Template:VolumeFullText: Difference between revisions

From Rinchen Terdzö
No edit summary
No edit summary
Line 1: Line 1:
{{#ask: [[Category:Tibetan Texts]][[volumenumber::{{#show:{{PAGENAME}}|?volumenumber}}]]
{{#ask: [[Category:Tibetan Texts]][[volumenumber::{{{1}}}]]
|?textnuminvol
|?textnuminvol
|?volumenumber
|?volumenumber

Revision as of 18:31, 4 July 2015

འཇའ་ཚོན་ལུགས་ཀྱི་སེང་གདོང་མའི་དབང་རཱ་ག་ཨ་སྱས་བྱས་པ་ (Volume 33, Text 1)

༄༅། །འཇའ་ཚོན་ལུགས་ཀྱི་སེང་གདོང་མའི་དབང་རཱ་ག་ཨ་སྱས་བྱས་པ་ཡོད། །བཀའ་རྒྱ་དམ། ན་མོ་ཛྙཱ་ན་དྷཱ་ཀི་ནཱི་ཡེ། དཀོན་མཆོག་སྤྱི་འདུས་ཀྱི་འགྲེལ་པ་འཇའ་ཚོན་པ་ཉིད་ཀྱིས་མཛད་པ་ལས། གུ་རུ་དྲག་པོ་དང་། སེང་གདོང་མའི་དབང་། དབང་རྫས་གོང་དང་མཚུངས། སྙིང་པོ་དང་ཚིག་ཕྲན་བུ་ཅུང་ཟད་བསྒྱུར་ཤེས་པར་བྱའོ། །རྒྱས་པར་འདོད་ན་གཏེར་ཁ་གཞན་ནས་ཟུར་ཙམ་སབ་ཀྱང་འགལ་བ་མེད་གསུངས་པས། དབང་རྫས་བུམ་པ་གཏོར་མ་སོགས་བཤམ། དཀོན་མཆོག་སྤྱི་འདུས་ཞི་དྲག་རིམ་པར་གནས་འགྱུར་ནས་སེང་གདོང་མ་འདོན་པའི་ཚེ། བདག་མདུན་བུམ་པ་གཏོར་མ་སེང་གདོང་མར་གསལ་བཏབ་ནས་བསྙེན་པ་ཅི་མང་བཟླ། བུམ་ལྷ་འོད་དུ་ཞུ་བ་བུམ་ཆུར་བསམ། དེ་ནས་སློབ་མ་འདུས་ནས་ཁྲུས་བྱས་མཎྜལ་ཕུལ་ནས། འོ་ན་ད་ལམ་ཁྱོད་རྣམས་ལ་ཡེ་ཤེས་ཀྱི་མཁའ་འགྲོ་སེང་གདོང་མའི་དབང་བསྐུར་བ་ཡིན་ཏེ། དེའི་ལོ་རྒྱུས་གཏེར་གཞུང་ལས། འདི་ནི་གནམ་ལྕགས་ཐོག་གི་རྒྱུད་ཅེས་བྱ་བ་རྡོ་རྗེ་ཕག་མོས་གསང་བའི་བདག་པོ་ལ་གསུངས་ཏེ༔ གསང་བདག་གིས་མཆོད་རྟེན་བུམ་པ་ཅན་དུ་སྦས༔ དེའི་ཚེ་ཨོ་རྒྱན་བདག་ལོ་བདུན་བརྒྱ་ལོན་པའི་ཚེ་གཏེར་ནས་གདན་དྲངས་ཏེ༔ མུ་སྟེགས་སྟོན་པ་ལྔ་བརྒྱ་ལང་ཀའི་རྒྱལ་པོ་དང་བཅས་པ་རང་མཐུ་རང་ལ་ཟུག་སྟེ་ཕུང༔ ཡུལ་དེར་མུ་སྟེགས་ཀྱི་མིང་ཡང་མེད་པར་ནང་པའི་བསྟན་པ་ལ་བཙུད་པའོ༔ ཡི་གེ་བཅུ་བཞི་པ་འདི་ཡུངས་དཀར་ལ་སྔགས་ན་རང་གཞན་སྲུང་བའི་མཆོག་ཏུ་འགྱུར་རོ༔ མདོར་ན་སྲུང་ཟློག་བསད་གསུམ་གྱི་མཐར་ཐུག་ཡིན་ནོ༔ ཞེས་དང་། ཆེ་བའི་ཡོན་ཏན་འདི་ལྟར་རོ༔ འདི་ཡིས་ཡིད་བཞིན་བསྒྲུབས་པས་ནོར་བུ་ཡིན༔ བྱད་མས་གཅོད་མེད་ནམ་མཁའ་སྟོང་པ་ཡིན༔ གར་བརྒྱབ་ཐོགས་མེད་རྡོ་རྗེ་ཕ་ལམ་ཡིན༔ གར་ཕོག་རྡོ་རྗེའི་སྒྱོགས་དང་འདྲ༔ ལུས་བཏགས་རྡོ་རྗེ་ཕ་ལམ་ཡིན༔ ཟློག་པ་ཀུན་གྱི་ཡང་སྙིང་ཡིན༔ མཐུ་བྱད་འཇིག་རྟེན་པ་རྣམས་དང༔ ཡེ་ཤེས་པ་ཡི་ཡང་ཟློག་ཡིན༔ ངན་སྔགས་གང་གིས་ཀྱང་མི་ཚུགས༔ འདི་འོག་ལན་གཅིག་འཛུལ་བ་ན༔ ཕྲ་མེན་མ་ཡི་ངན་སྔགས་ཟློག༔ སྡེ་བརྒྱད་མ་མོ་སྨོས་ཅི་དགོས༔ ཕྲ་མེན་ཕུར་ཐོགས་སྟོང་དང་འགྲས་ཀྱང་ཁོ་རང་ཕུང༔ སྤྱི་བོ་མགུལ་ལམ་ལུས་ལ་ནི༔ ཡོད་ན་རྡོ་རྗེ་ཕ་ལམ་འདྲ༔ ཞེས་དང་། ཟློག་པའི་ནང་ནས་ཡང་ཟློག་ཡིན༔ མཐུ་དང་རྦོད་གཏོང་ངན་སྔགས་རིགས༔ གང་གིས་ཀྱང་ནི་མི་ཚུགས་སོ༔ འདིའི་འོག་ཏུ་ལན་གཅིག་འཛུལ་བས་ཀྱང༔ ཕྲ་མེན་མ་སྟོང་ལ་གཏད་ཀྱང་ཉེས་པ་མི་འོང༔ པདྨ་བདག་གི་སྙིང་ཐིག་འདི༔ ལུས་ལ་བཏགས་པས་གང་དང་འགྲས་ཀྱང་གནོད་མི་ཚུགས༔ མཐུ་བྱེད་པ་ཡི་བྱུར་དུ་དབབ༔ པདྨ་འབྱུང་གནས་བདག་ལ་ཡང༔ ཟློག་པ་འདི་ལས་ཟབ་པ་མེད༔ སྔགས་ནག་སྟོང་གི་རྦོད་གཏོང་བྱས་ཀྱང་གང་གིས་མི་ཚུགས་པ་རྡོ་རྗེའི་གུར་དུ་འགྱུར་རོ༔ འདི་ནི་མཁའ་འགྲོ་མ་འབུམ་གྱི་སྲོག་སྤུ་གྲིའི་འཁོར་ལོ་དང་འདྲ་སྟེ་ནུས་པ་གསང་བའི་བདག་པོར་མཚུངས་སོ༔ མཁའ་འགྲོ་འབུམ་གྱི་སྲོག་ཐིག་གོ༔ བྱད་ཁ་ཐམས་ཅད་ཟློག་པ་དང༔ ཟས་ནོར་ལོངས་སྤྱོད་འཕེལ་བ་ཡིན༔ ཟློག་པ་གཞན་ལས་ཁྱད་པར་འཕགས༔ བདག་འདྲ་ཨོ་རྒྱན་པདྨ་ལ༔ སྲུང་ཟློག་ཁྲི་དང་སྟོང་ཡོད་ཀྱང༔ འདི་ལས་ཟབ་པ་ཡོད་མ་ཡིན༔ བདག་གི་ལུས་ངག་བསྲུང་བ་དང༔ དགྲ་ཡི་ནུས་པ་བཤིག་པ་དང༔ སྡེ་བརྒྱད་ལས་ལ་འགྱེད་པ་ཡི༔ རང་གཤེད་གནད་ཀྱི་མན་ངག་གོ༔ འདི་ནི་བན་བོན་མཆུ་ཆིངས་ཏེ༔ བརྒྱ་ཡིས་བདེ་བར་གཤེགས་པ་སྟོང་གི་ནུས་པ་ཟློག༔ ཉི་ཤུ་རྩ་གཅིག་གིས་གང་ཟག་བརྒྱ་ཡི་ནུས་པ་ཟློག༔ ཕ་ཐ་ནུས་པ་ཆེ་ན་ཤིན་ཏུ་རྣོ༔ འདི་ནི་མཁའ་འགྲོ་མའི་ཟློག་པ་གནས་ལྕགས་སྤུ་གྲི་བྱ་བ་ཡིན༔ ཡང་ན་ཟློག་པའི་སྲོག་ཡིག་འདི༔ གསེར་གྱིས་བྲིས་ནས་ལུས་ལ་འཆང༔ ཞག་རེར་ཚར་བདུན་རེ་བཟླས་ན༔ སྔགས་བོན་སྟོང་གིས་རྦད་ན་ཡང༔ ནམ་མཁའ་བཞིན་དུ་གནོད་མི་སྲིད༔ ཟློག་པ་སྤུ་གྲིའི་སོ་དང་འདྲ༔ ནམ་མཁའ་བཞིན་དུ་འགྱུར་བ་དཀོན༔ ཐུགས་ཀྱི་གསང་གཏེར་ཨ་ཐམ་རྒྱ༔ ཞེས་གསུངས་སོ། །དེས་ན་དབང་འདི་ནི་ཤིན་ཏུ་བཀའ་གཉན་ཏེ། བན་བོན་གྱི་མཆུ་ཆིངས་ཡིན་པས་མང་ན་བསྟན་པ་ལ་གནོད། མཁའ་འགྲོ་སྟོང་གི་སྲོག་སྔགས་ཡིན་པས་མང་དུ་སྤེལ་མི་རུང་། དེ་ལྟ་བུའི་དབང་ཞུ་བའི་ཕྱིར་མཎྜལ་ཕུལ། ད་སྐྱབས་འགྲོ་སེམས་བསྐྱེད་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ༔ སྐྱབས་གནས་དམ་པ་རྣམས་ལ་སྐྱབས་སུ་མཆི༔ རྒྱུད་དྲུག་འཁོར་བར་འཁྱམས་པའི་ཕ་མ་རྣམས༔ བཟོད་མེད་གདུང་བས་སངས་རྒྱས་ཐོབ་བྱའི་ཕྱིར༔ ཀུན་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ དེ་ལན་གསུམ་དང་། ད་དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད། ཨེ་མ་ཧོ༔ ཌཱ་ཀི་སྤྱི་འདུས་སིཾ་ཧ་ནི༔ རིགས་རྣམས་ཀུན་བདག་རྣལ་འབྱོར་མ༔ དཔའ་མོ་ཆེན་མོས་རྗེས་སུ་ཟུངས༔ དབང་གི་སྨིན་གྲོལ་དངོས་གྲུབ་སྩོལ༔ ལན་གསུམ། དེ་ལྟར་ཡིན་ན་ཧེ་རུ་ཀའི༔ དལ་དུ་སུ་ཞུགས་སྨིན་པར་བྱའོ༔ བླ་མེད་ཡང་གསང་བྱིན་རླབས་འདི༔ གནས་ཁང་འདི་ཡི་ཕྱི་རོལ་དུ༔ དམ་མེད་པ་ལ་སྨྲ་མི་རུང༔ དེ་ཕྱིར་སྙིང་ནས་བྲོ་བོར་ཅིག༔ བཛྲ་རཀྵ་སི་ཧཱུྃ༔ ས་མ་ཡ༔ ཨི་དན་ན་ར་ཀན༔ སློབ་མ་ལྷར་བསྐྱེད་པ་ནི་ལས་བུམ་ཀུ་ཤས་སློབ་མ་བྲན་ལ། ད་ཁྱེད་རང་རྣམས་སྐད་ཅིག་གིས་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན༔ སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་ནམ་མཁར་ཕྱར་ཞིང་གཡོན་ཐོད་ཁྲག་ཐུགས་ཀར་བསྣམས་པ། གྲུ་མོ་ན་སྐུའི་ཚད་དང་མཉམ་པའི་ཁ་ཊྭཱཾ་ཀ་ལ་དྲིལ་བུ་འཕན་རྩེ་གསུམ་པ་འཕྱང་བ། སེང་ཞལ་གནམ་དུ་གདངས་པའི་ཁ་ནས་དུག་གི་ཁ་རླངས་འཐུལ་བས་གདུག་པ་ཅན་ཐམས་ཅད་མྱོས་པར་བྱེད་པ། མི་མགོ་སྐམ་པོ་ལྔས་དབུ་བརྒྱན་པ། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ཆ་ལྔས་བརྒྱན་པ། ལྗགས་འགྲིལ་བ། མཆེ་བ་གཙིགས་པ། སྨིན་མ་དང་དབུ་སྐྲ་དམར་སེར་གྱེན་དུ་འབར་ཞིང་ཐུར་དུ་འཕྱང་བ། སྤྱན་གསུམ་དམར་ལ་ཟླུམ་པ། ཞབས་གཡོན་བརྐྱང་བའི་བརླ་ལ་གཡས་བསྐུམ་པའི་སོར་མོ་རྣམས་གཏད་དེ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ་དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་འཕྲོས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ལ་སོགས་པ་ཡུལ་ཉི་ཤུ་རྩ་བཞི་ནས། མཁའ་འགྲོ་སེང་གདོང་མའི་སྐུ་ཆེ་ཕྲ་སྣ་ཚོགས་པ་ཁ་བ་བུ་ཡུག་ལྟར་སྤྱན་དྲངས་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་སྒོམས། སྤོས་རོལ་མོ་དབྱངས་དང་བཅས། ཧཱུྃ༔ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ ཉི་ཤུ་རྩ་བཞིའི་གནས་མཆོག་ནས༔ བར་ཆད་སེལ་ཞིང་ཕྲིན་ལས་སྒྲུབ༔ མ་མོ་མཁའ་འགྲོས་བྱིན་ཕོབ་ཅིག༔ ཨོཾ་ཨཱཿཧཱུྃ་ཌཱ་ཀི་སིཾ་ཧ་མུ་ཁ་བཛྲ་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་ཅི་མང་བརྗོད། རྡོ་རྗེ་མེ་ཏོག་སྤྱི་བོར་བཞག །ཏིཥྛ་བཛྲ༔ དབང་རྫས་ནི་དཀོན་མཆོག་སྤྱི་འདུས་ལྟར་ཏེ། སྔགས་བཛྲ་གུ་རུའི་མལ་དུ་ཨོཾ་ཨཱཿཧཱུྃ་ཌཱ་ཀི་སིཾ་ཧ་མུ་ཁ་སྦྱར་བ་མ་གཏོགས་འདྲ། བུམ་པ་སྤྱི་བོར་བཞག་ལ། ཧཱུྃ༔ ཡེ་ཤེས་ཌཱ་ཀི་རིགས་ཀྱི་བདག༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་མཆོག་རིན་པོ་ཆེ༔ བྱིན་རླབས་ཀློང་ཡངས་རང་བཞིན་འབར༔ ཨོཾ་ཨཱཿཧཱུྃ༔ སྐུ་ཡི་སྨིན་མཚམས་ཨོཾ་དཀར་ལས༔ འོད་ཟེར་སྐར་མདའ་ཆད་པ་ལྟར༔ སྐལ་ལྡན་ལུས་ལ་གཉིས་མེད་ཐིམ༔ བུམ་དབང་ཐོབ་ནས་སྣང་སྟོང་བསྒོམ༔ སེང་གེའི་གདོང་ཅན་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཌཱ་ཀི་སིཾ་ཧ་མུ་ཁ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཁྱེད་རང་རྣམས་ཀྱིས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག །ལུས་ལ་གནོད་ཅིང་འཚེ་བའི་གདོན་བགེགས་ཐམས་ཅད་ཞི། སྐུའི་དབང་ཐོབ། ལུས་ལྷ་ཡི་སྐུར་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །དེ་ནས་བྷནྡྷ་མགྲིན་པར་བཞག་ལ། ཧྲཱི༔ ཡེ་ཤེས་ཌཱ་ཀི་རིགས་ཀྱི་བདག༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་མཆོག་རིན་པོ་ཆེ༔ བྱིན་རླབས་ཀློང་ཡངས་རང་བཞིན་འབར༔ ཨོཾ་ཨཱཿཧཱུྃ༔ གསུང་གི་ལྗགས་སྟེང་ཨཱཿདམར་ལས༔ འོད་ཟེར་མར་མེའི་རྩེ་མོ་ལྟར༔ སྐལ་ལྡན་ལྕེ་ལ་གཉིས་མེད་ཐིམ༔ གསང་དབང་ཐོབ་ནས་སྔགས་རླུང་བསྒོམ༔ སེང་གེའི་གདོང་ཅན་གསུང་གི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཌཱ་ཀི་སིཾ་ཧ་མུ་ཁ་ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ མགྲིན་པར་བསྐུར། དེས་ཁྱེད་རང་རྣམས་ཀྱིས་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག །ངག་ལ་གནོད་ཅིང་འཚེ་བའི་འགལ་རྐྱེན་ཞི། གསུང་གི་དབང་ཐོབ། ངག་སྔགས་བཟླ་བར་དབང་། འབྲས་བུ་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །དེ་ནས་ཁ་ཊྭཱཾ་སྙིང་གར་བཞག་ལ། ཧྲཱི༔ ཡེ་ཤེས་ཌཱ་ཀི་རིགས་ཀྱི་བདག༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་མཆོག་རིན་པོ་ཆེ༔ བྱིན་རླབས་ཀློང་ཡངས་རང་བཞིན་འབར༔ ཨོཾ་ཨཱཿཧཱུྃ༔ ཐུགས་ཀྱི་ཧཱུྃ་སྔོན་འོད་འབར་ལས༔ འོད་ཟེར་སྤོས་རེང་དུད་པ་ལྟར༔ སྐལ་ལྡན་སེམས་ལ་གཉིས་མེད་ཐིམ༔ ཤེས་རབ་ཡེ་ཤེས་དབང་ཐོབ་གསལ་སྟོང་བསྒོམ༔ སེང་གེའི་གདོང་ཅན་ཐུགས་ཀྱི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཌཱ་ཀི་སིཾ་ཧ་མུ་ཁ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དཀར་ནག་མཚམས་སུ་བསྐུར། དེས་ཁྱེད་རང་རྣམས་ཀྱིས་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག །ཡིད་ལ་གནོད་ཅིང་འཚེ་བའི་འགལ་རྐྱེན་ཞི། ཐུགས་ཀྱི་དབང་ཐོབ། ཡིད་ཏིང་འཛིན་བསྒོམ་པ་ལ་དབང་། འབྲས་བུ་ཆོས་ཀྱི་སྐུའི་ས་བོན་རྒྱུད་ལ་བཞག་པའོ། །དེ་ནས་གནས་ལྔར་ཐོད་པ་ཤེལ་རྡོ་རྡོ་རྗེ་བཞག་ལ། ཧྲཱི༔ ཡེ་ཤེས་ཌཱ་ཀིའི་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་འདུས་པའི་འོད་ཟེར་ནི༔ ནམ་མཁའ་ཆུ་ལ་འཇའ་ཤར་ལྟར༔ སྐལ་ལྡན་གནས་ལྔར་གཉིས་མེད་ཐིམ༔ དབང་བཞི་ཡེ་ཤེས་རྫོགས་ཆེན་བསྒོམ༔ སེང་གེའི་གདོང་ཅན་རང་བཞིན་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཌཱ་ཀི་སིཾ་ཧ་མུ་ཁ་སརྦ་དྷརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གནས་ལྔའམ་ལྟེ་བར་བསྐུར། དེས་བསགས་པ་ཆ་མཉམ་གྱི་སྒྲིབ་པ་དག །ཚེ་བསོད་ནམས་ལ་བར་དུ་གཅོད་པ་ཞི། དབང་བཞི་ཡོངས་སུ་རྫོགས་པ་ཐོབ། འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པར་བྱས་པའོ། །དེ་ནས་སེང་གདོང་མ་རིགས་ལྔའི་ཙཀ་ལི་ཡོད་ན་གནས་སོ་སོར་བཞག །མེད་ན་གཏོར་མ་བཞག་ལ། ད་མདུན་བསྐྱེད་སེང་གདོང་མའི་དཔྲལ་བ་ནས་སེང་གདོང་དཀར་མོ་སྐུ་ཆུང་ལ་ཡན་ལག་དོད་པའི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པར་སྒོམས་ཤིག །ཧཱུྃ་བྷྱོ༔ དུས་གསུམ་རྒྱལ་བའི་ཡུམ་གཅིག་སེང་གདོང་མ༔ སྟོན་ཟླའི་མདོག་ཅན་འོད་ཟེར་སྤྲུལ་པ་འགྱེད༔ མཐོང་དང་དྲན་པ་ཙམ་གྱིས་ཡེ་ཤེས་སྐྱེད༔ སྐལ་ལྡན་བུ་ལ་ལུས་དང་གྲིབ་མའི་ཚུལ༔ མི་འབྲལ་བྱིན་རླབས་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཌཱ་ཀི་སིཾ་ཧ་མུ་ཁ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ སྤྱི་བོར་བསྐུར། ཡང་མདུན་བསྐྱེད་སེང་གདོང་མའི་མགྲིན་པ་ནས་སེང་གདོང་མ་དམར་མོ་སྐུ་ཆུང་ལ་ཡན་ལག་དོད་པའི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པར་སྒོམས་ཤིག །ཧཱུྃ་བྷྱོ༔ དུས་གསུམ་རྒྱལ་བའི་ཡུམ་གཅིག་སེང་གདོང་མ༔ རཱ་གའི་མདོག་ཅན་འོད་ཟེར་སྤྲུལ་པ་འགྱེད༔ མཐོང་དང་དྲན་པ་ཙམ་གྱིས་ཡེ་ཤེས་སྐྱེད༔ སྐལ་ལྡན་བུ་ལ་ལུས་དང་གྲིབ་མའི་ཚུལ༔ མི་འབྲལ་བྱིན་རླབས་གསུང་གི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཌཱ་ཀི་སིཾ་ཧ་མུ་ཁ་ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ མགྲིན་པར་བསྐུར། ཡང་མདུན་བསྐྱེད་སེང་གདོང་མའི་ཐུགས་ཀ་ནས་སེང་གདོང་མ་མཐིང་ག་སྐུ་ཆུང་ལ་ཡན་ལག་དོད་པའི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པར་སྒོམས་ཤིག །ཧཱུྃ་བྷྱོ༔ དུས་གསུམ་རྒྱལ་བའི་ཡུམ་གཅིག་སེང་གདོང་མ༔ ནམ་མཁའི་མདོག་ཅན་འོད་ཟེར་སྤྲུལ་པ་འགྱེད༔ མཐོང་དང་དྲན་པ་ཙམ་གྱིས་ཡེ་ཤེས་སྐྱེད༔ སྐལ་ལྡན་བུ་ལ་ལུས་དང་གྲིབ་མའི་ཚུལ༔ མི་འབྲལ་བྱིན་རླབས་ཐུགས་ཀྱི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཌཱ་ཀི་སིཾ་ཧ་མུ་ཁ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྙིང་གར་བསྐུར། ཡང་མདུན་བསྐྱེད་སེང་གདོང་མའི་ལྟེ་བ་ནས་སེང་གདོང་མ་སེར་མོ་སྐུ་ཆུང་ལ་ཡན་ལག་དོད་པའི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་ལྟེ་བར་ཐིམ་པར་སྒོམས་ཤིག །ཧཱུྃ་བྷྱོ༔ དུས་གསུམ་རྒྱལ་བའི་ཡུམ་གཅིག་སེང་གདོང་མ༔ གསེར་གྱི་མདོག་ཅན་འོད་ཟེར་སྤྲུལ་པ་འགྱེད༔ མཐོང་དང་དྲན་པ་ཙམ་གྱིས་ཡེ་ཤེས་སྐྱེད༔ སྐལ་ལྡན་བུ་ལ་ལུས་དང་གྲིབ་མའི་ཚུལ༔ མི་འབྲལ་བྱིན་རླབས་ཡོན་ཏན་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཌཱ་ཀི་སིཾ་ཧ་མུ་ཁ་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ ལྟེ་བར་བསྐུར། ཡང་མདུན་བསྐྱེད་སེང་གདོང་མའི་གསང་བ་ནས་སེང་གདོང་མ་མར་གད་ཀྱི་མདོག་ཅན་སྐུ་ཆུང་ལ་ཡན་ལག་དོད་པའི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་གསང་བར་ཐིམ་པར་སྒོམས་ཤིག །ཧཱུྃ་བྷྱོ༔ དུས་གསུམ་རྒྱལ་བའི་ཡུམ་གཅིག་སེང་གདོང་མ༔ མར་གད་མདོག་ཅན་འོད་ཟེར་སྤྲུལ་པ་འགྱེད༔ མཐོང་དང་དྲན་པ་ཙམ་གྱིས་ཡེ་ཤེས་སྐྱེད༔ སྐལ་ལྡན་བུ་ལ་ལུས་དང་གྲིབ་མའི་ཚུལ༔ མི་འབྲལ་བྱིན་རླབས་ཕྲིན་ལས་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཌཱ་ཀི་སིཾ་ཧ་མུ་ཁ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ གསང་གནས་སུ་བསྐུར་རོ། །གཏོར་མ་འདི་ཉིད་སྔར་སྨྲོས་མ་ཐག་པའི་མཚན་ཉིད་ཅན་གྱི་མཁའ་འགྲོ་སེང་གདོང་མ་འཁོར་ཌཱ་ཀི་བྱེ་བ་འབུམ་དང་བཅས་པ། སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་དང་བཅས་པ་སྤྱི་བོར་བྱོན་ནས་བྱིན་གྱིས་རློབ་ཅིང་དབང་བསྐུར་བར་སྒོམས་ཤིག །བཅོམ་ལྡན་འདས་དྲུག་པ་རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ། མཁའ་འགྲོ་བདུད་འདུལ་མ། གུ་རུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ཉང་བན་ཏིང་འཛིན་བཟང་པོ། སྔགས་འཆང་ཧཱུྃ་ནག་མེ་འབར་ལ་སོགས་པ་བརྒྱུད་པའི་བླ་མ་རྣམས་དང་། མ་ཡེ་ཤེས་ཀྱི་མཁའ་འགྲོ་སེང་གེའི་གདོང་པ་ཅན། སྟག་གི་གདོང་པ་ཅན། དོམ་གྱི་གདོང་པ་ཅན། རིགས་བཞི་མཁའ་འགྲོ་སེང་གེའི་གདོང་ཅན། ཕྲ་མེན་སེང་གདོང་བཅུ་བཞི། རི་རབ་སུམ་ཅུ་སོ་གཉིས་ཀྱི་གྲངས་དང་མཉམ་པའི་མཁའ་འགྲོ་མ་རྣམས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། བྱད་ཁ་ཕུར་ཁ་ཟོར་ཁ་གཏད་མནན་རླུང་འཁོར་ཕྲ་མེན་ངག་མནན་སེལ་ནག་བན་བྱད་བོན་བྱད་དམོད་བྱད་ཐམས་ཅད་ཕྱིར་ཟློག་པ་དང་སྲུང་བར་མཛད་དུ་གསོལ། བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བར་མཛད་དུ་གསོལ། ཨོཾ་ཨཱཿཧཱུྃ་ཌཱ་ཀི་སིཾ་ཧ་མུ་ཁ་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཧཱུྃ། ཁྱེད་རང་རྣམས་ཀྱིས་མེ་ཏོག་གི་ཕྲེང་བ་ཞིག་ཕུལ་བའི་མོས་པས་རྗེས་ཟློས་མཛོད། ལྷ་མོ་བདག་གིས་བཟུང་ལགས་ཀྱིས༔ བདག་ལ་འགོ་བར་མཛད་དུ་གསོལ༔ ལན་གསུམ། ད་མདུན་བསྐྱེད་དང་སློབ་དཔོན་ཐ་མི་དད་པའི་ཐུགས་ཀ་ནས་སྔགས་ཕྲེང་འཕྲོས། ལུས་ལ་སྔགས་ཀྱི་གོ་ཆར་གྱུར་ཏེ། སྤྱི་བོར་ཨཿཀཿ མགྲིན་པར་སཿམཿ སྙིང་གར་རཿཙཿ ལྟེ་བར་ཤཿདཿ གསང་གནས་སུ་རཿསཿ བརླ་གཉིས་ལ་མཿརཿཡཿཕཊཿ དེ་རྣམས་ལས་འོད་ཟེར་དང་མཚོན་ཆ་འཁྲུགས་ཏེ་མཆེད་པས་བར་ཆད་ཐམས་ཅད་རྡུལ་ཕྲན་བཞིན་དུ་སོང་བར་བསྒོམས་ལ། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ རྗེས་ཟློས་ལན་གསུམ་བྱ། རྡོ་རྗེ་མེ་ཏོག་མགོར་བཞག་ལ། ལྷ་མོ་འདི་ལ་བསྩལ་ལགས་ཀྱིས༔ འདི་ལ་འགོ་བར་མཛད་དུ་གསོལ༔ སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་མེ་ཏོག་འཐོར་ཞིང་། དེས་སེང་གདོང་མའི་དབང་ལེགས་པར་གྲུབ་པ་ཡིན་པས། འདི་ཉིད་ཡི་དམ་དུ་གཟུང་བའི་མོས་པས་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །གཏང་རག་གི་མཎྜལ་ཕུལ། ཅེས་པ་འདི་ནི་ཆོས་འདིའི་བཀའ་བབ་བླ་མ་རིན་པོ་ཆེ་བསྟན་པ་དར་རྒྱས་ཀྱི་དབོན་པོ་བླ་མ་ཨོ་རྒྱན་བློ་གྲོས་ཀྱིས་སྔ་ཕྱིར་ཡང་ཡང་བསྐུལ་བ་ལ་བརྟེན་ནས། འཇའ་ཚོན་པ་ཉིད་ཀྱིས་མཛད་པའི་རྒྱ་ནག་སྤྲུལ་སྐུའི་ཞུས་ལན་ཡང་འགྲེལ་སྙིང་པོ་གསལ་བྱེད་ལས་གསུངས་པ་བཞིན། ཨ་རཱ་གས་བསྒྲིགས་པ་ལས་བྱད་ཟློག་སྲུང་ཟློག་སོགས་ཀྱི་ཟིན་བྲིས་ལོགས་སུ་གསལ། འདི་གཉན་པས་མང་དུ་སྤེལ་མི་རུང་བའི་ལྟས་བྱུང་བས་དམ་པར་བྱ། འདི་བྲིས་ཉེས་འགལ་མཁའ་འགྲོའི་ཚོགས་ལ་བཤགས། །དགེ་བས་བསྟན་འཛིན་སྐུ་ཚེ་བརྟན་གྱུར་ཅིག །སརྦ་མངྒལཾ།། །།

ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། རིག་འཛིན་པདྨ་འབྱུང་གནས་ཀྱི་ཕྲིན་ལས་དབང་བསྐུར་དང་བཅས་པ་ཡེ་ཤེས་འོད་ཀྱི་ཐིག་ལེ་ (Volume 58, Text 1)

༄༅། །ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། རིག་འཛིན་པདྨ་འབྱུང་གནས་ཀྱི་ཕྲིན་ལས་དབང་བསྐུར་དང་བཅས་པ་ཡེ་ཤེས་འོད་ཀྱི་ཐིག་ལེ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པྲ་ཝཱཀ་ར་ཡ། འགྱུར་མེད་བདེ་དང་སྟོང་པའི་དབྱིངས། །ཟུང་འཇུག་ཡེ་ཤེས་ཕྱག་རྒྱ་ཆེ། །སྲིད་ཞིའི་ཁྱབ་བདག་པདྨའི་ཞལ། །རང་རིག་ངང་དུ་བྱིན་རླབས་སྩོལ། །ཐུགས་སྒྲུབ་ཞལ་གདམས་སྙིང་བྱང་ལེའུ་བཅུ་པ་ལས་འབྱུང་བའི་མ་བསྒོམ་འཚང་རྒྱའི་ཆོས་དྲུག་གིས་དོན་གཉིས་སྒྲུབ་པ་དང་། ལེའུ་བཅུ་དྲུག་པའི་རྫོགས་པ་ཆེན་པོ་ཀ་དག་དང་ལྷུན་གྲུབ་ཀྱི་གདམས་པ་ཉམས་སུ་ལེན་པ་ལ་ཤིན་ཏུ་གལ་ཆེ་བ་རིག་འཛིན་པདྨ་འབྱུང་གནས་ཀྱི་ཕྲིན་ལས་དང་དབང་བསྐུར་གཉིས་ལས། དང་པོ་ནི། སྦྱོར་བ་རྟེན་དང་གཏོར་མ་མཆོད་པ་ཚོགས་ཀྱི་ཡོ་བྱད་སོགས་སྤྱི་དང་མཐུན་པར་འདུ་བྱས་ལ། བརྒྱུད་འདེབས་སྔོན་དུ་འགྲོ་བས། སྐྱབས་སེམས་ནི། ན་མོ༔ བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ སྐྱབས་ཀྱི་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆི༔ སྨོན་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་ནས༔ རིག་འཛིན་བླ་མའི་གོ་འཕང་བསྒྲུབ་པར་བགྱི༔ ལན་གསུམ། བགེགས་གཏོར། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ༔ ལན་གསུམ། ཧ་ཧོ་ཧྲཱིཿ སརྦ་བྷཱུ་ཏ་ཨཱ་ཀརྵཱ་ཡ་ཛཿས་མགྲོན་དགུག །སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོས་ལ། ཧཱུྃ་ཧྲཱི༔ གཉིས་སྣང་འཁྲུལ་པའི་གདོན་བགེགས་འབྱུང་པོ་ཀུན༔ གཏོར་མ་འདི་ལོངས་རང་རང་གནས་སུ་དེངས༔ གཉིས་མེད་ཡེ་ཤེས་ལྷ་སྔགས་ཆོས་སྐུའི་ངང༔ མཚམས་ཀྱི་དཀྱིལ་འཁོར་རང་བཞིན་ལྷུན་གྱིས་གྲུབ༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་རཀྵ་རཀྵ་ཧཱུྃ༔ ཞེས་བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ། བྱིན་དབབ་པ་ནི། ཨོཾ་ཨཱཿཧཱུྃ༔ འཆི་མེད་པདྨའི་ལྷ་ཚོགས་དབྱིངས་ནས་བཞེངས༔ གནས་འདིར་བྱིན་ཕོབ་དབང་དང་དངོས་གྲུབ་སྩོལ༔ སྣང་སྲིད་གཞིར་བཞེངས་མཆོད་པའི་ཕྱག་རྒྱ་ཆེ༔ ཀུན་བཟང་རྣམ་འཕྲུལ་རྒྱ་མཚོར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བྱིན་བསྡུ། ཨོཾ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ལན་གསུམ་གྱིས་མཆོད་པ་བྱིན་བརླབ་བོ། །དངོས་གཞི་ལྷ་བསྐྱེད་པ་ནི། ཨ༔ ཆོས་སྐུ་དེ་བཞིན་ཉིད་དབྱིངས་འོད་གསལ་ངང༔ ལོངས་སྐུ་འགག་མེད་ཀུན་སྣང་སྙིང་རྗེའི་རྩལ༔ སྤྲུལ་སྐུ་རྒྱུ་ཡི་ཏིང་འཛིན་ཧྲཱིཿམཐིང་གསལ༔ དེ་ལས་འོད་འཕྲོས་སྣོད་བཅུད་དངོས་འཛིན་སྦྱངས༔ འབྱུང་བ་རིམ་བརྩེགས་རྡོ་རྗེའི་སྲུང་འཁོར་དབུས༔ བྷྲཱུྃ་ལས་རིན་ཆེན་གཞལ་ཡས་མཚན་ཉིད་རྫོགས༔ ལྟེ་བར་པདྨ་ཉི་ཟླའི་གདན་སྟེང་དུ༔ རྫོགས་པའི་སངས་རྒྱས་རིག་འཛིན་པདྨ་འབྱུང༔ མཐིང་གསལ་ལྷ་ལྕམ་དཀར་མོར་གཉིས་མེད་འཁྲིལ༔ ཐབས་ཤེས་ཕྱག་རྒྱས་རྡོར་དྲིལ་ཐུགས་ཀར་བསྣོལ༔ རིན་ཆེན་རུས་རྒྱན་དར་སྣའི་ཅོད་པན་འཕུར༔ དྭངས་མ་འོད་ལྔའི་ཀློང་ན་སྐྱིལ་ཀྲུང་བཞུགས༔ བདེ་ཆེན་ཡེ་ཤེས་སྦྱོར་བའི་སྐུ་རུ་གསལ༔ མཐའ་སྐོར་རྩ་གསུམ་ཆོས་སྲུང་སྤྲིན་ལྟར་གཏིབས༔ སྣང་སྟོང་ཟུང་འཇུག་ཡེ་ཤེས་སྒྱུ་མའི་སྐུ༔ རྡོ་རྗེ་གསུམ་གྱི་ངོ་བོར་ལྷུན་གྲུབ་ཅིང༔ ཡེ་ཤེས་རིགས་ལྔའི་དབང་མཆོག་རྫོགས་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ སྤྱན་འདྲེན་བཞུགས་གསོལ་ནི། ཧཱུྃ་ཧྲཱི༔ ཡུལ་གྱི་མིང་ནི་ལྷོ་ནུབ་རྔ་ཡབ་གླིང༔ སྤྲུལ་པའི་ཞིང་མཆོག་པདྨ་དྲྭ་བ་ནས༔ སྐུ་གསུམ་དབྱེར་མེད་རིག་འཛིན་པདྨ་འབྱུང༔ རབ་འབྱམས་རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས༔ མོས་པའི་གནས་འདིར་གདུང་བས་སྤྱན་འདྲེན་ན༔ ཐུགས་རྗེ་ཐུགས་དམ་དབང་གིས་གཤེགས་ནས་ཀྱང༔ བར་ཆད་ཀུན་སོལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཛཿཧཱུྃ་བཾ་ཧོཿས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི། ཧཱུྃ་ཧྲཱི༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་ཐམས་ཅད་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་བ་མ་ལུས་སྒྲོལ༔ ཡིད་བཞིན་ནོར་ལྟར་དངོས་གྲུབ་ཆར་འབེབ་པའི༔ རིག་འཛིན་འདུས་པའི་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ མཆོད་བསྟོད་ནི། ཨོཾ་ཨཱཿཧཱུྃ༔ ཕྱི་མཆོད་འདོད་ཡོན་རྒྱ་མཚོ་སྤྲིན་ལྟར་གཏིབས༔ ནང་མཆོད་སྨན་རཀ་གཏོར་ཚོགས་བསམ་མི་ཁྱབ༔ གསང་མཆོད་བདེ་སྟོང་ཟུང་འཇུག་ཡེ་ཤེས་དབྱིངས༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་སརྦ་པཉྩ་རཀྟ་བ་ལིཾ་ཏ་མ་ཧཱ་པཱུ་ཛ་ཨཱཿཧཱུྃ༔ ཧཱུྃ་ཧྲཱི༔ ངོ་བོ་འོད་གསལ་ཆོས་སྐུའི་ངང་ཉིད་ལས༔ རང་བཞིན་བདེ་སྟོང་ལོངས་སྤྱོད་རྫོགས་སྐུར་ཤར༔ ཐུགས་རྗེ་གང་འདུལ་སྤྲུལ་སྐུས་འགྲོ་དོན་མཛད༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད༔ ཛཔ྄་བཟླ་བའི་ཐོག་མར་ཛཔ྄་སྐུལ་ནི། ཧཱུྃ་ཧྲཱི༔ སྙིང་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ ཡེ་ཤེས་སྒྱུ་མར་རོལ་པའི་ལྷ་ཚོགས་རྣམས༔ མི་འདའ་རྡོ་རྗེའི་དམ་ཚིག་དགྱེས་དགོངས་ལ༔ བྱིན་རླབས་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ བཟླས་དམིགས་ནི། རིག་འཛིན་པདྨ་འབྱུང་གནས་ཐུགས་ཀ་རུ༔ ཟླ་སྟེང་ཧྲཱིཿམཐར་སྔགས་ཀྱི་ཕྲེང་བས་བསྐོར༔ དེ་ལས་བདེ་སྟོང་རོལ་པའི་འོད་ཟེར་འཕྲོས༔ རྒྱལ་བ་ཀུན་མཆོད་འགྲོ་བའི་སྒྲིབ་གཉིས་སྦྱངས༔ སྣང་སྲིད་རྩ་གསུམ་ལྷ་ཡི་གནས་གསུམ་ནས༔ སྐུ་དང་སྔགས་ཕྲེང་ཕྱག་མཚན་ཆར་ལྟར་བབས༔ རང་ལ་ཐིམ་པས་ཡེ་ཤེས་རྒྱས་པར་གྱུར༔ ཅེས་པའི་ཏིང་ངེ་འཛིན་ལ་ཡིད་རྩེ་གཅིག་ཏུ་བྱས་ཏེ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་ཅི་འགྲུབ་བཟླས་པའི་མཐར་མཆོད་བསྟོད་འབུལ། འགྲུབ་ན་བར་ཆད་ལམ་སེལ་གྱི་གསོལ་འདེབས་བྱ། ཡིག་བརྒྱས་ནོངས་པ་བཤགས། རྗེས་ཚོགས་ཀྱི་མཆོད་པ་ལ། བྱིན་རླབས་ནི། རཾ་ཡཾ་ཁཾ༔ བདག་ཉིད་ལྷར་གསལ་ཐུགས་ཀའི་ས་བོན་ལས༔ རཾ་ཡཾ་ཁཾ་འཕྲོས་ཚོགས་རྫས་དངོས་འཛིན་སྦྱངས༔ འབྲུ་གསུམ་འོད་ཀྱིས་ཡེ་ཤེས་བདུད་རྩིར་བསྒྱུར༔ འདོད་ཡོན་མཆོད་སྤྲིན་ནམ་མཁའ་གང་བར་གྱུར༔ ཨོཾ་ཨཱཿཧཱུྃ༔ གསུམ། སྤྱན་འདྲེན་ནི། ཧཱུྃ་ཧཱུྃ་ཧཱུྃ༔ བཞེངས་ཤིག་སྐུ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས༔ འོད་གསལ་སྤྲོས་དང་བྲལ་བའི་ངང་ཉིད་ལས༔ བདག་ཅག་ཚོགས་གསག་སྒྲིབ་པ་སྦྱོང་སླད་དུ༔ ཡེ་ཤེས་སྒྱུ་མར་རོལ་བཞིན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛཿཛ༔ དང་པོ་མཆོད་པ་ནི། ཨོཾ་ཨཱཿཧཱུྃ༔ ཚོགས་ཀྱི་ངོ་བོ་ཡེ་ཤེས་བདུད་རྩིའི་སྤྲིན༔ རྣམ་པ་འདོད་ཡོན་ལྷ་མོས་ནམ་མཁའ་གང༔ ཟག་མེད་བདེ་བ་ཆེན་པོའི་ལོངས་སྤྱོད་འདིས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག༔ སརྦ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ བར་པ་བཤགས་པ་ནི། ཧོ༔ ཐོག་མེད་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དང༔ ཁྱད་པར་རྩ་བ་ཡན་ལག་དམ་ཚིག་ལས༔ འགལ་ཞིང་ཉམས་པར་གྱུར་པ་ཐམས་ཅད་ཀུན༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ས་མ་ཡ་ཤུད་དྷེ་ཨ༔ ཐ་མ་བསྒྲལ་བསྟབ་ནི། ཨེ་ནྲྀ་ཏྲི་སརྦ་བིགྷྣཱན་ཤ་ཏྲུན་ཛཿཧཱུྃ་བཾ་ཧོ༔ ཧཱུྃ༔ དཔལ་ཆེན་ཐུགས་སྤྲུལ་རྡོ་རྗེའི་གིང་ཀ་རས༔ གཟུང་འཛིན་བདུད་བགེགས་ཚོགས་རྣམས་བཀུག་ཅིང་བསྟིམས༔ འོད་གསལ་དབྱིངས་སུ་བསྒྲལ་པའི་ཤ་ཁྲག་རུས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་བསྟབ༔ སརྦ་བིགྷྣཱན་ཤ་ཏྲུན་མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧ་ཧ་ཧི་ཧི་ཧཱུྃ་ཧཱུྃ་ཕཊ༔ དེ་ནས་བརྡའི་འབུལ་ལེན་བཅས་ནང་གི་ཚོགས་སུ་རོལ། ལྷག་མ་བྱིན་བརླབས་ལ། བྷྱོ༔ དཔལ་གྱི་བཀའ་ཉན་ཕོ་ཉའི་ཚོགས༔ ལྷག་མའི་ལོངས་སྤྱོད་འདི་གསོལ་ལ༔ སྔོན་ཚེ་གཡར་དམ་བཅས་པ་བཞིན༔ བར་ཆད་ཀུན་སོལ་མཐུན་རྐྱེན་སྤེལ༔ མ་མ་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་ཁཱ་ཧི༔ ཚོགས་མཆོད་ཡོད་མེད་གང་ལྟར་ཡང་གཏང་རག་མཆོད་བསྟོད་འབུལ། གོང་གི་ཛཔ྄་སྐུལ་ཤླཽ་ཀའི་མཐར་ཐོད་ཕྲེང་རྩལ་གྱི་སྔགས་དང་། ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཀརྨ་སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་པས་དངོས་གྲུབ་བླང་། མ་རྙེད་ཡོངས་སུ་སོགས་དང་ཡིག་བརྒྱ་བརྗོད་ལ་ནོངས་པ་བཤགས། ཚོགས་མགྲོན་རྣམས་རྟེན་ལ་བརྟན་བཞུགས་བྱ། བདག་བསྐྱེད། ཧཱུྃ་ཧཱུྃ་ཧཱུྃ༔ གིས་འོད་གསལ་དུ་བསྡུ། ཕཊ་ཕཊ་ཕཊ༔ ཀྱིས་གཉུག་མའི་ལྷར་ལྡངས་ཏེ། བསྔོ་སྨོན་ནི། ཧོ༔ རིག་འཛིན་བླ་མའི་དཀྱིལ་འཁོར་བསྒྲུབས་པའི་མཐུས༔ བདག་དང་མཐའ་ཡས་སེམས་ཅན་མ་ལུས་ཀུན༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དང༔ འོད་གསལ་ཆོས་སྐུའི་དབྱིངས་སུ་གྲོལ་བར་ཤོག༔ ཤིས་བརྗོད་ནི། རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་ཞུགས༔ ཡི་དམ་མཁའ་འགྲོ་ལུས་དང་གྲིབ་བཞིན་འགྲོགས༔ ཆོས་སྐྱོང་སྲུང་མས་བར་ཆད་ཀུན་བསལ་ནས༔ མཆོག་ཐུན་དངོས་གྲུབ་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་པས་དགེ་ལེགས་སུ་བྱའོ།། །།གཉིས་པ་དབང་བསྐུར་བའི་ཚུལ་ལ་གསུམ། སྦྱོར་བ་གཤོམ་བཀོད། དངོས་གཞི་སྒྲུབ་ཅིང་དབང་བསྐུར་བ། རྗེས་ཀྱི་ཆོ་གའོ། །དང་པོ་ནི། དཀྱིལ་འཁོར་སྒོ་རྫོགས་པདྨ་འདབ་བརྒྱད་ལྟེ་བར་ལྷ་མཚན་བཀོད་པ་ཞི་དཀྱིལ་སྤྱི་འགྲོ་ལྟར་རམ། མ་འཛོམ་ན་མཎྜལ་ལ་མེ་ཏོག་སྔོན་པོའི་ཚོམ་བུ་གཅིག་བཀོད་པའི་ཁར་མཉྫི་ལ་བུམ་པ་བཅུད་ལྡན། དེའི་ཁར་ཐོད་པའི་བདུད་རྩི་ལ། མེ་ལོང་སིནྡྷུ་ར་བརྡལ་བར་ཆོས་འབྱུང་བསྣོལ་མའི་ལྟེ་བར་མཱུྃ་ཡིག་བྲིས་པས་བཀབ་པའི་སྟེང་དུ་སྐུ་ཚབ་ལྟ་བུའི་བླ་མའི་སྐུ་འབག་བཞག །རྒྱབ་ཕྱོགས་སུ་བླ་མའི་གཏོར་མ་རིན་ཆེན་ཟུར་བརྒྱད་མའམ་བླ་གཏོར་དཀྱུས་འགྲེ་སྐུ་ཙཀ་དར་གདུགས་དང་བཅས་པ། མདུན་སོགས་གང་བདེར་པད་འབྱུང་སྐུ་ཙཀ །པདྨའི་སྙིང་པོའི་རྒྱུད་དམ་མ་འཛོམ་ན་བཏགས་གྲོལ་གླེགས་བམ་གང་རུང་དར་གྱི་ན་བཟས་གཡོགས་པ། མེ་ལོང་ཤེལ་རྡོ་རྨ་བྱའི་མདོངས་སྒྲོ་རྣམས་བཀོད། ངོ་མཚར་ཆོས་དྲུག་གི་དབང་ཆས་དགོས་ན་གཤམ་གསལ་ལྟར་བསྡོག །གཞན་ཡང་སྨན་རཀ་གཏོར་གསུམ། ཕྱི་མཆོད་སྤྱི་ལྟར་བཤམ། ལས་བུམ། ཚོགས་ཀྱི་ཡོད་བྱད་སོགས་ཉེར་མཁོ་རྣམས་ཚོགས་པར་བྱའོ། །གཉིས་པ་དངོས་གཞི་ལ། ཐོག་མར་དབང་དོན་སྒྲུབ་མཆོད་ནི། ཕྲིན་ལས་ཚང་བར་གཏང་། བདག་མདུན་དབྱེར་མེད་དུ་བསྐྱེད་བཟླས་བྱས་པས་ཆོག་ཀྱང་། བུམ་ཐོད་བྱིན་རླབས་ཟུར་དུ་སྤྲོ་ན་གསལ་འདེབས་འཕྲོ་འདུ་རྣམས་སྤྱི་ལྟར་དང་མཐར་འོད་ཞུ་བྱ། བཟླས་པའི་མཐར་སྟོང་ཚིགས། གསོལ་འདེབས། ནོངས་བཤགས་གྲུབ་ནས། ལས་བུམ་རྟ་མགྲིན་བསྐྱེད་བཟླས་ཀྱིས་བསྒྲུབ། འཁོར་འདས་ཐམས་ཅད་རང་རིག་འོད་གསལ་ཐིག་ལེ་ཆེན་པོ་གཅིག་གི་ཀློང་དུ་གདོད་ནས་རྫོགས་པའི་དགོངས་རྟོགས་ཀློང་དུ་གྱུར་ན་དོན་དམ་པའི་དཀྱིལ་འཁོར་དུ་ཞུགས་པ་ཡིན་པས་སྤྲོས་པ་གཞན་མི་དགོས་མོད། དེ་ལྟ་བུའི་དོན་གདེང་དུ་མ་ཁེལ་ན་རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་པའང་སྤྱི་མཐུན་ལྟར་བྱའོ། །གཉིས་པ་དབང་དངོས་ལ་གཉིས། འཇུག་པ་དང་དབང་དངོས་སོ། །དང་པོ་ནི། སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་གཏོར་བཏང་ཞིང་མཚམས་གཅོད་སྲུང་འཁོར་རྣམས་ལས་བྱང་ལྟར་སོང་ནས། སེམས་བསྐྱེད་གསལ་བཏབ་ལ། ཆོས་བཤད་ཅི་རིགས་པ་དང་ཁྱད་པར། དེ་ལ་འདིར། དཀྱིལ་འཁོར་རབ་འབྱམས་རྒྱ་མཚོ་སྤྲོ་ཞིང་སྡུད་པའི་བདག་ཉིད་ཆེན་པོ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ཉིད་གདུལ་བྱ་ཐུན་མོང་བའི་སྣང་ངོར་མཆོག་གི་རིག་པ་འཛིན་པའི་སྐུར་བསྟན་པ། གུ་རུ་རིན་པོ་ཆེ་པདྨ་ཐོད་ཕྲེང་རྩལ་ཉིད་རིག་འཛིན་རྩལ་འཆང་བཅུ་གཉིས་ཀྱི་དཀྱིལ་འཁོར་འཁོར་ལོའི་ཚུལ་དུ་སྣང་བའི་སྒྲུབ་ཐབས་དུས་གསུམ་དུ་འབྱོན་པར་དཀའ་བ་ཨུ་དུམྦ་རའི་མེ་ཏོག་ལྟ་བུ། རྒྱུད་ལུང་མན་ངག་གཞན་དང་གཞན་ལ་བརྟེན་ནས་འགྲེལ་པའི་ཚུལ་དུ་བཀྲལ་པ་མ་ཡིན་པར་ཁྱབ་བདག་བླ་མ་བདེ་བ་ཆེན་པོ་ཉིད་ཀྱི་ཐུགས་ཀྱི་ཐིག་ལེ་ལས་ཆོས་ཉིད་ཀྱི་རང་སྒྲར་སྣང་བ། བླ་མའི་ཐུགས་སྒྲུབ་བྱེ་བ་ཕྲག་བརྒྱའི་ཡང་བཅུད་བར་ཆད་ཀུན་སེལ་ཡིད་བཞིན་ནོར་བུ་ལྟ་བུའི་ཆོས་ཀྱི་མཛོད་ཆེན་སྙིགས་མའི་དུས་སྐབས་བསྟན་པའི་བཙས་སུ་བསྔགས་པའི་ཟབ་ཆོས། རྩོད་བྲལ་མཆོག་གི་རིག་འཛིན་མངའ་བདག་ཡབ་སྲས་ཀྱི་ཡེ་ཤེས་སྒྱུ་མའི་རོལ་གར་པདྨ་འོད་གསལ་མདོ་སྔགས་གླིང་པ་དང་། ཨོ་རྒྱན་མཆོག་གྱུར་གླིང་པ་ཟུང་འབྲེལ་གྱི་ཟབ་གཏེར་ལས་བྱོན་པའི་འཁྲུལ་བྲལ་བྱིན་རླབས་ཀྱི་གཟི་བྱིན་མ་ཉམས་པ་འདི་ལ་རྩ་བ་དང་ཡན་ལག་གི་སྨིན་བྱེད་མང་དུ་བཞུགས་པའི་ནང་ནས། སྐབས་སུ་བབས་པ། ཞལ་གདམས་སྙིང་བྱང་ལེའུ་བཅུ་པ་ལས་གསུངས་པ་འཆི་མེད་རྡོ་རྗེའི་རིག་འཛིན་པདྨ་འབྱུང་གནས་ལ་བསྟེན་པའི་དབང་བསྐུར་ཟབ་མོ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །བླ་མ་རྫོགས་པའི་སངས་རྒྱས་པདྨ་འབྱུང་གནས་སྐུ་གསུམ་ཀུན་འདུས་ཆེན་པོར་གསལ་བ་ལ་དད་མོས་ཀྱི་གདུང་ཤུགས་དྲགས་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས༔ སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བདག་ལ་དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ། བདག་གཞན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྩ་གསུམ་རྒྱལ་བ་རབ་འབྱམས་མ་ལུས་པའི་ཁྱབ་བདག་གུ་རུ་པདྨ་འབྱུང་གནས་ལ་དེང་ནས་གཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་གནས་གཅིག་ཆོག་ཏུ་གཟུང་བ་དང་། མར་གྱུར་འགྲོ་བ་རྣམས་ཀྱི་དོན་དུ་བླ་མ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་ཞིང་དེའི་ཕྱིར་དུ་གསང་ཆེན་རྡོ་རྗེ་རྩེ་མོའི་ལམ་ལ་འཇུག་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ན་མོ༔ བདག་དང་མཁའ་མཉམ་སོགས་སྐྱབས་སེམས་ལན་གསུམ། རང་རྒྱུད་ཀྱི་ཉེས་ལྟུང་སྦྱོང་ཞིང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གསག་པ་དང་དགེ་རྩ་བླ་མེད་བྱང་ཆུབ་ཆེན་པོར་སྤེལ་བའི་ཏིང་ངེ་འཛིན་རྣམས་རིམ་པར་གསལ་ཐོབས་ལ་ཡན་ལག་བཅུ་པའི་རྗེས་ཟློས། བླ་མ་ཡི་དམ་ལྷ་ཚོགས་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ གསང་སྔགས་བསྒྲུབས་ལ་རྗེས་ཡི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་སྐུལ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ གསུམ། སོ་ཐར་བྱང་སེམས་གསང་སྔགས་ཀྱིས་བསྡུས་པའི་དམ་ཚིག་དང་སྡོམ་པའི་གནས་རྣམས་ལེགས་པར་བླངས་ནས་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། ཨོ་རྒྱན་གདུང་འཛིན་རྒྱལ་བའི་སྲས༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་གིས་དེང་གཟུང་བྱང་ཆུབ་བར༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་དམ་ཚིག་རྣམས༔ ཡང་དག་ཉིད་དུ་བཟུང་བྱས་ཏེ༔ སྲོག་གི་ཕྱིར་ཡང་མི་གཏང་ན༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ། དམ་ཚིག་བསྒྲག་པ་ནི་རྡོ་རྗེ་མགོར་བཞག་ལ། ང་ནི་འཆི་མེད་པདྨའི་རིག་འཛིན་ཏེ༔ ང་ཡི་བཀའ་ལས་འདས་ཤིང་བརྙས་གྱུར་ན༔ མནར་མེད་དམྱལ་བ་ཆེན་པོར་ལྟུང་བར་འགྱུར༔ དེ་བས་བདག་གི་བཀའ་ལས་མ་འདའ་ཞིག༔ བཛྲ་ས་མ་ཡ་རཀྵནྟུ༔ དམ་ཆུ་བདུད་རྩི་སྦྱིན་ལ། འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ དམ་ཚིག་ཉམས་ན་སྲེག་པར་བྱེད༔ དམ་ཚིག་བསྲུང་ན་དངོས་གྲུབ་ཀུན༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ བཛྲ་ས་མ་ཡ་ཨུ་ད་ཀ་ཋ་ཋ་ཋ༔ དེ་ནས་དབང་གི་གཞི་དགོད་པ་ཡེ་ཤེས་པའི་བྱིན་རླབས་དབབ་པ་ཡིན་པས་ཁྱེད་རང་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །དེ་ནས་སློབ་མ་མི་དམིགས་པར༔ དབང་ཆེན་རྟ་མགྲིན་སྐུ་མདོག་དམར༔ གྲི་ཐོད་འཛིན་ཅིང་གར་བསྒྱུར་བའི༔ ཐུགས་ཀར་གཡུང་དྲུང་གཡོན་དུ་འཁོར༔ སྟེང་དུ་ཕག་མོ་གར་བྱེད་པ༔ བསྒོམ་ཞིང་སློབ་དཔོན་ཐོད་ཕྲེང་རྩལ༔ དངོས་ཡིན་སྙམ་དུ་མོས་གུས་ཀྱི༔ གདུང་ཤུགས་དྲགས་པོ་བསྐྱེད་པའི་མཐུས༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་དམར༔ ཕྱོགས་བཅུའི་སངས་རྒྱས་ཞིང་ཀུན་འཕྲོས༔ ཁྱད་པར་རྔ་ཡབ་དཔལ་རི་ན༔ ཨོ་རྒྱན་བཞུགས་པའི་ཐུགས་ཀར་ཕོག༔ ཐམས་ཅད་ཐུགས་དམ་བསྐུལ་བྱས་ཏེ༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་རྣམས༔ ཆར་ལྟར་བབས་ཏེ་སློབ་མ་ཡི༔ བ་སྤུའི་ཁུང་བུ་ནས་ཞུགས་ཏེ༔ ལུས་གང་སྙིང་གའི་ཕག་མོ་ལ༔ སིབ་སིབ་ཐིམ་པས་ཡེ་ཤེས་བསྐྱེད༔ བཟོད་མེད་བདེ་བ་འབར་བར་གྱུར༔ ཅེས་དཔོན་སློབ་གཉིས་ཀས་གསལ་བཏབ་ལ་སྤྲོ་ན་སྤྱན་འདྲེན་བརྗོད། སྤོས་རོལ་བཅས། ཐོད་ཕྲེང་རྩལ་གྱི་སྔགས་ཤམ་དུ། ཛྙཱ་ན་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ༔ བཏགས་པ་བཟླས་ལ་བྱིན་དབབ། རྡོ་རྗེ་མེ་ཏོག་བཅས་མགོར་བཞག་ལ། ཡེ་ཤེས་པའི་བྱིན་རླབས་སྒོ་གསུམ་ལ་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ༔ དེ་དག་གིས་འཇུག་པའི་ཆོས་མདོར་བསྡུས་པ་སོང་ནས། དབང་བསྐུར་དངོས་གཞི་ལ་རིམ་པ་གཉིས་ཀྱི་ཉམས་ལེན་ལ་འཇུག་པའི་སྨིན་བྱེད་རྣམ་པ་གཉིས་སུ་ཡོད་པ་ལས། དང་པོ་མཚན་བཅས་བསྐྱེད་པའི་རིམ་པ་དང་འབྲེལ་བའི་དབང་བསྐུར་གསུམ་གྱི་ཐོག་མར་སྐུ་ཕྱག་རྒྱའི་དབང་བསྐུར་བ་ལ་དམིགས་པ་འདི་ལྟར་དུ་མཛོད། སློབ་དཔོན་དང་དབྱེར་མེད་པའི་ཀུན་བཟང་པདྨ་འབྱུང་གནས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་འཕྲོས་ཏེ་ཁྱེད་རང་ལ་ཐིམ་པ་ཙམ་གྱིས། ཁྱེད་རང་ཡང་སྐད་ཅིག་གིས་གུ་རུ་པདྨ་འབྱུང་གནས་མཐིང་གསལ་རྡོར་དྲིལ་འཛིན་ཅིང་ལྷ་ལྕམ་དཀར་མོ་ལ་འཁྱུད་པ་དར་དང་རིན་ཆེན་རུས་པའི་རྒྱན་གྱིས་བརྒྱན་ཅིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ལམ་སྟེ་གྱུར་པར་མོས་ཤིག །སྐུ་ཙཀ་སྤྱི་བོར་བཞག་ལ། ཨོཾ༔ རང་བྱུང་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་དུ༔ ཡི་དམ་ལྷ་ཚོགས་བསྒོམ་པའི་དབང་བསྐུར་བས༔ གཟུང་དང་འཛིན་པའི་རྟོག་པ་རང་གྲོལ་ནས༔ ཅིར་སྣང་ལྷ་སྐུར་འཆར་བའི་དབང་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེང་ཕྱིན་ཆད་སྣང་ཞེན་ཐམས་ཅད་ཡེ་ཤེས་ཀྱི་ལྷ་སྐུ་སྒྱུ་མ་ལྟ་བུར་གསལ་བས་སྣང་སྲིད་གཞིར་བཞེངས་ཆེན་པོའི་དཀྱིལ་འཁོར་དུ་དག་པ་ལ་བརྩོན་པར་གྱིས་ཤིག །གཉིས་པ་གསུང་བཟླས་པའི་ལུང་དང་སྔགས་ཀྱི་དབང་བསྐུར་བ་ལ་དམིགས་པ་འདི་ལྟར་དུ་མཛོད། སློབ་དཔོན་དང་དབྱེར་མེད་པའི་ཀུན་བཟང་པདྨ་འབྱུང་གནས་ཀྱི་ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་སྔགས་ཕྲེང་གིས་བསྐོར་བ་ལས་སྔགས་ཀྱི་ཕྲེང་བ་འཕྲོས། ཞལ་ནས་ཐོན། ཁྱེད་རང་གི་ཁ་སྒོ་ནས་ཞུགས། ཐུགས་ཀར་ཟླ་དཀྱིལ་ཧྲཱིཿཡིག་གི་མཐར་འཁོད་པ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། རིགས་དྲུག་གི་སྒྲིབ་གཉིས་སྦྱངས། སྣང་སྲིད་རྩ་གསུམ་དཀྱིལ་འཁོར་ཆེན་པོར་གསལ་བའི་གནས་གསུམ་ནས་སྐུ་དང་སྔགས་ཕྲེང་ཕྱག་མཚན་གྱི་ཚོགས་ཆར་བབས་པ་ལྟར་བྱུང་། ཁྱེད་རང་ལ་ཐིམ་པས་བདེ་ཆེན་ཡེ་ཤེས་ཀྱི་རྩལ་རྫོགས་པར་མོས་ཤིག །ཐོད་ཕྲེང་རྩལ་སྔགས་རྗེས་ཟློས་ལན་གསུམ་བྱར་གཞུག །རང་བྱུང་རྡོ་རྗེའི་རྒྱུད་དང་ཕྲེང་བ་མགྲིན་པར་བཞག་སྟེ་བྱིན་གྱིས་བརླབས་པས་གསང་སྔགས་ཀྱི་ནུས་པ་བརྟན་ཅིང་གྲོལ་བ་བཞིའི་བདག་ཉིད་ཆེན་པོར་གྱུར་པར་མོས་ཤིག །བཏགས་གྲོལ་དང་ཕྲེང་བ་མགྲིན་པར་རེག་ལ། ཨཱ༔ ཇི་སྙེད་བརྗོད་པ་ཀུན་གྱི་རྒྱུར་གྱུར་པའི༔ ངག་ལ་རྡོ་རྗེའི་སྔགས་ཀྱིས་དབང་བསྐུར་བས༔ བརྟན་དང་གཡོ་བའི་སྒྲ་སྐད་ཐམས་ཅད་ཀུན༔ གྲགས་སྟོང་རྒྱལ་བའི་གསུང་དུ་རྟོགས་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེང་ཕྱིན་ཆད་སྒྲ་གྲགས་ཐམས་ཅད་རང་བྱུང་གསང་སྔགས་རྡོ་རྗེའི་དབྱངས་སུ་ཤེས་པས་བརྟན་གཡོའི་སྒྲ་སྐད་གཞོམ་མེད་སྔགས་ཀྱི་འཁོར་ལོར་སྨིན་པ་ལ་བརྩོན་པར་གྱིས་ཤིག །གསུམ་པ་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ངོ་སྤྲད་པ་ལ། འདི་ལྟར་སྣང་གྲགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རྣམ་པ་སོ་སོར་གསལ་ཡང་དོན་ལ་གཉིས་སུ་མ་གྲུབ་པས་མཚན་རྟོག་སྤྲོས་པ་ཐམས་ཅད་དང་བྲལ་བའི་རང་གི་སེམས་ཉིད་ཀྱི་རྩལ་དུ་ཤེས་པས་དོན་གྱི་དབྱིངས་སུ་མཉམ་པར་ཞོག་ཅིག །མེ་ལོང་བསྟན་ཅིང་སྙིང་གར་བཞག་ལ། ཧཱུྃ༔ མེ་ལོང་ནང་དུ་གཟུགས་བརྙན་ཤར་བ་བཞིན༔ དམིགས་སུ་མེད་ཀྱང་མངོན་སུམ་ས་ལེ་བ༔ ཡིད་ལ་རྒྱལ་བའི་ཐུགས་ཀྱི་དབང་བསྐུར་བས༔ དྲན་རྟོག་ཐམས་ཅད་རང་ཤར་རང་གྲོལ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེང་ཕྱིན་ཆད་རྟོག་ཚོགས་ཐམས་ཅད་རྣམ་དག་ཡེ་ཤེས་ཆེན་པོའི་རང་བཞིན་ལས་མ་གཡོས་པར་རང་སྣང་རིས་མེད་ཀྱི་ངང་དུ་རྫོགས་པ་ལ་བརྩོན་པར་གྱིས་ཤིག །གཉིས་པ་མཚན་མེད་རྫོགས་པའི་རིམ་པ་དང་འབྲེལ་བའི་སྨིན་བྱེད་རྣམ་པ་བཞི་ལས། དང་པོ་སྤྲོས་བཅས་བུམ་པའི་དབང་བསྐུར་བ་ནི། དབྱིངས་སྤྲོས་པ་ཀུན་དང་བྲལ་བ་མཚོན་པའི་བུམ་པ་ཟླུམ་པོ་རང་རིག་འོད་གསལ་ཆེན་པོའི་ཆུས་བཀང་བ་བརྡ་དོན་ཟུང་དུ་འབྲེལ་བའི་དབང་བསྐུར་བས་སྣང་སྟོང་ཟུང་འཇུག་གི་རྟོགས་པ་མངོན་དུ་གྱུར་པའི་མོས་པ་མཛོད་ཅིག །བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་འཐོར་འཐུང་བྱར་གཞུག་ལ། ཧཱུྃ༔ བུམ་པ་ཟླུམ་པོ་ཆོས་སྐུའི་གཞལ་ཡས་ཁང༔ བུམ་རྫས་སྣང་བ་ལོངས་སྤྱོད་རྫོགས་པའི་རྒྱན༔ རང་རིག་བྱང་ཆུབ་སེམས་ཀྱི་ཆུས་བཀང་བས༔ རིག་རྩལ་དབང་བཞི་ཆིག་རྫོགས་དབང་བསྐུར་རོ༔ རྩ་སྔགས་དང་། ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ གཉིས་པ་སྤྲོས་མེད་གསང་བའི་དབང་བསྐུར་བ་ནི། དབྱིངས་ཤེས་རབ་ཆོས་ཀྱི་འབྱུང་གནས་མཚོན་པའི་ཐོད་པ་ཟླུམ་པོ་ཐབས་རང་རིག་བྱང་ཆུབ་སེམས་ཀྱི་བདུད་རྩིས་བཀང་བ་དོན་དང་། བླ་མ་ཡབ་ཡུམ་སྙོམས་པར་འཇུག་པའི་དཀར་དམར་ལྷག་པའི་བདུད་རྩི་རྟགས་ཀྱི་དབང་བསྐུར་བས་གསལ་སྟོང་ཟུང་འཇུག་གི་རྟོགས་པ་མངོན་དུ་གྱུར་པའི་མོས་པ་མཛོད་ཅིག །ཐོད་པའི་བདུད་རྩི་མགྲིན་པར་བཞག་ཅིང་མྱང་དུ་གཞུག་ལ། ཧཱུྃ༔ བྷནྡྷ་ཟླུམ་པོ་ཡུམ་གྱི་མཁའ་དབྱིངས་སུ༔ ཤ་ལྔ་བདུད་རྩི་ཐབས་མཆོག་ཡབ་ཀྱི་རྫས༔ བདེ་སྟོང་ཟུང་འཇུག་བདུད་རྩིས་བཀང་བ་འདིས༔ རིག་རྩལ་དབང་བཞི་ཆིག་རྫོགས་དབང་བསྐུར་རོ༔ རྩ་སྔགས་དང་། བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱ༔ གསུམ་པ་ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། དབྱིངས་སྟོང་ཉིད་བཟང་མོའི་བྷ་ག་མཚོན་པའི་མེ་ལོང་ཟླུམ་པོར་རིག་རྩལ་དགའ་བ་བཞིའི་རང་མདངས་སིནྡྷུ་རའི་དཀྱིལ་འཁོར་གྱིས་མཚན་པ་དོན་དང་། དེ་ལས་ལྷ་ལྕམ་དཀར་མོ་འཕྲོས་ཏེ་ཁྱོད་རང་པད་འབྱུང་དུ་གསལ་བ་དང་མཉམ་པར་སྦྱོར་བས་འགྱུར་མེད་ལྷན་ཅིག་སྐྱེས་དགའ་བདེ་སྟོང་ཟུང་འཇུག་གི་རྟོགས་པ་མངོན་དུ་གྱུར་པའི་མོས་པ་མཛོད་ཅིག །སིནྡྷུ་རའི་མེ་ལོང་སྙིང་གར་བཞག་ཅིང་ཐིག་ལེ་བཀོད་ལ། ཧཱུྃ༔ མེ་ལོང་ཟླུམ་པོ་སྟོང་ཉིད་རྫོགས་པ་ཆེ༔ སྣང་སྟོང་གཟུགས་སུ་ཤར་བ་བསྐྱེད་པའི་རིམ༔ ཟུང་འཇུག་མཉམ་པར་སྦྱོར་བའི་སིནྡྷུ་རས༔ རིག་རྩལ་དབང་བཞི་ཆིག་རྫོགས་དབང་བསྐུར་རོ༔ རྩ་སྔགས་དང་། མ་ཧཱ་མུ་དྲ་ཨ་བྷི་ཥིཉྩ་ཧཱུྃ༔ བཞི་པ་རབ་ཏུ་སྤྲོས་མེད་ཀྱི་དབང་ལ་སྔོན་འགྲོ། དངོས་གཞི། རྗེས་གསུམ་དུ་ཡོད་པ་ལས། དང་པོ་སྔོན་འགྲོ་གཏོར་མ་ལ་བརྟེན་ནས་བྱིན་རླབས་འབེབ་པ་ལ། དབྱིངས་གདོད་མའི་ཀ་དག་ཆེན་པོ་མཚོན་པའི་གཏོར་སྣོད་ཟླུམ་པོར་རང་རིག་ཡེ་ཤེས་ལྔ་རྫོགས་དཔལ་གྱི་གཏོར་ཆེན་འབར་བས་བཀང་བ་དོན་དང་། དེ་ཉིད་རྩ་གསུམ་ཀུན་གྱི་སྤྱི་དཔལ་ཀུན་བཟང་པདྨ་འབྱུང་གནས་དགོངས་བརྡ་སྙན་བརྒྱུད་ཀྱི་བླ་མ་རིག་འཛིན་རྒྱལ་བ་སྲས་དང་བཅས་པའི་ཚོགས་མངོན་སུམ་བཞིན་དུ་གསལ་བ། སྤྱི་བོར་སྤྱན་དྲངས་ཏེ་བརྡ་རྟགས་ཀྱི་དབང་བསྐུར་བསྩལ་བའི་མོས་པ་མཛོད་ཅིག །གཏོར་མ་སྤྱི་བོར་བཞག་ལ། ཧཱུྃ༔ གཏོར་སྣོད་ཟླུམ་པོ་ཆོས་ཀྱི་དབྱིངས་དང་མཉམ༔ གཏོར་མའི་ངོ་བོ་རིག་པ་ཡེ་ཤེས་ལྔ༔ དབྱིངས་ཡེ་ཟུང་འཇུག་མཁའ་འགྲོ་དབང་སྡུད་ཕྱིར༔ དམ་རྫས་གཏོར་མ་ཆེན་པོའི་དབང་བསྐུར་རོ༔ རྩ་སྔགས་དང་། བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧྲཱི༔ བླ་མ་རྩ་གསུམ་རྒྱ་མཚོའི་ཚོགས་འོད་དུ་ལྷགས་ཏེ་ཁྱོད་རང་ལ་ཐིམ་པས་ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་ཞུགས་པར་མོས་ཤིག །དངོས་གཞི་བླ་མ་དང་རང་སེམས་དབྱེར་མེད་བསྲེ་བའི་སླད་དུ། དཔལ་གྱི་མགུལ་ནས་བསྔགས་པའི་གུ་རུའི་སྐུ་འབག་རིན་པོ་ཆེ་འདི་ཉིད་སྲིད་ཞིའི་ཁྱབ་བདག་རྒྱལ་དབང་པདྨ་འབྱུང་གནས་དངོས་སུ་གསལ་བ་སྤྱི་བོར་སྤྱན་དྲངས་ཏེ་བྱིན་གྱིས་རློབ་པར་མོས་ལ་སྙིང་ཁོང་རུས་པའི་གཏིང་ནས་དད་གུས་ཀྱི་གདུང་ཤུགས་དྲགས་པོ་སྐྱེད་ལ་གསོལ་བ་རྩེ་གཅིག་ཏུ་ཐོབས་མཛོད། སྐུ་འབག་སྤྱི་བོར་བཞག་ལ། ཧཱུྃ༔ ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང༔ ལོངས་སྐུ་གསལ་ལ་མ་འདྲེས་གུ་རུའི་སྐུ༔ སྤྲུལ་སྐུ་སྣ་ཚོགས་ཐབས་ཀྱིས་འགྲོ་བ་འདུལ༔ སྐུ་གསུམ་ངང་དུ་མ་འདྲེས་ཡོངས་རྫོགས་གསལ༔ སྔོན་ཚེ་པད་འབྱུང་ཁྱེད་དང་སྨོན་ལམ་གཅིག༔ ད་ལྟ་བདག་དང་སློབ་མའི་སྟངས་བཟུང་སྟེ༔ སྲོག་གི་ཕྱིར་ཡང་མི་གཏང་སྒྲུབ་ལགས་ན༔ ཡེ་ཤེས་རབ་འབྱམས་དབང་ཆེན་བསྐུར་དུ་གསོལ༔ རྩ་སྔགས་དང་། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ གུ་རུ་ཉིད་ཐུགས་དམ་ཆེན་པོས་དགྱེས་པས་དགོངས་ཏེ་འོད་དུ་ཞུ་ནས་ཁྱེད་རང་ལ་ཐིམ་པས་གསང་བ་གསུམ་དང་སྒོ་གསུམ་དབྱེར་མེད་དུ་གྱུར། ཁྱད་པར་ཡེ་ཤེས་ཆེན་པོའི་དགོངས་པའི་རྩལ་ཆེན་རྒྱུད་ལ་འཕོས་པར་མོས་ལ་བླ་མ་དང་རང་རིག་མཉམ་པ་ཉིད་ཀྱི་ངོ་བོར་རང་བབ་ཏུ་མཉམ་པར་ཞོག་ཅིག །ཅེས་དར་ཅིག་གཞག །ཤེལ་འོད་ཉི་མ་ལ་འཆར་བ་དང་རྨ་བྱའི་མདོངས་སྒྲོ་ཐོགས་ལ། རྗེས་རང་སེམས་དབྱིངས་རིག་ཟུང་འཇུག་ངོ་སྤྲོད་པ་ནི། གཞི་དབྱིངས་གསང་བ་ཆེན་པོ་ཀ་དག་གི་ངོ་བོ་གང་དུའང་མ་གྲུབ་ལ་ཅིར་ཡང་འཆར་དུ་རུང་བ་གཏིང་གསལ་དྭངས་ཤེལ་ལྟ་བུ། ལམ་སྣང་ཕྱིར་གསལ་ལྷུན་གྲུབ་ཀྱི་རང་མདངས་སྣ་ཚོགས་སུ་སྣང་བ་ཉི་མའི་རྐྱེན་གྱིས་ཤེལ་འོད་ཁ་དོག་ལྔ་ལྡན་དུ་འཆར་བ་སོགས་ཀྱིས་མཚོན་ཏེ། རང་གི་རིག་པ་ངོ་བོ་ཀ་དག་སྟོང་པ་ཉིད་སྤྲོས་བྲལ། རྩལ་མདངས་འཁོར་འདས་ཀྱི་རང་བཞིན། རྣམ་པ་ཅིར་ཡང་འཆར་བའི་དོན་དུ་ངོ་ཤེས་པས། ཅོག་གཞག་ཆེན་པོས་གདོད་མའི་དབྱིངས་སུ་ལ་ཟློ་བ་དང་། སྣང་བཞིའི་ལམ་ནས་འཁྲུལ་སྣང་འོད་གསལ་ཆེན་པོའི་སྦུབས་སུ་བསྟིམ་པ་ལ་བརྩོན་པར་གྱིས་ཤིག །ཨ༔ རང་རིག་བྱང་ཆུབ་སེམས་ཀྱི་གཞི་དབྱིངས་འདི༔ ཀ་དག་ལྷུན་གྲུབ་ཤེལ་དང་འཇའ་ཚོན་བཞིན༔ ལམ་ནི་འཆིང་གྲོལ་མེད་པ་རྨ་བྱ་འདྲ༔ འབྲས་བུ་ཤེལ་དང་ཉི་མའི་རྐྱེན་ཕྲད་མཚུངས༔ ཁྲེགས་ཆོད་ལྟ་བ་ཤེལ་ལྟར་དག་པ་ལས༔ ཐོད་རྒལ་སྣང་བ་རང་བྱུང་འཇའ་ལྟར་ཤར༔ དབྱེར་མེད་སོ་སོར་རང་རིག་ཡེ་ཤེས་ཏེ༔ དེ་ལྟར་ཤེས་ན་ངོ་བོ་ཉིད་སྐུ་འགྲུབ༔ ཨ་ཨ་ཨ༔ ངོ་མཚར་ཆོས་དྲུག་གི་དབང་བསྐུར་བྱེད་ན་འོག་ཏུ་སྨྲོས་པ་ལྟར་སྐབས་འདིར་བླང་། དེས་སྨིན་བྱེད་དབང་གི་རིམ་པ་གྲུབ་ནས་གྲོལ་བྱེད་ཨ་ཏི་རྫོགས་པ་ཆེན་པོའི་ཟབ་ཁྲིད། ཀུན་གྱི་སྙིང་པོ་ལས་ཀྱང་སྙིང་པོར་གྱུར་པ། ཀུན་བཟང་པདྨཱཀ་རའི་ཐུགས་ཀྱི་དགོངས་ཉམས་མཐར་ཐུག་པ་ཉིད་འཆད་པ་ཡིན་པས། ཆོས་ཉན་པའི་ཀུན་སློང་དང་ཀུན་སྤྱོད་རྣམ་པར་དག་པ་ཚུལ་བཞིན་གསལ་བཏབ་ནས་ལེགས་པར་གསན་འཚལ། ཅེས་མཚམས་སྦྱར་ནས་གདམས་ཁྲིད་འབོགས། གསུམ་པ་རྗེས་ཀྱི་བྱ་བ་ནི། མཚམས་སྦྱོར་སྤྱི་མཐུན་བྱས་ལ་མེ་ཏོག་འཐོར་ཞིང་ཤིས་པ་བརྗོད། དེ་དག་རྣམས་ཀྱིས་ཤིན་ཏུ་ངོ་མཚར་ཞིང་རྨད་དུ་བྱུང་བའི་གསང་བ་ཆེན་པོ་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། རིག་འཛིན་པདྨ་འབྱུང་གནས་དང་རྗེས་སུ་འབྲེལ་བའི་བསྐྱེད་རྫོགས་ཀྱི་སྨིན་གྲོལ་ཟབ་མོ་ལེགས་པར་བགྱིས་གྲུབ་པ་ལགས་པས་སོགས་མཚམས་སྦྱར་བཅས་དམ་ཚིག་བསྒྲག་གཟུང་། གཏང་རག་མཎྜལ་ལུས་འབུལ། དགེ་བསྔོ་བྱས་པས་གྲུབ། སློབ་དཔོན་གྱིས་ཚོགས་མཆོད་ནས་བཀྲ་ཤིས་ཀྱི་བར་ཕྲིན་ལས་ཀྱི་རིམ་པ་རྣམས་ཚང་བར་མཐར་དབྱུང་ངོ་།། །། ༄༅། །འདི་དང་རྗེས་སུ་འབྲེལ་བར་ངོ་མཚར་ཆོས་དྲུག་གི་དབང་རྫས་འཚོགས་པ་དང་དབང་བསྐུར་སྦྲེལ་བར་སྤྲོ་ན། སྦྱོར་བ་གཤོམ་གྱི་སྐབས་སུ་རིན་པོ་ཆེའི་སྣོད་འབྲུས་བཀང་བར་པདྨའི་སྙིང་པོའི་རྒྱུད་དང་། ཐོས་གྲོལ་བཅས་གསེར་སོགས་ཀྱིས་བྲིས་པའི་གླེགས་བམ་སོར་བཞི་པ་དང་། མཐོང་གྲོལ་དང་བཏགས་གྲོལ་འཁོར་ལོ་རྣམས་དར་གྱི་ན་བཟས་སོ་སོར་བཀླུབས་པ། མྱང་གྲོལ་རིལ་བུས་བཀང་བའི་བུམ་པ། ཚོར་གྲོལ་བདུག་སྤོས་དང་རེག་གྲོལ་འཕོ་རྫས་གཞུང་མཐུན་བསྒྲུབས་པ་རྣམས་རྩ་བའི་དབང་རྫས་ཀྱི་གཡས་གཡོན་མདུན་རྒྱབ་གང་བདེར་བཀོད། དངོས་གཞི་སྒྲུབ་མཆོད་ཀྱི་བཟླས་པ་གྲུབ་པ་དང་། སོ་སོའི་བསྐྱེད་བཟླས་ཟུར་དུ་བསྟན་པ་རྣམས་ཁྱུག་ཙམ་སྦྱར་ལ་དབང་རྫས་བྱིན་བརླབ། རྩ་དབང་ཚང་བ་གྲུབ་པའི་ངོ་སྤྲོད་ཀྱི་རྗེས་སུ། དེ་རྣམས་ཀྱིས་རྩ་བའི་སྨིན་བྱེད་ལེགས་པར་གྲུབ་ནས། དེ་དག་དང་རྗེས་སུ་འབྲེལ་བ་མྱུར་ལམ་ཟབ་མོ་ངོ་མཚར་ཆོས་དྲུག་གི་དབང་བསྐུར་བསྒྲུབ་པ་ཡིན་པས་ཐོག་མར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་ཀུན་བཟང་པདྨ་འབྱུང༔ བདག་ལ་དགོངས་པར་མཛད་ནས་ཀྱང༔ མྱུར་ལམ་ངོ་མཚར་ཆོས་དྲུག་གི༔ དབང་བསྐུར་ཟབ་མོ་བསྩལ་དུ་གསོལ༔ ལན་གསུམ། མཐོང་གྲོལ་འཁོར་ལོ་མིག་ལམ་དུ་བསྟན་ལ། མཐོང་བས་གྲོལ་བའི་ཙཀྲ་འདི་ཉིད་གདོད་མའི་མགོན་པོ་པདྨ་འབྱུང་གནས། སྐུའི་གནས་ལྔར་རིགས་ལྔ་ཡབ་ཡུམ། ཕྱི་རོལ་དུ་སེམས་དཔའ་སེམས་མ། ཐུབ་པ་དྲུག །ཀུན་བཟང་ཡབ་ཡུམ། སྒོ་སྲུང་ཁྲོ་བོ་ཁྲོ་མོ་བཅས་འཇའ་འོད་ཟེར་ཐིག་གི་ཀློང་དུ་བཞུགས་པ་ཉིད་མཐོང་བ་ཙམ་གྱིས་ཁྱེད་རང་གི་ལས་དང་ཉོན་མོངས་པའི་སྒྲིབ་པ་སངས་ཀྱིས་དག །ལྷུན་གྱིས་གྲུབ་པའི་རིག་འཛིན་གྱི་གོ་འཕང་མངོན་དུ་གྱུར་པར་མོས་ཤིག །ཧྲཱི༔ ཀུན་བཟང་པདྨ་འབྱུང་གནས་ཀྱི༔ ཐུགས་རྗེའི་ཕྲིན་ལས་ཤུགས་ཕྱུང་པ༔ མཐོང་གྲོལ་ཙཀྲས་དབང་བསྐུར་བས༔ མཁའ་ཁྱབ་འཁོར་བ་དོང་སྤྲུག་ཤོག༔ ཅེས་དང་། ཐོད་ཕྲེང་རྩལ་གྱི་སྔགས་ཤམ་དུ། ཨ་བྷི་ཥིཉྩ་མི༔ ཞེས་པ་ཙམ་མམ་ཙཀྲར་བཀོད་པའི་སྔགས་ཐམས་ཅད་ཚང་བ་བརྗོད་ནུས་ན་ལེགས་སོ། །ཐོས་གྲོལ་ཐོགས་ལ། ཐོས་གྲོལ་གླེགས་བམ་ཀུན་བཟང་པད་འབྱུང་རིག་འཛིན་སྒྱུ་འཕྲུལ་དྲྭ་བའི་ཚོགས་སུ་གསལ་བའི་སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་མཐའ་ཡས་པ་འཕྲོས། ཁྱེད་རང་གི་རྣ་བའི་ཨུཏྤལ་བརྒྱུད་སྙིང་གི་པདྨོར་ཐིམ་པས་ཟབ་དོན་ཐོས་པས་གྲོལ་བའི་དབང་དང་བྱིན་རླབས་ཐོབ་ནས། རིགས་དྲུག་གི་སེམས་ཅན་ཐམས་ཅད་བར་དོ་རྣམ་པ་གསུམ་གྱི་འཇིགས་པའི་འཕྲང་ལས་སྐད་ཅིག་གིས་སྒྲོལ་བའི་ནུས་པ་ཐོབ་པར་མོས་ཤིག །ཧྲཱི༔ ཀུན་བཟང་པདྨ་འབྱུང་གནས་ཀྱི༔ ཐུགས་རྗེའི་ཕྲིན་ལས་ཤུགས་ཕྱུང་པ༔ ཟབ་དོན་ཐོས་གྲོལ་དབང་བསྐུར་བས༔ མཁའ་ཁྱབ་འཁོར་བ་དོང་སྤྲུག་ཤོག༔ ཐོད་ཕྲེང་རྩལ་ཤམ་བཅས་སྔར་བཞིན་བརྗོད། གླེགས་བམ་རྣ་བ་གཡས་གཡོན་དུ་གཏུགས་ལ་ཚར་གཅིག་བཀླག་གོ །བཏགས་གྲོལ་ཐོགས་ལ། བཏགས་གྲོལ་འཁོར་ལོ་འདི་ཉིད་དང་པོའི་སངས་རྒྱས་འོད་མི་འགྱུར་བ་པདྨ་འབྱུང་གནས་རིགས་ལྔའི་རྒྱལ་བ་ཡབ་ཡུམ། དབང་ཤེས་སེམས་དཔའ་ལྕམ་དྲལ། ཐུབ་དྲུག་བྱ་བྱེད་རྒྱལ་པོ། ཁྲོལ་རྒྱལ་སྒོ་བ་ཡབ་ཡུམ་བརྒྱད། གཞན་ཡང་རྩ་གསུམ་རྒྱལ་བ་རབ་འབྱམས་སྤྲུལ་འཁོར་བཅས་པ་མངོན་སུམ་བཞིན་དུ་གསལ་བའི་སྐུ་ལས་འོད་ཟེར་གྱི་དྲྭ་བ་མཁའ་ཁྱབ་ཏུ་འཕྲོས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་རྟོག་སྒྲིབ་བག་ཆགས་ཐམས་ཅད་སྐད་ཅིག་གིས་བསལ་ནས་གཞི་དབྱིངས་ཀ་དག་ཆེན་པོར་འབད་རྩོལ་མེད་པར་གྲོལ་བར་མོས་ཤིག །ཧྲཱི༔ ཀུན་བཟང་པདྨ་འབྱུང་གནས་ཀྱི༔ ཐུགས་རྗེའི་ཕྲིན་ལས་ཤུགས་ཕྱུང་པ༔ བཏགས་གྲོལ་འཁོར་ལོས་དབང་བསྐུར་བས༔ མཁའ་ཁྱབ་འཁོར་བ་དོང་སྤྲུག་ཤོག༔ ཨོཾ་ཨཱཿགུ་རུ་ཀུན་བཟང་ཡབ་ཡུམ་ན་མོ་ཧཱུྃ༔ ཞེས་འགྲེས་སུ་སྦྱར་ལ། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། ཤྲཱི་སིཾ་ཧ། པདྨ་འབྱུང་གནས། ཡེ་ཤེས་མཚོ་རྒྱལ། རྩ་བརྒྱུད་བླ་མ། ཞེས་པ་རྣམས་དང་། འཁོར་ལོའི་སྔགས་ཚང་བ་ཤམ་བཅས་བརྗོད་ལ་གནས་གསུམ་དུ་གཏུགས། ཚོར་གྲོལ་སྤོས་དུད་སྣར་བདུག་ལ། ཀུན་བཟང་པད་འབྱུང་ཡབ་ཡུམ་རྩ་གསུམ་རབ་འབྱམས་རྒྱ་མཚོ་དང་བཅས་པའི་ཐུགས་རྗེ་ཡེ་ཤེས་ཆེན་པོའི་བྱིན་གྱིས་བརླབས་པའི་ཚོར་གྲོལ་བདུག་སྤོས་སྣའི་དབང་པོར་ཐིམ་པས་ཐོག་མེད་ནས་བསགས་པའི་སྒྲིབ་གཉིས་བག་ཆགས་དང་བཅས་པ་བསངས་ཤིང་དག །རྟོགས་གྲོལ་དུས་མཉམ་གྱི་དགོངས་པའི་རྩལ་ཆེན་རྫོགས་པར་མོས་ཤིག །ཧྲཱི༔ ཀུན་བཟང་པདྨ་འབྱུང་གནས་ཀྱི༔ ཐུགས་རྗེའི་ཕྲིན་ལས་ཤུགས་ཕྱུང་པ༔ ཚོར་གྲོལ་རྫས་ཀྱིས་དབང་བསྐུར་བས༔ མཁའ་ཁྱབ་འཁོར་བ་དོང་སྤྲུག་ཤོག༔ ཐོད་ཕྲེང་རྩལ་ཤམ་བཅས་བརྗོད། མྱང་གྲོལ་བུམ་པ་ཐོགས་ལ། བུམ་པ་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་གི་དབུས་སུ་རིལ་བུ་རེ་རེ་བཞིན་བདེ་བ་ཆེན་པོ་པད་འབྱུང་ཡབ་ཡུམ་དུ་གསལ་བའི་སྐུ་ལས་བྱིན་རླབས་བདུད་རྩིའི་རྒྱུན་བབས། ཁྱེད་རང་གི་སྤྱི་བོ་ནས་ཞུགས་པས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་མ་ལུས་པ་དག་ནས་གུ་རུའི་སྐུ་དང་དབྱེར་མེད་དུ་གྱུར་པར་མོས་ཤིག །ཨོཾ༔ ཏིལ་གྱི་གང་བུ་བཞིན་གང་བའི༔ རྒྱལ་བས་བུམ་པ་བཟུང་ནས་ནི༔ མྱང་གྲོལ་བདུད་རྩིའི་དབང་བསྐུར་བས༔ ཉོན་མོངས་དྲི་མ་དག་པར་ཤོག༔ སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བུམ་པ་སྤྱི་བོར་གཞག །རིལ་བུ་ཡེ་ཤེས་སེམས་དཔའ་ལྕེ་པདྨ་འདབ་བརྒྱད་ཀྱི་སྟེང་དུ་བྱོན་པའི་ཡེ་ཤེས་ཆེན་པོའི་གཟི་བྱིན་གྱིས་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་མ་ལུས་པ་དག་ནས་གུ་རུའི་གསུང་དང་དབྱེར་མེད་དུ་གྱུར་པར་མོས་ཤིག །རིལ་བུ་ལྕེར་བཞག་ལ། ཨཱ༔ བུམ་བཅུད་ཀུན་བཟང་པདྨ་འབྱུང༔ ཡེ་ཤེས་སེམས་དཔའི་རྣམ་པར་བྱོན༔ རྡོ་རྗེ་ལྕེ་ཡི་དལ་དུ་བཞུགས༔ ནུས་པ་སྔགས་ཀྱི་དབང་བསྐུར་རོ༔ སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེ་ཉིད་མགྲིན་པའི་ལམ་བརྒྱུད་སྙིང་དབུས་པདྨའི་ཟེའུ་འབྲུར་རླུང་སེམས་དབྱེར་མེད་དྭངས་མ་ལྔ་འདུས་ཡེ་ཤེས་སེམས་དཔའི་ཚུལ་དུ་བྱང་ཆུབ་མ་ཐོབ་བར་དུ་བརྟན་པར་བཞུགས་པའི་བྱིན་རླབས་ཀྱིས་ཡིད་ཀྱི་སྡིག་སྒྲིབ་མ་ལུས་པ་དག་ནས་གུ་རུའི་ཐུགས་དང་དབྱེར་མེད་དུ་གྱུར་པར་མོས་ཤིག །ཧཱུྃ༔ སྙིང་དབུས་པདྨའི་ཟེའུ་འབྲུ་རུ༔ ཐུགས་རྗེའི་གཟི་འབར་ཡེ་ཤེས་སེམས༔ བྱང་ཆུབ་བར་དུ་རོ་གཅིག་པས༔ མཆོག་གི་དངོས་གྲུབ་མྱུར་ཐོབ་ཤོག༔ སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རིལ་བུ་མིད་དུ་གཞུག་ལ་སྙིང་གར་རྡོ་རྗེའི་རྒྱས་གདབ་བོ། །རེག་གྲོལ་འཕོ་རྫས་ཆང་ལ་སྦྱངས་པ་ཐོགས་ཏེ། རེག་གྲོལ་རྫས་མཆོག་འདི་ཉིད་ཡེ་ཤེས་དྷཱ་ཀི་ལྷའི་ལྕམ་གཅིག་མ་དཀར་མོ་གྲི་ཐོད་འཛིན་ཅིང་རུས་པའི་རྒྱན་ཅན་དུ་གསལ་བའི་སྐུ་ལས་བདེ་བའི་འོད་ཟེར་དམར་ལ་འཚེར་བ་འཕྲོས། ཁྱེད་རང་གི་སྤྱི་བོའི་ཚངས་བུག་ཏུ་ཞུགས་པས་རྩ་དབུ་མའི་ཡར་སྣེ་ཕྱལ་གྱིས་ཕྱེས། སྙིང་དབུས་རླུང་སེམས་དབྱེར་མེད་ཀྱི་ཐིག་ལེ་ལ་ཐིམ་པས་དག་པ་མཁའ་སྤྱོད་ཀྱི་གནས་ནས་ཐར་པའི་ལམ་ཆེན་དུ་ངེས་པར་བགྲོད་པའི་དབང་དང་བྱིན་རླབས་ཐོབ་པར་མོས་ཤིག །ཧྲཱི༔ ཀུན་བཟང་པདྨ་འབྱུང་གནས་ཀྱི༔ ཐུགས་རྗེའི་ཕྲིན་ལས་ཤུགས་ཕྱུང་པ༔ རེག་གྲོལ་རྫས་ཀྱི་དབང་བསྐུར་བས༔ མཁའ་ཁྱབ་འཁོར་བ་དོང་སྤྲུག་ཤོག༔ ཐོད་ཕྲེང་རྩལ་དང་། ཨོཾ་སརྦ་བུདྡྷ་དྷཱ་ཀི་ནཱི་བཾ་ཛྙཱ་ན་སིདྡྷི་ཧཱུྃ༔ བཛྲ་པྲ་བེ་ཤ་ཡ་ཕཊ༔ ཨ་བྷི་ཥིཉྩ་མི༔ ཞེས་སྤྱི་བོ་ཚངས་བུག་ཏུ་བྱུག །རྒྱུད་ཀྱི་གླེགས་བམ་ཐོགས་ལ། རང་བྱུང་རྡོ་རྗེའི་རྒྱུད་ཀྱི་གླེགས་བམ་འདི་ཉིད་རིགས་ཀུན་ཁྱབ་བདག་འཆི་མེད་པདྨ་འབྱུང་གནས་ཡབ་ཡུམ་རྩ་གསུམ་རྒྱལ་བ་ཞི་ཁྲོ་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རོལ་མོ་སྲིད་ཞི་ཁྱབ་པར་འཆར་བའི། གསང་བ་གསུམ་ལས་བྱིན་རླབས་ཡེ་ཤེས་ཀྱི་གཟི་འོད་དཔག་ཏུ་མེད་པ་ཁྱེད་རང་གི་སྒོ་གསུམ་ལ་ཞུགས་པས། སྡིག་སྒྲིབ་ཉེས་ལྟུང་བག་ཆགས་རྒྱུ་དང་བཅས་པ་མུན་ཁང་ལ་ཉི་མ་ཤར་བ་བཞིན་ཡུད་ཀྱིས་བསལ། རིག་པ་རྩལ་གྱི་དབང་མཆོག་རྒྱུད་ལ་ཐོབ་སྟེ་གདོད་མའི་གྲོལ་སར་སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་པར་གྱུར་པའི་མོས་པ་མཛོད་ཅིག །ཧྲཱི༔ ཀུན་བཟང་པདྨ་འབྱུང་གནས་ཀྱི༔ ཐུགས་རྗེའི་ཕྲིན་ལས་ཤུགས་ཕྱུང་པ༔ བཀླག་གྲོལ་རྒྱུད་ཀྱི་དབང་བསྐུར་བས༔ མཁའ་ཁྱབ་འཁོར་བ་དོང་སྤྲུག་ཤོག༔ རྒྱུད་ཀྱི་སྔགས་ཚན་གསུམ་དང་། ཤམ་འདོགས་བཅས་བརྗོད་ལ་གླེགས་བམ་གནས་གསུམ་དུ་གཏུགས། གསལ་དག་སྙན་པའི་དབྱངས་ཀྱིས་རྒྱུད་ཚར་གཅིག་བཀླག །མཐར་གླེགས་བམ་སྤྱི་བོར་བཞག་ལ། ཧྲཱི༔ རང་བྱུང་བཀླགས་པས་གྲོལ་བ་ཡི༔ སྒྱུ་འཕྲུལ་དྲྭ་བ་ས་བོན་རྒྱུད༔ པདྨའི་སྙིང་པོའི་བྱིན་རླབས་དང༔ ཀུན་བཟང་པདྨའི་ཡེ་ཤེས་དང༔ ཐུགས་བསྐྱེད་སྨོན་ལམ་དཔག་ཡས་མཐུས༔ རྒྱུད་འདི་འཆང་ངམ་ཀློག་པ་དང༔ བཅངས་པ་མཐོང་ཐོས་དྲན་དང་རེག༔ སྒྲ་ཐོས་ལས་དང་ཉོན་མོངས་དང༔ སྡུག་བསྔལ་ཀུན་ལས་རྣམ་གྲོལ་ཏེ༔ བླ་ན་མེད་པའི་བྱང་ཆུབ་ཐོབ༔ འཁོར་བ་དོང་ནས་སྤྲུག་པ་ཡི༔ འགྲོ་འདུལ་ཕྲིན་ལས་མཐར་ཕྱིན་ཤོག༔ ཅེས་དང་དབྱངས་གསལ་རྟེན་སྙིང་བརྗོད། དེང་ཕྱིན་ཆད་རིག་འཛིན་པདྨ་འབྱུང་གནས་ཀྱི་ཕྲིན་ལས་ཁྱད་པར་འཕགས་པ་ངོ་མཚར་ཆོས་དྲུག་གི་སྒོ་ནས། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་གྲོལ་བ་དྲུག་ལྡན་གྱི་གོ་འཕང་ལ་དབུགས་དབྱུང་བར་གྱིས་ཤིག །ཅེས་རྗེས་སུ་གནང་། མཇུག་གི་བྱ་བ་སྔར་སྨྲོས་པ་ལྟར་རོ། །ཀུན་བཟང་པདྨའི་བྱིན་རླབས་རྒྱུད་ལ་ཞུགས། །རང་བྱུང་ཡེ་ཤེས་ཉི་མ་ཁོང་ནས་ཤར། །སྲིད་པའི་མུན་སྟུག་ཅིག་ཅར་བསལ་ནས་ཀྱང་། །གདོད་མའི་དབྱིངས་སུ་འགྲོ་ཀུན་སྒྲོལ་ནུས་ཤོག །འདིའི་ཁྱད་པར་གྱི་དབང་བསྐུར་ཁྲིད་དང་སྦྲེལ་བའི་ཚུལ་གཏེར་གཞུང་རྩ་བ་དང་། ཕྱིས་ནམ་མཁའ་མཛོད་ཀྱི་ལྷོ་ཕྱོགས་ནས་བྱོན་པའི་རིན་ཆེན་སྤར་ཁབ་དང་སྒྲུབ་པའི་པྲ་ཁྲིད་རྣམས་ཀྱི་དགོངས་པ་གུང་སྤྲོས་ཏེ་གཏེར་ཆེན་མཆོག་གྱུར་གླིང་པས་ཇི་ལྟར་བསྩལ་པ་ནོར་འཁྲུལ་མེད་པར་གཞིར་བཀོད། ཀུན་མཁྱེན་བླ་མ་རིན་པོ་ཆེ་༧པདྨ་འོད་གསལ་མདོ་སྔགས་གླིང་པའི་དགོངས་པ་ལྟར་མྱུར་ལམ་ངོ་མཚར་ཆོས་དྲུག་གི་དབང་བསྐུར་ལྷན་ཐབས་སུ་སྦྱོར་བའི་ཚུལ་ཡང་ཆབས་ཅིག་ཏུ་བྱས་ཏེ། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་སྤེལ་བ་དགེ་ལེགས་འཕེལ།། །།

ཚེ་སྒྲུབ་རྡོ་རྗེའི་ཕྲེང་བ་ལས༔ ཚེ་བདག་ཡབ་ཡུམ་སྲས་གསུམ་གྱི༔ ཕྱི་སྒྲུབ་རྒྱུད་ཀྱི་ཕྲིན་ལས་ (Volume 21, Text 1)

༁ྃ༔ ཚེ་སྒྲུབ་རྡོ་རྗེའི་ཕྲེང་བ་ལས༔ ཚེ་བདག་ཡབ་ཡུམ་སྲས་གསུམ་གྱི༔ ཕྱི་སྒྲུབ་རྒྱུད་ཀྱི་ཕྲིན་ལས་བཞུགས༔ ྈྈྈྈྈ ཚེ་བདག་རིག་འཛིན་རྣམས་ལ་འདུད༔ ཚེ་རྒྱུད་རྡོ་རྗེ་ཕྲེང་བ་ལས༔ གདམས་ངག་མང་པོ་གནད་དུ་བསྡུས༔ སྐལ་ལྡན་རྗེ་འབངས་རྣམས་ལ་བཤད༔ སྤྲོས་ན་རྒྱ་ཆེ་བསམ་ཡས་ཀྱང༔ མདོར་དྲིལ་རྒྱུད་ལུང་མན་ངག་གསུམ༔ ཐོག་མཐའ་བར་དུ་དགེ་བའི་ལམ༔ རྒྱུད་དོན་ཚེ་བདག་ཡབ་ཡུམ་སྲས༔ ལུང་ལུགས་ཞི་ཁྲོ་སྟོང་ལྔ་བརྒྱ༔ མན་ངག་ཚེ་སྦྱིན་དཀར་མོར་བསྡུས༔ སྤྲོས་ན་རེ་རེ་ལ་ཡང་གསུམ༔ ཐོག་མར་དགེ་བ་ཚེ་ཡི་བདག༔ ཡབ་ཡུམ་སྲས་གསུམ་སྒྲུབ་པའི་ཐབས༔ ཕྱི་ནང་གསང་བ་ཡང་གསང་བཞི༔ གང་ཟག་བློ་ཡི་རིམ་པར་བསྟན༔ ས་མ་ཡ༔ ཕྱི་སྒྲུབ་གནས་དུས་ཤིས་པ་ལ༔ རྟེན་དང་མཆོད་པའི་ཡོ་བྱད་བཀྲམ༔ བདེ་བའི་སྟན་འདུག་རྣམ་གཡེང་སྤང༔ ལུས་སེམས་ཁོང་ཀློད་མོས་གུས་བསྐྱེད༔ སྔོན་དངོས་རྗེས་ཀྱིས་ཉམས་སུ་ལེན༔ སྔོན་འགྲོ་རྒྱུད་སྦྱོང་རིམ་པ་གསུམ༔ ན་མོ༔ དཀོན་མཆོག་ཀུན་འདུས་རིགས་བརྒྱའི་བདག༔ བླ་མ་བཅོམ་ལྡན་ཚེ་དཔག་མེད༔ ཚེ་ལྷ་རིག་འཛིན་ཚོགས་བཅས་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ འགྲོ་རྣམས་སངས་རྒྱས་སར་འགོད་ཕྱིར༔ བདག་གིས་འཆི་མེད་མཆོག་བསྒྲུབ་ན༔ ཚེ་དཔག་མེད་པའི་སྐུ་གསུང་ཐུགས༔ མྱུར་དུ་འགྲུབ་པར་བྱིན་གྱིས་རློབས༔ ཚེ་བདག་ཡབ་ཡུམ་སྲས་འཁོར་བཅས༔ འདིར་གཤེགས་བརྟན་བཞུགས་གུས་ཕྱག་འཚལ༔ མཆོད་སྤྲིན་འབུལ་ཞིང་སྡིག་ལྟུང་བཤགས༔ རྗེས་སུ་ཡི་རང་ཆོས་འཁོར་བསྐུལ༔ བཞུགས་གསོལ་དགེ་ཀུན་བྱང་ཆུབ་བསྔོ༔ བདག་གཞན་འཆི་མེད་མངོན་འགྲུབ་ཤོག༔ འགལ་རྐྱེན་བར་ཆད་བསལ་བ་ནི༔ ཧཱུྃ༔ སྣང་སྲིད་སྒྱུ་འཕྲུལ་དྲྭ་བའི་ཞིང༔ འཁྲུལ་རྟོག་བགེགས་ཀྱི་མིང་ཡང་མེད༔ སྣོད་བཅུད་ལྷ་སྔགས་ཡེ་ཤེས་ངང༔ མཚམས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་རཀྵ་རཀྵ༔ མཐུན་རྐྱེན་བྱིན་རླབས་དབབ་པ་ནི༔ ཧྲཱི༔ རང་བྱུང་བདེ་ཆེན་ཕོ་བྲང་ནས༔ པདྨ་ཚེ་ཡི་ལྷ་ཚོགས་ཀྱིས༔ སྐུ་གསུང་ཐུགས་ཀྱིས་བྱིན་ཆེན་ཕོབ༔ ཡེ་ཤེས་ལྔ་ཡི་དབང་མཆོག་སྐུར༔ ངོ་མཚར་རྟགས་དང་མཚན་མ་སྟོན༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བཛྲ་ཨཱ་ཡུ་ཥེ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ རཾ་ཡཾ་ཁཾ༔ ཆོས་དབྱིངས་ངང་ལས་རང་བྱུང་བའི༔ ཀུན་བཟང་རྣམ་རོལ་མཆོད་པའི་སྤྲིན༔ ཕྱི་ནང་གསང་བའི་དམ་ཚིག་རྫས༔ འདོད་ཡོན་ཟག་མེད་གཏེར་དུ་གྱུར༔ ཨོཾ་སརྦ་པཱུ་ཛ་མེ་གྷ་ས་མ་ཡེ་ཨཱ་ཧཱུྃ༔ པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ས་མ་ཡེ་ཧཱུྃ༔ བཛྲ་སྥ་ར་ཎ་ཁཾ༔ དངོས་གཞི་བསྐྱེད་བཟླས་རྫོགས་པ་གསུམ༔ དམ་ཚིག་བསྐྱེད་ཅིང་ཡེ་ཤེས་བསྟིམ༔ མཆོད་བསྟོད་ཡན་ལག་རྫོགས་བྱ་སྟེ༔ ཨ༔ འཁོར་འདས་ཆོས་ཀུན་གདོད་མ་ནས༔ སྐྱེ་འགག་གནས་དམིགས་འགྲོ་འོང་བྲལ༔ དེ་བཞིན་ཉིད་ཀྱི་ཏིང་འཛིན་བསྒོམ༔ ཚད་མེད་རྣམ་བཞི་འགྲོ་ལ་སྣང༔ ཟུང་འཇུག་རྒྱུ་ཡི་ཨོཾ་དཀར་པོ༔ འོད་འཕྲོས་སྣོད་བཅུད་དབྱིངས་སུ་སྦྱངས༔ ཨེ་ཡཾ་ར་སུཾ་བྷྲཱུྃ་རཾ་བྷྲཱུྃ༔ འོད་ཞུ་འབྱུང་བ་རིམ་བརྩེགས་དང༔ རིན་ཆེན་རི་རབ་སྲུང་འཁོར་ནང༔ མཚན་རྫོགས་སྤྲུལ་པའི་གཞལ་ཡས་ཁང༔ ཡེ་ཤེས་འཇའ་འོད་འཁྲིགས་པའི་དབུས༔ པདྨ་འདབ་བཞི་འོད་ལྔ་དང༔ རིན་ཆེན་པདྨའི་ཕྲེང་བ་སྤེལ༔ དབུས་ཀྱི་ཟེའུ་འབྲུར་ཟླ་གདན་ལ༔ ཨོཾ་ལས་འོད་འཕྲོས་དོན་གཉིས་བྱས༔ ཚུར་འདུས་བཅོམ་ལྡན་ཚེ་དཔག་མེད༔ དཀར་གསལ་སྟོན་ཀའི་ཟླ་བའི་མདོག༔ མཉམ་གཞག་འཆི་མེད་ཚེ་བུམ་བསྣམས༔ ལོངས་སྤྱོད་རྫོགས་པའི་རྒྱན་དང་ལྡན༔ སྐྱིལ་ཀྲུང་འོད་ལྔའི་ཀློང་ན་བཞུགས༔ ཐུགས་ལས་ཧཱུྃ་ཨཱཾཿཧྲཱིཿདང་ཁྲོཾ༔ ཕྱོགས་བཞིའི་འདབ་བཞིར་འཕྲོས་པ་ལས༔ གཡས་སུ་སྲས་མཆོག་ཐུགས་རྗེ་ཆེ༔ དཀར་དམར་པད་ཕྲེང་ཚེ་བུམ་བསྣམས༔ དར་གྱི་ན་བཟའ་རིན་ཆེན་རྒྱན༔ ཕྱེད་སྐྱིལ་ཟླ་བའི་གདན་ལ་བཞུགས༔ གཡོན་དུ་ཚེ་ཡུམ་ཙཎྜ་ལཱི༔ དཀར་དམར་རྡོར་དྲིལ་ཚེ་བུམ་བསྣམས༔ དར་དང་རིན་ཆེན་པད་ཕྲེང་བརྒྱན༔ ཉི་སྟེང་པདྨའི་སྐྱིལ་ཀྲུང་བཞུགས༔ མདུན་དུ་དབང་ཆེན་རྟ་མཆོག་དཔལ༔ ཤེལ་མདོག་པདྨ་ཚེ་བུམ་བསྣམས༔ འབར་བའི་ཆས་ལྡན་རྟ་ཞལ་འཚེར༔ འདོར་ཐབས་ཉི་གདན་མེ་ཀློང་འགྱིང༔ རྒྱབ་ཏུ་གདོན་འདུལ་ནམ་མཁའ་ལྡིང༔ དུང་མདོག་ལྕགས་ཀྱུ་ཚེ་བུམ་བསྣམས༔ གནམ་ལྕགས་མཆུ་སྡེར་སྤུ་གྲིའི་སྒྲོ༔ ཉི་གདན་ཡེ་ཤེས་མེ་ཀློང་བཞུགས༔ གཙོ་འཁོར་གནས་གསུམ་ཡི་གེ་གསུམ༔ རྡོ་རྗེ་གསུམ་དུ་ལྷུན་གྱིས་གྲུབ༔ སྤྱི་བོར་དཔའ་བོ་འབྲུ་ལྔས་བརྒྱན༔ རིགས་ལྔས་དབང་བསྐུར་གདོད་ནས་རྫོགས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཧྲཱི༔ འགྱུར་མེད་བདེ་ཆེན་ཆོས་ཀྱི་དབྱིངས༔ རང་བྱུང་ཡེ་ཤེས་ཕོ་བྲང་ནས༔ འཆི་མེད་མགོན་པོ་ཚེ་དཔག་མེད༔ ཤེས་རབ་ཡུམ་མཆོག་སྲས་དང་བཅས༔ སྤྲུལ་པ་ཕྱག་བརྙན་མཐུ་རྩལ་ཅན༔ ཚེ་ལྷ་རིག་འཛིན་རྒྱ་མཚོ་རྣམས༔ ཚེ་དབང་དངོས་གྲུབ་མཆོག་སྩོལ་ཕྱིར༔ ཐུགས་རྗེས་དགོངས་ཏེ་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛ༔ སྙིང་རྗེའི་ལྕགས་ཀྱུས་ཐུགས་དམ་བསྐུལ༔ བྱམས་པའི་ཞགས་པས་སྤྱན་དྲངས་ཏེ༔ དགའ་བའི་སྒྲོག་གིས་མི་ཕྱེད་བསྡམ༔ བཏང་སྙོམས་དྲིལ་བུས་དགྱེས་པ་བསྐྱེད༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་ཨཱ་ཧཱུྃ༔ ཨོཾ༔ རྡོ་རྗེའི་གསང་བ་རྨད་པོ་ཆེ༔ འགྲོ་དོན་རང་བཞིན་རྫོགས་པར་ལྡན༔ ཐབས་ཤེས་ཟུང་འཇུག་འབར་བའི་སྐུ༔ ཅིར་ཡང་སྤྲུལ་ལ་ཕྱག་འཚལ་ལོ༔ ན་མོ་ན་མཱ་མི༔ ཧྲཱི༔ ལག་གཉིས་ལས་ཀྱི་ཕྱག་རྒྱ་བཅིང༔ ཆོས་རྒྱ་གསང་བ་ངག་ཏུ་བརྗོད༔ དམ་ཚིག་ཡེ་ཤེས་ཡིད་ཀྱིས་བསྒོམ༔ རྒྱལ་བའི་དཀྱིལ་འཁོར་དགྱེས་པ་བསྐྱེད༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཁྲོོཾ་མ་ཧཱ་མུ་དྲ་པཱུ་ཛ་ཧོ༔ ཨོཾ༔ བདེ་བར་གཤེགས་སོ་བཅོམ་ལྡན་འདས༔ རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས༔ སྲིད་པ་རྒྱ་མཚོ་མཐའ་ཡས་ཀུན༔ ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤྲུལ༔ ཧྲཱི༔ བྱམས་པ་སྤོས་ཀྱི་སྤྲིན་ལྡིང་ཞིང༔ སྙིང་རྗེ་རིན་ཆེན་མེ་ཏོག་འཐོར༔ དགའ་བ་ཆོས་ཀྱི་མར་མེ་འབར༔ བཏང་སྙོམས་བདུད་རྩིའི་དྲི་ཆར་འབེབ༔ ཡུལ་དབང་ཐབས་དང་ཤེས་རབ་དང༔ ཟུང་འཇུག་བདེ་བའི་དགྱེས་མཆོད་འབུལ༔ ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་པུཥྤེ་ཨཱ་ལོ་ཀེ་གནྡྷེ་པཱུ་ཛ་ཧོ༔ ཧྲཱི༔ སྣང་ཞིང་གྲགས་པའི་ཆོས་རྣམས་ནི༔ རང་བྱུང་འདོད་ཡོན་རིན་ཆེན་གཏེར༔ ཟག་མེད་བདུད་རྩིའི་བཅུད་དང་ལྡན༔ དབང་པོ་ལྔ་ཡི་རྒྱན་དུ་རོལ༔ པཉྩ་ཀཱ་མ་གུ་ཎ་པཱུ་ཛ་ཧོ༔ ཧྲཱི༔ ཡིད་འོང་མཛེས་པའི་ལྷ་མོ་ནི༔ མགྲིན་པར་སྙན་པའི་གླུ་ལེན་ཅིང༔ རྐང་པ་རྡོ་རྗེའི་གར་སྟབས་སྒྱུར༔ བདེ་ཆེན་ཡེ་ཤེས་རོལ་མོས་མཆོད༔ མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ ཧྲཱི༔ དུག་ལྔ་རྣམ་དག་བདུད་རྩི་སྨན༔ ཁམས་གསུམ་བསྒྲལ་བ་རཀྟའི་བཅུད༔ དུག་གསུམ་རྩད་གཅོད་བ་ལིཾ་ཏ༔ སྐུ་གསུང་ཐུགས་ཀྱི་ཀློང་དུ་བཞེས༔ སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཧྲཱི༔ སྣང་བ་ཡབ་ལ་སྟོང་པ་ཡུམ༔ ཁ་སྦྱོར་བདེ་ཆེན་འདུ་འབྲལ་མེད༔ འཁོར་འདས་མཉམ་པ་ཉིད་ཀྱི་ངང༔ སྒྲོལ་བ་དོན་གྱི་ཆོ་ག་རྫོགས༔ དྷརྨ་དྷཱ་ཏུ་པཱུ་ཛ་ཧོ༔ ཧྲཱི༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ འཆི་མེད་རྡོ་རྗེའི་སྐུ་ལ་བསྟོད༔ བདེ་ཆེན་རབ་འབར་ཙཎྜ་ལཱི༔ གཞོམ་མེད་གསུང་གི་ངོ་བོར་བསྟོད༔ ཡེ་ཤེས་ལྔ་ལྡན་རྒྱལ་བའི་སྲས༔ ཐུགས་མཆོག་སྤྱན་རས་གཟིགས་ལ་བསྟོད༔ དངོས་གྲུབ་ཀུན་བདག་ཡོན་ཏན་མཛོད༔ རྟ་མཆོག་དབང་གི་རྒྱལ་པོར་བསྟོད༔ མཐུ་སྟོབས་རྩལ་ལྡན་ནམ་མཁའ་ལྡིང༔ བགེགས་འདུལ་ཕྲིན་ལས་མཛད་ལ་བསྟོད༔ ཡེ་ཤེས་འདོད་རྒུར་སྒྱུར་བ་ཡིས༔ སངས་རྒྱས་མཛད་པའི་རོལ་མོ་ནི༔ བསམ་ཡས་སྒྱུ་འཕྲུལ་དྲ་བར་སྟོན༔ འཆི་མེད་དཀྱིལ་འཁོར་ལྷ་ལ་བསྟོད༔ ཧོ༔ བདག་སོགས་མ་རིག་དབང་གྱུར་པས༔ འདི་དང་གཏན་དུ་སྒྲིབ་པའི་གེགས༔ ནོངས་པ་གང་མཆིས་འགྱོད་པས་བཤགས༔ ཚངས་པར་མཛད་ནས་དངོས་གྲུབ་མཆོག༔ སྐུ་གསུང་ཐུགས་ལ་གང་མཆིས་པ༔ ད་ལྟ་ཉིད་དུ་བསྩལ་དུ་གསོལ༔ ཅེས་དང་ཡི་གེ་བརྒྱ་པ་བརྗོད༔ བཟླས་པ་བསྙེན་སྒྲུབ་ལས་གསུམ་སྟེ༔ སྐུ་གསུང་ཐུགས་ཀྱི་ཡེ་ཤེས་བསྙེན༔ ཡབ་སྲས་ཐུགས་ཀར་ཟླ་བ་དང༔ ཡུམ་ཐུགས་ཉི་མའི་དཀྱིལ་འཁོར་ལ༔ ཨོཾ་དཀར་ཧཱུྃ་མཐིང་ཨཱཿདམར་མདངས༔ རང་སྔགས་ཕྲེང་བས་གཡས་གཡོན་བསྐོར༔ འོད་འཕྲོས་དོན་བྱས་བྱིན་རླབས་བསྡུས༔ རང་ལ་ཐིམ་པས་རྟོག་སྒྲིབ་སྦྱངས༔ ཚེ་དང་ཡེ་ཤེས་མཆོག་ཐོབ་བསམ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཨོཾ་དྷཱ་ཀི་ཙནྜ་ལཱི་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཨ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ དབང་ཆེན་ཡོན་ཏན་དངོས་གྲུབ་སྒྲུབ༔ རྟ་མཆོག་ཐུགས་ཀར་ཉི་སྟེང་ཧྲཱི༔ སྔགས་ཕྲེང་དཀར་གསལ་གཡས་སུ་འཁོར༔ འོད་ཟེར་ལྕགས་ཀྱུས་འཁོར་འདས་ཀྱི༔ དྭངས་བཅུད་བསྡུས་ནས་ཐིམ་པར་བསམ༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨོཾ༔ ཨཱ་ཡུརྫྙཱ་ན་མ་ཧཱ་པུཎྱེ་ཏིཥྛ་ཨོཾ༔ ཕྲིན་ལས་མཁའ་ལྡིང་ལས་ལ་སྦྱར༔ ཁྱུང་ཆེན་ཐུགས་ཀར་ཉི་སྟེང་ཁྲོཾ༔ སྔགས་ཕྲེང་འོད་དང་སྤྲུལ་པ་སྤྲོས༔ ཚེ་བདུད་བར་ཆད་ལྷག་མེད་བཅོམ༔ བླ་ཚེ་བརྐུས་ཕྲོགས་ཆད་ཉམས་རྣམས༔ ནྲྀ་བྷྲཱུྃ་ཨ་ཡི་རྣམ་པར་བསྡུས༔ བདག་ཐིམ་རྡོ་རྗེའི་ཚེ་ཐོབ་བསམ༔ ཨོཾ་ཁྲོཾ་ག་རུ་ཎ་ཧཱུྃ༔ ཚེ་བྷྲཱུྃ་ཛ༔ གཡུ་བྷྲཱུྃ་ཛ༔ ཨཱ་ཡུརྫྙཱ་ན་ཏིཥྛ་ཨོཾ༔ བསྙེན་པ་ཆ་གསུམ་སྒྲུབ་པ་གཉིས༔ ལས་སྦྱོར་གཅིག་གིས་འགྲུབ་པར་འགྱུར༔ ས་མ་ཡ༔ མདུན་བསྐྱེད་བསྒྲུབ་ན་ཚེ་འབྲང་སོགས༔ རྟེན་བཤམ་ཕྲིན་ལས་དུས་བཞིར་གཏང༔ བཟླས་པ་བྱ་ཞིང་ཚོགས་མཆོད་འབུལ༔ མདའ་དར་གཡབ་ཅིང་ཚེ་བཅུད་འགུགས༔ ཨོཾ༔ བཅོམ་ལྡན་སྐུ་ཡི་འོད་ཟེར་གྱིས༔ ཕུང་པོ་ལྔ་ཡི་ཚེ་ཉམས་ན༔ བདེ་གཤེགས་རིགས་ལྔའི་བྱིན་རླབས་ཁུག༔ གདོས་བཅས་དྭངས་མ་འོད་དུ་སྨིན༔ མི་ཤིགས་འཆི་མེད་རྡོ་རྗེའི་སྐུར༔ ཕྱག་རྒྱ་ལྔ་ཡི་རྒྱས་ཐོབས་ཤིག༔ ཨཱ༔ ཡུམ་ཆེན་གསུང་གི་འོད་ཟེར་གྱིས༔ འབྱུང་བ་ལྔ་ཡི་ཚེ་ཉམས་ན༔ དབྱིངས་ཕྱུག་ཡུམ་ལྔའི་བྱིན་རླབས་ཁུག༔ སྲོག་རྩོལ་འཕོ་བ་དབུ་མར་སྟིམས༔ གཞོམ་མེད་རྡོ་རྗེའི་གསུང་དབྱངས་ལ༔ རང་བྱུང་ཡི་གེའི་རྒྱས་ཐོབས་ཤིག༔ ཧཱུྃ༔ སྲས་མཆོག་ཐུགས་ཀྱི་འོད་ཟེར་གྱིས༔ འཁོར་ལོ་ལྔ་ཡི་ཚེ་ཉམས་ན༔ ཡེ་ཤེས་རྣམ་ལྔའི་བྱིན་རླབས་ཁུག༔ འཁྲུལ་རྟོག་ཡེ་གྲོལ་ཆོས་ཀྱི་དབྱིངས༔ གདོད་ནས་མི་འགྱུར་རྡོ་རྗེའི་ཐུགས༔ བདེ་ཆེན་འོད་གསལ་རྒྱས་ཐོབས་ཤིག༔ ཧྲཱི༔ རྟ་མཆོག་དབང་གི་ཕོ་ཉ་སྤྲོས༔ ཕྱོགས་བཞིའི་གདོན་གྱིས་ཚེ་ཕྲོགས་ན༔ ཕྱག་རྒྱ་བཞི་ཡིས་རང་གནས་ཁུག༔ བླ་ཚེ་སྲོག་དབུགས་ཉམས་པ་གསོས༔ མི་ཤིགས་རྡོ་རྗེའི་གོ་ཁྲབ་ལ༔ ཁྲོ་ཆུང་ཚོགས་ཀྱི་རྒྱས་ཐོབས་ཤིག༔ ཁྲོཾ༔ གཏུམ་ཆེན་ཁྱུང་གི་ཕོ་ཉ་སྤྲོས༔ སྟེང་འོག་གདོན་གྱིས་བླ་ཁྱེར་ན༔ མྱུར་མགྱོགས་རྩལ་གྱིས་སྐད་ཅིག་ཁུག༔ བླ་སྲོག་དབང་ཐང་རང་སོར་ཆུད༔ མཚོན་ཆ་རྣམ་ལྔའི་གུར་ཁང་ལ༔ བསྐལ་མེ་འབར་བའི་རྒྱས་ཐོབས་ཤིག༔ ཅེས་བསྐུལ་སྐབས་སུ་འདོད་དོན་གསོལ༔ ཀྱེ༔ འཆི་མེད་དབང་པོ་ཚེ་ཡི་བདག༔ ཡབ་ཡུམ་སྲས་འཁོར་བཅས་པ་ལ༔ རྩེ་གཅིག་གུས་པས་གསོལ་བ་འདེབས༔ ཕྱི་ནང་གསང་བའི་བར་ཆད་སོལ༔ དུས་མིན་འཆི་བ་ཟློག་ཏུ་གསོལ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ དབང་དང་བྱིན་རླབས་དངོས་གྲུབ་སྩོལ༔ རྡོ་རྗེའི་ཚེ་མཆོག་འགྲུབ་པར་མཛོད༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་སརྦ་སིདྡྷི་ཨ་ལ་ལ་ཧོ༔ ཞེས་བསྐུལ་ཚེ་ཡི་སྒྲུབ་རྫས་རོལ༔ ས་མ་ཡ༔ རྫོགས་རིམ་ཐུགས་སྲོག་འོད་ཟེར་གྱིས༔ སྣོད་བཅུད་ཀུན་ཞུ་རང་ལ་ཐིམ༔ རང་ལུས་ཕ་ལམ་ལས་གྲུབ་པའི༔ རྡོ་རྗེ་དཀར་པོ་རྩེ་ལྔའི་ལྟེར༔ ཉི་ཟླའི་གྭ་འུར་ཨོཾ་ཨཱཿཧཱུྃ༔ རྭ་རྩེ་ཡར་མར་སྦུབས་གཉིས་སུ༔ ཁྲོཾ་དང་ཧྲཱིཿས་མཚན་རང་འོད་འབར༔ སེམས་གཏད་ཡེ་ཤེས་རླུང་སྦྱོང་གིས༔ འབྲུ་གསུམ་འོད་ཟེར་འཁོར་འདས་ཁྱབ༔ ཐམས་ཅད་འོད་ལྔའི་རྣམ་པར་ཞུ༔ གྭ་འུའི་ཡིག་འབྲུ་ལ་ཐིམ་པས༔ སྒོ་གསུམ་གདོད་ནས་རང་བྱུང་གི༔ རྡོ་རྗེ་གསུམ་དངོས་གྲུབ་པར་བསམ༔ ཡིད་དང་རྡོ་རྗེའི་བཟླས་པ་བྱ༔ མཐར་ནི་ལུས་སེམས་ནམ་མཁར་བསྲེ༔ འཛིན་མེད་གནས་ལུགས་རང་བབ་བསྐྱང༔ ཐུན་མཚམས་རང་ལུས་རྡོ་རྗེར་བསྒོམ༔ འཆི་མེད་གཉུག་མར་གདིང་བཅས་སྟེ༔ སྐྱེ་འཆིའི་རྟོག་པ་ཟིལ་གྱིས་མནན༔ ངེས་པར་བརྩོན་ན་མྱུར་འགྲུབ་འགྱུར༔ རྗེས་ཀྱི་བྱ་བ་གསུམ་ཡིན་ཏེ༔ ཚོགས་མཆོད་དམ་རྫས་ཚོགས་པར་བཤམ༔ རཾ་ཡཾ་ཁཾ༔ ཕྱི་སྣོད་པད་གཞོང་ཡངས་པ་རུ༔ ནང་བཅུད་རྡོ་རྗེའི་དམ་ཚིག་རྫས༔ འཆི་མེད་བདུད་རྩིའི་རང་བཞིན་གྱི༔ འདོད་ཡོན་སྤྲིན་ཕུང་འཕྲོ་བར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཨོཾ༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང༔ རང་རིག་མཐའ་དབུས་མེད་པའི་དཀྱིལ༔ ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ༔ ཚོགས་མཆོག་དཀྱིལ་འཁོར་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་བཛྲ་ས་མཱ་ཛ༔ ཨོཾ༔ བླ་མེད་མཆོག་གི་མཆོད་པ་ནི༔ ཡེ་ཤེས་རྣམ་ལྔའི་འོད་ཟེར་འཕྲོ༔ འདོད་པའི་ཡོན་ཏན་ལྔས་བརྒྱན་ཏེ༔ དམ་ཚིག་བཞིན་དུ་འབུལ་གྱིས་བཞེས༔ མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཧོ༔ བདག་ཅག་སྒོ་གསུམ་ནོངས་པ་དང༔ བག་མེད་རྒྱལ་བའི་བཀའ་ལས་འདས༔ སྒྲིབ་པར་གྱུར་པ་གང་ལགས་པ༔ ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ས་མ་ཡ་ཤུདྡྷེ་ཨ༔ ཨེ་ཡཾ༔ སརྦ་ནྲྀ་ཏྲི་ཛཿཧཱུྃ་བཾ་ཧོ༔ ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ འབར་བ་གཏུམ་ཆེན་རྔམས་པའི་ཚོགས༔ དགྲ་བགེགས་བཀུག་སྟེ་མཚོན་ཆས་བསྒྲལ༔ དུག་གསུམ་དབྱིངས་སུ་བསྟབ་པར་མཛོད༔ མཱ་ར་ཡ་ཕཊ༔ མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁཱ་ཧི༔ མི་མོ་རྣམས་ཀྱི་རེག་བྱའི་མཆོག༔ བྱིན་གྱིས་རློབས་ཤིག་རྣལ་འབྱོར་པ༔ སྒྲུབ་པའི་རྫས་འདི་ཐམས་ཅད་ལ༔ ཧཱུྃ་དང་ཕཊ་ཀྱིས་ལྡན་པར་མཛོད༔ ཏ་ན་ག་ཎ་པཱུ་ཛ་ཧོ༔ བཟའ་བཏུང་རོལ་ཅིང་གླུ་གར་བྱ༔ ལྷག་མ་བདུད་རྩིར་བྱིན་བརླབས་ཏེ༔ ཧཱུྃ༔ དཀྱིལ་འཁོར་མཐའ་སྐྱོང་དུར་ཁྲོད་ཉུལ༔ ལྷག་ལ་དབང་བའི་དམ་ཅན་རྣམས༔ ཚོགས་ལྷག་བདུད་རྩིའི་བཤལ་ཆུ་བཞེས༔ ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད༔ ཨ་མྲྀཏ་ཨུཙྪིཥྚ་ཁཱ་ཧི༔ ལྷག་ཆད་ཁ་བསྐང་ནོངས་པ་བཤགས༔ རྟག་ཆད་མཐའ་བསལ་རྒྱུན་སྤྱོད་བྱ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་སྣོད་བཅུད་དཀྱིལ་འཁོར་གསུམ༔ འོད་གསལ་རྡོ་རྗེའི་ཐུགས་སུ་ཐིམ༔ ཕཊ་ཕཊ་ཕཊ༔ རང་བྱུང་འཆི་མེད་རྡོ་རྗེའི་སྐུ༔ ཨོཾ་ཨཱཿཧཱུྃ་གི་གོ་ཆས་གཏམས༔ ཅི་སྤྱོད་ཡེ་ཤེས་རོལ་པའི་ངང༔ དག་པའི་སྣང་བ་ལམ་དུ་ཁྱེར༔ བསྔོ་སྨོན་རྒྱས་གདབ་ཤིས་པ་བརྗོད༔ བླ་མེད་ཚེ་ཡི་དཀྱིལ་འཁོར་དུ༔ སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ༔ འགྱུར་བ་མེད་པའི་གནས་ཐོབ་སྟེ༔ འགྲོ་ཀུན་སངས་རྒྱས་སར་འགོད་ཤོག༔ ཚེ་དབང་རིག་འཛིན་བརྒྱུད་གསུམ་བྱིན་རླབས་ལྡན༔ འཆི་མེད་ལྷ་མཆོག་ཚེ་ཡི་དངོས་གྲུབ་འབེབ༔ སྤྲུལ་པ་བཀའ་སྡོད་བགེགས་འདུལ་ཕྲིན་ལས་སྒྲུབ༔ རྡོ་རྗེའི་ཚེ་མཆོག་འགྲུབ་པའི་བཀྲ་ཤིས་ཤོག༔ བསྐྱེད་བཟླས་གཙོ་བོར་བཏོན་པ་ལ༔ རྒྱུད་དང་མཐུན་པའི་ཕྲིན་ལས་ནི༔ ཉུང་ངུར་བསྡུས་ཏེ་བསྟན་པ་འོ༔ ས་མ་ཡ༔ ཚེ་ཡི་དབང་གིས་སྨིན་འདོད་ན༔ སྟེགས་བུར་དཀྱིལ་འཁོར་ལེགས་པར་བཞེངས༔ དབུས་སུ་བུམ་པ་བཅུད་ལྡན་བཀོད༔ གཡས་གཡོན་ཚེ་རིལ་ཚེའི་ཛ་གད༔ མདུན་རྒྱབ་ཚེ་འབྲང་མདའ་དར་དང༔ མཆོད་པའི་བྱེ་བྲག་ཚུལ་བཞིན་བྱ༔ བདག་མདུན་ལྷར་གསལ་ལས་གཞུང་བསྲང༔ དབང་རྫས་གཙོ་འཁོར་སོ་སོར་དམིགས༔ བཟླས་པ་བྱ་ཞིང་ཚེ་བཅུད་བསྡུ༔ ལྷ་རྣམས་འོད་ཞུ་རྫས་སུ་བསམ༔ སློབ་མར་ཁྲུས་བྱས་བགེགས་བསྐྲད་ལ༔ ཕྱག་བྱས་མཎྜལ་ཕུལ་ནས་སུ༔ གསོལ་བ་འདི་ལྟར་གདབ་པར་བྱ༔ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་ཡི་བདག༔ དབྱེར་མེད་རྡོ་རྗེ་སློབ་དཔོན་བདག་ལ་དགོངས༔ འཆི་མེད་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ ཚེ་ཡི་དབང་དང་བྱིན་རླབས་བསྩལ་དུ་གསོལ༔ ཅེས་པས་ལན་གསུམ་གསོལ་བ་གདབ༔ ཡན་ལག་བདུན་པས་རྒྱུད་སྦྱངས་ལ༔ ལྷར་བསྐྱེད་ཡེ་ཤེས་བྱིན་ཆེན་དབབ༔ ཏིཥྛ་བཛྲས་བརྟན་པར་བྱ༔ དེ་ནས་གཙོ་བོའི་ཡེ་ཤེས་ཀྱིས༔ བྱིན་བརླབས་བུམ་པ་སྤྱི་བོར་བཞག༔ ཨོཾ༔ བཀྲ་ཤིས་བུམ་པ་འཆི་མེད་བདུད་རྩིའི་རྒྱུན༔ ཚེ་དཔག་མེད་མགོན་ཡེ་ཤེས་བཅུད་དུ་འཁྱིལ༔ དབང་བསྐུར་ལུས་ཀྱི་སྒྲིབ་པ་ཀུན་དག་ནས༔ འཆི་མེད་རྡོ་རྗེའི་སྐུ་རུ་འགྲུབ་པར་ཤོག༔ གཙོ་བོའི་སྙིང་པོ་བརྗོད་པའི་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བཏགས་བུམ་ཆུ་ལྕེ་ལ་སྦྱིན༔ ཡུམ་གྱི་བྱང་སེམས་བདེ་བའི་རྒྱུན༔ ཚེ་ཆང་མགྲིན་པར་བཞག་ཅིང་མྱོང༔ ཨཱ༔ པདྨ་བྷཉྫར་ཚེ་བདག་ཙཎྜ་ལཱིའི༔ བདེ་ཆེན་འབྱུང་བའི་བཅུད་འདུས་བདུད་རྩིའི་རྒྱུན༔ མྱང་བས་ངག་གི་སྒྲིབ་པ་ཀུན་དག་ནས༔ གཞོམ་མེད་རྡོ་རྗེའི་གསུང་དུ་འགྲུབ་པར་ཤོག༔ ཡུམ་གྱི་སྔགས་མཐར་འདི་བཏགས་སྦྱིན༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ སྲས་མཆོག་ངོ་བོ་འཁོར་འདས་བཅུད༔ རིལ་བུ་སྙིང་གར་གཏུགས་བྱས་ལ༔ ཧཱུྃ༔ ཐབས་ཤེས་ཉི་ཟླའི་གྭ་འུར་འཁོར་འདས་བཅུད༔ འཇིག་རྟེན་དབང་ཕྱུག་ཐིག་ལེའི་གཟུགས་སུ་འཁྱིལ༔ འདི་ཟོས་ཡིད་ཀྱི་སྒྲིབ་པ་ཀུན་དག་ནས༔ མི་ཤིགས་རྡོ་རྗེའི་ཐུགས་སུ་འགྲུབ་པར་ཤོག༔ སྲས་སྔགས་ཤམ་ལ་འདི་བརྗོད་སྦྱིན༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཚེ་འབྲང་རྟ་མཆོག་དབང་གི་སྐུ༔ སྤྱི་བོར་བཞག་པས་བྱིན་གྱིས་བརླབ༔ ཧྲཱི༔ ཚེ་འབྲང་ཟླ་གམ་དབང་གི་ཕོ་བྲང་དུ༔ རྟ་མཆོག་བྱིན་རླབས་འོད་ཟེར་བདུད་རྩིའི་རྒྱུན༔ ཁྱོད་ལ་ཐིམ་པས་སྒོ་གསུམ་སྒྲིབ་ཀུན་དག༔ འཇིགས་མེད་ཡེ་ཤེས་རྡོ་རྗེར་འགྲུབ་པར་ཤོག༔ རྟ་སྔགས་ཤམ་དུ་འདི་ཉིད་གདགས༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ མདའ་དར་གཡབ་ལ་ཚེ་འགུགས་བཏང༔ ཁྱུང་གིས་བགེགས་སྲུང་གོ་བསྒོས་བསམ༔ ཁྲོཾ༔ ཁྱུང་ཆེན་སྤྲུལ་པས་ཚེ་ཡི་བཅུད་བསྡུས་ཤིང༔ ཕྱག་རྒྱའི་རྒྱས་བཏབ་རྡོ་རྗེའི་གོ་ཆ་བགོས༔ ཁོང་གསེང་རྟ་ཁྱུང་འབར་བའི་རྡུལ་གྱིས་གཏམས༔ བར་གཅོད་བགེགས་ཀྱིས་ནམ་ཡང་མི་ཚུགས་ཤོག༔ ཁྱུང་སྔགས་ཤམ་བུ་བཅས་པ་བརྗོད༔ མདའ་དར་གནས་ལྔར་རྒྱ་གྲམ་བཀོད༔ ཨ༔ སྤྲོས་པས་འཁོར་འདས་ཁྱབ་པའི་ཚེ་ཡི་བཅུད༔ བསྡུས་པས་སྙིང་པོ་མི་ཤིགས་ཐིག་ལེར་འདུས༔ ཆོས་ཉིད་བྱང་ཆུབ་སེམས་སུ་རྒྱས་བཏབ་པས༔ མི་འགྱུར་རྡོ་རྗེའི་སྲོག་ཏུ་འགྲུབ་པར་ཤོག༔ རབ་ཏུ་གནས་པའི་སྔགས་ཀྱིས་བརྟན༔ མེ་ཏོག་འཐོར་ཞིང་ཤིས་པ་བརྗོད༔ བྱིན་རླབས་ལྡན་པའི་སློབ་དཔོན་གྱིས༔ དབང་འདི་ལན་གཅིག་བསྐུར་བས་ཀྱང༔ འཆི་བདག་ལོ་གསུམ་ངེས་པར་བཟློག༔ ཚེ་དང་ཡེ་ཤེས་འཕེལ་བར་འགྱུར༔ ཕྱི་ལྟར་ཚོམ་བུར་བསྒྲུབ་པའི་ཚུལ༔ སྐལ་ལྡན་དོན་དུ་བདག་གིས་བསྟན༔ ཟབ་ཅིང་དངོས་གྲུབ་མྱུར་བའི་ལམ༔ ཉམས་སུ་བླངས་པས་དོན་ཆེན་འགྲུབ༔ ཡལ་བར་མ་དོར་གཅེས་པར་ཟུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

རྗེ་བཙུན་བླ་མ་ཐམས་ཅད་མཁྱེན་ཅིང་གཟིགས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་མདོར་བསྡུས་པ་ངོ་མཚར་ཨུ་དུམྦ་རའི་དགའ་ཚལ་ (Volume 65, Text 1)

༄༅། །ཨཱ ཥྩ རྻོ དུ མྦ ར སྱ ཧྲྀ ཥྚ བ ན ནཱ མ བྷ ཊྚཱ ར ཀ གུ རུ ས རྦ ཛྙཱ ད རྴ ནཾ མ ཉྫུ གྷོ ཥ བི ད ཀྲྀ པེ ནྡྲཱ ན ནྡ ཤཱ ས ན དྷྭ ཛ ཤྲཱི བྷ དྲ སྱ བི མོ ཀྵ སཾ ཀྵེ བ བི ཧ ར ཏི སྨ།། ༄༅། །རྗེ་བཙུན་བླ་མ་ཐམས་ཅད་མཁྱེན་ཅིང་གཟིགས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་མདོར་བསྡུས་པ་ངོ་མཚར་ཨུ་དུམྦ་རའི་དགའ་ཚལ་ཞེས་བྱ་བ་བཞུགས། །

༄༅། །དིནཀྲྀདུདཡབརཎྞདྷཱརཻཿམནོཛྙཾཀུམཱརཿཡུབཾབྱཉྫནཾཙཏྲརཱཛྭཱིབཔུཿ ༄༅། །འཆར་ཁའི་ཉིན་བྱེད་མདངས་འཛིན་ཡིད་འོང་གཞོན་ནུའི་ལང་ཚོ་མཚན་དཔེའི་གཟི་འབར་སྐུ།།

༄༅། །བིལཔིཏབརབྷཱུཏབཀྟབྱནཱུནསྱབཱདཱིཤྭརོལཀྵིམཱངྒམཱཏྲཱིབཱཙནཾ། ༄༅། །བརྗོད་མེད་བརྗོད་པའི་མཆོག་གྱུར་སྨྲ་བ་ཀུན་གྱི་དབང་ཕྱུག་ཡན་ལག་འབུམ་ལྡན་གསུང་།།

༄༅། །བིམལམཀུརསཾབིདེཔཱརྴཡརྫྙེཡམཱུརྟིསྶམསྟོདཡཱསཾཀརཾཙིཏྟཀཾ། ༄༅། །ཡེ་ཤེས་མེ་ལོང་སྒྲིབ་བྲལ་ངོས་སུ་ཤེས་བྱའི་གཟུགས་བརྒྱ་མ་འདྲེས་འཆར་བའི་ཐུགས། །

༄༅། །ཛཡནིཁིལཔིཏཱབབྷཱུབཱཔིཛིཏྤུཏྲམཱཡཱསྤྲྀཧཱམཉྫུནཱཐོཏྟརཻཿཔཱལཏུ། ༄༅། །རྒྱལ་ཀུན་ཡབ་ཏུ་གྱུར་ཀྱང་རྒྱལ་སྲས་སྒྱུ་འཕྲུལ་ལ་ཆགས་འཇམ་མགོན་བླ་མས་སྐྱོངས། །

བློ་འདས་འོད་གསལ་ཆོས་སྐུའི་མཁའ་དབྱིངས་སུ། །ངེས་པ་ལྔ་ལྡན་ལོངས་སྤྱོད་སྤྲིན་བཀོད་དེ། །རྣམ་རོལ་བསམ་ལས་འདས་པ་རྡོ་རྗེའི་གར། །དུས་གསུམ་སྒྱུར་མཛད་པདྨ་སཾ་བྷ་རྒྱལ། །གཞོན་ནུ་བུམ་སྐུར་གདོད་ནས་བྱང་ཆུབ་ཀྱང༌། །སྲིད་མཚོ་སྐེམ་མཛད་ཐུགས་རྗེ་ཉིན་བྱེད་སྟོབས། །ཤིན་ཏུ་བདོ་བས་འཕོ་ཆེན་དྭངས་མའི་སྐུར། །རྟག་བཞུགས་དྲི་མེད་བཤེས་གཉེན་སྙིང་དབུས་རོལ། །གངས་ལྗོངས་པྲེ་ཏ་ཀུན་དཀྲིས་མུན་གླིང་དུ། །རྒྱལ་བསྟན་སྣང་ཆེན་འདྲེན་པའི་ཤིང་རྟ་མཆོག །ཆོས་རྒྱལ་ཁྲི་ལྡེ་ཁུ་དབོན་ཡེ་ཤེས་ཀྱི། །རོལ་རྩལ་སྣ་ཚོགས་བཅས་ལ་དད་ཕྱག་འཚལ། །ཚུར་མཐོང་བློ་ཡི་ཡུལ་ལས་རབ་འདས་པ། །གཅིག་དང་ཐ་དད་གང་འདུལ་དེར་སྟོན་པའི། །ཡེ་ཤེས་སྒྱུ་མའི་རོལ་གར་ཇི་སྙེད་པར། །ངོ་མཚར་དྭངས་བ་ཆེན་པོས་སྙིང་ནས་འདུད། །ནམ་མཁའི་མཐའ་བཞིན་བསམ་གྱིས་མི་ཁྱབ་ལ། །རྒྱ་མཚོའི་གཏིང་བཞིན་བློ་ཡིས་མི་དཔོག་པ། །འཕགས་པའི་རྣམ་ཐར་འཕགས་པ་ཁོ་ནའི་ཡུལ། །ཕྱོགས་མཐོང་ཙམ་ཡང་སོ་སྐྱེས་བརྗོད་པར་དཀའ། །འོན་ཀྱང་བུ་གའི་ནམ་མཁས་མཁའ་དབྱིངས་དང༌། །ཆུ་ཐིགས་གཅིག་གིས་ཆུ་གཏེར་རོ་ཤེས་ལྟར། །དམ་པའི་སྤྱོད་ཚུལ་ཆ་ཤས་མཐོང་བས་ཀྱང༌། །མོས་ལྡན་ཐར་པའི་ས་བོན་སྐྱེད་པར་འགྱུར། །འབྲེལ་ཚད་དོན་དང་ལྡན་པའི་སྐྱེས་བུ་རྣམས། །མཚན་དང་ཡོན་ཏན་ཡིད་ལ་ཤར་བས་ཀྱང༌། །སྲིད་དང་ངན་འགྲོའི་སྒོ་བཅད་བྱང་ཆུབ་ཀྱི། །མྱུ་གུ་བསྐྲུན་པར་མཛད་པ་ཆོས་ཉིད་ཡིན། ཁྱད་པར་དུས་གསུམ་སངས་རྒྱས་བསྐལ་མང་དུ། །བསྙེན་བཀུར་བྱས་ལས་བླ་མ་ལན་གཅིག་ཙམ། །མཉེས་པ་སྒྲུབ་པ་མཆོག་ཏུ་བསྔགས་པའི་ཕྱིར། །ནུས་དང་འཚམ་པར་བརྗོད་འདིའང་དོན་ལྡན་ཉིད། །མཁས་པའི་རྣམ་དཔྱོད་རྩོམ་པའི་ཉམས་འགྱུར་གྱིས། །དབེན་ཡང་རང་ཉིད་ཚོགས་ཆེན་གསོག་པ་དང༌། །མོས་ལྡན་དག་གིས་བསྐུལ་བ་དོན་ཡོད་ཕྱིར། །ཟོལ་མེད་དྲང་པོའི་རྣམ་ཐར་སྤྲོ་བས་གླེང༌། །དེའང་འདི་ལྟར་རྗེས་སུ་ཐོས་ཏེ། རྗེ་བཙུན་ཐམས་ཅད་མཁྱེན་གཟིགས་དམིགས་པ་མེད་པའི་ཐུགས་རྗེའི་གཏེར་ཆེན་པོ་དང་ལྡན་པ་འདི། རྒྱལ་བ་ཀུན་གྱི་ཡེ་ཤེས་ཀྱི་མཛོད་འཛིན་པ་འཇམ་དཔལ་གཞོན་ནུར་གྱུར་པའི་ཡེ་ཤེས་ཀྱི་རོལ་པ་ལས་ཤར་བར་ཡོངས་སུ་གྲགས་པའི་ཕྱིར། འཕགས་ཆེན་དེའི་རྣམ་འཕྲུལ་དང་སྤྱོད་ཡུལ་ནི་ས་བཅུའི་དབང་ཕྱུག་རྣམས་ཀྱིས་ཀྱང་བསམ་གྱིས་མི་ཁྱབ་སྟེ། འཕགས་པ་ཕལ་པོ་ཆེ་ལས། བྱང་ཆུབ་རྒྱ་མཚོ་རབ་བརྙེས་གྱུར་ནས་ནི། །སེམས་ཅན་རྒྱ་མཚོ་རབ་ཏུ་སྨིན་བྱའི་ཕྱིར། །བྱང་ཆུབ་སེམས་བསྐྱེད་རྒྱ་མཚོ་སྟོན་མཛད་ཅིང༌། །མི་འགྲིབ་སྤྱོད་པ་རྒྱ་མཚོ་ཀུན་ཏུ་སྟོན། །བདེ་གཤེགས་རྣམས་ཀྱི་རྣམ་འཕྲུལ་དེ་འདྲ་འོ། །ཞེས་གསུངས་པ་ལྟར། ཐོག་མ་མེད་པའི་དུས་ནས་ཆོས་ཐམས་ཅད་ཀྱི་དབྱིངས་སུ་མངོན་པར་རྫོགས་པར་སངས་རྒྱས་ཏེ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་སྐུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གཡོ་བ་མེད་བཞིན་དུ། མཐའ་དང་མུ་མེད་པའི་སེམས་ཅན་འཁྲུལ་པའི་གཞན་དབང་དུ་གྱུར་པ་རྣམས་ཀྱི་ཁམས་ལ་མངོན་པར་གཟིགས་ཏེ། དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་རང་རྩལ་ལོངས་སྤྱོད་ཡོངས་སུ་རྫོགས་པའི་སྐུ་དང་ཞིང་ཁམས་རྒྱ་མཚོར་མངོན་པར་བཀོད། དེ་དག་གི་གདུལ་བྱ་འདུལ་བྱེད་ཀྱི་རྣམ་པར་འཕྲུལ་པའང་མཐའ་གཅིག་ཏུ་མ་ངེས་ཤིང་གང་ལ་གང་འདུལ་གྱི་སྒྱུར་འཕྲུལ་རོལ་གར་མཐའ་ཡས་པར་བསྒྱུར་ནས། དུས་གསུམ་རྟག་པ་རྒྱུན་གྱི་འཁོར་ལོར་འགྲོ་བ་གཅིག་གི་དོན་དུའང་བསྐལ་པ་མང་པོར་འཁོར་བ་ན་གནས་པ་ལ་སྐྱོ་བ་རྡུལ་ཙམ་ཡང་མི་མངའ་བས་དོན་མཛད་པའི་ཚུལ་བསམ་གྱིས་མི་ཁྱབ་སྟེ། དཀོན་མཆོག་སྒྲོན་མེའི་མདོ་ལས། དེ་དག་སྙན་དངགས་མཁན་རྒྱལ་སྙན་དངགས་སྦྱོར། །གར་མཁན་རྔ་མཁན་གྱད་དང་རོལ་མོ་མཁན། །བཞིན་མཛེས་རྒྱན་ཕྲེང་ཐོགས་ཤིང་གར་བྱེད་དང༌། །སྒྱུ་མ་མཁན་པོ་གཟུགས་མང་ཀུན་ཏུ་སྟོན། །གྲོང་པ་གྲོང་དཔོན་ཁ་ལོ་སྒྱུར་བར་འགྱུར། །དེ་བཞིན་དེད་དཔོན་ཚོང་དཔོན་ཁྱིམ་བདག་འགྱུར། །རྒྱལ་པོ་བློན་པོ་འདུན་འདོན་ཕོ་ཉ་དང༌། །སྨན་པ་འཇིག་རྟེན་བསྟན་བཅོས་ཆོ་ག་མཁན། །དེ་དག་དགོན་པར་ལྗོན་ཤིང་ཆེན་པོར་འགྱུར། །སྨན་དང་རིན་ཆེན་མི་ཟད་གཏེར་རྣམས་དང༌། །ཡིད་བཞིན་ནོར་བུ་འདོད་སྦྱིན་སྡོང་པོ་དང༌། །ལམ་གོལ་དོང་བ་རྣམས་ལ་ལམ་སྟོན་འགྱུར། །ཞེས་གསུངས་པ་ལྟར། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་རྣམས་སུ་ཅིག་ཅར་དུའང་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པ་མཆོག་གི་སྤྲུལ་པའི་སྐུ་དང༌། བྱང་སེམས་ཉན་རང་པཎྜི་ཏ་གྲུབ་པ་རིག་འཛིན་དགེ་སྦྱོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྒྱལ་ཕྲན་བློན་པོ་བྲམ་ཟེ་ཁྱིམ་བདག །བྱ་དང་རི་དྭགས་ལ་སོགས་པ་སྐྱེ་བ་སྤྲུལ་པའི་སྐུ་དང༌། བཟོ་གནས་བཅོ་བརྒྱད་སོགས་ཀྱིས་ཕན་པ་སྒྲུབ་པ་བཟོ་སྤྲུལ་པའི་སྐུ་དང༌། ཡིད་བཞིན་གྱི་ནོར་བུ། སྨན་དང་ཟས་གོས། རི་བོ་ལྗོན་ཤིང༌། གྲུ་གཟིངས་ཟམ་པ་སོགས་བེམ་པོའི་གཟུགས་སུ་སྤྲུལ་ནས་སེམས་ཅན་རྣམས་ལ་འཕྲལ་དང་ཡུན་དུ་ཕན་བདེ་སྟེར་བར་མཛད་པ་ནི། སྒྱུ་འཕྲུལ་རྒྱས་པ་ལས། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །རྒྱལ་བའི་ཕྲིན་ལས་བསམ་མི་ཁྱབ། །སྐུ་གསུང་ཐུགས་དང་ཡོན་ཏན་དང༌། །ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས། །གདུལ་བྱ་རྣམས་ནི་ཆུད་མི་གསོན། །ངན་སོང་སྦྱོང་ཞིང་བྱང་ཆུབ་ཞིང༌། །ཡེ་ཤེས་ཚོགས་རྫོགས་ཀུན་ཏུ་སྟོན། །ཞེས་གསུངས་པ་ལྟར་ལས། རེ་ཞིག་གདུལ་བྱ་ཕྱོགས་རེའི་མིག་ཅན་གྱི་བློ་ཡིས་མཐོང་ཚུལ་དང་སྦྱར་ཏེ། རྗེ་བླ་མ་འདི་ཉིད་ཀྱི་རྣམ་པར་རོལ་པ་དུ་མར་བསྟན་ནས་འཕགས་པའི་ཡུལ་དང་གངས་ཅན་གྱི་ལྗོངས་འདིར་སངས་རྒྱས་ཀྱི་བསྟན་པ་སྤེལ་ཅིང་། མགོན་མེད་ཀྱི་འགྲོ་བ་གྲངས་ལས་འདས་པ་ཐར་པ་དང་བྱང་ཆུབ་ཆེན་པོའི་གོ་འཕང་དུ་དབུགས་དབྱུང་བར་མཛད་པའི་སྐྱེས་པ་རབས་ཀྱི་ཕྲེང་བ་ཚར་དུ་དངར་བ། རྡོ་རྗེའི་ལུང་དང་རྗེ་རིན་པོ་ཆེ་ཉིད་ཀྱིས་དགོས་པའི་དབང་གིས་སྐབས་སུ་བབས་པ་ན་སྔོན་གནས་རྗེས་དྲན་ཚུལ་གྱིས་གནས་དུས་མཛད་པ་སོགས་གཏན་ཚིགས་དང་འབྲེལ་བའི་ལོ་རྒྱུས་ཡིད་ཆེས་ངོ་མཚར་ཅན་ཐོར་བུར་གསུངས་པ་རྣམས་ལས་གཙོ་ཆེ་བའི་རིགས་མཚན་ཐོ་ཙམ་བཀོད་ན། འཕགས་པའི་ཡུལ་དུ་ཨ་ཏིའི་བསྟན་པའི་བདག་པོ་སྤྲུལ་པའི་སྐུ་མཆོག་དགའ་རབ་རྡོ་རྗེའི་རྒྱལ་ཚབ་འཇམ་དཔལ་གྲུབ་པའི་སློབ་དཔོན་འཇམ་དཔལ་བཤེས་གཉེན། པཎ་ཆེན་ལྔ་བརྒྱའི་དབུས་ན་མཁས་པའི་ཁྱུ་མཆོག་ཏུ་གྲགས་ཤིང་རྩོལ་མེད་ཀྱི་ཐེག་པའི་ལམ་ལས་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་བརྙེས་པ་པཎ་ཆེན་བི་མ་ལ་མི་ཏྲ། ཐེག་མཆོག་དབུ་མའི་ཤིང་རྟ་ལེགས་ལྡན་འབྱེད་ཀྱི་སྐྱེ་བ་ཕྱི་མ་འཁོར་ལོ་སྡོམ་པ་དངོས་སུ་གྲུབ་པའི་རྡོ་རྗེ་དྲིལ་བུ་པ། མཁས་མཆོག་དབྱིག་གཉེན་སོགས་བསྟེན་ནས་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་པཎྜི་ཏ་སྒོ་མཐའ་ཡས་པའི་བློ་གྲོས། གྲུབ་ཆེན་ཤ་བ་རི་པས་རྗེས་སུ་བཟུང་སྟེ་མཆོག་གི་དངོས་གྲུབ་བརྙེས་པ་པཎ་ཆེན་ནགས་ཀྱི་རིན་ཆེན་ལ་སོགས་པ་རྣམས་དང༌། བོད་གངས་ཅན་གྱི་ལྗོངས་སུ་མཁན་སློབ་རྣམ་གཉིས་གཙོས་ལོ་པཎ་བརྒྱ་རྩ་བརྒྱད་ཞལ་འཛོམ་པར་མཛད་ནས་བསྟན་པའི་གཞི་མ་གཙུག་ལག་ཁང་བཞེངས། བསྟན་པའི་རྩ་བ་དགེ་འདུན་གྱི་སྡེ་བཙུགས། བསྟན་པ་དམ་པའི་ཆོས་སྡེ་སྣོད་གསུམ་བསྒྱུར་བཤད་འཆད་ཉན་སྒོམ་སྒྲུབ་ཀྱིས་གཏན་ལ་ཕབ་པར་མཛད་པའི་ཐུབ་བསྟན་ཉིན་བྱེད་གསར་དུ་འདྲེན་པའི་ཤིང་རྟ་ཆེན་པོ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། དེ་ཉིད་ཀྱི་སྐུའི་སྐྱེ་བ་དེ་མ་ཐག་པ་ལྷ་སྲས་མུ་ཏིག་བཙན་པོའི་སྲས་སུ་འཁྲུངས་པའི་སྐྱེ་བ་བདུན་པ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་མངའ་བདག་རྒྱལ་སྲས་ལྷ་རྗེ་མཆོག་གྲུབ་རྒྱལ་པོ། ཁུ་དབོན་དེ་གཉིས་ལས་གཅིག་ལས་དུ་མར་འཕྲུལ་པའི་ཚུལ་གྱིས་ཆོས་རྒྱལ་ཆེན་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྣམ་འཕྲུལ་ལྔ། རྒྱལ་སྲས་ལྷ་རྗེ་ཉིད་གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་བྱོན་པ་རྣམས་འོག་ཏུ་འཆད་པར་འགྱུར་ལ། བསྟན་པ་ཕྱི་དར་གྱི་སྐབས་སུ་འོད་དཔག་མེད་དངོས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ཐུགས་སྲས་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ། སྤྱན་རས་གཟིགས་དང་རྣམ་དབྱེར་མེད་པའི་བྱང་ཆུབ་སེམས་དཔའ་བཀའ་གདམས་བསྟན་པའི་ཆུ་མགོ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས། རྗེ་བཙུན་མི་ལའི་ཐུགས་སྲས་གསང་བའི་བདག་པོ་དང་དབྱེར་མེད་ཅིང་སྐུ་དངོས་ཀྱིས་མཁའ་སྤྱོད་དུ་གཤེགས་པ་རས་ཆུང་རྡོ་རྗེ་གྲགས་པ། རྒྱལ་བས་དགེ་སློང་འཚོ་བྱེད་ཅེས་མདོ་སྡེ་གསུམ་ནས་ལུང་བསྟན་པ་བཀའ་བརྒྱུད་བསྟན་པའི་མངའ་བདག་དྭགས་པོ་ལྷ་རྗེ་ཟླ་འོད་གཞོན་ནུ། དཔལ་ལྡན་ས་སྐྱ་པའི་འཇམ་དབྱངས་བདུན་བརྒྱུད་དུ་བྱོན་ཅིང་བོད་ཡུལ་རྡོ་རྗེ་འཛིན་པ་ཀུན་གྱི་གཙུག་རྒྱན་རྗེ་བཙུན་གྲགས་པ་རྒྱལ་མཚན། སར་གནས་ཀྱི་འཕགས་པ་ཆེན་པོའི་རྣམ་ཐར་མ་སྦས་གསལ་བར་སྟོན་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བློ་གྲོས་རྒྱལ་མཚན། ཀུན་བཟང་གདོད་མའི་མགོན་པོའི་དགོངས་པའི་གསང་མཛོད་ལ་རང་དབང་སྒྱུར་བས་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པའི་ཤིང་རྟ་པ་འགྲན་ཟླ་དང་བྲལ་བ་ཀློང་ཆེན་རབ་འབྱམས་བཟང་པོ། རྗེ་རིན་པོ་ཆེ་བློ་བཟང་གྲགས་པའི་དཔལ་གྱི་ནང་ཐུགས་ཀྱི་སྲས་མཆོག་བཀའ་གདམས་བསྟན་པའི་མངའ་བདག་ཕྲིན་ལས་མཁའ་ལྟར་ཁྱབ་པ་པཎ་ཆེན་དགེ་འདུན་གྲུབ། རྒྱུད་སྡེ་རྒྱ་མཚོའི་འབྱུང་གནས་མཁས་མཆོག་བུ་སྟོན་ཆེན་པོའི་ཆོས་ཀྱི་ཁྲི་སྐྱོང་བ་ཞྭ་ལུ་མཁྱེན་རབ་ཆོས་རྗེ། ཀུན་མཁྱེན་དོལ་པོ་པའི་ཡང་སྲིད་རང་བྱུང་གི་གྲུབ་པའི་དབང་ཕྱུག་བརྟུལ་ཞུགས་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པས་གདུལ་དཀའ་མཐའ་དག་འདུལ་བ་གྲུབ་ཆེན་ཐང་སྟོང་རྒྱལ་པོ། ཚར་ཆེན་ཆོས་རྗེའི་ཐུགས་སྲས་ཉི་མ་ལྟར་གྲགས་པ་གསང་ཆེན་སློབ་བཤད་ཀྱི་བསྟན་འཛིན་ཀུན་གྱི་ཕུལ་གྱུར་གནས་གསར་བ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །དཔལ་ལྡན་བྲང་ཏིའི་གདུང་རིགས་ལས་བྱོན་པའི་ངོར་ཆེན་རྡོ་རྗེ་འཆང་གི་སེང་གེའི་ཁྲིར་འཁོད་པ་མཁྱེན་བརྩེ་ནུས་པའི་བདག་ཉིད་བྱམས་པ་ནམ་མཁའ་འཆི་མེད། རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པའི་མཐར་སོན་ཅིང་བྱམས་པ་དང་སྙིང་རྗེའི་ཏིང་ངེ་འཛིན་རྩལ་རྫོགས་པས་འོད་གསལ་སྙིང་ཐིག་གི་བསྟན་པས་བོད་ཁམས་ཀུན་ཏུ་ཁྱབ་པར་མཛད་པ་རིག་འཛིན་འཇིགས་མེད་གླིང་པ་རྣམས་དང༌། གཞན་ཡང་གྲུབ་པའི་དབང་ཕྱུག་ཕ་དམ་པ་སངས་རྒྱས། ཁ་ཆེ་པཎ་ཆེན་གྱི་ཐུགས་སྲས་དཔྱལ་ཨ་མོ་གྷ་བཛྲ། ཞི་བྱེད་བསྟན་པའི་སྣང་ཆེན་སྙེ་མདོ་ཐམས་ཅད་མཁྱེན་པ་བསོད་ནམས་དཔལ་བ་སོགས་སྐྱེས་བུ་དམ་པ་རྣམས་དང༌། རྒྱལ་དབང་ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེའི་ཡབ་ཏུ་གྱུར་པའི་འབྲུག་པའི་རྟོགས་ལྡན་ཞིག་དང༌། གཏེར་ཆེན་རྡོ་རྗེ་གླིང་པའི་གསང་བའི་གཟུངས་མ་ལྷོ་བྲག་ནས་རྡོ་རྗེ་འཚོ་བྱ་བ་ཞིག་སོགས་རྣལ་འབྱོར་ཕོ་མོ་སྣ་ཚོགས་པའི་རྣམ་པར་ཡང་བསྟན་པའི་སྔོན་གནས་རྗེས་སུ་དྲན་པ་དང༌། ཁྱད་པར་དུ་ཆོས་རྒྱལ་ཁུ་དབོན་གཉིས་ཀྱི་སྐྱེ་སྤྲུལ་ནི་མངའ་བདག་ཁྲི་སྲོང་ཉིད་ནས་བརྩམས་ཏེ་འཕགས་བོད་ལྷ་ཡུལ་རྣམས་སུ་སྐྱེ་བ་བཅུ་གསུམ་བཞེས་པའི་བཅུ་བཞི་པར། ཉང་རལ་པ་ཅན་ཉིད་ནུབ་ཕྱོགས་སངས་རྒྱས་ཀྱི་ཞིང་པདྨ་ཅན་དུ་མ་ཆགས་པདྨའི་སྤྱན་དུ་སངས་རྒྱས་པའི་གསུང་སྤྲུལ་གུ་རུ་ཆོས་ཀྱི་དབང་ཕྱུག་སོགས་རིམ་པར་བྱོན་པར་གསུངས་ཏེ། ཐང་ཡིག་ལས། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཉིད༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ༔ འཕྲུལ་ལྔ་བསྒྱུར་བའི་སྟོབས་སུ་འབྱུང༔ ཞེས་སོགས་གཞན་ལས་ཀྱང་དེ་མཚུངས་མང་དུ་འབྱུང་བ་དང༌། ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་ལོ་རྒྱུས་ལས། ཁྱད་པར་འཇམ་དཔལ་སྤྲུལ་པའི་རྒྱལ་པོ་ནི༔ ཡབ་གཅིག་ཁྲི་སྲོང་སྐྱེ་བ་བཅུ་གསུམ་དུ༔ བདག་གིས་བྱིན་བརླབས་གདམས་པ་ཉམས་བླངས་པས༔ གསང་སྔགས་ནང་གི་ས་ལམ་མ་ལུས་བགྲོད༔ མངོན་པར་བྱང་ཆུབ་ཡེ་ཤེས་ཆེ་བརྙེས་ནས༔ སླར་ཡང་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ སྤྲུལ་པ་གྲངས་ཅན་གྲངས་མེད་བསམ་མི་ཁྱབ༔ བོད་ཁམས་མཐའ་དབུས་ཀུན་ཏུ་ཡང་ཡང་འབྱུང༔ ཟབ་ཏིག་ཉེར་ལྔ་ཁྱད་པར་ཐུགས་གཏེར་ལྔ༔ ཉི་མ་འོད་ཟེར་སྤང་རྗེ་སྟོན་པ་སོགས༔ སྨོན་ལམ་དག་པའི་སྤྲུལ་སྐུ་རྣམས་ཀྱིས་བཏོན༔ བདག་གིས་དབང་ལུང་གདམས་པའི་བཀའ་གཏད་ནས༔ བླ་རྫོགས་ཐུགས་གསུམ་སྒྲུབ་སྡེ་བརྒྱད་ལ་སོགས༔ སྙིང་པོའི་བསྟན་པའི་སྲོག་རྩ་ཟིན་པ་འབྱུང༔ ཞེས་སོགས་འབྱུང་བ་ལྟར། ཆོས་རྒྱལ་ཁྲི་ལྡེའི་རྣམ་འཕྲུལ་གཙོ་བོ་ལྔ་ནི། སྐུ་སྤྲུལ་ཟབ་གཏེར་སྒོ་འབྱེད་ཀུན་གྱི་སྤྱི་མེས་མངའ་བདག་ཉང་རལ་ཉི་མ་འོད་ཟེར། གསུང་སྤྲུལ་སྤྱན་རས་གཟིགས་དངོས་འགྲོ་འདུལ་ཆེན་པོ་གུ་རུ་ཆོས་ཀྱི་དབང་ཕྱུག །ཐུགས་སྤྲུལ་མཁས་ཤིང་གྲུབ་པ་ཡོངས་ཀྱི་ཁྱུ་མཆོག་མངའ་རིས་པཎྜི་ཏ་ཆེན་པོ་པདྨ་དབང་གི་རྒྱལ་པོ། ཡོན་ཏན་སྤྲུལ་པ་མེ་ཉག་བྱང་པ་བདག་པོ་བཀྲ་ཤིས་སྟོབས་རྒྱལ་མཁའ་འགྲོ་ཡོངས་གྲུབ་རྩལ། ཕྲིན་ལས་སྤྲུལ་པ་རྩོད་དུས་གངས་ཅན་སྐྱོབ་པའི་དཔལ་མགོན་ངག་དབང་བློ་བཟང་རྒྱ་མཚོ་བཅས་གཏེར་ཁ་གསར་རྙིང་མང་པོ་ནས་ལུང་བསྟན་མགྲིན་གཅིག་ཏུ་གསལ་བ་དང༌། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རེ་རེ་ལའང་སྤྲུལ་པ་ལྔ་ཕྲག་རེ་དང་དེ་ལས་ཀྱང་ཡང་སྤྲུལ་ཉིང་སྤྲུལ་དུ་མ་འབྱུང་བ་རྣམས་ཀྱང་དབྱིངས་གཅིག་པར་ངེས་པས། ཐམས་ཅད་ཀྱང་རྗེ་བླ་མ་འདི་ཉིད་ཀྱི་ཐུགས་རྗེའི་རྣལ་རོལ་ཏུ་གྲུབ་པ་དང༌། རྒྱལ་སྲས་ལྷ་རྗེ་ནི་ཐང་ཡིག་ལས། སྲས་འདི་སྐྱེ་བ་ཡང་སྔ་ད་བར་དུ༔ བདག་གིས་བྱིན་གྱིས་བརླབས་པའི་སྲས་ཡིན་གསུངས༔ ལྟ་བ་རྫོགས་ཆེན་པདྨ་སྙིང་ཐིག་དང༔ ཡི་དམ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་དང༔ བླ་མ་བསྟན་གཉིས་སྐོར་གསུམ་ལ་སོགས་པ༔ རྩིས་སྨན་ཀུན་གྱི་བདག་པོ་འདི་ཡིན་པས༔ ཡར་ཀླུང་གཏེར་ཁ་འདི་ལ་གཏད་དོ་གསུངས༔ གསང་མཚན་སྔགས་པ་མཆོག་གྲུབ་རྒྱལ་པོར་གསོལ༔ ཞེས་སོགས་དང༌། གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་འབྱུང༔ འགྲོ་བ་མང་པོ་སངས་རྒྱས་ཞིང་དུ་འཁྲིད༔ སྙན་པས་ས་སྟེང་ཐམས་ཅད་ཁྱབ་པ་འབྱུང༔ ཞེས་དང༌། དེ་ཕྱིར་མཆོག་གྲུབ་སྐྱེ་བ་བཅུ་གསུམ་པར༔ མཐོང་ཐོས་དྲན་རེག་དོན་དང་ལྡན་པ་སྟེ༔ གྲིབ་མས་རེག་ཙམ་ཏིལ་འབྲུ་ཙམ་ཞིག་ཉེ༔ ངན་སོང་འགྲོ་ངེས་ཤེས་ཀྱང་མཐོ་རིས་སྐྱེས༔ དགེ་རྒྱུ་ཉུངས་འབྲུ་ཙམ་ཞིག་ས་བོན་ཐེབས༔ ཞེས་སོགས་གསུངས་པ་ལྟར། དང་པོར་གཏེར་འབྱིན་ཐམས་ཅད་ཀྱི་ཐོག་མ་མངའ་རི་གློ་བོ་དགེ་སྐར་ནས་རྩ་གསུམ་དྲིལ་སྒྲུབ་དངོས་གྲུབ་བརྟན་གཟིགས་སོགས་སྤྱན་དྲངས་པ་སངས་རྒྱས་བླ་མ། གཉིས་པ་བལ་བོད་མཚམས་ཀྱི་པུརྞ་རྫ་རི་ནས་བླ་མ་བསྟན་གཉིས་སྐོར་གསུམ་སོགས་སྤྱན་དྲངས་པ་རྒྱ་ལོ་ཙཱ་རྡོ་རྗེ་བཟང་པོ། གསུམ་པ་མང་ཡུལ་བྱམས་པ་སྤྲིན་ནས་བླ་རྫོགས་ཐུགས་གསུམ་དྲག་སྔགས་ཀྱི་སྐོར་སོགས་བཏོན་པ་ཉི་མ་སེང་གེ །བཞི་པ་མོན་སྤ་གྲོ་གཅལ་གྱི་བྲག་ནས་ཆོས་བོན་སྨན་རྩིས་སྐོར་རྒྱ་ཆེར་བཏོན་པ་ཀུ་ས་སྨན་པ་པདྨ་སྐྱབས་སམ་ཁུ་ཚ་ཟླ་འོད། ལྔ་པ་ཡར་འབྲོག་མུ་ཏིག་སྤ་མ་གོང་ནས་བླ་རྫོགས་ཐུགས་གསུམ་སྤྱན་དྲངས་པ་དོ་བན་རྒྱ་མཚོ་འོད་དང་སྐུའི་བཀོད་པ་གཅིག་ཟུར་པཀྴི་ཤཱཀྱ་འོད་ཀྱིས་བྲག་རྡོ་རྗེ་སྲ་བརྟན་ནས་ཚེ་ཆུ་བུམ་པ་གཏེར་དུ་བཞེས། དྲུག་པ་བུ་ཚལ་གསེར་ཁང་ནས་གུར་དྲག་དང་འཇིག་རྟེན་མཆོད་བསྟོད་ཀྱི་སྐོར་སྤྱན་དྲངས་པ་གྲྭ་སྒོམ་ཆོས་ཀྱི་རྡོ་རྗེ་དང༌སྐུའི་བཀོད་པ་གཅིག་ཁྱུང་ནག་ཤཱཀྱ་དར་ཏེ་འདིས་ཀྱང་ཆོས་སྨན་རྩིས་སྐོར་གྱི་གཏེར་མང་དུ་བཏོན། བདུན་པ་ཡར་ཀླུངས་ཤེལ་བྲག་པདྨ་བརྩེགས་ནས་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་སོགས་གཏེར་ཁ་རྒྱ་ཆེར་སྤྱན་དྲངས་པ་ཡར་རྗེ་ཨོ་རྒྱན་གླིང་པ། བརྒྱད་པ་ཟབ་ལུང་མེ་ཚོར་མཁའ་འགྲོ་ཕུག་ནས་བླ་མ་ཡོངས་རྫོགས་ཀྱི་ཆོས་སྐོར་བཏོན་པ་དོལ་སྔགས་འཆང་ལས་འཕྲོ་གླིང་པ། དགུ་པ་གནས་གསར་མཁྱེན་བརྩེའི་དབང་ཕྱུག་མཚན་ཉིད་ཀྱི་གྲྭ་སར་ཞུགས་པ་སོགས་ཀྱི་སྐྱོན་གྱིས་གཏེར་ཁ་རྒྱ་ཆེར་བཞེས་མ་གྲུབ་ཀྱང་གྲམ་པ་རྒྱང་ནས་ངོ་མཚར་གྱི་གདམས་པ་པུསྟ་ཀ་གཅིག་ཙམ་བཞེས་པར་གྲགས་ཤིང༌། མངའ་རིས་པཎ་ཆེན་ཡང་སྐུའི་བཀོད་པ་གཅིག་ཏུ་ངེས། བཅུ་པ་ཡར་ཀླུངས་ཤེལ་བྲག་པདྨ་བརྩེགས་པར་རྫུ་འཕྲུལ་གྱིས་བྱོན་ནས་ཐུགས་དམ་ཟབ་པ་སྐོར་བདུན་སོགས་ཆོས་རྟེན་དམ་རྫས་མང་དུ་སྤྱན་དྲངས་པ་ཨེ་སྤེ་ལྕོག་གར་དབང་ལས་འཕྲོ་གླིང་པ། བཅུ་གཅིག་པ་བདུད་རི་གནམ་ལྕགས་བྲག་ནས་གུ་རུ་ཞི་དྲག་གི་སྐོར་སོགས་ཟབ་གཏེར་མང་པོའི་མངའ་བདག་སྤུ་བོ་ར་ཞི་གཏེར་སྟོན་པདྨ་རིག་འཛིན་ནམ་པདྨ་ཚེ་དབང་རྩལ། བཅུ་གཉིས་པ་ཟག་མེད་འཇའ་ཚོན་ཕུག་པ་ནས་རྩ་གསུམ་འཆི་མེད་དྲིལ་སྒྲུབ་གཙོས་གཏེར་ཁ་མང་པོའི་མངའ་བདག་ཨོ་རྒྱན་ཆོས་རྗེ་གླིང་པ་བདེ་བའི་རྡོ་རྗེ་རྩལ། བཅུ་གསུམ་པ་ནི་བཀའ་བབས་ཆེན་པོ་བདུན་གྱི་ཤིང་རྟ་འདྲེན་པ་གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་༧རྗེ་བླ་མ་རིན་པོ་ཆེ་པདྨ་འོད་གསལ་མདོ་སྔགས་གླིང་པ་ཉིད་དོ། །དེ་ལྟར་སྨྲོས་པ་དེ་དག་ཀྱང་ལ་ལ་ནི་དུས་མཉམ་དུ་བྱོན་པ་དང༌། འགའ་ཞིག་སྐུ་ཚེའི་སྟོད་སྨད་ཀྱི་སྔ་ཕྱི་ཙམ་ཡོད་པ་དང༌། ཕལ་ཆེར་གཅིག་རྗེས་སུ་གཅིག་བྱོན་པ་སོགས་ཚུར་མཐོང་བློས་དཔྱད་པར་དཀའ་བ་ཡོད་ཀྱང་། སོ་སྐྱེའི་རྣམ་པར་ཤེས་པ་སྔ་མ་འཕོས་ནས་ལས་རླུང་གིས་ཕྱི་མའི་མངལ་དུ་ཚུད་པ་ལྟ་བུ་ལས་ཀྱི་དབང་གིས་ཁམས་གསུམ་དུ་སྐྱེ་བ་བརྒྱུད་པ་མ་ཡིན་པ། འཕགས་པའི་ས་ལ་བཞུགས་པ་རྣམས་སྨོན་ལམ་དང་སྙིང་རྗེའི་དབང་གིས་གཅིག་དང་དུ་མའི་སྤྱོད་ཡུལ་ལས་འདས་པའི་ཡེ་ཤེས་སྒྱུ་མའི་རོལ་པ་གང་ལ་གང་འདུལ་ཅིར་ཡང་སྟོན་པ་ནི། ནམ་མཁའི་ཉི་མ་གཅིག་ཉིད་ས་གཞིར་ཆུའི་སྣོད་ཇི་སྙེད་པ་དེ་སྙེད་དུ་དེ་དང་འཚམ་པའི་གཟུགས་སུ་ཤར་བ་ལྟ་བུ་སྟེ། རྒྱུད་བླ་མ་ལས། གང་ཕྱིར་གདུལ་བྱ་དག་པ་ཡི། །ཆུ་ཡི་སྣོད་ནི་ཐམས་ཅད་ལ། །བདེ་གཤེགས་ཉི་མའི་གཟུགས་བརྙན་ནི། །དཔག་ཏུ་མེད་པ་ཅིག་ཅར་འཆར། །ཞེས་དང༌། མདོ་སྡེ་རྒྱན་ལས། དེ་ནི་ཅིག་ཅར་ལ་ལར་སྒོ་མང་བརྒྱ་ནས་ཆོས་ཀྱི་འཁོར་ལོ་དང༌། །ལ་ལར་སྐྱེ་བ་མི་སྣང་ལ་ལར་སྐྱེ་བོའི་སྤྱོད་པ་སྣ་ཚོགས་དང༌། ལ་ལར་བྱང་ཆུབ་ཐམས་ཅད་ལ་ལར་དེ་ནི་མྱ་ངན་འདས་སྟོན་ཀྱང༌། །དེ་ནི་གནས་དེ་ལས་ཀྱང་རྣམ་པར་གཡོ་མི་མངའ་ལ་ཐམས་ཅད་མཛད། །ཅེས་གསུངས་པ་ལྟར་བསམ་གྱིས་མི་ཁྱབ་པའི་ཚུལ་ཁོང་དུ་ཆུད་ནས་ཡིད་ཆེས་པར་བྱ་དགོས་སོ། །དེ་ལས་སྐབས་འདིར་ལྷ་དང་བཅས་པའི་འཇིག་རྟེན་གསུམ་ན་མཚན་གྱི་རྔ་བོ་ཆེ་སྙན་པར་གྲགས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཞེས་དུས་གསུམ་དུ་འབྱོན་པར་དཀའ་བའི་སྐྱེས་བུ་ཆེན་པོ། སྐྱེ་རྒུ་མ་ལུས་པའི་སྐྱབས་དང་སྐྱོབ་པ་གཅིག་པུ། འབྲེལ་ཚད་དོན་དང་ལྡན་པའི་ཕྲིན་ལས་ཅན། ཤེས་བྱའི་གནས་ལྔ་ལ་ཆགས་ཐོགས་མི་མངའ་ཞིང་ཕྱོགས་ལས་རྣམ་པར་རྒྱལ་བའི་པཎྜི་ཏ་ཆེན་པོ། མདོ་སྔགས་གསར་རྙིང་རིས་སུ་མ་ཆད་པའི་བསྟན་པ་ཡོངས་རྫོགས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ། འདིར་སྣང་ཆོས་བརྒྱད་ཀྱི་འཆིང་བ་ཡོངས་སུ་བཅད་པས་འཁྲུལ་པ་ཞིག་པའི་དབང་ཕྱུག་ཆེན་པོ། ཞེན་ལོག་དང་ངེས་པར་འབྱུང་བའི་ཤུགས་ཀྱིས་གང་ལའང་ཆགས་འཛིན་སྤུ་ཙམ་མི་མངའ་བས་བྱ་བཏང་གི་རྒྱལ་པོ། རིག་པ་དང་གྲོལ་བའི་སྤོབས་པ་བསམ་གྱིས་མི་ཁྱབ་པས་གདུལ་བྱའི་ཚོགས་རྗེས་སུ་འཛིན་པ་ལ་མཁས་པས་བྱང་ཆུབ་སེམས་དཔའ་ཆེན་པོ། མཁས་པ་དང་གྲུབ་པར་བསྙེམས་པ་གང་གིས་ཀྱང་སྤོབས་པའི་སྟོབས་མི་ཆོམ་པས་འཇིགས་བྲལ་གྱི་རྡོ་རྗེ་སློབ་དཔོན་ཆེན་པོ། དེ་ཉིད་བཅུའི་མཐར་སོན་ཅིང་རྡོ་རྗེ་ནང་གི་ས་ལམ་བགྲོད་པས་གྲུབ་པ་ཆེན་པོའི་གོ་འཕང་བརྙེས་པ་དེ་ཉིད་ཀྱི་རྣམ་པར་ཐར་པའི་ཚུལ་བསམ་གྱིས་མི་ཁྱབ་པས་ཇི་བཞིན་པ་ནི་འཕགས་པ་ཁོ་ནའི་སྤྱོད་ཡུལ་ལས་གཞན་དུ་མ་གྱུར་ཀྱང༌། སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་གུས་པ་འཕེལ་བའི་སླད་དུ་རང་བློས་རྗེས་སུ་དཔོག་པ་ཅུང་ཟད་ཙམ་བརྗོད་པ་ལ་གསུམ། གདུལ་བྱ་ཐུན་མོང་བའི་མཐུན་སྣང་དུ་གྲུབ་པའི་ཕྱིའི་རྣམ་ཐར་དང༌། ཐུན་མོང་མ་ཡིན་པ་རྗེ་ཉིད་ཀྱི་ཁྱད་ཆོས་སུ་གྲུབ་པ་ནང་གི་རྣམ་ཐར་དང༌། ཤིན་ཏུ་ཐུན་མོང་མ་ཡིན་པ་ཕལ་པའི་སྤྱོད་ཡུལ་ལས་འདས་པ་གསང་བའི་རྣམ་ཐར་རོ། །དང་པོ་ལ་བརྒྱད། ཚད་མར་གྱུར་པའི་ལུང་ལས་ཇི་ལྟར་བསྟན་པའི་ཚུལ། ༡ ཐུགས་བསྐྱེད་དང་སྨོན་ལམ་གྱི་སྟོབས་ལས་བསམ་བཞིན་སྐྱེ་བ་ཇི་ལྟར་བཞེས་པའི་ཚུལ། ༢ དེ་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེར་ཇི་ལྟར་ཞུགས་པའི་ཚུལ་དང་སྡོམ་པ་གསུམ་ལྡན་དུ་མཛད་ཚུལ། ༣ ཞུགས་ནས་དགེ་བའི་བཤེས་གཉེན་བསྟེན་ཅིང་ཐོས་བསམ་ཇི་ལྟར་མཛད་པའི་ཚུལ། ༤ དེའི་དོན་ཉམས་སུ་བཞེས་ནས་མངོན་པར་རྟོགས་པའི་ཡོན་ཏན་ཇི་ལྟར་བརྙེས་པའི་ཚུལ། ༥ དེ་ལ་བརྟེན་ནས་བསྟན་པ་དང་འགྲོ་བའི་དོན་ཇི་ལྟར་མཛད་པའི་ཚུལ། ༦ ཞར་བྱུང་དུ་བསོད་ནམས་ཀྱི་ཚོགས་སྒོ་དུ་མ་ནས་ཇི་ལྟར་བསགས་པའི་ཚུལ། ༧ མཐར་མཛད་པ་མཐར་ཕྱིན་ནས་སྤྲུལ་པའི་བཀོད་པ་དབྱིངས་སུ་ཐིམ་པའི་ཚུལ་ལོ། ༨ །དང་པོ་ནི། དཔེར་ན་བདག་ཅག་གི་སྟོན་པས་དུས་གསུམ་འདྲེན་པ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་ཐུགས་བསྐྱེད་དེ་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ་ནས་མི་མཇེད་ཀྱི་འཇིག་རྟེན་དུ་རྩོད་པའི་དུས་ཀྱི་གདུལ་བྱ་རྣམས་བཟུང་བར་མཛད་པ་ལྟར། བྱང་ཆུབ་སེམས་དཔའ་སྙིང་སྟོབས་ཕུལ་དུ་བྱུང་བ་རྣམས་ཀྱང་ཆེས་སྙིགས་མའི་དུས་ཀྱི་སེམས་ཅན་གདུལ་དཀའ་བ་རྣམས་འདུལ་བའི་ཆེད་དུ་བྱོན་པ་ཡིན་ཏེ། སྡུད་པ་ལས། དཔེར་ན་བྲན་མོ་ཆུ་ཆུན་དབང་མེད་རྗེ་བོའི་དབང༌། །དེ་བཞིན་དཔའ་རྣམས་སེམས་ཅན་ཀུན་གྱི་དབང་གིས་འགྲོ། །ཞེས་དང༌། ཇི་སྐད་དུ། བདག་ནི་ཡོངས་སུ་བཟུང་བའི་འཇིག་རྟེན་ནམ། །མྱ་ངན་འདས་ལ་སྤྲོ་བ་མ་མཆིས་ཏེ། །གང་དང་གང་དུ་སྡུག་བསྔལ་གནས་རྣམས་སུ། །བསྐལ་པ་རྒྱ་མཚོར་གནས་ཤིང་ཕན་པར་བགྱིད། །ཅེས་རྒྱུད་ཀྱི་དམ་བཅའ་ཉེར་བརྒྱད་པ་ལས་གསུངས་པའི་དོན་བཞིན། ཐུབ་པའི་ཐུགས་བསྐྱེད་སྨོན་ལམ་གྱི་དབང་གིས་ཞིང་ཁམས་གཞན་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔས་མ་ཐུལ་བའི་སེམས་ཅན་མང་པོ། དེང་སང་ཞིང་འདིར་སྐྱེས་ནས་རྒྱུད་མ་རུངས་པར་གྱུར་པ་མཐའ་དག་ལ་ཐར་པའི་ས་བོན་སྣ་རེ་ཙམ་བཞག་ཅིང་འཁོར་བ་མཐའ་ཅན་མཛད་པའི་སླད་དུ། རང་ཉིད་ཁམས་གསུམ་ལས་འདས་ཀྱང་རྣམ་པར་གྲོལ་བའི་ཞི་བདེ་ལ་མི་གཞོལ་བར་སྲིད་པའི་ཚུལ་བཟུང་བ་ནི། སྡུད་པ་ལས། དཔའ་བོ་གར་སྤྱོད་ཤེས་རབ་ཕ་རོལ་ཕྱིན་པ་ཡིས། ཁམས་གསུམ་ཡང་དག་འདས་ལ་རྣམ་པར་གྲོལ་བའང་མིན། །ཉོན་མོངས་བསལ་བར་གྱུར་ཀྱང་སྐྱེ་བ་སྟོན་པར་བྱེད། །རྒ་དང་ན་དང་འཆི་བ་མེད་ཀྱང་འཆི་འཕོ་སྟོན། །ཅེས་གསུངས་པ་ལྟར་གང་ལ་གང་འདུལ་གྱི་རྣམ་འཕྲུལ་ཚད་མེད་པས་འགྲོ་བའི་དོན་རྒྱུན་མི་འཆད་པ་ནི་འཕགས་པ་རྣམས་ཀྱི་ཆོས་ཉིད་ཡིན་ཞིང༌། ལྷག་པར་རིགས་གསུམ་མགོན་པོ་དང༌། དེ་ལས་ཀྱང་འཇམ་དཔལ་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་ཉིད་བོད་འབངས་རྣམས་ལ་ཐུགས་ཤིན་ཏུ་བརྩེ་བས་སྤྲུལ་པའི་རྣམ་རོལ་སྣ་ཚོགས་པ་ཡང་ནས་ཡང་དུ་འབྱུང་བའི་ཚུལ་སངས་རྒྱས་གཉིས་པ་གུ་རུ་པདྨའི་རྡོ་རྗེའི་ལུང་རྣམས་སུ་གསལ་བ་ལས། བླ་མ་དགོངས་འདུས་ལུང་བསྟན་བཀའ་རྒྱ་མར། མངའ་བདག་རྗེ་ཉིད་ཆེ་བའི་ཡོན་ཏན་རྒྱས༔ དགོངས་པ་ཡོངས་རྫོགས་རྣམ་པར་གྲོལ་གྱུར་ནས༔ མངའ་རིས་གདུལ་བྱ་རྗེས་འཇུག་ལ་སོགས་པ༔ འགྲོ་བ་སེམས་ཅན་རྣམས་ཀྱི་དོན་སླད་དུ༔ སྤྲུལ་པས་དོན་མཛད་ཐུགས་རྗེའི་འོད་ཟེར་འཕྲོ༔ རང་བཞིན་ཐབས་ཀྱིས་གདུལ་ཐབས་སྣ་ཚོགས་སྟོན༔ ཕལ་ཆེར་སྟོད་ཁམས་བར་ཁམས་ཁམས་སྨད་དང༔ ལ་ལ་རུ་བཞི་དབུ་རུ་ལ་སོགས་དང༔ སྨོན་ལམ་དབང་གིས་མཐའ་འཁོབ་ཡང་འཁོབ་ཏུ༔ འགྲོ་བའི་དོན་བརྩོན་མཛད་ཚུལ་བསམ་མི་ཁྱབ༔ ཅེས་དང༌། དེ་བཞིན་སྤྲུལ་པ་ཡང་སྤྲུལ་དཔག་མེད་འགྱེད༔ གང་ལ་གང་འདུལ་ཚུལ་གྱི་གཟུགས་སུ་སྟོན༔ འགྲོ་བའི་དོན་བརྩོན་སྐྱོ་དུབ་མེད་པ་འབྱུང༔ གང་འབྲེལ་ཐམས་ཅད་པདྨ་ཅན་དུ་སྤྱོད༔ ཅེས་གསུངས་པ་ལྟར་སྤྱིར་ལུང་བསྟན་པ་དང༌། བྱེ་བྲག་ཏུ་མངའ་བདག་ཉང་གི་གཏེར་ལུང་ལས། རྩེ་སྒང་ཞེས་པའི་རི་བོའི་མདུན༔ ཕ་ཝཾ་ཀླུ་དབང་འཁྱིལ་བའི་སྟེང༔ མངའ་བདག་འཇམ་པའི་དབྱངས་ཞེས་འབྱུང༔ བཅུ་གསུམ་ཟབ་མོའི་གཏེར་ལ་སྤྱོད༔ ཅེས་སྐུ་འཁྲུངས་པའི་གནས་སོགས་གསལ་བར་བསྟན་པའི་ལུང་དོན་འོག་ནས་འབྱུང༌། ཐང་ཡིག་ལས། རྩིས་ཀྱི་ལྷ་ཁང་སྦས་པའི་གཏེར་ཁ་ནི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་མདོ་སྔགས་གླིང་པ་ཞེས་བྱ་འབྱུང༔ ཞེས་པའང་པདྨ་ཚེ་དབང་རྒྱལ་པོ་ལ་དེར་གྲགས་མོད། ལས་འཕྲོ་གླིང་པ་སྔ་ཕྱི་བཞི་ཙམ་བྱོན་པ་བཞིན་བཀའ་ཐང་དུ་ལུང་བསྟན་པ་རེ་རེ་ལ་སྔ་ཕྱི་ངོས་འཛིན་གཉིས་གསུམ་རེ་བྱོན་པ་ཐམས་ཅད་ཚད་མས་གྲུབ་པས་འགལ་བ་མེད་པ་མ་ཟད། ཚེ་དབང་རྒྱལ་པོས་ལུང་བསྟན་པའི་གནས་དེ་ནས་གཏེར་བཞེས་པར་མ་གྲགས་ཤིང༌། རྗེ་བླ་མའི་ཟབ་གཏེར་རྩ་གསུམ་བཀའ་འདུས་ཆོས་སྐོར་དེའི་གཙུག་ལག་ཁང་གི་ཀ་ཞུའི་ནང་དུ་བཞུགས་ཀྱང་དུས་ཐོག་ཏུ་ཕེབས་མ་གྲུབ་པས་ཕྱིས་གཙུག་ལག་ཁང་འཇིག་ལ་ཉེ་བ་ན་གཏེར་གནས་འཕོས་ཏེ་དེ་སྐོར་གྱི་བྲག་ཞིག་ཏུ་བཞུགས་པ་གསལ་བར་གཟིགས་པ་དང༌། དེའི་རྟེན་གྲལ་དམ་ཚིག་གི་རྡོ་རྗེ་ཁྱད་པར་ཅན་གཏེར་སྲུང་གིས་ཕྱག་ཏུ་ཕུལ་འདུག་པ་དངོས་སུ་མཇལ་བས་མཚོན་ལུང་འདིའང་རྗེ་འདི་ཉིད་དུ་གྲུབ། ཨོ་རྒྱན་གླིང་པའི་ཟུར་མཁར་རྡོའི་མཆོད་རྟེན་གྱི་གཏེར་མ་ཐུགས་རྗེ་ཆེན་པོ་ཡེ་ཤེས་འོད་མཆོག་གཏེར་ལུང་ལས། མ་འོངས་ཆོས་ཀྱི་བདག་པོ་དེ་ཉིད་ཀྱང༔ ཤར་གྱི་ཕྱོགས་ནས་འབྲུག་གི་ལོ་པ་འབྱུང༔ རང་ནོར་སྤྱོད་པས་བསྟན་པའི་མེ་རོ་གསོ༔ ཞེས་འབྱུང༌། དེའི་དོན་ནི་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་སྙིང་པོ་ངོ་མཚར་ཁྱད་པར་དུ་འཕགས་པའི་ཆོས་སྡེ་དང༌། བཀའ་འདུས་སྙིང་པོ་ཉིན་མཚན་རྒྱུན་གྱི་རྣལ་འབྱོར་རྣམས་ཀྱི་ཤོག་སེར་ཕྱག་ཏུ་བབས་ཤིང་སྔ་མ་གཏན་ལ་ཕབ་ནས་འཆད་སྤེལ་མཛད་པས་ཨོ་རྒྱན་གླིང་པའི་བཀའ་འདུས་ཆོས་རྒྱམ་སྔོན་ཆད་མཚན་ཙམ་ལས་མི་བཞུགས་པ་ལ་འདིར་བསྟན་པའི་མེ་རོ་གསོས་པ་དང༌། རཏ་གླིང་ཕྱག་ཆེན་ཉི་མའི་སྙིང་པོ་ལས། སྟག་ཚང་རོང་དུ་སྦས་པ་འདི༔ མངའ་བདག་མྱང་གི་གདུང་རྒྱུད་ནི༔ མི་རབས་ཡང་རྒྱུད་བཅུ་གསུམ་ན༔ འཇམ་དབྱངས་སྤྲུལ་པ་བློ་གྲོས་ཅན༔ འཇམ་དཔལ་བཤེས་གཉེན་ཞེས་པས་འདོན༔ གདུལ་བྱ་གངས་ཅན་ཡུལ་ཁྱབ་འབྱུང༔ ཞེས་པའང་མངའ་བདག་ཉང་གི་གདུང་རྒྱུད་མི་རབས་བཅུ་གསུམ་རྫོགས་ཟིན་པའི་རྗེས་སུ་འབྱོན་པའི་དུས་དང༌། སྟག་ཚང་མིང་ཅན་བཅུ་གསུམ་ལས་རོང་རྨེ་དཀར་མོ་སྟག་ཚང་ལས་ཟབ་གཏེར་བཞེས་པའི་གནས་སོགས་གསལ་བར་བསྟན། ཆོས་རྒྱལ་རིན་ཆེན་གླིང་པའི་རྫོགས་ཆེན་ཆིག་ཆོད་ཀུན་གྲོལ་གྱི་གཏད་རྒྱའི་ལུང་བསྟན་ལས། མ་འོངས་དུས་མཐར་བཀའ་བརྒྱུད་ཡལ་བའི་ཚེ༔ བི་མས་བྱིན་བརླབས་ཆོས་འདི་སྤྱོད་པ་ན༔ བཻ་རོའི་ཐུགས་བསྐྱེད་རྒན་གཞོན་བྱིས་པའི་ཚུལ༔ གསུམ་གྱིས་འཆད་ནས་ཅུང་ཟད་དར་ཡང་སྲིད༔ ཅེས་གསུངས་པའི་དོན་བཞིན་ཆོས་རྒྱུན་ཆད་ནས་ཡུན་རིང་སོང་བ་ན། རྗེ་བླ་མ་ཉིད་ནས་དཔེ་རྒྱུན་བཙལ། གུ་རུ་རིན་པོ་ཆེ་དང་གཏེར་སྟོན་གྱི་ཡེ་ཤེས་ཀྱི་སྐུས་ཉེ་བརྒྱུད་བསྩལ་བ་ལྟར་རྒན་པ་ཁོ་བོ་དང༌། གཞོན་པ་དཔའ་བོ་མཆོག་སྤྲུལ་དང༌། བྱིས་པའམ་ཆུང་བ་སྤུ་བོ་རྦ་ཁ་སྤྲུལ་སྐུ་རྣམས་ཡིན་པར་མཛད་ནས་རིམ་པར་བསྩལ་བས་ལུང་དོན་དང་འབྱོར། །མངའ་རིས་པཎ་ཆེན་གྱི་བཀའ་བརྒྱད་ཡོངས་འདུས་ལུང་བྱང་ལས། བདག་དང་ནམ་མཁའི་སྙིང་པོའི་སྨོན་ལམ་ལས༔ ཁམས་ཀྱི་ཕྱོགས་སུ་འབྲུག་གམ་བྱི་ཕག་ལོ༔ སྡེ་སྣོད་རྒྱུད་སྡེའི་གསང་བ་ཀུན་བསྡུས་ནས༔ རིག་འཛིན་རྣམ་བཞིའི་བརྒྱུད་པ་རྒྱས་པར་བྱེད༔ མཐར་ནི་དཔལ་ཆེན་ཐུགས་དང་གཉིས་སུ་མེད༔ ཅེས་ས་ཕྱོགས་དགུང་སྙིང་མཛད་པ་བཅས་གསལ་བར་བསྟན་ལ། སྤྲུལ་གཞིའི་ཁྱད་པར་ཡང་སྤྱིར་རྗེ་འབངས་རྣམས་ཡེ་ཤེས་ཀྱི་དབྱིངས་གཅིག་པར་མ་ཟད། པཎ་ཆེན་རིན་པོ་ཆེའི་སྤྲུལ་གཞིར་དམིགས་སུ་གསུངས་པས་ཤིན་ཏུ་ངེས་པ་ཡིན་པ་དང༌། གཞན་ཡང་རྡོ་རྗེ་གླིང་པ། བདུད་འདུལ་རྡོ་རྗེ་རྣམས་ཀྱི་ལུང་ལས་ཀྱང་ཤིན་ཏུ་གསལ་བར་བསྟན་ཅིང༌། རོལ་པའི་རྡོ་རྗེའི་བྲག་གཏེར་ལུང་ལས་ཀྱང༌། མཉྫུའི་མཚན་ཅན་ངུར་སྨྲིག་འཆང་བ་འབྱུང༔ ཞེས་སོགས་གཏེར་རྙིང་འགའ་ཞིག་ལས་རང་གིས་མཐོང་ཚོད་བཀོད་པ་སྟེ། ལུང་ཟིན་གྱི་སྐྱེས་བུ་ལ་འདྲ་མིན་དང་མི་ནོར་བའི་མཚན་རྟགས་ཀྱང་དགོངས་འདུས་ལུང་བསྟན་ཆེན་མོ་ལས། གང་ཡང་མི་འགྱུར་བརྡ་རྟགས་གསུམ་དང་ལྡན༔ ལུས་ལ་ལྟེ་སྨེ་སྙིང་གར་ཤ་མཚན་ནམ༔ སྨེ་བ་དཀར་དམར་ཐིག་ལེས་སྤྲས་དང་གཅིག༔ ངག་ནི་སྙན་འགྱུར་ངག་ཚིག་རྩོལ་བ་ཅན༔ ཡང་ན་མགྲིན་པར་ཤ་མཚན་ཐིག་ལེ་འམ༔ པདྨ་ལས་བྱུང་པདྨའི་མིང་ལྡན་གཉིས༔ ཡིད་ནི་རྩེ་གཅིག་གདུང་ཤུགས་ང་ཉིད་དྲན༔ ཕུར་ཚུགས་འདི་མིན་ཡིད་ལ་མི་བྱེད་གསུམ༔ དེ་གསུམ་གསུམ་འཛོམ་མཆོག་ཡིན་གཉིས་འཛོམ་འབྲིང༔ གཅིག་འཛོམ་ཐ་མ་གང་ཡང་ལས་ཅན་ཏེ༔ ཞེས་གསུངས་པའི་རྟགས་གསུམ་ཀ་རྗེ་འདི་ལ་མངའ་བ་དང༌། མཆོག་གླིང་གཏེར་བྱོན་ཟབ་པ་སྐོར་བདུན་ལུང་བསྟན་ལས། ཁྲི་སྲོང་སྤྲུལ་པས་ཕ་བུའི་ལས་འཕྲོ་སྐྱོང༔ ཞེས་པ་ནི་གཏེར་སྟོན་ཡོངས་གྲགས་སུ་འགྱུར་བའི་བཀའ་དྲིན་སྐྱོང་ཚུལ་འོག་ཏུ་སྨྲོས་པ་ལྟར་ལ། ཁྲི་སྲོང་སྤྲུལ་པ་རབ་བྱུང་འབྲུག་གི་ལོ༔ ཡང་ན་ཡོས་ཀྱི་ལོ་པ་ཤིང་ཁམས་པ༔ ཨཱ་ཡུ་འམ་ནི་མཉྫུའི་མིང་ཅན་ཞིག༔ བློ་གྲོས་མཐར་ཕྱིན་གཞན་སྣང་ཟིལ་གནོན་པ༔ སོ་བདུན་ལོ་ལ་ཆོས་འདི་འཕྲོད་པར་གྱིས༔ ཞེས་ཡང་དག་ཐུགས་ཀྱི་སྙིང་པོའི་ཆོས་བདག་དམིགས་སུ་གསུངས་པ་དང༌། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཞལ་གདམས་སྙིང་བྱང་ལས། མངའ་བདག་སྤྲུལ་པ་དབང་པོའི་མིང༔ ཀཿཐོག་ཉེ་བའི་ཕྱོགས་སུ་འབྱུང༔ ཆོས་ཀྱི་སྒོ་འབྱེད་ཕྲིན་ལས་སྤེལ༔ ཅེས་གསུངས་པ་ལྟར་ཐོག་མར་རྣམ་གཉིས་ཞལ་རྒྱས་པས་གཏན་ལ་ཕབ་ཅིང་ཀུན་ཁྱབ་ཡོངས་གྲགས་ཀྱི་ཕྲིན་ལས་སྤེལ་བའི་བདག་པོའི་རྐྱེན་དུ་གྱུར་པ་དང༌། ཁྱད་པར་གཏེར་གསར་ལུང་བྱང་སྙིང་གི་མེ་ལོང་ལས། དེ་ནས་ཡང་དག་བཤད་བྱ་བ༔ བྱང་རྒྱུད་ཕྱོགས་ཀྱི་དམག་དཔུང་ཞིག༔ བོད་ཡུལ་དབུས་འདིར་སླེབ་པ་ན༔ བོད་ཁམས་བསྟན་པ་ཉམས་ལ་ཐུག༔ དེ་ཚེ་པདྨའི་ཐུགས་བསྐྱེད་མཐུས༔ ཟ་ཧོར་རྒྱལ་པོའི་གདུང་མཐའ་རུ༔ ཡབ་གཅིག་ཁྲི་སྲོང་སྤྲུལ་པ་འབྱུང༔ པཎ་གྲུབ་ཁ་ཡར་འགའ་ཚོགས་ཏེ༔ ད་ལྟའི་བསྒྱུར་བཤད་ཆོས་རྣམས་ཀུན༔ དེ་དུས་ཅུང་ཟད་འཆད་ཉན་བྱེད༔ དེ་ནས་ཕལ་ཆེར་ནུབ་ཉེའི་དུས༔ བི་མ་མི་ཏྲས་བྱིན་བརླབས་པ༔ ཁྲི་སྲོང་སྤྲུལ་པ་དགེ་སྦྱོང་ཚུལ༔ ལྕགས་ཁམས་འབྲུག་གི་ལོ་པ་ནི༔ སྐྱེས་བུ་བློ་རྩལ་ལྡན་པ་འབྱུང༔ སྙིང་པོའི་བསྟན་པ་གསལ་བར་བྱེད༔ བོད་ཁམས་བདེ་ཐབས་སྣ་ཚོགས་སྤེལ༔ ཁྱད་པར་བདག་གིས་དངོས་ཉམས་དང༔ རྨི་ལམ་ཚུལ་དུ་བྱིན་བརླབས་པས༔ འཇམ་དཔལ་སྤྲུལ་པའི་རྒྱལ་པོ་ཉིད༔ གྲུབ་པ་མཆོག་གི་ཚུལ་བཟུང་ནས༔ མཐར་ཐུག་ནོར་བུ་ལྔ་ལ་སོགས༔ ཟབ་མོའི་གཏེར་སྒོ་འགའ་ཞིག་འབྱེད༔ ཡང་ན་བཀའ་རྙིང་བསྟན་པ་བསྐྱང༔ འབྲེལ་ཚད་སྨིན་གྲོལ་ལམ་ལ་བཀོད༔ མདོ་སྔགས་སྤྱི་དང་སྙིང་པོའི་སྲོལ༔ གྲུབ་པ་བརྙེས་པའི་རིང་ལུགས་རྣམས༔ བཀའ་བསྡུ་འཆད་ཉན་སྒོམ་སྒྲུབ་ཀྱིས༔ དབུས་གཙང་མདོ་སྨད་ཀུན་ཏུ་དར༔ ཞེས་སོགས་གཏེར་གསར་ལུང་བྱང་ཐམས་ཅད་ལས་དཔལ་ཨོ་རྒྱན་དུས་གསུམ་མཁྱེན་པ་ཉིད་ཀྱི་རྡོ་རྗེའི་གསུང་གིས་ཡང་ནས་ཡང་དུ་བསྔགས་བརྗོད་ཀྱི་ཨུཏྤལ་ཆར་དུ་བསྙིལ་ཞིང༌། རྗེ་ཉིད་ཀྱི་ཟབ་གཏེར་ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་གསོའི་ལུང་ལས། ནམ་ཞིག་སྤྲུལ་པའི་རྒྱལ་པོ་ཡི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ རྣམ་པར་རོལ་པ་མཐའ་ཀླས་པས༔ བོད་ཁམས་འགྲོ་རྣམས་སྐྱོབ་པ་དང༔ བསྟན་པའི་མེ་རོ་ཡང་ཡང་གསོ༔ ཁྱད་པར་སུམ་ཅུའི་ཁ་རལ་དུས༔ གསུང་སྤྲུལ་བདུན་གྱི་གསུམ་པ་ནི༔ པདྨ་འོད་གསལ་མདོ་སྔགས་གླིང༔ ཤེས་རབ་ཆེན་པོའི་རྩལ་རྡོལ་ཞིང༔ བསམ་གྱིས་མི་ཁྱབ་ཉམས་མྱོང་ཅན༔ གཞན་སྣང་ཟིལ་གནོན་བརྟུལ་ཞུགས་དང༔ གསང་བ་བསྲུང་ལ་བློ་བརྟན་པས༔ སུས་ཀྱང་བརྟག་པར་དཀའ་བ་ཞིག༔ ལྕགས་ཁམས་འབྲུག་གི་ལོ་ཤར་དུས༔ མདོ་ཁམས་འབྲི་རྫ་སྒང་རྒྱུད་ལས༔ བཀྲ་ཤིས་དབང་གི་གནས་ཀྱི་མདུན༔ ཆུ་བོ་ལྷུང་ལྷུང་འབབ་པའི་གཡས༔ རི་བོ་གླང་ཆེན་འགྱིང་འདྲའི་གདོང༔ ཀླུ་དབང་འཁྱིལ་འདྲའི་བྲག་གི་སྟེང༔ ངོ་མཚར་ལྟས་དང་བཅས་ཏེ་འབྱུང༔ དེ་ཚེ་ད་ལྟའི་སྨོན་ལམ་མཐུས༔ རྒྱལ་བའི་བསྟན་པ་མཐའ་དག་དང༔ ཁྱད་པར་སྙིང་པོའི་དོན་ལ་མོས༔ མང་དུ་ཐོས་པས་མི་ངོམས་ཤིང༔ ཐོས་དོན་ཉམས་ལེན་གཏན་ལ་འབེབ༔ མར་མེ་འཆི་ཀ་ལྟ་བུ་ཡི༔ ཟབ་ལམ་མང་པོའི་སྲོག་མཐུད་ནས༔ རང་དང་གཞན་གྱི་མཐུས་བཟུང་སྟེ༔ ཕྱོགས་མཐའ་ཀུན་ཏུ་རྒྱས་པར་བྱེད༔ ཅེས་དང༌། གྲུབ་ཐོབ་བཀའ་བརྒྱད་ལས། འོ་མའི་ནང་ནས་མར་དང་ནི༔ མར་གྱི་སྙིང་པོ་ཞུན་བྱས་ལྟར༔ ལྟ་སྒོམ་སྤྱོད་འབྲས་བོགས་འདོན་དང༔ སྒྲུབ་པའི་གཞུང་དང་ཡན་ལག་བཅས༔ རྣལ་འབྱོར་བདག་གི་སྙིང་ཐིག་འདི༔ བོད་ཀྱི་རིག་འཛིན་སྔགས་པ་གཞན༔ སུ་ལའང་འཕོ་བའི་སྐབས་མེད་པས༔ རིན་ཆེན་ལྟ་བུའི་གང་ཟག་ནི༔ ཅིག་ཅར་རིགས་ཅན་བརྟུལ་ཞུགས་མཐོ༔ སུས་ཀྱང་མི་དཔོག་རང་ཟུངས་ཐུབ༔ བདག་དང་གཉིས་མིན་རྣལ་འབྱོར་པ༔ མཚན་ཉིད་ལྔ་དང་ལྡན་པ་ཞིག༔ འདི་ནས་བདུན་བརྒྱའི་ལོ་ཁོངས་སུ༔ མདོ་ཁམས་བར་ནས་འབྲུག་གི་ལོ༔ གཉོས་ཀྱི་རིགས་འཛིན་སྒ་ཡི་བུ༔ ལྕགས་ཁམས་དཔའ་བོའི་མཚན་རྟགས་ཅན༔ པདྨ་རྒྱལ་པོས་བྱིན་བརླབས་པས༔ བཀའ་བབས་བདུན་ལྡན་མདོ་སྔགས་གླིང༔ བི་མ་མི་ཏྲས་བྱིན་བརླབས་པས༔ འོད་གསལ་སྤྲུལ་པའི་རྡོ་རྗེ་སྟེ༔ འཇམ་དཔལ་སྤྲུལ་པའི་མངའ་བདག་གིས༔ བྱིན་བརླབས་ཆོས་ཀྱི་བཤེས་གཉེན་ཞེས༔ སྒྱུ་མ་ལྟ་བུའི་སྐྱེས་བུ་འབྱུང༔ ཞེས་པས་མཚོན་གཏེར་ཁ་རེ་རེ་བཞིན་རྒྱ་ཆེར་འབྱུང་ཡང་སོ་སོའི་གཞུང་དུ་གསལ་བས་འདིར་འགོད་པའི་སྤྲོས་པ་མ་བགྱིས་ཤིང༌། གཏེར་ཁ་ཕལ་ཆེར་ལས། མངའ་བདག་གི་སྐུ། པདྨའི་གསུང༌། ནམ་མཁའི་སྙིང་པོའི་ཐུགས། བི་མའི་ཡོན་ཏན། ལང་གྲོ་དཀོན་མཆོག་གི་ཕྲིན་ལས་ཀྱི་རྣམ་འཕྲུལ་དུ་བསྔགས་པས་རྣམ་ཐར་མཐའ་ཡས་པའི་བདག་ཉིད་ཅན་དུ་ཤེས་པར་བྱའོ།། །།གཉིས་པ་ཐུགས་བསྐྱེད་དང་སྨོན་ལམ་གྱི་སྟོབས་ལས་བསམ་བཞིན་དུ་སྐྱེ་བ་ཇི་ལྟར་བཞེས་པའི་ཚུལ་ནི། བདག་ཉིད་ཆེན་པོ་རྣམས་སྤངས་རྟོགས་མཐར་སོན་པས་སྲིད་པ་ཉེ་བར་ལེན་པའི་ས་བོན་རྩད་ནས་བཅད་ཟིན་ཀྱང་གདུལ་བྱའི་ཡུལ་དང་ཐུགས་རྗེའི་རྐྱེན་ཚོགས་པ་ལ་བརྟེན་ནས་སྲིད་པའི་གཟུགས་སུ་མངོན་པར་སྣང་བ་སྟེ། རྒྱུད་བླ་མ་ལས། ཇི་ལྟར་བཻ་ཌཱུའི་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་འཆར་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། །ཞེས་གསུངས་པ་དང་རྗེས་སུ་མཐུན་པ་དང༌། གདུལ་བྱ་གདུལ་དཀའ་བ་རྣམས་ལ་ལྷག་པར་ཡང་ཐུགས་རྗེ་ཆེན་པོ་སྐྱེས་ནས་བསམ་བཞིན་དུ་སྲིད་པར་ཉིང་མཚམས་སྦྱོར་ཏེ། བརྒྱད་སྟོང་འགྲེལ་ཆེན་ལས། གཞན་དོན་བརྩེ་བ་ཅན་རྣམས་སྲོག་ཕྱིར་ཡང༌། །རང་གི་ནུས་པ་ལྷོད་པར་མི་བྱེད་དེ། །སྐྱེས་བུ་དམ་པ་ཁུར་ལྕི་ཁུར་བ་དག །ཉམ་ངའི་གནས་སུ་ནམ་ཡང་འདོར་མི་བྱེད། །ཅེས་གསུངས་པ་ལྟར་དེང་སང་སྐྱེ་བོ་མི་བསྲུན་པ་རྣམས་ལ་བཟང་ངན་ལས་ཀྱི་འབྲེལ་བ་ཅུང་ཟད་ཙམ་གྱིས་ཀྱང་ཐར་པའི་ཁ་ལོ་གྱེན་དུ་སྒྱུར་བ་ལ་གཟིགས་ནས་སྐུ་སྐྱེ་བ་བཞེས་པའི་ཡུལ་ནི། མདོ་ཁམས་ཆུ་བཞི་སྒང་དྲུག་ལས་ཟལ་མོ་སྒང༌། ཆོས་སྐྱོང་བའི་རྒྱལ་པོ་སྡེ་བཞི་དགེ་བ་བཅུ་ལྡན་གྱི་རྒྱལ་ཁབ་ཆེན་པོའི་ཤར་ཕྱོགས། ཁམས་ཕྱོགས་གནས་ཆེན་ཉེར་ལྔའི་ནང་ཚན་ཕྲིན་ལས་འགྲོ་འདུལ་སྤྲུལ་པའི་གནས་བརྒྱད་ལས་དབང་གིས་འདུལ་མཛད་རི་བོ་དབང་ཞུ་དང༌། ཡོན་ཏན་གནས་ལྔ་གཅིག་འདུས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང༌། གཡུང་དྲུང་རྣམ་པར་བཀོད་པའི་གནས་མཆོད་རྟེན་དགུ་བརྩེགས་སོགས་གནས་ཆེན་གནས་ཕྲན་མང་པོས་བསྐོར་ཅིང་ཆོས་རྟེན་གྱི་གཏེར་ཁ་དུ་མས་གཏམས་པས་གཏེར་ཀླུང་ཞེས་བྱ་བའི་ཡུལ་ལྗོངས་སུ། མངའ་བདག་ཉང་གི་གཏེར་ལུང་གིས་གསལ་བར་བསྟན་པ་ལྟར། རྒྱབ་རི་རྩེ་སྒང་ཞེས་པའི་མདུན་རོལ། འོག་ཏུ་བྲག་རི་སྦྲུལ་འཁྱིལ་པའི་གཟུགས་སུ་གནས་པའི་སྟེང་དུ་དེའུ་ཡོད་པས་དིལ་མགོ་ཞེས་པར། རུས་ནི་ཤིང་ཁམས་སྒ་དང༌། རིགས་ནི་སྨྱོས་ཡིན་པར་གྲགས་པས་འོད་གསལ་ལྷ་ལས་མཆེད་པའི་རིགས། སྔོན་གྱི་དུས་འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོའི་ཞལ་སློབ་ཀྱི་གཙོ་བོ་རང་མཉམ་བཅུ་གསུམ་གྲགས་པའི་གྲུབ་ཐོབ་ཆེན་པོ་དཔལ་ལྡན་བྱང་ཆུབ་གླིང་པ་ཞེས་དཔལ་སྤུངས་དགོན་ཐོག་མར་འདེབས་པ་པོའི་དབོན་རྒྱུད། ལྷ་ཆོས་དང་མི་ཆོས་གང་ལའང་ཕུན་སུམ་ཚོགས་པ་རིམ་པར་བྱུང་བའི་མཐར། ཡ་རབས་དྲྭ་མའི་རིགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པས་མི་ཆོས་ཀྱི་དཔེར་འོས་ཤིང་སྙན་དངགས་དང་རྩིས་དཀར་ནག་ཡིག་བྲིས་སོགས་ལ་མཁས་པའི་རྩེར་སོན་པས། ཆོས་རྒྱལ་ཆེན་པོའི་དྲུང་ཆེན་གྱི་ལས་ཀ་འཛིན་པ། ཆོས་ཕྱོགས་ལའང་ཤིན་ཏུ་དད་པས་རྟེན་གསུམ་ཁྱད་པར་ཅན་བཞེངས་པ་དང་ཁ་ཏོན་ཚོགས་གསོག་ལ་རྟག་ཏུ་བརྩོན་པ། ཤར་ཆེན་རིན་ཆེན་མི་འགྱུར་རྒྱལ་མཚན་ནས་བྱང་ཆུབ་སེམས་དཔའི་རིགས་ཅན་ཞིག་ཡིན་ཅེས་བཀའ་བསྩལ་ནས་རིན་ཆེན་དབང་རྒྱལ་ཅེས་བཏགས་པ་ཉིད་སྐྱེད་པའི་ཡབ་དང༌། ས་ཕྱོགས་འདིར་རིགས་རུས་ཐོབ་ཐང་ཆེ་བར་གྲགས་པ་དགེ་རབ་གཉེར་ཆེན་མགོན་ཚེའི་བུ་མོ་བསོད་ནམས་འཚོ་ཞེས་པ་སྐྱེད་པའི་ཡུམ་སྟེ། ཡབ་ཀྱིས་སྔོན་དུས་གྲུབ་དབང་ཆེན་པོ་འཇིགས་མེད་ཕྲིན་ལས་འོད་ཟེར་ལ་ཁོ་བོ་རབ་ཏུ་བྱུང་ན་ཅིར་འགྱུར་ཅེས་ལུང་བསྟན་ཞུས་པ་ན། ཁྱེད་རང་རབ་ཏུ་མ་བྱུང་ན་ལེགས་ཤིང་སྐྱེ་བོ་བྱས་ན་རིགས་རྒྱུད་ལ་སྤྲུལ་པའི་སྐུ་ཁྱད་པར་ཅན་འབྱུང་ཞིང་དེས་བསྟན་འགྲོ་ལ་ཕན་པ་རླབས་པོ་ཆེར་འགྱུར་བའི་ཚུལ་ནན་ཏན་དུ་ལུང་བསྟན་པའི་ཚུལ་ད་ལྟའང་ཡོད་པར་སྣང༌། དེ་ལྟར་ཡབ་ཡུམ་དེ་གཉིས་ལས་སྲས་གཉིས། སྲས་མོ་ལྔ་བྱུང་བའི་ཆུང་ལྟག་ཏུ་རྗེ་འདི་ཉིད་ཕེབས་པ་ཡིན་ལ། ལྷུམས་སུ་ཞུགས་པའི་ཚེ་ཡབ་ཡུམ་གྱིས་མནལ་ལྟས་ཁྱད་པར་ཅན་གཟིགས་པ་སོགས་སྔ་ཕྱི་ཀུན་ཏུ་དགེ་མཚན་དུ་མ་བྱུང་ཡོད་པ་གཞིར་བཅས་ཀྱང་གཏན་ཁེལ་གྱི་ཐོར་འཁོད་པ་སོགས་མི་སྣང༌། ཕྱིར་ཉིན་སྐུ་བལྟམས་རྒྱུའི་ནངས་མོར་ཐོ་རངས་ཉི་མའི་དཀྱིལ་འཁོར་ཤར་པ་ལྟ་བུས་འོད་ཀྱིས་ཁྱིམ་ནང་གང་བ་གཡོག་མོ་ཞིག་གིས་མཐོང་ནས་ཉི་མ་ཤར་བ་རེད་སྙམ་ནས་ཧར་ལངས་ཏེ་མེ་འབུད་པ་སོགས་བྱས་རྗེས་ཐོ་རངས་ཙམ་དུ་འདུག་པ་དང༌། ནངས་མོ་ཆུ་ལེན་པས་ཆུ་ཟོམ་གང་ཁུར་འོང་བས་ཁྱིམ་དུ་སླེབ་དུས་འོ་མར་གྱུར་པ་ནི་ཀུན་གྱིས་མཐོང་གསལ་ཡིན་འདུག །སྐུ་འཁྲུངས་པའི་དུས་ནི་རབ་བྱུང་བཅུ་བཞི་པ་ལྕགས་ཕོ་འབྲུག་གི་ལོ། ཐུབ་པའི་དབང་པོས་ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར་བའི་དུས་ཆེན་ཆུ་སྟོད་ཀྱིས་ཉ་བའི་དཀར་ཕྱོགས་ཀྱི་དགའ་བ་གཉིས་པ། རེས་གཟའ་ཟླ་བའི་སྲས་པོ་རྒྱུ་སྐར་ནབས་སོར་རྩེ་བའི་ཉིན་ཕྱེད་རྟའི་དུས་ལ་མཚན་དཔེའི་དཀྱིལ་འཁོར་གསལ་བའོ། །སྐུ་འཁྲུངས་པའི་གནས་ནི། ཡབ་གཞིས་འབྱོར་ལྡན་ཆེན་པོའི་རིགས་ཡིན་པས་སྟོན་དགུན་དུ་ཐམས་ཅད་ཡུལ་ཁྱིམ་དུ་འཁོད་པ་དང༌། དཔྱིད་དབྱར་འབྲོག་སྒར་དུ་གནས་པའི་སྲོལ་ཡོད་པས་སོས་ཀའི་རུ་བ་ཕྱིས་སུ་རྗེ་ཉིད་དང་གཏེར་ཆེན་མཆོག་གླིང་ལྷན་རྒྱས་པས་རིགས་འཛིན་ཡོངས་རྫོགས་ཀྱི་སྙིང་ཐིག་སྤྱན་དྲངས་པའི་གཏེར་གནས་ཁྱུང་ཚང་བྲག་གི་མདུན་ཞོལ་དུ་ཡོད་པ། མ་ཡུམ་ལ་ལྷུམས་སུ་ཞུགས་ནས་ཟླ་བ་བརྒྱད་ལས་མ་སོང་སྟབས་དོགས་པ་མེད་པས་དབྱར་རུ་ལ་སྤོ་རྒྱུའི་སྔ་སྐྱེས་ཐམས་ཅད་ཐེག་ཚར་བ་དང༌། བཙའ་བའི་ལྟས་བྱུང་བས་རས་དཀར་གྱི་ལྡིང་གཡབ་ཕུབ་པའི་ནང་དུ་རེ་ཞིག་བཞུགས་པས་གནོད་པ་མེད་པར་བདེ་བར་བལྟམས། དེའང་དབུ་སྐྲ་ནག་སིལ་ལེ་བས་སྙན་ཡན་ཁེབས་པ་དང༌། ཕྲུ་མ་ཆོས་གོས་བཞིན་དུ་དཀྲིས་པའི་སྟེང་དུ་རྩྭ་མཆོག་ཀུ་ཤས་བསྡམས་པ་ཞིག་ཏུ་བྱོན་པར་སྣང་སྟེ། གུ་རུ་ཇོ་རྩེའི་གཏེར་ལུང་ལས། མོན་བུ་སྤྱི་རིང་སྐྲ་ཡི་ལྭ་བ་ཅན༔ རི་བོ་ཁྱུང་ཆེན་ལྡིང་བའི་ཞོལ་དུ་འབྱུང༔ ཞེས་པ་ཉིད་རཏ་གླིང་སོགས་གཏེར་སྟོན་འགའ་ཞིག་གིས་ཀྱང་ཞལ་བདག་མཛད་མོད། སྤྱི་ལུང་ཡིན་ཕྱིར་གཅིག་ཁོ་ནར་ངེས་པ་མེད་ལ། འདིར་ནི་བོད་ཡུལ་དབུས་ལ་ཆ་བཞག་པའི་ཡུལ་མཐའ་རྣམས་སུ་སྐྱེས་པ་ལ་མོན་བུའི་སྒྲ་འཇུག་པ་དང༌། ལྕང་ལོ་སླད་ནས་བཞག་པ་མང་མོད་སྐྲའི་ལྭ་བ་ལྷན་སྐྱེས་སུ་བྱུང་བ་དང༌། འཁྲུངས་པའི་གནས་ཀྱི་རིའི་མིང་རྣམས་ཤིན་ཏུ་གསལ་བར་བསྟན་པ་ཡིན་ནོ། །གནས་གསར་མཁྱེན་བརྩེ་སྐུ་བལྟམས་པའི་ཚེ་ལྟེ་བས་ཆོས་གོས་བཞིན་དུ་དཀྲིས་པ་ལ། འཚོ་བྱེད་མཁས་པ་རིན་ཆེན་པས། འདིའི་ལྟེ་བའི་དཀྲི་ཚུལ་ལ་དཔྱད་ན། ངེས་པར་བསྟན་པ་ལ་ཕན་པའི་དགེ་བཤེས་ཤིག་འབྱུང་ཞིང༌། རྒྱུད་ལས། དེ་འདྲ་གསོ་སླ་མི་ནོར་བཀྲ་ཤིས་བྱེད། །ཅེས་འབྱུང་བས་ཁབ་ཏུ་བཞུགས་ཀྱང་གཞན་དང་མི་འདྲ་བ་ཞིག་འབྱུང་ཞེས་ལུང་བསྟན་ཞུས་པ་ལྟར་ཕྱིན་ནས་དེ་ཁོ་ན་ལྟར་བྱུང་བ་དང༌། ཀུ་ཤ་ནི་དག་བྱེད་དགེ་བའི་རྩྭ་རྒྱལ་བའི་གསུང་དང་ཐུན་མོང་རིག་བྱེད་ལས་ཀྱང་ཡོངས་སུ་གྲགས་པ་ཡིན་པས་ལས་ཉོན་གྱི་སྒྲིབ་པ་དང་མངལ་གྱི་དྲི་མས་ཐུགས་རྒྱུད་ལ་མ་གོས་པའི་བརྡར་སྣང་ངོ༌། །དེ་ནས་ཡུལ་ལུགས་དང་མཐུན་པའི་ཞབས་འདེགས་ཞུས་ཏེ་རིམ་པར་སྐུའི་སྐྱེད་བསྲིངས། ཡབ་ཀྱིས་ཚེ་རིང་དོན་གྲུབ་ཅེས་པའི་མཚན་གསོལ། ཐུགས་ཀྱིས་དྲན་ཙམ་གྱི་དུས་ནས་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་དང་སྔགས་སྲུང་ཨེ་ཀ་ཛཱ་ཊིས་ཤིན་ཏུ་བརྩེ་ཞིང་རྗེས་སུ་སྐྱོང་བར་མཛད་པ་གཟིགས་ཤིང་སྔོན་རབས་ཀྱི་སྐྱེ་བ་མང་པོ་འལ་འོལ་དུ་དྲན། གཟིམས་ཁང་ནས་ནངས་མོ་བཞེངས་ཏེ་རྒྱབ་ཏུ་ཆབ་བསིལ་ལ་ཕེབས་སྐབས་གཡས་ཕྱོགས་སུ་རི་བོ་དབང་ཞུའི་རི་གདོང་དུ་དཀར་འཛང་བྲག་ཅེས་པའི་བྲག་དཀར་དེའི་ངོས་སུ་ཨོ་རྒྱན་རིན་པོ་ཆེའི་སྐུ་ཤིན་ཏུ་གསལ་བ་ཞིག་བཞུགས་པ་ནངས་རེ་བཞིན་གཟིགས་པ། དེ་སྐབས་བྲག་ངོས་ལ་དེ་འདྲ་ཞིག་ཡོད་དར་བ་རེད་དགོངས། ཕྱིས་དཔྱད་དུས་བྲག་དེར་སྐུ་ཚབ་ཁྱད་པར་ཅན་ཞིག་གཏེར་དུ་བཞུགས་ཡོད་པ་ཡིན་འདུག་གསུངས། མཁན་ཆེན་བྱམས་པ་ཀུན་དགའ་བསྟན་འཛིན་ས་སྐྱོང་སྡེ་དགེའི་དབུ་བླར་མཛད་ནས་གཏེར་ལུང་དུ་ཕེབས་སྐབས་དིལ་མགོར་གདན་འདྲེན་ཞུས། རྗེ་འདི་དགུང་ལོ་གསུམ་བཞེས་པ་མ་ཡུམ་གྱི་པང་ན་འཚོ་བའི་སྐབས་ཐོག་མར་མཇལ་ཏེ་གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུའི་རྗེས་སུ་གནང་བ་གསན་པས་ཐུགས་ཀྱི་སྲས་སུ་འགྱུར་བའི་རྟེན་འབྱུང་ལེགས་པར་འགྲིགས། དགུང་ལོ་བཞི་ལྔ་བཞེས་པ་ནས་རབ་ཏུ་བྱུང་བའི་ཕྱོགས་ལ་ཤིན་ཏུ་དགྱེས་ཤིང༌། མདོ་སྡེ་རྒྱན་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང༌། །མོས་པ་དང་ནི་བཟོད་པ་དང༌། །དགེ་བ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ཤེས་པར་བྱ། །ཞེས་གསུངས་པ་ལྟར་ཐེག་པ་ཆེན་པོའི་རིགས་སད་པའི་རྟགས་རྣམས་དང་ལྡན་པ་དང༌། སྐུ་རྩེད་ཀྱང་བླ་མའི་གོ་ས་བཟུང་ནས་དབང་བསྐུར་ཆོས་བཤད་ལ་སོགས་པ་དང༌། བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་སྒྲུབ་ཆེན་མཛད་པ་ཡིན་གསུངས་ནས་འཇིམ་སོགས་ལས་གཏོར་མའི་ཚོམ་བུ་མང་པོ་བཀོད། དེ་ལ་ཤོག་བུ་དཀར་སེར་དམར་པོ་རྣམས་ཀྱི་རྒྱན་བཏགས་ནས་འདོན་དབྱངས་ཁོ་ནར་མཛད་པ་སོགས་བྱིས་པ་ཕལ་པའི་སྤྱོད་པ་ལས་འདས་པས་ཡུལ་མི་རྣམས་ཀྱིས་ཀྱང་སྤྲུལ་པའི་སྐུར་ངེས་པ་རྙེད་པའི་ངོ་མཚར་བསྟན། འདི་སྐབས་ཀློག་སློབ་པའི་བཅའ་ག་མཁན་པདྨ་བཀྲ་ཤིས་ཟེར་བ་གཏུམ་པོ་ཞིག་ཡོད་པ་དེའང་བསམ་པ་བཟང་པོ་ཡིན་པ་གཞིར་བཅས་ཀྱང༌། རྗེ་འདི་ཉིད་སྤྲུལ་པ་བ་ཡིན་པར་མ་ངེས་ནས་བྱིས་པ་ཕལ་པ་ལྟར་གཅུན་པ་ཞིག་ཡོད་པ་དེའི་མཐོང་ཚོར་སར་ཙོག་གེར་བཞུགས་པ་མ་གཏོགས་སྐུ་རྩེད་གང་ཡང་མི་ཆོག་པས། ལན་གཅིག་ཁོ་རང་གཞན་དུ་སོང་བའི་ཤུལ་དུ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཚིག་མང་པོ་གྱེར། གོང་སྨྲོས་ལྟར་གཞི་བཀོད་ཡོད་པ་ལ་མ་ཚོར་བར་ཁོ་རང་བྱུང་ནས་གཞི་རྡོག་པས་འཕྱགས། རྗེ་ཉིད་ལའང་འོ་བརྒྱལ་ཞུས་པ་དང༌། དུས་རྒྱུན་གཟིགས་སྣང་ཤིན་ཏུ་མང་པོ་ཡོད་འདུག་པས་གཞན་གྱིས་ཀྱང་མཐོང་ངམ་དགོངས་པ་དང༌། མནལ་ལམ་ཟུར་ཙམ་གསུངས་པ་ལའང་དང་ལེན་མེད་པའི་ཁར་ཁྱད་གསོད་ཁོ་ན་ཞུས་ཡོད་འདུག །དེས་ཐུགས་ཆེས་སུན་པར་གྱུར་པས་རྩ་བའི་རྟེན་འབྲེལ་འཆུག་པའི་རྐྱེན་དུ་བྱས་ཡོད་པར་སྣང༌། སྐྱེས་བུ་དམ་པ་རྣམས་སྐུ་ནར་མ་སོན་པ་དང་ཐུགས་དམ་གྱི་རྩལ་མ་རྫོགས་བར་དུ་བར་གཅོད་ཆེས་མང་བར་འབྱུང་བ་ནི་ཆོས་ཉིད་ཡིན་ཏེ། སྡུད་པ་ལས། དཔེར་ན་རྒྱལ་པོའི་བུ་ཞིག་ནོར་གཏོང་དོན་འདོད་པ། །ཀུན་གྱི་གཙོ་བོར་གྱུར་ཏེ་མངོན་པར་འགྲོ་བྱ་འོས། །འདི་ནི་ད་ལྟ་ན་ཡང་སེམས་ཅན་མང་དགའ་བྱེད། །ཐབས་ཐོབ་གྱུར་ཏེ་རྒྱལ་སྲིད་གནས་ནས་སྨྲོས་ཅི་དགོས། །དེ་ལྟར་ཤེས་རབ་སྤྱོད་མཁས་བྱང་ཆུབ་སེམས་དཔའ་ཡང༌། །བདུད་རྩི་སྦྱིན་པར་བྱེད་ཅིང་ལྷ་དང་མི་རྣམས་དགའ། །འདི་ནི་ད་ལྟ་ན་ཡང་སེམས་ཅན་མང་ཕན་བརྩོན། །ཆོས་ཀྱི་རྒྱལ་པོར་གནས་པར་གྱུར་ནས་སྨྲོས་ཅི་དགོས། །དེ་ཡི་ཚེ་ན་བདུད་ནི་ཟུག་རྔུ་ལྡན་པར་འགྱུར། །མྱ་ངན་ཉམ་ཐག་སྡུག་བསྔལ་ཡིད་མི་བདེ་ཉམ་ཆུང༌། །ཇི་ལྟར་བྱང་ཆུབ་སེམས་དཔའ་འདི་ཡིད་ནུར་འགྱུར་ཞེས། །འཇིགས་པ་བསྟན་ཕྱིར་ཕྱོགས་རྣམས་སྲེག་ཅིང་སྐར་མདའ་གཏོང༌། །ཞེས་གསུངས་པ་ལྟར་དང་གཞན་གྱི་བཙོག་གྲིབ་སོགས་ལ་བརྟེན་ཐུགས་རིག་མི་གསལ་ཅིང༌། ལྗགས་བདེ་བའང་མེད་པས་དགུང་ལོ་ལྔའི་དུས་ནས་ལྗགས་ཀློག་སྦྱངས་ཀྱང་རེ་ཞིག་འགོར། དགུང་ལོ་བརྒྱད་པ་ཙམ་ནས་ཡབ་ཉིད་ལས་ཡིག་བྲིས་དང༌རྩིས་དཀར་ནག་སོགས་ཅུང་ཟད་རེ་སྦྱངས། ཡབ་ཚན་དུ་གྱུར་པ་འཚོ་བྱེད་མཁས་པའི་དབང་པོ་ཚེ་དབང་གིས་གསོ་དཔྱད་སྦྱང་ན་ལེགས་པར་བསྐུལ་བ་ལྟར། ས་སྐྱོང་སྡེ་དགེའི་བླ་སྨན་པ་ཆེན་པོ་ཆོས་གྲགས་རྒྱ་མཚོ་སོགས་ལས་གསོ་རིག་གི་བཤད་པ་དང་ལག་ལེན་མཐར་ཕྱིན་པ་གསན། དེས་སད་བྱེད་ཀྱི་རྐྱེན་བྱས་ནས་དེ་ཕྱིན་ཐུགས་རིག་ཇེ་གསལ་དང༌། ལྗགས་རིམ་བདེའི་རྣམ་པར་སོང༌། དགུང་ལོ་བཅུ་གཉིས་བཞེས་པའི་དུས་ཙམ་ཐར་རྩེ་མཁན་ཆེན་རིན་པོ་ཆེ་བྱམས་པ་ཀུན་དགའ་བསྟན་འཛིན་ནས་ཡབ་དྲུང་ཆེན་པ་ལ་གསོལ་སྟོན་དང༌དར་ཕྱི་མཛོད། རྒྱ་དངུལ་རྡེལ་ཚད་གཅིག་གནང་ནས་ཁྱོད་ཀྱི་བུ་ཆུང་བ་དེ་མཁན་ཆེན་ནམ་མཁའ་འཆི་མེད་ཀྱི་སྤྲུལ་པའི་སྐུར་ངེས་པས་ཐར་རྩེ་ལ་བླུ་གཏང་དགོས་གསུངས་པར། དྲུང་ཆེན་པས་ངེད་ཀྱི་བུ་རྒྱུ་དང་ཉོ་ཚོང་བྱེད་པའི་དགོས་པ་མེད། བསྟན་འགྲོ་ལ་ཕན་ཐོགས་པ་ཞིག་འབྱུང་བའི་དགོངས་བཞེད་ཡོད་ན་ཉིད་ལ་འབུལ་ཆོག་ཞུས་ནས་དངུལ་མ་བླངས། དེ་སྐབས་མཁན་ཆེན་བྱམས་པ་ཀུན་དགའ་བསྟན་འཛིན་པའི་ཞལ་སྔ་ནས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་པའི་མཚན་གྱི་ཅོད་པན་གྱིས་བརྒྱན་པར་མཛད། དེ་ཕྱིན་ནས་ཐར་རྩེ་སྤྲུལ་སྐུ་དང་ཞབས་དྲུང་ཞེས་པའི་མཚན་ཆགས། དེའི་རྒྱུ་མཚན་ཡང༌། ཐར་རྩེ་མཁན་ཆེན་བྱམས་པ་ནམ་མཁའ་འཆི་མེད་དེ་ཉིད་དཔལ་ལྷུན་གྲུབ་སྟེང་གི་སྒྲུབ་ཁང་བླ་བྲང་དུ་ཞིང་གཤེགས་པར་ཉེ་བའི་སྐབས། སྡེ་དགེ་ས་སྐྱོང་ཆེན་པོས་སྐུ་སྐྱེ་ཕེབས་དགོས་ཚུལ་ནན་ཏན་དུ་གསོལ་བ་བཏབ་པས་དངོས་སུ་ཞལ་གྱིས་མ་བཞེས། ནང་འཁོར་སྐུའི་དབོན་རྗེ་འཇམ་དཔལ་བཟང་པོ་སོགས་ལ། ས་སྐྱོང་རིན་པོ་ཆེས་དེ་ལྟར་གསུངས་ནའང་བར་དོའི་རྣམ་ཤེས་ལས་རླུང་གི་གཞན་དབང་ལས་རང་དབང་འདུས་པོ་ག་ལ་འོང༌། དེ་འདྲའི་ཅི་མོས་ཆོག་ན་ད་དུང་ལོ་ཤས་མ་ཤི་བར་སྡོད་ན་དགའ་མོད། གལ་སྲིད་ངེས་པར་ཕྱོགས་འདིར་སྐྱེ་བ་ལེན་པའི་རང་དབང་ཞིག་བྱུང་ཕྱིན་དྲུང་ཡིག་རིན་ཆེན་དབང་རྒྱལ་དང༌། ལ་བཙས་དབང་རྒྱལ་འདི་གཉིས་འདྲ་མོའི་བུ་ཚ་ཞིག་ཏུ་སྐྱེས་ན་མི་གཞི་བཟང་བས་བསྟན་པ་ལ་ཕན་པ་ཞིག་ཨེ་ཡོང༌། གཞན་ཆེ་བཙན་དང་མ་རབས་ཀྱི་རིགས་སུ་སྐྱེས་ན་ཕུགས་རང་གཞན་ལ་གནོད་པ་ལས་མེད་ཅེས་རང་བཞིན་བབས་འཕྲོས་སུ་བསྩལ་རྗེས་མཁན་ཆེན་རིན་པོ་ཆེ་ཞིང་གཤེགས་པའི་དེ་ལོ་རང་དུ་རྗེ་འདི་ཉིད་འཁྲུངས་པ་དང༌། དྲུང་ཡིག་ཡབ་རྗེ་དེ་ཉིད་ནས་རྗེ་ཉིད་ཀྱི་གསན་ཐོ་རིན་པོ་ཆེ་གླེགས་བམ་ཚང་མ་གསར་བསྒྲིགས་ཀྱི་ཞབས་འགྱུར་ཞུས་པ་སོགས་ཐུགས་ལ་མཆོག་ཏུ་འདོགས་པ་ཞིག་ཡིན་འདུག་པ་བཅས་གང་ཅིར་སྐུ་སྐྱེ་ངེས་པ་ཅན་ཡིན་ཅེས་རྗེ་འཇམ་དཔལ་བཟང་པོས་གསུངས། འོན་ཀྱང་མཁན་ཆེན་རིན་པོ་ཆེ་ཞིང་གཤེགས་པ་དང༌། རྗེ་འདི་འཁྲུངས་པའི་བར་ལ་ཟླ་བ་དྲུག་ལས་མེད་སྟབས་སོགས་ཀྱིས་རྗེ་ཉིད་ནས་ཞལ་གྱིས་མི་བཞེས་རུང༌། འགའ་ཞིག་དེ་འདྲ་མང་དུ་ཡོད་དེ། སྐྱེས་བུ་དམ་པ་རྣམས་འཚོ་བའི་འདུ་བྱེད་ནི་བཏང༌། སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས་ཏེ་ལོ་ཟླ་ཅི་རིགས་པར་བཞུགས་པ་ཡོད་པས། འཚོ་བའི་འདུ་བྱེད་བཏང་མ་ཐག་ཐུགས་འདུན་གར་གཏད་དུ་སྐྱེ་བ་བཞེས་གྲུབ་པའི་ཕྱིར་ཞེས་གསུངས་པའང་ཐོས། གང་ལྟར་ཡང་བསྟན་པ་རིས་མེད་པ་ལ་ཕན་པའི་ཕྱིར་སྐྱེས་བུ་དམ་པ་ཐམས་ཅད་ཀྱིས་དགོངས་པ་གཅིག་ཏུ་བྱིན་གྱིས་བརླབས་པའི་སྤྲུལ་པར་ངེས་ཏེ། མངའ་རིས་པཎ་ཆེན་སོགས་ཀྱི་རྣམ་ཐར་དུ་འཕགས་བོད་མཁས་གྲུབ་ཕལ་མོ་ཆེའི་སྤྲུལ་པར་ལུང་བསྟན་ཚུལ་ཡོད་པ་དང༌། སྤྱིར་འཕགས་ས་ཐོབ་ནས་སྐྱེས་བུ་དམ་པ་མང་པོའི་སྤྲུལ་པ་གཅིག་ཏུ་བྱིན་གྱིས་བརླབས་པ་དང༌། སྐྱེས་བུ་དམ་པ་རྣམས་ཀྱང་སྤྲུལ་པ་བརྒྱ་ཕྲག་མང་པོ་དུས་གཅིག་ཏུ་སྟོན་ནུས་པའི་མིག་འཕྲུལ་ལྟ་བུའི་ཏིང་ངེ་འཛིན་དང་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་དབང་འབྱོར་པའི་ཕྱིར་གང་ལྟར་བརྟགས་ཀྱང་འགལ་བ་མེད་པར་སེམས་ཏེ། གོང་དུའང་ཅུང་ཟད་སྨྲོས་པ་ལྟར་རོ། །འདི་སྐབས་དབྱར་སོས་སྐོར་དུ་སྐྱོ་སངས་ཆེད་སྐུ་རྐྱང་གིས་གཡས་གཡོན་སྤང་ལྗོངས་བྲག་རི་སོགས་ལ་ཕེབས་སྐབས་གཟིགས་སྣང་མང་པོ་དང་གཏེར་གྱི་ཆ་ཤས་ཕྱག་ཏུ་སོན་པ་ཡོད་འདུག་ཀྱང་གཞན་ནས་མཐོང་ཚོར་མེད། ལན་གཅིག་བྲག་སྐྱིབས་ཤིག་ཏུ་ཕེབས་ནས་ཅུང་ཟད་མནལ་བ་ན། ནམ་མཁའ་ནས་དྷཱིཿཞེས་པའི་སྒྲ་ཆེན་པོ་གྲགས་པས་ཅུང་ཟད་ཤེས་པ་བརྒྱལ་ཐབས་སུ་སོང༌། དེ་ལས་སད་མ་ཐག་འཇམ་དཔལ་གཞོན་ནུ་དང་སློབ་དཔོན་འཇམ་དཔལ་བཤེས་གཉེན་དབྱེར་མེད་པ་དངོས་སུ་མཇལ་ནས་བྱིན་གྱིས་བརླབས་པས་འཇམ་དཔལ་བཤེས་གཉེན་གྱི་སྙིང་ཐིག་སྒྲོན་མ་བདུན་པ་ཐུགས་ལ་བཀྲ་ལམ་མེར་གསལ་བ་ཕྱིས་དུམ་བུ་དང་པོ་ལོ་རྒྱུས་ཀྱི་སྒྲོན་མ་ཙམ་འབེབ་པར་མཛད་སོང༌། དགུང་ལོ་བརྒྱད་པར་འབྱུང་གདོན་གྱི་བར་ཆད་ཀྱིས་ཕྱག་གཉིས་ཐབ་ཆེན་མེ་འོབས་སུ་ཤོར་བས་ཟུག་རྔུའི་ཚོར་བས་ཤིན་ཏུ་གདུང་བའི་སྐབས་སུ་ཨོ་རྒྱན་རིན་པོ་ཆེ་ཡབ་ཡུམ་གྱིས་དངོས་སུ་ཞལ་བསྟན་ནས། རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་དབང་བསྐུར་ཅིང་བྱིན་གྱིས་བརླབས། ཡང་ཕུར་སྦྲགས་མའི་སྙིང་ཐིག་སྙན་བརྒྱུད་དུ་བསྩལ་བས་སྐུ་ཁམས་འཕྲལ་དུ་དྭངས། ཞལ་གཟིགས་སྐོར་ནི་གཞན་ལ་ཟུར་ཙམ་ཡང་གསུང་བར་མི་སྣང༌། དགུང་ལོ་བཅུ་བཞེས་པའི་སྐོར་ནས་ཡབ་མེས་རྣམས་ཀྱི་གྲྭ་ཤུལ་རྫོང་སར་དགོན་དུ་ཕེབས་ནས་རང་ཤག་ཏུ་ཕལ་ཆེར་གདན་འཇགས་པར་མཛད། དགུང་གྲངས་བཅུ་གཅིག་སྐོར་དུ་ཀཿཐོག་རྡོ་རྗེ་གདན་དུ་ཕེབས། རང་གི་ཁུ་བོ་རྨོག་སྟོན་གསང་བདག་ཆེན་པོས་ཐུགས་བརྩེ་བས་སྐྱོང་ཞིང༌། འཇིགས་མེད་མཁྱེན་བརྩེའི་ཟློས་གར་ཞེས་པའི་མཚན་གསོལ། །གྲུབ་དབང་བྱང་ཆུབ་ཆོས་ཀྱི་ཉི་མ་ལས་ཀྱང་ཚེ་དབང་གསན་པས་སྐུ་ཚེ་མཐར་ཕྱིན་པའི་རྟེན་འབྲེལ་ཤིན་ཏུ་དགེ་བར་བྱུང་གསུངས། དགུང་ལོ་བཅུ་གཉིས་ཡན་ཆད་ནས་རིགས་ཀྱི་ནུས་པ་སད་དེ་ཅིའང་མ་བསླབ་པར། སྙན་ངག་གི་བསྟོད་ཚོགས་དང༌ཉམས་མགུར་སོགས་ཚིག་དོན་ཤིན་ཏུ་བཟང་བས་མཁས་པ་དང་གྲུབ་པ་རྣམས་ཀྱང་ཐུགས་འཕྲོག་ནུས་པ་བྱུང༌། དེ་དུས་ཤེས་བྱའི་གནས་ལ་བསླབ་སྦྱོང་མཛད་རྒྱུ་བྱུང་ན་གངས་ཅན་ཙམ་ན་འགྲན་ཟླ་བྲལ་བའི་མཁས་པ་ཆེན་པོ་འབྱུང་ངེས་སུ་སྣང་ནའང་། ཡབ་དྲུང་ཆེན་པ་གཤེགས་པ་སོགས་ཀྱིས་བསླབ་གཉེར་མཛད་རྒྱུ་མ་བྱུང་བར་ལོ་ཤས་ལུས། ཁྱད་པར་དགུང་ལོ་བཅུ་དྲུག་པར་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་བྱིན་གྱིས་བརླབས་པའི་དག་སྣང་བྱུང་བ་ནས་བརྩམས་ཏེ། ཕྱག་དཔེ་ཚར་རེ་གཟིགས་པ་ཙམ་གྱིས་དེའི་ཚིག་དོན་གང་ཡོད་ཐུགས་ལ་ཆུབ། བླ་མའི་རྣམ་ཐར་ལྟ་བུ་ཚར་གཅིག་གཟིགས་པས་སང་ཉིན་དེའི་དོན་ཐམས་ཅད་མཐར་ཆགས་སུ་མ་འདྲེས་པར་འཆད་ནུས་པ་དང༌། ཚིག་དེ་ལྡེབ་མ་དེའི་མདུན་རྒྱབ་ཀྱི་ཕྲེང་གར་ཡོད་ཀྱང་མི་ནོར་བར་མཁྱེན་པའི་ཤེས་རབ་ཀྱི་རླབས་བསམ་ལས་འདས་པ་ཞིག་ཏུ་བྱུང་འདུག །དེ་སྐོར་ལུང་དོན་ལྟར་ཁ་བ་དཀར་པོའི་ཕྱོགས་སུ་ཕེབས་གྲུབ་པ་ཞིག་བྱུང་ན་འབམ་ལྷ་མདུན་དུ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་འཕྲུལ་མཁའ་འགྲོ་ཞིག་ཡོད་པས་གྲོགས་བྱས་ནས་གཏེར་ཁ་བཅུ་གསུམ་རིམ་པར་བཞེས། དབུས་གཙང་མཚམས་སུ་ཆོས་སྡེ་ཞིག་བཙུགས་ནས་གསང་ཆེན་རྡོ་རྗེ་ཐེག་པའི་འབྱུང་གནས་བྱེད། མཐའ་དམག་ལོ་བརྒྱའི་བར་དུ་ཟློག །མངོན་ཤེས་དང་རྫུ་འཕྲུལ་ལ་དབང་འབྱོར། སྐུ་ཚེའི་མཇུག་ཏུ་སྨད་གཡུ་ལུང་གངས་རའི་གནས་སྒོ་འབྱེད་ནས་དེར་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་འགྲུབ་པ་ཡིན་འདུག་ཀྱང༌། དེ་འདྲའི་ཕྱོགས་ལ་གྲོགས་བྱེད་མེད་པའི་ཐོག །མ་ཡུམ་གཙོར་བྱས་དགེ་རྒན་སོགས་ནས་མནལ་ལམ་སོགས་ཟུར་ཙམ་ཐོས་ནའང་ཁྲེལ་བདས་དང་ཁྱད་གསོད་ཆེན་པོ་བྱེད། རྗེ་ཉིད་དགུང་ལོ་ཆུང་བའི་སྟབས་གཞན་དབང་དུ་ཤོར་བར་སྣང༌། ཡབ་དེ་ནི་ལྕང་ལོ་ཅན་དུ་ཕྱག་རྡོར་གྱི་ཞལ་མཐོང་བའི་གནོད་སྦྱིན་ཞིག་ཏུ་སྐྱེས་པ་དང༌། ཡུམ་ཡང་ཤ་ཟ་མཁའ་འགྲོའི་རིགས་ཅན་ཡིན་པས་དེང་སང་གནས་ཡུལ་ཀུན་ཏུ་ཉུལ་བའི་ཤ་ཟ་མཁའ་འགྲོ་ཞིག་ཏུ་སྐྱེས་ནས་སྐབས་རེར་ལུང་སྟོན་པའང་བྱེད་འདུག་གསུངས། དགུང་ལོ་བཅུ་བདུན་པར་འབམ་ལྷ་བདུན་གྱི་མཁའ་འགྲོ་དེའང་གཤེགས་པའི་མཚན་མ་གཟིགས། མཁའ་འགྲོ་འཁྲུགས་པའི་རྐྱེན་གྱིས་མནལ་ལྟས་རྣམས་ཀྱང་ལྡོག །ལོ་དེའི་མཇུག་ཏུ་རྫོང་སར་སྒང་སྣ་ཆོས་རྗེས་གསོལ་ཚིགས་ཞུས་པར་ལུག་ཤ་ཞིག་བཞེས་པའི་རྐྱེན་གྱིས་ཁམས་ལྡོག །དེ་ནུབ་དགོན་གྱི་གཟིམས་ཤག་ཏུ་གཟིམས་པའི་ཟ་ཟིའི་ངང་དུ་སྐྱེས་པ་དང་བུད་མེད་ཤ་ཆེན་པོ་རལ་པ་ཉག་རེ་ལ་གཡུ་བྱེར་མང་པོ་བཏགས་པ་གཉིས་རབ་གསལ་ནས་བྱུང་སྟེ་གདན་འོག་ཏུ་འཛུལ་སོང་བའི་སྣང་བ་བྱུང༌། ཕྱིར་ཉིན་ནས་རིམས་ལྟ་བུའི་བསྙུན་གཞི་ཚབས་ཆེན་གྱིས་ཟིན། ཞག་བདུན་བར་དུ་གསོལ་ཆས་འགགས། ཞལ་དབུགས་ཀྱི་འགྱུ་བ་ཆད། མ་ཡུམ་སོགས་ཀྱིས་ཉིན་མཚན་ཀུན་ཏུ་ཤངས་སྒོར་སྤུ་ཉག་བཞག་ནས་བསྲུང་དགོས་པ་ཞིག་བྱུང༌། རྗེ་ཉིད་ནི་འདིར་སྣང་ཡོངས་སུ་ནུབ་ནས་རིགས་དྲུག་གི་གནས་སྦྱོང་ལྟ་བུས་མཐོ་རིས་ནས་ངན་སོང་ཡན་ཆད་མ་སླེབས་ས་གཅིག་ཀྱང་མེད་པའི་སྣང་བ་ཤར་བས་གཞན་གྱིས་སྟངས་བྱས་ན་དེ་རྗེས་འདས་ལོག་གི་སྒྲུང་པོད་ཆེན་པོ་བྲི་ཆོག་པ་ཡོད་གསུངས། དེ་སྐབས་སྐུ་རིམ་མང་དུ་བྱས། ཞག་བདུན་ཙམ་སོང་ཉིན་སྒང་སྣ་ཆོས་རྗེས་འཇིགས་བྱེད་སྦྱིན་སྲེག་བླུགས་ནས་མེ་ཞགས་འཕངས་པའི་སྐབས་སྤྱན་ལམ་དུ་དམར་ཚུབས་ལྟ་བུ་བྱུང་བས་རྐྱེན་བྱས་ནས་སྤྱན་གྱིས་ཅུང་ཟད་གཟིགས་སུ་ཡོད་པ་དང༌། རིམ་གྱིས་གསོལ་ཇ་ཞུས་པ་ཕྲན་བུ་བཞེས་ཤིང་གསུང་ཅུང་ཟད་བྱོན་ཐུབ། ཐོག་མར་གཞན་ཅིའང་མི་མཁྱེན་མ་ཡུམ་ཁོ་ན་ངོ་མཁྱེན་འདུག་གསུངས། དེ་ནས་ཞག་རེ་བཞིན་སྐུའི་ཉེར་སྤྱད་ཡན་ལ་ངོ་གསར་དུ་སྤྲད་ནས་མིང་རེ་རེ་བཏགས་དུས་རེ་རེ་ཤེས་དགོས་པ་ཞིག་བྱུང་བས། དེ་རྗེས་སྐུ་ཁམས་རྩ་བ་ནས་དྭངས་སྐབས་ཀྱང་སྐྱེ་བ་སྔ་མ་འཕོས་ནས་སྐྱེ་ལུས་གསར་དུ་བླངས་པ་ལྟ་བུས་བྲིས་ཀློག་ཚུན་མུ་མཐུད་དུ་མཁྱེན་དགོས་པ་བྱུང་བས་སྔར་གྱི་ཤེས་རབ་དེའི་བཞི་ཆ་ཙམ་ཞིག་ལས་མ་བྱུང་གསུངས། དགུང་གྲངས་བཅོ་བརྒྱད་པར་ཆོས་རྒྱལ་སྡེ་དགེ་མཆོད་ཡོན་གྱི་བཀས་བསྐུལ་ཏེ་ཞེ་ཆེན་རི་ཁྲོད་པདྨ་འོད་གླིང་དུ་ཕེབས། བཅུ་ཕྲག་རིག་པའི་གནས་མཐར་སོན་པའི་མ་ཧཱ་པཎྜི་ཏ་སྣང་བའི་བདེན་འཛིན་གྱི་འཁྲུལ་པ་གཏད་མེད་དུ་ཞིག་པའི་གྲུབ་བརྙེས་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དཔལ་བཟང་པོའི་ཞབས་པད་དུ་བསྙེན་ཏེ། བརྡ་སྤྲོད་རིག་པའི་གཞུང་ཆེན་གསུམ། སྡེབ་སྦྱོར། སྙན་དངགས་མེ་ལོང་མ། མངོན་བརྗོད་འཆི་མེད་མཛོད་རྩ་འགྲེལ། མངའ་རིས་པཎ་ཆེན་གྱིས་མཛད་པའི་སྡོམ་གསུམ་རྣམ་ངེས་རྩ་འགྲེལ། སྒྱུ་འཕྲུལ་ཞི་ཁྲོའི་དབང་དང་རྩ་རྒྱུད་གསང་བ་སྙིང་པོའི་བཤད་པ་གཙོ་བོར་གྱུར་པའི་རྙིང་མ་བཀའ་གཏེར་མང་པོའི་སྨིན་གྲོལ་གསན་ནས་སླར་ཕེབས། དགུང་གྲངས་བཅུ་དགུའི་སྐོར་དུ་རིག་འཛིན་འཇིགས་མེད་གླིང་པའི་ཞལ་སློབ་མདོ་ཁམས་ཐུག་སྲས་རྣམ་གསུམ་གྱི་ཡ་གྱལ། བྱང་ཆུབ་སེམས་དཔའ་ཆེན་པོ་འགྲོ་བ་འདུལ་བའི་ཕྲིན་ལས་ལ་མངའ་བརྙེས་པ་འཇིགས་མེད་རྒྱལ་བའི་མྱུ་གུ་གཏེར་ལྷུང་ཕྱོགས་སུ་ཕེབས་པ་ལས། ཀློང་ཆེན་སྙིང་ཐིག་གི་སྨིན་གྲོལ་རྩ་བ་རྣམས་གསན་པའི་དབང་གི་སྐབས་ཤིག་བཞུགས་སྒར་གྱི་ཐད་དུ་ཁ་དོག་ལྔ་ལྡན་གྱི་འཇའ་གུར་ཕུབ་པ་སོགས་ལྟས་བཟང་པོ་བྱུང༌། གླིང་སྲས་རིག་འཛིན་པདྨ་འགྲོ་འདུལ་ཕེབས་པ་ལས་ཀྱང་ཉིད་ཀྱི་དགོངས་གཏེར་ཡཀྴ་མེ་དབལ་སོགས་ཀྱི་དབང་ལུང་གསན། རྡོ་གྲུབ་ཆེན་གྱི་ཞལ་སློབ་བླ་མ་བློ་བཟང་ནོར་བུ་ཞེས་པ་ལས་གྲུབ་ཆེན་གྱི་དགོངས་གཏེར་འོད་དཔག་མེད་ཀྱི་དབང་ལུང་སོགས་གསན་ཅིང༌། སེམས་དོན་གྱི་ངོ་སྤྲོད་ཕུལ་བས་ཕྱིས་ཀྱང་སེམས་ཀྱི་ངོ་བོ་ལ་དེ་ལས་བོགས་དབྱུང་དུ་མི་འདུག་གསུངས། གཏེར་སྟོན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་ཡུལ་དེར་བཞུགས་པའི་སྦས་པའི་རྣལ་འབྱོར་པ་སངས་རྒྱས་དོན་གྲུབ་ཅེས་པ་ཡབ་གཞིས་སུ་སྐབས་རེར་སྐུ་རིམ་ཆེད་དུ་བྱོན་པ་ཞིག་ཡོད་པ་དེ་ལས་གཏེར་ཆོས་འགའ་རེ་གསན། བླ་མ་དེས་རྗེ་འདི་ཉིད་སྐུ་ཆུང་ངུ་ནས་དམ་པའི་རྣམ་འཕྲུལ་དུ་བསྔགས་ཤིང་ཕྱིས་འབྱུང་གི་ལུང་བསྟན་ཐོར་བུ་འགའ་རེ་ཐོལ་བྱུང་དུ་གསུངས་པའང་ཐོག་ཏུ་ཁེལ་བ་ཡིན་སྣང་ངོ༌།། །།གསུམ་པ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་ནས་སྡོམ་པ་གསུམ་ལྡན་དུ་མཛད་པའི་ཚུལ་ནི། གང་ཞིག་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་དང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་པའི་དགེ་བའི་བཤེས་གཉེན་རྣམས་ནི་ལྷག་པའི་ཚུལ་ཁྲིམས་རྣམ་པ་གསུམ་ལ་མི་སློབ་པ་དང༌། རྒྱུད་སྡོམ་པས་མི་སྡོམ་པ་ནི་གནས་མེད་པའི་ཕྱིར། སློབ་དཔོན་དབྱིག་གཉེན་གྱིས་ཀྱང༌། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཅེས་པའི་གོ་རིམ་དུ་གསུངས་པ་ལྟར། ཐོག་མ་ཉིད་དུ་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེ་ལེགས་པར་བཞེས་ནས་རིམ་གྱིས་མང་དུ་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པར་མཛད་པར་བཞེད་པ་དང༌། ཐར་རྩེ་མཁན་ཆེན་རིན་པོ་ཆེ་མཆེད་ཞལ་གྱི་བཞེད་པ་སྐོང་བའི་སླད་དུ་དགུང་གྲངས་ཉི་ཤུ་པ་ས་མོ་ཕག་གི་ལོར་རྫོང་སར་དགོན་ནས་ཆིབས་བསྐྱོད་དེ་དབུས་ལྗོངས་དག་པའི་ཞིང་ཁམས་སུ་རིམ་གྱིས་བྱོན་ནས། ཐོག་མར་ངོར་ཨེ་ཝཾ་ཆོས་ལྡན་དུ་ཞབས་བཀོད་ནས་ཐར་རྩེ་བླ་བྲང་དུ་བཞུགས་གདན་འཇགས་པར་མཛད། དགུང་ལོ་ཉེར་གཅིག་ཏུ་སོན་པ་ལྕགས་ཕོ་བྱི་བའི་ལོར། མདོ་སྡེ་མཛངས་བླུན་ལས། གང་ཞིག་རབ་ཏུ་བྱུང་བ་དེའི་བསོད་ནམས་ནི་རབ་ཏུ་མང་སྟེ། བདག་གི་བུའམ་བུ་མོའམ་བྲན་ཁོལ་ལས་གང་ཡང་རུང༌། རབ་ཏུ་བྱུང་བར་གནང་ངམ། བདག་ཉིད་རབ་ཏུ་བྱུང་ན་དེའི་བསོད་ནམས་དཔག་ཏུ་མེད་དོ། །གང་ཞིག་སྦྱིན་པ་བྱས་པའི་བསོད་ནམས་དེ་ནི་སྐྱེ་བ་བཅུ་གཉིས་ཀྱི་བར་དུ་ལོངས་སྤྱོད་མོད་པར་འགྱུར། གནམ་རིམ་པ་དྲུག་གི་ལྷར་ཡང་དང་ཡང་དུ་སྐྱེ་བ་ལས། མི་གཅིག་རབ་ཏུ་བྱུང་ངམ་བདག་ཉིད་རབ་ཏུ་བྱུང་ན་བསོད་ནམས་འདི་ནི་སྔ་མ་བས་མཆོག་ཏུ་ཆེའོ། །དེ་ཅིའི་ཕྱིར་ཞེ་ན་སྦྱིན་པ་བྱས་པའི་བསོད་ནམས་ནི་ཟད་མཐའ་ཡོད་ཀྱི། རབ་ཏུ་བྱུང་བའི་བསོད་ནམས་དཔག་ཏུ་མེད། མཐའ་མེད། གཞན་ཡང་ཚུལ་ཁྲིམས་སྲུང་བའི་བསོད་ནམས་ཀྱིས་མངོན་པར་ཤེས་པ་ལྔ་དང་ལྡན། དྲང་སྲོང་དང་མཐོ་རིས་ཀྱི་ལོངས་སྤྱོད་ཚངས་པའི་འཇིག་རྟེན་གྱི་བར་དུ་མྱོང་བར་འགྱུར་གྱི། སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བའི་བསོད་ནམས་བསམ་གྱིས་མི་ཁྱབ་སྟེ། མྱ་ངན་ལས་འདས་པའི་བར་དུ་བསོད་ནམས་ཟད་མི་ཤེས་སོ། །ཞེས་དང༌། ཡང་ན་རབ་ཏུ་བྱུང་བའི་ཆོས་ཀྱིས་ནི་བདུད་ཀྱི་འཁོར་མེད་པར་བྱེད་ཅིང་སངས་རྒྱས་ཀྱི་གདུང་འཚོབ་པར་བྱེད་དོ། །སྡིག་པ་མི་དགེ་བའི་ཕྱོགས་མེད་པར་བྱེད་ཅིང༌དགེ་བའི་ཕྱོགས་སྐྱེད་པར་བྱེད་དོ། ཁ་ན་མ་ཐོ་བའི་དྲི་མ་མེད་པར་བྱེད་ཅིང༌བླ་ན་མེད་པའི་བསོད་ནམས་ཀྱི་ལས་སྐྱེད་པར་བྱེད་དོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་རབ་ཏུ་བྱུང་བའི་བསོད་ནམས་ནི་རི་རབ་ལྷུན་པོ་བས་ཀྱང་འཕང་མཐོ་འོ། །རྒྱ་མཚོ་བས་གཏིང་ཟབ་བོ། །ནམ་མཁའ་བས་རྒྱ་ཆེ་འོ། །ཞེས་སོགས་གསུངས་པ་དང༌། འཇུག་པ་ལས་ཀྱང༌། སོ་སོ་སྐྱེ་བོ་རྣམས་དང་གསུང་སྐྱེས་དང༌། །རང་བྱང་ཆུབ་ལ་བདག་ཉིད་ངེས་རྣམས་དང༌། །རྒྱལ་སྲས་རྣམས་ཀྱི་ངེས་པར་ལེགས་པ་དང༌། །མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད། །ཅེས་སོགས་བཀའ་དང་བསྟན་བཅོས་ལས་རྒྱ་ཆེར་འབྱུང་བའི་དོན་བཞིན་སོ་ཐར་གྱི་སྡོམ་པ་གསན་པར་བཞེད་ཅིང༌། དེའང་སྔ་འགྱུར་གྱི་སྡོམ་རྒྱུན་ཞིག་གསན་དགོས་པའི་རྒྱུ་མཚན་ཡོད་པར་སྣང་ཡང་དེ་འདྲའི་གནད་བཀའ་གནང་བའི་སྲོལ་མེད་སྟབས་ཉེ་གནས་ཚུལ་ཁྲིམས་རྒྱ་མཚོ་བ་བཅས་དཔོན་སློབ་གཉིས་བྱ་བྲལ་བའི་འགྲོས་ཀྱིས་དབུས་གྲྭ་ཕྱི་ཨོ་རྒྱན་སྨིན་གྲོལ་གླིང་དུ་ཕེབས། སྟོན་པའི་ཞལ་རས་ལྷ་ཁང་དུ། ལྷོ་བྲག་པ་གྲུབ་ཆེན་མེ་ལོང་རྡོ་རྗེའི་གདུང་ལས་བྱོན་པ་བརྟན་མཁས་ཕན་འདོགས་པའི་ཡན་ལག་རྨད་དུ་བྱུང་བས་མངོན་པར་མཐོ་བའི་མཁན་པོ་འགྱུར་མེད་རིག་འཛིན་བཟང་པོ། ལས་ཀྱི་སློབ་དཔོན་ཁྲི་འཛིན་པ་འགྱུར་མེད་དོན་གྲུབ། གསང་སྟེ་སྟོན་པ་སྔགས་རབ་འགྱུར་མེད་གར་དབང༌། དུས་གོ་བ་བྱང་འདྲེན་ཆེན་མོ་འགྱུར་མེད་ཀུན་ལྡན། གྲོགས་དན་པ་དགེ་བསྐོས་ཆེན་མོ་སྔགས་རབ་འགྱུར་མེད་དཔལ་བཟང་བཅས་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་སོ་སོ་ཐར་པའི་དགེ་སློང་གི་སྡོམ་ལྡན་དུ་བསྒྲུབས་པར་མཛད། མཁན་པོ་དང་ལས་གྲྭ་རྣམས་ལ་གཏང་རག་གི་བསྙེན་བཀུར་བས་ཀྱང་མཉེས་པར་མཛད། སྤྱིར་རང་གཤིས་ཀྱིས་སྐུ་ཆུང་ངུའི་དུས་ནས་སྤྱོད་ལམ་གཙང་ཞིང་རྣམ་པར་དག་པ་ཁོ་ནར་བཞུགས་ཤིང༌། དེ་ཕྱིན་ཆད་ནས་ཞི་བར་གཤེགས་ཀྱི་བར་ཡང༌། ཕྱི་རུ་ཉན་ཐོས་སྤྱོད་པ་བསྐྱང༌། །ནང་དུ་འདུས་པའི་དོན་ལ་དགའ། །ཞེས་གསུངས་པ་ལྟར་རྟགས་དང་ཆ་ལུགས་ཚུན་ཆད་དགེ་སློང་གི་དངོས་པོ་ལས་ནམ་ཡང་མི་འདའ་བའི་ཀུན་སྤྱོད་ཤིན་ཏུ་གཙང་ཞིང་ཚངས་སྤྱོད་ཀྱི་བསླབ་པ་དྲི་མ་མེད་པ་སྐུ་ཉམས་སུ་བསྟར་བར་མཛད་དོ། །ཞི་བ་ལྷས། སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་གཞོམ་འདོད་ཅིང༌། །སེམས་ཅན་མི་བདེ་བསལ་བར་འདོད་པ་དང༌། །བདེ་མང་བརྒྱ་ཕྲག་སྤྱོད་པར་འདོད་པས་ཀྱང༌། །བྱང་ཆུབ་སེམས་ཉིད་རྟག་ཏུ་གཏང་མི་བྱ། །ཞེས་གསུངས་པ་ལྟར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་བ་ལ་མེད་ན་མི་འབྱུང་བའི་ས་བོན་གྲུངས་པོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ལ་ཐོག་མ་མེད་པ་ནས་གོམས་པ་མཐར་སོན་ཀྱང་། གདུལ་བྱའི་སྐྱེ་བོ་རྗེས་སུ་གཟུང་བའི་སླད་དུ་ཤིང་རྟའི་སྲོལ་ཆེན་པོ་གཉིས་ལས་བྱུང་བའི་བྱང་ཆུབ་ཏུ་སེམས་བསྐྱེད་པའང་སོ་སོར་གསན་པར་མཛད་དེ། དཔལ་ས་སྐྱ་པ་ཆེན་པོ་འཇམ་མགོན་རྡོ་རྗེ་རིན་ཆེན། འཇམ་མགོན་བསྟན་འཛིན་སྙན་གྲགས། སྨིན་གླིང་ཁྲི་ཆེན་འགྱུར་མེད་སངས་རྒྱས་ཀུན་དགའ་རྣམས་ལས་ཀླུ་སྒྲུབ་ནས་བརྒྱུད་པའི་དབུ་མ་ལུགས་དང༌། འཇམ་མགོན་ས་སྐྱ་པ་ཆེན་པོ། སེམས་དཔའ་ཆེན་པོ་བློ་གསལ་བསྟན་སྐྱོང༌། ཁོ་བོ་བློ་གྲོས་མཐའ་ཡས་ལས་ཀྱང་ཐོགས་མེད་ནས་བརྒྱུད་པའི་སེམས་ཙམ་ལུགས་སུ་གྲགས་པའི་སེམས་བསྐྱེད་གསན་པར་མཛད་ཅིང་དེ་དག་སོ་སོར་ཡང་སྐབས་སུ་བབས་པའི་མཆོད་པའི་སྤྲིན་རྒྱ་ཆེར་སྤྲོ་བ་དང༌། དངོས་པོ་གྱ་ནོམ་པ་ཅི་འབྱོར་པ་སེམས་བསྐྱེད་པའི་རྟེན་དུ་འབུལ་ཞིང་རྣམ་པ་ཀུན་ཏུ་རང་འཁྲིས་དང་གཡོ་སྒྱུ་སྤངས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཡང་དག་པར་འཇུག་པ་ནི་ཀུན་གྱི་སྤྱོད་ཡུལ་དུ་གྱུར་པ་ཉིད་དོ། །གྲངས་མེད་གསུམ་དུ་ཕ་རོལ་ཕྱིན་དྲུག་དཀའ་བ་དུ་མས་སྤྱོད་པ་སོགས་ལ་མི་ལྟོས་པར་ཐབས་དང་ཤེས་རབ་ཟབ་མོ་བདེ་མྱུར་གྱི་ལམ་གྱིས་ཚེ་གཅིག་གམ་སྐྱེ་བ་བཅུ་དྲུག་ཚུན་ལ་ཟུང་འཇུག་རྡོ་རྗེ་འཆང་གི་སར་སྦྱོར་བ། བདག་ཅག་གི་སྟོན་པའི་སྨོན་ལམ་དང་ཐུགས་བསྐྱེད་ཀྱི་ཁྱད་པར་ཁོ་ན་ལས་བྱུང་བ་གསང་སྔགས་རྡོ་རྗེ་ཐེག་པའི་སྨིན་གྲོལ་གསན་པའི་ཚུལ་རྒྱས་པ་འོག་ཏུ་འབྱུང་ཞིང༌། གཙོ་བོར་རྗེ་ཉིད་ཀྱི་ཕྱག་ཐོ་གནང་བར། མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་ལས་བྱ་རྒྱུད་ཀྱི་གཙོ་བོ་རིགས་གསུམ་སྤྱི། མ་ཧཱ་པཎྜི་ཏ་དཀོན་མཆོག་བསྟན་པ་རབ་རྒྱས་ལས་སྤྱོད་རྒྱུད་ཀྱི་གཙོ་བོ་རྣམ་སྣང་མངོན་བྱང༌། ཁྱབ་བདག་བློ་གསལ་བསྟན་སྐྱོང་ལས་རྣལ་འབྱོར་རྒྱུད་ཀྱི་གཙོ་བོ་རྡོ་རྗེ་དབྱིངས། རྡོ་རྗེ་འཆང་ཀུན་དགའི་ཞབས་ལས་རྣལ་འབྱོར་བླ་མེད་ཕ་རྒྱུད་གསང་འདུས་ལུགས་གཉིས་དང༌མ་རྒྱུད་བདེ་མཆོག་ལཱུ་ནག །ཁྱབ་བདག་ཞྭ་ལུ་པ་དང༌། དུས་ཞབས་པ་འཇམ་པའི་དབྱངས་བློ་གྲོས་མཐའ་ཡས་ལས་དཔལ་དུས་ཀྱི་འཁོར་ལོ་སྐུ་གསུང་ཐུགས་ཡོངས་རྫོགས། མཁན་ཆེན་རྡོ་རྗེ་འཆང་ཞལ་རྣམ་པ་གཉིས་ལས་རྒྱུད་སྡེའི་མཐར་ཐུག་དཔལ་ཀྱེ་རྡོ་རྗེའི་དབང་གི་མངོན་པར་རྟོགས་པ་བརྒྱད་ལྡན། འཇམ་མགོན་མཐུ་སྟོབས་རྣམ་རྒྱལ་སོགས་ལས་སྔ་འགྱུར་མདོ་སྒྱུ་སེམས་གསུམ་དང༌། བཀའ་དགོངས་ཕུར་གསུམ་གྱིས་མཚོན་པའི་དབང་བཀའ་མཐའ་ཡས་པ་གསན་པར་གསུངས་ཏེ། རིག་འཛིན་སྔགས་ཀྱི་སྡོམ་པས་རྒྱུད་སྨིན་ཅིང་གྲོལ་བར་མཛད་དེ་བསྟན་པ་ལ་ཞུགས་ཤིང་ཡོངས་སུ་རྫོགས་པའི་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོར་བཞུགས་པ་ཡིན་ནོ།། །།བཞི་པ་དགེ་བའི་བཤེས་གཉེན་བསྟེན་ཅིང་གསན་བསམ་གྱི་སྒོ་ནས་མང་དུ་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པར་མཛད་པའི་ཚུལ་ནི། འཕགས་པ་བརྒྱད་སྟོང་པ་ལས། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱའོ། །ཞེས་དང༌། སྡུད་པ་ལས། སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བསྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བས་དེ་སྐད་གསུངས། །ཞེས་སོགས་གསུངས་པ་ལྟར། དམ་པ་འདི་ཉིད་ནི་སྐུ་ཆུང་ངུའི་དུས་ནས་རིས་སུ་མ་ཆད་པའི་དགེ་བའི་བཤེས་གཉེན་དང་བླ་མ་བསྟེན་པ་ཁོ་ན་ལ་ཐུགས་དགྱེས་ཤིང་དེ་དག་ལས་དམ་པའི་ཆོས་ཚོལ་བ་ཉིད་མཛད་པའི་གཙོ་བོ་ཡིན་པར་སྣང་སྟེ། དེའང་རིགས་རུས་ཆོ་འབྲང་བཙུན་པ་དང༌། གོ་ས་ཐོབ་ཐང་ཆེ་བ་དང༌། སྟོབས་དང་འབྱོར་པའི་གཟི་བརྗིད་ཀྱིས་དྲེགས་པ་རྣམས་ཀྱིས་ནི་རང་ལས་དམན་པའི་བླ་མ་ལ་ཆོས་ཀྱི་ཡོན་ཏན་ཡོད་དུ་ཟིན་ཀྱང༌། རང་གི་ཆེ་བ་ཉམས་ཀྱི་དོགས་པ་དང༌། གཞན་གྱིས་དཔྱས་གདགས་ཀྱི་དོགས་པ་དང༌། ངའོ་སྙམ་པའི་ང་རྒྱལ་གྱིས་ཁེངས་པའི་ཕྱིར་བསྟེན་པར་མི་སྤོབས་ལ། རིག་པའི་གནས་སམ་མདོ་རྒྱུད་ལ་གོ་རྟོགས་ཡོད་པ་རྣམས་ཀྱང་དེ་ཙམ་ཤེས་པའི་ཁེངས་པས་བསྙེམས་ཏེ་བདག་ནི་མཁས་པའོ། །བདག་ནི་དགེ་བཤེས་ཆེན་པོའོ་སྙམ་པའི་ང་རྒྱལ་གྱིས་ཁོང་སྦོས་ཏེ་གང་ལའང་འདུད་པར་མི་བྱེད་པ་དང༌། ཕལ་མོ་ཆེ་ནི་བདག་ནི་གྲྭ་ས་དེ་དང་ཆོས་ལུགས་དེ་འཛིན་པའོ་སྙམ་པའི་ཕྱོགས་གཅིག་ཁོ་ནར་ཞེན་ཏེ་རང་ལུགས་ཀྱི་བླ་མ་ཡོན་ཏན་ཡོད་མེད་གང་ལྟར་བླུན་ཞེན་ཁོ་ནས་སངས་རྒྱས་ལྟར་འཛིན་ཅིང་། དཀོར་སྡུད་ཀྱི་ལག་སྣེ་ཟ་ཆོག་ཕྲན་ཚེགས་ཙམ་ལས་ཟབ་རྒྱས་ཀྱི་ཆོས་དོན་དུ་གཉེར་བ་ཤིན་ཏུ་དཀོན་པ་སྙིགས་དུས་ཀྱི་མུན་རུམ་ཆེན་པོ་འདིར། གཞན་དང་མ་འདྲེས་པའི་རྣམ་ཐར་གློག་འོད་འཁྱུགས་པ་ལྟར་སྣང་བ་ནི་སྔོན་གྱི་ཐུགས་བསྐྱེད་ཀྱི་སྟོབས་ལས་བྱུང་བའི་ཕྱིར། རིགས་རུས་གོ་ས་སྟོབས་འབྱོར་སོགས་ཀྱི་ཁེངས་དྲེགས་གཏན་ནས་མི་མངའ་ཞིང༌། རང་ཉིད་ཀྱི་བསླབ་ཤེས་ཡོན་ཏན་ཇི་ཙམ་མངའ་ཡང་དེ་ལ་སྙེམ་པ་རྡུལ་ཙམ་མི་མཛད་པར་གཞན་གྱི་ཡོན་ཏན་ཆུང་ངུ་ལའང་ངོ་མཚར་དུ་འཛིན་པར་མཛད་པ་དང༌། རྗེ་ཉིད་རྩ་བ་ས་ངོར་གྱི་བསྟན་འཛིན་ཆེན་པོ་ཡིན་པ་གཞིར་བཅས་ཀྱང་རང་འདོད་ཀྱི་ཕྱོགས་འཛིན་རྩ་བ་ནས་མེད་པས་གངས་ཅན་ཐུབ་པའི་བསྟན་པ་ཡིན་ནོ་ཅོག་གི་བསྟན་འཛིན་རྣམས་ལ་གུས་པ་དང༌། སོ་སོའི་ཆོས་རྒྱུན་ཁུངས་དང་འབྲེལ་ངེས་པ་རྣམས་ཕྱོགས་རིས་དང་ཆོག་ཤེས་མེད་པར་གསན་བསམ་ཡང་ནས་ཡང་དུ་མཛད་པ་ལ་ནམ་ཡང་བརྩོན་པ་མི་བརྟུལ་ཅིང་སྐྱོ་དུབ་ཅུང་ཟད་ཀྱང་མི་མངའ་བས། མང་དུ་ཐོས་པར་སྨྲ་བ་མང་ཡང་ཐུབ་བསྟན་ཡོངས་སུ་རྫོགས་པའི་མང་དུ་གསན་པ་འདི་ལྟ་བུ་ནི་ཆེས་དཀོན་པར་སྣང་ངོ༌། །མདོ་སྡེ་ལས་མང་དུ་ཐོས་པའི་ཕན་ཡོན་རྒྱ་ཆེར་གསུངས་ཤིང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་དོན་མ་ཡིན་པ་སྤོང༌། །ཐོས་པས་མྱ་ངན་འདས་པ་ཐོབ། །ཅེས་གསུངས་ཤིང༌། བཀའ་དང་བསྟན་བཅོས་རྣམས་ཀྱི་ཆོས་ཀྱི་དོན་ཤེས་པ་ལས། བདུད་ཀྱི་ལས་སུ་གྱུར་པའི་སྡིག་པ་དང་དོན་མ་ཡིན་པའི་བྱ་བ་ཐམས་ཅད་སྤངས་པས་སྐྱེས་བུ་དམ་པའི་ཡོན་ཏན་མཐའ་དག་ལྡན་པར་འགྱུར་ལ། དེ་དང་ལྡན་པས་ལྷ་དང་བཅས་པའི་འཇིག་རྟེན་ན་བསྔགས་པར་འོས་པ་སྟེ། སྐྱེས་རབས་ལས། ཡོན་ཏན་ཡོད་ན་རྒྱལ་པོའི་གོ་འཕང་དང༌། །སྐྱེ་རྒུ་མངོན་པར་མཐོ་བ་ཐོབ་པར་འགྱུར། །ལྷ་དབང་དཔལ་ཡང་ཡོན་ཏན་ལ་ལྟོས་ཏེ། །ཡོན་ཏན་ཡོད་ན་ཕ་རོལ་མགུ་བར་འགྱུར། །གྲགས་པ་རྣམས་ཀྱང་ཡོན་ཏན་ཉིད་ལས་འཕྲོ། །བདག་ཉིད་ཆེ་བའང་ཡོན་ཏན་ལྡན་ལས་འབྱུང༌། །ཟླ་འོད་ལས་ཀྱང་གསལ་བའི་ཡོན་ཏན་གྱིས། །དགྲ་བོ་མི་བཟད་དྲེགས་ཤིང་སྡང་བ་དང༌། །འཁོན་རྙིང་ཡོད་ཅིང་ཕྲག་དོག་ཆེ་བ་ཡང༌། །ཡིད་ནི་རབ་ཏུ་དྭངས་ཤིང་མགུ་བྱེད་དོ། །ཞེས་སོགས་འབྱུང་བ་བཞིན་ནོ། །ཡོན་ཏན་དེ་ལྡན་གྱི་གསན་བསམ་མཛད་པའི་ཚུལ་ལ་གཉིས། ཐུན་མོང་བ་ཕྱི་རིག་པ་དང༌། ཐུན་མོང་མ་ཡིན་པ་ནང་རིག་པའི་གནས་རྣམས་སོ། །དང་པོ་ནི། རྒྱལ་བས་མདོ་ལས་རྒྱས་པར་བཀའ་བསྩལ་པའི་དོན་རྒྱལ་ཚབ་བྱམས་པས་ཚིགས་སུ་གཅད་པ། རིགས་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་བས་གཞན་དག་ཚར་གཅད་རྗེས་སུ་གཟུང་ཕྱིར་དང༌། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ། །ཞེས་དང༌། ས་སྐྱ་པཎ་ཆེན་གྱིས། རང་བློ་ཤེས་བྱའི་གནས་ལ་མ་སྦྱང་ན། །ཐམས་ཅད་མཁྱེན་པ་ནམ་མཁའི་མཐའ་ལས་རིང༌། །དེ་ལྟར་དགོངས་ནས་རྒྱལ་དང་རྒྱལ་སྲས་ཀྱིས། །རིག་པའི་གནས་རྣམས་སྦྱང་ཞེས་ལེགས་པར་གསུངས། །ཞེས་གསུངས་པ་ལྟར་ཐོག་མར་རིག་པའི་གནས་ལ་གསན་བསམ་མཛད་དེ། ཞེ་ཆེན་པཎྜི་ཏ་འཇམ་དབྱངས་དགྱེས་པའི་བློ་གྲོས་ཀྱི་ཞལ་སྔ་ནས། ཀཿཐོག་པཎྜི་ཏའི་འགྲེལ་པའི་སྟེང་ནས་དབྱངས་ཅན་སྒྲ་མདོའི་ས་རིས་ཐུགས་ཐོག་ནས་ཆིག་རྒྱུགས་འཕེར་བ་ཟླ་བ་གཅིག་དང་ཞག་བཞིས་འདྲིལ་བར་མཛད་ཅིང༌། གཞན་ཡང་ས་བཟང་སྒྲ་ཊཱིཀ་སོགས་ཀྱི་སྟེང་ནས་ཀ་ལཱ་པའི་གཞུང༌། སི་སོགས། ཏི་སོགས། བྱིངས་མདོ་རྩ་འགྲེལ་བཅས་ཀྱི་རི་མོ་ཚང་མ། འཇམ་མགོན་སི་ཏུ་རིན་པོ་ཆེའི་འགྲེལ་ཆེན་སྟེང་ནས་ཙཱནྡྲ་པའི་གཞུང་དང༌། སུཔྲ་མཐའ། ཏིང་མཐའ། ཨུཎ་སོགས་ཀྱི་རི་མོ་ཚང་མ། སི་ཏུ་རིན་པོ་ཆེའི་ཞལ་ལུང་ཁམས་པའི་འགྲེལ་ཆེན་སྟེང་ནས་སྙན་ངག་མེ་ལོང་ལེའུ་གསུམ་གའི་གོ་དོན་རྩོམ་རྒྱུགས་རྒྱས་སྤྲོས་བཅས་ཞག་ཉི་ཤུས་འདྲིལ་བ། སྨིན་གླིང་ལོ་ཆེན་འགྲེལ་པའི་སྟེང་ནས་སྡེབ་སྦྱོར་རིན་འབྱུང་ངོ་མཚར་རྟོགས་བྱེད་ཀྱི་རི་མོ་བཅས་ཞག་དྲུག་གི་ཁོངས་སུ་འདྲིལ་བར་མཛད་པས་སློབ་དཔོན་ནས་ཀྱང་མཁྱེན་རབ་ཆེ་བའི་བསྔགས་བརྗོད་གནང་ཞིང༌། སྔོན་ཆད་སྲོལ་མ་བྱུང་བ་སྙན་ངག་གི་གསལ་བྱེད་ངེས་པའི་བྱ་དཀའ་སོགས་ལེགས་སྦྱར་སྐད་དུ་བརྩམས་པ་དང༌། ངོ་མཚར་རྟོགས་བྱེད་ཀྱི་རི་མོ་འབྲི་ཚུལ་སོགས་རྩོམས་ཤིག་ཅེས་བཀས་བསྐུལ་བར་མཛད་པ་ལྟར་བྲིས་ཏེ་སྤྱན་འབེབ་ཕུལ་བས་ཀུན་བཤད་ཀྱི་མཚན་འདོགས། ཚངས་སྲས་དགྱེས་པའི་བློ་ལྡན་གདོང་དྲུག་དགའ་བའི་ལང་ཚོ་ཞེས་པ་དང་འབྲེལ་བའི་བསྔགས་བརྗོད་ཀྱང་མཛད། རྗེ་ཉིད་ནས་ཀྱང་སྒྲ་རིག་པའི་བྱིངས་དང་རྐྱེན་སྐད་དོད་སོགས་ལ་ཤིན་ཏུ་བྱང་བར་སྦྱངས་པས་གཞན་ངོ་འབྲིད་པའི་སུམ་བིད་ཙམ་ལ་ཕལ་ཆེར་སྐད་དོད་ལ་ལྟོས་མི་དགོས་པས་ཤྭ་ལོ་ཀ་མང་པོ་བློ་ཐོག་ནས་སྒྲིག་པ་སོགས་ནུས་ཀྱང་དེ་འདྲས་གར་ཡང་མི་ཕྱིན། རྒྱ་དཔེ་བསྒྱུར་ནུས་པ་ཞིག་གི་གོ་དོན་གཏིང་ཚུགས་པ་བྱུང་ན་ངོ་མཚར་ཆེའང་རྒྱ་བོད་སྐད་རིགས་མི་གཅིག་པའི་སྟེང་ནས་གོ་བ་གནད་དུ་ཕྱིན་པ་ཤིན་ཏུ་དཀའ་བས་རྒྱ་དཔེ་བསྒྱུར་ནུས་པ་ནི་ཆེས་འོང་བ་དཀའ། དེས་ན་དེང་སང་སྒྲ་པ་ལ་དོན་འབྲས་ཆེར་མེད་པའི་གཟུགས་བརྙན་དུ་སྣང་གསུངས། ཚད་མ་ལ་ཤིན་ཏུ་དགྱེས་ཤིང་རྒྱ་ཆེར་མ་སྦྱང་རུང་བཀྲས་ལྷུན་ཀ་ཆེན་བློ་བཟང་དགེ་ལེགས་སོགས་ལས་བསྡུས་པའི་འགྲོ་ཕྱོགས་དང༌། རྒྱལ་ཚབ་རྗེའི་འགྲེལ་པའི་སྟེང་ནས་རྣམ་འགྲེལ་གྱི་བཤད་ལུང༌། བྲག་སྒོམ་པཎྜི་ཏ་ལས་མདོ་དང་རྣམ་འགྲེལ་སྦྱར་བའི་གོ་དོན་རགས་རིམ་གྱི་བཤད་ལུང་སོགས་གསན་ཅིང་གཟིགས་པས་རིགས་པ་སྨྲ་བར་རློམས་པའི་ཁེངས་པ་ཅན་དག་ལ་འབེལ་བའི་གཏམ་མཛད་པ་ཙམ་གྱིས་ཀྱང་དོན་གྱི་གཏིང་དཔོགས་པའི་མཁས་པའོ་ཞེས་བསྔགས། བཟོ་རིག་ཕྱག་གིས་འདུ་མཛད་པ་མེད་རུང༌། སྐུ་གསུང་ཐུགས་རྟེན་གྱི་ཐིག་རྩ་དང་ཉམས་འགྱུར་སོགས་ཀྱི་གཞུང་གཞན་ལས་ཞིབ་པར་མཁྱེན། ས་སྐྱོང་སྡེ་དགེའི་བླ་སྨན་པ་མཁས་དབང་ཆོས་གྲགས་རྒྱ་མཚོ་ལས། གསོ་རིག་རྒྱུད་བཞིའི་བཤད་པ་ལག་ལེན་བཅས་ཞིབ་ཁྲིད་དུ་གསན། ཟུར་མཁར་བའི་བྱེ་བ་རིང་བསྲེལ། འབྲི་གུང་གཅེས་བཏུས་ཕན་བདེའི་སྙིང་པོ། །ཕན་བདེའི་ཆར་རྒྱུན། གློ་བུར་ནད་ལྔའི་བཅོས། ཞལ་ཤེས་སྙིང་གི་ཁུ་བ་གམྦྷཱི་ར། ལྷ་ལུང་གཅེས་བཏུས་བུ་ཡིག་དང་བཅས་པ། ཀརྨ་རཏྣའི་གཅེས་བཏུས་འཆི་མེད་ནོར་ཕྲེང་རྣམས་ཀྱི་ལུང་གསན། བླ་སྨན་པ་ཀརྨ་ཚེ་དབང་ལས་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་རིན་ཆེན་རིལ་ནག་ཆེན་མོའི་ཕྱག་ལེན་སྦྱོར་ཐབས་མཐོང་རྒྱུད་དུ་བསྟར་བ་དང༌། སྨན་བླ་ལོངས་སྐུའི་སྒྲུབ་ཐབས་དང་གསོལ་འདེབས་ཀྱི་ལུང་གསན། ཞྭ་ལུ་མཆོག་སྤྲུལ་རིན་པོ་ཆེ་ལས་ཀླུ་སྒྲུབ་ཀྱིས་མཛད་པའི་སྦྱོར་བ་བརྒྱ་པ། དར་མོ་སྨན་རམས་པའི་གདམས་ངག་བཀའ་རྒྱ་མ་རྣམས་ཀྱི་ལུང་གསན། བྲག་སྒོམ་ཞབས་དྲུང་དཀོན་མཆོག་བསྟན་པ་རབ་རྒྱས་ལས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་མན་ངག་ཡོན་ཏན་རྒྱུད་ཀྱི་ལྷན་ཐབས་རྩ་བ། སྨན་མིང་ངོ་སྤྲོད། བུ་ཡིག་མཁའ་འགྲོ་གཏད་རྒྱའི་རྒྱ་མདུད་རྣམས་བཤད་ལུང་གི་ཚུལ་དང༌། ཡང་ཡིག་ཆ་དེ་རྣམས་ཚང་མ་དང༌། གསང་སྨན་ཆིག་བརྒྱུད་ཀྱི་ཡིག་ཆུང༌། ལྷན་ཐབས་ཞལ་ཤེས་སྙིང་གི་ཡང་བཅུད། དར་མོ་སྨན་རམས་པའི་ཞལ་ཤེས་སོགས་ཆོས་གྲགས་རྒྱ་མཚོ་ལས་ཀྱང་གསན་ནས། གསོ་དཔྱད་ཀྱི་ཕྱག་བཞེས་ཀྱང་ལོ་ཤས་མཛད་པ་ལ་རྒྱུད་བཞི་ཐུགས་འཛིན་གནང་བས་རྟག་ཏུ་བྱང་བར་བཞུགས་ཤིང་གོ་དོན་ལ་སྨྲོས་མ་དགོས། རྩ་ཆུའི་རྣོ་ཐིག་དང་སྨན་གྱིས་ཕན་ཐོགས་སོགས་སྨན་པ་གང་ལས་ཀྱང་ཁྱད་པར་འཕགས་པ་ཡིན་འདུག་གོ །གཉིས་པ་ནང་རིག་པ་ལ་རྒྱུ་མཚན་ཉིད་ཐེག་པའི་བཤད་རྒྱུན་ནི། ན་ལེནྡྲའི་གཟིམ་འོག་མཆོག་སྤྲུལ་བྱམས་པ་ངག་དབང་བསྟན་འཛིན་སྙན་གྲགས་མདུན་ནས། རོང་སྟོན་ཆེན་པོའི་བཤད་སྲོལ་འགྲེལ་པ་དོན་གསལ་ལ། མཆོག་སྤྲུལ་ཉིད་ཀྱིས་མཛད་པའི་འགྲེལ་པ་དང་སྦྱར་ཏེ་ཕར་ཕྱིན་མངོན་རྟོགས་རྒྱན་གྱི་བཤད་པ་ཞིབ་མོ་དང༌། འདུལ་བ་མདོ་རྩའི་བཤད་ལུང་བཅས་གསན། ལི་ཐང་བྱམས་པ་གླིང་གི་རབ་འབྱམས་པ་ཆེན་པོ་དགེ་བཤེས་བྱམས་པ་ཕུན་ཚོགས་ལས་དབུ་མ་འཇུག་པའི་བཤད་པ་རྗེ་རིན་པོ་ཆེའི་འགྲེལ་པ་དགོངས་པ་རབ་གསལ་དང་སྦྱར་བའི་བཤད་པ། དབྱིག་གཉེན་མངོན་པ་མཛོད་མཆིམས་འགྲེལ་དང་སྦྱར་བ། ཤེར་ཕྱིན་བརྒྱད་སྟོང་པའི་བཤད་པ་ཉིད་མཛད་མཆན་བུས་གསལ་བ་རྣམས་གསན། འབྲས་བུ་ལམ་བྱེད་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་ཀྱི་བཤད་རྒྱུན་སྔ་འགྱུར་རྙིང་མའི་སྐོར་ལ། ཞེ་ཆེན་དབོན་སྤྲུལ་རིན་པོ་ཆེའི་མདུན་ནས་སྒྱུ་འཕྲུལ་གསང་བ་སྙིང་པོའི་རྒྱུད་བཤད་སྨིན་གླིང་ལོ་ཆེན་དྷརྨ་ཤྲཱིས་མཛད་པའི་སྤྱི་དོན་གསང་བདག་ཞལ་ལུང་དང༌། ཚིག་འགྲེལ་གསང་བདག་དགོངས་རྒྱན་གཉིས་ཀ་མཐར་ཆགས་སུ་གསན་ཅིང༌། གཞན་ཡང་རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས་ཀྱིས་མཛད་པའི་སྤྱི་དོན་རིན་ཆེན་ཕྲེང་བ། ཀཿཐོག་པ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱིས་མཛད་པའི་འགྲེལ་པ། སྒེག་པ་རྡོ་རྗེའི་སྤར་ཁབ། རོང་ཟོམ་པའི་འགྲེལ་པ། གཡུང་སྟོན་པའི་འགྲེལ་པ། བཤད་པའི་ལེ་ལག་ཏུ་གཏོགས་པའི་ཡིག་ཆ་ཚང་མ་དང་སྒྲུབ་དཀྱིལ་གྱི་ལུང་རྣམས་ཀྱང་གསན། ཞྭ་ལུ་མཆོག་སྤྲུལ་བློ་གསལ་བསྟན་སྐྱོང་མདུན་ནས། སྔགས་གསར་མའི་རྒྱུད་ཀྱི་གཙོ་བོ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དང་འགྲེལ་པ་དྲི་མེད་འོད་གཉིས་ལ་བུ་སྟོན་རིན་པོ་ཆེའི་གསུང་མཆན་དང༌། སྐྱོར་ལུང་པ་དོན་ཡོད་དཔལ་བཟང་གིས་ཡང་མཆན་བཏབ་པ་རྩ་བར་གཟུང༌། དེ་ལ་དགོས་པའི་ཡིག་ཆ་མཁས་མཆོག་བུ་སྟོན་ཆེན་པོས་མཛད་པའི་བཤད་པའི་སྤྱི་དོན་རིན་ཆེན་གཅེས་པའི་ལྡེའུ་མིག །བསྡུས་དོན་དྲི་མ་མེད་པའི་འོད་ཀྱི་རྒྱན། མདོར་བསྡུས་དང་པོའི་ཊཱི་ཀ་སྙིང་པོ་སྣང་བའི་འོད་ཟེར་རྣམས་དང༌། ཁ་སྐོང་སྒྲ་རིག་མཁས་པའི་ཁ་རྒྱན། སྡེབ་སྦྱོར་མེ་ཏོག་ཕྲེང་འཛིན། ལྔ་བསྡུས་སྒྲ་གཅན་དང་བཅས་པའི་གཞུང་གཟའ་ལྔ་དང་དེའི་མྱུར་རྩིས་ཀྱི་ལྷན་ཐབས། གོ་ལའི་རྣམ་གཞག །རྩིས་ཀྱི་བསྟན་བཅོས་ཆེན་མོ་མཁས་པ་དགའ་བྱེད། དུས་སྦྱོར་གྱི་དྲིས་ལན་དཀའ་གནད་འགལ་སྤོང༌། བཤད་ཐབས་ངེས་དོན་སྙེ་མ། ཐུགས་སྲས་ལོ་ཙཱ་བས་མཛད་པའི་གསུང་སྒྲོས་ཟིན་བྲིས་ཆེན་མོ་དང༌། སྔགས་ཀྱི་དགྲ་གྲོགས་རྩི་བ་རྣམས་སྐབས་དང་འཚམ་པར་སྦྱར་བ་དཔལ་དང་པོའི་སངས་རྒྱས་ཀྱི་རྒྱུད་ཀྱི་བཤད་ལུང་ཡོངས་རྫོགས་གསན། མཁས་མཆོག་རྡོ་རྗེ་སློབ་དཔོན་ངག་དབང་ལེགས་གྲུབ་མདུན་ནས། དཔལ་དགྱེས་པ་རྡོ་རྗེའི་རྒྱུད་བརྟག་པ་གཉིས་པ་ལ་སློབ་དཔོན་བསོད་ནམས་རྩེ་མོས་མཛད་པའི་ཚུལ་གསུམ་དང༌། རྗེ་བཙུན་གྲགས་པས་མཛད་པའི་ལྗོན་ཤིང༌། དཀོན་མཆོག་ལྷུན་གྲུབ་ཀྱི་མཛེས་རྒྱན་རྣམ་གཉིས་སྦྱར་བའི་བཤད་ལུང་ཞིབ་མོ་དང༌། ཀུན་ཏུ་དགོས་པའི་གཞུང་བདུན་སོགས་ཀྱི་བཀླག་ལུང་ཡང་གསན། དགེ་བཤེས་བྱམས་པ་ཕུན་ཚོགས་ལས། རྗེ་རིན་པོ་ཆེ་བློ་བཟང་གྲགས་པའི་དཔལ་གྱི་ཕྱག་བཞེས་ལྟར་ནམ་མཁའ་དང་མཉམ་པའི་རྒྱུད་གསང་བ་འདུས་པ་འགྲེལ་པ་བཞི་སྦྲགས་སུ་གྲགས་པའི་བཤད་ལུང་དང༌། བདེ་མཆོག་རྩ་རྒྱུད་ལེའུ་ལྔ་བཅུ་པ་ལ་རྗེ་རིན་པོ་ཆེས་མཛད་པའི་འགྲེལ་པ་སྦས་དོན་ཀུན་གསལ་དང་སྦྱར་བའི་བཤད་པ། རྒྱུད་ཀྱི་རྒྱལ་པོ་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་རྗེ་དགེ་འདུན་རྒྱ་མཚོས་མཛད་པའི་སྟེང་ནས་བཤད་པ་བཅས་གསན་པར་མཛད་དེ། དེང་སང་བོད་ཡུལ་དུ་རྒྱུད་ཀྱི་བཤད་བཀའ་བཞུགས་པ་ནི་དེ་ཙམ་མོ། མདོ་ཕྱོགས་ལའང་དབུ་མ་རིག་ཚོགས་དྲུག །བྱམས་ཆོས་སྡེ་ལྔ། སྤྱོད་འཇུག་གཙོ་བོར་གྱུར་པའི་རྒྱ་གཞུང་ཕལ་མོ་ཆེར་བཤད་པ་བཏང་བ་མང་རུང༌། དེ་དག་རྣམས་ལས་རྒྱུད་བླ་མ་ཙམ་ལས་ཕལ་ཆེར་མཁས་པའི་རྩལ་བཤད་མ་གཏོགས་བརྒྱུད་པའི་བཤད་སྒྲོས་མ་ཆད་པ་ནི་བཞུགས་པར་དཀའ་སྣང་ངོ༌། །གསར་རྙིང་རྒྱུད་སྡེ་རབ་འབྱམས་ཀྱི་སྨིན་བྱེད་དབང༌། གྲོལ་བྱེད་གདམས་ཁྲིད། རྒྱབ་རྟེན་ལུང་གི་ཚོགས་མཐའ་ཡས་པ་གསན་པའི་ཚུལ་ནི། རྣམ་ཐར་རྩ་བ་ཞལ་གསུངས་ལས། སྔ་ཕྱིར་ཁམས་དབུས་གཙང་གསུམ་དུ། །མི་ལོ་བཅུ་གསུམ་ཐོས་པ་བཙལ། །རྡོ་རྗེ་འཛིན་དང་དགེ་བའི་བཤེས། །རིག་བྱེད་གཞུང་ལ་མཁས་པ་སོགས། །གཙུག་ནོར་བརྒྱ་དང་ལྔ་བཅུ་བསྟེན། །བཟོ་གསོ་སྒྲ་ཚད་ཡན་ལག་བཅས། །འདུལ་མཛོད་དབུ་ཕར་བཤད་སྲོལ་ཐོས། །གསར་རྙིང་རྡོ་རྗེ་ཐེག་པ་ཡི། །དབང་དང་བྱིན་རླབས་རྗེས་གནང་སོགས། །བཀའ་གཏེར་བཀའ་གདམས་ས་སྐྱ་པ། །འབྲི་སྟག་མཚུར་དང་གདན་འབྲུག་གི །སྔོན་གྱི་ལུགས་སྲོལ་མ་ཉམས་པར། །བཞུགས་པའི་སྨིན་གྲོལ་གདམས་ངག་དང༌། །བདེ་དགྱེས་གསང་གསུམ་དུས་འཁོར་ལོ། །སྒྱུ་འཕྲུལ་གསང་བ་སྙིང་པོ་སོགས། །རྒྱབ་རྟེན་རྒྱུད་ཀྱི་བཤད་པ་དང༌། །བཀའ་བསྟན་དམ་པའི་གསུང་རབ་ལུང༌། །གླེགས་བམ་བདུན་བརྒྱ་ལྷག་ཙམ་ཉན། །མདོར་ན་བཤད་བརྒྱུད་ཤིང་རྟ་བཅུའི། །རིང་ལུགས་རྒྱུན་བཞུགས་ཕལ་ཆེར་ཐོས། །ཅུང་ཟད་སྦྱངས་ཤིང་ཕྱོགས་ཙམ་ཤེས། །རང་གཞན་གྲུབ་མཐའི་ཁས་ལེན་དང༌། །ཆོས་རྒྱུས་ཤིན་ཏུ་ཆེ་བར་བྱུང༌། །ཞེས་གསུངས་པ་ལྟར་མདོ་ཁམས་ནས་དབུ་བརྩམས། དབུས་གཙང་དུ་ལན་གཉིས་བྱོན་པ་དང༌། སླར་མདོ་ཁམས་སུ་བཞུགས་པའི་སྔ་རྗེས་ཀུན་ཏུ་གསན་བསམ་ངོམས་པ་མེད་པར་མཛད་པས་ཤིན་ཏུ་རྒྱ་ཆེ་ཞིང་ཤེས་པར་དཀའ་བས་འགོད་པར་མ་ནུས་ཀྱང་གཙོ་ཆེ་བ་འགའ་ཞིག་ཕྱག་ཐོ་དང་བསྟུན་ནས་འགོད་པར་བྱ་སྟེ། དཔལ་ས་སྐྱ་པ་ཁྲི་ཆེན་ཀུན་དགའ་བཀྲ་ཤིས་ལས་ཚེ་དཔག་ལྷ་དགུའི་དབང༌། དེའི་མན་ངག་གི་ལུང་ཁྲིད། ལམ་འབྲས་སློབ་བཤད་བརྒྱུད་འདེབས་བཅས་ཀྱི་ལུང༌། སྔགས་འཆང་ཀུན་དགའ་རིན་ཆེན་ལས་དཔལ་མགོན་གྱི་རྗེས་གནང་ཁྲིད་ལུང་ཡོངས་རྫོགས། ལམ་འབྲས་སློབ་བཤད་བརྒྱུད་འདེབས། །རྣམ་ཐར་སྤར་མ་ཕལ་ཆེར། ཚར་ཆེན་གྱིས་མཛད་པའི་བླ་མ་ལྔ་བཅུ་པའི་རྣམ་བཤད། བླ་མཆོད། གཟའ་ཡུམ། སོར་འབྲང་དཀར་མོ། ཨུ་ཙརྱ། ཁྱུང་ཁྲ་ནག །འཇམ་དཔལ་ནག་པོ། རྟ་མགྲིན་ཟླ་རྒྱལ་ལུགས་རྣམས་ཀྱི་རྗེས་གནང་ལུང་བཅས། ཞལ་རྣམ་འགྱུར་བཅུ་བདུན། བེཀྩེའི་རིགས་གཉིས་བཅས་ཀྱི་རྗེས་གནང༌། གསང་ཁྲིད། ཞལ་པོད་གཉིས་ཆ་ཚང་དང་བེཀྩའི་དཔེ་བུམ་སྐོར་ཕལ་ཆེར་ཚང་མའི་ལུང༌། ཕུར་པ་སྟོད་ལས་སྨད་ལས་ཀྱི་དབང་ཚང་བ། དཀར་བདུད་རྗེས་གནང༌། ཨ་མེས་ཞབས་ཀྱི་ཕུར་པའི་ཞི་སྦྱིན། རྒྱུན་ཁྱེར་ངེས་དོན་ཐིག་ལེ་བཅས་ཀྱི་ལུང༌། གུར་དྲག་ཉང་ལུག་དབང་ཆེན། དེའི་རྗེས་གནང༌། ཕྲིན་གཞུང་དྲེགས་པ་ཟིལ་གནོན། དབང་ཆོག་མཐོང་བ་རང་གྲོལ། །ལས་མཐའ་གསལ་བྱེད་དགྲ་བགེགས་ཚར་གཅོད་བཅས་ཀྱི་ལུང༌། ཚེ་སྒྲུབ་ལྕགས་སྡོང་མ་ལྷ་མང་དང༌། ལྷ་གཅིག་བུམ་གཅིག་གི་ཚེ་དབང༌། ཡིག་ཆའི་ལུང་བཅས། ས་སྐྱ་ཀུན་བཀྲས་དབང་ཆོག་འཆི་མེད་འདོད་འཇོ་དང༌། སྒྲུབ་ཐབས་རྒྱུན་ཁྱེར་བདུད་རྩི་བུམ་བཟང་གི་ལུང་བཅས། འཇམ་མགོན་རྡོ་རྗེ་རིན་ཆེན་ལས་སེམས་བསྐྱེད་ལུགས་གཉིས། སྣང་མཐའི་ཉལ་སྒོམ་ལུང་ཆ་ཚང༌། འཇིགས་བྱེད་ས་ལུགས་དང༌། བདེ་མཆོག་དྲིལ་བུ་པའི་དབང༌། ཨིནྡྲ་དང་མཻ་ཏྲི་མཁའ་སྤྱོད་བྱིན་རླབས། མཁའ་སྤྱོད་འཆད་ཐབས། དམར་པོ་སྐོར་གསུམ་པོད་ཆ་ཚང༌། ཛམ་ལྷ་སུམ་སྒྲིལ། ཚོགས་བདག་ཁྱད་པར་བའི་རྗེས་གནང༌། གཤེད་དམར་སྤྲོས་མེད་བསྐྱེད་རྫོགས་དང༌། རྒྱུན་ཁྱེར་སོགས་ཀྱི་ལུང༌། ཚེ་སྒྲུབ་ཞག་བདུན་མ། གང་བློ་མའི་རིག་གཏད། སྤྱན་རས་གཟིགས་དོན་ཡོད་ཞགས་པའི་རྗེས་གནང༌། སྒྲུབ་ཐབས་ཀྱི་ལུང༌། བཅུ་གཅིག་ཞལ་རིགས་བཞིས་སྐོར་བ་དང༌། གཙུག་འབར་རྗེས་གནང་ལུང་བཅས། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་ཁྲིད་ལུང་བཅས། སྒྲོལ་མཚན་ལུང༌། ཤངས་ཆོས་སྐོར་ཉིད་ལ་གང་བཞུགས་ཆ་ཚང༌། མགོན་དཀར་རྗེས་གནང༌། པོད་ལུང༌། དུར་བདག་རྗེས་གནང༌། པོད་ཚང་མའི་ལུང༌། གུར་ལྷ་བརྒྱད་རྗེས་གནང༌། ཆོས་དབང་གཏེར་བྱོན་ཐུགས་ཆེན་འཁོར་བ་དོང་སྤྲུག་དབང༌། ཨ་མེས་ཞབས་ཀྱིས་མཛད་པའི་རྡོར་དྲིལ་བུམ་པ་དགང་བླུག་བཅས་ཀྱི་རྣམ་བཤད་ཕྲིན་ལས་ཀུན་ཁྱབ་དང༌། ཚེ་སྒྲུབ་མདའ་འཕེལ་མའི་དབང་ཆོག་དང༌། ཛཾ་དཀར་རྗེས་གནང་ཁམས་གསུམ་དབང་སྡུད་ལུང༌། དུས་འཁོར་ཁྱུང་ཁྲའི་རྗེས་གནང༌། ཁྲོ་མོ་སྨེ་བརྩེགས་རྗེས་གནང་ལུང་བཅས། སྨེ་བརྩེགས་ས་ལུགས་ཀྱི་གྲིབ་མདོས་ལུང༌། རིགས་བྱེད་དཔེ་བུམ་གྱི་ལུང་སོགས་གསན། ཐེག་ཆེན་བཀྲ་ཤིས་རིན་ཆེན་ལས་མཁའ་སྤྱོད་སྐོར་གསུམ་གྱི་གླེགས་བམ་རྒྱས་པའི་ལུང༌། རིགས་བྱེད་དཔེ་བུམ་གྱི་ལུང་སོགས་གསན། ངོར་དུ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་ཞལ་སྔ་ནས་དབང་གི་ཐོག་མར་བདེ་མཆོག་ནག་པོ་ལུགས་ཀྱི་དབང་བསྐུར་གསན་པའི་སྐབས། བུམ་པ་ཕྱག་ཏུ་བཞེས་ནས་ཆུ་དབང་མ་རྫོགས་བར་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པའི་རྣམ་པ་ཅན་དངོས་སུ་གཟིགས། མུས་ཆེན་འཁོར་ལོ་སྡོམ་པའོ་སྙམ་པའི་ཐུགས་ཤེས་གསལ་བས་དེ་ཕྱིན་མུས་ཆེན་དཀོན་མཆོག་རྒྱལ་མཚན་ཉིད་དུ་ཐུགས་ཐག་ཆོད། སྔ་རྗེས་རྣམས་སུ་བདེ་མཆོག་ལཱུ་ཧི་ལུགས། ཀྱེ་རྡོར་ལུགས་གསུམ། ལམ་འབྲས་སློབ་བཤད། གསང་བ་འདུས་པ་རིགས་གསུམ། འཇིགས་བྱེད་ར་ལུགས་ལྷ་དགུ་དང་ལྷ་བཅུ་གསུམ་མ། གཤེད་དམར་ལྷ་ལྔ། སྤྲོས་མེད་ཀྱི་ཁྲིད། ནཱ་རོ་མཁའ་སྤྱོད་ཀྱི་རྗེས་གནང་དང་ཁྲིད་ལུང་ཡོངས་རྫོགས། སྲུང་བ་ལྔ་བཅུ་རྩ་གཅིག་པ། གདུགས་དཀར་ཉེར་བདུན་མ། མི་འཁྲུགས་པ་ལྷ་དགུ། ཚེ་དཔག་ལྷ་དགུ། ཀུན་རིག །ཕྱག་རྡོར་འཆི་འཇོམས། ས་ལུགས་དམར་པོ་སྐོར་གསུམ་དང་དམར་ཆུང་སྐོར་གསུམ། ནོར་ལྷ་དང་ཆོས་སྲུང་གི་རིགས། སྒྲུབ་ཐབས་བརྒྱ་རྩ། སྣར་ཐང་བརྒྱ་རྩ་སོགས་དབང་དང་རྗེས་གནང་གི་རིགས་མང་པོ། མུས་ཆེན་སེམས་དཔའ་ཆེན་པོ། གོ་རམས་བསོད་ནམས་སེང་གེ །དཔལ་ལྡན་དོན་གྲུབ་ཀྱི་བཀའ་འབུམ་གཙོས་དབང༌། རྗེས་གནང༌། ཁྲིད་དང་ལུང་གི་རིགས་མང་དུ་གསན། མཁན་ཆེན་རྡོ་རྗེ་འཆང་བྱམས་པ་རྣལ་འབྱོར་འཇམ་དཔལ་བཟང་པོ་ངོར་གྱི་ཁྲི་ཐོག་པའི་སྐབས་སུ། ཐུན་མིན་སེམས་བསྐྱེད། ཀྱེ་རྡོར་མན་ངག་ལུགས་ཀྱི་དབང༌། ཡན་ལག་གི་དབང་རྣམས་དང༌། གདམས་ངག་ལམ་འབྲས་བུ་དང་བཅས་པ་ཚོགས་བཤད་ཀྱི་ཁྲིད་ཡོངས་རྫོགས་གཙོ་བོར་གྱུར་པའི་དབང༌། རྗེས་གནང༌། ལྗགས་ལུང་མང་དུ་གསན། ལམ་ཟབ་བླ་མའི་བྱིན་རླབས་གསན་སྐབས་གྲུབ་ཆེན་བིརྺ་པའི་སྐུར་དངོས་སུ་གཟིགས་པས་དེ་ཕྱིན་བིརྺ་པའི་རྣམ་འཕྲུལ་རྒྱལ་ཚབ་ཀུན་དགའ་དབང་ཕྱུག་གི་སྐུའི་སྐྱེ་བར་ཐུགས་ངེས་གཏིང་ནས་འདྲོངས། ཕྱིས་སྐུ་གཤེགས་པའི་སྐབས་སུའང་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བར་སྣང་ངོ༌། །མཁན་ཆེན་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་ལས། བི་རཱུ་པའི་སྲུང་བའི་བྱིན་རླབས། འཇམ་དབྱངས་སྨྲ་སེང༌། གཉན་སྒྲོལ་ཡན་ལག་དྲུག་པ། སྤྱན་རས་གཟིགས་བཅུ་གཅིག་ཞལ་རྣམས་ཀྱི་རྗེས་གནང༌། ཐེག་པ་ཆེན་པོའི་གསོ་སྦྱོང་གི་སྡོམ་པ། མང་མཁར་བློ་གྲོས་བཟང་པོའི་སྒྲོལ་དཀར་སྐོར། ཉིད་མཛད་སྨན་བླའི་མདོ་ཆོག་སོགས་ལུང་མང་དུ་གསན། བྱམས་པ་དཔལ་ལྡན་བཟང་པོ་ལས་དཔལ་ལྡན་ལྷ་མོ་དུད་སོལ་མའི་རྗེས་གནང་གཉིས་དང༌། དཔེ་བུམ་ཡོངས་རྫོགས་ཀྱི་ལུང་བཅས་གསན། བྱམས་པ་འཇམ་དཔལ་གྲགས་པ་ལས་ཚེ་དཔག་ལྷ་དགུའི་དབང༌། ཆོས་རྗེ་ངག་དབང་ཚུལ་ཁྲིམས་ལས་ཀུན་རིག་དབང༌། ཚེ་རྟ་ཟུང་འབྲེལ། འཇམ་ནག །ཁྱུང་ནག །རི་ཁྲོད་མ། འབྱུང་འདུལ། སེང་གེ་སྒྲ། རྣམ་འཇོམས། འཇམ་དཔལ་དམར་སེར། སྒྲོལ་མ་བཅས་ཀྱི་རྗེས་གནང་གསན། སྨྲ་བའི་སེང་གེ་རྡོ་རྗེ་སློབ་དཔོན་ཆེན་པོ་འཇམ་པའི་དབྱངས་ངག་དབང་ལེགས་གྲུབ་ཀྱི་མདུན་ནས་གུར་རིགས་བསྡུས། སམྦུ་ཊ། མཁའ་འགྲོ་རྒྱ་མཚོ་སོགས་དབང་ཆེན་དང༌། གུར་ཞལ་བཀའ་སྡོད་དང་བཅས་པའི་རྗེས་གནང༌། དུར་ཁྲོད་བདག་པོའི་རྗེས་གནང་དང་བེ་བུམ་གྱི་ལུང༌། དམ་ཚིག་རྡོ་རྗེའི་རིག་གཏད། ལས་འབྲེལ་གཏེར་བྱོན་ཕྱག་རྡོར་དྲེགས་འདུལ་གྱི་དབང་ལུང་སོགས་མང་དུ་གསན། ཁྱད་པར་བོད་དུ་ལན་རྗེས་མ་ཕེབས་སྐབས་སློབ་དཔོན་ཨ་བྷ་ཡཱ་ཀ་རས་མཛད་པའི་རྡོ་རྗེ་ཕྲེང་བའི་དབང་བསྐུར་གསན་པའི་སྐབས་མནལ་ལྟས་གཟིགས་པ་རྣམས། རྗེ་ཉིད་ཀྱིས་ཕྱག་ཐོར་བཀོད་པ་འདི་ལྟ་སྟེ། ན་མོ་གུ་རུ་བཛྲ་སཏྭཱ་ཡ། ཡེ་ཤེས་ཉི་མ་ནང་གི་དབུ་མའི་མཁར། །ཤར་བའི་མོད་ནས་བདེ་ཆེན་གྲུབ་པའི་གཟིས། །མཆོག་ཏུ་མི་འགྱུར་པདྨོ་རྒྱས་མཛད་པ། ཁྱབ་བདག་རྡོ་རྗེ་སེམས་དཔས་དགེ་ལེགས་མཛོད། །དེ་ལ་འདིར་ཤྲཱི་བཛྲ་ཨཱ་བ་ལིའི་མ་ཧཱ་མཎྜ་ལ་རྣམས་སུ་གཏོར་བ་དང་བླུགས་པའི་བདུད་རྩིས་ཡིད་ཀྱི་ཨུཏྤ་ལ་ཁ་བྱེ་བའི་ཚེ། ཉིང་འཁྲུལ་གྱི་ངེས་པ་ལ་ཇི་ལྟར་འཆར་བའི་རིམ་པ་མདོ་ཙམ་བརྗོད་པར་བྱ་སྟེ། དང་པོར་ཨ་དྷི་ཏིཥྛའི་ཐོ་རངས། སྐྱེས་བུ་བརྗིད་ཆགས་པ། སྣུམ་བག་ཅན། གཟུགས་གཞན་ལས་འདབས་འགྱུར་གྱིས་ཆེ་བ། ཟ་འོག་ནག་པོའི་གོས་ལྷུབ་གྱོན་བྱས་པ་ཞིག་གིས་ཐོག་དྲངས་སྐྱེ་བོའི་ཚོགས་རབ་ཏུ་མང་པོས་བདག་ཉིད་ལ་འདུད་པ་དང༌། ཤར་ཕྱོགས་ནས་ཉི་མ་ཞིག་ཤར་བ་སྙིང་གར་ཐིམ། དེ་ལས་སླར་སྐར་མ་ལྟ་བུའི་ཉི་མ་ཆུང་ངུ་མང་པོ་འཕྲོ་བ་དང༌། བྱིའུ་ཆུང་ངུ་ཞིག་ཁྲས་དེད་པ་སྲོག་བསྐྱབས་པ་རྣམས་བྱུང་ངོ༌། །གཉིས་པ། མཉྫུ་བཛྲའི་ཐོ་རངས། སྔར་ཕྱིན་མྱོང་བ་ལྟ་བུའི་སྐྱེད་ཚལ་ཉམས་དགའ་བ་ཞིག་ཏུ་སླེབས་པའི་ཐོ་ཕྱི་ཐམས་ཅད་མེ་ཏོག་དཀར་པོ་ཕོར་བ་ཙམ་རྒྱས་པའི་ཤིང་ལྗོན་པ་ཁོ་ནས་གང་བའི་ཁྲོད་ནས་ཕར་སྤྲོ་བཞིན་དུ་ཕྱིན་ཕྱིན་པས། ཤིང་སྡོང་མེ་ཏོག་སེར་པོ་རྒྱས་པ་ཞིག་གི་བསིལ་གྲིབ་ཏུ། མ་ཧཱ་ཨུ་པ་དྷྱཱ་ཨཱ་ནནྡའི་ཞབས་དྲང་སྲོང་གི་ཆ་བྱད་དུ་བཞུགས་པ་ལ་མོས་གུས་ལྷག་པར་འབར་ནས་བསྐོར་བ་བྱས་པ་ཞིག་བྱུང༌། དེ་བཞིན་དུ། གསུམ་པར། གངས་རི་ཨོ་རྒྱན་རྫོང་དུ་འཛེགས་པའི་ལམ་བར་ཐམས་ཅད་ཤུག་པའི་ནགས་སྟུག་པོ་དང༌། མེ་ཏོག་རྒྱས་པར་སྣང༌། བར་སྐབས་ཤིག་ཐར་དཀའ་བར་སྟེང་ནས་སུ་ཡིན་ངོ་མ་འཚལ་བས་གཟན་གོས་ལྟ་བུ་ཞིག་འཕངས་བྱུང་བའི་སྣེ་ལ་ཟིན་ནས་ཕྱིན་པས་བདེ་བླག་ཏུ་ཐར། དེར་ཁང་བཟང་བཀོད་ལེགས་ཅུང་རྙིང་པ་ཞིག་གི་ཕུགས་སུ། དམར་པོ་སྐོར་གསུམ་གྱི་བྲིས་སྐུ་སྣུམ་བག་ཆགས་པའི་མདུན་མར་མེ་གསལ་ལམ་པ་མང་པོ་སྦར་བ་མཐོང༌། བཞི་པར། གཞོ་སྟོད་གཏེར་སྒྲོམ་རེད་སྙམ་ཞིག་གི་མདའ་ནས་ཡར་བཛྲ་དྷཱ་ར་མཻ་ཏྲི་ཨཱ་ནནྡའི་ཞབས་དང་ལྷན་དུ་ཕྱིན་པས། སྐབས་ཤིག་ཆུ་ལས་ཐར་དཀའ་ཡང༌། བཛྲ་དྷཱ་རའི་ཞབས་སྔོན་ལ་ཚེགས་མེད་པར་ཕེབས། རང་ཉིད་ཀྱིས་ལན་གཉིས་བརྒལ་བའི་སྔ་མར་ཕྱིན་མ་ཐུབ། རྗེས་མར་བདེ་བླག་ཏུ་ཕྱིན་པའི་ཕར་ཀར་ཕ་ཝང་ཞིག་གི་སྟེང་དུ་གྲུབ་པའི་སློབ་དཔོན་བཛྲ་གྷཱཎྚ་པ་བཞུགས་འདུག །དེའི་འཁྲིས་སུ་ཀུན་ཏུ་རྒྱུའི་ཆ་བྱད་ཅན་ཞིག་གིས་ལི་ཁྲི་དངོས་ཡིན་ཚུལ་གྱིས་ཤིང་ལོ་དམར་སེར་རེག་པས་ཚོན་དམར་སེར་དུ་འགྱུར་བ་ཞིག་དཔྲལ་བར་བསླན། དཱུརྦ་དངོས་ཡིན་ཞེས་ཤིང་ཏོག་སེར་པོ་ཞིག་བྱིན་པ་ཟོས་པས་རོ་ཁྱད་པར་དུ་འཕགས་པ་བྱུང༌། བཅུད་ལེན་མཆོག་ཏུ་འགྱུར་ཞེས་ཟེར། ཡང་རེ་ཞིག་ན་ལྷ་ཁང་གོག་པོ་ཞིག་ཏུ། བྱམས་པའི་སྐུ་བསམ་གྱིས་མི་ཁྱབ་པ་ཞིག་ཐིགས་པས་འཇིགས་ལ་ཁད་དུ་འདུག །འཁྲིས་དེར་མི་མང་པོས་ངེད་ལ་ཞིག་གསོས་གྱིས་ཞེས་བསྐུལ་བ་ན། རང་ཉིད་ནས་ཀྱང་དེ་ལྟར་བྱེད་པའི་ཁུལ་གྱིས། དར་ཅིག་ན་ཞལ་རས་ཡན་ལེགས་པོ་ཞིག་གྲུབ་སོང་བར། རབ་གནས་བྱ་ཟེར། མ་ཧཱ་སནྡྷི་པ་ཨནྱ་ཧི་ཏའང་བཞུགས་འདུག །ཆོ་ག་ཞིག་བཏང་སོང་བ་བརྗེད། ཚོགས་འཁོར་ཟིན་པ་ན་བདུད་རྩི་ཡིན་ཟེར་ཤིང་ཏོག་གི་ཁུ་བ་འདྲ་མོ་སེར་པོ་ཞིག་གནང་བྱུང་བ་འཐུངས་པས་ཟི་བུན་པ་ཞིག་བྱུང༌། དེར་གླུ་ལོངས་ཞེས་གསུངས་པས་འདི་འདྲ་ཞིག་འཐེན་པའི་སྣང་བ་ཤར་རོ། །ཨོཾ་ཤྲཱི་ཨ་ལ་ལ་ཧོཿ བདེ་ཆེན་གྱི་ཡེ་ཤེས་མཐར་སོན་པས། ཁ་སྦྱོར་ལ་ཡན་ལག་བདུན་དང་ལྡན། །དཔལ་རྡོ་རྗེ་འཆང་ཆེན་མི་གཟུགས་ཅན། །རྗེ་བླ་མའི་ཞབས་པད་སྙིང་ནས་དྲན། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀུན། །གདན་གསུམ་གྱི་དཀྱིལ་འཁོར་གཅིག་ཏུ་ཤར། །རྗེ་བླ་མ་སྐུ་ཡི་རྡོ་རྗེ་ལ། །ཡུལ་སྣང་སྟོང་གི་ངང་ནས་གསོལ་བ་འདེབས། །རྩ་ཨ་བ་དྷཱུ་ཏིའི་རྒྱུད་མངས་ལས། །རླུང་མི་ཤིགས་ནཱ་དའི་དབྱངས་སྙན་ལེན། །རྗེ་བླ་མ་གསུང་གི་རྡོ་རྗེ་ལ། །སྒྲ་གྲགས་སྟོང་གི་ངང་ནས་གསོལ་བ་འདེབས། །ཐབས་བདེ་བ་ཆེན་པོས་དྲངས་པ་ཡི། །སྟོང་ཉིད་ལ་སྙིང་རྗེའི་རང་རྩལ་རྫོགས། །རྗེ་བླ་མ་ཐུགས་ཀྱི་རྡོ་རྗེ་ལ། །བློ་རིག་སྟོང་གི་ངང་ནས་གསོལ་བ་འདེབས། །ཆེ་ཕྲ་བའི་རྩ་རླུང་ཐིག་ལེའི་ཁམས། །འོད་གསལ་དུ་དྭངས་པའི་ཟུང་འཇུག་སྐུ། །རྗེ་བླ་མ་ཡེ་ཤེས་རྡོ་རྗེ་ལ། །དོན་དབྱེར་མེད་ཀྱི་ངང་ནས་གསོལ་བ་འདེབས། །ངེས་འབྱུང་གི་ཆུ་ཡིས་སྙིང་རབ་བསིལ། །ཚུལ་ཁྲིམས་ཀྱི་བསླབ་པས་ལུས་ངག་དག །ཏིང་འཛིན་གྱི་བྱེད་པོས་སེམས་རྒྱུད་དུལ། །ཤེས་རབ་ཀྱི་མིག་དང་ལྡན་པར་ཤོག །སྣང་བ་ཀུན་འཇའ་ཚོན་ལྷ་སྐུར་ཤར། །སྟོང་པ་ཡང་བདེ་བའི་ཐབས་དང་བཅས། །ཟུང་འཇུག་ལ་དགའ་བཞིའི་རྩལ་རྫོགས་པའི། །གོ་འཕང་དེ་ཚེ་འདིར་འགྲུབ་གྱུར་ཅིག །ཅེས་པ་སྟེ། ཚིག་ཟུར་རེ་གཉིས་ཉམས་ཡོད་ན་མ་གཏོགས་འདི་ཇི་ལྟ་བའོ། །ལྔ་པར། ཕ་རོལ་ཏུ་སྨན་ལྗོངས་དང༌། བཟའ་ཤིང་གི་ར་བ་དང༌། ཁང་བཟང་ཡིད་འཕྲོག་པ། ཚུ་རོལ་ཏུ་རང་ཉིད། བར་དུ་ཆུ་ཀླུང་ཆེན་པོ་ཞིག་འབབས་པར་སྣང་བས། རང་ཉིད་དེར་འཇུག་འདོད་ཀྱི་བློ་སྐྱེས་མ་ཐག །ཉིང་འཁྲུལ་དུ་ཤེས་ནས་ཐོག་བརྫིས་ཀྱིས་ཕྱིན་ཀྱང༌། ཆུ་གཞུང་ཙམ་དུ་སླེབས་པ་དང་ཕྱིར་འཁོར་ནས་མ་ཐར། སླར་གོས་དང་བྲལ་བས་ཕྱིན་པ་ན་བདེ་བླག་ཏུ་སླེབས། དེར་བྲམ་ཟེའི་གཟུགས་ཅན་ཞིག་གིས། སྙན་ངག་མེ་ལོང་གི་རྒྱ་དཔེ་ཞིག་གཏད་ནས། ཅུང་ཟད་ཁྲོ་ཚུལ་བཅས། ཁྱོད་སྙིང་རུལ། ཚེ་འདིར་ཆུ་འདི་ལས་བརྒལ་མི་ནུས། འོན་ཀྱང་ཕྱི་མར་དཀའ་བ་མེད་པར་ཐར་བར་འགྱུར་རོ། །ཞེས་ཟེར་རོ། །དྲུག་པར། བསམ་ཡས་མཆིམས་ཕུའི་ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་གདུང་འབུམ་ཡིན་རྒྱུ་དེའི་འཁྲིས་ནས་ཕར་ཕྱིན་པ་ན། སེ་བའི་ཕུང་པོ་མེ་ཏོག་རྒྱས་པ་ཞིག་གི་ཁྲོད་ནས་རྗེ་བླ་མ་དྷཱི་ཀཱ་ཤའི་ཞབས་ཀྱི་ཕྱག་བྲིས་ཡིན་པའི་ཤོག་དྲིལ་ཞིག་རྙེད། སྟོད་ཆ་དེར་ཚིག་འགའ་ཞིག་འདུག་ཀྱང་བརྗེད། གཤམ་དེར་སྙན་བརྒྱུད་འཆི་མེད་བཅུད་ལེན་ཟུར་དུ་བྲིས་པ་འདི་ཇི་ལྟ་བ་བཞིན་གདའ། དེར་སེམས་སྤྲོ་སྣང་གིས་ཚར་ཁ་ཤས་ཀློག་པ་བློ་ལ་གསལ་བ་བྱུང༌། དེ་མཚམས་རྗེ་བླ་མ་དྷཱི་ཀཱ་ཤའི་ཞབས་མཇལ། འདི་ལྟར་འདུག་ཅེས་ཞུས་པས། རེ་ཞིག་ཅི་ཡང་མི་གསུང༌། དར་ཅིག་ན། དེ་འབའ་ར་བའི་སྙན་བརྒྱུད་ཟབ་ཤོས་ཤིག་ཡིན། ངས་ཙ་རིར་འགྲོ་དུས་བྲིས་པ་ཡིན་ཅེས་ཕེབས། དེ་རྗེས་ཙམ་དུ་རྡོ་རྗེ་འཛིན་དབང་ཝཱ་གིནྡྲ་མཇལ་བར་འཕྲོས་ཞུས་པས། དགྱེས་པའི་རྣམ་འགྱུར་དང་བཅས་ཐོད་ཕྲེང་རྒྱན་ལྡན་ཞིག་གནང་ནས། དམ་ཚིག་གཙང་བ་ཡིན་འདུག །ཅེས་དང༌། དམ་ཚིག་འདི་ནི་འདའ་བར་དཀའ། །དེ་བས་སྲོག་བཞིན་གཅེས་པར་ཟུངས། །ཞེས་གསུངས་པའི་སྣང་བ་བྱུང༌། བདུན་པར། ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དུ་སླེབས་པ་ན། ནང་སྐོར་དུ་ཕྱིན་པར། རང་གི་ལག་ཏུ་འབྲས་དཀར་གྱིས་ཁེངས་པའི་རིན་པོ་ཆེའི་ཟ་མ་ཏོག་ཞིག་འདུག་པ་ནས་འཐོར་བཞིན་དུ་ཕྱིན་པས། ས་ལ་ཆགས་རིམ་བཞིན་དུ་མེ་ཏོག་དཀར་པོ་རེ་རེ་ལམ་ལམ་སྐྱེས། སྤྲོ་སྣང་བཅས་ཇོ་བོ་རིན་པོ་ཆེའི་མདུན་དུ་སླེབས། དེར་མར་མེ་བརྒྱ་ཀོང་ཞིག་སྤར་ཆོག་བྱས་འདུག་པའི་འཁྲིས་དེར་ངོ་མི་འཚལ་བའི་མི་ཞིག་གིས། སྐུ་ཞབས་ཀྱི་གྲུབ་རྟགས་ཁྱད་པར་འཕགས། ད་མར་མེ་འདི་རྣམས་ལ་ཐུགས་སྨོན་གནང་ན་རང་འབར་དུ་ཡོང༌། དེ་བྱུང་ན་སྨོན་ལམ་གང་བཏབ་མྱུར་དུ་འགྲུབ་ཟེར་བར། མར་མེ་ལ་དམོད་བཙུགས་ཏེ་མེ་ཏོག་འཐོར་བས་རང་འབར་དུ་བྱུང༌། དེར་ཕན་བདེ་འབྱུང་བའི་སོགས་དང༌། འཇིག་རྟེན་བདེ་ཞིང་སོགས་ཀྱི་སྨོན་ལབ་བཏབ་པས། ད་ཅིའི་དེ་ན་རེ། རང་དོན་དུའང་སྨོན་ལམ་རེ་མཛོད་ཟེར་བར། ཕར་ལྟོས་དཔོན་མེད་ཚུལ་ལྟོས་གཡོག་མེད་ཅིང༌། །འདུལ་རྒྱུའི་དགྲ་མེད་བསྐྱང་རྒྱུའི་གཉེན་མེད་པར། །དབེན་པའི་གནས་སུ་རང་སེམས་འདུལ་བ་དང༌། །རླབས་ཆེན་རྒྱལ་སྲས་སྤྱོད་པ་མཐར་ཕྱིན་ཤོག །ཅེས་བཏབ་པས་ཡི་རངས་པའི་རྣམ་འགྱུར་སྟོན་ཏོ། །བརྒྱད་པར། བཙུན་པ་བགྲེས་སོང་ཞིག་གིས་གླེགས་བམ་ཆེན་པོ་ཞིག་གཏད་འདི་ཕྲེང་བ་སྐོར་གསུམ་གྱི་དོན་འགྲེལ་གྲུབ་ཆེན་མི་ཏྲ་ཛོ་ཀིས་མཛད་པ་དེ་ཡིན་ཟེར། ཞལ་ཕྱེས་པས། ཐོག་མ་དེར་སྲིད་སྤེལ་དང༌། དེ་འོག་བྱིས་པ་ལ་འཇུག་པའི་སྒོ་དང༌། སྨན་དཔྱད་སོགས་ནས། མཐར་དུས་འཁོར་ལས་གསུངས་པའི་བཅུད་ལེན་སོགས་ཡོད་པ། དཔེ་ཚན་ཤིན་ཏུ་མང་བ། བོ་དོང་པའི་དེ་ཉིད་འདུས་ཆེན་གྱི་སྙིང་པོ་བསྡུས་པ་ལྟ་བུ་ཞིག་འདུག །དེ་ཙམ་ན་ལུང་ཡོད་མེད་དཔྱོད་པའི་སྣང་བ་ཤར་མ་ཐག །རྗེ་བླ་མ་ཝཱ་གིནྡྲ་དང་མཇལ། ལུང་ཡོད་ཀྱང་བརྒྱུད་པ་ངེས་འདྲོངས་མི་འདུག་གསུངས། ཅུང་ཟད་ན་མདུན་གྱི་ནམ་མཁར་སློབ་དཔོན་རིན་པོ་ཆེ་དང༌། གྲུབ་ཆེན་མི་ཏྲ་གང་ཡིན་མ་འཚལ་བ་ཞིག་བྱིན་གྱིས་རློབ་རློབ་ལྟར་བཞུགས་པའི་འཕྲོར་གཉིད་སད་དོ། །དགུ་པར། མི་ཞིག་གིས་བསམ་ཡས་ནས་བསྐུར་བ་ཡིན་ཟེར་རྒྱ་མ་ཆེན་པོ་ཞིག་སྤྲད། ཁ་ཕྱེ་བས་གནམ་ལྕགས་རྡོ་རྗེ་དངོས་གཙང་ཁྱད་མཚར་ཞིག་འདུག །དེར་མི་དེས། འདི་ལས་ཅུང་ཆུང་བ་ཞིག་ཡོད་པ་མ་ཧཱ་སནྡྷི་པར་ཕུལ་བས་ཐུགས་མཉེས་པོ་རང་བྱུང་སོང༌། འདི་ན་ཉིན་ནས་སྐུ་ཞབས་རང་ལ་འབུལ་སྙམ་ཡང༌། ཐུགས་བཅའ་གནང་གི་མེད་དམ་སྙམ་པས་བཞག །ད་ལན་ཐུགས་བཅའ་གནང་བ་འདྲ་ཟེར་བས་ཕུལ་བ་ལགས་ཟེར་བའི་འཕྲོར་བཞད་མོ་མང་དུ་འཆོར་བ་ཞིག་བྱུང་ངོ༌། །བཅུ་པར། རང་ཉིད་སྐྱེ་ཡུལ་ཡིན་སྙམ་པའི་སྨན་ལྗོངས་ཉམས་དགའ་བ་ཞིག་ཏུ་སླེབས་པར། བདུད་རྩི་རིལ་བུར་འགྲོ་བའི་སྔོ་སྨན་རྣམས་ཚོལ་བའི་འདུན་པས་ཕྱིན་པར་ཕལ་ཆེར་ཞིག་རྙེད། སླར་ཕྱིན་པས་ཨ་རུ་རའི་ནགས་ཚལ་ཐོ་རེ་བ་ཞིག་ཏུ་སླེབས། དེ་ན་སྨན་གྱི་དྲང་སྲོང་ཡིན་ཟེར་བའི་དགེ་སློང་བགྲེས་པོ་སྐྲ་དང་སྨ་ར་དཀར་པོ་ཅན་ཞིག་འདུག་པས། སྔོ་སྨན་མང་པོའི་ངོས་འཛིན་དང༌། སྨན་སྦྱོར་ཁ་ཤས་གསུངས། དེ་ལ་ཡུལ་འདི་རྒྱ་བལ་གྱི་ས་ཆ་ཞིག་ཡིན་འདྲ་བས་ཇི་སྐད་ཟེར་བ་ལགས་ཞུས་པར། བདེ་མཆོག་གི་གནས་ཁྱད་པར་ཅན་ཡིན། སྐུ་རང་བྱོན་ཀྱང་བཞུགས་པས་མཇལ་དུ་འདོང་ཞེས་ཁྲིད། ཁང་བཟང་ཅུང་ཟད་གོག་པ་ཞིག་གི་སྒོ་ཕྱེ་བའི་ནང་དུ། མཚོ་ནག་ངམ་པ་ཞིག་གི་དབུས་སུ་བདེ་མཆོག་གི་སྐུ་བློས་མི་འཁྱུད་པའི་ཆེན་པོ་ཞིག་མཇལ། ཟིལ་བསམ་གྱིས་མི་ཁྱབ་པས་རེ་ཞིག་བརྒྱལ་བ་སྙམ་བྱེད་དོ། །བཅུ་གཅིག་པར། སྲོད་ཁྲ་འབྲུག་ཏུ་སླེབས། པཎ་ཆེན་ནགས་རིན་གྱི་སྐུ་དེ་མཇལ་བས། ཅུང་ཟད་ན་སྐུ་དངོས་སུ་སོང༌། ཕྱག་གིས་རེག་ཅིང༌། ཁྱོད་ཀྱིས་དབང་ཇི་ཙམ་ཐོབ་གསུངས། ཐོབ་ཚུལ་རགས་པ་ཞུས་པས། སྐལ་བཟང་དང་དམ་ཉམས་གཉིས་ཀ་མང་དུ་བསགས་འདུག་ཕེབས། སྤྱིར་སྔགས་ཀྱི་དམ་ཚིག་སྲུང་ཤིན་ཏུ་དཀའ་ནའང་རྩ་བ་ཆེ་རིགས་དང་འགལ་བ་ཆེར་མི་བདོག་ཞུས་པས། གནད་མ་གོ་བ་མཚངས་ཆེ། ཐ་མལ་གྱི་སྣང་ཞེན་དང་བཅས་པས་དབང་ཚིག་འཆད་ཉན་ཙམ་ལའང་ལྟུང་བ་ཆར་བཞིན་འབབས་གསུངས། འོ་ན་དབང་གཏན་ནས་མི་ཞུ་བ་ལེགས་སམ་ཞུས་པ། དེ་འདྲ་ག་ལ་ཡིན། རྫས་ལྡོག་སོ་སོར་ཕྱེ་དགོས་པ་ཡིན་མོད་གསུངས་པས། བོད་སྔ་ཕྱིའི་སྔགས་ཀྱི་ཕྱག་ལེན་ཡངས་དོག་དང༌། ཇོ་བོ་རྗེས། སོ་སོར་ཐར་པའི་ཉེས་པས་གཏན་ནས་མ་གོས་སོགས་དང༌། འཇམ་དབྱངས་བླ་མས། རྡོ་རྗེ་ཐེག་པའི་བསྟན་པ་ནི། །སོགས་ལ་གོ་བ་ཁྱད་པར་ཅན་སྐྱེ་བ་སྙམ་བྱེད་པ་བྱུང༌། དེར་ཉིད་ཀྱི་པདྨ་ཚེ་ཁྲིད་དེ་གནང་དགོས་ཞུས་པས། དཔེ་བརླགས་ནས་མེད་གསུངས། ཐུགས་ནས་གནང་བས་ཁྱབ་ལགས་སམ་ཞུས་པར། གདམས་ངག་དགོས་ན་དབང་བསྐུར་བ་དགོས་པ་ཡིན་མོད་གསུང་བའི་འཕྲོར་སྐུ་རང་དུ་སོང་ངོ༌། །ཐོ་རངས། ཕྲེང་བའི་སྐོར་ལ་འབེལ་གཏམ་མང་དུ་བགྱིས་ཀྱང་བརྗེད། དྲན་པ་ཞིག་ལ། ཨ་བྷ་ཡས། རྒྱུད་སྡེ་སོ་སོར་མ་ཕྱེས་ཟེར་བ་མི་བདེན་ཏེ། རྒྱུད་སྡེ་ཕྱི་ནང་གཉིས་སུ་ཕྱེ་ཞིང༌། ནང་ལའང་ཁྱད་ཆོས་མ་འདྲེས་པར་བཤད་པའི་ཕྱིར། དེ་ལའང་རྒྱུ་མཚན་ཡོད་དེ། ལམ་དང་འབྲས་བུ་དངོས་བཏགས་ལྡོག་པ་དང་བཅས་པའི་དབྱེ་བ་དང༌། བསླབ་པ་གསུམ་རྫོགས་པའི་དབང་དུ་བྱས་པའི་ཕྱིར། འོན་ཀྱང་ཕྱག་ལེན་ལ་གཉིས་ཀ་གནང་སྟེ། མ་ངེས་པའི་དབང་རྣོན་དང༌། བླ་མེད་ཁོ་ནར་ངེས་པའི་དབང་རྣོན་དག་གི་ཆེད་དུའོ། །དེ་ལྟ་མོད་ཀྱི་ད་ལྟའི་ཕྱག་ལེན་ལྟར་ནའང་དོན་གྱིས་བླ་མེད་དུ་འགྱུར་ཏེ། ཐོག་མ་ནས་དེའི་དབང་བསྐུར་བ་ཙམ་གྱིས་རྒྱུད་བདེ་སྟོང་ཆེན་པོའི་ངོ་བོར་བསྡོམས་ཟིན་པའི་ཕྱིར་རོ། །ཞེས་སོགས་རྒྱུ་མཚན་དང་བཅས་ཏེ་སྨྲ་བ་ཞིག་བྱུང་ངོ༌། །ཞེས་བཀའ་བསྩལ་པ་ལྟར་ཡ་མཚན་པའི་མནལ་ཉམས་ཁྱད་པར་ཅན་དང་བཅས་གསན་པར་མཛད་དོ། །ཕན་བདེ་བཟང་པོ་ལས་ཀྱང་རྡོ་རྗེ་ཕྲེང་བའི་དབང་བསྐུར་ཕལ་ཆེར་དང༌། འཇམ་ནག །གཟའ་ཡུམ། གཤེད་དམར་རྣམས་ཀྱི་རྗེས་གནང༌། ངག་དབང་ལྷུན་གྲུབ་ལས། ཀུན་རིག་དབང༌། སེང་གདོང༌། གུར་དྲག །སེང་གེ་སྒྲ་རྣམས་ཀྱི་རྗེས་གནང༌། ཚེ་རྟ་ཟུང་འབྲེལ་དབང༌། ཚུལ་ཁྲིམས་དཔལ་བཟང་ལས་སེང་གེ་སྒྲ། གཤེད་དམར་སོགས་ཀྱི་རྗེས་གནང༌། ཀུན་དགའ་བསམ་འགྲུབ་ལས་རྣམ་འཇོམས་རྗེས་གནང་དང༌། ཚེ་རྟ་ཟུང་འབྲེལ། ཆོས་གྲགས་ལས་རྣམ་འཇོམས་རྗེས་གནང༌། ངག་དབང་བཀྲ་ཤིས་ལས་ཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་དབང༌། རྣམ་འདྲེན་དམ་པ་དགེ་འདུན་རྒྱ་མཚོ་ལས་ཚེ་དཔག་ལྷ་དགུའི་དབང་འཆི་བསླུ་དང་འབྲེལ་བ། རི་ཁྲོད་མ། ཚེ་རྟ་ཟུང་འབྲེལ་སོགས་གསན། དཔལ་ལྡན་ཕྲིན་ལས་ལས་ཀྱེ་རྡོར་རྒྱུ་ལམ། བ་རི་བརྒྱ་རྩ། སྣར་ཐང་བརྒྱ་རྩ། །སྒྲོལ་མ་བར་ཆད་ཀུན་སེལ་རྣམས་ཀྱི་རྗེས་གནང་སོགས་དང༌། ཚེ་རྟ་ཟུང་འབྲེལ། འཇམ་དབྱངས་དམར་སེར་གྱི་རྗེས་གནང་ལུང་བཅས། བྱམས་པ་བསྟན་འཛིན་རྣམ་རྒྱལ་ལས་ཞུ་ཆེན་པའི་བཅུ་གཅིག་ཞལ་གྱི་སྨྱུང་གནས་ལུང༌། བླ་མ་ངག་དབང་གྲགས་པ་ལས་རབ་གནས་དཔལ་འབྱོར་རྒྱ་མཚོའི་ལུང༌། ངག་གི་དབང་པོ་ལས་འཇམ་དཔལ་ཤེས་རབ་འཁོར་ལོ་དང༌། གཙུག་ཏོར་འབར་བའི་རྗེས་གནང་ལུང་བཅས་གསན། རྡོ་རྗེ་སློབ་དཔོན་བསོད་ནམས་ཕུན་ཚོགས་ལས་དུས་འཁོར་བུ་ལུགས་དབང་རྫོགས་པ། བརྒྱུད་འདེབས། སྒྲུབ་དཀྱིལ་ལུང༌། རྡོ་རྗེ་ཤུགས། སྣ་ཚོགས་ཡུམ། རྡོ་རྗེ་ཁྱུང་ཁྲ་རྣམས་ཀྱི་རྗེས་གནང༌། རྣམ་སྲས་སེར་ཆེན་ལྷ་དགུའི་རྗེས་གནང་བཅས། ཆོས་རྗེ་དགེ་ལེགས་རྒྱལ་མཚན་ལས་སྦྱོང་དཀྱིལ་བཅུ་གཉིས། འཆི་འཇོམས། ཉི་སྦས་སྒྲོལ་མ་ཉེར་གཅིག །ཚེ་དཔག་དཀར་པོ། ཁྲོ་མོ་སྨེ་བརྩེགས། བཅུ་གཅིག་ཞལ། མི་འཁྲུགས་པ་རྣམས་གསན། རྡོ་རྗེ་འཛིན་པ་ངག་དབང་བཟང་པོ་ལས། ཐུགས་རྗེ་ཆེན་པོ་ཕྱག་ཆེན་ཟུང་འཇུག །ཚེ་དཔག་མེད་སྤྲུལ་སྐུ། བདེ་མཆོག་བོང་ཞལ་ཅན། དགྲ་ནག །རིགས་གསུམ་སྤྱི་དབང་སོགས། དཔལ་ལྡན་དོན་གྲུབ་ལས། བཅུ་གཅིག་ཞལ། ཐུགས་ཆེན་སྐྱེར་སྒང་ལུགས། འཇིག་བྱེད་དཔའ་གཅིག །བིར་སྲུང༌། ཕྲིན་ལས་རབ་རྒྱས་ལས་ཐང་ལུགས་ཚེ་དབང༌། དེའི་ཡིག་ཆའི་ལུང༌། ཞབས་དྲུང་བྱམས་པ་ཀུན་དགའ་དཔལ་བཟང་ལས་ས་རུ་པའི་ལུགས་གཅོད་སྐོར་ཡོངས་རྫོགས་ཀྱི་སྨིན་གྲོལ་གསན། འཇམ་དབྱངས་བློ་གསལ་ལས་ཚེ་དཔག་མེད་འཆི་མེད་རྔ་སྒྲའི་དབང༌། གསང་འདུས་སྤྱན་རས་གཟིགས་དབང༌། འཇིགས་བྱེད་བཅུ་གསུམ་མའི་དབང༌། འཇིགས་བྱེད་ར་པོད་ཀྱི་ལུང༌། ངོར་ཆེན་བཀའ་འབུམ་པོད་བཞི། ཞུ་ཆེན་བཀའ་འབུམ་པོད་བརྒྱད་ཀྱི་ལུང་སོགས་གསན། ནཱ་ལེནྡྲའི་གཟིམ་འོག་མཆོག་སྤྲུལ་རིན་པོ་ཆེ་བྱམས་པ་ངག་དབང་བསྟན་འཛིན་སྙན་གྲགས་ཞལ་སྔ་ནས་དབུ་མ་ལུགས་ཀྱི་སེམས་བསྐྱེད། དེའི་བརྒྱུད་འདེབས་ལུང༌། བློ་སྦྱོང་ཞེན་པ་བཞི་བྲལ། དེའི་དོན་འགྲེལ་གྲགས་པ། ས་པཎ། ནུབ་པ་རིག་འཛིན་གྲགས། ཀུན་དགའ་ལེགས་རིན་བཅས་ཀྱིས་མཛད་པའི་ཁྲིད་ལུང༌། གྲུབ་ཆེན་མི་ཏྲའི་ཚེ་དཔག་དཀར་པོའི་རྗེས་གནང༌། དེའི་བརྒྱུད་འདེབས། སྒྲུབ་སྐོར། རྗེས་གནང་བཅས་ཀྱི་ཡིག་ཆའི་ལུང༌། སྒྲོལ་དཀར་འོད་ཟེར་དྲུག་སྦྲགས་ཀྱི་རྗེས་གནང་དང་ཁྲིད་ལུང༌། སྒྲུབ་ཐབས་ཀྱི་ལུང༌། དབྱངས་ཅན་མ་དཀར་མོའི་རྗེས་གནང་ལུང་བཅས། བོ་དོང་ལུགས་ཀྱི་དབྱངས་ཅན་དཀར་མོའི་རྗེས་གནང་ལུང་བཅས། བོ་དོང་པས་མཛད་པའི་དེའི་སྒྲུབ་ཐབས་ཚིག་ལྷུག །གེགས་སེལ། སྦྱིན་སྲེག །བསྟོད་པ་དང་བཅས་པའི་ལུང་སོགས་དབྱངས་ཅན་མའི་སྐོར་གྱི་རྗེས་གནང་བཀླག་ལུང་མང་དུ་གསན། ཚེ་དཔག་མེད་ལྷ་དགུའི་དབང༌། ས་ལུགས་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་གྱི་རྗེས་གནང་ལུང་བཅས། ཐུགས་རྗེ་ཆེན་པོ་ཚེམ་བུ་ལུགས་ཀྱི་ཁྲིད། ཡིག་ཆ་སྐོར་དུ་མའི་ལུང༌། རྟ་མགྲིན་གསང་སྒྲུབ་ཀྱི་བྱིན་རླབས། རྟ་མགྲིན་པད་དབྱུག་ཅན་གྱི་ལུང༌། རྟ་མགྲིན་ཟླ་རྒྱལ་ལུགས་ཀྱི་རྗེས་གནང༌། ཁྱུང་ནག་འབྱུང་པོ་འུར་འདེད་ཀྱི་རྗེས་གནང་ལུང་བཅས། ཨོ་རྒྱན་རིན་པོ་ཆེ་ལ་བསྟེན་པའི་བླ་མ་མཆོད་པའི་ཆོ་ག་གྲུབ་གཉིས་འདོད་འཇོའི་བསམ་འཕེལ། ཨོ་རྒྱན་བསྟོད་པ། ནཱ་རོ་མཁའ་སྤྱོད་ཀྱི་དམིགས་རིམ་ཁྱེར་བདེ་བཅས་ཀྱི་ལུང༌། ལྕམ་དྲལ་ལྷ་གསུམ་གྱི་རྗེས་གནང༌། ཉིད་མཛད་མགོན་པོའི་བླ་མཆོད་དང༌། ནཱ་རོ་མཁའ་སྤྱོད་ཀྱི་བརྒྱུད་འདེབས། སྒྲུབ་ཐབས། སྨོན་ལམ་གྱི་ལུང་སོགས་ཟབ་ཆོས་མང་དུ་གསན། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་མངོན་སུམ་རྗེས་སུ་བཟུང་བ་མཁས་ཤིང་གྲུབ་པའི་རྡོ་རྗེ་སློབ་དཔོན་ཆེན་པོ་དཔལ་ཞྭ་ལུ་རི་སྦུགས་མཆོག་སྤྲུལ་རིན་པོ་ཆེ་རིན་ཆེན་བློ་གསལ་བསྟན་སྐྱོང་གི་ཞལ་སྔ་ནས་སྔ་ཕྱིར་བཀའ་ཆོས་རྒྱ་མཚོ་གསན་པའི་ཟེགས་མ་ཙམ་བཀོད་པར། སེམས་ཙམ་ལུགས་ཀྱི་སེམས་བསྐྱེད། རིགས་བྱེད་མའི་རྗེས་གནང་ཕྱི་སྒྲུབ་ཐུན་མོང་བ། ཛཾ་དམར་རྗེས་གནང་ལུང་བཅས། མགོན་པོ་བེང་དམར་རྗེས་གནང་ལུང་བཅས། གཏོར་ཆོག་ལུང༌། ཕྱག་རྡོར་འབྱུང་འདུལ་སེམས་དཔའ་སུམ་བརྩེགས་ཀྱི་རྗེས་གནང་ལུང་བཅས། ཐུབ་དབང་འོད་ཟེར་དྲི་མེད་ལྷ་བདུན་མའི་དཀྱིལ་འཁོར་དུ་དབང་བསྐུར་བ། གཙུག་ཏོར་དྲི་མེད་ལྷ་ལྔའི་དབང༌། དོན་ཡོད་ཞགས་པ་ལྷ་མང་གི་དབང་ཆེན། དབང་ཆོག་གི་ལུང༌། དཔལ་རྡོ་རྗེ་དབྱིངས་རྩ་བའི་ལུགས་ཀྱི་དཀྱིལ་འཁོར་གྱི་དབང་བསྐུར་ཆེན་མོ་སྔོན་དངོས་རྗེས་ཚང༌། དཀྱིལ་ཆོག་སོགས་ཀྱི་ལུང་བཅས། དཔལ་རྡོ་རྗེ་རྩེ་མོ་རིགས་བསྡུས་པའི་དཀྱིལ་འཁོར་གྱི་དབང་བཀའ་བཅུ་ཐམ་པ་ཚང་བ། མཚན་བརྗོད་རྣལ་འབྱོར་རྒྱུད་དུ་བཀྲལ་པ་འཇམ་དཔལ་གསང་ལྡན་གྱི་དབང་ཆེན། ཤཱཀྱ་སེང་གེ་གཙུག་ཏོར་དགུ་པའི་དབང༌། རྣམ་འཇོམས་དཀར་པོ་ལྷ་བཅུ་དགུ་མའི་དབང༌། ཕྱག་རྡོར་འགྲོ་བཟང་ལུགས་ཀྱི་དབང་ཆེན། རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་རྒྱས་པ་ཚར་ལུགས་ལྟར། ཉིད་གསུང་རྣལ་འབྱོར་མའི་བྱིན་རླབས་ཀྱི་ཆོ་ག །གེགས་སེལ་སོགས་ཀྱི་ལུང༌། དཔལ་མཆོག་རྡོར་སེམས། མི་འཁྲུགས་བཅུ་གསུམ་མ། འཇིགས་བྱེད་དཔའ་གཅིག་རྣམས་ཀྱི་ལུང༌། ནི་གུའི་སྐོར་རྗེ་ཉིད་ཀྱི་ཆོག་ཁྲིགས་ཚང་མའི་དབང་བྱིན་རླབས། སུ་ཁའི་བྱིན་རླབས། རྩ་ཁྲིད། སྟན་གཅིག་མ། ལྷན་ཐབས་རྣམས་ཀྱི་ཁྲིད་ལུང༌། སུ་ཁའི་ཁྲིད། ཕྱག་ཆེན་གྭའུ་མའི་བྱིན་རླབས་ཁྲིད་དང་བཅས་པ། ཡིག་ཆའི་ལུང༌། བདེ་མཆོག་དྲིལ་བུ་པའི་དབང༌། བདེ་མཆོག་མཻ་ཏྲི་བཅུ་གསུམ་མའི་དབང༌། བདེ་མཆོག་སྡོམ་འབྱུང་གི་དབང༌། བདེ་མཆོག་སྤྱན་རས་གཟིགས་པདྨ་དྲྭ་བའི་དབང༌། བདེ་མཆོག་ལྭ་བ་བཅུ་གསུམ་མའི་དབང༌། མ་ཧཱ་མ་ཡའི་དབང༌། བདེ་མཆོག་སངས་རྒྱས་མཉམ་སྦྱོར་གྱི་དབང༌། བཅོམ་ལྡན་འདས་རྡོ་རྗེ་གདན་བཞི་ཡབ་བཀའི་དབང༌། གསང་འདུས་འཇམ་རྡོར་དབང༌། གསང་འདུས་འཇིག་རྟེན་དབང་ཕྱུག་དབང༌། གཤིན་རྗེ་གདོང་དྲུག་གི་དབང༌། དཔལ་དུས་ཀྱི་འཁོར་ལོ་བུ་ལུགས་ཀྱི་དབང་བསྐུར་ཆེན་མོ་སྔོན་དངོས་རྗེས་ཚང༌། གྲུབ་ཐོབ་ཚེ་སྒྲུབ་ཀྱི་དབང༌། ཇོ་ནང་ཁྲིད་བརྒྱའི་གསུང་ཁྲིད། པོད་དབང༌། ལུང་བཅས། ཐུགས་རྗེ་ཆེན་པོ་ཚེམ་བུ་དམར་ཁྲིད་ཀྱི་གསུང་བཤད་སྔོན་འགྲོ་ནས་བརྩམས་མཐར་ཆགས་སུ་རྒྱས་སྤྲོས་བཅས། བདེ་མཆོག་དྲིལ་བུ་ལུགས་ཀྱི་བསྐྱེད་རྫོགས་ཀྱི་ཟབ་ཁྲིད། ཏི་ཕུའི་ཚེ་སྒྲུབ་ཞལ་ཤེས་མའི་ཞལ་ཁྲིད། གསང་འདུས་རིམ་ལྔའི་ཁྲིད། མི་ཏྲ་ལུགས་ཀྱི་ཐུགས་ཆེན་ཡི་གེ་བཞི་པའི་བྱིན་རླབས། རྫོགས་རིམ་ཕྱག་ཆེན་སེམས་ཉིད་ངལ་གསོའི་ཁྲིད། ཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་ཚེའི་ཉམས་ཁྲིད་ཟབ་མོ་ཞག་བདུན་དང༌། འབའ་ར་བའི་ཚེ་ཁྲིད་རིན་ཆེན་གཏེར་མཛོད་སོགས་ཀྱི་ལུང༌། བྱིན་རླབས་དབང་བཞིའི་ཚུལ་དུ་བསྐུར་བ། ཚེ་སྒྲུབ་བུ་སྟོན་གོང་ཁུག་མའི་ཁྲིད་ལུང༌། ལམ་སྐོར་ཕྱི་མ་བརྒྱད་ཀྱི་པོད་གཞུང༌། བུ་སྟོན་ཡོ་གའི་ཆོས་འབྱུང་རྣལ་འབྱོར་རྒྱུད་ཀྱི་རྒྱ་མཚོར་འཇུག་པའི་གྲུ་གཟིངས། བུ་སྟོན་རིན་པོ་ཆེའི་རྡོར་དབྱིངས་མཆོད་ཕྲེང༌། རྗེ་ཉིད་མཛད་དབང་གི་ས་སྡོམ་རིག་པའི་འཕྲུལ་འབྱེད། ལམ་འབྲས་པོད་ནག་མ། རྗེ་ཉིད་མཛད་རྣལ་འབྱོར་མའི་བླ་མའི་རྣལ་འབྱོར། ཆོས་ཉིད་དངོས་བསྟན་གྱི་ཟིན་བྲིས་སོགས། ཞྭ་ལུ་པའི་གདན་རབས་གླེགས་བམ། སྦྱོང་དཀྱིལ་བཅུ་གཉིས་ཀྱི་ཡིག་ཆ་ཐར་པཎ་གྱིས་མཛད་པ། ཚར་ལུགས་བླ་མའི་རྣམ་ཐར་སྐོར་ལས། བདག་ཆེན་རྡོ་རྗེ་འཆང༌། རྗེ་བཙུན་རྡོ་རིང་པ། རྡོ་རྗེ་འཆང་སྒོ་རུམ་པ། ཚར་ཆེན་རྗེ། མཁྱེན་བརྩེ། མང་ཐོས་ཀླུ་སྒྲུབ། བོད་མཁར་བ་མཻ་ཏྲི་དོན་གྲུབ་རྒྱལ་མཚན། མཁན་ཆེན་བསླབ་གསུམ་རྒྱལ་མཚན། རྟ་ར་བ་བསོད་ནམས་ཆོས་འཕེལ། མཁན་ཆེན་ངག་དབང་ཆོས་གྲགས། དབང་ཕྱུག་རབ་བརྟན། མགོན་པོ་བསོད་ནམས་མཆོག་ལྡན། ཞྭ་ལུ་མཁན་ཆེན་བསོད་ནམས་མཆོག་གྲུབ། ཉིད་མཛད་ས་སྐྱ་པ་ཀུན་དགའ་རྒྱལ་མཚན་པ་བཅས་ཀྱི་རྣམ་ཐར་དེ་དག་གི་ལྗགས་ལུང་སོགས་སྒྲུབ་ཐབས། ཁྲིད་ཟིན། ལས་ཚོགས་སོགས་ཀྱི་བཀླག་ལུང་རབ་ཏུ་མང་པོ་གསན་ནོ། །གོང་དཀར་པོ་ཏ་ལ་པ་མཁན་ཆེན་རིན་པོ་ཆེ་བསྟན་འཛིན་ཚུལ་ཁྲིམས་མདུན་ནས། དཔལ་མཆོག་དང་པོ་འཇིག་རྟེན་ལས་འདས་པ་དང་འཇིག་རྟེན་པའི་དཀྱིལ་འཁོར་བཅུ་བཞི་རྡུལ་ཚོན་གྱིས་བཞེངས་པའི་སྟེང་ནས་དབང་སྐུར་ཡོངས་སུ་རྫོགས་པ་སྔོན་དངོས་རྗེས་ཚང་དང༌། ས་ལུགས་ཡང་དག་ལྷ་དགུའི་དབང་རྫོགས་པར་གསན། བྲག་སྒོམ་ཞབས་དྲུང་མ་ཧཱ་པཎྜི་ཏ་དཀོན་མཆོག་བསྟན་པ་རབ་རྒྱས་དཔལ་བཟང་པོའི་ཞལ་སྔ་ནས་བཀའ་ཆོས་མང་དུ་གསན་པ་ལས། གསང་བདེ་འཇིགས་གསུམ་སྔགས་བཏུའི་བྱིན་རླབས། བདེ་མཆོག་སྔགས་བཏུའི་ལུང༌། དབྱངས་ཅན་དམར་མོའི་རྗེས་གནང་ལུང་བཅས། འཇམ་བཞད་གཉིས་པའི་ཡི་དམ་སྒྲུབ་སྐོར་ནས། འཇམ་དཀར། དམར་སེར། ཕག་དཀར། གདུགས་དཀར་འདོན་ཐབས། རྣམ་འཇོམས་བུམ་ཆོག་བཅས་ཀྱི་ལུང༌། དྲི་མེད་འོད། རྡོ་རྗེ་སྙིང་འགྲེལ། རྒྱན་འཇུག །རྒྱན་འགྲེལ་དོན་གསལ། ཞྭ་ལུའི་ཆོས་སྤྱོད་ལས་ཆུ་གཏོར་མ་གཏོགས་ཚང་བ། བློ་སྦྱོང་ཆེན་མོ། ལམ་རིམ་ཟིན་བྲིས་བཅས་ཀྱི་ལུང༌། རྗེ་རིན་པོ་ཆེའི་ཡོན་ཏན་གཞིར་གྱུར་མ། རིན་ཆེན་གསུམ་གྱི་གཏམ། ཕྱག་རྡོར་སྟོད་འགྲེལ། ནག་པོ་གཞུང་དྲུག །དྲིལ་བུ་སྐོར་གསུམ། ལཱུ་ཧི་པའི་སྒྲུབ་ཐབས་ཆེ་བ། ཕྲེང་བ་སྐོར་གསུམ། རྒྱ་མཚོ། སྒྲོན་གསལ། མདོར་བྱས། མདོ་བསྲེ། རྣམ་གཞག་རིམ་པ། དཀྱིལ་ཆོག་ཉི་ཤུ་པ། བྱང་ཆུབ་སེམས་འགྲེལ། རིམ་ལྔ། ཟུང་འཇུག་གསལ་བ། ཀླུ་སྒྲུབ་བསྟོད་ཚོགས། དཔག་བསམ་འཁྲི་ཤིང༌། མདོ་ཀུན་བཏུས། བསྐལ་བཟང་རྒྱན་ཕྲེང༌། སྐྱེས་རབས་སོ་བཞི་པ། བསླབ་བཏུས། སྤྱོད་འཇུག །བྱང་ས། ཆེད་དུ་བརྗོད་པའི་ཚོམས། བྱམས་ཆོས་ཕྱི་མ་བཞི། རིགས་ཚོགས་དྲུག །ཚད་མ་མདོ། རྣམ་འགྲེལ་སོགས་སྡེ་བདུན། སོ་ཐར་མདོ། འདུལ་བ་མདོ་རྩ། སུམ་བརྒྱ་པ། མེ་ཏོག་ཕྲེང་རྒྱུད། འོད་ལྡན། མངོན་པ་མཛོད། ཀུན་བཏུས། དབུ་མ་བཞི་བརྒྱ་པ། འཇུག་པ་རང་འགྲེལ། ཇོ་བོའི་ཆོས་ཆུང་བརྒྱ་རྩ། སྣར་ཐང་བརྒྱ་རྩ། རིན་སྤུངས་སྐོར་གསུམ། བློ་སྦྱོང་བརྒྱ་རྩ། ཐོགས་མེད་བཀའ་འབུམ། སྙན་བརྒྱུད་ཆེན་མོ། བླ་མ་ལྔ་བཅུ་པ། རྩ་ལྟུང་དང་སྦོམ་པོའི་རྩ་བ། སྤྱན་སྔ་བློ་གྲོས་རྒྱལ་མཚན་པའི་འདུལ་བའི་སྡོམ་ཚིག །དགེ་ཚུལ་སློང་བྱང་སྔགས་བཅས་ཀྱི་ཕྱིར་བཅོས། གསང་འདུས་རྩ་རྒྱུད་རྒྱུད་ཕྱི་མ་དང་བཅས་པ་རྣམས་ལེགས་པར་གསན། གཞན་ཡང་རྗེ་རིན་པོ་ཆེའི་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་ལུང༌། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང༌། རྣམ་སྣང་མངོན་བྱང་གི་དབང༌། དེའི་སྒྲུབ་དཀྱིལ་སོགས་ཀྱི་ལུང༌། གཤེད་དམར་བཅུ་གསུམ་མའི་དབང༌། དྲིལ་བུ་ལྷ་ལྔའི་དབང༌། སྒྲུབ་དཀྱིལ་ལུང༌། དྲིལ་བུ་ལུས་དཀྱིལ་དབང༌། དེའི་སྒྲུབ་སྐོར་སོགས་ཀྱི་ལུང༌། ཕྱག་རྡོར་འཁོར་ཆེན་གྱི་དབང༌། ཨུ་ཙརྻ་དང༌། སེམས་དཔའ་སུམ་བརྩེགས་ཀྱི་རྗེས་གནང༌། འཇིགས་བྱེད་དུག་དབང༌། རྒྱལ་བ་དགེ་འདུན་རྒྱ་མཚོའི་ཡི་དམ་སྒྲུབ་སྐོར་ནས་སྤྱན་རས་གཟིགས་དང༌། སྒྲོལ་དཀར་རྗེས་གནང༌། བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ་བཅས་ཀྱི་ལུང༌། བཀའ་གདམས་གླེགས་བམ་རིན་པོ་ཆེ་ཡོངས་རྫོགས། བཀའ་གདམས་ཐོར་བུ། པོ་ཏོ་བའི་ཆིག་ལབ་རིང་མོ། །བྱང་ཆུབ་འོད་ཀྱི་ཞལ་གདམས། དིང་རི་བརྒྱད་ཅུ། ཨང་ཡིག་བདུན་ཅུ་པ། ཐོ་ལྕོགས་དྲུག་པ། ནག་ཚོའི་ཇོ་བསྟོད་བརྒྱད་ཅུ་པ། མན་ངག་ལྷན་ཐབས། བདེ་མཆོག་རྩ་རྒྱུད། འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱི་འཇམ་དཀར། དབྱངས་ཅན་དཀར་མོ། སྲད་བརྒྱུད་ལུགས་ཀྱི་རི་ཁྲོད་མ་རིགས་གསུམ་གྱི་སྒྲུབ་ཐབས། སོ་སོའི་ལས་སྦྱོར་དང་བཅས་པའི་ལུང༌། སྟག་ཕུ་བའི་རྣལ་འབྱོར་མའི་བསྐྱེད་རྫོགས་ཆེན་མོ་བཻཌཱུར་ཞུན་མའི་ཐེམ་སྐས། ཐུའུ་བཀྭན་པས་མཛད་པའི་རྣལ་འབྱོར་མའི་བསྐྱེད་རྫོགས་ཀྱི་དམིགས་རིམ་ཤིན་ཏུ་ཟབ་པ་བདེ་ཆེན་བཅུད་ཀྱི་སྙིང་པོ། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་མཛད་པའི་བསྟོད་པ་སྲིད་གསུམ་འགུགས་པའི་ལྕགས་ཀྱུའི་འགྲེལ་ཆེན་རྡོ་རྗེ་གསུམ་གྱི་སྣང་བ་ཞེས་ཁྲི་གུང་ཐང་པས་བཀོད་པའི་གླེགས་བམ་བཅས་ཀྱི་ལུང༌། བློ་སྦྱོང་ཉི་མའི་འོད་ཟེར། ཡོངས་འཛིན་རིན་པོ་ཆེའི་དོན་བདུན་མ། བློ་སྦྱོང་ཚིག་རྐང་བརྒྱད་མ། ཚེམ་བུ་དམར་ཁྲིད་བཅས་ཀྱི་ཁྲིད། བཀའ་གདམས་ཆོས་འབྱུང་ཆེན་མོའི་ལུང་བཅས། གསོ་དཔྱད་རྒྱུད་བཞི། ས་པཎ་ཚིག་གཏེར། སྡེབ་སྦྱོར་རིན་འབྱུང༌། མེ་ཏོག་ཆུན་པོ། སྙན་ངག་མེ་ལོང༌། སྒྲ་ཀ་ལཱ་པ། དབྱངས་ཅན་སྒྲ་མདོ་རྩ་འགྲེལ་བཅས་ཀྱི་ལུང་སོགས་དབང་རྗེས་གནང་བཀླག་ལུང༌། ཞལ་ཁྲིད་སོགས་ཤིན་ཏུ་རྒྱ་ཆེན་གསན་ནོ། །དགའ་ལྡན་ཁྲི་རིན་པོ་ཆེ་འཇམ་དཔལ་ཚུལ་ཁྲིམས་ལས་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་ལུང༌། ཤར་རྩེ་གྲགས་པ་བསྟན་དར་ལས་འདུལ་བ་རྒྱ་མཚོའི་སྙིང་པོ་དང༌། བྱང་རྩེ་བློ་བཟང་མཁས་གྲུབ་ལས་ཡོན་ཏན་གཞིར་གྱུར་མ་སོགས་ཀྱི་ལུང༌། རྭ་སྒྲེང་ཁྲི་ཆེན་རིན་པོ་ཆེ་ལས་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་ལུང༌། མཆོག་སྤྲུལ་བློ་བཟང་མཐུ་སྟོབས་ལས་ཚེ་དབང་གྲུབ་རྒྱལ་མ་དང༌། བྱ་སྤྱོད་སྤྱིའི་ཆོ་གའི་ལུང༌། དབུ་མའི་ལྟ་ཁྲིད་སྐོར་གྱི་གསུང་བཤད། ཀ་ཆེན་ནོར་བུ་དོན་གྲུབ་ལས་པཎ་ཆེན་དཔལ་ཡེས་ཀྱིས་མཛད་པའི་དུག་དབང་བསྐུར་ཚུལ། རིགས་བྱེད་མའི་བསྟོད་ལུང༌། སྒྲུབ་ཐབས་བརྒྱ་རྩའི་རྒྱ་གཞུང་གི་ལུང་བཅས་གསན། ལྷ་བཙུན་འཇམ་པའི་རྡོ་རྗེ་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས། ཐུབ་པ་དམ་ཚིག་གསུམ་བཀོད་ལྷ་ལྔ། སྨན་བླ་ཞེ་བདུན་མ། གདུགས་དཀར་ལྷ་མང༌། རྣམ་འཇོམས་མཐིང་ག་ལྷ་བཅོ་ལྔ། གཟའ་ཡུམ་ལྷ་བཅུ་བཞི། ཁམས་གསུམ་རྣམ་རྒྱལ། འཇིགས་བྱེད་སྐྱོ་ལུགས་ཞེ་དགུ་མ། དགེ་ལུགས་འཇིགས་བྱེད་དཔའ་གཅིག །འབྲུག་ལུགས་རས་ཆུང་ཚེ་དཔག་མེད་ནང་སྒྲུབ་ཞི་བ་ལྷ་མང༌། གསང་སྒྲུབ་ཁྲོ་བོ་ལྷ་མང༌། ངམ་རྫོང་ལུགས་ཀྱི་བདེ་མཆོག་ལུས་དཀྱིལ། སྟག་ལུང་པའི་དགྱེས་རྡོར་ཛྙཱ་ན་ལུགས། ཀྱེ་རྡོར་ཏིང་འཛིན་དབང་བཞི། ཁྲོས་ནག་ལྷ་ལྔ་རྣམས་ཀྱི་དབང་ཆེན། ཁྲོ་ཕུ་ལོ་ཙཱའི་མན་ངག་བརྒྱ་རྩ་འབྲིང་པོའི་ལུང༌། གཏུམ་མོ་ཞག་བདུན། ཞག་གསུམ་མ། རླུང༌། ཆུ། མེ་ཏོག་བཅས་ཀྱི་བཅུད་ལེན། རྡེའུའི་བཅུད་ལེན་བཅས་པའི་ཕྱག་ཁྲིད་ལུང་བཅས། མ་ནིང་ཧ་འདོན་གྱི་ཁྲིད། དིང་རི་བརྒྱད་ཅུ་པ། དམ་པའི་མཁྱུད་དཔྱད་དཀར་ནག་ཁྲ་གསུམ། འཇིགས་བྱེད་ནག་པོའི་དུག་སྲུང༌། གྲུབ་རྒྱལ་ལུགས་ཀྱི་ཚེ་ཁྲིད། འབའ་ར་བའི་ཡིག་ཆ་ཚང་མ། ཁྱུང་པོའི་མགུར་བརྒྱད། སྒྲོལ་དཀར། འཇམ་དབྱངས་སྨྲ་སེང༌། འཇམ་དཔལ་ནག་པོ། །སེང་གདོང་སྔོན་མོ་གོང་དཀར་ལུགས། དབྱངས་ཅན་དཀར་མོ་རྣམས་ལས་སྔར་མ་གསན་པའི་ཡིག་ཆ་ཅི་རིགས་ཀྱི་ལུང་སོགས་གསན། དཔེ་ཆོས་རིན་ཆེན་སྤུངས་པ། གཏམ་རྒྱུད་རིན་ཆེན་ཕྲེང་མཛེས། མན་ངག་རིན་ཆེན་སྤུངས་པ་རྣམས་ངག་དབང་ལེགས་གྲུབ་ལས་གསན། མཆོག་སྤྲུལ་ཡེ་ཤེས་ཐུབ་བསྟན་རྒྱ་མཚོ་ལས་ཐིག་ལེ་བཅུ་དྲུག་གི་རྒྱུན་ཁྱེར་དབང་ཁྲིད་གཙོས་རྗེས་གནང་དང་ལུང་འགའ་ཙམ་གསན། སེར་བྱེས་རབ་འབྱམས་པ་དགེ་བཤེས་ཡེ་ཤེས་གོང་འཕེལ་ལས་ནག་ཚོའི་ཇོ་བསྟོད་བརྒྱད་ཅུ་པ། འབྲོམ་གྱི་ཇོ་བསྟོད་སུམ་ཅུ་པ། འབྲོམ་གྱི་ལྷ་ཆོས་མི་ཆོས་གནད་ཕྲེང༌། ལྷ་བཙུན་བྱང་ཆུབ་འོད་ཀྱི་ཞལ་གདམས། འཆད་ཀ་བའི་དོན་བདུན་མའི་རྩ་ཚིག །བློ་སྦྱོང་ཐུན་གཅིག་མ། ཆོས་གསུམ་དྲི་ལེན་དང་རྒྱལ་སྲས་ལག་ལེན། རྒྱ་མ་སྤྱན་སྔ་བའི་བློ་སྦྱོང་བླ་མའི་རྣལ་འབྱོར། འཇམ་དབྱངས་ཁ་ཆེའི་སྙིང་གཏམ་བཅུ་གསུམ་མ་རྣམས་ཀྱི་ལུང༌། བྱང་སེམས་ར་སྒྲེང་བའི་བློ་སྦྱོང་བྱང་སེམས་ཆུ་རྒྱུན། པོ་ཏོ་བའི་མན་ངག་བེ་བུམ་སྔོན་པོ། བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཆེན་མོ་སོགས་གསན། དགེ་བའི་བཤེས་གཉེན་རབ་འབྱམས་པ་གྲགས་པ་ལྷུན་གྲུབ་ལས་སྤྱན་སྔ་བློ་གྲོས་རྒྱལ་མཚན་གྱི་བློ་སྦྱོང་ཆོས་ཀྱི་སྒོ་འབྱེད། འཇམ་མགོན་བྱམས་པ་ཕུན་ཚོགས་ལས་ལམ་རིམ་འཇམ་དཔལ་ཞལ་ལུང་གི་ཁྲིད་དང་སེམས་བསྐྱེད། ལམ་རིམ་བསྡུས་དོན་ཁྲིད་ལུང་བཅས། བཀྲ་ཤིས་ལྷུན་པོའི་ཀ་ཆེན་རྣམ་རྒྱལ་རྒྱལ་མཚན་ལས་བ་རི་བརྒྱ་རྩའི་རྒྱ་གཞུང་ཡོངས་རྫོགས་ཀྱི་ལུང༌། ཀ་ཆེན་རིན་པོ་ཆེ་བློ་བཟང་དགེ་ལེགས་ཀུན་ཁྱབ་ལས་པཎ་ཆེན་ན་བཟའ་བའི་བེ་བུམ་དགོས་འདོད་ཀུན་འབྱུང་ལུང་བཅས་གསན་པའི་ཚུལ་འདིར་མདོ་ཙམ་མོ། །ཨོ་རྒྱན་སྨིན་གྲོལ་གླིང་གི་ཁྲི་ཆེན་རིན་པོ་ཆེ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས། བཀའ་མའི་ཡང་དག་ལྷ་དགུ་སོ་ལུགས་ཀྱི་དབང༌། ཉིད་མཛད་དོང་སྤྲུགས་ཀྱི་སྦྱིན་སྲེག་ལུང༌། ཉང་གཏེར་དྲག་དམར་པོད་རགས་རིམ། ཐུགས་རྗེ་ཆེན་པོ་འགྲོ་འདུལ་ཕལ་ཆེར་ཚང་བ། ཆོས་དབང་བླ་མ་གསང་འདུས་དབང་ཡོངས་རྫོགས། ལུང་རགས་རིམ། ཐུགས་ཆེན་ཡང་སྙིང་འདུས་པའི་དབང༌། ལུང་འགའ་རེ། ཕུར་པ་སྤུ་གྲིའི་དབང་ལུང་ཆ་ཚང༌། ལས་འབྲེལ་ཕྱག་རྡོར་གཏུམ་པོའི་སྐོར་འགའ་རེ། པད་གླིང་ཚེ་ཁྲིད་རྡོ་རྗེ་ཕྲེང་བའི་སྐོར་འགའ་ཞིག་གི་ལུང༌། རིག་འཛིན་ཐུགས་ཐིག་དབང༌། ཚེ་དབང༌། བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབ་ཁྲིད་ལུང༌། རྡོར་སེམས་དབང༌། རྩ་ཁྲིད་བཅས། རྗེ་བཙུན་རིན་པོ་ཆེ་འགྱུར་མེད་ཕྲིན་ལས་ཆོས་སྒྲོན་ལས་སྔ་ཕྱིར་དབང་ལུང་ཁྲིད་གསུམ་མང་དུ་གསན་པ་ལས། གཙོ་བོར་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་དབང་ལུང་ཁྲིད་གསུམ་ཆ་ཚང༌། ཐུགས་ཆེན་རྒྱལ་པོ་ལུགས་ཀྱི་ལུང་ཁྲིད། ཉང་གཏེར་གཏུམ་མོ་ཞག་བདུན་མའི་དབང་ཁྲིད་འབྲེལ་མ་ལུང་བཅས། ཆོས་དབང་རིན་པོ་ཆེའི་ཞལ་གདམས་འགའ་རེ། ར་ཤག་མདོས་བཅུ་སྟོད་སྨད་འཕྱོང་བཅས། ཐང་ལུགས་ཚེ་རྟ་ཟུང་འབྲེལ། པད་གླིང་ནག་པོ་སྐོར་གསུམ། མན་ངག་གཏེར་ཕྲན། ཉི་ཟླ་སངས་རྒྱས་འཕོ་བ་འཇག་ཚུགས་མའི་ཁྲིད་ལུང༌། སྙན་བརྒྱུད་མ་བཅས། དཀོན་མཆོག་སྤྱི་འདུས་རྩ་དབང༌། ཚེ་དབང༌། བཤར་ཁྲིད་བཅས། ཐུགས་ཏིག་རྩ་དབང༌། ཚེ་དབང༌། རྩ་ཁྲིད་བཅས། ལོ་ཆེན་རིན་པོ་ཆེའི་རྩ་ཁྲིད་ངོ་སྤྲོད། རྩ་དབང་དང་ཚེ་དབང་མཚམས་སྦྱོར་བཅས་ཀྱི་ལུང༌། རྡོར་སེམས་དབང༌། རྩ་ཁྲིད། རྨི་ལམ་དང༌། འཕོ་ཁྲིད། ལོ་ཆེན་རིན་པོ་ཆེའི་གསུང་ཚང་མའི་ལུང༌། རིན་རྣམ་ལྷན་ཐབས་མཛེས་རྒྱན་བཅས། ཨ་ཏིའི་རྩལ་དབང༌། ཁྲིད། ལུང་ཚང་མ། དྲག་དམར་དབང་གསུམ་དྲེགས་པའི་སྲོག་དབང་བཅས། རིན་རྣམ་བསྙེན་ཡིག །ཞི་སྦྱིན། ཚེ་སྒྲུབ། མི་འགྱུར་དཔལ་སྒྲོན་གྱི་ལྷ་ཁྲིད། དམིགས་རིམ་བཅས་ཀྱི་ལུང༌། དྲེགས་འཇོམས་ལུང༌། ཐུགས་རྗེ་ཆེན་པོའི་རྩ་དབང༌། མཆོག་དབང༌། གཏོར་དབང༌། གར་ཚེ། གསང་ཡེ། ལྷ་ཆེན་བཅས། རྩ་ཁྲིད། གཏུམ་མོའི་ཤར་ཁྲིད། པོད་རགས་རིམ། ལོ་ཆེན་གྱི་རྩ་ཁྲིད་སྙིང་པོ་སྟན་ཅིག་མ། ཨཽ་ཌི་ཡཱ་ནའི་གར་ཚེའི་བསྙེན་ཡིག །ཁྱུང་རས་པའི་ནང་སྒྲུབ་གསལ་བྱེད་ཟུང་འཇུག་རྣམ་རོལ་དང༌། གསང་སྒྲུབ་གསལ་བྱེད། ལྷ་ཆེན་བསྙེན་ཡིག་སོགས་ཀྱི་ལུང༌། ལོ་ཆེན་གྱིས་མཛད་པའི་ཆོས་སྤྱོད་ཕྱི་མ་ལས་འགའ་ཞིག་དང༌། ནང་གི་ཆོས་སྤྱོད། ཐུན་དྲུག །སྨྱུང་གནས་ཆོ་ག །ཀླུ་ཆོག །ཞི་བྱེད་སྐོར་ཆ་ཚང༌། གཅོད་དབང་དང༌། ཁྲིད་ལུང༌། གཡའ་བཟང་བའི་ལུགས་ཀྱི་གཟའ་བཅོས་གསལ་བྱེད་བཅས་ཀྱི་ལུང༌། ཉིད་མཛད་གསང་སྙིང་བཤད་རྒྱུན་གསོལ་འདེབས་སྤྱི་དོན་དང་འབྲེལ་བ། ཨ་ནུ་ཡོ་ག་ལུང་བདུན་གྱི་འཆད་ཚུལ། ཉང་གཏེར་ཁྲོས་ནག་རྒྱུན་ཁྱེར། བསྙེན་ཡིག །ཐུགས་ཆེན་བདེར་འདུས་སྔོན་འགྲོའི་ཁྲིད་ཡིག །ཐུན་མོང་སྔོན་འགྲོའི་ཟིན་བྲིས། གཏུམ་མོའི་གསོལ་འདེབས། རྡོར་སེམས་འཕོ་ཁྲིད། གཏེར་གསར་སྐོར་གྱི་བརྒྱུད་འདེབས། ལྷ་བཙུན་པའི་གཅོད་ཡུལ་དཔའ་བོའི་ཐོལ་གླུའི་ཟིན་བྲིས་སྣང་སྲིད་རང་གྲོལ་རྣམས་དང༌། ལོ་ཆེན་རིན་པོ་ཆེའི་རྒྱུད་ཆོག །པདྨ་དབང་རྒྱལ་གྱིས་མཛད་པའི་རྒྱུད་འཆད་ཐབས་ཀྱི་ཟིན་བྲིས་ལུང་སོགས་གསན། དགེ་སློང་དགེ་བའི་བཤེས་གཉེན་འགྱུར་མེད་ཕུན་ཚོགས་ཞལ་སྔ་ནས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཡོངས་སུ་རྫོགས་པ་གསལ་དག་སྙན་གསུམ་དང་ལྡན་པའི་སྒོ་ནས་བློ་ཁ་ཚིམས་པར་ཐོབ་པས་མི་ལུས་ཙམ་པོ་བ་ཐོབ་པ་འདི་དོན་ཅུང་ཟད་དང་ལྡན་པར་གྱུར་སྙམ་རྣམ་པ་ཀུན་ཏུ་རྗེས་སུ་དྲན་ཏོ། །ཞེས་གསུངས། དགེ་སློང་སྔགས་རབ་སློབ་དཔོན་འགྱུར་མེད་དོན་གྲུབ་ལས། ལོ་ཆེན་རིན་པོ་ཆེས་མཛད་པའི་སོ་ཐར་ལས་ཆོག །གཞི་གསུམ། སྡོམ་གསུམ་རྣམ་ངེས། གསང་བདག་དགོངས་རྒྱན། ཆོས་སྤྱོད་ཚང་བ་བཅས་གསན། དགེ་སློང་དགེ་བའི་བཤེས་གཉེན་སྔགས་རབ་འགྱུར་མེད་བསྟན་འཕེལ་ལས། གཏེར་ཆེན་རིན་པོ་ཆེའི་གསུང་རབ་གླེགས་བམ་བཅུ་གསུམ་ཡོངས་སུ་རྫོགས་པ་དང༌། གཏེར་གསར་སྐོར་གཏེར་གཞུང་ཆ་ཚང་གི་ལུང་བཅས་གསན། རྒྱལ་སྲས་གཞན་ཕན་མཐའ་ཡས་ལས། གུ་རུ་ཚེ་བརྟན་རྒྱལ་མཚན་གྱི་གཏེར་མ་རྟ་མགྲིན་བརྒྱ་རྩ་དང༌། ཉིད་མཛད་གྲུབ་མཐའ་རིས་མེད་གསོལ་འདེབས་ཀྱི་ལུང༌། ཀློང་སྡེ་རྣ་བརྒྱུད་རྡོ་རྗེ་ཟམ་པའི་དབང་ལུང་ཁྲིད། སེམས་སྡེ་ཨ་དོན་བཅོ་བརྒྱད་ཀྱི་དབང་ལུང་ཁྲིད། ཀུན་བྱེད་དོན་ཁྲིད། གནུབས་ཀྱི་ཤོག་དྲིལ་བཅུ། འབྲི་གུང་ཆོས་གྲགས་གཤིན་རྗེའི་བེ་བུམ་ནག་པོར་གནུབས་ཀྱི་གོང་ཁུག་བརྒྱ་རྩར་མཚན་གསོལ་བ། རྟ་མགྲིན་ཡང་ཁྲོས་རྩ་དབང་ཚེ་དབང༌། བཀའ་སྲུང་སྲོག་གཏད་བཅས། པུསྟི་ཡོངས་རྫོགས་ཀྱི་ནང་ཚན་ཁ་ཤས་མ་གཏོགས་ཚང་མ་སོགས་བཀའ་ཆོས་ཁྱད་འཕགས་རབ་ཏུ་མང་བ་གསན། རྫོགས་ཆེན་མཁན་རིན་པོ་ཆེ་པདྨ་དམ་ཆོས་འོད་ཟེར་རམ་པདྨ་བཛྲའི་ཞལ་སྔ་ནས། སྔ་འགྱུར་བཀའ་མའི་ཕྲིན་ཆོག་ཕྱོགས་བསྡུས་གླེགས་བམ་དགུའི་ལུང་ཡོངས་རྫོགས། མཁྱེན་བརྩེའི་བཀའ་འབུམ་ལུང་ཡོངས་རྫོགས། རྫོགས་ཆེན་རྒྱུད་བཅུ་བདུན་དབང་ལུང༌། ཁྲོས་མའི་སྲོག་དབང༌། སྒྱུ་འཕྲུལ་ཞི་ཁྲོ་དང་འདུས་པ་མདོའི་དབང་ལུང་ཡོངས་རྫོགས། ཀློང་ཆེན་སྙིང་ཏིག་སྐོར། གཤིན་རྗེའི་གཤེད་དམར་དབང༌། ཁ་ཐུན་དབང༌། རོང་ཕུར་དབང༌། རོག་ཕུར་དབང༌། དོང་སྤྲུགས་ཞི་ཁྲོ་རིགས་བསྡུས་འགྲོ་བ་ཀུན་སྒྲོལ་དང༌། རིགས་བསྡུས་པདྨ་བརྒྱ་ལྡན་གྱི་དབང༌། བཀའ་བརྒྱད་རྫོང་འཕྲང་གི་དབང༌། དབུ་ལུགས་སེམས་བསྐྱེད་ཆོ་ག །རོང་ཕུར་པོད་ལུང༌། ཕུར་འགྲེལ་འབུམ་ནག་གི་ལུང༌། བཀའ་བརྒྱད་རྫོང་འཕྲང་པོད་ལུང༌། ཕུར་པ་རྒྱལ་པོ་ལུགས་སམ་རྒྱུད་ལུགས་ཕུར་པའི་དབང་ལུང་ཆ་ཚང༌། ཞི་ཁྲོ་ཁྲོམ་དཀྲུགས་ངན་སོང་སྦྱོང་བའི་དབང༌། ཕྲེང་པོ་རིན་པོ་ཆེའི་གྲོལ་ཏིག་དགོངས་པ་རང་གྲོལ་དབང་ལུང་སོགས་ཟབ་རྒྱས་ཀྱི་གདམས་ཁྲིད། དབང་ལུང་རྒྱ་ཆེན་གསན། གླིང་སྤྲུལ་ཐུབ་བསྟན་རྒྱལ་མཚན་ལས། ཆོས་དབང་ཡང་ཏི་སངས་རྒྱས་མཉམ་སྦྱོར། རྡོར་གླིང་ལྟ་བ་ཀློང་ཡངས་པོད་བཞི་དང༌། ལེགས་ལྡན་ཚེ་སྒྲུབ་བདུད་རྩི་འཁྱིལ་བ་རྣམས་ཀྱི་དབང་ལུང་ཡོངས་རྫོགས། རྒྱ་གཞུང་ཐོར་བུའི་རིགས། གཏེར་ཆོས་ཐོར་བུའི་རིགས་ཀྱི་དབང་ལུང་མང་དུ་གསན། སྒྲོལ་སྟོན་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་ལས། གཏེར་ཁ་གོང་མ་མངའ་བདག་ཉང་གི་གཏེར་བྱོན་བླ་མ་དྲག་པོ་དམར་ཆེན་གྱི་ཆོས་སྐོར་ཡོངས་སུ་རྫོགས་པ། རྗེ་བཙུན་ཁྲོས་མ་ནག་མོའི་དབང་ལུང་ཁྲིད་གསུམ་ཚང་མ། ཆོས་དབང་བླ་མ་གསང་འདུས་སྐོར་གྱི་དབང་དང༌། ལུང་རགས་རིམ། སྨན་ལུང་པའི་ཡིག་ཆ་ཚང་མ། ཐུགས་སྒྲུབ་དྲེགས་པ་ཚར་གཅོད། མཚོ་རྒྱལ་སྒྲུབ་ཐབས་ལེའུ་ལྔ་པ། མཁའ་འགྲོ་གྲིབ་སེལ་གྱི་སྐོར། རྫོགས་ཆེན་སངས་རྒྱས་མཉམ་སྦྱོར་གྱི་ཁྲིད་ལུང༌། སྔོན་འགྲོའི་ངག་འདོན། ཐུགས་ཆེན་འཁོར་བ་དོང་སྤྲུགས་ཀྱི་རྩ་དབང༌། ལམ་དབང་གཏེར་གཞུང་དང༌། མཁྱེན་བརྩེའི་ལམ་ཟབ་སོགས་ཀྱི་ལུང་ཚང་བ། ཕྱག་རྡོར་གཏུམ་པོའི་དབང་ལུང་ཆ་ཚང༌། ཡེ་ཤེས་ལྷུན་གྲུབ་ཀྱི་བརྒྱུད་འདེབས་དང༌། བསྙེན་ཐབས། སེམས་བསྐྱེད་བསྟན་པའི་སྙིང་པོ། ཞང་ཁྲོམ་ཀིང་དམར་རླུང་སྒྲུབ་གཞུང་དང་བཀྲས་སྟོབས་པའི་ཆོག་ཁྲིགས། རྡོར་འབུམ་གཏེར་མ་བུམ་ཆེན་གྱི་ཆ་ལག །རྣམ་དག་དབང་གི་ཆུ་རྒྱུན། སྲུང་བའི་སྡོམ། ཞལ་ཤེས་ཕྱག་ལེན། འཁོར་ལོ་ཁྱུང་གསུམ་བཅས། བུམ་ཆུང༌། བཟང་པོ་གྲགས་པའི་འཁོར་ལོ་འབར་བའི་རྩ་བ། བརྡ་དོན་ལམ་ཟབ་ཁྲིད། དུག་དབང་སྔགས་བཅས། ཁྱུང་ནག་གཏོར་དབང༌། རིན་གླིང་ནཱ་ག་རཀྴ་འདྲེན་སྐེམ་སྨན་འཁོར་དང༌ལས་ཚོགས་དགུ་པ་མ་གཏོགས་ཆ་ཚང༌། གྲྭ་པའི་ཛཾ་དམར་དང༌། ལོ་ཆེན་སྦྱིན་སྲེག །པད་གླིང་བླ་མ་ནོར་རྒྱམ་ལས་བཅུད་ལེན་ཡིད་བཞིན་ནོར་བུ་ནང་གསེས་བཅས། ལས་ཚོགས་ང་བཞི་པ་རིན་ཆེན་སྤུངས་པ། རྒྱ་ནག་ཆུ་འཁོར་ཆར་འབེབ་སྐོར་བཅས། དྲི་མེད་རྡོ་རྗེའི་ཟ་ཡིག་ནོར་བུའི་བང་མཛོད། མངའ་རིས་པཎ་ཆེན་གྱི་ཡོན་ཏན་གཏེར་མཛོད། ལེགས་ལྡན་རྗེའི་བླ་མ་སྐུ་གསུམ་དང༌། ནམ་མཁའ་ཟས་ཟ། བྱང་བདག་ཚེ་སྒྲུབ་སྐུ་གསུམ་རིགས་འདུས། དྲག་པོ་ཀརྨ་གུ་རུའི་དབང་ལུང་ཆོག་བསྒྲིགས་བཅས་ཆ་ཚང༌། དག་སྣང་མདོས་ཆོག་སྣང་སྲིད་སྤྱི་སྐོང༌། བ་མཁལ་བའི་གསོལ་འདེབས་བར་ཆད་ལམ་སེལ། ཉི་ཟླ་སངས་རྒྱས་འཕོ་བ་འཇག་ཚུགས་མ་དང༌། ཀ་དག་མའི་ཁྲིད་ལུང༌། རྒྱ་ཕུར་བུའི་རྭ་སྲུང་དུག་ཁྲག་བུམ་ལྕགས་གཉིས་ཚང་བ། སྐལ་ལྡན་བྱིས་པའི་འབྲུམ་སྲུང་གཅུད་འཁོར་དཔེའུ་རིས་དང་སྦྲགས་པ། གུ་རུ་ཇོ་ཚེའི་ཤ་བརྒྱ་ཟན་བརྒྱ། སྣ་ནམ་ཐུབ་རྒྱལ་གཏོ་བཅོས་བརྒྱ་རྩ། ཟུར་མཁར་ཨ་ཇོ་བལ་པོའི་བསོད་ནམས་གླང་པོ་སྟོབས་སྐྱེད། ཟངས་གླིང་དབང་ཕྱུག་གཏད་ཧྲུལ། རཏ་གླིང་ཡང་ཟློག་དང་གཏད་ཧྲུལ། ཨ་ཙཱ་ར་དམར་པོའི་སེར་སྲུང༌། གཏེར་སྟོན་ཚེ་རིང་རྡོ་རྗེའི་སྤྱི་ཏིའི་སྐོར་གྱི་དབང་ལུང་ཚང་བ། གཏེར་སྟོན་དྲི་མེད་ལྷུན་པོའི་དོན་ཏིག་དང༌། ཟླ་བ་རྒྱལ་མཚན་གྱི་ཟབ་ཏིག་ཆོས་དབྱིངས་རང་གསལ་བརྒྱུད་པའི་ཆུ་བོ་གཉིས་འདྲེས་ལས་ཕྱི་མ་གཙོ་བོར་བྱས་པའི་དབང་ལུང༌། གྲུབ་ཆེན་ཉི་ཟླ་ཀློང་གསལ་གྱི་དག་སྣང་ཛ་བཱིར་ཉེ་བརྒྱུད་ཀྱི་དབང་ལུང་དམིགས་ཁྲིད། བྲམ་ཟེ་སྡོམ་བཟང་རླུང་འཁོར་ཉེར་གཉིས་མ། ཇག་ཆིངས་ར་རུ་མའི་གཞུང་ཞལ་གདམས་བཅས་ཆ་ཚང༌། ཐོག་སྲུང་ཞལ་ཤེས་སོགས་མང་དུ་གསན། རིག་འཛིན་ཀུན་བཟང་གསང་སྔགས་བསྟན་འཛིན་ལས། རྡོར་འབུམ་ཆོས་གྲགས་གཏེར་བྱོན་བདུད་རྩི་བུམ་པའི་དབང་ལུང༌། བུམ་ཆེན་ཚང་མའི་པོད་ལུང༌། ཆོས་དབང་ཡང་དག་སྙིང་པོའི་དབང་ལུང༌། ཟབ་མོ་དག་སྣང་གི་ཆོས་སྡེ་འཆི་མེད་མནྡཱ་རཿབའི་དབང་ལུང༌། པད་ཕྲིན་ཀུན་རིག་རྣམ་བཤད། བླ་མ་གསང་འདུས་བསྙེན་ཡིག །ཉམས་ལེན་ལམ་ཟབ་གསལ་བྱེད། ཡོན་ཏན་གཏེར་མཛོད་དབང་གི་ཟིན་བྲིས། བརྒྱུད་འདེབས། ལས་བྱང༌། གསོལ་འདེབས་ལམ་ཁྱེར་ཟིན་བྲིས། བསྙེན་ཡིག་བཅས་ཀྱི་ལུང༌། ལེགས་ལྡན་རྗེའི་བླ་མ་སྐུ་གསུམ་མའི་ངག་འདོན། དམིགས་རིམ། དམར་ཁྲིད། རྟ་མགྲིན་གསང་སྒྲུབ་རྒྱུན་ཁྱེར། བསྙེན་ཡིག །ཞི་སྦྱིན་རྣམས་ཀྱི་ལུང༌། ལྔ་པའི་གསུང་རབ་ཡང་དག་འཁོན་ལུགས་ཀྱི་སྒྲུབ་དཀྱིལ། བླ་མ་གསང་འདུས་ལས་བྱང༌། བསུན་ཟློག་སྐོར་ལེ་ཚན་བཞི། རྟ་མགྲིན་ཡང་གསང་ལོ་རྒྱུས། ལས་བྱང་ཆེ་ཆུང༌། བསྙེན་ཡིག་སོགས། རས་ཆེན་དཔལ་འབྱོར་བཟང་པོའི་ལུགས་ཀྱི་འཕོ་བ་འཇག་ཚུགས་མ། ཁྱུང་ནག་གི་ལས་བྱང༌། ཕག་མོའི་མེ་མཆོད། བརྟན་བཞུགས་ལེ་ཚན། རྒྱལ་པོ་ལུགས་ཀྱི་ཐུགས་ཆེན་ལས་བྱང༌། ཚོགས་མཆོད་སོགས། གནས་བརྟན་འཇམ་དབྱངས་གྲགས་པའི་གསུང་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཁྲིད་ཟིན་ལུང༌། རྟ་མགྲིན་དྲེགས་པ་དབང་སྡུད་ཀྱི་དབང༌། ཆོས་དབང་གཏེར་མ་སེམས་བསྐྱེད་བསྟན་པའི་སྙིང་པོ་སོགས་བཀླག་ལུང་རབ་མང་གསན། མཆོག་སྤྲུལ་མཁྱེན་བརྩེའི་དབང་ཕྱུག་གི་ཞལ་སྔ་ནས། དཀོན་མཆོག་སྤྱི་འདུས་ཞི་བའི་དབང་ཚེ་དབང་བཅས། བླ་མ་དྲག་པོ། རྒྱ་ཅན་སྨན་བླ་རྣམས་ཀྱི་དབང༌། ཀློང་སྙིང་ཐུན་མོང་ཐུན་མིན་སྔོན་འགྲོའི་ཁྲིད། སྔོན་འགྲོའི་སྐོར་གྱི་ངག་འདོན་ནས་དུས་མཐར་གདབ་པའི་སྨོན་ལམ་བར་དང༌། བཻ་རོའི་བླ་སྒྲུབ་སོགས། གཏུམ་མོའི་གསོལ་འདེབས། དཔལ་ཆེན་དང་སེང་གདོང་བརྒྱུད་འདེབས། འཕགས་པའི་གསོལ་འདེབས། ཕྱི་ནང་གསང་བ་ཡང་གསང་གི་སྒྲུབ་པ། ཐུགས་རྗེ་ཆེན་པོའི་པྲ་ཁྲིད། ཚེ་སྒྲུབ་བདུད་རྩིའི་བུམ་བཅུད། རིག་འཛིན་ཐུགས་སྒྲུབ་དཔལ་ཆེན་ཞལ་ལུང༌། ཕུར་པ། མཁའ་འགྲོའི་རྩ་སྒྲུབ། ནང་སྒྲུབ། གསང་སྒྲུབ། དེའི་སྲུང་ཟློག །བླ་མ་དྲག་པོ། མ་མགོན། འཁྲུགས་སྐོང༌། གཟའ། ཚེ་རིང་མ། འཕོ་བའི་སྨོན་ལམ་རྣམ་མཁྱེན་གྲོང་འཇུག །རིག་འཛིན་སྲོག་འཁོར། ཀུན་བཟང་ཀློང་རྒྱུད། རྒྱུད་ཕྱི་མ་བཅས་ཀྱི་ལུང་རྣམས་གསན། སེམས་དཔའ་ཆེན་པོ་འཇིགས་མེད་རྒྱལ་བའི་མྱུ་གུའི་ཞལ་སྔ་ནས། རིགས་འདུས་ཐུགས་རྗེ་ཆེན་པོ་རིགས་བདག་འོད་དཔག་མེད་རྣམས་ཀྱི་སྨིན་དབང་རྒྱས་པ། ཀློང་སྙིང་མཁའ་འགྲོའི་བྱིན་རླབས། སྔོན་འགྲོ་གཉིས་ཀྱི་སྨིན་ཁྲིད་དངོས་གཞིའི་ངོ་སྤྲོད་བཅས། འདོན་ཆ་གོང་སྨྲོས་ཕལ་ཆེར། ཡང་དག །སྨྱུང་ཆོག །མཁའ་འགྲོའི་སྲེག་བླུག །ཐུགས་རྗེ་ཆེན་པོའི་ཚོགས་སྐོང༌། རིག་འཛིན་རྩ་རྒྱུད་བཅས་ཀྱི་ལུང་སོགས་ཆོས་བཀའ་མང་དུ་གསན། མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ཞལ་སྔ་ནས། གུ་ཎ་ཀོ་ཥ་སྐབས་བཅུ་གསུམ་པའི་ལུང༌། མཁའ་འགྲོའི་བྱིན་རླབས་ལུང་བཅས། རྗེ་བཙུན་བསོད་ནམས་མཆོག་ལྡན་མདུན་ནས། མི་ལའི་བྱིན་རླབས་ལུང་བཅས། ཡུམ་བཀའ་སེང་གདོང་མའི་དབང༌། དཔལ་ཆེན་དབང་ལུང༌། ཚེ་དཔག་མེད་སྐུ་གསུམ་འདུས་པའི་ཆོག་ཁྲིགས། རྡོར་སེམས་བླ་མའི་རྣལ་འབྱོར་ཇ་མཆོད་ལེ་ཚན་བར། མདོ་སྔགས་སྨོན་ལམ། ཡང་རྫོང་ཐུགས་སྒྲུབ་ཧཱུྃ་དམིགས། ཆོས་སྤྱོད་བསྟན་པ་ཡོངས་རྫོགས། གནས་བརྟན་ཕྱག་མཆོད། ཞལ་བཞི། གཡུ་སྒྲོན། རྣམ་སྲས། མ་སང་བཅས་ཀྱི་སྐོང་བ། མངའ་གསོལ། བསྐང་བཤགས། ཕྲིན་བཅོལ། ཚོགས་བསྡུས་བཅས་ཀྱི་ལུང༌། གྲུབ་ཆེན་རིན་པོ་ཆེའི་བཀའ་འབུམ་ནས། དམ་ཆོས་བདེ་ཆེན་ལམ་མཆོག་གི་གསང་སྒྲུབ། རྒྱུན་ཁྱེར། འཕོ་བའི་གདམས་པ། གྲིབ་བསང་སོགས་ལུང་ཤིན་ཏུ་མང་པོ་གསན། རྗེ་བཙུན་བླ་མ་ཆོས་ཉིད་རང་གྲོལ་གྱི་མདུན་ནས། རིག་འཛིན་ཚེ་དབང་དང་བཅས་པ། འདོན་ཆའི་ལུང༌། སྒྲུབ་བརྩོན་ཀརྨ་དཔལ་ལྡན་མདུན་ནས་རྟ་ཁྱུང་འབར་བའི་དབང་དང༌། བླ་མའི་རྣལ་འབྱོར་སོགས་ཀྱི་ལུང༌། སྒྲུབ་ཆེན་དགེ་བ་འཕེལ་རྒྱས་ལས་བླ་མའི་རྣལ་འབྱོར་གྱི་ལུང༌། བླ་མ་པདྨ་རྒྱལ་མཚན་ལས་ཀྱང་རིག་འཛིན་སོགས་འདོན་ཆ་འགའ་ཞིག་གི་ལུང༌། འཇིགས་མེད་གཞན་ཕན་དབང་ཕྱུག་ལས་རིག་འཛིན་ཚེ་དབང་དང༌། ཁྲིད་ཡིག་ཟིན་བྲིས་ཀྱི་ལུང༌། སྔོན་འགྲོའི་ངག་འདོན་ལུང་བཅས་གསན། མ་ཧཱ་པཎྜི་ཏ་འགྱུར་མེད་ཚེ་དབང་མཆོག་གྲུབ་ལས་ཀློང་གསལ་སྐུ་གསུམ་ཞི་ཁྲོའི་དབང༌། ཚེ་སྒྲུབ་ཡང་གསང་བླ་མེད་དབང་བཅས། འཇིགས་མེད་རིག་འཛིན་མགོན་པོ་ལས། གུར་དྲག་ཡེ་ཤེས་རབ་འབར་དབང་རྒྱས་པ། ཚེ་དབང་འཆི་མེད་རྔ་སྒྲ་བཅས། འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་ལས། བཀའ་བརྒྱད་ཡོངས་འདུས། གུར་དྲག་དབང་རྒྱས་བསྡུས། ཚེ་སྒྲུབ་ཡང་གསང་བླ་མེད། ཞི་ཁྲོ་འཕྲད་ཚད་རང་གྲོལ། འགྲོ་དྲུག་རང་གྲོལ། སྐུ་གསུམ་ཞི་ཁྲོ། དམ་པའི་གསུང་རྡོ་རྗེ། བདུད་འདུལ་ཕྱག་རྡོར་དྲེགས་འདུལ། རྩ་གསུམ་རྡོ་རྗེ་སྙིང་པོ་ནས། རྟ་ཕྱག་ཁྱུང་གསུམ། སྨན་བླ། རི་ཁྲོད་མ། རྣམ་འཇོམས། ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་དབང་སྒྲུབ་ཆེན་དང་འབྲེལ་བ། བསམ་ལྷུན་དབང༌། ནཱ་ག་རཀྴ་དང་སྙིང་ཐིག་གི་བླ་མ་དྲག་པོའི་དབང་གདོན་ཁྲོལ་བཅས། སེང་གདོང་མའི་བྱད་འགྲོལ་དབང༌། གཅོད་ཡུལ་ལུང་བཅས། ཨོ་རྒྱན་བསྟན་འཛིན་ནོར་བུ་ལས། སྐུ་གསུམ་རྡོ་རྗེ་སྙིང་པོའི་དབང་སྒྲུབ་ཆེན་དང་འབྲེལ་བ། རྡོ་རྗེ་སྙིང་པོ་ལས། རྡོར་སེམས། ཐུགས་ཆེན་རིགས་གཉིས། མནྡཱ་རཿབ་བཅས། རྩ་གསུམ། བི་མ། སྙན་བརྒྱུད། སྨིན་གླིང་རྡོར་སེམས་བཅས་ཀྱི་དབང་ལུང་ཡོངས་རྫོགས། གྲུབ་དབང་བྱང་ཆུབ་ཆོས་ཀྱི་ཉི་མ་ལས་ཚེ་སྒྲུབ་ལྕགས་སྡོང་མའི་དབང༌། སྤྲུལ་པའི་སྐུ་འཇིགས་མེད་ཆོས་དབྱིངས་འོད་གསལ་ལས་དཀོན་སྤྱི་ཞི་དྲག་དང༌། དགོངས་པ་རང་གྲོལ་དབང༌། མ་ཧཱ་པཎྜི་ཏ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་ལས་ཞི་ཁྲོའི་དབང༌། དེ་དང་རྗེས་འབྲེལ་ཡིག་ཆ་མང་པོའི་ལུང༌། ཉང་གཏེར་ཁྲོས་ནག་དང༌། སྨིན་གླིང་བདེ་གཤེགས་ཀུན་འདུས་དབང་ལུང་ཁྲིད་གསུམ་ཡོངས་རྫོགས། ཚེ་སྒྲུབ་འཆི་མེད་ཡང་སྙིང༌། གཤིན་རྗེ་དྲེགས་འཇོམས་དབང༌། རྒྱ་ཅན་དབང་ལུང་ཡོངས་རྫོགས། གཙུག་ཏོར་དྲི་མེད་དབང་ལུང༌། གྲུབ་བརྒྱའི་བྱིན་རླབས། ཉང་གཏེར་བཀའ་བརྒྱད་རྣམས་ཀྱི་དབང༌། དུག་དབང་རྡོ་རྗེ་ཕ་ལམ། མདོ་བསྐལ་བཟང་དང༌། མངའ་པཎ་སྡོམ་གསུམ་རྩ་འགྲེལ་གྱི་ལུང༌། ཐུགས་ཆེན་རྒྱལ་པོ་ལུགས་ཀྱི་ཁྲིད་ལུང༌། བྱད་འགྲོལ་གསེར་ལྡེའི་ལུང་མན་ངག་དང་བཅས་པ་སོགས་གསན་པ་རྒྱ་ཆེན་མཛད་དོ། །གར་དབང་ཆོས་ཀྱི་རྒྱལ་མཚན་ལས་ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དབང་སྒྲུབ་ཆེན་དང་འབྲེལ་བ། ཨོ་རྒྱན་རང་བྱུང་རྡོ་རྗེ་ལས་བླ་མ་གསང་འདུས་དབང༌། རིག་འཛིན་ཐུགས་ཀྱི་རྡོ་རྗེ་ལས་དཀོན་མཆོག་སྤྱི་འདུས་ཚེ་དབང༌། ཐུགས་ཆེན་རྒྱལ་བ་རྒྱ་མཚོའི་དབང༌། རྒྱ་ཅན་སྨན་བླའི་དབང༌། བླ་མ་ཆོས་ལོངས་སྤྲུལ་གསུམ། ཡཀྴ་མེ་དཔལ། སྨན་བླ། རྡོར་སེམས། ཕུར་པ་བཅས་ཀྱི་ལུང༌། ཡོངས་རྫོགས་ཀྱི་བཀའ་གཏད་རྗེས་གནང༌། གསང་སྙིང་ལུང་བཅས། གར་དབང་ཐུགས་མཆོག་རྡོ་རྗེ་ལས་ཞི་ཁྲོའི་དབང༌། ཀུན་བཟང་ཐེག་མཆོག་རྡོ་རྗེ་ལས་རིག་འཛིན་པའི་ཕྱག་རྡོར་དང༌། ཞི་ཁྲོའི་དབང༌། བླ་མ་རིན་པོ་ཆེ་པདྨ་དར་རྒྱས་ལས་སྙིང་ཐིག་གི་འདོན་ཆ་འགའ་རེའི་ལུང༌། འཇིགས་མེད་གཞན་ཕན་ལས་ཚེ་དབང༌། སྙིང་ཐིག་གི་ཁྲིད་ལུང༌། སྔོན་འགྲོའི་ལུང་བཅས། ཨོ་རྒྱན་བསྟན་འཛིན་ཉི་མ་ལས་ཚེ་སྒྲུབ་རིགས་གཉིས་ཀྱི་དབང༌། བླ་མ་རིན་ཆེན་བཟང་པོ་ལས། ཚེ་གུར་གྱི་དབང༌། ཛ་ཀ་མཆོག་སྤྲུལ་ཀུན་བཟང་རྣམ་པར་རྒྱལ་བ་ལས། ཀློང་གསལ་སྙིང་པོའི་གཏེར་ཆོས་གུར་དྲག་ཡེ་ཤེས་རབ་འབར་གྱི་དབང༌། ལམ་འབྲས་ཁྲིད། ཀློང་གསལ་རྡོ་རྗེ་སྙིང་པོའི་དབང༌། ཁྲིད་ཆེན་ཐབས་ལམ་བཅས་ཡོངས་རྫོགས། རྩ་གསུམ་རྡོ་རྗེ་སྙིང་པོ། བཀའ་བརྒྱད་བདེ་གཤེགས་ཡོངས་འདུས་ཡང་གསང་བླ་མེད་སྐོར། བི་མ་དང་སྲོང་བཙན་སྙན་བརྒྱུད། རྫོགས་ཆེན་ཡང་སྙིང་ཀུན་ཟབ། དམ་པ་བདེ་གཤེགས་ཀྱི་སྒྱུ་འཕྲུལ་བཅས་ཀྱི་དབང་ལུང་ཡོངས་རྫོགས། བཀའ་འབུམ་པོད་གཅིག །མཆོག་སྤྲུལ་ཉིད་ཀྱིས་མཛད་པའི་བདུད་འདུལ་དང་ཀློང་གསལ་གཏེར་ཆོས་རྣམས་ཀྱི་དབང་བསྒྲིགས་པོད་གཉིས་བཅས་ཀྱི་ལུང༌། བདུད་འདུལ་རྡོ་རྗེའི་གཏེར་ཆོས་ཡོངས་རྫོགས་པོད་ལྔ། བཀའ་འབུམ་པོད་གཅིག་རྣམས་ཀྱི་ལུང་གསན། དཔལ་ཡུལ་རྒྱ་སྤྲུལ་ཀརྨ་ཀུན་བཟང་བསྟན་པའི་ཉི་མ་ལས། རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ་པོད་བཞིའི་ལུང༌། གནམ་ཆོས་པུསྟི་བཅུ་གསུམ་གྱི་དབང་ལུང་ཚང་མ། ཁྲོ་བོ་རོ་ཟའི་གཏུམ་མོ། རྫོགས་ཆེན་སངས་རྒྱས་ལག་བཅང་གི་ཁྲིད་དང་ཡིག་ཆའི་ལུང༌། དགོངས་གཏེར་པོད་གཅིག་གི་དབང་ལུང༌། བཀའ་འབུམ་པོད་གཉིས། ཆགས་མེད་དང་མི་འགྱུར་རྡོ་རྗེའི་རྣམ་ཐར་སྐོར་ཚང་མའི་ལུང༌། བདུད་འདུལ་གཏེར་བྱོན་དམ་ཆོས་དགོངས་པ་ཡོངས་འདུས། སྤྲུལ་སྐུ་སྙིང་ཐིག །ཟབ་དོན་གསང་བ་སྙིང་ཐིག །རིག་འཛིན་འདུས་པ། སྒྱུ་འཕྲུལ་ཞི་ཁྲོ་བཀའ་བརྒྱད་ཡོངས་འདུས། ཚེ་ཡང་ཕུར་གསུམ། འཇམ་དཔལ་སྐོར། སྙན་བརྒྱུད་སྐོར་རྣམས་ཀྱི་དབང་ཚང་མ། བཀའ་སྲུང་ཞིང་སྐྱོང་གི་སྲོག་གཏད་བཅས་ད་ལྟ་རྒྱུན་གང་བཞུགས་ཚང་མ་གསན། སྒྲུབ་བརྩོན་བླ་མ་འཇིགས་མེད་དགེ་ལེགས་ལས། བླ་མ་དྲག་པོ། རྟ་མགྲིན་དམར་ནག །དཀོན་མཆོག་སྤྱི་འདུས། རྣམ་འཇོམས་རྣམས་ཀྱི་དབང༌། ཀུན་བཟང་ཀློང་རྒྱུད་སོགས་ཀྱི་ལུང༌། ཞི་ཁྲོའི་དབང༌། གུ་རུ་དྷརྨཱ་པ་ཏཱི་ལས་དཀོན་སྤྱིའི་ཚེ་དབང༌། འཆི་མེད་ཐུགས་ཐིག་གི་ལུང་བཅས། ནམ་མཁའི་ཞབས་ལས་ཐུགས་རྗེ་ཆེན་པོའི་དབང༌། བླ་མ་དམ་པ་འགྱུར་མེད་བསྟན་འཛིན་ལས་ཕྱག་རྫོགས་དབུ་གསུམ་གྱི་རྣམ་གཞག་དང༌། ཞལ་གདམས་གསོལ་འདེབས་ལེ་ཚན་འགའི་ལུང༌། དོན་དབང་ཟབ་མོ་ཞལ་གདམས་ངོ་སྤྲོད་སོགས་སྨིན་རྒྱས། སྒྲུབ་བརྩོན་འགྱུར་མེད་བསྟན་འཕེལ་ལས་སློབ་སྤྲིང་ལུང་སོགས། བླ་མ་དཔལ་ལྡན་ཆོས་རྒྱལ་ལས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང༌། འོད་དཔག་མེད། བསམ་ལྷུན། རྟ་མགྲིན་ནག་པོ་རྣམས་ཀྱི་དབང༌། ཆོས་མཛད་རཏྣ་ཤཱ་ར་ཎ་ལས་ཀློང་གསལ་བཀའ་བརྒྱད། གུར་དྲག །ཚོགས་བདག་དངོས་གྲུབ་འབྱུང་གཏེར། གསང་བ་སྤུ་གྲི། གནམ་ཆོས་འོད་ཆོག་སྐོར། རྡོར་གཅོད། འོད་མདོ། དྲི་མེད་བཤགས་རྒྱུད། བདུད་འདུལ་ཕུར་པ། ཀློང་གསལ་བཀའ་སྲུང་ཡོངས་རྫོགས། བདུད་འདུལ་དང༌། ཀློང་གསལ་གཏེར་མ་བཀའ་ཐང་སོགས་ཀྱི་ལུང་རྣམས་གསན། བླ་མ་བློ་གྲོས་དཔལ་བཟང་ལས་ཞི་ཁྲོའི་དབང༌། སྙིང་ཐིག་སྐོར་གྱི་དབང་ལུང་འགའ་ཞིག །བླ་མ་བི་ཤུདྡྷ་ལས་གནམ་ཆོས་རྟ་ཕྱག་ཁྱུང་གསུམ། གུར་དྲག་ཕུར་མཇུག་གི་དབང༌། ཨེ་ཝཾ་བླ་མ་ལས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང༌། བསྟན་འཛིན་ཆོས་ཀྱི་ཉི་མ་ལས་ཀུན་གཟིགས་ཕྲེང་པོ་རིན་པོ་ཆེའི་བཀའ་འབུམ་ཡོངས་རྫོགས་ཀྱི་ལུང༌། གྲོལ་ཐིག་གི་ཁ་སྐོང་གྲས། ལམ་འབྲིང་བསྡུས་ཀྱི་ལས་བྱང༌། བླ་མ་དྲག་པོ་དང་རྟ་མགྲིན་བསྙེན་ཡིག །གཏེར་བུམ་སྒྲུབ་ཐབས། དབང་གི་སྦྱིན་སྲེག །ཚེ་སྒྲུབ་སྐུ་གསུམ་འདུས་པའི་ཆོག་ཁྲིགས་ལུང་སོགས། ཀུན་བཟང་པདྨ་བསྟན་འཛིན་ལས་པད་གླིང་ཚེ་སྒྲུབ་རྡོ་རྗེ་ཕྲེང་བའི་དབང་བསྐུར་བ་དང༌། སི་ཏུ་རིན་པོ་ཆེ་པདྨ་ཉིན་བྱེད་དབང་པོའི་མདུན་ནས་བཀའ་གདམས་པའི་མན་ངག་ནོར་བུ་བསྟན་པ་སྤྱི་དབང༌། བསྟན་པའི་ཉིན་བྱེད་ཀྱི་བཀའ་འབུམ་ཚང་མའི་གདམས་གཏད། ཕྱག་ཆེན་མ་རིག་མུན་སེལ་དང༌། ཆོས་དྲུག་བདུད་རྩིའི་ཉིང་ཁུའི་ཁྲིད་ལུང༌། སྦྱོར་དྲུག་སྔོན་འགྲོའི་ངག་འདོན་ལུང༌། ཆོས་གླིང་ཚེ་སྒྲུབ་རྡོ་རྗེའི་སྲོག་སྒྲུབ། བདེ་གླིང་ཚེ་སྒྲུབ་རྡོ་རྗེའི་རྒྱ་མདུད་བཅས་ཀྱི་དབང༌། ཞྭ་དམར་མཁའ་སྤྱོད་དབང་པོའི་བཀའ་འབུམ་ལས། རྫོགས་ཆེན་ཨ་རོ་ལུགས། རླུང་སེམས་དབྱེར་མེད། སྐུ་གསུམ་ངོ་སྤྲོད། ཕྱག་ཆེན་འཁོར་བ་རྒྱུན་གཅོད། རོ་སྙོམས་སྒང་དྲིལ། ཞི་བྱེད་སོ་ལུགས། རས་ཆུང་པའི་ལུས་མེད་མཁའ་འགྲོའི་ཆོས་སྐོར། བྱང་ཆུབ་ལམ་རིམ་གྱི་ཁྲིད་བསྡུས་རྣམས་ཀྱི་ལུང༌། ཉིད་མཛད་སྒྲོལ་མ་རྣལ་འབྱོར་མའི་དབང་བཤད་ཀྱི་ལུང་བཅས་གསན། དཔལ་ཀརྨ་པ་བཅུ་བཞི་པ་ཁྱབ་བདག་ཐེག་མཆོག་རྡོ་རྗེའི་ཞལ་སྔ་ནས་འབྲུག་ལུགས་ཚེ་དཔག་མེད་ཕྱི་སྒྲུབ་ལྷ་གཅིག །ཡང་གསང་གོང་ཁུག་མ་ལྷ་དགུ། ལྷ་ལྔ། ཚེ་རྟ་ཟུང་འབྲེལ། དཀར་པོ་ལྷ་དགུ། ཆོས་གླིང་ཡང་དག་བདེ་ཆེན་སྙིང་པོའི་དབང་ལུང་ཆ་ཚང༌། གནམ་ཆོས་འོད་དཔག་མེད། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ། རྟ་མགྲིན་ལྷ་ལྔ་བཅས་ཀྱི་དབང༌། ཨོ་རྒྱན་པའི་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཚང་མའི་པོད་འབྲུ་ལུང༌། ཡང་ཆགས་མེད་སྨྲ་སེང་སྒྲུབ་ཐབས། ཡང་དགོན་རི་ཆོས་ཐོར་ལུང༌། ཚེ་དབང་ནོར་བུའི་ཐུགས་རྗེ་ཆེན་པོའི་ཁྲིད་ཡིག་དང༌། གཅོད་ཡུལ་ལེ་ཚན་ལུང༌། རང་བྱུང་བའི་ཕྱག་ཆེན་སྙིང་གཏམ་ཚིག་གཅིག་མའི་ལུང༌། རྗེ་ཉིད་ཀྱི་གསུང་ཐོར་བུའི་ལུང༌། རྩེ་ལེ་རིན་པོ་ཆེའི་ཕྱག་རྫོགས་ཟུང་འཇུག་གི་ཞལ་གདམས་དང༌། བདུད་འདུལ་རྡོ་རྗེའི་ཞལ་གདམས་ལུང་སོགས་གསན། སྟག་ལུང་པ་ངག་དབང་བསྟན་པའི་ཉི་མའི་མདུན་ནས་དྭགས་པོའི་ཐར་རྒྱན་གསུང་བཤད་ཞིབ་མོ། སྟག་ལུང་རྗེས་གནང་ཞེ་གསུམ་གྲས་བདེ་མཆོག་དཀར་པོ་བྱང་ཆུབ་སྒྲུབ་པ་དང༌། དེའི་ཚེ་སྒྲུབ་ཚེ་དཔག་མེད་ལོངས་སྐུ་དང༌། འབྲི་གུང་དག་སྣང་སྒྲ་མི་སྙན་གྱི་ཚེ་སྒྲུབ་ཟབ་མོའི་དབང་ལུང་སོགས་གསན། དགེའུ་མཆོག་སྤྲུལ་རིན་པོ་ཆེ་བཀའ་བརྒྱུད་ཕྲིན་ལས་དབང་ཕྱུག་ལས་དཔལ་བདེ་མཆོག་རས་ཆུང་སྙན་བརྒྱུད་ཀྱི་དབང་ལུང་ཁྲིད་གསུམ་ཡོངས་རྫོགས་གསན། རྩེ་པ་མཆོག་སྤྲུལ་ངག་དབང་གྲགས་པ་ཡོངས་ཁྱབ་ལས་སྟག་ལུང་ཐང་པའི་བཀའ་འབུམ་རགས་རིམ་གྱི་ལུང་བཅས། ཟླ་སྤྲུལ་རིན་པོ་ཆེ་ཀརྨ་ངེས་དོན་བསྟན་པ་རབ་རྒྱས་མདུན་ནས། མི་ཏྲ་བརྒྱ་རྩའི་དབང་ཡོངས་རྫོགས། དཀོན་མཆོག་འབངས་ཀྱི་ཆོས་སྤྱོད། ཆོས་ཀྱི་དབང་ཕྱུག་གི་བསྟན་པ་རྒྱ་མཚོ། ཟུར་མང་རི་ཆོས་ཀུན་བཟང་དང༌། བཻ་ཌཱུརྻའི་ཕྲེང་བའི་ལུང་སོགས་མང་དུ་གསན། མཆོག་སྤྲུལ་ཀརྨ་ངེས་དོན་དབང་པོའི་མདུན་ནས་ཕྱག་ཆེན་རྒྱ་གཞུང་ལུང༌། ཞྭ་དམར་དཀོན་མཆོག་འབངས་ཀྱིས་བསྒྲིགས་པའི་ནག་རྒྱལ་ཕག་གསུམ་གྱི་གཞུང་པོད་ལུང༌། གཏུམ་པོ་རས་ཆུང་ལུགས་ལྷ་ལྔའི་དབང་ལུང༌། རས་ཆུང་སྙན་བརྒྱུད་ལས་བྱུང་བའི་ཆོས་དྲུག་གི་ཀ་དཔེ་ཆུང་བ། གཏུམ་མོའི་གཞུང་ཆུང༌། མི་ལའི་ཕྱག་ཆེན་ཡེ་ཤེས་གསལ་བྱེད། སྟེང་སྒོ་ཆོས་དྲུག །བར་དོ་བློ་ཆོད་བཅས། ཁྲིད་རིམ་སྤྱི་ཁྱབ་ཀྱི་སྔོན་འགྲོའི་ངག་འདོན་ཐར་ལམ་རབ་གསལ། ཆགས་མེད་པའི་ཨ་ཆོས་བཅུ་གསུམ། སྒྲོལ་མ་རྣལ་འབྱོར་མའི་ཁྲིད་ཡིག་བདེ་ཆེན་མྱུར་སྟེར། དྭགས་པོའི་ལམ་མཆོག་རིན་ཆེན་ཕྲེང་བ། གསང་ལམ་བླ་སྒྲུབ། རིགས་འཛིན་ཆེན་པོའི་ཞིང་སྦྱོང་ཁྲིད། ཐུགས་རྗེ་ཆེན་པོའི་ཁྲིད། བཛྲ་གུ་རུ་འདོན་ཐབས། ཤངས་ཆོས་སྔོན་འགྲོའི་ངག་འདོན་སོགས་ལུང་མང་བ། དགོངས་གཏེར་བསམ་པ་ལྷུན་གྲུབ་མའི་དབང་ལུང་ཆ་ཚང་གསན། དུས་མཁྱེན་བཀའ་འབུམ་ལས་ལྔ་ཚན་ལྔ་སོགས། འབྲི་གུང་དགོངས་གཅིག །ཆགས་མེད་སེང་གདོང་མའི་དབང་ལུང་ཆ་ཚང་འཁོར་ལོའི་མན་ངག་བཅས། ཆགས་མེད་རིན་པོ་ཆེའི་རི་ཆོས། རྒྱབ་ཆོས། ཡང་དགོན་པའི་རི་ཆོས། ཉང་གཏེར་རྟ་ནག་སྐོར། ཆགས་མེད་གཏོ་པོད་སྐོར། དྭགས་པོའི་ཐར་རྒྱན། པད་དཀར་དྲག་པོ་ཀཱི་ལ་ཡའི་དབང་ལུང༌། བི་མའི་སྒྲོལ་དཀར་དབང་ལུང་སོགས་དུ་མ་གསན་པར་མཛད། རི་པ་མཆོག་སྤྲུལ་ཀརྨ་མཁས་མཆོག་གྲུབ་པའི་དབང་པོའི་ཞལ་སྔ་ནས། བདེ་མཆོག་ལྷ་ལྔའི་མངོན་དཀྱིལ། ཕག་མོ་ལྷ་ལྔའི་སྒྲུབ་དཀྱིལ། རྒྱལ་བ་རྒྱ་མཚོའི་མངོན་དཀྱིལ་སོགས། གཅོད་ཀྱི་ཚོགས་ལས་ཡོན་ཏན་ཀུན་འབྱུང༌། དེའི་ཉེར་མཁོའི་ཟིན་བྲིས། རྒྱུན་ཁྱེར་ལུས་སྦྱིན་བཅས། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་བསྡུས་དོན་རྩ་ཚིག །ཁྲིད་ཡིག་རྒྱས་པ་ངེས་དོན་རྒྱ་མཚོ། འབྲིང་པོ་ཆོས་སྐུ་མཛུབ་ཚུགས། བསྡུས་པ་མ་རིག་མུན་སེལ། ཆོས་དྲུག་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ། རས་ཆུང་སྙན་བརྒྱུད་ལས་ཆོས་དྲུག་སྲས་མཁར་མ། ཆོས་དྲུག་གོ་བྱའི་ཆིངས། ཁྲིད་ཡིག་གསེར་ཞུན་མ། ཆགས་མེད་ཐུགས་རྗེ་ཆེན་པོའི་དམར་ཁྲིད་བསྡུས་པ་ཚིགས་བཅད་མ་རྣམས་ཀྱི་ལུང་སོགས་གསན། སྤང་ཕུག་བླ་མ་མཁས་དབང་ཀརྨ་ངེས་དོན་མདུན་ནས་སྟག་ཤམ་བསམ་གཏན་གླིང་པའི་གཏེར་ཆོས་སྐོར་པུསྟི་དགུའི་བཀླག་ལུང༌། སྤོ་རུ་རྟོགས་ལྡན་དཀོན་མཆོག་རྒྱལ་མཚན་ལས་ཆགས་མེད་རིན་པོ་ཆེའི་བཀའ་འབུམ་ཕལ་མོ་ཆེའི་བཀླག་ལུང༌། ས་བདག་སྐོར་དང་མགོ་གསུམ་གཙོས་པའི་གཏོ་པོད་རྣམས་ཀྱི་ལུང་བཅས་གསན། གཞན་ཡང་རིས་མེད་ཀྱི་དམ་པ་རྣམས་ལས་བཀའ་ཆོས་ཐོར་བུའི་རིགས་ཤིན་ཏུ་རྒྱ་ཆེན་གསན་པ་ལས། བསམ་སྡིངས་རྡོ་རྗེ་ཕག་མོ་ཆོས་དབྱིངས་བདེ་ཆེན་འཚོ་མོའི་ཞལ་སྔ་ནས། གནོད་སྦྱིན་ཨ་པ་ར་ཙིཏྟ་ཕྱི་ནང་གསང་གསུམ། ནང་སྒྲུབ་སྤོག་ཆོག་དང་བཅས་པའི་རྗེས་གནང་བཞི། ཚོགས་བདག་གསང་སྒྲུབ་སྤྲེལ་གདོང་ཅན་གྱི་རྗེས་གནང༌། འདིའི་མན་ངག་གཉིས། སྐོང་ཆོག །རྗེས་གནང་ཀག་ཆོལ་གྱི་ལུང༌། གྲུབ་ཆེན་པདྨ་གར་དབང་ལས་སྙན་བརྒྱུད་སེང་གདོང་མའི་ཆོས་སྐོར་ཐུན་མོང་དང་ཐུན་མིན་གྱི་སྨིན་གྲོལ་ཡོངས་རྫོགས། རས་ཆེན་དཔལ་འབྱོར་བཟང་པོའི་གཏུམ་མོ་ཞག་བདུན་མའི་ཉམས་ཁྲིད། ཕག་མོ་ཧྲཱིཿགཅིག་མའི་མེ་དབང་དང་བཅས་པ། རས་རྐྱང་གི་ཕྱག་ལེན། གཏོར་རྒྱུན་རྒྱ་མཚོའི་གྲས་ནས་དབང་བཀའ་འགའ་ཞིག །རྗེ་བཙུན་རིན་པོ་ཆེ་འདི་ཉིད་ཀྱིས་ཕག་མོའི་བཀའ་སྲོལ་དྲུག་ཅུ་ལྷག་ཙམ་གསན་པའི་སྙིང་པོ་ཕྱོགས་གཅིག་ཏུ་དྲིལ་བ་དཔའ་མོ་སྙིང་ཏིག་གི་དབང་ལུང་ཁྲིད་གསུམ་ཡོངས་རྫོགས། ཕྱག་ཆེན་ཟབ་གསལ་དང་ཐུབ་པ་མདོ་གཅོད་ཀྱི་ཁྲིད་བཅས་གསན། འདར་སྟོན་བློ་བཟང་བསྟན་པའི་ཉི་མ་ལས། ཆོས་དབང་གཏུམ་པོའི་དབང༌། ལུང་རགས་རིམ། རྟ་མགྲིན་གསང་སྒྲུབ། དབང་ཆེན་གསང་སྒྲུབ། རྟ་མགྲིན་ཡང་ཁྲོས་དབང་སོགས་གསན། ལྕགས་ཟམ་མཆོག་སྤྲུལ་བརྒྱད་པ་བསྟན་འཛིན་མཁྱེན་རབ་མཐུ་སྟོབས་ལས། ཆོས་དབང་བླ་མ་གསང་འདུས་ལུང་ཚང་བ། ཛཾ་དཀར་དམར། ལྷ་བུ་བཙོན་འཛིན། ཀརྨ་གུ་རུ་དར་ནག་བེར་ཆེན། གྲུབ་ཆེན་ཐང་རྒྱལ་གྱིས་རྡོ་རྗེ་ཕག་མོ་ལས་དངོས་སུ་གསན་པའི་གསང་སྤྱོད་མཁའ་འགྲོའི་སྙན་བརྒྱུད་སྐོར། གྲུབ་ཆེན་ཉེ་བརྒྱུད་ཚེ་རྟ་ཟུང་འབྲེལ་འཆི་མེད་དཔལ་སྟེར་སྐོར་ལེ་ཚན། བསྟན་འཛིན་བདུན་པས་མཛད་པའི་སྒྲུབ་ཐབས། ཚེ་འགུགས། དབང་ཆོག །བསྙེན་ཡིག་རྒྱས་བསྡུས། གནས་བརྟན་ཡན་ལག་འབྱུང་ལས་གསན་པའི་ཤེར་ཕྱིན་བརྒྱད་སྟོང་པའི་སྐབས་གསུམ་པ། ནི་གུ་ཆོས་དྲུག་བླ་བརྒྱུད་རྣམ་ཐར་ཚང་མ། གྲུབ་ཆེན་རིན་པོ་ཆེའི་རྣམ་ཐར་ལྔ་བསྡུས་ལུང་སོགས་གསན། སྤྲུལ་པའི་སྐུ་ཉི་མ་ཆོས་འཕེལ་ལས་ཀུན་མཁྱེན་དོལ་པོ་པའི་རི་ཆོས་ངེས་དོན་རྒྱ་མཚོ་ས་བཅད་དང་བཅས་པའི་ལུང༌། ཏཱ་ར་ནཱ་ཐའི་གཅོད་ཁྲིད་སོགས་གསན། སྤྲུལ་སྐུ་ཀུན་དགའ་ཕྱོགས་ལས་རྣམ་རྒྱལ་ལས། གདུགས་དཀར་ལྷ་བཅུ་བདུན་མའི་དབང༌། སྲུང་བ་ལྷ་ལྔའི་རིག་གཏད། འོད་དཔག་མེད་ཀྱི་ཉལ་སྒོམ། གྲོལ་མཆོག་ཁྲིད་བརྒྱའི་ཡིག་ཆ། དབང་བརྒྱ་མགོན་བརྒྱའི་མཚན་ཐོ། མཐའ་རྟེན་སྨོན་ལམ་གཉིས། བདེ་མཆོག་བཀྲ་ཤིས་ཀྱི་ལུང་བཅས་གསན། ཀཿཐོག་སི་ཏུ་མཆོག་སྤྲུལ་ཆོས་ཀྱི་བློ་གྲོས་ལས་ཀཿཐོག་པཎྜི་ཏའི་གསང་སྔགས་ལམ་རིམ་འགྲེལ་ཆེན་བཀླག་ལུང་གསན། གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པ་ལས་འབྲི་གུང་དགོངས་པ་ཡང་ཟབ་ཀྱི་དབང་ལུང་ཕལ་མོ་ཆེ། ཆོས་ཀྱི་གྲགས་པའི་ཡང་ཟློག་གི་ལུང་སོགས་བཀླག་ལུང་འགའ་ཞིག་དང༌། མཆོག་གླིང་ཉིད་ཀྱི་གཏེར་ཆོས་ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར་གྱིས་ཐོག་དྲངས། བདེ་མཆོག་སངས་རྒྱས་མཉམ་སྦྱོར་འཇོག་མཚམས་གྱུར་གྱི་བར་ཕལ་མོ་ཆེ་དངོས་དང་བརྒྱུད་ནས་གསན། མདོར་ན་དབུས་གཙང་ཁམས་གསུམ་ན་བཞུགས་པའི་ས་དགེ་ཀར་རྙིང་གི་བསྟན་འཛིན་སྐྱེས་བུ་དམ་པ་མཁས་བཙུན་བཟང་གྲུབ་དང་ལྡན་པའི་ཡོངས་འཛིན་དམ་པ་བརྒྱ་ཕྲག་དང་ལྔ་བཅུ་ལྷག་པ་དཀའ་སྤྱད་ཆེན་པོས་ཚུལ་བཞིན་དུ་བསྟེན་ཏེ། དཔལ་ལྡན་ས་ངོར་ཚར་གསུམ་ནས་བརྒྱུད་པའི་དབང་ཁྲིད་ལུང་མན་ངག་གི་རྒྱུན་ཡོད་དོ་ཅོག་དང༌། ཞྭ་ལུ་དང་གོང་དཀར་ཕྱོགས་ཀྱི་རྒྱུད་སྡེ་ཆེན་པོའི་དབང་དང་ཁྲིད་རྒྱུན་གང་ཡོད། སྔ་འགྱུར་རྙིང་མ་བཀའ་མ་དེང་སང་རྒྱུན་གང་བཞུགས། གཏེར་ཁ་གོང་འོག །བྱང་པ་སྔ་ཕྱི། གླིང་པ་བཅུ་གསུམ། དྲི་མེད་རྣམ་གཉིས་སོགས་གཏེར་མ་ཁུངས་བཙུན་ཕལ་ཆེར། བཀའ་གདམས་རྙིང་མའི་གཞུང་མན་ངག་དང་བཅས་པ་དེང་སང་རྒྱུན་གང་ཡོད། བཀའ་བརྒྱུད་ཡ་བཞིའི་སྐོར་ཕལ་ཆེར། བཀའ་གདམས་གསར་མ་དགེ་ལུགས་ཕྱོགས་ཀྱི་དབང་བཤད་ཁྲིད་ལུང་གི་རྒྱུན་མང་པོ། གཞན་ཡང་ཤངས་ཆོས། ཞི་བྱེད། གཅོད་ཡུལ། བོ་དོང་པ་སོགས་གྲུབ་མཐའ་རིས་བྲལ་ལྷད་མེད་ཡིད་ཆེས་ཁུངས་བཙུན་གྱི་དབང༌། ཁྲིད། རྒྱུད་བཤད་སོགས་དང༌། དེ་དག་གི་རྒྱབ་རྟེན་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང༌། བསྟན་འགྱུར་ལས་ལུང་རྒྱུན་གང་ཡོད་ཕྲ་ཞིང་ཕྲ་བའང་རྩད་བཅད་དེ་གསན་པར་མཛད་པས་མཚོན་གངས་ཅན་ཙམ་ན་ཡོངས་སུ་གྲགས་པའི་མདོ་སྔགས་ཀྱི་གཞུང་ལུགས་ཐམས་ཅད་མ་གསན་པ་མེད་པ་ལྟ་བུའི་མང་དུ་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་པར་མཛད་དོ། །ད་ནི་ཡོངས་འཛིན་དམ་པ་དེ་དག་རྣམས་ཀྱི་གྲལ་མཐར་འཁོད་པའི་རྨོངས་བརྟུལ་འདུ་ཤེས་གསུམ་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ། བློ་གྲོས་མཐའ་ཡས། པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་ཞེས་མིང་མང་ལྡན་པའི་གྱི་ན་པ་བདག་ལའང་རྗེ་ཉིད་ཀྱི་བ་སྤུ་ཉག་གཅིག་ལ་འགྲན་པའི་ཡོན་ཏན་གྱིས་དབེན་ཀྱང༌། དམ་པ་རྣམས་ནི་དམན་པ་ལ་ལྷག་པར་བརྩེ་བ་ཆོས་ཉིད་དུ་གྱུར་པ་དང༌། སྔོན་གྱི་ལས་འཕྲོའི་འབྲེལ་ཟབ་ལྟ་བུར་གཟིགས་ནས་དགུང་ལོ་བཅུ་དགུ་པར་ཐོག་མར་མཇལ་བ་ནས་ཐུགས་འདུན་ཆེན་པོས་སྐྱོང་ཞིང༌། ཕྱིས་ནས་མཁན་ཆེན་རྡོ་རྗེ་འཆང་སྐུ་མཆེད་དང༌། ཞྭ་ལུ་མཆོག་སྤྲུལ་རིན་པོ་ཆེ་རྣམས་དང་མཉམ་པའི་བླ་མའི་གྲལ་འཇོག་མཛད་ཅིང་སྨིན་གྲོལ་གྱི་ཆོས་བཀའ་སྔ་ཕྱིར་མང་དུ་གསན་བཞེས་མཛད་པ་རྣམས། རང་ཉིད་ཀྱང་སྐལ་པ་བཟང་པོར་རློམས་ནས་ཆོས་ཀྱི་སྐྱེས་མཎྜལ་གྱི་ཚུལ་དུ་ཕུལ་བ་ལས་གཙོ་ཆེ་བ་རགས་རིམ་བསྡོམས་ནས་བརྗོད་ན། ཇོ་ནང་རྗེ་བཙུན་རིན་པོ་ཆེ་ཏཱ་ར་ནཱ་ཐའི་གསུང་རབ་ལྟར་དཔལ་དུས་ཀྱི་འཁོར་ལོ་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དཀྱིལ་འཁོར་དུ་སློབ་མ་རྗེས་འཛིན། སྟ་གོན། བྱིས་འཇུག །མཆོག་དབང་ཐུན་མོང་དང་ཐུན་མིན། རྡོ་རྗེ་སློབ་དཔོན་བདག་པོ་དང་བདག་པོ་ཆེན་པོའི་དབང་བསྐུར་ཡོངས་སུ་རྫོགས་པ། སྦྱོར་དྲུག་གི་ཁྲིད་ཡིག་མཐོང་བ་དོན་ལྡན་དང་ལྷན་ཐབས་འོད་བརྒྱ་འབར་བ་སྦྱར་བའི་སྨིན་ཁྲིད་དམ་པོའི་བྱིན་རླབས་དང་བཅས་པ། རྫོགས་རིམ་རྣམ་བཤད་ཟུང་འཇུག་རབ་གསལ་ཡན་ལག་ཡིག་ཆ་སྒྲུབ་དཀྱིལ་སོགས་ཀྱི་ལུང༌། སྟོད་འགྲེལ་ལུགས་ཀྱི་བདེ་མཆོག་གི་དབང༌། བདེ་མཆོག་ལཱུ་ནག་དྲིལ་གསུམ་གྱི་དབང༌། ལཱུ་ཡི་པའི་རྫོགས་རིམ་རྣལ་འབྱོར་ཆེན་པོའི་ཁྲིད། དྲིལ་བུ་རིམ་ལྔ། ནག་པོ་པའི་རིམ་བཞི་དང་དཔྱིད་ཐིག་གི་ཁྲིད། འཁྲུལ་སྤངས་ལུགས་ཀྱི་ལྷ་དྲུག་ཅུ་རྩ་གཉིས་པ། མཻ་ཏྲི་བཅུ་གསུམ་མ། སྦྱངས་པའི་ཡོན་ཏན་ལཱ་བ་བཅུ་གསུམ་མ། སྡོམ་འབྱུང་བཅུ་གསུམ་མ། འཁོར་ལོས་སྒྱུར་དྲུག །འཇམ་པའི་རྡོ་རྗེ་ལྷ་ཉེར་ལྔ་པ། དྲིལ་ཆུང་ལྷ་ལྔ། གསར་འགྱུར་དྲག་པོ་ཕྱག་འབུམ་པ། བདེ་མཆོག་བོང་ཞལ་ཅན། ཁྲོ་བོ་རྡོར་སེམས། རྡོ་རྗེ་མཁའ་འགྲོ། མཁའ་འགྲོ་རྒྱ་མཚོ། ཡུམ་བཀའ་ཕག་མོ་སོ་བདུན་མ། ནཱ་རོ་མཁའ་སྤྱོད། དཔྱལ་ལུགས་བདེན་གཉིས་ཞལ་ཅན། དོན་གྲུབ་མ། གསར་འགྱུར་ཤ་བ་རི་པའི་ཕག་མོ། རྔོན་པའི་གདམས་ངག་གི་སྨར་ཁྲིད། ཕག་མོ་འབྱུང་བ་ལྷ་ཉེར་གཅིག་པ། སམྦུ་ཊའི་རྡོར་སེམས་ལྷ་སོ་བདུན་མ། དགྱེས་རྡོར་ཞི་སྦས་ལུགས། ཕྱག་རྒྱ་བཞིའི་རྫོགས་རིམ་གྱི་ཁྲིད། གསང་འདུས་འཕགས་ལུགས། རིམ་ལྔ་འགོས་ལུགས་ཀྱི་ཁྲིད། འཇམ་པའི་རྡོ་རྗེ། གྲོལ་བའི་ཐིག་ལེའི་ཁྲིད། གཤེད་དམར་ལྷ་ལྔ་དང་བཅུ་གསུམ་མ། རྫོགས་རིམ་སྤྲོས་མེད་དང་རྣལ་འབྱོར་བཞི་རིམ་ཁྲིད། ཞང་ལུགས་གཤེད་ནག་ལྷ་བཅུ་གསུམ་མ། འཇིགས་བྱེད་སྐྱོ་ལུགས་ཁྲོ་མོ་བརྒྱད་སྐོར། མལ་ལུགས་ལྷ་དགུ། མི་གཡོ་ལྷ་དགུ། གསར་འགྱུར་སྒྲོལ་མ་རྣལ་འབྱོར་མ་རྣམས་ཀྱི་དབང༌། སྒྲོལ་མ་རྣལ་འབྱོར་མའི་རྒྱུད་ཕྱག་མཆན་དང་བཅས་པའི་རྒྱུད་བཤད། ཡེ་ཤེས་མྱུར་སྟེར་གྱི་ཁྲིད། རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ་སྤར་པོད་བཅུ་བདུན་ཡོངས་སུ་རྫོགས་པའི་བཀླག་ལུང༌། ཞི་སྦས་ལུགས་ཀྱི་བཀའ་བབས་དྲུག་ལྡན་གྱི་ཁྲིད། མངའ་བདག་མར་པ་ལས་བརྒྱུད་པའི་རྔོག་དཀྱིལ་སྔར་གྲགས་བདུན་པོ་ཆགས་མེད་ཡིག་ཆ་ལས་ལན་གཅིག་ཕུལ། རྗེས་ནས་རང་གིས་གསར་བསྒྲིགས་སྟེང་ནས་སྒྲོལ་དཀར་ཇོ་བོ་ལུགས་ཀྱི་རྗེས་གནང་དང་ཚེ་ཁྲིད། མར་ལུགས་རྡོར་སེམས་རྣམ་རྒྱལ་མ་སྒྲོལ་ལྗང་རྣམས་ཀྱི་རྗེས་གནང༌། ལམ་ཟབ་བླ་སྒྲུབ་ཀྱི་དབང༌། དགྱེས་རྡོར་མཚོ་སྐྱེས་ལྷ་དགུ། བདག་མེད་ལྷ་མོ་བཅོ་ལྔ། གུར་རིགས་བསྡུས་རྣམས་ཀྱི་དབང༌། མར་ལུགས་བསྲེ་འཕོའི་ཁྲིད། མ་ཧཱ་མ་ཡའི་དབང༌། རྫོགས་རིམ་དབྱིབས་སྔགས་ཆོས་གསུམ་ཁྲིད། རྡོ་རྗེ་གདན་བཞི་ཡབ་བཀའ་ལྷ་མང་དང༌། ཡུམ་བཀའ་བཅུ་གསུམ་མའི་དབང༌། གདན་བཞིའི་རྫོགས་རིམ་ཁྲིད། སངས་རྒྱས་ཐོད་པ་ལྷ་ཉེར་ལྔ་པའི་དབང༌། རྫོགས་རིམ་ཁྲིད། འདུས་པ་འཕགས་ལུགས་དབང༌། རིམ་ལྔ་མར་ལུགས། འཇམ་དཔལ་གསང་ལྡན་བླ་མེད་ལུགས། གཏུམ་པོ་ལྷ་ལྔ་རས་ཆུང་ལུགས་རྣམས་ཀྱི་དབང༌། བཀའ་བརྒྱུད་ཀཾ་ཚང་ལུགས་ཀྱི་བདེ་མཆོག་ལྷ་ལྔ། ཕག་མོ་ལྷ་ལྔ། རྒྱལ་རྒྱམ་ལྷ་དགུ་ལྷ་ལྔ་རྣམས་ཀྱི་དབང༌། ཟུར་མང་བཀའ་བརྒྱུད་ལས་བྱོན་པའི་བདེ་མཆོག་སྙན་བརྒྱུད་ཆེན་མོའི་དབང་དང་བྱིན་རླབས་ཐམས་ཅད། འཁོར་ལོ་ལྔའི་གཞུང་པོད་ཚང་མའི་ལུང༌། ཆོས་སྐྱོང་མ་མགོན་ཞལ་སྦྱོར་དབང་ཆེན། ཕྱག་བཞི་པའི་དབང་ཆེ་ཆུང༌། མ་མགོན་འཁོར་ལྔ་ཚེ་རིང་མ་སོགས་ཀྱི་རྗེས་གནང༌། ཇོ་ནང་རིན་འབྱུང་དང༌། རྗེ་དགུ་པ་དབང་ཕྱུག་རྡོ་རྗེའི་ཞི་ཕྲེང་དྲག་ཕྲེང་ཆོས་སྐྱོང་གློག་ཕྲེང་བཅས་ཀྱི་རྗེས་གནང༌། རང་བྱུང་བའི་ཟབ་མོ་ནང་དོན། རྣམ་ཤེས་ཡེ་ཤེས། སྙིང་པོ་བསྟན་པ་རྣམས་ཀྱི་བཤད་ལུང༌། མར་མི་དྭགས་གསུམ་བྱིན་རླབས། ཕྱག་ཆེན་ཁྲིད་རྒྱས་འབྲིང་བསྡུས་གསུམ་དང་ནཱ་རོ་ཆོས་དྲུག་སོགས་ཀྱི་ཁྲིད་ལུང༌། ཤངས་ལུགས་རྒྱུད་སྡེ་ལྔའི་དབང་ཆེན། བདེ་མཆོག་ལྷ་ལྔའི་དབང་དང་ཁྲིད། ནི་གུ་ཆོས་དྲུག་ཇོ་ནང་ལུགས་ཀྱི་བྱིན་རླབས་རྣམས་དང་ཁྲིད། ཟུར་མང་དང་གནས་མདོ་ལུགས་ཀྱི་གཅོད་དབང་གཅོད་ཁྲིད། གྲུབ་ཆེན་བརྒྱད་ཅུའི་བྱིན་རླབས་ཇོ་ནང་ནས་བརྒྱུད་པ། གཞན་ཡང་རྗེས་གནང་གི་རིགས། གོང་སྨྲོས་རྣམས་ཀྱི་ཡིག་ཆ་དང་ཆགས་མེད་གསུང་སྐོར་གཙོར་གྱུར་ལུང་གི་རྣམ་གྲངས་ཤིན་ཏུ་མང་པོ་ཕུལ། རྙིང་མའི་སྐོར་ལ་རྙིང་མ་རྒྱུད་འབུམ་སྤར་པོད་ཉི་ཤུ་རྩ་ལྔའི་བཀླག་ལུང༌། རྙིང་མ་བཀའ་མ་དྲག་དམར་འོ་བྲན་ལུགས། བཀའ་བརྒྱད་རྫོང་འཕྲང༌། རོང་ལུགས་ཕུར་པ། རོག་ཕུར་ལྷ་ནག །གདོང་དྲུག་ནག་པོ། གསང་རྫོགས་ཐུགས་ཀྱི་སྒྲུབ་པ། གཤིན་རྗེ་གཤེད་ཁ་ཐུན་ནག་པོ། གཤེད་དམར་རུ་མཚོན་དམར་པོ་རྣམས་ཀྱི་དབང༌། དེ་དག་གི་གཞུང་པོད་ཚང་མའི་ལུང༌། དོང་སྤྲུགས་ཞི་ཁྲོ་ཁྲོམ་དཀྲུགས་དང་པདྨ་བརྒྱ་ལྡན་གྱི་དབང༌། གཏེར་མའི་ཕྱོགས་ལ་ཉང་གཏེར་བཀའ་བརྒྱད་བདེར་འདུས་གཞུང་པོད་དགུའི་ལུང༌། ཆོས་དབང་གསང་རྫོགས་ཀྱི་དབང་ཆེན། དོན་དབང༌། གཞུང་པོད་བཞིའི་ལུང༌། བྱང་གཏེར་བཀའ་བརྒྱད་རང་ཤར། རིག་འཛིན་གདུང་སྒྲུབ། ཐུགས་སྒྲུབ་དྲག་པོ་རྩལ། ཐུགས་རྗེ་ཆེན་པོ། རྫོགས་ཆེན་དགོངས་པ་ཟང་ཐལ། ཕུར་པ་ཆེ་མཆོག་དང་སྤུ་གྲི། བསྟན་སྲུང་ཡོངས་རྫོགས་ལྷ་ཆེན་སོགས་ཀྱི་དབང་དང་ལུང་ཡོངས་རྫོགས། མཁའ་འགྲོ་སྙིང་ཐིག་དང་མཁའ་འགྲོ་ཡང་ཏིག་དབང་ལུང༌། ཀུན་མཁྱེན་ཀློང་ཆེན་པའི་མཛོད་བདུན་དང་ངལ་གསོ་སྐོར་གསུམ་རྗེས་འབྲེལ་དང་བཅས་པའི་ལུང༌། ཞང་ཁྲོམ་ཚེ་བདག་ལྕགས་འདྲ་དང་ལྕགས་སྡིག་གི་དབང་ལུང་ཡོངས་རྫོགས། ར་ཤག་མ་མོ་སྒང་ཤར་གཞུང་པོད་ལུང༌། སངས་གླིང་བླ་མ་དགོངས་འདུས་པོད་བཅུ་གསུམ། ཐུགས་རྗེ་ཆེན་པོ་ཕྱི་རྒྱལ་པོ་ལུགས། ནང་ནོར་བུ་ལུགས། གསང་བ་མི་ཏྲའི་བླ་མེད་ལུགས་བཅས་པོད་གསུམ། ཕུར་པ་ཐུགས་ཀྱི་ཉིང་ཁུ། འཇམ་དཔལ་དཀར་དམར་ནག་གསུམ། ཁྱུང་གསང་བ་ཡང་ཁོལ་སོགས་ཀྱི་དབང་ལུང་ཡོངས་རྫོགས། ཀར་གླིང་ཞི་ཁྲོའི་དབང་དང་གཞུང་པོད་ལུང༌། ཞིག་གླིང་གཏེར་ཆོས་རྣམས་དང་འཇའ་ཚོན་སྙིང་པོའི་གཏེར་ཆོས་པོད་དྲུག་ཏུ་གྲགས་པ་རྣམས་ཀྱི་དབང་ཡོངས་རྫོགས། སྟག་ཤམ་ཡི་དམ་དགོངས་འདུས་གཙོར་གྱུར་གཏེར་ཆོས་ཕལ་མོ་ཆེའི་དབང༌། ཆོས་གླིང་གཏེར་ཆོས། ཡོངས་དགེ་མི་འགྱུར་རྡོ་རྗེའི་གཏེར་ཆོས་ཆེ་ཆུང་ལྔ། རོལ་རྡོར་མཚོ་བྲག་གཉིས་ཀྱི་སྐོར་ཚང་མའི་དབང་ལུང་གིས་མཚོན་གཏེར་མའི་ཕྱོགས་ཆེ་ཕྲ་ཤིན་ཏུ་མང་བ་རྣམས་དང༌། རང་རྩོམ་བསྟན་བཅོས་ཤེས་བྱ་ཀུན་ཁྱབ་རྩ་འགྲེལ་བཤད་ལུང་གི་ཚུལ་དུ་གསན་པར་བཞེད་པ་སོགས་རང་རྩོམ་རིགས་ཕལ་མོ་ཆེའང་བཀས་གནང་མ་ཐག་པ་ནས་དགྱེས་པ་སྐོང་བའི་སླད་དུ་གུས་པ་ཆེན་པོས་འབུལ་བར་བགྱིས་པའོ། །དེ་དག་རྣམས་ཀྱང་གསན་ཐོ་བཞུགས་རིགས་ལས་རགས་བསྡུས་ཙམ་བཀོད་པ་སྟེ་གསན་ཐོ་གང་བཞུགས་རྣམས་བཀོད་ན་ཡིག་ཚོགས་ཧ་ཅང་ཆེ་བ་དང་ཕལ་ཆེར་ཐོ་ཡིག་ཀྱང་མ་བཞུགས་པས་ཞིབ་པར་མ་འཚལ་ལོ། །དེ་ལྟར་རྒྱ་མཚོ་ཆེན་པོ་ལ་ཆུ་ཀླུང་བྱེ་བ་འབུམ་ཕྲག་སྙེད་སྡུད་ཀྱང་བྲི་བ་དང་གང་བ་ནམ་ཡང་མེད་པ་བཞིན་ཆོས་ཀྱི་རྒྱ་མཚོ་ཆེན་པོ་འདིས་ནི་དམ་པའི་ཆོས་ཀྱི་ཆུ་ཀླུང་ནམ་ཡང་ངོམས་པ་མེད་པར་གསོལ་བའི་རྣམ་ཐར་འདི་གཅིག་པུའང་ད་ལྟའི་གང་ཟག་སུས་ཀྱང་ཆ་ཙམ་བསྒྲུན་ནུས་པ་མ་མཆིས་སོ།། །།ལྔ་པ་དེ་ལྟར་གསན་པའི་དོན་ཐུགས་ཉམས་སུ་བཞེས་ཏེ་མངོན་པར་རྟོགས་པའི་ཡོན་ཏན་གྱིས་འཕགས་པའི་ཚུལ་ནི། དེང་སང་སྙིགས་མའི་མཐར་མཆོག་དམན་ཐམས་ཅད་གལ་ཆུང་ཆོས་ལ་བྱེད་པའི་དུས་ངན་ཤར་བས། ད་ལྟར་སངས་རྒྱས་པའི་ཆོས་ཁུར་པོ་གཅིག་ལས་ཀྱང་ཁེ་གྲགས་ཟང་ཟིང་དངོས་པོ་ཕྲ་མོ་ཙམ་སྙིང་གི་དཀྱིལ་དུ་འཆང་བ་དང༌། རི་བོང་ཅལ་སྒྲོག་གི་རྗེས་སུ་རྒྱུག་པ་དང་བློ་ཆུང་དྲན་མང་འགའ་ཞིག་གིས་ཞུས་ཞུས་ཐོབ་ཐོབ་མང་པོ་བྱས་ཀྱང་དཔེ་ཆ་ལྡེབ་གཅིག་མི་བཞེངས། དོན་སྣེ་གཅིག་ཉམས་སུ་མི་ལེན། ཕལ་མོ་ཆེས་ནི་རང་ཉིད་དཀའ་ལས་གང་ཡང་མི་དགོས། ཆོས་ལ་ཞུ་རྟེན་མི་དགོས། ཕྱིན་ཆད་ཁས་ལེན་དམ་བཅའ་མི་དགོས་པའི་ཆུ་ཆེན་ནས་ཆུ་བཅུས་པ་ལྟ་བུ་ཞིག་བྱེད་དུ་ཡོད་ན་ཞུ་བ་སྐད་དང༌། དེའང་ཆོས་ཞུས་ཤིང་ཉན་པའི་དྲིན་བརྩི་བླ་མ་ལ་བྱེད་པའི་སྐབས་འདིར། རྗེ་བླ་མ་འདི་ནི་དངུལ་ཆུ་ས་ལ་ཕོ་ཡང་རྡུལ་དང་མ་འདྲེས་པ་ལྟར་ངན་པའི་མིག་ལྟོས་ཀྱིས་ནམ་ཡང་མ་བསླད་པར། སྐུ་ཆུང་ངུ་ནས་བླ་མ་ཚུལ་བཞིན་བསྟེན་པ་དང་དམ་ཆོས་ཚུལ་བཞིན་དུ་ཚོལ་བའི་རྣམ་པར་ཐར་པ་ལྷན་སྐྱེས་སུ་མངའ་བས་དབུས་གཙང་ནས་ལྷོ་མོན་ཚུན་ཆད་ཀྱི་གནས་རྟེན་རྣམས་མཇལ་བ་དང༌། རྣམ་འདྲེན་དམ་པ་རྣམས་ལས་ཆོས་གསན་དུ་ཕེབས་པ་ནའང་ཉེ་གནས་དམ་པ་ཚུལ་ཁྲིམས་རྒྱ་མཚོ་དང་དཔོན་སློབ་གཉིས་ཁོ་ན་བྱ་བཏང་ཀུན་ཏུ་རྒྱུའི་ངང་ཚུལ་གྱིས་ཕེབས། སྐབས་རེར་ཞབས་ཕྱགས་ཀྱང་མེད་པར་ཞབས་རྗེན་ཁོ་ནས་གཤེགས་པས་མཚོན་དཀའ་བ་དུ་མ་སྤྱད་དེ་གནས་རྟེན་རྣམས་ལ་ཕྱག་མཆོད་ཚོགས་སྐོང་སྨོན་ལམ་མཐིལ་ཕྱིན་པ་གནང༌། བླ་མ་རྣམས་ལ་དངོས་པོ་རྒྱ་མི་ཆེ་རུང་སྤུས་ནམ་གཙང་བའི་ཕྱག་རྟེན་ཅི་འབྱོར་པ་རེ་དང་བཅས་ཆོས་དང་གདམས་ངག་ཐུགས་ཁ་མ་རྫོགས་བར་འཚོ་ཆས་འབྱོར་མིན་དང་ཡུན་རིང་ཐུང་ལ་མི་གཟིགས་པར་གསན། ཕྱིས་སུ་བཞེད་པ་མེད་ཀྱང་འབྱོར་པ་འབད་མེད་ལྷུན་གྲུབ་ཏུ་འབྱུང་བའི་སྐབས་སུ་ནི་ཉིན་རེ་བཞིན་ཡང་མཎྜལ་གྱི་རྟེན་དངོས་གཙང་བ་རེ་དང་དབང་ཆོས་གྲུབ་པའི་སྐབས་སུ་ཞབས་བརྟན་དང་འབྲེལ་བར་དངོས་པོ་གང་བཟང་གི་འབུལ་བ་སྤོམ་མཐོ་བ་རེ་མཛད་པ་སོགས། མདོར་ན་ཅི་མཛད་ཐམས་ཅད་མདོ་རྒྱུད་ནས་བཤད་པའི་ཆོས་མཐུན་གྱི་མཛད་པ་འབའ་ཞིག་ལྷུར་བཞེས་པ་སྟེ། རིན་ཆེན་བང་མཛོད་ལས། སྐྱོན་བྲལ་ཡོན་ཏན་རྫོགས་པའི་བླ་མ་ནི། །སྙིགས་མའི་དུས་ན་སངས་རྒྱས་དངོས་དང་མཚུངས། །རབ་དྭངས་སྲི་ཞུས་གུས་པས་སྤྱི་བོས་བསྟེན། །ཅེས་པ་ལྟར་སུམ་ལྡན་རྡོ་རྗེ་འཛིན་པ་རྣམས་ཚུལ་དེ་བཞིན་དུ་བསྟེན་པར་མཛད་པ་དང༌། སའི་སྙིང་པོའི་མདོ་ལས། གཅིག་ཏུ་དད་ཅིང་གུས་པས་ཆོས་ཉན་གྱི། །འདི་ལ་འཕྱ་ཞིང་སྐུར་བ་མི་བྱ་འོ། །ཆོས་སྨྲ་བ་ལ་མཆོད་པར་བྱ་བ་ནི། །སངས་རྒྱས་འདྲ་བར་དེ་ལ་འདུ་ཤེས་སྐྱེད། །ཅེས་གསུངས་པ་ལྟར་ཆོས་སྨྲ་བའི་བཤེས་གཉེན་ཐམས་ཅད་ལ་དེ་བཞིན་གུས་པར་མཛད་པ་དང༌། རྒྱན་སྟུག་པོ་བཀོད་པའི་མདོ་ལས། འཇམ་དཔལ་གང་ན་ཆོས་སྨྲ་བ་འདུག་གམ། དེ་མཐོང་ན་མཚམས་མེད་པ་ལྔ་བྱང་བར་འགྱུར་རོ། །ཆོས་སྨྲ་བ་དེ་ལའང་མཆོད་པར་བྱ་སྟེ། གལ་ཏེ་ཆོས་སྨྲ་བ་དེས་མཚམས་མེད་པ་ལྔ་སྤྱོད་ཀྱང་དེ་ལ་སེམས་འཁྲུགས་པར་མི་བྱའོ། །ཞེས་གསུངས་པའི་དོན་ཐུགས་ལ་བཞག་ནས་ཕལ་པ་ལྟར་སྣང་བ་རྣམས་ལའང་གུས་པ་དང་བཅས་པས་གདམས་ངག་སྣ་རེ་ཡིན་ཀྱང་གསན་པར་མཛད་ཅིང༌། གང་གསན་པའི་རིགས་ཐམས་ཅད་གཡས་ཆུང་དུ་མི་བཞག་པར་ཕྱག་དཔེ་འདྲི་བ་དང༌། གསར་རྙིང་རྒྱུད་སྡེ་རྣམས་ཀྱི་དཀྱིལ་ཐང༌། གཏེར་མ་ལ་སོགས་པའི་ཙཀ་ལི་བཞེངས་པ་དང༌། དབང་ཆས། མཆོད་པའི་ཡོ་བྱད་ཐམས་ཅད་ལ་ཕྱག་རྫས་གང་ཡོད་ཕངས་མེད་དུ་བཏང་ནས། གཞན་གྱིས་དཔེར་འོས་པ་ཤ་སྟག་བཞེངས་པ་སོགས་བླ་མ་དམ་པ་རྣམས་མཉེས་ཤིང་བསྟན་པ་ལ་ཕན་པའི་མཛད་པ་ཁོ་ན་ལྷུར་བཞེས་པས་ས་ལམ་གྱི་ཡོན་ཏན་ཞར་བྱུང་དུ་རྫོགས་པ་གཞིར་བཞག །ལོ་ལེགས་ན་ཕུབ་མ་ཞར་ལ་འབྱུང་བ་ལྟར་གནས་སྐབས་ཀྱི་དཔལ་དང་འབྱོར་པ་ཐམས་ཅད་ཀྱང་ལོ་རེ་བཞིན་ཇེ་རྒྱས་སུ་འགྱུར་བ་སྟེ། ཡེ་ཤེས་རྒྱ་མཚོ་ལས། གང་གིས་བླ་མའི་བྱ་བ་ལ། །མཁས་པའི་སྐལ་ལྡན་གང་ཡིན་དེ། །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །བསྐལ་པ་བྱེ་བ་དྲུག་འབུམ་དུ། །ཕྱག་བྱས་པས་ནི་འདི་དོན་ཆེ། །བླ་མས་བསྒོ་བ་བཞིན་བསྒྲུབས་ན། །འདོད་པ་ཐམས་ཅད་འགྲུབ་པ་དང༌། །བསོད་ནམས་དཔག་ཏུ་མེད་པ་འཐོབ། །རང་གི་རྫས་དང་ཡོ་བྱད་ཀྱིས། །བླ་མ་གཉེས་པར་སུས་བྱས་ན། །འདིས་ནི་ཁམས་གསུམ་འཁོར་བ་ལས། །སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་སྟེ། །མྱ་ངན་འདས་པའི་སར་གཤེགས་སོ། །ཞེས་གསུངས་པ་ཉིད་མངོན་དུ་གྱུར་པའོ། །གང་ཞིག་གསན་པ་དེ་དག་ཐམས་ཅད་ཀྱང་མིང་རྐྱང་ཙམ་མ་ཡིན་པར་གྲུབ་མཐའ་སོ་སོའི་བཤད་པའི་རྣམ་གྲངས། ལྟ་སྒོམ་གྱི་འཇོག་མཚམས། བསྐྱེད་རྫོགས་སོ་སོའི་ཟབ་གནད། ཆོ་ག་དང་མན་ངག་གི་ཕྱག་ལེན་ཕྲ་མོ་ཚུན་ཆད་རང་རང་གི་ལུགས་སྲོལ་མ་འདྲེས་པར་གསལ་བར་མཁྱེན་ཅིང་དེ་ལྟར་ཕྱག་ལེན་དུའང་བསྟར་བར་མཛད་དོ། །དེ་དག་ཀྱང༌། ཇི་སྐད་དུ། དམ་པས་ཁས་འཆེ་མང་པོ་མི་བྱེད་ལ། གལ་ཏེ་དཀའ་བས་ཁས་ནི་བླངས་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ཇི་བཞིན་དུ། །ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ། །ཞེས་དང༌། བླུན་པོ་ཆུ་ཡི་རི་མོ་འདྲ། །གང་ཞིག་བྱས་པ་དེ་མྱུར་འཇིག །མཁས་པ་རྡོ་ཡི་རི་མོ་འདྲ། །ཤིན་ཏུ་ཕྲ་བའང་བརྟན་པར་གནས། །ཞེས་པ་ལྟར་རིག་པའི་གནས་དང་མདོ་རྒྱུད་ལ་གསན་བསམ་མཛད་པའི་དོན་གོ་སྐུ་ན་གཞོན་པའི་སྐབས་སུ་འཆད་སྤེལ་གྱིས་སློབ་མ་བསྐྱངས། ཕྱིས་སུ་རྩ་བའི་གཞུང་དང་འགྲེལ་པ་ཕལ་མོ་ཆེ་པར་དུ་བཞེངས་ནས་ཆོས་སྦྱིན་འཛད་པ་མེད་པའི་སྒོ་འཕར་ཕྱེས། མདོ་རྒྱུད་ཀྱི་གཞུང་རྣམས་ཀྱང་སྣོད་དང་ལྡན་ཅིང་སྐབས་སུ་བབས་པ་ན་ཞིབ་མོར་བཤད། གཙོ་བོར་གསང་སྔགས་ཀྱི་བསྐྱེད་རྫོགས་ཟབ་མོ་རྣམས་ལ་ཉམས་བཞེས་ཆད་པ་མེད་པར་མཛད་དེ། དགུང་ལོ་ཉེར་བཞི་པ་ཆུ་མོ་ཡོས་ཀྱི་ལོར་མཁན་རིན་པོ་ཆེ་འཇམ་དཔལ་བཟང་པོ་དང་ལྷན་ཅིག་མདོ་ཁམས་སུ་ཕེབས་ནས་རྫོང་སར་བཀྲ་ཤིས་ལྷ་རྩེའི་གཟིམས་ཤག་ཏུ་བཞུགས་སྟན་འཇགས་ནས་ལོ་བཞི་ཙམ་ལ། ངོར་ལུགས་ཀྱི་ཕྱག་བཞེས་ལྟར་ཀྱེ་རྡོར་གཞི་བསྙེན་སྔོན་དངོས་རྗེས་ཚང་ཟླ་བ་བརྒྱད་ཀྱི་ཁོངས་སུ་བསྒྲུབ། བྱ་རྒྱུད་རིགས་གསུམ་སྤྱི། སྤྱོད་རྒྱུད་རྣམ་སྣང་མངོན་བྱང༌། རྣལ་འབྱོར་རྒྱུད་རྡོ་རྗེ་དབྱིངས་རྣམས་ལ་ལས་རུང་གི་ལྗགས་བསྙེན་བཏང༌། ཆ་མཐུན་རྒྱུད་ཀུན་རིག་ཟླ་བ་དྲུག་གི་ཁོངས་སུ་བསྙེན་པ་རྒྱས་པ། གཞན་ཡང་རྣམ་འཇོམས། གདུགས་དཀར་གྱིས་མཚོན་པའི་ཕྲན་ཚེགས་ཀྱི་ལྗགས་བཟླས་ཀྱང་མང་དུ་མཛད། དགུང་ལོ་ཉེར་དགུ་པ་ས་སྤྲེལ་ལོར་མཁན་རིན་པོ་ཆེ་དང་ལྷན་ཅིག་བོད་དུ་ཕེབས་ནས་ལོ་གསུམ་ཙམ་བཞུགས། ལྕགས་ཕག་དགུང་ལོ་སོ་གསུམ་པར་ཕྱིར་ཕེབས་ནས་གསར་མའི་ཕྱོགས་ནས་དུས་ཀྱི་འཁོར་ལོ་གཙོས་པའི་རྒྱུད་སྡེ་ཆེ་ཕྲ། མཁའ་སྤྱོད་མ་སོགས་མཁའ་འགྲོའི་རིགས། གུར་ཞལ་སོགས་ཆོས་སྲུང༌། གཞན་ཡང་སྒྲུབ་ཐབས་མང་པོའི་རྣལ་འབྱོར་གྱི་རིམ་པ་ལ་བཞུགས་ནས་ལྗགས་བཟླས་དུ་མ་མཛད། རྙིང་མའི་ཕྱོགས་སུ་གཏེར་ཁ་གསར་རྙིང་གི་གུ་རུའི་ཐུགས་སྒྲུབ་ཞི་དྲག་ཆེ་ཕྲ། ཐུགས་རྗེ་ཆེན་པོའི་རིགས། ཚོགས་ཆེན་འདུས་པ་དང་སྒྱུ་འཕྲུལ་ཞི་ཁྲོ། བཀའ་བརྒྱད་ལུགས་སྲོལ་བཅུ་དགུ་ཙམ་དང་ཕུར་པ་ལུགས་སྲོལ་དེ་ཙམ། གསར་རྙིང་གི་ཚེ་སྒྲུབ་རིགས་བརྒྱ་རྩ་རེ་ཟུང་རྣམས་ལ་བསྙེན་བཟླས་དང༌། ཚོགས་སྐོང་བཤགས་ནར་མ། ཡར་མར་གྱི་ཚེས་བཅུ་དང་དུས་ཆེན་རིགས་ལ་ཚོགས་དང་མཆོད་པ་ཤིན་ཏུ་རྒྱས་པ། རྒྱུན་དུ་མར་མེའི་ཕྲེང་བ་གཙོར་བྱས་པའི་མཆོད་པའི་ཕྲེང་བ་ཚར་དུ་དངར་བ་རྣམ་གྲངས་དུ་མ་བཤམས་ནས་གསག་སྦྱོང་སྤེལ་བའི་རིམ་པ་ཕལ་པའི་བློས་འཁྱུད་པར་དཀའ་བ་ཁོ་ན་གནང༌། ཁྱད་པར་དུའང་དེ་ཁོ་ན་ཉིད་ངེས་པར་བསྟན་པའི་མདོ་ལས། ཤཱ་རིའི་བུ་གང་གིས་བསྐལ་པ་གཅིག་གི་བར་དུ་ཉན་པ་བས། གང་གིས་སེ་གོལ་གཏོགས་པའི་ཡུན་ཙམ་ཅིག་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ན་བསོད་ནམས་མང་དུ་འཕེལ་ལོ། །ཤཱ་རིའི་བུ་དེ་ལྟ་བས་ན་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་འདི་གཞན་ལ་ནན་གྱིས་གདམས་པར་བྱའོ། །ཞེས་དང༌། མདོ་སྡེ་རྒྱན་ལས། དེ་ལྟས་རྣལ་འབྱོར་ཅན་གྱི་སྒོམ་པ་གང་ཡིན་དེ་ནི་དོན་མེད་མིན། །དེ་ལྟར་བདེ་བར་གཤེགས་ཀྱི་བསྟན་པ་གང་ཡིན་དེ་ཡང་དོན་མེད་མིན། །གལ་ཏེ་ཐོས་པ་ཙམ་གྱིས་དོན་མཐོང་འགྱུར་ན་སྒོམ་པ་དོན་མེད་འགྱུར། །གལ་ཏེ་མ་ཐོས་པར་ཡང་སྒོམ་ལ་འཇུག་ན་བསྟན་པ་དོན་མེད་འགྱུར། །ཅེས་གསུངས་པའི་དོན་ཐུགས་ལ་བཅངས་ནས། སྤྱིར་དགུང་ལོ་ཆུང་ངུའི་དུས་ནས་སྐྱེས་ཐོབ་ཀྱི་སྟོབས་ཀྱིས་མཚན་བཅས་རྩ་རླུང་ཐིག་ལེའི་རྣལ་འབྱོར་འབད་རྩོལ་ཆུང་ངུས་འགྲུབ་པ་དང༌། ཉིན་མཚན་གྱི་རྟགས་བཅུ་དང་སྲིད་པ་གསུམ་གྱི་སྟོང་གཟུགས་རྐྱེན་ཆུང་ངུ་ལ་བརྟེན་ནས་ཤར་བ་དང༌། འོད་གསལ་གྱི་སྣང་བ་སྐུ་དང་ཐིག་ལེའི་འཆར་སྒོ་ཅི་རིགས་པ་འབྱུང་བ་དང༌། ཆོས་ཉིད་ཀྱི་བདེན་པ་ཕྱིན་ཅི་མ་ལོག་པ་གཟིགས་པས་སེམས་འཛིན་དང་བྱུང་གནས་འགྲོ་གསུམ་གྱི་རྩད་གཅོད་སོགས་རིམ་གྱིས་པའི་ལམ་ལ་བརྟེན་མ་དགོས་པར་རང་བཞིན་ལྷུན་གྲུབ་ངང་བཞག་ཆེན་པོའི་ལྟ་སྒོམ་གྱི་ལྷུམས་སུ་ཚུད་ཀྱང་གདུལ་བྱ་རིམ་སྐྱེས་དང་བློ་རིགས་ཐ་དད་པ་རྣམས་དྲང་བའི་སླད་དང༌། སྨིན་གྲོལ་གྱི་རིམ་པ་ཟབ་མོ་གསན་པའི་གཤམ་དུ། སློབ་དཔོན་གྱིས་དེ་ཉིད་ཉམས་སུ་ལེན་དགོས་པར་གདམས་པ་ན། སློབ་བུས་གཙོ་བོས་ཇི་ལྟར་བཀའ་བསྩལ་པ་སོགས་ཀྱི་ཁས་ལེན་ཞུ་བའི་སྲོལ་མཆིས་པ་རྣམས་ཀྱང་རྗེས་སུ་བསྒྲུབ་ཅིང་གསན་པ་རྣམས་ཆུད་ཟོས་སུ་མི་གཏང་བའི་ཕྱིར། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ། མཁའ་སྤྱོད་མའི་རྫོགས་རིམ་གྱི་དམིགས་རྐང་སོགས་ཀྱང་ཚར་རེ་མ་ཆག་པ་དང༌། ལོ་གསུམ་བཅད་རྒྱའི་ཁོངས་སུ་ཇོ་ནང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གིས་བསྒྲིགས་པའི་ཟབ་ཁྲིད་བརྒྱ་དང་བརྒྱད་པ་ཉིད་རྩ་བར་བཟུང༌། སྒོམ་དོན་ཞིབ་མོ་སོ་སོའི་ཁུངས་སུ་གྱུར་པའི་ཁྲིད་ཡིག་རྣམས་དང་སྦྱར་ཏེ་དམ་ཚིག་རྡོ་རྗེའི་སྒོམ་བཟླས་སོགས་ཀྱིས་རྒྱུད་སྦྱང་བ་སྔོན་དུ་བཏང་ནས། ཐོག་མར་བླ་མ་ས་སྐྱ་པའི་ཞེན་པ་བཞི་བྲལ་ནས་བཟུང༌། བྲམ་པ་ཀུན་དགའ་བཟང་པོའི་ཕྱག་རྫོགས་ནོར་བུ་མཐོང་གྲོལ་གྱི་བར་རྣམས་ལ། མདོ་དང་ཐུན་མོང་བའི་ལམ་རིམ་ཞེན་པ་བཞི་བྲལ། བཀའ་གདམས་ལམ་རིམ། བློ་སྦྱོང་དོན་བདུན་མ། དམར་ཁྲིད་རིགས་གསུམ་སོགས་དང༌། རྒྱུད་སྡེ་སོ་སོའི་རྫོགས་རིམ་དུས་འཁོར་སྦྱོར་དྲུག །ཀྱེ་རྡོར་ལམ་འབྲས། བདེ་མཆོག་ལཱུ་དྲིལ་ནག་གསུམ་སོགས་དང༌། རྒྱུད་སྡེ་ཐུན་མོང་གི་རྫོགས་རིམ་ནཱ་རོ་དང་ནི་གུའི་ཆོས་དྲུག །དྭགས་པོ་ལུགས་ཀྱི་ཕྱག་ཆེན་རྣམས་གཙོ་བོར་མཛད་ཅིང་ཞག་གྲངས་མང་བ་དང༌། གཞན་ཐམས་ཅད་ཀྱང་ཆད་ལུས་གཅིག་ཀྱང་མེད་པར་ཉམས་བཞེས་མཐར་ཕྱིན་པར་མཛད། རྙིང་མའི་ཕྱོགས་སུ་སེམས་སྡེ་ལུགས་གསུམ། ཀློང་སྡེ་རྣ་བརྒྱུད་རྡོ་རྗེ་ཟམ་པ། བི་མ་དང་མཁའ་འགྲོ་སྙིང་ཐིག །གཏེར་མའི་ཕྱོགས་ནས་ཀློང་ཆེན་སྙིང་ཐིག་གཙོ་བོར་གྱུར་པའི་ཟབ་ཁྲིད་རྣམས་དང༌། སེམས་ཉིད་ངལ་གསོ་སོགས། ཁྲོ་ཕུ་ལུགས་ཀྱི་ཁྲིད་ཞག་བདུན་མ་རྣམས་སོགས། བོ་དོང་ལུགས་ཀྱི་ཁྲིད་སོགས་མདོར་ན་ཁྲིད་ཚུལ་གསན་ཚད་ཤར་སྒོམ་རེ་ཙམ་མ་མཛད་པ་གང་ཡང་མེད་པས་ཉམས་དང་རྟོགས་པའི་ཡོན་ཏན་ཉིན་རེ་བཞིན་ཡང་གོང་འཕེལ་དུ་གྱུར། མདོར་ན་སྔ་རྗེས་ལོ་གྲངས་བཅུ་གསུམ་ཙམ་དུ་བསྐྱེད་རྫོགས་ཁོ་ན་ལ་བརྩོན་པར་མཛད་པས་སྔ་ཕྱིར་གྲུབ་པའི་མཚན་མ་མངོན་དུ་གྱུར་པའང་ཅི་རིགས་པར་བསྟན་ཡོད་པར་སྣང་བ་ལས་མཐོང་ཐོས་སུ་གྱུར་པ་ནི། ལྕགས་ཟམ་ཆུ་བོ་རིའི་ཚེ་ཆུ་ཕུག་ཏུ་ཚེ་རྟ་ཟུང་འབྲེལ་སྒོམ་བཟླས་མཛད་པའི་སྐབས་ཚེ་ཆུ་ཀར་ཡོལ་གང་གློ་བུར་དུ་བབས། ཡར་ཀླུངས་ཚེ་ཆུ་འབུམ་པ་ལ་ཕྱག་མཆོད་མཛད་པ་ནའང་དེ་མཚུངས་དང༌། ལྷ་ལྡན་ཇོ་བོ་རང་བྱོན་ལྔ་ལྡན་ལ་ཕྱག་མཆོད་མཛད་སྐབས་རིང་བསྲེལ་ཁ་ཤས་ཕྱག་ཏུ་ཕེབས། དཔལ་སྤུངས་གླིང་སྟོད་ནས་བདག་ཅག་འདུས་པ་རྣམས་ལ་ཉང་གཏེར་ཁྲོས་ནག་གི་དབང་གནང་སྐབས་དབང་རྟེན་ཐོད་པ་རེག་ཏུ་མི་བཏུབ་པ་ཙམ་གྱི་དྲོད་འབར། བྱང་རྫ་རྒྱུད་མ་མོ་ཐང་དུ་རྫོགས་ཆེན་དཔལ་སྤྲུལ་ནས་རྡོ་འབུམ་ལ་རབ་གནས་ཞུས་པར་ཚེས་བཅོ་ལྔ་ཞིག་ལ་མཆོད་པ་ཤོམས་ཤིག་གསུངས་ནས་རྫོང་སར་བཞུགས་གནས་ནས་དགོངས་གཏད་མཛད་པས། ཉིན་ལམ་བདུན་བརྒྱད་ཀྱི་བར་ཆོད་པའི་རྡོ་འབུམ་དེར་རབ་གནས་ཀྱི་མེ་ཏོག་ཆར་བབས་པ་བཞིན་བྱུང་བ་དེར་གནས་ཕལ་མོ་ཆེས་དད་རྟེན་དུའང་ཐོབ། ཕྱིས་སུ་ཚེ་སྒྲུབ་ལོ་གསུམ་ཙམ་ཆགས་མེད་མཛད་སྐབས་ཚེ་ཆང་རྒྱུན་བཞག་དེ་དབྱར་མི་རུལ། དགུན་མི་འཁེངས། ཁ་དོག་སེར་སྨུག་ཤིན་ཏུ་སྐ་བའི་ཉམས་ཅན། དབུས་ནས་གྱེན་དུ་ཕྱུར་བ་ལ་དྲི་རོ་གང་གིས་ཀྱང་མཚོན་དུ་མེད་པའི་ཡ་མཚན་ཅན་དུ་གྱུར། དད་སྐལ་ལྡན་པ་རྣམས་ཀྱིས་ཐོག་མར་མཇལ་སྐབས་ཐང་སྟོང་རྒྱལ་པོ་སོགས་སྐུའི་རྣམ་པ་ཐ་དད་དུ་མཐོང་བ་དང༌། གང་ཟག་བཟང་པོ་ཞིག་ལ་འཕགས་མའི་སྙིང་ཐིག་གི་དབང་བསྐུར་གནང་བའི་སྐབས་སྤྱན་བདུན་པོ་བཀྲ་ཧྲིག་ཡོད་པ་མཇལ་བས་དད་པའི་ཤུགས་ཀྱིས་ཤེས་པ་བརྒྱལ་ཐབས་སུ་སོང་བ་སོགས་མང༌། དངོས་ཉམས་མནལ་ལམ་ཅི་རིགས་པར་དག་སྣང་ཞལ་གཟིགས་རྒྱུན་ཆད་མེད་པར་འབྱུང་ཡང་དད་ལྡན་བློ་ཐུབ་ལ་ཟུར་ཙམ་རེ་ལས་གཏན་ནས་མི་གསུང༌། གཞན་པས་མཐོང་སྣང་བྱུང་ཚུལ་ཞུས་པ་ལའང་རླུང་ཁམས་ལྡང་བའི་མིས་མི་རིགས་མི་མཐོང་བ་ཅི་ཡོད། དེ་འདྲ་ལ་བློ་གཏད་ཅིའང་མེད་ཚུལ་གྱིས་ང་རྒྱལ་གཅོག་པ་ཁོ་ན་མཛད། སྐབས་རེར་ཟུར་ཙམ་གསུངས་པ་ལ་སངས་རྒྱས་བྱང་སེམས། རིག་འཛིན་མཁའ་འགྲོའི་ཚོགས་ལས་ཆོས་གསན་པ་དང༌། ཚིག་དོན་གྱི་སྒྲོ་འདོགས་བཅད་པ་དང༌། རྡོ་རྗེའི་སྔགས་རྒྱུད་མང་པོ་སྒྲོག་པ་དང༌། རྡོ་རྗེའི་གླུ་སྙན་ཅིང་དོན་ཟབ་པ་ལེན་པ་སོགས་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་བརྙེས་པའི་ངོ་མཚར་འབྱམས་ཀླས་ཤིང༌། སྔ་ཕྱིར་ཀླ་ཀློ་དང༌། དམ་སྲི་གདུག་པ་ཅན་ཚར་བཅད་པའི་མཚན་མའང་མང་དུ་གཟིགས། དག་སྣང་གི་རིགས་ཅུང་ཟད་འོག་ཏུ་འཆད་པར་འགྱུར་ལ། འདིར་ཡང་ཅུང་ཟད་སྨྲོས་ན་གཙང་དུ་ཕེབས་སྐབས་དཔལ་ས་སྐྱའི་གདན་སར་ས་ཆེན་ཕུག་ཏུ་འཇམ་དབྱངས་དམར་སེར་གྱི་རིལ་བུ་སྒྲུབ་པ་ཞག་བདུན་མཛད་གྲུབ་པའི་ཐོ་རངས་ཁར། མདུན་གྱི་གཞི་སྟེང་དུ་འོད་དམར་སེར་གྱི་གོང་བུ་ཆེ་བ་ཞིག་གི་ནང་དུ་ཨུཏྤལ་སྔོན་པོ་ཁ་བྱེ་མ་ཐག་པ་ཅན་ཡུན་ཅིག་གསལ་བའི་མཐར་ཐུགས་ཀར་ཐིམ་པ་ཞིག་བྱུང༌། དེ་ཕྱིན་བློ་གྲོས་ཀྱི་སྤོབས་པ་ཇེ་འཕེལ་དུ་སོང་ནས་སུ་ལ་ཅི་ཞིག་འཆད་ཀྱང་ཐོགས་པ་མེད་པ་བྱུང་གསུངས། ཕྱིས་མེ་ཡོས་ཟླ་བ་གསུམ་པའི་ཚེས་ལྔ་ལ་ཨ་ལོ་ཞེ་དགར་ཁྱིམ་བདག་ཅིག་རྩར་བཞུགས་པའི་མནལ་ལམ་དུ་བཞུགས་ཁྲི་མཐོན་པོ་ཞིག་གི་ཁར་མཁན་རིན་པོ་ཆེ་བྱམས་པ་ཀུན་དགའ་བསྟན་འཛིན་དང་ལྷན་ཅིག་ཏུ་བཞུགས། མཁན་ཆེན་རིན་པོ་ཆེས་འཐོར་ནས་མཛད་དེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བཀྲ་ཤིས་ཚིགས་བཅད་བརྒྱ་ཕྲག་མང་པོ་གསུང་བ་ཞིག་བྱུང་བས། དེའི་ཐོག་མའི་ཚིགས་བཅད། ལྷ་དབང་ལྷ་ཡི་ལོངས་སྤྱོད་ཆེན་པོས་བརྗིད། །མི་དབང་མི་ཡི་འབྱོར་པ་ཆེན་པོས་མཐོ། །ཀླུ་དབང་ཀླུ་ཡི་ནོར་བུ་ཆེན་པོས་ཕྱུག །འཇིག་རྟེན་ཆེན་པོ་གསུམ་གྱི་བཀྲ་ཤིས་ཤོག །གེ་སར་མངོན་ཤེས་རྫུ་འཕྲུལ་འགྲན་ཟླ་མེད། །ཞལ་ལུ་དཔའ་རྒོད་སྙིང་སྟོབས་འགྲན་ཟླ་མེད། ཁྲོ་ཐུང་འཕྲུལ་དང་བཀྲ་ལག་འགྲན་ཟླ་མེད། །འགྲན་མེད་མི་ཕོ་གསུམ་གྱི་བཀྲ་ཤིས་ཤོག །རྒྱ་བཟས་རྒྱ་ཡི་རྟེན་མཆོག་ཐབས་ཀྱིས་དྲངས། །བལ་བཟས་བལ་པོའི་མཆོད་སྡོང་རྫོངས་སུ་ཐོབ། །འབྲུག་མོས་འབྲུག་ལྟར་གྲགས་པའི་གཏམ་རྒྱུད་བཞག །ཡ་མཚན་བུད་མེད་གསུམ་གྱི་བཀྲ་ཤིས་ཤོག །ཅེས་པ་འཕྲལ་དུ་འབྲི་བར་མཛད་ནས་དེ་ཀའི་ཁྱིམ་དུ་བསླན། དེ་རྗེས་ཕྱོགས་དེའི་གར་བྱོན་སར་བཀྲ་ཤིས་ཀྱི་ཚིགས་གཅད་ངོ་མཚར་བ་མང་དུ་མཛད། ཁོ་བོའི་སྒྲུབ་ཁང་སོགས་ལའང་བཀྲ་ཤིས་རྟགས་བརྒྱད། རྫས་བརྒྱད། རྒྱལ་སྲིད་དང་སྦྱར་བ་སོགས་མང་དུ་གནང་བ་རྣམས་ཀྱང་རྟེན་འབྲེལ་གྱི་སྒོ་ཁྱད་པར་ཅན་ཞིག་ཡོད་པར་མངོན། ཡང་ཕྱོགས་དེའི་སྦྱིན་བདག་ནིས་མདའ་ཚང་ལ་བཞུགས་པའི་མནལ་ལམ་དུ། ཀླ་ཀློའི་ཞགས་པ་བྱུང་ཟེར་མ་ཐག་ཏུ་དྲུ་གུ་འདྲ་བ་ཞིག་ཧྲིལ་གྱིས་བྱུང་ནས་སྐུ་ལུས་དཀྲིས་ཏེ་ནམ་མཁར་ཁྱེར་སོང་བས་ཅུང་ཟད་ཐུགས་ཞད་པའི་རྣམ་པ་བྱུང་མ་ཐག །མགོན་པོ་ཕྱག་བཞི་པ་བྱུང་ནས་གྲི་གུག་གིས་བཅད་སོང་བས་ས་ཐོག་ཏུ་རྡོ་རྗེ་ལེགས་པ་འདུག་པས་སྐུ་ལུས་པང་དུ་བཏེགས་ནས། ཧེ་ཧེ། མགོ་མཐོ་ས་ལ་བཏགས། སྐེ་ཕྲ་ས་ནས་ཆད་ཟེར་དཔེས། བྱད་ཐག་མགོན་པོས་བཅད་པ་བཟང་སྟེ་ང་མེད་ན་ས་ཐོག་ཏུ་འོ་བརྒྱལ་བྱས་ཨང་སོང་ཟེར་བ་དང་མནལ་སད། འདི་སྐོར་དུ་གར་ཕེབས་ཀྱི་རི་རྣམས་ཟང་ཐལ་དུ་གཟིགས་ཤིང་གནས་རི་རྣམས་ལ་རྩ་གསུམ་ལྷ་ཚོགས་ཅི་གནས། གཏེར་ཁ་དུ་ཡོད་ཐམས་ཅད་སྒྲིབ་མེད་དུ་གཟིགས་པ་ཞིག་བྱུང་འདུག །འོག་གསང་རྣམ་དུའང་ཁྱུགས་ཙམ་སྨྲོས་པ་ལྟར། ཁྱད་པར་དཔལ་འབྱོར་སྒང་དུ་བཞུགས་པའི་ནུབ་གཅིག་སྟོད་འབྲས་མོ་ལྗོངས། བར་པདྨ་བཀོད། སྨད་གཡུ་ལུང་གངས་ར་ཡན་ཆད་ཀྱི་གནས་ཀྱི་བཀོད་པ་དང་གཏེར་ཁ་གང་ཡོད་སོགས་མེ་ལོང་གི་གཟུགས་བརྙན་བཞིན་སྒྲིབ་མེད་མ་འདྲེས་གསལ་བར་གཟིགས། དེ་སྐབས་མཆོག་གྱུར་གླིང་པ་བོད་དུ་བྱོན་པས་མོན་ཡུལ་དཀར་མོ་བྲག་གི་ཁ་བྱང་ཡང་བྱང་སྙིང་བྱང་གནད་བྱང་བཅས་གཅིག་ཏུ་བསྡོམས་པ་མར་མེའི་འོད་ལ་བྲིས་ཏེ་བོད་དུ་བསྐུར་རྩིས་མཛད་ཀྱང་། རྗེས་སོར་མཚོ་རྒྱལ་གྱི་ལུང་བསྟན་དེ་བྱུང་ཕྱིན་དེ་ཕྱོགས་འཕྲོས་ཙམ་ཡང་མི་གནང་ཞིང་ཡི་གེ་དེའང་བསྐུར་མཛད་མ་སོང་བས་དེ་ཕྱོགས་ཀྱི་རྟེན་འབྲེལ་ཐམས་ཅད་བོད་སྤྱིའི་བསོད་ནམས་ཀྱིས་མ་ཆུན་པ་ལ་དགོངས་པར་སྣང༌། སྔར་ཕན་རྗེ་ཉིད་ལ་གཏེར་ཁ་བཞུགས་པའི་སྒྲོས་ཙམ་སུས་ཀྱང་མཐོང་ཐོས་མེད་པ་ལ་སྡེ་དགེའི་རྒྱལ་ཁབ་ཀྱི་ཉེ་སྐོར་རྡོ་ཁོ་མར་གཏེར་ཆེན་མཆོག་གླིང་དང་ཞལ་རྒྱས་བཞུགས་པའི་སྐབས། འཕགས་མའི་སྙིང་ཐིག་ཐོག་མར་སྤེལ་བ་སོགས་ཀྱི་ནུབ་ཅིག་མནལ་ལམ་དུ། ཉིད་ཀྱི་མ་ཡུམ་དེ་སྐྲ་དར་དམར་གྱིས་རྒྱབ་ཏུ་མདུད། གོས་ཆེན་གོས་གྱོན། པར་བུ་འཛེར་བུས་བསྡམས་པ་ཞིག་ཐོགས་ནས་བྱུང་སྟེ། ངེད་ཀྱི་གྲོགས་མོ་གསེར་གྱི་རྣ་ཆ་ཅན་བྱ་བ་དེས་གསང་འོས་པ་རྣམས་དམ་མེད་ལ་བསྒྲགས་པའི་ཉེས་པས་མཁའ་འགྲོ་མ་རྣམས་ཀྱིས་བསྒྲལ་ནས་ཤ་ཁྲག་ཚོགས་འཁོར་བྱས། སྙིང་འདི་རེད་ཟེར་ནས་པར་བུ་ཁ་ཕྱེ་ནས་སྙིང་རློན་པ་འཕར་འདར་ཕྲི་ལི་ལི་བྱེད་པ་ཞིག་འདུག་པ་དེ་ལ་སྐྲག་སྔངས་ལྟ་བུས་སྐུ་ལུས་འདར་ཕྲི་ལི་ལི་བྱས་ནས་མནལ་སད། ཕྱིར་ཉིན་ཀྱང་དེ་ནམ་དྲན་དུས་སྙིང་ཚ་ཤར་འགྲོ་བ་ཞིག་བྱུང་བས་དུས་སུ་མ་བབས་པར་གསང་བ་བསྒྲགས་པ་འདི་ཉེན་ཆེ་འདུག་གསུངས། ཡང་སྨིན་གླིང་པའི་གཏེར་བྱོན་རྡོར་སེམས་ཀྱི་ཆོ་ག་གཏང་བའི་སྐབས་ཤིག་མནལ་ལམ་དུ། རྡོར་སེམས་སྐུ་དངོས་ལྟ་བུ་ཞིག་ལ་སྐུ་སྨད་དུ་རིང་བསྲེལ་གྲངས་མེད་པ་འབྱར་ནས་འདུག་པ་མཇལ་བར། གཞན་ཞིག་ལ་འདི་ཅི་རེད་དྲིས་པར། ཁྱེད་རང་གིས་རྡོར་སེམས་སྒོ་ནས་དབང་དང་བྱང་ཆོག་བྱས་པ་རྣམས་རེད་ཟེར་གསུངས། འདིས་ནི་དེ་འདྲའི་འབྲེལ་ལྡན་རྣམས་རྡོ་རྗེ་སེམས་དཔའི་གོ་འཕང་དུ་རྣམ་པར་གྲོལ་བ་ཐོབ་པར་བརྡའི་སྒོ་ནས་ལུང་དུ་བསྟན་པར་སྣང༌། སྒྲོལ་སྟོན་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་སོགས་ལས་ཆོས་དབང་གཏེར་བྱོན་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་སྨིན་གྲོལ་གསན་གྲུབ་པའི་རྗེས་ལམ་དུས་ཀྱི་ཉམས་བཞེས་ཅུང་ཟད་རེ་མཛད་སྐབས་མནལ་ལམ་དུ་ཕྱག་མཐིལ་དུ་དེ་བཞིན་གཤེགས་པའི་རིང་བསྲེལ་ཞིག་སྣང་བ་ལ། འཁོར་བ་དོང་སྤྲུགས་ཀྱི་གཟུངས་རིང་གསུངས་ནས་ཞལ་ཕུ་བཏབ་པས་རིང་བསྲེལ་གྲངས་མེད་པ་སྐད་ཅིག་ལ་འཕེལ་བ་ཐུགས་ཤིན་ཏུ་དགྱེས་པ་ཞིག་བྱུང་གསུངས། འདི་ནི་ཐུགས་རྗེ་ཆེན་པོའི་གདུང་འཛིན་གྲངས་མེད་འབྱུང་བའི་ལྟས་སུ་སྣང༌། སྡེ་དགེ་མ་ཡུམ་ཆོས་དབྱིངས་བཟང་མོ་སོགས་ལ་མཁའ་འགྲོ་ཡང་ཏིག་གི་དབང་ལུང་ཁྲིད་གསུམ་གནང་བའི་སྐབས་སུ་ཡང་ཏིག་གི་དག་སྣང་ཁྱད་པར་ཅན་གཟིགས་ཀྱང་ཞིབ་པར་མ་ངེས། བསམ་ཡས་མཆིམས་ཕུར་ཕེབས་པའི་སྣང་བ་ལ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་མཇལ་ནས་སྙིང་ཏིག་ཡ་བཞི་ཉེ་བརྒྱུད་ཚུལ་དུ་གསན་པར་འདུག །མཁའ་སྤྱོད་རྡོ་རྗེ་རྣལ་འབྱོར་མ་བླ་མ་བརྒྱུད་པ་དང་བཅས་པས་བྱིན་གྱིས་བརླབས་ཤིང་རྗེས་སུ་བཟུང་བ་དང༌། ཉིད་ལས་མཁའ་སྤྱོད་མའི་ཆོས་འབྲེལ་ཐོབ་པ་རྣམས་ཀྱང་རིམ་པར་བྱིན་རླབས་ཐོབ་པའི་ལྟས་ཀྱང་གཟིགས། རྣལ་འབྱོར་མ་གྲུབ་པའི་རྟགས་སུ་སྤྱིར་བཤད་པའི་ལུས་ལ་བདེ་བ། ངག་ལ་ནུས་པ། སེམས་ལ་རྟོགས་པ་སྟེ་འབར་བ་རྣམ་པ་གསུམ། ཉིན་མོ་མི། མཚན་མོ་ལྷ་འདྲེ། ནངས་ནུབ་ཟས་ནོར་ཏེ་འདུ་བ་རྣམ་པ་གསུམ་རྣམས་ནི་ཐམས་ཅད་ཀྱི་མཐུན་སྣང་དུ་གྲུབ་པ་དེར་གདའ། སྐབས་ཤིག་སྐུ་ལུས་ཀྱི་ནང་དུ་རྩ་གསུམ་འཁོར་ལོ་བཞིའི་གནས་ལུགས་རྣམས་གདོས་བཅས་ཀྱིས་མ་བསྒྲིབས་པར་གསལ་བར་གཟིགས་ཤིང༌། ལན་གཅིག་འཁོར་ལོ་འོག་མ་རྣམས་སྐམ། མགྲིན་པ་འོལ་ཙམ་དང་སྤྱི་བོ་རང་མལ་དུ་ཡོད་པའང་གཟིགས་པར་གསུངས་པ་འདི་ནི་ལམ་གྱི་མངོན་རྟོགས་ཆེས་མཐོན་པོར་ཕེབས་པའི་དོན་དུ་སྣང་ངོ༌། །འཛམ་ནང་པདྨ་ཤེལ་ཕུག་ཏུ་གཏེར་གསར་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་ཚོགས་སྐོང་མཛད་སྐབས་ཁྲོམ་མང་དུ་འདུས་པ་ལ་ཁྲོམ་དབང་ཞིག་ཕུག་པ་དེར་མཛད་པར་བཞེད་པ་ལ་དམ་ཅན་དངོས་སུ་འོངས་ནས། འདིར་མི་ཉི་ཤུ་ལས་མང་བ་གཏན་ནས་བཙུད་མི་ཉན་ཞུས་པས་ཁྲོམ་དབང་རྒྱབ་ཏུ་མཛད། གཏེར་ལུང་པདྨ་ཤེལ་རིར་མཆོག་གླིང་དང་ཕྲན་བཅས་ཡོད་སྐབས་ཕྱི་དྲོ་ཞིག་ལ་སྐུ་ངལ་བའི་ཚུལ་གྱིས་ཅུང་ཟད་བསྙེས་ནས་བཞུགས་སོང་བའི་རྗེས། ད་ལྟ་འོག་གི་ཕ་ཝཾ་འགྲམ་འདིར་རྡོ་རྗེ་ལེགས་པ་བྱུང་ནས་གཡས་ཀྱི་རྡོ་རྗེ་ཡར་གྱི་བྲག་ལ་བསྟན། མིག་ཟུར་གྱིས་མར་གྱི་སྒྲུབ་ཕུག་འདི་ལ་བལྟས་སོང་བས་འདི་གཉིས་ལ་གཏེར་ཁ་རེ་རེ་ཡོད་པར་འདུག་གསུངས་པ་དེ་ལ་བརྟེན་ནས་ཕྱིར་ཉིན་ཡར་མར་ནས་མཆོག་གླིང་དང་རྗེ་ཉིད་བཅས་ཀྱིས་གཏེར་ཁ་རེ་རེ་ཐོན་སོང༌། ལར་དུས་རྒྱུན་དམ་ཅན། གཡུ་སྒྲོན་མ། ཤ་ཟ་ཁ་མོ་ཆེ་རྣམས་ནི་གྲིབ་མ་ལྟར་འགྲོགས་ཤིང་ལེགས་ཉེས་ཀྱི་ལུང་བསྟན་པ་དང་ཅི་བཅོལ་བའི་ཕྲིན་ལས་སྒྲུབ་པ་ཡིན་འདུག །ལྕགས་སྤྲེལ་ལོར་ཁོ་བོས་ཡང་ཁྲོད་སྒྲུབ་སྡེར་རྡོར་སེམས་སྐུ་བརྙན་བཞེངས་པའི་ནང་གཞུག་ལ་ཆེད་དུ་གསོལ་བ་བཏབ་པ་ལྟར། ཟླ་གམ་དབང་ཕུག་ཏུ་བཞུགས་སྐབས་རྡོ་རྗེ་གཡུ་སྒྲོན་མ་ལ་ཕྲིན་ལས་བཅོལ་བས། རིན་པོ་ཆེ་ཨསྨ་གརྦྷ་ལས་གྲུབ་པའི་རྡོར་སེམས་སྐུ་བརྙན་རྒྱལ་པོ་ཛཿའི་ཐུགས་དམ་རྟེན་ཁྱད་པར་འཕགས་པ་ཕུལ་འདུག་པ་བཀའ་དྲིན་དུ་བསྩལ་བས་ད་ལྟ་སྐུ་བརྙན་གྱི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་པ་ལགས། རབ་བྱུང་བཅོ་ལྔ་པ་ཐོག་མར་ཚེས་པ་མེ་ཡོས་ཟླ་བ་བཅུ་གཅིག་པའི་དགའ་བ་དང་པོར་ཡང་ཁྲོད་སྒྲུབ་ཁང་འདིར་རབ་གནས་བཀའ་དྲིན་བསྩལ་བའི་ནུབ་དག་སྣང་མུ་མེད་པ་ཤར། སྐབས་ཤིག་རི་བོ་ལྟ་བུའི་མཆོད་རྟེན་ཆེན་པོའི་ཞིག་གི་ཕྱོགས་བཞིར་སྒོ་བཞི། ནང་དུ་མཛོད་ལྔ་ཡོད་པའི་མཛོད་རེ་རེ་བཞིན་ཆོས་གཏེར་གྱིས་གཏམས་པ་ལ་པཎ་གྲུབ་དང་མཁའ་འགྲོ་མང་པོས་བརྡ་སྤྲད། རྗེ་ཉིད་ནས་ཀྱང་གཟིགས་པ་བཙལ་བས་དེ་དག་ལ་དོན་གང་ཡོད་ཐུགས་ལ་ངེས་ཤིང་དེའི་སྲུང་མ་ཆོས་སྲུང་ཁྱད་པར་བ་བཞི་ཡོད་པ་དང༌། རྒྱལ་ཆེན་པེ་ཧར་ནས་ཀྱང་ཐུགས་ཡུས་པའི་ཚུལ་གྱིས། ངེད་ལ་སློབ་དཔོན་པདྨས་བོད་ཡུལ་གྱི་གཙུག་ལག་ཁང་ཅི་ཡོད་གཉེར་གཏད་པ་ཡིན་ཀྱང་ཁྱེད་རང་རྣམས་ཀྱིས་གསོལ་མཆོད་ཙམ་མི་བྱེད་པའི་ཐོག །འདྲེར་བལྟ་བ་ཞིག་འདུག་པས་གནོད་པ་སྐྱེལ་ན་རི་རབ་ཙམ་ཡང་ཐལ་བར་བྱེད་ནུས་ཀྱང་ཁྱེད་རང་རྣམས་སློབ་དཔོན་པདྨའི་རྗེས་འཇུག་རེད་པས་ངེད་ཀྱིས་དེའི་དམ་ཚིག་ལ་བརྩིས་པ་ཡིན། ད་ཞག་གློ་བུར་མི་བདེ་བ་ཁ་ཤས་བྱུང་བ་དེ་རྣམས་ངེད་ཀྱིས་རྟགས་ཙམ་བསྟན་པ་ཡིན་ཟེར་བ་བྱུང༌། མཆོད་རྟེན་དེའི་དོན་ཁྱོད་ལ་མཛོད་ལྔར་གྲགས་པ་ཞིག་ཚང་དགོས་པར་འདུག་པས་ཤེས་བྱ་ཀུན་ཁྱབ་དེའི་ཕྱོགས་གཏོགས་བཅས་ཐུན་མོང་ཤེས་བྱའི་མཛོད། གསར་རྙིང་གི་རྒྱུད་སྡེའི་སྐོར་རྣམས་ཐུན་མིན་སྔགས་ཀྱི་མཛོད། གཏེར་ཆོས་གསར་རྙིང་གི་ཆོག་བསྒྲིགས་རྣམས་རིན་ཆེན་གཏེར་གྱི་མཛོད། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་སྨིན་གྲོལ་རྣམས་ཟབ་མོ་གདམས་ངག་གི་མཛོད། ས་གཏེར་དགོངས་གཏེར་གང་བྱུང་གསང་བ་ཐུན་མོང་མིན་པའི་མཛོད་ཀྱི་བརྡར་བཞག་ནས། དེ་སྔ་འགོ་བཞག་གྲུབ་པ་རྣམས་རིམ་པར་མཐའ་འདུས་གྲུབ་པ་དང༌། དེ་སྔ་མེད་རིགས་དེ་ལྟ་བུའི་འགྲིགས་ཤིག་བྱུང་ན་དགོས་པ་གནད་དོན་ཆེ་བར་འདུག་ཅིང༌། པེ་ཧར་ལའང་གསོལ་ཁ་རེ་ཙམ་གཏན་ནས་ཆག་མི་ཉན་པར་འདུག་ཅེས་བཀའ་ཕེབས་པས་མགོན་ཁང་དུ་སྐུ་ལྔའི་གསོལ་ཁ་ལྡེབ་གཅིག་ཙམ་བཏོན་པ་དང༌། དེ་ནས་ད་ལྟའི་བར་དུ་མཛོད་བཞི་པོ་རྣམས་བླ་མའི་བཀའ་ལུང་སོར་བཞག་གིས་དབང་ལུང་གི་རྒྱུན་བཙལ་འོས་པ་རྣམས་གསར་དུ་བཙལ། གསར་བསྒྲིག་དགོས་རིགས་དགེ་སྦྱོར་ཡང་གཅོག་ནས་དེ་ལ་འབད་འབུངས་བཏོན། དཔེ་གསར་བཞེངས་དང་སྤར་དུ་འཁོད་པའི་རྩ་བ་བྱས། དབང་ལུང་ཁྲིད་བཅས་རྒྱུན་ཡང་ཡང་སྤེལ་བའི་རྒྱུ་མཚན་ཡང་དེ་ལ་བརྟེན་པ་ལགས། ཚེས་བཅུ་གཉིས་པའི་སྔ་དྲོར་འཚུབ་སློང་ཆེན་པོས་ཐུགས་ཁམས་མ་བདེ་བས་མུན་པའི་ནང་དུ་བཞུགས་པའི་སྤྱན་སྔར་བྱང་ཤར་ཕྱོགས་ངོས། སྲིད་པའི་རྒྱལ་མོ་ཨེ་ཀ་ཛཱ་ཊི་སྐུ་མདོག་ཕྱག་མཚན་སོགས་སྔགས་སྲུང་མ་སྤྱི་དང་འདྲ་བ་ལ། ཚེམ་ཁྲབ་ལྟ་བུ་ཁ་དོག་ལྗང་གུ་གཡུ་འོད་འབར་བ་ཞིག་མནབས་པ། འཇིགས་ཟིལ་དང་བཅས་པ་ཇ་སྦྱོར་ཙམ་མངོན་སུམ་གཟིགས། མུན་མཐོངས་བསལ་ནས་ཀྱང་དེ་ལྟར་འཆར་བ་དེ་ཡིས། ཨེ། ཆོས་དབྱིངས་གདོད་ནས་སོགས་ཀྱི་གསོལ་མཆོད་བསྩལ་བ་དེ་ཉིད་ཡི་གེར་བཏབ་ནས་ཚར་གཅིག་གསུངས་པས་འཇའ་ཡལ་བ་ལྟར་སོང་གསུངས། དེའི་ཚེས་ཉེར་གཉིས་ནུབ་མོར་འོད་གསལ་གྱི་ངང་ལ་རྗེ་ཉིད་ལྷ་སའི་བར་སྐོར་དུ་བྱོན་པ་ན། བུད་མེད་མི་ལས་འདས་པའི་གཟི་བརྗིད་མཛེས་སྡུག་ཆས་རྒྱན་ཕུན་སུམ་ཚོགས་པ་ཞིག་གིས་རྒྱ་མན་ལྟ་བུའི་མེ་ཏོག་དམར་པོའི་སྡོང་པོ་ཆེན་པོས་བུམ་པ་བཀང་བ་ཐོགས་ནས་བྱུང་བ་དང་འཕྲད། ཕན་ཚུན་མ་བུ་ལྟ་བུའི་དགྱེས་པ་ཆེན་པོའི་ངང་གསུང་གླེང་འགའ་ཞིག་མཛད་པའི་མཐར་འགྲོགས་ནས་ཇོ་བོ་རིན་པོ་ཆེའི་མདུན་དུ་ཕྱིན་ཏེ་ལྷན་ཅིག་བོད་ཁམས་བདེ་བའི་སྨོན་ལམ་མང་པོ་མཛད། བུད་མེད་དེ་ལ་ཁྱེད་སུ་ཡིན་དྲིས་པས་ཁྱེད་རང་རྣམས་ཀྱིས་དུས་རྒྱུན་འབོད་པའི་ཡེ་ཤེས་མཚོ་རྒྱལ་བྱ་བ་དེ་ཡིན་གསུངས། འོ་ན་བོད་ཁམས་བདེ་བའི་ཐབས་ཅི་དྲགས་ཞུས་པས། ལུང་བསྟན་མང་དུ་གསུངས། བོད་འདིར་ནང་འཁྲུག་ཅིག་མ་བྱུང་ན་རེ་ཞིག་སྐྱོན་མེད། འོན་ཀྱང་ལོ་གསུམ་གྱི་ནང་ཚུན་ནང་འཁྲུག་ཅིག་འབྱུང་བས་དེ་ལ་བརྟེན་ནས་ཀླ་ཀློའི་ཉེན་ཆེ། ལར་ཁྱེད་རང་རྣམས་ནས་བྱ་དགོས་ངེས་དེ་ཅིའང་མི་བྱེད། ཁྱེད་ཀྱིས་མ་མཐའ་ནའང་ལོ་བརྒྱད་ཀྱི་སྐབས་ལ་ཁོ་མོས་ཡང་ཕུར་སྒྲུབ་ཐབས་བྱིན་པ་དེ་ཙམ་ཡང་རང་བཞིན་གལ་ཆུང་བསྐྱུར་བ་དེའང་མ་ལེགས་སོགས་གསུངས་ནས། བར་སྣང་ཐམས་ཅད་ཌཱ་མ་རུའི་སྒྲ་ཤར་ཤར་གྱིས་གང་བ་བཅས་མཁའ་ལ་གཤེགས། དེའི་ཕྱིར་ཉིན་དགུང་ལོ་བརྒྱད་པར་མཁའ་འགྲོ་མཚོ་རྒྱལ་གྱིས་བསྩལ་བའི་ཡང་ཕུར་སྦྲགས་མའི་སྒྲུབ་ཐབས་ཕབ་པའི་ཡི་གེ་པ་ཁོ་བོས་ཞུས། ཉི་ཟློག་དང་འགྲིགས་པས་གཏོར་ཟློག་ཀྱང་གནང་བར་མཛད་དོ། །ཟླ་བ་བཅུ་གཅིག་པ་ཕྱི་མའི་ཚེས་ལྔ་ནུབ་རྨང་ལམ་དུ། དཔལ་སྤུངས་བྱང་འདྲེན་རབ་གྲུབ་ནས་ཕུར་པའི་བྲིས་ཐང་རི་མོ་སོགས་གསར་ཉམས་ཅན་ཧ་ཅང་ཁྱད་མཚར་མི་ཆེ་བ་ཞིག་ཁུར་ནས་འདི་ཤིན་ཏུ་རྩ་ཆེན་ཡིན་པས་རབ་གནས་ཤིག་ཞུ་ཟེར། འདི་དེ་ཙམ་གྱི་རྙིང་ཉམས་བཅའ་ཁ་སོགས་མི་འདུག་པས་ནམ་ཅི་ཆེ་གསུངས་པས། འདི་ནི་སྤང་མི་རབས་བཅུ་གསུམ་གྱི་ཐུགས་དམ་རྟེན་སོ་སོ་ལ་གསུང་བྱོན་པའི་རྩ་ཆེན་ཡིན་ཟེར་མ་ཐག །ཁོ་བོ་དེར་འདུག་པས་གྲུ་ཚུགས་ཤིག་བྱས་སོང་བར་རྫོགས་ཆེན་མཁན་པོ་པད་རྡོར་ལྟ་བུར་གནས་འགྱུར་བས་སྐད་ཆེ་སྙན་འབྲུག་སྒྲ་ལྟ་བུས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་སོགས་ཛཔ྄་དབྱངས་ས་གཡོ་བ་ལྟ་བུ་བྱས་པ་དང་ལྷན་ཅིག་ཕུར་སྐུ་དེ་རྡོ་རྗེ་གཞོན་ནུ་དངོས་སུ་བཞེངས་ནས་བྱོན་ཏེ། རྗེ་ཉིད་དང་ཁོ་བོ་གྲོགས་དན་དེ་བཅས་གསུམ་ལ་ཕྱག་ཐ་མའི་ཕུར་པ་མགོ་ལ་བཞག་སྟེ་བྱིན་རླབས་མཛད་མ་ཐག་མནལ་སད། སྣང་བ་ཐམས་ཅད་རྡོ་རྗེ་གཞོན་ནུའི་སྐུ་དང་སྔགས་སྒྲས་མེར་མེར་ཤིག་ཤིག་བྱེད་པ་མངོན་སུམ་དུ་ཡུན་རིང་བྱུང་གསུངས། ཡང༌། དེ་སྐབས་ཤིག་གི་མཚན་མོར་གསལ་སྣང་དུ། རྗེ་ཉིད་ཁྱམས་ཡངས་པ་ཞིག་ན་ཁྲི་མཐོན་པོར་བཞུགས་འདུག་པ་ལ། དྲིལ་བུ་ལྟ་བུའི་སྒྲ་རྒྱུན་རིང་བྱུང་བའི་རྗེས་སུ་བུད་མེད་གཟུགས་བོང་ཆེ་ལ་མཚར་སྡུག་གཟི་བརྗིད་དང་ལྡན་པ་མོ་བཙུན་བཟང་མོའི་ཆས་ཅན་ཞིག་བྱུང་ནས་གོས་ཆེན་གོས་གཉིས། འགོ་སྣམ་གོས་གཉིས། ཐེར་ཕྲུག་སོགས་དང༌། བཟང་གོས་གཅོད་ལྡན་སྔོན་པོ་ཁ་བཞི་བཅུ་རྩ་གསུམ་ཡོད་པའི་ཡུག་གཅིག་ཕུལ་ནས་ཕྱག་དབང་ཞུས། གུས་པ་ཆེན་པོས། དུས་རྒྱུན་ཉིད་ཀྱི་གསུང་ཐོས་པ་ཙམ་གྱིས་ཀྱང་དགའ་བདེ་མི་བཟོད་པ་སྐྱེ། སྐུ་མདུན་འོང་སྙམ་ཡང་འགོལ་པོ་ཞིག་མ་བྱུང༌། ད་རེས་ལི་ཐང་དུ་ཕྱིན་པའི་ཡར་ལམ་སྐུ་མདུན་ཆེད་དུ་བཅར་བ་ཡིན་ཟེར་བ་ལ། ཁྱེད་སུ་ཡིན་གསུངས་པས། སྨན་བཙུན་རྡོ་རྗེ་དབྱར་མོ་བསིལ་ཡིན་ཟེར། འོ་ན་ཁྱེད་ལི་ཐང་དུ་ཅིའི་དོན་དུ་ཕྱིན་དྲིས་པས་དེར་གྲོགས་མོ་ཞིག་ཡོད་པས་གཏུགས་སར་ཕྱིན་ཟེར། ད་གང་དུ་འགྲོ་དྲིས་པས་ཟིལ་ཁྲོམ་དུ་འགྲོ་ཟེར། ཟིལ་ཁྲོམ་ལ་རྟེན་གནས་གང་ཡིན་དྲིས་པས་ཕྱག་མཛོད་ནོར་བུ་བཟང་པོ་རྩར་ཡིན་ཟེར། སྐབས་དེར་གྲོགས་མོ་བདེ་ཆེན་ཆོས་སྒྲོན་འདྲ་བ་ཞིག་གིས་བ་མེན་རྭ་ཅོ་ཞོས་བཀང་བ་ཞིག་ཕུལ་ནས། འདི་ལ་དུས་ཕྱིས་མི་བདེ་བ་ཞིག་བྱུང་བ་དེ་ལ་ཕན་པའི་བྱིན་རླབས་མཛད་དགོས་ཟེར། མི་བདེ་བ་ཅི་བྱུང་དྲིས་པས་སྨན་བཙུན་དེས་རྒྱབ་སྟོན་པ་ན་སྒལ་ཚིགས་རེ་རེ་བཞིན་འཛེར་ནག་འདྲ་བས་གང་བར་འདུག །ཞོ་དེ་བཞེས་པས་བདེ་བ་ཚད་མེད་པ་ཞིག་སྐྱེས་པ་དང་མཉམ་དུ་སྨན་བཙུན་དེས་སྐུ་ལ་ཁྲིལ་གྱིས་འཁྲིལ་བྱུང་བས། དགེ་སློང་ལ་བུད་མེད་ཀྱིས་འཁྱུད་པ་གཞན་གྱིས་མཐོང་ན་ཤིན་ཏུ་ངོ་ཚ་སྙམ་ནས་གནོང་བག་འཆར་བའི་སྐབས་དེར། གསང་གནས་འཕྲད་པས་གསང་རྩ་པདྨའི་སྣལ་མ་ལྟ་བུ་ལྟེ་བ་ལ་ཐུག་པར་བརྐྱངས་བྱུང་བས་བདེ་བའི་ངང་ཏུ་རྟོག་པ་གཞན་ནུབ་ནས་སྐུ་ལུས་རི་བོ་ཆེན་པོ་ལྟ་བུར་སོང་བ་ལ། རྩི་ཤིང་ནགས་ཚལ་ཐམས་ཅད་དཔའ་བོ་དཔའ་མོའི་རང་བཞིན་ཅན་གྱིས་རྡོ་རྗེའི་རྒྱུད་དང་སྔགས་ཀྱི་སྒྲ་མུ་མེད་པ་ཞིག་སྒྲོག་པ་ཤར་བའི་ངང་དུ་གསལ་སྣང་དེ་འགགས་སོ། །རྒྱལ་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་གསུམ་པར་ཁོ་བོ་ནས་བརྟན་བཞུགས་ཕུལ་བའི་སྟ་གོན་གྱི་ནུབ་མོར་མནལ་ལམ་དུ་སྡེ་དགེ་ས་དབང་དཔལ་ལྡན་འཆི་མེད་རྟག་པའི་རྡོ་རྗེ་ཉིད་རྗེ་ཉིད་ཀྱི་འཁྲིས་སུ་བྱིས་པ་ཆུང་ངུའི་ངང་ཚུལ་གྱིས་བརྩེ་གདུང་དང་བཅས་ཏེ་བཞུགས་འདུག་པ། རེ་ཞིག་ནས་བཞེངས་ཏེ་བརྐྱང་ཕྱག་གསུམ་འཚལ་བ་དང་སྦྲགས། རྗེ་ཉིད་ལ་སྐུ་ཆུང་ངུ་ཞིག་དང༌ཤོག་དྲིལ་ཞིག་སྤྲད་ནས་སྐུ་འདི་ཁོང་གིས་ཁྲོ་ཁོག་སྟོད་ཀྱི་བྲག་རྐེད་ཅིག་ནས་རྙེད་པ་ཁྱེད་ལ་ཕུལ་བ་ཡིན། ཡི་གེ་འདི་ཞབས་བརྟན་རྩོམ་ཕུད་ཡིན་ཞེས་གསུངས་པ་ཕྱག་ཏུ་བླངས་ནས་མཇལ་བས། སྐུ་ནི་སྨད་སྙིང་ཞོ་ཤ་ལ་སྟོད་ཀླུ་འཇིམ་གྱི་རྣམ་པ་རྡོ་རྗེ་འཆང་རྐེད་ཡན་ཆོད་ཤིན་ཏུ་གསལ་བ་ཞིག་འདུག །ཡི་གེ་ཁ་ཕྱེ་བས། རྡོ་རྗེ་འཆང་ཆེན་རྡོ་རྗེའི་རིག་པ་འཛིན། །འཇམ་དཔལ་གཞོན་ནུ་འཇམ་དབྱངས་མཁྱེན་བརྩེའི་གཏེར། །པད་སྡོང་ལས་འཁྲུངས་པདྨའི་རྒྱལ་ཚབ་ཆེ། །བསྐལ་བརྒྱར་འཚོ་གཞེས་སྐལ་བཟང་གྲུབ་གྱུར་ཅིག །ཅེས་སྣང༌། དེ་འཕྲོས་རྗེ་ཉིད་ནས་ཁྱེད་ཀྱི་སྐུ་འདི་གཏེར་མ་ཡིན་རྒྱུ་རེད་པས་འདི་མཉམ་ཤོག་སེར་ཨི་འདུག་གསུངས་པས། ཤོག་སེར་ཆུང་ངུ་ཞིག་འདུག་སྟེ་ངེད་ནས་ཀློག་མི་ཤེས་གསུངས། ངེད་ལ་སྟོན་དང་ཀློག་ཨི་ཤེས་ལྟ་གསུངས་པས་བསྟན་བྱུང་བར། ཤོག་སེར་ཆུང་ངུ་སྦྲང་བུའི་འདབ་མ་ལྟ་བུ་ཤེལ་ལྟར་དྭངས་པ་བརྡ་ཡིག་ཆ་ཤས་ཡོད་པ་ཞིག་སྣང་བ་ཀློག་པར་བརྩམས་པས། གསལ་སྣང་ལ། དཔལ་ཕྱག་ན་རྡོ་རྗེ་དྲག་པོ་དུས་ཀྱི་མེ་ལྕེའི་རྒྱུད་ཅེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དེ་ནས་གསང་བ་བཤད་བྱ་བ། །བྷ་ག་ཆོས་ཀྱི་འབྱུང་གནས་ཆེ། །གྲུ་གསུམ་ཉམས་དགའི་གནས་མཆོག་ཏུ། །གསང་བའི་བདག་པོར་རབ་བཞུགས་ཏེ། །ཞེས་སོགས་དང༌། སྔགས། ཨོཾ་བཛྲ་སཏྭ་ཙཎྜ་མ་ཧཱ་རོ་ཥ་ཎ་ར་ཛྙཱ་པ་ཡ་ཏི་རངྒ་པ་ཡ་སོགས་ཡོད་པ། མཚན་ལ་དཔྱད་ན་གསར་མ་དང༌། རྒྱུད་སྡེ་འོག་མའི་སྔགས་རྒྱུད་ལྟ་བུ། མཆོད་བརྗོད་ལ་བརྟགས་ན་རྙིང་མ། བརྗོད་བྱ་བླ་མེད་ཀྱི་རྒྱུད་ཡིན་པ་ཞིག་ཏུ་སྣང་གསུངས་པས། ཕྱིར་ཉིན་རང་ནས་བརྩམས་པའི་ཞབས་བརྟན་གྱི་དབུར་དག་སྣང་ཤློཀ་དེའང་བསབས་པས་རྟེན་འབྱུང་ཤིན་ཏུ་དགེ་བར་གྱུར། མེ་གླང་ཟླ་བ་དང་པོའི་ཚེས་ཉི་ཤུ་ཉིན་རྗེ་ཉིད་དང་རྡོར་བྲག་མཁན་པོ་སོགས་ལ་བྱང་གཏེར་དགོངས་པ་ཟང་ཐལ་གྱི་དབང་བགྱིས་པའི་མཚན་མོར་རྗེ་བླ་མའི་གསལ་སྣང་དུ། ཟང་ཟང་ལྷ་བྲག་ཡིན་སྙམ་བྱང་ཁ་རི་ཆེན་པོ་ཁ་ཤས་ཕྱོགས་ཕྱོགས་སུ་ཡོད་པ། དེ་ནང་རི་གཅིག་ལ་བྲག་མི་ཆེ་བ་གདོང་གྱེན་རྒྱུག་ཡོད་པ་ཞིག་གི་མདུན་རབ་བྱུང་ཆས་སྦ་དབྱུག་བཅས་ཕེབ་པ། རིག་འཛིན་རྒོད་ལྡེམ་ཡིན་ཟེར་བའི་སྔགས་པ་ཟིལ་ཅན། སྤྱན་གྲུ་གསུམ་རྣམ་པ། དབུ་སྐྲ་ཐོར་ཅོག་ཆེ་ཙམ་ཡོད་པ། ཕྱག་ཏུ་ཐོད་ཕྲེང་བསྣམས་པ་ཞིག་དེ་ནས་བྱོན་བྱུང་བ་དེའི་ཞལ་ནས། དགོངས་པ་ཟང་ཐལ་དབང་དེ་དེ་འདྲ་བྱེད་བསྐུར་རྒྱུ་མིན། ཁྲིད་སྦྲེལ་དགོས་གསུངས། ཁམས་ཕྱོགས་སུ་དབང་ལུང་རྒྱུན་མ་ཆད་ཙམ་ལས་ཁྲིད་རྒྱུན་མི་འདུག་ཞུས། ང་ཡིས་དགོངས་པ་གཏད་པ་ཡིན། ཁྲིད་རྒྱུན་བྱེད་ཆོག །ཚིག་རྒྱུན་ཞིག་ཀྱང་ལོ་གསུམ་ནང་ཐོབ་འོང་གསུངས། ཟང་ཐལ་འདི་དབང་ཁྲིད་སྦྲེལ་དུས་སྔར་ལོ་གསུམ་དགོས་པ་སོགས་ཞིབ་ཆ་ཆེན་པོ་དགོས་པའི་ཕྱག་སྲོལ་འདུག་ཚུལ་ཞུས་པ། དེ་མི་སྐྱོན། བསྟན་པ་སྤྱིའི་བབས་དང་མཐུན་པར་གཏེར་ཆོས་རྣམས་ལའང་འབྲས་བུའི་དུས། སྒྲུབ་པའི་དུས། ལུང་གི་དུས། རྟགས་ཙམ་འཛིན་པའི་དུས་རྣམས་སུ་ཡོད་པ་ལ་འདིའང་མངའ་རིས་པཎ་ཆེན་སྐུ་མཆེད་ཡན་ཆད་ཆོས་འདིར་ཞུགས་ནས་ཚུལ་བཞིན་བསྒྲུབས་ཚད་འབྲས་བུ་མ་ཐོབ་པ་གཅིག་ཀྱང་མ་བྱུང༌། དེ་ནས་སྒྲུབ་པའི་དུས་ཡིན། ཚད་ལྡན་བྱེད་མཁན་ཁ་ཤས་འབྲས་བུ་ཐོབ་པའང་བྱུང༌། དེང་སང་ལུང་གི་དུས་ཡིན་པས་སྤྱི་འགྲེ་ལྟར་བྱེད་ཆོག །ལར་ཁྱེད་རང་ལ་བྱང་གཏེར་འདིའི་བག་ཆགས་ཆེན་པོ་ཡོད་པ་གསུངས། ངེད་ནས་བྱང་གཏེར་འདི་ལ་གཞན་དང་མི་འདྲ་བའི་དད་པ་ཡོད། ད་ཞག་བག་ཆགས་འདྲ་བ་ཐར་ཐོར་ཡང་འདུག་ཞུས་པས། འོ་དེ་ཀ་ཡིན་གསུངས། ད་ལྟ་ཡང་ཏིག་གཅེས་སྒྲོན་ཁྲིད་ཅིག་འཆད་སྐབས་ཡིན་ཡང་སྔར་ལྷ་རི་གཟིམ་ཕུག་ནས་ཁྲིད་ལུང་མདོར་བསྡུས་ཤིག་ལས་མ་ཐོབ་པས་ཅི་རེད་འགྲོ་ན་ཞུས་པས། དེའང་ང་ཡིས་དགོངས་པ་གཏོད་པ་ཡིན་པས་ཁྲིད་དངོས་རེད་འགྲོ་གསུང་འཕྲོར་སད། གཏེར་ཆེན་མཆོག་གྱུར་གླིང་པས་ཐོག་མར་མཇལ་བའི་སྐབས་བར་ཆད་སེལ་བའི་རྟེན་འབྲེལ་དུ་ཆོས་དབང་ཕུར་པ་སྤུ་གྲིའི་དབང་གནང་བའི་རྗེས་ནས་ཕྱིས་ཀྱི་བར་དུ་གཏེར་བཞེས་པ་ལ་བར་ཆད་མེད་པར་ཅི་འདོད་ཆོག་པ་མངོན་སུམ་གྱིས་གྲུབ་པ་བྱུང་སོང༌། དེ་རྗེས་ཞིག་ཏུ་བྱིན་རླབས་འབེབ་པའི་སླད་དུ་དཔལ་ཆེན་ཡང་དག་གི་དབང་གནང་བའི་སྐབས། གཏེར་ཆེན་ཉིད་ཀྱིས་རྗེ་བླ་མ་དཔལ་ཧེ་རུ་ཀའི་སྐུར་དངོས་སུ་གཟིགས་པའི་མོས་གུས་ཀྱི་རྐྱེན་གྱིས། ཐུགས་ཀ་ནས་འོད་ཟེར་མཐིང་ནག་གི་གོང་བུ་ཧཱུྃ་ཡིག་གིས་མཚན་པ་བྱུང་སྟེ་སྤྱི་བོ་ནས་ཞུགས་སྐུ་ལུས་ལ་ཐིམ་པས་བྱིན་ཕེབས་པའི་ཉམས་བཟོད་མེད་དུ་སྐྱེས། དེས་རྩ་མདུད་གྲོལ་བས་དེ་ཕྱིན་ཆད་ཤོག་སེར་འབེབ་པ་ལ་ཐོགས་པ་མེད་པ་དང་ཚིག་དོན་ཐམས་ཅད་རིམ་བཞིན་ཇེ་ལེགས་ཇེ་ཟབ་ཏུ་གྱུར་པ་བྱུང་འདུག །བར་སྐབས་ཤིག་འདི་སྐོར་ཕེབས་ནས་ཁྲོ་ཁོག་སོགས་སུ་དགོན་པ་འདེབས་པར་རྩོམ་པའི་དབྱར་ཐོག་བསྙུན་ཁམས་མང་པོ་ཞིག་བཞེས་པ་ལ་སྐྱབས་འཇུག་ཞུས་པའི་སྐབས་སྐུ་རིམ་དུ་སྒྲུབ་པ་ཞིག་མཛད་པའི་ནུབ་གཅིག་མནལ་ལམ་དུ། ཐང་ཡངས་པ་ཞིག་ཏུ་ཆོས་རྒྱལ་བླ་རི་ཡིན་ཟེར་བའི་རི་ཆེན་པོ་ཞིག་ལ་མེ་འབར་བའི་འོད་ཀྱིས་ཕྱོགས་ཐམས་ཅད་ཁྱབ་པའི་མུས་སུ་རླུང་འཚུབས་ཆེན་པོ་ཞིག་ལངས་པས་རི་བོ་མེ་དང་བཅས་པ་གར་སོང་མེད་པར་གཏོར་སོང་བ་ཞིག་བྱུང་གསུངས་པ་ནི་ཕྱིས་འབྱུང་གི་ལུང་བསྟན་དུ་སྣང༌། ཕྱིས་ཤིག་གི་མནལ་ལམ་དུ་གུ་རུའི་སྐུ་ཚབ་ཤིན་ཏུ་ལེགས་པ་ཞིག་ཕྱག་ཏུ་འདུག་པ་ཞིག་ནས་ཐལ་བ་ལྟར་གྱུར་པ་ལ། ད་ནི་དེ་འདྲ་ཐོན་ཐབས་མེད་དགོངས་པའི་ཐུགས་འགྱོད་ཆེན་པོ་སྐྱེས་པ་ཞིག་བྱུང་གསུངས་པའི་རྗེས་ཡུན་རིང་མ་འགོར་བར་གཏེར་ཆེན་དེ་ཉིད་གཤེགས་སོང༌། ཡང་ལན་གཅིག་འོད་གསལ་སྣང་བར་དཔལ་ཆུ་བོ་རིའི་ཡར་རྒྱབ་ཐང་དཀྱིལ་དུ་གུར་དཀར་པོ་ཕུབ་པ་ཞིག་སྣང་བ་ལ། དེར་སུ་འདུག་བལྟ་དགོས་དགོངས་ནས་ཕེབས་པས། དེར་མངའ་རིས་རིག་འཛིན་ལེགས་ལྡན་རྡོ་རྗེ་ཉིད་སྔགས་པའི་ཆ་ལུགས་ཅན་དུ་བཞུགས་འདུག་པ་ལ་གུས་འདུད་མཛད་ནས་འདིར་ཕེབས་དོན་ཅི་ཡིན་ཞུས་པར། སྔོན་གུ་རུ་ཆོས་དབང་གིས་ལ་ཡག་གུ་རུ་ལྷ་ཁང་གི་སྒོ་གོང་དུ་སྦས་པ་ཕལ་ཆེར་མངའ་རིས་པཎ་ཆེན་གྱིས་བཏོན། འདིར་ཁྱོད་ལ་ལུང་བྱེད་དུ་འོང་བ་ཡིན་གསུངས། དྲང་སྲོང་དྲི་མེད་ཞི་བ་ཀུན་ཏུ་དགེ་བའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པའི་དབང་ལུང་ཡུད་ཙམ་ལ་གནང་ནས་དཔེ་ཕྱག་ཏུ་གནང་བ་ཞིག་བྱུང༌། དེ་རྗེས་འཆི་མེད་སྤྲུལ་སྐུ་ནས་ལོཀྟྲ་ཞི་བའི་སྒྲུབ་ཐབས་ཤིག་མཛད་པར་ཞུས། རྟེན་འབྲེལ་དུ་དགོངས་ཏེ་དྲང་སྲོང་དྲི་མེད་ཀུན་ཏུ་དགེ་བའི་སྒྲུབ་ཐབས་དབང་བསྐུར་ལས་ཚོགས་དང་བཅས་པ་དེ་གནང༌། འདི་སྐབས་གཏེར་གྱི་འཕྲོས་ཙམ་ཡང་མི་གསུང་ཞིང་རྗེ་ཉིད་ལ་གཏེར་ཁ་བཞུགས་པ་སུས་ཀྱང་མ་ཚོར་བའི་སྐབས་ཡིན་པས་མཛད་བྱང་སོགས་སུ་རྩོམ་ཆོས་ལྟ་བུར་གནང་བ་ལས་དོན་དུ་འདིའང་ཡང་གཏེར་གྱི་གྲལ་ཡིན་པར་སྣང་ངོ༌། །ཡང་རྗེ་ཉིད་ལ་སྔ་སོར་གསོལ་ངན་ཞིག་ཞུ་བར་བྱུང་བ་རླུང་གི་ནུས་པ་སོགས་ཀྱིས་དངོས་དེས་མ་ཚུགས་ཀྱང་། བསྙུན་རོ་དེ་གྲིབ་རྐྱེན་སོགས་ཀྱིས་སྐབས་རེར་འཕར་ལྡང་གིས་ཟུག་རྔུ་ཆེན་པོ་ལྡང་བ་ཡོད་པ་དེ་འདྲའི་རེས་ཤིག་ལ་ཕྲན་ནས་བྱབས་ཁྲུས་སོགས་སྐུ་རིམ་ཕུལ་བའི་སྐབས་ཤིག་ཏུ་གསུང་འཕྲོས་སུ། ཁོང་འཕགས་ཡུལ་དུ་པཎྜི་ཏ་སྒོ་མཐའ་ཡས་པའི་བློ་གྲོས་སུ་གྱུར་པ་དབེན་རི་ཞིག་ན་བཞུགས་པའི་སྐབས་སུ། ཡུལ་དེར་མུ་སྟེགས་ལ་དགའ་བའི་སྡིག་སྤྱོད་ཀྱི་རྒྱལ་པོ་སྟོབས་ཆེན་ཞིག་ཡོད་པ་དུས་བཟང་ཞིག་གི་ཉིན་བློན་འབངས་ཀྱི་ཚོགས་ཀྱིས་བསྐོར་ནས་སྐྱེད་མོས་ཚལ་དུ་སྐྱོ་སངས་ཀྱི་དགའ་སྟོན་ལ་སྤྱོད་པ་ན། རྒྱལ་པོ་ན་རེ། དེ་རིང་སྐབས་གནས་ཉམས་དགའ། ཚེས་དུས་བཟང་པོ་ལ་སྔ་ན་མེད་པའི་དགའ་སྟོན་ཉམས་སུ་མྱོང་བའི་སྐབས་འདིར་བྱ་བ་ཁྱད་པར་ཅན་ཞིག་བྱེད་པའི་འདུན་མ་ཤོམ་དགོས་པས། ཁྱེད་བློན་འབངས་རྣམས་ཀྱིས་རང་རང་གིས་ཇི་ལྟར་འདོད་པ་རེ་སྨྲོས་ཤིག་བྱས་པའི་ཚེ། ལ་ལས་ནམ་མཁའི་ལྷ་མཆོད་པ་བཟང་ཟེར། ལ་ལས་གླུ་བྲོ་གར་གྱི་རྩེད་མོ་བྱེད་པ་བཟང་ཟེར། ལ་ལས་ཕ་རོལ་ལ་དམག་དྲངས་ནས་སྲིད་འཕྲོག་པ་བཟང་ཟེར་བ་སོགས་སྣ་ཚོགས་པའི་མཐར་ཐམས་ཅད་ཀྱིས་ཁ་འཆམས་པར་སངས་རྒྱས་ཀྱི་བསྟན་པ་བཅོམ་པ་བཟང་ཟེར་བ་ལ་བློ་མཐུན་པའི་ཚེ། པཎྜི་ཏ་ལ་མཁའ་འགྲོ་མས་ལུང་བསྟན་ནས་དེ་རིང་ཉིད་ནས་སྡིག་སྤྱོད་ཀྱི་རྒྱལ་པོ་དེ་མ་བསྒྲལ་ན་ངེས་པར་སངས་རྒྱས་ཀྱི་བསྟན་པ་ལ་འཚེ་བ་ཆེན་པོ་འབྱུང་བ་འགྱུར་རོ་ཞེས་བསྐུལ་ནས། པཎྜི་ཏས་གཤིན་རྗེ་གཤེད་ཀྱི་ཏིང་ངེ་འཛིན་གྱིས་མངོན་སྤྱོད་ཀྱི་ལས་བརྩམས་པས། རྒྱལ་བློན་རྣམས་འཚོགས་པའི་སར་གང་ནས་བྱུང་ཆ་མེད་པར་གླང་རྒོད་འཇིགས་སུ་རུང་བ་ཞིག་བྱུང་ནས་རྭ་རྩེས་སྡིག་རྒྱལ་གྱི་ལྟོ་བ་ཕུག་ནས་བསྒྲལ། བློན་པོ་ཆོས་ལ་གནག་པ་རྣམས་ཀྱང་བསྒྲལ་པས་ཐམས་ཅད་སྐྲག་ནས་བྱེར། དེའི་ལས་འབྲས་ཀྱིས་ད་ལྟ་ལྟོ་བ་ལ་ཟུག་གཟེར་འབྱུང་བ་དང༌། དེ་སྐབས་པཎྜི་ཏ་གང་བ་སྤེལ་དང་ཐུགས་ཤིན་ཏུ་མཐུན་པའི་མཛའ་བཤེས་སུ་ཡོད་པས་གང་སྤེལ་གྱི་སྐྱེ་བ་ལི་ཐང་དགེ་བཤེས་བྱམས་པ་ཕུན་ཚོགས་ཡིན་འདུག་པས། དེ་ལོ་སྐུ་མདུན་བཅར་སྐབས་ཐུགས་ལ་ཤིན་ཏུ་འཐད་པས་བཤད་རྒྱུན་འགའ་ཞིག་གསན་རྒྱུ་རེད་པའང་སྔོན་གྱི་བག་ཆགས་ཡིན་པ་གསལ་བར་དྲན་འདུག་གསུངས། དེ་ལྟ་བུའི་སྔོན་གནས་རྗེས་དྲན་ངོ་མཚར་བ་རྒྱུན་ཆགས་སུ་བཞུགས་པར་སྣང་ཡང་ཐུགས་ཁམས་དྭངས་ཤིང་སྤྲོ་བའི་སྐབས་ཉམས་མཚར་རེ་ཙམ་ལས་གཏན་ནས་མི་གསུང་ཞིང༌། གཞན་ལ་གསུངས་པའང་ཆེར་མ་ཐོས་ཤིང་ཐོར་བུ་ཕྲན་ཚེགས་གསུངས་པའང་ངེས་ཏིག་ཅན་གྱི་ཟིན་དུ་བཏབ་པ་སོགས་མི་སྣང༌། དེ་མཚུངས་ཞིང་ཁམས་དང་ཡུལ་གྱི་བཀོད་པ་གཟིགས་པའི་ཚུལ་ཤིན་ཏུ་མང་བར་འདུག་ཀྱང་ངེས་པ་ཅན་པཎྜི་ཏ་མི་ཕམ་རྒྱ་མཚོ་ལ་བཀའ་བསྩལ་པ་ནི། སྐབས་ཤིག་ཁོང་ད་ཞག་སྐོར་ཟླ་བ་དྲུག་གིས་བགྲོད་དགོས་པའི་མྱ་ངམ་གྱི་ཐང་བརྒལ་ནས་རིའི་ཕུགས་སུ་ཡུན་རིང་སོང་ནས། ཤམ་བྷ་ལ་ཆུང་བའི་གནས་སྒོ་ལྷོ་ཕྱོགས་གསང་བ་བྲག་གི་ར་བ་ཞེས་གྲོང་ཁྲི་ཕྲག་ཙམ་ཡོད་པ། ཡུལ་དེའི་མི་རྣམས་བཅུད་ལེན་གྱི་མཐུས་ཡུན་རིང་འཚོ་བ། པདྨ་གླིང་པའི་གཏེར་ཆོས་དར་བ་དེར། སྔོན་སློབ་དཔོན་པདྨའི་སློབ་བརྒྱུད་ཡིན་པའི་རྣལ་འབྱོར་པ་ཡུལ་སྐད་ཏོང་ཀུ་བླ་མ་ཟེར་བ་ཞིག་ལས་རྡོ་རྗེ་སེམས་དཔའ་རྒྱན་འཁོར་ལྔ་པ་ཞེས་པའི་དབང་ལུང་ཞུས། བླ་མ་དེས་ཤམ་བྷ་ལ་ཆུང་བ་ནས་བླངས་པ་ཙནྡན་ལས་གྲུབ་པའི་རྡོ་རྗེ་སེམས་དཔའི་སྐུ་སྟོང་ཕྲག་མང་པོ་བཞུགས་པའི་ལྷ་ཁང་ཡང་མཇལ། དེས་ཤམ་བྷ་ལ་ཆུང་བར་འགྲོ་ལམ་བྲག་ཕུག་ནས་ཆུ་འབབ་པ་སོགས་བསྟན། གནས་འདི་བྲག་གི་ར་བ་གྲོང་ཁྲི་ཕྲག་ཙམ་ཡོད། འདི་ནས་བྱང་དུ་ལམ་བགྲོད་དཀའ་བར་ཕྱིན་ན་ཤམ་བྷ་ལ་ཆུང་བ་གཡའ་ཡི་ར་བ་ཞེས་གྲོང་འབུམ་ཕྲག་ཡོད། བོན་པོས་འོལ་མོ་ལུང་ཟེར་བའང་དེ་ཡིན་ཡང་བོན་པོ་ལ་ལོ་རྒྱུས་དག་པོ་མེད། དེ་ན་ནུས་པ་ཐོབ་པའི་རྣལ་འབྱོར་པ་དུ་མ་བཞུགས་ཡོད། དེ་ལས་ཀྱང་ཕར་བྱང་ཕྱོགས་སུ་ཕྱིན་ན་ཤམ་བྷ་ལ་ཆེ་བ་གངས་ཀྱི་ར་བ་ཅན་གྲོང་བྱེ་བ་དུ་མ་ཡོད་པ་དངོས་ཡོད་ཅེས་ཟེར་བ་ལྟ་བུའི་ཉམས་བྱུང་ཞིང༌། དེར་བྱོན་ལམ་དང་ཡུལ་དེའི་བཀོད་པ། བླ་མ་དེའི་རྣམ་འགྱུར་སོགས་ཉིན་སྣང་ལྟ་བུར་གསལ་གསལ་འདི་དང་འདི་འདྲ་འདུག་ཅེས་ཐུགས་ཉམས་མཚར་སྣང་དང་བཅས་ཏེ་བཀའ་བསྩལ་ཏོ་ཞེས་ཐོས། ཡང་སྐབས་ཤིག་མནལ་ལྟས་སུ། རྗེ་ཉིད་བསམ་ཡས་ཀྱི་ཕོ་བྲང་ཞིག་ཏུ་རྒྱལ་པོའི་ཚུལ་གྱིས་བཞུགས་ནས་འདུག །གཡས་ཕྱོགས་ཡངས་པ་ཞིག་ཏུ་སློབ་དཔོན་པདྨ་ཕེབས་ལམ་སྐས་བཙུགས་དགོས་པ་རེད་ཟེར་ནས་སྒྲོམ་སྐས་བར་སྣང་ལ་ཟུག་པ་ཞིག་མི་རེ་ཟུང་གིས་དཀའ་ལས་ཆེན་པོ་བྱེད་ནས་བཙུགས། དེ་སྐོར་མི་ཚོགས་ཤིན་ཏུ་མང་པོས་འུར་སྒྲ་སྒྲོག་ཅིང་འཚུབས་ཀྱི་ལི་ལི་བྱེད་ཀྱང་ཤིང་ཐུང་བས་ཡར་མི་སླེབ་པ་དང༌། ལྗི་བས་མི་ཐེག་པ་སོགས་ཀྱིས་སྐས་དངོས་ལ་མི་ཕན་འདུག །དེར་མི་བརྗིད་ཅན་ཞིག་འདུག་པ་དེས་འདི་རྣམས་ཀྱིས་སློབ་དཔོན་པདྨའི་ཕེབས་སྐས་བཙུགས་པ་ཡིན་ཟེར་འུར་སྒྲ་ཆེན་པོ་བྱེད་པ་རེད་ཀྱང༌། མཆོག་གྱུར་གླིང་པ་དང༌། ཀོང་སྤྲུལ་དང༌། ཁྱེད་རང་གསུམ་ཙམ་མ་གཏོགས་སྐས་ཆེན་འདི་ཚུགས་ཐུབ་པ་ནི་སུའང་མི་འདུག་ཟེར་བ་ཞིག་བྱུང་བས་འདི་ལའང་གོ་རྒྱུ་ཆེན་པོ་ཞིག་འདུག་གསུངས། ལར་མནལ་ལྟས་འདི་འདྲའང་དགོས་པའི་དབང་གིས་སྐབས་རེར་ཟུར་ཙམ་གསུང་བ་མ་གཏོགས་རྒྱུན་དུ་ནི་གཏན་ནས་བཀའ་གནང་བའི་སྲོལ་མི་འདུག་གོ །ཡང་ལན་གཅིག་འོད་གསལ་དག་པའི་སྣང་ཆར་འཕགས་ཡུལ་ལྟ་བུའི་ས་གཞི་ཤིན་ཏུ་རྒྱ་ཆེ་ཞིང་ཁོད་སྙོམས་པ། སྤང་ལྗོངས་ནེའུ་གསེང་ཆུ་མཚོ་རྣམས་ལ་མེ་ཏོག་དཀར་དམར་སྣ་ཚོགས་ཀྱིས་སྤྲས་ཤིང་ཤིན་ཏུ་ཉམས་དགའ་ལ་ཡིད་དུ་འོང་བ་ཞིག་ཏུ་ཕེབས་འདུག་པར། རྗེ་ཉིད་ཀྱིས་གསེར་གྱི་རུས་སྦལ་ཞིག་ལ་འཆིབ། ཞྭ་ལུ་མཆོག་སྤྲུལ་བློ་གསལ་བསྟན་སྐྱོང་གིས་སེང་གེ་དཀར་མོ་འཆིབ། རྫོགས་ཆེན་པ་གཞན་ཕན་མཐའ་ཡས་ཀྱིས་གླང་ཆེན་ཐལ་དཀར་འཆིབ། གཏེར་ཆེན་མཆོག་གྱུར་གླིང་པས་རྒྱ་སྟག་ངར་མ་འཆིབ། ཁོ་བོ་པདྨ་གར་དབང་གིས་གཡུ་འབྲུག་སྔོན་མོ་ལ་ཞོན། ཐམས་ཅད་ཀྱང་ཧེ་རུ་ཀའི་ཆ་བྱད་ཤ་སྟག་བྱས། དཔའ་བོ་མཁའ་འགྲོ་དར་དང་རིན་ཆེན་རུས་པའི་རྒྱན་ལྡན་ཤིན་ཏུ་མང་པོ་ཌཱ་དྲིལ་སོགས་ཕྱག་མཚན་སྣ་ཚོགས་ཐོགས་པ་རྣམས་དང་ལྷན་ཅིག་རྡོ་རྗེའི་གླུ་ལེན་ཅིང་གར་བསྒྱུར་བས་ཤིན་ཏུ་དགྱེས་པའི་སྣང་བ་ཡུན་རིང་མོ་བྱུང་གསུངས་ནས་ཐུགས་ངོ་མཚར་བའི་ཚུལ་མཛད། འདི་དག་གི་ཞོན་པ་ལས་སོ་སོའི་སྤྲུལ་གཞི་ཡོན་ཏན་ཕྲིན་ལས་སོགས་དང་འབྲེལ་བའི་གནད་དོན་གོ་རྒྱུ་ཆེན་པོ་རེ་ཡོད་པ་ཡིན་འདུག་པས། ཁོ་བོས་ཚུལ་དེ་ལྟ་བུའི་བཀོད་པ་བྲིས་ཐང་ཞིག་བཞེངས་ནས་སྤྱན་སྔར་ཕུལ་བས་ཐུགས་དགྱེས་པས་རབ་གནས་གནང་ཞིང་སྐུའི་ཉེ་ལོགས་སུ་ཡུན་རིང་བཀྲམ་པར་མཛད་སོང༌། ངེད་ལ་མངོན་ཤེས་མེད་ཅེས་དུས་རྒྱུན་དུ་གསུངས་མོད། དེང་སང་གི་ལུང་བསྟན་མཁན་པོ་མི་དགོས་དུས་ཐམས་ཅད་ཀྱི་སྐྱེ་བ་སྔ་ཕྱི་བར་གསུམ་དང་ལེགས་ཉེས་ཤེས་པ་ལྟ་བུའི་ཡི་གེས་སྲང་མདོ་ཐམས་ཅད་ཁྱབ་ཅིང་ཐིག་མི་ཐིག་སྣ་ཚོགས་དང༌། དགོས་དུས་ཅིའང་མི་མཁྱེན་པ་མ་ཡིན་པར། དུས་འགྱུར་ཆེན་མོའི་སྐབས་སོགས་གལ་གནད་ཆེ་དུས་ཅི་གསུངས་ཐམས་ཅད་ཐོག་ཏུ་ཁེལ་བས་བླ་ཆེན་དང༌། མི་ཆེན་དང༌། མཁས་གྲུབ་ཐམས་ཅད་ཀྱིས་ཡིད་རྟོན་པའི་གནས་གཅིག་པུར་མཛད། དེས་མཚོན་མཁས་བཙུན་གྲུབ་པའི་ཡོན་ཏན་ལ་ཤེས་ལྡན་གཟུར་གནས་ཀུན་གྱིས་བསྔགས་པའི་གླིང་བུ་བསྒྱུར། སློབ་མ་དད་ལྡན་རྣམས་འགྲོ་ཁར་ད་ཕྱིན་ཆད་འཕྲད་པར་དཀའ་གསུངས་པ་དང༌། ད་དུང་རྗེས་ནས་འཕྲད་འོངས་གསུངས་པ་རྣམས་ཀྱང་དེ་བཞིན་ཁོ་ནར་གྱུར། ལན་གཅིག་དགོན་སྟོད་ལ་མེའི་དོགས་པ་གྱིས་གསུངས་པ་དང༌། ལན་གཅིག་དགོན་སྨད་དུ་མེ་ཤོར་བར་འདུག་པས་ལྟོས་ཤིག་གསུངས་པ་རྣམས་ཀྱང་དེ་སྐབས་ཁོ་ནར་མེ་འབར་བར་སྣང་བ་རྣམས་སོ་སོའི་ཁྱིམ་དུ་གནས་པས་ཀྱང་མ་མཐོང་བར་ལྐོག་གྱུར་གཟིགས་པ་སོགས་འདི་འདྲའི་རིགས་ཀྱང་མང་དུ་འདུག །མདོར་ན་སྤངས་པ་དང་རྟོགས་པའི་ཡོན་ཏན་དང་མངོན་པར་རྟོགས་པ་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཅན་ཡིན་པས་གནས་ཚུལ་ཇི་བཞིན་པ་བརྗོད་ནུས་པ་ལྟ་ཅི་སྨྲོས། ཕྱོགས་རེ་ཙམ་ཡང་ཤེས་པ་དང་བརྗོད་པའི་རྔོ་ཐོགས་པ་མ་ཡིན་ཀྱང་སོ་སྐྱེ་ཐ་མལ་པས་ཇི་ཙམ་མཐོང་བ་དེ་ཙམ་ཞིག་བརྗོད་བྱར་བྱས་པའོ།། །།དྲུག་པ་དེ་ལ་བརྟེན་ནས་བསྟན་པ་དང་འགྲོ་བའི་དོན་ཇི་ལྟར་མཛད་པ་ནི། དགུང་ལོ་ཉེར་གཅིག་པར་ངོར་གྱི་གདན་སར་བཞུགས་པའི་སྐབས་མཁན་ཆེན་རྡོ་རྗེ་འཆང་ཆེན་པོའི་བཀས་བསྐུལ་ཏེ། བརྡ་སྤྲོད་གཙོ་བོར་གྱུར་པའི་རིག་གནས་ཀྱི་བསླབ་གྲ་བཙུགས་པས། ཐར་རྩེ་ཞབས་དྲུང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དང༌། འཇམ་པའི་དབྱངས་ངག་དབང་ལེགས་གྲུབ་སོགས་ཆེས་མཁས་པའི་སློབ་མའང་ཐོན། གཙང་པཎ་ཆེན་ཐམས་ཅད་མཁྱེན་པ་བསྟན་པའི་ཉི་མས་ཀྱང༌། གསུང་བྲིས་ཀྱིས་བསྔགས་ཤིང༌། དངོས་སུ་ཞལ་མཇལ་སྐབས་ཁ་བཏགས་ནང་མཛོད་མགུལ་དུ་གསོལ། གསེར་ཞོ་ལྔ་ཕྱག་ཏུ་གཏད། དབུ་ལ་ཕྱག་གིས་བྱུགས་པ་དང་བཅས་ཐར་རྩེ་མ་ཧཱ་པཎྜི་ཏ་ཞེས་གསུང་གིས་གཟེངས་བསྟོད་པས་མཚོན། ཕྱོགས་དེར་སྡེ་དགེ་པཎྜི་ཏ་དང༌། ཐར་རྩེ་པཎྜི་ཏ་སོགས་སུ་མཁས་པ་རྣམས་ཀྱིས་སྙན་པའི་དྲིལ་བསྒྲགས། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། རྫོགས་པའི་བྱང་ཆུབ་སེམས་དང་ཆོས་འཛིན་དང༌། །ཆོས་སྒྲུབ་པ་དང་སྲོག་ཆགས་སྙིང་རྗེ་བ། །ཆོས་བཞི་འདི་དག་ཡོན་ཏན་ཚད་མེད་དེ། །དེ་དག་མཐའ་ནི་རྒྱལ་བས་མི་གསུང་ངོ༌། །ཞེས་པའི་ཆོས་བཞི་པོ་རྟག་ཏུ་ཐུགས་དམ་དུ་བཞེས་པ་ལས་ཁྱད་པར་དུ་གྱུར་པ། དཔལ་ས་སྐྱ་པའི་གསེར་པོད་དུ་གྲགས་པ་ལྷག་པའི་ལྷའི་སྒྲུབ་ཐབས་མང་པོ་ཕྱོགས་བསྡུས་ཀྱི་རྗེས་གནང༌། སོ་སོའི་རྒྱ་གཞུང་གི་ལུང་དང་བཅས་བར་མ་ཆད་པ་བཞུགས་པ་རྣམས་གཞིར་བཀོད། དེ་དག་གི་གསལ་བྱེད་ཡིག་ཆ་ཤིན་ཏུ་གལ་ཆེ་བ་རྣམས་ཀྱིས་ཁ་བསྐངས། མ་ཚང་བ་དང་མི་གསལ་བ་རྣམས་ལ་གསལ་བྱེད་ཀྱི་ཡིག་ཆ་གསར་དུ་སྤེལ། ཀར་དགེ་སོགས་ལུགས་སྲོལ་ཁུངས་ཐུབ་གཞན་ལས་བྱུང་བ་དེ་མཚུངས་རྣམས་ཀྱང་ཕྱོགས་སུ་བསྡེབས་ཏེ་བསྟན་པའི་རྒྱུན་གནས་པ་ཁོ་ན་ལ་དགོངས་པ་གཏད་ནས་སྒྲུབ་ཐབས་ཀུན་བཏུས་ཞེས་པའི་མཚན་གསོལ་བ་པུསྟ་ཀ་བཅུ་གསར་དུ་བསྒྲིགས་ནས་སྤར་དུ་བཀོད། དེ་དག་གི་དབང་ལུང་ཁྲིད་གསུམ་གྱི་རྒྱུན་གཙང་དུ་ལན་གཅིག །མདོ་ཁམས་དཔལ་སྤུངས་ཀྱི་གདན་སར་ཟླ་བཟང་སྤྲུལ་པའི་སྐུ་དང༌། བདག་ཅག་དད་འདུས་ཉི་ཤུ་སྐོར་ལ་ལན་གཅིག །རྫོང་སར་དགོན་དུ་རྒྱལ་དབང་ཀརྨ་པ་བཅོ་ལྔ་པ་དང༌། ཐར་རྩེ་མཁན་ཆེན་འཇམ་དབྱངས་རིན་ཆེན་རྡོ་རྗེ་སོགས་ལ་ལན་གཅིག །ཐར་རྩེ་ཞབས་དྲུང་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་དང༌། ཁང་སར། ཕན་ཁང་ཞབས་དྲུང་སོགས་ལ་ཁ་སྐོང་གི་སྐོར་ཚར་གཅིག་བསྩལ། བྱམས་པས་སེང་གེའི་སྒྲ་བསྒྲགས་པའི་མདོ་ལས། གངྒཱའི་བྱེ་སྙེད་འཇིག་རྟེན་གསེར་དག་གིས། །བཀང་སྟེ་གང་ལ་སྦྱིན་པ་བྱིན་པ་བས། །དུས་ངན་ཚེ་ན་ཚིགས་བཅད་གཅིག་འཆད་པ། །དེ་ཡི་བསོད་ནམས་ཅི་འདྲ་སྔ་མར་མེད། །ཅེས་ཤིན་ཏུ་སྙིགས་མའི་དུས་འདིར་ཆོས་འཆད་པར་འོས་པའི་སྣོད་ཚུལ་དང་ལྡན་པ་ཤིན་ཏུ་དཀོན་ཡང༌། བསྟན་པའི་བཙས་དང་གཞན་ཕན་ལྷག་པའི་བསམ་པས་དྲངས་ཏེ་ཆོས་ཤློ་ཀ་གཅིག་འཆད་པ་ལའང་ཕན་ཡོན་དཔག་ཏུ་མེད་པར་གསུངས་པ་ལྟར། བསྟན་པ་འཛིན་པའི་བཤེས་གཉེན་ཆེན་པོ་རྣམས་ནས་བཟུང༌། མཆོག་དང་བར་པ་དང་དམན་པའི་འགྲོ་བ་རྣམས་ལ་ནམ་ཡང་སྐུ་ངལ་བ་དང་ཐུགས་སྐྱོ་དུབ་མེད་པར་ཆོས་ཀྱི་སྦྱིན་པ་བར་མ་ཆད་དུ་བསྩལ་བ་སྟེ། རྗེ་ཉིད་ཀྱི་རྩ་བའི་བླ་མ་གཅིག་པུ་ཐར་རྩེ་རྡོ་རྗེ་འཆང་སྐུ་མཆེད་ནས་ཀྱང་ངོར་ཆེན་བཀའ་འབུམ་དང༌། ཞུ་ཆེན་བཀའ་འབུམ་གྱི་ལུང༌། དྲི་མེད་རྣམ་གཉིས་ཀྱི་དབང་བཀའ་སོགས་གསན་བཞེས་མཛད་པས་མཚོན། དཔལ་ས་སྐྱ་པ་ཁྲི་ཆེན་བཀྲ་ཤིས་རིན་ཆེན། རྗེ་བཙུན་མ་རྟ་མགྲིན་དབང་མོ། བསྟན་འཛིན་དབང་མོ། སྐལ་བཟང་ཆོས་སྒྲོན་སོགས་དཔལ་ལྡན་ས་སྐྱ་པའི་ཞལ་ངོ༌། ངོར་ཨེ་ཝཾ་པའི་མཁན་པོ་ཞབས་དྲུང་ཕལ་ཆེར། ཞྭ་ལུ་མཆོག་སྤྲུལ། ནཱ་ལེནྡྲའི་གཟིམ་འོག་རིན་པོ་ཆེ། ཡར་ཀླུངས་དབོན་རིན་པོ་ཆེ། ས་སྐྱ་དགའ་ལྡན་དཔོན་སློབ། ངོར་དཔོན་སློབ་ངག་དབང་ལེགས་གྲུབ། འདར་གྲོང་ཆེན་སློབ་དཔོན་ཀུན་དགའ་འཇམ་དཔལ། ས་སྐྱོང་སྡེ་དགེའི་དབུ་བླ་དཔལ་ལྡན་ཕྲིན་ལས་དང་དགེ་འདུན་རྒྱ་མཚོ་ཁུ་དབོན། ཤར་བླ་མ་མཁས་དབང་ཀུན་དགའ་དཔལ་ལྡན་སོགས་ས་ངོར་ཚར་གསུམ་གྱི་ཕྱོགས་དང༌། དཔལ་ཀརྨ་པ་ཆེན་པོ་གོང་འོག །སི་ཏུ་མཆོག་སྤྲུལ་གོང་འོག །སྟག་ལུང་མ་རིན་པོ་ཆེ། རི་བོ་ཆེའི་རྗེ་དྲུང་དང་ཞབས་དྲུང་ནོ་མི་ཧན་འཕགས་མཆོག་བཅས། ཟླ་བཟང་རིན་པོ་ཆེ། དབོན་སྤྲུལ་སྐུ་མཆེད། མཁས་དབང་བླ་མ་ཀརྨ་ངེས་དོན། བདག་ཅག་ཡན་བཀའ་བརྒྱུད་ཕྱོགས་ཀྱི་བསྟན་འཛིན་ཕལ་མོ་ཆེ། སྦྱོར་ར་ཐམས་ཅད་མཁྱེན་པ། བསམ་སྡིངས་རྡོ་རྗེ་ཕག་མོ་སོགས་བོ་དོང༌། ལྕགས་ཟམ་ཉི་མ་ཆོས་འཕེལ་སོགས་ཇོ་ནང་གི་བསྟན་འཛིན་དུ་མ། དཀོན་མཆོག་བསྟན་པ་རབ་རྒྱས། ལྷ་བཙུན་དོན་གྲུབ་རྒྱལ་མཚན། བཀྲ་ཤིས་ལྷུན་པོ་དང༌། སེ་འབྲས་ཀྱི་མཁས་པ་མང་པོ། བྲག་གཡབ་ནོ་མི་ཧན་ཆེན་པོ། ལི་ཐང་མཁན་རིན་པོ་ཆེ་མཁས་མཆོག་བྱམས་པ་ཕུན་ཚོགས། ཧོར་ཁང་སར་རྒྱལ་བ་སོགས་དགེ་ལུགས་ཕྱོགས། རྡོར་སྨིན་དཔལ་རི། ལྕགས་ཟམ་སོགས་ཀྱི་བླ་མ་དགེ་འདུན་མང་པོ། ཀཿདཔལ་ཞེ་རྫོགས་ཀྱི་བླ་མ་བླ་ཆེན་ཅི་རིགས། གཏེར་ཆེན་མཆོག་གྱུར་གླིང་པ་ཡབ་སྲས་སོགས་སྔ་འགྱུར་རྙིང་མའི་ཕྱོགས་ཀྱིས་མཚོན་གྲུབ་མཐའ་རིས་མེད་པའི་ཞལ་སློབ་དང༌། བོད་ཀྱི་མི་ཆེན་བཀའ་མདའ་རྩིས་གསུམ། ཆོས་རྒྱལ་སྡེ་དགེ །གླིང་རྒྱལ་པོ་སོགས་ལ། རིག་གནས་འཆད་སྤེལ་ཅི་རིགས། མདོ་རྒྱུད་ཀྱི་བཤད་བཀའ། རྙིང་མ། བཀའ་གདམས། ས་ངོར་ཚར་གསུམ་གྱི་ལུགས། བཀའ་བརྒྱུད། ཤངས་ཆོས། ཞི་བྱེད། གཅོད་ཡུལ། དུས་འཁོར་གཙོར་གྱུར་རྒྱུད་སྡེ་རྣམས་ཀྱི་དབང༌། བྱིན་རླབས། རྗེས་གནང༌། བསྐྱེད་རྫོགས་ཀྱི་ཁྲིད། ལུང་སོགས་སོ་སོའི་འདོད་པ་དང་མཐུན་པར་ཕྱོགས་དང་རིས་མེད་པར་སྤེལ། རྗེ་ཉིད་ཀྱིས་གསན་རིགས་རྣམས་ལས་བཀའ་འགྱུར་ཙམ་མ་གཏོགས་གཞན་ཚར་རེ་མ་འཆད་པ་མེད་ཅིང༌། ཕལ་ཆེར་ཚར་གྲངས་མང་པོ་དང༌། ཁྱད་པར་མཁའ་སྤྱོད་མའི་བྱིན་རླབས་དང་ཁྲིད། ཀློང་ཆེན་སྙིང་ཐིག་དབང་ཁྲིད་སོགས་ནི་ཞུ་མཁན་ཆད་པ་མེད་པར་བྱུང་བ་ལ་ཐམས་ཅད་ཀྱི་རེ་བ་སྐོང་བར་མཛད། ཕྱིས་སུ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྐྱེ་བོ་ཕོ་མོ་ཕལ་ཆེར་ཞལ་མཇལ་ཞུ་བར་འོང་བ་རྣམས་ལའང༌། ཚེ་དབང་དང་འཕོ་ལུང་གིས་མཚོན་པའི་ཆོས་འབྲེལ་མོས་པ་དང་འཚམ་པར་ཁོར་ཡུག་ཏུ་གནང༌། དེ་ལྟར་ཁམས་དབུས་ཀྱི་བླ་ཆེན་མི་ཆེན་མཐའ་དག་གིས་མངོན་པར་བཏུད་ཅིང་མཆོད་ཀྱང༌། ངོ་སྲུང་ཕྱོགས་འཛིན་དང༌། རང་གཞན་གྱི་མགོ་འདྲེན་ཞུ་རྒྱུ་ལྟ་བུའི་མཚོན་འཇིག་རྟེན་ཆོས་བརྒྱད་ཅིའང་མི་སྤེལ་བར་ཆོས་དང་མཐུན་པའི་ལམ་དུ་དྲང་ཐ་ལེར་བཞུགས་ཏེ། ཁེངས་པ་དང་དྲེགས་པ་ཅུང་ཟད་ཙམ་ཡང་མེད་པར་སྙོམ་ཆུང་ཁོ་ནས་བྱ་བཏང་ཀུན་སྤངས་ཀྱི་ངང་ཚུལ་ལྷུར་བླངས་ཏེ་བཞུགས་པ་ནི་གཅིག་ཏུ་ངོ་མཚར་ཆེ་བར་སེམས། ལར་རྗེ་ཉིད་ནས་གྲུབ་མཐའ་གང་ལའང་མི་སྨོད། དག་སྣང་རིས་མེད་དུ་སྦྱངས། ཕན་ཚུན་བསྲེ་བའང་མི་མཛད། བོན་པོ་ཚུན་ཆད་ཀྱང་དངོས་བརྒྱུད་གང་རུང་ནས་ཐར་པའི་ལམ་སྟེགས་སུ་ངེས་པའི་མོས་པས་དྲངས་ཏེ། བསྟན་པ་ཐམས་ཅད་ལ་ཅི་ཕན་གྱི་ཐུགས་བསྐྱེད་བཟང་པོ་ཡོད་པའི་རྟེན་འབྲེལ་གྱིས་ཕྱོགས་དེའི་བོན་པོ་རྣམས་ཀྱིས་ཀྱང་རང་རང་གི་བླ་མ་ཞིག་དང་མཚུངས་པར་བཟུང་བ་སོགས་བསྟན་པ་ཐམས་ཅད་ཀྱི་སྤྱི་དཔལ་དུ་བཞུགས་པ་ལགས། དེ་ལ་སྤྱིར་སྐྱེས་བུ་དམ་པ་རྣམས་ཀྱི་རྣམ་པར་ཐར་པའི་མདོ་ནི། དམ་པའི་ཚུལ་དགུའམ་བཅུ་གཉིས་ཞེས་ཡོངས་སུ་གྲགས་པ་ལྟར་ན། མདོ་སྔགས་རིག་གནས་དང་བཅས་པ་མང་དུ་གསན་པ་རྒྱ་མཚོའི་མཐར་སོན། བསམ་བྱུང་གི་རིགས་པས་རང་གཞན་གྱི་གྲུབ་མཐའི་གནད་མ་འདྲེས་པར་མཁྱེན། བསྒོམས་པས་ཉམས་དང་རྟོགས་པའི་ཀློང་བརྡོལ། མཁས་པ་ཕྱོགས་རེ་བ་མ་ཡིན་པར་མདོ་སྔགས་རིགས་གནས་ནས་ཚིག་གི་བརྡ་ཁྱད་ཕྲན་བུ་ཡན་ཆད་ལ་བློ་གྲོས་ཆེན་པོར་གྲགས་པ་རྣམས་ཀྱིའང་ཐེ་ཚོམ་སེལ་ནུས་པ་མངའ། བཙུན་པོ་ངོ་ལྐོག་ཅན་མ་ཡིན་པར་ཆོས་དང་མཛད་སྤྱོད་ཞུ་དག་ཕེར། བཟང་པོ་ཕྱོགས་ལྷུང་ཅན་མ་ཡིན་པར་ཤིན་ཏུ་དྲང་པོའི་ཐུགས་བསམ་རྣམ་པར་དག་པ་གསེར་ལྟ་བུར་དཔྱོད་ལྡན་ཀུན་གྱིས་བསྔགས། འཆད་པའི་ཚེ་ལྷག་པའི་ལྷའི་བྱིན་རླབས་ཞུགས་པ་ལྟ་བུས་གཞུང་གང་འཆད་ཀྱང་དཔེ་གཟིགས་དང་ཐུགས་བསམ་སོགས་ལ་མ་ལྟོས་པར་མ་ཎི་འདྲེན་པ་བཞིན་ཐོགས་པ་མེད། རྩོད་པ་ན་དང་པོ་ཞལ་གྱིས་བཞེས་པ་དེ་བརྒལ་བརྟག་ཇི་ཙམ་བྱས་ཀྱང་ལུང་རིགས་ཀྱི་སྒྲུབ་བྱེད་དང་གཏིང་ཇེ་ཟབ་ཏུ་འགྲོ་བ་མ་གཏོགས་ལྟག་འོག་འགལ་བའི་སྣང་ལ་མ་ངེས་པ་མི་མངའ། བརྩམ་པ་ན་ཚིགས་གཅད་ཆེས་མང་པོ་སྦྲེལ་ཏེ་གསུངས་ནའང་བློ་འཛིན་བྱང་བ་ལྟ་བུར་དཔོད་པ་མ་གཏོགས་ཐུགས་བསམ་དང་ཟློས་སྐྱོན་སོགས་མེད། མཁྱེན་པའི་ཡེ་ཤེས་ཀྱིས་ཇི་སྙེད་པའི་ཤེས་བྱ་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་གཟིགས། ཇི་ལྟ་བའི་གནས་ལུགས་ཀྱི་དགོངས་པ་བརྙེས། བརྩེ་བའི་ཐུགས་རྗེ་བསྟན་འགྲོ་ཀུན་ལ་ཕྱོགས་ལྷུང་མེད་པའི་ཕན་པ་འབའ་ཞིག་མངའ། ནུས་པས་ཀླ་ཀློ་གདུག་པའང་ཟིལ་གྱིས་མནན་པར་རྡོ་རྗེའི་ལུང་གིས་བསྔགས་ན་གཞན་ལྟ་ཅི་སྨྲོས་སོ། །དེ་ལྟར་ཆོས་ཀྱི་ཡོན་ཏན་ལྟ་ཞོག །འཇིག་རྟེན་གྱི་ངོས་ནས་ཀྱང་རྗེ་ཉིད་ཀྱི་ཡབ་དེ་ཤིན་ཏུ་བློ་དྲང་ཞིང་ངོ་ལྐོག་ཐུབ་པ་ཞིག་ཡོད་འདུག་སྟབས། སྡེ་དགེའི་དྲུང་ཡིག་ཆེན་མོ་ལོ་ཉེར་དྲུག་ཙམ་དུ་མཛད་པའི་སྐབས། མི་བདག་ཁྲིམས་ཀ་ཚ་ཞིང་ཐུགས་རྟོག་ཧ་ཅང་རྒོད་པས་ཉེས་ཆད་མ་བྱུང་བའི་སྐུ་དྲག་སུའང་མེད་མོད། དྲུང་ཡིག་དམ་པ་དེས་ཁ་བཏགས་ཁ་གང་ཙམ་ཤོར་བའི་བཀའ་བཀྱོན་ཀྱང་མ་བྱུང་བས་སྤྱི་མི་དུང་གི་ཐོར་ཚུགས་ཅན་ཞེས་ཐམས་ཅད་ཀྱིས་བསྔགས་པ་དང༌། རྡོ་རྗེ་འཆང་ནམ་མཁའ་འཆི་མེད། གྲུབ་ཆེན་ཀུན་བཟང་གཞན་ཕན། ཀཿཐོག་མ་ཧཱ་པཎྜི་ཏ་ཚེ་དབང་མཆོག་གྲུབ་སོགས་ཀྱིས་ཀྱང་སྐྱེས་བུ་དམ་པ་ཞིག་དང་མཚུངས་པར་དངོས་སུ་བཀའ་གནང་བ་ཡི་གེར་བྲིས་པ་དེང་དུས་ཀྱང་ཡོད་པས་མཚོན། རྗེ་ཉིད་ཀྱང་དེའི་རིགས་ལས་འཁྲུངས་པས་ཐུགས་གཟུ་བོར་གནས་ཤིང་ཧ་ཅང་དྲང་བས། ཆོས་ལུགས་ཀྱི་གྲུབ་མཐའི་ཁས་ལེན། འཇིག་རྟེན་གྱི་བསམ་སྤྱོད་ལེགས་ཉེས་གང་ལའང་ཉེ་རིང་ཕྱོགས་ཆ་གཏན་མེད་པར་དྲང་པོ་ཁོ་ནར་མཁྱེན་ཅིང༌། དྲང་པོ་ཁོ་ནར་གསུངས་པས་ཤེས་ལྡན་རྣམས་གཅིག་ཏུ་མགུ། འཆོལ་བར་སྤྱོད་པ་རྣམས་བག་ཟ། ཡིད་སྲུབས་ཀྱི་མཐུས་བརླབས་པའི་མི་བསྲུན་རླངས་པོར་སྤྱོད་པ་རྣམས་ཀྱིས་རང་མཚངས་བརྟོལ་བ་མ་བཟོད་པས་གཤེ་སྐུར་ཀྱང་འདེབས་པ་ནི། ཐིག་སྐུད་དྲང་པོར་བཞག་པ་ན། །ཡ་ཡོ་ཅན་གྱི་སེམས་ལ་གཟན། །ཞེས་པ་ལྟར་སྣང་ངོ༌། །གཞན་ཡང་གདུལ་བྱ། གྲོང་ཆོག །རྙེད་པས་རྙེད་པ་འཚོལ་བ་སོགས་ཆེད་དུ་གཏད་པ་ཅིའང་མི་མཛད། དགྲ་འདུལ་གཉེན་སྐྱོང༌། ཚོང་སོ་ནམ་ཉེ་དུའི་ཁ་འཛིན་སོགས་མནལ་ལམ་དུའང་མི་མངའ། ཕེབས་ཞོར་ལྟ་བུར་གདན་འདྲེན་རེ་ཙམ་བྱུང་ན་སུས་ཅི་བྱས་རེ་བ་སྐོང་བ་ལས་ངེད་བྱ་བཏང་ཡིན་ཅེས་བུམ་གོག་དང༌ལག་པ་མགོར་འཇོག་པ་ཙམ་ལའང་སྲོག་ཆད་ཆད་ཀྱི་ཚུལ་འཆོས་མི་མཛད། རྙེད་པ་གང་བྱུང་ཐམས་ཅད་འཕྲལ་བྱུང་འཕྲལ་དག་གི་དགེ་རྩར་གཏོང་བ་མ་གཏོགས་ཕུགས་བསྲིས་སུ་ཚགས་པ་དང༌། གྲྭ་འཁོར་ཉེ་དུ་སོགས་རྣམ་སྨིན་ལ་མི་འཛེམས་པ་རྣམས་ལ་ངོ་དགས་མཚོན་གནས་མིན་དུ་ཞོ་གང་ཡང་ཆུད་ཟོས་སུ་མི་གཏོང༌། ནང་ཚག་ལ་ངེད་བན་རྒན་འཆི་ཉེ་བ་ཡིན་ཞེས་ངེས་འབྱུང་གི་གསུང་ཐུང་ངུ་ཁོ་ན་ལས་ཡུན་རིང་གི་འཚོ་རྩིས་འདི་བྱ་འདི་བྱེད་ཀྱི་ཤོམ་ར་མི་འདིང༌། ཐུན་མོང་གི་ངོར་ངེས་འབྱུང་ལ་བསྙད་པའི་ངུ་ཆོ་ཚིར་ཚིར་ལྟ་བུའི་མངོན་ཚན་ཅན་མི་མཛད། བླ་མ་རྣམས་ལའང་དངོས་སུ་ཧ་ཅང་གུས་གུས་དུང་དུང་གི་ཁ་གསག་གིས་ཐུགས་སྣ་མི་འབྲིད་མོད། ལྐོག་ཏུ་མིང་རུས་བླ་དྭགས་ཚུན་ཆད་ནས་བརྗོད་པའི་བརྙས་བཅོས་མ་ཡིན་པར་རྡོ་རྗེ་འཆང་དང༌། རིན་པོ་ཆེ་སོགས་གསུངས་པའི་ཆེ་བ་འབའ་ཞིག་པའི་བསྔགས་པ་བརྗོད་པ་སོགས་མོས་གུས་ཀྱི་རྣམ་འགྱུར་བསམ་གྱིས་མི་ཁྱབ་པ་མཛད་ཅིང༌། ཐུགས་དད་འགྱུར་ལྡོག་མི་མངའ་བ་འདི་ཁོ་ནའང་དེང་སང་གི་བླ་མ་དང་སློབ་མ་ཆེར་རློམས་མངོན་ལྐོག་ཅན་སུས་ཀྱང་འགྲན་དུ་མེད་པའི་རྣམ་ཐར་མཆོག་གཅིག་ཏུ་མངོན། སྤྱིར་ཡང་ཐུགས་ཀྱི་གཏིང་སྒམ་པས་སུས་ཀྱང་ཚོད་མི་དཔོག་མོད། ལྟར་སྣང་དུ་ཞུ་ས་ཟེར་ས་ཅིའང་མེད་པའི་ངན་དཀྱུས་དང༌། མཁས་པའི་སྙེམས་པ་དང༌། གྲུབ་པའི་སྤུ་སུད་དང༌། ཐུགས་སྣ་ཐུང་ངུ་ཅན་མ་ཡིན་པར་ཀུན་དང་མཐུན་པའི་སྙེམས་ཆུང་དང༌། ཐུགས་ཆུང་ངུ་མཛངས་པ་ལྟ་བུ་མཛད། དོན་དུ་དུས་འགྱུར་ཆེན་མོའི་སྐབས་སོགས་སུ་ལྷ་ཆོས་ཀྱི་ངོས་ནས་སྐྱེས་བུ་དམ་པ་དང༌། བློ་གྲོས་ཅན་དང༌། མངོན་ཤེས་རྫུ་འཕྲུལ་ནུས་པ་ཅན་དུ་རློམས་པ་དང༌། མི་ཆོས་ཀྱི་ཕྱོགས་ནས་ཤེས་པ་ཡོན་ཏན། ཕོ་རྒོད་ངན་གཡོ་ཅན་དུ་བརྩི་བ་སྟག་དང་སེང་གེ་ལྟ་བུ་ཐམས་ཅད་ཀྱིས་ཀྱང་སྔ་བསམ་ཕྱི་མནོ་ཅུང་ཙམ་ཡང་མེད་པར་སྙིང་ལྐོག་མར་ལྷུད་དེ་ཕྱི་མིག་མི་བལྟ་བར་འབྲོས་པའམ། ཤེས་བཞིན་དུ་དགྲ་ཡི་དྭངས་མར་བློ་གཏད་ལིང་བསྐྱུར་མགོ་བཅད་དཔང་བཞག་གིས་རང་གཞན་ཐམས་ཅད་ཕུང་ལ་སྦྱོར་བ་ཤ་སྟག་གི་འཕྲུལ་འཁོར་མིག་འཕྲུལ་ལྟ་བུར་བསྐོར་བ་དང༌། ཞེན་ཕོ་རུས་སམ། ཁྲེལ་ངོ་ཚའམ། འདི་ཕྱི་ལས་འབྲས་སོགས་འཕོངས་ཕྱིས་པའི་རྡོ་བཞིན་དོར་ཏེ་འཇིག་རྟེན་ན་གྲགས་པའི་ཀུན་རྫོབ་ཀྱི་རྫ་ཕུང་མ་རབས་ཐ་ཆད་ཀྱི་སྤྱོད་ངན་རྡོ་བའི་ཆར་གྱིས་རྨེངས་མེད་དུ་བཅོམ་པ་དེ་ལྟ་བུའི་སྐབས་སུའང༌། འཇིགས་ཟིལ་རྔམ་ཞུད་ཇི་ཙམ་ཆེ་རུང་དེ་ཙམ་གྱི་ཐུགས་སྟོབས་ལྷག་པར་རྒྱས་ཏེ་བ་སྤུའི་རྩེ་མོ་ཙམ་ཡང་མི་གཡོ་བར། ཕ་རོལ་པོ་ལ་སྐྱབས་འཚོལ་བའམ། གཞན་དུ་བྱོལ་བ་ལྟ་བུའི་རྟོག་པ་མནལ་ལམ་དུའང་རྒྱང་བསྲིངས་ཏེ་ཤིན་ཏུ་ཟུངས་ཐུབ་པ་ལྷུན་པོ་ལྟར་ཇི་མི་སྙམ་པར་བཞུགས་པས། སུས་ཀྱང་ཅིའང་བྱར་མེད་པ་སྤྲིན་བྲལ་ཉིན་མོར་བྱེད་པ་ལྟར་གཟི་བརྗིད་ཀྱི་དཔལ་རབ་ཏུ་འབར་ཏེ། སྔོན་གྱི་དུས་རྨོག་སྟོན་གསང་བདག་ཆེན་པོ་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེས་རྗེ་ཉིད་ལ་འཇིགས་བྲལ་གྱི་སློབ་དཔོན་དོན་ཐམས་ཅད་གྲུབ་པ་ཞེས་ཞལ་རྩེད་ཀྱི་ཚུལ་དུ་མཚན་གྱི་ཅོད་པཎ་དཔྱངས་པ་དང༌། རྗེ་དེ་ཉིད་ནས། ཕྱིས་ཨོ་རྒྱན་སྨིན་གྲོལ་གླིང་དུ་བསྙེན་པར་རྫོགས་སྐབས་བཅས་འཇིགས་མེད་མཁྱེན་བརྩེའི་ཟློས་གར་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོ་ཞེས་པའི་མཚན་ཕུལ་བའང་སྐབས་འདིར་མངོན་གྱུར་གྱི་དོན་དང་ལྡན་པའི་ལུང་བསྟན་ལྟ་བུར་སེམས། དེས་མཚོན་སྙན་ཁུང་མཐུག་ཅིང་ཐུགས་ཀྱི་གཤིས་སུས་ཀྱང་བསྒྱུར་དུ་མི་བཏུབ། མཆོག་དམན་བར་མ་གང་ལའང་ཐུགས་དལ་དལ་སྐབས་ལྟ་བུར་གནས་ཚུལ་གྱི་གསུང་གླེང་དྲི་རྨེད་ཞིབ་ཏུ་མཛད་པ་ལས་ཞལ་མི་བསྲེ་བ་དང༌། སྦུགས་འཐུམས་ཚིག་སྣ་ཐུང་ངུའི་གོ་དཀའ་བ་མི་མཛད་ཅིང༌། གསུང་སྒྲོས་རྣམས་ཀྱང་མདོ་སྦུག་མེད་པ་ལྷུག་པར་བསྩལ། ལྷག་པར་བཀའ་གདམས་གོང་མའི་གསུང་སྒྲོས་དང༌། བླ་མ་རྣམས་ཀྱི་ཞལ་གསུང་དང༌། རྗེ་ཉིད་ཀྱི་མཛད་ཚུལ་སོགས་གནའ་གཏམ་ཡ་མཚན་ཅིང་ཟླ་ཚོད་ཚེས་གྲངས་ཁུངས་དང་གཏན་ཚིགས་སོགས་ཤིན་ཏུ་ཞིབ་པ་ཆོས་ཀྱི་སྙིང་པོ་ཅན་མང་དུ་གསུངས་མོད། བདག་ལྟ་བུའི་བླུན་པོ་ནི་ངོ་དགའ་དང༌། ཕྱོགས་ལྷུང་གི་གཏམ་ཆལ་ཆོལ་ཆང་བཟིའི་ལབ་ཅོལ་ལྟ་བུ་ལ་མགུ་བ་ལས། དེ་རིགས་ནོར་སྐྱོང་གི་མདུན་དུ་རྩྭ་བཞག་པ་ལྟ་བུར་མ་ཟད། ཐ་ཆད་འགའ་ཞིག་རྣ་བ་སུན་སྣང་ཡང་སྐྱེ་སྲིད་པར་འདུག །དེ་ལས་གཞན་དུ་རང་ཉིད་མངོན་པར་བསྟོད་ཅིང་བསྔགས་འོས་སྨད་པ་དང༌། དེང་སང་བླ་དཔོན་ཕལ་ཆེར་གྱིས་སྐད་ཆ་དྲི་རྒྱུའི་སྙིང་པོ་ངེད་རང་ལ་སུ་ཞིག་གིས་སྨད། སུ་ཞིག་གིས་བསྟོད། ཅི་ཟེར་བར་འདུག་སོགས་རེ་དོགས་ཀྱི་གཟེ་རེ་ཚེར་མ་གཟེངས་པ་ལྟ་བུ་དེ་འདྲ་གཏན་ནས་མི་མཛད། མ་རབས་འགའ་ཞིག་གིས་རྗེ་ཉིད་ལ་གཏིང་ནས་གུས་པ་མེད་བཞིན་དུ་དེང་དུས་བླ་དཔོན་སྤྱི་ཁྱབ་ཀྱི་མདུན་སར་གཏམ་གྱི་ལག་སྣེ་མེད་དུ་མི་རུང་བ་ངོ་དགའ་ཕྱེ་གཏོར། རང་རང་གི་དགའ་མི་དགའི་རྣམ་རྟོག་སྙིང་པོར་བྱས་པའི་བསྟོད་སྨད་དང༌། ཁྱད་པར་མཐོ་དོགས་དམའ་དགའི་ཕྲག་དོག་གི་ཟུར་ཟ་ཁྱི་རྒན་ཟུག་པ་ལས་ལོད་པ་དེ་རིགས་གསན་པ་ཙམ་ནས་གཏམ་འཕྲོ་བཅད་དེ་སྙན་གྱི་ཕྱིར་ཕྱོགས་སུའང་མི་བཞག་པར་མ་ཟད། རྗེས་སུའང་མི་དེ་རིགས་ཀྱི་གཏམ་ལ་ཉོན་ཉན་ཅིའང་མེད་ཅེས་ཐུགས་ཤིན་ཏུ་མི་དགྱེས། རྗེ་ཉིད་ཀྱི་མཛད་སྤྱོད་གང་ལ་སུས་ཀྱང་ཆོས་དང་མཐུན་པར་བརྒལ་དུ་མེད་མོད། རང་རང་གི་བསམ་སྦྱོར་ཕྱིན་ཅི་ལོག་པ་དང་མ་མཐུན་པ་རྒྱུ་མཚན་དུ་བཟུང་ནས་སྨོད་པ་དང་སྐུར་པ་སོགས་བརྒྱ་ལ་སྙན་དུ་སོན་ནའང་། མོས་པ་སྣ་ཚོགས་པའི་སེམས་ཅན་སངས་རྒྱས་ཀྱི་མཛད་པས་ཀྱང་མི་མགུ་ན་བདག་ལྟ་བུས་ལྟ་ཅི་སྨྲོས་ཞེས་རེ་དོགས་ཀྱི་ཟུག་རྔུ་ཏིལ་གྱི་ཤུན་པ་ཙམ་ཡང་མི་མཛད་ཅིང༌། རྗེ་ཉིད་ཀྱི་དགོངས་སྤྱོད་གང་ཡིན་པ་དེ་དྲང་པོར་བསྲངས་ཏེ་བཞུགས་པ་ལས་བསྒྱུར་བཀོད་ཀྱི་ཙབ་ཙུབ་ཅུང་ཟད་ཀྱང་མི་གནང༌། མཁས་པ་དང་མི་ཆེན་སོགས་ཀྱི་མདུན་སར་ངོ་སྲུང་ཕྱེ་གཏོར་མི་གནང་ཞིང་ཞུམ་པའི་རྣམ་པ་ཙམ་ཡང་མེད་པར་གསུང་སྒྲོས་ཚུན་ཆད་དྲང་ཐ་ལེར་གཟེངས་བསྟོད་དེ་བསྩལ། ཕལ་པ་དང་བྱིས་པ་ཆུང་ངུ་དམན་པ་རྣམས་ལ་བརྙས་སེམས་དང་ཁེངས་པ་མི་གནང་བར་གསུངས་དཔངས་ལྷོད་པ་དང་ཞལ་རྩེད་སོགས་ཅི་དགར་མཛད་པས་དབུགས་དབྱུང་བ་ལས་འཇིགས་འཇིགས་དང་སྒྲོབ་སྒྲོབ་མི་མཛད་རུང༌། སྔོན་གྱི་ལས་འཕྲོ་སད་པ་དང༌། ནང་དུ་ཏིང་ངེ་འཛིན་མངའ་བའི་མཐུས་མཆོག་དམན་ཐམས་ཅད་ཟིལ་གྱིས་གནོན་ནུས་པའི་བརྟུལ་ཞུགས་ཁྱད་པར་ཅན་མངའ་བས་ཀུན་ཀྱང་གདོང་ཞུམ་བཞིན་དུ་བཏུད། རྗེ་ཉིད་ཀྱི་མཛད་པ་ཆེ་ཕྲ་གང་ལའང༌། གལ་ཆེ་སྐབས་གཏིང་ནས་ཐུགས་ཡིད་ཆེས་པའི་བླ་མ་རེ་རེ་ཙམ་ལ་བརྟག་པ་མཛད་པ་ཙམ་སྐུལ་བ་དང༌། རྗེ་རང་ནས་བླ་མ་དང་དཀོན་མཆོག་ལ་ལུང་ཞུས་བརྟག་སྒྲིལ་རེ་ཙམ་མ་གཏོགས། གཞན་ཆོས་དང་མི་འགལ་ཞིང༌། འཇིག་རྟེན་དང་མཐུན་པར་དཔྱད་དེ་རང་ཚུགས་བཟུང་ནས་འཇུག་པ་མ་གཏོགས་མི་མང་ཁ་མང་གི་གྲོས་ཁ་མི་འདིང༌། གསུང་ལས་ཀྱང་རང་རེ་དང་པོར་སྐྱེས་དུས་ཀྱང་གཅིག་པུར་སྐྱེས། མཐར་འཆི་དུས་ཀྱང་གཅིག་པུར་འཆི་བས་གལ་ཆེ་ཤོས་དེ་གཉིས་ལ་བློ་སྟོན་གྲོས་བྱེད་མཁན་སུ་མི་འདུག་པ། ཚེ་འདིའི་དོན་རང་ཐག་རང་གིས་མ་ཆོད་པ་ཅི་ཡོད་ཅེས་བཀའ་བསྩལ་ནས་རང་དབང་གཞན་ལ་མི་བསྐུར། གཞན་གྱིས་ཐུགས་བློ་འདྲ་ཞུས་ནའང༌། ངེད་ལ་མངོན་ཤེས་ནི་མེད། བློ་ནི་རང་རེ་ཐམས་ཅད་སྨྲ་ཤེས་དོན་གོ་མིའི་ལུས་རྟེན་ཅན་ཡིན་ཙ་ན། འདོད་པ་ཐོག་ཏུ་བབས་ན་དགའ། མི་འདོད་པ་མ་བྱུང་ན་དགའ་བའི་ཅི་དྲག་གང་དྲག་གི་རྣམ་རྟོག་ཅན་རེ་ཡིན་མོད། རེ་བས་ཡོང་བ་སྒྲིབ་པའི་དཔེས་དེ་འདྲ་ཨི་འོང་ཅི་ཆ་བས་བློ་བཀོད་ནས་བསམ་ཚོད་ག་ལ་འོང༌། སྤྲང་པོའི་ཉལ་བསམ་གྱི་དཔེ་ལས་མེད་པས་ཅིའང་ལུང་སྟོན་མི་ཤེས་ཞེས་པ་དང༌། ལར་ཡང་མི་མང་ཚོགས་པ་དང༌། བཀའ་ཆོས་སོགས་ཀྱི་སྐབས་བླང་དོར་གྱི་སྤྱི་བཤད་རེ་ཙམ་མ་གཏོགས། མི་རེ་རེ་ནས་ཁྱོད་ཀྱིས་འདི་གྱིས་འདི་མ་བྱེད་ཅེས་བཀའ་བཀོད་དེ་འདྲ་གཏན་ནས་མི་མཛད་ཅིང༌། བཀའ་ལས་ཀྱང༌། འབྲོམ་སྟོན་པས། མི་ཉན་པ་ལ་ཁ་ཏ་བྱེད་པ་མཚང་། །ཞེས་པ་ལྟར་དེང་སང་སློབ་མ་བརྒྱ་ཡོད་ཀྱང་བླ་མ་ལ་ཉན་ངེས་པ་རེ་རེའང་དཀོན། བུ་བརྒྱ་ཡོད་ཀྱང་ཕ་ལ་ཉན་པ་རེ་རེའང་དཀོན་པས་དེ་འདྲ་ལ་བསླབ་སྟོན་བྱེད་པ་མི་རང་གཉིས་ཀ་ཚིག་པ་ཟ་བའི་རྒྱུ་ལས་ཅི་ཡོད་ཅེས་མི་ཐག་རང་གིས་ནམ་ཡང་མི་གཅོད། སྙིང་ཐག་པ་ནས་བློ་གཏད་པ་ཡིན་ཚེ་དཀོན་མཆོག་ལ་ལུང་ཞུས་སོགས་ཞིབ་ཆ་མཛད་ནས་སྣེ་རེ་ཙམ་བཀའ་གནང་བ་ལས་གདུལ་བྱ་བསླུ་བའི་བབ་ཅོལ་མི་གནང་བས་མཚོན། དེང་སང་བློ་ཆུང་ཡིད་རློམས་མི་འོང་བཞིན་དུ་གཞན་གྱི་མགོ་འདྲེན། མི་ཤེས་བཞིན་དུ་མངོན་ཤེས་དང་རྫུན་ལུང་འཆད། མི་ཐོན་བཞིན་དུ་ཕན་ཚུན་བར་འདུམས། མི་ཉན་བཞིན་དུ་གཞན་ལ་བསླབ་སྟོན་དང་སློབ་དཔོན་བྱེད། མི་དགའ་བཞིན་དུ་ངོ་སྲུང་དང་ཕྱེ་གཏོར་མི་བྱེད་རྒུ་བྱེད་པ། སྤྲེའུ་དང་བྱི་ལའི་བརྟུལ་ཞུགས་ཅན་མང་པོ་ལ་བསམས་ན་བླ་མའི་རྣམ་ཐར་ཁོ་ན་དྲན་པ་ལས་གཞན་དུ་ཅི། རྗེ་ཉིད་སྐུ་ན་གཞོན་ནུའི་དུས་སྐུ་གཟུགས་ཐང་པོ་ཞིག་ཡིན་འདུག་རུང༌། ཕྱིས་འཁྲུགས་གཞི་དང༌། སྦྱར་དུག་གི་གཞི་སོགས་བྱུང་བས་རིམ་པར་བོད་ཁམས་སྤྱིའི་བསོད་ནམས་དམན་པས་སྐུ་གཟུགས་བབས་ཇེ་ཞན་དང༌། སྙུན་ཁམས་སྣ་ཚོགས་པ་ཇེ་ལྗིར་གྱུར་པའི་སྐབས་སུའང༌། དེང་སང་ཕལ་གྱིས་བློ་སྦྱོང་ལ་བསྙད་པའི་ཚུལ་འཆོས་ལྟ་བུུ་མ་ཡིན་པར། ངེད་སྔོན་གྱི་ལས་ངན་པས་སྨན་གྱིས་མི་ཕན། རིམ་གྲོའང་དེ་དང་འདྲ། ན་དགའ་ཤི་སྐྱིད་ག་ལ་ཡིན། ཆུ་ཚོད་རེར་བདེ་མོ་འདུག་རྒྱུ་བྱུང་ན་ལོས་བཟང་སྟེ། སྔོན་ལས་ལ་བཅོས་སུ་ཅི་ཡོད་པས་ལས་བདག་གིར་བྱེད་པ་ལས་འོས་མ་མཆིས་ཞེས་ཁུ་སིམ་མེར་བཞུགས་པ་ལས། ཅི་དྲག་ཅིའང་མི་མཛད། གཞན་འགའ་རེས་ཕྱོགས་གཞན་དུ་མཁས་པ། བཙུན་པ། བྱ་བཏང༌། གྲུབ་ཐོབ། གཏེར་སྟོན་སོགས་ཁྱད་པར་ཅན་འདི་དང་འདི་ལྟ་བུ་བཞུགས་ཞེས་ཞུས་ན། སྲིད་པ་ཟེར་བ་ཅི་དང་ཅིའང་སྲིད་པས་དེ་འདྲ་ལོས་ཡོད་ཅེས་ལས། ཕལ་ཆེར་ཡོངས་སུ་འདྲིས་ལ་སྡང༌། །རྟག་ཏུ་གསར་པ་གསར་པ་འཚོལ། །ཞེས་པ་ལྟར་ཆོས་དང་བླ་མ་སྔ་མ་དོར་ནས། ཕྱི་མ་ཕྱི་མ་ཚོལ་བའི་ཨ་གསར་དང༌། ཕྲག་དོག་གིས་གཞན་ལ་སྨོད་པ་སོགས་མི་མཛད། ལར། གྲུབ་ཐོབ་དང༌། གཏེར་སྟོན་སོགས་ལོས་བཟང་སྟེ། དེང་སང་མཁས་བླུན་གྱབ་ཆུང་སུས་ཀྱང་དང་པོ་གྲུབ་གཏེར་གྱི་རིགས་ལ་ཧ་ལས་ལས་གནམ་ས་ཁེངས་པ་ཙམ་དུ་བསྔགས་པ་བརྗོད་ཅིང་རྗེས་སུ་འབྲང༌། ཆོས་ཞུ། ཇེ་ཞིག་ན་བཀའ་གདམས་རིན་པོ་ཆེའི་གསུང་ལས། རང་རེ་རྣམས་དགེ་བའི་བཤེས་གཉེན་ལ་ཞེ་ས་དང་བཅས་པས་སྐུར་པ་འདེབས་སུ་འོང་ཞེས་པ་ལྟར། ཞེ་ས་མ་ཞུས་ནའམ་ཞེས་སྔོན་དུ་འགྲོ་བས། ཐུགས་སྣ་ཐུང༌། དབང་ཡོད་ཆེ། ངན་ལང་ཆེ། མཛད་རྒྱུ་མང༌། དྲན་འཕྲུལ་རྒོད། གསུང་རྒྱུ་མང༌། ཆ་བཞག་མེད། ཕྱག་རྫས་ཀྱིས་དོན་མི་ཐོན། འཛིན་འཆང་ཆེ་སོགས་ཁ་ཤེས་ཚད་གཏོང་བ་དང༌། སྤྲང་པོའི་ཁ་འགེགས་པའི་ངན་པའང་ཟེར་དོན་ཅི་ཡོད་པས་སུ་ལའང་བཟང་ངན་ཅིའང་མ་སྨྲས་པར་འོན་པ་ལྟར་སྡོད་ན་དགའ་ཞེས་གསུངས་པས་གནད་ཆེ་བ་ཞིག་ཡིན་འདུག་སྙམ། འགའ་ཞིག་གིས་རྟེན་འབྲེལ་ཞེས་གསུང་མོད། རྗེ་ཉིད་ནས། རྟེན་འབྲེལ་ཞེས་པ་དེ་རང་ཤུགས་ཀྱིས་འགྲིགས་པ་ལས། ཆེད་དུ་བཅོས་པས་འགྲིགས་རྒྱུ་ཡིན་ཚོད་མི་སྣང༌། མཁན་ཆེན་བོ་དྷི་ས་ཏྭ་དང་ཆོས་རྒྱལ་ཁྲི་སྲོང་དུས་ཀྱི་རྟེན་འབྲེལ་ལ་ལྟོས། རང་ཤུགས་ཀྱིས་འགྲིགས་པ་དེའང་དེང་སང་གདུལ་བྱ་ཐམས་ཅད་བསོད་ནམས་ཟད། ལོག་རྟོག་རྒོད། ཐེ་ཚོམ་མང༌། མཉམ་འགྲོགས་ཆེ། དམ་ཉམས་མོད། དེའི་རྗེས་སུ་འབྲང་ཞིང་བློ་གཏོད་པ་ཁོ་ནས་བླ་མས་ཅི་བྱས་སྐྱོན་འབའ་ཞིག་མཐོང་བའི་དུས་འདིར་རྟེན་འབྲེལ་བཟང་པོ་དེའང་འགྲིགས་དུས་དཀའ་ཞེས་ཡང་ཡང་བཀའ་གནང་བའང་ཐུགས་ཉམས་ཅན་གྱི་གསུང་དུ་ངེས་ཤིང༌། རྗེ་ཉིད་ནས་རྟེན་འབྲེལ་ཡིན་ཞེས་ཉག་ཧོར་གྱི་ཁྲམ་ཆས་བྱེད། ནག་ཆང་སྤྱོད། རྟ་རྒྱུག །མདའ་འཕེན། མེ་མདའ་རྒྱགས། རི་དྭགས་གཤོར། གླུ་ལེན། བྲོ་རྡུང༌། ལུང་བསྟན། ལྷ་བབས། འདྲེ་བབས་ཟེར་བའི་སྲོག་རླུང་ཅན་ཨ་རག་གིས་བཟི་བ་ལྟ་བུ་ལ། ངེད་རང་ལྟ་བུས་གང་ཟག་གི་ཚོད་གང་ཟག་གིས་མི་ཟིན་པས་མཐའ་གཅིག་ཏུ་ལེགས་ཉེས་ཀྱི་ཁ་ཚོན་ག་ལ་ཆོད་ཀྱང༌། སྤྱིར་བཏང་དམ་པ་རྣམས་ཐུགས་གཏིང་ནས་ཁྲེལ་བར་མ་ཟད། ཆོས་རྒྱལ་ཁྲི་སྲོང་དུས་ནས། དབུ་ཟླུམ་མདོའི་སྡེ། ལྕང་ལོ་སྔགས་པའི་སྡེ་ཞེས་པ་གཉིས་ལས། ཁྲམ་ཆས་རྐུན་མའི་སྡེ་ཞེས་པའི་ཕུང་པོ་གསུམ་པ་ཞིག་གཏན་ནས་མེད་ཅེས་གསུངས་པའང་བློ་གཟུ་བོར་གནས་ཤིང་མདོ་སྔགས་ཀྱི་བསྟན་པ་ལ་མནོ་བསམ་ཡོད་པའི་མི་ཞིག་ཡིན་ན་དེ་འདྲ་ཞིག་ལོས་ཡིན་ཨེ་ཤི་རེ་སྙམ་མོད། ལས་ངན་རྣམས་ལ་ཅི་ཆ་ཡོད། འགའ་ཞིག་སྤྱིར་གྲུབ་མཐའི་དགག་སྒྲུབ་མང་པོའི་སྤུ་སུད་ཚ་པོ་དང༌། ལྷག་པར་རང་སྟོང་དང་གཞན་སྟོང་ཨམ་ཞིག་གི་ཕྱོགས་ཞེན་སྐེ་ཆད་ཆད་འཐེན་པ་མང་མོད། རྗེ་ཉིད་ནས་རང་རང་གི་གྲུབ་མཐའ་གསུངས་པའི་སྐབས་ཆོས་སྐད་མ་འདྲེས་པར་ཐད་ཀར་གོ་སླ་ཞིང་དོན་འདུམས་པ་རེ་གསུངས། སྤྱིར་བཏང་གྲུབ་མཐས་གཏན་ལ་དབབ་བྱའི་སྙིང་པོ་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཡིན་ཏེ། དེ་ནི་ཤེར་ཕྱིན་ལས། ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་རྣམ་པར་ཤེས་མི་ནུས། །ཞེས་གསུངས་པར་མ་ཟད། བོད་ཡུལ་གྱི་རྟོག་གེ་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་རྔོག་ལོ་ཆེན་པོ་ལྟ་བུས་ཀྱང་དོན་དམ་པ་སྒྲ་རྟོག་གི་ཡུལ་ཡིན་པ་ལྟ་ཞོག །ཞེན་པའི་ཡུལ་ཙམ་ཡང་མིན་པར་བཞེད་ན། གནས་ལུགས་མཐར་ཐུག་པ་ནི་ཚུ་རོལ་མཐོང་བའི་བློ་ཇི་ཙམ་ཟབ་ཀྱང་གཏན་ལ་འབེབ་མི་ནུས། གནས་སྐབས་ཕྱོགས་རེ་ནས་གཞལ་བའི་དབང་དུ་བྱས་ན་མཁས་གྲུབ་ཆེན་པོ་རྣམས་ཀྱིས་རྣམ་པར་གཞག་པའི་ཆོས་སྐད་རེ་རེ་ལའང་སྒྲུབ་བྱེད་ཀྱི་གཏན་ཚིགས་དང་འཐད་པ་མང་དུ་སྣང་བས། རང་རང་གི་ལུགས་སྲོལ་གང་ཡིན་པ་དེའི་རྗེས་སུ་འབྲངས་ཏེ་བླ་མ་གོང་མའི་བཞེད་པ་རྐང་ཚུགས་པ་ཞིག་བྱུང་ན་ཧ་ཅང་ཕྱོགས་ཞེན་རང་མི་དགོས། འོན་ཀྱང་ཆོས་སྐད་དང་གྲུབ་མཐའ་ཕན་ཚུན་བསྲེ་བ་དང༌། རང་གི་གྲུབ་མཐའི་རྐང་མ་ཟིན་པས་གཞན་གྱི་ན་ཡམ་རྒྱབ་རྟེན་དུ་ཁྱེར་བ་དང༌། ལྟ་སྒོམ་སྤྱོད་འབྲས་ཀྱི་ལུང་ཐམས་ཅད་མོ་ངན་མའི་ཐག་ཆ་འཛིངས་པ་བཞིན་བྱས་ཏེ་ལུང་དོན་རིགས་པས་རྒྱབ་འཁྱོལ་མི་ནུས་པ་དེ་འདྲ་ནི་རང་གི་གྲུབ་མཐའ་ལ་ཡིད་མ་ཆེས། གཞན་གྱི་རྗེས་སུ་སྙེག་འདོད་ཀྱང་མ་སྙོག །མཁས་པས་མཐོང་ན་བཞད་གད་ཀྱི་རྒྱུ་ལས་མ་འདས་པས་རང་ཚུགས་རེ་ཟིན་པ་བྱུང་ན་ནི་ལེགས་ཞེས་གསུངས། ལ་ལ་གཏེར་ལུང་ངམ། རང་གི་བླ་མ་ག་གེ་མོ་དང་ཆེ་གེ་མོས་གསུངས་སོ་ལོ་ཞེས་རང་ཕྱོགས་འགའ་ཞིག་ཞལ་མཇལ་བའམ། ཕྱག་དབང་ཐོབ་པ་ཙམ་གྱིས་ངན་སོང་མེད་ཅེས་སངས་རྒྱས་བྱང་སེམས་ཀྱི་རྒྱལ་ཚབ་སོགས་སུ་བསྔགས་པ་ཧ་ཅང་ཐལ་བ་མང་པོ་བྱེད། གཞན་ཕྱོགས་འགའ་ཞིག་མཁས་བཙུན་བཟང་པོའི་ཡོན་ཏན་མཐོང་ཆོས་སུ་མངའ་བ་རྣམས་ལའང་འབྲེལ་ཚད་ངན་སོང་དུ་འགྲོ་སྐད་པ་མང་བ་ལ། རྗེ་ཉིད་ནས་རང་གི་བླ་མ་ལ་འཇིག་རྟེན་གྱི་ཞེན་ཕོ་རུས་ཙམ་མིན་པར་སྙིང་ནས་སངས་རྒྱས་སུ་མཐོང་བའི་མོས་གུས་ཀྱི་བསྟོད་བསྔགས་ཡིན་ན་བཟང་མོད། གཞན་ཕྱོགས་ཀྱི་ཆོས་དང་གང་ཟག་བཟང་པོའི་རིགས་ལ་དད་པ་མ་བྱུང་རུང༌། ལོག་ལྟའི་སྐུར་འདེབས་དེ་འདྲ་བྱེད་པ་ནི་ཆོས་སྤོང་བའི་ལས་ཞེས་མཚམས་མེད་ལྔ་ལས་ཀྱང་ཐུ། གཏེར་ལུང་རིགས་ཀྱང་འགའ་རེ་བླུན་པོ་སྙིང་ཁམ་ཅན་གྱིས་ཨོ་རྒྱན་པདྨ་རྫུན་རྒྱབ་ཏུ་སྤྱན་དྲངས་ནས་གསར་དུ་ཆགས་སྡང་གིས་དཀྲུགས་ཏེ་སྦྱར་བའི་ལག་རྗེས་མངོན་སུམ་པའང་མང༌། གལ་སྲིད་གཏེར་ཡིག་ཚད་ལྡན་ལས་ཕབ་པ་ཞིག་ཡིན་དུ་ཟིན་ཀྱང༌། དགོངས་གཞི། དགོས་པ། དངོས་ལ་གནོད་བྱེད་ཅི་རིགས་པས་མཐའ་གཅིག་ཏུ་ཁུངས་དེ་ཙམ་ལ་འཆེལ་ནས་ཆོས་དང་གང་ཟག་འགངས་ཆེ་བ་ལ་སྨོད་པའང་བླུན་ཆེ་བ་ཡིན་པས། འདི་འདྲ་འཛིན་པ་ལྟ་ཅི་སྨྲོས། །ཐོས་པར་གྱུར་ཀྱང་རྣ་བ་དགབ། །ཅེས་གསུངས་པ་ལྟར་རོ་ཞེས་བཀའ་གནང་བ་བླུན་པོ་སྙིང་ཁམ་ཅན་དག་འདི་རིགས་ལ་བག་ཡོད་ཅུང་ཟད་རེ་དགོས་པར་སེམས་ཏེ། འཕགས་པ་ཆོས་ཐམས་ཅད་འབྱུང་བ་མེད་པ་ཞེས་བྱ་བའི་མདོ་ལས། རིགས་ཀྱི་བུ། ཕྲ་བ་ནི་ལས་ཀྱི་སྒྲིབ་པ་ཡིན་གྱིས། སུ་ལས་ཀྱི་སྒྲིབ་པ་མི་འདོད་པ་དེ་དག་གིས་གཞན་གྱི་སྤྱོད་པ་ལ་ཁོང་ཁྲོ་བར་མི་བྱའོ། །དེའི་སྤྱོད་པ་ཐམས་ཅད་ལ་ཡིད་ཆེས་པར་བྱའོ། །འདི་སྙམ་དུ་ཕ་རོལ་གྱི་སེམས་ནི་བདག་གིས་མི་ཤེས་ཏེ། སེམས་ཅན་གྱི་སྤྱོད་པ་ནི་ཤེས་པར་དཀའ་འོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །དོན་གྱི་དབང་དེ་གཟིགས་ནས་དེ་བཞིན་གཤེགས་པས་འདི་སྐད་དུ་ཆོས་སྟོན་ཏེ། གང་ཟག་གིས་གང་ཟག་ལ་ཚོད་གཟུང་བར་མི་བྱའོ། །གང་ཟག་གིས་གང་ཟག་གི་ཚོད་བཟུང་ན་རྨ་འབྱུང་བར་འགྱུར་ཏེ། ངའམ་གཞན་ཡང་ང་དང་འདྲ་བ་དག་གིས་གང་ཟག་ལ་ཚོད་གཟུང་ངོ༌། །རིགས་ཀྱི་བུ་སུ་བདག་བསྲུང་བར་འདོད་པ་དེས་གཞན་སུའི་སྤྱོད་པ་ལའང་བརྟག་པར་མི་བྱ་སྟེ། དེ་དག་ལ་འདི་ནི་འདི་འདྲའོ། །འདི་ནི་འདི་འདྲའོ་ཞེས་དཔྱ་བར་མི་བྱའོ། །ཉིན་མཚན་དུ་སངས་རྒྱས་ཀྱི་ཆོས་ལ་བརྩོན་པར་བྱའོ། །ཞེས་སོགས་འབྱུང་བ་དང༌། བསྡུས་པའི་མདོ་ལས། འཇམ་དཔལ་དམ་པའི་ཆོས་སྤོང་བའི་ལས་ཀྱི་སྒྲིབ་པ་ནི་ཕྲའོ། །དེ་བཞིན་གཤེགས་པས་གསུངས་པའི་བཀའ་ལ་ལ་ནི་བཟང་བར་འདུ་ཤེས། ལ་ལ་ནི་ངན་པར་འདུ་ཤེས་པ་ནི་ཆོས་སྤངས་པའོ། །གང་ཆོས་སྤངས་པ་དེས་ཆོས་སྤངས་པས་དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པ་ཡིན། དགེ་འདུན་ལ་ངན་དུ་བརྗོད་པ་ཡིན་ནོ། །འདི་ནི་རིགས་སོ། །འདི་ནི་མི་རིགས་སོ་ཞེས་ཟེར་ན་ཆོས་སྤངས་པའོ། །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆེད་དུ་གསུངས་པའོ། །འདི་ནི་ཉན་ཐོས་རྣམས་ཀྱི་ཆེད་དུ་གསུངས་པའོ། །འདི་ནི་རང་སངས་རྒྱས་རྣམས་ཀྱི་ཆེད་དུ་གསུངས་པའོ། །ཞེས་ཟེར་ན་ཆོས་སྤངས་པའོ། །ཞེས་ཚད་མར་གྱུར་པའི་ལུང་འདི་ལའང་འགལ་ཟླར་མ་གྱུར་པ་རྗེ་འདི་ཁོ་ན་ཙམ་ལས་མང་དུ་མ་མཐོང་ངོ༌།། །།བདུན་པ་ཞར་བྱུང་དུ་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་སྒོ་དུ་མ་ནས་སྤེལ་བའི་ཚུལ་ནི། དེང་སང་དུས་ངན་སྙིགས་མ་ལྔ་བདོ་བའི་མཐའ་ལ་ཐུག །ཐུབ་པའི་བསྟན་པ་ལུང་རྟོགས་གཉིས་ཀ་གཟུགས་བརྙན་ཙམ་ལ་སྤྱོད་པའི་སྐབས་འདིར། བསྟན་པ་འཛིན་པའི་བཤེས་གཉེན་དུ་གྲགས་པ་ཕལ་པོ་ཆེ་རྣམས་ཀྱང་ཐོས་བསམ་སྒོམ་གསུམ་གྱི་མཛད་པ་གལ་ཆུང་དུ་བཞག་ནས། རྒྱལ་བསྟན་རིས་མེད་ལ་ཕན་པ་དང་འགྲོ་བ་མཐའ་དག་གི་བསོད་ནམས་ཀྱི་ཞིང་དུ་འགྱུར་བ་ལ་དམིགས་པའི་ཐུགས་བསྐྱེད་ཡོད་མེད་ཇི་ལྟར་ཡང་གཅིག་ལ་གཅིག་ལྟོས་ཚུལ་གྱིས་ལྷ་ཁང༌། སྐུ་གཟུགས་མཆོད་རྟེན། གར་འཆམས་ཀྱི་ཆས་སོགས་ལྟར་སྣང་ཡ་མཚན་དང་འུར་སྒྲོབ་སྐྱེད་པའི་བྱ་བ་ལས་ཀྱི་འཁོར་ལོ་བསྐོར་བ་ནི་མང་ཞིང༌། དེ་ལས་དམན་པ་ཁ་ཅིག་སོ་སོའི་དགོན་གནས་ཀྱི་གཞི་འཛིན་ཙམ་གྱི་ཆེད་དུ་ཐོས་བསམ་སྒོམ་གསུམ་གྱི་བྱ་བ་ལིང་གིས་བོར་ནས་མི་ཚེ་ཧྲིལ་པོར་དཀོར་རྗེས་སུ་རྒྱུག་ཀྱང་ཡུལ་གྱི་མི་དཔོན་གྱི་ཐོབ་འཇལ། གཞན་ཚེ་འདིའི་གྱོད་དང་ཁ་མཆུའི་གྱོང་གུད་ཁོ་ནའི་ངང་དུ་གྲམ་གསེང་ཆུ་བླུགས་ཁོ་ན་ལས་བསྟན་པ་ཡར་རྒྱས་འོང་རྒྱུ་མེད་པའི་ཁར་མཁོ་རྒུའང་འཛོམ་དུས་མེད་པ་སོགས་སྤྱིའི་ལམ་སྲོལ་ལྟ་བུ་ཡིན་འདུག་ཀྱང༌། རྗེ་འདི་ནི་སྐུ་ཚེ་ཧྲིལ་པོར་ཐོས་བསམ་སྒོམ་གསུམ་སོགས་དམ་པའི་ཚུལ་དགུས་བསྟན་དང་འགྲོ་བའི་དོན་སྒྲུབ་པའི་མཛད་པ་ཁོ་ན་མ་གཏོགས། བསྟན་དོན་དང་དགེ་བའི་མཐུན་རྐྱེན་དུ་བསྙད་པའི་དབྱར་ལྡོམ་དགུན་ལྡོམ་གྲོང་ཆོག་གསོན་གཤིན་གྱི་དཀོར་ནག་གི་རྗེས་སུ་ཉིན་གཅིག་ཙམ་ཡང་ཕེབས་བཞུད་མཛད་མ་མྱོང་བ་དང༌། དམན་པའི་བརྟུལ་ཞུགས་ལྷུར་བཞེས་པས་ཐོབ་འཇལ་གྱི་ལོག་འཚོ་སོགས་ཀྱང་གཏན་ནས་མི་མངའ་བས་སྤྱི་མཐུན་ལྟར་ན་ཀུན་སྤངས་བྱ་བྲལ་ཁོ་ནའི་ཚུལ་དུ་བཞུགས་ཀྱང་། སྔོན་གྱི་ཐུགས་བསྐྱེད་ཚོགས་བསགས་ཀྱི་སྟོབས་ལས་ཇི་ལྟར་མཁོ་བའི་འདོད་རྒུ་ཐམས་ཅད་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་དང༌། ཇི་སྐད་དུ། མེ་ཏོག་དྲི་ནི་རྫི་ཕྱོགས་མིན་མི་འགྲོ། །རྩ་བརྒྱ་སྤོས་སམ་ཙནྡན་ཀྱང་མ་ཡིན། །དམ་པའི་དྲི་ནི་རྫི་ཕྱོགས་མི་འགྲོ་སྟེ། །ཕྱོགས་རྣམས་ཀུན་ཏུ་མི་མཆོག་དྲི་ཡིས་ཁྱབ། །ཅེས་པ་ལྟར་སྐུ་ཆེ་བའི་ཡོན་ཏན་གྱི་སྙན་པའི་གྲགས་པ་ས་བླའི་ལྷ་རྣམས་ཀྱིས་བསྒྲགས་པ་ལྟ་བུས་ཕྱོགས་མཐའ་དག་གི་བླ་ཆེན་མི་དཔོན་སྐྱེ་བོ་ཕོ་མོ་གྲངས་ཀྱིས་མི་ཆོད་པ་འདུས་ནས་འབྱོར་འཁོས་དང་བསྟུན་པའི་མཆོད་འབུལ་དང༌། སྐྱབས་འཇུག་བསྔོ་རྟེན་ཆད་མེད་དུ་འབྱུང་བ་དེ་དག་ཐམས་ཅད་ཀྱང་གནས་མིན་དུ་ཁབ་གཅིག་གི་རྩ་བ་ཙམ་ཡང་ཆུད་ཟོས་སུ་བཏང་བར་མི་མཛད་པར། དཀོན་མཆོག་གི་རྟེན་གསུམ་བཞེངས་པ། བླ་མ་དང་དགེ་འདུན་ལ་བསྙེན་བཀུར། དུས་དང༌རྒྱུན་གྱི་མཆོད་པ། ཕོངས་པ་ལ་སྦྱིན་པས་རྗེས་སུ་འཛིན་པ་སོགས་གཏོང་བ་ནམ་མཁའ་མཛོད་ཀྱི་སྒོ་འཕར་གཏན་པ་མེད་པར་དབྱེ་བར་མཛད་པ་དེ་དག་ཞིབ་པར་སྨྲོས་ཀྱིས་ལོངས་པའི་གོ་སྐབས་མ་མཆིས་ཀྱང༌། འདིར་དེ་དག་ལས་གཙོ་ཆེ་བ་ཙམ་རགས་བསྡུས་སུ་སྨྲོས་ན། ཐོག་མར་ལྷ་ཁང་དང་སྐུ་གསུང་ཐུགས་རྟེན་གྱི་སྐོར་ལ། རྗེ་ཉིད་ཀྱི་ཞལ་གསུངས་རྣམ་ཐར་རྩ་ཐོ་ལས་ཇི་ལྟར་གསུངས་པ་བཞིན་ལྷ་ཁང་བཅུ་གསུམ་ཙམ་བཞེངས་པར་མཛད་པའང་ཐོག་མཐའ་བར་གསུམ་ཀུན་ཏུ་འགན་བཞེས་ཕྱག་བསྟར་གྱིས་བཞེངས་པ་དང༌། གཞན་དག་ལ་ཞལ་འདེབས་མཐུན་རྐྱེན་ཞལ་བསྒོས་སོགས་ཀྱིས་ཀྱང་རྣམ་དཀར་གྱི་མཛད་སྒོ་སྐྱོང་བའི་ལྷ་ཁང་རྩ་ལག་མང་དུ་བསྐྲུན་པའི་གཙོ་བོ། རྫོང་གསར་བཀྲ་ཤིས་ལྷ་རྩེའི་དབུ་རྩེར་མངོན་བྱང་ལྷ་ཁང་ཀ་བ་ལྔ་བཅུ་ང་ལྔའི་མལ་སྟེང་འོག་ཕྱི་ནང་ཤིན་ཏུ་དངོས་གཙང་བཀོད་མཛེས་སུ་ཡུན་ཐུང་ངུས་མཐར་ཕྱིན་པར་བསྒྲུབས་པའི་ནང་རྟེན་གྱི་གཙོ་བོ། ཐུབ་དབང་སྐུ་ཁྲི་རྒྱབ་ཡོལ་གྱི་བཀོད་པ་སོགས་ཁྱད་མཚར་རིན་ཆེན་དུ་མའི་རྒྱན་སོགས་ཤིན་ཏུ་སྤུས་ནམ་དག་པ། ཐུབ་དབང་སྐུ་ཧོར་ལི་དངོས་གཅིག་ལ་འཁོར་སངས་རྒྱས་རབས་བདུན་གྱི་གསེར་སྐུས་བསྐོར་བ། ལྟུང་བཤགས་སོ་ལྔ། ཉེ་སྲས་བརྒྱད། གནས་བརྟན་བཅུ་དྲུག །གུར་མགོན་སྐུ་ཏཱ་མིང་མ་ཤིན་ཏུ་སྤུས་ལེགས། ཞལ་བྲམ་གཟུགས། འདོད་ཁམས་མ། ཕྱག་བཞི། ཕྱག་དྲུག །རྒྱ་གར་ཤར་ལིའི་མགོན་པོ་གྲི་གུག །རྣམ་སྲས། ནོར་རྒྱུན་མ། གཡས་ཕྱོགས་གཙོ་བོ་ཚེ་དཔག་མེད། ལི་སྐུ་དང་ཁ་སྐོང་གསེར་ཟངས་འདྲེས་མ་བརྒྱད་ཀྱིས་བསྐོར་བ། འོད་དཔག་མེད་གཙོ་འཁོར་གསུམ། སྟེང་དུ་སྨན་བླ་ལི་མ་ལ་འཁོར་བདུན་ཟངས་གསེར་ལས་བསྐྲུན་པ་མཁྱིད་གང་བ་རེ། འོག་ཏུ་སློབ་དཔོན་པདྨ་དངུལ་སྐུ་ལ་མཚན་བརྒྱད་གསེར་ཟངས་ལས་བསྐྲུན་པས་བསྐོར་བ། གཡོན་ལོགས་གཙོ་བོར་བྱམས་པ་མགོན་པོ་ལ་འཁོར་རྒྱལ་སྲས་རིགས་གསུམ་མགོན་པོ། ཉེ་སྲས་བརྒྱད། མི་འཁྲུགས་པ་རྒྱ་སྐུ་ལ་བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་བསྐོར་བ། མདུན་དུ་སྒྲོལ་མ་ལི་དམར་ཚ་གསེར་ཅན་ལ། འཁོར་རྒྱ་བོད་ཀྱི་ལི་སྐུ་དང་གསེར་སྐུ་འདྲེས་མ་ཉེར་གཅིག །ཕུགས་ལོགས་ཆོས་ཁྲིའི་དབུས་སུ་ཐུགས་ཆེན་བཅུ་གཅིག་ཞལ་རིགས་བཞིས་བསྐོར་བ། ཆོས་ལོངས་སྤྲུལ་གསུམ། དེ་ཐམས་ཅད་ཀྱི་སྟེང་དུ་གཙོ་བོ་རྡོ་རྗེ་འཆང་གཙོ་འཁོར་གསུམ་བོད་ལི། བི་རཱུ་པ། ས་སྐྱའི་གོང་མ་རྣམ་ལྔ། ངོར་ཆེན་རྡོ་རྗེ་འཆང༌། སྲོང་བཙན་སྒམ་པོ། །ཆོས་བློན་ཐུ་མི་དང་མགར་སྟོང་བཙན་གཉིས། ལོ་ཆེན་བཻ་རོ། སྐ་ཅོག་ཞང་གསུམ། མངའ་བདག་ཁྲི་རལ། ཇོ་བོ་ཨ་ཏི་ཤ །ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། ལོ་ཆེན་རིན་ཆེན་བཟང་པོ། འབྲོམ་སྟོན་པ། རྔོག་ལོ་ཡབ་སྲས། མར་མི་དྭགས་གསུམ། བུ་སྟོན་རིན་པོ་ཆེ། དོལ་པོ་སངས་རྒྱས། རྗེ་རིན་པོ་ཆེ་ཡབ་སྲས་གསུམ། རྫོང་པ་ཀུན་དགའ་རྣམ་རྒྱལ། ཚར་ཆེན། ཐར་རྩེ་མཁན་ཆེན་བྱམས་པ་ནམ་མཁའ་འཆི་མེད། ཀུན་དགའ་བསྟན་འཛིན། འཇམ་དཔལ་བཟང་པོ། བསྟན་པའི་རྒྱལ་མཚན་བཅས་བཞི། སླར་གསར་དུ་བཞེངས་པར་མཛད་པའི་མཁན་སློབ་ཆོས་གསུམ། རྒྱལ་ཆེན་ཨིནྡྲ་བྷཱུ་ཏི། ཆོས་རྒྱལ་ཟླ་བཟང༌། གྲུབ་ཆེན་ས་ར་ཧ། ཀླུ་ཐོགས་རྣམ་གཉིས། ཨཱརྻ་དེ་བ། དབྱིག་གཉེན། ཕྱོགས་གླང༌། ཆོས་ཀྱི་གྲགས་པ། པཎ་ཆེན་བི་མ་ལ་མི་ཏྲ། འབྲོག་མི་ལོ་ཙཱ། གྲུབ་ཆེན་ཁྱུང་པོ་རྣལ་འབྱོར། ཕ་དམ་པ་སངས་རྒྱས། གྲུབ་ཐོབ་ཨོ་རྒྱན་པ། འགྲོ་མགོན་ཕག་གྲུ། ཞང་ཚལ་པ། མ་གཅིག་ལབ་སྒྲོན། གྱི་ཇོ། གྲུབ་དབང་ཐང་རྒྱལ། རྒྱལ་བ་སྐལ་བཟང་རྒྱ་མཚོ། ས་སྐྱ་པ་ཀུན་དགའ་རིན་ཆེན། ཀརྨ་པ་ཐེག་མཆོག་རྡོ་རྗེ། ཞྭ་ལུ་བློ་གསལ་བསྟན་སྐྱོང༌། དཀོན་མཆོག་བསྟན་པ་རབ་རྒྱས། ལྷ་བཙུན་ཡེ་ཤེས་དོན་གྲུབ། དགེ་བཤེས་བྱམས་པ་ཕུན་ཚོགས། ཞབས་དྲུང་ནམ་མཁའ་རྒྱལ་མཚན། དགེ་མང་གཞན་ཕན་མཐའ་ཡས། གཏེར་ཆེན་མཆོག་གླིང༌། ཁོ་བོ་ཡན་རྗེ་ཉིད་ཀྱི་བླ་མ་གལ་ཆེན་རྣམས་ཀྱི་གསེར་སྐུ་བྱོན་ལེགས་མཐོ་གང་སོར་གསུམ་རེ་ལྷག་ཙམ་ཐམས་ཅད་ཚད་གཅིག་པ་སོགས། ཡི་དམ་སྐོར་ལ། ཀྱེ་རྡོར་རྒྱ་ནག་མ་ཐུགས་དམ་རྟེན་བྱིན་ཅན་ལ། འཁོར་ལྷ་མོ་བརྒྱད་གསེར་སྐུ། རྡོ་རྗེ་གུར། སམྦུ་ཊ། དཔལ་དུས་ཀྱི་འཁོར་ལོ་དེང་དུས་ཙམ་ན་བཟོ་ཁྱད་ཕུལ་ཕྱིན་དཔེར་བྱར་འོས་པ། གསང་འདུས་མི་བསྐྱོད་པ་འཇམ་པའི་རྡོ་རྗེ་གཉིས། བདེ་མཆོག་ལཱུ་ཧི་པ། ནག་པོ་པ། རྡོ་རྗེ་འཇིགས་བྱེད་བསྐུམ་ཁྲུ་གང༌། གཤིན་རྗེ་གཤེད་དམར་པོ། དགྲ་ནག །འབྱུང་འདུལ། མཁའ་སྤྱོད་སྐོར་གསུམ། དམར་པོ་སྐོར་གསུམ། དམར་ཆུང་སྐོར་གསུམ། གསེར་ཆོས་ཚེ་དཔག་མེད་སྤྲུལ་སྐུ། སེང་གེ་སྒྲ། གདུགས་དཀར། འོད་ཟེར་ཅན་མ། རི་ཁྲོད་མ། འཇམ་དཔལ་ནག་པོ། ཁྱུང་ཁྲ། མི་གཡོ་བ། ཕྱག་རྡོར་གཏུམ་པོ། ཕྱག་རྡོར་འཁོར་ཆེན། སྒྲོལ་མ། རྟ་མགྲིན་གསང་སྒྲུབ། རྡོར་སེམས་ཡབ་རྐྱང་དང༌། ཧེ་རུ་ཀཿ ཙན་དཀར་ལས་བསྐྲུན་པའི་མགོན་དཀར། གཟིམ་ཆུང་དུ་མཁན་སློབ་ཆོས་གསུམ། མར་མི་དྭགས་གསུམ། ཇོ་བོ་རྗེ། རྗེ་ཡབ་སྲས་གསུམ། གནས་བརྟན་བཅུ་དྲུག །ཙནྡན་གྱི་བདེ་མཆོག །གསང་འདུས་སོགས་སྐུ་རྟེན་སྤུས་ནམ་ལྡན་པ་ཤིན་ཏུ་མང་པོ། ལྷ་ཁང་གི་ལོགས་རྣམས་སུ་སངས་རྒྱས་སྟོང་སྐུའི་ལྡེབས་རིས་གྲང་གསེར་བྱིབས་བྱུགས་དང་བྲིས་བཀོད་ཕུན་སུམ་ཚོགས་པ། སྒོར་ཆོས་སྐྱོང་གི་རིགས་སོགས་སྒྲོས་ལེགས་བཞུགས། གསུང་རྟེན་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་མཚལ་ཤོག་གདོང་དར། གླེགས་ཤིང་ཐག་ཡན་ཤིན་ཏུ་སྤུས་ལྡན་ཆ་གཅིག་གི་མཚོན་མདོ་སྔགས་གཞུང་གདམས་མན་ངག་གི་རིགས་པུསྟི་གྲངས་མང་བས་གཏམས། གསེར་དངུལ་བཀྲ་མའི་མཆོད་སྡོང་ཆ་བརྒྱད་ཁྲུ་གང་རེ་ཅན་ཕྲ་རྒྱན་བཟོ་ཁྱད་སོགས་སྒྲོས་ལེགས། ཟངས་གསེར་ལས་བསྐྲུན་པའི་མཆོད་རྟེན་མདའ་ཚད་ལྷག་ཤིན་ཏུ་སྤུས་ལྡན་བྱོན་གཙང༌། ཤིང་གི་མཆོད་སྡོང་ཆ་བརྒྱད་གསེར་འདུར་གསོལ་བ། གཞན་ཡང་གསར་དུ་བཞེངས་པར་མཛད་པའི་རྣམ་སྣང་མངོན་བྱང་ཁྲི་རྒྱབ་བཅས་སྤུས་ལེགས་མདའ་ཚད་མ། རྡོ་རྗེ་སེམས་དཔའ། སློབ་དཔོན་བཅས་མདའ་ཚད་རེ་གཙོས་ལྷ་ཁང་འདི་ཁོ་ནར་བླ་མ་ཡི་དམ་ཆོས་སྲུང་སོགས་ཀྱི་སྐུ་བརྙན་གསར་རྙིང་ཆེ་ཆུང་ལྔ་བརྒྱ་སྐོར་དང༌། བཀའ་གདམས་མཆོད་རྟེན་ཆ་བརྒྱད་གཙོས་མཆོད་རྟེན་ཆེ་ཆུང་སུམ་ཅུ་ཙམ་བཞུགས་ཁང་སོགས་བཀོད་ལེགས་ཁྱད་མཚར་དང་བཅས་བཞུགས་སུ་གསོལ་བར་མཛད་ཅིང༌། གོང་གསལ་གསར་དུ་བཞེངས་པར་མཛད་པའི་བླ་སྐུ་རེ་ལ། མགར་བ་ལས་ཟངས་སྐུ་བསླུས་པའི་དབང་དུ་དངུལ་སྲང་བདུན་རེ། ལག་བཟོས་ལ་དེ་ལྷག་སྲང་དོ་རེ་ཙམ་གནང་བ་བཅས་མདོར་བསྡོམས་སྐུ་རེ་ལ་དངུལ་སྲང་འདེགས་བརྒྱད་རེ་འགྲོ་ངེས་དང༌། གཙོ་བོ་ཐུབ་དབང་སྐུ་ལ་དངུལ་རྡེལ་ཚད་བརྒྱད་ཙམ། བྱམས་པ་ཚེ་དཔག་གཉིས་བསྡོམས་རྡེལ་ཚད་བདུན་ཙམ། དུས་ཀྱི་འཁོར་ལོའི་སྐུ་ཡོན་བདག་གཞན་གྱིས་གུས་པས་ཕུལ་བ་ལ་ལེགས་གསོས་ཀྱི་ཚུལ་དུ་དངུལ་སྲང་བཞི་བཅུ་ཐམ་པ་གནང་ཞིང་བསྡོམས་པས་དངུལ་སྲང་དྲུག་ཅུ་ཙམ། བདེ་གསང་གུར་སཾ་རྣམས་ལ་དངུལ་སྲང་ཉི་ཤུ་རེ། དམར་པོ་སྐོར་གསུམ་ཅན་གསེར་ཆོས་ལྷ་རྣམས་ལ་དངུལ་བཞི་རུ་རེ། རྣམ་སྣང་མངོན་བྱང་སྐུ་དང༌། རྡོ་རྗེ་སེམས་དཔའ་བཅས་ལ་དངུལ་སྲང་བདུན་ཅུ་དོན་ལྔ་རེ་ཙམ། མཆོན་རྟེན་ཆེ་བ་ལ་རྡེལ་ཚད་བཞི། ཆ་བརྒྱད་ལ་དངུལ་སྲང་ཉི་ཤུ་རེ་གནང་རྩིས་ཀྱིས་རྡེལ་ཚད་གསུམ་དྲག་ཙམ་གྱི་ཡོན་བསྟབས་པ་ཡིན་འདུག་པ་སོགས་དེ་དག་གིས་ཕྱིས་འདིར་བསྟན་འགྲོའི་གསོས་སུ་དགོངས་ཏེ་གསར་བཞེངས་དབུ་རྩེའི་ལྷ་ཁང་རྟེན་བརྟེན་པར་བཅས་པའི་བཞུགས་ཚུལ་ཕྱོགས་ཙམ་སྨྲོས་པས་མཚོན། ཐུབ་དབང་གནས་བཅུ་ལྷ་ཁང་ངོ་མཚར་ཀུན་ཏུ་གཟིགས་པའི་ཞིང་ཁམས་ཀ་བ་དགུའི་མལ་གསར་བཞེངས་ལ། རྟེན་གཙོ་གསེར་ཟངས་ལས་གྲུབ་པའི་ཐུབ་དབང་ལོངས་སྤྱོད་རྫོགས་སྐུ་ཆེ་ལེགས་ཁྲི་རྒྱབ་ཡོལ་སོགས་སྤུས་ལྡན་ལ་འཁོར་ཉེ་སྲས་བརྒྱད། གནས་བརྟན་བཅུ་དྲུག །ལྟུང་བཤགས་སོ་ལྔ། རྡོ་རྗེ་འཆང་ལི་མ། སྒྲོལ་མ་ཉེར་གཅིག །གུ་རུ་མཚན་བརྒྱད། ཀུན་རིག་རྩ་ལྷ་སོ་བདུན། རྒྱལ་བ་རིག་ལྔ་སོགས་གསེར་ཟངས་ཤིན་ཏུ་སྤུས་ནམ་ལྡན་པས་མཚོན། གཞན་ཡང་སྐུ་བརྙན་སྣ་ཚོགས་པ་ཕྱོགས་བསྡོམས་སུམ་བརྒྱ་སུམ་ཅུ་ཙམ། གསེར་ཟངས་བྱང་ཆུབ་མཆོད་རྟེན་ཆེ་ལེགས། ཆ་བརྒྱད་ཆ་གསུམ་སོགས་མཆོད་རྟེན་ཆེ་ཆུང་སུམ་ཅུ་སོ་བཞི་ཙམ། བཀའ་འགྱུར་རིན་པོ་ཆེ། བསྟན་བཅོས་འགྱུར་རོ་འཚལ། འཁོར་ལོ་ཐ་མའི་མདོ་སྡེ་ཕྱོགས་བསྡུས་ངེས་དོན་པོད་དྲུག །ཤེར་ཕྱིན་སྟོང་ཕྲག་བརྒྱ་པ། ས་སྐྱ་གོང་མ་རྣམ་ལྔའི་བཀའ་འབུམ། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གསུང་འབུམ། འཇམ་མགོན་ཨ་མེས་ཞབས་ཀྱི་བཀའ་འབུམ། ཞྭ་ལུའི་དཀྱིལ་ཆོག་རིགས། རིག་གནས་ཆ་ཚང་སོགས་གླེགས་བམ་ཤིན་ཏུ་གྲངས་མང་གིས་གཡོན་ལོགས་དྲྭ་མིག་ཁྱབ་པར་བཀང༌། དེའི་ཁང་སྟེང་དུ་དཔེ་མཛོད་ཐུགས་ཆེན་ལྷ་ཁང་གྲུ་འཛིན་བཀོད་པར་གཙོ་བོ་ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་གསོ། ཐུགས་ཆེན་ཕྱག་བཞི་པ། བཅུ་གཅིག་ཞལ་རྣམས་གསེར་ཟངས་ཕྲ་བཀོད་སོགས་སྤུས་ནམ་ལྡན་པ། བདེ་གཤེགས་སོ་ལྔ་ཆུང༌། མཆོད་རྟེན་ཆ་བརྒྱད། དཔེ་སྒམ་བཞིའི་ཁྲོད་དུ། ས་སྐྱ། རྙིང་མ། བཀའ་བརྒྱུད། དགེ་ཕྱོགས་ཀྱི་ཡིག་ཆ་མ་ཚང་བ་མེད་པ། སྨན་རྩིས་འགྲེལ་པ་སོགས་རིག་གནས་སྐོར་ཏེ་བྲིས་མ་ཤས་ཆེའི་གླེགས་བམ་ཤིན་ཏུ་གྲངས་མང་གིས་ཕྱུར་བུར་བཀང་བ་དང༌། སྟེང་དུ་ཟངས་གསེར་གྱི་གཉྫིར་ཆེ་ལེགས་བཅས། འདུ་ཁང་སྟེང་ལམ་འབྲས་ལྷ་ཁང་དུ། ཐུབ་དབང་གནས་བཅུ། བིརྺ་པ། གོང་མ་རྣམ་ལྔ། གུ་རུ་མཚན་བརྒྱད། བླ་སྐུ་རིགས་རེ་ཟུང༌། མཆོད་རྟེན་སྤུས་ལེགས། ས་སྐྱ་བཀའ་འབུམ་སོགས། བླ་མ་ལྷ་ཁང་དུ་གསར་བཞེངས་འདྲ་ཞལ། གྲུབ་མཐའ་རིས་མེད་བླ་སྐུ་སོགས་སྐུ་བཅོ་ལྔ་སྐོར། རྙིང་མ་རྒྱུད་འབུམ། རྫོགས་ཆེན་སྙིང་ཐིག་ཡ་བཞི། ཀློང་ཆེན་མཛོད་བདུན་སོགས་གླེགས་བམ་དུ་མ། ཛཾ་ནང་སྒྲུབ་ཕུག་ལྷ་ཁང་སྟེང་འོག་ཏུ་གུ་རུ་བདེ་བ་ཆེན་པོ། མཚོ་རྒྱལ་སྐུ་བཅས་ཟངས་གསེར་ལས་བསྐྲུན་པ། གཞན་དེ་ག་ཕན་ཚུན་དུ་སྒྲོལ་མ་ཉེར་གཅིག་སོགས་གསེར་སྐུའང་མང་ཙམ། མཛོད་བདུན་སོགས་གླེགས་བམ་མང་རབས། འོག་ཏུ་གཟིམ་ཁང་ཡིན་རྒྱུའི་ནང་སྐུ་ཞལ་ཐང༌། མཆོད་ཆ། ཐབ་ཆས་སྐོར་ཆ་ཚང་རྟེན་འཇོག་དང༌། ཟླ་གམ་དབང་ཕུག་སྒྲུབ་ཁང་དུ་རྩ་གསུམ་བྱིན་རླབས་རང་བབ་ལྡེར་སོ་བྱོན་ལེགས་ཀྱི་གཙོས་རྟེན་གསུམ་དགོས་ཆ་ཚང་མ། རོང་མེ་དཀར་མོ་སྟག་ཚང་སྒྲུབ་ཁང་དང་རྟེན་གསུམ་བཅས། ཁང་དམར་མདོར་ལྷ་ཁང་བང་བ་གསར་འཛུགས་དང་ཟངས་གསེར་ལས་གྲུབ་པའི་ཐུབ་སྐུ་མདའ་ཚད་མ་གཙོས་པའི་རྟེན་གསུམ་མཆོད་ཆ་ཅི་རིགས་སྦྱོར་འཇགས་དང༌། ཁམ་བྱེ་ཐང་དུ་རིགས་གསུམ་ལྷ་ཁང་ཀ་བ་དགུ་ཅན་གསར་བསྐྲུན་མཛད་པའི་ནང༌། ཐུབ་དབང༌། ཉེ་སྲས་བརྒྱད། གནས་བརྟན་བཅུ་དྲུག །རིགས་གསུམ་མགོན་པོ་ཆེ་ལེགས་རེ། ཆོས་སྐུ་ཡུམ་ཆེན་སྐུ་རྒྱ་ནག་མ་ཁྲུ་ཚད་ལ་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བས་མཚོན་སྐུ་ཐོར་བུ་མང་པོ། བཀའ་གདམས་མཆོད་རྟེན་བཟོ་དབྱིབས་ཁྲུ་ཚད་ལ་སྐུ་གདུང་ཆ་བརྒྱད་ཟངས་གསེར་ལས་བསྐྲུན་པས་བསྐོར་བ། ཤེར་ཕྱིན་སྟོང་ཕྲག་བརྒྱ་པའི་གླེགས་བམ་བཅུ་གཉིས་སོགས་ཆོས་སྣ་མང་ཙམ་གྱི་གླེགས་བམ། ལྡེབས་རིས་ལ་སྡོམ་གསུམ་བརྒྱུད་པ། རིས་མེད་བླ་མ་སོགས་ཚོན་རིས་སྤུས་དག་དང་གཉྫི་ར་བཅས། རྗེ་ཉིད་ཀྱི་གཟིམ་སྤྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་གྱི་ལྷ་ཁང་ཕྱི་ནང་དུ་བླ་མ་ཡི་དམ་ཆོས་སྲུང་གི་སྐུ་བརྙན་ལི་མ། གསེར་ཟངས་གསར་རྙིང་བརྒྱ་དང་བཅུ་སྐོར། གསུང་རྟེན་གླེགས་བམ་ཤིན་ཏུ་མང་པོས་ཕྱི་ནང་ཐམས་ཅད་ཁྱབ་པར་བཀྲམ་པའི་བྱིན་རླབས་ཀྱི་གཟི་བརྗིད་དཔལ་དུ་འབར་བར་བཞུགས་པ་བཅས་འདི་རིགས་རྗེ་བླ་མ་རང་ཉིད་ཀྱིས་མགོ་ལུང་རྒྱུ་འདོན་བཅས་ཀྱིས་གསར་བཞེངས་གནང་བའི་ལྷ་ཁང་རྟེན་གསུམ་འབའ་ཞིག་དང༌། གཞན་ཡང་ངོས་ཀྱི་རི་ཁྲོད་སྒྲོལ་མ་ལྷ་ཁང་དུ་འཆི་མེད་འཕགས་མའི་སྐུ་བརྙན་གསེར་ཟངས་ཕྲ་བཀོད་སོགས་ནམ་ལྡན་གཙོ་འཁོར་བཅུ་བཞི་གནང་ཞིང༌། རྫོང་སར་འདུ་ཁང་དུ་སྐུ་བརྙན་ཐོར་བུ་བཞི་བཅུ་སྐོར་རྟེན་བཞག་དང༌། ཨ་ལོ་དཔལ་འབྱོར་དགོན་དུ་མཁན་བླ་མ་བཀྲ་ཤིས་འོད་ཟེར་གྱི་ལྷ་ཁང་དུའང་སྟོན་པ་ལོངས་སྐུ་གསེར་ཟངས་ལས་བསྐྲུན་པ། བདེ་གཤེགས་སོ་ལྔ། ཉེ་སྲས་བརྒྱད་ཀྱི་ལྡེམ་སྐུ་གསེར་ཟངས་མཐོ་གང་བ་རེ་བཅས་བསྩལ། དགོན་ཆེན་ཀུན་ཡོན་ལྷ་ཁང་དུ་བླ་བརྒྱུད། ཀྱེ་རྡོར་ལྷ་དགུ་སོགས་གསེར་སྐུ་ལྔ་བཅུ་ཙམ་བསྩལ་གནང་དང༌། རྫོང་སར་མངའ་སྒང༌། གནས་ར་བཅས་ཀྱི་ལྷ་ཁང་གསར་བསྐྲུན་སོགས་ཀྱི་མཚོན་པའི་གཞན་དང་གཞན་ཀུན་ལ་དེ་འདྲའི་རྣམ་དཀར་རྟེན་བཞེངས་ཀྱི་བདག་རྐྱེན་ཅི་རིགས་པ་གནང་བ་མ་ཟད། གྲྭ་རྐྱང་ས་སྐུ་དྲྭ་མིག་ཙམ་བཞེངས་པའི་རྩོལ་བ་བྱེད་མཁན་རྣམས་ལ་ཚོན་རྩི་ཡན་གནང་བའི་མཐུན་འགྱུར་རྣམ་པ་ཀུན་ཏུ་མ་མཛད་པ་མེད་པ་ལྟ་བུ། འདི་རིགས་ཀྱང་རྗེ་བླ་མའི་ཐུགས་རྗེ་བརྒྱུད་ནས་བྱུང་བ་གོར་མ་ཆག་པས་མཚོན། མདོར་ན་སྔ་ཕྱིར་གོང་གསལ་ལྷ་ཁང་ཁག་རྣམས་སུ་བཀོད་མཛེས་སུ་གཏན་བཞག་མཛད་པ་དང༌། བླ་དགོན་གཞན་ལའང་ཅི་རིགས་པར་བསྩལ་བ་བཅས་གསེར་ཟངས་འབའ་ཞིག་ལས་གྲུབ་པ་སྟོང་ཕྲག་གཉིས་ཙམ་བཞེངས་པར་མཛད་པ་དང༌། གསུང་རྟེན་སྐོར་རྗེ་ཉིད་ནས་ཇོ་ནང་རིན་འབྱུང་གི་རྒྱབ་ཆོས་ཚུལ་དུ་ལྷ་སོ་སོའི་སྒྲུབ་ཐབས་ལས་ཚོགས་བཅས་དཀྱུས་གཅིག་ཏུ་བཀའ་བསྡུ་སྤེལ་བའི་གསང་སྔགས་གསར་མའི་སྒྲུབ་ཐབས་རབ་འབྱམས་གཅིག་ཏུ་བཏུས་པའི་གླེགས་བམ་ཆེན་པོ་བཅུ་གཅིག་གི་ཡོན་སྨར་ཟོང་སྦྱར་ཏེ་སྤར་དུ་བསྐྲུན་པར་མཛད་པས་མཚོན། གསར་རྙིང་གི་འདོན་ཆ་ཉེར་མཁོ་མང་ཙམ། ཇོ་བོའི་ཆོས་ཆུང་བརྒྱ་རྩ། ཇོ་ནང་རྗེ་བཙུན་སྒྲོལ་མགོན་ཞབས་ཀྱིས་བསྡེབས་པའི་བདག་ཅག་གི་སྟོན་པའི་མཛད་བརྒྱ། རྒྱ་གར་ཆོས་བྱུང༌། བྱམས་ཆོས་ལྔ་སོགས་བཀའ་པོད་ཕལ་ཆེའི་རྩ་བ། མངོན་པ་གོང་འོག་དང༌། ཀུན་མཁྱེན་རོང་པོའི་འབྱེད་གཉིས་ཀྱི་འགྲེལ་པ་སོགས་གཞུང་དང་གཞུང་འགྲེལ་དུ་མ་ཕྱག་བསྟར་གྱིས་སྤར་དུ་བཀོད་པ་དང༌། དཔྱོད་ལྡན་འབྱོར་པ་ཅན་གཞན་ལའང་ཞལ་བསྒོས་ཀྱིས་བསྐུལ་ཞིང་དངོས་པོའི་ཞལ་འདེབས་སྦྱར་བའི་སྒོ་ནས་བསྒྲུབས་པའང༌། དགོན་ཆེན་དུ་རོང་སྟོན་ཆེན་པོའི་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་འགྲེལ་བཤད་དང་རྒྱུད་བླ་མའི་འགྲེལ་པ་བཅས། རྨ་བྱ་བྱང་བརྩོན་གྱི་དབུ་མ་རྩ་བའི་འགྲེལ་པ། རེ་མདའ་བའི་དབུ་མ་འཇུག་པའི་འགྲེལ་པ། མཚོ་སྣ་བའི་འདུལ་བ་མདོ་རྩའི་འགྲེལ་ཆེན་གླེགས་བམ་གཉིས། སྐྱེད་ཚལ་བའི་འདུལ་ཊཱིཀ །མཆིམས་འཇམ་པའི་དབྱངས་ཀྱི་མངོན་མཛོད་འགྲེལ་ཆེན་གླེགས་བམ་གཉིས། ས་བཟང་པཎ་ཆེན་སྤྱོད་འཇུག་འགྲེལ་ཆེན། རྒྱལ་སྲས་ཐོགས་མེད་སྤྱོད་འགྲེལ་དང༌། མདོ་སྡེ་རྒྱན་འགྲེལ། ཀློང་ཆེན་པའི་ཡིད་བཞིན་མཛོད་རྩ་འགྲེལ། མི་ཕམ་རྒྱ་མཚོའི་དབུ་མ་རྒྱན་གྱི་འགྲེལ་ཆེན། འུ་ཡུག་པའི་ཚད་མ་རིག་པའི་མཛོད་སོགས་མདོ་སྔགས་གཞུང་འགྲེལ་རིག་པའི་གནས་སོགས་ཀྱི་གླེགས་བམ་བཞི་བཅུར་ཉེ་བའི་སྤར་དང༌། བཀའ་གཏེར་གསར་རྙིང་གྲུབ་མཐའ་རིས་མེད་པའི་གཞུང་གདམས་མན་ངག །ཐ་ན་སོ་སོའི་ལམ་མཐུན་མན་ངག་ཚད་ལྡན་ཤོག་ལྡེབ་གཅིག་འདུག་ཀྱང་གསར་བྲིས་ཀྱིས་བཞེངས་པར་མཛད་པའི་པུསྟི་ཉིས་བརྒྱ་ཡར་བརྒལ་དང༌། བོད་དབུས་གཙང་དུ་བཞུགས་པའི་སྤར་མ་གལ་གང་ཆེ་ཐམས་ཅད། མདོ་ཁམས་འདིར་སྤར་ལྡེབ་གཅིག་ཙམ་གང་མཆིས་ཚར་རེ་མ་བཏབ་པ་མེད་པ་སོགས་བྲིས་མ་དང་སྤར་མ་བསྡོམས་པས་པུསྟི་ཀ་སྟོང་ཕྲག་གཉིས་ཙམ་གསར་དུ་བཞེངས་པར་མཛད་པ་དེ་དག་ལའང་གླེགས་ཤིང༌། གླེགས་ཐག །གདོང་དར། ཆབ་མགོ། སྒྲིལ་ཆས་ཡན་ཤིན་ཏུ་རྒྱུ་སྤུས་དག་པའི་བཀུར་སྟི་སྲི་ཞུ་བཅས་མིག་གི་བདུད་རྩིར་མཛད་པ་དང༌། ཐུགས་རྟེན་ལྷུན་གྲུབ་སྟེང་མཆོད་སྡོང་མཐོང་གྲོལ་ཆེན་པོ་ཐོག་ཚད་ཤིན་ཏུ་མཐོ་བ་གསེར་དངུལ་ཕྲ་རྒྱན་གྱི་བཀོད་པ་སོགས། སྤུས་ནམ་ལྡན་པ་དངུལ་རྡེལ་ཚད་བརྒྱ་དང་བརྒྱད་ཙམ་གྱི་བབས་ཀྱིས་བསྐྲུན་པར་མཛད་པས་གཙོས་གསེར་ཟངས་འབའ་ཞིག་ལས་གྲུབ་པའི་མཆོད་སྡོང་ཆེ་ཆུང་བརྒྱ་ཕྲག་ལྷག་པ་བསྒྲུབས་པར་མཛད་པ་སྟེ། གོང་སྨྲོས་རྟེན་གསུམ། ལྷ་ཁང་བཅས་རབ་ཏུ་མང་བ་བཞེངས་པར་མཛད་པའི་རིགས་གཙོ་ཆེ་བ་རགས་པ་བསྡུས་པའི་ལུགས་ཀྱིས་ས་བོན་ཙམ་སྨྲོས་པར་ཟད་ཀྱི། སྐུ་བརྙན་དང་གླེགས་བམ་གྱི་ཚོགས་འདུ་མཛད་པས་དེ་དག་གཞན་ལ་གནང་སྩོལ་མཛད་པ་ཡན་རྣམ་གྲངས་སོགས་རེ་རེ་ནས་ཞིབ་པར་སྨྲོས་ཀྱིས་མི་ལངས་ཤིང་ཧ་ཅང་ཡི་གེའི་ཚོགས་སུ་ཆེ་བ་དང༌། འདིར་དེ་ཙམ་ལས་བཀོད་དགོས་པའི་གལ་ཆེན་པོ་རང་ཡང་མི་འདུག་པས་དེ་ཙམ་མོ། །བླ་མ་དང་དགེ་འདུན་ལ་ཡུལ་ཁྱད་པར་བར་དགོངས་ཏེ་བསྙེན་བཀུར་མཛད་པའང༌། རྗེ་རང་ཉིད་ཀྱིས་ཟབ་རྒྱས་ཆོས་ཀྱི་བདུད་རྩི་བཞེས་པའི་བླ་མ་རྡོ་རྗེ་འཛིན་པ། དགེ་བའི་གཤེས་གཉེན་སྔ་ཕྱི་ཀུན་གྱི་ཞལ་སྔར་བཀའ་ཆོས་གསན་པའི་སྔ་ལོགས་སམ་ཐོག་མར་ཞུ་རྟེན་མེ་ཏོག་གམ་མཎྜལ། མཇུག་གྲུབ་པའི་སྐུ་དྲིན་གཏང་རག་གི་མཆོད་སྤྲིན་དངོས་པོ་སྤུས་ནམ་གང་ལྡན་རྩལ་སྤྲུགས་ཀྱིས་གཡོ་ཟོལ་སེར་སྣའི་དྲི་མས་ཅུང་ཟད་ཀྱང་མ་གོས་པར་གུས་ཤིང་དྭངས་བ་ཆེན་པོས་ལན་མང་དུ་སྤྲོས་ཏེ་ཕུལ་བ་དང༌། ཕྱིས་འདིར་ཡང་དཔལ་ཡུལ་སྤྲུལ་པའི་སྐུ་ཀརྨ་ཀུན་བཟང་བསྟན་འཛིན། ཛ་ཀ་མཆོག་གི་སྤྲུལ་སྐུ་ཀུན་བཟང་རྣམ་རྒྱལ་དག་གི་ཞལ་སྔ་ནས་ཟབ་ཆོས་ཀྱི་དབང་ལུང་དུ་མ་གསན་བཞེས་གནང་བའི་སྐབས་རྣམས་སུ་ཡོན་དང་མཎྜལ་གྱི་དངོས་པོ་བཟང་ལ་གྱ་ནོམ་པས་དགྱེས་པ་བསྐྱེད་པ་དང༌། བདག་ཅག་ལའང་བོང་བ་གསེར་དུ་གཟིགས་པའི་དག་སྣང་གིས་རྗེ་ཉིད་ཀྱི་བླ་མའི་གྲལ་དུ་འཇོག་ཅིང་སྔ་ཕྱི་དུས་རྣམ་ཀུན་ཏུ་མཎྜལ། ཞབས་བརྟན་སོགས་ཀྱི་ཆེད་དུ་སྐུ་གསུང་ཐུགས་རྟེན་རྩ་བ་གང་ཆེས་ཐོག་དྲངས། དངོས་རྫས་ཉེར་སྤྱད་མཁོ་རྒུ་སྤུས་ཀ་གཙང་དག་གི་རིགས་གྱུར་ཡང་ནས་ཡང་དུ་བསྩལ་བ་སོགས་ཀྱི་མཚོན། རིས་མེད་ཀྱི་བླ་མ་ཆོས་ཀྱི་འབྲེལ་ལྡན་རྣམས་ལ་བཀུར་བསྟི་མཆོད་འབུལ་རྒྱ་ཆེ་ལ་རྒྱུན་ཆགས་པར་མཛད་པའང༌། བླ་མ་ལྔ་བཅུ་པ་ལས། མི་བཟད་དེ་ཉིད་འདོད་པ་ཡིས། །ཅུང་ཟད་ཡིད་འོང་གང་དང་གང༌། །ཤིན་ཏུ་ཁྱད་པར་གྱུར་པ་ཉིད། །དེ་དང་དེ་ནི་བླ་མར་དབུལ། །ཞེས་སོགས་མདོ་རྒྱུད་བསྟན་བཅོས་ཀུན་ནས་བླ་མ་དགེ་བའི་བཤེས་གཉེན་ལ་བཀུར་ཞིང་མཆོད་པའི་ཚུལ་རྒྱ་ཆེར་འབྱུང་བའི་དོན་ཐུགས་དབུས་སུ་བཅངས་ཏེ་ཕྱག་ལེན་དུ་ཁེལ་བར་མཛད་པ་དང༌། རིས་མེད་པའི་དགེ་འདུན་གྱི་སྡེ་ཆེ་ཕྲ་གང་ན་སུ་མཆིས་པ་ཐམས་ཅད་ལ་ཕྱིས་དེར་དུས་འཁྲུགས་སྟོབས་སུ་བདོ་བའི་རྐྱེན་གྱིས་ཕལ་མོ་ཆེ་ཉམས་གུད་ཆེར་གྱུར་པ་རྣམས་ལ་ཞིག་གསོལ་ཞལ་འདེབས་ཀྱི་ཚུལ་དུ་གནང་སྦྱིན་དངོས་ཇ་སྟོང་ཕྲག་གསུམ་ལྷག་པ་བསྩལ་ཅིང༌། རྒྱ་བོད་ཀྱི་དཔོན་ཆེན། ཆོས་རྒྱལ་སྡེ་དགེ་དཔོན་བློན་རྣམས་ལ་མཐུན་སྦྱོར་མཛད་གལ་གནད་བཀྲོལ་གནང་བའི་སྒོ་ནས་སྔར་གནས་སོར་ཆུད་ཀྱི་ཉམས་པ་གསོས་པའི་བདག་པོའི་རྐྱེན་དང༌། མཆོད་ཐེབས་ཀྱི་ཞལ་འདེབས། ལུགས་གནས་ཚུལ་མཐུན་གྱི་ཞལ་བསྒོས་ཚུལ་བཞིན་བསྩལ་བའི་སྒོ་ནས་དར་རྒྱས་འཕེལ་བའི་བཀའ་དྲིན་རླབས་པོ་ཆེ་གནང་བ་ནི། ཇི་སྐད་དུ། སྐྱེས་རབས་ལས། ཟླ་བའི་ཀུན་དགའ་ཉི་མའི་རབ་གསལ་དང༌། །མེ་ཡི་ཚ་བ་རླུང་གི་མགྱོགས་པ་དང༌། །སྙིང་རྗེའི་དགའ་བ་སྐྱེ་བོ་ཆེ་རྣམས་ཀྱིས། །གཞན་ལ་ཕན་པ་ལྷན་སྐྱེས་རང་བཞིན་ཡིན། །ཞེས་གསུངས་པ་ལྟར་བསྟན་འགྲོར་གཅིག་ཏུ་ཕན་པ་ལྷུར་བཞེས་པའི་རྣམ་ཐར་གཙང་མ་ནི་རྗེ་འདི་ལ་མངའ་བ་མངོན་སུམ་པའི་ཚད་མར་གྲུབ་ཅིང༌། གཞན་ཡང་ཕན་ཚུན་གྱི་ཆོས་སྡེ་ཆེ་ཆུང་རྣམས་ལ་ལོ་རེ་བཞིན་དུ་གཟུངས་སྔགས་དང་བསྔོ་བའི་རྟེན་ཡོན་སྦྱར་གནང་བ་སྔ་རྗེས་དངོས་ཇ་བཞི་སྟོང་ལྷག་པའི་རྩ་བ་ཉམས་མེད་དུ་ཕུལ་བས་མཚོན། ཐ་ན་དབེན་པའི་རིར་དགེ་སྦྱོར་ལ་གནས་པའི་བྱ་བྲལ་ཡན་ལ་ཆོས་དང་འཚོ་ཆས་ཀྱི་མཐུན་རྐྱེན་ཡང་དག་པས་སྐྱོང་བ་སོགས་བླ་མ་དགེ་འདུན་ལ་བསྙེན་བཀུར་ཆོས་དང་མཐུན་པའི་ཕྱག་ལེན་འདི་ལྟ་བུ་སྐུ་ཉམས་སུ་བསྟར་བའི་ཕྱིས་ཀྱི་དུས་འདིར་གངས་ཅན་ཙམ་ན་རྗེ་འདི་ཙམ་ལས་མང་དུ་མཆིས་པ་མི་དྲན་ཏོ། །དུས་དང་རྒྱུན་གྱི་མཆོད་པའི་སྤྲིན་དུ་གྱུར་པ་ཁོར་ཡུག་ཏུ་ཆད་པ་མེད་པར་མཛད་པའི་ཚུལ་ཡང༌། གོང་དུ་ཇི་ལྟར་སྨྲོས་ཟིན་པའི་ལྷ་ཁང་བཅུ་གསུམ་རྩ་ལག་རྣམས་སུ་མཆོད་པའི་ཡོ་བྱད་ཕུན་སུམ་ཚོགས་པ་སྤྱི་དང༌། བྱེ་བྲག་སྤོས་མར་མེ་སོགས་ཀྱི་རྒྱུན་ཐེབས་སྦྱོར་འཇགས། ཁྱད་པར་བདེ་མཆོག་ནག་པོ་ལུགས་ཀྱི་སྒྲུབ་མཆོད། གསང་འདུས་འཇམ་པའི་རྡོ་རྗེའི་སྒྲུབ་མཆོད། སྦྱོང་རྒྱུད་ཀུན་ཏུ་རིག་པའི་དཀྱིལ་འཁོར་གྱི་སྒྲུབ་མཆོད། རིགས་གསུམ་སྒྲུབ་མཆོད་སོགས་གསར་རྙིང་གི་རྒྱུད་སྡེ་མང་པོའི་སྒྲུབ་མཆོད་ཀྱི་རྒྱུན་ཇི་སྲིད་བར་འཛུགས་པར་མཛད་པའི་ཆས་འཁོར་ཡོ་བྱད་མཆོད་རྫས་གཟབ་སྤྲོས་སོགས་མཆོད་པའི་སྤྲིན་ཕུང་རྒྱུན་མི་ཆད་པ་དང༌། གཟིམ་སྤྱིལ་གྱི་ལྷ་ཁང་ཕྱི་ནང་བར་ཁྱམས་ཀུན་ཏུ་མར་མེའི་ཕྲེང་བ་ཉིན་མཚན་རྒྱུན་ཆད་མེད་པ། དྲི་བཟང་གི་བདུག་སྤོས་རྒྱུན་གཏུལ། གཞན་ཡང་མེ་ཏོག་གི་རིགས་གྱུར། ཆབ་གཙང་མའི་མཆོད་ཡོན་བརྒྱ་ཚར་མང་པོ། ཞལ་ཟས་ཀྱི་ཕྲེང་བ་སོགས་དུས་ཀུན་ཏུ་ཆད་བུལ་མེད་པའི་མཆོད་འབུལ་དངོས་དག་གཙང་སྦྲས་ཐོན་པ་དང༌། ཉིན་བསྟར་ཆགས་སུ་ཚོགས་མཆོད་ཀྱི་རྫས་བཟའ་བཏུང་བདའ་དགུའི་ཡོ་བྱད་དང་ལྡན་པ་རེ་ཆག་མེད། རྒྱལ་ཁམས་བསྟན་འགྲོ་སྤྱིའི་དོན་དུ་གླུད་བསྔོ་རེ་ལ་གླུད་རྫས་དངུལ་གྱི་དོང་ཙེ་གསུམ་བཞི་རེའི་རྩ་བ་ཡོད་པ་ཉིན་བཞིན་བཏང་བ་སོགས་གཉུག་མར་སྐྱོང་བའི་མཆོད་སྦྱིན་གྱི་རིགས་རྒྱ་ཆེན་དང༌། དམིགས་བསལ་དུས་ཀྱི་མཆོད་པའང་ཡར་མར་ཚེས་བཅུའི་མཆོད་པ་རྒྱས་པ་རེ་ལ་མར་མེའི་ཕྲེང་བ་ཁོ་ནའང་བརྒྱ་ཕྲག་ཁ་ཡར་གྱི་མཚོན་ཚོགས་ཀྱི་ཡོ་བྱད་སོགས་མཆོད་རྫས་དངོས་དག་ཅི་རྒྱས། རྒྱལ་བའི་དུས་ཆེན་བཞི་དང༌། ཉ་སྟོང་བརྒྱད་སོགས་ལ་གསུང་ཆོག་སྐབས་བབས་དང་འབྲེལ་བའི་སྤོས་དང་མར་མེ་བརྒྱ་རྩའི་ཕྲེང་བ་དུ་མ་ཚར་དུ་དངར་བའི་མཆོད་པའི་སྤྲིན་གྱི་བཀོད་པ། ཀུན་ཏུ་བཟང་པོའི་སྨོན་ལམ་ལས་བྱུང་བ་ལྟ་བུའང་ལོ་ཟླ་བསྟར་ཆགས་སུ་ཆག་འཕྲི་མེད་པར་འདུ་མཛད་ཅིང་། བསོད་ནམས་ཀྱི་ཚོགས་གསོག་པའི་ཐབས་ཀྱི་སྒོ་ལ་གཅིག་ཏུ་བརྩོན་པར་མཛད་པ་འདི་ཙམ་ཡང་། རྒྱུ་འབྲས་རྟེན་ཅིང་འབྲེལ་འབྱུང་ཟབ་མོའི་གནས་ལ་ཐུགས་ཀྱི་ངེས་པ་གཞན་དྲིང་མི་འཇོག་པར་འདྲོངས་པའི་རྣམ་ཐར་དུ་ངེས་པས་ཤེས་ལྡན་རྣམས་ཅིས་ཀྱང་ངོ་མཚར་བའི་གནས་སོ། །ཇི་སྐད་དུ། སྦྱིན་པའི་གཡབ་མོས་ལེགས་བོས་ཏེ། །སྙན་པར་སྨྲ་བས་ཡིད་རབ་དྲངས། །དོན་སྤྱོད་པ་ཡིས་བག་ཕབ་སྟེ། །དོན་མཐུན་གྲོས་ཆེན་གདབ་པར་བྱ། །ཞེས་གསུངས་པ་ལྟར་བསྡུ་བའི་དངོས་པོ་བཞིས་གདུལ་བྱ་འདུན་པར་བྱེད་པའི་ཐབས་ལ་བསྐལ་པར་གོམས་པ་བརྟན་པའི་མཐུས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཇུག་ངོགས་དམ་པ་འདི་ལྟ་བུའི་ཕྲིན་ལས་རྨད་དུ་བྱུང་བ་བདག་གིར་མཛད་པས། མཆོག་དམན་ཀུན་ལ་ཟང་ཟིང་དངོས་པོའི་གནང་སྦྱིན་གྱ་ནོམ་པ་ཕངས་པ་མེད་པར་སྟེར་བས་དགའ་བ་དང་མགུ་བ་སྐྱེད་ཅིང༌། དམན་པའི་འགྲོ་བ་བྱ་ཁྱི་ཡན་དབུལ་ཞིང་ཕོངས་པའི་རིགས་ལ་གང་འཚམ་གྱི་ཟས་གོས་སོགས་ལྷུག་པར་བསྩལ་པས་ལུས་སེམས་ལ་ཕན་པ་ཉེ་བར་བསྒྲུབས་པ་དང༌། ཐ་ན་གསུང་ཚིག་སྙན་ཅིང་ཡིད་དུ་འོང་བའི་འཕྲོས་གཏམ་གནང་བ་ཡན་གྱིས་གཞན་སེམས་ལ་སྤྲོ་བ་སྐྱེད་པ་སོགས། མདོར་ན་གཏོང་བ་ནམ་མཁའ་མཛོད་ཆེན་པོའི་སྒོ་གཏན་པ་མེད་པར་དབྱེ་བས་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་བསགས་པའི་ནོར་བུའི་གྲམ་བུ་ཐང་མར་བརྡལ་བས་སྲིད་ཞིའི་དབུལ་བ་ཐམས་ཅད་ཅིག་ཅར་དུ་བཅོམ་པར་མཛད་པ་ཡིན་ནོ།། །།རྩ་བའི་ས་བཅད་བརྒྱད་པ་མཛད་པ་ཕྲིན་ལས་མཐར་ཕྱིན་ནས་སྤྲུལ་པའི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་སུ་བསྡུས་པའི་ཚུལ་ནི། རྗེ་བླ་མ་ཐམས་ཅད་མཁྱེན་གཟིགས་ཆེན་པོ་དེ་ཉིད་ཐོག་མར་ཡོངས་འཛིན་དམ་པ་མང་པོ་བསྙེན་ནས་ཤེས་བྱའི་གནས་སྤྱི་དང་། ཁྱད་པར་མདོ་སྔགས་ཀྱི་ཆོས་ཚུལ་རིས་སུ་མ་ཆད་པ་མཐའ་དག་ལ་གསན་བསམ་མཐར་ཕྱིན་པར་མཛད་པས་ཆོས་ཀྱི་རྒྱ་མཚོ་ཆེན་པོར་གྱུར། བར་དུ་གསན་པ་ཙམ་དུ་མ་བཞག་པར་ཐོས་དོན་རྒྱུད་ལ་སྦྱོར་བའི་སྒོམ་སྒྲུབ་སྔགས་གསར་རྙིང་ཡོངས་རྫོགས་སུ་མཛད་པས་སྔོན་སྦྱངས་ཀྱི་འཕྲོ་སད་ནས་ས་དང་ལམ་གྱི་ཡོན་ཏན་ཡོངས་སུ་རྫོགས། མཐར་སྨོན་ལམ་དང་སྙིང་རྗེའི་རྩལ་ཤུགས་ཀྱིས་རིས་སུ་མ་ཆད་པའི་བསྟན་པ་དང་མཆོག་དམན་བར་མའི་འགྲོ་བ་མཐའ་དག་ལ་ཕན་པ་དང་བདེ་བའི་ཕྲིན་ལས་ཀྱི་བདུད་རྩིའི་ཀླུང་ཆེན་པོ་ཕབ། ཁྱད་པར་དུ་ས་སྐྱ་པཎ་ཆེན་གྱི་ཞལ་ནས། ལུང་རིག་རྗེས་སུ་གདམས་པ་འོ། །ཞེས་གསུངས་པ་ལྟར། མདོ་རྒྱུད་བསྟན་བཅོས་ཚད་མར་གྱུར་པའི་ལུང་དང༌། སྒྲ་ཚད་དངོས་སྟོབས་དང་མཐུན་པའི་རིག་པ་དང༌། ཆོས་ཉིད་ཟབ་མོ་དང་མི་འགལ་བའི་རྗེས་སུ་གདམས་པས་སྐལ་པ་དང་ལྡན་པའི་གང་ཟག་དབང་པོ་མཆོག་དམན་མཐའ་ཡས་པ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་བཀྲི་བ་སོགས། དེང་སང་སྙིགས་དུས་ན་བསྟན་འཛིན་གྱི་སྐྱེས་བུ་སུས་ཀྱང་འགྲན་གྱི་ཟླ་དང་བྲལ་བའི་མཛད་པའི་ཕྲིན་ལས་ཐམས་ཅད་མཐར་ཕྱིན་ནས། མདོ་སྡེ་རྒྱན་ལས། ཇི་ལྟར་ཆུ་ཡི་སྣོད་ཆག་ན། །ཟླ་བའི་གཟུགས་བརྙན་མི་སྣང་ལ། །དེ་བཞིན་སེམས་ཅན་ངན་པ་ལ། །སངས་རྒྱས་གཟུགས་ཀྱང་མི་སྣང་ངོ༌། །ཞེས་གསུངས་པ་ལྟར་གདུལ་བར་བྱ་བའི་སྙིགས་མའི་སྐྱེ་བོ་རྣམས་བསོད་ནམས་དང་སྐལ་བ་དམན་པས་ཐུགས་རྗེ་འཇུག་པའི་ཡུལ་དུ་མ་གྱུར་ཅིང༌། ཞིང་གཞན་དུ་ཕྲིན་ལས་འཇུག་པ་ལ་དོན་ཆེ་བར་དགོངས་ཏེ་དུས་རྒྱུན་དུའང་དྲེད་པོ་རྣམས་ཆོས་ལ་བསྐུལ་བའི་ཆེད་དུ། བན་རྒན་ནམ་འཆི་མི་ཤེས། ཅི་ལའང་འབྲས་བུ་མེད། ཅིས་ཀྱང་དགོས་པ་མེད་ཅེས་བཀའ་བསྩལ་པ་དང་མཐུན་པར། དགུང་ལོ་དོན་གསུམ་བཞེས་པ་ཆུ་ཕོ་འབྲུག་གི་ལོའི་ཟླ་བ་དང་པོའི་ཉེར་ལྔའི་དུས་མཆོད་རྒྱས་པར་བཏང༌། ཉེ་སྐོར་གྱི་ཡིག་ཉོབ་སོགས་གཙང་མར་མཛད་ནས་མཆོད་དཔོན་བླ་མ་ལའང་དེ་རིང་ཕྱིན་ཆད་ཁྱོད་ནས་དཀའ་ལས་ཅིའང་མི་དགོས་ཞེས་བཀའ་བསྩལ་ནས་སྦུག་གི་གཟིམ་ཤག་ཏུ་ཕེབས། ཕྱིར་ཉིན་ནས་སྐུ་ཁམས་མི་དྭངས་པའི་ཚུལ་བསྟན། དེ་ནས་རིམ་པར་ཞབས་གཡས་ཕྱོགས་སྐྲངས་པ་ཞིག་གིས་བཞེངས་བཞུགས་མི་བདེ་བ་བྱུང་སྐབས་ཞབས་འབྲིང་བ་རྣམས་ཀྱིས་སྐུ་རིམ་བསྒྲུབ་དགོས་ཚུལ་ནན་ཏན་ཞུས་པར། སྐུ་རིམ་གང་ཡང་བསྒྲུབ་མི་དགོས་ཟླ་བ་རྗེས་མའི་ཉི་ཤུ་སྐོར་དྲག་འགྲོ་བ་ཡིན་གསུངས། ཐར་རྩེ་དང་ཕན་ཁང་མཁན་རིན་པོ་ཆེ་རྣམ་གཉིས་དང་ཕྲན་ལའང་ཞབས་བརྟན་ཅི་དྲག་གིས་བསྐུལ་མ་བྱུང་བ་ལྟར། རང་ནས་ཀྱང་འཕགས་མའི་སྙིང་ཐིག་དང་ཚེ་ལྷ་རྣམ་གསུམ་གྱི་སྒྲུབ་མཆོད་སོགས་ཞབས་བརྟན་གསོལ་འདེབས་རྒྱས་པར་ཞུས་ཤིང༌། ཉེ་གནས་རྣམས་ལའང་བསྒྲུབ་བྱའི་བསླབ་སྟོན་གང་ཤེས་ཞུས་པ་དེ་ནང་རྡོར་སེམས་ཡིག་བརྒྱ་ཅི་འགྲུབ་བྱས་ན་ལེགས། གཏོ་ཚོགས་སོགས་ནི་ངེད་རང་གི་ཚེ་ལ་གཏོ་བཅའ་མ་མྱོང་བས་དགོས་པ་མེད་ཚུལ་ཕེབས་པ་ལྟར་རྡོར་སེམས་སྙིང་པོ་དུང་ཡོན་ཁ་ཤས་ཡར་མར་དགོན་ཁག་རྣམས་ལ་རྒྱེབ་ཆོག་དང༌། རྗེ་ཉིད་ཀྱི་ཐུགས་བཞེད་ལྟར་གཟིམ་ཆུང་ཕྱི་མར་བླ་མ་དཔོན་སློབ་ཁ་ཤས་ནས་མཁའ་འགྲོའི་ཚོགས་སྐོང་དང་མེ་མཆོད་གྲངས་མང་བསྒྲུབས་པ་སོགས་ཞུས། སྐབས་རེར་ཉེ་གནས་ལ་བི་མ་ལ་མི་ཏྲ་བར་སྣང་ལ་བཞུགས་འདུག །ཁྱོད་ནས་ཨེ་མཇལ་ཞེས་པ་ཙམ་གསུངས། བསྙུན་ཟུག་ཆེ་རིགས་གང་ཡང་མེད་ཅིང་གསོལ་ཆས་ཀྱང་ཐུགས་ལ་གང་བབས་རེས་མོས་ཚུལ་གྱིས་བཞེས། དེ་རྗེས་ཙམ་ཞིག་འོ་མ་བསྐོལ་བ་མཆོད་ཞལ་གང་ལྷག་ཙམ་བཞེས་ཟིན་ནས་ཟས་སྐོམ་གྱི་གསོལ་ཆས་གང་ཡང་བཞེས་པར་མ་མཛད། དབོ་ཟླ་བའི་དགའ་བ་གཉིས་པའི་ནངས་མོ་རྒྱུན་བསྟར་གྱི་ཕྱག་བསིལ་ནས་ད་ལས་ཀ་ཚར་བ་རེད། བཅའ་ལག་ཕར་ཁུར་གསུངས། མེ་ཏོག་འཐོར་ནས་ཤིས་བརྗོད་ཤིན་ཏུ་མང་པོ་མཛད། དེ་རྗེས་ནས་གསུང་གང་ཡང་མ་བྱོན་པར་མཉམ་པར་བཞག་བཞིན་པའི་ངང་ཉིན་ཕྱེད་མ་ཟིན་ཙམ་ལ་འོད་གསལ་ཆོས་ཀྱི་དབྱིངས་སུ་སྙོམས་པར་ཞུགས་སོ། །དེ་སྐབས་ཁོ་བོ་ལའང་བྱ་མ་རྟ་འབྱོར་བས་རིངས་པར་བཅར་ཡང་གང་ཟག་གཞན་འགྲེས་ཐུགས་དམ་གསལ་འདེབས་སོགས་ཞུ་བའི་ཡུལ་མིན་ཅིང་། འདིར་སྣང་སྤྲུལ་པའི་བཀོད་པ་བསྡུས་པའི་དེ་མ་ཐག་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲ་དང་དགོངས་པ་དབྱེར་མེད་བུམ་པ་ཆག་པའི་ནམ་མཁའ་དང་ཕྱིའི་ནམ་མཁའ་དབྱེར་མེད་དུ་འདྲེས་པ་ལྟར་གྱུར་པ་ལ་སྔོན་ནས་ངེས་ཤེས་རྙེད་ཟིན་པས། མཆོད་འབུལ་དང་གསོལ་འདེབས་ཐུགས་ཡིད་བསྲེ་བའི་མཉམ་གཞག་གཙོ་བོར་བགྱིས། ཞག་གསུམ་པའི་ཉིན་སྤྱི་འགྲེ་ལྟར་ཆོས་སྐུ་ལས་གཟུགས་སྐུའི་རྣམ་པར་བཞེངས་པར་བསྐུལ་ནས། བླ་མ་མཆོད་པའི་རིམ་པ་གསོལ་འདེབས་སྨོན་ལམ་སོགས་ཡིད་ཚིམས་པར་ཞུས། ཐར་རྩེ་མཁན་རིན་པོ་ཆེ་འཇམ་དབྱངས་རིན་ཆེན་རྡོ་རྗེ་ཡང་ཕེབས་གྲུབ་པ་དང་ཁོ་བོ་བཅས་ནས་རྣམ་འཇོམས་དང་སྨེ་བརྩེགས་སོགས་ཀྱིས་བསྒྲུབས་པའི་ཁྲུས་ཆུས་སྐུ་གདུང་རིན་པོ་ཆེ་ལེགས་པར་བཀྲུས། དྲི་བཟང་གི་ཕུར་མས་བྱུགས། གསེར་སྦྱང་གིས་བྲིས་པའི་གནས་ཡིག་གསར་རྙིང་གི་རྒྱུད་སྡེ་གོང་འོག་རྣམས་ལས་འབྱུང་བ་དང༌། སངས་རྒྱས་སྲས་གཅིག་གི་རྒྱུད་བཏགས་གྲོལ་གྱི་གླེགས་བམ་དང་འཁོར་ལོའི་རིགས་མང་པོ། །བླ་མ་དགོངས་འདུས་རྒྱུད་དགུ་སོགས་སྐུའི་གནས་རྣམས་སུ་ཕུལ། རས་དཀར་དྲི་བཟང་གི་ཆུས་བསྒོས་པས་སྐུ་ལ་དཀྲིས། དབུ་རྒྱན་ཐོར་ཚུགས་སྟོད་གཡོགས་སྨད་གཡོགས་གསོལ། ཕྱག་ཏུ་རྡོ་རྗེ་དང་དྲིལ་བུ་ཕུལ་ཏེ་ལོངས་སྤྱོད་རྫོགས་པའི་རྣམ་པས་གཟིམ་ཆུང་ཕྱི་མའི་ཉིན་བཞུགས་ཀྱི་གདན་ལ་བཞུགས་སུ་གསོལ། མཆོད་པའི་བྱེ་བྲག་དང་ཚོགས་ཀྱི་འཁོར་ལོ་རྒྱས་པར་བཤམས་ནས་ཉིན་བདུན་ཙམ་ལ་མཁན་རིན་པོ་ཆེས་མཁའ་སྤྱོད་མ་དང༌། ཁོ་བོས་རྡོ་རྗེ་སེམས་དཔའི་སྒྲུབ་མཆོད་དང་འབྲེལ་བའི་བླ་མ་མཆོད་པ་རྒྱས་པ། སྔོན་གྱི་ཕྱག་གཞེས་ལྟར་དབང་སྐུར་ལེན་པ་དང༌། སླར་ཡང་དཀྱིལ་འཁོར་གྱི་གཙོ་བོ་ལས་དབང་བཞེས་པའི་མོས་པས་དབང་བཞི་ཕུལ་ཅིང༌། ཚོགས་མཆོད། འདོད་པའི་དོན་ལ་ཐུགས་རྒྱུད་སྐུལ་བའི་གསོལ་འདེབས་རྣམས་གཟབ་རྒྱས་སུ་ཞུས། རྗེ་རིན་པོ་ཆེ་ཉིད་ཀྱིས་རྣམ་པ་ཀུན་ཏུ་གསུང་འཕྲོས་ཕྱིས་ཚོད་བླ་མ་རྣམས་གདུང་གོག་མཆོད་རྟེན་དུ་བཞག་པ་འདི་མ་འོངས་པ་ན་བླ་མ་དེའི་རུས་ལ་གནོད་པའི་ཞབས་འདྲེན་དང༌། གཞན་དག་ལ་སྡིག་པ་གསོག་པའི་རྐྱེན་དུ་འགྱུར་ཞིང༌། དེ་ལྟར་བཞག་པ་དེས་བླ་མའི་དགོངས་པ་རྫོགས་པའི་ཐབས་སུའང་མི་འགྱུར་ལ། གསོན་པོ་རྣམས་རང་རང་ལ་བསོད་ནམས་དང་བསགས་པ་ཞིག་མེད་ཕྱིན་རོ་རུལ་གྱིས་ཕན་བཏགས་པའི་བཤད་ཁུངས་གང་ནའང་མེད་པས་ཤུལ་གཙང་བྱུང་ན་ལེགས་པ་སོགས་རྒྱུ་མཚན་མང་དུ་ཕེབས་པ་ལྟར། དབོ་ཟླ་བའི་གནམ་གང་ཉིན་གཟའ་སྐར་དགེ་བ་ལ་མཁན་རིན་པོ་ཆེས་ཀྱེ་རྡོར། དཔོན་སློབ་རིན་པོ་ཆེས་མཁའ་སྤྱོད་མ། ཁོ་བོས་སྨིན་གླིང་རྡོར་སེམས། དགོན་གྱི་བྱང་འདྲེན་བླ་མས་ཀུན་རིག །སོ་སོར་དཔོན་སློབ་མང་ཙམ་བཅས་དཀྱིལ་འཁོར་བཞིའི་སྒོ་ནས་སྐུ་གདུང་རིན་པོ་ཆེ་ཙན་དན་དང་ཨ་ག་རུ་གཙོ་བོར་གྱུར་པའི་བཟང་ཤིང་གི་མེ་ལ་བསྲེག་བཞུ་ཕུལ། དེ་ཉིན་མེ་ཏོག་གི་ཆར་ཡང་ཤིན་ཏུ་མཐུག་པར་བབས། ཞག་གསུམ་དུ་གདུང་ཁང་རྒྱས་བཏབ་ཅིང་མཆོད་འབུལ་ཕུལ། དེ་ནས་ཞལ་ཕྱེས་ཏེ་ཆོ་ག་བཞིན་གདུང་རུས་རྣམས་བསྡུས་ནས་འཐོར་ཟེགས་མེད་པར་སྦྱངས་བཏུལ་ཞུས་ཏེ་དྲི་མེད་རྣམ་གཉིས་ཀྱི་སཱཙྪ་ཚད་ལྡན་བཏབ་སྟེ་གདན་སའི་གདུང་རྟེན་དང༌། ལྷུན་གྲུབ་སྟེང་མཆོད་སྡོང་ཆེན་མོ་བཅས་ལ་བཞུགས་སུ་གསོལ་བར་བགྱིས་སོ། །དེ་ནས་ཇི་སྐད་དུ། འདུལ་བ་ལུང་ལས། སཱ་ལའི་ཤིང་ལ་འཁྲི་ཤིང་བཞིན། །དམ་པ་རྣམས་ནི་བསྟེན་གྱུར་པ། །བཟང་པོའི་དཔལ་གྱིས་འཁྱུད་པར་བྱེད། །ཅེས་དང༌། གང་ཞིག་གསེར་གྱི་རི་ལ་བརྟེན་བཅས་པ། །དེ་ཡིས་བྱ་ཚོགས་ཐམས་ཅད་གསེར་དུ་འགྱུར། །ཞེས་གསུངས་པ་ལྟར། ལྷ་དང་བཅས་པའི་གཙུག་རྒྱན་སྐྱེས་བུ་དམ་པ་ལས་ཀྱང་དམ་པ་ཆེན་པོའི་རྣམ་ཐར་བཟང་པོའི་ཙན་དན་གྱི་ཚལ་དུ་སྡོང་དུམ་བཞིན་ཞབས་འབྲིང་དུ་གནས་པ་དག་ཀྱང་ཁྱད་པར་དུ་གྱུར་པའི་ཡོན་ཏན་གྱིས་མཛའ་བ་ཆོས་ཉིད་དེ། རྗེ་ཉིད་ཀྱི་སྐུ་དབོན་ལུགས་གཉིས་ལ་མཁྱེན་པའི་དཀྱེལ་ཆེ་ཞིང་ཡ་རབས་དྲྭ་མའི་རྣམ་ཐར་ཕུལ་དུ་བྱུང་བས་བརྒྱན་པ་སྐལ་བཟང་རྡོ་རྗེ་ལགས་དང༌། ཕྱི་ནང་རིག་པའི་གནས་ཀྱི་གཙུག་ལག་ལ་དཔྱོད་པའི་བློ་མིག་པདྨོ་ལྟར་རྒྱས་པ། རྗེ་བཙུན་བླ་མ་ཉིད་ཀྱི་སྐུ་དང་གྲིབ་མའི་ཚུལ་དུ་འབྲལ་བ་མེད་པས་མཉེས་པ་སྒོ་གསུམ་ནས་བསྒྲུབས་པའི་ཉེ་གནས་ཆེན་པོ་འཇམ་དབྱངས་ལེགས་པའི་བློ་གྲོས་དང༌། རིང་ནས་ཞབས་འབྲིང་དུ་འཁོད་ཅིང་མཉེས་པའི་ཞབས་ཏོག་ཕུལ་དུ་ཕྱིན་པ། བསླབ་གསུམ་ལྡན་པའི་དགེ་སློང་དགེ་བའི་བཤེས་གཉེན་ཀུན་དགའ་རྒྱལ་མཚན་གཙོ་བོར་གྱུར་པས། གུས་ཤིང་དང་བའི་བློ་གྲོས་དྲི་མ་མེད་པ་དུང་དང་ཀུན་ད་ལྟ་བུས་མཚམས་སྦྱར་ཏེ་རྟག་གུས་ཀྱི་བརྩོན་པ་ཆེན་པོས་གཤེགས་རྗེས་དགོངས་པ་རྫོགས་པའི་ཐབས་རྒྱ་ཆེན་པོ་བསྒྲུབས་པའི་ཚུལ་མདོར་བསྡུས་པར་སྨྲོས་ན། དབུས་གཙང་ཁམས་གསུམ་གྱི་ལྷ་རྟེན་ཁྱད་འཕགས་བླ་མ་དགེ་འདུན་དང་བཅས་པར་དགོངས་རྫོགས་མཆོད་འབུལ་གཏོང་བ་རྒྱ་ཆེའི་མཛོད་སྒོ་ཡངས་པོར་ཕྱེས་པ་ལས། གངས་ཅན་སྟོན་པའི་ཞལ་སྐྱིན་ལྷ་ལྡན་ཇོ་ཤཱཀ་མཆེད་གསུམ་མདུན་སྟོང་མཆོད་དང་འབྲེལ་བའི་དངོས་པོ་རྒྱ་མ་ཆུང་ཙམ་གྱི་མཆོད་འབུལ་དང༌། དཔལ་གྱི་བསམ་ཡས་སོགས་དབུས་གཙང་གི་སྒྲུབ་གནས་ལྷ་རྟེན་ཡོངས་གྲགས་ཁྱད་འཕགས་རྣམས་ལ་གསེར་གསོ། སྙན་ཤལ། སྤོས་དང་མར་མེའི་ཕྲེང་བ་སྟོང་རྩ་སོགས་རྒྱས་པར་སྤྲོས་ཏེ་ཕུལ་བ་དང༌། ཕྱག་ན་པདྨོ་གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ། སྲིད་སྐྱོང་དེ་མོ་ཧོ་ཐོག་ཐུ་སྟེ་རྩེ་ཤོད་སོ་སོར་ཁ་བཏགས་ཨཱ་ཤེ་དང༌རིན་ཆེན་གཉིས་པ་བཟང་གོས་ཁ་འབྲེལ་སོགས་བབས་ཐོབ་དང་བསྟུན་པའི་འབུལ་མཚོན། གཙང་པཎ་ཆེན་རིན་པོ་ཆེ། དགའ་ལྡན་ཁྲི་རིན་པོ་ཆེ། ས་སྐྱ་ཁྲི་ཆེན་རིན་པོ་ཆེ་སོགས་ས་སྐྱའི་སྐུ་ངོ་གདུང་རྒྱུད་རིན་པོ་ཆེ་ལྷན་རྒྱས། རྒྱལ་བ་ཀརྨ་པ། འབྲུག་ཐམས་ཅད་མཁྱེན་པའི་མཆོག་སྤྲུལ། ཀརྨ་པའི་རྗེ་དབོན་རྣམ་གཉིས། སྟག་ལུང་མ་རིན་པོ་ཆེ། རྩེའི་ཡོངས་འཛིན། ངོར་ཨེ་ཝཾ་ཁང་གསར། ཞབས་དྲུང་ཁག་ལྔ། ཐར་རྩེ། ཕན་ཁང༌། ཀླུ་སྡིངས་སོགས་ངོར་པའི་བླ་བྲང་ཁག །རྒྱུད་སྟོད་སྨད་མཁན་པོ། །ཤར་རྩེ་བྱང་རྩེ། མཆིམས་ཕུ་ཟུང་སྤྲུལ། ཞྭ་ལུ་སྤྲུལ་སྐུ་གཉིས། ལྷོ་བྲག་ཐུགས་སྤྲུལ། རྦ་ཁ་སྤྲུལ་སྐུ་སོགས་ལ་སྐུ་གསུང་ཐུགས་རྟེན། རིན་ཆེན་དང་པོ་དང་གཉིས་པའི་དབྱིག་ནོར། དར་གོས་སོགས་གང་ལ་གང་འོས་ཀྱི་མཆོད་བསྔོ་དང༌། ས་ངོར་གཙོས། རྭ་སྒྲེང༌། ཞྭ་ལུ། བསམ་ཡས་གཡའ་མ་ལུང༌། མཆིམས་ཕུ། གདན་ས་ཐེལ། རྩེས་དྭངས། སྣེའུ་གདོང་རྩེ་ཚོགས། ཡར་ལུང་ཤེལ་བྲག །རས་ཆུང་སྦུག །ལྕགས་རྩེ་གྲི་གུ། ལྷོ་བྲག་སྨྲའོ་ཅོག །མཁར་ཆུ། བཀྲ་ཤིས་ལྷུན་པོ། སྟག་ལུང་སོགས་ཀྱིས་མཚོན་པའི་དགོན་སྡེ་ཆེ་ཕྲའི་དགེ་འདུན་འདུས་པ། རི་ཁྲོད་སྒྲུབ་པ་པོ་བཅས་ལ་མང་ཇ་མཆོད་འབུལ་ཡོན་འབུལ་རྒྱ་ཆེན་པོས་མཉེས་པར་བྱས་པ་དང༌། མདོ་ཁམས་ཁུལ་འདིའི་བླ་མ་དགེ་འདུན་ལ་དགོངས་རྫོགས་མཆོད་འབུལ་སྐུལ་བའང༌། ཐོག་མར་ཐར་རྩེ་མཁན་ཆེན་ནས་དགུང་ཚིགས་གཉིས་པ་ནས་གསུམ་པའི་བར་ཀྱེ་རྡོ་རྗེའི་སྒྲུབ་མཆོད་རྡུལ་ཚོན་ལ་བརྟེན་པའི་སྒོ་ནས་མཆོད་འབུལ་ཞུས་པའི་སྐུ་ཡོན་དགོངས་རྫོགས་སུ། ནང་མཛོད། དངུལ་གྱི་མཎྜལ་འཁོར་ཚང༌། ཚེ་དཔག་བོད་ལི། གྲུབ་ཆེན་བརྒྱད་ཀྱི་ཞལ་ཐང༌། འཇམ་དཔལ་མཚན་བརྗོད་སོགས་སུམ་བིད་ཅན། ཇོ་བོའི་ཆོས་ཆུང་བརྒྱ་རྩ། རྒྱ་གར་ཆོས་འབྱུང༌། ཕྱག་དྲིལ་དངུལ་རྩེ་ཅན། ཕྱག་ཕྲེང་རྒྱན་ལྡན་ཤིན་ཏུ་སྤུས་ལེགས་དངུལ་སྲང་དྲུག་ཅུ་འགྲོ་བ། དངུལ་རྐྱང་སྲང་འཁོར་བདུན་ཅུ་དོན་ལྔ། མཐའ་དཀར་སོགས་རྣམ་གྲངས་བརྒྱ་དང་བཅུ་གཉིས་ལ་རྒྱ་སྲང་སུམ་བརྒྱ་ལྔ་བཅུའི་བབས། ཐར་རྩེ་ཞབས་དྲུང་མདུན་ནང་མཛོད། སྐུ་གསུང་ཐུགས་རྟེན། དངུལ་གྱི་མཎྜལ་འཁོར་ཚང༌། རྒྱ་སྲང་ལྔ་བཅུ་སོགས་རྣམ་གྲངས་སོ་བདུན་ལ་དངུལ་སྲང་བརྒྱ་རེ་གསུམ་བབས། གཞན་སྐུ་འཁོར་ལས་ཚན་སོ་སོར་གང་འཚམ་གྱི་དངོས་པོ་གྱ་ནོམ་པ་བསྟབས་པ་དང༌། ཨེ་ཝཾ་ངོར་ཐར་རྩེ་བླ་བྲང་རང་དུ་གཏན་བཞག་འབུལ་རྒྱུ་ཐུབ་དབང་རྒྱ་གར་ཤར་ལི། སྒྲོལ་ལྗང་བོད་ལི། སྐུ་ཚབ་པདྨཱཙརྻ། རྒྱུད་སྡེ་ལྔའི་ཞལ་ཐང༌། ལམ་འབྲས་པོད་སེར་དམར་སྔོ་གསུམ། ཚུལ་ལྗོན་དགོངས་རྒྱན་པོད་གཅིག །ཀླུ་སྒྲུབ་དང་ངག་ཆོས་ལམ་འབྲས་པོད་གཉིས། ངག་ཆོས་འབེལ་གཏམ་པོད་གཅིག །དམ་པའི་མཁྱུད་དཔྱད་པོད་གཅིག །སྒྲུབ་ཐབས་ཀུན་བཏུས་པོད་བཅུ་གཅིག །འཁར་གསིལ་ལྔ། སྦ་ལྕག་བྱིན་ཅན། རྣལ་འབྱོར་མའི་ཕྱག་མཚན་རྡོ་རྗེའི་ཁ་ཊྭཱཾ་ག་གསེར་དངུལ་བཀྲ་མ། གུ་རུ་ཉི་མ་འོད་ཟེར་ཕྱག་མཚན་ལི་སེར་རྡོ་རྗེ། དངུལ་བུམ་འཁོར་ཚང་ཆ། རྡོ་དྲིལ་གསར་བསྐྲུན་གསེར་རྩེ་ཅན་སྤུས་ལེགས་ཉེར་ལྔ། ཚེ་བུམ་ཤིན་ཏུ་ཁྱད་ནམ་ཅན། དབུ་རྒྱན་རིགས་ལྔ་སྐྱོ་འབུར་གསེར་ཤོག་ཅན་ཆ་ཉེར་ལྔ། དེ་འབྲེལ་རྩ་ཆིངས། དར་དཔྱང་ཆ་ཉེར་ལྔ་རེ། སྟེགས་ཁེབས་རབ་འབྲིང་ཉེར་ལྔ། གསེར་དངུལ་བཀྲ་མའི་སྤོས་ཕོར་ཆེ་ལེགས་ཆ། གསེར་དངུལ་བཀྲ་མའི་རྒྱ་གླིང་ལེགས་པ་ཆ། དུང་སེར་དངུལ་རྒྱན་ཅན། རྐང་གླིང་གསེར་དངུལ་བཀྲ་མ་ཕྲ་རྒྱན་ཅན་སྤུས་ལེགས། གསེར་དངུལ་བཀྲ་མའི་མཆོད་གཞོང་སོགས་འབོར་བསྡོམས་དངུལ་རྡེལ་ཚད་ཉེར་ལྔའི་བབས་ཕུལ། དེ་བཞིན་ཕན་ཁང་མཁན་རིན་པོ་ཆེའི་མདུན་དགུང་ཞག་རྫོགས་པར་ཀྱེ་རྡོར་སྒྲུབ་མཆོད་མཛད་པའི་ཡོན་དུ་ནང་མཛོད། ཚེ་དཔག་མེད་གསེར་སྐུ། ཉེ་སྲས་སུམ་ཐང༌། ཚེ་དཔག་མེད་བརྒྱ་སྐུ། ཇོ་བོའི་ཆོས་ཆུང༌། རྡོ་དྲིལ་རྙིང་མ་གསེར་རྩེ་ཅན། གསེར་དངུལ་བཀྲ་མའི་ནང་མཆོད། གསོལ་ལྟིར་སྤུས་ལེགས། རྒྱ་དངུལ་གར་བུ་རྡེལ་ཚད། མཐའ་དཀར་སོགས་རྣམ་གྲངས་མཚན་བཟང་སོ་གཉིས་དང་བཅུ་གསུམ་སའི་གྲངས་ལྡན་ལ་རྒྱ་སྲང་ཉིས་བརྒྱ་ཉེར་ལྔའི་བབ་ཐོབ། བླ་མཆན་སོགས་ལས་ཚན་ལའང་དེ་མཚུངས་སྨར་ཟོང་གི་དངོས་པོ་འོས་བསྟུན་བཅས་ཕུལ། ཐར་རྩེ་དཔོན་སློབ། དབལ་སྤུངས་དབོན་རྒན། ཉི་གྲགས་མཆོག་སྤྲུལ། དགེ་མང་སྐུ་ཞབས། དཔལ་ཡུལ་ཀརྨ་འགྱུར་མེད་སྤྲུལ་སྐུ། སྐུ་ཞབས་ཁམས་སྤྲུལ། ནང་ཆེན་ཕུར་བླ་དང༌། བྲག་གཡབ་གཙང་སར་སྤྲུལ་སྐུ། ཛ་ཀ་སྤྲུལ་སྐུ་རིན་པོ་ཆེ་སོགས་ཀྱིས་གསར་རྙིང་རྒྱུད་སྡེ་བཀའ་གཏེར་གྱི་དཀྱིལ་འཁོར་གྱི་གཙོ་བོ་ལྷག་པའི་ལྷ་དང་བླ་མ་དབྱེར་མེད་དུ་སྒྲུབ་ཅིང་མཆོད་ལ་དབང་བླངས་པའི་ཚུལ་གྱིས་དངོས་གྲུབ་རྣམ་གཉིས་བདེ་བླག་ཏུ་སྒྲུབ་པའི་ལམ་ཟབ་མོ་ལ་ཉེ་བར་གཞོལ་བའི་ལེགས་འབུལ་དར་གོས་རིན་ཆེན། པགས་རིགས། ཐེར་ཕྲུག །རྟ་དྲེལ་སོགས་དངོས་པོ་སྦུས་ནམ་ལྡན་ཅིང་སྦོམ་མཐོ་བའི་ཡོན་བསྟབས་པས་དགྱེས་པར་བྱས། གཞན་ཡང་དཔལ་སྤུངས་ཏཱའི་སི་ཏུའི་མཆོག་སྤྲུལ་མདུན་ལྷ་རྫས། རྟེན་གསུམ། དངུལ་གྱི་མཆོད་ཆས་ཆ་ཚང༌། རྗེ་དབོན་རྣམ་གཉིས། དཔལ་ཡུལ་རྒྱ་སྤྲུལ་རིན་པོ་ཆེ། ཀཿཐོག་ཞིང་སྐྱོང༌། སི་ཏུ། རྫོགས་ཆེན་རིན་པོ་ཆེ། ཞེ་ཆེན་རབ་འབྱམས། རྒྱལ་ཚབ། རྒྱ་རོང་དབོན་སྤྲུལ། གླིང་རྗེ་དྲུང་སོགས་གསར་རྙིང་གི་བླ་མ་ཆེ་རྒུ་རྣམས་ལ་མཆོད་བསྔོའི་རྟེན་སྐུ་གསུང་ཐུགས་ཀྱི་རྟེན་མཆོག །སྐུ་ཆས་མཆོད་ཆས་མཚོན་པའི་ཉེར་སྤྱད། དར་གོས། རིན་ཆེན་སོགས་དངོས་པོ་ནམ་ལྡན་སྤུས་གཙང་རྒྱ་ཆེའི་མཆོད་འབུལ་སྤྲོས་པ་སོགས་རྣམ་གྲངས་མིང་ནས་སྨྲོས་ཀྱིས་མི་ལངས་པ་དང༌། ཁོ་བོ་ཅག་ལའང་རྟེན་གསུམ་ཁྱད་ཅན་རིགས་གཙོས་སྦམ་མཐོ་བའི་དགོངས་རྫོགས་སྐུལ་བྱེད་བསྟབས་ཤིང༌། དགོན་སྡེ་རྣམས་སུའང༌། ལྷུན་གྲུབ་སྟེང་དུ་དངུལ་སྲང་བརྒྱ་ཐམ་པའི་བབས། རྫོང་སར་གྲྭ་མང་འདུས་པར་དངུལ་སྲང་ཉེར་ལྔ། སྤྱི་ཆེན་པར་དངུལ་སྲང་ཉེར་ལྔ། སྤྱི་ཆུང་ཁག་གཉིས་ལ་བཞི་རུ་རེ་བཅས་ལ་ཧེ་རུ་ཀའི་ཡིག་བརྒྱ་དང༌། ཐུགས་རྗེ་ཆེན་པོའི་ཡིག་དྲུག་ཡོན་དུ་ཕུལ། དཔལ་སྤུངས་དངུལ་སྲང་བརྒྱད་ཅུ་ཡིག་བརྒྱ་དང་སྨོན་ལམ་རྣམ་ལྔའི་ཡོན་དང༌། སྒྲུབ་སྡེ་གོང་འོག་ཏུའང་བབས་འོས་རེ། རྫོགས་ཆེན་དགོན་པའི་འདུས་སྡེར་དངུལ་སྲང་ཉེར་ལྔའི་བབས། ཞེ་ཆེན་དངུལ་བཞི་རུའི་བབས། ཀཿདཔལ་གཉིས་སུའང་དེ་བཞིན། འཛིང་སྟག་མོ་སྒང༌། སྤྲ་མཐོ། སྤོམ་འཛང༌། ཁང་དམར་མདོ་རྣམས་ཀྱི་འདུས་སྡེ་སོ་སོར་དངུལ་སྲང་བཅུ་རེའི་བབས་ཡིག་དྲུག་དང་སྨོན་ལམ་རྟེན། བོན་དགོན་ལྕང་ལུང་དུ་དངུལ་སྲང་བརྒྱད་བབས་ཕུལ་བ་སོགས་རིས་བྲལ་གསར་རྙིང་བོན་གསུམ་གྱི་ཆོས་སྡེ་དགེ་འདུན་འདུས་པ་རྒྱ་མཚོར་མང་ཇའི་དོད་ཀྱི་བསྙེན་འབུལ་དངོས་རྫས་བཟང་དགུ་སེར་སྣ་སོགས་ཀྱི་དྲི་མས་མ་སྦགས་པར། རྗེ་བཙུན་བླ་མའི་ཟབ་དགོངས་འོད་གསལ་མི་སློབ་པའི་ལམ་དུ་ཡོངས་སུ་རྫོགས་པའི་གསོལ་གདབ་ཐུགས་རྒྱུད་ཡང་དག་པར་སྐུལ་བའི་ཐབས་རྒྱ་ཆེན་པོར་འཇུག་པ་སྟེ། རྒྱས་པར་བརྗོད་ན་དགེ་བ་ངོམས་པའི་སྐྱོན་དང་ཡི་གེ་མང་གིས་དོགས་པས་རགས་བསྡུས་དེ་ཙམ་དང༌། གཟིམ་མལ་དུ་འདྲ་སྐུ་སྨན་འདམ་ལས་བཞེངས་པ། དགོངས་བཞེད་བྱམས་སྐུ་མཐོ་བཅོ་ལྔ་པ་དངུལ་རྡིལ་ཚད་ཉེར་ལྔ་ཙམ་གྱིས་གསར་བསྐྲུན་དགོན་ཆེན་དུ་བཞུགས་པ་དང༌། ཆོས་སྐུའི་རྟེན་མཆོག་ཏུ་རྗེ་ཉིད་ཀྱི་གདུང་ཚ་སོགས་བཞུགས་པའི་མཆོད་སྡོང་མཐོ་དགུ་ལྷག་ཙམ་ཟངས་ཤས་གསེར་སྤུས་གཉིས་ཀ་ཅི་མཐུག །ཕྲ་རྒྱན་གྱི་བཀོད་པ་རིན་ཐང་གང་ཆེ་ཐམས་ཅད་རྩལ་སྤྲུགས། སྒྲོས་ཆ་ཆགས་ཚད་སོགས་གཟབ་རྒྱུ་གང་ཡོད་ཀྱིས་ཤིན་ཏུ་སྤུས་ནམ་དག་ཅིང་མིག་གི་བདུད་རྩིར་གྱུར་པ་རྒྱ་དངུལ་རྡིལ་ཚད་སོ་བདུན་ཙམ་གྱི་རྒྱུ་ཆས་ཀྱིས་བསྐྲུན་ཅིང་དྲི་མེད་རྣམ་གཉིས་ཀྱི་སྲོག་ཤིང་འཛུགས་ཆོག །གདུང་རུས་ཚ་སྒྲུབ་སོགས་གཞུང་མཐུན་གྱི་མཚོན། རིང་བསྲེལ་རྣམ་བཞི་སོགས་རྟེན་མཆོག་ཁྱད་འཕགས་ཀྱིས་གཏམས་ཏེ་ཡེ་ཤེས་སེམས་དཔའ་དངོས་སུ་བསྟིམ་པའི་བཀྲ་ཤིས་རབ་གནས་ཀྱི་ཆོ་ག་ཚད་དང་ལྡན་པ་བཅས་ཀྱིས་མཐོང་གྲོལ་ཆེན་མོར་བཞུགས་པ་དང༌། ལོངས་སྐུའི་རྟེན་འཇམ་དཔལ་ཆོས་དབྱིངས་གསུང་དབང་ལི་དམར་གསེར་དངུལ་བཀྲ་མའི་རྒྱན་ཅན་དངུལ་རྡིལ་ཚད་གསུམ་ལྷག་ཙམ་གྱིས་གསར་བསྐྲུན་མཛད་པའི་བཞེད་པ་ཐུགས་བཅངས་དང༌། སྤྲུལ་སྐུའི་རྟེན་བདག་ཅག་གི་སྟོན་པའི་སྣང་བརྙན་ཇོ་བོ་ཤཱཀྱ་མུ་ནིའི་སྐུ་ཚད་དང༌། རྗེ་བཙུན་བླ་མ་ཉིད་ཀྱི་འདྲ་ཞལ་མཐོ་བཅུ་པ་བྱོན་ལེགས་གཉིས་ལ་དངུལ་རྡིལ་ཚད་ཉེར་བདུན་ཙམ། གཞན་སངས་རྒྱས་བྱང་སེམས་ཉན་ཐོས་ཀྱི་འཁོར་གསེར་སྐུ་བདུན་ཅུ་སྐོར། གསུང་རྟེན་པུསྟི་གྲངས་མང༌། གདུང་རྟེན་བཞུགས་ཁང་བང་བ་ནང་འདམ་ལྔ་སྒོ་ཁང་བཅས། དེ་ནང་མཆོད་ཆ་ཡོ་བྱད་མཁོ་ཚང༌། མར་མེའི་རྒྱུན་འཛུགས་བཅས་བསམ་པ་དག་ཅིང་སྦྱོར་བ་གུས་པ་ཆེན་པོས་བརྩོན་པ་ལྷུར་བླངས་ཏེ་བླ་མ་མཉེས་པའི་བགྱི་བ་དམ་པས་བསྔགས་ཤིང་ཆོས་དང་མཐུན་པའི་བྱ་བ་རླབས་སུ་ཆེ་བ་གེགས་མེད་མཐར་ཕྱིན་གྱིས་དགོངས་རྫོགས་རྗེས་སྒྲུབ་ཀྱི་རིམ་པ་མཐའ་རྒྱས་བསྒྲུབས་དང་སྒྲུབ་བཞིན་པས་ཤིན་ཏུ་དགེ་ལེགས་སུ་བྱས་པའོ།། ༈ །།གཉིས་པ་གང་ཟག་གཞན་དང་ཐུན་མོང་མ་ཡིན་པ་རྗེ་ཉིད་ཁོ་ནའི་ཁྱད་པར་གྱི་ཆོས་སུ་གྱུར་པ་ནང་གི་རྣམ་པར་ཐར་པ་ནི། གངས་ཅན་ལྗོངས་ཀྱི་བསྟན་འཛིན་ཕལ་མོ་ཆེ་རང་རང་ལུགས་སུ་མཁས་ཤིང་གྲུབ་པའི་རྣམ་ཐར་ངོ་མཚར་བས་བསྟན་པ་སྐྱོང་ཞིང་འགྲོ་ཕན་སྒྲུབ་པས་དད་ཅིང་གུས་པར་བྱ་བའི་ཡུལ་ཁོ་ན་ལས་མ་འདས་མོད། མདོ་སྔགས་ཀྱི་བསྟན་པ་ཕྱོགས་ཐམས་ཅད་ནས་གསན་བསམ་སྒོམ་པ་མཛད་ཅིང་རིས་སུ་མ་ཆད་པའི་བསྟན་པ་སྤེལ་ཅིང་གདུལ་བྱ་སྐྱོང་བ་ནི་རྗེ་ཐམས་ཅད་མཁྱེན་པ་འདི་ཉིད་ཀྱི་ཁྱད་པར་གྱི་ཆོས་སུ་གྲུབ་པ་སྟེ། དེའང་རིག་པའི་གནས་དང་སྡེ་སྣོད་གསུམ་གྱི་མཛད་པའི་རྣམ་ཐར་མདོ་ཙམ་གོང་དུ་སོང་བ་ལས་ཤེས། འདིར་མཁས་གྲུབ་ཆེན་པོ་པྲཛྙཱརསྨིས། རྒྱལ་བས་ལུང་བསྟན་གངས་ཅན་འགྲོ་བའི་མགོན། །གཅིག་ཏུ་བསྟན་པ་འབའ་ཞིག་ཉེར་དགོངས་པའི། །སྔོན་གྱི་ཆོས་རྒྱལ་ལྷ་གཅིག་བཙན་པོ་དེ། །གངས་རིའི་ཁྲོད་འདིར་སྟོན་པ་གཉིས་པ་ཡིན། །ཞུ་ཆེན་ལོ་ཙཱ་པ་གོར་བཻ་རོ་དང༌། །རྒྱལ་བའི་གདུང་འཚོབ་འབྲོམ་སྟོན་ཨུ་པ་སི། །མཁས་གྲུབ་ཆེན་པོ་ཁྱུང་པོ་རྣལ་འབྱོར་པ། །སྐད་གཉིས་སྨྲ་བ་བླ་ཆེན་འབྲོག་མི་དང༌། །རྣལ་འབྱོར་དབང་ཕྱུག་རྗེ་བཙུན་མར་པའི་ཞབས། །གྲུབ་པའི་སར་བཞུགས་དམ་པ་རྒྱ་གར་དང༌། །ཇི་གྱོ་ལོ་ཙཱ་མཁས་གྲུབ་ཨོ་རྒྱན་པ། །བྱང་ཕྱོགས་སྒྲུབ་བརྒྱུད་འདེགས་པའི་ཀ་ཆེན་བརྒྱད། །དཔལ་ལྡན་རྡོ་རྗེ་འཆང་ནས་ལེགས་འོངས་པའི། །གངས་རིའི་ཁྲོད་འདིར་སྒྲུབ་བརྒྱུད་སྲོལ་ཆེན་བརྒྱད། །དེ་དག་གྲུབ་ཐོབ་གོང་མའི་གཤེགས་ཤུལ་ཡིན། །ཐར་འདོད་རྣམས་ཀྱང་ལམ་དེའི་རྗེས་སུ་ཞུགས། །ཞེས་གསུངས་པ་ལྟར། བྱང་ཕྱོགས་གངས་རིའི་ལྗོངས་འདིར་ལོ་པཎ་སྤྲུལ་པའི་སྐྱེས་མཆོག་རྣམས་ཀྱི་བཀའ་དྲིན་ལས་ལེགས་པར་བྱོན་ཅིང༌། དེ་དག་ཐུགས་ཉམས་སུ་བཞེས་པས་གྲུབ་པའི་འབྲས་བུ་མངོན་དུ་མཛད་ནས། དམ་པའི་སྐྱེས་བུ་རེ་རེས་ཀྱང་གདུལ་བྱ་གྲངས་མེད་པ་བྱང་ཆུབ་ཆེན་པོའི་གོ་འཕང་དུ་དབུགས་དབྱུང་བར་མཛད་པ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་རིང་ལུགས་འཛིན་པ་དབུས་གཙང་མདོ་ཁམས་རྣམས་སུ་གང་བཞུགས་རྩད་གཅོད་མཛད། འཕགས་ཡུལ་པཎ་གྲུབ་རྣམས་ཀྱི་རྩ་བའི་སྲོལ་འབྱེད་དང༌། རང་གིས་གསན་ཡུལ་དེ་ཡིད་ཆེས་པ་བྱུང་ཕྱིན་བར་གྱི་བརྒྱུད་པ་ཡོད་པ་ཙམ་གྱིས་ཆོག་པར་མཛད་པའི་ཕྱག་སྲོལ་ལྟར། སོ་སོའི་ཆོས་བརྒྱུད་འཛིན་པའི་ཡོངས་འཛིན་དང་གདམས་ངག་ཚོལ་བ་ལ་སྐུ་ངལ་ཁྱད་དུ་བསད་དེ་འབད་རྩོལ་ཆེན་པོས་དོན་གཉེར་མཛད། གཞུང་གདམས་མན་ངག་གི་དཔེ་ཚད་ལྡན་ཆེ་ཕྲ་མང་ཉུང་ཅི་ཞིག་ཡོད་ཀྱང་གསར་བཞེངས་མཛད་ནས། འགའ་ཞིག་ལན་གྲངས་མང་པོ། ཕལ་ཆེར་ཚར་རེ་མ་འཆད་པ་མེད་པས་དབང་ཁྲིད་མན་ངག་གི་རྒྱུན་ཆད་པར་ཉེ་བ་ཐམས་ཅད་སྣོད་དང་འཚམ་པར་འཆད་སྤེལ་སྒོམ་སྒྲུབ་ལ་སྦྱར་ནས་བསྟན་པའི་སྲོག་རྩ་མཐུད་པར་མཛད་པ་སྟེ། དེའང་སོ་སོའི་རིང་བརྒྱུད་བར་མ་ཆད་པར་བཞུགས་སོ་ཅོག་གསན་པ་གཞིར་བཞག །ཉེ་བརྒྱུད་ཀྱི་བཀའ་བབས་བྱུང་བའི་ཚུལ་ནི། ༧ དང་པོ་མཁན་སློབ་ཆོས་གསུམ་གྱི་བཀའ་དྲིན་ལས་བྱུང་བ་སྔ་འགྱུར་རྙིང་མ་ལ། ཐོག་མར་དགུང་ལོ་ཉེར་བཞི་ཆུ་ཡོས་ས་ག་ཟླ་བའི་ཚེས་དྲུག་གི་ཉིན་ཤངས་མདོ་སྲམ་པ་སྒྲུབ་ཁང་གི་དཔལ་ཆེན་པོ་མཇལ་ཞིང་ཚོགས་མཆོད་མཛད་པའི་ཚེ། ཉམས་ཀྱི་སྣང་བར་དཔལ་ཆེན་པོ་དངོས་སུ་མཇལ། སྒོ་གོང་དུ་ཟུར་ཡབ་སྲས་གཉིས་བཞད་གད་ཐེག་གེར་བཞུགས་ནས་རུ་ལུའི་སྔགས་ཀྱི་དབང༌། བཛྲ་སཏྭའི་རྒྱུད་བཤད། ཧཱུྃ་ཡིག་གི་མན་ངག་གནང་བའི་ཉམས་སྣང་ཆེས་གསལ་ཞིང་བརྟན་པར་བྱུང་བས་སྒྱུ་འཕྲུལ་གསང་བ་སྙིང་པོའི་ཉེ་བརྒྱུད་ཐོབ། དགུང་ལོ་སོ་བརྒྱད་པ་མེ་སྦྲུལ་ལོར་རུ་དམ་བསམ་གཏན་གླིང་གི་མཁན་པོ་རྡོ་རྗེ་འཛིན་པ་པདྨ་བཛྲ་ལས་འདུས་པ་མདོའི་དབང་གསན་སྐབས། དབང་དངོས་གཞིའི་སྐབས་སུ་དཀྱིལ་འཁོར་ཡོངས་རྫོགས་ཀྱི་གསལ་སྣང་བརྟན་པོ་ཤར། དེ་ནུབ་མནལ་ལམ་དུ་ལུང་པ་ཞིག་ནས་གྱེན་དུ་ཕེབས་པས་རི་རྩེར་སྒྲུབ་ཁང་དཀར་པོ་ཞིག་སྣང༌། དེ་ལ་གཏད་ནས་ཕེབས་ཏེ་ནང་དུ་ཕྱིན་པས་ཕུག་ཏུ་རས་ཡོལ་བཏང་བའི་མདུན་དུ་གཏོར་མཆོད་ཤ་ཁྲག་གི་དྲི་ཡ་ང་བ་བཤམས། ཟུར་དེར་སྔགས་པ་རལ་པ་ཅན་ཟིལ་ཅན་ཞིག་གིས་རཀྴའི་ཕྲེང་བ་བགྲང༌། རྔ་ཞིག་བརྡུངས་ནས་འདོན་པ་བྱེད་མུར་འདུག་པ་ལ་ཁྱོད་སུ་ཡིན་གསུངས་པས་ལན་མ་སྟེར། སླར་ཡང་ཁྱོད་སུ་ཡིན་ཅེས་ཧུར་པོར་གསུངས་པས་རྔ་དེ་དྲག་བརྡུང་ཞིག་བྱས་ནས། བྱང་ཆུབ་སེམས་ཀྱི་རྔ་ཆེན་འདི་བརྡུངས་པས། །ཕོ་ཉ་སུམ་བརྒྱ་དྲུག་ཅུ་འདིར་འདུས་ཤིག །ཅེས་དྲག་པོར་གསུངས་པས་ཡོལ་བ་དེའི་ཕག་ནས་ཕོ་ཉ་སུམ་བརྒྱ་དྲུག་ཅུ་ཡིན་སྙམ་པའི་མཚོན་ཆ་ཐོགས་པ་མང་པོ་འཁྲབ་ཅིང་བྱུང་སྟེ་ཉིད་ཀྱི་སྐུ་ལུས་དུམ་བུ་བརྒྱ་སྟོང་མང་པོར་གཏུབས་སོང་བ་ལ་འཇིགས་སྐྲག་ན་ཚ་སོགས་གང་ཡང་མེད་པའི་རང་བཞིན་ལྟད་མོ་བལྟས་པ་འདྲ་བ་ཞིག་གི་རྗེས་སུ་རྡོ་རྗེ་སེམས་དཔའི་སྐུ་འོད་ལམ་མེར་ཡོད་པ་ཞིག་ཏུ་གྱུར་ནས། སྔགས་པ་དེ་སོ་ཡེ་ཤེས་དབང་ཕྱུག་དང་འདུས་མདོའི་སྨིན་གྲོལ་དུས་གཅིག་ལ་རྫོགས་པའི་ཉམས་སྣང་བྱུང་བས་འདུས་པ་མདོའི་ཉེ་བརྒྱུད་ཐོབ། མཁན་པོ་ཉིད་ཀྱང་ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི་རྣམ་འཕྲུལ་ཡིན་གསུངས་པ་འདི་རིགས་ཕལ་ཆེར་རྩ་གསུམ་སྒྱུ་འཕྲུལ་དྲྭ་བའི་ལུང་བྱང་དུའང་གསལ་ཆ་ཡོད་པར་འདུག །དགུང་ལོ་བཅུ་དྲུག་པ་ཤིང་ལུག་ས་ག་ཟླ་བའི་ཚེས་བརྒྱད་ལ་མནལ་ལམ་དུ། རྒྱ་གར་གྱི་ཡུལ་སྤང་ལྗོངས་སྨན་གྱི་ནགས་ཚལ་སོགས་ཆེས་ཡིད་དུ་འོང་བ་ཞིག་ཏུ་ཕེབས་པ་ན་རྡོ་རྗེ་གདན་གྱི་ཀེའུ་ཚང་རིམ་དགུའང་ཟེར། དྷ་ཧེ་ནའི་འདུ་ཁང་ཡིན་སྙམ་བྱེད་པའི་མཆོད་རྟེན་གྱི་རྣམ་པ་ལྟ་བུའི་ལྷ་ཁང་དགུ་བརྩེགས་གསེར་གྱི་རྒྱ་ཕིབས་སོགས་བཀོད་པ་བློ་ལས་འདས་པ་ཞིག་གི་ནང་དུ་བུད་མེད་ཅིག་གིས་ལམ་སྣ་བྱས་ཏེ་རིམ་པར་ཕེབས་པའི་རྩག་འོག་མ་རྣམས་སུ་པཎ་གྲུབ་ཕྱག་དཔེ་ཐོགས་ཤིང་འཆད་པ་དང༌། སྐུ་བརྙན་སོགས་མང་པོ་བཞུགས་སྙམ་བྱེད་པ་ལས་ཞིབ་པར་མ་རྟོགས། རིམ་པ་བརྒྱད་པ་དེར་ཕེབས་པ་ན་སློབ་དཔོན་འཇམ་དཔལ་བཤེས་གཉེན་པཎྜི་ཏའི་ཆ་ལུགས་ཅན་གྱི་སྐུའི་གཡས་གཡོན་དུ་གླེགས་བམ་མང་པོ་བརྩེགས་པ་ཞིག་མཇལ་བ་ལ་གུས་པ་ཆེན་པོས་བཏུད་ཅིང་གསོལ་གདབ་མཛད་པས། གཡོན་ཕྱོགས་ནས་གླེགས་བམ་ཞིག་བླངས་ཏེ་བསྟན་པ་ཤེར་ཕྱིན་སྡུད་པའི་རྒྱ་དཔེར་འདུག །དེ་ཉིད་དབུར་བཞག་ནས་དགོངས་པ་གཏད་དེ་མཚན་ཉིད་ཀྱི་ཆོས་ཐམས་ཅད་ཀྱི་བཀའ་ལུང་རྫོགས་པ་ཡིན་ནོ་གསུངས། གཡས་ཕྱོགས་ནས་ཤོག་བུ་དུང་མདོག་ལ་བོད་ཡིག་ཏུ་བྲིས་པའི་གླེགས་བམ་ཞིག་བླངས་ནས་བསྟན་པ་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ཅེས་བྱ་བར་སྣང༌། དེ་ཉིད་དབུར་བཞག་ནས་དགོངས་པ་གཏད་དེ་གསང་སྔགས་རྡོ་རྗེ་ཐེག་པའི་ཚུལ་སྤྱི་དང་ཁྱད་པར་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་ཚིག་དོན་བྱིན་རླབས་ཐམས་ཅད་རྫོགས་པ་ཡིན་ནོ་གསུངས། ལུང་བསྟན་འགའ་ཞིག་ཀྱང་མཛད་པའི་མཐར་དགྱེས་པའི་ཚུལ་གྱིས་འོད་དུ་ཞུ་ནས་རྗེ་ཉིད་ལ་ཐིམ་པས་དར་ཅིག་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་འབྱམས། དེ་སད་ནས་ཕྱིར་ཕེབས་ལམ་རྩག་འོག་མ་རྣམས་སུ་གྲུབ་ཐོབ། པཎ་ཆེན། སྒོམ་པ་དང༌། བཤད་པ་དང༌། གཟིམ་པ་པོ་མང་དུ་བཞུགས་པ་རྣམས་སེམས་སྡེའི་མཁས་པ་ཉེར་གཅིག་སོགས་ཡིན་སྙམ་བྱེད་པ་ལས་བྱིན་རླབས་སོ་སོར་ཞུས་ནས་སྒོར་ཕེབས་པའི་ཚེ། གཙུག་ལག་ཁང་གི་སྒོ་དེར་བུད་ཤིང་སོགས་མེད་པའི་མེ་ཆེན་པོ་ཞིག་འབར་ཞིང་འདུག་པ་ལ། འདིར་བསྲེག་དགོས་སྙམ་པ་ཞིག་གི་ངང་མེ་དེར་ཞུགས་པས་གདོས་བཅས་ཀྱི་ཕྱི་ནང་ཐམས་ཅད་ཚིག་པའི་རྗེས་སུ་སྣང་བ་དེ་དག་འགགས་ནས། ལུས་འོད་ལུས་བི་མ་མི་ཏྲ་ཡིན་སྙམ་པ་དང་སེམས་བདེ་སྟོང་ཟག་མེད་ཀྱི་ཡེ་ཤེས་མུ་མཐའ་མེད་པ་ལ་འབྱམས་པའི་ངང་དུ་མནལ་ལས་སད་པ་ན་ཉམས་དེ་ཞག་ཁ་ཤས་ཀྱི་བར་དུ་མ་ཡལ་བར་བྱུང་བས་རྫོགས་ཆེན་སེམས་སྡེའི་ཉེ་བརྒྱུད་ཀྱང་ཐོབ། དགུང་ལོ་སོ་གསུམ་པ་ཆུ་བྱི་ཟླ་བ་བཅུ་པའི་ནང་རྫོང་གསར་བཀྲ་ཤིས་ལྷ་རྩེའི་རྗེ་ཉིད་ཀྱི་བཞུགས་གནས་སུ་ཁོ་བོས་གསོལ་བ་བཏབ་པའི་ངོར་ཀློང་སྡེ་རྡོ་རྗེ་ཟམ་པའི་དབང་ལུང་ཁྲིད་བཅས་བསྩལ་བའི་སྒོམ་ཚུལ་བླ་མའི་བྱིན་རླབས་ཀྱི་ནུབ་མོ་མནལ་ལམ་དུ་ཝ་སེང་གེ་བྲག་ཡིན་སྙམ་པའི་སྟོད་ལ་བྲག་དཀར་ཤུག་པའི་ནང་ཡོད་པ། དཀྱིལ་སྤང་རི་ཡིན་པའི་མཐིལ་དུ་བྲག་དཀར་ཁྱི་ཚུགས་བཅས་པ་འདྲ་བ་ཡོད་པའི་བྲག་རྩེར་སྤང་མི་ཕམ་མགོན་པོའི་སྐུ་འབུམ་ཡིན་རྒྱུའི་ས་འབུམ་ལྟ་བུ་ཞིག་འདུག་པ་ལ་དད་གུས་ཀྱིས་བསྐོར་བ་མཛད་པས་ས་སྐུ་ལྟ་བུར་སོང༌། མཐར་བགྲེས་པོ་ཕྱིང་ཐུལ་ཅན། སྒོམ་ཤིང་གཡོན་དུ་བརྟེན། ཚུལ་ཤིང་མདུན་དུ་བཞག་པ་ཅན་ཞིག་ཏུ་གྱུར་པ་ལ་གསོལ་འདེབས་མང་དུ་མཛད་པས་ཡུན་གཅིག་ནས་ཚུར་གཟིགས་ཏེ་བརྡ་བཞི་བསྟན་བྱུང་བས་ཀློང་སྡེའི་སྨིན་གྲོལ་ཚང་བར་ཐོབ་པའི་ངེས་ཤེས་སྐྱེས་པ་ནི་རྫོགས་ཆེན་ཀློང་སྡེའི་བཀའ་བབས་བརྙེས་པའོ། །དགུང་ལོ་ཉེར་གཅིག་ལྕགས་བྱི་སྣྲོན་ཟླར་གཞོ་སྟོད་ཏི་སྒྲོ་བྲག་དཀར་དུ་ཕེབས་སྐབས་སྤྱིར་གནས་ཀྱི་བྱིན་རླབས་ལྟ་བུས་ཐུགས་སྣང་འགྱུར་ནས་ཀུན་རྟོག་གི་རི་མོ་དག་པའི་སྣང་བ་འབའ་ཞིག་ཏུ་ཤར་བ་དང༌། ཚོགས་ཁང་ཆེན་མོར་ཚོགས་མཆོད་མཛད་པའི་སྐབས་ཅུང་ཟད་མནལ་དུ་སོང་བ་ན། ཨོ་རྒྱན་ཡབ་ཡུམ་གཉིས་ཀྱིས་མཁའ་འགྲོ་སྙིང་ཐིག་གི་དབང་ལུང་ཁྲིད་གསུམ་ཡུད་ཙམ་ལ་རྫོགས་པར་བསྩལ་བའི་དག་སྣང་ཤར། ཡང་ལོ་དེ་ཀའི་ས་ཟླ་ཕྱི་མའི་བཅོ་ལྔ་སྐོར་གངས་རི་ཐོད་དཀར་དུ་གནས་འབྲེལ་མཛད་སྐབས། དག་པའི་སྣང་བར་ཀློང་ཆེན་པའི་ཡེ་ཤེས་ཀྱི་སྐུས་ཕྱག་དབུ་ལ་བཀོད་ནས། བུ་ཞེས་པའི་གསུང་གིས་དབུགས་དབྱུང་བསྩལ། བླ་སྒྲུབ་ཐིག་ལེའི་རྒྱ་ཅན་གྱི་དབང་བསྐུར་སོགས་ཀྱང་ཐུགས་གཏེར་དུ་བརྡོལ་ནས་ཡི་གེར་བཀོད་པར་མཛད། སྦྱར་བྱང་འགའ་ཞིག་ཏུ་ཀུན་མཁྱེན་བླ་མ་དགྱེས་པའི་འབངས་ཞེས་པའང་དེ་ལ་དགོངས་པ་ཡིན་གསུངས། མནལ་ལམ་དུ་ཀུན་མཁྱེན་པས་མཁའ་འགྲོ་ཡང་ཏིག་གི་བྱིན་རླབས་བླ་མ་སྒྲུབ་པའི་དབང་དང་ཁྲིད་བཅས་གནང་བ་དང༌། གདུང་རུས་ལྟ་བུའི་སྐུ་བརྙན་ཞིག་ཀྱང་ཕུག་པ་དེ་ནས་ཕྱག་ཏུ་སོན་པས་རྫོགས་ཆེན་མན་ངག་སྡེ་པདྨའི་ལུགས་ཀྱི་བཀའ་བབས་ཐོབ། དགུང་ལོ་ཉེར་བཞི་ཆུ་ཡོས་ས་ཟླའི་ཚེས་བཅུ་གསུམ་ཉིན་འོ་ཡུག་སྡིངས་མའི་ལམ་དུ་ཕེབས་པའི་ཆིབས་ཐོག་ཏུ། ཐོག་མར་སྣང་ཡུལ་ཐམས་ཅད་འོད་དམར་སེར་གྱིས་ཁྱབ་པས་ཐ་མལ་གྱི་རྟོག་པ་འགགས་ཏེ། ཕྱི་གོང་རྫའི་ར་བར་ཕེབས་ནས་ལྕེ་བཙུན་སེང་གེ་དབང་ཕྱུག་ལ་མཁའ་འགྲོ་མང་པོས་བསྐོར་བའི་གྲལ་དུ་འཁོད། འདས་རྗེས་ཞལ་ཆེམས་ཀྱི་ཚུལ་དུ་ལྕེ་བཙུན་སྙིང་ཐིག་བཀའ་བསྩལ་བའི་སྔོན་གནས་རྗེས་སུ་དྲན། མཁའ་འགྲོ་མ་དཔལ་གྱི་བློ་གྲོས་ཀྱིས་བྱིན་གྱིས་བརླབས་པས་ཚིག་དོན་ཐམས་ཅད་ཕྱིས་ཡུན་རིང་མོ་སོང་ཡང་མི་བརྗེད་པར་བཀྲ་ལམ་མེར་ཐུགས་ལ་གནས་པར་བྱུང་བ་ནི་མན་ངག་སྡེ་བི་མའི་ལུགས་ཀྱི་བཀའ་བབས་བརྙེས་པའོ།། །།གཉིས་པ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བཀའ་སྲོལ་ལས་བྱོན་པའི་བཀའ་གདམས་ཀྱི་བཀའ་བབས་ཉེ་བརྒྱུད་བརྙེས་པའི་ཚུལ་ནི། སྤྱིར་འབྲོམ་སྟོན་གྱི་གདན་ས་རྭ་སྒྲེང་དུ་སྔ་རྗེས་ལན་བཞིར་ཕེབས་པ་ལ། ནམ་ཕེབས་དུས་ཐུགས་སྣང་འགྱུར་བའི་བྱིན་རླབས་ཆེན་པོའི་ངེས་ཤེས་རྙེད་པ་དང༌། ལྷག་པར་དགུང་ལོ་ཉེར་བཞི་ཆུ་ཡོས་སྣྲོན་ཟླའི་ཚེས་བརྒྱད་ལ་ཇོ་བོ་འཇམ་པའི་རྡོ་རྗེ་དང༌། ཇོ་བོའི་འདྲ་ཐང་དབུ་ཡོན་མཇལ་སྐབས་དེ་དང་དེ་དངོས་སུ་མཇལ་བའི་དག་སྣང་གསལ་བས། དེ་སྐོར་སྦྱར་དུག་དོགས་པའི་བསྙུན་ཁམས་ལྕི་བ་ཞིག་ཡོད་པའང་སྐད་ཅིག་གིས་དྭངས་པའི་ངོ་མཚར་ཆེན་པོ་བྱུང༌། དགུང་གྲངས་སོ་གཉིས་ལྕགས་ཕག་དབྱུག་པ་ཟླ་བར་རྭ་སྒྲེང་དུ་ཕེབས་སྐབས་ཤུག་པའི་གསེབ་ཏུ་འབྲོམ་སྟོན་ཡབ་སྲས་རྣམས་བཞུགས་པ་དང༌། གཞུང་གདམས་མན་ངག་བཅས་པའི་བཀའ་རྫོགས་པར་གཏད་པའི་གསལ་སྣང་བྱུང་བ་ལ་དེ་དང་མཐུན་པའི་གསུང་མགུར་མཛད་པའང་མགུར་པོད་དུ་བཞུགས་སོ།། །།གསུམ་པ་གྲུབ་ཆེན་བི་རཱུ་པའི་བཀའ་སྲོལ་གདམས་ངག་ལམ་འབྲས་བུ་དང་བཅས་པའི་བཀའ་བབས་ཉེ་བརྒྱུད་བརྙེས་པའི་ཚུལ་ནི། དགུང་ལོ་སོ་གཅིག་ལྕགས་ཕག་ས་ག་ཟླ་བའི་ནང༌། མང་མཁར་ཐུབ་བསྟན་དགེ་འཕེལ་དུ་ཕེབས་ནས་ཚར་ཆེན་གྱི་འདྲ་སྐུ་མཇལ་སྐབས་སྐུ་བརྙན་དེ་ཉིད་ཚར་ཆེན་དངོས་སུ་སྣང་བས་བྱིན་གྱིས་བརླབས་པར་ཤར། མུ་གུ་ལུང་གི་སྒྲ་བསྒྱུར་རྒྱ་གར་ཕུག་ཏུ་ལམ་ཟབ་བླ་མའི་རྣལ་འབྱོར་ཞིག་ཉམས་བཞེས་མཛད་སྐབས་ཅུང་ཟད་མནལ་དུ་སོང་བར། འབྲོག་མི་ལོ་ཙཱ་བ་སྐུའི་རྣམ་པ་ཧ་ཅང་མི་གསལ་ཙམ་ཞིག་གིས་གླེགས་བམ་ཞིག་དབུ་ཐོག་ཏུ་བཞག་ནས། རྒྱུད་ཀྱི་བཤད་བཀའ་འདིས་རྫོགས་པ་ཡིན། མན་ངག་རྗེས་སུ་འབྱུང་གསུངས། དེ་སྐབས་ལམ་འབྲས་སྙིང་པོའི་མགུར་ཡང་མཛད། དགུང་ལོ་ཞེ་གཅིག་པ་མེ་སྤྲེལ་ཟླ་བ་དགུ་པའི་ཚེས་བཅུ་བཞིར་མནལ་ལམ་དུ། བླ་མ་ས་སྐྱ་པ་ཆེན་པོ་སྐུ་ཤིན་ཏུ་གསལ་བར་མཇལ་བའི་སྐུ་འོད་ཀྱི་རང་བཞིན་གྱི་ཐུགས་ཀའི་དབུས་སུ་འོད་ཀྱི་གོང་བུ་ཤེལ་སྔོན་པོའི་མཆོད་རྟེན་དབྱིབས་ལྟ་བུའི་སྟོད་ཀྱི་ཆར་ཡང་དག་ལྷ་དགུ། བར་དུ་དགྱེས་རྡོར་ལྷ་དགུ། འོག་གི་ཆར་ཕུར་པ་གཙོ་རྐྱང་བཅས་སྐུ་དངོས་དང་མཚུངས་པར་གསལ་བའི་བླ་མ་ཡི་དམ་དབྱེར་མེད་ཀྱི་ཞལ་ནས་ཡང་ཕུར་དང༌། ལམ་འབྲས་ཀྱི་བསྐྱེད་རྫོགས་སྙིང་པོ་ཁྱད་པར་ཅན་བསྩལ་བ་གསན།། །།བཞི་པ་མངའ་བདག་མར་པའི་བཀའ་བརྒྱུད་ཀྱི་བཀའ་བབས་བརྙེས་པའི་ཚུལ་ནི། དགུང་ལོ་ཉེར་གཅིག་ལྕགས་བྱི་ལོའི་ཟླ་བ་དགུ་པར་ལྷོ་བྲག་གསས་མཁར་དགུ་ཐོག་ཏུ་མར་པ་ལོ་ཙཱའི་སྐུ་འདྲ་རིན་པོ་ཆེ་མཇལ་སྐབས་མར་པ་དངོས་ཀྱི་དག་སྣང་ཤར། དེ་ནུབ་མནལ་ལམ་དུ་མར་པ་ཡིན་སྙམ་པ་ལ་སྐུ་དངོས་མི་གསལ་བ་ཞིག་གིས། དངོས་པོའི་གནས་ལུགས་ལམ་དང་ནི། འབྲས་བུ་སྐྱེ་བའི་རིམ་པ་འོ། །ཞེས་ཡེ་ཤེས་མཁའ་འགྲོའི་རྡོ་རྗེའི་ཚིག་རྐང་ལ་གསུང་བཤད་མཛད་པ་གསན། དགུང་ལོ་ཉེར་དགུ་ས་སྤྲེལ་དབྱུག་པ་ཟླ་བའི་ཚེས་ཉེར་ལྔར་གཞུང་སྤྲེ་ཞིང་དུ་ཕེབས་ལམ་ཆིབས་ཐོག་ནས་ཡེངས་མ་ལམ་ལྟ་བུའི་སྐབས། མངའ་བདག་མར་པ་སྐུ་དར་ཡོལ་ཞིག་མདུན་མཁར་བཞུགས་ནས་རྒྱུད་དང་གདམས་ངག་གི་སྙིང་པོ་ཤློཀ་གཅིག་གསུངས། རྔོག་ཆོས་སྐུ་རྡོ་རྗེ་ཡིན་པའི་གསལ་སྣང་ལམ་ཙམ་ཤར། བྱིན་རླབས་ཀྱི་ཟིལ་ཆེན་པོ་བྱུང༌། གཞན་ཡང་སྔ་ཕྱི་རྣམས་སུ་མཚུར་ཕུའི་དུས་མཁྱེན་ཕུག་གི་སྐུ་བརྙན། ཕག་གྲུ་འཇག་སྤྱིལ་གྱི་སྐུ་འདྲ་རིན་པོ་ཆེ། འབྲི་གུང་སྐྱོབ་པ་གསེར་ཁང་མ། སྟག་ལུང་གཟིམ་སྤྱིལ་གྱི་ཐང་པ་རིན་པོ་ཆེ། ར་ལུང་གཙང་པ་རྒྱ་རས་ཀྱི་སྐུ་འབག་ཁམས་གསུམ་ཟིལ་གནོན་རྣམས་མཇལ་སྐབས། དད་མོས་དྲག་པོ་རེས་རྐྱེན་བྱས་ཏེ་སོ་སོའི་སྐུར་དངོས་སུ་མཇལ་བ་དང་བྱིན་རླབས་ཀྱི་བབས་ཆེན་པོ་རེ་བྱུང་ཞིང༌། སྔ་རྗེས་འགའ་ཞིག་ཏུ་རས་ཆུང་རྡོ་རྗེ་གྲགས་པ་ཡིན་པའི་གསལ་སྣང་འལ་འོལ་ཤར་གསུངས།། །།ལྔ་པ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ནས་བརྒྱུད་པའི་ཤངས་ཆོས་ཀྱི་བཀའ་བབས་ཉེ་བརྒྱུད་བརྙེས་པའི་ཚུལ་ནི། དགུང་གྲངས་ཉེར་བཞི་ཆུ་ཡོས་ས་ག་ཟླ་བའི་ཚེས་བརྒྱད་ལ་ཞང་ཞོང་དུ་ཁྱུང་པོ་རྣལ་འབྱོར་གྱི་སྐུ་བརྙན་མཇལ་སྐབས། དབུ་སྟེང་དུ་གདུགས་ལྟ་བུའི་འོད་སྔོན་པོའི་ནང་དུ་རྒྱུད་སྡེའི་ལྷ་ཚོགས་མང་པོ་སྟོང་གཟུགས་ལྟ་བུར་ལམ་གྱིས་ཤར། མཐར་སྐུ་འདྲ་རིན་པོ་ཆེར་ཐིམ་པའི་ཞལ་ནས། ཨེ་ཝཾ་མཱ་ཡཱ་ཧོཿ ཞེས་པའི་སྔགས་ཀྱི་བརྡ་དང༌། ཐུགས་ཀ་ནས་འོད་ཟེར་རང་ལ་ཐིམ་པས་ཤངས་ཆོས་ཀྱི་བག་ཆགས་སད་པ་ཞིག་བྱུང༌། དེ་གོང་དགུང་ལོ་བཅོ་ལྔ་ཤིང་རྟ་ལོའི་སྟོན་སོར་ཡབ་གཞིས་སུ་བཞུགས་སྐབས་མནལ་ལམ་དུ། གྲུབ་ཆེན་ཐང་སྟོང་རྒྱལ་པོ་མཇལ་ནས་རྗེས་སུ་བཟུང་ཞིང་ཐུགས་ཏིག་བསྩལ་སྐབས། རྫོགས་རིམ་སྐོར་ལྔའི་ནང་ནས་སྒོམ་པ་ཕྱག་ཆེ་གྭའུ་མ། བོགས་འདོན་ནི་གུ་ཆོས་དྲུག་ཏུ་བསྩལ་བ་གསན་ནོ།། །།དྲུག་པ་གྲུབ་པའི་དབང་ཕྱུག་དམ་པ་སངས་རྒྱས་ཀྱི་བཀའ་སྲོལ་དམ་ཆོས་སྡུག་བསྔལ་ཞི་བྱེད་དང༌། མ་གཅིག་ལབ་སྒྲོན་གྱི་བཀའ་སྲོལ་བདུད་ཀྱི་གཅོད་ཡུལ་གྱི་བཀའ་བབས་ཉེ་བརྒྱུད་བརྙེས་པའི་ཚུལ་ནི། དགུང་གྲངས་ཉེར་བཞི་ཆུ་ཡོས་གྲོ་བཞིན་ཟླ་བའི་ཚེས་བཅུར་རྩི་ཁོག་ཏུ་ཕེབས་སྐབས་དམ་པའི་སྒྲུབ་ཕུག་ནང་དུ་ཚོགས་མཆོད་མཚོན་ཙམ་ཞིག་མཛད་པ་ན། སྒྲུབ་ཕུག་དེ་འོད་ཀྱི་རང་བཞིན་དུ་གྱུར་པའི་མདུན་མཁར་དམ་པ་སངས་རྒྱས་ཉིད་ཆ་ལུགས་ཉི་འདེ་མའི་རྣམ་པར་བཞུགས་པ་མཇལ། ཞི་བྱེད་སྐོར་གྱི་མན་ངག་དགོངས་པ་གཏོད་པའི་ཚུལ་གྱིས་གནང་བའི་མཐར་ཨོ་རྒྱན་པདྨ་སཾ་བྷ་བར་གནས་འགྱུར་ནས་སྙན་བརྒྱུད་སྐོར་ལམ་ཙམ་གསུངས། མཁའ་འགྲོ་མ་དཀར་མོ་ཞིག་ལ་ཕྱག་གི་བརྡ་མཛད་པས། བརྡ་ཡིག་ལྟ་བུ་ངོས་མི་ཟིན་པའི་སྟོང་གཟུགས་མང་པོ་ཞིག་ཐུགས་ཀར་བསྟིམས་བྱུང་བས། དམ་པའི་བླ་སྒྲུབ་སྙན་བརྒྱུད་སྙིང་གི་ཐིག་ལེའི་ཆོས་སྐོར་རྣམས་ཐུགས་ལ་བཀྲ་ལམ་གྱིས་ཤར་བ་ཕྱིས་སུ་སྒྲུབ་ཐབས་དང་རྩ་བ་ཙམ་གཏན་ལ་ཕབ་པར་མཛད། དགུང་ལོ་ཉེར་གཅིག་པ་ལྕགས་བྱི་ལོར་ཟངས་རི་མཁར་དམར་དུ་མ་གཅིག་ལབ་ཀྱི་སྒྲོན་མའི་སྐུ་འདྲ་རིན་པོ་ཆེ་མཇལ་སྐབས་ཞལ་བཞད་ཅིང་སྐུ་གཡོ་འགུལ་མཛད་པས་དངོས་སུ་ས་གཡོ་བ་ལྟ་བུ་ཐམས་ཅད་ཀྱིས་ཚོར་བ་བྱུང༌། བྱིན་རླབས་ཀྱི་ཟིལ་ཆེན་པོ་ཐོབ་པས་གདམས་པའི་སྙིང་པོ་ཐུགས་ལས་བརྡོལ་བའང་ཉམས་མགུར་གྱི་ཚུལ་དུ་འབྲི་བར་མཛད་དོ།། །།བདུན་པ་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་རྫོགས་རིམ་རྡོ་རྗེའི་རྣལ་འབྱོར་གྱི་བཀའ་བབས་ཉེ་བརྒྱུད་བརྙེས་པའི་ཚུལ་ནི། དགུང་གྲངས་སོ་གཉིས་པ་ལྕགས་ཕག་སྣྲོན་ཟླའི་ཚེས་གསུམ་སྐོར་ཇོ་ནང་སྐུ་འབུམ་ཆེན་མོ་མཇལ་བར་ཕེབས་པར། མཁའ་འགྲོའི་རིགས་ཅན་གྱི་བུད་མེད་ཅིག་གིས་སྣ་དྲངས་ནས་ཐོག་ཁར་ཕེབས་སྐབས་དེ་ལས་རློན་ཟིལ་ལྟ་བུ་ཞིག་སྐུ་ལུས་ལ་ཕོག་པའི་རྐྱེན་གྱིས་བདེ་སྟོང་གི་ཉམས་མུ་མཐའ་མེད་པ་སྐྱེས་པས་རྐྱེན་བྱས། ས་ཕྱོགས་ཐམས་ཅད་དག་པའི་ཞིང་ཁམས་ལྟ་བུ་དང་ཆོས་རྒྱལ་རིགས་ལྡན་བརྒྱུད་པ་དང་བཅས་པ་དངོས་སུ་མཇལ་བའི་གསལ་སྣང་ཤིན་ཏུ་བརྟན་པའི་མཐར། ནམ་མཁའ་ནས་ཨེ་ཝཾ་གྱི་སྔགས་སྒྲ་ཞིག་གསན་པས་རྒྱུད་དང་མན་ངག་གི་སྙིང་པོ་ཐུགས་ལ་ལམ་ལམ་འཆར་བ་བྱུང༌། དེའི་གོང་ས་སྤྲེལ་ནག་ཟླའི་ཉ་ལ་དཔལ་སྤུངས་སུ་ཁོ་བོ་ལས་དུས་འཁོར་ཇོ་ནང་ལུགས་ཀྱི་དབང་ལུང་ཁྲིད་གསུམ་གསན་བཞེས་མཛད་སྐབས། སྦྱོར་དྲུག་སོར་སྡུད་ཁྲིད་ཀྱི་དམ་པོ་བྱིན་རླབས་ཕུལ་ནས་མུན་ཁང་མཚོན་བྱེད་བརྟེན་སྐབས། ཐིག་ལེ་སྔོན་པོའི་དབུས་སུ་ཨེ་ཝཾ་གྱི་ཡིག་འབྲུ་ཡོད་པ་ཤིན་ཏུ་མང་པོར་འཆར། ལར་སྐུ་ཆུང་ངུའི་དུས་ནས་བཟུང་མུན་པ་ཅུང་ཟད་གནག་པའི་ནང་དུ་སྲིད་པ་གསུམ་གྱི་སྟོང་གཟུགས་ཤིན་ཏུ་མང་བ་རྩོལ་མེད་དུ་འཆར་བར་འདུག་པས་སྦྱོར་དྲུག་གི་བག་ཆགས་ཤིན་ཏུ་མཐུག་པ་འདྲ་གསུངས། ལྕགས་ཁྱི་ལོའི་དབྱུག་པ་ཟླ་བར་ཞྭ་ལུ་རི་ཕུག་ཏུ་མཆོག་སྤྲུལ་བློ་གསལ་བསྟན་སྐྱོང་ལས་དུས་འཁོར་བུ་ལུགས་ཀྱི་དབང་དང་རྒྱུད་བཤད་གསན་པའི་སྐབས་སྟ་གོན་གྱི་ནུབ་མོར། ནམ་མཁའི་དབྱིངས་མཐོན་པོར་འཕུར་ཅིང་གཤེགས་པས་བྱང་ཕྱོགས་ཐག་རིང་པོར་ཤམ་བྷ་ལ་ཡིན་རྒྱུའི་ཡུལ་ལྗོངས་ཆེས་ཆེ་བ་ཞིག་གཟིགས་པའི་དབུས་སུ། དུས་འཁོར་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དཀྱིལ་འཁོར་དངོས་ཀྱི་རྣམ་པ་ལ་ཧ་ཅང་མི་གསལ་ཙམ་གཟིགས་པའི་མཐར། མེ་ཕུང་ཆེན་པོ་འབར་བའི་ནང་དུ་འབྱུང་པོ་མ་རུངས་པའི་ཆ་བྱད་ཅན་མང་པོ་ཚིག་པའི་སྒྲས་རྣ་བ་འགས་པ་ཙམ་བྱུང་བའི་རྗེས་མནལ་སད། རྗེས་སུ་བླ་མ་ལ་ཞུ་བར་མཛད་པས་བར་ཆད་ལས་རྒྱལ་བའི་མཚན་མ་ཡིན་པས་ཤིན་ཏུ་ལེགས་གསུངས་སོ།། །།བརྒྱད་པ་གྲུབ་ཆེན་ཨོ་རྒྱན་པ་ལ་རྡོ་རྗེ་བཙུན་མོས་གནང་བའི་བསྙེན་སྒྲུབ་ཀྱི་བཀའ་བབས་ཉེ་བརྒྱུད་བརྙེས་པའི་ཚུལ་ནི། ཨོ་རྒྱན་པའི་དུས་སུ་རྟོགས་ལྡན་ཟླ་བ་སེང་གེ་ཡིན་པའི་ཐུགས་ཤེས་ཤིན་ཏུ་གསལ་བའི་བག་ཆགས་ཀྱིས་ཨོ་རྒྱན་བསྙེན་སྒྲུབ་སྐོར་ཨི་ཐོབ་ཀྱི་ཐུགས་འདུན་བསྟར་ཆགས་སུ་བྱུང་བའི་སྐབས་ཤིག་མནལ་ལམ་དུ། དང་པོ་རྗེ་རང་བྱུང་རྡོ་རྗེ་ལམ་ཙམ་གསལ། སླར་གྲུབ་ཐོབ་ཨོ་རྒྱན་པ་ཡིན་པའི་ཕྱག་ཏུ་པུསྟི་ཞིག་བསྣམས་པ་རྗེ་ཉིད་ཀྱི་དབུར་བཞག་ནས་བྱིན་གྱིས་བརླབས་པ་ཞིག་བྱུང་བ་ནས་མི་རིང་པར། མཚུར་ཕུའི་གདན་སར་དཔལ་ཀརྨ་པ་བཅུ་བཞི་པ་ལས་འདིའི་གདམས་ངག་རྫོགས་པར་གསན་གྲུབ་པར་བྱུང་བས་སྐལ་པ་བཟང་པོར་གྱུར་གསུངས། གཞན་གདམས་ཕྲན་ཐོར་བུའི་སྐོར་རྣམས་ལའང་ཉེ་བརྒྱུད་ཀྱི་བཀའ་བབས་བྱིན་རླབས་ཐོབ་ཚུལ་མང་དུ་བཞུགས་པར་སྣང་ནའང༌། ཁོ་བོས་ཆེད་དུ་གསོལ་བ་བཏབ་པ་ལ་གཙོ་ཆེ་བ་རྣམས་བཀའ་བསྩལ་པ་ཐོར་བཀོད་ཅིང༌། གཞན་རྨི་ལམ་དང་མཐོང་སྣང་སོགས་ལ་བཤད་ཚོད་བྲི་ཚོད་ག་ལ་ཡོད་ཅིང་དགོས་པ་ཆེར་མི་འདུག་ཅེས་ཕེབས་པས་ཞིབ་ཏུ་མ་རྟོགས་ཤིང་ཁ་ཤས་ཐོས་པ་ཙམ་འོག་ཏུ་འབྱུང་ངོ༌། །མཁས་གྲུབ་པྲཛྙཱརསྨིས། ཆོས་ཕུང་བརྒྱད་ཁྲིའི་ཡང་སྙིང་སྲོལ་ཆེན་བརྒྱད། །གནས་སྐབས་གདུལ་བྱའི་རིམ་པས་འཁྲིད་ཚུལ་དང༌། །ཉམས་ལེན་གཙོ་བོ་ལ་སོགས་སོ་སོ་ནའང༌། །མཐར་ཐུག་ལྟ་སྒོམ་རྣམ་གཞག་གཅིག་ཏུ་ངེས། །ཞེས་སོགས་གསུངས་པ་ལྟར་བཀའ་སྲོལ་དེ་དག་ཐམས་ཅད་ཀྱང་གནས་སྐབས་གང་ཟག་དབང་པོའི་རིམ་པ་ལ་དགོངས་པའི་ཁྲིད་ཚུལ་འདྲ་མིན་དུ་བྱུང་བ་ལས། ལྟ་སྒོམ་གྱི་གནད་དང༌མཐར་ཐུག་མི་སློབ་པའི་ཟུང་འཇུག་སྐུ་བཞིའི་བདག་ཉིད་ཅན་གྱི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པ་ལ་མཚུངས་ཤིང༌། ཐམས་ཅད་ཀྱང་ཐེག་ཆེན་རྡོ་རྗེ་ཐེག་པའི་ཟབ་ལམ་ཕྱིན་ཅི་མ་ལོག་པ་ཡིན་པ་ལ་ཁྱད་པར་མེད་པས་བསྟན་འཛིན་ཀྱི་སྐྱེས་བུ་གཞན་དག་གིས་ཀྱང་རྗེ་བླ་མ་འདི་ཉིད་ཀྱི་རྣམ་པར་ཐར་པ་ལ་ཡིད་ཆེས་པའི་དད་པས་རྗེས་སུ་སློབ་པར་རིགས་སོ།། ༈ །།གསུམ་པ་གང་ཟག་མཆོག་དམན་གང་དང་ཡང་ཤིན་ཏུ་ཐུན་མོང་མ་ཡིན་པ་གསང་བའི་རྣམ་ཐར་སྤྱི་དང་ཁྱད་པར་གཉིས་ལས། སྤྱིར་ཐུགས་བསྐྱེད་ཁྱད་པར་ཅན་དང་སྨོན་ལམ་གྱི་ས་བོན་དུས་སུ་སྨིན་པའི་རྒྱུ་ལས་བཀའ་བབས་ཆེན་པོ་བདུན་གྱི་མངའ་བདག་ཏུ་གྱུར་པ་སྟེ། རྫོགས་ཆེན་སྡེ་གསུམ་གྱི་ལུང་བྱང་ལས། བཀའ་ནས་བཀར་བརྒྱུད་བར་མ་ཆད༔ ཟབ་མོ་དངོས་དང་དགོངས་པའི་གཏེར༔ ཡང་གཏེར་རྗེས་སུ་དྲན་པའི་གཏེར༔ དག་སྣང་སྙན་དུ་བརྒྱུད་པ་ཡི༔ བཀའ་བབས་བདུན་གྱི་ཆུ་བོ་ནི༔ མངའ་བདག་ཡབ་སྲས་སྐལ་བར་བབས༔ སྙིགས་དུས་བསྟན་པའི་བཙས་ཆེན་བྱེད༔ ཟབ་རྒྱས་ཉི་འོད་ལྷག་པར་བརྡལ༔ ཅེས་དང་གཏེར་ལུང་གཞན་ལས་ཀྱང་མདོ་རྒྱས་ཚུལ་གྱིས་མང་དུ་འབྱུང་བ་ལྟར། ཡབ་གཅིག་ཁྲི་སྲོང་རྣམ་འཕྲུལ་ཀུན་མཁྱེན་བླ་མ་རིན་པོ་ཆེ་དང༌། ལྷ་སྲས་དམ་འཛིན་རྣམ་འཕྲུལ་མཆོག་གྱུར་བདེ་ཆེན་གླིང་པ་རྣམ་པ་གཉིས་ཀྱི་ལུང་དུ་གསལ་བ་ལྟར། མཆོག་གྱུར་གླིང་པ་ལའང་རྣམ་གྲངས་ཚང་ཙམ་བཞུགས་ཀྱང་འགྲོ་དོན་གྱི་མཐའ་བརྟུལ་བས་རྒྱ་ཆེར་མ་བྱུང་བར་སྣང༌། ༧ རྗེ་བཙུན་བླ་མ་འདི་ཉིད་ཀྱི་བཀའ་བབས་དང་པོ་གསང་སྔགས་གསར་རྙིང་གཉིས་སུ་གྲགས་པ་རྣམས་བཀའ་ནས་བཀར་བརྒྱུད་པའི་བཀའ་བབས་བརྙེས་པའི་ཚུལ་ནི། དགུང་གྲངས་བཅུ་དྲུག་པར་ས་ག་ཟླ་བའི་ཚེས་བཅུའི་ཐོ་རངས་དག་པའི་སྣང་བར་རྔ་ཡབ་པདྨ་འོད་དུ་ཕེབས། དེའང་བྲག་རི་ལྷུན་ཆགས་པའི་ཕུག་པའི་ནང་དུ་སྤྲིན་དཀར་ཤིན་ཏུ་མཛེས་པའི་ཁྲོད་ན་གུ་རུ་མཚོ་སྐྱེས་རྡོ་རྗེ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བའི་བཀོད་པ་ཅན་མཇལ། དགོངས་པས་བྱིན་གྱིས་བརླབས་ཤིང་བརྡའི་དབང་བསྐུར་བ་དང་བཀའ་བབས་བདུན་འབྱུང་བའི་དབུགས་དབྱུང་རྒྱས་པར་བསྩལ་བའི་མཐར་སྤྱན་ལྟ་སྟངས་དང་བཅས་ཏེ། གཟུང་བའི་ཡུལ་གྱིས་མ་གོས་ཤིང༌། །འཛིན་པའི་རྟོག་པས་མ་བསླད་པ། །རིག་སྟོང་རྗེན་པར་བསྐྱང་བ་ནི། །སངས་རྒྱས་ཀུན་གྱི་དགོངས་པ་འོ། །ཞེས་གསུངས་ཏེ་འཁོར་དང་བཅས་པ་རྗེ་ཉིད་ལ་ཐིམ་པས་ཐུགས་ཡིད་དབྱེར་མེད་དུ་འདྲེས་པའི་ཉམས་ཤར་ཏེ་དེ་ཕྱིན་ཆད་ཀ་དག་གི་གནས་ལུགས་ལ་རང་བཞིན་གྱིས་བརྟན་པ་ཐོབ་པར་གྱུར། དེ་ལ་ཐུགས་སྤྲོ་བ་བརྟས་ཏེ་གུ་རུ་རིན་པོ་ཆེར་རྩེ་གཅིག་ཏུ་གསོལ་བཏབ་མཛད་པའི་རྐྱེན་ལས། མདོ་རྒྱུད་གསར་རྙིང་བཀའ་གཏེར་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་ཡོངས་གྲགས་རྣམས་དང་རྒྱུན་ཤིན་ཏུ་དཀོན་པ་རྣམས་ཀྱི་དབང་ལུང་མན་ངག་གངས་ཅན་དུ་བཞུགས་སོ་འཚལ་གསན་གྲུབ། གཞུང་དང་གདམས་པའི་ཡིག་རྙིང་ཁྱད་པར་ཅན་དཔེ་རྒྱུན་ཤིན་ཏུ་དཀོན་པ་མང་པོའང་རྩོལ་བཅས་རྩོལ་མེད་སྣ་ཚོགས་ཀྱིས་ཕྱག་ཏུ་འབྱོར་བས། རང་ཉིད་ཀྱིས་ཐུགས་ཉམས་སུ་བཞེས་ཤིང་དད་མོས་ཅན་རྣམས་ལ་འཆད་སྤེལ་གྱི་ཕྲིན་ལས་བསྐྱངས་པས་གྲུབ་མཐའ་རིས་སུ་མ་ཆད་པ་ཀུན་གྱི་བསྟན་པའི་སྲོག་མཐུད་པར་མཛད་པ་འདི་ཀ་གཙོ་བོ་ཡིན་ལ། ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ལ་དབང་འབྱོར་པའི་ཚུལ་གྱིས་ཉིན་དང་མཚན་དུ་ཆོས་སྒོ་རབ་འབྱམས་ཀྱི་སྣང་བ་ལ་ལོངས་སྤྱོད་པས། དག་པའི་སྣང་བར་སངས་རྒྱས་བྱང་སེམས་མཁས་གྲུབ་རིག་པ་འཛིན་པ་ལ་སོགས་པ་ལས་ཆོས་གསན་པ་དང༌། སྐུའི་ཡང་སྲིད་སྔོན་མའི་གནས་ཚུལ་དང་ཟབ་ཆོས་གསན་པར་དྲན་པ་སོགས་ནི་མང་དུ་བཞུགས་པར་སྣང་ནའང་སྐལ་ལྡན་འགའ་ཞིག་ལ་མཚོན་ཙམ་ལས་རང་གི་ཡོན་ཏན་སྒྲོག་པར་འགྱུར་བ་དང༌། གཞན་དག་གི་བློ་ལ་མི་ཤོང་བས་ཉེས་པ་སྐྱེད་པར་འགྱུར་བ་ལ་དགོངས་ནས་ནམ་ཡང་གསུང་བར་མ་མཛད་པས་བཀོད་པར་རྔོ་མ་ཐོགས་ཀྱང༌། རང་གིས་གང་ཐོས་སྒྲོ་སྐུར་མེད་པ་ཕྱོགས་མཚོན་ཙམ་ནི་གོང་དུ་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བཀའ་བབས་ཉེ་བརྒྱུད་བརྙེས་པའི་ཚུལ་དེ་རྣམས་དང༌། གཞན་ཡང་དཔྱལ་ཨ་མོ་གྷ་བཛྲའི་སྔོན་གནས་གསལ་བར་དྲན་ཅིང་ཁ་ཆེ་པཎ་ཆེན་གྱི་ཐུགས་དམ་ཡང་དག་མེ་གཅིག་ཉེ་བརྒྱུད་བྱུང༌། དག་པའི་སྣང་བར་སངས་རྒྱས་གསང་བ་ལས་སྒྱུ་འཕྲུལ་ལམ་རིམ་གསན། རེད་མདའ་བ་གཞོན་ནུ་བློ་གྲོས་ལས་དབུ་མ་བདེན་གཉིས་གསན། སྙེ་མདོ་བ་བསོད་ནམས་དཔལ་གྱི་སྔོན་གནས་རྗེས་སུ་དྲན་ཅིང་ཕ་དམ་པས་སློབ་དཔོན་པདྨ་ལ་ཞུས་པའི་ཕུར་པའང་ཉེ་བརྒྱུད་དུ་གསན། ས་ཆེན་གྱིས་ལན་གསུམ་དུ་སྨིན་གྲོལ་བྱིན་རླབས་བསྩལ་ཅིང་ཁྱད་པར་མེ་ཡོས་མགོ་ཟླའི་དམར་ཕྱོགས་སུ་དཔལ་སྤུངས་ཕུར་སྒྲུབ་རྡོ་རྗེ་སློབ་དཔོན་མཛད་སྐབས། ཁོ་བོས་ཕུར་པ་རྩ་དུམ་རྒྱུད་བཤད་ཅིག་གནང་གྲུབ་པར་གསོལ་བ་བཏབ་པའི་ནུབ་མོ་མནལ་ལམ་དུ་ས་ཆེན་མཇལ་བར་རྩ་དུམ་ལྗགས་བཤད་སྩོལ་བར་ཞུས་པས་སྔར་གནང་བ་དེ་རྣམས་ཀྱིས་ཆོག་པར་ཡོད་མོད་གསུངས། ལྗགས་བཤད་མདོར་བསྡུས་གནང་ནས་ཕེབས་སོང་བ་ན་དེ་ལ་ས་བཅད་སོགས་རྒྱས་པ་ཞིག་ཡོད་དགོས་པར་འདུག་ཞུས་པས། རྩ་བའི་བཤད་རྒྱུན་དེ་ཀས་ཆོག །རྒྱས་པ་ངེད་རང་གི་སློབ་མ་མི་ཉག་པ་པྲཛྙཱཛྭལས་བྲིས་པ་ལ་ལྟོས་གསུངས་པས་ཕུར་པའི་རྒྱུད་བཤད་ཉེ་བརྒྱུད་གསན། ལྕགས་བྱ་ནག་པ་ཟླ་བར་དཔལ་སྤུངས་ཡང་ཁྲོད་སྒྲུབ་སྡེར་རྟེན་གསར་བཞེངས་རྣམས་ལ་རབ་གནས་དང༌། དགྱེས་པ་རྡོ་རྗེ་བཀའ་སྲོལ་བཞི་པོའི་དབང༌། རྒྱུད་བཤད། ལམ་འབྲས་བཅས་རྫོགས་པར་ཞུས་པའི་སྐབས་མནལ་ལྟས་སུ། ལྷ་ཁང་ཆེན་པོ་ཞིག་ཏུ་ཕེབས་པས་དབུས་སུ་ཁྲི་ཆེན་པོ་ཞིག་གི་སྟེང་དུ་དཔལ་ལྡན་བླ་མ་བསོད་ནམས་རྒྱལ་མཚན་པ་བཞུགས། སྐུའི་གཡས་གཡོན་དུ་པུསྟི་མང་པོ་བརྩིགས། མདུན་གཡས་གདན་རྐྱང་བཏིང་བའི་སྟེང་ཐེག་ཆེན་ཆོས་རྗེ་བཞུགས་འདུག་པ་ལ་གུས་འདུད་མཛད་ནས་ཀྱེ་རྡོར་རྒྱུད་བཤད་ཅིག་སྩོལ་བར་ཞུས་པས། གཡས་ཀྱི་དཔེ་ཁྲི་ལ་ཕྱག་མཛུབ་གཏད་ནས་འགྲེལ་པ་ཁྱེར་ཤོག་གསུངས། གདོང་ཡིག་ལ་འགྲེལ་པ་ཡིན་པའི་གླེགས་བམ་ཞིག་ཕུལ་བས་འདི་ངེད་ཀྱིས་མ་རེད། ཁོང་རང་གིས་བྱས་པ་རེད་གསུངས་ནས་ཐེག་ཆེན་ཆོས་རྗེ་ལ་གཟིགས། སླར་གླེགས་བམ་ཞིག་ཕུལ་བས་དེ་སྟེང་རྒྱུད་བཤད་ཚར་གཅིག་གནང་ནས་གླེགས་བམ་དབུར་བཀོད་པ་སོགས་བྱུང༌། ཡང་དུས་གཞན་ཞིག་ལ་བྱ་གཤོང་དུ་མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་ལས་ཀྱེ་རྡོར་རྒྱུད་བཤད་གསན་པའང་བྱུང་བས། ཀུན་ཏུ་དགོས་པའི་གཞུང་བདུན་སོགས་ཚིག་བརྒྱུད་བར་མ་ཆད་པར་བཞུགས་བཞིན་པའི་ཐོག །བཤད་པའི་ཉེ་བརྒྱུད་དམིགས་བསལ་ཐོབ་པས་ཀྱེ་རྡོར་བརྟག་གཉིས་དང་ཕུར་པ་རྩ་དུམ་རྣམས་བཤད་རྒྱུན་ཀྱང་བཞུགས་ངེས་པའི་དམིགས་བསལ་མཛད་པས། ལུགས་འདི་འཛིན་པ་རྣམས་ཀྱིས་རྒྱུན་སྐྱོང་བ་ཞིག་མཛད་གྲུབ་ན་ཤིན་ཏུ་གལ་ཆེ་བར་མངོན་ནོ། །རབ་བྱུང་བཅོ་ལྔ་པའི་མེ་ཁྱི་ཟླ་བ་གཉིས་པའི་ཚེས་གཅིག་སྐོར་མ་ཧཱ་པཎྜི་ཏ་མི་ཕམ་ལ་དབུ་མ་རྒྱན་གྱི་འགྲེལ་པ་ཞིག་བྲིས་ཞེས་བཀའ་གནང་བ་བཞིན་འགྲེལ་པ་བྲི་གྲུབ་ནས། སླར་དབྱར་ཕྱོགས་བཤད་པ་ཞིག་བགྱིད་པར་རྩོམ་པའི་ཚེ། ཟླ་བ་བཞི་པའི་ཚེས་བཅུ་དྲུག་ལ་སྐུ་མདུན་ཤོག་གསུངས། མདངས་སུམ་ཚེས་བཅོ་ལྔའི་ནུབ་སློབ་དཔོན་ཀ་མ་ལ་ཤཱི་ལ་ན་བཟའ་བཙུན་ཆས་རྡོ་ཚོས་ཅན་དཀྱུས་མ་མནབས་པ་ཞིག་གིས། ཕྱག་ན་སྦ་ཡེ་ཤེས་དབང་པོའི་ཕྱག་དཔེ་ཡིན་གསུངས་པའི་དབུ་མ་རྒྱན་རྩ་འགྲེལ་གཉིས་བསྣམས་ནས་ཁོང་ལ་གནང་སྟེ་བཤད་པ་ཞིག་མཛད་སོང་བའི་རྗེས་ལ། ཁོང་གིས་ཀ་ཤཱིའི་སྒོམ་རིམ་གྱི་བཤད་པ་ཞིག་ཞུས་པ་ལ། སྒོམ་རིམ་བར་པའི་ལུང་རྒྱུན་ཡོད་པ་དེས་ཆོག་གསུང་བ་བྱུང༌། ད་ནང་ཁྱོད་ལ་བཤད་ལུང་བྱེད། གནངས་ཚེས་བཅོ་བརྒྱད་ལ་རྒྱན་གྱི་བཤད་པ་ཞུ་མཁན་གྱི་འདུས་པ་རྣམས་ལ་བཤད་པ་གྲུབ་པ་གྱིས་ཞེས་ཕེབས་པ་དང༌། ཡང་དེ་སྐོར་ཞིག་ཏུ་ཁོང་ལ་གཞན་ཞིག་གིས་ཁྱོད་རྡོ་ཐོག་ཐེལ་པ་རྡོ་རྗེ་རྒྱལ་མཚན་དུ་སྐྱེས་དུས་བྱམས་ཆོས་སྡེ་ལྔ་ཚར་བརྒྱ་བཤད་པ་ཡིན་ཚུལ་གླེང་བ་དང༌། བླ་མ་དེ་རྒྱ་ནག་དབུ་བླར་ཕེབས་པར་སྔགས་པ་ཡིན་གཤིས་རྒྱ་ནག་པས་ཉམས་སད་པའི་ཕྱིར་མཆོད་རྟེན་ནང་སྒྲོམ་དུ་བཅུག་སྟེ་ལོ་གཅིག་སྒོ་བསྡམས་ནས་དབྱེ་མི་ཆོག་པར་བཞག །སླར་ལོ་གཅིག་སོང་རྗེས་བལྟས་པས་ཕར་བཞག་དུས་དང་འདྲ་བར་བཞུགས་ཤིང༌། དེར་ཡུད་ཙམ་གྱི་སྣང་བ་ལས་མ་བྱུང་ཚུལ་གསུངས་པས། རྒྱ་ནག་རྒྱལ་པོ་འཁོར་བཅས་སྔགས་པར་དད་ནས་བཀུར་བཟོས་རྒྱ་ཆེན་པོ་དང་བཅས་ཏེ་སླར་བོད་དུ་ཕེབས་པས་སྔགས་པ་རྣམས་ལ་ཕན་ཆེན་པོ་ཐོགས་པ་དེ་ཡིན་ཞིང༌། དེ་དུས་ཀྱི་གནས་སྐབས་རྣམས་དྲན་གསུངས་ནས་དེའི་གནད་ཀས་མི་ཕམ་རང་ལ་འབྱེད་རྣམ་གཉིས་ཀྱི་བཤད་ལུང་ཞིག་བསྩལ་བ་ཐོས། ཡང་མེ་ཡོས་ཟླ་བ་བཅུ་གཉིས་པའི་ཚེས་གསུམ་ལ་རྗེ་རིན་པོ་ཆེས་མཛད་པའི་བདེ་མཆོག་རྒྱུད་འགྲེལ་སྦས་དོན་ཀུན་གསལ་སྟེང་ནས་རྒྱུད་བཤད་ཞུས་པ་དང་པོ་ཚུགས་པའི་ནུབ་མོ་མནལ་ལམ་དུ། སྐུ་ལུས་ལས་མི་གཙང་བ་དང༌། བུ་ག་རྣམས་ལས་ཁྲག་རྣག་མཐའ་ཡས་པ་ཞིག་ཟག །སྐུ་ལུས་དྲི་མ་མེད་ཅིང་ཤིན་ཏུ་ཡང་བ་གཤོག་པ་དང་ལྡན་པ་ཞིག་ཏུ་གྱུར་པས་འཕུར་ནས་ཕྱིན་པས་རྒྱ་གར་ལྷོ་ཕྱོགས་ཞིག་ཏུ་ཕེབས། དེར་ཐང་ཡངས་པ་ཞིག་གི་མཐར་བྲག་དང་ནགས་ཚལ་ཡོད་པའི་རི་བོ་ཞིག་དང་ཉེ་བར་འདུག་པ་ལ་གཟིགས་པས། རི་མགུལ་དེར་གྲུབ་ཆེན་ལཱུ་ཧི་པ་ཡིན་ཟེར་བའི་རྣལ་འབྱོར་པ་ཞིག་ཞལ་ཕར་ཕྱོགས་ཏེ་ཁོག་མ་ལ་མེ་འབུད་ནས་ཚོད་མ་བཙོ་བ་ལྟར་སྣང༌། རི་དེའི་གཤམ་ནས་བདག་ལ་དངོས་གྲུབ་ཅིག་སྩོལ་ཅེས་འགའ་ཞིག་བོས་པས་ཞལ་ཚུར་གཟིགས་པ་ན་ཉི་མ་ལྟ་བུའི་གཟི་བརྗིད་ཤིན་ཏུ་བཟོད་དཀའ་བ་ཞིག་སྣང༌། སླར་ཡང་བོས་པས་མདུན་གྱི་མེ་དེ་དམར་ཐར་ཐར་དྲག་ཏུ་གཏོར་བྱུང་བའི་གསེབ་ཏུ་ཉུངས་མ་བསྲེགས་པའི་རྡོག་པོ་ཞིག་སྣང་བ་ཁ་ཕྱེས་པའི་ནང་དུ་ཤིང་ཏོག་ལས་གྲུབ་པ་ལྟ་བུའི་འཁོར་ལོ་བདེ་མཆོག་གི་སྐུ་བརྙན་སེར་སྨུག་ཆེས་ལེགས་པ་ཞིག་འདུག་པ། ཞལ་དུ་གསོལ་པས་སྐུ་ལུས་དང་དབྱེར་མེད་དུ་འདྲེས་པའི་བདེ་བས་གང་བ་ལྟ་བུའི་ངང་ནས་སད་པ་ན་འཁོར་ལོ་བདེ་མཆོག་གི་བྱིན་རླབས་ཡོངས་རྫོགས་ཐོབ་པའི་ངེས་ཤེས་འཁྲུངས། ཤབ་བག་སྟོན་གཞོན་ནུ་ཚུལ་ཁྲིམས་ཀྱི་སྔོན་གནས་རབ་ཙམ་གསལ་ཞིང༌། མངའ་རིས་པཎ་ཆེན་རིན་པོ་ཆེའི་བག་ཆགས་འལ་འོལ་འཆར་བ་ན་དེ་དག་གི་སྐབས་སུ་སྒྲུབ་བརྒྱུད་བརྒྱད་ཀྱི་ལམ་སྲོལ་རྣམས་དཀའ་བ་དུ་མས་བཙལ་བ་དྲན་པ་ན་དགའ་བ་དང་སྐྱོ་བ་འདྲེས་པའི་ཉམས་ཅི་རིགས་འཆར་བར་སྣང་གསུངས། རྗེ་རིན་པོ་ཆེ་ཙོང་ཁ་པའི་མཚན་ཐོས་པ་ཙམ་གྱིས་དང་བའི་ཡིད་རྒྱུན་ཆགས་སུ་འབྱུང་ཞིང༌། ཇོ་ནང་རྗེ་བཙུན་རིན་པོ་ཆེར་མོས་གུས་ཐུན་མོང་མ་ཡིན་པ་རྒྱུན་ཆགས་པ་ལ་བརྟེན། ཡང་དང་ཡང་དུ་མཇལ་བ་དང༌། སྐབས་ཤིག་ཁོང་གིས་བཞེས་མ་གྲུབ་པའི་གཏེར་ཆོས་ཕྲེང་བ་སྐོར་བཞི་ལས་ལྟ་བའི་ཕྲེང་བ་གཞི་རྒྱུད། རྣམ་ཤེས་ཕྲེང་བ་སྐྱེད་རིམ། ཡེ་ཤེས་ཕྲེང་བ་རྫོགས་རིམ། ལས་ཀྱི་ཕྲེང་བ་སྒྲུབ་ཆེན་དང་ལས་ཕྲན་སྐོར་སོགས་ཡིན་པའི་གསུངས་བཤད་མདོར་བསྡུས་གནང༌། དེ་རྣམས་ཀྱི་གཏེར་དཔེ་ཟབ་བུ་ལུང་གི་རྫ་མོ་ཧཱུྃ་འདྲར་ཡོད་པ་མ་འོངས་པའི་དུས་སུ་སྤྱོད་པར་གྱིས་ཤིག་པའི་རྗེས་གནང་ཡང་བསྩལ་གསུངས་སོ།། །།གཉིས་པ་ས་གཏེར་གྱི་བཀའ་བབས་ཚུལ་ནི། དགུང་ལོ་ཆུང་ངུའི་དུས་ནས་གཏེར་གྱི་ལུང་བསྟན་མང་དུ་བྱུང་འདུག་ཀྱང་རྟེན་འབྲེལ་གཞན་དབང་དུ་སོང༌། དབྱར་རུ་ནང་བཞུགས་སྐབས་གནས་རི་ཡིན་པའི་བྲག་ཞིག་ནས་རྡོ་གྲུ་བཞི་ལ་བརྡ་ཡིག་ཡོད་པ་ཞིག་རྙེད་པ་རྩ་གསུམ་བདེ་གཤེགས་འདུས་པའི་ཆོས་སྐོར་ཡིན་འདུག་པ་ལས་བྱང་ལྡེབ་ལྔ་བཅུ་ཙམ་ཕབ། རྡོ་རང་མལ་དུ་རྒྱས་བཏབ། ལས་བྱང་དེ་ཕྱིས་བར་ཕྱག་ཏུ་བཞུགས་ཀྱང་ཕྱིས་བྱོན་ཐུགས་སྒྲུབ་རྣམ་གསུམ་གཅིག་དྲིལ་ལྟ་བུའི་ལྷ་སྔགས་ཐམས་ཅད་རྣམ་པ་གཅིག་པ་ཁོ་ནར་སྣང་བས་དཔེ་མི་མངོན་དབྱིངས་སུ་རྒྱས་བཏབ་པ་ཡིན་གསུངས། དགུང་ལོ་ཉེར་དགུ་ས་སྤྲེལ་དབྱུག་པ་ཟླ་བར་ལྷ་ལྡན་ནས་བསམ་ཡས་ཕྱོགས་སུ་ཕེབས་པའི་ཚེས་བཅུའི་ནངས་མོར་ཉེ་གནས་པ་སྔོན་དུ་སོང༌། སྐུ་ཉིད་རྐྱང་པ་བྲག་དམར་མགྲིན་བཟང་ལྷ་ཁང་མཇལ་དུ་ཕེབས་པ་ན་ཉེ་སྐོར་དེར་བུད་མེད་ཅིག་གིས་ལྷ་ཆེན་འཇིག་སོང་བའི་ཕྱག་མཛུབ་ཅིག་ཕུལ་བྱུང་བ་སྐུ་ཕྲག་ཏུ་བཙུད་ནས་ཕེབས། བར་དེར་ཡོད་པ་ཙམ་ཡང་མ་དྲན། ཕྱིས་ཤིག་ན་བཟའ་ཡང་བརྗེ་སྐབས་སྐུ་ཆིངས་བཀྲོལ་བས་ཐང་དུ་ལྷུང་སོང་བ་ཅི་ཡོད་གཟིགས་འདོད་པ་ཞིག་བྱུང་ནས་མཛུལ་མོ་བཅགས་པས། ནང་དུ་ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་གསོའི་ཆོས་སྐོར་དང༌། དྲི་མེད་ཀུན་དགས་ཡང་གཏེར་དུ་སྦས་པའི་བླ་རྫོགས་ཐུགས་གསུམ་གྱི་སྙིང་པོ་གཅིག་དྲིལ་རྣམས་ཀྱི་ཤོག་སེར། བྲམ་ཟེ་ཉེར་གཅིག་གི་གདུང་རྣམས་བྱོན་ཀྱང་རླུང་ཕྱོགས་ཙམ་ཡང་མ་བསྒྲགས་པས་ཉེ་གནས་ཚུལ་ཁྲིམས་རྒྱ་མཚོ་ཞབས་ཏོག་པ་རྒྱུན་གཅར་ཡིན་རུང་གཏེར་བཞེས་པའི་ཕྱོགས་ཙམ་ཡང་མ་རྟོགས། སེམས་ཉིད་ངལ་གསོའི་ཉམས་བཞེས་ཁྱུག་ཙམ་རེ་གནང༌། ཕྱིས་ས་ཕོ་རྟ་ལོ་དགུན་ཟླ་འབྲིང་པོའི་ཚེས་བཅུར་ཡེ་ཤེས་མཁའ་འགྲོའི་སྐུལ་བྱང་ལ་བརྟེན། ལོ་རྒྱུས་གནད་བྱང་དང་ཡང་བྱང་ཙམ་གཏན་ལ་ཕབ་པར་མཛད། ལོ་རྒྱུས་གནད་བྱང་ལས། ཐོག་མར་ཆོས་འདིའི་སྒོ་འབྱེད་པ༔ དབང་གི་གནས་སུ་དབང་གི་དུས༔ དབང་ཆེན་པདྨའི་རིགས་སྐྱེས་པའི༔ རྣམ་འཕྲུལ་ཟུང་གི་དོན་དུ་སྟོན༔ ཚོམ་བུ་དང་བཅས་སྐལ་བཟང་འགྱུར༔ ཅེས་གསུངས་པ་ལྟར། ལྕགས་སྤྲེལ་སྣྲོན་ཟླ་བར་རྒྱལ་དབང་ཀརྨ་པ་བཅུ་བཞི་པ་ཉག་རྐེད་དཔོན་གྱིས་གདན་ཞུས་ལ་ཕེབས་པའི་ཡར་ལམ་ཆུ་སྟོད་ཟླ་བར་གཏེར་ལྷུང་ཕྱོགས་སུ་ཆིབས་ཁ་བསྒྱུར། ཁོ་བོ་ལ་སྔ་མ་ནས་འདི་དོན་ཟུར་ཙམ་བཀའ་བསྩལ་ཕེབས་པ་དང་འདི་སྐབས་རྗེ་བླ་མ་ཉིད་ཀྱང་ཟླ་གམ་དབང་ཕུག་ཏུ་ཕེབས་འདུག་པས་རྒྱལ་དབང་རིན་པོ་ཆེར་ཡང་མཚམས་སྦྱོར་སྙན་གསན་གང་དྲག་ཞུས་པས། ཟླ་གམ་དབང་ཕུག་ཏུ་གནས་མཇལ་ཕེབས་ནས་དགོངས་པར་གང་བབས་ཀྱི་དབང་ཞིག་གནང་གྲུབ་པར་ཞུ་རྒྱུ་མཛད་སོང་བས། རྗེ་རིན་པོ་ཆེ་ཡང་ཐུགས་དགྱེས་པ་ཆེན་པོས་རྒྱལ་དབང་རིན་པོ་ཆེ། སི་ཏུ་སྤྲུལ་པའི་སྐུ་གཙོས་བདག་ཅག་འདུས་པ་བརྒྱད་ལ་སེམས་ཉིད་ངལ་གསོའི་དོན་དབང༌། མཚོ་སྐྱེས་སྙིང་ཐིག་གི་རྩ་དབང༌། ལྕེ་བཙུན་སྙིང་ཐིག་གི་དབང་བཅས་རྗེ་ཉིད་ཀྱི་ཟབ་གཏེར་ལས་བྱོན་པའི་བླ་རྫོགས་ཐུགས་གསུམ་ཚང་བར་མཛད་ནས་བཀའ་དྲིན་དུ་བསྩལ་པ་ཐོབ་པས་ཆེས་སྐལ་པ་བཟང་པོར་གྱུར་ཅིང༌། ཐོག་མར་རྟེན་འབྲེལ་ལེགས་པར་འགྲིགས། ཆོས་འདིའི་ཆ་ལག་གནས་དེར་བཞུགས་ཡོད་པར་སྣང་བའང་ཕྱག་ཏུ་སོན་པར་ངེས་ཀྱང་ས་གཏེར་གྱི་རྩ་བའི་རྟེན་འབྲེལ་ཐོག་མར་འཆུགས་པའི་དབང་གིས། ས་གཏེར་ལ་བརྟེན་པའི་ཤོག་སེར་རིགས་གཟིགས་པ་ཙམ་གྱིས་ཀྱང་ཐུགས་ཆེས་བསྙུན་པ་མ་ཟད་ཤོག་སེར་གྱི་ལབ་གླེང་ཙམ་ཡང་ཞུ་དཀའ་བ་དང༌། དེའི་གནད་ཀྱིས་ཆོས་བཀའ་ཕལ་ཆེར་མགོ་མཐོང་ཙམ་ལས་ཆ་ལག་ཚང་བ་གཏན་ལ་འབེབ་ཐུབ་པ་གཏན་ནས་མ་བྱུང༌། འདིའི་རྒྱུན་ཁྱེར་ཞིག་ཞུས་པ་རྩོམ་མི་དགོས། ཤོག་སེར་ལ་ཡོད་གསུངས་ནས་འབེབ་པར་རྩོམ་པ་ན་འཕྲལ་དེར་ཕྱག་ལ་བསྙུན་ཁམས་ཚབས་པོ་ཆེས་ཐེབས་པ་བཅས་ཆོས་བཀའ་གཏན་ལ་འབེབ་མ་ཐུབ་པ་ནི། སྤྱིར་གདུལ་བྱ་ཕལ་མོ་ཆེ་སྐལ་པ་དམན་པའི་སྟེང་ཐོག་མ་ནས་ཡིད་གཉིས་ཞུགས་པའི་དམ་སེལ་གྱི་གྲིབ་དང༌། ཁྱད་པར་ཆོས་བཀའ་འདི་ཉིད་ཞལ་ཕྱེས་པ་ཙམ་གྱིས་ཀླ་ཀློའི་ཉེར་འཚེ་ཕྱིར་བསྲིང་བ་ཡིན་འདུག་པས་དེ་ལྟ་བུ་གངས་ཅན་པའི་བསོད་ནམས་ཀྱི་སྐལ་བར་མ་ཤོང་བར་ཟད་དོ། །དགུང་ལོ་སོ་གཅིག་པར་གཡོ་རུ་ཁྲ་འབྲུག་ནས་ལུང་བསྟན་གྱི་ངེས་པ་གཟིགས་པ་བཞིན། དཔལ་ཆེན་ཆུ་བོ་རིའི་གུ་རུའི་སྒྲུབ་ཕུག་ནམ་མཁའ་ལྡིང་དུ་བོད་ཁམས་བདེ་ཐབས་ཀྱི་ཕྲིན་ལས་མཛད་པས། གུ་རུ་བདེ་བ་ཆེན་པོ་གཙོ་འཁོར་གྲངས་མེད་པས་ནམ་མཁའ་ཁེངས་ཏེ་སྤྲུལ་པ་མཐའ་ཡས་པས་བོད་ཁམས་དབུགས་འབྱིན་བསྩལ་བ་དང༌། ལོ་སྐོར་གཅིག་གི་བར་དུ་བོད་ཡུལ་དབུས་སུ་མཐའ་དམག་གི་འཇིགས་པ་མི་འབྱུང་བའི་མཚན་མ་ཁྱད་པར་ཅན་བརྙེས། དེའི་ཕྱི་ལོར་རྒྱང་ཡོན་པོ་ལུང་གི་གུ་རུའི་སྒྲུབ་ཕུག་ཏུ་ཚོགས་མཆོད་མཛད་པའི་ཚེ་དེའི་སྒོ་གོང་དུ་གུ་རུའི་སྐུ་ཚབ་དང་བསམ་པ་ལྷུན་གྲུབ་མའི་ཆོས་སྐོར་བཞུགས་པ་གསལ་བར་གཟིགས་ཤིང་ཆོས་ཀྱི་རྣམ་གྲངས་སོགས་ཇི་ལྟ་བར་ཐུགས་ལ་ཤར། སླར་དགུང་ལོ་སོ་དགུ་པ་ས་ཕོ་རྟ་ལོ་དབོ་ཟླ་བའི་ཚེས་བཅུའི་ཐོ་རངས་སུ་ནམ་མཁའ་ནས་ཐོད་ཕྲེང་རྩལ་གྱི་ཛཔ྄་དབྱངས་ཤིག་གྲགས་པའི་རྗེས་ཐོག་ཏུ། སྤྱན་ནས་འོད་ཟེར་གྱི་སྦུ་གུ་ཕྲ་ལ་གཡེལ་བ་ཞིག་ལྷོ་རྒྱུད་ཀྱི་ཕྱོགས་གཡས་གཡོན་ནས་ཆུ་བོ་འབབས་པའི་བྲག་རི་ཞིག་གི་འདབས་སུ་ཟུག །དེར་གུ་རུའི་སྐུ་ཚབ་བདེ་བ་ཆེན་པོའི་རྣམ་པ་ཁྲུ་གང་བ་དང༌། ཆོས་སྐོར་རྣམས་ཤོག་སེར་གླེགས་བམ་ཆེན་པོའི་རྣམ་པ་མངོན་སུམ་ལྟ་བུར་གཟིགས་པ་ལ། ཐུགས་རྟོག་ཞིབ་ཏུ་བཅུག་པས་སྐུ་དང་ཤོག་སེར་ད་ལྟའི་ཚད་ཅི་ལྟ་བ་ལ། དེ་ན་གང་བཞུགས་ཀྱི་ཆོས་ཀྱི་ཚིག་དོན་ལམ་ལམ་ཐུགས་ལ་གསལ་བ་ཞིག་བྱུང་ཡང༌། གནས་དུས་སོགས་ཀྱི་རྟེན་འབྲེལ་དང་དགོས་པའི་དབང་གཞན་གཟིགས་ནས་རྗེ་ཉིད་ཀྱིས་འདོན་པར་སྐབས་སུ་མ་བབས་པས། གཏེར་ཆེན་མཆོག་གྱུར་གླིང་པ་ལ་རྒྱུ་མཚན་དང་བཅས་ཏེ་འདོན་པར་བསྐུལ་བས། གཏེར་ཆེན་ཉིད་ལའང་ལུང་བསྟན་དང་གསལ་སྣང་ཁྱད་པར་ཅན་གྱིས་མཚམས་སྦྱར་ཏེ། ས་རྟ་སྨིན་དྲུག་ཟླ་བའི་ཚེས་བཅུ་ལ་རྩི་རྐེའི་ཆུ་བོ་འདུས་པའི་ནོར་བུ་སྤུན་གསུམ་གྱི་བྲག་ནས་སྐུ་ཚབ་དངོས་གྲུབ་དཔལ་འབར་དང༌། ཆོས་སྐོར་ཤོག་སེར། དོན་ཀུན་འགྲུབ་པའི་གི་ཝཾ་གི་བམ་པོ་བཅས་ཚེགས་མེད་པར་དངོས་གྲུབ་ཏུ་བཞེས། ཤོག་སེར་ལ་བརྡ་ཡིག་དངོས་སུ་མི་གསལ་ཡང་ཡབ་སྲས་ཞལ་རྒྱས་པའི་ཐོག་གཏེར་སྒྲུབ་ཞག་བདུན་མཛད་ཅིང་བདུད་རྩི་ལྔའི་ཆུ་ལ་སྦངས་པས་ཞག་པོ་ལྔ་ནས་བརྡ་ཡིག་གི་གྲོང་ཁྱེར་བདུན་བཀྲ་ལམ་གྱིས་ཤར་བའི་ངོ་མཚར་ཆེན་པོ་དང་བཅས། མགོ་ཟླའི་ཚེས་བཅུར་ལྷན་རྒྱས་ཀྱིས་གཏན་ལ་ཕབ་པས། གཏེར་ཆེན་རིན་པོ་ཆེས་ཇི་ལྟར་གསུངས་པ་དང་མཐུན་པར་རྗེ་བླ་མ་ལའང་གསལ་སྣང་ངེས་པ་ཅན་ཤར་བས་གཅིག་ལ་གཅིག་ཐུགས་ཡིད་ཆེས་ནས་འཁྲུལ་པ་དང་བྲལ་བར་གཏན་ལ་ཕེབ། དེའི་ཕྱི་ལོར་ཀུན་མཁྱེན་བླ་མ་གཙོ་འཁོར་གྱིས་ཐུགས་སྒྲུབ་རྣམ་གཉིས་ཟུང་འབྲེལ་གྱི་ཚོམ་བུ་ཚོགས་སྒྲུབ་མཛད་པའི་ཚེ་ནའང༌། གཞལ་མེད་ཁང་རྒྱ་ཁྱོན་བཀོད་པ་བསམ་གྱིས་མི་ཁྱབ་པའི་དབུས་སུ། ཐུགས་སྒྲུབ་གཉིས་ཀྱི་ལྷ་ཚོགས་སྟེང་འོག་ལྟ་བུར་མངོན་སུམ་བཞིན་བཞུགས་པའི་གཙོ་བོའི་ཞལ་ནས་གདམས་ངག་དང་རྗེས་སུ་བསྟན་པ་གསུངས་ཤིང༌། ཁྱད་པར་གསོལ་འདེབས་ཚུལ་བཞིའི་སྒོ་ནས་འཆད་པའི་མན་ངག་བསྩལ་བ་དང༌། གཏེར་སྲུང་སོ་སོས་ཀྱང་ཕྲིན་ལས་སྒྲུབ་པའི་གསལ་སྣང་ཁྱད་པར་ཅན་གཟིགས། སྐུ་ཚབ་རིན་པོ་ཆེ་ཐུགས་དམ་རྟེན་དུ་བཞུགས་ཤིང༌། ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་སྐུ་རྟེན་གསེར་ཟངས་ལས་གྲུབ་པ་པདྨ་ཤེལ་ཕུག་ཏུ་བཞུགས། ཆོས་ཀྱི་ཕྲིན་ལས་ཀྱང་སྤེལ་བར་མཛད་མོད། ཞལ་གདམས་སྙིང་བྱང་ཆོས་ཚན་བཅུ་གསུམ་སྐོར་རྣམས་རྟེན་འབྲེལ་གནད་ཅིག་གིས་སྤེལ་བར་མ་གནང་ངོ༌། །དགུང་གྲངས་ཞེ་དྲུག་པ་མེ་སྟག་ལོའི་ཟླ་བ་དང་པོའི་ནུབ་གཅིག་གི་ཐོ་རངས་ཁར་རྔ་ཡབ་གླིང་ནས་འོངས་པ་ཡིན་ཟེར་བའི་དཔའ་བོའི་ཆས་ཅན་གཉིས་བྱུང་ནས། འདི་ལོ་སྐོར་སྔ་མ་ཤིང་སྟག་ལོ་ལ་དུས་ཚོད་དངོས་ཡིན་ཀྱང་རྟེན་འབྲེལ་མ་འགྲིགས། ད་ལན་གུ་རུ་རིན་པོ་ཆེའི་བཀས་ཁྱེད་ལ་སྤྲོད་དུ་བྱོན་པ་ཡིན་ཟེར། ཤོག་དྲིལ་ཞིག་སྤྲད་ནས་མི་སྣང་བར་གྱུར། ཤོག་དྲིལ་དེ་མདུན་དུ་ནས་བཟེད་ནང་དུ་བཅུག་ནམ་གསལ་ནས་གཟིགས་པས་གཏེར་གྱི་ཁ་བྱང་དུ་འདུག་པ་ལྟར་ལོ་དེའི་ཟླ་བ་བཅུ་པའི་ནང་གཏེར་ཆེན་མཆོག་གྱུར་གླིང་པ་དང་ལྷན་རྒྱས་རོང་རྨེ་དཀར་མོ་སྟག་ཚང་དུ་ཕེབས། གནས་ཞལ་གསར་དུ་འབྱེད་པར་མཛད། མཆོག་གླིང་ནས་ཀྱང་གནམ་ལྕགས་རྡོ་རྗེ་དང་དམ་ཆོས་སྙིང་པོ་སྐོར་ལྔ་བཞེས། རྗེ་ཉིད་ཀྱིས་གནས་མདུན་བྲག་དཀར་ནས་ཐུགས་སྒྲུབ་རྡོ་རྗེ་དྲག་རྩལ་གྱི་སྐུ་རྟེན་བཞེས། སེང་ངུ་གཡུ་མཚོར་དར་ཆགས་པ་མཚོ་དཀྱིལ་འཁྱག་པ་བརྟིབས་ནས་རྣམ་པ་གཉིས་ཀས་ཚོགས་སྐོང་གསེར་སྐྱེམས་ཕུལ། བཀའ་བསྒོ་མཛད་ནས་མཚོ་དཀྱིལ་དུ་ལྡིང་ཐག་འཕངས་པར་ལན་གཉིས་ལ་མ་བྱུང༌། དེ་ནས་གཏེར་སྲུང་ཀླུའི་རྒྱལ་པོ་གསེར་གྱི་གདུགས་བཅས་འོང་བའི་གཟིགས་སྣང་བྱུང་བ་དང་ལྷན་ཅིག་མཚོ་ཕྱུར་ནས་གསེར་ཕྱེ་ཉིལ་གྱིས་བྱུང་བའི་སྐབས་ལྡིང་ཐག་ཁུད་དུ་གཏེར་སྒྲོམ་འབྱོན། རྗེ་བླ་མས་མཚོ་ནང་ནས་གསེར་སྒྲོམ་ཞིག་བཞེས་པ་ཧེ་རུ་ཀཿཞལ་སྦྱོར་གྱི་རྣམ་པར་བཞུགས་པ་ཞིག་བྱོན། དེ་སྐབས་ཡོད་པའི་གྲྭ་འཁོར་གཞན་རྣམས་ཀྱིས་བྱེ་མའི་ནང་ནས་གསེར་ཕྲན་ཚེགས་རྙེད། དེ་རྗེས་ནི་གསེར་རྣམས་གར་སོང་མེད་འདུག །གཏེར་སྒྲོམ་ནས་ཐུགས་སྒྲུབ་རྡོ་རྗེ་དྲག་རྩལ་དང༌། རྩ་གསུམ་སྒྱུ་འཕྲལ་དྲྭ་བའི་ཆོས་སྡེ་ངོ་མཚར་ཅན་ཤོག་སེར་ལྡེབ་བརྒྱད་ཙམ་བྱོན་པ་ལས། རྡོ་རྗེ་དྲག་རྩལ་ཆོས་སྡེ་ལམ་རིམ་ཡེ་ཤེས་སྙིང་པོ་གཏན་ལ་ཕབ་ནས་ལྗགས་བཤད་ཚར་ཁ་ཤས་གནང༌། རྩ་གསུམ་ཆོས་ཚན་ཁ་ཤས་ཕབ་ཀྱང་གཞན་ལ་གནང་གྲུབ་པ་ནི་མ་བྱུང་ངོ༌། །དགུང་གྲངས་ཞེ་གཉིས་པ་ཆུ་ཁྱི་ཧོར་ཟླ་གཉིས་པའི་ཚེས་ཉེར་བདུན་ནུབ་མོ་གཉན་ཆེན་ཐང་ལྷ་དངོས་སུ་འོངས་ནས་སྒྲོམ་བུ་ཞིག་ཕྱག་ཏུ་ཕུལ་ནས། ཁྱེད་རང་སྙིང་དྲུང་གི་ཕུག་པར་འོངས་ན་སྒྲོམ་བུ་འདི་སྤྲད་དགོས་པ་ཡིན་ཀྱང་དུས་ཐོག་ལ་མ་བྱུང༌། ད་ནས་དུས་ཡོལ་ཟིན་པས་ཅི་བྱ་མེད་ནའང་ཁྱེད་རང་ལ་ཐེངས་པ་ཡིན། དབུས་གཙང་དུའང་དུས་བདེ་མོ་འོང་དཀའ་བས་ངེད་རྒྱ་ནག་རི་བོ་རྩེ་ལྔར་བི་མ་མི་ཏྲའི་མདུན་འགྲོ་བ་ཡིན་ཟེར་བ་ལ། རྗེ་ཉིད་ནས་དེ་ལྟར་ཡིན་དུས་ཕྱོགས་གང་དུའང་དུས་བདེ་འཇགས་དཀའ་བ་འདི་བཞིན་ཅི་ཕན་ཅི་དགོས་བི་མ་མི་ཏྲ་ལ་ཞུས་ཤོག་གསུངས་པར། དུས་ཁུག་བཅུ་ཡོད་པའི་བརྒྱད་པ་ལ་སླེབས་པ་ཡིན། རེ་ཞིག་བི་མས་ཀྱང་ཅི་གསུང་ཡོད་དཀའ། ཐུགས་རྗེ་ཆེན་པོ་བསྒོམ། མ་ཎི་བཟླ། དམ་སྐོང་དོང་སྤྲུགས་ཅི་མང་བྱས་ན་ཁོལ་བུ་རེ་རེར་བདེ་བར་སྲིད། ཐམས་ཅད་བསམ་པ་བཟང་པོ་གལ་ཆེ་སྟེ་ཞེས་ཟེར་བའི་མུར་ཡལ་སོང་གསུངས། སྒྲོམ་དེ་རྗེས་ནས་ཞལ་འབྱེད་པའི་ནང་ཀླུ་འཇིམ་ལས་གྲུབ་པའི་གུ་རུའི་སྐུ་ཚབ་མཁྱིད་གང་ཐོད་ཕྲེང་སྡེ་ལྔ་ཡབ་ཡུམ་གྱི་བྱང་སེམས་ཀྱི་འདམ་པས་གཡོགས་པ། གུ་རུ་རིན་པོ་ཆེའི་ཚེམས། སྤྲུལ་པའི་རིང་བསྲེལ་ཆུ་ཤེལ་མདོག་ཅན་གྲངས་མང༌། བླ་མ་སྐུ་བཞིའི་སྒྲུབ་ཐབས་རྣམས་བྱོན་པའི་ཚེམས་ཀྱི་རིང་བསྲེལ་དད་ལྡན་ཞུ་པ་པོ་སུ་བྱུང་ལ་གནང་བས་སྟོང་ཕྲག་མང་པོ་སོང་ཡང་འཛད་དུ་མེད་ལ། ཕྱིས་སྐུ་གཤེགས་ཁའི་སྔ་ལོ་ཙམ་ནས་གཏེར་སྲུང་གིས་ཕར་ཁྱེར་བ་རེད་གསུངས་མི་བཞུགས་པ་ཡིན་འདུག །བླ་མ་སྐུ་བཞིའི་ཆོས་སྐོར་ནི་ཚེས་བཅུའི་སྐུའི་རྣམ་འགྱུར་རྣམས་གཞིར་བྱས་པའི་སྒྲུབ་ཐབས་རྒྱས་འབྲིང་བསྡུས་གསུམ་དུ་བཞུགས་པའི་རྒྱས་པ་དེ་ཡིན་པར་འདུག་ཀྱང༌། དབུའི་ལོ་རྒྱུས་ཕྱེད་ལྷག་ཙམ་ལས་གཞན་གཏན་ལ་འབེབ་པར་མ་གནང་ཞིང་ཡང་གཏེར་དུ་རྒྱས་བཏབ་པར་མངོན། དགུང་གྲངས་ཞེ་བདུན་པ་མེ་ཡོས་སྨིན་དྲུག་ཟླ་བའི་ཡར་ཚེས་ནང་ཨ་ལོ་དཔལ་འབྱོར་སྒང་དུ་ཕེབས། ཕྲན་བུ་ལའང་བཀའ་ཕྲིན་གནང་ལྟར་ཞབས་བཅར་ཞུས། ཚེས་བཅུའི་ནུབ་མོར་སྟོད་འབྲས་མོ་ལྗོངས་ནས་སྨད་གཡུ་ལུང་གངས་ར་ཡན་གྱི་གནས་ཆེ་ཆུང་སྟོང་ཕྲག་ལྷག་པའི་བཀོད་པ་དང་གཏེར་ཁ་སོགས་སྒྲིབ་མེད་དུ་གཟིགས་པའི་གསལ་སྣང་ཤར། ཚེས་བཅུ་གཅིག་ཉིན་རྒྱབ་རི་ཞི་ཁྲོ་ཤེལ་ཕུག་ལ་ཚོགས་སྐོང་མཛད། གྲོལ་ཏིག་སྐོར་གསུམ་དང༌། གནས་ཡིག་འགའ་ཞིག་གི་ཤོག་སེར་བཞེས། འཇའ་འོད་དང་མེ་ཏོག་གི་ཆར་བྱུང༌། གནས་ཡིག་ཁ་ཤས་གཏན་ལ་ཕབ་པར་མཛད། ཡང་མེ་ཡོས་ལོར་རྗེ་ཉིད་དང་མཆོག་གླིང་ལྷན་རྒྱས་ཕེབས་བཞུད་མཛད་སྐབས་ཡབ་གཞིས་རི་བོ་ཁྱུང་ལྡིང་ངམ་ཁྱུང་ཚང་བྲག་ནས་རྡོ་སྒྲོམ་རིམ་པ་གསུམ་པ་ཞིག་སྤྱན་དྲངས་པ་ལ་རྩ་གསུམ་བཀའ་འདུས་ཀྱི་ཆ་ལག་རྗེས་འབངས་ཉེར་ལྔ་སོ་སོའི་སྒྲུབ་ཐབས་དམ་རྫས་བཅས་བཞུགས་པ་ཡིན་འདུག་ཀྱང༌། དམ་རྫས་ཕྱོགས་བསྡུས་ཙམ་ལས་གཞན་སྤེལ་བར་མ་མཛད། དེ་རྗེས་དབྱར་ཐོག་ཅིག་ལ་གཏེར་སྟོན་ཀུན་གྲོལ་གསང་བ་རྩལ་ཕྱག་མཇལ་དུ་བཅར་བ་ན། ད་རེས་གཏེར་ལྷུང་ཕྱོགས་སུ་སོང༌། ཕ་ཝཾ་གསེར་གདུགས་ཅན་ན་སངས་རྒྱས་རབས་བདུན་གྱི་རིང་བསྲེལ་ཡོད་པ་དང༌། པདྨ་ཤེལ་རིར་གཏེར་ཁ་ཞིག་ཡོད་པ་སོགས་རྗེ་ཉིད་སྔར་ཕེབས་སྐབས་གྲ་འགྲིགས་པོ་མ་བྱུང་བ་དང་ད་ཕན་དངོས་ཀྱིས་ཕེབས་པ་མི་འོང་བར་འདུག་པས་དེ་རིགས་ལོན་རྒྱུ་བྱུང་ན་གལ་ཆེ་བ་ཡོད་ཚུལ་བཀས་གནང་བ་ལྟར། གཏེར་སྟོན་ཡང་བྱོན་ནས་ཚོགས་སྐོང་གསེར་སྐྱེམས་གསོལ་འདེབས་མཛད་ཀྱང་རིང་བསྲེལ་གཞན་མ་བྱུང༌། ཟླ་གམ་དབང་ཕུག་ཏུ་ཞག་གསུམ་སྒྲུབ་པ་ཚོགས་སྐོང་གྲུབ་པའི་སྔ་དྲོ་གནས་ཀྱི་དབུ་རྩེར་ལྷ་སྲིན་དམ་བསྒྲགས་མཛད་པས། འཇའ་སྤྲིན་འཁྲིགས་པའི་ནང་དུ་པདྨ་ཤེལ་རི་ནས་བྱ་རྒོད་ཅིག་འཕུར་ཏེ་འོག་གི་བྲག་རྩེར་བབས་ནས་གཏེར་སྒྲོམ་ཞིག་བཞག་སོང་བ་སིནྡྷུ་རའི་འཇིམ་རློན་པས་བཏུམས་པ་ཞིག་ཡོད་འདུག་པ། དེ་ཀ་ལྟར་ཁུར་ནས་རྗེ་བླ་མར་ཕུལ་བས་ནང་གི་སྒྲོམ་ཞལ་ཕྱེས་པ་ལས། ཚེ་དབང་རིག་པ་འཛིན་པའི་སྐུ་ཚབ་ལི་སྨུག་ལས་གྲུབ་པ། རྩ་གསུམ་སྤྱི་འདུས་ཀྱི་ཆོས་སྐོར། གནས་ཆེན་མང་པོའི་མདོ་བྱང་གི་ཤོག་སེར་རྣམས་བཞུགས་པར་སྣང་བ་ལས་སྤྱི་འདུས་ཀྱི་ལས་བྱང་དབང་ཙམ་ཞིག་འབེབ་པར་མཛད། ཤོག་སེར་ཡང་གཏེར་དུ་བསྡམས་པར་མངོན་ནོ། །རྗེ་ཉིད་ཀྱི་སྐུ་སྐྱེ་བ་འདིའི་ཟབ་གཏེར་གྱི་གཙོ་བོ་གཙང་གཡས་རུ་རྩིས་ཀྱི་ལྷ་ཁང་དུ་བཞུགས་པའི་རྩ་གསུམ་བཀའ་འདུས་ཆེན་མོ་ཡིན་པར་སྣང་ཡང་བཞེས་མ་གྲུབ་པས་དེའི་ཆ་ལག་ཏུ་གྱུར་པ། གཏེར་སྟོན་ལས་རབ་གླིང་པས་ཀཿཐོག་ནས་སྤྲོས་བྲལ་བདེ་ཆེན་སྒོས་སྒྲུབ་ཀྱི་ཤོག་སེར་བཏོན་པ་སོགས་དང༌། ཁོ་བོས་ལག་ཏུ་འབྱོར་པའི་གཙང་རོང་བཀྲ་ཤིས་ལྷ་རྩེའི་ཉེ་སྲས་བརྒྱད་ཀྱི་སྒྲུབ་སྐོར། རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་གི་རིག་འཛིན་བརྒྱད་ཀྱི་སྒོས་སྒྲུབ་ཡོད་པ་རྣམས་ཀྱང་གཏན་ལ་ཕེབ་པ་མ་བྱུང་ངོ༌། །གཞན་ཡང་བོད་དུ་ལན་རྗེས་མར་ཕེབས་སྐབས་ཉིད་དང་ཉེ་གནས་ཚུལ་ཁྲིམས་རྒྱ་མཚོ་གཉིས་ཁོ་ན་ཞབས་རྐྱང་གིས་དབུས་གཙང་གི་དགོན་པ་དང་གནས་རྟེན་རྣམས་ལ་ཕེབས་པའི་ཚེ། ཤངས་ཟབ་བུ་ལུང་དུ་ཕེབས་ནས་སྤང་ལྗོངས་ཡིད་འོང་ཞིག་ཏུ་གསོལ་ཚིགས་མཛད་པས། བྲག་དེར་རྗེ་བཙུན་སྒྲོལ་མའི་སྒྲུབ་སྐོར་རྒྱས་པ་ཉིད་ཀྱི་གཏེར་སྐལ་དེ་ཡོད་པར་ཤིན་ཏུ་གསལ་ཡང་ཞག་བཞུགས་དོན་གཉེར་མཛད་རྒྱུ་མ་བྱུང་བས་ཤོག་སེར་དངོས་ཕྱག་ཏུ་མ་སོན་ཡང་། དེ་ནང་གང་ཡོད་ཐུགས་ལ་བཀྲ་ལམ་མེར་གསལ་བས་རྩ་བ་ལྡེབ་གསུམ་བཞི་སྐོར་ཕྱག་བྲིས་སུ་གནང་བའི་སྐབས་དེར། ཇོ་ཇོ་ཞིག་གིས་སྒྲོལ་མའི་སྐུ་རྙིང་ཞིག་ཕྱག་ཏུ་ཕུལ་ནས་འདི་ལ་རིན་རྩ་གསེར་ཞོ་བདུན་གནང་དགོས་ཞུས་པ་ལྟར་གསེར་ཞོ་བདུན་ཁོ་ན་སྐུ་ཆས་གློ་འདོགས་སུ་ཡོད་པ་བྱིན་གསུངས། ཚུལ་དེ་ཉེ་གནས་པས་ནི་གཏན་ནས་མཐོང་མི་འདུག་པས་གཏེར་སྲུང་གིས་དངོས་སུ་ཕུལ་བ་དང་གསེར་དེའང་གཏེར་ཚབ་ཏུ་དགོས་པ་ཡིན་འདུག །སྐུ་བརྙན་འཕགས་པ་ཀླུ་སྒྲུབ་ཀྱི་ཐུགས་དམ་རྟེན་ཡིན་གསུངས་ནས་ཤིན་ཏུ་ཐུགས་རྩིས་ཆེན་པོ་མཛད། ཕྱིས་གཏེར་ཆེན་མཆོག་གྱུར་གླིང་པ་ལ་ལེགས་སོ་ཞེས་པའི་གསུང་ལན་གསུམ་བྱོན། སླད་ནས་སྒྲོལ་མ་ཟབ་ཏིག་གི་སྨིན་གྲོལ་དང་ལྷན་ཅིག་ཁོ་བོ་ལ་བཀའ་དྲིན་དུ་བསྩལ་བ་ད་ལྟ་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་གི་རྟེན་གཙོར་བཞུགས་པ་འདི་ཡིན་ལ། ཇོ་མོ་ཁ་རག་ཏུ་ཕེབས་ལམ་དུ་ཕུར་པ་ཁྱད་ཅན་ཞིག་ཕྱག་ཏུ་སོན་པའང་གཏེར་སྲུང་གིས་དངོས་སུ་ཕུལ་བར་ངེས་པ་དང༌། མེ་ཡོས་ལོར་ཁང་དམར་མདོར་ཕེབས་སྐབས། ཁོ་བོས་འདི་སྐོར་རྡོར་སེམས་གཏེར་ཁ་བཞུགས་ངེས་པར་བདུད་འདུལ་རྡོ་རྗེའི་གཏེར་ལུང་ལས་གསལ་བས་སྣེ་གཅིག་བཞེས་ནས་གནང་ཐུབ་པ་གསོལ་བ་བཏབ་པས། པདྨ་ཤེལ་རིར་བཻ་རོའི་གསང་ཕུག་ཏུ་མཆོག་གླིང་དང་ཕྲན་ཅག་ཁ་ཤས་བཅས་ལྷན་ཅིག་ཕེབས་ནས་ཚོགས་འཁོར་གནང་བའི་མཐར་ཕུག་དེ་ཀ་ནས་བཻ་རོའི་ཐུགས་དམ་རྟེན་གྱི་རྡོར་སེམས་ལི་སྐུ་ཁྱད་པར་ཅན་ཞིག་བཞེས་ནས་ཕྱིས་ཁོ་བོ་ལ་བསྩལ་བ་དང༌། རྫོང་ཤོད་ཀྱི་སྐུའི་གནས་ནས་པདྨ་རྒྱལ་པོའི་སྐུ་རྒྱན་དཔག་བསམ་ཤིང་གི་འབྲས་བུ་ཡིན་འདུག་གསུངས་པ་མཛུབ་མགོ་ཙམ་ཤིན་ཏུ་ངོ་མཚར་ཅན་བཞེས་པ་དང༌། གནས་དེའི་དཔལ་དེའུའི་མགོན་པོ་ཕྱག་བཞི་པའི་གསང་ཕུག་ནས་མངའ་བདག་ཉང་རིན་པོ་ཆེས་ཡང་གཏེར་དུ་སྦས་པའི་གནམ་ལྕགས་རྡོ་རྗེ་ཁྱད་པར་ཅན་ཞིག་བཞེས་པ་ཕྱིས་རྫོགས་ཆེན་དགོན་དུ་ནང་རྟེན་བསྩལ། ཁྲོ་ཟིལ་ཕྲམ་གྱི་མདུན་ངོས་ཆུ་མིག་གཅིག་ནས་མཁའ་འགྲོ་ལས་ཀྱི་དབང་མོའི་རང་བྱུང་གསང་བའི་བདུད་རྩི་དང༌། ཟླ་གམ་དབང་ཕུག་ནས་ཛམ་བྷ་ལའི་སྐུ་རྙིང༌། དེའི་ཉེ་ཕྱོགས་སྒྲོལ་མ་བྲག་ནས་འཕགས་མའི་སྙིང་ཐིག་གི་སྒྲུབ་རྟེན་རིལ་བུ། སེང་ངུ་གཡུ་མཚོ་ནས་མོན་མོ་བཀྲ་ཤིས་ཁྱེའུ་འདྲེན་གྱི་དར་ཤམ། བྱང་ཆུབ་ཤིང་གི་ལོ་མའི་མཚོན་ཁམས་དབུས་གཙང་གསུམ་ནས་རྟེན་དང་དམ་རྫས་མང་པོ་ཞིག་བཞེས་ཡོད་པར་སྣང་ཡང་འདིར་རང་གིས་ཐོས་ཚོད་ཙམ་བཀོད་པ་ཡིན་ལ། དེ་རྣམས་ཀྱང་ཐང་ཡིག་ལས། ང་ཡིས་ས་སྟེང་གཏེར་གྱིས་བཀང་ནས་ཡོད༔ དངོས་གྲུབ་འདོད་ན་གཏེར་གནས་ཀུན་ནས་ལོངས༔ ཞེས་གསུངས་པ་ལྟར་སྦྱོར་ལམ་ཡན་ཆད་ལ་གནས་པའི་གང་ཟག་སྐལ་བ་ཅན་ལ་གཏེར་གྱི་དངོས་གྲུབ་ཕྱོགས་གང་ནས་ཀྱང་རྩོལ་མེད་དུ་འབྱུང་བ་ཡིན་འདུག་གོ །རྗེ་འདི་ཉིད་དང་མཆོག་གྱུར་གླིང་པ་ལྷན་རྒྱས་སུ་གྱུར་པའི་ཟབ་གཏེར་བླ་སྒྲུབ་སྐོར་བཞིར་གྲགས་པ། ཕྱིའི་བླ་སྒྲུབ་བར་ཆད་ཀུན་སེལ། ནང་སྒྲུབ་ཡིད་བཞིན་ནོར་བུ་བསམ་པ་ལྷུན་གྲུབ། གསང་སྒྲུབ་མཚོ་སྐྱེས་སྙིང་ཐིག །ཡང་གསང་རྡོ་རྗེ་དྲག་རྩལ་རྣམས་དང༌། སྙིང་ཏིག་སྐོར་བདུན་ཅེས་པ་དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སེང་ཧ། བི་མ་ལ་མི་ཏྲ། གུ་རུ་པདྨ། ཡེ་ཤེས་མཚོ་རྒྱལ། བཻ་རོ་ཙ་ན་བཅས་ཀྱི་སྙིང་ཐིག་སོ་སོར་བཞུགས་པ་ལས། བར་ཆད་ཀུན་སེལ་རྗེ་ཉིད་ལ་ཐོག་མར་བྱུང་ཚུལ་གོང་སྨྲོས་ལྟར་ལ་མཆོག་གླིང་གི་ཤོག་སེར་ཡང་ལོ་བརྒྱད་ཙམ་དུ་གཏན་ལ་འབེབ་ཐུབ་པ་མ་བྱུང་བ། ཕྱིས་རྗེ་ཉིད་ནས་རྟེན་འབྲེལ་མཐུན་སྦྱོར་གྱིས་གཏན་འབེབ་མཛད་སྐབས་ཀྱང་ལས་བྱང་ཆེན་མོའི་སྐོར་དང་བཀོལ་བྱང་རྣམས་མཆོག་གླིང་ནས་ཕབ། གཞན་ཐམས་ཅད་རྗེ་ཉིད་ནས་འབེབ་པར་གནང་འདུག་པ་དང༌། གཞན་གསུམ་པོ་བཤད་དང་འཆད་འགྱུར་ལྟར་ལ། དགའ་རབ་སྙིང་ཐིག་སྨད་ཤོད་ཛཾ་ནང་བྲག་དཀར་ཡང་རྩེ་དང༌། བཻ་རོའི་སྙིང་ཐིག་རྫོགས་ཆེན་སྡེ་གསུམ་པདྨ་ཤེལ་ཕུག་ནས་ལྷན་རྒྱས་ཀྱིས་སྤྱན་དྲངས། མཚོ་རྒྱལ་སྙིང་ཐིག་སེང་གནམ་བྲག་དང༌། སྡེ་གསུམ་ཆ་ལག་རིགས་གསུམ་སྙིང་ཐིག་ཡེ་རྒྱལ་ནམ་མཁའ་མཛོད་ནས་མཆོག་གྱུར་གླིང་པས་སྤྱན་དྲངས་པའང་གཏན་ལ་ཕབ་དུས་ལྷན་རྒྱས་མཛད་པ་ཡིན་ཅིང༌། སྙིང་ཐིག་གཞན་རྣམས་ནི་རྗེ་བླ་མ་ཉིད་ལ་བཀའ་བབས་པར་སྣང་མོད། གནས་དུས་ཀྱི་རྟེན་འབྲེལ་སོགས་ཀྱིས་ཕྱོགས་མཚོན་ཙམ་ལས་ཇི་བཞིན་གཏན་ལ་ཕེབ་ཐུབ་པ་མ་བྱུང་ངོ༌། །སྤྱིར་ས་གཏེར་གྱི་གཙོ་བོ་རྗེ་བླ་མ་ཉིད་ལ་རྩ་གསུམ་བཀའ་འདུས། མཆོག་གླིང་དང་ཐུན་མོང་དུ་རྩ་གསུམ་སྒྱུ་འཕྲུལ་དྲྭ་བ། ཁོ་བོ་ལ་རྩ་གསུམ་དགོངས་འདུས་ཀྱི་བཀའ་བབས་མངའ་བ་ལས་རྩ་གསུམ་དགོངས་འདུས་ཀྱི་གཏེར་ཁ་ཤིང་ཁྱི་ལོར་དངོས་གྲུབ་ཏུ་ཐོབ་པ། སྤྱན་སྔར་གཟིགས་འབུལ་ཞུས་པ་དགྱེས་ཚོར་ཆེན་པོས་གདན་སོགས་སྔ་རྒྱུན་ལས་ལྷག་པའི་མངའ་གསོལ་མཛད། མཆོག་གྱུར་གླིང་པ་རྟེན་འབྲེལ་གྱི་ཐོག་མ་འཆུགས་ནས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཤོག་སེར་འབེབ་མ་ཐུབ་པའང་ཁོང་གིས་དབུ་བཏོན་པ་ཡིན། ད་རེས་ཁྱོད་ཀྱི་གཏེར་ཁ་འདིའང་ཚང་མ་གཏན་ལ་འབེབ་ཐུབ་དགོས་པས་བརྡ་ཡིག་གི་རྒྱུས་ཡོད་དང་གྲོགས་དན་གཉིས་ཀ་མཛད་གསུངས་ནས་ཚོགས་སྐོང་གསོལ་འདེབས་གཟབ་རྒྱས་བཅས། ཆོས་སྡེ་ལ་མཛོད་ལྔར་བཞུགས་པའི་ལུང་གཏེར་གྱི་མཛོད་ཆེན་པོའི་དགོངས་འདུས་རྣམ་བཞིའི་ནང་ཚན་བླ་མ་དགོངས་འདུས་ཆོས་ཚན་ཐོ་བཀོད་གནང༌། རིག་འཛིན་མཆོག་སྒྲུབ་ཆོས་ཚན་བཞི་ཙམ་ཕྲན་དཔོན་སློབ་ཟུང་འབྲེལ་ནས་ལེགས་པར་གྲུབ་མཚམས་གཞན་རྐྱེན་ཞིག་ལ་བརྟེན་ནས་སྐུ་བསྙེལ་བས་འཕྲོས་ལུས། འདི་སྐོར་དག་སྣང་མང་དུ་འདུག་ཀྱང་འདིར་མ་བཀོད། དེ་ཕྱིན་འབེབ་ཇེ་དཀར་སོང་ཡང་རྗེ་ཉིད་ནས་ཁུར་ལེན་མཛད་པའི་ཐུགས་དགོངས་ཞལ་བཞེས་འགྱུར་མེད་གནང་བའི་མེ་བྱི་ཟླ་བ་བདུན་པའི་ཚེས་དྲུག་གི་ཐོ་རངས་འོད་གསལ་ངང༌། གངས་ཏི་སེ་ཡིན་ཟེར་བའི་ཤེལ་དཀར་མཆོད་རྟེན་དབྱིབས་བང་རིམ་བརྒྱད་པའི་སྟེང་དུ་ཕེབས། དེར་གཏེར་རྟགས་ཁ་ཅིག་ཡོད་པའི་བྲག་ཕུག་ཞིག་ཏུ་ཆོས་གོས་ལྷུང་བཟེད་ཕྱག་འཁར་བཅས་བཞུགས། བུད་མེད་འགའ་ཤས་དང་མཉམ་ཚོགས་འཁོར་ཞིག་མཛད་པར། ཤར་ཕྱོགས་ནས་ཉི་མ་ཞིག་ཤར། དེའི་ཟེར་ལ་འཇའ་འོད་མེ་ཏོག་གི་ཆར་བབས་པ་དང་ལྷན་ཅིག་ཨོ་རྒྱན་རིན་པོ་ཆེ་ཕེབས་ནས་མདུན་དུ་སྟེགས་ཞིག་ལ་བྱམས་བཞུགས་མཛད། ཟ་མ་ཏོག་ལྟ་བུའི་དམར་སེར་ཞིག་བསྣམས་ནས། འདི་རྒྱུད་ལུང་མན་ངག་ཆུ་བོ་བཞི་འདུས་པའི་དབང་ཡིན་གསུངས་ཏེ་གནས་གསུམ་དུ་བཞག །ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ་སོགས་སྔགས་རྣམས་གསུངས་མཐར་ཕྱག་ཏུ་གནང་བ་ཞུ་ལ་ཁད་ལྟ་བུའི་སྙི་ཉོར་ཉོར་ཞིག་འདུག་པ་ཞལ་དུ་བཞེས་པས་རོ་མངར་བ་ཞིག་གི་ཁུ་བས་སྐུ་ལུས་ཐམས་ཅད་གང་བའི་སྣང་བ་བྱུང༌། ད་ཚིག་བདུན་གསོལ་འདེབས་འབུམ་ཐེར་ཞིག་གྲུབ་པ་གྱིས་དང་ཨོ་རྒྱན་བབས་འོང་གསུངས་པའི་འཕྲོས་ལ་ཉམས་སད། དེ་ཉིན་ཕྲན་ལ་ཚིག་བདུན་འབུམ་ཐེར་དེ་འགྲུབ་པར་བྱས་ན་རྩ་གསུམ་དགོངས་འདུས་གཏན་ལ་འབེབ་ཐུབ་པ་ཞིག་ཡིན་འདྲ་གསུངས་ནས་གཏེར་སྒྲུབ་ཀྱི་ཚུལ་དུ་གནས་དང་འདོན་ལུགས་ལྗགས་བཀོད་ཞིབ་པར་བསྩལ་བ་བཞིན་སྒྲུབ་པའི་སྐབས་ཚིག་བདུན་སྒྲུབ་ཐབས་དེ་བྱུང་བ་རྗེའི་བཀའ་བཞིན་ཕལ་ཆེར་ཡི་གེར་བཀོད། དེ་ཕྱིན་རྗེ་ཉིད་ལ་མཇལ་མཁན་སོགས་ཇེ་མང་སོང་བའི་རྣམ་གཡེང་ཁོ་ནས་ཐུགས་ལྕོགས་པ་གཏན་ནས་མ་བྱུང་བས། ཡིད་ཆེས་དཔང་པོ་ཐུབ་པའི་རྡོ་རྗེའི་གསུང་དེ་འདྲ་ཞིག་མེད་ཕྱིན་རྟོག་པའི་འཆར་སྒོ་ཡི་གེར་བཀོད་པ་ལ་དགོས་ནུས་གང་ཡང་མ་མཆིས་ཤིང་གནས་དུས་ཀྱི་རྟེན་འབྲེལ་ཕལ་ཆེར་ཡང་ཡོལ་ཟིན་པས་ཁོ་བོའི་སྐལ་པའང་དེ་ཙམ་དུ་ཟད་དོ།། །།གསུམ་པ་དེ་ལས་འཕྲོས་པའི་ཡང་གཏེར་གྱི་བཀའ་བབས་བྱུང་བའི་ཚུལ་ནི། དགུང་གྲངས་བཞི་བཅུ་དོན་གྲུབ་ས་མོ་ལུག་གི་ལོར་སྐབས་ཤིག་མནལ་ལམ་དུ། གཏེར་ཆེན་སངས་རྒྱས་གླིང་པ་སྔགས་བཙུན་གྱི་ཆས་སྟོད་གོས་རྒྱ་ཁའི་སྟེང་སྐུ་གཟན་སྨུག་པོས་དཀྲིས་པ་ཞིག་མཇལ་བ་ལ། གུས་འདུད་བཅས་ཉིད་ཀྱི་རྫོགས་ཆེན་སྙིང་པོ་བསྡུས་པ་དེ་གནང་ཐུབ་པར་ཞུས་པས་ཕྱག་ཏུ་གླེགས་བམ་ཞིག་བསྣམས་ཏེ། རྫོགས་ཆེན་སྙིང་པོ་བསྡུས་པ་ལས་འདིའི་དགའ། འདི་ངེད་རང་གི་བསམ་ཡས་བྲག་སེང་གེའི་གདོང་ཅན་ནས་བཏོན་པའི་གཏེར་འབྱུང་ཆེན་མོ་ཡིན་གསུངས་ནས་ཕྱག་ཏུ་བསྩལ་བ་ཞལ་ཕྱེས་ནས་གཟིགས་པས་ཕྱེད་གཏེར་སྟོན་དེ་སྔ་བྱོན་ཟིན་པ་དང༌། ཕྱེད་ད་ལྟ་དང་འབྱུང་འགྱུར་རྣམས་ཀྱི་རྣམ་ཐར་དང་གཏེར་ཆོས་ཀྱི་རྣམ་གྲངས་ཞིབ་པར་སྣང་བ་སླར་པུསྟི་ཡར་ཕུལ་བ་ཕྱག་ཏུ་བཞེས་ནས་ཉིད་ཀྱི་དབུར་བཞག་སྟེ་བྱིན་རླབས་ཀྱི་ཚིག་འགའ་ཞིག་གསུངས་པའི་མཐར། གཏེར་སྟོན་གླེགས་བམ་དང་བཅས་པ་ཉིད་ལ་ཐིམ་པས་ཉིད་ཀྱི་སྐུ་གླེགས་བམ་དེར་སོང་བ་འདྲ་ཞིག་ལ་གཏེར་སྟོན་སྟོང་རྩ་ལྷག་པའི་ལོ་རྒྱུས་གཏེར་ཆོས་རྣམས་རེ་རེ་ནས་བཀྲ་ས་ལེར་གསལ་བ་ཞིག་བྱུང༌། དེ་ལས་སད་ནས་ཀྱང་ཞག་ཤས་དེ་ལྟར་ཐུགས་ལ་གསལ་ཞིང༌། ཕྱིས་སུའང་དགོངས་པ་ཆེད་དུ་གཏད་ན་ཞིབ་ཆ་མཁྱེན་པར་འདུག་གསུངས། གཏེར་རྙིང་དཔེ་ལུང་གཉིས་ཀ་མེད་རིགས་དང༌། དཔེ་རྒྱུན་ཡོད་ཀྱང་རྒྱུན་དཀོན་གྲས་རིགས་ལ་ཆེད་དུ་གསོལ་འདེབས་མཛད་པ་ན་གཏེར་སྟོན་དེ་དང་དེའི་ཡེ་ཤེས་ཀྱི་སྐུས་དབང་ལུང་བསྩལ་ཅིང༌། གཏེར་སྲུང་མཁའ་འགྲོ་རྣམས་ཀྱིས་ཡང་གཏེར་དུ་སྦས་པའི་ཤོག་སེར་དང་རྟེན་དང་དམ་རྫས་ཕུལ་བ་ནི་མངོན་སུམ་གྲུབ་པར་སྣང༌། དེ་ལས་ཐོག་མའི་སྐབས་ཤིག་གཏེར་སྟོན་སངས་རྒྱས་བླ་མ་སྔགས་བཙུན་ཆས་སྟོད་གོས་སེར་པོའི་སྟེང་མནབ་གཟན་རྒྱ་སྨུག་དཀྲིས་པ་ཞིག་དངོས་སུ་བྱོན་ནས་ཁོང་གི་གཏེར་ཆོས་རྩ་གསུམ་དངོས་གྲུབ་བརྟན་གཟིགས་ཡིན་གསུངས་ཆོས་ཚན་ཉེར་གཅིག་པའི་བྱིན་རླབས་བསྩལ། ཆོས་སྐོར་དེ་ཉིད་བརྡ་ཡིག་ཏུ་བཀོད་པར་མཛད་པ་དངོས་གཞི་གཏན་ལ་ཕབ་པ་མ་བྱུང་ཡང་མདོར་དྲིལ་ཉམས་ལེན་རྩ་གསུམ་དྲིལ་སྒྲུབ་ཀྱི་ལས་བྱང་དང་གཏོར་དབང་ཙམ་མཛད་པར་སྣང༌། གུ་རུ་རིན་པོ་ཆེས་གཡོ་རུ་ཁྲ་འབྲུག་ཏུ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཆོས་འཁོར་བསྐོར་བའི་སྐབས་སུ་ལྷ་ལྕམ་མནྡཱ་རཿབས་མ་འོངས་པའི་གདུལ་བྱ་ལ་དགོངས་པས་གསོལ་བ་བཏབ་པའི་ངོར་བསྩལ་པ། ཟབ་པ་དང་རྒྱ་ཆེ་བའི་དགོངས་པའི་གནད་གཅིག་ཏུ་དྲིལ་བ། ཚིག་ཉུང་ལ་དོན་འདུས་པ། ཉམས་ལེན་བདེ་ལ་བྱིན་རླབས་ཆེ་བ། བཀའ་འདུས་སྙིང་པོའི་ཡང་བཅུད་བླ་མ་བསྟན་གཉིས་སྐུ་གསུམ་བདེ་གཤེགས་འདུས་པའི་ཟབ་ཏིག་མཐོང་བ་རང་གྲོལ་གྱི་གདམས་སྐོར། བལ་བོད་མཚམས་པུརྞ་རྫ་རིའི་ཤར་ཕྱོགས་ཀྱི་ཕ་ཝཾ་དགའ་བ་འཁྱིལ་བ་འདྲ་བར་གཏེར་དུ་སྦས་པ་རྒྱ་ལོ་ཙཱ་བ་རྡོ་རྗེ་བཟང་པོས་སྤྱན་དྲངས་ནས་སླར་ལྡབ་གཏེར་དུ་སྦས་པ། གཏེར་སྲུང་མཁའ་འགྲོས་ཤོག་སེར་ཕྱག་ཏུ་ཕུལ་བ་ལ་ལེའུ་བརྒྱད་བཞུགས་པའི་ལེའུ་དྲུག་ཡན་གཏན་ལ་ཕབ། གཏེར་སྒྲུབ་ཅུང་ཟད་མཛད་པས་གཏེར་སྟོན་ཉིད་ཀྱིས་བྱིན་རླབས་ཀྱང་བསྩལ། དོན་དབང་དང་ཕབ་ཟིན་པའི་ལུང་བཀའ་དྲིན་དུ་བསྩལ་བ་ཐོབ། པདྨ་སཾ་བྷ་ཝས་མཆིམས་ཕུ་ལ་སོགས་པའི་སྒྲུབ་གནས་རྣམས་སུ་རྒྱལ་སྲས་ལྷ་རྗེ་གཙོས་རྗེ་འབངས་འདུས་པ་ཕྱི་མ་རྣམས་ལ་བླ་རྫོགས་ཐུགས་གསུམ་གཅིག་དྲིལ་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོའམ་པདྨ་རྒྱལ་པོའི་ཆོས་སྐོར་ལ་རྒྱས་འབྲིང་བསྡུས་པ་སྙིང་པོའི་ཡང་བཅུད་བཞིར་བཞུགས་པ་ལས། ཟབ་དོན་ཀུན་འདྲིལ་ཡིད་བཞིན་ནོར་བུ་མཐོང་བ་རང་གྲོལ་གྱི་ཆོས་སྡེ་མང་ཡུལ་བྱམས་སྤྲིན་གྱི་གཙུག་ལག་ཁང་དུ་སྦས་པ། གཏེར་སྟོན་ཉི་མ་སེང་གེས་བཏོན་ཀྱང་ཡུམ་དང་གྲྭ་འཁོར་གྱིས་ཐུགས་སུན་ཕྱུང་པའི་རྐྱེན་གྱིས་འགྲོ་དོན་བརྟུལ་བས་སླར་ཡང་གཏེར་དུ་སྦས་པ། རབ་ཚེས་དང་པོ་མེ་ཡོས་ཟླ་བ་ལྔ་པའི་དམར་ཕྱོགས་ཀྱི་ཚེས་བཅུའི་ནུབ་ཞིང་སྐྱེས་དབང་གི་མཁའ་འགྲོ་ཙཎྜི་ཀས་ཤོག་སེར་སྒྲིལ་ཁ་ཆུང་ངུ་ཞིག་ཕྱག་ཏུ་ཕུལ་བ་ལོ་སྐོར་གཅིག་ཏུ་གསང་བའི་རྒྱས་བཏབ། ཕྱིས་ས་ཡོས་ལོའི་སོས་ཀར་སྔར་གྱི་མཁའ་འགྲོས་ཤོག་སེར་འབེབ་པར་བསྐུལ་བ་དང༌། ཉམས་ཀྱི་སྣང་ཆར་གཡོ་རུ་ཁྲ་འབྲུག་གི་ཁྱམས་སྟོད་ཨོ་རྒྱན་ལྷ་ཁང་དུ་ཕེབས། སྐུ་ཚབ་ཉིད་གུ་རུ་རིན་པོ་ཆེ་དངོས་སུ་གྱུར་ནས་བཀའ་འདུས་སྒྲུབ་ཆེན་སྟེགས་བུའི་ཁར་དཀྱིལ་འཁོར་དབང་རྫས་རྣམས་སྐད་ཅིག་གི་སྤྲུལ་ནས་སྨིན་གྲོལ་ཆིག་རྫོགས་སུ་བསྩལ་བའི་ཉམས་དེ་ལས་སད་པ་ན། བརྡ་ཡིག་གི་ཚིག་དོན་ཐམས་ཅད་བཀྲ་ལམ་གྱིས་གསལ་བ་ལྟར་གུ་རུ་རིན་པོ་ཆེ་ལ་རྩེ་གཅིག་ཏུ་གསོལ་བ་བཏབ་ནས་གཏན་ལ་ཕབ་པས་ཉིན་ཞག་གཉིས་ལ་རྩོལ་མེད་གྲུབ་ནས་ཐུགས་ཉམས་སུའང་བཞེས་ཤིང་འཆད་སྤེལ་མཛད། གུ་རུ་རིན་པོ་ཆེ་བྲག་དམར་ཟན་ཡངས་སུ་བཞུགས་པའི་ཚེ་རྗེ་འབངས་གྲོགས་ལྔ་དང༌། ཞང་བློན་རྡོ་རྗེ་སྤྲེལ་ཆུང་བཅས་ཀྱིས་ཞུས་པའི་ངོར་རྣལ་འབྱོར་མ་རྒྱུད་པདྨ་གར་དབང་གི་མཁའ་འགྲོའི་རྟོག་པ་ལས་ཕྱུང་སྟེ་བསྩལ་པ་པདྨ་མཁའ་འགྲོའི་སྒྲུབ་ཐབས་ཕྱི་ནང་གསང་བ་ཡང་གསང་དེ་ཁོ་ན་ཉིད་དུ་སྒྲུབ་པ་རྣམས་ལ། ཟབ་པ་དང་རྒྱ་ཆེ་བ་དང་སྙིང་པོའི་ཚུལ་གྱིས་གདམས་ངག་འདྲ་མིན་གསུམ་དུ་བསྡུས་ནས་གཏེར་གནས་གསུམ་དུ་སྦས་པ་རྣམས་གཏེར་སྟོན་སོ་སོས་བཏོན། ཤིན་ཏུ་ཟབ་ཅིང་འདྲིལ་བ་གསང་སྒྲུབ་ལྷ་ལྔའི་གདམས་སྐོར་གཙང་རོང་ཆེན་གྱི་ཉིན་མོའི་སྟོད་ཕྱོགས་བྲག་དམར་ཟླ་གམ་འདྲ་བའི་ཕུག་པའི་སྒོར་སྦས་པ། རོང་ཟོམ་ལོ་ཙཱ་བ་ཆོས་ཀྱི་བཟང་པོས་གཏེར་ནས་བཞེས་པ་མཁའ་འགྲོ་མ་རིག་བྱེད་རྩལ་ཞེས་གྲགས་པའི་དབང་ལུང་གི་རྒྱུན་གནས་གསར་འཇམ་དབྱངས་མཁྱེན་བརྩེ་དང་ཞིག་པོ་གླིང་པ་རྣམས་ཀྱིས་ཀྱང་གསན་ཐོར་འཁོད་རུང༌། ཕྱིས་འདིར་དཔེ་ལུང་གཉིས་ཀའི་རྒྱུན་མི་བཞུགས་པ་ལ་རབ་ཚེས་ལྕགས་འབྲུག་ལོར་ཆོས་བདག་མཁའ་འགྲོས་དཔེ་རྙིང་དངོས་སུ་ཕུལ། ཨོ་རྒྱན་རིན་པོ་ཆེ་དང་ལོ་ཆེན་བཻ་རོ་གཉིས་ཀས་སྨིན་གྲོལ་གྱི་གདམས་པས་བྱིན་རླབས་བསྩལ་ཏེ་བུ་དཔེ་རྒྱས་པར་བཀོད། ལོ་དེའི་ས་ག་ཟླ་བར་ཅུང་ཟད་ཐུགས་ཉམས་སུ་བཞེས་པས་གྲུབ་པའི་མངོན་རྟོགས་ཀྱང་གསལ་བར་བྱུང་གསུངས། ས་རྟ་ལོའི་སྐབས་ཤིག་ཡར་རྗེ་ཨོ་རྒྱན་གླིང་པ་སྔགས་པ་རྙིང་པ་པད་ཞྭ་ཅན་དངོས་སུ་བྱོན་ནས་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ཚོམ་བུ་ཉེར་གཅིག་པ་སྙིང་པོ་བཅུད་དྲིལ་གྱི་གདམས་པ་བསྩལ་པ་གཏན་ལ་ཕབ་སྟེ་རིམ་པར་ཐུགས་ཉམས་སུ་བཞེས་པས་བར་ཆད་ཀྱི་གཡུལ་ལས་རྒྱལ། ཆོས་འདི་མཐའ་དམག་སོགས་ནག་ཕྱོགས་གདུག་པའི་ཚོགས་ཀྱི་གཉེན་པོ་གཅིག་ཏུ་གྱུར་པའི་སྟབས་ཐོག་མར་གླེགས་བམ་ཞལ་ཕྱེ་བ་ཙམ་ལའང་འཚུབས་ཆེན་པོ་རེ་འབྱུང་བར་འདུག་གསུངས། སྐུ་ཚེ་འདིར་མངོན་སྤྱོད་ཀྱི་ཕྲིན་ལས་ཕྲ་མོ་ཙམ་ཡང་མཛད་མ་མྱོང་ཡང་ཆོས་འདིའི་བྱིན་རླབས་ཤུགས་འབྱུང་གི་ཚུལ་དུ། ཉག་དཔོན་པའི་དུས་ཟིང་གིས་མདོ་ཁམས་པ་ཐམས་ཅད་སྡུག་བསྔལ་ལ་སྦྱོར་སྐབས་ཆུ་ཕག་ཟླ་བ་གཉིས་པའི་ཚེས་ཉེར་ལྔའི་ནུབ་མནལ་ལྟས་སུ། མདུན་དུ་ལྕགས་སླང་ཞིག་གི་ནང་ལིང་ཆུང་བཞི་བཅུ་རྩ་བཞི་སོ་སོའི་སྙིང་གར་སྟག་མའི་ལོ་མ་ལ་ཨེ་ནྲྀ་ཏྲི་ཛཿཁྲག་གིས་བྲིས་པ་རེ་རེ་བསླན་པ་བཀོད་འདུག །དེར་མི་བརྗིད་ཅན་ཞིག་གིས་དང་པོའི་འཁྲུགས་པ་འདི་ལ་དམག་དཔོན་ཆེ་ཁག་མིང་ཐོགས་བཞི་བཅུ་ཞེ་བཞི་ཡོད། དེ་རེ་རེ་ལ་སྐྱོབ་པའི་ལྷ་ཞེ་བཞི། རྗེས་འབྲང་གི་དམ་སྲི་ཞེ་བཞི་ཡོད་པས་དཀར་ཕྱོགས་དར་ན་རྒྱལ་ཁམས་སུ་བདེ་འཇགས་ཅུང་ཟད་ཀྱི་རྒྱུར་འགྱུར་སྲིད་ཀྱང༌། ནག་ཕྱོགས་དར་ན་ཕུང་ཁྲོལ་ཚབ་ཇེ་ཆེར་འགྱུར་བས་དམ་སྲི་འདི་རྣམས་བསྒྲལ་དགོས་ཞེས་ནན་གྱིས་བཏུད་ནས་ཟེར་འདུག་པ་ལ། རྗེ་ཉིད་ནས་ཀྱང་ཅི་དྲན་མེད་པ་ལ་ཐོག་མར་གུར་དྲག་གི་སྒོམ་བཟླས་ཤིག་མཛད་མུར་དཔལ་མགོན་མ་ནིང་གི་སྐུར་དངོས་སུ་གྱུར་འདུག །དེའང་གནས་གྱུར་ནས་ཀུན་ཐུབ་རྒྱལ་མོ་སྐུ་མི་ཚད་ལས་འདས་པ་ཞིག་ཏུ་སོང་འདུག་པས་དམིགས་པའི་སྦྱོར་བས་དགུག་བསྟིམ་རེ་རེ་མཛད་པ་ན། དམ་སྲི་གཟིག་སོགས་གཅན་གཟན། སྡིག་སྦྲུལ་སོགས་ཀླུ་ནོར། ཁྲ་གླག་སོགས་འདབ་ཆགས་ཤ་ཟན་འཇིགས་རུང་གི་མགོ་ཅན་གྲངས་མེད་པ་བཀུག་ནས་ལིང་ཆུང་ལ་བསྟིམས་པས་རེ་རེ་བཞིན་ཚད་ལས་འདས་པའི་གཟུགས་བརྙན་ཆེན་པོ་སྲོག་དང་བཅས་པར་གྱུར་པ་མཚོན་ཆ་སྣ་ཚོགས་ཀྱིས་བསྒྲལ། ཁྲག་གི་རྒྱུན་འོད་ཆུ་ལྟར་བབ། དེ་དག་གི་ཤ་ཟོས། ཁྲང་འཐུང་བ་སོགས་ལྷག་མེད་དུ་བྱས། དེ་འདྲ་རེ་རེ་བཞིན་བགྱིས་པའི་གྲངས་ཉེར་བཞི་རྫོགས་མཚམས་མནལ་སད། དངོས་སུའང་ཁྲག་དྲི་སྣོམ་པ་སོགས་བྱུང་འདུག །དེ་རྗེས་ངོས་གཟུང་མེད་པའི་བསྙུན་ཁམས་ཀྱིས་གསུང་འགག་པ་སོགས་ཀྱང་བྱུང་འདུག་པས། དེ་སྐབས་བསྟན་པའི་རིམ་གྲོ་འདོན་བྱ་སོགས་སྒྲུབ་མཁན་མང་འདུག་ཀྱང་དོན་དུ་རྗེ་འདི་ཉིད་ཀྱི་ཐུགས་རྗེས་ནག་ཕྱོགས་གདུག་པའི་ཚ་ངར་ཕྱེད་ཙམ་ཞི་ནས་རྒྱལ་ཁམས་སུ་བདེ་སྐྱིད་སྤྲིན་བར་གྱི་ཉི་མ་ཙམ་བརྡོལ་བར་མངོན་ནོ། །གུ་རུ་རིན་པོ་ཆེས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་ཐུགས་དམ་སྙིང་པོར་བསྩལ་བ་མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་གདམས་སྐོར་ཨེ་གཟར་མོ་ལུང་གི་ཕུག་པར་སྦས་པ། ཇོ་མོ་སྨན་མོ་པདྨ་མཚོ་སྐྱིད་ལ་མཁའ་འགྲོ་རྣམས་ཀྱིས་གཏེར་དཔེ་དངོས་སུ་སྤྲད་ཀྱང་རང་གི་ཐུགས་ཉམས་སུ་བཞེས་པ་ཙམ་ལས་གཞན་ལ་སྤེལ་བའི་སྐབས་སུ་མ་བབས་པས་སླར་ལྡབ་གཏེར་དུ་སྦས། ཇོ་མོ་ཉིད་དབུས་གཙང་གི་རྒྱལ་ཁམས་རྣམས་ཉུལ་ནས་ཕེབས་པའི་སྐབས་ལྷོ་བྲག་ཏུ་གུ་རུ་ཆོས་དབང་དང་མཇལ་བས་སྨིན་གྲོལ་གྱི་གདམས་པས་རྗེས་སུ་བཟུང༌། གསང་བའི་ལས་རྒྱར་བསྟེན་པས་ཡེ་ཤེས་ཀྱི་རྩ་མདུད་གྲོལ་ཏེ་བཀའ་བརྒྱད་གསང་རྫོགས་ཀྱི་རྒྱུད་སྔར་མ་ཁྲོལ་བའང་གཏན་ལ་འབེབ་ཐུབ་པ་སོགས་བྱུང་བས་གཟུངས་མའི་གཙོ་མོར་གྱུར། ཕྱིས་འདིར་རྗེ་ཉིད་ཆོས་དབང་རིན་པོ་ཆེའི་དུས་ཀྱི་བག་ཆགས་ཤིན་ཏུ་གསལ་བ་དང༌། སྔོན་གྱི་རྟེན་འབྲེལ་ལས་ཡེ་ཤེས་མཚོ་རྒྱལ་དང་ངོ་བོ་གཅིག་ལ་རྣམ་པ་ཐ་དད་དུ་སྣང་བའི་ཇོ་མོ་ཉིད་ཀྱིས་བྱིན་གྱིས་བརླབས་ཤིང་ཡེ་ཤེས་ཀྱི་བྷ་སནྟའི་སྒོ་འབྱེད་པ་དང༌། གཏེར་སྲུང་གིས་གཏེར་དཔེ་སྤྱན་ལམ་དུ་ཕབ་པས་དགོངས་པ་ནམ་གཏད་སྤྱན་ལམ་དུ་བརྡ་ཡིག་རྩོལ་མེད་དུ་འཆར་བར་སྣང་བས་མདོས་སྐོང་དང་སྒྲུབ་པའི་ཁོག་དབུབ་མ་གཏོགས་ཆོས་སྡེ་གཞན་ཚང་བར་གཏན་ལ་ཕབ་པར་མཛད་པ། ཆོས་སྡེ་འདི་ནི་དེང་སང་གི་སྔགས་སྒོར་ཞུགས་པ་ཀུན་ལ་ཤིན་ཏུ་གལ་གནད་ཆེ་བར་འདུག་སྟེ། གཞུང་གི་ལུང་བྱང་ལས། སྔོན་ཚེ་འོག་མིན་གསང་ཆེན་ཞིང༔ ཡེ་ཤེས་རང་སྣང་ཕོ་བྲང་དུ༔ དབྱིངས་ཀྱི་ཡུམ་ཆེན་ཀུན་བཟང་མོ༔ ལོངས་སྐུ་རྡོ་རྗེ་ཕག་མོར་བཞེངས༔ ཆོས་ཉིད་རང་སྒྲས་གསང་ཆེན་རྒྱུད༔ དུས་གསུམ་དུས་མེད་རྟག་ཏུ་གསུངས༔ བར་དུ་མཁའ་འགྲོ་འདུ་བའི་གླིང༔ ཨོ་རྒྱན་རང་བྱུང་དུར་ཁྲོད་དུ༔ བཅོམ་ལྡན་བཛྲ་བྷ་ར་ཧེས༔ པདྨ་ཐོད་ཕྲེང་བདག་ཉིད་ལ༔ རྒྱུད་ལུང་མན་ངག་གསང་བའི་མཛོད༔ སྨིན་གྲོལ་ཡོངས་སུ་རྫོགས་པར་བསྩལ༔ ད་ལྟ་དོན་གྱི་རྣལ་འབྱོར་མ༔ བཀའ་ཡི་སྡུད་པོ་མཚོ་རྒྱལ་ལྕམ༔ དྷཱ་ཀི་འབུམ་གྱི་ཚོགས་བཅས་ལ༔ བོད་ཡུལ་གྲུབ་པའི་གནས་ཀྱི་མཐིལ༔ དབང་ཆེན་དགྱེས་པའི་ཕོ་བྲང་དུ༔ བདག་ཉིད་མཚོ་སྐྱེས་རྡོ་རྗེ་ཡིས༔ རྡོ་རྗེ་ཕག་མོའི་གསང་བ་ཆེ༔ རྒྱུད་ཀྱི་དགོངས་པ་སྙིང་པོར་དྲིལ༔ ལུང་གི་ངེས་པས་གཏན་ལ་ཕབ༔ མན་ངག་ལག་ལེན་དམར་ཁྲིད་དུ༔ ཐུགས་ཀྱི་ཉིང་ཁུ་བརྣག་པ་བྱིན༔ རང་རང་ཉམས་ལེན་མཐར་དབྱུང་ལ༔ རིན་ཆེན་ས་ཡི་སྙིང་པོར་སྦོས༔ ནམ་ཞིག་མཁའ་འགྲོས་བྱིན་བརླབས་པའི༔ རིགས་ལྡན་བུ་མོ་སྤྲེལ་ལོ་མ༔ སྦས་ཚུལ་ཇོ་མོའི་མིང་ཅན་ལ༔ མཁའ་འགྲོ་རྣམས་ཀྱིས་ཆོས་འདི་གཏད༔ བྱིན་རླབས་རྟོགས་པས་རང་བཞིན་གྲོལ༔ དུས་དེར་གཞན་དོན་ཆེར་མི་འབྱུང༔ འབྲེལ་ཚད་བདེ་ཆེན་ས་ལ་སྦྱོར༔ ཕུང་པོ་ལྷག་མེད་བྱང་ཆུབ་ཐོབ༔ སླར་ཡང་བོད་ཁམས་སྡུག་པའི་དུས༔ ཆོས་ཀྱི་རྒྱལ་པོའི་སྐྱེ་བའི་མཐའ༔ མཚོ་རྒྱལ་ཁྱོད་ཀྱིས་བྱིན་བརླབས་པ༔ སུས་ཀྱང་བརྟག་པར་དཀའ་བ་ཡི༔ མ་ངེས་འགྲོ་འདུལ་རིག་པ་འཛིན༔ སྒྱུ་མ་ལྟ་བུའི་སྐྱེས་བུ་ཞིག༔ མདོ་ཁམས་ཤར་ནས་འབྱུང་དང་འཕྲད༔ ལོ་ཙཱ་ཆེན་པོའི་ཡེ་ཤེས་དང༔ གཉིས་མིན་གཉིས་སུ་སྣང་བའི་ཚུལ༔ སྔགས་ཀྱི་གདུང་མཐའ་བྱང་ཆུབ་སེམས༔ བློ་གྲོས་མི་ཟད་གཏེར་ལ་གཏད༔ གཉིས་ཀའི་སྨོན་ལམ་ལ་བརྟེན་ནས༔ སྐལ་ལྡན་འགའ་ཡི་ཉམས་ཆག་སྦྱོང༔ ལ་ལ་སྔགས་ཀྱི་བརྟུལ་ཞུགས་སྤྱོད༔ འགའ་ཞིག་བདེ་ཆེན་ཡེ་ཤེས་རྙེད༔ དངོས་གྲུབ་དགའ་སྟོན་རྒྱས་པར་འགྱུར༔ ཞེས་བཀའ་བསྩལ་པ་ལྟར་རོ། །གུ་རུ་རིན་པོ་ཆེ་ཉིད་ངོ་བོ་དཔལ་ཆེ་མཆོག་ཧེ་རུ་ཀཿདང་རྣམ་དབྱེར་མེད་ཀྱང་གདུལ་བྱ་དྲང་བའི་སླད་དུ་རྡོ་རྗེ་བདུད་རྩིའི་གྲུབ་བརྙེས་སློབ་དཔོན་བདུད་རྩི་གསང་བ་ལས་གདམས་ངག་ཡོངས་རྫོགས་གསན་པའི་ཚུལ་བསྟན། བོད་དུ་གཉགས་ཛྙཱ་ན་ཀུ་མཱ་ར་ལ་བདུད་རྩི་ཡོན་ཏན་གྱི་རྒྱུད་ལུང་མན་ངག་སྤྱི་དང་ཁྱད་པར་རྡོ་རྗེ་བདུད་རྩི་གསང་བ་ཆེན་པོའི་མན་ངག་སྙིང་ཐིག་ཟབ་མོ་ཏིང་ངེ་འཛིན་བདུན་གྱི་རིམ་པར་ཕྱེ་བའི་གཞུང་ཉིད་ཡར་ལུང་བསམ་འགྲུབ་ཤེལ་གྱི་བྲག་ཕུག་ཏུ་བསྒྱུར་ཏུ་བསྩལ་ཅིང༌། ཆོས་རྒྱལ་ཡབ་སྲས་སོགས་འདུས་པ་རྣམས་ལ་སྨིན་གྲོལ་བསྩལ། དཔེ་རྒྱུད་པདྨ་བརྩེགས་པའི་ཕུག་པར་རྒྱས་བཏབ་པ་ཕྱིས་ར་མོ་ཤེལ་སྨན་ཡེ་ཤེས་བཟང་པོས་སྤྱན་དྲངས་ཏེ་ཐུགས་ཉམས་སུ་བཞེས། སླར་རྡོ་རྗེའི་ལུང་དོན་བཞིན་རང་གནས་སུ་སྦས་པར་མཛད་པ། རྗེ་ཉིད་དགུང་གྲངས་ང་བདུན་མེ་བྱི་ཟླ་བ་དང་པོའི་ཡར་ཚེས་སྐབས་ཀྱི་ཐོ་རངས་ཤིག་ཏུ་སྔགས་སྲུང་ཨེ་ཀ་ཛཱ་ཊི་ཉིད་ཞིང་སྐྱེས་ཀྱི་མཁའ་འགྲོར་རྣམ་པར་འཕྲུལ་པས། གདམས་པ་འདིའི་གཏེར་དཔེ་ཏཱ་ལའི་ལོ་མར་ནག་ར་དང་བརྡ་ཡིག་འདྲེས་མར་བྲིས་པ་ཕྱག་ཏུ་ཕུལ་ཏེ་ལོ་རྒྱུས་རྒྱས་པར་ཞུས། དེ་རྗེས་ཨོ་རྒྱན་རིན་པོ་ཆེ་ལ་གསོལ་འདེབས་ཡང་ཡང་མཛད་པས་སྣྲོན་ཟླའི་ཚེས་བཅུའི་ཐོ་རངས་དག་པའི་སྣང་བར་པདྨ་འོད་ཀྱི་གཞལ་མེད་ཁང་དུ་གུ་རུ་རིན་པོ་ཆེ་འཁོར་དང་བཅས་པས་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་ཅིང་གདམས་ངག་གཅིག་རྫོགས་སུ་བསྩལ། ལས་ཀྱི་རྡོ་རྗེ་གཉགས་ལོ་ཆེན་པོའི་ཞལ་ནས་འདི་ཉིད་བདུད་རྩི་ཡོན་ཏན་གྱི་བཀའི་གཙོ་བོ་ཡིན་ཞིང་ད་དུང་སྨན་གྱི་རྫོང་འཕྲང་ཆེན་མོའི་བཀའ་བབས་ཡོད་ཚུལ་གྱི་ལུང་བསྟན་ཡང་མཛད། དེ་ནས་བཟུང་སྟེ་གཏེར་ཤོག་ཏུ་གང་བཞུགས་པའི་ཚིག་དོན་ཐམས་ཅད་སྒྲིབ་ཐོགས་མེད་པར་ཐུགས་ལ་ལམ་མེར་ཆུབ་པས་ཆོས་སྐོར་ཡོངས་རྫོགས་མིག་འཕྲུལ་ལྟ་བུའི་ཆོ་འཕྲུལ་ཆེན་པོ་ངོ་མཚར་བའི་བཀོད་པས་གཏན་ལ་ཕབ་ནས་ཁོ་བོ་ཅག་ལ་སྐལ་ལྡན་དུ་དབུགས་དབྱུང་ཞིང་དབང་ཁྲིད་གདམས་ངག་ཐམས་ཅད་བཀའ་དྲིན་དུ་བསྩལ། འདིའི་དབང་སྐུར་ཁོ་བོས་ཆེད་དུ་ཞུས་པའི་སྟ་གོན་ནུབ་མོར། རྗེ་བླ་མ་ཉིད་རི་རོང་དོག་པོ་ཞིག་ཏུ་ཕེབས། མི་ཞིག་ལ་ས་ཆ་འདི་གར་རེད་དྲིས་པས་སོ་མ་པུ་རིའི་ཉེ་སྐོར་རེད་ཟེར། དེ་ནས་ཡར་བྱོན་པས་ཐང་ཅུང་ཡངས་པ་ཞིག་ཏུ་ཕེབས་པས། མི་དེས་སོ་མ་པུ་རི་ཡ་ཀི་རེད་ཟེར། རི་ཤིན་ཏུ་གཟར་ཞིང་མཐོ་བའི་རྩེ་མོར་བྲག་དཀར་འདྲ་ཞིག་སྣང༌། དེར་འཛེག་པས་ཡུད་ཀྱིས་ཕྱིན་པ་ན་ཁང་པ་རྩག་མཐོ་ཞིག་སྣང་བའི་ནང་དུ་ཕེབས་པའི་རྩག་མང་པོ་ཞིག་བགྲོད། ད་རུང་སྟེང་དུ་རྩག་གཉིས་ཡོད་སྙམ། བར་སྣང་དུ་སླེབས་པ་ལྟ་བུ་མཐོ་བའི་ནང་དུ་ཁྲི་སྟན་ཞིག་འདུག་པ་ཉིད་ཀྱི་ཡིན་སྙམ་གྱིས་དེར་བཞུགས། དེར་རི་ཆེའི་ཕྱག་མཛོད་ལྟ་བུ་ཞིག་འདུག་པ་ལ་འདི་ན་ཤིན་ཏུ་གནད་ཆེ་བའི་རྟེན་ཅི་འདྲ་ཡོད་ཅེས་དྲིས་པར། འདི་ཡི་རྟེན་གྱི་གཙོ་བོ་འདི་ཡིན་ཞེས་ཕུགས་ལོགས་སུ་སྒམ་ཞིག་འདུག་པ་ལ་མཛུབ་མོ་བཙུགས། དེ་ན་ཅི་འདྲ་ཡོད་དྲིས་པས། རྒྱལ་པོ་ཛཿལས་བཀའ་བབས་ཆུ་བོ་བཞིའི་དབང་གི་ཆུ་རྒྱུན་མ་ཆད་པ་ཡོད་ཟེར། དེར་ངེད་རང་ད་ལྟའི་ཆ་བྱད་ལྟར་འདུག་པས་སྒམ་དེ་ཕྱེས་སོང་བ་འདི་གང་ཡིན་གྱིས་ལྟ་ཕོད་ས་མི་འདུག་ཟེར། ཉིད་ཕེབས་པས་དེ་ནང་ཁྲོན་པ་གཏིང་མེད་པ་འདྲ་བ་ལ། བར་དན་དུ་ཆང་བུམ་ལྟ་བུའི་ལྗང་གུ་ཆེ་ལེགས་ཤིག་འདུག་པ་ན་ཉིད་སྔར་མལ་བཞུགས། ངེད་ཀྱིས་དེ་དྲངས་བྱུང་བ་ཤིན་ཏུ་ཕྲ་བའི་བ་ཐག་གིས་སྦྲེལ་བ་ལྟ་བུའི་ངང༌། དེ་ནང་ནས་བུམ་ཆུ་དཀར་ཤས་ཅན་ཞིག་ཕྱག་ཏུ་བླུགས་བྱུང་བ་དེ་བཞེས་པས་སྐུ་ལུས་ཀྱི་ནང་ཐམས་ཅད་གང༌། བདེ་བ་སྐྱེས། ཆང་བཟི་ལྟ་བུའི་རྣམ་འགྱུར་དང༌། རྟོག་མེད་ཀྱི་ཉམས་འཆར། སླར་ངེད་ལ་གནང་བ་ངེད་རང་ཡང་ཉིད་ལ་སྐྱེས་པའི་ཉམས་དེ་ཤར་སོང༌། མི་དེས་ད་རེས་སྐུ་ཞབས་རྣམ་པ་ཚོ་ཞལ་འཛོམ། དབང་བུམ་གདན་དྲངས། སྐལ་པ་ཤིན་ཏུ་བཟང་པས་ང་རང་ལའང་གནང་བར་ཞུ་ཟེར་བས་ལག་ཏུ་བླུགས་པས་འཐུང་སོང་བ་དེ་ལའང་ཉམས་དེ་སྐྱེས་སོང༌། དེ་ན་རེ། ད་རེས་རྣམ་པ་ཚོ་ལ་བུམ་ཆུས་སྐུ་ལུས་གང་བ་བུམ་དབང༌། བདེ་བ་གསང་དབང༌། ཆང་བཟི་ལྟ་བུ་ཤེར་དབང༌། རྟོག་མེད་ཀྱི་ཉམས་སྐྱེས་པ་བཞི་པ་ཡིན་ཟེར་ནས་ནམ་མཁར་འཕགས་པ་མཁའ་འགྲོ་མ་དམར་མོ་རུས་རྒྱན་ཅན་ཞིག་ཏུ་གནས་གྱུར་སོང༌། དེར་ཐུགས་དགོངས་ལ། མི་དེ་རྒྱལ་པོ་ཛཿ མཁའ་འགྲོ་འདི་ལས་ཀྱི་དབང་མོ་ཆེ་ཡིན་དགོངས་པ་བྱུང་གསུངས། གོང་གི་ལུང་བསྟན་བཞིན་རོང་སྨན་ཉི་མ་འོད་གསལ་གྱིས་ཡར་འབྲོག་གི་རྫ་རོང་བྷི་ནས་སྤྱན་དྲངས་པའི་སྨན་གྱི་རྫོང་འཕྲང་ཆེན་མོའི་སྙིང་པོ་བསྡུས་པའི་སྨན་གྱི་རྫོང་འཕྲང་སྙིང་ཐིག་ཅེས་ཆེ་མཆོག་བདུད་རྩིའི་དཀྱིལ་འཁོར་སྒེར་སྒྲུབ་འབྲེལ་བའི་སྨན་གྱི་ཆོས་སྡེ་ངོ་མཚར་བ་ཞིག་ཀྱང་བཞུགས་པར་སྣང་མོད། གཏན་ལ་འབེབ་གྲུབ་པ་ནི་མ་བྱུང༌། ཡང་ཟབ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་གདམས་པ་ཡེ་ཤེས་འོད་ཀྱི་སྙིང་པོའི་ཆོས་སྐོར་ནི། སྔོན་རབ་བྱུང་དྲུག་པའི་ལྕགས་མོ་གླང་གི་ལོའི་སྨལ་པོ་ཟླ་བའི་ཚེས་བཅུར་དཔལ་གྱི་བསམ་ཡས་མཆིམས་ཕུའི་བྲག་སྣ་སེང་གེའི་གདོང་ནས་གནུབས་ཆེན་པོའི་རྣམ་འཕྲུལ་སྐྱེས་མཐའི་བྱང་སེམས་ཨོ་རྒྱན་དྲི་མེད་ཀུན་དགས་གདན་དྲངས། བླ་རྫོགས་ཐུགས་གསུམ་རྒྱ་ཆེ་བའི་སྐོར་རྣམས་ཁྱབ་གདལ་དུ་སྤེལ་བ་ལ་བརྟེན་ནས་གདུལ་བྱ་མཐའ་ཡས་པ་སྨིན་གྲོལ་ལ་བཀོད། སྙིང་པོ་འདི་ཉིད་ལུང་བྱང་ལྟར་ཐུགས་ཉམས་སུ་བཞེས་ཏེ་གཞན་ལ་མ་སྤེལ་བར་དཔལ་གྱི་བསམ་ཡས་བྲག་དམར་མགྲིན་བཟང་གི་བྲེ་གུའི་སུལ་དུ་རྒྱས་བཏབ་པ། རྗེ་ཉིད་ལ་འགྲོ་འདུལ་འཕགས་པའི་ཐུགས་ཏིག་དང་ལྷན་ཅིག་གཏེར་སྲུང་མཁའ་འགྲོ་མས་དངོས་སུ་ཕུལ་བ་རིང་དུ་གསང་རྒྱས་བཏབ། རབ་ཚེས་མེ་མོ་གླང་ལོར་མནལ་ལམ་དུ་ཁང་པ་ཞིག་ཏུ་ཕེབས་པར། ཕུགས་དེར་ཞེ་ཆེན་དབོན་སྤྲུལ་ཉིད་གོས་སྐྱ་ཞིག་མནབས་ནས་བསྙེལ་བའི་ཚུལ་མཛད་ནས་བཞུགས་པའི་སྐུ་དྲུང་དུ་ཕེབས་པར་འདིར་མ་བྱོན། ངེད་རང་ཡང་མོ་དགའ་ཆེས་པས་མི་ལོ་བ་མང་པོ་བྱུང༌། རྒྱ་ནད་ཅིག་འགོས་ནས་ཁོག་སྨད་རུལ་ཡོད། དྲི་ངན་བྲོ་བས་ཞེ་ལྡོག་གསུངས་པ་དང་དྲི་ངན་ཡང་བྲོ་བ་སྙམ་བྱེད། ཅུང་ཕྱིར་གྱེད་པས་ད་ཅུང་ཟད་བཞུགས་དང་ཁ་ད་ཞིག་བྱེད་གསུངས། དེར་བཞུགས་པ་དང་དེང་སང་ཀོང་སྤྲུལ་ཁྱེད་གཉིས་ནས་གཏེར་ཆོས་རྒྱུན་ཡོད་མེད་སྣ་ཚོགས་འཆད་སྤེལ་བྱེད་པ་རེད་དེ། ངེད་ཀྱིས་དེ་དུས་ཀར་གླིང་ཞི་ཁྲོའི་བཏགས་གྲོལ་སྔགས་ལ་ཞུ་དག་བྱེད་རྩིས་བྱས་པ་དབང་ཕྱུག་ཉེར་བརྒྱད་ཀྱིས་སྲོག་དེའུ་བཅད་བྱས་པ་ཡིན། ཕོད་ལེ་ཨེ་རེད་གསུངས་པར། གསར་མ་འདྲ་ཡིན་ན་རྒྱུན་ཡོད་ངེས་པ་ཞིག་ལས་ཤྭ་ལོ་ཀའང་འཆད་སྲོལ་མེད། ཁྱེད་རང་རྙིང་མ་བ་རྣམས་ཀྱིས་བཀའ་གཏེར་དག་སྣང་གི་བརྒྱུད་སྲོལ་མང་དུ་འདྲེན་སྲོལ་འདུག་པ་བཞིན་ངེད་གཉིས་ནས་ཀྱང་ཚིག་བརྒྱུད་ཅི་ཐོབ་བྱས་པས་ཚིག་བརྒྱུད་མེད་པ་ཆེར་མེད། རྒྱུན་དཀོན་ཁ་ཤས་ཉམས་རྨིས་སོགས་ཐོབ་ངེས་མ་གཏོགས་གཏན་ནས་ཁུངས་མེད་འཆད་སྤེལ་བྱེད་ཀྱི་མེད་གསུངས་པར། ཨ་ཅང་ལོས་ཆོག །ཁྱེད་རང་གཉིས་གཏེར་ཆོས་རྣམས་ཀྱི་བདག་པོ་ཡིན་འདུག་པས་དེ་རྣམས་ལེགས་པོ་རེད་ཀྱང༌། ཇོ་མོ་སྨན་མོ་ཟེར་བའི་གཞང་འཚོང་མ་དེ་དང༌། ར་མོ་ཤེལ་སྨན་ལྷ་རྗེ་སྐྱ་ཐོ་བ་དེ་རིགས་ཀྱི་གཏེར་ཆོས་ལ་རྩ་བ་བྱེད་དུས། ང་དྲི་མེད་ཀུན་དགའ་ཡིན་པས་དེའི་བླ་རྫོགས་ཐུགས་གསུམ་ཤོག་སེར་དེ་གལ་ཆུང་དུ་བསྐྱུར་བ་དེ་མ་རེད་གསུངས། དེར་དྲི་མེད་ཀུན་དགའི་གཏེར་ཆོས་ཤོག་སེར་ཞིག་སྔ་མོ་ནས་ལག་ཏུ་བྱུང་ཡང་འབེབ་རྒྱུ་སོགས་མ་བྱུང༌། ད་རེས་ཉིད་ཀྱིས་དབང་ལུང་ཞིག་མཛད་རོག་ཞུས་ནས་ཤོག་སེར་དེའང་བསྒྲིལ་ཁ་ཆེན་པོ་ཞིག་ཕྱག་ཏུ་བཞུགས་སྣང་འདུག་པས་ཕྱག་ཁར་ཕུལ་བ། ཁྱེད་རང་རྣམས་སློབ་དཔོན་པདྨ་དང༌། ཡུ་བུ་རྣམས་ཀྱི་གཅེས་ལོ་མ་ཡེ་ཤེས་མཚོ་རྒྱལ་གཉིས་ཀྱིས་དགོས་ཚད་ཐམས་ཅད་གནང་དུས་དེས་མ་ཆོག་པ་ཅི་ཡོད་གསུངས། ནན་གྱིས་ཞུས་པར་དེ་མ་ཐག་རྣལ་འབྱོར་པ་རལ་པ་སྐུ་རྒྱབ་ནས་གཙུག་ཏོར་དུ་དཀྲིས་པ། ནང་གོས་དཀར་པོ། དེ་སྟེང་དབང་གོས། མནབ་གཟན་ཅན་ཟིལ་ཆེ་བ་ཞིག་ཏུ་གནས་འགྱུར་ནས་བར་སྣང་ལ་འཕགས་ཏེ། ཤོག་སེར་ཐོག་ནས་དབང་ལུང་དང་སྤྱི་བོར་བཞག་ནས་བཀའ་གཏད་མཛད་པས་ཤོག་སེར་སྤྱི་བོ་ནས་ཐིམ་སྙམ་ངང་དེ་ནང་ཅི་ཡོད་ཚིག་དོན་ཐམས་ཅད་ཁྲ་ལམ་མེ་དགོངས་པ་བྱུང༌། དེ་ནས་འདི་གསུངས། ཁྱེད་རང་གཉིས་ཀྱང་དཀར་ཆས་རེ་བྱས་ན་ལེགས་ས་རེད། དེ་སྔ་གཏེར་སྟོན་གྱི་མིང་ཐོགས་མི་འདུག །མིང་ཐོགས་དགོས། འདི་ལ་གནད་ཆེན་པོ་ཡོད། ངེད་ཀྱང་སྤྲུལ་སྐུ་དེའི་སྐབས་སུ་དཀར་ཆས་མ་བྱས་པས་རྟེན་འབྲེལ་འཆུག །ད་དུས་རྒྱུན་མཁའ་འགྲོ་གྲིབ་སེལ་ཤིན་ཏུ་གལ་ཆེ་གསུངས་ནས་ཇེ་མཐོར་སོང་བ་ད་རུང་ཅུང་བཞུགས་གྲོགས་ཞུས་ཀྱང་ནམ་མཁའི་དབྱིངས་སུ་ཐིམ་པ་དང་མནལ་སད། ཕྱིར་ནང་ཁོ་བོ་ཅག་ལ་དེ་ལྟར་བྱུང་ཚུལ་ཕེབས་པས་གཏན་ལ་འབེབ་ཐུབ་པར་གསོལ་བ་བཏབ་པས། བླ་སྒྲུབ། ཐུགས་རྗེ་ཆེན་པོ། ཕྱག་ཆེན་བཅས་འབེབ་པར་མཛད་ཅིང་དབང་ཁྲིད་ཆིག་རྫོགས་སུ་བསྩལ། ཁྱད་པར་ཟབ་དབང་ཐུན་མོང་མ་ཡིན་པ་བཀའ་དྲིན་བསྐྱངས་ཏེ་དེ་ལ་བརྟེན་ནས་ཚེ་མཐར་ཕྱིན་པའི་ལུང་བསྟན་ཀྱང་བསྩལ། བླ་སྒྲུབ་ཆ་ལག་འགའ་ཞིག་བཞུགས་པར་སྣང་ཡང་རིམ་ལུས་སུ་གྱུར་ཅིང་ཁོ་བོའི་ལམ་ཟབ་ལེའུ་བདུན་མའང་བླ་སྒྲུབ་འདིའི་ཆ་ལག་ཏུ་གཏོགས་པར་སྣང༌། འདིའི་བླ་སྒྲུབ་ཡིད་བཞིན་ནོར་བུའི་ལུང་བྱང་ལས། འདི་ནི་རང་བྱུང་པདྨ་བདག་ཉིད་ཀྱི༔ ཐུགས་ཀྱི་གསང་བ་རྨད་བྱུང་དྭངས་མའི་བཅུད༔ སྐུ་གསུམ་དབྱེར་མེད་འོད་ཀྱི་སྙིང་པོའི་གཟུགས༔ སྣོད་ལྡན་རྣམས་དང་འབྲལ་ཁའི་ཞལ་ཆེམས་ཚུལ༔ འདི་ཡིན་འདི་ལས་གཞན་དུ་མ་བཅོས་པར༔ རྩེ་གཅིག་ཉམས་ལོངས་བརྡ་ཡི་ཡི་གེར་བྲིས༔ མཆིམས་ཕུའི་ཉེ་འདབས་བྲག་གི་སུལ་དུ་སྦོས༔ མ་འོངས་རྩུབ་འགྱུར་དུས་ཀྱི་བར་སྐབས་སུ༔ གནུབས་བན་རང་གིས་སྤྱོད་པའི་སྨོན་ལམ་ཐོབས༔ དྲི་མེད་མིང་ཅན་དེ་དང་འཕྲད་ནས་ཀྱང༔ རང་ཉམས་བླངས་ནས་མ་ཕྱིའི་ཤོག་སེར་ནི༔ འགྲོ་འདུལ་འཕགས་པའི་ཐུགས་ཀྱི་ཏི་ཀ་དང༔ ལྷན་ཅིག་སྦས་པས་རྩུབ་འགྱུར་ཡང་མཐའི་དུས༔ ད་ལྟའི་དུས་ཀྱི་ལྷ་སྲས་མཆོག་གྲུབ་རྒྱལ༔ གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་པས༔ འདི་ཉིད་བླངས་ནས་རིང་དུ་གསང་རྒྱས་གདབ༔ དུས་སུ་བབས་ཚེ་སྣོད་ལྡན་མཆོག་ལ་སྤེལ༔ དེས་ཀྱང་ཉམས་བླངས་རྟོགས་པའི་རྩལ་ཆེན་རྫོགས༔ ཀུན་བཟང་གདོད་མའི་ས་ལ་ཕྱིན་པར་འགྱུར༔ ཞེས་གསུངས་ཤིང༌། འབེབ་པའི་དུས་ཚོད། རྨི་ལམ་ཚུལ་དུ་ཆོས་ཀྱི་བདག་པོ་ཡིས༔ བཀའ་གཏད་བྱིན་རླབས་སྐུལ་མ་ཐེངས་གསུམ་འོང༔ ཞེས་གསུངས་པའང་ཇི་བཞིན་བྱུང་བར་འདུག་གོ །ཞེ་ཆེན་དབོན་སྤྲུལ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་འདིའང་རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེས་ཁོང་གཏེར་སྟོན་རྒྱ་ཞང་ཁྲོམ་གྱི་སྐྱེ་བ་ཡིན། དེ་སྐབས་མཐུ་སྟོབས་ཆེ་བས་དེང་སང་མ་ཉེས་ཁ་ཡོག་མང་བ་རེད་གསུངས་པའང་ཡེ་ཤེས་ཀྱི་གཟིགས་པ་འཁྲུལ་པ་མེད་པར་སྣང་སྟེ་ཞང་ཁྲོམ་སྐྱེ་བ་དྲི་མེད་ཀུན་དགར་ཡོངས་སུ་གྲགས་ཤིང་དེའི་སྐྱེ་བ་དབོན་སྤྲུལ་རིན་པོ་ཆེ་ཉིད་ཡིན་པ་ལུང་ལས་གསལ་བའི་ཕྱིར་རོ། །མེ་གླང་ཟླ་བ་དང་པོའི་ཚེས་ཉེར་དྲུག་ནུབ་མོར་དག་པའི་སྣང་བར། ཐོག་མར་ངེད་རང་ཁྲི་མཐོ་བ་ཞིག་ཏུ་བསྡད་ནས་སྐུ་གསུམ་སྟོན་པའི་དགོངས་མཛོད་རིང་མོ་ཟེར་བའི་ཆོས་བཀའ་ཕལ་ཆེར་ཤེར་ཕྱིན་ཚིགས་བཅད་བྱས་པ་ལྟ་བུ་ལ་གཞུང་ལམ་གསང་སྔགས་ཡིན་པ། ལེའུ་སུམ་བརྒྱ་དྲུག་ཅུ། པོ་ཏི་བདུན་ཡོད་པ་ཞིག་བཤད་འདུག་པ། གཏེར་སྟོན་སུས་རེད་གསུངས་པ་ཐམས་ཅད་ཀྱི་ཐོག་མའི་གཏེར་སྟོན་དེ་རེད་ཟེར། སངས་རྒྱས་བླ་མ་ཨི་རེད་གསུངས་པ་མ་རེད་གཙུག་ལག་དཔལ་དགེའི་ཆོས་རེད་ཟེར། ཆོས་དེ་ཚང་མ་གསན་ཚར་བ་དང༌། གནས་འགྱུར་ནས་ཉང་ཤ་མི་གོ་ཆ་ཡིན་ཟེར་བའི་ལོ་ཙཱ་སྐུ་ཆེ་ཞིང་གཟི་བརྗིད་ཅན། དབུ་ལ་པཎ་ཞུ་ལེབ་གཞག་མཛད་པ་ཞིག་མཇལ་བར། ཁྱེད་སྔ་འགྱུར་ལོ་ཙཱ་བ་ཡིན་ན་རྗེ་འབངས་ཉེར་ལྔའི་གྲལ་དུ་མི་འདུག་ན་གསུངས་པས། རྗེ་འབངས་ཉེར་ལྔའི་གྲལ་དུ་ཡོད་རུང་མེད་རུང་ངེད་རང་ལ། མཁན་པོ་བོ་དྷི་སཏྭ། སློབ་དཔོན་པདྨ་འབྱུང་གནས། བི་མ་མི་ཏྲ། བཻ་རོ་ཙ་ན་བཞིའི་གདམས་ངག་ཐམས་ཅད་ཡོད་པ་ཡིན་གསུངས། དེར་གདམས་ངག་གནང་བར་ཞུས་པས། མཁན་པོའི་གདམས་ངག་ཕྱི་སྡེ་སྣོད་གསུམ། སློབ་དཔོན་གྱི་ནང་ཀྲི་ཡོག་སྡེ་གསུམ། བི་མ་ལའི་གསང་བ་ཡོ་ག་གསུམ་དགོངས་བཅུད་གཅིག་ཏུ་དྲིལ་བ་དགོངས་མཛོད་ཆེན་མོ་ཞེས་བྱ་བ་བསམ་ཡས་ཧས་པོ་རིར་གཏེར་དུ་སྦས་པ་ཤ་མི་རྡོར་རྒྱལ་གྱིས་བཏོན་ནས་འགྲོ་དོན་མཛད། འགྲོ་དོན་རྫོགས་ནས་དཔེ་རྣམས་མཁའ་འགྲོས་དྲངས་པ་ཡིན། གླེགས་བམ་བདུན་ཡོད། དེས་དགོས་པ་མེད་པས་འདི་དེའི་སྙིང་པོ་དགོངས་མཛོད་ཟབ་ཏིག་ཡིན་གསུངས་ནས་ལེའུ་གསུམ་པ་ཞིག་གི་དབང་ལུང་རྫོགས་པར་གསན། གུ་རུ་པདྨ་བཛྲ་ཉིད་ཚེ་ལམ་གྱི་གྲོགས་མཆོག་མནྡཱ་རཿབ་དང་བཅས་ཏེ་བྲག་ཕུག་མཱ་ར་ཏི་ཀར་འཆི་མེད་ཚེའི་དངོས་གྲུབ་བསྒྲུབས་ནས་གྲུབ་པའི་སྐབས་སུ་སྐུ་གསུམ་ཧེ་རུ་ཀས་རྒྱུད་དང་གདམས་པའི་གསང་མཛོད་དཔག་ཏུ་མེད་པ་གཏད་ཅིང་བྱིན་གྱིས་བརླབས། ཆོས་རྒྱལ་གྱིས་གསོལ་བ་བཏབ་པའི་ངོར་ལོངས་སྐུ་འཁོར་ལོ་བདེ་མཆོག་གི་གདམས་སྐོར་མང་དུ་བསྩལ་བ་རྣམས། རྒྱས་འབྲིང་བསྡུས་གསུམ་དུ་ཕྱེས་ནས་གཏེར་གནས་སོ་སོར་སྦས་པ་རྒྱས་འབྲིང་གཉིས་མངའ་བདག་ཉང་དང་བོན་པོ་ལྷ་འབུམ་གྱིས་བཏོན། བསྡུས་པ་ཟབ་དོན་སྙིང་པོའི་བཅུད་འདྲིལ་འདི་ཉིད་ཨེ་ཡུལ་རིག་པའི་འབྱུང་གནས་ཀྱི་ཁ་སྟོད་གངས་བར་ཕུག་མོ་ཆེ་ཞེས་པའི་བྲག་སྐྱིབས་ཆེན་པོའི་སྒོ་དྲུང་ཕ་ཝཾ་དབང་ཕྱུག་གི་མཚན་རྟགས་ཅན་དུ་སྦས་པ། རྒྱ་སྟོན་པདྨ་དབང་ཕྱུག་གིས་གཏེར་ནས་བཏོན་ཏེ་བླ་རྫོགས་ཐུགས་གསུམ་གྱི་ཆོས་དང་བསྟན་སྲུང་གུར་མགོན་གྱི་རྒྱ་གཞུང་དྲེགས་པ་ཟིལ་གནོན་སྐོར་མན་ངག་ལེ་ཚན་ལྔ། དམ་རྫས་བདུད་རྩི་སྨན་གྱི་རིལ་བུ་བཅས་སྤྱན་དྲངས་ཏེ་འགྲོ་དོན་ཅི་རིགས་མཛད་ཅིང་། གུར་མགོན་སྐོར་རྣམས་ཡར་ལུང་ཀླུ་པའི་བླ་མ་རྣམས་བརྒྱུད་དེ་དེང་སང་ས་སྐྱའི་གུར་མགོན་གཞུང་པོད་མེ་འབར་མར་བཞུགས་པ་ཡིན་ཞིང༌། བླ་མ་བདེ་མཆོག་གི་ཆོས་སྐོར་རྣམས་ལུང་བྱང་ལྟར་གནས་དེ་ཉིད་དུ་ཡང་གཏེར་གྱི་རྒྱས་བཏབ་པ་ཕྱིས་རབ་ཚེས་ས་སྟག་ལོའི་ས་ག་ཟླ་བའི་ཚེས་བཅུར་ཡེ་ཤེས་ཀྱི་མཁའ་འགྲོས། རྗེ་བླ་མ་རིན་པོ་ཆེ་ཉིད་ལ་གཏེར་དཔེ་དངོས་སུ་བསྟན་ཅིང་བརྡ་སྤྲོད་མཛད་པའི་རྗེས་ཐོག་ཏུ་གཏེར་སྟོན་པདྨ་དབང་ཕྱུག་ཉིད་ཀྱི་སྐུ་མངོན་དུ་སྣང་བས་དབང་དང་གདམས་ངག་རྫོགས་པར་གནང༌། དེ་འཕྲལ་ཚིག་བརྒྱུད་ཡི་གེ་རིས་སུ་གཏན་ལ་ཕབ། ཆུ་རྟ་མགོ་ཟླའི་ཉེར་ལྔར་དོན་བརྒྱུད་སྨིན་གྲོལ་གྱི་གདམས་པ་ཁོ་བོ་ཅག་ལ་ཆིག་རྫོགས་སུ་བཀའ་དྲིན་བསྩལ། གསར་མ་ལ་ཡོངས་སུ་གྲགས་པའི་དྲིལ་བུ་རིམ་ལྔའི་ཁྲིད་ཀྱང་རིང་བརྒྱུད་བཀའ་སྲོལ་འགའ་ཞིག་སྨིན་ཁྲིད་དུ་གསན་ཅིང༌། ཉེ་བརྒྱུད་དག་པའི་སྣང་བར་གྲུབ་ཆེན་རྡོ་རྗེ་དྲིལ་བུ་པ་ཡུམ་དང་བཅས་པས་བརྡའི་དབང་བཞི་བསྐུར། རིམ་ལྔའི་རྩ་ཚིག་ཤོ་ལོ་ཀ་གཅིག་བཀྲོལ་ཏེ་གསུངས་ནས་མཐར་བསམ་མི་ཁྱབ་པའི་སྐབས་སུ་དབྱིངས་དང་ཡེ་ཤེས་དབྱེར་མེད་པར་བྱིན་གྱིས་བརླབས་པའི་ཆུ་བོའང་གཅིག་ཏུ་འདུ་བ་མ་ཟད། གསར་མའི་དྲིལ་བུ་རིམ་ལྔའི་ཁྲིད་ཀྱི་བྱིན་རླབས་ས་ཆེན་ཀུན་དགའ་བློ་གྲོས་ཀྱི་བར་དུ་བྱུང་ཡང་དེ་ཕྱིས་རྒྱུན་མི་བཞུགས་ཀྱང༌། འདིའི་དབང་གི་སྐབས་རིམ་ལྔའི་བྱིན་རླབས་ཁྱད་པར་ཅན་ཡོད་པས་རྒྱུན་དེའི་གོ་ཡང་ཆོད་པར་སྣང་ངོ༌། །ཟབ་མོའི་རྒྱུད་སྡེ་མང་པོའི་བཅུད་བསྡུས་པའི་ཞི་བྱེད་བདུན་གྱི་མན་ངག་རིམ་པ་ཕྱེ་བ་བཅུ་གཅིག་གི་གཞུང་པདྨ་སཾ་བྷ་ཝ་དང་ལྷ་སྲས་ཡེ་ཤེས་རོལ་པ་རྩལ་གྱིས་བསྒྱུར་ནས་འུ་ཤང་རྡོའི་ནུབ་ཕྱོགས་ལྷ་རི་རོལ་པོ་བྲག་ཏུ་སྦས་པ་རབ་བྱུང་གཉིས་པའི་ནང་ལྷ་བཙུན་སྔོན་མོའམ་ལྷ་དབང་རྒྱ་མཚོ་བློ་གྲོས་ཀྱིས་སྤྱན་དྲངས། མ་ཕྱི་སྒྲགས་ཀྱི་ཡང་རྫོང་དུ་སྦས་པ་རབ་བྱུང་བཅོ་ལྔ་པའི་ས་ཕོ་འབྲུག་གི་ལོར་གཏེར་ཆེན་མཆོག་གྱུར་གླིང་པས་སྤྱན་དྲངས་ཏེ་ཤོག་སེར་རྗེ་བླ་མ་རིན་པོ་ཆེར་ཕུལ་བ་གཏན་ལ་ཕབ་ནས་དབང་ལུང་སྤེལ་བར་མཛད། ཡཀྴ་ཛཾ་བྷ་ལ་ནག་པོའི་གདམས་སྐོར་འཕགས་པའི་ཡུལ་དུ་ཚོང་དཔོན་གྱི་བུ་སུ་ཁ་དེ་བ་ལ་བཀའ་བབས་པ་རྣམས་རྒྱལ་པོ་གུ་རུ་དེ་བ་ལས་སློབ་དཔོན་ཆེན་པོས་གསན་པའི་ཚུལ་མཛད། ཡཀྴ་རྩ་བའི་ཏནྟྲ་དང་རཏྣ་རྩལ་ཆེན་འདུས་པའི་རྒྱུད་ལེའུ་སུམ་བརྒྱ་བདུན་ཅུ་རྩ་བདུན་པའི་ཟབ་གསང་སྙིང་པོའི་ཡང་བཅུད་དུམ་བུར་ཕྱུང་པ་ཛམྦྷ་ལ་ནག་པོའི་སྒྲུབ་ཐབས་ཀྱི་མན་ངག་རིན་ཆེན་གཏེར་སྤུངས་ཞེས་བྱ་བ་ལག་ལེན་དམར་ཁྲིད་ཀྱི་ཚུལ་དུ་བསྡེབས་ནས། བོད་ཡུལ་མངའ་བདག་རྗེ་འབངས་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་གདམས། སྙིགས་དུས་འགྲོ་བའི་དོན་དུ་མཚོ་རྒྱལ་གྱིས་དཔེ་རྒྱུད་འདྲ་མིན་གསུམ་རེ་བཀོད་ནས་གཏེར་གནས་གསུམ་དུ་རྒྱས་བཏབ་པ་ལས་གཉིས་པོ་གཏེར་སྟོན་གཞན་གྱིས་སྤྱན་དྲངས། ཟབ་ཆོས་འདི་ཉིད་བདུད་འཇོམས་རྣམ་འཕྲུལ་བལ་པོ་ཨ་ཧཱུྃ་འབར་གྱིས་སྤ་གྲོ་གཅལ་གྱི་བྲག་དམར་པོའི་ནུབ་ཕྱོགས་མེ་ལྕེ་འཁྱིལ་བ་འདྲ་བ་ནས་མེ་ཕོ་འབྲུག་ལོ་སྟོན་ཟླ་ར་བའི་ཉ་ལ་སྤྱན་དྲངས་ནས་འགྲོ་དོན་རྒྱ་ཆེར་མཛད། བར་སྐབས་སུ་དར་རྒྱས་ཆེ་བ་བྱུང་ནའང་ཕྱིས་བརྒྱུད་པའི་ངེས་ཏིག་མེད་པ་དང་གཏེར་ཆོས་ཀྱང་ནུབ་པ་ལྟར་གྱུར་པའི་སྐབས། རབ་ཚེས་ལྕགས་འབྲུག་ལོའི་ཆོ་འཕྲུལ་ཟླ་བར་རྗེ་བླ་མ་རིན་པོ་ཆེ་ལ་ཆོས་བདག་མཁའ་འགྲོས་སྲོག་འཁོར་མན་ངག་དང་བཅས་པའི་དཔེ་རྙིང་དངོས་སུ་ཕུལ་ཅིང་སྒྲུབ་ཐབས་ཀྱི་སྐོར་རྣམས་བྱིན་གྱིས་བརླབས་པའི་ཚུལ་དུ་བསྩལ་བ་ལ་བརྟེན་ནས་གཏན་ལ་ཕབ་པའི་སྐབས་སུ་མནལ་ལམ་དག་པའི་སྣང་བར། ཡུལ་ལྗོངས་ཤིན་ཏུ་ཉམས་དགའ་བ་ཞིག་གི་ཁ་སྟོད་རི་བོ་གླང་ཆེན་འགྱིང་བ་ལྟ་བུའི་གདོང་པའི་ཐད་ཙམ་དུ་རྗེ་ཉིད་ཕེབས་པས་རྒྱང་རིང་པོ་ནས་འོད་ཀྱི་གང་བུ་ལྗང་གུ་ཤིན་ཏུ་བཀྲག་མདངས་དང་ལྡན་པ་ལ་ཇེ་ཉེར་སླེབས་པའི་ཚེ་རྡོ་ཤེལ་ལྗང་ནག་དྭངས་བ་ལ་ཉི་ཟེར་ཕོག་པའི་རྐྱེན་གྱིས་འོད་ཟེར་ཁ་དོག་སྣ་ཚོགས་སུ་འཕྲོ་བ། དབྱིབས་ནོར་བུ་མིག་གཅིག་ལྟ་བུ་ཆེ་ཞིང་དྭངས་པ་ཞིག་གི་དྲུང་དུ་སླེབས་པ་ན་ངོ་མཚར་གྱི་སྣང་བ་བཅས་ནང་དུ་ཞུགས་པས། རིན་པོ་ཆེའི་ཁྲི་བཀོད་པ་ཕུན་སུམ་ཚོགས་པའི་སྟེང་དུ་ཛཾ་བྷ་ལ་ནག་པོ་ལྗང་འོད་འཚེར་བ། ཞལ་ཕྱག་སོགས་མངོན་རྟོགས་དང་མཚུངས་པ་ཤིན་ཏུ་གསལ་བ་ལ་འཁོར་རྣམས་ཀྱང་ཡོད་དགོངས་པ་བྱུང༌། དེ་ཉིད་སྐད་ཅིག་གིས་ཨོ་རྒྱན་སྣང་སྲིད་ཟིལ་གནོན་གྱི་སྐུར་གནས་གྱུར་ནས་སྨིན་གྲོལ་གྱི་གདམས་པ་ཆིག་རྫོགས་སུ་བསྩལ། འདིའི་སྒྲུབ་ཐབས་ཀྱི་སྐོར་རྣམས་སྔར་བལ་པོ་ཨ་ཧཱུྃ་འབར་དང་གུ་རུ་ཇོ་ཚེའི་གཏེར་དཔེ་གཉིས་པོ་གཅིག་ལྟ་བུ་ཡོད་པས་བརྒྱུད་པ་གཉིས་འདྲེས་སུ་འགྱུར་རོ་གསུངས་པའི་གནང་བ་དང་བཅས་བྱིན་རླབས་ཀྱི་མཚན་མ་ཁྱད་པར་ཅན་བརྙེས། ནོར་ལྷ་རྣམས་ཀྱི་ནང་ནས་ཀྱང་འདི་སྒྲུབ་པ་ལ་སྒབ་འདྲེའི་བར་ཆད་མེད་ཅིང་བཅས་པས་ཆོག་པའི་འཁོར་ལོ་སོགས་ཟབ་གནད་ངོ་མཚར་རྨད་དུ་བྱུང་བ་དང་ལྡན་པ་ཡིན་ནོ། །མ་འོངས་སྙིགས་མའི་དུས་སུ་བོད་ཁམས་རྒྱལ་བསེན་འབྱུང་པོའི་འཚེ་བས་མནར་བ་ལ་ཐུགས་རྗེས་དགོངས་ནས། གུ་རུ་རིན་པོ་ཆེས་རྟ་མགྲིན་དམར་པོ་དཔའ་བོ་གཅིག་པའི་མན་ངག་གནམ་ལྕགས་འཁོར་ལོ་ཞེས་བྱ་བའི་གདམས་ངག་ཟབ་ལ་འདྲིལ་བ་མཛད་ནས་ཆོས་རྒྱལ་ལ་གནང༌། དེས་ཀྱང་མོན་གྱི་སྒོམ་པ་ཧ་མི་ནཱ་ཐ་ལ་གནང་ནས་རྗེས་སུ་གདམས་པ་དང༌། གུ་རུ་རིན་པོ་ཆེ་ཐོག་མར་གཙང་སྟོད་ལ་རུའི་གསེར་ཁ་ལ་ཕེབས་པའི་སྐབས་མི་མ་ཡིན་པས་བར་ཆད་བྱས་པ་བཏུལ་ཅིང་། མོན་གྱི་རྒྱལ་པོ་སེ་འདར་ཁ་སྡེ་བརྒྱད་ཀྱི་གནོད་པ་ལས་གྲོལ་བར་མཛད་པའི་རྒྱལ་བསེན་གནད་འབེབ་སྲོག་གི་འཁོར་ལོ་བཅས་བྱང་པྲ་དུན་རྩེའི་བཙུག་ལག་ཁང་གི་ཀ་ཞུའི་ནང་གཏེར་དུ་སྦས་པ་ཕྱིས་ལྷོའི་མངའ་བདག་ཆེན་པོའི་རྒྱུད་པ་མོལ་མི་འཁྱིལ་གྱིས་སྤྱན་དྲངས། འཁོར་ལོ་སོགས་སྔར་དུས་སྔགས་པ་རྣམས་ལ་དར་ཅིང་གྲགས་ཆེ་ཡང་ཕྱིས་སུ་བརྒྱུད་པ་ཆད་ནས་ཡུན་རིང་སོང༌། རབ་ཚེས་ལྕགས་འབྲུག་ལོར་རྗེ་བླ་མ་ཉིད་ལ་ཞིང་སྐྱེས་མཁའ་འགྲོས་རྒྱལ་བསེན་སྲོག་གི་འཁོར་ལོའི་དཔེ་རྙིང་དངོས་སུ་ཕུལ། རྟ་མགྲིན་དཔའ་བོ་གཅིག་པའི་གདམས་སྐོར་ཡང་བྱིན་རླབས་ཀྱི་ཚུལ་དུ་གནང་བ་གཏན་ལ་ཕབ་ཅིང་སྐལ་ལྡན་རྣམས་ལ་བཀའ་དྲིན་དུ་བསྩལ་བས་སློབ་མ་ལའང་བར་ཆད་བསལ་བའི་མཚན་མ་མངོན་དུ་བྱུང་བ་སོགས་བྱིན་རླབས་ཀྱི་བབས་ཆེན་པོ་དང་ལྡན་པར་མཆིས་སོ། །སློབ་དཔོན་པདྨ་སཾ་བྷ་བ་འཕགས་ཡུལ་ཤར་ཕྱོགས་བྲག་ཕུག་མཱ་ར་ཏི་ཀར་ཟབ་ལམ་སྙིང་པོའི་སྒྲུབ་པ་ལ་བརྩོན་པའི་ཚུལ་བསྟན་པའི་སྐབས་སུ། རྗེ་བཙུན་སྒྲོལ་མ་དངོས་སུ་བྱོན་ནས་རྒྱུད་ལུང་མན་ངག་གི་རིམ་པ་རྒྱ་ཆེན་བསྩལ་པ་རྣམས་ཀྱི་ནང་ནས་སྙིང་པོའི་བཅུད་ཕྱུངས་ཏེ་གདམས་ངག་རྒྱས་འབྲིང་བསྡུས་པའི་ཚུལ་དུ་གཏན་ལ་ཕབ་ནས་བོད་ཀྱི་སྐལ་ལྡན་རྗེ་འབངས་རྣམས་ལ་གནང༌། མ་འོངས་པའི་གདུལ་བྱ་རྣམས་ཀྱི་དོན་དུ་གཏེར་ཁ་གསུམ་དུ་རྒྱས་བཏབ་པ་ལས་བསྡུས་པ་སྒྲོལ་མ་འཇིགས་པ་ཀུན་སྐྱོབ་འདི་ཉིད་གཙང་འོ་ཡུག་གཡག་སྡེའི་ལུང་ལག་གཡག་ལྕེ་ཁྲ་མོ་བྲག་ཏུ་སྦས་པ་གཏེར་སྟོན་གཡག་ཕྱར་སྔོན་མོས་བཏོན། ཤོག་སེར་རྣམས་སླར་ཡེར་པ་སེ་བ་ལུང་དུ་ལྡབ་གཏེར་དུ་སྦས་པ་རོང་པ་བདུད་འདུལ་གླིང་པས་སྤྱན་དྲངས་ཀྱང་གཏེར་སྟོན་གློ་བུར་གཞན་དབང་དུ་གཤེགས་པས་གཏེར་སྲུང་སྨན་བཙུན་རྡོ་རྗེ་གཡུ་སྒྲོན་མས་ཤོག་སེར་སླར་ཁྱེར་བ། ཕྱིས་རབ་ཚེས་ས་སྟག་ལོའི་ཆོ་འཕྲུལ་ཟླ་བའི་ཡར་ཚེས་བརྒྱད་ལ་རྗེ་བླ་མ་རིན་པོ་ཆེར་མཁའ་འགྲོ་ཙཎྜཱི་ཀས་མནལ་ལམ་དུ་ཤོག་སེར་ཕུལ་ཞིང་བྱིན་རླབས་བསྩལ་བའི་གཟིགས་སྣང་བྱུང་བ། མནལ་སད་པ་ན་མངོན་སུམ་དུ་སྣང་བའི་ཤོག་གུ་ལྗང་སེར་ཞེང་སོར་དོ་དཀྱུས་མཛུབ་གང་བ་བརྡ་རིས་ཀྱིས་གཏམས་པ་ཞིག་ལས་གཏན་ལ་ཕབ་ཅིང་སྐལ་ལྡན་རྣམས་ལ་རིམ་པར་སྤེལ་བར་མཛད་དོ། །དབུ་རུ་ལྷ་སའི་སྟོན་པ་ཤཱཀྱ་འོད་ཀྱིས་བྱང་པྲ་དུན་རྩེའི་མཆོད་རྟེན་ནས་དྲག་སྔགས་གཙོ་བོར་གྱུར་པའི་གཏེར་ཆོས་མང་པོ་སྤྱན་དྲངས་པའི་རྒྱུན་ཕལ་ཆེར་སྔར་དུས་བྱུང༌། དེང་སང་ནི་དཔེ་རྒྱུན་ཙམ་ཡང་དཀོན་པར་སྣང་བ་ལ། ཕྱག་རྡོར་རྡོ་རྗེ་མེ་འབར་ཞེས་པའི་སྒྲུབ་ཐབས་ཟབ་ཅིང་འདྲིལ་བ་ཡང་གཏེར་དུ་སྦས་པའི་ཤོག་སེར་གཏེར་སྲུང་མཁའ་འགྲོས་རྗེ་འདི་ཉིད་ཀྱི་ཕྱག་ཏུ་ཕུལ་བའང་གཏན་ལ་འབེབ་པར་མཛད། བོན་པོ་བྲག་ཚལ་གྱི་རྫོགས་ཆེན་གུ་རུ་བཞི་པ་དང་ཚེ་གུར་སྦྲགས་མ་ལྡབ་གཏེར་དུ་སྦས་པའི་ཤོག་སེར་རྣམས་ཕྱག་ཏུ་འཁོར་ཞིང་ནུབ་ཁ་ཤས་བཏུད་མར་གཏེར་སྟོན་ཉིད་ཀྱིས་དེ་དག་གི་དབང་ལུང་བསྩལ་བའི་དག་སྣང་བྱུང་བར་གསུངས། ཚེ་གུར་སྦྲགས་མ་ཕབ་པར་མཛད་པ་ལས་གཤམ་དུ་ཚེ་བདུད་ཟློག་པའི་མདོས་ཟབ་མོ་ཞིག་ཡོད་པ་དེར་འཚུབས་ཤིན་ཏུ་ཆེ་འདུག་གསུངས་ནས་ལུས་སོང༌། ཉང་པོ་བསམ་གཏན་གླིང་པའི་བཀའ་བརྒྱད་དྲེགས་པ་ཀུན་འདུལ་གྱི་ཡང་བཅུད་སྙིང་པོའི་ཆོས་སྐོར་ལྡབ་གཏེར་དུ་སྦས་པ། རྒྱུད་ལུང་མན་ངག་གསུམ་གྱི་ཆོས་སྐོར་ལེ་ཚན་བདུན་ཡོད་པའི་ཤོག་སེར་མཁའ་འགྲོས་ཕྱག་ཏུ་ཕུལ་བ་ལས་རྒྱུད་ལུང་གཉིས་དང་ལས་བྱང་ཙམ་གཏན་ལ་ཕབ་པར་མཛད་ཅིང་དབང་ཆོག་སོགས་འབེབ་པ་མ་བྱུང༌། མཆོག་ལྡན་མགོན་པོས་བོད་ཁམས་མཐའ་དམག་ཟློག་པའི་རིམ་གྲོ་ཆེན་པོ་མཛད་ནས་ལྷ་ལྡན་དུ་བཞུགས་པའི་སྐབས་གུ་རུ་རིན་པོ་ཆེས་སྙན་བརྒྱུད་དུ་བསྩལ་པའི་བར་ཆད་ཀུན་འཇོམས་རྟ་མགྲིན་གཉེན་པོ་ལྷ་ལྔའི་སྒྲུབ་ཐབས་ཟབ་ཅིང་འདྲིལ་བ་ཉིད། རྗེ་བླ་མ་རིན་པོ་ཆེར་དག་པའི་སྣང་བར་མཆོག་ལྡན་མགོན་པོའི་ཡེ་ཤེས་ཀྱི་སྐུས་སླར་ཡང་སྙན་བརྒྱུད་དུ་གདམས་པ་ཉིད་ཀྱང་གཏན་ལ་ཕབ་པར་མཛད། གུ་རུ་རིན་པོ་ཆེ་ཉིད་དུར་ཁྲོད་བསིལ་བ་ཚལ་དུ་བཞུགས་པའི་ཚེ་རྒྱལ་ཡུམ་རྡོ་རྗེ་ཕག་མོས་རྒྱུད་དང་གདམས་པ་རྒྱ་ཆེར་བསྩལ་པ་ལས་བོད་ཡུལ་རྗེ་འབངས་རྣམས་ཀྱི་སྐལ་པ་དང་འཚམ་པའི་གདམས་ངག་ཅི་རིགས་པར་བསྩལ་པ་རྣམས་རྒྱས་འབྲིང་བསྡུས་པ་སྙིང་པོའི་སྐོར་དང་བཞིར་ཕྱེས་ཏེ་གཏེར་གནས་རྣམས་སུ་སྦས་ཏེ་གཏེར་སྟོན་སོ་སོས་བཏོན་པ་ལས། བསྡུས་པ་ཕག་མོ་དཀར་མོའི་སྒྲུབ་ཐབས་ཡེ་ཤེས་འཁོར་ལོ་གསང་བ་ཆེན་པོའི་ཐུགས་ཏིག་ཉིད། རབ་བྱུང་དགུ་པའི་མཐར་ཨེ་སྤེ་ལྕོག་གར་དབང་ལས་འཕྲོ་གླིང་པས་ཡར་ཀླུངས་ཤེལ་བྲག་པདྨ་བརྩེགས་པ་ནས་མ་འགགས་རྫུ་འཕྲུལ་གྱི་རོལ་པས་སྤྱན་དྲངས། གསང་བའི་ཐུགས་དམ་དུ་མཛད་པ་ལས་གཞན་ལ་སྤེལ་བར་མ་གནང༌། ཤོག་སེར་ལུང་བྱང་ལྟར་ལྡབ་གཏེར་དུ་སྦས་པ་ཆོས་བདག་ཡེ་ཤེས་མཁའ་འགྲོས་རྗེ་ཉིད་ལ་མདོངས་གསོལ་དུ་ཕུལ། རབ་ཚེས་ལྕགས་ཕོ་འབྲུག་ལོའི་ཆོ་འཕྲུལ་ཟླ་བར་གཏན་ལ་ཕབ་པའི་ཚེ་ལས་འཕྲོ་གླིང་པ་ཉིད་ཀྱིས་དངོས་ཉམས་རྨི་ལམ་གྱི་ཚུལ་དུ། སྨིན་གྲོལ་གྱིས་བྱིན་གྱིས་བརླབས་ཤིང་ཆོས་སྒོ་འབྱེད་པར་རྗེས་སུ་གདམས་པ་ལྟར་བདག་ཅག་ལ་བཀའ་དྲིན་དུ་བསྩལ། དེ་དག་ནི་ཆོས་སྡེ་རྫོགས་པ་དང་ཅི་རིགས་པར་གཏན་ལ་ཕབ་གྲུབ་པ་རྣམས་སྨྲོས་པ་ཡིན་ལ། སྤྱིར་གོང་དུ་བཤད་པ་ལྟར་བོད་ཡུལ་དུ་བྱུང་བའི་གཏེར་ཆོས་ཡོངས་རྫོགས་ལ་རང་དབང་ཐོབ་ཅིང༌། དམིགས་བསལ་ཡང་གཏེར་གྱི་ཤོག་སེར་མཁའ་འགྲོ་གཏེར་སྲུང་རྣམས་ཀྱིས་ཕྱག་ཏུ་ཕུལ་ནས་བཞུགས་པའི་རྣམ་གྲངས་ཀྱང༌། སྣ་ནམ་ཐུབ་པ་རྒྱལ་པོའི་རྟེན་འབྲེལ་ཡང་སྙིང་འདུས་པ། དབོན་སྲས་ཁྱུང་ཐོག་གི་ཡཀྴ་ཀཱི་ལ་ཡ། གཙུག་ལག་དཔལ་དགེའི་དྲག་སྔགས་ཐེམས་བདུན། ཁྱུང་པོ་དཔལ་དགེའི་རྒྱལ་པོ་མདོས་བཅུའི་ཆོ་ག །ཤ་མི་རྡོར་རྒྱལ་གྱི་དགོངས་མཛོད་སྙིང་ཐིག །ཞུ་ཡས་གནོད་སྦྱིན་འབར་གྱི་སྐུ་གསུམ་ཉི་ཟླ་འབར་བའི་སྣང་བ་དང་རྟ་མགྲིན་དམར་པོ། ཁུ་ཚ་ཟླ་འོད་དམ་ཀུ་ས་སྨན་པའི་རྩ་གསུམ་སྤྱི་སྤུངས། རོང་སྨན་ཉི་མའི་འོད་ཀྱི་གསོ་དཔྱད་རྫོང་འཕྲང་སྙིང་ཐིག །གུ་རུ་ཇོ་ཚེའི་དྲི་མེད་བཤགས་རྒྱུད་ཆོ་ག །གྲྭ་སྒོམ་ཆོས་ཀྱི་རྡོ་རྗེའི་གུར་དྲག་ཡེ་ཤེས་རང་གསལ། ཨ་ཡ་བོན་པོ་ལྷ་འབུམ་མམ་རྟ་ནག་གུ་རུ་རྣོན་རྩེའི་མ་རྒྱུད་ཟབ་མོ་ཀུན་འདུས། ཨོ་རྒྱན་གླིང་པའི་བཀའ་འདུས་ཉིན་མཚན་རྒྱུན་གྱི་རྣལ་འབྱོར། སྔགས་འཆང་ལས་འཕྲོ་གླིང་པའི་པདྨ་ཤ་བ་རི་དམར་པོ། བླ་མ་གྲུམ་དང་ཡོན་བདག་ནག་པོ་མཁར་གྱི་གསང་བདག་གདུག་པ་ཀུན་འཇོམས། ཁ་རག་བདེ་ཆེན་གླིང་པའི་མཁའ་འགྲོ་སྙིང་ཐིག་སྙིང་པོ་རྣམས་བཞུགས་པ་ཞལ་ནས་དངོས་སུ་ཐོས་ཤིང་འགའ་ཞིག་དབུ་བཞག་ཙམ་རེ་འབེབ་པར་མཛད་པའང་ཡིན་ལ། རང་ནས་མ་འཚལ་བའང་མང་དུ་བཞུགས་ཡོད་པར་སྣང་ངོ༌། །གཏེར་རྙིང་ལས་དཔེ་ལུང་གི་རྒྱུན་དཀོན་པ་མི་འགྱུར་ལས་འཕྲོ་གླིང་པའི་པདྨ་གཏུམ་པོ། ར་ཞི་པདྨ་རིག་འཛིན་གྱི་ཁྱུང་ཁྲ། སྟག་མོ་གཏེར་སྟོན་དབོན་སྲས་ཁྱུང་ཐོག་གི་ཚེ་སྒྲུབ་ཡེ་ཤེས་སྲོག་ཏིག །ཏའུ་རོག་རྗེ་གླིང་པའི་ཚེ་སྒྲུབ་གསང་བ་རྨད་བྱུང་རྣམས་ཀྱི་དཔེ་རྙིང་ཚན་པ་རེ་གཏེར་སྲུང་གིས་ཕུལ་བ་ལས་དབང་ལུང་བཀའ་དྲིན་དུ་བསྩལ་སྐབས་པདྨ་གཏུམ་པོའི་མེ་ལོང་གི་སྔགས་འཁོར་བསུབ་ཏུ་མེད་པའི་རང་བྱོན་དུ་སོང་བ་དང༌། ཁྱུང་ཁྲས་འོག་གདོན་གྱིས་ཟིན་པའི་སློབ་མའི་ནད་གཞི་མེད་དུ་དྭངས་པ་སོགས་མངོན་རྟགས་ངོ་མཚར་ཆེ་བའང་བྱུང༌། ཉང་གཏེར་གུ་རུ་མཚོ་སྐྱེས་རྡོ་རྗེ་དང་ཐུགས་རྗེ་ཆེན་པོ་འགྲོ་འདུལ་གྱི་དབང་རྒྱས་པའི་རྒྱུན་མི་བཞུགས་པས་གསར་དུ་སྤེལ་བར་མཛད་པའི་གཏན་ཚིགས་གོང་སྨྲོས་ལྟར་ལས་དམིགས་བསལ་ཞུ་གནང་མ་བྱུང༌། ར་ཤག་མ་མོ་སྒང་ཤར་ལུང་རྒྱུན་ཙམ་ཁོ་བོས་ཐོས་ཤིང་རྗེ་ཉིད་ཀྱིས་གསན་པ་གནང་སྐབས་འདིའི་དབང་དེ་རྒྱུན་ཡོད་པ་ཞིག་བྱུང་ན་བཀའ་དྲིན་ཆེ་དགོས་ཚུལ་གསོལ་བ་ནན་དུ་བཏབ་པར། ཟླ་བ་བཅུ་གཅིག་པའི་ཚེས་ཉེར་དགུའི་ནུབ་མོར་རྗེའི་དག་སྣང་དུ། གུ་རུ་ཆོས་དབང་སྐུ་བོང་ཆེ་ཞིང་དབུ་སྐྲ་སྒོར་མོ་ཐུགས་ཀའི་མེ་ལོང་ཡང་ཡོད་སྙམ་བྱེད་པ་ཞིག་མཇལ་བ་ར་ཤག་མ་མོ་སྒང་ཤར་གྱི་དབང་ལུང་ཨི་བཞུགས་ཞུས་པ་ལ་ཅུང་ཟད་ཁྲེལ་བའི་རྣམ་པས། མ་མོའི་གསོག་མདོས་ཀྱི་ལག་ལེན་ཤིན་ཏུ་མཁས་པ་ཁྱུང་ནག་ཤཱཀ་དར་ཡིན་གསུངས། དེའང་ཉེ་སྐོར་དུ་ཡོད་སྙམ་བྱེད་པའི་མུར་སྒྲོལ་སྟོན་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་དུ་གནས་གྱུར་པ་ལའང་སྔར་བཞིན་ཞུས་པ། དེ་དུས་ཉིད་ལ་བཀའ་བརྒྱད་བདེར་འདུས་དབང་བྱས་སྐབས་ལྷ་ངོ་བོ་གཅིག །གོང་མ་རྣམས་ལ་བརྒྱུད་པའི་ཆུ་བོ་གཅིག་འདྲེས་ཡོད་པས་དེས་འཐུས་ཚུལ་གསུངས་ཡོད་པས་དེ་ཀས་ཆོག་ཚུལ་གསུངས། དེ་འགགས་ནས་གནས་ཁང་ཞིག་ཏུ་ཨོ་རྒྱན་གླིང་པ་པད་ཞྭ་ན་བཟའ་དབང་གོས་སྟེང་གཟན་དཀྲིས་མཛད་པ་ཞིག་བཞུགས་འདུག་པ་ལ་སྒང་ཤར་དབང་ཨི་ཡོད་ཞུས་པ། དེ་ནི་ཁོང་ཤིན་ཏུ་མཁས། ཕྱག་ལེན་མང་པོ་བཏབ། སྣེ་གདོང་སྡེ་པས་ཀོང་པོར་ཕུད་སྐབས་འདིའི་གསད་མདོས་བཅས་ན་བསྒྲལ་བ་ལ་ཚེགས་མེད་ཀྱང་དེ་བསྒྲལ་ན་བོད་སྤྱི་ལའང་གནོད་འདུག་པས་བཏང་སྙོམས་བཞག་པ་ཡིན་གསུངས། སྐུ་རྒྱབ་རྩིག་ངོས་ནས་ཟ་མ་ཏོག་སྙིང་གཟུགས་སེར་པོ་ཞིག་བླངས། འདི་སྲིད་པ་མ་མོའི་རྒྱུད་ལུང་ཐམས་ཅད་འདུས་པ་ཡིན་གསུངས། དབུར་བཞག་ནས་ལེགས་སྦྱར་སྐད་ཁོ་ན་ལྡེབ་བཅུ་སྐོར་ཙམ་གྱི་ཚོད་ཅིག་གསུངས། བྱིན་རླབས་གཟི་བརྗིད་ཆེན་པོའི་མཐར་ཟ་མ་ཏོག་དེ་ཞིག་སོང་བ་ལྟ་བུའི་དབུ་གཙུག་ནས་སྐུ་ལུས་ལ་ཐིམ་པའི་རྐྱེན་གྱིས་སྐུ་ལུས་ཐམས་ཅད་ཙིཏྟ་ཞིག་ཏུ་སོང་ཞིང་བདེ་ཉམས་ཀྱིས་བརྒྱལ་ཐབས་སུ་ཡུན་གཅིག་གནས་པའི་མཐར་སད་གསུངས། ཚེས་སུམ་ཅུ་དགོང་མོ་པདྨ་མཁའ་འགྲོའི་དབང་སྦྱིན་སྲེག་བཅས་མཛད་ནུབ། མདུན་དུ་བུད་མེད་ཐོག་བརྩེག་ཚད་ཅིག་སླེབས་འདུག་པ་ཁྱོད་སུ་ཡིན་གསུངས་པས། ང་སྤྲུལ་སྐུ་ཆེན་པོའི་དཔེ་གཉེར་ཡིན་ཟེར། སྤྲུལ་སྐུ་སུ་གསུངས་པས་སྤྲུལ་སྐུ་ར་ཤག་ཆེན་པོ་ཡིན་ཟེར། ཁྱོད་ལ་མ་མོ་སྒང་ཤར་དབང་ལུང་ཨི་ཡོད་གསུངས་པས་ཡོད་དེ་དབང་ཡར་རྗེས་གནང་བ་དེས་ཆོག །དཔེ་འདི་འབུལ་དུ་འོང་བ་ཡིན་ཟེར། རྒྱ་དཔེ་ཕྲ་རིང་པོད་བཞི་ཕུལ་བ་གཟིགས་པས་ལ྅་ཝར་ན་ག་ར་ཡིག་སྣ་ཚོགས་འདུག །འདི་ཅི་ལ་ཁུར་བ་ཡིན་གསུངས་པས་དོ་ནུབ་སྦྱིན་སྲེག་དེས་ང་དགའ་ནས་འོངས་པ་ཡིན་ཟེར། ར་ཤག་གི་རྣམ་ཐར་རགས་རིམ་དང༌། ལར་ར་ཤག་གིས་འགྲོ་དོན་མ་བྱུང་ཟེར་བ་རེད་ཀྱང་འགྲོ་དོན་བསམ་གྱིས་མི་ཁྱབ་པ་མཐོང་ཐོས་དྲན་རེག་གྲོལ་ཚུལ་དང༌། ཀུ་ས་སྨན་པས་ཀྱང་གོ་མ་ཆོད་ཟེར་ཡང་སྨན་ཁ་ལ་རག་ཚད་སེམས་ཅན་འབུམ་ཕྲག་མང་པོ་གྲོལ་ཚུལ་སོགས་ཟེར་བའི་མཐར་མིའི་ལུས་ལ་བྱ་རོག་གི་མཆུ་ཤིན་ཏུ་རིང་པོ་ཕྱུང༌། གཟི་བརྗིད་ཆེན་པོས་ཁ་ཕར་གྱུས་ཏེ་སོང་འཕྲལ་འཁོར་གཡོག་བསམ་གྱིས་མི་ཁྱབ་པ་དང་བཅས་ཡུད་ཀྱིས་གཤེགས་པར་གཟིགས། དེ་རྗེས་སྒང་ཤར་དབང་རྒྱས་པར་བསྩལ་ཞིང་ལས་བྱང་དང་དབང་ཆོག་གསར་སྒྲིག་གལ་ཆེ་བའི་བཀའ་གནང་བའང་གྲུབ་པར་བགྱིས་སོ། །བྱང་ཆུབ་གླིང་པ་དཔལ་རྒྱལ་མཚན་གྱི་གཏེར་བྱོན་ཀུན་བཟང་ཐུགས་གཏེར་འཁོར་འདས་རང་གྲོལ་ཕྱིས་འདིར་དབང་ལུང་རྒྱུན་ཆད་ཀྱང་དཔེ་བཙལ་ནས་ཞལ་བཤུ་གསར་བཞེངས་མཛད་པའི་སྐབས་གཏེར་སྟོན་ཉིད་ཀྱིས་བྱིན་གྱིས་བརླབས་པའི་མཚན་མ་དང༌། སྐུའི་སྲས་བསམ་འགྲུབ་རྡོ་རྗེ་ཡིན་པའི་བག་ཆགས་གསལ་བར་སད། ཆུ་ལུག་ཟླ་བ་དང་པོའི་ཚེས་གཅིག་ལ་འདིའི་དབང་ལུང་སྩོལ་བར་གསོལ་བ་བཏབ་པ་བཞིན་གནང་བའི་ནུབ་དང་པོར་ཇོ་མོ་རྒྱ་གར་མ་ཤིང་ལོའི་གོས་ཅན་འོངས་ནས་ཆོས་འདི་ཕྱིས་ཚོད་འཆད་ཉན་མཁན་མ་བྱུང༌། ད་རེས་དགའ་རྟགས་ཡིན་ཟེར་འབྲས་སྙེ་ཞིག་ཕྱག་ཏུ་ཕུལ་བའི་ཉམས་བྱུང༌། ནུབ་གཉིས་པར་མཚན་རིང་དུ་ཞབས་ཕྱི་ཞུ་བའི་རྨི་ལམ་བྱུང་གསུངས། ཡན་ལག་དབང་རྣམས་གནང་བའི་ནུབ་མོ་བྱང་ཆུབ་གླིང་པ་སྔགས་པ་སྐུ་ཉམས་རྒྱས་ཤིང་ཟིལ་ཅན་ན་བཟའ་ཤུག་ཚང་ལྟ་བུ་སྔོན་པོས་གཡོགས་པ་གསོལ་བས་ཐུགས་རྗེ་ཆེན་པོ་ལྷ་དྲུག་དེའི་སྐོར་ཤིན་ཏུ་རྒྱས་པ་གསུངས་པ་དང༌། སངས་རྒྱས་གླིང་པ་རབ་བྱུང་ཆས་ཅན་སྐུ་འཁྲིས་སུ་པོ་ཏི་ཁ་ཤས་བཞག་པ་ཞིག་གིས། ངེད་ཀྱི་བླ་མ་དང་སློབ་མ་གཉིས་ཀ་ཡིན་པའི་བ་ཡོ་ཆོས་བཟང་དང་ཁྱོད་གཉིས་ཀྱིས་དེ་སྔའི་བྱ་བ་རྣམས་ལེགས། ད་རུང་གཏེར་རྙིང་སྐོར་ཉི་ཤུ་རྩ་ལྔ་ཁ་ལོངས་པ་ཞིག་ཕབ་རྒྱུ་དང་འཇོག་རྒྱུ་ཐོན་ན་ཁྱེད་རང་གཉིས་ཀ་ད་རུང་ལོ་ཉི་ཤུ་རྩ་ལྔ་སྡོད། གསང་སྔགས་རྙིང་མའི་བསྟན་པ་ལ་བྱ་བ་རྒྱ་ཆེན་རེད་འགྲོ་གསུངས་པ་བྱུང་འདུག །རྟ་མགྲིན་བདེ་བཤེགས་འདུས་པ་དྲེགས་པ་ཀུན་སྒྲོལ་གྱི་ཆོས་སྐོར་རྣམས་མོན་ཡུལ་ཆུ་བཞི་འདུས་པའི་མགོ་བོ་སྤ་གྲོ་དཔྱད་དཀར་གྱི་བྲག་དམར་པོ་མེ་ལྕེ་དགུང་དུ་མཆེད་པ་འདྲ་བ་ལ་ཆོས་རྒྱལ་ཁྲི་སྲོང་གིས་སྦས་པ། ཕྱིས་མངའ་བདག་སྐུའི་ཐུགས་སྤྲུལ་དྲག་སྔགས་བཀའ་བབས་གཏེར་སྟོན་གྲུ་གུ་ཡང་དབང་ངམ་རྡོ་རྗེ་ཡང་དབང་རྩལ་གྱིས་སྤྱན་དྲངས་པ་དང༌། ངན་ལམ་རྒྱལ་བ་མཆོག་དབྱངས་ལས་བརྒྱུད་པའི་རྟ་མགྲིན་བཀའ་མའི་སྐོར་རྣམས་ཀྱང་གཏེར་སྟོན་ཉིད་ནས་གསན་པས་ཆུ་བོ་གཅིག་འདྲེས་སུ་གྱུར་པས་བྱིན་རླབས་མཐུ་སྟོབས་འགྲན་ཟླ་དང་བྲལ་བ་ཉིད་སྔར་དུས་དར་རྒྱས་ཆེན་པོ་བྱུང༌། ཕྱིས་ནས་དབང་ལུང་ལྟ་ཅི་དཔེ་རྒྱུན་ཙམ་ཡང་དཀོན་པ་ལ། རྗེ་ཉིད་ཀྱི་ཕྱག་ཏུ་ཡར་མར་ཀུན་ནས་དཔེ་རྙིང་འགའ་རེ་རྩོལ་མེད་དུ་འབྱོར་པ་རྣམས་དབུ་ཞབས་བསྒྲིགས་ནས་དཔེ་གསར་བཞེངས་མཛད། ཨོ་རྒྱན་རིན་པོ་ཆེ་ལ་གསོལ་འདེབས་ནན་ཏན་དུ་མཛད་པས། རབ་ཚེས་ལྕགས་འབྲུག་ལོའི་གྲོ་བཞིན་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུའི་ཐོ་རེངས་ཁར་སྔར་གྲུ་གུ་ཡང་དབང་ཉིད་ཀྱིས་ཟབ་གཏེར་བཞེས་ཤིང་སྒྲུབ་གནས་མཛད་པའི་མུ་ནང་རྡོ་རྗེ་བྲག་དམར་རྩར་ཕེབས་པའི་སྣང་བ་ལ། སྐད་ཅིག་དེར་གྲུ་གུ་ཡང་དབང་ཉིད་སྔགས་འཆང་སྐུ་བོང་དང་གཟི་བརྗིད་ཤིན་ཏུ་ཆེ་བ། སྤྱན་མིག་ཟུར་གསུམ་སོགས་ཁྲོ་བོའི་རྣམ་པ་ཅན་ཞིག་མིག་འཕྲུལ་ལྟ་བུར་མཇལ་བ་ལ་ཕྱག་བཙལ་ཞིང་བྱིན་རླབས་ཞུས་པ་ན། ང་གཏེར་སྟོན་གྲུ་གུ་རྡོ་རྗེ་ཡང་དབང་གཏེར་ཡིན་ཅེས་དང༌། བྲག་དེ་ལ་ཕྱག་མཛུབ་བཙུགས་ཏེ་འདི་ནས་དྲག་པོ་བཙན་གྱི་སྐོར་ཞིག་སྤྱན་དྲངས་པ་ཡིན་གསུངས་ནས་ཞལ་འཛུམ་མཛད་པ་དེ་མ་ཐག་རྟ་མགྲིན་གྱི་ཆོས་སྐོར་རྣམས་གནང་བར་གསོལ་བ་བཏབ་པ་ན། སྐད་ཅིག་གིས་ཨོ་རྒྱན་སྐུ་མདོག་དམར་སྨུག་དབུ་གཙུག་རྟ་ཞལ་འཚེར་བ་ཧེ་རུ་ཀའི་ཆས་ཅན་ཞིག་ཏུ་གནས་གྱུར་ནས་སྨིན་གྲོལ་གྱི་གདམས་པ་ཆིག་རྫོགས་སུ་བསྩལ། འདི་ལ་ཆོས་ཚན་ལྔ་བཅུ་རྩ་བདུན་ཡོད་དོ་གསུངས་པས་ད་ལྟའི་དཔེ་ལ་ཉི་ཤུ་རྩ་གྲངས་ལས་མི་འདུག་པ་ཇི་ལྟར་ལགས་ཞུས་པ་ན། དུས་རིང་བས་དཔེ་ཕལ་ཆེར་ཟག་པ་དང་ལ་ལ་མཁའ་འགྲོ་མས་སྦས་པ་སྲིད་མོད། འོན་ཀྱང་ཁྱེད་རང་གིས་གསོལ་བ་ཐོབས་དང་དགོངས་པའི་གཏེར་ལས་འཆར་བར་འགྱུར་བ་ལྟར་གུང་བསྒྲིགས་ནས་ཉམས་སུ་ལོངས་དང་དེས་ཆོག་ཅེས་རྗེས་སུ་གདམས་པ་ལྟར་མེད་དུ་མི་རུང་བའི་ཆོས་ཚན་འགའ་ཞིག་ཁ་བསྐངས་པར་མཛད་ཅིང་ཐུགས་ཉམས་སུ་བཞེས་པས་བྱིན་རླབས་ཀྱི་རྟགས་མཚན་ཁྱད་པར་ཅན་བརྙེས་པར་སྣང༌། གཏེར་ཆེན་རྡོ་རྗེ་གླིང་པའི་གཏེར་ཆོས་རྣམས་ཀྱི་བཀའ་བབས་སྔ་ཕྱི་མང་དུ་བྱུང་བར་སྣང་ཡང༌། གཙོ་བོར་རབ་བྱུང་བཅོ་ལྔ་པ་ཐོག་མར་ཚེས་པའི་མེ་ཡོས་ལོར་དཔལ་སྤུངས་ཡང་ཁྲོད་དུ་ཕེབས་ནས་བཀའ་ཆོས་མང་དུ་བསྩལ་བའི་ཟླ་བ་བཅུ་གཅིག་པ་ཕྱི་མའི་ཚེས་དྲུག་གི་ཉིན་རྡོར་གླིང་རྫོགས་ཆེན་ཕ་རྒྱུད་ལྟ་བ་ཀློང་ཡངས་ཀྱི་དབང་གི་དངོས་གཞི་བསྩལ་བའི་ནུབ་མོ་མནལ་ལམ་དུ། རྗེ་ཉིད་ལྷོ་བྲག་ལ་ཡག་ཕྱོགས་སུ་ཁྱིམ་བདག་ཞིག་གི་ཆུང་མ་རྡོ་རྗེ་འཚོ་ཟེར་བ་ཞིག་ཏུ་གྱུར་ནས་འཇིག་རྟེན་པའི་ལས་ཐབས་ལ་སྤྱོད་ཀྱིན་འདུག་པའི་སྐབས་ཤིག །ཁྱིམ་བདག་དེས་བླ་མ་ཚང་ཕེབས་ཡོང་བ་རེད། གདན་གཤམ་དགོས་ཟེར་ནས་ཁང་པ་ཞིག་ཏུ་བྱི་དོར་དང་གདན་བཤམས་པ་ལ་དར་ཅིག་ནས་རྡོ་རྗེ་གླིང་པ་ཡིན་ཟེར་བའི་བླ་མ་བོང་ཐུང་སྐུ་ཤ་རྒྱས་པ། ཐོར་ཚུགས་ཆུང་ངུ་དང་དབུ་རལ་ཡོད་པ། སྟོད་འབོག་སེར་པོ་མནབས་པ་ཞིག་ཕེབས་པ་ལ་ཕྱག་དབང་དང་བསྙེན་བཀུར་སོགས་ཞུས། དེ་ནུབ་དེར་བཞུགས་པའི་མདུན་དུ་ཕྱིན་ནས་དེ་ཉིད་ཀྱིས་ལག་བཅངས་དང་འོ་བྱེད་པ་དང་འཁྱུད་པ་སོགས་རོལ་རྩེད་སྣ་ཚོགས་ཀྱིས་དུས་འདས། དེའང་ལན་རེ་རྡོར་གླིང་དང་ལན་རེ་ཇོ་ནང་རྗེ་བཙུན་ཡིན་པ་འདྲ་བ་ལ་དེ་གཉིས་དབྱེ་བ་མི་འབྱེད་པའི་ཟ་ཟི་ཞིག་གི་ངང༌། ནམ་ལངས་རྗེས་བསྙེན་བཀུར་འདྲ་ཞུས་ནས། བླ་མ་རྟ་ལ་ཆིབས། གྲྭ་པ་རྐང་ཐང་འགའ་རེ་དང་བཅས་ཕེབས་སོང༌། བཞུགས་ཁྲིའི་ཐོག་ཏུ་སྒམ་འདྲ་བ་ལྡིར་ལྡིར་དར་གྱིས་བཀབ་པ་ཞིག་འདུག་པ། བླ་མ་ཚང་སྐུ་ཆས་ལུས་འདུག་བྱས་དེ་ཁུར་ནས་རྗེས་ལ་རྒྱུག་འབོད་པ་བཅས་རྗེས་ཟིན་པ་ན་ཕྱག་ཏུ་ཕུལ་བས་འདི་ཁོང་གི་གཏེར་རྫས་སྒམ་ཡིན། དེར་ལུས་པ་རྟེན་འབྲེལ་བཟང་བས་ཁྱོད་རང་ནས་ཚགས་རྩ་བྱེད་དགོས་གསུངས། དེར་སྐྱེས་དམན་དུ་སོང་བ་དང་ཡུལ་འཕོ་དགོས་པ་འདྲ་ཞིག་ཀྱང་དྲན་ཡུལ་དུ་འདུག་པ་སོགས་ཀྱིས། ཁོ་མོས་ཚགས་རྩ་གཏན་ནས་མི་ཐུབ། ཉ་ར་བྱེད་མི་ཕོད། ཅི་དགོས་ཀྱང་མི་ཤེས་སོགས་ཞུས་པས། སྐྱོན་མེད། རེ་ཞིག་ཚགས་རྩ་གྱིས་དང་ང་རང་སླེབ་འོང་གསུངས། ཉིད་ནམ་བྱོན་དང་གར་བྱོན་མི་ཤེས། ཚགས་རྩ་མི་ཕོད་པས་བྱིན་རླབས་ཤིག་ཞུ་ཞུས་པས། སྒམ་ཁ་ཕྱེ་བའི་ནང་ནས་ཤོག་སེར་ཤོག་དྲིལ་ཆེན་པོ་བླངས་ནས། གསང་སྔགས་ལུང་གི་བཀའ་ཐོ་ཆེན་མོ་བཞུགས་སོ། །ཞེས་པའི་འཕྲོས་སུ་རྡོར་གླིང་གཏེར་ཆོས་ད་ལྟ་གྲགས་པ་མ་གྲགས་པ་མང་པོ་ཞིག་གི་དཀར་ཆགས་འདྲ་བ་ཞིག་ཚང་བར་བཀླགས་ཏེ་སྒམ་དུ་བཅུག །དེ་མགོ་ལ་བཞག་ནས་འདི་ཚགས་རྩ་གྱིས་དང་ངེད་ཀྱི་སྤྲུལ་སྐུ་ཁྱོད་རྩར་སླེབ་འོང་གསུངས། ང་ནི་ན་སོ་ཅུང་རྒན། བླ་མ་འདི་ནི་གཞོན་པས་སྤྲུལ་སྐུ་ངེད་ལ་འཁྲུངས་པ་སྲིད་དོགས་མེད་སྙམ་སྤྲུལ་སྐུ་ནམ་འབྱོན་ཞུས་པས། ད་ཕན་ལོ་ལྔ་བརྒྱ་ཙམ་ན་ཨི་མི་འབྱོན་གསུངས། སྒམ་བུ་ཁྱེར་ནས་ལོག་ཁར་བླ་མ་འདི་ཨོ་རྒྱན་དངོས་ཡིན་འདུག་པས་ཀོང་སྤྲུལ་མ་ཡུམ་དེ་སྐྱེ་བ་ཅི་རེད་དྲི་དགོས་སྙམ་ནས་དེ་དོན་ཞུས་པས། ཆུ་གནས་ཤིག་ཏུ་སྐྱེས་གསུངས། དེར་ཤིན་ཏུ་འགྱོད་པས་ངུས་ནས་ཆུ་གནས་ཅི་འདྲ་དང་ད་ཅི་དྲག་ཞུས་པས། འོན་ཀྱང་ད་ནི་དྲག་ལེ་ཡོད། མི་འཁྲུགས་པ་ཞིག་བྱས་ན་གསུང་སྐབས་ཉིད་ཀྱི་དགོངས་པ་ལའང་ཆུ་གནས་དེ། ནོར་བུའི་ཁང་པ་དང་རྒྱན་སོགས་ལ་ལོངས་སྤྱོད་པའི་ཡ་མཚན་ཅན་ཞིག་འདུག་སྙམ་བྱེད་པའི་ངང་དེ་ལས་སད་གསུངས། རྡོ་རྗེ་འཚོ་འདི་ནི་དུས་རྒྱུན་དྲན་ལམ་གསལ་ཅིང༌། བླ་མ་བཀའ་འདུས་དང་ཧཱུྃ་སྐོར་སྙིང་ཐིག་རྣམས་ཞུས་པའི་སྐབས་སུའང་རྡོར་གླིང་ཉིད་མདུན་གྱི་དྲང་ཐད་འདིར་དངོས་སུ་བཞུགས་པར་གསལ་བ་དང༌། ཆོས་ཐུན་ཚུགས་ནས་མ་རྫོགས་ཀྱི་བར་སྣང་སེམས་རོ་གཅིག་ཏུ་འདྲེས་ནས་སྐུ་ལུས་ཀྱང་ཟུར་དུ་ཡོད་མེད་མི་འབྱེད་པ་འདྲ་ཞིག་འབྱུང་འདུག་གསུངས། ལྟ་བ་ཀློང་ཡངས་དབང་ལུང་རྒྱུན་མ་ཆད་པར་བཞུགས་པ་ཙམ་ལས་གཏེར་ཆོས་གཞན་དཔེ་ཙམ་ཡང་དཀོན་པ་ལ་ཐབས་རྩོལ་དུ་མས་བླ་མ་བཀའ་འདུས། བཀའ་བརྒྱད་གསང་རྫོགས། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་དང་ངན་སོང་ཀུན་སྐྱོབ། ཧཱུྃ་སྐོར་སྙིང་ཐིག །མ་རྒྱུད་ཀློང་གསལ་འབར་མ་རྣམས་ཀྱི་དབང་ལུང་བཀའ་དྲིན་བསྩལ་གྲུབ་པ་བྱུང༌། དེ་ལས་གཞན་པའི་དཔེ་རྒྱུན་གཏན་ནས་མ་རྙེད། འདུས་པ་སྐོར་བཞི་ལས་མཁའ་འགྲོ་བཀའ་འདུས་བརྡ་ཡིག་ཕྱག་ཏུ་བབས་ཀྱང་གཏན་ལ་འབེབ་གྲུབ་པ་མ་བྱུང༌། རིན་ཆེན་གླིང་པའི་ཡེ་ཤེས་ཀྱི་སྐུས་ཁོང་ཉིད་ཀྱི་བླ་རྫོགས་ཐུགས་གསུམ་གྱི་སྙིང་པོའི་བཅུད་དྲིལ་གནང་ནས་བྱིན་གྱིས་བརླབས་པ་ལྟར། མེ་ཕག་ཟླ་བ་བཅུ་པའི་ཚེས་ཉེར་དགུ་ལ་རྫོགས་པ་ཆེན་པོ་ཆིག་ཆོད་ཀུན་གྲོལ་གྱི་དབང་ལུང་ཁྲིད་བཅས་བཀའ་དྲིན་དུ་བསྩལ་བའི་ནུབ་མོ་མནལ་ལམ་དུ། རྒྱ་གར་ཡུལ་ཡངས་པ་དེའུ་འབུར་མང་པོ་ཡོད་པ་ཞིག་ཏུ་ཕེབས། དེར་མི་ཆས་དཀར་རྟ་དཀར་ལ་ཕྲེད་བཀལ་གྱེན་འགྲེང་སོགས་ཞོན་ཚུལ་མི་འདྲ་བར་བྱས་པ་ཤིན་ཏུ་མང་པོའི་ནང་ཁྱེའུ་དར་ཐོད་ཅན་ཤིན་ཏུ་མཛེས་པ་མོ་སྐད་ཅན་ཞིག་བྱུང་ནས། སྐུ་ཞབས་ཉིད་འདིར་ཕེབས་པ་ལ་ངེད་ཀྱི་ཕ་མ་གཉིས་དགའ་ཚོར་ཆེན་པོ་བྱེད། གསོལ་ཚིགས་ཤིག་ཞུ་དགོས་ཟེར་འདུག་པས་རྟ་འདི་འཆིབ་ནས་གསོལ་ཚིགས་ལ་འབྱོན་པར་ཞུ་ཟེར། རྟ་མི་དགོས་ཁྱོད་རང་ཁྱེར་གསུངས་པས་ཁོས་ཕོ་བ་སྒ་གོང་དུ་བཀལ་ཏེ་འགྲོ་འདུག་པའི་རྗེས་ལ་ཕེབས་པས་ཕ་ཝཾ་ཞིག་གི་རྩར་སླེབས། དེར་སྒོ་ཞིག་འདུག་པ་ནས་ནང་དུ་ཕེབས་པས་འཇག་ཁྱིམ་ལྟ་བུའི་ནང་མདོ་སྦུག་གཉིས་ལྟ་བུ་ཞིག་འདུག་པའི་སྦུགས་སུ་བཞུགས། བགྲེས་པོ་བགྲེས་མོ་དར་དཀར་ཐོད་དང་གོས་ཅན་གཟི་བརྗིད་ཆེན་པོ་ཅན་གཉིས་འདུག་པས་ཡུངས་མ་བཙོས་པ་ལྟ་བུ་ཞིག་དྲངས་པ་ཤར་འདུག །མི་ཤ་ཡིན་ནམ་སྙམ་པའི་འཕྲིག་པ་སྐྱེས་པས་ཐུགས་དོགས་གནང་མི་དགོས། བཞེས་པ་ཞུ་ཟེར། ཁྱེད་གཉིས་སུ་ཡིན་གསུངས་པས་ངེད་གཉིས་དུས་རྟག་ཏུ་འདིར་སྡོད་མཁན་ཡིན། །ཕ་ཝཾ་རུས་སྦལ་ནག་པོ་ཟེར་བའང་འདི་གར་ཡོད་ཟེར། ཁྱེད་གཉིས་ལ་མིང་ཅི་ཡིན་གསུངས་པས། ངེད་གཉིས་མིང་མང་ཡང་སྐབས་རེར་ཕ་ལ་ལེགས་ལྡན་ནག་པོ་ཟེར། མ་ལ་ཨེ་ཀ་ཛཱ་ཊི་ཟེར། བུ་འདི་ལ་དཔལ་མགོན་མ་ནིང་ཟེར་བ་ཡིན། བོད་ནས་སྔར་རིན་ཆེན་གླིང་པ་འདིར་བྱུང༌། རྫོགས་ཆེན་ཆོས་གཏོད་དགོས་ཟེར། ངེད་ཀྱི་སྙིང་ནོར་ཡིན་པས་ཤིན་ཏུ་ཕངས་ཀྱང་ཁོ་ལ་ཨོ་རྒྱན་པདྨས་གནང་བ་རེད་པས་མི་གཏད་ཀ་མེད་བྱུང༌། ཆོས་དེ་སྔར་དུས་དང་པོ་བྱུང༌། དེ་རྗེས་རྒྱུན་མ་ཆད་ཙམ་ཡོད་པ་ལ་ཕྱིས་སུ་ཆད་སོང་བས་ངེད་ཚོ་མ་དགའ། ད་རེས་ཁྱེད་ནས་སྤེལ་བ་ལ་ངེད་རྣམས་ཤིན་ཏུ་དགའ་བས་ཕྲིན་ལས་སྒྲུབ་ཟེར་བ་བྱུང་གསུངས། ཡང་ཕྱག་མཇལ་མང་པོ་འོང་བའི་སྐབས་ཤིག །སྔར་གྲུབ་ཆེན་ཐང་སྟོང་རྒྱལ་པོས་མངའ་རིས་དབུས་གཙང་མདོ་ཁམས་གསུམ་དུ་སྐུའི་བཀོད་པ་གསུམ་དུ་བསྟན་པའི་ཡ་གྱལ། མངའ་རིས་སྟོད་གུ་གེ་རོང་དུ་བྱུང་བའི་གྲུབ་མཆོག་ཚུལ་ཁྲིམས་བཟང་པོ་ཞེས་དགུང་ལོ་བརྒྱ་དང་སུམ་ཅུ་བཞུགས་ཀྱང་སྐུ་ལ་བགྲེས་རྒུད་ཀྱི་སྐྱོན་མེད་ཅིང་གཞོན་ནུའི་ཚུལ་དུ་བཞུགས་ནས་མཐར་འོད་ཀྱི་ཕུང་པོར་དེངས་པ་དེ་ཉིད་བྱ་བྲལ་གྱི་ཆ་བྱད་ཅན་མངོན་སུམ་དུ་བྱོན་ནས། ཁོང་ཉིད་ལ་འཕགས་པ་ཐུགས་རྗེ་ཆེན་པོས་བསྩལ་པའི་ཡི་གེ་དྲུག་པའི་གསོལ་འདེབས་ཀྱི་སྒོམ་བཟླས་དེ་དཔེ་དང་བཅས་བསྩལ་ནས་གར་སོང་མ་བྱུང༌། སྒྲུབ་ཐབས་དེ་ཉིད་རིག་གཏད་བཅས་པས་ཀྱང་འགྲོ་བ་མང་པོ་རྗེས་སུ་འཛིན་པར་མཛད་ཅིང་སྒྲུབ་ཐབས་འདི་ནི་མཆོག་དམན་ཀུན་ལ་ཕན་ཐོགས་ཤིང་བྱིན་རླབས་ཀྱི་བབས་ཆེན་པོ་དང་ལྡན་པ་ཡིན་པས། ཡི་དྲུག་གྲངས་གསོག་མཁན་རྣམས་ཀྱིས་ཀྱང་བཟླས་པའི་གཞི་འདི་ཙམ་ཉམས་སུ་ལོན་ན་བྱས་ལ་མ་གསག་པའི་ལས་སུ་མི་འགྱུར་བར་བདེ་བ་ཅན་བྱ་བའི་མིང་སྙན་པོ་དེར་སྨོན་ལམ་བཏབ་ནའང་དོན་དང་ལྡན་པར་སྣང་ངོ༌། །པད་གླིང་གཏེར་སློབ་ཉེར་གཅིག་གི་གྲས་འགྲོ་འདུལ་ལས་འཕྲོ་གླིང་པའི་གཏེར་ཆོས་ཐུགས་ཆེན་དོན་གསལ་སྒྲོན་མེ་འདིའི་སྒོ་ནས་གཏེར་སྟོན་ཉིད་ཀྱིས་བུམ་སྒྲུབ་ལན་གྲངས་དྲུག་ཅུ་རྩ་གཉིས་མཛད། སྲས་བརྒྱུད་ལྔའི་བར་དུ་འགྲོ་དོན་ཤིན་ཏུ་རྒྱས་ཀྱང་དེང་སང་དབང་ལུང་གི་རྒྱུན་མི་བཞུགས་པ་ལ། གཏེར་སྟོན་ཉིད་ཀྱིས་ཉེ་བརྒྱུད་བྱིན་རླབས་རྗེས་གནང་བསྩལ་པ་ལྟར། ཆུ་ལུག་ཟླ་བ་དང་པོའི་ཚེས་ནང་འདིའི་དབང་བསྐུར་རྣམས་གནང་བའི་ནུབ་མོར། བུད་མེད་ནང་གོས་སྟེང་སྟོད་གཡོགས་དམར་པོ་ལྷུབ་གྱོན། སྐྲ་རྒྱབ་ཏུ་བསྡམས་པ་ཞིག་གིས་ཤེལ་དམར་ལྟ་བུའི་གྭའུ་ཞིག་ཁྱེར་ནས། འདི་ནང་བྲམ་ཟེ་སྐྱེ་བདུན་ཤ་རིལ་སྟོང་ཕྲག་གསུམ་ཡོད་པ་སྔར་ལས་འཕྲོ་གླིང་པ་ལ་ཕུལ་བ་ཁོང་འགྲོ་དོན་ཆེ་བས་ད་གཅིག་ལས་ལྷག་མི་འདུག །འདི་ད་རེས་ལས་འཕྲོ་གླིང་པས་ཁྱེད་ལ་ཕུལ་ཤོག་གསུངས་པ་ཡིན་ཟེར་གྭའུ་དབུ་ཐོག་ཏུ་བཞག་ནས་པར་པིར་མང་པོ་བརྗོད་ནས་བྱིན་རླབས་འདྲ་བ་ཞིག་བྱས། དེ་ནས་བྲམ་ཟེ་སུ་རེད་དྲིས་པས་ཟླ་བ་བཟང་པོ་རེད་ཟེར། འོ་ན་ཟླ་བཟང་སྤྲུལ་སྐུ་ཟེར་བ་དེའི་སྐྱེ་བ་ཡིན་ནམ་དྲིས་པས་དེའི་འོད་ཟེར་ཕོག་པ་ཙམ་བྱས་ན་ཆོག་རྒྱུ་རེད། རིལ་བུ་འདི་ཤིན་ཏུ་རྩ་བ་ཆེ་བས་བཅའ་ག་ཡག་པོ་དགོས་ཟེར་བཞུགས་སའི་ཉེ་ལོགས་ཀྱི་རྟེན་སྒམ་ཞིག་ཏུ་བཅུག་སོང་བ། ཕྱིས་རིལ་བུ་དངོས་སུ་ཡོད་འདུག་པ་ལ་གཏའ་སྤེལ་ཡང་མཛད། མཁའ་འགྲོ་མ་དེ་པདྨའི་དྲྭ་བ་ཅན་རེད་གསུངས། མེ་ཡོས་ཟླ་བ་བཅུ་གཅིག་པའི་ཚེས་དྲུག་ནུབ་མནལ་ལམ་དུ་རིན་པོ་ཆེ་ཉིད་ཀྱིས་རྟ་ཞིག་འཆིབ། གྲྭ་པ་རྐང་ཐང་བཞི་ཙམ་བཅས་ཟབ་བུ་ལུང་མཇལ་དུ་ཕེབས་ཀྱིན་འདུག་པ། གནས་མདར་སྔགས་པ་ཞིག་གིས་ཁྱིམ་དུ་གདན་དྲངས། དབང་དང་བྱིན་རླབས་ཞུས། བསྙེན་བཀུར་བསྟབས། དེས་མཚོན་ལམ་དུ་གར་ཕེབས་པ་ཡིན་ཞུ་མཁན་ཐམས་ཅད་ལ། ཟབ་བུ་ལུང་གཏེར་ལུང་མཇལ་དུ་འགྲོ་བ་ཡིན་ཁོ་ན་གསུངས་ཀྱིན་འདུག །ལམ་དུ་ཆར་པ་འགའ་ཞིག་བབས་པ་གྲྭ་པ་རྣམས་ནས་དེ་རིང་སྡུག་གནམ་འདིས་ག་འདྲ་བྱེད་པ་ཡིན་ན་ཟེར་བ་ལ། དགའ་མོ་ཡོང་འགྲོ་གསུངས་ཀྱིན་ཕེབས། ཕྱི་དྲོ་ལུང་པའི་རྐེད་ཙམ་སླེབ་པ་ཆུ་ཕར་ཀ་དེར་འབྲོག་དུད་ཕྱུག་པོ་ཞིག་འདུག་པ། ཆེ་ཆུང་མེད་པ་ཐམས་ཅད་ཆུ་ཚུར་ཀར་བརྒྱུགས་ནས་བྱིན་རླབས་ཞུས། ད་ཅི་ཙམ་འགྲོ་དགོས་དྲིས་པ་ད་དུང་ལམ་ཕྱེད་ལས་མ་སླེབས་ཚུལ་བཤད། དོ་དགོང་བཞུགས་གནས་གར་འབེན་དྲིས་པར་འདི་ཡན་ཆད་ཆར་སྐྱིབས་སོགས་སྟབས་བདེ་མེད་ཚུལ་ལབ་པ་གྲྭ་པ་རྣམས་ནས། འོ་ན་དོ་དགོང་ཁྱེར་རང་ཚང་ལ་གནས་ཚང་ཨི་གཡར་བྱས་སོང་བ། ནངས་སྔ་བར་ཕེབས་རྒྱུ་ཡིན་ཚེ་གཡར་རྒྱུ་ཡོད་ཟེར། དེ་ཀ་ཡིན་ཚུལ་གྱིས་ཆུ་ཕར་ཀར་ཕྱིན་པར་དུད་ཚང་དེའི་ལྟག་སྦྲ་ཆུང་ལོགས་དང་ས་ཐམས་ཅད་སྟན་དཀར་གྱིས་གཡོགས་པ་ཞིག་ནང་བཞག །གསོལ་ཐུག་སོགས་བསྐྱལ། སང་ཉི་ཤར་ལ་བླ་མ་མངའ་བདག་པ་ཕེབས་རྒྱུ་ཡིན། དེ་པ་གཙང་སྦྲ་ཤིན་ཏུ་ཆེ་བ་ཡིན་པས། ཉིད་དཔོན་སློབ་ནས་ཕོ་གཏོར་སོགས་འབག་འབོག་མི་མཛད་པར་ཞུ་འདུག །དེ་ནུབ་ཐུགས་དམ་འདྲ་མཛད་ཀྱིན་བཞུགས། ནངས་ནམ་ལངས་པ་དང་ཚ་བ་བཞེས་ནས་ཆིབས་བཏེགས་ཏེ་ལུང་པའི་ཕུ་ལ་ཕེབས་ཏེ་འགྲུལ་བ་འདྲས་ལམ་ངོ་སྤྲད་ཅིང༌། ཟབ་ལུང་བདེ་གཤེགས་འདུས་པའི་ཕོ་བྲང་དུ་ཕེབ་པ་དང༌། ཕ་ཝང་ཞིག་གི་སྐྱིབས་སུ་རྣལ་འབྱོར་པ་ཐོར་ཚུགས་ཆུང་ངུ་ཡོད་པ། རབ་བྱུང་ཆས། སྐུ་བོང་མི་ཆེ་མི་ཆུང༌། སྐུ་ཤ་རན་པ། ཞལ་རྒྱན་ཅུང་ཟད་ཡོད་པ་ཞིག་ཆར་ཡིབས་ལྟ་བུས་བཞུགས་འདུག་པ་བཞེངས་ནས། ཁོང་ཕྲེང་མགོ་གཏེར་སྟོན་ཤེས་རབ་འོད་ཟེར་ཡིན། ཁྱེད་ཕེབས་པ་རྟེན་འབྲེལ་ཤིན་ཏུ་བཟང་བས་ད་ལྟ་གཏེར་འདོན་པར་འགྲོ་གསུངས། དགྱེས་བཞིན་ཕེབས་པས་ཕ་ཝང་ཞིག་ནས་ཤོག་དྲིལ་ཞིག་ཕྱུང༌། དེ་མ་ཐག་བདག་གུ་ཎ་ས་མུ་དྲ་ད་ལྟའི་བྱད་དབྱིབས་ཅི་ལྟ་བར་གནས་འགྱུར་ནས། ཤོག་སེར་འདིའི་ཆོས་བདག་ཁྱེད་རང་ཡིན་པས་ད་ལྟ་རང་དུ་ལུང་བྱ་ཞེས་ཤོག་སེར་ཚར་གཅིག་དག་པར་བཀླགས་སོང་བ་གྲོལ་ཐིག་གི་ཆོས་སྡེ་ཤེས་རབ་བློ་འཕེལ་མི་བརྗེད་གཟུངས་ཐོབ་དེར་སྣང་གསུངས། རྗེ་ཉིད་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་ཡིན་པའི་ཐུགས་ཤེས་གསལ་ཡོད་འདུག །ཡང་རབ་ཡིད་མེ་འབྲུག་ཟླ་བ་གསུམ་པའི་ཚེས་ཉེར་གཅིག་ཉིན་ཕྲན་རྗེའི་སྤྱན་སྔར་ཕྱིན་པའི་སྔ་ནུབ་ཚེས་ཉི་ཤུའི་ཐོ་རངས་འོད་གསལ་དུ། བུད་མེད་གོས་སྔོན་གྱོན་པ་ཞིག་གིས་ད་འགྲོ་གསུངས་པའི་རྗེས་ལ་ཕེབ་པའི་ལམ་དུ་གྲོག་རོང་ཞིག་འདུག་པ་ལ་བུད་མེད་དེ་འཕུར་སོང་བའི་རྗེས་ལ། རྗེ་ཉིད་ཀྱང་འཕུར་ནས་ཕེབས་པས་ཆོས་དབང་དག་སྣང་སོགས་དང་ཕྱོགས་མཚུངས་ཀྱི་ལམ་ཞོར་རྒྱ་བོད་བལ་པོའི་ཡུལ་ཁམས་ར་རི་ཙམ་ཤར་བའི་མཐར་རི་བོ་སྨུག་པས་རྩེ་བཏུམས་པ་ཞིག་མཐོང་བ་ཇེ་ཉེར་སོང་བ་དང་རི་ངོས་དེ་མཆོད་རྟེན་རྣམ་པ་ཇེ་གསལ་སོང༌། ཁད་ཉེར་ཕེབས་པས་རི་སྔོན་རྒྱབ་གཉིས་སུ་ཡོད་པའི་མདུན་མ་དེ་ཕྱི་མཆོད་རྟེན་དབྱིབས་ཤིན་ཏུ་གསལ་བའི་རི་བོ། །སེང་ཁྲིའི་ཕྱོགས་བཞིར་སྒོ་འདུག་པས་ཕྱོགས་བཞི་ཀར་ཕེབས་ཀྱང་སྒོ་རྣམས་བཅད་པས་ནང་དུ་མ་བརྟོལ། རི་དེའི་རྒྱུ་མཚན་སོགས་བུད་མེད་དེ་ལ་དྲིས་པས། འདི་ཤཱནྟ་པུ་རིའི་གྲོང་ཁྱེར་ཡིན་ཟེར། དེར་ཕྲེང་མགོ་གཏེར་ཆེན་ཤེས་རབ་འོད་ཟེར་གར་བཞུགས། ཁོ་བོ་མཇལ་དུ་འགྲོ་དགོས་གསུངས་པས། འདིར་དཔའ་བོ་ཐོད་པའི་དུམ་བུ་རྩལ་ཟེར། ཁོང་དེང་སང་བོད་དུ་བཞུགས་ཡོད། འདིར་སྐུ་གདུང་ལ་མཆོད་པ་རྟག་ཏུ་འབུལ་བའི་ལྷ་དང་མཁའ་འགྲོ་སོགས་འདུས་པ་ཡིན་ཟེར། སྒོའི་བུག་སྒོ་ཞིག་ནས་གསན་པས་ཕེ་ཧྲང་གི་འཕྲུལ་འཁོར་ལྟ་བུའི་རོལ་མོའི་སྒྲ་སྙན་ལ་ཡིད་འཕྲོག་པ་བསམ་གྱིས་མི་ཁྱབ་པའི་གདངས། རྒྱུད་ཀྱི་ཚིགས་སུ་གཅད་པ་ངོ་མཚར་བ་སྒྲོག་པ་ཞིག་གསན་པ་མཆོད་འབུལ་གྱི་རོལ་མོའི་སྒྲ་ཡིན་ཟེར། བོད་དུ་ཕེབས་དུས་དཔའ་བོ་ཐོད་པའི་དུམ་བུ་དངོས་ཇི་ལྟར་འགྱུར་དྲིས་པས། ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ལྟ་བུ་གསུང་མི་སྨྲ་བ་ཞིག་ཏུ་འགྱུར། བོད་ནས་སླར་ཕེབས་པ་དང་གསུང་གིས་ཆོས་སྟོན་པ་ཞིག་ཏུ་འགྱུར་བའི་ཁྱད་པར་ཡོད་ཟེར། དེ་ནས་རྒྱབ་ངོས་རི་གཉིས་པ་དེ་སྨུག་པོ་ཞིག་ལ་དེ་ནས་ཐག་རིང་དུ་སོང་འདུག་པ་ཟངས་མདོག་དཔལ་རི་ཡིན་ཟེར་བས་དེའི་རྩེ་མོར་འཕུར་ནས་ཕེབས་པས། པདྨ་འོད་ཀྱི་གཞལ་ཡས་ཡིན་ནམ་སྙམ་པ་ཧ་ཅང་བཀོད་པའི་ཁྱད་པར་མཚར་དུ་མེད་པའི་ཕོ་བྲང་སུམ་ཐོག་ཞིག་གི་འོག་ཁང་དུ་ཕྱིན་པས་གུ་རུ་ཟ་ཧོར་མ་ལ་མཚན་བརྒྱད་ཀྱིས་བསྐོར་བ། དེའི་བར་ཁང་དུ་ཕེབས་པས་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་ལ་ཉེ་སྲས་བརྒྱད་ཀྱིས་བསྐོར་བ། དེ་གཉིས་ཀ་སྐུ་བརྙན་གྱི་རྣམ་པར་མཇལ། སྟེང་ཁང་དུ་ཕེབས་པས་འོད་སྔོན་པོའི་རང་བཞིན་དུ་གཟིགས་ནས་དག་སྣང་ལས་སད་གསུངས། འདི་དག་གི་རྒྱུ་མཚན་ལ་སོགས་པ་ལས་ཕྲེང་མགོ་གཏེར་སྟོན་ཤེས་རབ་འོད་ཟེར་གྱི་གཏེར་ཆོས་ཀྱང་ཉེ་བརྒྱུད་བྱེད་ཆོག་པ་ཡིན་གསུངས། དེ་ལས་གཞན་པ་ཕྱིས་ཀྱི་གཏེར་སྟོན་འཇའ་ཚོན་སྙིང་པོའི་ཡེ་ཤེས་ཀྱི་སྐུ་དངོས་དང་སྔ་རྗེས་མཇལ་ནས་གཏེར་ཆོས་ཉེ་བརྒྱུད་ཀྱི་བྱིན་རླབས་གསན་པ་དང༌། སྟག་ཤམ་བསམ་གཏན་གླིང་པ། ཀློང་གསལ་སྙིང་པོ་སོགས་ཀྱི་ཡང་གཏེར་དང་ཉེ་བརྒྱུད་བཞུགས་ཚུལ་ཡང་སོ་སོའི་བརྒྱུད་འཛིན་རྣམས་ལ་བཀའ་བསྩལ་གནང་བ་ཐོས་སོ།། །།བཞི་པ་ཟབ་མོ་དགོངས་པའི་གཏེར་ནི། སྐུ་ཆུང་ངུའི་དུས་ནས་སྔོན་གནས་རྗེས་སུ་དྲན་པ་དང་ཚིགས་བཅད་སྒྲུབ་ཐབས་མང་པོ་ཐོལ་བྱུང་ཐོགས་མེད་དུ་འབྱུང་བ་ཞིག་བཞུགས་ཡོད་འདུག་ཀྱང་དེ་འདྲའི་རིགས་གལ་ཆུང་བཏང་སྙོམས་ཁོ་ནས་དམིགས་མེད་དུ་རྒྱས་བཏབ། དགུང་ལོ་ཉེར་དགུར་སོན་པའི་ས་སྤྲེལ་ལོར་བོད་ཡུལ་དབུས་སུ་ཕེབས་པའི་བྱང་ལམ་དགེ་རྒྱལ་ཕྱོགས་སུ་ཁྲུམས་ཟླའི་ཚེས་བཅུར་ཁེལ་བས་བླ་མ་གསང་འདུས་ཚོགས་མཆོད་མཛད་པས་ཐུགས་ཉམས་འབར། ཕྱི་རོལ་ཏུ་ཕེབས་སྐབས་བྲག་ཕུག་ཁ་ལྷོ་ནུབ་ཏུ་བལྟ་བ་ཡིད་དུ་འོང་བ་ཞིག་འདུག་པའི་ནང་དུ་ཕེབས་པས་ཐུགས་སྤྲོ་བར་བྱུང་ནས་བླ་མའི་རྣལ་འབྱོར་ཞིག་མཛད་པའི་མཐར་ཅུང་ཟད་མནལ་དུ་སོང་བ་ལ་སྒྲ་ཆེན་པོ་ཞིག་གྲགས་པས་སད་པ་ན། མདུན་གྱི་ནམ་མཁར་གུ་རུ་ཟ་ཧོར་མའི་ཆས་ཅན་གཙོ་འཁོར་གསུམ་མངོན་སུམ་བྱོན་ནས། བརྡའི་བྱིན་རླབས་བསྩལ་ཏེ་ཉིད་ལ་ཐིམ་པའི་རྗེས་ཐོག་ཏུ་མཚོ་སྐྱེས་སྙིང་ཐིག་གི་རྩ་བའི་ཆོས་སྐོར་ཐུགས་ལ་ལམ་མེར་གསལ་བས་དེ་ཉིད་དུ་ལས་བྱང་རྫོགས་པར་གཏན་ལ་ཕབ། དེ་ནས་ཐ་སྐར་ཟླ་བའི་ཚེས་བཅོ་ལྔར་བསམ་ཡས་སུ་ཕེབས་ཏེ་རྫོང་དུ་བཞུགས་པའི་ཉང་གཏེར་གུ་རུ་མཚོ་སྐྱེས་རྡོ་རྗེའི་མདུན་མཆོད་པ་རྒྱས་པར་ཕུལ་ཏེ་སྔ་མའི་ལས་བྱང་གཏང་བའི་ཚེ། སྐུ་བརྙན་དེ་མཚོ་སྐྱེས་རྡོ་རྗེ་དངོས་སུ་གྱུར་ནས་དབང་དང་གདམས་པ་བསྩལ་ཏེ་ཉིད་ལ་ཐིམ་པའི་གཟིགས་སྣང་ཤར། ཡན་ལག་ཆོས་སྐོར་རྣམས་ཀྱང་དགོངས་པའི་ཀློང་དུ་གསལ་ཡང་རིང་ཞིག་གསང་རྒྱས་བཏབ། དགུང་གྲངས་སོ་བདུན་མེ་འབྲུག་རྒྱལ་ཟླའི་ཡར་ཚེས་ལ་གཏེར་ཆེན་མཆོག་གྱུར་གླིང་པས་རྗེ་ཉིད་ལ་བཞུགས་པའི་ཟབ་ཆོས་ཤིག་གི་སྨིན་གྲོལ་སྩོལ་བའི་གསོལ་བ་ནན་དུ་བཏབ་པའི་ངོར་རྩ་དབང་དང་། ལས་བྱང་གི་བཤད་པ་བཅས་གནང་བའི་ནུབ་མོ་གཏེར་ཆེན་མནལ་ལམ་དུ། གུ་རུ་རིན་པོ་ཆེས་རྒྱལ་ཚབ་ཏུ་མངའ་གསོལ་བའི་ལྟས་ཁྱད་པར་ཅན་གཟིགས། དེའི་བྱིན་རླབས་ཀྱིས་སྣ་དྲངས་ཏེ་སེང་ཆེན་གནམ་བྲག་གི་གཏེར་ཁ་རྣམས་ཀྱང་ཕྱག་ཏུ་སོན། ཕྱིས་སུ་བསྙེན་སྒྲུབ་མཛད་པའི་མཐར་ཚེས་བཅུའི་ཚོགས་འཁོར་སྐབས་ཐུགས་ཉམས་འུར་ཏེ་ཌཱ་དྲིལ་བར་སྣང་ལ་བཞག་པ་ཉེ་གནས་པས་ཀྱང་མཇལ་བའི་མངོན་རྟགས་བྱུང༌། འདི་ལའང་བླ་མ་མཚོ་སྐྱེས་རྡོ་རྗེ། ཡི་དམ་ཡང་དག་དམར་པོ། མཁའ་འགྲོ་མནྡཱ་རཿབ། བཀའ་སྲུང་དཔལ་མགོན་མ་ནིང་གཙོ་འཁོར་རྣམས་ཀྱི་སྒྲུབ་ཐབས་རྫོགས་རིམ་ལས་ཚོགས་དང་བཅས་པ་བཞུགས་ཡོད་པར་སྣང་རུང༌། གཏན་ལ་ཕབ་པ་ནི་བླ་མ་དང་མཁའ་འགྲོའི་ལས་བྱང་དབང་ཆོག་དང་བཅས་པ་ཙམ་མོ། །དགུང་གྲངས་སོ་ལྔ་བཞེས་པ་ཤིང་སྟག་རྒྱལ་ཟླ་བར་འཕགས་མ་ཡིད་བཞིན་འཁོར་ལོ་ལུགས་འགའ་ཞིག་གི་རྣལ་འབྱོར་ལ་རྩེ་གཅིག་ཏུ་བཞུགས་པའི་སྐབས་ཀྱི་ཐོ་རངས་འོད་གསལ་དག་པའི་སྣང་ཆར། བཅོམ་ལྡན་འདས་མ་ཡིད་བཞིན་འཁོར་ལོ་ཡི་གེ་བཅུ་པའི་སྒྲ་གདངས་ཅན་དངོས་སུ་མཇལ། མཐར་རང་ཉིད་ལ་ཐིམ་པའི་མོད་ལ་རྟོག་མེད་འོད་གསལ་ཆེན་པོར་འབྱམས་ཀླས་ཤིང་རྡོ་རྗེ་གསུམ་དང་དབྱེར་མི་ཕྱེད་པའི་ངེས་ཤེས་འཁྲུངས། དེ་ལས་སད་པ་ན་མདུན་གྱི་ནམ་མཁའ་རིག་འཛིན་ཤྲཱི་སིཾ་ཧ། བི་མ་ལ་མི་ཏྲ། མཚོ་སྐྱེས་རྡོ་རྗེ་གསུམ་གཙོ་འཁོར་དགྱེས་བཞིན་དུ་བཞུགས་ཏེ་བརྡ་དོན་ངོ་སྤྲོད་ཀྱི་དབང་སྐུར་བསྩལ་པའི་མཐར་འོད་དུ་ཞུ་ནས་རྗེ་ཉིད་ལ་ཐིམ་པས་ཐ་མལ་གྱི་རྟོག་པ་མཐའ་དག་དབྱིངས་སུ་ཐིམ། རིག་རྩལ་མ་འགགས་པའི་འཆར་སྒོར་འཕགས་མའི་སྙིང་ཐིག་གི་གདམས་སྐོར་ཡོངས་སུ་རྫོགས་པ་མེ་ལོང་ནང་དུ་གཟུགས་བརྙན་འཆར་བ་བཞིན་མ་འདྲེས་ཅིག་ཅར་དུ་གསལ་བའི་ཕྱིར་ཉིན་ནས་ལས་བྱང་ཙམ་གཏན་ལ་ཕབ་ཅིང་ཐུགས་ཉམས་སུ་བཞེས་པས་བར་ཆད་ཀྱི་གཡུལ་ལས་རྒྱལ། ཁྱད་པར་བི་མ་ལས་ཡང་ནས་ཡང་དུ་བྱིན་རླབས་བསྩལ་ཞིང་བྲིས་ཟིན་ལ་ཞུ་དག་གི་ཚུལ་ཡང་མཛད། དེ་ནས་ལོ་ལྔར་གསང་རྒྱས་བཏབ་སྟེ་ས་རྟ་ལོར་ཐོག་མར་གཏེར་ཆེན་མཆོག་གྱུར་གླིང་པ་ལ་སྨིན་བྱེད་བསྩལ་ཅིང་ཆོས་སྒོ་ཕྱེས། རིམ་པར་རྒྱལ་དབང་ཀརྨ་པ་བཅུ་བཞི་པ་སོགས་ལུང་ཟིན་རྣམས་ལ་གནང་སྟེ་ཐམས་ཅད་ཀྱི་སྐུ་ཚེའི་འཕྲང་བསལ་ཅིང་དགེ་ལེགས་ཀྱི་རྟེན་འབྱུང་ཡར་ཟླ་ལྟར་འཕེལ་བར་གྱུར། འདི་ལ་རྫོགས་རིམ་ལས་ཚོགས་སོགས་ཟབ་རྒྱས་བཞུགས་ཡོད་འདུག་ཀྱང་རྩ་བའི་ཕྲིན་ལས། དབང་བྱིན་རླབས་རྗེས་གནང༌། ཡན་ལག་གི་སྐོར་ལས་རིག་འཛིན་རྣམ་གསུམ་གྱི་སྒྲུབ་སྐོར་ཁྱད་པར་ཅན། ཚེ་དཔག་མེད་དཀར་པོ་དང༌། རྣམ་རྒྱལ་མའི་སྒྲུབ་ཐབས་ཙམ་འབེབ་པར་མཛད་འདུག་གོ །དགུང་ལོ་བཅོ་ལྔ་པ་རབ་ཡིད་ཤིང་ཕོ་རྟ་ལོ་སྟོན་ཟླ་འབྲིང་པོའི་ཚེས་བཅུ་བཞིའི་ཐོ་རངས་ཁར་མནལ་ལམ་དུ་ས་ཆ་འདི་ཡིན་ངོ་མ་འཚལ་བའི་ཁང་བཟང་བཀོད་ལེགས་པའི་ནང་དུ། མཎྜལ་དམར་ཟླུམ་ཆེན་པོ་ཞིག་གི་སྟེང་དུ་སྤྲིན་དཀར་ཤིན་ཏུ་མཛེས་པའི་དབུས་གྲུབ་ཆེན་ཐང་སྟོང་རྒྱལ་པོ་མཁའ་འགྲོ་སྡེ་ལྔ་དང་བཅས་པའི་མདུན་དུ་དབང་རྫས་རྣམས་བཀོད་པས་དབང་བསྐུར་ཅིང་གདམས་པ་བསྩལ། མནལ་ལས་སད་པ་ན་གྲུབ་ཆེན་ཉིད་མངོན་སུམ་དུ་མཇལ་བའི་ཞལ་ནས། གཟུང་བའི་ཡུལ་ལ་མི་རྟོག་ཅིང༌། །འཛིན་བྲལ་རིག་པ་རྗེན་པའི་ངང༌། །སྤང་བླང་བསལ་བཞག་བྲལ་བ་ནི། །སངས་རྒྱས་ཀུན་གྱི་གསང་བ་འོ། །ཞེས་གདམས་པ་ངོ་སྤྲོད་ཤློཀ་གཅིག་བསྩལ་ནས་ཉིད་ལ་ཐིམ་པས་སྨིན་གྲོལ་གདམས་པའི་སྐོར་ཐུགས་ལ་བཀྲ་གསལ་གྱིས་འཆར་པས་བཅོ་ལྔའི་ཉིན་གྲུབ་ཐོབ་ཐུགས་ཐིག་གི་ལས་བྱང་སོགས་གཏན་ལ་ཕབ་པར་མཛད། སླད་ནས་ཀྱང་བྱིན་རླབས་ཀྱི་ལྟས་ཡང་དང་ཡང་དུ་བྱུང་བ་དང༌། ལྟ་སྒོམ་སྤྱོད་པ་བོགས་འདོན་འབྲས་བུ་སྟེ་བཀའ་བབས་ལྔའི་གདམས་ངག་རིང་བརྒྱུད་བར་མ་ཆད་པ་གསན་ཅིང་ཉེ་བརྒྱུད་ཆུ་བོ་གཅིག་འདྲེས་སུ་གྱུར་པ་ཉིད། དགུང་གྲངས་ཞེ་བདུན་བཞེས་པའི་ཚེ་གནས་དུས་ཀྱི་རྟེན་འབྲེལ་ཕུན་སུམ་ཚོགས་པ་ལ་བརྟེན་ནས། འཆི་མེད་གྲུབ་པའི་གནས་མཆོག་བཀྲ་ཤིས་ཟླ་གམ་དབང་གི་ཕུག་པར་བདག་ཅག་སྐལ་ལྡན་མཆོག་གི་འདུས་པ་གསུམ་ལ་སྨིན་གྲོལ་བདུད་རྩི་ཐོག་མར་བསྩལ། དེ་ནས་རིམ་པར་སྙན་བརྒྱུད་རྡོ་རྗེའི་ཚིག་རྐང༌། སྒྲུབ་ཐབས་སྙིང་པོ་སྐོར་ལྔ། ཁྲག་འཐུང་བདེ་གཤེགས་འདུས་པའི་སྒྲུབ་སྐོར་རྣམས་ཀྱང་གཏན་ལ་ཕབ་པར་མཛད། འདི་དག་ནི་སྒྲུབ་ཐབས་ལས་ཚོགས་ཕྲན་ཚེགས་ཙམ་ལ་དགོངས་གཏེར་གྱི་མིང་དུ་བཏགས་པ་དང་། མི་འདྲ་བ་རྒྱུད་ལུང་མན་ངག་གི་དོན་ཟབ་ཅིང་རྒྱ་ཆེ་ལ་ཚིག་ཉུང་ཞིང་འདྲིལ་བ་གང་ཟག་ཕལ་པའི་བློ་ཡི་སྤྱོད་ཡུལ་ལས་འདས་པ་ཀློང་ཆེན་རབ་འབྱམས་བཟང་པོའི་གསུང་དང་རྗེས་སུ་མཐུན་པར་སྣང་ངོ༌།། །།ལྔ་པ་དེ་ལས་འཕྲོས་པ་རྗེས་སུ་དྲན་པའི་གཏེར་ནི། གཙོ་བོར་ལྕེ་བཙུན་ཆེན་པོའི་སྙིང་ཐིག་སྟེ་དེའི་ལོ་རྒྱུས་ནི་གོང་དུ་སོང༌། ལང་གྲོ་དཀོན་མཆོག་འབྱུང་གནས་ཀྱིས་ལོ་ཆེན་བཻ་རོ་ཙ་ནའི་ཚེའི་སྒྲུབ་ཐབས་ཟབ་མོ་ཞུས་པའི་སྔོན་གནས་རྗེས་སུ་དྲན་ཏེ་གཏན་ལ་ཕབ་པའི་ཚེ་སྒྲུབ་བཻ་རོའི་ཐུགས་ཏིག་དང༌། ལྷོ་བྲག་མཁར་ཆུར་དགེ་སློང་ནམ་མཁའི་སྙིང་པོ་ལ་མཁའ་འགྲོ་མ་རྣམས་ཀྱིས་ཕུལ་བའི་སེང་གདོང་དཀར་མོའི་བཅུད་ལེན་རྣམས་བཞུགས་པར་སྣང་བའི་ཕྱི་མའི་རྒྱུ་མཚན་གོང་སྨྲོས་རྡོ་རྗེ་ཕྲེང་བ་གསན་སྐབས་ནུབ་དྲུག་པའི་དག་སྣང་དུ་ཤར་བ་དེ་ཉིད་དོ།། །།དྲུག་པ་དག་སྣང་གི་སྐོར་ནི། དགུང་ལོ་བཅོ་ལྔ་པ་ཤིང་ཕོ་རྟ་ལོ་རྒྱལ་ཟླ་བའི་ནང༌། ཚེ་སྒྲུབ་ཟབ་མོའི་བསྙེན་སྒྲུབ་མཛད་སྐབས་ཚེས་བཅུའི་ཐོ་རངས་སྐབས་བཟླས་ཐུན་གྱི་དུས་སུ་ནམ་མཁའ་ནས་ཌཱ་མ་རུའི་སྒྲ་དང་དྲི་བཟང་གི་ངད་པ་འཐུལ་བའི་རྐྱེན་གྱིས། སྒྲུབ་རྫས་ཀྱི་སྟེང་དུ་འོད་དམར་པོ་ཤིན་ཏུ་གསལ་བ་ཞིག་ཞུགས་སོང་བའི་ཀློང་ནས་འཆི་མེད་མནྡཱ་རཿབ་ཚེ་ཡུམ་ཙཎྜ་ལཱིའི་རྣམ་པས་ཡབ་བཀའ་ཚེ་དཔག་མེད་ཧྲཱིཿགཅིག་མའི་སྐོར་དང༌། ཚེ་ཡུམ་ཙཎྜ་ལཱིའི་གདམས་ངག་རྗེས་སུ་བསྟན་པ་དབང་བསྐུར་བཅས་བསྩལ་པའི་མཐར་ཤིས་བརྗོད་སྐབས་མེ་ཏོག་དམར་པོའི་ཆར་སིལ་མར་བསྙིལ་བའི་ཐུགས་ཉམས་བྱུང༌། ཕྱིར་ནང་སྒྲུབ་གཞིའི་སྟེང་གཡར་མོ་ཐང་ལྟ་བུའི་མེ་ཏོག་དམར་པོ་ཁ་ཤས་དངོས་སུ་སྣང༌། དེ་འཕྲལ་ལས་བྱང་རྩ་བ་ཙམ་གཏན་ལ་ཕབ་སྟེ་ཉམས་བཞེས་མཛད་ནས་གསང་རྒྱས་བཏབ། ཕྱིས་དགུང་ལོ་ང་དགུ་རབ་ཚེས་ས་སྟག་ལོའི་དབྱར་ཐོག་སྨིན་གྲོལ་གྱི་གདམས་པ་བཀའ་དྲིན་དུ་བསྩལ་བ་ཐོབ། ཀློང་ཆེན་པའི་བླ་སྒྲུབ་ཐིག་ལེའི་རྒྱ་ཅན་གྱི་དོན་གོང་དུ་སོང༌། ལྕགས་རྟ་མགོ་ཟླ་བའི་ཚེས་བཅོ་ལྔར་དག་པའི་སྣང་བར་པདྨས་ཁེབས་པའི་ཞིང་ཁམས་ཆེན་པོར་ཕེབས། དེར་གཏེར་ཆེན་མཆོག་གྱུར་གླིང་པ་ཉིད་བྱང་ཆུབ་སེམས་དཔའ་པདྨའི་མྱུ་གུ་ཞེས་པའི་སྐུར་བཞུགས་པར་སྣང་བ་ལས། དེ་ཉིད་ཀྱི་སྒྲུབ་ཐབས་དབང་བསྐུར་བར་དོ་དྲུག་ཁྲིད་བཅས་ཀྱི་གདམས་པའི་བདུད་རྩི་གསན། དེ་རྗེས་ཟླ་བ་གཅིག་ཏུ་གསང་བའི་དམ་ཚིག་གི་རྒྱས་བཏབ། རྒྱལ་ཟླ་བའི་ཚེས་བཅུར་ཚོགས་ཀྱི་མཆོད་པ་དང་། རྗེས་སུ་འབྲེལ་བར་གཏན་ལ་ཕབ་པར་མཛད་པའི་ཡི་གེ་པ་ཁོ་བོས་ཞུས་པའི་སྐབས་དེ་ཉིན་ས་གཞིའི་ཁྱོན་ལ་དྲོད་གློ་བུར་དུ་བབས་པས་འཁྱགས་པ་རྣམས་ཀྱང་ཞུ་ནས་ཆུ་བོའི་རྒྱུན་དུ་འགྱུར་བ་བྱུང་ངོ༌། །སྤྱིར་དག་སྣང་ལ་རྒྱུན་ཆད་མི་མངའ་བས་ཆོས་སྒོ་མཐའ་ཡས་པ་མངའ་བ་གཞིར་བཅས་ཀྱང་སྒྲུབ་ཐབས་སོགས་གཏན་ལ་ཕབ་པ་ནི་དེ་ཙམ་ལས་སྤྱོད་ཡུལ་དུ་མ་གྱུར་ཏོ།། །།བདུན་པ་དེ་མཐུན་སྙན་བརྒྱུད་ནི། དགུང་གྲངས་ཞེ་བརྒྱད་བཞེས་པ་མེ་ཡོས་ཟླ་བ་གསུམ་པའི་ནང་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བཞུགས་པའི་ནུབ་གཅིག་འོད་གསལ་གྱི་སྣང་ཆར་མཆོད་རྟེན་བདེ་བྱེད་བརྩེགས་པའི་དྲུང་དུ་ཕེབས། དེར་བཀའ་བབས་རིག་འཛིན་བརྒྱད་པོ་གུ་རུ་མཚན་བརྒྱད་ཀྱི་རྣམ་པ་དང༌། ཀུན་འདུས་སློབ་དཔོན་པདྨ་ཐོད་ཕྲེང་རྣམས་ཕྱོགས་མཚམས་དང་དབུས་སུ་བཞུགས་པ་ལས་རྒྱུད་སྒྱུ་འཕྲུལ་ཞི་ཁྲོ། སྒྲུབ་ཆེན་བཀའ་བརྒྱད་ཀྱི་གཞུང་གདམས་ངག་སོ་སོར་གསན། སློབ་དཔོན་ཆེན་པོས་ལུང་ཨ་ནུ་དང་རྫོགས་ཆེན་ཨ་ཏིའི་གདམས་པ་རྣམས་ཀྱང་བསྩལ་པ་ཕྱིས་བཀའ་བརྒྱད་ལས་འཇིག་རྟེན་ལས་འདས་པ་ལྔ་དང༌། མ་མོ་རྦོད་གཏོར་རྣམས་གཏན་ལ་ཕབ་པར་མཛད། དེ་ལས་གཞན་པའི་སྙན་བརྒྱུད་ཇི་ལྟར་བཞུགས་སོགས་མ་འཚལ་ཞིང་། སྙན་བརྒྱུད་ཅེས་པའི་དོན་ནི་གསུང་པ་པོས་གསལ་བར་གསུངས་པ་དེ་ཉིད་མི་བརྗེད་པའི་གཟུངས་ཀྱིས་ཐུགས་སུ་ཆུད་ནས་དབུ་ཞབས་མ་རྫོགས་ཀྱི་བར་དུ་མ་ཆད་མ་ལྷག་པར་གཏན་ལ་ཕབ་པར་སྣང་ངོ༌། ༧ །ས་གཏེར་སོགས་རེ་རེ་ལའང་ལུང་བསྟན། ཁ་བྱང་བབས་ཚུལ། སྐུལ་བྱང༌། དངོས་གཏེར་བཞེས་པའི་སྐབས་དང༌། གཏེར་སྒྲུབ་སྐབས་ཀྱི་གཟིགས་སྣང་དང་སྨིན་གྲོལ་གསན་པའི་ཚུལ། ཡུན་རིང་པོར་གསང་དམ་མཐར་ཕྱིན་པར་མཛད་ནས་དུས་ལ་བབ་ངེས་པའི་ཚེ་ལུང་དང་མཐུན་པར་སྐལ་ལྡན་རྣམས་ལ་སྤེལ་བའི་ཚུལ་རྒྱ་ཆེར་བཞུགས་པ་སྨྲོས་ཅི་འཚལ་ཡང་། རྗེ་ཉིད་གསང་བ་སྲུང་བ་ལ་ཐུགས་ཤིན་ཏུ་སྒམ་པས་སུ་ལའང་ཟུར་ཙམ་གསུང་བར་དཀའ་ཞིང་ཕྱག་ཐོ་སོགས་ཀྱང་མི་སྣང་བས། ཁོ་བོ་ལ་དགོས་པའི་དབང་གིས་སྐབས་སུ་བབས་པ་ཁ་ཤས་ཙམ་བཀའ་ཕེབས་པ་རྣམས་སྙིང་ལ་བཅངས་ནས་ཐོར་བཀོད་པ་རྣམས་སྒྲོ་སྐུར་མེད་པར་བཀོད་པ་ལགས་སོ། །གཉིས་པ་གསང་རྣམ་ཁྱད་པར་བ།་་་རྡོ་རྗེ་ཐེག་པའི་གསང་བ་མཐའ་དག་གི་སྙིང་པོ་བདེ་ཆེན་ཟབ་ལམ་གྱི་བཀའ་བབས་བྱུང་བའི་ཚུལ་ཡང༌། ས་སྟག་ཟླ་བ་བརྒྱད་པའི་ཚེས་ཉེར་བཞིའི་ནུབ་འོད་གསལ་གྱི་སྣང་ཆར། རྗེ་ཉིད་སྐུ་ཤམ་རྐྱང་པ་ཙམ་བཅས་ཕྱག་ཏུ་འཁར་བ་རྩེ་མོ་གསུམ་ལ་ཀུ་བ་སོགས་བཏགས་པ་ཞིག་བསྣམས་ནས་ས་ཁད་ཡངས་པ་ཞིག་ཏུ་ཕེབས་པ། དེར་ཤིང་ལོ་སྔོན་པོའི་སྤྱིལ་བུ་ཞིག་འདུག་པ་སྒོར་ཕེབས་པས། སྟེང་མེ་ཏོག་དམར་པོ། འོག་གཞིར་མེ་ཏོག་སྣ་ཚོགས་བཀྲམ་ཞིང་དྲི་ཞིམ་ཁོར་ཡུག་ཏུ་ཁྱབ་པའི་དབུས་སུ་གྲུབ་ཐོབ་སྐུ་བོང་མི་ཚད་ལས་ཉིས་འགྱུར་ཆེ་ཞིང་གཟི་བརྗིད་ཅན། ཨག་ཚོམ་བྲང་ལ་སླེབ་པ། དབུ་ལ་དར་ཐོད། དར་གྱི་སྟོད་གཡོགས་སྨད་གཡོགས་ཅན་ཞིག་བཞུགས་པའི་མདུན་དུ་ཕེབས་པས། ཁྱེད་ཀྱིས་ང་ངོ་ཨི་ཤེས་གསུངས། མི་ཤེས་ལགས་ཞུས་པས། ང་ནི་གནས་བརྟན་ཐམས་ཅད་ཀྱི་གཙོ་བོ། ཁྱེད་རང་ཐམས་ཅད་ཀྱི་བརྒྱུད་པ་ལ་ཡོད་ཅིང་གསོལ་བ་འདེབས་ཡུལ་ས་ར་ཧ་ཞེས་པ་དེ་ཡིན་གསུངས། སྐུ་ཆས་སོགས་ལ་བརྟགས་ན་ཨིནྡྲ་བྷཱུ་ཏི་མིན་ནམ་དགོངས་པའི་སྐབས། ཡང་གསུངས་པ། ངས་ནི་མི་དུང་ཕྱུར་ཞིག་ལ་བསྙེན་རྫོགས་བསྒྲུབས་པ་ཡིན། ཁྱེད་ནས་ད་སྔ་བསྙེན་རྫོགས་སུ་ལ་མ་བསྒྲུབ་འདུག་པས་ད་སྟེ་མི་ལྔ་བཅུ་ལ་བསྙེན་རྫོགས་བསྒྲུབ་དགོས་པས། ང་ཡིས་ཁྱེད་ལ་དངོས་སུ་བསྙེན་རྫོགས་བསྒྲུབ་གསུངས། དེར་ལས་གྲྭ་མི་སུའང་མི་འདུག་པས་ཅི་འདྲ་མཛད་རྒྱུ་ཡིན་དགོངས་པས། གྲོགས་དན་འདི་ལྟར་བྱེད་གསུངས་ནས་ལྕགས་ཀྱུའི་ཕྱག་རྒྱ་དང་ལྟ་སྟངས་མཛད་མ་ཐག་གནམ་ས་གཡོ་བ་ལྟ་བུའི་རོལ་མོའི་སྒྲ་དང་གློག་འོད་འཁྱུགས་པའི་ནང་དུ་མཁའ་འགྲོ་སྔོ་སངས་རུས་རྒྱན་ཅན་མཛེས་སྡུག་ལྟར་མི་ངོམ་པ་ཞིག་གློག་ཞོན་པ་ལྟར་བྱས་ནས་དེར་བྱུང་སྟེ་འཁོད། དེ་ནས་ལེགས་སྦྱར་ཤ་སྟག་གིས་དབང་རྒྱས་པ་ཞིག་གནང༌། རྗེས་ཟློས་རྣམས་ཀྱང་ལེགས་སྦྱར་མཛད། བུམ་དབང་སྐབས་ཕྱག་སྦྱི་བོར་བཞག །གསང་དབང་ཡབ་ཡུམ་སྙོམས་འཇུག་མཛད་པའི་བྱང་སེམས་ལྗགས་ལ་ཚེགས་མེད་སླེབས། ཤེར་དབང་མཁའ་འགྲོ་དེ་གཏད། བཞི་པ་ཚིག་གིས་ངོ་སྤྲོད་བཅས་བཞི་ཀར་ཉམས་མི་འདྲ་བ་རེ་རེ་སྐྱེས། བར་མཚམས་རེ་བཞག་མཐར། དེ་རྣམས་ཀྱིས་དགེ་བསྙེན། དགེ་ཚུལ། དགེ་སློང༌། གནས་བརྟན་རྒན་པོའི་གོ་འཕང་གྲུབ་པ་ཡིན་ནོ། །ཞེས་བོད་སྐད་གསུངས་མཐར་གཟུང་འཛིན་རྟོག་པ་ཐམས་ཅད་འགགས། སྔགས་ཀྱི་ནང༌། ཙ་ཏུརྣནྡ། ཞེས་གསལ་བར་གསན། གཞན་རྣམས་ལ་བོད་སྐད་དང་ར་འཕྲོད་པ་ཆེར་མ་བྱུང་གསུངས། ཡང་ཤིང་བྱ་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་བཞིའི་ནུབ། གྲུབ་ཆེན་ས་ར་ཧ་པ་དང་ཨིནྡྲ་བྷཱུ་ཏི་བར་པ་ལ་རྒྱལ་པོ་ཛཿཞེས་གྲགས་པ་དེ། སྔར་དུས་ཀྱི་གཟིགས་སྣང་དང་ཕྱོགས་མཚུངས་པར་མཇལ་ནས་ཁྱད་པར་འཕགས་པའི་ཐབས་ལམ་བཞི་ཚན་བཞི་བཅུ་པ་ཞིག་གསན་པར་སྣང་བ་གསར་རྙིང་གི་ཐབས་ལམ་གྱི་རིམ་པ་ཐམས་ཅད་ཕྱོགས་གཅིག་ཏུ་དྲིལ་བ་ལ། སྔར་མེད་པའི་ཟབ་གནད་མང་པོས་ཁྱད་པར་དུ་བྱས་པའི་གཞུང་ངོ་མཚར་བ་ཞིག་བཞུགས་ཡོད་པར་འདུག་ནའང་གཏན་ལ་འབེབ་པ་ནི་ལྟ་ག་ལ་ཞིག །ཟུར་ཙམ་སྨྲོས་པའང་བཀའ་རྒྱ་དམ་པོར་སྣང་མོད། དབང་རྣོན་ཆོས་སྤྱན་ལྡན་པའི་རྗེས་འཇུག་མཆིས་ན་བཀའ་བབས་ཀུན་ལས་ཀྱང་ངོ་མཚར་བའི་གནས་འདི་ལ་ཡིད་ཆེས་བསྐྱེད་པའི་སླད་དུ་བཀོད་པ་ལ་བླ་མ་དང་མཁའ་འགྲོས་བཟོད་ཅིང་ཚངས་པར་བསྩལ་དུ་གསོལ། ཤྲཱི་ཤྲཱི་ཤྲཱི་སྭསྟི་བི་ཛ་ཡནྟུ། བསམ་ཡས་བདེར་གཤེགས་སྲས་བཅས་ཡེ་ཤེས་ཡོན་ཏན་ཕྲིན་ལས་ཇི་སྙེད་ཀུན། །དུས་མཐའི་བསྟན་དང་གདུལ་བྱའི་དོན་ཕྱིར་སྙིང་སྟོབས་གོང་བུར་གཅིག་དྲིལ་ནས། །འགྲན་ཟླས་སྤངས་པའི་སྐྱེས་བུའི་ཁྱུ་མཆོག་ལྷ་མིའི་བླ་མའི་སྐུར་སྣང་བ། །མཚན་ཙམ་གྱིས་ཀྱང་ཉེས་པའི་མུན་འཇོམས་ཐར་ལམ་སྣང་མཛད་དེ་ལ་འདུད། །མཆོག་བསྟན་ནོར་འཛིན་རྩོད་པའི་རྒྱ་མཚོར་བྱིང་བར་ཕྱོགས་པའི་ཚེ། །མཁྱེན་སྟོབས་རུས་སྦལ་སྟོབས་ཀྱིས་བླ་ན་བཏེགས་པའི་ཕྲིན་ལས་ལ། །ཕྱོགས་བཅུའི་ཞིང་བཞུགས་དབང་སྟོབས་རྩལ་ལྡན་དཔའ་ཆེན་སྲས་དང་བཅས། །འཇིག་རྟེན་དབང་པོ་རྣམས་ཀྱང་བསྔགས་པའི་མེ་ཏོག་ཆར་དུ་བསྙིལ། །སྙིགས་ལྔའི་རྙོགས་པས་ཤིན་ཏུ་སྙིགས་གྱུར་དམུ་རྒོད་འགྲོར། །ཤས་ཆེར་བརྩེ་བས་བསམ་མི་ཁྱབ་པའི་ཡེ་ཤེས་ཀུན། །བཤེས་གཉེན་ཚུལ་བཟླུམས་ཐབས་མཁས་མཛད་པ་རླབས་པོ་ཆེས། །སྲིད་མཚོར་བྱིང་རྣམས་རྣམ་གྲོལ་སྐམ་སར་དབུགས་དབྱུང་མཛད། །ཇི་སྙེད་ཤེས་བྱ་རང་སྤྱིའི་མཚན་ཉིད་གཟིགས། །གནས་ལུགས་ཇི་ལྟའི་དགོངས་པ་མངོན་དུ་གྱུར། །ཆགས་དང་ཐོགས་པའི་དྲི་མའི་གཟེབ་ལས་གྲོལ། མཁྱེན་པའི་ཡེ་ཤེས་རྡོ་རྗེ་རྣོན་པོར་མཚུངས། །གསེར་ཞུན་ལྟ་བུའི་ལྷག་བསམ་གཡོ་མེད་པས། །རིས་མེད་བསྟན་དང་མཆོག་དམན་བར་མའི་འགྲོར། །ཕྱོགས་སུུ་མ་ལྷུང་ཕན་བདེའི་སྣང་བས་སྐྱོང༌། །བརྩེ་བའི་ཐུགས་རྗེ་པདྨ་དཀར་འཛིན་དངོས། །ལྷན་སྐྱེས་གྲུབ་པའི་མཐུ་སྟོབས་རྩེ་བརྒྱ་པས། །བདུད་རིགས་ཀླ་ཀློའི་དཔུང་ཚོགས་ཟིལ་གནོན་པའི། །རྡོ་རྗེའི་ལུང་གིས་རབ་བསྔགས་ལྷ་ཡི་དབང༌། །ནུས་པའི་རྩལ་འཆང་དཔལ་ལྡན་གསང་བའི་བདག །ཕྱི་རུ་བརྟན་མཁས་ཡོངས་རྫོགས་འདུལ་བ་འཛིན། །ནང་དུ་བྱང་ཆུབ་མཆོག་སྤྱོད་རྒྱལ་བའི་སྲས། །གསང་བ་དཀྱིལ་འཁོར་དབང་ཕྱུག་རྡོ་རྗེ་འཆང༌། །དོན་དམ་སྲིད་ཞི་ཀུན་ལ་ཁྱབ་པའི་བདག །སྣང་བའི་མུ་ཁྱུད་རྒྱུ་སྐར་བྱེ་བ་སྙེད། །ཀུན་གསལ་ངོགས་སུ་ཤར་ལ་ཆོས་མཚུངས་ཀྱང༌། །སྒྲོལ་བྱེད་ཕྲེང་བ་ཇི་ཙམ་ཚོགས་ན་ཡང༌། །ཉི་མའི་དཀྱིལ་འཁོར་འགྲན་ཟླས་དབེན་པ་བཞིན། །འཛིན་མའི་གཞི་ལ་དངོས་སྦས་ཚུལ་འཆང་བའི། །ཡོན་ཏན་འོད་འབར་འདྲེན་མཆོག་ཇི་སྙེད་པས། །མདོ་སྔགས་ཉི་མའི་གཉེན་གྱུར་གཉིས་པ་འདིའི། །རྣམ་ཐར་ཕྱོགས་རེའི་ཆར་ཡང་འགྲན་མི་བཟོད། །དེས་ན་སྲས་བཅས་རྒྱལ་བའི་རྡོ་རྗེའི་ལྗགས། །མགྲིན་གཅིག་བརྐྱངས་ནས་བསྔགས་ཀྱང་མི་དཔོག་པའི། །དམ་པའི་ངང་ཚུལ་ཡིད་བཞིན་ནོར་བུའི་གཏེར། །བགྲང་བའི་ངལ་བ་བྱིས་པ་བླུན་པོའི་མཚང་། །ནམ་མཁའི་མཐའ་དང་རྒྱ་མཚོའི་གཏིང་ཟབ་ལྟར། །གཞལ་བར་མི་བཟོད་ཟབ་ཅིང་རྒྱ་ཆེ་ལས། །ངོ་མཚར་རྨད་བྱུང་བླ་མའི་རྣམ་པར་ཐར། །ཤས་ཙམ་གླེང་བའང་བསོད་ནམས་སྐལ་པ་སྦོམ། །སྟོང་ཁམས་རཏྣའི་གྲམ་བུར་བརྡལ་འདྲ་བའི། །ཡོན་ཏན་མཛོད་ལས་ཤེར་བརྩོན་སོར་མོའི་རྩེས། །ཅུང་ཟད་ཐོབ་པ་དད་བློའི་གསེར་བཟང་གི །སྐུད་པར་བརྒྱུས་འདི་སྐལ་ལྡན་མགྲིན་པའི་རྒྱན། །མཚན་ཙམ་གྱིས་ཀྱང་སངས་རྒྱས་མཛད་པ་སྒྲུབ། །ཐོས་དང་དྲན་པས་རྣམ་གྲོལ་མཆོག་སྦྱིན་པ། །བདེན་གསུང་ཚད་མས་གྲུབ་ཕྱིར་ཕྱོགས་མཚོན་ཙམ། །བརྗོད་པ་འདི་ཡང་དོན་ལྡན་འབྲས་བུས་ལྕི། །དེ་ཕྱིར་ཕུལ་བྱུང་ངག་ཏུ་མ་འཁྱོག་པར། །རང་བཞིན་བརྗོད་པ་རང་འདོད་ཚིག་སྦྱོར་གྱི། །དྲི་མས་མ་རེག་ས་བོན་ཙམ་འདི་ལས། །ཚིག་སྦྱོར་དཔག་བསམ་ལྗོན་བཟང་བསྐྲུན་པར་གསོལ། །དེ་ཡིས་མོས་ལྡན་དད་པའི་མིག་བྱེ་ཞིང༌། །དེས་ཀྱང་སྐྱེ་དགུ་ངན་འགྲོའི་གཡང་ལས་སྒྲོལ། །རང་གཞན་ཐར་པའི་གྲོང་དུ་བདེར་འཇུག་པའི། །དོན་ཆེན་འགྲུབ་འདི་ཐུགས་བསྐྱེད་སྟོབས་སུ་གྲུབ། །སྤངས་རྟོགས་མཐར་ཕྱིན་རྫོགས་པའི་སངས་རྒྱས་དངོས། །མདོ་སྔགས་ཆོས་སྒོ་བསམ་ཡས་འབྱུང་བའི་གནས། །དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་ཧེ་རུ་ཀ །མཉམ་མེད་དཔལ་ལྡན་བླ་མར་སླར་ཡང་འདུད། །རྡུལ་སྙེད་ལུས་སྤྲུལ་དེ་སྙེད་བསྟོད་དབྱངས་སྒྲོག །སྐྱབས་གནས་གཅིག་ཆོག་ཉིད་དུ་ངེས་པ་ཡི། །མོས་པའི་བློ་ཡིས་ཞབས་པད་ཟེའུ་འབྲུ་ལ། །སྤྱི་བོས་གཏུགས་ཏེ་རྟག་ཏུ་ཕྱག་བགྱི་འོ། །རྒྱལ་བས་རབ་བསྔགས་བཟང་པོ་སྤྱོད་པ་ཡི། །མཆོད་སྤྲིན་བླ་བྲེ་བླ་ན་མ་མཆིས་པ། །ཆོས་དབྱིངས་རྒྱས་པར་བྲེས་ཏེ་གུལ་ཕུལ་བས། །ཟག་མེད་དགོངས་པ་མཐར་ཐུག་སྐོང་གྱུར་ཅིག །འཁྲུལ་པའི་གཡའ་དྲིས་ཆོས་ཁམས་གསེར་བཟང་ལ། །སྒྲིབ་པའི་ལྷག་མ་དང་བཅས་སྟོབས་བཞིའི་ཆུས། །ལེགས་པར་བཀྲུས་པས་བདག་གཞན་འགྲོ་ཀུན་རྒྱུད། །རྣམ་དག་ཚངས་པའི་བཞིན་རས་གསལ་བར་མཛོད། །སྲིད་རྩ་ཞི་བའི་དབྱིངས་སུ་གཅོད་པའི་འཕྲུལ། །འཇིག་རྟེན་འཇིག་རྟེན་འདས་པའི་ལེགས་སྤྱད་ཀླུང༌། །རྣམ་ཐར་རྒྱ་མཚོར་གཅིག་ཏུ་བཟླུམས་པ་ལ། །ཡི་རང་པདྨོ་འཛུམ་པས་མཛེས་པར་བགྱི། །གང་འདུལ་ཆོས་སྒྲས་མ་རིག་གཉིད་སློང་ཞིང༌། ཁྱད་པར་གསང་ཆེན་རྡོ་རྗེ་ནཱ་དའི་དབྱངས། །གདུལ་བྱའི་རྣ་བར་རྒྱུན་མི་འཆད་འབབ་པས། །རྩོལ་མེད་གདོད་མའི་གྲུབ་མཐའ་སྙེག་པར་གསོལ། །དེ་བཞིན་ཉིད་དབྱིངས་སྐྱེ་འགག་གདོད་ནས་བྲལ། །རྒྱལ་རྣམས་ཀུན་རྫོབ་བདེན་པར་རྟོན་མི་མཛད། །འགྲོ་ཁམས་འཛད་པ་མེད་ཕྱིར་གཤིས་ཀྱི་སྐུར། །རྟག་བརྟན་གཡུང་དྲུང་ཆེན་པོར་བཞུགས་གསོལ་འདེབས། །ཟག་བཅས་ཟག་མེད་ཡོངས་གྲུབ་རྣམ་དཀར་ཚོགས། །འགྲོ་ཀུན་སྲིད་མཚོར་བྱིང་ལས་མྱུར་བཏོན་ནས། །བླ་མ་སངས་རྒྱས་ཉིད་འགྲུབ་ཕྱིར་བསྔོ་བ། །རྒྱས་སྲས་དཔའ་བོ་རྣམས་ཀྱི་རྗེས་སུ་སློབ། །འདི་གཟུང་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སྐྱེ་ཀུན་རྗེ་བཙུན་བླ་མས་རྗེས་གཟུང་སྟེ། །འབྲལ་མེད་སྤྱི་བོའི་རྒྱན་དུ་བཞུགས་ནས་ཀྱང༌། །གསང་བ་གསུམ་གྱི་བྱིན་རླབས་རྒྱུད་ལ་སྩོལ། །རྟག་ཏུ་མཉེས་པའི་བྱ་བ་མཐར་ཕྱིན་སྒྲུབ། །མི་མཉེས་ལོག་ལྟ་སྐད་ཅིག་མི་འབྱུང་ཞིང༌། །གསུང་གི་མཛོད་འཛིན་ཐུགས་ཀྱི་དགོངས་བཅུད་ལོན། །རྣམ་ཐར་ཕྲིན་ལས་ཡོངས་རྫོགས་འགྲུབ་པར་ཤོག །བྱིན་རླབས་རྫོགས་ལྡན་སྤྲིན་ཆེན་འཁྲིགས་པ་ལས། །ཕན་བདེ་ནོར་བུའི་གྲུ་ཆར་རྟག་འབེབ་པས། །འདི་གཏན་འདོད་རྒུ་ཡིད་བཞིན་འཇོ་མཛད་པ། ཁྱབ་བདག་བླ་མས་ཤིས་པས་སྐྱོང་གྱུར་ཅིག །ཅེས་ཁམས་གསུམ་འགྲོ་བའི་བླ་མ་བཀའ་དྲིན་མཉམ་མེད་ཐམས་ཅད་མཁྱེན་གཟིགས་༧འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་ས་བོན་ཙམ་དུ་སྨྲོས་པ་འདི་ཉིད། རིགས་ཀྱི་དབོན་མཁྱེན་དཔྱོད་ཕུལ་བྱུང་དགེ་བློས་རྒྱུད་ཕྱུག་པ་སུ་བྷ་ག་བཛྲ་ནས་བཀྲ་ཤིས་པའི་ལྷ་རེག་སའི་སྙིང་པོ་སྲང་འཁོར་གྱི་རྟེན་བཅས་བསྐུལ་བ་དང༌། རྗེ་ཉིད་ཀྱི་ཐུགས་ཟིན་རིམ་གྲོ་བ་ལྔ་རིག་སྨྲ་བའི་དབང་ཕྱུག་འཇམ་དབྱངས་ལེགས་པའི་བློ་གྲོས་ནས་ཀྱང་གསུང་ནན་ཆེན་པོས་བསྐུལ་པ་ལྟར། རྗེ་བླ་མ་ཉིད་ཀྱི་བཀའ་དྲིན་ཆེན་པོས་ཐུན་མིན་དུ་བསྐྱངས་ཤིང་རིས་མེད་པའི་བསྟན་པ་ལ་སྙིང་ནས་གུས་པའི་ཀུ་སཱ་ལི་བློ་གྲོས་མཐའ་ཡས་པའི་སྡེས། ཕྱི་ནང་གསང་བའི་རྣམ་ཐར་གྱི་རྩ་ཚིག་དང༌། ཕྱིའི་རྣམ་ཐར་རྩ་ཐོ་རྗེ་རིན་པོ་ཆེ་ཉིད་ཀྱིས་དངོས་སུ་བསྩལ་པ་རྣམས་གཞིར་བྱས། གསན་ཡིག་དང་གཤེགས་རྗེས་དགོངས་རྫོགས་བསྒྲུབས་ཚུལ་སོགས་ཀྱི་ཡི་གེའི་རིགས་མདོར་བསྡུས། དག་སྣང་སྐོར་སོགས་ཞལ་ནས་དངོས་སུ་ཐོས་རིམ་གྱི་ཟིན་བྲིས་བཏབ་པ་རྣམས་ཕྱོགས་སུ་བསྡུས་ཏེ་བགྱིས་པ་བགྲང་བྱ་མཐོ་ཞིང་ཤེས་རིག་བརྟུལ་བས། རྗོད་བྱེད་ཀྱི་ཚིག་ཚོགས་ལ་དཔྱོད་ལྡན་དགྱེས་པའི་རྣམ་དཔྱོད་མ་མཆིས་ཀྱང༌། བརྗོད་བྱའི་དོན་ལ་སྒྲོ་སྐུར་གྱི་མཐའ་དང་བྲལ་ཞིང་ནོར་འཁྲུལ་གྱི་རྙོགས་པ་མ་མཆིས་པས། རྗེའི་བཀའ་སློབ་མཁས་གྲུབ་རྣམས་ཀྱིས་འདི་ལ་བརྟེན་ནས་ཚིགས་སྦྱོར་ཕུན་སུམ་ཚོགས་པས་གསལ་ལ་རྒྱས་པར་སྤྲོ་བ་གསོལ་བ་འདེབས་པ་ལགས། འདིའང་རང་ལོ་གྱ་གཅིག་ཏུ་སོན་པ་ཆུ་སྦྲུལ་ནག་པ་ཟླ་བར་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བཀོད་པའི་ཡི་གེའི་རིས་སུ་སྤེལ་བ་པོ་གནས་ལྔ་རིག་པའི་བློ་གྲོས་ཅན་དགེ་བའི་བཤེས་གཉེན་ཀརྨ་བཀྲ་ཤིས་ཆོས་འཕེལ་གྱིས་བགྱིས་པ་སྟེ། གསང་བ་བསྒྲགས་པ་སོགས་ནོངས་པ་གང་མཆིས་བླ་མ་མཁའ་འགྲོ་སྲུང་མ་དང་བཅས་པའི་སྤྱན་སྔར་བཤགས་ཤིང༌། དགེ་བས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་དཔལ་ལྡན་བླ་མ་ཐམས་ཅད་མཁྱེན་པའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག །སརྦ་ཐཱ་མངྒལ་ཀལྱཱཎཾབྷ་ཝནྟུ།། །། ༈ ཨོཾ་སྭསྟི། རྒྱལ་བའི་བསྟན་པ་དུས་མཐར་བསྲིང་པ་ལ། །སྨོན་ལམ་ཐུགས་དམ་དུས་ཀྱིས་སད་པ་ལས། །ཕྱོགས་དང་རིས་མེད་ཕན་བདེའི་མཆོག་སྦྱིན་པ། །རྗེ་བཙུན་བླ་མ་སྙིང་རྗེའི་གཏེར་ལ་འདུད། །གང་གི་རྣམ་ཐར་ཇི་བཞིན་འཆད་པའི་བདག །ངག་གི་དབང་ཕྱུག་ཆེན་པོ་ཉིད་འོས་ཕྱིར། །ཡོན་ཏན་རྒྱ་མཚོའི་གཏེར་ཁ་ཕྱེ་བ་ཡི། །གཏམ་གྱི་བདུད་རྩི་སྐལ་བཟང་ཡིད་ཀྱི་གསོས། །ཚུལ་འདིར་ཤེས་ནས་དད་པའི་སྐྱེ་བོ་ལ། །རྣམ་གྲོལ་སྒོ་ཆེན་དབྱེ་སླད་སྤར་གྱི་འཕྲུལ། །གཏོང་བའི་བཀྲ་ཤིས་ཚེ་རབས་ཀུན་འཕེལ་བས། །སྡེ་བཞིས་དགེ་བྱས་རྒྱལ་ཁབ་ཆེན་པོར་བསྐྲུན། །བླ་མའི་ཡོན་ཏན་སྒྲོག་པའི་བསོད་ནམས་ལ། །རླབས་ཆེན་དགེ་བ་ཅིས་ཀྱང་མི་བསྒྲུན་པའི། །དཔལ་དེས་དད་ཅན་སྦྱིན་པའི་བདག་པོ་གཙོས། །འབྲེལ་བཅས་ངེས་པར་ལེགས་པས་འཚོ་གྱུར་ཅིག །ཐུགས་རྗེའི་མཁའ་ནས་བྱིན་རླབས་ཉི་མའི་འོད། །སྐལ་ལྡན་དད་པའི་པད་རྫིང་ལ་ཞུགས་ཏེ། །ལེགས་ལམ་སྤྱོད་པས་དུས་ཀྱི་དགའ་སྟོན་དང༌། །ལྷན་ཅིག་བསྟན་འགྲོའི་ཕུན་ཚོགས་རྒྱས་གྱུར་ཅིག །ཅེས་རྗེ་བཙུན་བླ་མ་དེ་ཉིད་ལ་ཁ་ཙམ་མ་ཡིན་པའི་དད་གུས་དང་ལྡན་པ་སྡེ་དགེ་གཉེར་ཆེན་བཀྲ་ཤིས་ཚེ་འཕེལ་ནས་ཡོན་སྦྱར་ཞིང་རྗེ་ཉིད་ཀྱི་དབོན་སུ་བྷ་གའི་མཐུན་རྐྱེན་ལ་བརྟེན་ལེགས་པར་གྲུབ་པའི་ཚེ་མཆོག་ཏུ་དགའ་ཞིང་རྗེས་སུ་ཡི་རངས་པའི་བློ་གྲོས་ལས་བྱུང་བ་དགེ། །། ༈ ཐམས་ཅད་མཁྱེན་པ་རྡོ་རྗེ་གཟི་བརྗིད་རྩལ། །པདྨའི་རྒྱལ་ཚབ་འོད་གསལ་མདོ་སྔགས་གླིང་། །འཇམ་དབྱངས་མཁྱེན་བརྩེའི་དབང་པོར་གསོལ་བ་འདེབས། །བྱིན་རླབས་མཆོག་ཐུན་དངོས་གྲུབ་བསྩལ་དུ་གསོལ། ༈ །སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །དཔལ་ལྡན་བླ་མའི་དམ་ཚིག་ལ་གནས་ཤོག །དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །དཔལ་ལྡན་བླ་མའི་གོ་འཕང་མྱུར་ཐོབ་ཤོག །དགེའོ། །མངྒ་ལཾ།། །།

རིན་ཆེན་གཏེར་མཛོད་ཆེན་མོ་སྤར་དུ་ཇི་ལྟར་བསྒྲུབས་པའི་ཚུལ་དཔག་བསམ་གསར་པའི་འཁྲི་ཤིང་ (Volume 66, Text 1)

༄༅། །རིན་ཆེན་གཏེར་མཛོད་ཆེན་མོ་སྤར་དུ་ཇི་ལྟར་བསྒྲུབས་པའི་ཚུལ་དཔག་བསམ་གསར་པའི་འཁྲི་ཤིང་ཞེས་བྱ་བ་བཞུགས་སོ། ། འདི་ནི་གདན་ས་དཔལ་སྤུངས་སུ་ཤིང་པར་ཐོག་མར་བསྒྲུབས་པའི་ཚུལ་དང་། འདིའི་རྗེས་འབྲེལ་དུ་སྐབས་དེའི་པོད་རེའི་དབུའི་བཞུགས་བྱང་ལྡེབ་ཤར་རྣམས་ཆོས་ཚན་འཕྲི་བསྣན་མེད་པར་ནར་མར་བཀོད་པ་ཡོད་ཅིང་། དེ་སྐབས་དཔེ་ཚན་གང་བཞུགས་དེས་སྟོན་པའང་ཡིན་ནོ། ། ན་མོ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཡེ། རྒྱལ་ཀུན་ཐུགས་རྗེའི་མཁའ་ལ་རབ་འབར་འགྲོ་བའི་མགོན་གཅིག་ཉི་མ་ནི། །རྩ་གསུམ་དཀོན་མཆོག་རྒྱ་མཚོའི་འོད་ཟེར་དཔག་ཡས་མཁའ་དང་མཉམ་པར་འཕྲོས། །ཐུབ་བསྟན་པད་ཚལ་རྒྱས་པར་བྱེད་ལ་སྟོན་པ་མཆོག་ཉིད་འདིར་ལྷགས་བཞིན། །དཔལ་ལྡན་བླ་མའི་ཞབས་ཀྱི་རྡུལ་ཕྲན་བྱང་ཆུབ་ཐོབ་ཀྱང་སྤྱི་བོར་མཆོད། །ལེགས་བྱས་མནྡཱ་རཿབས་བསྲུབས་པ་ལས། །ཀུན་ཕན་ཆོས་མཛོད་བསིལ་ཟེར་སྟོང་ཕྲག་གིས། །འཁོར་བའི་ཚ་གདུང་གཞིལ་བའི་སྨན་གཅིག་པུ། །ས་གསུམ་སྐྱེ་རྒུའི་དཔལ་དུ་ཤར་ལ་ལྟོས། །འདིར་དུས་གསུམ་གྱི་རྒྱལ་བ་མ་ལུས་པ་གཤེགས་ཤིང་རྗེས་སུ་གཤེགས་པའི་ལམ་པོ་ཆེ། རྩ་གསུམ་རྒྱལ་བ་རྒྱ་མཚོའི་གསང་ཆེན་ངེས་དོན་མཐར་ཐུག་གི་དགོངས་པ་གཅིག་པུ་དཔའ་བོ་དང་མཁའ་འགྲོ་ཡོངས་ཀྱི་སྙིང་ཁྲག །རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་སྙིང་ནོར། ཆོས་སྲུང་དམ་ཅན་ཡོངས་ཀྱི་སྲོག་སྙིང་། སྐལ་བཟང་གི་སྐྱེས་བུ་ཚེ་ལུས་གཅིག་གིས་འཇའ་ལུས་རྡོ་རྗེའི་སྐུར་སྨིན་པར་བྱེད་པ་འོད་གསལ་རྡོ་རྗེ་ཐེག་པའི་རྩེ་མོ་གསང་སྔགས་ནང་རྒྱུད་སྡེ་གསུམ་ལ། སྔ་འགྱུར་རང་ལུགས་ཀྱི་ཆོས་སྐད་དུ་རྒྱ་ཆེ་བ་བཀའ་མ། ཟབ་མོ་གཏེར་མ། སྙིང་པོ་དག་སྣང་གི་སྐོར་དང་གསུམ་དུ་བཞུགས་པ་ལས། སྐབས་འདིར་ཕྱི་མ་གཉིས་སྤར་དུ་ཇི་ལྟར་བསྒྲུབས་པའི་ཚུལ་མདོར་བསྡུས་བརྗོད་པ་ལ་གསུམ། བཀའ་བསྡུ་བའི་ཚུལ། སྡུད་པ་པོའི་ཆེ་བ། བསྡུས་ཟིན་སྤར་དུ་བསྒྲུབས་པའི་ཚུལ་ལོ། །དང་པོ་ནི། རྗེ་བཙུན་བླ་མ་ཉིད་ཀྱིས་བརྒྱུད་ཡིག་དང་དཀར་ཆག་ལྷན་ཅིག་མཛད་པ་ལས་ཤེས་པར་བྱའོ། །གཉིས་པ་སྡུད་པ་པོའི་ཆེ་བ་ནི། ཚུལ་འདི་ནི་རྩ་གསུམ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་བའི་གནང་བ་ཐོབ་ཅིང་། ནང་གི་གོ་འཕང་མཐོན་པོ་ལ་གནས་པ། བསྐལ་པ་རྒྱ་མཚོ་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་དམ་པའི་ཆོས་མཛོད་ཆེན་པོ་བསྲུང་བའི་སྨོན་ལམ་གྱི་མཐའ་གྲུབ་པ་ཞིག་མ་གཏོགས་ཕལ་པ་རྣམས་ཀྱིས་བསམ་པར་ཡང་ནུས་དཀའ་ན་བསྡུ་བ་ལྟ་ཅི་སྨྲོས་ཏེ། ཐེག་པ་ཆེན་པོ་ཉན་རང་གི་ཡུལ་མ་ཡིན་པ་དང་། རྡོ་རྗེ་ཐེག་པ་ཉིད་རྒྱུ་མཚན་ཉིད་ཐེག་པའི་རང་ལམ་ལ་ཞུགས་པ་རྣམས་ཀྱི་ཡང་ཡུལ་མ་ཡིན་ན། ཐེག་པ་བླ་ན་མེད་པ་འདི་ལྟ་བུ་སོ་སྐྱེའི་ཡུལ་མིན་པར་ལུང་དང་རིགས་པས་གྲུབ་ཅིང་། གལ་ཏེ་འདི་ལྟ་བུ་ལ་འབད་པར་བྱའོ་བསམ་པ་ཙམ་ནུས་སུ་ཟིན་ཀྱང་། དབྱིངས་ན་གནས་པའི་དཔལ་བོ་དང་མཁའ་འགྲོ་རྣམས་ཀྱི་སྙིང་ཁྲག་གི་དྭངས་མ་ལྟ་བུ་ཡིན་པས་ཡེ་ཤེས་དང་འཇིག་རྟེན་པའི་ཆོས་སྲུང་རྒྱ་མཚོས་རྟག་ཏུ་དམ་པའི་ཆོས་མཛོད་ཆེན་པོ་འདི་བསྲུངས་པས་ལག་ཏུ་ལེན་པར་མི་ནུས་ཤིང་། བླངས་ཀྱང་བར་ཆད་དྲག་པོས་མྱུར་དུ་འཇོམས་པར་འགྱུར་ཏེ། སྔོན་གྱི་མཁས་གྲུབ་ཆོས་དང་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་མང་པོའང་གནང་བ་མ་ཐོབ་པར་རྡོ་རྗེ་ཐེག་པའི་སྔགས་རྒྱུད་དང་མན་ངག་བཀྲལ་བས་བར་ཆད་ཀྱི་དབང་དུ་སོང་བར་བཤད་ན་གཞན་ལ་ལྟ་ཅི་སྨྲོས་པའི་ཕྱིར་རོ། །དེ་ལྟ་བས་ན་སྔོན་དཔལ་ཆེན་པོ་ཧེ་རུ་ཀཿདང་། ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་སོགས་དང་རྣམ་དབྱེར་མེད་ཀྱང་ཚུར་མཐོང་ལ། ཇི་སྐད་དུ། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པ་ང་། །ཞེས་སོགས་གསུངས་པ་ལྟར་གཙོ་འཁོར་གྱི་རྣམ་པར་སྣང་བས་ཟབ་གསང་རྡོ་རྗེ་ཐེག་པའི་ཆོས་སྒོ་རྒྱ་མཚོ་དབྱེ་བ་ན་སོ་སོའི་དུས་སུ་བཀའ་གཏད་ཅིང་སྨོན་ལམ་མཛད་པ་ཉིད། སྙིགས་མ་ལས་ཀྱང་སྙིགས་མའི་དུས་ཆོས་གཞན་གྱིས་དཀྲི་བར་མི་ནུས་པའི་སྐབས་འདིར་དུས་ལས་ཡོལ་བ་མེད་པའི་ཕྲིན་ལས་ཀྱི་ཚུལ་འདི་ལྟ་བུ་སྣང་བར་མཛད་པ་པོ་ནི་༧པདྨ་འོད་གསལ་མདོ་སྔགས་གླིང་པ་དང་། ༧འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྣམ་པ་གཉིས་ཏེ། དེ་ཡང་ཚུར་མཐོང་གི་བློ་ངོ་དང་སྦྱར་ནས་བོད་གངས་ཅན་ཙམ་ན་གྲགས་ཤིང་གྲུབ་པའི་ཟབ་གཏེར་གྱི་ཆོས་སྒོ་ཇི་སྙེད་པ་དེང་སང་རྒྱུན་བཞུགས་ངེས་རྣམས་རྟག་གུས་གྱིས་ཐུགས་བརྩོན་དྲག་པོས་གསན་བསམ་གྱིས་གཏན་ལ་ཕབ། དོན་ཉམས་བཞེས་ལ་སྦྱར་ཏེ་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་ཚུལ་བསྟན། དོན་དམ་པར་རྩ་གསུམ་རབ་འབྱམས་རྒྱ་མཚོའི་སྣང་བ་དང་རྟག་ཏུ་འགྲོགས་ཤིང་བཀའ་བསྡུའི་གནང་བ་ཁྱད་པར་ཅན་བརྙེས། དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་སོགས་རྩ་གསུམ་རྒྱ་མཚོས་ཕྲིན་ལས་དུས་སུ་བབས་པར་ལུང་བསྟན་པས། རྗེ་བླ་མ་རྣམ་གཉིས་བཀའ་བགྲོས་པའི་ཚུལ་གྱིས་ཟབ་གསང་གི་ཆོས་ཚུལ་རིན་པོ་ཆེ་ཇི་སྙེད་པ་ཆོས་མཛོད་གཅིག་ཏུ་བསྡུ་བར་མཛད་པ་ཡིན་ནོ། །ཚུལ་དེས་ན་ཉན་ཐོས་ཀྱི་ཐེག་པའི་སྐབས་སུ་བཀའ་སྡུད་པ་པོ་འོད་སྲུངས་ལ་སོགས་པ་བཞིན་དུ་སྐབས་འདིའི་སྡུད་པ་པོ་ནི་རྗེ་བླ་མ་རྣམ་གཉིས་ཡིན་ལ། དེ་ལས་པདྨ་འོད་གསལ་མདོ་སྔགས་གླིང་པའམ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་རྣམ་ཐར་ཕྱོགས་ཙམ་ནི་རྗེ་བླ་མས་མཛད་པའི་གཏེར་ཆེན་བརྒྱ་རྩའི་རྣམ་ཐར་ལས་ཤེས་པར་བྱ་ཞིང་། འདིར་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པའམ་རྡོ་རྗེ་འཆང་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའི་སྐུ་ཆེ་བའི་རྣམ་ཐར་ཅུང་ཟད་བརྗོད་པ་ལ་གཉིས། ཐུན་མོང་གི་རྣམ་ཐར་ཕྱོགས་རེ་བརྗོད་པ་དང་། ཐུན་མོང་མིན་པའི་རྣམ་ཐར་གྱི་ཕྱོགས་རེ་བརྗོད་པའོ། །དང་པོ་ནི། སྐྱེས་བུ་དམ་པ་རྣམས་ཀྱི་འཇུག་ཡུལ་ནི་སྡོམ་པ་གསུམ་གྱི་ཚུལ་ཁྲིམས་ཉམས་པ་མེད་པའི་སྟེང་དུ་ཐོས་བསམ་སྒོམ་གསུམ་གྱིས་རང་སྨིན་པར་བྱས་ནས་འཆད་རྩོད་རྩོམ་གསུམ་གྱིས་གཞན་སྨིན་པར་བྱེད་པ་ཙམ་ལ་ཐམས་ཅད་འདུས་སོ། །དེས་ན་རྗེ་བླ་མ་འདི་ནི་རྟེན་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོར་བཞུགས་ཤིང་། ཁྱད་པར་དུ་རྡོ་རྗེ་ཐེག་པའི་ལམ་གྱི་མངོན་རྟོགས་ཁྱད་པར་ཅན་སྐུ་ཆུང་ངུའི་དུས་ནས་བརྙེས་ཏེ་འཕགས་ཡུལ་གྱི་ནག་པོ་སྤྱོད་པ་ལ་སོགས་པ་དང་མཉམ་པའི་གསང་བ་གྲུབ་ཅིང་། དཔལ་ཧེ་རུ་ཀའི་ཆས་ཀྱིས་སྤྱོད་པ་ལ་རྒྱུ་བའི་དུས་སུ་སོན་པ་ཙམ་དུ་ངེས་ཀྱང་། དཔལ་ལྡན་ཇོ་བོ་རྗེ་ཇི་ལྟ་བ་བཞིན་དགག་དགོས་བརྩི་བའི་སྒོ་ནས་དགག་བྱ་ཡོད་ཅིང་དགོས་པ་མེད་ན་སོ་ཐར་གྱི་ཉེས་བྱས་ཕྲ་མོ་ཙམ་ལས་ཀྱང་འདའ་བར་མི་མཛད་ལ། བཀའ་རྟགས་ཕྱག་རྒྱ་བཞིས་ཐུགས་ལེགས་པར་དུལ་བས་ཇི་ཙམ་མཐོན་པོའི་གནས་བརྙེས་ཀྱང་ང་རྒྱལ་གྱི་དྲེགས་པ་མེད་པས་ཀུན་ལ་འདུད་པར་མཛད་པ་དང་། བྱང་ཆུབ་ཀྱི་སེམས་གཉིས་འབྱོངས་པས་འགྲོ་བ་སྤྱི་དང་ཁྱད་པར་སྡུག་བསྔལ་གྱིས་ཉེན་པ་རྣམས་གཟིགས་པའམ་གསན་པ་ཙམ་གྱིས་ཞལ་མདོག་འགྱུར་བའི་ཐུགས་རྗེ་སྐྱེ་ཞིང་། དམན་པ་ཁྱི་སྤྲང་ལྟ་བུ་ལའང་གསོལ་ལྷག་ཚུན་ཆད་ཀྱི་བགོ་བཤའ་ཕྱག་ནས་གཏོང་བས་རྟག་ཏུ་ཕན་གདགས་པ་དང་། ཁྱད་པར་བློ་སྦྱོང་ཁོ་ན་ཐུགས་དམ་དུ་མཛད་པས་གནོད་ལན་དུ་ཕན་འདོགས་པ་དང་། འཁོར་གྱི་ལོག་སྒྲུབ་དང་སྐུར་འདེབས་སོགས་གནོད་པའི་ལས་ཇི་ལྟར་ཆེ་ཡང་བཟོད་པ་རི་ལྟར་མི་གཡོ་བ་ཡིན་ལ། སྣང་སྲིད་དག་པ་རབ་འབྱམས་ཀྱི་དཀྱིལ་འཁོར་ཆེན་པོར་ཤར་བས་རྡོ་རྗེ་ཐེག་པའི་དམ་ཚིག་ལས་འདའ་བའི་སྐབས་མེད་དེ། ཞལ་ནས་སྒོ་གསུམ་ཁྱེར་སོ་གསུམ་དང་མི་འབྲལ་ཙམ་བྱས་ཞེས་གསུངས་པ་ཡང་ཡང་ཐོས་པའི་ཕྱིར་རོ། །འོན་ཀྱང་ཚུར་མཐོང་གི་ངོར་ཡང་རྩ་ལྟུང་ལྟ་ཅི་སྦོམ་པོ་དང་ཉེས་བྱས་སོགས་ལས་ཀྱང་ཐུགས་རྟག་ཏུ་བསྲུངས་ཤིང་། གལ་ཏེ་ཕྲ་མོ་བྱུང་ཡང་རྡོ་རྗེ་ཐེག་པའི་འདུལ་བ་བཞིན་ཕྱིར་བཅོས་དང་བཤགས་པའི་སྒོ་ནས་སོར་ཆུད་པར་མཛད་པ་སྟེ། དོན་དུ་སྡོམ་པ་གསུམ་གྱི་གནང་བཀག་ཇི་ལྟ་བ་བཞིན་ལ་གནས་ཤིང་གཞན་ལའང་སྐུལ་མ་མཛད་པས་སུམ་ལྡན་རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་དཔེར་འོས་པ་འདི་ལྟར་ལགས་སོ། །ཐོས་པ་མཛད་པའི་སྐབས་སུ་དགེ་བའི་བཤེས་གཉེན་བརྒྱ་ཕྲག་ཕྱེད་ལྷག་པ་བསྟེན་ནས། ཐུན་མོང་རིག་ལམ་བཟོ་གསོ་སྒྲ་ཚད་ནང་རིག་པ་སྟེ་རིག་པའི་གནས་ཆེ་བ་ལྔ་དང་། སྙན་ངག་སོགས་ཆུང་བ་ལྔ་སྟེ་རིག་པའི་གནས་བཅུ་ཀ་མཐར་ཕྱིན་པ་སྦྱངས་པར་མཛད་པ་ཡིན་ལ། དེ་དག་ཀྱང་གསན་པ་ཙམ་གྱིས་ཐུགས་སུ་ཆུད་ནུས་པའི་སྐྱེས་ཐོབ་ཀྱི་ཤེས་རབ་སྐུ་ཆུང་ངུའི་དུས་ནས་སད་པ་ཡིན་ཏེ། ཀ་ཁ་སོགས་ཞིབ་པར་མ་བསླབ་པའི་སྔོན་དུ་འཇམ་དབྱངས་དཀར་པོའི་སྒྲུབ་ཐབས་རང་སྟོབས་ཀྱིས་གསུངས་པ་དང་། བོད་ཀྱི་བརྡ་སྤྲོད་པ་སུམ་རྟགས་སོགས་མ་གསན་ན་ཡང་མཁྱེན་པ་ལྟར་གྱུར་མོད་ཀྱི། ཕྱི་རབས་ཀྱི་གང་ཟག་མཁས་པར་འདོད་ནས་དཀའ་ཚེགས་དང་ཡུན་རིང་གི་སྦྱང་རྩོལ་མི་ནུས་པ་རྣམས་དྲང་བའི་ཕྱིར་བརྡ་སྤྲོད་པ་ཙནྡྲ་པ་ཡན་ལག་དང་བཅས་པ་ཁོ་ནའང་ལོ་གསུམ་ལྷག་པར་སྦྱངས་པར་མཛད། དེ་བཞིན་དུ་རིག་པའི་གནས་གཞན་ལའང་རྟག་གུས་ཀྱི་བརྩོན་པ་མཛད་པས་གངས་ཅན་ཙམ་ན་འགྲན་ཟླ་དང་བྲལ་བའི་པིཎྜི་ཏ་ཆེན་པོར་གྱུར་ཅིང་། དེར་མ་ཟད་བཟོའི་ཕྱོགས་སུ་གཏོགས་པ་རང་ལུགས་དང་གཞན་ལུགས་ཀྱི་ཆོ་གའི་དབྱངས་གདངས། གར་ཐིག །རོལ་མོ་འབུད་དཀྲོལ་ལ་སོགས་པ་དགོན་སྡེ་རྣམས་ཀྱི་བྱང་འདྲེན་སོགས་ལ་མི་ཚེ་རིལ་པོར་སྦྱངས་པ་རྣམས་ལས་ཀྱང་བརྒྱ་སྟོང་གིས་ལྷག་པ་གསན་པའམ་གཟིགས་པ་ཙམ་གྱིས་ཐུགས་སུ་ཆུད་པ་དང་། ཐ་ན་རྒྱ་བོད་ཀྱི་ཡིག་རིགས་ཕྱག་བསྟར་མཛད་པ་ཙམ་ཡང་གངས་ཅན་མཐའ་དབུས་ན་གནས་པའི་མཁས་པ་ཐམས་ཅད་ཀྱི་མིག་གི་བདུད་རྩིར་གྱུར་པ་སོགས་ནི་བརྗོད་དུ་མི་ལངས་ཏེ། མདོར་ན་རྗེ་ཐམས་ཅད་མཁྱེན་པ་འདི་ཉིད་ཀྱི་བཀའ་དྲིན་ཁོ་ན་ལས་དེང་དུས་རིག་གནས་སྨྲ་བ་ཅུང་ཟད་ཡོད་པ་འདི་བྱུང་བ་ཡིན་པར་ཤེས་པར་བྱའོ། །ནང་རིག་པ་ནི་བདེ་བར་གཤེགས་པའི་མདོ་སྔགས་ཀྱི་ཆོས་ཚུལ་དགོངས་འགྲེལ་དང་བཅས་པ་ཡིན་ལ། དེ་དག་ནི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཚར་གཉིས་དང་། རྙིང་མ་རྒྱུད་འབུམ་སོགས་བཀའི་ཕྱོགས་སུ་གཏོགས་པའི་བཀླག་ལུང་ཇི་སྙེད་ཡོད་པ་དང་། དགོངས་འགྲེལ་བསྟན་འགྱུར་རིན་པོ་ཆེའི་བཀླག་ལུང་གི་རྒྱུན་གང་བཞུགས། བོད་ཀྱི་བླ་མ་རྣམས་ཀྱི་བཀའ་འབུམ་ཕལ་མོ་ཆེ། གཞན་ཡང་སྨན་གཏོ་མདོས་ཆོག་སོགས་ཡན་ཆད་རྒྱུན་གང་བཞུགས་ཀྱི་ལུང་དང་ཕྱག་ལེན་མ་གསན་པ་མེད་པ་ལྟ་བུ་དང་། འཕགས་ཡུལ་ཤིང་རྟ་ཆེན་པོ་གཉིས་རྗེས་འབྲངས་དང་བཅས་པས་བཀྲལ་པའི་གཞུང་ལུགས་དབུ་ཕར་འདུལ་མཛོད་ཡན་ལག་དང་བཅས་པ་དང་། རྗེ་བཙུན་བྱམས་པ་མགོན་པོས་མཛད་པའི་བྱམས་ཆོས་སྡེ་ལྔ་སོགས་ཀྱི་གཞུང་བཤད། བོད་ཀྱི་བླ་མ་རྣམས་ཀྱི་བསྟན་བཅོས། བུ་དོལ་ཏཱ་ར་ནཱ་ཐ་རྗེ་ས་སྐྱ་པ་ཡབ་སྲས་རོང་ཀློང་སྨིན་གླིང་སྐུ་མཆེད་ལ་སོགས་པས་མཛད་པ་ཕལ་མོ་ཆེ་དང་། ཁྱད་པར་དུ་བཀའ་བརྒྱུད་རང་ལུགས་ཀྱི་རྗེ་རང་བྱུང་ཞབས་ཀྱིས་མཛད་པའི་བསྟན་བཅོས་ལ་སོགས་པ་རྒྱུན་གང་བཞུགས། རྡོ་རྗེ་ཐེག་པ་གསར་ཕྱོགས་སུ་བྱུང་བའི་དུས་ཀྱི་འཁོར་ལོ། བདེ་གསང་འཇིགས་གསུམ་སོགས་དང་། ཀྱེ་རྡོ་རྗེ་རྔོག་ལུགས་དང་ས་ལུགས་ཀྱི་རྒྱུད་བཤད། སྔ་འགྱུར་གྱི་སྒྱུ་འཕྲུལ་གསང་བ་སྙིང་པོ་ལ་སོགས་པའི་རྒྱུད་བཤད། དེ་དག་གི་དགོངས་འགྲེལ་བསྟན་བཅོས་རྣམས་དང་བཅས་པའི་བཤད་པ་ཡོད་དོ་ཅོག་ཐམས་ཅད་གསན་ཅིང་སྦྱང་བརྩོན་གྱི་སྒོ་ནས་ཤིན་ཏུ་མཐར་ཕྱིན་པར་མཛད་པ་དང་། བསམ་པས་དེ་དག་གི་དགོངས་པ་དཔྱིས་ཕྱིན་པར་ལོན་པས་མཁས་པ་ལས་ཀྱང་མཁས་པར་གྱུར་པ་སྟེ། དོན་དུ་བོད་ཡུལ་བཤད་རྒྱུན་འདེགས་པའི་ཀ་ཆེན་བཅུ་ཞེས་གྲགས་པ་རྗེས་འབྲངས་དང་བཅས་པའི་ལེགས་བཤད་ཀྱི་ཆུ་ཀླུང་ཐམས་ཅད་འདུས་པའི་རྒྱ་མཚོ་ཆེན་པོར་གྱུར་པ་ཡིན་ནོ། །སྒྲུབ་བརྒྱུད་ཀྱི་ཤིང་རྟ་སྔ་འགྱུར་བཀའ་མ་དང་གཏེར་མ་ཡོད་དོ་ཅོག །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་རྗེས་འབྲངས་དང་བཅས་པའི་རིང་ལུགས་བཀའ་གདམས་གཞུང་གདམས་མན་ངག་བཅས། འཇམ་མགོན་ས་སྐྱ་པ་ཆེན་པོའི་གདམས་ངག་ལམ་འབྲས་བུ་དང་བཅས་པ་ཡན་ལག་བཅས། མངའ་བདག་མར་པ་ལོ་ཙཱ་བའི་བཀའ་བརྒྱུད་ལས་རྗེ་དུས་གསུམ་མཁྱེན་པའི་བཀའ་བརྒྱུད་ལའང་ཕྱིས་སུ་ཀཾ་ཚང་ཟུར་མང་གནས་མདོ་གསུམ་དུ་གྱེས་པའི་གཞུང་གདམས་མན་ངག་བཅས་དང་། དཔལ་ལྡན་ཕག་མོ་གྲུ་པའི་བཀའ་བརྒྱུད་ཡ་བཞི་ཟུང་བརྒྱད་དུ་གྲགས་པ་དང་། གཞན་ཡང་རས་ཆུང་དང་ངན་རྫོང་བཀའ་བརྒྱུད་ལ་སོགས་པ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་འཕགས་ཡུལ་གྱི་གྲུབ་ཐོབ་ཕལ་མོ་ཆེའི་དགོངས་བཅུད་དྲིལ་བ་དཔལ་ལྡན་ཤངས་པ་བཀའ་བརྒྱུད་དེ། བཀའ་བརྒྱུད་འདི་ནི་སྔར་གྲུབ་ཐོབ་བརྒྱུད་པ་ནས་བརྒྱུད་པར་སོང་ཞིང་མིང་གི་གཡེར་བག་རང་མི་ཆེ་ཡང་དོན་གྱི་ངེས་པར་གྲུབ་མཐའ་སྙོགས་པ་ཤ་སྟག་བྱུང་ཞིང་། གྲུབ་མཐའ་ཕལ་མོ་ཆེར་ཁྱབ་ཀྱང་ཕྱིས་སུ་དོན་བརྒྱུད་དང་ཚིག་བརྒྱུད་ཀྱང་ནམ་མཁའི་པདྨ་བཞིན་དུ་གྱུར་པར་ཉེ་བ་ན། སྨིན་གྲོལ་གདམས་ངག་དང་བཅས་པ་དཀའ་ཚེགས་ཆེན་པོས་གསན་ཅིང་ལྷག་པར་ཐུགས་ཉམས་སུ་བཞེས་ནས། ཡང་ཁྲོད་བདེ་ཆེན་འོད་གསལ་གླིང་དུ་སྒྲུབ་པ་བཅུ་ཕྲག་ལྷག་པ་ཇི་སྲིད་དུ་གནས་པའི་འཚོ་ཆས་འཇོག་པ་སོགས་ཁྱུང་པོ་རྣལ་འབྱོར་དངོས་སུ་སླར་བྱོན་པ་ལྟ་བུའི་ཕྲིན་ལས་མཛད་པ་འདི་ལྟར་ན། ཚར་ཚའི་གྲུབ་ཆེན་བློ་གྲོས་ནས། འབྱོར་རྒྱས་ཞེས་པ་སློབ་གཉེར་མེད་པ་ཞིག་དབོན་སྟོན་སྐྱེར་སྒང་པའི་རྣམ་འཕྲུལ་དུ་གཟིགས་ནས་ཤངས་ལུགས་ཀྱི་དབང་ལུང་ནན་ཏན་དུ་གནང་བས། བདག་གིས་ཉམས་ལེན་ནི་བླ་མའི་གདམས་ངག་ཆུད་མ་ཟོས་པར་བྱེད། དབང་ལུང་སོགས་ཉམས་ལེན་ལ་མཁོ་བ་ཙམ་ནི་ཐུགས་ལ་བཏགས། གཞན་ཡོངས་རྫོགས་འདི་བདག་ལ་སློབ་གཉེར་མེད་པས་དབང་ལུང་གི་རྒྱུན་ནི་སྤེལ་མི་ནུས་པས་རྗེ་བླ་མ་སྐུ་བསྙེལ་བའི་རྒྱུ་ཙམ་དུ་ཟད་ཅེས་ཞུས་པ་ན། ཁྱོད་ལ་རྨོག་ལྕོགས་པའི་སྤྲུལ་པ་ཞིག་གིས་དབང་སོགས་འདི་ལྟར་འཆད་དགོས་ཞེས་སློབ་པ་འབྱུང་། དེ་ལ་བསྟན་པས་དེས་ཁྱུང་པོ་རྣལ་འབྱོར་གྱི་སྤྲུལ་པ་ཞིག་གིས་བསྟན་པ་འདིའི་མེ་རོ་སློང་བར་བྱེད་ཅེས་ལུང་བསྟན་ནོ་ཞེས་ཐོས་ཏེ། འབྱོར་རྒྱས་ཀྱི་མདུན་དུ་བླ་མ་ནོར་བུ་བྱོན་ནས་དབང་བསྐུར་གྱི་ཕྱག་ལེན་སོགས་ཡར་ཕུལ་ནས་ཞུས། དེས་རྗེ་བླ་མ་ལ་གནང་བས་དེ་ཁོ་ན་ལྟར་གྱུར་པར་བདག་གིས་སེམས་སོ། །འཕགས་ཡུལ་གྱི་གྲུབ་ཆེན་དམ་པ་སངས་རྒྱས་ཀྱི་རིང་ལུགས་དམ་ཆོས་སྡུག་བསྔལ་ཞི་བྱེད། དེ་དང་རྗེས་སུ་འབྲེལ་བའི་ཟབ་དོན་གཅོད་ཡུལ་གྱི་སྐོར། དཔལ་དུས་ཀྱི་འཁོར་ལོའི་དབང་དང་རྒྱུད་བཤད་བུ་དོལ་གཉིས་ཀའི་ལུགས། སྦྱོར་བ་ཡན་ལག་དྲུག་པ་ཡན་ལག་དང་བཅས་པ། བདེ་མཆོག་རབ་འབྱམས། གཤིན་རྗེ་རབ་འབྱམས། དཔལ་མཁའ་འགྲོ་རྒྱ་མཚོ། སྒྲོལ་མ་རྣལ་འབྱོར་མ་སོགས་ཇོ་ནང་པའི་རྒྱུད་སྡེ་རབ་འབྱམས། གྲུབ་ཆེན་ཨོ་རྒྱན་པས་ཨོ་རྒྱན་གྱི་ཡུལ་ནས་རྡོ་རྗེ་ཕག་མོ་ལས་དངོས་སུ་བླངས་པའི་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་སྟེ། དེ་ལྟར་ན་སྒྲུབ་བརྒྱུད་ཀྱི་ཤིང་རྟ་ཆེན་པོ་དེ་དག་གི་གཞུང་གདམས་ངག་དང་བཅས་པ། དབང་གྲོལ་བྱེད་དང་བཅས་པ། དཀྱིལ་ཆོག་ཕྱག་ལེན་དང་བཅས་པ། མན་ངག་ཁ་འཐོར་དང་བཅས་པ་མཐའ་དག་གསན་ནས་ཐུགས་ཉམས་སུ་བཞེས་ཤིང་གཞན་ལ་སྤེལ་བ་དང་བསྟན་བཅོས་མཛད་པ་སོགས་མཐའ་ཡས་སོ། །དེས་ན་བོད་ཡུལ་གནས་པའི་གྲུབ་མཐའ་ཕལ་མོ་ཆེ་གསན་པ་ཡིན་པས་སྔར་གྱི་བླ་མ་གསན་རྒྱ་ཤིན་ཏུ་ཆེ་བར་གྲགས་པ་རྣམས་ཀྱིས་ཀྱང་ཕྱོགས་ལ་མི་ཉེ་བས་གསན་ཡིག་རྒྱས་སྤྲོས་སུ་བྱས་ན་གླེགས་བམ་བཞི་ལྔ་ཙམ་འོངས་ངེས་སུ་སྣང་ངོ་། །དེ་ལྟར་གསན་པ་དེ་དག་ཀྱང་གསན་ཙམ་དུ་བཞག་པ་མ་ཡིན་པར་དོན་དཔྱིས་ཕྱིན་པར་མ་ངེས་ཀྱི་བར་དུ་བསམ་པས་གཏན་ལ་ཕབ་པ་ཡིན་ཏེ། རྒྱུད་དང་གཞུང་གི་སྐབས་སུ་རང་རང་གི་བསྟན་བྱའི་དོན། མན་ངག་ཉམས་ཁྲིད་ཀྱི་སྐབས་སུ་སྐབས་དེ་དག་ཏུ་བསྒོམ་པར་བྱ་བ། ཆོ་ག་ཕྱག་ལེན་གྱི་སྐབས་སུ་རྒྱུད་གཞུང་དང་མཐུན་མི་མཐུན་གྱི་གནད་དེ་དག་ངེས་པ་གཏིང་ཚུགས་མ་སྐྱེས་ཀྱི་བར་དུ་དཔེ་ཆ་གཟིགས་རྟོག་མཛད་པ་ཡིན་ཏེ། སྔར་སྐུ་གཞོན་པའི་དུས་སུ་དེ་ལྟར་མཛད་པ་སྨྲོས་ཅི་དགོས་ད་ལྟ་སྐུ་ན་ཤིན་ཏུ་སྨིན་པའི་གནས་སྐབས་སུ་ཡང་དལ་ཁོམ་ནམ་ཡོད་ལ་ཕྱག་དཔེ་གཟིགས་པ་ཕལ་ཆེར་དུ་མཐོང་བའི་ཕྱིར་རོ།། སྒོམ་པ་ཉམས་བཞེས་ནི་དོན་དམ་པར་འཕགས་ཆེན་གྱི་སར་བཞུགས་པས་ཟབ་མོའི་དོན་རྟོགས་སམ་མ་རྟོགས་ཀྱི་དཔྱད་པ་མི་འཇུག་ཀྱང་། ཚུར་མཐོང་དུ་དབང་རྣོན་ཅིག་ཅར་བའི་གང་ཟག་ཡིན་པས་སྐུ་ཆུང་ངུའི་དུས་ཟེ་ཆེན་དུ་བཞུགས་ཚེ་མགོན་བླ་བླ་མ་ཞིག་ལ་བསྟེན་ནས་གནས་ལུགས་ལྷན་ཅིག་སྐྱེས་པ་ཕྱག་རྒྱ་ཆེན་པོའི་རང་ངོ་འཕྲོད་ཀྱང་། ཕྱིས་སུ་ཁྱད་པར་བྱམས་མགོན་ཏཱའི་སི་ཏུ་པདྨ་ཉིན་བྱེད་དབང་པོ་ལ་བསྟེན་ནས་གནས་ལུགས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་པྲ་ཕབ་པའི་སྣང་བརྙན་ལྟར་མངོན་དུ་གྱུར་ཏེ་ངེས་པ་དོན་གྱི་རྩ་བའི་བླ་མར་གྱུར་པ་དང་། དེས་ཀྱང་ཟུང་འཇུག་དོན་གྱི་བརྒྱུད་པའི་བསྟན་པ་གཏད་དེ་རྒྱལ་ཚབ་ཀྱི་ས་ལ་མངོན་པར་དབང་བསྐུར། དཔལ་སྤུངས་སྒྲུབ་ཁང་ཆེན་མོར་ལོ་གསུམ་ཕྱོགས་གསུམ་གྱི་ནང་དུ་དགྱེས་རྡོར། ཕག་མོ། བདེ་མཆོག་ལ་སོགས་པ་སྒྲུབ་བརྒྱུད་ཀྱི་དཀྱིལ་འཁོར་རྣམས་ཀྱི་བསྐྱེད་རིམ་ལ་བརྟན་པ་ཐོབ་པའི་ངང་ནས་བསྙེན་པ་དང་རྫོགས་རིམ་དཔལ་ནཱ་རོ་པའི་ཆོས་དྲུག །ཁྱད་པར་དུ་རྗེ་བྲམ་ཟེ་ཆེན་པོའི་དོ་ཧ་རྣམས་ཀྱི་དགོངས་དོན་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་སེམས་གཉུག་མའི་གནས་ལུགས་ཀྱི་སྟེང་དུ་བཟོ་བཅོས་དང་བྲལ་བར་བཞག་པས་སྐད་ཅིག་གཅིག་གིས་བྱེ་བྲག་འབྱེད་པའི་ཟབ་ཆོས་འགྲན་ཟླ་དང་བྲལ་བ་རྣམས་ཀྱི་ཉམས་བཞེས་གནད་དུ་ཕྱིན་ངེས་པར་མཛད། དེ་རྗེས་སྐུ་ཆས་ཆེ་ཕྲ་གང་ཡོད་སྤོང་དག་མཛད་ནས་སྐུ་གསུང་ཐུགས་རྟེན་བཞེངས། ཡང་ཁྲོད་བདེ་ཆེན་འོད་གསལ་གླིང་དུ་ཕེབས་ཏེ་སྒྲུབ་གནས་སུ་མཛད་ནས་འཚོ་ཆས་ཐབས་མི་ཆག་ཙམ་ལ་བརྟེན་ཏེ་དགུང་གྲངས་སུམ་ཅུ་སྐོར་ནས་ལྔ་བཅུ་བརྒལ་བའི་བར་དུ་གཙོ་ཆེར་སྒྲུབ་པ་སྙིང་པོར་མཛད་དེ། དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་ཟབ་གཏེར་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་བསྙེན་སྒྲུབ་དྲོད་རྟགས་ཐོན་པར་མཛད་པའི་སྟེང་དུ། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་མན་ངག་ལས་བྱུང་བའི་དཀྱིལ་འཁོར་གྱི་ལྷ་སོ་སོའི་བསྙེན་སྒྲུབ་ལས་ཚོགས་དང་བཅས་པ་དང་། ཁྱད་པར་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ཐབས་ལམ་ནི་གུའི་ཆོས་དྲུག །གྲོལ་ལམ་ཕྱག་རྒྱ་ཆེན་པོ་སོགས་དྲོད་རྟགས་ཐོན་པར་མཛད་པ་ཡིན་ལ། སྤྱིར་སྒོམ་པ་ཉམས་ལེན་གྱི་གནད་དང་ནམ་ཡང་འབྲལ་མ་མྱོང་བ་ཡིན་པར་གྲུབ་སྟེ། གསུང་མགུར་རྣམས་ལ་བརྟགས་པས་ཤེས་ཤིང་། འཆད་པའི་སྐབས་ལ་ཏཱའི་སི་ཏུ་པདྨ་ཀུན་བཟང་ཆོས་ཀྱི་རྒྱལ་པོ་གཙོས་པའི་འདུས་པ་བཟང་ལ་མང་བར་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་བཀླག་ལུང་། དུས་གསུམ་ན་འགྲན་ཟླ་དང་བྲལ་བ་འཇམ་མགོན་བླ་མ་མཁྱེན་བརྩེའི་དབང་པོ་གཙོས་མཆོག་གི་འདུས་པ་རྣམས་ལ་གསང་སྔགས་རྙིང་མའི་རྒྱུད་འབུམ་གྱི་བཀླག་ལུང་གསུངས་པ་གཉིས་ནི་གཙོ་བོ་ཡིན་ལ། རྒྱལ་དབང་བཅོ་ལྔ་པ་ཀུན་བཟང་མཁའ་ཁྱབ་རྡོ་རྗེ་ལ་སོགས་པ་བཀའ་བརྒྱུད་ཀྱི་རྒྱལ་བ་ཡབ་སྲས་གཙོས། ཕྱོགས་མེད་རིས་མེད་ཀྱི་སྐྱེས་ཆེན་དམ་པ་རྣམས་ལ་རིན་ཆེན་གཏེར་མཛོད་ཆེན་མོའི་དབང་ལུང་ཁྲིད་དང་བཅས་པ་ལན་ལྔ། གདམས་ངག་མཛོད་ཀྱི་དབང་ལུང་ཁྲིད་བཅས་ལན་གསུམ། བཀའ་བརྒྱུད་སྔགས་མཛོད་ཆེན་པོའི་དབང་ལུང་ཁྲིད་དང་བཅས་ལན་བདུན། གཞན་ཡང་དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པ་གསར་རྙིང་གི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་དབང་ལུང་ཁྲིད་སོགས་ཐོར་བུ་གནང་བ་རྣམས་ནི་སྨྲོས་ཀྱིས་མི་ལངས་ལ། ཀུན་མཁྱེན་ཀློང་ཆེན་པའི་མཛོད་བདུན་ངལ་གསོ་སྐོར་གསུམ་དང་བཅས་པ་རྩ་འགྲེལ། ཇོ་ནང་རྗེ་བཙུན་ཆེན་པོ་ཏཱ་ར་ནཱ་ཐའི་བཀའ་འབུམ་སོགས་བླ་མ་རྣམས་ཀྱི་གསུང་རབ་བསྟན་བཅོས་ལ་དེང་སང་བཀའ་འབུམ་དུ་གྲགས་པ་དང་། མངའ་བདག་ཉང་རིན་པོ་ཆེའི་ཟབ་གཏེར་བཀའ་བརྒྱད་བདེ་གཤེགས་འདུས་པ་པོད་དགུ་གཙོས་གཏེར་སྟོན་རིམ་བྱོན་གྱི་གཏེར་གཞུང་རྒྱུན་གང་བཞུགས་རྣམས་ཕལ་ཆེར་ཚར་ཁ་ཤས་དང་ཐ་ན་ཚར་རེ་མ་གནང་བ་མེད་ཅིང་། ཟབ་མོ་ནང་དོན་ལ་སོགས་པ་གཞུང་ལུགས་ཆེན་པོ་བཤད་རྒྱུན་ཡོད་ངེས་རྣམས་ཀྱི་བཤད་པ་ལན་གྲངས། བརྡ་སྤྲོད་པ་ཀ་ཙཱན་དབྱངས་གསུམ། བོད་ཀྱི་བརྡ་དག་སྟོན་པ་སུམ་རྟགས། སྙན་ངག །རྩིས་དཀར་ནག །སྨན་གཞུང་རྣམས་དང་། སྡེབ་སྦྱོར་སོགས་རིག་གནས་ཕྲ་མོ་འཆད་པ་རྣམས་ནི་མཐའ་ཡས་སོ། །རྩོད་པ་ནི། ཕྱོགས་འདིར་མཚན་ཉིད་ཀྱི་གྲྭ་ས་ཆེར་མེད་ཅིང་། དཔལ་ལྡན་ཕྱོགས་ཀྱི་གླང་པོ་ཡབ་སྲས་ཀྱི་གཞུང་ལུགས་དངོས་སྟོབས་ཀྱི་རིགས་པའི་ལམ་ནས་ཚུལ་བཞིན་མི་རྩོད་པར། ཚིག་འཁྲིའི་རྩོད་པ་ཙམ་ལ་མི་ཚེ་བསྐྱལ་བ་ནི་གཞུང་ལུགས་ཆེན་པོ་རྣམས་ཀྱི་རྣམ་གཞག་འཁྲུགས་པའི་རྒྱུ་ལས་སྙིང་པོ་ཆེར་མེད་པས་རྗེ་འདིས་དངོས་སུ་རྩོད་པ་མཛད་ཚུལ་ཆེར་མ་ཐོས་མོད་ཀྱི། དངོས་སྟོབས་ཀྱི་རིགས་པ་སྟོབས་སུ་ཞུགས་པས་མཁས་པ་ལས་ཀྱང་མཁས་པ་ཇི་ལྟ་བུ་ཞིག་སྐུ་མདུན་དུ་བྱུང་ཡང་རྗེ་འདི་ནི་རི་རྒྱལ་ལྟར་བློ་གྲོས་ཇེ་མཐོར་འགྲོ་ཞིང་། གཞན་དག་གི་སྤོབས་པ་ཇེ་རྟུལ་དུ་འགྲོ་བར་མཐོང་བས་རིགས་པའི་རྣམ་དཔྱོད་ལ་འགྲན་ཟླ་མེད་པར་ངེས་སོ། །རྩོམ་པ་ནི། གཙོ་བོ་གང་ཟག་གཞན་དང་ཐུན་མོང་མ་ཡིན་པ་རྗེ་ཉིད་ལ་བཀའ་བབས་སུ་གྱུར་པའི་མཛོད་ཆེན་ལྔ་རྗེས་འབྲངས་དང་བཅས་པ་སྟེ། དེའང་གཞི་ལམ་འབྲས་བུའི་བར་གྱི་ཤེས་བྱ་མཐའ་དག་ལ་ཁྱབ་ཅིང་གསལ་བར་སྟོན་པའི་གཞུང་སྐབས་བཅུ་ལ་རྐང་པ་རེ་བཞི་ཡོད་པ་རྩ་བ་འགྲེལ་པ་དང་བཅས་པ་ཐུན་མོང་ཤེས་བྱའི་མཛོད། མངའ་བདག་མར་པ་ལོ་ཙཱ་ནས་བརྒྱུད་པའི་བདེ་དགྱེས་གསང་གསུམ་གཙོས་བླ་མེད་ཀྱི་རྒྱུད་སྡེ་ཟབ་ཅིང་གཉན་ལ་ཆེས་དཀོན་པ་རྣམས་ཀྱི་སྨིན་གྲོལ་དང་ལྷག་པའི་ལྷ་འགའ་ཞིག་གི་རྗེས་གནང་སྐོར་ཕྱོགས་གཅིག་བསྡུས་པ། ཕྱོགས་དེར་གཏོགས་པའི་ནང་བརྟགས་རྒྱུད་གསུམ་གྱི་འགྲེལ་བ་སོགས་བཀའ་བརྒྱུད་སྔགས་མཛོད་ཆེན་མོ། རྙིང་མ་བཀའ་མའི་གྲས་ཡང་དག་དང་ཕུར་པ་འཁོན་ལུགས། ཡང་དག་སོ་ལུགས་ཀྱི་སྒྲུབ་ཁོག་དང་བསྙེན་ཡིག །གཤིན་རྗེ་གདོང་དྲུག་སྒྲུབ་དཀྱིལ་དབང་ཆོག །རྣམ་འཇོམས་ཁྲོ་དཀར་ནག་སོགས་ཀྱང་བཀའ་མཛོད་འདིར་གཏོགས་པ་དང་། གཏེར་སྟོན་སངས་རྒྱས་བླ་མ། རྒྱ་ལོ་ཙཱ། རྡོར་འབུམ་ཆོས་ཀྱི་གྲགས་པ་ནས་བཟུང་། མཆོག་གི་སྤྲུལ་སྐུ་གསུམ། གླིང་པ་བཅུ་གཉིས་གཙོ་བོར་གྱུར་པའི་གཏེར་ཆེན་གཏེར་ཕྲན། དེང་སང་བྱོན་པའི་པདྨ་འོད་གསལ་མདོ་སྔགས་གླིང་པ་དང་། མཆོག་གྱུར་བདེ་ཆེན་གླིང་པའི་བར་གཏེར་སྟོན་ཉིས་བརྒྱར་ཉེ་བའི་སྨིན་གྲོལ་གདམས་ཕྲན་རིགས་ཕྱོགས་གཅིག་ཏུ་བསྡུས་པ་རིན་ཆེན་གཏེར་གྱི་མཛོད། སྔ་འགྱུར་རྙིང་མ། བཀའ་གདམས་གསར་རྙིང་། ལམ་འབྲས་བུ་དང་བཅས་པ། བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད། ཤངས་པ་བཀའ་བརྒྱུད། ཞི་བྱེད་དང་གཅོད་ཡུལ། རྡོ་རྗེ་རྣལ་འབྱོར་ཡན་ལག་དྲུག་པ། རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་བཅས་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད། མི་ཏྲའི་གདམས་ཁྲིད་སོགས་ཁྲིད་ཕྲན་མང་པོའི་གཞུང་དང་དབང་གདམས་ངག་ཡོངས་སུ་རྫོགས་པ་ཕྱོགས་སུ་བསྡུས་པ་གདམས་ངག་རིན་པོ་ཆེའི་མཛོད། ཉིད་ཀྱི་ཟབ་གཏེར་རྣམ་གྲངས་མང་དུ་བཞུགས་པར་འདུག་ཀྱང་། དུས་ཚོད་སོགས་རྟེན་འབྲེལ་བབས་ཀྱིས་ཅུང་ཟད་རེ་ལས་གཏན་ལ་ཕབ་མ་ཐུབ། ད་ལྟ་མངོན་གྱུར་རྩ་གསུམ་དགོངས་འདུས་མཛོད་ལྔ་ཡོངས་རྫོགས་ཀྱི་ཆོས་སྡེ་ཆེན་པོ་ལས། ལུང་གཏེར་གྱི་མཛོད་ལ་དགོངས་འདུས་སྐོར་བཞི་བཞུགས་པའི་བླ་མ་དགོངས་འདུས་ཆོས་སྡེ་བཅོ་ལྔ་པ་ལས་རིག་འཛིན་མཆོག་སྒྲུབ་ཆོས་ཚན་ལྔ་ཙམ་དང་། གསང་ཐིག་ཡབ་བཀའ་ཡུམ་བཀའ། དག་སྣང་ཚིག་བདུན་སྒྲུབ་སྐོར་སོགས་ཐུན་མོང་མིན་པའི་མཛོད་བཅས་ལྔ་དང་། གསུང་ཐོར་བུའི་སྐོར་བསྟོད་ཚོགས་ནས་བསྔོ་སྨོན་ཤིས་བརྗོད་ཡན་ལ་ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་དཀར་ཆག་མཛད་པ་ས་བཅད་ཟླ་བ་ཉའི་གྲངས་སུ་བཞུགས་པ་བཅས་གསུང་རབ་ཀྱི་གླེགས་བམ་བགྲང་ན་བརྒྱ་ཕྲག་ལས་བརྒལ་བར་སྣང་། སྒྲུབ་དཀྱིལ་དབང་ཁྲིད་སོགས་ཀྱི་ཡིག་ཆ་གསར་དུ་སྤེལ་བ་ཐམས་ཅད་ཀྱང་འཕགས་ཡུལ་གྱི་སློབ་དཔོན་ཆེན་པོ་ཨ་བྷ་ཡཱ་ཀ་རའི་རྗེས་སུ་འགྲོ་བའི་ལེགས་བཤད་རིན་ཐང་དང་བྲལ་བ་ཕྱིས་འབྱུང་རྡོ་རྗེ་འཛིན་པ་རྣམས་ཀྱི་མིག་གཅིག་པུར་གྱུར་པ་འབའ་ཞིག་སྟེ། དེ་དག་ཀྱང་གསང་སྔགས་འཆད་པའི་སྐབས་སུ་རྒྱུད་དང་འབྲེལ་བ། མཚན་ཉིད་ཐེག་པའི་དགོངས་འགྲེལ་གྱི་གཙོ་བོ་ཤིང་རྟ་གཉིས་ཀྱི་གཞུང་དང་མཐུན་པ། མན་ངག་འཆད་པའི་སྐབས་སུ་རྟོག་གེའི་ཡུལ་ལས་འདས་པ་རྣལ་འབྱོར་བ་རྣམས་ཀྱི་སོ་སོ་རང་རིག་པའི་ཡེ་ཤེས་དང་མཐུན་པ་སྟེ། མདོར་ན་རྒྱལ་བའི་གསུང་རབ་གདུལ་བྱའི་བློ་ངོ་ལ་ལྟོས་ནས་སྐས་ཀྱི་གདང་བུ་ལྟར་གསུངས་པའི་སོ་སོའི་དགོངས་པ་མ་འཛིངས་པར་བསྟན་པའི་ལེགས་བཤད་ཟླ་མེད་པ་ཤ་སྟག་ཡིན་ལ། གཟུ་བོར་མི་གནས་ཤིང་གྲུབ་མཐའི་ཕྱོགས་ལྷུང་གི་གདོན་གྱིས་ཟིན་པ་རྣམས་ཀྱིས་སྐྱོན་བརྗོད་པ་ཡོད་སྲིད་ཀྱང་། དོན་དུ་ལུང་རིགས་དང་འབྲེལ་བས་དངོས་པོ་སྟོབས་ཞུགས་ཡིན་པའི་ཕྱིར་སུས་ཀྱང་བརྒལ་དུ་མེད་པ་ཁོ་ན་ཡིན་ལ། གྲུབ་མཐའ་སོ་སོའི་གནད་གསང་མ་འདྲེས་པར་མཁྱེན་ཅིང་། གྲུབ་མཐའ་ཕྱོགས་འཛིན་གྱི་ལྕགས་ཀྱུས་རང་དབང་མེད་པར་མ་དྲངས་པའི་སྐྱེས་བུ་དམ་པ་རྣམས་ཀྱི་ཐུགས་ལ་ནི་འཆི་མེད་ཀྱི་བདུད་རྩི་ལྟར་སིམ་པར་གྱུར་པ་ཡིན་ནོ། །དེས་ན་སྔ་རབས་ཀྱི་བླ་མ་རྣམས་ཀྱི་རྣམ་ཐར་དུ། སྒྲུབ་པ་ཉམས་བཞེས་ལ་བལྟས་ན་མི་ཚེར་སྒྲུབ་པ་མཛད་པ་ལྟ་བུ། བསྟན་བཅོས་ལ་བལྟས་ན་མི་ཚེར་རྩོམ་པ་མཛད་པ་ལྟ་བུ། བུ་སློབ་ལ་བལྟས་ན་མི་ཚེར་བཤད་པ་མཛད་པ་ལྟ་བུ་སོགས་འབྱུང་བ་རྗེ་འདི་ཉིད་ལ་དོན་ལ་གནས་སོ།། །།གཉིས་པ་ཐུན་མོང་མ་ཡིན་པའི་རྣམ་ཐར་གྱི་ཕྱོགས་རེ་བརྗོད་པ་ལ་རིགས་པས་ཅུང་ཟད་བསྒྲུབ་པ་དང་། ལུང་གིས་ཅུང་ཟད་བསྒྲུབ་པའོ། །དང་པོ་ནི། ཐུན་མོང་མ་ཡིན་པའི་རྣམ་པར་ཐར་པ་ནི་ཚུར་མཐོང་གཞན་ལ་ལྐོག་ཏུ་གྱུར་པ་ཡིན་པས་དངོས་སུ་བསམ་པར་མི་ནུས་མོད་ཀྱི། གང་མེད་ན་མི་འབྱུང་བའི་འབྲེལ་བ་ཁྱད་པར་ཅན་ངེས་པའི་དངོས་སྟོབས་རྗེས་དཔག་གི་ཚད་མས་ཅུང་ཟད་སྒྲུབ་པར་ནུས་ཏེ་སྟོན་པ་ཚད་མར་སྒྲུབ་པ་བཞིན་ནོ། །དེས་ན་ད་ལྟ་མངོན་སུམ་དུ་མཐོང་བའི་རྣམ་ཐར་ཕྲིན་ལས་དང་བཅས་པའི་རྟགས་མངོན་སུམ་པ་ལ་བརྟེན་ནས་ནང་གི་མངོན་རྟོགས་དང་། ས་ལམ་མཐོན་པོར་གནས་པ་སོགས་ཀྱི་ཚུལ་རྗེས་སུ་དཔག་པར་ནུས་ཏེ། མེད་ན་མི་འབྱུང་བའི་འབྲེལ་པ་ལས་སོ། །རྒྱུ་མཚན་དེ་ལྟ་བས་ན་རྗེ་འཇམ་མགོན་བླ་མ་རྣམ་པ་གཉིས་པོ་འདི་ནི་སྙིགས་མ་ལས་ཀྱང་སྙིགས་མའི་དུས་འདིར་སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང་ཁྱད་པར་མེད་པས་རྒྱལ་བ་དངོས་སམ། ས་བཅུའི་བྱང་ཆུབ་སེམས་དཔའ་ཞིག་དགེ་བའི་བཤེས་གཉེན་གྱི་རྣམ་པར་སྣང་བ་ལ་སོམ་ཉི་མེད་དེ། རྒྱལ་བའི་ཕྲིན་ལས་མཐའ་དག་མཛད་པ་ཡིན་པའི་ཕྱིར་རོ། །ཚུལ་དེས་ན་སྤངས་རྟོགས་ཀྱི་ཁྱད་པར་ཡང་དེ་ལྟར་བཞུགས་པར་ངེས་མོད། མིའི་ཆོས་བླ་མ་གསང་ཞིང་སྦེད་པ་ལྷུར་ལེན་པར་མཛད་ཀྱང་དམ་ལྡན་དང་མོས་གུས་ཅན་གྱི་ངོར་མཐོང་བ་དང་ཞལ་ནས་གསུངས་པའང་ཅི་རིགས་ཡོད་དེ། སྔ་འགྱུར་བཀའ་གཏེར་གྱི་སྒྲུབ་ཆེན་ཁོ་ན་བརྒྱ་ཕྲག་ལྷག་པའི་རྡོ་རྗེ་སློབ་དཔོན་མཛད་པས་ཐུན་མོང་ངོར་དངོས་གྲུབ་མ་ཐོབ་ཀྱང་བར་ཆད་ནི་གང་ཡང་མ་བྱུང་ཙམ་གསུངས་ཀྱང་། སྒྲུབ་ཆེན་རྣམས་ཚུགས་གྲོལ་གྱི་སྐབས་ཕལ་ཆེར་འཇའ་ཚོན་ཁྱད་པར་ཅན་ཤར་བ་དང་། སྨན་སྒྲུབ་མཛད་པའི་སྐབས་འགའ་རེར་སྨན་གྱི་དྲི་ངད་རྒྱང་རིང་པོ་ནས་ཚོར་བ་དང་། ཚོགས་ཀྱི་འདུ་བའི་སྐབས་སུ་འཇའ་འོད་དང་བྱ་རྒོད་མང་པོས་ཚོགས་ལ་རོལ་པ་དང་། བདུད་རྩི་ཁོལ་ཞིང་རཀྟ་ཕྱུར་བ་སོགས་དེར་འདུས་པ་ཐམས་ཅད་ཀྱི་མཐུན་སྣང་དུ་གྲུབ་པ་དང་། རྫོང་གསར་དགོན་དུ་གཏེར་མཛོད་དབང་ལུང་ཐོག་མར་ཚུགས་པ་དང་། བཀྲ་ཤིས་ཕོ་བྲང་དུ་སྡེ་དགེ་ཆོས་རྒྱལ་ཡུམ་སྲས་ཀྱིས་སྦྱིན་བདག་མཛད་ནས་ཉིད་ཀྱི་གཏེར་བྱོན་རབ་བདུན་རིང་བསྲེལ་ལ་མཆོད་པ་མཛད་པའི་ཉིན། སྔར་མཐོང་མ་མྱོང་བའི་འཇའ་འོད་ཐིག་ལེས་ནམ་མཁའ་གང་བ་ཀུན་གྱི་སྤྱོད་ཡུལ་དུ་གྱུར་པ་དང་། ལུང་དོན་ལྟར་གནས་ཆེན་རྣམས་སུ་རྩ་གསུམ་དགོངས་འདུས་གཏེར་སྒྲུབ་དང་འབྲེལ་བར་ཚིག་བདུན་གསོལ་འདེབས་སྒྲུབ་པ་མཛད་པ་ཟླ་བ་གཉིས་རིང་ཉིན་མཚན་ཕལ་ཆེར་མཚན་ཐུན་དང་པོ་རྣམས་སུ། འཇའ་སྤྲིན་བཀྲ་ཤིས་པའི་རྟགས་ཀྱི་རྣམ་པ་ཅན་མང་པོ་ཤར་བས། དེ་དོན་མ་ཤེས་པའི་རྟོག་དཔྱོད་ཅན་རྣམས་ཀྱིས་ད་ལོའི་ལྟས་འདི་གང་ལ་བལྟ་ཞེས་ཐེ་ཚོམ་གླེང་བརྗོད་བྱུང་བ་དང་། ས་ལུག་ལོའི་ཟླ་བ་ལྔ་པར་ཙ་འདྲ་རིན་ཆེན་བྲག་ཏུ་གནས་འདུས་ཡོད་པའི་སྐོར་ལམ་གཏོད་པར་ཕེབས་སྐབས། སྔ་དྲོ་བསང་གསེར་སྐྱེམས་ཀྱི་སྐབས་ནས་ཤར་ཕྱོགས་ནམ་མཁའ་ཐམས་ཅད་ཁྱབ་པར་སྔོ་ལྗང་ཤས་ཆེ་བའི་འཇའ་འོད་ཐིག་ལེས་མཚན་པར་ཤར་བ་ཉིན་གུང་ཚོགས་འཁོར་མ་ཟིན་བར་སྡོད་པ་དང་། དེ་སྐོར་ཟླ་བ་གཅིག་ཙམ་དུ་ཉིན་རེ་བཞིན་གྱི་ཕྱི་དྲོ་ནས་མུན་རུབ་བར་དུ་འཇའ་དཀར་ཀུ་ཤའི་དབྱིབས་ཅན་ནུབ་ནས་ཇེ་རྒྱས་སུ་སོང་ནས་ནམ་མཁའི་ཕྱེད་ཁྱབ་པ་དང་། སྐོར་བ་བྱེད་མཁན་གནས་རིའི་མཐའ་འཁོར་བའི་གྲངས་མང་རྒན་རྒོན་ཞྭ་ལོང་ཁུར་ཁྲིད་དགོས་པ་མང་དུ་འདུས་པ། བྲག་འཕྲང་སོགས་ཤིན་ཏུ་བགྲོད་དཀའ་བ་རྣམས་ལ་ཕན་ཚུན་འཐབ་འཛིང་དང་རྦབ་འདྲིལ་སོགས་ཉེར་འཚེ་ཕྲན་བུ་ཙམ་མ་བྱུང་བ་རྣམས་ཀྱང་ཐུགས་བསྐྱེད་བྱིན་རླབས་ཀྱི་ལྟས་སུ་ངེས་ཤིང་། ཨ་རབ་གནས་ནང་རྡོ་རྗེ་བདུད་རྩིའི་སྒྲུབ་པའི་སྔོན་འགྲོ། མ་དཱ་ནའི་སྒྲུབ་པ་ཐོག་མར་ཚུགས་སྐབས་ཅིས་ཀྱང་མི་མཚོན་པའི་བདུད་རྩིའི་དྲི་ངད་བཟང་པོས་ཁྱིམ་གྱི་ཕྱི་ནང་ཐམས་ཅད་དུ་ཁྱབ། མ་དཱ་ན་ལངས་ཚུལ་སོགས་པ་ལ་ཀུན་གྱིས་ངོ་མཚར་དུ་བྱེད་པ་སོགས་དང་། ཨ་ཁྲི་གནས་ནང་དུ་དྲི་མེད་རྒྱལ་བ་རྒྱ་མཚོའི་སྒྲུབ་ཆེན་སྐབས་སུ་ནམ་མཁའ་འཇའ་འོད་དམར་པོས་ཁྱབ། ནུབ་ཀྱི་རེས་ཕལ་ཆེར་ཕྱི་ནས་ནང་དང་ནང་ནས་ཕྱི་རུ་ཡོད་པ་འདྲ་བའི་ཡིག་དྲུག་སྒྲ་དིར་དིར་ཐོས་པ་སོགས་མཆོག་དམན་ཀུན་ལ་གསལ་བའི་རྟགས་མཚན་ངོ་མཚར་བ་བྱུང་བར་སྣང་། རྒྱལ་ཁབ་ཆེན་པོ་ལྷུན་གྲུབ་སྟེང་དུ་རྒྱལ་ཁམས་སྤྱི་རིམ་དུ་འགོང་པོ་ཨར་གཏད་དགོས་པའི་ལུང་བབས་མང་ཡང་སྔོན་གྱི་ནུས་ལྡན་རེ་རེ་ཙམ་ལས་ཕྱིས་སུ་ལག་ལེན་ཐེབས་མཁན་གཏན་ནས་མེད་པ་ལ། ཆོས་རྒྱལ་ཆེན་པོས་རྗེ་འདི་ལ་ཤིན་ཏུ་ནན་བསྐུལ་མཛད་པ་ལྟར་ཕྱག་བཞེས་གནང་བས་ཐོག་མར་འཚུབས་ལྷོང་ཆེན་པོ་དང་། མཐར་ཤིན་ཏུ་ལེགས་ལམ་གྱུར་ཅིང་དེ་ཕྱོགས་རྒྱལ་གདོན་འབྱུང་པོ་ཐམས་ཅད་གཞན་དུ་བྱོལ་བའི་མནལ་ལྟས་ཁྱད་པར་ཅན་ཕན་ཁང་དང་ཁང་སར་མཁན་རིན་པོ་ཆེ་རྣམ་གཉིས་ནས་ཀྱང་གཟིགས། རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེས་ཀྱང་། སྔོན་ཆད་ཁྱེད་ལ་གྲུབ་ཐོབ་ཀྱི་མཚན་མི་འདུག །ད་རེས་གྲུབ་ཐོབ་ཀྱི་མཛད་པ་ཆེ་ཤོས་བྱུང་འདུག་ཅེས་གཟེངས་བསྟོད་གནང་བར་འདུག །དེ་མཚུངས་ཨ་ལོ་རྩེ་ཟུལ་མདོར་མི་མ་ཡིན་གདུག་པ་ཅན་མང་པོ་རྒྱུ་ཞིང་གནས་བཅས་པས་ལམ་འགྲུལ་རྣམས་ལ་ཤིན་ཏུ་འཚེ་བ་དང་། གཏེར་ལུང་རྣམས་སུ་སྟོབས་ཆེན་མཆོད་རྟེན་བཞེངས་དགོས་པར་གསུངས་པའང་སྒྲུབ་མཁན་མ་རྙེད་པས། ཆོས་རྒྱལ་ཉིད་ནས་རྗེ་འདི་ལ་སྔ་རྗེས་ལན་གྲངས་ཞུས་ལྟར་བཅའ་སྒྲུབ་ཚད་ལྡན་མཛད་སྐབས་ངོ་མཚར་གྱི་ལྟས་མཐུན་སྣང་དུ་གྲུབ་པ་དང་། ཕྱོགས་དེར་རྩྭ་ལོ་ཚུན་དེ་ལོ་ལས་ལེགས་པ་སྔོན་ཆད་མ་བྱུང་ཞིང་། སྲི་རིགས་ཀྱི་བླ་རྡོ་ཕྱོགས་དང་དབུས་ནས་ལེན་དགོས་པ་རྣམས་ཀྱང་ཕྱོགས་འདི་དང་འདིར་འདི་ལྟར་ཡོད་ཚུལ་གསུངས་པ་རྣམས་ཀྱང་ཇི་བཞིན་རྙེད་པ་སོགས་ཤེས་ལྡན་རྣམས་ཡིད་ཆེས་ཀྱི་དད་པ་གཏིང་ཚུགས་པ་བྱུང་། གནས་ཆེན་རྣམས་སུ་ལྷ་སྲིན་དམ་བསྒྲག་དང་གནས་ཆེན་བྱིན་འབེབ་མཛད་པའི་སྐབས་རྣམས་སུའང་ཁྱད་པར་གྱི་ལྟས་རེ་རྒྱུན་དུ་བྱུང་བར་སྣང་། གཞན་ཡང་སྒྱུ་ལུས་ཀྱི་རྣལ་འབྱོར་འབྱོངས་པས་ཁང་ཁྱིམ་ལ་ཟང་ཐལ་དུ་ཕེབས་པ། རྡོ་ལ་ཕྱག་ཞབས་རྗེས་བཞག་པ། སྣང་བ་ལ་བདེན་འཛིན་མེད་པས་འཁྲུལ་པ་ཞིག་པའི་ངང་ཚུལ་ཅན་དུ་བཞུགས་པ་དང་། ཁྱད་པར་སྐུ་ཚེ་ཐུང་ངུ་ཞིག་ལས་མེད་པར་ཟབ་གཏེར་གྱི་ལུང་བྱང་ལ་ཡོད་ཚོད་ཀྱང་། རྡོ་རྗེའི་རྣལ་འབྱོར་དང་རྩ་རླུང་གི་ནུས་པས་སྐུ་ཚེ་མཐར་ཕྱིན་ནས་ད་ལྟ་དགུང་གྲངས་བརྒྱད་ཅུ་གྱ་གཉིས་ཀྱི་སྟེང་དུ་སོན་ཀྱང་སྐུ་གཞོན་ཤ་ཆགས་ཤིང་སྤྱན་སླར་གསལ་བ་སོགས་གྲུབ་རྟགས་ནང་གི་ཆེ་བ་དང་། གཏེར་ལུང་བཞིན་ཙ་འདྲ་རིན་ཆེན་བྲག་ཏུ་དཔལ་ཆེན་པོའི་ལྷ་ཁང་རྟེན་དང་བརྟེན་པ་སྒྲུབ་གྲྭ་བཅས་དང་། རྫོང་ཤོད་བདེ་གཤེགས་འདུས་པའི་རྟེན་བརྟེན་པ་སྒྲུབ་གྲྭ་བཅས་གསར་དུ་བཙུགས་པ་ལ་སོགས་པའི་ཕྱག་རྗེས་ཀྱི་ཕྲིན་ལས་རྣམས་ཀྱང་། རྗེ་ཉིད་ཀྱི་ཚོགས་བསགས་ཙམ་མ་ཡིན་པར་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་གཏེར་ལུང་བཞིན་གངས་ཅན་ཐུབ་བསྟན་ཡོངས་རྫོགས་ཀྱི་དོན་དང་། བོད་ཁམས་བདེ་ཐབས་ཁོ་ན་ཡིན་པར་འདུག་པས་འདི་ལྟ་བུ་སངས་རྒྱས་བྱང་སེམས་ཀྱི་མཛད་པ་ཁོ་ནར་ངེས་ལ། དེར་མ་ཟད་ཕྱག་ལི་རྙིང་པ་ཁ་ཤས་བདག་གིས་ཀྱང་མཇལ་བའི་ནང་ཕྱག་བྲིས་མཛད་འདུག་པ་ཉིན་རེ་བཞིན་ཡང་དངོས་ཉམས་རྨི་ལམ་རྣམས་སུ། སངས་རྒྱས་བྱང་སེམས་འཕགས་བོད་ཀྱི་བླ་མ་མཁས་ཤིང་གྲུབ་པ་རྣམས་མཇལ་བའི་ཚུལ་དང་། ལྷག་པའི་ལྷ་རབ་འབྱམས་གཟིགས་པའི་ཚུལ་ནི་བསམ་གྱིས་མི་ཁྱབ་པར་སྣང་ངོ་། །ཚུལ་དེས་ན་ཐུན་མོང་མ་ཡིན་པའི་རྣམ་པར་ཐར་པ་ནི་རྒྱལ་བ་ཀུན་དང་རོ་མཉམ་པ་ཡིན་པར་ཤེས་པར་བྱ་སྟེ། དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་ཟབ་གཏེར་གྱི་ལུང་བྱང་རྣམས་ལས་ལོ་ཆེན་བཻ་རོའི་རྣམ་འཕྲུལ་དུ་ལུང་བསྟན་ལ། བཻ་རོ་ནི་ཨོ་རྒྱན་ཉིད་དང་དགོངས་པ་མཉམ་པར་ཡང་ནས་ཡང་དུ་གསུངས་ཤིང་། ཨོ་རྒྱན་ཆེན་པོ་ནི་སངས་རྒྱས་འོད་དཔག་མེད་དངོས་སུ་རྡོ་རྗེ་སློབ་དཔོན་གྱི་ཚུལ་དུ་བྱོན་པ་ཡིན་པའི་ཕྱིར་རོ། །གཉིས་པ་ལུང་གིས་ཅུང་ཟད་བསྒྲུབ་པ་ནི། བདག་ཅག་གི་སྟོན་པས་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། གང་གི་ལག་ན་ཏིང་འཛིན་མཆོག་ཡོད་པ། །རྒྱལ་བ་བྱམས་པ་གྲགས་པ་མཐའ་ཡས་བཞིན། །སེམས་ཅན་རྣམས་ཀྱི་དོན་མང་བྱེད་འགྱུར་ཞེས། །བློ་གྲོས་མཐའ་ཡས་དེ་ནི་ངས་ལུང་བསྟན། །ཞེས་དང་། འཕགས་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཕྱག་རྒྱའི་མདོ་ལས། འདི་དང་ལྡན་པ་འདྲེན་པར་འགྱུར་ཏེ་བློ་གྲོས་མཐའ་ཡས་བློ་གྲོས་མཆོག །ཕྱོགས་བཅུའི་སངས་རྒྱས་བྱེ་བ་ཕྲག་བརྒྱ་མང་པོ་དག་གིས་དགོངས་པར་འགྱུར། །མདོ་སྡེ་བརྒྱ་ཡི་ཚུལ་དག་ཤིན་ཏུ་རབ་འབྱེད་བསམ་ཡས་དཔག་མེད་དེ། །མདོ་སྡེ་འདི་ལ་རབ་ཏུ་སྦྱོར་བ་མི་ཟད་གཟུངས་ཐོབ་རྙེད་པར་འགྱུར། །ཞེས་དང་། ཁྱད་པར་ལང་ཀར་གཤེགས་པ་ལས། དེ་ཡི་འོག་ཏུ་བྱས་དུས་ལ། །འདྲེན་པ་བློ་གྲོས་ཞེས་བྱ་བ། །ཤེས་བྱ་ལྔ་རྣམས་སྟོན་པ་པོ། །དཔའ་བོ་ཆེན་པོ་འབྱུང་བར་འགྱུར། །ཞེས་གསུངས་པའི་ཤེས་བྱ་ལྔ་རིག་པའི་གནས་ལྔ་སོགས་ལ་བྱས་ན་རྒྱ་བོད་མཁས་པ་ཀུན་གྱི་སྤྱི་ནོར་ཡིན་པས་ལུང་བསྟན་ཡུལ་གྱི་ཁྱད་ཆོས་སུ་མི་འགྱུར་བས་མཛོད་ཆེན་ལྔ་པོ་སྔར་མ་བྱུང་བའི་ཁྱད་པར་ཅན་གྱི་ཕྱིར་ཤིན་ཏུ་འབྲེལ་བས། འདི་རྣམས་རྗེ་བླ་མ་ལུང་བསྟན་པ་ཡིན་པར་འཇམ་མགོན་མཁྱེན་བརྩེའི་དབང་པོ་སོགས་དམ་པ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱིས་བཞེད་ལ། སྔ་འགྱུར་སྒྱུ་འཕྲུལ་ཀལྤ་དུམ་བུའི་རྒྱུད་ལས། འཇིག་རྟེན་ཁ་བ་ཅན་ཞེས་སུ། །པདྨའི་སྙིང་པོ་ཀུན་དགའ་དང་། །བློ་གྲོས་མཐའ་ཡས་ལ་སོགས་པས། །འཛིན་པས་བསྟན་པ་རྒྱས་པར་འགྱུར། །ཞེས་དང་། གཏེར་ཆེན་པདྨ་གླིང་པའི་ལུང་བསྟན་ལས། ལྕགས་རྟ་ལོ་ལ་མཐའ་དམག་བོད་དུ་བརྡོལ༔ ང་ཡི་སྤྲུལ་པ་དགེ་སློང་བློ་གྲོས་མིང༔ ཁམས་ཕྱོགས་གསེར་ལྡན་འབབ་པའི་འགྲམ་ནས་འབྱུང༔ སྨོན་ལམ་དབང་གིས་དུས་ཀྱི་འཁྲུགས་པ་བཟློག༔ ལྕགས་ལུག་ལོ་ལ་སྐྱིད་པའི་ཉི་མ་ཤར༔ ཞེས་གསུངས་པ་ལྕགས་རྟ་ལོར་གཡུ་ལུང་གངས་ར་གཉིས་པ་བཀྲ་ཤིས་ཉི་ཟླ་དཔལ་ཕུག་ཏུ་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྨན་སྒྲུབ་མཛད་པ་དང་དུས་འགྲིགས་ཤིང་། མཁས་ཤིང་གྲུབ་པ་ཡོངས་ཀྱི་སྤྱི་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་། གཏེར་ཆེན་མཆོག་གྱུར་གླིང་པ་ལ་སོགས་པ་ཕྱིས་བྱོན་ཚད་ཐུབ་ཀྱི་གཏེར་ལུང་རྣམས་སུ་བཻ་རོ་ཙ་ནའི་རྣམ་འཕྲུལ་དུ་ཡང་ནས་ཡང་དུ་ལུང་བསྟན་ཅིང་། རྗེ་ཉིད་ཀྱི་ཟབ་གཏེར་རྣམས་སུ་ཡང་བཻ་རོའི་རྣམ་འཕྲུལ་དུ་ལུང་བསྟན་པར་སྣང་ངོ་། །དེར་མ་ཟད་རྒྱལ་དབང་ཀརྨ་པ་དང་། སི་ཏུ་པདྨ་ཉིན་བྱེད། རྗེ་མཁྱེན་བརྩེའི་དབང་པོ་སོགས་ལྐོག་གྱུར་གཟིགས་པའི་ཡེ་ཤེས་ཅན་མང་པོས་ཇོ་ནང་ཏཱ་ར་ནཱ་ཐ་དང་། སྨིན་གླིང་གཏེར་ཆེན་ལ་སོགས་པར་སྐྱེས་པའི་རབས་སུ་ལུང་བསྟན། སྐུ་ཆུང་ངུའི་དུས་བོན་གྱི་བླ་མ་ཞིག་གིས་ཀྱང་འདི་བནྡེའི་བླ་མ་སྙན་གྲགས་ཅན་ཞིག་འབྱུང་ཞེས་བཤད་ཅིང་། ཟེ་ཆེན་དུ་སློབ་གཉེར་ལ་བཞུགས་ཚེ་གྲ་ཆུང་ཕལ་བ་ལྟར་ཡིན་སྐབས་གཞན་གྱི་ཅུང་བརྙས་པར་གྱུར་པ་ན། པཎ་ཆེན་བླ་མ་མཐུ་སྟོབས་རྣམ་རྒྱལ་གྱི་ཞལ་ནས། འདི་ལ་བརྙས་པ་མ་བྱེད། ཕྱིས་ཁྱེད་ཟེ་ཆེན་དགོན་པས་ཁོང་རང་ལྟ་ཅི་གསང་ཆབ་ཀྱི་བུམ་པའང་མི་ཐོབ་པའི་དུས་འོང་ཞེས་གསུངས་ཚུལ་སོགས་ཐོས་ཏེ། མདོར་ན་སྐྱེས་ཆེན་ཕལ་མོ་ཆེས་དམ་པ་ཡིན་པར་ལུང་བསྟན་པ་ཡིན་ནོ། །དེ་དག་ལས་ཆེས་གསང་བ་ཟབ་མོ་གཏེར་གྱི་བཀའ་བབས་ཀྱང་བཞུགས་པ་སྟེ། དགུང་ལོ་ཆུང་ངུའི་དུས་ནས་ཨོ་རྒྱན་རིན་པོ་ཆེ་ལ་མི་ཕྱེད་པའི་དད་པ་ལྷན་སྐྱེས་སུ་མངའ་བས་ཚིག་བདུན་གསོལ་འདེབས་དང་བཛྲ་གུ་རུ་ཞལ་འདོན་མཛད། དགུང་གྲངས་བཅོ་ལྔ་པར་གུ་རུས་བྱིན་གྱིས་བརླབས་པའི་དག་སྣང་ཤར། དགོངས་གཏེར་མང་ཞིག་ཕབ་པར་འདུག་ཀྱང་དེ་སྐོར་ནས་རིག་གནས་གཞུང་ལུགས་རིགས་ལ་སྦྱང་བརྩོན་ལྷུར་བླངས། བཀའ་བརྒྱུད་ཀྱི་ཆོས་སྒོར་ཞུགས་ནས་རྙིང་མ་བཏང་སྙོམས་སུ་བསྐྱུར། ཉམས་བཞེས་དུས་ལས་ཡོལ་བ་སོགས་རྩ་བའི་རྟེན་འབྲེལ་འཆུགས་པ་ལ་བསྙུན་གཞི་ཤིན་ཏུ་ལྕི་བས་ཟིན། ལན་གཅིག་སྐྱེ་གནས་འཕོས་པ་ལྟར་གྱུར་པ་ལ་གུ་རུ་ཡབ་ཡུམ་གྱིས་བར་ཆད་བསལ་ནས་བྱིན་རླབས་ཐོབ། ཡང་ཁྲོད་དུ་སྒྲུབ་པ་རྩེ་གཅིག་མཛད་པས་སྐུ་ཁམས་དྭངས་ཤིང་རིམ་པར་གཏེར་རྙིང་རྣམས་ཀྱི་བཀའ་བབས་ཐོབ། ཕྱིས་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་དང་གཏེར་ཆེན་མཆོག་གྱུར་གླིང་པ་ལྷན་རྒྱས་ནས་ད་ལྟའི་སྐུ་ཚེ་བརྟན་པ་དང་། འབྱུང་འགྱུར་གྱི་ལས་འཕྲོ་གང་ཅིར་རྟེན་འབྲེལ་འཕྲོ་མཐུད་གལ་ཆེ་བའི་གསུང་བསྐུལ་དང་ཁ་བྱང་སོགས་བསླབ་སྟོན་མཛད་པ་ལྟར་གཏེར་ཁ་བཅུ་གཅིག་ཙམ་ཕྱག་ཏུ་སོན་པ་ལས། གཙོ་བོར་རྩ་གསུམ་དགོངས་འདུས་ཀྱི་ཆོས་ཚན་དྲུག་ཙམ་དང་། གསང་ཐིག་བླ་སྒྲུབ་དང་མཁའ་འགྲོའི་སྐོར། ལམ་ཟབ་ལེའུ་བདུན་མ། དག་སྣང་ཚིག་བདུན་སྒྲུབ་ཐབས་སོགས་གཏེར་མཛོད་དུའང་བཞུགས་ཤིང་། གུ་རུའི་སྐུ་ཚབ། དམ་རྫས་རིགས་མང་པོས་འགྲོ་དོན་རྒྱ་ཆེར་སྤེལ་བ་དང་། ཆོས་སྐོར་ཕལ་ཆེར་གནས་དུས་འཛོལ་བ་སོགས་ཀྱིས་ཆ་ཚང་གཏན་ལ་འབེབ་ཐུབ་པར་མ་བྱུང་ཡང་། གོང་སྨྲོས་ལྟར་དེ་སྔ་སུས་ཀྱང་མ་མཛད་པའི་མཛད་པ་རླབས་ཆེན་གཏེར་རྙིང་འདི་ཙམ་ཞིག་གི་བཀའ་བསྡུ་དང་དབང་ལུང་གི་རྒྱུན་ཚར་གྲངས་སྤེལ་བ་ལ་བར་ཆད་ཕྲ་མོའང་མ་བྱུང་ཞིང་གླེགས་བམ་སྤར་དུ་འཁོད་པ་བཅས། གཏེར་གསར་ཡིན་རྒྱུའི་པུསྟི་བརྒྱ་ཕྲག་བྲི་བ་ལས་ཀྱང་དོན་ཆེ་ཞིང་ངོ་མཚར་བ་འདི་གཟུར་གནས་རྣམས་ཀྱིས་བརྟགས་ན་ཤེས་པར་སྣང་། དེ་ལྟར་རྗེ་བླ་མའི་རྣམ་པར་ཐར་པ་རང་གིས་ཅུང་ཟད་ངེས་པ་ཤིན་ཏུ་མདོར་བསྡུས་ནས་བརྗོད་པ་འདི་ལྟར་ཡིན་ངེས་ཀྱི་ཡིད་ཆེས་གཏིང་ནས་རྙེད་དེ་བཀོད་པ་ཡིན་གྱི། རང་གི་བླ་མ་ཡིན་པའི་ཞེན་པས་ཟོལ་སྦྱོར་གྱི་ཚིག་བཀོད་པ་སོགས་མེད་དེ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་དཔང་པོར་འོས་པ་ཡོད་དོ།། །།གསུམ་པ་བསྡུས་ཟིན་སྤར་དུ་བསྒྲུབས་པའི་ཚུལ་ལ་གསུམ། ཆས་ཡོན་སྦྱོར་བ་པོའི་སྦྱིན་བདག །ཚུལ་ཇི་ལྟར་བསྒྲུབས་པ། ཞུས་དག་བྱས་ཚུལ་མདོ་ཙམ་བརྗོད་པའོ། །དང་པོ་ནི། ཆོས་མཛོད་ཆེན་པོ་འདི་འགྲུབ་བྱེད་ཀྱི་རྒྱུ་ཐུན་མོང་མ་ཡིན་པ་ནི། དཔལ་སྤུངས་དབོན་སྤྲུལ་གསུམ་པ་ཀརྨ་སྒྲུབ་བརྒྱུད་བསྟན་འཛིན་ཕྲིན་ལས་དང་། ས་སྐྱོང་ཆོས་རྒྱལ་ཆེན་པོ་དཔལ་ལྡན་འཆི་མེད་རྟག་པའི་རྡོ་རྗེ། གཉེར་ཆེན་པདྨ་ལེགས་གྲུབ་གསུམ་ཡིན་ལ། གཞན་ཡང་བསྟན་པ་རིན་པོ་ཆེ་ཁོ་ན་གཅེས་པར་འཛིན་པའི་སྐྱེས་ཆེན་བླ་སྤྲུལ་གྱི་རིགས་དང་། བསྟན་པ་མཆོད་པའི་དད་འབྱོར་ལྡན་པ་སྦྱིན་བདག་ཆེན་པོ་ཁ་ཤས་བཅས་ནས་ཞལ་འདེབས་རྒྱ་ཆེན་པོ་སྦྱར་པ་ཡིན་ཏེ་འོག་ཏུ་འཆད་པར་འགྱུར་རོ། །དེ་ལས་དཔལ་སྤུངས་དབོན་སྤྲུལ་རིན་པོ་ཆེ་འདི་ནི་གཏེར་ཆེན་ཀློང་གསལ་སྙིང་པོའི་རྣམ་འཕྲུལ་ཡིན་ཏེ། གཏེར་ཆེན་ཉིད་ཨ་ལོ་དཔལ་འབྱོར་དགོན་དུ་ཕེབས་སྐབས་ཨ་ལོ་བླ་མ་ཀུན་མཁྱེན་གྱིས་ངེད་ཀྱི་ཚ་བོ་ཆོས་ཀྱི་འབྱུང་གནས་འདིས་དཔལ་སྤུངས་སུ་དགོན་པ་འདེབས་རྩིས་ཡིན་པས། རྗེ་གཏེར་ཆེན་ཉིད་དེར་བཞུགས་ནས་ངེད་ཀྱི་ཚ་བོའི་ཕྲིན་ལས་ཀྱི་གྲོགས་མཛད་ཐུབ་ཡང་ནན་ཞུས་པ་ན། གཏེར་ཆེན་གྱི་ཞལ་ནས། ང་ཚེ་འདིར་ཁྱེད་ཀྱི་དབོན་པོའི་ཕྲིན་ལས་ཀྱི་གྲོགས་བྱེད་པའི་སྐལ་པ་མེད། སྐྱེ་བ་ཕྱི་མ་ནས་མི་རབས་གསུམ་གྱི་བར་དུ་ཕྲིན་ལས་ཀྱི་གྲོགས་བགྱི་ཞེས་ཞལ་བཞེས་གནང་བ་རྗེ་གཏེར་ཆེན་འདས་ནས་དབོན་པོ་བསམ་འཕེལ་དུ་འཁྲུངས། དེ་རྗེས་དབང་གི་རྡོ་རྗེ། དེ་རྗེས་དབོན་སྤྲུལ་རིན་པོ་ཆེ་འདི་ཉིད་ཡིན་པའི་ཕྱིར་རོ། །དེ་དང་མཐུན་པར་གཏེར་ལུང་རྣམས་ནས་ཀྱང་ལང་གྲོ་ལོ་ཙཱའི་རྣམ་འཕྲུལ་དུ་ལུང་བསྟན་ཅིང་། སྐྱབས་མགོན་པདྨ་ཉིན་བྱེད་ཀྱི་སྐུ་ཚེ་སྨད་ནས་དཔལ་སྤུངས་པའི་བསྟན་པ་གཟིགས་སྐྱོང་མཛད་དེ། སྐྱབས་མགོན་སྐུ་གཤེགས་ནས་ཡང་སྲིད་བྱོན་པ་སྐུ་ན་མ་ཚར་གྱི་བར་དུ་བསྟན་པ་སྔར་ལས་ཉམས་གུད་མེད་པར་བསྐྱངས་པས་བཀའ་དྲིན་ཟླ་མེད་ཅིང་། ལོ་བསྟར་བུམ་སྒྲུབ་ཆེན་མོའི་རྒྱུན་བཙུགས་པའི་ཚོགས་པར་གཏོང་ཐེབས། དཀྱིལ་འཁོར་གྱི་མཆོད་ཆས། འཆམ་གོས་སོགས་གང་དགོས་ཐམས་ཅད་རྒྱ་དངུལ་རྡིལ་ཚད་གྲངས་མང་གིས་གསར་བསྐྲུན་མཛད་པ་དང་། རྔོག་དཀྱིལ་རྣམས་ཀྱི་རྒྱུན་བཙུགས་ནས་གླེགས་བམ་སྤར་དུ་བཞེངས། ཕུར་སྒྲུབ་དང་དབྱར་གནས་ཀྱི་རྒྱུན་བཙུགས་པ་སོགས་མདོར་ན་རྗེ་སི་ཏུ་རིན་པོ་ཆེ་དང་མཛད་ཕྲིན་མཉམ་པ་ལས་ཀྱང་ལྷག་པའི་མཛད་པ་བསྐྱངས་ལ། དེ་ཉིད་རྗེ་བླ་མས་གཏེར་མཛོད་ཚར་ལྔ་གནང་བའི་གཉིས་པ་དུས་ཀྱི་སློབ་ཚོགས་འདུས་པའི་ནང་དུ་བཞུགས་པས། ཁོང་ནས་ཉམས་ལེན་དང་འཆད་སྤེལ་སོགས་ནི་འོང་དཀའ་བས་དཔེ་ཆ་ཚང་མ་སྤར་དུ་བསྒྲུབ་ཅེས་རྗེ་བླ་མར་ཞུས་ཀྱང་། དེ་རྗེས་ཡིད་སྲུབས་ཀྱི་རྩ་ལག་གིས་གྲྭ་པ་འགའ་ཞིག་གི་ཡིད་བརླམས་པས་དབོན་སྤྲུལ་རིན་པོ་ཆེར་བཟང་ལན་ངན་འཇལ་གྱི་འཁྲུགས་ཟིང་བྱུང་བའི་རྐྱེན་གྱིས་ལོ་ཤས་ལུས་མོད། དོན་དུ་སྤར་དུ་སྒྲུབ་པ་ལྟ་ཅི་བྲི་བ་ཙམ་ལའང་སྐྲག་པར་གྱུར་པའི་སྐབས་དེར། མཆོག་སྤྲུལ་རིན་པོ་ཆེ་འདི་ཉིད་ཀྱི་བཀའ་དྲིན་ལས་སྤར་དུ་སྒྲུབ་པའི་རྣམ་དཔྱོད་བྱུང་བ་ཡིན་པས་མདོ་སྡེ་རྣམས་ལས་སེང་གེའི་སྒྲ་སྒྲོག་པ་ཞེས་གསུངས་པ་ལྟ་བུ་ཡིན་ནོ། །ཆོས་རྒྱལ་ཆེན་པོ་དཔལ་ལྡན་འཆི་མེད་རྟག་པའི་རྡོ་རྗེ་ནི། བཀའ་བསྟན་གྱི་དཀར་ཆག་ལ་སོགས་པར་གསལ་བའི་འོད་གསལ་ལྷ་ཡི་རིགས་ལས། ཆོས་རྒྱལ་སེམས་དཔའ་ཆེན་པོ་དམ་ཚིག་རྡོ་རྗེའི་སྲས་སུ་འཁྲུངས་ཤིང་། རྗེ་ས་སྐྱ་པ་བདག་ཆེན་བཀྲ་ཤིས་རིན་ཆེན་གྱིས་དཔལ་ལྡན་འཆི་མེད་རྟག་པའི་རྡོ་རྗེའི་མཚན་གསོལ། གཏེར་ཆེན་མཆོག་གྱུར་གླིང་པ་ལ་སོགས་ཚད་ཐུབ་ཀྱི་གཏེར་ལུང་དུ་མ་ནས་ལྷ་སྲས་མུ་ཏིག་བཙན་པོའི་རྣམ་འཕྲུལ་དུ་བསྔགས། སྐུ་ན་ཤིན་ཏུ་ཕྲ་བའི་སྐབས་སུ་ཉག་དགྲས་བརླག་པར་བརྩམས་ཀྱང་སྐུ་ལ་ཉེས་སྐྱོན་མ་སོང་བར་ལས་དབང་བསོད་ནམས་སྟོབས་ཀྱིས་ཕྱི་ནས་ཕྱོགས་ལས་རྣམ་པར་རྒྱལ་ཞིང་། ཆོས་རྒྱལ་གོང་མ་རྣམས་ཀྱི་ཕྱག་བཞེས་ལྟར་ཐུབ་བསྟན་རིས་མེད་པ་དང་། ཁྱད་པར་དུ་དཔལ་ལྡན་ས་ངོར་གྱི་གྲུབ་མཐའ་མཆོད་པ་དང་། ཆབ་འབངས་ཀྱི་ལོ་ཐང་གི་དཔྱ་ཁྲལ་ལ་སོགས་པའི་འདུ་སྒོ་ཐམས་ཅད་མངའ་འབངས་ཆར་གཏོགས་རིས་མེད་དགོན་སྡེ་རྣམས་ཀྱི་འཚོ་ཆས་སུ་སྦྱར་བ་སོགས་དང་། ཡུལ་དབུས་སུ་ཕེབས་ནས་ཇོ་ཤཱཀ་ལ་སོགས་པའི་རྟེན་ཁྱད་པར་ཅན་རྣམས་ལ་མཆོད་པ། གཞུང་ས་སྐྱབས་མགོན་རིན་པོ་ཆེ་རྩེ་ཤོད་དང་ས་ངོར་གཙོས་བླ་མ་རྣམས་ལ་འབུལ་ཆེན། སྨོན་ལམ་ཆེན་མོའི་ཚོགས་ཆེན་ལ་རྒྱ་དངུལ་སྲང་རེའི་ཕྱག་འགྱེད་སོགས་དགོན་སྡེ་རྣམས་ལ་འགྱེད་ཆེན་གཏོང་བར་མཛད་པ་དང་། དཔལ་ལྡན་ལྷུན་གྲུབ་སྟེང་གི་དབྱར་གནས་ལྷ་ཁང་ཉམས་གསོས་དང་། ལྷ་གསར་ཆེན་མོའི་གསེར་གཡབ་ཉམས་གསོས། ཨོ་རྒྱན་གཏེར་བདག་གླིང་པའི་ཟབ་གཏེར་ཐུགས་ཆེན་བདེ་གཤེགས་ཀུན་འདུས་ཀྱི་སྒྲུབ་ཆེན་ཨོ་རྒྱན་སྨིན་གྲོལ་གླིང་པའི་ཕྱག་བཞེས་ཇི་ལྟ་བར་རྒྱུན་འཛུག་གི་ཆོས་འཁོར་འགྲན་བྲལ་དུ་བསྐྲུན་པ་དང་། ཚེ་དཔག་ལྷ་དགུའི་སྒྲུབ་མཆོད་དངོས་གཙང་གི་རྒྱུན་བཙུགས་པ་སོགས་ཆོས་ཀྱི་མཛད་པ་རྒྱ་ཆེ་ཞིང་། ལྷག་པར་གཏེར་མཛོད་འདི་ཉིད་ལ་འགོ་ལུང་མཛད་མཁན་ཞིག་མེད་ན་འགྲུབ་ཐབས་དཀའ་བས། རྗེ་བཙུན་བླ་མ་ཉིད་ཀྱིས་གཉེར་ཆེན་ཞིག་འདིའི་འགོ་འཛིན་བསྐོས་ཐུབ་ལན་གཉིས་ཙམ་ཞུས་ཀྱང་བཀའ་ལན་གནང་མ་ཐུབ། ཕྱིས་སུ་དངོས་མཇལ་སྐབས་བསྐྱར་ཞུས་ཀྱི་ཚེ་འགོ་འཛིན་གཉེར་ཆེན་བསྐོ་རྒྱུའི་ཞལ་བཞེས་གནང་བས། ཕྱིས་གཉེར་ཆེན་པདྨ་ལེགས་གྲུབ་ལ་བཀའ་ཕེབས་པ་ཡིན་འདྲ། གཞན་ཡང་སྤར་ཤིང་ཇི་སྙེད་པའི་མཐུན་རྐྱེན། ལས་ཚན་བསྡུ་བཀོད་ལེགས་སྤེལ་ཉེས་གསུབ་སོགས་བཀའ་བཀོད་དང་བཀའ་ཤོག་སོགས་རྣམ་པ་ཀུན་ཏུ་བཀའ་དྲིན་བསྐྱངས་པ་ཡིན་ལ། པདྨ་ལེགས་གྲུབ་ནས་ལོ་བཞི་སོང་མཚམས་རྒྱལ་བློན་གྱི་བར་དུ་ཕྲ་མ་ཞུགས་པས་གཉེར་ཆེན་གཞན་ཡུལ་དུ་བགྲོད་པ་ན། གཏེར་མཛོད་ལུས་ཤོམ་གྱི་སྐབས་ནས་བཟུང་སྟེ་ལོ་གྲངས་གསུམ་ཙམ་ལ་ལས་ཚན་ལ་ཕོགས་ཆས་འབུད་ཤིང་བཅས་རྒྱལ་ཁབ་གཞུང་ནས་གནང་། དེ་མཚམས་རྗེ་མཁྱེན་བརྩེ་རིན་པོ་ཆེའི་བཀའ་དྲིན་གྱིས་ཕྲ་མ་བསལ་ནས་རྒྱལ་བློན་ཐུགས་ཡིད་གཅིག་འདྲེས་སྔར་ལྟར་གྱུར་ཀྱང་། གེགས་ཆག་ལྟ་བུས་གཉེར་ཆེན་བསྙུན་ཁམས་ཀྱིས་གྲོངས་པས་དེ་ནས་གཏེར་མཛོད་ལོ་གསུམ་ལ་ལུས་ཤིང་། དེ་རྗེས་སླར་ལོ་ལྔ་སྟེ་སྔ་ཕྱི་ལོ་བརྒྱད་ཙམ་ལ་ལས་ཚན་བྲིས་རྐོས་ལྔ་བཅུ་མན་ཉི་ཤུ་ཡན་ཅི་རིགས་ལ་ཕོགས་ཆས་རྒྱལ་ཁབ་གཞུང་ནས་གནང་སྟེ། ཟླ་བ་བཞི་ནས་དྲུག་གི་བར་ཅི་རིགས་ལ་བརྐོ་བའི་བདག་རྐྱེན་མཛད་པས་བསྟན་འགྲོ་ཡོངས་ལ་ཕན་པའི་ཕྲིན་ལས་བླ་ན་མེད་པ་ཡིན་ནོ། །གཉེར་ཆེན་པདྨ་ལེགས་གྲུབ་ནི། རྗེ་མཁྱེན་བརྩེ་རིན་པོ་ཆེས་སྡེ་དགེའི་རྒྱལ་ཁབ་ལ་ཆོས་རྒྱལ་དུ་མ་བྱོན་ཀྱང་ཆོས་བློན་པདྨ་ལེགས་གྲུབ་འདྲ་བ་སུ་ཡང་མ་བྱུང་། འདི་ངེས་པར་གཏེར་ལུང་ལ་ཡོད་དགོས་པ་དང་། འགོས་པདྨ་གུང་བཙན་གྱི་སྐྱེ་བ་ཡིན་དགོས་སོགས་ཡང་ཡང་གསུངས་པར་ཐོས་པ་དང་། ཐུགས་གཏད་ཕྱོགས་ལ་བླ་ཆེན་ཞིག་ལས་ཀྱང་ཐུགས་རྩིས་ཆེ་བར་འདུག་ཅིང་། གཞན་ཆོས་སྤྱན་ལྡན་པའི་བླ་མ་མང་པོས་ཀྱང་དེ་ལྟར་ཐུགས་གཏད་པར་འདུག་པས་སྐྱེས་བུ་དམ་པ་ཞིག་ཡིན་འདྲ་སྙམ་པ་ལས་ལུང་བསྟན་སོགས་མ་མཐོང་ཡང་། བློན་པོ་མགར་རྒྱ་ནག་ཏུ་ཕྱིན་པ་ལྟ་བུའི་བློ་འཕྲུལ་གྱིས་བདག་པོ་ཆོས་རྒྱལ་ཡུམ་སྲས་ཡིད་སྲུབས་ཀྱི་ལག་ནས་བླངས་པ་དང་། ཆོས་རྒྱལ་ཆེན་པོ་ཟླ་བ་སྒྲ་གཅན་གྱིས་ཟིན་པ་ལྟ་བུའི་ཚེ་ན་སྐྱབས་མེད་ཀྱི་མངའ་འབངས་རྣམས་ཀྱི་རེ་ལྟོས་ཡུལ་གཅིག་པུར་གྱུར་པ་སོགས་ཆོས་རྒྱལ་ཆེན་པོའི་ཞབས་འདེགས་ཕུལ་དུ་བྱུང་བ་ནི་ཡོངས་ལ་གྲགས་པ་འདི་ལྟར་ཟད་ལ། དེར་མ་ཟད་རིས་མེད་ཀྱི་དགོན་སྡེ་བྱམས་པས་སྐྱོང་བ། ཁྲོམ་རྡོ་ཁོར་དགོན་རྟེན་བརྟེན་པར་བཅས་པ་གསར་བཞེངས། རྗེ་མཁྱེན་བརྩེ་རིན་པོ་ཆེའི་དགོངས་བཞེད་གསེར་གདུང་མཐོང་གྲོལ་ཆེན་མོ་གསར་བཞེངས། ལྷ་འབྲང་དགོན་དུ་ཚེས་བཅུ་སོགས་འདི་རིགས་ཕལ་ཆེ་བའི་རྒྱུ་རྩ་རང་ཉིད་ནས་གཏོང་བ་དང་། རྗེ་བླ་མའི་བསྟན་བཅོས་ཤེས་བྱ་ཀུན་ཁྱབ་ཀྱི་འགྲེལ་པ་པོད་གསུམ་སྤར་དུ་བསྒྲུབས་པ་སོགས་ཆོས་སྤྱོད་ཀྱི་མཛད་པ་རྒྱ་ཆེ་ཞིང་། གཏེར་མཛོད་ཀྱི་འགན་བཞེས་དང་པོ་མིན་རྩིས་ཀྱང་ཕྱིས་སུ་གཉེར་ཆེན་ཉིད་ཀྱིས་འགན་དང་ལེན་ཡིན་ནམ་བདག་པོའི་བཀའ་ཕེབས་པ་དམིགས་བསལ་གང་ཡིན་མ་ངེས་པར་འགན་བཞེས་མཛད་ནས་ལོ་བཞིའི་ཚེ་ལ་གླ་ཆས་ཡོངས་རྫོགས་གནང་བར་མཛད་པ་ཡིན་ནོ། །དེ་ཡང་སྐབས་དེར་སྤར་རྐོས་ཤིན་ཏུ་ཉུང་བས་ཉི་ཤུ་ཡར་བརྒལ་མེད་པའི་གནས་སྐབས་ཡིན་ཀྱང་། གཉེར་ཆེན་འདིས་ཤེས་བྱ་ཀུན་ཁྱབ་པོད་གསུམ་སྤར་དུ་བསྒྲུབས་པས་སྤར་རྐོས་ལོ་རེ་བཞིན་ཇེ་མང་ལ་སོང་ནས་དེང་སང་ཉིས་བརྒྱ་ཙམ་གྱི་གྲངས་འདྲེན་པ་འདི་ནི་རིན་ཆེན་གཏེར་མཛོད་དང་གཉེར་ཆེན་འདི་ཉིད་ཀྱི་བཀའ་དྲིན་ཡིན་ཏེ་འོག་ཏུའང་ཅུང་ཟད་ཤེས་པར་འགྱུར་རོ། །གཉིས་པ་ཚུལ་ཇི་ལྟར་བསྒྲུབས་པ་ལ་གཉིས། སྒྲུབ་ཚུལ་དང་། སྒྲུབ་བྱེད་ཀྱི་ཞལ་འདེབས་བྱུང་ཚུལ་སྨྲོས་པའོ། །དང་པོ་ནི། རབ་བྱུང་བཅོ་ལྔ་པའི་ནང་གསེས་འཛིན་བྱེད་ཅེས་པ་མེ་ཕོ་བྱི་བའི་ལོ། སྨེ་ཕྲེང་དང་པོའི་བདུན་དམར་དབུས་ཞུགས་ཀྱི་ནག་པ་ཟླ་བ་ཙམ་ལ་དབུ་བཙུགས་ཏེ། སྤར་བརྐོ་གཞི་སྤར་ཤིང་ཀུ་སེ་ཕོ་བྲང་ནས་བསྡུ་འདྲེན་རིམ་སྦྱོར་ཐོག །ལས་ཚན་བྲི་རྐོས་ཕེར་ངེས་དྲུག་ཅུ་ཡར་བརྒལ་ཙམ་དང་སྦྱང་རྩོལ་བྱེད་མཁན་ཉི་ཤུ་ཙམ་ལའང་ཕོགས་ཆས་ཙམ་གནང་ནས་ཟླ་བ་དགུ་ཟད་ཀྱི་བར་དུ་བརྐོས། དགུན་ཁྱིམ་དུ་བརྐོ་རྒྱུ་ཡང་སྤར་རྐོས་རེ་ལ་ལྡེབ་བཅུ་སྐོར་རེ་དང་། བྲི་རྒྱུ་དེ་མཚུངས་བསྐུར། ཕྱི་མའི་གླང་ལོར་ཟླ་བ་གཉིས་པ་ནས་ལས་ཚན་བསྡུས་ཏེ་སྤར་བྲིས་ལས་ཕེར་ངེས་བདུན་ཅུ་དོན་ལྔ་དྲུག་ཙམ་དང་། སྦྱང་རྩོལ་མཁན་བཅས་བརྒྱད་ཅུ་ལྷག་ཙམ་གྱིས་ཟླ་བ་དགུ་པ་ཟད་ཀྱི་བར་བྲི་བརྐོ་བགྱིས་པ་ཁྱིམ་སྤར་བསྐུར་བ་སོགས་སྔར་བཞིན། སྟག་ལོ་ཟླ་བ་གཉིས་པ་ནས་བརྩམ་སྟེ་བྲིས་རྐོས་ཕེར་ངེས་བརྒྱད་ཅུ་ལྷག་ཙམ་དང་། སྦྱང་རྩོལ་མཁན་བཅས་བརྒྱར་ཉེ་བས་ཟླ་བ་དགུ་པ་ཟད་ཀྱི་བར་སྔར་བཞིན། ཡོས་ལོར་ཟླ་བ་གཉིས་པ་ནས་བྲིས་རྐོས་ཕེར་ངེས་བརྒྱ་ཙམ་དང་། སྦྱང་རྩོལ་མཁན་བཅས་ཐམས་ཅད་བསྡོམས་པས་བརྒྱ་ལྷག་ཙམ་གྱིས་དགུ་པ་ཟད་ཀྱི་བར་དུ་བརྐོས་པ་ཡིན་ལ། དེ་དག་གི་ཚེ་གླ་ཆས་ཇི་སོང་དང་སྦྱང་རྩོལ་མཁན་རྣམས་ལའང་གླ་ཆས་གནང་བས། དེ་ལྟར་ལོ་བཞིའི་ཚེ་ཕྱག་རྫས་ཇི་སོང་ཞིབ་རྩིས་ཆོག་པའི་ཡི་གེ་ད་ལན་འདིར་མེད་ཅིང་ཡི་གེ་མང་བས་ཀྱང་འཇིགས་པའི་ཕྱིར་མ་སྤྲོས་ལ། ཕྱོགས་མཚོན་ཙམ་ནི་དེ་སྐབས་སུ་ནས་མར་ལྷག་པར་དཀོན་པས་ཚོད་རྩིས་ལྟར་བྱས་ན་ཟླ་བ་རེའི་ཕོགས་ཚྭ་ཤིང་ཡན་ཆད་མི་རེ་ལ་བར་གྲ་བག་ལྔ་རེ་ཙམ་འགྲོ་ངེས་འདུག་པ་དང་། ཡོན་ཟླ་བ་དྲུག་རེའི་ཚེ་བྲིས་པ་བཟང་གྲས་ལ་འཁོར་དྲུག་བཅུ་གཉིས་བཅུ་གསུམ་རེ་ཙམ། འབྲིང་གྲས་ལ་འཁོར་དྲུག་བརྒྱད་དགུ་རེ། ཐ་མ་རྣམས་ལ་ལྔ་དྲུག་རེ་ཡན། སྤར་རྐོས་བཟང་གྲས་ལ་འཁོར་དྲུག་བརྒྱད་རེ་ཙམ། འབྲིང་གྲས་ལ་དྲུག་རེ། ཐ་མ་རྣམས་ལ་བཞི་རེའམ་ལྔ་རེ་ཙམ་བབས་འདུག་པས། དེ་ལྟར་དཔྱད་ན་ཕྱོགས་མཚོན་ཙམ་ཤེས་ནུས་སོ། །འབྲུག་ལོ་ནས་བརྩམ་སྟེ་སྤར་བྲིས་བཞི་བཅུ་ཙམ་ལ་ལོ་གསུམ་གྱི་བར་དུ་བདག་པོ་གཞུང་ནས་ཕོགས་ཆས་གནང་སྟེ་ཟླ་བ་ལྔ་རེ་ཙམ་དང་དྲུག་རེ་བཞི་རེ་ཅི་རིགས་ཀྱི་བར་དུ་བརྐོས་ཏེ། དེ་རྗེས་ལྷ་འབྲུམ་སོགས་ཀྱི་སྟབས་ལོ་ཤས་ལུས་ཤིང་། ཡང་ཁྱི་ལོ་ནས་བརྩམ་ལོ་ལྔའི་བར་དུ་སླར་ཡང་བདག་པོ་གཞུང་ནས་ཕོགས་ཆས་སོགས་སྔ་མ་ལྟར་གནང་སྟེ་ལས་ཚན་ཉི་ཤུ་ཡན་ནས་ལྔ་བཅུ་མན་གྱིས་ཟླ་བ་བཞི་ནས་དྲུག་གི་བར་ཅི་རིགས་ལ་བྲི་བརྐོ་བྱས་པ་གོང་དུ་ཡང་ཅུང་ཟད་སྨྲོས་པ་ལྟར་དང་། ཁྱིམ་སྤར་ཡང་ཉུང་ཤས་བསྐུར་བ་ཡིན་ཅིང་། དེ་དག་གི་སྐབས་སུ་གཞུང་རིན་པོ་ཆེའི་ཕྱག་རྫས་ཇི་སོང་ནི་གོང་དུ་སྨྲོས་པས་ཤེས་ནུས་ལ། གྲངས་སུ་བཏབ་ན་ལོ་རེ་ལའང་རྒྱ་ཆེན་པོ་འགྲོ་བར་མཐོང་སྟེ། མི་ལྔ་བཅུ་ལ་ཟླ་བཞིའི་ཕོགས་ཙམ་ལའང་ནས་ཁོ་ན་ཁལ་ཉིས་བརྒྱ། རྒྱུག་ཁྲ་ཞོ་གསུམ་རེ་གནང་བས་ཕྱེད་ཉིས་བརྒྱ་སྟེ་ཁལ་སུམ་བརྒྱ་དང་ལྔ་བཅུ་འགྲོ་བ་ཡིན་པས་དེས་མཚོན་ཏེ་ཤེས་པར་བྱའོ། །གཉིས་པ་སྒྲུབ་བྱེད་ཀྱི་ཞལ་འདེབས་བྱུང་ཚུལ་ནི། གོང་སྨྲོས་ལྟར་དཔལ་སྤུངས་དབོན་སྤྲུལ་རིན་པོ་ཆེ་བླ་གྲ་ནང་གཡེང་མ་བྱུང་ན་སྤར་ཚང་མའི་སྒྲུབ་རྟེན་འབུལ་རྩིས་མཛད་མོད། འོན་ཀྱང་གཞན་དབང་དུ་གྱུར་རུང་། སྐུ་བཞུགས་སྐབས་སྟོང་ཇ་གཅིག་དང་འཁོར་དྲུག་སུམ་བརྒྱ་ནོན་ངེས། ཞིང་གཤེགས་རྗེས་སྐུ་ཆས་གྲས་ནས་སྟོང་ཇ་ཕྱེད་གཉིས་ལྷག་ཙམ་བཅས་གཉེར་པདྨ་ལེགས་གྲུབ་ཕྱག་ཏུ་ཕུལ་བས་མ་རྩ་བྱས་ནས། སྐྱབས་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་མདུན་ནས་དངུལ་རྡེལ་ཚད་ལྔའི་བབ། དཔལ་ཡུལ་རྒྱ་སྤྲུལ་རིན་པོ་ཆེའི་མདུན་ནས་རྡེལ་ཚད་བཅུའི་བབ། ལྷ་འབྲང་སྤྲུལ་སྐུ་རྣམ་གཉིས་ནས་རྡེལ་ཚད་ལྔའི་བབ། རྫོགས་ཆེན་མཁན་པོ་དཀོན་མཆོག་འོད་ཟེར་ནས་དངུལ་སྲང་ཉེར་ལྔ། ལྕགས་ལ་མཁན་སྤྲུལ་ནས་བརྒྱད་པ་འཁོར་དྲུག་ལྔ་བཅུ་བཅས་པད་ལེགས་ཕྱག་ཏུ་ཕུལ། དེ་རྗེས་ཀཿཐོག་རྨོག་སྤྲུལ་རིན་པོ་ཆེས་རྡེལ་ཚད་གསུམ་གྱི་བབ། ཞེ་ཆེན་སྤྲུལ་སྐུ་རྣམ་གཉིས་ནས་རྡེལ་ཚད་གསུམ། གླིང་རྗེ་དྲུང་སྤྲུལ་སྐུའི་རྡེལ་ཚད་གསུམ། དཔལ་སྤུངས་པའི་ཆོས་རྗེ་བླ་མ་གསལ་བྱེད་ནས་དངུལ་སྲང་ཉེར་ལྔ། རྟ་གསུམ། བསྟན་པ་ཡོངས་རྫོགས་ཀྱི་སྦྱིན་བདག་ཨ་ཐུབ་ལ་དཀར་ཚང་ནས་ཇ་བརྒྱད་ལོག་འཁོར་དྲུག་བརྒྱ་ཐམ་པ། འབའ་སྤྲུལ་རིན་པོ་ཆེ་ཐུབ་བསྟན་ཆོས་དཔལ་རྒྱ་མཚོ་དང་རྡོར་སློབ་པདྨ་ནོར་བུ་བཅས་ཧོར་སྟོད་སྨད་ཞལ་འདེབས་འབུལ་སྡུད་མངགས་པའི་སོ་སོ་ནས་ཇ་འཁོར་དྲུག་བརྒྱ་རེ་ཙམ་དང་། གཞན་ཡང་དངོས་པོ་ཕྲ་མོ་ཅི་རིགས་བྱུང་བ་རྣམས་ལས་གོང་གསལ་ཕལ་ཆེར་དམར་ཟོང་འདྲེས་མ་རྟ་ཁལ་སོགས་ཅི་རིགས་འདུག་ཀྱང་། ཀཿཐོག་དང་ཞེ་ཆེན་པ་བླ་མ་གསལ་བྱེད་སྐོར་ནས་གཉེར་ཆེན་བཀྲ་ཤིས་དགེ་ལེགས་ཕྱག་ཏུ་ཕུལ་ནས་ལས་ཚན་ལ་སྤྲད། གླིང་རྗེ་དྲུང་དང་འབའ་སྤྲུལ་སྐོར་གྱི་རྗེ་བླ་མའི་ཕྱག་ཏུ་ཕུལ་ནས་གནང་བ་ལྟར་སོ་སོར་བཀའ་འཛིན་ལྟར་ར་སྤྲད་ནས་བྱིན། ལ་དཀར་ཚང་གི་ཇ་ལོག་འཁོར་དྲུག་བརྒྱ་ཐམ་པ་ཕག་ལོ་བྱི་ལོ་གཉིས་ཀྱི་ཡོན་ཐོབ་བརྩིས་ནས་བདག་གིས་སྤྲད་པ་སྟེ། དེ་ལྟར་དངོས་པོ་ཐམས་ཅད་དགེ་རྩར་སྨིན་ངེས་སུ་ཕྱོགས་ཐམས་ཅད་ནས་སོང་བ་ཡིན་ནོ།། ༈ །།ལྕགས་སྟག་ལོར་ཞུ་ཆེན་ལྷག་བསམ་རྒྱལ་མཚན་བོད་དུ་རྒྱལ་དབང་ཀརྨ་པའི་ཞབས་འདེགས་སུ་བྱོན་དགོས་བྱུང་སོང་བའི་རྗེས་ཤིང་རྟའི་བར་གྱི་དབྱར་ངོ་གསུམ་ཙམ་ལ་སྤར་གྱི་འཕྲོས་རྣམས་སྔ་རྒྱུན་ལྟར་བརྐོས་སྐབས། རྫོགས་ཆེན་མཆོག་སྤྲུལ་རིན་པོ་ཆེའི་མདུན་ནས་དམར་ཟོང་རྡེལ་ཚད་ལྔ། ངེད་རང་གིས་ཇ་དངུལ་རྡེལ་ཚད་བཅུ། ཟོང་རྩ་རྡེལ་ཚད་བདུན་བཅས་སྔ་མ་རྣམས་ཀྱི་འགྲིགས་ལྟར། རྗེས་མ་རྣམས་ཞུ་དག་འཕྲོ་སྐྱོང་མཁས་དབང་བླ་མ་བཀྲ་འཕེལ་དང་ཀརྨ་ཚེ་དཔལ་གཉིས། སྤར་འདིའི་ཐོག་མཐའ་ཀུན་གྱི་དོ་དམ་པ་དགེ་བ་ལ་ཡིད་གཞུངས་པ་དབང་ཕྱུག་རྣམས་ཀྱི་ལག་བརྒྱུད་ལས་ཚན་སོ་སོ་ལ་སྤྲད་ནས་མཐར་དབྱུང་བ་ཡིན་ཅེས་གུ་ཎ་པས་སོ།། ༈ །།རྣམ་དཀར་སྒོ་ཆེན་ཐོག་མར་དབྱེ་བའི་དབུ་ཚུགས་སྐབས་གཉེར་ཆེན་པདྨ་ལེགས་གྲུབ་ཀྱིས་ཞུ་རྟེན་དང་བཅས་ས་སྐྱོང་ཆོས་ཀྱི་རྒྱལ་པོའི་མདུན་དུ་སྙན་སྒྲོན་ཕུལ་བ་བཞིན། བྲིས་རྐོས་ལས་ཚན་རྣམས་ལ་རང་གཞིས་སུ་རྐང་འགྲོའི་ཁྲལ་རིགས་ཆེ་ཕྲ་ཆག་ཡངས་ཀྱི་བདག་རྐྱེན་བྱུང་བར་རྒྱུ་འབྲས་ལ་རྨོངས་པའི་གཏི་མུག་ཅན་རྣམས་ཀྱིས་ཟུར་ཟ་ཆེ་ཡང་དགེ་རྩའི་རྒྱབ་སྐྱོར་ཐོག །རྟེན་བཞེངས་མཐར་ཕྱིན་གྱི་ཉེར་ལེན་དུ་སོང་བ་ཞར་བྱུང་གི་འཕྲོས་དོན་ནོ།། །།གསུམ་པ་ཞུ་དག་བྱས་ཚུལ་མདོ་ཙམ་བརྗོད་པ་ནི། འདི་ལྟ་བུའི་ཆོས་མཛོད་ཟབ་ཅིང་རྒྱ་ཆེ་བ་དཔྱད་པ་གསུམ་གྱིས་དག་པར་གཏན་ལ་འབེབ་ནུས་པ་ནི་རྗེ་བླ་མ་རྣམ་གཉིས་ཉིད་མ་གཏོགས་གཞན་གཏན་ནས་མི་སྲིད་པ་ཡིན་པས། རྒྱུ་མཚན་དེས་ན་གཉེར་མཛོད་ཚེ་རིང་དོན་གྲུབ་དཔལ་སྤུངས་པའི་འཁྲུན་གཅོད་ལ་བྱོན་སྐབས་འདིའི་ཞུ་དག་གི་ཁུར་ལེན་བདག་ལ་དགོས་ཚུལ་བཀའ་ནན་ཕེབས་ཀྱང་། བདག་བསྟན་པ་རིན་པོ་ཆེར་མཐའ་གཅིག་ཏུ་གུས་ཤིང་བླ་མའི་ཞབས་འདེགས་སུ་འགྱུར་ན་རེ་བ་དེ་བས་ཆེ་བྱར་མེད་པར་ཤེས་ཀྱང་། བདག་ཉིད་བློ་གྲོས་ཀྱི་མིག་བུ་ཕྲ་ཞིང་། ཁྱད་པར་ཟབ་ཅིང་རྒྱས་ལ་བཀའ་ཆེས་གཉན་པ་འདི་ལྟ་བུ་བདག་གི་ཡུལ་མ་ཡིན་པས་དང་། ལས་སུ་བྱ་བ་རྒྱ་ཆེ་བས་མཐར་ཕྱིན་པར་དཀའ་བ་དང་། ལས་ཚན་ལ་སོགས་པ་སྐྱེ་བོ་མང་པོ་འདུས་པ་དུས་ཡུན་རིང་པོར་ཆེས་མཐུན་པར་དཀའ་བ་ལ་སོགས་པའི་རྒྱུ་ལ་བསམས་ནས་བཀའ་དང་དུ་ལེན་པར་མ་ནུས་ཤིང་། དེ་རྗེས་གཉེར་ཆེན་པདྨ་ལེགས་གྲུབ་པས་ཤེས་བྱ་ཀུན་ཁྱབ་པོད་གསུམ་སྤར་དུ་གྲུབ་སྐབས་བླ་མ་འཇམ་དབྱངས་ཡོན་ཏན་སོགས་མཁས་པ་མང་པོ་ལ་ཞུ་རྟེན་གྱི་མེ་ཏོག་རྒྱ་ཆེ་བ་བཅས་འདི་ཞུ་དག་རོགས་ཞུས་པ་ཡིན་ཀྱང་དོན་བཞིན་སྨིན་པ་མ་བྱུང་། ད་ཆ་ཁྱོད་ཀྱི་བླ་མའི་བསྟན་བཅོས་ཡིན་བཞིན་ཁྱོད་ནས་ཞུ་དག་སོགས་ཅི་ནས་གལ་ཆེ། དེ་ལྟ་མིན་ན་སྤར་གྲུབ་ཀྱང་གདབ་མི་ལོ་བས་ཤིང་བརྩེགས་ཀྱི་ཕུང་པོ་འདི་ལྟར་བསྐྱུར་བ་ལས་ད་ནི་ཞུ་དག་བྱེད་མཁན་མི་རྙེད་ངོ་མ་རེད་ཚུལ་སོགས་ཐུགས་ཡིད་མུག་པའི་ཚུལ་བཅས་བཀའ་ཕེབས་པ། པོད་གསུམ་ཁོ་ན་ཡིན་སྟབས་ཅུང་དྲགས་བསམས་ནས་དམ་པའི་བཀའ་གཅོག་པར་མ་ནུས་ཏེ་དགུན་ངོས་ལ་ཞུ་དག་བྱེད་མདོག་བྱས། དེ་སྐབས་གཉེར་ཆེན་རང་གཏེར་མཛོད་ཀྱི་འགན་བཞེས་ཡིན་རྩིས་ཀྱི་དུས་ཡིན་ཀྱང་། ལྷུན་གྲུབ་སྟེང་ནས་ཕྲན་ཚུར་འོང་ཁར་གཉེར་ཆེན་པའི་གསུང་ལས། ངས་རིན་ཆེན་གཏེར་མཛོད་ལ་འབྲེལ་འཇོག་ཙམ་བྱུང་ན་པོད་གཉིས། མ་བྱུང་ཡང་པོད་གཅིག་ངེས་པར་བརྐོ་རྒྱུ་ཡིན་པས་དེ་ཙམ་གྱི་ཞུ་དག་ད་དུང་ཡང་མ་འཆུགས་དགོས་གསུངས་པ། ཞུ་དག་ཟེར་བ་འདི་སུས་ཀྱང་མི་ཐོན་ངོ་མ་ཡིན་ཚུལ་སོགས་རྒྱུ་མཚན་མང་དུ་ཞུས་ཀྱང་ཡང་ནན་མཐར་པོད་གཅིག་ཙམ་ཨི་ཐོན་ལྟ་ཚུལ་ཞུས། དེ་རྗེས་ཕྱི་ལོ་གཏེར་མཛོད་ཀྱི་འགན་ལེན་ལ་ཆེན་པོ་རྣམས་ཀྱིས་ཕར་འཕེན་ཚུར་འཕེན་ཅི་རིགས་བྱས་ཚོད་མཐར་གཉེར་ཆེན་རང་ནས་འགན་བཞེས་རྒྱུ་དང་ལས་གྲ་ཚོགས་རྒྱུ་རེད་འདུག་སྐབས། བཀྲ་ཤིས་གནས་ནང་དུ་དད་འབྱོར་ལྡན་པ་རྒ་རྗེ་གྲོ་རྡོག་ནས་ཡོན་བདག་བྱས་ཏེ་རྗེ་བླ་མ་དབུ་བཞུགས་ཀྱིས་བཀའ་བརྒྱད་སྨན་སྒྲུབ་བཙུགས་པའི་དབང་གི་སྐབས་སུ། གཉེར་ཆེན་ཡང་བྱོན་པ་མཆོད་ཡོན་དགོངས་མཐུན་གྱིས་ཞུ་དག་དགོས་ཚུལ་ཕྲན་ལ་བཀའ་ཕེབས་པ་ན་དགོངས་པ་ཚོམ་དོགས་ཀྱིས་ཞུ་བ་ཕུལ་མ་སྤོབས་པར་དང་ལེན་ཞུས། དེ་ལོ་ནས་བརྩམ་སྟེ་སྔ་ཕྱི་ལོ་བཅུ་གཅིག་གི་རིང་ལ་ཅི་ཤེས་གང་ཤེས་ཞུ་དག་བྱས་ཁུལ་དང་། སྔ་ཆར་མེ་བྱི་ལོར་རང་གི་སྤུན་ཟླ་ཀརྨ་ཚེ་དཔལ་ནས་ཞུ་དག་མགོ་བཟུང་དབྱར་ངོ་གཅིག་ཙམ་ཐོག་གཞན་རྐྱེན་གྱིས་བཤོལ། ལོ་རྗེས་མར་ཟླ་ངོ་གསུམ་ཙམ་གྱི་བར་སྐྱབས་ཆེ་བསོད་ཆོས་སྤྲུལ་སྐུ་ཡོད་ཀྱང་། ཕྱིས་སུ་འདོན་མཁན་གཅིག་མ་གཏོགས་གཞན་གྲོགས་དན་སུ་ཡང་མེད་པར་བདག་ཁོ་ནས་ཅི་རིག་ཅི་ཤེས་བལྟས་པ་ཡིན་པས་མ་རིག་པ་དང་མ་ཤེས་པ་སོགས་རྒྱ་ཆེན་པོ་ཡོད་པ་གཞིར་བཅས། བཀའ་འགྱུར་དང་བསྟན་འགྱུར་རིན་པོ་ཆེ་རྣམས་ཞུ་ཆེ་ཆུང་དཔོན་གཡོག་ཉི་ཤུ་རེ་ཙམ་གྱིས་ཞུ་དག་བྱས་པ་ཡིན་འདུག་ཀྱང་ད་དུང་མ་དག་པ་ཡོད་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་བྱས་ལོ་ཙམ་དང་འདི་ཙམ་མ་དག་ཀྱང་སླ་སྙམ་པ་ལྟ་བུའི་ཆོག་བཟོད་མ་བྱས་པར་ཤེས་ནུས་ཀྱི་རྩལ་ཅི་ཙམ་ཡོད་པ་དེ་ཙམ་དུ་འབད་པ་བརྒྱ་ཕྲག་དུ་མས་བརྩོན་པར་བྱས་པ་ཡིན་ཅིང་། དེ་ཡང་མ་དཔེ་ཕལ་མོ་ཆེ་ལའང་དོན་གྱི་གནད་བཅོས་སུ་མི་སྤོབས་ཀྱང་ཚིག་མ་བཅོས་ཐབས་མེད་མང་པོ་སྣང་བ་རྣམས་ནི་བཅོས་པ་དང་། མ་དཔེའི་སྟེང་དུ་ཆད་ལྷག་ཀྱང་ཤིན་ཏུ་མང་བས་ལྷག་པ་ཅུང་ཤེས་སླ་ཡང་ཆད་པ་ཤིན་ཏུ་ངེས་དཀའ་ཞིང་དཔེ་གཞན་བསྡུར་གཞིའང་མ་རྙེད་པ་དང་། རྙེད་ཀྱང་དཔེ་རྙིང་ཕལ་ཆེར་འདྲ་མིན་མང་བས་རྣམ་དག་གང་ཡིན་དཔྱད་དཀའ་བ་དང་། སྔགས་ཡིག་ལ་སོགས་པའི་མན་ངག་གི་སྐོར་ཕལ་ཆེར་གབ་དཀྲུགས་དང་། ཕལ་ཆེར་གྲོང་སྔགས་པ་རྣམས་ཀྱི་ལག་ཁྱེར་དུ་སོང་བས་ཉམས་ཀྱང་གནད་ཇི་བཞིན་འབྱེད་དཀའ་བ་རྣམས་ནི་ཤིན་ཏུ་ངེས་པར་དཀའ་བས་རྗེ་བླ་མར་བཀའ་འདྲི་ཞུས་པ་སོགས་ཀྱི་སྒོ་ནས་ཤེས་པ་རྣམས་བཅོས། གཏན་ནས་མ་ཤེས་པ་རྣམས་རང་སར་གཞག་པ་ལས་བྱ་ཐབས་བྲལ་བ་དང་། ཕྱིས་ཀྱི་གཏེར་གསར་སྐོར་ལའང་གཏེར་ཆེན་རང་རང་གི་སྤྱན་ལམ་དུ་སོང་བ་རྣམས་ནི་དག་པ་ཡིན་འདྲ་རུང་། དཔེ་བཅད་ནས་བྲིས་པའི་སྐོར་ཕལ་ཆེ་བ་ནི་བུ་དཔེ་ཚར་རེ་བྲིས་པ་ལའང་སྐྱོན་ཆེན་པོ་བྱུང་འདུག་པ་དེ་རིགས་ཤེས་ངེས་རྣམས་འཆོས། གཞན་སྔ་འགྱུར་རང་ལུགས་ཀྱི་བརྡ་ཆད་དང་སྔགས་སོགས་རྟོག་གེས་བཟོ་བཅོས་མི་རུང་བས་རང་སར་བཞག་སྟེ། སྤར་གཞི་བྲིས་ཟིན་པའི་ཚེ་དཔེ་བསྡུར་ཞིབ་ཆ་བྱས་ནས་འཆོས་རྟགས་ཕོག་རིགས་བྲིས་པ་ལ་བཅོས་རྒྱུ་གཏད་ནས་བཅོས་ཚར་ཚེ་བཅོས་ནོར་སོགས་བྱས་སམ་མ་བྱས་ཞིབ་ཏུ་བལྟས། བརྐོས་ཟིན་པ་ལ་དཔེ་བསྡུར་ཞིབ་ཆ་ཚར་རེ་དང་། དེ་རྗེས་འཆོས་ནོར་བྱས་པ་དང་སྔར་མ་མཐོང་བ་རྣམས་ལ་ཞིབ་དཔྱད་ཀྱིས་ཚར་གཉིས་རེ་སྟེ་ཚར་གསུམ་རེ་ཞུ་དག་བྱས་པ་ཡིན་ལ། གཞན་ཡང་སྤར་གཞི་སྐབས་འབྲུ་ཆེ་ཆུང་དང་བཟང་ངན། སྤར་རྐོས་རྣམས་ཀྱི་ལས་ཀ་གྲུལ་ཐུབ་མ་ཐུབ་དབྱེ་འབྱེད་བསྒོ་སྦྱང་སོགས་མདོར་ན་ཆུ་ཁའི་མཉན་པ་གྲུ་སྒྲོལ་བ་བཞིན་འབད་རྩོལ་དྲག་པོ་བྱས་པ་ཡིན་ནོ། །དེ་ལྟར་འབད་པས་སྒྲུབ་པའི་ཚེ་ཀུན་ཏུ་ལས་ཚན་ལ་འཆི་བ་སོགས་ཀྱི་མཚོན་ཏེ་གློ་བུར་དྲག་པོ་མ་བྱུང་ན་ཡང་། ཤེར་ཕྱིན་སྡུད་པར། རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བའང་མང་། །ཞེས་དང་། ཆོས་ཇི་ཙམ་ཟབ་པ་དེ་ཙམ་དུ་བདུད་ཀྱི་བར་ཆད་ཀྱང་འཇུག་པར་ལུང་རྣམས་ནས་གསུངས་པ་བཞིན། ལེགས་བྱས་ཀྱི་འཕྲོ་ལུས་པར་ཉེ་བ་ལན་གྲངས་བྱུང་ཡང་རྗེ་བཙུན་བླ་མ་མཁྱེན་བརྩེ་ནུས་པའི་བདག་ཉིད་ཅན་རྣམ་པ་གཉིས་ཀྱི་བཀའ་དྲིན་གྱིས་བར་ཆད་ཀྱིས་མ་ཚུགས་པར་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཡིན་ནོ། །སྐབས་འདིར་དེ་ལྟར་སྤར་དུ་བསྒྲུབས་པའི་ཕན་ཡོན་འཆད་པར་རིགས་མོད་ཀྱི། བཀའ་འགྱུར་དང་བསྟན་འགྱུར་རྙིང་རྒྱུད་ལ་སོགས་པའི་དཀར་ཆག་རྣམས་སུ་གསལ་བས་འདིར་ཡི་གེ་མང་གིས་དོགས་ནས་མ་བྲིས་ལ། ཁྱད་པར་གསང་སྔགས་ནང་རྒྱུད་སྡེ་གསུམ་ནི་ཆོས་གཞན་ལས་ཕན་ཡོན་དང་བྱིན་རླབས་ཆེ་བར་ལུང་ལས་འབྱུང་ཞིང་རིགས་པས་གྲུབ་པ་སྟེ། ཐེག་པ་ཐམས་ཅད་ཀྱི་བླ་ན་མེད་པ་ཡིན་པའི་ཕྱིར་རོ། །གཞན་ཡང་ཟབ་མོའི་གཏེར་ཁ་སོ་སོའི་གཞུང་པོད་རྣམས་སུ་གླེགས་བམ་བཞུགས་པའི་ས་ཕྱོགས་དེར་ནད་མུག་དང་དུས་ཀྱི་འཁྲུག་རྩོད་ཞི་ཞིང་། ཆར་ཆུ་དུས་སུ་འབེབ། མི་ནད་དང་ཕྱུགས་ནད་རྒྱུན་ཆད། ལོ་ཕྱུགས་རྟག་ཏུ་ལེགས། རིག་འཛིན་བླ་མ་རྣམས་ཀྱིས་བྱིན་གྱིས་རློབ། ཡི་དམ་ལྷ་ཚོགས་ཀྱིས་དངོས་གྲུབ་སྟེར། དཔའ་བོ་མཁའ་འགྲོ་སྤྲིན་ལྟར་འདུ། ཆོས་སྐྱོང་སྲུང་མས་རྟག་ཏུ་སྲུང་ཞིང་སྐྱོབ་པ་སོགས་རྒྱ་ཆེར་འབྱུང་ཡང་འདིར་མཐའ་གཅིག་ཏུ་བསྡུ་མི་ནུས་པས་གཏེར་གཞུང་རྡོ་རྗེའི་གསུང་རྣམས་ལས་ངེས་པར་བྱ་བའོ།། །།དུང་དང་པད་རྩ་ཟླ་བའི་རྗེས་འགྲོ་ལེགས་བྱས་འོ་མའི་ཆུ་གཏེར་གཡོ་བ་གང་། །གཞི་སྣང་གདོད་མའི་མགོན་པོའི་དགོངས་ཀློང་རྒྱ་མཚོ་ཆེན་པོར་རོ་གཅིག་འདྲེས་པ་ལས། །འཁྲུལ་པ་གཞི་ལ་དག་པ་རང་རིག་འོད་གསལ་བདེ་ཆེན་རྡོ་རྗེའི་གར་མཆོག་གིས། །དུས་གསུམ་དག་གིས་སྐྱེ་ཞིང་སྡུད་པའི་འགྲོ་ཀུན་དུས་མེད་དབྱིངས་སུ་རྩེན་གྱུར་ཅིག །འདིར་འབད་དགེ་ཚོགས་མཐའ་དག་ཅི་མཆིས་པས། །རྗེ་བཙུན་རྣམ་གཉིས་ཞབས་པད་བསྐལ་བརྒྱར་བརྟན། །འོད་གསལ་རྡོ་རྗེ་ཐེག་པའི་ཆོས་འཁོར་བསྐོར། །བདག་སོགས་ཆོས་མཐུན་བསམ་པ་ལྷུན་གྲུབ་ཤོག །ཅེས་པའི་ཚུལ་ཤིན་ཏུ་ཉུང་ངུར་བསྡུས་པ་འདི་ནི་བདག་ཅག་གི་མགོན་གཅིག་རྗེ་བླ་མ་༧ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་མདོར་བསྡུས་འདི་ལྟ་བུ་ཞིག་བྲིས་ཞེས་བཀའ་བསྩལ་གྱི་ཅོད་པན་སྤྱི་བོར་གནང་བ་གུས་པས་མཆོད་དེ། མགོན་པོ་གང་གི་བཀའ་འབངས་པ་ལྷག་བསམ་བསྟན་པའི་རྒྱལ་མཚན་ནམ་ཀརྨ་སྨོན་ལམ་འོད་ཟེར་གྱིས་རྫོང་གསར་བཀྲ་ཤིས་ལྷ་རྩེར་སྦྱར་པ་དགེ་ལེགས་འཕེལ།། ༈ །།ན་མོ་གུ་རུ་པདྨ་པྲ་བྷ་སྭ་ར་སཱུ་ཏྲ་མནྟྲ་དྭཱི་པ་ཡ། ཁྱད་ཆོས་དྲུག་ལྡན་གདོད་མའི་མགོན་པོ་རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །གཅིག་དང་དུ་མ་ལས་འདས་ངང་ནས་ཞི་ཁྲོ་རབ་འབྱམས་སྤྲིན་ཕུང་འཕྲོ། །དུས་གསུམ་དུས་མེད་མཉམ་བརྡལ་ཆེན་པོར་སྲིད་ཞི་མཉམ་པ་ཉིད་གཟིགས་པ། །འགྲོ་ཁམས་གློ་བུར་དྲི་མ་འཁྲུད་མཁས་ལྷག་པའི་ལྷ་དེས་དགེ་ལེགས་སྩོལ། ༡ །ཀུན་ཏུ་བཟང་པོའི་སོར་རྟོག་ཡེ་ཤེས་དཔག་མེད་བདེ་ལྡན་ཞིང་གི་མགོན། །ཐུགས་རྗེའི་རང་གཟུགས་ཧྲཱིཿཡིག་གང་ཆེན་མཚོ་སྤྲིན་ཆོས་དབྱིངས་མཐར་གཡོས་པ། །རང་བྱུང་མཚོ་ལས་སྐྱེས་པའི་རྡོ་རྗེར་རྣམ་པར་འཕྲུལ་པའི་གྲགས་སྙན་ཕུལ། །ཞིང་ཁམས་རྒྱ་མཚོའི་མུ་ཁྱུད་རྣམས་སུ་སྲས་བཅས་རྒྱལ་བས་ངོ་མཚར་གླེང་། ༢ །སྟོན་པ་ཉིད་ལས་མི་གཞན་ཆོ་འཕྲུལ་རྒྱལ་རྣམས་དགོངས་ཀློང་གཅིག་ཉིད་ལས། །ལོངས་སྤྱོད་ཡོངས་རྫོགས་བཞིན་གྱི་སྣོད་དུ་བརྡ་ཐབས་རྣམ་པ་ཐམས་ཅད་དངོས། །རིག་འཛིན་རྩལ་འཆང་སྙན་དུ་བརྒྱུད་བཅས་ཐེག་མཆོག་སེང་གེའི་ང་རོ་ཡིས། །འཇིག་རྟེན་ཇི་སྙེད་ཁོར་ཡུག་ཁྱབ་པ་རྟག་པ་རྒྱུན་གྱི་རང་བཞིན་ཉིད། ༣ །སྟོན་པ་རྡོ་རྗེ་ཆོས་ཀྱི་ཚུལ་བཟུང་གསང་ཆེན་བཀའ་བསྡུའི་ཕྲིན་ལས་དབྱིག །འཇིག་རྟེན་གསུམ་དུ་འདྲེན་པའི་ཤིང་རྟ་ཟུང་འཇུག་གྲུབ་པ་རྣམ་མང་གིས། །མི་མཇེད་ཞིང་དུ་སྣང་བར་མཛད་མོད་དབུས་འགྱུར་འཆང་བ་བསིལ་ལྡན་ཁྲོད། །སྐལ་བཟང་གདུལ་བྱའི་གསོས་སུ་བབས་འདི་རྒྱལ་དབང་མཚོ་སྐྱེས་བླ་མའི་དྲིན། ༤ ཁྱད་པར་རྒྱལ་བ་ཡོངས་ཀྱི་ཐུགས་བཅུད་རྒྱུད་དང་སྒྲུབ་སྡེའི་མན་ངག་གིས། །སྐལ་ལྡན་རྗེ་འབངས་སྨིན་པར་མཛད་ནས་མ་འོངས་གདུལ་བྱའི་དོན་ཆེན་ཕྱིར། །ཟབ་གཏེར་སྒོ་འཕར་བྱེ་བ་ཕྲག་བརྒྱས་ནོར་འཛིན་ཁྱོན་ཀུན་གཏམས་ལ་སོགས། །བསམ་གྱིས་མི་ཁྱབ་རྫུ་འཕྲུལ་མཐུ་ཡིས་གདོད་མའི་གསེང་ལམ་ཅི་བདེར་བཏོད། ༥ །དུས་བབས་སྤྲུལ་པའི་གཏེར་འབྱིན་དུ་མས་རླབས་ཆེན་འགྲོ་དོན་སྤེལ་བ་ནས། །མཆོག་ཐུན་དོན་གཉེར་རྣལ་འབྱོར་བགྲང་ཡས་སློབ་དང་མི་སློབ་ཟུང་འཇུག་གི། །རྒྱལ་ཁབ་མཐོན་པོར་གཤེགས་པའི་ལམ་བཟང་སླར་ཡང་གཅིག་ཏུ་སྤུངས་པའི་མཛོད། །པདྨའི་ཞལ་སྐྱིན་ཟུང་གིས་བགྲོས་འདི་དུས་གསུམ་འབྱོན་སྲིད་མ་ལགས་གྲང་། ༦ །འཕོ་ཆེན་འཇའ་ལུས་རྡོ་རྗེའི་སྐུ་ཅན་པདྨ་འབྱུང་གནས་དྲི་མེད་བཤེས། །ཚངས་པ་ལྷ་ཡི་མེ་ཏོག་དངོས་བྱོན་སྙིགས་དུས་གདུལ་བྱའི་མགོན་གཅིག་པུ། །བཀའ་བབས་མཛོད་ཆེན་བདུན་གྱི་མངའ་བདག་པདྨ་འོད་གསལ་མདོ་སྔགས་གླིང་། །སྤྲུལ་པའི་གཏེར་སྟོན་གྲུབ་ཐོབ་རྒྱ་མཚོའི་འཁོར་ལོས་སྒྱུར་བ་ཉིད་དུ་གྲུབ། ༧ །སྟོན་པ་རྒྱལ་བ་ཉི་མའི་གཉེན་གྱི་ཚངས་དབྱངས་ལུང་གིས་བསྔགས་པའི་ཡུལ། །མཚོ་སྐྱེས་ཀུན་ཏུ་འཆང་བ་ཆེན་པོས་དགོངས་སྤྱོད་མཉམ་པར་ཞལ་འཆེས་པ། །རྣམ་སྣང་ལོ་ཙཱ་བློ་གྲོས་མཐའ་ཡས་འཆི་མེད་བསྟན་གཉིས་གླིང་པ་རྗེ། །གསང་བའི་བདག་པོའི་གསང་བ་འཛིན་ལ་འགྲན་ཟླ་སྤངས་པའི་རྣམ་ཐར་འཆང་། ༨ །རིགས་གསུམ་སྤྲུལ་པའི་སེམས་དཔའ་གསུམ་གྱི་རྣམ་རོལ་མཆེད་པོར་ཡོངས་གྲུབ་པས། །སྐྱེས་རབས་ཕྲེང་བས་གཏེར་གྱི་སྒོ་འབྱེད་གཞན་ལས་མཆོག་ཏུ་གྱུར་པའི་གླིང་། །མཚན་སྙན་གྲགས་པ་དོན་དང་ལྡན་ཕྱིར་ཆོས་ཀྱི་རྒྱལ་པོ་རྣམ་གསུམ་གྱི། །ངང་ཚུལ་འདི་མཚུངས་སྔོན་ཆད་བྱོན་ནམ་དཔྱོད་ལྡན་དག་གིས་བསམ་པར་རིགས། ༩ །བསྐྱེད་རྫོགས་རྫོགས་ཆེན་གྲུབ་མཐའ་སྙོགས་རྣམས་རྡོ་རྗེའི་གསུང་གི་གསང་བ་ཆེ། །ཤིན་ཏུ་ཟབ་འདྲིལ་བཅུད་ཀྱི་ཡང་སྙིང་རིག་འཛིན་རྣམ་བཞིའི་ཉེ་ལམ་ཕུལ། །གཞན་དོན་ཕྲིན་ལས་རབ་འབྱམས་སྒོ་བརྒྱ་གསལ་བར་ཕྱེས་པའི་ཁྱད་པར་ཅན། །འདི་ལ་བརྟེན་ནས་མཆོག་ཐུན་དངོས་རྣམས་ལག་རྩེར་ལེན་པའི་སླད་དུ་སྤྱོན། ༡༠ །སྟོན་དང་བསྟན་པའི་ངོ་མཚར་ཕུང་པོ་རྡོ་རྗེའི་རི་དབང་བྱེ་བའི་ལྗིད། །བསིལ་ལྡན་ནོར་འཛིན་ཕང་པར་བཀོད་པས་བཟོད་པར་དཀའ་བའི་ཁུར་འཛིན་རྣམས། །མཐོང་ཐོས་དྲན་རེག་བཟང་ངན་བར་བཅས་འབྲེལ་ཚད་དོན་ལྡན་ཁོ་ནའི་ཕྱིར། །ཅི་ནས་ངལ་བའི་འཁུན་བུ་འདོན་རྣམས་བག་ཕེབས་མལ་དུ་ངལ་སོས་ཤིག ༡༡ །སྲིད་པའི་སྡུག་བསྔལ་བཟོད་དཀའི་ཚུལ་མཐོང་འཁོར་འགྲོའི་གནས་ལས་ཡིད་བྱུང་ཞིང་། །ཞི་བདེའི་མུན་པར་མགོ་བོ་འཐུམས་ལྡན་དེ་དེའི་སྐྱོན་རྣམས་ཤེས་ནས་ཀྱང་། །གྲངས་མེད་བསྐལ་པའི་བསྒུགས་ཡུན་མི་འཁྱོངས་ཐབས་ཆེན་གསང་མཆོག་འཕུར་འགྲོའི་ལམ། །ཚེ་ལུས་གཅིག་གིས་མཐར་དབྱུང་འདོད་རྣམས་འདོད་འབྱུང་གཏེར་ལ་ད་སྤྱོད་ཅིག ༡༢ །རྒྱ་ཆེ་རབ་ཟབ་གཏེར་གྱི་ཆོས། །རྒྱལ་དབང་པདྨའི་ཐུགས་བཅུད་ཕུལ། །ཆོས་སྦྱིན་ཕྱི་མོའི་འཕྲུལ་ཆེན་དབྱིག །སྔ་ན་མེད་པའི་རྨད་ཅིག་འདི། ༡༣ །རབ་དཀར་སྟོན་ཟླའི་ལང་ཚོས་མི་བསྒྲུན་ཚངས་དང་བརྒྱ་བྱིན་དཔལ་གྱིས་མིན། ཁྱབ་འཇུག་གོམ་གསུམ་གནོན་གྱིས་མ་ཡིན་ཡོངས་འདུ་རྐང་འཐུང་དབང་པོས་མིན། །བུམ་པ་བཟང་པོའི་ནང་ནས་མི་འབྱུང་སྐལ་བཟང་ཡོངས་ཀྱི་སྤྱི་ནོར་འདི། །མིག་འཕྲུལ་ཚུལ་གྱིས་རྡོ་རྗེར་འགྲོ་བ་མཆོག་ཐུན་དགོས་འདོད་འཇོ་བའི་ཕུལ། ༡༤ །ཕུལ་བྱུང་ཐུགས་བསྐྱེད་བཟང་པོས་ཉེར་དྲངས་དངོས་རྫས་གྱ་ནོམ་སྦྱོར་མཛད་པ། །ཀར་རྙིང་བསྟན་པའི་གསལ་བྱེད་མཚུངས་བྲལ་དཔལ་སྤུངས་རྗེ་དབོན་མཆོག་སྤྲུལ་དང་། །མི་ཡི་བརྒྱ་བྱིན་ས་སྐྱོང་དབང་པོ་སྡེ་དགེ་ཆོས་ཀྱི་རྒྱལ་པོ་དང་། །བཀའ་ཡི་འཕྲུལ་བློན་གཉེར་ཆེན་དམ་པ་པདྨ་ལེགས་གྲུབ་བཅས་པ་སྟེ། ༡༥ །ཀཿདཔལ་ཞེ་རྫོགས་ལྷ་འབྲང་གཙོར་གྱུར་སློབ་ཚོགས་བླ་སྤྲུལ་ཆེ་རིམ་ནས། །རྣམ་དཀར་ཞལ་འདེབས་ཇི་སྙེད་བྱུང་རྗེས་སླར་ཡང་འཕྲོ་མཐུད་སྐབས་རྣམས་སུ། །འཇམ་མགོན་བླ་མས་རྒྱ་ཆེའི་ཡོན་གནང་རྒྱལ་ཁབ་མཛོད་ནས་ཕོགས་སྩོལ་ངོས། །ཡིད་བཞིན་ནོར་མཆོག་གྲམ་བུར་སྤུངས་པའི་རིན་ཆེན་གཏེར་མཛོད་སྤར་དུ་སྨིན། ༡༦ །འདི་ན་བསམ་དང་སྦྱོར་བའི་མཐུ་གྲུབ་ཡོན་གྱི་བདག་སོགས་སྒོ་གསུམ་གྱི། །འབད་པས་རྟག་གུས་རབ་དཀར་དགེ་རྩ་མཆོག་དང་ཕུལ་དང་རྩེ་མོའི་ཕྱིར། །འཁོར་གསུམ་རྙོགས་བྲལ་ཡོངས་བསྔོའི་ཐུགས་དམ་ཀུན་མཁྱེན་མཆེད་ཀྱིས་གནང་ཟིན་མོད། །རྗེས་སུ་ཡི་རངས་མཐུན་འགྱུར་ཚུལ་ལ་ཉེས་པས་ནོངས་པ་མིན་ནོ་ལོ། ༡༧ །ཕྱོགས་དུས་རྒྱལ་བའི་དཀྱིལ་འཁོར་ཇི་སྙེད་ཡིད་ཀྱི་མེ་ལོང་གཙང་མའི་ངོགས། །རྣམ་པར་བཀོད་པའི་བློ་ཡི་ཟུངས་སུ་རྒྱལ་བ་ཀུན་དངོས་བླ་མ་ཡི། །རྣམ་ཐར་བསམ་ཡས་རྗེས་སུ་རྐང་འཇོག་སྨོན་ལམ་བཟང་པོའི་མཐུ་རླབས་ཀྱིས། །སྲིད་པའི་ཁྲི་མུན་མིང་ཡང་མི་གྲགས་འཁོར་འགྲོའི་སྲིད་མཚོ་སྐེམ་གྱུར་ཅིག ༡༨ །རྒྱལ་བའི་བསྟན་པ་སྤྱི་དང་བྱེ་བྲག་རྒྱལ་དབང་པདྨའི་རིང་ལུགས་ཆེ། །ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་རྒྱས་ཕྱོགས་ལས་རྣམ་རྒྱལ་ཕྲིན་ལས་ཀྱིས། །སྙིགས་དུས་རྒུད་ཚོགས་ཇི་སྙེད་ཞི་དང་ཀླ་ཀློའི་འཚུབས་འགྱུར་མཐར་བསྐྲད་ནས། །གངས་ལྗོངས་བསྟན་འགྲོའི་བདེ་སྐྱིད་དཔལ་ཡོན་རྫོགས་ལྡན་དུས་ལྟར་འཕེལ་གྱུར་ཅིག ༡༩ །ཁྱད་པར་རྡོ་རྗེའི་བཀའ་བསྩལ་བསླུ་མེད་དྲི་མེད་བཤེས་གཉེན་ཐུགས་དབུས་ནས། །རྣམ་པར་འཕྲུལ་པའི་ལང་ཚོ་གསར་པ་བོད་དང་བོད་ཆེན་ཡུལ་ལྗོངས་སུ། །ལྔ་ཕྲག་མཚན་དཔེའི་མེ་ཏོག་བཞད་པས་རིས་བྲལ་བསྟན་འགྲོར་སྨན་སྩོལ་བའི། །དཔལ་མགོན་ཆེན་པོར་འཚོ་གཞེས་རྟག་བརླིང་ཕྲིན་ལས་ཕྱོགས་མཐར་རྒྱས་གྱུར་ཅིག ༢༠ །རྒྱ་ཆེར་རོལ་པའི་མཛད་ཕྲིན་རྨད་བྱུང་གསང་འཛིན་དབང་ཕྱུག་ཐམས་ཅད་མཁྱེན། །པདྨ་གར་དབང་འཆི་མེད་རིག་འཛིན་ཞིང་འདིར་བསྐལ་པ་རྒྱ་མཚོའི་བར། །འཚོ་གཞེས་ཉི་མ་ནམ་ཡང་མི་འགྲིབ་ངེས་གསང་ཆོས་འཁོར་རྟག་བསྐོར་ནས། །འབྲེལ་བཅས་འགྲོ་རྣམས་མཁའ་སྤྱོད་གྲོང་དུ་བདེ་བའི་དབུགས་དབྱུང་སྩོལ་གྱུར་ཅིག ༢༡ །རྡོ་རྗེ་ཐེག་པའི་གསང་ལམ་མཐར་ཐུག་རིན་ཆེན་གཏེར་གྱི་མཛོད་ཆེན་པོ། །གཅིག་ལས་དུ་མར་འཕེལ་བའི་གཞི་འདི་སྲིད་པ་ཇི་སྲིད་གནས་ཀྱི་བར། །རྡོ་རྗེའི་སྲུང་མས་མེལ་ཚེ་དང་བཅས་ཉམས་མེད་བརླིང་པའི་ཕྲིན་ལས་སྒོ། །དཔག་མེད་འཕེལ་བས་སྲིད་གསུམ་ཁྱོན་རྣམས་རབ་དཀར་སྣང་བས་འགེངས་གྱུར་ཅིག ༢༢ །སྡེ་བཞི་དགེ་བཅུའི་ཕུན་ཚོགས་དབང་འབྱོར་ས་སྐྱོང་མི་ཡི་ཚངས་དབང་གི། །མཛད་ཕྲིན་གཞུང་ལམ་མ་ནོར་རབ་རྒྱས་དབུ་རྨོག་དགུང་དུ་བཙན་པ་ནས། །ཆབ་འོག་རིས་མེད་རྒྱལ་བསྟན་སྐྱོང་དང་སྐྱེ་འགྲོ་བདེ་སྐྱིད་དབྱར་མཚོ་བཞིན། །ཕྱོགས་ཀྱི་ནོར་འཛིན་དོག་པོར་བྱེད་པའི་དགེ་མཚན་ཉིན་བཞིན་འཕེལ་གྱུར་ཅིག ༢༣ །སྙིགས་དུས་འགྲོ་བའི་བསམ་སྤྱོད་ལོག་པའི་རྒྱུ་དང་རྐྱེན་གྱི་ཉེར་ལེན་ངོས། །སྡེ་བརྒྱད་འབྱུང་པོའི་རྩུབ་འགྱུར་གྱིས་མཚོན་མི་དང་མི་མིན་འབྱུང་པོའི་སྡེས། །བརྟན་གཡོའི་ཕུན་ཚོགས་འཇོམས་པར་བྱེད་རྣམས་རྩ་གསུམ་རྒྱལ་བ་སྲུང་མར་བཅས། །རྡོ་རྗེ་ཁྲོས་པའི་གཟི་བྱིན་འབར་བས་རྨེག་མེད་ཉིད་དུ་བཅོམ་གྱུར་ཅིག ༢༤ །འཇིག་རྟེན་སྐྱོང་བའི་མཐུ་ལྡན་ཚོགས་ཀྱིས་རྒྱལ་བསྟན་སྐྱོང་ལ་ཐུགས་བྲེལ་ཞིང་། །སྣོད་བཅུད་དཔལ་འབྱོར་བླ་ན་སྤེལ་བའི་མཐུ་སྟོབས་རྩལ་ཤུགས་ཕྱུང་བ་ཡིས། །ས་གསུམ་རྒྱུ་ཞིང་འཁོད་པའི་འབྱུང་པོས་སྐྱེ་རྒུ་རྣམས་ལ་བྱམས་དང་བཅས། །བསོད་ནམས་བྱ་བའི་གནས་ལ་གུས་རྣམས་འདི་གཏན་ཀུན་ཏུ་བདེ་གྱུར་ཅིག ༢༥ །དཀོན་མཆོག་རྩ་གསུམ་ཆོས་སྲུང་རྒྱ་མཚོའི་མཐུ་སྟོབས་རྨད་དུ་བྱུང་བ་དང་། །དྲང་སྲོང་རིག་འཛིན་བདེན་ཚིག་གྲུབ་པ་ཇི་སྙེད་ཡོངས་ཀྱི་གཟི་བྱིན་དང་། །ཆོས་ཉིད་རང་བཞིན་རྣམ་པར་དག་ཅིང་ཆོས་ཅན་རྒྱུ་འབྲས་བསླུ་མེད་མཐུས། །ཇི་ལྟར་སྨོན་པའི་དོན་བཟང་འདི་རྣམས་གེགས་མེད་བདེ་བླག་འགྲུབ་གྱུར་ཅིག ༢༦ །བཀྲ་ཤིས་ཕུན་སུམ་ཚོགས་པའི་གཏེར་མཛོད་རིན་ཆེན་གསུམ་དང་རྩ་གསུམ་ལྷ། །བཀྲ་ཤིས་ཕུན་སུམ་ཚོགས་པའི་མེ་ཏོག་ཕྱོགས་དུས་ཀུན་ཏུ་ཆར་འབེབ་པས། །བཀྲ་ཤིས་ཕུན་སུམ་ཚོགས་པའི་དགེ་མཚན་རྟག་ཁྱབ་ལྷུན་གྱིས་གྲུབ་པ་ཉིད། །བཀྲ་ཤིས་ཕུན་སུམ་ཚོགས་པའི་དཔལ་ཡོན་ནམ་ཡང་ཉམས་པ་མེད་གྱུར་ཅིག ༢༧ །ཅེས་པའང་པདྨའི་རྒྱལ་ཚབ་འཇམ་མགོན་རྡོ་རྗེ་འཆང་པདྨ་གར་དབང་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པའི་ཞལ་སྔ་ནས་ཀྱིས་གཏེར་མཛོད་ཞུ་དག་འཕྲོ་སྐྱོང་དགོས་པའི་བཀའ་ལུང་གསེར་སྒྲོམ་ལྟར་ལྕི་བ་སྤྱི་བོར་ཕེབས་པ་དང་། སྤར་བྱང་སྦྱར་དགོས་ཀྱི་རྗེས་སུ་གནང་བའང་བསྩལ་པ་བཞིན། ས་སྐྱོང་བླ་མ་རིག་འཛིན་འཇམ་དཔལ་རྡོ་རྗེས་རྒྱལ་སྲིད་ལ་གཟིགས་པ་ཐོག་མར་འཇུག་པའི་སྐབས་སུ་ཟིན་པ། རབ་བྱུང་བཅོ་ལྔ་པའི་རྒྱལ་བ་ཞེས་པ་ཤིང་ཕོ་རྟའི་ལོ། གྲོ་བཞིན་ཟླ་བའི་དཀར་ཕྱོགས་རྫོགས་པ་གཉིས་པའི་གྲལ་ཚེས་དགེ་བར། ས་སྐྱོང་ཆོས་ཀྱི་རྒྱལ་པོ་རིམ་བྱོན་གྱི་ལུགས་བརྒྱའི་འདུན་ས་རྒྱལ་ཁབ་ཕོ་བྲང་ཕྲིན་ལས་ཀུན་ཁྱབ་རྫོང་དང་འབྲེལ་བ་ལྷུན་གྲུབ་སྟེང་གི་དགོན་ཆེན་དུ་རྒྱལ་སྲས་འཇམ་དབྱངས་ཆོས་ཀྱི་ཉི་མ་བློ་གྲོས་རྒྱས་པའི་སྡེས་ཤར་མར་བྲིས་པ་འདི་ཡིས། ཟབ་གསང་བླ་མེད་རྡོ་རྗེ་ཐེག་པ་རིན་ཆེན་གཏེར་གྱི་མཛོད་ཆེན་པོའི་མངའ་ཐང་དང་ཕྲིན་ལས་ཕྱོགས་དུས་གནས་སྐབས་ཀུན་ཏུ་རྟག་ཁྱབ་ལྷུན་གྱིས་གྲུབ་པའི་དགེ་ལེགས་བཀྲ་ཤིས་ཀྱི་སྣང་བས་འཇིག་རྟེན་མཐའ་དག་ཁྱབ་ཅིང་མཛེས་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །། ༄༅། །ཆོས་དཔེའི་བཞུགས་བྱང་དཀར་ཆག་འདི་ནི། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེས་གཏེར་མཛོད་རྩོམ་སྒྲིག་རྗེས་སུ་པར་བརྐོས་མཛད་པའི་ཤིང་པར་དང་པོ་དང་། དེ་ལ་སི་ཏུ་པདྨ་དབང་མཆོག་རྒྱལ་པོས་ཆོས་ཚན་འགའ་ཤས་ཁ་སྐོང་གནང་བ་བཅས། གདན་ས་དཔལ་སྤུངས་ཀྱི་པར་དཔེའི་པོད་རེའི་དབུ་ཡི་བཞུགས་བྱང་བཅོས་མེད་མ་དཔེ་ཇི་བཞིན་དཀྱུས་གཅིག་ནར་འགྲོས་སུ་བཀོད་པ་སྟེ། དེའི་སྐབས་རིན་གཏེར་ལ་ཆོས་ཚན་ཇི་བཞུགས་ངེས་པར་བྱེད་པ་ཡང་ཡིན་ནོ་ཞུ་ཞུ།། ཨོཾ་སྭསྟི། རིན་ཆེན་གཏེར་མཛོད་ཆེན་མོ། ༼ཀ༽པ་ལ། གང་ལས་བྱུང་བ་བརྒྱུད་པའི་རིམ་པ་ནི། མངའ་བདག་ཉང་རིན་པོ་ཆེའི་གཏེར་བྱོན་གུ་རུའི་རྣམ་ཐར་ཟངས་གླིང་མ། དེའི་དོན་བསྡུས་གསོལ་འདེབས་ཉང་རལ་ཉིད་ཀྱིས་མཛད་པ། མཛད་པ་བཅུ་གཅིག་གི་གསོལ་འདེབས་རཏྣ་གླིང་པས་མཛད་པ་བཅས་ལ་ལྡེབ། ༡༡༠ ཇོ་ནང་རྗེ་བཙུན་རིན་པོ་ཆེས་མཛད་པའི་སློབ་དཔོན་པདྨའི་རྣམ་ཐར་རྒྱ་གར་ལུགས་ལ་ལྡེབ། ༢༣ གུ་རུའི་རྣམ་ཐར་བཀའ་ཐང་དོན་བསྡུས་གསོལ་འདེབས་ཨུ་དུམྦ་རའི་ཕྲེང་མཛེས་ལ་ལྡེབ། ༡༢ གྲུབ་ཐོབ་གཏེར་སྟོན་རིམ་པར་བྱོན་པ་རྣམས་ཀྱི་རྣམ་ཐར་མདོར་བསྡུས་བཀོད་པ་རིན་ཆེན་བཻ་ཌཱུརྻའི་ཕྲེང་བ་ལ་ལྡེབ། ༢༣༥ དེའི་དོན་བསྡུས་གསོལ་འདེབས་རྒྱས་པ་ལ་ལྡེབ། ༡༦ མཚན་སྡོམ་གསོལ་འདེབས་བསྡུས་པ་ལ་ལྡེབ། ༥ བཅས་བཞུགས།། བསྟན་གཉིས་གླིང་པའི་གཏེར་བྱོན་གུ་རུའི་རྣམ་ཐར་རྡོ་རྗེའི་རྒྱན་ཕྲེང་ལ་ལྡེབ། ༡༢ བཻ་རོའི་རྣམ་ཐར་པདྨའི་དགའ་ཚལ་ལྡེབ། ༣༦ །། ༄། གཏེར་མཛོད། ༼ཁ༽པ་ལ། ལོ་རྒྱུས་དེ་ལྡན་གྱི་གདམས་པའི་ཟབ་ཆོས་ཇི་ལྟར་བཞུགས་པའི་དཀར་ཆག་དང་སྨིན་གྲོལ་རྒྱབ་རྟེན་དང་བཅས་པའི་བརྒྱུད་ཡིག་དངོས་གྲུབ་སྒོ་བརྒྱ་འབྱེད་པའི་ལྡེའུ་མིག་ལ་ལྡེབ། ༢༨༦ ཁ་སྐོང་བརྒྱུད་རིམ་དང་འབྲེལ་བར་གཏེར་མཛོད་རྟོགས་བརྗོད་ངོ་མཚར་བདུད་རྩིའི་འབྱུང་གནས་གསར་བྲིས་ལ་ལྡེབ། ༡༧ སྨིན་གྲོལ་ལག་ལེན་དང་བཅས་བཤམ་བྱ་བའི་ཚུལ་མཐོང་བས་གོ་འབྱེད་ལ་ལྡེབ། ༡༡༦ བཅས་བཞུགས།། ༄། གཏེར་མཛོད། ༼ག༽པ་ལ། ༈ ཐོག་མར་རྒྱུད་སྡེའི་སྐོར་ལས། སྨིན་གླིང་རྡོར་སེམས་གཏེར་གཞུང་ལ་ལྡེབ། ༡༥ བརྒྱུད་འདེབས་ལྡེབ། ༡ ལས་གཞུང་ནག་འགྲོས་ལྡེབ། ༣༩ སྒྲུབ་མཆོད་ལག་ལེན་ལྡེབ། ༡༡ མྱང་གྲོལ་རིལ་བུའི་སྒྲུབ་ཐབས་ལྡེབ། ༤ བྱིན་འབེབ་ལྡེབ། ༡ གྲོལ་ལམ་གསུམ་གྱི་ལག་ལེན་ལྡེབ། ༥ དབང་ཆོག་ལྡེབ། ༡༡ བསྙེན་ཡིག་ལྡེབ། ༨ རྩ་ཁྲིད་ལྡེབ། ༣༣ ཁྱད་པར་རྫོགས་རིམ་སྣང་བཞིའི་ཁྲིད་ལྡེབ། ༡༠ རྨི་ལམ་ཁྲིད་ལྡེབ། ༡༠ གཅོད་ཁྲིད་ལྡེབ། ༦ འཕོ་བའི་ཁྲིད་ལྡེབ། ༡༡ ཀར་གླིང་ཞི་ཁྲོའི་གསོལ་འདེབས་ལྡེབ། ༡ ལས་བྱང་གཏེར་གཞུང་ལྡེབ། ༡༡ བསྙེན་དམིགས་ལྡེབ། ༡ བདག་བསྐྱེད་མདོར་བསྡུས་ལྡེབ། ༢ དབང་གི་སྟ་གོན་ལྡེབ། ༡༠ དབང་འབྲིང་པོ་འགྲོ་དྲུག་རང་གྲོལ་ལྡེབ། ༣༣ གཏོར་དབང་རེག་པ་དོན་ལྡན་ལྡེབ། ༨ བསྙེན་ཡིག་ལྡེབ། ༧ ཆོས་ཉིད་བར་དོའི་ཁྲིད་ཡིག་ལྡེབ། ༢༡ སྨིན་ལོའི་ཞི་ཁྲོའི་ཆོ་ག་སྡིག་སྒྲིབ་རྣམ་སྦྱོང་ལ་ལྡེབ། ༤༤ བཀའ་སྲུང་ལྡེབ། ༡ ཡེ་ཤེས་དབབ་པ་ལྡེབ། ༡ མཆོད་བསྟོད་ལྡེབ། ༡ གྲོལ་ཏིག་ཞི་ཁྲོའི་ཕྲིན་ལས་ལྡེབ། ༢༦ ལྷ་དབང་ལྡེབ། ༢ གནམ་ཆོས་ཞི་ཁྲོ་ལྡེབ། ༢ བསམ་གཏན་ཆོ་ག་ལྡེབ། ༢ བདེ་གླིང་བཀའ་འདུས་ཞི་ཁྲོའི་ལས་བྱང་ལྡེབ། ༡༥ སྐོང་ཆོག་ལྡེབ། ༡༠ སྨིན་བྱེད་མ་བུ་གབ་སྤྲད་ལྡེབ། ༢༦ པདྨ་འོད་གསལ་མདོ་སྔགས་གླིང་པའི་དགོངས་གཏེར་གྲུབ་ཐོབ་ཐུགས་ཏིག་གི་སྒྲུབ་ཐབས་སྙིང་པོ་སྐོར་ལྔའི་གཏེར་གཞུང་ལ་ལྡེབ། ༦༥ ཕྲིན་ལས་ཁ་བསྒྱུར་ལྡེབ། ༡ ལས་བྱང་དང་དབང་གི་གསལ་བྱེད་ལ་ལྡེབ། ༩ གདམས་པའི་ས་བཅད་ལ་ལྡེབ། ༧ བཅས་བཞུགས།། ཁྲིད་ཀྱི་སྔོན་འགྲོའི་ངག་འདོན་གསལ་བཀོད་ལྡེབ། ༡ བཅས་བཞུགས།། ༄། གཏེར་མཛོད། ༼ང༽པ་ལ། ༈ མཆོག་གླིང་གཏེར་བྱོན་སྒྱུ་འཕྲུལ་བརྒྱུད་འདེབས་ལྡེབ། ༡ སྐྱབས་སེམས་ལྡེབ། ༡ རྡོར་སེམས་སྒྲུབ་ཐབས་རྩ་བ་ཉི་ཟླའི་རྒྱ་ཅན་ལྡེབ། ༢ སྒྱུ་འཕྲུལ་ཞི་བའི་རྡོར་སེམས་ཀྱི་ལས་བྱང་ལྡེབ། ༩ དབང་ཆོག་ལྡེབ། ༡༩ ཁྲོ་བོའི་ལས་བྱང་ལྡེབ། ༡༡ དབང་ཆོག་ལྡེབ། ༡༡ དོང་སྤྲུགས་ལས་བྱང་ལྡེབ། ༡༦ སྨན་མཆོད་ལྡེབ། ༡ སྐོང་ཆོག་ལྡེབ། ༡༨ དབང་ཆོག་ལྡེབ། ༡༣ སྒྱུ་འཕྲུལ་ཚེ་སྐོར་ཕྲིན་ལས་རྒྱས་པ་དང་། གསོ་བ་གསུམ་ལྡན་བཅས་ལ་ལྡེབ། ༢༥ དེའི་དབང་བསྐུར་གསལ་བྱེད་ལྡེབ། ༨ བད་ེམཆོག་སངས་རྒྱས་མཉམ་སྦྱོར་གཏེར་གཞུང་ལྡེབ། ༣༦ ཆོག་ཁྲིགས་ལས་བྱང་ལྡེབ། ༡༡ དབང་ཆོག་ལྡེབ། ༡༥ བཅས། ༈ རྩ་གསུམ་སྤྱི་སྒྲུབ་ཀྱི་སྐོར་ལ། སངས་རྒྱས་བླ་མའི་ཡང་གཏེར་རྩ་གསུམ་གསོལ་འདེབས་ལྡེབ། ༢ ཕྲིན་ལས་སྙིང་གི་ནོར་བུ་ལྡེབ། ༡༡ སྨན་མཆོད་ལྡེབ། ༢ དོན་དབང་ལྡེབ།༨ ཚེ་དབང་ལྡེབ། ༦ ཟིན་བྲིས་ནོར་བུའི་འོད་ཟེར་མི་ཕམ་གསུང་ལྡེབ། ༡༦ ཀར་ལུགས་རྩ་གསུམ་དྲིལ་སྒྲུབ་ཕྲིན་ལས་དབང་ཆོག་དང་བཅས་པ་ལྡེབ། ༡༣ བསྐྱེད་རྫོགས་དམིགས་རིམ་ལྡེབ། ༧ རྩ་ཚིག་ལྡེབ། ༢ རཏྣའི་རྩ་གསུམ་འབྲས་བུའི་དོན་ཁྲིད་གཏེར་གཞུང་ལྡེབ། ༤༥ གསོལ་འདེབས་ལྡེབ། ༡ ཁྲིད་གཞུང་ལྡེབ། ༡༤ ཕྲིན་ལས་དང་དབང་བསྒྲིགས་ལ་ལྡེབ། ༡༥ ཡི་དམ་རྩ་གསུམ་དྲིལ་སྒྲུབ་ལྡེབ། ༤ འཇམ་དབྱངས་བླ་མའི་རྩ་གསུམ་གསོལ་འདེབས་ཀྱི་ལས་བྱང་ལྡེབ། ༢༣ མར་མེ་སྐོང་བཤགས་ལྡེབ། ༢ དབང་ཆོག་ལྡེབ། ༡༥ བཀའ་སྲུང་ལྡེབ། ༢ རིག་འཛིན་ཡོངས་འདུས་ལས། དུས་གསུམ་རྒྱལ་བའི་སྤྱི་སྒྲུབ་ལྡེབ། ༤ དཀོན་མཆོག་གསུམ་སྒྲུབ་ལྡེབ། ༥ འབྲི་གུང་དགོངས་པ་ཡང་ཟབ་ཀྱི་རྩ་གསུམ་ལས་བྱང་གཏོར་དབང་དང་བཅས་ལ་ལྡེབ། ༡༠ སྐོང་བཤགས་ལྡེབ། ༣ སྒྲོལ་དཀར་ཡིད་བཞིན་ནོར་མཆོག་སྐོར་ལ་ཞལ་ཤེས་ལྡེབ། ༣ དྲིལ་སྒྲུབ་སོགས་ལ་ལྡེབ། ༡༠ གདམས་སྐོར་ཆ་ཚང་གཏེར་གཞུང་ལ་ལྡེབ། ༢༢ བཅས་བཞུགས།། ༄། གཏེར་མཛོད། ༼ཅ༽པ་ལ། ཞིག་གླིང་ཟབ་པ་སྐོར་བདུན་གཏེར་གཞུང་ལ་ལྡེབ། ༢༣ གསོལ་འདེབས་ལྡེབ།༡ ཆོག་བསྒྲིགས་ལས་བྱང་ལྡེབ། ༨ བཀའ་སྲུང་ལྡེབ། ༡ རྩ་དབང་ལྡེབ། ༡༠ ལྷ་སོ་སོའི་སྒྲུབ་ཐབས་དང་རྗེས་གནང་ལྡེབ། ༣༨ བྱང་བདག་མ་རྒྱུད་སྙིང་པོ་དོན་གསུམ་གྱི་གཏེར་འབྱུང་དང་གཏེར་གཞུང་ལྡེབ། ༡༩ ལས་རིམ་ཟུར་འདེབས་ལྡེབ། ༢ དབང་ཆོག་ལྡེབ། ༨ ཆོས་གླིང་རྩ་གསུམ་དྲིལ་སྒྲུབ་ཀྱི་བརྒྱུད་འདེབས་ལྡེབ། ༡ དཀྱིལ་ཆོག་ལྡེབ། ༡༨ ཕྲིན་ལས་སྙིང་པོ་ལྡེབ། ༦ བཀའ་སྲུང་ལྡེབ། ༢ བསྙེན་ཡིག་ལྡེབ། ༦ བརྟན་བཞུགས་ཆོ་ག་ལྡེབ། ༨ དབང་ཆོག་ལྡེབ། ༡༡ ཁྲིད་ཡིག་ལྡེབ། ༤༡ ཀུན་བཟང་བདེ་ཆེན་རྒྱལ་པོའི་རྩ་གསུམ་ཟབ་མོ་ཀུན་འདུས་སྒྲུབ་ཐབས་ལྡེབ། ༡༧ གཏོར་དབང་ལྡེབ། ༧ མདོ་སྔགས་གླིང་པའི་རྩ་གསུམ་སྤྱི་འདུས་ལས་བྱང་ལྡེབ། ༨ དབང་ཆོག་ལྡེབ། ༡༣ མཆོག་གླིང་ཟབ་བདུན་རྩ་གསུམ་ཚེ་ཟབ་ཀྱི་རྒྱུད་ལྡེབ། ༥ བརྒྱུད་འདེབས་ལྡེབ། ༡ སྒྲུབ་ཐབས་ལྡེབ། ༥ སྨན་མཆོད་ལྡེབ། ༡ དབང་ཆོག་ལྡེབ། ༡༡ ༈ རྩ་གསུམ་བྱེ་བྲག་ཏུ་སྒྲུབ་པའི་བླ་མའི་སྐོར་ལ། ཕྱི་གསོལ་འདེབས་ཀྱི་སྒྲུབ་པ། བྱང་གཏེར་ལེའུ་བདུན་མ་ལྡེབ། ༢༥ བརྡ་དོན་ལམ་ཟབ་ལྡེབ། ༨ ལེགས་ལྡན་རྗེའི་སྐུ་གསུམ་ལམ་ཁྱེར་གཏེར་གཞུང་ལྡེབ། ༦ ངག་འདོན་ལྡེབ། ༣ ཁྲིད་ཡིག་ལྡེབ། ༧ ཚར་ལུགས་ལམ་ཟབ་ལྡེབ། ༤ མ་ཏི་རཏྣའི་གསོལ་འདེབས་ལེའུ་བདུན་མ་ལྡེབ། ༩ སྟག་ཤམ་བླ་མ་ཡིད་བཞིན་ནོར་བུའི་གསོལ་འདེབས་ལེའུ་བཞི་པ་ལྡེབ། ༡༢ ཀློང་གསལ་གུ་རུ་མཚན་བརྒྱའི་བསྟོད་པ་ལྡེབ། ༢ སྨིན་ལུགས་བླ་མའི་རྣལ་འབྱོར་ཁྲིད་ཡིག་ལྡེབ། ༩ བླ་མཆོད་བདུད་རྩིའི་ཆར་རྒྱུན་ལྡེབ། ༨ རིག་འཛིན་ཚེ་དབང་ནོར་བུའི་དགོངས་གཏེར་བསྟན་བཅོས་རྡོ་རྗེ་སློབ་དཔོན་སྒྲུབ་པའི་རྩ་གཞུང་ལྡེབ། ༡༣ དམིགས་རྐང་ལྡེབ། ༡༠ བསྙེན་ཚད་ལྡེབ། ༣ དེས་མཛད་པའི་བཛྲ་གུ་རུའི་ཉམས་ལེན་ལྡེབ། ༥ མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཕྱི་གསོལ་འདེབས་ཀྱི་ཚུལ་དུ་སྒྲུབ་པ་ལྡེབ། ༢༢ རྩ་གསུམ་གསོལ་འདེབས་ལྡེབ། ༢ སྨན་མཆོད་ལྡེབ། ༢ དབང་ལེན་ལྡེབ། ༡ ལམ་ཟབ་ལེའུ་བདུན་མ་ལྡེབ། ༡༡ བཅས་བཞུགས།། ༄། གཏེར་མཛོད། ༼ཆ༽པ་ལ། ༈ ནང་ཞི་སྒྲུབ་ཀྱི་ཐོག་མར། ཆོས་དབང་རིན་པོ་ཆེའི་གཏེར་བྱོན་ཆོས་སྐུ་རྡོ་རྗེ་འཆང་གསང་བ་འདུས་པའི་ལས་བྱང་སྨིན་གཏེར་གསུང་ལྡེབ། ༡༩ རྒྱུན་ཁྱེར་ལྡེབ། ༤ གཏེར་སྲུང་གསོལ་མཆོད་ལྡེབ། ༤ རྩ་དབང་རྒྱས་པ་ལྡེབ།༡༧ ལམ་ཁྱེར་གསུམ་གྱི་ཟིན་ཏིག་ལྡེབ། ༡ བསྙེན་ཡིག་ལྡེབ། ༡༣ སྙན་བརྒྱུད་ཞག་བདུན་མ་ལྡེབ། ༨ གུར་སྒྲོམ་དཔེའུ་རིས་ལྡེབ། ༢ ཟབ་རྒྱ་དང་པོ་ལྡེབ། ༢ པད་ཕྲིན་རིམ་ལྔའི་ཁྲིད་ལྡེབ། ༡༡ རྒྱ་ལོ་ཙཱའི་ཡང་གཏེར་བླ་མ་བསྟན་གཉིས་སྐོར་གསུམ་གཏེར་གཞུང་ལྡེབ། ༤༣ སྤྲོས་མེད་སྒྲུབ་པའི་ཕྲིན་ལས་ལྡེབ། ༧ དོན་དབང་ལྡེབ།༩ སྤྲོས་མེད་བསྙེན་པའི་ཉམས་ལེན་གསལ་བྱེད་ལྡེབ།༩ དྲི་མེད་ཀུན་དགའི་ཡང་གཏེར་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་བརྒྱུད་འདེབས་ལྡེབ། ༡ རྒྱལ་ཆེན་མཆོད་ཐབས་ལྡེབ། ༡ གཏེར་གཞུང་ལྡེབ། ༢༡ མཆོད་ཕྲིན་ལྡེབ། ༢ དབང་ཆོག་ལྡེབ། ༡༣ ༈ བླ་མ་ལོངས་སྐུར་སྒྲུབ་པའི་སྐོར་ལ། ཚེ་དཔག་མེད་རྫོང་ཆེན་ཐེམས་མེད་ཚེ་སྒྲུབ་བུ་སྟོན་གོང་ཁུག་མའི་གཞུང་ཉམས་ལེན་དབང་ཆོག་དང་བཅས་པ་ལ་ལྡེབ། ༢༠ བྱང་གཏེར་ལོངས་སྐུ་འཆི་མེད་འོད་སྣང་ཕྲིན་ལས་ལྡེབ། ༡༢ དབང་ཆོག་ལྡེབ། ༡༡ རད་གླིང་ཚེ་གསང་གསོལ་འདེབས་ལྡེབ། ༢ ལས་བྱང་པདྨའི་ཕྲེང་བ་ལྡེབ། ༢༢ ནང་སྒྲུབ་འདོན་སྒོམ་ཕྱག་ལེན་ལྡེབ། ༡༢ རྩ་བའི་དབང་བཞི་ལྡེབ། ༡༩ དོན་དབང་ལྡེབ། ༩ ༈ བླ་མ་སྤྲུལ་སྐུར་སྒྲུབ་པའི་སྐོར་ལ། ཉང་གཏེར་བླ་མ་ཡོངས་རྫོགས་ཀྱི་ཕྲིན་སྒྲུབ་རིན་ཆེན་སྒྲོན་མེ་ལྡེབ། ༤༡ སྟག་ལུང་ཐུགས་སྒྲུབ་བདེ་གཤེགས་འདུས་པའི་བརྒྱུད་འདེབས་ལྡེབ། ༡ ལས་བྱང་ལྡེབ། ༡༤ དབང་ཆོག་ལྡེབ། ༡༢ བྱང་གླིང་གཏེར་བྱོན་བླ་སྒྲུབ་ཡིད་བཞིན་ནོར་བུའི་ལས་བྱང་ལྡེབ། ༢༢ གཏེར་སྲུང་སྤུ་གྲི་རྣམ་གསུམ་གཏོར་ཆོག་ལྡེབ། ༤ དེའི་དབང་ཆོག་ལྡེབ། ༣༡ དོན་དབང་ལྡེབ། ༦ བྱང་གཏེར་རིག་འཛིན་གདུང་སྒྲུབ་ལས་བྱང་ལྡེབ། ༡༧ རྩ་དབང་དང་གཏོར་དབང་ལ་ལྡེབ། ༡༢ རྒྱ་སྟོན་པད་དབང་ཡང་གཏེར་བླ་མ་བདེ་མཆོག་འཁོར་ལོའི་བརྒྱུད་འདེབས་ལྡེབ། ༡ གཏེར་གཞུང་ལྡེབ། ༢༥ དབང་ཆོག་ལྡེབ། ༡༥ རིམ་ལྔའི་ཁྲིད་ཡིག་ལྡེབ། ༣༠ བཅས་བཞུགས།། ༄། གཏེར་མཛོད། ༼ཇ༽པ་ལ། སངས་གླིང་བླ་མ་དགོངས་འདུས་རྩ་བའི་ཐུགས་སྒྲུབ་ལྡེབ། ༧ ཐུགས་ནོར་སྒྲུབ་པ་ལྡེབ། ༡༤ འཁོར་ལོའི་བྲི་ཡིག་ལྡེབ། ༢ ལས་བྱང་མེ་ཏོག་ཕྲེང་མཛེས་ལྡེབ། ༡༥ རྒྱུན་ཁྱེར་ལྡེབ། ༢ གཏེར་སྲུང་སྐོང་བསྐུལ་ལྡེབ། ༡༠ དོན་དབང་ལྡེབ། ༣༨ གཏོར་མའི་བརྡ་དབང་ལྡེབ། ༨ བསྙེན་ཡིག་ལྡེབ། ༡༥ རྡོར་གླིང་བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་ལས་བྱང་ལེའུ་གསུམ་པ་ལ་ལྡེབ། ༢༠ ལྷན་ཐབས་ལྡེབ། ༡ དབང་ཆེན་ལྡེབ། ༣༠ དོན་དབང་ལྡེབ། ༧ རད་གླིང་ཐུགས་སྒྲུབ་ཡང་འདུས་བརྒྱུད་འདེབས་ལྡེབ། ༢ ལས་བྱང་ལྡེབ། ༢༥ དབང་ཆོག་ལྡེབ། ༢༧ རིམ་ལྔའི་ཁྲིད་ཡིག་གཏུམ་མོ་ལྡེབ། ༩ སྒྱུ་ལུས་ལྡེབ། ༦ རྨི་ལམ་འོད་གསལ་ལྡེབ། ༦ ཕྱག་ཆེན་ལྡེབ། ༥ གཅོད་ཁྲིད་ལྡེབ། ༡༥ པད་གླིང་བླ་མ་ནོར་རྒྱམ་ལས་བྱང་ལྡེབ། ༡༦ རབ་འབྱམས་བཀའ་དབང་ལྡེབ། ༧ མངའ་རིའི་པཎ་ཆེན་གཏེར་བྱོན་རིག་འཛིན་ཡོངས་འདུས་ཀྱི་ཕྲིན་ལས་དབང་ཆོག་དང་བཅས་པ་ལྡེབ། ༨༥ ཡོན་ཏན་གཏེར་མཛོད་བརྒྱུད་འདེབས་ལྡེབ། ༡ གཏེར་གཞུང་ལས་བྱང་སོགས་ལ་ལྡེབ། ༢༡ རྒྱུན་གཏོར་ལྡེབ། ༧ གསལ་བྱེད་པད་ཕྲིན་གསུང་ལྡེབ། ༤ ཟིན་རིས་རིག་འཛིན་ངལ་འཚོ་ལྡེབ། ༡༠ ལས་བྱང་ལྷན་ཐབས་ལྡེབ། ༦ དབང་གི་ལྷན་ཐབས་ལྡེབ། ༧ བཅས་བཞུགས།། ༄། གཏེར་མཛོད། ༼ཉ༽པ་ལ། ཞིག་གླིང་པདྨ་བཛྲའི་ལས་བྱང་ལྡེབ། ༡༨ དབང་ཆོག་ལྡེབ། ༡༢ ཞིག་གླིང་ཆོས་གླིང་གཉིས་འདུས་ཀྱི་བླ་མའི་སྒོས་དབང་ལྡེབ། ༧ ཕྲེང་པོ་ཤེས་རབ་འོད་ཟེར་གྱི་གྲོལ་ཏིག་བླ་མ་རིག་འཛིན་ཀུན་འདུས་ཀྱི་ཕྲིན་ལས་རྒྱས་པ་ལྡེབ། ༣༠ སྨན་མཆོད་ལྡེབ། ༡ བླ་སྒྲུབ་སྡུག་བསྔལ་ཞི་བྱེད་ཀྱི་ཕྲིན་ལས་ལྡེབ། ༨ པདྨ་གུ་རུའི་ཕྲིན་ལས་ལྡེབ། ༩ ལམ་རྒྱས་འབྲིང་བསྡུས་གསུམ་གྱི་དབང་ཆོག་ལྡེབ། ༣༦ བྱང་བདག་སྐུ་གསུམ་རིགས་འདུས་གཏེར་གཞུང་ལྡེབ། ༢༠ པད་ཕྲིན་དང་གོང་ལྔའི་ཆོག་ཁྲིགས་སྐོར་ལ་ལྡེབ། ༤༢ དཔེ་རིས་ལྡེབ། ༢ དབང་ཆོག་ལྡེབ། ༡༦ འཇའ་ཚོན་དཀོན་མཆོག་སྤྱི་འདུས་ཀྱི་ལས་བྱང་ལྡེབ། ༡༩ དབང་ཆོག་ལྡེབ། ༡༤ ཚེ་དབང་ལྡེབ། ༦ བསྙེན་ཡིག་ལྡེབ། ༡༩ ཐུན་མོང་སྔོན་འགྲོ་གཏེར་གཞུང་ལྡེབ། ༡༡ ལྷ་ཁྲིད་གུ་རུའི་དགོངས་རྒྱན་ལྡེབ། ༥༤ རྫོགས་རིམ་ཁྲིད་ཡིག་ལྡེབ། ༤༡ སྔོན་འགྲོའི་འདོན་ཆ་ལྡེབ། ༩ བདུད་འདུལ་པདྨ་འོད་འབར་བརྒྱུད་འདེབས་ལྡེབ། ༢ སྒྲུབ་ཐབས་ལྡེབ། ༡༣ ཛཔ྄་བསྐུལ་ལྡེབ། ༡ དབང་ཆོག་ལྡེབ། ༡༠ བཅས་བཞུགས།། ༄། གཏེར་མཛོད། ༼ཏ༽པ་ལ། ལྷ་བཙུན་དག་སྣང་རིག་འཛིན་སྲོག་སྒྲུབ་ཀྱི་བརྒྱུད་འདེབས་ལྡེབ། ༡ ཕྲིན་ལས་རྒྱུན་ཁྱེར་དང་གསང་སྒྲུབ་ཟུང་བསྡེབས་ལ་ལྡེབ། ༢༢ གཏོར་མའི་ཐོ་ལྡེབ། ༢ དབང་ཆོག་ལྡེབ། ༣༣ རྩལ་དབང་ལྡེབ། ༧ ཁྲིད་ཡིག་ལྡེབ། ༡༥ རྒྱལ་དབང་ལྔ་པའི་དག་སྣང་རྒྱ་ཅན་ལས་ཚེ་སྒྲུབ་དྭངས་མ་བཅུད་འདྲེན་མཁྱེན་བརྩེ་རིན་པོ་ཆེའི་ཆོག་བསྒྲིགས་བརྒྱུད་འདེབས་ལྡེབ། ༡ ཕྲིན་ལས་ལྡེབ། ༡༡ དབང་ཆོག་ལྡེབ། ༡༥ བསྙེན་སྒྲུབ་གསལ་བྱེད་ལྡེབ། ༣ གནམ་ཆོས་པད་འབྱུང་སྒྲུབ་ཐབས་དབང་དང་བཅས་པ་ལྡེབ། ༣ སྨིན་གཏེར་རིག་འཛིན་ཐུགས་ཐིག་གི་ལས་བྱང་ལྡེབ། ༡༧ ཕྲིན་ལས་སྙིང་པོ་ལྡེབ། ༣ བུམ་སྒྲུབ་ལྡེབ། ༡ ལས་སྦྱོར་ལྡེབ། ༡ རྩ་གསུམ་སྐོང་གསོ་ལྡེབ། ༣ རྒྱུན་ཁྱེར་ལྡེབ། དབང་ཆོག་ལྡེབ། ༡༨ བསྙེན་ཡིག་ལྡེབ། ༨ སྔོན་འགྲོ་ལྡེབ། ༤ ཁྲིད་ཡིག་ལྡེབ། ༡༡ སྟག་ཤམ་བླ་སྒྲུབ་ཡིད་བཞིན་ནོར་བུའི་སྔོན་འགྲོའི་གཏོར་མ་ཆ་གཉིས་ལྡེབ། ༣ ལས་བྱང་ཆུང་བ་ལྡེབ། ༢༤ ནོར་བུ་རྣམ་གཉིས་ཆུ་བོ་གཅིག་འདུས་ཀྱི་རྩ་དབང་གཏོར་དབང་བཅས་ལ་ལྡེབ། ༡༥ ཆོས་གླིང་ཟབ་ལམ་ཐུགས་ནོར་བརྒྱུད་འདེབས་ལྡེབ། ༡ ལས་བྱང་ལྡེབ། ༡༤ དབང་ཆོག་ལྡེབ། ༧༧ རོལ་རྡོར་རྒྱལ་བ་ཀུན་འདུས་ཀྱི་སྐྱབས་འགྲོ་ལྡེབ། ༡ དཀར་བགེགས་ལྡེབ། ༢ ལས་བྱང་ལྡེབ། ༢༥ སྨན་མཆོད་ལྡེབ། ༢ ཡང་ལྡེབ། ༡ བཀའ་སྲུང་ལྡེབ། ༣ གཏེར་སྲུང་ལྡེབ། ༢ གཏོར་མའི་སྲུང་འཁོར་ལྡེབ། ༡ དབང་བཞི་ཟབ་པའི་མཐར་ཐུག་ལྡེབ། ༩ གུ་རུ་སྤྲོས་མེད་དོན་སྒྲུབ་གཏེར་གཞུང་ལྡེབ། ༣ དབང་ཆོག་ལྡེབ། ༥ དག་སྣང་སྲིན་ཡུལ་མ་ལག་ལེན་བཅས་ལྡེབ། ༦ རིག་འཛིན་ཚེ་དབང་ནོར་བུའི་དགོངས་གཏེར་བསམ་ལྷུན་རྩ་བ་ལྡེབ། ༢༧ བརྒྱུད་འདེབས་ལྡེབ། ༣ དབང་སྒྲུབ་ལྷན་ཐབས་ལྡེབ། ༨ དབང་བཤད་ལྡེབ། ༦ དབང་ཆོག་ལྡེབ། ༢༠ བཅས་བཞུགས།། ༄། གཏེར་མཛོད། ༼ཐ༽པ་ལ། འབའ་ར་བའི་ཁྲིད་ཟིན་ལ་ལྡེབ། ༥༢ འཇིགས་མེད་གླིང་པའི་ཀློང་ཆེན་སྙིང་ཐིག་གི་རིག་འཛིན་འདུས་པའི་ལས་བྱང་ལྡེབ། ༧ གབ་བྱང་ལྡེབ། ༣ དབང་ཆོག་ལྡེབ། ༧ པདྨ་དགྱེས་པའི་སྙན་བརྒྱུད་གུ་རུ་ཞི་བ་ཡིད་བཞིན་ནོར་བུའི་རྩ་གཞུང་ཕྲིན་ཆོག་ཆ་ཚང་ལ་ལྡེབ། ༢༦ བརྒྱུད་འདེབས་ལས་བྱང་བཅས་ལ་ལྡེབ། ༡༡ པདྨ་ཉིན་བྱེད་ཀྱིས་མཛད་པའི་ཨོ་རྒྱན་རྗེ་འབངས་ཉེར་ལྔའི་ལས་བྱང་ལྡེབ། ༧ དབང་ཆོག་ལྡེབ། ༡༠ མཆོག་གླིང་གཏེར་བྱོན་སྐོར་ལས། བླ་མ་དགོངས་འདུས་སྙིང་པོའི་གཏེར་གཞུང་ལྡེབ། ༦ ལས་བྱང་ལྡེབ། ༡༥ དབང་ཆོག་ལྡེབ། ༦ ཐུགས་སྒྲུབ་བར་ཆད་ཀུན་སེལ་བརྒྱུད་འདེབས་ལྡེབ། ༡ ཕྲིན་ལས་འབྲིང་པོ་ལྡེབ། ༡༧ ཕྲིས་ལས་སྙིང་པོ་ལྡེབ། ༥ རྒྱུན་ཁྱེར་ལྡེབ། ༢ གསོལ་འདེབས་བར་ཆད་ལམ་སེལ་ལྡེབ། ༤ སྐོང་བ་གཡུ་ཞལ་མ་ལྡེབ། ༢ དོན་དབང་འབྲིང་པོ་དང་བསྡུས་པ་ལྡེབ། ༡༨ ལྷ་དབང་བཀོལ་བྱང་ལྡེབ། ༥ ཚེ་འགུགས་ལྡེབ། ༢ བསྙེན་ཡིག་ལྡེབ། ༧ ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་བརྒྱུད་འདེབས་ལྡེབ། ༡ ལས་བྱང་རྒྱས་པ་ལྡེབ། ༡༧ འབྲིང་པོ་ལྡེབ། ༧ བསམ་ལྷུན་ལྡེབ། ༢ རྩ་དབང་རྒྱས་པ་ལྡེབ། ༣༥ དབང་ཆོག་འབྲིང་པོ་ལྡེབ། ༢༢ བསྡུས་པ་གཏོར་དབང་ལྡེབ། ༧ ཚེ་དབང་ལྡེབ། ༧ གཏེར་སྲུང་ལྡེབ། ༡ བླ་མ་བདུད་འདུལ་རྒྱལ་པོའི་རྩ་གཞུང་ལྷན་ཐབས་བཅས་ལ་ལྡེབ། ༡༤ བླ་སྒྲུབ་ཐུགས་ཀྱི་ཡང་སྙིང་ལས་བྱང་ལྡེབ། ༩ དབང་ཆོག་ལྡེབ། ༧ གུ་རུ་བདེ་བ་ཆེན་པོའི་གཏེར་གཞུང་ལྡེབ། ༢ སྒྲུབ་ཐབས་དབང་ཆོག་བཅས་ལ་ལྡེབ། ༨ འོད་གསལ་སྤྲུལ་པའི་རྡོ་རྗེའི་དག་སྣང་ཆོས་སྐོར་ལས། མཚོ་སྐྱེ་སྙིང་ཐིག་བརྒྱུད་འདེབས་ལྡེབ། ༡ ལས་བྱང་ལྡེབ། ༨ མཆོད་ཕྲིན་ལྡེབ། ༢ སྐོང་བཤགས་ལྡེབ། ༥ དབང་ཆོག་ལྡེབ། ༩ འདོན་ཟིན་ལྡེབ། རྗེ་མཁྱེན་བརྩེའི་དགོངས་གཏེར་རྩ་གསུམ་བདེ་གཤེགས་འདུས་པའི་ལས་བྱང་སོགས་ལ་ལྡེབ། ༡༨ འཆི་མེད་བསྟན་གཉིས་གླིང་པའི་རྩ་གསུམ་དགོངས་འདུས་ཆོས་སྡེ་ལས། རིག་འཛིན་མཆོག་སྒྲུབ་ཀྱི་ལས་བྱང་རྒྱུན་གྱི་ཕྲིན་ལས་ལྡེབ། ༨ རྒྱུན་གྱི་རྣལ་འབྱོར་ལྡེབ། ༤ ཚེ་སྒྲུབ་ལྡེབ། ༤ དོན་དབང་ལྡེབ། ༩ རྩ་གསུམ་གསོལ་འདེབས་ལྡེབ། ༡ རྩ་གསུམ་སྐོང་བསྡུས་ལྡེབ། ༡ བཅས་བཞུགས།། ལས་བྱང་རྒྱས་པ་ལྡེབ། ༥༧ གསོལ་འདེབས་ལྡེབ། ༧ ཛཔ྄་བཀོལ་ལྡེབ། ༡༧ ཚེ་དབང་ཆོག་སྒྲིག་ལྡེབ། ༧ །། ༄། གཏེར་མཛོད། ༼ད༽པ་ལ། གསང་ཐིག་སྐོར་བདུན་གྱི་ཐོག་མ་བླ་སྒྲུབ་འོད་ཀྱི་ཐིག་ལེའི་ཡབ་བཀའ་གཏེར་གཞུང་ལ་ལྡེབ། ༡༧ ལས་བྱང་བཀླག་ཆོག་ལྡེབ། ༡༣ ཚེས་བཅུའི་གསོལ་འདེབས་ལྡེབ། ༣ ཚོགས་མཆོད་ཉེར་མཁོའི་སྐོང་ཆོག་གྲུབ་ཐོབ་ཐུགས་ཏིག་ལས་ཁོལ་ཕྱུང་ལྡེབ། ༦ དབང་ཆོག་ལྡེབ། ༡༦ ཁྲིད་ཡིག་ལྡེབ། ༢༨ རད་གླིང་གཏེར་བྱོན་ཚེས་བཅུའི་བསྐུལ་ཐབས་ལྡེབ། ༤ གསང་ཐིག་ཡུམ་བཀའ་བདེ་ཆེན་རྒྱ་མཚོ་གཏེར་གཞུང་ལྡེབ། ༢༨ ལས་བྱང་ལྡེབ།༡༥ མ་མོ་སྔགས་ཀྱི་སྲུང་མའི་ལས་རིམ་གཏེར་གཞུང་ལྡེབ། ༥ ཡེ་ཤེས་མཚོ་རྒྱལ་གསོལ་འདེབས་ལྡེབ། ༦ ཚིག་བདུན་སྒྲུབ་ཐབས་ཀྱི་རྩ་བ་འདོན་ཐབས་ལ་ལྡེབ། ༧ དབང་ཆོག་ལྡེབ། ༥ སྒྲུབ་ཐབས་ལྡེབ། ༦༩ ཕྲིན་ལས་ལྡེབ། ༦ དྲིལ་སྒྲུབ་ལྡེབ། ༧ ཡུམ་བཀའི་ལས་གཞུང་ལྡེབ། ༡༡ སྐོང་བཤགས་ལྡེབ། ༨ དབང་བསྐུར་ལྡེབ། ༤ བཀའ་སྲུང་བདེ་ཆེན་རྒྱལ་མོའི་གསོལ་མཆོད་ལྡེབ། ༤ མཁའ་འགྲོའི་དབང་གི་ལག་ལེན་ལྡེབ། ༢༢ ཁྲིད་ཡིག་ཟབ་དོན་རྒྱ་མཚོ་ལྡེབ། ༣༢ དབང་བསྐུར་དང་ཁྲིད་ཀྱི་ཟིན་ཐོ་ལྡེབ། ༧ ཞར་བྱུང་གཏེར་བྱོན་བླ་སྒྲུབ་སྣ་ཚོགས་སྐོར་ལ། འཇའ་ཚོན་གཏེར་མ་དྭགས་པོ་གསང་ལམ་བླ་སྒྲུབ་ལྡེབ། ༡༤ དེའི་དབང་ཆོག་ལྡེབ། ༩ བསྙེན་ཡིག་ལྡེབ། ༡༡ གནམ་ཆོས་ཌོམྦི་པ།༡ བིརྺ་པ།༡ ཕ་དམ་པ།༡ མི་ཏྲ་ཛོ་ཀི།༡ རཏྣ་གླིང་པའི་སྒྲུབ་ཐབས་རྣམས་ལ་ལྡེབ་རེ་རེ།༡ མི་འགྱུར་རྡོ་རྗེས་པཀྴི་ཞལ་གཟིགས་མའི་ལས་བྱང་ལྡེབ། ༨ དབང་ཆོག་ལྡེབ། ༥ ཀློང་སྙིང་ལས་ཡང་གསང་བླ་སྒྲུབ་ཐིག་ལེའི་རྒྱ་ཅན་གྱི་བརྒྱུད་འདེབས་ལྡེབ། ༢ གཞུང་ཁ་སྐོང་དང་བཅས་པ་ལ་ལྡེབ། ༡༤ སྐོང་བཤགས་ལྡེབ། ༣ མཆོད་ཕྲེང་ལྡེབ། ༡ རྗེ་མཁྱེན་བརྩེའི་དག་སྣང་གྲུབ་ཐོབ་ཐུགས་ཏིག་བརྒྱུད་འདེབས་ལྡེབ། ༡ ཕྲིན་ལས་ལྡེབ། ༧ ཚེ་སྒྲུབ་ལྡེབ། ༣ རྩ་བའི་དབང་ཆོག་ལྡེབ། ༡༥ སྨིན་བྱེད་བྱིན་རླབས་སྙིང་པོ་ལྡེབ། ༣ ཚེ་དབང་ལྡེབ། ༦ ཁྲིད་ཡིག་རྩ་བ་ལྡེབ། ༢ སྐུ་གསུམ་རིགས་འདུས་བརྒྱུད་འདེབས་ལྡེབ། ༡ ལས་བྱང་ལྡེབ། ༡༠ སྐོང་བཤགས་ལྡེབ། ༢ སྨོན་ལམ་ལྡེབ། ༢ སྙིང་པོ་དོན་གྱི་གཏོར་དབང་ལྡེབ། ༤ པདྨ་འོད་གསལ་མདོ་སྔགས་གླིང་པའི་དག་སྣང་ཁྲི་སྲོང་བླ་སྒྲུབ་ལྡེབ། ༦ དབང་ཆོག་ལྡེབ། ༣ བཅས། ༈ གསང་བ་བླ་མ་དྲག་པོ་སྒྲུབ་པའི་སྐོར་ལ། ཉང་གཏེར་གུར་དྲག་བདེ་གཤེགས་འདུས་པའི་ལས་བྱང་ལྡེབ། ༡༧ འབྲིང་པོ་མེའི་སྤུ་གྲིའི་ལས་བྱང་ལྡེབ། ༡༢ སྨིན་ལམ་དབང་གི་རྒྱལ་པོ་ལྡེབ། ༢༡ མ་མགོན་སྡེ་བརྒྱད་ཀྱི་མཆོད་ཕྲིན་པད་ཕྲིན་གསུང་ལྡེབ། ༣ དྲེགས་པའི་སྲོག་དབང་ཆགས་མེད་གསུང་ལྡེབ། ༣ བསྙེན་ཡིག་ལྡེབ། ༡༦ བཅས་བཞུགས།། ༄། གཏེར་མཛོད། ༼ན༽པ་ལ། ཆོས་དབང་གུ་རུ་དར་ནག་བེར་ཆེན་གཞུང་བསྙེན་ཡིག་བཅས་ལ་ལྡེབ། ༦ བྱིན་རླབས་བྱེད་ཚུལ་ལྡེབ། ༥ བྱང་གཏེར་ཐུགས་སྒྲུབ་སྔོན་འགྲོ་གཟེར་ལྔ་རྒྱལ་ཆེན་མཆོད་ཕྲིན་བགེགས་གཏོར་བཅས་ལ་ལྡེབ། ༩ ཐུགས་སྒྲུབ་ཧཱུྃ་གི་ཕྲིན་ལས་ལྡེབ། ༡༤ རྗེས་ཆོག་ལྡེབ། ༡ པད་ཕྲིན་གསུང་རྒྱུན་ཁྱེར་ལྡེབ། ༡ བསྙེན་ཡིག་ལྡེབ། ༡༠ སྨིན་ལམ་དབང་ཆེན་ལྡེབ། ༣༧ འབྲིང་པོ་གསེར་མཛོད་མ་ལྡེབ། ༡༧ མདུན་བསྐྱེད་གཏེར་གཞུང་ལྡེབ། ༡༠ ཁྲིད་རྩ་ལྡེབ། ༢ ཡང་ཏིག་གཅེས་སྒྲོན་ཁྲིད་ཡིག་ལྡེབ། ༤༣ ཚེ་གུར་སྦྲགས་མའི་ཆོག་ཁྲིགས་ལྡེབ། ༡༢ རྡོར་གླིང་སྙན་བརྒྱུད་གུར་དྲག་ལས་བྱང་ལྡེབ། ༢༠ དབང་ཆོག་ལྡེབ། ༡༤ རད་གླིང་གུར་དྲག་བརྒྱུད་འདེབས་ལྡེབ། ༢ ལས་བྱང་མེ་རླུང་འཁྱིལ་བ་ལྡེབ། ༡༤ དབང་རྒྱས་པ་རྡོ་རྗེ་ཕྲེང་བ་ལྡེབ། ༢༠ དོན་དབང་ནོར་བུ་ལུགས་ལྡེབ། ༡༣ གཏོར་དབང་ལྡེབ།༩ པད་དཀར་དྲག་པོ་ཀཱི་ལ་ཡའི་རྩ་གཞུང་ལྡེབ། ༨ བསྙེན་ཡིག་ཆོས་ཀྱི་སྣང་བས་མཛད་པ་ལྡེབ། ༡༠ ལས་བྱང་ལྡེབ།་་་་ལས་བྱང་ཞིག་སྣང་རུང་མཁོ་བ་མེད་པས་མ་བཞག་གུ་ཎས་གསུང་། བྱིན་རླབས་ཀྱི་ཆོ་ག་ལྡེབ། ༨ རིག་འཛིན་ལེགས་ལྡན་པའི་དྲག་པོ་དབུ་དགུའི་ཕྱི་སྒྲུབ་གཏེར་གཞུང་ལྡེབ། ༩ བསྙེན་ཡིག་པད་ཕྲིན་གསུང་ལྡེབ། ༦ ལས་བྱང་ལྡེབ། ༡༢ གཏེར་སྲུང་ལྡེབ། ༤ དོན་དབང་ལྡེབ། ༨ མི་འགྱུར་ལས་འཕྲོ་གླིང་པའི་པདྨ་གཏུམ་པོ་གཏེར་གཞུང་ལྡེབ། ༤ དབང་ཆོག་ལྡེབ། ༤ འབྲི་གུང་དགོངས་ཟབ་གྲོ་ལོད་དབང་ཆོག་ལྡེབ། ༧ ཞིག་གླིང་དྲག་པོ་མེའི་འཁོར་ལོའི་ལས་བྱང་ལྡེབ། ༡༩ དབང་ཆོག་ལྡེབ། ༡༠ བྱང་བདག་ཀརྨ་གུ་རུའི་གཏེར་གཞུང་ལྡེབ། ༩ ལས་བྱང་ཆོག་ཁྲིགས་ལྡེབ། ༡༠ སྲོག་གཏད་ལྡེབ། ༨ བསྙེན་ཡིག་སྤར་བཅངས་མ་ལྡེབ། ༢ གཏོར་ནག་ལྡེབ། ༩ བཅས་གཞུགས།། ༄། གཏེར་མཛོད། ༼པ༽པ་ལ། འཇའ་ཚོན་གུར་དྲག་གཏོར་དབང་ལྡེབ། ༦ གྲོ་ལོད་ཞི་དྲག་གི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་ལྡེབ། ༩ བདུད་འདུལ་རྡོ་རྗེའི་གྲོ་ལོད་བརྒྱུད་འདེབས་ལྡེབ། ༡ ལས་བྱང་ལྡེབ། ༩ ཧཱུྃ་སྒྲུབ་ལྡེབ། ༡ དབང་ཆོག་ལྡེབ། ༡༡ ལྔ་པའི་དག་སྣང་གྲོ་ལོད་གནམ་ལྕགས་མེ་འཁོར་ཕྲིན་ལས་དབང་བསྐུར་ལས་སྦྱོར་ལྗགས་བསྒྲིགས་ལ་ལྡེབ། ༤༧ བརྒྱུད་འདེབས་ལྡེབ། ༡ སྨན་མཆོད་ལྡེབ། ༡ ཟོར་བྱང་ལྡེབ། ༡ བསྙེན་ཡིག་ལྡེབ།༧ རྒྱ་ཅན་ཡང་གསང་ཀརྨ་དྲག་པོའི་ལས་བྱང་དབང་ཆོག་གཏོར་ཟློག་དང་བཅས་པ་རྗེ་ཉིད་ཀྱི་ལྗགས་བསྒྲིགས་ལྡེབ། ༡༧ བརྒྱུད་འདེབས་ལྡེབ། ༡ སྨན་མཆོད་ལྡེབ། ༡ བསྙེན་ཡིག་ལྡེབ། ༣ གནམ་ཆོས་གུར་དྲག་ཕུར་མཇུག་གཏེར་གཞུང་ལྡེབ། ༢ དབང་ཆོག་ལྡེབ། ༨ སྨིན་གཏེར་དྲག་དམར་བརྒྱུད་འདེབས་ལྡེབ། ༡ ལས་བྱང་ལྡེབ། ༡༡ རྒྱུན་ཁྱེར་ལྡེབ། ༢ བསྙེན་ཡིག་ལྡེབ། ༥ གཏོར་ཟློག་ལྡེབ། ༡༣ བཅས་གཏེར་ཆེན་ཉིད་མཛད། དབང་ཆོག་པད་འགྱུར་གསུང་ལྡེབ། ༡༨ ཀློང་གསལ་ཡེ་ཤེས་རབ་འབར་གྱི་བརྒྱུད་འདེབས་ལྡེབ། ༢ སྔོན་འགྲོ་ལྡེབ། ༢ ཕྱི་གཏོར་ལྡེབ། ༡ ལས་བྱང་ལྡེབ། ༩ རྩ་སྒྲུབ་ལྡེབ། ༡ ཐུན་མོང་ཛཔ྄་དགོངས་ལྡེབ། ༢ ཕྲིན་ལས་ཆུང་བ་ལྡེབ། ༦ ཚེ་སྒྲུབ་ལྡེབ། ༣ གཏུམ་དྲག་དམར་ནག་གསང་སྒྲུབ་ལྡེབ། ༡ དབང་ཆེན་ཚེ་དབང་བཅས་ལ་ལྡེབ། ༡༤ དོན་དབང་ལྡེབ། ༤ ཚེ་དབང་་་དབང་སྒྲུབ་ཚེ་སྒྲུབ་ཟུར་པ་དེ་བཏང་ནས་ཚེ་དབང་དངོས་དབང་ཆེན་དུ་སོང་བས་ཟུར་དུ་བསྐུར་མི་དགོས།འཆི་མེད་རྔ་སྒྲ་ལྡེབ། ༢ རྗེས་གནང་ལྡེབ། ༣ སྡེ་བརྒྱད་མཆོད་གསོལ་ལྡེབ། ༢ དྲེགས་པའི་སྲོག་དབང་ལྡེབ། ༢ བསྙེན་ཡིག་ལྡེབ། ༢༢ སྟག་ཤམ་རྡོ་རྗེ་དྲག་རྩལ་ལས་བྱང་ལྡེབ། ༡༩ ཛཔ྄་བྱང་ལྡེབ། ༣ རྡོ་རྗེ་དྲག་རྩལ་སྤྲོས་བཅས་ལྷ་དབང་ཆེན་མོ་ལྡེབ། ༡༣ རྩ་དབང་གཏོར་དབང་བཅས་ལ་ལྡེབ། ༧ ཟིལ་གནོན་སྐོར་གཏེར་གཞུང་ཆ་ཚང་ལ་ལྡེབ། ༢༢ ཞིག་གླིང་ཆོས་གླིང་གཉིས་འདུས་དྲག་སྒྲུབ་མེའི་འཁོར་ལོའི་ལས་བྱང་ལྡེབ། ༩ དབང་ཆོག་ལྡེབ། ༦ ཆོས་གླིང་གུར་དྲག་བརྒྱུད་འདེབས་ལྡེབ། ༢ ལས་བྱང་ལྡེབ། ༡༥ སྐོང་བཤགས་ལྡེབ། ༢ གཏེར་སྲུང་ལྡེབ། ༢ ཧཱུྃ་སྒྲུབ་ལྡེབ། ༡ བསྙེན་ཡིག་ལྡེབ། ༥ ཞལ་ཤེས་བཀའ་རྒྱ་མ་ལྡེབ། ༥ དབང་ཆོག་ལྡེབ། ༡༠ སྡེ་བརྒྱད་སྲོག་དབང་ལྡེབ། ༣ བཅས་བཞུགས།། ༄། གཏེར་མཛོད། ༼ཕ༽པ་ལ། བདེ་གླིང་གྲོ་ལོད་བརྒྱུད་འདེབས་ལྡེབ། ༡ ཧཱུྃ་སྒྲུབ་ལྡེབ། ༦ དབང་ཆོག་ལྡེབ། ༨ རོལ་རྡོར་ཁྲོ་རོལ་ཕུར་བུའི་སྒྲུབ་ཐབས་ཡང་ཟབ་ལ་ལྡེབ། ༤ སྒེར་དབང་ལྡེབ། ༧ གུ་རུ་དྲག་ཁྲོས་ལས་བྱང་གཏེར་གཞུང་ལྡེབ། ༢༡ དབང་ཆོག་ལྡེབ། ༡༢ རྩ་གསུམ་གླིང་པའི་པདྨ་ཁྲག་འཐུང་ལྡེབ། ༣ དབང་ཆོག་ལྡེབ། ༤ མཆོག་གླིང་ཟབ་བདུན་བླ་མ་བཀའ་བརྒྱད་བརྒྱུད་འདེབས་ལྡེབ། ༡ ལས་བྱང་ལྡེབ། ༡༠ སྨན་མཆོད་ལྡེབ། ༡ དབང་ཆོག་ལྡེབ། ༣༣ ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། གྲོད་ལོད་སྒྲུབ་ཐབས་ལྡེབ། ༥ གཏོར་ཟློག་ལྡེབ། ༡༠ དབང་ཆོག་ལྡེབ། ༦ ཆོས་རྡོར་དྲག་མཐིང་སྒྲུབ་ཐབས་དང་ལས་ཚོགས་ལྡེབ། ༦ བརྒྱུད་འདེབས་ལྡེབ། ༢ ལས་བྱང་ལྡེབ། ༢༥ ཟློག་པ་ལྡེབ། ༡༠ ཚོགས་ལྷག་ལྡེབ། ༢ གཏེར་སྲུང་ལྡེབ། ༢ དབང་ཆོག་ལྡེབ། ༡༨ གཏོར་དབང་ལྡེབ། ༨ བཅས། འཆི་མེད་བསྟན་གཉིས་གླིང་པའི་ཟབ་གཏེར་གྲོ་ལོད་གསང་སྒྲུབ་གདུག་པ་ཀུན་འདུལ་གཏེར་གཞུང་ལ་ལྡེབ། ༩ དབང་ཆོག་ཞལ་ཤེས་ལ་ལྡེབ། ༡༢ ཡང་རྒྱལ་དབང་བཅོ་ལྔ་པས་མཛད་པ་ལ་ལྡེབ། ༡༢ ༈ ཡི་དམ་སྤྱི་སྒྲུབ་པའི་སྐོར་ལ། ཉང་གཏེར་བཀའ་བརྒྱད་བདེ་གཤེགས་འདུས་པ་སྨིན་ལུགས་ཀྱི་ཡིག་ཆ་ལས། བརྒྱུད་འདེབས་ལྡེབ། ༡ ལས་བྱང་བདེ་རོལ་ལྡེབ། ༢༧ སྔགས་བྱང་ལྡེབ། ༢ གཙོ་བོའི་མངོན་རྟོགས་ཆེ་ཆུང་ལྡེབ། ༢ ལས་བྱང་སྙིང་པོ་བསྡུས་པ་ལྡེབ། ༦ རྒྱུན་ཁྱེར་ལྡེབ། ༣ གཏེར་གཞུང་མདངས་སྐོང་ཆུང་བ་ལྡེབ། ༥ མཆོད་པ་ཕུད་ཀོང་ལྡེབ། ༣ སྒྲུབ་ཁོག་དངོས་གྲུབ་གཏེར་མཛོད་ལྡེབ། ༣༧ ཞི་བའི་སྦྱིན་སྲེག་ལྡེབ། ༡༠ རྒྱས་པའི་སྦྱིན་སྲེག་ལྡེབ། ༡༠ བདེར་འདུས་དབང་ཆེན་གྱི་ལག་ལེན་ལྡེབ། ༣༡ པདྨ་ཤེལ་ཕུག་དབང་ཆོག་ལྡེབ། ༢༤ རྣལ་འབྱོར་རྒྱུན་དབང་ལྡེབ། ༡༢ བསྙེན་ཡིག་རིན་ཆེན་སྒྲོན་མེ་ལྡེབ། ༤༤ དེ་ལས་ཁོལ་ཕྱུང་ཕྱག་རྒྱ་རྐྱང་སྒྲུབ་དང་ཧཱུྃ་སྒྲུབ་རྒྱུན་ཁྱེར་ལྡེབ། ༩ ཞི་བ་རིགས་བརྒྱའི་ལས་བྱང་ལྡེབ། ༣༩ ཞི་བའི་དབང་ཆོག་ལྡེབ། ༣༤ ཞི་བའི་ཚེ་སྒྲུབ་ལྡེབ། ༡༠ རྩ་བའི་ཚེ་སྒྲུབ་ལྡེབ། ༢༥ ཁྱད་པར་གནད་ཀྱི་རྫོགས་རིམ་ལྔ་ལ་ལྡེབ། ༢༣ བཅས་བཞུགས།། ༄། གཏེར་མཛོད། ༼བ༽པ་ལ། ཆོས་དབང་བཀའ་བརྒྱད་གསང་རྫོགས་ལས་བྱང་ལྡེབ། ༢༡ ལས་བྱང་སྐོང་ཟློག་ཤིན་ཏུ་བསྡུས་པ་ལྡེབ། ༩ འགྲེས་བྱང་ལྡེབ། ༡ མགྱོགས་དབང་བུམ་རྒྱ་ཅན་ལྡེབ། ༢༣ བསྙེན་ཡིག་ལྡེབ། ༡༦ རིམ་ལྔ་གདན་ཐོག་གཅིག་མ་ལྡེབ། ༣ བྱང་གཏེར་བཀའ་བརྒྱད་རང་ཤར་གསོལ་འདེབས་དང་སྔོན་འགྲོ་ལྡེབ། ༢ ལས་བྱང་ལྡེབ། ༡༤ སྔགས་ཀྱི་ཕྲིན་ལས་ལྡེབ། ༥ དབང་ཆོག་ལྡེབ། ༥༢ གནམ་ཞལ་དོན་ཁྲིད་ལྡེབ། ༡༨ རྫོགས་རིམ་སྙིང་ཐིག་རྣམ་བཅུ་ལྡེབ། ༤ བསྙེན་ཡིག་ལྡེབ། ༤ དྲིལ་སྒྲུབ་ལྡེབ། ༢ ཨོ་རྒྱན་གླིང་པའི་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་བརྒྱུད་འདེབས་འབྲིང་པོ་ལྡེབ། ༡༢ བསྡུས་པ་ལྡེབ། ༡ སྒྲུབ་ཁོག་ཞིབ་གསལ་མེད་དུ་མི་རུང་བ་ཅན་ལྡེབ། ༢༧ ཕྲིན་ལས་ནར་མ་ལྡེབ། ༢༩ མཆོད་ཕྲེང་ལྡེབ། ༢ སྨོན་ལམ་ལྡེབ། ༢ དོན་དབང་ལྡེབ། ༦ ཐུགས་ཁྲིད་ལྡེབ། ༡༡ སྐོང་བསྡུས་ལྡེབ། ༦ རྒྱུན་གྱི་ལས་སྦྱོར་ལྡེབ། ༡༢ བཀའ་སྲུང་ལྡེབ། ༥ རྒྱུན་ཁྱེར་ལྡེབ། ༤ དབང་ཆོག་ལྡེབ། ༡༦ ལྷ་དབང་བཀོལ་བྱང་ལྡེབ། ༥ དཀྱིལ་འཁོར་བཀོད་པ་ལྡེབ། ༦ བསྙེན་སྒྲུབ་བྱ་ཚུལ་ལྡེབ། ༤ པད་གླིང་བཀའ་བརྒྱད་ཐུགས་ཀྱི་མེ་ལོང་ལས་བྱང་ལྡེབ། ༢༠ དབང་ཆོག་ལྡེབ། ༡༣ བསམ་གཏན་བདེ་ཆེན་གླིང་པའི་ཡང་གསང་དྲེགས་འདུལ་གྱི་བརྒྱུད་འདེབས་ལྡེབ། ༡ ལས་བྱང་ལྡེབ། ༨ མཆོད་ཕྲེང་ལྡེབ། ༣ རྫོགས་རིམ་ལྡེབ།་་་མང་སོ་བའི་ཡང་གཏེར་འདི་སྐོར་གཏན་ནས་ཕབ་མ་གྲུ་བས་མི་བཞུགས་འདུག །དབང་ཆོག་ལྡེབ། བཅས་བཞུགས། བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་སྤྱི་དོན་མ་ཧཱ་པཎྜི་ཏ་མི་ཕམ་རྒྱ་མཚོའི་གསུང་ངོ་མཚར་ཅན་ལྡེབ། ༡༠༠ བཅས་བཞུགས།། ༄། གཏེར་མཛོད། ༼མ༽པ་ལ། འཇའ་ཚོན་བཀའ་བརྒྱད་དངོས་གྲུབ་སྙིང་པོའི་ལས་བྱང་ལྡེབ། ༨ དབང་ཆོག་ལྡེབ། ༡༥ ཀློང་གསལ་བདེ་གཤེགས་ཡོངས་འདུས་ལས་བྱང་ལྡེབ། ༩ དོན་དབང་ལྡེབ། ༡༧ ཁྲིད་ཡིག་གསང་ཆེན་ཡེ་ཤེས་སྙིང་པོ་ལྡེབ། ༡༦ རྒྱུན་གྱི་ལམ་ཁྱེར་ལྡེབ། ༢ གནམ་ཆོས་དགོངས་གཏེར་བཀའ་བརྒྱད་ལུས་དཀྱིལ་འདོན་ཆ་ལྡེབ། ༤ དབང་ཆོག་ལྡེབ། ༧ བདེ་གླིང་བཀའ་འདུས་གསོལ་འདེབས་ལྡེབ། ༡ ལས་གཞུང་ལྡེབ། ༢༦ དབང་ཆོག་ལྡེབ། ༡༣ གྲུབ་ཐོབ་བཀའ་བརྒྱད་གཏེར་གཞུང་ལྡེབ། ༥༣ ལས་བྱང་ལྡེབ། ༡༥ དབང་ཆོག་ལྡེབ། ༢༧ སྒྲུབ་ཁོག་ལྡེབ། ༢༠ སྨན་སྒྲུབ་ལྡེབ། ༢༩ གཏོར་ཟློག་ལྡེབ། ༢༦ རྒྱུད་འགྲེལ་ལྡེབ། ༢༠ ཁྲིད་རྩ་ལྡེབ། རིམ་ལྔའི་ཁྲིད་ཡིག་ལྡེབ། ༡༢ ཁྲིད་ཟིན་ལྡེབ། མཆོག་གླིང་གཏེར་བྱོན་རྫོགས་ཆེན་བཀའ་འདུས་རྩ་སྒྲུབ་སྐོར་ཆོས་ཚན་བདུན་པོ་ཁ་ཡིག་རིང་སྦྲེལ་བྱས་པ་ཅན་ལ་ལྡེབ། ༢༧ མཆོག་གླིང་བཀའ་བརྒྱད་བདེ་གཤེགས་ཀུན་འདུས་བསྐྱེད་རྫོགས་བརྒྱུད་འདེབས་ལྡེབ། ༡ ལས་བྱང་འབྲིང་པོ་ལྡེབ། ༡༡ དབང་ཆོག་ལྡེབ། ༡༡ ཡི་དམ་བཀའ་འདུས་སྙིང་པོའི་རྩ་གཞུང་ལྡེབ། ༦ ལས་བྱང་རྒྱུན་ཁྱེར་ལྡེབ། ༨ དབང་ཆོག་ལྡེབ། ༦ ཕྲིན་ལས་ལྡེབ། ༧ ༈ ཡི་དམ་བྱེ་བྲག་ཏུ་སྒྲུབ་པའི་སྐོར་ལས། འཇམ་དཔལ་ཞི་སྒྲུབ་ལ། བན་གསར་ཕྱོགས་མེད་ཀྱི་འཇམ་དཔལ་རྫོགས་ཆེན་ཕྲིན་ལས་དབང་ཆོག་དང་བཅས་པ་ལ་ལྡེབ། ༢༧ འཇམ་དཔལ་རྒྱུད་སྙིང་མཆན་བཅས་ལྡེབ། ༣ སངས་གླིང་འཇམ་དཀར་མུན་སེལ་སྒྲོན་མེའི་སྒྲུབ་ཐབས་ལྡེབ། ༡༡ གསང་སྒྲུབ་སོགས་ལ་ལྡེབ། ༡༣ དཔེ་རིས་ལྡེབ།༡ དེའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་ལ་ལྡེབ། ༡༨ དམར་པོ་ལོངས་སྤྱོད་ཚེ་འཕེལ་གྱི་གཏེར་གཞུང་ལྡེབ། ༩ སྒྲུབ་ཐབས་དབང་དང་བཅས་པ་ལ་ལྡེབ། ༦ བཅས་བཞུགས།། ༄། གཏེར་མཛོད། ༼ཙ༽པ་ལ། བདུད་འདུལ་གཏེར་མ་འཇམ་དབྱངས་རིགས་ལྔ། དབྱངས་ཅན་དམར་མོ་ལས་ཚོགས་དང་བཅས་པ་གཏེར་གཞུང་ལྡེབ།༣༡ དབང་ཆོག་ལྡེབ།༡༦ སྨིན་གཏེར་དྲེགས་འཇོམས་ཞི་སྒྲུབ་ལ་ལྡེབ། ༣ བཅས། ༈ འཇམ་དཔལ་དྲག་སྒྲུབ་ཀྱི་སྐོར་ལ། ཞང་ཁྲོམ་ཚེ་བདག་སྨིན་ལུགས་ཡིག་ཆ། བརྒྱུད་འདེབས་ལྡེབ། ༡ ལས་བྱང་རྡོ་རྗེའི་མེ་ཕྲེང་ལྡེབ། ༡༡ རྒྱུན་ཁྱེར་ལྡེབ། ༡ མཆོད་བསྟོད་གསལ་སྒྲོན་ལྡེབ། ༡༥ གཏེར་སྲུང་གསོལ་ཁ་ལྡེབ། ༡ སྐོང་བ་ལྡེབ། ༥ གཏོར་ཟློག་ལྡེབ། ༡༥ སྔགས་བྱང་ལྡེབ། ༡ གཏོར་ཟློག་ལག་ལེན་ལྡེབ། ༡༤ བསྙེན་ཡིག་སྲིད་གསུམ་དགྲ་རྒྱལ་ལྡེབ། ༢༥ དེའི་ཟུར་འདེབས་མི་ཕམ་པས་མཛད་པ་ལྡེབ། ༣༨ སྟོབས་ཆེན་མཆོད་རྟེན་ལག་ལེན་སྒྲོན་མ་བདུན་པ་ལྡེབ། ༣༩ པད་གནུབས་ཆུ་བོ་གཅིག་འདྲེས་ཀྱི་དབང་ཆོག་ལྡེབ། ༤༢ ཡང་ཟློག་མེའི་སྤུ་གྲི་རྩ་གཞུང་ལྡེབ། ༨ གོང་ལྔས་མཛད་པའི་ལས་བྱང་ལྡེབ། ༡༧ ཟུར་འདེབས་ལྡེབ། ༢ བསྙེན་ཡིག་ལྡེབ། ༡༢ ལྔ་པའི་གསུང་ལྷན་ཐབས་རིག་འཛིན་ཞལ་གྱི་དྲོད་རླངས་ལྡེབ། ༡༠ གལ་འགག་གནད་གཟེར་ལྡེབ། ༡༡ འཕྲུལ་འཁོར་གནད་སྒྱུ་ལྡེབ། ༣༤ ཟབ་གནད་སྙིང་གི་མེ་ལོང་ལྡེབ། ༩ སྨིན་གཏེར་དྲེགས་འཇོམས་བརྒྱུད་འདེབས་ལྡེབ། ༡ ལས་བྱང་ལྡེབ། ༡༤ རྒྱུན་ཁྱེར་ལྡེབ། ༤ ཡང་ལྡེབ། ལས་བུམ་ལྡེབ། ༡ དབང་ཆོག་ལྡེབ། ༡༡ བསྙེན་ཡིག་ལྡེབ། ༡༢ པདྨ་འོད་གསལ་མདོ་སྔགས་གླིང་པའི་སྙན་བརྒྱུད་འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་གཏེར་གཞུང་ལྡེབ། ༡༠ སྔོན་འགྲོའི་ངག་འདོན་ལྡེབ། ༣ རྒྱུན་ཁྱེར་ལྡེབ། ༤ ལས་བྱང་ལྡེབ། ༧ དབང་ཆོག་ལྡེབ། ༨ ཡང་གཤིན་རྗེའི་ཐུགས་ཏིག་དབང་ཕྱག་རྒྱ་གསང་བའི་བཅུད་འདུས་ལ་ལྡེབ། ༡༠་་་་དབང་ཆོག་འདི་ཁྲིད་དང་འབྲེལ་བར་ཡོད་པས་གལ་གནད་ཆེ་གསུང་།མཆན། གཏོར་ཟློག་ལྡེབ། ༨ བཅས་བཞུགས།། ༄། གཏེར་མཛོད། ༼ཚ༽པ་ལ། མཆོག་གླིང་ཟབ་བདུན་ཚེ་བདག་ནག་པོའི་གཏེར་གཞུང་ཤོག་དྲིལ་དང་པོ། གཉིས་པ། གསུམ་པ་རྣམས་ལ་ལྡེབ། ༤ བརྒྱུད་འདེབས་ལྡེབ། ༡ སྔོན་གཏོར་ལྡེབ། ༡ ཤོག་དྲིལ་བཞི་པ་ལྡེབ། ༣ སྨན་མཆོད་ལྡེབ། ༡ སྔགས་བྱང་ལྡེབ། ༡ སྐོང་བ་ལྡེབ། ༢ འགུགས་བྱང་ལྡེབ། ༡ ཐུན་གཏོར་ལྡེབ། ༡ ཤོག་དྲིལ་ལྡེབ། དྲུག་པ། བརྒྱད་པ་ནས་ཉི་ཤུའི་བར་ལྡེབ། ༢༢ ཉེར་གཅིག་ནས་ཉེར་བཞིའི་བར་ལྡེབ། ༥ དབང་ཆོག་ལྡེབ། ༡༤ དབང་ཆོག་འཁོར་ལོ་རོལ་པ་ལྡེབ། ༨ ཟབ་བདུན་གཤིན་རྗེ་སྒྲུབ་ཐབས་འཁོར་ལོ་རོལ་པའི་གཏེར་གཞུང་ལ་ལྡེབ། ༤ ལྷ་དབང་གཏེར་གཞུང་ལ་ལྡེབ། ༤ ཆོས་དབང་གཤིན་རྗེ་འཆར་ཁའི་ལས་བྱང་གཏེར་གཞུང་ལྡེབ། ༣༠ ཟློག་ཟོར་ལག་ལེན་རིན་རྣམ་གསུང་ལྡེབ། ༡༦ ཟོར་དབང་ལྡེབ། ༡༢ སངས་གླིང་འཇམ་དཔལ་ནག་པོ་གྲིབ་འཇོམས་རྡོ་རྗེ་ཕ་ལམ་གཏེར་གཞུང་ལྡེབ། ༣༣ སྲུང་ཟློག་གུད་སྦས་ལྡེབ། ༣ གཤོར་དཀར་ནག་ཁྲ་གསུམ་ལྡེབ། ༢༡ སྤྱི་གཤོར་ལྡེབ། ༣ ཞིག་གླིང་འཇམ་དཔལ་ནག་པོའི་རྒྱུན་ཁྱེར་སྨིན་གཏེར་གསུང་ལྡེབ། ༡ རིག་འཛིན་ཚེ་དབང་ནོར་བུའི་གསུང་སྐོར་བརྒྱུད་འདེབས་ལྡེབ། ༡ ལས་བྱང་ལྡེབ། ༡༤ དྲིས་ལན་ལྡེབ། ༢ རྫས་ཐོ་ལྡེབ། ༢ ཆོས་གྲགས་གསུང་གྲིབ་མདོས་ལྡེབ། ༦ ཕྲིན་ལས་རྗེས་གནང་དང་བཅས་པའི་ཆོག་ཁྲིགས་ལྡེབ། ༡༩ རད་གླིང་འཇིགས་བྱེད་མེའི་སྤུ་གྲིའི་ཆོག་ཁྲིགས་ཆགས་མེད་གསུང་ལྡེབ། ༡༨ དབང་ཆོག་ལྡེབ། ༦ གནམ་ཆོས་འཇིགས་བྱེད་ལྡེབ། ༥ ཀིང་ནག་ལས་བྱང་ཟུར་མཁར་ལུགས་ལྡེབ། ༡༣ ཆགས་མེད་གསུང་རྒྱུན་ཁྱེར་རྡོ་རྗེའི་གོ་ཆ་ལྡེབ། ༡༡ ལས་བྱང་དུག་རི་ལ་ལྡེབ། ༡༤ རྒྱུན་ཁྱེར་ལྡེབ། ༡ ལས་བྱང་ཁྱེར་བདེ་ཀུན་ཁྱབ་གསུང་ལ་ལྡེབ། ༡༡ དབང་ཆེན་ལྡེབ། ༡༦ གཏོར་དབང་ལྡེབ། ༩ ལས་གཤིན་ཁྲོ་ཆུ་དུག་སྡོང་གི་ལས་བྱང་འབྲི་གུང་ཆོས་གྲགས་མཛད་པ་ལྡེབ། ༢༩ བཅའ་གཞི་ལག་ལེན་གྱི་ཤོག་དྲིལ་ལྡེབ། ༡༦ ལས་བྱང་གནམ་ལྕགས་གོ་མཚོན་ཆགས་མེད་གསུང་ལྡེབ། ༡༣ ཀུན་ཁྱབ་གསུང་གཅིག་ཆོག་གསུམ་གྱི་གདམས་པ་རྒྱུན་ཁྱེར་ལྡེབ། ༢ དུག་དབང་ལྡེབ། ༡༤ གཏོར་དབང་ལྡེབ། ༧ བཅས་བཞུགས།། ༄། གཏེར་མཛོད། ༼ཛ༽པ་ལ། འཇམ་དཔལ་ཤིན་ཏུ་ཁྲོས་པ་ནཱ་ག་རཀྴའི་སྐོར་ལ། ཉང་གཏེར་རྩ་བ་ལྡེབ། ༢ རིན་ཆེན་གླིང་པའི་གཏེར་གཞུང་ལྡེབ། ༤༩ ཁྱུང་འཁོར་ལྡེབ། ༢ རྒྱུན་ཁྱེར་སྨིན་གླིང་གསུང་ལྡེབ། ༡ སྒྲུབ་ཐབས་ཚེ་ནོར་གསུང་ལྡེབ། ༦ ཞལ་ཤེས་ལྡེབ། ༢ དམར་ཁྲིད་ལྡེབ། ༤ གནམ་ཆོས་ནཱ་ག་རཀྴའི་སྐོར་ལྡེབ། ༥ སྐྱིད་གྲོང་ཐུགས་རྡོར་གཏེར་མ་ནཱ་ག་རཀྴའི་གསང་སྒྲུབ་ལྡེབ། ༡༤ སྒྲུབ་ཡིག་སྙིང་བྱང་ལྡེབ། དབང་ཆོག་ལྡེབ། ༡༢ བཅས། ༈ པདྨ་གསུང་ཞི་སྒྲུབ་ལས། ཚེ་དཔག་མེད་ཀྱི་སྐོར་ལ། ཉང་གཏེར་མཚོ་སྐྱེས་རྡོ་རྗེའི་ཕྲིན་ལས་དབང་ཆོག་དང་བཅས་པ་ལྡེབ། ༢༧ བྱང་གཏེར་ཚེ་སྒྲུབ་ལྕགས་སྡོང་མ་གཏེར་གཞུང་ལྡེབ། ༡༠ ལྕགས་སྡོང་ལྷ་མང་གི་དབང་ཆོག་རྒྱུན་ཁྱེར་བཅས་ས་སྐྱ་པའི་གསུང་ལྡེབ། ༡༣ རང་ཤར་ཚེ་ལྷ་ཡོངས་རྫོགས་གཏེར་གཞུང་ལྡེབ། ༨ དེའི་ཕྲིན་ལས་དང་དབང་ཆོག་ལྡེབ། ༡༣ སངས་གླིང་ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་དབང་ཆོག་ཆགས་མེད་གསུང་ལྡེབ། ༢༣ རྡོར་གླིང་ཞི་ཁྲོའི་ཚེ་སྒྲུབ་འོད་ཟེར་དྲྭ་བའི་ལས་བྱང་ལྡེབ། ༡༤ དབང་ཆོག་ལྡེབ། ༡༠ རཏྣའི་ཚེ་ཁྲིད་རྡོ་རྗེ་ཕྲེང་བ་གཏེར་གཞུང་ལྡེབ། ༣༢ བརྒྱུད་འདེབས་ལྡེབ། ༡ ཕྲིན་ལས་དབང་ཆོག་དང་བཅས་པ་ལ་ལྡེབ། ༡༧ གཏེར་ཁ་བཞི་འདུས་ཚེ་སྒྲུབ་བདུད་རྩི་བུམ་ཆུང་ཆོག་བསྒྲིགས་ལྡེབ། ༧ རས་ཆེན་དཔལ་འབྱོར་བཟང་པོའི་ཚེ་དབང་མདའ་འཕེལ་མའི་སྐོར་ལ་ལྡེབ། ༢༣ མངའ་རིས་པཎ་ཆེན་གཏེར་བྱོན་ཚེ་སྒྲུབ་ཡེ་ཤེས་འོད་མཆོག་གཏེར་གཞུང་ལྡེབ། ༤༦ གསང་སྒྲུབ་ཕྲིན་ལས་ལྡེབ། ༢༥ དབང་ཆོག་ལྡེབ། ༡༣ འབྲི་གུང་དགོངས་པ་ཡང་ཟབ་ཀྱི་ཚེ་སྐོར་གཏེར་གཞུང་དང་། ཕྱི་སྒྲུབ་ངག་འདོན་ཆོས་གྲགས་མཛད་པ་ལ་ལྡེབ། ༢༢ ཟབ་དབང་ཆོ་ག་ལྡེབ། ༡༠ བཅས་བཞུགས།། ༄། གཏེར་མཛོད། ༼ཝ༽པ་ལ། ཞིག་གླིང་ཚེ་སྒྲུབ་རྒྱལ་བ་འདུས་པའི་ལས་བྱང་ལྡེབ། ༡༢ དབང་ཆོག་ལྡེབ།༡༥ གྲོལ་ཏིག་ཚེ་སྒྲུབ་སྐུ་གསུམ་འདུས་པ་སྒྲུབ་ཐབས་དབང་ཆོག་དང་བཅས་པ་ལྡེབ། ༢༠ ཨ་ཧཾ་དྭངས་མ་གསུམ་ལྡན་ལྡེབ། ༢ འཇའ་ཚོན་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེའི་ལས་བྱང་ལྡེབ། ༡༢ སྐོང་བ་ལྡེབ། ༤ དབང་ཆོག་ལྡེབ། ༡༨ འཆི་བདག་གཏོར་ཆེན་ལྡེབ། ༡༨ གླུད་རབས་ལྡེབ། ༦ བདུད་འདུལ་ཚེ་སྒྲུབ་ཚ་བ་དམར་ཐག་ལས་བྱང་ལྡེབ། ༦ ཚེ་འགུགས་ལྡེབ། ༢ དབང་ཆོག་ལྡེབ། ༡༣ སྨན་གླིང་ཚེ་སྒྲུབ་འཆི་མེད་ཡང་སྙིང་གཏེར་གཞུང་ལྡེབ། ༦ ལས་བྱང་ལྡེབ། ༨ རྗེས་ཆོག་ལྡེབ། ༢ རྒྱུན་ཁྱེར་ལྡེབ། ༡ བསྙེན་ཡིག་ལྡེབ། ༦ དབང་ཆོག་ལྡེབ། ༤ མཚམས་སྦྱོར་ལྡེབ། ༨ བརྟན་བཞུགས་ལྡེབ། ༤ གར་དབང་རྡོ་རྗེའི་ཚེ་སྒྲུབ་ཡེ་ཤེས་རྒྱ་མདུད་ལས་བྱང་དབང་ཆོག་དང་བཅས་ལ་ལྡེབ། ༡༣ ཀློང་གསལ་ཡང་གསང་བླ་མེད་བརྒྱུད་འདེབས་ལྡེབ། ༡ བྱིན་འབེབ་ལྡེབ། ༡ ལས་བྱང་ལྡེབ། ༡༢ ཚེ་འགུགས་ལྡེབ། ༣ བྱང་།༡ དབང་ཆོག་མཚམས་སྦྱོར་ལྡེབ། ༤ ཡོན་དགེའི་ནམ་སྙིང་ཚེ་སྒྲུབ་ལྡེབ། ༥ དབང་ཆོག་རྗེ་པདྨའི་གསུང་ལྡེབ། ༤ སྟག་ཤམ་ཚེ་སྒྲུབ་ཡང་སྙིང་བཅུད་བསྡུས་གསང་དྲིལ་ཟུང་འཇུག་གི་ལས་བྱང་ལྡེབ། ༡༡ དབང་ཆོག་ལྡེབ། ༡༠ དབོན་གསས་ཁྱུང་ཐོག་གི་ཚེ་སྒྲུབ་ཡེ་ཤེས་སྲོག་ཏིག་གཏེར་གཞུང་ལྡེབ། ༤ དབང་ཆོག་ལྡེབ། ༥ བདེ་གླིང་རྡོ་རྗེ་རྒྱ་མདུད་བརྒྱུད་འདེབས་ལྡེབ། ༢ ལས་བྱང་ལྡེབ། ༡༠ ཁྲིད་ཡིག་ལྡེབ། ༧ དབང་ཆོག་ལྡེབ། ༡༡ རོལ་རྡོར་ལྕགས་ཀྱི་བང་མཛོད་ལས་བྱང་གཏེར་གཞུང་ལྡེབ། ༡༡ དབང་ཆོག་ལྡེབ། ༩ རོག་རྗེ་གླིང་པའི་ཚེ་སྒྲུབ་གསང་བ་རྨད་བྱུང་གཏེར་གཞུང་ལྡེབ། ༤ དབང་ཆོག་ལྡེབ། ༦ གར་དབང་འཆི་མེད་རྡོ་རྗེའི་ཚེ་སྒྲུབ་འཆི་མེད་ཐུགས་ཏིག་གི་ལས་བྱང་ལྡེབ། ༡༨ ཛཔ྄་བསྐུལ་ལྡེབ། ༡ ཚེ་འགུགས་ལྡེབ། ༨ དོན་དབང་ལྡེབ། ༧ ཟླ་བའི་འོད་ཟེར་ཚེ་སྒྲུབ་རྡོ་རྗེ་སྙིང་པོའི་ལས་བྱང་ལྡེབ། ༡༢ དབང་ཆོག་ལྡེབ། ༨ དཔའ་བོ་བརྒྱད་པའི་དགོངས་གཏེར་ཚེ་སྒྲུབ་སྐོར་ལ་ལྡེབ། ༡༦ བརྒྱུད་འདེབས་ལྡེབ། ༡ བསྙེན་ཡིག་གསར་བྲིས་ལྡེབ། ༦ མཆོག་གླིང་ཟབ་བདུན་ཚེ་དཀར་བརྒྱུད་འདེབས་ལྡེབ། ༡ མཚམས་སྦྱོར་ལྡེབ། ༡ ལས་བྱང་ལྡེབ། ༡༨ སྨན་མཆོད་ལྡེབ། ༡ ཚེ་འགུགས་ལྡེབ། ༦ ཕྲིན་ལས་བསྡུས་པ་ལྡེབ། ༧ དབང་ཆོག་ལྡེབ། ༢༡ ཚེ་སྒྲུབ་རྡོ་རྗེ་ཕྲེང་བ་ལས། ཚེ་བདག་ཡབ་ཡུམ་སྲས་གསུམ་གྱི་ཕྱི་སྒྲུབ་ལྡེབ། ༨ ནང་སྒྲུབ་ལྡེབ། ༧ གསང་སྒྲུབ་ལྡེབ། ༤ བཅས་བཞུགས།། ༄། གཏེར་མཛོད། ༼ཞ༽པ་ལ། ཐུགས་སྒྲུབ་ཆོས་སྐུའི་ལས་བྱང་དབང་ཆོག་དང་བཅས་པ་ལྡེབ། ༢༠ བསྙེན་སྒྲུབ་ཟིན་བྲིས་ལྡེབ། ༢ བླ་བསླུ་ལྡེབ། ༡༢ འགྲེས་བྱང་ལྡེབ། ༡ ཚེ་དབང་རྡོར་ཕྲེང་རྩ་དབང་ལ་ལྡེབ། རིག་འཛིན་ཚེ་དབང་ནོར་བུའི་དགོངས་གཏེར་ཚེ་ཁྲིད་སྐུ་གསུམ་ལམ་རིམ་ལ་ལྡེབ། ༡༣ བཅས། ༈ འོད་དཔག་མེད་པའི་སྐོར་ལ། ཀཿདམ་པའི་གསུང་རྡོ་རྗེ་སྒྲུབ་ཐབས་དབང་ཆོག་དང་བཅས་པ་ལ་ལྡེབ། ༡༠ གནམ་ཆོས་འོད་ཆོག་སྔོན་འགྲོ་ལྡེབ། ༡ སྒྲུབ་ཐབས་ལྡེབ། ༦ མཆོད་ཕྲེང་ལྡེབ། ༡ ལྷན་ཐབས་ལྡེབ། ༣ བཀའ་སྲུང་ལྡེབ། ༣ དབང་ཆོག་ལྡེབ། ༡༢ མཐའ་རྟེན་ལྡེབ། ༢ ཟིན་བྲིས་ལྡེབ། ༩ སྟག་ཤམ་ཡི་དམ་དགོངས་འདུས་ཀྱི་འོད་དཔག་མེད་བརྒྱུད་འདེབས་ལྡེབ། ༡ ལས་བྱང་ལྡེབ། ༡༥ ཚེ་འགུགས་ལྡེབ། ༥ ཚེ་དབང་ལྡེབ། ༡༤ ནང་སྒྲུབ་དང་དབང་ཆོག་ལྡེབ། ༡༠ སྒྲུབ་ཐབས་པདྨའི་སྡོང་པོ་རྗེས་གནང་དང་བཅས་པ་ལྡེབ། ༦ ཆོས་སྤྱོད་སྨོན་ལམ་ལྡེབ། ༡༥ མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་འོད་དཔག་མེད་ཞིང་སྦྱོང་གི་ཆོ་ག་མཁྱེན་བརྩེའི་གསུང་ལ་ལྡེབ། ༢༡ གཞན་ཕན་ཕྲིན་ལས་ལྡེབ། ༡༤ དབང་བསྐུར་གྲངས་གསོག་ལྡེབ། ༡ ཉི་ཟླ་སངས་རྒྱས་གཏེར་བྱོན་འཕོ་བ་འཇག་ཚུགས་མའི་སྐོར་ལྡེབ། ༡༩ ཁྲིད་ཟིན་ལྡེབ། ༢ འཕོ་བ་སྙན་བརྒྱུད་མའི་ཟིན་བྲིས་ལྡེབ། ༣ གསང་མཆོག་མ་ཆགས་མེད་གསུང་ལྡེབ། ༦ ཡང་ཁྲིད་ཟིན་འཇམ་དབྱངས་མཁྱེན་བརྩེས་མཛད་པ་ལྡེབ། ༣ བཅས། ༈ ཞི་བ་ཐུགས་རྗེ་ཆེན་པོའི་སྐོར་ལ། ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་སྒྲུབ་ཁོག་ཆེན་མོའི་ཕྲིན་ལས་ལ་ལྡེབ། ༡༤ དབང་ཆོག་ལྡེབ། ༢༣ འབྲི་གུང་ཆོས་གྲགས་གསུང་བསྐྱེད་རྫོགས་ཁྲིད་ཡིག་པད་དཀར་ཕྲེང་བ་ལྡེབ། ༥༩ ལས་ཚོགས་སྐོར་ལ་ལྡེབ། ༢༣ མ་ཎིའི་ལས་ཚོགས་ལྡེབ། ༩ སྨིན་ལོའི་གསུང་བརྒྱུད་འདེབས་ལྡེབ། ༢ སྐུ་གསུམ་སྙིང་པོའི་དོན་ཁྲིད་ལྡེབ། ༦ རྒྱུན་ཁྱེར་ལྡེབ། ༢ ཉང་གཏེར་ཐུགས་ཆེན་འགྲོ་འདུལ་གྱི་གཟུངས་ཁྲུས་ཆོ་ག་ལྡེབ། ༧ ལས་བྱང་ལྡེབ། ༡༦ དབང་ཆོག་ལྡེབ། ༢༦ ཚེ་སྒྲུབ་ཆེན་མོ་ལྡེབ། ༧ རྒྱལ་བ་རྒྱ་མཚོའི་གཞུང་རྡོ་རྗེ་སྙིང་པོས་མཛད་པ་སྦ་ལྕག་མ་ལྡེབ། ༡༠ ཉང་གཏེར་བ་མཁལ་མའི་གཞུང་ལྡེབ། ༡༧ གསོལ་འདེབས་ལྡེབ། ༡ སྒྲུབ་ཐབས་ལྡེབ། ༡༣ རྒྱུན་ཁྱེར་ལྡེབ། ༢ གནས་ལུང་ལྡེབ། ༩ བསྙེན་ཡིག་ལྡེབ། ༡༠ གཏོར་དབང་ལྡེབ། ༥ བཅས་བཞུགས།། ༄། གཏེར་མཛོད། ༼ཟ༽པ་ལ། ཆོས་དབང་ཐུགས་ཆེན་ཡང་སྙིང་འདུས་པའི་བརྒྱུད་འདེབས་ལྡེབ། ༡ ལས་བྱང་ལྡེབ། ༡༩ རྒྱུན་ཁྱེར་ལྡེབ། ༣ དབང་ཆོག་ལྡེབ། ༡༨ བསྙེན་ཡིག་ལྡེབ། ༡༤ སྒྲུབ་ཁོག་ལྡེབ། ༣༣ གནས་ལུང་ལྡེབ། ༡༩ གནས་ལུང་བསྡུས་པ་ལྡེབ། ༨ གནས་འདྲེན་མདོར་བསྡུས་ལྡེབ། ༢ ཉི་མ་སེངྒེའི་ཟབ་གཏེར་ཡང་གཏེར་དུ་བྱོན་པ་ཐུགས་ཆེན་པདྨ་རྒྱལ་པོ་གཏེར་གཞུང་ལྡེབ། ༨༢ བརྒྱུད་འདེབས་ལྡེབ། ༡ དབང་བསྐུར་ཟིན་བྲིས་ལྡེབ། ༡༠ དོན་དབང་ལྡེབ། ༦ བྱང་གླིང་ཀུན་བཟང་ཐུགས་གཏེར་ལས་ཐུགས་ཆེན་ལྷ་དྲུག་གི་ཕྲིན་ལས་དབང་བསྐུར་དང་བཅས་པ་ལྡེབ། ༩ ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་གཏེར་གཞུང་ལྡེབ། ༣ བྱང་གཏེར་འགྲོ་བ་ཀུན་སྒྲོལ་གྱི་ཕྲིན་ལས་ལྡེབ། ༡༠ མངོན་རྟོགས་ལྡེབ། ༡ བཀའ་སྲུང་ལྡེབ། ༡ སྨོན་ལམ་ལྡེབ། ༢ བསྙེན་ཡིག་པད་ཕྲིན་གསུང་ལྡེབ། ༤ དབང་ཆོག་ལྡེབ། ༡༤ དྲི་མེད་ལྷུན་པོའི་དོན་ཏིག་འགྲོ་བ་ཀུན་སྒྲོལ་རྒྱུད་ལ་ལྡེབ། ༡༠ དེའི་བསྡུས་དོན་ལྡེབ། ༦ མ་བསྒོམ་སངས་རྒྱས་གནད་དྲུག་ལྡེབ། ༡༡ ལས་བྱང་ལྡེབ། ༡༢ དབང་ཆོག་ལྡེབ། ༡༨ དྲི་མེད་ཀུན་དགའི་རྒྱལ་བ་རྒྱ་མཚོ་གཏེར་གཞུང་ལྡེབ། ༤༧ བརྒྱུད་འདེབས་ལྡེབ། ༡ ཆོག་ཁྲིགས་ལས་བྱང་ལྡེབ། ༡༡ རྒྱུན་ཁྱེར་ལྡེབ། ༢ སྒྲུབ་ཁོག་ལྡེབ། ༡༩ དོན་དབང་ལྡེབ། ༧ གནས་ལུང་ལྡེབ། ༡༣ བསྙེན་ཡིག་མདོར་དྲིལ་དུ་བཀོད་པ་ལྡེབ། ༡༠ སངས་གླིང་ནོར་བུ་སྐོར་གསུམ་ལས། ཕྱི་རྒྱལ་པོ་ལུགས་ལ་ལྡེབ། ༡༨ གཟུངས་རིང་ལྡེབ། ༩ ནང་ནོར་བུ་ལུགས་ལྡེབ། ༣༠ གསང་བ་བླ་མེད་ལུགས་ལྡེབ། ༢༩ མཆོག་དབང་གསུམ་ལ་ལྡེབ། ༡༣ བཅས་བཞུགས།། ༄། གཏེར་མཛོད། ༼འ༽པ་ལ། རྡོར་གླིང་བདེ་གཤེགས་ཀུན་འདུས་གཏེར་གཞུང་ལྡེབ། ༣༡ ལས་བྱང་ལྡེབ། ༡༤ དབང་ཆོག་ལྡེབ། ༡༥ ཚེ་དབང་ལྡེབ། ༣ ཐུགས་རྗེ་ཆེན་པོ་ངན་སོང་ཀུན་སྐྱོབ་ཀྱི་ལས་བྱང་ལྡེབ། ༡༧ དབང་ཆོག་ལྡེབ། ༡༡ རད་གླིང་ཐུགས་རྗེ་གསང་འདུས་ལས་བྱང་ལྡེབ། ༡༦ ཐུན་བཟུང་ཛཔ྄་དགོངས་ལྡེབ། ༢ སྨིན་བྱེད་ཆེན་མོ་ལྡེབ། ༣༤ སངས་རྒྱས་སྟོང་དབང་ལྡེབ། ༡༨ གཏོར་དབང་ཡིད་བཞིན་ནོར་བུ་ལྡེབ། ༨ རྣལ་འབྱོར་རྒྱུན་དབང་ལྡེབ། ༡༥ པད་གླིང་མུན་སེལ་སྒྲོན་མེའི་ལས་བྱང་ལྡེབ། ༡༢ རྩ་དབང་ལྡེབ། ༡༤ གསུང་རྒྱུན་ལྡེབ། ༨ འགྲོ་འདུལ་ལས་འཕྲོ་གླིང་པའི་ཐུགས་ཆེན་དོན་གསལ་སྒྲོན་མའི་བརྒྱུད་འདེབས་ལྡེབ། ༡ ལས་བྱང་ལྡེབ། ༡༡ དབང་ཆོག་ལྡེབ། ༣༥ མངའ་རིས་ཚུལ་ཁྲིམས་བཟང་པོའི་ཐུགས་ཆེན་གསོལ་འདེབས་སྒྲུབ་ཐབས་ལྡེབ། ༤ རིག་གཏད་ལྡེབ། ༦ རིག་འཛིན་ལེགས་ལྡན་རྡོ་རྗེའི་ཐུགས་ཆེན་འཁོར་བ་དབྱིངས་སྒྲོལ་ལས་བྱང་ལྡེབ། ༩ དབང་ཆོག་ལྡེབ། ༡༤ བསྙེན་ཡིག་ལྡེབ། ༩ ཞིག་གླིང་འཁོར་བ་ལས་སྒྲོལ་ལས་བྱང་ལྡེབ། ༡༤ གཏེར་སྲུང་གཏོར་འབུལ་ལྡེབ། ༣ སྔགས་བྱང་ལྡེབ། ༡ དབང་རྒྱས་པ་ལྡེབ། ༤༠ གཏད་རྒྱའི་དབང་ལྡེབ། ༤ དོན་དབང་ལྡེབ། ༧ གྲོལ་ཏིག་པདྨའི་དབང་ཕྱུག་སྔོན་འགྲོ་ལྡེབ། ༡ སྒྲུབ་ཐབས་ལྡེབ། ༨ དབང་ཆོག་ལྡེབ། ༧ ཟླ་རྒྱལ་ཐུགས་ཆེན་རྩ་གསུམ་སྙིང་ཐིག་གི་ལས་བྱང་ལྡེབ། ༡༡ དབང་ཆོག་ལྡེབ། ༩ ཚེ་དབང་ལྡེབ། ༧ བཅས་བཞུགས།། ༄། གཏེར་མཛོད། ༼ཡ༽པ་ལ། འཇའ་ཚོན་ངན་སོང་རང་གྲོལ་བརྒྱུད་འདེབས་ལྡེབ། ༢ ལས་བྱང་ལྡེབ། ༡༥ ཆོས་ལོངས་སྤྲུལ་གསུམ་རྒྱུན་ཁྱེར་ལྡེབ། ༢ ནང་སྒྲུབ་རྒྱུན་ཁྱེར་ལྡེབ། ༥ དབང་ཆོག་ལྡེབ། ༡༨ བྱང་ཆོག་ལྡེབ། ༡༢ ལས་ཚོགས་ལྡེབ། ༦ བདུད་འདུལ་སྤྲུལ་སྐུ་སྙིང་ཐིག་ནམ་མཁའ་རྒྱལ་པོའི་དབང་གི་སྔོན་འགྲོ་དང་དབང་གཞུང་ལྡེབ། ༡༣ ཕྱི་སྒྲུབ་དང་གསང་སྒྲུབ་གཉིས། ཡང་གསང་བཏགས་གྲོལ་བཅས་ལྡེབ། ༢༤ བརྒྱུད་འདེབས་ལྡེབ། ༢ ལས་གཞུང་ལྡེབ། ༨ རྒྱལ་དབང་ལྔ་པའི་དག་སྣང་རྒྱ་ཅན་ལས་འཇིག་རྟེན་དབང་ཕྱུག་ལྷ་དགུའི་བརྒྱུད་འདེབས་ལྡེབ། ༡ ཕྲིན་ལས་ཀྱི་ཆོ་ག་ལྡེབ། ༡༢ རྒྱུན་ཁྱེར་ལྡེབ། ༣ དབང་ཆོག་ལྡེབ། ༢༢ བཅས་འཇམ་དབྱངས་མཁྱེན་བརྩེའི་ཆོག་ཁྲིགས། བསྙེན་ཡིག་ལྡེབ། ༦ སྨིན་གཏེར་མཛད་པ། གནམ་ཆོས་རྒྱལ་བ་རྒྱ་མཚོ་ལྷ་ལྔ་དབང་བཅས་ལྡེབ། ༦ སྨིན་གླིང་ཐུགས་ཆེན་བདེ་གཤེགས་ཀུན་འདུས་ཀྱི་སྒྲུབ་ཐབས་ཆོག་ཁྲིགས་ལ་ལྡེབ། ༢༧ རྒྱུན་ཁྱེར་ལྡེབ། ༢ སྲུང་མའི་གཏོར་ཆོག་ལྡེབ། ༡༠ གནས་ལུང་ལྡེབ། ༨ བསྙེན་ཡིག་ལྡེབ། ༨ སྤྲོས་བཅས་བུམ་དབང་ལྡེབ། ༡༨ མཆོག་དབང་ལྡེབ། ༨ གཏོར་དབང་ལྡེབ། ༤ ནང་སྒྲུབ་གར་དབང་ཚེ་དཔག་མེད་གཏེར་གཞུང་ལྡེབ། ༡༨ ལས་བྱང་དབང་ཆོག་དང་བཅས་པ་ལྡེབ། ༡༡ འཆི་བསླུ་ལྡེབ། ༧ འཁོར་ལོ་རབ་གནས་ལྡེབ། ༡ སྔོན་འགྲོའི་ཁྲིད་ཡིག་ལྡེབ། ༢༣ དངོས་གཞིའི་ཁྲིད་ལྡེབ།༢༥ ཀློང་གསལ་ཡང་གསང་བླ་མེད་བརྒྱུད་འདེབས་ལྡེབ། ༡ ལས་བྱང་ལྡེབ། ༩ དབང་ཆོག་ལྡེབ། ༡༡ དབང་གི་མཚམས་སྦྱོར་ལྡེབ། ༣ སྟག་ཤམ་མི་ཏྲ་སྙིང་ཐིག་གི་བརྒྱུད་འདེབས་ལྡེབ། ༣ མཆོད་ཐབས་ལས་བྱང་ལྡེབ། ༡༤ ཚོགས་འཁོར་ལྡེབ། ༡༣ རྩ་སྒྲུབ་ལྡེབ། ༤ དབང་ཆོག་ལྡེབ། ༡༧ ཆོས་གླིང་སའི་སྙིང་པོའི་ལས་བྱང་ལྡེབ། ༡༤ དབང་ཆོག་ལྡེབ། ༡༧ བཅས་བཞུགས།། ༄། གཏེར་མཛོད། ༼ར༽པ་ལ། རྗེ་མཁྱེན་བརྩེའི་གཏེར་བྱོན་ཐུགས་ཆེན་སེམས་ཉིད་ངལ་གསོ་རྩ་བའི་ཕྲིན་ལས་ལ་ལྡེབ། ༡༤་་་་དབང་ཆོག་གཏན་ལ་ཕབ་མ་གྲུབ་པས་མེད་ཀྱང་ལས་བྱང་འདིའི་ལུང་ཙམ་ཡོད་པས་འདིར་བཞག་དགོས་གསུང་།མཆན། མཆོག་གླིང་གཏེར་བྱོན་སྐོར་ལས། པདྨ་སྒྱུ་འཕྲུལ་དྲྭ་བའི་ལས་བྱང་ལྡེབ། ༡༠ དབང་བཞི་རྡོ་རྗེ་སྤྱི་བླུགས་ལྡེབ། ༧ འགྲོ་དོན་ཕྱིའི་སྨིན་གྲོལ་ལྡེབ། ༧ ནང་གི་སྨིན་གྲོལ་ལྡེབ། ༨ པདྨ་གཙུག་ཏོར་ཆོག་སྒྲིག་འཇམ་དབྱངས་མཁྱེན་བརྩེའི་གསུང་སྐོར་ལྡེབ། ༡༩ ཡིད་བཞིན་འཁོར་ལོ་གཏེར་གཞུང་ལྡེབ། ༡༤ མ་ཎི་བསྐུལ་བ་ལྡེབ། ༡ གཞན་དོན་བུམ་སྒྲུབ་ཀྱི་རྗེ་གནང་ཕྲིན་ལས་དང་བཅས་པ་ལྡེབ། ༡༠ གཏེར་བུམ་སྒྲུབ་པའི་ལས་བྱང་ལྡེབ། ༧ བུམ་ལྔའི་དབང་ཆོག་ལྡེབ། ༧ ཞར་བྱུང་ཉེར་མཁོའི་དབང་གིས་བཞག་པ་དཔལ་མོ་ལུགས་བཅུ་གཅིག་ཞལ་གྱི་རྗེས་གནང་ལྡེབ། ༨ སྨྱུང་གནས་ཆོ་ག་སྨིན་ལོའི་གསུང་ལྡེབ། ༡༡ རིག་འཛིན་ཚེ་དབང་ནོར་བུས་མཛད་པའི་སྤྱན་རས་གཟིགས་ཀྱི་དོན་ཁྲིད་ཟབ་བསྡུས་ལྡེབ། ༢༣ བཅས། ༈ དྲག་པོ་རྟ་མགྲིན་གྱི་སྐོར་ལ། བཀའ་མ་བདེ་གཤེགས་ཐུགས་དྲིལ་གྱི་ལས་བྱང་རྒྱལ་དབང་རང་བྱུང་རྡོ་རྗེས་མཛད་པ་ལྡེབ། ༡༥ པདྨ་དབང་ཆེན་ཡང་གསང་ཁྲོས་པའི་ལས་བྱང་ལྡེབ། ༢༧ ཡབ་ཡུམ་གསང་སྒྲུབ་ཀྱི་རྒྱུན་ཁྱེར་ལྡེབ། ༨ རྫོགས་རིམ་དབང་བཞིའི་ཁྲིད་ཡིག་ལྡེབ། ༡༡ དབང་ཆེན་ཡན་ལག་དང་བཅས་པ་ལྡེབ། ༢༩ བྱིན་རླབས་གཏོར་དབང་ལྡེབ། ༨ ཚེ་སྒྲུབ་རྫོང་ཆུང་སྐོར་ལ་ལྡེབ། ༡༤ བསྙེན་ཡིག་ལྡེབ། ༢༠ སྔགས་བྱང་ལྡེབ། ༡ སངས་རྒྱས་དབང་ཆེན་གཏེར་བྱོན་དང་། དབོན་སྟོན་སྐྱེར་སྒང་པའི་དག་སྣང་ཟུང་འབྲེལ་རྟ་མགྲིན་གསང་སྒྲུབ་ཀྱི་རྩ་གཞུང་ལྡེབ། ༩ དཔེ་རིས་ལྡེབ། ༡ ལས་བྱང་རྗེ་བཙུན་རིན་པོ་ཆེས་མཛད་པ་ལྡེབ། ༡༣ ཟུར་འདེབས་ལྡེབ། ༦ བསྙེན་ཡིག་ལྡེབ། ༣ ཉང་གཏེར་བདེ་གཤེགས་ཆིག་དྲིལ་གྱི་རྩ་གཞུང་ལྡེབ། ༢༥ ལས་བྱང་ལྡེབ། ༡༠ དབང་ཆོག་ལྡེབ། ༨ གྲུ་གུ་ཡང་དབང་གཏེར་བྱོན་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་བརྒྱུད་འདེབས་ལྡེབ། ༡ ལས་བྱང་ལྡེབ། ༢༦ སྨན་མཆོད་ལྡེབ། ༢ ལྷག་མ་དང་བྲོ་རབས་ལྡེབ། ༦ གཏོར་འབུལ་ལྡེབ། ༣ དྲག་སྔགས་སྤུ་གྲིའི་མན་ངག་ལྡེབ། ༨ བསྟོད་ཆེན་ལྡེབ། ༧ བསྐུལ་བ་ལྡེབ། ༨ སྒྲུབ་ཐབས་མན་ངག་ཤོག་དྲིལ་ལྡེབ། ༧ སྔགས་བྱང་ལྡེབ། ༡ རྟེན་གཏོར་ལྡེབ། ༦ བསྙེན་ལུགས་ལྡེབ། ༣ སྔགས་ཐེམས་མེའི་སྤུ་གྲི་ལྡེབ། ༢ སྦྱིན་སྲེག་ལྡེབ། ༤ དབང་ཆོག་ལྡེབ། ༢༣ རྗེས་གནང་ལྡེབ། ༩ འདོན་འགྲིགས་ལྡེབ། ༤ བཅས་བཞུགས།། ༄། གཏེར་མཛོད། ༼ལ༽པ་ལ། བྱང་གཏེར་རྟ་མགྲིན་དྲེགས་པ་དབང་སྡུད་རྩ་གཞུང་ལྡེབ། ༨ ལས་བྱང་ལྡེབ། ༦ དབང་ཆོག་ལྡེབ། ༧ རད་གླིང་རྟ་མགྲིན་གསང་འདུས་ལས་བྱང་ལྡེབ། ༡༥ དབང་ཆེན་ལྡེབ། ༡༢ གཏོར་དབང་ལྡེབ། ༥ མངའ་བདག་མོལ་མི་འཁྱིལ་གྱི་ཡང་གཏེར་རྟ་མགྲིན་གནམ་ལྕགས་མེ་འཁོར་གཏེར་གཞུང་ལྡེབ། ༡༠ སྒྲུབ་ཐབས་དང་དབང་ཆོག་ལྡེབ། ༡༠ མཆོག་ལྡན་རྡོ་རྗེའི་གཏེར་མ་རྟ་མགྲིན་སྙིང་ཐིག་སྙིང་པོ་དོན་སྦྱོར་གྱི་བརྒྱུད་འདེབས་ལྡེབ། ༡ ལས་བྱང་ལྡེབ། ༢༡ དབང་ཆེན་ལྡེབ། ༢༤ ཟུར་འདེབས་ལྡེབ། ༤ གཏོར་དབང་ལྡེབ། ༧ གྲོལ་ཏིག་ཆོས་སྡེ་རྟ་མགྲིན་དྲེགས་པ་ཀུན་འདུལ་གྱི་འདོན་ཆ་ལྡེབ། ༥ བསྙེན་དབང་ལྡེབ། ༦ གསང་བ་གཅིག་གྲུབ་དབང་ཆོག་ལྡེབ། ༥ སྲུང་འཁོར་ལྡེབ། ༡ འཇའ་ཚོན་རྟ་ཕག་ཡིད་བཞིན་ནོར་བུའི་བརྒྱུད་འདེབས་ལྡེབ། ༡ ལས་བྱང་ལྡེབ། ༤ དབང་ཆོག་ལྡེབ། ༡༡ གནམ་ཆོས་རྟ་མགྲིན་བར་ཆད་ཀུན་སེལ་ལྡེབ། ༡ སྟག་ཤམ་ཡི་དམ་དགོངས་འདུས་ལས་བྱང་བསྡུས་པ་ལྡེབ། ༢༥ སྤྱི་སྡོམ་རྩ་བའི་དབང་བསྐུར་ཆེན་མོ་ལྡེབ། ༤༤ ཡི་གེ་དྲུག་པའི་ལས་བྱང་ལྡེབ། ༤ རྩ་གསུམ་སྤྱིའི་རྗེས་གནང་ལྡེབ། ༨ པདྨ་འོད་གསལ་མདོ་སྔགས་གླིང་པའི་སྙན་བརྒྱུད་རྟ་མཆོག་རོལ་པའི་སྙིང་ཐིག་གཏེར་གཞུང་ལྡེབ། ༩ རྒྱུན་ཁྱེར་ཚེ་སྒྲུབ་ལྡེབ། ༣ ཕྲིན་ལས་དབང་ཆོག་ལྡེབ། ༡༦ མཆོག་གླིང་ཟབ་བདུན་ལས་རྟ་མགྲིན་དབང་ཟབ་བརྒྱུད་འདེབས་ལྡེབ། ༡ ལས་བྱང་ལྡེབ། ༤ སྨན་མཆོད་ལྡེབ། ༡ སྐོང་བ་དབེན་རྩ་མ་ལྡེབ། ༢ དབང་ཆོག་ལྡེབ། ༥ ཟློག་པ་ལྡེབ། ༡༤ རྟ་མགྲིན་སྙིང་པོ་དོན་འདུས་ལྡེབ། ༣ དབང་ཆོག་ལྡེབ། ༧ འཇམ་མགོན་བླ་མའི་ཟབ་གཏེར་ཚེ་རྟ་ཟུང་དུ་འབྲེལ་བ་འཆི་མེད་དབང་གི་ཚེ་སྒྲུབ་སྐོར་ཆོས་ཚན་ལྔ་པོ་རིང་སྦྲེལ་བྱས་པའི་གཏེར་གཞུང་ལ་ལྡེབ། ༡༦ དབང་ཆོག་ལ་ལྡེབ། ༡༡ ༈ ཤིན་ཏུ་དྲག་པོར་ཁྲོས་པ་ལས་ཀྱི་རྟ་མགྲིན་ནག་པོའི་སྐོར་ལས། བྱང་སེམས་ཟླ་རྒྱལ་ལུགས་ཀྱི་རྟ་ནག་རྩ་བའི་གཞུང་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་ལྡེབ། ༧ ཡང་སྒྲུབ་ཐབས་རྗེས་གནང་ལ་ལྡེབ། ༡༠ ཉང་གཏེར་རྟ་མགྲིན་ཡང་ཕྱུང་ནག་པོ་གཏེར་གཞུང་ལྡེབ། ༥༧ ལས་བྱང་སྨིན་གཏེར་གསུང་ལྡེབ། ༨ དབང་ཆོག་ལྡེབ། ༨ བསྙེན་ཡིག་རབ་འབྱམས་གཉིས་པས་མཛད་པ་ལྡེབ། ༡༢ ཆོས་དབང་རྟ་ནག་གཏེར་གཞུང་ལྡེབ། ༢༡ རཏྣའི་རྟ་ནག་སྒྲུབ་ཐབས་མེ་ཕྲེང་གཏེར་གཞུང་ལྡེབ། ༩ རྒྱུན་ཁྱེར་ལྡེབ། ༢ དབང་ཆོག་ལྡེབ།༧ ཞིག་གླིང་རྟ་ནག་ཡང་གསང་ཐུགས་སྒྲུབ་གཏེར་གཞུང་ལྡེབ། ༢༥ བརྒྱུད་འདེབས་ལྡེབ། ༡ དབང་ཆོག་ལྡེབ། ༡༡ བཅས་བཞུགས།། ༄། གཏེར་མཛོད། ༼ཤ༽པ་ལ། ༈ ཡང་དག་ཞི་བའི་སྒྲུབ་སྐོར་ལ། རྡོར་གླིང་རྡོར་སེམས་འབྲུ་གསུམ་རྒྱལ་བའི་སྤྱི་སྒྲུབ་ལྡེབ། ༣ རོལ་རྡོར་རིགས་འདུས་རྡོར་སེམས་ལས་བྱང་ཡང་ཟབ་འཕོ་བའི་གདམས་པ་བཅས་ལ་ལྡེབ། ༡༤ འགྲེས་བྱང་ལྡེབ། ༡ དབང་ཆོག་ལྡེབ། ༨ རིག་འཛིན་ཚེ་དབང་ནོར་བུའི་སྙན་བརྒྱུད་རྒྱུན་གྱི་ཉམས་ལེན་ལྡེབ། ༤ ཕྱི་ནང་གསང་བའི་ཟབ་ཏིག་ལྡེབ། ༡༤ རྡོར་སེམས་ཐུགས་ཀྱི་སྙིང་པོ་ལྡེབ། ༩ དབང་ཆོག་ལྡེབ། ༩ གསང་ཐིག་རྡོར་སེམས་ཕྱག་རྒྱ་གཅིག་པའི་སྐྱབས་སེམས་ལྡེབ། ༡ གཏེར་གཞུང་ལྡེབ། ༤ དབང་ཆོག་ལྡེབ། ༦ ཕྲིན་ལས་གནས་ལུང་དང་བཅས་པ་ལྡེབ། ༧ ༈ ཁྲོ་བོ་ལ། ཆོས་དབང་གཏེར་བྱོན་ཡང་དག་སྙིང་པོའི་གཏེར་གཞུང་ལྡེབ། ༦༩ སྔོན་འགྲོ་ལས་བདུན་ལྡེབ། ༢ སྨིན་གཏེར་གསུང་ལས་བྱང་ལྡེབ། ༧ བསྙེན་ཡིག་ལྡེབ། ༡༢ དབང་ཆོག་ལྡེབ། ༡༣ བྱང་གླིང་དཔལ་རྒྱལ་མཚན་གཏེར་བྱོན་ཡང་དག་ཞི་ཁྲོ་ཕུར་གསུམ་གྱི་ལས་བྱང་ལྡེབ། ༢༢ བཀའ་སྲུང་མ་མགོན་ལྕམ་དྲལ་གཏོར་ཆོག་ལྡེབ། ༦ དབང་ཆོག་ལྡེབ། ༤༡ ཚེ་སྒྲུབ་གསང་བ་ཡང་ཁོལ་གྱི་སྒྲུབ་ཐབས་དབང་བསྐུར་དང་བཅས་པ་ལྡེབ། ༡༡ རད་གླིང་གཏེར་བྱོན་ཡང་དག་ཐུགས་སྒྲུབ་ལྡེབ། ༣ གྲོལ་ཐིག་ཡང་དག་ཐིག་ལེ་གཅིག་མ་ལྡེབ། ༨ ཆོས་གླིང་ཡང་དག་བདེ་ཆེན་སྙིང་པོ་གཏེར་གཞུང་ལྡེབ། ༢༡ ཁྲིད་ཡིག་སྐོར་ལྡེབ། ༡༨ སྒྲུབ་དཀྱིལ་སྦྱིན་སྲེག་སོགས་ཆོག་ཁྲིགས་ལྡེབ། ༢༦ བསྙེན་ཡིག་ལྡེབ། ༥ པདྨ་འོད་གསལ་མདོ་སྔགས་གླིང་པའི་སྙན་བརྒྱུད་ཡང་དག་ཟབ་ཏིག་ལྡེབ།༡༢ དབང་ཆོག་ལྡེབ།༩ སྙན་བརྒྱུད་ཡང་ཕུར་སྦྲགས་མའི་ཟབ་ཏིག་གཏེར་གཞུང་ལྡེབ།༡༢ ལས་བྱང་ལྡེབ།༡༡ དབང་ཆོག་ལྡེབ།༡༡ མཆོག་གླིང་ཟབ་བདུན་ལས། ཡང་དག་ཐུགས་ཀྱི་སྙིང་པོའི་གཏེར་གཞུང་ལྡེབ། ༢༥ བརྒྱུད་འདེབས་ལྡེབ། ༡ ལས་བྱང་ལྡེབ། ༤ སྨན་མཆོད་ལྡེབ། ༡ སྐོང་ཆོག་ལྡེབ། ༤ དབང་ཆོག་ལྡེབ། ༡༠ ཚེ་སྒྲུབ་དབང་ཆོག་དང་བཅས་པ་ལྡེབ། ༧ ཡང་དག་སྒྲུབ་པ་མན་ངག་ཆིལ་དྲིལ་ལྡེབ། ༡༡ ཟླ་གམ་ལྔ་བཅུ་ང་བརྒྱད་པའི་མངོན་རྟོགས་ལྡེབ། ༦ བཅས་བཞུགས།། ༄། གཏེར་མཛོད། ༼ས༽པ་ལ། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཡང་དག་ཧེ་རུ་ཀའི་རིམ་གཉིས་རྒྱུན་གྱི་རྣལ་འབྱོར་ལྡེབ། ༦ གསང་ཐིག་ཕྱག་རྒྱ་གཅིག་པ་ལྡེབ། ༣ ཚོགས་མཆོད་ལྡེབ། ༣ གཏོར་དབང་ལྡེབ། ༧ བཅས། འཆི་མེད་བསྟན་གཉིས་གླིང་པའི་ཟབ་གཏེར་ཡང་དག་ཧེ་རུ་ཀའི་གསང་བ་ཐུགས་ཀྱི་ཏནྟྲ་སྐོར་ཆོས་ཚན་དྲུག་པོ་རིང་སྦྲེལ་བྱས་པའི་གཏེར་གཞུང་ལ་ལྡེབ། ༢༤ དབང་ཆོག་ལྡེབ། ༡༠ ༈ དེ་དང་རྗེས་འབྲེལ་ཐུགས་རིགས་ཕྱག་རྡོར་སྐོར་ལ། ཆོས་དབང་གཏུམ་པོ་མེ་ལྕེ་ཕྲེང་བའི་གཏེར་གཞུང་ལྡེབ། ༧ བརྒྱུད་འདེབས་ལྡེབ། ༡ ལས་བྱང་དང་དབང་ཆོག་ལྡེབ། ༡༧ རྒྱུན་ཁྱེར་ལྡེབ། ༢ བསྙེན་ཡིག་ལྡེབ། ༥ དབུ་རུ་ཤཱཀ་འོད་ཀྱི་ཕྱག་རྡོར་རྡོ་རྗེ་མེ་འབར་གཏེར་གཞུང་ལྡེབ། ༥ ཕྲིན་ལས་དང་དབང་ཆོག་ལ་ལྡེབ། ༨ གྲྭ་མངོན་གཏུམ་པོ་དམར་པོའི་ཆོག་བསྒྲིགས་རྗེ་བཙུན་སྒྲོལ་མགོན་གསུང་ལྡེབ། ༤ རྒྱུན་ཁྱེར་ལྡེབ། ༢ རྗེས་གནང་ལྡེབ། ༣ ལས་འབྲེལ་དྲེགས་འདུལ་ལས་བྱང་ལྡེབ། ༡༤ དབང་ཆོག་ལྡེབ། ༡༩ བསྙེན་ཡིག་ལྡེབ། ༡༤ སྨིན་གླིང་ཡབ་སྲས་གསུང་ཀླུ་གཏོར་གདེངས་ཅན་འདོད་འཇོ་ལྡེབ། ༥ ཀླུ་ཆོག་གདེངས་ཅན་བདུད་རྩི་ལྡེབ། ༢༡ སངས་གླིང་ཕྱག་རྡོར་ཁྱུང་གསང་བ་ཡང་ཁོལ་གཏེར་གཞུང་ལྡེབ། ༥༨ ལས་བྱང་དབང་ཆོག་ལྡེབ། ༡༥ རཏྣའི་རྟ་གསང་གཏུམ་པོ་གཏེར་གཞུང་ལྡེབ། ༡༡ སྒྲུབ་ཐབས་ལྡེབ། ༧ དབང་ཆོག་ལྡེབ། ༧ པད་གླིང་ཕྱག་རྡོར་གཏུམ་པོའི་ལས་བྱང་གཏེར་གཞུང་ལྡེབ། ༡༢ དབང་བཤད་མེ་ལྕེ་ཕྲེང་བ་ལྡེབ། ༧ དབང་ཆོག་ལྡེབ། ༡༠ ཞིག་གླིང་ཕྱག་རྡོར་སྟོབས་པོ་ཆེ་གཏེར་གཞུང་ལྡེབ། ༢༢ བརྒྱུད་འདེབས་ལྡེབ། ༡ ལས་བྱང་དང་དབང་ཆོག་ལྡེབ། ༡༡ སྨིན་གཏེར་གསུང་ཕྱག་རྡོར་རྒྱུན་ཁྱེར་ལྡེབ། ༢ ཆོས་གླིང་གཏུམ་པོ་ལྡེབ། ༨ ཟུར་མཁར་ཕྱག་རྡོར་དྲག་སྔགས་འདུས་པའི་ལས་བྱང་ལྡེབ། ༡༢ དབང་ཆོག་ལྡེབ། ༩ སྡེ་ལྔའི་མཆོད་ཕྲིན་ལྡེབ། ༣ ཕྱག་རྡོར་གདོན་ཁྲོལ་ལྡེབ། ༡༧ བཅས། ༈ བདུད་རྩི་སྨན་གྱི་སྐོར་ལས། སྨན་རྒྱལ་གཡུ་ཐོག་པ་ཆེན་པོའི་སྙིང་ཐིག་གི་སྔོན་འགྲོ་ཕྱི་གཏོར་ལྡེབ། ༢ ལས་བྱང་ལྡེབ། ༡༤ དམ་ཅན་སྡེ་དགུའི་རྒྱུན་གསོལ་ལྡེབ། ༣ ཕྱི་ནང་གསང་སྒྲུབ་ཟིན་བྲིས་ལྡེབ། ༣༩ རྩ་དབང་རྒྱས་པ་ལྡེབ། ༣༢ དོན་དབང་ལྡེབ། ༨ བཅས་བཞུགས།། ༄། གཏེར་མཛོད། ༼ཧ༽པ་ལ། ཚེ་སྒྲུབ་ཕྲིན་ལས་དང་དབང་ཆོག་ལྡེབ། ༩ ལྷ་སྨན་རྗེས་གནང་ལྡེབ། ༩ དྲང་སྲོང་སེར་སྐྱའི་བཀའ་གཏད་ལྡེབ། ༥ སྨན་བླ་ལོངས་སྐུའི་སྒྲུབ་ཐབས་ལྡེབ། ༡༣ དབང་ཆོག་ལྡེབ། ༧ རྩ་པྲའི་སྒྲུབ་ཐབས་ཆགས་མེད་གསུང་ལྡེབ། ༡༤ མཆོག་གླིང་དགོངས་གཏེར་བི་མའི་སྒྲུབ་ཐབས་གཏེར་གཞུང་སྐོར་ལྡེབ། ༡༤ མཁའ་འགྲོའི་སྒྲུབ་ཐབས་གུད་སྦས་ལྡེབ། ༩ ཡང་ཏིག་ཡེ་ཤེས་གསང་ལམ་ལྡེབ། ༡༥ ཕྲིན་ལས་དབང་བསྐུར་དང་བཅས་པའི་ཆོག་ཁྲིགས་གཏེར་ཆེན་ཉིད་གསུང་ལྡེབ། ༢༧ འཕགས་མའི་སྙིང་ཐིག་གི་བླ་སྒྲུབ་བྱིན་རླབས་སྙིང་པོ་གཏེར་གཞུང་ལྡེབ། ༦༢ ལས་བྱང་ལྡེབ། ༡༡ བཤགས་སྐོང་ལྡེབ། ༡༢ དབང་ཆོག་ལྡེབ། ༡༤ རྡོར་འབུམ་ཆོས་གྲགས་གཏེར་མ་བདུད་རྩི་བུམ་ཆེན་ལ་ལྡེབ། ༡༢༤ དཀར་ཆག་ལྡེབ། ༡ བདུད་རྩི་བུམ་ཆུང་ལྡེབ། ༤ བྱང་བདག་གི་གསལ་བྱེད་ཚན་བཞི་དང་རྡོ་རྗེ་ཁྲབ་རིང་ཕྱག་ལེན་བཅས་ལ་ལྡེབ། ༡༤ རྒྱུན་ཁྱེར་ལྡེབ། ༣ སྣོད་རུང་དབང་གི་གྱད་ལྡེབ། ༩ ར་མོ་ཤེལ་སྨན་གྱི་ཟབ་གཏེར་རྡོ་རྗེ་བདུད་རྩིའི་བླ་སྒྲུབ་ལྡེབ། ༧ དབང་ཆོག་ལྡེབ། ༦ སྒྲུབ་གཞུང་ལས་ཚོགས་བཅས་ལྡེབ། ༤༦ བརྒྱུད་འདེབས་ལྡེབ། ༡ བཀའ་སྲུང་སྒྲུབ་ཐབས་ལྡེབ། ༡༢ བཅས་བཞུགས།། ༄། གཏེར་མཛོད། ༼ཨ༽པ་ལ། རྩ་བའི་དབང་ཆོག་ལྡེབ། ༢༥ ཡན་ལག་ལྷ་གསུམ་བྱིན་རླབས་ལྡེབ། ༩ སྔགས་སྲུང་སྲོག་གཏད་ལྡེབ། ༥ སྒྲུབ་ཁོག་ལྡེབ། ༢༥ ལག་ལེན་ཟིན་བྲིས་ལྡེབ། ༦ སྦྱིན་སྲེག་ལྡེབ། ༡༥ རཏྣའི་ཐུགས་སྒྲུབ་ཡང་འདུས་སྨན་དབང་ལྡེབ། ༨ རིག་འཛིན་ལེགས་ལྡན་རྡོ་རྗེའི་ཚེ་སྒྲུབ་བདུད་རྩི་འཁྱིལ་བའི་ལས་བྱང་ལྡེབ། ༡༦ དབང་ཆོག་ལྡེབ། ༢༠ བསྙེན་ཡིག་ལྡེབ། ༡༠ རྣལ་འབྱོར་རྒྱུན་གྱི་ནར་མ་ཡེ་ཤེས་སྙིང་པོ་སོགས་གཏེར་གཞུང་ཚན་གསུམ་ལ་ལྡེབ། ༨ པདྨ་འོད་གསལ་མདོ་སྔགས་གླིང་པའི་སྙན་བརྒྱུད་ཡོན་ཏན་བདུད་རྩིའི་མཆོག་ཏིག་གཏེར་གཞུང་ལྡེབ། ༡༣ ཕྲིན་ལས་དང་དབང་ཆོག་ལྡེབ། ༡༥ དམ་རྫས་བདུད་རྩིའི་སྒྲུབ་ཐབས་སྨིན་གླིང་གཏེར་ཆེན་གྱིས་མཛད་པ་ལྡེབ། ༥༣ སྔགས་བྱང་ལྡེབ། ༡ དེའི་གསལ་བྱེད་ཟིན་བྲིས་ལྡེབ། ༢༠ སྨན་སྒྲུབ་མདོར་བསྡུས་བྱ་ཚུལ་ལྡེབ། ༥ གསང་རྫོགས་སྨན་གྱི་ལས་ཚོགས་ལྡེབ། ༡༢ རྒྱ་བན་རྡོ་རྗེ་དབང་ཕྱུག་གི་གཏེར་བྱོན་འོད་ལྡན་རྟག་ངུའི་གདམས་སྐོར་ལ་ལྡེབ། ༡༦ ཡང་རྟག་ངུའི་བཅུད་ལེན་ལྡེབ། ༡ ཀུན་སྤང་ཟླ་འོད་གཏེར་མ་དབང་ལག་གཅུད་ལེན་ལྡེབ། ༣ ཆོས་དབང་གཏེར་ཁ་བདུན་པ་བཅུད་ལེན་བཅུ་བཞི་མ་ལྡེབ། ༩ ཤུག་འབྲུའི་བཅུད་ལེན་ལྡེབ། ༥ བྱང་གཏེར་ཅོང་ཞིའི་བཅུད་ལེན་ཕྱག་ལེན་དང་བཅས་པ་ལྡེབ། ༨ ཀུན་གཟིགས་མཁྱེན་བརྩེའི་རྗེས་དྲན་སེང་གདོང་དཀར་མོའི་གཅུད་ལེན་ལྡེབ། ༣ རླུང་གི་བཅུད་ལེན་ཛ་བིར་གདམས་སྐོར་ལ་བཀའ་བབས་དང་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གི་གཞུང་གསལ་བྱེད་དང་བཅས་པ་ལྡེབ། ༥ བར་བ་འབྲི་གུང་ལུགས་ཀྱི་གཞུང་ཚང་བ་ལ་ལྡེབ། ༢༦ ཁྲིད་ཡིག་ལྡེབ། ༨ ཕྱི་མ་ཉི་ཟླ་ཀློང་གསལ་གྱི་དག་སྣང་འཇའ་ལུས་འོད་ཕུང་རང་གྲོལ་གྱི་གཞུང་ལྡེབ། ༦༥ དབང་ཆོག་ལྡེབ། ༡༠ བཅས་བཞུགས།། ༄། གཏེར་མཛོད། ཀི༽པ་ལ། ཕུར་པ་ཕྲིན་ལས་ཀྱི་སྐོར་ལ། ཞི་བ་རྡོར་སེམས་རིགས་ལྔ་རྒྱན་གཅིག་རྭ་སྟོན་གཏེར་གཞུང་ལྡེབ། ༣༥ དྲག་པོ་ཆོས་དབང་གཏེར་བྱོན་ཕུར་པ་ཡང་གསང་སྤུ་གྲིའི་སྐོར་སྨིན་ལུགས་ཡིག་ཆ་ལ་བརྒྱུད་འདེབས་ལྡེབ། ༡ སྔོན་གཏོར་ལྡེབ། ༡ ལས་བྱང་ལྡེབ། ༢༡ རྒྱུན་གཏོར་ལྡེབ། ༡ རྗེས་ཆོག་ལྡེབ། ༢ རྒྱུན་ཁྱེར་ལྡེབ། ༢ སྒྲུབ་ཁོག་ལྡེབ། ༡༦ གཏོར་ཟློག་ལྡེབ། ༡༦ གདབ་ཁ་ལྡེབ། ༤ བསྙེན་ཡིག་ལྡེབ། ༡༤ གཏེར་གཞུང་ལྟ་ཁྲིད་ལྡེབ། ༥ དབང་ཆོག་ལྡེབ། ༡༦ བྱང་གཏེར་ཕུར་པ་སྤུ་གྲིའི་ལས་བྱང་ལྡེབ། ༡༤ དབང་ཆོག་ལྡེབ། ༢༦ སངས་གླིང་ཕུར་པ་ཐུགས་ཀྱི་ཉིང་ཁུའི་ཕྲིན་ལས་ལམ་ཁྱེར་གཏེར་གཞུང་ལྡེབ། ༣ ལས་བྱང་ཆོག་ཁྲིགས་ལྡེབ། ༡༧ ཕྲིན་ལས་ལམ་ཁྱེར་བསྡུས་པ་ལྡེབ། ༢ རྩ་བའི་དབང་ཆེན་ལྡེབ། ༣༥ དོན་དབང་ལྡེབ། ༡༥ རཏྣའི་ཕུར་པ་ཡང་གསང་བླ་མེད་ཀྱི་བརྒྱུད་འདེབས་ལྡེབ། ༡ ལས་བྱང་ཆེན་མོ་ཁྲིགས་བཀོད་ལྡེབ། ༢༥ གསང་སྒྲུབ་རྒྱུན་གྱི་ཕྲིན་ལས་ལྡེབ། ༦ རྩ་བའི་དབང་ཆེན་ལྡེབ། ༢༠ མཚོན་ཆ་འཁོར་ལོ་ལྡེབ། ༧ དོན་དབང་ལྡེབ། ༡༡ པད་གླིང་ཕུར་པ་སྲོག་གི་སྤུ་གྲིའི་ལས་བྱང་ལྡེབ། ༡༩ དབང་ཆོག་ལྡེབ། ༡༡ སྨིན་གཏེར་རིག་འཛིན་ཐུགས་ཐིག་གི་ལས་ཚོགས་ཕུར་པའི་ལས་བྱང་གཏོར་ཟློག་བཅས་པ་ལྡེབ། ༡༣ ཟུར་འདེབས་ལྡེབ། ༤ ཆོས་གླིང་ཕུར་པ་ཐུགས་ཀྱི་ཐིག་ལེའི་སྒྲུབ་དཀྱིལ་ལྡེབ། ༡༤ དབང་ཆེན་ལྡེབ། ༣༥ ལྷ་དབང་ལྡེབ། ༢ རྒྱུན་ཁྱེར་ལྡེབ། ༢ ཆོས་སྲུང་གཏོར་འབུལ་ལྡེབ། ༡ བསྙེན་ཡིག་ལྡེབ། ༢ བཛྲ་ཀཱི་ལ་ཡའི་སྒོས་སྒྲུབ་ལྡེབ། ༢ རྭ་སྟོན་ཕུར་པ་རིགས་ལྔ་རྒྱན་གཅིག་གི་ལས་བྱང་ལྡེབ། ༡༧ དབང་ཆོག་ལྡེབ། ༡༥ ཆེ་མཆོག་ལས་བྱང་དང་དབང་གི་བསྒྱུར་ཁའི་ཟུར་འདེབས་ལ་ལྡེབ། ༡༠ བདུད་འདུལ་ཕུར་པ་གནམ་ལྕགས་སྤུ་གྲིའི་ལས་བྱང་གཏེར་གཞུང་ལྡེབ། ༢༢ དབང་ཆོག་ལྡེབ། ༣༥ བཅས་བཞུགས།། ༄། གཏེར་མཛོད། ཁི༽པ་ལ། སྙན་བརྒྱུད་ཕུར་པའི་གནད་ཏིག་གི་ས་བཅད་ལྡེབ། ༢ གནད་ཏིག་གཏེར་གཞུང་ལྡེབ། ༨ བརྒྱུད་འདེབས་ལྡེབ། ༡ ལས་བྱང་ལྡེབ། ༤ དབང་ཆོག་ལྡེབ། ༡༡ ཟིན་བྲིས་ལྡེབ། ༤ མཆོག་གླིང་ཟབ་བདུན་ཕུར་པའི་བརྒྱུད་འདེབས་ལྡེབ། ༢ སྔོན་གཏོར་ལྡེབ། ༡ སྐྱབས་སེམས་ལྡེབ། ༡ ལས་བྱང་ལྡེབ། ༤ ཕུར་པ་བྱིན་རླབས་ལྡེབ། ༡ སྨན་མཆོད་ལྡེབ། ༡ ཛཔ྄་ཁང་དབྱེ་བ་ལྡེབ། ༡ ཚེ་འགུགས་ལྡེབ། ༡ སྨད་ལས་ཨེ་ཁྲོམ་གྱི་ཕྲིན་ལས་དང་འབྲེལ་བའི་གཏོར་ཟློག་གདབ་ཁ་ལྡེབ། ༣༥ དབང་ཆོག་ལྡེབ། ༢༤ གསང་ཐིག་རྡོ་རྗེ་གཞོན་ནུ་ཕྱག་རྒྱ་གཅིག་པའི་སྒྲུབ་ཐབས་ལྡེབ། ༤ ཚོགས་མཆོད་ལྡེབ། ༣ གཏོར་དབང་ལྡེབ། ༧ བཅས། ༈ མ་མོ་རྦོད་གཏོང་གི་སྐོར་ལ། སྤྲུལ་སྐུ་ར་ཤག་ཆེན་པོའི་གཏེར་བྱོན་མ་མོ་སྒང་ཤར་བརྒྱུད་འདེབས་ལྡེབ། ༡ ལས་བྱང་ཆེན་མོ་ལྡེབ། ༣༠ ལས་བྱང་ཆུང་བ་ལྡེབ། ༨ དབང་ཆོག་ལྡེབ། ༣༦ པདྨ་འོད་གསལ་མདོ་སྔགས་གླིང་པའི་སྙན་བརྒྱུད་སྲིད་པ་མ་མོའི་གནད་ཏིག་གཏེར་གཞུང་ལྡེབ། ༡༠ མདོས་ཀྱི་ལས་འགྲིགས་ལྡེབ། ༢ སྒོ་དབྱེ་ལྡེབ། ༡ དབང་ཆོག་ལྡེབ། ༡༣ མཆོག་གླིང་གཏེར་བྱོན་ཟབ་བདུན་མངོན་རྫོགས་རྒྱལ་པོའི་བརྒྱུད་འདེབས་ལྡེབ། ༡ གཏེར་གཞུང་ལྡེབ། ༡༧ ཁ་སྐོང་ལྡེབ། ༢ སྨན་མཆོད་ལྡེབ། ༡ མདོས་བྱང་ལྡེབ། ༡ དབང་ཆོག་ལྡེབ། ༡༩ བོ་དོང་སེང་གདོང་སྙན་བརྒྱུད་ཀྱི་གཅེས་བཏུས་རྗེས་གནང་དང་བཅས་པ་ཀུན་གཟིགས་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་མཛད་པ་ལ་ལྡེབ། ༩༩ ཁྲོམ་ཤིང་དཔེའུ་རིས་ལྡེབ། ༡ འཇའ་ཚོན་སེང་གདོང་དབང་བཀའ་རྒྱ་ཅན་ལྡེབ། ༧ ཀློང་གསལ་སེང་ཧ་དམར་མོ་གཏེར་གཞུང་ལྡེབ། ༡༡ ཕྲིན་ལས་དང་སྲུང་ཟློག་གི་ཆོག་ཁྲིགས་ལྡེབ། ༡༠ བཀའ་གཏད་ཆོ་ག་ལྡེབ། ༤ སེང་གདོང་སྒྲུབ་ཐབས་ཆགས་མེད་མཛད་པ་ལྡེབ། ༢ ཆགས་མེད་ལུགས་གཏོར་དབང་རྨི་ལམ་མ་ལྡེབ། ༡༤ སྟག་ཤམ་བདུད་འདུལ་དྲག་མོའི་བརྒྱུད་འདེབས་ལྡེབ། ༡ ལས་བྱང་བསྡུས་པ་ལྡེབ། ༡༥ བླ་མ་མཁའ་འགྲོ་བདུད་འདུལ་མའི་གཏོར་འབུལ་ལྡེབ། ༤ བཀའ་སྲུང་དམ་ཅན་སྤྱང་ཞོན་གྱི་གཏོར་འབུལ་ལ་ལྡེབ། ༢ མ་ཏི་རཏྣ་དང་གཏེར་ཁ་གཉིས་འདུས་ཀྱི་སྲོག་དབང་ཆེན་མོ་ལྡེབ། ༡༨ སྲུང་ཟློག་བསད་པའི་རྗེས་གནང་ལ་ལྡེབ། ༣ དོན་དབང་ལྡེབ། ༨ བསྙེན་ཡིག་ཆོས་གླིང་གསུང་ལྡེབ། ༧ ཁྲིད་ཡིག་ལྡེབ། ༧ བཅས་བཞུགས།། ༄། གཏེར་མཛོད། གི༽པ་ལ། རོལ་རྡོར་བྲག་གཏེར་སེང་གདོང་མའི་ལས་བྱང་ལྡེབ། ༡༣ སྨན་མཆོད་ལྡེབ། ༡ ཐུགས་ཀློང་ཕག་མོའི་བསྐྱེད་རིམ་ལྡེབ། ༣ ཚོགས་འཁོར་ལྡེབ། ༤ སྐོང་གསོ་ལྡེབ། ༢ རྒྱུན་ཁྱེར་ལྡེབ། ༡ རྗེས་གནང་ལྡེབ། ༦ མཆོག་གླིང་བི་མའི་བླ་སྒྲུབ་ལས་ཕྱུང་བའི་ཡང་གསང་མཁའ་འགྲོའི་གཏོར་ཟློག་ལྡེབ།༡༧ བཅས། ༈ འཇིག་རྟེན་མཆོད་བསྟོད་ཀྱི་སྐོར་ལ། དྲེགས་པའི་སྡེ་དཔོན་སུམ་ཅུའི་ལས་བྱང་ལྡེབ། ༣ ཉང་གཏེར་སྲོག་དབང་ལྡེབ། ༡༠ རོལ་རྡོར་གཏུམ་པོ་དྲེགས་འདུལ་གྱི་སྔོན་འགྲོ་ལྡེབ། ༡ ཕྱི་སྒྲུབ་ལྡེབ། ༨ དབང་ཆོག་ལྡེབ། ༧ མཆོག་གླིང་ཟབ་བདུན་ལས། དྲེགས་པ་ཀུན་འདུལ་རྩ་སྒྲུབ་ལྡེབ། ༢ ཕྲིན་ལས་དབང་ཆོག་ལྡེབ། ༨ མཆོད་བསྟོད་སྒྲུབ་ཐབས་ལྡེབ། ༤ དེའི་མཆོད་བསྟོད་ལྡེབ། ༢ དྲེགས་པའི་མཆོད་བསྟོད་ལྡེབ། ༩ དབང་ཆོག་ལྡེབ། ༡༠ བཅས། ༈ དམོད་པ་དྲག་སྔགས་ཀྱི་སྐོར་ལ། ཉང་གཏེར་སྲིད་པ་གཏེར་ཁྱིམ་དྲག་སྔགས་མཐུའི་སྤྱི་སྡོམ་ཆེན་མོ་ལྡེབ། ༤༨ སྡེ་བརྒྱད་སྤྱི་སྒོས་ཀྱི་གསོལ་མཆོད་ཕྲིན་ལས་འབྲི་གུང་ཆོས་གྲགས་གསུང་ལྡེབ། ༧ རྒྱུན་གསོལ་མདོར་བསྡུས་ལྡེབ། ༥ དུ་གུ་རིན་ཆེན་སེང་གེའི་གཏེར་མ་དྲག་སྔགས་རྡོ་རྗེ་གཙུག་ལག་གི་རྒྱུད་མཆན་ཅན་ལ་ལྡེབ། ༢༢༧ དེའི་ལས་བྱང་ཚོགས་འཁོར་རྒྱུན་གསོལ་བཅས་འབྲི་གུང་ཆོས་གྲགས་མཛད་པ་ལྡེབ། ༢༥ མཆོག་གླིང་ཟབ་བདུན་དྲག་སྔགས་བརྒྱུད་འདེབས་ལྡེབ། ༡ སྟོབས་ལྡན་ནག་པོའི་རྩ་སྒྲུབ་ལྡེབ། ༢ མཆོད་ཕྲེང་ལྡེབ། ༢ སྨན་མཆོད་ལྡེབ། ༡ བསྟོད་པ་ལྡེབ། ༢ ལྷ་དབང་ལྡེབ། ༢ དབང་ཆོག་ལྡེབ། ༩ བཅས་བཞུགས།། ༄། གཏེར་མཛོད། ངི༽པ་ལ། ངག་གི་རྡོ་རྗེའི་ཕྱག་རྡོར་དྲག་སྔགས་མའི་ལས་བྱང་ལྡེབ། ༡༡ དེའི་དབང་ཆོག་ལྡེབ། ༩ ཚེ་དབང་ལྡེབ། ༧ ཚེ་སྒྲུབ་འཆི་མེད་བཙན་རྫོང་དབང་ཆོག་བཅས་པའི་གཏེར་གཞུང་ལྡེབ། ༨ དྲང་སྲོང་དྲི་མེད་ཞི་བའི་གདམས་སྐོར་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་རྩལ་གྱི་དག་སྣང་ལྡེབ། ༡༤ ཉང་གཏེར་ལོཀྟྲིའི་རྩ་བརྒྱུད་ལྡེབ། ༨ ཆོས་དབང་གཏེར་བྱོན་ལོཀྟྲི་སྨིན་གླིང་ཡིག་ཆའི་སྐོར་ལས་བརྒྱུད་འདེབས་ལྡེབ། ༡ ལས་བྱང་ལྡེབ། ༡༡ ཁྲོ་བོའི་བསྟོད་པ་ལྡེབ། ༡ སྲུང་ཟློག་བསད་པའི་མན་ངག་ལྡེབ། ༡༥ ཆབ་གཏོར་ལྡེབ། ༡ ཐུན་གཏོར་ལྡེབ། ༡ གཏེར་སྲུང་གཏོར་འབུལ་ལྡེབ། ༡ རྒྱུན་ཁྱེར་ལྡེབ། ༢ འགུགས་པ་རྟ་རྨིག་མ་ལྡེབ། ༡ སྲུང་ཟློག་གཏོར་ཟོར་ལ་བརྟེན་པའི་ལས་རིམ་ལྡེབ། ༢༠ འབྱུང་བཞིའི་མཐའ་སྡུད་ལྡེབ། ༥ བསྙེན་ཡིག་ལྡེབ། ༡༦ རད་གླིང་གུར་དྲག་ལས་ཚོགས་ལོཀྟྲི་ཆགས་མེད་གསུང་ལྡེབ། ༣ མཆོག་གླིང་ཟབ་བདུན་ལོཀྟྲིའི་སྒྲུབ་ཐབས་རྩ་བ་ལྡེབ། ༢ དེའི་ཕྲིན་ལས་དབང་བསྐུར་བཅས་ལ་ལྡེབ། ༩ བཅས། ༈ མཁའ་འགྲོ་སྒྲུབ་པའི་སྐོར་ལ། ཉང་གཏེར་ཁྲོས་མ་ནག་མོའི་ལས་བྱང་ལྡེབ། ༣༠ སྨན་མཆོད་ལྡེབ། ༡ ཆད་བརྟན་ལྡེབ། ༡ རྗེས་ཆོག་ལྡེབ། ༡ ཚོགས་མཆོད་གྲངས་གསོག་ལྡེབ། ༡ རྒྱུན་ཁྱེར་ལྡེབ། ༡ བདུད་རྩི་རིལ་བུའི་སྒྲུབ་ཐབས་ལྡེབ། ༦ དབང་ཆོག་རྒྱས་པ་ལྡེབ། ༡༩ བསྙེན་ཡིག་ལྡེབ། ༡༠ སྐུ་གསུམ་ལམ་ཁྱེར་ཁྲིད་ཡིག་ལྡེབ། ༡༩ མེ་དབང་དང་གཏུམ་མོའི་དམིགས་ཁྲིད་ལ་ལྡེབ། ༨ རས་འབུད་ལག་ལེན་ལྡེབ། ༣ མེ་མཆོད་ལྡེབ། ༩ གནས་ལུང་ལྡེབ། ༡༤ བཅོས་མའི་དུར་ཁྲོད་བྱ་ཐབས་ལྡེབ། ༥ ཆོས་དབང་གཏེར་བྱོན་སྒྲོལ་དཀར་ཚེ་སྒྲུབ་ལྡེབ། ༣ དྷཱ་ཀི་གཙུག་གི་རྒྱན་གཅིག་མའམ་མཚོ་རྒྱལ་སྒྲུབ་ཐབས་གཏེར་གཞུང་ལྡེབ། ༩ སྒྲུབ་ཐབས་ནག་འགྲོས་སུ་བཀོད་པ་གཏེར་སྟོན་དྲི་མེད་ཆོག་བསྒྲིགས་ཅན་ལྡེབ། ༡༡ ཡང་དེའི་དབང་ཆོག་དྲི་མེད་གསུང་ལྡེབ། ༨་་་་འདི་ལ་དབང་ཁྲིད་ཡོད་པས་གལ་ཆེ་ཆེ། ཇོ་མོ་སྨན་མོའི་ཡང་གཏེར་མཁའ་འགྲོ་གསང་བ་ཀུན་འདུས་ལས། གཏེར་གཞུང་དབང་ཆོག་ལྡེབ། ༡༤ སྟ་གོན་ལྡེབ།་་་སྟ་གོན་དང་ཉམས་ཆག་སྐོང་བའི་དབང་རྣམས་ཡོད། གཏོར་དབང་ལྡེབ། ༢ ཕྲིན་ལས་ལྡེབ། ༡༤ དཔའ་བོ་དཔའ་མོ་སྒྲུབ་ཐབས་ལྡེབ། ༢ མཆོད་སྐོང་ལྡེབ། ༢༡ མཆོད་སྐོང་འགྲེས་བྱང་ལྡེབ། ༡ ཚེ་སྒྲུབ་ལྡེབ། ༡༠ ནོར་སྒྲུབ་ལྡེབ། ༡༡ དབང་སྡུད་ལྡེབ། ༡༡ ཟོར་ལས་ལྡེབ། ༡༧ ཟབ་ཁྲིད་ལྡེབ། ༢༥ བརྒྱུད་འདེབས་ལྡེབ། ༢ སྨན་མཆོད་ལྡེབ། ༡ རྒྱུན་གྱི་ཉམས་ལེན་ལྡེབ། ༩ མཁའ་འགྲོ་སྨྲེ་བཤགས་ལྡེབ། ༢ ཚོགས་བསྡུས་ལྡེབ། ༤ འགྲེས་བྱང་ལྡེབ། ༡ མཆོད་བསྟོད་ནོངས་བཤགས་ལྡེབ། ༡ བཀའ་སྲུང་ལྡེབ། ༡ དབང་དང་སྒྲུབ་ཆེན་སོགས་ཀྱི་ཟུར་འདེབས་ལྡེབ། ༡༡ བཅས་བཞུགས།། ༄། གཏེར་མཛོད། ཅི༽པ་ལ། གཡག་ཕྱར་སྔོན་མོའི་ཡང་གཏེར་སྒྲོལ་མ་འཇིགས་པ་ཀུན་སྐྱོབ་གཏེར་གཞུང་ལྡེབ། ༡༩ ཕྲིན་ལས་དབང་ཆོག་ལྡེབ། ༡༡ མཆོད་སྦྱིན་མདོས་ཆོག་ལྡེབ། ༢༤ སངས་གླིང་བླ་མ་དགོངས་འདུས་མཁའ་འགྲོའི་ལས་བྱང་ལྡེབ། ༣༣ དབང་ཆོག་ལྡེབ། ༡༥ རཏ་གླིང་གཏེར་བྱོན་མཚོ་རྒྱལ་སྐོར་གསུམ་གཏེར་གཞུང་ལྡེབ། ༢༡ དབང་ཆོག་ལྡེབ། ༡༣ སྤྲུལ་སྐུ་པདྨ་ཚེ་དབང་རྒྱལ་པོའི་ཕག་མོ་ཟབ་རྒྱའི་བརྒྱུད་འདེབས་ལྡེབ། ༢ གཏེར་གཞུང་ལྡེབ། ༩༠ ལས་བྱང་ལྡེབ། ༡༢ དབང་ཆོག་ལྡེབ། ༡༠ ཁྲིད་ཡིག་ལྡེབ། ༢༥ གར་དབང་ལས་འཕྲོ་གླིང་པའི་ཡང་གཏེར་ཕག་དཀར་ཡེ་ཤེས་གསལ་བྱེད་ཀྱི་བརྒྱུད་འདེབས་ལྡེབ། ༡ གཏེར་གཞུང་ལྡེབ། ༤༨ དབང་བསྐུར་གསལ་བྱེད་ལྡེབ། ༧ ཞིག་གླིང་སྒྲོལ་དཀར་གཏེར་གཞུང་ལྡེབ། ༣ སྒྲུབ་ཐབས་དང་དབང་ཆོག་ལྡེབ། ༩ བདུད་འདུལ་སྒྲོལ་དཀར་གཏེར་གཞུང་ལྡེབ། ༡༡ དབང་ཆོག་ལྡེབ། ༤ ལྷ་བཙུན་རིག་འཛིན་སྲོག་སྒྲུབ་ཀྱི་ཕག་མོའི་ལས་བྱང་ལྡེབ། ༦ གཏུམ་མོའི་དབང་ཆོག་ལྡེབ། ༩ གཏུམ་མོའི་ཁྲིད་ཡིག་ལྡེབ། ༨ གཅོད་ཡུལ་དཔའ་བོའི་ཐོལ་གླུ་ལྡེབ། ༢ གཅོད་ཀྱི་ཁྲིད་ཡིག་ལྡེབ། ༦ སྨིན་གླིང་བདེར་འདུས་ཡུམ་བཀའ་གསང་བ་ཡེ་ཤེས་གཏེར་གཞུང་ལྡེབ། ༡༢ དཀྱིལ་ཆོག་དབང་མེ་མཆོད་བཅས་ལ་ལྡེབ། ༡༡ རྒྱུན་ཁྱེར་ལྡེབ། ༧ བཅས་བཞུགས།། ༄། གཏེར་མཛོད། ཆི༽པ་ལ། སྟག་ཤམ་མཚོ་རྒྱལ་ལས་བྱང་ལྡེབ། ༡༠ སྒྲུབ་ཐབས་ཁྲིད་ཡིག་ལས་ཚོགས་ལྡེབ། ༢༡ དབང་ཆོག་ལྡེབ། ༡༦ ཆོས་གླིང་ཁྲོས་ནག་སྒྲུབ་མཆོད་ཆ་ལག་དང་བཅས་པ་ལྡེབ། ༢༤ རོལ་རྡོར་ཕག་མོའི་ལས་བྱང་ལྡེབ། ༡༢ དབང་ཆོག་ལྡེབ། ༧ ཐུགས་རྡོར་སྒྲོལ་དཀར་ལས་བྱང་དབང་བསྒྲིགས་འབྲེལ་མ་ལ་ལྡེབ། ༡༢ ཀློང་སྙིང་ཡུམ་བཀའ་བདེ་ཆེན་རྒྱལ་མོའི་ལས་བྱང་ལྡེབ། ༨ དབང་ཆོག་ལྡེབ། ༧ པདྨ་འོད་གསལ་མདོ་སྔགས་གླིང་པའི་སྒྲོལ་མའི་རྩ་བ་རྡོ་རྗེའི་ཚིག་རྐངལྡེབ། ༤ དགོངས་གཏེར་འཆི་མེད་འཕགས་མའི་སྙིང་ཐིག་གི་བརྒྱུད་འདེབས་ལྡེབ། ༡ ཕྲིན་ལས་ལྡེབ། ༡༠ སྨན་མཆོད་ལྡེབ། ༡ ཚོགས་བསྡུས་ལྡེབ། ༡ རྒྱུན་ཁྱེར་ལྡེབ། ༤ རྩ་བའི་དབང་ཆོག་ལྡེབ། ༢༩ ཐུན་མོང་ཚེའི་རྗེས་གནང་ལྡེབ། ༨ ཡང་ཟབ་ཚེའི་བྱིན་རླབས་ལྡེབ། ༨ བདག་འཇུག་ལྡེབ། ༥ སྦྱིན་སྲེག་ལྡེབ། ༦ བསྙེན་ཡིག་ཟླ་ཟེར་བདུད་རྩིའི་ཐིག་ལེ་འཇམ་མགོན་བླ་མའི་གསུང་ལྡེབ། ༩ སྨིན་ལོའི་སྒྲོལ་མའི་མཎྜལ་ཆོ་ག་ལྡེབ། ༦ མཆོག་གླིང་གཏེར་བྱོན་མཁའ་འགྲོའི་སྐོར་ལ། མཁའ་འགྲོ་དགོངས་འདུས་སྙིང་པོ་གཏེར་གཞུང་ལྡེབ། ༥ དབང་ཆོག་ལྡེབ། ༨ ཐུགས་སྒྲུབ་བར་ཆད་ཀུན་སེལ་ཆ་ལག་སྒྲོལ་མ་འཇིགས་པ་ཀུན་སེལ་གཏེར་གཞུང་ལྡེབ། ༡༢ དབང་ཆོག་ལྡེབ། ༡༤ འཁོར་གྱི་ལྷ་བསྐྱེད་ལྡེབ། ༢ མཎྜལ་ཆོ་ག་ལྡེབ། ༡༧ གསོལ་འདེབས་ལྡེབ། ༣ དགོངས་གཏེར་སྒྲོལ་མའི་ཟབ་ཏིག་གཏེར་གཞུང་ལྡེབ། ༡༧ ཆོག་ཁྲིགས་ལྡེབ། ༣༢ ལེགས་སོ་གསུམ་གྱི་ཁྲིད་ཡིག་ལྡེབ། ༤༨ ཟུར་བཟའི་ཐུགས་དམ་སྐོར་དྲུག་གི་མཁའ་འགྲོའི་སྒྲུབ་སྐོར་གཏེར་གཞུང་ལྡེབ། ༢༡ དབང་ཆིངས་ལྡེབ། ༡༡ གསང་བ་ཡེ་ཤེས་གཏེར་གཞུང་ལྡེབ། ༡༠ ཆོག་ཁྲིགས་ལྡེབ། ༡༥ སྨིན་ལུགས་གཅོད་དབང་ལྡེབ། ༧ གཏན་ཐོག་གཅིག་མའི་མན་ངག་ལྡེབ། ༡༠ སྟན་གཅིག་མའི་གདམས་ཁྲིད་ལྡེབ། ༤ ཁྲིད་ཡིག་ཟབ་དོན་སྙིང་པོ་ལྡེབ། ༢༤ བཅས་བཞུགས།། ༄། གཏེར་མཛོད། ཇི༽པ་ལ། ༈ ཆོས་སྐྱོང་སྐོར་ལ། བཀའ་མ་ལེགས་ལྡན་ཚོགས་ཀྱི་བདག་པོའི་སྒྲུབ་ཐབས་སྨིན་གཏེར་གསུང་རྒྱས་པ་ལྡེབ། ༢༣ བསྡུས་པ་ལྡེབ། ༨ དབང་གི་ཟུར་འདེབས་ལྡེབ། ༡ དྲག་པོའི་རྗེས་གནང་ལྡེབ། ༡ མཆོག་གླིང་ཟབ་བདུན་ལེགས་ལྡན་གཏེར་གཞུང་སྒྲུབ་ཐབས་སོགས་ལ་ལྡེབ། ༦ ཕྲིན་ལས་སོགས་ལ་ལྡེབ། ༢༠ དབང་ཆོག་ལྡེབ། ༡༤ མ་མགོན་ཞལ་སྦྱོར་ལྡེབ། ༦ དབང་ཆོག་ལྡེབ། ༨ ཉང་གཏེར་མགོན་པོའི་གསང་ཁྲིད་ལྡེབ། ༣ གོང་ནོན་ཡེ་ཤེས་པའི་སྒྲུབ་ཐབས་ལྡེབ། ༢ དཔལ་མགོན་བདུད་དཔུང་གཡུལ་ཟློག་གི་གཞུང་ལ་ལྡེབ། ༡༠༧ དེའི་གསལ་བྱེད་སྒྲོན་མེ་སྐོར་གསུམ་སྨིན་ལོས་མཛད་པ་ཟིན་བྲིས་ལྡེབ། ༡༤ གཤོམ་གྱི་ལག་ལེན་ལྡེབ། ༢༠ ཟུར་འདེབས་ལྡེབ། ༢༣ གཏེར་ཆེན་གྱིས་མཛད་པའི་མདོས་ཆོག་ལྡེབ། ༢༡ ཟབ་བདུན་ཕྱག་བཞི་པ་གཏེར་གཞུང་ལྡེབ། ༨ དབང་ཆོག་ལྡེབ། ༩ རྒྱ་སྟོན་པདྨ་དབང་ཕྱུག་གི་གུར་མགོན་གཏེར་གཞུང་ལྡེབ། ༡༡ གུར་མགོན་སྲོག་གི་སྤུ་གྲིའི་སྒྲུབ་ཐབས་དབང་བསྐུར་བཅས་ལ་ལྡེབ། ༧ གཏེར་གསར་ཐུགས་རྗེ་ཆེན་པོའི་བཀའ་སྲུང་ཕྱག་དྲུག་པ་གཏེར་གཞུང་ལྡེབ། ༧ དབང་ཆོག་ལྡེབ། ༣ ཟབ་མོ་སྐོར་དགུའི་ཕྱི་སྒྲུབ་གཏེར་གཞུང་ལྡེབ། ༦ གཏོར་དབང་ལྡེབ། ༥ གཏེར་ཆེན་གསུང་དཔལ་མགོན་མ་ནིང་ལས་བྱང་ལས་བཞི་མྱུར་འགྲུབ་ལྡེབ། ༢༡ རད་གླིང་ཐུགས་སྒྲུབ་ཡང་འདུས་ཀྱི་བཀའ་སྲུང་མ་ནིང་ལས་བྱང་གཏེར་གཞུང་ལྡེབ། ༨ སྔགས་བྱང་ལྡེབ། ༡ སྐོང་གསོལ་ཆེན་མོ་ལྡེབ། ༩ སྲོག་དབང་ལྡེབ། ༨ གཏོར་དབང་ལྡེབ། ༣ ཕྲིན་ལས་མགོན་པོ་ཏྲཀྴད་དྭགས་པོ་ལུགས། མ་ནིང་། འབྲོང་ཞལ་ཅན། ཤྭ་ནའི་ཞལ་ཅན་བཞིའི་སྒྲུབ་ཐབས་རྗེས་གནང་བཅས་ལ་ལྡེབ། ༡༦ བཅས་བཞུགས།། ༄། གཏེར་མཛོད། ཉི༽པ་ལ། སྨིན་གཏེར་རིག་འཛིན་ཐུགས་ཐིག་གི་བཀའ་སྲུང་ཞལ་བཞི་པའི་གཏེར་གཞུང་ལྡེབ། ༨ ལས་བྱང་ལྡེབ། ༨ དྲག་གཏོར་ལྡེབ། ༤ དབང་ཆོག་ལྡེབ། ༥ བྱང་གཏེར་བསྟན་སྲུང་ཡོངས་རྫོགས་མཆོད་ཕྲིན་ལྡེབ། ༤ དབང་ཆོག་ལྡེབ། ༡༣ ཚོགས་བདག་གཏེར་མ་ཁམས་བྱོན་མའི་ལས་གཞུང་གསང་བ་སྤུ་གྲི་ལྡེབ། ༡༧ སྔགས་བྱང་ལྡེབ། ༢ རྗེས་ཆོག་ལྡེབ། ༡ ལས་གཞུང་ཆུང་བ་གབ་ཐིག་ལྡེབ། ༦ སྐོང་བ་ལྡེབ། ༥ དབང་ཆོག་ལྡེབ། ༡༢ ཞིག་གླིང་མ་ཧཱ་ཀཱ་ལ་དཔལ་མགོན་བདུན་ཅུའི་ལས་བྱང་ལྡེབ། ༩ སྲོག་གཏད་ལྡེབ། ༣ གཏེར་གསར་ཟབ་བདུན་ཕུར་པའི་བཀའ་སྲུང་ཤྭ་ན་ཆེན་པོའི་ཕྲིན་ལས་ལྡེབ། ༧ གཏོར་དབང་ལྡེབ། ༥ ཆོས་སྐྱོང་དགོངས་འདུས་སྙིང་པོ་གཏེར་གཞུང་ལྡེབ། ༦ དབང་ཆོག་ལྡེབ། ༥ བཅས། ༈ ལྷ་མོའི་སྐོར་སོགས་ལ། ནག་མོ་རལ་གཅིག་མའི་སྙིང་ཐུན་གསང་བའི་རྒྱུད་ལྡེབ། ༧ རད་གླིང་རྟ་གསང་གི་སྔགས་སྲུང་མའི་སྒྲུབ་ཐབས་རྗེས་གནང་བཅས་ལྡེབ། ༥ སྨིན་གཏེར་གསུང་སྔགས་སྲུང་མའི་ཕྲིན་ལས་ལྡེབ། ༥ གཏོར་ཆོག་ལྡེབ། ༢ རྗེས་གནང་ལྡེབ། ༤ ལྷ་མོ་རང་བྱུང་རྒྱལ་མོའི་གཞུང་མན་ངག་ཉེར་མཁོ་བཏུས་པའི་བེ་བུམ་གར་དབང་ལྔ་པ་དཀོན་མཆོག་ཡན་ལག་གིས་བསྒྲིགས་པ་ལྡེབ། ༢༥ གྲོལ་ཏིག་རྡོ་རྗེ་གཤོག་རྒོད་མའི་སྲོག་དབང་ལྡེབ། ༥ གསོལ་མཆོད་ལྡེབ། ༡༣ གནམ་ཆོས་ཨ་ཕྱི་ལྡེབ། ༡ གཡུ་སྒྲོན་མའི་སྒྲུབ་ཐབས་ཟླ་བ་འདོད་འཇོ་ལྡེབ། ༥ ཕྲིན་ལས་སྨིན་གཏེར་གསུང་ལྡེབ། ༧ པད་གླིང་གཡུ་སྒྲོན་མ་ལྡེབ། ༣ གནམ་ཆོས་གཡུ་སྒྲོན་མའི་གཞུང་གསོལ་ཁ་བཅས་ལྡེབ། ༣ ཆགས་མེད་གཡུ་སྒྲོན་མ་ལྡེབ། ༦ སྐོང་བ་ལྡེབ། ༡ སྲོག་སྒྲུབ་མའི་རྒྱུད་ལྡེབ། ༤ མངོན་རྟོགས་མཆོད་འགྲིགས་ལྡེབ། ༨ གཏོར་འབུལ་ལྡེབ། ༢ གཟའ་བདུད་སྐོང་གསོ་དགྲ་ལས་རྣམ་རྒྱལ་ཀློང་ཆེན་གསུང་ལྡེབ། ༡༣ རཏྣའི་རྟ་གསང་གནོད་སྦྱིན་ཤན་པའི་ཕྲིན་ལས་རྗེས་གནང་བཅས་ལ་ལྡེབ། ༧ པུ་ཏྲ་མིང་སྲིང་གི་སྒྲུབ་ཐབས་ཀ་བཀོལ་མ་ལྡེབ། ༥ དེའི་གཏོར་ཆོག་དང་རྗེས་གནང་ལ་ལྡེབ། ༡༡ དཀར་བདུད་སྒྲུབ་ཐབས་རྗེས་གནང་དང་བཅས་ལ་ལྡེབ། ༦ ལས་གཤིན་ཕྲིན་ལས་ལྡེབ། ༣ རྗེས་གནང་ལྡེབ། ༣ དམ་ཅན་མགར་དམར་རཏྣའི་གཏེར་གཞུང་ལྡེབ། ༡༥ ཀུན་སྐྱོང་གླིང་པའི་མགར་ནག་རྒྱུད་ལྡེབ། ༨ མགར་ནག་ཕྲིན་ལས་དང་རྗེས་གནང་ལ་ལྡེབ། ༡༡ མ་མགོན་འཁོར་ལྔའི་སྐོར་ལས་འབྱུང་བའི་མགར་ནག་གཞུང་ཚང་བ་ལ་ལྡེབ། ༡༣ འགྲོ་འདུལ་ལས་གླིང་གི་དམ་ཅན་སྒྲུབ་སྐོར་གཏེར་གཞུང་ཚང་བ་ལྡེབ། ༣༣ སྲོག་གཏད་ལྡེབ། ༥ མཆོག་གླིང་དམ་ཅན་ལྕམ་དྲལ་སྒྲུབ་ཐབས་ལྡེབ། ༦ བཀའ་གཏད་ལྡེབ། ༣ སྤྲུལ་སྐུ་ལེགས་ལྡན་པའི་བདུད་མགོན་སེང་གདོང་རྒྱུད་ལྡེབ། ༦ བེ་བུམ་གཅེས་བཏུས་ལྡེབ། ༢༤ བཅས་བཞུགས།། ༄། གཏེར་མཛོད། ཏི༽པ་ལ། བདུད་འདུལ་ཞིང་སྐྱོང་ལས་བྱང་རྒྱས་པ་ལྡེབ། ༡༡ སྔགས་བྱང་ལྡེབ། ༢ རྒྱུན་ཁྱེར་ལྡེབ། ༥ རྗེས་གནང་སྲོག་དབང་ལྡེབ། ༥ སྲོག་སྒྲུབ་དྲག་པོ་སྡེ་བཞིའི་ལས་བྱང་ལྡེབ། ༡༠ དབང་ཆོག་ལྡེབ། ༡༢ ཞིང་སྐྱོང་དུར་ཁྲོད་མ་མོའི་བེ་བུམ་ལྡེབ། ༣༦ སྨིན་གཏེར་གསུང་ལས་བྱང་ལྡེབ། ༡༡ སྐོང་མདོས་ལྡེབ། ༦ དཔེ་རིས་ལྡེབ། ༡ ཡང་དཔེ་རིས་ལྡེབ། ༢ ཞིང་གླིང་ཤ་ཟ་ཁ་མོ་ཆེ་གཏེར་གཞུང་ལྡེབ། ༡༩ ལས་བྱང་ལྡེབ། ༢ སྲོག་གཏད་ལྡེབ། ༦ བརྟན་མ་བཅུ་གཉིས་གསོལ་མཆོད་ལྡེབ། ༧ གསོལ་བསྡུས་སྨིན་གཏེར་གསུང་ལྡེབ། ༢ ཉང་གཏེར་རྒྱལ་པོ་སྐུ་ལྔའི་གསོལ་ཁ་དོན་བཅུ་མ་ལྡེབ། ༡༢ མངའ་རིས་པཎ་ཆེན་གཏེར་བྱོན་གནོད་སྦྱིན་ཙིའུ་དམར་པོའི་རྒྱུད་མན་ངག་སྐོར་གཏེར་གཞུང་ལྡེབ། ༡༧ སྲོག་གཏད་ལྡེབ། ༩ ཕྲིན་ལས་ལྡེབ། ༡༠ བྱང་གཏེར་ཐང་ལྷའི་གཞུང་ཚང་བ་ལྡེབ། ༢༤ སྐོང་གསོལ་ལྡེབ། ༣ སྲོག་གཏད་ལྡེབ། ༡༡ ཕྲིན་ལས་ལྡེབ། ༡༣ བདུད་འདུལ་གཏེར་བྱོན་སྤོམ་རའི་གསོལ་མཆོད་ལྡེབ། ༡༥ གནམ་ཆོས་སྤོམ་ར་ལྡེབ། ༡ མཆོག་གླིང་གཏེར་བྱོན་བཀྲ་ཤིས་ཚེ་རིང་མའི་གཞུང་ལྡེབ། ༡༥ གཏོར་འབུལ་ལྡེབ། ༡ གཏོར་དབང་ལྡེབ། ༥ བསྟན་སྐྱོང་དམ་ཅན་སྡེ་དགུའི་ཕྲིན་ལས་དངོས་གྲུབ་རོལ་མཚོ་ལྡེབ། ༥༣ རྗེས་འབྲང་ལྡེབ། ༡༠ གཏོར་མ་རུ་མཚོན་གཟུང་འཛུག་གི་མན་ངག་ལྡེབ། ༡༤ བཅས་གཏེར་ཆེན་གྱིས་མཛད་པ། ཟབ་བདུན་རུ་མཚོན་འབུལ་ཆོག་ལྡེབ། ༢ སྲུང་མའི་གྲིབ་སེལ་ལོ་ཆེན་གསུང་ལྡེབ། ༣ སྔགས་སྲུང་མའི་འཁྲུགས་སྐོང་ལས་བྱང་ལྡེབ། ༧ འཁྲུགས་སྐོང་རྒྱུན་ཁྱེར་ལྡེབ། ༡ རོལ་རྡོར་གཏེར་བྱོན་འཁྲུགས་སྐོང་ལྡེབ། ༣ པད་འབྱུང་རྣམ་ཐར་བོན་ལུགས་ལྟར་བཀོད་པ་ལྡེབ། ༩ བོན་ཞིག་གཡུང་དྲུང་གླིང་པའམ་རྡོར་གླིང་གཏེར་བྱོན་ཡབ་སྲས་བཅུད་དྲིལ་གཏེར་གཞུང་ཆོག་ཁྲིགས་བཅས་པ་ལྡེབ། ༣༠ སྐུ་གསུང་ཐུགས་ཀྱི་དྲིལ་སྒྲུབ་ཁ་ཚར་ལྡེབ། ༨ བཅས་བཞུགས།། ༄། གཏེར་མཛོད། ཐི༽པ་ལ། ཀུན་གྲོལ་ལས་འཕྲོ་གླིང་པའི་ཟབ་གཏེར་མཁའ་འགྲོ་གསང་མཛོད་ཆེན་མོ་ལྡེབ། ༨༠ སྔོན་འགྲོ་རྗེས་ཀྱི་ཚིག་བཤད་ལྡེབ། ༣ པདྨ་འོད་གསལ་མདོ་སྔགས་གླིང་པའི་རྗེས་དྲན་བཻ་རོའི་ཐུགས་ཐིག་ལྡེབ། ༤ ཕྲིན་ལས་དང་དབང་ཆོག་ལྡེབ། ༡༣ བརྒྱུད་འདེབས་ལྡེབ། ༡ མཆོག་གླིང་གཏེར་བྱོན་བོན་སྲས་དབང་དྲག་འབར་བ་ལྡེབ། ༢ བརྒྱུད་འདེབས་ལྡེབ། ༡ སྤོམ་རའི་གསོལ་མཆོད་ལྡེབ། ༣ དབང་གི་ཟུར་འདེབས་ལྡེབ། ༣ ༈ བསྙེན་སྒྲུབ་སྤྱིའི་ཡན་ལག་སྐོར་ལ་བདུན་ལས། དང་པོ་དབང་གི་སྐོར་ལ། གསར་རྙིང་སྤྱི་འགྲོའི་དབང་བཤད་ལོ་ཆེན་གསུང་ལྡེབ། ༢༦ གནམ་ཆོས་གཟུངས་དབང་འགྲིགས་ཆགས་ལྡེབ། ༧ བཀའ་སྲུང་སྤྱིའི་བཀའ་གཏད་ལྡེབ། ༤ སྤྱི་ལ་འཇུག་པའི་སྐུ་གསུང་ཐུགས་དབང་ལྡེབ། ༣ དབང་བསྐུར་སྤྱིའི་ལག་ལེན་ལྡེབ། ༣༠ མཚམས་སྦྱོར་སྤྱི་འགྲོ་ལྡེབ། ཐུན་མོང་སྔོན་འགྲོའི་ཆོས་བཤད་གཏེར་ཆེན་གསུང་ལྡེབ། ༢༦ སྐྱབས་སྡོམ་ཆགས་མེད་མཛད་པ་ལྡེབ། ༥ ༈ བསྙེན་སྒྲུབ་སྤྱི་གཅེས་སྐོར་ལ། ཉང་གཏེར་ལས་ཚོགས་སྤྱི་ཆིངས་ནོར་བུའི་ཕྲེང་བ་ལྡེབ། ༡༩ མན་ངག་གསེར་གྱི་ཐུར་མ་ལྡེབ། ༩ ཀློང་གསལ་བདུད་རྩི་འཁྱིལ་བའི་སྒྲུབ་ཐབས་ལྡེབ། ༣ གནམ་ཆོས་བདུད་རྩི་འཁྱིལ་བ་ལྡེབ། ༡ བླ་མ་དགོངས་འདུས་བཟླས་བརྗོད་ནུས་པ་སྟོབས་འབྱིན་ལ་ལྡེབ། ༡༠ བསྙེན་སྒྲུབ་སྤྱི་གཅེས་འབྲི་གུང་ཆོས་གྲགས་མཛད་པ་ལྡེབ། ༡༩ བསྐྱེད་རིམ་སྤྱིའི་རྣམ་གཞག་དང་། བསྙེན་སྒྲུབ་སྤྱི་གནད་ལ་ལྡེབ། ༣༩ རོལ་རྡོར་གསང་སྔགས་སྤྱི་ཆིངས་ལས་སྒྲུབ་པ་སྤྱིའི་ཁོག་དབུབ་ལྡེབ། ༨ སྒྲུབ་པ་ལས་བྱང་སྤྱི་གཅེས་ལྡེབ། ༧ གནད་ཀྱི་ཞལ་གདམས་ལྡེབ། ༢ རྫས་མཆོག་བྱ་ཐབས་ལྔ་འདུས་དྭངས་མ་ལྡེབ། ༦ རྩ་གསུམ་སྤྱིའི་བླ་རྡོ་ལྡེབ། ༧ དམ་རྫས་རཀྟའི་སྒྲུབ་ཚུལ་ལྡེབ། ༩ སིནྡྷུ་ར་སྒྲུབ་ཚུལ་ལྡེབ། ༤ ཆོས་སྐྱོང་རྣམས་ཀྱི་བླ་རྡོ་སྲོག་འཁོར་བཅའ་ཐབས་ལྡེབ། ༤༡ སྒྲུབ་མཆོད་སྐོང་རྫས་སོགས་ཀྱི་གསལ་བྱེད་ལྡེབ། ༢༠ རིག་འཛིན་སྲོག་སྒྲུབ་དམ་སྲི་མནན་པ་ལྡེབ། ༥ བྱུར་སྲིད་དམ་སྲི་མནན་པ་ལྡེབ། ༦ གནམ་ཆོས་མ་ཧཱ་བཱ་ལ་ལྡེབ། ༡ དེའི་ལག་ལེན་ལྡེབ། ༤ ནོར་ལྷ་སྤྱིའི་སྒབ་འདྲེ་མནན་པ་དང་འཁྲུགས་སྲི་མནན་པ་ལྡེབ། ༥ རོལ་རྡོར་གཏུམ་པོའི་ལས་མཐའ་སྒབ་འདྲེ་མནན་པ་ལྡེབ། ༥ ཞིང་སྐྱོང་དམ་ཅན་གཉིས་ཀྱི་སྒབ་འདྲེ་མནན་པ་ལྡེབ། ༡ འཛི་སྒར་དགོངས་གཏེར་སྒབ་འདྲེ་མནན་པ་ལྡེབ། ༡ རད་གླིང་ཕུར་པའི་ས་དཔྱད་ལྡེབ། ༡༣ རོལ་རྡོར་སྒྲུབ་གནས་ས་དཔྱད་ལྡེབ། ༤ ཆགས་མེད་ས་ཆོག་ལྡེབ། ༤ བཅས་བཞུགས།། ༄། གཏེར་མཛོད། དི༽པ་ལ། འབྲི་གུང་ཆོས་གྲགས་གསུང་ས་བདག་ལྟོ་འཕྱེ་བརྟག་པ་དང་དེའི་ཆོ་ག་ལ་ལྡེབ། ༦ དཀྱིལ་འཁོར་འགྲེལ་ཆུང་གསེར་གྱི་ཡང་ཞུན་ལྡེབ། ༤ སྨིན་ལོའི་གསུང་དཀྱིལ་འཁོར་སྤྱིའི་ཐིག་ཚོན་གྱི་བྱ་བ་རྩ་འགྲེལ་ལྡེབ། ༢༤ ཞྭ་ཆོས་རིན་ཆེན་པད་སྤུངས་ལྡེབ། ༥ རཏྣའི་གཏེར་བྱོན་ཞྭ་ཆོས་ལྡེབ། ༣ རྩ་གསུམ་སྤྱིའི་མཆོད་ཕྲེང་ལྡེབ། ༥ མཆོད་ཕྲེང་བསྡུས་པ་ལྡེབ། ༡ གནམ་ཆོས་རྩ་གསུམ་སྤྱིའི་ལས་བྱང་ལྡེབ། ༤ ལྷ་མོ་སྤྱིའི་ལས་བྱང་ལྡེབ། ༡ རོལ་རྡོར་རྩ་གསུམ་སྤྱིའི་ལས་བྱང་ལྡེབ། ༤ མཆོག་གླིང་ཟབ་བདུན་སྐོར་གྱི་ཕྲིན་ལས་སྔོན་འགྲོའི་སྤྱི་ཆིངས་ལྡེབ། ༥ མཇུག་གི་སྤྱི་ཆིངས་ལྡེབ། ༥ སྤྱི་འགྲོ་བཀའ་མའི་རིགས་འགྲེ་མཆོད་པ་བཅུ་བཞི་པ་ལ་ལྡེབ། རྩ་གསུམ་སྤྱིའི་སྒྲུབ་ཆེན་ཁོག་དབུབ་ལྡེབ། ༢༨ གནམ་ཆོས་ཀུན་ཐུབ་རྒྱལ་མོའི་སྒྲུབ་པ་ལྡེབ། ༡ བྱིན་འབེབ་མེ་ཏོག་ཆར་སིལ་ལྡེབ། ༤ རོལ་རྡོར་བྱིན་འབེབ་ལྡེབ། ༧ ཀློང་ཆེན་ཆོས་སྤྱོད་ལམ་རིམ་ཆེན་མོ་ལྡེབ། ༥༤ སྨིན་ལོའི་གསུང་ནང་གི་ཆོས་སྤྱོད་ལྡེབ། ༣༥ ཐུན་དྲུག་བསླབ་བྱ་ལྡེབ། ༦ ཐུན་མཚམས་ཆོས་སྤྱོད་གསར་རྙིང་གི་གདམས་ངག་དགོས་པ་ཀུན་ཚང་ལ་ལྡེབ། ༤༠ བཅས། ༈ གཏོར་མའི་ཆོ་ག་ལ། དམ་ཅན་སྤྱི་གཏོར་ལྡེབ། ༧ གཏོར་མ་ཆ་གསུམ་ལྡེབ། ༤ ཆོས་དབང་གཏེར་བྱོན་མ་ནིང་རྒྱུན་གསོལ་ལྡེབ། ༣ བྱང་ལུགས་བཀའ་སྲུང་བསྡུས་མཆོད་ལྡེབ། ༡ རྫོགས་ཆེན་བཀའ་སྲུང་ལྡེབ། ༡ ཚེ་ནོར་གསུང་དྲག་པོ་སུམ་སྒྲིལ་གྱི་ལས་བྱང་ལྡེབ། ༣ དམ་ཅན་སྡེ་བདུན་གསོལ་མཆོད་ལྡེབ། ༡༠ རད་གླིང་འདུས་པ་སྐོར་བཞིའི་བཀའ་སྲུང་གསོལ་བསྡུས་ལྡེབ། ༤ རྩ་གསུམ་གཏོར་འབུལ་རྩེ་ལེས་མཛད་པ་ལྡེབ། ༥ གནམ་ཆོས་རྩ་གསུམ་སྤྱིའི་གཏོར་བསྔོས་དང་སྐོང་བ་ལྡེབ། ༢ ནོར་ལྷ་སྤྱི་གཏོར་ལྡེབ། ༩ དཀར་གཏོར་ལྡེབ། ༡ ཀློང་གསལ་གཏེར་སྲུང་སྤྱི་གཏོར་ལྡེབ། ༡ ཆགས་མེད་ཐུགས་དམ་ནང་གི་གཏོར་བསྔོ་ལྡེབ། ༤ སྟག་ཤམ་ལུགས་ཀྱི་གཏོར་འབུལ་བསྡུས་པ་ལྡེབ།༢ རོལ་རྡོར་བྲག་གཏེར་གཏོར་འབུལ་ལྡེབ། ༤ མཆོག་གླིང་ཟབ་བདུན་དྲེགས་པ་སྡེ་ལྔའི་གཏོར་འབུལ་ལ་ལྡེབ།༣ མཆོག་གླིང་གིས་མཛད་པའི་གཏོར་བསྔོས་ལྡེབ། ༣ གཏོར་འབུལ་ཁྱེར་བདེ་རིག་འཛིན་དགའ་སྟོན་ལྡེབ། ༥ ༈ ཚོགས་མཆོད་སྐོར་ལ། གྲོལ་ཏིག་རང་ལུས་ཨ་ནུའི་ཚོགས་མཆོད་ལྡེབ། ༢ ཚོགས་བརྒྱ་གཏོང་བའི་ལག་ལེན་ལྡེབ། ༢ ཚོགས་མཆོད་བདུད་རྩིའི་སྙིང་པོ་ལྡེབ། ༤ ཚིགས་བདུན་ཚོགས་མཆོད་ལྡེབ། ༢ རྗེ་བླ་མའི་དག་སྣང་ཚོགས་མཆོད་དང་སྐོང་བཤགས་ལྡེབ། ༢ རྡོར་གླིང་རྩ་གསུམ་སྐོང་བསྡུས་ལྡེབ། ༢ རྩ་གསུམ་སྤྱི་སྐོང་རིན་ཆེན་ཕྲེང་བ་ལྡེབ། ༧ བྱང་གཏེར་དོང་སྤྲུགས་སྐོང་བཤགས་ལྡེབ། ༧ ཡང་ན་རག་སྐོང་བཤགས་ལྡེབ། ༥ བརྗོད་མེད་དོན་བཤགས་ལྡེབ། ༢ གྲོལ་ཏིག་ཆོས་ཉིད་ཀློང་བཤགས་ལྡེབ། ༢ རོལ་རྡོར་སྐོང་ཆོག་ལྡེབ། ༢༩ དེའི་ཟིན་བྲིས་ལྡེབ། ༦ ༈ རྟེན་གསུམ་རབ་གནས་སྐོར་ལ། རབ་གནས་ཆོ་ག་དགེ་ལེགས་འདོད་འཇོ་ལྡེབ། ༢༨ ཡོན་བདག་བསྒོ་བའི་གཏོང་ཐུན་ལ་ལྡེབ། ༡༢ གཏོང་ཐུན་སྙིང་པོ་ལྡེབ། ༤ རབ་གནས་རྣམ་བཤད་ལྡེབ། ༢༣ རབ་གནས་བསྡུས་པ་དགེ་ལེགས་ཆར་འབེབ་ལྡེབ། ༡༡ བདེ་གཤེགས་སྤྱི་བསྟོད་ལྡེབ། ༡ རྫས་བརྒྱད་བཀྲ་ཤིས་ལྡེབ། ༢ ཡེ་འབར་ཨརྒྷའི་ཆོ་ག་ལྡེབ། ༢ བཅས་བཞུགས།། ༄། གཏེར་མཛོད། ནི༽པ་ལ། ༈ གཤིན་དོན་གནས་ལུང་སྐོར་ལ། གཤིན་པོ་རྗེས་འཛིན་ཐར་པའི་མྱུར་ལམ་ལྡེབ། ༦ གནམ་ཆོས་གསོན་བྱང་བཞུ་ཐབས་ལྡེབ། ༤ ཡི་དམ་སྤྱིའི་བྱང་ཆོག་ཤི་ཤོག་གསོན་ཤོག་ཆགས་མེད་གསུང་ལྡེབ། ༩ གདུང་ཆོག་ཕུང་པོ་སྲེག་སྦྱོང་མཆོད་རྟེན་སོགས་ཀྱི་ལག་ལེན་ལྡེབ། ༡༧ རྣམ་པར་འདྲེན་མཆོག་རྣམས་ཀྱི་སྐུ་གདུང་མཆོད་ཚུལ་ལྡེབ། ༡༤ བར་དོའི་ངོ་སྤྲོད་ལྡེབ། ༡༡ གྲི་ཁྲོལ་དང་སྦུབས་བཤིགས་མན་ངག་ལྡེབ། ༥ ལྷོ་བྲག་སྙན་བརྒྱུད་གྲི་སྲི་གཅོད་པའི་མན་ངག་ལྡེབ། ༥ གྲི་ཁྲོལ་ཆགས་མེད་གསུང་ལྡེབ། ༡ གཤིན་པོ་འདྲེར་མི་འོང་བ་ལྡེབ། ༡ ༈ སྲེག་བླུགས་ཀྱི་སྐོར་ལ། ཞི་རྒྱས་སྦྱིན་སྲེག་དངོས་གྲུབ་རྒྱ་མཚོ་ལྡེབ། ༡༤ དབང་དང་དྲག་པོའི་སྒྱུར་ཁ་ལྡེབ། མེ་མཆོད་རཏྣའི་གཏེར་མ་ལྡེབ། ༡ རྫས་གཅིག་སྦྱིན་སྲེག་ལྡེབ། ༡ ལས་བཞིའི་མེ་མཆོད་རྫས་གཅིག་ལྡེབ། ༥ གནམ་ཆོས་མེ་ལྷའི་བཀའ་གཏད་ལྡེབ། ༢ སྦྱིན་སྲེག་སྤྱིའི་ལག་ལེན་རྣམ་འབྱེད་མདོར་བསྡུས་ལྡེབ། ༢༦ ༈ ལས་བྱེ་བྲག་སྐོར་ལ། མཆོག་གི་ཕྲིན་ལས་བླ་མ་ཡང་ཏིག་བཏགས་གྲོལ་རྒྱབ་ཡིག་ལ་ལྡེབ། ༡༧ མཁའ་འགྲོ་སྙིང་ཐིག་བཏགས་གྲོལ་རྒྱུད་དྲུག་དང་མན་ངག་རིན་སྙིང་ལ་ལྡེབ། ༡༠ བླ་མ་དགོངས་འདུས་བཏགས་གྲོལ་དཀར་པོ་ཆིག་ཐུབ་ལྡེབ། ༡༥ དེའི་ཙཀྲ་འབྲི་བའི་ཡིག་ཆུང་ལྡེབ། ༦ དེའི་དབང་དང་བཏགས་གྲོལ་སྤྱིའི་ལག་ལེན་གསལ་བྱེད་ལྡེབ། ༡༨ བཏགས་གྲོལ་གྱི་རྒྱུད་བཀླག་ཐབས་སྤྱི་འགྲོ་ལ་ལྡེབ། ༤ གཞན་དོན་མཐོང་གྲོལ་འཁོར་བ་སུན་འབྱིན་ལྡེབ། ༡༦ ཙཀྲ་བྲི་བའི་ཡིག་ཆུང་ལྡེབ། ༥ དེའི་ལག་ལེན་གསལ་བྱེད་ལྡེབ། ༤ ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་རྡོར་སེམས་བཀླག་གྲོལ་དང་། པདྨའི་སྙིང་པོའི་རྒྱུད་བཀླག་ཐབས་ལྡེབ། ༧ བླ་མ་ལོངས་སྐུའི་གྲོལ་བ་བཅུ་གཅིག་གི་ལག་ལེན་ལྡེབ། ༢༠ པད་འབྱུང་གྲོལ་བ་དྲུག་གི་ལག་ལེན་ལྡེབ། ༩ ཐོས་གྲོལ་ཁོལ་ཕྱུང་ལྡེབ། ༥ ༈ ཕྲིན་ལས་ཐུན་མོང་གི་དང་པོ་འཁོར་ལོ་ཟ་ཡིག་སྔགས་འབུམ་རྟེན་འབྲེལ་གྱི་སྐོར་ལ། ཆོས་དབང་གཏེར་བྱོན་བཅས་ཆོག་སྲོག་ཤིང་བརྟན་པའི་ཙཀྲ་ལྡེབ། ༣ འཁོར་ལོ་བྲི་ཐབས་ལྡེབ། ༤ བླ་མ་དགོངས་འདུས་སྲུང་འབུམ་རྡོ་རྗེའི་ཕྲེང་བ་ལྡེབ། ༣༡ ཞལ་ཤེས་རབ་གནས་བཅས་ལ་ལྡེབ། ༧ སྣ་ནམ་འབྲོག་པ་ཐུབ་རྒྱལ་གྱི་གཏོ་བཅོས་བརྒྱ་རྩ་ལ་ལྡེབ། ༢༣ འཁོར་ལོའི་ཞལ་ཤེས་ལྡེབ། ༢ བྲམ་ཟེ་སྡོམ་བཟང་གི་ཕན་བྱེད་རླུང་འཁོར་བཅོ་བརྒྱད་ལ་ལྡེབ། ༢༡ འཁོར་ལོའི་དཔེ་རིས་ལྡེབ། ༡༤ སྲུང་འཁོར་སྤྱིའི་རབ་གནས་ལྡེབ། ༡ རྫོགས་ཆེན་ལུགས་འཁོར་ལོ་ལྡེབ། ༡ བཟླས་ཆོག་སྔགས་འབུམ་དཀར་པོ་ལྡེབ། ༣ སྔགས་འབུམ་རྡོ་རྗེའི་གོ་ཁྲབ་ལས་ཚོགས་ལྡེབ། ༥ དགོངས་འདུས་སྔགས་འབུམ་ལྡེབ། ༩ ཡེ་འབར་སྔགས་འབུམ་ལྡེབ། ༤ དྲི་མེད་རྡོ་རྗེའི་ཟ་ཡིག་ནོར་བུའི་བང་མཛོད་ལྡེབ། ༨ ཞལ་ཤེས་ལྡེབ། ༣ ཕྱོགས་བཅུའི་ཟ་ཡིག་དང་དཔའ་བོ་འབྲུ་ལྔ་ལྡེབ། ༣ ཡེ་འབར་གོས་སྔོན་ཅན་གྱི་ཟ་ཡིག་ལྡེབ། ༡ ཨོ་རྒྱན་གླིང་པའི་རྟེན་འབྲེལ་ཡང་སྙིང་འདུས་པ་ལྡེབ། ༡༢ ༈ ལེགས་ཉེས་བརྟག་པའི་སྐོར་ལ། པྲ་དབབ་པའི་མན་ངག་གཞུང་གསལ་བྱེད་བཅས་པའི་སྐོར་ལ་ལྡེབ། ༡༦ ལག་ལེན་གསལ་བྱེད་ཀུན་གསལ་མེ་ལོང་ལྡེབ། ༡༠ ཉང་གཏེར་མངོན་ཤེས་སྒྲུབ་པ་ལྡེབ། ༢ དགོངས་འདུས་མར་མེ་བརྟག་པ་ལྡེབ། ༥ རྨི་ལམ་བརྟག་པ་ལྡེབ། ༥ ཚེ་ཚད་དང་གར་སྐྱེ་བརྟག་པ་རད་གླིང་གཏེར་མ་ལྡེབ། ༢ ཆགས་མེད་རྨི་ལམ་བརྟག་པ་འཕྲུལ་མེ་ལྡེབ། ༢ བླ་མ་དགོངས་འདུས་མཁའ་འགྲོ་སྡེ་ལྔའི་མོ་ཡིག་ལ་ལྡེབ། ༣༡ ཐང་རྒྱལ་ལྷ་མོ་བརྒྱད་རྩིས་ལྡེབ། ༧ ལྷ་བཙུན་དག་སྣང་བརྟགས་བསྒྲིལ་ལྡེབ། ༦ ཆགས་མེད་མོ་སྒྲུབ་ལྡེབ། ༣ བཅས་བཞུགས།། ༄། གཏེར་མཛོད། པི༽པ་ལ། ཕན་གནོད་ཀྱི་ལས་སྣ་ཚོགས་པའི་སྐོར་ལ། ཕྱོགས་བཅུ་མུན་སེལ་ལྡེབ། ༡ ཆགས་མེད་གར་འགྲོ་མགོ་ཐོན་ལྡེབ། ༩ ལམ་གཏོར་ལྡེབ། ༥ པདྨ་གླིང་པའི་གཏེར་བྱོན་ནག་པོ་སྐོར་གསུམ་ལྡེབ། ༣༤ ཉེར་མཁོའི་གཏེར་ཕྲན་མན་ངག་བེ་བུམ་ལྡེབ། ༣༦ གུ་རུ་ཚེ་བརྟན་རྒྱལ་མཚན་རྟ་མགྲིན་ལས་བརྒྱ་རྩ་ལྡེབ། ༡༣ བདུད་འདུལ་དགོངས་པ་ཡོངས་འདུས་མན་ངག་གཏེར་བུམ་ལྡེབ། ༡༠ ཆོས་གླིང་སྦས་གནས་འགྲིམས་བྱེད་གུ་རུ་བཞི་པ་ལྡེབ། ༧ ཀློང་གསལ་གཡུལ་ལས་རྒྱལ་བྱེད་རྒྱལ་མཚན་རྩེ་མོའི་སྒྲུབ་ཐབས་དབང་བཅས་ལྡེབ། ༡༠ ༈ གནས་ཆེན་བྱིན་འབེབ་སྐོར་ལ། གནས་ཆེན་བྱིན་འབེབ་ཆ་ལག་རྣམ་འཇོམས་བག་ཆགས་སྟོབས་སྦྱོང་ལྡེབ། ༡༧ བྱང་གླིང་བཀའ་ནན་རབ་བརྗིད་ལྡེབ། ༡༢ ཐུགས་སྒྲུབ་བར་ཆད་ཀུན་སེལ་ཆ་ལག་ཁྲུས་ཆོག་ལྡེབ། ༧ བཀའ་ནན་རབ་བརྗིད་ལྡེབ། ༦ ༈ བསང་གསུར་གྱི་སྐོར་ལ། ཉང་གཏེར་སྣང་བརྒྱད་བསང་ལྡེབ། ༩ འགྲེས་བྱང་ལྡེབ། ༡ ཀློང་ཆེན་པའི་ཕུད་རབ་རྒྱས་པ་ལྡེབ། ༢༠ ཕུད་རབ་སྔོན་རྗེས་ངག་འདོན་ཉུང་བསྡུས་ལྡེབ། ༤ སྡེ་བརྒྱད་ཆ་སྙོམ་ལྡེབ། ༢ གཙུག་ལག་རྩིས་ལས་འབྱུང་བའི་ལྷ་རྣམས་མཆོད་ཐབས་ལྡེབ། ༢ བསང་མཆོད་བདེ་ལེགས་ཀུན་འབྱུང་ལྡེབ། ༢༢ ལྷ་བཙུན་དག་སྣང་རི་བོ་བསང་མཆོད་ལྡེབ། ༢ སྟག་ཤམ་གཏེར་བྱོན་རྩ་གསུམ་སྤྱིའི་བསང་མཆོད་ལྡེབ། ༡༣ མཆོག་གླིང་གཏེར་མ་བསང་བརྔན་འདོད་རྒུའི་རྒྱ་མཚོ་ལྡེབ། ༢༢ གཏོར་མ་བཅའ་ཐབས་ལྡེབ། ༡ གཞི་བདག་རྟེན་བཀོལ་ལྡེབ། ༤ དེའི་ལག་ལེན་ལྡེབ། ༡ གསུར་མཆོད་འདོད་ཡོན་སྤྲིན་ཕུང་ལྡེབ། ༣ དཀར་གསུར་དམར་གསུར་ལྡེབ། ༣ གསུར་མཆོད་མདོར་བསྡུས་ལྡེབ། ༡ ༈ མདོས་གླུད་ཀྱི་སྐོར་ལ། གནུབས་ལུགས་བརྒྱ་བཞིའི་ཆོ་ག་སྨིན་གཏེར་གསུང་ལྡེབ། ༡༡ མཚམས་གཅོད་ལྡེབ། ༡ སངས་རྒྱས་བླ་མའི་སྣང་བརྒྱད་མདོས་ལྡེབ། ༡༤ ཉང་གཏེར་བརྟན་མདོས་ཆགས་མེད་སྒྲིག་ཆོག་ལྡེབ། ༤༡ ཚོགས་ལྡེབ། ༡ བརྟན་མའི་སུན་ཟློག་ལྡེབ། ༤ ལག་ལེན་ལྡེབ། ༦ རྒྱལ་པོ་དཀར་པོ་དྲུག་མདོས་གཞུང་གཤེགས་གསོལ་བཅས་ལྡེབ། ༢༠ བཅའ་ཐབས་བསྐྱེད་བསྟིམ་འཕྱོང་བཅས་ལེགས་ལྡན་པའི་ལྷན་ཐབས་ལྡེབ། ༡༧ ར་ཤག་གཏེར་བྱོན་མདོས་བཅུ་ལྡེབ། ༡༥ སྟོད་འཕྱང་སྨད་འཕྱང་ལྡེབ། ༡༢ ར་ཤག་དང་གྲྭ་སྒོམ་ཆོས་རྡོར་ཟུང་གི་གཏེར་མ་དཀར་པོ་དྲུག་མདོས་ལྡེབ། ༧ ཆོས་དབང་གཏེར་མ་འབར་མ་དཀར་ནག་ཁྲ་གསུམ་གྱི་གཞུང་ལྡེབ། ༦ དེའི་གཏོ་ཆོག་ལག་ལེན་ལྡེབ། ༩ བཅས་བཞུགས།། ༄། གཏེར་མཛོད། ཕི༽པ་ལ། རད་གླིང་བཞི་སྤྱི་མདོས་ལྡེབ། ༡༢ ཟིན་བྲིས་ལྡེབ། ༤ བོན་པོ་བྲག་ཚལ་གྱི་བཙན་མདོས་ལྡེབ། ༤ རྟ་ནག་གུ་རུ་རྣོན་རྩེའམ་ཨ་ཡ་བོན་པོ་ལྷ་འབུམ་གྱི་མི་ཁ་དགྲ་བསྒྱུར་ལྡེབ། ༥ ཁྱུང་པོ་དཔལ་དགེའི་གཏེར་མ་མ་མོའི་ཁྲག་མདོས་ལྡེབ། ༥ བྱང་པའི་སྣང་སྲིད་སྤྱི་མདོས་ལྡེབ། ༡༣ ཀློང་གསལ་སྲིད་པ་ཁོད་སྙོམ་མདོས་ལྡེབ། ༦ གླིང་བཞི་སྤྱི་མདོས་ལྡེབ། ༧ ལས་འགྲིགས་ལྡེབ། ༡ བདུད་མོ་ཁྲག་རལ་མདོས་ལྡེབ། ༤ དེའི་འཕྱང་ལྡེབ། ༢ གནམ་ཆོས་ལས་ཧུར་དྲག་མོའི་གཞུང་ལྡེབ། ༥ ཀག་ཟློག་རྣམ་དགུ་དང་བཅས་པའི་བཀའ་གཏད་ལྡེབ། ༥ རིགས་གསུམ་མགོན་པོའི་དྲིལ་སྒྲུབ་ལྡེབ། ༡ ཧ་ས་གརྦྷའི་བཀའ་གཏད་ལྡེབ། ༨ མ་མོའི་ཁྲག་མདོས་བཀའ་གཏད་ལྡེབ། ༢ དབང་ཕྱུག་ཟོར་མདོས་བཀའ་གཏད་ལྡེབ། ༣ རོལ་རྡོར་གཏུམ་པོའི་ལྷ་ཆོག་ལྡེབ། ༤ ཀླུ་ཆོག་ལྡེབ། ༤ གཏེར་གསར་སྡེ་བརྒྱད་ཁེངས་མདོས་ལྡེབ། ༢༠ གུ་རུ་ཇོ་ཙེའི་ཤ་བརྒྱ་ཟན་བརྒྱའི་གླུད་གཞུང་ལྡེབ། ༥ ལག་ལེན་ལྡེབ། ༢ བསྟན་གཉིས་གླིང་པའི་མི་ཕྱུགས་གླུད་རྫོངས་ལྡེབ། ༣ ལན་ཆགས་ཆུ་བསྒྱུར་ལྡེབ། ༥ སྤྱི་ཁྱབ་གླུད་ཆོག་ཉེར་མཁོ་ལྡེབ། ༥ རོལ་རྡོར་དམ་སྲི་གླུད་མདོས་ལྡེབ། ༤ དགོངས་གཏེར་རྟ་གླུད་ལྡེབ། ༢ ཤི་འདྲེ་གླུད་བསྔོ་ལྡེབ། ༡ གདོན་གསུམ་མདོས་ལྡེབ། ༣ གྲིབ་གླུད་ལྡེབ། ༢ ཕྱུགས་གླུད་ལྡེབ། ༡ ༈ ལས་བྱེ་བྲག་སྒྲུབ་པའི་སྐོར་ལས། སྲུང་བའི་སྐོར་ལ། ནད་གདོན་བར་ཆད་སྤྱིར་སྲུང་བ། རྒྱ་ཕུར་བུའི་ཟབ་གཏེར་རྭ་སྲུང་དུག་ཁྲག་རྡོ་རྗེའི་གོ་ཁྲབ་་་བུམ་ཐང་མ་རྩ་བ།ལྡེབ། ༩ རྭ་སྲུང་མན་ངག་་་་ལྕགས་སྡོང་མ་རྩ་བ།ལྡེབ། ༦ རྫས་སྲུང་བུམ་ཐང་གཏེར་མ་ལྡེབ། ༡༣ ཞལ་གདམས་བདུད་རྩིའི་ཐིགས་པ་ལྡེབ། ༦ རྗེས་གནང་ལྡེབ། ༤ གྲྭ་མངོན་གཏེར་མ་འགོ་བའི་ལྷ་ལྔས་སྐྱོབ་པའི་གདམས་པ་དང་གསོལ་མཆོད་རྒྱས་བསྡུས་ལྡེབ། ༢༠ དབུ་རུ་ཤཱཀ་འོད་དང་ཚེ་བརྟན་རྒྱལ་མཚན་གཏེར་མ་ལྷ་ལྔ་དགྱེས་སྐྱེད་འཁོར་ལོའི་དཔེའུ་རིས་ལྡེབ། ༡ ཉང་གི་ཟབ་གཏེར་བྱུག་བདུག་འདོགས་གསུམ་རྒྱན་གྱི་འཁོར་ལོ་ལྡེབ། ༣ ཤིང་བུ་དྲུག་གི་སྒྲིབ་ཤིང་ལྡེབ། ༡ སྒྲིབ་ཤིང་ཞྭ་སྲུང་ཞང་ཁྲོམ་གཏེར་མ་ལྡེབ། ༡ ཡིག་རྒོད་ཉེར་གཅིག་གི་སྲུང་བ་ལྡེབ། ༡ རྫས་སྲུང་ནག་པོ་དགུ་སྦྱོར་ལྡེབ། ༢ རྭ་དོང་སྙན་བརྒྱུད་ལ་ལྡེབ། ༥ རྫས་ཆེན་བཅོ་བརྒྱད་སྦྱོར་བ་ལྡེབ། ༡ དགོངས་འདུས་ཕྱོགས་ངན་སྲུང་བ་ལྡེབ། ༨ འཇིགས་བརྒྱད་སྲུང་བ་ལྡེབ། ༥ སྡེ་བརྒྱད་གདོང་གཏད་སྲུང་བ་ལྡེབ། ༣ རཏྣའི་གུར་དྲག་ཉེས་པ་ཀུན་སྲུང་ལྡེབ། ༦ ཡིག་སྣ་ངན་པ་ཀུན་ཐུབ་དང་ཐོད་ངན་ཀུན་ཐུབ་ལྡེབ། ༢ དཔེ་སྣ་ཀུན་ཐུབ་ཆགས་མེད་གསུང་ལྡེབ། ༡ ཡིག་སྣ་ཐོད་པ་རྫས་ངན་ཀུན་ཐུབ་རཏྣའི་གཏེར་མ་ལྡེབ། ༤ ཡེ་འབར་སྡེ་བརྒྱད་སྲུང་བའི་སྐོར་ལྡེབ། ༡༤ ལྷ་འདྲེ་སྤྱི་སྲུང་ལྡེབ། ༡ སྡེ་བརྒྱད་གདོང་ཟློག་ལྡེབ། ༢ ཀུན་འདུས་སྲུང་ཟློག་ལྡེབ། ༢ ལྷ་འདྲེ་སྤྱི་ཆིངས་ལྡེབ། ༢ དུས་ཀྱི་རྒྱ་འདྲེ་འགོང་པོའི་སྒྲིབ་ཤིང་ལྡེབ། ༤ འཇིགས་པ་བརྒྱད་སོགས་སྲུང་བ་ལྡེབ། གོ་ཆ་ལྷ་ལྔའི་ལས་ཀྱི་ཁ་བསྒྱུར་ལྡེབ། ༥ རྡོ་རྗེ་བརྩེགས་པ་སྲུང་བའི་ལས་རིམ་ལྡེབ། ༡ གནམ་ཆོས་འཇིགས་མེད་རྡོ་རྗེའི་གནོད་ལྔ་སྲུང་བ་ལྡེབ། ༢ སྲུང་བ་སྣ་ཚོགས་ཕྱོགས་བསྡུས་བེ་བུམ་ཕན་བདེའི་གོ་ཆ་ལྡེབ། ༢༧ ༈ འབྱུང་བཞིའི་འཇིགས་པ་སྲུང་བའི་སྐོར་ལ། ས་གཡོས་ཆུ་མེ་རླུང་གི་འཇིགས་སྲུང་ཟབ་བསྡུས་ལྡེབ། ༥ ཆུ་སྒྱུར་ཟབ་པ་ལྡེབ། ༤ འཇིགས་མེད་གླིང་པའི་དག་སྣང་གྲུ་སྲུང་ལྡེབ། ༣ མཆོག་གླིང་ཐུགས་སྒྲུབ་འབྱུང་བཞིའི་འཇིགས་སྲུང་ལྡེབ། ༨ ༈ ཡུལ་འཁོར་སྲུང་བའི་སྐོར་ལ། གུ་རུ་ཚེ་བརྟན་རྒྱལ་མཚན་གྱི་ཡུལ་སྲུང་དམག་ཟློག་གཞུང་ལག་ལེན་བཅས་པར་ལྡེབ། ༨ ཞིག་གླིང་དམག་ཟློག་ཉེར་ལྔ་གཏེར་གཞུང་ལྡེབ། ༨ རྒྱལ་ཆེན་བཞིའི་མཆོད་ཕྲེང་ལྡེབ། ༡༠ རྒྱལ་ཆེན་སྡེ་བཞིའི་སྲོག་དབང་ལག་ལེན་ལྡེབ། ༡༥ གཏོར་མདོས་ལག་ལེན་ལྡེབ། ༢༤ ཀློང་གསལ་ཡུལ་འཁོར་སྲུང་གི་མཆོད་རྟེན་ལས་འཇུག་ལྡེབ། ༧ ངག་རྡོར་རྒྱལ་ཆེན་སྒྲུབ་ཐབས་ལྡེབ། ༨ བཅས། ༈ སེར་བ་སྲུང་བའི་སྐོར་ལ། ཨ་ཙ་ར་དམར་པོའི་ལུགས་ཀྱི་རྡོ་འཁོར་ལྡེབ། ༩ དམར་ཆུང་ལུགས་ཀྱི་ཐོག་སེར་སྲུང་བ་ལྡེབ། ༢ བྱང་གཏེར་སེར་སྲུང་གནམ་ལྕགས་གུར་ཁང་ལྡེབ། ༡༧ སེར་ལམ་གཅོད་པའི་ཙཀྲ་དཔེ་རིས་ལྡེབ། ༡ དེའི་ལག་ལེན་པད་ཕྲིན་མཛད་པ་ལྡེབ། ༥ བཅས་བཞུགས།། ༄། གཏེར་མཛོད། བི༽པ་ལ། གནམ་ཆོས་རྡོ་རྗེ་མཆུའི་ལས་བྱང་ལྡེབ། ༡༠ སེར་སྲུང་ཟིན་བྲིས་ལྡེབ། ༧ ཐོག་སྲུང་མན་ངག་གྲགས་འབྱུང་གཏེར་མ་ལྡེབ། ༡ གཟའ་ཐོག་རྦབ་སྲུང་སོགས་ཐོག་སྲུང་གཅེས་བསྡུས་ལྡེབ། ༣ ཞར་བྱུང་ཆར་གཅོད་ཁྲོམ་ལྔ་ཕུ་བརྒྱད་གནུབས་ཀྱི་གོང་ཁུག་ལྡེབ། ༣ ༈ སད་སྲུང་བའི་སྐོར་ལ། བྱང་གཏེར་སད་སྲུང་སྤྲིན་གྱི་ཁང་བུ་ལྡེབ། ༨ དེའི་ཆ་ལག་ལོ་གླུད་ལྡེབ། ༡༢ སད་སྲུང་མན་ངག་ཟབ་བསྡུས་ལྡེབ། ༢༠ ༈ མི་ཕྱུགས་ཀྱི་ནད་སྲུང་བའི་སྐོར་ལ། སྐལ་ལྡན་བྱིས་པའི་གུ་གེ་ཆིག་དྲིལ་ལག་ལེན་བཅས་ལྡེབ། ༡༠ སྔགས་བྱང་ལྡེབ། ༡ གཟའ་སྲུང་མ་བུ་དགུ་འཁྱམས་ཀྱི་འཁོར་ལོ་ལྡེབ། ༦ གཏེར་ཁ་སྣ་ཚོགས་ཀྱི་གག་ལྷོག་གཉན་རིམས་སྲུང་བ་ལྡེབ། ༢ བཛྲ་མ་ཏིའི་གཏེར་མ་སོགས་རིམས་སྲུང་ཟབ་བསྡུས་ལྡེབ། ༡༠ ཁོང་ལྷོག་སྲུང་བ་ལྡེབ། ༣ བྱང་གཏེར་མིག་ནད་སྲུང་བ་ལྡེབ།༡ རྟོག་མེད་རང་སྲུང་མཚོན་ཆའི་འཁོར་ལོ་ལྡེབ། གནམ་ཆོས་ཨོལ་འགག་སྲུང་བའི་གདམས་པ་བུ་ཡིག་བཅས་ལ་ལྡེབ། ཁམས་པ་མེ་ཟོར་གཏེར་མ་སོགས་ཕྱུགས་ནད་སྲུང་གསོ་ཟབ་བསྡུས་ལྡེབ། ༥ གོང་སྲུང་ཟབ་ཁྱད་ཅན་ལྡེབ། ༦ ཕྱུགས་སྲུང་སྟག་ཤམ་གཏེར་མ་ལྡེབ། ༦ བཅོས་ཐབས་ལྡེབ། ༣ རྟ་ཕྱུགས་ལ་ཕན་གདགས་པའི་མན་ངག་ཉེར་མཁོ་ལྡེབ། ༡༠ གློ་རྩི་བླུད་ཐབས་ལྡེབ། ༤ ༈ བྱེ་བྲག་དུག་སྲུང་བའི་སྐོར་ལ། བྱང་གཏེར་དུག་དབང་རྡོ་རྗེ་ཕ་ལམ་རྩ་བ་ཕྱག་ལེན་བཅས་ལ་ལྡེབ། ༧ གཏེར་སྟོན་གསུམ་གྱི་གཏེར་མ་དུག་སྲུང་བདུད་རྩི་འཆི་གསོ་ལྡེབ། ༤ གསེར་གཟུངས་སྙན་བརྒྱུད་ལྡེབ། ༧ ༈ དགྲ་རྐུན་སྲུང་བའི་སྐོར་ལ། ཇག་ཆིངས་ར་རུ་མའི་གཞུང་ཕྱག་ལེན་བཅས་ལ་ལྡེབ། ༦ དེའི་ལག་ལེན་དམར་ཁྲིད་ལྡེབ། ༩ བྱང་གཏེར་བལ་མོ་ཇག་ཆིངས་ལྡེབ། ༧ གནམ་ཆོས་དགོངས་གཏེར་འོད་ཟེར་ཅན་མའི་དབང་ལྡེབ། ༧ ཆགས་མེད་ཀྱིས་མཛད་པའི་དགྲ་རྐུན་ཇག་ཆིངས་ལྡེབ། ༤ རྐུན་ཆིངས་དགྲ་ཆིངས་ཟབ་བསྡུས་ལྡེབ། ༥ ༈ མཚོན་སྲུང་གི་སྐོར་ལ། ཚེ་བརྟན་རྒྱལ་མཚན་ཟབ་གཏེར་མཚོན་སྲུང་འཁོར་ལོ་རྡོ་རྗེའི་གོ་ཁྲབ་ལྡེབ། ༡༡ བྱང་གཏེར་གོ་ཆ་བརྒྱད་ཀྱི་མན་ངག་ལྡེབ། ༦ རད་གླིང་མཚོན་སྲུང་རྡོ་རྗེའི་གོ་ཆ་ལྡེབ། ༤ མཚོན་སྲུང་ཟབ་བསྡུས་ལྡེབ། ༣ ༈ བདེན་ཚིག་བཀའ་བསྒོའི་སྲུང་བ་ལ། སྨིན་གཏེར་གསུང་རྡོ་རྗེ་འབར་བའི་གཟི་བྱིན་ལྡེབ། ༣ ཆགས་མེད་གསུང་བཀའ་བསྒོ་ལྡེབ། ༤ གྲོ་ལོད་བཀའ་བསྒོ་ལྡེབ། ༤ ༈ དམོད་ཚིག་སྤྲིང་ཡིག་གི་སྲུང་བ་ལ། རཏྣའི་ཕྱག་རྟགས་རྡོ་རྗེའི་རྒྱ་ཅན་ལྡེབ། ༤ ཀློང་གསལ་སྙིང་པོའི་སྤྲིང་ཡིག་ལྡེབ། ༡ གནམ་ཆོས་སྤྲིང་ཡིག་ལྡེབ། ༈ ཞི་བའི་ལས་ཀྱི་སྐོར་ལ། ཐོག་མར་བགེགས་དང་བར་ཆད་ནད་གདོན་སྤྱིར་ཞི་བ་ལ། ཀུན་མཁྱེན་བླ་མ་པདྨ་གར་དབང་རྩལ་གྱི་གསུང་། གསོལ་འདེབས་སྲུང་འཁོར་གནམ་ལྕགས་རྡོ་རྗེའི་ཐོག་ཆེན་ལྡེབ། ༤ བ་མཁལ་སྨུག་པོའི་གཏེར་མ་གསོལ་འདེབས་བར་ཆད་ལམ་སེལ་ལྡེབ། ༤ མང་ལམ་བཟང་པོ་གྲགས་པའི་གཏེར་བྱོན་སྲི་ཟློག་འཁོར་ལོ་འབར་བའི་གཞུང་གསལ་བྱེད་བཅས་ལ་ལྡེབ། ༡༦ ལྷ་བཙུན་དག་སྣང་གསོལ་འདེབས་དུས་མིན་འཆི་ཟློག་ལྡེབ། ༥ ཆོས་གླིང་གཏེར་ཕྲན་ཆོས་བདག་བར་ཆད་སེལ་བའི་ཆོས་བཀའ་བཞི་ལ་རྣམ་འཇོམས་ལྡེབ། ༣ དུག་སེལ་མ་ལྡེབ། ༧ ཕུར་པ་ལྡེབ། ༣ འཇམ་དཔལ་ནག་པོ་ལྡེབ། ༢ རྒྱུན་གྱི་རྣལ་འབྱོར་ལྡེབ། ༧ རྣམ་འཇོམས་བུམ་ཆོག་ལྡེབ། ༨ མཆོག་གླིང་ཐུགས་སྒྲུབ་རཀྴ་ཐོད་ཕྲེང་སྒྲུབ་ཐབས་ལྡེབ། ༦ ལས་བྱང་དབང་ཆོག་བཅས་ལ་ལྡེབ། ༡༤ སྲུང་ཟློག་ཆོག་ཁྲིགས་ལྡེབ། ༡༥ ཟློག་པའི་ཕྲིན་བཅོལ་ལྡེབ། ༣ མི་གཡོ་བའི་སྒྲུབ་ཐབས་བདུད་བཞི་ཟིལ་གནོན་གཏེར་གཞུང་ལྡེབ། ༡༣ དབང་ཆོག་ལྡེབ། ༡༤ ཞི་བྱེད་ལྷ་མོ་བདུན་གྱི་མན་ངག་བདུད་རྩིའི་བུམ་པ་ལྡེབ། ༢༢ སྤྱིའི་ལས་བྱང་ལྡེབ། ༩ དབང་ཆོག་ལྡེབ། ༡༢ ལས་ཚོགས་སྦྱིན་སྲེག །བྱབ་ཁྲུས། བྱད་བཀྲོལ། འཆི་བསླུ་རྣམས་གསལ་བར་བཀོད་པ་ལྡེབ། ༡༣ ༈ ནད་ཞི་བའི་སྐོར་ལ། ཀློང་གསལ་སྨན་བླ་ལ་ལྡེབ། ༨ གནམ་ཆོས་སྨན་ཆོག་ལྡེབ། ༤ གཏོར་དབང་ལྡེབ། ༨ ནད་པ་ཤོག་ཁྲ་ལྡེབ། ༤ པད་གླིང་ལོ་གྱོན་མ་ལྡེབ། ༣ བདུད་འདུལ་ལོ་གྱོན་མ་གཏེར་གཞུང་ལྡེབ། ༡༠ དབང་ཆོག་ལྡེབ། ༥ གནམ་ཆོས་ལོ་གྱོན་མའི་ལས་བྱང་ལྡེབ། ༧ རྒྱུན་ཁྱེར་ལྡེབ། དབང་ཆོག་ལྡེབ། སྟག་ཤམ་ལོ་གྱོན་མ་ལྡེབ། ༤ བཅས་བཞུགས།། ༄། གཏེར་མཛོད། མི༽པ་ལ། ཉང་གཏེར་མིག་འབྱེད་ལག་ལེན་བཅས་ལ་ལྡེབ། ༥ དགོངས་གཏེར་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་དང་མིག་འབྱེད་ཟབ་མོ་ལྡེབ། ༡ དེའི་དབང་ཆོག་ལྡེབ། ༦ འབྲོག་པ་ཐུབ་རྒྱལ་གྱི་ཡེ་ཤེས་སྤྱན་གྱི་ཙཀྲ་ལྡེབ། ༡ བྱང་གཏེར་ནད་བདག་སྟོབས་འཇོམས་གཏེར་གཞུང་ལྡེབ། ༣༢ ལག་ལེན་ཁྲིགས་བསྡེབས་ལྡེབ། ༡༣ བདུད་རྩི་བུམ་ཆུང་སྐོར་ལ་ལྡེབ། ༡༥ ཁྱུང་ནག་བསད་སྔགས་ལྡེབ། ༢ ཆོས་དབང་གཏེར་མ་གཉན་ལྷོག་བཅོས་ལྡེབ། ༢ ཞང་ཁྲོམ་གཏེར་མ་གྲེ་ཐོར་བཅོས་ལྡེབ། ༥ ཁྱི་སྨྱོན་བཅོས་ལ་ལྡེབ། ༣ ར་མོ་ཤེལ་སྨན་རྨུ་ཆུའི་བཅོས་ལ་ལྡེབ། ༡༠ པད་གླིང་གཏེར་མ་རྒྱུག་འགྱེལ་གསོ་ཐབས་ལྡེབ། ༤ རཏྣའི་རིན་ཆེན་གཏེར་བུམ་ཀུན་ཐུབ་སྲུང་སྔགས་ལྡེབ། ༨ དབྱུག་བཅོས་ཡིད་བཞིན་ནོར་བུ་ལྡེབ། ༥ གྲུབ་ཆེན་ཐང་རྒྱལ་དག་སྣང་རིལ་བུ་དཀར་དམར་གཞུང་ཕྱག་ལེན་སྨོན་ལམ་བཅས་ལ་ལྡེབ། ༩ གྲོ་ཤུལ་བདེ་གླིང་ཟབ་གཏེར་གསོ་དཔྱད་བདུད་རྩི་ཚེ་བུམ་ལྡེབ། ༢༠ གནམ་ཆོས་གྲེ་ཐོར་དང་མིད་འབྱར་བཅོས་ལ་ལྡེབ། ༡༠ དག་སྣང་གདམས་སྐོར་ལྡེབ། ༢ ཆགས་མེད་ས་ནད་རྩ་འབུའི་སྲུང་བ་ལྡེབ། ༤ ༈ གདོན་ཞི་བའི་སྐོར་ལ། ཉང་གཏེར་ནམ་མཁའ་ལྡིང་དམར་པོའི་གཞུང་གསལ་བྱེད་བཅས་ལ་ལྡེབ། ༦ བྱང་གཏེར་བྱ་ཁྱུང་ཡོངས་རྫོགས་གཏེར་གཞུང་ལྡེབ། ༥ དབང་ཆོག་ལྡེབ། ༦ ལས་ཀྱི་བྱ་ཁྱུང་ནག་པོ་གཏེར་གཞུང་ལྡེབ། ༡༠ ཕྲིན་ལས་དབང་ཆོག་བཅས་ལ་ལྡེབ། ༧ ལས་འབྲེལ་རྟ་མགྲིན་གཉེན་པོ་ལྷ་གསུམ་ལས་བྱང་དབང་ཆོག་བཅས་ལ་ལྡེབ། ༢༢ རྗེ་མཁྱེན་བརྩེའི་ཆོག་ཁྲིགས་ལྔ་པའི་དག་སྣང་རྒྱ་ཅན་ཆོས་སྡེ་རྟ་མགྲིན་གཉེན་པོ་ལྷ་བཞིའི་ཕྲིན་ལས་ལྡེབ། ༣ དབང་ཆོག་ལྡེབ། ༤ མཆོག་ལྡན་མགོན་པོའི་གཉེན་པོ་ལྷ་ལྔ་གཏེར་གཞུང་ལྡེབ། ༦ སྒྲུབ་ཐབས་དབང་ཆོག་བཅས་ལྡེབ། ༡༢ མ་ཏིའི་ཁྱུང་དམར་ལས་བྱང་དབང་ཆོག་བཅས་ལ་ལྡེབ། ༡༤ ར་ཞི་པད་འཛིན་གཏེར་མ་ཁྱུང་ཆེན་རིགས་ལྔ་ལྡེབ། ༥ དབང་ཆོག་ལྡེབ། ༣ སྟག་ཤམ་ཁྱུང་ཁྲ་གཏེར་གཞུང་སྒྲུབ་ཐབས་ལྡེབ། ༦ ལས་མཐའ་ལྡེབ། ༦ ཕྲིན་ལས་དབང་ཆོག་བཅས་ལ་ལྡེབ། ༡༡ རོལ་རྡོར་ཁྱུང་ཁྲ་གཏེར་གཞུང་ལྡེབ། ༦ གཏོར་དབང་ལྡེབ། ༧ བདེ་གླིང་དྲག་པོ་ལྷ་གསུམ་གྱི་བརྒྱུད་འདེབས་ལྡེབ། ༡ ལས་བྱང་ལྡེབ། ༡༡ གསང་སྒྲུབ་ལས་ཚོགས་བཅས་ལ་ལྡེབ། ༡༠ དབང་ཆོག་ལྡེབ། ༡༣ ཀློང་སྙིང་དྲག་པོ་རྟ་ཁྱུང་ལྡེབ། ༢ ལས་བྱང་ལྡེབ། ༥ དབང་ཆོག་ལྡེབ། ༥ དགོངས་གཏེར་གསང་བདག་སྒྲུབ་ཐབས་ཉི་མ་མདུང་གང་ལྡེབ། ༨ དབང་ཆོག་ལྡེབ། ༥ བདུད་འཇོམས་རོལ་པ་རྩལ་གྱི་ཁྱུང་དམར་ལྡེབ། ༦ མཆོག་གླིང་ཟབ་གཏེར་གསང་བདག་རྡོ་རྗེ་བེ་ཅོན་ལྡེབ། ༡༢ དབང་ཆོག་ལྡེབ། ༡༠ བཅས་བཞུགས།། ༄། གཏེར་མཛོད། ཙི༽པ་ལ། གཟའ་ཡུམ་དབང་ཁྲུས་ཆོས་གྲགས་གསུང་ལྡེབ། ༥ པད་གླིང་གཟའ་ཀླུའི་དུག་སྦྱོང་རྩ་བ་ལྡེབ། ༡ ལག་ལེན་གཏེར་གསུང་ལྡེབ། གྲུབ་ཆེན་འདར་འཕྱར་ལུགས་ཀྱི་གཟའི་དུག་དབྱུང་ལྡེབ། ༨ བྱ་ཁྱུང་བའི་ལུགས་ཀྱི་གཟའ་བཅོས་བདུད་རྩི་བུམ་བཟང་ཆ་ལག་བཅས་ལྡེབ། ༣༢ ཉང་གཏེར་ཀླུ་བདུད་ཞགས་པ་དགུ་འགྲོལ་ལྡེབ། ༥ ཀློང་གསལ་སེངྒེ་སྒྲའི་སྒྲུབ་ཐབས་དབང་ཆོག་བཅས་ལྡེབ། ༡༠ ཡེ་འབར་ལས་མཐའ་ཞི་སྦྱོང་དང་དྲག་སྦྱོང་ལ་ལྡེབ། ༢ ཆོས་གླིང་གཏུམ་པོའི་དབང་བྱབ་ཁྲུས་གདོན་ཁྲོལ་བཅས་ལྡེབ། ༩ རོལ་རྡོར་གཏུམ་པོའི་གདོན་ཁྲོལ་དང་དུག་སྦྱང་ལ་ལྡེབ། ༡༢ གཟའ་ཆོག་ལྡེབ། ༥ དམ་སྲི་གསོན་འདྲེ་འདུལ་ཐབས་ལྡེབ། ༥ གདོན་ཁྲོལ་ངར་གླུད་བཅས་ཀྱི་ཆོ་ག་ལྡེབ། ༢ ༈ གྲིབ་དང་མི་གཙང་བ་སོགས་ཞི་བའི་སྐོར་ལ། བི་མའི་ལུགས་ཀྱི་རྣམ་འཇོམས་དཀར་པོ་རྩ་བ་རང་བྱུང་ཞབས་ཀྱི་གསུང་ལྡེབ། ༩ སྒྲུབ་ཐབས་རིག་གཏད་ཀྱི་ཆོ་ག་ལྡེབ། ༡༥ རྣམ་འཇོམས་མཐིང་གའི་སྒྲུབ་ཐབས་ཁྲུས་ཆོག་དང་བཅས་ལ་ལྡེབ། ༡༠ གནམ་ཆོས་རྣམ་འཇོམས་ལྗང་གུ་ལྡེབ། ༡ གནམ་ཆོས་ཆོས་ལུགས་མི་གཙང་ཉེས་སེལ་ལྡེབ། ༡ བདུད་འདུལ་རྣམ་འཇོམས་ཁྲོ་ནག་བརྒྱུད་འདེབས་ལྡེབ། ༡ ལས་བྱང་ལྡེབ། ༡༠ དབང་ལྡེབ། ༧ ཀློང་གསལ་རྣམ་འཇོམས་ལྡེབ། ༣ སྒྲུབ་ཐབས་དབང་ཆོག་ལྡེབ། ༥ གྲ་མངོན་གཏེར་མ་འཁོན་སྦྱོང་ལྡེབ། ཉང་ལུགས་ཁྲོ་མོ་སྨེ་བརྩེགས་ཀྱི་སྒྲུབ་ཐབས་དབང་ཁྲུས་དང་བཅས་པ་ལྡེབ། ༩ འཁོན་སྦྱོང་བྱིན་རླབས་ཅན་ལྡེབ། ༣ འཁོན་སྦྱོང་ལག་པའི་འདུ་བྱེད་ལྡེབ། ༡ ཆོས་དབང་མཁའ་འགྲོ་སྨེ་བརྩེགས་སྒྲུབ་ཐབས་ལྡེབ། ༢ ལས་ཚོགས་ལྡེབ། ༧ བླ་མ་གསང་འདུས་ཆ་ལག་མཁའ་འགྲོ་གྲིབ་སེལ་ལྡེབ། ༡༤ པད་གླིང་ནོར་རྒྱམ་ཆ་ལག་སྨེ་བརྩེགས་ཕྱག་གཉིས་པའི་ཁྲུས་ཆོག་ལྡེབ། ༧ གྲོལ་ཏིག་ཆ་ལག་དམ་གྲིབ་ཉེས་པ་ཀུན་སེལ་གསལ་བྱེད་དང་བཅས་པ་ལྡེབ། ༡༣ བསྐྱེད་རིམ་ཉམས་གྲིབ་སེལ་བྱེད་ལྡེབ། འཇའ་ཚོན་མ་ནིང་ཆ་ལག་མཁའ་འགྲོ་གྲིབ་སེལ་ལྡེབ། ༢༣ ཀློང་གསལ་ཁྲོ་མོ་སྨེ་བརྩེགས་ལྡེབ།༥ གྲིབ་དང་མི་གཙང་སེལ་བ་ལྡེབ། ༢ སྨེ་བརྩེགས་ཆོ་ག་ཆགས་མེད་གསུང་རང་གི་གྲིབ་སེལ་ལྡེབ། ༤ གཞན་གྱི་གྲིབ་སེལ་ལྡེབ། ༦ གྲིབ་སེལ་གསེར་གྱི་ཕ་ཝཾ་ལྡེབ། ༢ རིག་འཛིན་ཆེན་པོའི་གསུང་ཕག་མོ་སྨེ་བརྩེགས་ལྡེབ། ༣ ངག་དབང་རྡོ་རྗེའི་སྨེ་བརྩེགས་ལ་ལྡེབ། ༤ མཆོག་གླིང་ཐུགས་སྒྲུབ་ཆ་ལག་སྨེ་བརྩེགས་གཏེར་གཞུང་ལྡེབ། ༡༠ དབང་ཆོག་ལྡེབ། ༩ སྦྱིན་སྲེག་རྒྱལ་དབང་ཀརྨ་པས་མཛད་པ་ལྡེབ། ༦ ༈ བྱད་ཕུར་རྦོད་གཏོང་ཞི་བའི་སྐོར་ལ། སྔ་འགྱུར་བི་མ་མི་ཏྲའི་ལུགས་ཀྱི་གདུགས་དཀར་རྩ་གཞུང་རྒྱལ་དབང་རང་བྱུང་རྡོ་རྗེས་མཛད་པ་ལྡེབ། ༡༦ རིག་གཏད་ལྡེབ། ༧ བྱད་འགྲོལ་གསེར་གྱི་ལྡེའུ་མིག་གི་གཞུང་རྩ་བ་ལྡེབ། ༧ སྐུ་གསུང་ཐུགས་འཁོར་ལྡེབ། ༣ ཟ་ཡིག་རྫོང་ཆེན་མ་ལྡེབ། ༢ བྱིན་རླབས་སྙིང་པོ་བསྡུས་པ་ལྡེབ། ༤ ངག་འདོན་གཏེར་གཞུང་ལྡེབ། ༤ བྱད་འགྲོལ་ལག་ལེན་གཟུངས་རིང་བཅས་ལྡེབ།༢༢ ཨྱཻ་རིང་ལྡེབ། ༡ བུམ་རྫས་གསག་ཐབས་ལྡེབ། ༢ རྒྱུན་ཁྱེར་ངག་འདོན་ལྡེབ། ༢ ཉང་གཏེར་ངག་འགྲོལ་ལྡེབ། ༡ བྱས་པ་བཤིགས་པའི་འཁོར་ལོ་ལྡེབ། ༢ ཡིག་རྒོད་ཆང་ཁྲུས་ལྡེབ། ༣ ཀློང་གསལ་གདུགས་དཀར་སྒྲུབ་ཐབས་དབང་བཅས་ལྡེབ། ༩ ཟབ་བདུན་ཆ་ལག་གདུགས་དཀར་ལྡེབ། ༤ དབང་ཆོག་ལྡེབ། ༤ གཏོར་ཟློག་ཆོག་ཁྲིགས་ལྡེབ། ༡༥ ཐུགས་སྒྲུབ་རྡོ་རྗེ་གཙུག་ཏོར་གྱི་བྱད་འགྲོལ་སྲུང་བ་བཅས་ལྡེབ། ༨ བཅས་བཞུགས།། ༄། གཏེར་མཛོད། ཚི༽པ་ལ། སྣོད་བཅུད་ཀྱི་ཉེས་པ་ཞི་བའི་སྐོར་ལ། བླ་མ་དགོངས་འདུས་ཉེས་པ་ཀུན་སེལ་ལྡེབ། ༣ རད་གླིང་གུར་དྲག་ལས་ཚོགས་ཉེས་པ་ཀུན་སེལ་ལྡེབ། ༥ གྲོལ་ཏིག་ཉེས་པ་ཀུན་སེལ་ལྡེབ། ༡ རོལ་རྡོར་སྣང་སྲིད་ཞི་བ་དཀར་པོའི་ཆོ་ག་ལྡེབ། ༡༡ ཞི་བ་ལྡེབ། ༡ དེའི་ཟིན་བྲིས་ལྡེབ། ༣ ཉང་གཏེར་བཀྲ་ཤིས་གཏེར་བུམ་མན་ངག་ལྡེབ། ༢ བྱང་གཏེར་བུམ་གཏེར་ཡིད་བཞིན་བཅས་ཆོག་ལྡེབ། ༣ རད་གླིང་ཕུར་པའི་ལས་ཚོགས་བཀྲ་ཤིས་རྟེན་འབྲེལ་ཆེན་མོའི་བུམ་པའི་ལག་ལེན་ལྡེབ། ༨ ཀློང་གསལ་རྡོ་རྗེ་སྙིང་པོའི་བརྟན་བཞུགས་བོད་ཁམས་བདེ་བྱེད་དྲག་དམར་ལས་མཐའ་ཉེས་པ་ཀུན་སེལ། སྲུང་བའི་ལས་འཇུག །རྫས་ཀྱི་ལས་འཇུག །ནཱག་སྤྱི་བཅོས། རི་དབང་སྤྱི་བཅོས་རྣམས་གཞུང་དང་མན་ངག་ཕྱོགས་བསྡུས་ཀྱི་བེ་བུམ་ལ་ལྡེབ། ༣༣ ཐུགས་རྡོར་གཏེར་བྱོན་བཀྲ་ཤིས་གཏེར་བུམ་སྒྲུབ་པའི་མན་ངག་ལྡེབ། ༨ དེའི་ལས་བྱང་ལྡེབ། ༡༣ སྔགས་བྱང་ལྡེབ། ༡ ས་སྙིང་བརྟན་མ་སྦྲགས་སྒྲུབ་ཀྱི་བུམ་གཏེར་འཛུག་ཚུལ་བསྡུས་པ་ལྡེབ། ༥ གནོད་སྦྱིན་ལྷ་དགུའི་གཏེར་བུམ་སྒྲུབ་པའི་མན་ངག་འདོད་རྒུའི་བུམ་བཟང་རྗེ་བླ་མ་མཁྱེན་བརྩེའི་གསུང་ལྡེབ། ༦ བུམ་གཏེར་སྒྲུབ་ཚུལ་སྤྱི་ལ་འཇུག་པ་མདོར་བསྡུས་ལྡེབ། ༦ ༈ སྡིག་སྒྲིབ་ཞི་བའི་སྐོར་ལ། ཆོས་དབང་གཏེར་བྱོན་བཀའ་འགྱུར་སྙིང་པོ་བསྡུས་པ་ལྡེབ། ༣ ཐུགས་ཆེན་འཁོར་བ་དོང་སྤྲུགས་གཏེར་གཞུང་ལྡེབ། ༣༡ ལས་བྱང་ལྡེབ། ༩ རྒྱུན་གྱི་རྣལ་འབྱོར་ལྡེབ། ༥ དབང་ཆོག་ལྡེབ། ༡༠ རྒྱུན་ཁྱེར་ལྡེབ། ༣ འཇའ་ཚོན་ལྟུང་བཤགས་ཆོ་ག་ལྡེབ། ༡༩ གནམ་ཆོས་དགོངས་གཏེར་ཀུན་རིག་ཆོ་ག་ལྡེབ། ༡༦ དབང་ཆོག་ཆགས་མེད་གསུང་ལྡེབ། ༡༡ ཀློང་གསལ་མི་འཁྲུགས་པའི་ཆོ་ག་བྱང་ཆོག་དབང་བཅས་ལྡེབ། ༡༣ རིགས་དྲུག་སྲེག་སྦྱོང་ལྡེབ། ༡ མཆོག་གླིང་གཏེར་མ་རྡོར་སེམས་སྒྲིབ་སྦྱོང་ཡེ་ཤེས་ཆུ་རྒྱུན་ལྡེབ། ༡༡ དེའི་དབང་གི་མཚམས་སྦྱོར་ལྡེབ། ༤ ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས་བླ་མ་ལོངས་སྐུའི་ཕྲིན་ལས་དབང་བསྐུར་གནས་ལུང་བཅས་ལ་ལྡེབ། ༣༡ འཁོར་བ་དོང་སྤྲུགས་གཏེར་གཞུང་ལྡེབ། ༩ དབང་ཆོག་ལྡེབ། ༧ མགྱོགས་དབང་ལྡེབ། ༣ བྱང་ཆོག་ལྡེབ། ༣ ཡང་རིགས་གསུམ་སྙིང་ཐིག་གི་དོང་སྤྲུགས་ཕྲིན་ཆོག་འཇམ་དབྱངས་མཁྱེན་བརྩེའི་གསུང་ལྡེབ། ༡༡ ༈ རྒྱས་པའི་ལས་ཀྱི་སྐོར་ལས། ཐོག་མར་ཚེ་རྒྱས་པ་ལ། ཉང་གཏེར་ཚེའི་པྲ་རྟགས་བསྟན་པ་ལྡེབ། ༥ ཆོས་དབང་གཏེར་ཕྲན་ཚེ་དཔག་མེད་སྒྲུབ་སཱཙྪའི་རིམ་པ་ལྡེབ། ༢ ལྷ་བུ་ཚེ་འཛིན་འཁོར་ལོ་ལྡེབ། ༢ སངས་གླིང་ཚེ་སྒྲུབ་རྒྱུན་ཁྱེར་རྡོ་རྗེ་སྙིང་པོ་ལྡེབ། ༢ པད་གླིང་རྡོར་ཕྲེང་ལས་འཆི་ལྟས་བརྟག་པ། འཆི་བསླུ། བཅུད་ལེན། ཚེ་འཁོར། ཚེ་གཏའ་སྡོམ་པ། ཚེ་པྲ་བརྟག་པ་རྣམས་ཁོལ་ཕྱུང་ལ་ལྡེབ། ༡༢ གྲུབ་ཆེན་དཔལ་ལྡན་རྡོ་རྗེའི་ཚེ་སྒྲུབ་རྡོ་རྗེའི་སྲོག་ཤིང་ལྡེབ། ༧ སྒྲུབ་ཐབས་དབང་ཆོག་བཅས་པ་ལྡེབ། ༡༨ གྲུབ་ཆེན་ཟླ་བ་པའི་ཉེ་བརྒྱུད་རྗེ་དྲུག་པའི་བཞེད་གཞུང་ལྡེབ། ༡༢ ལེགས་ལྡན་རྡོ་རྗེའི་ཚེའི་དངོས་གྲུབ་སྒྲུབ་པའི་མན་ངག་ནམ་མཁའ་ཟས་ཟ་གསལ་བྱེད་བཅས་པ་ལྡེབ། ༧ འབྲི་གུང་ཆོས་གྲགས་སྒྲ་མི་སྙན་གྱི་ཚེ་སྒྲུབ་ལྡེབ། ༧ ཀློང་གསལ་རྡོར་སྙིང་ལས་རྣམ་རྒྱལ་མའི་ཕྲིན་ལས་རྗེས་གནང་གི་ཆོག་ཁྲིགས་ལྡེབ། ༡༡ དབང་ཆེན་ཚེ་སྒྲུབ་ཉི་ཟླའི་གྭའུ་གཏེར་གཞུང་ལྡེབ། ༤ དབང་ཆོག་ལྡེབ། ༦ སྟག་ཤམ་པདྨ་གསང་ཐིག་ཚེ་དབང་ལྡེབ། ༩ ཆོས་གླིང་དག་སྣང་ཐང་རྒྱལ་ཉེ་བརྒྱུད་ཚེ་སྒྲུབ་ལ་ལྡེབ། ༧ རོལ་རྡོར་འཆི་བ་བརྟག་བསླུའི་མན་ངག་ལྡེབ། ༧ བཅས་བཞུགས།། ༄། གཏེར་མཛོད། ཛི༽པ་ལ། གྲུབ་ཐོབ་བཀྲ་ཤིས་ཚེ་བརྟན་གྱི་ཚེ་སྒྲུབ་རྡོ་རྗེ་སྙིང་པོ་ལྡེབ། ༦ དབང་ཆོག་ལྡེབ། ༣ དྲི་མེད་གླིང་པའི་རྡོ་རྗེ་སྲོག་སྒྲུབ་ལྡེབ། ༡༢ དབང་ཆོག་ལྡེབ། ༥ བསྟན་འཛིན་ཟླ་འོད་རྡོ་རྗེའི་ཚེ་སྒྲུབ་འོད་ཀྱི་སྙིང་པོའི་ཕྲིན་ལས་དབང་དང་བཅས་པ་ལྡེབ། ༡༧ པདྨ་ཆོས་འབྱོར་རྒྱ་མཚོའི་དག་སྣང་ཙཎྜ་ལཱིའི་རྩ་བསྙེན་བཅུད་དྲིལ་ལྡེབ། ༤ བརྒྱུད་འདེབས་ལྡེབ། ༡ ཕྲིན་ལས་ལྡེབ། ༡༢ དབང་ཆོག་ལྡེབ། ༣ རིག་འཛིན་རྡོ་རྗེ་ཐོགས་མེད་ཚེ་སྒྲུབ་རྡོ་རྗེའི་རྒྱ་མདུད་ལྡེབ། ༤ ཁམས་གསུམ་ཟིལ་གནོན་གྱི་ཉི་མའི་སྙིང་པོ་ལྡེབ། ༤ རིག་འཛིན་ཀུན་བཟང་འགྱུར་མེད་ཚེ་སྒྲུབ་པདྨའི་རྒྱ་ཅན་ལྡེབ། ༤ ལྷུན་གྲུབ་རབ་བརྟན་ཚེ་སྒྲུབ་སྐུ་ལྔ་འདུས་པ་ལྡེབ། ༧ དབང་ཆོག་ལྡེབ། ༥ པདྨ་འོད་གསལ་མདོ་སྔགས་གླིང་པའི་དག་སྣང་ཚེ་ཡུམ་ཙཎྜ་ལཱིའི་སྒྲུབ་ཐབས་ལྡེབ། ༦ དབང་ཆོག་ལྡེབ། ༧ འཕགས་མའི་སྙིང་ཐིག་གི་ཆ་ལག་རྣམ་རྒྱལ་མའི་སྟོང་མཆོད་བྱ་ཐབས་ལྡེབ། ༡༡ ཚེ་ལྷ་རྣམ་གསུམ་གྱི་ཆོ་ག་རྒྱ་བོད་བསྟོད་ཚོགས་སྐོར་བཅས་ལྡེབ། ༢༨ གཤིན་རྗེ་འཆི་བདག་ཟློག་པའི་ཆོག་ཁྲིགས་པད་ཕྲིན་གསུང་ལྡེབ། ༡༥ ཕ་རོལ་རྒོལ་འཇོམས་ལས་ཚོགས་འཆི་བསླུ་ལྡེབ། ༡༤ སྒེག་རྡོར་བླ་བསླུ་གཞུང་གསལ་བྱེད་བཅས་པ་ལྡེབ། ༡༥ བླ་འགུགས་ལྡེབ། ༡ ཟློག་བྱང་ལྡེབ། ༡ པད་གླིང་གཏེར་བྱོན་བླ་བསླུ་ལྡེབ། ༧ ཡར་ལུང་སྤྲུལ་སྐུས་མཛད་པའི་བླ་འགུགས་ལྡེབ། ༥ བླ་འབོད་ལྡེབ། ༡ བླ་བསླུ་འཆི་བདག་གཡུལ་རྒྱལ་ལྡེབ། ༥ ཕྱག་ལེན་ལྡེབ། ༣ འཇའ་ཚོན་མ་ནིང་ལས་ཚོགས་མཁའ་འགྲོ་སུན་ཟློག་ཆོག་ཁྲིགས་ལྡེབ། ༣༤ རིག་འཛིན་སྲོག་སྒྲུབ་མཁའ་འགྲོའི་སུན་ཟློག་ལྡེབ། ༧ འཆི་བསླུ་ཆུ་སྦྱིན་སྟོང་ཟློག་ལྡེབ། ༤ དཀོན་སྤྱི་དང་འབྲེལ་བའི་ཞབས་བརྟན་ཆོ་ག་ལྡེབ། ༦ འོད་འབར་ཚོགས་ཤམ་སྦྱར་རྒྱུ་ལྡེབ། ༡ རྟགས་བརྒྱད་ལྡེབ། ༡ སྤྱི་འགྲོའི་སུན་ཟློག་དང་ཞབས་བརྟན་ཁྱེར་བདེ་མཁྱེན་བརྩེ་རིན་པོ་ཆེའི་གསུང་ལྡེབ། ༩ རྫས་བརྒྱད་འབུལ་བ་ལྡེབ། ༢ ཚེ་ཐར་བཏང་ཐབས་ལྡེབ། ༤ ༈ ཤེས་རབ་རྒྱས་བྱེད་སྐོར་ལ། ཉང་གཏེར་དྲག་དམར་གྱི་འཇམ་དཔལ་སྒོམ་སྒྲུབ་ལྡེབ། ༢ ཆོས་དབང་བླ་མ་གསང་འདུས་ཀྱི་བློ་ལྡན་མཆོག་སྲེད་སྒོས་སྒྲུབ་ལྡེབ། ༢ རྡོར་གླིང་འཇམ་དཔལ་དམར་སེར་བློ་ཡི་མུན་སེལ་ལྡེབ། ༥ སངས་གླིང་དགོངས་འདུས་ཆོས་སྡེ་དམར་སེར་ཤེས་རབ་རལ་གྲི་གཏེར་གཞུང་ལྡེབ། ༡༢ དབང་ཆོག་ལྡེབ། ༥ རིག་འཛིན་ཡོངས་འདུས་ཀྱི་འཇམ་དཔལ་བསྐྱེད་རྫོགས་ལྡེབ། ༣ མཆོག་གླིང་ཐུགས་སྒྲུབ་བླ་མ་སྨྲ་བའི་སེངྒེའི་སྐོར་ལྡེབ། ༡༦ རྒྱུན་ཁྱེར་ལྡེབ། ༤ རཏྣའི་གཏེར་ཕྲན་ཕག་དཀར་ཤེས་རབ་གསལ་བྱེད་ལྡེབ། ༣ དབྱངས་ཅན་མ་དཀར་མོ་ལྡེབ། ༤ གྲོལ་ཏིག་ཤེས་རབ་བློ་འཕེལ་དང་ཤེར་འོད་དགོངས་གཏེར་དབྱངས་ཅན་མའི་སྒྲུབ་ཐབས་གཉིས་སྦྲེལ་ལྡེབ། ༥ ཀློང་གསལ་ཕག་དཀར་ཤེས་རབ་གསལ་བྱེད་ལྡེབ། ༣ སྒྲུབ་ཐབས་དབང་ཆོག་བཅས་ལ་ལྡེབ། ༧ ཀུན་མཁྱེན་བླ་མའི་དགོངས་གཏེར་ཕག་དཀར་རྩ་གཞུང་ལྡེབ། ༢ ལས་བྱང་ཆོག་ཁྲིགས་ལྡེབ། ༨ རྒྱུན་ཁྱེར་ལྡེབ། ༢ མེ་མཆོད་ལྡེབ། ༦ ལྷ་བསྐྱེད་ལྡེབ། ༢ དབང་ཆོག་ལྡེབ། ༦ ཕྱི་འགྱུར་འཇམ་དཀར་མ་ཏི་ལུགས་གཞུང་གསལ་བྱེད་བཅས་ལ་ལྡེབ། ༡༡ དམ་པའི་ལུགས་ཀྱི་སྨྲ་བའི་སེངྒེ་གཞུང་གསལ་བྱེད་བཅས་ལྡེབ། ༣༡ བྲམ་ཟེ་ཕུར་བུའི་ལུགས་ཀྱི་དབྱངས་ཅན་མའི་སྒྲུབ་ཐབས་གཞུང་གསལ་བྱེད་བཅས་པ་ལ་ལྡེབ། ༢༢ བཅས་བཞུགས།། ༄། གཏེར་མཛོད། ཝི༽པ་ལ། ༈ བསོད་ནམས་དང་ལོངས་སྤྱོད་རྒྱས་བྱེད་སྐོར་ལ། རྣམ་སྲས་བེ་བུམ་ལས་བྱུང་བའི་ཕྱི་སྒྲུབ་སེར་ཆེན་གྱི་ལོ་རྒྱུས་ནས་དམ་ཚིག་བསྟན་པའི་བར་རྗེས་གནང་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་ལྡེབ། ༡༤ ཡང་གསང་མདུང་དམར་ཅན་གྱི་རྒྱུད་སོགས་དང་། ཁྲོ་ཕུ་ལོ་ཙཱ་དང་གཉལ་པ་ཉི་ཤེའི་ཟབ་གཏེར་སྒྲུབ་ཐབས་སོགས་ལ་ལྡེབ། ༤༢ རཏྣའི་མདུང་དམར་ཅན་གྱི་ཕྲིན་ལས་དབང་བཅས་ལྡེབ། ༩ པད་གླིང་རྣམ་སྲས་ཡང་གསང་བླ་མེད་ལྡེབ། ༢༢ ཞང་བློན་གཏོར་འབུལ་སྨིན་གཏེར་གསུང་ལྡེབ། ༢ ཆོས་དབང་གཏེར་བྱོན་པདྨ་གཡང་འབུམ་ལྡེབ། ༡༢ བྱང་གཏེར་ནོར་ལྷ་ཡོངས་རྫོགས་གཏེར་གཞུང་ལྡེབ། ༨ དབང་ཆོག་ལྡེབ། ༧ ཕྱྭ་ཕྲིན་ནོར་བུ་མཆོག་རྒྱལ་ལྡེབ། ༡༤ ལག་ལེན་ཟུར་འདེབས་ལྡེབ། ༩ གྲྭ་མངོན་ཛཾ་དམར་རྩ་གཞུང་ལྡེབ། ༡༧ ལས་བྱང་། རྒྱུན་ཁྱེར། ཆབ་གཏོར། སྦྱིན་སྲེག །སྐོང་བ་བཅས་ལ་ལྡེབ། ༩ སྐོང་བ་དང་གཡང་འགུགས་ལྡེབ། ༥ ཆོས་དབང་ཛཾ་དཀར་ལྡེབ། ༧ དེའི་ཆོག་ཁྲིགས་རྗེ་བླ་མས་མཛད་པ་ལྡེབ། ༨ ཛཾ་དམར་གསང་སྒྲུབ་ལྡེབ། ༡༡ པདྨ་ལས་འབྲེལ་རྩལ་གྱི་དྲེགས་འདུལ་ལས་མཐའ་ཛཾ་དམར་ལྡེབ། ༥ བྱང་གཏེར་ཛཾ་ལྗང་དང་ཛཾ་ནག་སྐོར་ལ་ལྡེབ། ༨ ཛཾ་ལྗང་གཏོར་འབུལ་ལྡེབ། ༢ ཛཾ་ནག་ཆུ་སྦྱིན་ལྡེབ། ༥ བཅས་རྗེ་བླ་མས་མཛད་པ། བླ་མ་དགོངས་འདུས་ཐོད་བརྟག་ལྡེབ། ༤ ཐོད་སྒྲུབ་ལྡེབ། ༣ རཏྣའི་ཙིཏྟ་སྲོག་སྒྲུབ་ལྡེབ། ༦ ཛཾ་སེར་རིན་ཆེན་གཏེར་བུམ་ལྡེབ། ཐོད་བརྟག་ཐོད་སྒྲུབ་སྐོར་ལ་ལྡེབ། ༤ འཇའ་ཚོན་སེར་པོ་སྐོར་གསུམ་གྱི་གཡང་ཆོག་ལྡེབ།༡༠ ལྷ་བཙུན་དག་སྣང་གཡང་འགུགས་མེ་ཏོག་ཆར་སིལ་ལྡེབ། ༣ ཀློང་གསལ་ཛཾ་སེར་གཏེར་གྱི་འདོད་འཇོ་ལྡེབ། ༣ དེའི་བསྙེན་སྒྲུབ་ཆོ་ག་རྗེས་མཛད་ལྡེབ། ༥ གནམ་ཆོས་ཛཾ་ལྷའི་སྐོར་ལྡེབ། ༧ ཛཾ་དམར་ལྡེབ། ༡ ཛཾ་ནག་ལྡེབ། ༡ ནོར་ལྷ་སྤྱིའི་ལས་བྱང་ལྡེབ། ༡ ཨ་པ་རཱ་ཛི་ཏའི་སྒྲུབ་པ་ལྡེབ། ༢ ཚོགས་བདག་སྒྲུབ་པ་ལྡེབ། ༢ རེ་མནྟའི་སྒྲུབ་ཐབས་ལྡེབ། ༡ གསོལ་ཁ་ལྡེབ། ༡ ཆགས་མེད་རིན་པོ་ཆེས་མཛད་པའི་སྐོར་ལ། ནོར་ལྷ་སྤྱི་གཏོར་ལྡེབ། ༡ རྟ་ལྷའི་ཆོ་ག་ཅང་ཤེས་ཆར་འབེབ་ལྡེབ། ༢༠ དེའི་མན་ངག་ཟིན་བྲིས་ལྡེབ། ༥ རྟིལ་བསང་ཡིད་བཞིན་ནོར་བུ་ལྡེབ། ༣ རྟ་ལྷའི་གཏོར་འབུལ་ལྡེབ། ༢ སྐོང་གསོ་ལྡེབ། ༣ མངའ་གསོལ་ལྡེབ། ༢ གནམ་ཆོས་རྟ་གཟུངས་དང་རྟ་གླུད་ལྡེབ། ༤ རྟ་གླུད་ཆགས་མེད་གསུང་ལྡེབ། ༢ ཀུ་བེ་རའི་སྒྲུབ་ཐབས་གཏོར་ཆོག་ཟིན་བྲིས་ལྡེབ། ༥ ངག་དབང་ཀུན་དགའ་བསྟན་འཛིན་གཏེར་མ་སྤོམ་ར་ལྡེབ། ༤ དྲི་མེད་གླིང་པའི་པདྨ་རྒྱལ་པོའི་ལས་གཞུང་སྐོར་ལ་ལྡེབ། ༢༢ དབང་གི་ཆོག་ཁྲིགས་སོགས་ལ་ལྡེབ། ༣༠ ཆགས་མེད་བཞི་པས་མཛད་པའི་པདྨ་རྒྱལ་པོའི་གཡང་སྐྱབས་ལྡེབ། ༤ དེ་ཉིད་ལ་བཀའ་བབས་པའི་ཤ་ཟ་མཁའ་འགྲོ་མཆེད་གསུམ་གྱི་སྐོར་ལ། སྲོག་གཏད་ལྡེབ། ༡༠ སྒྲུབ་ཐབས་གཉིས། བསང་། མཆོད་ཐབས། བསྟོད་པ། བསྐུལ་བ། གཏོར་ཆོག །ཆུ་གཏོར། དེའི་ཟིན་བྲིས་བཅས་ལ་ལྡེབ། ༡༩ གདམས་པ་གུད་སྦས་ཤིན་ཏུ་ཟབ་པ་དང་ཟིན་བྲིས་ཨུ་པ་དེ་ཤ་བཅས་ལ་ལྡེབ། ༧ བསྙེན་ཡིག་མན་ངག་གནད་ཀྱི་ཡིག་ཆུང་ལྡེབ། ༤ ཆགས་མེད་གསུང་བསེ་རག་བཀར་ཐབས་ལེ་ཚན་ལྡེབ། ༢ བཅས་བཞུགས།། ༄། གཏེར་མཛོད། ཞི༽པ་ལ། གྲུབ༵་ཐོབ་ཐང་རྒྱལ་ལུགས་ཀྱི་གཡང་འགུགས་རྗེ་མཁྱེན་བརྩེའི་གསུང་ངོ་མཚར་ཅན་དང་། དཔོ༵ན་སློབ་ངག་ལེགས་གསུང་ནོར་ལྷ་སྤྱི་བསང་ཚན་སྦྲེལ་ཅན་ལ་ལྡེབ། ༡༥ ཆོས་རྒྱལ་རྡོ་རྗེའི་ཛཾ་དཀར་ལྡེབ། ༢༠ ཚོགས་མཆོད་ལྡེབ། ༥ དབང་ཆོག་ལྡེབ། ༢ གཏེ༵ར་སྲུང་མཆོད་ཐབས་ལྡེབ། ༥ ཚེ་གཡང་འགུགས་པའི་ཕྲིན་ལས་ཆོག་ཁྲིགས་ལྡེབ། ༡༠ དབ༵ང་ཆོག་ཞལ་ཤེས་ལྡེབ། ༩ མཆོག་གླིང་བླ་མ་ནོར་ལྷ་ལྡེབ།༢༢ སྐོང་བ་ལྡེབ། ༡ ལས་ཚོགས་ཁོལ་ཕྱུང་ལྡེབ། ༩ རྒྱལ་ཆེན་རྣམ་སྲས་སྒྲུབ་ཐབས་ཡིད་བཞིན་ནོར་བུ་གཏེར་གཞུང་ཚང་མ་ལྡེབ། ༢༣ ཀུན་འཁྱིལ་མཆེད་གསུམ་གཏེར་གཞུང་ལྡེབ། ༤ དབང་ཆོག་མཁྱེན་བརྩེའི་གསུང་ལྡེབ། ༨ གཏེར་སྟོན་གསུམ་ཚོགས་ཀྱི་བསོད་ནམས་གླང་པོ་སྟོབས་བསྐྱེད་འཁོར་ལོ་གསལ་བྱེད་དང་བཅས་པ་ལྡེབ། ༨ བལ་པོ་ཨ་ཧཱུྃ་གི་གླང་ཆེན་བཅས་ཆོག་ལ་ལྡེབ། ༤ ཡང་གཏེར་ཡཀྵ་ཛཾ་བྷ་ལ་ནག་པོའི་གཏེར་གཞུང་ལྡེབ། ༣༦ བརྒྱུད་འདེབས་ལྡེབ། ༡ ལས་བྱང་ལྡེབ། ༡༧ དབང་ཆོག་ལྡེབ། ༩ བྱང་གཏེར་མངའ་དབང་རིན་ཆེན་འབར་བ་རྩ་གཞུང་ལྡེབ། ༢༥ མཐའ་དཔྱད་ལྡེབ། ༦ ལག་ལེན་གསལ་བྱེད་ལྡེབ། ༩ སྐྱེད་པ་བཞི་ལྡན་གྱི་གཏོ་ཆོག་ལྡེབ། ༧ འཁོར་ལོའི་དཔེའུ་རིས་ལྡེབ། ༈ ལོ་ཏོག་རྒྱས་བྱེད་ཀྱི་སྐོར་ལ། པད་གླིང་གཏེར་མ་རྒྱ་ནག་ཆུ་འཁོར་ལྡེབ། ༧ ཌོམྦི་ལུགས་ཀྱི་ཆར་ཆོག་ལྡེབ། ༣ དྲག་རྫས་ཕྱག་བཞེས་མ་ལྡེབ། ༡ བྱང་གཏེར་ལུད་སྦྱོར་དང་བྱི་སྲུང་ལྡེབ། ༣ གནམ་ཆོས་ས་སྙིང་སྒྲུབ་ཐབས་ལྡེབ། ༡ ཀླུ་རྒྱལ་དགའ་བོའི་སྒྲུབ་ཐབས་ལྡེབ། ༢ ཀླུ་མི་མགོན་དཀར་པོའི་སྒྲུབ་ཐབས་ལྡེབ། ༩ ཆར་འབེབ་བདུད་རྩིའི་བུམ་ཆུང་ཆགས་མེད་གསུང་ལྡེབ། ༣༠ ཆར་འབོད་གསོལ་འདེབས་ཉེར་མཁོ་ལྡེབ། ༧ ཀླུ་ལ་བདེ་བ་སྦྱིན་པའི་གཟུངས་ལྡེབ། ༡ ཆར་ཆོག་སྔགས་བྱང་ལྡེབ། ༡ འབུ་སྲིན་གདུག་པ་ཁ་བསྒྱུར་བསང་ཡིག་ལྡེབ། ༡༧ ཞིང་ལྷའི་མཆོད་གསོལ་ལྡེབ། ༦ སྟག་ཤམ་ས་ལྷ་ལྡེབ། ༡༠ དེའི་ལག་ལེན་ལྡེབ། ༧ བཀའ་གཏེར་ཟུང་འཇུག་སེངྒེ་སྒྲའི་སྒྲུབ་ཐབས་ཆར་ཆོག་བཅས་ལྡེབ། ༩ ཐུག༵ས་སྒྲུབ་བར་ཆད་ཀུན་སེལ་གྱི་ལས་ཚོགས་ཆར་འབེབ་མན་ངག་ཆར་བསང་བཅས་པ་ལྡེབ། ༧ འཇ༵མ་མགོན་བླ་མའི་གསུང་བཙའ་ནད་འཇོམས་པའི་གདམས་པ་བཙའ་བསང་བཅས་ལ་ལྡེབ། ༡༢ དགོངས་གཏེར་བཙའ་འདེད་ལྡེབ། ༥ ལོ་གླུད་འགོང་པོ་གྲུ་འདེད་ལྡེབ། ༡ ཆགས་མེད་བཞི་པའི་གསུང་ཞིང་ལྷའི་གཡང་སྐྱབས་ལྡེབ། ༢༥ དཔེའུ་རིས་ལྡེབ། ༡ ལོ་གླུད་ལྡེབ། ༥ ལོ་ཏོག་ལ་ཕན་པའི་གདམས་པ་ཀུན་གཟིགས་མཁྱེན་བརྩེས་མཛད་པ་ལྡེབ། ༧ གྲུབ་ཆེན་ཐང་རྒྱལ་གསུང་ལོ་ཏོག་རྒྱས་པའི་སྨོ་ལམ་ལྡེབ། ༢ ༈ རིགས་རྒྱུད་རྒྱས་བྱེད་ཀྱི་སྐོར་ལ། ཆོས་དབང་གཏེར་ཕྲན་ལྷ་བུ་བཙོན་འཛིན་ལྡེབ། ༢ རྡོར་གླིང་ལྷ་མོ་བུ་རྫི་མའི་རྟེན་མདོས་ལྡེབ། ༤ དགོངས་འདུས་རྨངས་པོ་སྲིད་སྤེལ་སྐོར་ལ། སྲིད་འབེབ་ལྡེབ། ༡༡ སྲིད་འཚོ་སོགས་ལྡེབ། ༡༥ ཟབ་བདུན་ལས་སོ་སོར་འབྲང་མའི་སྒྲུབ་ཐབས་ལྡེབ། ༣ དབང་ཆོག་ལྡེབ། ༤ བཅས་བཞུགས།། ཁ་སྐོང་གསར་བརྐོས་གོར་རྟགས་ཅན་འདི་རིགས་ཁ་ཤས་དཀྱུས་སུ་བཀོད་ནས་སྤར་ཐོ་འདི་ཡང་གསར་བརྗེ་བྱས་པ་ཡིན་ནོ།། ༄། གཏེར་མཛོད། ཟི༽པ་ལ། ༈ བསྟན་པ་རྒྱས་བྱེད་ཀྱི་སྐོར་ལ། སངས་གླིང་ལུགས་ཀྱི་གནས་བཅུའི་ཆོ་ག་ཞིག་གླིང་མཛད་པ་ལྡེབ། ༩ རྗེས་གནང་ལྡེབ། ༣ ཆོ་ག་ཆོག་ཁྲིགས་མཁྱེན་བརྩེའི་གསུང་ལྡེབ། ༡༨ སཱཙྪ་ལ་བརྟེན་ནས་འགྲོ་འདུལ་བསྟན་པ་རྒྱས་པའི་མན་ངག་ལྡེབ། ༦ ཀློང་གསལ་བྱམས་པའི་སྒྲུབ་ཐབས་དབང་ཆོག་བཅས་ལྡེབ། ༩ གནམ་ཆོས་གནས་བཅུའི་སྐོར་ལ། སྒྲུབ་ཐབས་ལས་ཚོགས་དབང་བཅས་ལ་ལྡེབ། ༡༤ དབང་སྒྲུབ་དང་དབང་བཤད་ཆགས་མེད་གསུང་ལྡེབ། ༡༡ དགེ་འདུན་འདུ་འཁོར་ལྡེབ། ༧ ཀརྨ་བདེ་ཆེན་སྙིང་པོའི་རྩ་གསུམ་འདུས་པའི་སྒྲུབ་མཆོད་ལྡེབ། ༡༣ མང་དགེ་རྡོ་རྗེ་འཆང་གི་ཐུབ་ཆོག་གསེར་ཞུན་མ་ལྡེབ། ༩ བཅས། ༈ དབང་གི་ལས་ཀྱི་སྐོར་ལ། གསང་འདུས་པདྨ་རྒྱལ་པོའི་སྒོས་སྒྲུབ་ལ་ལྡེབ། ༢ རོང་ཟོམ་ཆོས་ཀྱི་བཟང་པོའི་ཡང་གཏེར་པདྨ་མཁའ་འགྲོ་རིགས་བྱེད་རྩལ་གྱི་རྟོག་པ་གཏེར་གཞུང་ལྡེབ། ༢༨ ཕྲིན་ལས་དབང་བསྐུར་བཅས་ལ་ལྡེབ། ༢༡ བསྙེན་སྒྲུབ་ལས་གསུམ་ཞལ་ཤེས་མི་ཕམ་པས་མཛད་པ་ལྡེབ། ༨ ཞིག་གླིང་བདེ་མཆོག་དམར་པོའི་གཏེར་གཞུང་ལྡེབ། ༣༥ གསོལ་འདེབས་ལྡེབ། ༡ དབང་ཆོག་ལྡེབ། ༩ སངས་གླིང་དབང་སྡུད་ནོར་བུ་སྐོར་གསུམ་གཞུང་དང་སེང་གདོང་དམར་མོའི་ཕྲིན་ལས་ལ་ལྡེབ། ༡༨ ལག་ལེན་གསལ་བྱེད་ལྡེབ། ཚེ་དབང་ནོར་བུའི་ཟབ་གཏེར་སྒྲོལ་མ་དམར་མོ་ལ་ལྡེབ། ༣ ངག་འདོན་ལྡེབ། ༣ དགོངས་གཏེར་སྒྲོལ་མ་དམར་མོའི་གཞུང་གསལ་བྱེད་དང་བཅས་པ་ལྡེབ། ༡༩ དབང་ཆོག་ལྡེབ། ༧ མཆོག་གླིང་པདྨ་མཁའ་འགྲོའི་སྒྲུབ་ཐབས་ལྡེབ། ༣ གསང་སྒྲུབ་ལྡེབ། ༢ གཏོར་འབུལ་ལྡེབ། ༢ ལས་སྦྱོར་ལྡེབ། ༡ དབང་བསྐུར་ལྡེབ། ༡ སྦྱིན་སྲེག་ལྡེབ། ༡ རྫས་སྒྲུབ་ལྡེབ། ༡ སྔོན་འགྲོ་ལྷན་ཐབས་ལྡེབ། ༣ རྗེས་ཀྱི་ལས་རིམ་ལྡེབ། ༥ སྐོང་བ་ལྡེབ། ༣ དབང་ཆོག་ལྡེབ། ༦ བསྙེན་ཡིག་ལྡེབ། ༦ སྦྱིན་སྲེག་ལྡེབ། ༦ ཆོས་གླིང་ཛཾ་དམར་གཏེར་གཞུང་ལྡེབ། ༡༤ གསང་སྒྲུབ་མཆོད་ཕྲེང་ལྡེབ། ༤ དབང་ཆོག་ལྡེབ། ༨ ལས་མཁན་དབང་ཕྱུག་དམར་པོའི་རིག་གཏད་ལྡེབ། ༤ གུ་རུ་ཇོ་ཚེའི་དབང་ཕྱུག་ཆེན་པོ་ལྡེབ། ༢ བྱང་གཏེར་ལྷ་ཆེན་རླུང་ཞགས་སྐོར་གཏེར་གཞུང་ལྡེབ། ༧༦ ཆོག་ཁྲིགས་མེ་མཆོད་བཅས་ལ་ལྡེབ། ༨ བཅས་བཞུགས།། ༄། གཏེར་མཛོད། འི༽པ་ལ། སྨིན་གླིང་ཟབ་གཏེར་བདེ་འདུས་བཀའ་སྲུང་ལྷ་ཆེན་དབང་ཕྱུག་གཏེར་གཞུང་ལྡེབ། ༢༣ རྗེས་གནང་ལྡེབ། ༦ མེ་མཆོད་ལྡེབ། ༥ ཟབ་བདུན་ལྷ་ཆེན་ལྡེབ། ༥ དབང་ཆོག་ལྡེབ། ༥ པདྨ་སྒྱུ་འཕྲུལ་དྲྭ་བའི་ལྷ་ཆེན་སྒྲུབ་ཕྲིན་ལྡེབ། ༤ བཀའ་གཏད་ལྡེབ། ༣ བཅས། ༈ མངོན་སྤྱོད་ལས་ཀྱི་སྐོར་ལ། བཀའ་གཏེར་གཉིས་ལྡན་གནུབས་ལུགས་ཧྲཱིཿདམར་གཤིན་རྗེ་ཡང་སྙིང་གཞུང་བྱང་བདག་གསལ་བྱེད་དང་བཅས་ལ་ལྡེབ། ༡༤ གུ་རུ་ཧཱུྃ་འབར་གྱི་གཟའ་བདུད་མོན་པ་ཀེ་ཏའི་གཞུང་ལྡེབ། ༣༧ ཕྲིན་ལས་ལྡེབ། ༡༢ གྲུ་གུ་ཡང་དབང་འཇོམས་བྱེད་རྩལ་ཆེན་ཉི་ཟླ་ནག་པོའི་གཞུང་ལྡེབ། ༡༧ བྱང་བདག་གསལ་བྱེད་ལྡེབ། ༡༥ བཀའ་གཏད་ལྡེབ། ༡༣ རཏྣའི་གཤིན་རྗེ་ཚེ་བདག་གི་སྲུང་ཟློག་བསད་གསུམ་ལྡེབ། ༨ མཆོག་གླིང་ཟབ་བདུན་རྡོ་རྗེ་སྡེར་མོ་ལྡེབ། ༤ འདིའི་མཐར་དུར་ཁྲོད་ལྷ་མོའི་ལས་ཚོགས་ཡོད་ཀྱང་འཚུབ་ལྷོང་གིས་ཕབ་མ་ཐུབ་གསུང་། དབང་ཆོག་ལྡེབ། ༥ ༈ སྲུང་བ་ནི། རང་ཕྱོགས་སྲུང་བ་གནུབས་ལུགས་ཨ་པ་རཱ་ཛི་ཏའི་རྩོད་རྒྱལ་ལྡེབ། ༨ མན་ངག་ལྡེབ། ༡ རྩོད་རྒྱལ་འཁོར་ལོའི་དཔེའུ་རིས་ལྡེབ། ༡ རཏྣའི་མཉམ་གཉིས་རྩལ་འགྲན་ལྡེབ། ༢ རྩོད་རྒྱལ་ག་ཁ་ལྟག་སྤྲོད་ལྡེབ། ༣ བཙན་པོ་ཁ་ཆིངས་ལྡེབ། ༢ ༈ ཟློག་པའི་སྐོར་ལ། གུ་རུ་ཞི་བའི་ཟློག་པ་བྱད་ཁ་འབུམ་ཐུབ་ལྡེབ། ༦ ཉེར་མཁོའི་ཁྲོ་རོལ་གཏོར་ཟློག་བསྡུས་པ་ལྡེབ། ༤ དགྲ་ཆོས་བསྡུས་པ་ལྡེབ། ༦ བཅས་ཆགས་མེད་གསུང་། མཆོག་གླིང་མཐའ་དམག་ཟློག་པའི་ཆོས་བཞི་ལས། གཤིན་རྗེ་འཇིགས་བྱེད་རོལ་པ། རྟ་མགྲིན་བསྐལ་པའི་མེ་ཕུང་། ཕུར་པ་ཁྲོ་རྒྱལ་སྟོབས་འདུས། མགོན་པོ་གནམ་ལྕགས་ཐོག་མདའ་བཅས་ལ་ལྡེབ། ༢༦ ༈ ཡང་ཟློག་ཕྲ་མོའི་སྐོར་ལ། གནུབས་ལུགས་མཐུ་སྟོབས་དྲེགས་པའི་རྒྱལ་པོ་ལྡེབ། ༥ ཡང་ཟློག་གནུབས་ཀྱི་གོང་ཁུག་ལྡེབ། ༢ རཏྣའི་མཁའ་འགྲོ་ཡང་ཟློག་སོགས་ཚན་ལྔ་ལ་ལྡེབ། ༦ ཞལ་ཤེས་བཀའ་རྒྱ་མ་ལྡེབ། ༢ གྲོལ་ཏིག་གཤིན་རྗེའི་ཡང་ཟློག་ལྡེབ། ༣ ཚེ་བདག་ཡང་ཟློག་སོག་ཟློག་པས་མཛད་པ་ལྡེབ། ༩ ཡང་ཟློག་རྒྱུན་ཁྱེར་སྨིན་གཏེར་གསུང་ལྡེབ། ༢ ཀིང་ཀང་དམར་ནག་གི་སྲུང་ཟློག་ཚེ་ནོར་གསུང་ལྡེབ། སྨིན་གཏེར་གསུང་དང་ཚེ་ནོར་ཞལ་ཤེས་བཅས་ལ་ལྡེབ། ༥ ཀུན་ཁྱབ་གསུང་ཚེ་བདག་ནག་པོའི་ཡང་ཟློག་ལྡེབ། ༥ གཏེར་ཁ་གསུམ་འདུས་ཀྱི་ཡང་ཟློག་རྡོ་རྗེ་ཕ་ལམ་ལག་ལེན་བཀླག་ཆོག་ལྡེབ། ༣༡ ཉེར་མཁོ་ལྡེབ། ༡ འདོད་གསོལ་ལྡེབ། ༡ མཆོག་གླིང་ཐུགས་སྒྲུབ་ཕ་རོལ་རྒོལ་འཇོམས་ཀྱི་བརྒྱུད་འདེབས་ལྡེབ། ༡ ཕྲིན་ལས་ཟློག་པ་དང་བཅས་ལ་ལྡེབ། ༡༨ སྐོང་བ་ལྡེབ། ༢ རྒྱུན་གྱི་སྒོམ་བཟླས་ལྡེབ། ༦ གཏོར་དབང་ལྡེབ། ༥ འཆི་བསླུའི་བཀའ་གཏད་ལྡེབ། ༣ བཅས་བཞུགས།། ༄། གཏེར་མཛོད། ཡི༽པ་ལ། ཡང་བོན་རི་ཁྲོད་སེང་གེའི་ཟབ་གཏེར་ཕར་ཕྱིན་རྒྱལ་བའི་བཀའ་མཐུ་གཞུང་གསལ་བྱེད་དང་བཅས་པ་ལྡེབ། ༡༡ ཟངས་གླིང་དབང་ཕྱུག་དང་ཞང་ཁྲོམ་གཏེར་ཁ་ཟུང་འཇུག་གཏད་ཧྲུལ་གཞུང་ལག་ལེན་བཅས་ལ་ལྡེབ། ༦ གནུབས་ལུགས་གཏད་སྲུང་དང་ཉེ་འབྱེད་གཏད་ཟློག་ཕྱག་ལེན་ལྡེབ། ༦ གཏད་སྲུང་དང་ཉེ་འབྱེད་ཀྱི་དཔེའུ་རིས་ལྡེབ། ༢ གཏད་ཟློག་བཀའ་རྒྱ་མ་ལྡེབ། ༤ གཏད་ཧྲུལ་ཟངས་གླིང་པའི་ཟུར་འདེབས་བཀའ་རྒྱ་ཅན་ལྡེབ། ༥ འདུན་བཤིགས་གྭའུ་ཆུ་བསྒྱུར་སྐོར་ལྡེབ། ༣ པད་གནུབས་ཐུན་མོང་ལུགས་འབྲི་གུང་པའི་ཕྱག་བཞེས་ལྡེབ། ༦ མི་ཁ་ཟློག་པའི་རིགས་ལྡེབ། ༥ མཆོག་གླིང་ཐུགས་སྒྲུབ་མི་ཁ་སྲུང་ཟློག་སོགས་ཀྱི་ལག་ལེན་ལྡེབ། ༡༠ ལྟ་ངན་ཟློག་པ་ལྡེབ། ༡ ཐན་ཟློག་ཤིང་བྱང་ལྡེབ། ༡ ལྟས་ངན་བརྒྱད་ཅུའི་ཟློག་མདོས་ལྡེབ། ༩ ༈ བསད་པ་ལ། གནུབས་ལུགས་མྱུར་མགྱོགས་སྟག་བྱང་མ་ལྡེབ། ༡༡ ཞལ་ཤེས་ལྡེབ། དཔེའུ་རིས་ལྡེབ། ༡ གཟའ་བདུད་ནམ་མཁའི་ཧོམ་ཁུང་། ཞལ་གདམས་སྤུ་གྲི་ནག་པོ། ངན་སྔགས་མུ་སྟེགས་རྡེལ་ནག །ཆོ་འཕྲུལ་ཁྱད་འཕགས། རྗེས་གཅོད། ལག་ཁྲིད་བཅས་ལ་ལྡེབ། ༢༧ ༈ མཐའ་སྡུད་མནན་པ་ལ། བཀའ་གཏེར་གཉིས་ལྡན་གཤིན་རྗེ་ཀིང་དམར་བྱང་ལུགས་ལྡེབ། ༦ དགྲ་མནན་བྱང་ལྡེབ། ༡ བློ་གསལ་རྒྱ་མཚོས་མཛད་པའི་ལག་ལེན་ལྡེབ། ༨ དེའི་ཟིན་བྲིས་ལྡེབ། ༡༡ དམོད་བཅོལ་ལྡེབ། ༢ ཞིག་གླིང་མཛད་པ་ལྡེབ། ༡༡ དེའི་གསལ་བྱེད་ཨ་ལོ་ཀུན་མཁྱེན་གསུང་ལྡེབ། ༦ ཀིང་དམར་འབྲི་གུང་ཆོས་གྲགས་གསུང་ལྡེབ། ༩ གནམ་ཆོས་ཀིང་དམར་ལྡེབ། ༡ སྐོང་བ་ཆགས་མེད་གསུང་ལྡེབ། ༡ འགུགས་གཞུག་བྱང་། ༡ སོག་ཟློག་པའི་ཀིང་ནག་ལྡེབ། ༢༢ ཚོགས་མཆོད་ལྡེབ། ༥ ཀིང་ནག་ལས་གཞུང་ཕྲིན་ལས་འདོད་འཇོ་ལྡེབ། ༡༣ གླང་རུ་མའི་རྒྱུན་ཁྱེར་ཟབ་གནད་ལྡེབ། ༨ དེའི་ཟིན་བྲིས་ལྡེབ། ༡༡ དགྲ་མནན་བྱང་༡། བྱང་གཏེར་ཕུར་པའི་སྲི་མནན་གསར་བསྒྲིགས་ལྡེབ། ༡༨ ཐུགས་སྒྲུབ་ལས་ཚོགས་བཅུ་གཉིས་པ་འགོང་པོ་ཨར་གཏད་གཏེར་གཞུང་ལྡེབ། ༥ དེའི་ལག་ལེན་ཆོག་བསྒྲིགས་ལྡེབ། ༡༥ མ་ཧཱ་བཱ་ལའི་གོད་མནན་ཆགས་མེད་གསུང་ལྡེབ། དགྲ་དུར་ཕུང་གསུམ་མནན་པ་གསར་བསྒྲིགས་ལྡེབ། ༡༨ ཆུ་གཏད་ལས་འབྲེལ་དྲེགས་འདུལ་ཐེམས་མེད་ཀྱི་གཞུང་ལ་ལྡེབ། ༨ ༈ སྲེག་པ་ཧོམ་གྱི་གཟེར་ཁ་སྤྱི་འགྲོ་ལྡེབ། ༡༠ རླུང་ལ་བསྐུར་བ་རླུང་འཁྲུགས་འབུམ་གྱི་ཡང་སྙིང་ལྡེབ། ༤ དེའི་དཔེ་རིས་ལྡེབ། ༤ བཅས་བཞུགས།། ༄། གཏེར་མཛོད། རི༽པ་ལ། ༈ ལུང་ཨ་ནུ་ཡོ་གའི་སྐོར་ལ། ཆོས་དབང་རིན་པོ་ཆེའི་གཏེར་བྱོན་མར་པའི་ཆོས་དྲུག་སྲས་མཁར་མ་ལྡེབ། ༧༩ ༼འདི་གཏེར་ཆེན་མཆོག་གླིང་ལ་ཉེ་བརྒྱུད་དུ་བྱོན་པ་ཡིན།་་་མཁའ་འགྲོ་མ་ཀུན་དགའ་འབུམ་པའི་མ་རྒྱུད་གསང་བ་ལམ་ཁྱེར་ལོ་རྒྱུས་ལྡེབ། ༡༢ གཏེར་གཞུང་ལྡེབ། ༤༨ གསང་དབང་ལག་ལེན་ལྡེབ། ༣ ཤོག་དྲིལ་ལྔ་ལས་འདོད་ཆགས་རྡོ་རྗེ་ལྡེབ། ༣ ཞེ་སྡང་རྡོ་རྗེ་ལྡེབ། ༤ གཏི་མུག་རྡོ་རྗེ་ལྡེབ། ༣ ང་རྒྱལ་རྡོ་རྗེ་ལྡེབ། ༣ ཕྲག་དོག་རྡོ་རྗེའི་ཤོག་དྲིལ་ལྡེབ། ༣ བཅས། ལས་བྱང་ལྡེབ། ༡༧ དབང་ཆོག་ལྡེབ། ༡༡ མཆོག་གླིང་གཏེར་བྱོན་ལུང་རྡོ་རྗེ་བཀོད་པའི་བརྒྱུད་འདེབས་ལྡེབ། ༡ རྒྱུན་གྱི་ཉམས་ལེན་ལྡེབ། ༡༦ སྨན་མཆོད་ལྡེབ། ༡ རྒྱུན་གྱི་རྣལ་འབྱོར་ལྡེབ། ༧ དབང་ཆོག་ལྡེབ། ༣༢ ལུང་ཆེན་ལྔའི་དགོངས་པ་རྒྱུན་གྱི་རྣལ་འབྱོར་ཕྱག་རྒྱ་གཅིག་པ་ལྡེབ། ༢༠ ཕྱག་རྒྱ་གཅིག་པའི་དོན་དབང་ལྡེབ། ༩ མི་གཡོ་རྡོ་རྗེ་ཟམ་པ་གཏེར་གཞུང་ལྡེབ། ༡༡ ལས་བྱང་ལྡེབ། ༨ དབང་ཆོག་ལྡེབ། ༡༠ ལུང་ལུགས་ཐུགས་ཀྱི་ཕུར་གཅིག་གཏེར་གཞུང་ལྡེབ། ༡༠ བཅས། ༈ རྫོགས་ཆེན་ཨ་ཏི་ཡོ་ག་ལ་སེམས་སྡེའི་སྐོར་ལ། དྲི་མེད་ཀུན་དགའི་ཕྱག་ཆེན་ལྡེབ། ༤ རད་གླིང་ཕྱག་ཆེན་ཉི་མའི་སྙིང་པོའི་སྐོར་ལ། ཞུས་ལན་ལྡེབ། ༦ གཞུང་དངོས་ལ་ལྡེབ། ༢༠ བརྒྱུད་འདེབས་ལྡེབ། ༡ མཆོག་གླིང་སྡེ་གསུམ་ཕྱི་སྐོར་མཁས་པ་ཉེར་གཅིག་ལས་བྱང་ལྡེབ། ༦ དབང་ཆོག་ལྡེབ། བསྐྱེད་རྫོགས་གནད་དྲིལ་ལྡེབ། ༡ བཅས། ༈ མན་ངག་སྡེ་ལས། བི་མའི་བཀའ་སྲོལ་ལྡང་མ་ལྷུན་རྒྱལ་སོགས་ཀྱི་ཟབ་གཏེར་རྫོགས་ཆེན་རྒྱུད་བཅུ་བདུན་གྱི་དབང་ཆོག་ལྡེབ། ༣༧་་་་འདི་ལ་ལུང་རྒྱུན་མེད། དབང་དུས་སུ་གང་བཀླགས་པ་དེ་ལས་ཟུར་དུ་ལུང་འདོན་སྲོལ་མི་འདུག་གུ་ཎས་གསུང་། སྔགས་སྲུང་ལྡེབ། ༡ རང་བྱུང་རྡོ་རྗེའི་ཀརྨ་སྙིང་ཐིག་ལ་ལྡེབ། ༢༤ བཅས་བཞུགས།། ༄། གཏེར་མཛོད། ལི༽པ་ལ། ཞིག་གླིང་གསང་བ་སྙིང་ཐིག་གཏེར་གཞུང་ལ་ལྡེབ། ༡༠༢ དཀྱིལ་འཁོར་རྣམ་དག་ལྡེབ། ༣་་་གསོལ་འདེབས་ལྡེབ། ༣་་་་འདི་གསུམ་པོ་ཚན་གཅིག་བྱས་པའི་སྤར་ལྡེབ། ༡༤ཡོད། ལས་བྱང་གཏེར་སྟོན་གསུང་ལྡེབ། ༨ ཀུན་མཁྱེན་བླ་མ་འོད་གསལ་སྤྲུལ་པའི་རྡོ་རྗེའི་རྗེས་དྲན་ལྕེ་བཙུན་སྙིང་ཐིག་རྩ་གཞུང་ལྡེབ། ༡༤ བརྒྱུད་འདེབས་ལྡེབ། ༡ དབང་ཆོག་ལྡེབ། ༨ ཁྲིད་ཡིག་ལྡེབ། ༣༢ སྔོན་འགྲོའི་ངག་འདོན་ལྡེབ། ༥ ལྕེ་བཙུན་སྙིང་ཏིག་ཟབ་ཁྲིད་དཔལ་ལྡན་བླ་མའི་ཞལ་ལུང་བསླད་མེད་ཡིད་ལ་གང་ཟིན་གྱི་ཟིན་ཐོ་ལྡེབ། ༢༣ ༈ པདྨའི་བཀའ་སྲོལ་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་དབང་ཆོག་ལྡེབ། ༥༤ ཁྲིད་ཡིག་སྨིན་གླིང་གཏེར་ཆེན་མཛད་པ་ལྡེབ། ༤༨ བརྒྱུད་འདེབས་ལྡེབ། ༣ བཀའ་སྲུང་ལྡེབ། ༢ བྱང་གཏེར་ཞི་ཁྲོའི་ཕྲིན་ལས་ལྡེབ། ༡༩ ཀ་དག་དབང་ལྡེབ། ༡༢ རྡོར་གླིང་ཞི་ཁྲོའི་ཕྲིན་ལས་དབང་ཆོག་བཅས་ལ་ལྡེབ། ༡༢ རྫོགས་ཆེན་ཧཱུྃ་སྐོར་སྙིང་ཐིག་ལས། བླ་མ་ཡི་དམ་མཁའ་འགྲོའི་སྒྲུབ་ཐབས་ཕྲིན་ལས་ལྡེབ། ༡༨ དབང་ཆོག་ལྡེབ། ༢༦ ཉམས་ལེན་ཁྲིད་ཀྱི་སྔོན་འགྲོ་སོགས་ལྡེབ། ༡༧ བར་དོའི་མ་ཡིག་ལྡེབ། ༧ གཅོད་ཡུལ་སྣང་བ་ལམ་ཁྱེར་ལྡེབ། ༡༠ ཁྲིད་འཆད་ཐབས་ལྡེབ། ༣ བཅས་བཞུགས།། ༄། གཏེར་མཛོད། ཤི༽པ་ལ། རིན་ཆེན་གླིང་པའི་གཏེར་བྱོན་རྫོགས་ཆེན་གཅིག་ཆོད་ཀུན་གྲོལ་ཐེམས་བྱང་ནས་ལུང་བསྟན་གཏད་རྒྱའི་བར་གཏེར་གཞུང་ཆོས་ཚན་བཅོ་ལྔ་རིང་སྦྲེལ་ལྡེབ། ༧༡ དབང་ཆོག་ལྡེབ། ༡༠ ཁྲིད་ཡིག་ལྡེབ། ༡༨ ཕྱག་ཆེན་མུན་སེལ་སྒྲོན་མེ་ལྡེབ། ༡༠ རཏྣའི་ཀློང་གསལ་སྙིང་ཐིག་གི་རྟ་མགྲིན་ལས་བྱང་ལྡེབ། ༩ རྩ་གསུམ་གཏོར་དབང་ལྡེབ། ༧ བསྐྱེད་རིམ་དབང་ལ་ལྡེབ། ༢༣ རྫོགས་རིམ་དབང་ལ་ལྡེབ། ༣༧ ཆོས་སྤྱོད་ལྡེབ། ༡༠ ཁྲིད་ཡིག་གཏེར་ཆེན་ཉིད་མཛད་ལ་ལྡེབ། ༡༧ པད་གླིང་ཀུན་བཟང་དགོངས་འདུས་ལས་བྱང་ལྡེབ། ༨ དོན་དབང་ལྡེབ། ༡༡ ཁྲིད་ཡིག་པད་གླིང་གསུམ་པའི་གསུང་ལྡེབ། ༡༢ སྔོན་འགྲོ་ཆོས་སྤྱོད་ལྡེབ། ༦ གནམ་ཆོས་རྫོགས་ཆེན་སངས་རྒྱས་ལག་འཆང་ལྡེབ། ༥ ཐུགས་རྗེ་ཆེན་པོ་བྷུ་སུ་ཀུ་ལྡེབ། ༣ བདུད་འདུལ་སྤྲུལ་སྐུ་སྙིང་ཐིག་གི་རྫོགས་རིམ་ཁྲིད་ཀྱི་སྔོན་འགྲོ་ལྡེབ། ༨ ཁྲིད་ཡིག་ཀུན་བཟང་འཇའ་སྐུ་གཏེར་ཆེན་ཉིད་གསུང་ལྡེབ། ༥༦ ཀློང་གསལ་རྡོ་རྗེ་སྙིང་པོའི་སྔོན་འགྲོའི་ངག་འདོན་ལྡེབ། ༤ རྫོགས་ཆེན་ཁྲིད་ཡིག་ལྡེབ། ༥༠ གཏུམ་མོའི་མེ་དབང་ངེས་དོན་དབང་པོས་མཛད་པ་ལྡེབ། ༡༢ གཏེར་ཁ་གཉིས་བསྡུས་ཟབ་ལམ་ཁྲིད་ཡིག་ལྡེབ། ༡༨ བཅས་བཞུགས།། ༄། གཏེར་མཛོད། སི༽པ་ལ། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་པད་འབྱུང་དབང་ལ་ལྡེབ། ༡༥ རྫོགས་ཆེན་ཁྲིད་ཡིག་ལྡེབ། ༡༤ ༈ བཻ་རོའི་བཀའ་སྲོལ་ཀུན་སྐྱོང་གླིང་པའི་རྡོར་སེམས་སྙིང་ཐིག་གཏེར་གཞུང་ལྡེབ། ༥༧ ཆོས་སྤྱོད་ལྡེབ། ༦ ལས་བྱང་ལྡེབ། ༡༤ དབང་ཆོག་ལྡེབ། ༨ དབང་གོང་མ་གུད་སྦས་ལྡེབ། ༧ སྡེ་གསུམ་ལས་གསང་སྐོར་ཡི་དམ་བསྐྱེད་རིམ་བྱང་བུ་ཁྲིགས་བསྡེབས་ལ་ལྡེབ། ༨ བརྒྱུད་འདེབས་ལྡེབ། ༡ དབང་བསྐུར་ཆོག་ཁྲིགས་ལྡེབ། ༡༤ ༈ སློབ་དཔོན་རྣམ་གསུམ་གྱི་དགོངས་པ་ཆིག་དྲིལ། བྱང་གཏེར་རྫོགས་ཆེན་ཀུན་བཟང་དགོངས་པ་ཟང་ཐལ་གྱི་དོན་ཁྲིད་ལ་ལྡེབ། ༤༨ གཏེར་བདག་གླིང་པའི་ཟབ་གཏེར་ཨ་ཏི་ཟབ་དོན་སྙིང་པོའི་རིག་པའི་རྩལ་དབང་ལ་ལྡེབ། ༧ ལྷན་ཐབས་ལྡེབ། ༧ བཀའ་སྲུང་སྔགས་སྲུང་གཏོར་ཆོག་ལྡེབ། ཁྲིད་ཡིག་མི་འགྱུར་དཔལ་སྒྲོན་སློབ་མ་ཁྱུང་རས་ཀྱིས་མཛད་པ་ལྡེབ། ༧༧ མཆོག་གླིང་ཟབ་གཏེར་སྙིང་ཐིག་སྐོར་བདུན་གྱི་དང་པོ། དགའ་རབ་རྡོ་རྗེའི་སྙིང་ཐིག་ལས། བརྒྱུད་འདེབས་ལྡེབ། ༡ ཡི་དམ་ཞི་བའི་སྒྲུབ་པ་ལྡེབ། ༦ སྒྲུབ་ཐབས་དང་ཕྲིན་ལས་ཀྱི་བྱང་བུ་ཆོག་ཁྲིགས་ལྡེབ། ༡༡ ཞི་བའི་དབང་ཆོག་ལྡེབ། ༦ ཁྲིད་ཡིག་ལྡེབ། ༩ ཟིན་ཐོ་ལྡེབ། ༢ ཁྲོ་བོའི་སྒྲུབ་པ་ལྡེབ། ༥ ཁྲོ་བོའི་དབང་ཆོག་ལྡེབ། ༧ བཅས། ༈ སྤྱི་ཏི་ཡོ་ག་ལ། སྤ་གྲོ་བ་ཚེ་རིང་རྡོ་རྗེའི་ཟབ་གཏེར་ཆོས་སྐོར་ཡོངས་རྫོགས་ལ་ལྡེབ། ༢༣ དབང་ཆོག་ལ་ལྡེབ། ༨ བཅས་བཞུགས།། ༄། གཏེར་མཛོད། ཧི༽པ་ལ། ༈ ཡང་ཏི་ཡོ་ག་ལ། ཆོས་དབང་གཏེར་བྱོན་ཡང་ཏི་སངས་རྒྱས་མཉམ་སྦྱོར་གྱི་དབང་ཆོག་ལྡེབ། ༢༧ ཁྲིད་ཆེན་བརྒྱད་ཆིག་དྲིལ་གྱི་ཡི་གེ་ལྡེབ། ༤༣ སྔོན་འགྲོའི་འདོན་ཆ་ཟུར་བཀོལ་ལྡེབ། ༧ དུང་མཚོ་རས་པའི་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་གི་གཏེར་གཞུང་ལྡེབ། ༤༦ བརྒྱུད་འདེབས་ལྡེབ། ༣ ལས་བྱང་ལྡེབ། ༡༣ དབང་ཆོག་ཟུར་འདེབས་ལྡེབ། ༩ དབང་གོང་མ་གུད་སྦས་ལྡེབ། ༡༡ ཁྲིད་ཡིག་ལྡེབ། ༥༣ དམིགས་རིམ་ལྡེབ། ༢ མུན་ཁྲིད་ངེས་དོན་དབང་པོས་མཛད་པ་ལྡེབ། ༨ རྫོགས་ཆེན་ཡང་ཏི་ནག་པོའི་མུན་ཁྲིད་ཞལ་ཤེས་ལྡེབ། ༥ ༈ རྒྱུད་ལུང་མན་ངག་གི་སྙིང་པོའི་ཉམས་ལེན་གཅིག་ཏུ་དྲིལ་བ་མཆོག་གླིང་ཟབ་གཏེར་བཻ་རོའི་སྙིང་ཐིག་གི་ཆ་ལག་རིགས་གསུམ་སྙིང་ཏིག་ལས། འཇམ་དཔལ་རྫོགས་ཆེན་ལྡེབ། ༡༤ ཉེར་མཁོ་ལྡེབ། ༡ རྒྱུད་ཀྱི་དུམ་བུ་རྫོགས་པ་ཆེན་པོ་ལྟར་བཀྲལ་པ་ཀུན་མཁྱེན་བླ་མའི་གསུང་ལྡེབ། ༥ པདྨ་གར་དབང་སྙིང་ཐིག་ལྡེབ། ༦ གསང་བའི་བདག་པོའི་སྙིང་ཐིག་ལྡེབ། ༩ རིགས་གསུམ་བསྐྱེད་རྫོགས་ཁོག་ཕུབ་ལྡེབ། ༧ རིགས་གསུམ་འདུས་པའི་ཕྱག་འཚལ་ལྡེབ། ༣ བསྟོད་པ་ལྡེབ། ༢ འགྲོ་འདུལ་ཕྲིན་ལས་ལྡེབ། ༧ སྨྲེ་བཤགས་ལྡེབ། ༥ ལས་ཐོ་ལྡེབ། ༦ སྲུང་མའི་མཆོད་བྱང་ལྡེབ། ༣ བཅས་གཏེར་གཞུང་། རིགས་གསུམ་སྤྱི་དང་བྱེ་བྲག་གི་གཤོམ་དང་ཕྲིན་ལས་ཕྱོགས་གཅིག་ཏུ་བཀོད་པ་ལྡེབ། ༢༤ སྤྱི་དང་བྱེ་བྲག་གི་དབང་ཆོག་ཕྱོགས་གཅིག་ཏུ་བཀོད་པ་ལྡེབ། ༣༩ གཏེར་ཆེན་ཉིད་ཀྱིས་མཛད་པའི་ཁྲེགས་ཆོད་ལྟ་བའི་དོན་ཁྲིད་ལྡེབ། ༡༡ ཐོད་རྒལ་སྦྱང་བའི་རིམ་པ་ལྡེབ། ༨ ཐེག་དགུའི་ཟིན་བྲིས་མཁན་རིན་མཛད་པ་ལྡེབ། ༡༩ བླ་མ་དགོངས་འདུས་པུསྟི་ལུང་དབང་གི་ཆོ་ག་ལ་ལྡེབ། ༦ བཅས་བཞུགས།། ༄། གཏེར་མཛོད། ཨི༽པ་ལ། ༈ མཐའ་དགེ་ཡོ་ག་གསུམ་གྱི་སྙིང་པོ་ཆིག་དྲིལ་གསང་སྔགས་ལམ་རིམ་རྩ་བ་ཁྲིད་ཡིག་བརྒྱུད་འདེབས་དང་བཅས་ལ་ལྡེབ། ༨ འགྲེལ་པ་རིན་ཆེན་ཕྲེང་བ་གུ་རུ་རིན་པོ་ཆེས་མཛད་པ་ལྡེབ། ༧༣ ལག་ཁྲིད་ལྡེབ། ༤ ཕྱག་རྫོགས་ཟུང་འཇུག་ནོར་བུ་མཐོང་གྲོལ་བརྒྱུད་འདེབས་ཁྲིད་ཡིག་དང་བཅས་པ་ལྡེབ། ༣ ཉང་གཏེར་བླ་མ་དམར་ཁྲིད་ཀྱི་ཞལ་གདམས་ཞུས་ལན་སྐོར་ལ་ལྡེབ། ༢༦༤ རད་གླིང་གཏེར་ཕྲན་ཞལ་གདམས་གསལ་བའི་སྒྲོན་མ་ལྡེབ། ༣ མཆོག་གླིང་གཏེར་མ་ཞལ་གདམས་སྙིང་པོ་འདུས་པ་ལྡེབ། ༨ བསྟན་གཉིས་གླིང་པའི་གུ་རུའི་ཞལ་གདམས་ལྡེབ། ༨ བསྟན་པ་སྤྱི་སྨོན་ལྡེབ། ༢ བྱང་གཏེར་ཀུན་བཟང་སྨོན་ལམ་ལྡེབ། ༤ ལྷོ་གཏེར་པད་གླིང་བླ་མ་ནོར་རྒྱམ་སྨོན་ལམ་ལྡེབ། ༢ ཤར་གཏེར་སངས་གླིང་བླ་མ་དགོངས་འདུས་ཀྱི་སྨོན་ལམ་བཀྲ་ཤིས་ཀྱི་སྒྲོན་མེ་ལ་ལྡེབ། ༡༡ སྤར་བྱང་སྨོན་ཚིག་བླ་མ་བཀྲ་འཕེལ་ནས་མཛད་པ་ལྡེབ། ༣ གཏེར་མཛོད་སྤར་དུ་བསྒྲུབས་ཚུལ་དཔག་བསམ་གསར་པའི་འཁྲི་ཤིང་ལ་ལྡེབ། ༢༦ རིན་གཏེར་ལ་ཆེད་བརྗོད་རྒྱལ་དབང་ཀརྨ་པ་བཅུ་བཞི་པའི་གསུང་ལ་ལྡེབ། ༤ བཅས་བཞུགས།། ༄། གཏེར་མཛོད། ༼ཨཱི༽པ་ལ། རྒྱབ་ཆོས་ལམ་རིམ་ཡེ་ཤེས་སྙིང་པོའི་རྩ་བ་ལྡེབ། ༣༣ འགྲེལ་པ་འཇམ་མགོན་རིན་པོ་ཆེས་མཛད་པ་ལ་ལྡེབ། ༢༢༧ བཅས་བཞུགས་པ་དགེ་ལེགས་འཕེལ།། སརྦ་དཱ་མངྒ་ལཾ།། །།

རྫོགས་ཆེན་ལྟ་བ་ཀློང་ཡངས་ལས༔ རྡོ་རྗེ་སེམས་དཔའ་འབྲུ་གསུམ་རྒྱལ་བའི་སྤྱི་སྒྲུབ་ (Volume 27, Text 1)

༄༅༔ རྫོགས་ཆེན་ལྟ་བ་ཀློང་ཡངས་ལས༔ རྡོ་རྗེ་སེམས་དཔའ་འབྲུ་གསུམ་རྒྱལ་བའི་སྤྱི་སྒྲུབ་བཞུགས་སོ༔ ྈྈྈྈྈ སྔོན་འགྲོ་སྐྱབས་འགྲོ་སེམས་བསྐྱེད་ནི༔ ན་མོ༔ དག་པ་དབྱིངས་ཀྱི་དཀྱིལ་འཁོར་དུ༔ ཐིག་ལེ་རང་གསལ་ཚོམ་བུ་རྒྱས༔ ཡེ་ཤེས་རིག་པ་ཟང་ཐལ་ལེ༔ བདག་འཛིན་བྲལ་བར་སྐྱབས་སུ་མཆི༔ རང་རིག་གསལ་བའི་སྙིང་པོ་ཅན༔ སྒྲིབ་གཡོགས་མེད་པར་ཟང་ཐལ་ལེ༔ ཕྱོགས་མཚམས་མེད་པར་ཁྱབ་གདལ་ལེ༔ གསལ་འགྲིབ་མེད་པར་དྭངས་སིང་ངེ༔ ངོས་ལྐོག་མེད་པར་རྗེན་ཅེ་རེ༔ རྒྱ་མཚོར་གཟའ་སྐར་ཤར་བ་འདྲ༔ འདུ་འབྲལ་མེད་པར་བུམ་པའི་སྐུ༔ རང་གྲོལ་ཆེན་པོར་སྐྱབས་སུ་མཆི༔ སེམས་བསྐྱེད་པ་ནི༔ ཅི་ལྟར་ཐོག་མའི་མགོན་པོ་ཉིད༔ མ་བསྐྱེད་གཞི་ལ་རྫོགས་པའི་སྐུ༔ གནས་ལྔ་འོད་ཀྱི་མུ་ཁྱུད་མཛེས༔ རིག་སྟོང་གསལ་བར་ཆོས་ལོངས་སྤྲུལ༔ འཕོ་འགྱུར་མེད་པར་ལྷང་ངེ་ཤར༔ འོད་ཕུང་ནམ་མཁའི་མཐའ་དང་མཚུངས༔ སྒོ་དང་ཡུལ་དང་རིག་པ་གསུམ༔ འདུ་འབྲལ་མེད་པར་སེམས་བསྐྱེད་དོ༔ དངོས་གཞི་བསྐྱེད་བཟླས་རིམ་པ་ནི༔ ཧོ༔ སྣོད་ལྡན་བྱང་ཆུབ་སེམས་འདོད་ན༔ བླ་མེད་ལམ་དུ་འཇུག་པ་ནི༔ རང་རིག་གསལ་སྟོང་ཧུར་པོ་འདི༔ མ་བྲིས་གསལ་བའི་དཀྱིལ་འཁོར་མཆོག༔ མི་གཡོ་ལྷང་ངེ་རྒྱ་ཆད་བྲལ༔ ཀུན་བཟང་ཡུམ་ཆེན་ངང་དུ་བསྒོམ༔ དེ་ལྟར་མ་རྟོགས་སེམས་ཅན་རྣམས༔ ཡིད་གསུམ་རྐྱེན་བཞིས་རང་བཅིངས་པས༔ སྡུག་བསྔལ་ཆེན་པོ་སྙིང་རེ་རྗེ༔ བཟོད་བླག་མེད་པའི་ཐུགས་རྗེ་ཡིས༔ རྣམ་བྱང་གཞི་ལ་རྫོགས་པར་བྱ༔ འཁོར་དང་འདས་པའི་ཆོས་རྣམས་ཀུན༔ ངོ་བོ་སྟོང་ལ་རང་བཞིན་གསལ༔ རྩལ་ཤུགས་འགག་པ་མེད་པ་ལ༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ སྣ་ཚོགས་པདྨ་ཉི་ཟླའི་སྟེང༔ འོད་ཁྱིམ་དབྱིངས་ཀྱི་ཕོ་བྲང་དུ༔ ཧཱུྃ་ལས་བླ་མ་རྡོ་རྗེ་སེམས༔ དྲི་མེད་དཀར་མདངས་རིག་པའི་སྐུ༔ གཞོན་ཚུལ་ཕྱེད་སྐྱིལ་རྡོར་དྲིལ་བསྣམས༔ ཡུམ་མཆོག་རྡོ་རྗེ་སྙེམས་མ་ཡང༔ དཀར་མོ་གྲི་ཐོད་ཡབ་ལ་འཁྱུད༔ རིན་ཆེན་རྒྱན་སྤྲས་མཚན་དཔེར་ལྡན༔ བལྟ་བས་མི་ངོམ་ཚུལ་དགུས་མཛེས༔ ཡེ་ནས་རང་ཡིན་གསལ་ཡང་གདབ༔ བདག་གི་སྙིང་ནང་ཞི་བའི་ལྷ༔ སུམ་ཅུ་རྩ་དྲུག་གསལ་བར་བསྐྱེད༔ ཀླད་པ་དུང་ཁང་གཞལ་ཡས་ཁང༔ ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་གསལ༔ རྩ་མདུད་དྲུག་ལ་ཐུབ་པ་དྲུག༔ འཁོར་ལོ་ལྔ་ལ་དྷཱ་ཀི་ལྔ༔ དཔའ་བོ་མཁའ་འགྲོ་དྲི་མེད་གསལ༔ ཀུན་ཀྱང་སྐུ་ཆུང་ཡུངས་འབྲུ་ཙམ༔ གསལ་འཚེར་ཉི་ཟླའི་སྙིང་པོ་འདྲ༔ ཕྱག་མཚན་རང་རྟགས་ཡུམ་དང་འཁྲིལ༔ ཐུགས་རྗེའི་སྤྱན་ནི་ཕུལ་ཐག་ཙམ༔ འཁོར་འདས་ཆོས་ཀུན་གསལ་བར་གཟིགས༔ སྣ་ཚོགས་ཅེར་གྲོལ་ཉིད་དུ་གསལ༔ བདག་ཉིད་དེ་ལྟར་གསལ་བ་ཡི༔ མཛོད་སྤུ་མགྲིན་པ་སྙིང་ཁ་རུ༔ ཡེ་ཤེས་མུ་ཁྱུད་ལྔ་ལྡན་ཞིང༔ དཀར་དམར་མཐིང་ཁའི་ཐིག་ལེའི་ནང༔ ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གསུམ༔ ལྷང་ལྷང་ཙེར་ཙེར་མེར་མེར་རྣམས༔ ཐིག་ལེ་ཨོཾ་དཀར་འོད་འཕྲོས་པས༔ སྣང་སྲིད་ཐམས་ཅད་ཨོཾ་དུ་གྱུར༔ འོད་ཞུ་ངག་ཏུ་ཨོཾ་བཟླས་པས༔ ལུས་སྒྲིབ་དག་ནས་སྣང་སྟོང་རྟོགས༔ མ་ཧཱ་སྐུ་ཡི་དབང་ཐོབ་བསམ༔ ཐིག་ལེ་ཨཱཿདམར་འོད་འཕྲོས་པས༔ སྣང་སྲིད་ཐམས་ཅད་ཨཱཿརུ་གྱུར༔ འོད་ཞུ་ངག་ཏུ་ཨཱཿབཟླས་པས༔ ངག་སྒྲིབ་དག་ནས་བདེ་སྟོང་རྟོགས༔ ཨ་ནུ་གསུང་གི་དབང་ཐོབ་བསམ༔ ཐིག་ལེ་ཧཱུྃ་མཐིང་འོད་འཕྲོས་པས༔ སྣང་སྲིད་ཐམས་ཅད་ཧཱུྃ་དུ་གྱུར༔ འོད་ཞུ་ངག་ཏུ་ཧཱུྃ་བཟླས་པས༔ ཡིད་སྒྲིབ་དག་ནས་གསལ་སྟོང་རྟོགས༔ ཨ་ཏི་ཐུགས་ཀྱི་དབང་ཐོབ་བསམ༔ ཨོཾ་དང་ཨཱཿདང་ཧཱུྃ་གསུམ་རྟོགས༔ རྣམ་རྟོག་ཕྲ་རགས་སྦོམ་གསུམ་དག༔ འདོད་ཆགས་ཞེ་སྡང་གཏི་མུག་གྲོལ༔ གཟུགས་ཁམས་འདོད་ཁམས་སྟོང་ཁམས་སྦྱངས༔ ངོ་བོ་རང་བཞིན་ཐུགས་རྗེར་ལྡན༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ཐོབ༔ ཨོཾ་ཨཱཿཧཱུྃ་གི་སྙིང་པོ་འདི༔ སྒྲ་དབྱངས་དང་བཅས་བྱེ་བ་བཟླས༔ འདི་ནི་བསྙེན་པའི་རིམ་པ་འོ༔ བཟླས་བསྒོམ་མ་ཡེངས་དེ་ཉིད་ལས༔ སྤྱི་གཙུག་པདྨ་ཉི་ཟླའི་སྟེང༔ བླ་མ་ཀུན་བཟང་བརྒྱུད་པར་བཅས༔ ཐོ་བརྩེགས་ཚུལ་དུ་བཞུགས་པ་ཡི༔ གཡས་གཡོན་ཆོས་སྐྱོང་དམ་ཅན་བསྐོར༔ སངས་རྒྱས་ཆོས་དང་དགེ་འདུན་རྣམས༔ དགྱེས་ཚུལ་དངོས་གྲུབ་བདག་ཉིད་ཅན༔ སྤུང་ངེ་ཐིབས་སེ་བཞུགས་པར་བསྒོམ༔ རང་ཉིད་འབྲུ་གསུམ་སྲོག་ཡིག་ལས༔ འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས༔ ཡེ་ཤེས་གསུམ་ལྡན་བླ་མ་བརྒྱུད༔ དབྱིངས་རིག་དབྱེར་མེད་ཞི་ཁྲོའི་ལྷ༔ སྒྲོན་མ་བཞི་ལྡན་མཁའ་འགྲོའི་ཚོགས༔ གསལ་སྟོང་ལྷང་ངེ་འཇམ་དཔལ་སྐུ༔ གྲགས་སྟོང་སེང་ངེ་པདྨའི་གསུང༔ རིག་སྟོང་འཛིན་མེད་ཡང་དག་ཐུགས༔ བདེ་སྟོང་ལྷན་སྐྱེས་བདུད་རྩིའི་ལྷ༔ སྣང་སྟོང་ཧྲིག་གེ་ཕུར་ཕྲིན་ལས༔ མི་རྟོག་སོ་མ་མ་མོའི་ཚོགས༔ སྣང་བཞི་བློ་ཟད་མཆོད་བསྟོད་ལྷ༔ མ་འགགས་ཤར་གྲོལ་དྲག་པོའི་ཚོགས༔ སྣང་ལ་རང་བཞིན་མེད་པའི་སྐུ༔ རྐྱེན་གསུམ་བྲལ་བའི་དབྱིངས་ཀྱི་ནང༔ འཇའ་འོད་ཐིག་ལེའི་ཕོ་བྲང་དུ༔ སྤྲིན་ཕུང་ལྟར་གཏིབས་གདན་བཞུགས་བསམ༔ དེ་ལྟར་དོན་དམ་ཀུན་རྫོབ་ཚུལ༔ མ་འགགས་རོལ་པས་སྤྱན་ཡང་དྲང༔ ཧཱུྃ༔ ཀུན་བཟང་ཡེ་ཤེས་སྙིང་པོ་ལྷུན་གྲུབ་མཆོག༔ མ་ནོར་མ་བཅོས་སྐུ་ཡི་ལྷ་ཚོགས་གཤེགས༔ སྣང་སྟོང་དྲན་སྟོང་རིག་སྟོང་སོ་མའི་ཀློང༔ གསུང་གི་ལྷ་ཚོགས་ཐིག་ལེའི་ཀློང་དུ་གཤེགས༔ མ་འགགས་རང་བྱུང་མ་ཡེངས་རང་བཞིན་གྲོལ༔ ཐུགས་ཀྱི་ལྷ་ཚོགས་དབྱིངས་ཆེན་ངང་དུ་གཤེགས༔ བར་དེར་བརྒྱུད་པའི་བླ་མ་ལ༔ གདངས་སྙན་ཚིག་གིས་གསོལ་བ་གདབ༔ ཅིར་མི་དགོངས་དེའི་ངང་ཉིད་ལས༔ གཟུགས་སྣང་ཐམས་ཅད་ལྷ་ཡི་སྐུ༔ སྒྲ་གྲགས་ཐམས་ཅད་འབྲུ་གསུམ་སྒྲ༔ དྲན་རྟོག་ཐམས་ཅད་མི་རྟོག་པ༔ ཅི་མཛད་རོལ་པའི་ཕྱག་རྒྱ་བསྒྱུར༔ དེ་ལྟར་གསལ་བའི་ངང་ཉིད་ལ༔ སྤྱི་གཙུག་རྩ་བརྒྱུད་བླ་མ་རྣམས༔ འབྲུ་གསུམ་ཁ་དོག་ཐིག་ལེར་ཞུ༔ བདག་དང་སེམས་ཅན་ཐམས་ཅད་ཀྱི༔ དུང་ཁང་ནང་དུ་ཁྲ་མེར་བཞུགས༔ སྒྲིབ་པ་བག་ཆགས་ཐམས་ཅད་ཀུན༔ སོལ་ཁུ་བདས་ལྟར་འོག་སྒོར་ཐོན༔ རྒྱུ་མ་ཆུས་བཀྲུས་ཅི་ལྟ་བར༔ ཕྱི་ནང་མེད་པར་ཟང་ཐལ་དག༔ ཤེལ་སྒོང་མཆོད་རྟེན་ལྟ་བུར་གྱུར༔ རྐང་མཐིལ་སྤྱི་གཙུག་ཕྱི་ནང་རྣམས༔ བདུད་རྩིས་ཞོ་རྐྱལ་ཁེངས་ལྟར་བསམ༔ ཨོཾ་ལས་སྐུ་ཡི་བདུད་རྩི་དཀར༔ ཨཱཿལས་གསུང་གི་བདུད་རྩི་དམར༔ ཧཱུྃ་ལས་ཐུགས་ཀྱི་བདུད་རྩི་མཐིང༔ བདུད་རྩི་གསུམ་གྱི་བྱིན་རླབས་ཀྱིས༔ དུག་གསུམ་དག་ནས་སྐུ་གསུམ་ཐོབ༔ དབང་བཞི་ཐོབ་ནས་རྒྱུད་བཞི་གྲོལ༔ སྐུ་བཞི་མཐར་ཕྱིན་ཞིང་བཞི་བགྲོད༔ དགའ་བཞི་མྱངས་ནས་སྣང་བཞི་ཕྱིན༔ གདིང་བཞི་ཐོབ་ནས་གཉིས་ཆོས་ཟད༔ ཀ་དག་ཟང་ཐལ་ཆེན་པོར་བསྒོམ༔ ཨོཾ་ཨཱཿཧཱུྃ་གསུམ་བྱེ་བས་འགྲུབ༔ རྗེས་ནི་རྫོགས་རིམ་ངོ་ཡང་སྤྲད༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ ཡབ་ཀྱི་སྙིང་པོ་ཨོཾ་ཡིན་ཏེ༔ ཡུམ་གྱིི་སྙིང་པོ་ཡི་གེ་ཨཱ༔ ཡབ་ཡུམ་གཉིས་མེད་ཧཱུྃ་ཡིན་ནོ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་སྒྲུབ་ཨོཾ་ལ་གསུང་སྒྲུབ་ཨཱ༔ ཐུགས་ཀྱི་སྒྲུབ་པ་ཧཱུྃ་ཡིན་ནོ༔ བསྐྱེད་པ་ཨོཾ་ལ་རྫོགས་པ་ཨཱ༔ གཉིས་མེད་ཟུང་འཇུག་ཧཱུྃ་ཡིན་ནོ༔ བདག་དང་སེམས་ཅན་ཐམས་ཅད་ཀྱི༔ ལུས་ལ་ཨོཾ་གྱིས་རྒྱས་གདབ་པས༔ མི་འགྱུར་བདེ་གཤེགས་སྐུ་ཡི་རིགས༔ ཡེ་ཤེས་ལྔ་ལྡན་དབང་ཐོབ་ཤོག༔ ངག་ལ་གསུང་གིས་རྒྱས་གདབ་པས༔ སྨྲ་བརྗོད་ཡུལ་འདས་ཆོས་སྒྲ་དབང༔ ཨཱཿགྲགས་སྟོང་ཆོས་སྒྲའི་དབང་ཐོབ་ཤོག༔ སེམས་ལ་ཧཱུྃ་གིས་རྒྱས་གདབ་པས༔ སྤྲོས་བྲལ་བློ་འདས་ཞིག་པའི་ངང༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ཨོཾ་ནི་བདེ་ལ་ཨཱཿནི་གསལ༔ ཧཱུྃ་ནི་མི་རྟོག་གཉིས་མཐའ་ཟད༔ འཁོར་འདས་སྲོག་སྙིང་འབྲུ་གསུམ་འདི༔ བླ་མེད་སྔགས་ཀྱི་རྒྱལ་པོ་ཡིན༔ སངས་རྒྱས་ཀུན་གྱིས་བསྟན་པ་ཡིན༔ འདི་ལས་ཟབ་པའི་སྒྲུབ་པ་ནི༔ མ་བྱུང་མི་འབྱུང་ཕྱིས་མི་འབྱུང༔ ཨོཾ་གྱིས་སྣང་སྲིད་གཡོ་ཞིང་འགུལ༔ ཨཱཿཡིས་ཁམས་གསུམ་དབང་དུ་བསྒྱུར༔ ཧཱུྃ་གིས་སྐྱེ་མེད་དོན་བྱ་འོ༔ ཨོཾ་གྱིས་སྣང་ཉམས་གསལ་བར་བྱེད༔ ཨཱཿཡིས་རིག་པ་ཚད་ལ་ཕེབས༔ ཧཱུྃ་གིས་མི་ཟད་མྱ་ངན་འདས༔ ཨོཾ་གྱིས་འདོད་ཁམས་སྤྲུལ་སྐུར་སྦྱོར༔ ཨཱཿཡིས་གཟུགས་ཁམས་ལོངས་སྐུར་སྦྱོར༔ ཧཱུྃ་གིས་སྟོང་ཁམས་ཆོས་སྐུར་སྦྱོར༔ ཨོཾ་གྱིས་མངོན་པར་སངས་རྒྱས་སྦྱོར༔ ཨཱཿཡིས་ཡང་དག་སངས་རྒྱས་སྦྱོར༔ ཧཱུྃ་གིས་འཁོར་བ་དོང་སྤྲུགས་པས༔ འབད་མེད་འདོད་ཞིག་ངང་ལ་ཞོག༔ ཅེས་གསུངས་པའི་དོན་གྱིས་རྒྱས་གདབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

དཔལ་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོའི་སྒྲུབ་ཐབས་་་རྒྱས་པ།ལས་བཞི་རྣམ་རོལ་ (Volume 37, Text 1)

༄༅། །དཔལ་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོའི་སྒྲུབ་ཐབས་་་རྒྱས་པ།ལས་བཞི་རྣམ་རོལ་ཞེས་བྱ་བ་བཞུགས་སོ། ། དཔལ་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོའི་སྒྲུབ་ཐབས་ལས་བཞི་རྣམ་རོལ་ཞེས་བྱ་བ། དཔལ་སྒྲོལ་བྱེད་ཐུགས་རྗེའི་བདག་པོ་ལ་ཕྱག་འཚལ་ལོ། །ཀུན་བཟང་ཧེ་རུ་ཀ་དཔལ་གདུལ་དཀའི་འགྲོར། །རྗེས་ཆགས་གཏུམ་དྲག་གར་གྱིས་རྣམ་རོལ་པའི། །རྡོ་རྗེ་སྲིན་པོ་ལེགས་ལྡན་ཚོགས་ཀྱི་བདག །ཧེ་རུ་ཀ་དཔལ་དེ་ལ་ཕྱག་འཚལ་ལོ། །རྒྱལ་བའི་བསྟན་པ་རྗེས་སྐྱོང་ཕྲིན་ལས་བཞིས། །རྣལ་འབྱོར་རེ་བ་ཡོངས་སྐོང་བསྟན་སྲུང་གཙོ། །དགྱེས་པ་སྐྱེད་བྱེད་ཕྲིན་ལས་ཆོ་གའི་ཁྲིགས། །རྒྱུད་ལུང་གྲུབ་པའི་གཞུང་བཞིན་འདིར་བརྗོད་བྱ། །དེ་ལ་དང་པོ་དབང་ཐོབ་ཅིང་སྤྱི་དང་བྱེ་བྲག་གི་དམ་ཚིག་ལ་གནས་པའི་སྔགས་པས། དོན་གཉིས་ཀྱི་བསམ་པ་མྱུར་དུ་འགྲུབ་པའི་ལས་ལ་བསྔགས་པ་ཁོ་ནའི་དབང་དུ་བྱས་ནས་ཐུགས་དམ་བསྐང་ཞིང་དམ་ཚིག་གསོ་བའི་ཕྲིན་ལས་ཀྱི་རིམ་པ་གཙོ་བོར་སྒྲུབ་པ་ལ་གཉིས་ཏེ། ཡོ་བྱད་ཀྱི་བཅའ་གཞི་བྱ་ཚུལ་དང་། ཆོ་གའི་རིམ་པ་དངོས་ལས། དང་པོ་ནི། ཉི་ཤུ་དགུ་ལ་སོགས་པའི་དུས་གཉན་ཁྱད་པར་ཅན་ལ་སྒྲུབ་ཁང་ངམ་ཡིད་དང་མཐུན་པའི་གནས་ཀྱི་སྟེང་ལོགས་རྣམས་མཛེས་ཤིང་བརྗིད་པའི་སྤྱན་གཟིགས་སྣ་ཚོགས་ཀྱིས་བརྒྱན། དམ་ཚིག་གི་བྲིས་སྐུ་སོགས་རྟེན་གྱི་མདུན་དུ་རིན་པོ་ཆེའམ་ཐོད་པ་ལ་སོགས་པའི་སྣོད་དུ་གཙང་ཞིང་བཟང་བའི་རྒྱུ་དམ་རྫས་དང་བཅས་པ་ལས། དང་པོར་བླ་མ་ཡི་དམ་གྱི་གཏོར་མ་དཔལ་བཤོས་ཟླུམ་བརྗིད་པད་འདབ་བརྒྱད་ཀྱིས་བསྐོར་བ་དང་། ནག་པོ་ཆེན་པོའི་གཏོར་མ་ལྕགས་མཁར་ཁ་བད་ཅན་གྱི་སྟེང་དུ་བཤོས་བུ་གྲུ་གསུམ་ཧ་ཅང་མི་རྣོ་བ། དེའི་མདུན་དུ་ཡུམ་གྱི་བཤོས་བུ་ཟུར་གསུམ་པ་དང་། མཁར་གྱི་རྩ་བའི་མདུན་དང་གཡས་གཡོན་དུ་འཁོར་གྱི་བཤོས་བུ་གྲུ་གསུམ་པ་རེ་དང་རྒྱབ་ཏུ་གྲུ་གསུམ་གཡས་གཅུས་གཅིག །དེ་དག་གི་མཚམས་རྣམས་སུ་བཤོས་ཕྲན་ཆུང་བ་བརྒྱད་དང་། ཕྱི་ནས་མཐེབ་ཀྱུས་བསྐོར། མདའ་བྱ་རྒོད་མ་དར་ནག་གི་ཅོད་པན་ཅན་བཙུགས། ཤ་ཁྲག་ཆང་ཕུད་འབྲུ་སྨན་ལ་དུ་ལ་ཕུག་འཁུར་བ་ཆན་སྒོག་བཙོང་སོགས་བཟའ་བཅའ་སྣ་ཚོགས་པས་བརྒྱན་པ་དང་། གཞན་ཡང་ཆོས་སྐྱོང་ཡེ་ཤེས་པའི་རིགས་དང་། འཇིག་རྟེན་པ་གང་བསྟེན་རྣམས་དང་གཞི་བདག་གཏོར་མའི་བར་རིམ་པ་མ་འཆོལ་བར་བཤམ། དེ་དག་གི་གཡས་སུ་བདུད་རྩི། གཡོན་དུ་རཀྟ། མདུན་དུ་མཆོད་ཡོན་སོགས་གཙང་མར་སྦྱར་བའི་ཕྱིའི་མཆོད་པ་རྣམས་དང་། དབང་པོའི་མེ་ཏོག་སོགས་ཐུན་མོང་མ་ཡིན་པའི་དམ་རྫས་རྣམས་དང་འབྲེལ་བའི་མཆོད་པ་རྣམས་ཕྲེང་ཚར་དུ་བཀོད། གཞན་ཡང་ཕྱི་ནང་གསང་བའི་སྐོང་རྟེན་མཐུན་རྫས་རྣམས་དང་། རྡོར་དྲིལ་ནང་མཆོད་རྔ་སིལ་རྐང་གླིང་ཧསྟའི་གཡབ་དར་སོགས་དམ་རྫས་ཀྱི་རྣམ་གྲངས་ཐམས་ཅད་མཐོང་བརྒྱུད་ཀྱི་ཕྱག་ལེན་བཞིན་ཚོགས་པར་བཤམ་མོ། །གཉིས་པ་ཆོ་གའི་རིམ་པ་དངོས་ལ་བཅུ་བདུན་ལས། དང་པོ་བདག་གི་རྣལ་འབྱོར་ནི། སྤྱིར་ཡི་དམ་ཞི་ཁྲོ་གང་ལ་བསྟེན་ཀྱང་རུང་མོད། ཁྱད་པར་རྒྱུད་ལུང་གི་ཁྲོ་བོ་ལྟ་བུ་ལ་བྱས་ན་ཤིན་ཏུ་འབྲེལ་ཆགས་ཤིང་། གཤིན་རྗེ་ལྟར་སྒྲུབ་པ་སོགས་སོ་སོའི་གཉེན་པོའི་ལྷ་དེ་དང་དེའི་སྐབས་ཤེས་པར་བྱའོ། །གཉིས་པ་མཆོད་རྫས་རྣམས་བྱིན་གྱིས་བརླབ་པ་ནི། བདག་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་མཆོད་རྫས་ཀྱི་ཉེས་སྐྱོན་དངོས་འཛིན་དྲི་མ་ཐམས་ཅད་བསྲེགས་གཏོར་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་གནས་ཁང་དུར་ཁྲོད་དྲག་པོའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་ཨ་ལས་བྷཉྫ་འབར་བའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ་ཧཱུྃ་ཡིག་ལས་བྱུང་བའི། མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོ་ལ་སོགས་པ་ཕྱི་ནང་གསང་བའི་འདོད་པའི་ཡོན་ཏན་སོ་སོའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པས་ནམ་མཁའ་རབ་འབྱམས་གང་བ་རྣམས་སུ་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ། ཤབྡའི་བར་སྦྱར་བ་ལན་གསུམ་བརྗོད་ཅིང་རོལ་མོའི་སྒྲས་བྱིན་གྱིས་བརླབ་བོ། །སྨན་ཕུད་རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ལ་ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱཿམཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་ཀྱིས་མཚན་པ་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ། ཞེས་ལན་བདུན་བརྗོད། རཀྟ་ཡང་དེ་བཞིན་བསང་སྦྱང་། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པའི་སྣོད་དུ་རཾ་ལས་ཉི་མ་ལ་གནས་པའི་ར་ཡིག་ཞུ་བ་ལས་རཀྟའི་རྒྱ་མཚོ་ཞིང་གི་ལྷུ་དུམ་འཕྱོ་བའི་རྦ་ཀློང་འཁྲུགས་པ་ལ་ཁམས་གསུམ་གྱི་རཀྟ་ཐམས་ཅད་བསྡུས་ཤིང་ཐིམ་པར་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋ། བདུན་བརྗོད། གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས་རླུང་མེ་ཐོད་པའི་སྒྱེད་པུ་གསུམ་ལ་གནས་པའི་ཡེ་ཤེས་ཀྱི་ཀ་པཱ་ལ་སྟོང་གསུམ་དང་མཉམ་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་སོགས་བཟའ་བཅའ་བཏུང་བ་ལྡག་གཞིབ་འདོད་ཡོན་ལྔའི་ཕུང་པོ་ཟད་མི་ཤེས་པའི་ལོངས་སྤྱོད་ཀྱི་གཏེར་དུ་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་ཝ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋ། ཞེས་ལན་བདུན་བརྗོད་པས་བྱིན་གྱིས་བརླབ་བོ། །གསུམ་པ་བླ་མ་ཡི་དམ་གྱི་གཏོར་འབུལ་ནི། རང་གི་སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཕྱོགས་བཅུར་བཞུགས་པའི་བླ་མ་རིག་འཛིན་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མཁའ་ཁྱབ་ཀྱི་འཁོར་ལོར་སད་པར་བསམ་ཞིང་། ཧཱུྃ། དམིགས་མེད་མཁའ་ལྟར་ཁྱབ་ཅིང་དག་པའི་སྐུ །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང། །ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སཏྭཾ། ཛཿཧཱུྃ་བཾ་ཧོཿ ཞེས་པས་སྤྱན་དྲངས། ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཨོཾ་ཨཱཿཧཱུྃ་གུ་རུ་མཎྜ་ལ་དེ་བ་ག་ཎ་ས་པ་རི་ཝཱ་རེ་བྷྱཿཨརྒྷཾ་ནས་ཤབྡའི་བར་གྱིས་ཕྱི་མཆོད་དང་། བཛྲ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་རཾ་ཁཱ་ཧི། ཞེས་སྨན་རཀ་ཕུལ། ལྷ་རྣམས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་སྦུ་གུ་ཅན་གྱི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམ་ཞིང་། ཨི་དཾ་བ་ལིཾ་ཏ་གྲྀཧྞནྟུ་མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪ། ཞེས་ལན་གསུམ་གྱིས་གཏོར་མ་ཕུལ་ལ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཅེས་དང་། ཧཱུྃ། གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །འོད་ཟེར་ཉི་མ་འབུམ་གྱི་གཟི། ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན། །མཆེ་བ་ཟང་ཡག་ཟ་བྱེད་ཆེ་ཧོཿ ཧཱུྃ། རྔམ་པའི་ང་རོ་འབྲུག་སྟོང་ལྡིར། །གཏུམ་ཆེན་རི་རབ་འབུམ་བསྙིལ་སྐད། །ཨ་ལ་ཧ་ལའི་གད་རྒྱངས་ཆེ། །སྤྱུགས་པའི་འཐོར་རླུང་གཡེང་བ་ཆེ་ཧོཿ ཧཱུྃ། ཁྲོ་བོ་ཤེས་རབ་འོད་པོ་ཆེ། །ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་གསལ། །འབར་བའི་ཡེ་ཤེས་ཀུན་ཏུ་འཇོམས། །སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ་ཧོཿ ཧཱུྃ། ཁྲོ་བོའི་རྒྱལ་པོ་སྤྲིན་ཆེན་པོ། །འཕྲོས་པའི་དཀྱིལ་འཁོར་ཆར་ཆེན་འབེབ། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །སྣ་ཚོགས་ཁྲོས་པའི་ཐིག་ལེ་ཆེ་ཧོཿ ཧཱུྃ། བདུད་ཀུན་གྱི་ནི་བདུད་ཆེན་པོ། །བདུད་ཀྱི་བདུད་དེ་བདུད་རྣམས་འཇོམས། །འཇིགས་པའི་ཚོགས་ཀྱང་འཇིགས་བྱེད་པ། །འཇིགས་བྱེད་ཆེན་པོ་ཐིག་ལེ་ཆེ་ཧོཿ ཧཱུྃ། རྡོ་རྗེ་བྲག་ཆེན་སྲ་བ་པོ། །རྡོ་རྗེ་ཆུ་སྟེ་སྡུད་ཆེན་པོ། །རྡོ་རྗེ་མེ་སྟེ་ཀུན་འབར་ཆེ། །རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེ་ཧོཿ ཞེས་བསྟོད་ཅིང་། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོངས་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་ཕྲིན་ལས་གསོལ། མགྲོན་རྣམས་འོད་དུ་ཞུ་ནས་བདག་ལ་ཐིམ་པས་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་བསམ་མོ། །བླ་མ་ཡི་དམ་གྱི་གཏོར་འབུལ་སོ་སོར་བྱེད་པའི་ལུགས་ཀྱང་ཡོད་མོད་དབྱེར་མེད་དུ་བྱེད་པ་ཉིད་གནས་སྐབས་སུ་ལག་ལེན་ཟོར་ཡང་ཞིང་དོན་ལ་ཡང་སྔགས་ཀྱི་ལམ་ཞུགས་རྣམས་ཀྱིས་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཉིད་བླ་མའི་ངོ་བོར་ཤེས་པར་བྱའོ། །བཞི་པ་མདུན་བསྐྱེད་གསལ་འདེབས་པ་ནི། བདག་གི་ཐུགས་ཀའི་ཧཱུྃ་ལས་བཾ་འཕྲོས་ཏེ་མདུན་དུ་མཆེད་པ་ལས། བཾ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ། རཀྟའི་རྒྱ་མཚོ་རྦ་རླབས་འཁྲུག་ཅིང་ཞིང་ཆེན་གྱི་ལང་ལོང་འཕྱོ་བའི་དབུས་སུ་རི་བོ་མ་ལ་ཡ་གནམ་ལྕགས་འབར་བའི་དུར་ཁྲོད་ཆེན་པོའི་གནས། མ་མོ་འདུ་བའི་གླིང་། དུག་ཤིང་ནགས་ཚལ་སྟུག་པོའི་ལྗོངས། མི་བཟད་པའི་སྤྲིན་གཏིབས་ཤིང་། དྲག་པོའི་གློག་འོད་འཁྱུག་པ། རྒྱོབ་སོད་ཀྱི་འབྲུག་སྒྲ་ཁོལ་ཞིང་། གནམ་ལྕགས་ཨུརྨོ་དང་མཚོན་ཆའི་ཆར་འབེབ་པ། ཁྲག་གི་ཆུ་རྒྱུན་འབབ་ཅིང་ཚིལ་བུའི་འབྲུམ་ཆགས་པ། མི་རོ་གསར་རྙིང་སྣ་ཚོགས་གཅལ་དུ་བཀྲམ་ཞིང་རོ་ལངས་གར་རྩེ་བ། བྱ་ཤ་ཟན་སྣ་ཚོགས་འཕུར་ཞིང་ལྡིང་བ། གཅན་གཟན་གཏུམ་པོ་རྣམས་ངར་སྐད་སྒྲོག་པས་རྒྱུག་ཅིང་འདྲལ་བ། རབ་ཏུ་འཇིགས་ཤིང་སྐྱི་གཡའ་བའི་གནས་སུ་ཁྲག་དང་ཤ་ཆེན་རྐང་དང་ཚིལ་བུ་ཀླད་པ་དང་ལྷ་བ་རྣག་དང་ཆུ་སེར་རྣམས་ཀྱིས་གང་བའི་འོབས་རིམ་གྱིས་ཡོངས་སུ་བསྐོར་བའི་དབུས་སུ་ཐུགས་ཀའི་ཧཱུྃ་ལས་བྷྲཱུྃ་འཕྲོས། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ན་མཎྜ་ལ་བྷྲཱུྃ། དེ་ཡོངས་སུ་གྱུར་པ་ལས་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་རྨང་གཞི་ལྕགས་ལས་བྱས་པའི་སྟེང་དུ་ཤར་སྟག་གི་ཐོད་པ། ལྷོ་མིའི་ཐོད་པ། ནུབ་རྟའི་ཐོད་པ། བྱང་བྱའི་ཐོད་པས་བརྩིགས་པ། སྲིན་པོའི་ཐོད་པའི་ཁ་བད་ཅན། ཉི་ཟླ་གཟའ་སྐར་གྱི་འོད་འཕྲོ་བ། རྒྱུ་མའི་དྲྭ་ཕྱེད། ཀེང་རུས་ཀྱི་ཀ་གདུང་། རྐང་དང་རྩིབ་མའི་གྲལ་ཕྱམ། ཞིང་ལྤགས་ཀྱིས་ཐོག་ཕུབ་པའི་རྩེར་རྡོ་རྗེའི་ཏོག་གིས་མཚན་པ། སྒོ་བཞི་ལྕགས་ཀྱི་སྒོ་གླེགས་དང་རུས་པའི་རྟ་བབས་ཀྱིས་བརྒྱན་པ། མི་རོའི་རྒྱལ་མཚན། ཞིང་ཆུང་གི་འཕན་གདུགས། རོ་སྐྲའི་རྔ་ཡབ། གློ་སྙིང་གི་འཕྱང་འཕྲུལ་སོགས་འཇིགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ནང་ཁྲག་ཞག་འཁྲུག་པའི་དབུས་སུ། ལྕགས་མཁར་ནག་པོ་གྲུ་གསུམ་ལྔ་སྒྲོམ་ཐོད་པའི་རྭ་བས་བསྐོར་བའི་གྲུ་གསུམ་དབུས་མའི་ནང་དུ་རྡོ་རྗེ་བྲག་ཆེན་གཏམས་པའི་གཞི་ལ། པདྨ་དང་ཉི་མའི་སྟེང་དུ་མི་རོ་དང་རྟ་རོ་ལ་གནས་པའི་ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པར་གྱུར། སྥ་ར་ཎ་ཕཊ། དེ་ལས་འོད་ཟེར་འཕྲོས་པས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། སཾ་ཧ་ར་ཎ་ཧཱུྃ། ཚུར་འདུས་ཡོངས་སུ་གྱུར་པ་ལས། ཨོཾ་བྷུརྐུར་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཕཊ། དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ནག་པོ་ཆེན་པོ་རྡོ་རྗེ་སྲིན་པོའི་གཟུགས་ཅན། སྐུ་མདོག་མཐིང་ནག་ཐུང་ཞིང་སྦོམ་ལ་ཡན་ལག་རགས་པ། ཉི་མ་འབུམ་གྱི་གཟི་བརྗིད་ཅན། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་ཞལ་གདངས་ཤིང་མཆེ་བ་གཙིགས་པའི་གྲྭ་ནས་ཁྲག་འཛག་པ། ལྗགས་འདྲིལ་ཞིང་དྲག་པོའི་རྐན་སྒྲ་རྡེབ་པ། ཁྲོ་གཉེར་བསྡུས་པའི་ཤངས་ནས་འཐོར་བྱེད་ཀྱི་རླུང་སྒྲ་འབྱིན་པ། དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཏུ་ལྡོག་པ། དབུ་སྐྲ་དང་སྨ་ར་སྨིན་མ་ཁམ་ནག་གྱེན་དུ་འབར་བ་ལས་སྐར་ཆེན་གྱི་འོད་འཕྲོ་བ། ཕྱག་གཡས་འབར་བའི་གྲི་གུག་དང་གཡོན་གདུག་པ་ཅན་གྱི་ཁྲག་གིས་གང་བའི་ཐོད་པ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། མཆན་གཡས་སུ་ཙན་དན་གྱི་བིང་ཆེན་གཟེར་བའི་བིང་སྟོད་ནས་ལྷ་དམག་འབུམ་དང་། བིང་སྨད་ནས་བདུད་དམག་ཉི་ཁྲི་ཆིག་སྟོང་འགྱེད་པ། སྐུ་ལ་དར་ནག་གི་འཇོལ་བེར་བརྩེགས་མར་གསོལ་ཞིང་གསེར་རྐེད་ནོར་བུའི་མིག་ཚངས་ཅན་བཅིངས་པ། ཐོད་པ་སྐམ་པོ་ལྔ་རིགས་ལྔའི་རྩེ་བྲན་ཅན་གྱི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུ་དང་རྡོ་རྗེའི་དོ་ཤལ་འཕྱང་བ། ཡན་ལག་སྦྲུལ་གྱིས་དཀྲིས་ཤིང་མི་ལྤགས་ཀྱི་སྟོད་གཡོགས་སོགས་དུར་ཁྲོད་འཇིགས་པའི་ཆས་ཅན། སག་ཏིའི་ལྷྭམ་ཡུ་རིང་གསོལ་ནས་གཡོན་བརྐྱང་པའི་སྟབས་ཀྱིས་འགྱིང་ཞིང་བརྗིད་པས་དགྲ་བགེགས་རྣམས་བརྫིས་པ། གཏུམ་ཞིང་མི་བསྲུན་པའི་ཉམས་ཅན། སྤྱི་བོར་བྱ་ཁྱུང་ནག་པོ་འཕུར་ཞིང་ལྡིང་བ། སྟ་ཟུར་གཉིས་ལ་སེང་གེ་རལ་པ་སྤྲུག་པ། རྩིབ་ལོགས་ལ་འཕར་དྲེད་འཁྱུག་པ། ཞབས་ལས་སྟག་འཕྲོ་བ། ཡེ་ཤེས་ཀྱི་མེ་ཕུང་འབར་བའི་ཀློང་ན་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་བདག་ཉིད་ཅན་དུ་བཞུགས་པའོ། །རཀྴ་ཀྲོ་དྷཱི་ཤྭ་རཱི་རཀྨོ་ཧཱུྃ། གཡོན་དུ་ཉི་མ་དང་རོའི་གདན་ལ་ཡུམ་ཀྲོ་དྷཱི་ཤྭ་རཱི་མ་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། རལ་པ་ཐུར་དུ་གཏིབས་པའི་གསེབ་ནས་མེ་སྟག་འཕྲོ་བ། ཞིང་གི་པགས་པས་སྟོད་གཡོགས་ཤིང་ཉི་ཟླ་གཟའ་སྐར་དང་འཇའ་འོད་འཁྲུགས་པ། སྟག་ལྤགས་དང་རེ་ལྡེའི་སྨད་དཀྲིས་ཅན། སྦྲུལ་ནག་གི་འཕྱང་འཕྲུལ་དང་ཆུ་སྲིན་གྱི་ཐོད་པས་བརྒྱན་པ། གཡས་སྦྲུལ་ཞགས་དང་། གཡོན་ཐོད་སྐྱོགས་རུས་བཅུད་རྐང་ཀླད་དང་འབྲུ་མར་ཁྲག་ཆང་གིས་གང་བ་རོལ་ཞིང་སྟོབས་པ། གཡས་སུ་ལས་ཀྱི་མགོན་པོ་མདོག་ནག་ཅིང་མི་སྡུག་པའི་གཟུགས་ཅན། སྐྲ་ཁམ་པ་གྱེན་དུ་བརྫེས་པ། གཡས་གྲི་གུག་དང་གཡོན་ཐོད་ཁྲག་ཐོགས་པ། གཡོན་བརྐྱང་གིས་རོའི་གདན་ལ་བཀའ་ནོད་པའི་ཚུལ་གྱིས་གནས་པའོ། །ཕྱོགས་བཞིའི་ཤར་གྱི་ལྕགས་མཁར་དུ་པད་ཉི་དགྲ་བགེགས་ཀྱི་གདན་ལ་གནས་པའི་ཧཱུྃ་མཐིང་ནག་ལས། ཀྲོ་དྷ་ཛྭ་ལ་ས་མ་ཡ། ཁྲོ་ཆེན་བཛྲ་ཀིངྐ་ར་སྐུ་མདོག་མཐིང་ནག་རྔམས་ཤིང་ཁྲོས་པའི་ཉམས་ཅན་ཞལ་གཅིག་ཕྱག་གཉིས་པ། གཡས་མཚོན་ཆའི་འཁོར་ལོ་སྐོར་ཞིང་དམིགས་པའི་མགོ་ལུས་འདྲལ་བ། གཡོན་ཐོད་པ་དགྲ་བོའི་སྙིང་ཁྲག་གིས་གང་བ་ཞལ་དུ་གསོལ་བ། མི་ལྤགས་ཀྱི་སྟོད་གཡོགས་དང་སྟག་ལྤགས་ཀྱི་སྨད་དཀྲིས་ཅན། སྦྲུལ་དང་ཐོད་པས་བརྒྱན་པ། གྲི་ཐོགས་གིང་ཆེན་བཅུ་གཉིས་སོགས་ལས་བྱེད་དྲེགས་པའི་ཚོགས་ཀྱིས་བསྐོར་བ། ལྷོའི་ལྕགས་མཁར་དུ་དགྲ་བགེགས་ཀྱི་གདན་ལ་ཡ་དམར་ནག་ལས། ཡཀྴ་ཛྭ་ལ་ས་མ་ཡ། གནོད་སྦྱིན་ཟངས་མདོག་དམར་ནག་ཁ་གདངས་ཤིང་རྐན་སྒྲ་རྡེབ་པ། སྡང་མིག་གིས་དགྲ་དཔུང་སྲེག་ཅིང་རལ་པ་དམར་པོ་སྤྲིན་ལྟར་གཏིབས་པ། གཡས་གསེར་གྱི་སྤུ་གྲི་འཕྱར་ཞིང་གཡོན་བསེ་མདུང་འཛིན་པ། ཡུམ་བསེ་གདོང་ཟངས་མགྲིན་ཅན་དམར་ནག་འཇའ་ཚོན་གྱི་གོས་ཅན་བྱད་ཐག་དང་ནད་རྐྱལ་ཐོགས་པ། བསེའི་གྱད་ཆེན་བཞི། བསེ་མོ་བཞི། མི་དམར་ཤན་པ་བཞི་བཅུ་རྩ་གཉིས་སོགས་ལས་བྱེད་དྲེགས་པའི་ཚོགས་ཀྱིས་བསྐོར་བ། ནུབ་ཀྱི་ལྕགས་མཁར་དུ་པད་ཉི་དགྲ་བགེགས་ཀྱི་གདན་ལ་ཛ་དམར་ནག་ལས། རཀྴ་ཛྭ་ལ་ས་མ་ཡ། གཟའ་བདུད་ཆེན་པོ་རཱ་ཧུ་ལ་སྐུ་མདོག་དུད་ཁ་སྲིན་པོའི་གཟུགས་ཅན་མགོ་བོ་དགུ་པ། ལུས་ཀུན་མིག་གིས་གང་ཞིང་གཏུམ་རྔམས་འཁྲུགས་པའི་ཉམས་ཅན། གཡས་གྲི་གུག་འཕྱར་བའི་རྩེ་ལས་སྐྱིན་ཐང་གི་འཁོར་ལོ་བསྐོར་ཞིང་གཡོན་ཐོད་ཁྲག་རྔུབ་ཅིང་ཆུ་སྲིན་གྱི་ཞགས་པ་འཕེན་པ། སྐུ་སྨད་སྦྲུལ་དུ་འཁྱིལ་ཞིང་། ཞིང་གི་གཡང་གཞི་དང་ཐོད་སྦྲུལ་གྱི་ཕྲེང་བ་སོགས་འཇིགས་པའི་ཆས་ཀྱིས་བརྒྱན་པ། སྲིང་མོ་གདོང་མོ་བཞི། གཟའ་ཆེན་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་སོགས་སྲིད་གསུམ་དྲེགས་པའི་ཚོགས་ཀྱིས་བསྐོར་བ། བྱང་གི་ལྕགས་མཁར་དུ་མ་མཐིང་ནག་ལས། ཙིཏྟ་ཛྭ་ལ་ས་མ་ཡ། འདོད་ཁམས་བདག་མོ་རེ་མ་ཏི་ནག་མོ་སྐེམ་ཞིང་རིད་ལ་གཏུམ་པའི་ཉམས་ཅན། ཞལ་གདངས་ཤིང་མཆེ་བ་གཙིགས་པའི་བར་དུ་མི་རོ་རངས་པོ་གསོལ་བ། དྲག་པོའི་རྐན་སྒྲ་རྡེབ་ཅིང་ཤངས་ནས་ནད་ཀྱི་ན་བུན་འཐུལ་བ། ལྟེ་བ་ནས་ཉི་མ་འཆར་ཞིང་། སྤྱི་བོར་ཟླ་བ་ཚེས་པ། ཐོད་སྐམ་གྱི་དབུ་རྒྱན་དང་ཐོད་རློན་གྱི་དོ་ཤལ་ཅན། སྙན་གཡས་ལ་སེང་གེ་དང་གཡོན་པ་སྦྲུལ་དང་དྲིལ་བུས་བརྒྱན་པ། གཡས་ཁྲམ་ཤིང་འཕྱར་ཞིང་། གཡོན་ནད་རྐྱལ་དགྲ་ལ་འགྱེད་པ། མི་ལྤགས་ཀྱི་སྟོད་གཡོགས་དང་རེ་ལྡེའི་སྨད་དཀྲིས་སྦྲུལ་གྱི་སྐ་རགས་ཅན་དྲེལ་རྟ་རྐང་གསུམ་སྲིན་པོའི་ཐོད་པའི་སྒ་དང་སྦྲུལ་གྱི་གོང་སྨེད་ཅན་ལ་བཅིབས་ནས་རཀྟའི་རྒྱ་མཚོར་རོལ་པ། ནད་ཀྱི་རྐྱལ་པ། ཚོན་གྱི་གྲུ་གུ །ཤོ་རྡེའུ་དཀར་ནག །བདུད་ཀྱི་ཁྲམ་བམ་སྟེ་སྤྲུལ་པའི་མཚོན་ཆ་ལྔ་འཆང་བ། ནག་མོ་འབུམ་སྡེའི་འཁོར་དང་བཅས་ཏེ་རླུང་ནག་འཚུབ་མའི་དབུས་ན་བཞུགས་པའོ། །དེའི་ཕྱི་རོལ་གྱི་བཙོན་ཁང་བཅུ་དྲུག་ལ་གཽ་རཱི་མ་སོགས་མ་མོ་ཆེན་མོ་བརྒྱད་དང་། སིཾ་ཧ་མ་སོགས་ཕྲ་མེན་མ་བརྒྱད། ཁྱམས་ཀྱི་ཁོར་ཡུག་ལ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད། གྲྭ་བཞིར་རྐམ་མ་སོགས་གྲུ་འདེགས་མ་བཞི། སྒོ་བཞིར་བརྩོན་མོ་སོགས་སྒོ་སྲུང་བཞི། གཞན་ཡང་སླས་དང་བྱི་མོ་བྲན་མོ་རུ་འདྲེན་གྱི་ཕོ་ཉ་སོགས་ཅི་བགྱིའི་བཀའ་ཉན་འཁོར་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། ཕྱིའི་འོབས་མཁར་རྣམས་ན་འབུ་དང་འབུ་ཆེན་སྦྲང་མ་དང་སྦྲང་རྒོད་བུང་བ་དང་དུག་སྦྲུལ། སྡོམ་དང་སྡིག་པ་ལ་སོགས་པས་དགྲ་བོའི་ཤ་རུས་གཡེང་ཞིང་རོལ་པ། ཀངྐ་རུ་རྩེ་འུག་པ་དང་། ཁྲ་རྒོད་ཁྭ་ཏ་སོགས་བྱ་ཤ་ཟན་མང་པོ་འཕུར་ཞིང་ལྡིང་བས་ནམ་མཁའ་གང་བ། ཅེ་སྤྱང་དང་སེང་གེ་སྟག་གཟིག་དོམ་དྲེད་འཕར་བ་ལ་སོགས་པ་གདུག་པའི་གཅན་གཟན་སྣ་ཚོགས་ངར་སྐད་དང་བཅས་པས་ཤ་ཟ་ཞིང་ལང་ལོང་དུ་འཕྱོ་བས་ས་གཞི་ཁྱབ་པ། གཞན་ཡང་སྤྲུལ་པ་དང་ཡང་སྤྲུལ་ཕོ་ཉ་ལས་བྱེད་སྡེ་བརྒྱད་དྲེགས་པའི་དམག་ཚོགས་བསམ་གྱིས་མི་ཁྱབ་པའི་ཚོགས་ཐམས་ཅད་ཀྱང་ཕྲིན་ལས་འདོད་དགུར་བསྒྱུར་ཞིང་སྒྲུབ་པ་པོའི་རེ་བ་སྐོང་བས་ནམ་མཁའ་བར་སྣང་ས་གཞི་ཐམས་ཅད་ཡོངས་སུ་གང་བར་བསམ་མོ། །གཙོ་བོ་ཞལ་གསུམ་ཕྱག་དྲུག་བསྒོམ་པར་འདོད་ན་རྒྱུད་ཀྱི་ལེའུ་བཅོ་ལྔ་པ་ལས་འབྱུང་བ་བཞིན་ཤེས་པར་བྱའོ། །ལྔ་པ་སྤྱན་འདྲེན་པ་ནི། གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་། མ་ལ་ཡ་གནམ་ལྕགས་འབར་བའི་རི་བོ། དུར་ཁྲོད་ཆེན་པོ་བརྒྱད་སོགས་རང་བཞིན་གྱི་གནས་ནས་དཔལ་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོ་འཁོར་དང་བཅས་པ་ཐམས་ཅད་མདུན་གྱི་ནམ་མཁར་སྤྲིན་ཕུང་གཏིབས་པ་བཞིན་བྱོན་པར་བསམ་ལ། ལག་པའི་འཁྲིག་མ་བསྣོལ་མཐེའུ་ཆུང་གཉིས་སྦྲེལ་མཛུབ་མོ་ལྕགས་ཀྱུ་ལྟར་བྱས་ལ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ། ཨོཾ་བྷུར་ཀུར་མ་ཧཱ་ཀཱ་ལ་ཡ་ས་མ་ཡ་ཧྲིང་ཧྲིང་ཨཾ་ཀུ་ཤ་ཛཿཛཿ ཞེས་བརྗོད་ཅིང་རྐང་གླིང་གིས་དྲངས་པའི་རོལ་མོ་དང་། ཧསྟའི་གཡབ་དར་སྦྱར་སྤོས་ཀྱི་དུད་སྤྲིན་དབྱངས་ཀྱི་འགྱུར་བ་དང་བཅས་པས། ཧཱུྃ། ལངྐ་ཡུལ་གྱི་གྲོང་བརྡལ་གྱི། །དབུས་ཀྱི་རི་བོ་མ་ལ་ཡ། །ཀོ་ཀ་ཐང་དམར་རྒྱ་མཚོའི་དོ། །དྲག་ཤུལ་ཡོད་པའི་རྩེ་མོ་ན། །དཔལ་ཆེན་རྡོ་རྗེ་སྲིན་པོ་ཡིས། །བདུད་ཀྱི་སྡེ་རྣམས་བཏུལ་ནས་ཀྱང་། །གསང་སྔགས་འཁོར་ལོ་བསྐོར་བའི་ཚེ། །མིང་གིས་དབང་བསྐུར་བྲན་དུ་ཁས་བླངས་པ། །རྡོ་རྗེ་རོ་ལངས་དུར་ཁྲོད་ཚོགས་ཀྱི་བདག །མགོན་པོ་ནག་པོ་ཆེན་པོ་དང་། །ཉེ་གནས་ཀྲོ་ཏཱི་ཤྭ་རཱི་མ། །ཡབ་ཡུམ་གཉིས་སུ་མེད་པའི་འཁོར། །ལངྐའི་བདག་པོ་ལ་སོགས་དང་། །སླས་དང་བྱི་མོ་བྲན་མོའི་ཚོགས། །འདུས་པ་ཆེན་པོའི་རྣལ་འབྱོར་པ། །ཕོ་མོ་འཁོར་དང་བཅས་པ་རྣམས། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་པ་ཏི་ས་པ་རི་ཝཱ་ར་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་སཏྭཾ། ཨཱ་ཀརྵ་ཡ་ཧཱུྃ་ཛཿ ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཛཿཛཿ ཞེས་པས་སྤྱན་དྲང་ངོ་། །སྐབས་འདིར་ཞལ་དུ་རྔུབ་པ་སོགས་ཁྱད་པར་གྱི་ཆོ་ག་བཤད་པ་ནི་བསྙེན་སྒྲུབ་ཐུན་མོང་མ་ཡིན་པའི་སྐབས་ཁོ་ནར་དགོངས་པའོ། །དྲུག་པ་བཞུགས་སུ་གསོལ་བ་ནི། ཧཱུྃ། རྡོ་རྗེ་བྲག་ཆེན་གཏམས་པ་དང་། །ཉི་ཟླ་པདྨ་རིན་ཆེན་ཁྲི། །བམ་ཆེན་བསྣོལ་བའི་གདན་སྟེང་དུ། །རབ་འཇིགས་དཔའ་བོ་འཁོར་བཅས་བཞུགས་སུ་གསོལ། །ཧཱུྃ། བཀའ་དང་བསྟན་པ་བསྲུང་བར་ཞལ་བཞེས་པའི། །བདུད་འདུལ་དབང་ཕྱུག་མ་ཧཱ་ཀཱ་ལའི་ཚོགས། །སྲིན་ཡུལ་ལངྐ་པུ་རི་ཡི། །གྲོང་ཁྱེར་གཏན་ནས་བརླག་མཛད་ཅིང་། །ལྷ་མ་ཡིན་གྱི་བུ་མོ་ནི། །གློག་སྤྲིན་འདུལ་བར་ཞལ་བཞེས་པའི། །ལྷ་ཆེན་མགོན་པོ་ནག་པོ་ཁྱོད། །སྤྱན་འདྲེན་འདིར་བྱོན་བརྟན་པར་བཞུགས། །རྡོ་རྗེ་སྲིན་པོའི་སྤྱན་སྔ་རུ། ཁས་བླངས་དམ་བཅས་མ་གཡེལ་བར། །གསང་བ་མཆོག་གི་དཀྱིལ་འཁོར་འདིར། །ཕྲིན་ལས་མཛད་ཕྱིར་བཞུགས་སུ་གསོལ། །ཨོཾ་བྷུར་ཀུར་མ་ཧཱ་ཀཱ་ལ་པདྨ་ཀྲོ་དྷཱི་ཤྭ་རཱི་ནག་མོ་ཏིང་ལཾ་ས་མ་ཡ་སཏྭཾ་ཏིཥྛ་བཛྲ། ཞེས་བཞུགས་སུ་གསོལ། བདུན་པ་དམ་ལ་བཞག་པ་ནི། དམ་ཚིག་གི་རྒྱ་བཅིངས་ཏེ་རྡོ་རྗེ་སྤྱི་བོར་བཞག །བདུད་རྩི་ལྗགས་ལ་བྱིན་པར་མོས་ལ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ། ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལེགས་ལྡན་ཚོགས་ཀྱི་བདག་པོ་ལྕམ་དྲལ་འཁོར་དང་བཅས་པ་རྣམས་ཀྱིས་ཀུན་བཟང་རྡོ་རྗེ་འཆང་ཆེན། རྒྱལ་ཚབ་སྟོན་པ་རིགས་ལྔ། གསང་བདག་ཕྱག་ན་རྡོ་རྗེ། སྐལ་ལྡན་རྒྱལ་པོ་ཛཿ སློབ་དཔོན་སྡྱི་ར་མ་ཏི། མདོ་མཁན་དྷརྨ་བོ་དྷི། བལ་བོ་བ་སུ་དྷ་ར། གནུབས་ཆེན་སངས་རྒྱས་ཡེ་ཤེས། གནུབས་ཡོན་ཏན་རྒྱ་མཚོ། ཉང་ཤེས་རབ་མཆོག །ཉང་ཡེ་ཤེས་འབྱུང་གནས། བདེ་གཤེགས་ཟུར་མེས་དབོན་གསུམ་ནས་ཉེ་བར་བཟུང་སྟེ་དྲིན་ཅན་རྩ་བའི་བླ་མའི་བར་དུ་བྱོན་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྟོངས་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབས། སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག །ཅེས་དམ་ཚིག་གི་གཉེར་གཏད་ཅིང་། སླར་ཡང་། ཧཱུྃ། སྔོན་ཚེ་དཔལ་ཆེན་ཁྲོ་བོའི་རྒྱལ། །བདུད་འདུལ་རྡོ་རྗེ་སྲིན་པོ་ཡིས། །དྲེགས་པ་བཅོམ་ནས་སྒྲིབ་པ་སྦྱངས། །དབང་བསྐུར་མིང་བཏགས་སྲོག་སྙིང་ཕུལ། །ཆོ་འབྲང་ཀུན་ལ་དམ་ཚིག་སྦྱིན། །བསྟན་པ་ཡོངས་སུ་བསྲུང་བར་བྱས། །ཕྱི་ཡི་མཚན་ནས་བོས་པའི་ཚེ། །དཔལ་མགོན་ལེགས་ལྡན་ནག་པོ་ཆེ། །ནང་གི་མཚན་ནས་བོས་པའི་ཚེ། །བདུད་འདུལ་དུར་ཁྲོད་སྒྲོལ་བའི་གིང་། །གསང་བའི་མཚན་ནས་བོས་པའི་ཚེ། །སྒྲོལ་བྱེད་རྡོ་རྗེ་དྲག་པོ་རྩལ། །མནའ་བོར་ཁས་བླངས་མ་གཡེལ་བར། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་མཛོད། །སྐུ་གསུང་ཐུགས་སུ་བདག་སྦྱར་བའི། །ཕོ་བྲང་དཀྱིལ་འཁོར་མངའ་བདག་འདིར། །དཔལ་མགོན་དྲེགས་པའི་ཚོགས་རྣམས་ཀུན། །རྟག་ཏུ་དམ་ཚིག་ཚུལ་བཞིན་གྱིས། །ཨོཾ་ཨཱཿཧཱུྃ། ཨོཾ་བཛྲ་ཨ་མྲྀཏ་ཡ་ཧི་སརྦ་ས་མ་ཡ་ཧཱུྃ་ཧྲཱིཿཋ། ས་མ་ཡ་ཧོཿ ས་མ་ཡ་སཏྭཾཾ། ཞེས་དམ་ཚིག་གསོས་བཏབ་ལ་བདུད་རྩི་འཐོར་ཞིང་བདག་གིས་ཀྱང་མྱང་ངོ་། །བརྒྱད་པ་ཕྱག་འཚལ་བ་ནི། ཧཱུྃ། ལྷ་མིན་དམག་ཚོགས་གཡུལ་བཟློག་ཅིང་། །ལྷ་དམག་དཀར་པོའི་དབུགས་འབྱིན་པའི། །ལེགས་ལྡན་ནག་པོ་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །བསོད་ནམས་གཟི་བརྗིད་འཕགས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཚོགས་ཆེན་རྫོགས་ལ་ཕྱག་འཚལ་ལོ། །སྤྱོད་པ་རླབས་ཆེན་འཕགས་ལ་ཕྱག་འཚལ་ལོ། །དྲག་ཤུལ་མཐུ་ཆེན་ལྡན་ལ་ཕྱག་འཚལ་ལོ། །ཕ་རོལ་ཕྱིན་བཅུ་མངའ་ལ་ཕྱག་འཚལ་ལོ། །སྒྲིབ་པ་རྣམ་གཉིས་དག་ལ་ཕྱག་འཚལ་ལོ། །བདག་མེད་གཉིས་རྟོགས་ཁྱོད་ལ་ཕྱག་འཚལ་ལོ། །སྟོན་པའི་ལུང་བསྟན་ཐོབ་ལ་ཕྱག་འཚལ་ལོ། །སྔོན་གྱི་རྒྱལ་བ་རྣམས་དང་དགོངས་པ་གཅིག །རིག་འཛིན་གྲུབ་ཐོབ་རྣམས་དང་བྱིན་རླབས་གཅིག །མ་མོ་མཁའ་འགྲོ་རྣམས་དང་དམ་ཚིག་གཅིག །ལྷ་སྲིན་སྡེ་བརྒྱད་རྣམས་དང་མཐུ་རྩལ་གཅིག །སྔོན་གྱི་དྲང་སྲོང་རྣམས་དང་སྨོན་ལམ་གཅིག །ཚོགས་བདག་ཁྱོད་ལ་ཕྱག་འཚལ་ལོ། །མགོན་པོ་ཁྱོད་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏི་ཙ་ཧོཿ ཞེས་ཕྱག་བྱའོ། །དགུ་པ་མཆོད་པ་འབུལ་བ་ལ་སྤྱི་དང་ཁྱད་པར་གཉིས་ལས་དང་པོ་ནི། སྟོང་གསུམ་འདིའམ་སྟོང་གསུམ་གཞན་དག་ན། །མེ་ཏོག་ཕྲེང་བ་ལ་སོགས་རིན་ཆེན་དབྱིག །ལ་དུ་ལ་ཕུག་ལ་སོགས་ཡིད་བཞིན་ཟས། །ཐང་སྐྱེས་ཆུ་སྐྱེས་ལ་སོགས་ལོངས་སྤྱོད་རྐྱེན། །འཆི་མེད་བདུད་རྩི་ལ་སོགས་དམ་ཚིག་ཆུ། །གུ་གུལ་ཚིལ་ཆེན་ལ་སོགས་བདུག་པའི་སྤྲིན། །ཞུན་ཆེན་མར་མེ་ལ་སོགས་སྣང་གསལ་མཆོག །བཤོས་གཙང་བཟའ་བཏུང་ལོངས་སྤྱོད་སྣ་ཚོགས་པས། །རིམ་གསུམ་མཆོད་པས་ཚོགས་བདག་མཉེས་གྱུར་ཅིག །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་པ་ཏི་ས་པ་རི་ཝཱ་ར་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པཱུ་ཛ་ཧོཿ བཛྲ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པཱུ་ཛ་ཨཱཿཧཱུྃ། ཞེས་མཆོད། །གཉིས་པ་ཁྱད་པར་གྱི་མཆོད་པ་ལ་བཞི་ལས་བདུད་རྩིས་མཆོད་པ་ནི། ཧཱུྃ། ལྕང་ལོ་ཅན་གྱི་མ་ཧཱ་བྷཉྫ་རུ། །བྱང་ཆུབ་སེམས་དང་མ་ཧཱ་རཀྟ་དང་། །དྲི་ཆེན་དྲི་ཆུ་ཤ་ཆེན་རྣམ་པ་ལྔ། །གཉིས་མེད་སྦྱར་བའི་པཉྩ་ཨ་མྲྀཏ། །ནག་པོ་ཆེན་པོ་འཁོར་དང་བཅས་ལ་འབུལ། །མཆོད་བཞེས་དམ་སྐོངས་དབང་དང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། ཞེས་དང་། གཞན་ཡང་། ལུང་དང་མན་ངག་ཤེས་རྒྱུད་གབ་སྦས་པའི། །ངེས་པའི་ལུང་སྟོན་དུས་གསུམ་བླ་མ་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཚོགས་རྗེ་ཚོགས་བདག་དཔལ་ལྡན་ཧེ་རུ་ཀ །འབར་བའི་རྒྱལ་པོ་ཁྲག་འཐུང་ལྷ་ཚོགས་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། རྣལ་འབྱོར་བསྟན་པ་བསྲུང་བར་ཞལ་བཞེས་པའི། །དཔལ་ལྡན་མགོན་པོ་ཡབ་ཡུམ་འཁོར་བཅས་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། གིང་དང་གནོད་སྦྱིན་སྲིན་པོ་མ་མོ་དང་། །བཀའ་སྡོད་ལས་བྱེད་དྲེགས་པའི་ཚོགས་རྣམས་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཞེས་མཐེབ་སྲིན་ཉི་ཟླའི་གའུས་ལྷ་སོ་སོར་རྐང་འཐོན་དུ་འབུལ་ལོ། །རཀྟའི་མཆོད་པ་ནི། ཧཱུྃ། མ་ཧཱ་རཀྟ་དགྲ་བགེགས་བསྒྲལ་པའི་ཁྲག །མཱུ་ལ་རཀྟ་རང་བྱུང་པདྨའི་ཁྲག །ཆུ་དང་མ་འདྲེས་དྭངས་མའི་ཁྲག་གི་མཚོ། །ཞིང་ཆེན་ཞིང་ཆུང་རྦ་ཀློང་འཁྲུགས་པ་འདི། །ནག་པོ་ཆེན་པོ་འཁོར་དང་བཅས་ལ་འབུལ། །མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། གཏོར་མའི་མཆོད་པ་ནི། ཧཱུྃ། སྣོད་ཀྱི་འཇིག་རྟེན་ཡངས་པའི་གཏོར་གཞོང་དུ། །བཅུད་ཀྱི་སེམས་ཅན་ཐམས་ཅད་གཏོར་མར་སྦྱར། །ལྕགས་ཀྱུ་ལྔ་དང་སྒྲོན་མའི་དམ་ཚིག་རྫས། །རིས་སུ་མ་ཆད་བཟའ་བཏུང་ལོངས་སྤྱོད་ཚོགས། །ལེགས་ལྡན་ནག་པོ་འཁོར་དང་བཅས་ལ་འབུལ། །དམ་ཚིག་བཞིན་དུ་བཞེས་ནས་ཕྲིན་ལས་མཛོད། །མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཞེས་དང་། ཁྱད་པར་དུ་མགོན་པོ་ཡབ་ཡུམ་འཁོར་བཅས་ཀྱི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གཏོར་མའི་བདུད་རྩིའི་བཅུད་དྲངས་ཤིང་གསོལ་བས་ཚིམས་ཤིང་དགྱེས་པར་བསམ་ལ། གཙོ་འཁོར་སོ་སོའི་སྔགས་ཀྱི་མཐར་ཨི་དཾ་བ་ལིཾ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི་བྷུཉྫ་ཧོ་རཀྟ་པི་པ་ཏོ་ས་མ་ཡ་སྭཱ་ཧཱ། ཞེས་ལན་བདུན་གྱིས་ཕུལ་བའི་མཐར། དཔལ་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ། དུག་གསུམ་ནད་ཀྱི་སྨན་པ། རྣལ་འབྱོར་ཡོངས་ཀྱི་དགྲ་བླ། བདུད་དཔུང་སྒྲོལ་བའི་དཔའ་བོ། བསྟན་པའི་བཀའ་སྲུང་ཆེན་པོ་ལེགས་ལྡན་ཚོགས་ཀྱི་བདག་པོ། ཡུམ་ཆེན་ཀྲོ་དྷཱི་ཤྭ་རཱི། ཁྲོ་བོ་བཛྲ་ཀིངྐ་ར། གནོད་སྦྱིན་ཟངས་མདོག་རྒྱལ་པོ། སྲིན་པོ་བཟའ་བདུད་ཆེན་པོ། མ་མོ་འདོད་ཁམས་བདག་མོ། བཀའ་སྡོད་མ་མོ་མཁའ་འགྲོ། ཕོ་ཉ་ལས་བྱེད་ཤ་ཟ་བཤན་པ་སོགས་འདུས་པ་ཆེན་པོའི་རྣལ་འབྱོར་ཕོ་མོ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས་སོགས་ཀྱིས་གཏོར་མ་ཕུལ་ཞིང་ཕྲིན་ལས་བཅོལ། ཁྱད་པར་གྱི་མཆོད་པ་ནི། གཏོར་མ་ལ་རཀྟ་བྲན་ཏེ། རང་གི་ཐུགས་ཀ་ནས་ཚ་ཞིང་རྩུབ་པའི་འོད་ཟེར་འཕྲོས་པས་མགོན་པོ་འཁོར་བཅས་ཀྱི་རྒྱུད་བསྐུལ། སྤྲུལ་པའི་ཕོ་ཉ་རྣམས་ཀྱིས་ཞིང་བཅུར་གྱུར་པའི་དགྲ་བགེགས་ཐམས་ཅད་གཏོར་མ་ལ་བསྟིམས་པར་བསམ་ལ་བདེན་སྟོབས་བརྗོད་དེ་དགུག་བསྟིམ་བྱ། ཨོཾ་ཨཱཿཧཱུྃ་གིས་ཤ་ཁྲག་འདོད་ཡོན་བདུད་རྩིའི་རང་བཞིན་དུ་སྤེལ་ལ། ཧཱུྃ། རྣལ་འབྱོར་ཀུན་གྱི་དཔལ་མགོན་མཆོག །མ་ཧཱ་ཀཱ་ལ་མཐུ་རྩལ་ཅན། །དཀའ་ཐུབ་ནག་པོ་ཚུར་གསོན་ཅིག །ལེགས་ལྡན་ནག་པོ་མ་རུངས་པ། །ཤ་ཁྲག་དམར་གྱི་མཆོད་པ་བཞེས། །རང་གི་རྒྱལ་སྲིད་ལ་གནས་ཏེ། །གཞན་གྱི་སྡེ་རྣམས་ཕམ་མཛད་པ། ཁྲམ་ལ་བཏབ་པའི་དགྲ་བགེགས་རྣམས། །རོལ་ཅིག་དགོངས་ཤིག་དམ་ཚིག་གཙོ། ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །བསེ་བྱང་ཁྲམ་ལ་བཏབ་པ་ཡི། །མ་དང་སྲིང་མོ་ཆུང་མ་ལ། །དཔའ་བོ་ཁྱོད་ཀྱིས་རོལ་བར་མཛོད། །དམ་ཚིག་ཆེན་པོས་མ་གཏང་ཞིག །ཞེ་སྡང་ཅན་གྱི་བདག་པོ་རྣམས། །སེམས་ཅན་ཀུན་གྱི་སྲོག་འཕྲོག་པ། །དགྲ་བོ་ཉམས་པ་སྲོག་དང་ཕྲོལ། །ཤ་དང་ཁྲག་ལ་ལོངས་སྤྱོད་གྱིས། །གནོད་སྦྱིན་ཆེན་པོ་མ་རུངས་རྣམས། །བསེ་བྱང་ཁྲམ་ལ་བཏབ་པ་ཡི། །གསེར་དངུལ་དབྱིག་ནོར་ཀུན་ལོངས་ལ། །རང་གི་འདོད་པའི་ལོངས་སྤྱོད་གྱིས། །སྒྲུབ་པའི་རྣལ་འབྱོར་བདག་ཉིད་ལ། །ཡིད་བཞིན་ནོར་བུའི་དངོས་གྲུབ་སྩོལ། །རིགས་ངན་རྨེ་ཤ་ཅན་གྱི་ཚོགས། །བ་ལང་ཁྱི་ཤ་རྟ་ཤ་དང་། །མི་ཤ་གླང་ཆེན་ཤ་སོགས་བཞེས། །སྲིང་མོ་ཁྲག་འཐུང་མ་མོ་རྣམས། །བསད་པའི་ཁྲག་ནི་དྲོན་མོ་དག །བཞེས་ཤིག་དགྲ་བོའི་ཁྲག་ལ་ཐུངས། །སྤྲུལ་པའི་ཕྲ་མེན་མ་མོ་རྣམས། །ཐོད་རུས་རྐང་དང་འབྲུ་མར་དང་། །རྫུ་འཕྲུལ་གྲུབ་པའི་དམ་རྫས་བཞེས། །རིགས་ངན་གདུག་པའི་བུ་མོ་རྣམས། །ཤ་ཆེན་བཤང་གཅི་ཁུ་བ་ཁྲག །དམ་རྫས་འབར་བ་འདི་བཞེས་ལ། །བདག་གི་ནད་རྣམས་ཟློག་ཏུ་གསོལ། །དམིགས་པའི་དགྲ་ལ་རིམས་ནད་ཐོངས། །སྲིད་པའི་བུད་མེད་མ་རུངས་རྣམས། །བྲོ་གར་གླུ་ཚིག་མཆོད་པ་བཞེས། །དམིགས་བྱ་འཇོ་ཚུལ་སྟབས་ཀྱིས་ཕྲོགས། །ཤོར་བ་གཞོན་ནུ་བདུད་མོའི་ཚོགས། །རྣལ་འབྱོར་ཆེན་པོའི་བཀའ་བྱུང་གིས། །སྔགས་སྒྲ་དྲག་པོའི་མཆོད་པ་བཞེས། །དགྲ་བོའི་ཕུང་པོ་རྡུལ་དུ་རློགས། །ལོག་སྲེད་ཅན་གྱི་ཚོགས་རྣམས་ཉོན། །ཡང་དག་ཉིད་དུ་ཀུན་རིག་ན། །ཆེ་ཆུང་ལས་གཉིས་གང་བྱས་ཀྱང་། །གཉིས་ཀའི་དབང་དུ་མི་འགྱུར་གྱིས། །རྣལ་འབྱོར་ང་ཡི་ལས་འདི་སྒྲུབས། །གསང་ཚིག་སྟོན་པའི་ཚོགས་རྣམས་ཉོན། །བཤང་གཅི་ཁྲག་དང་སོལ་ཁུ་ཡིས། །བརྒྱ་འམ་སྟོང་དུ་བགོས་ནས་ནི། །ལིངྒ་བཅས་ན་སངས་རྒྱས་འཇིག །དམ་རྫས་མཆོད་པ་བཞེས་སུ་གསོལ། །བཅོལ་པའི་ལས་རྣམས་འགྲུབ་པར་མཛོད། །ཧཱུྃ། མངའ་བདག་ཆེན་པོ་མ་རུངས་པ། །རྡོ་རྗེ་སེམས་དཔའི་སྤྲུལ་པ་སྟེ། ཁྲོ་བོའི་རྒྱལ་པོ་གིང་ཆེན་པོ། །མངའ་བདག་བདུད་ཀྱི་རྒྱལ་པོ་བཞེངས། །བསྟོད་ཅིང་མཐུན་པའི་རྫས་འདི་འབུལ། །སྔོན་གྱི་བསྐལ་པ་དང་པོ་ལ། ཁས་བླངས་དམ་བཅས་མནའ་བོར་བའི། །དམ་བཅའ་ཐ་ཚིག་མ་འདའ་ཞིག །སྔོན་དུ་རིག་འཛིན་གོང་མས་བསྒྲུབས། །ད་ལྟ་རྣལ་འབྱོར་བདག་སྒྲུབ་ཀྱིས། །སོ་སོའི་མོས་པ་ཐ་དད་པའི། །དམ་རྫས་མཆོད་པ་འདི་བཞེས་ལ། །ཇི་ལྟར་བཅོལ་པའི་ཕྲིན་ལས་མཛོད། །ཅེས་གཙོ་འཁོར་ཐམས་ཅད་ཀྱི་སྔགས་མཐར། མ་ཧཱ་མཱཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་ཨ་མྲྀཏ་ཁཱ་ཧི། ཨི་དཾ་དྷཱུ་པེ། པུཥྤེ། གནྡྷེ། ནཻ་ཝིདྱ་བ་ལིཾ་ཏ་པི་པ་ཏོ་ཧོཿ ཞེས་རྐང་འཐོན་དུ་མཆོད་པར་བྱའོ། །བཅུ་པ་བསྟོད་པ་བྱ་བ་ནི། ཧཱུྃ། ལྷ་ཡི་སྡེ་དཔོན་ཚོགས་ཀྱི་བདག །ལེགས་ལྡན་ནག་པོ་ཆེན་པོ་ནི། །དུར་ཁྲོད་བདག་པོ་སྒྲོལ་བའི་གིང་། ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་བསྟོད། །ཧཱུྃ། དུར་ཁྲོད་ཆེན་པོ་རབ་འཇིགས་པའི། །སྲིན་ཡུལ་པུ་རི་ནག་པོའི་དཀྱིལ། །ལངྐའི་ཡུལ་གྱི་གྲོང་བརྡལ་ན། །ཀོ་ཀ་ཐང་དམར་རྒྱ་མཚོའི་དོ། །དབུས་ཀྱི་རི་བོ་མ་ལ་ཡ། །དྲག་ཤུལ་བྱན་ལག་ལྗོངས་ཀྱི་རི། །གནམ་ལྕགས་ཡོད་པའི་རྩེ་མོ་ནི། །ཆོས་འཛིན་རིགས་ཀྱི་སྒྲུབ་གནས་ཏེ། །རྡོ་རྗེ་ཐབས་ཀྱི་ལྟ་བའི་ཡུལ། །དུག་ཤིང་ནགས་ཚལ་སྟུག་པོའི་ཚལ། །གནམ་ལྕགས་ཨུརྨོ་ཆར་བཞིན་འབབ། །གསུར་ཆེན་དུད་པ་སྤྲིན་ལྟར་གཏིབས། །རྣག་ཁྲག་ཆུ་སེར་མཚོ་རུ་བསྐྱིལ། །ཤ་རུས་ཕུང་པོ་རི་ལྟར་སྤུངས། །ཅེ་སྤྱང་ལིངས་སུ་རུབ་ཅིང་འདྲལ། །བྱ་གཅན་མང་པོ་འཕུར་ཞིང་ལྡིང་། །དུར་ཁྲོད་མཁའ་འགྲོ་འདུ་བའི་ཡུལ། །རབ་ཏུ་འཇིགས་པའི་གནས་མཆོག་ན། །དྲག་པོའི་སྐུ་མཁར་ལྡེམས་སེ་ལྡེམ། །ཤར་ཕྱོགས་བམ་རིལ་སྟག་ཐོད་མཁར། །སྟག་ཐོད་འཛུམ་མདངས་མུ་ལུ་ལུ། །ལྷོ་ཕྱོགས་བམ་རིལ་མི་ཐོད་བརྩིགས། །མི་ཐོད་སྤྱུགས་པ་ཙེ་རེ་རེ། །ནུབ་ཕྱོགས་བམ་རིལ་རྟ་ཐོད་བརྩིགས། །རྟ་ཐོད་འཚེར་སྒྲ་ལྷངས་སེ་ལྷང་། །བྱང་ཕྱོགས་བམ་རིལ་བྱ་ཐོད་བརྩིགས། །བྱ་ཐོད་ཚེག་སྒྲ་དི་རི་རི། །སྲིན་པོའི་ཐོད་པའི་ཁ་བད་ཅན། །ལས་ཀྱི་འོད་ཟེར་དབལ་ཐོག་འཕྲོ། །ངོས་ལ་ང་རྒྱལ་གློག་དམར་འཁྱུག །རྩེ་ལ་དུར་བྱ་ནག་པོ་ལྡིང་། །རུ་མཚོན་ནག་པོ་པུ་རུ་རུ། །གནམ་ལྕགས་འབར་བའི་སྒོ་མོ་གསལ། །འཇིགས་པའི་སྐུ་མཁར་ནང་ཤེད་ན། །རྟ་རོ་མང་པོ་གཅལ་དུ་བཀྲམ། །མི་རོ་མང་པོ་ཁྲི་རུ་བརྩིགས། །མི་རོ་རྟ་རོའི་གདན་སྟེང་ན། །ཧཱུྃ། མངའ་བདག་བདུད་ཀྱི་རྒྱལ་པོ་བཞུགས། །གསང་བདག་ཕྱག་ན་རྡོ་རྗེ་ཡིས། །ཕྲིན་ལས་དྲག་པོའི་དབང་བསྐུར་བས། ཁྱད་པར་མཆོག་གི་སྐུ་བྱུང་བ། །ཚོགས་ཀྱི་བདག་པོ་མཐུ་བོ་ཆེ། །ཚོགས་བདག་མགོན་པོར་བཏགས་པ་ནི། །དྲེགས་པའི་གཙོ་བོ་མཛད་པའི་རྟགས། །བར་སྣང་ཁམས་ན་བཞུགས་པ་ནི། །རྡོ་རྗེ་གཤོག་པའི་སྟོབས་ལྡན་རྟགས། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །ལག་ཏུ་རྡོ་རྗེ་གཏད་པ་ནི། །སྔོན་བྱུང་དགེ་སློང་ཐུབ་དཀའ་དང་། །ཐུགས་རྗེའི་ཐབས་ཀྱིས་འབྲེལ་བའི་རྟགས། །མ་ཧཱ་ཀཱ་ལར་བཏགས་པ་ནི། ཁས་བླངས་དོན་ལས་མི་འགྱུར་རྟགས། །ལེགས་ལྡན་ནག་པོར་བཏགས་པ་ནི། །རྣལ་འབྱོར་ཕོ་ཉ་མཛད་པའི་རྟགས། །མངགས་བྱེད་ཆེན་པོར་བཏགས་པ་ནི། །བཅོལ་བའི་ལས་རྣམས་མཛད་པའི་རྟགས། །ལངྐའི་ཡུལ་ན་བཞུགས་པ་ནི། །ལྷ་སྲིན་བྲན་དུ་འཁོལ་བའི་རྟགས། །མ་ལ་ཡ་རུ་བཞུགས་པ་ནི། །དྲག་ཤུལ་སྟོབས་དང་ལྡན་པའི་རྟགས། །ཐང་དམར་རྒྱ་མཚོར་བཞུགས་པ་ནི། །ཀླུ་རྣམས་དབང་དུ་སྡུད་པའི་རྟགས། །བསྙེན་པའི་ཚུལ་གྱིས་བཀའ་སྡོད་པ། །གང་གསོལ་ལས་རྣམས་གཡེལ་མེད་རྟགས། །རྡོ་རྗེའི་བྲག་ལ་བཞུགས་པ་ནི། །འཁོར་བའི་སྐྱོན་གྱིས་མ་གོས་རྟགས། །མི་རོའི་གདན་ལ་བཞུགས་པ་ནི། །མ་ཚོགས་དབང་དུ་སྡུད་པའི་རྟགས། །མཐིང་ནག་བེར་ཆེན་གསོལ་བ་ནི། །རྣལ་འབྱོར་བུ་བཞིན་སྐྱོང་བའི་རྟགས། །རྡོ་རྗེའི་ཕྲེང་བས་བརྒྱན་པ་ནི། །ལས་བྱེད་རྡོ་རྗེར་དབང་བསྐུར་རྟགས། །ཙན་དན་དབྱུག་པ་བསྣམས་པ་ནི། ཁམས་གསུམ་རྡུལ་དུ་རློག་པའི་རྟགས། །མཚོན་ཆ་གྲི་གུག་བསྣམས་པ་ནི། །སྡང་བྱེད་དགྲ་སྲོག་གཅོད་པའི་རྟགས། །ཐོད་རློན་དམར་ཆེན་བསྣམས་པ་ནི། །དམ་ཉམས་སྙིང་ཁྲག་འཐུང་བའི་རྟགས། །མཐིང་ནག་ཁྲོ་གཏུམ་རྔམ་པ་ནི། །མངོན་སྤྱོད་དྲག་པོའི་ལས་མཛད་རྟགས། །སྦྱོར་ཡུམ་སྐུ་ལ་འཁྲིལ་བ་ནི། །ཐབས་ཤེས་ཟུང་འཇུག་བརྙེས་པའི་རྟགས། །ཞབས་ལ་སྟག་མོ་འཁྱུགས་པ་ནི། །གནོད་སྦྱིན་ལས་ལ་འགྱེད་པའི་རྟགས། །རྩིབ་ལོགས་འཕར་དྲེད་འཁྱུགས་པ་ནི། །ཟ་བྱེད་ཕོ་ཉར་འགྱེད་པའི་རྟགས། །སྟ་ཟུར་སེང་ཆེན་རྔམས་པ་ནི། །གིང་ཚོགས་ཕོ་ཉར་འགྱེད་པའི་རྟགས། །དབུ་ལ་ཁྱུང་གིས་བརྒྱན་པ་ནི། །གཟའ་གདོང་ཕོ་ཉར་འགྱེད་པའི་རྟགས། །གདུག་པའི་རྒྱན་རྣམས་ལྡན་པ་ནི། །རྫུ་འཕྲུལ་དཔག་ཡས་ངོ་མཚར་རྟགས། །བདུད་འདུལ་དབང་ཕྱུག་ནག་པོ་ཆེ། །དམ་ཚིག་ཅན་ལ་བདག་བསྟོད་དོ། །རྩེ་གཅིག་སྒྲུབ་པའི་གྲོགས་མཛོད་ལ། །ཕ་ལྟར་སྐྱོབ་ཅིང་བུ་ལྟར་འགྲོགས། །མ་ལྟར་བྱམས་ཤིང་སྲིང་ལྟར་གདུངས། །མ་གཡེལ་བཅོལ་པའི་ལས་མཛད་ཕྱིར། །མི་མངོན་དབྱིངས་ནས་སྐུ་བཞེངས་ལ། །གདུག་པའི་དགྲ་བགེགས་བསྒྲལ་བ་དང་། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །བྷྱོ། གཡོན་གྱི་ཕྱོགས་ནས་སྐུ་བྱུང་བ། །ཉེ་གནས་ཀྲོ་དྷི་ཤྭ་རཱི་མ། །གཏུམ་པའི་སྲིན་མོ་འཇིགས་ཚུལ་ཅན། །ཞལ་གཅིག་ཕྱག་གཉིས་ཐལ་བའི་མདོག །ཁྲག་རལ་དམར་པོ་མུན་ལྟར་གཏིབས། །རལ་པའི་གསེབ་ནས་མེ་སྟག་འཕྲོ། །སྐུ་སྟོད་ཞིང་ཆེན་གཡང་གཞི་གསོལ། །ཉི་ཟླ་གཟའ་སྐར་འཇའ་ཚོན་འཁྲུགས། །སྐུ་སྨད་སྟག་ལྤགས་རེ་ལྡེ་ལ། །སྦྲུལ་ནག་ཆུ་སྲིན་ཐོད་པས་བརྒྱན། །གཡས་པ་སྦྲུལ་ཞགས་ཡབ་ལ་འཁྱུད། །གཡོན་པ་ཐོད་སྐྱོགས་ཁྲག་གིས་བཀང་། །རུས་བཅུད་རྐང་མར་ཀླད་པ་ལ། །འབྲུ་མར་ཆང་དང་སྦྱར་བ་དག །རྟག་པར་རང་གིས་ལོངས་སྤྱོད་ཅིང་། །ཡབ་ལ་སྟོབ་ཅིང་དགྲ་ལ་འཕེན། །འཇིགས་པའི་མ་མོ་ཁྱོད་ལ་བསྟོད། །སྔོན་གྱི་དམ་བཅའ་མ་གཡེལ་བར། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཧཱུྃ། ཤར་ཕྱོགས་ཐོད་མཁར་འཇིགས་པ་ན། ཁྲོ་བོའི་རྒྱལ་པོ་ཀིང་ཀ་ར། །སྐུ་མདོག་མཐིང་ནག་འཇིགས་ཚུལ་ཅན། །ཕྱག་གཡས་མཚོན་ཆའི་འཁོར་ལོ་བསྐོར། །གཡོན་པ་ཐོད་རློན་སྙིང་ཁྲག་འཐུང་། །གྲི་ཐོགས་གིང་ཆེན་འཁོར་གྱིས་བསྐོར། །གསང་བའི་བདག་པོས་དབང་བསྐུར་ནས། །རྡོ་རྗེ་ཆོས་ཞེས་མིང་བཏགས་པ། །མཐུ་སྟོབས་རྩལ་ལྡན་ཁྱོད་ལ་བསྟོད། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཧཱུྃ། ལྷོ་ཕྱོགས་བསེ་སྡོང་ལྕགས་མཁར་ན། །ཡབ་གཅིག་གནོད་སྦྱིན་ཟངས་མདོག་ནི། །སྐུ་མདོག་དམར་ནག་བརྗིད་པ་ལ། །དབུ་ལ་རྒྱ་མདུད་འཁོར་ལོ་བརྩེགས། །རལ་པ་དམར་པོ་སྤྲིན་ལྟར་གཏིབས། །སྤྱན་དམར་དམ་ཉམས་དགྲ་ལ་ལྡོག །འཇིགས་པའི་ཞལ་ནི་བསྒྲད་པ་ལ། །མཆེ་བ་གནམ་ལྕགས་དགུ་ཁྲིས་གཏམས། །སྐུ་ལ་ཤུན་གྱི་གཡང་གཞི་གསོལ། །གཡས་པ་གསེར་གྱི་རལ་གྲི་འཕྱར། །གཡོན་པ་བསེ་མདུང་དམར་པོ་བསྣམས། །བ་དན་དམར་པོ་གློག་ལྟར་འཁྱུག །འཇིགས་སུ་རུང་དང་དཔའ་བྱད་ཅན། །ཡུམ་ཆེན་བསེ་གདོང་ཟངས་མགྲིན་ཅན། །བཀའ་ཉན་གྱད་ཆེན་ལྷ་སྲིན་བརྒྱད། །བསེ་མོ་གིང་ཆེན་ལས་ལ་འགྱེད། །གཏུམ་ཆེན་དྲེགས་པའི་ཚོགས་ལ་བསྟོད། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཧཱུྃ། ནུབ་ཕྱོགས་དྲག་པོའི་ལྕགས་མཁར་ན། ཁྱབ་འཇུག་ཆེན་པོ་ཀུན་ཏུ་རྒྱུ། །འཇིགས་བྱེད་ཆེན་པོ་རཱ་ཧུ་ལ། །ལུས་པོ་གཅིག་ལ་མགོ་བོ་དགུ །མགོ་ལུས་མེད་པར་མིག་གིས་གང་། །རོ་སྟོད་སྲིན་པོ་རོ་སྨད་སྦྲུལ། །འཇིགས་པའི་སྐུ་མདོག་དུད་ཀ་ལ། །གཡས་པ་གྲི་གུག་དགྲ་སྲོག་གཅོད། །གཡོན་གྱི་ཞགས་པས་བླ་སྲོག་འཆིང་། །ཉི་མ་ཟླ་བ་ལྟོ་རུ་ཟ། །ཉི་མའི་རྗེས་གཅོད་ཤར་དུ་རྒྱུ། །ཟླ་བའི་རྗེས་གཅོད་ནུབ་ཏུ་རྒྱུ། །ཉིན་མོ་རྒྱུ་བས་བླ་སྲོག་སྡུད། །མཚན་མོ་རྒྱུ་ཞིང་སྲོག་དབུགས་གཅོད། །གཟའ་གདོང་སྲིན་པོའི་དམག་ཚོགས་འགྱེད། །དམག་དཔོན་ཆེན་པོ་ཁྱོད་ལ་བསྟོད། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །བྷྱོ། བྱང་ཕྱོགས་ཁྲག་མཚོ་མེར་བའི་ནང་། །དུག་རླངས་འཁྱིལ་བའི་བསེ་མཁར་ན། །མ་གཅིག་གཉན་གྱི་རེ་མ་ཏི། །སྐུ་མདོག་མཐིང་ནག་འཇིགས་པ་ལ། ཁྲག་གི་རལ་པ་མུན་ལྟར་གཏིབས། །སྤྱི་བོའི་གཙུག་ན་ཟླ་བས་བརྒྱན། །ལྟོ་བའི་དབུས་ནས་ཉི་མ་འཆར། །སྲིད་པའི་བླ་རྐུན་ཚེ་སྲོག་འཕྲོག །སྙན་ཆ་སེང་སྦྲུལ་དྲིལ་བུས་བརྒྱན། །ཐམས་ཅད་ཟིལ་གནོན་གདུག་པ་འདུལ། །སྐུ་སྟོད་ཞིང་གི་གཡང་གཞི་ལ། །རུས་ཕྲེང་ཁྲག་དང་ཞག་གིས་བརྒྱན། །སྐུ་སྨད་རེ་ལྡེའི་ཤམ་ཐབས་ལ། །སྦྲུལ་དང་ཐོད་རློན་དྲིལ་བུས་བརྒྱན། །ཆིབས་སུ་དྲེལ་རྟ་རྐང་གསུམ་འཆིབ། །གཡས་ན་གཤིན་རྗེའི་ཁྲམ་བམ་འཕྱར། །གཡོན་ན་ནད་ཀྱི་རྐྱལ་པ་བསྣམས། །བཙན་གྱི་ཤོ་རྡེལ་ཕྱོགས་བཅུར་འཕེན། །ནད་ཀྱི་རྐྱལ་པ་དགྲ་ལ་རྡེབ། །མ་ཚོགས་འབུམ་སྡེའི་འཁོར་གྱིས་བསྐོར། །འདོད་ཁམས་བདག་མོ་ཁྱོད་ལ་བསྟོད། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །གཞན་ཡང་མགོན་པོའི་བཀའ་འཁོར་ན། །བློན་པོ་དམག་དཔོན་སྡེ་དཔོན་དང་། །རུ་འདྲེན་ཕོ་ཉ་མངག་པར་བཅས། །ཅི་བགྱི་བཀའ་ཉན་ཕོ་ཉའི་ཚོགས། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས། །དམ་རྫས་མཆོད་པ་འདི་བཞེས་ལ། །བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་སོགས་ཀྱིས་རྒྱ་ཆེར་བསྟོད་ཅིང་། དེ་ཙམ་མི་ནུས་ན། ཧཱུྃ། རྣམ་དག་དབྱིངས་ལས་མ་གཡོས་ཀྱང་། །ཐུགས་རྗེས་ཁྲོས་པའི་སྐུར་བསྟན་ནས། །བདུད་དཔུང་འཇོམས་པའི་ལས་མཛད་པ། །ལེགས་ལྡན་མགོན་ལ་ཕྱག་འཚལ་བསྟོད། །བསྐལ་པའི་མེ་ལྟར་འབར་བ་ཡི། །དུར་ཁྲོད་ཆེན་པོའི་ཀློང་དཀྱིལ་ན། །མི་མཐུན་ཕྱོགས་སུ་གྱུར་པ་ཀུན། །སྒྲོལ་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བསྟན་པ་ཕྱོགས་བཅུར་སྐྱོང་མཛད་ཅིང་། །གནོད་བྱེད་ཐམས་ཅད་ཕམ་མཛད་པ། །མཐུ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་པ་ཙམ་གྱིས་བསྟོད་པའི་མཐར་འཁོར་བསྟོད་རྒྱས་བསྡུས་ཅི་རིགས་པ་སྦྱར་བར་བྱའོ། །བཅུ་གཅིག་པ་བཟླས་པ་བྱ་བ་ནི། མགོན་པོའི་ཐུགས་ཀར་དྭངས་མའི་སྲོག་ཡིག་ཧཱུྃ་མཐིང་ནག་གི་མཐའ་སྐོར་དུ་བཟླ་བྱའི་སྔགས་ཀྱི་ཕྲེང་བ་མེ་སྟག་གི་ཚྭ་ཚྭ་འཕྲོ་བས་གཡས་སུ་བསྐོར་བར་གྱུར། བདག་དཔལ་ཆེན་པོར་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་སྣ་ཚོགས་ལྕགས་ཀྱུའི་རྣམ་པ་ཅན་འཕྲོས། མགོན་པོའི་ཐུགས་ཀའི་ཧཱུྃ་ཡིག་ནས་བཟུང་བས་རང་དབང་མེད་པར་དབང་དུ་བསྡུས་པས་ཅི་བགྱིའི་བཀའ་ནོད་ཅིང་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་པར་བསམ་ཞིང་། བཟླ་བྱའི་སྔགས་ནི། ཨོཾ་བྷུརྐུར་མ་ཧཱ་པདྨ་དྷེ་བུར་ཙི་བུར་བྱི་གེ་བྱེ་མ་ན་སེ་ཨེ་ཧོ་ཤོ་མོ་ཀྲོ་དྷ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་བསྙེན་སྔགས་སོ། །ཨོཾ་བྷུ་རུ་ཀུརྨ་ཨ་པྲརྞ་བུད་ཙི་ཀེ་བི་མ་ན་སེ་ཁ་ཤོ་མོག་ཀྲོ་དྷ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་ཉེ་བའི་སྙིང་པོའོ། །ཨོཾ་བྷུ་རུ་ཀུ་རུ་ཨི་ཙི་ཀི་བྱི་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ། ཅེས་སྒྲུབ་པའི་གསང་སྔགས་སོ། །ཨོཾ་བྷུར་ཀུརྟི་ཕཊ། ཅེས་སྒྲུབ་པ་ཆེན་པོའི་སྔགས་སོ། །འཁོར་སྔགས་བཟླ་བ་ནི། བདག་གི་ཐུགས་ཀའི་འོད་ཀྱིས་མགོན་པོའི་ཐུགས་རྒྱུད་བསྐུལ་བས། དེའི་ཐུགས་ཀ་ནས་འོད་ཟེར་མེའི་ཕྲེང་བ་ལྟ་བུས་འཁོར་རྣམས་བསྐུལ་བས་ཅི་བཅོལ་བའི་ལས་མཛད་པར་བསམ་ལ། ཨོཾ་བཛྲ་ཀྲོ་དྷ་ཛྭ་ལ་ས་མ་ཡ་ཧཱུྃ། ཨོཾ་བཛྲ་རཀྴ་ཛྭ་ལ་ས་མ་ཡ་ཧཱུྃ། ཨོཾ་བཛྲ་ཡཀྴ་ཛྭ་ལ་ས་མ་ཡ་ཧཱུྃ། ཨོཾ་བཛྲ་ཙིཏྟ་ཛྭ་ལ་ས་མ་ཡ་ཧཱུྃ་ཕཊ། ཅེས་འཁོར་རྣམ་བཞིའི་སྔགས་སོ། །དེ་ལྟར་རིམ་པ་བཞིན་སྟོང་ངམ་བརྒྱ་བརྒྱའི་ཚིགས་སུ་མཆོད་པ་རྣམ་པ་ལྔ་དང་ཁྱད་པར་བདུད་རྩིས་མཆོད་ཅིང་མཐར། ཧཱུྃ། དྲག་པོ་སྐུ་ལྔ་རྒྱལ་བའི་བཀའ་སྡོད་མཆོག །ཡེ་ཤེས་ལྔ་ལྡན་རྒྱལ་བ་རིགས་ལྔའི་འཁོར། །ཕྲིན་ལས་བདུད་འདུལ་དགྲ་བགེགས་ཀུན་གྱི་གཤེད། །ལེགས་ལྡན་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །འབར་བའི་དཀྱིལ་འཁོར་གསན་ཅིང་དགོངས་སུ་གསོལ། །ཕྱི་ནང་གསང་བའི་མཆོད་པས་དགྱེས་པར་མཛོད། །དམ་ཚིག་འགལ་འཁྲུལ་ཉམས་ཆག་མཐོལ་ཞིང་བཤགས། །ཐུན་མོང་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ། །ཅེས་བསྟོད་ཅིང་ཕྲིན་ལས་ཀྱང་གསོལ་ལོ། །བཅུ་གཉིས་པ་ཚོགས་ཀྱི་མཆོད་པ་ནི། བདག་བསྐྱེད་གང་ལ་བསྟེན་པ་དེའི་གཞུང་བཞིན་སྦྱར་བས་ཁྱབ་ཅིང་། དམིགས་བསལ་འདི་ཉིད་ལ་སྦྱར་བར་སྤྲོ་ན། ཚོགས་རྫས་རྣམས་བདུད་རྩི་ལྟར་བྱིན་གྱིས་བརླབས་ལ། ཚོགས་ཕུད་ཆ་གསུམ་དུ་སྤྲོས་ཏེ། དང་པོ་མཆོད་པ་ནི། ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཨོཾ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཞེས་མཆོད། གཉིས་པ་ནི་སྐོང་བཤགས་དང་འབྲེལ་བའི་ཕྱིར། དེའི་ཚུལ་བརྗོད་པ་ལ་གསུམ་ལས། དང་པོ་སྐོང་རྫས་བྱིན་གྱིས་བརླབ་པ་ནི། བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་གནས་ཁང་དུར་ཁྲོད་དྲག་པོའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་ཕྱི་ནང་གསང་བའི་མཆོད་པ་སྤྱན་གཟིགས་མཐུན་རྫས་རྟེན་རྫས་སྐོང་རྫས་ལ་སོགས་པ་ཐམས་ཅད། སྲིད་ཞིའི་འདོད་ཡོན་གྱི་རྣམ་པ་མཁོ་དགུ་ཚང་བ་བཟང་དགུས་འབྱོར་པ་མཛེས་དགུས་བརྒྱན་པ་ངོ་བོ་ཡེ་ཤེས་སྒྱུ་མའི་རང་བཞིན་བདེ་བའི་རྣམ་པ་ཐམས་ཅད་པར་འཆར་བས་ནམ་མཁའི་ཁམས་ཐམས་ཅད་གང་བར་བསམ་ལ་ནམ་མཁའ་མཛོད་ཀྱི་སྔགས་རྒྱའམ། རྒྱས་པར་སྔགས་དྲུག་ཕྱག་དྲུག་གིས་བྱིན་རླབས་བྱའོ། །གཉིས་པ་ཐུགས་དམ་བསྐང་བ་དངོས་ནི། ཧཱུྃ། བདག་ནི་རིག་འཛིན་སྒྲུབ་པ་པོ། །དམ་ལ་གནས་ཤིང་ལྷ་ལ་འཕྲེང་། ཁྱོད་ནི་སྲུང་མ་མཐུ་རྩལ་ཅན། །སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཞལ་བཞེས་པའི། ཁྱོད་ཀྱི་དམ་བཅའ་གཉན་པོ་དེ། །ད་ལྟ་རྣལ་འབྱོར་བདག་བསྐུལ་ན། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །མ་ཧཱ་ཀཱ་ལ་གནས་འདིར་བྱོན། །ལེགས་ལྡན་ནག་པོ་གནས་འདིར་བྱོན། །དུར་ཁྲོད་སྒྲོལ་གིང་གནས་འདིར་བྱོན། །རྡོ་རྗེ་སྒྲོལ་བྱེད་གནས་འདིར་བྱོན། །ས་བཅུའི་དབང་ཕྱུག་གནས་འདིར་བྱོན། །རིག་འཛིན་སྲུང་མ་གནས་འདིར་བྱོན། །རྣལ་འབྱོར་དགྲ་བླ་གནས་འདིར་བྱོན། །ཚོགས་བདག་ཆེན་པོ་གནས་འདིར་བྱོན། །བོས་སོ་ཆོས་སྐྱོང་སྙན་མ་སྲ། །གཡབ་བོ་ལེགས་ལྡན་སྤྱན་མ་བརྟུལ། །སྒྲུབ་བོ་ཚོགས་བདག་གོང་མ་གཡེལ། །བསྐུལ་ལོ་བདུད་རྒྱལ་མཐུ་མ་ཆུང་། །དོ་ནུབ་ཁྱོད་ཀྱི་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་། །ཧཱུྃ། མེ་ཏོག་སྤོས་དང་མར་མེ་དྲི། །ཞལ་ཟས་རོལ་མོའི་བྱེ་བྲག་དང་། །འཕན་གདུགས་ལྷབ་ལྷུབ་སྣ་ཚོགས་ཀྱིས། །ལེགས་ལྡན་འཁོར་བཅས་ཐུགས་དམ་བསྐང་། །ཤ་ཆེན་ལྔ་ནི་རི་ལྟར་སྤུངས། །བདུད་རྩི་ལྔ་ནི་མཚོ་ལྟར་བསྐྱིལ། །ཡེ་ཤེས་ལྔ་ལྡན་དམ་རྫས་འདིས། །དཔལ་མགོན་འཁོར་བཅས་ཐུགས༴ ཤ་ཆེན་ཁྲག་དང་དབང་པོ་ལྔ། །ཚིལ་ཆེན་ཞུན་མར་མཁྲིས་པ་དང་། །གཡང་གཞི་ལྷབ་ལྷུབ་རྐང་གླིང་སྒྲས། །དཔལ་མགོན་འཁོར་བཅས་ཐུགས༴ དམར་ཆེན་བཟའ་བཅའི་གཏོར་མ་དང་། །འབྲུ་བཅུད་བདུད་རྩིའི་བཏུང་བའི་རྒྱུན། ཁྱད་པར་དམ་རྫས་སྣ་ཚོགས་ཀྱིས། །དཔལ་མགོན་འཁོར་བཅས་ཐུགས༴ གླིང་བཞི་གླིང་ཕྲན་རི་རབ་དང་། །རིན་ཆེན་བདུན་དང་བཀྲ་ཤིས་རྫས། །འདོད་ཡོན་ལྔ་ཡི་མཆོད་པ་ཡིས། །དཔལ་མགོན་འཁོར་བཅས་ཐུགས༴ གཡག་ནག་རྟ་ནག་ཁྱི་ནག་དང་། །ལུག་ནག་བྱ་ནག་ལ་སོགས་པ། །རྟེན་པའི་དམ་རྫས་སྣ་ཚོགས་ཀྱིས། །དཔལ་མགོན་འཁོར་བཅས་ཐུགས་དམ་བསྐང་། །ཀྱཻ། དཔལ་ལྡན་མ་ཧཱ་ཀཱ་ལ་དང་། །རིག་འཛིན་རྣལ་འབྱོར་བདག་ཅག་གཉིས། །རྟག་ཏུ་མི་འབྲལ་འགྲོགས་པའི་ཕྱིར། །རྟག་གཏོར་ཆེན་པོས་ཐུགས་དམ་བསྐང་། །ཕྲིན་ལས་གཉན་པོ་བསྐུལ་བའི་ཕྱིར། །རྒྱུན་གཏོར་ནར་མས་ཐུགས༴ དམ་ཚིག་གཉན་པོ་བསྲེ་བའི་ཕྱིར། །བདུད་རྩི་སྨན་གྱིས་ཐུགས༴ རཀྟ་སྐོམ་དུ་འཐུང་བའི་ཕྱིར། །དམར་ཆེན་ཨརྒྷས་ཐུགས༴ ལོངས་སྤྱོད་དམར་ལ་བྱེད་པའི་ཕྱིར། །ཤ་ཁྲག་བཤོས་བུས་ཐུགས༴ ཐ་མལ་སྣང་ཞེན་སྦྱོང་བའི་ཕྱིར། །བསྐྱེད་རིམ་གསལ་བས་ཐུགས༴ ཐུགས་དམ་གནད་ནས་བསྐུལ་བའི་ཕྱིར། །བཟླས་བརྗོད་སྔགས་ཀྱིས་ཐུགས༴ མཆོག་གི་དངོས་གྲུབ་སྒྲུབ་པའི་ཕྱིར། །ཏིང་འཛིན་མཆོག་གིས་ཐུགས༴ དམ་ཚིག་ཉམས་ཆག་བསྐང་བའི་ཕྱིར། །གདུང་སེམས་དད་པས་ཐུགས༴ འབོད་པའི་དམ་རྫས་ཡིན་པའི་ཕྱིར། །གཡབ་དར་ནག་པོས་ཐུགས༴ སྒྲུབ་མཆོག་བུ་བཞིན་སྐྱོང་བའི་ཕྱིར། །མཐིང་ནག་བེར་གྱིས་ཐུགས༴ དམ་ཉམས་དགྲ་བགེགས་བསྒྲལ་བའི་ཕྱིར། །ཕྱག་མཚན་མཚོན་ཆས་ཐུགས༴ རྣལ་འབྱོར་སྲུང་སྐྱོབ་མགོན་མཛད་ཕྱིར། །སྲ་བརྟན་གོ་ཡིས་ཐུགས༴ མཐུན་པའི་དམ་རྫས་ཡིན་པའི་ཕྱིར། །དམ་རྫས་རྟེན་བཞིས་ཐུགས༴ གསང་བའི་དམ་རྫས་ཡིན་པའི་ཕྱིར། །གྲི་རྒོད་སྙིང་གིས་ཐུགས༴ ཐུགས་དམ་གཉན་པོ་བསྐངས་པ་ཡིས། །ཚོགས་བདག་འཁོར་བཅས་མཉེས་གྱུར་ཅིག །ཀྱཻ། དགོངས་ཤིག་མགོན་པོ་ཐོད་ཕྲེང་ཅན། །རྒྱལ་བའི་བཀའ་ལ་མི་ཉན་མེད། །ཟབ་མོའི་དོན་ལ་མི་སེམས་མེད། །མནའ་དང་ཁྲིམས་ལ་མི་བརྟེན་མེད། །ཟས་དང་སྐོམ་ལ་མི་ཆགས་མེད། །དོ་ནུབ་ཁྱོད་ཀྱི་ཐུགས་དམ་བསྐང་། །དོ་ནུབ་ཉམས་ཆག་མ་ལུས་བསྐང་། །དོ་ནུབ་ཞིག་རལ་མ་ལུས་གསོ། །དོ་ནུབ་ལྷ་ལ་བཤགས་པ་བྱེད། །དོ་ནུབ་ལྷ་ལ་སེམས་འཁོན་སྦྱོང་། །དོ་ནུབ་ཉེས་པར་ཁས་ཀྱང་ལེན། །དོ་ནུབ་མཉེས་པའི་ཟས་ཤིག་འདྲེན། །དོ་ནུབ་མཛའ་བའི་གཞུང་ཞིག་སྲོང་། །དོ་ནུབ་བྱམས་པའི་ལན་གཅིག་ལྡོན། །དོ་ནུབ་སྔ་མའི་གཏང་རག་གཏོང་། །དོ་ནུབ་ཕྱི་མའི་ཞུ་སྐྱེམས་འབུལ། །དོ་ནུབ་ཁྱོད་ཀྱི་ཐུགས་དམ་བསྐང་། །མ་ཧཱ་ཀཱ་ལའི་ཐུགས༴ ལེགས་ལྡན་ནག་པོའི་ཐུགས༴ ཚོགས་བདག་ཆེན་པོའི་ཐུགས༴ དུར་ཁྲོད་བདག་པོའི་ཐུགས༴ སྒྲོལ་གིང་ཆེན་པོའི་ཐུགས༴ ཀྲོ་དྷཱི་ཤྭ་རཱིའི་ཐུགས༴ ལས་མགོན་ནག་པོའི་ཐུགས༴ ཀྲོ་དྷ་ཁྲོ་བོའི་ཐུགས༴ ཡཀྴ་གནོད་སྦྱིན་ཐུགས༴ རཀྴ་སྲིན་པོའི་ཐུགས༴ འདོད་ཁམས་བདག་མོའི་ཐུགས༴ དུར་ཁྲོད་མ་ཚོགས་ཐུགས༴ འཁོར་ཚོགས་རྒྱ་མཚོའི་ཐུགས༴ ཕོ་ཉ་ཕྱག་བརྙན་ཐུགས༴ ཡང་སྤྲུལ་འབུམ་སྡེའི་ཐུགས་དམ་བསྐང་། །བསྐང་ངོ་བཤགས་སོ་ཐུགས་དམ་ཅན། །དམ་ཅན་ཐུགས་དམ་བསྐངས་གྱུར་ནས། །བདག་གི་ཉམས་ཆག་བྱང་བར་མཛོད། །དངོས་གྲུབ་བསྒྲུབ་ལ་བར་གཅོད་པའི། །འགལ་རྐྱེན་བར་ཆད་ཞི་བ་དང་། །མཐུན་རྐྱེན་བསམ་པ་ཐམས་ཅད་སྒྲུབས། །རྟག་ཏུ་ཐུགས་དམ་མ་གཡེལ་བར། །བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་བསྐང་བ་བྱའོ། །གསུམ་པ་བཤགས་པ་བྱ་བ་ནི། ཧོཿ ཡོན་ཏན་ལྷུན་རྫོགས་དངོས་གྲུབ་སྩོལ་མཛད་པའི། །རྩ་བརྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་ལྷ། །དཔལ་ཆེན་རྡོ་རྗེ་སྲིན་པོ་ཁྲོ་བོའི་རྒྱལ། །ལེགས་ལྡན་ནག་པོ་འཁོར་བཅས་དགོངས་སུ་གསོལ། །ཐེག་ཆེན་གསང་སྔགས་བླ་མེད་སྒོར་ཞུགས་ནས། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས། །རྟག་ཏུ་བསྲུང་ཞིང་སྡོམ་པར་ཁས་བླངས་ནས། །ཉམས་ཆག་འགལ་འཁྲུལ་ནོངས་པ་མཐོལ་ལོ་བཤགས། །ཐུན་བཞིའི་རྣལ་འབྱོར་སྒོམ་པར་ཁས་བླངས་ནས། །ཐ་མལ་ལས་ལ་ཡེངས་པ་མཐོལ་ལོ་བཤགས། །བདེ་གཤེགས་ཐུགས་རྒྱུད་བསྐུལ་བར་ཁས་བླངས་ནས། །དོན་མེད་ལོང་གཏམ་སྨྲས་པ་མཐོལ༴ དམིགས་མེད་ཡེ་ཤེས་བསྒོམ་པར་ཁས་བླངས་ནས། །དུག་གསུམ་རྟོག་པའི་དབང་གྱུར་མཐོལ༴ ཕྱི་ནང་གསང་རྟེན་འཛུགས་པར་ཁས་བླངས་ནས། །དགོས་པའི་དམ་རྫས་མ་ཚང་མཐོལ༴ རྟག་ཏུ་མཆོད་བསྟོད་བསྙེན་པར་ཁས་བླངས་ནས། །སྙོམ་ལས་ལེ་ལོས་ཡེངས་པ་མཐོལ༴ མན་ངག་སྦས་ནས་བསྒྲུབ་པར་ཁས་བླངས་ནས། །གསང་བའི་གཉེར་ཁ་འཆོལ་བ་མཐོལ༴ དམ་རྫས་ཕུད་ཀྱིས་མཆོད་པར་ཁས་བླངས་ནས། །འབགས་བཙོག་ཉམས་པར་གྱུར་པ་མཐོལ༴ རྒྱལ་བའི་བཀའ་བཞིན་བསྒྲུབ་པར་ཁས་བླངས་ནས། །གཟུ་ལུམ་རས་ཆོད་བགྱིས་པ་མཐོལ༴ ཟོལ་མེད་དམ་ཚིག་བསྲུང་བར་ཁས་བླངས་ནས། །ཉམས་གྲིབ་སྐྱོན་གྱིས་ཕོག་པ་མཐོལ༴ སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི །དམ་ཚིག་འགལ་བ་མ་ལུས་སོ་སོར་བཤགས། །མཐོལ་བཤགས་འབུལ་ལོ་ཚངས་པར་མཛད་ནས་ཀྱང་། །དངོས་གྲུབ་མཆོག་གིས་བདག་རྒྱུད་གཏམས་པར་མཛོད། །ཅེས་དང་ཡི་གེ་བརྒྱ་པ་མང་དུ་བཟླའོ། །དེ་ནས་མདོས་ཀྱི་སྐོང་བ་བྱེད་པར་སྤྲོ་ན་སྐབས་འདིར་བྱ་སྟེ་ལོགས་སུ་བལྟའོ། །གསུམ་པ་ཚོགས་ཐ་མ་དང་འབྲེལ་བར་དྲག་པོའི་ཕྲིན་ལས་སྤྱི་ཙམ་དུ་སྒྲུབ་པ་ནི། ཚོགས་ཟན་དམིགས་བྱའི་གཟུགས་སུ་བཅས་པའམ་མོས་ཏེ། རང་གི་སྙིང་ག་ནས་སྤྲོས་པའི་ཕོ་ཉ་རྣམས་ཀྱིས་གནོད་བྱེད་དགྲ་བགེགས་ཐམས་ཅད་བཀུག་ནས་བསྟིམ་པར་བསམ་ཞིང་། བདེན་པའི་སྟོབས་བརྗོད་དེ་དགུག་གཞུག་བྱས་ལ་དྲག་སྔགས་ཀྱི་མཐར་གནོད་བྱེད་ཨཱ་ཀརྵ་ཡ་ཛཿཛཿ ཛཿཧཱུྃ་བཾ་ཧོཿ ཞེས་འགུག་གཞུག་བྱ། མཚོན་ཆས་གདབ་ཅིང་། ཧཱུྃ། དུར་ཁྲོད་སྒྲོལ་གིང་ཚོགས་ཀྱི་བདག །ལེགས་ལྡན་ནག་པོ་མ་རུངས་པ། །རྒྱལ་བའི་བསྟན་པ་བསྲུང་བའི་ཕྱིར། ཁྲམ་ལ་བཏབ་པའི་དགྲ་བགེགས་རྣམས། །མཱ་ར་ཡ་ཡི་ལས་བཅོལ་གྱིས། །ཚེ་སྲོག་ཧུར་ཐུམས་མྱུར་དུ་སྒྲོལ། །རོལ་ཅིག་དགོངས་ཤིག་དམ་ཚིག་ཅན། ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །ཞེ་སྡང་དྲེགས་པའི་འཁོར་ཚོགས་རྣམས། །སེམས་ཅན་གདུག་པའི་སྲོག་ཕྲོགས་ལ། །ཤ་ལ་ཟོ་ཞིག་ཁྲག་ལ་ཐུངས། །དམ་ཉམས་དགྲ་བོ་མྱུར་དུ་སྒྲོལ། །མཱ་ར་ཡ་ཡི་དུས་ལ་བབ། ༼།ཨོཾ་བྷུ་རུ་ཀུ་རུ་ཨི་ཙི་ཀི་བྱི་ཨུ་ཙུཥྨ་ཀྲོ་དྷ་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད། ཨོཾ་བཛྲ་ཀྲོ་དྷ་ཛྭ་ལ་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད། ཨོཾ་བཛྲ་རཀྴ་ཛྭ་ལ་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད། ཨོཾ་བཛྲ་ཡཀྴ་ཛྭ་ལ་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད། ཨོཾ་བཛྲ་ཙིཏྟ་ཛྭ་ལ་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད།་་་མཆན།༽་་་གཞི་སྙིང་བསྒྲིལ་བའི་སྔགས་ཀྱི་མཐར་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་ཅེས་ལིངྒ་དུམ་བུར་གཏུབས་པའི་ཤ་ཁྲག་བདུད་རྩིར་སྤེལ་བ་ཞལ་དུ་སྟོབ་ཅིང་། ཧོཿ དུས་གསུམ་བདེ་གཤེགས་རྒྱལ་བའི་ཞལ་དུ་ཁ་རཾ་ཁཱ་ཧི། བཅོམ་ལྡན་རྡོ་རྗེ་སྲིན་པོའི་ཞལ་དུ་ཁ་རཾ༴ དཔལ་མགོན་ལེགས་ལྡན་ནག་པོའི་ཞལ་དུ༴ ཡུམ་ཆེན་ཁྲོ་མོའི་དབང་ཕྱུག་ཞལ་དུ༴ བཀའ་སྡོད་དྲེགས་པ་རྣམ་བཞིའི་ཞལ་དུ༴ ཕོ་ཉ་འཁོར་ཚོགས་རྒྱ་མཚོའི་ཞལ་དུ༴ དུག་གསུམ་ཤ་ཁྲག་མཆོད་པ་བཞེས་ཤིག༴ བཞེས་ཤིག་རོལ་ཅིག་དགྱེས་པར་རོལ་ཅིག་ཁ་རཾ་ཁཱ་ཧི། མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཨ་མྲྀཏ་པཱུ་ཛ་ཁཱ་ཧི། ཞེས་སྟོབ་པ་བྱས་ནས་ཚོགས་ལ་རོལ་ཅིང་ལྷག་མ་བསྔོ་བ་སོགས་སྤྱི་ལྟར་རོ། །བཅུ་གསུམ་པ་དྲག་པོའི་ལས་ལ་ཆེད་དུ་བསྐུལ་བ་ལ་གཉིས་ལས། དང་པོ་དྲག་སྔགས་བཟླ་བ་ནི། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་མེའི་ཕུང་པོ་ལྟ་བུ་འཕྲོས། མགོན་པོའི་ཐུགས་རྒྱུད་བསྐུལ་བས་དེ་ཉིད་ཁྲོས་འཁྲུགས་རྔམས་པས་འཁོར་རྣམས་བསྐུལ། དེ་རྣམས་ཀྱིས་ཀྱང་སྤྲུལ་པའི་ཕོ་ཉ་མཚོན་ཆ་ཅན་དཔག་མེད་བུ་ཡུག་འཚུབ་པ་ལྟར་སྤྲོས་པས་དགྲ་བགེགས་ཐམས་ཅད་བསད་བཅད་ཟོས་པར་བསམ་ཞིང་སྔར་གྱི་སྔགས་རྣམས་ཅུང་ཟད་བཟླས་པའི་མཐར། ཨོཾ་བྷུར་ཀུར་མ་ཧཱ་ཀཱ་ལ་ནྲྀ་ཐུམས་ལཾ་ཐུམས་རིལ་རྦད་བུ་ནྲྀ་ཛཿ དགྲ་བོའི་སྙིང་ལ་ཡ། ཏྲག་རཀྴ་མཱ་ར་ཡ་ཐུམས་རིལ་རྦད། དགྲ་བོའི་སྙིང་ཁ་རག་ནི་ཛཿབྷྱོ་བྷྱོ། ཞེས་བརྒྱ་རྩ་སོགས་ཅི་ནུས་དྲག་ཏུ་བཟླའོ། །གཉིས་པ་བསྐུལ་དངོས་ནི། སྨན་རག་གི་ཕུད་ཀྱིས་མཆོད་ཅིང་། ཧཱུྃ། ཚོགས་ཀྱི་བདག་པོ་མཐུ་བོ་ཆེ། །བར་སྣང་ཁམས་ན་བཞུགས་ཙ་ན། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །ལག་ཏུ་རྡོ་རྗེ་བྱིན་ནས་ནི། །དབང་བསྐུར་མིང་བཏགས་མངའ་གསོལ་བ། །མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །ཚོགས་བདག་རྡོ་རྗེ་ཐོད་ཕྲེང་རྩལ། །བདག་གིས་བསྙེན་ཅིང་བོས་པའི་ཚེ། །མཆོད་པ་དམ་པ་འདི་བཞེས་ལ། །ཕྲིན་ལས་སྙན་སྙུན་གསོལ་བ་ནི། །ལྷ་ཡི་དགྲ་བླར་མངའ་གསོལ་བས། །ལྷ་མིན་འདུལ་བའི་མཐུ་བོ་ཆེ། །གདུག་པའི་དགྲ་བགེགས་རྡུལ་དུ་རློགས། །སྐུ་ལ་མཚོན་ཁྲབ་ནག་པོ་གསོལ། །གཡས་པ་གསལ་ཤིང་དགྲ་ལ་ཕྱར། །གཡོན་པ་ཤུན་གྱི་མདུང་རིང་བསྣམས། །ཞལ་གདངས་མཆེ་གཙིགས་ཐོག་སེར་འབེབ། །ཚུར་སྤྱོན་དྲག་པོའི་ཕྲིན་ལས་མཛོད། །ཧཱུྃ། བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡིས། །འགྲོ་བའི་དོན་དུ་མ་ལ་ཡར། །ཀོ་ཀ་ཐང་དམར་ལངྐའི་ཡུལ། །དྲག་ཤུལ་ཡོད་པའི་རྩེ་མོ་རུ། །བདུད་རྒྱལ་ནག་པོ་བཏུལ་ནས་ནི། །ཐུགས་རྗེའི་འབྲེལ་པས་འདམ་ནས་བཏོན། །དབང་བསྐུར་མིང་བཏགས་དམ་ཚིག་ཕོག །ཆོས་སྐྱོང་སྲུང་མར་དམ་བཅས་ནས། །རིགས་ངན་རྒྱལ་བའི་སྲས་སུ་བྱས། །དེ་ཚེ་ཁྱོད་ཀྱིས་ཁས་བླངས་ནས། །རྣལ་འབྱོར་ཡོངས་ཀྱི་གྲོགས་བྱ་ཞིང་། །གཙུག་གི་ནོར་བུ་འབར་བ་ལྟར། །བཀུར་ཞིང་དགོས་པ་ཀུན་སྒྲུབ་པའི། །དམ་ལས་མ་འདའ་ཕྲིན་ལས་མཛོད། །བསྟན་པ་སྲུང་བའི་མགོན་གྱུར་པས། །དེ་ཕྱིར་མགོན་པོ་ནག་པོར་གྲགས། ཁྱོད་ནི་སྡེ་བརྒྱད་ཀུན་གྱི་རྗེ། །དེ་ཕྱིར་ལངྐའི་བདག་པོར་གྲགས། ཁྱོད་ནི་ལྷ་སྲིན་ཚོགས་ཀྱི་བདག །དེ་ཕྱིར་ཚོགས་བདག་ཆེན་པོར་གྲགས། ཁྱོད་ནི་དམ་ཆོས་སྒྲུབ་པའི་གྲོགས། །དེ་ཕྱིར་ལེགས་ལྡན་ནག་པོར་གྲགས། ཁྱོད་ནི་མ་མོ་ཀུན་གྱི་གཙོ། །དེ་ཕྱིར་དུར་ཁྲོད་བདག་པོར་གྲགས། །དམ་ཉམས་རྣམས་ཀྱི་གཤེད་མ་མཛད། །དེ་ཕྱིར་སྒྲོལ་གིང་ཆེན་པོར་གྲགས། །མཚན་དྲུག་ནས་ནི་བསྐུལ་ལགས་ན། །གྲུ་གསུམ་མཐིང་ནག་ལྕགས་མཁར་ནས། །སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །དམར་གྱི་གཏོར་མ་འདི་བཞེས་ལ། །དགྲ་བགེགས་སྒྲོལ་བའི་ཕྲིན་ལས་མཛོད། །དུས་ངན་གདུལ་དཀའི་སེམས་ཅན་རྣམས། །མ་ཐོགས་མྱུར་དུ་བསྒྲལ་བའི་ཕྱིར། །རྣལ་འབྱོར་ཆེན་པོས་ཡོངས་བསྟོད་ཅིང་། ཁྱོད་ལ་མཐུན་པའི་རྫས་འབུལ་གྱིས། །སྔོན་གྱི་བསྐལ་པ་དང་པོ་ལ། ཁས་བླངས་དམ་བཅས་མནའ་བོར་བའི། །དམ་བཅའི་ཐ་ཚིག་མ་འདའ་ཞིག །སྔོན་ཡང་རིག་འཛིན་གོང་མས་བསྒྲུབས། །ད་ལྟ་རྣལ་འབྱོར་བདག་བསྐུལ་ན། །བམ་རིལ་ཐོད་པའི་མཁར་རྩེ་ནས། །སྒྲོལ་གིང་ཆེན་པོ་སྐུ་སྐྱོད་ཅིག །རུ་མཚོན་ནག་པོ་པུ་རུ་རུ། །མཚོན་ཆ་སྣ་ཚོགས་ཆར་དུ་འབེབ། །བདུད་མདའ་ནག་པོ་ཟངས་སེ་ཟང་། །བདུད་བྱ་ནག་པོ་ལྡིང་ཞིང་འཇུམ། །སྣ་ཚོགས་དུར་ཁྲོད་རྒྱན་རྣམས་རྫོགས། །མཆེ་གཙིགས་རྔམས་པའི་ཞལ་གདངས་ནས། །ཉམས་པའི་སྙིང་ཁྲག་ཞལ་དུ་གསོལ། །ལྷ་ཆེན་ཁྱོད་ཀྱི་བཀའ་འཁོར་ན། །སྤྲུལ་པའི་ཁྲོ་བོ་ཁྲོ་མོ་འཁྲིགས། །སྲིན་པོ་སྲིན་མོ་སྐན་སྒྲ་རྡེབ། །གནོད་སྦྱིན་ཕོ་མོའི་དམག་དཔུང་བསྡོག །ཟ་བྱེད་ཕོ་མོ་ཤ་ཁྲག་རོལ། །བང་ནི་གློག་འགྱུ་ང་རོ་འབྲུག །སོ་སོའི་བཞུགས་གནས་ཐ་དད་པའི། །ཡིད་བཞིན་ནོར་བུའི་ཐུགས་དམ་ནི། །ཡོངས་སུ་རྫོགས་པ་སྒྲུབ་པར་བྱོས། །ཚོགས་བདག་ཆེན་པོ་འཁོར་བཅས་ཀྱི། །ཐུགས་དམ་གཉན་པོའི་དུས་ལ་བབ། །ཅེས་བསྐུལ་ཞིང་ཕྲིན་ལས་གསོལ་ལོ། །ཐུན་མོང་མ་ཡིན་པའི་ལས་སྦྱོར་སྒྲུབ་པར་འདོད་ན་དེའི་མན་ངག་ནི་གཞན་དུ་བལྟའོ། །བཅུ་བཞི་པ་གཏོར་མ་སྟོབ་པ་ནི། རྒྱུན་གྱི་ཕྲིན་ལས་ལ་ཐུན་གཏོར་ཉིད་དང་གཞན་དུ་སྐོང་གསོའི་གཏོར་མ་གང་བཤམས་གཏོང་བ་སྟེ། རཀྟ་བྲན་ལ་དམིགས་བྱ་དགུག །སྨན་ཕུད་བྲན་ནས་བདུད་རྩིར་སྤེལ། སྟོབ་པ་དངོས་ལ། ཧཱུྃ། ལྷ་ཡི་སྡེ་དཔོན་ཚོགས་ཀྱི་བདག །ལེགས་ལྡན་ནག་པོ་མཐུ་བོ་ཆེ། །ཉེ་གནས་ཀྲོ་དྷཱི་ཤྭ་རཱི་མ། །གིང་དང་གནོད་སྦྱིན་སྲིན་པོ་དང་། །མ་མོ་མཁའ་འགྲོ་ཕོ་ཉ་དང་། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས། །ཟག་མེད་འདོད་ཡོན་བདུད་རྩི་ཡི། །དམ་རྫས་མཆོད་གཏོར་འདི་བཞེས་ལ། །དེང་འདིར་བཅོལ་པའི་ཕྲིན་ལས་མཛོད། །སྔར་བཅོལ་ལས་ཀྱི་གཏང་རག་མཛོད། །ཕྱི་བཅོལ་ལས་ཀྱི་གསོས་སུ་བཞེས། །སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས། །དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་བསྟོད། །སློབ་དཔོན་སྐུ་དགྲ་ཁྱོད་ཀྱིས་ཐུལ། །སྒྲུབ་པ་པོ་ཡི་སྟོངས་གྲོགས་མཛོད། །བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་གཏོར་མ་སྒྲུབ་ཁང་གི་ཡང་ཐོག་སོགས་གཙང་སར་བསྐྱལ་ལོ། །བཅོ་ལྔ་པ་མཆོད་ཅིང་གསོལ་བ་ནི། སླར་ཡང་ཨརྒྷཾ་ནས་ཤབྡའི་བར་གྱིས་ཕྱི་མཆོད་དང་སྨན་རག་གཏོར་མས་མཆོད། བསྟོད་ཐུང་གིས་བསྟོད་ལ་ཕྲིན་ལས་སྨོན་ལམ་དུ་གསོལ་བ་ནི། ཧོཿ མགོན་པོ་ཁྱོད་མཆོད་བྱིན་རླབས་ཀྱིས། །ཕྱོགས་དང་དུས་ནི་ཐམས་ཅད་དུ། །སེམས་ཅན་ལེགས་དོན་འབྱོར་པ་ལ། །གེགས་ཀྱི་གནོད་པ་ཀུན་མེད་ཤོག །རྟ་དང་གླང་པོ་ནོར་དང་འབྲུ། །བུ་ཚ་ཕ་མ་གཉེན་བཤེས་རྣམས། །དགེ་ཞིང་ཚེ་རིང་ནད་མེད་པར། །ཐམས་ཅད་འབྱོར་པ་ལྡན་པར་ཤོག །འགྲོ་བ་ཉེས་མེད་བདེ་གྱུར་ནས། །ནད་དང་མུ་གེ་ཀུན་བྲལ་ཤོག །རྒྱལ་པོ་དགེ་ཞིང་དེས་པ་རྣམས། །ཆོས་ཀྱི་རྒྱལ་སྲིད་སྐྱོང་བར་ཤོག །བདེ་བར་གཤེགས་པའི་བསྟན་པ་ནི། །ཕྱོགས་དུས་ཀུན་ཏུ་རྒྱས་པ་དང་། །མྱུར་དུ་སེམས་ཅན་ཐམས་ཅད་ཀྱང་། །ཆོས་ཀྱི་སྣོད་དུ་འགྱུར་བར་ཤོག །དགེ་བ་ཐམས་ཅད་ཡོངས་བསྔོ་ཞིང་། །མགོན་པོ་ཁྱོད་མཆོད་བྱིན་རླབས་ཀྱིས། །བདག་ཅག་འཁོར་དང་བཅས་པ་རྣམས། །ལོངས་སྤྱོད་རྣམ་གཉིས་རྫོགས་པ་དང་། །བདག་གཞན་བྱང་ཆུབ་མཆོག་ཐོབ་ནས། ཁྱོད་དང་མི་འབྲལ་འགྲོགས་པར་ཤོག །ཅེས་སྨོན་ལམ་དུ་གསོལ་ལོ། །བཅུ་དྲུག་པ་ནོངས་བཤགས་ནི། ཡི་གེ་བརྒྱ་པ་ཅི་ནུས་སུ་བཟླ་ཞིང་། མ་རྙེད་ཡོངས་སུ་མ་ཚང་དང་། །ཞེས་སོགས་ཀྱིས་བཟོད་པར་གསོལ་ལོ། །བཅུ་བདུན་པ་རྗེས་བསྡུ་ནི། རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་བཛྲ་མུཿས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ཉིད་ལ་བསྟིམ། སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་ཡིག་གིས་མཚན་པར་གྱུར། བཛྲ་རཀྵ་ཧཾ་གིས་བདག་བསྲུང་། སླར་ཡང་བསྔོ་སྨོན་དང་བཀྲ་ཤིས་ཅི་རིགས་པ་བྱའོ། །སངས་རྒྱས་ཀུན་དངོས་དཔལ་ཆེན་ཧེ་རུ་ཀ །རང་གི་བསྟན་པ་སྲུང་ཕྱིར་ཕྲིན་ལས་བཞིས། །རྣམ་རོལ་ལེགས་ལྡན་ནག་པོ་ཚོགས་ཀྱི་བདག །མཆོད་པའི་ཕྲིན་ལས་མདོ་ཙམ་བརྗོད་པ་སྟེ། །རྒྱུད་ལུང་རྩ་བའི་གནད་རྣམས་མ་འཆུགས་ཤིང་། །རིག་འཛིན་བརྒྱུད་པའི་ཕྱག་བཞེས་མན་ངག་བཅས། །ཚང་ཞིང་གསལ་བར་བརྗོད་ལས་ཕྲིན་ལས་བཞི། །ལྷུན་གྲུབ་ཧེ་རུ་ཀ་དཔལ་མྱུར་ཐོབ་ཤོག །དཔལ་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོའི་སྒྲུབ་ཐབས་ཕྲིན་ལས་ཀྱི་ཆོ་ག་ལས་བཞི་རྣམ་རོལ་ཞེས་བྱ་བ། གང་ལས་སྟོན་པ་རྩ་བའི་རྒྱུད་ལུང་དང་ཁྱད་པར་གྱི་སྒོས་རྒྱུད་མན་ངག་གི་གཞུང་རྣམས་ལ་བརྟེན་ཅིང་། བདེ་གཤེགས་ཟུར་ཆུང་གིས་མཛད་པའི་ཆོ་གའི་ཁྲིགས་ལ་གཞི་བྱས་ནས་བྱིན་རླབས་ཀྱི་ཚན་ཁ་མི་ཉམས་པའི་ཕྱིར་ཡིག་རྙིང་ཁུངས་མ་ཁོ་ན་ཁྲིགས་བསྡེབས་བཀླག་ཆོག་གི་ཚུལ་དུ་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭར་སྦྱར་བའོ།། །།

ལམ་ཟབ་བླ་མ་སྒྲུབ་པ་ལས༔ ཚེ་སྒྲུབ་རྡོ་རྗེའི་སྙིང་པོ་ (Volume 49, Text 1)

ྈ ལམ་ཟབ་བླ་མ་སྒྲུབ་པ་ལས༔ ཚེ་སྒྲུབ་རྡོ་རྗེའི་སྙིང་པོ་བཞུགས་སོ༔ ྈྈྈྈྈྈ གུ་རུ་དྷེ་བ་དྷཱ་ཀི་ནཱི༔ ལམ་ཟབ་བླ་མ་སྒྲུབ་པ་ལས༔ རིག་འཛིན་ཚེ་ཡི་སྒྲུབ་ཐབས་ནི༔ རྒྱུད་ལས༔ ཚེ་སྒྲུབ་རྡོ་རྗེའི་སྙིང་པོ་ནི༔ བཀྲ་ཤིས་གནས་སུ་སྟེགས་བུའི་དབུས༔ བྷནྡྷ་མཚན་བཟང་བདུད་རྩིས་གཏམས༔ གཞན་ཡང་མཆོད་ཚོགས་མཛེས་པར་བཤམ༔ ཞེས་པས༔ རིག་འཛིན་གོང་མས་བྱིན་གྱིས་བརླབས་ཤིང་བཀྲ་ཤིས་པའི་དབེན་གནས་སུ༔ སྟེགས་བུ་དམར་པོ་ལ་མེ་ཏོག་སིལ་མ་བཀྲམ༔ ཐོད་པ་མཚན་བཟང་གི་ནང་དུ་བཅུད་ལེན་གྱི་སྨན་དང་ཨ་མྲྀཏ་འབྲུ་བཅུད་བཟང་པོ་སྦྱར་བ་དང༔ བཅུད་ལེན་གྱི་རིལ་བུ་བཅས་བཤམ༔ གཞན་ཡང་སྨན་གཏོར་རཀྟ་མཆོད་ཚོགས་བག་དྲོ་བརྗིད་ལྡན་གྱིས་མཛེས་པར་བྱའོ༔ དེ་ནས་དངོས་གཞི་ནི༔ རྒྱུད་ལས༔ བགེགས་བསྐྲད་མཚམས་གཅོད་སྐྱབས་སེམས་སོགས༔ སྔོན་དུ་འགྲོ་བས་རྒྱུད་སྦྱངས་ལ༔ བདག་མདུན་འཆི་མེད་ཚེ་ཡི་བདག༔ པདྨ་བཛྲ་ཡབ་ཡུམ་གསལ༔ སྤྱན་དྲངས་མཆོད་ཚོགས་ཅི་རིགས་འབུལ༔ ཞེས་པས༔ བགེགས་ལ་གཏོར་མ་སྦྱིན་ནས་བསྐྲད༔ སྲུང་བའི་འཁོར་ལོས་མཚམས་གཅད༔ སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད༔ མཆོད་གཏོར་བྱིན་གྱིས་བརླབ༔ དེ་ནས་ལྷ་བསྒོམ་པ་ནི༔ ཧྲཱི༔ འདི་ལྟར་སྣང་བའི་དངོས་ཀུན་གདོད་ནས་སྟོང༔ སྟོང་པའི་རིག་རྩལ་འགག་པ་མེད་པའི་གདངས༔ སྣོད་བཅུད་པདྨ་ཚེ་ཡི་ཕོ་བྲང་དབུས༔ མ་བཅོས་ལྷུན་རྫོགས་མགོན་པོ་ཚེ་ཡི་བདག༔ པདྨ་བཛྲ་དམར་གསལ་ཆགས་ཉམས་རྒྱས༔ ཁྲོ་འཛུམ་མཆེ་བ་བཞི་གཙིགས་སྤྱན་གསུམ་པ༔ ཕྱག་གཉིས་པདྨ་ཚེ་ཡི་བུམ་པ་འཛིན༔ གསང་བ་ཡེ་ཤེས་མནྡཱ་ར་བ་འཁྲིལ༔ དར་དང་རིན་ཆེན་ཨུཏྤལ་རུས་པས་བརྒྱན༔ རྡོ་རྗེའི་སྐྱིལ་ཀྲུང་པད་ཉི་ཟླ་བའི་སྟེང༔ སྣང་སྟོང་ཟུང་འཇུག་འོད་ཀྱི་སྐུར་གསལ་བའི༔ ཐུགས་ཀར་ཚེ་དཔག་མེད་མགོན་ཡབ་ཡུམ་གྱི༔ འོད་ཟེར་འཕྲོས་འདུས་ཡེ་ཤེས་སྤྱན་དྲངས་བསམ༔ སྤྱན་འདྲེན་ནི༔ ཧྲཱི༔ ནུབ་ཕྱོགས་ཨོ་རྒྱན་དབང་གི་ཕོ་བྲང་ནས༔ འཆི་མེད་པདྨ་བཛྲ་ཡབ་དང་ཡུམ༔ ཚེ་ལྷ་རིག་འཛིན་མཁའ་འགྲོའི་ཚོགས་དང་བཅས༔ ཐུགས་རྗེའི་དབང་གིས་འདིར་གཤེགས་བརྟན་པར་བཞུགས༔ བཛྲ་ས་མ་ཡ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ན་མོ༔ དྲན་པས་ཚེ་དང་ཡེ་ཤེས་ཀྱི༔ དངོས་གྲུབ་མཆོག་སྩོལ་རིགས་བརྒྱའི་བདག༔ པདྨ་བཛྲ་ཚེ་ཡི་ལྷར༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ མཆོད་པ་འབུལ་བ་ནི༔ ཧྲཱི༔ པདྨ་ཚེ་ཡི་ལྷ་ཚོགས་ལ༔ ཉེར་སྤྱོད་འདོད་ཡོན་ཕྱི་མཆོད་འབུལ༔ སྨན་གཏོར་རཀྟ་ནང་མཆོད་འབུལ༔ བདེ་ཆེན་གསང་བའི་མཆོད་པ་འབུལ༔ བློ་བྲལ་མཆོག་གི་མཆོད་པ་འབུལ༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་སོགས། ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཚོགས་ཀྱི་མཆོད་པ་ནི༔ རཾ་ཡཾ་ཁཾ་གིས་བསང་སྦྱང༔ ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱི༔ ཞེས་པས་བྱིན་གྱིས་བརླབས་ལ་འབུལ་བ་ནི༔ ཧྲཱི༔ པདྨ་ཚེ་ཡི་ལྷ་ཚོགས་ལ༔ ཞལ་ཟས་ཚོགས་མཆོད་འབུལ་བ་ནི༔ སྣོད་ཀྱི་འཇིག་རྟེན་བྷནྡྷ་རུ༔ བཅུད་ཀྱི་འགྲོ་དྲུག་ཚོགས་སུ་སྤུངས༔ དགོངས་བརྒྱུད་དག་པས་བྱིན་བརླབས་པའི༔ ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ཆེ༔ འདོད་ཡོན་ལྔ་ལྡན་མཆོད་པ་འདི༔ འཆི་མེད་ལྷ་ཚོགས་རྣམས་ལ་འབུལ༔ ཉམས་ཆག་སྡིག་སྒྲིབ་ཉེས་ལྟུང་བཤགས༔ ཚེ་བདུད་བར་ཆད་བཀུག་ཅིང་བསྒྲལ༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ བཟླས་བརྗོད་བྱ་བ་ནི༔ རྒྱུད་ལས༔ ཐུགས་སྲོག་སྔགས་ཕྲེང་གསལ་བཏབ་ལ༔ འོད་ཟེར་བདུན་གྱིས་ཚེ་བཅུད་བསྡུས༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཔདྨ་བཛྲ་དྷུ་མ་གྷ་ཡེ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ འབུམ་ཕྲག་གཅིག་བཟླས་ཚེ་གེགས་ཞི༔ ཟླ་དྲུག་བརྩོན་པས་འཆི་མེད་འགྲུབ༔ ཐུན་མཐར་བསྟོད་ཅིང་ཐུགས་དམ་བསྐུལ༔ ཕྱག་རྒྱ་བདུན་གྱིས་ཚེ་རྒྱས་གདབ༔ ཅེས་པས་ཛཔ྄་དགོངས་གསལ་གདབ་པ་ནི༔ རང་གི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཚེ་དཔག་མེད་ཡབ་ཡུམ་དུ་གསལ་བའི་ཡབ་ཀྱི་ཐུགས་ཀའི་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཧྲཱིཿཡིག་གིས་མཚན་པའི་མཐར་སྔགས་ཀྱི་ཕྲེང་བ་རང་སྒྲ་སྒྲོག་ཅིང་འོད་ཟེར་བཅས་གསལ་བཏབ་བོ༔ ཚེ་བཅུད་བསྡུ་བ་ནི༔ བཟླས་པའི་རྐྱེན་གྱིས་ཐུགས་སྲོག་དང་སྔགས་ཕྲེང་ལས་འོད་ཟེར་རིམ་བཞིན་དུ་འཕྲོས་པས༔ རང་གི་བླ་ཚེ་ཆད་ཉམས་ཡར་པ་ཐམས་ཅད་དང༔ འབྱུང་བ་ཆེན་པོ་ས༔ ཆུ༔ མེ༔ རླུང་གི་བཅུད༔ སེམས་ཅན་གྱི་ཚེ་བསོད༔ འཕགས་པའི་ཐུགས་རྗེ་ཡེ་ཤེས་ཐམས་ཅད་འོད་ཟེར་བདུད་རྩིའི་རྣམ་པར་བཀུག་སྟེ་ཐུགས་སྲོག་ས་བོན་ལ་སིབ་སིབ་ཐིམ་པས་འཆི་མེད་རྡོ་རྗེའི་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་པར་བསམས་ལ་སྔགས་དག་ཅིང་སེལ་མེད་པར་བཟླ་འོ༔ ཐུན་མཐར་མཆོད་པ་སྔོན་དུ་འགྲོ་བས་བསྟོད་པ་ནི༔ ཧྲཱི༔ རང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ ཐུགས་རྗེའི་ཆགས་པ་རཱ་གའི་མདངས་འོད་འཚེར༔ ཚེ་དང་ཡེ་ཤེས་དངོས་གྲུབ་མཆོག་སྩོལ་བ༔ པདྨ་བཛྲ་རྩལ་ལ་ཕྱག་འཚལ་བསྟོད༔ བསྐུལ་བ་ནི་ཚེ་མདའ་གཡབ་ཅིང༔ ཧྲཱི༔ ཚེ་བདག་པདྨ་བཛྲ་རྩལ༔ གསང་བ་ཡེ་ཤེས་མནྡཱ་ར༔ ཡབ་ཡུམ་མཉམ་སྦྱོར་འཕྲོ་འདུ་ལས༔ ཕོ་ཉ་མགྱོགས་མ་ཕྱོགས་བཅུར་སྤྲོས༔ ཧྲཱི༔ རིག་འཛིན་རྣལ་འབྱོར་བདག་ཅག་གི༔ བླ་ཚེ་ཆད་ཉམས་ཡར་པ་ཁུག༔ འབྱུང་བཞིའི་བཅུད་ཀྱི་དྭངས་མ་ཁུག༔ ཁམས་གསུམ་སྐྱེ་འགྲོའི་ཚེ་བསོད་ཁུག༔ ཕྱོགས་བཅུའི་རྩ་གསུམ་རྒྱལ་བ་ཡི༔ ཐུགས་རྗེ་བྱིན་རླབས་ནུས་མཐུ་ཁུག༔ དམ་ཚིག་ཚེ་ཡི་རྫས་ལ་སྟིམས༔ རྣལ་འབྱོར་ལུས་ངག་ཡིད་ལ་སྟིམས༔ རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ ཚེ་བྷྲཱུྃ་གཡུ་བྷྲཱུྃ་གཡུ་ཚེ་བྷྲཱུྃ༔ ཨཱ་ཡུརྫྙཱ་ན་གཡུ་ཚེ་བྷྲཱུྃ༔ རྒྱས་གདབ་པ་ནི༔ ཧྲཱི༔ དང་པོ་ཐིག་ལེ་ཉག་གཅིག་རྒྱ༔ གཉིས་པ་ཐབས་དང་ཤེས་རབ་རྒྱ༔ གསུམ་པ་སྐུ་གསུང་ཐུགས་ཀྱི་རྒྱ༔ བཞི་པ་ཚད་མེད་བཞི་ཡི་རྒྱ༔ ལྔ་པ་ཡེ་ཤེས་ལྔ་ཡི་རྒྱ༔ དྲུག་པ་ཕ་རོལ་ཕྱིན་དྲུག་རྒྱ༔ བདུན་པ་དགོངས་པའི་རྩལ་གྱི་རྒྱ༔ ཕྱག་རྒྱ་བདུན་གྱི་རྒྱས་གདབ་པས༔ ཚེ་སྲོག་སེམས་ཀྱི་དབྱིངས་སུ་བསྟིམས༔ སེམས་ཉིད་གཉུག་མ་སྐྱེ་འཆི་བྲལ༔ རྡོ་རྗེ་སྙིང་པོའི་རང་བཞིན་ནོ༔ བཛྲ་ཛྙཱ་ན་གརྦྷ་ཨ༔ ཞེས་བརྗོད་ཅིང་དགོངས་པ་བསྐྱང༔ ཚོགས་ལ་རོལ༔ ལྷག་མ་བསྡུས་ལ་བདུད་རྩིས་བསང༔ ཨོཾ་ཨཱཿཧཱུྃ༔ ལྷག་ལ་དབང་བའི་མཁའ་འགྲོ་གིང༔ མཁའ་ལ་སྤྲིན་ལྟར་གཏིབས་ནས་ཀྱང༔ དམ་ཚིག་གསང་བའི་བདུད་རྩི་བཞེས༔ འཁོར་སྲུངས་རྐྱེན་ཟློགས་ཚེ་དཔལ་སྤེལ༔ ས་མ་ཡ་ཨ་མྲྀཏ་ཁཱ་ཧི༔ སྨོན་ལམ་གདབ་བོ༔ རྫོགས་རིམ་ནི༔ རྒྱུད་ལས༔ རྫོགས་རིམ་ཀ་དག་ངང་ལ་བཞག༔ གང་ཤར་རྟོག་པ་ལམ་དུ་ཁྱེར༔ སྐྱེ་འཆི་མེད་པའི་གདིང་རྙེད་ན༔ ཚེ་ཡི་རིག་འཛིན་ཨེ་མ་ཧོ༔ ཞེས་པས༔ སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ༔ རང་ཡང་ཐུགས་སྲོག་ཧྲཱིཿའི་བར་དུ་བསྡུས་ཏེ་མི་དམིགས་པའི་ངང་ཀ་དག་བྱ་རྩོལ་དང་བྲལ་བའི་དབྱིངས་སུ་མཉམ་པར་བཞག་གོ༔ དེའང་རྫོགས་པ་ཆེན་པོ་ནམ་མཁའ་ཆེ་སྙིང་པོའི་རྒྱུད་ལས༔ ཡང་དག་འཆི་མེད་དོན་གྱི་དགོངས་པ་ནི༔ ལུས་སེམས་ཁོང་ཀློད་མིག་འབྲས་ནམ་མཁར་གཏད༔ རླུང་ནི་རང་བབས་ཅུང་ཟད་ནང་དུ་གཟུང༔ རིག་སྟོང་ཟང་ཐལ་ཅོག་བཞག་སྦུབས་སུ་གཞུག༔ དུས་གསུམ་རྟོག་ཚོགས་གང་དང་ཅི་ཤར་ཡང༔ སྐྱེ་མེད་འགག་མེད་རྩོལ་མེད་གཉུག་མའི་གནས༔ མཐའ་གྲོལ་ཀློང་ཡངས་ཆེན་པོར་ཐག་ཆོད་ན༔ གཟུང་འཛིན་སྐྱེ་འཆིའི་རྫུན་ཕུག་རང་སར་བརྡིབ༔ འཆི་མེད་གདོད་མའི་ས་ལ་ད་ལྟར་ཕྱིན༔ ཞེས་སོ༔ རྗེས་ཐོབ་ལྷའི་སྐུར་ལྡངས་ལ་བསྔོ་སྨོན་བཀྲ་ཤིས་སོགས་བྱའོ༔ ཡང་རྒྱུད་ལས༔ རྟགས་མཐོང་རང་དོན་དངོས་གྲུབ་བླང༔ གཞན་དོན་ཚེ་ཡི་དབང་ཡང་བསྐུར༔ ཚེ་སྒྲུབ་ལེའུ་བདུན་པ་འོ༔ ཞེས་པས་དངོས་གྲུབ་བླང་བ་ནི༔ དངོས་ཉམས་སུ་ལྷ་ཞལ་མཐོང་བ༔ ཛཔ྄་སྒྲ་ཐོས་པ༔ བྷནྡྷ་འཕར་བ༔ བདུད་རྩི་ཁོལ་ཞིང་འཕེལ་བ༔ དྲི་བཟང་པོ་འཐུལ་ཞིང་ཉམས་དགའ་བ༔ རྨི་ལམ་དུ་ཉི་ཟླ་ཤར་བ༔ རྩི་ཤིང་ལོ་ཏོག་ཆུ་བོ་རྒྱས་པ༔ དཀར་མངར་ཤིང་ཏོག་གི་བཟའ་བཏུང་ལ་ལོངས་སྤྱོད་པ་སོགས་རྟགས་བཟང་པོ་བྱུང་བའི་ཚེ༔ གཏང་རག་གི་མཆོད་ཚོགས་རྒྱ་ཆེར་ཕུལ༔ བཟླས་པ་མང་དུ་བྱ༔ དེའི་ཚེ་མདུན་བསྐྱེད་ཐོད་པའི་ལྷ་ཚོགས་ཀྱི་གནས་གསུམ་ནས་ཚེའི་བདུད་རྩི་འོད་ཟེར་དང་བཅས་པ་དཔག་ཏུ་མེད་པ་བྱུང༔ རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མ་ལུས་པ་བསྩལ་བར་བསམ༔ ཐུགས་དམ་བསྐུལ༔ དེ་ནས་ཐོད་པ་བདུད་རྩི་དང་བཅས་པ་རང་གི་སྤྱི་བོར་བླངས་ལ༔ ཧྲཱི༔ འཆི་མེད་བདེ་ཆེན་པདྨ་བཛྲ་རྩལ༔ རིག་འཛིན་མཁའ་འགྲོའི་ཚོགས་བཅས་དབྱིངས་ནས་བཞེངས༔ སྐྱེ་ཤི་མེད་པ་དོན་གྱི་དབང་མཆོག་སྐུར༔ ཚེ་དང་ཡེ་ཤེས་དངོས་གྲུབ་བསྩལ་དུ་གསོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཨོཾ་ཨཱཿཧཱུྃ་ཧྲཱི༔ ཞེས་བརྗོད་ཅིང་གནས་གསུམ་དུ་རེག་ལ་དབང་དང་དངོས་གྲུབ་བླང༔ མཐར་ཐོད་པའི་ལྷ་ཚོགས་འོད་དུ་ཞུ་ནས་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་བསམ་ལ་བདུད་རྩི་དང་བཅུད་ལེན་གྱི་རིལ་བུ་སོགས་ལོངས་སྤྱད༔ ཚོགས་ཀྱི་དགའ་སྟོན་ལ་རོལ༔ བཀྲ་ཤིས་སྨོན་ལམ་རྒྱ་ཆེར་བྱའོ༔ གཞན་ལ་ཚེའི་དབང་བསྐུར་ན་མཎྜལ༔ ཚེ་དཔག་མེད་མགོན་ངོ་བོ་ཉིད༔ སློབ་དཔོན་མཆོག་ཉིད་བདག་ལ་དགོངས༔ དུས་མིན་འཆི་བའི་བར་ཆད་སོལ༔ སྐྱེ་འཆི་མེད་པའི་དབང་བསྐུར་སྩོལ༔ ཅེས་གསོལ་བ་གདབ༔ རྒྱུད་སྦྱང༔ སློབ་མ་ལྷར་བསྐྱེད༔ ཡེ་ཤེས་དབབ༔ བརྟན་པར་བྱ༔ ཚེ་འགུགས་པའི་ཐུགས་དམ་བསྐུལ༔ དེ་ནས་བདུད་རྩིའི་སྣོད་ལྷ་དང་གཞལ་ཡས་ཁང་དུ་གསལ་བ་སྤྱི་བོར་བཞག་ཅིང་གོང་ལྟར་དབང་དང་དངོས་གྲུབ་སྦྱིན༔ ཐོད་པའི་ལྷའི་སྐུ་ལས་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བྱུང༔ སློབ་མའི་ལུས་ཀྱི་ནང་གང༔ སྐུ་གསུང་ཐུགས་ཀྱི་ཚེའི་དངོས་གྲུབ་ཐོབ་པར་བསམ༔ མཐར་ལྷ་འོད་དུ་ཞུ་བའི་བདུད་རྩི་བྱིན་ལ༔ ཧྲཱི༔ ཚེ་བདག་མགོན་པོ་ཞུ་བའི་བཅུད༔ ཚེ་ཡི་བདུད་རྩི་འདི་བྱིན་པས༔ རྩ་རླུང་བྱང་སེམས་རབ་ཏུ་འཕེལ༔ བདེ་ཆེན་ཚེ་ཡི་དབང་ཐོབ་ཤོག༔ སྔགས་བརྗོད༔ ཚེ་བཅུད་རིལ་བུ་སྦྱིན་ལ༔ ཧྲཱི༔ རྡོ་རྗེ་ཚེ་ཡི་སྒྲུབ་པའི་རྫས༔ བཅུད་ལེན་རིལ་བུ་འདི་བྱིན་པས༔ ཟག་མེད་བདེ་བའི་ལོངས་སྤྱོད་ཀྱིས༔ ཡེ་ཤེས་ཚེ་ཡི་དབང་ཐོབ་ཤོག༔ སྔགས་བརྗོད༔ ཚེ་རྒྱས་གདབ་ཅིང་བཀྲ་ཤིས་རྒྱས་པར་བརྗོད་དོ༔ ཚེ་སྒྲུབ་པའི་རྒྱབ་ཆོས་སུ༔ རང་གིས་སྲོག་གཅོད་སྤང༔ གཞན་ལ་སྲོག་ཆོད་ཅེས་མི་བསྒོ༔ གང་འབྱོར་གྱི་སེམས་ཅན་སྲོག་བསླུ་བྱས་པའི་དཔྲལ་བར་ཉི་ཟླའི་རྟགས་གདབ་ཅིང་ཚེ་རིང་བའི་བཀྲ་ཤིས་སྨོན་ལམ་བྱ༔ སེམས་ཅན་ཐམས་ཅད་ལ་ཚེ་རིང་བའི་སྨོན་ལམ་གདབ༔ སཱཙྪ་གདབ༔ ཉེའུ་འདོན༔ ལམ་འཕྲང་བཅོས༔ དགེ་འདུན་ལ་བསྙེན་བཀུར༔ ནད་པ་ལ་སྨན་སྦྱིན༔ དབུལ་ཕོངས་ལ་ཟས་སྐོམ་སྟེར་བ་སོགས་དམ་ཚིག་ཡིན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལམ་ཟབ་སྒྲུབ་པའི་ཆ་རྐྱེན་དུ༔ རིག་འཛིན་ཚེ་ཡི་གདམས་པ་འདི༔ ཚེ་བདག་པདྨ་བཛྲ་གྱིས༔ དཔལ་གྱི་དབང་ཕྱུག་ཁྱོད་ལ་གདམས༔ གསང་བའི་ཉམས་ལེན་སྙིང་པོར་དྲིལ༔ མ་འོངས་དོན་ཕྱིར་གཏེར་དུ་སྦོས༔ སྙིགས་མའི་དུས་སུ་ཕན་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ གསང་རྒྱ༔ རྒྱ་རྒྱ་རྒྱ༔ ཁོ་བོ་ལོང་པོའི་རིག་སྔགས་འཛིན་པ་མངྒ་ལས་སྒྲུབ་གནས་ཟངས་མདོག་དཔལ་རིའི་བྲག་གཡུ་སྒོ་ཅན་ནས་སྤྱན་དྲངས་པའོ། །སརྦ་མངྒ་ལཾ།། །། ༈ འདིའི་བརྒྱུད་པ། ཆོས་ལོངས་སྤྲུལ་གསུམ། ཡེ་ཤེས་མཚོ་རྒྱལ། དཔལ་གྱི་དབང་ཕྱུག །ལོང་པོ་བཅས་སྡེ་གྲུབ་ཆེན་བཀྲ་ཤིས་ཚེ་བརྟན། ལྷ་བཙུན་ཆེན་པོ། པདྨ་ཕྲིན་ལས་དབང་ཕྱུག །མང་ཐོས་མི་འགྱུར་རྡོ་རྗེ། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། ཞབས་དྲུང་རྡོ་རྗེ་སྙིང་པོ། བླ་མ་ཨོ་རྒྱན་འགྲོ་འདུལ། ཀུན་མཁྱེན་རྡོ་རྗེ་གཟི་བརྗིད། དེས་སོ།། །།

ཟབ་མོ་གསང་བ་ཡོངས་འདུས་ལས༔ མཁའ་འགྲོ་སྤྲུལ་སྐུ་སྙིང་ཐིག་གི་ཚོགས་མཆོད་ལས་བྱང་རིན་ཆེན་སྙེ་མ་ (Volume 36, Text 1)

༁ྃ༔ ཟབ་མོ་གསང་བ་ཡོངས་འདུས་ལས༔ མཁའ་འགྲོ་སྤྲུལ་སྐུ་སྙིང་ཐིག་གི་ཚོགས་མཆོད་ལས་བྱང་རིན་ཆེན་སྙེ་མ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈ བདེ་ཆེན་མཚོ་རྒྱལ་མ་ལ་འདུད༔ ཚོགས་མཆོད་ལས་བྱང་བསྟན་པ་ནི༔ མཚམས་གཅོད་སྐྱབས་སེམས་མཆོད་བྱིན་བརླབ༔ མ་གདུང་གསོལ་འདེབས་ཡན་ལག་བདུན༔ སྔོན་དུ་འགྲོ་བའི་རིམ་པ་འོ༔ ལྷ་བསྐྱེད་སྤྱན་འདྲེན་གདན་འབུལ་ཞིང༔ ཕྱག་འཚལ་ཕྱི་ནང་གསང་བས་མཆོད༔ སྨན་རཀ་ཚོགས་གཏོར་སྦྱོར་སྒྲོལ་གླུ༔ བསྡུས་ཏེ་མཆོད་ཅིང་བསྟོད་པ་བྱ༔ འཛབ་བཟླས་འཛབ་བསྐུལ་ཟུར་ཕྱུངས་ལ༔ དངོས་གཞི་བསྒྲུབ་པའི་རིམ་པ་ཡིན༔ རྗེས་སུ་ཚོགས་བྱིན་བརླབ་པ་དང༔ དང་པོ་བར་མ་ཐ་མ་བྱ༔ ལྷག་མ་བསྐུལ་དང་ཆད་མདོ་གྱེར༔ བརྟན་སྐྱོང་བྲོ་རྒྱས་དངོས་གྲུབ་བླང༔ བཤགས་པ་བཀྲ་ཤིས་བསྔོ་སྨོན་གདབ༔ དལ་བསྡུ་རྒྱུན་སྤྱོད་རིམ་པས་བསྡུ༔ ྀཨཚ༔ དེ་ནས་མཚམས་གཅད་ནི༔ ཧཱུྃ༔ སྟོང་གསལ་ཕྱག་རྒྱ་ཆེན་པོ་ནི༔ སྐྱེ་མེད་འགག་མེད་ཤར་གྲོལ་མཉམ༔ སྟོང་ཉིད་རྡོ་རྗེའི་གུར་ཁང་དུ༔ བགེགས་ཞེས་བར་ཆད་རྣམ་རྟོག་བྲལ༔ སྟོང་ཉིད་རོལ་པའི་མཚམས་བཅད་དོ༔ ཨོཾ་བཛྲ་རཀྵ་རཀྵ༔ སྐྱབས་སེམས་ནི༔ སྐྱབས་གནས་དཀོན་མཆོག་ཀུན་འདུས་པའི༔ བླ་མ་མཆོག་ལ་སྐྱབས་སུ་མཆི༔ སྡིག་པ་ཐམས་ཅད་སོ་སོར་བཤགས༔ འགྲོ་དོན་བྱང་ཆུབ་སེམས་བསྐྱེད་དོ༔ མཆོད་པ་བྱིན་བརླབ་ནི༔ གསང་སྔགས་བསྒྲུབ་རྫས་མ་ལུས་པ༔ རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས༔ ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས༔ མཆོད་ཡོན་ཀུན་བཟང་སྤྲིན་དུ་འཁྲིགས༔ ཨོཾ་ཨཱཿཧཱུྃ༔ གདུང་བའི་གསོལ་འདེབས་ནི༔ ཨ་མ་ཡེ་ཤེས་མཁའ་འགྲོ་མ༔ མི་མངོན་དབྱིངས་ནས་བུ་ལ་གཟིགས༔ བུ་གདུང་མ་ལ་གསོལ་བ་འདེབས༔ མ་ཡིས་བྱིན་རློབས་ཡེ་ཤེས་ཕོབ༔ གདུང་བའི་བུ་ཡི་གདུང་བ་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཡན་ལག་བདུན་པ་འབུལ་བ་ནི༔ བླ་མ་ལྷ་དང་བཅས་པ་ལ༔ གུས་པའི་སྒོ་ནས་བདག་སྐྱབས་མཆི༔ མ་རིག་ལུས་དང་ངག་གིས་ནི༔ བསགས་པའི་སྡིག་པ་མ་ལུས་བཤགས༔ དགེ་བ་མ་ལུས་ཐམས་ཅད་ཀུན༔ འཕེལ་ཞིང་བསོད་ནམས་ཚོགས་གཉིས་རྫོགས༔ དུས་གསུམ་སངས་རྒྱས་བཅོམ་ལྡན་འདས༔ ཞུམ་པ་མི་མངའ་སྤོབས་པ་བསྐྱེད༔ ཆོས་འཁོར་བསྐོར་ཅིང་བརྟན་པར་བཞུགས༔ འགྲོ་བའི་དོན་མཛད་འཕགས་པའི་ཚོགས༔ སེམས་ཅན་བདེ་མཛད་རྗེས་ཡི་རང༔ དགེ་བ་མ་ལུས་གང་བསགས་པ༔ མ་གྱུར་འགྲོ་བའི་དོན་དུ་བསྔོ༔ བསྔོ་བ་བླ་མེད་རྒྱ་ཆེན་གྱིས༔ ཐམས་ཅད་སངས་རྒྱས་མྱུར་འགྲུབ་ཤོག༔ ཅེས་ཡན་ལག་བདུན་པའོ༔ རང་མདུན་་་བདག་བསྐྱེད་སྐབས།སེམས།་་་ཞེས་བསྒྱུར།མཆན།ཨ་མ་འོད་དཀྱིལ་ལེ༔ འཕྲོ་འདུས་དོན་གཉིས་མཐར་ཕྱིན་བྱས༔ ཚུར་འདུས་ཨ་ལས་ཨཱ་ལི་དཀར༔ མ་ལས་ཀཱ་ལི་དམར་པོ་འཁོར༔ གཉིས་མེད་ཞུན་ལས་ཧ་རི་ནི་ས༔ གནས་གྱུར་ཨ་མ་མཚོ་རྒྱལ་མ༔ རྒྱལ་མོ་གཞོན་ནུ་ལོ་བརྒྱད་ཚུལ༔ པདྨའི་མདངས་ལྟར་དཀར་དམར་བརྗིད༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་བསྣམས༔ གཡོན་པས་བནྡྷ་ཚེ་བུམ་འཛིན༔ དབུ་སྐྲ་ལྕང་ལོ་མཛེས་པའི་ཆས༔ རྩེ་མོ་ནོར་བུ་འབར་བ་ལ༔ རྐེད་པ་མུ་ཏིག་པདྨས་དཀྲིས༔ ལྷག་མ་ཐུར་གྲོལ་སྐུ་རྒྱབ་ནོན༔ རིན་ཆེན་སྣ་ཚོགས་ཟར་བུ་བསིལ༔ སྙན་རྒྱན་མགུལ་རྒྱན་སེ་མོ་དོ༔ དར་ཟབ་དགུ་བརྩེགས་མདུང་མ་ལ༔ རིན་ཆེན་སྣ་ཚོགས་ཟར་བུ་དང༔ བྲོམ་ཙར་མུ་ཏིག་ཆུན་པོས་སྤྲས༔ གཡེར་ཁ་དྲིལ་བུ་གསེར་གཡུའི་ཕྲ༔ བལྟ་བས་མི་ངོམ་དགའ་བཞིའི་མདངས༔ སྐྱིལ་ཀྲུང་པདྨའི་གདན་ལ་བཞུགས༔ སྤྱི་བོར་གུ་རུ་པདྨ་འབྱུང༔ དཀར་དམར་རས་དཀར་ན་བཟའ་ཅན༔ རྡོ་རྗེ་ཐོད་པ་ཁ་ཊྭཱཾ་བསྣམས༔ ཐོར་ཚུགས་རུས་རྒྱན་ལྡན་པར་བསམ༔ ཤར་དུ་རྡོ་རྗེ་མཚོ་རྒྱལ་དཀར༔ རྡོ་རྗེ་བནྡྷ་བུམ་པ་བསྣམས༔ ལྷོ་རུ་རིན་ཆེན་མཚོ་རྒྱལ་སེར༔ རིན་ཆེན་བནྡྷ་བུམ་པ་བསྣམས༔ ནུབ་ཏུ་པདྨ་མཚོ་རྒྱལ་དམར༔ པད་སྡོང་བནྡྷ་བུམ་པ་བསྣམས༔ བྱང་དུ་ཀརྨ་མཚོ་རྒྱལ་ལྗང༔ ཕུར་བུ་བནྡྷ་བུམ་པ་བསྣམས༔ ཐམས་ཅད་ཆ་ལུགས་རྒྱན་ཆ་བཅས༔ གཙོ་མོ་ཡུམ་དང་གཉིས་མེད་གསལ༔ ཤར་ལྷོ་རྡོ་རྗེ་བདུད་འདུལ་མ༔ ཁྲོ་མོ་མཐིང་ནག་རུས་པས་བརྒྱན༔ ལྷོ་ནུབ་རིན་ཆེན་བདུད་འདུལ་མ༔ ཁྲོ་མོ་སེར་གསལ་རུས་པས་བརྒྱན༔ ནུབ་བྱང་པདྨ་བདུད་འདུལ་མ༔ ཁྲོ་མོ་དམར་སྨུག་རུས་པས་བརྒྱན༔ བྱང་ཤར་ཀརྨ་བདུད་འདུལ་མ༔ ཁྲོ་མོ་ལྗང་ནག་རུས་པས་བརྒྱན༔ ཐམས་ཅད་དུར་ཁྲོད་ཆས་ཀྱིས་སྒེག༔ བརྐྱང་བསྐུམ་འགྱིང་བག་མེ་དཔུང་དབུས༔ གར་ལྡན་པད་ཉི་རོ་ལ་བཞུགས༔ སྒོ་བཞིར་སེང་གདོང་རིགས་བཞི་གསལ༔ ཐམས་ཅད་དཀར་སེར་དམར་ལྗང་ལ༔ གྲི་ཐོད་ཕྱག་རྒྱ་བཞི་དང་ལྡན༔ སྲུང་འཁོར་སྒོ་མཚམས་ལས་བྱེད་བསྒོམ༔ གཙོ་མོ་ཨ་ཡིག་འོད་ཟེར་ལས༔ རང་བཞིན་དབྱིངས་ནས་སྤྱན་འདྲེན་བསྟིམ༔ ཧྲཱི༔ ཨ་མ་ཡེ་ཤེས་མཁའ་འགྲོ་མ༔ སྔོན་ཚེ་ཐུགས་བསྐྱེད་སྨོན་ལམ་མཐུས༔ བོད་ཁམས་ཀུན་གྱི་མ་རུ་སྤྲུལ༔ ད་ལྟ་གདུང་བའི་བུ་རྣམས་ལ༔ ཐུགས་རྗེའི་སྤྱན་རས་ཡངས་པས་གཟིགས༔ བོད་ཁམས་འཛམ་གླིང་སེམས་ཅན་རྣམས༔ སྐྱབས་མེད་བདུད་དང་འདྲེ་ཡིས་འཚེ༔ སྡུག་བསྔལ་ཉམ་ཐག་སྡིག་པས་མནར༔ ནད་དང་གདོན་གྱིས་བར་བཅད་ནས༔ ཆོས་ལ་བསྒྲུབ་ལོང་མ་མཆིས་ཚེ༔ བྱམས་པའི་སེམས་ཀྱིས་བདག་ལ་གཟིགས༔ བརྩེ་བའི་དགོངས་པས་གནས་འདིར་གཤེགས༔ ཨ་མ་སྐུ་ཡི་བྱིན་རླབས་ཀྱིས༔ བདག་ལུས་བུམ་པའི་དབང་སྐུར་ལ༔ སྐུ་ཡི་བྱིན་གྱིས་བརླབ་ཏུ་གསོལ༔ གསུང་གིས་ལུང་སྟོན་གདམས་པ་སྩོལ༔ ངག་ལ་གསང་བའི་དབང་སྐུར་ལ༔ གསུང་གི་བྱིན་གྱིས་བརླབ་ཏུ་གསོལ༔ ཐུགས་ཀྱི་དགོངས་པའི་སྒོ་ཕྱེས་ལ༔ སེམས་ལ་ཤེས་རབ་ཡེ་ཤེས་སྐུར༔ ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ༔ ཡོན་ཏན་ཕྲིན་ལས་ནུས་པ་ཡིས༔ སྒོ་གསུམ་ཚིག་གི་དབང་སྐུར་ལ༔ རོ་གཅིག་རྟོགས་པའི་ཡེ་ཤེས་སྐྱེད༔ ཨ་མ་ཧ་རི་ནི་ས༔ ས་མ་ཡ༔ ཛཿཧཱུྃ་བཾ་ཧོ༔ ཨཱ་བེ་ཤ་ཡ་ཧོ༔ ཨེ་མ་ཨ་མ་བྱོན་པ་ལེགས༔ ཡིད་ཀྱི་མཆོད་ཡོན་བཞེས་སླད་དུ༔ གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ པདྨ་འདབ་བརྒྱད་དར་ཟབ་འབོལ༔ རིན་ཆེན་ཁྲི་བཤམས་ཟླ་བའི་གདན༔ དགྱེས་པར་བཞུགས་ལ་བྱིན་གྱིས་རློབས༔ ཨ་མ་ཧ་རི་ནི་ས༔ ས་མ་ཡ༔ ཏིཥྛ་ལྷན༔ ཧོ༔ གསང་སྔགས་ཐེག་པ་ཆེན་པོ་ལ༔ སྔགས་ཀྱི་དངོས་གྲུབ་དམ་པ་གང༔ འབྱུང་བྱེད་མ་རྒྱུད་མཁའ་འགྲོ་ལ༔ གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ༔ ཌཱ་ཀི་ནཱི་ཛྙཱ་ན་ཨ་མ་ཧ་རི་ནི་ས༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ ཨེ་མ་ཧོ༔ ཡིད་ཚོགས་ཀུན་བཟང་མཆོད་པའི་སྤྲིན༔ ནམ་མཁའི་མཐའ་ཀླས་ཡོངས་བཀང་སྟེ༔ བཟང་པོའི་ཆུ་སྣ་འདག་ཆལ་བདུན༔ ཁ་དོག་ལྔ་ལྡན་མེ་ཏོག་མཛེས༔ ཆུ་རླུང་གླ་རྩི་དྲི་བཟང་སྤོས༔ མདངས་ལྡན་འོད་མཆོག་གསལ་བའི་མེ༔ རྩི་དགུ་མདངས་ལྡན་བྱུག་པའི་ཆབ༔ རོ་བརྒྱ་ལྡན་པའི་ཞལ་ཟས་དང༔ ཡིད་འོང་སྙན་པའི་རོལ་མོ་རྣམས༔ བླ་མ་མཁའ་འགྲོའི་ཚོགས་ལ་འབུལ༔ སྒོ་ལྔ་ཚིམ་པའི་གཟུགས་སྒྲ་དྲི༔ རེག་བྱ་ཆོས་བཅས་ལྷ་མི་ཡི༔ ལོངས་སྤྱོད་ཡོ་བྱད་སྣ་ཚོགས་འབུལ༔ ཐབས་མཆོག་ཡབ་ཆེན་སྐྱེད་པའི་རྒྱུ༔ ཤེས་རབ་ཡུམ་མཆོག་སྟོང་ཉིད་མཁན༔ གཉིས་མེད་རོལ་པའི་བྱང་ཆུབ་སེམས༔ དགའ་བཞིའི་ཉམས་ཀྱིས་བརྒྱན་ཏེ་འབུལ༔ དམ་རྫས་བདུད་རྩི་ར་སཱ་ཡཱན༔ སྦྱོར་སྒྲོལ་གསང་སྔགས་གླུ་བྲོ་གར༔ ཏིང་འཛིན་སྒོམ་དང་ལྟ་བས་མཆོད༔ ཚོགས་ཀྱི་འཁོར་ལོ་བླ་མེད་རྒྱན༔ གཏོར་མ་ཡེ་ཤེས་ཕྱག་རྒྱ་འབར༔ ཕྱི་ནང་བཅུད་འདུས་ལོངས་སྤྱོད་རྫོགས༔ རྒྱན་ལྡན་མཛེས་བག་སྤྲུལ་པའི་སྐུ༔ བདེ་སྟོང་ཟག་མེད་ཆོས་སྐུའི་གཞི༔ སྐུ་གསུམ་རྫོགས་ལྡན་གཏོར་མ་འདི༔ བླ་མ་མཁའ་འགྲོ་མཚོ་རྒྱལ་མ༔ བླ་མ་རྡོ་རྗེའི་དཀྱིལ་འཁོར་ལྷ༔ རྩ་བ་གསུམ་གྱི་ཐུགས་དམ་བསྐང༔ བདེ་སྟོང་ཟག་མེད་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་ཌཱ་ཀི་ནཱི་ཛྙཱ་ན་ཧ་རི་ནི་ས༔ ཨརྒྷཾ༔ པཱདྱཾ༔ པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་ཝིདྱ༔ ཤབྡ༔ རཱུ་པ༔ ཤབྡ༔ སྤརྴེ༔ པཱུ་ཙ༔ གྷནྡྷེ༔ དྷརྨ༔ སརྦ་པཉྩ་ཨ་མྲྀཏ་ར་ས༔ བྷ་ལིནྟ་རཀྟ༔ ཏ་ན་གྷ་ཎ་སརྦ་པཱུ་ཙ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡ་ཨཱཿཧཱུྃ༔ ཨོཾ༔ འགྲུབ་པར་གྱུར་ཅིག་མཁའ་འགྲོའི་ཚོགས༔ ཨཱ༔ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ༔ ཧཱུྃ༔ སྒེག་པའི་དཔའ་བོ་ཆོས་སྐུའི་ཡུམ༔ མ་རྡོ་རྗེ་ཕག་གདོང་མཚོ་རྒྱལ་མ༔ སྐུ་པདྨའི་མདངས་ལྟར་དཀར་དམར་མཚན༔ བཅུ་དྲུག་ཚུལ་ལ་གཞོན་ནུའི་ལུས༔ མཐོང་བས་དགའ་བཞི་སྐྱེད་ལ་བསྟོད༔ ཞལ་འཛུམ་དུང་སྭོ་ཐགས་བཟང་ལྟར༔ སྙིལ་དམར་པདྨ་གསར་པ་ལྟར༔ ལྗགས་མཉེན་ལེ་བརྒན་དར་དམར་འདྲ༔ གསུང་དབྱངས་དྲུག་ཅུར་ལྡན་ལ་བསྟོད༔ སྐུ་སྟོད་སེང་གེ་འགྱིངས་པ་འདྲ༔ རྐེད་པ་འདྲིལ་ལ་མཉེན་ལྕུག་ལྡན༔ སྐུ་སྨད་སྐྱིལ་ཀྲུང་དུང་ལྟར་འཁྱིལ༔ བདེ་བ་ལོངས་སྤྱོད་རྫོགས་ལ་བསྟོད༔ ཕྱག་གཡས་གསེར་གྱི་རྡོ་རྗེ་བསྣམས༔ གཡོན་པས་བནྡྷ་བུམ་པ་བསྣམས༔ ཐབས་དང་ཤེས་རབ་མངོན་དུ་གྱུར༔ བདེ་སྟོང་ཟག་པ་མེད་ལ་བསྟོད༔ བཙུན་མོའི་ཆ་ལུགས་འོད་སྟོང་འབར༔ རིན་ཆེན་དར་ཟབ་དུ་མས་བརྒྱན༔ ཕུན་སུམ་ཚོགས་པའི་ཕུལ་དུ་ཕྱིན༔ སྦྱིན་པའི་ཕ་རོལ་ཕྱིན་ལ་བསྟོད༔ གཙང་དང་སྨེ་བའི་རྟོག་པ་བྲལ༔ དགའ་དང་སྡུག་གཉིས་རོ་སྙོམ་ཞིང༔ ཡེ་ཤེས་དབྱིངས་ཀྱི་མཁའ་ལ་སྤྱོད༔ ཚུལ་ཁྲིམས་ཕ་རོལ་ཕྱིན་ལ་བསྟོད༔ བསྐལ་མང་ཆོས་ལ་བརྩོན་པ་ཡིས༔ ཐེག་དགུ་ཨ་ཏིའི་བཅུད་ལ་རོལ༔ ཚེ་གཅིག་ས་བཅུ་ལམ་ལྔ་བསྒྲོད༔ བརྩོན་འགྲུས་ཕ་རོལ་ཕྱིན་ལ་བསྟོད༔ སེམས་ཅན་ཐུགས་ཀྱི་ཀློང་དུ་རྟོགས༔ རྣམ་རྟོག་ཅན་ལ་མ་ལྟར་བརྩེ༔ མ་རིག་འགྲོ་བ་བུ་བཞིན་སྐྱོང༔ བཟོད་པའི་ཕ་རོལ་ཕྱིན་ལ་བསྟོད༔ ཞི་གནས་བདེ་བའི་ལམ་ཆེན་ལ༔ ལྷག་མཐོང་རྟོགས་པའི་སྒྲོན་མེ་སྦར༔ རོ་གཅིག་རྟོགས་པའི་ཕུལ་དུ་ཕྱིན༔ བསམ་གཏན་ཕ་རོལ་ཕྱིན་ལ་བསྟོད༔ སྒོམ་མེད་རྫོགས་པ་ཆེན་པོ་ཤར༔ བྱ་བྲལ་ཆོས་སྐུའི་ཞིང་ལ་སྤྱོད༔ གདིང་བཞི་འཇའ་ལུས་རྡོ་རྗེའི་སྐུ༔ ཤེས་རབ་ཕ་རོལ་ཕྱིན་ལ་བསྟོད༔ ཧཱུྃ༔ བདེ་སྟོང་རྡོ་རྗེ་མཚོ་རྒྱལ་མ༔ མེ་ལོང་ཆོས་སྐུ་རྡོ་རྗེའི་རྒྱན༔ རིག་སྟོང་རིན་ཆེན་མཚོ་རྒྱལ་མ༔ མཉམ་ཉིད་རིན་ཆེན་ལོངས་སྐུའི་རྒྱན༔ རིག་སྟོང་པདྨ་མཚོ་རྒྱལ་མ༔ སོར་རྟོག་པདྨ་སྤྲུལ་སྐུའི་རྒྱན༔ མྱང་སྟོང་ཀརྨ་མཚོ་རྒྱལ་མ༔ བྱ་གྲུབ་ཀརྨ་ངོ་བོའི་རྒྱན༔ སྐུ་བཞི་མཁའ་འགྲོ་མཚོ་རྒྱལ་བསྟོད༔ ཧཱུྃ༔ རྡོ་རྗེ་བདུད་འདུལ་ལྷ་བདུད་འཇོམས༔ རིན་ཆེན་བདུད་འདུལ་ཉོན་མོངས་འཇོམས༔ པདྨ་འདུད་འདུལ་ཕུང་བདུད་འཇོམས༔ ཀརྨ་བདུད་འདུལ་འཆི་བདག་འཇོམས༔ བདུད་འདུལ་མཁའ་འགྲོ་བཞི་ལ་བསྟོད༔ ཧཱུྃ༔ བཛྲ་སེང་གདོང་འཇིགས་བརྒྱད་སེལ༔ རཏྣ་སེང་གདོང་འབྱོར་དྲུག་སྤེལ༔ པདྨ་སེང་གདོང་ཁམས་གསུམ་སྡུད༔ ཀརྨ་སེང་གདོང་དགྲ་བགེགས་འཇོམས༔ ལས་བཞི་མཁའ་འགྲོའི་ཚོགས་ལ་བསྟོད༔ ཧཱུྃ༔ ཡེ་ཤེས་མཚོ་རྒྱལ་མ་ཡི་ཚོགས༔ དུར་ཁྲོད་གནས་ཡུལ་མཁའ་འགྲོ་མ༔ ཡེ་ཤེས་ལས་ལས་གྲུབ་པ་ཡི༔ མ་མོ་མཁའ་འགྲོའི་ཚོགས་ལ་བསྟོད༔ འཛབ་ནི༔ དང་པོ་གཙོ་མོ་རིགས་ལྔ༔ ཨ་མ༔ བདུད་འདུལ་རིགས་བཞི༔ ཧ་རི་ནི་ས༔ སེང་གདོང་རིགས་བཞི༔ ཨ་ཀ་ས་མ་ར་ཙ༔ སྦྲེལ་བ་ནི། ཨ་མ་ཧ་རི་ནི་ས་ཨ་ཀ་ས་མ་ར་ཙ་ཕཊ༔ གསུམ་པ་རྗེས་ཀྱི་རིམ་པ་ཚོགས་མཆོད་ནི། དང་པོ་བྱིན་གྱིས་བརླབ་པ་ནི། རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ རཾ་འཕྲོས་མེ་འབར་མ་དག་བསྲེགས༔ ཡཾ་ལས་རླུང་འཕྲོས་གཏོར་ཞིང་བསངས༔ ཁཾ་ལས་ཆུ་འཕྲོས་བཀྲུས་ཤིང་སྦྱངས༔ རཾ་ཡཾ་ཁཾ༔ རང་ཉིད་ལྷར་གསལ་གནས་གསུམ་ནས༔ ཧཱུྃ་འཕྲོས་སྣོད་བཅུད་བཅུད་ཀུན་བསྡུས༔ ཨཱཿའཕྲོས་བདེ་གཤེགས་དངོས་གྲུབ་བསྟིམ༔ ཨོཾ་འཕྲོས་གཉིས་མེད་གཅིག་ཏུ་བསྲེས༔ རྣམ་དག་བདུད་རྩིའི་ཚོགས་མཆོད་རྣམས༔ འཛད་མེད་རོ་དྲུག་མཁའ་མཉམ་སྤེལ༔ རྩ་གསུམ་ཐུགས་དམ་སྐོང་བ་དང༔ མགྲོན་གྱུར་འདོད་པ་ཚིམ་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ༔ ཆོས་སྐུ་དག་པའི་ཕོ་བྲང་ནས༔ ཆོས་སྐུ་རྡོ་རྗེ་མཁའ་འགྲོ་ལ༔ དགོངས་བརྒྱུད་བླ་མའི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ འོག་མིན་བདེ་ཆེན་ཕོ་བྲང་ནས༔ ལོངས་སྐུ་གསང་ཡེ་མཁའ་འགྲོ་ལ༔ བརྡའ་བརྒྱུད་བླ་མའི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོ་རྒྱན་མཁའ་སྤྱོད་ཕོ་བྲང་ནས༔ སྤྲུལ་སྐུ་རིགས་ལྔའི་མཁའ་འགྲོ་ལ༔ སྙན་བརྒྱུད་མན་ངག་བླ་མས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བོད་ཡུལ་སྒྲུབ་གནས་གངས་ཆེན་ནས༔ ཇོ་མོ་མཁའ་འགྲོ་མཚོ་རྒྱལ་ལ༔ མཁའ་འགྲོ་གཏེར་བརྒྱུད་བླ་མས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གནས་ཡུལ་དུར་ཁྲོད་ཐམས་ཅད་དུ༔ མངོན་བྱང་སྣ་ཚོགས་མཁའ་འགྲོ་ལ༔ བཀའ་བབས་ལུང་སྟོན་བླ་མས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གསང་སྔགས་དཀྱིལ་འཁོར་ཆེན་པོ་ནས༔ མ་རྒྱུད་ཡེ་ཤེས་མཁའ་འགྲོ་ལ༔ རྩ་གསུམ་ཆོས་སྐྱོང་དམ་ཅན་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཨ་མ་གྲུབ་ཐོབ་མཚོ་རྒྱལ་མ༔ ཁྱོད་མཁའ་སྤྱོད་གནས་ནས་བྱོན་པའི་ཚེ༔ བྱིན་ཡ་མཚན་དངོས་གྲུབ་ཉི་ལི་ལི༔ སྐུ་གཟི་བརྗིད་པདྨོ་ཡ་ལ་ལ༔ གསུང་ཐེག་ཆེན་སྒྲ་སྐད་སི་ལི་ལི༔ ཐུགས་རོ་གཅིག་ཉམས་མྱོང་འུ་རུ་རུ༔ འཁོར་བཀའ་བརྒྱུད་བླ་མ་སྤུངས་སེ་སྤུང༔ བྲན་མཁའ་འགྲོའི་མ་ཚོགས་ཤ་ར་ར༔ ལྷ་ཡི་དམ་དཀྱིལ་འཁོར་ཤིགས་སེ་ཤིག༔ གཡོག་ཆོས་སྐྱོང་ལས་བྱེད་ཁྱུགས་སེ་ཁྱུག༔ བདག་བུ་སློབ་རྣམས་ལ་དབང་བཞི་སྐུར༔ མཆེད་ལྕམ་དྲལ་རྣམས་ལ་རྟོགས་པ་སྤོར༔ ཡུལ་གནས་ཁང་འདི་ལ་བྱིན་ཆེན་ཕོབ༔ ཚོགས་མཆོད་རྫས་རྣམས་ལ་སིདྡྷི་སྟིམས༔ ཆོས་བྱང་ཆུབ་སྒྲུབ་པའི་སྡོངས་གྲོགས་མཛོད༔ རྐྱེན་སྔོན་ལས་འཕྲལ་རྐྱེན་བར་ཆད་ཟློག༔ ཉམས་རྟོགས་པའི་ཡེ་ཤེས་མྱུར་དུ་སྤོར༔ ལུས་འཇའ་ལུས་འགྲུབ་པའི་ཕྲིན་ལས་མཛོད༔ ཨོཾ་གྷུ་རུ་ཌཱ་ཀི་ཛྙཱ་ན་ཨ་མ་ཧ་རི་ནི་ས་ཨ་ཀ་ས་མ་ར་ཙ་ཨེ་ཨཱ་རལླི་ཕེཾ་ཕེཾ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཚོགས་ཕུད་དང་པོ་འབུལ་བ་ནི༔ ཧོ་ ཚོགས་ཀྱི་མཆོད་པ་བླ་ན་མེད༔ གཟི་བརྗིད་དཔལ་ལྡན་དང་པོའི་ཕུད༔ འདོད་ཡོན་ལྔ་ཡིས་རབ་ཏུ་བརྒྱན༔ ཟག་མེད་བདུད་རྩི་སྤྲིན་ཕུང་གཏིབས༔ འཛད་མེད་གཏེར་གྱི་ལོངས་སྤྱོད་འདི༔ ཨ་མ་ཡེ་ཤེས་མཚོ་རྒྱལ་མ༔ གྷུ་རུ་རྩ་གསུམ་དམ་ཅན་མཆོད༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨ་མ་ཧ་རི་ནི་ས་གྷ་ཎ་ཙཀྲ་པཱུ་ཙ་ཧོ༔ གཉིས་པ་བཤགས་པ་ནི༔ ཧོ་ བླ་མ་མཁའ་འགྲོ་དགོངས་སུ་གསོལ༔ མ་རིག་བདག་རྨོངས་ཐ་མལ་བློས༔ དུག་ལྔའི་དབང་གྱུར་མི་དགེ་བཅུ༔ རྩ་བ་ཡན་ཡག་དམ་ཚིག་དང༔ བྱང་ཆུབ་སེམས་ཀྱི་བསླབ་བྱ་རྣམས༔ ཉམས་པར་གྱུར་པ་མི་དགེའི་ལས༔ མ་ལུས་ཐམས་ཅད་བཤགས་པར་བགྱི༔ ཨ་མ་ཧ་རི་ནི་ས་ཨ་ཀ་ས་མ་ར་ཙ་ཀཾ་ཀ་ནི་དུཿཁ་ཐམས་ཅད་ཤུདྡྷེ་སྭཱ་ཧཱ༔ གསུམ་པ་ཐ་མ་ནི༔ ཧཱུྃ༔ བདུད་འདུལ་ཡེ་ཤེས་མཁའ་འགྲོ་མ༔ མཐིང་ནག་རྔམ་བྱེད་སེང་གེའི་གདོང༔ ཕྱག་གཡས་གྲི་གུག་ལྕགས་ཀྱུ་གདེང༔ གཡོན་པས་ཕུར་བུ་ཐོད་སྣོད་འཆང༔ སྐུ་སྨད་ཁྲོ་ཕུར་ཚྭ་ཚྭ་འཕྲོ༔ གནོད་བྱེད་གདོན་བགེགས་མ་རིག་བདུད༔ ལུས་ངག་ཡིད་གསུམ་སོ་སོར་བསྒྲལ༔ སྐུ་གསུམ་རྒྱལ་བའི་ཞིང་དུ་བཀོད༔ ང་བདག་བག་ཆགས་ཀ་ནས་དག༔ རིག་པ་ཡེ་ཤེས་དབྱིངས་སུ་ཕཊ༔ བསྟབ་པ་ནི༔ ཧཱུྃ༔ བསྒྲལ་པའི་དུག་གསུམ་ཕུང་པོ་ཆེ༔ ཤ་ནི་ཆོས་སྐུ་མཁའ་འགྲོར་འབུལ༔ ཀ་དག་དབྱིངས་སུ་ད་རོལ་ཅིག༔ ཁྲག་ནི་ལོངས་སྐུ་མཁའ་འགྲོར་འབུལ༔ བདེ་སྟོང་ཟག་མེད་ད་རོལ་ཅིག༔ རུས་པ་སྤྲུལ་སྐུ་མཁའ་འགྲོར་འབུལ༔ བསྐྱེད་རྫོགས་དབྱེར་མེད་ད་རོལ་ཅིག༔ དུག་གསུམ་སྐུ་གསུམ་མཁའ་འགྲོར་མཆོད༔ དུག་ལྔ་རིགས་ལྔ་མཁའ་འགྲོས་རོལ༔ བདུད་བཞི་བདུད་འདུལ་སྡེ་བཞིས་རོལ༔ བག་ཆགས་གཉིས་འཛིན་དག་གྱུར་ཅིག༔ ཨ་མ་ཧ་རི་ནི་ས་ཨ་ཀ་ས་མ་ར་ཙ་ཕཊ༔ རྡོ་རྗེ་སློབ་དཔོན་ལ་དྲང་བ་ནི༔ ཨེ་མ་ཧོ༔ གསང་སྔགས་ཐེག་ཆེན་སློབ་དཔོན་མཆོག༔ དམ་རྫས་ཤ་ལྔ་བདུད་རྩི་ལྔ༔ ཡན་ལག་ཉེར་ལྔའི་དམ་ཚིག་རྫས༔ ཚོགས་ཀྱི་འཁོར་ལོ་རྒྱས་གདབ་འབུལ༔ སློབ་དཔོན་གྱིས༔ ཧོ་ བླ་མེད་དམ་རྫས་ངོ་མཚར་ཆེ༔ དགའ་བཞི་མཁའ་འགྲོའི་དངོས་གྲུབ་འདི༔ ཟག་མེད་བདེ་བའི་རོ་ཡིས་ཚིམ༔ སྟོང་ཉིད་རོལ་པས་རྒྱས་གདབ་བོ༔ ཞེས་མཆེད་རྣམས༔ སིདྡྷི་ས་མ་ཡ་ཨ་ལ་ལ་ཧོ༔ མ་ཧཱ་སུ་ཁ་ཨ་ཧོ༔ ཞེས་རོལ༔ ལྷག་མ་བྱ་བ་ནི༔ ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱན་ནུཏྤན་ན་ཏྭཱ་ད་ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ དང་པོ་མ་བཅོས་སོ་མའི་ལྷག་མ་འདི༔ ཞི་གནས་བདེ་འབྱམས་ལྷག་མཐོང་གསལ་བས་བཞེས༔ བར་དུ་སྣ་ཚོགས་རྟོག་པ་སྤུན་པོ་འདི༔ རྩེ་གཅིག་ངོ་མཐོང་ཤར་གྲོལ་ངང་དུ་བཞེས༔ ཐ་མ་སྤྲོས་བྲལ་ཀ་དག་ལྷག་མ་འདི༔ མཉམ་རྗེས་གཉིས་མེད་རོ་གཅིག་ཀློང་དུ་བཞེས༔ ལྷག་མ་བྱ་བྲལ་སྒོམ་མེད་ལྷག་མ་འདི༔ ཕུང་པོ་ལྷག་མེད་འཇའ་འོད་ཀློང་དུ་བཞེས༔ ཕཊ་ཨོཾ༔ ཕཊ་ཨཱ༔ ཕཊ་ཧཱུྃ༔ ཕཊ་སྭཱ་ཧཱ༔ བསྐུལ་ནི༔ ཧཱུྃ༔ ཨ་མ་མཚོ་རྒྱལ་མཁའ་འགྲོའི་དཀྱིལ་འཁོར་ལ༔ ཐུགས་དམ་བསྐུལ་ལོ་སྨོན་ལམ་ཐུགས་བསྐྱེད་མཛོད༔ མ་ཡི་སྤྱི་བོ་བདེ་ཆེན་འཁོར་ལོ་ལ༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་སུམ་ཅུ་གཉིས༔ ཐུགས་དམ་བསྐུལ་ལོ་ཉོན་མོངས་ཞི་བར་མཛོད༔ མ་ཡི་མགྲིན་པ་རོ་འདུས་འཁོར་ལོ་ལ༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་བཅུ་དྲུག་བཞུགས༔ ཐུགས་དམ་བསྐུལ་ལོ་ཉམས་མྱོང་རྒྱས་པར་མཛོད༔ མ་ཡི་སྙིང་ཁ་ཆོས་ཀྱི་འཁོར་ལོ་ལ༔ སངས་རྒྱས་རིགས་ཀྱི་མཁའ་འགྲོ་དཔའ་བོ་བརྒྱད༔ ཐུགས་དམ་བསྐུལ་ལོ་མཆོག་གི་ཡེ་ཤེས་སྤོར༔ མ་ཡི་ལྟེ་བ་སྤྲུལ་པའི་འཁོར་ལོ་ལ༔ པདྨ་རིགས་ཀྱི་མཁའ་འགྲོ་དྲུག་ཅུ་གཉིས༔ ཐུགས་དམ་བསྐུལ་ལོ་བདེ་སྟོང་དགའ་བཞི་སྐྱེད༔ མ་ཡི་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ ཀརྨ་རིགས་ཀྱི་མཁའ་འགྲོ་ཉི་ཤུ་བཞི༔ ཐུགས་དམ་བསྐུལ་ལོ་གཟུང་འཛིན་ཆགས་པ་སྒྲོལ༔ མ་ཡི་ལུས་གནས་ཉི་ཤུ་རྩ་བཞི་ལ༔ གནས་བདག་དཔའ་བོ་དཔའ་མོ་ཉི་ཤུ་བཞི༔ ཐུགས་དམ་བསྐུལ་ལོ་འཁོར་བའི་ཆགས་སྡང་སྒྲོལ༔ མ་ཡི་རྩ་རླུང་སྟོང་ཕྲག་བརྒྱད་ཅུ་ལ༔ ཡེ་ཤེས་ལས་ལས་གྲུབ་པའི་མཁའ་འགྲོའི་ཚོགས༔ ཐུགས་དམ་བསྐུལ་ལོ་ས་ལམ་བར་ཆད་སོལ༔ མ་ཡི་དབུ་སྐྲ་ཉི་ཁྲི་ཆིག་སྟོང་ལ༔ སྣ་ཚོགས་ལས་ལས་གྲུབ་པའི་མཁའ་འགྲོའི་ཚོགས༔ ཐུགས་དམ་བསྐུལ་ལོ་ཕུང་པོའི་བར་ཆད་སྒྲོལ༔ མ་ཡི་བ་སྤུ་བྱེ་བ་ཕྲག་བརྒྱ་ལ༔ འཇིག་རྟེན་ཞིང་སྐྱོང་མཁའ་འགྲོ་བྱེ་ཕྲག་བརྒྱ༔ ཐུགས་དམ་བསྐུལ་ལོ་ཡེ་གདོན་འབྱུང་པོ་སྒྲོལ༔ མ་ཡི་སྐུ་མཆོག་གསང་སྔགས་དཀྱིལ་འཁོར་ལ༔ གསང་སྔགས་བླ་མེད་མཁའ་འགྲོ་བསམ་མི་ཁྱབ༔ ཐུགས་དམ་བསྐུལ་ལོ་སྔགས་ཀྱི་དངོས་གྲུབ་སྩོལ༔ མ་ཡི་ཐུགས་དམ་དགོངས་པ་མཁའ་ལྟར་དག༔ དགོངས་བརྒྱུད་བྱིན་རླབས་མཁའ་འགྲོ་སྤྲིན་ལྟར་གཏིབས༔ ཐུགས་རྒྱུད་རང་གྲོལ་མཆོག་གི་དངོས་གྲུབ་སྩོལ༔ མ་ཡི་སྔགས་རླུང་རྡོ་རྗེ་གསུམ་གྱི་བཅུད༔ གསང་སྔགས་བཅུད་འདུས་མཁའ་འགྲོ་གྲངས་ལས་འདས༔ འཆི་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ ཐུགས་དམ་བསྐུལ་ལོ་ཨ་མ་མཚོ་རྒྱལ་མ༔ ཐུགས་རྗེ་རྒྱུན་ཆད་མེད་པའི་དགོངས་པས་གཟིགས༔ འབྱུང་བཞི་ལུས་ཀྱི་གདོན་དང་བར་ཆད་སོལ༔ སྨྲ་སྒོ་ངག་ལ་སྔགས་ཀྱི་ནུས་པ་སྤོར༔ སེམས་ཉིད་ལྷན་སྐྱེས་ཡེ་ཤེས་རང་ངོ་ལ༔ ལྷག་མཐོང་རོ་གཅིག་མཆོག་གི་རྟོག་པ་སྤོར༔ རྣལ་འབྱོར་བསམ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཆད་མདོ་ནི༔ ཧཱུྃ༔ དང་པོ་ཀ་དག་སོ་མའི་རྟོག་པ་ལ༔ རྣམ་རྟོག་གཉིས་འཛིན་ལྷ་འདྲེ་ཆགས་སྡང་གིས༔ དྲན་རྫི་རང་རིག་ཡེ་ཤེས་སྤྱན་སྔ་རུ༔ རྟོག་ཚོགས་རེ་དོགས་བསྒྲལ་བར་མ་ཆད་དམ༔ རང་གྲོལ་སྐྱེ་མེད་གཏོར་མ་འདི་བཞེས་ལ༔ རྣམ་རྟོག་རྐུན་བུ་བསྒྲལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ དེ་འོག་ཞི་ལྷག་བདེ་གསལ་དུར་ཁྲོད་དུ༔ ཐེ་ཚོམ་ལྟེང་པོ་ཞི་གནས་ལྷ་འདྲེ་ཡིས༔ གཉེན་པོ་རང་གྲོལ་སློབ་དཔོན་སྤྱན་སྔ་རུ༔ གོལ་ས་ཤོར་ས་སྒྲོལ་བར་མ་ཆད་དམ༔ ངོ་མཐོང་རྩེ་གཅིག་གཏོར་མ་འདི་བཞེས་ལ༔ རྣམ་རྟོག་ཆོས་སྐུར་གྲོལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ དེ་འོག་ཐ་མ་སྤྲོས་བྲལ་ཕོ་བྲང་དུ༔ སྟོང་འབྱམས་རྟག་ཆད་ཐེར་ཟུག་ལྷ་འདྲེ་ཡིས༔ སྐྱེ་མེད་འགག་མེད་བླ་མའི་སྤྱན་སྔ་རུ༔ བརྗེད་སྐབས་ཡེངས་སྐབས་བསྒྲལ་བར་མ་ཆད་དམ༔ ཤར་གྲོལ་དུས་མཉམ་གཏོར་མ་འདི་བཞེས་ལ༔ སྒོམ་མེད་བློ་འདས་འགྲུབ་པའི་ཕྲིན་ལས་མཛོད༔ ཧཱུྃ༔ ཀུན་རྫོབ་ལྟར་སྣང་བླ་མའི་དཀྱིལ་འཁོར་འདིར༔ རྟེན་འབྲེལ་རྒྱུ་རྐྱེན་སྲུང་མ་དམ་ཅན་གྱིས༔ མོས་པའི་བློས་བཟུང་རྣལ་འབྱོར་སྒྱུ་མ་ཡིས༔ བྱང་ཆུབ་སྒྲུབ་པའི་བར་ཆད་ཐམས་ཅད་སྒྲོལ༔ མཚན་མ་དམིགས་གཏད་རྫས་ཀྱི་གཏོར་མ་བཞེས༔ སྔོན་ལས་འཕྲལ་རྐྱེན་ཐོགས་བཅས་བདུད་རིགས་སྒྲོལ༔ སརྦ་ཌཱ་ཀི་ནཱི་བྷ་ལིན་ཏ་ཁཱ་ཧི༔ བརྟན་སྐྱོང་ནི༔ ཧོ་ བོད་ཀྱི་གནས་བདག་བརྟན་མ་བཅུ་གཉིས་པོ༔ ཚུར་གཤེགས་ཚུར་བྱོན་བཀའ་ཡི་གཏོར་ཆུ་བཞེས༔ སློབ་དཔོན་པད་འབྱུང་ཡབ་ཡུམ་བཀའ་བཞིན་དུ༔ བོད་ཁམས་དཀར་པོའི་ཆོས་སུ་བཀོད་པ་དང༔ ཟབ་མོ་གསང་སྔགས་བསྟན་པ་རྒྱས་པ་དང༔ རྟག་ཆད་བདུད་དང་འགོང་པོ་སྤུན་དགུ་སྒྲོལ༔ ནད་མཚོན་མུ་གེ་རྒྱ་འདྲེ་དམ་ཉམས་ཟློག༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ མ་མ་ཧྲིང་ཧྲིང་ཨི་དམ་བྷ་ལིན་ཏ་ཁཱ་ཧི༔ བྲོ་ནི༔ མཁའ་འགྲོ་གྲུ་གསུམ་འབར་བའི་བྲོ་ར་ལ༔ ཡེ་ཤེས་ལས་གྲུབ་མཁའ་འགྲོ་བྲོ་བརྡུངས་པས༔ ཉོན་མོངས་དུག་ལྔ་མ་རིག་ལོག་རྟོག་བཅོམ༔ རང་རིག་ཡེ་ཤེས་མངོན་གྱུར་ཆོ་ག་རྫོགས༔ རྣམ་རྟོག་འཁོར་བའི་བག་ཆགས་མ་ལུས་ནོན༔ ཨོཾ་ལཾ་ཧཱུྃ་ལཾ༔ མཱ་ར་ཡ་ནན་སྭཱ་ཧཱ༔ དངོས་གྲུབ་བླང་བ་ནི༔ ཨོཾ་ཨཱཿཧཱུྃ༔ ཨ་མ་མཚོ་རྒྱལ་དངོས་གྲུབ་ཀུན་གྱི་གཞི༔ གསང་སྔགས་སྡོང་པོ་ཆོས་ཀྱི་འབྱུང་གནས་མ༔ སྐུ་ཡི་དངོས་གྲུབ་བུ་ཡི་ལུས་ལ་སྩོལ༔ འཆི་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ གསུང་གི་དངོས་གྲུབ་བུ་ཡི་ངག་ལ་སྩོལ༔ སྔགས་རླུང་རྩལ་རྫོགས་གྲུབ་པ་ཐོབ་པར་མཛོད༔ ཐུགས་ཀྱི་དངོས་གྲུབ་བུ་ཡི་སེམས་ལ་སྩོལ༔ ཉམས་རྟོགས་རྩལ་རྫོགས་འཇའ་ལུས་ཐོབ་པར་མཛོད༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ བཤགས་པ་ནི༔ མཁའ་འགྲོ་སྐུ་ཡི་དམ་ཚིག་ཉམས་གྱུར་ན༔ བརྩེ་གདུང་མོས་གུས་ཚད་མེད་འདི་ཡིས་བཤགས༔ མཁའ་འགྲོ་གསུང་གི་དམ་ཚིག་ཉམས་གྱུར་ན༔ བསྐྱེད་རྫོགས་བསྙེན་སྒྲུབ་ལས་སྦྱོར་འདི་ཡིས་བཤགས༔ མཁའ་འགྲོ་ཐུགས་ཀྱི་དམ་ཚིག་ཉམས་གྱུར་ན༔ ཚོགས་གཏོར་ཆོ་ག་གཏོར་མཆོད་འདི་ཡིས་བཤགས༔ མཁའ་འགྲོ་ཡན་ལག་དམ་ཚིག་ཉམས་གྱུར་ན༔ དམ་རྫས་ཕྱི་ནང་གསང་རྟེན་འདི་ཡིས་བཤགས༔ བྱང་ཞིང་དག་ནས་ཚངས་ཏེ་དངོས་གྲུབ་སྩོལ༔ ཡིག་བརྒྱ་དབྱངས་གསལ་རྟེན་འབྲེལ་སྙིང་པོ་རྣམས་ཚར་གསུམ་དུ་བཟླ༔ བཀྲ་ཤིས་བྱ་བ་ནི༔ ཨེ་མ་ཧོ༔ ས་བཅུ་བགྲོད་པ་ཀུན་གྱི་རྩེ༔ སངས་རྒྱས་བྱང་སེམས་བཀྲ་ཤིས་ཤོག༔ བྱིན་རླབས་དངོས་གྲུབ་ཕྲིན་ལས་མྱུར༔ རྩ་བ་གསུམ་གྱི་བཀྲ་ཤིས་ཤོག༔ ཞིང་བཅུ་སྒྲོལ་བའི་མཐུ་དང་ལྡན༔ དམ་ཅན་ཆོས་སྐྱོང་བཀྲ་ཤིས་ཤོག༔ གསང་སྔགས་ཐེག་ཆེན་འབྲུག་སྒྲ་སྒྲོག༔ དམ་ཆོས་སྙན་བརྒྱུད་བཀྲ་ཤིས་ཤོག༔ བསླབ་གསུམ་དམ་ལྡན་ལམ་ལྔ་བགྲོད༔ དགེ་འདུན་མཆེད་ལྕམ་བཀྲ་ཤིས་ཤོག༔ བསྔོ་སྨོན་ནི༔ ཧོ༔ དགེ་བ་འདི་དང་དགེ་བ་གཞན༔ མ་ལུས་གཅིག་ཏུ་བསྡུས་ནས་ནི༔ མཁའ་མཉམ་འགྲོ་བ་ཀུན་ལ་བསྔོ༔ བདག་བཅས་འགྲོ་བ་མ་ལུས་ཀུན༔ ས་བཅུ་འདས་པའི་ས་ནོན་ཅིང༔ ལམ་ལྔ་བགྲོད་ཅིང་དུག་ལྔ་དག༔ ཡེ་ཤེས་ལྔ་ལྡན་མཁའ་འགྲོ་དང༔ གཉིས་མེད་སྐལ་པ་མཉམ་པར་ཤོག༔ བསྡུ་བ་ནི༔ ཧོ༔ ཆོས་ཀུན་སྒྱུ་མའི་རང་བཞིན་ལ༔ སྣང་ཡང་བདེན་པ་མ་གྲུབ་སྟེ༔ མེད་བཞིན་ཤར་བའི་དཀྱིལ་འཁོར་ལྷ༔ མཐའ་ནས་དབུས་སུ་ཨ་རུ་གྱུར༔ ཨ་ཡང་དམིགས་མེད་དབྱིངས་སུ་ཡལ༔ དབྱིངས་རིག་རྡོ་རྗེ་ལུ་གུ་རྒྱུད༔ ཐིག་ལེ་ཉག་ཅིག་ཟག་མེད་རྒྱས༔ འཁོར་འདས་ཀ་དག་ཀློང་དུ་མུ༔ བཛྲ་ཨ༔ ཞེས་པས་རང་རིག་སྟོང་པའི་ངང་ནས་འགག་མེད་དུ་ཤར་བའི་རྟོག་པ་སྐྱེ་མེད་དུ་གྲོལ་བ་ཆོས་སྐུ༔ ཚོགས་དྲུག་སྤྲུལ་སྐུའི་རོལ་པ༔ སྒོ་ལྔ་ལོངས་སྐུའི་འཆར་གཞི༔ མཁ༵འ་སྟོང་པ་བློ་འདས༔ འགྲོ༵་རྟོག་ཚོགས་རང་ཤར༔ མ༵་རིག་སྟོང་ཆོས་ཉིད༔ དེ་ཉིད་མ་བཅོས་སོ་མའི་ངང་དུ་མཉམ་པར་བཞག་པར་བྱ་བ་ནི་རྒྱུན་ཁྱེར་རོ༔ ས་མ་ཡ༔ མཁའ་རྒྱ༔ སྤྱོད་རྒྱ༔ རྡོར་རྒྱ༔ སྐུ་གསུང་ཐུགས་ཀྱི་རྒྱ་རྒྱ་རྒྱ༔

འགྲོ་འདུལ་འཕགས་པའི་ཐུགས་ཏིག་ལས༔ སེམས་ཉིད་ངལ་གསོ་རྩ་བའི་ཕྲིན་ལས་ (Volume 25, Text 1)

༁ྃ༔ འགྲོ་འདུལ་འཕགས་པའི་ཐུགས་ཏིག་ལས༔ སེམས་ཉིད་ངལ་གསོ་རྩ་བའི་ཕྲིན་ལས་བཞུགས་སོ༔ ྈྈྈྈྈྈ འཇིག་རྟེན་གསུམ་མགོན་ཐུགས་རྗེའི་གཏེར༔ གར་གྱི་དབང་ཕྱུག་ལ་བཏུད་ནས༔ འགྲོ་འདུལ་རྩ་བའི་སྒྲུབ་པའི་ཐབས༔ པདྨ་བཛྲ་བདག་གིས་བསྟན༔ ས་མ་ཡ༔ བསྒྲུབ་གཞི་ཀུན་ཁྱབ་ཆོས་ཀྱི་དབྱིངས༔ སྒྲུབ་བྱེད་བདེ་ཆེན་ཡེ་ཤེས་ལམ༔ གྲུབ་པ་མཐར་ཕྱིན་དབྱེར་མེད་འབྲས༔ སྙིང་པོ་བྱང་ཆུབ་ཐོབ་འདོད་ན༔ དབེན་པར་བསམ་གཏན་སྣོད་རུང་བས༔ དབང་དང་དམ་ཚིག་ལ་གནས་ཤིང༔ ལྷ་དང་སྙིང་པོ་ཕྱག་རྒྱ་ལས༔ མི་འདའ་རྡོ་རྗེའི་བརྟུལ་ཞུགས་ཀྱིས༔ སྲིད་ལས་ངེས་པར་འབྱུང་བ་དང༔ གཞན་ཕན་སྙིང་རྗེ་ཆེན་པོ་དང༔ དབྱིངས་ཡེ་ཟུང་འཇུག་གཉུག་མའི་ངང༔ ཡང་དག་སྙིང་པོའི་དོན་ལ་འཇུག༔ རང་ཉིད་སྐད་ཅིག་གར་གྱི་དབང༔ འཇའ་ཚོན་ལྟ་བུའི་སྐུར་གསལ་བའི༔ ཐུགས་ཀའི་འོད་ཀྱིས་ཚོགས་ཞིང་རྣམས༔ ནམ་མཁའ་གང་བར་སད་པའི་མདུན༔ རྩེ་གཅིག་གུས་ཤིང་གདུང་བའི་བློས༔ སྔོན་འགྲོའི་དང་པོ་སྐྱབས་འགྲོ་ནི༔ ན་མོ༔ བདག་དང་མཁའ་མཉམ་སེམས་ཅན་ཀུན༔ དབྱིངས་ལས་ཡེ་ཤེས་རང་ཤར་བའི༔ བྱང་ཆུབ་སེམས་ཀྱི་རྩ་གསུམ་ལྷར༔ མི་ཕྱེད་གུས་པས་སྐྱབས་སུ་མཆི༔ གཉིས་པ་སེམས་བསྐྱེད་དམ་བཅའ་བཟུང༔ ཧོ༔ དབྱིངས་ལས་གཞན་མིན་ཁམས་གསུམ་འགྲོ༔ ཡེ་ཤེས་ཕྱག་རྒྱའི་སྐུར་བསྒྲུབ་ཕྱིར༔ ཟུང་འཇུག་པདྨ་གར་དབང་གི༔ ཏིང་འཛིན་བསྒོམ་པར་དམ་བཅའ་འོ༔ གསུམ་པ་བསོད་ནམས་ཚོགས་གསོག་ནི༔ ཧོ༔ དབྱིངས་དང་ཡེ་ཤེས་དབྱེར་མེད་པའི༔ ནམ་མཁའ་གང་བའི་རྩ་གསུམ་ལྷར༔ སྒོ་གསུམ་གུས་པའི་ཕྱག་གིས་འདུད༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད༔ སྡིག་ལྟུང་ཉམས་ཆག་མཐོལ་ཞིང་བཤགས༔ ཚོགས་གཉིས་བསྒྲུབས་ལ་རྗེས་ཡི་རང༔ ཐེག་གསུམ་ཆོས་འཁོར་བསྐོར་བཞིན་དུ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་ཚོགས་བྱང་ཆུབ་སྙིང་པོར་བསྔོ༔ གཞན་དོན་སངས་རྒྱས་མྱུར་འགྲུབ་ཤོག༔ བཞི་པ་བགེགས་ཚོགས་བསྐྲད་པ་ནི༔ ཧཱུྃ༔ པདྨ་དབང་གི་དཀྱིལ་འཁོར་འདིར༔ བར་ཆད་བརྩམ་པའི་གདོན་བགེགས་ཀུན༔ རྡོ་རྗེ་གསང་བའི་བཀའ་བྱུང་གིས༔ རང་རང་གནས་སུ་མྱུར་དུ་དེངས༔ དྲག་སྔགས་མཚོན་དང་ཐུན་གྱིས་གཟིར༔ ལྔ་པ་སྲུང་འཁོར་བསྒོམ་པ་ནི༔ ཧྲཱི༔ དབྱིངས་ཀྱི་རང་བཞིན་འོད་ལྔའི་ཀློང༔ རིག་པ་ཡེ་ཤེས་རྡོ་རྗེའི་གུར༔ དབྱིངས་རིག་དབྱེར་མེད་ཁྲོ་ཚོགས་བཅས༔ མཚམས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ ཛྙཱ་ན་དྷཱ་ཏུ་བཛྲ་ཀྲོ་དྷ་རཀྵ་བྷྲཱུྃ༔ དྲུག་པ་ཡེ་ཤེས་བྱིན་ཆེན་དབབ༔ ཧྲཱི༔ གདོད་ནས་དག་པ་ཆོས་ཀྱི་དབྱིངས༔ ལོངས་སྤྱོད་ཡོངས་རྫོགས་ཡེ་ཤེས་སྐུ༔ དབྱེར་མེད་སྒྱུ་འཕྲུལ་དྲྭ་བའི་ལྷ༔ པདྨ་གར་དབང་བཅོམ་ལྡན་འདས༔ གཙོ་འཁོར་སྤྲུལ་པར་བཅས་པ་རྣམས༔ ཐུགས་རྗེ་ཐུགས་དམ་དུས་ལ་བབས༔ སྐུ་གསུང་ཐུགས་ཀྱི་བྱིན་ཕོབས་ལ༔ དབང་སྐུར་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ལོ་ཀེ་ཤྭ་ར་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་བཛྲ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཧཱུྃ་ཧཱུྃ་ཧཱུྃ༔ཛཿཧཱུྃ་བཾ་ཧོ༔ བདུན་པ་མཆོད་རྫས་བྱིན་བརླབ་ནི༔ རཾ་ཡཾ་ཁཾ༔ དབྱིངས་ཀྱི་ཆོ་འཕྲུལ་རྨད་བྱུང་བ༔ ཡེ་ཤེས་རྣམ་ལྔའི་འོད་ཟེར་སྤྲིན༔ བདེ་ཆེན་རྡོ་རྗེའི་དམ་ཚིག་གི༔ མཆོད་པའི་ཕྱག་རྒྱ་ཆེན་པོར་རྫོགས༔ ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ༔ ཨོཾ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་མ་ཧཱ་སུ་ཁ་སརྦ་པཱུ་ཛ་ཨཱཿཧཱུྃ༔ ལན་གསུམ་བརྗོད་པས་བྱིན་གྱིས་བརླབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དངོས་གཞིའི་དང་པོ་ལྷ་བསྐྱེད་ནི༔ ཨ༔ ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད༔ སྐྱེ་འགག་གནས་མེད་སྤྲོས་དང་བྲལ༔ རྣམ་པར་ཐར་པའི་སྒོ་གསུམ་དང༔ འདུ་འབྲལ་སྤངས་པ་དབྱིངས་ཀྱི་ངང༔ ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་ནི༔ འགག་པ་མེད་པར་ཀུན་ཏུ་སྣང༔ འོད་གསལ་སྙིང་རྗེ་ཆེན་པོའི་གདངས༔ ཅིར་ཡང་འཆར་ཞིང་འབྱུང་བ་ལས༔ ཟུང་འཇུག་བདེ་ཆེན་བྱང་ཆུབ་སེམས༔ ཧྲཱིཿཡིག་དམར་པོ་འོད་འབར་བའི༔ རྡོ་རྗེའི་ཡི་གེའི་སྤྲིན་དུ་བཞེངས༔ རང་བྱུང་སྔགས་ཀྱི་སྒྲ་བསྒྲགས་པས༔ སྤྲུལ་པའི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ པཉྩ་དྷཱ་ཏུ་བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿསརྦ་མཎྜ་ལ་བྷྲཱུྃ༔ ཀློང་ལྔ་དག་པ་ཡུམ་གྱི་མཁའ༔ འབྱུང་བ་རིམ་བརྩེགས་རི་རབ་སྟེང༔ ཐར་པ་ཆེན་པོའི་གཞལ་མེད་ཁང༔ གྲུ་བཞི་སྒོ་བཞི་མཚན་ཉིད་རྫོགས༔ ཡེ་ཤེས་ཡོན་ཏན་རྒྱན་གྱིས་སྤྲས༔ བསམ་གྱིས་མི་ཁྱབ་བཀོད་པ་ཆེ༔ པདྨ་དྲྭ་བ་ཆེན་པོའི་ཞིང༔ སྣང་སྟོང་འོད་ལྔར་འཁྲུགས་པའི་དབུས༔ ཆུ་སྐྱེས་ཉི་ཟླའི་གདན་གྱི་སྟེང༔ རང་སེམས་སྐྱེ་མེད་ཆོས་ཀྱི་དབྱིངས༔ ཡེ་ཤེས་ལོངས་སྤྱོད་རྫོགས་པའི་སྐུ༔ འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་གཏེར༔ སེམས་ཉིད་ངལ་གསོ་ལྷག་པའི་ལྷ༔ དམར་གསལ་པདྨ་རཱ་གའི་མདངས༔ ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་ནི༔ པུས་མོ་གཡས་པའི་སྟེང་དུ་བརྐྱངས༔ ཐབས་ཤེས་མཐེབ་མཛུབ་སྦྱོར་བའི་བརྡས༔ པདྨ་དམར་པོའི་ཕྲེང་བ་འདྲེན༔ གཡོན་པས་དཀོན་མཆོག་གསུམ་མཚོན་པའི༔ སྐྱབས་སྦྱིན་ཕྱག་རྒྱས་ཨུཏྤ་ལའི༔ མེ་ཏོག་སྙན་ཐད་ཁ་བྱེ་བར༔ འཆི་མེད་ཚེ་བུམ་མཚན་པ་བསྣམས༔ དར་དང་རིན་ཆེན་རུས་པས་བརྒྱན༔ ཞི་འཛུམ་ཅུང་ཟད་ཁྲོས་པའི་ཉམས༔ རང་འོད་བདེ་སྟེར་ཤེས་རབ་ཡུམ༔ གསང་བ་ཡེ་ཤེས་སྐུ་མདོག་དམར༔ གྲི་གུག་ཐོད་པ་བསྣམས་པས་འཁྲིལ༔ རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས༔ ཡེ་ཤེས་འོད་ལྔའི་ཀློང་ན་བཞུགས༔ ཡིད་དང་ཆོས་སུ་འཛིན་པའི་སེམས༔ དབྱིངས་རིག་ཡབ་ཡུམ་གདོད་མའི་མགོན༔ རྡོ་རྗེ་ཕུང་པོའི་ཡན་ལག་ནི༔ བདེ་གཤེགས་རིགས་མཆོག་རྫོགས་སངས་རྒྱས༔ ས་ཆུ་སྤྱན་དང་མཱ་མ་ཀཱི༔ མེ་རླུང་གོས་དཀར་དམ་ཚིག་སྒྲོལ༔ ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ༔ སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན༔ བྱང་ཆུབ་སེམས་དཔའ་སེམས་མ་ཉིད༔ ཉོན་མོངས་འགྲོ་འདུལ་ཐུབ་པ་དང༔ ཡན་ལག་མཐར་བྱེད་ཁྲོ་བོའི་ཚོགས༔ མདོར་ན་ཕུང་ཁམས་སྐྱེ་མཆེད་ཀུན༔ གདན་གསུམ་ཚང་བའི་ཡེ་ཤེས་ལྷར༔ མ་བསྐྱེད་འོད་གསལ་དབྱིངས་ཀྱི་རྒྱན༔ ཉི་དང་འོད་ཟེར་བཞིན་དུ་རྫོགས༔ དེ་ལས་རང་བྱུང་ཧེ་རུ་ཀའི༔ རྣམ་པར་འཕྲུལ་པ་མཐའ་ཀླས་པས༔ གདུག་པ་ཅན་རྣམས་འདུལ་བའི་ཕྱིར༔ ཐུགས་རྗེའི་བྱེ་བྲག་ཅིར་ཡང་སྟོན༔ སྤྱི་བོར་པད་ཟླའི་གདན་གྱི་སྟེང༔ རིགས་ཀྱི་བདག་པོ་སྣང་མཐའ་ཡས༔ དམར་གསལ་མཉམ་གཞག་ལྷུང་བཟེད་བསྣམས༔ སྤྲུལ་སྐུའི་ཆ་ལུགས་མཚན་དཔེར་འབར༔ ཕྱི་རོལ་པདྨ་འདབ་བརྒྱད་ལ༔ ཤར་དུ་བྱམས་པ་མགོན་པོ་དཀར༔ མཆོག་སྦྱིན་ཨུཏྤལ་སྤྱི་བླུགས་བསྣམས༔ ལྷོ་རུ་འཇམ་དཔལ་གཞོན་ནུ་སེར༔ མཆོག་སྦྱིན་ཨུཏྤལ་པུསྟི་བསྣམས༔ ནུབ་ཏུ་སྤྱན་རས་གཟིགས་དབང་དམར༔ མཆོག་སྦྱིན་ཨུཏྤལ་ནོར་བུ་བསྣམས༔ བྱང་དུ་གསང་བའི་བདག་པོ་མཐིང༔ མཆོག་སྦྱིན་ཨུཏྤལ་རྡོ་རྗེ་བསྣམས༔ ཤར་ལྷོར་ནམ་མཁའི་སྙིང་པོ་སྔོ༔ མཆོག་སྦྱིན་ཨུཏྤལ་རལ་གྲི་བསྣམས༔ ལྷོ་ནུབ་ས་ཡི་སྙིང་པོ་སེར༔ མཆོག་སྦྱིན་ཨུཏྤལ་སྙེ་མ་བསྣམས༔ ནུབ་བྱང་སྒྲིབ་པ་རྣམ་སེལ་དཀར༔ མཆོག་སྦྱིན་ཨུཏྤལ་ཟླ་བ་བསྣམས༔ བྱང་ཤར་ཀུན་ཏུ་བཟང་པོ་དམར༔ མཆོག་སྦྱིན་ཨུཏྤལ་ཉི་མ་བསྣམས༔ ཀུན་ཀྱང་ཞི་འཛུམ་སྒེག་པའི་ཉམས༔ རང་འོད་རིག་མའི་བདེ་བས་རྒྱས༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ པད་ཟླའི་སྟེང་ན་བཞེངས་ཏེ་གནས༔ བར་ཁྱམས་ཕྱོགས་དང་སྟེང་འོག་ཏུ༔ རིགས་དྲུག་འགྲོ་འདུལ་ཐུབ་པ་དྲུག༔ སོ་སོའི་རྟགས་ཀྱི་ཕྱག་མཚན་བཅས༔ སྤྲུལ་སྐུའི་ཆ་ལུགས་མཚན་དཔེས་མཛེས༔ སྒོ་བཞིར་དབང་ཆེན་སྡེ་བཞི་ནི༔ དཀར་སེར་དམར་མཐིང་ཁྲོས་པའི་ཉམས༔ གར་དགུའི་གཟི་བྱིན་མཆོག་ཏུ་འབར༔ གྲི་ཐོད་ཕྱག་རྒྱས་ཡུམ་དང་སྦྱོར༔ གཞན་ཡང་བླ་མ་ཡི་དམ་ལྷ༔ དུས་གསུམ་བསྐལ་བཟང་སེམས་དཔའ་སྟོང༔ དཔའ་བོ་མཁའ་འགྲོ་ཆོས་སྲུང་དང༔ ནོར་ལྷ་གཏེར་བདག་བྱེ་བའི་ཚོགས༔ ཁམས་གསུམ་སེམས་ཅན་དྲངས་སླད་དུ༔ འགྲོ་འདུལ་ཐུགས་རྗེའི་དཀྱིལ་འཁོར་ཆེར༔ ཆར་སྤྲིན་གཏིབས་པ་ཇི་བཞིན་གསལ༔ ཉོན་མོངས་གནས་གྱུར་ཡེ་ཤེས་ལྔས༔ རིགས་ལྔའི་ངོ་བོར་དབང་བསྐུར་ཞིང༔ གནས་གསུམ་རྡོ་རྗེའི་འབྲུ་གསུམ་གྱིས༔ སྐུ་གསུང་ཐུགས་སུ་བྱིན་བརླབ་བོ༔ ཧྲཱིཿཧཱུྃ་ཏྲཱཾ་ཨོཾ་ཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ གཉིས་པ་ཡེ་ཤེས་སྤྱན་དྲངས་སླད༔ གདུང་བའི་དབྱངས་དང་རོལ་མོར་བཅས༔ ཧྲཱི༔ ཆོས་དབྱིངས་སྐྱེ་བ་མེད་པ་ལས༔ སོ་སོར་ཀུན་རྟོག་ཡེ་ཤེས་སྐུ༔ བྱང་ཆུབ་སེམས་ཀྱི་ལྷ་ཚོགས་རྣམས༔ ཐུགས་དམ་དབང་གིས་གཤེགས་སུ་གསོལ༔ འཇིག་རྟེན་དབང་ཕྱུག་སྙིང་རྗེའི་གཏེར༔ འགྲོ་འདུལ་རིགས་ཀྱི་འཁོར་དང་བཅས༔ འགག་མེད་སྒྱུ་མའི་རྣམ་རོལ་གྱིས༔ དམ་ཚིག་དཀྱིལ་འཁོར་འདིར་དགོངས་ལ༔ ཕྱི་ནང་གསང་བའི་བྱིན་ཆེན་ཕོབས༔ སྐུ་གསུང་ཐུགས་ཀྱི་དབང་བཞི་སྐུར༔ མི་མཐུན་སྒྲིབ་པའི་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་ལོ་ཀེ་ཤྭ་ར་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་བཛྲ་ས་མཱ་ཛ༔ གསུམ་པ་དམ་ཡེ་དབྱེར་མེད་དུ༔ དགུག་གཞུག་བཅིང་མཉེས་ཕྱག་གིས་འདུད༔ དམ་བཅའ་རྣམ་གསུམ་བརྟན་པའི་ཕྱིར༔ ལྷག་པའི་འདུན་པ་རྩེ་གཅིག་པས༔ ཨོཾ༔ ཐུགས་རྗེའི་ལྕགས་ཀྱུས་རྒྱུད་བསྐུལ་ཞིང༔ བྱམས་པའི་ཞགས་པས་རྟེན་དང་བསྲེ༔ དགའ་བའི་སྒྲོག་གིས་མི་ཕྱེད་བཅིང༔ བཏང་སྙོམས་དྲིལ་བུས་དགྱེས་པ་བསྐྱེད༔ ཛཿཧཱུྃ་བཾ་ཧོཿས་མ་ཡ་ཏིཥྛ་ལྷན༔ ཧོ༔ གདོད་ནས་དབྱིངས་ཀྱི་ལྷ་ཚོགས་རྣམས༔ ཡེ་ཤེས་རིག་པའི་ཀློང་དུ་བཞུགས༔ ཟུང་འཇུག་ཆེན་པོའི་དམ་ཚིག་གིས༔ འདུ་འབྲལ་མེད་པར་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨོཾ༔ རྡོ་རྗེའི་ཡེ་ཤེས་འཐོབ་བྱའི་ཕྱིར༔ བྱང་ཆུབ་སྤྱོད་པ་རླབས་ཆེན་སྤྱད༔ སངས་རྒྱས་མཛད་པའི་རོལ་མོ་ཡིས༔ འགྲོ་འདུལ་འཕགས་པའི་ཕྲིན་ལས་བསྒྲུབ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ བཞི་པ་མཆོད་ཅིང་བསྟོད་པ་ནི༔ རང་ལས་སྤྲུལ་པའི་ལྷ་མོའི་ཚོགས༔ ནམ་མཁའ་གང་བའི་ཉམས་འགྱུར་གྱིས༔ མཆོད་ཅིང་རྡོ་རྗེའི་གླུ་བླང་བསམ༔ ཨོཾ༔ ལྷར་སྣང་ཕྱག་རྒྱ་ཆེན་པོའི་ངང༔ དམ་ཚིག་ཕྱག་རྒྱའི་བརྡས་མཚོན་ཏེ༔ ཆོས་དང་ལས་ཀྱི་ཕྱག་རྒྱར་བཅས༔ ཡེ་ཤེས་གླུ་དང་གར་གྱིས་མཆོད༔ མ་ཧཱ་མུ་དྲ་ཛྙཱ་ན་གཱི་ཏི་པཱུ་ཛ་ཧོ༔ ཨོཾ༔ ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལས༔ བྱུང་བའི་ཡེ་ཤེས་བླ་ན་མེད༔ མཆོད་པའི་སྤྲིན་ཆེན་རྒྱ་མཚོ་ཡིས༔ དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་ལོ་ཀེ་ཤྭ་ར་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧོ༔ ཡུལ་དང་དབང་པོའི་གཟུང་འཛིན་ཀུན༔ བདེ་བ་ཆེན་པོར་རོ་གཅིག་པའི༔ འདོད་པའི་ཡོན་ཏན་རྣམ་མང་པོས༔ འདུ་འབྲལ་མེད་པའི་རྒྱན་དུ་མཆོད༔ རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་པྲ་ཏཱིཙྪ་ཨཱཿཧཱུྃ༔ ཨོཾ༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་བའི༔ འཆི་མེད་བདུད་རྩི་གཡུང་དྲུང་ཆུ༔ དུག་ལྔ་སེལ་བའི་སྨན་ཆེན་པོས༔ ཐུགས་རྗེའི་ལྷ་ཚོགས་མཆོད་པར་བགྱི༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་གིས་དངོས་གྲུབ་བླངས༔ ཧྲཱི༔ པདྨ་བྷཉྫའི་བཟེད་ཁོངས་སུ༔ ཉོན་མོངས་བསྒྲལ་པའི་རཀྟ་བསྐྱིལ༔ བདེ་མཆོག་བདེ་བའི་རོལ་མོ་ཡིས༔ ཡེ་ཤེས་གཟི་བྱིན་བསྐྱེད་དུ་གསོལ༔ མ་ཧཱ་རཀྟ་ཁཱ་ཧི༔ ཧཱུྃ༔ སྟོང་གསུམ་འཇིག་རྟེན་སྣོད་ཡངས་པར༔ ཁམས་གསུམ་འགྲོ་ཀུན་གཏོར་མར་སྦྱར༔ འདོད་ཡོན་རྒྱ་མཚོའི་སྤྲིན་ཆེན་པོས༔ བདེ་བ་ཆེན་པོར་དགྱེས་གྱུར་ཅིག༔ མ་ཧཱ་བ་ལིཾ་ཏ་པཉྩ་ཀཱ་མ་གུ་ཎ་པཱུ་ཛ་ཧོ༔ དབྱིངས་ཀྱི་ནང་དུ་ཆོས་ཀུན་སྦྱོར༔ ཡེ་ཤེས་རིག་པས་གཟུང་འཛིན་བསྒྲལ༔ ཟུང་འཇུག་འདུས་མ་བྱས་པའི་ཀློང༔ འཁོར་གསུམ་སྤང་བླང་བྲལ་བར་རོལ༔ ཏ་ན་ག་ཎ་ཛྙཱ་ན་དྷཱ་ཏུ་ཨ་ཨ༔ ཨོཾ༔ འགྱུར་བ་མེད་པའི་དབྱིངས་ཉིད་ལས༔ ཡེ་ཤེས་ཕྱག་རྒྱའི་གཟུགས་སུ་སྣང༔ བརྟན་གཡོ་ཀུན་ཁྱབ་བདེ་བ་ཆེ༔ རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ ཨཱ༔ འགག་པ་མེད་པའི་དབྱིངས་ཉིད་ལས༔ ཡེ་ཤེས་རྣམ་པ་ཐམས་ཅད་པས༔ སྒྲ་ཡི་ཁམས་རྣམས་སད་པར་མཛད༔ རྡོ་རྗེའི་གསུང་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སྐྱེ་བ་མེད་པའི་དབྱིངས་ཉིད་ལས༔ ཡེ་ཤེས་འོད་གསལ་བྱང་ཆུབ་སེམས༔ སྙིང་རྗེ་ཆེ་དང་ཤེས་རབ་བདག༔ རྡོ་རྗེའི་ཐུགས་ལ་ཕྱག་འཚལ་བསྟོད༔ སྭཱ༔ རྩོལ་བ་མེད་པའི་དབྱིངས་ཉིད་ལས༔ ཡེ་ཤེས་ལྷུན་གྱིས་གྲུབ་པའི་གཏེར༔ གདུལ་བྱའི་བསམ་པ་ཚིམ་མཛད་པའི༔ ཡོན་ཏན་རྡོ་རྗེར་ཕྱག་འཚལ་བསྟོད༔ ཧཱ༔ ཐོགས་པ་མེད་པའི་དབྱིངས་ཉིད་ལས༔ ཡེ་ཤེས་རིག་པའི་རྩལ་འཆང་བས༔ སྒྱུ་འཕྲུལ་དྲྭ་བའི་ཚུལ་སྟོན་པ༔ ཕྲིན་ལས་རྡོ་རྗེར་ཕྱག་འཚལ་བསྟོད༔ ཧྲཱི༔ ཆོས་དབྱིངས་སྤྲོས་པ་བྲལ་བ་ལས༔ ཡེ་ཤེས་ལོངས་སྤྱོད་རྫོགས་སྐུར་ཤར༔ ཟུང་འཇུག་སྤྲུལ་པའི་དཀྱིལ་འཁོར་ལྷར༔ གུས་པས་བསྟོད་དོ་དངོས་གྲུབ་སྩོལ༔ མཆོད་པའི་ལྷ་རྣམས་རང་ལ་བསྡུ༔ ལུས་གནད་བསྲང་ཞིང་རླུང་རོ་བསལ༔ བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི༔ སྙིང་རྗེ་ཆེན་པོའི་ཡེ་ཤེས་སྐུ༔ དངོས་ཡིན་སྙམ་དུ་ང་རྒྱལ་བརྟན༔ སྤྱི་དང་བྱེ་བྲག་གསལ་སྣང་ལ༔ རྩེ་གཅིག་སེམས་བཟུང་དག་པ་དྲན༔ ཐ་མལ་སྣང་ཞེན་ཀུན་སྦྱངས་ཏེ༔ སྔགས་ཀྱི་ཞི་གནས་བསྒྲུབ་པར་བྱ༔ ལྔ་པ་ཛཔ྄་ཀྱིས་བསྙེན་པ་ནི༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སརྦ་མཎྜ་ལ་ཕཊ་ཛ༔ བདག་གིས་བསྒོམས་པའི་དཀྱིལ་འཁོར་ལྷ༔ རྟེན་དང་བརྟེན་པར་བཅས་པ་ཡི༔ ཡེ་ཤེས་འཁོར་ལོ་མདུན་དུ་དབྱེ༔ ཉེ་བར་བསྙེན་ཏེ་བཞུགས་པ་ཡི༔ གཉིས་ཀའི་ཐུགས་ཀར་པད་ཉིའི་སྟེང༔ རིག་སྟོང་རྒྱལ་པོ་རྟ་མཆོག་དཔལ༔ དམར་སྨུག་རལ་གྲི་ཐོད་ཁྲག་བསྣམས༔ ཕག་མོ་ཡུམ་དང་མཉམ་སྦྱོར་བའི༔ ཐུགས་ཀར་པད་ཟླར་ཧྲཱིཿདམར་མཐར༔ རྡོ་རྗེའི་སྔགས་ཀྱི་ཕྲེང་བས་བསྐོར༔ དེ་ལས་འཕྲོས་པའི་འོད་ཟེར་གྱིས༔ འཕགས་མཆོད་འགྲོ་ཀུན་སྒྲིབ་གཉིས་སྦྱངས༔ བྱིན་རླབས་དངོས་གྲུབ་ཐམས་ཅད་ཀུན༔ ཚུར་འདུས་མདུན་གྱི་ལྷ་ལ་ཐིམ༔ ཡེ་ཤེས་གཟི་བྱིན་མཆོག་ཏུ་འབར༔ དེ་ཡི་གསང་གསུམ་ཕྱག་རྒྱ་ལས༔ ཐུགས་རྗེའི་འོད་ཟེར་དཔག་ཡས་འཕྲོས༔ བདག་གི་སྒོ་གསུམ་ཐིམ་པ་ཡིས༔ སྒྲིབ་དག་དབང་དང་དངོས་གྲུབ་ཐོབ༔ དབྱིངས་རིག་དབྱེར་མེད་ངང་ནས་བཟླས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ རིག་པའི་རྒྱལ་པོ་འདི་ཉིད་ནི༔ བར་མེད་ཆུ་བོའི་རྒྱུན་བཞིན་དུ༔ རྩེ་གཅིག་བསྙེན་པའི་རྣལ་འབྱོར་དེ༔ སྤྱན་རས་གཟིགས་དང་སྐལ་པ་མཉམ༔ གནས་སྐབས་བགེགས་ཞི་ཚེ་བསོད་འཕེལ༔ འགྲོ་འདུལ་ཕྲིན་ལས་བསམ་མི་ཁྱབ༔ འབུམ་ཕྲག་བཅུ་ཡིས་ཡེ་ཤེས་ཀྱི༔ ཐུགས་རྗེ་ཡུལ་ལ་འཇུག་པར་འགྱུར༔ དྲུག་པ་སྒྲུབ་པའི་རྣལ་འབྱོར་ནི༔ མདུན་དུ་སྟེགས་བུ་མཚན་རྫོགས་དབུས༔ བྱང་ཆུབ་སེམས་ཀྱིས་ཆག་ཆག་གདབ༔ དཀྱིལ་འཁོར་སྤྱི་དང་མཐུན་པར་འབྲི༔ ལྷ་གནས་རྣམས་སུ་མཚན་མ་དགོད༔ དབུས་སུ་བུམ་པ་བཅུད་ལྡན་དང༔ ཁྱད་པར་སྐྱེ་བདུན་བདེ་གཤེགས་གདུང༔ ཤུ་དག་དཱུརྦ་སིནྡྷུ་ར༔ ཡུངས་དཀར་བཟང་དྲུག་འབྲས་བུ་གསུམ༔ དབང་ལག་རྟག་ངུར་བཅས་པ་རྣམས༔ རིལ་བུ་སྲན་ཆུང་ཙམ་དུ་དྲིལ༔ བྷནྡྷ་བཟང་པོའི་སྣོད་དུ་བསྩལ༔ དར་སྣ་ལྔ་ཡི་ན་བཟར་བཅས༔ སྒྲུབ་པའི་དཀྱིལ་འཁོར་སྙིང་པོར་བཞག༔ མཆོད་པའི་བྱེ་བྲག་རྒྱས་པར་དགྲམ༔ ཕྱི་ནང་གསང་བའི་མཚམས་བཅད་དེ༔ རྣལ་འབྱོར་གཞུང་བསྲང་ཡེ་ཤེས་པ༔ མདུན་གྱི་རྟེན་དང་དབྱེར་མེད་བསམ༔ བསྙེན་ཅིང་ཛཔ྄་ཀྱི་ཕྲིན་ལས་བསྐུལ༔ ཧྲཱི༔ དབྱིངས་ཀྱི་ངང་ལས་རང་ཤར་བའི༔ ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་ལྷ༔ པདྨ་གར་དབང་བཅོམ་ལྡན་འདས༔ རབ་འབྱམས་དཀྱིལ་འཁོར་ལྷ་ཚོགས་རྣམས༔ རྡོ་རྗེའི་དམ་ཚིག་རྗེས་དགོངས་ལ༔ རང་བྱུང་ཛཔ྄་ཀྱི་ཕྲིན་ལས་མཛོད༔ སྐུ་ནི་སྣང་སྟོང་འོད་དུ་འབར༔ གསུང་གསང་སྔགས་ཀྱི་རང་སྒྲ་འུར༔ ཐུགས་དགོངས་སྐྱེ་མེད་འོད་གསལ་ངང༔ བདེ་བ་ཆེན་པོའི་གཟི་བྱིན་སྐྱེད༔ བྱིན་རློབས་མཆོག་དང་ཐུན་མོང་གི༔ དངོས་གྲུབ་དེང་འདིར་བསྩལ་དུ་གསོལ༔ ཞེས་བསྐུལ་མི་གཡོ་དགོངས་པའི་གཟེར༔ བདག་མདུན་ཐུགས་སྲོག་སྔགས་ཕྲེང་ལས༔ རང་འདྲ་འགལ་མེ་བཞིན་དུ་འཁོར༔ ཡབ་ཡུམ་ཞལ་བརྒྱུད་སྐུའི་དབྱིངས་ནས༔ རྡོ་རྗེ་ནོར་བུའི་ལམ་ཞུགས་ཏེ༔ གསལ་ཞིང་ཐིམ་པའི་གཟི་བྱིན་གྱིས༔ བདེ་ཆེན་ཡེ་ཤེས་བརྟན་པ་ལས༔ ཐུན་མོང་མཆོག་གི་དངོས་གྲུབ་དབྱིག༔ ཡིད་བཞིན་ཉིད་དུ་འགྲུབ་པར་བསམ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ དྷུ་མ་གྷ་ཡེ་ནཱ་མ་སྭཱ་ཧཱ༔ ཨོཾ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ གཙོ་འཁོར་སྤྲུལ་པར་བཅས་པ་ལས༔ འོད་འཕྲོས་སྣོད་བཅུད་དངོས་འཛིན་སྦྱངས༔ སྣང་གྲགས་རིག་གསུམ་ལྷ་དང་སྔགས༔ དབྱིངས་དང་རིག་པ་དབྱེར་མེད་པའི༔ ཟུང་འཇུག་ཐིག་ལེ་གཅིག་ཏུ་རྫོགས༔ ཉི་ཤུ་རྩ་གཅིག་ཞག་གི་མཐར༔ གྲུབ་པའི་རྟགས་མཚན་མཐོང་བར་འགྱུར༔ དེ་ཚེ་ཉམས་དགའ་རླུང་རིག་དྭངས༔ འཕགས་པ་དགྱེས་པའི་ཞལ་སྟོན་ཅིང༔ གསུང་ཐོས་བདེ་ཆེན་ཡེ་ཤེས་འབར༔ བདུད་རྩིའི་སྣོད་བཅུད་འཕེལ་བ་དང༔ རྨི་ལམ་ཁྲུས་བྱས་གོས་དཀར་གྱོན༔ སྐུ་དང་ཕྱག་མཚན་གཏེར་རྙེད་སོགས༔ དགེ་བའི་མཚན་མ་ཅི་ཡང་འབྱུང༔ སྤྲོ་ན་རྡོ་རྗེ་འབེབས་པ་དང༔ འཁོར་གྱི་སྔགས་ཀྱང་བཟླ་བར་བྱ༔ ཨོཾ་ཨཱཿཧྲཱིཿཧཱུྃ༔ ཨོཾ་ཨཱཿབཛྲ་སཏྭ༔ གུ་རུ་ཤྲཱི༔ ཁ་སརྤཱ་ཎི༔ ལོ་ཀ་ནཱ་ཐ༔ སརྦ་བུདྡྷ་བོ་དྷི་སཏྭ༔ སཾ་བྷཱ་བ་ཨ་དྷིཥྛཱ་ཎཱཾ༔ མ་མ་ཙིཏྟ་བཛྲ་ཏྲཊ྄༔ ཛྙཱ་ན་ཛྭ་ལ་ཛྭ་ལ༔ སྥཱ་ར་སྥཱ་ར་ཎ༔ ཧཱུྃ་ཧཱུྃ་ཕཊ྄་སྭཱ་ཧཱ༔ ཨོཾ་མཻ་ཏྲི་མཻཾ་སྭཱ་ཧཱ༔ ཨོཾ་ཝཱ་གཱི་ཤྭ་རི་མཱུཾ༔ ཨོཾ་མ་ཎི་པདྨེ་ཧྲཱི༔ ཨོཾ་བཛྲ་པཱ་ཎི་ཧཱུྃ༔ ཨོཾ་ཁ་གརྦྷ་ཧཱུྃ༔ ཨོཾ་ཀྵི་ཏི་གརྦྷ་ཏྲཱཾ༔ ཨོཾ་སརྦ་ནི་བཱ་ར་ཎ་བིཥྐམྦྷི་ནི་ཕཊ྄༔ ཨོཾ་ས་མནྟ་བྷ་དྲ་ཨཱ༔ ཨོཾ་མུ་ནེ་ཀྲཱིཾ་ཏྲཱུཾ་སྲུཾ་བྲཾ་ཀྵཾ་ཡེ་སྭཱ་ཧཱ༔ ཨོཾ་བཛྲ་རཏྣ་པདྨ་ཀརྨ་ཧ་ཡ་གྲཱི་ཝ་ཛཿཧཱུྃ་བཾ་ཧོ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ སྙིང་པོ་ཡི་གེ་བརྒྱ་པ་ཡང༔ ཐུན་མཚམས་རྣམས་སུ་ཉེ་བར་བཟླ༔ སྒྲིབ་དག་དངོས་གྲུབ་མཆོག་ཏུ་འགྱུར༔ བདུན་པ་ལས་ལ་སྦྱར་བ་ནི༔ ཐུན་མོང་ཕྲིན་ལས་རྣམ་བཞི་དང༔ མཆོག་ཏུ་མི་འགྱུར་འོད་གསལ་བ༔ རྡོ་རྗེ་གསུམ་གྱི་གོ་འཕང་བསྒྲུབ༔ དེ་ལ་ནད་གདོན་སྡིག་སྒྲིབ་དང༔ བར་ཆད་མི་མཐུན་ཞི་བའི་ཕྱིར༔ རང་ཉིད་འཕགས་པའི་སྨིན་མཚམས་ནས༔ ལས་ཀྱི་སེམས་དཔའ་སྤྱན་རས་གཟིགས༔ འཁོར་བ་དོང་སྤྲུགས་སྐུ་མདོག་དམར༔ གཅེར་བུ་རྒྱན་སྤངས་གཟི་འོད་འཕྲོ༔ ཕྱག་གཡས་པད་ཕྲེང་གཡོན་པ་ནི༔ བདུད་རྩིས་གང་བའི་སྤྱི་བླུགས་བསྣམས༔ ནམ་མཁའ་གང་བར་རབ་སྤྲོས་པས༔ འགྲོ་རྣམས་གནས་སྐབས་མཐར་ཐུག་གི༔ ནད་གདོན་སྡིག་སྒྲིབ་ཀུན་བསལ་ནས༔ འཕགས་པའི་གོ་འཕང་བཀོད་པར་བསམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་བི་པུ་ལ་གརྦྷེ་མ་ཎི་པྲ་བྷེ༔ ཏ་ཐཱ་ག་ཏེ་ནིརྡེ་ཤ་ནི༔ མ་ཎི་མ་ཎི་སུ་པྲ་བྷེ༔ བི་མ་ལ༔ སཱ་ག་ར་གམྦྷི་རེ་ཧཱུྃ་ཧཱུྃ་ཛྭ་ལ་ཛྭ་ལ༔ བུདྡྷ་བི་ལོ་ཀི་ཏེ་གུ་ཧྱ་ཨ་དྷིཥྛི་ཏེ་གརྦྷེ་སྭཱ་ཧཱ༔ པདྨ་དྷཱ་ར་ཨ་མོ་གྷ་ཛ་ཡ་ཏེ་ཙུ་རུ་ཙུ་རུ་སྭཱ་ཧཱ༔ རིག་པ་ཁྲི་ཡིས་ལས་ཀུན་བྱེད༔ ཚེ་བསོད་ཡེ་ཤེས་རྒྱས་འདོད་ན༔ རང་གི་ཐུགས་ནས་འོད་འཕྲོས་པས༔ སྤྱི་བོའི་རིགས་བདག་ཐུགས་རྒྱུད་བསྐུལ༔ དེ་ལས་འཕྲོས་པའི་འོད་ཟེར་གྱིས༔ སྲིད་ཞིའི་ཚེ་བསོད་ཡེ་ཤེས་ཀྱི༔ དྭངས་བཅུད་མ་ལུས་ཀུན་བསྡུས་ནས༔ ཕྱག་གི་ལྷུང་བཟེད་ནང་དུ་ཐིམ༔ ཞུ་ཞིང་ཁོལ་བའི་བདུད་རྩི་ཡིས༔ རང་ལུས་ཕུང་ཁམས་ཀུན་ཁྱབ་ནས༔ འཆི་མེད་རྡོ་རྗེའི་སྲོག་འགྲུབ་ཅིང༔ ཡེ་ཤེས་གཟི་བྱིན་འབར་བར་བསམ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཨཱ་ཡུར་པུཎྱེ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ་བྷྲཱུྃ༔ མཚན་བརྒྱ་བརྒྱད་པའི་གཟུངས་ཀྱང་བཟླ༔ བདུན་ཕྲག་གཅིག་གིས་དངོས་གྲུབ་འགྱུར༔ བརྟན་གཡོའི་ཕུན་ཚོགས་དབང་བྱེད་ན༔ བདག་ཉིད་ཡབ་ཡུམ་རྗེས་ཆགས་ཀྱིས༔ སྙོམས་ཞུགས་ཡུམ་གྱི་མཁའ་གསང་ནས༔ པདྨའི་རིགས་ཀྱི་ཕོ་ཉ་མོ༔ དམར་གསལ་ཆགས་ཤིང་སྒེག་པའི་ཉམས༔ ལྕགས་ཀྱུ་ཞགས་པ་འཛིན་པའི་ཚོགས༔ གྲངས་མེད་ཉི་ཟེར་རྡུལ་ལྟར་འཕྲོས༔ དམིགས་ཡུལ་གང་ལ་རེག་པའི་མོད༔ འོད་དམར་བདེ་ཆེན་ངོ་བོར་ཞུ༔ བདག་ཐིམ་དབྱིངས་རིག་དབྱེར་མེད་ངང༔ རླུང་སེམས་སྣང་བ་དབང་འདུས་བསམ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སནྟཱ་ར་པདྨ་དྷཱ་ཀི་ནཱི་སརྦ་ལོ་ཀ་ཝཱ་ཤཾ་ཀུ་རུ་ཧྲཱིཿསྭཱ་ཧཱ༔ ཁྲི་ཕྲག་བཞི་ཡིས་འཇིག་རྟེན་གསུམ༔ གཡོ་ཞིང་འགུགས་ན་གཞན་ཅི་སྨོས༔ གདོན་བགེགས་འབྱུང་པོ་ཚར་གཅོད་ན༔ རང་གི་ཞལ་ནས་ཧཱུྃ་ཞེས་སྒྲས༔ ཡེ་ཤེས་སེམས་དཔའི་ཐུགས་རྒྱུད་བསྐུལ༔ དེ་ལས་འབར་བའི་ཁྲོ་ཚོགས་ཀྱིས༔ མེ་དང་མཚོན་ཆའི་ཆར་ཕབས་པས༔ ས་གསུམ་དྲེགས་པ་གཟིར་མནན་བཅིངས༔ བཀའ་སྡོད་བྲན་དུ་ཁས་བླངས་ནས༔ དགྲ་བགེགས་འབྱུང་པོའི་སྡེ་དང་དཔུང༔ བསད་གཟིར་བསྐྲད་ཅིང་ཆོས་དབྱིངས་བསྟིམ༔ མིང་གི་ལྷག་མ་མེད་པར་བསམ༔ ཨོཾ་པདྨཱནྟ་ཀྲྀཏ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ྄༔ འབུམ་ཕྲག་བཟླས་པས་དྲེགས་པ་རྣམས༔ ཟིལ་གནོན་གདུག་པ་ཚར་གཅོད་འགྱུར༔ མཆོག་གི་འབྲས་བུ་ལམ་ བྱེད་ཕྱིར༔ འཁྲུལ་པའི་བྱ་བ་ཀུན་བཏང་ལ༔ བདེ་བའི་སྟན་འདུག་རླུང་རོ་དབྱུང༔ ལུས་སྦྱོང་འཁྲུལ་འཁོར་སྟོང་ར་གསལ༔ རྡོ་རྗེའི་བཟླས་པས་རླུང་ལམ་སྦྱངས༔ རང་ཉིད་པདྨ་གར་དབང་གི༔ ཐུགས་ཀའི་མི་ཤིགས་ཐིག་ལེ་ལས༔ སྤྲུལ་པའི་དཀྱིལ་འཁོར་སྤྲོ་ཞིང་བསྡུ༔ བུམ་པ་ཅན་གྱི་སྦྱོར་བས་བརྟན༔ གཏུམ་མོའི་ཡེ་ཤེས་འབར་བའི་མེས༔ བདེ་ཆེན་བྱང་ཆུབ་སེམས་ཞུ་བ༔ སྙིང་དབུས་ཏིལ་ཀར་བསྟིམས་ནས༔ དབྱིངས་རིག་དབྱེར་མེད་ངང་དུ་བཞག༔ ཡིད་དང་ལས་ཀྱི་ཕྱག་རྒྱ་ལ༔ བསྟེན་ནས་ལྷན་སྐྱེས་མཚོན་བྱས་ཏེ༔ ལྷག་མཐོང་ཐིག་ལེ་ཆེན་པོའི་ཀློང༔ སྤང་བླང་བསལ་བཞག་བྲལ་བར་བསྐྱང༔ དེ་ཚེ་སློབ་དང་མི་སློབ་པའི༔ ཟུང་འཇུག་རྟེན་ལས་སྐད་ཅིག་གིས༔ པདྨ་དྲྭ་བ་རྫོགས་སངས་རྒྱས༔ ཚེ་འདི་ཉིད་ལ་འགྲུབ་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཐུན་མཚམས་ཚོགས་ཀྱི་མཆོད་པ་ནི༔ དམ་ཚིག་རྫས་རྣམས་འདུ་བྱས་ལ༔ བསང་ཆུས་བྲན་ཞིང་བདུད་རྩིས་འཐོར༔ བརྟུལ་ཞུགས་ཏིང་འཛིན་རྩེ་གཅིག་གིས༔ རཾ་ཡཾ་ཁཾ༔ རིག་པའི་རང་རྩལ་འབྲུ་གསུམ་གྱིས༔ ཚོགས་རྫས་དངོས་འཛིན་བསྲེག་གཏོར་བཀྲུས༔ དབྱིངས་དང་ཡེ་ཤེས་དབྱེར་མེད་ངང༔ འདོད་ཡོན་མཆོད་སྤྲིན་རྒྱ་མཚོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧྲཱི༔ ཆོས་དབྱིངས་པདྨོ་བཀོད་པ་དང༔ ཡེ་ཤེས་སྒྱུ་འཕྲུལ་པོ་ཏཱ་ལ༔ གནས་ཡུལ་དུར་ཁྲོད་ཞིང་ཁམས་ནས༔ སྐུ་གསུམ་འཕགས་པའི་ལྷ་ཚོགས་རྣམས༔ འདོད་ཡོན་རྡོ་རྗེའི་དམ་ཚིག་ལ༔ དགྱེས་པར་དགོངས་ཏེ་གཤེགས་སུ་གསོལ༔ བྱིན་རླབས་ནུས་པའི་རྩལ་སྐྱེད་ལ༔ མཆོག་ཐུན་དངོས་གྲུབ་བྱིན་ཆེན་ཕོབས༔ ཨོཾ་ཨཱཿཧཱུྃ་ལོ་ཀི་ཤྭ་ར་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་ས་མ་ཡ་ཨེ་ཧྱེ་ཧི༔ ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཨོཾ༔ ལོངས་སྤྱོད་རྣམ་པ་ཐམས་ཅད་པ༔ ཡེ་ཤེས་བདུད་རྩིའི་མཆོད་སྤྲིན་ཆེ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ དགྱེས་པར་བཞེས་ལ་དངོས་གྲུབ་སྩོལ༔ སརྦ་ཨ་མྲྀཏ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཧོ༔ འདོད་པའི་ཡོན་ཏན་རྒྱ་མཚོའི་གཏེར༔ ཚོགས་དང་གཏོར་མའི་ཕུང་པོར་སྤུངས༔ དམ་ཚིག་ཉམས་ཆག་སྐོང་བའི་ཕྱིར༔ ཐུགས་རྗེའི་ལྷ་ཚོགས་རྣམས་ལ་འབུལ༔ མ་ཧཱ་བ་ལིཾ་ཏ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་ཨཱཿཧཱུྃ༔ ཨོཾ་བཛྲ་ས་མ་ཡ་ཨ༔ ཧཱུྃ༔ དུག་གསུམ་དགྲ་བགེགས་བཀུག་ཅིང་བསྟིམ༔ དབྱིངས་རིག་དབྱེར་མེད་ཀློང་དུ་བསྒྲལ༔ ཤ་ཁྲག་རུས་པའི་ཚོགས་ཆེན་པོ༔ ཧེ་རུ་ཀ་དཔལ་ཞལ་དུ་སྦྱོར༔ སརྦ་ཤཱ་ཏྲཱུན་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་མ་ཧཱ་པཱུ་ཛ་ཁཱ་ཧི༔ ཨོཾ་ཨཱཿཧཱུྃ༔ རྡོ་རྗེ་ཕུང་པོའི་གྲོང་ཁྱེར་ནི༔ གདན་གསུམ་དཀྱིལ་འཁོར་ལྷ་རུ་རྫོགས༔ རྣལ་འབྱོར་བདེ་བའི་ལོངས་སྤྱོད་མཆོག༔ ཆོས་ཉིད་ཁྱབ་བརྡལ་ངང་དུ་རོལ༔ ཨ་ལ་ལ་ཧོ༔ ཨོཾ་ཨཱཿཧཱུྃ་ཧོ༔ ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ པདྨ་དབང་གི་བཀའ་ཉན་པའི༔ ལྷག་སྡུད་མ་མོ་མཁའ་འགྲོའི་ཚོགས༔ བདུད་རྩིའི་ཕམ་ཕབ་འདི་གསོལ་ལ༔ ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད༔ ཨོཾ་པདྨ་དྷཱ་ཀ་དྷཱ་ཀི་ནཱི་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ཧྲཱི༔ ཆོས་དབྱིངས་སྐྱེ་བ་མེད་པ་ལས༔ ཡེ་ཤེས་རིག་པའི་སྐུར་སྣང་བ༔ འགྲོ་འདུལ་འཕགས་པའི་ལྷ་ཚོགས་རྣམས༔ ཐུགས་རྗེ་ཐུགས་དམ་དུས་འདིར་དགོངས༔ སྙིགས་མ་ལྔ་ཡི་སེམས་ཅན་རྣམས༔ ཐམས་ཅད་ཉོན་མོངས་འདམ་དུ་བྱིངས༔ སྡུག་བསྔལ་གསུམ་གྱིས་གདུངས་པ་ལ༔ ཁྱེད་ཀྱི་ཕྲིན་ལས་དུས་ལ་བབས༔ ཧྲཱི༔ ངོ་བོ་འོད་གསལ་ཕོ་བྲང་ནས༔ ཆོས་སྐུའི་ལྷ་ཚོགས་དབྱིངས་ནས་བཞེངས༔ ཡེ་ཤེས་མངོན་སུམ་རང་སྣང་བས༔ ཉོན་མོངས་ཞི་བའི་ཕྲིན་ལས་མཛོད༔ རང་བཞིན་བདེ་ཆེན་ཕོ་བྲང་ནས༔ ལོངས་སྐུའི་ལྷ་ཚོགས་དབྱིངས་ནས་བཞེངས༔ ཡེ་ཤེས་ལྷུན་གྱིས་གྲུབ་པའི་ངང༔ རིག་རྩལ་རྒྱས་པའི་ཕྲིན་ལས་མཛོད༔ ཐུགས་རྗེ་སྒྱུ་འཕྲུལ་ཕོ་བྲང་ནས༔ སྤྲུལ་སྐུའི་ལྷ་ཚོགས་དབྱིངས་ནས་བཞེངས༔ ཡེ་ཤེས་སྙིང་རྗེ་ཆགས་པའི་མཐུས༔ རླུང་སེམས་དབང་སྡུད་ཕྲིན་ལས་མཛོད༔ དབྱེར་མེད་ཐིག་ལེའི་ཕོ་བྲང་ནས༔ འགྲོ་འདུལ་ལྷ་ཚོགས་དབྱིངས་ནས་བཞེངས༔ ཡེ་ཤེས་བསམ་མི་ཁྱབ་པའི་ཀློང༔ གཟུང་འཛིན་ཚར་གཅོད་ཕྲིན་ལས་མཛོད༔ འདོད་ཁམས་བདེ་བ་ཆེན་པོར་སྦྱོར༔ གཟུགས་ཁམས་འོད་གསལ་དབྱིངས་སུ་སྒྲོལ༔ གཟུགས་མེད་མི་རྟོག་ཕྱག་རྒྱར་ཟློག༔ ཁམས་གསུམ་དོང་སྤྲུགས་ཕྲིན་ལས་སྒྲུབས༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨེ་ཨ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ་ཧཱུྃ་ཧཱུྃ༔ གདུང་བའི་གླུ་འདིས་འཕགས་རྣམས་ཀྱི༔ ཡེ་ཤེས་དབྱིངས་ནས་སུས་བསྐུལ་བ༔ དེ་ལ་བྱིན་རླབས་ཟིལ་ཆེན་འབེབ༔ ཉམས་རྟོགས་ཕྲིན་ལས་རྒྱས་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྗེས་ཀྱི་རིམ་པར་དང་པོ་ནི༔ བསྙེན་སྒྲུབ་མཐར་ཕྱིན་རྟགས་མཐོང་ན༔ དངོས་གྲུབ་ཡེ་ཤེས་ལམ་བྱེད་ཕྱིར༔ ཚོགས་ཀྱི་འཁོར་ལོ་རྒྱས་པར་བསྐོར༔ མཆོད་ཅིང་བསྟོད་ལ་ཉམས་ཆག་བཤགས༔ ཧྲཱི༔ པདྨ་རྣམ་པར་རྒྱས་པའི་ཞིང་ཁམས་སུ༔ དབྱིངས་ལས་རང་ཤར་ཡེ་ཤེས་དཀྱིལ་འཁོར་ལྷ༔ དང་པོར་མོས་ཤིང་གདུང་བས་རྩེ་གཅིག་བསྙེན༔ བར་དུ་དབྱེར་མེད་བདེ་ཆེན་རྡོ་རྗེར་བསྒྲུབས༔ ཐ་མ་འགྲོ་འདུལ་ཕྲིན་ལས་གནད་ནས་བསྐུལ༔ དེང་འདིར་དངོས་གྲུབ་གསོལ་བའི་དུས་ལགས་ན༔ རྡོ་རྗེའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ མཆོག་དང་ཐུན་མོང་ཁྱད་པར་དངོས་གྲུབ་ཀུན༔ ད་ལྟ་ཉིད་དུ་བདག་ལ་བསྩལ་ནས་ཀྱང༔ མགོན་པོ་ཁྱེད་དང་མཉམ་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་ལོ་ཀི་ཤྭ་ར་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཀརྨ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བསྐུལ་མདུན་རྟེན་ལྷ་ཚོགས་ལས༔ ལྷ་སྔགས་ཕྱག་མཚན་འོད་ཟེར་སྤྲིན༔ བར་མ་ཆད་པར་བདག་ལ་ཐིམ༔ དངོས་གྲུབ་རྣམ་གཉིས་ཐོབ་པར་བསམ༔ ཨོཾ༔ དབྱིངས་ལས་རང་ཤར་ཡེ་ཤེས་ཀྱི༔ རྡོ་རྗེའི་གསང་གསུམ་རྨད་པོ་ཆེ༔ དམ་ཚིག་ཕྱག་རྒྱ་ཆེན་པོའི་ཀློང༔ འདུ་འབྲལ་མེད་པར་བདག་སྦྱོར་ཅིག༔ བཛྲ་སཏྭ་ཛྙཱ་ན་ས་མ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛཿཧཱུྃ་བཾ་ཧོ༔ ཡེ་ཤེས་དཀྱིལ་འཁོར་བདག་ལ་ཐིམ༔ དམ་ཚིག་སྒྲུབ་རྫས་བདུད་རྩིའི་བཅུད༔ མཐོང་ཐོས་དྲན་རེག་ཐམས་ཅད་ཀུན༔ དངོས་གྲུབ་མཆོག་གི་སྐལ་ལྡན་བྱ༔ གཉིས་པ་ནོངས་པ་བཤགས་པ་ནི༔ ཧོ༔ འཇིག་རྟེན་དབང་ཕྱུག་དཀྱིལ་འཁོར་དུ༔ རྡོ་རྗེ་ཐེག་པའི་དམ་ཚིག་ལས༔ འགལ་ཞིང་ཉམས་པར་གྱུར་པ་ཀུན༔ སྙིང་ནས་འགྱོད་པས་བཟོད་པར་གསོལ༔ ཡི་གེ་བརྒྱ་པ་མང་དུ་བརྗོད༔ གསུམ་པ་རྟག་མཐའ་སྦྱོང་བ་ནི༔ ཨ༔ ཡེ་ཤེས་རྩལ་ལས་སྤྲུལ་པའི་ལྷ༔ འོད་གསལ་དབྱིངས་སུ་རོ་གཅིག་ཐིམ༔ ཟུང་འཇུག་འདུས་མ་བྱས་པའི་ཀློང༔ དོན་གྱི་འཕགས་པའི་རང་ཞལ་བལྟ༔ ཧཱུྃ་ཧཱུྃ་ཧཱུྃ༔ བཞི་པ་ཆད་མཐའ་བསལ་བ་ནི༔ ཧྲཱི༔ སླར་ཡང་དམིགས་མེད་སྙིང་རྗེ་ཆེ༔ ཧྲཱིཿཡི་གདངས་སུ་སད་པ་ལས༔ སྣོད་བཅུད་རྟེན་དང་བརྟེན་པར་བཅས༔ སྐུ་དང་ཞིང་ཁམས་རོལ་པར་ཤར༔ ཕཊ྄་ཕཊ྄་ཕཊ྄༔ ལྔ་པ་བདག་ཉིད་སྲུང་བ་ནི༔ ཧྲཱི༔ རང་རིག་པདྨ་གར་དབང་ལྷ༔ སྐུ་གསུང་ཐུགས་ནི་རྡོ་རྗེར་རྫོགས༔ འོད་ཟེར་རྡོ་རྗེའི་སྤྲིན་ཆེན་པོས༔ གཟུང་འཛིན་མཚན་མའི་རྟོག་པ་བསྲུང༔ ཨོཾ་ཨཱཿཧཱུྃ་བཛྲ་ཀཱ་ཝཱ་ཙཱི་རཀྵཱ་ཧཾ༔ དྲུག་པ་བསྔོ་སྨོན་རྒྱས་འདེབས་ནི༔ ཧོ༔ ཕྱོགས་བཅུ་དུས་བཞིའི་རྩ་གསུམ་རབ་འབྱམས་དང༔ འགྲོ་འདུལ་འཕགས་པའི་ལྷ་ཚོགས་དགོངས་སུ་གསོལ༔ བདག་གིས་དུས་གསུམ་བསགས་པའི་དགེ་བ་ཀུན༔ བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བར་བགྱི༔ བསོད་ནམས་འདི་ཡིས་མཐའ་ཡས་སེམས་ཅན་ཀུན༔ འདུན་པ་སེམས་པས་སྤྱན་དང་མངོན་ཤེས་འཆར༔ རིགས་ཆེན་འབྱེད་པས་རླུང་སེམས་ལྷ་སྐུར་བཞེངས༔ དབུགས་ཆེན་འབྱིན་པས་འོད་གསལ་མངོན་གྱུར་ཏེ༔ ལུང་ཆེན་ཐོབ་པའི་ཟུང་འཇུག་སྒྱུ་མའི་སྐུས༔ རྩལ་ཆེན་རྫོགས་པའི་འབྲས་བུ་མཐར་ཕྱིན་ནས༔ སྐུ་དང་ཡེ་ཤེས་ཕྲིན་ལས་རྨད་བྱུང་བ༔ འཇིག་རྟེན་དབང་ཕྱུག་གོ་འཕང་མྱུར་ཐོབ་ཤོག༔ བདུན་པ་ཤིས་པ་བརྗོད་པ་ནི༔ ཨོཾ༔ རིག་འཛིན་རྩལ་འཆང་རྩ་བརྒྱུད་བླ་མ་དང༔ དངོས་གྲུབ་མཆོག་སྩོལ་འགྲོ་འདུལ་ཐུགས་རྗེའི་ལྷ༔ ཕྱི་ནང་མཁའ་འགྲོ་རྡོ་རྗེའི་སྲུང་མར་བཅས༔ རྩ་གསུམ་དཀྱིལ་འཁོར་རྒྱ་མཚོའི་བཀྲ་ཤིས་ཤོག༔ དབྱིངས་ཀྱི་ངོ་བོ་འོད་གསལ་ཆོས་སྐུའི་ཀློང༔ ཡེ་ཤེས་རང་བཞིན་ལོངས་སྤྱོད་རྫོགས་པར་ཤར༔ གང་འདུལ་སྤྲུལ་པའི་སྒྱུ་འཕྲུལ་དྲྭ་བར་སྟོན༔ དབྱེར་མེད་བྱང་ཆུབ་སེམས་ཀྱི་བཀྲ་ཤིས་ཤོག༔ ཚོམ་བུ་གཅིག་ཏུ་འདུས་པའི་དམ་ཚིག་ཅན༔ བསྙེན་སྒྲུབ་མཐར་སོན་ཕྲིན་ལས་ཕུལ་དུ་ཕྱིན༔ མཐོང་ཐོས་དྲན་རེག་འགྲོ་ཀུན་སྨིན་ཅིང་གྲོལ༔ དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག༔ ཅེས་བརྗོད་མེ་ཏོག་སིལ་མར་བསྙིལ༔ ཀུན་ཏུ་དགའ་བའི་ཉམས་བསྐྱང་ཞིང༔ གསང་བ་ཟབ་མོའི་སྤྱོད་པ་སྤྱད༔ ཁྱད་པར་དམིགས་མེད་སྙིང་རྗེ་ཆེས༔ གཞན་ཕན་ཕྲིན་ལས་རྟག་ཏུ་བརྩམ༔ འཁོར་གསུམ་མཚན་མ་བྲལ་བའི་ངང༔ འཕགས་པ་དགྱེས་པའི་གདུང་འཛིན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལྟར་འགྲོ་འདུལ་ཐུགས་རྗེའི་གཏེར༔ འཇིག་རྟེན་དབང་ཕྱུག་རྩ་བའི་ལྷ༔ སེམས་ཉིད་ངལ་གསོའི་སྒྲུབ་པའི་ཐབས༔ རྗེས་སུ་རྣལ་འབྱོར་མཆོག་གི་ལུང༔ པདྨ་འདུས་པའི་ཏནྟྲའི་བཅུད༔ སྣང་མཐའ་སྤྱན་རས་གཟིགས་དབང་དང༔ འགྲོ་འདུལ་སེམས་དཔའ་རྡོ་རྗེ་ཆོས༔ ཌཱ་ཀི་ལས་ཀྱི་དབང་མོ་ཆེས༔ ཀླུ་སྒྲུབ་སྙིང་པོར་གདམས་པ་བཅས༔ རང་བྱུང་མཚོ་སྐྱེས་བདག་ཉིད་ཀྱིས༔ ད་ལྟའི་རྗེ་འབངས་གྲོགས་བཅས་དང༔ མ་འོངས་དེ་རྣམས་བསམ་བཞིན་དུ༔ སྲིད་པ་ཉེ་བར་བཟུང་བའི་ཆེད༔ དབྱིངས་ཀྱི་མཁའ་འགྲོ་མཚོ་རྒྱལ་མར༔ རྡོ་རྗེ་གསང་བའི་ཚིག་ཏུ་གདམས༔ ངོ་མཚར་སྤྲུལ་པའི་ཡི་གེར་ཐོབས༔ རིན་ཆེན་སྙིང་པོའི་བཅུད་དུ་གཏམས༔ ནམ་ཞིག་ཀླ་ཀློའི་འཇུག་པ་ཡིས༔ བོད་ཁམས་བསྟན་ཞབས་སྡུད་པའི་ཚེ༔ འཇམ་དཔལ་ཆོས་ཀྱི་བཤེས་གཉེན་གྱིས༔ བྱིན་བརླབས་སྤྲུལ་པའི་རིག་འཛིན་དང༔ འཕྲད་ནས་ཤིན་ཏུ་གསང་བ་ཡིས༔ རང་ཉམས་བླངས་ཤིང་གཞན་དག་ལ༔ རིམ་གྱིས་སྤེལ་བའི་དགེ་མཚན་གྱིས༔ དུས་ཀྱི་རྒུད་པ་ཞི་བ་དང༔ སྙིང་པོའི་བསྟན་སྲོག་ཡུན་དུ་གནས༔ འགྲོ་མང་འཕགས་པའི་བྱིན་རླབས་ཀྱིས༔ དངོས་གྲུབ་རྣམ་གཉིས་རྒྱས་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ པདྨ་འོད་གསལ་མདོ་སྔགས་གླིང་པས་རང་ལོ་ཉེར་དགུ་པ་ས་སྤྲེལ་དབྱུག་པ་ཟླ་བའི་ཚེས་བཅུའི་ཉི་ཤར་ལ་འོག་མིན་དཔལ་གྱི་བསམ་ཡས་བྲག་དམར་མགྲིན་པ་བཟང་པོའི་གཡས་ལོགས་ནས་དངོས་གྲུབ་ཏུ་རྙེད་པ་རིང་དུ་གསང་བ་མཐར་ཕྱིན་པར་བགྱིས་ཏེ། སླར་གནས་དུས་སྟོན་འཁོར་གྱི་དགེ་མཚན་ཕུན་སུམ་ཚོགས་པ་རྡོ་རྗེའི་ལུང་གི་བདེན་དོན་མངོན་དུ་གྱུར་པའི་ཚེ་གཏན་ལ་ཕབ་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག། ༈ །།རིལ་བུའི་བུམ་པ་ཡོད་ན་ཁྱད་པར་གྱི་དམིགས་བཟླས་ནི། རང་གི་ཐུགས་ཀའི་ཧྲཱིཿལས་མཁའ་ཁྱབ་ཏུ། །འོད་ལྔའི་ཟེར་འཕྲོས་ཕྱོགས་བཅུའི་བདེ་གཤེགས་མཆོད། །གང་ལ་དམིགས་པའི་ཡུལ་དེས་ཐོག་དྲངས་པའི། །འགྲོ་དྲུག་སྡུག་བསྔལ་ལས་ཉོན་སྡིག་སྒྲིབ་སྦྱངས། །འཁོར་འདས་སྣང་སྲིད་སྣོད་བཅུད་ཐམས་ཅད་ཀྱི། །དྭངས་མའི་རྩི་བཅུད་བུམ་བཅུད་རྫས་ལ་བསྟིམ། །ཟེར་རླབས་ཐུགས་རྗེ་ཆེན་པོའི་སྐུར་གསལ་བས། །ལྷ་སྔགས་ཡོམ་ཡོམ་ཤིག་ཤིག་ལྟ་བུར་གྱུར། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་ར་པ་ཙ་མི་ཏ་ཧྲྀ་ད་ཡེ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨོཾ་ཨཱ་ཡུརྫྙཱ་ན་མ་ཧཱ་པུཎྱེ་ཏིཥྛ་ཨོཾ། ཞེས་ཅི་ནུས་སུ་བཟླའོ།། །།རྩ་བའི་ཕྲིན་ལས་འདི་ཉིད་གཏན་ལ་ཕབ་ཟིན་འཕྲལ་འཇམ་མགོན་རིན་པོ་ཆེ་སོགས་ལ་དབང་ཆོག་ཤོག་སེར་གྱི་སྟེང་ནས་དབང་བསྐུར་ཙམ་ཞིག་མཛད། དེ་རྗེས་ཤོག་སེར་ཡོངས་རྫོགས་ཕབ་མཛད་མ་གྲུབ་པའི་དབང་གིས་ད་ལྟ་རྩ་བའི་ཕྲིན་ལས་འདི་ལ་ལུང་རྒྱུན་ཙམ་མ་གཏོགས་དབང་བསྐུར་གྱི་ཆོ་ག་དང་གཞུང་ཆ་ལག་ཚང་མ་མི་བཞུགས་ཀྱང་། གཏེར་མཛོད་ཐོ་ཡིག་ཏུ་སྔར་ནས་བཀོད་མཛད་འདུག་པ་ལྟར་འཇམ་མགོན་རིན་པོ་ཆེའི་དགོངས་རྫོགས་ཕྱིར་དུ་ཕྱིས་སུ་ཁ་བསྐངས་ཀྱི་ཚུལ་དུ་པར་གསར་དུ་བསྒྲུབས་པའོ།། །།

གསང་འདུས་བླ་མའི་ལས་བྱང་སྙིང་པོ་རབ་གསལ་ (Volume 6, Text 1)

༄༅། །གསང་འདུས་བླ་མའི་ལས་བྱང་སྙིང་པོ་རབ་གསལ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨཱ་ཀ་ར་ཡ། དུས་གསུམ་རྒྱལ་བ་ཀུན་གྱི་ངོ་བོ་ཉིད། །རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་རྣམ་རོལ་དུ། །མངོན་པར་འཆར་བའི་ཁྱབ་བདག་ཐོད་ཕྲེང་རྩལ། །རང་རིག་བླ་མའི་ངོ་བོར་ངེས་པས་འདུད། །བླ་མེད་དངོས་གྲུབ་ཀུན་གྱི་འབྱུང་བའི་སྒོ །པདྨའི་ཐུགས་གཏེར་ཟབ་ལམ་སྙིང་པོའི་བཅུད། །གསང་འདུས་རྩ་བའི་གཞུང་དང་ཁ་སྐོང་ཁྲིགས། །རྣམ་དག་གཞུང་དོན་ཇི་བཞིན་འདིར་གསལ་བྱ། །དེ་ཡང་གསང་འདུས་རྩ་བའི་སྒྲུབ་གཞུང་ལས། །གུ་རུ་པདྨ་འབྱུང་གནས་ཀྱི༔ཐུགས་སྒྲུབ་གསང་བ་འདུས་པ་བསྟན༔ དེ་ལ་སྤྱི་སྡོམས་རྣམ་བཞི་སྟེ༔ སྦྱོར་བ་དངོས་གཞི་མཇུག་དོན་དང༔ སྒྲུབ་པའི་མན་ངག་ལྷན་ཐབས་སོ༔ ཐོག་མར་སྦྱོར་བའི་ཆོས་དྲུག་སྟེ༔ རྟེན་མཆོད་བཤམ་ཞིང་མཚམས་ཀྱང་བཅད༔ སྡིག་པ་བཤགས་ཤིང་བླ་མ་མཆོད༔ གསོལ་བ་གདབ་ཅིང་དབང་བསྐུར་ཞུ༔ གཉིས་པ་དངོས་གཞིའི་ཆོས་དྲུག་ལ༔ སྐུ་བསྐྱེད་སྒྲུབ་པའི་སྙིང་པོ་བཟླ༔ ཕྲིན་ལས་སྒྲུབ་ཅིང་དགོངས་པ་བསྐྱང༔ རྟགས་བྱུང་དངོས་གྲུབ་བླང་བ་འོ༔ གསུམ་པ་རྗེས་ཀྱི་ཆོས་དྲུག་ལ༔ དག་སྣང་བསྐྱེད་ཅིང་བསྟོད་པ་འབུལ༔ ཉམས་ཆག་བསྐང་ཞིང་ལས་ཚོགས་སྒྲུབ༔ གྲུབ་མཐའ་བཟུང་ཞིང་སྨོན་ལམ་གདབ༔ བཞི་པ་མན་ངག་ཆོས་དྲུག་སྟེ༔ ལས་བྱང་ལེ་བརྒྱད་ཟབ་རྒྱ་བརྒྱད༔ ཟིན་ཏིག་གནད་བརྒྱད་གཅེས་པ་བརྒྱད༔ མཁའ་འགྲོའི་ལས་བརྒྱད་དཔེ་ཆུང་བརྒྱད༔ དེ་ལྟར་མདོ་བཞི་སྐབས་རྩ་བཞི༔ ཕྲ་མོ་བཞི་བཅུ་རྩ་བརྒྱད་ཀྱིས༔ ཐུགས་སྒྲུབ་གསང་འདུས་ཆ་རྐྱེན་རྫོགས༔ ཞེས་གསུངས་པ་ལས། སྐབས་འདིར་རྩ་བའི་ས་བཅད་གསུམ་པོའི་ཁོངས་སུ། རང་གཞུང་ཚུགས་ཤིང་ཀུན་གྱི་ཁ་སྐོང་བ། །ཞེས་པའི་བརྒྱད་ཚན་དྲུག་གི་དང་པོ་ལས་བྱང་ལེའུ་བརྒྱད་པ་ཉིད་གསེབ་ཚགས་སུ་སྡེབ་ཤེས་པར་བྱ་བ་ལས། དང་པོ་རྟེན་མཆོད་བཤམ་པ་ནི། གཞིའི་བདག་པོ་ལ་གཏོར་མ་འབུལ་བ་སྔོན་དུ་འགྲོ་བས། དཀྱིལ་འཁོར་གྱི་གཞི་ལ་བདུད་རྩི་ལྔས་བྱུག་ཅིང་། ཧཱུྃ༔ བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་དུ༔ བདུད་རྩི་རྣམ་ལྔའི་ཆག་ཆག་གདབ༔ འབྱུང་དང་འབྱུང་འགྱུར་དཀྱིལ་འཁོར་མཆོག༔ ཡེ་ཤེས་ལྔ་རྫོགས་གཞལ་ཡས་གསལ༔ ཨོཾ་སརྦ་པཉྩ་གུ་ཡ་ཛྙཱ་ན་མཎྜ་ལ་ཏྲཱཾ༔ ཞེས་ཁྱིམ་མེད་པར་བྱས་ལ། བདག་དང་སློབ་མ་གཙོ་བོ་ཡབ་ཡུམ་དུ་གསལ་བའི་མཁའ་གསང་ལས་སྤྲོས་པའི་བྱང་ཆུབ་སེམས་ཀྱིས་ཐིག་གདབ་པ་དང་ཚོན་གྱི་ཚོགས་དཀྱིལ་འཁོར་རྒྱས་བསྡུས་ཅི་རིགས་པ་འབྲི་བའམ། མཎྜལ་བདུད་རྩིས་བྱུགས་པ་ལ་ལྷ་གྲངས་ཀྱི་ཚོམ་བུ་བཀོད་པས་ཀྱང་རུང་ངོ་། །རྟེན་རྫས་དབུས་སུ་བུམ་པ་བཅུད་ལྡན་གྱི་སྟེང་དུ་མཉྫིའི་ཁར་ཐོད་པ་དུམ་གཅིག་འབྲུས་བཀང་བའི་དབུས་སུ་དམ་ཚིག་གི་བྲིས་སྐུ་བཀོད། སྟེང་ནས་དར་དམར་པོའི་གུར་ཕུབ། དེའི་མདུན་དུ་གཏོར་མ་རིན་ཆེན་འབར་བ་ཤ་མར་ཟས་སྣ་དང་བདུད་རྩིས་བྲན་པའི་གཡས་གཡོན་དུ་སྨན་དང་རཀྟ་གཞན་ཡང་ཕྱི་ནང་གི་ཉེར་སྤྱོད་སོགས་མཆོད་པར་འོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བཤམ་ཞིང་། སྒྲུབ་མཆོད་དཀྱུས་ཙམ་ལ་སྒྲུབ་རྟེན་གཏོར་མ་ལ་བྱས་ཀྱང་རུང་ངོ་། །གཉིས་པ་མཚམས་བཅད་པ་ནི། རང་ཉིད་སྐད་ཅིག་གིས་དཔའ་བོ་རྟ་མགྲིན་ཡུམ་དང་བཅས་པའི་སྐུར་བསྐྱེད་ལ། བགེགས་གཏོར་བྱིན་གྱིས་བརླབས་ནས་བསྔོས་ཏེ། ཧཱུྃ༔ བླ་མ་རྣམས་ཀྱི་བྱིན་རླབས་དང༔ ཡི་དམ་ལྷ་ཡི་ཏིང་འཛིན་དང༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ ལོག་པར་འདྲེན་པ་བདུད་ཀྱི་ཚོགས༔ འདི་རུ་མ་འདུག་གཞན་དུ་དེངས༔ ཧཱུྃ༔ ང་ནི་ཡེ་ནས་ངང་གིས་ཁྲོ༔ མཚམས་གཅོད་ཁྲོ་བོས་ནམ་མཁའ་གང༔ བགེགས་འདུལ་ཁྲོ་བོའི་རོལ་མཚམས་ལས༔ སུ་ཡང་འདའ་བར་མ་བྱེད་ཅིག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿགུ་རུ་དྷེ་ཝཱ་ཌཱ་ཀི་ནཱི་བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ ཅེས་པས་རྡོ་རྗེ་ཁྲོ་བོའི་སྲུང་བའི་གུར་གྱིས་ཁྱབ་པར་བསམ་མོ། །གསུམ་པ་བཤགས་པ་བྱ་བ་ནི། ཕོ་བྲང་དབུས་ཀྱི་རྟེན་དེ་ཉིད༔ རང་གི་རེ་ལྟོས་བླ་མ་དང༔ དུས་གསུམ་བདེ་གཤེགས་ཡི་དམ་ལྷ༔ ཀུན་གྱི་ངོ་བོར་གྱུར་པ་ལ༔ རྣམ་པ་བླ་མ་རྡོ་རྗེ་སེམས༔ གསང་འདུས་རྒྱལ་བའི་སྐུ་རུ་གྱུར༔ ཞེས་བཤགས་ཡུལ་དུ་གསུངས་པ་ཉིད་ལ་རྟེན་བཅས་ཏེ། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་སུ༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་བ་བསྒྲལ་བར་དམ་བཅའ་འོ༔ ཞེས་གསུམ་དང་། བཤགས་པ་དངོས་ནི། ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ ཁྱེད་ནི་རྣམ་དག་དྲི་མ་མེད༔ བདག་ནི་ཉོན་མོངས་སྒྲིབ་པས་བསྒྲིབས༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝཱ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་སརྦ་དྷརྨཱཿསྭཱ་བྷཱ་ཝ་བི་ཤུདྡྷོ྅་ཧཾ་སརྦ་དྷརྨཱཿས་མ་ཡ་ཧོཿས་མ་ཡ་སཏྭཾ༔ ཞེས་བཤགས་པ་བྱའོ། །བཞི་པ་བླ་མ་མཆོད་པ་ནི། མཎྜལ་ཚོམ་བུ་བཅུ་གཅིག་བཀོད་པ་རི་རབ་གླིང་བཞི་དང་འདོད་ཡོན་ལྔར་དམིགས་ཏེ། ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝཱ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛ༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་སྭཱ་ཧཱ༔ ཞེས་དང་། བདག་གི་ལུས་དང་ལོངས་སྤྱོད་དང༔ དུས་གསུམ་དགེ་བའི་དངོས་པོ་རྣམས༔ ཀུན་བཟང་མཆོད་སྤྲིན་ཆེར་སྤེལ་ནས༔ བླ་མ་རྒྱལ་བ་སྲས་བཅས་མཆོད༔ ཅེས་དང་། སྤྲོ་ན་ཀུ་ས་ལིའི་ཚོགས་གསོག་ཀྱང་བྱའོ། །ལྔ་པ་གསོལ་བ་གདབ་པ་ནི། ཀྱེ་ཀྱེ་བླ་མ་རིན་པོ་ཆེ༔ སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ འགྲོ་བ་ཀུན་གྱི་གཉེན་གཅིག་པོ༔ མགོན་མེད་བདག་ལ་ཐུགས་རྗེས་ཟུངས༔ བླ་མ་རྡོ་རྗེ་སེམས་དཔའ་ཆེ༔ རེ་ཞིང་ལྟོས་པའི་གཉེན་གཅིག་པོ༔ བདག་ལ་རེ་ས་གཞན་ན་མེད༔ སྡུག་བསྔལ་འདམ་ནས་དྲང་དུ་གསོལ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ ཁྱེད་ལ་བདག་ཉིད་བྲན་དུ་འབུལ༔ སྐྱིད་སྡུག་རེ་ལྟོས་ཁྱེད་ཤེས་པས༔ བླ་མེད་མཆོག་གི་དངོས་གྲུབ་སྩོལ༔ བླ་མ་སངས་རྒྱས་ཕྲིན་ལས་མཛད༔ བདག་ལ་དབང་སྐུར་བྱིན་རློབས་ལ༔ མཐའ་ཡས་སེམས་ཅན་མ་ལུས་ཀུན༔ འདྲེན་པའི་བླ་མར་བདག་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་ཅི་ནུས་བཟླའོ། །དྲུག་པ་དབང་བསྐུར་ཞུ་བ་ནི། བླ་མ་ཡབ་ཡུམ་སྐུ་ཡི་གནས་བཞི་ནས༔ འོད་ཟེར་བྱུང་བ་བདག་གི་གནས་བཞིར་ཐིམ༔ སྐུ་གསུང་ཐུགས་དང་ཡེ་ཤེས་རྡོ་རྗེ་ཡིས༔ བྱིན་གྱིས་བརླབས་ནས་དབང་བཞི་ཐོབ་པར་གྱུར༔ ཅེས་དབང་དོན་ལ་དགོངས་པ་བསྐྱང་ངོ་། །གཉིས་པ་དངོས་གཞི་ལ་དྲུག་གི །དང་པོ་ལ་སྐུ་བསྐྱེད་པ་དངོས་དང་། དེ་དང་རྗེས་སུ་འབྲེལ་བ་གཉིས་ལས། དང་པོ་ནི། ཨཱོྃ༔ ཆོས་སྐུ་མི་འགྱུར་རྡོ་རྗེའི་སེམས༔ པདྨ་རྒྱལ་པོ་འདི་སྐད་སྨྲ༔ དང་པོ་ཆོས་རྣམས་དམིགས་མེད་ཅིང༔ སྨྲ་བརྗོད་བྲལ་བ་རྫོགས་པ་ཆེ༔ བློ་འདས་ཆོས་སྐུ་མི་འགྱུར་བའི༔ དེ་བཞིན་ཉིད་ཀྱི་ཏིང་འཛིན་བསྒོམ༔ ཨཱ༔ བློ་བྲལ་དེ་ཡི་ངང་ཉིད་ལས༔ སེམས་ཅན་ཀུན་ལ་ཁྱབ་པ་ཡི༔ བརྩེ་བའི་སྙིང་རྗེ་ཆེན་པོ་བསྒོམ༔ ཧཱུྃ༔ སྟོང་ཉིད་སྙིང་རྗེའི་ངང་ཉིད་ལས༔ འགྲོ་དོན་དཔག་མེད་བྱེད་པའི་སླད༔ རང་རིག་གསེར་གྱི་རྡོ་རྗེར་བསྒོམ༔ རྡོ་རྗེའི་འོད་ལས་གཞལ་ཡས་ཁང༔ པདྨ་རིན་ཆེན་འབར་བ་སྤེལ༔ འཇའ་ཚོན་བྲེས་པ་ལྟ་བུའི་ནང༔ ལྟེ་དབུས་ཉི་ཟླ་པདྨའི་སྟེང༔ རྡོ་རྗེ་གནས་གྱུར་དྲན་རྫོགས་སུ༔ རྟ་མགྲིན་དབང་ཆེན་སྐུ་མདོག་དམར༔ ཞལ་གཅིག་ཕྱག་གཉིས་དབུ་ཡི་གཙུག༔ རྟ་མགོ་རྟ་སྐད་ཕྱོགས་བཅུར་སྒྲོག༔ ཕྱག་གཡས་དབང་སྡུད་གྲི་གུག་འཕྱར༔ ཕྱག་གཡོན་ཐོད་པ་ཁྲག་བཀང་གསོལ༔ རུས་པའི་རྒྱན་དྲུག་ཁ་ཊྭཱཾ་བསྣམས༔ གཡས་བསྐུམ་གཡོན་བརྐྱང་བདུད་བཞི་བརྫིས༔ ཉི་ཟླ་པད་སྟེང་འགྱིང་ཞིང་བརྗིད༔ གཡོན་ནས་རྡོ་རྗེ་ཕག་མོས་འཁྱུད༔ ཆ་ལུགས་ཡབ་འདྲ་སྤྱི་བོའི་གཙུག༔ ཕག་ཞལ་མཐིང་ག་ངུར་སྒྲ་སྒྲོག༔ གཞོན་ཚུལ་ནུ་མ་བྷ་ག་རྒྱས༔ བསྐལ་པའི་མེ་དཔུང་ཀློང་ན་བཞུགས༔ འོད་ཟེར་རྡོ་རྗེའི་ཚྭ་ཚྭ་འཕྲོ༔ དེ་ཉིད་སྤྱི་གཙུག་ཉི་ཟླའི་སྟེང༔ པདྨ་གེ་སར་སྙིང་པོ་ལ༔ བདག་ཉིད་པདྨ་ཐོད་ཕྲེང་རྩལ༔ རྡོ་རྗེ་སེམས་དཔའི་ཆ་ལུགས་ཅན༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཅེར་བུ་སྤྱན་གསུམ་རུས་རྒྱན་ཅན༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔ ཕྱག་གཡོན་དྲིལ་བུ་ཡུམ་ལ་འཁྱུད༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ དེ་ཡི་ཕང་གཡོན་རིག་མ་ནི༔ ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་མ༔ བཅུ་དྲུག་ལོན་པའི་གཞོན་ཚུལ་ཅན༔ པད་མདོག་ནུ་མ་བྷ་ག་རྒྱས༔ རིན་ཆེན་རུས་རྒྱན་ཅོད་པན་ཅན༔ ཕྱག་གཡས་ཡབ་ཀྱི་མགུལ་ནས་འཁྱུད༔ ཕྱག་གཡོན་ཐོད་པའི་བདུད་རྩི་སྟོབ༔ ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ༔ སྐུ་མདོག་དཀར་དམར་འཛུམ་མདངས་ཅན༔ སྐྲ་གྲོལ་གཅེར་བུ་འོད་ལྡན་བསམ༔ ཕྱོགས་བཞིར་རིགས་བཞིའི་ཐོད་ཕྲེང་རྩལ༔ དཀར་སེར་དམར་དང་ལྗང་གུའི་མདོག༔ ལས་བཞི་བསྒྲུབ་ཕྱིར་མོས་པས་བསྐྱེད༔ འཁོར་ཡུག་འཇའ་ཡི་དྲ་བར་བསྒོམ༔ ཕྱོགས་མཚམས་རིན་ཆེན་ཟུར་བརྒྱད་ཀྱི༔ འཛུམ་སྟེང་བར་སྣང་འཇའ་འོད་ཀློང༔ སྤྲུལ་པའི་གུ་རུ་མཚན་བརྒྱད་གསལ༔ ཧྲཱི༔ ཕོ་བྲང་ཕྱོགས་བཞིར་པད་འདབ་བཞི༔ དཀར་སེར་དམར་ལྗང་རིན་ཆེན་འབྲུའི༔ ནང་ཁོང་ཞིང་གི་གདན་བཞི་ལ༔ རྡོ་རྗེ་རིན་ཆེན་པདྨ་དང༔ ལས་ཀྱི་མཁའ་འགྲོ་ཡབ་ཡུམ་རྣམས༔ སྐུ་མདོག་རིགས་ཀྱི་ཁ་དོག་ལ༔ འཁྲིལ་སྦྱོར་རྒྱན་དང་ཆ་ལུགས་རྣམས༔ གཙོ་བོ་ཡབ་ཡུམ་གཉིས་ལྟར་བསྐྱེད༔ སྣ་ཚོགས་པད་འཁོར་ཕྱི་མ་ལ༔ བདག་སྐྱོབ་ལྷ་དང་རིག་འཛིན་དང༔ རིགས་འདུས་མཁའ་འགྲོ་ཆོས་སྐྱོང་རྣམས༔ དངོས་གྲུབ་སྟེར་ཞིང་བར་ཆད་སེལ༔ གླུ་དང་གར་བྱེད་རོལ་མོ་སྒྲོག༔ འདོད་ཡོན་མཆོད་པ་སྣ་ཚོགས་སྟོབ༔ ཆར་སྤྲིན་གཏིབས་པ་ལྟ་བུར་བསྐྱེད༔ དུ་མར་སྣང་ཡང་ངང་དུ་གཅིག༔ ཅེས་པ་ལྟར་བསྒོམས་ནས་ཛཔ྄་བཟླས་ལ་ཞུགས་ཀྱང་རུང་བར་གསུངས་སོ། །གཉིས་པ་རྗེས་འབྲེལ་ནི། ལྷན་ཐབས་ལེ་བརྒྱད་ཀྱི་ལེའུ་གསུམ་པ་དང་བཞི་པ་སྦྱར་བ་སྟེ། དང་པོ་ལ་གསུམ་གྱི་སྤྱན་འདྲེན་པ་ནི། ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ བསིལ་བ་ཚལ་གྱི་དུར་ཁྲོད་དུ༔ ཡོན་ཏན་སྣ་ཚོགས་དངོས་གྲུབ་བརྙེས༔ པདྨ་སམྦྷ་ཞེས་སུ་གྲགས༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ རཱ་ག་རཀྟའི་གནས་མཆོག་ཏུ༔ ཐམས་ཅད་མཁྱེན་པའི་དངོས་གྲུབ་བརྙེས༔ བློ་ལྡན་མཆོག་སྲེད་ཅེས་སུ་གྲགས༔ བྱིན་གྱིས་རློབ་ཕྱིར༴ དགའ་བ་ཚལ་གྱི་དུར་ཁྲོད་དུ༔ ཁམས་གསུམ་དབང་སྡུད་དངོས་གྲུབ་བརྙེས༔ པདྨ་རྒྱལ་པོ་ཞེས་སུ་གྲགས༔ བྱིན་གྱིས་རློབ་ཕྱིར༴ སོ་ས་གླིང་གི་དུར་ཁྲོད་དུ༔ འགྲོ་བ་འདུལ་བའི་དངོས་གྲུབ་བརྙེས༔ ཉི་མ་འོད་ཟེར་ཞེས་སུ་གྲགས༔ བྱིན་གྱིས་རློབ་ཕྱིར༴ ཟ་ཧོར་རྒྱལ་པོའི་ཡུལ་དབུས་སུ༔ བདུད་འདུལ་དྲག་པོའི་དངོས་གྲུབ་བརྙེས༔ ཤཱཀྱ་སེང་གེ་ཞེས་སུ་གྲགས༔ བྱིན་གྱིས་རློབ་ཕྱིར༴ མ་ག་དྷ་ཡི་གྲོང་ཁྱེར་དུ༔ མུ་སྟེགས་འདུལ་བའི་དངོས་གྲུབ་བརྙེས༔ སེང་གེ་སྒྲ་སྒྲོག་ཅེས་སུ་གྲགས༔ བྱིན་གྱིས་རློབ་ཕྱིར༴ སྟག་ཚང་སེང་གེ་བསམ་འགྲུབ་ཏུ༔ དྲེགས་པ་ཚར་གཅོད་དངོས་གྲུབ་བརྙེས༔ རྡོ་རྗེ་གྲོ་ལོད་ཅེས་སུ་གྲགས༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ༔ ཡུལ་གྱི་མིང་ནི་རྔ་ཡབ་གླིང༔ ཟངས་མདོག་དཔལ་རིའི་རྩེ་མོ་རུ༔ པདྨ་འོད་ཀྱི་གཞལ་ཡས་སུ༔ གྲུབ་པ་མཐར་ཕྱིན་དངོས་གྲུབ་བརྙེས༔ པདྨ་ཐོད་ཕྲེང་རྩལ་དུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧྲཱི༔ བདེ་ཆེན་འབར་བའི་གཞལ་ཡས་ནས༔ དབང་གི་རྒྱལ་པོ་རྟ་མཆོག་དཔལ༔ རྡོ་རྗེ་ཕག་མོ་ཡུམ་དང་བཅས༔ དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ ཕྱོགས་བཞི་མཚམས་བརྒྱད་གཞལ་ཡས་ནས༔ རིགས་བཞིའི་མཁའ་འགྲོ་གཤེགས་སུ་གསོལ༔ བདུད་འདུལ་གིང་བཞི་གཤེགས་སུ་གསོལ༔ དཔའ་བོ་དཔའ་མོ་གཤེགས་སུ་གསོལ༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ མཁའ་འགྲོ་དཔའ་བོ་མ་ལུས་དང༔ རིག་འཛིན་ཆོས་སྐྱོང་ཐམས་ཅད་བྱོན༔ དབུ་ལ་ཐོར་ཚུགས་ལྡེམས་སེ་ལྡེམ༔ དར་གྱི་ཅོད་པན་པུ་རུ་རུ༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ སིལ་སྙན་མང་པོ་སི་ལི་ལི༔ རྒྱན་ཆ་མང་པོ་ཁྲོ་ལོ་ལོ༔ རོལ་མོ་མང་པོ་དི་རི་རི༔ དཔའ་བོས་བྲོ་བརྡུང་ཁྲབས་སེ་ཁྲབ༔ དཔའ་མོས་གླུ་ལེན་ཀྱུ་རུ་རུ༔ ཡི་དམ་ལྷ་ཚོགས་ཡ་ལ་ལ༔ མཁའ་འགྲོ་མ་ཚོགས་ཐིབས་སེ་ཐིབ༔ ཆོས་སྐྱོང་ལས་བྱེད་ཁྱུགས་སེ་ཁྱུག༔ ཞུབ་ཆེན་ལྟོང་སྒྲ་སི་ལི་ལི༔ ལྷ་སྲིན་སྡེ་བརྒྱད་ཤ་ར་ར༔ གཡས་ནས་ཕོ་རྒྱུད་ཐིབས་སེ་ཐིབ༔ གཡོན་ནས་མོ་རྒྱུད་ཐིབས་སེ་ཐིབ༔ དཔལ་གྱི་རུ་མཚོན་ལྷབས་སེ་ལྷབ༔ མཁའ་འགྲོའི་བརྡ་སྐད་དི་རི་རི༔ དཔའ་བོའི་བཤུགས་པ་ཀྱུ་རུ་རུ༔ དཔའ་མོའི་གར་བྱེད་ཤིགས་སེ་ཤིག༔ ཧཱུྃ་གི་སྣང་གླུ་དི་རི་རི༔ ཕཊ་ཀྱི་བརྡ་སྐད་སངས་སེ་སང༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་པས་སྤྲིན་ཕུང་གཏིབས་པ་བཞིན་བྱོན་པར་བསམ་མོ། །གཉིས་པ་བཞུགས་སུ་གསོལ་བ་ནི། ཧཱུྃ༔ རིན་ཆེན་ཕོ་བྲང་ཉམས་རེ་དགའ༔ དུར་ཁྲོད་གཞལ་ཡས་བྱིན་རེ་ཆེ༔ པདྨ་འདབ་བཞི་མདངས་རེ་གསལ༔ རྟོག་མེད་རོ་ལྡན་བག་རེ་དྲོ༔ ཉི་ཟླ་བརྩེགས་པ་འོད་རེ་གསལ༔ བཞུགས་པའི་གནས་སུ་དྭངས་རེ་སྤྲོ༔ གུ་རུ་ཡི་དམ་མཁའ་འགྲོའི་ཚོགས༔ དགྱེས་ཤིང་བྱིན་གྱིས་རློབ་ཕྱིར་བཞུགས༔ མོས་པའི་བུ་ལ་ཞལ་བསྟན་འཚལ༔ གསུང་གི་གདམས་པའི་གནད་བསྒྲག་འཚལ༔ ཐུགས་ཀྱི་དགོངས་པའི་སྒོ་དབྱེ་འཚལ༔ འགྲོ་བའི་དོན་དུ་སྐུ་བཞུགས་འཚལ༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་ས་མ་ཡ་ཏིཥྛ་ལྷན༔ ཞེས་པས་དགྱེས་ཤིང་གཉིས་མེད་དུ་བཞུགས་པར་བསམ་མོ། །གསུམ་པ་ཕྱག་འཚལ་བ་ནི། ཨེ་མ་ཧོ༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ༔ ཡིད་བཞིན་དངོས་གྲུབ་ཆར་འབེབ་པའི༔ ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ སྤྲོས་བྲལ་ཀུན་བཟང་བདེ་ཆེན་མོ༔ རྡོ་རྗེ་སྨན་གཅིག་མཚོ་རྒྱལ་ཡུམ༔ བདེ་སྟོང་གཉིས་མེད་ཐབས་ཤེས་སྦྱོར༔ ཡབ་ཡུམ་གཉིས་མེད་ཕྱག་འཚལ་ལོ༔ བྱ་བྱེད་ཡིད་ཆོས་རྣམ་པར་དག༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་འདུལ༔ དབང་ཆེན་རྟ་མཆོག་ཡབ་ཡུམ་ལ༔ གཉིས་མེད་གུས་པས་ཕྱག་འཚལ་ལོ༔ སྣང་བ་ཡབ་ལ་སྟོང་པ་ཡུམ༔ མཁའ་འགྲོ་གིང་ལ་ཕྱག་འཚལ་ལོ༔ ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོལ༔ ཆོས་སྲུང་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཞེས་ཕྱག་བྱའོ། །གཉིས་པ་མཆོད་པ་ལ་བྱིན་བརླབ་དང་འབུལ་བ་གཉིས་ལས། དང་པོ་བྱིན་གྱིས་བརླབ་པ་ནི། ཨོཾ་སྭཱ་བྷཱ་ཝ་བི་ཤུདྡྷེ་སརྦ་དྷརྨཱཿསྭཱ་བྷཱ་ཝ་བི་ཤུདྡྷོ྅་ཧཾ༔ མཆོད་རྫས་ཐམས་ཅད་སྟོང་པར་སྦྱང་། ཨོཾ་ཨཱཿཧཱུྃ༔ ལན་གསུམ་བརྗོད་པས་རྒྱ་ཆེར་སྤེལ། བྷནྡྷ་གཞལ་ཡས་ཁང་ནང་དུ༔ བཅུད་ནི་རིགས་ལྔ་ཡབ་ཡུམ་སྟེ༔ སྦྱོར་མཚམས་བྱང་སེམས་བདུད་རྩིར་ཞུ༔ འཆིང་གྲོལ་མེད་པའི་རང་བཞིན་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་ལན་བདུན་བཟླ། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ། གཏོར་མ་འདོད་ཡོན་ཕུང་པོར་གྱུར༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ། རཀྟ་བྱང་སེམས་དམར་པོར་གྱུར༔ ཨོཾ་ཨཱཿཧཱུྃ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱེ་ཤབྡ་པཱུ་ཛ་ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་མཱཾ་ས་རཀྟ་ཀེཾ་ནི་རི་ཏི་མ་ཧཱ་པཉྩ་ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་པཱུ་ཛ་ཧོ༔ ཞེས་པས་ཕྱི་ནང་གསང་བའི་མཆོད་རྫས་རྣམས་བྱིན་གྱིས་བརླབ་བོ། །གཉིས་པ་མཆོད་པ་འབུལ་བར་སྤྱི་དང་བྱེ་བྲག་ཁྱད་པར་གྱི་མཆོད་པ་དང་གསུམ་ལས། དང་པོ་སྤྱིར་མཆོད་པ་ལས། ཕྱི་མཆོད་ནི། ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ ལྷ་རྫས་ཕྱི་མཆོད་འབུལ་བ་ནི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སིལ་སྙན་ཡིད་འོང་རྣམས༔ སྤྱན་ཤངས་ཐུགས་ཀ་སྐུ་ལུས་དང༔ ཞལ་དང་སྙན་དུ་མཆོད་པར་འབུལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནི་ཝི་དྱེ་ཤབྡ་པཱུ་ཛ་ཧོ༔ ནང་མཆོད་ནི། ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ རང་བྱུང་ནང་མཆོད་འབུལ་བ་ནི༔ དབང་པོ་རྣམ་ལྔའི་མེ་ཏོག་མཆོད༔ གསུར་ཆེན་བདུག་སྤོས་དྲི་ཡིས་མཆོད༔ ཞུན་ཆེན་སྣང་གསལ་མར་མེས་མཆོད༔ རྡོ་རྗེ་དྲི་ཆུའི་བྱུགས་པས་མཆོད༔ བདུད་རྩི་དྲི་ཆེན་ཞལ་ཟས་མཆོད༔ རྐང་གླིང་ཐོད་པའི་རྔ་སྒྲས་མཆོད༔ དུག་གསུམ་སྐུ་གསུང་ཐུགས་སུ་མཆོད༔ དུག་ལྔ་ཡེ་ཤེས་ལྔ་རུ་མཆོད༔ སྣང་སྲིད་ཕྱག་རྒྱ་བཞི་རུ་མཆོད༔ གཉིས་སུ་མེད་པར་ཐིམ་གྱུར་ཅིག༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་མ་ཧཱ་པཉྩ་པཱུ་ཛ་ཧོ༔ གསང་མཆོད་ནི། ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ གཉིས་མེད་གསང་མཆོད་འབུལ་བ་ནི༔ ཡབ་ཡུམ་གཉིས་མེད་མཁའ་གསང་ལས༔ བྱང་སེམས་དཀར་དམར་བདེ་བའི་མཆོག༔ བདེ་བའི་རོ་སྙོམས་མཆོད་པར་འབུལ༔ སྐུ་ལུས་རྒྱས་ཕྱིར་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་པཱུ་ཛ་ཧོ༔ གཉིས་པ་བྱེ་བྲག་ཏུ་མཆོད་པ་ལས། སྨན་མཆོད་ནི། ཨོཾ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་བཅས་ལ༔ དུག་ལྔ་སེལ་ཕྱིར་ཡེ་ཤེས་ལྔ་རྫོགས་རྫས༔ དམ་རྫས་བདུད་རྩི་མཆོག་གི་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཞེས་དང་། ཆོས་སྐུ་སྣང་བ་མཐའ་ཡས་ཞལ་དུ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ལོངས་སྐུ་ཐུགས་རྗེ་ཆེན་པོའི་ཞལ་དུ༴ སྤྲུལ་སྐུ་རྒྱལ་དབང་པདྨའི་ཞལ་དུ༴ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཞལ་དུ༴ འགྲོ་མགོན་མངའ་བདག་ཡབ་སྲས་ཞལ་དུ༴ ཆོས་བདག་གཏེར་སྟོན་ཆོས་དབང་ཞལ་དུ༴ རྒྱལ་སྲས་མི་བསྐྱོད་རྡོ་རྗེའི་ཞལ་དུ༴ དྭགས་སྟོན་དབང་ཕྱུག་རྡོ་རྗེའི་ཞལ་དུ༴ གཉེན་སྟོན་ཡེ་ཤེས་རྡོ་རྗེའི་ཞལ་དུ༴ སེ་ལྡིང་སངས་རྒྱས་ཡབ་སྲས་ཞལ་དུ༴ གུ་རུ་ཆོས་སྐུ་འོད་ཟེར་ཞལ་དུ༴ མཚུངས་མེད་དཔལ་འབྱོར་དབང་ཕྱུག་ཞལ་དུ༴ སྤྲུལ་སྐུ་ཆོས་ཀྱི་དབང་པོའི་ཞལ་དུ༴ རིག་འཛིན་ཀརྨ་གུ་རུའི་ཞལ་དུ༴ གྲུབ་ཆེན་ཀུན་བཟང་དཔལ་འབྱོར་ཞལ་དུ༴ རིག་འཛིན་ཕྲིན་ལས་ལྷུན་གྲུབ་ཞལ་དུ༴ དྲིན་ཅན་རྩ་བའི་བླ་མའི་ཞལ་དུ༴ ཡི་དམ་རྟ་ཕག་ཡབ་ཡུམ་ཞལ་དུ༴ རིགས་ལྔའི་མཁའ་འགྲོ་ཡབ་ཡུམ་ཞལ་དུ༴ མ་མགོན་དམ་ཅན་གཏེར་སྲུང་ཞལ་དུ༴ མཆོད་པར་འོས་པ་རྣམས་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ བརྒྱུད་པའི་ཁྱད་པར་གཞན་དག་མོས་བློ་བཞིན་སྤྲོས་པས་ཆོག་གོ །རཀྟའི་མཆོད་པ་ནི། ཨཱ༔ འདོད་ཆགས་རྣམ་དག་པདྨ་རཀྟ་འདི༔ རྒྱུད་དྲུག་ཀུན་སྒྲོལ་ཁམས་གསུམ་དབང་དུ་སྡུད༔ བདེ་མཆོག་བདེ་སྤྱོད་རཀྟའི་མཆོད་པ་འདི༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་མ་ཧཱ་རཀྟ་ཁཱ་ཧི༔ གཏོར་མའི་མཆོད་པ་ནི། ཧཱུྃ༔ རྗེ་བཙུན་བླ་མ་གཤེགས་སུ་གསོལ༔ གདུང་བ་དྲག་པོས་གསོལ་འདེབས་ཤིང༔ འདོད་ཡོན་ལྔ་ཡི་མཆོད་པ་འབུལ༔ བ་ལིཾ་རྒྱན་གྱི་མཆོད་པ་འབུལ༔ སྨན་རཀ་བདུད་རྩིའི་མཆོད་པ་འབུལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ ཏིང་འཛིན་རྩེ་གཅིག་མཆོད་པ་འབུལ༔ བླ་མ་རིག་འཛིན་མཆོད་པ་བཞེས༔ ཡི་དམ་ལྷ་ཚོགས་མཆོད་པ་བཞེས༔ མཁའ་འགྲོའི་ཚོགས་རྣམས་མཆོད་པ་བཞེས༔ གིང་གི་ཚོགས་རྣམས་མཆོད་པ་བཞེས༔ དཔའ་བོའི་ཚོགས་རྣམས་མཆོད་པ་བཞེས༔ དཔའ་མོའི་ཚོགས་རྣམས་མཆོད་པ་བཞེས༔ རྣལ་འབྱོར་ཕོ་མོ་དམ་རེ་གཙང༔ མཁའ་འགྲོའི་ཚོགས་རྣམས་དྭངས་རེ་སྤྲོ༔ དུར་ཁྲོད་གནས་མཆོག་ཉམས་རེ་དགའ༔ ཞིང་ཆེན་བླ་བྲེའི་རྒྱན་དང་ལྡན༔ ཤ་སྣ་སྙིང་སྣ་བསམ་མི་ཁྱབ༔ སྤྲོ་དགའི་གནས་ཀྱི་མཆོད་པ་བཞེས༔ ཧཱུྃ༔ སྣང་བ་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ༔ སྲིད་པ་བཅུད་ཀྱི་སེམས་ཅན་གཏོར་མར་སྦྱར༔ དཔལ་གྱི་གཏོར་མ་བརྗིད་ལྡན་འགྱིང་བ་འདི༔ རི་རབ་ལྷུན་པོ་བས་ཀྱང་དཔངས་རེ་མཐོ༔ མ་མོའི་གཏོར་མ་པདྨས་བསྐོར་བ་འདི༔ གླིང་བཞི་གླིང་ཕྲན་བས་ཀྱང་བཀོད་རེ་ལེགས༔ དཀར་གྱི་ཐིག་བཏབ་དམར་གྱི་གུར་ཕུབ་པ༔ གསེར་གྱི་རི་བདུན་བས་ཀྱང་བརྗིད་རེ་ཆེ༔ རཀྟ་དམར་གྱི་ཨརྒྷཾ་སྦྲེང་བ་འདི༔ རྒྱ་མཚོའི་མཆིང་སྣམ་བས་ཀྱང་རྒྱ་རེ་ཆེ༔ བདུད་རྩི་སྨན་གྱིས་གཏོར་མར་བྲན་པ་འདི༔ ལྷ་ཡི་ཞལ་ཟས་བས་ཀྱང་རོ་རེ་བདའ༔ དཀར་རྩི་དམར་རྩི་ཤ་ཆེན་དྲི་ཆེན་དང༔ དྲི་ཆུ་བྱུགས་པའི་རྫས་ཏེ་རྣམ་པ་ལྔ༔ སེང་གེ་གླང་ཆེན་རྟ་དང་བ་ལང་དང༔ མཆོག་ཆེན་མི་ལ་སོགས་ཏེ་རྣམ་པ་ལྔ༔ མ་ཧཱ་མཱཾ་ས་ལ་སོགས་ཤ་སྣ་སྟོང༔ མ་ཧཱ་ཙིཏྟ་ལ་སོགས་སྙིང་སྣ་སྟོང༔ དབང་པོ་ལྔ་དང་གོ་རོ་ཙ་ན་དང༔ བ་སུ་ཏ་དང་ནང་ཁྲོལ་རྣམ་པ་ལྔ༔ ཤིང་ཏོག་མེ་ཏོག་འབྲུ་སྣ་སྨན་སྣ་སྟོང༔ ཟན་དང་ཁུར་བ་ཐུག་པའི་བྱེ་བྲག་དང༔ མར་ཐུད་ཕྲུམ་དང་ཞོ་དང་འོ་མར་བཅས༔ རྩི་དང་ཙཱ་རུ་རྩི་ཆེན་གོ་སྙོད་དང༔ ལྒ་དང་ལན་ཚྭ་སྤོད་ཀྱི་བྱེ་བྲག་དང༔ རི་སྒོག་ཀླུང་སྒོག་ཤ་མོ་སྣ་ཚོགས་དང༔ བཟའ་དང་བཅའ་བ་བཏུང་བའི་བྱེ་བྲག་དང༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ འདོད་ཡོན་ལྔ་ཡི་མཆོད་པ་སྣ་ཚོགས་ཀུན༔ ཐོགས་མེད་བློ་ཡིས་ཐམས་ཅད་ཀུན་བསྡུས་ནས༔ ཏིང་འཛིན་དགོངས་བརྒྱུད་དག་པས་བྱིན་བརླབས་ཏེ༔ བདུད་རྩིར་བསྒྱུར་པའི་གཏོར་མ་ཆེན་པོ་འདིས༔ རྡོ་རྗེ་སློབ་དཔོན་ཐུགས་དམ་སྐོང་གྱུར་ཅིག༔ ཡི་དམ་ལྷ་ཚོགས་ཐུགས་དམ༴ མཁའ་འགྲོ་སྡེ་བཞིའི་ཐུགས་དམ༴ དཔའ་བོ་གིང་བཞིའི་ཐུགས་དམ༴ དམ་ཅན་སྲུང་མའི་ཐུགས་དམ༴ མཆོད་པར་འོས་པའི་ཐུགས་དམ་སྐོང་གྱུར་ཅིག༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཞེས་འབུལ་ཏེ་ལྷན་ཐབས་ཀྱི་ལེའུ་བདུན་པ་ནས་འབྲེལ་བསྡེབ་བྱའོ། །གསུམ་པ་ཁྱད་པར་ཚོགས་ཀྱི་མཆོད་པ་ནི། ཚོགས་ཀྱི་ཡོ་བྱད་རྣམས་བཤམས་པ་བདུད་རྩིས་བྲན་ལ། ཨོཾ་སརྦ་དྲ་བྱཾ་ཤོ་དྷ་ནི་ཧཱུྃ་ཕཊ༔ ཅེས་པས་བསངས་ལ། ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཚོགས་འཁོར་སྦྱང་ཕྱིར་ཡི་གེ་སྤྲོ༔ རཾ༔ རཾ་ལས་མེ་བྱུང་དངོས་འཛིན་བསྲེགས༔ ཡཾ༔ ཡཾ་ལས་རླུང་བྱུང་བག་ཆགས་གཏོར༔ ཁཾ༔ ཁཾ་ལས་ཆུ་བྱུང་གཉིས་འཛིན་བཀྲུས༔ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ བྱིན་གྱིས་རློབ་པའི་ཡི་གེ་སྤྲོ༔ ཧཱུྃ༔ ཧཱུྃ་གིས་རྣམ་པར་རྟོག་པ་སྦྱངས༔ ཨཱ༔ ཨཱཿཡིས་ཡེ་ཤེས་བདུད་རྩིར་བསྒྱུར༔ ཨོཾ༔ ཨོཾ་གྱིས་འདོད་ཡོན་སྣང་སྲིད་གང༔ ཧྲཱི༔ ཧྲཱི༔ཡིས་མཐོང་སྣང་ལྷ་ཚོགས་དགྱེས༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཞེས་བྱིན་གྱིས་བརླབ་བོ། །དེ་ནས་ལས་ཀྱི་རྡོ་རྗེས་ཚོགས་རྫས་རྣམས་སློབ་དཔོན་ལ་ཕྱོགས་པས་བཟུང་སྟེ། ཧོ༔ གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས༔ འདི་ལ་ཐེ་ཚོམ་བྱར་མི་རུང༔ བྲམ་ཟེ་གདོལ་པ་ཁྱི་དང་ཕག༔ རང་བཞིན་གཅིག་ཏུ་དགོངས་ཏེ་རོལ༔ ཅེས་དྲང་། སློབ་དཔོན་གྱིས་པད་སྐོར་སྔོན་དུ་འགྲོ་བས། རིན་ཐང་མེད་ལས་ལེགས་འོངས་ཆོས༔ འདོད་ཆགས་དྲི་མ་རྣམ་པར་དག༔ གཟུང་དང་འཛིན་པ་ཀུན་སྤངས་པའི༔ དེ་བཞིན་ཉིད་ནི་བདག་ཀྱང་འཚལ༔ ཞེས་བརྗོད་ཅིང་བླང་ངོ་། དེ་ལྟར་རྟོག་པ་བསལ་བ་སྔོན་དུ་འགྲོ་བས། ཚོགས་ཕུད་ཆ་གསུམ་དུ་བཅད་པའི་དང་པོས་མཆོད་པ་ནི། ཧཱུྃ༔ བདེ་བར་གཤེགས་སོ་བཅོམ་ལྡན་འདས༔ སངས་རྒྱས་ཀུན་གྱི་བདག་ཉིད་ཆེ༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ ཞེས་མཆོད། བར་པ་བཤགས་པ་ནི། ཧཱུྃ༔ སྔོན་བྱུང་དུས་ནས་ད་ལྟའི་བར༔ མ་རིག་བདག་ལུས་ངག་སེམས་ཀྱིས༔ རྩ་བ་ཡན་ལག་དམ་ཉམས་པ༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས༔ བཛྲ་ས་མ་ཡ་ཨ༔ ཞེས་པས་བཤགས། ཐ་མ་བསྒྲལ་སྟབ་བྱ་བ་ནི། ཚོགས་ཟན་ནམ། གཟུགས་བརྙན་ལ་དམིགས་བྱ་བསྟིམས་ལ། ཕུར་པ་ཡཀྴ་ཀྲོ་དྷར་གསལ་བས་གཟིར་ཞིང་། ཧཱུྃ༔ ཆེ་མཆོག་པདྨ་ཐོད་ཕྲེང་རྩལ༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་གདེངས༔ གཡོན་པ་ཕུར་བུས་དགྲ་སྙིང་གཟིར༔ གནོད་བྱེད་ཕོ་མོ་རྡུལ་དུ་རློགས༔ ཨོཾ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ བཛྲ་ས་མ་ཡ་ཛ༔ ནྲྀ་ཏྲི་ཤཱ་ཏྲུན་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཨ་ཡཾ་རྦད༔ ཅེས་ཚེ་ཁྲུས་ཀྱི་དགོངས་པ་དང་ལྡན་པས་བསྒྲལ་ལ། གུ་རུ་དེ་ཝ་ཌཱ་ཀི་ནཱི་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁ་རཾ་ཁཱ་ཧི༔ བྷིནྡྷ་ཡ་བྷིནྡྷ་ཡ་ཧཱུྃ་ཕཊ༔ ཅེས་ཤ་ཁྲག་བདུད་རྩིར་སྦར་ལ་སྟོབ་བོ། །རྩ་བའི་གཉིས་པ་སྒྲུབ་པའི་སྙིང་པོ་བཟླ་བ་ལ་ཛཔ྄་དགོངས་དང་། རྗེས་འབྲེལ་སྐོང་བ་གཉིས་ལས། དང་པོ་ནི། སྣང་སྲིད་གཞལ་ཡས་བླ་མ་ལྷ༔ ཐམས་ཅད་ཕྱག་རྒྱའི་དཀྱིལ་འཁོར་ཆེ༔ དཔེར་ན་ཆུ་ཟླ་འཇའ་ཚོན་ལྟར༔ སྣང་ལ་རང་བཞིན་མེད་པར་བསྒོམ༔ ཞེས་པའི་དགོངས་པ་སྲོག་ཏུ་བཟུང་ནས། སྤྱི་བོའི་བླ་མར་སེམས་རྩེ་གཅིག་པའི་མོས་གུས་གདུང་ཤུགས་དྲག་པོས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་གསོལ་འདེབས་ཀྱི་ཚུལ་དུ་ཅུང་ཟད་བཟླའོ། །དབང་བཞི་ལེན་པའི་དམིགས་གནད་དང་སྦྱར་ཏེ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་ཅི་ནུས་སུ་བཟླས་པའི་མཐར། བླ་མ་རང་ལ་ཐིམ་པས་རང་ཉིད་ཐོད་ཕྲེང་རྩལ་གྱི་སྐུའི་གསལ་སྣང་དང་ང་རྒྱལ་ལ་སེམས་རྩེ་གཅིག་པས་ཀྱང་བཟླ་སྟེ། ཤ་མེད་འོད་ཀྱི་གཟུགས་ཅན་ནི༔ པདྨ་འབྱུང་གནས་སྐུ་རུ་བསྒོམ༔ ཞེས་སོགས་ཀྱི་དགོངས་པ་སྟེ་སྒྲུབ་པའི་ཚུལ་ལོ། །རང་གི་ཐུགས་ཀའི་འོད་ཀྱིས་རིགས་བཞིའི་ཐོད་ཕྲེང་བསྐུལ་བས་དེ་ལས་རང་འདྲའི་སྤྲུལ་པ་དང་འོད་ཟེར་མཁའ་ཁྱབ་ཏུ་སྤྲོས་པས་ཕྲིན་ལས་རྣམ་བཞི་གང་འདོད་པ་དེ་སྒྲུབ་པར་བསམས་ལ། ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིང་ཧྲིང་ཛཿསརྦ་སིདྡྷི་ཤཱནྟིཾ་པུཥྚིཾ་པ་ཤཾ་མཱ་ར་ཡ་རྦད༔ ཅེས་པ་རྣམས་ཅུང་ཟད་རེ་བཟླ་སྟེ་ལས་སྦྱོར་གྱི་ཚུལ་ལོ། །གཉིས་པ་རྗེས་འབྲེལ་སྐོང་བ་ལས་རྫས་ཀྱིས་སྐུ་ལ་སྐོང་བ་ནི། མཆོད་རྫས་སུ་གྱུར་ཚད་བཤམས་ཤིང་། ཁྱད་པར་མར་མེ་དང་བདུད་རྩི་ཐོགས་ནས་དཀྱིལ་འཁོར་ལ་བསྐོར་བའོ། །བཤགས་ཚིག་གིས་གསུང་ལ་སྐོང་བ་ནི། ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ གསང་བའི་དཀྱིལ་འཁོར་གཞུང་བཞིན་བཤམས་ནས་ཀྱང༔ སྒྲུབ་རྫས་གཉན་པོ་གཞུང་བཞིན་བཀྲམ་ལགས་ན༔ བླ་མ་ཡི་དམ་མཁའ་འགྲོའི་ཐུགས་དམ་གཉན་བསྐངས་ཏེ༔ རྣལ་འབྱོར་བདག་གི་གཡར་དམ་སོར་སྩོལ་ཅིག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་ལན་གསུམ་བསྐྱར་ཞིང་སྐོང་བཤགས་ཀྱི་རིམ་པ་གཞན་ཡང་བྱའོ། །ལྟ་བས་ཐུགས་ལ་སྐོང་བ་ནི། ཀུན་གཞི་མ་བཅོས་ཀློང་ཡངས་ནས༔ རང་རིག་རང་གསལ་ཀུན་ཏུ་བཟང༔ གདོད་ནས་མ་སྐྱེས་ཀུན་བཟང་མོ༔ གཉིས་མེད་བདེ་བ་ཆེན་པོ་ལ༔ བསྐང་དང་བཤགས་བྱ་བཤགས་པའི་ཡུལ༔ རྣམ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔ ཆོས་ཀྱི་སྐུ་ལ་གཉིས་སུ་མེད༔ གཉིས་མེད་རྟོགས་པས་ཐུགས་དམ་བསྐང༔ དེ་ལྟར་རྟོགས་ན་སྐོང་བཤགས་མཆོག༔ ཅེས་བསྐང་ངོ་། །རྩ་བའི་གསུམ་པ་ཕྲིན་ལས་སྒྲུབ་པ་སྤྱི་ཙམ་ནི། གོང་དུ་ཐོད་ཕྲེང་རིགས་ལྔ་བསྐྱེད་པ་དང་། ལས་སྦྱོར་གྱི་བཟླས་པ་ཉིད་ཀྱིས་ཚང་ཞིང་། ཁྱད་པར་ནི་སྙན་བརྒྱུད་ཞག་བདུན་མའི་ཞལ་ཤེས་སྦྱོར་བའོ། །རྩ་བའི་བཞི་པ་དགོངས་པ་བསྐྱང་བ་ནི། འདི་ལྟར་ཀུན་རྫོབ་ཏུ་སྣང་བའི་འཁོར་འདས་ཀྱི་ཆོས་ཐམས་ཅད་དོན་དམ་ཆོས་ཉིད་ལྷ་དང་གཞལ་ཡས་ཁང་དུ་ཡེ་ནས་རྫོགས་པའི་གནས་ལུགས་ཇི་བཞིན་པ་ཉིད་སྤྲོས་མེད་དུ་སྐྱོང་ཞིང་མཐར་བོགས་དབྱུང་བའི་གསོལ་འདེབས་ཀྱང་བྱའོ། །རྩ་བའི་ལྔ་པ་རྟགས་ནི། རྟགས་ཚད་ཀྱི་དྲོད་འཛིན་པའོ། །རྩ་བའི་དྲུག་པ་དངོས་གྲུབ་བླང་བ་ནི། མདུན་གྱི་སྒྲུབ་རྫས་ལ་དམིགས་ནས་གསང་སྔགས་ཤམ་བུ་ཅན་ཅུང་ཟད་བཟླས་པས་ས་ཁོངས་བཟུང་ངོ་། །སྤྱི་དོན་གསུམ་པ་རྗེས་ལ་དྲུག་གི་དང་པོ་དག་སྣང་བསྐྱེད་པ་ནི། བླ་མ་ཉིད་སྐྱབས་གནས་ཐམས་ཅད་འདུས་པའི་བདག་ཉིད་དུ་བཟོད་མེད་མོས་གུས་ཀྱི་གདུང་ཤུགས་དྲག་པོས་དག་སྣང་བསྐྱེད་པ་ཉིད་དོ། །གཉིས་པ་བསྟོད་པ་འབུལ་བ་ལ་སྔོན་དུ་མཆོད་པ། བསྟོད་བསྐུལ་དངོས། མཐའ་རྒྱས་གཞན་སྦྱོར་བ་དང་གསུམ་ལས། དང་པོ་ནི། གཏོར་སྨན་རཀྟ་མཆོད་པར་གསུངས་པ་བཞིན། ཧཱུྃ༔ དམ་རྫས་གཏོར་ཆེན་བཤམས་པ་ཡང༔ མ་དང་མཁའ་འགྲོ་བསྟེན་ཕྱིར་འབུལ༔ བདུད་རྩི་སྨན་མཆོད་སྦྲེང་བ་ཡང༔ མ་དང་མཁའ་འགྲོ་བསྟེན་ཕྱིར་འབུལ༔ བྷནྡྷ་རཀྟས་བཀང་བ་ཡང༔ མ་དང་མཁའ་འགྲོ་བསྟེན་ཕྱིར་འབུལ༔ དུར་ཁྲོད་རྫས་ཆེན་བཀྲམ་པ་ཡང༔ མ་དང་མཁའ་འགྲོ་བསྟེན་ཕྱིར་འབུལ༔ རྐང་གླིང་ཐོད་རྔ་སྒྲོག་པ་ཡང༔ མ་དང་མཁའ་འགྲོ་བསྟེན་ཕྱིར་འབུལ༔ ཞུན་ཆེན་སྣང་གསལ་གཏམས་པ་ཡང༔ མ་དང་མཁའ་འགྲོ་བསྟེན་ཕྱིར་འབུལ༔ མཱཾ་སའི་གསུར་དུད་གཏོང་བ་ཡང༔ མ་དང་མཁའ་འགྲོ་བསྟེན་ཕྱིར་འབུལ༔ འདོད་ཡོན་རོ་མཆོག་སྤུངས་པ་ཡང༔ མ་དང་མཁའ་འགྲོ་བསྟེན་ཕྱིར་འབུལ༔ ཐུགས་དམ་གཉན་པོ་སྐོང་གྱུར་ཅིག༔ གཡར་དམ་ཉམས་ཆག་སོར་སྩོལ་ཅིག༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧོ༔ དམ་རྫས་མཆོད་པ་འདི་དག་ཀུན༔ གཉིས་མེད་མཉམ་པའི་ངང་དུ་འབུལ་ལགས་ན༔ བླང་དོར་མེད་པའི་ཚུལ་གྱིས་བཞེས་ནས་ཀྱང༔ ཐིམ་པའི་ཚུལ་གྱིས་དགྱེས་པ་ཆེན་པོར་རོལ༔ ཞེས་འབུལ་ལོ། །གཉིས་པ་བསྟོད་བསྐུལ་ནི། ཧཱུྃ་ཧྲཱི༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ སྐུ་ནི་མི་འགྱུར་ཀུན་ཏུ་བཟང་པོའི་སྐུ༔ གསུང་ནི་མི་འགག་མཉམ་ཉིད་རིག་པའི་གསུང༔ ཐུགས་ནི་མི་གཡོ་སྨྲ་བསམ་བརྗོད་ལས་འདས༔ སྐུ་གསུང་ཐུགས་ལྡན་པདྨ་རྒྱལ་ལ་བསྟོད༔ འགྲོ་བའི་དོན་དུ་རང་བྱུང་འོད་དཔག་མེད༔ བཀྲ་ཤིས་ཡོན་ཏན་དུ་མས་བརྒྱན་པའི་སྐུ༔ འཇིག་རྟེན་མངའ་བསྒྱུར་པདྨ་རྒྱལ་པོའི་སྲས༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ༔ རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ༔ དབང་གི་ལས་མཛད་པདྨ་ཐོད་ཕྲེང་རྩལ༔ དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ༔ ཐམས་ཅད་ལྷུན་གྲུབ་བུདྡྷ་ཐོད་ཕྲེང་རྩལ༔ ཕྲིན་ལས་རྫོགས་པའི་རྗེ་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ མ་ཆགས་སྐྱོན་གྱིས་མ་གོས་པའི༔ པདྨ་འབྱུང་གནས་སྐུ་ལ་བསྟོད༔ ཡོན་ཏན་ཐམས་ཅད་རབ་རྫོགས་པའི༔ པདྨ་སཾ་བྷའི་སྐུ་ལ་བསྟོད༔ ཤེས་བྱ་ཀུན་ལ་མ་རྨོངས་པའི༔ བློ་ལྡན་མཆོག་སྲེད་སྐུ་ལ་བསྟོད༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུད༔ པདྨ་རྒྱལ་པོའི་སྐུ་ལ་བསྟོད༔ རྨོངས་པའི་མུན་སེལ་འགྲོ་བ་འདུལ༔ ཉི་མ་འོད་ཟེར་སྐུ་ལ་བསྟོད༔ ལོག་འདྲེན་བདུད་བཞི་འདུལ་མཛད་པའི༔ ཤཱཀྱ་སེང་གེའི་སྐུ་ལ་བསྟོད༔ མུ་སྟེགས་དམ་སྲི་འདུལ་མཛད་པའི༔ སེང་གེ་སྒྲ་སྒྲོག་སྐུ་ལ་བསྟོད༔ དྲེགས་པའི་དགྲ་བགེགས་ཚར་གཅོད་པའི༔ རྡོ་རྗེ་གྲོ་ལོད་སྐུ་ལ་བསྟོད༔ ཧྲཱི༔ སྣང་བ་མ་འགག་ཐུགས་རྗེ་ཆེན་པོའི་སྐུ༔ རྟ་མགྲིན་དབང་གི་སྐུ་ལ་ཕྱག་འཚལ་བསྟོད༔ སྐྱེ་མེད་རྣམ་དག་ཆོས་དབྱིངས་དག་པའི་ཀློང༔ རྡོ་རྗེ་ཕག་མོ་ཡུམ་ལ་ཕྱག་འཚལ་བསྟོད༔ སྐྱེ་འགག་གཉིས་སུ་མེད་པའི་མཁའ་དབྱིངས་ལས༔ ཐུགས་རྗེ་མ་འགག་ཅིར་ཡང་སྟོན་ཅིང་བསྒྱུར༔ དཔའ་བོ་མཁའ་འགྲོའི་ཚོགས་ཕྱག་འཚལ་བསྟོད༔ དམ་ཅན་སྲུང་མའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། བསྐུལ་བ། ཧཱུྃ༔ མ་གཡེལ་མ་གཡེལ་རིག་འཛིན་ཚོགས༔ མ་གཡེལ་མ་གཡེལ་མཁའ་འགྲོའི་ཚོགས༔ མ་གཡེལ་མ་གཡེལ་གིང་གི་ཚོགས༔ མ་གཡེལ་མ་གཡེལ་དམ་ཅན་ཚོགས༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ རང་བཞིན་གནས་ནས་སྐུ་སྐྱོད་ལ༔ མཁའ་འགྲོའི་ཚོགས་དང་གཤེགས་སུ་གསོལ༔ གིང་གི་ཚོགས་དང་གཤེགས༴ དཔའ་བོའི་ཚོགས་དང་གཤེགས༴ དཔའ་མོའི་ཚོགས་དང་གཤེགས༴ དམ་ཅན་ཚོགས་དང་གཤེགས༴ ཆོས་ཀྱི་དབྱིངས་ནས་སྐུ་སྐྱོད་ལ༔ རྡོ་རྗེ་ཕག་མོས་བྱིན་གྱིས་རློབས༔ དུར་ཁྲོད་གནས་ནས་སྐུ་སྐྱོད་ལ༔ མཁའ་འགྲོ་གིང་བཞིས་བྱིན་གྱིས་རློབས༔ ནམ་མཁའི་དབྱིངས་ནས་སྐུ་སྐྱོད་ལ༔ རྡོ་རྗེ་ཕྲ་མེན་བྱིན་གྱིས་རློབས༔ རྒྱ་མཚོའི་གླིང་ནས་སྐུ་སྐྱོད་ལ༔ མཚོ་གླིང་མཁའ་འགྲོས་བྱིན་གྱིས་རློབས༔ ཕྱོགས་བཞིའི་གནས་ནས་སྐུ་སྐྱོད་ལ༔ ལས་བྱེད་མཁའ་འགྲོས་བྱིན་གྱིས་རློབས༔ གངས་དཀར་རྩེ་ནས་སྐུ་སྐྱོད་ལ༔ རྡོ་རྗེ་གིང་ཆེན་བྱིན་གྱིས་རློབས༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧཱུྃ་ཧཱུྃ༔ ལྷོ་ནུབ་རྔ་ཡབ་གླིང་ཕྲན་ན༔ པདྨ་འོད་ཀྱི་གཞལ་ཡས་ཁང༔ གནས་མཆོག་དམ་པ་ཉམས་རེ་དགའ༔ གནས་མཆོག་ཉམས་སུ་མི་དགའ་རུ༔ རྗེ་བཙུན་པདྨ་ཐོད་ཕྲེང་དང༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གཉིས༔ སྐྱེ་འཆི་མེད་པའི་སྐུར་བཞེངས་ནས༔ སྲིན་པོ་རྣམས་ལ་དམ་ཆོས་སྟོན༔ མཁའ་འགྲོ་སྡེ་བཞིའི་འཁོར་གྱིས་བསྐོར༔ གིང་ཆེན་སྡེ་བཞི་བྲན་དུ་འཁོལ༔ ལྷ་སྲིན་སྡེ་བརྒྱད་ཕོ་ཉར་འགྱེད༔ གདོང་དམར་སྲིན་པོ་ཐབས་ཀྱིས་འདུལ༔ དབུ་ལ་རིན་ཆེན་རྒྱན་གྱིས་བརྒྱན༔ རུས་པའི་རྒྱན་ཆ་ཁྲ་ལ་ལ༔ སིལ་སྙན་མང་པོ་སི་ལི་ལི༔ རྒྱན་ཆ་མང་པོ་པུ་རུ་རུ༔ རོལ་མོ་མང་པོ་དི་རི་རི༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཞི་རྒྱས་དབང་དྲག་སོ་སོ་ཡི༔ ཕྲིན་ལས་མྱུར་དུ་ཁྱེད་ཀྱིས་སྒྲུབས༔ བསྒྲལ་བའི་ཞིང་བཅུ་ཁྱོད་ཀྱིས་སྒྲོལ༔ སངས་རྒྱས་བསྟན་པ་ཁྱེད་ཀྱིས་སྲུངས༔ དཀོན་མཆོག་དབུ་འཕང་ཁྱེད་ཀྱིས་བསྟོད༔ རྣལ་འབྱོར་སྐུ་དགྲ་ཁྱེད་ཀྱིས་ཐུལ༔ ལྷ་འདྲེ་མི་གསུམ་ཁྱེད་ཀྱིས་སྡུས༔ འབྱུང་བཞིའི་བར་ཆད་ཁྱེད་ཀྱིས་སོལ༔ དུག་ལྔའི་རྣམ་རྟོག་ཞི་བར་མཛོད༔ གསུམ་པ་མཐའ་རྒྱས་གཞན་སྦྱོར་བ་སྟེ། ཚོགས་རྫས་རྣམས། ཧོ༔ ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ༔ ཨ་ལ་ལ་ཧོ༔ ཞེས་སློབ་དཔོན་ནས་བཟུང་འདུས་པ་ཐམས་ཅད་ལ་བྲིམ་ཞིང་ནང་གི་སྦྱིན་སྲེག་གིས་རོལ་ལོ། །དེ་ནས་ལྷག་མ་ཕྱོགས་གཅིག་ཏུ་བསྡུས་པ་ལ་དམ་ཚིག་གི་ཁ་ཕྲུ་བཏབ་པས་བྱིན་གྱིས་བརླབས་ལ། ཧཱུྃ༔ དང་པོ་ཕུད་ཀྱིས་མི་མཆོད་དུ༔ པདྨ་ཧེ་རུ་ཀ་ཕུད་ཀྱི་བདག༔ བར་དུ་ལྷག་མས་མི་མཆོད་དུ༔ མ་དང་མཁའ་འགྲོ་ལྷག་ལ་དགྱེས༔ ཐ་མ་གཅིག་ཏུ་མི་བསྲེ་རུ༔ གཉིས་མེད་ཆོས་སྐུ་གཅིག་ལས་བྱུང༔ ཧཱུྃ༔ བཅོམ་ལྡན་པདྨ་ཧེ་རུ་ཀ༔ ཡུམ་ཆེན་རྡོ་རྗེ་ཕག་མོ་ལ༔ བཀའ་ཡི་ལྷག་སྡུད་ཚོགས་ཀྱིས་བསྐོར༔ ལྷག་མའི་ཚོགས་ལ་རོལ་པ་རྣམས༔ འདིར་བྱོན་བཀའ་ཡི་ལྷག་གཏོར་བཞེས༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཞེས་གཏོར་མ་ཕྱི་རོལ་དུ་དོར་རོ། །ཆད་ཐོ་བྱ་བ་ནི། ཆོས་སྐྱོང་གི་གཏོར་མ་སོགས་གཏོར་གྲལ་ལས་བསྐྱོད་དེ་བྱིན་བརླབས་བསྔོས་ནས། ཧཱུྃ་བྷྱོ༔ སྔོན་ཚེ་འདས་དུས་བསྐལ་པ་དང་པོ་ལ༔ འོག་མིན་གནས་མཆོག་བདེ་ཆེན་ཕོ་བྲང་དུ༔ བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀས༔ རྟ་སྐད་ཐེངས་གསུམ་བསྒྲགས་ནས་མ་མོ་བཏུལ༔ ཐ་ཚིག་གསུམ་གྱིས་དམ་ལ་བཏགས་པའི་ཚེ༔ རྡོ་རྗེ་ཕག་མོ་ལ་སོགས་མཁའ་འགྲོ་བྱེ་བ་བརྒྱས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ ཡལ་གམ་ཅན་ལ་དངོས་གྲུབ་སྩོལ་བ་དང༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལ་མ་འདའ་བར༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔ དེ་འོག་བར་གྱི་བསྐལ་པ་དབུས་མ་ལ༔ བྲག་དམར་བསམ་ཡས་ཨརྻ་པ་གླིང་དུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང༔ ཤེས་རབ་ཡུམ་ཆེན་མཁར་ཆེན་མཚོ་རྒྱལ་གྱིས༔ དབང་ཆེན་ཡོངས་རྫོགས་དཀྱིལ་འཁོར་ཞལ་ཕྱེ་ཚེ༔ དུར་ཁྲོད་གནས་པའི་མཁའ་འགྲོ་སྡེ་ལྔ་དང༔ དྲེགས་པ་སྡེ་བརྒྱད་བརྟན་མ་བཅུ་གཉིས་ཀྱིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ ཡལ་གམ་ཅན་ལ་དངོས་གྲུབ་སྩོལ་བ་དང༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལ་མ་འདའ་བར༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔ དེ་འོག་བསྐལ་པ་ཐ་མའི་དུས་ཀྱི་ཚེ༔ རྔ་ཡབ་གླིང་ཕྲན་ཟངས་མདོག་དཔལ་རིའི་རྩེར༔ སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་དང༔ རིག་འཛིན་ཆོས་དབང་ལངྐའི་ཚོགས་བཅས་ཀྱིས༔ གསང་བ་སྒྲུབ་ཆེན་དཀྱིལ་འཁོར་ཞལ་ཕྱེ་ཚེ༔ བསེ་ལང་མཁའ་འགྲོ་བཀའ་སྡོད་སྒྲོལ་གིང་བཞི༔ དམ་ཅན་རྒྱ་མཚོ་ཆོས་སྐྱོང་སྲུང་མ་ཡིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ ཡལ་གམ་ཅན་ལ་དངོས་གྲུབ་སྩོལ་བ་དང༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལ་མ་འདའ་བར༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔ ཅེས་གཏོར་མ་གཙང་སར་ཕུལ་ལ། བཤལ་ཆུས་བརྟན་མ་སྐྱོང་བ་ནི། བརྟན་མ་སྐྱོང་མཛད་མ་དང་སྲིང༔ དཔལ་གནས་མ་དང་ཡང་དག་ཤེས༔ ཁྱུང་བཙུན་ཀོང་ལྷ་གཡུ་བུན་མ༔ མེ་ཏོག་ཟླ་འོད་བྱང་རྒྱལ་མ༔ གསེར་ཐང་ཀུན་བཟང་ཤཱནྟིཾ་དཔལ༔ ཀླུ་མོ་གཟི་འབར་ལ་སོགས་པའི༔ བརྟན་མ་བཅུ་གཉིས་གཏོར་མ་ལོངས༔ མི་མཐུན་གནོད་པའི་ཕྱོགས་རྣམས་ཟློག༔ ཨོཾ་ཨཱཿཧཱུྃ་བཛྲ་ཨ་མྲྀཏ་ཁཱ་ཧི༔ མ་མ་ཧྲིང་མ་མ་ཧྲིང་ཁཱ་ཧི་ཁཱ་ཧི༔ ཞེས་བརྟན་མ་བསྐྱངས་ལ་རྟ་བྲོ་ནི། གཏོར་གཞོང་ཁ་སྦུབ་པའི་འོག་ཏུ་དགྲ་བགེགས་བཀུག་ཅིང་མནན་པར་བསམས་ལ། ཧཱུྃ་ཧྲཱི༔ རྟ་ཡི་བརྟུལ་ཞུགས་ཆེན་པོ་ནི༔ བདག་ཉིད་ཆེན་པོའི་སྐུར་བསྒོམས་ཏེ༔ ཞིང་བཅུ་བསྒྲལ་པའི་ཕུང་པོ་ལ༔ གཏུམ་ཆེན་རྔམ་པའི་སྒྲ་སྒྲོག་ཅིང༔ དབང་ཆེན་རྟ་སྐད་ཙེ་རེ་རེ༔ ཁྲོ་བོའི་བྲོ་བརྡུང་འུ་རུ་རུ༔ དཔལ་གྱི་རྟ་སྐད་དི་རི་རི༔ རོལ་པའི་རྟ་བྲོ་ཆེམས་སེ་ཆེམ༔ གསང་བའི་བཤུགས་པ་ཀྱུ་རུ་རུ༔ བསྐལ་པའི་གློག་དམར་ལྗིབས་སེ་ལྗིབ༔ རྡོ་རྗེའི་ཐོག་འབེབ་ལམས་སེ་ལམ༔ ཧཱུྃ་གིས་དབང་བསྒྱུར་ཁམས་གསུམ་གཡོ༔ ཕཊ་ཀྱི་སྤྲུལ་པས་འཇིག་རྟེན་ཁྱབ༔ རཾ་གྱིས་མེ་འབར་ཐམས་ཅད་བསྲེག༔ གཅན་གཟན་མུ་ཁ་སྤྲིན་ལྟར་གཏིབ༔ ཀངྐ་འདབ་ཆགས་སྐར་ལྟར་འཁྲུག༔ སྔོན་གྱི་ཐུགས་དམ་བསྐང་བའི་ཕྱིར༔ ཀུན་ཏུ་བཟང་པོའི་མཁའ་དབྱིངས་སུ༔ ཁམས་གསུམ་ཡོངས་སྒྲོལ་མཛད་པའི་ཚེ༔ ཟ་བྱེད་ཆེན་པོའི་དཀྱིལ་འཁོར་དུ༔ དུག་ལྔ་འདུས་པའི་ཕུང་པོ་ལ༔ གཅན་གཟན་ཆེན་པོའི་བྲོ་བརྡུངས་པས༔ བདག་ཏུ་ལྟ་བའི་ཞེ་སྡང་བཅོམ༔ ཁྲག་འཐུང་ཆེན་པོའི་དཀྱིལ་འཁོར་དུ༔ རཀྟའི་རྒྱ་མཚོ་འཁྱིལ་པ་ལ༔ མ་ཚོགས་ཌཱ་ཀིའི་བྲོ་བརྡུངས་པས༔ ཀུན་ཏུ་ཞེན་པའི་འདོད་ཆགས་བཅོམ༔ རྔམ་ཆེན་འཁྲུག་པའི་དཀྱིལ་འཁོར་དུ༔ གཏི་མུག་ཤ་ཆེན་སྤུངས་པ་ལ༔ སྡེར་ཆགས་འདུས་པའི་བྲོ་བརྡུངས་པས༔ རྨོངས་པའི་གཏི་མུག་ངོ་བོ་བཅོམ༔ གཏུམ་ཆེན་ཁྲོས་པའི་དཀྱིལ་འཁོར་དུ༔ དབང་པོ་ཡན་ལག་རྫོགས་པ་ལ༔ གཤོག་པ་རྡོ་རྗེའི་བྲོ་བརྡུངས་པས༔ ཀུན་ཏུ་རྨོངས་པའི་ཕྲག་དོག་བཅོམ༔ འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་དུ༔ དབུས་ཀྱི་ཁྲི་རྐང་ཟླུམ་པོ་ལ༔ རྡོ་རྗེ་མཆུ་ཡི་བྲོ་བརྡུངས་པས༔ བདག་ཏུ་འཛིན་པའི་ང་རྒྱལ་བཅོམ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ༔ དུག་གསུམ་འཇོམས་པའི་ལས་བྱས་པས༔ སྔོན་གྱི་དམ་ཚིག་ཆེན་པོ་སྐོང༔ མ་ཚོགས་ཌཱ་ཀིའི་དཀྱིལ་འཁོར་དུ༔ ཏན་གཎ་སྤྲུལ་པའི་ལས་བྱས་པས༔ རྣལ་འབྱོར་སྐོང་བའི་ཆོ་ག་རྫོགས༔ དབང་ཆེན་གར་གྱི་དཀྱིལ་འཁོར་དུ༔ བདུད་བཞི་འཇོམས་པའི་ལས་བྱས་པས༔ ཁམས་གསུམ་བསྒྲལ་བའི་ཆོ་ག་རྫོགས༔ ཕྱག་བརྙན་ཆེན་པོའི་དཀྱིལ་འཁོར་དུ༔ བཀའ་འདས་བསྒྲལ་བའི་ལས་བྱས་པས༔ རུ་དྲ་མནན་པའི་ཆོ་ག་རྫོགས༔ ཨོཾ་བཛྲ་ཀྲོ་དྷ་སིདྡྷི་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་བྲོ་བརྡུང་ངོ་། །སྐབས་འགའ་ཞིག་ཏུ་གཏོར་དབང་བྱེད་ན་གནད་ཀྱི་ཤོག་གཅིག་མར་གསུངས་པ་བཞིན་བསྐུར་རོ། །དངོས་གྲུབ་ལེན་པ་ནི། གཏོར་མ་ལྷར་གསལ་བ་ལ་མཆོད་ཅིང་བསྟོད་ནས་ཛཔ྄་ཀྱིས་ཐུགས་དམ་བསྐུལ་ཏེ། བདེ་མཆོག་བདེ་སྤྱོད་ནམ་མཁའི་དཀྱིལ་ཡངས་ནས༔ རྒྱལ་བའི་དཀྱིལ་འཁོར་སྲས་བཅས་ཐུགས་དམ་ཅན༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་གི༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་དངོས་གྲུབ་མཆོག༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པའི་དཔལ༔ བུམ་པ་བཟང་དང་དཔག་བསམ་ནོར་བུའི་ཚུལ༔ ད་ལྟ་ཉིད་དུ་བདག་ལ་བསྩལ་དུ་གསོལ༔ འགྱུར་མེད་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ འགག་མེད་གསུང་གི་དངོས་གྲུབ༴ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ༴ ཡོན་ཏན་རེ་སྐོང་དངོས་གྲུབ༴ ཕྲིན་ལས་འགྲོ་འདུལ་དངོས་གྲུབ༴ འཆི་མེད་ཚེ་ཡི་དངོས་གྲུབ༴ འཛད་མེད་ནོར་གྱི་དངོས་གྲུབ༴ ཐུན་མོང་ཡིད་བཞིན་དངོས་གྲུབ༴ བླ་མེད་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ རྩ་སྔགས་ཀྱི་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཕ་ལ་ཧོ༔ ཞེས་པས་གཏོར་མའི་ཡེ་ཤེས་པ་བདག་ལ་བསྟིམ། དམ་ཚིག་པ་འདོད་ཡོན་བདུད་རྩིར་ཞུ་བར་བསམས་ལ་གཏོར་ཟན་དངོས་གྲུབ་ཀྱི་རྫས་སུ་རོལ་ལོ། དབང་བསྐུར་གཙོ་བོར་བྱེད་ན་ཚོགས་ལ་རོལ་པའི་སྔོན་དུ་བྱེད་པ་ཕྱག་ལེན་ནོ། །རྩ་བའི་གསུམ་པ་ཉམས་ཆག་སྐོང་བ་ནི། སྤྱི་བོའི་བླ་མ་རྡོ་རྗེ་སེམས་དཔའི་ངོ་བོ་ལ་རྟེན་བཅས་ཏེ་ཡི་གེ་བརྒྱ་པ་ཅི་ནུས་བརྗོད་པས་བཟོད་པར་གསོལ་ཏེ། ཉེར་བསྡུ་ནི། བླ་མ་རྡོ་རྗེ་སེམས་དཔའ་ཉིད༔ དགྱེས་པ་ཆེན་པོས་རང་ལ་ཐིམ༔ རང་ཡང་ཀུན་གཞི་མ་བཅོས་པའི༔ ངང་ལ་ཡིད་ནི་འཛིན་པ་བྲལ༔ རྣམ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔ ཞེས་པས་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་སྤྱི་བོའི་བླ་མ་ལ་འདུས་ཤིང༔ དེ་ཉིད་རང་ལ་བསྟིམས་ནས་གཉིས་མེད་སྤྲོས་བྲལ་བློ་འདས་ཀྱི་དགོངས་པ་བསྐྱང་ངོ་། །རྩ་བའི་བཞི་པ་ལས་ཚོགས་སྒྲུབ་པ་ནི། མཚན་བརྒྱད་དུ་སྒྲུབ་པའི་མན་ངག་བཀོལ་བྱང་བཞིན་ཤེས་པར་བྱའོ། །རྩ་བའི་ལྔ་པ་གྲུབ་མཐའ་བཟུང་བ་ནི། ལམ་འདི་ཁོ་ན་དངོས་གྲུབ་ཐམས་ཅད་ཀྱི་རྩ་བར་ངེས་པའི་གདེངས་བཅའ་བ་ཉིད་དོ། །རྩ་བའི་དྲུག་པ་སྨོན་ལམ་གདབ་པ་ནི། ཨེ་མ་ཧོ༔ བདག་གིས་འགྲོ་བ་ཀུན་དོན་དུ༔ བསྐལ་པ་དཔག་མེད་ཚུན་ཆད་ནས༔ ཐ་མ་ད་ལྟར་ཐུག་གི་བར༔ བདག་གི་ལུས་ངག་ཡིད་གསུམ་གྱིས༔ བླ་མ་སྐྱེས་མཆོག་ཡི་དམ་ལྷ༔ སངས་རྒྱས་བྱང་སེམས་ཌཱ་ཀིའི་ཚོགས༔ བསྒོམས་བསྒྲུབས་མཆོད་ཅིང་བསྟོད་པ་དང༔ བྲིས་བཀླགས་བཅངས་ཤིང་ཀུན་ཆུབ་བགྱིས༔ ལྟ་དགོངས་ལ་སོགས་དགེ་སྤྱད་པའི༔ འབྲས་བུ་དུས་འདིར་སྨིན་གྱུར་ནས༔ ཀུན་མཁྱེན་ཡེ་ཤེས་མཆོག་ཐོབ་ཤོག༔ གཞན་ཡང་ཕྱོགས་བཅུ་དུས་གསུམ་གྱི༔ བླ་མའི་ཐུགས་དགོངས་རབ་རྫོགས་ཤིང༔ དུས་གསུམ་ཕ་མས་སྣ་དྲངས་པའི༔ འགྲོ་དྲུག་སེམས་ཅན་མ་ལུས་པ༔ བླ་མ་མཆོག་གིས་རྗེས་བཟུང་ནས༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ཅེས་པ་དང་། རྗེས་འབྲེལ་ཤིས་པ་བརྗོད་པ་ནི། ཤེས་བྱའི་དོན་ལ་མ་རྨོངས་པའི༔ བླ་མ་དམ་པའི་བཀྲ་ཤིས་ཤོག༔ གང་ལ་བསམ་པའི་དོན་འགྲུབ་པའི༔ དོན་གྲུབ་མཆོག་གི་བཀྲ་ཤིས་ཤོག༔ སྐུ་གསུང་ཐུགས་ཀྱི་བྷ་ག་ནས༔ ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག༔ ཅེས་སོགས་ཤིས་པ་རྒྱ་ཆེར་བརྗོད་པས་དགེ་ལེགས་སུ་བྱའོ། །དེ་ལྟར་མཁའ་ཁྱབ་རྒྱལ་བའི་སྤྱི་གཟུགས་མཆོ༵ག །མཆོ༵ག་གི་མྱུར་ལམ་བླ་མ་སྒྲུབ་པའི་ཐབ༵ས། །ཐབ༵ས་ཚུལ་ཀུན་གྱི་སྙིང་པོ་རྨད་བྱུང་འ༵དི། །འ༵དི་ཕྱིར་བདེ་ལེགས་འདོད་པ་རྣམས་ཀྱིས་བརྟེན། །ཨོ་རྒྱན་བླ་མའི་ཐུགས་སྒྲུབ་ཀུན་གྱི་ཕུལ། །གསང་འདུས་རྩ་བའི་སྒྲུབ་ཐབས་གཞུང་ཉིད་དང་། །ལྷན་ཐབས་ལེ་བརྒྱད་སྐབས་དོན་འབྲེལ་ཆགས་པ། །གྱེར་བསྒོམ་བཀླག་ཆོག་འཇུག་བདེའི་ཁྲིགས་སུ་བསྡེབས། །སྔོན་བྱོན་མཁས་དང་གྲུབ་པ་དམ་པ་སོགས། །དུ་མས་རྒྱས་བསྡུས་རྣམ་པ་མང་མཛད་མོད། །འོན་ཀྱང་རང་བློས་ཕྱོགས་མཐོང་བརྗོད་པའི་མཐའ། །བཀག་པ་མེད་ཕྱིར་ལྷག་བསམ་དག་པས་སོ། །འདི་ལས་བསོད་ནམས་དགེ་བའི་དངོས་པོ་གང་། །ཐོབ་པ་དེ་ཡང་མཁའ་ཁྱབ་འགྲོ་བ་རྣམས། །སྲིད་ཞིའི་མཐའ་གཉིས་སྤངས་པའི་ཟུང་འཇུག་ལམ། །ཨོ་རྒྱན་བླ་མའི་གོ་འཕང་ཐོབ་ཕྱིར་བསྔོ། །བླ་མ་གསང་བ་འདུས་པའི་ལས་བྱང་སྙིང་པོ་རབ་ཏུ་གསལ་བ་ཞེས་བྱ་བ་འདིའང་། གསང་འདུས་སྒྲུབ་པའི་གཞུང་ཉིད་རྩ་བར་བཟུང་། ཁ་སྐོང་ལེ་བརྒྱད་དང་སྐབས་བབས་ཀྱི་འབྲེལ་བསྡེབས་ནས་གྱེར་བསྒོམ་ཆོག་སྒྲིག་ལ་འཇུག་པ་བདེ་བའི་དབང་དུ་བྱས་ཏེ་ཨོ་རྒྱན་སྨིན་གྲོལ་གླིང་རིག་འཛིན་འདུས་པའི་སྡེར་ཚེས་བཅུའི་མཆོད་པ་སྤྲོས་བཅས་ཀྱི་ཕྱག་བཞེས་ཅན་བཙུགས་པའི་ཚེ་སྙོམ་ལས་པ་འགྱུར་མེད་རྡོ་རྗེས་སྦྱར་བའི་ཡི་གེ་པ་ནི་དགེ་སྦྱོང་བློ་གསལ་རྒྱ་མཚོ་དང་ཨོ་རྒྱན་དཔལ་འབྱོར་ཏེ་རྣམ་པ་གཉིས་ཀྱིས་སོ། །སརྦ་དཱ་མངྒ་ལཾ།།

འོད་གསལ་སྤྲུལ་པའི་རྡོ་རྗེའི་དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཏིག་ (Volume 63, Text 1)

༄༅། །བྷཱ སྭ ར ཎྀ རྨཱ ཎ སྱ བ ཛྲ སི ནྡྷི ནི དྷི ཏྲི མཱུ ལ ཀ ར བྷཱ ཙི ཏྟ ཏི ལ ཀ བི ཧ ར ཏི སྨ།།

༄༅། །འོད་གསལ་སྤྲུལ་པའི་རྡོ་རྗེའི་དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཏིག་བཞུགས་སོ། ། རྩ་གསུམ་འོད་གསལ་སྙིང་ཏིག་ལས༔ རིག་འཛིན་རྩ་རྒྱུད་ཡེ་ཤེས་དྲྭ་བ་བཞུགས༔ རྒྱ་གར་སྐད་དུ༔ ཤྲཱི་ཛྙཱ་ན་ཛཱ་ལ་ཏནྟྲ་ནཱ་མ༔ བོད་སྐད་དུ༔ དཔལ་ཡེ་ཤེས་དྲྭ་བའི་རྒྱུད་ཅེས་བྱ་བ༔ བཅོམ་ལྡན་འདས་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ༔ འོག་མིན་པདྨ་དྲྭ་བ་རུ༔ འོད་སྣང་མཐའ་ཡས་སྟོན་པ་ཡིས༔ ལག་ན་ཆུ་སྐྱེས་ལ་སོགས་པའི༔ འཁོར་ལ་དུས་གསུམ་དུས་མེད་དུས༔ རྡོ་རྗེ་གསང་བའི་ཚིག་བསྟན་ཚེ༔ པདྨའི་སྤྱན་གྱིས་སླར་གསོལ་པ༔ ཨེ་མ་ངེས་པ་དོན་གྱི་རྒྱུད༔ སྙིང་པོར་བསྡུ་ན་ཇི་ལྟར་ལགས༔ ཞེས་གསོལ་དཔག་མེད་མགོན་པོ་ཡིས༔ ཆོས་ཉིད་རང་སྒྲས་འདི་སྐད་གསུང༔ གཞི་དབྱིངས་ཀ་ནས་དག་པའི་ཀློང༔ གཟུང་འཛིན་འཁྲུལ་པ་ལས་འདས་ཀྱང༔ གཞི་སྣང་ཐུགས་རྗེའི་འཆར་ཚུལ་ལ༔ གཉིས་འཛིན་དབང་གིས་འཁོར་བར་འཁྱམས༔ དེ་སླད་སྨིན་ཞིང་སྦྱང་བའི་ཕྱིར༔ དབང་བསྐུར་ངེས་པའི་ལམ་ལ་འཇུག༔ འདའ་བར་དཀའ་བའི་ས་མ་ཡ༔ རྩ་བ་ཡན་ལག་སྲོག་བཞིན་བསྲུང༔ ཆོས་སྐུ་སྐྱེ་མེད་སྣང་མཐའ་ཡས༔ ལོངས་སྐུ་འཕགས་མཆོག་སྙིང་རྗེའི་ལྷ༔ སྤྲུལ་སྐུ་པདྨ་ཐོད་ཕྲེང་རྩལ༔ བསྐྱེད་རྫོགས་ཟུང་འཇུག་ཚུལ་དུ་བསྒྲུབ༔ བདེ་སྟོང་འོད་གསལ་དབྱིངས་རིག་དོན༔ ཐིག་ལེ་གཅིག་གི་སྦུབས་སུ་འཇུག༔ གནས་སྐབས་མཐར་ཐུག་དོན་གཉིས་སྤྱོད༔ གཞི་ལ་ལམ་གྱིས་མཚམས་སྦྱར་བས༔ འབྲས་བུ་སྐུ་བཞི་དབྱེར་མེད་པ༔ ཡེ་ཤེས་ཕྲིན་ལས་བསམ་མི་ཁྱབ༔ ངོ་བོ་རང་བཞིན་ཐུགས་རྗེར་སྨིན༔ དེ་སྐད་སྟོན་པ་ཀུན་བཟང་གིས༔ བྱུང་དང་འབྱུང་འགྱུར་སྣོད་ལྡན་ལ༔ གསང་བའི་སྙིང་པོ་འདི་གདམས་པས༔ ཐམས་ཅད་ཡེ་ཤེས་གཅིག་ཏུ་སྨིན༔ ས་མ་ཡ༔ བསྐྱེད་རྫོགས་གསུམ་གྱི་ཏནྟྲ་ནི༔ འབུམ་ཕྲག་ཀུན་གྱི་ཡང་སྙིང་མཆོག༔ འཕགས་མཆོག་བདེ་སྟོང་སྙིང་རྗེའི་གླུས༔ པདྨ་ཐོད་ཕྲེང་བདག་ལ་གདམས༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ རྩ་གསུམ་འོད་གསལ་སྙིང་ཏིག་ལས༔ རྩ་གསུམ་སྒྲུབ་ཐབས་ལུང་གི་དུམ་བུ་བཞུགས༔ འཕགས་མཆོག་སྙིང་རྗེའི་ལྷ་ལ་འདུད༔ བཀྲ་ཤིས་རང་བྱུང་བྲག་གི་ཕུག༔ མཱ་ར་ཏི་ཀའི་གཞལ་ཡས་སུ༔ པདྨ་དྲྭ་བ་ཡབ་ཡུམ་གྱིས༔ ཨོ་རྒྱན་བདག་ལ་དབང་བསྐུར་ཅིང༔ བྱིན་བརླབས་རྡོ་རྗེའི་ཚིག་འདི་བསྟན༔ ས་མ་ཡ༔ ཆོས་རྣམས་ཀུན་གྱི་དེ་ཉིད་ནི༔ བསམ་བརྗོད་ལས་འདས་གཉུག་མའི་དབྱིངས༔ རིག་པ་འོད་གསལ་སྦུབས་སུ་འཇུག༔ བཅིངས་གྲོལ་མེད་པར་ཡེ་སངས་རྒྱས༔ སྣང་བ་འཆི་མེད་མཚོ་སྐྱེས་ལྷ༔ སྟོང་པ་མནྡཱ་རཿབ་ཡུམ༔ ཟུང་འཇུག་ཡི་དམ་ཡོངས་འདུས་པ༔ བླ་མ་དྲག་པོའི་སྐུ་རུ་བསྒྲུབ༔ སྣང་གྲགས་རིག་པ་ལྷ་དང་སྔགས༔ ཆོས་སྐུ་རྩ་གསུམ་འདུས་པར་བལྟ༔ བཅོས་མིན་མོས་ཤིང་གདུང་བའི་བློས༔ གསོལ་འདེབས་ཚིག་འདི་ཡང་ཡང་བཟླ༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་དེ་བ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཧཱུྃ་ཧཱུྃ་ཧཱུྃ༔ འདིས་ནི་སྣང་སྲིད་སྒྱུ་མར་འཆར༔ རིག་འཛིན་བླ་མས་བྱིན་གྱིས་རློབསཿ མཆོག་ཐུན་དངོས་གྲུབ་དབང་དུ་འདུ༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔ དེ་ཕྱིར་མ་འོངས་སྐལ་ལྡན་ཀུན༔ སྙིང་པོར་དྲིལ་ལ་ཉམས་སུ་ལོངས༔ ཞེས་གསུངས་ཐིག་ལེ་ཆེན་པོར་གཤེགས༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ རྩ་གསུམ་འོད་གསལ་སྙིང་ཏིག་ལས༔ མན་ངག་འཇའ་ལུས་རྡོ་རྗེའི་ཚིག་རྐང་བཞུགས༔ རྩ་གསུམ་ཀུན་འདུས་ཐོད་ཕྲེང་རྩལ་ལ་འདུད༔ འཁོར་འདས་ཆོས་ཀུན་གདོད་ནས་རྣམ་དག་ཀྱང༔ གཉིས་འཛིན་གློ་བུར་འཁྲུལ་པ་སྦྱང་བའི་ཕྱིར༔ ཐུན་མོང་ཁྱད་པར་བླ་མེད་ལམ་མཆོག་འདི༔ རང་བྱུང་མཚོ་སྐྱེས་རྡོ་རྗེ་བདག་གིས་བསྟན༔ ས་མ་ཡ༔ དབང་ཐོབ་དམ་ཚིག་ལ་གནས་རྣལ་འབྱོར་པས༔ གངས་ཁྲོད་རི་རྩེ་མཚོ་གླིང་ནགས་ཚལ་སོགས༔ ཤིན་ཏུ་དབེན་ཞིང་ཉམས་དགའི་གནས་མཆོག་ཏུ༔ གཅིག་པུར་བདེ་བའི་སྟན་ལ་བག་ཕབ་སྟེ༔ དལ་འབྱོར་ལུས་འདི་ཡང་ཡང་རྙེད་དཀའ་ཞིང༔ མྱུར་དུ་མི་རྟག་འཆི་བས་རྒྱུད་བསྐུལ་ནས༔ དཀར་ནག་ལས་འབྲས་བླང་དོར་འབད་པ་དང༔ འཁོར་བའི་སྡུག་བསྔལ་དྲན་པའི་ངེས་འབྱུང་བསྒོམ༔ བདག་གཞན་བྱང་ཆུབ་བར་དུ་བསླུ་མེད་སྐྱབས༔ རྩ་གསུམ་དཀྱིལ་འཁོར་ལྷ་ལ་སྐྱབས་སུ་འགྲོ༔ ཚད་མེད་བྱམས་དང་སྙིང་རྗེ་ཆེན་པོའི་བློས༔ སྨོན་འཇུག་དོན་དམ་བྱང་ཆུབ་སེམས་མཆོག་བསྐྱེད༔ གསང་ཆེན་རིགས་གཅིག་བླ་མ་རྡོར་སེམས་ཀྱིས༔ སྟོབས་བཞིའི་རྣལ་འབྱོར་ལྡན་པས་སྡིག་ལྟུང་བཤགས༔ ཀུན་རྫོབ་དོན་དམ་དབྱེར་མེད་ཆོས་སྐུའི་དབྱིངས༔ སྐུ་གསུམ་མཆོད་པའི་སྤྲིན་གྱི་མཎྜལ་འབུལ༔ ཁྱད་པར་བྱིན་རླབས་བླ་མའི་རྣལ་འབྱོར་ནི༔ བཅོས་མིན་མོས་གུས་དྲག་པོས་གནད་དུ་བསྣུན༔ དབང་བཞི་བླངས་ཤིང་ཐུགས་ཡིད་གཉིས་མེད་བསྲེ༔ མངོན་སུམ་ལྷུག་པའི་ཡེ་ཤེས་དེ་རུ་འཆར༔ ཏིང་འཛིན་གསུམ་གྱིས་བསྐྱེད་པའི་མངོན་བྱང་གིས༔ འཆི་མེད་པདྨ་ཐོད་ཕྲེང་ལྷ་ཚོགས་བསྒོམ༔ སྐད་ཅིག་བདེ་སྟོང་ཟུང་འཇུག་སྒྱུ་མའི་སྐུས༔ འཕགས་མཆོག་སྙིང་རྗེ་ཆེན་པོའི་གཟུགས་སྐུ་བསྒྲུབ༔ མ་བསྐྱེད་ཡེ་རྫོགས་ཆོས་སྐུའི་ཏིང་འཛིན་གྱིས༔ འོད་སྣང་མཐའ་ཡས་དཀྱིལ་འཁོར་རང་ལ་ཤར༔ ཐུན་གཅིག་ལྷ་ཡི་གསལ་སྣང་ཚད་དུ་འདོན༔ ཐུན་གཅིག་རང་བཞིན་མེད་པའི་རྒྱ་ཡིས་གདབ༔ ཐུན་གཅིག་ཟུང་འཇུག་དབྱེར་མེད་ང་རྒྱལ་བསྒོམ༔ ཐུན་གཅིག་བསྐྱེད་རྫོགས་རོ་མཉམ་དགོངས་པའི་ངང༔ སྒྲར་བཅས་སྒྲ་མེད་བདེ་ཆེན་རྡོ་རྗེར་བཟླས༔ ལུས་སྦྱོང་རྣམ་པ་ཉི་ཤུའི་འཕྲུལ་འཁོར་དང༔ ངག་སྦྱོང་འབྲུ་གསུམ་རྡོ་རྗེའི་བཟླས་པ་སྟེ༔ ཡིད་སྦྱོང་ཕྱི་ནང་གསང་བའི་སྟོང་ར་བསྒོམ༔ སྲོག་རྩོལ་ཁ་སྦྱོར་རླུང་གི་རྣལ་འབྱོར་དང༔ ཡས་བབས་མས་བརྟན་འབར་འཛག་བདེ་དྲོད་སྤེལ༔ མཐར་ཐུག་རིམ་བསྡུས་འོད་གསལ་ངང་དུ་གཞག༔ རྗེས་ཐོབ་ཉིན་མཚན་སྒྱུ་མའི་ལྷ་སྐུར་ལྡང༔ དངོས་ཡིད་ཕྱག་རྒྱའི་ལམ་གྱིས་བོགས་འབྱིན་བྱ༔ སྒོ་གསུམ་ཞེན་ལོག་ཤིན་ཏུ་སྦྱངས་པ་ལ༔ སེམས་བྲལ་རིག་སྟོང་རྗེན་པ་ངོ་སྤྲད་ཅིང༔ བཅས་བཅོས་སྤྲོ་བསྡུ་བྲལ་བའི་མཉམ་བཞག་ངང༔ རྣལ་འབྱོར་བཞི་ཡིས་ཉམས་ལེན་སྲང་དུ་གཞུག༔ ལྷུན་གྲུབ་སྒོ་ཡུལ་རླུང་རིག་གནད་གཅུན་པས༔ ཆོས་ཉིད་མངོན་སུམ་འཇའ་ཟེར་ཐིག་ལེའི་ཀློང༔ ཉམས་སྣང་གོང་འཕེལ་སྤྲུལ་སྐུའི་ཚོམ་བུ་འཆར༔ རིག་པ་ཚད་ཕེབས་དག་པ་རབ་འབྱམས་ཀྱིས༔ ཆོས་ཟད་བློ་འདས་གོ་འཕང་མངོན་དུ་འགྱུར༔ གལ་ཏེ་ཚེ་འདིར་གྲུབ་མཐའ་མ་སྙོགས་ན༔ འཆི་ཚེ་རིག་སྟོང་འོད་གསལ་སྦུབས་སུ་འཇུག༔ རླུང་སེམས་དབྱེར་མེད་ཧྲཱིཿཡི་རྣམ་པར་འཕོ༔ བར་དོ་རྣམ་གསུམ་སྐུ་གསུམ་ལམ་དུ་ཁྱེར༔ ས་མ་ཡ༔ ཐུན་མོང་གྲུབ་པ་བརྒྱད་དང་ཕྲིན་ལས་བཞི༔ རྣམ་སྨིན་ཚེ་དབང་ཕྱག་ཆེན་རིག་འཛིན་ཐོབ༔ བདེ་སྟོང་མདུད་གྲོལ་བློ་བྲལ་གཉུག་མའི་ཀློང༔ སྐུ་དང་ཡེ་ཤེས་ཕྲིན་ལས་འབྲས་བུ་འགྲུབ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ རྩ་གསུམ་འོད༌གསལ༌སྙིང༌ཏིག༌ལས༔ སྔོན༌འགྲོའི་ངག་འདོན་བྱང་ཆུབ་མྱུར་ལམ་བཞུགས༌སོ༔ <!TCC Tibetan character 3,181 undefined in unicode!> འཆི་མེད་རྩ་གསུམ་ལྷ་ལ་འདུད༔ མ་འོངས་འོད་གསལ་སྙིང་པོའི་དོན༔ མངོན་དུ་སྤྱོད་པའི་སྐལ་ལྡན་རྣམས༔ ཟབ་མོའི་ལམ་གྱི་སྣོད་རུང་ཕྱིར༔ བློ་སྦྱང་རིམ་པ་འདི་ལྟར་བྱ༔ ས་མ་ཡ༔ ཤིན་ཏུ་དབེན་ཞིང་ཡིད་མཐུན་གནས༔ ངེས་འབྱུང་ཉམས་རྟོགས་འཕེལ་བའི་སར༔ བདེ་བའི་སྟན་ལ་མཉམ་བཞག་ནས༔ བཅོས་མིན་མོས་གུས་དྲག་པོའི་ངང༔ ཨེ་མ་ཧོ༔ <!TCC Tibetan character 0,127 undefined in unicode!>སྐྱབས་གནས་ཀུན་འདུས་ཁྱབ་བདག་འཁོར་ལོའི་མགོན༔ སྙིང་དབུས་འོད་གསལ་དབུ་མའི་ཕོ་བྲང་ནས༔ མདུན་གྱི་ནམ་མཁར་ཡིད་འཕྲོག་མཆོད་སྤྲིན་དབུས༔ མངོན་སུམ་གཤེགས་ནས་བདག་རྒྱུད་བྱིན་གྱིས་རློབས༔ དལ་བརྒྱད་འབྱོར་བཅུས་བརྒྱནཔའི་མི་ལུས་འདི༔ དཔེ་གྲངས་རྒྱུ་དང་ངོ་བོས་རྙེད་དཀའ་ཞིང༔ དོན་ཆེན་སྒྲུབ་པའི་མཆོག་ཏུ་ངེས་མཐོང་ནས༔ རྩེ་གཅིག་སྙིང་པོ་ལེན་པར་བྱིན་གྱིས་རློབས༔ ཕྱི་ནང་སྣོད་བཅུད་དགྲ་གཉེན་བར་མ་སོགས༔ གང་ལ་བསམས་ཀྱང་མི་རྟག་འཇིག་པའི་ཕྱིར༔ ལོངས་མེད་འཆི་བ་དྲན་པའི་བརྩོན་འགྲུས་ཀྱིས༔ ཚེ་འདིའི་མངོན་ཞེན་ལྡོག་པར་བྱིན་གྱིས་རློབས༔ འཆི་ཚེ་དཀར་ནག་ལས་ཀྱི་གཞན་དབང་གིས༔ ཁམས་གསུམ་རིགས་དྲུག་མཐོ་དམན་སྣ་ཚོགས་སུ༔ བདེ་སྡུག་འབྲས་བུ་མི་བསླུ་སྨིན་པའི་ཕྱིར༔ བླང་དོར་ཚུལ་བཞིན་ནུས་པར་བྱིན་གྱིས་རློབས༔ དམྱལ་བ་ཚ་གྲང་ཡི་དྭགས་བཀྲེས་སྐོམ་དང༔ དུད་འགྲོ་བཀོལ་སྤྱོད་སྡུག་བསྔལ་མཐའ་ཡས་ཤིང༔ མཐོ་རིས་ན་ཡང་བདེ་བའི་སྐབས་མེད་པས༔ ངེས་འབྱུང་དྲག་པོ་སྐྱེ་བར་བྱིན་གྱིས་རློབས༔ དེ་ལས་སྐྱོབ་པའི་དེད་དཔོན་གཅིག་གྱུར་པ༔ མཚན་ལྡན་བླ་མ་དགེ་བའི་བཤེས་གཉེན་མཆོག༔ མཉེས་པ་གསུམ་གྱི་བྱ་བས་ལེགས་བསྟེན་ནས༔ ཐོས་བསམ་སྒོམ་ལ་བརྩོན་པར་བྱིན་གྱིས་རློབས༔ བྱིན་གྱིས་རློབས་ཤིག་དྲིན་ཅན་བླ་མ་རྗེ༔ དངོས་གྲུབ་སྩོལ་ཅིག་འཆི་མེད་ཐོད་ཕྲེང་རྩལ༔ བར་ཆད་ཀུན་སོལ་མཁའ་འགྲོ་ཆོས་སྐྱོང་ཚོགས༔ སྙིང་ནས་དྲན་ནོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔ ཞེས་བརྗོད་ངེས་འབྱུང་དྲག་པོ་བསྒོམ༔ དེ་ནས་སྐྱབས་སུ་འགྲོ་བ་ནི༔ མདུན་མཁར་སྐྱབས་ཡུལ་གསལ་བཏབ་ནས༔ ན་མོ༔ བདག་སོགས་མཁའ་མཉམ་འགྲོ་བ་མ་ལུས་ཀུན༔ དེང་ནས་གཟུང་སྟེ་བྱང་ཆུབ་སྙིང་པོའི་བར༔ དཀོན་མཆོག་རྩ་གསུམ་སྐུ་གསུམ་རྒྱ་མཚོ་ལ༔ མི་ཕྱེད་གུས་པ་ཆེན་པོས་སྐྱབས་སུ་མཆི༔ ཡང་ཡང་བརྗོད་རྗེས་རང་ལ་བསྟིམ༔ གནས་ལུགས་བརྗོད་བྲལ་ངང་དུ་གཞག༔ དེ་ནས་སྨོན་འཇུག་སེམས་བསྐྱེད་ནི༔ ཧོ༔ མར་གྱུར་ཁམས་གསུམ་རིགས་དྲུག་སེམས་ཅན་ཀུན༔ སྡུུག་བསྔལ་སྲིད་པའི་མཚོ་ལས་བསྒྲལ་བྱའི་ཕྱིར༔ ཚད་མེད་བྱམས་དང་སྙིང་རྗེ་ཆེན་པོའི་བློས༔ སྨོན་འཇུག་དོན་དམ་སེམས་མཆོག་བསྐྱེད་པར་བགྱི༔ འགལ་རྐྱེན་སྡིག་ལྟུང་སྦྱང་བའི་ཕྱིར༔ རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི༔ ཨཱ༔ བདག་ཉིད་ཐ་མལ་གནས་པའི་སྤྱི་གཙུག་ཏུ༔ བདེ་སྟོང་ཆུ་སྐྱེས་ཟླ་བའི་དཀྱིལ་འཁོར་དབུས༔ ཟུང་འཇུག་རྣམ་ཀུན་མཆོག་ལྡན་རྡོ་རྗེ་སེམས༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་བསྣམས༔ ལོངས་སྤྱོད་རྫོགས་སྐུ་མཚན་དཔེའི་གཟི་བྱིན་འབར༔ ཡུམ་མཆོག་དགའ་བཞིའི་བདེ་སྟེར་སྙེམས་མ་དཀར༔ གྲི་གུག་ཐོད་འཛིན་ཡབ་ཀྱི་མགུལ་ནས་འཁྱུད༔ གཉིས་ཀ་དར་དང་རིན་ཆེན་རུས་པས་བརྒྱན༔ དམ་ཚིག་ཡེ་ཤེས་དབྱེར་མེད་ཆེན་པོ་ཡི༔ ཐུགས་ཀར་ཟླ་སྟེང་ཧཱུྃ་མཐར་སྔགས་ཀྱིས་བསྐོར༔ རྩེ་གཅིག་གུས་པས་སྙིང་ནས་གསོལ་བཏབ་ཅིང༔ བཟླས་པས་རྒྱུད་བསྐུལ་འདུད་རྩིའི་ཆུ་རྒྱུན་བབས༔ སྤྱི་བོ་ནས་ཞུགས་ལུས་ནང་གང་བ་ཡིས༔ སྒྲིབ་བཞི་དག་ཅིང་དབང་བཞི་རྫོགས་པར་ཐོབ༔ སྐུ་བཞི་མངོན་གྱུར་བློ་བྲལ་གཉུག་མའི་ངང༔ དོན་དམ་རིག་སྟོང་ཟུང་འཇུག་རྡོ་རྗེ་སེམས༔ གདོད་ནས་འདུ་འབྲལ་མེད་པའི་རང་ཞལ་བལྟ༔ ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལཱ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ༔ ཤྲེ་ཡཱཾཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན྄༔ སརྦ་ཏ་ཐཱ་ག་ཏ༔ བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་ཝ༔ མ་ཧཱ་ས་མ་ཡ་སཏྭ་ཨཱ༔ ཞེས་དང༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཞེས་བཟླས་སྒྲིབ་གཉིས་རྒྱུར་བཅས་པ༔ སྟོབས་བཞིའི་གནད་དང་ལྡན་པ་ཡི༔ བདེན་གཉིས་ཟུང་འཇུག་རྣལ་འབྱོར་གྱིས༔ སྦྱངས་པས་གནས་ལུགས་མངོན་དུ་འགྱུར༔ མཐུན་རྐྱེན་ཚོགས་གཉིས་མྱུར་རྫོགས་ཕྱིར༔ སྐུ་གསུམ་མཆོད་སྤྲིན་མཎྜལ་འབུལ༔ ཨོཾ་ཨཱཿཧཱུྃ༔ རབ་འབྱམས་རྒྱ་མཚོའི་ཞིང་ཀུན་ཡོངས་ཁྱབ་པའི༔ སྲིད་ཞིའི་འབྱོར་ཚོགས་དཔག་མེད་མཎྜལ་འདི༔ བླ་མ་རྩ་གསུམ་སྤྲུལ་སྐུའི་ཞིང་དུ་འབུལ༔ བཞེས་ནས་སྣང་སྟོང་ཟུང་འཇུག་དངོས་གྲུབ་སྩོལ༔ ཕུང་ཁམས་སྐྱེ་མཆེད་ཡོངས་གྲུབ་རྡོ་རྗེའི་གྲོང༔ ཚོགས་བརྒྱད་གདོད་ནས་དག་པའི་མཎྜལ་འདི༔ བླ་མ་རྩ་གསུམ་ལོངས་སྐུའི་ཞིང་དུ་འབུལ༔ བཞེས་ནས་བདེ་སྟོང་ཟུང་འཇུག་དངོས་གྲུབ་སྩོལ༔ ཀ་དག་ཆོས་དབྱིངས་གཞོན་ནུ་བུམ་སྐུའི་སྦུབས༔ ལྷུན་གྲུབ་འོད་གསལ་སྣང་བཞིའི་མཎྜལ་འདི༔ བླ་མ་རྩ་གསུམ་ཆོས་སྐུའི་ཞིང་དུ་འབུལ༔ བཞེས་ནས་རིག་སྟོང་ཟུང་འཇུག་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་དེ་བ་ཌཱ་ཀི་ནཱི་སརྦ་མཎྜ་ལ་པཱུ་ཛ་ཧོ༔ དེ་ནས་མོས་གུས་ཤུགས་དྲག་པོས༔ བྱིན་རླབས་བླ་མའི་རྣལ་འབྱོར་བསྒོམ༔ དབང་བཞི་བླངས་ཤིང་ཐུགས་ཡིད་བསྲེ༔ མཉམ་བཞག་བློ་བྲལ་གཉུག་མའི་ངང༔ རྗེས་ཐོབ་ལམ་ཁྱེར་གསུམ་ལ་འབད༔ འདི་ཉིད་ཁོ་ན་ཉམས་བླངས་ཀྱང༔ ཚེ་འདིར་མཆོག་གི་དངོས་གྲུབ་ཐོབ༔ དེ་ཕྱིར་སྙིང་ལས་གཅེས་པར་ཟུངས༔ ས་མ་ཡཿ དེ་ལྟར་བཅོས་མིན་ངེས་འབྱུང་གིས༔ སྐྱབས་སོང་བྱང་ཆུབ་སེམས་གཉིས་བསྒོམ༔ སྒྲིབ་སྦྱོང་ཚོགས་གསོག་བྱིན་རླབས་ཀྱི༔ ལམ་འདི་སྔོན་འགྲོའི་རིམ་པ་སྟེ༔ མ་འོངས་པདྨའི་རིག་པ་འཛིན༔ འོད་གསལ་སྤྲུལ་པའི་རྡོ་རྗེའི་དོན༔ ཀློང་ལྔ་དབྱིངས་ཀྱི་ཐིག་ལེར་རྒྱ༔ འབྲེལ་ཚད་དོན་དང་ལྡན་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ གར་དབང་འོད་གསལ་གླིང་པས་ཟབ་མོ་དགོངས་པའི་གཏེར་ལས་ཕྱུང་བའོ།། །། <!TCC Tibetan character 3,181 undefined in unicode!> རྩ་གསུམ་འོད་གསལ་སྙིང་ཏིག་ལས༔ གསོལ་འདེབས་བྱིན་རླབས་མྱུར་ལམ་བཞུགས༔ <!TCC Tibetan character 3,181 undefined in unicode!> འཆི་མེད་རྩ་གསུམ་ལྷ་ལ་འདུད༔ བདག་ཉིད་པདྨ་ཐོད་ཕྲེང་རྩལ༔ སྐྱབས་གནས་ཐམས་ཅད་འདུས་པའི་སྐུར༔ མི་འབྲལ་སྤྱི་བོའི་གཙུག་ཏུ་བསྒོམས༔ སྙིང་ནས་གསོལ་བ་འདི་ལྟར་ཐོབས༔ ཨོཾ་ཨཱཿཧཱུྃ༔ ཆོས་ཀུན་སྙིང་པོ་སྤྲོས་བྲལ་ཀུན་ཏུ་བཟང༔ བདེ་སྟོང་སྒྱུ་འཕྲུལ་དྲྭ་བ་རྡོ་རྗེ་སེམས༔ སྤྲུལ་པའི་རྣམ་རོལ་འཆི་མེད་ཐོད་ཕྲེང་རྩལ༔ གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ༔ གདོད་མའི་མགོན་པོ་འོད་སྣང་ཚེ་མཐའ་ཡས༔ སྟོང་ཉིད་སྙིང་རྗེའི་སྐུར་བཞེངས་སྤྱན་རས་གཟིགས༔ དབྱེར་མེད་གྲུབ་པའི་སློབ་དཔོན་མཚོ་སྐྱེས་རྗེར༔ གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ༔ དགའ་རབ་འཇམ་དཔལ་ཤྲཱི་སིཾ་ཧ་དང༔ ཛྙཱ་ན་སཱུ་ཏྲ་དྲི་མེད་བཤེས་གཉེན་གྱི༔ གདམས་པའི་བཀའ་བབས་པདྨ་སཾ་བྷ་ལ༔ གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ༔ རིག་འཛིན་བླ་མ་ཀུན་འདུས་པདྨ་འབྱུང༔ ཡི་དམ་ཞི་ཁྲོ་ཐུགས་ཀྱི་ཀློང་ན་རྫོགས༔ རབ་འབྱམས་མཁའ་འགྲོའི་མིང་པོ་དཔའ་བོ་ཆེར༔ གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ༔ ཅིར་སྣང་ཡེ་ཤེས་ལྷ་ཡི་ཕྱག་རྒྱར་དག༔ སྒྲར་གྲགས་མི་ཤིགས་རྡོ་རྗེའི་སྔགས་སུ་རྫོགས༔ རྟོག་ཚོགས་དབྱིངས་རིག་དབྱེར་མེད་ཐིག་ལེར་སྨིན༔ སྣང་སྲིད་གཞིར་བཞེངས་ཆེན་པོར་བྱིན་ཕོབ་ཅིག༔ ལུས་ལ་སྣང་སྟོང་སྐུ་ཡི་བྱིན་གྱིས་རློབས༔ ངག་ལ་གྲགས་སྟོང་གསུང་གི་བྱིན་གྱིས་རློབས༔ ཡིད་ལ་རིག་སྟོང་ཐུགས་ཀྱི་བྱིན་གྱིས་རློབས༔ ལུས་ངག་ཡིད་ལ་རྡོ་རྗེའི་དབང་བཞི་སྐུར༔ ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་ཆར་ལྟར་ཕོབ༔ མཐོང་ཐོས་དྲན་རེག་སྨིན་ཅིང་གྲོལ་བ་དང༔ འཆི་མེད་སྐུ་གསུམ་འགྲུབ་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ བཅོས་མིན་མོས་གུས་དྲག་པོ་ཡིས༔ གསོལ་གདབ་དབང་དང་དངོས་གྲུབ་བླང༔ བརྗོད་མེད་རིག་པ་ཟང་ཐལ་ངང༔ སྐྱེ་འཆི་བར་དོ་ལམ་དུ་ཁྱེར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ གར་དབང་འོད་གསལ་གླིང་པས་ཟབ་མོ་དགོངས་པའི་གཏེར་ལས་ཕྱུང་པའོ།། །། ༄༅། །རྩ་གསུམ་འོད་གསལ་སྙིང་ཏིག་ལས། བརྒྱུད་འདེབས་བྱིན་རླབས་སྤྲིན་ཕུང་བཞུགས། །ཀ་དག་གདོད་མའི་མགོན་པོ་ཀུན་ཏུ་བཟང་། །ལྷུན་གྲུབ་མཚན་དཔེར་ཤར་བའི་རིགས་མཆོག་ལྔ། །ཟུང་འཇུག་སྤྲུལ་པའི་གར་མཁན་དགའ་རབ་རྗེར། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཆོས་ཟད་འབྲས་བུ་མངོན་གྱུར་མཉྫུ་ཤྲཱི། །སྣང་བཞི་མཐར་ཕྱིན་དཔལ་གྱི་སེང་གེའི་ཞབས། །གྲུབ་པའི་རིག་འཛིན་ཛྙཱ་ན་སཱུ་ཏྲ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །འཇའ་ལུས་འཕོ་ཆེན་སྐུར་བཞེངས་བི་མ་ལ། །སངས་རྒྱས་གཉིས་པ་འཆི་མེད་ཐོད་ཕྲེང་རྩལ། །མཁའ་སྤྱོད་ཌཱ་ཀིའི་གཙོ་མོ་མཚོ་རྒྱལ་རྗེར། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཐུགས་སྲས་གདམས་པའི་བཅུད་འཛིན་རྗེ་འབངས་གྲོགས། །ངེས་པར་ཐམས་ཅད་མཁྱེན་དངོས་ཀློང་ཆེན་པ། །སྨིན་གྲོལ་མཆོག་སྩོལ་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །དལ་འབྱོར་རྙེད་དཀའ་འཆི་བ་མི་རྟག་དང་། །ལས་འབྲས་བསླུ་མེད་དོན་ལ་ལེགས་བསམ་ནས། །ངེས་འབྱུང་དྲག་པོ་སྐྱེ་བར་བྱིན་གྱིས་རློབས། །མཚན་ཉིད་ཀུན་ལྡན་ཐེག་མཆོག་བཤེས་གཉེན་ལས། །ཟབ་མོའི་དོན་ལ་ཐོས་བསམ་མཐར་ཕྱིན་ནས། །དབེན་ཞིང་ཉམས་དགའ་ཞི་བའི་སྨན་ལྗོངས་སུ། །རྩེ་གཅིག་སྒྲུབ་ལ་གཞོལ་བར་བྱིན་གྱིས་རློབས། །བསླུ་མེད་བླ་མ་མཆོག་གསུམ་གཙུག་ཏུ་བསྙེན། །སྨོན་འཇུག་བྱང་ཆུབ་སེམས་གཉིས་རབ་བསྐྱེད་ནས། །མཐའ་བརྒྱད་སྤྲོས་བྲལ་འོད་གསལ་དབུ་མའི་དོན། །མངོན་སུམ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཚོགས་གཉིས་བསགས་ཤིང་སྒྲིབ་གཉིས་སྦྱངས་པའི་མཐུས། །ཟབ་མོའི་ལམ་གྱི་སྣོད་དུ་འགྱུར་བ་དང་། ཁྱད་པར་མོས་གུས་བླ་མའི་རྣལ་འབྱོར་གྱིས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །བསྙེན་སྒྲུབ་བཞི་ལྡན་བསྐྱེད་རིམ་ཕ་རོལ་སོན། །རླུང་དང་གཏུམ་མོས་འབར་འཛག་དབུ་མར་ཐིམ། ཕྱག་རྒྱ་ལ་བསྟེན་དཔེ་ཡི་ཡེ་ཤེས་དང་། །དོན་གྱི་ལྷན་སྐྱེས་མཐོང་བར་བྱིན་གྱིས་རློབས། །གཞི་དབྱིངས་ཁྲེགས་ཆོད་གནས་ལུགས་མངོན་གྱུར་ཅིང་། །གཞི་སྣང་ལྷུན་གྲུབ་སྣང་བཞིའི་ཉམས་ལེན་ལ། །བརྟེན་ནས་ནང་གསལ་ཁྱད་ཆོས་དྲུག་ལྡན་ཀློང་། །མཆོག་གི་དངོས་གྲུབ་བརྙེས་པར་བྱིན་གྱིས་རློབས། །གལ་ཏེ་ཚེ་འདིར་གྲུབ་མཐའ་མ་སྙོགས་ན། །འཆི་བར་སྐྱེ་བའི་སྲིད་པ་རྣམས་གསུམ་ལ། །སྐུ་གསུམ་འབྲས་བུ་མངོན་དུ་བྱས་ནས་ཀྱང་། །དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །ཞེས་པའང་གར་དབང་འོད་གསལ་གླིང་པས་སོ།། །། <!TCC Tibetan character 3,181 undefined in unicode!> རྩ་གསུམ་འོད་གསལ་སྙིང་ཏིག་ལས༔ ཕྱི་སྒྲུབ་སྒྱུ་འཕྲུལ་དྲྭ་བ་བཞུགས༔ <!TCC Tibetan character 3,181 undefined in unicode!> རྩ་གསུམ་ཀུན་འདུས་པདྨར་འདུད༔ བདེར་གཤེགས་ཡོངས་རྫོགས་ཐོད་ཕྲེང་རྩལ༔ བསྙེན་ཅིང་སྒྲུབ་པའི་རིམ་པ་ནི༔ ཤིན་ཏུ་དབེན་ཞིང་ཡིད་མཐུན་པའི༔ བཀྲ་ཤིས་བྱིན་ཆགས་གནས་མཆོག་ཏུ༔ དཀྱིལ་འཁོར་དམར་ཟླུམ་བཀོད་ལེགས་སྟེང༔ བྷནྡྷ་དུམ་བུ་གཅིག་པའི་ནང༔ སེལ་མེད་དམ་རྫས་བདུད་རྩིས་བཀང༔ ཁ་གཅོད་མེད་ལོང་གཡའ་བྲལ་ངོས༔ པདྨ་ཐོད་ཕྲེང་ཡབ་ཡུམ་སྐུ༔ མན་ཤེལ་སྣང་བར་འཆར་དུ་གཞུག༔ དེ་སྟེང་དར་དམར་ལྡིང་གུར་ཕུབ༔ ཕྱི་ནང་མཆོད་པས་མཐའ་བསྐོར་ཏེ༔ སྦྱོར་དངོས་རྗེས་ཀྱིས་ཉམས་སུ་བླང༔ ས་མ་ཡ༔ སྔོན་འགྲོའི་དང་པོ་སྐྱབས་སེམས་ནི༔ མདུན་གྱི་ནམ་མཁར་རྩ་གསུམ་རབ་འབྱམས་རྒྱ་མཚོའི་དཀྱིལ་འཁོར་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་མཁའ་ཁྱབ་ཀྱི་འཁོར་ལོར་སྐད་ཅིག་གིས་སད་པར་གྱུར། ན་མོ༔ བདག་དང་མཁའ་མཉམ་འགྲོ་བ་མ་ལུས་ཀུན༔ དེང་ནས་གཟུང་སྟེ་བྱང་ཆུབ་སྙིང་པོའི་བར༔ རབ་འབྱམས་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་ལྷར༔ མི་ཕྱེད་གུས་པ་ཆེན་པོས་སྐྱབས་སུ་མཆི༔ ཧོ༔ མར་གྱུར་ཁམས་གསུམ་རིགས་དྲུག་སེམས་ཅན་ཀུན༔ རྣམ་གྲོལ་སྐུ་བཞིའི་གོ་འཕང་ལ་འགོད་ཕྱིར༔ སྨོན་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་ནས༔ པདྨ་ཐོད་ཕྲེང་ལྷ་ཚོགས་བསྒྲུབ་པར་བགྱི༔ ལན་གསུམ་གཉིས་པ་ཚོགས་གསག་ནི༔ ཧོ༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་བཅས་ལ༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་གསུམ་ཀུན་བཟང་མཆོད་སྤྲིན་འབུལ༔ ཉོན་མོངས་ཤེས་བྱའི་སྒྲིབ་གཉིས་མཐོལ་ཞིང་བཤགས༔ བྱང་ཆུབ་སྤྱོད་པ་རྒྱ་མཚོར་རྗེས་ཡི་རང༔ ཐེག་མཆོག་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་རྟག་པར་བཞུགས་གསོལ་འདེབས༔ འདིས་མཚོན་དགེ་ཚོགས་ཆོས་དབྱིངས་སྙིང་པོར་བསྔོ༔ ཛཿཧཱུྃ་བཾ་ཧོ༔ ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར༔ གསུམ་པ་བགེགས་གཏོར་སྦྱིན་པ་ནི༔ རཾ་ཡཾ་ཁཾ་གིས་བསང་། སྟོང་པའི་ངང་ལས་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཁཾ་ལས་གཏོར་མ་འདོད་རྒུའི་ལོངས་སྤྱོད་སོ་སོའི་ཡིད་དང་མཐུན་ལ་ཟད་མི་ཤེས་པའི་གཏེར་དུ་གྱུར། ཨོཾ་ཨཱཿཧཱུྃ་ཧོཿགསུམ་གྱིས་བརླབ། སརྦ་བིགྷྣཱན་ཨཱ་ཀརྵཱ་ཡ་ཛཿས་དགུགས། སརྦ་བིགྷྣཱན་ན་མཿསརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོས་ལ། ཧཱུྃ་ཧྲཱི༔ ཡོངས་གྲུབ་སྤྲོས་པ་བྲལ་བའི་ཡེ་ཤེས་ལས༔ ཀུན་བརྟགས་གློ་བུར་འཁྲུལ་པའི་གདོན་བགེགས་ཀུན༔ གཞན་དབང་དག་པ་རབ་འབྱམས་འདོད་ཡོན་གཏེར༔ འདི་ཉིད་ལོངས་ལ་རྒྱ་མཚོའི་ཕ་མཐར་དེངས༔ ཧཱུྃ་བཞིའི་སྔགས་ཀྱིས་མཚོན་ཆས་གཟིར༔ བཞི་པ་སྲུང་འཁོར་བསྒོམ་པ་ནི༔ ཧཱུྃ་ཧྲཱི༔ སྟེང་འོག་ཕྱོགས་མཚམས་མཚོན་ཆའི་གུར་ཁང་དང༔ ཡེ་ཤེས་ལྔ་ལྡན་མེ་དཔུང་འཁྲིགས་པའི་ཀློང༔ རྡོ་རྗེ་ཁྲོ་བོ་འཆོལ་བའི་ཚོགས་རྣམས་ཀྱིས༔ གཉིས་འཛིན་འཁྲུལ་པའི་བགེགས་ཚོགས་མཚམས་གཅད་གྱུར༔ ཧཱུྃ་ཧཱུྃ་ཧཱུྃ༔ ལྔ་བ་བརྡ་ཡི་སྒོ་དབྱེ་ཞིང༔ ཕྱག་འཚལ་ནོངས་བཤགས་དམ་བཅའ་གཟུང༔ ཧཱུྃ་ཧྲཱི༔ བདེ་གཤེགས་ཡོངས་འདུས་པདྨ་ཐོད་ཕྲེང་རྩལ༔ གདོད་ནས་འདུ་འབྲལ་མེད་པར་རོ་གཅིག་ཕྱིར༔ གཟུང་འཛིན་འཁྲུལ་པའི་མཚན་མ་ལས་འདས་པའི༔ གཉིས་མེད་ཡེ་ཤེས་བརྡ་སྒོ་དབྱེ་བར་འཚལ༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ ཧཱུྃ་ཧྲཱི༔ སེམས་ཀྱི་ཆོས་ཉིད་འོད་གསལ་རྫོགས་པ་ཆེ༔ ངོ་བོ་རང་བཞིན་ཐུགས་རྗེའི་རྣམ་རོལ་ལས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་འཇའ་ལྟར་ཤར༔ མི་ཕྱེད་གུས་པའི་བརྡ་ཡིས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ ན་མ་དྷཱི༔ ཧཱུྃ་ཧྲཱི༔ རིགས་འདུས་རྩ་གསུམ་ལྷ་ཚོགས་ཐུགས་རྗེའི་བདག༔ རང་རིག་བྱང་ཆུབ་སེམས་སུ་ལྷུན་རྫོགས་ཀྱང༔ རང་ངོ་མ་མཐོང་གཉིས་འཛིན་འཁྲུལ་པས་བསྒྲིབས༔ གཉིས་མེད་ཆོས་སྐུའི་ཀློང་དུ་མཐོལ་ཞིང་བཤགས༔ བཛྲ་ས་མ་ཡ་ཤུདྡྷེ་ཨཱ༔ ཧཱུྃ་ཧྲཱི༔ འོད་གསལ་སྣང་བ་རྣམ་བཞིའི་གསེང་ལམ་དུ༔ དབྱིངས་རིག་ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་ལྷ༔ སྐུ་དང་ཡེ་ཤེས་དབྱེར་མེད་མ་གྱུར་བར༔ རྡོ་རྗེའི་དམ་ཚིག་མི་གཏོང་གཟུང་བར་བགྱི༔ བཛྲ་ཛྙཱ་ན་ས་མ་ཡ་ཧཱུྃ༔ དྲུག་པ་ཡེ་ཤེས་བྱིན་འབེབ་ནི༔ ཧཱུྃ་ཧྲཱི༔ འོག་མིན་བདེ་ཆེན་པདྨ་དྲྭ་བའི་ཞིང༔ རྔ་ཡབ་དཔལ་རི་སྤྲུལ་པའི་གཞལ་ཡས་ནས༔ འཆི་མེད་རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ཀྱིས༔ གནས་འདིར་བྱིན་ཕོབ་དབང་དང་དངོས་གུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་ཌཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་ཛྙཱ་ན་བཛྲ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཧཱུྃ་ཧཱུྃ་ཧཱུྃ༔ བདུན་པ་མཆོད་རྫས་བྱིན་རླབས་ནི༔ ཨོཾ་ཨཱཿཧཱུྃ༔ བདག་ཉིད་ལྷར་གསལ་ཐུགས་ཀའི་ས་བོན་ལས༔ འཕྲོས་པའི་འོད་ཀྱིས་མཆོད་རྫས་གཟུང་འཛིན་སྦྱངས༔ སྣང་སྲིད་གཞིར་བཞེངས་ཀུན་བཟང་མཆོད་པའི་སྤྲིན༔ དཔག་ཡས་ནམ་མཁའ་མཛོད་ཀྱི་གཏེར་དུ་གྱུར༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡའི་བར་དང་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ག་ཎ་ཙཀྲ་སརྦ་པཱུ་ཛ་ཨཱཿཧཱུྃ༔ ལན་གསུམ་བརྗོད་པས་བྱིན་གྱིས་བརླབ༔ ས་མ་ཡ༔ དངོས་གཞིའི་དང་པོ་བསྐྱེད་རིམ་ནི༔ ཧཱུྃ༔ ཀ་དག་དེ་བཞིན་ཉིད་དབྱིངས་ཡེ་ཤེས་ལས༔ ལྷུན་གྲུབ་ཀུན་སྣང་སྙིང་རྗེའི་རང་རྩལ་ནི༔ ཟུང་འཇུག་རྒྱུ་ཡི་ཏིང་འཛིན་ཧཱུྃ་མཐིང་ག༔ དེ་ལས་འོད་འཕྲོས་བརྟན་གཡོའི་དངོས་པོ་ཀུན༔ འོད་གསལ་སྟོང་པ་ཉིད་ཀྱི་དབྱིངས་སུ་ཐིམ༔ སྐད་ཅིག་དྲན་རྫོགས་ཕྱི་སྣོད་པདྨ་འོད༔ ཤིན་ཏུ་ཉམས་དགའ་ངོ་མཚར་བཀོད་པས་མཛེས༔ བལྟ་ན་ལྷུན་སྡུག་འཇའ་ཟེར་འཁྲིགས་པའི་ཀློང༔ དཔའ་བོ་ཌཱ་ཀི་དགྱེས་པའི་གླུ་གར་སྒྱུར༔ མེ་ཏོག་ཆར་འབེབ་རོལ་མོ་སྣ་ཚོགས་སྒྲོག༔ ཡིད་འཕྲོག་མཆོད་སྤྲིན་རྒྱ་མཚོས་ཕྱོགས་ཀུན་ཁྱབ༔ དེ་དབུས་ཐར་པ་ཆེན་པོའི་གཞལ་ཡས་ཁང༔ གྲུ་བཞི་སྒོ་བཞི་མཚན་ཉིད་ཡོངས་རྫོགས་པའི༔ ལྟེ་བར་རིན་ཆེན་པདྨ་ཉི་ཟླའི་སྟེང༔ རྡོ་རྗེ་ཧཱུྃ་ཡིག་མཉམ་སྦྱོར་འཕྲོ་འདུ་ལས༔ བདག་ཉིད་ལྷུན་གྲུབ་རིག་འཛིན་ཐོད་ཕྲེང་རྩལ༔ ཆེ་བའི་ཆེ་མཆོག་ཆོས་སྐུ་གསང་བ་འདུས༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་བསྣམས༔ ཁྲོ་ཆགས་སྒེག་པའི་ཉམས་ལྡན་སྤྱན་གསུམ་འབར༔ གཅེར་བུ་དར་དང་རིན་ཆེན་རུས་པས་བརྒྱན༔ ཐབས་ཤེས་ཞབས་གཉིས་བརྐྱང་བསྐུམ་གར་གྱིས་རོལ༔ ཡུམ་མཆོག་དགའ་བཞིའི་བདེ་སྟེར་མནྡཱ་ར༔ དམར་མོ་གྲི་གུག་ཐོད་འཛིན་ཡབ་ལ་འཁྲིལ༔ རིན་ཆེན་རུས་རྒྱན་དར་སྣའི་ཅོད་པན་འཕུར༔ ཡིད་འོང་བཅུ་དྲུག་བདེ་བའི་ལང་ཚོས་སྒེག༔ རལ་པའི་སྐྲ་གསེབ་ཀུན་བཟང་ཡབ་ཡུམ་ལ༔ དཔལ་ཆེན་གྲུབ་པའི་སློབ་དཔོན་བརྒྱད་ལ་སོགས༔ རྣལ་འབྱོར་གསུམ་གྱི་ལམ་མཆོག་གསལ་མཛད་པའི༔ རིག་འཛིན་རྩ་བརྒྱུད་བླ་མ་སྤྲིན་ལྟར་གཏིབས༔ བདེ་ཆེན་འཁོར་ལོར་འཇམ་དཔལ་གཤིན་རྗེ་གཤེད༔ ལོངས་སྤྱོད་འཁོར་ལོར་དབང་ཆེན་རྟ་མཆོག་དཔལ༔ ཆོས་ཀྱི་འཁོར་ལོར་ཡང་དག་ཧེ་རུ་ཀ༔ སྤྲུལ་པའི་འཁོར་ལོར་ཆེ་མཆོག་བདུད་རྩི་འཁྱིལ༔ གསང་བའི་འཁོར་ལོར་བཛྲ་ཀུ་མཱ་ར༔ རྡོ་རྗེ་ནོར་བུར་བླ་མེད་ཁྲག་འཐུང་དབང༔ བརླ་གཡས་དྲེགས་འདུལ་གཡོན་པར་སྟོབས་ལྡན་རྣམས༔ སོ་སོའི་སྤྲུལ་དང་ཡང་སྤྲུལ་བཅས་པ་ཡི༔ ཡེ་ཤེས་དགུ་རྫོགས་ཁྲག་འཐུང་དཀྱིལ་འཁོར་ལྷ༔ བདུན་བརྒྱ་ཉེར་ལྔ་བསམ་ཡས་ལྷུན་གྲུབ་ཚོགས༔ སྣང་སྟོང་འཛིན་བྲལ་འཇའ་ཚོན་ལྟ་བུར་ཤར༔ ཛ་ལན་དྷཱ་ར་ལ་སོགས་ཉེར་བཞིའི་ཡུལ༔ རྩ་ཁམས་སྐུ་གསུང་ཐུགས་ཀྱི་འཁོར་ལོའི་བདག༔ དཀར་དམར་ཐིག་ལེ་གནས་སུ་དག་པའི་གཟུགས༔ བདེ་སྟོང་དཔའ་བོ་མཁའ་འགྲོའི་ཚོམ་བུར་བཞུགས༔ ཕྱི་རོལ་ཕྱོགས་བཞིའི་པདྨའི་སྙིང་པོ་རུ༔ ལོངས་སྐུ་ཐོད་ཕྲེང་རིགས་བཞི་ཡབ་ཡུམ་དང༔ ཕྱོགས་མཚམས་རིན་ཆེན་ཟུར་བརྒྱད་འོད་ལྔའི་ཀློང༔ སྤྲུལ་པའི་རིག་འཛིན་མཚན་བརྒྱད་ཞི་དང་ཁྲོ༔ གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རོལ་མོར་གསལ༔ སྒོ་བཞིར་པད་ཉི་རུ་ཏྲ་བསྣོལ་བའི་སྟེང༔ དབང་ཆེན་རིགས་བཞི་དཀར་སེར་དམར་ལྗང་མདོག༔ ཁྲོ་བོའི་ཆས་རྫོགས་ཡེ་ཤེས་མེ་དཔུང་ཀློང༔ གྲི་གུག་ཐོད་འཛིན་རང་འོད་ཡུམ་དང་འཁྲིལ༔ གཞན་ཡང་རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས༔ དཔག་ཡས་སྣོད་བཅུད་ཁྱབ་པར་གསལ་བ་ཡི༔ སྐུ་ལ་གདན་གསུམ་ཚང་བའི་དབང་གི་ལྷས༔ རྒྱས་བཏབ་གནས་གསུམ་རྡོ་རྗེ་གསུམ་གྱི་དངོས༔ ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་མཚན་པ་ལས༔ འོད་འཕྲོས་ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་གྱུར༔ གཉིས་པ་ཡེ་ཤེས་སྤྱན་འདྲེན་ནི༔ ཐོད་རྔ་འཁྲོལ་ཞིང་གདུང་བའི་བློས༔ ཧཱུྃ་ཧྲཱི༔ ཡུལ་གྱི་མིང་ནི་ལྷོ་ནུབ་རྔ་ཡབ་གླིང༔ སྤྲུལ་པའི་ཞིང་མཆོག་པདྨ་དྲྭ་བ་ནས༔ བདེ་གཤེགས་ཀུན་འདུས་འཆི་མེད་ཐོད་ཕྲེང་རྩལ༔ མོས་པའི་གནས་འདིར་གདུང་བས་སྤྱན་འདྲེན་ན༔ རབ་འབྱམས་རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས༔ ཐུགས་རྗེས་བྱིན་གྱིས་བརླབ་ཕྱིར་གཤེགས་ནས་ཀྱང༔ རྣལ་འབྱོར་སྒོ་གསུམ་རྡོ་རྗེའི་དབང་བསྐུར་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛཿཛ༔ ཞེས་བསྐུལ་ལྷོ་ནུབ་ནམ་མཁའ་ནས༔ སྤྲིན་ཕུང་ལྟ་བུར་བྱོན་པར་བསམ༔ གསུམ་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱི༔ དམ་ཚིག་སེམས་དཔའ་སྣང་སྟོང་ལྷ་ཡི་སྐུ༔ དག་པ་རབ་འབྱམས་རྡོ་རྗེའི་འོག་མིན་ཆེར༔ ཆོས་ཀྱི་དབྱིངས་ནས་སྤྱན་དྲངས་ཡེ་ཤེས་པ༔ ཟུང་འཇུག་དགྱེས་པ་ཆེན་པོར་བཞུགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ བཛྲ་ས་མ་ཡ་ཛྙཱ་ན་ཏིཥྛ་ལྷན༔ བཞི་པ་གུས་ཕྱག་འཚལ་བ་ནི༔ ཧཱུྃ་ཧྲཱི༔ བླ་མ་ཡི་དམ་ཌཱ་ཀིའི་ལྷ་ཚོགས་རྣམས༔ གདོད་ནས་གཉིས་མེད་མཉམ་པར་རོ་གཅིག་ཀྱང༔ གློ་བུར་འཁྲུལ་པའི་དྲི་མ་སྦྱང་བའི་སླད༔ སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ལྔ་པ་མཆོད་པ་འབུལ་བ་ལ༔ ཕྱག་རྒྱ་གར་གྱི་མཆོད་པ་ནི༔ ཧཱུྃ་ཧྲཱི༔ ལྷར་སྣང་ཕྱག་རྒྱ་ཆེན་པོའི་ངང་ཉིད་ལས༔ དམ་ཚིག་ཕྱག་རྒྱ་བརྡ་དང་གར་གྱི་ཚོགས༔ ཆོས་དང་ལས་ཀྱི་ཕྱག་རྒྱར་རབ་སྦྱར་ནས༔ འཆི་མེད་རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་མཆོད༔ མ་ཧཱ་ཙ་ཏུརྨུ་དྲ་པཱུ་ཛ་ཧོ༔ ཡེ་ཤེས་གླུ་ཡི་མཆོད་པ་ནི༔ ཧཱུྃ་ཧྲཱི༔ སྲོག་རྩོལ་རླུང་གི་རྒྱུ་བ་ཇི་སྙེད་ཀུན༔ འོད་གསལ་དབུ་མའི་དབྱིངས་སུ་ཐིམ་པ་ལས༔ མི་ཤིགས་རྡོ་རྗེ་ནཱ་དའི་གླུ་དབྱངས་ཀྱིས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག༔ མ་ཧཱ་ཛྙཱ་ན་ཏེ་ཏེ་ཧཱུྃ༔ ཏེ་ན་ཏེ་ཏེ་ཧཱུྃ༔ ཐུན་མོང་ཕྱི་མཆོད་འབུལ་བ་ནི༔ ཧཱུྃ་ཧྲཱི༔ རབ་འབྱམས་རྒྱ་མཚོའི་ཞིང་ཀུན་ཡོངས་ཁྱབ་པའི༔ སྲིད་ཞིའི་འབྱོར་ཚོགས་དཔག་མེད་མཆོད་སྤྲིན་རྣམས༔ རིགས་འདུས་རྩ་གསུམ་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ རང་བྱུང་ནང་མཆོད་འབུལ་བ་ནི༔ ཧཱུྃ་ཧྲཱི༔ ཡུལ་དང་དབང་པོ་གནས་སུ་དག་པ་ལས༔ གང་ཤར་བདེ་སྟོང་རོལ་མོར་འཆར་བའི་དཔྱིད༔ གཟུགས་སྒྲ་དྲི་རོ་རེག་བྱའི་མཆོད་སྤྲིན་གྱིས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་ཨཱཿཧཱུྃ༔ གསང་བ་ཀུན་བཟང་མཆོད་སྤྲིན་ནི༔ ཧཱུྃ་ཧྲཱི༔ སྣང་སྲིད་དག་པ་ཆོས་སྐུའི་གྲོང་ཁྱེར་དུ༔ ཏིང་འཛིན་ཀུན་ཏུ་བཟང་པོའི་འདོད་ཡོན་སྤྲིན༔ བླ་མེད་མཆོད་པའི་ཕྱག་རྒྱ་ཆེན་པོ་ཡིས༔ དཀྱིལ་འཁོར་ལྷ་ཚོགས་རྟག་ཏུ་མཉེས་གྱུར་ཅིག༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ༔ སྦྱོར་བ་སྨན་གྱི་མཆོད་པ་ནི༔ ཧཱུྃ་ཧྲཱི༔ ཐབས་ཤེས་རྒྱུ་གཉིས་རྐྱེན་བཞི་སྦྱར་པའི་བཅུད༔ རིགས་ལྔ་ཡེ་ཤེས་ལྔ་རྫོགས་བསྒྲུབས་པའི་རྫས༔ ཟག་མེད་རྡོ་རྗེ་བཏུང་བའི་དམ་ཚིག་མཆོག༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་མཉེས་ཕྱིར་འབུལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་བ་ཌཱ་ཀི་ནཱི་ས་པ་རི་བཱ་ར་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ༔ བརྒྱུད་མཆོད་ནི། སྣང་བ་མཐའ་ཡས་འཇིག་རྟེན་དབང་ཕྱུག་དང་། །མཚོ་སྐྱེས་ཡབ་ཡུམ་ཆོས་རྒྱལ་ཁྲི་ལྡེའི་ཞབས། །འོད་གསལ་སྤྲུལ་པའི་རྡོ་རྗེ་ལ་སོགས་པ། །རྩ་བརྒྱུད་བླ་མའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །རྟ་མཆོག་རོལ་པ་རྡོ་རྗེ་ཕག་མོ་སོགས། །སྒྲུབ་ཆེན་སྡེ་བརྒྱད་ཞི་དང་ཁྲོ་བོའི་ལྷ། །པདྨ་དྲག་པོ་ཡི་དམ་དགོངས་འདུས་ཀྱི། །དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་ཨོཾ་ཨཱཿཧཱུྃ། །གནས་ཡུལ་དུར་ཁྲོད་དཔའ་བོ་རྣལ་འབྱོར་མ། །རྒྱུད་གསུམ་དམ་ཅན་རྒྱ་མཚོ་གཏེར་གྱི་བདག །དཀར་པོའི་ཕྱོགས་སྐྱོང་རྡོ་རྗེའི་ཐ་ཚིག་ཅན། །མཁའ་འགྲོ་ཆོས་སྐྱོང་ཞལ་དུ་ཨོཾ་ཨཱཿཧཱུྃ། རྗེས་འབྲེལ་དངོས་གྲུབ་བླང་བ་ནི༔ ཧཱུྃ༔ འཆི་མེད་ཡེ་ཤེས་བདུད་རྩིའི་སྤྲིན༔ རྡོ་རྗེ་གསུམ་གྱི་ངོ་བོ་ཉིད༔ ཐབས་ཤེས་མཐེབ་སྲིན་ཕྱག་རྒྱ་ཡིས༔ དངོས་གྲུབ་རྣམ་གཉིས་འཐོབ་ཕྱིར་མྱང༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧོ༔ སྒྲོལ་བ་རཀྟའི་མཆོད་པ་ནི༔ ཧཱུྃ་ཧྲཱི༔ བདག་མེད་རྡོ་རྗེ་ཁྲོས་པའི་ཧེ་རུ་ཀས༔ གཟུང་འཛིན་འབྱུང་པོ་དབྱིངས་སུ་བསྒྲལ་པའི་ཁྲག༔ ཆགས་བྲལ་སོ་སོར་རྟོག་པའི་མཆོད་སྤྲིན་གྱིས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག༔ མ་ཧཱ་རཀྟ་ཁཱ་ཧཱི༔ ཟུང་འཇུག་གཏོར་མའི་མཆོད་པ་ནི༔ ཧཱུྃ་ཧྲཱི༔ ཨེ་དབྱིངས་སྟོང་ཉིད་ཕྱག་རྒྱའི་བྷནྡྷ་རུ༔ ཝཾ་ཡིག་བདེ་ཆེན་རྡོ་རྗེའི་གཏོར་མར་ཤར༔ ཟུང་འཇུག་བཅུ་དྲུག་དགའ་བའི་མཆོད་པའི་སྤྲིན༔ འཆི་མེད་རྩ་གསུམ་དཀྱིལ་འཁོར་ལྷ་ལ་འབུལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཛ་གད་བདུད་རྩིའི་མཆོད་པ་ནི༔ ཧཱུྃ་ཧྲཱི༔ བདེ་ཆེན་རྡོ་རྗེ་སེམས་དཔའི་ཐིག་ལེ་ནི༔ བྱང་ཆུབ་སེམས་ཀྱི་རོལ་པར་འཆར་བའི་དཔྱིད༔ ཟག་མེད་ཛ་གད་ཕུད་ཀྱི་མཆོད་པ་ཡིས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག༔ མ་ཧཱ་ཛ་གད་པཱུ་ཛ་ཧོ༔ མཐར་ཐུག་དོན་གྱི་མཆོད་པ་ནི༔ ཧཱུྃ་ཧྲཱི༔ དབྱིངས་རིག་ཟུང་འཇུག་ཆོས་ཉིད་མངོན་སུམ་ཀློང༔ ཉམས་སྣང་གོང་འཕེལ་སྣ་ཚོགས་མཆོད་པའི་སྤྲིན༔ རིག་པ་ཚད་ཕེབས་དོན་གྱི་ལྷ་ལ་འབུལ༔ ཆོས་ཟད་བློ་འདས་མཆོག་གི་དངོས་གྲུབ་སྩོལ༔ མ་ཧཱ་ཛྙཱ་ན་དྷརྨ་དྷཱ་ཏུ་ས་མ་ཡ་ཧོ༔ དྲུག་པ་རྡོ་རྗེའི་གླུ་ཡིས་བསྟོད༔ ཧཱུྃ་ཧྲཱི༔ བདེ་གཤེགས་ཀུན་འདུས་པདྨ་སཾ་བྷ་བ༔ ཆོས་ཕུང་རྒྱ་མཚོ་གསུང་གི་ཀློང་ནས་ཤར༔ རབ་འབྱམས་རྒྱལ་སྲས་ཡོངས་ཀྱི་འཁོར་ལོས་བསྒྱུར༔ མཆོག་གསུམ་དབྱེར་མེད་ཁྱོད་ལ་ཕྱག་འཚལ་བསྟོད༔ ངོ་བོ་ཀ་དག་ཆོས་སྐུ་སྣང་མཐའ་ཡས༔ རང་བཞིན་ལྷུན་གྲུབ་འོད་གསལ་སྙིང་རྗེའི་གཏེར༔ ཐུགས་རྗེ་ཟུང་འཇུག་འཆི་མེད་ཐོད་ཕྲེང་རྩལ༔ སྐུ་གསུམ་ཀུན་འདུས་ཁྱོད་ལ་ཕྱག་འཚལ་བསྟོད༔ ལྷུན་གྲུབ་རིག་འཛིན་བླ་མའི་དཀྱིལ་འཁོར་གཙོ༔ ཡེ་ཤེས་དགུ་རྫོགས་ཡི་དམ་ཞི་ཁྲོའི་དངོས༔ མཁའ་འགྲོའི་ཚོགས་རྗེ་སངས་རྒྱས་པདྨ་སྐྱེས༔ རྩ་གསུམ་དབྱེར་མེད་ཁྱོད་ལ་ཕྱག་འཚལ་བསྟོད༔ གཞན་ཡང་སྣང་སྟོང་སྒྱུ་འཕྲུལ་དྲྭ་བ་ལས༔ གང་འདུལ་ཞི་དང་ཁྲོ་བོའི་རྣམ་རོལ་གྱིས༔ བྱིན་རླབས་མཆོག་སྩོལ་དངོས་གྲུབ་ཆར་འབེབ་པའི༔ དཀྱིལ་འཁོར་ལྷ་ཚོགས་མ་ལུས་ཀུན་ལ་བསྟོད༔ བདུན་པ་བསྙེན་པ་བྱ་བ་ནི༔ སྙིང་དབུས་ཡེ་ཤེས་སེམས་དཔའ་ཡི༔ ཐུགས་ཀར་པདྨ་ཉི་ཟླའི་སྟེང༔ རྡོ་རྗེའི་རྩེ་ལྔའི་ལྟེ་བར་ཧཱུྃ༔ མཐའ་སྐོར་སྔགས་ཕྲེང་གཡས་སུ་འཁོར༔ དེ་ལས་འོད་འཕྲོས་རྒྱལ་བ་ཀུན༔ པདྨ་ཐོད་ཕྲེང་རྣམ་རོལ་དུ༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་བྱོན༔ བདག་ཉིད་ལ་ཐིམ་བྱིན་རླབས་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཐུན་མཚམས་ཚིག་བདུན་གསོལ་འདེབས་ཀྱིས༔ གསང་གསུམ་བྱིན་རླབས་ཡང་ཡང་བསྡུ༔ འདི་ཉིད་ཕྱོགས་དུས་བདེ་གཤེགས་ཀྱི༔ གསུང་གི་གསང་བ་ཀུན་གྱི་བཅུད༔ རྟག་ཏུ་གཡེལ་མེད་ཉམས་བླངས་པས༔ ཚེ་འདིར་མཆོག་གི་བཙན་ས་ཟིན༔ འབུམ་ཕྲག་བཅུ་གཉིས་བཟླས་གྱུར་ཀྱང༔ རིག་འཛིན་ཌཱ་ཀི་སྤྲིན་བཞིན་འདུ༔ གནས་སྐབས་ཕྲིན་ལས་རྣམ་བཞི་འགྲུབ༔ ཚེ་འདིའི་སྣང་བ་ནུབ་མ་ཐག༔ རྔ་ཡབ་པདྨ་འོད་དུ་འགྲོ༔ ཟུང་འཇུག་འཆི་མེད་རྡོ་རྗེའི་སྐུར༔ དབུགས་འབྱིན་འདི་ལ་ཐེ་ཚོམ་མེད༔ ས་མ་ཡ༔ ཁྱད་པར་ནང་ལྟར་སྒྲུབ་པ་ནི༔ ཐུགས་སྲོག་ལས་བྱུང་ཡི་གེའི་སྤྲིན༔ ཡབ་ཡུམ་གནས་བཞིའི་པདྨོར་སོན༔ བདེ་སྟོང་དགའ་བཞི་དབྱེར་མེད་པའི༔ རྣམ་ཀུན་མཆོག་ལྡན་རང་ཞལ་བལྟ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་དེ་བ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ སླར་ཡང་འོད་ཟེར་འཕྲོ་འདུ་ཡིས༔ གང་འདུལ་ཕྲིན་ལས་ལྷུན་གྱིས་གྲུབ༔ འགྲོ་ཀུན་ཆོས་ཉིད་གཅིག་གི་ངང༔ སྒྱུ་འཕྲུལ་དྲྭ་བའི་དབང་ཐོབ་གྱུར༔ ཤཱནྟིཾ་པུཥྚིཾ་ཝཱ་ཤང་མཱ་ར་ཡ་ཕཊ྄༔ སྣོད་བཅུད་དཀྱིལ་འཁོར་འཁོར་ལོར་ཤར༔ སྲོག་རྩོལ་རྡོ་རྗེའི་སྔགས་སུ་རྫོགས༔ དྲན་རྟོག་རང་གྲོལ་གཉུག་མའི་ངང༔ གཞོམ་མེད་ཧཱུྃ་ལྔའི་སྣང་གླུ་ལེན༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཀུན་རྫོབ་ཡུལ་སྣང་སྒྱུ་མའི་གཟུགས༔ དོན་དམ་སྟོང་ཆེན་འོད་གསལ་ངང༔ ཐིམ་ལས་མཐའ་བྲལ་ཟུང་འཇུག་གི༔ མི་སློབ་ཡེ་ཤེས་སྐུ་ཉིད་འགྲུབ༔ ས་མ་ཡ༔ རྗེས་ཀྱི་རིམ་པར་དང་པོ་ནི༔ མཆོད་ཅིང་བསྟོད་ལ་དངོས་གྲུབ་བླང༔ ཧཱུྃ་ཧྲཱི༔ སྐུ་གསུམ་བདེ་ཆེན་རྡོ་རྗེའི་ཕོ་བྲང་ནས༔ བདེ་གཤེགས་ཀུན་འདུས་འཆི་མེད་ཐོད་ཕྲེང་རྩལ༔ དེང་འདིར་བསྙེན་ཅིང་བསྒྲུབས་པའི་རྣལ་འབྱོར་ལ༔ མཆོག་ཐུན་དངོས་གྲུབ་སྩོལ་བའི་དུས་ལ་བབས༔ གནས་སྐབས་གྲུབ་པ་བརྒྱད་དང་ཕྲིན་ལས་བཞི༔ དབང་བཅུའི་ཡོན་ཏན་ལྷུན་གྱིས་གྲུབ་པ་དང༔ མཐར་ཐུག་རིག་འཛིན་རྣམ་བཞིའི་གསེང་ལམ་ལས༔ སྐུ་དང་ཡེ་ཤེས་ཕྲིན་ལས་དབང་འབྱོར་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་ཌཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོ༔ གཉིས་པ་ནོངས་པ་བཤགས་པ་ནི༔ ཧཱུྃ༔ གཟོད་ནས་རྣམ་པར་དག་པའི་གཤིས་ལུགས་ལ༔ གློ་བུར་འཁྲུལ་པའི་བཤགས་བྱ་མ་མཆིས་ཀྱང༔ ཀུན་རྫོབ་སྒྱུ་མ་ལྟ་བུའི་སྣང་ཆ་རུ༔ ཉེས་པ་གང་མཆིས་སྙིང་ནས་བཟོད་པར་གསོལ༔ ཡི་གེ་བརྒྱ་པ་ལན་གསུམ་བརྗོད༔ གསུམ་པ་རྟག་མཐའ་སྦྱང་བ་ནི༔ ཧོ༔ སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་ཡེ་ཤེས་ལྷ༔ ཟུང་འཇུག་མཚན་མ་མེད་པའི་དབྱིངས་སུ་གཤེགས༔ རྟེན་དང་བརྟེན་པར་བཅས་པའི་དམ་ཚིག་པ༔ འོད་གསལ་སྨོན་པ་མེད་པའི་ཀློང་དུ་ཐིམ༔ ཨ་ཨ་ཨ༔ བཞི་པ་ཆད་མཐའ་བསལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ སླར་ཡང་སྣང་བའི་རང་བཞིན་གདན་གསུམ་ལྷ༔ སྒྲར་གྲགས་རླུང་གི་འཁོར་ལོ་ཡི་གེའི་སྤྲིན༔ རྟོག་པ་རྟོག་མེད་རང་གྲོལ་གཉུག་མའི་ངང༔ དུས་གསུམ་དུས་མེད་ཆེན་པོར་རྟག་ཏུ་སྤྱོད༔ ཧཱུྃ་ཧཱུྃ་ཧཱུྃ༔ ལྔ་པ་དགེ་ཚོགས་བསྔོ་བ་ནི༔ ཧྲཱི༔ འཆི་མེད་པདྨ་དྲྭ་བའི་དཀྱིལ་འཁོར་དུ༔ བསྐྱེད་རྫོགས་ཟུང་མཇུག་དགེ་ཚོགས་ཅི་མཆིས་པ༔ འགྲོ་ཀུན་བླ་མེད་གོ་འཕང་འཐོབ་བྱའི་ཕྱིར༔ སྤྲོས་བྲལ་ཆོས་སྐུའི་དབྱིངས་སུ་བསྔོ་བར་བགྱི༔ དྲུག་པ་སྨོན་ལམ་གདབ་པ་ནི༔ ཧོ༔ ཕུང་ཁམས་འཇའ་ལུས་རྡོ་རྗེའི་སྐུར་སྨིན་ཞིང༔ སྲོག་རྩོལ་འོད་གསལ་དབུ་མའི་ཀློང་དུ་རྫོགས༔ རིག་སྟོང་བརྗོད་བྲལ་གདོད་མའི་གཞི་དབྱིངས་སུ༔ རབ་འབྱམས་རྩ་གསུམ་གོ་འཕང་མངོན་གྱུར་ཤོག༔ བདུན་པ་ཤིས་པ་བརྗོད་པ་ནི༔ ཧཱུྃ་ཧྲཱི༔ སྤངས་རྟོགས་ཕྲིན་ལས་མཐར་ཕྱིན་རྫོགས་སངས་རྒྱས༔ དེས་གསུང་ཞི་བསིལ་བདུད་རྩི་དམ་པའི་ཆོས༔ ཚོགས་ཀྱི་མཆོག་གྱུར་འཕགས་པའི་དགེ་འདུན་ཏེ༔ བླ་མེད་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག༔ བྱིན་རླབས་མཆོག་སྩོལ་རྩ་བརྒྱུད་བླ་མ་དང༔ དངོས་གྲུབ་ཆར་འབེབ་ཡི་དམ་ཞི་དང་ཁྲོ༔ ཕྲིན་ལས་ལྷུན་གྲུབ་མཁའ་འགྲོ་ཆོས་སྐྱོང་སྟེ༔ རྩ་གསུམ་དཀྱིལ་འཁོར་ལྷ་ཡི་བཀྲ་ཤིས་ཤོག༔ ཐོག་མའི་མགོན་པོ་ཀུན་བཟང་སྣང་མཐའ་ཡས༔ ཁ་སྦྱོར་ཡན་ལག་བདུན་ལྡན་རྡོ་རྗེ་སེམས༔ གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་ཅན༔ སྐུ་གསུམ་པདྨ་ཐོད་ཕྲེང་བཀྲ་ཤིས་ཤོག༔ ཐུན་མོང་ཕྲིན་ལས་མ་ལུས་ལྷུན་གྱིས་གྲུབ༔ སྒོ་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་ཤར༔ བདེ་སྟོང་ཟུང་འཇུག་འོད་གསལ་ཆོས་སྐུའི་ཀློང༔ མཆོག་གི་དངོས་གྲུབ་བརྙེས་པའི་བཀྲ་ཤིས་ཤོག༔ གཞན་ཡང་ཤིས་བརྗོད་སྨོན་ལམ་རིགས༔ རྒྱ་ཆེར་བཏབ་པས་མཚམས་སྦྱོར་བྱ༔ ས་མ་ཡ༔ དེ་ལྟར་སྦྱོར་དངོས་རྗེས་གསུམ་གྱིས༔ རྩ་གསུམ་འཆི་མེད་ཐོད་ཕྲེང་རྩལ༔ བསྙེན་ཅིང་སྒྲུབ་པའི་ལས་ཀྱི་རིམ༔ ཤིན་ཏུ་ཟབ་པའི་མཐར་ཐུག་འདི༔ འདས་དུས་བཀྲ་ཤིས་བྲག་གི་ཕུག༔ མཱ་ར་ཏི་ཀའི་ཚོགས་ཁང་དུ༔ རིག་སྔགས་གྲུབ་པའི་རྣལ་འབྱོར་དང༔ དཔའ་བོ་ཌཱ་ཀིའི་དོན་དུ་བསྟན༔ ད་ལྟ་ལས་ཅན་དག་པའི་འཁོར༔ མངའ་བདག་རྗེ་འབངས་གྲོགས་བཅས་ལ༔ སྨིན་ཅིང་གྲོལ་བའི་སྒོ་འཕར་དབྱེ༔ མ་འོངས་ལྔ་བརྒྱའི་ཐ་མ་རུ༔ ཟབ་མོའི་ལམ་རྣམས་འཆལ་འགྱུར་ཞིང༔ ངེས་དོན་རྟོག་གེའི་ཚིག་ལ་རེ༔ བློ་ཡིས་མཚོན་པའི་སྟོང་ལྟ་ཡིས༔ བདེན་གཉིས་རྒྱུ་འབྲས་ཁྱད་དུ་གསད༔ བོད་ཁམས་སྡུག་བསྔལ་གསུམ་གྱིས་མནར༔ དེ་ཡི་ཚེ་ན་བདག་ཉིད་དང༔ འཇམ་དཔལ་ཆོས་ཀྱི་བཤེས་གཉེན་གྱིས༔ བྱིན་གྱིས་བརླབས་པའི་སྙིང་གི་བུ༔ འོད་གསལ་སྤྲུལ་པའི་རྡོ་རྗེའི་དོན༔ རིག་པ་དབྱིངས་ཀྱི་སྒྲོམ་བུར་སྦས༔ ནམ་ཞིག་རྟེན་འབྲེལ་དུས་བབས་ཚེ༔ ཡང་གསང་སྙིང་གི་ཐིག་ལེའི་སྐོར༔ སྐལ་བར་ལྡན་པའི་ཚོགས་རྣམས་ལ༔ རྒྱ་ཆེར་བཤད་དང་སྒྲུབ་པའི་མཐུས༔ གངས་ཅན་སྐྱེ་འགྲོ་བདེ་བས་འཚོ༔ འབྲེལ་ཚད་གཏན་བདེའི་ས་ལ་བཀོད༔ ཁྱད་པར་ཡར་མར་ཚེས་བཅུའི་དུས༔ འདི་ཉིད་ཚོགས་སུ་སྒྲུབ་པ་ན༔ དངོས་ཉམས་རྨི་ལམ་མ་ངེས་པར༔ བདག་གིས་ངེས་པར་བྱིན་རླབས་ཤིང༔ འཕོས་ཚེ་ཟངས་མདོག་དཔལ་གྱི་རིར༔ རིག་པ་འཛིན་པའི་ཚོམ་བུར་སྦྱོར༔ དེ་ཕྱིར་སྙིང་གི་དབུས་སུ་ཟུངས༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པའང་རིག་འཛིན་གྲུབ་ཐོབ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་༧འོད་གསལ་སྤྲུལ་པའི་རྡོ་རྗེ་དགུང་གྲངས་བཅུ་དྲུག་པར། རྩ་གསུམ་རབ་འབྱམས་ཀྱི་བྱིན་རླབས་ལ་བརྟེན་ནས་དགོངས་པའི་གཏེར་དུ་བརྡོལ་པ་རིང་དུ་གསང་བའི་རྒྱས་བཏབ་པར་མཛད་ནས། དགུང་ལོ་ལྔ་བཅུར་ཕེབས་པ་སྐྱེས་བདག་ལྕགས་ལུག་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་འགྲུབ་པའི་སྦྱོར་བ་དང་ལྡན་པའི་དུས་ཚེས་ཤིན་ཏུ་དགེ་བར། ཁོ་བོ་སྐལ་ལྡན་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་གུས་པ་ཆེན་པོས་གསོལ་བ་བཏབ་པའི་ངོར་གཏན་ལ་ཕབ་ཅིང་རྗེས་སུ་གནང་བ་འགྲོ་ཀུན་རྩ་གསུམ་བདེ་གཤེགས་འདུས་པའི་དཀྱིལ་འཁོར་ཆེན་པོར་དབུགས་དབྱུང་བའི་རྒྱུར་གྱུར་ཅིག །ཁ་སྐོང་ཕྲན་ཚེགས་རྣམས་ཀྱང་བཀའ་བཞིན་དཀྱུས་སུ་བསྡེབས་པ་དགེ་ལེགས་འཕེལ།། །། <!TCC Tibetan character 3,181 undefined in unicode!> ཕྱི་སྒྲུབ་སྒྱུ་འཕྲུལ་དྲྭ་བ་ལས༔ ཕྲིན་ལས་འཆི་མེད་སྲོག་སྒྲུབ་བཞུགས༔ <!TCC Tibetan character 3,181 undefined in unicode!> འཆི་མེད་རིག་འཛིན་པདྨར་འདུད༔ གཞིར་གནས་ཟུང་འཇུག་ཐིག་ལེ་གསུམ༔ ལམ་དུས་བདེ་སྟོང་ཏིང་འཛིན་གྱིས༔ སྲིད་ཞིའི་དྭངས་མར་བསྒྲུབས་པ་ལས༔ འབྲས་བུ་འཆི་མེད་སྲོག་འགྲུབ་འགྱུར༔ ས་མ་ཡ༔ བདེར་གཤེགས་ཡོངས་འདུས་ཐོད་ཕྲེང་རྩལ༔ དཀྱིལ་འཁོར་འཁོར་ལོ་རབ་འབྱམས་ཀྱི༔ སྒྱུ་འཕྲུལ་དྲྭ་བའི་བསྐྱེད་རིམ་ངང༔ ཁྱད་པར་ལས་ལ་སྦྱོར་བ་ནི༔ ཧྲཱི༔ སྣང་བ་འཆི་མེད་ཐོད་ཕྲེང་རྩལ༔ སྟོང་པ་མནྡཱ་རཿབ་ཡུམ༔ ཟུང་འཇུག་རྩ་གསུམ་ཚེ་ཡི་ལྷ༔ རྡོ་རྗེ་ཕུང་པོའི་གྲོང་དུ་རྫོགས༔ བདེ་སྟོང་རོལ་པའི་འོད་ཟེར་གྱིས༔ ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ཁྱབ༔ བླ་ཚེ་ཆད་ཉམས་ཡར་པ་དང༔ བརྟན་གཡོ་སྲིད་ཞིའི་ཚེ་བཅུད་བསྡུས༔ ཐབས་མཆོག་བདེ་ཆེན་བྱང་ཆུབ་སེམས༔ ཤེས་རབ་སྟོང་ཉིད་ཙཎྜ་ལཱི༔ མཉམ་སྦྱོར་སྙིང་དབུས་ཐིག་ལེར་ཐིམ༔ སྒོ་གསུམ་འཆི་མེད་སྲོག་འགྲུབ་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛ༔ ཞེས་བཟླས་སྲོག་རྩོལ་དབུ་མར་བསྟིམ༔ གཞོམ་མེད་ཧྲཱིཿཡི་སྒྲ་སྒྲོག་བསམ༔ འབར་འཛག་དགའ་བཞིའི་ཡེ་ཤེས་བསྐྱེད༔ དབྱིངས་རིག་ཟུང་འཇུག་ངང་དུ་གཞག༔ སྲོག་གི་སྙིང་པོ་ཧྲཱིཿཡིག་ནི༔ དུས་གསུམ་དུས་མེད་གཅིག་ཏུ་བཟླ༔ འཆི་མེད་གཉུག་མའི་ཡེ་ཤེས་ཀྱི༔ པདྨ་ཐོད་ཕྲེང་ཚེ་འདིར་འགྲུབ༔ ས་མ་ཡ༔ སྐབས་སུ་ཐུགས་དམ་བསྐུལ་བ་ནི༔ རྩེ་གཅིག་མོས་གུས་དྲག་པོ་བསྐྱེད༔ ཧྲཱི༔ འོག་མིན་བདེ་ཆེན་རྡོ་རྗེའི་ཞིང་ཁམས་ནས༔ ཚེ་དཔག་མེད་མགོན་ལྷ་མོ་ཙཎྜ་ལཱི༔ དབྱིངས་རིག་འདུ་འབྲལ་མེད་པའི་ཀློང་ནས་བཞེངས༔ ངོ་བོ་འོད་གསལ་ཆོས་སྐུའི་ཚེ་བཅུད་ཁུག༔ ཧྲཱི༔ ལྔ་ལྡན་འཇའ་ཟེར་ཐིག་ལེའི་དཀྱིལ་འཁོར་ནས༔ སྤྱན་རས་གཟིགས་དབང་གསང་བ་ཡེ་ཤེས་ཡུམ༔ བདེ་སྟོང་འདུ་འབྲལ་མེད་པའི་ཀློང་ནས་བཞེངས༔ རང་བཞིན་ཁ་སྦྱོར་ལོངས་སྐུའི་ཚེ་བཅུད་ཁུག༔ ཧྲཱི༔ བཀྲ་ཤིས་བྲག་ཕུག་མཱ་ར་ཏཱི་ཀ་ནས༔ མཚོ་སྐྱེས་རྡོ་རྗེ་འཆི་མེད་མནྡཱ་ར༔ ཐབས་ཤེས་འདུ་འབྲལ་མེད་པའི་ཀློང་ནས་བཞེངས༔ ཐུགས་རྗེ་འགྲོ་འདུལ་སྤྲུལ་སྐུའི་ཚེ་བཅུད་ཁུག༔ ཧྲཱི༔ རང་སྣང་རྣམ་དག་ཟངས་མདོག་དཔལ་རི་ནས༔ པདྨ་ཐོད་ཕྲེང་བདེ་ཆེན་མཚོ་རྒྱལ་ཡུམ༔ སྣང་སྟོང་འདུ་འབྲལ་མེད་པའི་ཀློང་ནས་བཞེངས༔ འཁོར་འདས་བརྟན་དང་གཡོ་བའི་ཚེ་བཅུད་ཁུག༔ ཧྲཱི༔ འཆི་མེད་སྐུ་གསུམ་ཀུན་འདུས་ཚེ་ཡི་ལྷ༔ ཨོ་རྒྱན་ཆེན་པོ་པདྨ་ཐོད་ཕྲེང་རྩལ༔ རབ་འབྱམས་རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས༔ སྔོན་གྱི་ཐུགས་དམ་རྗེས་སུ་དགོངས་ནས་ཀྱང༔ འདིར་སྤྱོན་སྒྲུབ་པའི་རྫས་ལ་བྱིན་ཆེན་ཕོབ༔ ལུས་ངག་ཡིད་ལ་རྡོ་རྗེའི་དབང་བཞི་སྐུར༔ ཕུང་ཁམས་མི་ཤིགས་དྭངས་མ་གསུམ་ལྡན་ཀློང༔ འཆི་མེད་འཇའ་ལུས་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨཱ་ཡུརྫྙཱན་སརྦ་སིདྡྷིཕ་ལ་ཧོ༔ ཞེས་བསྐུལ་ཡེ་ཤེས་ལྷ་ཚོགས་ཀྱི༔ ཐུགས་རྗེའི་འོད་ཟེར་དཔག་མེད་འཕྲོས༔ འགྲོ་ཀུན་དུས་མིན་འཆི་བ་བསལ༔ སྣོད་བཅུད་དཀྱིལ་འཁོར་འཁོར་ལོར་བསྒྱུར༔ སྲིད་ཞིའི་ཚེ་དང་ཡེ་ཤེས་བཀུག༔ བདག་དང་སྒྲུབ་པའི་རྫས་ལ་ཐིམ༔ ཕུང་ཁམས་དྭངས་མའི་སྲོག་འགྲུབ་ཅིང༔ འཆི་མེད་བདུད་རྩིར་འཁྱིལ་པར་བསམ༔ སྣོད་བཅུད་དཀྱིལ་འཁོར་འཁོར་ལོར་སྦ༔ རྩ་རླུང་ཐིག་ལེ་དབུ་མར་སྦ༔ སྣང་བ་སྟོང་པའི་དབྱིངས་སུ་སྦ༔ སྟོང་པ་རིག་པའི་སྙིང་པོར་སྦ༔ སྦ་བཞིའི་གནད་ལ་སུས་གོམས་པ༔ བར་ཆད་བགེགས་ཀྱིས་གླགས་མི་རྙེད༔ དུས་མིན་འཆི་དང་བདུད་བཞི་འཇོམས༔ ཚེ་དབང་རིག་འཛིན་མངོན་དུ་འགྱུར༔ ས་མ་ཡ༔ བདེ་གཤེགས་ཀུན་འདུས་ཐོད་ཕྲེང་ལྷའི༔ སྒྱུ་འཕྲུལ་དྲྭ་བའི་ཏིང་འཛིན་གྱི༔ ཕྲིན་ལས་འཆི་མེད་སྲོག་སྒྲུབ་འདི༔ སྙིང་གི་བུ་ལ་གཏད་དོ་རྒྱ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ <!TCC Tibetan character 3,181 undefined in unicode!> རྩ་གསུམ་འོད་གསལ་སྙིང་ཏིག་ལས༔ ཡན་ལག་ཚོགས་ཀྱི་འཁོར་ལོ་བཞུགས༔ <!TCC Tibetan character 3,181 undefined in unicode!> རྩ་གསུམ་ཀུན་འདུས་པདྨར་འདུད༔ བསོད་ནམས་ཡེ་ཤེས་རྣལ་འབྱོར་གྱིས༔ སྒྲིབ་གཉིས་འཆིང་བ་གཅོད་བྱེད་པ༔ ཡན་ལག་ཚོགས་ཀྱི་འཁོར་ལོ་ནི༔ དབེན་ཞིང་ཉམས་དགའི་གནས་མཆོག་ཏུ༔ ཡར་མར་ཚེ་བཅུའི་དུས་སོགས་དང༔ སྨིན་གྲོལ་གདམས་པ་སྦྱིན་པའི་ཚེ༔ དཔའ་བོ་ཌཱ་ཀི་མཉེས་བྱེད་ཕྱིར༔ ཐབས་ཤེས་འདུ་བར་འོས་པའི་རྫས༔ རྣམ་དག་མཆོད་པས་མདུན་བདར་ཏེ༔ དང་པོ་བྱིན་གྱིས་བརླབ་པ་ནི༔ ཧཱུྃ་ཧྲཱི༔ བདག་ཉིད་ལྷར་གསལ་ཐུགས་ནས་རཾ་ཡཾ་ཁཾ༔ འཕྲོས་པས་ཚོགས་ཀྱི་ཉེས་སྐྱོན་བསྲེགས་གཏོར་བཀྲུས༔ ཕྱི་སྣོད་ཀློང་ལྔ་དབྱིངས་ཀྱི་ཀ་པཱ་ལར༔ ནང་བཅུད་འབྲུ་གསུམ་ཡེ་ཤེས་བདུད་རྩིར་འཁྱིལ༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ གཉིས་པ་ཚོགས་ཞིང་སྤྱན་འདྲེན་ནི༔ ཧཱུྃ་ཧྲཱི༔ འོག་མིན་ཆོས་དབྱིངས་སྤྲོས་བྲལ་ཕོ་བྲང་དང༔ ལྷུན་གྲུབ་ངེས་པ་ལྔ་ལྡན་ལོངས་སྐུའི་ཞིང༔ འཆི་མེད་བདེ་ཆེན་པདྨ་དྲྭ་བ་སོགས༔ སྤྲུལ་པའི་དཀྱིལ་འཁོར་གནས་ཡུལ་དུར་ཁྲོད་ནས༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་བཅས་དང༔ རྩ་གསུམ་ཀུན་འདུས་ཨོ་རྒྱན་ཐོད་ཕྲེང་རྩལ༔ རིག་འཛིན་ཌཱ་ཀི་རྒྱ་མཚོའི་འཁོར་དང་བཅས༔ འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ལྷུན་གྲུབ་ཚོགས་ཁང་རང་བཞིན་སྤྲུལ་པའི་ཞིང༔ ཐབས་ཤེས་འདོད་ཡོན་མཆོག་གི་དམ་ཚིག་རྫས༔ སྣང་བ་ལྷ་ལ་གྲགས་པ་སྔགས་ཀྱི་སྒྲ༔ དྲན་རྟོག་ཀ་དག་ཆེན་པོར་བྱིན་ཕོབ་ཅིག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་ཌཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་བཛྲ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ གསུམ་པ་ཕྱི་ཡི་མཆོད་པ་ལ༔ དང་པོ་ཚོགས་ཕུད་འབུལ་བ་ནི༔ ཧཱུྃ་ཧྲཱི༔ བདེར་གཤེགས་རྒྱལ་བ་སྲས་བཅས་དམ་ཚིག་མཆོག༔ ཤ་ལྔ་བདུད་རྩི་རིགས་ལྔ་ཡེ་ཤེས་ལྔ༔ འདོད་པའི་ཡོན་ཏན་རྣམ་མང་མཆོད་སྤྲིན་གྱིས༔ བདེ་སྟོང་ཟུང་འཇུག་ཆེན་པོར་མཉེས་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་ཌཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་མ་ཧཱ་ཨ་མྲྀཏ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ བར་པ་ཉམས་ཆག་བཤགས་པ་ནི༔ ཧཱུྃ་ཧྲཱི༔ ཐོག་མེད་དུས་ནས་ད་ལྟ་ཡན་ཆད་དུ༔ བཅས་དང་རང་བཞིན་ཉམས་པའི་སྡིག་ལྟུང་གིས༔ རྩ་གསུམ་སྲུང་མའི་ཐུགས་དང་འགལ་པ་ཀུན༔ ཞལ་ཟས་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ཡི་གེ་བརྒྱ་པ་བརྗོད༔ ཐ་མ་སྦྱོར་སྒྲོལ་མཆོད་པས་བསྐང༔ ཧཱུྃ་ཧྲཱི༔ བདག་ཏུ་འཛིན་པའི་དགྲ་བགེགས་འབྱུང་པོ་ཀུན༔ བདག་མེད་རྡོ་རྗེ་ཁྲོ་བོའི་ཚོགས་རྣམས་ཀྱིས༔ ཛཿཧཱུྃ་བཾ་ཧོཿཆོས་ཀྱི་དབྱིངས་སུ་བསྒྲལ༔ ཕུང་ཁམས་ཟག་མེད་ཚོགས་ཀྱི་འཁོར་ལོར་རོལ༔ ཨོཾ་ཨཱཿཧཱུྃ་སརྦ་ཤ་ཏྲཱུན་མཱ་ར་ཡ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ནང་ལྟར་ཕུང་ཁམས་སྐྱེ་མཆེད་ཀྱི༔ ཡོངས་གྲུབ་དཀྱིལ་འཁོར་ལྷ་ཚོགས་མཆོད༔ ཧོ༔ གདོད་ནས་དག་མཉམ་དབྱེར་མེད་རྟོགས་པའི་རྫས༔ ཐབས་དང་ཤེས་རབ་ཟུང་འཇུག་འདོད་ཡོན་མཆོག༔ ལྷུན་གྲུབ་རྡོ་རྗེ་ཕུང་པོའི་དཀྱིལ་འཁོར་གྱི༔ རང་བྱུང་གཉུག་མའི་ལྷ་ཚོགས་མཆོད་ཕྱིར་བཞེས༔ ཨོཾ་ཨཱཿཧཱུྃ༔ རྩ་གསུམ་འཁོར་ལོ་ལྔ་ལྡན་གྲོང་ཁྱེར་དུ༔ ལྷན་སྐྱེས་དཔའ་བོ་མཁའ་འགྲོའི་དཀྱིལ་འཁོར་ལྷ༔ བཟའ་བཅའ་བཏུང་བའི་རྡོ་རྗེའི་དམ་ཚིག་གིས༔ བདེ་སྟོང་དགའ་བཞིའི་འདུ་བ་རྒྱས་ཕྱིར་རོལ༔ ཨ་ལ་ལ་ཧོ༔ གསང་བ་འབར་དང་འཛག་པ་ཡིས༔ སྙོམས་འཇུག་ཟག་མེད་བདུད་རྩི་སྤེལཿ བཞི་པ་ལྷག་མ་བསྔོ་བ་ནི༔ ཨ་ཀཱ་རོས་བརླབ་ཕཻཾ་གྱི་སྒྲས༔ ལྷག་སྡུད་ཚོགས་རྣམས་སྤྱན་དྲངས་ཏེ༔ ཧཱུྃ་ཧྲཱི༔ རྩ་གསུམ་དཀྱིལ་འཁོར་མུ་རན་སྐྱོང་བ་ཡི༔ ཡེ་ཤེས་ལས་གྲུབ་དཔལ་གྱི་ལྷག་སྡུད་ཀུན༔ ལོངས་སྤྱོད་ཚོགས་ཀྱི་ཕམ་ཕབ་འདི་ལོངས་ལ༔ རྣམ་བཞིའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོདཿ མ་མ་ཌཱ་ཀི་ནཱི་ཀིངྐ་ར་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ལྔ་པ་སྨོན་ལམ་གདབ་པ་ནི༔ ཧོ༔ སྣང་སྲིད་དག་པ་རབ་འབྱམས་རྡོ་རྗེའི་གྲོང༔ ཚོགས་གཉིད་ཟུང་འཇུག་འཁོར་ལོ་བསྐོར་པའི་མཐུས༔ འགྲོ་ཀུན་ཕྱི་ནང་གཞན་གསུམ་དབྱེར་མེད་པ༔ འཆི་མེད་པདྨ་ཐོད་ཕྲེང་འགྲུབ་པར་ཤོག༔ དྲུག་པ་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ་ཧྲཱི༔ ལྷོ་ནུབ་རྔ་ཡབ་ཟངས་མདོག་དཔལ་གྱི་རི༔ སྐུ་གསུམ་དབྱེར་མེད་སྤྲུལ་པའི་དཀྱིལ་འཁོར་ནས༔ བདེ་གཤེགས་ཡོངས་འདུས་པདྨ་ཐོད་ཕྲེང་རྩལ༔ གཙོ་འཁོར་སྤྲུལ་པར་བཅས་པའི་ཐུགས་དམ་བསྐུལ༔ ཧྲཱི༔ གདོད་ནས་དག་པ་ཆོས་སྐུའི་ཕོ་བྲང་ནས༔ རབ་འབྱམས་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་ལྷ༔ འགྲོ་ཀུན་སྡུག་བསྔལ་ཚོར་བས་ཉམ་ཐག་ཚེ༔ ཐུགས་དམ་བསྐུལ་ལོ་ཐུགས་རྗེ་དུས་འདིར་སྐྱེད༔ གནས་སྐབས་ཞི་རྒྱས་དབང་དང་དྲག་པོ་ཡི༔ གང་འདུལ་ཕྲིན་ལས་ལྷུན་གྱིས་གྲུབ་པ་དང༔ མཐར་ཐུག་སྐུ་བཞི་དབྱེར་མེད་ཐིག་ལེའི་ཀློང༔ ཁམས་གསུམ་འགྲོ་ཀུན་སྒྲོལ་བའི་ཕྲིན་ལས་མཛོད༔ བདུན་པ་ཆད་ཐོ་བསྒྲག་པ་ནི༔ ཧཱུྃ་བྷྱོ༔ སྔོན་ཚེ་ཀུན་བཟང་གདོད་མའི་མགོན་པོ་ཡིས༔ དམ་ལ་བཞག་པའི་རིག་རྩལ་དྲེགས་ཚོགས་ཀུན༔ ཟུང་འཇུག་རྡོ་རྗེའི་གཏོར་མ་འདི་ལོངས་ལ༔ སྣང་བཞི་ཟད་སར་སྐྱེལ་བའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ དེ་འོག་མཚོ་སྐྱེས་ཐོད་ཕྲེང་ཡབ་ཡུམ་གྱིས༔ དམ་ལ་བཞག་པའི་བདེ་སྟོང་དྲེགས་ཚོགས་ཀུན༔ ལྷན་སྐྱེས་ཉེ་རྒྱུའི་གཏོར་མ་འདི་ལོངས་ལ༔ འཆི་མེད་འོད་སྐུར་འགྲུབ་པའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ཐ་མ་དབང་དྲག་པདྨ་ཧེ་རུ་ཀས༔ དམ་ལ་བཞག་པའི་རྒྱུད་གསུམ་དྲེགས་ཚོགས་ཀུན༔ ཐ་ཚིག་གཉན་པོའི་གཏོར་མ་འདི་ལོངས་ལ༔ གང་འདུལ་ཕྲིན་ལས་ཡིད་བཞིན་འགྲུབ་པར་མཛོད༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཤྲཱི་མ་ཧཱ་ཀཱ་ལ་རཱ་ཧུ་ལ་ཨེ་ཀ་ཛཱ་ཊི་ཨ་ཡ་མ་དུ་རུ་ཙ་ཤ་ན་བ་ལིཾ་ཏ་བྷུཉྫ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བཛྲ་ས་མ་ཡ་ཧོ༔ བརྒྱད་པ་བརྟན་མ་སྐྱོང་བ་ནི༔ ཧཱུྃ་བྷྱོ༔ བོད་ཁམས་སྐྱོང་བའི་མ་མོ་བརྟན་མའི་ཚོགས༔ འདིར་གཤེགས་བཤལ་ཆུའི་བདུད་རྩི་འདི་གསོལ་ལ༔ འཆི་མེད་པདྨ་ཐོད་ཕྲེང་བཀའ་བཞིན་དུ༔ གང་ཅན་བསྟན་དང་འགྲོ་ལ་ཕན་བདེ་སྤེལ༔ གཉུག་གནས་གློ་བུར་ལྷགས་པའི་འབྱུང་པོ་ཀུན༔ དྲག་ཤུལ་རྡོ་རྗེའི་རོལ་པས་ཚར་བཅད་ནས༔ བོད་ཁམས་སྐྱེ་དགུའི་ཚོགས་རྣམས་བདེ་བ་དང༔ རྒྱལ་བསྟན་ཕྱོགས་བཅུར་དར་བའི་ཕྲིན་ལས་མཛོད༔ མ་མ་ཌཱ་ཀི་ནཱི་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་ཁཱ་ཧི༔ དགུ་པ་གནན་པ་བྱ་བ་ནི༔ ཧཱུྃ་བྷྱོ༔ རྣམ་ཐར་གསུམ་ལྡན་རྡོ་རྗེ་བཙུན་མོའི་ཀློང༔ གཉིས་འཛིན་ལོག་འདྲེན་དམ་སྲི་འབྱུང་པོའི་ཚོགས༔ མནན་ནོ་སྙིང་རྗེ་ཁྲོས་པའི་བྲོ་བརྡུངས་པས༔ བྱང་ཆུབ་བར་དུ་ལྡང་བར་མ་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་སཏྭཾ་བྷ་ཡ་ནན༔ གནས་སྐབས་སྒྲིབ་གཉིས་ཀུན་བྱང་ཞིང༔ ཅི་འདོད་ཕྲིན་ལས་ཡིད་བཞིན་འགྲུབ༔ མཐར་ཐུག་རིག་འཛིན་མཆོག་བརྙེས་སླད༔ ཚོགས་གཉིས་ལམ་འདི་གཅེས་པར་ཟུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ <!TCC Tibetan character 3,181 undefined in unicode!> རྩ་གསུམ་འོད་གསལ་སྙིང་ཏིག་ལས༔ སྐོང་བཤགས་འོད་གསལ་ཐོལ་གླུ་བཞུགས༔ <!TCC Tibetan character 3,181 undefined in unicode!> འཆི་མེད་རྩ་གསུམ་ལྷ་ལ་འདུད༔ དེ་ཉིད་བསྙེན་ཅིང་སྒྲུབ་པ་དང༔ ཚོགས་ཀྱི་འཁོར་ལོའི་འདུ་བའི་ཚེ༔ བསྐང་ཞིང་བཤགས་པའི་རིམ་པ་ལ༔ དང་པོ་བྱིན་གྱིས་བརླབ་པ་ནི༔ ཨཱ༔ ཀུན་བརྟགས་སྣང་བ་དབྱིངས་སུ་ཐིམ་པའི་རྩལ༔ གཞན་དབང་དག་པ་རབ་འབྱམས་མཆོད་སྤྲིན་ཆེ༔ ཡོངས་གྲུབ་ཡེ་ཤེས་མཆོག་གིས་བྱིན་བརླབས་པས༔ མི་ཟད་ནམ་མཁའ་མཛོད་ཀྱི་འཁོར་ལོར་གྱུར༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ༔ གཉིས་པ་ཚོགས་ཞིང་སྤྱན་འདྲེན་ནི༔ ཧཱུྃ་ཧྲཱི༔ གདོད་ནས་སྤྲོས་བྲལ་འོད་གསལ་གཉུག་མའི་གཤིས༔ གཞི་དབྱིངས་ཁྱད་ཆོས་དྲུག་ལྡན་ཡེ་ཤེས་ལས༔ གཞི་སྣང་ལྷུན་གྲུབ་ཡོངས་སྤྱོད་རྫོགས་སྐུའི་ཞིང༔ འོག་མིན་གསང་ཆེན་རྡོ་རྗེའི་ཕོ་བྲང་ཆེ༔ སྤྲུལ་པའི་གྲོང་ཁྱེར་མེ་རི་འབར་བ་དང༔ མངོན་པར་དགའ་དང་དཔལ་ལྡན་པདྨ་བརྩེགས༔ ལས་རབ་ཡོངས་སུ་རྫོགས་པའི་ཞིང་ཁམས་སོགས༔ ཕྱོགས་བཅུའི་ཞིང་བཞུགས་རྒྱལ་བ་སྲས་བཅས་དང༔ ཕྱི་ལྟར་གདོད་ནས་གྲུབ་པའི་ཉེར་བཞིའི་ཡུལ༔ ནང་ལྟར་ལྷུན་གྲུབ་རྡོ་རྗེ་ཕུང་པོའི་གྲོང༔ གསང་བ་རླུང་སེམས་དབུ་མར་ཐིམ་པའི་རྩལ༔ བདེ་སྟོང་ཟུང་དུ་འཇུག་པའི་དཀྱིལ་འཁོར་ནས༔ རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོའི་ལྷ༔ གནས་གསུམ་དཔའ་བོ་ཌཱ་ཀི་རྒྱ་མཚོ་དང༔ ཡེ་ཤེས་ལས་གྲུབ་ཆོས་སྐྱོང་སྲུང་མའི་ཚོགས༔ ཐུགས་དམ་བསྐང་ཞིང་ཉམས་ཆག་བཤགས་པའི་ཕྱིར༔ རྩེ་གཅིག་གུས་པའི་ཡིད་ཀྱིས་སྤྱན་འདྲེན་ན༔ དོན་དམ་འགྲོ་འོང་མཚན་མ་ལས་འདས་ཀྱང༔ ཀུན་རྫོབ་སྒྱུ་མ་ལྟ་བུའི་སྣང་ཆ་རུ༔ ཚད་མེད་ཐུགས་རྗེའི་དབང་གིས་གནས་འདིར་གཤེགས༔ གུ་རུ་དེ་བ་ཌཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་བཛྲ་ས་མ་ཡ་ཛ་ཛ༔ དམ་ཚིག་ཡེ་ཤེས་གཉིས་མེད་དགྱེས་པར་བཞུགས༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་གསུམ་ཀུན་བཟང་མཆོད་སྤྲིན་འབུལ༔ ཉོན་མོངས་ཤེས་བྱའི་སྒྲིབ་ཀུན་མཐོལ་ཞིང་བཤགས༔ བྱང་ཆུབ་སྤྱོད་པ་རྒྱ་མཚོར་རྗེས་ཡི་རངས༔ ཐེག་མཆོག་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་རྟག་པར་བཞུགས་གསོལ་འདེབས༔ འདིས་མཚོན་དགེ་ཚོགས་ཆོས་དབྱིངས་སྙིང་པོར་བསྔོ༔ ཀུན་ཀྱང་རྣམ་ཀུན་མཆོག་ལྡན་འཐོབ་པར་ཤོག༔ གསུམ་པ་ཐུགས་དམ་བསྐང་བ་ནི༔ ཧཱུྃ་ཧྲཱི༔ འཆི་མེད་ཐོག་མའི་མགོན་པོ་སྣང་མཐའ་ཡས༔ བདེ་སྟོང་སྙིང་རྗེའི་སྐུར་བཞེངས་སྤྱན་རས་གཟིགས༔ སྲིད་ཞིར་མི་གནས་སངས་རྒྱས་པདྨ་སྐྱེས༔ སྐུ་གསུམ་དབྱེར་མེད་བླ་མའི་ཐུགས་དམ་བསྐང༔ ཡེ་ཤེས་ཀློང་དགུའི་རང་གཟུགས་ཧེ་རུ་ཀ༔ གང་འདུལ་སྤྲུལ་པའི་རྣམ་རོལ་མཚན་མཆོག་བརྒྱད༔ ཡི་དམ་ཡོངས་འདུས་པདྨ་དྲག་པོ་རྩལ༔ དཀྱིལ་འཁོར་རྒྱ་མཚོའི་ངོ་བོར་ཐུགས་དམ་བསྐང༔ རྣམ་ཀུན་མཆོག་ལྡན་རྡོ་རྗེ་བཙུན་མོའི་དབྱིངས༔ གནས་འདིར་བཅུ་དྲུག་བདེ་སྟེར་མནྡཱ་ར༔ མཁའ་འགྲོའི་ཚོགས་རྗེ་ཡེ་ཤེས་མཚོ་རྒྱལ་སོགས༔ གནས་གསུམ་ཌཱ་ཀི་རྒྱ་མཚོའི་ཐུགས་དམ་བསྐང༔ ཟག་མེད་བདེ་ཆེན་ཐིག་ལེ་རཱ་ཧུ་ལ༔ ཤེས་རབ་སྟོང་ཆེན་དབྱིངས་ཕྱུག་ཨེ་ཀ་ཛཱ༔ ཟུང་འཇུག་དབུ་མར་ཤར་བའི་མ་ནིང་ནག༔ རྒྱུད་གསུམ་དྲེགས་ཚོགས་ཡོངས་ཀྱི་ཐུགས་དམ་བསྐང༔ ཧཱུྃ་ཧྲཱི༔ ཐུགས་དམ་བསྐང་བའི་དམ་རྫས་མཆོད་པ་ནི༔ ཡན་ལག་བརྒྱད་ལྡན་མཆོད་ཡོན་བདུད་རྩིའི་མཚོ༔ དྲི་མེད་གངྒཱའི་རྒྱུན་གྱི་ཞབས་བསིལ་སྦྲེང༔ ཆུ་སྐྱེས་ཐང་སྐྱེས་མེ་ཏོག་སྣ་ཚོགས་ཚལ༔ ལྷན་སྐྱེེས་སྦྱར་བའི་བདུག་པའི་སྤྲིན་ཕུང་འཐུལ༔ ཉི་ཟླ་ནོར་བུ་སྒྲོན་མེའི་སྣང་གསལ་འབར༔ རེག་པས་བདེ་བ་སྟེར་བའི་དྲི་ཆབ་རྒྱུན༔ ཡིད་འཕྲོག་འཆི་མེད་གྲུབ་པའི་ཞལ་ཟས་དང༔ དབྱངས་བདུན་རྫོགས་པའི་རོལ་མོའི་བྱེ་བྲག་སོགས༔ ཕྱི་མཆོད་འདོད་ཡོན་རྒྱ་མཚོས་ཐུགས་དམ་བསྐང༔ ཕུང་ཁམས་དྭངས་མར་ཤར་བའི་ཕྱག་རྒྱའི་གཟུགས༔ གྲགས་སྟོང་ཐབས་ཤེས་ཨཱ་ལི་ཀཱ་ལིའི་སྒྲ༔ རླུང་སེམས་དབུ་མར་འཆིང་བའི་ལྷན་སྐྱེས་དྲི༔ ཧྃ་ཡིག་ག་པུར་བཞུ་བའི་བདུད་རྩིའི་རོ༔ ཨ་ཤད་གཏུམ་མོར་འབར་བའི་རེག་བྱ་དང༔ དགའ་མཆོག་ཁྱད་པར་ལྷན་སྐྱེས་ཡེ་ཤེས་ཀྱི༔ རྣམ་འགྱུར་རྡོ་རྗེའི་རིག་མ་བཅུ་དྲུག་སོགས༔ རང་བྱུང་ནང་གི་མཆོད་པས་ཐུགས་དམ་བསྐང༔ གཟུང་འཛིན་འཁྲུལ་པའི་མཚན་མ་ལས་འདས་པའི༔ སྣང་སྲིད་གཞིར་བཞེངས་ཡེ་ཤེས་ཀ་པཱ་ལར༔ བདེ་སྟོང་དབྱེར་མེད་བརྟུལ་ཞུགས་གྲུབ་པའི་དཔྱིད༔ ཐབས་ཤེས་དགའ་བཞིས་དྲངས་པའི་ཨ་མྲྀཏ༔ རླུང་སེམས་དབུ་མར་འཆིང་བའི་དམར་ཆེན་པོ༔ ཟུང་འཇུག་ཕྱག་རྒྱ་ཆེན་པོའི་བ་ལིཾ་ཏ༔ ཕུང་ཁམས་དྭངས་མར་སྒྲུབ་པའི་དམ་ཚིག་རྫས༔ ལྷན་སྐྱེས་གསང་བའི་མཆོད་པས་ཐུགས་དམ་བསྐང༔ གཞི་དབྱིངས་རིག་སྟོང་ཕྱག་རྒྱའི་པདྨོ་རུ༔ གཞི་སྣང་ཡེ་ཤེས་རྡོ་རྗེས་མཉམ་སྦྱོར་བས༔ སྲིད་དང་ཞི་བའི་ཆོས་ཁམས་ཇི་སྙེད་ཀུན༔ འོད་གསལ་རྣམ་ཀུན་མཆོད་ལྡན་ཀློང་དུ་བསྒྲལ༔ ཀ་དག་བྱར་མེད་གཉུག་མ་རྡོ་རྗེའི་སྲོག༔ ལྷུན་གྲུབ་ཐིག་ལེ་ཆེན་པོར་ཤར་བའི་གཟུགས༔ བླང་དོར་སྤྲོས་པའི་ཕ་རོལ་ལས་བརྒལ་བ༔ བླ་མེད་མཆོག་གི་མཆོད་པས་ཐུགས་དམ་བསྐང༔ ཆོས་ཉིད་མངོན་སུམ་འཇའ་ཟེར་ཐིག་ལེའི་སྦུབས༔ ཉམས་སྣང་གོང་འཕེལ་སྣ་ཚོགས་མཆོད་སྤྲིན་ཆེས༔ རིག་པ་ཚད་ཕེབས་དོན་གྱི་ལྷ་ཚོགས་རྣམས༔ ཆོས་ཟད་བློ་འདས་ཆེན་པོར་ཐུགས་དམ་བསྐང༔ ཐུགས་དམ་བསྐངས་གྱུར་ལས་བཞི་གྲུབ་པ་བརྒྱད༔ རིག་འཛིན་རྣམ་བཞིའི་གོ་འཕང་ལ་བརྟེན་ནས༔ ཚེ་གཅིག་འཆི་མེད་འཇའ་ལུས་རྡོ་རྗེའི་གྲོང༔ སྐུ་དང་ཡེ་ཤེས་མཆོག་གི་དངོས་གྲུབ་སྩོལ༔ བཞི་པ་ཉམས་ཆག་བཤགས་པ་ནི༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་བཅས་དང༔ རྩ་བརྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་ལྷ༔ དཔའ་བོ་མཁའ་འགྲོ་དམ་ཅན་རྒྱ་མཚོར་བཅས༔ ཀུན་ནས་མཁྱེན་བརྩེས་བདག་ལ་དགོངས་སུ་གསོལ༔ གསང་ཆེན་རྡོ་རྗེའི་རིག་པ་འཛིན་པ་ཡི༔ རྣལ་འབྱོར་བདག་ཅག་འདུས་པར་བཅས་པ་ཀུན༔ བླ་མེད་བྱང་ཆུབ་སྙིང་པོ་བསྒྲུབ་པའི་ཕྱིར༔ སྨོན་དང་འཇུག་པའི་སེམས་གཉིས་རབ་བསྐྱེད་ནས༔ སོ་ཐར་ཐེག་ཆེན་གསང་སྔགས་བསླབ་པ་རྣམས༔ སྲོག་གི་ཕྱིར་ཡང་མི་གཏོང་ཅི་ནུས་སུ༔ ཚུལ་བཞིན་བསྲུང་བར་ཁས་བླངས་དམ་བཅས་ཀྱང༔ གཟུང་འཛིན་ཉོན་མོངས་འཁྲུལ་པའི་གཞན་དབང་ལ༔ བརྟེན་ནས་ཉམས་ཤིང་ཆག་པར་གྱུར་པ་ཀུན༔ མི་འཆབ་མི་སྦེད་གནོང་འགྱོད་དྲག་པོ་ཡིས༔ སྙིང་ནས་སོ་སོར་བཤགས་ཤིང་སྡོམ་བགྱིད་ན༔ ཚངས་པ་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ དོན་དམ་བརྗོད་བྲལ་གཉུག་མའི་གཤིས་ལུགས་ལ༔ བཤགས་དང་བཤགས་པར་བྱ་བ་ལས་འདས་ཀྱང༔ ཀུན་རྫོབ་སྒྱུ་མ་ལྟ་བུའི་སྣང་ཆ་རུ༔ ཉེས་པ་གང་མཆིས་སྙིང་ནས་བཟོད་པར་གསོལ༔ ཡི་གེ་བརྒྱ་པ་ལན་གསུམ་མཐར༔ འཁོར་གསུམ་སྤྲོས་བྲལ་ངང་དུ་གཞག༔ ལྔ་པ་སྨོན་ལམ་གདབ་པ་ནི༔ ཧོ༔ དེ་ལྟར་བསྐངས་ཤིང་བཤགས་པའི་བྱིན་རླབས་ཀྱིས༔ བདག་གཞན་མཁའ་ཁྱབ་འགྲོ་བ་མ་ལུས་ཀུན༔ སྲིད་ལས་ངེས་འབྱུང་བྱང་ཆུབ་སེམས་བསྐྱེད་ནས༔ བླ་མེད་ཐེག་ཆེན་མཆོག་ལ་འཇུག་པར་ཤོག༔ དེ་ཚེ་དངོས་གྲུབ་རྒྱ་མཚོའི་འབྱུང་གནས་མཆོག༔ རྡོ་རྗེ་སློབ་དཔོན་བྱམས་པའི་བཀའ་དྲིན་ལས༔ སྨིན་གྲོལ་ཟབ་མོའི་གདམས་པའི་བཅུད་ཐོབ་ནས༔ གསང་ཆེན་རྡོ་རྗེའི་རིག་པ་འཛིན་པར་ཤོག༔ སྣང་སྲིད་དག་པ་ལྷ་ཡི་ཞིང་དང་སྐུར༔ ཡོངས་ཤར་བཟླས་པ་སྔགས་ཀྱིས་རྒྱུད་བསྐུལ་བས༔ རྩ་གསུམ་དཀྱིལ་འཁོར་འཁོར་ལོ་རབ་འབྱམས་ཀྱིས༔ དགྱེས་པའི་ཞལ་བསྟན་གསུང་གི་དབུགས་དབྱུང་ཤོག༔ སྲོག་རྩོལ་ཁ་སྦྱོར་རླུང་གི་རྣལ་འབྱོར་དང༔ འབར་འཛག་དབུ་མར་ཐིམ་པའི་ཏིང་འཛིན་གྱིས༔ ཕུང་ཁམས་སྐྱེ་མཆེད་དྭངས་མར་ཡོངས་ཤར་ཅིང༔ ས་བཅུ་དབུ་མའི་ཀློང་དུ་རྫོགས་པར་ཤོག༔ དངོས་དང་ཡིད་ལས་བྱུང་བའི་ཙཎྜ་ལཱི༔ སྙོམས་འཇུག་གསང་བའི་མཆོད་པས་མཉེས་བྱས་མཐུས༔ ལུགས་འབྱུང་ལུགས་ལྡོག་དགའ་བཞིའི་ཡེ་ཤེས་ཀྱིས༔ ལྷན་སྐྱེས་བདེ་སྟོང་དབྱེར་མེད་འགྲུབ་པར་ཤོག༔ ཀ་དག་མངོན་སུམ་རིག་པའི་ངང་ཉིད་ལས༔ ལྷུན་གྲུབ་སྣང་བ་བཞི་ཡི་ཉམས་ལེན་གྱིས༔ ཟག་བཅས་འཁྲུལ་པའི་ཕུང་ཁམས་སྐྱེ་མཆེད་ཀུན༔ འཇའ་ལུས་རྡོ་རྗེའི་སྐུ་རུ་གནས་འགྱུར་ཤོག༔ ཚེ་འདིར་མཆོག་གི་དངོས་གྲུབ་མ་འཐོབ་ན༔ འཆི་བ་ཆོས་སྐུ་བར་དོ་ལོངས་སྐུ་དང༔ སྐྱེ་སྲིད་སྤྲུལ་པའི་སྐུ་ཡི་རྣམ་རོལ་གྱིས༔ རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག༔ གཞན་ཡང་བསྟན་འཛིན་སྐྱེས་མཆོག་དམ་པ་རྣམས༔ ཞབས་པད་བརྟན་ཅིང་བཤད་སྒྲུབ་བསྟན་པ་དར༔ འགྲོ་ཀུན་མི་མཐུན་རྒུད་པ་ཀུན་ཞི་ཞིང༔ ཕན་བདེའི་དཔལ་འབྱོར་རྟག་ཏུ་རྒྱས་པར་ཤོག༔ མདོར་ན་གནས་སྐབས་ཕྲིན་ལས་རྣམ་བཞི་དང༔ གྲུབ་ཆེན་བརྒྱད་དང་དབང་བཅུ་ཕྱི་ནང་གཉིས༔ རྣམ་སྨིན་ཚེ་དབང་འོད་གསལ་ཕྱག་རྒྱ་ཆེ༔ ལྷུན་གྱིས་གྲུབ་པའི་རིག་འཛིན་མཐར་ཕྱིན་ཤོག༔ མཐར་ཐུག་སྐུ་དང་ཡེ་ཤེས་དབྱེར་མེད་པ༔ འཆི་མེད་རྩ་གསུམ་དཀྱིལ་འཁོར་མངོན་གྱུར་ནས༔ བུམ་པ་བཟང་དང་དཔག་བསམ་ནོར་བུ་ལྟར༔ གཞན་དོན་ཕྲིན་ལས་ལྷུན་གྱིས་གྲུབ་པར་ཤོག༔ མཆོད་བྱ་མཆོད་བྱེད་མཆོད་ཡུལ་མ་ལུས་ཀུན༔ ཀུན་རྫོབ་མཁའ་ལ་འཇའ་ཚོན་ཤར་པ་ལྟར༔ སྣང་ཡང་གཟུང་འཛིན་སྤྲོས་པ་ལས་འདས་པའི༔ དོན་དམ་རིག་སྟོང་རྗེན་པའི་དབྱིངས་སུ་ཨ༔ ཞེས་བརྗོད་རྗེས་ཀྱི་བྱ་བ་རྣམས༔ སྒྲུབ་པའི་ཕྲིན་ལས་གཞུང་བཞིན་བྱ༔ ས་མ་ཡ༔ དེ་ལྟར་རྩ་གསུམ་དཀྱིལ་འཁོར་གྱི༔ སྐོང་བཤགས་འོད་གསལ་ཐོལ་གླུ་འདི༔ མ་འོངས་རྡོ་རྗེའི་རིག་འཛིན་རྣམས༔ དངོས་གྲུབ་རྣམ་གཉིས་འཐོབ་ཕྱིར་བསྟན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ གར་དབང་འོད་གསལ་གླིང་པས་ཟབ་མོ་དགོངས་པའི་གཏེར་མཛོད་ལས་ཕྱུང་བའོ། །ཤུ་བྷཾ།། །། <!TCC Tibetan character 3,181 undefined in unicode!> རྩ་གསུམ་འོད་གསལ་སྙིང་ཏིག་ལས༔ ཐུན་མོང་སྨིན་བྱེད་ཡེ་ཤེས་ཐིག་ལེ་བཞུགས༔ <!TCC Tibetan character 3,181 undefined in unicode!> འཆི་མེད་རྩ་གསུམ་ལྷ་ལ་འདུད༔ ཐུན་མོང་ཕུང་པོ་རྣམ་པ་ལྔ༔ ཡེ་ཤེས་རྣམ་ལྔའི་ཐིག་ལེ་རུ༔ སྨིན་བྱེད་རིགས་མཆོག་རྣམ་ལྔ་ཡི༔ རྡོ་རྗེའི་དབང་བསྐུར་ཆེན་པོ་བསྟན༔ ས་མ་ཡ༔ དད་དང་བརྩོན་འགྲུབ་ལྡན་པ་ཡི༔ སློབ་མ་ཁྲུས་བྱས་གྲལ་ལ་འཁོད༔ བགེགས་ཕྲལ་སྲུང་བའི་འཁོར་ལོ་བསྒོམ༔ ལོ་རྒྱུས་མཚམས་སྦྱར་མཎྜལ་འབུལ༔ ཆས་སུ་གཞུག་ཅིང་གསོལ་གདབ་ནི༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ཅག་འཁོར་བ་ལས་བསྒྲལ་ཕྱིར༔ དཀྱིལ་འཁོར་ཆེན་པོར་འཇུག་པར་འཚལ༔ ལན་གསུམ་རྗེས་སུ་སློབ་དཔོན་གྱིས༔ གསང་བ་བླ་མེད་དཀྱིལ་འཁོར་འདིར༔ སྨིན་པའི་དབང་མཆོག་དོན་གཉེར་ན༔ དབང་སྲོག་དམ་ཚིག་རྒྱ་མཚོའི་གནས༔ སྲོག་ལ་བབས་ཀྱང་སྲུང་ནུས་སམ༔ ཞེས་དྲིས་དེ་ཡི་ལན་བཏབ་པ༔ ལྷ་དང་དབྱེར་མེད་སློབ་དཔོན་གྱི༔ བཀའ་བཞིན་རྗེས་སུ་སྒྲུབ་ལགས་ཀྱི༔ སོ་ཐར་བྱང་སེམས་རིག་འཛིན་གྱི༔ སྡོམ་པས་བདག་རྒྱུད་གཏམས་པར་མཛོད༔ ཅེས་གསོལ་གནང་བ་སྦྱིན་པ་ནི༔ དུས་གསུམ་གཤེགས་པའི་སངས་རྒྱས་ཀུན༔ རྡོ་རྗེའི་ལམ་མཆོག་འདི་ལ་བརྟེན༔ དེ་ཕྱིར་གསང་ཆེན་དཀྱིལ་འཁོར་འདིར༔ བུ་ཁྱོད་འཇུག་ཅིང་སྨིན་པར་བྱ༔ ཅེས་བརྗོད་སྐྱབས་སེམས་འབོགས་པ་ནི༔ མདུན་མཁར་རྩ་གསུམ་རབ་འབྱམས་ལྷ༔ མངོན་སུམ་ལྟ་བུར་བཞུགས་པའི་མདུན༔ གུས་པ་ཆེན་པོས་འཁོད་པའི་བློས༔ ཚིག་འདི་དག་གིས་གཟུང་དུ་གཞུག༔ ན་མོ༔ བདག་སོགས་མཁའ་མཉམ་འགྲོ་བ་ཀུན༔ དེང་ནས་བྱང་ཆུབ་སྙིང་པོའི་བར༔ བླ་མ་དཀོན་མཆོག་རྒྱ་མཚོ་ལ༔ མི་ཕྱེད་གུས་པས་སྐྱབས་སུ་མཆི༔ མར་གྱུར་རིགས་དྲུག་སེམས་ཅན་རྣམས༔ སྡུག་བསྔལ་མཚོ་ལས་བསྒྲལ་བྱའི་ཕྱིར༔ རྩ་གསུམ་དཀྱིལ་འཁོར་འདིར་ཞུགས་ནས༔ དོན་གཉིས་བསྒྲུབ་པར་སེམས་བསྐྱེད་དོ༔ ལན་གསུམ་བར་དུ་ནན་ཏན་དང༔ གསག་སྦྱོང་སྤེལ་བའི་རྣལ་འབྱོར་བྱ༔ ཁྱད་པར་སྡོམ་པ་གཟུང་བ་ནི༔ ཧོ༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་དང༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ རིག་པ་འཛིན་པ་བདག་གིས་ནི༔ དེང་ནས་བྱང་ཆུབ་སྙིང་པོའི་བར༔ ངེས་པར་འབྱུང་བས་རྒྱུད་བསྐུལ་ནས༔ ཕྱི་ནང་གསང་བ་བླ་མེད་པའི༔ མཆོག་གསུམ་སྐྱབས་ཀྱི་སྙིང་པོར་གཟུང༔ ལུས་ངག་ཡིད་ཀྱིས་གཞན་རྣམས་ལ༔ གནོད་པའི་བསམ་སྦྱོར་ཡོངས་སྤང་ཞིང༔ བྱམས་དང་སྙིང་རྗེ་ཆེན་པོའི་བློས༔ ཕ་རོལ་ཕྱིན་པ་དྲུག་ལ་སོགས༔ ཕན་བདེའི་སྤྱོད་པ་རླབས་ཆེན་སྤྱད༔ མ་བསྒྲལ་བསྒྲལ་དང་མ་སྒྲོལ་སྒྲོལ༔ དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང༔ ཐམས་ཅད་སྲིད་ཞི་ལས་འདས་པའི༔ བླ་མེད་བྱང་ཆུབ་དམ་པར་འགོད༔ བདེར་གཤེགས་རྡོ་རྗེ་རིན་པོ་ཆེ༔ པདྨ་ལས་ཀྱི་སྡོམ་པ་དང༔ ཡན་ལག་དམ་ཚིག་ཉི་ཤུ་ལྔ༔ རྩ་བ་སྐུ་གསུང་ཐུགས་ལ་སོགས༔ རྡོ་རྗེ་འཆང་གིས་རྒྱུད་སྡེ་ལས༔ སྔགས་ཀྱི་འདུལ་བར་གང་གསུངས་པ༔ སྲོག་གི་ཕྱིར་ཡང་མི་གཏོང་ན༔ གཙོ་བོས་བདག་ལ་བཀའ་དྲིན་མཛོད༔ ལན་གསུམ་བར་དུ་ཁས་བླངས་ཤིང༔ གསང་སྔགས་ནང་གི་སེམས་བསྐྱེད་བྱ༔ ཕྱི་ལྟར་འཇུག་ཕྱིར་གསོལ་བ་གདབ༔ ཧོ༔ སྨོན་པ་ཚད་མེད་རྣམ་བཞིའི་དངོས༔ དཀྱིལ་འཁོར་ཆེན་པོའི་སྒོ་ཕྱེ་ནས༔ གཉིས་མེད་འཇུག་པའི་བྱང་ཆུབ་སེམས༔ ཡེ་ཤེས་ལྷ་ཚོགས་བསྟན་དུ་གསོལ༔ ལན་གསུམ་རྗེས་སུ་སློབ་དཔོན་གྱིས༔ བདེ་ཆེན་རོལ་པའི་དཀྱིལ་འཁོར་ནས༔ དགའ་བཞིའི་ཡེ་ཤེས་གཟུགས་འཆང་བ༔ གང་འདུལ་ཕྲིན་ལས་སྒོ་བ་བཞིས༔ སྐལ་བར་ལྡན་རྣམས་གཞུག་པར་འཚལ༔ ཛཿཧཱུྃ་བཾ་ཧོཿཔྲ་བེ་ཤ་ཡ་ཕཊ྄༔ ཅེས་བརྗོད་ལས་ཀྱི་རྡོ་རྗེ་ཡིས༔ དཀྱིལ་འཁོར་ནང་དུ་འཁྲིད་པར་མོས༔ སྐུ་གསུང་ཐུགས་ཀྱི་ཕྱག་བྱས་ནས༔ ནང་ལྟར་འཇུག་པའི་དང་པོ་ནི༔ དམ་ལ་གཞག་པ་རྣམ་བཞི་སྦྱིན༔ ཧོ༔ དེང་ཁྱོད་རང་སྣང་དཀྱིལ་འཁོར་ཆེར༔ མཆོག་ཏུ་གསང་བས་རབ་ཞུགས་ན༔ ཡེ་ཤེས་དངོས་གྲུབ་འཐོབ་འགྱུར་གྱི༔ གཞན་དུ་སྨྲས་ན་དེ་ལྟར་མིན༔ བཛྲ་གུ་ཧྱ་ས་མ་ཡ་ཧོ༔ གཉིས་མེད་ཡེ་ཤེས་རྡོ་རྗེ་སེམས༔ ཁྱོད་ཀྱི་སྙིང་དབུས་ཡང་དག་ཞུགས༔ ཚུལ་མིན་སྨྲས་ན་ཉམས་པར་འགྱུར༔ དེ་བས་གསང་ཆེན་ཐུབ་པར་གྱིས༔ བཛྲ་སཏྭ་ཛྙཱ་ན་ས་མ་ཡ་ཨཱ༔ རྡོ་རྗེའི་དམ་ཚིག་བདུད་རྩིའི་ཆུ༔ ཐུངས་ཤིག་ཐུངས་ཤིག་སེམས་དཔའ་ཆེ༔ དམ་ཚིག་འདས་ན་སྲེག་བྱེད་ཅིང༔ བསྲུངས་ན་དངོས་གྲུབ་རྣམ་གཉིས་ཐོབ༔ བཛྲ་ཨ་མྲྀཏ་ཨུ་ད་ཀ་ས་མ་ཡ་ཧོ༔ དེང་ནས་ཁྱོད་ཀྱི་ཧེ་རུ་ཀ༔ རྡོ་རྗེ་སློབ་དཔོན་ང་ཡིན་གྱིས༔ ཇི་ལྟར་བསྒོ་བའི་ཐ་ཚིག་ལས༔ ནམ་ཡང་འདའ་བར་མ་བྱེད་ཅིག༔ བཛྲ་ས་མ་ཡ་རཀྵནྟུ༔ ཡེ་ཤེས་དབབ་ཕྱིར་གསོལ་བ་གདབ༔ ཧོ༔ རབ་འབྱམས་རྩ་གསུམ་ལྷ་ཚོགས་ཀྱི༔ རྡོ་རྗེའི་ཡེ་ཤེས་བདེ་བ་ཆེ༔ དེང་འདིར་བདག་ལ་དབབ་ནས་ཀྱང༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ སློབ་མ་ལུས་གནད་དྲང་པོར་བསྲང༔ དམ་ཚིག་ལྷར་བསྐྱེད་ཡེ་ཤེས་དབབ༔ བྱིན་ཆེན་ཕེབས་པའི་རྟགས་བྱུང་ན༔ ཏིཥྛ་བཛྲས་བརྟན་པར་བྱ༔ དེ་ནས་མེ་ཏོག་དོར་བ་ནི༔ ཧོ༔ རང་སྣང་རྣམ་དག་འོག་མིན་དུ༔ བདེ་ཆེན་རྡོ་རྗེའི་མཎྜ་ལར༔ རིག་པའི་མེ་ཏོག་འདི་དོར་བས༔ ལྷག་པའི་ལྷ་ལ་འབབ་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜལ་པུཥྤེ་པྲ་ཏཱིཙྪ་ཧོ༔ ཁྱོད་ནི་བླ་མེད་བྱང་ཆུབ་ཀྱི༔ ཡེ་ཤེས་དམ་པའི་སྣོད་ཡིན་ཕྱིར༔ རྡོ་རྗེའི་དམ་ཚིག་འདི་ཟུངས་ལ༔ རང་གཞན་དོན་གཉིས་བསྒྲུབ་པར་གྱིས༔ པྲ་ཏི་གྲྀཧྞ་ཨི་མཾ་སཏྭཱ་མ་ཧཱ་བཱ་ལ༔ ཞེས་བརྗོད་ལྷག་ལྷ་སྤྱི་བོར་བསྟིམ༔ སྒྲིབ་གཉིས་མིག་རས་བསལ་བ་ནི༔ ཨེ་མ་ཧོ་གདོད་ནས་རྣམ་དག་པའི༔ དྲི་མེད་འོད་གསལ་རྡོ་རྗེའི་སྤྱན༔ གློ་བུར་འཁྲུལ་པས་བསྒྲིབས་པའི་མུན༔ ཡེ་ཤེས་ཐུར་མས་དབྱེ་བར་བྱ༔ ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ ཅེས་བརྗོད་དཀྱིལ་འཁོར་བལྟ་བར་བསྐུལ༔ ལྟོས་ཤིག་སྐལ་ལྡན་རིགས་ཀྱི་བུ༔ ད་ནི་དད་པ་རབ་ཏུ་སྐྱེད༔ རྩ་བ་གསུམ་གྱི་དཀྱིལ་འཁོར་འདིར༔ རྡོ་རྗེའི་རིག་པ་འཛིན་པར་འགྱུར༔ ཧེ་བཛྲ་སརྦ་ཏ་ཐཱ་ག་ཏ་མཎྜ་ལ་པ་ཤྱ་ཧོ༔ ཞེས་བསྐུལ་དཀྱིལ་འཁོར་བསྟན་པ་ནི༔ ཧོ༔ ཀ་དག་གཏིང་གསལ་ཆོས་ཀྱི་སྐུ༔ སྤྲོས་པ་བྲལ་བའི་ཡེ་ཤེས་ལས༔ ལྷུན་གྲུབ་འོད་ལྔའི་ཞིང་ཁམས་སུ༔ ལོངས་སྤྱོད་ཡོངས་རྫོགས་འཁོར་ལོར་ཤར༔ ཟུང་འཇུག་སྤྲུལ་པའི་རྣམ་རོལ་ནི༔ ལྷག་པ་གཟུགས་བརྙན་དཀྱིལ་འཁོར་འདིར༔ ས་བཅུ་ལམ་ལྔའི་ཡོན་ཏན་ཀུན༔ མ་བཙལ་ལྷུན་གྱིས་གྲུབ་པ་ཡི༔ ཐར་པ་ཆེན་པོའི་གཞལ་མེད་ཁང༔ ཡིད་འོང་ཉམས་དགའི་གནས་མཆོག་ཏུ༔ སྐུ་དང་ཡེ་ཤེས་དབྱེར་མེད་པའི༔ རབ་འབྱམས་རྩ་གསུམ་ལྷ་ཡི་ཚོགས༔ སྣང་ལ་རང་བཞིན་མ་གྲུབ་པར༔ གང་འདུལ་ཚུལ་གྱིས་བཞུགས་པ་རྣམས༔ མངོན་སུམ་ལྟ་བུར་མཐོང་བའི་བློས༔ གཉིས་སུ་འཛིན་པའི་རྟོག་པ་སྤོངས༔ ཐམས་ཅད་རང་སྣང་ཉིད་ཡིན་ཕྱིར༔ གཉིས་མེད་ཡེ་ཤེས་ཆེན་པོར་སྦྱོར༔ ཕྱི་རུ་མཚོན་བྱེད་དཀྱིལ་དང་འཁོར༔ ནང་ལྟར་རྡོ་རྗེ་ཕུང་པོའི་གྲོང༔ གཞན་དུ་བསྐྱེད་རྫོགས་ཟུང་འཇུག་པའི༔ ཟབ་མོའི་ལམ་མཆོག་ལ་བརྟེན་ནས༔ རང་བྱུང་ལྷུན་གྲུབ་ལུས་ཀྱི་དཀྱིལ༔ རྡོ་རྗེའི་འོག་མིན་ཆེན་པོའི་ཀློང༔ རྩ་དག་སྣང་སྟོང་སྤྲུལ་པའི་སྐུ༔ རླུང་དག་བདེ་སྟོང་ལོངས་སྤྱོད་རྫོགས༔ ཐིག་ལེ་འོད་གསལ་ཆོས་སྐུའི་ཞལ༔ བཅིངས་གྲོལ་མེད་པར་ཁྱོད་ཀྱིས་མཐོང༔ བཛྲ་ཛྙཱ་ན་ས་མ་ཡ་ཧོ༔ ཞེས་བརྗོད་ཕྱི་ནང་གཞན་གསུམ་གྱི༔ དཀྱིལ་འཁོར་རྣམ་དབྱེ་རྒྱས་པར་བཤད༔ རྡོ་རྗེ་སློབ་མ་རྣམས་ཀྱིས་ཀྱང༔ དེ་ཉིད་མངོན་སུམ་མཐོང་བའི་བློས༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜ་ལ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ལྷར་སྣང་ཞེན་མེད་ང་རྒྱལ་གཟུང༔ དད་དང་སྤྲོ་བ་མཆོག་ཏུ་བསྐྱེད༔ ས་མ་ཡ༔ དངོས་གཞིར་ཕན་ནུས་ཟབ་གསུམ་ལས༔ དང་པོའི་ཆེད་དུ་གསོལ་གདབ་ནི༔ སངས་རྒྱས་ཀུན་འདུས་རྡོ་རྗེ་འཛིན༔ བདག་ལ་བརྩེ་བས་ཉེར་དགོངས་ནས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ དབང་བསྐུར་དམ་པ་བསྩལ་དུ་གསོལ༔ ཞེས་པས་གསོལ་གདབ་སློབ་དཔོན་གྱི༔ ཐུགས་ནས་འཕྲོས་པའི་འོད་ཟེར་གྱིས༔ གདན་གསུམ་ཚང་བའི་དབང་གི་ལྷ༔ ནམ་མཁའ་གང་བར་སྤྱན་དྲངས་པར༔ མཆོད་ཅིང་བསྟོད་ནས་གསོལ་བཏབ་པས༔ ཀུན་ཀྱང་དབང་གི་བྱ་བ་ལ༔ དགོངས་པ་མངོན་དུ་གཏད་པར་མོས༔ དབང་རྫས་སློབ་མར་བཅས་པ་ཡང༔ སོ་སོའི་རིགས་ཀྱི་ལྷར་གསལ་ཞིང༔ མི་མཐུན་ཕྱོགས་ལས་རྒྱལ་བའི་སླད༔ ཤིས་པ་བརྗོད་པ་སྔོན་འགྲོ་བས༔ ཐོག་མར་བུམ་པ་སྤྱི་བོར་བསྐུར༔ ཧཱུྃ༔ ཞེ་སྡང་རྣམ་དག་རྡོ་རྗེའི་རིགས༔ མི་བསྐྱོད་ཆུ་ཡི་དབང་བསྐུར་བས༔ རྣམ་ཤེས་ཕུང་པོ་རང་གྲོལ་ནས༔ མེ་ལོང་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རིན་ཆེན་དབུ་རྒྱན་བཅིང༔ ཧཱུྃ༔ ང་རྒྱལ་རྣམ་དག་རིན་ཆེན་རིགས༔ རིན་འབྱུང་དབུ་རྒྱན་དབང་བསྐུར་བས༔ ཚོར་བའི་ཕུང་པོ་རང་གྲོལ་ནས༔ མཉམ་ཉིད་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ༔ ཐབས་ཀྱི་རྡོ་རྗེ་ལག་གཡས་སྦྱིན༔ ཧཱུྃ༔ འདོད་ཆགས་རྣམ་དག་པདྨའི་རིགས༔ མཐའ་ཡས་རྡོ་རྗེའི་དབང་བསྐུར་བས༔ འདུ་ཤེས་ཕུང་པོ་རང་གྲོལ་ནས༔ སོར་རྟོགས་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་པདྨ་ཨ་བྷི་ཥིཉྩ་ཧྲཱི༔ ཤེས་རབ་དྲིལ་བུ་གཡོན་དུ་གཏད༔ ཧཱུྃ༔ ཕྲག་དོག་རྣམ་དག་ལས་ཀྱི་རིགས༔ དོན་གྲུབ་དྲིལ་བུའི་དབང་བསྐུར་བས༔ འདུ་བྱེད་ཕུང་པོ་རང་གྲོལ་ནས༔ བྱ་གྲུབ་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀརྨ་ཨ་བྷི་ཥིཉྩ་ཨཱ༔ རྡོར་དྲིལ་ལྷན་གཅིག་སྤྱི་བོར་གཟུང༔ ཧཱུྃ༔ གཏི་མུག་རྣམ་དག་བདེར་གཤེགས་རིགས༔ སྣང་མཛད་མིང་གི་དབང་བསྐུར་བས༔ གཟུགས་ཀྱི་ཕུང་པོ་རང་གྲོལ་ནས༔ ཆོས་དབྱིངས་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བརྗོད་རྡོ་རྗེའི་མིང་ཡང་གདགས༔ སོ་སོའི་དག་པ་ངོ་སྤྲད་ཅིང༔ ཤིས་པ་བརྗོད་པས་མངའ་གསོལ་བྱ༔ དེ་ནས་ནུས་པའི་དབང་མཆོག་གིས༔ རྡོ་རྗེ་སློབ་དཔོན་བདག་པོ་ཆེའི༔ གོ་འཕང་དམ་པར་འགོད་པའི་སླད༔ དཔལ་ལྡན་རིགས་ཀུན་ཁྱབ་བདག་ཆེས༔ ཕན་པའི་དབང་བསྐུར་བསྩལ་ལགས་ན༔ ད་ནི་ནུས་པ་འཇུག་པའི་དབང༔ མ་ལུས་བདག་ལ་བསྩལ་དུ་གསོལ༔ ལན་གསུམ་གསོལ་བ་གདབ་ནས་ཀྱང༔ སློབ་མ་སེང་གེའི་ཁྲི་ལ་བཞག༔ མཆོད་སྤྲིན་རྒྱ་མཚོས་མདུན་བདར་ནས༔ ལག་ཏུ་རྡོ་རྗེ་དྲིལ་བུ་གཏད༔ ཨོཾ་ཨཱཿཧཱུྃ༔ ཐབས་དང་ཤེས་རབ་དབྱེར་མེད་པའི༔ རྡོ་རྗེ་དྲིལ་བུ་འདི་ཟུངས་ལ༔ ཡེ་ཤེས་ཕྱག་རྒྱར་མཉམ་སྦྱོར་བའི༔ བདེ་བ་ཆེ་ལ་རྟག་ཏུ་རོལ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་གསང་བ་དང༔ དབྱེར་མེད་རྡོ་རྗེ་འཛིན་ཁྱོད་ཀྱིས༔ གང་འདུལ་འགྲོ་ཀུན་སྒྲོལ་བར་མཛོད༔ ཨོཾ་མ་ཧཱ་བཛྲ་ཧཱུྃ༔ ཞེས་བརྗོད་རྡོ་རྗེ་སྙིང་གར་གསོར༔ ཨོཾ་མ་ཧཱ་གཎྜེ་ཧོ༔ ཞེས་བརྗོད་དྲིལ་བུ་འཁྲོལ་ཞིང་བརྟེན༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཞེས་བརྗོད་ཐུགས་ཀར་འཁྱུད་རྒྱ་བྱ༔ སླར་ཡང་གླེགས་བམ་དུང་ལ་སོགས༔ མངའ་དབུལ་ཡོ་བྱད་ཀུན་སྦྱིན་ལ༔ ཧཱུྃ་ཧྲཱི༔ བདེ་ཆེན་ཐབས་མཆོག་རྡོ་རྗེ་སེམས་དཔའ་དང༔ ཤེས་རབ་སྟོང་ཉིད་དབྱིངས་ཕྱུག་སྙེམས་མ་ཡུམ༔ དབྱེར་མེད་མཉམ་སྦྱོར་རྡོ་རྗེའི་སློབ་དཔོན་དབང༔ དེང་འདིར་སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ ཟབ་གསང་རྡོ་རྗེ་རྩེ་མོའི་ཉེ་ལམ་གྱི༔ ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐོར་ནས་ཀྱང༔ སྣ་ཚོགས་ཐབས་ཀྱིས་གདུལ་བྱ་མ་ལུས་ཀུན༔ བདེ་ཆེན་ཐར་པའི་གྲོང་དུ་དབུགས་དབྱུངས་ཤིག༔ ཨོཾ་ཨཱཿཧཱུྃ་སརྦ་ཏ་ཐཱ་ག་ཏ་མཎྜ་ལ་བཛྲ་ཨཱ་ཙཱརྻ་ཨ་དྷིཥྛཱི་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་ཤིས་པའི་མེ་ཏོག་གཏོར༔ དེ་ནས་ཟབ་མོའི་དབང་གསུམ་པོ༔ ཡེ་ཤེས་དཔལ་སྟེར་ཇི་བཞིན་ལ༔ སྤྲོས་དང་འབྲེལ་ན་དཀྱིལ་འཁོར་པ༔ ཡོངས་སུ་རྫོགས་པའི་ལྷ་དབང་བསྐུར༔ སོ་སོའི་སྔགས་ཀྱི་རྗེས་གནང་དང༔ འོད་གསལ་ཡེ་ཤེས་དོན་ངོ་སྤྲད༔ ལུང་བསྟན་དབུགས་དབྱུང་གཟེངས་བསྟོད་བྱ༔ ས་མ་ཡ༔ བླ་མེད་རྡོ་རྗེ་ཐེག་པ་ཡི༔ ལམ་གྱི་རྩ་བ་སྨིན་བྱེད་དེ༔ ཕན་དང་ནུས་པ་ལ་བརྟེན་ནས༔ ཟབ་མོའི་ཡེ་ཤེས་མངོན་དུ་འགྱུར༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔<!TCC Tibetan character 3,181 undefined in unicode!> རྩ་གསུམ་འོད་གསལ་སྙིང་ཏིག་ལས༔ ལྷ་དབང་ཡེ་ཤེས་ཆར་འབེབ་བཞུགས༔ <!TCC Tibetan character 3,181 undefined in unicode!> རྩ་གསུམ་ཀུན་འདུས་པདྨར་འདུད༔ ཐ་མལ་འཁྲུལ་པའི་རྟོག་ཚོགས་ཀུན༔ ཡེ་ཤེས་ལྷ་ཡི་དཀྱིལ་འཁོར་དུ༔ མངོན་པར་བྱང་ཆུབ་དབང་བསྐུར་བས༔ དངོས་གྲུབ་རྣམ་གཉིས་མྱུར་དུ་འགྲུབ༔ ས་མ་ཡ༔ ཕྱི་ལྟར་པདྨ་ཐོད་ཕྲེང་རྩལ༔ བདེ་གཤེགས་ཡོངས་འདུས་ངོ་བོ་ཉིད༔ སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ལྷ༔ ཡོངས་སུ་རྫོགས་པའི་དབང་བསྐུར་སླད༔ ཐོག་མར་གསོལ་བ་གདབ་པ་ནི༔ ཨེ་མ་རིགས་ཀུན་ཁྱབ་བདག་མཆོག༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ཅག་སྨིན་ཅིང་གྲོལ་བའི་ཕྱིར༔ ཡེ་ཤེས་ལྷ་ཡི་དབང་བསྐུར་སྩོལ༔ ལན་གསུམ༔ དེ་ནས་བདག་མདུན་དབྱེར་མེད་པའི༔ དཀྱིལ་འཁོར་ལྷ་ཚོགས་སོ་སོ་ལས༔ སྤྲུལ་པའི་རྣམ་རོལ་དཔག་མེད་འཕྲོས༔ སློབ་མར་ཐིམ་ནས་བྱིན་བརླབས་བསམ༔ ཧཱུྃ་ཧྲཱི༔ སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ནས༔ རྩ་གསུམ་ཀུན་འདུས་ཐོད་ཕྲེང་རྩལ༔ ཡབ་ཡུམ་གཉིས་མེད་དབང་བསྐུར་བས༔ བདེར་གཤེགས་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱི༔ སྤྲོས་བྲལ་ཆོས་སྐུའི་དཀྱིལ་འཁོར་ནས༔ རིགས་ཀྱི་བདག་པོ་ཆེ་བའི་མཆོག༔ ཀུན་བཟང་ཡབ་ཡུམ་དབང་བསྐུར་བས༔ དབང་བཞིའི་ཡེ་ཤེས་སྨིན་པར་ཤོག༔ ཨོཾ་དྷརྨ་ཀཱ་ཡ་ཨཱཿཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱི༔ སྣང་སྟོང་དབྱེར་མེད་དཀྱིལ༴ འཇམ་དཔལ་གྲུབ་པའི་རིག་པ་འཛིན༔ མཉྫུ་མི་ཏྲས་དབང༴ རྩ་ཁམས་ལྷ་སྐུར་སྨིན་པར༴ ཨོཾ་མ་ཧཱ་གུ་རུ་ཤཱ་རི་རཱཾ་མཉྫུ་ཤྲཱི་མི་ཏྲ་ཨཱཿཧཱུྃ༔ ཀཱ་ཡ་ཨ༴ ཧྲཱི༔ གྲགས་སྟོང་དབྱེར་མེད་དཀྱིལ༴ རྟ་མཆོག་གྲུབ་པའི་རིག་པ་འཛིན༔ ནཱ་གཱརྫུ་ནས་དབང༴ སྲོག་རྩོལ་སྔགས་སུ་སྨིན་པར༴ ཨོཾ་མ་ཧཱ་གུ་རུ་ཤཱ་རི་རཱཾ་ནཱ་གཱརྫུ་ནཿཨཱཿཧཱུྃ༔ ཀཱ་ཡ་ཨ༴ ཧྲཱི༔ རིག་སྟོང་དབྱེར་མེད་དཀྱིལ༴ ཡང་དག་གྲུབ་པའི་རིག་པ་འཛིན༔ ཧཱུྃ་ཆེན་ཀཱ་རས་དབང༴ རྟོག་ཚོགས་ཆོས་སྐུར་སྨིན་པར༴ ཨོཾ་མ་ཧཱ་གུ་རུ་ཤཱ་རི་རཱཾ་ཧཱུྃ་ཀཱ་ར་ཨཱཿཧཱུྃ༔ ཀཱ་ཡ་ཨ༴ ཧྲཱི༔ ཡོན་ཏན་སྣ་ཚོགས་དཀྱིལ༴ བདུད་རྩི་གྲུབ་པའི་རིག་པ་འཛིན༔ བི་མ་མི་ཏྲས་དབང༴ དགའ་བཞིའི་ཡེ་ཤེས་མངོན་གྱུར༴ ཨོཾ་མ་ཧཱ་གུ་རུ་ཤཱ་རི་རཱཾ་བི་མ་ལ་མི་ཏྲ་ཨཱཿཧཱུྃ༔ ཀཱ་ཡ་ཨ༴ ཧྲཱི༔ ཕྲིན་ལས་རྣམ་བཞིའི་དཀྱིལ༴ ཕུར་པ་གྲུབ་པའི་རིག་པ་འཛིན༔ པྲ་ཆེན་ཧསྟིས་དབང༴ ཁམས་གསུམ་དབྱིངས་སུ་སྒྲོལ་བར༴ ཨོཾ་མ་ཧཱ་གུ་རུ་ཤཱ་རི་རཱཾ་པྲ་བྷཱ་ཧསྟི་ཨཱཿཧཱུྃ༔ ཀཱ་ཡ་ཨ༴ ཧྲཱི༔ ཀློང་ལྔ་དབྱིངས་ཀྱི་དཀྱིལ༴ མ་མོ་གྲུབ་པའི་རིག་པ་འཛིན༔ དྷ་ན་སཾསྐྲྀཏས་དབང༴ སྣང་སྲིད་སེམས་སུ་རྫོགས་པར༴ ཨོཾ་མ་ཧཱ་གུ་རུ་ཤཱ་རི་རཱཾ་དྷ་ན་སཾསྐྲྀཏ་ཨཱཿཧཱུྃ༔ ཀཱ་ཡ་ཨ༴ ཧྲཱི༔ དྲེགས་པ་ཟིལ་གནོན་དཀྱིལ༴ མཆོད་བསྟོད་གྲུབ་པའི་རིག་པ་འཛིན༔ རམྦི་གུ་ཧྱས་དབང༴ གཟུང་འཛིན་འབྱུང་པོ་འདུལ་བར༴ ཨོཾ་མ་ཧཱ་གུ་རུ་ཤཱ་རི་རཱཾ་རམྦི་གུ་ཧྱ་ཨཱཿཧཱུྃ༔ ཀཱ་ཡ་ཨ༴ ཧྲཱི༔ མངོན་སྤྱོད་དམོད་པའི་དཀྱིལ༴ དྲག་སྔགས་གྲུབ་པའི་རིག་པ་འཛིན༔ ཤཱནྟིཾ་གརྦྷས་དབང༴ གཉིས་སྣང་དགྲ་བགེགས་ཚར་གཅོད༴ ཨོཾ་མ་ཧཱ་གུ་རུ་ཤཱ་རི་རཱཾ་ཤཱནྟིཾ་གརྦྷ་ཨཱཿཧཱུྃ༔ ཀཱ་ཡ་ཨ༴ ཧཱུྃ༔ བདེ་ཆེན་འཁོར་ལོའི་དཀྱིལ༴ མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད༔ འཇམ་དཔལ་སྐུ་ཡི་དབང༴ གཤིན་རྗེ་ཡོངས་རྫོགས་དབང་ཐོབ༴ ཨོཾ་ཨཱ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ༴ ཧཱུྃ༔ ལོངས་སྤྱོད་འཁོར་ལོའི་དཀྱིལ༴ སོར་རྟོག་ཡེ་ཤེས་ངོ་བོ་ཉིད༔ པདྨ་གསུང་གི་དབང༴ རྟ་མགྲིན་ཡོངས་རྫོགས་དབང་ཐོབ༴ ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྲཱི་བ་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ༴ ཧཱུྃ༔ ཆོས་ཀྱི་འཁོར་ལོའི་དཀྱིལ༴ མེ་ལོང་ཡེ་ཤེས་ངོ་བོ་ཉིད༔ ཡང་དག་ཐུགས་ཀྱི་དབང༴ ཁྲག་འཐུང་ཡོངས་རྫོགས་དབང་ཐོབ༴ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ༴ ཧཱུྃ༔ སྤྲུལ་པའི་འཁོར་ལོའི་དཀྱིལ༴ ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད༔ བདུད་རྩི་ཡོན་ཏན་དབང༴ ཆེ་མཆོག་ཡོངས་རྫོགས་དབང་ཐོབ༴ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀཿཧཱུྃ་ཕཊ྄༔ ཀཱ་ཡ་ཨ༴ ཧཱུྃ༔ བདེ་སྐྱོང་འཁོར་ལོའི་དཀྱིལ༴ བྱ་གྲུབ་ཡེ་ཤེས་ངོ་བོ་ཉིད༔ རྡོ་རྗེ་གཞོན་ནུའི་དབང༴ ཕུར་པ་ཡོངས་རྫོགས་དབང་ཐོབ༴ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ༴ ཧཱུྃ༔ རྡོ་རྗེ་ནོར་བུའི་དཀྱིལ༴ ཀློང་གྱུར་ཡེ་ཤེས་ངོ་བོ་ཉིད༔ བླ་མེད་ཁྲག་འཐུང་དབང༴ མ་མོ་ཡོངས་རྫོགས་དབང་ཐོབ༴ ཨོཾ་གུ་ཡ་ཛྙཱ་ན་ཤྲཱི་ཧེ་རུ་ཀཿགུ་ཡ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སཏྭཾ་མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཀཱ་ཡ་ཨ༴ ཧཱུྃ༔ བདེ་ཆེན་ཐབས་ཀྱི་དཀྱིལ༴ དབྱིངས་གྲོལ་ཡེ་ཤེས་ངོ་བོ་ཉིད༔ དྲེགས་པ་ཀུན་འདུལ་དབང༴ མཆོད་བསྟོད་ཡོངས་རྫོགས་དབང་ཐོབ༴ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ༴ ཧཱུྃ༔ སྟོང་ཉིད་ཤེས་རབ་དཀྱིལ༴ མཐའ་གྲོལ་ཡེ་ཤེས་ངོ་བོ་ཉིད༔ སྟོབས་ལྡན་ནག་པོའི་དབང༴ དྲག་སྔགས་ཡོངས་རྫོགས་དབང་ཐོབ༴ ཨོཾ་བཛྲ་སརྦ་དུཥྚཱན་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ༴ ཧཱུྃ༔ གནས་ཡུལ་ཉེར་བཞིའི་དཀྱིལ༴ བྱང་ཆུབ་སེམས་ཀྱི་ཐིག་ལེའི་གཟུགས༔ དཔའ་བོ་མཁའ་འགྲོས་དབང༴ བདེ་སྟོང་ཡེ་ཤེས་མངོན་གྱུར༴ ཨོཾ་མ་ཧཱ་སུ་ཁ་སརྦ་ཌཱ་ཀ་ཌཱ་ཀི་ནཱི་ཧཱུྃ༔ ཀཱ་ཡ་ཨ༴ ཧཱུྃ༔ རྡོ་རྗེ་རིགས་ཀྱི་དཀྱིལ༴ ཞི་བའི་ཕྲིན་ལས་སྒྲུབ་མཛད་པ༔ བཛྲ་ཐོད་ཕྲེང་དབང༴ ནད་གདོན་འཇིགས་བརྒྱད་ཞི་བར༴ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བཛྲ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཀཱ་ཡ་ཨ༴ ཏྲཱྃ༔ རིན་ཆེན་རིགས་ཀྱི་དཀྱིལ༴ རྒྱས་པའི་ཕྲིན་ལས་སྒྲུབ་མཛད་པ༔ རཏྣ་ཐོད་ཕྲེང་དབང༴ ཚེ་བསོད་ཡེ་ཤེས་རྒྱས་པར༴ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཀཱ་ཡ་ཨ༴ ཧྲཱི༔ པདྨའི་རིགས་ཀྱི་དཀྱིལ༴ དབང་གི་ཕྲིན་ལས་སྒྲུབ་མཛད་པ༔ པདྨ་ཐོད་ཕྲེང་དབང༴ ཁམས་གསུམ་དབང་དུ་འདུ་བར༴ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཀཱ་ཡ་ཨ༴ ཨཱ༔ ལས་ཀྱི་རིགས་ཀྱི་དཀྱིལ༴ དྲག་པོའི་ཕྲིན་ལས་སྒྲུབ་མཛད་པ༔ ཀརྨ་ཐོད་ཕྲེང་དབང༴ དགྲ་བགེགས་འབྱུང་པོ་ཚར་གཅོད༴ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཀརྨ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཀཱ་ཡ་ཨ༴ ཧྲཱི༔ བདེ་བྱེད་བརྩེགས་པའི་དུར་ཁྲོད་དུ༔ མ་ཆགས་སྐྱོན་བྲལ་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་དབང༴ བདེ་ཆེན་ཡེ་ཤེས་སྐུ་འགྲུབ༴ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨ་ཀཱ་ར་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ༴ ཧྲཱི༔ བསིལ་བ་ཚལ་གྱི་དུར་ཁྲོད་དུ༔ ཡོན་ཏན་སྣ་ཚོགས་དངོས༴ པདྨ་སཾ་བྷཱས་དབང༴ དོན་གཉིས་ལྷུན་གྱིས་གྲུབ་པར༴ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨ་སཾ་བྷཱ་བ་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ༴ ཧྲཱི༔ རཱ་ག་རཀྟའི་གནས་མཆོག་ཏུ༔ ཐམས་ཅད་མཁྱེན་པའི་དངོས༴ བློ་ལྡན་མཆོག་སྲེད་དབང༴ ཇི་ལྟ་ཇི་སྙེད་མངོན་གྱུར༴ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པྲ་ཛྙཱ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ༴ ཧྲཱི༔ དགའ་བ་ཚལ་གྱི་དུར་ཁྲོད་དུ༔ ཁམས་གསུམ་དབང་སྡུད་དངོས༴ པདྨ་རྒྱལ་པོས་དབང༴ རླུང་སེམས་དབུ་མར་ཐིམ་པར༴ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨ་རཱ་ཛ་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ༴ ཧྲཱི༔ སོ་ས་གླིང་གི་དུར་ཁྲོད་དུ༔ འགྲོ་བ་འདུལ་བའི་དངོས༴ ཉི་མ་འོད་ཟེར་དབང༴ གང་འདུལ་ཐབས་ལ་མཁས་པར༴ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སཱུརྻ་རསྨི་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ༴ ཧྲཱི༔ ཟ་ཧོར་རྒྱལ་པོའི་ཡུལ་དབུས་སུ༔ བདུད་འདུལ་དྲག་པོའི་དངོས༴ ཤཱཀྱ་སེང་གེས་དབང༴ ཉོན་མོངས་བདུད་བཞི་འདུལ་བར༴ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཤཱཀྱ་སིཾ་ཧ་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ༴ ཧྲཱི༔ མ་ག་དྷཱ་ཡི་གྲོང་ཁྱེར་དུ༔ མུ་སྟེགས་འདུལ་བའི་དངོས༴ སེང་གེ་སྒྲ་སྒྲོག་དབང༴ འཇིགས་ཚོགས་ལྟ་བ་འཇོམས་པར༴ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སིཾ་ཧ་གཎྜེ་སརྦ་སིདྡྷི་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ༴ ཧྲཱི༔ སྟག་ཚང་སེང་གེ་བསམ་གྲུབ་ཏུ༔ དྲེགས་པ་འདུལ་བའི་དངོས༴ རྡོ་རྗེ་གྲོ་ལོད་དབང༴ གཟུང་འཛིན་འབྱུང་པོ་ཚར་གཅོད༴ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཀྲོ་དྷ་གྲོ་བོ་ལོཏ་ལོ་ཀ་སརྦ་སིདྡྷི་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ༴ ཧཱུྃ་ཧྲཱི༔ ཚད་མེད་བཞི་ལྡན་དཀྱིལ་འཁོར་ནས༔ དབང་ཆེན་རིགས་བཞི་ཡབ་ཡུམ་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ར་ཙ་ཧྲི་ཡ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ་ཕཊ྄༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ས་མ་ཡ༔ <!TCC Tibetan character 3,181 undefined in unicode!> རྩ་གསུམ་འོད་གསལ་སྙིང་ཏིག་ལས༔ དབང་བཞི་ཡེ་ཤེས་དཔལ་སྟེར་བཞུགས༔ <!TCC Tibetan character 3,181 undefined in unicode!> དཔལ་ལྡན་སངས་རྒྱས་པདྨ་སྐྱེས༔ སྐུ་གསུམ་དབྱེར་མེད་ཆེན་པོར་འདུད༔ རྡོ་རྗེ་ཐེག་པའི་གསང་ལམ་གྱི༔ སྙིང་པོ་དབང་བཞིའི་རིམ་པ་ནི༔ དབེན་པའི་གནས་སུ་སྟེགས་བུའི་ཁར༔ ཕྱི་ནང་གསང་བའི་དཀྱིལ་འཁོར་དང༔ མཆོད་པའི་ཡོ་བྱད་བཟང་དུ་བཤམས༔ དབང་ཐོབ་དམ་ཚིག་ལ་གནས་ཤིང༔ མན་ངག་དོན་ལྡན་སློབ་དཔོན་གྱིས༔ བདག་མདུན་དབྱེར་མེད་བསྙེན་ཅིང་སྒྲུབས༔ ཐོག་མར་རང་ཉིད་འཇུག་པའི་རྗེས༔ དད་དང་དམ་ཚིག་སྐལ་ལྡན་པའི༔ སློབ་མ་ཁྲུས་བྱས་གྲལ་ལ་འཁོད༔ ལོ་རྒྱུས་ཆོས་བཤད་མཎྜལ་འབུལ༔ གསོལ་བ་གདབ་ཅིང་སྡོམ་གསུམ་སྦྱིན༔ དབང་དོན་ཡེ་ཤེས་ནན་ཏན་ཕབ༔ བརྟན་པར་བྱས་ནས་བུམ་དབང་ནི༔ ཧཱུྃ་ཧྲཱི༔ སྣང་སྟོང་བུམ་པའི་དཀྱིལ་འཁོར་དུ༔ རྩ་བ་གསུམ་གྱི་ལྷ་ཚོགས་ཤར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཕུང་ཁམས་ལྷ་སྐུར་སྨིན་པར་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ གཉིས་པ་གསང་བའི་བདུད་རྩི་སྦྱིན༔ ཧཱུྃ་ཧྲཱི༔ ཨེ་ཝཾ་ཟུང་འཇུག་དཀྱིལ་འཁོར་ནས༔ ཞུ་བདེས་དྲངས་པའི་ཀུཎྜ་ལཱི༔ སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ རླུང་སྔགས་དབུ་མར་ཐིམ་པར་ཤོག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ གསུམ་པ་ཤེས་རབ་ཕྱག་རྒྱ་གཏད༔ ཧྲཱི༔ ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་དུ༔ བདེ་སྟོང་ཡེ་ཤེས་ཉམས་མྱོང་ཕྱིར༔ སྣ་ཚོགས་གཟུགས་ཅན་འདི་གཏད་པས༔ ཐིག་ལེ་ཆོས་སྐུར་གྲོལ་བར་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྙོམས་འཇུག་དབབ་བཟློག་དགའ་བཞི་བསྐྱེད༔ བཞི་པ་རྟགས་ཀྱི་བརྡས་མཚོན་ཏེ༔ ཨ༔ ཀ་དག་གཞི་ཡི་དཀྱིལ་འཁོར་དུ༔ ལྷུན་གྲུབ་ལམ་གྱི་སྣང་བ་གསལ༔ གཉིས་སུ་མེད་པར་དབང་བསྐུར་བས༔ ཆོས་ཟད་འབྲས་བུ་མངོན་གྱུར་ཤོག༔ ཛྙཱ་ན་ཨ་བྷི་ཥིཉྩ་ཧྲཱི༔ ཁྱད་པར་ཅན་གྱི་སྣོད་རུང་ལ༔ དབྱིངས་དང་རིག་རྩལ་དོན་ངོ་སྤྲད༔ སྒྲུབ་པའི་གླེགས་བམ་སྤྱི་བོར་བཞག༔ བརྒྱུད་གསུམ་བྱིན་རླབས་དབུགས་དབྱུང་བྱ༔ རྗེས་སུ་དབང་སྲོག་དམ་ཚིག་གི༔ རྣམ་དབྱེ་རྒྱས་པར་བཤད་པ་དང༔ བསྡུས་ཏེ་ཁས་བླང་འཛིན་དུ་གཞུག༔ མཎྜལ་འབུལ་ཞིང་དགེ་བ་བསྔོ༔ དགའ་སྟོན་ཚོགས་ཀྱི་འཁོར་ལོ་དང༔ རྡོ་རྗེའི་གླུ་ཡིས་ཤིས་པ་བརྗོད༔ ས་མ་ཡ༔ འདི་ནི་ཐོག་མར་དཀྱིལ་འཁོར་ཆེར༔ ཞུགས་ཏེ་སྨིན་པའི་སློབ་མ་ལ༔ རྡོ་རྗེའི་ཡེ་ཤེས་ངོ་སྤྲད་ཕྱིར༔ སྦྱིན་གྱི་རྣམ་པ་ཀུན་ཏུ་མིན༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ <!TCC Tibetan character 3,181 undefined in unicode!> རྩ་གསུམ་འོད་གསལ་སྙིང་ཏིག་ལས༔ བྱིན་རླབས་བརྡ་ཡི་དབང་ལྔ་བཞུགས༔ <!TCC Tibetan character 3,181 undefined in unicode!> འཆི་མེད་སྐུ་གསུམ་ལྷ་ལ་འདུད༔ བྱིན་རླབས་བརྡ་ཡི་དབང་བསྐུར་ནི༔ དཀྱིལ་འཁོར་སྒྲུབ་པའི་ཡོ་བྱད་བཤམས༔ བདག་མདུན་དབྱེར་མེད་བསྐྱེད་བཟླས་བྱ༔ ཁྱད་པར་བྱིན་ཆེན་ནན་ཏན་དབབ༔ དབང་ཐོབ་དམ་ཚིག་ལ་གནས་པའི༔ སློབ་མ་ཁྲུས་བྱས་མདུན་དུ་འཁོད༔ འཇུག་པ་སྤྱི་བཞིན་སྦྱར་བའི་རྗེས༔ དངོས་གཞི་བུམ་པའི་དབང་བསྐུར་ནི༔ ཧཱུྃ༔ སྣོད་བཅུད་ཡོངས་རྫོགས་བུམ་པའི་དཀྱིལ་འཁོར་ནས༔ བདེ་སྟོང་ཟུང་འཇུག་བདུད་རྩིའི་དབང་བསྐུར་བས༔ ཕུང་ཁམས་སྐྱེ་མཆེད་སྒྲིབ་གཉིས་རང་སར་གྲོལ༔ སྣ་ཚོགས་གཟུགས་ཅན་བུམ་དབང་མངོན་དུ་གྱུར༔ གང་འདུལ་ཆོས་སྟོན་གསང་དབང་ནུས་པ་སྨིན༔ འཁོར་འདས་ཀུན་ཁྱབ་ཤེས་རབ་ཡེ་ཤེས་ངང༔ སྣང་སྟོང་ཟུང་འཇུག་དོན་དམ་བདེ་བ་ཆེ༔ འགྲོ་འདུལ་སྤྲུལ་སྐུའི་དབང་མཆོག་ཐོབ་པར་ཤོག༔ རྩ་སྔགས་དང༔ ནིརྨཱ་ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩཨཱ༔ བུམ་ཆུ་འཐོར་འཐུང་སྙིང་གར་རེག༔ བདེ་གསལ་མི་རྟོག་རང་ཉམས་བསྐྱང༔ དེ་ནས་བྱང་སེམས་བྷན་དྷ་ཐོགས༔ ཧཱུྃ༔ ཆོས་དབྱིངས་རང་བྱུང་བྷནྡྷའི་དཀྱིལ་འཁོར་ནས༔ རིག་པ་བྱང་ཆུབ་སེམས་ཀྱི་དབང་བསྐུར་བས༔ འགྲོ་འོང་རླུང་གི་སྒྲིབ་གཉིས་རང་སར་གྲོལ༔ བུམ་དབང་ངོ་བོ་མཚན་དཔེའི་ཕུང་པོར་འབར༔ གསང་དབང་བརྡ་ཡིས་གདུལ་བྱའི་དྲི་མ་སེལ༔ ཤེས་རབ་ཡེ་ཤེས་སྲིད་ཞི་མཉམ་ཉིད་ངང༔ བདེ་སྟོང་ཟུང་འཇུག་ཁ་སྦྱོར་བདུན་ལྡན་པའི༔ ལོངས་སྤྱོད་རྫོགས་སྐུའི་དབང་མཆོག་ཐོབ་པར་ཤོག༔ རྩ་སྔགས་དང༔ སཾ་བྷོ་ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ སྔར་བཞིན་བརྡ་དབང་རྫོགས་པར་བྱ༔ གཡའ་བྲལ་དྭངས་པའི་མེ་ལོང་ཐོགས༔ ཧཱུྃ༔ གཞི་དབྱིངས་སྤྲོས་བྲལ་གདོད་མའི་དཀྱིལ་འཁོར་ནས༔ གཞི་སྣང་རིག་པ་ཡེ་ཤེས་དབང་བསྐུར་བས༔ གཟུང་འཛིན་རྟོག་ཚོགས་སྒྲིབ་གཉིས་རང་སར་གྲོལ༔ བུམ་དབང་ནང་གསལ་རྟག་ཆད་མཐའ་ལས་འདས༔ གསང་བའི་དམ་ཚིག་སྐྱེ་མེད་ནཱ་དའི་དབྱངས༔ ཤེས་རབ་ཡེ་ཤེས་བསམ་བརྗོད་བྲལ་བའི་ངང༔ རིག་སྟོང་ཟུང་འཇུག་ཤིན་ཏུ་ཞི་བའི་དབྱིངས༔ འོད་གསལ་ཆོས་སྐུའི་དབང་མཆོག་ཐོབ་པར་ཤོག༔ རྩ་སྔགས་དང༔ དྷརྨ་ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ གནས་གསུམ་རེག་ཅིང་དོན་ངོ་སྤྲད༔ བདེ་སྐྱོང་སྣོད་དུ་གཏོར་མ་ཐོགས༔ ཧཱུྃ༔ མཉམ་ཉིད་དག་པ་གཞི་ཡི་དཀྱིལ་འཁོར་ནས༔ གློ་བུར་སྒྲིབ་བྲལ་འབྲས་བུའི་དབང་བསྐུར་བས༔ གཉིས་སུ་འཛིན་པའི་རྟོག་པ་རང་སར་གྲོལ༔ བུམ་དབང་ཆོས་ཉིད་འཕོ་མེད་ཀློང་དུ་སྨིན༔ གསང་དབང་གྲགས་སྟོང་རྡོ་རྗེའི་སྔགས་སུ་རྫོགས༔ ཤེས་རབ་སོ་སོར་རྟོག་པའི་ཡེ་ཤེས་ཀློང༔ ཐམས་ཅད་རོ་མཉམ་དོན་དམ་བདེ་བ་ཆེ༔ མི་འགྱུར་རྡོ་རྗེའི་དབང་མཆོག་ཐོབ་པར་ཤོག༔ རྩ་སྔགས་དང༔ བཛྲ་ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ སྤྱི་བོར་བཞག་ཅིང་དངོས་གྲུབ་སྦྱིན༔ སྙིང་གར་རེག་ལ་ཉམས་མྱོང་བསྐྱང༔ གཙོ་བོ་ཡབ་ཡུམ་སྐུ་བརྙན་ཐོགས༔ ཧཱུྃ༔ ཐབས་ཤེས་ཟུང་དུ་འཇུག་པའི་དཀྱིལ་འཁོར་ནས༔ བདེ་སྟོང་སྒྱུ་འཕྲུལ་དྲྭ་བའི་དབང་བསྐུར་བས༔ སྲི་དང་ཞི་བའི་རྟོག་ཚོགས་རང་སར་གྲོལ༔ བུམ་དབང་ཡོན་ཏན་ལྷུན་རྫོགས་རྡོ་རྗེའི་སྐུ༔ གསང་དབང་རིག་པ་བྱིན་རླབས་ཚངས་པའི་གསུང༔ ཤེས་རབ་ཡེ་ཤེས་མཁྱེན་ཆ་འགག་མེད་ཐུགས༔ མ་འདྲེས་ཡོངས་རྫོགས་འོད་གསལ་གཉུག་མའི་ཀློང༔ མངོན་པར་བྱང་ཆུབ་དབང་མཆོག་ཐོབ་པར་ཤོག༔ རྩ་སྔགས་དང༔ བྷོ་དྷི་ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ གནས་གསུམ་རེག་ཅིང་དོན་ངོ་སྤྲད༔ རྗེས་ཀྱི་རིམ་པ་སྤྱི་ལྟར་བྱ༔ ས་མ་ཡ༔ རབ་འབྱམས་རྩ་གསུམ་ཡོངས་རྫོགས་ཀྱི༔ སྐུ་དང་ཡེ་ཤེས་དབྱེར་མེད་པ༔ རྣམ་པ་ཉི་ཤུས་བྱང་ཆུབ་པའི༔ བྱིན་རླབས་བརྡ་ཡི་དབང་ལྔ་འདི༔ ལུས་རྒྱའི་ནང་གི་མགོ་བོ་སྟེ༔ དབང་པོའི་དྭངས་མ་མིག་དང་མཚུངས༔ དེ་ཕྱིར་ཚེ་འདི་ཁོ་ན་ལ༔ བྱང་ཆུབ་ཐོབ་པར་འདོད་པ་ཡི༔ སྣོད་ལྡན་སློབ་མ་མ་གཏོགས་པ༔ གཞན་དུ་སྤེལ་ན་བཀའ་ཆད་འབྱུང༔ ངེས་གསང་སྙིང་པོའི་རྣལ་འབྱོར་རྣམས༔ འདིར་ཞུགས་འདི་ཡི་དོན་ལ་སྤྱོད༔ ཟླ་དྲུག་ལོ་གསུམ་བཅུ་གཉིས་ན༔ ཟག་བཅས་རྡོ་རྗེའི་ལུས་སུ་གྲོལ༔ རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ༔ དབང་བཞིའི་ཡེ་ཤེས་སྐུ་ལྔར་སྨིན༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔་་་འདིར་སྔོན་ཆད་ཞལ་མ་བཤུས་པའམ་ཚེམས་ལུས་གང་ལྟར་ཡང་། ཨཱ༔ རང་བྱུང་རིགས་པ་འོད་གསལ་དབྱིངས༔ ཡེ་ཤེས་རྡོ་རྗེའི་སྔགས་སུ་ཤར༔ གྲགས་སྟོང་ཟུང་འཇུག་དབང་བསྐུར་བས༔ གསུང་གི་ནུས་པ་མཆོག་ཐོབ་ཤོག༔ སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ དབྱིངས་ཉིད་མེ་ལོང་ལྟ་བུར་དག༔ རིག་པ་ཕྱག་རྒྱའི་གཟུགས་སུ་སྣང༔ ཟུང་འཇུག་བློ་འདས་ཆེན་པོའི་ངང༔ ཐུགས་ཀྱི་རྟོགས་པ་མངོན་གྱུར་ཤོག༔ སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དང་ཡང་། ཧཱུྃ༔ མི་བསྐྱོད་རྡོ་རྗེའི་ངོ་བོ་ཉིད༔ བདུད་རྩིའི་ཆུ་ཡི་དབང་བསྐུར་བས༔ རྣམ་ཤེས་ཕུང་པོ་རང་གྲོལ་ནས༔ ཆོས་དབྱིངས་ཡེ་ཤེས་རྟོགས་པར་་་མངོན་གྱུར་ཀྱང་།ཤོག༔ ཧཱུྃ་ཨ་བྷི་ཥིཉྩ་མཱི༔ ལོངས་སྤྱོད་དབུ་རྒྱན༴ རྡོ་རྗེ་ཆོས་ཀྱི༴ གྲགས་སྟོང་དྲིལ་བུའི༴ རྡོ་རྗེ་མིང་གི༴ ཨོཾ་ཨཱཿཧཱུྃ༔ སྣང་སྲིད་ཐམས་ཅད་ཕྱག་རྒྱའི་སྐུ༔ སྒྲ་གྲགས་རང་བྱུང་སྔགས་ཀྱི་གསུང༔ རྟོག་ཚོགས་འོད་གསལ་གཉུག་མའི་ཐུགས༔ སྐུ་གསུང་ཐུགས་སུ་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ༴ འདི་འདྲ་ཡོད་པ་ད་ཆ་ཕྱག་བྲིས་དངོས་དུས་འགྱུར་གཏོར་བཤིགས་ལས་བྱུང་བ་སླར་མཇལ་དུ་ཡོད་པས་འདིར་རབ་བྱུང་༡༧པའི་ཤིང་རྟ་ལོར་ཞུ་དག་སྐབས་གསར་དུ་བྲིས། <!TCC Tibetan character 3,181 undefined in unicode!> རྩ་གསུམ་འོད་གསལ་སྙིང་ཏིག་ལས༔ གཏོར་དབང་བྱིན་རླབས་དཔལ་སྟེར་བཞུགས༔ <!TCC Tibetan character 3,181 undefined in unicode!> མཚོ་སྐྱེས་ཐོད་ཕྲེང་རྩལ་ལ་འདུད༔ བྱིན་རླབས་གཏོར་མའི་དབང་བསྐུར་ནི༔ གནས་སྐབས་འགལ་རྐྱེན་སེལ་བ་དང༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་ཅིང༔ མཐར་ཐུག་རྔ་ཡབ་དཔལ་གྱི་རིར༔ དབུགས་འབྱིན་མཆོག་གི་གོ་འཕང་སྦྱིན༔ ས་མ་ཡ༔ རྩ་བའི་དབང་བཞི་དང་འབྲེལ་ན༔ རྗེས་སུ་གཟེངས་བསྟོད་ཚུལ་དུ་སྟེ༔ འདི་ཉིད་ཁོ་ནས་སྨིན་པའི་ཚེ༔ བདག་མདུན་དབྱེར་མེད་བསྐྱེད་བཟླས་དང༔ སྔོན་འགྲོ་སྤྱི་བཞིན་སྦྱར་བའི་རྗེས༔ གཏོར་མ་ལྷ་རུ་ཤེས་པའི་ངང༔ གནས་ལྔར་ཕྱག་མཚན་རྣམ་པ་ལྔ༔ ཡིག་འབྲུའི་མཚན་པའི་འོད་ཟེར་གྱིས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ བྱིན་རླབས་དངོས་གྲུབ་ཐོབ་པར་བསམ༔ ཧཱུྃ་ཧྲཱི༔ སྐུ་གསུམ་བླ་མ་ཐོད་ཕྲེང་རྩལ༔ ཡི་དམ་ཡོངས་རྫོགས་ཧེ་རུ་ཀ༔ མཁའ་འགྲོའི་མིང་པོ་དཔའ་བོ་ཆེའི༔ གསང་གསུམ་བྱིན་རླབས་ཁྱོད་ལ་སྦྱིན༔ རྩ་སྔགས་མཐར༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ སྤྲོ་ན་སོ་སོར་དབང་བསྐུར་ཞིང༔ རྗེས་ཀྱི་རིམ་པ་གཞུང་བཞིན་བྱ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ༼ <!TCC Tibetan character 3,181 undefined in unicode!> འཆི་མེད་རྩ་གསུམ་ལྷ་ལ་འདུད༔ ཨེ་མ་སྐལ་ལྡན་སྐྱེས་བུ་རྣམས༔ ཚེ་གཅིིག་བྱང་ཆུབ་བསྒྲུབ་འདོད་ན༔ གངས་ཁྲོད་མཚོ་གླིང་ནགས་ཚལ་སོགས༔ དབེན་པའི་གནས་སུ་གཅིག་པུར་འདུག༔ ཕྱི་ནང་བྱ་བ་ཀུན་བཏང་ལ༔ ངེས་འབྱུང་དྲག་པོས་རྒྱུད་བསྐུལ་ཏེ༔ སྐྱབས་སེམས་གསག་སྦྱང་ནན་ཏན་བྱ༔ ས་མ་ཡ༔ ཁྱད་པར་ཟབ་མོ་བླ་མའི་ལམ༔ ཐུན་བཞིར་བསྒོམ་ཞིང་གསོལ་བ་བཏབ༔ དབང་བཞི་བླངས་ཤིང་ཐུགས་ཡིད་བསྲེ༔ བསམ་བརྗོད་བྲལ་བའི་ངང་དུ་གཞག༔ དེ་ཚེ་རྣམ་རྟོག་གང་སྐྱེས་ཀྱང༔ བྱུང་གནས་འགྲོ་གསུུམ་གཅིག་དུ་མ༔ ཞིབ་ཏུ་དཔྱད་ཅིང་བཙལ་བ་ན༔ ཤར་མཁན་ཉིད་ཀྱི་ཀློང་དུ་ཐིམ༔ དེ་འང་ཉམས་སུ་མྱོང་བཞིན་དུ༔ འདི་ཞེས་ཚིག་གི་མཚོན་མི་ནུས༔ གསལ་ལ་མིི་རྟོག་རྩེ་གཅིག་འཆར༔ ས་མ་ཡ༔ དེ་ནས་བུམ་དབང་བསྙེན་པའི་ལམ༔ ལྷ་ལ་སེམས་གཟུང་སྒྱུ་མར་བལྟ༔ རླུང་དང་བསྲེ་ཞིང་དབྱིངས་སུ་བསྐྱལ༔ སྣོད་བཅུད་དཀྱིལ་འཁོར་འཁོར་ལོར་དག༔ གསང་དབང་ཉེ་བར་བསྙེན་པ་ནི༔ ལུས་ངག་ཡིད་གསུམ་སྔོན་སྦྱངས་ནས༔ སྲོག་རྩོལ་གཏུམ་མོའི་རྣལ་འབྱོར་གྱིས༔ དྲོད་དང་བདེ་བ་དབུ་མར་རྫོགས༔ ཤེས་རབ་ཡེ་ཤེས་སྒྲུབ་པའི་ལམ༔ ཡིད་དང་དངོས་ཀྱི་ཕོ་ཉ་མོས༔ དགའ་བཞིའི་ཡེ་ཤེས་མངོན་སུམ་དྲངས༔ ཆོས་མཆོག་ཆེན་པོའི་ཉེ་རྒྱུར་སྨིན༔ ཚིག་དབང་སྒྲུབ་པ་ཆེན་པོ་ནི༔ བདེ་ཆེན་ལས་སྐྱེས་སྟོང་པ་ཉིད༔ མཐོང་བའི་ལམ་གྱི་འོད་གསལ་ངང༔ དབྱིངས་རིག་ཟུང་འཇུག་ཏིང་འཛིན་བསྒོམ༔ ས་མ་ཡ༔ སད་རྨི་གཉིད་འཐུག་འདའ་ཀ་མར༔བར་དོའི་དུས། སྒྱུ་མ་རྨི་ལམ་ལྷན་སྐྱེས་དང༔ བསྲེ་འཕོའི་རྣལ་འབྱོར་རྗེས་དྲན་པས༔ ལམ་གྱི་ཡན་ལག་རྫོགས་པར་འགྱུར༔ ས་མ་ཡ༔ དེ་ལྟར་འབད་པས་སློབ་པའི་རྟེན༔ ཁྱད་ཆོས་དྲུག་ལྡན་དབྱིངས་སུ་ཡལ༔ སློབ་པ་མིན་པའི་ཡེ་ཤེས་སྐུ༔ ཟུང་འཇུག་གོ་འཕང་ཚེ་འདིར་འགྲུབ༔ ས་མ་ཡ༔་་་སྔོན་མེད་གསར་བཙུད། <!TCC Tibetan character 3,181 undefined in unicode!> ཚེ་སྒྲུབ་འཆི་མེད་དྲྭ་བ་ལས༔ བྱིན་འབེབ་ཡེ་ཤེས་མཆོག་སྩོལ་བཞུགས༔ <!TCC Tibetan character 3,181 undefined in unicode!> ཧྲཱི༔ བྱིན་ཆེན་ངོ་མཚར་འོག་མིན་མཆོག་གི་ཞིང༔ སྤྲོས་བྲལ་ཆོས་དབྱིངས་རྡོ་རྗེའི་ཕོ་བྲང་ནས༔ ཐོག་མའི་མགོན་པོ་ཀུན་བཟང་ཚེ་ཡི་ལྷས༔ གནས་འདིར་བྱིན་ཕོབ་འཆི་མེད་དངོས་གྲུབ་སྩོལ༔ ཧྲཱི༔ བྱིན་ཆེན་ངོ་མཚར་བདེ་སྟོང་མཆོག་གི་ཞིང༔ ངེས་པ་ལྔ་ལྡན་ལོངས་སྐུའི་ཕོ་བྲང་ནས༔ ཚེ་བདག་བཅོམ་ལྡན་རྒྱལ་བ་རིགས་མཆོག་ལྔས༔ གནས་འདིར་བྱིན་ཕོབ་འཆི་མེད་དངོས་གྲུབ་སྩོལ༔ ཧྲཱི༔ བྱིན་ཆེན་ངོ་མཚར་འགྲོ་འདུལ་མཆོག་གི་ཞིང༔ ལྷོ་ནུབ་ཟངས་མདོག་དཔལ་རིའི་ཕོ་བྲང་ནས༔ རྩ་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་གིས༔ གནས་འདིར་བྱིན་ཕོབ་འཆི་མེད་དངོས་གྲུབ་སྩོལ༔ ཧྲཱི༔ བྱིན་ཆེན་ངོ་མཚར་དུར་ཁྲོད་མཆོག་གི་ཞིང༔ དབང་དང་དྲག་ཤུལ་རོལ་པའི་ཕོ་བྲང་ནས༔ ཡི་དམ་ཡོངས་འདུས་དབང་ཆེན་ཧེ་རུ་ཀས༔ གནས་འདིར་བྱིན་ཕོབ་འཆི་མེད་དངོས་གྲུབ་སྩོལ༔ ཧྲཱི༔ བྱིན་ཆེན་ངོ་མཚར་འོད་གསལ་མཆོག་གི་ཞིང༔ དག་པ་རབ་འབྱམས་སྐུ་གསུམ་ཕོ་བྲང་ནས༔ རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས་རྣམས་ཀྱིས༔ གནས་འདིར་བྱིན་ཕོབ་འཆི་མེད་དངོས་གྲུབ་སྩོལ༔ ཧྲཱི༔ བྱིན་ཆེན་ངོ་མཚར་ཕྲིན་ལས་མཆོག་གི་ཞིང༔ ཚད་མེད་རྣམ་བཞི་རོལ་པའི་ཕོ་བྲང་ནས༔ སྤྲུལ་པའི་ལས་མཛད་ལྷ་མོ་མགྱོགས་མ་བཞིས༔ གནས་འདིར་བྱིན་ཕོབ་འཆི་མེད་དངོས་གྲུབ་སྩོལ༔ ཧྲཱི༔ ཕྱི་སྣོད་དག་པ་རྡོ་རྗེའི་འོག་མིན་ཆེ༔ འཆི་མེད་པདྨ་དྲྭ་བར་བྱིན་ཕོབ་ཅིག༔ ནང་བཅུད་འགྲོ་ཀུན་གདོད་ནས་ལྷ་ཡི་སྐུ༔ རྩ་གསུམ་རྒྱ་མཚོའི་ངོ་བོར་བྱིན་ཕོབ་ཅིག༔ སྒྲར་གྲགས་གཞོམ་མེད་རྡོ་རྗེའི་སྔགས་ཀྱི་སྒྲ༔ གྲགས་སྟོང་ནཱ་དའི་དབྱངས་སུ་བྱིན་ཕོབ་ཅིག༔ རྟོག་ཚོགས་རང་གྲོལ་ཀ་དག་གཉུག་མའི་གཤིས༔ གདོད་ནས་འཕོ་འགྱུར་བྲལ་བར་བྱིན་ཕོབ་ཅིག༔ དབྱིངས་རིག་ཟུང་འཇུག་ལྷུན་གྲུབ་སྣང་བཞིའི་ངང༔ འཇའ་ལུས་རྡོ་རྗེའི་སྐུ་རུ་བྱིན་ཕོབ་ཅིག༔ ཐམས་ཅད་རོ་མཉམ་གཞོན་ནུ་བུམ་སྐུའི་ཀློང༔ འཁོར་འདས་དབྱེར་མེད་ཆེན་པོར་བྱིན་ཕོབ་ཅིག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་པུཎྱེ་ཛྙཱ་ན་ཨཱ་ཡུར་སིདྡྷི་ཛ༔ སརྦ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཧཱུྃ་ཧཱུྃ་ཧཱུྃ༔ <!TCC Tibetan character 3,181 undefined in unicode!> རྩ་གསུམ་འོད་གསལ་སྙིང་ཏིག་ལས༔ ཚེ་སྒྲུབ་འཆི་མེད་དྲྭ་བ་བཞུགས༔ <!TCC Tibetan character 3,181 undefined in unicode!> ཚེ་དབང་རིག་འཛིན་པདྨར་འདུད༔ བདག་གཞན་འཆི་མེད་སྒྲུབ་འདོད་ན༔ བཀྲ་ཤིས་ཡིད་འོང་དབེན་གནས་སུ༔ མཎྜལ་ཚོམ་བུ་ལྔ་པའི་སྟེང༔ དབུས་སུ་བཅུད་ལྡན་ཚེ་བུམ་དང༔ གཡས་གཡོན་ཐབས་ཤེས་དངོས་གྲུབ་རྫས༔ མདུན་རྒྱབ་གཏོར་མ་ཚེ་མདའ་བཤམ༔ དེ་མཐར་ཕྱི་ནང་མཆོད་པས་བསྐོར༔ སྔོན་འགྲོ་རྩ་བའི་གཞུང་ལྟར་ལ༔ དངོས་གཞིའི་ཁྱད་པར་བསྐྱེད་རིམ་ནི༔ ཧྲཱི༔ སྐྱེ་མེད་དེ་བཞིན་ཉིད་དབྱིངས་ཡེ་ཤེས་ལས༔ འགག་མེད་སོ་སོར་རྟོགས་པའི་རིག་མདངས་རྩལ༔ ཟུང་འཇུག་སྤྲུལ་པའི་རྒྱུ་མཆོག་ཧྲཱིཿདམར་པོ༔ དེ་ལས་འོད་འཕྲོས་ཕྱོགས་བཅུའི་རྒྱལ་བ་མཆོད༔ འགྲོ་ཀུན་སྒྲིབ་སྦྱངས་སྲིད་ཞིའི་ཚེ་བཅུད་བཀུག༔ ཚུར་འདུས་ཕྱི་སྣོད་པདྨོ་བཀོད་པའི་ཞིང༔ ངོ་མཚར་ཡོན་ཏན་དུ་མས་བརྒྱན་པའི་དབུས༔ རིན་ཆེན་སྣ་ཚོགས་ལས་གྲུབ་གཞལ་མེད་ཁང༔ མཚན་ཉིད་ཡོངས་རྫོགས་ཡེ་ཤེས་འོད་ལྔའི་ཀློང༔ པད་ཉི་ཟླ་སྟེང་རྡོ་རྗེ་ཧྲཱིཿཡིས་མཚནཿ དེ་ཉིད་ཡོངས་གྱུར་སྐད་ཅིག་དྲན་རྫོགས་སུ༔ རང་རིག་རྩ་གསུམ་ཀུན་འདུས་ཚེ་ཡི་ལྷ༔ འཆི་མེད་བདེ་ཆེན་སྐུར་བཞེངས་པདྨ་འབྱུང༔ དཀར་དམར་མདངས་ལྡན་མཚན་དཔེའི་འོད་ཕུང་འབར༔ ཞི་འཛུམ་བཅུ་དྲུག་དགའ་བའི་ལང་ཚོས་མཛེས༔ ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་བུམ་བསྣམས༔ ཉེ་རྒྱུའི་བདེ་སྟེར་ཡུམ་མཆོག་མནྡཱ་ར༔ དམར་གསལ་ཆགས་ཉམས་ནུ་འབུར་བྷ་ག་རྒྱས༔ གཡས་པས་མདའ་དར་ཡབ་ཀྱི་མགུལ་ནས་འཁྱུད༔ གཡོན་པས་ཟག་མེད་བདུད་རྩིས་དགྱེས་པ་བསྐྱེད༔ གཉིས་ཀ་ལྷ་རྫས་དར་གྱི་ན་བཟའ་དང༔ ཨུཏྤལ་རིན་ཆེན་རུས་པའི་རྒྱན་གྱིས་སྤྲས༔ ཞབས་གཉིས་རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས༔ སྣང་སྟོང་འཇའ་ཟེར་ཐིག་ལེའི་ཀློང་ན་རོལ༔ དེ་ལྟར་གསལ་བའི་རྡོ་རྗེ་ལུས་ཀྱི་དཀྱིལ༔ རྩ་གསུམ་འཁོར་ལོ་ལྔ་ལྡན་གཞལ་ཡས་དབུས༔ སྤྲུལ་པའི་རྣམ་རོལ་འཆི་མེད་ཐོད་ཕྲེང་ལྔ༔ མཚན་དཔེའི་གཟི་འབར་ཡེ་ཤེས་ལྔ་ཡི་མདངས༔ གཡས་རྣམས་སོ་སོའི་རིགས་ཀྱི་ཕྱག་མཚན་དང༔ གཡོན་པས་ཐོད་པ་བདུད་རྩིས་གང་བ་བསྣམས༔ རང་འོད་ཡུམ་འཁྱུད་རིན་ཆེན་རུས་པས་བརྒྱན༔ རྩ་ཁམས་དཔའ་བོ་མཁའ་འགྲོའི་ཀློང་ན་རོལ༔ སྤྱི་བོར་ལོངས་སྤྱོད་ཡོངས་རྫོགས་ཚེ་དཔག་མེད༔ དབང་མདོག་ཞལ་གཅིག་ཕྱག་གཉིས་ཚེ་བུམ་འཛིན༔ སྦྱོར་བའི་ཡུམ་ཆེན་ལྷ་མོ་ཙཎྜ་ལཱི༔ གཡས་གཡོན་མདའ་དར་བུམ་འཛིན་ཡབ་ལ་འཁྲིལ༔ དེ་ཡི་སྤྱི་བོར་ཆོས་སྐུ་སྣང་མཐའ་ཡས༔ དམར་གསལ་དྲི་མེད་པདྨ་རཱ་གའི་མདངས༔ ཐབས་ཤེས་ཕྱག་གཉིས་མཉམ་པར་བཞག་པའི་སྟེང༔ ཟུང་འཇུག་འཆི་མེད་བདུད་རྩིས་ལྷུང་བཟེད་བསྣམས༔ ཕྱོགས་བཞིར་པད་ཉི་བདུད་བཞི་བསྣོལ་བའི་དབུས༔ དབང་ཆེན་རིགས་བཞི་ཕྱག་གཡས་གྲི་གུག་དང༔ གཡོན་པས་བདུད་རྩིས་གང་བའི་བྷནྡྷ་འཛིན༔ རང་འོད་ཡུམ་འཁྱུད་ཁྲོ་བོའི་ཆ་ལུགས་རྫོགས༔ སྒོ་བཞིར་སྤྲུལ་པའི་ལྷ་མོ་མགྱོགས་མ་བཞི༔ གཡས་གཡོན་མདའ་དར་ཚེ་ཡི་བུམ་པ་བསྣམས༔ ཆགས་བྲལ་པདྨ་ཐབས་ཤེས་ཉི་ཟླའི་སྟེང༔ དཀར་སེར་དམར་ལྗང་རྡོ་རྗེའི་གར་གྱིས་རོལ༔ གཞན་ཡང་རྩ་གསུམ་ཚེ་ལྷ་རབ་འབྱམས་ཀུན༔ དཔག་ཡས་ཏིལ་གོང་ཁ་ཕྱེ་ཇི་བཞིན་དུ༔ སྣང་ལ་མ་གྲུབ་འཇའ་ཚོན་ལྟ་བུར་ཤར༔ རང་བྱུང་གདན་གསུམ་ཚང་བའི་ལྷ་ཚོགས་ཀྱིས༔ སྐུ་བཞི་དབྱེར་མེད་ངོ་བོར་དབང་བསྐུར་ཅིང༔ གནས་གསུམ་འབྲུ་གསུམ་ཕྱག་རྒྱས་མཚན་པ་ལས༔ འོད་འཕྲོས་རང་བཞིན་གནས་ནས་ཡེ་ཤེས་པ༔ མ་ལུས་སྤྱན་དྲངས་གཉིས་སུ་མེད་པར་གྱུར༔ ཧཱུྃ་ཧྲཱི༔ སྔོན་ཚེ་ཨོ་རྒྱན་དྷ་ན་ཀོ་ཥའི་གླིང༔ ངོ་མཚར་པདྨའི་སྙིང་པོའི་ཟེའུ་འབྲུ་ལས༔ འཆི་མེད་སོ་སོར་རྟོགས་པའི་རིག་མདངས་རྩལ༔ རྣམ་ཀུན་མཆོག་ལྡན་མཚན་དཔེའི་ཕུང་པོར་ཤར༔ བཀྲ་ཤིས་བྲག་ཕུག་མཱ་ར་ཏི་ཀ་རུ༔ ཤེས་རབ་ཕྱག་རྒྱ་མནྡཱ་རཿབར་བཅས༔ དགའ་བ་བཞི་སྦྱོར་ཡེ་ཤེས་སྒྲུབ་པའི་ཚེ༔ ཡབ་ཡུམ་གཉིས་མེད་ཚེ་ཡི་རིག་འཛིན་བརྙེས༔ སྐྱེ་ཤི་མེད་པའི་འཇའ་ལུས་རྡོ་རྗེར་གྱུར༔ དུས་གསུམ་སངས་རྒྱས་ཀུན་གྱིས་དབུགས་དབྱུངས་ཤིང༔ འགྲོ་ལ་འཆི་མེད་སྩོལ་བའི་ཐུགས་དམ་ཅན༔ བདེ་གཤེགས་ཡོངས་འདུས་པདྨ་ཐོད་ཕྲེང་རྩལ༔ རབ་འབྱམས་རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས༔ མོས་ཤིང་གདུང་བས་གནས་འདིར་སྤྱན་འདྲེན་ན༔ འགག་མེད་མཁའ་ལ་ཆར་སྤྲིན་གཏིབས་པ་བཞིན༔ ཚེ་དབང་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ གང་ཤར་སྣང་གྲགས་རིག་པའི་རྟོག་ཚོགས་ཀུན༔ ལྷ་སྔགས་ཆོས་སྐུའི་ངོ་བོར་བྱིན་ཕོབ་ལ༔ ལུས་ངག་ཡིད་ལ་དགའ་བཞིའི་ཡེ་ཤེས་སྐྱེད༔ འཆི་མེད་འཇའ་ལུས་རྡོ་རྗེའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཛྙཱ་ན་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛ༔ བཞུགས་གསོལ་ལ་སོགས་གཞུང་བཞིན་ལ༔ བསྟོད་ཅིང་སྨོན་ལམ་གདབ་པ་ནི༔ ཧཱུྃ་ཧྲཱི༔ ཆོས་དབྱིངས་སོ་སོར་རྟོགས་པའི་ཡེ་ཤེས་ལས༔ བདེ་ཆེན་ལོངས་སྤྱོད་རྫོགས་སྐུའི་རྣམ་རོལ་ནི༔ གང་འདུལ་སྤྲུལ་པའི་རང་གཟུགས་པདྨ་འབྱུང༔ སྐུ་གསུམ་ཚེ་ཡི་ལྷ་ལ་ཕྱག་འཚལ་བསྟོད༔ རིག་འཛིན་བླ་མ་འཆི་མེད་ཐོད་ཕྲེང་རྩལ༔ ཡི་དམ་ཡོངས་འདུས་དབང་ཆེན་ཧེ་རུ་ཀ༔ ཕྲིན་ལས་ལྷུན་གྲུབ་ཌཱ་ཀི་སྡེ་བཞི་སོགས༔ རྩ་གསུམ་ཚེ་ཡི་ལྷ་ལ་ཕྱག་འཚལ་བསྟོད༔ ཕུང་ཁམས་སྒྲིབ་བྲལ་ཀུན་ཁྱབ་རྡོ་རྗེའི་སྐུ༔ རླུང་སྔགས་ཟུང་འཇུག་བདེ་ཆེན་ནཱ་དའི་གསུང༔ རྟོག་ཚོགས་རང་གྲོལ་འོད་གསལ་གཉུག་མའི་ངང༔ འཆི་མེད་སྐུ་གསུམ་གོ་འཕང་འགྲུབ་གྱུར་ཅིག༔ བཟླས་པ་གསུང་གི་རྣལ་འབྱོར་ནི༔ ཐུགས་ཀར་རྡོ་རྗེ་ཐོད་ཕྲེང་གི༔ སྙིང་དབུས་ཡེ་ཤེས་སེམས་དཔའ་ནི༔ པདྨ་དྲྭ་བ་ཚེ་དཔག་མེད༔ དམར་གསལ་པདྨ་ཚེ་བུམ་འཛིན༔ གསང་བ་ཡེ་ཤེས་ཡུམ་དང་སྦྱོར༔ ཐུགས་དབུས་ཉི་ཟླ་ཁ་སྦྱོར་དབུས༔ ཧྲཱིཿམཐར་སྔགས་ཕྲེང་གཡས་སུ་འཁོར༔ དེ་ལས་འོད་འཕྲོས་དཀྱིལ་འཁོར་གྱི༔ ལྷ་ཚོགས་བདེ་སྟོང་མཆོད་པས་མཉེས༔ སྙོམས་པར་ཞུགས་པའི་མཁའ་གསང་ནས༔ སྔགས་ཀྱི་རང་སྒྲ་སྒྲོག་པར་བསམ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་པུཎྱེ་ཛྙཱ་ན་ཨཱ་ཡུར་སིདྡྷི་ཛ༔ སླར་ཡང་འོད་ཟེར་སྣང་བ་ཡིས༔ ཕྱོགས་དུས་རྒྱལ་བ་སྲས་བཅས་མཆོད༔ འགྲོ་ཀུན་དུས་མིན་འཆི་བ་བསལ༔ རང་དང་བསྒྲུབ་བྱའི་ཚོགས་རྣམས་ཀྱི༔ བླ་ཚེ་ཆད་ཉམས་ཡར་པ་དང༔ འབྱུང་བ་བཞི་ཡི་དྭངས་མའི་བཅུད༔ འཁོར་འདས་ཚེ་བསོད་ཡེ་ཤེས་ཀུན༔ འཆི་མེད་བདུད་རྩིའི་རྣམ་པར་བཀུག༔ རིགས་ཀྱི་བདག་པོ་ཡབ་ཡུམ་གྱི༔ སྐུ་ཡི་དབྱིབས་བརྒྱུད་སྦྱོར་མཚམས་ནས༔ བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ༔ སྤྱི་བོ་ནས་ཞུགས་གནས་ལྔ་ཡི༔ འཆི་མེད་ཐོད་ཕྲེང་རིགས་ལྔར་ཐིམ༔ རྩ་ཁམས་ཐམས་ཅད་བདེ་བས་ཁྱབ༔ དབང་དང་བྱིན་རླབས་དངོས་གྲུབ་ཐོབ༔ ཐུན་མོང་འབྱུང་ལྔའི་ཚེ་བཅུད་དང༔ ཁྱད་པར་ཡེ་ཤེས་རྣམ་ལྔ་ཡིས༔ འཆི་མེད་རྡོ་རྗེའི་སྲོག་འགྲུབ་བསམ༔ སྐབས་སུ་འཇུག་གནས་ལྡང་བའི་རླུང༔ འབྲུ་གསུམ་སྔགས་དང་སྦྱར་ལ་བཟླ༔ སྲོག་གི་ལྕགས་ཀྱུས་ཚེ་བཅུད་བཀུག༔ ཁ་སྦྱོར་རླུང་བསྡམས་བུམ་ཅན་གཟུང༔ འབར་འཛག་སྙོམས་འཇུག་འོད་ཟེར་གྱིས༔ ཐུན་མོང་མཆོག་གི་དྭངས་མ་བསྡུ༔ བདེ་སྟོང་ཟུང་འཇུག་ཐིག་ལེའི་ངང༔ ལྷན་སྐྱེས་ཕྱག་ཆེན་དོན་ལ་བལྟ༔ སྐྱེ་མེད་ནམ་མཁའི་བཅུད་ལེན་བྱ༔ དེ་ལྟར་བདུན་ཕྲག་གསུམ་ལ་སོགས༔ མཚན་མ་ཐོབ་ཀྱི་བར་དུ་བཟླ༔ དུས་མིན་འཆི་བ་ངེས་བཅོམ་ནས༔ ཚེ་དབང་རིག་འཛིན་མཆོག་ཐོབ་འགྱུར༔ ས་མ་ཡ༔ ཁྱད་པར་རྒྱུན་གྱི་རྣལ་འབྱོར་ནི༔ དབྱིངས་རིག་ཟུང་འཇུག་འོད་གསལ་ངང༔ ཐོད་ཕྲེང་རིགས་ལྔའི་ཐུགས་ཀ་ནས༔ འོད་ཟེར་ཧྲཱིཿཡི་རྣམ་པར་འཕྲོས༔ བརྟན་གཡོའི་ཐ་མལ་སྣང་ཞེན་སྦྱངས༔ ཕྱི་སྣོད་པདྨོ་བཀོད་པའི་ཞིང༔ ནང་བཅུད་སྐུ་གསུམ་ཚེ་ཡི་ལྷ༔ སྒྲར་གྲགས་རྡོ་རྗེའི་སྔགས་ཀྱི་དབྱངས༔ རྟོག་ཚོགས་བློ་འདས་བརྗོད་བྲལ་ངང༔ འཆི་མེད་གཉུག་མའི་སྲོག་འགྲུབ་གྱུར༔ ཧྲཱིཿཧྲཱིཿཧྲཱི༔ དུས་གསུམ་དུས་མེད་གཅིག་ཏུ་བཟླ༔ གནས་སྐབས་སྒོ་གསུམ་སྒྲིབ་གཉིས་དག༔ མཐར་ཐུག་དྭངས་མའི་སྲོག་འགྲུབ་ནས༔ འཆི་མེད་གོ་འཕང་མངོན་དུ་འགྱུར༔ ས་མ་ཡ༔ ཐུན་མཚམས་ཚེ་འགུགས་བསྐུལ་བ་ནི༔ ཧྲཱི༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ ནང་གསལ་གཞོན་ནུ་བུམ་པའི་སྐུ༔ སྣང་མཐའ་ཡབ་ཡུམ་ཐུགས་དམ་བསྐུལ༔ ཀ་དག་གཞི་ཡི་ཚེ་བཅུད་ཁུག༔ ཧྲཱི༔ འགྲོ་འདུལ་རྡོ་རྗེའི་ཕོ་བྲང་ནས༔ བདེ་སྟོང་དབྱེར་མེད་ཐིག་ལེའི་སྐུ༔ པདྨ་དྲྭ་བའི་ཐུགས་དམ་བསྐུལ༔ ལྷུན་གྲུབ་ལམ་གྱི་ཚེ་བཅུད་ཁུག༔ ཧྲཱི༔ པདྨ་འོད་ཀྱི་ཕོ་བྲང་ནས༔ འཆི་མེད་འཇའ་ལུས་རྡོ་རྗེའི་སྐུ༔ མཚོ་སྐྱེས་ཡབ་ཡུམ་ཐུགས་དམ་བསྐུལ༔ ཟུང་འཇུག་འབྲས་བུའི་ཚེ་བཅུད་ཁུག༔ ཧྲཱི༔ བདེ་ཆེན་འཁོར་ལོའི་དཀྱིལ་འཁོར་ནས༔ སྣང་སྟོང་དབྱེར་མེད་རྡོ་རྗེའི་སྐུ༔ བུདྡྷ་ཐོད་ཕྲེང་ཐུགས་དམ་བསྐུལ༔ ཆོས་དབྱིངས་ཡེ་ཤེས་ཚེ་བཅུད་ཁུག༔ ཧྲཱི༔ ལོངས་སྤྱོད་འཁོར་ལོའི་དཀྱིལ་འཁོར་ནས༔ གྲགས་སྟོང་དབྱེར་མེད་རྡོ་རྗེའི་གསུང༔ པདྨ་ཐོད་ཕྲེང་ཐུགས་དམ་བསྐུལ༔ སོར་རྟོག་ཡེ་ཤེས་ཚེ་བཅུད་ཁུག༔ ཧྲཱི༔ ཆོས་ཀྱི་འཁོར་ལོའི་དཀྱིལ་འཁོར་ནས༔ རིག་སྟོང་དབྱེར་མེད་རྡོ་རྗེའི་ཐུགས༔ བཛྲ་ཐོད་ཕྲེང་ཐུགས་དམ་བསྐུལ༔ མེ་ལོང་ཡེ་ཤེས་ཚེ་བཅུད་ཁུག༔ ཧྲཱི༔ སྤྲུལ་པའི་འཁོར་ལོའི་དཀྱིལ་འཁོར་ནས༔ ཡོན་ཏན་ལྷུན་རྫོགས་ངོ་བོ་ཉིད༔ རཏྣ་ཐོད་ཕྲེང་ཐུགས་དམ་བསྐུལ༔ མཉམ་ཉིད་ཡེ་ཤེས་ཚེ་བཅུད་ཁུག༔ ཧྲཱི༔ བདེ་སྐྱོང་འཁོར་ལོའི་དཀྱིལ་འཁོར་ནས༔ གང་འདུལ་ཕྲིན་ལས་རྣམ་བཞིའི་གར༔ ཀརྨ་ཐོད་ཕྲེང་ཐུགས་དམ་བསྐུལ༔ བྱ་གྲུབ་ཡེ་ཤེས་ཚེ་བཅུད་ཁུག༔ ཧྲཱི༔ རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ནས༔ ཞི་བའི་ཕྲིན་ལས་སྒྲུབ་མཛད་པའི༔ བཛྲ་དབང་ཆེན་ཐུགས་དམ་བསྐུལ༔ དགའ་བའི་ཡེ་ཤེས་ཚེ་བཅུད་ཁུག༔ ཧྲཱི༔ རིན་ཆེན་རིགས་ཀྱི་དཀྱིལ་འཁོར་ནས༔ རྒྱས་པའི་ཕྲིན་ལས་སྒྲུབ་མཛད་པའི༔ རཏྣ་དབང་ཆེན་ཐུགས་དམ་བསྐུལ༔ མཆོག་དགའི་ཡེ་ཤེས་ཚེ་བཅུད་ཁུག༔ ཧྲཱི༔ པདྨ་རིགས་ཀྱི་དཀྱིལ་འཁོར་ནས༔ དབང་གི་ཕྲིན་ལས་སྒྲུབ་མཛད་པའི༔ པདྨ་དབང་ཆེན་ཐུགས་དམ་བསྐུལ༔ དགའ་བྲལ་ཡེ་ཤེས་ཚེ་བཅུད་ཁུག༔ ཧྲཱི༔ ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་ནས༔ དྲག་པོའི་ཕྲིན་ལས་སྒྲུབ་མཛད་པའི༔ ཀརྨ་དབང་ཆེན་ཐུགས་དམ་བསྐུལ༔ ལྷན་སྐྱེས་ཡེ་ཤེས་ཚེ་བཅུད་ཁུག༔ ཧྲཱི༔ བྱམས་པ་ཚད་མེད་དཀྱིལ་འཁོར་ནས༔ ཤ་ཡི་ཚེ་བདག་སངས་རྒྱས་སྤྱན༔ དཀར་མོ་མགྱོགས་མའི་ཐུགས་དམ་བསྐུལ༔ ས་ཡི་ཁམས་ནས་ཚེ་བཅུད་ཁུག༔ ཧྲཱི༔ སྙིང་རྗེ་ཚད་མེད་དཀྱིལ་འཁོར་ནས༔ ཁྲག་གི་ཚེ་བདག་མཱ་མ་ཀཱི༔ སེར་མོ་མགྱོགས་མའི་ཐུགས་དམ་བསྐུལ༔ ཆུ་ཡི་ཁམས་ནས་ཚེ་བཅུད་ཁུག༔ ཧྲཱི༔ དགའ་བ་ཚད་མེད་དཀྱིལ་འཁོར་ནས༔ དྲོད་ཀྱི་ཚེ་བདག་གོས་དཀར་མོ༔ དམར་མོ་མགྱོགས་མའི་ཐུགས་དམ་བསྐུལ༔ མེ་ཡི་ཁམས་ནས་ཚེ་བཅུད་ཁུག༔ ཧྲཱི༔ བཏང་སྙོམས་ཚད་མེད་དཀྱིལ་འཁོར་ནས༔ དབུགས་ཀྱི་ཚེ་བདག་དམ་ཚིག་སྒྲོལ༔ ལྗང་མོ་མགྱོགས་མའི་ཐུགས་དམ་བསྐུལ༔ རླུང་གི་ཁམས་ནས་ཚེ་བཅུད་ཁུག༔ ཧྲཱི༔ སྣང་སྲིད་འཁོར་འདས་ཚེ་བསོད་བཅུད༔ རྣལ་འབྱོར་བདག་གི་སྒོ་གསུམ་དང༔ དབྱེར་མེད་སྒྲུབ་པའི་རྫས་ལ་སྟིམས༔ འཆི་མེད་རྡོ་རྗེའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་པུཎྱེ་ཛྙཱ་ན་ཨཱ་ཡུར་སིདྡྷི་ཛ༔ ཨ༔ སྲིད་ཞི་ཀུན་ཁྱབ་རྡོ་རྗེའི་ཚེ༔ ཐིག་ལེ་ཉག་གཅིག་ཀློང་དུ་ཐིམ༔ སྣང་གྲགས་རིག་གསུམ་ལྷ་དང་སྔགས༔ ཡེ་ཤེས་རོལ་པས་རྒྱས་གདབ་བོ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨཱ་ཡུརྫྙཱ་ན་དྷརྨ་དྷཱ་ཏུ་བཛྲ་རཀྵ་བྷྲཱུྃ༔ མཆོད་ཅིང་བསྟོད་ལ་དངོས་གྲུབ་བླང༔ ཧཱུྃ་ཧྲཱི༔ སྣང་སྲིད་འཆི་མེད་ཚེ་ལྷའི་ཞིང་དུ་གསལ༔ བསྙེན་ཅིང་བསྒྲུབས་པས་ཐུགས་དམ་གནད་ནས་བསྐུལ༔ མོས་ཤིང་གདུང་བའི་ཡིད་ཀྱིས་གསོལ་འདེབས་ན༔ དངོས་གྲུབ་རྣམ་གཉིས་སྩོལ་བའི་དུས་ལ་བབས༔ ཕུང་ཁམས་རྣམ་དག་འཇའ་ལུས་རྡོ་རྗེའི་སྐུ༔ མི་འགྱུར་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ རླུང་སྔགས་ཟུང་འཇུག་བདེ་ཆེན་ནཱ་དའི་གསུང༔ འགག་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ རྟོག་ཚོགས་རང་གྲོལ་འཆི་མེད་གཉུག་མའི་ཐུགས༔ འོད་གསལ་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཐམས་ཅད་རོ་མཉམ་གཞོན་ནུ་བུམ་སྐུའི་དབྱིངས༔ ཡེ་ཤེས་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ རྩ་སྔགས་མཐར༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་བསྐུལ་སྒྲུབ་རྫས་གནས་གསུམ་གཏུགས༔ འཆི་མེད་བདུད་རྩིར་བསམ་ལ་མྱོང༔ གཞན་ལ་ཚེ་ཡི་དངོས་གྲུབ་སྦྱིན༔ རྗེས་ཆོག་རྩ་བའི་གཞུང་ལྟར་བྱ༔ ས་མ་ཡ༔ འདི་ནི་བསྙེན་སྒྲུབ་ལས་གསུམ་པོ༔ གཅིག་དྲིལ་བསྐྱེད་རྫོགས་ཟུང་འཇུག་སྟེ༔ འཆི་མེད་སྒྲུབ་པའི་མན་ངག་མཆོག༔ འབུམ་ཕྲག་ཀུན་གྱི་ཡང་སྙིང་ཡིན༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ <!TCC Tibetan character 3,181 undefined in unicode!> ཚེ་སྒྲུབ་འཆི་མེད་དྲྭ་བ་ལས༔ དབང་བཞི་ཡེ་ཤེས་སྙིང་པོ་བཞུགས༔ <!TCC Tibetan character 3,181 undefined in unicode!> ཚེ་དབང་རིག་འཛིན་པདྨར་འདུད༔ འཆི་མེད་རྡོ་རྗེའི་གྲོང་ཁྱེར་དུ༔ འཇུག་སྒོ་སྨིན་བྱེད་དབང་བཞིའི་རིམ༔ དད་བརྩོན་བརྟུལ་ཞུགས་ལྡན་པ་ཡི༔ སྐལ་བཟང་རྣམས་ཀྱི་སྤྱོད་ཡུལ་ལོ༔ ས་མ་ཡ༔ བཀྲ་ཤིས་ཡིད་འོང་དབེན་གནས་སུ༔ མཁའ་འགྲོ་འདུ་བའི་དུས་ཀྱི་ཚེ༔ སྟེགས་བུ་དམར་ཟླུམ་གྲུ་གང་ངོས༔ སིནྡྷུ་ར་ཡིས་བསྐྱང་ནུལ་བྱ༔ དེ་སྟེང་དཀྱིལ་འཁོར་མཚན་མ་དགོད༔ ཕྱི་ནང་གསང་བའི་སྒྲུབ་རྫས་དང༔ ཚོགས་དང་མཆོད་པའི་ཡོ་བྱད་བཤམ༔ ཡེ་ཤེས་མཐོང་བའི་སློབ་དཔོན་གྱིས༔ བདག་མདུན་དབྱེར་མེད་བསྙེན་ཅིང་བསྒྲུབ༔ བྱིན་འབེབ་ཏིང་འཛིན་ནན་དུ་བསྐྱེད༔ རིག་པའི་མེ་ཏོག་དོར་བ་འམ༔ ཇི་ལྟར་འོས་པའི་ཚུལ་གྱིས་འཇུག༔ སྣོད་ལྡན་སློབ་མ་ཁྲུས་ནས་ཕྱུང༔ སྔོན་འགྲོའི་འཇུག་པ་སྤྱི་ལྟར་རྗེས༔ དངོས་གཞིའི་ཐོག་མར་བུམ་དབང་ནི༔ ཧྲཱི༔ གཞི་དབྱིངས་གཞོན་ནུ་བུམ་སྐུའི་དཀྱིལ་འཁོར་དུ༔ གཞི་སྣང་རིག་པ་ཡེ་ཤེས་ལྷ་ཚོགས་ཤར༔ ཟུང་འཇུག་ཐུགས་རྗེ་བདུད་རྩིས་དབང་བསྐུར་བས༔ འཆི་མེད་རྡོ་རྗེའི་སྐུ་རུ་འགྲུབ་པར་ཤོག༔ རྩ་སྔགས་དང༔ ཀ་ལ་ཤ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སྤྲོ་ན་རིག་པའི་དབང་ལྔ་སོགས༔ ཡེ་ཤེས་ཐིག་ལེ་ཇི་བཞིན་ལ༔ གཙོ་འཁོར་ཡོངས་རྫོགས་ལྷ་དབང་བསྐུར༔ མཐའ་རྟེན་ཚེ་བཅུད་འགུགས་ཤིང་བསྟིམ༔ གསང་རྫས་བྱང་སེམས་མགྲིན་པར་བཞག༔ ཧྲཱི༔ བདེ་བ་ཆེན་པོ་པདྨ་ཐོད་ཕྲེང་དང༔ སྟོང་ཉིད་ཤེས་རབ་མནྡཱ་རཿབ་ཡུམ༔ གཉིས་མེད་མཉམ་སྦྱོར་བྱང་སེམས་འདི་བྱིན་པས༔ ལས་རླུང་ཡེ་ཤེས་ཁམས་སུ་གནས་འགྱུར་ཤོག༔ རྩ་སྔགས་དང༔ བོ་དྷི་ཙིཏྟ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ རྗེས་འབྲེལ་སྔགས་ཀྱི་བཟླས་ལུང་དང༔ མཐའ་རྟེན་ཚེ་ཡི་བདུད་རྩི་སྦྱིན༔ ཧྲཱི༔ ཐབས་མཆོག་འོད་ཟེར་རྣམ་ལྔའི་རིག་མདངས་ཀྱིས༔ འཁོར་འདས་ཚེ་དང་ཡེ་ཤེས་བསྡུས་པའི་བཅུད༔ ཤེས་རབ་མྱོང་གྲོལ་བདུད་རྩི་འདི་བྱིན་པས༔ འཆི་མེད་རིག་འཛིན་འགྲུབ་པའི་དབང་ཐོབ་ཤོག༔ རྩ་སྔགས་དང༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ མཚན་ལྡན་གཟུངས་མ་བྱིན་བརླབས་གཏད༔ ཧྲཱི༔ ལྷན་སྐྱེས་ཡེ་ཤེས་འབྱུང་བའི་གནས་གཅིག་པུ༔ ཡིད་འོང་སྣ་ཚོགས་གཟུགས་ཅན་འདི་གཏད་པས༔ བདེ་སྟོང་རྣམ་ཀུན་མཆོག་ལྡན་འོད་གསལ་ངང༔ ཟུང་འཇུག་གཉུག་མའི་གནས་ལུགས་མངོན་གྱུར་ཤོག༔ རྩ་སྔགས་དང༔ པྲ་ཛྙཱ་ཛྙཱ་ན་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མཐའ་རྟེན་ཚེ་ཡི་རིལ་བུ་སྦྱིན༔ ཧྲཱི༔ སྲིད་དང་ཞི་བའི་དྭངས་བཅུད་འདུས་པའི་དངོས༔ འཆི་མེད་བདུད་རྩིའི་རིལ་བུ་འདི་བྱིན་པས༔ རྩ་རླུང་ཐིག་ལེའི་སྒྲིབ་གཉིས་ཀུན་ཞི་ནས༔ དགའ་བཞིའི་ཡེ་ཤེས་རྟག་ཏུ་རྒྱས་པར་ཤོག༔ རྩ་སྔགས་དང༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཤེལ་དང་མེ་ལོང་རྟགས་ཀྱི་བརྡས༔ ཀ་དག་ལྷུན་གྲུབ་དོན་ངོ་སྤྲད༔ ཧྲཱི༔ ཀ་དག་སྤྲོས་པ་བྲལ་བའི་ཡེ་ཤེས་ལས༔ ལྷུན་གྲུབ་སྣང་བ་རྣམ་བཞིའི་དཀྱིལ་འཁོར་ཤར༔ དབྱིངས་རིག་དབྱེར་མེད་ཆེན་པོར་དབང་བསྐུར་བས༔ ཆོས་ཟད་བློ་འདས་གོ་འཕང་མངོན་གྱུར་ཤོག༔ རྩ་སྔགས་དང༔ ཛྙཱ་ན་དྷཱ་ཏུ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧྲཱི༔ སྤྲོ་ན་དབང་བཞི་སོ་སོའི་མཐར༔ རང་རང་ལམ་གྱིས་སྲིད་དང་ཞིའི༔ ཚེ་བཅུད་བསྡུ་བའི་དམིགས་པ་སྦྱིན༔ མཐའ་རྟེན་གཏོར་མ་སྤྱི་བོར་གཞག༔ ཧྲཱི༔ ངོ་བོ་འོད་གསལ་ཆོས་སྐུ་སྣང་མཐའ་ཡས༔ རང་བཞིན་བདེ་སྟོང་ལོངས་སྐུ་ཚེ་དཔག་མེད༔ ཐུགས་རྗེ་འཆི་མེད་པདྨ་ཐོད་ཕྲེང་སོགས༔ རབ་འབྱམས་རྩ་གསུམ་ཚེ་ཡི་ལྷ་ཚོགས་ཀྱིས༔ དེང་འདིར་སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ བླ་ཚེ་ཆད་ཉམས་ཡར་པ་རང་སོར་ཆུད༔ སྲིད་དང་ཞི་བའི་ཚེ་བཅུད་དབུ་མར་ཐིམ༔ སྒོ་གསུམ་འཆི་མེད་གཉུག་མའི་སྲོག་འགྲུབ་ཤོག༔ རྩ་སྔགས་དང༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་བ་ལིཾ་ཏ་སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ་ཨཱ༔ རྗེས་སུ་ཚེ་བཅུད་རྒྱས་གདབ་ཅིང༔ སྒྲིབ་གཉིས་གཡུལ་ལས་རྒྱལ་བའི་སླད༔ ཤིས་པའི་རྫས་ཀྱིས་མངའ་ཡང་གསོལ༔ མེ་ཏོག་ཆར་འབེབ་རོལ་མོ་འཁྲོལ༔ དགའ་སྟོན་ཚོགས་ཀྱི་འཁོར་ལོ་སོགས༔ རྩ་བའི་གཞུང་དང་མཐུན་པར་སྤྱད༔ གཞན་དུ་ཐུན་མོང་རིགས་ཅན་ལ༔ བུམ་དབང་རྗེས་འབྲེལ་བཅས་པ་དང༔ གོང་མ་རྣམས་ཀྱི་མཐའ་རྟེན་སྦྱར༔ ས་མ་ཡ༔ དེ་ལྟར་རྩ་གསུམ་ཀུན་འདུས་པ༔ འཆི་མེད་དྲྭ་བའི་དཀྱིལ་འཁོར་དུ༔ སྨིན་བྱེད་དབང་བཞིའི་རིམ་པ་འདིས༔ མཐར་ཐུག་ཡེ་ཤེས་སྙིང་པོར་སྦྱོར༔ གནས་སྐབས་དུས་མིན་འཆི་བ་དང༔ རྩ་རླུང་ཐིག་ལེའི་གེགས་ཀུན་ཞི༔ རྡོ་རྗེའི་ཚེ་ལ་དབང་ཐོབ་པའི༔ རིག་པ་འཛིན་པའི་གཟུགས་སུ་འགྱུར༔ དེ་ཕྱིར་འཆི་མེད་སྒྲུབ་པའི་ཐབས༔ བྱེ་བ་ཕྲག་བརྒྱའི་ཡང་སྙིང་འདི༔ འདས་དུས་མཱ་ར་ཏི་ཀ་རུ༔ རིག་འཛིན་ཌཱ་ཀི་རྣམས་ལ་བསྟན༔ མ་འོངས་ལྔ་བརྒྱའི་ཐ་མ་ལ༔ བདག་གིས་བྱིན་བརླབས་རྣལ་འབྱོར་པ༔ འོད་གསལ་སྤྲུལ་པའི་རྡོ་རྗེའི་དོན༔ རིག་པ་དབྱིངས་ཀྱི་སྒྲོམ་བུར་སྦས༔ ནམ་ཞིག་རྟེན་འབྲེལ་དུས་བབས་ཚེ༔ སྔོན་གྱི་སྨོན་ལམ་ལྷན་ཅིག་པའི༔ ཆོས་བདག་སྐྱེས་བུའི་ཚོགས་ལ་སོགས༔ འབྲེལ་ཚད་དོན་དང་ལྡན་པར་ཤོག༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ༈ ལོ་རྒྱུས་ཟབ་དོན་གསལ་བྱེད། དབང་བཞི་ཡེ་ཤེས་སྣང་བ། མན་ངག་རྡོ་རྗེའི་ཚིག་རྐང་། ཕྱི་སྒྲུབ་རྩ་གསུམ་འདུས་པ། ནང་སྒྲུབ་འཇིག་རྟེན་དབང་ཕྱུག །གསང་སྒྲུབ་པདྨ་གར་དབང་། འཇའ་ལུས་རྡོ་རྗེའི་སྒྲུབ་པ། ཡང་གསང་པདྨ་དྲག་པོ། ཕྲིན་ལས་ཡིད་བཞིན་ནོར་བུ། ཚེ་སྒྲུབ་འཆི་མེད་སྙིང་པོ། ཕུར་པ་ཡེ་ཤེས་སྙིང་པོ། ཡང་དག་བདེ་ཆེན་སྙིང་པོ། གསོལ་འདེབས་བྱིན་རླབས་ཆར་འབེབ། བྱིན་འབེབ་ཡེ་ཤེས་ཆར་འབེབ། སྐོང་བཤགས་ཕྲིན་ལས་ཆར་འབེབ་བོ།། །། <!TCC Tibetan character 3,181 undefined in unicode!> རྩ་གསུམ་འོད་གསལ་སྙིང་ཏིག་ལས༔ ཐམས་ཅད་ལྷུན་གྲུབ་བུདྡྷ་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ་བཞུགས༔ <!TCC Tibetan character 3,181 undefined in unicode!> རྩ་གསུམ་ཡོངས་འདུས་ལྷ་ལ་འདུད༔ ཕྲིན་ལས་ཐམས་ཅད་ལྷུན་གྲུབ་ཅིང༔ མཆོག་གི་གོ་འཕང་ཐོབ་འདོད་ན༔ བུདྡྷ་ཐོད་ཕྲེང་བསྒྲུབ་པར་བྱ༔ ས་མ་ཡ༔ དེ་ལ་སྔོན་དངོས་རྗེས་གསུམ་ལས༔ སྔོན་འགྲོ་སྐྱབས་སེམས་ཚོགས་གསག་དང༔ བགེགས་བསྐྲད་སྲུང་མཚམས་བྱིན་ཆེན་དབབ༔ མཆོད་པ་བྱིན་རླབས་ཚུལ་བཞིན་བྱ༔ ས་མ་ཡ༔ དངོས་གཞིར་དང་པོ་དམ་ཚིག་པའི༔ དཀྱིལ་འཁོར་འཁོར་ལོ་བསྐྱེད་པ་ནི༔ ཧཱུྃ༔ དེ་བཞིན་ཉིད་དབྱིངས་དམིགས་མེད་སྙིང་རྗེའི་རྩལ༔ ཟུང་འཇུག་རྒྱུ་ཡི་ས་བོན་ཨོཾ་དཀར་གསལ༔ དེ་ལས་འོད་འཕྲོས་སྣོད་བཅུད་དངོས་འཛིན་སྦྱངས༔ སྟོང་པའི་ངང་ལས་འབྱུང་རིམ་རི་རབ་རྩེར༔ རྡོ་རྗེའི་སྲུང་འཁོར་མེ་ཕུང་འབར་བའི་ཀློང༔ བྷྲཱུྃ་ལས་རིན་ཆེན་གཞལ་མེད་ཁང་ཆེན་པོ༔ མཚན་ཉིད་ཀུན་རྫོགས་སྣང་སྟོང་འོད་འབར་དབུས༔ སྣ་ཚོགས་པདྨ་འདབ་བཞིའི་ལྟེ་བ་རུ༔ གླང་པོས་བཏེགས་པའི་རིན་ཆེན་མཛེས་ཁྲི་དང༔ ཐབས་ཤེས་ཟུང་འཇུག་ཉི་ཟླའི་གདན་གྱི་སྟེང༔ ཨོཾ་ཡིག་ཡོངས་གྱུར་བུདྡྷ་ཐོད་ཕྲེང་རྩལ༔ སྐུ་མདོག་དཀར་གསལ་ཞི་འཛུམ་སྒེག་པའི་ཉམས༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་གཟི་འོད་འབར༔ ཕྱག་གཡས་འཁོར་ལོ་དཀར་པོ་ཐུགས་ཀར་གཏོད༔ གཡོན་པས་འཁོར་ལོས་ཡུ་བ་བྱས་པ་ཡི༔ རིགས་ཀྱི་དྲིལ་བུ་དཀུར་བརྟེན་ཡུམ་ལ་འཁྱུད༔ རུས་པའི་ཕྱག་རྒྱ་དྲུག་གིས་རབ་ཏུ་སྤྲས༔ དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས༔ ཡུམ་མཆོག་འཁོར་ལོ་དྲིལ་བུ་བསྣམས་པ་འཁྲིལ༔ རིག་འཛིན་བླ་མ་བྱེ་བའི་སྤྲིན་ཕུང་འཕྲོ༔ འདབ་བཞིར་དབང་ཆེན་རྟ་མཆོག་རིགས་བཞི་་་རང་འོད་ཡུམ་བཅས།ལས༔་་་་འདིར་ཡེ་ཤེས་སེམས་དཔའ་བུདྡྷ་རྟ་མགྲིན་དང་ཕྱོགས་བཞིར་བཛྲ་རྟ་མགྲིན་སོགས་ཡིན་ལ། རིགས་གཞན་ལ་དེས་འགྲེ་སྟེ། རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཡེ་ཤེས་སེམས་དཔའ་བཛྲ་རྟ་མགྲིན་དང་བུདྡྷ་རྟ་མགྲིན་ཤར་འདབ་ལ་བཀོད་དགོས་པ་སོགས་ཤེས་པར་བྱའོ། །རབ་འབྱམས་ཡི་དམ་ཞི་ཁྲོའི་ཕྱག་རྒྱ་ཤར༔ སྒོ་བཞིར་རིག་འཛིན་དཔའ་བོ་ཡབ་ཡུམ་ལ༔ གནས་གསུམ་མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ ཀུན་ཀྱང་སྤྱི་མགྲིན་སྙིང་གར་ཨོཾ་ཨཱཿཧཱུྃ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེས་རྒྱས་གདབ་ཅིང༔ ཡེ་ཤེས་དབང་བསྐུར་རིགས་ཀྱི་ཅོད་པན་འཆང༔ ཐུགས་ཀའི་འོད་ཀྱིས་ལྷ་ཚོགས་སྤྱན་དྲང་གྱུར༔ གཉིས་པ་ཡེ་ཤེས་སྤྱན་འདྲེན་ནི༔ ཧཱུྃ་ཧྲཱི༔ རང་རིག་ལྷུན་མཉམ་མཐའ་དབུས་མེད་པའི་དཀྱིལ༔ ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ་འཆང་བ༔ བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་སྐུར་སྟོན་པ༔ རྩལ་སྣང་དབྱིངས་ནས་རོལ་ཞིང་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་དྷཱ་ཀི་ནཱི་སརྦ་ཛྙཱ་ན་མཎྜལ་བཛྲ་ས་མ་ཡ་ཛ༔ གསུམ་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱི༔ རང་སྣང་དམ་ཚིག་སེམས་དཔའི་དཀྱིལ་འཁོར་དུ༔ རིག་རྩལ་དབྱིངས་ནས་སྤྱན་དྲངས་ཡེ་ཤེས་ལྷ༔ ཆུ་ལ་ཆུ་བཞག་སྒྱུ་མ་ཇི་བཞིན་དུ༔ གཉིས་མེད་བརྟན་བཞུགས་དབང་དང་དངོས་གྲུབ་སྩོལ༔ བཛྲ་ཛྙཱ་ན་ས་མ་ཡ་ཏིཥྛ་ལྷན༔ བཞི་པ་བརྡ་ཡི་ཕྱག་འཚལ་ནི༔ ཧཱུྃ་ཧྲཱི༔ རིག་སྟོང་གདོད་ནས་སྐྱེ་མེད་ཆོས་སྐུའི་དབྱིངས༔ ཡེ་ཤེས་རང་རྩལ་གཟུགས་སྐུའི་རྣམ་པར་ཤར༔ རྩ་གསུམ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ལ༔ མི་ཕྱེད་གུས་པའི་བརྡ་ཡིས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧཱོ༔ ལྔ་པ་མཆོད་པ་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་མངོན་སྤྲུལ་པའི༔ ཕྱི་ནང་གསང་བ་རྨད་བྱུང་མཆོད་པའི་སྤྲིན༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་ཕྱིར་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས། རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ༔ མ་ཧཱ་སུ་ཁ་ཛྙཱ་ན་པཱུ་ཛ་ཧོ༔ སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དྲུག་པ་བསྟོད་པ་བྱ་བ་ནི༔ ཧཱུྃ་ཧྲཱི༔ མ་བཅོས་སྤྲོས་བྲལ་ཆོས་སྐུའི་ངང་ཉིད་ལས༔ ལོངས་སྤྱོད་ཡོངས་རྫོགས་སྤྲུལ་པའི་སྤྲིན་ཕུང་འཕྲོ༔ ཐུགས་རྗེས་འགྲོ་འདུལ་དཀྱིལ་འཁོར་ལྷ་ཚོགས་ལ༔ གུས་པས་བསྟོད་དོ་མཆོག་ཐུན་དངོས་གྲུབ་སྩོལ༔ བདུན་པ་བཟླས་པ་བྱ་བ་ལ༔ དང་པོ་བསྙེན་པའི་དགོངས་པ་ནི༔ ཐུགས་ཀར་པད་ཉི་དྲེགས་པའི་གདན་གྱི་སྟེང༔ ཡེ་ཤེས་སེམས་དཔའ་བུདྡྷ་རྟ་གདོང་ཞལ༔ དཀར་སྨུག་འཁོར་ལོའི་གྲི་གུག་ཐོད་ཁྲག་འཆང༔ གར་དགུའི་གཟི་འབར་རང་འོད་ཡུམ་དང་སྦྱོར༔ དུར་ཁྲོད་ཆས་རྫོགས་ཞབས་ཟུང་དོར་སྟབས་འགྱིང༔ དེ་ཡི་ཐུགས་དབུས་ཉི་ཟླ་ཁ་སྦྱོར་སྦུབས༔ ཨོཾ་མཐར་སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས༔ འཕགས་པ་མཆོད་ཅིང་འགྲོ་ཀུན་སྒྲིབ་གཉིས་སྦྱངས༔ ཚུར་འདུས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི༔ བྱིན་རླབས་དངོས་གྲུབ་ཡེ་ཤེས་རང་ལ་ཐིམ༔ མཆོག་ཐུན་ཕྲིན་ལས་ལྷུན་གྱིས་གྲུབ་པར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་བུདྡྷ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཧཱུྃ༔ འབུམ་ཕྲག་བཞི་བཟླས་གྲུབ་གཉིས་ཐོབ༔ དེ་ནས་སྒྲུབ་པའི་དགོངས་པ་ནི༔ སླར་ཡང་ཐུགས་སྲོག་སྒྲུབ་པའི་སྔགས་ཀྱི་ཕྲེང༔ རང་སྒྲ་སྒྲོག་བཞིན་བསྐོར་ལས་འོད་ཟེར་འཕྲོས༔ སྣོད་བཅུད་གཞལ་ཡས་ཁང་དང་ལྷར་གྱུར་ཅིང༔ སྒྲ་གྲགས་སྔགས་ལ་དྲན་རྟོག་འོད་གསལ་དབྱིངས༔ སྣང་སྲིད་གཞིར་བཞེངས་དག་པ་རབ་འབྱམས་ངང༔ ཡེ་ཤེས་ཆེན་པོའི་ནུས་སྟོབས་རྫོགས་པར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བུདྡྷ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ འབུམ་ཕྲག་བཟླས་པས་དངོས་གྲུབ་ཐོབ༔ ཐ་མར་ལས་ལ་སྦྱར་བ་ནི༔ ཐུགས་སྲོག་སྔགས་ལས་འོད་ཟེར་འཇའ་ཚོན་ལྟར༔ ཁ་དོག་ལྔ་ལྡན་ཕྱི་ནང་ཀུན་ཏུ་འཕྲོས༔ ཞི་རྒྱས་དབང་དྲག་ལས་ཀུན་ལྷུན་གྲུབ་ཅིང༔ མཆོག་ཏུ་མི་འགྱུར་ཡེ་ཤེས་རྩལ་རྫོགས་བསམ༔ སྒྲུབ་པའི་སྔགས་ཀྱིས་ཐོག་དྲངས་ནས༔ ཨོཾ་སརྦ་ཀརྨ་ཛྙཱ་ན་སིདྡྷི་ཧཱུྃ༔ ཁྲི་ཡིས་ལས་ཀུན་ལྷུན་གྲུབ་འགྱུར༔ ས་མ་ཡ༔ གསུམ་པ་རྗེས་ཀྱི་ལས་རིམ་ལ༔ ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང༔ གཏང་རག་མཆོད་བསྟོད་དངོས་གྲུབ་གསོལ༔ ནོངས་པ་བཤགས་ཤིང་ལྷར་སྣང་བསྡུ༔ ཟུང་འཇུག་སྐུར་ལྡང་བསྔོ་སྨོན་དང༔ ཤིས་པ་བརྗོད་པས་མཐར་དབྱུང་ངོ༔ ས་མ་ཡ༔ ཁྱད་པར་མཆོག་གི་ལས་སྦྱོར་ནི༔ ཤ་ལྔ་བདུད་རྩི་རྣམ་པ་ལྔ༔ རྩ་བ་བརྒྱད་དང་ཡན་ལག་སྟོང༔ ཇི་ལྟར་ཚོགས་པའི་བདུད་རྩི་ལ༔ སེལ་མེད་ཨ་མྲྀཏ་ཡིས་བྲན༔ མཚན་ལྡན་ཐོད་པ་ཁ་སྦྱོར་གཞུག༔ དྲོད་འབེབ་སྦྱོར་བ་དང་བཅས་མདུན༔ སྨན་རཀ་གཏོར་ཚོགས་མཆོད་རྫས་དགྲམ༔ ཕྲིན་ལས་གཞུང་བསྲང་སྔོན་འགྲོ་བས༔ བྱེ་བྲག་ཏིང་འཛིན་དགོངས་བརྒྱུད་ནི༔ ཨཱ༔ སྟོང་གསལ་ངང་ལས་རླུང་མེ་ཐོད་སྒྱེད་སྟེང༔ ཆོས་ཀྱི་དབྱིངས་མཉམ་ཡེ་ཤེས་ཀ་པཱ་ལར༔ བདུད་རྩིའི་རྒྱ་མཚོ་ཞུ་ཞིང་ཁོལ་བའི་དབུས༔ བདག་ཉིད་རྩ་བའི་དཀྱིལ་འཁོར་གསལ་བརྟན་ལས༔ ཡེ་ཤེས་དཀྱིལ་འཁོར་གཉིས་པ་མདུན་དུ་སྤྲོས༔ མེ་རི་འདབས་འབྱོར་ཚུལ་གྱིས་བཞུགས་པ་ལ༔ རང་གི་ཐུགས་ནས་འཕྲོས་པའི་འོད་ཟེར་གྱིས༔ ཐུགས་དམ་རྒྱུད་བསྐུལ་ལྷ་ཚོགས་སྙོམས་པར་ཞུགས༔ བདེ་བའི་སྒྲ་དང་ཡེ་ཤེས་འོད་སྣང་གིས༔ འཁོར་འདས་བཅུད་དང་དྭངས་མ་དགེ་མཚན་དང༔ ཁྱད་པར་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི༔ བདེ་ཆེན་ཡེ་ཤེས་བདུད་རྩིའི་རྣམ་པར་བསྡུས༔ རྫས་ལ་ཐིམ་པས་མཐོང་ཚོར་མྱོང་རེག་ཀུན༔ རྣམ་པར་གྲོལ་བའི་ཡེ་ཤེས་གཟི་བྱིན་འབར༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ བཛྲ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ༔ ཁྲི་བཟླས་གྲོལ་བ་བཞི་ལྡན་གྱི༔ དངོས་གྲུབ་མཆོག་གི་རྫས་སུ་འགྱུར༔ མཐར་ནི་ལྷ་རྣམས་བཅུད་ལ་བསྟིམ༔ དངོས་གྲུབ་བླངས་ཤིང་གཞན་ལའང་སྦྱིན༔ རིག་འཛིན་མཆོག་དང་སྐལ་མཉམ་པའི༔ མཆོག་ཐུན་གྲུབ་པ་རྒྱས་པར་བསམ༔ ས་མ་ཡ༔ དེ་ལྟར་བསྐྱེད་བཟླས་ཟབ་མོའི་དོན༔ ཉམས་སུ་ལེན་པའི་སྣོད་ལྡན་ཕྱིར༔ རིམ་པ་དབང་གི་ཆོ་ག་ནི༔ དབེན་པའི་གནས་སུ་མཎྜལ་དང༔ དབང་རྫས་མཆོད་གཏོར་ཚོགས་མཆོད་བཤམ༔ བདག་མདུན་དབྱེར་མེད་བསྒོམ་བཟླས་དང༔ བུམ་པ་ཚུལ་བཞིན་བསྒྲུབས་ནས་ཀྱང༔ ཚོགས་མཆོད་སྐོང་བཤགས་སྔོན་འགྲོ་བས༔ སྣོད་ལྡན་སློབ་མ་ཁྲུས་ནས་དབྱུང༔ བགེགས་བསལ་སྲུང་བའི་འཁོར་ལོས་བཅིང༔ མནྜལ་འབུལ་ཞིང་གསོལ་གདབ་བྱ༔ ཧོ༔ དཀྱིལ་འཁོར་གཙོ་བོ་རིགས་ཀུན་བདག༔ ཐུགས་རྗེའི་གཏེར་ཆེན་སློབ་དཔོན་གྱིས༔ ལྷུན་གྲུབ་བུདྡྷ་ཐོད་ཕྲེང་གི༔་་་རིགས་གཞན་ལ་ཞི་མཛད་རྡོ་རྗེ་ཐོད་ཕྲེང་སོགས་ཚིགས་ཁ་བསྒྱུར་རོ། །སྨིན་གྲོལ་དབང་མཆོག་བསྩལ་དུ་གསོལ༔ ཞེས་གསོལ་རྒྱུད་སྦྱངས་་་སྐྱབས་སེམས་ཚོགས་གསག་སྡོམ་གཟུང་།ལྷར་བསྐྱེད་ལ༔ ཡེ་ཤེས་དབབ་ཅིང་བརྟན་པར་བྱ༔ དེ་ནས་བུམ་པ་སྤྱི་བོར་བཞག༔ ཨོཾ༔ བུམ་པ་བཟང་པོ་ཡོན་ཏན་ཀུན་གྱི་གཏེར༔ ལྷ་ཚོགས་འོད་ཞུ་བདུད་རྩིའི་བཅུད་ཀྱིས་གཏམས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བུདྡྷ་ཐོད་ཕྲེང་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བུདྡྷ་ཐོད་ཕྲེང་རྩལ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སྔགས་ཀྱི་ཕྲེང་བ་མགྲིན་པར་བཞག༔་་་བཟླས་ལུང་སྤྱི་ལྟར་བྱ༔ ཨཱ༔ སྒྲ་ཡི་སྙིང་པོ་བསྙེན་སྒྲུབ་ཕྲིན་ལས་ཀྱི༔ བཟླས་པའི་ནུས་རྫོགས་སྔགས་ཀྱི་ཕྲེང་བ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང༴ བུདྡྷ་ཐོད་ཕྲེང་གསུང་གི་དབང་ཐོབ༴ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བུདྡྷ་ཐོད་ཕྲེང་རྩལ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ མེ་ལོང་གསལ་བསྟན་ངོ་སྤྲོད་གདབ༔ ཧཱུྃ༔ སྟོང་གསལ་རང་རིག་འདུས་མ་བྱས་པའི་དོན༔ བརྡ་ཡིས་མཚོན་པ་ཡེ་ཤེས་མེ་ལོང་གིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང༴ བུདྡྷ་ཐོད་ཕྲེང་ཐུགས་ཀྱི་དབང་ཐོབ༴ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བུདྡྷ་ཐོད་ཕྲེང་རྩལ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དཔལ་གྱི་གཏོར་མ་སྤྱི་བོར་བཞག༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ གཏོར་སྣོད་རང་བྱུང་གཞལ་མེད་ཁང་ཆེན་པོ༔ གཏོར་མའི་ངོ་བོ་ལྷ་དང་གཉིས་སུ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང༴ བུདྡྷ་ཐོད་ཕྲེང་ཡེ་ཤེས་དབང་ཐོབ༴ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་བུདྡྷ་ཐོད་ཕྲེང་རྩལ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ ཁྱད་པར་མཐའ་རྟེན་ཨ་མྲྀཏའི༔ བྷནྡྷ་ཁ་སྦྱོར་སྤྱི་གཙུག་བཀོད༔ ཧཱུྃ༔ བཀྲ་ཤིས་མཚན་ལྡན་རྡོ་རྗེ་ཀ་པཱ་ལ༔ ཡེ་ཤེས་བདུད་རྩིའི་བཅུད་ཀྱིས་རབ་ཏུ་གཏམས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང༴ གྲོལ་བ་བཞི་ལྡན་ཕྲིན་ལས་མཐར་ཕྱིན༴ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ བཛྲ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ༔ སརྦ་ཨ་བྷི་ཥིཉྩ་མི༔ རྗེས་སུ་ཤིས་པར་བྱ་བ་དང༔ དམ་ཚིག་ཁས་བླང་གཏང་རག་གི༔ མཎྜལ་ལ་སོགས་སྤྱི་ལྟར་བྱ༔ གསང་བ་ཆེན་པོའི་སྣོད་དུ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ གར་དབང་འོད་གསལ་གླིང་པས་ཟབ་མོ་དགོངས་པའི་གཏེར་ལས་ཕྱུང་བའོ།། །། <!TCC Tibetan character 3,181 undefined in unicode!> རྩ་གསུམ་འོད་གསལ་སྙིང་ཏིག་ལས༔ ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ་བཞུགས༔ <!TCC Tibetan character 3,181 undefined in unicode!> རྩ་གསུམ་ཡོངས་འདུས་ལྷ་ལ་འདུད༔ ནད་གདོན་འཇིགས་བརྒྱད་སྡིག་ལྟུང་སོགས༔ མི་མཐུན་འགལ་རྐྱེན་ཞི་འདོད་ན༔ རྡོ་རྗེ་ཐོད་ཕྲེང་བསྒྲུབ་པར་བྱ༔ ས་མ་ཡ༔ དེ་ལ་སྔོན་དངོས་རྗེས་གསུམ་ལས༔ སྔོན་འགྲོའི་ལས་བདུན་ཚུལ་བཞིན་བྱ༔ དངོས་གཞིར་དང་པོ་དམ་ཚིག་པའི༔ དཀྱིལ་འཁོར་འཁོར་ལོ་བསྐྱེད་པ་ནི༔ ཧཱུྃ༔ དེ་བཞིན་ཉིད་དབྱིངས་དམིགས་མེད་སྙིང་རྗེའི་རྩལ༔ ཟུང་འཇུག་རྒྱུ་ཡི་ས་བོན་ཧཱུྃ་མཐིང་གསལ༔ དེ་ལས་འོད་འཕྲོས་སྣོད་བཅུད་དངོས་འཛིན་སྦྱངས༔ སྟོང་པའི་ངང་ལས་འབྱུང་རིམ་རི་རབ་རྩེར༔ རྡོ་རྗེའི་སྲུང་འཁོར་མེ་ཕུང་འབར་བའི་ཀློང༔ བྷྲཱུྃ་ལས་རིན་ཆེན་གཞལ་མེད་ཁང་ཆེན་པོ༔ མཚན་ཉིད་ཀུན་རྫོགས་སྣང་སྟོང་འོད་འབར་དབུས༔ སྣ་ཚོགས་པདྨ་འདབ་བཞིའི་ལྟེ་བ་རུ༔ སེང་གེས་བཏེགས་པའི་རིན་ཆེན་མཛེས་ཁྲི་དང༔ ཐབས་ཤེས་ཟུང་འཇུག་ཉི་ཟླའི་གདན་གྱི་སྟེང༔ ཧཱུྃ་ཡིག་ཡོངས་གྱུར་རྡོ་རྗེ་ཐོད་ཕྲེང་རྩལ༔ སྐུ་མདོག་མཐིང་གསལ་ཞི་འཛུམ་སྒེག་པའི་ཉམས༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་གཟི་འོད་འབར༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་ཐུགས་ཀར་གཏོད༔ གཡོན་པས་རྡོ་རྗེས་ཡུ་བ་བྱས་པ་ཡི༔ རིགས་ཀྱི་དྲིལ་བུ་དཀུར་བརྟེན་ཡུམ་ལ་འཁྱུད༔ རུས་པའི་ཕྱག་རྒྱ་དྲུག་གིས་རབ་ཏུ་སྤྲས༔ དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས༔ ཡུམ་མཆོག་རྡོ་རྗེ་དྲིལ་བུ་བསྣམས་པ་འཁྲིལ༔ རིག་འཛིན་བླ་མ་བྱེ་བའི་སྤྲིན་ཕུང་འཕྲོ༔ འདབ་བཞིར་དབང་ཆེན་རྟ་མཆོག་་་ཤར་ནས་བུདྡྷ་རཏྣ་པདྨ་ཀརྨ་ཡུམ་བཅས།རིགས་བཞི་ལས༔ རབ་འབྱམས་ཡི་དམ་ཞི་ཁྲོའི་ཕྱག་རྒྱ་ཤར༔ སྒོ་བཞིར་རིག་འཛིན་དཔའ་བོ་ཡབ་ཡུམ་ལ༔ གནས་གསུམ་མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ ཀུན་ཀྱང་སྤྱི་མགྲིན་སྙིང་གར་ཨོཾ་ཨཱཿཧཱུྃ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེས་རྒྱས་གདབ་ཅིང༔ ཡེ་ཤེས་དབང་བསྐུར་རིགས་ཀྱི་ཅོད་པན་འཆང༔ ཐུགས་ཀའི་འོད་ཀྱིས་ལྷ་ཚོགས་སྤྱན་དྲང་གྱུར༔ གཉིས་པ་ཡེ་ཤེས་སྤྱན་འདྲེན་ནི༔ ཧཱུྃ་ཧྲཱི༔ རང་རིག་ལྷུན་མཉམ་མཐའ་དབུས་མེད་པའི་དཀྱིལ༔ ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ་འཆང་བ༔ བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་སྐུར་སྟོན་པ༔ རྩལ་སྣང་དབྱིངས་ནས་རོལ་ཞིང་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་དྷཱ་ཀི་ནཱི་སརྦ་ཛྙཱ་ན་མཎྜལ་བཛྲ་ས་མ་ཡ་ཛ༔ གསུམ་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱི༔ རང་སྣང་དམ་ཚིག་སེམས་དཔའི་དཀྱིལ་འཁོར་དུ༔ རིག་རྩལ་དབྱིངས་ནས་སྤྱན་དྲངས་ཡེ་ཤེས་ལྷ༔ ཆུ་ལ་ཆུ་བཞག་སྒྱུ་མ་ཇི་བཞིན་དུ༔ གཉིས་མེད་བརྟན་བཞུགས་དབང་དང་དངོས་གྲུབ་སྩོལ༔ བཛྲ་ཛྙཱ་ན་ས་མ་ཡ་ཏིཥྛ་ལྷན༔ བཞི་པ་བརྡ་ཡི་ཕྱག་འཚལ་ནི༔ ཧཱུྃ་ཧྲཱི༔ རིག་སྟོང་གདོད་ནས་སྐྱེ་མེད་ཆོས་སྐུའི་དབྱིངས༔ ཡེ་ཤེས་རང་རྩལ་གཟུགས་སྐུའི་རྣམ་པར་ཤར༔ རྩ་གསུམ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ལ༔ མི་ཕྱེད་གུས་པའི་བརྡ་ཡིས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧཱོ༔ ལྔ་པ་མཆོད་པ་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་མངོན་སྤྲུལ་པའི༔ ཕྱི་ནང་གསང་བ་རྨད་བྱུང་མཆོད་པའི་སྤྲིན༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་ཕྱིར་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས། རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ༔ མ་ཧཱ་སུ་ཁ་ཛྙཱ་ན་པཱུ་ཛ་ཧོ༔ སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དྲུག་པ་བསྟོད་པ་བྱ་བ་ནི༔ ཧཱུྃ་ཧྲཱི༔ མ་བཅོས་སྤྲོས་བྲལ་ཆོས་སྐུའི་ངང་ཉིད་ལས༔ ལོངས་སྤྱོད་ཡོངས་རྫོགས་སྤྲུལ་པའི་སྤྲིན་ཕུང་འཕྲོ༔ ཐུགས་རྗེས་འགྲོ་འདུལ་དཀྱིལ་འཁོར་ལྷ་ཚོགས་ལ༔ གུས་པས་བསྟོད་དོ་མཆོག་ཐུན་དངོས་གྲུབ་སྩོལ༔ བདུན་པ་བཟླས་པ་བྱ་བ་ལ༔ དང་པོ་བསྙེན་པའི་དགོངས་པ་ནི༔ ཐུགས་ཀར་པད་ཉི་དྲེགས་པའི་གདན་གྱི་སྟེང༔ ཡེ་ཤེས་སེམས་དཔའ་བཛྲ་རྟ་གདོང་ཞལ༔ མཐིང་ནག་རྡོ་རྗེའི་གྲི་གུག་ཐོད་ཁྲག་འཆང༔ གར་དགུའི་གཟི་འབར་རང་འོད་ཡུམ་དང་སྦྱོར༔ དུར་ཁྲོད་ཆས་རྫོགས་ཞབས་ཟུང་དོར་སྟབས་འགྱིང༔ དེ་ཡི་ཐུགས་དབུས་ཉི་ཟླ་ཁ་སྦྱོར་སྦུབས༔ ཧཱུྃ་མཐར་སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས༔ འཕགས་པ་མཆོད་ཅིང་འགྲོ་ཀུན་སྒྲིབ་གཉིས་སྦྱངས༔ ཚུར་འདུས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི༔ བྱིན་རླབས་དངོས་གྲུབ་ཡེ་ཤེས་རང་ལ་ཐིམ༔ ཞི་བའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་བཛྲ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཧཱུྃ༔ འབུམ་ཕྲག་བཞི་བཟླས་གྲུབ་གཉིས་ཐོབ༔ དེ་ནས་སྒྲུབ་པའི་དགོངས་པ་ནི༔ སླར་ཡང་ཐུགས་སྲོག་སྒྲུབ་པའི་སྔགས་ཀྱི་ཕྲེང༔ རང་སྒྲ་སྒྲོག་བཞིན་བསྐོར་ལས་འོད་ཟེར་འཕྲོས༔ སྣོད་བཅུད་གཞལ་ཡས་ཁང་དང་ལྷར་གྱུར་ཅིང༔ སྒྲ་གྲགས་སྔགས་ལ་དྲན་རྟོག་འོད་གསལ་དབྱིངས༔ སྣང་སྲིད་གཞིར་བཞེངས་དག་པ་རབ་འབྱམས་ངང༔ ཡེ་ཤེས་ཆེན་པོའི་ནུས་སྟོབས་རྫོགས་པར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བཛྲ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ འབུམ་ཕྲག་བཟླས་པས་དངོས་གྲུབ་ཐོབ༔ ཐ་མར་ལས་ལ་སྦྱར་བ་ནི༔ ཐུགས་སྲོག་སྔགས་ལས་འོད་ཟེར་དཀར་པོའི་ཕྲེང༔ སྟོན་ཟླའི་མདངས་ལྡན་ཕྱི་ནང་ཀུན་ཏུ་འཕྲོས༔ མི་མཐུན་ཕྱོགས་ཀུན་ཞི་བའི་ལས་འགྲུབ་ཅིང༔ མཆོག་ཏུ་མི་འགྱུར་ཡེ་ཤེས་རྩལ་རྫོགས་བསམ༔ སྒྲུབ་པའི་སྔགས་ཀྱིས་ཐོག་དྲངས་ནས༔ ཧཱུྃ་སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཁྲི་ཡིས་ཞི་བའི་ལས་ཀུན་འགྲུབ༔ གསུམ་པ་རྗེས་ཀྱི་ལས་རིམ་ལ༔ ཚོགས་མཆོད་ལ་སོགས་མཐར་དབྱུང་ངོ༔ ས་མ་ཡ༔ ཁྱད་པར་ཞི་བའི་ལས་སྦྱོར་ནི༔ རིན་ཆེན་བུམ་པ་རྒྱན་ལྡན་ནང༔ རྒྱུན་འབབ་ཆུ་དང་སོ་ལྔས་བཀང༔ སྟེགས་བུའི་དབུས་བཞག་མཆོད་པས་བསྐོར༔ བདག་བསྐྱེད་བསྙེན་སྒྲུབ་སྔོན་འགྲོ་བས༔ བུམ་པ་འཁྱིལ་པའི་སྔགས་ཀྱིས་བསང༔ ཨོཾ་སྭ་བྷཱ་ཝ་བི་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་བི་ཤུདྡྷོ྅་ཧཾ༔ སྟོང་པའི་ངང་ལས་པད་ཟླའི་གདན་གྱི་སྟེང༔ བྷྲཱུྃ་ཡིག་ཡོངས་གྱུར་རིན་ཆེན་བུམ་པ་བཟང༔ བདུད་རྩིའི་བཅུད་ཀྱིས་ཡོངས་སུ་གང་བའི་དབུས༔ ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ༔ གཙོ་འཁོར་སྤྲུལ་པར་བཅས་པའི་ལྷ་ཚོགས་རྣམས༔ སྣང་སྟོང་ཟུང་འཇུག་ཆུ་ཟླ་འཇའ་ཚོན་ལྟར༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད་པར་གསལ༔ རང་གི་ཐུགས་ནས་སྔགས་ཀྱི་འོད་ཟེར་འཕྲོས༔ བུམ་པའི་ལྷ་ཚོགས་ཐུགས་དམ་རྒྱུད་བསྐུལ་བས༔ འོད་ཟེར་དཀར་པོ་མཁའ་ཁྱབ་ཀུན་ཏུ་འཕྲོས༔ འཕགས་པ་མཆོད་ཅིང་འགྲོ་བའི་མི་མཐུན་སྦྱངས༔ ཚུར་འདུས་རྩ་གསུམ་རྒྱལ་བ་རབ་འབྱམས་དང༔ གསང་སྔགས་རིག་སྔགས་གཟུངས་སྔགས་བྱིན་རླབས་བཅུད༔ འོད་དཀར་བདུད་རྩིའི་རྣམ་པར་སྤྱན་དྲངས་ནས༔ བུམ་པའི་ལྷ་ཡི་ཐུགས་ཀར་ས་བོན་མཐར༔ སྔགས་ཀྱི་ཕྲེང་བས་མཚན་ལ་གཉིས་མེད་ཐིམ༔ དེ་ལས་བདུད་རྩིའི་ཆུ་རྒྱུན་རབ་ཏུ་བབས༔ བུམ་བཅུད་ལ་ཐིམ་མཐོང་ཚོར་མྱོང་རེག་ཀུན༔ མི་མཐུན་ཕྱོགས་ཀུན་ཞི་བའི་ནུས་ལྡན་བསམ༔ ཧཱུྃ་སརྦ་པཱ་པཾ་ཀླེ་ཤ་སརྦ་བྷ་ཡ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཁྲི་ཕྲག་བཟླས་པས་ལས་ཀུན་འགྲུབ༔ མཐར་ནི་ལྷ་ཉིད་འོད་དུ་ཞུ༔ བུམ་པའི་ཆུ་དང་རོ་གཅིག་བསམ༔ རང་དང་བསྒྲུབ་བྱར་འཐོར་འཐུང་བཀྲུ༔ གནས་ཁང་སོགས་ལ་གཏོར་བ་ཡིས༔ སྡིག་སྒྲིབ་ནད་གདོན་འཇིགས་བརྒྱད་སོགས༔ མི་མཐུན་ཕྱོགས་ཀུན་ཞི་བར་འགྱུར༔ ས་མ་ཡ༔ དེ་ལྟར་བསྐྱེད་བཟླས་ཟབ་མོའི་དོན༔ ཉམས་སུ་ལེན་པའི་སྣོད་ལྡན་ཕྱིར༔ རིམ་པ་དབང་གི་ཆོ་ག་ནི༔ བུདྡྷ་ཐོད་ཕྲེང་སྨིན་བྱེད་བཞིན༔ ལྷ་སྔགས་ཁ་བསྒྱུར་ཙམ་གྱིས་འགྲུབ༔ ཁྱད་པར་མཐའ་རྟེན་ཁྲུས་ཀྱི་བུམ༔ སྤྱི་བོར་བཞག་ཅིང་འཐོར་འཐུང་བྱ༔ བཀྲ་ཤིས་མཚན་ལྡན་རྡོ་རྗེའི་ཀ་ལ་ཤ༔ དག་བྱེད་བདུད་རྩིའི་རྒྱུན་གྱིས་རབ་ཏུ་གཏམས༔ སྐལ་ལྡན་སློབ་མར་དབང་བསྐུར་ཁྲུས་བགྱིས་པས༔ མི་མཐུན་འགལ་རྐྱེན་མཐའ་དག་ཞི་བར་ཤོག༔ སྔགས་མཐར་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ གྲིབ་སེལ་སྔགས་ཀྱང་ཅི་རིགས་བཟླ༔ རྗེས་སུ་ཤིས་བརྗོད་ཁས་བླང་སོགས༔ གསང་བ་སྤྱི་དང་མཐུན་པར་སྤྱད༔ དེས་ནི་ལམ་གྱི་སྣོད་རུང་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ གར་དབང་འོད་གསལ་གླིང་པས་ཟབ་མོ་དགོངས་པའི་གཏེར་ལས་ཕྱུང་བའོ།། །། <!TCC Tibetan character 3,181 undefined in unicode!> རྩ་གསུམ་འོད་གསལ་སྙིང་ཏིག་ལས༔ རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ་བཞུགས༔ <!TCC Tibetan character 3,181 undefined in unicode!> རྩ་གསུམ་ཡོངས་འདུས་ལྷ་ལ་འདུད༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་སོགས༔ མཐུན་རྐྱེན་ལེགས་ཚོགས་རྒྱས་འདོད་ན༔ རཏྣ་ཐོད་ཕྲེང་བསྒྲུབ་པར་བྱ༔ ས་མ་ཡ༔ དེ་ལ་སྔོན་དངོས་རྗེས་གསུམ་ལས༔ སྔོན་འགྲོའི་ལས་བདུན་ཚུལ་བཞིན་བྱ༔ དངོས་གཞིར་དང་པོ་དམ་ཚིག་པའི༔ དཀྱིལ་འཁོར་འཁོར་ལོ་བསྐྱེད་པ་ནི༔ ཧཱུྃ༔ དེ་བཞིན་ཉིད་དབྱིངས་དམིགས་མེད་སྙིང་རྗེའི་རྩལ༔ ཟུང་འཇུག་རྒྱུ་ཡི་ས་བོན་ཏྲཱྃ་སེར་གསལ༔ དེ་ལས་འོད་འཕྲོས་སྣོད་བཅུད་དངོས་འཛིན་སྦྱངས༔ སྟོང་པའི་ངང་ལས་འབྱུང་རིམ་རི་རབ་རྩེར༔ རྡོ་རྗེའི་སྲུང་འཁོར་མེ་ཕུང་འབར་བའི་ཀློང༔ བྷྲཱུྃ་ལས་རིན་ཆེན་གཞལ་མེད་ཁང་ཆེན་པོ༔ མཚན་ཉིད་ཀུན་རྫོགས་སྣང་སྟོང་འོད་འབར་དབུས༔ སྣ་ཚོགས་པདྨ་འདབ་བཞིའི་ལྟེ་བ་རུ༔ རྟ་མཆོག་གིས་བཏེགས་རིན་ཆེན་མཛེས་ཁྲི་དང༔ ཐབས་ཤེས་ཟུང་འཇུག་ཉི་ཟླའི་གདན་གྱི་སྟེང༔ ཏྲཱྃ་ཡིག་ཡོངས་གྱུར་རཏྣ་ཐོད་ཕྲེལ་རྩལ༔ གསེར་མདོག་བརྗིད་ཆགས་ཤིན་ཏུ་སྒེག་པའི་ཉམས༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་གཟི་འོད་འབར༔ ཕྱག་གཡས་ཡིད་བཞིན་ནོར་བུ་ཐུགས་ཀར་གཏོད༔ གཡོན་པས་ནོར་བུས་ཡུ་བ་བྱས་པ་ཡི༔ རིགས་ཀྱི་དྲིལ་བུ་དཀུར་བརྟེན་ཡུམ་ལ་འཁྱུད༔ རུས་པའི་ཕྱག་རྒྱ་དྲུག་གིས་རབ་ཏུ་སྤྲས༔ དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས༔ ཡུམ་མཆོག་རིན་ཆེན་དྲིལ་བུ་བསྣམས་པ་འཁྲིལ༔ རིག་འཛིན་བླ་མ་བྱེ་བའི་སྤྲིན་ཕུང་འཕྲོ༔ འདབ་བཞིར་དབང་ཆེན་རྟ་མཆོག་་་ཤར་ནས་བཛྲ་བུདྡྷ་པདྨ་ཀརྨ་ཡུམ་བཅས།རིགས་བཞི་ལས༔ རབ་འབྱམས་ཡི་དམ་ཞི་ཁྲོའི་ཕྱག་རྒྱ་ཤར༔ སྒོ་བཞིར་རིག་འཛིན་དཔའ་བོ་ཡབ་ཡུམ་ལ༔ གནས་གསུམ་མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ ཀུན་ཀྱང་སྤྱི་མགྲིན་སྙིང་གར་ཨོཾ་ཨཱཿཧཱུྃ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེས་རྒྱས་གདབ་ཅིང༔ ཡེ་ཤེས་དབང་བསྐུར་རིགས་ཀྱི་ཅོད་པན་འཆང༔ ཐུགས་ཀའི་འོད་ཀྱིས་ལྷ་ཚོགས་སྤྱན་དྲང་གྱུར༔ གཉིས་པ་ཡེ་ཤེས་སྤྱན་འདྲེན་ནི༔ ཧཱུྃ་ཧྲཱི༔ རང་རིག་ལྷུན་མཉམ་མཐའ་དབུས་མེད་པའི་དཀྱིལ༔ ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ་འཆང་བ༔ བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་སྐུར་སྟོན་པ༔ རྩལ་སྣང་དབྱིངས་ནས་རོལ་ཞིང་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་དྷཱ་ཀི་ནཱི་སརྦ་ཛྙཱ་ན་མཎྜལ་བཛྲ་ས་མ་ཡ་ཛ༔ གསུམ་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱི༔ རང་སྣང་དམ་ཚིག་སེམས་དཔའི་དཀྱིལ་འཁོར་དུ༔ རིག་རྩལ་དབྱིངས་ནས་སྤྱན་དྲངས་ཡེ་ཤེས་ལྷ༔ ཆུ་ལ་ཆུ་བཞག་སྒྱུ་མ་ཇི་བཞིན་དུ༔ གཉིས་མེད་བརྟན་བཞུགས་དབང་དང་དངོས་གྲུབ་སྩོལ༔ བཛྲ་ཛྙཱ་ན་ས་མ་ཡ་ཏིཥྛ་ལྷན༔ བཞི་པ་བརྡ་ཡི་ཕྱག་འཚལ་ནི༔ ཧཱུྃ་ཧྲཱི༔ རིག་སྟོང་གདོད་ནས་སྐྱེ་མེད་ཆོས་སྐུའི་དབྱིངས༔ ཡེ་ཤེས་རང་རྩལ་གཟུགས་སྐུའི་རྣམ་པར་ཤར༔ རྩ་གསུམ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ལ༔ མི་ཕྱེད་གུས་པའི་བརྡ་ཡིས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧཱོ༔ ལྔ་པ་མཆོད་པ་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་མངོན་སྤྲུལ་པའི༔ ཕྱི་ནང་གསང་བ་རྨད་བྱུང་མཆོད་པའི་སྤྲིན༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་ཕྱིར་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས། རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ༔ མ་ཧཱ་སུ་ཁ་ཛྙཱ་ན་པཱུ་ཛ་ཧོ༔ སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དྲུག་པ་བསྟོད་པ་བྱ་བ་ནི༔ ཧཱུྃ་ཧྲཱི༔ མ་བཅོས་སྤྲོས་བྲལ་ཆོས་སྐུའི་ངང་ཉིད་ལས༔ ལོངས་སྤྱོད་ཡོངས་རྫོགས་སྤྲུལ་པའི་སྤྲིན་ཕུང་འཕྲོ༔ ཐུགས་རྗེས་འགྲོ་འདུལ་དཀྱིལ་འཁོར་ལྷ་ཚོགས་ལ༔ གུས་པས་བསྟོད་དོ་མཆོག་ཐུན་དངོས་གྲུབ་སྩོལ༔ བདུན་པ་བཟླས་པ་བྱ་བ་ལ༔ དང་པོ་བསྙེན་པའི་དགོངས་པ་ནི༔ ཐུགས་ཀར་པད་ཉི་དྲེགས་པའི་གདན་གྱི་སྟེང༔ ཡེ་ཤེས་སེམས་དཔའ་རཏྣ་རྟ་གདོང་ཞལ༔ སེར་ནག་རིན་ཆེན་གྲི་གུག་ཐོད་ཁྲག་འཆང༔ གར་དགུའི་གཟི་འབར་རང་འོད་ཡུམ་དང་སྦྱོར༔ དུར་ཁྲོད་ཆས་རྫོགས་ཞབས་ཟུང་དོར་སྟབས་འགྱིང༔ དེ་ཡི་ཐུགས་དབུས་ཉི་ཟླ་ཁ་སྦྱོར་སྦུབས༔ ཏྲཱྃ་མཐར་སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས༔ འཕགས་པ་མཆོད་ཅིང་འགྲོ་ཀུན་སྒྲིབ་གཉིས་སྦྱངས༔ ཚུར་འདུས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི༔ བྱིན་རླབས་དངོས་གྲུབ་ཡེ་ཤེས་རང་ལ་ཐིམ༔ ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡོན་ཏན་སོགས༔ རྒྱས་པའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་རཏྣ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཧཱུྃ༔ འབུམ་ཕྲག་བཞི་བཟླས་གྲུབ་གཉིས་ཐོབ༔ དེ་ནས་སྒྲུབ་པའི་དགོངས་པ་ནི༔ སླར་ཡང་ཐུགས་སྲོག་སྒྲུབ་པའི་སྔགས་ཀྱི་ཕྲེང༔ རང་སྒྲ་སྒྲོག་བཞིན་བསྐོར་ལས་འོད་ཟེར་འཕྲོས༔ སྣོད་བཅུད་གཞལ་ཡས་ཁང་དང་ལྷར་གྱུར་ཅིང༔ སྒྲ་གྲགས་སྔགས་ལ་དྲན་རྟོག་འོད་གསལ་དབྱིངས༔ སྣང་སྲིད་གཞིར་བཞེངས་དག་པ་རབ་འབྱམས་ངང༔ ཡེ་ཤེས་ཆེན་པོའི་ནུས་སྟོབས་རྫོགས་པར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ འབུམ་ཕྲག་བཟླས་པས་དངོས་གྲུབ་ཐོབ༔ ཐ་མར་ལས་ལ་སྦྱར་བ་ནི༔ ཐུགས་སྲོག་སྔགས་ལས་འོད་ཟེར་གསེར་མདོག་ཕྲེང༔ འཆར་ཁའི་མདངས་ལྡན་ཕྱི་ནང་ཀུན་ཏུ་འཕྲོས༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་སོགས༔ མཐུན་རྐྱེན་ལེགས་ཚོགས་ཐམས་ཅད་རྒྱས་པར་བསམ༔ སྒྲུབ་པའི་སྔགས་ཀྱིས་ཐོག་དྲངས་ནས༔ ཏྲཱྃ་སརྦ་པུཥྚིཾ་ཀུ་རུ་ཨོཾ༔ ཁྲི་ཡིས་རྒྱས་པའི་ལས་ཀུན་འགྲུབ༔ གསུམ་པ་རྗེས་ཀྱི་རིམ་པ་ལ༔ ཚོགས་མཆོད་ལ་སོགས་མཐར་དབྱུང་ངོ༔ ས་མ་ཡ༔ ཁྱད་པར་རྒྱས་པའི་ལས་སྦྱོར་ནི༔ མཚན་རྫོགས་རིན་ཆེན་ཀ་པཱ་ལ༔ རྟེན་འབྲེལ་དགེ་བའི་ནང་ཁོངས་སུ༔ དྲི་ཡི་རྫས་དང་སྨན་གྱིས་བྱུག༔ ཚེ་ཡི་རྫས་དང་དཔལ་ཅན་རྫས༔ མྱོང་གྲོལ་མཆོག་གི་ཨ་མྲྀཏ༔ རིན་ཆེན་འབྲུ་སྨན་སོགས་ཀྱིས་བཀང༔ དར་ཟབ་སེར་པོས་ཁ་བཅད་ལ༔ སྟེགས་བུའི་དབུས་བཞག་མཆོད་པས་བསྐོར༔ བདག་བསྐྱེད་བསྙེན་སྒྲུབ་སྔོན་འགྲོ་བས༔ ཐོད་པ་འཁྱིལ་པའི་སྔགས་ཀྱིས་བསང༔ ཨོཾ་སྭ་བྷཱ་བ་བི་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་བི་ཤུདྡྷོ྅་ཧཾ༔ སྟོང་པའི་ངང་ལས་རང་གི་མདུན་གྱི་གཞིར༔ ཡིད་འཕྲོག་མཆོད་སྤྲིན་རྒྱ་མཚོའི་བཀོད་པ་དང༔ སྲིད་ཞིའི་འབྱོར་ཚོགས་ནམ་མཁའ་མཛོད་ཀྱི་དབུས༔ ནོར་བུའི་གཞལ་མེད་ཁང་ཆེན་མཚན་ཉིད་རྫོགས༔ ལྟེ་བར་འདོད་འབྱུང་ཡེ་ཤེས་ཀ་པཱ་ལ༔ ཡངས་ཤིང་རྒྱ་ཆེ་གནོད་སྦྱིན་གཏེར་འཆང་ཆེའི༔ བུམ་པ་བཟང་དེར་འདོད་དགུའི་བཅུད་ཀྱིས་གཏམས༔ སྣང་སྟོང་འཇའ་ཟེར་ཐིག་ལེ་འཁྲིགས་པའི་དབུས༔ རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ༔ གཙོ་འཁོར་སྤྲུལ་པར་བཅས་པའི་ལྷ་ཚོགས་རྣམས༔ སྣང་སྟོང་ཟུང་འཇུག་ཆུ་ཟླ་འཇའ་ཚོན་ལྟར༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད་པར་གསལ༔ རང་གི་ཐུགས་ནས་སྔགས་ཀྱི་འོད་ཟེར་འཕྲོས༔ ཐོད་པའི་ལྷ་ཚོགས་ཐུགས་དམ་རྒྱུད་བསྐུལ་པས༔ གསེར་མདོག་འོད་ཀྱིས་འཁོར་འདས་ཁམས་ཀུན་ཁྱབ༔ འཕགས་པ་མཆོད་ཅིང་འགྲོ་ཀུན་ལེགས་ཚོགས་སྤེལ༔ ཚུར་འདུས་རྩ་གསུམ་རྒྱལ་བ་རབ་འབྱམས་དང༔ འཁོར་འདས་ལེགས་ཚོགས་ཡེ་ཤེས་ཡོན་ཏན་ཀུན༔ གསེར་མདོག་བདུད་རྩིའི་རྣམ་པར་སྤྱན་དྲངས་ནས༔ ཐོད་པའི་ལྷ་ཡི་ཐུགས་ཀར་ས་བོན་མཐར༔ སྔགས་ཀྱི་ཕྲེང་བས་མཚན་ལ་གཉིས་མེད་ཐིམ༔ འཁོར་འདས་དངོས་གྲུབ་ཀུན་གྱི་དབྱིག་ཏུ་བསམ༔ ཏྲཱྃ་སརྦ་ལོ་ཀ་ཛྙཱ་ན་ཨཱ་ཡུར་པུཎྱེ་པུཥྚིཾ་ཀུ་རུ་ཨོཾ༔ ཁྲི་ཕྲག་བཟླས་པས་གང་འདོད་འགྲུབ༔ ཐུན་མཚམས་ཚོགས་མཆོད་རྒྱ་ཆེར་ཕུལ༔ མདའ་དར་གཡབ་ཅིང་ཐུགས་དམ་བསྐུལ༔ ཏྲཱྃ༔ དགོས་འབྱུང་རིན་ཆེན་གཏེར་གྱི་ཕོ་བྲང་ནས༔ རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ༔ རབ་འབྱམས་རྩ་གསུམ་རྒྱ་མཚོའི་ཚོགས་རྣམས་ཀུན༔ མོས་ཤིང་གདུང་བས་ཐུགས་དམ་བསྐུལ་ལགས་ན༔ ཡེ་ཤེས་ཡོན་ཏན་གཟི་བརྗིད་ཚད་མེད་པའི༔ འོད་ཟེར་ཕོ་ཉ་སྲིད་ཞིའི་ཁམས་ཀུན་སྤྲོས༔ སྣོད་ཀྱི་ཕྱྭ་དང་བཅུད་ཀྱི་དགེ་མཚན་གཡང༔ ཚེ་བསོད་དཔལ་འབྱོར་འདོད་རྒུའི་ལེགས་ཚོགས་ཀུན༔ འདིར་སྡུས་སྒྲུབ་པའི་རྫས་ལ་བྱིན་ཆེན་ཕོབ༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་སོགས༔ མཐོང་ཐོས་དྲན་རེག་གདུལ་བྱའི་ཚོགས་རྣམས་ཀྱི༔ འདོད་རྒུའི་བསམ་པ་ཡིད་བཞིན་འགྲུབ་མཛད་གསོལ༔ ལས་སྦྱོར་སྔགས་ཀྱི་མཐར༔ རཏྣ་ཀ་པཱ་ལ་བཱ་སུ་སིདྡྷི་སྡུས་སྡུས་རཏྣ་སིདྡྷི་ས་མ་ཡ་སཏྭཾ༔ ཨཱ་ཡུར་པུཎྱེ་ཛྙཱ་ན་སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་པའི་རིག་པ་ཡང་ཡང་བཟླ༔ མཐར་ནི་ལྷ་ཉིད་རྟེན་ལ་བསྟིམ༔ བརྟན་བཞུགས་ཤིས་བརྗོད་རྒྱ་ཆེར་བྱ༔ ལུས་ལ་འཆང་ངམ་མཛོད་ཕུགས་གཞུག༔ སྐབས་སུ་ཚོགས་དང་ཕུད་ཀྱིས་མཆོད༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་སོགས༔ འདོད་རྒུའི་འབྱོར་པ་རྒྱས་པར་འགྱུར༔ ས་མ་ཡ༔ དེ་ལྟར་བསྐྱེད་བཟླས་ཟབ་མོའི་དོན༔ ཉམས་སུ་ལེན་པའི་སྣོད་ལྡན་ཕྱིར༔ རིམ་པ་དབང་གི་ཆོ་ག་ནི༔ བུདྡྷ་ཐོད་ཕྲེང་སྨིན་བྱེད་ལ༔ ལྷ་སྔགས་ཁ་བསྒྱུར་ཙམ་གྱིས་འགྲུབ༔ ཁྱད་པར་མཐའ་རྟེན་ཀ་པཱ་ལ༔ རྫས་དང་བཅས་པ་ལག་ཏུ་གཏད༔ ཏྲཱྃ༔ བཀྲ་ཤིས་མཚན་ལྡན་རྡོ་རྗེ་ཀ་པཱ་ལ༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་བཅུད་ཀྱིས་གཏམས༔ སྐལ་ལྡན་རིགས་ཀྱི་བུ་ལ་བྱིན་པ་ཡིས༔ མཐུན་རྐྱེན་དངོས་གྲུབ་ལེགས་ཚོགས་རྒྱས་པར་ཤོག༔ ཏྲཱྃ་སརྦ་ལོ་ཀ་ཛྙཱ་ན་ཨཱ་ཡུར་པུཎྱེ་པུཥྚིཾ་ཀུ་རུ་ཨོཾ༔ རྗེས་སུ་ཤིས་བརྗོད་ཁས་བླང་སོགས༔ གསང་བ་སྤྱི་དང་མཐུན་པར་སྤྱད༔ དེས་ནི་ལམ་གྱི་སྣོད་དུ་འགྱུར༔ ས་མ་ཡ༔ གར་དབང་འོད་གསལ་གླིང་པས་ཟབ་མོ་དགོངས་པའི་གཏེར་མཛོད་ལས་ཕྱུང་བའོ།། །། <!TCC Tibetan character 3,181 undefined in unicode!> རྩ་གསུམ་འོད་གསལ་སྙིང་ཏིག་ལས༔ དབང་གི་ལས་མཛད་པདྨ་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ་བཞུགས༔ <!TCC Tibetan character 3,181 undefined in unicode!> རྩ་གསུམ་ཡོངས་འདུས་ལྷ་ལ་འདུད༔ སྲིད་དང་ཞི་བའི་ཕུན་ཚོགས་དང༔ ཡིད་མཐུན་དབང་དུ་འདུ་འདོད་ན༔ པདྨ་ཐོད་ཕྲེང་བསྒྲུབ་པར་བྱ༔ ས་མ་ཡ༔ དེ་ལ་སྔོན་དངོས་རྗེས་གསུམ་ལས༔ སྔོན་འགྲོའི་ལས་བདུན་ཚུལ་བཞིན་བྱ༔ དངོས་གཞིར་དང་པོ་དམ་ཚིག་པའི༔ དཀྱིལ་འཁོར་འཁོར་ལོ་བསྐྱེད་པ་ནི༔ ཧཱུྃ༔ དེ་བཞིན་ཉིད་དབྱིངས་དམིགས་མེད་སྙིང་རྗེའི་རྩལ༔ ཟུང་འཇུག་རྒྱུ་ཡི་ས་བོན་ཧྲཱིཿདམར་གསལ༔ དེ་ལས་འོད་འཕྲོས་སྣོད་བཅུད་དངོས་འཛིན་སྦྱངས༔ སྟོང་པའི་ངང་ལས་འབྱུང་རིམ་རི་རབ་རྩེར༔ རྡོ་རྗེའི་སྲུང་འཁོར་མེ་ཕུང་འབར་བའི་ཀློང༔ བྷྲཱུྃ་ལས་རིན་ཆེན་གཞལ་མེད་ཁང་ཆེན་པོ༔ མཚན་ཉིད་ཀུན་རྫོགས་སྣང་སྟོང་འོད་འབར་དབུས༔ སྣ་ཚོགས་པདྨ་འདབ་བཞིའི་ལྟེ་བ་རུ༔ རྨ་བྱས་བཏེགས་པའི་རིན་ཆེན་མཛེས་ཁྲི་དང༔ ཐབས་ཤེས་ཟུང་འཇུག་ཉི་ཟླའི་གདན་གྱི་སྟེང༔ ཧྲཱིཿཡིག་ཡོངས་གྱུར་པདྨ་ཐོད་ཕྲེང་རྩལ༔ དམར་གསལ་སྒེག་ཅིང་ཤིན་ཏུ་ཆགས་པའི་ཉམས༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་གཟི་འོད་འབར༔ ཕྱག་གཡས་པདྨ་དམར་པོ་ཐུགས་ཀར་གཏོད༔ གཡོན་པས་པདྨས་ཡུ་བ་བྱས་པ་ཡི༔ རིགས་ཀྱི་དྲིལ་བུ་དཀུར་བརྟེན་ཡུམ་ལ་འཁྱུད༔ རུས་པའི་ཕྱག་རྒྱ་དྲུག་གིས་རབ་ཏུ་སྤྲས༔ དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས༔ ཡུམ་མཆོག་པདྨ་དྲིལ་བུ་བསྣམས་པས་འཁྲིལ༔ རིག་འཛིན་བླ་མ་བྱེ་བའི་སྤྲིན་ཕུང་འཕྲོ༔ འདབ་བཞིར་དབང་ཆེན་རྟ་མཆོག་་་ཤར་ནས་བཛྲ་རཏྣ་བུདྡྷ་ཀརྨ་ཡུམ་བཅས།རིགས་བཞི་ལས༔ རབ་འབྱམས་ཡི་དམ་ཞི་ཁྲོའི་ཕྱག་རྒྱ་ཤར༔ སྒོ་བཞིར་རིག་འཛིན་དཔའ་བོ་ཡབ་ཡུམ་ལ༔ གནས་གསུམ་མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ ཀུན་ཀྱང་སྤྱི་མགྲིན་སྙིང་གར་ཨོཾ་ཨཱཿཧཱུྃ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེས་རྒྱས་གདབ་ཅིང༔ ཡེ་ཤེས་དབང་བསྐུར་རིགས་ཀྱི་ཅོད་པན་འཆང༔ ཐུགས་ཀའི་འོད་ཀྱིས་ལྷ་ཚོགས་སྤྱན་དྲངས་གྱུར༔ གཉིས་པ་ཡེ་ཤེས་སྤྱན་འདྲེན་ནི༔ ཧཱུྃ་ཧྲཱི༔ རང་རིག་ལྷུན་མཉམ་མཐའ་དབུས་མེད་པའི་དཀྱིལ༔ ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ་འཆང་བ༔ བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་སྐུར་སྟོན་པ༔ རྩལ་སྣང་དབྱིངས་ནས་རོལ་ཞིང་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་དྷཱ་ཀི་ནཱི་སརྦ་ཛྙཱ་ན་མཎྜལ་བཛྲ་ས་མ་ཡ་ཛ༔ གསུམ་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱི༔ རང་སྣང་དམ་ཚིག་སེམས་དཔའི་དཀྱིལ་འཁོར་དུ༔ རིག་རྩལ་དབྱིངས་ནས་སྤྱན་དྲངས་ཡེ་ཤེས་ལྷ༔ ཆུ་ལ་ཆུ་བཞག་སྒྱུ་མ་ཇི་བཞིན་དུ༔ གཉིས་མེད་བརྟན་བཞུགས་དབང་དང་དངོས་གྲུབ་སྩོལ༔ བཛྲ་ཛྙཱ་ན་ས་མ་ཡ་ཏིཥྛ་ལྷན༔ བཞི་པ་བརྡ་ཡི་ཕྱག་འཚལ་ནི༔ ཧཱུྃ་ཧྲཱི༔ རིག་སྟོང་གདོད་ནས་སྐྱེ་མེད་ཆོས་སྐུའི་དབྱིངས༔ ཡེ་ཤེས་རང་རྩལ་གཟུགས་སྐུའི་རྣམ་པར་ཤར༔ རྩ་གསུམ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ལ༔ མི་ཕྱེད་གུས་པའི་བརྡ་ཡིས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ལྔ་པ་མཆོད་པ་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་མངོན་སྤྲུལ་པའི༔ ཕྱི་ནང་གསང་བ་རྨད་བྱུང་མཆོད་པའི་སྤྲིན༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་ཕྱིར་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས། རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ༔ མ་ཧཱ་སུ་ཁ་ཛྙཱ་ན་པཱུ་ཛ་ཧོ༔ སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དྲུག་པ་བསྟོད་པ་བྱ་བ་ནི༔ ཧཱུྃ་ཧྲཱི༔ མ་བཅོས་སྤྲོས་བྲལ་ཆོས་སྐུའི་ངང་ཉིད་ལས༔ ལོངས་སྤྱོད་ཡོངས་རྫོགས་སྤྲུལ་པའི་སྤྲིན་ཕུང་འཕྲོ༔ ཐུགས་རྗེས་འགྲོ་འདུལ་དཀྱིལ་འཁོར་ལྷ་ཚོགས་ལ༔ གུས་པས་བསྟོད་དོ་མཆོག་ཐུན་དངོས་གྲུབ་སྩོལ༔ བདུན་པ་བཟླས་པ་བྱ་བ་ལ༔ དང་པོ་བསྙེན་པའི་དགོངས་པ་ནི༔ ཐུགས་ཀར་པད་ཉི་དྲེགས་པའི་གདན་གྱི་སྟེང༔ ཡེ་ཤེས་སེམས་དཔའ་པདྨ་རྟ་གདོང་ཞལ༔ དམར་ནག་པདྨའི་གྲི་གུག་ཐོད་ཁྲག་འཆང༔ གར་དགུའི་གཟི་འབར་རང་འོད་ཡུམ་དང་སྦྱོར༔ དུར་ཁྲོད་ཆས་རྫོགས་ཞབས་ཟུང་དོར་སྟབས་འགྱིང༔ དེ་ཡི་ཐུགས་དབུས་ཉི་ཟླ་ཁ་སྦྱོར་སྦུབས༔ ཧྲཱིཿམཐར་སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས༔ འཕགས་པ་མཆོད་ཅིང་འགྲོ་ཀུན་སྒྲིབ་གཉིས་སྦྱངས༔ ཚུར་འདུས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི༔ བྱིན་རླབས་དངོས་གྲུབ་ཡེ་ཤེས་རང་ལ་ཐིམ༔ འཁོར་འདས་སྣོད་བཅུད་ལེགས་ཚོགས་ཀུན་འདུ་བའི༔ རབ་འབྱམས་དབང་གི་ཕྲིན་ལས་ལྷུན་གྲུབ་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཧཱུྃ༔ འབུམ་ཕྲག་བཞི་བཟླས་གྲུབ་གཉིས་ཐོབ༔ དེ་ནས་སྒྲུབ་པའི་དགོངས་པ་ནི༔ སླར་ཡང་ཐུགས་སྲོག་སྒྲུབ་པའི་སྔགས་ཀྱི་ཕྲེང༔ རང་སྒྲ་སྒྲོག་བཞིན་བསྐོར་ལས་འོད་ཟེར་འཕྲོས༔ སྣོད་བཅུད་གཞལ་ཡས་ཁང་དང་ལྷར་གྱུར་ཅིང༔ སྒྲ་གྲགས་སྔགས་ལ་དྲན་རྟོག་འོད་གསལ་དབྱིངས༔ སྣང་སྲིད་གཞིར་བཞེངས་དག་པ་རབ་འབྱམས་ངང༔ ཡེ་ཤེས་ཆེན་པོའི་ནུས་སྟོབས་རྫོགས་པར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ འབུམ་ཕྲག་བཟླས་པས་དངོས་གྲུབ་ཐོབ༔ ཐ་མར་ལས་ལ་སྦྱར་བ་ནི༔ ཐུགས་སྲོག་སྔགས་ལས་འོད་ཟེར་རབ་དམར་བ༔ རཱ་གའི་མདངས་ཅན་ཕྱི་ནང་ཀུན་ཏུ་འཕྲོས༔ འཁོར་འདས་སྣང་སྲིད་རླུང་སེམས་དབང་དུ་འདུས༔ རབ་འབྱམས་དབང་གི་ཕྲིན་ལས་ལྷུན་གྲུབ་བསམ༔ སྒྲུབ་པའི་སྔགས་ཀྱིས་ཐོག་དྲངས་ནས༔ ཧྲཱིཿསརྦ་ཝཱ་ཤཾ་ཀུ་རུ་ཧོ༔ ཁྲི་ཡིས་དབང་གི་ལས་ཀུན་འགྲུབ༔ གསུམ་པ་རྗེས་ཀྱི་རིམ་པ་ལ༔ ཚོགས་མཆོད་ལ་སོགས་མཐར་དབྱུང་ངོ༔ ས་མ་ཡ༔ ཁྱད་པར་དབང་གི་ལས་སྦྱོར་ནི༔ ས་དམར་སྟེགས་བུ་འཐས་པར་བཅག༔ དབང་གི་ཐབ་ཁུང་སྤྱི་མཐུན་བྲི༔ དམར་སྐྱུར་ཤིང་བུ་ཟླ་གམ་བརྩེགས༔ མར་དང་ཡམ་ཤིང་ཁྱད་པར་རྫས༔ ལྕགས་ཀྱུ་ཅན་གྱི་མེ་ཏོག་དམར༔ ཆང་དང་ལན་ཚྭས་སྦགས་པ་དང༔ ཉེར་སྤྱོད་སྨན་རག་གཏོར་ཚོགས་བཤམ༔ བདག་གི་རྣལ་འབྱོར་སྔོན་འགྲོ་བས༔ ཐབ་ཁུང་བསང་ཞིང་མེ་སྦར་ལ༔ སྭ་བྷཱའི་སྔགས་ཀྱིས་སྟོང་པར་སྦྱང༔ སྟོང་པའི་ངང་ལས་དབང་གི་ཐབ་ཁུང་ནི༔ ཟླ་གམ་འོད་དམར་རབ་ཏུ་འཁྲུགས་པའི་ནང༔ དབང་གི་མེ་ཕུང་རྗེས་ཆགས་སྣང་བ་འབར༔ དེ་དབུས་བྷྲཱུྃ་ལས་པདྨའི་གཞལ་ཡས་ཁང༔ མཚན་ཉིད་ཡོངས་རྫོགས་ངོ་མཚར་བཀོད་པས་མཛེས༔ ལྟེ་བར་རྨ་བྱས་བཏེགས་པའི་རིན་ཆེན་ཁྲི༔ ཐབས་ཤེས་ཟུང་འཇུག་ཉི་ཟླའི་གདན་གྱི་སྟེང༔ ཧྲཱིཿཡིག་ཡོངས་གྱུར་པདྨ་ཐོད་ཕྲེང་རྩལ༔ ཞེས་སོགས་བསྟོད་པའི་བར་དུ་སྦྱར༔ དགང་བླུག་ཁ་སྦྱར་བྱོན་སྐྱེམས་འབུལ༔ ཧྲཱི༔ དགང་བླུག་ཐབས་ཤེས་ཟུང་འཇུག་མཉམ་སྦྱོར་བ༔ ལྷ་རྣམས་ཞལ་གྱི་ངོ་བོར་རྣམ་དག་ལས༔ ཟག་མེད་བདུད་རྩིའི་ཆར་ཆེན་ཕབ་པ་ཡིས༔ པདྨ་ཐོད་ཕྲེང་ཡབ་ཡུམ་དཀྱིལ་འཁོར་པ༔ དགྱེས་ཚིམས་སྐུ་དང་སྦྱོར་མཚམས་ལས་བྱུང་བའི༔ འོད་ཟེར་དམར་པོས་འཁོར་འདས་ཁམས་ཀུན་ཁྱབ༔ རབ་འབྱམས་དབང་གི་ཕྲིན་ལས་ཡོངས་རྫོགས་ཤིང༔ རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་གྱུར༔ ཅེས་བརྗོད་དམིགས་པ་གསལ་བརྟན་པས༔ བསྙེན་སྔགས་ཤམ་དུ་ལས་ཀྱི་སྔགས༔ སྦྲེལ་ནས་མར་ཁུ་ཉེར་གཅིག་དང༔ དབང་གི་ཡམ་ཤིང་དེ་ལྟར་ཕུལ༔ ཁྱད་པར་རྫས་ལ་གྲངས་གཟུང་ནས༔ བརྒྱ་སྟོང་ལ་སོགས་ཅི་ནུས་དང༔ སྐབས་སུ་གསོལ་བྱང་འདི་ཡང་གདགས༔ ཁམས་གསུམ་སྣོད་བཅུད་རླུང་སེམས་སྣང་བ་ལེགས་པའི་ཡོན་ཏན་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོ༔ རྗེས་སུ་གཏང་རག་མཆོད་བསྟོད་དང༔ ཚོགས་ཕུད་གཤེགས་སྐྱེམས་ཅི་རིགས་ཕུལ༔ ནོངས་པ་བཤགས་ཤིང་ཡེ་ཤེས་པ༔ རང་གི་ལྟེ་བར་ཐིམ་པ་ཡིས༔ གཏུམ་མོའི་མེ་དང་དབྱེར་མེད་པས༔ སྲིད་ཞིའི་དབང་ཕྱུག་ཆེན་པོར་བསམ༔ ཐལ་བ་འབབ་ཆུ་ཆེན་པོ་འམ༔ ནུབ་ཕྱོགས་རི་རྩེར་རླུང་ལ་བསྐུར༔ དེས་ནི་རབ་འབྱམས་དབང་གི་ལས༔ མྱུར་དུ་འགྲུབ་ཅིང་མཐར་ཕྱིན་འགྱུར༔ ས་མ་ཡ༔ དེ་ལྟར་བསྐྱེད་བཟླས་ཟབ་མོའི་དོན༔ ཉམས་སུ་ལེན་པའི་སྣོད་ལྡན་ཕྱིར༔ རིམ་པ་དབང་གི་ཆོ་ག་ནི༔ བུདྡྷ་ཐོད་ཕྲེང་སྨིན་བྱེད་ལ༔ ལྷ་སྔགས་ཁ་བསྒྱུར་ཙམ་གྱིས་འགྲུབ༔ ཁྱད་པར་མཐའ་རྟེན་དགང་བླུག་གཏད༔ ཧྲཱི༔ པདྨ་ཐོད་ཕྲེང་ཡབ་ཡུམ་ངོ་བོ་ཉིད༔ ཐབས་ཤེས་ཟུང་འཇུག་དགང་བླུག་འདི་གཏད་པས༔ ལྷ་རྣམས་ཞལ་གྱུར་སྲེག་བླུག་ལས་སྦྱོར་གྱིས༔ རབ་འབྱམས་དབང་གི་ཕྲིན་ལས་ཡོངས་རྫོགས་ཤོག༔ བསྙེན་དང་ལས་སྔགས་བརྗོད་ཅིང་གཏད༔ སྤྲོ་ན་མེ་མཆོད་འབུལ་དུ་གཞུག༔ རྗེས་སུ་ཤིས་བརྗོད་ཁས་བླང་སོགས༔ གསང་བ་སྤྱི་དང་མཐུན་པར་སྤྱད༔ དེས་ནི་ལམ་གྱི་སྣོད་དུ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ གར་དབང་འོད་གསལ་གླིང་པས་ཟབ་མོ་དགོངས་པའི་གཏེར་མཛོད་ལས་ཕྱུང་བའོ།། །། <!TCC Tibetan character 3,181 undefined in unicode!> རྩ་གསུམ་འོད་གསལ་སྙིང་ཏིག་ལས༔ དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ་བཞུགས༔ <!TCC Tibetan character 3,181 undefined in unicode!> རྩ་གསུམ་ཡོངས་རྫོགས་ལྷ་ལ་འདུད༔ ནད་གདོན་དགྲ་བགེགས་བྱད་ཕུར་སོགས༔ ཚར་གཅོད་དྲག་པོའི་ལས་བྱེད་ན༔ ཀརྨ་ཐོད་ཕྲེང་བསྒྲུབ་པར་བྱ༔ ས་མ་ཡ༔ དེ་ལ་སྔོན་དངོས་རྗེས་གསུམ་ལས༔ སྔོན་འགྲོའི་ལས་བདུན་ཚུལ་བཞིན་བྱ༔ དངོས་གཞིར་དང་པོ་དམ་ཚིག་གི༔ དཀྱིལ་འཁོར་འཁོར་ལོ་བསྐྱེད་པ་ནི༔ ཧཱུྃ༔ དེ་བཞིན་ཉིད་དབྱིངས་དམིགས་མེད་སྙིང་རྗེའི་རྩལ༔ ཟུང་འཇུག་རྒྱུ་ཡི་ས་བོན་ཨཱཿལྗང་གསལ༔ དེ་ལས་འོད་འཕྲོས་སྣོད་བཅུད་དངོས་འཛིན་སྦྱངས༔ སྟོང་པའི་ངང་ལས་འབྱུང་རིམ་རི་རབ་རྩེར༔ རྡོ་རྗེའི་སྲུང་འཁོར་མེ་ཕུང་འབར་བའི་ཀློང༔ བྷྲཱུྃ་ལས་རིན་ཆེན་གཞལ་མེད་ཁང་ཆེན་པོ༔ མཚན་ཉིད་ཀུན་རྫོགས་སྣང་སྟོང་འོད་འབར་དབུས༔ སྣ་ཚོགས་པདྨ་འདབ་བཞིའི་ལྟེ་བ་རུ༔ མཁའ་ལྡིང་གིས་བཏེགས་རིན་ཆེན་མཛེས་ཁྲི་དང༔ ཐབས་ཤེས་ཟུང་འཇུག་ཉི་ཟླའི་གདན་གྱི་སྟེང༔ ཨཱཿཡིག་ཡོངས་གྱུར་ཀརྨ་ཐོད་ཕྲེང་རྩལ༔ ལྗང་ནག་ཁྲོ་ཞིང་གཏུམ་པའི་ཉམས་འགྱུར་ཅན༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་སྡང་མིག་བསྒྲད༔ ཕྱག་གཡས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་གཏོད༔ གཡོན་པས་དེ་ཡིས་ཡུ་བ་བྱས་པ་ཡི༔ རིགས་ཀྱི་དྲིལ་བུ་དཀུར་བརྟེན་ཡུམ་ལ་འཁྱུད༔ རུས་པའི་ཕྱག་རྒྱ་དྲུག་གིས་རབ་ཏུ་སྤྲས༔ དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས༔ ཡུམ་མཆོག་རྒྱ་གྲམ་དྲིལ་བུ་བསྣམས་པས་འཁྲིལ༔ རིག་འཛིན་བླ་མ་བྱེ་བའི་སྤྲིན་ཕུང་འཕྲོ༔ འདབ་བཞིར་དབང་ཆེན་རྟ་མཆོག་་་ཤར་ནས་བཛྲ་རཏྣ་པདྨ་བུདྡྷ་ཡུམ་བཅས།རིགས་བཞི་ལས༔ རབ་འབྱམས་ཡི་དམ་ཞི་ཁྲོའི་ཕྱག་རྒྱ་ཤར༔ སྒོ་བཞིར་རིག་འཛིན་དཔའ་བོ་ཡབ་ཡུམ་ལ༔ གནས་གསུམ་མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ ཀུན་ཀྱང་སྤྱི་མགྲིན་སྙིང་གར་ཨོཾ་ཨཱཿཧཱུྃ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེས་རྒྱས་གདབ་ཅིང༔ ཡེ་ཤེས་དབང་བསྐུར་རིགས་ཀྱི་ཅོད་པན་འཆང༔ ཐུགས་ཀའི་འོད་ཀྱིས་ལྷ་ཚོགས་སྤྱན་དྲང་གྱུར༔ གཉིས་པ་ཡེ་ཤེས་སྤྱན་འདྲེན་ནི༔ ཧཱུྃ་ཧྲཱི༔ རང་རིག་ལྷུན་མཉམ་མཐའ་དབུས་མེད་པའི་དཀྱིལ༔ ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ་འཆང་བ༔ བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་སྐུར་སྟོན་པ༔ རྩལ་སྣང་དབྱིངས་ནས་རོལ་ཞིང་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་དྷཱ་ཀི་ནཱི་སརྦ་ཛྙཱ་ན་མཎྜལ་བཛྲ་ས་མ་ཡ་ཛ༔ གསུམ་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱི༔ རང་སྣང་དམ་ཚིག་སེམས་དཔའི་དཀྱིལ་འཁོར་དུ༔ རིག་རྩལ་དབྱིངས་ནས་སྤྱན་དྲངས་ཡེ་ཤེས་ལྷ༔ ཆུ་ལ་ཆུ་བཞག་སྒྱུ་མ་ཇི་བཞིན་དུ༔ གཉིས་མེད་བརྟན་བཞུགས་དབང་དང་དངོས་གྲུབ་སྩོལ༔ བཛྲ་ཛྙཱ་ན་ས་མ་ཡ་ཏིཥྛ་ལྷན༔ བཞི་པ་བརྡ་ཡི་ཕྱག་འཚལ་ནི༔ ཧཱུྃ་ཧྲཱི༔ རིག་སྟོང་གདོད་ནས་སྐྱེ་མེད་ཆོས་སྐུའི་དབྱིངས༔ ཡེ་ཤེས་རང་རྩལ་གཟུགས་སྐུའི་རྣམ་པར་ཤར༔ རྩ་གསུམ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ལ༔ མི་ཕྱེད་གུས་པའི་བརྡ་ཡིས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧཱོ༔ ལྔ་པ་མཆོད་པ་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་མངོན་སྤྲུལ་པའི༔ ཕྱི་ནང་གསང་བ་རྨད་བྱུང་མཆོད་པའི་སྤྲིན༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་ཕྱིར་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས། རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ༔ མ་ཧཱ་སུ་ཁ་ཛྙཱ་ན་པཱུ་ཛ་ཧོ༔ སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དྲུག་པ་བསྟོད་པ་བྱ་བ་ནི༔ ཧཱུྃ་ཧྲཱི༔ མ་བཅོས་སྤྲོས་བྲལ་ཆོས་སྐུའི་ངང་ཉིད་ལས༔ ལོངས་སྤྱོད་ཡོངས་རྫོགས་སྤྲུལ་པའི་སྤྲིན་ཕུང་འཕྲོ༔ ཐུགས་རྗེས་འགྲོ་འདུལ་དཀྱིལ་འཁོར་ལྷ་ཚོགས་ལ༔ གུས་པས་བསྟོད་དོ་མཆོག་ཐུན་དངོས་གྲུབ་སྩོལ༔ བདུན་པ་བཟླས་པ་བྱ་བ་ལ༔ དང་པོ་བསྙེན་པའི་དགོངས་པ་ནི༔ ཐུགས་ཀར་པད་ཉི་དྲེགས་པའི་གདན་གྱི་སྟེང༔ ཡེ་ཤེས་སེམས་དཔའ་ཀརྨ་རྟ་གདོང་ཞལ༔ ལྗང་ནག་རྒྱ་གྲམ་གྲི་གུག་ཐོད་ཁྲག་འཆང༔ གར་དགུའི་གཟི་འབར་རང་འོད་ཡུམ་དང་སྦྱོར༔ དུར་ཁྲོད་ཆས་རྫོགས་ཞབས་ཟུང་དོར་སྟབས་འགྱིང༔ དེ་ཡི་ཐུགས་དབུས་ཉི་ཟླ་ཁ་སྦྱོར་སྦུབས༔ ཨཱཿམཐར་སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས༔ འཕགས་པ་མཆོད་ཅིང་འགྲོ་ཀུན་སྒྲིབ་གཉིས་སྦྱངས༔ ཚུར་འདུས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི༔ བྱིན་རླབས་དངོས་གྲུབ་ཡེ་ཤེས་རང་ལ་ཐིམ༔ མི་མཐུན་གདུག་པའི་ཚོགས་རྣམས་ཚར་གཅོད་པ༔ རབ་འབྱམས་དྲག་པོའི་ལས་ཀུན་ལྷུན་གྲུབ་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཀརྨ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཧཱུྃ༔ འབུམ་ཕྲག་བཞི་བཟླས་གྲུབ་གཉིས་ཐོབ༔ དེ་ནས་སྒྲུབ་པའི་དགོངས་པ་ནི༔ སླར་ཡང་ཐུགས་སྲོག་སྒྲུབ་པའི་སྔགས་ཀྱི་ཕྲེང༔ རང་སྒྲ་སྒྲོག་བཞིན་བསྐོར་ལས་འོད་ཟེར་འཕྲོས༔ སྣོད་བཅུད་གཞལ་ཡས་ཁང་དང་ལྷར་གྱུར་ཅིང༔ སྒྲ་གྲགས་སྔགས་ལ་དྲན་རྟོག་འོད་གསལ་དབྱིངས༔ སྣང་སྲིད་གཞིར་བཞེངས་དག་པ་རབ་འབྱམས་ངང༔ ཡེ་ཤེས་ཆེན་པོའི་ནུས་སྟོབས་རྫོགས་པར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཀརྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ འབུམ་ཕྲག་བཟླས་པས་དངོས་གྲུབ་ཐོབ༔ ཐ་མར་ལས་ལ་སྦྱར་བ་ནི༔ ཐུགས་སྲོག་སྔགས་ལས་འོད་ཟེར་ལྗང་ནག་ཕྲེང༔ ཚ་ཞིང་རྩུབ་པ་ཕྱི་ནང་ཀུན་ཏུ་འཕྲོས༔ མི་མཐུན་གདུག་པའི་ཚོགས་རྣམས་ཚར་བཅད་ཅིང༔ རབ་འབྱམས་དྲག་པོའི་ཕྲིན་ལས་ལྷུན་གྲུབ་བསམ༔ སྒྲུབ་པའི་སྔགས་ཀྱིས་ཐོག་དྲངས་ནས༔ ཨཱཿསརྦ་མཱ་ར་ཡ་ཕཊ༔ ཁྲི་ཡིས་དྲག་པོའི་ལས་ཀུན་འགྲུབ༔ གསུམ་པ་རྗེས་ཀྱི་རིམ་པ་ལ༔ ཚོགས་མཆོད་ལ་སོགས་མཐར་དབྱུང་ངོ༔ ས་མ་ཡ༔ ཁྱད་པར་དྲག་པོའི་ལས་སྦྱོར་ནི༔ ཕུང་ཤུལ་ས་ལ་སྟེགས་བུ་བྱ༔ ལས་ཁུང་ཧོམ་དུ་ལིངྒ་གཞུག༔ དེ་སྟེང་ཟོར་གྱི་གཏོར་ཆེན་དང༔ དྲག་པོའི་ཉེར་སྤྱོད་སྨན་གཏོར་རཀ༔ ཐུན་གཏོར་ཤ་ཁྲག་དང་བཅས་བཤམ༔ བདག་གི་རྣལ་འབྱོར་སྔོན་འགྲོ་བས༔ མ་ཏྲཾ་རུ་དྲ་ཨཱ་ཀརྵཱ་ཡ་ཛ༔ མཱ་ར་ཡ་ཕཊ྄༔ གཏོར་སྣོད་མ་ཏྲཾ་བསྒྲལ་པའི་ཁོག་པ་རུ༔ དུར་ཁྲོད་དྲག་པོའི་བཀོད་པས་རབ་ཏུ་བརྗིད༔ དེ་དབུས་གཏོར་མ་མི་དམིགས་སྟོང་པའི་ངང༔ གནམ་ལྕགས་འབར་བའི་འཁོར་ལོ་རྩིབས་བཞིའི་དབུས༔ པད་ཉི་དྲེགས་པ་བདུད་བཞིའི་གདན་སྟེང་དུ༔ དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ༔ ལྗང་ནག་ཁྲོ་གཏུམ་བཟོད་དཀའི་གཟི་བརྗིད་འབར༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དམར་ཟླུམ་འཁྲུགས༔ ཕྱག་གཡས་རལ་གྲི་མེ་འབར་ནམ་མཁར་གདེངས༔ གཡོན་པས་ཐོད་པ་ཁྲག་བཀང་ཐུགས་ཀར་གཏོད༔ ལས་ཀྱི་གསང་གོས་ཕོད་ཀ་སྟག་ཤམ་གསོལ༔ རུས་པའི་རྒྱན་ལྡན་རང་འོད་ཡུམ་དང་འཁྲིལ༔ ཞབས་གཉིས་གྱད་ཀྱི་དོར་སྟབས་བདུད་དཔུང་མནན༔ དྲག་མེ་དམར་ནག་འཁྲུགས་པའི་ཀློང་ན་རོལ༔ རིག་འཛིན་དྲག་པོ་བྱེ་བའི་སྤྲིན་ཕུང་འཕྲོ༔ རྩིབས་བཞིར་དབང་ཆེན་རྟ་མཆོག་་་ཤར་ནས་བཛྲ་རཏྣ་པདྨ་བུདྡྷ་ཡུམ་བཅས།རིགས་བཞི་ལས༔ རབ་འབྱམས་ཡི་དམ་ཁྲོ་བོའི་ཕྱག་རྒྱ་ཤར༔ དེ་ཡི་ཕྱོགས་བཞིར་པད་ཉི་བམ་རོའི་སྟེང༔ རིག་འཛིན་དྲག་པོ་དཔའ་བོ་ཡབ་ཡུམ་ལ༔ གནས་གསུམ་མཁའ་འགྲོ་དྲག་མོའི་ཚོགས་ཀྱིས་བསྐོར༔ ཀུན་ཀྱང་སྤྱི་མགྲིན་ཐུགས་ཀར་ཨོཾ་ཨཱཿཧཱུྃ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེས་རྒྱས་གདབ་ཅིང༔ ཡེ་ཤེས་དབང་བསྐུར་རིགས་ཀྱི་ཅོད་པན་འཆང༔ ཐུགས་ཀའི་འོད་ཀྱིས་ལྷ་ཚོགས་སྤྱན་དྲངས་གྱུར༔ རྐང་གླིང་བཤུག་པའི་བརྡས་བསྐུལ་ནས༔ ཡེ་ཤེས་དྲང་བཞུགས་ཕྱག་མཆོད་བསྟོད༔ མདུན་བསྐྱེད་ཐུགས་ཀར་ཉི་མའི་དཀྱིལ་འཁོར་སྟེང༔ རྡོ་རྗེ་རྩེ་དགུའི་ལྟེ་བར་ཧཱུྃ་ཡིག་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་ལས་འོད་ཟེར་ཕྲེང༔ ཚ་ཞིང་རྩུབ་པ་མཚོན་ཆའི་ཚོགས་བཅས་འཕྲོས༔ ས་གསུམ་གདུག་པའི་འབྱུང་པོ་ཟིལ་གྱིས་མནན༔ དམ་སྲི་རྒྱལ་འགོང་བྱད་ཕུར་རྦོད་གཏོང་སོགས༔ མི་མཐུན་ཕྱོགས་ཀུན་ཐལ་བའི་རྡུལ་བཞིན་བརླགས༔ ཕྱོགས་ལས་རྣམ་རྒྱལ་ཕྲིན་ལས་འགྲུབ་པར་བསམ༔ བསྙེན་པའི་སྔགས་མཐར་སྤུ་གྲི་གདགས༔ སརྦ་ཤ་ཏྲཱུན་བིགྷྣཱན་བྷཱུ་ཏ་པྲེ་ཏ་པི་ཤ་ཙ་ན་བྷིནྡྷ་བྷིནྡྷ་ཧ་ན་ཧ་ན་པ་ཙ་པ་ཙ་ད་ཧ་ད་ཧ་དི་ན་མེ་ཀེ་ན་མཱ་ར་ཡ་ཕཊ྄༔ མཆོད་བསྟོད་ཚོགས་ཀྱི་མཆོད་བཤགས་རྗེས༔ ལིངྒར་དགྲ་བགེགས་དགུག་བསྟིམ་དང༔ བསྒྲལ་བའི་ལས་སྦྱོར་སྔོན་འགྲོ་བས༔ ལིང་རོ་ཐུན་གཏོར་ཤ་ཁྲག་འབུལ༔ ཟློག་པའི་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་རབ་འབར་བའི༔ མངོན་སྤྱོད་དྲག་ཤུལ་རོལ་པའི་དཀྱིལ་འཁོར་ནས༔ རྩ་གསུམ་རྒྱལ་བ་མ་ལུས་འདུས་པའི་དངོས༔ དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ༔ གཙོ་འཁོར་སྤྲུལ་པར་བཅས་པ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་རུས་པའི་གཏོར་མ་བཞེས༔ ཁྲོས་འཁྲུགས་རྔམས་པ་འབར་བའི་ཤུགས་སྐྱེད་ལ༔ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ གཟུང་འཛིན་འཁྲུལ་པའི་གཞན་དབང་ལས་བྱུང་བའི༔ ལུས་ཀྱི་བཞི་བརྒྱ་རྩ་བཞིའི་ནད་ཀུན་ཟློགས༔ སེམས་ཀྱི་འཁྲུལ་སྣང་དངོས་ཞེན་སྡུག་བསྔལ་ཟློགས༔ བྱད་ཀ་ཕུར་ཁ་བྱོལ་ཁ་རྦོད་གཏོང་ཟློགས༔ གཟུགས་ཅན་དགྲ་ཡི་འཚེ་བ་ཐམས་ཅད་ཟློགས༔ གཟུགས་མེད་ལྷ་འདྲེའི་ཆོ་འཕྲུལ་བར་ཆད་ཟློགས༔ ས་ཆུ་མེ་རླུང་འབྱུང་བཞི་དགྲར་ལངས་ཟློགས༔ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ཟློགས༔ མཐའ་དམག་དུས་འཁྲུགས་བསྟན་ལ་འཚེ་བ་ཟློགས༔ ཕྱི་ནང་རྩོད་འཛིང་འགྲོ་བའི་རྐྱེན་ངན་ཟློགས༔ གློ་བུར་ཀེག་སྲི་བར་ཆད་ཐམས་ཅད་ཟློགས༔ ཟློག་གོ་དྲག་པོ་ཟོར་གྱི་གཏོར་མས་ཟློགས༔ སྒྱུར་རོ་མི་མཐུན་དགྲ་བགེགས་སྟེང་དུ་སྒྱུར༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ སརྦ་ཤ་ཏྲཱུན་བིགྷྣཱན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག་བྷྱོ་ཟློག་ཅིག༔ ཐལ་མོ་དང་ནི་དུལ་མོ་བརྡབ༔ ཟོར་དཀྱིལ་ལྷ་ཚོགས་ཐམས་ཅད་ཀུན༔ ཁྲོས་འཁྲུགས་རྔམས་པའི་གཟི་བྱིན་བསྐྱེད༔ འོད་ཟེར་སྤྲུལ་པས་སྟོང་གསུམ་གང༔ མི་མཐུན་རྡུལ་དུ་བརླག་པར་བསམ༔ མཐར་ནི་ཟོར་གྱི་ཡེ་ཤེས་བཏེག༔ དམ་ཚིག་ནད་མཚོན་ཕུང་པོར་བསམ༔ གསེར་སྐྱེམས་སྔོན་འགྲོས་དགྲ་ཕྱོགས་འཕང༔ ཟོར་རྫས་དུག་མཚོན་ཆར་བབ་པའི༔ རྗེས་སུ་ཡེ་ཤེས་ཁྲོ་བོའི་ཚོགས༔ དཔུང་དང་བཅས་པ་རབ་ཏུ་ཆས༔ དགྲ་དཔུང་བདུན་རྒྱུད་རྩད་ནས་བཅད༔ བགེགས་དཔུང་ཐལ་བར་བརླགས་པར་བསམ༔ དགྲ་ཐུལ་བགེགས་ཆོམ་མི་མཐུན་ཕྱོགས༔ ཚར་གཅོད་མངོན་སྤྱོད་མཐར་ཕྱིན་འགྱུར༔ ས་མ་ཡ༔ དེ་ལྟར་བསྐྱེད་བཟླས་ཟབ་མོའི་དོན༔ ཉམས་སུ་ལེན་པའི་སྣོད་ལྡན་ཕྱིར༔ རིམ་པ་དབང་གི་ཆོ་ག་ནི༔ བུདྡྷ་ཐོད་ཕྲེང་སྨིན་བྱེད་ལ༔ ལྷ་སྔགས་ཁ་བསྒྱུར་ཙམ་གྱིས་འགྲུབ༔ ཁྱད་པར་མཐའ་རྟེན་ལྷར་བསྐྱེད་པའི༔ ཟོར་གཏོར་རྫས་བཅས་ལག་ཏུ་གཏད༔ ཧཱུྃ༔ གཏོར་སྣོད་རབ་འཇིགས་དྲག་པོའི་ཕོ་བྲང་དབུས༔ གཏོར་མ་ཀརྨ་ཐོད་ཕྲེང་འཁོར་བཅས་གསལ༔ སྐལ་ལྡན་རིགས་ཀྱི་བུ་ལ་གཏད་པ་ཡིས༔ ཟློག་སྒྱུར་དྲག་པོའི་ཕྲིན་ལས་ཡོངས་རྫོགས་ཤོག༔ དྲག་སྔགས་བཟླ་ཞིང་ལག་ཏུ་གཏད༔ སྤྲོ་ན་འཕང་བའི་ལས་ཀྱང་བྱ༔ རྗེས་སུ་ཤིས་བརྗོད་ཁས་བླང་སོགས༔ གསང་བ་སྤྱི་དང་མཐུན་པར་སྤྱད༔ དེས་ནི་ལམ་གྱི་སྣོད་དུ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ གར་དབང་འོད་གསལ་གླིང་པས་ཟབ་མོ་དགོངས་པའི་གཏེར་མཛོད་ལས་ཕྱུང་བའོ།། །། <!TCC Tibetan character 3,181 undefined in unicode!> རྩ་གསུམ་འོད་གསལ་སྙིང་ཏིག་ལས༔ ནང་སྒྲུབ་པདྨ་དྲྭ་བ་བཞུགས༔ <!TCC Tibetan character 3,181 undefined in unicode!> འཕགས་མཆོག་སྙིང་རྗེའི་ལྷ་ལ་འདུད༔ ནང་ལྟར་ལོངས་སྤྱོད་རྫོགས་པའི་སྐུ༔ པདྨ་དྲྭ་བའི་སྒྲུབ་པ་ནི༔ དབེན་ཞིང་ཉམས་དགའི་གནས་ཉིད་དུ༔ མཎྜལ་ཟླུམ་པོ་བཀོད་ལེགས་སྟེང༔ མཚན་ལྡན་བྷནྡྷའི་སྣོད་མཆོག་ཏུ༔ གསང་རྫས་རིལ་བུས་གཏམས་པ་ཡི༔ ཁ་གཅོད་མེ་ལོང་གཡའ་བྲལ་ངོས༔ སིནྡྷུ་ར་ཡིས་ཆག་ཆག་གདབ༔ རྩ་སྔགས་ཡི་གེའི་དཀྱིལ་འཁོར་བཀོད༔ དེ་སྟེང་ཟུར་མང་ཤེལ་རྡོར་བཅས༔ མཐའ་སྐོར་ཕྱི་ནང་མཆོད་པ་དང༔ ཚོགས་ཀྱི་འཁོར་ལོའི་ལོངས་སྤྱོད་བཤམས༔ གཞན་དུ་རྡོ་རྗེ་ལུས་ཀྱི་དཀྱིལ༔ རང་བྱུང་ལྷུན་གྲུབ་ཆེན་པོར་བརྟེན༔ སྔོན་དངོས་རྗེས་ཀྱིས་ཉམས་སུ་བླང༔ ས་མ་ཡ༔ སྔོན་འགྲོའི་དང་པོ་སྐྱབས་འགྲོ་ནི༔ ཧྲཱི༔ བདག་དང་མཁའ་མཉམ་འགྲོ་བ་མ་ལུས་ཀུན༔ སྐུ་གསུམ་འཕགས་པའི་ལྷ་ལ་སྐྱབས་སུ་མཆི༔ མཐའ་ཀླས་སྲིད་པའི་ཁམས་རྣམས་བསྒྲལ་བའི་ཕྱིར༔ པདྨ་དྲྭ་བའི་གོ་འཕང་བསྒྲུབ་པར་བགྱི༔ ལན་གསུམ་གཉིས་པ་མཚམས་གཅོད་ནི༔ ཧཱུྃ་ཧྲཱི༔ རང་ཉིད་དབང་ཆེན་ཐུགས་ནས་འཕྲོས་པ་ཡི༔ རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་དང༔ འཁོར་ལོ་མེ་དཔུང་ཁྲོ་བོའི་གུར་ཁང་གིས༔ གཉིས་འཛིན་འཁྲུལ་པའི་བགེགས་ཚོགས་མཚམས་བཅད་གྱུར༔ ཧཱུྃ་ཧཱུྃ་ཧཱུྃ༔ གསུམ་པ་ཡེ་ཤེས་བྱིན་འབེབ་ནི༔ ཧཱུྃ་ཧྲཱི༔ འོག་མིན་བདེ་ཆེན་ཆོས་སྐུའི་ཕོ་བྲང་དང༔ ལྷུན་གྲུབ་ཡེ་ཤེས་རང་སྣང་འོད་ལྔའི་ཞིང༔ གང་འདུལ་སྒྱུ་འཕྲུལ་སྤྲུལ་པའི་དཀྱིལ་འཁོར་ནས༔ སྐུ་གསུམ་འཕགས་པའི་ལྷ་ཚོགས་བྱིན་ཕོབ་ཅིག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿགུ་རུ་དེ་བ་ཌཱཀྐི་ནཱི་ལོ་ཀེ་ཤྭ་ར་བཛྲ་ཛྙཱ་ན་སརྦ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཧཱུྃ་ཧཱུྃ་ཧཱུྃ༔ བཞི་པ་མཆོད་རྫས་བརླབ་པ་ནི༔ ཨོཾ་ཨཱཿཧཱུྃ༔ ཡུལ་དང་དབང་པོར་འབྲེལ་བའི་སྲེད་ལེན་ཀུན༔ བདེ་སྟོང་ཟུང་འཇུག་ཆེན་པོར་མཉམ་སྦྱོར་བའི༔ རོལ་རྩལ་འགགས་མེད་ཀུན་བཟང་མཆོད་པའི་སྤྲིན༔ མཐའ་ཀླས་ནམ་མཁའ་མཛོད་ཀྱི་འཁོར་ལོར་ཤར༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡའི་བར་དང་། རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ས་མ་ཡེ་ཨཱཿཧཱུྃ༔ ལན་གསུམ་བརྗོད་པས་བྱིན་རླབས་བྱ༔ ས་མ་ཡ༔ དངོས་གཞིའི་དང་པོ་བསྐྱེད་རིམ་ནི༔ ཕྱག་རྒྱ་སྐུ་ཡི་རྣལ་འབྱོར་ཏེ༔ དབྱིངས་དང་རིག་པ་དབྱེར་མེད་ལས༔ ཟུང་འཇུག་སྒྱུ་མའི་དཀྱིལ་འཁོར་གསལ༔ ཧྲཱི༔ གཞི་དབྱིངས་ཀ་དག་འོད་གསལ་ཆོས་སྐུའི་ངང༔ གཞི་སྣང་རིག་པ་ལྷུན་གྲུབ་ལོངས་སྐུའི་སྤྲིན༔ ཟུང་འཇུག་སྤྲུལ་པའི་རྒྱུ་མཆོག་ཧྲཱིཿདམར་པོ༔ དེ་ཉིད་ཡོངས་གྱུར་སྐད་ཅིག་དྲན་རྫོགས་སུ༔ ཕྱི་སྣོད་དག་པ་རབ་འབྱམས་རྡོ་རྗེའི་གྲོང༔ རང་སྣང་རྣམ་དག་ཡིད་འོང་པོ་ཏ་ལ༔ ཞིང་ཁམས་རྒྱ་མཚོའི་བཀོད་པས་མཛེས་པའི་གཞིར༔ མཚན་ཉིད་ཀུན་རྫོགས་ངོ་མཚར་གཞལ་ཡས་དབུས༔ རང་རིག་བདེ་གཤེགས་ཡོངས་འདུས་སྙིང་རྗེའི་ལྷ༔ སྐུ་མདོག་དམར་གསལ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་པདྨའི་ཕྲེང་བ་ཐུགས་ཀར་འདྲེན༔ གཡོན་པས་མཉམ་གཞག་བདུད་རྩིའི་ཚེ་བུམ་བསྣམས༔ པང་དུ་གསང་བ་ཡེ་ཤེས་ཌཱཀྐི་མ༔ ཨུཏྤལ་ཐོད་འཛིན་ཡབ་ཀྱི་མགུལ་ནས་འཁྲིལ༔ དབང་མདོག་བཅུ་དྲུག་བདེ་བའི་ལང་ཚོས་མཛེས༔ གཉིས་ཀ་དར་དང་རིན་ཆེན་རུས་པས་བརྒྱན༔ ཁྲོ་འཛུམ་ཆགས་ཉམས་མཚན་དཔེའི་འོད་ཕུང་འབར༔ ཞབས་གཉིས་རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས༔ ཐབས་ཤེས་ཟུང་འཇུག་པད་ཉི་ཟླ་སྟེང་རོལ༔ སྤྱི་བོ་གཙུག་ཏོར་ནོར་བུའི་འཁོར་ལོ་རུ༔ ཆགས་བྲལ་སོ་སོར་རྟོག་པའི་ཡེ་ཤེས་རྩལ༔ རིགས་ཀྱི་བདག་པོ་ཆོས་སྐུ་སྣང་མཐའ་ཡས༔ དམར་པོ་མཉམ་གཞག་བདུད་རྩིའི་ལྷུང་བཟེད་བསྣམས༔ དེ་ལྟར་གསལ་བའི་རྡོ་རྗེ་ལུས་ཀྱི་དཀྱིལ༔ རྩ་གསུམ་འཁོར་ལོ་ལྔ་ལྡན་གྲོང་ཁྱེར་དུ༔ བདེ་སྟོང་དབྱེར་མེད་ཡེ་ཤེས་སྒྱུ་མའི་སྐུ༔ དབང་ཆེན་རིགས་ལྔ་ཡབ་ཡུམ་འཁྲིལ་སྦྱོར་རོལ༔ ཐུགས་ཀར་རྡོ་རྗེ་དབང་ཆེན་ཐུགས་དབུས་སུ༔ ཡིད་ཆོས་རྣམ་དག་ཀུན་བཟང་ཡབ་ཡུམ་ལ༔ སུམ་ཅུ་རྩ་བཞི་ཞི་བའི་ལྷ་ཚོགས་དང༔ དེ་ཡི་རང་རྩལ་བདེ་ཆེན་འཁོར་ལོའི་དབུས༔ ཁྲག་འཐུང་དཔལ་ཆེན་ཁྲོ་བོའི་ཚོམ་བུར་བཞུགས༔ ཕྱི་རོལ་གྱེས་པའི་པདྨའི་གདན་སྟེང་དུ༔ ཡི་གེ་དྲུག་པའི་སྔགས་ཀྱི་རང་སྒྲ་ལས༔ རིགས་དྲུག་དོན་མཛད་བཅོམ་ལྡན་ཐུབ་པ་དྲུག༔ སྤྲུལ་སྐུའི་ཆས་རྫོགས་མཚན་དང་དཔེ་བྱད་ལྡན༔ གེ་སར་ཟིལ་ཕོད་རབ་ཏུ་རྒྱས་པའི་རྩེར༔ སྟོང་ཉིད་སྙིང་རྗེའི་རིག་གདངས་འགགས་མེད་རྩལ༔ དུས་གསུམ་བསྐལ་བཟང་སེམས་དཔའ་སྟོང་རྩ་གཉིས༔ འགྲོ་འདུལ་ཐུགས་རྗེ་ཆེན་པོའི་རྣམ་པར་བཞེངས༔ སྒོ་བཞིར་བདུད་བཞི་བསྣོལ་བའི་གདན་གྱི་སྟེང༔ ཕྲིན་ལས་ལྷུན་གྲུབ་ཌཱཀྐི་སྡེ་བཞི་དང༔ གཞན་ཡང་ཕྱོགས་དུས་སྲས་བཅས་རྒྱལ་བའི་ཚོགས༔ མ་འདྲེས་གསལ་རྫོགས་ཉི་དང་འོད་ཟེར་ཚུལ༔ དྭངས་པའི་མཁའ་ལ་ཤར་བའི་འཇའ་ཚོན་ལྟར༔ སྣང་སྟོང་དབྱེར་མེད་ཆེན་པོའི་གནས་གསུམ་དུ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེས་རྒྱས་གདབ་ཅིང༔ ནམ་མཁའི་ཁམས་གང་གདན་གསུམ་ཚང་བའི་ལྷས༔ ཡེ་ཤེས་རྣམ་ལྔའི་ངོ་བོར་དབང་བསྐུར་གྱུར༔ ཐུགས་ཀའི་ཧཱུྃ་འོད་ལྕགས་ཀྱུ་ཡིས༔ རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས༔ ཐུགས་རྗེ་ཆེན་པོའི་རྣམ་རོལ་དུ༔ མདུན་གྱི་ནམ་མཁར་བྱོན་པར་བསམ༔ ཧཱུྃ་ཧྲཱི༔ འོག་མིན་པདྨོ་བཀོད་པའི་དཀྱིལ་འཁོར་ནས༔ འཆི་མེད་འོད་སྣང་མཐའ་ཡས་གཤེགས་སུ་གསོལ༔ སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་གཞལ་ཡས་ནས༔ འཕགས་མཆོག་སྙིང་རྗེའི་བདག་ཉིད་གཤེགས་སུ་གསོལ༔ གནས་ཡུལ་དུར་ཁྲོད་དྲག་པོའི་ཕོ་བྲང་ནས༔ དབང་ཆེན་རིགས་ལྔ་ཡབ་ཡུམ་གཤེགས་སུ་གསོལ༔ ཕྱོགས་བཅུ་དུས་བཞིའི་ཞིང་ཁམས་རབ་འབྱམས་ནས༔ སྲས་བཅས་རྒྱལ་བ་རྒྱ་མཚོ་གཤེགས་སུ་གསོལ༔ དོན་དམ་འགྲོ་འོང་མཚན་མ་ལས་འདས་ཀྱང༔ འགག་མེད་ཐུགས་རྗེའི་དབང་གིས་གནས་འདིར་གཤེགས༔ སྒོ་གསུམ་དཀྱིལ་འཁོར་གསུམ་དུ་དབང་སྐུར་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་བྱིན་ཆེན་ཕོབ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ༔ ཧཱུྃ་ཧྲཱི༔ གདོད་ནས་ཆོས་ཉིད་མཉམ་པ་ཆེན་པོའི་དབྱིངས༔ རང་སྣང་རྣམ་དག་དོན་གྱི་འོག་མིན་དུ༔ ཆོས་ཀྱི་དབྱིངས་ནས་སྤྱན་དྲངས་ཡེ་ཤེས་པ༔ གཉིས་མེད་རྡོ་རྗེའི་གདན་ལ་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ་ཧྲཱི༔ ངོ་བོ་འོད་གསལ་ཆོས་སྐུའི་སྙིང་པོ་ལས༔ རང་བཞིན་བདེ་སྟོང་ལོངས་སྤྱོད་རྫོགས་སྐུར་ཤར༔ ཐུགས་རྗེ་སྤྲུལ་པའི་གར་གྱིས་འགྲོ་བ་འདུལ༔ སྐུ་གསུམ་འཕགས་པའི་ལྷ་ལ་ཕྱག་འཚལ་བསྟོད༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨོཾ་ཨཱཿཧཱུྃ༔ སྣོད་བཅུད་རྡོ་རྗེ་གཟུགས་སྒྲ་དྲི་རོ་རེག༔ སྣང་སྲིད་སྦྱོར་སྒྲོལ་ཟུང་འཇུག་སྨན་གཏོར་རཀ༔ འཁོར་འདས་དབྱེར་མེད་གདོད་མའི་མཆོད་སྤྲིན་གྱིས༔ དུས་གསུམ་དུས་མེད་ཆེན་པོར་མཉེས་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་མ་ཧཱ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོ༔ ཧཱུྃ་ཧྲཱི༔ སྣང་སྟོང་གདན་གསུམ་ཡོངས་རྫོགས་རྡོ་རྗེའི་སྐུ༔ གྲགས་སྟོང་ཐབས་ཤེས་ཨཱ་ལི་ཀཱ་ལིའི་གསུང༔ རིག་སྟོང་སྤྲོས་བྲལ་འོད་གསལ་གཉུག་མའི་ཐུགས༔ བདེ་སྟོང་ཟུང་འཇུག་དཀྱིལ་འཁོར་ལྷ་ལ་བསྟོད༔ ཐོག་མའི་མགོན་པོ་ཆོས་སྐུ་སྣང་མཐའ་ཡས༔ སྟོང་ཉིད་སྙིང་རྗེའི་སྐུར་བཞེངས་སྤྱན་རས་གཟིགས༔ སྤྲུལ་པའི་རྣམ་རོལ་དབང་ཆེན་རིགས་མཆོག་ལྔ༔ སྐུ་གསུམ་འཕགས་པའི་ལྷ་ལ་ཕྱག་འཚལ་བསྟོད༔ དོན་དམ་ཆོས་དབྱིངས་སྙིང་པོར་རོ་གཅིག་ཀྱང༔ ཀུན་རྫོབ་ཞི་དང་ཁྲོ་བོའི་རྣམ་རོལ་ཅན༔ སྣོད་བཅུད་དག་པ་རྡོ་རྗེའི་འོག་མིན་ཆེ༔ དཀྱིལ་འཁོར་ལྷ་ཚོགས་མ་ལུས་ཀུན་ལ་བསྟོད༔ གཉིས་པ་བསྙེན་ཅིང་སྒྲུབ་པ་ནི༔ བཟླས་པ་གསུང་གི་རྣལ་འབྱོར་ཏེ༔ སྙིང་དབུས་དབང་ཆེན་ཡབ་ཡུམ་གྱི༔ ཐུགས་ཀར་པད་ཉི་ཟླ་བའི་སྟེང༔ ཧྲཱིཿམཐར་སྔགས་ཕྲེང་གཡས་སུ་འཁོར༔ འོད་ཀྱིས་ཕྱོགས་བཅུའི་རྒྱལ་བ་མཆོད༔ བྱིན་རླབས་བདུད་རྩིའི་རྣམ་པར་བྱོན༔ སྤྱི་བོ་ནས་ཞུགས་གནས་བཞིར་བབས༔ སྒྲིབ་བཞི་སྦྱངས་ཤིང་དབང་བཞི་ཐོབ༔ སླར་འཕྲོས་འགྲོ་བའི་ལས་ཉོན་སྦྱངས༔ ཕྱི་སྣོད་དག་པ་རབ་འབྱམས་ཞིང༔ ཅིར་སྣང་ཐུགས་རྗེ་ཆེན་པོའི་སྐུ༔ སྒྲར་གྲགས་རྡོ་རྗེའི་སྔགས་ཀྱི་སྒྲ༔ དྲན་རྟོག་དོན་གྱི་འཕགས་པའི་ཞལ༔ པདྨ་དྲྭ་བའི་ཀློང་དུ་རྫོགས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ གྲངས་ཀྱི་བསྙེན་པ་བདུན་འབུམ་སྟེ༔ དུས་བསྙེན་དེ་ཡི་བཞི་འགྱུར་རོ༔ མཚན་མ་རྟགས་ཀྱི་རིམ་པ་ནི༔ དངོས་ཉམས་རྨི་ལམ་མ་ངེས་པར༔ ཞལ་མཐོང་གསུང་ཐོས་གདམས་པ་ཐོབ༔ རང་རིག་ཀ་དག་དོན་དང་འཕྲད༔ རྩོལ་མེད་སྙིང་རྗེ་ཤུགས་ཀྱིས་འབྱུང༔ ས་མ་ཡ༔ ཁྱད་པར་ནང་ལྟར་སྒྲུབ་པ་ནི༔ ཐུགས་སྲོག་ལས་བྱུང་ཧྲཱིཿཡིག་ཕྲེང༔ ཡུམ་གྱི་ཞལ་ཞུགས་པདྨ་ནས༔ རྡོ་རྗེ་ནོར་བུའི་ལམ་བརྒྱུད་དེ༔ སྙིང་ཁའི་ཆུ་སྐྱེས་ལ་ཆགས་པས༔ རྣམ་པ་ཀུན་གྱི་མཆོག་ལྡན་པའི༔ ཟག་མེ་བདེ་བས་ཚིམས་པར་བསམ༔ གཙོ་འཁོར་ཡོངས་རྫོགས་ལ་དམིགས་ནས༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿསརྦ་ཏ་ཐཱ་ག་ཏ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྲཱྀ་བ་ཌཱ་ཀི་ནཱི་ཧ་རི་ནི་ས་ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ བདེར་གཤེགས་ཡོངས་རྫོགས་སྲོག་སྙིང་ནི༔ འབྱུང་འཇུག་གནས་པའི་རླུང་ལ་སྦྱར༔ གྲགས་སྟོང་རྡོ་རྗེའི་སྔགས་ཀྱི་སྒྲ༔ དུས་གསུམ་དུས་མེད་གཅིག་ཏུ་བཟླ༔ ཧྲཱིཿཧྲཱིཿཧྲཱི༔ ཐུན་མཚམས་མཆོད་བསྟོད་དངོས་གྲུབ་བླང༔ ནོངས་པ་བཤགས་ཤིང་ཡེ་ཤེས་གཤེགས༔ དམ་ཚིག་འོད་གསལ་འཁོར་ལོར་བསྡུ༔ རྗེས་ཐོབ་སྒྱུ་མའི་ལྷ་སྐུའི་ངང༔ སྟོང་ཉིད་སྙིང་རྗེ་ཟུང་འཇུག་པས༔ ཕྱིན་དྲུག་དགེ་ཆོས་རྒྱ་མཚོ་སྡུད༔ ས་མ་ཡ༔ གསུམ་པ་རྫོགས་པའི་རིམ་པ་ནི༔ འོད་གསལ་ཐུགས་ཀྱི་རྣལ་འབྱོར་ཏེ༔ ལུས་ངག་ཡིད་གསུམ་སྔོན་སྦྱངས་ནས༔ སྦྱོར་བ་བཞི་ལྡན་རླུང་གཡོས་པས༔ ལྟེ་བའི་གཏུམ་མོ་སྦར་བའི་མེས༔ གནས་ལྔའི་རྟ་ཕག་ཡབ་ཡུམ་བསྐུལ༔ བདེ་སྟོང་སྦྱོར་བའི་བྱང་ཆུབ་སེམས༔ དབབ་བཟློག་འབེབ་བསྐྱིལ་ཡེ་ཤེས་བསྒོམ༔ དེ་ལས་བྱུང་བའི་འོད་ཟེར་གྱིས༔ ཕྱི་ནང་སྣོད་བཅུད་རིལ་གྱིས་སྦྱངས༔ རིག་རྩལ་ཀ་དག་ངང་དུ་གཞག༔ རྗེས་ཐོབ་སྣང་བ་སྒྱུ་མར་བལྟ༔ གེགས་སེལ་རྡོ་རྗེའི་འཕྲུལ་འཁོར་དང༔ བོགས་འདོན་ལས་ཀྱི་ཕྱག་རྒྱ་ལ༔ སྙོམས་པར་འཇུག་པས་བདེ་ཆེན་བསྒྲུབ༔ མཐར་ཐུག་ཕྱག་རྒྱ་ཆེན་པོའི་ངང༔ རང་བབས་ཡེ་ཤེས་རླུང་སྦྱོར་བྱ༔ དེ་ལྟར་རྟག་ཏུ་བརྩོན་པ་ཡིས༔ ཕུང་ཁམས་འཇའ་ལུས་དྭངས་མར་ཤར༔ གལ་ཏེ་བརྩོན་འགྲུས་སྟོབས་ཞན་ན༔ འཆི་ཚེ་རླུང་སེམས་དབྱེར་མེད་པ༔ རིགས་བདག་བླ་མའི་ཐུགས་ཀར་འཕོ༔ བར་དོའི་སྣང་བ་ཅི་ཤར་ཡང༔ བདེན་མེད་སྒྱུ་མའི་ལྷ་སྐུར་བལྟ༔ ས་མ་ཡ༔ དེ་ལྟར་རྣལ་འབྱོར་གསུམ་ལྡན་གྱིས༔ འཕགས་མཆོག་པདྨ་དྲྭ་བ་ཡི༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དབྱིངས༔ སྦྱོར་བྱེད་ཟབ་གསང་ལམ་མཆོག་འདི༔ ད་ལྟ་མངའ་བདག་ཡབ་སྲས་ལ༔ རྒྱུད་ལུང་མན་ངག་སྙིང་པོར་བཤད༔ མ་འོངས་ལྔ་བརྒྱའི་འགྲོ་བའི་དོན༔ འོད་གསལ་གསང་བའི་སྒྲོམ་བུར་སྦས༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ <!TCC Tibetan character 3,181 undefined in unicode!> རྩ་གསུམ་འོད་གསལ་སྙིང་ཏིག་ལས༔ གསང་སྒྲུབ་འོད་གསལ་དྲྭ་བ་བཞུགས༔ <!TCC Tibetan character 3,181 undefined in unicode!> འཆི་མེད་འོད་མཐའ་ཡས་ལ་འདུད༔ གསང་བ་དབྱིངས་རིག་དབྱེར་མེད་པ༔ འོད་གསལ་དྲྭ་བའི་སྒྲུབ་པ་ནི༔ གངས་ཁྲོད་རི་རྩེ་ནགས་ཚལ་སོགས༔ ཤིན་ཏུ་དབེན་ཞིང་ཡིད་མཐུན་པར༔ ཀུན་རྫོབ་མཎྜལ་ཟླུམ་པོའི་སྟེང༔ རྡོ་རྗེ་སེམས་དཔའི་མེ་ལོང་ངོགས༔ འོད་སྣང་མཐའ་ཡས་གཟུགས་སྐུ་དང༔ མཐའ་སྐོར་སྨན་རག་གཏོར་ཚོགས་བཤམ༔ དོན་དམ་རྡོ་རྗེ་ལུས་ཀྱི་སྦུབས༔ འཇའ་ཟེར་ཐིག་ལེའི་དཀྱིལ་འཁོར་ལ༔ སྒོ་ཡུལ་རླུང་གི་གནད་གཅུན་པས༔ སྣང་བ་རྣམ་བཞིའི་གོ་འཕང་བསྒྲུབ༔ ས་མ་ཡ༔ དངོས་གཞིར་རྡོ་རྗེའི་སྟན་ཉིད་ལ༔ ལུས་གནད་རྡོ་རྗེའི་ཆོས་བདུན་ངང༔ ཁྲེགས་ཆོད་ཀ་དག་རིག་རྩལ་ལས༔ ལྷུན་གྲུབ་བསྐྱེད་རྫོགས་དབྱེར་མེད་པར༔ འཇུག་པའི་དང་པོ་སྐྱབས་སེམས་ནི༔ ཧྲཱི༔ ཀ་དག་སོ་སོར་རྟོག་པའི་ཡེ་ཤེས་སྐུ༔ འཆི་མེད་ཐོག་མའི་མགོན་པོར་སྐྱབས་སུ་མཆི༔ ལྷུན་གྲུབ་འོད་གསལ་སྣང་བཞིའི་དཀྱིལ་འཁོར་དུ༔ ཁམས་གསུམ་འགྲོ་ཀུན་སྒྲོལ་བར་སེམས་བསྐྱེད་དོ༔ ལན་གསུམ་གཉིས་པ་མཚམས་གཅོད་ནི༔ ཧྲཱི༔ སྣང་སྲིད་ཐམས་ཅད་དག་པ་ཆོས་སྐུའི་ཞིང༔ སྒྲར་གྲགས་གཞོམ་མེད་རྡོ་རྗེའི་སྔགས་སུ་རྫོགས༔ དྲན་རྟོག་གདོད་ནས་རང་གྲོལ་གཉུག་མའི་ངང༔ ཐ་མལ་རྣམ་པར་རྟོག་པ་མཚམས་བཅད་དོ༔ ཨོཾ་ཨཱཿཧཱུྃ་བཛྲ་ཛྙཱ་ན་རཀྵ་བྷྲཱུྃ༔ གསུམ་པ་ཡེ་ཤེས་བྱིན་འབེབ་ནི༔ ཧྲཱི༔ ངོ་བོ་ནང་གསལ་གཞོན་ནུ་བུམ་སྐུའི་ཀློང༔ རང་བཞིན་རྩ་གསུམ་དཀྱིལ་འཁོར་རབ་འབྱམས་ཤར༔ ཐུགས་རྗེ་གང་འདུལ་སྤྲུལ་པའི་རྣམ་རོལ་གྱིས༔ གནས་འདིར་དབང་སྐུར་བྱིན་ཕོབ་ཡེ་ཤེས་སྐྱེད༔ ཨོཾ་ཨཱཿཧཱུྃ་བཛྲ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ བཞི་པ་མཆོད་རྫས་བྱིན་རླབས་ནི༔ ཨོཾ་ཨཱཿཧཱུྃ༔ ཆོས་ཉིད་སྐྱེ་མེད་བྱང་ཆུབ་སེམས་ཀྱི་དབྱིངས༔ ཆོས་ཅན་འགག་མེད་འདོད་ཡོན་རྒྱ་མཚོའི་སྤྲིན༔ ཟུང་འཇུག་བདེ་ཆེན་རྡོ་རྗེར་བྱིན་བརླབས་པས༔ མི་ཟད་མཆོད་པའི་ཕྱག་རྒྱ་ཆེན་པོར་གྱུར༔ ཨོཾ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་དྷརྨ་དྷཱ་ཏུ་སརྦ་པཱུ་ཛ་ཨཱཿཧཱུྃ༔ ལྔ་པ་དམ་ཚིག་བསྐྱེད་པ་ནི༔ ཧྲཱི༔ སྟོང་ཉིད་དབྱིངས་ལས་ཡེ་ཤེས་སྒྱུ་མའི་འཕྲུལ༔ སྣོད་བཅུད་རྣམ་དག་པདྨོ་བཀོད་པའི་ཞིང༔ རིན་ཆེན་སྣ་ཚོགས་གཅལ་དུ་བཀྲམ་པའི་གཞིར༔ ནོར་བུའི་བྲག་རི་འདོད་འབྱུང་ལྗོན་ཤིང་དང༔ ཡན་ལག་བརྒྱད་ལྡན་བདུད་རྩིའི་རྫིང་བུས་མཛེས༔ ཆོས་ཉིད་མངོན་སུམ་འཇའ་ཟེར་ཐིག་ལེའི་ཀློང༔ ཉམས་སྣང་གོང་འཕེལ་སྣ་ཚོགས་མཆོད་སྤྲིན་དང༔ རིག་པ་ཚད་ཕེབས་དཔའ་བོ་ཌཱ་ཀིའི་ཚོགས༔ ཆོས་ཟད་བློ་འདས་རྡོ་རྗེའི་གླུ་གར་སྒྱུར༔ གང་ཤར་སྣང་གྲགས་རིག་པའི་རྟོག་ཚོགས་ཀུན༔ གཟུང་འཛིན་འཁྲུལ་པ་དག་པའི་རང་རྩལ་ལས༔ རྡོ་རྗེའི་གཟུགས་སྒྲ་དྲི་རོ་རེག་བྱ་སོགས༔ བདེ་སྟོང་རོལ་མོར་འཆར་བའི་ཞིང་མཆོག་དབུས༔ མཚན་ཉིད་ཡོངས་རྫོགས་སྤྲུལ་པའི་གཞལ་མེད་ཁང༔ གྲུ་བཞི་སྒོ་བཞི་རྟ་བབས་བཞི་ཡིས་བརྒྱན༔ ཕྱི་གསལ་ནང་གསལ་ཡེ་ཤེས་འོད་ལྔའི་ཀློང༔ ཆགས་བྲལ་པདྨ་ཐབས་ཤེས་ཉི་ཟླའི་སྟེང༔ སྐད་ཅིག་དྲན་རྫོགས་ཆུ་ལས་ཉ་འཕར་ལྟར༔ རང་རིག་བདེ་ཆེན་སྐུར་བཞེངས་སྣང་མཐའ་ཡས༔ དམར་གསལ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་སྟེང༔ འཆི་མེད་བདུད་རྩིས་གང་བའི་ལྷུན་བཟེད་བསྣམས༔ མཚན་དཔེའི་དཔལ་འབར་ཆོས་གོས་རྣམ་གསུམ་གསོལ༔ ཐབས་ཤེས་ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཧྲཱི༔ དེ་ལྟར་གསལ་བའི་རང་བྱུང་ལུས་ཀྱི་དཀྱིལ༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ཀུན༔ གདོད་ནས་དག་པ་འོད་གསལ་རྡོ་རྗེའི་གྲོང༔ གཞི་ལམ་འབྲས་གསུམ་རྫོགས་པའི་གཞལ་ཡས་དབུས༔ ཐུགས་ཀ་ཆོས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ༔ དབྱིངས་རིག་ཟུང་འཇུག་ཀུན་བཟང་ཡབ་ཡུམ་དང༔ ཕུང་པོ་འབྱུང་བ་རང་གྲོལ་རིགས་མཆོག་ལྔ༔ དབང་ཡུལ་དག་པ་སེམས་དཔའ་སེམས་མ་བརྒྱད༔ ཉོན་མོངས་འདུལ་མཛད་བཅོམ་ལྡན་ཐུབ་པ་དྲུག༔ རྟོག་ཚོགས་འཇོམས་བྱེད་སྒོ་བ་ཡབ་ཡུམ་སྟེ༔ བདེར་གཤེགས་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ༔ བཞི་བཅུ་རྩ་གཉིས་སྣང་སྟོང་འོད་ཕུང་འབར༔ དེ་ཡི་རང་རྩལ་བདེ་ཆེན་འཁོར་ལོ་རུ༔ ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ༔ ཡབ་ཡུམ་གཉིས་མེད་དགའ་བཞིའི་རྣམ་རོལ་ལས༔ རིགས་ལྔ་གནས་ཡུལ་དག་པའི་ཕྲ་མེན་དང༔ འབར་བའི་དབང་ཕྱུག་ཉི་ཤུ་རྩ་བརྒྱད་སོགས༔ སྤྲོས་བྲལ་ཆོས་སྐུའི་ངང་ལས་མ་གཡོས་ཀྱང༔ གདུག་པ་འདུལ་ཕྱིར་ཁྲག་འཐུང་རོལ་པའི་སྐུ༔ ལྔ་བཅུ་རྩ་བརྒྱད་ཁྲོ་བོའི་ཚོམ་བུར་བཞུགས༔ མགྲིན་པར་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ རིག་འཛིན་དཔའ་བོ་ཌཱ་ཀི་རྒྱ་མཚོར་བཅས༔ མ་བསྐྱེད་རང་བྱུང་ཡོངས་གྲུབ་ཕྱག་རྒྱའི་ལྷ༔ ཟབ་གསལ་གཉིས་མེད་འཇའ་ཚོན་ལྟ་བུར་ཤར༔ གཞན་ཡང་རྩ་རླུང་ཐིག་ལེ་ཡེ་ཤེས་ཁམས༔ རབ་འབྱམས་རྩ་གསུམ་རྒྱལ་བའི་ངོ་བོར་བཞུགས༔ གནས་གསུམ་རྡོ་རྗེ་གསུམ་གྱི་རྒྱས་གདབ་ཅིང༔ བདེ་སྟོང་ཁ་སྦྱོར་བདུད་རྩིའི་དབང་བསྐུར་པའི༔ འོད་ཀྱིས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར༔ དྲུག་པ་ཡེ་ཤེས་སྤྱན་འདྲེན་ཞིང༔ ཕྱག་རྒྱ་རྣམ་བཞིས་བཅིང་པ་ནི༔ ཧྲཱི༔ ངོ་བོ་འོད་གསལ་ཆོས་སྐུའི་ཕོ་བྲང་ནས༔ འཆི་མེད་ཐོག་མའི་མགོན་པོ་གཤེགས་སུ་གསོལ༔ རབ་བཞིན་བདེ་སྟོང་ལོངས་སྐུའི་གཞལ་ཡས་ནས༔ རབ་འབྱམས་ཞི་ཁྲོའི་ལྷ་ཚོགས་གཤེགས་སུ་གསོལ༔ ཐུགས་རྗེ་འགྲོ་འདུལ་སྤྲུལ་པའི་ཞིང་ཁམས་ནས༔ རིག་འཛིན་ཌཱ་ཀི་རྒྱ་མཚོ་གཤེགས་སུ་གསོལ༔ ཀ་དག་གཉུག་མའི་ངང་དུ་བྱིན་ཕོབ་ལ༔ ལྷུན་གྲུབ་སྣང་བ་བཞི་ཡི་དབང་མཆོག་སྐུར༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བཛྲ་ས་མ་ཡ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ བདུན་པ་བརྡ་ཕྱག་འཚལ་བ་ནི༔ ཧྲཱི༔ གཟུང་འཛིན་འཁྲུལ་པའི་མཚན་མ་ལས་འདས་པའི༔ རིག་སྟོང་སེམས་ཀྱི་རྡོ་རྗེ་འོད་མཐའ་ཡས༔ གདོད་ནས་གཉིས་མེད་མཉམ་པའི་ངང་ཉིད་དུ༔ མངོན་སུམ་རང་ཞལ་མཇལ་བའི་ཕྱག་གིས་འདུད༔ ཨ་ཏི་པཱུ་ཧོ༔ ན་མ་དྷཱི༔ བརྒྱད་པ་མཆོད་པ་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ དབྱིངས་རིག་ཟུང་འཇུག་ཆོས་ཉིད་མངོན་སུམ་ཀློང༔ ཉམས་སྣང་གོང་འཕེལ་ཕྱི་ནང་མཆོད་པའི་སྤྲིན༔ རིག་པ་ཚད་ཕེབས་དོན་གྱི་ལྷ་ལ་འབུལ༔ ཆོས་ཟད་བློ་འདས་མཆོག་གི་དངོས་གྲུབ་སྩོལ༔ རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་མ་ཧཱ་སརྦ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོ༔ དགུ་པ་བསྟོད་ཅིང་སྨོན་ལམ་གདབ༔ ཧྲཱི༔ སོ་སོར་ཀུན་ཏུ་རྟོག་པའི་རིག་མདངས་རྩལ༔ ཟུང་འཇུག་བདེ་ཆེན་རྡོ་རྗེའི་སྐུར་བཞེངས་པ༔ ཚེ་དང་ཡེ་ཤེས་དཔག་མེད་བཅོམ་ལྡན་འདས༔ ཀུན་བཟང་སྣང་མཐའ་ཡས་ལ་ཕྱག་འཚལ་བསྟོད༔ གདོད་ནས་དག་པ་ཆོས་སྐུའི་རང་བཞིན་ལས༔ རིགས་བརྒྱ་རིགས་ལྔ་གསང་ཆེན་རིགས་གཅིག་སོགས༔ གང་འདུལ་ཞི་དང་ཁྲོ་བོའི་རྣམ་རོལ་ཅན༔ གདན་གསུམ་ཡོངས་རྫོགས་དཀྱིལ་འཁོར་ལྷ་ལ་བསྟོད༔ སྣོད་བཅུད་པདྨོ་བཀོད་པའི་སྐུ་དང་ཞིང༔ སྒྲར་གྲགས་ཡི་གེ་དྲུག་པ་རྡོ་རྗེའི་སྒྲ༔ དྲན་རྟོག་དབྱིངས་དང་རིག་པ་དབྱེར་མེད་ངང༔ འཆི་མེད་མགོན་པོ་ཚེ་འདིར་འགྲུབ་གྱུར་ཅིག༔ བཅུ་པ་བསྙེན་ཅིང་སྒྲུབ་པ་ནི༔ སྙིང་ཁ་ཆོས་ཀྱི་འཁོར་ལོ་ཡི༔ ཀུན་བཟང་ཡབ་ཡུམ་ཐུགས་ཀ་རུ༔ བདེ་སྟོང་ཉི་ཟླའི་དཀྱིལ་འཁོར་དབུས༔ ཟུང་འཇུག་ཐུགས་སྲོག་ཧྲཱིཿཡིག་མཐར༔ སྔགས་ཕྲེང་གཡས་སུ་འཁོར་བ་ཡི༔ འོད་ཟེར་འཕྲོ་འདུས་དོན་གཉིས་བྱས༔ ཚུར་འདུས་ཕྱི་ནང་སྣོད་བཅུད་སྦྱངས༔ ཐམས་ཅད་འོད་གསལ་ཐིག་ལེའི་ཀློང༔ དབྱིངས་རིག་དབྱེར་མེད་ངང་ནས་བཟླ༔ ཨོཾ་ཨ་མི་དྷེ་ཝ་ཧྲཱི༔ འདི་ནི་སྲས་བཅས་རྒྱལ་ཀུན་གྱི༔ སོ་སོར་རྟོག་པའི་སྙིང་པོ་སྟེ༔ གང་གིས་ཐོས་པ་ཙམ་གྱིས་ཀྱང་། སྒྲིབ་གཉིས་བྱང་ཞིང་ཚོགས་ཆེན་རྫོགས། རྟག་ཏུ་ཉམས་སུ་སུས་བླངས་ན། དབང་པོའི་རིམ་པ་དང་འཚམ་པར༔ འདི་འམ་འཆི་ཁ་བར་མ་དོར༔ འོད་སྣང་མཐའ་ཡས་གོ་འཕང་འགྲུབ༔ ས་མ་ཡཿ གཙོ་འཁོར་ཡོངས་རྫོགས་སྒྲུབ་པ་ནི༔ གཞི་དབྱིངས་འཆི་མེད་སྣང་མཐའ་ཡས༔ གཞི་སྣང་ཞི་ཁྲོ་རབ་འབྱམས་ལྷ༔ ཟུང་འཇུག་རིག་འཛིན་ཌཱ་ཀིའི་ཚོགས༔ རྡོ་རྗེ་ཕུང་པོའི་གྲོང་དུ་རྫོགས༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ དོན་དམ་རྡོ་རྗེའི་བཟླས་པ་ནི༔ འཇུག་གནས་ལྡང་བའི་རླུང་ཁམས་ཀུན༔ གསང་སྔགས་ཡི་གེ་གཅིག་ཏུ་ཤར༔ ཁ་སྦྱོར་བདེ་ཆེན་རྡོ་རྗེའི་སྦུབས༔ འགྲོ་འོང་མེད་པའི་སྲོག་ཏུ་འགྲུབ༔ ཧྲཱིཿཧྲཱིཿཧྲཱི༔ སྐྱེ་མེད་ཀ་དག་གཉུག་མའི་ངང༔ འགག་མེད་སྣང་བཞིའི་རྩལ་རྫོགས་པས༔ བློ་འདས་དོན་གྱི་ཆོས་སྐུའི་ཞལ༔ ཁྱད་ཆོས་དྲུག་ལྡན་ཀློང་དུ་མཇལ༔ ས་མ་ཡ༔ དེ་ལྟར་ཤིན་ཏུ་རྣལ་འབྱོར་གྱི༔ ཟབ་གསང་རྡོ་རྗེའི་ལམ་གྱི་བཅུད༔ འོད་གསལ་དྲྭ་བའི་སྒྲུབ་པའི་ཐབས༔ ཚེ་གཅིག་འཕོ་ཆེན་དྭངས་མའི་སྐུར༔ འགྲུབ་བྱེད་མན་ངག་སྙིང་ཏིག་འདི༔ འོད་གསལ་སྤྲུལ་པའི་རྡོ་རྗེའི་དོན༔ ཆོས་དབྱིངས་ཐུགས་ཀྱི་གཏེར་དུ་སྦས༔ འགྲོ་དོན་འཁོར་བ་དོང་སྤྲུག་ཤོག༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ <!TCC Tibetan character 3,181 undefined in unicode!> རྩ་གསུམ་འོད་གསལ་སྙིང་ཏིག་ལས༔ ཡང་གསང་བླ་མ་དྲག་པོ་ཡི་དམ་དགོངས་འདུས་ཀྱི་སྒྲུབ་པ་བཞུགས་སོ༔ <!TCC Tibetan character 3,181 undefined in unicode!> འཆི་མེད་རྩ་གསུམ་ལྷ་ལ་འདུད༔ བདེ་གཤེགས་ཀུན་འདུས་ཐོད་ཕྲེང་རྩལ༔ ཡང་གསང་དྲག་པོར་སྒྲུབ་པ་ནི༔ དབེན་པའི་གནས་སུ་སྟེགས་བུའི་ཁར༔ བསྙེན་ཕུར་མཚན་ཉིད་ལྡན་པ་དང༔ སྨན་རཀ་གཏོར་ཚོགས་མཆོད་པ་བཤམ༔ དེ་ནས་བདེ་བའི་སྟན་ཉིད་ལ༔ ལུས་གནད་ལྡན་པས་ལེགས་འདུག་སྟེ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ཧཱུྃ༔ བདེར་གཤེགས་ཀུན་འདུས་ཐོད་ཕྲེང་རྩལ༔ པདྨ་དྲག་པོར་སྐྱབས་སུ་མཆི༔ འགྲོ་ཀུན་བྱང་ཆུབ་འཐོབ་བྱའི་ཕྱིར༔ བསྐྱེད་རྫོགས་ཟུང་འཇུག་ཕྲིན་ལས་བསྒྲུབ༔ གཉིས་པ་སྲུང་འཁོར་བསྒོམ་པ་ནི༔ ཧཱུྃ༔ ཕྱི་སྣོད་རྡོ་རྗེའི་གུར་ཁང་ལ༔ ནང་བཅུད་ལས་ཀྱི་ཁྲོ་བོའི་སྐུ༔ སྒྲར་གྲགས་གཞོམ་མེད་ཧཱུྃ་གི་སྒྲ༔ དྲན་རྟོག་འོད་གསལ་ཆེན་པོར་གྱུར༔ ཧཱུྃ་ཧཱུྃ་ཧཱུྃ༔ གསུམ་པ་བྱིན་འབེབ་མཆོད་རྫས་བརླབ༔ ཧཱུྃ༔ ཀ་དག་ཆོས་སྐུའི་ཕོ་བྲང་ནས༔ ལྷུན་གྲུབ་གང་འདུལ་སྒྱུ་མའི་སྐུ༔ པདྨ་དྲག་པོའི་སྐུར་བཞེངས་ལ༔ གནས་འདིར་བྱིན་ཕོབ་དབང་མཆོག་སྐུར༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨ་ཀྲོ་དྷ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ གནས་ཡུལ་དུར་ཁྲོད་དྲག་པོའི་ཞིང༔ རབ་འཇིགས་བཀོད་པ་ཡོངས་སུ་རྫོགས༔ ཕྱི་ནང་གསང་མཆོད་འདོད་ཡོན་སྤྲིན༔ འཕེལ་འགྲིབ་བྲལ་བའི་རྒྱན་དུ་གྱུར༔ ཨོཾ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ བཞི་པ་བསྐྱེད་རིམ་བསྒོམ་པ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན༔ གདོད་ནས་སྤྲོས་བྲལ་དེ་བཞིན་ཉིད༔ ཀུན་སྣང་སྙིང་རྗེ་ཁྲོས་པའི་རྩལ༔ རྒྱུ་ཡི་ཏིང་འཛིན་ཡི་གེ་ཧཱུྃ༔ དེ་ལས་འོད་འཕྲོས་འཕགས་པ་མཆོད༔ སྡེ་བརྒྱད་འབྱུང་པོ་བརླག་ཅིང་གཟིར༔ འགྲོ་ཀུན་སྒྲིབ་སྦྱངས་སྣོད་དང་བཅུད༔ འོག་མིན་པདྨ་བརྩེགས་པའི་ཞིང༔ རབ་འཇིགས་དུར་ཁྲོད་འབར་བའི་ཀློང༔ དྲག་པོའི་གཞལ་ཡས་མཚན་ཉིད་རྫོགས༔ དེ་དབུས་རང་རིག་ཧཱུྃ་དམར་ནག༔ ཡོངས་གྱུར་སྐད་ཅིག་དྲན་རྫོགས་སུ༔ དྲེགས་པ་པད་ཉི་ཟླ་བའི་སྟེང༔ དབྱིངས་དང་ཡེ་ཤེས་དབྱེར་མེད་པའི༔ བདེ་གཤེགས་ཀུན་འདུས་ཆེ་བའི་མཆོག༔ འཇིགས་བྱེད་པདྨ་ཧེ་རུ་ཀ༔ དམར་སྨུག་ཞལ་གཅིག་ཕྱག་གཉིས་པ༔ གཡས་པས་རྡོ་རྗེ་ནམ་མཁར་འཕྱར༔ རྩེ་ལས་སྤྲུལ་པའི་ལྕགས་སྡིག་འཕྲོ༔ གཡོན་པས་ཕུར་པ་བགེགས་ལ་གཟིར༔ དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཞབས་གཉིས་འདོར་སྟབས་ཚུལ་གྱིས་བཞུགས༔ ཤེས་རབ་དབྱིངས་ཕྱུག་ཁྲོས་པའི་ཡུམ༔ རྡོ་རྗེ་དུང་ཁྲག་བསྣམས་པས་འཁྲིལ༔ གར་དགུའི་གཟི་བྱིན་མཆོག་ཏུ་འབར༔ བདེ་ཆེན་འཁོར་ལོའི་གཞལ་ཡས་དབུས༔ ཀུན་བཟང་རྡོ་རྗེ་ཐོད་ཕྲེང་རྩལ༔ རང་འོད་རིག་མར་མཉམ་པར་སྦྱོར༔ རྩ་བརྒྱུད་བླ་མའི་ཚོགས་ཀྱིས་བསྐོར༔ མགྲིན་པར་འཇའ་ཟེར་ཐིག་ལེའི་ཀློང༔ ཁྲག་འཐུང་པདྨ་བཛྲ་རྩལ༔ མནྡཱ་རཿབ་ཡུམ་དང་སྦྱོར༔ འཁོར་དུ་ཁྲག་འཐུང་གཙོ་བོས་བསྐོར༔ ཐུགས་ཀར་ཆེ་མཆོག་ཧེ་རུ་ཀ༔ མཐིང་ནག་ཉི་ཤུ་རྩ་གཅིག་དབུ༔ བཞི་བཅུ་རྩ་གཉིས་ཕྱག་དང་ལྡན༔ ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ༔ བཞི་བཅུ་རྩ་གཉིས་ཕྱག་མཚན་བསྣམས༔ ཡུམ་མཆོག་བཅོ་བརྒྱད་ཕྱག་ལྡན་པས༔ དང་པོའི་རྡོ་རྗེ་དུང་ཁྲག་གིས༔ བདེ་ཆེན་ཡབ་ཀྱི་མགུལ་ནས་འཁྲིལ༔ ལྷག་མ་གནས་ཡུལ་ཕྲ་མེན་བསྣམས༔ ཚོགས་བརྒྱད་དག་པའི་རྩ་འདབ་ཏུ༔ དཔལ་ཆེན་སྒྲུབ་སྡེ་བརྒྱད་ཀྱི་ལྷ༔ སྤྲུལ་དང་ཡང་སྤྲུལ་བཅས་པ་བཞུགས༔ ལྟེ་བར་ལས་ཀྱི་ཕྲ་མེན་མ༔ ཡེ་ཤེས་ཌཱ་ཀི་སྡེ་ལྔ་ལ༔ ཕྱི་ནང་གནས་ཡུལ་དུར་ཁྲོད་ཀྱི༔ དཔའ་བོ་མཁའ་འགྲོ་སྤྲིན་ལྟར་གཏིབས༔ གསང་གནས་མཐིང་ནག་ཨེ་ཡི་ཀློང༔ ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཚོགས༔ གཉིས་མེད་ཡོངས་རྫོགས་མ་ནིང་ནག༔ ཕྱག་གཉིས་རུ་མཚོན་སྙིང་ཞགས་བསྣམས༔ འཁོར་དུ་རྒྱུད་གསུམ་དྲེགས་པའི་སྡེ༔ མ་ལུས་ལུས་པ་མེད་པས་བསྐོར༔ གཞན་ཡང་བ་སྤུའི་བུ་ག་ནས༔ ཡེ་ཤེས་ཁྱུང་གི་ཚྭ་ཚྭ་འཕྲོ༔ དེ་ལྟར་གསལ་བའི་གནས་གསུམ་དུ༔ རྡོ་རྗེ་གསུམ་གྱི་ངོ་བོ་ཉིད༔ ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་ལས༔ འོད་ཟེར་དཔག་ཡས་རབ་འཕྲོས་པས༔ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་གྱུར༔ ལྔ་པ་ཡེ་ཤེས་སྤྱན་འདྲེན་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ཡུལ་གྱི་མིང་ནི་རྔ་ཡབ་གླིང༔ གནས་མཆོག་ཟངས་མདོག་དཔལ་གྱི་རི༔ དུར་ཁྲོད་དྲག་པོའི་གཞལ་ཡས་ནས༔ ཨོ་རྒྱན་པདྨ་ཐོད་ཕྲེང་རྩལ༔ ཁྲག་འཐུང་ཁྲོ་བོའི་སྐུར་བཞེངས་ཤིག༔ སྙིགས་དུས་དམ་འགོང་ཚར་གཅོད་ཕྱིར༔ མོས་ཤིང་གདུང་བས་སྤྱན་འདྲེན་ན༔ ཐུགས་རྗེའི་དབང་གིས་གཤེགས་ནས་ཀྱང༔ སྒོ་གསུམ་རྡོ་རྗེ་གསུམ་དུ་སྦྱོར༔ གཟུང་འཛིན་འབྱུང་པོ་དབྱིངས་སུ་སྒྲོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨ་ཀྲོ་དྷ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛ༔ དྲུག་པ་བཞུགས་གསོལ་ཕྱག་འཚལ་ནི༔ ཧཱུྃ༔ གདོད་ནས་འོད་གསལ་དབྱིངས་ཀྱི་ལྷ༔ འདུ་འབྲལ་མེད་པར་བཞུགས་པའི་ཕྱིར༔ དམ་ཚིག་ཡེ་ཤེས་དབྱེར་མེད་པར༔ རང་ཞལ་མཇལ་བའི་ཕྱག་གིས་འདུད༔ ཛཿཧཱུྃ་བཾ་ཧོ༔ ན་མ་དྷཱི༔ བདུན་པ་མཆོད་པ་འབུལ་བ་ནི༔ ཧཱུྃ༔ དུག་གསུམ་དགྲ་བགེགས་འབྱུང་པོའི་ཚོགས༔ ཡེ་ཤེས་དབྱིངས་སུ་བསྒྲལ་པ་ལས༔ བྱུང་བའི་འདོད་ཡོན་རྒྱ་མཚོའི་གཏེར༔ ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨ་ཀྲོ་དྷ་ས་པ་རི་ཝཱ་ར་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཏ་ན་ག་ན་མ་ཧཱ་སུ་ཁ་སརྦ་པཱུ་ཛ་ཧོ༔ བརྒྱད་པ་རྡོ་རྗེའི་གླུ་ཡིས་བསྟོད༔ ཧཱུྃ༔ འོད་གསལ་ཆོས་སྐུའི་ངང་ཉིད་ལས༔ གར་དགུའི་རྣམ་རོལ་ལོངས་སྤྱོད་རྫོགས༔ གདུག་པ་འདུལ་མཛད་སྤྲུལ་པའི་སྐུ༔ བདེ་གཤེགས་ཡོངས་འདུས་ལྷ་ལ་བསྟོད༔ དགུ་པ་ཛཔ྄་ཀྱི་དགོངས་པ་ནི༔ ཧཱུྃ༔ བདག་ཉིད་དྲག་པོའི་ཐུགས་ཀ་རུ༔ ཀུན་བཟང་ཆེ་མཆོག་ཧེ་རུ་ཀའི༔ ཐུགས་དབུས་པདྨ་ཉི་ཟླའི་སྟེང༔ རྡོ་རྗེ་རྩེ་དགུའི་ལྟེ་བར་ཧཱུྃ༔ མཐའ་སྐོར་སྔགས་ཕྲེང་གཡས་སུ་འཁོར༔ དེ་ལས་འབར་བའི་འོད་ཟེར་དང༔ ལས་ཀྱི་ཁྲོ་བོའི་ཚོགས་སྤྲོས་པས༔ དུས་གསུམ་རྒྱལ་བ་མཆོད་པས་བརྙེས༔ ཁམས་གསུམ་འགྲོ་ཀུན་སྒྲིབ་གཉིས་སྦྱངས༔ སྡེ་བརྒྱད་འབྱུང་པོ་བརླག་ཅིང་གཟིར༔ སྣང་བ་ལྷ་ལ་གྲགས་པ་སྔགས༔ དྲན་རྟོག་ཀ་དག་གཉུག་མའི་ངང༔ རང་གྲོལ་མངོན་སུམ་རིག་པའི་ལྷ༔ པདྨ་དྲག་པོའི་ཀློང་དུ་རྫོགས༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨ་ཀྲོ་དྷ་ཨརྩིག་ནིརྩིག་སརྦ་སིདྡྷི་ཧཱུྃ་ཕཊ༔ གྲངས་ཀྱི་བསྙེན་པ་བྱེ་བ་སྟེ༔ དུས་བསྙེན་དེ་ཡི་རིགས་པས་དཔག༔ གྲུབ་པའི་མཚན་མ་དངོས་ཉམས་དང༔ རྨི་ལམ་དྲག་པོའི་ཞལ་མཐོང་ཞིང༔ གསུང་གིས་རྗེས་སུ་གནང་བ་ཐོབ༔ སྡེ་བརྒྱད་འབྱུང་པོ་འདར་ཞིང་འདུད༔ རིག་འཛིན་མཁའ་འགྲོས་བྱིན་གྱིས་རློབ༔ མཆོག་ཐུན་དངོས་གྲུབ་དབང་དུ་འགྱུར༔ ས་མ་ཡ༔ ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས༔ རྩ་གསུམ་ཡོངས་རྫོགས་སྒྲུབ་པ་ནི༔ སླར་ཡང་ཐུགས་སྲོག་ཧཱུྃ་ཡིག་ལས༔ འོད་ཟེར་སྔགས་ཀྱི་ཚུལ་དུ་འཕྲོས༔ འཁོར་ལོ་རྣམ་ལྔའི་ལྷ་ཚོགས་བསྐུལ༔ སྙོམས་པར་ཞུགས་པའི་རེག་བྱ་ཡིས༔ བདུད་རྩི་བྱང་ཆུབ་སེམས་ཀྱི་རྒྱུན༔ སོ་སོའི་གནས་བཞིའི་པདྨོར་སོན༔ བདེ་སྟོང་དགའ་བཞིའི་དབང་མཆོག་ཐོབ༔ བྱང་སེམས་ཧཱུྃ་གི་སྤྲིན་འཕྲོས་པས༔ འཕགས་མཆོད་འགྲོ་ཀུན་སྒྲིབ་གཉིས་སྦྱངས༔ གང་འདུལ་ཕྲིན་ལས་ལྷུན་གྱིས་གྲུབ༔ སྣང་སྲིད་གཞིར་བཞེངས་ཧེ་རུ་ཀའི༔ དཀྱིལ་འཁོར་གཅིག་ཏུ་ལྷུན་རྫོགས་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་སརྦ་ཌཱ་ཀི་ནཱི་ཧཱུྃ་བྷྱོ་ཧཱུྃ་ཕཊ྄༔ ཅེས་བཟླས་བདེ་སྟོང་ཐིག་ལེའི་སྦུབས༔ མངོན་སུམ་རིག་པའི་དོན་ལ་བལྟ༔ གཟུངས་འཛིན་ལས་འདས་འོད་གསལ་ངང༔ རྩ་གསུམ་ལྷ་ཚོགས་རང་ལ་ཤར༔ ས་མ་ཡ༔ ཁྱད་པར་དུས་གསུམ་དུས་མེད་དུ༔ བསྐྱེད་རྫོགས་ཟུང་འཇུག་གནད་ཀྱི་གཟེར༔ ཕྲིན་ལས་རྣམ་བཞི་མྱུར་འགྲུབ་པའི༔ ཡང་གསང་ཧཱུྃ་གི་བཟླས་པ་ནི༔ བདག་ཉིད་བདེར་གཤེགས་ཡོངས་རྫོགས་ཀྱི༔ ཐུགས་ལས་འོད་འཕྲོས་ཧཱུྃ་དུ་གྱུར༔ སྐུ་ཡི་དབྱིབས་བརྒྱུད་ཞལ་ནས་ཐོན༔ སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན༔ ཧཱུྃ་ཡིག་ཏིལ་གོང་ཁ་ཕྱེས་ལྟར༔ མཐའ་ཀླས་སྔགས་ཀྱི་རང་སྒྲ་སྒྲོག༔ དེ་ཉིད་ཡོངས་གྱུར་སྐད་ཅིག་གིས༔ པདྨ་དྲག་པོ་རིགས་ལྔའི་སྐུས༔ བརྟན་གཡོའི་དངོས་པོ་ཐམས་ཅད་ཁྱབ༔ འོད་ཟེར་རྣམ་ལྔའི་འཕྲོ་འདུ་ཡིས༔ ནད་གདོན་སྒྲིབ་གཉིས་དབྱིངས་སུ་ཞི༔ ཚེ་བསོད་དཔའ་འབྱོར་ཡོན་ཏན་རྒྱས༔ ཁམས་གསུམ་སྣོད་བཅུད་དབང་དུ་འདུས༔ བྱད་ཕུར་གདོན་བགེགས་བརླག་ཅིང་གཟིར༔ ཐམས་ཅད་ཀ་དག་ཆེན་པོར་ཤར༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ མཐར་ཐུག་རིམ་གྱིས་ཧཱུྃ་ལ་བསྡུ༔ དེ་ཡང་མི་དམིགས་སྟོང་གསལ་ངང༔ རང་རིག་ཡེ་གྲོལ་གཉུག་མའི་གཤིས༔ བཅས་བཅོས་སྤྲོ་བསྡུ་མེད་པར་གཞག༔ རྣམ་པར་རྟོག་པ་གང་སྐྱེས་ཀྱང༔ ཧཱུྃ་ཞེས་ཐད་ཀར་བཅད་པའི་ངང༔ སྔར་བཞིན་འོད་གསལ་སྦུབས་སུ་འཇུག༔ བསྐྱེད་པ་དེ་ཡིན་རྫོགས་པའང་དེ༔ ཕྲིན་ལས་རྣམ་བཞི་དེའི་ངང་འགྲུབ༔ མཐར་ཐུག་པདྨ་འོད་ཀྱི་ཞིང༔ དབུགས་འབྱིན་འདི་ལ་ཐེ་ཚོམ་མེད༔ ས་མ་ཡ༔ བདེ་གཤེགས་ཡོངས་འདུས་ཐོད་ཕྲེང་རྩལ༔ པདྨ་དྲག་པོར་སྒྲུབ་པའི་ཐབས༔ ཟབ་བཅུད་སྙིང་པོར་དྲིལ་བ་འདི༔ མ་འོངས་ལྔ་བརྒྱའི་ཐ་མ་རུ༔ མཐའ་བཞིའི་འབྱུང་པོས་བོད་ཁམས་ཁེངས༔ ཐམས་ཅད་དེ་ལ་སྐྱབས་སོང་བས༔ མི་བཟད་སྡུག་བསྔལ་གསུམ་གྱིས་མནར༔ དཀོན་མཆོག་བསྟན་པའི་ལྷག་ཞབས་སྡུད༔ དེ་ཡི་ཚེ་ན་བདག་ཉིད་ཀྱིས༔ བྱིན་བརླབས་སྦས་པའི་རྣལ་འབྱོར་པ༔ ཟུང་འཇུག་སྤྲུལ་པའི་རྡོ་རྗེའི་དོན༔ ཀློང་གསལ་ཐུགས་ཀྱི་སྒྲོམ་བུར་སྦས༔ ནམ་ཞིག་རྟེན་འབྲེལ་དུས་བབས་ཚེ༔ བར་ཆད་བདུད་དཔུང་འདུལ་བར་ཤོག༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པའང་འོད་གསལ་སྤྲུལ་པའི་རྡོ་རྗེས་རང་ལོ་བཅུ་དྲུག་པར་རྩ་གསུམ་རབ་འབྱམས་ཀྱི་བྱིན་རླབས་ལ་བརྟེན་ནས་ཟབ་མོ་དགོངས་པའི་གཏེར་ལས་ཕྱུངས་ཏེ་གཏན་ལ་ཕབ་པ་རིང་དུ་གསང་ཞིང་། དུས་སུ་བབས་པའི་ཚེ་རྣམ་སྣང་ལོ་ཙཱ་བ་ཆེན་པོའི་སྒྱུ་འཕྲུལ་རྒྱལ་བས་ལུང་བསྟན་༧བློ་གྲོས་མཐའ་ཡས་པའི་སྡེར་ཕུལ་བ་འགྲོ་ཀུན་བདུད་སྡེའི་གཡུལ་ལས་རྣམ་པར་རྒྱལ་ཏེ་དངོས་གྲུབ་རྣམ་གཉིས་ཀྱི་དགའ་སྟོན་ལ་ལོངས་སུ་སྤྱོད་པའི་རྒྱུར་གྱུར་ཅིག །མངྒལཾ།། །། རྩ་གསུམ་འོད་གསལ་སྙིང་ཏིག་ལས༔ འཇམ་དཔལ་འཆི་བདག་ཟིལ་གནོན་བཞུགས༔ <!TCC Tibetan character 3,181 undefined in unicode!> རྩ་གསུམ་ཡོངས་འདུས་ལྷ་ལ་འདུད༔ མ་འོངས་རྣལ་འབྱོར་སྤྱོད་པ་རྣམས༔ འཆི་བདག་བདུད་དཔུང་གཞོམ་འདོད་ན༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ འཇམ་དཔལ་ཁྲག་འཐུང་བསྒྲུབ་པར་བྱ༔ ས་མ་ཡ༔ དབེན་པའི་གནས་སུ་སྟེགས་བུའི་ཁར༔ རང་བྱུང་བྷནྡྷའི་གཞལ་ཡས་སུ༔ ཡ་མཱནྟ་ཀའི་ཕྱག་རྒྱ་བྲི༔ དེ་མཐར་ཕྱི་ནང་མཆོད་པས་བསྐོར༔ སྔོན་འགྲོའི་རིམ་པས་རྒྱུད་སྦྱངས་ནས༔ དངོས་གཞིར་ལྷ་ཡི་རྣལ་འབྱོར་ནི༔ ཧཱུྃ༔ ཆོས་ཀུན་མཉམ་པ་ཉིད་ཀྱི་ངང༔ རིན་ཆེན་ཁྲོས་པས་ཉོན་མོངས་གཅོད༔ གཟུང་འཛིན་འབྱུང་པོ་དབྱིངས་སུ་བསྒྲལ༔ གཉིས་མེད་ཡེ་ཤེས་གཅིག་ཏུ་ཤར༔ ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ྄༔ དེ་ཉིད་ངང་ལས་སྐད་ཅིག་གིས༔ སྟོང་གསལ་རིག་པའི་ཆོ་འཕྲུལ་ལས༔ ཐོད་དབྱུག་མཐིང་ནག་ཡཿཡིས་མཚན༔ འོད་འཕྲོས་དོན་གཉིས་ལྷུན་གྱིས་གྲུབ༔ ཚུར་འདུས་པདྨ་ཉི་མ་དང༔ དྲེགས་པ་ཆུ་གླང་གདན་གྱི་སྟེང༔ རང་རིག་འཇམ་དཔལ་ཧེ་རུ་ཀ༔ དམར་གསལ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་ཐོད་དབྱུག་ནམ་མཁར་འཕྱར༔ གཡོན་པས་བྷན་དམར་ཐུགས་ཀར་བསྣམས༔ སྦྱོར་ཡུམ་རྡོ་རྗེ་བཻ་ཏཱ་ལི༔ རིན་ཆེན་ཐོད་ཁྲག་བསྣམས་པས་འཁྲིལ༔ དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཞབས་གཉིས་དོར་སྟབས་གདན་ལ་རོལ༔ ཡེ་ཤེས་མེ་ཕུང་འབར་བའི་ཀློང༔ རབ་ཁྲོས་གར་དགུའི་ཉམས་ཀྱིས་བརྗིད༔ གནས་གསུམ་དེ་བཞིན་གཤེགས་ཀུན་གྱི༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་དངོས༔ འབྲུ་གསུམ་ཕྱག་རྒྱས་མཚན་པ་ལས༔ འོད་འཕྲོས་ཡེ་ཤེས་སྤྱན་དྲང་གྱུར༔ ཧཱུྃ་ཧཱུྃ་ཧཱུྃ༔ མཉམ་པ་ཉིད་ཀྱི་ཡེ་ཤེས་ལས༔ རིན་ཆེན་རིགས་མཆོག་བཅོམ་ལྡན་འདས༔ འཇམ་དཔལ་ཁྲོ་བོའི་སྐུར་བཞེངས་ནས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་ཤྲཱི་བཛྲ་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ ཛཿཧཱུྃ་བཾ་ཧོ༔ ཧཱུྃ༔ རྡོ་རྗེའི་དབང་པོ་དགྱེས་པའི་ཡུལ༔ བདེ་ཆེན་དམ་ཚིག་མཆོག་གི་སྤྲིན༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ཡིས༔ འཇམ་དཔལ་ཁྲག་འཐུང་མཉེས་གྱུར་ཅིག༔ ཨོཾ་ཤྲཱི་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་དྷརྨ་དྷཱ་ཏུ་སརྦ་པཱུ་ཛ་ཧོ༔ ཧཱུྃ༔ སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི༔ ཡེ་ཤེས་ལུས་ཅན་འཇམ་དཔལ་དབྱངས༔ གདུག་པ་འདུལ་ཕྱིར་ཁྲོ་བོའི་ཚུལ༔ ཡབ་ཡུམ་སྤྲུལ་པར་བཅས་ལ་བསྟོད༔ ནུས་པ་སྔགས་ཀྱི་རྣལ་འབྱོར་ནི༔ ཐུགས་ཀར་ཉི་སྟེང་ཡཿཡིག་མཐར༔ སྔགས་ཕྲེང་གཡས་སུ་འཁོར་བ་ལས༔ འོད་འཕྲོས་ཕྱོགས་བཅུའི་རྒྱལ་ཀུན་མཆོད༔ འཆི་བདག་བདུད་དཔུང་བསྲེགས་ཤིང་སྦྱངས༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔ ཐམས་ཅད་འོད་གསལ་འཁོར་ལོར་ཤར༔ ཨོཾ་ཧྲཱིཿཥྚཱི་ཝཱིཥྐྲྀ་ཏ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ རྩ་བའི་བསྙེན་སྔགས་འབྲུ་བཅུ་བཞི༔ བསྙེན་སྒྲུབ་ལས་གསུམ་ཆིག་ཆོད་དེ༔ བདུན་འབུམ་ས་ཡ་བྱེ་བ་སོགས༔ མཚན་མ་ཐོབ་ཀྱི་བར་དུ་བཟླ༔ རྣམ་བཞིའི་ཕྲིན་ལས་གང་ལ་ཡང༔ འཇམ་དཔལ་ཁྲག་འཐུང་ཉིད་དང་མཚུངས༔ ས་མ་ཡ༔ སློབ་མ་རྗེས་སུ་གཟུང་བ་ནི༔ བདག་མདུན་དབྱེར་མེད་བསྐྱེད་བཟླས་དང༔ སྔོན་འགྲོ་སྤྱི་བཞིན་སྦྱར་བའི་རྗེས༔ དངོས་གཞིར་བུམ་པ་སྐུ་ཡི་དབང༔ ཧཱུྃ༔ རིན་ཆེན་བུམ་པའི་གཞལ་ཡས་ན༔ འཇམ་དཔལ་ཁྲོ་བོའི་ལྷ་ཚོགས་བཞུགས༔ དེང་འདིར་ཁྱོད་ལ་དབང་བསྐུར་བས༔ བསྐྱེད་པ་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས་དང་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དཔལ་དང་དུར་ཁྲོད་ཆས་དབང་ནི༔ ཧཱུྃ༔ དཔལ་དང་དུར་ཁྲོད་རོལ་པའི་ཆས༔ འདི་ནི་འཇམ་དཔལ་ཧེ་རུ་ཀའི༔ ཡེ་ཤེས་མཆོག་གི་ཕྱག་རྒྱ་སྟེ༔ དཔའ་བོ་ཆེན་པོ་ཁྱོད་ཀྱིས་ལོངས༔ ཛྙཱ་ན་མུ་དྲ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བཟླས་པའི་སྔགས་བྱང་མགྲིན་པར་བཞག༔ ཧཱུྃ༔ ཐབས་དང་ཤེས་རབ་འབྲེལ་པ་ལས༔ ཟུང་འཇུག་ཡི་གེ་བཅུ་བཞི་བྱུང༔ དེང་འདིར་ཁྱོད་ལ་དབང་བསྐུར་བས༔ བཟླས་པ་སྔགས་ཀྱི་དབང་ཐོབ་ཤོག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ རྗེས་འབྲེལ་བཟླས་པའི་ལུང་ཡང་འབོགས༔ ཐུགས་ཀྱི་ཕྱག་མཚན་སྙིང་གར་བཞག༔ ཧཱུྃ༔ རྡོ་རྗེའི་ཐོད་དབྱུག་འཕྱར་པ་ཡིས༔ གཟུང་འཛིན་འབྱུང་པོ་དབྱིངས་སུ་བསྒྲལ༔ དེང་འདིར་ཁྱོད་ལ་དབང་བསྐུར་བས༔ འོད་གསལ་ཐུགས་ཀྱི་དབང་ཐོབ་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡོན་ཏན་ཐོད་ཁྲག་ལག་གཡོན་གཏད༔ ཧཱུྃ༔ ཡོན་ཏན་མི་ཟད་འདོད་དགུའི་གཏེར༔ བྷནྡྷ་རཀྟས་བཀང་པ་ཡིས༔ དེང་འདིར་ཁྱོད་ལ་དབང་བསྐུར་བས༔ གང་འདུལ་འགྲོ་བ་སྒྲོལ་བར་ཤོག༔ གུ་ཎ་ཨ་བྷི་ཥིཉྩ་སྭཱ༔ ཕྲིན་ལས་ཕུར་བུ་བསྒྲིལ་ཞིང་བྱིན༔ ཧཱུྃ༔ ཕྲིན་ལས་དྲག་པོ་ཀཱི་ལ་ཡ༔ འཇམ་དཔལ་ཁྲོ་བོའི་ནུས་མཐུ་རྫོགས༔ དེང་འདིར་ཁྱོད་ལ་དབང་བསྐུར་བས༔ འཆི་བདག་བདུད་དཔུང་ཚར་གཅོད་ཤོག༔ ཀརྨ་ཨ་བྷི་ཥིཉྩ་ཧཱ༔ སྤྲོ་ན་དགྲ་བགེགས་བར་ཆད་ཀུན༔ གཟུགས་བརྙན་སྦྱོར་བ་ལ་བསྟིམས་ནས༔ གདབ་པའི་ཕྲིན་ལས་སྤྱི་ལྟར་རྗེས༔ ནང་གི་སྦྱིན་སྲེག་ཚུལ་དུ་རོལ༔ རྗེས་སུ་དམ་ཚིག་ཁས་བླངས་ཤིང༔ ཚོགས་ཀྱི་འཁོར་ལོའི་འདུ་བས་མཆོད༔ འདིས་ནི་བསྙེན་རྫོགས་རྟགས་ལྡན་པའི༔ མཚན་ཉིད་ཚང་བའི་སློབ་དཔོན་གྱིས༔ དད་བརྩོན་སྐལ་པར་ལྡན་པ་ཡི༔ རྡོ་རྗེའི་སློབ་མ་རྗེས་བཟུང་ན༔ གནས་སྐབས་ཚེ་ཡི་བར་ཆད་དང༔ འཇིགས་བརྒྱད་མི་མཐུན་ཕྱོགས་ཀུན་ཞི༔ ཕྲིན་ལས་གང་བརྩམ་ཡིད་བཞིན་འགྲུབ༔ མཐར་ཐུག་འཇམ་དཔལ་ཁྲོ་བོའི་སྐུར༔ མངོན་པར་བྱང་ཆུབ་མཆོག་ཐོབ་འགྱུར༔ ས་མ་ཡ༔ གཤིན་རྗེ་མཐར་བྱེད་སྒྲུབ་པའི་ཐབས༔ ཀུན་ལས་ཁྱད་འཕགས་སྙིང་པོའི་བཅུད༔ ད་ལྟ་མངའ་བདག་ཡབ་སྲས་དང༔ མ་འོངས་སྤྲུལ་པའི་སྐྱེས་བུའི་དོན༔ འཇམ་དཔལ་ཆོས་ཀྱི་བཤེས་གཉེན་གྱིས༔ རྗེས་བཟུང་རང་བྱུང་རིག་པ་འཛིན༔ བདག་ཉིད་ཆེན་པོ་པདྨ་ཡིས༔ དབྱིངས་ཀྱི་མཁའ་འགྲོའི་བརྡ་རུ་སྦས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ཁ་ཐཾ༔ གུ་ཧྱ༔ ལོ་བདུན་གསང་རྒྱ་བྱས་ནས་ཕྱིས་རྟེན་འབྲེལ་དུས་ལ་བབས་པའི་སྐད་ཅིག་ལ་དག་པར་ཕབ་པ་ཤིན་ཏུ་གསང་བའི་སྙིང་ཏིག་གོ། །། <!TCC Tibetan character 3,181 undefined in unicode!> རྩ་གསུམ་འོད་གསལ་སྙིང་ཏིག་ལས༔ འཆི་མེད་དབང་ཆེན་འདུས་པ་བཞུགས༔ <!TCC Tibetan character 3,181 undefined in unicode!> དབང་ཆེན་འདུས་པའི་ལྷ་ལ་འདུད༔ ཆོས་རྣམས་ཀུན་གྱི་དེ་ཁོ་ན༔ སོ་སོར་རྟོག་པའི་ཡེ་ཤེས་ནི༔ དོན་དམ་རྟ་མཆོག་རོལ་པ་སྟེ༔ འགྲོ་ཀུན་སྙིང་ལ་ཡང་དག་གནས༔ དེ་ཉིད་མ་རྟོགས་གདུལ་བྱའི་དོན༔ བསྐྱེད་རྫོགས་ཟུང་འཇུག་ཕྲིན་ལས་ཀྱི༔ མཆོག་ཐུན་དངོས་གྲུབ་མྱུར་འགྲུབ་སླད༔ དབང་ཆེན་འདུས་པའི་སྒྲུབ་པ་བསྟན༔ ས་མ་ཡ༔ དབེན་ཞིང་ཉམས་དགའི་གནས་མཆོག་ཏུ༔ དཀྱིལ་འཁོར་དམར་ཟླུམ་བཀོད་ལེགས་སྟེང༔ ལྷ་དང་སྔགས་ཀྱི་མཚན་མ་དགོད༔ དབུས་སུ་ཕུར་པ་རྟ་ཞལ་ཅན༔ གཡས་གཡོན་ཐབས་ཤེས་དངོས་གྲུབ་རྫས༔ མདུན་དུ་གཏོར་མ་ཚོགས་མཆོད་དང༔ རྒྱབ་ཏུ་ཚེ་ཡི་མདའ་དར་ཏེ༔ མཐའ་སྐོར་ཕྱི་ནང་མཆོད་པའི་སྤྲིན༔ བག་དྲོ་ལྷུན་ཆགས་མཛེས་པར་བཤམ༔ ས་མ་ཡ༔ དེ་ནས་བདེ་བའི་སྟན་ལ་འདུག༔ སྐད་ཅིག་རིག་པ་སྟོང་གསལ་ངང༔ བཅོས་མིན་སྙིང་རྗེའི་འདུན་བཞག་ནས༔ སྔོན་འགྲོའི་དང་པོ་སྐྱབས་སེམས་ནི༔ ཧྲཱི༔ རྩ་གསུམ་དབང་ཆེན་འདུས་པའི་ལྷ་ཚོགས་ལ༔ བདག་སོགས་བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ འགྲོ་ཀུན་ཕན་བདེའི་གོ་འཕང་ལ་འགོད་ཕྱིར༔ སྨོན་འཇུག་དོན་དམ་སེམས་མཆོག་བསྐྱེད་པར་བགྱི༔ ལན་གསུམ་གཉིས་པ་མཚམས་གཅད་ནི༔ བར་འདིར་བགེགས་གཏོར་དངོས་སུ་བཤམས་པ་ཡོད་ན། སྐྱབས་ཡུལ་རྣམས་རང་ལ་ཐིམ། རང་ཉིད་སྐད་ཅིག་གིས་དབང་ཆེན་ཧེ་རུ་ཀའི་སྐུར་གྱུར། གཏོར་མ་རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་ཧོཿས་བརླབ། སརྦ་བྷཱུ་ཏ་ཨཱ་ཀརྵཱ་ཡ་ཛཿས་མགྲོན་དགུག །སརྦ་བིགྷྣཱན་བ་ལིཾ་ཏ་ཁཱ་ཧིས་གཏོར་མ་བསྔོས་ལ་བཀའ་བསྒོ་བ་ནི། ཧཱུྃ་ཧྲཱི༔ ཡོངས་གྲུབ་སྤྲོས་པ་བྲལ་བའི་ཡེ་ཤེས་ལས༔ ཀུན་བརྟགས་གློ་བུར་འཁྲུལ་པའི་གདོན་བགེགས་ཀུན༔ གཞན་དབང་དག་པ་རབ་འབྱམས་འདོད་ཡོན་གཏེར༔ འདི་ཉིད་ལོངས་ལ་རྒྱ་མཚོའི་ཕ་མཐར་དེངས༔ སྒྲུབ་སྔགས་མཐར་སུམྦྷ་བརྗོད་པས་བསྐྲད། ཧྲཱི༔ ཕྱི་སྣོད་དབང་ཆེན་རྡོ་རྗེའི་ཕོ་བྲང་དབུས༔ ནང་བཅུད་ཡེ་ཤེས་ལྷ་ཡི་ཕྱག་རྒྱར་གསལ༔ ཐ་མལ་རྟོགས་ཚོགས་རང་གྲོལ་གཉུག་མའི་ངང༔ གཟུང་འཛིན་འཁྲུལ་པའི་གདོན་བགེགས་མཚམས་གཅད་དོ༔ བཛྲ་ཛྙཱ་ན་རཀྵ་བྷྲཱུྃ༔ གསུམ་པ་ཡེ་ཤེས་བྱིན་འབེབ་ནི༔ ཧྲཱི༔ སྐུ་གསུམ་དག་པ་དབྱིངས་ཀྱི་གཞལ་ཡས་ནས༔ རིག་པ་ཡེ་ཤེས་རྟ་མཆོག་ཧེ་རུ་ཀ༔ རྩ་གསུམ་རྒྱལ་བ་རྒྱ་མཚོའི་འཁོར་བཅས་ཀྱིས༔ གནས་འདིར་བྱིན་ཕོབ་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྲཱི་བ་ས་པ་རི་ཝཱ་ར་ཛྙཱ་ན་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ༔ བཞི་པ་མཆོད་རྫས་བྱིན་རླབས་ནི༔ ཨོཾ་ཨཱཿཧཱུྃ༔ དངོས་སུ་འབྱོར་པའི་མཆོད་པ་ཇི་སྙེད་དང༔ ཡིད་སྤྲུལ་ཏིང་ངེ་འཛིན་གྱིས་བྱིན་བརླབས་པས༔ སྣང་སྲིད་གཞིར་བཞེངས་ཕྱག་རྒྱ་ཆེན་པོའི་དབྱིངས༔ དཀྱིལ་འཁོར་ལྷ་ཚོགས་མཉེས་པའི་དཔྱིད་དུ་ཤར༔ ཨོཾ་ཧྲཱིཿསརྦ་པཱུ་ཛ་མེ་གྷ་ས་མ་ཡེ་ཨཱཿཧཱུྃ༔ ལན་གསུམ་བརྗོད་པས་བྱིན་གྱིས་བརླབ༔ ས་མ་ཡ༔ དངོས་གཞིར་དང་པོ་བསྐྱེད་རིམ་ནི༔ ཧྲཱི༔ ཆོས་སྐུ་སྐྱེ་མེད་དེ་བཞིན་ཉིད་དབྱིངས་ལས༔ ལོངས་སྐུ་འགག་མེད་ཀུན་སྣང་སྙིང་རྗེའི་སྤྲིན༔ སྤྲུལ་པའི་རྣམ་རོལ་ཧྲཱིཿལས་འོད་ཟེར་འཕྲོས༔ འཕགས་མཆོད་འགྲོ་ཀུན་སྒྲིབ་སྦྱངས་ཚུར་འདུས་པས༔ ཕྱི་སྣོད་དག་པ་ལྷ་ཡི་གཞལ་མེད་ཁང༔ འོག་མིན་དབང་ཆེན་རོལ་པའི་ཕོ་བྲང་དབུས༔ པདྨ་ཉི་ཟླ་ཀླུ་སྲིན་བསྣོལ་བའི་སྟེང༔ རྩ་གསུམ་ཀུན་འདུས་དབང་ཆེན་ཧེ་རུ་ཀ༔ སྐུ་མདོག་དམར་པོ་བསྐལ་པའི་མེ་ལྟར་འབར༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་འདོར་སྟབས་བགྲད༔ གཡས་ལྗང་གཡོན་དཀར་དབུས་དམར་ཁྲོ་བོའི་གདོང༔ ཞལ་རེར་དམར་ཟླུམ་འབར་བའི་སྤྱན་གསུམ་གཡོ༔ རལ་པ་ཁམས་ནག་གྱེན་དུ་འཁྱིལ་བའི་ཀློང༔ རྟ་ཞལ་ལྗང་གུ་རྡོ་རྗེའི་དབྱངས་སུ་འཚེར༔ ཕྱག་དྲུག་གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་གྲི༔ གཡོན་གསུམ་བྷནྡྷ་མདུང་ཐུང་ཞགས་པ་བསྣམས༔ ཐོད་སྐམ་དབུ་རྒྱན་ཐོད་རློན་དོ་ཤལ་དང༔ རིགས་བཞིའི་ཀླུ་གདོན་སྦྲུལ་གྱི་རྣམ་པས་སྤྲས༔ ཞིང་ཆེན་གཡང་གཞི་སྟག་ལྤགས་ཤམ་ཐབས་སོགས༔ དཔལ་དང་དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན༔ སྦྱོར་བའི་ཡུམ་ཆེན་པདྨ་གཟི་ལྡན་དམར༔ ཕྱག་གཡས་གྲི་གུག་ཡབ་ཀྱི་མགུལ་ནས་འཁྱུད༔ གཡོན་པས་བདུད་རྩིའི་ཐོད་པ་ཡབ་ལ་སྟོབ༔ སྤྱི་གཙུག་ཕག་ཞལ་མཐིང་ནག་ངུར་སྒྲ་སྒྲོག༔ ཡེ་ཤེས་མེ་དཔུང་འབར་བའི་དཀྱིལ་འཁོར་དབུས༔ སྐུ་གསུང་ཐུགས་མཆོག་གར་དགུའི་ཉམས་ཀྱིས་རོལ༔ སྤྱི་བོར་རིགས་བདག་ཆོས་སྐུ་སྣང་མཐའ་ཡས༔ འཆི་མེད་བདེ་ཆེན་སྐུར་བཞེངས་ཚེ་ཡི་ལྷ༔ དམར་པོ་མཉམ་གཞག་བདུད་རྩིའི་ཚེ་བུམ་བསྣམས༔ མཚན་དཔེའི་དཔལ་འབར་རང་འོད་ཡུམ་དང་སྦྱོར༔ སྐུ་ཡི་གནས་ལྔར་ཐོད་ཕྲེང་རིགས་ལྔ་དང༔ བ་སྤུའི་བུ་ག་རྡོ་རྗེའི་ཁྲོ་བོས་གཏམས༔ ཕྱོགས་བཞིར་པད་ཉི་བདུད་བཞི་བསྣོལ་བའི་སྟེང༔ ཤར་དུ་རྡོ་རྗེ་དབང་ཆེན་སྐུ་མདོག་དཀར༔ ལྷོ་རུ་རཏྣ་དབང་ཆེན་སྐུ་མདོག་སེར༔ ནུབ་ཏུ་པདྨ་དབང་ཆེན་སྐུ་མདོག་དམར༔ བྱང་དུ་ཀརྨ་དབང་ཆེན་སྐུ་མདོག་ལྗང༔ ཐམས་ཅད་ཕྱག་གཡས་རིགས་ཀྱི་ཕྱག་མཚན་དང༔ གཡོན་པས་བདུད་རྩིས་གང་བའི་བྷནྡྷ་བསྣམས༔ རང་འོད་ཡུམ་འཁྱུད་ཁྲོ་བོའི་ཆ་ལུགས་རྫོགས༔ སྒོ་བཞིར་ཚད་མེད་ཡེ་ཤེས་སྒོ་མ་བཞི༔ གཡས་རྣམས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ གཡོན་པས་འཆི་མེད་ཚེ་ཡི་བུམ་པ་འཛིན༔ དཀར་སེར་དམར་ལྗང་ཁྲོ་ཆགས་སྒེག་པའི་ཉམས༔ གཞན་ཡང་སྤྲུལ་དང་ཡང་སྤྲུལ་དཀྱིལ་འཁོར་ལྷ༔ རྩ་གསུམ་རྒྱ་མཚོའི་ངོ་བོར་སྤྲིན་ལྟར་གཏིབས༔ སྣང་སྟོང་སྒྲིབ་བྲལ་འཇའ་ཚོན་ལྟ་བུའི་སྐུའི༔ གནས་གསུམ་རྡོ་རྗེ་གསུམ་གྱིས་མཚན་པ་ལས༔ འོད་འཕྲོས་རང་བཞིན་གནས་ནས་ཡེ་ཤེས་པ༔ མ་ལུས་སྤྱན་དྲང་གཉིས་སུ་མེད་པར་གྱུར༔ གཉིས་པ་ཡེ་ཤེས་སྤྱན་འདྲེན་ནི༔ ཧཱུྃ་ཧྲཱི༔ འོག་མིན་གསང་ཆེན་རྡོ་རྗེའི་ཕོ་བྲང་ནས༔ རྩ་གསུམ་ཀུན་འདུས་དབང་ཆེན་ཚེ་ཡི་ལྷ༔ རབ་འབྱམས་དཔའ་པོ་མཁའ་འགྲོའི་འཁོར་དང་བཅས༔ བྱིན་གྱིས་བརླབ་ཕྱིར་གནས་འདིར་གཤེགས་སུ་གསོལ༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྲཱི་བ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛ༔ གསུམ་པ་བཞུགས་གསོལ་ཕྱག་འཚལ་ནི༔ ཧྲཱི༔ དབྱིངས་ནས་སྤྱན་དྲངས་ཡེ་ཤེས་ལྷ་ཡི་ཚོགས༔ དམ་ཚིག་ཕྱག་རྒྱའི་ངང་དུ་རོ་གཅིག་ཕྱིར༔ འདུ་འབྲལ་མེད་པའི་དོན་དམ་རྟ་མཆོག་དཔལ༔ མངོན་སུམ་རང་ངོར་མཇལ་བའི་ཕྱག་གིས་འདུད༔ ཛཿཧཱུྃ་བཾ་ཧོ༔ ན་མ་དྷཱི༔ བཞི་པ་མཆོད་པ་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཕྱི་ནང་གསང་བ་བླ་མེད་མཆོད་པའི་སྤྲིན༔ རྩ་གསུམ་དབང་ཆེན་ཀུན་འདུས་ལྷ་ལ་འབུལ༔ བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ས་པ་རི་ཝཱ་ར་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཏ་ན་ག་ཎ་སརྦ་པཱུ་ཛ་ཧོ༔ ལྔ་པ་བསྟོད་པ་བྱ་བ་ནི༔ ཧྲཱི༔ སོར་རྟོག་ཡེ་ཤེས་ཕྱག་རྒྱར་ཤར་བའི་ལྷ༔ གྲངས་མེད་ཞི་དང་ཁྲོ་བོའི་རྣམ་རོལ་ཅན༔ བྱིན་རླབས་མཆོག་སྩོལ་དངོས་གྲུབ་ཆར་འབེབ་པའི༔ དབང་ཆེན་རྩ་གསུམ་དཀྱིལ་འཁོར་ལྷ་ལ་བསྟོད༔ དྲུག་པ་བསྙེན་པའི་རྣལ་འབྱོར་ནི༔ ཐུགས་ཀའི་རྡོ་རྗེ་ཐོད་ཕྲེང་གི།་་་ཐུགས་ཀར་ཡེ་ཤེས་འོད་ལྔའི་ཀློང༔ ཉི་ཟླའི་གྭ་འུ་ཁ་སྦྱོར་དབུས༔ ཐུགས་སྲོག་ཧྲཱིཿཡིག་དམར་པོའི་མཐར༔ སྔགས་ཕྲེང་གཡས་སུ་འཁོར་བ་ལས༔ བདེ་སྟོང་རོལ་པའི་འོད་ཟེར་གྱིས༔ དཀྱིལ་འཁོར་ལྷ་ཚོགས་གསལ་བར་བྱས༔ སྙོམས་འཇུག་དགའ་བཞིའི་མཆོད་པས་མཉེས༔ མཆོག་ཐུན་དངོས་གྲུབ་ཐོབ་པར་གྱུར༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ བདུན་པ་སྒྲུབ་པའི་ཏིང་འཛིན་ནི༔ སླར་ཡང་འོད་ཟེར་ཕྱོགས་བཅུར་འཕྲོས༔ འཁོར་འདས་བརྟན་གཡོའི་ཚེ་བསོད་བཅུད༔ འཆི་མེད་བདུད་རྩིའི་རྣམ་པར་བཀུག༔ སྤྱི་བོའི་རིགས་བདག་ཡབ་ཡུམ་གྱི༔ སྐུ་ཡི་དབྱིབས་བརྒྱུད་སྦྱོར་མཚམས་ནས༔ བབས་པས་ལུས་གང་བདེ་བས་མྱོས༔ འཁོར་ལོ་རྣམ་ལྔར་ཁྱབ་པ་ཡིས༔ འཆི་མེད་ཐོད་ཕྲེང་ཡབ་ཡུམ་མཆོད༔ རྩ་རླུང་ཐིག་ལེ་ཉམས་པ་གསོས༔ འབྱུང་བཞིའི་དྭངས་མ་དབུ་མར་སྨིན༔ བདེ་སྟོང་ཟུང་འཇུག་འོད་གསལ་ངང༔ རྡོ་རྗེའི་སྲོག་ལ་དབང་ཐོབ་བསམ༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྲཱི་བ་ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ བརྒྱད་པ་ལས་ལ་སྦྱར་བ་ནི༔ ཐུགས་སྲོག་ལས་བྱུང་འོད་ཟེར་གྱིས༔ རྣམ་བཞིའི་ཕྲིན་ལས་ལྷུན་གྱིས་གྲུབ༔ དྲེགས་པ་སྡེ་བརྒྱད་བརླག་ཅིང་གཟིར༔ སྣོད་བཅུད་འོད་གསལ་འཁོར་ལོར་སྦྱངས༔ གང་ཤར་སྣང་ཆ་ལྷ་ཡི་སྐུ༔ གྲགས་པ་ཐམས་ཅད་སྔགས་ཀྱི་སྒྲ༔ དྲན་རྟོག་རང་གྲོལ་རྟ་མཆོག་དཔལ༔ དབྱིངས་རིག་དབྱེར་མེད་ངང་དུ་རྫོགས༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄༔ ཨོཾ་བཛྲ་དུན་བྷྱོ༔ ཏིག་ནན་ཛ་ཛ༔ ས་མ་ཡ་སཏྭཾ༔ ས་མ་ཡ་ཛ༔ ས་མ་ཡ་ཟློག༔ ས་མ་ཡ་བྷྱོ༔ ས་མ་ཡ་གཏུབས༔ ས་མ་ཡ་བྱེར༔ ས་མ་ཡ་རྦད༔ ས་མ་ཡ་རྦད་རྦུད་ཕཊ྄་ཡ༔ འབྱུང་པོ་མཱ་ར་ཡ་ཛ་ཛ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བཟླས་དགོངས་པ་དབྱིངས་ལ་གཏད༔ དགུ་པ་རྫོགས་པའི་རིམ་པ་ནི༔ རྡོ་རྗེའི་བཟླས་པ་སྔོན་འགྲོ་བས༔ སྦྱོར་བ་བཞི་ལྡན་བུམ་ཅན་གཟུང༔ འབར་དང་འཛག་པའི་རྣལ་འབྱོར་གྱིས༔ ལུགས་འབྱུང་ལུགས་ལྡོག་དགའ་བཞི་བསྐྱེད༔ ལས་དང་ཡེ་ཤེས་ཕྱག་རྒྱ་ལ༔ འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས༔ ཟག་པ་མེད་པའི་བདེ་བ་དང༔ ལྷན་སྐྱེས་ཕྱག་རྒྱ་ཆེན་པོར་སྦྱོར༔ འཚེར་ཞིང་བརྗིད་བག་ལྡན་པ་ཡི༔ རྟ་སྐད་ཐེངས་གསུམ་བསྒྲགས་པའི་རྗེས༔ རྩེ་གཅིག་ངེས་ཤེས་སྐྱེས་པ་ན༔ སྐྱེ་མེད་དོན་གྱི་ངང་དུ་གཞག༔ ཡིད་མིག་རླུང་གསུམ་མི་འགུལ་བར༔ དབྱིངས་གསུམ་རྟ་མཆོག་རོལ་པའི་ལྷ༔ དུས་གསུམ་དུས་མེད་ཆེན་པོ་རུ༔ མཉམ་པར་བཞག་པས་རང་ཞལ་བལྟ༔ ས་མ་ཡ༔ རྗེས་ཀྱི་རིམ་པར་དང་པོ་ནི༔ ཚེ་བཅུད་འགུགས་ཕྱིར་ཐུགས་དམ་བསྐུལ༔ ཧྲཱི༔ སྐྱེ་མེད་འོད་གསལ་རྡོ་རྗེའི་མཁའ་དབྱིངས་ལས༔ འགག་མེད་དབང་ཆེན་ཁྲོ་བོའི་རོལ་པར་ཤར༔ རབ་འབྱམས་རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས༔ ཐུགས་དམ་བསྐུལ་ལོ་ཐུགས་རྗེའི་ཡེ་ཤེས་སྐྱེད༔ ཧྲཱི༔ ཐོག་མའི་མགོན་པོ་ཀུན་བཟང་ཚེ་ཡི་ལྷས༔ འཁོར་འདས་དབྱེར་མེད་རྡོ་རྗེའི་ཚེ་བཅུད་ཁུག༔ འཆི་མེད་དབང་ཆེན་ཁྲོ་རྒྱལ་ཡབ་ཡུམ་གྱིས༔ ཟུང་འཇུག་སྐུ་དང་ཡེ་ཤེས་ཚེ་བཅུད་ཁུག༔ སྤྲུལ་པའི་རྣམ་རོལ་རིགས་བཞིའི་ཧེ་རུ་ཀས༔ ཁམས་གསུམ་སྐྱེ་འགྲོ་ཡོངས་ཀྱི་ཚེ་བཅུད་ཁུག༔ གང་འདུལ་ལས་མཛད་ཕྱོགས་སྐྱོང་སྒོ་མ་བཞིས༔ ས་ཆུ་མེ་རླུང་འབྱུང་བཞིའི་ཚེ་བཅུད་ཁུག༔ རབ་འབྱམས་རྩ་གསུམ་རྒྱ་མཚོའི་ལྷ་ཚོགས་ཀྱིས༔ བརྟན་གཡོ་སྣོད་བཅུད་སྲིད་ཞིའི་ཚེ་བཅུད་ཁུག༔ རྩེ་གཅིག་སྒྲུབ་པའི་རྣལ་འབྱོར་བདག་ཅག་གི༔ བླ་ཚེ་ཆད་ཉམས་ཡར་པ་རང་སོར་ཆུད༔ བར་ཆད་འབྱུང་པོའི་ཚོགས་རྣམས་དབྱིངས་སུ་སྒྲོལ༔ འཆི་མེད་འཇའ་ལུས་རྡོ་རྗེའི་དངོས་གྲུབ་སྩོལ༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྲཱི་བ་ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་དྷརྨ་དྷཱ་ཏུ་ཛྙཱ་ན་བཛྲ་རཀྵ་བྷྲཱུྃ༔ གཉིས་པ་མཆོད་བསྟོད་དངོས་གྲུབ་བླང༔ ཧཱུྃ་ཧྲཱི༔ འཆི་མེད་བདེ་ཆེན་རྡོ་རྗེའི་ཕོ་བྲང་ནས༔ རྩ་གསུམ་དབང་ཆེན་ཚེ་ཡི་ལྷ་ཚོགས་ཀྱིས༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་ཀུན༔ དེང་འདིར་སྐལ་ལྡན་བདག་ལ་བསྩལ་དུ་གསོལ༔ རྩ་སྔགས་མཐར༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོ༔ གསུམ་པ་རྟག་ཆད་མཐའ་བསལ་བ༔ ཨ༔ སྣང་ཆར་ཤར་པའི་ཡེ་ཤེས་ལྷ་ཚོགས་ཀུན༔ སྐྱེ་མེད་བརྗོད་བྲལ་ཆོས་ཀྱི་དབྱིངས་སུ་ཐིམ༔ སླར་ཡང་རིག་སྟོང་ཟུང་འཇུག་ཡེ་ཤེས་ལས༔ སྒོ་གསུམ་དཀྱིལ་འཁོར་གསུམ་གྱི་ངང་དུ་སྤྱོད༔ ཧཱུྃ་ཧཱུྃ་ཧཱུྃ༔ བཞི་པ་བསྔོ་སྨོན་བྱ་བ་ནི༔ ཧོ༔ དུས་གསུམ་བསགས་པའི་དགེ་ཚོགས་ཅི་མཆིས་པ༔ བློ་འདས་ཆོས་དབྱིངས་གཞོན་ནུ་བུམ་སྐུར་བསྔོ༔ འགྲོ་ཀུན་འཆི་མེད་རྩ་གསུམ་འདུས་པའི་ཞལ༔ རྟ་མཆོག་རོལ་པའི་གོ་འཕང་མྱུར་ཐོབ་ཤོག༔ ཤིས་པ་བརྗོད་ཅིང་མེ་ཏོག་འཐོར༔ མཚན་མ་རྫས་ཀྱི་དཀྱིལ་འཁོར་བསྡུ༔ དགའ་སྟོན་ཚོགས་ཀྱི་འཁོར་ལོ་སོགས༔ གཞུང་གཞན་དག་དང་མཐུན་པར་སྤྱད༔ ས་མ་ཡ༔ གནས་སྐབས་རྣམ་བཞིའི་ཕྲིན་ལས་དང༔ ཚེ་དབང་རིག་འཛིན་མཆོག་འགྲུབ་ཅིང༔ མཐར་ཐུག་པདྨ་གསུང་གི་དབྱིངས༔ སྦྱོར་བྱེད་རྡོ་རྗེའི་ཉེ་ལམ་འདི༔ རང་བྱུང་པདྨ་བདག་ཉིད་ཀྱི༔ ཏནྟྲ་ཀུན་གྱི་བཅུད་བསྡུས་ནས༔ འོད་གསལ་སྤྲུལ་པའི་རྡོ་རྗེའི་དོན༔ རིག་པ་དབྱིངས་ཀྱི་སྒྲོམ་བུར་སྦས༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ <!TCC Tibetan character 3,181 undefined in unicode!> འཆི་མེད་དབང་ཆེན་འདུས་པ་ལས༔ སྨིན་བྱེད་བྱིན་རླབས་སྣང་བ་བཞུགས༔ <!TCC Tibetan character 3,181 undefined in unicode!> དབང་ཆེན་འདུས་པའི་ལྷ་ལ་འདུད༔ སློབ་མ་རྗེས་སུ་འཛིན་འདོད་ན༔ དབེན་པའི་གནས་སུ་སྟེགས་བུའི་ཁར༔ དཀྱིལ་འཁོར་བཤམ་ཞིང་སྒྲུབ་རྫས་བཀྲམ༔ བདག་མདུན་དབྱེར་མེད་བསྐྱེད་བཟླས་བྱ༔ སྣོད་ལྡན་ཁྲུས་བྱས་གྲལ་ལ་འཁོད༔ བགེགས་ཕྲལ་སྲུང་བའི་འཁོར་ལོས་བཅིང༔ ལོ་རྒྱུས་བཤད་ཅིང་མཎྜལ་འབུལ༔ དེ་ནས་གསོལ་བ་གདབ་པ་ནི༔ རིགས་རྣམས་ཀུན་བདག་ཆེ་བའི་མཆོག༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ འཆི་མེད་རྩ་གསུམ་དཀྱིལ་འཁོར་དུ༔ མགོན་པོས་བདག་ནི་འཇུག་པར་འཚལ༔ ལན་གསུམ་སྐྱབས་སེམས་སྡོམ་པ་འབོགས༔ ལྷར་བསྐྱེད་ཡེ་ཤེས་དབབ་ཅིང་བསྟིམ༔ དངོས་གཞིར་བུམ་པ་སྤྱི་བོར་བསྐུར༔ ཧྲཱི༔ འཆི་མེད་རྟ་མཆོག་ཧེ་རུ་ཀའི༔ སྐུ་ཡི་དབང་བསྐུར་ཁྱོད་ལ་སྦྱིན༔ ཕུང་པོ་ལྷ་ཡི་སྐུར་སྨིན་ནས༔ སྣང་སྟོང་ཟུང་འཇུག་མངོན་གྱུར་ཤོག༔ བསྙེན་སྔགས་དང༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ རྗེས་འབྲེལ་གཏོར་མ་སྤྱི་བོར་བཞག༔ ཧྲཱི༔ ཟབ་གསལ་གཉིས་མེད་དཀྱིལ་འཁོར་དུ༔ འཆི་མེད་རྩ་གསུམ་ལྷ་ཚོགས་བཞུགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དངོས་གྲུབ་རྣམ་གཉིས་འགྲུབ་པར་ཤོག༔ བསྙེན་སྔགས་དང༔ སརྦ་སིདྡྷི་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཨོཾ༔ རྩ་བའི་སྔགས་བྱང་མགྲིན་པར་གཏད༔ ཧྲཱི༔ འཆི་མེད་རྟ་མཆོག་ཧེ་རུ་ཀའི༔ གསུང་གི་དབང་བསྐུར་ཁྱོད་ལ་སྦྱིན༔ སྲོག་རྩོལ་སྔགས་སུ་ཡོངས་སྨིན་ནས༔ གསལ་སྟོང་ཟུང་འཇུག་མངོན་གྱུར་ཤོག༔ བསྙེན་སྔགས་དང༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ རྗེས་འབྲེལ་སྔགས་ཀྱི་བཟླས་ལུང་དང༔ མཐའ་རྟེན་ཚེ་ཡི་བདུད་རྩི་སྦྱིན༔ ཧྲཱི༔ རྩ་གསུམ་དབང་ཆེན་འདུས་པ་ཡི༔ བྱིན་རླབས་དངོས་གྲུབ་ཀུན་གྱི་དབྱིག༔ འཆི་མེད་བདུད་རྩི་འདི་བྱིན་པས༔ རླུང་ལྔ་དབུ་མར་ཐིམ་པར་ཤོག༔ སྒྲུབ་སྔགས་དང༔ མ་ཧཱ་པཉྩ་ཨཱ་ཡུརྫྙཱ་ན་ཨ་མྲྀཏ་ཨ་བྷི་ཥིཉྩ་ཨཱ༔ ཡབ་ཡུམ་ཕྱག་མཚན་སྙིང་གར་བཞག༔ ཧྲཱི༔ འཆི་མེད་རྟ་མཆོག་ཧེ་རུ་ཀའི༔ ཐུགས་ཀྱི་དབང་བསྐུར་ཁྱོད་ལ་སྦྱིན༔ རྟོག་ཚོགས་ཆོས་ཀྱི་སྐུར་སྨིན་ནས༔ བདེ་སྟོང་ཟུང་འཇུག་མངོན་གྱུར་ཤོག༔ བསྙེན་སྔགས་དང༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མཐའ་རྟེན་ཚེ་ཡི་རིལ་བུ་སྦྱིན༔ ཧྲཱི༔ སྲིད་ཞིའི་དྭངས་མ་འདུས་པའི་བཅུད༔ རྡོ་རྗེ་བདུད་རྩིའི་རིལ་བུ་འདི༔ སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ དགའ་བཞིའི་ཡེ་ཤེས་འཕེལ་བར་ཤོག༔ སྒྲུབ་སྔགས་དང༔ ཨཱ་ཡུརྫྙཱ་ན་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ ཤེལ་དང་མེ་ལོང་དཀྱིལ་འཁོར་བསྟན༔ ཧྲཱི༔ འཆི་མེད་རྟ་མཆོག་ཧེ་རུ་ཀའི༔ ཡེ་ཤེས་དབང་བསྐུར་ཁྱོད་ལ་སྦྱིན༔ སྒོ་གསུམ་ངོ་བོ་ཉིད་སྐུའི་ཀློང༔ རིག་སྟོང་ཟུང་འཇུག་མངོན་གྱུར་ཤོག༔ བསྙེན་སྔགས་དང༔ ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ རྗེས་འབྲེལ་ཕུར་པ་ལག་གཡས་སྦྱིན༔ ཧཱུྃ༔ དབང་ཆེན་དྲག་པོ་ཀཱི་ལ་ཡ༔ རིགས་འདུས་ཕུར་བུ་འདི་གཏད་པས༔ བྱིན་རླབས་ཕྲིན་ལས་ཡོངས་རྫོགས་ནས༔ ཁམས་གསུམ་འགྲོ་ཀུན་སྒྲོལ་བར་ཤོག༔ ལས་སྦྱོར་གྱི་སྔགས་དང༔ བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཧཱུྃ་ཨཱ༔ སྤྲོ་ན་གཟུགས་བརྙན་སྦྱོར་བ་ལ༔ ཚེ་བདུད་བར་ཆད་ཡོངས་བཀུག་ནས༔ རྡོ་རྗེ་ཕུར་བུས་བསྒྲལ་པའི་མཐར༔ དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་སྦྱོར༔ རྗེས་ལ་ཚེ་འགུགས་རྒྱ་ཡིས་གདབ༔ དབང་ཆེན་རིགས་ལྔའི་ཕྱག་རྒྱས་སྲུང༔ དམ་ཚིག་བསྡུས་ཏེ་འཛིན་པ་སོགས༔ གསང་བ་སྤྱི་དང་མཐུན་པར་སྤྱད༔ ས་མ་ཡ༔ དེ་ལྟར་འཆི་མེད་རྟ་མཆོག་དཔལ༔ རྩ་གསུམ་ཡོངས་རྫོགས་དཀྱིལ་འཁོར་ལྷའི༔ དབང་བསྐུར་བྱིན་རླབས་སྣང་བ་འདིས༔ བསྙེན་རྫོགས་རྟགས་ལྡན་རྣལ་འབྱོར་པས༔ རྡོ་རྗེའི་སློབ་མ་རྗེས་བཟུང་ན༔ གནས་སྐབས་ཚེ་ཡི་བར་ཆད་ཞི༔ ཕྲིན་ལས་རྣམ་བཞི་གང་བརྩམ་འགྲུབ༔ མཐར་ཐུག་རྩ་རླུང་ཐིག་ལེའི་ཁམས༔ སྒྲིབ་བྲལ་དྭངས་མའི་ལྷ་སྐུར་སྨིན༔ དེ་ཕྱིར་སྙིང་ཁྲག་ཡང་ཞུན་འདི༔ རིག་པ་དབྱིངས་ཀྱི་སྒྲོམ་བུར་རྒྱ༔ དུས་བབས་གཞན་དོན་མཐར་ཕྱིན་ཤོག༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ <!TCC Tibetan character 3,181 undefined in unicode!> རྩ་གསུམ་འོད་གསལ་སྙིང་ཏིག་ལས༔ རྡོ་རྗེ་རྣམ་པར་འཇོམས་པའི་སྒྲུབ་པ་བཞུགས་སོ༔ <!TCC Tibetan character 3,181 undefined in unicode!> རྩ་གསུམ་ཀུན་འདུས་པདྨར་འདུད༔ མ་འོངས་རྣལ་འབྱོར་སྤྱོད་པ་རྣམས༔ ལྷན་ཅིག་སྐྱེས་དང་གློ་བུར་གྱི༔ ཉམས་གྲིབ་མི་གཙང་སེལ་བའི་ཐབས༔ གཟུངས་སྔགས་ཟབ་མོའི་ཕྲིན་ལས་བསྟན༔ ས་མ་ཡ༔ དབེན་ཞིང་ཡིད་དང་མཐུན་པའི་སར༔ བདེ་བའི་སྟན་ལ་ལེགས་འདུག་སྟེ༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་སོང་ནས༔ དངོས་གཞིར་བསྐྱེད་པའི་རིམ་པ་ནི༔ ཧཱུྃ༔ སྣང་སྲིད་འཁོར་འདས་གདོད་ནས་རྣམ་དག་ཀློང༔ ཕྱི་སྣོད་རྡོ་རྗེའི་གུར་ཁང་རྒྱ་ཆེ་བར༔ བྷྲཱུྃ་ལས་རིན་ཆེན་གཞལ་ཡས་མཚན་ཉིད་རྫོགས༔ དེ་དབུས་ཐབས་ཤེས་པད་ཉིའི་གདན་གྱི་སྟེང༔ སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུྃ་གིས་མཚན༔ འོད་ཟེར་འཕྲོ་འདུས་སྲས་བཅས་རྒྱལ་ཀུན་གྱི༔ མཁྱེན་བརྩེ་ནུས་པའི་བྱིན་རླབས་དཔལ་ཡོན་ཀུན༔ དབང་དུ་བསྡུས་ཐིམ་སྐད་ཅིག་དྲན་རྫོགས་སུ༔ བཅོམ་ལྡན་གསང་བདག་རྡོ་རྗེ་རྣམ་པར་འཇོམས༔ སྐུ་མདོག་ལྗང་སྔོན་ཁྲོ་འཛུམ་མཚན་དཔེའི་ཞལ༔ ཕྱག་གཡས་རྡོ་རྗེ་རྒྱ་གྲམ་ཐུགས་ཀར་བསྣམས༔ གཡོན་པས་དྲིལ་བུ་དཀུར་བརྟེན་སྐྱིལ་ཀྲུང་བཞུགས༔ སྣ་ཚོགས་དར་དང་རིན་ཆེན་རྒྱན་གྱིས་མཛེས༔ སྤྱི་བོར་རིགས་བདག་བཅོམ་ལྡན་རྡོ་རྗེ་སེམས༔ སྐུ་མདོག་དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན༔ སླར་ཡང་ཏིང་ངེ་འཛིན་གྱི་རོལ་མོ་ཡིས༔ ཕྱོགས་དུས་རྒྱལ་ཀུན་ཡེ་ཤེས་གཅིག་བསྡུས་ནས༔ མི་ཕྱེད་རྡོ་རྗེའི་ལུས་སུ་བྱིན་བརླབས་ཤིང༔ ཐུགས་སྲོག་ས་བོན་ཧཱུྃ་གི་སྤྲིན་འཕྲོས་པས༔ ཕྱོགས་བཞིར་སྣ་ཚོགས་རྡོ་རྗེའི་དཀྱིལ་འཁོར་དབུས༔ ཤར་དུ་རྡོ་རྗེ་གཏུམ་པོ་སྐུ་མདོག་དཀར༔ ལྷོ་རུ་རྡོ་རྗེ་བེ་ཅོན་གསེར་གྱི་མདངས༔ ནུབ་ཏུ་རྡོ་རྗེ་ཐོ་བ་སྐུ་མདོག་དམར༔ བྱང་དུ་རྡོ་རྗེ་ཕུར་བུ་མརྒད་མདོག༔ ཐམས་ཅད་ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་བསྣམས༔ དར་སྔོན་སྟོད་གཡོགས་སྟག་ལྤགས་ཤམ་ཐབས་དང༔ སྦྲུལ་གྱི་རྒྱན་སྤྲས་པད་ཉིའི་གདན་ལ་བཞེངས༔ དེ་ཡི་ཕྱི་རོལ་འཁོར་ལོ་རྩིབས་བཅུའི་ཀློང༔ རང་བྱུང་ཡེ་ཤེས་སྤྲུལ་པའི་ཁྲོ་རྒྱལ་བཅུ༔ མཐིང་ནག་ཕྱག་གཉིས་རྡོ་རྗེ་ཕུར་བུ་འདྲིལ༔ ཁྲོ་བོའི་ཆས་རྫོགས་མེ་དཔུང་དབུས་ན་རོལ༔ སྒོ་བཞིར་ཕྱོགས་སྐྱོང་རྒྱལ་ཆེན་སྡེ་བཞི་དང༔ རྡོ་རྗེའི་ཕོ་ཉ་དྲུག་ཅུ་རྩ་བཞི་སོགས༔ ཆོས་སྲུང་དམ་ཅན་རྒྱ་མཚོ་སྤྲིན་ལྟར་གཏིབས༔ གཞན་ཡང་རྩ་གསུམ་རྒྱལ་བ་རབ་འབྱམས་ཚོགས༔ སྣང་སྟོང་ཟུང་འཇུག་ཆེན་པོར་གསལ་བ་ཡི༔ གནས་གསུམ་རྡོ་རྗེ་གསུམ་གྱི་ཡི་གེས་མཚན༔ དེ་ལས་འོད་འཕྲོས་ཡེ་ཤེས་སྤྱན་དྲང་གྱུར༔ ཧཱུྃ༔ དག་པ་རབ་འབྱམས་ཆོས་སྐུའི་ཕོ་བྲང་ནས༔ ལོངས་སྤྱོད་ཡོངས་རྫོགས་རྡོ་རྗེ་རྣམ་པར་འཇོམས༔ སྤྲུལ་སྐུའི་ཚུལ་གྱིས་འགྲོ་དོན་སྒྲུབ་སླད་དུ༔ ཐུགས་རྗེ་ཐུགས་དམ་དབང་གིས་གནས་འདིར་གཤེགས༔ ཨོཾ་བཛྲ་བི་དཱ་ར་ཎ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ ཛཿཧཱུྃ་བཾ་ཧོ༔ དམ་ཚིག་ཡེ་ཤེས་དབྱེར་མེད་བརྟན་པར་བཞུགས༔ འདུ་འབྲལ་སྤངས་པའི་བརྡ་ཡིས་ཕྱག་འཚལ་ལོ༔ དངོས་སུ་འབྱོར་དང་ཡིད་ལས་བྱུང་བ་ཡི༔ ཀུན་བཟང་རྣམ་འཕྲུལ་མཆོད་སྤྲིན་རྒྱ་མཚོས་མཆོད༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨོཾ་བཛྲ་བི་དཱ་ར་ཎ་ས་པ་རི་ཝཱ་ར་ཨརྒྷཾ་ནས༔ ཤབྡ་སརྦ་པཱུ་ཛ་ཧོ༔ ཧཱུྃ༔ གདོད་ནས་གཉིས་མེད་མཉམ་པའི་ཡེ་ཤེས་ལས༔ རྣམ་ཀུན་མཆོག་ལྡན་མཚན་དཔེའི་རོལ་པ་ཅན༔ སངས་རྒྱས་ཀུན་གྱི་གསང་བ་འཛིན་པའི་བདག༔ རྡོ་རྗེ་རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད༔ བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི༔ ནད་གདོན་གྲིབ་དང་མི་གཙང་ཀུན་ཞི་ཞིང༔ ཚེ་བསོད་དཔལ་འབྱོར་དབང་བཅུའི་ཡོན་ཏན་སོགས༔ བཅོམ་ལྡན་ཁྱེད་དང་མཉམ་པར་བྱིན་གྱིས་རློབས༔ བཟླས་པ་སྔགས་ཀྱི་རྣལ་འབྱོར་ནི༔ ཐུགས་ཀར་ཉི་སྟེང་ཧཱུྃ་མཐར་སྔགས་ཕྲེང་གིས༔ བསྐོར་བའི་འོད་ཀྱིས་ཕྱོགས་བཅུའི་རྒྱལ་ཀུན་མཆོད༔ བྱིན་རླབས་དངོས་གྲུབ་ཚུར་འདུས་བདག་ཉིད་ལ༔ ཐིམ་པས་གྲིབ་དང་མི་གཙང་སྒྲིབ་གཉིས་སྦྱངས༔ ན་མཿཙཎྜ་བཛྲ་ཀྲོ་དྷ་ཡ༔ ཧུ་ལུ་ཧུ་ལུ༔ ཏིཥྛ་ཏིཥྛ༔ བྷནྡྷ་བྷནྡྷ༔ ཧ་ན་ཧ་ན༔ ཨ་མྲྀཏེ་ཧཱུྃ་ཕཊ྄༔ ཐུན་མཐར་མཆོད་བསྟོད་དངོས་གྲུབ་བླང༔ སྣང་ཆའི་ལྷ་སྐུ་རིམ་གྱིས་བསྡུ༔ སླར་ཡང་འཇའ་ཚོན་ཤར་བ་བཞིན༔ སྒོ་གསུམ་ལྷ་ཡི་ཕྱག་རྒྱར་གསལ༔ དགེ་བ་བསྔོ་ཞིང་སྨོན་ལམ་གདབ༔ ཕྲིན་ལས་སྤྱི་དང་མཐུན་པར་སྤྱད༔ ས་མ་ཡ༔ བྱིན་རླབས་དབང་གི་རིམ་པ་ནི༔ དཀྱིལ་འཁོར་ཟླུམ་པོ་བཀོད་ལེགས་སྟེང༔ སྒྲུབ་པའི་ཡོ་བྱད་ལེགས་པར་བཤམ༔ བདག་མདུན་དབྱེར་མེད་བསྐྱེད་བཟླས་བྱ༔ སློབ་མ་འཇུག་པ་སྔོན་སོང་ནས༔ དངོས་གཞིར་བུམ་པ་སྤྱི་བོར་བསྐུར༔ ཧཱུྃ༔ བུམ་པ་ཟླུམ་པོ་སྤྲོས་བྲལ་ཆོས་སྐུའི་ཀློང༔ ལོངས་སྤྱོད་ཡོངས་རྫོགས་སྤྲུལ་པའི་དཀྱིལ་འཁོར་ལྷ༔ འོད་ཞུ་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས༔ ཕུང་ཁམས་སྐྱེ་མཆེད་སྒྲིབ་གཉིས་དག་པར་ཤོག༔ གཟུངས་སྔགས་དང༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སྔགས་ཀྱི་ཕྲེང་བ་མགྲིན་པར་བཞག༔ ཧཱུྃ༔ བཅོམ་ལྡན་གསང་བའི་བདག་པོའི་ཡེ་ཤེས་ལས༔ ཡོངས་ཤར་ཐབས་ཤེས་ཟུང་འཇུག་ཡི་གེའི་སྤྲིན༔ ནུས་པ་སྔགས་ཀྱི་ཕྲེང་བས་དབང་བསྐུར་བས༔ འགྲོ་འོང་རླུང་གི་སྒྲིབ་གཉིས་དག་གྱུར་ཅིག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཕྱག་མཚན་རྡོ་རྗེ་སྙིང་གར་བཞག༔ ཧཱུྃ༔ ཆོས་ཅན་སྣང་བའི་དངོས་པོ་ཇི་སྙེད་ཀུན༔ ཆོས་ཉིད་བདེ་སྟོང་ཟུང་འཇུག་རྡོ་རྗེའི་དབྱིངས༔ ཡེ་ཤེས་ལྷ་ཡི་ཐུགས་ཀྱི་དབང་བསྐུར་བས༔ གཟུང་འཛིན་རྟོག་ཚོགས་སྒྲིབ་གཉིས་དག་པར་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཤེལ་དང་མེ་ལོང་ལག་ཏུ་གཏད༔ ཧཱུྃ༔ དཔེ་ཡི་ཐབས་ལས་བྱུང་བའི་ཉམས་མྱོང་ནི༔ དོན་དམ་ལྷན་སྐྱེས་རྡོ་རྗེ་རྣམ་པར་འཇོམས༔ ཀ་དག་ལྷུན་གྲུབ་དབྱེར་མེད་དབང་བསྐུར་བས༔ རྩ་རླུང་ཐིག་ལེའི་སྒྲིབ་གཉིས་དག་གྱུར་ཅིག༔ ཛྙཱ་ན་ཨ་བྷི་ཥིཉྩ་ཧྲཱི༔ མཐའ་རྟེན་གཏོར་མ་སྤྱི་བོར་བཞག༔ ཧཱུྃ༔ ཕྱི་སྣོད་དག་པ་རབ་འབྱམས་རྡོ་རྗེའི་གྲོང༔ ནང་བཅུད་ཡི་དམ་ལྷ་ཡི་དཀྱིལ་འཁོར་བཞུགས༔ དེང་འདིར་སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་ཤོག༔ ཤཱནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཤིས་པ་བརྗོད་ཅིང་མེ་ཏོག་འཐོར༔ རྗེས་ཀྱི་རིམ་པ་སྤྱི་ལྟར་བྱ༔ ས་མ་ཡ༔ ཉམས་གྲིབ་ཁྲུས་ཀྱི་སེལ་བ་ནི༔ མཚན་ལྡན་རིན་ཆེན་བུམ་པ་རུ༔ ལྔ་ཚན་ལྔ་ཡི་རྫས་ཀྱི་སྟེང༔ ཤེལ་དང་རྡོ་རྗེ་མེ་ཏོག་སྔོ༔ ཤུ་དག་གི་ཝང་ག་པུར་རྣམས༔ རྒྱུན་འབབ་ཆུ་དང་སྦྱར་ལ་བླུགས༔ གཙང་མའི་གོས་ཀྱིས་རབ་དཀྲི་ཞིང༔ དག་བྱེད་རྟེན་འབྲེལ་རྫས་ཀྱིས་བརྒྱན༔ དཀྱིལ་འཁོར་དབུས་སུ་ལེགས་བཀོད་དེ༔ བདག་ཉིད་ལྷར་གསལ་བུམ་པའི་དབུས༔ རྡོ་རྗེ་རྣམ་འཇོམས་ལྷ་ཚོགས་བསྐྱེད༔ བཟླས་པས་འོད་ཞུ་བདུད་རྩིར་བསམ༔ རང་གིས་འཐོར་འཐུང་ཉེ་རེག་བྱ༔ གྲིབ་དང་མི་གཙང་སྒྲིབ་གཉིས་སེལ༔ གཞན་ཕན་ཕྲིན་ལས་རིམ་པ་ནི༔ བསྒྲུབ་བྱ་མདུན་དུ་འཁོད་པ་ལ༔ ཐོག་མར་བུམ་པའི་ཆུ་ཡིས་བཀྲུ༔ ཧཱུྃ༔ རྡོ་རྗེ་རྣམ་པར་འཇོམས་པ་ཡི༔ བསྐྱེད་པ་སྐུ་ཡི་བདུད་རྩིའི་ཆུས༔ དེང་འདིར་ཁྱོད་ལ་ཁྲུས་བགྱིས་པས༔ ལུས་ཀྱི་གྲིབ་དང་མི་གཙང་དང༔ ནད་གདོན་སྡིག་སྒྲིབ་དག་གྱུར་ཅིག༔ གཟུང་སྔགས་དང༔ ཀཱ་ཡ་བི་ཤྭ་དྷ་ན་སརྦ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ གདོན་ཐམས་ཅད་ཤཱནྟིཾ༴ བགེགས་ཐམས་ཅད་ཤཱནྟིཾ༴ གྲིབ་ཐམས་ཅད་ཤཱནྟིཾ༴ མི་གཙང་བ་ཐམས་ཅད་ཤཱནྟིཾ༴ སྡིག་པ་ཐམས་ཅད་ཤཱནྟིཾ༴ སྒྲིབ་པ་ཐམས་ཅད་ཤཱནྟིཾ༴ བར་དུ་གཅོད་པ་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ རྡོ་རྗེ་རྣམ་པར་འཇོམས་པ་ཡི༔ བཟླས་པ་སྔགས་ཀྱི་བདུད་རྩིའི་ཆུས༔ དེང་འདིར་ཁྱོད་ལ་ཁྲུས་བགྱིས་པས༔ ངག་གི་གྲིབ་དང་མི་གཙང་དང༔ ནད་གདོན་སྡིག་སྒྲིབ་དག་གྱུར་ཅིག༔ ཝཱ་ཀ་བི་ཤྭ་དྷ་ན་སརྦ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ རྡོ་རྗེ་རྣམ་པར་འཇོམས་པ་ཡི༔ འོད་གསལ་ཡེ་ཤེས་བདུད་རྩིའི་ཆུས༔ དེང་འདིར་ཁྱོད་ལ་ཁྲུས་བགྱིས་པས༔ ཡིད་ཀྱི་གྲིབ་དང་མི་གཙང་དང༔ ནད་གདོན་སྡིག་སྒྲིབ་དག་གྱུར་ཅིག༔ ཙིཏྟ་བི་ཤྭ་དྷ་ན་སརྦ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ རྡོ་རྗེ་རྣམ་པར་འཇོམས་པ་ཡི༔ གསང་གསུམ་དབྱེར་མེད་བདུད་རྩིའི་ཆུས༔ དེང་འདིར་ཁྱོད་ལ་ཁྲུས་བགྱིས་པས༔ སྒོ་གསུམ་གྲིབ་དང་མི་གཙང་དང༔ ནད་གདོན་སྡིག་སྒྲིབ་དག་གྱུར་ཅིག༔ ཀཱ་ཡ་ཝཱ་ཀ་ཙིཏྟ་བི་ཤྭ་དྷ་ན་སརྦ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ སོ་སོའི་མཐར་ཡང་འདོད་སྨོན་སྦྱར༔ སྤྲོ་ན་ཡེ་ཤེས་རྣམ་ལྔ་དང༔ ཕར་ཕྱིན་དྲུག་གི་ཁྲུས་ཀྱང་བྱ༔ དེ་ནས་རྟེན་འབྲེལ་རྫས་ཀྱིས་བྱབ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ རྡོ་རྗེ་རྣམ་པར་འཇོམས་པ་ཡི༔ བྱིན་རླབས་ཐུགས་རྗེའི་བདེན་སྟོབས་ཀྱིས༔ བསྒྲུབ་བྱའི་ལུས་ཀྱི་ནད་གདོན་བགེགས༔ གྲིབ་དང་མི་གཙང་སྡིག་སྒྲིབ་ཀུན༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ གཟུངས་སྔགས་མཐར༔ ཀཱ་ཡ་བི་ཤྭ་དྷ་ན་ཨ་པ་ན་ཡེ་སྭཱ་ཧཱ༔ ནད་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ༔ གདོན་ཐམས་ཅད་ཨ༴ བགེགས་ཐམས་ཅད་ཨ༴ གྲིབ་ཐམས་ཅད་ཨ༴ མི་གཙང་བ་ཐམས་ཅད་ཨ༴ སྡིག་པ་ཐམས་ཅད་ཨ༴ སྒྲིབ་པ་ཐམས་ཅད་ཨ༴ བར་དུ་གཅོད་པ་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་གསུང༔ ཞེས་སོགས་སོ་སོར་བརྗོད་ཅིང་བྱབ༔ སླར་ལ་རྡོ་རྗེའི་གོ་ཆས་བསྲུང༔ ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ དབྱེར་མེད་གསང་བདག་དཔའ་བོ་ཆེའི༔ ལྷ་སྔགས་ཡེ་ཤེས་རོལ་པ་ཡིས༔ སྒོ་གསུམ་མི་མཐུན་ཕྱོགས་ལས་སྲུངས༔ གཟུངས་སྔགས་དང༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཛྙཱ་ན་བཛྲ་རཀྵ་རཀྵ་བྷྲཱུྃ༔ ནད་ཐམས་ཅད་རཀྵ་རཀྵ་ཡེ་སྭཱ་ཧཱ༔ གདོན་ཐམས་ཅད་རཀྵ་རཀྵ་ཡེ་སྭཱ་ཧཱ༔ བགེགས་ཐམས་ཅད་རཀྵ༴ གྲིབ་ཐམས་ཅད་རཀྵ༴ མི་གཙང་བ་ཐམས་ཅད་རཀྵ༴ སྡིག་པ་ཐམས་ཅད་རཀྵ༴ སྒྲིབ་པ་ཐམས་ཅད་རཀྵ༴ བར་དུ་གཅོད་པ་དང་མི་མཐུན་པའི་ཕྱོགས་ཐམས་ཅད་རཀྵ་རཀྵ་ཡེ་སྭཱ་ཧཱ༔ ཞེས་བརྗོད་རྡོ་རྗེས་གནས་བདུན་རེག༔ མི་ཕྱེད་སྲུང་བའི་གུར་དུ་བསམ༔ བདེན་པའི་སྟོབས་དང་ཤིས་བརྗོད་ཀྱི༔ མེ་ཏོག་སིལ་མ་ཆར་དུ་བསྙིལ༔ ས་མ་ཡ༔ ནད་རིགས་བྱབ་པས་བསལ་བ་ནི༔ འབྱུང་བཞིའི་རྫས་རྣམས་འདུ་བྱས་ལ༔ དག་བྱེད་རྩ་དང་རྨ་བྱས་བྱབ༔ བདེན་ཚིག་བརྗོད་ཅིང་ཏིང་འཛིན་བསྐྱེད༔ ཧཱུྃ༔ ས་ནི་དུག་གི་ཕ་ཡིན་ཏེ༔ ས་ནི་དུག་གི་མ་ཡང་ཡིན༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ གཅིག་བསྡུས་བཅོམ་ལྡན་གསང་བའི་བདག༔ རྡོ་རྗེ་རྣམ་པར་འཇོམས་པ་ཡི༔ བྱིན་རླབས་ཐུགས་རྗེའི་ནུས་སྟོབས་དང༔ ལྷ་སྔགས་ཡེ་ཤེས་རོལ་པ་ཡི༔ བདེན་པའི་བདེན་ཚིག་འདི་བརྗོད་པས༔ ཁྱོད་ཀྱི་བད་ཀན་ལས་གྱུར་ནད༔ ལྕི་ཞིང་འཐིབས་པའི་རིགས་རྣམས་ཀུན༔ འབྱུང་བ་ས་ཡི་ཀློང་དུ་ཐིམ༔ ནད་དང་སྡུག་བསྔལ་བྲལ་བར་ཤོག༔ གཟུངས་སྔགས་མཐར༔ སརྦ་རོ་གེ་བྷྱཿལཾ་ཧོ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ ཆུ་ནི་དུག་གི་ཕ་ཡིན་ཏེ༔ ཆུ་ནི་དུག་གི་མ་ཡང་ཡིན༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ གཅིག་བསྡུས་བཅོམ་ལྡན་གསང་བའི་བདག༔ རྡོ་རྗེ་རྣམ་པར་འཇོམས་པ་ཡི༔ བྱིན་རླབས་ཐུགས་རྗེའི་ནུས་སྟོབས་དང༔ ལྷ་སྔགས་ཡེ་ཤེས་རོལ་པ་ཡི༔ བདེན་པའི་བདེན་ཚིག་འདི་བརྗོད་པས༔ ཁྱོད་ཀྱི་ཁྲག་དང་ཆུ་སེར་ནད༔ ཞེན་ཅིང་ཁྱབ་པའི་རིགས་རྣམས་ཀུན༔ འབྱུང་བ་ཆུ་ཡི་ཀློང་དུ་ཐིམ༔ ནད་དང་སྡུག་བསྔལ་བྲལ་བར་ཤོག༔ སརྦ་རོ་གེ་བྷྱཿབཾ་ཧོ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ མེ་ནི་དུག་གི་ཕ་ཡིན་ཏེ༔ མེ་ནི་དུག་གི་མ་ཡང་ཡིན༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ གཅིག་བསྡུས་བཅོམ་ལྡན་གསང་བའི་བདག༔ རྡོ་རྗེ་རྣམ་པར་འཇོམས་པ་ཡི༔ བྱིན་རླབས་ཐུགས་རྗེའི་ནུས་སྟོབས་དང༔ ལྷ་སྔགས་ཡེ་ཤེས་རོལ་པ་ཡི༔ བདེན་པའི་བདེན་ཚིག་འདི་བརྗོད་པས༔ ཁྱོད་ཀྱི་མཁྲིས་པ་ལས་གྱུར་ནད༔ ཚ་ཞིང་སྲེག་པའི་རིགས་རྣམས་ཀུན༔ འབྱུང་བ་མེ་ཡི་ཀློང་དུ་ཐིམ༔ ནད་དང་སྡུག་བསྔལ་བྲལ་བར་ཤོག༔ སརྦ་རོ་གེ་བྷྱཿརཾ་ཧོ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ རླུང་ནི་དུག་གི་ཕ་ཡིན་ཏེ༔ རླུང་ནི་དུག་གི་མ་ཡང་ཡིན༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ གཅིག་བསྡུས་བཅོམ་ལྡན་གསང་བའི་བདག༔ རྡོ་རྗེ་རྣམ་པར་འཇོམས་པ་ཡི༔ བྱིན་རླབས་ཐུགས་རྗེའི་ནུས་སྟོབས་དང༔ ལྷ་སྔགས་ཡེ་ཤེས་རོལ་པ་ཡི༔ བདེན་པའི་བདེན་ཚིག་འདི་བརྗོད་པས༔ ཁྱོད་ཀྱི་རླུང་ལས་གྱུར་པའི་ནད༔ ཡང་ཞིང་གཡོ་བའི་རིགས་རྣམས་ཀུན༔ འབྱུང་བ་རླུང་གི་ཀློང་དུ་ཐིམ༔ ནད་དང་སྡུག་བསྔལ་བྲལ་བར་ཤོག༔ སརྦ་རོ་གེ་བྷྱཿཡཾ་ཧོ་ཤུདྡྷེ་ཤུདྡྷེ་ཡེ་སྭཱཧཱ༔ དེ་ནས་ཐུན་མོང་བྱབ་པ་ནི༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ བཅོམ་ལྡན་སངས་རྒྱས་དུག་མི་མངའ༔ སངས་རྒྱས་བདེན་པས་དུག་བཅོམ་མོ༔ བསྒྲུབ་བྱའི་ལུས་ངག་ཡིད་གསུམ་ལ༔ དུག་གསུམ་རྒྱུ་ལས་སྐྱེས་པ་ཡི༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་ཀུན༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ གཟུངས་སྔགས་མཐར༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་རོ་གེ་བྷྱཿཨ་པ་ན་ཡེ་སྭཱ་ཧཱ༔ རླུང་ལས་གྱུར་པའི་ནད་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ༔ མཁྲིས་པ་ལས་གྱུར་པའི་ནད་ཐམས་ཅད་ཨ༴ བད་ཀན་ལས་གྱུར་པའི་ནད་ཐམས་ཅད་ཨ༴ ལྡན་པ་ལས་གྱུར་པའི་ནད་ཐམས་ཅད་ཨ༴ འདུས་པ་ལས་གྱུར་པའི་ནད་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ༔ ཆོས་དང་དགེ་འདུན་ལ་ཡང་སྦྱར༔ སླར་ལ་བུམ་པའི་ཆུ་ཡིས་བཀྲུ༔ ཧཱུྃ༔ རྡོ་རྗེ་རྣམ་པར་འཇོམས་པ་ཡི༔ ངོ་བོ་ཆོས་སྐུའི་བདུད་རྩིའི་ཆུས༔ དེང་འདིར་ཁྱོད་ལ་ཁྲུས་བགྱིས་པས༔ ཡོངས་གྲུབ་ཚེ་ཡི་ནད་ཀྱི་རིགས༔ བཞི་བརྒྱ་རྩ་བཞི་ཞི་གྱུར་ཅིག༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་རོ་གེ་བྷྱཿཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ རླུང་ལས་གྱུར་པའི་ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ མཁྲིས་པ་ལས་གྱུར་པའི་ནད་ཐམས་ཅད་ཤཱནྟིཾ༴ བད་ཀན་ལས་གྱུར་པའི་ནད་ཐམས་ཅད་ཤཱནྟིཾ༴ ལྡན་པ་ལས་གྱུར་པའི་ནད་ཐམས་ཅད་ཤཱནྟིཾ༴ འདུས་པ་ལས་གྱུར་པའི་ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ རྡོ་རྗེ་རྣམ་པར་འཇོམས་པ་ཡི༔ རང་བཞིན་ལོངས་སྐུའི་བདུད་རྩིའི་ཆུས༔ དེང་འདིར་ཁྱོད་ལ་ཁྲུས་བགྱིས་པས༔ གཞན་དབང་སྔོན་ལས་ལས་གྱུར་ནད༔ བཞི་བརྒྱ་རྩ་བཞི་ཞི་གྱུར་ཅིག༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་རོ་གེ་བྷྱཿཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ རྡོ་རྗེ་རྣམ་པར་འཇོམས་པ་ཡི༔ ཐུགས་རྗེ་སྤྲུལ་སྐུའི་བདུད་རྩིའི་ཆུས༔ དེང་འདིར་ཁྱོད་ལ་ཁྲུས་བགྱིས་པས༔ ཀུན་བརྟགས་གདོན་ལས་གྱུར་པའི་ནད༔ བཞི་བརྒྱ་རྩ་བཞི་ཞི་གྱུར་ཅིག༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་རོ་གེ་བྷྱཿཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ རྡོ་རྗེ་རྣམ་པར་འཇོམས་པ་ཡི༔ སྐུ་གསུམ་དབྱེར་མེད་བདུད་རྩིའི་ཆུས༔ དེང་འདིར་ཁྱོད་ལ་ཁྲུས་བགྱིས་པས༔ ལྟར་སྣང་འཕྲལ་རྐྱེན་ལས་གྱུར་ནད༔ བཞི་བརྒྱ་རྩ་བཞི་ཞི་གྱུར་ཅིག༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་རོ་གེ་བྷྱཿཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བརྗོད་རྡོ་རྗེའི་གོ་ཆས་བསྲུང༔ སྤྲོ་ན་སྨན་དང་དཀར་མངར་ཟས༔ བྱིན་བརླབས་བདེན་སྟོབས་བརྗོད་ཅིང་སྦྱིན༔ ནད་ཀྱི་གཡུལ་ལས་རྒྱལ་བར་བསམ༔ ས་མ་ཡ༔ གདོན་བགེགས་གཏོར་མས་སྦྱང་བ་ནི༔ འབྱུང་བཞིའི་གླུད་གཏོར་བསང་སྦྱང་ལ༔ བྱིན་བརླབས་འདོད་དགུའི་གཏེར་དུ་བསམ༔ བདེན་པའི་སྟོབས་ཀྱིས་མགྲོན་རྣམས་བཀུག༔ ཧཱུྃ༔ ང་ནི་བཅོམ་ལྡན་གསང་བའི་བདག༔ རྡོ་རྗེ་རྣམ་པར་འཇོམས་པ་སྟེ༔ སངས་རྒྱས་ཀུན་གྱི་མཐུ་སྟོབས་དང༔ བྱིན་རླབས་ཐུགས་རྗེ་གཅིག་བསྡུས་ནས༔ གདུག་པ་འདུལ་བར་དབང་ཡང་བསྐུར༔ དེ་ཕྱིར་གདོན་བགེགས་འབྱུང་པོ་ཀུན༔ ང་ཡི་བཀའ་ལ་འདའ་མ་བྱེད༔ ཁྲོ་རྒྱལ་རྡོ་རྗེའི་བཀའ་ལས་ནི༔ འབྱུང་པོ་གང་ཞིག་འདའ་བྱེད་པའི༔ ལུས་ངག་ཡིད་གསུམ་རྡུལ་དུ་རློག༔ མིང་ཡང་གྲགས་པར་མི་འགྱུར་ཕྱིར༔ དེ་བས་དམ་ལ་གནས་པར་གྱིས༔ ཞེས་བརྗོད་གཟུངས་སྔགས་ལན་གསུམ་བཟླ༔ འབྲུ་གསུམ་སྔོན་འགྲོ་སཾ་བྷ་ར༔ ཉེར་གཅིག་དག་གིས་གཏོར་མ་བསྔོ༔ ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་དེ་བཞིན་གཤེགས༔ རྣམ་པར་སྣང་མཛད་ཏིང་འཛིན་དང༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ མཐུ་སྟོབས་བྱིན་རླབས་གཅིག་བསྡུས་པ༔ གསང་བའི་བདག་པོའི་བཀའ་བྱུང་གི༔ ཤར་ཕྱོགས་སྟོང་གི་འཇིག་རྟེན་ན༔ གནས་པའི་ལྷ་སྲིན་སྡེ་བརྒྱད་དང༔ མ་རིག་གཏི་མུག་ལས་བྱུང་བའི༔ ཀླུ་གདོན་སུམ་བརྒྱ་དྲུག་ཅུ་ཀུན༔ འབྱུང་བ་ས་ཡི་དྭངས་མའི་བཅུད༔ གཅིག་བསྡུས་འདོད་ཡོན་རྒྱ་མཚོའི་སྤྲིན༔ གླུད་གཏོར་བཟང་པོ་འདི་ཁྱེར་ལ༔ བསྒྲུབ་བྱའི་ལུས་ངག་ཡིད་གསུམ་ལ༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམས་པ་ཀློད་ལ་མནན་པ་ཐེགས༔ ཕྱིན་ཆད་གནོད་འཚེའི་བསམ་སྦྱོར་སྤོངས༔ གལ་ཏེ་བཀའ་ལས་འདའ་བྱེད་ན༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་ལས་སྤྲུལ་པའི་ཁྲོ་བོའི་རྒྱལ༔ གཏི་མུག་རྣམ་དག་ཧེ་རུ་ཀ༔ རྡོ་རྗེ་གཏུམ་པོ་ཐུགས་ཁྲོས་ནས༔ འབར་བའི་མཚོན་ཆ་སྣ་ཚོགས་ཀྱིས༔ ལུས་ངག་ཡིད་གསུམ་རྡུལ་དུ་བརླག༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ ཨོཾ་བུདྡྷ་མ་ཧཱ་ཀྲོ་དྷ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཧཱུྃ༔ མཉམ་ཉིད་ཡེ་ཤེས་འདོད་དགུའི་གཏེར༔ རིན་ཆེན་འབྱུང་ལྡན་ཏིང་འཛིན་དང༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ མཐུ་སྟོབས་བྱིན་རླབས་གཅིག་བསྡུས་པ༔ གསང་བའི་བདག་པོའི་བཀའ་བྱུང་གི༔ ལྷོ་ཕྱོགས་སྟོང་གི་འཇིག་རྟེན་ན༔ གནས་པའི་ལྷ་སྲིན་སྡེ་བརྒྱད་དང༔ མ་རིག་ང་རྒྱལ་ལས་བྱུང་བའི༔ ཕོ་གདོན་སུམ་བརྒྱ་དྲུག་ཅུ་ཀུན༔ འབྱུང་བ་ཆུ་ཡི་དྭངས་མའི་བཅུད༔ གཅིག་བསྡུས་འདོད་ཡོན་རྒྱ་མཚོའི་སྤྲིན༔ གླུད་གཏོར་བཟང་པོ་འདི་ཁྱེར་ལ༔ བསྒྲུབ་བྱའི་ལུས་ངག་ཡིད་གསུམ་ལ༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམས་པ་ཀློད་ལ་མནན་པ་ཐེགས༔ ཕྱིན་ཆད་གནོད་འཚེའི་བསམ་སྦྱོར་སྤོངས༔ གལ་ཏེ་བཀའ་ལས་འདའ་བྱེད་ན༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཡོན་ཏན་ལས་བྱུང་ཁྲོ་བོའི་རྒྱལ༔ ང་རྒྱལ་རྣམ་དག་ཧེ་རུ་ཀ༔ རྡོ་རྗེ་བེ་ཅོན་ཐུགས་ཁྲོས་ནས༔ འབར་བའི་མཚོན་ཆ་སྣ་ཚོགས་ཀྱིས༔ ལུས་ངག་ཡིད་གསུམ་རྡུལ་དུ་བརླག༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ ཨོཾ་རཏྣ་མ་ཧཱ་ཀྲོ་དྷ་ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཧཱུྃ༔ སོར་རྟོག་ཡེ་ཤེས་པདྨའི་རིགས༔ སྣང་བ་མཐའ་ཡས་ཏིང་འཛིན་དང༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ མཐུ་སྟོབས་བྱིན་རླབས་གཅིག་བསྡུས་པ༔ གསང་བའི་བདག་པོའི་བཀའ་བྱུང་གི༔ ནུབ་ཕྱོགས་སྟོང་གི་འཇིག་རྟེན་ན༔ གནས་པའི་ལྷ་སྲིན་སྡེ་བརྒྱད་དང༔ མ་རིག་འདོད་ཆགས་ལས་བྱུང་བའི༔ མོ་གདོན་སུམ་བརྒྱ་དྲུག་ཅུ་ཀུན༔ འབྱུང་བ་མེ་ཡི་དྭངས་མའི་བཅུད༔ གཅིག་བསྡུས་འདོད་ཡོན་རྒྱ་མཚོའི་སྤྲིན༔ གླུད་གཏོར་བཟང་པོ་འདི་ཁྱེར་ལ༔ བསྒྲུབ་བྱའི་ལུས་ངག་ཡིད་གསུམ་ལ༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམས་པ་ཀློད་ལ་མནན་པ་ཐེགས༔ ཕྱིན་ཆད་གནོད་འཚེའི་བསམ་སྦྱོར་སྤོངས༔ གལ་ཏེ་བཀའ་ལས་འདའ་བྱེད་ན༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ གསུང་ལས་སྤྲུལ་པའི་ཁྲོ་བོའི་རྒྱལ༔ འདོད་ཆགས་རྣམ་དག་ཧེ་རུ་ཀ༔ རྡོ་རྗེ་ཐོ་བ་ཐུགས་ཁྲོས་ནས༔ འབར་བའི་མཚོན་ཆ་སྣ་ཚོགས་ཀྱིས༔ ལུས་ངག་ཡིད་གསུམ་རྡུལ་དུ་བརླག༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ ཨོཾ་པདྨ་མ་ཧཱ་ཀྲོ་དྷ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཧཱུྃ༔ བྱ་གྲུབ་ཡེ་ཤེས་ལས་ཀྱི་རིགས༔ དོན་ཡོད་གྲུབ་པའི་ཏིང་འཛིན་དང༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ མཐུ་སྟོབས་བྱིན་རླབས་གཅིག་བསྡུས་པ༔ གསང་བའི་བདག་པོའི་བཀའ་བྱུང་གི༔ བྱང་ཕྱོགས་སྟོང་གི་འཇིག་རྟེན་ན༔ གནས་པའི་ལྷ་སྲིན་སྡེ་བརྒྱད་དང༔ མ་རིག་ཕྲག་དོག་ལས་བྱུང་བའི༔ སྣ་ཚོགས་འཁྲུལ་པའི་གདོན་བགེགས་ཀུན༔ འབྱུང་བ་རླུང་གི་དྭངས་མའི་བཅུད༔ གཅིག་བསྡུས་འདོད་ཡོན་རྒྱ་མཚོའི་སྤྲིན༔ གླུད་གཏོར་བཟང་པོ་འདི་ཁྱེར་ལ༔ བསྒྲུབ་བྱའི་ལུས་ངག་ཡིད་གསུམ་ལ༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམས་པ་ཀློད་ལ་མནན་པ་ཐེགས༔ ཕྱིན་ཆད་གནོད་འཚེའི་བསམ་སྦྱོར་སྤོངས༔ གལ་ཏེ་བཀའ་ལས་འདའ་བྱེད་ན༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་སྤྲུལ་པའི་ཁྲོ་བོའི་རྒྱལ༔ ཕྲག་དོག་རྣམ་དག་ཧེ་རུ་ཀ༔ རྡོ་རྗེ་ཕུར་བུ་ཐུགས་ཁྲོས་ནས༔ འབར་བའི་མཚོན་ཆ་སྣ་ཚོགས་ཀྱིས༔ ལུས་ངག་ཡིད་གསུམ་རྡུལ་དུ་བརླག༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ ཨོཾ་ཀརྨ་མ་ཧཱ་ཀྲོ་དྷ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄༔ སླར་ཡང་གླུད་ཕྲན་གཏོར་མ་དང༔ ཆངས་བུ་ལ་སོགས་ཅི་འབྱོར་བཤམ༔ འབྲུ་གསུམ་བྱིན་རླབས་སཾ་བྷ་རས༔ ནམ་མཁའ་མཛོད་ཀྱི་སྤྲིན་དུ་བསྔོ༔ ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས༔ སྲེད་དང་ཆགས་དང་ཞེན་པ་རྣམས༔ དྲན་དང་བཟུང་དང་བསམ་དང་རེག༔ ཀློད་དང་གྲོལ་དང་ཞི་བར་མཛོད༔ དེ་མཐར་གླུད་གཏོར་ཕྱི་རོལ་བསྐྱལ༔ གུ་གུལ་བདུག་ཅིང་ཐུན་གྱིས་བྲབས༔ ཧཱུྃ་བཞིའི་སྔགས་ཀྱི་མཚོན་ཆས་གཟིར༔ ཕྱི་ནང་སྲུང་བའི་འཁོར་ལོས་བཅིངས༔ ས་མ་ཡ༔ འགལ་རྐྱེན་འཁོར་ལོས་སྲུང་བ་ནི༔ གྲོ་ག་འམ་ནི་ཤོག་བུ་ལ༔ རྒྱ་སྣག་གི་ཝཾ་སྦྱར་པ་ཡིས༔ སྣ་ཚོགས་རྡོ་རྗེའི་ལྟེ་བ་རུ༔ ཙཀྲ་མུ་ཁྱུད་རིམ་ལྔ་བསྐོར༔ དབུས་སུ་ཧཱུྃ་མཐར་ཡང་སྙིང་གཤམ༔ འཆང་བ་པོ་ལ་ནད་གདོན་སྡིག་སྒྲིབ་གྲིབ་དང་མི་གཙང་བ་སོགས་བར་དུ་གཅོད་པ་དང་མི་མཐུན་པའི་ཕྱོགས་ཐམས་ཅད་རཀྵ་རཀྵ༔ དེ་ཕྱི་མུ་ཁྱུད་དང་པོ་ལ༔ རྩིབས་བཞིའི་ཤར་ནས་གཡས་སྐོར་དུ༔ ཨོཾ་བུདྡྷ་མ་ཧཱ་ཀྲོ་དྷ་ཧ་ན་ཧ་ན་ཧཱུྃ་ཕཊ༔ འཆང་བ་པོའི་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་སྲུང་བ་ལ་བར་དུ་གཅོད་པ་ཐམས་ཅད་རཀྵ་རཀྵ༔ ཨོཾ་རཏྣ་མ་ཧཱ་ཀྲོ་དྷ་ཏིཥྛ་ཏིཥྛ་ཧཱུྃ་ཕཊ྄༔ ཚེ་དང་བསོད་ནམས་ཡེ་ཤེས་རྒྱས་པར་བྱེད་པ་ལ་བར་དུ་གཅོད་པ་ཐམས་ཅད་རཀྵ་རཀྵ༔ ཨོཾ་པདྨ་མ་ཧཱ་ཀྲོ་དྷ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཁམས་གསུམ་དབང་དུ་བྱ་བ་ལ་བར་དུ་གཅོད་པ་ཐམས་ཅད་རཀྵ་རཀྵ༔ ཨོཾ་ཀརྨ་མ་ཧཱ་ཀྲོ་དྷ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ དགྲ་བགེགས་འབྱུང་པོ་ཚར་གཅོད་པ་ལ་བར་དུ་གཅོད་པ་ཐམས་ཅད་རཀྵ་རཀྵ༔ ཞེས་དང་རྩིབས་མཆན་སོ་སོ་ལ༔ ཨོཾ་ཨ་མྲྀཏེ་ཧཱུྃ་ཕཊ༔ གཟུངས་སྔགས་ཀྱི་ལས་སྒྲུབ་པ་ལ་བར་དུ་གཅོད་པ་ཐམས་ཅད་རཀྵ་རཀྵ༔ མུ་ཁྱུད་གཉིས་པར་རྩིབས་བཞི་ལ༔ པྲ་ཧ་ར་པྲ་ཧ་ར་བཛྲ་པྲ་བྷཉྫ་ནཱ་ འཆང་བ་པོའི་ནད་གདོན་བར་ཆད་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཏྲཱ་ས་ཡ་ཏྲཱ་ས་ཡ་བཛྲ་ཀཱི་ལི་ཀཱི་ལ་ཡ་ ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ༔ ཧ་ར་ཧ་ར་བཛྲ་དྷཱ་ར་ཡ་ ཁམས་གསུམ་སྣོད་བཅུད་རླུང་སེམས་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོ༔ ཙུ་རུ་ཙུ་རུ་ཙཎྜ་ཀཱི་ལི་ཀཱི་ལ་ཡ་ གནོད་བྱེད་འབྱུང་པོ་དུག་ལྔ་དུག་གསུམ་ཐམས་ཅད་མཱ་ར་ཡ་ཕཊ༔ རྩིབ་མཆན་ཨ་མྲྀཏེ་ཡི་གཤམ༔ ཤཱནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་ཕཊ༔ གསུམ་པར་འཁོར་ལོ་རྩིབས་བཅུའི་དབུས༔ མདུན་ནས་བརྩམ་སྟེ་གཡས་སྐོར་དུ༔ ཨོཾ་ཧ་ར་ཧ་ར་བཛྲ་ཧཱུྃ་ཕཊ༔ འཆང་བ་པོ་ལ་སྟེང་ལྷ་ཡི་གདོན་གྱི་གནོད་པ་དང་དྲག་པོའི་ལས་སྒྲུབ་པ་ལ་བར་དུ་གཅོད་པ་ཐམས་ཅད་རཀྵ་རཀྵ༔ ཨོཾ་མ་ཐ་མ་ཐ་བཛྲ་ཧཱུྃ་ཕཊ༔ ཤར་ཕྱོགས་དྲི་ཟའི་གདོན་གྱི་གནོད་པ་དང་དྲག་པོའི་ལས་སྒྲུབ་པ་ལ་བར་དུ་གཅོད་པ་ཐམས་ཅད་རཀྵ་རཀྵ༔ ཨོཾ་དྷུ་ན་དྷུ་ན་བཛྲ་ཧཱུྃ་ཕཊ༔ ཤར་ལྷོ་མེ་ལྷའི་གདོན་གྱི་གནོད་པ་དང་དབང་གི་ལས་སྒྲུབ་པ་ལ་བར་དུ་གཅོད་པ་ཐམས་ཅད་རཀྵ་རཀྵ༔ ཨོཾ་ད་ཧ་ད་ཧ་བཛྲ་ཧཱུྃ་ཕཊ༔ ལྷོ་ཕྱོགས་གཤིན་རྗེའི་གདོན་གྱི་གནོད་པ་དང་དབང་གི་ལས་སྒྲུབ་པ་ལ་བར་དུ་གཅོད་པ་ཐམས་ཅད་རཀྵ་རཀྵ༔ ཨོཾ་པ་ཙ་པ་ཙ་བཛྲ་ཧཱུྃ་ཕཊ༔ ལྷོ་ནུབ་སྲིན་པོའི་གདོན་གྱི་གནོད་པ་དང་དྲག་པོའི་ལས་སྒྲུབ་པ་ལ་བར་དུ་གཅོད་པ་ཐམས་ཅད་རཀྵ་རཀྵ༔ ཨོཾ་དྷ་ར་དྷ་ར་བཛྲ་ཧཱུྃ་ཕཊ༔ ནུབ་ཕྱོགས་ཀླུ་ཡི་གདོན་གྱི་གནོད་པ་དང་ཞི་བའི་ལས་སྒྲུབ་པ་ལ་བར་དུ་གཅོད་པ་ཐམས་ཅད་རཀྵ་རཀྵ༔ ཨོཾ་དྷ་ར་ཡ་དྷ་ར་ཡ་བཛྲ་ཧཱུྃ་ཕཊ༔ ནུབ་བྱང་རླུང་ལྷའི་གདོན་གྱི་གནོད་པ་དང་རྒྱས་པའི་ལས་སྒྲུབ་པ་ལ་བར་དུ་གཅོད་པ་ཐམས་ཅད་རཀྵ་རཀྵ༔ ཨོཾ་དཱ་རུ་ཎ་དཱ་རུ་ཎ་བཛྲ་ཧཱུྃ་ཕཊ༔ བྱང་ཕྱོགས་གནོད་སྦྱིན་གདོན་གྱི་གནོད་པ་དང་ཞི་བའི་ལས་སྒྲུབ་པ་ལ་བར་དུ་གཅོད་པ་ཐམས་ཅད་རཀྵ་རཀྵ༔ ཨོཾ་ཙྪིནྡ་ཙྪིནྡ་བཛྲ་ཧཱུྃ་ཕཊ༔ བྱང་ཤར་བགེགས་ཀྱི་གནོད་པ་དང་རིག་སྔགས་གཅད་པའི་ལས་སྒྲུབ་པ་ལ་བར་དུ་གཅོད་པ་ཐམས་ཅད་རཀྵ་རཀྵ༔ ཨོཾ་བྷིནྡྷ་བྷིནྡྷ་བཛྲ་ཧཱུྃ་ཕཊ༔ འོག་ཕྱོགས་ས་བདག་གི་གདོན་གྱི་གནོད་པ་དང་རིག་སྔགས་མནན་པའི་ལས་སྒྲུབ་པ་ལ་བར་དུ་གཅོད་པ་ཐམས་ཅད་རཀྵ་རཀྵ༔ ཞེས་དང་རྩིབས་མཆན་དང་པོར་མཐུན༔ མུ་ཁྱུད་བཞི་པར་གཟུངས་རིང་མཐར༔་་་་༼ན་མོ་རཏྣ་ཏྲ་ཡཱ་ཡ༔ ན་མཤྩཎྜ་བཛྲ་པཱ་ཎ་ཡེ༔ མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ༔ ཏདྱ་ཐཱ༔ ཨོཾ་ཏྲུཊ་ཏྲུཊ༔ ཏྲོཊ་ཡ་ཏྲོཊ་ཡ༔ སྥུཊ་སྥུཊ༔ སྥོཊ་ཡ་སྥོཊ་ཡ༔ གྷཱུརྞཱ་གྷཱུརྞཱ༔ གྷཱུརྞཱ་པ་ཡ་གྷཱུརྞཱ་པ་ཡ༔ སརྦ་སཏྭཱ་ནི༔ བོ་དྷ་ཡ་བོ་དྷ་ཡ༔ སཾ་བྷོ་དྷ་ཡ་སཾ་བྷོ་དྷ་ཡ༔ བྷྲཱམ་བྷྲཱམ༔ སཾ་བྷྲཱམ་ཡ་སཾ་བྷྲཱམ་ཡ༔ སརྦ་བྷཱུཏཱ་ནི༔ ཀུཊྚ་ཀུཊྚ༔ སཾ་ཀུཊྚ་ཡ་སཾ་ཀུཊྚ་ཡ༔ སརྦ་ཤ་ཏྲཱུན༔ གྷ་ཊ་གྷ་ཊ༔ སཾ་གྷ་ཊ་ཡ་སཾ་གྷ་ཊ་ཡ༔ སརྦ་བིདྱཱཾ་བཛྲ་བཛྲ༔ སྥོཊ་ཡ་བཛྲ་བཛྲ༔ ཀ་ཊ་བཛྲ་བཛྲ༔ མ་ཊ་བཛྲ་བཛྲ༔ མ་ཐ་བཛྲ་བཛྲ༔ ཨཊྚ་ཧཱ་ས་ནཱི་ལ་བཛྲ་སུ་བཛྲཱ་ཡ་སྭཱ་ཧཱ༔ ཧེ་ཕུལླུ༔ ནི་རུ་ཕུལླུ༔ གྲྀཧྞ་ཀུལླུ༔ མི་ལི་ཙུལླུ༔ ཀུ་རུ་ཀུལླུ༔ བཛྲ་བི་ཛ་ཡཱ་ཡ་སྭཱ་ཧཱ༔ ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ༔ ཀ་ཊ་ཀ་ཊ༔ མ་ཊ་མ་ཊ༔ ར་ཊ་ར་ཊ༔ མོ་ཊ་ན༔ པྲ་མོ་ཊ་ནཱ་ཡ་སྭཱ་ཧཱ༔ ཙ་ར་ནི་ཙ་ར༔ ཧ་ར་ཧ་ར༔ ས་ར་ས་ར༔ མཱ་ར་ཡ༔ བཛྲ་བིདཱར་ཎ་ཡ་སྭཱ་ཧཱ༔ ཙྪིནྡྷ་ཙྪིནྡྷ༔ བྷིནྡྷ་བྷིནྡྷ༔ མ་ཧཱ་ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ༔ བྷནྡྷ་བྷནྡྷ༔ ཀྲོདྷ་བཛྲ་ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ༔ ཙུ་རུ་ཙུ་རུ༔ ཙཎྜ་ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ༔ ཏྲཱ་ས་ཡ་ཏྲཱ་ས་ཡ༔ བཛྲ་ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ༔ ཧ་ར་ཧ་ར༔ བཛྲ་དྷ་རཱ་ཡ་སྭཱ་ཧཱ༔ པྲ་ཧ་ར་པྲ་ཧ་ར༔ བཛྲ་པྲ་བྷཉྫ་ནཱ་ཡ་སྭཱ་ཧཱ༔ མ་ཏི་སྡྱི་ར་བཛྲ༔ ཤཱུ་ཏི་སྡྱི་ར་བཛྲ༔ པྲ་ཏི་སྡྱི་ར་བཛྲ༔ མ་ཧཱ་བཛྲ༔ ཨ་པྲ་ཏི་ཧ་ཏ་བཛྲ༔ ཨ་མོ་གྷ་བཛྲ༔ ཨེ་ཧྱེ་ཧི༔ ཤྲཱི་གྷྲཾ་བཛྲ་དྷ་རཱ་ཡ་སྭཱ་ཧཱ༔ དྷ་ར་དྷ་ར༔ དྷི་རི་དྷི་རི༔ དྷུ་རུ་དྷུ་རུ༔ སརྦ་བཛྲ་ཀཱུ་ལ་མཱ་བརྟ་ཡ་སྭཱ་ཧཱ༔ ཨ་མུ་ཀ་མཱ་ར་ཡ་ཕཊ༔ ན་མཿས་མནྟ་བཛྲ་ཎཾ༔ སརྦ་བཛྲ་ཀུ་ལ་མ་བརྟ་ཡ༔ མ་ཧཱ་བ་ལེ༔ ཀ་ཏ་པ་ལེ༔ ཏ་ཏ་ལེ༔ ཨ་ཙ་ལེ༔ མཎྜལ་མ་ཡེ༔ ཨ་ཏི་བཛྲ༔ མ་ཧཱ་བ་ལེ༔ བེ་ག་ར་ན་ར་ན༔ ཨ་ཛི་ཏེ༔ ཛྭ་ལ་ཛྭ་ལ༔ ཏི་ཊི་ཏི་ཊི༔ ཏིངྒ་ལེ༔ ད་ཧ་ད་ཧ༔ ཏེ་ཛྭ་བ་ཏི༔ ཏི་ལི་ཏི་ལི༔ བྷནྡྷ་བྷནྡྷ༔ མ་ཧཱ་བ་ལེ་བཛྲ་ཨངྐུ་ཤ་ཛྭ་ལཱ་ཡ་སྭཱ་ཧཱ༔ ༈ ན་མོ་རཏྣ་ཏྲ་ཡཱ་ཡ༔ ན་མཤྩཎྜ་བཛྲ་པཱ་ཎ་ཡེ༔ མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ༔ ཏདྱ་ཐཱ༔ ཨོཾ་ཧ་ར་ཧ་ར་བཛྲ༔ མ་ཐ་མ་ཐ་བཛྲ༔ དྷུ་ན་དྷུ་ན་བཛྲ༔ ད་ཧ་ད་ཧ་བཛྲ༔ པ་ཙ་པ་ཙ་བཛྲ༔ དྷ་ར་དྷ་ར་བཛྲ༔ དྷཱ་ར་ཡ་དྷཱ་ར་ཡ་བཛྲ༔ དཱ་རུ་ཎ་དཱ་རུ་ཎ་བཛྲ༔ ཙྪིནྡྷ་ཙྪིནྡྷ་བཛྲ༔ བྷིནྡྷ་བྷིནྡྷ་བཛྲ་ཧཱུྃ་ཕཊ༔ ༈ ན་མཤྩཎྜ་བཛྲ་ཀྲོ་དྷ་ཡ༔ ཧུ་ལུ་ཧུ་ལུ༔ ཏིཥྛ་ཏིཥྛ༔ བནྡྷ་བནྡྷ༔ ཧ་ན་ཧ་ན༔ ཨ་མྲྀཏེ་ཧཱུྃ་ཕཊ༔༽ འཆང་བ་པོ་ལ་མི་ཆོད་པ་མི་ཤིགས་པ༔ བདེན་པ༔ སྲ་བ༔ བརྟན་པ༔ ཐམས་ཅད་དུ་ཐོགས་པ་མེད་པ༔ ཐམས་ཅད་དུ་མ་ཕམ་པ༔ སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ༔ སེམས་ཅན་ཐམས་ཅད་འཇིལ་བར་བྱེད་པ༔ རིག་སྔགས་ཐམས་ཅད་གཅོད་པར་བྱེད་པ༔ རིག་སྔགས་ཐམས་ཅད་གནོན་པར་བྱེད་པ༔ ལས་ཐམས་ཅད་འཇོམས་པར་བྱེད་པ༔ གཞན་གྱི་ལས་ཐམས་ཅད་འཇིགས་པར་བྱེད་པ༔ གདོན་ཐམས་ཅད་བརླག་པར་བྱེད་པ༔ གདོན་ཐམས་ཅད་ལས་ཐར་བར་བྱེད་པ༔ འབྱུང་པོ་ཐམས་ཅད་འགུགས་པར་བྱེད་པ༔ རིག་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པ༔ མ་གྲུབ་པ་རྣམས་གྲུབ་པར་བྱེད་པ༔ གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པ༔ འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ༔ སེམས་ཅན་ཐམས་ཅད་སྲུང་བ༔ ཞི་བ༔ རྒྱས་པ༔ སེམས་ཅན་ཐམས་ཅད་རེངས་པར་བྱེད་པ༔ རྨུགས་པར་བྱེད་པའི་གསང་སྔགས་ཀྱི་མཐུ་ཆེན་པོ་དེ་དག་ཐོགས་པ་མེད་པར་རབ་ཏུ་འགྲུབ་པར་གྱུར་ཅིག་སྭཱ་ཧཱ༔ དེ་ཕྱི་མུ་ཁྱུད་ལྔ་པ་ལ༔ ན་མཿས་མནྟ་བུདྡྷཱ་ནཱཾ༔ ན་མཿས་མནྟ་དྷརྨཱ་ནཱཾ༔ ན་མཿས་མནྟ་སཾ་གྷཱ་ནཱཾ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་དྷྲིཥྚ་རཱཥྚ་ཡེ་སྭཱ་ཧཱ༔ ཨོཾ་བཻ་རཱུ་ཌྷ་ཀ་ཡེ་སྭཱ་ཧཱ༔ ཨོཾ་བཻ་རཱུ་པཱཀྵ་ཡེ་སྭཱ་ཧཱ༔ ཨོཾ་བཻ་ཤྲ་མ་ཎཱ་ཡེ་སྭཱ་ཧཱ༔ ཨོཾ་སརྦ་བཛྲ་ཀིངྐ་རཱི་སྭཱ་ཧཱ༔ ཞེས་དང་རྟེན་སྙིང་་་༼ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ༔ ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏེ་ཧྱ་བ་དཏ྄༔ ཏེ་ཥཱཉྩ་ཡོ་ནི་རོ་དྷ༔ ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ༔༽ཚར་གསུམ་མཐར༔ རྣམ་བཞིའི་ལས་དང་གཟུངས་སྔགས་ཀྱི༔ ཕྲིན་ལས་འགྲུབ་པའི་སྤེལ་ཚིག་སྦྱར༔ ཕྱི་རོལ་སྣ་ཚོགས་རྡོ་རྗེ་ཡི༔ བར་མཚམས་མེ་རིས་མཛེས་པར་བྱ༔ སྤྱི་རུ་ལྔ་ཚན་ལྔ་ཡི་རྫས༔ ཁྱབ་པར་བྱུག་ཅིང་བྱེ་བྲག་ཏུ༔ འོག་ནས་འབྱུང་བའི་སོ་སོའི་རྫས༔ མན་ངག་གནད་དང་ལྡན་པར་བྱུག༔ མ་ཉམས་ཤེལ་དང་རིན་པོ་ཆེ༔ མེ་ཏོག་སྔོན་པོ་གི་འུ་ཝང༔ ཡུངས་དཀར་ཤུ་དག་རྨ་བྱའི་སྒྲོ༔ ཕ་བོང་ལོང་བུ་དར་ཚོན་ལྔ༔ ས་སྣ་ཆུ་སྣ་ཚོགས་ཚད་དང༔ ཁྱད་པར་ཞི་བར་ཨ་རུ་ར༔ རྒྱས་པར་དཱུརྦཱ་དབང་ལ་ནི༔ སིནྡྷུ་ར་དང་དྲག་པོ་ལ༔ ཚ་བ་གསུམ་གྱི་ཕྱེ་མར་བཅས༔ དཀྱིལ་འཁོར་དབུས་སུ་ལེགས་པར་བཀོད༔ ལྷར་བསྐྱེད་བཟླས་པའི་མེ་ཏོག་གིས༔ རབ་ཏུ་གནས་ཤིང་ཤིས་པ་བརྗོད༔ གཙོ་འཁོར་འོད་ཞུ་འཁོར་ལོར་བསམ༔ དར་སྣ་ལྔ་ཡིས་རྒྱ་ཆིངས་གདབ༔ སྤྱི་བོའི་གཙུག་གམ་མགུལ་དུ་འཆང༔ མཐོང་ཐོས་དྲན་རེག་འགྲོ་ཀུན་ཀྱང༔ གནས་སྐབས་ནད་གདོན་འཇིགས་བརྒྱད་ཞི༔ ཚེ་བསོད་རྒྱས་ཤིང་འདོད་དགུ་འགྲུབ༔ མི་མཐུན་ཕྱོགས་རྣམས་ཚར་གཅོད་འགྱུར༔ མཐར་ཐུག་རྡོ་རྗེ་གཏུམ་པོ་ཡི༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེར་སྦྱོར༔ ཕྲིན་ལས་གསང་བདག་ཉིད་དང་མཚུངས༔ དེ་ཕྱིར་ཡིད་བཞིན་ནོར་ལས་ལྷག༔ ས་མ་ཡ༔ གཞན་ཡང་རྫས་ཀྱིས་སྲུང་བ་ནི༔ ཤུ་དག་ཨ་རུ་གི་འུ་ཝང༔ ལི་ཁྲི་་་སིནྡྷུ་ར།བཙན་དུག་པུ་ཙཎྜ༔་་ཡུངས་དཀར། སྤང་སྤོས་ག་པུར་སྡོང་རོས་དང༔ མིང་ཅན་གླ་རྩི་སྤྲུ་བ་ནག༔ གུ་གུལ་ནག་པོ་རུ་རྟ་དང༔ ཡུང་བ་སྤོས་དཀར་ཨ་གར་ནག༔ རྫས་སྣ་བཅུ་གསུམ་ལྷ་གནས་བཀོད༔ མཐའ་སྐོར་བཟང་པོ་དྲུག་ལ་སོགས༔ དྲི་ལྡན་སྨན་སྣ་གང་འབྱོར་དང༔ ཁྱད་པར་ཆིག་ཐུབ་དཔའ་བོ་གཉིས༔་་་དཔའ་བོ་དཀར་པོ་དང་རྡོ་ཁབ་ལེན། ར་མཉེ་ཟི་ར་དཀར་ནག་དང༔ ཤིང་ཀུན་མཁན་དམར་ལྕགས་ཀྱུ་བ༔ ཕུར་ནག་རྡོ་རྗེ་གཉིས་བཅས་བཀྲམ༔ ཁྲོལ་བུའི་སྟེང་དུ་ལྷ་ཚོགས་བསྐྱེད༔ བཟླས་པས་སྐུ་ལས་བདུད་རྩིའི་རྒྱུན༔ དཔག་ཏུ་མེད་པ་བབས་པ་ཡིས༔ རྫས་རྣམས་མི་གཙང་ཉེས་སྐྱོན་སྦྱངས༔ ནུས་པ་མཆོག་ཏུ་བསྐྱེད་པར་བསམ༔ ཐུན་རེར་གཟུངས་སྔགས་ཅི་ནུས་དང༔ རང་སྔགས་བརྒྱ་རྩ་ལ་སོགས་བཟླ༔ མཚན་མ་ཐོབ་ཀྱི་བར་དུ་བསྒྲུབས༔ དེ་ནས་ལྷན་ཅིག་ཞིབ་པར་བཏགས༔ ལྔ་ཚན་ལྔ་ཡི་རྫས་དང་བཅས༔ རིགས་བཟང་ལོ་བརྒྱད་དྲི་ཆུ་འམ༔ བ་གསར་དམར་ཟལ་ཆུ་དང་སྦྱར༔ བུམ་པར་ཚུལ་བཞིན་སྒྲུབ་ཅིང་བཟླ༔ མཐར་ནི་རིལ་བུར་དྲིལ་བ་ཉིད༔ རིན་པོ་ཆེ་ཡི་སྣོད་དུ་བླུགས༔ དཀྱིལ་འཁོར་ལྷ་ཚོགས་ངོ་བོར་བསྒོམ༔ གཟུངས་སྔགས་སྙིང་པོ་ཉེ་སྙིང་དང༔ སྐབས་སུ་ངར་འདོགས་སྤུ་གྲིའི་སྔགས༔ ཨོཾ་ཐིམ་ཐ་ར་ཏེ་ས་དུནྟེ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ ཨོཾ་བཛྲ་ཙཎྜ་ཁྲོཾ་ག་རུ་ཌཿསརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ནཱ་ག་དུ༔ ཚནྡྷེ་ཚནྡྷེ༔ མི་ལི་མི་ལི༔ བྷནྡྷ་བྷནྡྷ༔ ནཱ་ག་ནི་སྭཱ་ཧཱ༔ ཞེས་པ་སྤེལ་ཞིང་དྲག་ཏུ་བཟླ༔ གྲུབ་ནས་ཡེ་ཤེས་ལྷ་ཚོགས་གཤེགས༔ དམ་ཚིག་འོད་ཞུ་རིལ་བུར་བསམ༔ རྟེན་འབྲེལ་སྙིང་པོ་བརྒྱ་རྩ་ཡིས༔ བྱིན་རླབས་བརྟན་ཅིང་ནུས་ལྡན་བྱ༔ རིལ་བུ་བདུན་རེ་ལུས་ལ་བཅང༔ མི་མཐུན་ཕྱོགས་རྣམས་ཀུན་བསྲུངས་ནས༔ ཕྲིན་ལས་རྣམ་བཞི་གང་བརྩམ་འགྲུབ༔ ཁོང་དུ་གཏང་དང་བྱུགས་པ་དང༔ དུ་བས་བདུག་པ་ཙམ་གྱིས་ཀྱང༔ གདོན་དང་བགེགས་ཀྱི་ཚོགས་རྣམས་ལ༔ རྡོ་རྗེ་གཏུམ་པོའི་སྣང་བ་འབྱུང༔ བར་ཆད་ཕྱོགས་སུ་ཉེ་མི་ནུས༔ ནད་རིམས་མེ་ལྟར་འབར་བ་དང༔ གདོན་བགེགས་ཆུ་ལྟར་འཁྲུགས་པ་སོགས༔ འཇིགས་པའི་ཆོ་འཕྲུལ་ཅི་བྱུང་ཡང༔ བ་སྤུའི་རྩེ་མོའང་གཡོ་མི་ནུས༔ གྲིབ་དང་མི་གཙང་རང་སར་གྲོལ༔ མཐར་ཐུག་མཁའ་སྤྱོད་ཉིད་ཀྱང་འགྲུབ༔ རྫས་ཀྱི་སྦྱོར་བ་མང་བསྟན་ཡང༔ འདི་འདྲའི་ཟབ་མོའི་གདམས་པ་ནི༔ གཞན་དུ་ནམ་ཡང་བསྟན་པ་མེད༔ དེ་ཕྱིར་སྙིང་ལས་གཅེས་པར་ཟུངས༔ ས་མ་ཡ༔ མཐུན་རྐྱེན་མེ་ཡིས་སྒྲུབ་པ་ནི༔ ཐུན་མོང་ཤིས་པའི་སྟེགས་བུའི་སྟེང༔ སྣ་ཚོགས་རྡོ་རྗེའི་ལྟེ་བ་རུ༔ མུ་ཁྱུད་རིམ་པ་གསུམ་གྱི་དབུས༔ པདྨ་འདབ་མ་ལྔ་པ་དང༔ དེ་རྒྱབ་འཁོར་ལོ་རྩིབས་བཅུ་སྟེ༔ དེ་རྒྱབ་སྣ་ཚོགས་པདྨ་དང༔ ཐ་མར་འབར་བའི་ཕྲེང་བས་བསྐོར༔ དྲི་བཟང་བུད་ཤིང་ཟུར་བརྒྱད་བརྩེགས༔ བདག་གི་རྣལ་འབྱོར་སྔོན་འགྲོ་བས༔ མེ་སྦར་འཇིག་རྟེན་མེ་ལྷ་མཆོད༔ དེ་ཡི་ལྟོ་བ་ཡངས་པའི་ཀློང༔ དཀྱིལ་འཁོར་ལྷ་ཚོགས་གཞུང་བཞིན་ལ༔ འོད་ཟེར་སྣ་ཚོགས་འཕྲོ་བར་བསྐྱེད༔ སྤྱན་དྲངས་མཆོད་ཅིང་བསྟོད་པའི་རྗེས༔ ཧཱུྃ༔ ཐབས་དང་ཤེས་རབ་ཟུང་འཇུག་པའི༔ རྡོ་རྗེའི་དགང་བླུག་ལས་བྱུང་བའི༔ ཡེ་ཤེས་བདུད་རྩིའི་མཆོད་སྤྲིན་གྱིས༔ དཀྱིལ་འཁོར་ལྷ་ཚོགས་མཉེས་པ་ལས༔ ཐུགས་རྗེ་ཆེན་པོའི་འོད་ཟེར་གྱིས༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མཆོད༔ འགྲོ་ཀུན་སྒྲིབ་གཉིས་ཡོངས་སུ་སྦྱངས༔ གང་འདུལ་ཕྲིན་ལས་ལྷུན་གྲུབ་གྱུར༔ ཅེས་དང་སྐབས་སུ་སྤེལ་ཚིག་སྦྱར༔་་་ཉེ་བའི་སྙིང་པོའི་མཐར། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པའི་དམ་ཚིག་ཉམས་ཆག་ཞི་ཞིང་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ༔ ཞེས་བརྗོད་རྫས་རྣམས་སོ་སོར་འབུལ༔ སྐབས་སུ་ལས་བཞིའི་སྤེལ་ཚིག་སྦྱར༔ བཟླས་པས་ཐུགས་དམ་རྒྱུད་བསྐུལ་ཞིང༔ ཅི་འདོད་དངོས་གྲུབ་ཐོབ་པར་བསམ༔ མཆོད་བསྟོད་འདོད་དོན་གསོལ་བ་གདབ༔ ནོངས་པ་བཤགས་ཤིང་ཡེ་ཤེས་གཤེགས༔ དམ་ཚིག་ལྷ་ཚོགས་རང་ལ་བསྡུ༔ འཇིག་རྟེན་མེ་ལྷ་མཆོད་ཅིང་གཤེགས༔ ཁྱད་པར་ཞི་བའི་ཕྲིན་ལས་ལ༔ དཀར་ཞིང་འཇམ་པའི་སྟེགས་བུའི་ངོས༔ དཀྱིལ་འཁོར་དཀར་ཤས་ཆེ་བ་བྲི༔ དྲི་བཟང་འོ་མ་དང་བཅས་པའི༔ བུད་ཤིང་ཟླུམ་པོའི་ཚུལ་དུ་བརྩིགས༔ ཤར་དུ་ཁ་ཕྱོགས་ཆས་གོས་དཀར༔ ཞི་ཞིང་དྭངས་བའི་བསམ་པ་ཡིས༔ རྡོ་རྗེའི་འདུག་སྟངས་དག་གིས་འདུག༔ བྲམ་ཟེའི་ཁྱིམ་ནས་མེ་བླངས་སྦར༔ འཇིག་རྟེན་འཇིག་རྟེན་འདས་པ་ཡི༔ མེ་ལྷ་ཆུ་ཤེལ་མདོག་ཏུ་བསྐྱེད༔ གཙོ་བོར་བསྲེག་རྫས་སྔགས་ཤམ་དུ༔ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལ་སོགས་པ་མི་མཐུན་མི་འདོད་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་སྤེལ་བརྒྱ་རྩ་བརྒྱད་ཕུལ་བས༔ ཐུགས་ནས་འཕྲོས་པའི་འོད་ཟེར་གྱིས༔ མདུན་གྱི་རྡོ་རྗེ་གཏུམ་པོ་བསྐུལ༔ དེ་ལས་འོད་ཟེར་དཀར་པོ་འཕྲོས༔ མི་མཐུན་ཕྱོགས་ཀུན་ཞི་བར་བསམ༔ ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་དེ་བཞིན་རིགས་ཀྱི་ལྷ༔ བཅོམ་ལྡན་རྡོ་རྗེ་གཏུམ་པོ་འཁོར་བཅས་ཀྱིས༔ བསྲེག་བླུག་བདུད་རྩིའི་མཆོད་སྤྲིན་འདི་བཞེས་ལ༔ ཞི་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ ཨོཾ་བུདྡྷ་མ་ཧཱ་ཀྲོ་དྷ་ཧ་ན་ཧ་ན་ཧཱུྃ་ཕཊ྄༔ ཅེས་དང་སྐབས་སུ་སྤེལ་ཚིག་སྦྱར༔ རྗེས་ཀྱི་རིམ་པ་སྤྱི་དང་མཚུངས༔ དེ་བཞིན་རྒྱས་དང་དབང་དྲག་གི༔ ཁྱད་པར་བསྒྱུར་ལ་ཉམས་སུ་བླང༔ ཞི་བའི་ལས་ལ་ཏིལ་ཉིད་དེ༔ རྒྱས་པར་ཟས་མཆོག་དབང་ལ་ནི༔ མེ་ཏོག་དམར་པོའི་རིགས་རྣམས་དང༔ དྲག་པོ་ཡུངས་དཀར་གཙོ་བོར་འབུལ༔ ལྷ་སྔགས་དམིགས་པའི་གནད་ལྡན་ན༔ གནས་སྐབས་མཐར་ཐུག་འདོད་པའི་དོན༔ ཕྲིན་ལས་རྣམ་བཞི་གང་བརྩམ་ཀུན༔ འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད༔ ས་མ་ཡ༔ མཐར་ཐུག་མཆོག་གི་དངོས་གྲུབ་ནི༔ རིམ་གཉིས་ཟབ་མོའི་ལམ་གྱིས་བསྒྲུབ༔ རྒྱུད་སྡེ་རྣམ་བཞིའི་རྗེས་འགྲོ་བར༔ ཉམས་སུ་བླང་བའི་དང་པོ་ནི༔ སྐྱབས་སོང་བྱང་ཆུབ་སེམས་གཉིས་བསྐྱེད༔ སྙིང་གའི་འོད་ཀྱིས་ཡེ་ཤེས་པ༔ སྤྱན་དྲངས་ཚོགས་གཉིས་ཉེ་བར་གསག༔ རང་ཉིད་ཡི་དམ་ལྷ་རུ་བསྐྱེད༔ མདུན་བསྐྱེད་རང་བསྟིམས་རང་ཉིད་ཀྱི༔ ཐུགས་ལས་འཕྲོས་པའི་འོད་ཟེར་གྱིས༔ སྣོད་བཅུད་དཀྱིལ་འཁོར་འཁོར་ལོར་སྦྱངས༔ སྣང་གྲགས་རིགས་གསུམ་ལྷ་སྔགས་དང༔ ཡེ་ཤེས་གཅིག་ཏུ་མཉམ་པར་གཞག༔ དེ་ནས་ལྷ་སྐུ་སྣང་སྟོང་ལ༔ སེམས་འཛིན་ཞི་གནས་འགྲུབ་པ་དང༔ དེ་ལ་སོ་སོར་དཔྱད་པ་ཡིས༔ སྟོང་ཉིད་རྗེས་མཐུན་ལྷག་མཐོང་བསྒོམ༔ ཟུང་འཇུག་ཆུ་ཟླ་ལྟ་བུའི་ངང༔ འབྲུ་གསུམ་རྡོ་རྗེའི་བཟླས་པ་དང༔ སྲོག་སྩོལ་རླུང་སྦྱོར་བདེ་དྲོད་སྦར༔ རང་འོད་ཕྱག་རྒྱར་སྙོམས་འཇུག་ནས༔ དགའ་བ་བཞི་ཡི་ཡེ་ཤེས་བསྐྱེད༔ ལྷན་སྐྱེས་ཕྱག་རྒྱ་ཆེན་པོའི་ངང༔ ཟུང་འཇུག་དོན་གྱི་རྡོ་རྗེ་ཡིས༔ གློ་བུར་འཁྲུལ་པ་རྣམ་བཅོམ་པས༔ མི་སློབ་གོ་འཕང་མཆོག་ཏུ་འགྲུབ༔ ས་མ་ཡ༔ རྒྱུད་དོ་ཅོག་གི་རྩ་བ་ཆེ༔ རྡོ་རྗེ་རྣམ་པར་འཇོམས་པ་ཡི༔ གཟུངས་སྔགས་ཟབ་མོའི་ཕྲིན་ལས་འདི༔ མ་འོངས་དོན་དུ་པདྨས་བསྡེབས༔ ཆོས་དབྱིངས་བུམ་སྐུའི་སྒྲོམ་བུར་རྒྱ༔ ནམ་ཞིག་འགྲོ་དོན་དུས་བབས་རྟགས༔ གཟའ་ཀླུ་རྒྱལ་བསེན་རླུང་ལྟར་འཚུབས༔ ནད་གདོན་སྨྱོ་འབོག་ཆུ་ལྟར་གཡོ༔ ཁྱད་པར་དལ་ཡམས་བཙན་ཐབས་འབེབ༔ ཕྱི་སྣོད་འབྱུང་བ་ཁོལ་བུར་གཡོ༔ ནང་བཅུད་སྟོད་སྨད་འཁྲུགས་པ་མང༔ དེ་ཡི་ཚེ་ན་བདག་ཉིད་དང༔ འཇམ་དཔལ་གྲུབ་པའི་སློབ་དཔོན་གྱིས༔ བྱིན་བརླབས་སྦས་པའི་རྣལ་འབྱོར་པ༔ འོད་གསལ་སྤྲུལ་པའི་རྡོ་རྗེ་དང༔ འཕྲད་ནས་འབྲེལ་ཚད་དོན་ལྡན་ཤོག༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ <!TCC Tibetan character 3,181 undefined in unicode!> རྩ་གསུམ་འོད་གསལ་སྙིང་ཏིག་ལས༔ ཁྲག་འཐུང་འདུས་པའི་དྲིལ་སྒྲུབ་བཞུགས༔ <!TCC Tibetan character 3,181 undefined in unicode!> དཔལ་ཆེན་ཧེ་རུ་ཀཿལ་འདུད༔ མ་འོངས་མཚོ་སྐྱེས་བདག་ཉིད་ཀྱིས༔ བྱིན་བརླབས་སྦས་པའི་རིག་འཛིན་ཕྱིར༔ གསང་བའི་ཐུགས་དམ་མཐར་ཐུག་པ༔ ཁྲག་འཐུང་འདུས་པའི་དྲིལ་སྒྲུབ་བསྟན༔ ས་མ་ཡ༔ དབེན་ཞིང་བྱིན་རླབས་ཟིལ་ལྡན་པ༔ དུར་ཁྲོད་ལ་སོགས་གནས་མཆོག་ཏུ༔ ཐོད་སྐུ་མཚན་ཉིད་ལྡན་པའི་མདུན༔ སྣང་གསལ་མར་མེར་རྟེན་འཆའ་ཞིང༔ ཕྱི་ནང་གསང་མཆོད་ཅི་འབྱོར་བཀྲམ༔ བསམ་གཏན་སྣོད་དུ་རུང་བ་ན༔ སྔོན་འགྲོའི་དང་པོ་སྐྱབས་སེམས་ནི༔ ཧཱུྃ༔ གསང་བ་མཆོག་གི་དགྱེས་པ་ན༔ ཐམས་ཅད་བདག་ཉིད་རྟག་བཞུགས་པའི༔ བླ་མ་ཧེ་རུ་ཀཿདཔལ་ལ༔ སྐྱབས་གསོལ་བྱང་ཆུབ་སེམས་གཉིས་བསྐྱེད༔ གཉིས་པ་བགེགས་བསྐྲད་མཚམས་གཅད་ནི༔ ཧཱུྃ༔ གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ གཉིས་འཛིན་འཁྲུལ་པའི་བགེགས་ཚོགས་ཀུན༔ རང་བཞིན་མེད་པའི་དབྱིངས་སུ་དེངས༔ འོད་གསལ་ཆོས་སྐུར་མཚམས་བཅད་དོ༔ ཧཱུྃ་ཧཱུྃ་ཧཱུྃ༔ བཛྲ་ཛྙཱ་ན་རཀྵ་བྷྲཱུྃ༔ གསུམ་པ་བྱིན་ཆེན་དབབ་པ་ནི༔ ཧཱུྃ༔ བརྡལ་ཁྱབ་འོད་གསལ་ཆེན་པོའི་དབྱིངས༔ ཡེ་ཤེས་སྒྱུ་མའི་སྐུར་བཞེངས་པ༔ ཁྲག་འཐུང་དཀྱིལ་འཁོར་རབ་འབྱམས་ཀྱིས༔ དབང་སྐུར་བྱིན་ཕོབ་དངོས་གྲུབ་སྩོལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བཛྲ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ བཞི་པ་དམ་རྫས་བྱིན་རླབས་ནི༔ ཨོཾ་ཨཱཿཧཱུྃ༔ སྣོད་བཅུད་དུར་ཁྲོད་རོལ་པའི་ཞིང༔ སྣང་སྲིད་དཔལ་གྱི་དམ་ཚིག་རྫས༔ ཕྱི་ནང་གསང་བ་རྨད་བྱུང་བའི༔ མཆོད་པའི་ཕྱག་རྒྱ་ཆེན་པོར་གྱུར༔ ཨོཾ་སརྦ་པཱུ་ཛ་མ་ཧཱ་མུ་དྲ་ས་མ་ཡེ་ཨཱཿཧཱུྃ༔ ས་མ་ཡ༔ དངོས་གཞིའི་དང་པོ་བསྐྱེད་རིམ་ནི༔ ཧཱུྃ༔ ཡང་དག་གྲུབ་པ་གཅིག་པུ་ཉིད༔ སངས་རྒྱས་བདེ་ཆེན་ཀུན་འདུས་པ༔ མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག༔ ཆོས་སྐུ་དེ་བཞིན་ཉིད་དབྱིངས་ལས༔ ལོངས་སྐུ་ཡེ་ཤེས་སྒྱུ་མའི་ཚུལ༔ སྤྲུལ་སྐུ་རྒྱུ་ཡི་ས་བོན་ཧཱུྃ༔ འབར་བ་ཆེན་པོའི་ཆོ་འཕྲུལ་གྱིས༔ གཟུང་འཛིན་དངོས་ཀུན་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་འབྱུང་རིམ་སྟེང༔ སྲུང་འཁོར་དུར་ཁྲོད་བཀོད་པ་དང༔ རིན་ཆེན་གཞལ་མེད་ཁང་ཆེན་དབུས༔ པད་ཉི་ལྷ་ཆེན་ཕོ་མོའི་སྟེང༔ ཧཱུྃ་ཡིག་ཡོངས་གྱུར་སྐད་ཅིག་གིས༔ བདག་ཉིད་སྤྱི་དཔལ་ཧེ་རུ་ཀ༔ མཐིང་ནག་ནམ་མཁའ་དྭངས་པའི་མདོག༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་བའི༔ ཡེ་ཤེས་རྔམ་པའི་ཞལ་དང་ལྡན༔ ཕྱག་དྲུག་ཡེ་ཤེས་རྟགས་ཀྱི་རྒྱ༔ རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་གཡས༔ དྲིལ་བུ་བྷན་དམར་རྒྱུ་ཞགས་གཡོན༔ དཔལ་དང་དུར་ཁྲོད་ཆས་ཀྱིས་བརྗིད༔ སྦྱོར་ཡུམ་ཀྲོ་དྷཱི་ཤྭ་རཱི་མ༔ མཐིང་སྐྱ་རྡོ་རྗེ་དུང་ཁྲག་འཛིན༔ དཔལ་ཆེན་ཡབ་ལ་དགྱེས་པ་སྐྱེད༔ རུས་པའི་ཕྱག་རྒྱ་གཟིག་ཤམ་འཆང༔ ཡབ་ཡུམ་གར་དགུའི་ཉམས་ལྡན་པས༔ ཡེ་ཤེས་མེ་ཕུང་དབུས་ན་རོལ༔ ཐུགས་ཀར་རིན་ཆེན་ཟུར་བརྒྱད་པའི༔ ལྟེ་བར་པད་ཉི་དྲེགས་པའི་སྟེང༔ ཡེ་ཤེས་སྙིང་པོ་ཀཱི་ལ་ཡ༔ མཐིང་ནག་ཕུར་འདྲིལ་ཡུམ་དང་འཁྱུད༔ ཁྲོ་བོའི་ཆས་རྫོགས་མེ་ཕུང་དབུས༔ བདེ་ཆེན་གཟི་བྱིན་མཆོག་ཏུ་འབར༔ ཟུར་བརྒྱད་ཡེ་ཤེས་འོད་ལྔའི་ཀློང༔ ཤར་དུ་གཽ་རཱི་ནམ་མཁའི་མདངས༔ ལྷོ་རུ་ཙཽ་རཱི་གསེར་མདོག་འཚེར༔ ནུབ་ཏུ་པྲ་མོ་རཱ་གའི་འོད༔ བྱང་དུ་བཻ་ཏཱ་མརྒད་མདོག༔ ཤར་ལྷོ་པུཀྐ་སྐུ་མདོག་སེར༔ ལྷོ་ནུབ་གྷསྨ་དམར་ལྗང་བརྗིད༔ ནུབ་བྱང་སྨེ་ཤ་མཐིང་ནག་རྔམས༔ བྱང་ཤར་ཙཎྜ་སེར་སྐྱ་བཞད༔ ཀུན་ཀྱང་ཌཱ་རུ་ཐོད་ཆང་བསྣམས༔ གྲུ་མོ་གཡོན་ན་ཁ་ཊྭཱཾ་འཁྲིལ༔ གར་ཐབས་ཞིང་རྐྱང་གདན་ལ་བཞེངས༔ གཞན་ཡང་ཕུང་ཁམས་སྐྱེ་མཆེད་ཀུན༔ ཁྲག་འཐུང་འདུས་པའི་ཕྱག་རྒྱར་གསལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ གནས་གསུམ་རྡོ་རྗེའི་འབྲུ་གསུམ་གྱིས༔ སྐུ་གསུང་ཐུགས་སུ་བྱིན་བརླབས་ཤིང༔ བདེ་བ་ཆེན་པོའི་རླབས་གཡོས་པས༔ ཡེ་ཤེས་ལྔ་ཡི་དབང་རྫོགས་གྱུར༔ ཨོཾ་ཨཱཿཧཱུྃ༔ པཉྩ་ཛྙཱ་ན་ཨ་བྷི་ཥིཉྩ་ཧོ༔ དེ་ལྟར་དཀྱིལ་འཁོར་གསལ་བཏབ་ནས༔ རྩེ་གཅིག་སེམས་གཟུང་ཏིང་འཛིན་བརྟན༔ གསལ་སྣང་རྒྱུད་ལ་ཤར་བ་ན༔ གཉིས་པ་ཡེ་ཤེས་དྲང་བསྟིམ་ནི༔ ཧཱུྃ༔ དགའ་བའི་ལྕགས་ཀྱུས་རྒྱུད་བསྐུལ་ཞིང༔ མཆོག་དགའི་ཞགས་པས་རྟེན་དང་བསྲེ༔ ཁྱད་པར་སྒྲོག་གིས་མི་ཕྱེད་བཅིངས༔ ལྷན་སྐྱེས་དྲིལ་བུས་དབྱེར་མེད་བརྟན༔ རང་སྣང་དམ་ཚིག་དཀྱིལ་འཁོར་དུ༔ འཇུག་པའི་ཡེ་ཤེས་མཉམ་སྦྱོར་བའི༔ དབང་དང་བྱིན་རླབས་རྨད་པོ་ཆེའི༔ དངོས་གྲུབ་རྣམ་གཉིས་བསྩལ་དུ་གསོལ༔ ཨོཾ་ཤྲཱི་ཧེ་རུ་ཀཿསརྦ་མཎྜ་ལ་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་སཏྭཾ༔ གསུམ་པ་བརྡ་ཡི་ཕྱག་གིས་འདུད༔ ཧཱུྃ༔ སངས་རྒྱས་སེམས་ཅན་མཉམ་སྦྱོར་བའི༔ ཁྲག་འཐུང་ཆེན་པོ་རང་རིག་ངང༔ གཉིས་མེད་ལྟ་བས་མཇལ་བའི་ཕྱག༔ བླང་དོར་མེད་པར་བཞེས་སུ་གསོལ༔ ཨ་ཏི་པཱུ་ཧོ༔ ན་མ་དྷཱི༔ བཞི་པ་མཆོད་པའི་དམ་ཚིག་ནི༔ ཧཱུྃ༔ ཁྲག་འཐུང་རྡོ་རྗེའི་དབང་པོའི་ཡུལ༔ བདེ་ཆེན་ཡེ་ཤེས་མཆོད་པའི་སྤྲིན༔ ཕྱི་ནང་གསང་བའི་དམ་ཚིག་ཆེ༔ དགྱེས་མཉམ་མཆོག་གི་རྒྱན་དུ་རོལ༔ ཨོཾ་ཤྲཱི་ཧེ་རུ་ཀཿམཎྜ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཏ་ན་ག་ཎ་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ ལྔ་པ་དགྱེས་བཞད་གླུ་ཡིས་བསྟོད༔ ཧཱུྃ༔ སངས་རྒྱས་ཀུན་གྱི་གསང་བ་ཆེ༔ རྡོ་རྗེ་ཁྲག་འཐུང་ཆེན་པོར་བཞེངས༔ ཡེ་ཤེས་སྒྱུ་འཕྲུལ་མཐའ་ཡས་པའི༔ དཀྱིལ་འཁོར་ལྷ་ཚོགས་ཀུན་ལ་བསྟོད༔ དྲུག་པ་བསྙེན་སྒྲུབ་ལས་སྦྱོར་གྱི༔ བཟླས་པས་བསྐུལ་ཞིང་སྒྲུབ་པ་ནི༔ རྡོ་རྗེ་གཞོན་ནུའི་ཐུགས་ཀ་རུ༔ བདེ་སྟོང་ཉི་ཟླ་ཁ་སྦྱོར་སྦུབས༔ ཟུང་འཇུག་ཏིང་འཛིན་ཧཱུྃ་མཐིང་ག༔ སྔགས་ཀྱིས་བསྐོར་བའི་འོད་ཟེར་སྤྲིན༔ ཡབ་ཡུམ་ཞལ་དང་གསང་བ་ནས༔ མགལ་མེ་ལྟ་བུར་འཁོར་བ་ཡིས༔ བདེ་བ་ཆེན་པོས་རྒྱུད་གང་སྟེ༔ མཆོག་ཐུན་དངོས་གྲུབ་ཐོབ་པར་གྱུར༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ དེ་ནི་བསྙེན་པའི་དགོངས་པ་འོ༔ དཔལ་ཆེན་བཛྲ་ཀུ་མཱ་རའི༔ ཐུགས་དམ་ཛཔ྄་ཀྱིས་བསྐུལ་བ་ནི༔ སྐུ་གསུང་ཐུགས་ཀྱི་ཡེ་ཤེས་དབྱིག༔ ལྷ་སྔགས་ཕྱག་མཚན་རྣམ་པར་འཕྲོས༔ རྩ་གསུམ་རྒྱལ་བ་མཆོད་པས་བརྙེས༔ ཁམས་གསུམ་ཉོན་མོངས་དུག་ཆེན་སྦྱངས༔ ས་གསུམ་བདུད་བཞི་ཚར་བཅད་ནས༔ དངོས་གྲུབ་མཆོག་གི་གཏེར་དུ་གྱུར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄༔ དེ་ནི་སྒྲུབ་པའི་དགོངས་པ་འོ༔ མ་མོ་བརྒྱད་ཀྱི་ཐུགས་ཀ་རུ༔ ཉི་སྟེང་ས་བོན་སྔགས་ཀྱིས་མཚན༔ དཔལ་ཆེན་ཐུགས་སྲོག་འོད་ཟེར་གྱིས༔ དམ་ཚིག་རྗེས་སུ་བསྐུལ་བ་ལས༔ རང་རང་བདེ་བའི་ཡེ་ཤེས་སྐུ༔ སྔགས་ཕྲེང་ཕྱག་མཚན་བཅས་པ་འཕྲོས༔ འཁོར་འདས་བརྟན་གཡོའི་ཁམས་ཀུན་ཁྱབ༔ མི་མཐུན་ཞི་ཞིང་ལེགས་ཚོགས་རྒྱས༔ སྣང་སེམས་དབང་བསྡུས་དགྲ་བགེགས་བཏུལ༔ དབྱེ་བསྐྲད་རེངས་ཤིང་རྨོངས་པ་སོགས༔ ལས་ཀྱི་དངོས་གྲུབ་བསྒྲུབ་པར་གྱུར༔ ཨོཾ་ཨཱཿབཛྲ་གཾ་ཧཱུྃ་ཕཊ྄༔ ཨོཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཨོཾ་ཨཱཿབཛྲ་ཙཾ་ཧཱུྃ་ཕཊ྄༔ བྷྲཱུྃ་པུཥྚིཾ་ཀུ་རུ་ཨོཾ༔ ཨོཾ་ཨཱཿབཛྲ་པཾ་ཧཱུྃ་ཕཊ྄༔ ཧྲཱིཿཝཱ་ཤཾ་ཀུ་རུ་ཧོ༔ ཨོཾ་ཨཱཿབཛྲ་བཾ་ཧཱུྃ་ཕཊ྄༔ ཧཱུྃ་མཱ་ར་ཡ་ཕཊ྄༔ ཨོཾ་ཨཱཿབཛྲ་པཾ་ཧཱུྃ་ཕཊ྄༔ པྲ་བེ་ཤ་ཡ་ཕཊ྄༔ ཨོཾ་ཨཱཿབཛྲ་གྷཾ་ཧཱུྃ་ཕཊ྄༔ ཨུཙྪ་ཊ་ཡ་ཕཊ྄༔ ཨོཾ་ཨཱཿབཛྲ་ཤཾ་ཧཱུྃ་ཕཊ྄༔ སཏྭམྦྷ་ཡ་ཕཊ྄༔ ཨོཾ་ཨཱཿབཛྲ་ཙཾ་ཧཱུྃ་ཕཊ྄༔ མོ་ཧ་ཡ་ཕཊ྄༔ དེ་ནི་ལས་ཀྱི་དགོངས་པ་འོ༔ བསྙེན་པ་འབུམ་ཕྲག་བརྒྱད་ཡིན་ཏེ༔ སྒྲུབ་པའི་གསང་སྔགས་དེ་ཡི་ཕྱེད༔ ལས་སྦྱོར་ཁྲི་ཕྲག་རེ་རེས་འགྲུབ༔ བསྐྱེད་རིམ་གསལ་བས་ལྷ་ཞལ་འཛུམ༔ བཟླས་བརྗོད་དག་པས་ཡ་མཚན་སྒྲ༔ དགོངས་པ་བརྟན་པས་ཏིང་འཛིན་འབར༔ དྲོད་ཐོབ་དངོས་གྲུབ་མཆོག་བརྙེས་འགྱུར༔ ས་མ་ཡ༔ ཐུན་མཚམས་ཚོགས་ཀྱི་མཆོད་པ་ནི༔ མཚན་ཉིད་ལྡན་པའི་བནྡྷ་རུ༔ མ་ད་ན་དང་བ་ལ་སོགས༔ དམ་ཚིག་རྫས་བཤམ་བསང་ཆུས་བྲན༔ རཾ་ཡཾ་ཁཾ༔ འཕྲུལ་བཞད་ཡིད་བཞིན་རིན་ཆེན་ཀ་པཱ་ལ༔ སྟོང་གསུམ་དང་མཉམ་ཡངས་པའི་སྣོད་མཆོག་ཏུ༔ རིགས་ལྔ་ཡབ་ཡུམ་མཉམ་སྦྱོར་བདུད་རྩིའི་བཅུད༔ བདེ་བ་ཆེན་པོའི་འདོད་ཡོན་གཏེར་དུ་གྱུར༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿག་ཎ་ཙཀྲ་པཱུ་ཛ་ཨཱཿཧཱུྃ༔ གསང་བའི་རྔེའུ་ཆུང་སྒྲས་བསྐུལ་ཏེ༔ ཚོགས་ཞིང་སྤྱན་དྲངས་མཆོད་པ་འབུལ༔ ཉམས་ཆག་བཤགས་ཤིང་བསྒྲལ་བསྟབ་བྱ༔ ཧཱུྃ༔ དབྱིངས་ནས་སྐུ་སྐྱོད་རིག་འཛིན་བླ་མ་དང༔ ཁྲག་འཐུང་འདུས་པ་རྩ་གསུམ་དཀྱིལ་འཁོར་ལྷ༔ ཚོགས་ཀྱི་ལོངས་སྤྱོད་ཆེན་པོར་སྤྱན་འདྲེན་ན༔ དམ་ཚིག་ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ༔ ཧཱུྃ༔ ཡུལ་དང་དབང་པོ་དབྱེར་མེད་བདེ་བ་ཆེ༔ རྡོ་རྗེའི་དམ་རྫས་ཚོགས་ཀྱི་མཆོད་པ་བཞེས༔ རྩ་བ་ཡན་ལག་དམ་ཚིག་ཉམས་ཆག་ཀུན༔ ལྷ་དང་རྟོག་པ་དབྱེར་མེད་དབྱིངས་སུ་བསྐང༔ གཟུང་འཛིན་ལས་བྱུང་གཉིས་སྣང་དགྲ་བགེགས་བསྒྲལ༔ ཤ་ཁྲག་བདེ་སྟོང་འོད་གསལ་ཀློང་དུ་བཞེས༔ ཐུན་མོང་ལས་དང་ཡེ་ཤེས་རྨད་པོ་ཆེའི༔ དངོས་གྲུབ་རྣམ་གཉིས་དུས་འདིར་བསྩལ་དུ་གསོལ༔ ཨོཾ་ཤྲཱི་ཧེ་རུ་ཀཿམཎྜལ་ས་པ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ས་མ་ཡ་ཤུདྡྷེ་ཨ༔ སརྦ་ཤ་ཏྲཱུཾ་བིགྷྣཱཾ་མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་ནས་དམ་ཚིག་རྫས་ཀྱི་མཆོག༔ ནང་གི་མཆོད་པར་མཉམ་རོལ་ཞིང༔ གསང་བ་སྙོམས་འཇུག་བདེ་ཆེན་སྐྱེད༔ སླར་ཡང་མ་སྲིང་མཁའ་འགྲོ་མཆོད༔ པཉྩ་ཨ་མྲྀཏ་ཧཱུྃ་ཧོ༔ ཕེཾ་ཕེཾ༔ དཔལ་ཆེན་ཁྲག་འཐུང་སྤྱན་སྔར་དམ་བཅས་པའི༔ ལྷག་ལ་དབང་བའི་མ་སྲིང་མཁའ་འགྲོ་གིང༔ ཁྲག་འཐུང་ཞལ་ཆབ་ཚོགས་ཀྱི་འདོད་ཡོན་བཞེས༔ འཁོར་སྲུངས་རྐྱེན་ཟློགས་རྣམ་བཞིའི་ཕྲིན་ལས་སྒྲུབས༔ མ་མ་ཌཱ་ཀ་ཌཱ་ཀི་ནཱི་པྲ་ཏཱིཙྪ་བ་ལིཾ་ཏ་ཁཱ་ཧི༔ གསང་ཆེན་རྡོ་རྗེའི་རིགས་གཅིག་ཏུ༔ སྨོན་ལམ་གདབ་ལ་མཐར་དབྱུང་ངོ༔ ས་མ་ཡ༔ རྗེས་སུ་མཆོད་བསྟོད་དངོས་གྲུབ་གསོལ༔ ཨོཾ༔ དཔལ་ཆེན་ལྷ་ཚོགས་དང་པོར་རྩེ་གཅིག་བསྙེན༔ བར་དུ་བསྒྲུབས་པས་ཡེ་ཤེས་གཟི་བྱིན་བསྐྱེད༔ དེང་འདིར་གསོལ་ཞིང་བསྐུལ་བའི་དུས་ལགས་ན༔ ལས་དང་ཡེ་ཤེས་དངོས་གྲུབ་བསྩལ་དུ་གསོལ༔ སྔགས་མཐར༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་པས་བསྐུལ་ཞིང་གསོལ་བཏབ་ནས༔ འབར་བའི་མར་མེ་ལྷར་གསལ་བ༔ གནས་གསུམ་རེག་པས་ལྷ་ཚོགས་ཀྱི༔ གསང་གསུམ་བྱིན་རླབས་སྐུ་དང་སྔགས༔ ཡེ་ཤེས་འོད་ཀྱི་རྣམ་པར་བསྟིམ༔ རྡོ་རྗེའི་དངོས་གྲུབ་ཐོབ་པར་བསམ༔ ནོངས་པ་བཤགས་ཤིང་ཡེ་ཤེས་པ༔ ཐོད་པའི་སྐུ་དང་དབྱེར་མེད་བསྟིམ༔ དམ་ཚིག་འཁོར་ལོ་དབྱིངས་སུ་བསྡུ༔ ཐིག་ལེ་ཉག་གཅིག་ངང་དུ་གཞག༔ ཐུན་ཚམས་སྒྱུ་མའི་ཕྱག་རྒྱར་ལྡང༔ དགེ་བ་བསྔོ་ཞིང་སྨོན་ལམ་གདབ༔ ཤིས་བརྗོད་མེ་ཏོག་ཕྱོགས་བཅུར་འཐོར༔ ས་མ་ཡ༔ དཔལ་ཆེན་ཁྲག་འཐུང་དགོངས་པའི་གདེང༔ རྡོ་རྗེ་རུ་ལུ་འབྲུ་བརྒྱད་ཀྱི༔ གཞི་རྒྱུད་ཚོགས་བརྒྱད་རྣམ་དག་པ༔ ཡེ་ཤེས་ཆེན་པོའི་ངོ་བོར་གནས༔ ལམ་དུས་བདེ་ཆེན་མ་མོ་བརྒྱད༔ ཀུན་འདུས་དཔལ་ཆེན་ཕྱག་རྒྱར་རྫོགས༔ འབྱུང་བའི་སྒྲ་ཀུན་སྔགས་སུ་སྦྱར༔ དྲན་རྟོག་རྒྱུ་དང་འབྲས་བུ་ཡི༔ ཡུལ་ཅན་དགའ་བ་བརྒྱད་ཀྱི་སེམས༔ ཡེ་ཤེས་བརྒྱད་ཀྱི་སྲོག་ལྡན་པས༔ ནང་གི་ས་ལམ་མྱུར་བགྲོད་དེ༔ མཐར་ཐུག་འབྲས་བུའི་ཧེ་རུ་ཀ༔ རྣམ་ཐར་བརྒྱད་དང་ལྡན་པའི་བདག༔ ཚེ་འདིར་འགྲུབ་བྱེད་མྱུར་བའི་ལམ༔ མངོན་དུ་སྤྱོད་པའི་སྐལ་ལྡན་གྱི༔ ཕྱི་ནང་བར་ཆད་ཟློག་པའི་མཚོན༔ རྡོ་རྗེ་གཞོན་ནུའི་གོ་ཆར་བཅས༔ སྔོན་ཆད་གཞན་དུ་མ་བསྟན་པ༔ ཟབ་ཅིང་སྙིང་པོར་དྲིལ་བ་འདི༔ སྐལ་ལྡན་མཆོག་གི་དཔལ་དུ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ སྤྲུལ་པའི་གཏེར་ཆེན་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་འཁོར་ལོས་སྒྱུར་བ་༧འོད་གསལ་སྤྲུལ་པའི་རྡོ་རྗེའི་ཞལ་སྔ་ནས་གཏན་ལ་ཕབ་རིམ་བཞིན༔ བཀའ་སློབ་བློ་གྲོས་མཐའ་ཡས་ཀྱིས་གུས་པ་ཆེན་པོས་བྲིས་པ་དགེ་ལེགས་འཕེལ།། །། <!TCC Tibetan character 3,181 undefined in unicode!> རྩ་གསུམ་འོད་གསལ་སྙིང་ཏིག་ལས༔ ཁྲག་འཐུང་འདུས་པའི་དབང་ཆོག་བཞུགས༔ <!TCC Tibetan character 3,181 undefined in unicode!> དཔལ་ཆེན་ཧེ་རུ་ཀཿལ་འདུད༔ ཁྲག་འཐུང་འདུས་པའི་དཀྱིལ་འཁོར་དུ༔ སློབ་མ་སྨིན་བྱེད་ཆོ་ག་ནི༔ དབེན་པའི་གནས་སུ་སྟེགས་བུའི་ཁར༔ མཚན་མའི་དཀྱིལ་འཁོར་དབུས་ཉིད་དུ༔ རང་བྱུང་སྣོད་མཆོག་ཀ་པཱ་ལར༔ མར་མེ་དགུ་ཉིད་རྟེན་དུ་བཤམ༔ རིག་འཛིན་བླ་མའི་གཏོར་མ་དང༔ གདབ་པའི་ཕུར་པ་དག་ཀྱང་དགོད༔ མཆོད་ཚོགས་བཟང་པོས་མཐའ་བསྐོར་ལ༔ བདག་དང་མདུན་རྟེན་དབྱེར་མེད་པར༔ ཧེ་རུ་ཀཿཡི་ཕྱག་རྒྱར་བསྒོམ༔ བཟླས་པས་བསྐུལ་ཞིང་ཚོགས་མཆོད་བྱ༔ ལྷ་དང་རང་རིག་དབྱེར་མེད་པའི༔ དོན་གྱི་འཇུག་པས་ནུས་པ་བསྐྱེད༔ སྣོད་ལྡན་ངེས་པར་ཁྲུས་ནས་དབྱུང༔ བགེགས་ལ་བཀའ་བསྒོ་སྲུང་མཚམས་གཅད༔ མཎྜལ་འབུལ་ཞིང་གསོལ་གདབ་ནི༔ ཧོ༔ གསང་བ་མཆོག་གི་དགྱེས་པ་ན༔ ཐམས་ཅད་བདག་ཉིད་རྟག་བཞུགས་པའི༔ ཧེ་རུ་ཀཿདཔལ་སློབ་དཔོན་གྱིས༔ བདག་ཅག་ཡོངས་སུ་སྨིན་མཛད་གསོལ༔ ལན་གསུམ་གསོལ་བཏབ་རྒྱུད་སྦྱང་ཞིང༔ རྣམ་པ་གསུམ་གྱི་དམ་བཅའ་སྦྱིན༔ སློབ་མ་ཡང་དག་ཧེ་རུ་ཀ༔ ལུས་དཀྱིལ་དང་བཅས་གསལ་གདབ་སླད༔ གཏོར་མ་རིག་འཛིན་བླ་མར་གསལ༔ སྤྱི་བོར་བཞག་ཅིང་བྱིན་ཆེན་དབབ༔ ཧཱུྃ༔ ཡང་དག་གྲུབ་པའི་རིག་འཛིན་རྣམས༔ ཆོས་ཀྱི་དབྱིངས་ནས་གནས་འདིར་གཤེགས༔ བདེ་བ་ཆེན་པོའི་བྱིན་ཆེན་ཕོབ༔ ཐ་མལ་སྣང་ཞེན་སྦྱང་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ས་མ་ཡ་ཨཱ་བེ་ཤ་ཡ་སཏྭཾ༔ རིག་འཛིན་བླ་མའི་ལྷ་ཚོགས་ཀྱི༔ སྐུ་གསུང་ཐུགས་ལས་འོད་ཟེར་འཕྲོས༔ སློབ་མའི་སྒོ་གསུམ་སྒྲིབ་པ་སྦྱངས༔ དཔལ་ཆེན་ཁྲག་འཐུང་ཆེན་པོའི་སྐུ༔ ལུས་དཀྱིལ་ལྷ་དང་བཅས་པར་བསམ༔ སྒྲུབ་རྟེན་མར་མེ་སྤྱི་བོར་འགོད༔ ཨོཾ༔ ཡང་དག་གྲུབ་པ་གཅིག་པུ་ནི༔ སངས་རྒྱས་བདེ་ཆེན་ཀུན་འདུས་པ༔ མཁའ་འགྲོ་སྒྱུ་མ་བདེ་མཆོག་གི༔ རྡོ་རྗེའི་སྐུ་ཡི་དབང་བསྐུར་རོ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཀཱ་ཡ་ས་མ་ཡ་ཨཱ་བེ་ཤ་ཡ་སཏྭཾ༔ ལྷག་པའི་ལྷ་ལས་གཉིས་པ་ཐིམ༔ བྱང་ཆུབ་སེམས་སུ་ཞུ་བ་ཡིས༔ ཡེ་ཤེས་ཆེན་པོར་བྱིན་གྱིས་བརླབས༔ བདེ་བའི་རྒྱུན་གྱིས་དབང་བསྐུར་བས༔ སྣང་སྟོང་ཟུང་འཇུག་རྟོགས་པ་བསྐྱེད༔ མར་མེ་མགྲིན་པའི་གནས་སུ་བཞག༔ ཨཱ༔ ཡང་དག་གྲུབ་པ་གཅིག་པུ་ནི༔ སངས་རྒྱས་བདེ་ཆེན་ཀུན་འདུས་པ༔ མཁའ་འགྲོ་སྒྱུ་མ་བདེ་མཆོག་གི༔ ནུས་པ་གསུང་གི་དབང་བསྐུར་རོ༔ སྔགས་མཐར༔ ཝཱ་ཀ་ས་མ་ཡ་ཨཱ་བེ་ཤ་ཡ་སཏྭཾ༔ དཔལ་ཆེན་ཡབ་ཡུམ་སྙོམས་ཞུགས་པའི༔ བྱང་སེམས་མགྲིན་པའི་ལམ་ནས་བརྒྱུད༔ རྩ་ཁམས་ཐམས་ཅད་ཁྱབ་པ་ལས༔ གསལ་སྟོང་ཡེ་ཤེས་སྐྱེས་པར་བསམ༔ རྗེས་འབྲེལ་བསྙེན་སྒྲུབ་ལས་གསུམ་གྱི༔ དགོངས་པ་དང་བཅས་བཟླས་ལུང་སྦྱིན༔ མར་མེ་སྙིང་གར་བཞག་བྱས་ལ༔ ཧཱུྃ༔ ཡང་དག་གྲུབ་པ་གཅིག་པུ་ཉིད༔ སངས་རྒྱས་བདེ་ཆེན་ཀུན་འདུས་པ༔ མཁའ་འགྲོ་སྒྱུ་མ་བདེ་མཆོག་གི༔ འོད་གསལ་ཐུགས་ཀྱི་དབང་བསྐུར་རོ༔ སྔགས་མཐར༔ ཙིཏྟ་ས་མ་ཡ་ཨཱ་བེ་ཤ་ཡ་སཏྭཾ༔ དཔལ་ཆེན་ཁྲག་འཐུང་སྦྱོར་ཡུམ་ལས༔ གཉིས་པ་སྤྲོས་ཏེ་སློབ་མའི་ཡུམ༔ ཀྲོ་དྷཱི་ཤྭ་རཱིར་དབྱེར་མེད་པས༔ སྙོམས་འཇུག་གསང་བའི་སྒྱུ་རྩལ་གྱིས༔ དགའ་བཞིའི་བདེ་ཆེན་སྐྱེད་པར་བསམ༔ སླར་ཡང་མར་མེ་སྙིང་གར་གཟུང༔ ཧོ༔ ཡང་དག་གྲུབ་པ་གཅིག་པུ་ཉིད༔ སངས་རྒྱས་བདེ་ཆེན་ཀུན་འདུས་པ༔ མཁའ་འགྲོ་སྒྱུ་མ་བདེ་མཆོག་གི༔ འོད་གསལ་ཡེ་ཤེས་དབང་བསྐུར་རོ༔ སྔགས་མཐར༔ ཛྙཱ་ན་ས་མ་ཡ་ཨཱ་བེ་ཤ་ཡ་སཏྭཾ༔ གཉུག་མའི་གནས་ལུགས་ཡང་དག་པ༔ རིག་སྟོང་གཉིས་སུ་མེད་པ་ནི༔ སྣང་གསལ་མར་མེའི་བརྡས་མཚོན་ཏེ༔ དོན་གྱི་ཡེ་ཤེས་སྐྱེས་པར་བསམ༔ མཐར་ནི་ལྷ་བསྟིམས་གཉིས་མེད་གཞག༔ དཔལ་ཆེན་སྐུ་ཡི་གསལ་སྣང་དང༔ ཁ་སྦྱོར་རླུང་བཟུང་འབར་འཛག་གི༔ བདེ་བས་ཐབས་བྱས་སྟོང་ཉིད་ངང༔ དབང་བཞིའི་རྟོགས་པ་བརྟན་པར་མོས༔ ལས་ཀྱི་ཕུར་པ་ལག་ཏུ་གཏད༔ ཧཱུྃ༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་ཁྲོ་བོའི་གཟི་བྱིན་གྱིས༔ ལས་ཀྱི་མ་མོ་རྒྱུད་བསྐུལ་ནས༔ བདུད་བཞིའི་དཔུང་ཚོགས་ཚར་གཅོད་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུྃ་ཕཊ༔ མ་མ་སརྦ་ས་མ་ཡ་ཧཱུྃ་ཧཱུྃ༔ སརྦ་བིགྷྣཱན་ཤ་ཏྲཱུཾ་མཱ་ར་ཡ་ཕཊ༔ ཕུར་པ་ཕྱོགས་བཅུར་བསྒྲིལ་བྱས་ལ༔ རྡོ་རྗེ་གཞོན་ནུའི་ཐུགས་ཀ་ནས༔ འོད་ཟེར་ཚ་ཞིང་རྩུབ་པ་དང༔ གཽ་རཱི་ལ་སོགས་བརྒྱད་རྣམས་ལས༔ རང་རང་མདོག་མཚུངས་མེ་འོད་འཕྲོས༔ ཁམས་གསུམ་ཐམས་ཅད་ཡོངས་སུ་གང༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔ གསང་བའི་དགྲ་གསུམ་དབྱིངས་སུ་བསད༔ འཇིགས་པའི་བདུད་བཞི་རང་ངོར་བཅོམ༔ བར་གཅོད་འཕྲང་གསུམ་ཀློང་དུ་བསལ༔ དཔལ་ཆེན་བཛྲ་ཧེ་རུ་ཀའི༔ བརྟུལ་ཞུགས་སྤྱོད་པ་མཐར་ཕྱིན་བསམ༔ ཤིས་པ་བརྗོད་པ་ལ་སོགས་པ༔ རྗེས་ཀྱི་རིམ་པ་སྤྱི་ལྟར་བྱ༔ ས་མ་ཡ༔ ཁྲག་འཐུང་གལྤོའི་ཏནྟྲ་ཡི༔ རྡོ་རྗེའི་གླེང་གཞི་ངེས་པའི་དོན༔ སྨིན་བྱེད་རྒྱུད་ཀྱི་སྙིང་པོ་སྟེ༔ སྙིང་གི་བུ་ལ་གཏད་རྒྱས་གདབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱཿ བརྡ་ཐིམ༔ གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་རྒྱལ་པོ་༧འོད་གསལ་སྤྲུལ་པའི་རྡོ་རྗེའི་ཞལ་སྔ་ནས་གཏན་ལ་ཕབ་རིམ་བཞིན་དུ་གུས་སློབ་བློ་གྲོས་མཐའ་ཡས་ཀྱིས་བྲིས་པ་དགེ་ལེགས་འཕེལ།། །། <!TCC Tibetan character 3,181 undefined in unicode!> རྩ་གསུམ་འོད་གསལ་སྙིང་ཏིག་ལས༔ བདུད་རྩི་བདེ་ཆེན་སྙིང་པོ་བཞུགས༔ <!TCC Tibetan character 3,181 undefined in unicode!> བདུད་རྩི་གསང་བའི་ལྷ་ལ་འདུད༔ མ་འོངས་པདྨའི་བརྒྱུད་འཛིན་ཅིང༔ བརྟུལ་ཞུགས་མཆོག་གི་སྐལ་ལྡན་པའི༔ རིག་པ་འཛིན་པའི་ཚོགས་རྣམས་ཀྱིས༔ ཟབ་མོའི་ལམ་འདི་གཅེས་པར་ཟུངས༔ ས་མ་ཡ༔ སྣང་ཞིང་སྲིད་པའི་ཆོས་སོ་ཅོག༔ གདོད་ནས་རྣམ་དག་བདུད་རྩི་ལྔ༔ མ་བཅོས་ཐིག་ལེའི་སྙིང་པོར་རྫོགས༔ འཕེལ་འགྲིབ་བྲལ་བའི་ཡེ་ཤེས་ཆེ༔ ལམ་དུ་བྱེད་པའི་རྣལ་འབྱོར་པས༔ རང་བྱུང་དུར་ཁྲོད་ཆེན་པོ་སོགས༔ བྱིན་རླབས་བཀྲ་ཤིས་དབེན་གནས་སུ༔ སྒྲོན་མ་ལྔ་ཡིས་ཆག་ཆག་གདབ༔ གསང་བའི་ས་ལ་སྟེགས་བུ་བྱ༔ དཀྱིལ་འཁོར་མཚན་ཉིད་ལྡན་པ་འམ༔ རུས་ཆེན་མེ་ཏོག་ཚོམ་བུའི་དབུས༔ གསང་བའི་བུམ་པ་ཁ་སྦྱར་ནང༔ ཤ་ལྔ་བདུད་རྩི་རྣམ་ལྔ་དང༔ རྩ་བརྒྱད་སྟོང་སྦྱར་སྨན་གྱིས་བཀང༔ མཐའ་སྐོར་མཆོད་གཏོར་བརྗིད་ལྡན་བཤམ༔ བགེགས་ཚོགས་བསྐྲད་ཅིང་བྱིན་ཆེན་དབབ༔ དེ་ནི་སྟ་གོན་རིམ་པ་འོ༔ ས་མ་ཡ༔ <!TCC Tibetan character 3,181 undefined in unicode!> རྩ་གསུམ་འོད་གསལ་སྙིང་ཏིག་ལས༔ ཕུར་པ་འདུས་པའི་དྲིལ་སྒྲུབ་བཞུགས༔ <!TCC Tibetan character 3,181 undefined in unicode!> དཔལ་ཆེན་རྡོ་རྗེ་གཞོན་ནུར་འདུད༔ མ་འོངས་པདྨ་བདག་ཉིད་ཀྱིས༔ བྱིན་གྱིས་བརླབས་པའི་རིག་པ་འཛིན༔ འོད་གསལ་སྤྲུལ་པའི་རྡོ་རྗེའི་དོན༔ ཕུར་པ་འདུས་པའི་དྲིལ་སྒྲུབ་བསྟན༔ ས་མ་ཡ༔ དབེན་པའི་གནས་སུ་སྟེགས་བུའི་ཁར༔ བསྙེན་པའི་དམ་ཚིག་རྟེན་ཉིད་དུ༔ མཚན་མ་རྫས་ཀྱི་ཕུར་པ་འགོད༔ མཐའ་སྐོར་ཕྱི་ནང་མཆོད་པས་བསྐོར༔ དེ་ནས་ཉམས་སུ་བླང་བ་ལ༔ སྔོན་འགྲོའི་དང་པོ་སྐྱབས་སེམས་ནི༔ ཧཱུྃ༔ རང་རིག་བཛྲ་ཀུ་མཱ་རར༔ གཉིས་སུ་མེད་པར་སྐྱབས་སུ་མཆི༔ རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དུ༔ ཁམས་གསུམ་བསྒྲལ་བར་སེམས་བསྐྱེད་དོ༔ གཉིས་པ་བགེགས་ཚོགས་མཚམས་གཅད་ནི༔ ཧཱུྃ༔ ངང་ཉིད་རྡོ་རྗེའི་ཆོས་དབྱིངས་ལས༔ ཕྱི་ནང་སྣོད་བཅུད་ཁྱབ་པ་ཡི༔ འབར་བའི་ཁྲོ་བོ་མི་བཟད་པས༔ ལོག་འདྲེན་འབྱུང་པོ་མཚམས་བཅད་གྱུར༔ ཧཱུྃ་ཧཱུྃ་ཧཱུྃ༔ གསུམ་པ་ཡེ་ཤེས་བྱིན་འབེབ་ནི༔ ཧཱུྃ༔ འོད་གསལ་ཆོས་སྐུའི་ཕོ་བྲང་ནས༔ ལོངས་སྤྱོད་ཡོངས་རྫོགས་དཔལ་ཆེན་པོས༔ གང་འདུལ་སྤྲུལ་པའི་རྣམ་རོལ་གྱིས༔ གནས་འདིར་བྱིན་ཕོབ་དབང་མཆོག་སྐུར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ སརྦ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཧཱུྃ་ཧཱུྃ་ཧཱུྃ༔ བཞི་པ་མཆོད་གཏོར་བྱིན་རླབས་ནི༔ ཧཱུྃ༔ བདག་ཉིད་ལྷར་གསལ་ཐུགས་ཀ་ནས༔ འཕྲོས་པའི་འོད་ཀྱིས་མཆོད་རྫས་ཀུན༔ གཟུང་འཛིན་མཚན་མ་ལས་འདས་པའི༔ ཡེ་ཤེས་བདུད་རྩིའི་རོལ་པར་སྤེལ༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡའི་བར་དང་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་མ་ཧཱ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ཨཱཿཧཱུྃ༔ ས་མ་ཡ༔ དངོས་གཞིར་དམ་ཚིག་བསྐྱེད་པ་ཡིས༔ སྲིད་པ་ཕུར་བུར་བསྒྲུབ་པ་ནི༔ ཧཱུྃ༔ སེམས་ཀྱི་རྡོ་རྗེ་དེ་བཞིན་ཉིད༔ ཀུན་སྣང་སྙིང་རྗེའི་མཚོན་ཆར་འབར༔ རྒྱུ་ཡི་ཏིང་འཛིན་ཧཱུྃ་མཐིང་ག༔ དེ་ལས་འོད་འཕྲོས་སྣོད་བཅུད་སྦྱངས༔ ཀློང་ལྔ་ཡུམ་གྱི་བྷ་ག་རུ༔ དུར་ཁྲོད་དྲག་པོའི་གཞལ་ཡས་ཁང༔ ཕྱི་ནང་མཚན་ཉིད་ཡོངས་རྫོགས་དབུས༔ དྲེགས་པ་ཉི་ཟླ་པདྨའི་སྟེང༔ དབྱིངས་དང་ཡེ་ཤེས་དབྱེར་མེད་པ༔ རང་རིག་བཛྲ་ཀུ་མཱ་ར༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ བཞད་གཤེ་རྔམ་པའི་ཉམས་དང་ལྡན༔ ཕྱག་དྲུག་གཡས་ཀྱི་དང་པོ་གཉིས༔ རྡོ་རྗེ་རྩེ་དགུ་རྩེ་ལྔ་དང༔ གཡོན་གཉིས་མེ་དཔུང་ཁ་ཊྭཱཾ་འཛིན༔ ཐ་མ་རི་རབ་ཕུར་བུ་སྒྲིལ༔ ཁམས་གསུམ་སྐུ་ཡི་དབྱིངས་སུ་རྫོགས༔ དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཞབས་བཞི་གྱད་ཀྱི་འདོར་སྟབས་བགྲད༔ སྦྱོར་ཡུམ་འཁོར་ལོ་རྒྱས་འདེབས་སྔོ༔ དྲིལ་བུ་ཐོད་ཁྲག་བསྣམས་པས་འཁྲིལ༔ ཡེ་ཤེས་མེ་དཔུང་ཀློང་དཀྱིལ་ན༔ གར་དགུའི་རོལ་པས་རྣམ་པར་འགྱིངས༔ སྙིང་གར་རཏྣ་ཟུར་བརྒྱད་ཀློང༔ རྡོར་སེམས་ཡབ་ཡུམ་ཐུགས་དབུས་སུ༔ རིན་ཆེན་གཞལ་ཡས་སྒོ་གཅིག་པར༔ རྟ་མཆོག་རོལ་པའི་ཕྱག་རྒྱས་སྲུང༔ ལྟེ་བར་ཉི་མའི་དཀྱིལ་འཁོར་སྟེང༔ རྡོ་རྗེ་རྩེ་ལྔ་ཧཱུྃ་གིས་མཚན༔ འོད་ཀྱིས་ཡབ་ཡུམ་སྙོམས་པར་ཞུགས༔ བྱང་སེམས་ཧཱུྃ་ཡིག་སྤྲིན་འཕྲོ་བས༔ འཁོར་ལོ་རྣམ་ལྔར་སྲས་མཆོག་དང༔ ཚིགས་མཚམས་ཁྲོ་བོ་སྟངས་དཔྱལ་བཅུ༔ ཁྲ་ཐབས་ཉི་ཤུའི་འཁོར་བཅས་ཤར༔ སྒོ་བཞིར་ཚད་མེད་སྒོ་མ་བཞི༔ བར་མཚམས་མ་མོ་བཅུ་གཉིས་སོགས༔ བཀའ་ཉན་དམ་ཅན་སྤྲིན་ལྟར་གཏིབས༔ ཀུན་ཀྱང་སྣང་སྟོང་ཟུང་འཇུག་ངང༔ རྡོ་རྗེ་གསུམ་གྱིས་རྒྱས་བཏབ་ཅིང༔ སངས་རྒྱས་ཐམས་ཅད་འདུས་པའི་སྐུར༔ དབང་བསྐུར་དགའ་བཞིའི་རོལ་མོ་ཡིས༔ ཡེ་ཤེས་ཁྲོ་བོ་སྤྱན་དྲང་གྱུར༔ གཉིས་པ་ཡེ་ཤེས་སྤྱན་འདྲེན་ཞིང༔ ཕྱག་རྒྱ་རྣམ་བཞིས་བརྟན་པར་བྱ༔ ཧཱུྃ༔ སྲིད་པའི་ཕུར་བུ་སྒྲུབ་པ་དང༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཁྲོ་རྒྱལ་འཁོར་བཅས་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་བསྟན་པ་དང༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨེ་ཧྱེ་ཧི་སརྦ་ས་མ་ཡ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ གསུམ་པ་བརྡ་ཕྱག་འཚལ་བ་ནི༔ ཧཱུྃ༔ སྲིད་པ་རྡོ་རྗེ་ཕུར་བུའི་ལྷ༔ རང་རིག་བྱང་ཆུབ་སེམས་སུ་རྫོགས༔ འཁོར་འདས་རོ་མཉམ་ཆོས་སྐུའི་ངང༔ རང་ཞལ་མཇལ་བའི་ཕྱག་གིས་འདུད༔ བཛྲ་ཛྙཱ་ན་ས་མ་ཡ་ཧོ༔ བཞི་པ་མཆོད་པ་འབུལ་བ་ནི༔ ཧཱུྃ༔ སྣོད་བཅུད་འདོད་ཡོན་རོལ་པའི་སྤྲིན༔ སྨན་གཏོར་རཀྟ་གསང་བའི་རྫས༔ སྦྱོར་སྒྲོལ་ཟུང་འཇུག་ཆོས་དབྱིངས་ཆེ༔ མཆོད་པའི་ཕྱག་རྒྱ་ཆེན་པོར་བཞེས༔ ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེའི་བར་དང་མ་ཧཱ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཏ་ན་ག་ན་སརྦ་པཱུ་ཛ་ཧོ༔ ལྔ་པ་བསྟོད་པ་བྱ་བ་ནི༔ ཧཱུྃ༔ རྡོ་རྗེ་ཁྲོས་པའི་ཏིང་འཛིན་གྱིས༔ བར་ཆད་བདུད་དཔུང་འདུལ་མཛད་པ༔ ཧེ་རུ་ཀཿདཔལ་ཁྲག་འཐུང་ལྷ༔ གཙོ་འཁོར་སྤྲུལ་པར་བཅས་ལ་བསྟོད༔ དྲུག་པ་བསྙེན་ཅིང་སྒྲུབ་པ་ནི༔ བདག་ཉིད་ཐུགས་སྲོག་ཧཱུྃ་ཡིག་མཐར༔ སྔགས་ཕྲེང་གཡས་འཁོར་འོད་ཟེར་གྱིས༔ དཀྱིལ་འཁོར་ལྷ་ཚོགས་གསལ་བར་བྱས༔ མཆོད་བཞེས་དམ་བསྐངས་དངོས་གྲུབ་ཐོབ༔ སླར་ཡང་འཕྲོ་འདུས་དོན་གཉིས་བསྒྲུབས༔ སྣོད་བཅུད་རྡོ་རྗེ་གཞོན་ནུའི་ཞིང༔ སྒྲར་གྲགས་སྔགས་ཀྱི་རང་སྒྲར་འུར༔ དྲན་རྟོག་དབྱིངས་རིག་དབྱེར་མེད་པ༔ ཐུགས་རྗེ་ཆེན་པོའི་ཕུར་པ་ཡིས༔ འཁོར་འདས་ཀུན་ལ་རྒྱས་བཏབ་པས༔ བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས༔ རྣམ་བཞིའི་ཕྲིན་ལས་དབང་འབྱོར་བསམ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཐོག་མཐའ་ཨོཾ་དང་ཕཊ་བཞག་ནས༔ བར་ན་བཅུ་གཉིས་གྲོང་མཛེས་པ༔ ཕྲིན་ལས་འདུས་པའི་སྙིང་པོ་སྟེ༔ བསྙེན་སྒྲུབ་ལས་གསུམ་ཆིག་ཆོད་ཡིན༔ སྐབས་སུ་རྣོ་མྱུར་སྤུ་གྲིའི་སྔགས༔ དམིགས་པའི་གནད་དང་སྦྱར་ལ་བཟླ༔ གཙོ་འཁོར་ཡོངས་རྫོགས་ལ་དམིགས་ནས༔ དྲག་པོའི་ཧཱུྃ་གི་སྣང་གླུ་ལེན༔ གཟུང་འཛིན་ཞེན་པ་ཀུན་སྦྱངས་པས༔ ལུས་སྣང་སྤྲུལ་པའི་སྐུ་རུ་འགྱུར༔ ཐུན་མཐར་མཆོད་བསྟོད་དངོས་གྲུབ་བླང༔ ནོངས་པ་བཤགས་ཤིང་ཡེ་ཤེས་བསྡུ༔ འོད་གསལ་ངང་ལས་སྒྱུ་མའི་སྐུས༔ སྣོད་བཅུད་དཀྱིལ་འཁོར་གསུམ་དུ་སྦྱངས༔ ཁྱད་པར་ནང་ལྟར་རླུང་སྦྱོར་དང༔ འབར་འཛག་བྱང་སེམས་ཕུར་བུ་ཉིད༔ རྡོ་རྗེ་བཙུན་མོའི་མཁར་ཐེབས་པས༔ སྲོག་རྩོལ་ལོངས་སྤྱོད་རྫོགས་སྐུར་སྨིན༔ གསང་བ་བསྐྱེད་པའི་ལྷ་དང་སྔགས༔ རིག་པ་བྱང་སེམས་ཕུར་པར་བསྡུ༔ ཆོས་ཀྱི་དབྱིངས་སུ་བཏབ་པ་ཡིས༔ རྟོགས་ཚོགས་དོན་དམ་ཆོས་སྐུར་ཤར༔ ས་མ་ཡ༔ དེ་ལྟར་བརྩོན་པས་གནས་སྐབས་སུ༔ གང་བརྩམ་ཕྲིན་ལས་ཐོགས་པ་མེད༔ མཐར་ཐུག་རིག་འཛིན་རྣམ་པ་བཞིར༔ བརྟེན་ནས་ཟུང་འཇུག་གོ་འཕང་འགྲུབ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ <!TCC Tibetan character 3,181 undefined in unicode!> རྩ་གསུམ་འོད་གསལ་སྙིང་ཏིག་ལས༔ ཕུར་བུ་འདུས་པའི་དབང་ཆོག་བཞུགས༔ <!TCC Tibetan character 3,181 undefined in unicode!> དཔལ་ཆེན་རྡོ་རྗེ་གཞོན་ནུར་འདུད༔ ཕུར་པ་འདུས་པའི་དབང་བསྐུར་ནི༔ དབེན་པའི་གནས་སུ་དཀྱིལ་འཁོར་དབུས༔ སྒྲུབ་པའི་ཕུར་པ་མཚན་ལྡན་དང༔ རིག་འཛིན་བླ་མའི་གཏོར་མ་བཤམ༔ མདུན་དུ་ལས་ཀྱི་ཕུར་བུ་བཀོད༔ ཕྱི་ནང་མཆོད་པས་མཐའ་བསྐོར་ནས༔ བདག་མདུན་དབྱེར་མེད་བསྐྱེད་བཟླས་བྱ༔ རིག་པའི་མེ་ཏོག་དོར་བས་འཇུག༔ དེ་ནས་སློབ་མ་ཁྲུས་ནས་དབྱུང༔ བགེགས་བསྐྲད་མཚམས་བཅད་མཎྜལ་ཕུལ༔ མེ་ཏོག་དང་བཅས་གསོལ་གདབ་ནི༔ ཧཱུྃ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པ༔ དབང་དང་བྱིན་རླབས་བདག་ལ་སྩོལ༔ ལན་གསུམ་གསོལ་ཞིང་རྒྱུད་སྦྱངས་ལ༔ གཏོར་མ་སྤྱི་བོའི་གཙུག་ཏུ་བཞག༔ རིག་འཛིན་བླ་མའི་ཐུགས་དམ་བསྐུལ༔ ཧཱུྃ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔ སྲིད་པ་རྡོ་རྗེར་གྲུབ་མཛོད་ཅིག༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད༔ ཨོཾ་ཨཱཿབཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ ས་མ་ཡ་ཨཱ་བེ་ཤ་ཡ་སཏྭཾ༔ བརྒྱུད་གསུམ་བླ་མ་ཆར་ལྟར་བབས༔ སློབ་མའི་ལུས་ལ་ཐིམ་པ་ཡིས༔ ཕྱི་ནང་གཞན་གསུམ་དབྱེར་མེད་པའི༔ རྡོ་རྗེ་གཞོན་ནུའི་སྐུར་གྱུར་བསམ༔ སྒྲུབ་པའི་ཕུར་པ་སྤྱི་བོར་བཞག༔ ཨོཾ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ སྐུ་ཡི་དབྱིག་ཏུ་དབང་བསྐུར་རོ༔ སྔགས་མཐར༔ ཀཱ་ཡ་ས་མ་ཡ་ཨཱ་བེ་ཤ་ཡ་སཏྭཾ༔ ལྷག་པའི་ལྷ་ཉིད་སྤྱི་བོར་ཐིམ༔ སྣང་སྟོང་ཟུང་འཇུག་ཆེན་པོའི་ངང༔ རིགས་ཀྱི་བདག་པོས་དབུར་བརྒྱན་ཅིང༔ བུམ་དབང་ཡེ་ཤེས་སྐྱེས་པར་བསམ༔ སྒྲུབ་པའི་ཕུར་པ་མགྲིན་པར་བཞག༔ ཨཱ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་གསུང༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ གསུང་གི་དབྱིག་ཏུ་དབང་བསྐུར་རོ༔ སྔགས་མཐར༔ ཝཱ་ཀ་ས་མ་ཡ་ཨཱ་བེ་ཤ་ཡ་སཏྭཾ༔ ཕུར་པའི་ལྷ་ཚོགས་སྙོམས་ཞུགས་པའི༔ བྱང་སེམས་མགྲིན་པའི་ལམ་ནས་བརྒྱུད༔ ལུས་གང་དུག་གསུམ་རྟོག་པ་འགགས༔ གསང་བའི་ཡེ་ཤེས་སྐྱེས་པར་བསམ༔ རྗེས་འབྲེལ་བཟླས་པའི་ལུང་ཡང་སྦྱིན༔ སྒྲུབ་པའི་ཕུར་པ་སྙིང་གར་བཞག༔ ཧཱུྃ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་ཐུགས༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ ཐུགས་ཀྱི་དབྱིག་ཏུ་དབང་བསྐུར་རོ༔ སྔགས་མཐར༔ ཙིཏྟ་ས་མ་ཡ་ཨཱ་བེ་ཤ་ཡ་སཏྭཾ༔ ཕུར་པའི་ལྷ་ཡི་སྦྱོར་ཡུམ་ལས༔ གཉིས་པ་སྤྲོས་ཏེ་ཡུམ་ལ་བསྟིམས༔ འདུ་ཤེས་གསུམ་གྱིས་སྙོམས་ཞུགས་པས༔ གསུམ་པའི་ཡེ་ཤེས་སྐྱེས་པར་བསམ༔ སླར་ཡང་སྒྲུབ་ཕུར་སྙིང་གར་བཟུང༔ ཧྲཱི༔ སངས་རྒྱས་ཀུན་གྱི་ཡེ་ཤེས་དབྱིངས༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ ཡེ་ཤེས་དབྱིག་ཏུ་དབང་བསྐུར་རོ༔ སྔགས་མཐར༔ ཛྙཱ་ན་ས་མ་ཡ་ཨཱ་བེ་ཤ་ཡ་སཏྭཾ༔ ཕུར་ནི་ཐབས་ཀྱི་རྒྱལ་པོ་སྟེ༔ པ་ནི་ཤེས་རབ་དབྱིངས་ཀྱི་ངང༔ ཟུང་འཇུག་ཆེན་པོར་མཉམ་བཞག་པས༔ བཞི་པའི་ཡེ་ཤེས་སྐྱེས་པར་བསམ༔ དབང་དོན་དགོངས་པ་བརྟན་པའི་ཕྱིར༔ སླར་ཡང་སྒྲུབ་ཕུར་སྤྱི་བོར་བཀོད༔ ཧཱུྃ༔ སྲིད་པའི་ཕུར་བུ་སྒྲུབ་པ་དང༔ དབང་དང་དངོས་གྲུབ་སྩོལ་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་བསྟན་པ་དང༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ སྔགས་མཐར༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ས་མ་ཡ་ཨཱ་བེ་ཤ་ཡ་སཏྭཾ༔ ལྷ་ཚོགས་བསྟིམས་ནས་གཉིས་མེད་བསམ༔ ཁྲག་འཐུང་ཆེན་པོའི་ང་རྒྱལ་སྐྱེད༔ མཐའ་རྟེན་གདབ་ཕུར་ལག་ཏུ་གཏད༔ ཧཱུྃ༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ སྔོན་ཆད་ཚུལ་བཞིན་དམ་བཅས་པའི༔ མངོན་སྤྱོད་ཕྲིན་ལས་འགྲུབ་པར་མཛོད༔ དྲག་སྔགས་བརྗོད་ཅིང་ལྟ་གདེང་སྐྱེད༔ ཕུར་པ་ཕྱོགས་བཅུར་བསྒྲིལ་བ་ཡིས༔ ཁམས་གསུམ་བདུད་ཚོགས་ཚར་བཅད་ཅིང༔ སྲུང་ཟློག་གསད་གནན་གཟིར་བསྐྲད་སོགས༔ རབ་འབྱམས་ལས་ཀུན་འགྲུབ་པར་བསམ༔ ཐུགས་ཀྱི་ཕུར་གཅིག་ལ་བརྟེན་ནས༔ ཏིང་ངེ་འཛིན་གྱི་དབང་བསྐུར་བ༔ རྒྱུད་ཀྱི་ཁོང་སྙིང་ཕྱུང་པ་སྟེ༔ སྣོད་ལྡན་བུ་ལ་གཏད་དོ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་རྒྱལ་པོ་༧འོད་གསལ་སྤྲུལ་པའི་རྡོ་རྗེའི་ཞལ་སྔ་ནས་གཏན་ལ་ཕབ་རིམ་བཞིན་དུ། གུས་སློབ་བློ་གྲོས་མཐའ་ཡས་ཀྱིས་བྲིས་པ་དགེ་ལེགས་འཕེལ།། །། <!TCC Tibetan character 3,181 undefined in unicode!> རྩ་གསུམ་འོད་གསལ་སྙིང་ཏིག་ལས༔ ཕུར་པ་འདུས་པའི་དྲིལ་སྒྲུབ་བཞུགས༔ <!TCC Tibetan character 3,181 undefined in unicode!> དཔལ་ཆེན་རྡོ་རྗེ་གཞོན་ནུར་འདུད༔ མ་འོངས་པདྨ་བདག་ཉིད་ཀྱིས༔ བྱིན་གྱིས་བརླབས་པའི་རིག་པ་འཛིན༔ འོད་གསལ་སྤྲུལ་པའི་རྡོ་རྗེའི་དོན༔ ཕུར་པ་འདུས་པའི་དྲིལ་སྒྲུབ་བསྟན༔ ས་མ་ཡ༔ དབེན་པའི་གནས་སུ་སྟེགས་བུའི་ཁར༔ བསྙེན་པའི་དམ་ཚིག་རྟེན་ཉིད་དུ༔ ལྕགས་སམ་དྲག་པོའི་ཤིང་དག་ལས༔ མཚན་མ་རྫས་ཀྱི་ཕུར་པ་ནི༔ དར་ནག་ཅོད་པན་དང་བཅས་དགོད༔ མཐའ་སྐོར་ཕྱི་ནང་མཆོད་པ་བཤམ༔ དེ་ནས་ཉམས་སུ་བླང་བ་ལ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས༔ སྔོན་འགྲོའི་དང་པོ་སྐྱབས་སེམས་ནི༔ ན་མོ༔ བླ་མ་རྡོ་རྗེ་གཞོན་ནུ་ལ༔ མི་ཕྱེད་གུས་པས་སྐྱབས་སུ་མཆི༔ སྲིད་པ་ཕུར་བུའི་དཀྱིལ་འཁོར་དུ༔ ཁམས་གསུམ་བསྒྲལ་བར་སེམས་བསྐྱེད་དོ༔ གཉིས་པ་བགེགས་བསྐྲད་སྲུང་མཚམས་ནི༔ ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་རྣམས༔ ང་ཡི་བཀའ་ལས་འདའ་མ་བྱེད༔ རྡོ་རྗེ་གསང་བའི་བཀའ་ལུང་ལས༔ སྡིག་ཅན་གང་ཞིག་འདའ་བྱེད་པ༔ སྟོབས་ཆེན་ཁྲོ་བོ་ཆེན་པོ་བཅུས༔ ཀླད་པ་ཚལ་པ་བརྒྱ་རུ་ཁོས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ སོང་ཞིག་ལྷ་མིན་ལྷ་ཡང་རུང༔ ང་ལ་བར་ཆད་བྱེད་པ་རྣམས༔ མཐུ་དང་རྫུ་འཕྲུལ་མེད་པར་མཛོད༔ དྲག་སྔགས་བརྗོད་ཅིང་ཐུན་གྱིས་གཟིར༔ ཧཱུྃ༔ ངང་ཉིད་རྡོ་རྗེའི་ཆོས་དབྱིངས་ལས༔ ཕྱི་ནང་སྣོད་བཅུད་ཁྱབ་པ་ཡི༔ འབར་བའི་ཁྲོ་བོ་མི་བཟད་པས༔ ལོག་འདྲེན་འབྱུང་པོ་མཚམས་བཅད་གྱུར༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཛྙཱ་ན་རཀྵ་བྷྲཱུྃ༔ གསུམ་པ་ཡེ་ཤེས་བྱིན་འབེབ་ནི༔ ཧཱུྃ༔ འོད་གསལ་ཆོས་སྐུའི་ངང་ཉིད་ལས༔ ལོངས་སྤྱོད་ཡོངས་རྫོགས་དཔལ་ཆེན་པོས༔ གང་འདུལ་སྤྲུལ་པའི་རྣམ་རོལ་གྱིས༔ གནས་འདིར་བྱིན་ཕོབ་དབང་མཆོག་སྐུར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ སརྦ་ས་མ་ཡ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ བཞི་པ་མཆོད་གཏོར་བྱིན་རླབས་ནི༔ ཧཱུྃ༔ བདག་ཉིད་ལྷར་གསལ་ཐུགས་ཀ་ནས༔ འཕྲོས་པའི་འོད་ཀྱིས་མཆོད་རྫས་ཀུན༔ གཟུང་འཛིན་མཚན་མ་ལས་འདས་པའི༔ ཡེ་ཤེས་འདོད་རྒུའི་སྤྲིན་དུ་སྤེལ༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་སརྦ་པཱུ་ཛ་མ་ཧཱ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཨཱཿཧཱུྃ༔ ས་མ་ཡ༔ དངོས་གཞིར་ཐ་མལ་སྣང་ཞེན་གྱི༔ སྲིད་པ་ཕུར་བུར་བསྒྲུབ་པའི་ཕྱིར༔ དང་པོ་དམ་ཚིག་བསྐྱེད་པ་ནི༔ ཏིང་འཛིན་གསུམ་གྱིས་ཁོག་ཕུབ་ལ༔ རྟེན་གྱི་དཀྱིལ་འཁོར་ཆེན་པོའི་དབུས༔ བདག་ཉིད་རྩ་བའི་དཔལ་ཆེན་པོ༔ རྒྱུ་འབྲས་ལས་བཞེངས་སྒོང་སྐྱེས་སྦྱོང༔ མཚན་མ་རྫས་དང་དབྱེར་མེད་པའི༔ སྲས་མཆོག་རིགས་ལྔ་ཡེ་ཤེས་མཐུས༔ སྐད་ཅིག་བརྫུས་སྐྱེས་ཚུལ་དུ་ཤར༔ སྙོམས་འཇུག་མངལ་འབྱིན་སྦྱོར་བ་ཡིས༔ ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་བསྐྱེད༔ སྒོ་སྐྱོང་བཀའ་ཉན་སྔགས་ཀྱི་སྒྲས༔ དྲོད་གཤེར་སྐྱེས་ཀྱི་བག་ཆགས་སྦྱོང༔ ཧཱུྃ༔ སེམས་ཀྱི་རྡོ་རྗེ་དེ་བཞིན་ཉིད༔ སྙིང་རྗེ་ཁྲོས་པར་ཀུན་ཏུ་སྣང༔ མཚོན་ཆེན་རྡོ་རྗེ་ཧཱུྃ་ཡིག་བཅས༔ འབར་བའི་འོད་ཀྱིས་སྣོད་བཅུད་སྦྱངས༔ ཀློང་ལྔ་འབྱུང་བ་ཡུམ་གྱི་མཁར༔ དུར་ཁྲོད་དྲག་པོའི་གཞལ་ཡས་ཁང༔ འབར་བའི་མཚན་ཉིད་ཡོངས་རྫོགས་དབུས༔ པདྨ་ཟླ་ཉི་བདུད་བཞིའི་སྟེང༔ རྡོ་རྗེ་ཧཱུྃ་ཡིག་ཡོངས་གྱུར་ལས༔ བདག་ཉིད་དཔལ་ལྡན་རྡོ་རྗེ་སེམས༔ དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན༔ རང་འདྲའི་ཡུམ་འཁྱུད་མཚན་དཔེར་འབར༔ ལོངས་སྤྱོད་ཡོངས་རྫོགས་རིགས་བརྒྱའི་བདག༔ ཟབ་གསལ་གཉིས་མེད་སྐུ་རུ་བཞེངས༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཡབ་ཡུམ་སྙོམས་ཞུགས་བདེ་བ་ཆེའི༔ རང་གཟུགས་འོད་ཀྱི་ཐིག་ལེར་འཁྱིལ༔ དེ་ལས་འབྲས་བུའི་ཧེ་རུ་ཀ༔ དཔལ་ཆེན་བཛྲ་ཀུ་མཱ་ར༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ བཞད་གཤེ་རྔམ་པའི་ཉམས་དང་ལྡན༔ མཐིང་ནག་སྐུ་ལ་དཔལ་ཆས་དང༔ དུར་ཁྲོད་དྲག་པོའི་ཆས་ཀྱིས་བརྗིད༔ ཕྱག་དྲུག་གཡས་ཀྱི་དང་པོ་གཉིས༔ གསེར་གྱི་རྡོ་རྗེ་རྩེ་དགུ་ལྔ༔ གཡོན་གཉིས་མེ་ཕུང་ཁ་ཊྭཱཾ་འཁྲོལ༔ ཐ་མས་རི་རབ་ཕུར་བུ་འདྲིལ༔ ཁམས་གསུམ་རྡོ་རྗེ་གསུམ་དུ་རྫོགས༔ ཞབས་བཞི་གྱད་ཀྱི་དོར་སྟབས་ཀྱིས༔ པད་ཟླ་ཉི་མ་བདུད་བཞིའི་སྟེང༔ ཡེ་ཤེས་འབར་འཁྲུགས་མེ་ཀློང་འགྱིངས༔ སྦྱོར་ཡུམ་འཁོར་ལོ་རྒྱས་འདེབས་སྔོ༔ གཟིག་ཤམ་རིན་ཆེན་རུས་རྒྱན་ཅན༔ དྲིལ་བུ་དུང་ཁྲག་བསྣམས་པས་འཁྲིལ༔ གར་དགུའི་ཉམས་ལྡན་དཔལ་ཆེན་པོ༔ ཡབ་ཡུམ་མཉམ་སྦྱོར་བདེ་བ་ཆེས༔ ཡེ་ཤེས་ལྔ་ཡི་རིག་རྩལ་འབར༔ དེ་ལས་འཁོར་ལོའི་གནས་ལྔ་རུ༔ སྲས་མཆོག་ཀཱི་ལ་རིགས་ཀྱི་མདོག༔ ཕྱག་གཉིས་ཕུར་འདྲིལ་ཡུམ་དང་འཁྱུད༔ སྐུ་སྨད་གནམ་ལྕགས་ཕུར་བུའི་དབལ༔ པད་ཉི་དྲེགས་པའི་གདན་ལ་རོལ༔ སླར་ཡང་སྙོམས་ཞུགས་མཁའ་གསང་ནས༔ བྱང་སེམས་ཧཱུྃ་གི་སྤྲིན་སྤྲོས་པས༔ ཕྱི་རོལ་འཁོར་ལོ་རྩིབས་བཅུའི་དབུས༔ ཕྱོགས་བཅུའི་ཁྲོ་བོ་ཆེན་པོ་བཅུ༔ སྐུ་མདོག་དུས་ཀྱི་མུན་ལྟར་གནག༔ ཞལ་གཅིག་ཕྱག་གཉིས་ཡུམ་དང་འཁྲིལ༔ ཕུར་བུ་འདྲིལ་ཞིང་བགེགས་ཚོགས་གཟིར༔ པད་ཉི་ཕྱོགས་སྐྱོང་དྲེགས་པའི་སྟེང༔ དྲག་མེ་དམར་ནག་དབུས་ན་བཞེངས༔ གཡས་གཡོན་ཟ་གསོད་ཕྲ་མེན་མ༔ ཁྲ་ཐབས་ཉི་ཤུའི་སྤྲུལ་པ་འགྱེད༔ སྲས་མཆོག་རིགས་ལྔ་ཁྲོ་རྒྱལ་ཚོགས༔ རྡོ་རྗེའི་གཤོག་བརྒྱངས་དུར་ཁྲོད་ཆས༔ རབ་འཇིགས་ཁྲོ་གཏུམ་འཇིགས་པའི་ཉམས༔ ཡེ་ཤེས་མེ་ཕུང་ཀློང་ན་གསལ༔ གཙོ་མཆོག་ཡབ་ཡུམ་རོལ་པའི་སྒྲ༔ ཛཿཧཱུྃ་བཾ་ཧོཿམ་བྷྱོ་ལས༔ སྒོ་བཞིར་གདོང་ཅན་སྒོ་མ་བཞི༔ བར་ཁྱམས་མ་མོ་བཅུ་གཉིས་དང༔ ཕྱི་འཁོར་དབང་ཕྱུག་ཉེར་བརྒྱད་སོགས༔ བཀའ་ཉན་དམ་ཅན་སྤྲིན་ལྟར་གཏིབས༔ ཀུན་ཀྱང་སྣང་སྟོང་ཟུང་འཇུག་སྐུ༔ ཆུ་ཟླ་འཇའ་ཚོན་བཞིན་དུ་གསལ༔ སྲིད་གསུམ་ཐ་མལ་སྣང་ཞེན་ཀུན༔ རྡོ་རྗེ་ཁྲོས་པའི་འཁོར་ལོར་རྫོགས༔ ཨོཾ་ཤྲཱི་བཛྲ་ཀཱི་ལ་ཡ་སརྦ་མཎྜ་ལ་ཨཱཿཧཱུྃ༔ རྗེས་འབྲེལ་བྱིན་རླབས་དབང་བསྐུར་ནི༔ དེ་ལྟར་གསལ་བའི་གནས་གསུམ་དུ༔ ཟླ་བ་པདྨ་ཉི་མའི་སྟེང༔ འབྲུ་གསུམ་ཕྱག་མཚན་ཡོངས་གྱུར་ལས༔ རྡོ་རྗེ་གསུམ་གྱི་ཕྱག་རྒྱས་མཚན༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་སུ་བྱིན་བརླབ་བོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨཱཏྨ་ཀོ྅་ཧཾ༔ གཙོ་བོའི་ཐུགས་མཆོག་རིན་པོ་ཆེ༔ ཟུར་བརྒྱད་མཆོང་གུར་ལྟ་བུ་ཡི༔ གཞལ་མེད་ཁང་པ་གནམ་སྒོ་ཅན༔ རྟ་མཆོག་དཔལ་གྱིས་སྒོ་སྲུང་མཛད༔ དབུས་སུ་ཞི་བ་རྡོ་རྗེ་སེམས༔ འབར་བའི་སྐུར་བཞེངས་ཧེ་རུ་ཀ༔ རྡོ་རྗེ་དུང་ཁྲག་ཡུམ་དང་སྦྱོར༔ ཨིནྡྲ་ནཱི་ལའི་མདངས་འོད་འཚེར༔ རོལ་པའི་འོད་ཀྱིས་དབང་གི་ལྷ༔ སྤྱན་དྲངས་བྱང་ཆུབ་སེམས་ཀྱི་ཆུས༔ དབང་བསྐུར་རིགས་ལྔས་དབུར་བརྒྱན་གྱུར༔ ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱ༔ ཧེ་རུ་ཀཿཨ་བྷི་ཥིཉྩ་ས་མ་ཡ་སཏྭཾ༔ སླར་ཡང་ཧཱུྃ་གི་སྒྲ་བསྒྲགས་པས༔ ཁམས་གསུམ་ཉོན་མོངས་དུག་ཆེན་སྦྱངས༔ ཀུན་ཀྱང་རྡོར་སེམས་སྐུར་གྱུར་ནས༔ ཡེ་ཤེས་ཁྲག་འཐུང་ཕྱག་རྒྱར་ཐིམ༔ ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཛཿཤྲཱི་ཧེ་རུ་ཀཿཨ་ཧཾ༔ གཉིས་པ་ཡེ་ཤེས་སྤྱན་དྲང་ཞིངཿ ཕྱག་རྒྱས་བསྟིམ་ནས་བཞུགས་སུ་གསོལ༔ ཧཱུྃ༔ སྲིད་པ་ཕུར་བུ་སྒྲུབ་པ་དང༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཁྲོ་རྒྱལ་འཁོར་བཅས་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་བསྟན་པ་དང༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ས་མ་ཡ་ཨེ་ཧྱེ་ཧི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཧཱུྃ༔ སྙིང་རྗེའི་ལྕགས་ཀྱུས་གནས་ནས་དགུག༔ བྱམས་པའི་ཞགས་པས་རྟེན་ལ་གཞུག༔ དགའ་བའི་སྒྲོག་གིས་དབྱེར་མེད་བཅིང༔ བཏང་སྙོམས་དྲིལ་བུས་རབ་དགྱེས་པའི༔ སྲིད་པ་རྡོ་རྗེ་ཕུར་བུའི་ལྷ༔ དམ་ཚིག་ཡེ་ཤེས་དབྱེར་མེད་པ༔ འབར་བའི་གདན་ལ་བཞུགས་ནས་ཀྱང༔ མཆོད་བཞེས་དམ་བསྐང་དངོས་གྲུབ་སྩོལ༔ ཛཿཧཱུྃ་བཾ་ཧོཿས་མ་ཡ་ཏིཥྛ་ལྷན༔ གསུམ་པ་ཕྱག་འཚལ་མཆོད་བསྟོད་ནི༔ ཧཱུྃ༔ ཡང་དག་དོན་དུ་རབ་ཞི་ཡང༔ འདུལ་བའི་དབང་གིས་ཅིར་ཡང་སྣང༔ འབར་བའི་དཀྱིལ་འཁོར་ལྷ་ཚོགས་ལ༔ གུས་པའི་བརྡ་ཡིས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཧཱུྃ༔ སྣོད་བཅུད་ཉེར་སྤྱོད་འདོད་ཡོན་སྤྲིན༔ སྨན་གཏོར་རཀྟ་གསང་བའི་རྫས༔ སྦྱོར་སྒྲོལ་ཟུང་འཇུག་འོད་གསལ་དབྱིངས༔ མཆོད་པའི་ཕྱག་རྒྱ་ཆེན་པོར་བཞེས༔ ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པཉྩ་ཀཱ་མ་གུ་ཎ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཏ་ན་ག་ན་དྷརྨ་དྷཱ་ཏུ་པཱུ་ཛ་ཧོ༔ ཧཱུྃ༔ སྐྲ་ཅན་བྷནྡྷའི་སྣོད་ཡངས་སུ༔ གདུག་ཅན་བསྒྲལ་པའི་དམར་ཆེན་པོ༔ ཁམས་གསུམ་ཁྲག་གི་རྒྱ་མཚོར་བསྐྱིལ༔ དམ་ཅན་ཕོ་ཉའི་ཚོགས་རྣམས་ལ༔ མངོན་སྤྱོད་ཕྲིན་ལས་མཛད་ཕྱིར་འབུལ༔ སྔོན་ཆད་ཇི་ལྟར་དམ་བཅས་བཞིན༔ གདུག་པའི་བགེགས་དང་བར་ཆད་ཀུན༔ མཐུ་དང་རྫུ་འཕྲུལ་མེད་པར་མཛོད༔ མ་ཧཱ་རཀྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ རྡོ་རྗེ་ཁྲོས་པའི་ཡེ་ཤེས་ཀྱིས༔ བར་ཆད་བདུད་དཔུང་འདུལ་མཛད་པ༔ ཕྲིན་ལས་འདུས་པའི་དཀྱིལ་འཁོར་ལྷ༔ གཙོ་འཁོར་སྤྲུལ་པར་བཅས་ལ་བསྟོད༔ བཞི་པ། འདི་མན་ཕབ་འཕྲོ་ལུས།  འདིར་མཁའ་འགྲོའི་ཆོས་སྐོར་ཕག་དཀར་རྩ་བ་དང་ཡན་ལག་གང་བཞུགས་གཏེར་མཛོད་པོད། ཛི༽ ཤེས་རབ་རྒྱས་ལས་ཁོངས་སུ་བཞུགས་པས་འདིར་མ་གཞག་གོ། །། <!TCC Tibetan character 3,181 undefined in unicode!> རྩ་གསུམ་འོད་གསལ་སྙིང་ཏིག་ལས༔ བཀའ་སྲུང་མཆོད་གསོལ་རྡོ་རྗེའི་དྲྭ་བ་བཞུགས༔ <!TCC Tibetan character 3,181 undefined in unicode!> དཔལ་ཆེན་ཧེ་རུ་ཀཿལ་འདུད༔ མ་འོངས་འོད་གསལ་གསང་བའི་ལམ༔ མངོན་དུ་སྤྱོད་པའི་སྐལ་ལྡན་རྣམས༔ རྒྱུད་གསུམ་དྲེགས་པའི་གསོལ་མཆོད་འདི༔ སྙིང་གི་ཐིག་ལེར་གཅེས་པར་ཟུངས༔ ས་མ་ཡ༔ དེ་ཡང་ཤིན་ཏུ་དབེན་པའི་གནས༔ དུར་ཁྲོད་དྲག་པོའི་གཞལ་ཡས་སུ༔ ཕྱི་ནང་གསང་བའི་རྟེན་རྫས་མདུན༔ བྷནྡྷར་བཤོས་བུ་ཟུར་གསུམ་པ༔ གཙོ་འཁོར་སོ་སོའི་གྲངས་མཉམ་དང༔ མཐའ་མར་མཐེབ་ཀྱུ་ཤ་ཁྲག་སྙིང༔ དགྲ་བོའི་རཱུ་པ་བཅས་པས་བསྐོར༔ གཞན་ཡང་མཐུན་པའི་དམ་ཚིག་རྫས༔ གཙང་ཞིང་མཛེས་པས་མདུན་བདར་ཏེ༔ རང་ཉིད་སྐད་ཅིག་དཔལ་ཆེན་པོའི༔ གསལ་སྣང་རྫོགས་པའི་ང་རྒྱལ་ངང༔ མཆོད་གཏོར་ཡེ་ཤེས་བདུད་རྩིར་བརླབ༔ དེ་ནས་དམ་ཚིག་བསྐྱེད་པ་ནི༔ ཧཱུྃ༔ རང་མདུན་ཁྲག་མཚོ་རྦ་རླབས་འཁྲུགས་པའི་ཀློང༔ ཀེང་རུས་ཐོད་མཁར་འཇིགས་སུ་རུང་བའི་དབུས༔ པདྨ་ཉི་སྟེང་ཧཱུྃ་ཡིག་མཐིང་ནག་ལས༔ འོད་འཕྲོས་རྒྱུད་གསུམ་དྲེགས་པའི་སྲོག་སྙིང་ཕྲོགས༔ ཚུར་འདུས་ཡོངས་གྱུར་སྐད་ཅིག་དྲན་རྫོགས་སུ༔ དཔལ་ལྡན་ཡེ་ཤེས་མགོན་པོ་མ་ནིང་ནག༔ ཆར་སྤྲིན་མདོག་ཅན་སྲིན་པོ་ཁྲོས་པའི་ཉམས༔ ཞལ་གཅིག་ཕྱག་གཉིས་གཡས་པས་རུ་མཚོན་ཕྱར༔ གཡོན་པས་དམ་ཉམས་སྙིང་དང་ཞགས་པ་བསྣམས༔ འཁོར་འདས་སྣང་སྲིད་སྐུ་ཡི་དབྱིངས་སུ་རྫོགས༔ སྤྱན་གསུམ་མེ་འབར་རལ་པ་སྦྲུལ་དུ་གཡོ༔ ཐོད་སྐམ་དབུ་རྒྱན་ཐོད་རློན་དོ་ཤལ་འཆང༔ དར་ནག་བེར་གསོལ་བེང་ཆེན་རྐེད་པར་བཙུགས༔ ཞབས་གཉིས་གཡོན་བརྐྱང་ལོག་འདྲེན་སྙིང་གར་བརྫིས༔ འཁོར་དུ་དཔལ་ལྡན་མགོན་པོ་སྡེ་ལྔར་བཅས༔ སྲིད་དང་ཞི་བའི་ཆེ་བཙན་གཅིག་ཏུ་བཞེངས༔ གཡས་སུ་ཏྲི་ལས་གཟའ་མཆོག་རཱ་ཧུ་ལ༔ དུད་ཀའི་མདོག་འཆང་དབུ་དགུ་བྱ་རོག་གདོང༔ རབ་འཇིགས་ཕྱག་བཞི་འབར་བའི་སྤྱན་སྟོང་གཡོ༔ དང་པོས་ཆུ་སྲིན་རྒྱ་མཚན་སྦྲུལ་ཞགས་དང༔ ལྷག་མ་རྣམ་གཉིས་རྭ་ཡི་མདའ་གཞུ་འགེངས༔ སྐུ་སྨད་སྦྲུལ་མཇུག་རྒྱ་མཚོའི་ཀློང་དུ་འཁྱིལ༔ འཁོར་དུ་གཟའ་གདོང་རྒྱུ་སྐར་ཚོགས་ཀྱིས་བསྐོར༔ གཡོན་དུ་ཏྲག་ལས་སྔགས་སྲུང་རལ་གཅིག་མ༔ མཐིང་ནག་ཞལ་གཅིག་སྤྱན་གཅིག་མཆེ་བ་གཅིག༔ བྲང་ན་ནུ་གཅིག་བདུད་རྩིའི་བཅུད་ཀྱིས་གཏམས༔ ཕྱག་གཡས་དམ་ཉམས་ཙིཏྟ་ཞལ་དུ་གསོལ༔ གཡོན་པས་ལྕགས་སྤྱང་མགོ་དགུ་ཁྲ་ཐབས་འགྱེད༔ ཞབས་གཉིས་འདོར་སྟབས་བམ་རོའི་སྙིང་གར་རོལ༔ འཁོར་དུ་སྣང་སྲིད་མ་མོའི་ཚོགས་ཀྱིས་བསྐོར༔ གཞན་ཡང་སྡེ་བརྒྱད་དྲེགས་པའི་དམག་དཔུང་ཚོགས༔ ཁྲོ་གཏུམ་འབར་འཁྲུགས་ལོག་འདྲེན་འབྱུང་པོའི་གཤེད༔ དེ་ལྟར་གསལ་བའི་གཙོ་འཁོར་ཐམས་ཅད་ཀྱི༔ གནས་གསུམ་དམ་ཚིག་ཕྱག་རྒྱས་མཚན་པ་ལས༔ འོད་འཕྲོས་རང་བཞིན་གནས་ནས་ཡེ་ཤེས་པ༔ མ་ལུས་སྤྱན་དྲངས་གཉིས་སུ་མེད་པར་གྱུར༔ གཉིས་པ་ཡེ་ཤེས་སྤྱན་འདྲེན་ནི༔ ཧཱུྃ་བྷྱོ༔ རང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ གདུག་པ་འདུལ་ཕྱིར་ཁྲོ་བོའི་སྐུར་སྤྲུལ་པ༔ གཉིས་མེད་ཡེ་ཤེས་མགོན་པོ་མ་ནིང་ནག༔ བདེ་ཆེན་སྒྱུ་མའི་རྣམ་རོལ་རཱ་ཧུ་ལ༔ ཤེས་རབ་དབྱིངས་ཀྱི་ཕྱག་རྒྱ་སྔགས་སྲུང་མ༔ སྣང་སྲིད་དྲེགས་པའི་དམག་དཔུང་འཁོར་དང་བཅས༔ སངས་རྒྱས་བསྟན་པ་གཉན་པོ་སྲུང་བའི་ཕྱིར༔ དུར་ཁྲོད་དྲག་པོའི་གནས་འདིར་གཤེགས་སུ་གསོལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་མ་མ་ཏྲག་རཀྴ་ཨཿཡཿམཿདུཿརུཿཙཿཤཿནཿསརྦ་ས་མ་ཡ་ཛ་ཛ༔ གསུམ་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ དམ་ཚིག་ཉམས་པའི་སྲོག་གི་མདངས་འཕྲོག་ཅིང༔ དམ་ལྡན་རྣལ་འབྱོར་ཕྲིན་ལས་བསྒྲུབ་སླད་དུ༔ རབ་འཇིགས་འོད་ཟེར་འཁྲུགས་པའི་གཞལ་ཡས་འདིར༔ དཔལ་མགོན་ལྕམ་དྲལ་འཁོར་བཅས་དགྱེས་པར་བཞུགས༔ ཛཿཧཱུྃ་བཾ་ཧོཿས་མ་ཡ་ཏིཥྛ་ལྷན༔ བཞི་པ་བརྡ་ཕྱག་འཚལ་བ་ནི༔ ཧཱུྃ༔ དྲན་པ་ཙམ་གྱིས་དགྲ་དང་བགེགས་ཀྱི་ཚོགས༔ མ་ལུས་འདུལ་མཛད་དཔལ་འབར་ཧེ་རུ་ཀ༔ ལྕམ་དྲལ་བཀའ་སྡོད་འཁོར་དང་བཅས་པ་ལ༔ སྒོ་གསུམ་གུས་པའི་ཚུལ་གྱིས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ལྔ་པ་མཆོད་གཏོར་འབུལ་བ་ནི༔ ཧཱུྃ་བྷྱོ༔ ཡུལ་དང་དབང་པོར་འབྲེལ་བའི་རྟོག་ཚོགས་ཀུན༔ འོད་གསལ་དབུ་མའི་དབྱིངས་སུ་བསྒྲལ་པ་ལས༔ ཕྱི་ནང་གསང་བ་རྨད་བྱུང་མཆོད་པའི་སྤྲིན༔ དཔག་མེད་ནམ་མཁའ་ཁྱབ་པས་མཉེས་གྱུར་ཅིག༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་རཱུ་པ་ཤབྡ་གནྡྷེ་ར་ས་སྤར་ཤེ་མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་ག་ཎ་ཙཀྲ་སརྦ་པཱུ་ཛ་ཧོ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་མ་མ་ཏྲག་རཀྴ་ཨཿཡཿམཿདུཿརུཿཙཿཤཿན་སརྦ་ས་མ་ཡ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དྲུག་པ་གནད་ནས་བསྐུལ་བ་ནི༔ མདུན་བསྐྱེད་ཐུགས་ཀར་ཉི་མའི་སྟེང༔ རང་སྲོག་སྔགས་ཀྱི་ཕྲེང་བས་བསྐོར༔ བདག་ཉིད་དཔལ་ཆེན་ཧེ་རུ་ཀའི༔ ཕྱག་རྒྱ་གཉན་པོའི་འོད་ཟེར་གྱིས༔ རེག་པས་དམ་ཚིག་རྒྱུད་བསྐུལ་ཏེ༔ སྤྲུལ་དང་ཡང་སྤྲུལ་བཀའ་ཉན་བཅས༔ སྲིད་གསུམ་ཁྱབ་པའི་ཚོགས་སྤྲོས་ནས༔ ཕྲིན་ལས་རྣམ་བཞི་བསྒྲུབ་པར་བསམ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་མ་མ་ཏྲག་རཀྴ་སརྦ་ས་མ་ཡ་ཧཱུྃ་བྷྱོ་ཧཱུྃ༔ མཚན་མའི་རྟགས་དང་སྦྱར་ལ་བཟླ༔ བདུན་པ་སྐོང་ཞིང་བཤགས་པ་ནི༔ ཧཱུྃ་བྷྱོ༔ དུར་ཁྲོད་ཁྲག་མཚོ་འཁྲུགས་པའི་གཞལ་ཡས་འདིར༔ དཔལ་མགོན་འཁོར་བཅས་དགྱེས་པ་བསྐྱེད་པའི་རྫས༔ དངོས་ཡིད་ལས་བྱུང་སྣ་ཚོགས་མཆོད་སྤྲིན་ཆེ༔ ནམ་མཁའ་མཛོད་ཀྱི་འཁོར་ལོས་ཐུགས་དམ་བསྐང༔ དགྲ་བགེགས་བསྒྲལ་པའི་ཁྲག་གི་མཆོད་ཡོན་དང༔ དབང་པོའི་མེ་ཏོག་ཤ་གསུར་བདུག་པའི་སྤྲིན༔ ཞུན་ཆེན་མར་མེ་མཁྲིས་པའི་དྲི་ཆབ་མཚོ༔ རྐང་གླིང་ཐོད་པའི་རྔ་སྒྲས་ཐུགས་དམ་བསྐང༔ ཕྱི་ནང་གསང་བའི་རྟེན་རྫས་བླ་རྡོ་དང༔ གང་བཞེད་དེ་ངོར་འཆར་བའི་འདོད་ཡོན་ལྔ༔ སྣང་སྲིད་གཞིར་བཞེངས་ཕྱག་རྒྱའི་དམ་ཚིག་གིས༔ གང་ཤར་བདེ་བ་ཆེན་པོར་ཐུགས་དམ་བསྐང༔ རྩ་ཁམས་དབུ་མར་སྦྱོར་བའི་ཨ་མྲྀཏ༔ བདག་འཛིན་དབྱིངས་སུ་སྒྲོལ་བའི་དམར་ཆེན་པོ༔ སྣོད་བཅུད་ཤ་ཁྲག་རུས་པའི་གཏོར་མའི་ཚོགས༔ བླ་མེད་གསང་བའི་རྫས་ཀྱིས་ཐུགས་དམ་བསྐང༔ སྣང་གྲགས་དཀྱིལ་འཁོར་འཁོར་ལོའི་རོལ་པར་ཤར༔ སྒོ་གསུམ་ཐིག་ལེ་ཆེན་པོའི་ཀློང་དུ་རྫོགས༔ ཅིར་སྣང་ཡེ་ཤེས་མཆོག་གི་གྲོང་ཁྱེར་དུ༔ བླང་དོར་འཁྲུལ་པ་ཟད་པས་ཐུགས་དམ་བསྐང༔ དོན་དམ་བདེ་གཤེགས་སྙིང་པོའི་གནས་ལུགས་ལ༔ བཤགས་དང་བཤགས་བྱའི་སྤྲོས་མཚན་ལས་འདས་ཀྱང༔ ཀུན་རྫོབ་སྒྱུ་མ་ལྟ་བུའི་རྣམ་རོལ་གྱིས༔ དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ཞིང་བཤགས༔ གནས་སྐབས་གང་འདུལ་ཕྲིན་ལས་སྣ་ཚོགས་ཀྱིས༔ བསྟན་དང་འགྲོ་བའི་ཕན་བདེ་རྒྱས་པ་དང༔ མཐར་ཐུག་ཟབ་གསང་སྙིང་པོའི་ཉེ་ལམ་ནས༔ སྐུ་བཞིའི་གོ་འཕང་འགྲུབ་པའི་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པ་བརྗོད༔ བརྒྱད་པ་བསྟོད་ཅིང་བསྐུལ་བ་ནི༔ ཧཱུྃ་བྷྱོ༔ སྐྱེ་བ་མེད་ལས་སྐྱེ་བའི་ཆོ་འཕྲུལ་ནི༔ ནམ་མཁའི་མདོག་ཅན་སྲིན་པོ་ཁྲོས་པའི་གཟུགས༔ ཕྱག་གཉིས་ཐབས་ཤེས་རུ་མཚོན་སྙིང་ཞགས་བསྣམས༔ ཧེ་རུ་ཀཿདཔལ་འབར་བ་ཁྱོད་ལ་བསྟོད༔ སྤྱན་གསུམ་དམར་ཟླུམ་མེ་དང་མཉམ་སྦྱོར་བས༔ ལོག་འདྲེན་བགེགས་ཀྱི་ཚོགས་ཀུན་སྲེག་མཛད་ཅིང༔ ཡིད་བཞིན་འདོད་པ་འཇོ་བའི་བེང་ཆེན་ལས༔ རྣལ་འབྱོར་དངོས་གྲུབ་སྩོལ་མཛད་ཁྱོད་ལ་བསྟོད༔ ཐབས་ཀྱི་ཕྱག་རྒྱ་གཏུམ་དྲག་འབར་བའི་སྐུ༔ ཕོ་རྒྱུད་དྲེགས་པའི་ཚོགས་ལ་དབང་བསྒྱུར་ཞིང༔ སྲིད་གསུམ་ཟིལ་གནོན་ཉམས་པའི་སྲོག་གི་གཤེད༔ དྲང་སྲོང་ཆེན་པོ་སྒྲ་གཅན་འཛིན་ལ་བསྟོད༔ ཤེས་རབ་རྡོ་རྗེ་བཙུན་མོའི་སྒྱུ་མ་ནི༔ སྣང་སྲིད་མ་མོའི་རྗེ་མོར་ཡོངས་ཤར་བ༔ སྙིང་ཏིག་གཉན་པོའི་བཀའ་སྲུང་རྒྱ་མཚོའི་གཙོ༔ དཔལ་འབར་ཨེ་ཀ་ཛཱ་ཊི་ཁྱོད་ལ་བསྟོད༔ དོན་དམ་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ རྣམ་པ་ཁྲོ་ཆགས་སྒེག་པའི་སྒྱུ་འཕྲུལ་གྱིས༔ བསྟན་དགྲ་ཚར་གཅོད་རྣལ་འབྱོར་བུ་བཞིན་སྐྱོང༔ དཔལ་མགོན་ལྕམ་དྲལ་འཁོར་དང་བཅས་ལ་བསྟོད༔ ཧཱུྃ་བྷྱོ༔ སྔོན་ཚེ་འོག་མིན་ཆོས་དབྱིངས་ཕོ་བྲང་དུ༔ ཆེ་བའི་ཆེ་མཆོག་ཀུན་བཟང་ཧེ་རུ་ཀས༔ བཀའ་བསྒོས་དམ་བཞག་བསྟན་སྲུང་རྒྱ་མཚོའི་ཚོགས༔ སྤྲོས་བྲལ་བདེ་བ་ཆེན་པོའི་ཀློང་ནས་བཞེངས༔ དུག་གསུམ་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས༔ ཟག་མེད་བདུད་རྩིའི་མཆོད་གཏོར་འདི་བཞེས་ལ༔ ཇི་ལྟར་ཁས་བླངས་གཡར་དམ་བཅས་པ་བཞིན༔ རྣལ་འབྱོར་བདག་གི་བཅོལ་བའི་ཕྲིན་ལས་སྒྲུབས༔ གནས་སྐབས་ནད་གདོན་ཉེར་འཚེ་ཞི་བ་དང༔ ཚེ་བསོད་དཔལ་འབྱོར་སྙན་པའི་གྲགས་པ་སྤེལ༔ མི་དང་མི་མིན་ཚོགས་རྣམས་དབང་དུ་སྡུས༔ དགྲ་བགེགས་འབྱུང་པོ་རྩད་ནས་བརླག་པར་མཛོད༔ ཁྱད་པར་འགྲོ་ལ་ཕན་བདེ་འབྱུང་བའི་གཞི༔ བཤད་སྒྲུབ་བསྟན་པ་ཡུན་རིང་གནས་པ་དང༔ འོད་གསལ་སྙིང་པོའི་ལམ་ལ་ཞུགས་པ་རྣམས༔ ཟག་བཅས་འོད་སྐུར་འགྲུབ་པའི་ཕྲིན་ལས་མཛོད༔ ཕྱི་རུ་སྣང་སྲིད་ཀློང་ལྔ་སྤྲུལ་པའི་ཞིང༔ ནང་ལྟར་མི་ཤིགས་ལྷན་སྐྱེས་བདེ་བ་ཆེ༔ གཞན་དུ་བསྐྱེད་རྫོགས་ཟུང་འཇུག་ཆེན་པོའི་དབྱིངས༔ ཧེ་རུ་ཀཿདཔལ་གོ་འཕང་མྱུར་འགྲུབ་མཛོད༔ མདོར་ན་ཡིད་ལ་སྨོན་པའི་དོན་རྣམས་ཀུན༔ བུམ་པ་བཟང་དང་དཔག་བསམ་ནོར་བུ་ལྟར༔ དབང་དྲག་ཞི་བར་རོལ་པའི་ཕྲིན་ལས་ཀྱིས༔ ཐོགས་མེད་མྱུར་བ་ཉིད་དུ་འགྲུབ་པར་མཛོད༔ ཅེས་བརྗོད་ཕུད་གཏོར་གཙང་སར་ཕུལ༔ ཡེ་ཤེས་གཤེགས་ཤིང་དམ་ཚིག་བསྡུ༔ སྤྲོས་བྲལ་ཐིག་ལེ་ཆེན་པོའི་ཀློང༔ མཉམ་པར་བཞག་པས་ལས་ཀུན་འགྲུབ༔ ས་མ་ཡ༔ ཡེ་ཤེས་ལས་གྲུབ་ཆོས་སྲུང་ཀུན༔ རྒྱུད་གསུམ་དྲེགས་པའི་ཚོགས་སུ་འདུ༔ དེ་ཡང་རིག་སྟོང་ཟུང་འཇུག་དབྱིངས༔ འདུ་འབྲལ་མེད་པར་གདོད་ནས་རྫོགས༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ༄། ཆོས་སྐོར་འདིའི་མིན་ཡང་ཕྱག་བྲིས་གསར་མཇལ་ལ་ཡོད་པ་གསར་བཙུད་གྲས།་་་་་<!TCC Tibetan character 3,181 undefined in unicode!> རྩ་གསུམ་འཇམ་དཔལ་ཐུགས་ཏིག་ལས༔ ལོ་རྒྱུས་ངེས་ཤེས་སྒྲོན་མ་བཞུགས༔ ཀ་དག་གཏིང་གསལ་འཇམ་པའི་དབྱངས༔ གཞོན་ནུ་བུམ་པ་སྐུ་ཡི་ངང༔ ཡེ་ཤེས་རང་སྣང་སེམས་དཔའི་ཚུལ༔ ཐོག་མ་ཐ་མ་མེད་པར་ཤར༔ དང་པོའི་སངས་རྒྱས་རིས་མེད་པ༔ འཁོར་འདས་ཀུན་ལ་ཁྱབ་པའི་ཕྱིར༔ འོག་མིན་ཆེན་པོར་ལོངས་སྤྱོད་རྫོགས༔ ཁ་སྦྱོར་བདེ་བས་རོལ་པར་བསྟན༔ རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ༔ རིན་ཆེན་དྲྭ་བས་བརྒྱན་པ་ན༔ སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ༔ རྡོ་རྗེ་ཉི་མ་འབར་བར་སྣང༔ འདིར་ནི་རྒྱལ་བ་སྲས་བཅས་ཀྱི༔ ཟབ་མོའི་ཆོས་རྣམས་འཛིན་པའི་སྣོད༔ གཞོན་ནུའི་གཟུགས་ཅན་འཇམ་པའི་དཔལ༔ བྱིས་པའི་ཚུལ་གྱིས་ཀུན་ཏུ་རྒྱུ༔ ལ་ལར་དཀྱིལ་འཁོར་གཙོ་བོ་དང༔ གཞན་དུ་འཁོར་གྱི་རོལ་པ་སོགས༔ སྒྱུ་འཕྲུལ་དྲྭ་བའི་མིག་འཕྲུལ་གྱིས༔ སངས་རྒྱས་ཀུན་གྱི་ཕྲིན་ལས་རྫོགས༔ དྲག་ཤུལ་ཆེན་པོའི་སྐུར་བཞེངས་པས༔ བདུད་དང་གཤིན་རྗེ་ཐམས་ཅད་འདར༔ ཁྲོ་བོ་ཀུན་ཀྱང་བྲན་བཞིན་དུ༔ རྡོ་རྗེ་འཛིན་ཀྱང་འཇིགས་པར་བྱེད༔ དེ་ལྟར་གང་འདུལ་ཕྱག་རྒྱ་དང༔ སྔགས་དང་ཏིང་འཛིན་མཐའ་ཡས་པ༔ བྱེ་བ་བསམ་གྱིས་མི་ཁྱབ་པའི༔ རྒྱུད་ནི་མཁའ་དང་མཉམ་པར་སྣང༔ ཁྱད་པར་ཁྲི་དང་དྲུག་སྟོང་གི༔ སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཆེན་ལས༔ ཇི་ལྟར་འཚམ་པའི་རིམ་པ་དག༔ མཁའ་འགྲོས་བདག་ལ་མངོན་སུམ་གཏད༔ བདག་ཉིད་འཇམ་དཔལ་དཔལ་བཟང་པོ༔ བསིལ་བའི་ཚལ་གྱི་དུར་ཁྲོད་དུ༔ ཨརྐའི་ལོ་མའི་སྤྱིལ་པོ་ན༔ འཇམ་དཔལ་ཁྲོས་པ་སྒྲུབ་པའི་ཚེ༔ དཔྱིད་ཟླ་ར་བའི་ཚེས་བརྒྱད་དུས༔ སྐར་མ་རྒྱལ་ལ་བབས་པའི་ཚེ༔ ཉི་མ་འཆར་ཀའི་མདངས་གསལ་བས༔ སྒྲུབ་པའི་གཞལ་ཡས་ཉམས་དགར་བྱས༔ མེ་ཏོག་སྤོས་ཆུའི་ཆར་ཕབ་ཅིང༔ ས་ཡང་རྣམ་པ་དྲུག་ཏུ་གཡོས༔ མཁའ་ནས་དྷཱི་ཧྲཱིའི་སྒྲ་ཆེན་པོ༔ འབྲུག་སྟོང་ལྡིར་བ་ལྟ་བུ་བསྒྲགས༔ གློ་བུར་སྒྲུབ་ཁང་སྒོར་ལྷགས་ཏེ༔ ཕྱོགས་བཅུ་ཀུན་ཏུ་བལྟས་པས་ཀྱང༔ མཁའ་ཁམས་འོད་ལྔས་ཁྱབ་པ་ལས༔ གཞན་ནི་ཅི་ཡང་མཐོང་མ་གྱུར༔ སླར་ཡང་ནང་དུ་ཞུགས་ནས་ཀྱང༔ ཅུང་ཟད་མཉམ་པར་བཞག་པའི་མོད༔ ཏིང་འཛིན་ངང་དུ་དར་ཅིིག་བརྒྱལ༔ དེ་ལས་སད་ཚེ་མངོན་སུམ་དུ༔ སྒྲུབ་པའི་དལ་གྱི་འདོམ་གང་མཁར༔ འཕགས་པ་འཇམ་དཔལ་གཞོན་ནུ་ནི༔ རིག་མའི་བདེ་བས་དགྱེས་པ་ཅན༔ ཡེ་ཤེས་སྣང་བ་ལམ་མེ་བའི༔ འོད་ཀྱི་སྐུ་རུ་མཐོང་བ་ནི༔ དད་པའི་མིག་ནི་རབ་ཕྱེ་ཏེ༔ ཐལ་མོ་སྦྱར་ཏེ་འདི་སྐད་གསོལ༔ བསྐལ་པ་གོང་ནས་འབྲེལ་བ་དང༔ ཡུན་རིང་དུས་སུ་བསྙེན་པའི་ལྷ༔ ཡིད་ཀྱི་རེ་བ་སྐོང་བའི་ཕྱིར༔ དེ་རིང་འདིར་ནི་བྱོན་པ་ལེགས༔ ཨེ་མ་ཡབ་ཅིག་བདག་གི་སྐྱབས༔ དགེ་བའི་བཤེས་གཉེན་ཁྱོད་ལགས་ན༔ ཟབ་ལས་ཆེས་ཟབ་གསང་བ་མཆོག༔ མགོན་པོས་བཀའ་དྲིན་མཛད་པར་གསོལ༔ དེ་སྐད་གུས་པས་ཞུས་པ་ན༔ དགྱེས་ཤིང་འཛུམ་པའི་མདངས་ཕྱུང་ཏེ༔ རྡོ་རྗེའི་ཚིག་གི་རང་སྒྲ་ཡིས༔ འཇམ་དཔལ་རྒྱུད་ཀྱི་ཡང་སྙིང་དང༔ མན་ངག་ངེས་པའི་གནས་བསྩལ་ཏེ༔ སྦྱོར་མཚམས་བྱུང་བའི་འོད་ཟེར་གྱིས༔ ཕུང་པོའི་ཞེན་རྟོག་ཡོངས་སུ་སྦྱངས༔ བདེ་བ་ཆེན་པོ་བྱང་ཆུབ་སེམས༔ དཀར་དམར་ལྷག་པའི་དབང་ཡང་གནང༔ དགའ་ཆེན་ལྷན་ཅིག་སྐྱེས་པའི་ངང༔ དོན་གྱི་འཇམ་དཔལ་མངོན་སུམ་མཐོང༔ དེ་ཚེ་སྲས་བཅས་རྒྱལ་བས་ཀྱང༔ ཨེ་མ་བསོད་ནམས་བསྐལ་པ་ཅན༔ ཁྱོད་ནི་ཚུལ་ཆེན་སྣོད་གྱུར་ཏེ༔ གསང་སྔགས་སྤྱོད་པ་ཡང་དག་སྤྱད༔ བྱང་ཆུབ་དམ་པའི་སྐལ་ལྡན་བྱས༔ ད་ནི་འཕགས་པའི་བདེན་མཐོང་བས༔ ཡེ་ཤེས་སྐུ་ཡང་ཚེ་འདིར་འགྲུབ༔ ལེགས་སོ་ལེགས་སོ་སེམས་དཔའ་ཆེ༔ རྡོ་རྗེའི་ཚིག་གིས་རྒྱ་ཆེར་ཤོད༔ དེ་སྐད་ཅེས་ནི་བཀའ་བསྩལ་ཏེ༔ སྒྱུ་མ་ལྟ་བུའི་རྣམ་འཕྲུལ་ཀུན༔ རང་ལ་ཐིམ་ནས་འོད་གསལ་ངང༔ བདེ་སྟོང་ཏིང་འཛིན་སྒོ་བརྒྱ་རྙེད༔ དེ་ནས་ཨོ་རྒྱན་མཚོ་གླིང་དུ༔ ཕ་མེད་བུ་ནི་བརྟུལ་ཞུགས་ཅན༔ སྤྱོད་འཆང་ཤཱནྟ་རཀྵི་ཏ༔ མཁའ་འགྲོ་རྣམས་ཀྱི་གླུས་བསྐུལ་ཏེ༔ རིངས་པར་བདག་གི་དྲུང་དུ་ལྷགས༔ ཁྱོད་ནི་འཕགས་པའི་བདེན་པ་མཐོང༔ འཇམ་དཔལ་གཞོན་ནུ་གྲུབ་བོ་ཅེས༔ ཌཱ་ཀི་རྣམས་ཀྱིས་བསྒྲགས་པ་ན༔ བདག་གི་ཡིད་ནི་ཡང་དག་གཡོས༔ དེ་ལྟ་བུ་ཡི་ཐབས་ཆེན་པོ༔ རྒྱུུད་དང་མན་ངག་ངེས་པ་བཅས༔ བདག་ལ་ཐུགས་རྗེས་བསྐྱབས་ནས་ཀྱང༔ བདེ་བ་ཆེ་ལ་དབུགས་དབྱུང་གསོལ༔ ཞེས་པས་གསོལ་བ་འདེབས་མཐོང་ནས༔ སངས་རྒྱས་རྗེས་དྲན་མཐུས་སད་དེ༔ རྒྱུད་ཀྱི་ཡང་སྙིང་རྡོ་རྗེའི་ཚིག༔ སྒྲོན་མ་དྲུག་གི་རབ་ཕྱེ་སྟེ༔ ཉེ་བར་གསོལ་འདེབས་རིགས་ཅན་དང༔ མ་འོངས་སྐལ་ལྡན་སྐྱེས་བུའི་དོན༔ ལེགས་པར་བཤད་ཅིང་བསྟན་པ་ན༔ སངས་རྒྱས་རྣམས་ཀྱིས་ཤིས་པ་བརྗོད༔ བྱང་ཆུབ་སེམས་དཔས་མངའ་གསོལ་ཞིང༔ རིག་འཛིན་ཌཱ་ཀི་བྱེ་བ་ཡིས༔ ཕྱག་དང་མཆོད་པ་ཡང་དག་བརྩམས༔ གཅིག་ནི་རིན་ཆེན་བྱང་བུ་ལ༔ མཁའ་འགྲོ་གསང་བའི་ཡི་གེར་བྲིས༔ སྤྱོད་འཆང་ཞི་བས་ཉམས་བླངས་ཏེ༔ ཨོ་རྒྱན་དུར་ཁྲོད་ཆེན་པོར་སྦས༔ གཅིག་ནི་མ་འོངས་སྣོད་ལྡན་དོན༔ འབྱུང་ལྔའི་དྭངས་མ་འོད་འབར་བ༔ འཕེལ་འགྲིབ་མེད་པའི་ཡི་གེ་ཉིད༔ དྷཱ་ཀིི་རྣམས་ལ་གཏད་བྱས་ཏེ༔ བྱང་ཕྱོགས་ཡི་དྭགས་གང་བའི་འགྲོ༔ རིགས་སྔགས་རྒྱལ་པོ་དགེ་བ་ཆེ༔ སྙིང་རྗེ་ཅན་གྱིས་བཟུང་བ་དེར༔ ལུས་ལ་དཔའ་བོའི་རྒྱ་རྟགས་དང༔ ངག་ནས་ཆོས་ཀྱི་གླུ་ལེན་པ༔ ངེས་དང་མ་ངེས་ཡིད་ཀྱི་ཡུལ༔ འདས་པའི་བག་ཆགས་སད་པ་ནི༔ དུས་ཀྱི་མཐའ་ལས་མཐར་སོན་ཚེ༔ སྒྱུ་མའི་ཚུལ་གྱིས་འབྱུང་བ་ན༔ དེ་ལ་དོན་གྱི་གཟུངས་བྱིན་ཏེ༔ ཚིག་གི་གཞུང་དུ་འགོད་པར་གནང༔ དེས་ཀྱང་ཤིན་ཏུ་གསང་ཞིང་སྤྱད༔ དུས་སུ་བབས་ཚེ་རིགས་གསུམ་གྱི༔ སྣོད་ལྡན་རྣམས་ལ་ཡང་དག་གཏད༔ འབྲེལ་ཚད་ཟག་མེད་ཡེ་ཤེས་ལུས༔ བརྩོན་འགྲུས་དང་ནི་སྐལ་བ་བཞིན༔ འདིའམ་འཆི་ཁ་བར་དོ་དང༔ སྐྱེ་བ་བརྒྱུད་ནས་ངེས་པར་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ འཇམ་དཔལ་གྲུབ་པའི་སློབ་དཔོན་གྱིས་ཕྱེ་བའི་གྲམ་ཤི་ངེས་པ་དང་པོ་ཡིད་ཆེས་བསྐྱེད་པ་ལོ་རྒྱུས་ཀྱི་སྒྲོོན་མའོ༔ <!TCC Tibetan character 3,181 undefined in unicode!> རྩ་གསུམ་འཇམ་དཔལ་ཐུགས་ཏིག་ལས༔ སྨིན་བྱེད་དབང་གི་སྒྲོན་མ་བཞུགས༔ འཇམ་དཔལ་ཡེ་ཤེས་སེམས་དཔར་འདུད༔ རྡོ་རྗེ་ཐེག་པའི་འབྲས་བུ་ནི༔ སྨིན་བྱེད་དབང་བཞི་རྒྱུ་ལས་བྱུང༔ དེ་ཕྱིར་ཚེ་འདིར་མཆོག་འདོད་པས༔ ལམ་གྱི་ཐོག་མར་དབང་ནས་འཇུག༔ མཚན་ཉིད་ལྡན་པའི་སློབ་དཔོན་གྱིས༔ ལེགས་བརྟགས་སྣོད་ལྡན་སློབ་མ་ལ༔ བཀྲ་ཤིས་དབེན་པའི་གནས་ཉིད་དུ༔ ས་ཡི་ཆོ་ག་སྔོན་འགྲོ་བས༔ རྡོ་རྗེའི་དཀྱིལ་འཁོར་མདུན་བལྟས་ཏེ༔ སྙན་གསན་དབབ་ཅིང་བུམ་པ་བསྒྲུབ༔ དེ་ནས་སློབ་བུ་ལྷག་གནས་ནི༔ མདུན་དུ་དུལ་བར་འཁོད་པ་དང༔ མེ་ཏོག་དང་བཅས་གསོལ་འདེབས་གཞུག༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ སློབ་དཔོན་འཇམ་དཔལ་གཞོན་ནུ་ཡི༔ སྒྱུ་འཕྲུལ་དྲྭ་བས་མངོན་རྫོགས་པའི༔ བྱང་ཆུབ་ཆེན་པོའི་དཀྱིལ་འཁོར་དུ༔ བདག་ཉིད་ཉེ་བར་སྨིན་བྱའི་ཕྱིར༔ ལྷག་པར་གནས་པ་མཛད་དུ་གསོལ༔ ལན་གསུམ་གསོལ་ཞིང་གནང་བ་སྦྱིན༔ བུ་ཚུར་ཤོག་ཅིག་ཐེག་ཆེན་གྱི༔ སྙིང་པོ་རྡོ་རྗེ་ཐེག་པའི་ཚུལ༔ འདི་ནི་དུས་གསུམ་སངས་རྒྱས་ཀྱི༔ བགྲོད་པ་གཅིག་པའི་ལམ་ཡིན་པས༔ རྒྱ་ཆེར་རབ་ཟབ་སྣོད་ལྡན་པ༔ ཁྱོད་ལ་ཡང་དག་བསྟན་པར་བྱ༔ བློ་གྲོས་གཞན་དུ་མི་གཡོ་བས༔ ཤིན་ཏུ་གུས་པའི་ཡིད་ཀྱིས་སུ༔ ཤེས་རབ་སྙིང་རྗེ་ཆེར་ལྡན་པས༔ འཁོར་བའི་གནས་ལ་མ་ཆགས་ཤིང༔ ཞི་བདེ་དོན་དུ་མི་གཉེར་བར༔ བྱང་ཆུབ་ལམ་འདིར་འཇུག་པར་གྱིས༔ ཞེས་གདམས་སྐྱབས་སེམས་སྔོན་འགྲོ་བས༔ སྡོམ་པ་གསུམ་ལ་ལེགས་བསྐོས་བྱ༔ དཔལ་ལྡན་རིགས་རྣམས་ཀུན་གྱི་ཡབ༔ བླ་མ་འཇམ་དཔལ་གཞོན་ནུ་ཀྱེ༔ བདག་ལ་དགོངས་པར་མཛད་དུ་གསོལ༔ བདག་གི་དུས་འདི་ནས་བཟུང་སྟེ༔ ཇི་སྲིད་བྱང་སྙིང་པོའི་བར༔ ངེས་འབྱུང་སོ་ཐར་སྡོམ་པ་དང༔ གཞན་ཕན་བྱང་སེམས་བསླབ་པ་དང༔ བླ་ན་མེད་པའི་ཐབས་ཆེན་པོ༔ རྡོ་རྗེ་འཆང་གིས་རྒྱུད་སྡེ་ལས༔ སྔགས་ཀྱི་དམ་ཚིག་གང་བསྒྲགས་པ༔ དེ་ཀུན་སྲོག་བཞིན་མི་བཏང་བར༔ ཡང་དག་ཉིད་དུ་བཟུང་བར་བགྱི༔ དེ་ནས་སློབ་མ་སྐད་ཅིག་གིས༔ འཇམ་དཔལ་ཡེ་ཤེས་སེམས་དཔར་བསྐྱེད༔ གནས་གསུམ་རྡོ་རྗེའི་འབྲུ་གསུམ་དང༔ སྐྱེ་མཆེད་ཡི་གེ་དྲུག་གིས་བསླབས༔ མངའ་དབུལ་སླད་དུ་མཆོད་པ་སྦྱིན༔ དངོས་འགྲུབ་དངོས་སུ་བརྟག་པའི་ཕྱིར༔ མཚན་ཉིད་ལྡན་པའི་སོ་ཤིང་ནི༔ ཨོཾ་བཛྲ་ཧཱ་ས་ཧ༔ ཞེས་པའི་སྔགས་ཀྱིས་འདོར་དུ་གཞུག༔ ཕྱོགས་བཞི་དབུས་དང་ལྔར་བབས་ན༔ ལས་བཞི་དང་ནི་མཆོག་འགྲུབ་ཅིིང༔ མཚམས་བཞིར་དངོས་གྲུབ་ཕྲན་ཚེགས་ཏེ༔ ཕྱི་རོལ་ལྷུང་ན་ལན་གསུམ་བསྐྱར༔ རྨི་ལམ་གསལ་ཕྱིར་དྲི་ཡི་ཆུ༔ ཡ་མཱནྟ་ཀའི་སྔགས་ཀྱིས་སྦྱིན༔ བར་ཆད་སྲུང་ཕྱིར་བསྔགས་མདུད་ནི༔ ཧཱུྃ་ཞེས་བཟླས་ལ་དཔུང་པར་བཅིང༔ མི་འཁྲུགས་སླད་དུ་ཀུ་ཤའི་རྩྭ༔ དྷཱི་དང་ཧཱུྃ་ལས་བྱུང་བ་གཏད༔ སླར་ཡང་ཟབ་ཅིང་རྒྱ་ཆེ་བའི༔ ཆོས་ཀྱི་བདུད་རྩིའི་སྤྲོ་བ་བསྐྱེད༔ འཇིག་རྟེན་སངས་རྒྱས་འབྱུང་བ་ལས༔ གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ༔ ཆེས་ཆེར་ཤིན་ཏུ་དཀོན་པས་ན༔ དེ་རིང་ཁྱོད་ནི་སྐལ་བ་ཆེ༔ དུས་གསུམ་གཤེགས་པའི་རྒྱལ་བ་རྣམས༔ ནང་གི་བྱང་ཆུབ་ཤིང་དྲུང་དུ༔ བདེ་ཆེན་རྡོ་རྗེའི་སར་བཞུགས་ཏེ༔ བདུད་སྡེ་ཤིན་ཏུ་མི་བཟད་པ༔ གཟུང་འཛིན་མཚན་མ་དཔུང་དང་བཅས༔ གཉིས་མེད་ཡེ་ཤེས་ཡང་དག་པའི༔ ཟུང་འཇུག་ཏིང་འཛིན་འདི་ཡིས་བཅོམ༔ དེ་བས་ཀུན་མཁྱེན་རྡོ་རྗེ་འཆང༔ འཇམ་དཔལ་དཔའ་བོའི་ས་བརྙེས་ཕྱིར༔ བློ་གྲོས་གཞན་དུ་མི་གཡོ་བར༔ ཚུལ་ཆེན་འདི་ལ་སྤྲོ་བར་གྱིས༔ ཀུ་ཤ་བཏིང་བའི་ས་གཞི་ལ༔ བདེ་བར་ཉལ་ཏེ་རྨི་ལམ་བརྟག༔ བླ་མ་དང་ནི་སངས་རྒྱས་མཐོང༔ ཆོས་ཐོས་འཕགས་པའི་དགེ་འདུན་གྱི༔ གྲྭར་ཞུགས་ཆོས་ཀྱི་གླེང་བ་བརྩམ༔ ཆུ་བོ་ལས་བརྒལ་ཉི་ཟླ་ཤར༔ ཀུན་གྱིས་འདུད་ཅིང་དགྲ་ལས་རྒྱལ༔ ལྷག་པའི་ལྷ་ཡིས་ཕྱག་རྒྱ་དང༔ སྔགས་དང་ཕྱག་མཚན་མཐོང་ཐོས་རྙེད༔ སེང་གེ་གླང་ཆེན་ཞོན་པ་སོགས༔ མཆོག་ཐུན་དངོས་གྲུབ་ལྟས་སུ་ཤེས༔ གལ་ཏེ་འཁུ་འཕྲིག་སློང་བ་ཡི༔ ངན་པའི་བལྟས་བྱུང་ལས་སྔགས་ཀྱིས༔ སྲུང་ཞིང་བདེན་མེད་ངང་དུ་གཞག༔ དེ་ནས་དཀྱིལ་འཁོར་འབྲི་བའི་གཞིར༔ བདུད་རྩི་ལྔ་ཡིས་ལེགས་པར་བྱུགས༔ ཡེ་ཤེས་ལས་ཀྱི་རྡོོ་རྗེའི་ཐིག༔ རིགས་ཀྱི་གཟུངས་མར་བཅས་པས་གདབ༔ མཚན་ཉིད་རྫོགས་པའི་གཞལ་ཡས་ཁང༔ ཕྱག་རྒྱ་མཚན་མས་བརྒྱན་པ་འབྲི༔ དབུས་སུ་བུམ་པ་བཅུད་ལྡན་ནི༔ འབྲས་བུས་དུད་པའི་ཤིང་གིས་བརྒྱན༔ དེ་སྟེང་བདུད་རྩིའི་བྷནྡྷ་དང༔ རྡོ་རྗེ་སེམས་དཔའི་མེ་ལོང་བརྩེགས༔ ཤར་དུ་རྡོར་དྲིལ་བསྣོལ་མ་སྟེ༔ ལྷོ་རུ་དབུ་རྒྱན་ནུབ་རྡོ་རྗེ༔ བྱང་དུ་དྲིལ་བུ་མཚམས་རྣམས་སུ༔ ཉེ་བར་མཁོ་བའི་ཡོ་བྱད་དང༔ ཚོགས་དང་མཆོད་གཏོར་རྒྱས་པར་བཤམ༔ སྟེང་ནས་དར་གྱི་གུར་འབུབས་ཤིང༔ ཕྱོགས་མཚམས་འཕན་དང་རྒྱལ་མཚན་འཕྱར༔ སྒྲུབ་པའི་གྲོགས་དང་བཅས་པ་ཡིས༔ དཀྱིལ་འཁོར་བསྐོར་ཞིང་བདུག་སྤོས་གཏུལ༔ རོལ་མོར་བཅས་པས་བྱིན་ཆེན་དབབ༔ ས་མ་ཡ༔ <!TCC Tibetan character 3,181 undefined in unicode!> བདེ་གཤེགས་ཡོངས་འདུས་སྤྱན་རས་གཟིགས༔ པདྨ་གར་དབང་ལ་བཏུད་ནས༔ དེ་ཉིད་བསྙེན་ཅིང་སྒྲུབ་པའི་ཐབས༔ མཆོག་ཐུན་དངོས་གྲུབ་འཐོབ་ཕྱིར་བཤད༔ དབང་ཐོབ་དམ་ལྡན་རྣལ་འབྱོར་པས༔ དབེན་ཞིང་ཡིད་མཐུན་སྒྲུབ་གནས་སུ༔ ངེས་འབྱུང་དྲག་པོས་རྒྱུད་བསྐུལ་ནས༔ སྔོན་དངོས་རྗེས་ཀྱིས་ཉམས་སུ་བླངས༔ ས་མ་ཡ༔ སྔོན་འགྲོའི་དང་པོ་སྐྱབས་སེམས་ནི༔ ན་མོ༔ བདེ་གཤེགས་ཡོངས་འདུས་སྤྱན་རས་གཟིགས་དབང་ལ༔ བདག་སོགས་རྟག་ཏུ་གུས་པས་སྐྱབས་སུ་མཆི༔ འགྲོ་ཀུན་འཕགས་པའི་གོ་འཕང་འཐོབ་བྱའི་ཕྱིར༔ པདྨ་དྲྭ་བའི་ཏིང་འཛིན་བསྒོམ་པར་བགྱི༔ གཉིས་པ་ཚོགས་གསག་སྡོམ་གཟུང་ནི༔ ཧོ༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་བཅས་ལ༔ ཕྱག་འཚལ་མཆོད་འབུལ་སྡིག་སྒྲིབ་ཉེས་ལྟུང་བཤགས༔ སྒོ་གསུམ་སྐུ་གསུང་ཐུགས་དང་མཉམ་སྦྱོར་བའི༔ རྡོ་རྗེ་དམ་ཚིག་མི་གཏང་མཆོག་ཏུ་གཟུང༔ གསུམ་པ་སྲུང་འཁོར་སྒོམ་པ་ནི༔ ཧྲཱི༔ བདག་ཉིད་དབང་ཆེན་རྟ་མཆོག་ཧེ་རུ་ཀའི༔ ཡེ་ཤེས་རིག་རྩལ་ཁྲོ་བོའི་འོད་ཟེར་འཕྲོས༔ གློ་བུར་འཁྲུལ་པའི་བགེགས་ཚོགས་མཚམས་བཅད་ནས༔ མི་ཕྱེད་རྡོ་རྗེའི་སྲུང་འཁོར་ལྷུན་གྱིས་གྲུབ༔ ཧཱུྃ་ཧཱུྃ་ཧཱུྃ༔ ས་མ་ཡ༔ དངོས་གཞིར་ལྷ་སྔགས་འོད་གསལ་གྱི༔ རྣལ་འབྱོར་གསུམ་ལས་དང་པོ་ནི༔ ཧྲཱི༔ ཀ་དག་དབྱིངས་ལས་སྙིང་རྗེའི་རིག་གདངས་རྩལ༔ སོ་སོར་རྟོག་པའི་ཡེ་ཤེས་ཧྲཱིཿདམར་པོ༔ དེ་ལས་འོད་འཕྲོས་ཁམས་གསུམ་བརྟན་གཡོར་བཅས༔ འོད་གསལ་སྟོང་པ་ཉིད་ཀྱི་དབྱིངས་སུ་ཐིམ༔ ཚུར་འདུས་ཕྱི་སྣོད་རྡོ་རྗེ་བཙུན་མོའི་ཀློང༔ རྣམ་ཐར་གསུམ་ལྡན་ཆོས་འབྱུང་བསྣོལ་མའི་དབུས༔ བདག་ཉིད་བདེ་གཤེགས་ཡོངས་འདུས་སྤྱན་རས་གཟིགས༔ དམར་གསལ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཛེས༔ ཞི་འཛུམ་ཆགས་ཉམས་ཅུང་ཟད་ཁྲོས་པའི་ཚུལ༔ ཕྱག་གཡས་མཆོག་སྦྱིན་གདུལ་བྱའི་རེ་བ་སྐོང༔ གཡོན་པས་དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔ ཨུཏྤལ་ལར་གནས་འཆི་མེད་ཚེ་བུམ་འཛིན༔ གསང་བ་ཡེ་ཤེས་རྡོ་རྗེ་རྣལ་འབྱོར་མ༔ དབང་མདོག་གྲི་གུག་ཐོད་འཛིན་ཡབ་ལ་འཁྲིལ༔ གཉིས་ཀ་དར་དང་ཨུཏྤལ་རུས་པས་བརྒྱན༔ ཞབས་གཉིས་སྐྱིལ་ཀྲུང་པད་ཉི་ཟླ་བའི་སྟེང༔ ཡེ་ཤེས་འོད་ལྔ་འབར་བའི་ཀློང་ན་རོལ༔ སྐུ་ལ་རབ་འབྱམས་ཞི་ཁྲོའི་དཀྱིལ་འཁོར་རྫོགས༔ གནས་གསུམ་རྡོ་རྗེ་གསུམ་གྱི་ཡི་གེས་མཚན༔ ནམ་མཁའི་ཁམས་གང་གདན་གསུམ་ཚང་བའི་ལྷས༔ བྱང་ཆུབ་སེམས་ཀྱི་བདུད་རྩིས་དབང་བསྐུར་བས༔ རིགས་ཀྱི་བདག་པོ་བཅོམ་ལྡན་འོད་དཔག་མེད༔ སྤྲུལ་སྐུའི་རྣམ་པ་ཅན་གྱིས་དབུུར་བརྒྱན་ཞིང༔ ཐུགས་ཀའི་འོད་ཀྱིས་ཡེ་ཤེས་སྤྱན་དྲངས་གྱུར༔ ཧྲཱི༔ འོད་གསལ་ཆོས་སྐུའི་ངང་ལས་མ་གཡོས་ཀྱང༔ ཟུང་འཇུག་ལོངས་སྤྱོད་རྫོགས་སྐུའི་རྣམ་རོལ་ལས༔ འཕགས་མཆོག་པདྨ་དྲྭ་བའི་ལྷ་ཚོགས་རྣམས༔ ཚད་མེད་སྙིང་རྗེའི་དབང་གིས་གནས་འདིར་གཤེགས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ བཛྲ་ས་མཱ་ཛ༔ ཧྲཱི༔ ཆོས་ཉིད་དོན་གྱི་ཐུགས་རྗེ་ཆེན་པོ་ལ༔ ཆོས་ཅན་མཚན་མའི་འགྲོ་འོང་ལས་འདས་ཀྱང༔ གློ་བུར་འཁྲུལ་པའི་དྲི་མ་སྦྱོང་བའི་སླད༔ དམ་ཚིག་ཡེ་ཤེས་དབྱེར་མེད་དགྱེས་པར་བཞུགས༔ བཛྲ་ཛྙཱ་ན་ས་མ་ཡ་ཏིཥྛ་ཧོ༔ ཧྲཱི༔ སྣང་བའི་རིག་རྩལ་འཕགས་མཆོག་སྤྱན་རས་གཟིགས༔ སྟོང་པའི་བདག་ཉིད་གསང་བ་ཡེ་ཤེས་ཡུམ༔ ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ལྷར༔ མི་ཕྱེད་གུས་པའི་བརྡ་ཡིས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨོཾ་ཨཱཿཧཱུྃ༔ སྣང་སྲིད་ཐམས་ཅད་མཆོད་པའི་ཕྱག་རྒྱར་རྫོགས༔ སྣོད་བཅུད་མ་ལུས་འདོད་ཡོན་རོལ་པའི་རྒྱན༔ ཡུལ་དང་དབང་པོ་མཉམ་སྦྱོར་བདེ་བ་ཆེས༔ དཀྱིལ་འཁོར་ལྷ་ཚོགས་རྟག་ཏུ་མཉེས་གྱུར་ཅིག༔ ཨོཾ་མ་ཧཱ་སུ་ཁ་ས་མ་ཡ་སརྦ་པཱུ་ཛ་ཧོ༔ ཧྲཱི༔ བདེ་ཆེན་ཐབས་མཆོག་པདྨ་དྲྭ་བ་དང༔ ཤེས་རབ་སྟོང་ཉིད་རྡོ་རྗེ་རྣལ་འབྱོར་མ༔ དབྱེར་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐུར༔ གུས་པས་བསྟོད་དོ་མཆོག་ཐུན་དངོས་གྲུབ་སྩོལ༔ གཉིས་པ་སྔགས་ཀྱི་བཟླས་པ་ནི༔ ཐུགས་ཀར་པད་ཟླའི་སྟེང་དུ་ཡེ་ཤེས་སེམས༔ མཚོ་སྐྱེས་རྡོ་རྗེ་རང་འོད་ཡུུམ་དང་སྦྱོར༔ དེ་ཡི་ཐུགས་ཀར་པད་ཟླའི་གདན་གྱི་དབུས༔ ཏིང་འཛིན་སེམས་དཔའ་ཧྲཱིཿཡིག་དམར་པོའི་མཐར༔ སྔགས་ཕྲེང་འཁོར་བའི་ཟེར་གྱིས་འཕགས་པ་མཆོད༔ འགྲོ་ཀུན་སྒྲིབ་སྦྱངས་ལྷ་སྔགས་འོད་གསལ་ངང༔ སྲིད་ཞིའི་དྭངས་བཅུད་བསྡུས་ནས་རང་ལ་ཐིམ༔ མཆོག་ཐུན་ཕྲིན་ལས་ལྷུན་གྱིས་གྲུབ་པར་བསམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷིི་ཧཱུྃ༔ བསྙེན་སྒྲུབ་ལས་སྦྱོར་གསང་བའི་སྔགས༔ འབུམ་ཕྲག་སུམ་ཅུ་དེ་ཡི་ཕྱེད༔ འབུམ་ཕྲག་བཞི་རྣམས་རིམ་པར་བཟླ༔ དངོས་ཉམས་རྨི་ལམ་རྟགས་མཚན་འབྱུང༔ གསུམ་པ་འོད་གསལ་རིམ་པ་ནི༔ རླུང་དང་གཏུམ་མོས་གཞི་བཟུང་ནས༔ བདེ་ཆེན་དགའ་བཞིའི་ཡེ་ཤེས་སྤེལ༔ སྟོང་ཉིད་གཉུག་མར་རྒྱས་བཏབ་ཅིང༔ ཉིན་མཚན་བྱེད་བཅིང་རྣལ་འབྱོར་གྱིས༔ བོགས་འདོན་སྤྱོད་པས་མཚམས་སྦྱར་བས༔ ཟླ་དྲུག་ལོ་གསུམ་བཅུ་གཉིས་ན༔ པདྨ་དྲྭ་བའི་གོ་འཕང་འགྲུབ༔ ས་མ་ཡ༔ གསུམ་པ་རྗེས་ཀྱི་རིམ་པ་ལ༔ དང་པོ་དངོས་གྲུབ་བསྐུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ རིགས་འདུས་འཕགས་པའི་ལྷ་ཚོགས་ཐུགས་རྗེའི་བདག༔ བསྙེན་སྒྲུབ་རྡོ་རྗེའི་དམ་ཚིག་ཐེམས་ལགས་ན༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ དངོས་གྲུབ་དམ་པ་དེང་འདིར་བསྩལ་དུ་གསོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧོ༔ ཡི་གེ་བརྒྱ་པས་ནོངས་པ་བཤགས༔ གཉིས་པ་ཉེར་བསྡུའི་རྣལ་འབྱོར་ནི༔ ཨ༔ སེམས་ལས་སེམས་བྱུང་སྒྱུ་འཕྲུལ་དྲྭ་བའི་ལྷ༔ སེམས་ཉིད་འོད་གསལ་གཉུག་མའི་དབྱིངས་སུ་ཐིམ༔ སླར་ཡང་སྣང་གྲགས་རྟོག་པའི་གཟུང་འཛིན་ཀུན༔ ལྷ་སྔགས་ཆོས་སྐུའི་ཡེ་ཤེས་གཅིག་ཏུ་ཤར༔ ཨོཾ་ཨཱཿཧཱུྃ༔ གསུམ་པ་བསྔོ་སྨོན་བྱ་བ་ནི༔ ཧོ༔ དགེ་བའི་རྩ་བ་འདིའི་མཚོན་ཚོགས་གཉིས་རྒྱུན༔ བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོས་པའི་མཐུས༔ བདག་གཞན་མཁའ་ཁྱབ་འགྲོ་བ་མ་ལུས་ཀུན༔ སྐུ་གསུམ་འཕགས་པའི་གོ་འཕང་མྱུར་ཐོབ་ཤོག༔ དེ་ལྟར་འཕགས་མཆོག་སྒྲུབ་པའི་ཐབས༔ འབུམ་ཕྲག་ཀུན་གྱི་ཡང་སྙིང་བཅུད༔ ད་ལྟ་མངའ་བདག་རྗེ་འབངས་དང༔ མ་འོངས་སྙིགས་མའི་དོན་དུ་གདམས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ༄། དིལ་མཁྱེན་རིན་པོ་ཆེས་གཏེར་གཞུང་ཞལ་སྐོང་སྐོར།་་་་་<!TCC Tibetan character 3,181 undefined in unicode!> རྩ་གསུམ་འོད་གསལ་སྙིང་ཏིག་ལས༔ ཕུར་པ་འདུས་པའི་དྲིལ་སྒྲུབ་བཞུགས༔ <!TCC Tibetan character 3,181 undefined in unicode!> དཔལ་ཆེན་རྡོ་རྗེ་གཞོན་ནུར་འདུད༔ མ་འོངས་པདྨ་བདག་ཉིད་ཀྱིས༔ བྱིན་གྱིས་བརླབས་པའི་རིག་པ་འཛིན༔ འོད་གསལ་སྤྲུལ་པའི་རྡོ་རྗེའི་དོན༔ ཕུར་པ་འདུས་པའི་དྲིལ་སྒྲུབ་བསྟན༔ ས་མ་ཡ༔ དབེན་པའི་གནས་སུ་སྟེགས་བུའི་ཁར༔ བསྙེན་པའི་དམ་ཚིག་རྟེན་ཉིད་དུ༔ ལྕགས་སམ་དྲག་པོའི་ཤིང་དག་ལས༔ མཚན་མ་རྫས་ཀྱི་ཕུར་པ་ནི༔ དར་ནག་ཅོད་པན་དང་བཅས་དགོད༔ མཐའ་སྐོར་ཕྱི་ནང་མཆོད་པ་བཤམ༔ དེ་ནས་ཉམས་སུ་བླང་བ་ལ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས༔ སྔོན་འགྲོའི་དང་པོ་སྐྱབས་སེམས་ནི༔ ན་མོ༔ བླ་མ་རྡོ་རྗེ་གཞོན་ནུ་ལ༔ མི་ཕྱེད་གུས་པས་སྐྱབས་སུ་མཆི༔ སྲིད་པ་ཕུར་བུའི་དཀྱིལ་འཁོར་དུ༔ ཁམས་གསུམ་བསྒྲལ་བར་སེམས་བསྐྱེད་དོ༔ གཉིས་པ་བགེགས་བསྐྲད་སྲུང་མཚམས་ནི༔ ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་རྣམས༔ ང་ཡི་བཀའ་ལས་འདའ་མ་བྱེད༔ རྡོ་རྗེ་གསང་བའི་བཀའ་ལུང་ལས༔ སྡིག་ཅན་གང་ཞིག་འདའ་བྱེད་པ༔ སྟོབས་ཆེན་ཁྲོ་བོ་ཆེན་པོ་བཅུས༔ ཀླད་པ་ཚལ་པ་བརྒྱ་རུ་ཁོས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ སོང་ཞིག་ལྷ་མིན་ལྷ་ཡང་རུང༔ ང་ལ་བར་ཆད་བྱེད་པ་རྣམས༔ མཐུ་དང་རྫུ་འཕྲུལ་མེད་པར་མཛོད༔ དྲག་སྔགས་བརྗོད་ཅིང་ཐུན་གྱིས་གཟིར༔ ཧཱུྃ༔ ངང་ཉིད་རྡོ་རྗེའི་ཆོས་དབྱིངས་ལས༔ ཕྱི་ནང་སྣོད་བཅུད་ཁྱབ་པ་ཡི༔ འབར་བའི་ཁྲོ་བོ་མི་བཟད་པས༔ ལོག་འདྲེན་འབྱུང་པོ་མཚམས་བཅད་གྱུར༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཛྙཱ་ན་རཀྵ་བྷྲཱུྃ༔ གསུམ་པ་ཡེ་ཤེས་བྱིན་འབེབ་ནི༔ ཧཱུྃ༔ འོད་གསལ་ཆོས་སྐུའི་ངང་ཉིད་ལས༔ ལོངས་སྤྱོད་ཡོངས་རྫོགས་དཔལ་ཆེན་པོས༔ གང་འདུལ་སྤྲུལ་པའི་རྣམ་རོལ་གྱིས༔ གནས་འདིར་བྱིན་ཕོབ་དབང་མཆོག་སྐུར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ སརྦ་ས་མ་ཡ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ བཞི་པ་མཆོད་གཏོར་བྱིན་རླབས་ནི༔ ཧཱུྃ༔ བདག་ཉིད་ལྷར་གསལ་ཐུགས་ཀ་ནས༔ འཕྲོས་པའི་འོད་ཀྱིས་མཆོད་རྫས་ཀུན༔ གཟུང་འཛིན་མཚན་མ་ལས་འདས་པའི༔ ཡེ་ཤེས་འདོད་རྒུའི་སྤྲིན་དུ་སྤེལ༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་སརྦ་པཱུ་ཛ་མ་ཧཱ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཨཱཿཧཱུྃ༔ ས་མ་ཡ༔ དངོས་གཞིར་ཐ་མལ་སྣང་ཞེན་གྱི༔ སྲིད་པ་ཕུར་བུར་བསྒྲུབ་པའི་ཕྱིར༔ དང་པོ་དམ་ཚིག་བསྐྱེད་པ་ནི༔ ཏིང་འཛིན་གསུམ་གྱིས་ཁོག་ཕུབ་ལ༔ རྟེན་གྱི་དཀྱིལ་འཁོར་ཆེན་པོའི་དབུས༔ བདག་ཉིད་རྩ་བའི་དཔལ་ཆེན་པོ༔ རྒྱུ་འབྲས་ལས་བཞེངས་སྒོང་སྐྱེས་སྦྱོང༔ མཚན་མ་རྫས་དང་དབྱེར་མེད་པའི༔ སྲས་མཆོག་རིགས་ལྔ་ཡེ་ཤེས་མཐུས༔ སྐད་ཅིག་བརྫུས་སྐྱེས་ཚུལ་དུ་ཤར༔ སྙོམས་འཇུག་མངལ་འབྱིན་སྦྱོར་བ་ཡིས༔ ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་བསྐྱེད༔ སྒོ་སྐྱོང་བཀའ་ཉན་སྔགས་ཀྱི་སྒྲས༔ དྲོད་གཤེར་སྐྱེས་ཀྱི་བག་ཆགས་སྦྱོང༔ ཧཱུྃ༔ སེམས་ཀྱི་རྡོ་རྗེ་དེ་བཞིན་ཉིད༔ སྙིང་རྗེ་ཁྲོས་པར་ཀུན་ཏུ་སྣང༔ མཚོན་ཆེན་རྡོ་རྗེ་ཧཱུྃ་ཡིག་བཅས༔ འབར་བའི་འོད་ཀྱིས་སྣོད་བཅུད་སྦྱངས༔ ཀློང་ལྔ་འབྱུང་བ་ཡུམ་གྱི་མཁར༔ དུར་ཁྲོད་དྲག་པོའི་གཞལ་ཡས་ཁང༔ འབར་བའི་མཚན་ཉིད་ཡོངས་རྫོགས་དབུས༔ པདྨ་ཟླ་ཉི་བདུད་བཞིའི་སྟེང༔ རྡོ་རྗེ་ཧཱུྃ་ཡིག་ཡོངས་གྱུར་ལས༔ བདག་ཉིད་དཔལ་ལྡན་རྡོ་རྗེ་སེམས༔ དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན༔ རང་འདྲའི་ཡུམ་འཁྱུད་མཚན་དཔེར་འབར༔ ལོངས་སྤྱོད་ཡོངས་རྫོགས་རིགས་བརྒྱའི་བདག༔ ཟབ་གསལ་གཉིས་མེད་སྐུ་རུ་བཞེངས༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཡབ་ཡུམ་སྙོམས་ཞུགས་བདེ་བ་ཆེའི༔ རང་གཟུགས་འོད་ཀྱི་ཐིག་ལེར་འཁྱིལ༔ དེ་ལས་འབྲས་བུའི་ཧེ་རུ་ཀ༔ དཔལ་ཆེན་བཛྲ་ཀུ་མཱ་ར༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ བཞད་གཤེ་རྔམ་པའི་ཉམས་དང་ལྡན༔ མཐིང་ནག་སྐུ་ལ་དཔལ་ཆས་དང༔ དུར་ཁྲོད་དྲག་པོའི་ཆས་ཀྱིས་བརྗིད༔ ཕྱག་དྲུག་གཡས་ཀྱི་དང་པོ་གཉིས༔ གསེར་གྱི་རྡོ་རྗེ་རྩེ་དགུ་ལྔ༔ གཡོན་གཉིས་མེ་ཕུང་ཁ་ཊྭཱཾ་འཁྲོལ༔ ཐ་མས་རི་རབ་ཕུར་བུ་འདྲིལ༔ ཁམས་གསུམ་རྡོ་རྗེ་གསུམ་དུ་རྫོགས༔ ཞབས་བཞི་གྱད་ཀྱི་དོར་སྟབས་ཀྱིས༔ པད་ཟླ་ཉི་མ་བདུད་བཞིའི་སྟེང༔ ཡེ་ཤེས་འབར་འཁྲུགས་མེ་ཀློང་འགྱིངས༔ སྦྱོར་ཡུམ་འཁོར་ལོ་རྒྱས་འདེབས་སྔོ༔ གཟིག་ཤམ་རིན་ཆེན་རུས་རྒྱན་ཅན༔ དྲིལ་བུ་དུང་ཁྲག་བསྣམས་པས་འཁྲིལ༔ གར་དགུའི་ཉམས་ལྡན་དཔལ་ཆེན་པོ༔ ཡབ་ཡུམ་མཉམ་སྦྱོར་བདེ་བ་ཆེས༔ ཡེ་ཤེས་ལྔ་ཡི་རིག་རྩལ་འབར༔ དེ་ལས་འཁོར་ལོའི་གནས་ལྔ་རུ༔ སྲས་མཆོག་ཀཱི་ལ་རིགས་ཀྱི་མདོག༔ ཕྱག་གཉིས་ཕུར་འདྲིལ་ཡུམ་དང་འཁྱུད༔ སྐུ་སྨད་གནམ་ལྕགས་ཕུར་བུའི་དབལ༔ པད་ཉི་དྲེགས་པའི་གདན་ལ་རོལ༔ སླར་ཡང་སྙོམས་ཞུགས་མཁའ་གསང་ནས༔ བྱང་སེམས་ཧཱུྃ་གི་སྤྲིན་སྤྲོས་པས༔ ཕྱི་རོལ་འཁོར་ལོ་རྩིབས་བཅུའི་དབུས༔ ཕྱོགས་བཅུའི་ཁྲོ་བོ་ཆེན་པོ་བཅུ༔ སྐུ་མདོག་དུས་ཀྱི་མུན་ལྟར་གནག༔ ཞལ་གཅིག་ཕྱག་གཉིས་ཡུམ་དང་འཁྲིལ༔ ཕུར་བུ་འདྲིལ་ཞིང་བགེགས་ཚོགས་གཟིར༔ པད་ཉི་ཕྱོགས་སྐྱོང་དྲེགས་པའི་སྟེང༔ དྲག་མེ་དམར་ནག་དབུས་ན་བཞེངས༔ གཡས་གཡོན་ཟ་གསོད་ཕྲ་མེན་མ༔ ཁྲ་ཐབས་ཉི་ཤུའི་སྤྲུལ་པ་འགྱེད༔ སྲས་མཆོག་རིགས་ལྔ་ཁྲོ་རྒྱལ་ཚོགས༔ རྡོ་རྗེའི་གཤོག་བརྒྱངས་དུར་ཁྲོད་ཆས༔ རབ་འཇིགས་ཁྲོ་གཏུམ་འཇིགས་པའི་ཉམས༔ ཡེ་ཤེས་མེ་ཕུང་ཀློང་ན་གསལ༔ གཙོ་མཆོག་ཡབ་ཡུམ་རོལ་པའི་སྒྲ༔ ཛཿཧཱུྃ་བཾ་ཧོཿམ་བྷྱོ་ལས༔ སྒོ་བཞིར་གདོང་ཅན་སྒོ་མ་བཞི༔ བར་ཁྱམས་མ་མོ་བཅུ་གཉིས་དང༔ ཕྱི་འཁོར་དབང་ཕྱུག་ཉེར་བརྒྱད་སོགས༔ བཀའ་ཉན་དམ་ཅན་སྤྲིན་ལྟར་གཏིབས༔ ཀུན་ཀྱང་སྣང་སྟོང་ཟུང་འཇུག་སྐུ༔ ཆུ་ཟླ་འཇའ་ཚོན་བཞིན་དུ་གསལ༔ སྲིད་གསུམ་ཐ་མལ་སྣང་ཞེན་ཀུན༔ རྡོ་རྗེ་ཁྲོས་པའི་འཁོར་ལོར་རྫོགས༔ ཨོཾ་ཤྲཱི་བཛྲ་ཀཱི་ལ་ཡ་སརྦ་མཎྜ་ལ་ཨཱཿཧཱུྃ༔ རྗེས་འབྲེལ་བྱིན་རླབས་དབང་བསྐུར་ནི༔ དེ་ལྟར་གསལ་བའི་གནས་གསུམ་དུ༔ ཟླ་བ་པདྨ་ཉི་མའི་སྟེང༔ འབྲུ་གསུམ་ཕྱག་མཚན་ཡོངས་གྱུར་ལས༔ རྡོ་རྗེ་གསུམ་གྱི་ཕྱག་རྒྱས་མཚན༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་སུ་བྱིན་བརླབ་བོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨཱཏྨ་ཀོ྅་ཧཾ༔ གཙོ་བོའི་ཐུགས་མཆོག་རིན་པོ་ཆེ༔ ཟུར་བརྒྱད་མཆོང་གུར་ལྟ་བུ་ཡི༔ གཞལ་མེད་ཁང་པ་གནམ་སྒོ་ཅན༔ རྟ་མཆོག་དཔལ་གྱིས་སྒོ་སྲུང་མཛད༔ དབུས་སུ་ཞི་བ་རྡོ་རྗེ་སེམས༔ འབར་བའི་སྐུར་བཞེངས་ཧེ་རུ་ཀ༔ རྡོ་རྗེ་དུང་ཁྲག་ཡུམ་དང་སྦྱོར༔ ཨིནྡྲ་ནཱི་ལའི་མདངས་འོད་འཚེར༔ རོལ་པའི་འོད་ཀྱིས་དབང་གི་ལྷ༔ སྤྱན་དྲངས་བྱང་ཆུབ་སེམས་ཀྱི་ཆུས༔ དབང་བསྐུར་རིགས་ལྔས་དབུར་བརྒྱན་གྱུར༔ ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱ༔ ཧེ་རུ་ཀཿཨ་བྷི་ཥིཉྩ་ས་མ་ཡ་སཏྭཾ༔ སླར་ཡང་ཧཱུྃ་གི་སྒྲ་བསྒྲགས་པས༔ ཁམས་གསུམ་ཉོན་མོངས་དུག་ཆེན་སྦྱངས༔ ཀུན་ཀྱང་རྡོར་སེམས་སྐུར་གྱུར་ནས༔ ཡེ་ཤེས་ཁྲག་འཐུང་ཕྱག་རྒྱར་ཐིམ༔ ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཛཿཤྲཱི་ཧེ་རུ་ཀཿཨ་ཧཾ༔ གཉིས་པ་ཡེ་ཤེས་སྤྱན་དྲང་ཞིངཿ ཕྱག་རྒྱས་བསྟིམ་ནས་བཞུགས་སུ་གསོལ༔ ཧཱུྃ༔ སྲིད་པ་ཕུར་བུ་སྒྲུབ་པ་དང༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཁྲོ་རྒྱལ་འཁོར་བཅས་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་བསྟན་པ་དང༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ས་མ་ཡ་ཨེ་ཧྱེ་ཧི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཧཱུྃ༔ སྙིང་རྗེའི་ལྕགས་ཀྱུས་གནས་ནས་དགུག༔ བྱམས་པའི་ཞགས་པས་རྟེན་ལ་གཞུག༔ དགའ་བའི་སྒྲོག་གིས་དབྱེར་མེད་བཅིང༔ བཏང་སྙོམས་དྲིལ་བུས་རབ་དགྱེས་པའི༔ སྲིད་པ་རྡོ་རྗེ་ཕུར་བུའི་ལྷ༔ དམ་ཚིག་ཡེ་ཤེས་དབྱེར་མེད་པ༔ འབར་བའི་གདན་ལ་བཞུགས་ནས་ཀྱང༔ མཆོད་བཞེས་དམ་བསྐང་དངོས་གྲུབ་སྩོལ༔ ཛཿཧཱུྃ་བཾ་ཧོཿས་མ་ཡ་ཏིཥྛ་ལྷན༔ གསུམ་པ་ཕྱག་འཚལ་མཆོད་བསྟོད་ནི༔ ཧཱུྃ༔ ཡང་དག་དོན་དུ་རབ་ཞི་ཡང༔ འདུལ་བའི་དབང་གིས་ཅིར་ཡང་སྣང༔ འབར་བའི་དཀྱིལ་འཁོར་ལྷ་ཚོགས་ལ༔ གུས་པའི་བརྡ་ཡིས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཧཱུྃ༔ སྣོད་བཅུད་ཉེར་སྤྱོད་འདོད་ཡོན་སྤྲིན༔ སྨན་གཏོར་རཀྟ་གསང་བའི་རྫས༔ སྦྱོར་སྒྲོལ་ཟུང་འཇུག་འོད་གསལ་དབྱིངས༔ མཆོད་པའི་ཕྱག་རྒྱ་ཆེན་པོར་བཞེས༔ ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པཉྩ་ཀཱ་མ་གུ་ཎ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཏ་ན་ག་ན་དྷརྨ་དྷཱ་ཏུ་པཱུ་ཛ་ཧོ༔ ཧཱུྃ༔ སྐྲ་ཅན་བྷནྡྷའི་སྣོད་ཡངས་སུ༔ གདུག་ཅན་བསྒྲལ་པའི་དམར་ཆེན་པོ༔ ཁམས་གསུམ་ཁྲག་གི་རྒྱ་མཚོར་བསྐྱིལ༔ དམ་ཅན་ཕོ་ཉའི་ཚོགས་རྣམས་ལ༔ མངོན་སྤྱོད་ཕྲིན་ལས་མཛད་ཕྱིར་འབུལ༔ སྔོན་ཆད་ཇི་ལྟར་དམ་བཅས་བཞིན༔ གདུག་པའི་བགེགས་དང་བར་ཆད་ཀུན༔ མཐུ་དང་རྫུ་འཕྲུལ་མེད་པར་མཛོད༔ མ་ཧཱ་རཀྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ རྡོ་རྗེ་ཁྲོས་པའི་ཡེ་ཤེས་ཀྱིས༔ བར་ཆད་བདུད་དཔུང་འདུལ་མཛད་པ༔ ཕྲིན་ལས་འདུས་པའི་དཀྱིལ་འཁོར་ལྷ༔ གཙོ་འཁོར་སྤྲུལ་པར་བཅས་ལ་བསྟོད༔ བཞི་པ། འདི་མན་ཕབ་འཕྲོ་ལུས། བཞི་པ་བསྙེན་ཅིང་སྒྲུབ་པ་དང༔ ལས་ལ་སྦྱར་བས་དངོས་གྲུབ་བསྐུལ༔ གཙོ་མཆོག་ཐུགས་ཀར་འོད་ལྔའི་ཀློང༔ ཙིཏྟ་མཆོང་གུར་སྨུག་པོའི་སྦུབས༔ བཛྲ་སཏྭ་ཡེ་ཤེས་སེམས༔ འབར་བའི་སྐུར་བཞེངས་ཧེ་རུ་ཀ༔ རྡོ་རྗེ་དུང་ཁྲག་ཡུམ་དང་སྦྱོར༔ ཨིནྡྲ་ནཱི་ལའི་མདངས་འོད་འཚེར༔ ཐུགས་ཀར་ཉི་ཟླའི་གྭ་འུའི་ནང༔ ཉི་སྟེང་རྡོ་རྗེ་རྩེ་ལྔའི་ལྟེར༔ ཧཱུྃ་མཐར་སྔགས་ཕྲེང་གཡས་སུ་བསྐོར༔ འོད་ཟེར་སྤྲོ་བསྡུས་དོན་གཉིས་བསྒྲུབས༔ སྣང་སྲིད་རྡོ་རྗེ་ཕུར་བུ་ཡི༔ དཀྱིལ་འཁོར་ཆེན་པོར་སད་པར་བསམ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ བསྙེན་པ་འབྲུ་དགུ་འབུམ་ཕྲག་བཞིས༔ དངོས་གྲུབ་གནས་ལ་ཉེ་བར་བྱེད༔ སྟོང་གསུམ་ཕྱོགས་བཅུའི་འཇིག་རྟེན་གྱི༔ སྣང་བ་རྡོ་རྗེ་ཕུར་པའི་ལྷ༔ གྲགས་པ་རྡོ་རྗེ་ཕུར་པའི་ཛཔ྄༔ དྲན་རྟོག་རྡོ་རྗེ་ཁྲོས་པའི་ཐུགས༔ ལྷ་སྔགས་ཆོས་ཉིད་རོལ་པར་སད༔ ཀུན་ཀྱང་རྡོ་རྗེའི་སྔགས་སྒྲ་སྒྲོག༔ སྐུ་ཡི་འོད་ཟེར་ཅིར་ཡང་འཕྲོ༔ ཕྲིན་ལས་བཞི་དང་གྲུབ་པ་བརྒྱད༔ དངོས་གྲུབ་ཐམས་ཅད་ཡིད་བཞིན་འགྲུབ༔ དག་པ་རབ་འབྱམས་ཡེ་ཤེས་ཆེའི༔ བདག་ཉིད་ཆེན་པོར་ལྷུན་གྱིས་གྲུབ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ སྒྲུབ་པའི་གསང་སྔགས་འབུམ་ཕྲག་བཞི༔ བཟླས་པས་ངེས་པའི་མཚན་མ་འབྱུང༔ དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་ཀྱི༔ སྐུ་ལས་བྱུང་བའི་འོད་ལྗང་ནག༔ མཚོན་ཆའི་ཚྭ་ཚྭ་འཕྲོ་བ་འཕྲོས༔ ཉམས་པ་བདུན་དང་བསྒྲལ་ཞིང་བཅུ༔ དངོས་གྲུབ་བར་ཆད་བདུད་བཞིའི་ཚོགས༔ མངོན་སྤྱོད་རོལ་པའི་ཕྲིན་ལས་ཀྱིས༔ རྡུལ་དུ་བརླགས་ཤིང་བཅོམ་པར་གྱུར༔ མ་རཀྨོ་ཡཀྨོ་ཀཱ་ལ་རཱུ་པ༔ སྙིང་རྩ་ལ་ཡཾ་ཡཾ༔ སྲོག་རྩ་ལ་ཡཾ་ཡཾ༔ སྙིང་ལ་ཕྲིལ་ཕྲིལ༔ སྲོག་ལ་ཆུམ་ཆུམ༔ ཙིཏྟ་སྲོག་ལ་དུང་དུང༔ སྙིང་ཁྲག་སྲོག་ལ་ཤད་ཤད༔ ཐུམ་རི་ལི་ལི༔ ཙེག་ཙེག༔ འུར་འུར༔ ཤིག་ཤིག༔ འགུལ་འགུལ༔ མྱག་མྱག༔ སོད་སོད༔ དྷཱ་ཏི་མ་མ་ཀརྨ་ཤྲཱི་གྷྲཾ་ཀ་ར་ཡེ་མཱ་ར་སེ་ན་པྲ་མརྡྷ་ན་ཡེ་ཧཱུྃ་ཕཊ༔ དམིགས་པའི་གནད་དང་ལྡན་པ་ཡིས༔ དྲག་སྔགས་སྤུ་གྲི་ཁྲི་གཅིག་བཟླ༔ ལྷ་སྔགས་འཕྲོ་འདུའི་ཏིང་འཛིན་ཀུན༔ ཆོས་ཉིད་གཅིག་གི་རོལ་པ་སྟེ༔ དུ་མར་སྣང་ཡང་ངོ་བོ་གཅིག༔ གཉིས་སུ་མེད་པར་ལམ་ཁྱེར་བྱ༔ ས་མ་ཡ༔ ནང་དུ་རྡོ་རྗེ་ལུས་ཀྱི་དཀྱིལ༔ རྩ་རླུང་ཐིག་ལེའི་གྲོང་ཁྱེར་ཀུན༔ རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས༔ དཀྱིལ་འཁོར་གསུམ་དུ་ལྷུན་རྫོགས་པ༔ བདེ་ཆེན་མཆོག་གིས་མཉེས་པའི་ཕྱིར༔ དབེན་པར་རྩེ་གཅིག་ཏིང་འཛིན་གྱིས༔ སྒོ་གསུམ་གནད་ཀྱིས་ལེགས་གཅུན་ནས༔ རྩ་གསུམ་འཁོར་ལོ་བཞི་ཡི་དབྱིངས༔ དྭངས་མ་མི་ཤིག་ཧྃ་དང་ཨ༔ ཡབ་ཡུམ་རྗེས་ཆགས་འབར་འཛག་གི༔ ཏིང་འཛིན་སྲོག་རྩོལ་སྦྱོར་བ་ཡིས༔ དགའ་བཞི་འབྱུང་ལྡོག་སྦྱོར་བ་དག༔ བུམ་ཅན་རླུང་དང་སྦྱར་ནས་བྱ༔ བདེ་གསལ་རྣམ་པར་མི་རྟོག་པའི༔ ལྷན་ཅིག་སྐྱེས་པའི་དེ་ཉིད་འཆར༔ ནུས་པ་ཐོབ་ནས་གཞན་ལུས་ལ༔ བསྟེན་པའི་བོགས་འབྱིན་སྤྱོད་པ་བརྩམ༔ མཆོག་ཏུ་དབང་པོ་རྣོན་པོ་ཡིས༔ དབྱིངས་ཆེན་འཁོར་ལོ་རྒྱས་འདེབས་ཀློང༔ ཤེས་རབ་སྒྲོན་མ་དྲུག་གི་གདངས༔ སྒོ་ཡུལ་རླུང་རིག་གནད་གཅུན་པས༔ འོད་གསལ་རིག་པ་ཡབ་ཀྱི་ཆ༔ རྡོ་རྗེ་གཞོན་ནུར་མཉམ་སྦྱོར་བས༔ སྣང་བཞིའི་ཕ་མཐར་སོན་པ་ཡི༔ རིག་པའི་ཕུར་བུའི་དགོངས་པ་ནི༔ འཁོར་འདས་སྲོག་གི་གོར་གནས་པ༔ མངོན་སུམ་བྱེད་པའི་ཐབས་ཀྱི་མཆོག༔ བརྩོན་པས་ཡེ་ཤེས་མངོན་གྱུར་བྱ༔ ས་མ་ཡ༔ རྗེས་ཐོབ་ཐུན་མཚམས་སྤྱོད་པ་ལ༔ ཚོགས་ཀྱི་འཁོར་ལོ་བྱ་འདོད་པས༔ ཞིང་ངམ་གཅན་གཟན་ལྤགས་པའི་སྟེང༔ ཐབས་ཤེས་བཟའ་བཅའ་བཏུང་བ་བཤམས༔ ཐོག་མར་བྱིན་གྱིས་བརླབ་པའི་ཕྱིར༔ ཧཱུྃ༔ དབྱིངས་རིག་ཟུང་འཇུག་མེ་རླུང་ཆུས༔ གཟུང་འཛིན་མཚན་རྟོག་བསྲེགས་གཏོར་སྦྱངས༔ ཐབས་ཤེས་རིགས་ལྔའི་དམ་ཚིག་རྫས༔ བདེ་ཆེན་བདུད་རྩིའི་བཅུད་དུ་འཁྱིལ༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཚོགས་ཞིང་མགྲོན་ཀུན་སྤྱན་འདྲེན་ནི༔ ཧཱུྃ༔ ཡེ་ཤེས་ཆེན་པོའི་དེ་ཉིད་ལ༔ གཤེགས་བྱོན་མཚན་མ་མི་དམིགས་ཀྱང༔ ཐུགས་རྗེ་ཐབས་ཀྱི་སྒྱུ་མའི་འཕྲུལ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་བདག༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེ༔ ཡབ་ཡུམ་ཁྲོ་བཅུ་སྲས་ཕྲ་མེན༔ སྒོ་སྐྱོང་ཕུར་སྲུང་དབང་མོའི་ཚོགས༔ རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ སྣོད་བཅུད་རང་བྱུང་བདེ་བ་ཆེ༔ གདོད་ནས་ཐབས་ཤེས་འདུ་འབྲལ་མེད༔ གཉིས་མེད་མཉམ་པའི་ཀློང་ཡངས་སུ༔ སྐད་ཅིག་ཡུད་ལ་བྱིན་གྱིས་རློབས༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ བཛྲ་ས་མ་ཡ་ཛཿཛ༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ དང་པོ་འདོད་ཡོན་ཕུད་ཀྱིས་མཆོད༔ ཨོཾ༔ བླ་ན་མེད་པའི་ཚོགས་ཀྱི་རྫས༔ ཡེ་ཤེས་འདོད་དགུའི་སྤྲིན་ཆེན་པོ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ བར་པ་བདུད་རྩིའི་མཆོད་པས་བཤགས༔ ཧོ༔ བདག་གིས་གཟུང་འཛིན་འཁྲུལ་དབང་གིས༔ སྒོ་གསུམ་རྟག་ཏུ་ཉེས་པ་སྤྱད༔ སྡོམ་གསུམ་འགལ་འཁྲུལ་ཉམས་ཆག་ནོངས༔ འགྱོད་པས་ཚོགས་ཀྱིས་བཤགས་པར་བགྱི༔ ས་མ་ཡ་ཤུདྡྷེ་ཨ༔ ཐ་མ་བསྒྲལ་བའི་ཤ་ཁྲག་སྟོབ༔ ཨེ༔ ཆོས་དབྱིངས་རྣམ་ཐར་གསུམ་གྱི་ཀློང༔ མཚན་རྟོག་རུ་ཏྲ་བཀུག་ཅིང་བསྟིམ༔ དུག་གསུམ་ཤ་ཁྲག་རུས་པའི་ཚོགས༔ ཁྲག་འཐུང་ལྷ་ཚོགས་ཞལ་དུ་བསྟབ༔ སརྦ་ཤ་ཏྲཱུན་མཱ་ར་ཡ་ཕཊ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁཱ་ཧི༔ བདག་ལུས་གདན་གསུམ་ལྷའི་འཁོར་ལོ༔ ཚིམ་ཕྱིར་ནང་གི་ཚོགས་མཆོད་འབུལ༔ གཏུམ་མོ་འབར་བས་སྙིགས་མ་བསྲེགས༔ དྭངས་མ་ཞུ་བདེས་ལུས་དཀྱིལ་ཁྱབ༔ བདེ་སྟོང་ཉམས་ཀྱི་རྩལ་རྫོགས་ནས༔ རྡོ་རྗེའི་གླུ་གར་རོལ་མོས་མཆོད༔ ནུས་པ་ཐོབ་ན་གསང་སྤྱོད་བྱ༔ དམ་ཚིག་རྫས་ཀྱི་ལྷག་མ་ཡིས༔ དཀྱིལ་འཁོར་མཐའ་སྐྱོང་སྲུང་མ་བརྔན༔ ཧྲཱིཾ༔ དཔལ་གྱི་བཀའ་ཉན་ལས་ཀྱི་མ༔ གིང་ལང་དབང་ཕྱུག་བརྟན་མ་བཅས༔ ཕམ་ཕབ་བདུད་རྩི་འབུལ་གྱིས་བཞེས༔ རྣམ་བཞིའི་ཕྲིན་ལས་སྒྲུབ་པར་མཛོད༔ ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ རྡོ་རྗེའི་རིགས་སུ་སྐྱེ་བ་དང༔ སྤྱོད་པ་མཐར་ཕྱིར་སྨོན་ལམ་གདབ༔ དེས་ནི་ཉམས་ཆག་ཀུན་བྱང་ཞིང༔ དམ་སྐོང་ལྷ་མཉེས་དངོས་གྲུབ་ཐོབ༔ དེ་ཕྱིར་རྣལ་འབྱོར་མཆོག་རྣམས་ཀྱིས༔ ངེས་པར་འདི་ལ་ནན་ཏན་བྱ༔ ཧཱུྃ་ཧྲཱི༔ དབྱིངས་ལས་རང་བྱུང་ཁྲོ་རྒྱལ་ཆེ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་བདག༔ དཔལ་ཆེན་བཛྲ་ཀཱི་ལ་ཡ༔ འཁོར་དང་བཅས་པའི་ཐུགས་དམ་བསྐུལ༔ དྲག་ཤུལ་སྟོབས་ཀྱི་གཟི་བྱིན་སྐྱེད༔ བདུད་བགེགས་བར་ཆད་དབྱིངས་སུ་སྒྲོལ༔ ཚེ་བསོད་ཡེ་ཤེས་སྟོབས་རྩལ་སྐྱེད༔ ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོད༔ ཅེས་བསྐུལ་སྲུང་མར་ཆད་ཐོ་བསྒྲག༔ ཧཱུྃ༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀ༔ ཁ་སྦྱོར་བདེ་བ་ཆེན་པོའི་སྐུས༔ ཆོས་ཉིད་རང་སྒྲ་གསང་ཆེན་གྱི༔ རྡོ་རྗེའི་རྒྱུད་ཀྱི་གནས་བསྟན་ཚེ༔ རང་ཤར་རྒྱུད་གསུམ་དམ་ཅན་གྱིས༔ རང་སྣང་གཟུགས་བསྟན་གཏོར་མ་ལོངས༔ ཐ་ཚིག་ཕོག་པ་རྗེས་དགོངས་ལ༔ ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ བཤལ་ཆུའི་བདུད་རྩི་བརྟན་མར་འབུལ༔ ཧཱུྃ་ཧྲཱི༔ བདེན་དོན་དག་པའི་བརྟན་མའི་ཚོགས༔ བཤལ་ཆུའི་བདུད་རྩིའི་བརྔན་འབུལ་གྱིས༔ འཁྲུལ་པ་གཞི་ལ་དག་པ་ཡི༔ ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོད༔ ལས་མཇུག་རྡོ་རྗེའི་བྲོ་ཡིས་བསྡུ༔ ཧོ༔ འཁྲུལ་རྟོག་དམ་སྲི་སྒབ་འདྲེའི་ཚོགས༔ སྐྱེ་མེད་དབྱིངས་སུ་རྒྱས་བཏབ་པས༔ གཉིས་སྣང་ཀ་དག་གདོད་མའི་གཞིར༔ ནམ་ཡང་ལྡང་མེད་རྒྱས་གདབ་བོ༔ ས་མ་ཡ་སཏྭཾ་བྷ་ཡ་ནན༔ དངོས་གྲུབ་གནས་ལ་བསྐུལ་བའི་ཕྱིར༔ ཧཱུྃ༔ བཅོམ་ལྡན་བཛྲ་ཀུ་མཱ་ར༔ ཡབ་ཡུམ་སྲས་དང་སྤྲུལ་པར་བཅས༔ དངོས་གྲུབ་མཆོག་གི་གནས་ལ་བསྐུལ༔ ཐུགས་རྗེས་དགོངས་པ་མི་གཡེལ་བས༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ དབང་དང་བྱིན་རླབས་དངོས་གྲུབ་སྩོལ༔ ཕྱི་ནང་འགལ་རྐྱེན་བར་ཆད་སོལ༔ ཡེ་ཤེས་ཡོན་ཏན་རྒྱས་པར་མཛོད༔ ཐུན་མོང་མཆོག་གི་དངོས་གྲུབ་ཀུན༔ ཐོབ་ནས་དོན་གཉིས་ཡོངས་རྫོགས་མཛོད༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོ༔ རྗེས་རིམ་མཆོད་བསྟོད་ནོངས་པ་བཤགས༔ ལྷར་སྣང་དབྱིངས་སུ་བསྡུ་བའི་ཕྱིར༔ ཨ༔ ཡེ་ཤེས་རོལ་པའི་དཀྱིལ་འཁོར་ལྷ༔ དམིགས་མེད་དབྱིངས་སུ་འོད་དུ་ཞུ༔ མཐའ་བྲལ་ཆོས་ཉིད་ཉག་གཅིག་གི༔ ངོ་བོར་རང་བཞིན་ལྷུན་གྱིས་གྲུབ༔ ཨ་ཨ་ཨ༔ སླར་ཡང་ཕྱིར་གསལ་ཡེ་ཤེས་ཆེའི༔ རོལ་པ་སྣོད་བཅུད་ལྷ་དང་སྔགས༔ བདེ་ཆེན་རྒྱུན་མི་ཆད་པ་ཡི༔ རྡོ་རྗེ་གསུམ་གྱི་རོལ་པར་ཤར༔ བཛྲ་ཀཱ་ཝཱ་ཙི་རཀྵ་བྷྲཱུྃ༔ རྗེས་ཀྱི་སྤྱོད་ཡུལ་ཐམས་ཅད་ལ༔ དག་པའི་ལམ་ཁྱེར་འབའ་ཞིག་བསླབ༔ བསྔོ་སྨོན་ཤིས་པ་བརྗོད་པ་ཡིས༔ དགེ་ལེགས་བཀྲ་ཤིས་འཕེལ་རྒྱས་བྱ༔ ཧོ༔ དམིགས་བཅས་བསོད་ནམས་ཟབ་མོ་ཡིས༔ འགྲོ་ཀུན་སྲིད་ཞིའི་འཇིགས་ལས་གྲོལ༔ མཐར་ཐུག་སྐུ་བཞི་ཡེ་ཤེས་ལྔའི༔ ཐིག་ལེ་ཆེན་པོར་བྱང་ཆུབ་ཤོག༔ ཨོཾ༔ བརྒྱུད་གསུམ་བླ་མས་བྱིན་རླབས་བསྩལ༔ ཡི་དམ་ལྷ་ཡིས་རྗེས་སུ་གཟུང༔ མཁའ་འགྲོས་ཕྲིན་ལས་ཀུན་སྒྲུབ་ནས༔ དགེ་ལེགས་དཔལ་འབར་བཀྲ་ཤིས་ཤོག༔ བདག་ཉིད་རྡོ་རྗེ་ཐོད་ཕྲེང་གི༔ ཐུགས་ཀྱི་གསང་བ་མཐར་ཐུག་པ༔ བདུད་འདུལ་བཛྲ་ཀཱི་ལ་ཡ༔ ཞི་ཁྲོ་གཅིག་དྲིལ་སྒྲུབ་པའི་ཐབས༔ ཟབ་མྱུར་བྱིན་རླབས་ཚན་ཆེ་བའི༔ སྙིང་པོའི་གདམས་པའི་བཅུད་འདི་ཡང༔ དུས་ཀྱི་ཐ་མར་མངོན་སྣང་བས༔ འགྲོ་ཀུན་བདེ་ཆེན་མཆོག་ཐོབ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་ཀྱི་བདག་ཉིད་གཏེར་འབྱིན་གྲུབ་བརྒྱའི་སྤྱི་མེས་༧འོད་གསལ་སྤྲུལ་པའི་རྡོ་རྗེའི་དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཏིག་གི་བྱེ་བྲག་ཕུར་པ་འདུས་པའི་དྲིལ་སྒྲུབ་འདི་ཉིད་ཀྱི་བསྙེན་པའི་དབུར་ཕབ་འཕྲོ་བཞག་མཛད་པ། རྗེ་བཙུན་བླ་མ་མཆོག་གི་ཕྲིན་ལས་ཀྱི་རང་གཟུགས་མཁས་གྲུབ་ཡོངས་ཀྱི་ཁྱུ་མཆོག་༧འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་ཆོས་བཀའ་འདིའི་ཕུར་པ་ཕབ་ཟིན་ལ་བསྙེན་སྒྲུབ་གནང་སྐབས། ད་ལྟའི་ཕུར་པ་འདི་ལ་བསྙེན་པ་ཀཱི་ལ་ཡ་འབྲུ་དགུ་སྒྲུབ་པ་འབྲུ་བཅུ་བཞི་པ་ཡོད་པ་ཞིག་རིག་རྩལ་ལས་ཐོན་ཀྱང་ཡི་གེར་བྲི་རྒྱུ་མ་བྱུང་བ་སླད་ནས་ཁྱོད་རང་གིས་བྲིས་ཤིག་ཅེས་བཀའ་བསྩལ་པ། རབ་བྱུང་བཅུ་དྲུག་པ་རང་ལོ་ལྔ་བཅུ་རྩ་བརྒྱད་སྟེང་ཆོས་སྐོར་འདི་དག་ལ་དབང་གི་ཆོག་སྒྲིག་སོགས་ཞབས་ཏོག་ཅུང་ཟད་བགྱིས་སྐབས་བྲི་འདོད་བྱུང་བ་ལྟར། མདོ་སྨད་ཀྱི་སྙིང་སྔགས་རྒན་པོ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པ་རང་བྱུང་སྤྲུལ་པའི་རྡོ་རྗེར་འབོད་པས་ལྷོ་ལྗོངས་འབྲུག་གི་རྒྱལ་ཁབ་ཆེན་པོའི་ཐིམ་ཡུལ་བདེ་ཆེན་ཕུག་གི་རི་མགུལ་ཕུན་ཚོགས་ཆོས་གླིང་དུ། གྲོ་བཞིན་ཟླ་བ་ཕྱི་མའི་དགའ་བ་དང་པོར་ཡི་གེར་བཏབ་པའི་གྲོགས་བྱང་གནམ་མཚོའི་དོ་སྐྱ་མཆོག་སྤྲུལ་ཆོས་ཀྱི་ཉི་མས་མཛད་པ་འདིས་ཀྱང་གངས་ཅན་བསྟན་འགྲོའི་དཔལ་ཡོན་འཕེལ་རྒྱས་བརྟན་པའི་རྒྱུར་སྨོན་པ་བཞིན་འགྲུབ་པར་གྱུར་ཅིག །ཤྲཱི་ཛ་ཡནྟུ།། །། <!TCC Tibetan character 3,181 undefined in unicode!> རྩ་གསུམ་འོད་གསལ་སྙིང་ཏིག་ལས༔ ཕུར་པ་འདུས་པའི་དྲིལ་སྒྲུབ་ཀྱི་དབང་ཆོག་བཞུགས༔ དཔལ་ཆེན་ཧེ་རུ་ཀཿལ་འདུད༔ དེ་ཡི་སྐུ་གསུང་ཐུགས་ཀྱི་དབྱིངས༔ འཇུག་པ་དབང་གི་ཆོ་ག་སྟེ༔ མཚན་ཉིད་ལྡན་པའི་སློབ་དཔོན་གྱིས༔ བཅོས་མའི་དཀྱིལ་འཁོར་བཀོད་ལེགས་པར༔ བུམ་པ་གསང་ཐོད་རིག་མ་དང༔ མེ་ལོང་ཤེལ་རྡོ་སྐུ་དང་སྔགས༔ ཕྱག་མཚན་དཔལ་དང་དུར་ཁྲོད་ཆས༔ བསྒྲལ་ཕུར་མཚོན་ཆ་ལིངྒ་བཅས༔ འདུ་བྱས་བདག་མདུན་གཞུང་བསྲང་ཞིང༔ བསྙེན་སྒྲུབ་ལས་གསུམ་བུམ་པའི་ནང༔ ལྷ་ཚོགས་བསྐྱེད་བཟླས་ལས་བུམ་སྒྲུབ༔ སྣོད་དུ་ངེས་ཤིང་དོན་གཉེར་གྱི༔ སློབ་མ་ཟུང་དུ་མ་གྱུར་པ༔ ཁྲུས་དང་བགེགས་བསལ་སྲུང་བས་བཅིངས༔ ལོ་རྒྱུས་བརྗོད་པས་ཡིད་ཆེས་སྐྱེད༔ མཎྜལ་ཕུལ་ལ་གསོལ་བ་གདབ༔ ཧེ་རུ་ཀཿདཔལ་དཀྱིལ་འཁོར་གཙོ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་བདག༔ ཡེ་ཤེས་ཁྲོ་བོ་ཆེན་པོ་ཡིས༔ བདག་ཅག་སྨིན་པར་མཛད་དུ་གསོལ༔ ལན་གསུམ་སྐྱབས་སེམས་རྒྱུད་སྦྱངས་ཤིང༔ སྡོམ་པ་གསུམ་གཟུང་གཡར་དམ་བླང༔ རྡོ་རྗེའི་ཆུ་སྦྱིན་དམ་ལ་བཞག༔ ཡེ་ཤེས་རྡོ་རྗེ་འདའ་དཀའི་ཆུ༔ སྙིང་ལ་སིམ་པས་དམ་བསྲུངས་ན༔ སེམས་དཔའ་མཆོག་གྱུར་དངོས་གྲུབ་སྟེར༔ འདས་ན་བརླག་པར་གདོན་མི་ཟ༔ ས་མ་ཡ་ཨི་དན་ན་ར་ཀན༔ སློབ་མའི་སྒོ་གསུམ་མ་དག་སྦྱངས༔ སྲས་སུ་བསྐྲུན་ནས་ཕུང་ཁམས་ཀུན༔ དག་པའི་ལྷར་བསྐྱེད་བྱིན་གྱིས་བརླབས༔ རྡོ་རྗེའི་ཡེ་ཤེས་ནན་ཏན་དབབ༔ གཉིས་མེད་རྒྱས་བཏབ་བརྟན་པ་ལ༔ གདན་གསུམ་ཚང་བའི་དབང་གི་ལྷས༔ བདུད་རྩིའི་བུམ་པས་གཏོར་བླུགས་བྱ༔ ཧཱུྃ༔ རིན་ཆེན་བུམ་པ་མཚན་རྫོགས་ནང༔ བདེ་ཆེན་བདུད་རྩིའི་བཅུད་ཀྱིས་གཏམས༔ རིགས་ལྔ་འདུས་པའི་དམ་རྫས་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ བུམ་ཆུ་འཐོར་འཐུང་ཁྲུས་བྱས་པས༔ སྒྲིབ་དག་ཡེ་ཤེས་མངོན་དུ་གྱུར༔ ཕུང་ཁམས་ལྷ་ཡི་སྐུར་སྨིན་པའི༔ བྱིན་རླབས་བརྟན་པར་བྱ་བའི་ཕྱིར༔ ཧཱུྃ༔ མཐིང་ནག་ཨེ་ཡི་ཀློང་དཀྱིལ་ན༔ འབར་བ་གར་དགུའི་གཟི་བྱིན་ཅན༔ རྡོ་རྗེ་གཞོན་ནུའི་དབང་བསྐུར་བས༔ སྣང་སྟོང་ཕྱག་རྒྱར་སད་པར་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བསྙེན་སྒྲུབ་ལས་ཀྱི་བཟླས་ལུང་སྦྱིན༔ ཨཱ༔ རྣམ་པ་ཐམས་ཅད་རྡོ་རྗེའི་སྒྲ༔ རང་བྱུང་གསང་བའི་སྔགས་སུ་ཤར༔ དངོས་གྲུབ་ཀུན་གྱི་བཅུད་འཛིན་པ༔ སྙིང་པོ་ལུང་གི་དབང་བསྐུར་རོ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཡེ་ཤེས་སེམས་དཔས་ཐུགས་བྱིན་རླབས༔ ཧཱུྃ༔ འཁོར་དང་འདས་པའི་སྲོག་གི་གོར༔ སྙིང་དབུས་ཡེ་ཤེས་སེམས་དཔའ་ཆེ༔ ཧེ་རུ་ཀཿདཔལ་ཚོན་གང་བས༔ བདེ་བ་ཆེན་པོའི་ཐུགས་དབང་སྦྱིན༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྟོབས་དང་རྣམ་ཐར་བརྒྱད་ལ་སོགས༔ ཟག་མེད་ཡོན་ཏན་ལེགས་མཚོན་པ༔ དྲེགས་པ་བསྒྲལ་པའི་ལོངས་སྤྱོད་ཆེ༔ ཡོངས་སུ་རྫོགས་པས་དབང་བསྐུར་རོ༔ གུ་ཎ་ཨ་བྷི་ཥིཉྩ་སྭཱ༔ ཧཱུྃ༔ འབར་བའི་རྡོ་རྗེས་མཚན་རྟོག་འཇོམས༔ ཁ་ཊྭཱཾ་དུག་གསུམ་དབྱིངས་སུ་གསོད༔ ཁྱབ་བརྡལ་ཐུགས་རྗེའི་མེ་དཔུང་དང༔ ཕྲིན་ལས་ཕུར་བུའི་དབང་བསྐུར་རོ༔ ཀརྨ་ཨ་བྷི་ཥིཉྩ་ཧཱ༔ ཡབ་ཡུམ་རོལ་པའི་བྱང་སེམས་སྦྱིན༔ ཧཱུྃ༔ ཆོས་ཀུན་ཐབས་ཤེས་མཉམ་པར་སྦྱོར༔ བདེ་ཆེན་བདུད་རྩིའི་སྙིང་པོར་འཁྱིལ༔ གཉིས་མེད་རོལ་པའི་སེམས་སྤྲིན་སྦྱིན༔ ལྷན་ཅིག་སྐྱེས་པའི་དོན་རྟོགས་ཤོག༔ གུ་ཧྱ་ཨ་བྷི་ཥིཉྩ་མ་ཧཱ་སུ་ཁ་ཧོ༔ ཤེས་རབ་མཚན་ལྡན་ཕྱག་རྒྱར་གཏད༔ ཧཱུྃ༔ བདེ་བ་ཆེན་པོ་ནམ་མཁའི་དཀྱིལ༔ པདྨའི་ཟེའུ་འབྲུའི་རེག་པ་ཡིས༔ མངོན་སུམ་མྱོང་ཞིང་རྟོགས་པའི་དབང༔ ཕྱག་རྒྱའི་དབང་བསྐུར་ཁྱོད་ལ་སྦྱིན༔ ཀརྨ་མུ་དྲ་ས་མ་ཡ་ཧོ༔ བཞི་པ་ཚིག་གིས་དོན་ངོ་སྤྲད༔ ཧཱུྃ༔ མི་གནས་ཡེ་ཤེས་ནམ་མཁའི་དབྱིངས༔ རྡོ་རྗེ་རང་བྱུང་འོད་གསལ་ཆེ༔ རང་ལ་གདོད་ནས་འདུ་འབྲལ་མེད༔ རྣམ་པར་དག་པའི་ཆོས་ཉིད་དོ༔ དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨ༔ ཉམས་པ་བསྒྲལ་བ་མངོན་སྤྱོད་དབང༔ རཱུ་པར་གནོད་བྱེད་དགུག་བསྟིམ་དབྱེ༔ ཐུན་གྱིས་གཟིར་ཞིང་གདབ་པས་གྲུབ༔ ལས་ཀྱི་ཕུར་བུའི་བདག་ཕུར་འབེན༔ ཚེ་ཁྲུས་གནས་ལུང་དགོངས་པས་གདབ༔ ཧཱུྃ༔ སྒྲོལ་བྱེད་འབར་བ་ཀཱི་ལ་ཡ༔ ཁམས་གསུམ་སྐུ་གསུང་ཐུགས་སུ་རྫོགས༔ དུག་ལྔ་བསྒྲལ་བའི་ལས་བྱས་པས༔ ཉམས་པ་རྩད་གཅོད་དབང་ཐོབ་ཤོག༔ དྲག་སྔགས་བཟླ་ཞིང་གཏུན་ལ་བརྡུང༔ གཟུགས་ཕུང་ཞལ་བསྟབ་བྱིན་ཟར་འབུལ༔ ཧཱུྃ༔ ཨེ་དབྱིངས་འབར་བའི་མེ་ཧོམ་དུ༔ རིག་པ་རྡོ་རྗེ་ཕུར་པའི་ལྷར༔ དགྲ་བགེགས་ཤ་རུས་ཁྲག་ཀུན་འབུལ༔ བདུད་བགེགས་སྲེག་པའི་དབང་ཐོབ་ཤོག༔ ཨགྣེ་ཛྭ་ལ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ རྡོ་རྗེ་འབར་བའི་རི་རབ་ཀྱིས༔ མནན་ན་ལྷ་ཡང་བརླག་ནུས་པའི༔ དྲག་ཤུལ་ལས་ཀྱི་དབང་བསྐུར་བས༔ གདུག་པ་མཐའ་དག་ཚར་གཅོད་ཤོག༔ སཏྭཾ་བྷ་ཡ་ཨ་བྷི་ཥིཉྩ་ཧོ༔ ཧཱུྃ༔ གདུག་པ་ཟོར་གྱི་མཚོན་ཆ་ནི༔ རྔམ་བརྗིད་འཇིགས་པའི་ཆོ་འཕྲུལ་ཅན༔ ཕུང་བྱེད་རྡོ་རྗེའི་མཚོན་ཆེན་པོས༔ ཉམས་པ་སྒྲོལ་བའི་དབང་ཐོབ་ཤོག༔ སརྦ་ས་མ་ཡ་བྷྱོ་བྷྱོ་བྷྱོ་ཟློག་ཟློག་ཟློག༔ མཱ་ར་ཡ་རྦད༔ ལས་གཞུག་རྒྱལ་དབྱངས་ཤིས་པ་བརྗོད༔ དམ་ཚིག་ཁས་བླང་གཏོར་འབུལ་ཞིང༔ བསྔོ་སྨོན་རྒྱས་གདབ་ལས་གཞུག་བསྡུ༔ རྡོ་རྗེ་ཐེག་པའི་གཞི་ལམ་འབྲས༔ ཀུན་ཀྱང་སྙིང་པོའི་དབང་ལ་རྫོགས༔ ཐབས་འདིས་སྨིན་པའི་གང་ཟག་ཀུན༔ ཡོངས་རྫོགས་ལམ་སྤྱོད་ནུས་པ་ཐོབ༔ དེ་ཕྱིར་འདི་ལ་གཅེས་པར་ཟུངས༔ མན་ངག་ཀུན་གྱི་སྙིང་པོ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ པདྨ་གར་དབང་མདོ་སྔགས་གླིང་པ་རང་བྱུང་འོད་གསལ་སྤྲུལ་པའི་རྡོ་རྗེའི་ཡུད་ཙམ་ལ་བྲིས་པ་ཡི་གེ་གཉིས་པའི་གྲོགས་དན་བྱང་གནམ་མཚོའི་དོ་སྐྱ་མཆོག་སྤྲུལ་ཆོས་ཀྱི་ཉི་མས་མཛད་པ་ཛ་ཡནྟུ།། །། <!TCC Tibetan character 3,181 undefined in unicode!> རྩ་གསུམ་འོད་གསལ་སྙིང་ཏིག་ལས༔ བཀའ་སྲུང་གསོལ་མཆོད་རྡོ་རྗེའི་དྲྭ་བའི་སྲོག་དབང་རྡོ་རྗེའི་རྒྱ་ཅན་བཞུགས༔ ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ འོད་གསལ་ལམ་ལ་སྤྱོད་པའི་ཚེ༔ ལས་ཀུན་སྒྲུབ་པའི་བཀའ་སྲུང་གཙོ༔ རྒྱུད་གསུམ་གཙོ་བོ་དྲེགས་པའི་ཚོགས༔ གཅིག་དྲིལ་གསོལ་མཆོད་འདོད་པ་ལ༔ ཐོག་མར་སྲུང་མའི་བཀའ་གཏད་པས༔ སྲོག་སྙིང་དམ་ཚིག་གཅིག་འདྲེས་ཏེ༔ དོན་གཉིས་ལྷུན་གྱིས་འགྲུབ་པའི་ཕྱིར༔ འདི་ཉིད་བྱ་བ་གནད་དུ་ཆེ༔ དུར་ཁྲོད་ལ་སོགས་འཇིགས་པའི་གནས༔ སྟེགས་སྟེང་གཏོར་མ་སྐུ་སྔགས་དང༔ ཕྱག་མཚན་འདུ་བྱ་མཆོད་པས་བསྐོར༔ གཏོར་མ་གསེར་སྐྱེམས་མཐུན་རྫས་བསགས༔ བདག་ཉིད་ལྷ་ཡི་ང་རྒྱལ་གྱིས༔ བཀའ་སྲུང་ཕྲིན་ལས་གཞུང་བསྲངས་ལ༔ བཟླས་པས་རྒྱུད་བསྐུལ་ཐུགས་དམ་བསྐངས༔ མཐོལ་བཤགས་ཕྲིན་བཅོལ་ཡེ་ཤེས་ཀྱི༔ བྱིན་རླབས་རིག་པའི་མེ་ཏོག་དོར༔ སློབ་མ་འཇུག་པར་གནང་ཞུས་རྗེས༔ དམ་ཚིག་ཐུབ་ཀུན་ལེགས་བསགས་ཏེ༔ ཁྲུས་ཀྱིས་བྱུར་བསལ་ནག་ཕྱོགས་བསྐྲད༔ མཎྜལ་དང་བཅས་གསོལ་བ་གདབ༔ ཧེ་རུ་ཀཿདཔལ་བླ་མ་རྗེ༔ དཀྱིལ་འཁོར་བདག་པོ་དགོངས་སུ་གསོལ༔ བསྟན་པ་གཉན་པོ་བསྲུང་བའི་ཕྱིར༔ དམ་ཅན་ལྕམ་དྲལ་བདག་ལ་སྩོལ༔ སྐྱབས་སེམས་གསག་སྦྱང་སྔོན་འགྲོ་བས༔ སློབ་མ་ཁྲག་འཐུང་ཆེན་པོར་བསྒོམ༔ རྡོ་རྗེའི་བྱིན་དབབ་བརྟན་པར་བྱ༔ དཔལ་གྱི་སྙེམས་པ་དང་བཅས་ཏེ༔ དམ་ཅན་ལྕམ་དྲལ་སྐུ་རྣམས་གཏད༔ ཧཱུྃ༔ གདུག་པའི་རུ་ཏྲ་འཇོམས་པའི་གཤེད༔ ཆེ་བའི་ཆེ་མཆོག་ནག་པོ་ཆེ༔ ལྷ་ཆེན་དཔལ་འབར་ཁྱོད་ལ་གཏད༔ སྒྲུབ་ཅིང་བསྟན་པ་སྲུང་བར་མཛོད༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་སརྦ་ས་མ་ཡ་ཧཱུྃ་བྷྱོ་ཧཱུྃ༔ བྷྱོ༔ སྟོང་པ་བདག་མེད་དབྱིངས་ཀྱི་ཡུམ༔ སྣང་སྲིད་མ་མོའི་རྗེ་བཙན་ཏེ༔ རྣལ་འབྱོར་དམ་ལྡན་སྐྱོང་བའི་མ༔ ཨེ་ཀ་ཙཱ་ཏི་ཁྱོད་ལ་གཏད༔ ཨོཾ་མ་མ་ཏྲཀ་རཀྴ་སརྦ་ས་མ་ཡ་ཧཱུྃ་བྷྱོ་ཧཱུྃ༔ ཏྲི༔ སྲིད་ཞི་འཆོལ་བ་སྲིན་པོའི་གཟུགས༔ གཉིས་མེད་ཡེ་ཤེས་སྟོབས་པོ་ཆེ༔ གསང་བདག་དཔའ་བོའི་བཀའ་སྡོད་མཆོག༔ ཁྱབ་འཇུག་དྲང་སྲོང་ཁྱོད་ལ་གཏད༔ ཨོཾ་ཀེ་ཏ་རཱ་ཧུ་ལ་སརྦ་ས་མ་ཡ་ཧཱུྃ༔ སྔགས་བྱང་གཏད་ལ་སྲོག་སྙིང་དྲང༔ ཧཱུྃ༔ མ་ལུས་དྲེགས་པའི་སྲོག་ཆེན་པོ༔ རང་བྱུང་སྔགས་ཀྱི་ཕྲེང་བར་ཤར༔ བཟླས་པས་ལས་ཀུན་སྒྲུབ་བྱེད་པའི༔ དངོས་གྲུབ་འབྱུང་གནས་སྦྱིན་གྱིས་ལོངས༔ སརྦ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ འབར་བའི་ཕྱག་མཚན་གཏད་ནས་ཀྱང༔ ཧཱུྃ༔ རྡོ་རྗེའི་སྲོག་སྟེ་ཡེ་ཤེས་ཆེ༔ རྣམ་པ་ཐམས་ཅད་ཕྱག་རྒྱའི་ཚུལ༔ རུ་མཚོན་སྙིང་ཞགས་སོགས་གཏད་པས༔ ལོག་འདྲེན་ཚར་གཅོད་རྗེས་འཛིན་ཤོག༔ ཙིཏྟ་བཛྲ་ས་མ་ཡ་ཧཱུྃ༔ གཏོར་མ་ཡོངས་རྫོགས་ལྷར་བསྐྱེད་ལ༔ ལས་ཀྱིས་གཉེར་གཏད་སྲོག་སྙིང་བསྲེ༔ དམ་གཅུན་གཉིས་མེད་ལྟ་བས་གཟིར༔ དམ་ཚིག་ཁས་བླང་ཡོན་གཏང་རག༔ འབུལ་ཞིང་མཆོད་དང་བསྟོད་ལ་བརྩོན༔ ཡེ་ཤེས་འཇིག་རྟེན་ལས་ཀུན་གྱི༔ སྲུང་མ་ལྕམ་དྲལ་གཅིག་དྲིལ་དུ༔ སྒྲུབ་ལ་ནུས་པ་ཚན་ཆེ་ཞིང༔ ལས་མྱུར་སྙིང་གི་བུ་ལ་གཏད༔ དུས་ཀྱི་ཐ་མར་སོན་པ་ན༔ བསྟན་འགྲོར་ཕན་པའི་བཙས་གྱུར་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ རྩ་གསུམ་འོད་གསལ་སྙིང་ཏིག་གི་བཀའ་སྲུང་གསོལ་མཆོད་རྡོ་རྗེའི་དྲྭ་བའི་སྲོག་དབང་འདི་ཡང་མདོ་ཁམས་ཀྱི་ཤྲཱི་ན་ལེནྡྲ་གཉིས་པར་གྲགས་པ་རྫོང་སར་བཀྲ་ཤིས་ལྷ་རྩེའི་གདན་ས་ལ་འཇམ་དཔལ་ཞི་དྲག་གི་གནས་ཀྱི་མདོ་བྱང་བཞིན་རང་བྱོན་ངོ་སྤྲོད་དང་། བསྐོར་ལམ་གཏོད་པ་ལ་རྗེ་བཙུན་ཐམས་ཅད་མཁྱེན་པ་ཉིད་ཕེབས་པའི་ཞབས་འབྲིང་དུ་བདག་ཀྱང་འཁོད་པའི་ཚེ་གནས་ཀྱི་ཤར་ཕྱོགས་ཀྱི་སྨན་ལྗོངས་ཉམས་དགའ་བར་བཞུགས་པའི་སྐབས། ནམ་མཁར་སྤྲིན་ཧཱུྃ་གི་དབྱིབས་ཅན་བརྡོལ་བའི་བརྡ་ལ་བརྟེན་ཏེ་རིག་ངོར་ཐོན་པ་བཞིན་པདྨ་གར་དབང་མདོ་སྔགས་གླིང་པས་བྲིས་ནས་ཐོག་མར་རྗེ་བཙུན་འཇམ་པའི་རྡོ་རྗེ་པདྨ་ཡེ་ཤེས་རྡོ་རྗེ་ལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་ཕུལ་བ་བསྟན་འགྲོར་སྨན་པའི་དོན་དང་ལྡན་པར་གྱུར་ཅིག །སརྦ་བི་ཛ་ཡནྟུ།། །།

རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་ཡང་ཟབ་བཏུས་པའི་སྙིང་པོ་ལས༔ ཆོས་ཚན་གྱི་རྣམ་གྲངས་ (Volume 56, Text 1)

༄༅༔ རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་ཡང་ཟབ་བཏུས་པའི་སྙིང་པོ་ལས༔ ཆོས་ཚན་གྱི་རྣམ་གྲངས་བཞུགས་སོ༔ དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ ཉང་བན་བདག་གིས་བསྟན་པའི་སྒོར་ཞུགས་ནས༔ སངས་རྒྱས་སྤྱི་མེས་ཀུན་ཏུ་བཟང་པོ་ཡི༔ སྤྲུལ་པའི་མཆོག་གྱུར་གནས་ལྔའི་པཎྜི་ཏ༔ བྱེ་མ་མུ་ཏྲའི་ཐུགས་ཀྱི་བཅུད་བརྟོལ་པ༔ མངའ་བདག་ཡབ་སྲས་རྗེ་འབངས་ཐམས་ཅད་ལ༔ སྨིན་ཅིང་གྲོལ་ལམ་བསྐྱེད་རྫོགས་མན་ངག་སྙིང༔ གསང་བ་སྙིང་ཐིག་ཡང་ཟབ་གདམས་པ་གནང༔ དེ་ཡི་ཟབ་པའི་བཅུད་ཕྱུང་སྙིང་པོའི་ཚིལ༔ བསྡུས་པའི་ཆོས་བཀའ་འདི་ལ་དུམ་བུའི་ཁྲིགས༔ ཆོས་ཚན་འདི་ཡོད་དཀར་ཆག་ཡི་གེར་བྲི༔ དེ་ལ། ༼ཀ༽པ་ལ་ལོ་རྒྱུས་ཀྱི་ཡི་གེ༔ ༼ཁ༽པ་ལ་སློབ་མ་སྨིན་བྱེད་དབང་གི་ཆུ་བོ༔ ༼ག༽པ་ལ་སངས་རྒྱས་སྐུ་གསུམ་ཞི་ཁྲོའི་སྒྲུབ་ཐབས༔ ༼ང༽པ་ལ་མདུན་བསྐྱེད་ད་ལ་སྒྲུབ་པ་ལས་རིམ་གྱི་ཡི་གེ༔ ༼ཅ༽པ་ལ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས༔ ༼ཆ༽པ་ལ་གུ་རུ་བྱེ་མ་ལ་མུ་ཏྲའི་སྒྲུབ་ཐབས༔ ༼ཇ༽པ་ལ་སངས་རྒྱས་ཀྱི་ཞལ་ཆེམས་གསུམ་དང་དགའ་རབ་རྡོ་རྗེ་འཇམ་དཔལ་བཤེས་གཉེན་ཤྲཱི་སིཾ་ཧ་ཡེ་ཤེས་མདོ་བཞིའི་ཞལ་ཆེམས༔ ༼ཉ༽པ་ལ་པཎ་ཆེན་བྱེ་མ་མུ་ཏྲའི་ཞལ་ཆེམས༔ ༼ཏ༽ པ་ལ་བསམ་གཏན་མིག་གི་སྒྲོན་མ༔ ༼ཐ༽པ་ལ་ཉམས་ལེན་བསྡུས་དོན་ཟིན་རིས་མྱང་བན་གྱིས་བཀོད་པ༔ ༼ད༽པ་ལ་དམ་པ་ཡེ་ཤེས་མདོ༔ སློབ་དཔོན་པདྨ་སཾ་བྷ་ཝ༔ པཎ་ཆེན་བྱེ་མ་ལ་མུ་ཏྲ་སོགས་སློབ་དཔོན་རྣམ་གསུམ་གྱི་ཞལ་གྱི་གདམས་པ༔ ༼ན༽པ་ལ་ཉམས་སུ་ལེན་པའི་རྟགས་ཀྱི་ཡི་གེ༔ ༼པ༽པ་ལ་ཚད་ཀྱི་ཡི་གེ༔ ༼ཕ༽པ་ལ་སྤྲོས་པ་གཅོད་པའི་སྒྲོན་མ༔ བྱང་ཆུབ་སེམས་སྦྱོང༔ རིགས་ཆད་ཐུགས་རྗེས་གཟུང་བ༔ དྲན་པ་གལ་མདོ༔ ལྟ་སྒོམ་སྤྱོད་འབྲས༔ གསང་བཅུད་ཐེག་པ༔ འཆི་བ་བརྟག་བསླུ༔ ༼བ༽པ་ལ་འཕགས་མ་སྒྲོལ་མའི་སྒྲུབ་ཐབས༔ ༼མ༽པ་ལ་མཐུ་གཏད་ཟློག་བྱེད་མཁའ་འགྲོ་སེང་གདོང་ཅན་གྱི་སྒྲུབ་ཐབས་དང་འཇམ་དཔལ་གྱི་བྱད་ཟློག༔ ༼ཙ༽པ་ལ་བསྟན་སྲུང་ངན་ཐབས་བསམ་ལེ༔ ༼ཚ༽པ་ལ་བཀའ་སྲུང་རྡོ་རྗེ་ལེགས་པའི་སྒྲུབ་ཐབས༔ ༼ཛ༽པ་ལ་རྡོ་རྗེ་ལེགས་པའི་གསོལ་མཆོད༔ ཨེ་མ་ཧོ༔ ཕྱིས་འབྱུང་སྐལ་ལྡན་སྙིང་དང་འདྲ་བའི་བུས༔ གདམས་པ་འདི་རྣམས་བསྲེགས་བཅད་བརྡར་པའི་གསེར༔ ཐེག་པ་དགུ་ཡི་ཡང་རྩེ་རྫོགས་ཆེན་སྙིང༔ བསྐལ་པར་བཙལ་ཡང་འདྲ་ཙམ་རྙེད་མི་སྲིད༔ མདོ་རྒྱུད་མང་པོའི་ཤེས་རྒྱ་མ་བྱེད་པར༔ སྙིང་པོར་དྲིལ་ལ་མི་མེད་ལུང་སྟོང་འགྲིམས༔ ཉམས་སུ་བླངས་ན་དངོས་གྲུབ་མྱུར་ཐོབ་འགྱུར༔ ཡི་གེ་འདི་ལ་འདྲ་མིན་གསུམ་དུ་ཡོད༔ ལུང་གི་ཆོས་རྣམས་དུས་མཐར་འཆལ་བའི་ཚེ༔ ལྔ་བརྒྱ་སྙིགས་མ་ཡང་མཐའི་ཐ་མ་དེར༔ ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི༔ ལྷ་སྲས་རྒྱལ་པོ་མུ་རུབ་བཙན་པོ་ཡི༔ སྐྱེ་མཐའ་འོད་གསལ་སྒྱུ་མ་གཏེར་བཞད་རྩལ༔ སྐལ་ལྡན་ལུང་བསྟན་དེ་དང་འཕྲད་པར་ཤོག༔ ཞྭའི་མགོན་པོ་ཁྱོད་ཀྱིས་བཀའ་འདི་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༼ཀ༽ ༄༅༔ རྫོགས་པ་ཆེན་པོ་གསང་བ་སྙིང་ ཏིག་ཡང་ཟབ་བསྡུས་པའི་སྙིང་པོ་ལས༔ ལོ་རྒྱུས་ཀྱི་ཡི་གེ་བཞུགས་སོ༔ དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ གདོད་མའི་གནས་ལུགས་དོན་གཉིས་ལྷུན་རྫོགས་པ༔ སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དོན༔ མངོན་པར་བརྙེས་པའི་འཆི་མེད་རྡོ་རྗེའི་སྐུ༔ བྱེ་མ་ལ་ཞེས་གནས་ལྔའི་པཎྜི་ཏ༔ གང་དེས་མྱང་བན་བདག་ལ་ཐུགས་རྗེས་གཟིགས༔ ཉིད་དང་དབྱེར་མེད་ཆེན་པོར་བྱིན་གྱིས་བརླབས༔ ཨེ་མ༔ འཛམ་གླིང་སོག་ཁ་བོད་ཡུལ་བྱང་ཕྱོགས་འདིར༔ སྟོན་པས་ཞབས་ཀྱིས་མ་བཅག་མཐའ་འཁོབ་ཡུལ༔ འོན་ཀྱང་འཕགས་པ་སྤྱན་རས་གཟིགས་དབང་གིས༔ བྱིན་གྱིས་བརླབས་ཤིང་གདུལ་བྱའི་ཞིང་དུ་མཛད༔ ཐོ་ཐོ་སྙན་ཤལ་སྤྲུལ་པའི་ཆོས་རྒྱལ་དེས༔ དམ་པ་ཆོས་ཀྱི་དབུ་བརྙེས་མིང་ཙམ་བརྗོད༔ ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་ཡིས༔ གཙུག་ལག་ཁང་བཞེངས་དགེ་བཅུའི་བཅའ་ཁྲིམས་མཛད༔ སྤྱན་རས་གཟིགས་ཀྱིས་འགྲོ་བ་རྗེས་སུ་བཟུང༔ ད་ལྟ་མངའ་བདག་ཆོས་རྒྱལ་ཁྲི་སྲོང་གིས༔ དཔལ་གྱི་བསམ་ཡས་ལ་སོགས་ལྷ་ཁང་བཞེངས༔ པཎ་ཆེན་མཁས་པའི་ཚོགས་རྣམས་སྤྱན་དྲངས་ནས༔ ལོ་ཙཱ་མང་པོས་མདོ་སྔགས་དམ་ཆོས་རྣམས༔ ལེགས་པར་བསྒྱུར་ཞིང་རབ་བྱུང་སྔགས་སྡེ་བཙུགས༔ ཁྱད་པར་པཎ་ཆེན་སངས་རྒྱས་གཉིས་པ་ནི༔ ཀུན་བཟང་སྐུ་དངོས་བྱེ་མ་མུ་ཏྲ་ཞེས༔ ཆོས་རྒྱལ་དྲིན་གྱིས་བདག་ལ་ཐུགས་རྗེས་གཟིགས༔ རྫོགས་ཆེན་གསང་བའི་སྙན་བརྒྱུད་བདག་ལ་གནང༔ བརྗེད་དོགས་བྱེད་པ་དྲན་གསོའི་ཡི་གེར་བཏབ༔ སྐལ་ལྡན་ལས་ཅན་འགའ་ཡིས་འདི་ཆོངས་ཤིག༔ <!TCC Tibetan character 4,47 undefined in unicode!> རྫོགས་པ་ཆེན་པོའི་རྒྱུད་ཐམས་ཅད་ཀྱི་ཡང་སྙིང་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་ཀྱི་ཡང་རྩེ་འདི་ཉིད་ཀྱི་ལོ་རྒྱུས་ནི་འདི་ལྟ་སྟེ༔ ཆོས་སྐུའི་ཞིང་འོད་ལྔའི་ཕོ་བྲང་དུ༔ སངས་རྒྱས་ཀུན་གྱི་གཙོ་བོ་དཔལ་ཀུན་ཏུ་བཟང་པོ་དེ་ཉིད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལས༔ རིགས་ལྔའི་སངས་རྒྱས་སུ་འཕྲོས་ནས་གང་ལ་གང་འདུལ་དེ་ལ་དེར་སྟོན་དུ་ཕྲིན་ལས་དཔག་ཏུ་མེད་པ་མཛད་དོ༔ དེ་ནས་ཡུལ་དྲི་མེད་དགའ་ལྡན་བརྩེགས་པའི་གནས་མེ་ཏོག་པདྨ་སྟོང་ལྡན་དུ་རིགས་དྲུག་པ་རྡོ་རྗེ་འཆང་ཆེན་པོས་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་དང༔ དཔལ་རྡོ་རྗེ་སེམས་དཔའ༔ གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་སོགས་པ་ལ༔ སྒྲ་ཐལ་འགྱུར་རྩ་བའི་རྒྱུད་སོགས་གསང་བ་སྙིང་ཐིག་གི་རྒྱུད་གསུངས་སོ༔ དེ་ནས་བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་དུར་ཁྲོད་ཆེན་པོ་མེ་རི་འབར་བའི་ཕོ་བྲང་དུ༔ ལྷ་མིའི་རིག་པ་འཛིན་པ་རིགས་བཞིའི་མཁའ་འགྲོ་མ་དང་བཅས་པ་རྣམས་ལ་ཆོས་ཀྱི་འཁོར་ལོ་ཉིན་མཚན་མི་མངའ་བར་བསྐོར་བའི་དུས་ཀྱི་ཚེ༔ ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་ཡབ་རྒྱལ་པོ་ཨུ་པ་རཱ་ཙ་དང༔ ཡུམ་འོད་ལྡན་མ་གཉིས་ཀྱི་བུ་མོ་ཆོས་ཀྱི་ཉི་མ་ཞེས་བྱ་བའི་དགེ་སློང་མ་ཞིག་ཡོད་པ་དེ༔ ཕྱིའི་རྒྱ་མཚོའི་གླིང་དཀའ་ཐུབ་ཅན་གྱི་ནགས་ཚལ་ཞེས་བྱ་བར་བསམ་གཏན་སྒོམ་ཞིང་ཡོད་པའི་རྨི་ལམ་དུ༔ ཤེལ་དཀར་གྱི་ཁྱེའུ་དཀར་པོ་ཞིག་གིས་རིན་ཆེན་སྣ་ལྔའི་བུམ་པ་བདུད་རྩིས་གང་བ་ཞིག་དགེ་སློང་མའི་སྤྱི་བོར་བཞག་པ་རྨིས་ཏེ༔ དེ་ནས་ལུས་མ་བདེ་སྟེ་ཟླ་བ་ངོ་བཅུ་ནས་ཁྱེའུ་ཡིད་དུ་འོང་བ་ཞིག་བཙས་པ་ལ༔ ཡུམ་སྨད་དེ་ཐལ་བའི་ཁུང་དུ་སྦས་པས༔ ཡེ་ཤེས་ཀྱི་མཁའ་འགྲོ་མ་དང༔ ལྷའི་བུ་དང་བུ་མོས་ཕྱག་དང་མཆོད་པ་བྱེད་པར་མཐོང་སྟེ༔ བཟོད་པར་གསོལ་ནས་ཐལ་བའི་ཁུང་ནས་བླངས་པས༔ རོ་ལངས་ཐལ་མདོག་ཞེས་བྱ་བར་མཚན་བཏགས་ཏེ་བསྐྱེད་བསྲིངས་པ་ན༔ ལོ་བདུན་ནས་གསུང་རབ་ཀྱི་དོན་མང་པོ་ཁོང་དུ་ཆུད་དོ༔ སྟོན་ཟླ་ར་བའི་ཚེས་བརྒྱད་ཀྱི་ཉིན་ནགས་གསེབ་ཞིག་ཏུ་སྐྱོ་བསངས་ལ་བྱོན་པའི་ཚེ༔ ནམ་མཁའི་དབྱིངས་ནས་འོད་ལྔའི་འཇའ་ཚོན་གྱི་ཕུང་པོ་འཁྱིལ་བའི་ཀློང་ན༔ སྟོན་པ་རྡོ་རྗེ་སེམས་དཔའ་དང་ཞལ་མཇལ༔ གདམས་པ་གསུང་པ༔ ཀྱཻ༔ རིགས་ལྡན་སྐྱེས་བུ་སྟོང་ཉིད་ནམ་མཁའི་ཀློང་ན་གསལ་སྟོང་འཇའ་ཚོན་འཕྲོ༔ རང་བྱུང་འུར་ལྡིང་སིང་ཁྲོལ་སྒྲ་དབྱངས་སྒྲོག་པ་ཨཱ་ལི་ཀཱ་ལི་སྟེ༔ དྲི་ཞིམ་རོ་དངར་རེག་བྱ་ཕུན་ཚོགས་ཡིད་འོང་གང་ལའང་སྲེད་ཞེན་བྲལ༔ སྐྱེ་མེད་ཀློང་དུ་ཧྲིག་གེ་རིག་པ་རང་བྱུང་ཡེ་ཤེས་མིང་བརྗོད་བརྡ་དོན་བྲལ་བ་ཡིན་ནོ༔ ཨེ་མ་ཧོ༔ ཞེས་གསུང་ཞིང་རྗེས་སུ་བཟུང་ངོ༔ དེའི་ཚེ་ཡུམ་གྱིས་ཁྱོད་གར་ཕྱིན་ཅེས་གསུངས་པས༔ ང་དཔལ་རྡོ་རྗེ་སེམས་དཔའ་ལ་ཆོས་ཉན་དུ་ཕྱིན་པ་ཡིན༔ རྡོ་རྗེ་སེམས་དཔའི་དགོངས་པའི་ཆོས་རྣམས་ངས་ཤེས་པས༔ ཨོ་རྒྱན་རྒྱལ་པོའི་མཆོད་གནས་པཎྜི་ཏ་རྣམས་ལ་རྩོད་པ་བྱེད་པས༔ ཡུམ་གྱིས་ཡབ་རྒྱལ་པོ་ལ་གནང་བ་ཞུས་ཤིག་ཅེས་སྨྲས་པས༔ ཡུམ་གྱིས་ཡབ་ལ་གསོལ་བས༔ ཡབ་ཀྱི་ཞལ་ནས་བྱིས་པ་ན་སོ་གཞོན་པས་རྩོད་པ་མི་འོང༔ འོན་ཀྱང་བླ་མཆོད་པཎྜི་ཏ་རྣམས་ལ་ཞུས་ཟེར༔ པཎྜི་ཏ་རྣམས་ཚ་བའི་གྲལ་དུ་བྱོན་པ་ལ༔ རྒྱལ་པོས་དགེ་སློང་མ་ཆོས་ཀྱི་ཉི་མའི་དྭ་ཕྲུག་ལོ་བརྒྱད་ལོན་པ་དབང་པོ་གསལ་བ་ཞིག་འདུག་པས༔ བླ་མཆོད་པཎྜི་ཏ་རྣམས་ལ་རྩོད་པ་བྱེད་ཟེར་བ་སྐབས་དབྱེ་རུ་གསོལ་ཞེས་གསུངས་པས༔ པཎྜི་ཏ་རྣམས་ཀྱི་ཞལ་ནས་རྒྱལ་པོ་ཆེན་པོ་བྱིས་པ་དྭ་ཕྲུག་དེ་རྩོད་པ་བྱེད་དུ་ཆུགས་ཤིག༔ ཁོ་རྒྱལ་ན་ངེད་ཚོ་ཁོའི་རྗེས་སུ་འཇུག་ཅིང༔ བདག་ཅག་རྣམས་རྒྱལ་ན་རྒྱལ་པོས་ཆད་པ་ཆོད་ཅིག༔ ཅེས་གསུངས་པ་དང༔ དེར་བྱིས་པ་དང་པཎྜི་ཏ་རྣམས་རྩོད་པ་བྱས་པས༔ རོ་ལངས་ཐལ་མདོག་རྒྱལ་བས་རྒྱལ་པོ་དགྱེས་ནས་དགའ་རབ་རྡོ་རྗེ་ཞེས་མཚན་གསོལ་ཏོ༔ དེ་ནས་རི་བོ་སྣང་བྱེད་དུ་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་བཞུགས་པའི་ཚེ༔ མདུན་གྱི་ནམ་མཁར་རྡོ་རྗེ་སེམས་དཔའ་བྱོན་ནས༔ ཀྱཻ༔ རིགས་ཀྱི་བུ་དུར་ཁྲོད་ཆེན་པོ་མེ་རི་འབར་བར་སོང་ཞིག་ཅེས་གསུངས་པ་དང༔ དུར་ཁྲོད་མེ་རི་འབར་བར་བྱོན་པས༔ དཔལ་ཕྱག་ན་རྡོ་རྗེ་དང་མཇལ༔ རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་ཆོས་རྣམས་ཡོངས་སུ་རྫོགས་པར་ཞུས་ནས་རི་བོ་མ་ལ་ཡའི་རྩེར་བྱོན་ཏེ༔ རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག་རྣམས་ཡི་གེར་བཀོད་དེ༔ ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ལ་གཉེར་གཏད་ནས༔ དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་དགོངས་པ་ལ་བཞུགས་སོ༔ དེའི་ཚེ་རྒྱ་གར་ནུབ་ཕྱོགས་རིམ་གཉིས་ཞེས་བྱ་བའི་གྲོང་ཁྱེར་དུ་ཡབ་བྲམ་ཟེ་ལས་ལྡན་དང༔ ཡུམ་སྣང་གསལ་སྒྲོན་གཉིས་ཀྱི་སྲས་སློབ་དཔོན་མཉྫུ་ཤྲཱི་མི་ཏྲ་ ཞེས་བྱ་བ་རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏ་ཞིག་ཡོད་པ་ལ༔ འཕགས་པ་འཇམ་དཔལ་གྱིས་ལུང་བསྟན་པ༔ ཀྱཻ༔ རིགས་ཀྱི་བུ་ཁྱོད་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཐོབ་པར་འདོད་ན༔ དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་སོང་ཞིག༔ ཅེས་ལུང་བསྟན་བྱུང་བ་ལྟར་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་བྱོན་པས་སློབ་དཔོན་དགའ་རབ་རྡོ་རྗེ་དང་མཇལ༔ རྫོགས་པ་ཆེན་པོའི་ཆོས་རྣམས་རྫོགས་པར་གནང་ནས་སློབ་དཔོན་དགའ་རབ་རྡོ་རྗེ་ནམ་མཁའི་དབྱིངས་སུ་འོད་ཕུང་དུ་གཤེགས་སོ༔ དེའི་ཚེ་འཇམ་དཔལ་བཤེས་གཉེན་ས་ལ་འགྱེལ་ཏེ་བརྒྱལ༔ ཀྱི་ཧུད་ཀྱི་སྒྲ་ཆེན་པོའི་སྨྲེ་སྔགས་བཏོན་པས༔ རིན་པོ་ཆེ་སྣ་ལྔའི་གྭའུའི་ནང་དུ་ཞལ་ཆེམས་ཚིགས་གསུམ་གནད་དུ་རྡེག་པ་ཞེས་བྱ་བ་ལག་ཏུ་བབས་སོ༔ དེར་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་ཐིག་ལེ་གསང་བ་སྙན་བརྒྱུད་ཀྱི་རྒྱུད་ལུང་མན་ངག་རྣམས་ཡི་གེར་བཏབ་ནས༔ རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཤར་ཕ་ཝང་རྡོ་རྗེ་རྒྱ་གྲམ་ཅན་དུ་གཏེར་དུ་སྦས་ནས༔ དུར་ཁྲོད་ཆེན་པོ་སོ་ས་གླིང་དུ་དགོངས་པ་ལ་མཉམ་པར་བཞག་ཅིང་བཞུགས་སོ༔ དེའི་དུས་ཀྱི་ཚེ་རྒྱ་ནག་ཡུལ་གྱི་གྲོང་ཁྱེར་ཤོ་ཁྱམས་ནག་པོ་ཞེས་བྱ་བར་ཁྱིམ་བདག་ཡབ་དགེ་ལྡན་ཡིད་ཅན་དང༔ ཡུམ་སྣང་བ་མཁྱེན་ལྡན་ཞེས་བྱ་བའི་སྲས་མཁས་པ་ཆེན་པོ་ཤྲཱི་སིཾ་ཧ་ཞེས་བྱ་བ་དེ་གྲོང་ཁྱེར་གསེར་གླིང་དུ་འགྲོ་བའི་ལམ་ཁར་ཐང་དཀྱིལ་དུ་ནམ་མཁའ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བྱོན་ཏེ༔ ཀྱཻཿ རིགས་ཀྱི་བུ་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཐོབ་པར་འདོད་ན༔ རྒྱ་གར་རྡོ་རྗེ་གདན་གྱི་ནུབ་ཕྱོགས་དུར་ཁྲོད་ཆེན་པོ་སོ་ས་གླིང་དུ་སོང་ཞིག་ཅེས་ལུང་བསྟན་པ་ལྟར་རིངས་པའི་ཚུལ་གྱིས་ས་ལ་ཁྲུ་གང་གིས་ཞབས་མ་རེག་པར་ཞག་དགུ་ན་དུར་ཁྲོད་ཆེན་པོ་སོ་སའི་གླིང་དུ་བྱོན་ཏེ༔ སློབ་དཔོན་མཉྫུ་ཤྲཱི་མི་ཏྲ་དང་མཇལ་ཏེ༔ མཎྜལ་མཆོད་རྫས་དཔག་ཏུ་མེད་པས་མཆོད་ནས༔ ཕྱག་དང་བསྐོར་བ་མང་དུ་བྱས་ནས་རྗེས་སུ་གཟུང་བར་གསོལ་བ་བཏབ་པས་གདམས་པ་རྣམས་ཡོངས་རྫོགས་སུ་བསྟན༔ དེའི་དཔེ་རྣམས་རྡོ་རྗེ་གདན་གྱི་བྱང་ཤར་ཕ་ཝཾ་རྡོ་རྗེ་རྒྱ་གྲམ་ཅན་ན་གཏེར་དུ་སྦས་པ་ཡོད་པས་ཐོན་ཅིག༔ ཅེས་གནང་བ་མཛད་དེ་ནམ་མཁའི་དབྱིངས་སུ་འོད་ཕུང་དུ་གཤེགས་པའི་ཚེ༔ ཤྲཱི་སིཾ་ཧ་ས་ལ་འགྱེལ་ཞིང་བརྒྱལ་ནས་ཀྱི་ཧུད་ཀྱི་སྒྲ་ཆེན་པོས་གདུང་བའི་སྨྲེ་སྔགས་བཏོན་པས་འོད་ཕུང་གི་དཀྱིལ་ནས་རིན་པོ་ཆེ་སྣ་བརྒྱད་ལས་གྲུབ་པའི་སྒྲོམ་བུ་སེན་གང་བ་ཞིག་གི་ནང་ནས་ཞལ་ཆེམས་སྒོམ་ཉམས་དྲུག་པ་ཞེས་བྱ་བ་བབས་སོ༔ དེ་ནས་མཁས་པ་ཤྲཱི་སིཾ་ཧ་རྒྱ་གར་རྡོ་རྗེ་གདན་དུ་བྱོན་ཏེ་ཕ་ཝང་རྡོ་རྗེ་རྒྱ་གྲམ་ཅན་ནས་དཔེ་རྣམས་གཏེར་ནས་ཕྱུང་སྟེ༔ རྒྱ་ནག་བྱང་ཆུབ་འབྱུང་བའི་ཤིང་དྲུང་དུ་བྱོན་ཏེ༔ དཔེ་རྣམས་ཕྱེས་ཏེ་བཀྲ་ཤིས་ཁྲི་སྒོའི་ལྷ་ཁང་གི་ཀ་བའི་ལོགས་ལ་གཏེར་དུ་སྦས༔ དུར་ཁྲོད་བསིལ་བྱེད་དུ་བཞུགས་ཏེ༔ དེའི་དུས་ཀྱི་ཚེ་རྒྱ་གར་ཤར་ཕྱོགས་ཀ་མ་ལའི་གྲོང་ཁྱེར་ནས་ཡབ་གདོལ་པ་ཤཱནྟི་དང༔ ཡུམ་དགེ་སེམས་ལྡན་མ་གཉིས་ཀྱི་སྲས་དམ་པ་ཡེ་ཤེས་མདོ་དང༔ རྒྱ་གར་ནུབ་ཕྱོགས་ཁ་ཆེའི་ཡུལ་གླང་པོ་སྒང་ཞེས་བྱ་བར་ཡབ་ཁྱིམ་བདག་བདེ་ལྡན་འཁོར་ལོ་དང༔ ཡུམ་གསལ་རིག་མ་ཞེས་བྱ་བའི་སྲས་པཎྜི་ཏ་ཆེན་པོ་བྱེ་མ་ལ་མུ་ཏྲ་གཉིས་རྡོ་རྗེ་གདན་དུ་བཞུགས་པའི་ཚེ༔ འདམ་བུའི་ཚལ་དུ་སྐྱོ་བསང་ལ་བྱོན་པས་ནམ་མཁའི་དབྱིངས་སུ་དཔལ་རྡོ་རྗེ་སེམས་དཔའ་བྱོན་ནས༔ ཀྱཻ༔ རིགས་ཀྱི་བུ་གཉིས་སྐྱེ་བ་ལྔ་བརྒྱ་ལྔ་བརྒྱར་བར་མ་ཆད་པར་པཎྜི་ཏ་རྐྱང་པའི་ལུས་བླངས་ཀྱང་སྙིང་པོའི་འབྲས་བུ་མ་ཐོབ་པས༔ ཚེ་གཅིག་ལུས་གཅིག་སངས་རྒྱས་འདོད་ན་རྒྱ་ནག་དུར་ཁྲོད་བསིལ་བྱེད་དུ་སོང་ཞིག་ཅེས་ལུང་བསྟན་ཏོ༔ བྱེ་མ་ལ་མུ་ཏྲ་བྱོན༔ མཁས་པ་ཤྲཱི་སིཾ་ཧ་དང་མཇལ་བས༔ རྫོགས་པ་ཆེན་པོའི་སྐོར་ཡོངས་རྫོགས་སུ་གནང་སྟེ༔ རྒྱ་གར་དུ་ལོག་བྱོན་པའི་ཚེ་ཡེ་ཤེས་མདོ་དང་མཇལ་བས་ཡེ་ཤེས་མདོ་སྔར་གྱི་ལུང་བསྟན་དྲན་ནས༔ བྱེ་མ་ལ་མུ་ཏྲ་ཁྱེད་ཀྱིས་ཤྲཱི་སིཾ་ཧ་དང་མཇལ་ལམ་དྲིས་པས༔ མཇལ་ཞེས་ལོ་རྒྱུས་རྣམས་བཤད་ནས༔ དུར་ཁྲོད་ཐ་ཆུང་དུ་དགོངས་པ་ལ་བཞུགས་སོ༔ དེ་ནས་དམ་པ་ཡེ་ཤེས་མདོ་ཡང་དུར་ཁྲོད་བསིལ་བྱེད་དུ་བྱོན་ནས༔ མཁས་པ་ཤྲཱི་སིཾ་ཧ་དང་མཇལ་ཕྱག་དང་བསྐོར་བ་བྱས་རྗེས་སུ་གཟུང་དུ་གསོལ༔ ཞེས་ཞུས་པས༔ སྙན་བརྒྱུད་ཀྱི་སྐོར་དང༔ ཡང་གསང་ཐིག་ལེ་གསང་བ་སྙིང་ཐིག་གི་སྐོར་གྱི་གདམས་པ་རྣམས་གནང་ནས༔ འདིའི་ཡི་གེ་རྣམས་བཀྲ་ཤིས་ཁྲི་སྒོའི་ཀ་བ་ལ་གཏེར་དུ་སྦས་ནས་ཡོད་པས་ཐོན་ལ་ལོངས་སྤྱོད་ཅིག་ཅེས་གནང་བ་མཛད་ཅིང་ལུང་བསྟན་ཏེ་མཁས་པ་ཤྲཱི་སིཾ་ཧ་ནམ་མཁའི་དབྱིངས་སུ་ཟག་བཅས་ཀྱི་ཕུང་པོ་མི་སྣང་བར་འོད་ཕུང་གི་ཀློང་དུ་གཤེགས་པའི་ཚེ༔ དམ་པ་ཡེ་ཤེས་མདོ་དྲན་མེད་དུ་ལུས་ས་ལ་འགྱེལ་ཏེ༔ ཀྱེ་མ་ཀྱི་ཧུད་ཀྱི་གདུང་བའི་སྨྲེ་སྔགས་ཕྱུང་བས་རིན་ཆེན་ཤེལ་དཀར་གྱི་གྭའུ་སེན་གང་བ་གཅིག་གི་ནང་ནས་ཞལ་ཆེམས་གཟེར་བུ་བདུན་པ་ཞེས་བྱ་བ་བབས་སོ༔ བཀྲ་ཤིས་ཁྲི་སྒོའི་ཀ་བའི་ཁོང་སེང་ནས་དཔེ་ཆ་རྣམས་གཏེར་ནས་བཏོན་ཏེ༔ དུར་ཁྲོད་བྷ་སིང་དུ་དགོངས་པ་ལ་མཉམ་པར་བཞག་ཅིང་བཞུགས་སོ༔ དུས་དེའི་ཚེ་པཎ་ཆེན་བྱེ་མ་ལ་མུ་ཏྲ་ལ་མཁའ་འགྲོ་མ་དཔལ་གྱི་བློ་གྲོས་ཀྱིས་མངོན་སུམ་དུ༔ ཀྱཻ༔ རིགས་ཀྱི་བུ༔ སྔར་ལས་ཀྱང་ཟབ་པའི་གདམས་པ་འདོད་ན༔ དུར་ཁྲོད་བྷ་སིང་དུ་སོང་ཞིག་ཅེས་ལུང་བསྟན་པ་བཞིན་བྷ་སིང་གི་དུར་ཁྲོད་དུ་བྱོན༔ དམ་པ་ཡེ་ཤེས་མདོ་དང་མཇལ་ཏེ༔ ཕྱག་དང་བསྐོར་བ་གྲངས་མེད་བྱས༔ ཚོགས་ཀྱི་འཁོར་ལོ་དང་མཎྜལ་བསམ་གྱིས་མི་ཁྱབ་པ་ཕུལ་ནས་ཞུས་པ༔ ཀྱཻ༔ མགོན་པོ་ཐུགས་རྗེ་ཆེན་པོས་བདག་རྗེས་སུ་གཟུང་དུ་གསོལ༔ ཞེས་གསོལ་བ་གདུང་ཤུགས་སུ་བཏབ་པས༔ གདམས་པ་ཐམས་ཅད་ཡོངས་རྫོགས་ལྷག་མ་མེད་པར་གནང་ངོ༔ དཔེ་དེ་རྣམས་གཏད་ནས་ནམ་མཁའི་དབྱིངས་སུ་འཇའ་འོད་ཀློང་དུ་གཤེགས་པའི་ཚེ་བྱེ་མ་ལ་མུ་ཏྲ་ས་ལ་འགྱེལ་ནས༔ ཀྱི་ཧུད་ཀྱི་སྒྲ་ཆེན་པོའི་གདུང་བའི་སྨྲེ་སྔགས་ཕྱུང་པས༔ རིན་པོ་ཆེ་སོ་ནའི་གྭའུ་རིན་པོ་ཆེ་སྣ་ལྔའི་ཕྲ་བཏབ་པའི་ནང་ནས་ཞལ་ཆེམས་བཞག་ཐབས་བཞི་པ་ཞེས་བྱ་བ་བབས་སོ༔ དེ་ནས་པཎ་ཆེན་བྱེ་མ་ལ་མུ་ཏྲ་རྒྱ་གར་ཤར་ཕྱོགས་ཀ་མ་ལའི་རྒྱལ་པོ་སེང་གེ་བཟང་པོས་་་དྷརྨ་པཱ་ལ་ཡང་ཟེར།སྤྱན་དྲངས་ཏེ༔ དབུའི་མཆོད་གནས་སུ་བཞུགས་པའི་ཚེ་ཉིན་མོ་ནི་རྒྱལ་པོ་བཙུན་མོ་སྲས་བློན་འབངས་འཁོར་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང༔ མཚན་མོ་ལྷུན་གྲུབ་གཏེར་གྱི་དུར་ཁྲོད་དུ་མཁའ་འགྲོ་མ་རྣམས་ལ་ཆོས་སྟོན་ཅིང་བཞུགས་སོ༔ དེ་རྣམས་ནི་རྒྱལ་བ་དགོངས་བརྒྱུད་དང་རིག་འཛིན་བརྡ་བརྒྱུད་ཀྱི་ལོ་རྒྱུས་མདོ་ཙམ་ཞིག་ཚར་རོ༔ <!TCC Tibetan character 4,47 undefined in unicode!> ད་ནི་བོད་གངས་ཅན་གྱི་ཁྲོད་དུ་གང་ཟག་སྙན་ཁུང་དུ་བརྒྱུད་པའི་ལོ་རྒྱུས་ནི་འདི་ལྟར་རོ༔ དེའི་ཚེ་དེའི་དུས་ན༔ བོད་ཡུལ་དབུས་འདིར་ཆོས་རྒྱལ་ཆེན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་དཔལ་བསམ་ཡས་ལྷ་ཁང་བཞེངས༔ རྒྱ་གར་ནས་སློབ་དཔོན་པདྨ་བོ་དྷི་སཏྭ་ལ་སོགས་གདན་དྲངས༔ སྒྲ་བསྒྱུར་གྱི་ལོ་ཙཱ་བས་དམ་ཆོས་སྒྱུར༔ སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད༔ དེའི་ཚེ་བདག་གིས་སངས་རྒྱས་ཀྱི་བསྟན་པ་ནམ་ལངས་པའི་མཁའ་ལ་ཉི་མ་ཤར་བ་ལྟ་བུ་ཞིག་བྱེད་དགོས་དགོངས་ཏེ༔ རྒྱ་གར་གྱི་རྒྱལ་པོ་སེང་གེ་བཟང་པོ་ལ་གསེར་ཕྱེ་བྲེ་གསུམ་གསེར་གྱི་པ་ཏྲ་ལྔ་ལྔ་བསྐུར་ཏེ༔ སྐ་བ་དཔལ་བརྩེགས་རྨ་རིན་ཆེན་མཆོག་ཅོག་རོ་ཀླུའི་རྒྱལ་མཚན་གསུམ་བང་ཆེན་དུ་བརྫངས་ཏེ༔ ཀྱེ་མ་ཆོས་རྒྱལ་སེང་གེ་བཟང༔ གསེར་ཕྱེ་པ་ཏྲའི་སྐྱེས་འདི་ཕུལ༔ སྐྱེས་ལན་པཎྜི་ཏ་མཁས་པ༔ མདོ་སྔགས་ཆོས་ལ་མཁྱེན་པ་རྒྱས༔ ཁྱད་པར་གསང་སྔགས་ལ་མཁས་པ༔ བརྩེ་བས་བོད་དུ་བརྫང་དུ་གསོལ༔ ཞེས་པའི་ཕྲིན་བསྐུར་ཏེ༔ བང་ཆེན་གསུམ་རྒྱ་གར་དུ་བརྫངས་ཏེ༔ བང་ཆེན་གསུམ་གྱིས་རྒྱ་གར་དུ་བརྟོལ་ནས༔ ཤོག་ཕྲིན་གསེར་ཕྱེ་པ་ཏྲ་དང་བཅས་པ་རྒྱལ་པོ་ལ་ཕུལ་བས༔ རྒྱལ་པོས་པཎྜི་ཏ་རྣམས་ཆོས་སྟོན་གྱི་གྲལ་ལ༔ བོད་ཀྱི་རྒྱལ་པོའི་བང་ཆེན་བྱུང་ཚུལ་དང༔ སྐྱེས་བསྐུར་ཚུལ་སུ་འགྲོ་བ་བསྙད་པས༔ པཎྜི་ཏ་ལྔ་བརྒྱའི་དཀྱིལ་ནས་བྱེ་མ་ལ་མུ་ཏྲ་བཞེངས་ཏེ༔ གུ་ན་ཨ་ཏི་ཤཱ་ཡང་ཞེས་གསུངས་པའི་སྒྲ་ལ་གོ་ལུགས་གསུམ་བྱུང་སྟེ༔ སྐ་བ་དཔལ་བརྩེགས་ཀྱིས་གོ་བ་ལ༔ གྲུ་བོ་དག་ལ་བརྟེན་པའི་མི༔ མཉན་པའི་སྐྱ་བས་སྐྱོད་ཕོད་ན༔ ཆུ་བོའི་ཕ་རོལ་ཕྱིན་པར་ནུས༔ ཞེས་གོ༔ ཅོག་རོ་ཀླུའི་རྒྱལ་མཚན་གྱིས་གོ་བ་ལ༔ གཞུ་མོ་དག་ལ་བརྟེན་པའི་མདའ༔ སྐྱེས་བུའི་མཐེབ་མོས་རྩོལ་ཕོད་ན༔ མདའ་ཡིས་འབེན་རྩར་སླེབ་པར་ནུས༔ ཞེས་གོ༔ རྨ་རིན་ཆེན་མཆོག་གིས་གོ་བ་ལ༔ ཡོན་ཏན་དག་དང་ལྡན་པའི་མི༔ རྒྱལ་པོ་ཁྱོད་ཀྱིས་གཏོང་ཕོད་ན༔ བོད་ཡུལ་སླེབ་ཅིང་ཕན་པར་འགྱུར༔ ཞེས་འབྱོན་པར་བཞེད་པ་དང༔ དམ་ཚིག་མཚོན་པའི་ཕྱིར༔ ཀ་བ་ལི་སོར་བཞི་པ་གཅིག་བསྣམས༔ ཨ་ཙ་ར་སའི་སྙིང་པོ་ཉེ་གནས་སུ་ཁྲིད༔ བོད་ཀྱི་བང་ཆེན་མི་གསུམ་གྱིས་གདན་དྲངས་པས༔ རྒྱ་གར་གྱི་རྨི་ལམ་མཁན་པོ་ཀུན་རྨི་ལྟས་ལོག་སྟེ༔ བོད་ཀྱི་བང་ཆེན་གསུམ་གྱིས་ཉི་མ་ཁུར་ནས་བོད་དུ་སོང་བ་རྨིས་ཏེ༔ རྐང་མགྱོགས་པ་བརྫངས་ཏེ་བོད་ཀྱི་བང་ཆེན་མི་གསུམ་པོ་དེས་པཎྜི་ཏ་གདན་མ་དྲངས་པས༔ ངན་སྔགས་མཁན་ཞིག་ཁྲིད་སོང་བས་བོད་ཕུང་བར་ཡོད་ཅེས་ཕྲ་མ་སྒྲོག་ཏུ་བཏང་ངོ༔ དེར་ལོ་ཙཱ་བ་གསུམ་གྱིས་པཎ་ཆེན་གདན་དྲངས་ཏེ༔ བསམ་ཡས་སུ་ཕེབས་ཆོས་རྒྱལ་ལ་མཇལ་བར་ཞུས་པས༔ དོ་ནུབ་བུ་ཚལ་གསེར་ཁང་གླིང་དུ་བཞུགས༔ ནངས་པར་མཇལ་ལོ་གསུངས༔ དེར་རྒྱ་གར་གྱི་ཕྲ་མ་སྒྲོག་མཁན་གྱི་གཏམ་སྐད་ཐོས་ཏེ༔ བློན་པོ་ཀུན་གྱིས་རྒྱལ་པོ་ལ་བང་ཆེན་གསུམ་གྱིས་ཁྲིད་པ་དེ༔ པཎྜི་ཏ་མིན་པར་ངན་སྔགས་མཁན་གྱི་ཨ་ཙ་ར་ཞིག་ཡིན་འདུག་པས༔ སླར་རྒྱ་གར་དུ་སྐྱེལ་བར་ཞུ་ཞེས་ཞུས་སོ༔ ནངས་པར་རྒྱལ་པོ་ལ་ལོ་ཙཱ་བ་གསུམ་གྱིས་པཎྜི་ཏ་དང་མཇལ་བ་ཞུས་པས༔ ཆོས་རྒྱལ་གྱི་ཞལ་ནས༔ ཁྱེད་གསུམ་གྱི་པཎྜི་ཏ་མཚན་ཉིད་པ་ཞིག་མིན་འདུག་པས༔ བརྟག་པ་བྱ་དགོས་འདུག་གསུངས་པས༔ ལོ་ཙཱ་བ་གསུམ་ཡིད་མ་བདེ་བར་བག་འཁུམ་སྟེ༔ བཞིན་གྱི་མདངས་ཉམས་པར་གྱུར་ཏོ༔ དེར་ལོ་ཙཱ་བ་གསུམ་གྱིས་བུ་ཚལ་གསེར་ཁང་གླིང་དུ་ཕྱིན་ནས༔ པཎྜི་ཏ་ལ་རྟེན་ཚོ་ལ་ཕྱག་མཛོད་ཞུས་པས༔ པཎྜི་ཏའི་ཞལ་ནས་ལྡེར་ཚོས་ངའི་ཕྱག་མི་ཐེག་གསུངས་པས༔ ལོ་ཙཱ་བ་གསུམ་གྱི་རྟོག་པ་ལ༔ རྟེན་ལ་ཕྱག་མི་འཚལ་བ་འདི་ཕྲ་མེན་ངག་སྔགས་མཁན་མིན་ནམ་སྙམས་པ་སྐྱེས་པ༔ པཎྜི་ཏས་དགོངས་ཏེ༔ རྣམ་སྣང་གཟུགས་སྐུ་བཅོས་མའི་ལྷ༔ བྱེ་མ་ཡེ་ཤེས་ལྷ་ཡི་ལྷས༔ བཅོས་པའི་ལྷ་ལ་ཕྱག་འཚལ་ལོ༔ ཞེས་ཕྱག་གཡས་པ་ལྷའི་སྤྱི་བོར་རེག་མཛད་པས་ལྷ་རྣམས་ཐལ་ཕུང་དུ་གྱུར་ཏོ༔ དེར་ལོ་ཙཱ་བ་གསུམ་ཡ་མཚན་ཏེ་རྒྱལ་པོ་ལ་གསོལ་བས༔ ཆོས་རྒྱལ་གྱི་ཞལ་ནས་འོ་ཕྲ་མེན་ངན་སྔགས་མཁན་ཡིན་པ་བདེན་པར་འདུག༔ ངས་ལྷ་འཇིག་ཏུ་བོས་པ་མིན་གསུངས་པས༔ ལོ་ཙཱ་བ་གསུམ་སྔར་བས་ཀྱང་སྡུག་པར་གྱུར་ཏོ༔ དེ་པཎྜི་ཏས་མཁྱེན་ཏེ༔ རྣམ་སྣང་གཟུགས་སྐུ་བཅོས་མའི་ལྷ༔ བྱེ་མ་ཡེ་ཤེས་ལྷ་ཡི་ལྷས༔ རབ་ཏུ་གནས་ཤིང་དབང་བསྐུར་རོ༔ ཞེས་ཕྱག་གཡས་དེང་མཛད་པ་ཙམ་གྱིས་ལྷ་རྣམས་སྔར་བས་ཀྱང་ལེགས་ཤིང་བྱིན་རླབས་མཆོག་དང་ལྡན་པར་གྱུར་ཏོ༔ དེའི་ལོ་རྒྱུས་ལོ་ཙཱ་བ་གསུམ་གྱིས་རྒྱལ་པོ་ལ་གསོལ་བས༔ ཆོས་རྒྱལ་བློན་འབངས་དང་བཅས་པ་དགྱེས་ཏེ༔ བསུ་བ་མཛད༔ ཕྱག་འཚལ༔ རིན་པོ་ཆེའི་ཁྲི་སུམ་བརྩེགས་ལ་བཞུགས་སུ་གསོལ༔ གསེར་གྱི་མཎྜལ་ཕུལ༔ ཞལ་ཟས་དཔག་ཏུ་མེད་པས་མཆོད་དེ༔ ཆོས་གསུང་བའི་གསོལ་བ་བཏབ་པས༔ ཕྱི་མཚན་ཉིད་ཀྱི་ཐེག་པ་དང༔ ནང་སྔགས་ཀྱི་རྒྱུད་ལུང་མང་པོ་བསྒྱུར་ཞིང༔ མཚན་མོ་རྫོགས་པ་ཆེན་པོ་ཡང་གསང་བླ་ན་མེད་པའི་རྒྱུད་ལུང་མན་ངག་རྣམས༔ ཆོས་རྒྱལ་ཆེན་པོ་ཁྲི་སྲོང་ལྡེའུ་བཙན་ཡབ་སྲས་ཉང་བན་ཏིང་འཛིན་བཟང་པོ་སྐ་བ་དཔལ་བརྩེགས་ཅོག་རོ་ཀླུའི་རྒྱལ་མཚན་རྣམས་ལ་གསུངས་སོ༔ དེ་ནས་ཟུར་མཁར་རྡོའི་མཆོད་རྟེན་གྱི་ཡང་དབེན་དུ༔ པཎ་ཆེན་བྱེ་མ་ལ་མུ་ཏྲས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན༔ ལྷ་སྲས་མུ་རུབ་བཙད་པོ༔ ཉང་ཏིང་འཛིན་བཟང་པོ༔ སྐ་བ་དཔལ་བརྩེགས༔ ཅོག་རོ་ཀླུའི་རྒྱལ་མཚན༔ དྲི་མེད་ཟླ་ཤར་དང་བཅས་པའི་རྗེ་བློན་ལ་རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་ཟབ་དོན་བསྡུས་པའི་དཀྱིལ་འཁོར་ཞལ་ཕྱེས་ནས་བརྡ་ཐབས་དུ་མའི་སྒོ་ནས་ངོ་སྤྲད༔ གསང་བ་སྙིང་ཐིག་ཟབ་དོན་བསྡུས་པའི་བསྐྱེད་རྫོགས་དོན་ཁྲིད་སེམས་ཉིད་བླ་མ་ལྷ་རུ་ངོ་སྤྲོད་པའི་སྙིང་ཏིག་ཐུགས་ཀྱི་ཡང་ཞུན་དུ་གདམས་པ་གནང་ནས༔ རྩིས་ཀྱི་རྒྱ་བཀའ་ནན་དུ་མཛད་དོ༔ གདམས་པའི་གནད་བསྡུས་པ་གསང་བ་སྙིང་ཐིག་ཟབ་མོའི་པོ་ཏི་བཞི་མཆིམས་ཕུ་དགེ་གོང་དུ་གཏེར་དུ་སྦས་ནས༔ ཞལ་ཆེམས་ཚིགས་གསུམ་སྙན་དུ་གདམས་པ་ཞེས་བྱ་བ་གསུངས་ནས་རྒྱ་ནག་རི་བོ་རྩེ་ལྔར་སྐུ་ལུས་མ་སྤངས་པར་གཤེགས་ཏེ༔ སངས་རྒྱས་སྟོང་གི་བསྟན་པ་མ་རྫོགས་ཀྱི་བར་དུ་འགྲོ་དོན་དུ་འཕོ་བ་ཆེན་པོའི་སྐུར་བཞུགས་ཤིང༔ མི་ལོ་ལྔ་བཅུ་ལྔ་བཅུ་སོང་དུས༔ ལྷ་ས་དང༔ བསམ་ཡས་ལ་སོགས་ཀྱི་གཙུག་ལག་ཁང་དུ་རྫུ་འཕྲུལ་གྱིས་ལན་རེ་བྱོན་ཞིང༔ ལས་དག་པ་རྣམས་ཀྱིས་ནི་དངོས་སུ་ཞལ་མཇལ་གདམས་པ་གསུང་བར་འགྱུར་རོ༔ དེ་ནས་གསང་བ་སྙིང་ཏིག་གི་ཟབ་པ་པོད་བཞིའི་ཟབ་དགུ་བསྡུས་པའི་གདམས་ངག་བེ་བུམ་དུ་བྱས་ཏེ༔ ཡི་གེར་བྲིས་ནས་ཉང་བན་བདག་རང་གིས་འཆང་ངོ༔ དེ་ནས་ཉང་བན་བདག་གིས་དབུ་རུའི་ཕུར་སྒྲུབ་པ་རྩེ་གཅིག་ལ་གནས་པའི་དུས་ཀྱི་ཚེ༔ རྡོ་རྗེ་ལེགས་པས་ཁམས་སུ་སེར་བ་ཕབ་སྟེ༔ རྟ་དྲེལ་མཛོ་གཡག་ར་ལུག་བ་གླང་འབྲི་རི་དྭགས་མང་པོ་ལ་འབྲུ་རྣམས་ཁལ་དུ་བཀལ་ནས་བྱུང་བ་ལ༔ ཉང་བན་བདག་གིས་རྡོ་རྗེ་གསོར་ནས་རྡོ་རྗེ་ལེགས་པ་ཁྲལ་ཞོག་ཁྲལ་ཞོག་ཅེས་བཀར་བས༔ འོ་ན་སྣོད་ཟེད་ཟེར་བས་པཎ་ཞྭའི་སྤྱི་བོ་བརྟོལ་ཏེ་ཟེད་ནས་འདི་མ་གང་གི་བར་དུ་ལུགས་ཤིག་ཅེས་བསྒོ་བས༔ ཞྭ་མོ་སྤྱི་བརྟོལ་ཁེངས་པའི་དུས་མ་བྱུང་བས་རྡོ་རྗེ་ལེགས་པ་སེར་སྣ་སྐྱེས་ཏེ་མཆི་མ་ཁྲལ་གྱིས་བྱུང་བ་དང༔ ཁྱོད་དེ་ལ་སེར་སྣ་སྐྱེ་མི་དགོས༔ བོད་ཡུལ་སེམས་ཅན་རྣམས་བདེ་བའི་ཐབས་དང༔ འགྲོ་བ་བསོད་ནམས་གསོག་པའི་རྟེན་དུ་ལྷ་ཁང་ཞིག་བཞེངས་པར་བྱའོ་ཞེས༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཡབ་སྲས་ལ་བཀའ་གནང་ཞུས་ནས་ས་བླངས༔ རྩིས་ཀྱི་ཡི་གེ་ཞུས་ནས༔ པདྨ་དབང་ཆེན་གྱི་ལྷ་ཁང་ངམ༔ དབུ་རུ་ཞྭའི་ལྷ་ཁང་བཞེངས་སོ༔ ལྷ་ཁང་འདི་ཉིད་ཀྱི་ཀེའུ་ཚང་དུ་རྒྱུད་ཀྱི་དཔེ་ཆ་རྣམས་གཏེར་དུ་སྦས༔ ཀ་བའི་ཁོང་སེང་དང་ཕྲ་མེན་མཆོད་རྟེན་ལ་མན་ངག་གསང་བ་སྙིང་ཐིག་ཟབ་དོན་བསྡུས་པ་ཉང་བན་བདག་རང་གིས་ཡི་གེར་བྲིས་པ་གཏེར་དུ་སྦས༔ རྡོ་རྗེ་ལེགས་པ་ལ་གཏེར་གྱི་གཉེར་དམ་གཏད་དོ༔ དེར་བདག་ཉང་བན་གཙུག་ལག་ཁང་འདི་ཉིད་དུ་རྫོགས་པ་ཆེན་པོའི་དོན་སྒོམ་ཞིང་ཡོད་པའི་དུས་དེར༔ སྣང་གྲགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་གི་རིག་རྩལ་ལས་ལོགས་ན་མ་གྲུབ་ཅིང༔ འཁོར་འདས་ཐམས་ཅད་དུ་མ་རོ་གཅིག་རང་ཤར་རྟོགས་ཤིང༔ བདག་ལ་འདི་ལྟར་བྱུང་བ་ནི༔ བླ་མ་ཀུན་ཏུ་བཟང་པོ་གཉིས་པ་པཎྜི་ཏ་ཆེན་པོ་བྱེ་མ་ལ་མུ་ཏྲའི་བཀའ་དྲིན་ལས་བྱུང་བ་ཡིན་བསམས་ནས་གསོལ་བ་བཏབ་ཅིང༔ བྲོ་བརྡུངས་པས་རྡོ་ལ་རྐང་པའི་རྗེས་གཉིས་གསལ་བར་བྱུང༔ མ་དག་པའི་སྣང་བ་ནུབ་སྟེ་ཞིང་ཁམས་མང་པོ་མཐོང་ཞིང༔ ཁྱད་པར་མ་འོངས་འབྱུང་ཚུལ་རྣམས་མཐོང་བས་འདི་སྐད་ཅེས་ཡི་གེར་བྲིས་སོ༔ ཨེ་མ་ཧོ༔ ཀུན་ཏུ་བཟང་པོ་མི་ཡི་གཟུགས་བསྟན་པ༔ བྱེ་མ་ལ་ཞེས་གནས་ལྔའི་པཎྜི་ཏ༔ རྡོ་རྗེའི་སྐུ་བརྙེས་འཆི་མེད་རིག་འཛིན་ཐོབ༔ སངས་རྒྱས་སྟོང་གི་བསྟན་པ་མ་རྫོགས་བར༔ འགྲོ་དོན་མཛད་ཕྱིར་རི་བོ་རྩེ་ལྔར་བཞུགས༔ གང་དེའི་བྱིན་རླབས་བདག་ལ་ཞུགས་པ་ཡིན༔ མ་འོངས་ཇི་ལྟར་འབྱུང་ཚུལ་མདོ་ཙམ་ཞིག༔ སུ་ཞིག་ཡིད་ཆེས་བསྐྱེད་ཕྱིར་བྲི་བར་བྱ༔ ཕྱི་སྣོད་འཇིག་རྟེན་འབྱུང་བཞིའི་བྱེར་སྡུད་དང༔ ནང་བཅུད་སེམས་ཅན་སྐྱིད་སྡུག་དར་རྒུད་མང༔ འདུས་བྱས་ཐམས་ཅད་རྨི་ལམ་སྒྱུ་མ་འདྲ༔ ཉང་བན་བདག་གིས་བཞེངས་པའི་གཙུག་ལག་ཁང༔ རྩིས་ཀྱི་མཁར་བུའི་ཀེའུ་ཚང་ཀ་ཁོང་དུ༔ གཏེར་དུ་སྦས་པའི་རྒྱུད་ཀྱི་མན་ངག་འདི༔ མ་འོངས་བསྐལ་པ་དུས་ཀྱི་བར་ཚིགས་སུ༔ པཎ་ཆེན་སྤྲུལ་པ་ལྷུན་གྱི་མིང་ཅན་གྱིས༔ གཏེར་ནས་བཏོན་ཏེ་འགྲོ་ལ་ཕན་པར་འགྱུར༔ རྡོ་རྗེ་ལེགས་པ་ཁྱེད་ཀྱིས་སྲུང་གཉེར་གྱིས༔ སྐལ་མེད་འདོན་ན་སྲོག་ལ་སྤར་གྱིས་ཐོབས༔ དེ་ནས་མི་རབས་འགའ་ཞིག་འདས་པ་ན༔ རྩིས་ཀྱི་མཁར་བུ་གཙུག་ལག་འདི་ཉིད་ཀྱང༔ བོད་འབངས་བདེ་སྐྱིད་ཉམས་ལ་ཉེ་བ་ཡིས༔ ཞིག་གསོས་མེད་པར་ཀ་བ་གདུང་མ་ཁྱམས༔ ཕྱི་རྩིག་ཞིག་སྟེ་ས་མུག་དག་གིས་འཇིག༔ ཕྲ་མེན་མཆོད་རྟེན་འདི་ཉིད་མ་གཏོགས་པ༔ གཙུག་ལག་ཁང་འདི་རེ་རུལ་ལྟ་བུར་འགྲོ༔ སྐུ་རྟེན་རྣམས་ཀྱི་ཕྱག་ཞབས་ཆག་པ་དང༔ ལ་ལའི་ནང་བྲུས་ནང་གཞུག་ཉམས་པ་འབྱུང༔ དེ་ཡི་རྐྱེན་གྱིས་བོད་ཡུལ་གངས་ཅན་འདིར༔ འཐབ་རྩོད་ནད་ཡམས་མུ་གེ་ལ་སོགས་པ༔ སེམས་ཅན་མི་བདེའི་འཇིགས་པ་ཆེན་པོ་འབྱུང༔ འོན་ཀྱང་རྒྱལ་བ་རྣམས་ཀྱི་ཐུགས་རྗེ་དང༔ སེམས་ཅན་སྤྱི་མཐུན་བསོད་ནམས་ལས་གྲུབ་པ༔ ལྷོ་ཡི་ཕྱོགས་ནས་དྲི་མེད་འོད་ཟེར་ཞེས༔ གསང་བ་སྙིང་ཐིག་རྒྱུད་ཀྱི་བདག་པོ་འབྱུང༔ སྐྱེས་བུ་དེ་ཡིས་གཙུག་ལག་ཁང་འདི་ཉིད༔ ཞིག་རལ་གསོ་ཞིང་ད་ལྟ་ལྟར་དུ་འབྱུང༔ གངས་ཅན་སེམས་ཅན་བདེ་དང་ལྡན་འགྱུར་ཞིང༔ སངས་རྒྱས་བསྟན་པ་ཉམས་པ་སོར་ཆུད་ཅིང༔ མདོ་སྔགས་སྒྲུབ་སྡེ་བཤད་སྒྲུབ་དར་བར་འགྱུར༔ དེ་རྗེས་བསྐལ་པ་ལྔ་བརྒྱའི་ཡང་མཐའ་ལ༔ ཁ་བ་ཅན་འདིར་ལོ་ཉེས་རིམས་ནད་དང༔ མཚོན་འཁྲུགས་མུ་གེ་སད་སེར་དུ་མ་ལྡང༔ སེམས་ཅན་སྡུག་བསྔལ་ཉམ་ཐག་གཟིར་བའི་དུས༔ <!TCC Tibetan character 4,47 undefined in unicode!> ཕྲ་མེན་མཆོད་རྟེན་ཀ་བའི་ཁོང་གསེང་དུ༔ གཏེར་དུ་སྦས་པའི་ཟབ་དོན་བསྡུས་པ་དང༔ འཆི་མེད་བདུད་རྩི་རིལ་བུ་མྱོང་གྲོལ་བ༔ བྱེ་མ་མུ་ཏྲའི་ཕྱག་རྒྱ་འབྱར་བ་འདི༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྲས༔ མུ་རུབ་བཙད་པོ་སྐྱེ་བ་བརྒྱུད་པའི་མཐའ༔ གསང་བའི་མིང་ནི་འོད་གསལ་སྒྱུ་མ་སྟེ༔ གཏེར་བཞད་རྩལ་ཞེས་དེ་དང་མ་འཕྲད་བར༔ རྡོ་རྗེ་ལེགས་པ་ཁྱོད་ཀྱིས་བཀའ་འདི་སྲུངས༔ དུས་ལ་བབ་ཚེ་ལས་ཅན་དེ་དང་སྤྲོད༔ <!TCC Tibetan character 4,47 undefined in unicode!> དེ་དུས་གསང་བ་སྙིང་ཐིག་གཏེར་རྙིང་རྣམས༔ དཔེ་བརྒྱུད་དབང་ལུང་གདམས་པ་མ་ཉམས་པ༔ རེ་རེ་ཙམ་ཞིག་མ་གཏོགས་ཕལ་ཆེར་ནི༔ བརྒྱུད་པའི་བར་ཆད་དབང་དང་ལུང་བརྒྱུད་ཉམས༔ རང་བཟོ་རས་གཅོད་མ་དག་ཆོས་རྒྱུད་འཕེལ༔ དེ་དུས་འདི་ཉིད་གཏེར་ནས་བཏོན་པ་དང༔ འགྲོ་བ་ལས་འབྲེལ་སད་པའི་གང་ཟག་རྣམས༔ འདི་ཉིད་ཉམས་བླངས་སྒོམ་སྒྲུབ་སུས་བྱས་པ༔ གནས་ལྔའི་པཎ་ཆེན་བྱེ་མ་མུ་ཏྲ་དང༔ ཉང་བན་བདག་དང་འཕྲད་པར་ཁྱད་ཅི་མེད༔ ཟག་བཅས་ཕུང་པོ་འདི་ཉིད་མི་སྣང་བར༔ ཚེ་གཅིག་འོད་ལུས་ཐོབ་པར་ཐེ་ཚོམ་མེད༔ སྙིང་རུས་གྱིས་ལ་ཚེ་འདིའི་འཁྲི་བ་ཆོད༔ ལྟོ་འགྲངས་ལྷག་སྐྱོབ་ཙམ་གྱི་བྱ་བ་ལ༔ སྡུག་བསྲན་བསྐྱེད་དེ་སྙིང་རུས་བྱེད་ནུས་ན༔ ཚེ་འདིར་འོད་ལུས་འགྲུབ་བྱེད་འདི་ཉིད་ལ༔ སྙིང་རུས་མི་བྱེད་དོན་སྙིང་རུལ་བ་ཡིན༔ དེས་ན་ཕྱིས་འབྱོན་ང་ཡི་རྗེས་འཇུག་རྣམས༔ དབེན་པའི་གནས་སུ་ཆོས་འདི་ཉམས་སུ་ལོངས༔ དྲོད་རྟགས་བྱུང་ཚེ་ཡིད་ཆེས་མོས་གུས་སྐྱེ༔ ཉང་བན་བདག་གི་ཞལ་ཆེམས་སྙིང་གཏམ་འདི༔ སེམས་ཀྱི་དཀྱིལ་དུ་ཆོངས་ཤིག་ཕྱི་རབས་ཚོ༔ ས་ཆུ་མེ་རླུང་ནམ་མཁའ་རྣམ་པ་ལྔ༔ གཟུགས་སྒྲ་དྲི་རོ་རེག་བྱ་རྣམ་པ་ལྔ༔ འདོད་ཆགས་ཞེ་སྡང་གཏི་མུག་རྣམ་པ་ལྔ༔ ཤ་ཁྲག་དྲོད་དབུགས་སེམས་དང་རྣམ་པ་ལྔ༔ རྒྱལ་བ་རིགས་ལྔ་ཡབ་ལྔ་ཡུམ་ལྔ་དང༔ དཔལ་ཆེན་ཡབ་ལྔ་ཡུམ་ལྔ་ཡེ་ཤེས་ལྔ༔ སྣང་སྲིད་འཁོར་འདས་མ་ལུས་ཐམས་ཅད་ཀུན༔ ཀ་དག་ཡེ་ཀློང་འོད་ཕུང་ཆེན་པོར་གྲོལ༔ ཐ་སྙད་ཟད་པས་འཛིན་པའི་ཕུ་ཐག་ཆོད༔ རང་རིག་རང་ཤར་ཆོས་སྐུ་སྐྱེ་བ་མེད༔ དེ་དོན་ཉིད་དེ་སེམས་ཀྱི་དཀྱིལ་དུ་ཆོངས༔ རྒྱལ་བས་དམ་བཏགས་དབང་བསྐུར་དམ་ཚིག་བཞག༔ རྡོ་རྗེ་ལེགས་པ་སྐྱེས་བུ་ཐིག་ལེ་རྩལ༔ ཆོས་འདི་ཉམས་སུ་ལེན་པའི་གང་ཟག་ལ༔ གཟུགས་ཅན་གཟུགས་མེད་གནོད་བགེགས་ཐམས་ཅད་སྲུངས༔ མཐུན་རྐྱེན་ཀུན་སྒྲུབས་གང་བསྒོའི་བཀའ་བཞིན་སྒྲུབས༔ སྲི་ཞུ་རྗེ་དཔོན་ཕོ་མོ་བཞིན་དུ་གྱིས༔ དམ་ཚིག་སྲུངས་ཤིག་སྐྱེས་བུ་ཐིག་ལེ་རྩལ༔ དམ་ལས་མ་འགལ་རྡོ་རྗེ་ལེགས་པ་རྩལ༔ གཙུག་ལག་རྩིས་ཀྱི་ཁང་བུ་འདི་ཉིད་ཀྱང༔ ཁྱེད་ལ་གཉེར་དུ་གཏད་དོ་སྲུང་མ་མཛོད༔ ཉང་བན་བདག་ནི་བྱེ་མ་མུ་ཏྲ་བཞིན༔ ཟག་བཅས་ལུས་འདི་མི་སྣང་མཁའ་སྤྱོད་དུ༔ འཆི་མེད་འོད་ལུས་བཙན་ས་ཟིན་འགྲོ་སྙམ༔ ལན་ཅིག་མ་འོངས་བསྐལ་པའི་དུས་ཀྱི་མཐར༔ ལྷ་སྲས་སྐྱེ་བ་འོད་གསལ་སྒྱུ་མ་ཡིས༔ གསང་བའི་མན་ངག་སྙིང་གི་སྙིང་འདི་ཉིད༔ གཏེར་ནས་ཕྱུང་སྟེ་གཞན་དོན་བྱེད་པའི་ཚེ༔ ཉང་བན་བདག་རང་དངོས་སམ་ཉམས་སྣང་དུ༔ འཕྲད་ནས་གསང་དོན་དགོངས་དོན་ལྷུག་པར་སྟོན༔ དེ་དུས་ཆོས་འདི་ལུང་ཙམ་ཐོབ་པ་ཡང༔ སྐྱེ་བ་བདུན་ནས་འོད་ལུས་འགྲུབ་པར་འགྱུར༔ ཉང་བན་བདག་གི་བདེན་པའི་སྨོན་ལམ་མཐུས༔ ལྷ་སྲས་སྐྱེ་བ་འོད་གསལ་སྒྱུ་མ་སྟེ༔ གཏེར་བཞད་རྩལ་དང་ཆོས་འདི་འཕྲད་པར་ཤོག༔ ཅེས་སྨོན་ལམ་བཏབ་སྟེ་རྫོགས་པ་ཆེན་པོ་གསང་བའི་རྒྱུད་མན་ངག་གི་ཁོང་སྙིང༔ པཎ་ཆེན་བྱེ་མ་ལ་མུ་ཏྲའི་ཐུགས་བཅུད་ཟབ་དགུའི་དོན་བསྡུས་ཏེ༔ པོ་ཏི་ཤོག་དྲིལ་དུ་ཉང་བན་བདག་རང་གིས་ཡི་གེར་བཀོད་པ་ཕྲ་མེན་མཆོད་རྟེན་དུ་གསང་བའི་གཏེར་གནས་སུ་སྦས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞྭའི་མགོན་པོ་དམ་ཚིག་ཅན་གྱིས་སྲུངས་ཤིག༔ ༼ཁ༽ ༄༅༔ རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་ཡང་ཟབ་བསྡུས་པའི་སྙིང་པོ་ལས༔ སློབ་མ་སྨིན་བྱེད་དབང་གི་ཆུ་བོ་བཞུགས་སོ༔ དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ འདིའི་ནང་ཡི་གེ་ཆེ་ཆུང་ཀརྨ་པ་མཁའ་ཁྱབ་རྡོ་རྗེའི་ཟུར་རྒྱན་དང་བསྟུན་ནས་བྱས་པའོ།མཆན།་་་ཕྱི་རབས་གསང་བ་སྙིང་པོའི་དོན་ལ་སྤྱོད་པའི་རྣལ་འབྱོར་པ་རྣམས༔ ཚེ་འདི་ལ་ཟག་མེད་ཀྱི་འོད་ལུས་འགྲུབ་པར་བྱེད་པའི་ཐབས་ལས་སྨིན་བྱེད་དབང་གི་ཆོ་ག་བསྟན་པར་བྱ་སྟེ༔ དེ་ལ་སྔོན་འགྲོ་སྤྱི་དོན་རྣམ་པ་བཅུ་སྟེ༔ དེ་ལ་གནས་བསྟན་པ༔ དཀྱིལ་འཁོར་བུམ་པ་བསྒྲུབ་རྫས་བཤམ་པ༔ གསོལ་བ་གདབ་པ༔ སྐྱབས་འགྲོ༔ སེམས་བསྐྱེད༔ ཡན་ལག་བདུན་པ༔ སྡོམ་གཟུང༔ སོ་ཤིང་དོར་བ༔ ཁྱོར་ཆུ་བླུད་པ༔ ཀུ་ཤ་སྦྱིན་པའོ༔ དང་པོ་གནས་བསྟན་པ་ནི༔ ས་དང་གནམ་གྲུ་བཞིར་ཡོད་པའམ༔ པདྨ་ཁ་བྱེ་བ་འདྲ་བ༔ རྒྱབ་རི་མཐོ་ལ་བག་དྲོ་བ༔ ཤར་རི་གཞོལ་བ༔ ནུབ་རི་དང་བྱང་མཐོ་བ༔ ལྷོ་རི་འདུད་པ་འདྲ་བ༔ རི་ཉུག་ལ་སོགས་ས་དགྲ་མེད་པ༔ གནམ་འཁོར་ལོ་རྩིབས་བརྒྱད་དུ་ཡོད་པ༔ ས་པདྨ་འདབ་བརྒྱད༔ རྒྱབ་རི་མཐོ་བ༔ བྱང་རི་འཐུག་པ༔ གཡས་དར་དཀར་གྱི་ཡོལ་བ་བརྐྱངས་པ་འདྲ་བ༔ གཡོན་རིན་ཆེན་སྤུངས་པ་འདྲ་བ༔ མདའ་ཕྱག་རྒྱ་བསྣོལ་པ་འདྲ་བ༔ རི་ཐམས་ཅད་སྣུམ་ཞིང་རྩི་ཤིང་ནགས་ཚལ་གྱིས་བརྒྱན་པ༔ བྱ་སྣ་ཚོགས་སྐད་སྙན་པར་སྒྲོག་པ༔ མེ་ཏོག་སྣ་ཚོགས་སྐྱེས་ཤིང་འབྲས་བུ་སྣ་ཚོགས་སྨིན་པ༔ ཆུ་བོ་དབང་གི་ཕྱོགས་ནས་འབབ་པ༔ ཉི་མ་རྟག་ཅིང་གངས་མཐོ་བ༔ གསལ་ཆ་ཆེ་ཞིང་སོ་ཐུབ་པ༔ ཚ་གྲང་སྙོམ་ཞིང་དཀར་ཕྱོགས་ལ་དགའ་བའི་ལྷ་ཀླུ་གཞི་བདག་འཇམ་པ༔ ཐག་ཉེ་རིང་རན་ཅིང་ས་བཙན་པ༔ བཀྲ་ཤིས་ཤིང་གྲུབ་ཐོབ་གོང་མས་ཞབས་ཀྱིས་བཅགས་པའི་གནས་སུ༔ དཀྱིལ་འཁོར་མདའ་གང་དཔངས་མཐོ་གང་སྙོམ་ཞིང་འཇམ་པ་མཐར་ཐོན་པ༔ ས་ཆོག་ཐིག་ཆོག་སོགས་སྤྱི་དང་མཐུན་པར་བྱས་ལ༔ དཀྱིལ་འཁོར་བྲི་བ་ནི༔ གྲུ་བཞི་སྒོ་བཞི་རྒྱན་མཚན་ཉིད་ཡོངས་སུ་རྫོགས་པ༔ འཁོར་ཡུག་དང་པོ་སྣ་ཚོགས་པདྨ༔ གཉིས་པ་འོད་ཀྱི་ཕྲེང་བ༔ གསུམ་པ་རཀྟའི་རྒྱ་མཚོ༔ བཞི་པ་དུར་ཁྲོད༔ ལྔ་པ་རྡོ་རྗེའི་ར་བ༔ དྲུག་པ་མེ་རི་ལ་སོགས་ཆ་ཆེ་ཆུང་སྤྱི་དང་མཐུན༔ དབུས་སུ་པདྨ་འདབ་བརྒྱད༔ ལྟེ་བ་མཐིང་ག༔ ཤར་མཐིང༔ ལྷོ་སེར༔ ནུབ་དམར༔ བྱང་ལྗང༔ མཚམས་བཞི་མཛེས་ཚོན་དུ་བྲི༔ དེའི་སྟེང་དུ་རིན་པོ་ཆེའི་བུམ་པའི་ནང་དུ་བུམ་རྫས་ཁྱེའུ་ཕོ་མོ་བཀྲ་ཤིས་པས་བླངས་པའི་ཆུ་སྣ་དང༔ རིན་པོ་ཆེའི་སྨན་འབྲུ་ལ་སོགས་བུམ་རྫས་ཉེར་ལྔ་ཁ་རྒྱན་མགུལ་ཆིངས་ཀྱིས་བརྒྱན༔ ཁྲིའུའམ་མཉྫིའི་སྟེང་དུ་བཞག༔ འབྲས་བུ་ཅན་གྱི་ཤིང་དང་ཀུ་ཤ་རྨ་བྱའི་སྒྲོ་སོགས་ཀྱིས་བརྒྱན་ཏེ༔ རྒྱལ་བ་རིགས་དྲུག་དང་ཆེ་མཆོག་ལ་སོགས་པ་བཀའ་བརྒྱད་གཙོ་དགུའི་སྐུ་གཟུགས༔ མཚན་ལྡན་ཐོད་པའི་ནང་དུ་ཆང་བཟང་པོ་ལ་བདུད་རྩི་རིལ་བུ་བཏབ་པ་བཤམ༔ དེའི་སྟེང་དུ་མེ་ལོང་གཡའ་དག་པ་དང་མན་ཤེལ་ཟུར་དྲུག་བཞག༔ དར་དམར་གྱིས་ཁ་བཅད༔ རྡོར་དྲིལ་སྨན་རཀ་གཏོར་གསུམ་ཕྱི་ནང་མཆོད་པ་ལས་བུམ་སོགས་བཤམ༔ མདའ༔ གྲི༔ མེ་ལོང༔ རྨ་བྱའི་སྒྲོ་ཆུན༔ དར་སྣ་རྣམས་བཞི་རེ༔ ཚོན་སྐུད་ཀྱི་དྲྭ་བ་དང་བཅས་པའི་རྒྱན་རྣམས་ལེགས་པར་བཀོད་དོ༔ དེ་ནས་མདུན་བསྐྱེད་ལས་གཞུང་བསྲང༔ སྒྲུབ་ཐབས་ལྟར་བུམ་པའི་ནང་དུ་ཞི་ཁྲོ་བཀའ་བརྒྱད་བསྐྱེད་ལ༔ རྩ་སྔགས་ཀྱི་ཤམ་དུ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བཏགས་པ་ཅི་ནུས་བཟླ་ཞིང༔ བུམ་པའི་ལྷའི་སྐུ་ལས་འོད་ཟེར་བདུད་རྩིའི་རྒྱུན་ཕྱོགས་བཅུའི་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཕོག༔ མཉེས་མཆོད་ཕུལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་བདུད་རྩི་འོད་ཟེར་གྱི་རྣམ་པ་བུམ་ཆུ་དང་དབྱེར་མེད་དུ་གྱུར་པར་བསམ༔ ལས་བུམ་དུ་རྡོ་རྗེ་རྣམ་པར་འཇོམས་པ་བསྐྱེད་ལ་བཟླས་པ་བྱ༔ དེ་ནས་སློབ་མ་ལས་བུམ་གྱི་ཆུས་ཁྲུས་བྱས་ལ་བགེགས་བསྐྲད་གུ་གུལ་གྱིས་བདུག༔ ཡུངས་དཀར་སྔགས་བཟླས་པའི་ཐུན་གྱིས་བྲབ༔ དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བསྐོར༔ མཎྜལ་ཕུལ༔ ཕྱག་བྱས་ཏེ༔ འདི་སྐད་གསོལ་བ་གདབ༔ ཧོ༔ བླ་མ་དཀྱིལ་འཁོར་ལྷ་ཚོགས་ཀྱིས༔ བདག་ཅག་འཁོར་བའི་རྒྱ་མཚོ་ལས༔ བསྒྲལ་ཕྱིར་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ དབང་བསྐུར་དམ་པ་མཛད་དུ་གསོལ༔ དེ་ནས་སློབ་དཔོན་གྱིས་འདི་སྐད་བརྗོད༔ ཁྱོད་ནི་ཐེག་ཆེན་བུ་ཡིན་ན༔ ཞི་ཁྲོ་བཀའ་བརྒྱད་ལྷ་ཚོགས་ཀྱི༔ དཀྱིལ་འཁོར་བསྟན་ནས་དབང་བསྐུར་ཏེ༔ དངོས་གྲུབ་མ་ལུས་ང་ཡིས་སྦྱིན༔ དེ་ནས་སློབ་མས་ཕྱག་གསུམ་བྱས་ནས་ཞི་ཁྲོ་བཀའ་བརྒྱད་ཀྱི་ལྷ་ཚོགས་རྣམས་ལ་མཆོད་པ་རྣམ་ལྔ་འབུལ་བ་དང༔ སྐྱབས་འགྲོ་སེམས་བསྐྱེད་འདི་ལྟར་དུ་བྱའོ༔ ཧོ༔ བླ་མ་མཆོག་དང་ཕྱོགས་བཅུའི་སངས་རྒྱས་དང༔ བདེ་གཤེགས་ཞི་ཁྲོ་བཀའ་བརྒྱད་ལྷ་ཡི་ཚོགས༔ དཀོན་མཆོག་གསུམ་དང་མཁའ་འགྲོ་ཆོས་སྐྱོང་ལ༔ བདག་ནི་བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ཕྱི་ནང་གསང་བའི་མཆོད་པ་དམ་པས་མཆོད༔ ལུས་ངག་ཡིད་གསུམ་སྡིག་པ་ཅི་བགྱིས་པ༔ གནོང་ཞིང་འགྱོད་པའི་སྒོ་ནས་མཐོལ་ལོ་བཤགས༔ འགྲོ་བའི་དགེ་ཚོགས་རྣམས་ལ་ཡི་རང་ངོ༔ སངས་རྒྱས་བྱང་ཆུབ་ཐམས་ཅད་ཡིད་ཀྱིས་གཟུང༔ རང་གཞན་དོན་དུ་བྱང་ཆུབ་སེམས་བསྐྱེད་དོ༔ སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར༔ བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག༔ དེ་ནས་ཡང༔ ཇི་ལྟར་དུས་གསུམ་འགྲོ་བའི་མགོན་རྣམས་ཀྱིས༔ ཡང་དག་བྱང་ཆུབ་ངེས་པར་མཛད་པ་ལྟར༔ དེ་ལྟར་བཞིན་དུ་བླ་མེད་མཆོག་གི་སེམས༔ དམ་པ་དེ་ནི་བདག་གིས་བསྐྱེད་པར་བགྱི༔ ཇི་ལྟར་དུས་གསུམ་མགོན་པོ་རྣམས༔ ཡང་དག་བྱང་ཆུབ་ངེས་མཛད་པ༔ དེ་བཞིན་བླ་མེད་མཆོག་གི་སེམས༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ སྡོམ་པ་འབོགས་པ་ནི༔ སྡོམ་པ་ཡི་ནི་ཚུལ་ཁྲིམས་དང༔ དགེ་བའི་ཆོས་ནི་སྡུད་པ་དང༔ སེམས་ཅན་དོན་བྱེད་རྣམ་པ་གསུམ༔ ནམ་དུ་ཡང་ནི་མི་སྤང་ངོ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང༔ ཡང་དག་ཉིད་དུ་གཟུང་བར་བགྱི༔ སློབ་དཔོན་དག་ཀྱང་གཟུང་བར་བགྱི༔ ཉིན་རེ་བཞིན་དུ་ལན་དྲུག་ཏུ༔ སྡོམ་པ་རྣམ་བཞི་རབ་ཏུ་གཟུང༔ བདག་གིས་སྡོམ་པ་མ་ལུས་གཟུང༔ ཞེས་ཡན་ལག་བདུན་པ་སེམས་བསྐྱེད་སྡོམ་གཟུང་དང་བཅས་པ་བྱའོ༔ དེ་ནས་སློབ་མས་པུས་མོ་བཙུགས་ཐལ་མོ་སྦྱར་ནས༔ ཧོ༔ བླ་མ་ལྷ་ཚོགས་མ་ལུས་དགོངས་སུ་གསོལ༔ བདག་གིས་དུས་འདི་ཉིད་ནས་གཟུང་ནས་ནི༔ འཁོར་བའི་སྡུག་བསྔལ་བསལ་མཛད་ལམ་མཆོག་སྩོལ༔ དེང་འདིར་བདག་ལ་གནང་བར་མཛད་དུ་གསོལ༔ དེ་ནས་སློབ་དཔོན་གྱིས་ཡི་དམ་གྱི་ལྷ་ལ་གསོལ་བ་གདབ་པ་ནི༔ ཧོ༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས༔ ཁྱེད་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱིས༔ སློབ་མ་འདི་ལ་དབང་བསྐུར་ཕྱིར༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ཞེས་གཉིས་སུ་མེད་པར་བསྟིམ་མོ༔ ཡི་གེ་བརྒྱ་པའི་བཤགས་པ་བརྗོད༔ དེ་ནས་སོ་ཤིང་དོར་བ་ནི༔ མཎྜལ་མེ་ཏོག་ཚོམ་བུ་བྱ༔ སོ་ཤིང་མེ་ཏོག་གིས་བརྒྱན་པ༔ ལག་ཏུ་ བཟུང་ནས་མིག་བཙུམས་ལ༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས༔ བདག་གིས་དངོས་གྲུབ་ཐོབ་པའི་ཕྱིར༔ དབུས་ཕྱོགས་ས་རུ་ལྷུང་བར་ཤོག༔ དངོས་གྲུབ་བཟང་པོ་བདག་ལ་སྟོན༔ ཧཱ་ས་ཧ༔ ཞེས་དོར༔ ཕྱོགས་བཞི་དབུས་དང་ལྔར་རིགས་ལྔའི་དངོས་གྲུབ་དང༔ མཚམས་སུ་ཕྲན་ཚེགས་འགྲུབ་ཅེས་བཤད་དོ༔ དེ་ནས་ཁྱོར་ཆུ་བླུད་པ་ནི༔ དུང་ཆོས་ཀྱི་ཆུ་བོ་ལས་ཀྱི་བདུད་རྩིའི་ཆུར་དམིགས་ལ༔ ཨཱོྃ་ཧྲཱིཿབི་ཤུདྡྷཿསརྦ་དྷརྨཿཔཱ་པཾ་ཤོ་དྷ་ནི་ཧཱུྃ༔ ཞེས་ལག་པ་གཡོན་དུ་བྱིན་ཅིང་འཐུང་བས་ངག་གི་ཉེས་སྐྱོན་དག་པར་བསམ་མོ༔ དེ་ནས་སྲུང་སྐུད་ལྔ་སྒྲིལ་ལ་ཞི་ཁྲོའི་སྔགས་ཤམ་དུ་རཀྵ་ཀུ་རུ་ཧཱུྃ༔ ཞེས་མདུད་པ་གསུམ་བྱས་ལ༔ ཕོའི་དཔུང་པ་གཡོན་དང་མོའི་གཡས་ལ་བཅིངས་ཏེ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ བདེ་གཤེགས་རྒྱལ་བ་ཞི་ཁྲོ་ཡི༔ སྔགས་བཟླས་སྲད་བུ་འདི་བཅིངས་པས༔ བགེགས་རྣམས་མ་ལུས་འདུལ་བར་ཤོག༔ ཨཱོྃ་བཛྲ་རཀྵ་ཧཱུྃ༔ ཞེས་རྡོ་རྗེས་རྒྱས་གདབ༔ དེ་ནས་ཀུ་ཤ་གཏད་པ་ནི༔ ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ གསང་སྔགས་ཟབ་མོ་སྒྲུབ་པ་ལ༔ དངོས་གྲུབ་ཟབ་མོ་བརྟག་པའི་ཕྱིར༔ གཙང་ཞིང་དགེ་བའི་ཀུ་ཤ་འདི༔ སྔས་དང་སྟན་དུ་བཏིང་བར་གྱིས༔ དེ་ནས་སློབ་མས་སློབ་དཔོན་གྱིས་བསྒོ་བ་བཞིན༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཀྱིས་བདག་ལ་དགེ་བའི་རྟགས་བསྟན་དུ་གསོལ༔ ཞེས་སེང་གེའི་ཉལ་སྟབས་ཀྱིས་ཉལ་ལོ༔ ནངས་པར་སློབ་དཔོན་གྱི་དྲུང་དུ་རྨི་ལམ་བཟང་ངན་ཞུས་པས་བཟང་བ་ལ་རྗེས་སུ་ཡི་རང་བ་བརྗོད་ཅིང༔ ངན་པ་ལ་སྲུང་བའི་ཆོ་ག་བྱའོ༔ དེ་རྣམས་ནི་སྟ་གོན་གྱི་རིམ་པའོ༔ དངོས་གཞི་སྤྱི་དོན་ལྔ་ཡི་སྒོ་ནས་བསྟན་ཏེ༔ བུམ་དབང༔ གསང་དབང༔ ཤེར་དབང༔ ཚིག་དབང༔ རྩལ་དབང་ངོ༔ དེ་ནས་སློབ་མས་ཕྱག་གསུམ་བྱ༔ མཎྜལ་ཕུལ༔ གསོལ་བ་འདི་སྐད་ཅེས་གདབ་བོ༔ ཧོ༔ བླ་མ་རྒྱལ་བ་ཞི་ཁྲོ་དགོངས་སུ་གསོལ༔ བདག་ཅག་དུག་ལྔའི་ནད་ཀྱིས་ཟིན་པ་རྣམས༔ བུམ་གསང་ཡེ་ཤེས་ཚིག་དབང་རྩལ་དབང་གིས༔ སྨིན་ཅིང་གྲོལ་བར་ཐུགས་རྗེས་གཟུང་དུ་གསོལ༔ དཀྱིལ་འཁོར་འདིར་ནི་བདག་ཅག་གཞུག་ནས་སུ༔ ཐུགས་རྗེས་བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ དེ་ནས་སློབ་མ་དམ་ལ་གཞག་པ་ངག་ཏུ་བདུད་རྩི་བླུད་ལ༔ འདི་ནི་དམ་ཚིག་བདུད་རྩིའི་ཆུ༔ དམ་བསྲུངས་དངོས་གྲུབ་རྣམ་གཉིས་ཐོབ༔ ཉམས་ན་དམྱལ་བར་ལྟུང་བར་འགྱུར༔ དེ་བས་དམ་ལས་མ་འདའ་ཞིག༔ ཨཱོྃ་སརྦ་པཉྩ་ཨ་མྲྀཏ་ས་མ་ཡ་སྭཱ་ཧཱ༔ སྤྱི་བོར་རྡོ་རྗེ་བཞག་ལ༔ དེང་ནས་སྐལ་ལྡན་བུ་ཁྱོད་ཀྱི༔ རྡོ་རྗེ་སློབ་དཔོན་ང་ཡིན་གྱིས༔ ང་ལ་བརྙས་པར་མ་བྱེད་ཅིག༔ གལ་ཏེ་བརྙས་པར་གྱུར་པ་ན༔ ངན་སོང་གསུམ་དུ་ལྷུང་ནས་ནི༔ རྡོ་རྗེ་འབར་བས་འཇོམས་འགྱུར་ཞིང༔ སྡུག་བསྔལ་བཟོད་གླགས་མེད་པར་འགྱུར༔ ཨཱོྃ་བཛྲ་ས་མ་ཡ་ཧཱུྃ༔ དེ་ནས་སློབ་མ་སྭ་བྷཱ་ཝས་སྦྱངས༔ སྐད་ཅིག་གིས་པད་ཟླའི་གདན་ལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྒྱན་ཆ་ལུགས་རྫོགས་པར་བསྐྱེད༔ དེའི་སྙིང་པད་འདབ་འཇའ་ཚོན་གྱི་གུར་ཕུབ་པའི་དབུས་སུ༔ བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཡབ་ཡུམ༔ རྒྱལ་བ་རིགས་ལྔ་ཡབ་ཡུམ༔ སེམས་དཔའ་སེམས་མ་ཐུབ་པ་དྲུག་རྣམས་བསྒོམ༔ ཐོད་པ་དུང་ཁང་གི་གཞལ་ཡས་སུ་པདྨ་ཉི་ཟླའི་གདན་ལ་དབུས་སུ་བཅོམ་ལྡན་འདས་ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ༔ ཤར་དུ་ཡང་དག་ཐུགས་ཡབ་ཡུམ༔ ལྷོར་འཇམ་དཔལ་སྐུ་ཡབ་ཡུམ༔ ནུབ་ཏུ་པདྨ་གསུང་ཡབ་ཡུམ༔ བྱང་དུ་ཕུར་པ་ཕྲིན་ལས་ཡབ་ཡུམ༔ ཤར་ལྷོར་མངོན་རྫོགས་མ་མོ་ཡབ་ཡུམ༔ ལྷོ་ནུབ་ཏུ་རིག་འཛིན་རྡོ་རྗེ་ཆོས་རབ་ཡབ་ཡུམ༔ ནུབ་བྱང་དུ་དྲེགས་པ་ཀུན་འདུལ་ཡབ་ཡུམ༔ བྱང་ཤར་དུ་སྟོབས་ལྡན་ཀཱ་ལ་ཡབ་ཡུམ་རྣམས་ཡེ་ཤེས་ཀྱི་མེའི་ཀློང་ན་བཞུགས་པར་བསྐྱེད༔ ལུས་ཀྱི་ཡན་ལག་དབང་པོའི་སྒོ་བ་སྤུའི་བུ་ག་ཐམས་ཅད་འཁོར་ཚོགས་དཔའ་བོ་མཁའ་འགྲོའི་ཚོགས་ཏིལ་གྱི་གྭའུ་ཁ་ཕྱེས་པ་ལྟར་བཞུགས་པར་བསམ་ལ༔ དེ་ལྟར་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཡི་གེ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས༔ རང་བཞིན་གྱི་གནས་དང་འོག་མིན་གྱི་གནས་ནས་ཡེ་ཤེས་པའི་ལྷ་ཚོགས་ཆར་ལྟར་བབས་ནས་དབྱེར་མེད་ཐིམ་པར་བསམ་ལ༔ སྤོས་དང་གུ་གུལ་ཚིལ་ཆེན་སྲེག་ཅིང་རོལ་མོའི་སྒྲ་སྒྲོག་ཅིང༔ ཨེ་མ་ཧོ༔ བླ་མ་ཀུན་བཟང་རིགས་ལྔའི་ཚོགས༔ དཔལ་ཆེན་ཧེ་རུ་ཀ་ཡབ་ཡུམ༔ སྲས་འཁོར་དཔའ་བོ་ཌཱ་ཀིའི་ཚོགས༔ འཁོར་བཅས་དབྱིངས་ནས་སྤྱན་འདྲེན་ནོ༔ གདུགས་དང་རྒྱལ་མཚན་ཐིབས་སེ་ཐིབ༔ རོལ་མོ་མང་པོ་ཁྲོ་ལོ་ལོ༔ རྒྱན་ཆ་མང་པོ་པུ་རུ་རུ༔ འདིར་གཤེགས་དགོངས་ལ་བྱིན་གྱིས་རློབས༔ སྐུ་ཡི་བྱིན་རླབས་ལུས་ལ་སྩོལ༔ གསུང་གི་བྱིན་རླབས་ངག་ལ་སྩོལ༔ ཐུགས་ཀྱི་བྱིན་རླབས་ཡིད་ལ་སྩོལ༔ ཉིད་དང་དབྱེར་མེད་མཛད་དུ་གསོལ༔ ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཛཿཧཱུྃ་བཾ་ཧོ༔ ཞེས་གཉིས་སུ་མེད་པར་ཐིམ་པར་བསམ་ལ༔ དེ་ནས་མེ་ཏོག་དོར་བ་ནི༔ ཐལ་མོའི་བར་དུ་མེ་ཏོག་བཟུང༔ མིག་དར་དམར་པོས་བཀབ་ལ༔ རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་དུ༔ འབྲེལ་པ་མེ་ཏོག་འདི་བོར་བས༔ སྔོན་སྦྱངས་ལས་འཕྲོ་ཡོད་པ་ཡི༔ ཡི་དམ་ལྷ་ལ་བབ་པར་ཤོག༔ ཅེས་དོར་ཏེ་མིང་གདགས་པ་ནི༔ དབུས་སུ་བབས་ན་འོད་གསལ་སྒྱུ་མ་གཏེར་བཞད་རྩལ༔ ཤར་དུ་བབས་ན་རྡོ་རྗེ་སྙིང་པོ་གཏེར་བཞད་རྩལ༔ ལྷོར་བབས་ན་བདེ་ཆེན་འདོད་དགུ་རང་བྱུང་གཏེར་བཞད་རྩལ༔ ནུབ་ཏུ་བབས་ན་བདེ་ཆེན་སྙིང་པོ་གཏེར་བཞད་རྩལ༔ བྱང་དུ་བབས་ན་ཕྲིན་ལས་ཐོགས་མེད་གཏེར་བཞད་རྩལ༔ ཞེས་བཏགས་སོ༔ དེ་ནས་མིག་དབྱེ་བར་གསོལ་བ་གདབ་པ་ནི༔ ཀྱཻ༔ བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས༔ བདག་ནི་མ་རིག་འཐུམ་པོས་ལྡོངས༔ ཁྱེད་ཀྱི་ཐུགས་རྗེའི་ཐུར་མ་ཡིས༔ མ་རིག་འཐུམས་པ་བསལ་དུ་གསོལ༔ བླ་མས་གསེར་གྱི་ཐུར་མ་ཐོགས་ལ་མིག་དབྱེ་བ་ནི༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ཀྱི༔ མ་རིག་ལིང་ཐོག་ང་ཡིས་བསལ༔ རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་ལྟོས༔ མཚམས་མེད་ལྔ་ཡི་སྡིག་བྱང་འགྱུར༔ ཧཱུྃ་ཙཀྵུ༔ པྲ་ཝེ་ཤ་ཡ་ཕཊ༔ ཅེས་གདོང་དར་བསྡུས་ལ་དཀྱིལ་འཁོར་གྱི་རྣམ་གཞག་བསྟན་ནོ༔ དེ་ནས་དབང་བསྐུར་བར་གསོལ་བ་གདབ་པ་ནི༔ ཀྱེ་མ་བླ་མ་རྗེ་བཙུན་རྗེ༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི༔ སྐུ་གསུང་ཐུགས་དང་ཡོན་ཏན་དང༔ ཕྲིན་ལས་ལ་སོགས་རྣམ་ལྔ་ཡིས༔ བདག་ཅག་སྨིན་པར་དབང་བསྐུར་སྩོལ༔ དེ་ནས་བླ་མས་བུམ་པ་སྤྱི་བོར་བཞག༔ ཧཱུྃ༔ བུམ་པ་གཞལ་ཡས་ཁང་གི་ནང༔ ཞི་ཁྲོའི་ལྷ་ཚོགས་འོད་དུ་ཞུ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ སྡིག་སྒྲིབ་བག་ཆགས་བྱང་བར་ཤོག༔ ཧཱུྃ་ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ༔ ཧཱུྃ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཧཱུྃ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཀྲོ་ཏཱི་ཤྭ་རཱི་ཧཱུྃ་ཕཊ༔ ཀ་ལ་ཤཿཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཀུན་བཟང་ཡབ་ཡུམ་གྱི་སྐུ་སྤྱི་བོར་བཞག་ལ༔ ཧཱུྃ༔ ཡིད་ཆོས་རྣམ་དག་ཀུན་བཟང་ཡབ་ཡུམ་སྟེ༔ ཐབས་དང་ཤེས་རབ་འདུ་འབྲལ་མེད་པའི་དབྱིངས༔ ཆོས་ཀུན་ཡེ་ནས་ལྷུན་གྲུབ་བདེ་བ་ཆེས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨཱོྃ་བཛྲ་ས་མནྟ་ཨ་ཨ་བྷི་ཥིཉྩ་ཧཱུྃ༔ གཏི་མུག་རྣམ་དག་ཆོས་དབྱིངས་ཡེ་ཤེས་ཏེ༔ རྣམ་པར་སྣང་མཛད་ནམ་མཁའ་དབྱིངས་ཕྱུག་མ༔ ཐབས་ཤེས་གཉིས་སུ་མེད་པའི་བྱིན་རླབས་ཀྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨཱོྃ་ཛི་ན་ཛིཀ྄་མཱུཾ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེ་སྡང་རྣམ་དག་མེ་ལོང་ཡེ་ཤེས་ཏེ༔ མི་བསྐྱོད་རྡོ་རྗེ་མཱ་མ་ཀཱི་མ་སྟེ༔ ཐབས་ཤེས་གཉིས་སུ་མེད་པའི་བྱིན་རླབས་ཀྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཧཱུྃ་བཛྲ་ཨཀྵོ་བྷྱཿམཱཾ་ཨ་བྷི་ཥིཉྩ་ཧཱུྃ༔ ང་རྒྱལ་རྣམ་དག་མཉམ་ཉིད་ཡེ་ཤེས་ཏེ༔ རིན་ཆེན་འབྱུང་ལྡན་སངས་རྒྱས་སྤྱན་མ་སྟེ༔ ཐབས་ཤེས་གཉིས་སུ་མེད་པའི་བྱིན་རླབས་ཀྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྭཱ་རཏྣ་སཾ་བྷ་བ་ཏྲཱཾ་ལཱཾ་ཨ་བྷི་ཥིཉྩ་ཧཱུྃ༔ འདོད་ཆགས་རྣམ་དག་སོར་རྟོག་ཡེ་ཤེས་ཏེ༔ སྣང་བ་མཐའ་ཡས་ན་བཟའ་དཀར་མོ་སྟེ༔ ཐབས་ཤེས་གཉིས་སུ་མེད་པའི་བྱིན་རླབས་ཀྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨཱཾ་ཨ་མི་དྷེ་ཝ་ཧྲཱིཿཔཱཾ་ཨ་བྷི་ཥིཉྩ་ཧཱུྃ༔ ཕྲག་དོག་རྣམ་དག་བྱ་གྲུབ་ཡེ་ཤེས་ཏེ༔ དོན་ཡོད་གྲུབ་པ་དམ་ཚིག་སྒྲོལ་མ་སྟེ༔ ཐབས་ཤེས་གཉིས་སུ་མེད་པའི་བྱིན་རླབས་ཀྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཧཱ་ཨ་མོ་གྷ་སིདྡྷི་ཏཱཾ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཁྲོ་བོ་བཀའ་བརྒྱད་ཀྱི་སྐུ་རྟེན་ཙཀ་ལི་རྣམས་ཀྱི་དབང་བསྐུར་བ་ནི༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ གནམ་ཞལ་དབྱིངས་ཕྱུག་ཡུམ་དང་གཉིས་མེད་འཁྲིལ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྐུ་ལྔ་ཡོན་ཏན་ལྷུན་གྱིས་གྲུབ་པར་ཤོག༔ ཨཱོྃ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེ་གཤེད༔ བེ་ཏཱ་ཙཱ་ཏི་ཡུམ་དང་གཉིས་མེད་འཁྲིལ༔ སྐལ་ལྡན་རིགས་ཀྱི༴ སྐུ་ལྔ་ལྷུན་གྱིས་གྲུབ་པའི་དབང་ཐོབ་ཤོག༔ ཨཱོྃ་ཡ་མཱན་ཏ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་རྟ་མགྲིན་དབང་གི་ལྷ༔ ཨེ་ཀ་ཙཱ་ཏི་ཡུམ་དང་གཉིས་མེད་འཁྲིལ༔ སྐལ་ལྡན་རིགས་ཀྱི༴ གསུང་དབྱངས་དྲུག་ཅུ་ལྷུན་གྱིས་རྫོགས་པར་ཤོག༔ ཨཱོྃ་ཧ་ཡ་གྲཱི་ཝ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་བཛྲ་ཧེ་རུ་ཀ༔ གཉིས་མེད་ཀྲོ་ཏཱི་ཤྭ་རཱི་ཡུམ་དང་སྦྱོར༔ སྐལ་ལྡན་རིགས་ཀྱི༴ ཐུགས་མཆོག་ཡེ་ཤེས་རྣམ་ལྔ་རྫོགས་པར་ཤོག༔ ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་གཉིས་མེད་འཁྲིལ༔ སྐལ་ལྡན་རིགས་ཀྱི༴ མངོན་སྤྱོད་ཕྲིན་ལས་ཡོངས་རྫོགས་འགྲུབ་པར་ཤོག༔ ཨཱོྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་བླ་མེད་ཧེ་རུ་ཀ༔ ཡུམ་ཆེན་ཉིད་བཞི་མུ་ཁ་ལེ་དང་འཁྲིལ༔ སྐལ་ལྡན་རིགས་ཀྱི༴ མ་མོ་མཁའ་འགྲོ་དབང་དུ་སྡུད་པར་ཤོག༔ ཨཱོྃ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཀྲོ་ཏཱི་ཤ་རཱི་མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་རིག་འཛིན་རྡོ་རྗེ་ཆོས༔ གཉིས་མེད་ཡུམ་ཆེན་རྡོ་རྗེ་རྣལ་འབྱོར་འཁྲིལ༔ སྐལ་ལྡན་རིགས་ཀྱི༴ ནུས་མཐུ་བྱིན་རླབས་ཕུན་སུམ་ཚོགས་པར་ཤོག༔ ཨཱོྃ་བཛྲ་གྷུ་རུ་སརྦ་ཡོ་གི་ནཱི་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་དྲེགས་པ་ཀུན་འདུལ་གཙོ༔ གཉིས་མེད་ཡུམ་ཆེན་ཁམས་གསུམ་སྤྱི་འདུལ་འཁྲིལ༔ སྐལ་ལྡན་རིགས་ཀྱི༴ ཁམས་གསུམ་དྲེགས་པ་དབང་དུ་སྡུད་པར་ཤོག༔ ཨཱོྃ་བཛྲ་ཙཎྜ་སརྦ་དུཥྚཱན་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་སྟོབས་ལྡན་ཀཱ་ལ་ལ༔ གཉིས་མེད་ཡུམ་ཆེན་འབྱུང་ལྔའི་བདག་མོ་འཁྲིལ༔ སྐལ་ལྡན་རིགས་ཀྱི༴ བསྟན་པའི་དགྲ་བགེགས་ཐམས་ཅད་སྒྲོལ་བར་ཤོག༔ ཨཱོྃ་བཛྲ་སརྦ་དུཥྚཱན་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་རྒྱལ་བ་ཞི་ཁྲོ་བཀའ་བརྒྱད་ཀྱི་ལྷ་ཚོགས་རྣམས་སློབ་མའི་ལུས་ལ་ཐིམ་པས༔ སློབ་མ་རྒྱལ་བ་ཞི་ཁྲོའི་སྐུར་གྱུར་པར་བསམ༔ དེ་ནས་མཐིང་ཤོག་ལ་ཞི་ཁྲོའི་ལྷ་ཚོགས་ཀྱི་རྩ་སྔགས་དང༔ ཨཱ་ལི་ཀཱ་ལི་དང་རྟེན་འབྲེལ་སྙིང་པོ་རྣམས་རིན་པོ་ཆེ་སྣ་ལྔས་བྲིས་པ་སྤྱི་བོར་བཞག་ལ༔ ཧཱུྃ༔ རྒྱལ་བ་ཞི་ཁྲོ་བཀའ་བརྒྱད་ཀྱི༔ གཟུངས་སྔགས་སྙིང་པོ་གསང་བའི་སྒྲ༔ ཐབས་ཤེས་ཨཱ་ལི་ཀཱ་ལི་དང༔ རྟེན་འབྲེལ་སྙིང་པོའི་ཆོས་ཀྱི་སྒོ༔ བརྒྱད་ཁྲི་བཞི་སྟོང་དབང་མཆོག་འདི༔ སྐལ་ལྡན་བུ་ཡིས་ཐོབ་པར་ཤོག༔ ཨཱོྃ་ཧཱུྃ་ཧཱུྃ་ན་མཿས་མནྟ་བྷ་དྲ་ཨཱཿཧཱུྃ༔ ཨཱོྃ་བཻ་རོ་ཙ་ན་མཱུཾ་དྷཱ་ཏྭཱི་ཤྭ་རཱི༔ ཨཱོྃ་བཛྲ་ཨཀྵོ་བྷྱཿམཱཾ་མོ་ཧ་ར་ཏི༔ ཨཱོྃ་རཏྣ་སཾ་བྷ་ཝ་ཏྲཱཾ་ལཱཾ་དྭེ་ཥ་ར་ཏི༔ ཨཱོྃ་ཨ་མི་དྷེ་ཝ་ཧྲཱིཿཔཱཾ་རཱ་ག་ར་ཏི༔ ཨཱོྃ་ཨ་མོ་གྷ་སིདྡྷི་ཏཱཾ་བཛྲ་ར་ཏི༔ ཨཱོྃ་མ་ཧཱ་ཀྲོ་ཏ་ཤྲཱི་ཧེ་རུ་ཀ་ཀྲོ་ཏཱི་ཤྭ་རཱི་ཧཱུྃ་ཕཊ༔ ཨཱོྃ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཨཱོྃ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཨཱོྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཨཱོྃ་གྷུ་ཧྱ་ཛྙཱ་ན་ཧེ་རུ་ཀ་ཀྲོ་ཏཱི་ཤྭ་རཱི་མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཨཱོྃ་མ་ཧཱ་གྷུ་རུ་སརྦ་ཡོ་གི་ནཱི་ཧཱུྃ་ཕཊ༔ ཨཱོྃ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཨཱོྃ་བཛྲ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཱེ༔ ཨོ་ཨཱོ༔ ཨཾ་ཨ༔ ཀ་ཁ་ག་གྷ་ང༔ ཙ་ཚ་ཛ་ཛྷ་ཉ༔ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ་ཀྵ༔ ཨཱོྃ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱཿཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏེ་ཧྱ་བ་དཏ྄་ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ༔ ཕ་ཕཱ༔ ཕི་ཕཱི༔ མ་མཱ༔ མི་མཱི༔ བ་བཱ༔ བི་བཱི༔ ཉ་ཉཱ༔ ཉི་ཉཱི༔ ཀ་ཁ་ག་གྷ་ང༔ ཙ་ཙཱ༔ ཚ་ཚཱ༔ ཊཊཱ༔ ཐ་ཐཱ༔ པ་པཱ་ནཱ༔ ཁ་ཙ་ཊ་ཏ་ཕ་ཡ་སྭཱ་ཧཱ༔ ཀ་གྷ་བྷ་ཙ༔ ར་རཱ༔ ལི་ལཱི༔ ཨཾ་ཨཻ༔ ཨ་ཨཱ༔ ཨ་ཏ་ལི་ཧ༔ ཨུ་དྷ་རཾ་ཡཾ་ཎཾ༔ ན་ཛ་ཊི་ས་ཁ་རཾ་ཡཾ༔ ཧ་ཧེ་ཧོ༔ ཞེས་བརྗོད་ལ་གཙོ་བུམ་ནས་ཆུ་ཐིགས་པ་རེ་སློབ་མའི་གནས་བཞིར་བླུག་ཅིང་ཁྲུས་བྱའོ༔ དེ་ནས་སླར་བུམ་པ་སློབ་མའི་སྤྱི་བོར་བཞག་ལ༔ ཧཱུྃ༔ རྣམ་པར་རྒྱལ་བ་བུམ་པའི་གཞལ་ཡས་ཁང༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་གསལ་བར་བཞུགས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཆུ་ལ་ཆུ་ཐིམ་ལྟ་བུར་དབྱེར་མེད་ཤོག༔ ཨཱོྃ་ཧཱུྃ་བཛྲ་ཙིཏྟ་ཨཱ༔ ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཤྲཱི་ཧེ་རུ་ཀ་ཀྲོ་ཏཱི་ཤྭ་རཱི་དྷེ་ཝ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་དབུ་རྒྱན་བསྐོན་ལ༔ ཧཱུྃ༔ སྙིང་པོ་ཕྱག་མཚན་ལྷ་ལས་བསྐྱེད་པ་ཡི༔ བདེ་གཤེགས་རྒྱལ་བ་རིགས་ལྔ་རིགས་ཀྱི་ལྷས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྐུ་ལྔ་ཡེ་ཤེས་རྣམ་པ་ལྔ་ཐོབ་ཤོག༔ ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ༔ རཏྣ་མུ་ཀུཊ་ཨ་བྷི་ཥིཉྩ་མཱཾ༔ རྡོ་རྗེ་དྲིལ་བུ་གཏད་ལ༔ ཧཱུྃ༔ མི་འགྱུར་སྐུ་ལྔ་ཡེ་ཤེས་རྡོ་རྗེ་གསོར༔ སངས་རྒྱས་དབྱངས་སུ་རྗེས་སུ་འགྲོ་བའི་དྲིལ༔ ཐབས་དང་ཤེས་རབ་ཟུང་འཇུག་དབང་བསྐུར་བས༔ དབྱེར་མེད་བདེ་ཆེན་ལམ་ལ་སྤྱོད་པར་ཤོག༔ ཨཱོྃ་བཛྲ་གྷཎྜེ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བདུད་རྩི་གཏད་ལ༔ སྐུ་ལྔ་ལྷུན་གྲུབ་རིགས་ལྔའི་ངོ་བོ་ཉིད༔ རྩ་བརྒྱད་སྟོང་སྦྱར་བདུད་རྩི་ཨ་མྲྀཏ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཉོན་མོངས་དུག་ལྔ་སྐུ་ལྔར་གྲོལ་བར་ཤོག༔ ཨཱོྃ་སརྦ་པཉྩ་ཨ་མྲྀཏ་ཀུནྜ་ལཱི་ཨ་བྷི་ཥིཉྩ་མཱཾ༔ རཀྟ་གཏད་ལ༔ སྲིད་གསུམ་རྣམ་དག་ཡུམ་གྱི་བྷ་ག་རུ༔ འདོད་ཆགས་རྣམ་དག་པདྨ་རཀྟ་བསྐྱིལ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུད་པར་ཤོག༔ ཨཱོྃ་མ་ཧཱ་རཀྟ་ཛྭ་ལ་ཨ་བྷི་ཥིཉྩ་མཱཾ༔ གཏོར་མ་གཏད་ལ༔ དཔལ་གྱི་གཏོར་མ་བཅུད་ལྡན་བདུད་རྩི་ཆེ༔ མཛེས་པའི་དཀར་དང་དམར་གྱི་རྒྱན་གྱིས་སྤྲས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ མཆོག་དང་ཐུན་མོང་དངོས་གྲུབ་གཉིས་ཐོབ་ཤོག༔ དེ་ནས་དབང་རྟགས་ཀྱི་ཅོད་པན་སྤྱི་བོར་བཏགས་ལ༔ ཧཱུྃ༔ རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་དམ་པ་འདིར༔ དབང་བསྐུར་རྟགས་མཚོན་དངོས་གྲུབ་ཅོད་པན་འདིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཕྲིན་ལས་སྣང་བ་ཐོགས་མེད་ཐོབ་པར་ཤོག༔ ཨཱོྃ་སུ་པྲ་ཏིཥྛ་བཛྲ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར་པས་ལུས་ཀྱི་སྒྲིབ་པ་དག༔ བུམ་པའི་དབང་ཐོབ༔ ལུས་བསྐྱེད་རིམ་སྒོམ་པ་དང༔ ངག་བཟླས་པ་བྱེད་པ་ལ་དབང༔ འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་རྟེན་འབྲེལ་བསྒྲིགས་པའོ༔ དེ་ནས་གསང་བའི་དབང་བསྐུར་བ་ནི༔ བླ་མ་ལ་མཎྜལ་ཕུལ་ལ༔ དཀྱིལ་འཁོར་ལ་བསྐོར་བ་བྱས་ཏེ་འདི་སྐད་ཞུ༔ བླ་མ་རྒྱལ་བ་ཞི་ཁྲོ་དགོངས༔ བདེ་སྟོང་ཟུང་དུ་འཇུག་པའི་དབང༔ གསང་དབང་དམ་ཚིག་མཆོག་སྩོལ་ཕྱིར༔ བདག་ལ་ཐུགས་རྗེས་བསྩལ་དུ་གསོལ༔ ཅེས་ཞུས་རྗེས་བླ་མས་གནང་བ་སྦྱིན་ཏེ༔ བླ་མེད་གསང་བ་སྔགས་ཀྱི་དཀྱིལ་འཁོར་འདིར༔ འཇུག་པར་དཀའ་ལ་ཉམས་ན་ཉེས་དམིགས་ཆེ༔ ལས་དང་སྐལ་བར་ལྡན་པ་མ་གཏོགས་པ༔ ལོག་རྟོག་གསང་བར་མི་དབང་ཕྱིར་དེངས་ཤིག༔ ཅེས་པའི་ལན་དུ་སློབ་མས༔ གསང་བ་བླ་མེད་སྔགས་ཀྱི་དཀྱིལ་འཁོར་དུ༔ བདེ་སྟོང་ཡེ་ཤེས་དངོས་གྲུབ་སྩོལ་བའི་ཕྱིར༔ བླ་མའི་བཀའ་ལས་མི་འདའ་དམ་ཚིག་བསྲུང༔ ས་མ་ཡ་ན་ར་ཀན༔ དེ་ནས་སློབ་མ་ལ་ཡེ་ཤེས་དབབ་སྟེ༔ སློབ་མ་ལངས་ལ་ཐལ་མོ་སྤྱི་བོར་སྦྱར༔ དཔལ་རྟ་མགྲིན་དུ་བསྒོམས་པའི་སྙིང་གར་པདྨ་འདབ་བརྒྱད་དམར་པོ༔ དེའི་སྟེང་དུ་གཡུང་དྲུང་དགའ་བ་འཁྱིལ་བ་ཆོས་འཁོར་དུ་འཁོར་བ༔ དེའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ༔ རྡོ་རྗེ་ཕག་མོ་ནས་འབྲས་ཙམ་གར་བྱེད་པ་ལ་དམིགས་པ་གཏད་ལ༔ བླ་མས་ཐོད་རྔ་འཁྲོལ་ཞིང་དབྱངས་སྙན་པོས༔ ཀྱེ་ཧོ་ལས་ཅན་རིགས་ཀྱི་བུ༔ སྙིང་གར་མཁའ་འགྲོ་འཁྲབ་པ་ལ༔ ཡེངས་མེད་རྩེ་གཅིག་དེ་ལ་ལྟོས༔ དེ་ནས་ལུས་ཀུན་ཁྱབ་པར་སྒོམས༔ ཞེས་ཡེ་ཤེས་དབབ༔ དེ་ནས་བར་དུ་ཡོལ་བས་བཅད་ནས༔ བླ་མ་ཡབ་ཡུམ་སྙོམས་པར་ཞུགས༔ འཁོར་ལོ་ལྔའི་བདེ་བ་དབབ་ལ་མཁའ་གསང་དུ་བབས་པ་དང་མེ་ལོང་གིས་བླངས་ཐོད་པའི་བདུད་རྩི་དང་སྦྱར་ཏེ༔ སློབ་མའི་ཁར་བླུགས་པས་རྩ་ཁམས་ཐམས་ཅད་དཔའ་བོ་མཁའ་འགྲོ་ཏིལ་གྱི་གོང་བུ་ཁ་ཕྱེས་པ་ལྟར་གང་བ་རྣམས་དྭངས་མའི་བདེ་བས་མཉེས་པར་བསྒོམས་ལ༔ ཚིག་འདིས་དབང་བསྐུར༔ གསང་བའི་དམ་ཚིག་ཡེ་ཤེས་མཆོག་ཆེན་པོ༔ བདེ་བའི་རང་བཞིན་དགའ་བ་མཆོག་ཏུ་ཆེ༔ རྩ་ཁམས་དག་པའི་རང་བཞིན་ལྷ་ཡི་ཚོགས༔ རབ་མཉེས་བདེ་བའི་རང་བཞིན་སྟོང་པར་ལྟོས༔ ཨ་ཧོཿསུ་ཁ་དྷརྨ་མུ་དྲ་གྷུ་ཡ་ས་མ་ཡ་ཧོ༔ ཞེས་དབང་བསྐུར་པས་ངག་སྒྲིབ་དག༔ གསང་བའི་དབང་ཐོབ༔ རང་བྱིན་གྱིས་བརླབ་པ་ལ་དབང༔ འབྲས་བུ་ལོངས་སྤྱོད་རྫོགས་སྐུ་ཐོབ་པའི་རྟེན་འབྲེལ་བསྒྲིགས་པའོ༔ ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི༔ ཡོལ་བའི་ནང་དུ་བླ་མ་ལ་མཎྜལ་འབུལ༔ ཕྱག་རྒྱ་མཚན་དང་ལྡན་པ་རྒྱན་གྱིས་བརྒྱན་པ་ཕུལ་ལ་ཕྱག་གསུམ་བྱས་ལ་གསོལ་བ་གདབ་པ་ནི༔ ཀྱེ་ཧོ་རྒྱལ་བ་ཞི་ཁྲོ་དགོངས༔ མཚན་ལྡན་ཡིད་འོང་ལྷ་མོ་འདི༔ བདེ་སྟོང་ཡེ་ཤེས་དབང་བསྐུར་ཕྱིར༔ གུས་པའི་ཚུལ་གྱིས་ཁྱེད་ལ་འབུལ༔ བདེ་ཆེན་ཡང་དག་བསྩལ་དུ་གསོལ༔ ཅེས་གསོལ་བ་གདབ༔ གོང་ལྟར་ཡེ་ཤེས་པ་ཕབ་ལ༔ བླ་མས་ཕྱག་རྒྱ་དང་མཉམ་དུ་རོལ་ཏེ་བྱང་སེམས་བདུད་རྩི་ལྕེ་ལ་བཞག་སྟེ༔ ཧོ༔ བདེ་བ་མཆོག་གི་རང་བཞིན་བརྗོད་མི་ཤེས༔ སྨྲ་བསམ་བརྗོད་དང་བྲལ་བ་ཆོས་ཀྱི་སྐུ༔ སྟོང་པ་ཉིད་དང་དབྱེར་མི་ཕྱེད་པ་སྟེ༔ སྲེད་ཞེན་སྤོངས་ལ་བདེ་བ་མཆོག་ལ་སྦྱོངས༔ ཞེས་ཕྱག་རྒྱ་སློབ་བུ་ལ་གཏད༔ དེ་ནས་ཕྱག་རྒྱས་འདི་སྐད་བརྗོད༔ ཧོ༔ ང་ཡི་བྷ་ག་གསང་ཆེན་འདི༔ དུས་གསུམ་རྒྱལ་བའི་གཤེགས་ཤུལ་ཏེ༔ བུ་ཁྱོད་བདེ་བ་མཆོག་འདོད་ན༔ འདི་ལས་སླར་ཡང་ལྕེ་ལ་ལོངས༔ ཞེས་བརྗོད་པས༔ སློབ་བུས་གུས་པའི་ཚུལ་གྱིས༔ ཧོ༔ བདེ་བའི་རང་བཞིན་ཤེས་རབ་མ༔ སྟོང་དང་སྙིང་རྗེ་དབྱེར་མི་ཕྱེད༔ པདྨ་ལས་ནི་ལྕེས་ལེན་པར༔ བདག་ནི་གུས་པས་ཅིས་མི་ལེན༔ ཞེས་བྷ་གའི་ཕུགས་ནས་དྭངས་མ་གཡའ་དཀར་དང་བཅས་པ་བླངས་པ་མིད་ཅིང༔ རླུང་བཟུང་ནས་ལུས་སྤྲུགས་པས༔ ལུས་ཀྱི་བཀྲག་མདངས་རྒྱས་པར་འགྱུར་རོ༔ དེ་ནས་བླ་མས་ཕྱག་རྒྱའི་སྲིན་ལག་ནས་བཟུང་སྟེ༔ སློབ་བུའི་ལག་ཏུ་གཏད་དེ༔ ཧོ༔ སངས་རྒྱས་ཀུན་སྐྱེད་བདེ་བའི་ལམ༔ བུད་མེད་མ་སྤོངས་དང་དུ་ལོངས༔ འདི་མེད་སྔགས་ཀྱི་དམ་ཚིག་ཉམས༔ དེ་བས་མཚན་ལྡན་དང་དུ་ལོངས༔ ཞེས་བརྗོད་ཅིང་བདུད་རྩི་ཁར་བླུད༔ དེ་ནས་སློབ་མ་དེ་དབེན་པའི་གནས་སུ་ཕྱག་རྒྱའི་མཁའ་གསང་བལྟ་བ་དང༔ ནུ་མ་མཉེ་བ་འོ་དང་འཁྱུད་པ་ལ་སོགས་བདེ་བ་གཡོ་བའི་ཐབས་བྱས་ཏེ༔ མཁའ་གསང་བྱིན་གྱིས་བརླབས་ལ་སྙོམས་པར་འཇུག་གོ༔ བདེ་བ་མཆོག་གཡོས་པའི་ངོ་བོ་ལྟ་ཞིང་གཟུང༔ འཁོར་ལོ་བཞི་རིམ་པར་དབབ་ཚོད་དང་སྦྱར་ལ༔ དགའ་བ༔ མཆོག་དགའ༔ ལྷན་སྐྱེས་ཀྱི་དགའ་བ༔ བདེ་སྟོང་གི་དགའ་བྲལ་བཞི་ངོས་མ་ཟིན་གྱི་བར་དུ་བལྟ་བར་བྱའོ༔ དེ་ལྟར་དབང་བསྐུར་པས་ཡིད་ཀྱི་སྒྲིབ་པ་དག༔ རྩ་འཁོར་ཐིག་ལེ་བསྒོམ་པ་ལ་དབང༔ ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ ཆོས་སྐུ་ཐོབ་པའི་རྟེན་འབྲེལ་བསྒྲིགས་པའོ༔ དེ་ནས་དབང་བཞི་པ་ཚིག་དབང་རིན་པོ་ཆེ་བསྐུར་བ་ནི༔ སློབ་བུས་གསེར་གྱི་མཎྜལ་ཕུལ༔ ཕྱག་འཚལ་གསོལ་བ་གདབ་བོ༔ ཀྱཻ༔ བླ་མ་རྒྱལ་བ་ཞི་ཁྲོ་དགོངས༔ སེམས་ཉིད་རང་གསལ་ཆོས་ཀྱི་སྐུ༔ དེ་ཉིད་དོན་རྟོགས་བཞི་པའི་དབང༔ བདག་ལ་ཐུགས་རྗེས་གཟུང་དུ་གསོལ༔ དེ་ནས་ཡེ་ཤེས་དབབ་བོ༔ སློབ་བུའི་སྙིང་གར་ཉི་མའི་དཀྱིལ་འཁོར༔ དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར༔ དེའི་སྟེང་དུ་རྒྱལ་བ་ཞི་ཁྲོའི་ངོ་བོ་ཨ་དཀར་པོ་སྲན་མ་ཙམ་ཡེ་ཤེས་ཀྱི་འོད་ལྔ་འཕྲོ་བའི་སྟོབས་ཀྱིས་སློབ་མའི་ལུས་ནམ་མཁའ་ལ་ཡེ་རེ་རེ་ཡོད་པར་བསྒོམས་ལ༔ མེ་ལོང་སྤྱི་བོར་བཞག་སྟེ༔ ཧོ༔ ཨ་ནི་སྐྱེ་བ་མེད་པ་ལ༔ སེམས་ཉིད་གསལ་དྭངས་ཆོས་ཀྱི་སྐུ༔ ནམ་མཁའི་ཀློང་ནས་རང་གསལ་བ༔ བལྟས་པས་མི་མཐོང་ངང་དུ་ཞོག༔ ལུས་ནི་ཡེ་ཤེས་ལྔ་ཡི་ལུས༔ གདོད་ནས་མ་སྐྱེས་ཆོས་སྐུ་ཡིན༔ བརྗོད་མེད་བློ་བྲལ་རང་མདངས་ཉིད༔ ནམ་མཁའི་དབྱིངས་སུ་ཕྱལ་ཕྱལ་ཐོངས༔ ཤར་ལྷོ་ནུབ་བྱང་ནམ་མཁའ་ལ༔ ཁྱེད་ཀྱིས་སེམས་འདི་ཐོགས་མེད་ཐོངས༔ བཏང་ཚེ་ཕྱི་ནང་འགྲོ་འོང་མེད༔ འགྲོ་བར་སྙམ་ཡང་རང་གི་སེམས༔ སེམས་ནི་ངེས་གཟུང་འཛིན་པ་བྲལ༔ ངོ་བོ་སྟོང་ལ་རང་བཞིན་གསལ༔ ཐུགས་རྗེའི་འཆར་སྒོ་མ་འགགས་པ༔ དེ་ཡི་རང་བཞིན་ངང་དུ་ལྟོས༔ སྨྲ་བསམ་བརྗོད་མེད་ས་ལེ་བ༔ ངེས་པའི་ཤེས་རིག་གསལ་མདངས་ཅན༔ གསལ་རིག་སྟོང་ལ་ཧྲིག་གེ་བ༔ དེ་དོན་སྟོང་གསལ་ངང་དུ་ཞོག༔ ཅེས་དབང་བསྐུར་པས༔ ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག༔ ལམ་རྫོགས་རིམ་བསྒོམ་པ་ལ་དབང༔ ཚིག་དབང་ཐོབ༔ ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་རྟེན་འབྲེལ་བསྒྲིགས་པའོ༔ དེ་ནས་ཐོད་རྒལ་རིག་པའི་རྩལ་དབང་བསྐུར་བ་ནི༔ སློབ་བུའི་ལུས་ངག་ཡིད་གསུམ་རྒྱུ་ནོར་ཁ་རྗེ་དབང་ཐང་དང་བཅས་པ་མཎྜལ་དུ་ཕུལ༔ ལུས་གཅེར་བུར་ཕྱུང་སྟེ་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་བ་གདབ་པའོ༔ ཀྱཻ༔ བླ་མ་རྒྱལ་བ་ཞི་ཁྲོ་དགོངས༔ སེམས་ཉིད་མངོན་སུམ་ཆོས་ཀྱི་སྐུ༔ སྒྲིབ་གཡོགས་མེད་པར་སྣང་བྱེད་པ༔ ཆོས་ཉིད་མངོན་སུམ་རིག་པའི་དབང༔ བདག་ལ་ཐུགས་རྗེས་གཟུང་དུ་གསོལ༔ དེ་ནས་སློབ་མ་ཞོགས་པ་ཉི་མ་རྩེ་ཤར་ལ་གནས་དབེན་པའི་གནས་སུ༔ གན་རྐྱལ་དུ་མིག་གཉིས་ཟིམ་བུས་ཉི་མའི་དཀྱིལ་འཁོར་ནས་ཁྲུ་གང་ཙམ་གྱི་འོག་ཏུ་བལྟར་བཅུག་པས༔ ཐིག་ལེ་འཇའ་འོད་ལུ་གུ་རྒྱུད་ལ་སོགས་པ་འོད་ལྔ་སྣ་ཚོགས་པ་གསལ་ཞིང་དྭངས་པར་འཆར་རོ༔ ཡང་ན་ལུས་དྲང་སྲོང་གི་འདུག་སྟངས་ཀྱིས་མིག་ཟིམ་བུས་བལྟས་པས་འཆར་སྒོ་རྣམས་འབྱུང་བས༔ ངོ་སྤྲད་ཅིང་རྡོ་རྗེ་སེམས་དཔའི་མེ་ལོང་སྤྱི་བོ་དང་མིག་གཉིས་སུ་བཞག་ལ༔ ཧཱུྃ༔ སྐལ་ལྡན་བུ་ཁྱོད་སཱུརྻའི་འོད་ཟེར་དང༔ རྡུལ་བྲལ་ནམ་མཁའི་དབྱིངས་ལ་ལྟོས༔ ཆོས་ཉིད་མངོན་སུམ་སྐུར་སྣང་བ༔ ཡེངས་མེད་དེ་ཡི་སྐུ་ལ་ལྟོས༔ སྣང་ལ་སྟོང་པ་ཆོས་ཀྱི་སྐུ༔ ཀུན་ཁྱབ་རྡོ་རྗེ་ལུ་གུ་རྒྱུད༔ རང་གི་སྙིང་དཀྱིལ་གདོད་ནས་བཞུགས༔ རྒྱུན་དུ་མ་ཡེངས་སུས་སྒོམ་པ༔ མཐོང་གྲོལ་འོད་ཕུང་ཀློང་དུ་ཐིམ༔ བཅོས་མིན་དེ་ཡི་ངང་ལ་ཞོག༔ ཅེས་དབང་བསྐུར་པས༔ ཐོད་རྒལ་རིག་པའི་རྩལ་དབང་ཐོབ༔ ཤེས་སྒྲིབ་བག་ཆགས་དང་བཅས་པ་དག༔ རང་སེམས་ཆོས་ཀྱི་སྐུ་ལ་གྲོལ་བས༔ ལམ་རྫོགས་པ་ཆེན་པོ་རང་བཞིན་འོད་གསལ་བསྒོམ་པ་ལ་དབང༔ མི་འགྱུར་བ་རྡོ་རྗེའི་སྐུ་ཐོབ་པའི་རྟེན་འབྲེལ་བསྒྲིགས་པའོ༔ དེ་ནས་མཎྜལ༔ ཚོགས་འཁོར་མཆོད་གཏོར་འབུལ༔ གཏང་རག་ཏུ་གསེར་གྱི་མཎྜལ་དབང་ཡོན་དུ་འབུལ༔ བསྔོ་བ་སྨོན་ལམ་གདབ༔ བཤགས་པ་བྱ༔ བཀྲ་ཤིས་རྒྱས་པར་བརྗོད་པ་སོགས་བྱའོ༔ འདི་ནི་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུའི་ཁོང་སྙིང་ཕྱུང་སྟེ༔ ཚིག་ཉུང་ངུར་བྱས་པ༔ ཁ་ཆེའི་པཎྜི་ཏ་བྱེ་མ་མི་ཏྲ་བདག་གིས་བགྱིས་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཉང་བན་བདག་གིས་པཎ་ཆེན་གསུང་བཞིན་ཡི་གེར་བཀོད་པའོ༔ ཕྱི་རབས་སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཞྭའི་མགོན་པོ་དམ་ཚིག་ཅན་ལ་གཏད་དོ་ཐུབ་པར་སྲུངས་ཤིག༔ ༼ག༽ ༄༅༔ རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་ཡང་ཟབ་བསྡུས་པའི་སྙིང་པོ་ལས༔ སྐུ་གསུམ་སངས་རྒྱས་ཞི་ཁྲོའི་སྒྲུབ་ཐབས་བཞུགས་སོ༔ རྒྱ་གར་སྐད་དུ༔ ཀཱ་ཡ་ཏ་རི་བུདྡྷ་ཤཱནྟིཾ་ཀྲོ་ཏ་སཱ་དྷ་ནཱ་མ༔ བོད་སྐད་དུ༔ སྐུ་གསུམ་སངས་རྒྱས་ཞི་ཁྲོའི་སྒྲུབ་ཐབས་ཞེས་བྱ་བ༔ དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ སྐལ་ལྡན་གང་ཟག་རྣལ་འབྱོར་པས༔ རྒྱལ་བ་ཞི་ཁྲོའི་དབང་ཐོབ་ནས༔ རང་གཞན་དོན་གཉིས་བསྒྲུབ་པའི་ཕྱིར༔ ཡིད་འོང་དབེན་པའི་གནས་དག་ཏུ༔ ཕྱག་བདར་གཙང་མའི་སྤོས་ཀྱིས་བྱུག༔ སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་ཞིང༔ ཕྱི་ནང་གསང་མཆོད་སྨན་གཏོར་བཤམ༔ བགེགས་ལ་བཀའ་བསྒོ་སྲུང་འཁོར་བསྒོམ༔ བདེ་བའི་སྟན་ལ་འདུག་ནས་ནི༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་སོང་ལ༔ ཤཱུནྱའི་སྔགས་ཀྱིས་སྣང་གྲགས་ཀུན༔ སྟོང་ཞིང་བདག་མེད་མ་རྟོགས་པའི༔ སེམས་ཅན་རྣམས་ལ་སྙིང་རྗེ་བསྒོམ༔ སྟོང་དང་སྙིང་རྗེའི་ངང་དེ་ལས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རང་རིག་ཡི་གེ་ཨ་དཀར་པོ༔ གསལ་བའི་མདངས་ལས་འོད་ཟེར་འཕྲོས༔ རྒྱལ་བ་རྣམས་ལ་མཉེས་མཆོད་འབུལ༔ སེམས་ཅན་ཀུན་གྱི་སྡིག་སྒྲིབ་སྦྱངས༔ ཚུར་འདུས་ཨ་ལ་ཐིམ་པ་ལས༔ རང་ཉིད་བཅོམ་ལྡན་རྡོ་རྗེ་སེམས༔ དྲི་མེད་དུང་མདོག་ཤེལ་ལྟར་དྭངས༔ ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་ཅན༔ ཕྱག་གཡས་གསེར་གྱི་རྡོ་རྗེ་དང༔ གཡོན་པ་དངུལ་དཀར་དྲིལ་བུ་བསྣམས༔ རིན་ཆེན་རྣམ་པ་མང་པོ་ཡི༔ དབུ་རྒྱན་སྙན་རྒྱན་མགུལ་རྒྱན་དང༔ ཕྱག་ཞབས་གདུ་བུ་སོར་གདུབ་དང༔ དོ་ཤལ་སྐ་རགས་རྒྱན་གྱིས་སྤྲས༔ དར་དཀར་སྣ་ཚོགས་ན་བཟའ་མཛེས༔ འཛུམ་པའི་མདངས་ལྡན་འཇའ་ཚོན་ཀློང༔ འོད་ཟེར་འཕྲོ་བའི་དབུས་ན་བཞུགས༔ དེ་ཡི་ཐུགས་དཀྱིལ་ཙིཏྟའིི་དབུས༔ ཐིག་ལེ་འཇའ་ཚོན་སྣ་ལྔའི་ཀློང༔ པདྨ་གེ་སར་ཟླ་གདན་ལ༔ སངས་རྒྱས་སྤྱི་མེས་ཀུན་ཏུ་བཟང༔ བཟང་མོ་ཡུམ་དང་གཉིས་མེད་སྦྱོར༔ སྐྱིལ་ཀྲུང་ཕྱག་གཉིས་མཉམ་གཞག་ཅན༔ ལོངས་སྤྱོད་རྫོགས་པའི་རྒྱན་གྱིས་སྤྲས༔ མཐིང་གསལ་ནམ་མཁའི་མདོག་ལྟ་བུ༔ འོད་དང་འོད་ཟེར་འཕྲོ་བར་བསྒོམ༔ རྣམ་སྣང་མི་བསྐྱོད་རིན་ཆེན་འབྱུང༔ དཔག་མེད་དོན་གྲུབ་རྒྱལ་བ་ལྔ༔ མཐིང་དཀར་སེར་དམར་ནེའུ་ཁའི་མདོག༔ རང་རང་ཡུམ་འཁྲིལ་སྐྱིལ་ཀྲུང་ཅན༔ འཁོར་ལོ་རྡོ་རྗེ་རིན་ཆེན་པད༔ རྒྱ་གྲམ་ཕྱག་མཚན་གཡས་ན་བསྣམས༔ གཡོན་པ་རང་རྟགས་དྲིལ་བུ་འཛིན༔ ལོངས་སྤྱོད་རྫོགས་པའི་རྒྱན་གྱིས་སྤྲས༔ གཙོ་ལ་འདུད་པའི་ཚུལ་དུ་བསྒོམ༔ གཞན་ཡང་སེམས་དཔའ་སེམས་མ་དང༔ སྤྲུལ་སྐུ་ཐུབ་དྲུག་སྒོ་བའི་ཚོགས༔ ཕྱག་མཚན་རྒྱན་དང་སྐུ་མདོག་སོགས༔ གསལ་ཞིང་དོད་པར་བསྒོམ་པར་བྱ༔ དེ་ཡི་མདངས་ལས་འོད་འཕྲོས་པ༔ དཔེར་ན་མན་ཤེལ་འཇའ་ཚོན་བཞིན༔ ཐོད་པ་དུང་ཁང་གཞལ་ཡས་སུ༔ ཁྲོ་བོའི་ལྷ་ཚོགས་བསྐྱེད་པ་ནི༔ གོ་རོ་ཙ་ནའི་དཀྱིལ་དབུས་སུ༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཧཱུྃ་དགུ་འཕྲོ་འདུ་ལས་བྱུང་བའི༔ དབུས་སུ་ཆེ་མཆོག་ཧེ་རུ་ཀ༔ སྨུག་ནག་ཞལ་གསུམ་ཕྱག་དྲུག་པ༔ རྡོ་རྗེ་རྩེ་གསུམ་རྩེ་ལྔ་དང༔ རྩེ་དགུ་རྭ་གདེངས་ཕྱག་གཡས་བསྣམས༔ སྐམ་རློན་རྙིད་པའི་བྷནྡྷའི་ནང༔ རཀྟ་ཁྲག་བཀང་གཡོན་དུ་འཛིན༔ ཞབས་བཞི་གྱད་ཀྱི་འདོར་སྟབས་བསྒྲད༔ གནམ་ཞལ་ཀྲོ་ཏཱི་ཡུམ་དང་སྦྱོར༔ དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྒྱན༔ འོད་ཟེར་མེ་ཡི་ཀློང་ན་བཞུགས༔ ཤར་དུ་དཔལ་ཆེན་ཡང་དག་ཐུགས༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ རྡོ་རྗེས་དུང་ཁྲག་དཀྲུགས་མཛད་ཅིང༔ ཞབས་གཉིས་འདོར་སྟབས་ཚུལ་གྱིས་རོལ༔ ལྷོ་རུ་འཇམ་དཔལ་གཤིན་རྗེ་གཤེད༔ སེར་ནག་ཞལ་གཅིག་ཕྱག་གཉིས་པ༔ བེ་ཅོན་འཁོར་ལོ་ཕྱག་ན་བསྣམས༔ ཞབས་གཉིས་བརྐྱང་བསྐུམ་འདོར་སྟབས་རོལ༔ ནུབ་ཏུ་དཔལ་ཆེན་པདྨ་གསུང༔ མདོག་དམར་ཞལ་གཅིག་ཕྱག་གཉིས་པ༔ རྡོ་རྗེས་དུང་ཁྲག་དཀྲུགས་ཤིང་རོལ༔ ཞབས་གཉིས་བརྐྱང་བསྐུམ་འདོར་སྟབས་ཅན༔ བྱང་དུ་དཔལ་ཆེན་ཕུར་པའི་ལྷ༔ ལྗང་ནག་ཞལ་གཅིག་ཕྱག་གཉིས་པ༔ རྡོ་རྗེ་ཕུར་པ་འདྲིལ་ཞིང་འདེབས༔ ཞབས་གཉིས་འདོར་སྟབས་ཚུལ་གྱིས་རོལ༔ ཤར་ལྷོར་བླ་མེད་ཧེ་རུ་ཀ༔ མཐིང་མདོག་ཞལ་གཅིག་ཕྱག་གཉིས་པ༔ རྡོ་རྗེ་དྲིལ་བུ་འཁྲོལ་ཞིང་འཛིན༔ ཞབས་གཉིས་བརྐྱང་བསྐུམ་འདོར་སྟབས་རོལ༔ ལྷོ་ནུབ་རིག་འཛིན་རྡོ་རྗེ་ཆོས༔ མཐིང་མདོག་ཞལ་གཅིག་ཕྱག་གཉིས་པ༔ རྡོ་རྗེ་གསོར་ཞིང་དྲིལ་བུ་གསིལ༔ ཞབས་གཉིས་བརྐྱང་བསྐུམ་གར་གྱིས་རོལ༔ ནུབ་བྱང་དྲེགས་པ་ཀུན་འདུལ་ནི༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ རྡོ་རྗེ་རྩེ་དགུ་བྷན་དམར་བསྣམས༔ ཞབས་གཉིས་བརྐྱང་བསྐུམ་འདོར་སྟབས་ཅན༔ བྱང་ཤར་སྟོབས་ལྡན་ཧ་ལའི་སྐུ༔ མདོག་ནག་ཞལ་གཅིག་ཕྱག་གཉིས་པ༔ རྡོ་རྗེས་དུང་ཁྲག་དཀྲུགས་ཤིང་གསོལ༔ ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་རོལ༔ ཀུན་ཀྱང་རང་རང་ཡུམ་དང་སྦྱོར༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ༔ གར་དགུའི་ཉམས་ལྡན་གསལ་ལ་འཚེར༔ རང་རང་སྲས་འཁོར་སྒོ་བའི་ཚོགས༔ མེ་དཔུང་དབུས་ན་བཞུགས་པར་བསྒོམ༔ གཞན་ཡང་དབང་པོའི་སྒོ་དགུ་དང༔ ཡན་ལག་བ་སྤུའི་བུ་ག་རྣམས༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས༔ ཏིལ་གྱི་གང་བུ་ཁ་ཕྱེས་ལྟར༔ མེར་མེར་ཁྲིག་ཁྲིག་གསལ་བར་བསྒོམ༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཀྱི༔ གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན༔ འོད་འཕྲོས་འོག་མིན་ཆོས་དབྱིངས་ནས༔ ལྷ་ཚོགས་སྐར་ཚོགས་འཁྲིགས་པ་ལྟར༔ སྤྱན་དྲངས་མདུན་གྱི་ནམ་མཁར་བྱོན༔ ཕྱི་ནང་གསང་གསུམ་སྨན་རཀ་དང༔ བྷ་ལིཾ་ཏ་ཡི་མཆོད་པའི་ཚོགས༔ དངོས་འབྱོར་ཡིད་ཀྱིས་སྤྲུལ་པས་མཆོད༔ ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཤཱནྟིཾ་ཀྲོ་ཏ་སརྦ་ཨརྒྷཾ༔ པཱ་དྱཾ༔ པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་བིདྱཱ༔ ཤབྡ༔ པཱུ་ཙ་ཧོ༔ མ་ཧཱ་པཉྩ་པཱུ་ཙ་ཧོ༔ མ་ཧཱ་བྷོ་དྷི་ཙིཏྟ་པཱུ་ཙ་ཧོ༔ པཉྩ་ཨ་མྲྀ་ཏ༔ རཀྟ་བྷ་ལིང་ཏ༔ སརྦ་པཱུ་ཙ་ཁཱ་ཧི༔ ཧཱུྃ༔ ཀུན་བཟང་རིགས་ལྔ་སེམས་དཔའ་བརྒྱད༔ ཡབ་ཡུམ་སྒོ་བ་རྣམ་པ་བཞི༔ སྤྲུལ་སྐུ་ཐུབ་པ་དྲུག་ལ་སོགས༔ ཐབས་ཤེས་ཟུང་འཇུག་འགྲོ་དྲུག་སྒྲོལ༔ ཞི་བའི་ལྷ་ལ་ཕྱག་འཚལ་བསྟོད༔ དུག་ལྔ་དུག་གསུམ་སྒྲོལ་བའི་ཕྱིར༔ ཐུགས་རྗེ་བྱམས་པའི་ངང་ཉིད་ལས༔ ལོག་རྟོག་འདུལ་ཕྱིར་ཧེ་རུ་ཀ༔ ཡབ་ཡུམ་སྲས་འཁོར་བཅས་ལ་བསྟོད༔ ཅེས་བརྗོད་གཉིས་སུ་མེད་པར་བསྟིམ༔ སླར་ཡང་ཐུགས་ལས་འོད་ཟེར་འཕྲོས༔ རིགས་ལྔའི་ལྷ་ཚོགས་སྤྱན་དྲངས་ལ༔ བུམ་པས་དབང་བསྐུར་ཆུ་རྒྱུན་བབས༔ སྐུ་གང་སྒྲིབ་དག་ལུད་པ་ལས༔ རྒྱལ་བ་རིགས་ལྔས་དབུ་བརྒྱན་བསམ༔ དེ་ལྟར་ཞི་ཁྲོའི་ལྷ་ཚོགས་ཀྱི༔ ཐུགས་སྲོག་ཧཱུྃ་ཡིག་མཐའ་སྐོར་དུ༔ གསང་སྔགས་འདི་ཉིད་ཧཱུྃ་ཡིག་གི༔ ཚུལ་དུ་གཡས་སྐོར་འཁོར་བར་བསྒོམ༔ ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཨཱ༔ ཨཱོྃ་ཧཱུྃ་སྭཱ་ཨཱཾཿཧཱ༔ མཱུཾ་མཱཾ་ལཱཾ་པཱཾ་ཏཱཾ༔ བྷོ་དྷི་སཏྭ་མུ་ནི༔ ཛཿཧཱུྃ་བཾ་ཧོ༔ ཨཱོྃ་བཛྲ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཀྲོ་ཏ་བཛྲ་ཡ་མཱནྟ་ཀ་པདྨཱནྟ་ཀྲྀཏ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཙཎྜ་དུཥྚཱན་ཀྲོ་ཏཱི་ཤྭ་རཱི་ཀརྨ་རཾ་རཾ་ཛྭ་ལ་རཾ་རཾ་ཧཱུྃ་ཕཊ༔ ཅེས་བཟླས་བྱེ་བ་གཅིག་གིས་འགྲུབ༔ ༈ ཡང་ན་རང་ཉིད་རྡོར་སེམས་སུ༔ བསྒོམས་པའི་ཙིཏྟ་དུང་ཁང་གི༔ རྒྱལ་བ་ཞི་ཁྲོའི་གནས་གསུམ་དུ༔ དཀར་དམར་མཐིང་གའི་ཐིག་ལེའི་ནང༔ ཨཱོྃ་དང་ཨཱཿདང་ཧཱུྃ་བསྒོམས་བསྒྲང༔ བསྙེན་པ་བསྐྱལ་ཞིང་ཐིག་ལེ་བལྟ༔ ཡང་ན་རྡོར་སེམས་ཞི་ཁྲོའི་ལྷ༔ ཝལ་གྱིས་བསམས་ལ་གྲགས་སྟོང་ངང༔ གསང་སྔགས་འདི་ཉིད་བཟླ་བར་བྱ༔ ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ༔ བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ༔ ཀྲོ་ཏཱི་ཤྭ་རཱི་ཧེ་རུ་ཀ་སརྦ་ཧཱུྃ་ཕཊ༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ མཱ་ར་ཡ་ཕཊ༔ ཅི་ལྟར་འདོད་པའི་ཤམ་བུ་གདགས༔ ཕྲིན་ལས་གང་འདོད་འགྲུབ་པར་འགྱུར༔ སྐབས་སུ་རིན་ཆེན་སྣོད་མཆོག་ཏུ༔ གཏོར་མ་འབྱོར་ཚོགས་བཟའ་བཏུང་བཤམ༔ ཆུ་ཆང་ཨ་མྲྀ་ཏ་ཡིས་བྲན༔ ཨཱོྃ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ༔ བླ་མ་དུས་གསུམ་སངས་རྒྱས་དང༔ ཡི་དམ་ཞི་ཁྲོའི་ཚོགས་ལ་འབུལ༔ ཨཱོྃ་ཨཱཿཧཱུྃ་གྷུ་རུ་བུདྡྷ་ཤཱནྟིཾ་ཀྲོ་ཏ་སརྦ་བྷ་ལིཾ་ཏ་གྷ་ཎ་ཙཀྲ་པཱུ་ཙ་ཧོ༔ ཨཱོྃ༔ ངོ་བོའི་སྐུ་ནི་མཐའ་དང་བྲལ༔ རང་བཞིན་སྐུ་ནི་གསལ་ལ་དག༔ ཐུགས་རྗེའི་སྐུ་ནི་ཀུན་ལ་ཁྱབ༔ རྒྱལ་བ་ཞི་ཁྲོའི་སྐུ་ལ་བསྟོད༔ ཨཱ༔ ངོ་བོའི་གསུང་ནི་བརྗོད་ལས་འདས༔ རང་བཞིན་གསུང་ནི་གྲགས་ལ་སྟོང༔ ཐུགས་རྗེའི་གསུང་ནི་ཡིག་འབྲུར་གསལ༔ རྒྱལ་བ་ཞི་ཁྲོའི་གསུང་ལ་བསྟོད༔ ཧཱུྃ༔ ངོ་བོའི་ཐུགས་ནི་ཀ་ནས་དག༔ རང་བཞིན་ཐུགས་ནི་བསམ་བརྗོད་བྲལ༔ ཐུགས་རྗེའི་ཐུགས་ནི་ཀུན་ལ་བརྩེ༔ རྒྱལ་བ་ཞི་ཁྲོའི་ཐུགས་ལ་བསྟོད༔ ཨཱོྃ་ཨཱཿཧཱུྃ༔ ཨཱོྃ༔ སངས་རྒྱས་མ་ལུས་ཐམས་ཅད་ཀྱི༔ སྐུ་ཡི་ཕྲིན་ལས་རབ་བསྐུལ་བས༔ འདོད་ཁམས་བདེ་བ་ཆེན་པོར་སྒྲོལ༔ སེམས་ཅན་ཞེ་སྡང་བརླག་པར་མཛོད༔ ཨཱ༔ སངས་རྒྱས་མ་ལུས་ཐམས་ཅད་ཀྱི༔ གསུང་གི་ཕྲིན་ལས་རབ་བསྐུལ་བས༔ གཟུགས་ཁམས་ཡེ་ཤེས་ལྔ་རུ་སྒྲོལ༔ སེམས་ཅན་འདོད་ཆགས་བརླག་པར་མཛོད༔ ཧཱུྃ༔ སངས་རྒྱས་མ་ལུས་ཐམས་ཅད་ཀྱི༔ ཐུགས་ཀྱི་ཕྲིན་ལས་རབ་བསྐུལ་བས༔ གཟུགས་མེད་ཀ་དག་ཆེན་པོར་སྒྲོལ༔ སེམས་ཅན་གཏི་མུག་བརླག་པར་མཛོད༔ ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ༔ བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཀྲོ་ཏཱི་ཤྭ་རཱི་ཧེ་རུ་ཀ་སརྦ་ཧཱུྃ་ཕཊ༔ དེ་ལྟར་ཚོགས་གཏོར་བརྩོན་བྱས་པས༔ མཆོག་དང་ཐུན་མོང་དངོས་གྲུབ་འབྱུང༔ རང་ཉིད་རྡོར་སེམས་ཞི་ཁྲོའི་ལྷར༔ གསལ་བའི་སྐུ་ལས་འོད་ཟེར་ལྔ༔ འཕྲོས་ཏེ་རང་གི་ལུས་ནང་གང༔ ནད་གདོན་སྡིག་སྒྲིབ་ཐམས་ཅད་དག༔ ཡེ་ཤེས་ལྔ་ཡི་དོན་རྟོགས་ནས༔ རང་ལུས་འོད་ཕུང་ཆེན་པོར་བསམ༔ ཡང་འཕྲོས་སྣོད་བཅུད་རྣམས་ལ་ཕོག༔ དབྱིངས་ཐིག་འོད་ཕུང་ངང་དུ་བསམ༔ འོད་ཕུང་ཚུར་འདུས་བདག་ལ་ཐིམ༔ བདག་ཉིད་ཁྲོ་བོའི་ལྷ་ལ་ཐིམ༔ ཁྲོ་བོའི་ལྷ་ཚོགས་ཞི་བར་ཐིམ༔ ཞི་བའི་ལྷ་འཁོར་ཡུམ་ལ་ཐིམ༔ ཡུམ་ཡང་གཙོ་བོ་ཉིད་ལ་ཐིམ༔ གཙོ་བོ་ཐུགས་སྲོག་ཧཱུྃ་ལ་ཐིམ༔ ཧཱུྃ་ཡང་ཐིག་ལེ་ནཱ་དར་ཐིམ༔ ནཱ་ད་ཆོས་ཉིད་སྟོང་པའི་ངང༔ གསལ་སྟོང་མཐའ་དབུས་མེད་པར་བཞག༔ སྣང་སྟོང་ཟང་ཐལ་རྗེན་པར་བསྐྱང༔ རྗེས་སུ་བསྔོ་བ་སྨོན་ལམ་བྱ༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཀྱི༔ སྒྲུབ་ཐབས་ཟབ་པའི་མཐར་ཐུག་པ༔ བདག་འདྲ་བྱེ་མ་མུ་ཏྲ་ཡིས༔ རྒྱུད་སྡེ་ཀུན་གྱི་དོན་བསྡུས་ནས༔ འགྲོ་ལ་ཕན་ཕྱིར་ཡི་གེར་བཀོད༔ དགེ་འདིས་འགྲོ་བ་མ་ལུས་ཀུན༔ རྒྱལ་བ་ཞི་ཁྲོ་དབྱེར་མེད་ཤོག༔ སྐུ་གསུམ་སངས་རྒྱས་ཞི་ཁྲོའི་སྒྲུབ་ཐབས་ཞེས་བྱ་བ༔ ཁ་ཆེའི་པཎྜི་ཏ་བྱེ་མ་མུ་ཏྲས་སྦྱར་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ པཎ་ཆེན་བྱེ་མ་ལ་མུ་ཏྲས་མངའ་བདག་ཆོས་རྒྱལ་ཆེན་པོ་ཡབ་སྲས་དང༔ བདག་ཉང་བན་ལ་གནང་བ་ཡི་གེར་བཏབ་སྟེ་གཏེར་དུ་སྦས་པའོ༔ ཕྱི་རབས་སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཞྭའི་མགོན་པོ་དམ་ཚིག་ཅན་ལ་བཀའ་འདི་གཏད་དོ༔ སྲུངས་ཤིག་ཁ་ཐཾ༔ ༼ང༽ ༄༅༔ རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་ཡང་ཟབ་བསྡུས་པའི་སྙིང་པོ་ལས༔ རྒྱལ་བ་ཞི་ཁྲོའི་མདུན་བསྐྱེད་དཀྱིལ་འཁོར་ སྒྲུབ་པའི་ལས་རིམ་ཉང་བན་གྱིས་བཀོད་པ་བཞུགས་སོ༔ དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་ཡང་ཟབ་བསྡུས་པའི་སྙིང་པོའི་དཀྱིལ་འཁོར་སྒྲུབ་པའི་ལས་རིམ་ནི༔ དབང་ཆོག་ལྟར་དཀྱིལ་འཁོར་བསྒྲུབ་རྫས་སོགས་བཞུང་བཞིན་བཤམ༔ དེ་ནས་བགེགས་ལ་གཏོར་མ་བྱིན་ཞིང་བཀའ་བསྒོ་བ་ནི༔ ཧཱུྃ༔ རྣམ་དག་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་འདིར༔ འདུ་བའི་ལྷ་ཚོགས་མ་གཏོགས་བགེགས་ཀྱི་ཚོགས༔ གནས་འདིར་མ་འདུག་རང་གནས་བདེ་བར་སོང༔ གལ་ཏེ་མི་འགྲོ་གནས་འདིར་འདུག་གྱུར་ན༔ བདག་ཉིད་དཔལ་ཆེན་ཆེ་མཆོག་ཁྲོས་ནས་ནི༔ མཚོན་ཆ་མེ་འོད་ཐོག་སེར་ལྟར་ཕབ་ནས༔ མིང་ཙམ་མེད་པར་ཐལ་བའི་རྡུལ་དུ་རློག༔ ཨཱོྃ་སུམྦྷ་ནི་སོགས་ཀྱི་སྔགས་ཀྱིས་བསྐྲད༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་གུར་དང་བླ་བྲེ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་གུར་ཁང་སྲ་ཞིང་མཁྲེགས་པར་བསམ་མོ༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་བས༔ རང་ཉིད་རྡོ་རྗེ་སེམས་དཔར་གསལ་བའི་མདུན་གྱི་དཀྱིལ་འཁོར་བསྒྲུབ་རྫས་དང་བཅས་པ༔ ཤཱུནྱ་ཏཱའི་སྔགས་ཀྱིས་སྦྱངས་ལ༔ བྷྲཱུྃ་ལས་རིན་པོ་ཆེའི་གཞལ་ཡས་ཁང་རྒྱན་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ཞི་ཁྲོའི་སྒྲུབ་ཐབས་ལྟར༔ པདྨ་ཟླ་བ་འཇའ་ཚོན་སྣ་ལྔའི་ཀློང་དུ་ཀུན་བཟང་ཡབ་ཡུམ༔ རིགས་ལྔ་ཡབ་ཡུམ༔ སེམས་དཔའ་སེམས་མ༔ ཐུབ་པ་དྲུག༔ སྒོ་བའི་ཚོགས་སྐུ་མདོག་ཕྱག་མཚན་སོགས་གསལ་ཞིང་དོད་པར་བསྐྱེད༔ དེའི་སྟེང་གི་ནམ་མཁར་མེ་རི་འབར་བའི་ཕོ་བྲང་ཐོད་པ་བརྩིགས་པའི་གཞལ་ཡས་ཁང་གི་དབུས་སུ༔ ཧཱུྃ་དགུ་ལས་དཔལ་ཆེན་བཀའ་བརྒྱད་ཡབ་ཡུམ་སྲས་འཁོར་སྒོ་བའི་ཚོགས་དང་བཅས་པ་བསྐྱེད༔ དེའི་སྟེང་གི་ནམ་མཁར་འཇའ་ཚོན་སྣ་ལྔའི་ཀློང་དུ་རྩ་བརྒྱུད་བླ་མའི་ཚོགས་རྣམས་བསྐྱེད་ལ༔ གདུང་བའི་སེམས་ཀྱིས་སྤྱན་དྲང་བ་ནི༔ ཧཱུྃ༔ མ་གཡེལ་མ་གཡེལ་རིག་འཛིན་ཚོགས༔ མ་གཡེལ་མ་གཡེལ་ཡི་དམ་ལྷ༔ མ་གཡེལ་མ་གཡེལ་མཁའ་འགྲོའི་ཚོགས༔ མ་གཡེལ་མ་གཡེལ་སྲུང་མའི་ཚོགས༔ རྒྱལ་པོའི་ཕོ་བྲང་དག་ནི་ག་ན་ཡོད་པ་ན༔ བཙན་པོའི་འཁོར་གཡོག་ཚོགས་ཀྱང་དེ་ན་རབ་ཏུ་འདུ༔ བསྟན་པའི་སྙིང་པོ་ག་ན་ཡོད་པ་ན༔ དམ་ཅན་རྒྱ་མཚོའི་ཚོགས་ཀྱང་དེ་ན་རབ་ཏུ་འདུ༔ ཉི་མའི་སྙིང་པོ་ག་ན་ཤར་བ་ན༔ འོད་ཟེར་དམར་པོ་འཕྲོ་ཞིང་འདུ་བ་ལྟར༔ བྱང་ཆུབ་སེམས་ཀྱི་དགོངས་པ་ག་ན་གནས་པ་ན༔ ཞི་ཁྲོ་རབ་འབྱམས་ཚོགས་ཀྱང་དེ་ན་རབ་ཏུ་འདུ༔ ནམ་མཁའ་སྟོང་པར་ལྷོ་སྤྲིན་འདུ་བ་བཞིན༔ མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་ཀྱང་དེ་ན་རབ་ཏུ་འདུ༔ རྒྱ་མཚོ་ཆེན་པོར་ཆུ་བྲན་འདུ་བ་བཞིན༔ མ་སྲིང་དམ་ཅན་རྒྱ་མཚོའི་ཚོགས་ཀྱང་དེ་ན་རབ་ཏུ་འདུ༔ རྣམ་པར་སྨིན་པའི་རིག་འཛིན་མ་གཡེལ་ཅིག༔ ལྷུན་གྱིས་གྲུབ་པའི་རིག་འཛིན་མ་གཡེལ་ཅིག༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་མ་གཡེལ་ཅིག༔ ཚེ་ལ་དབང་བའི་རིག་འཛིན་མ་གཡེལ་ཅིག༔ ཧཱུྃ༔ ཆོས་དབྱིངས་བདེ་ཆེན་ཕོ་བྲང་ནས༔ རྩ་བའི་བླ་མ་རྡོ་རྗེ་འཆང༔ འཁོར་དུ་བརྒྱུད་པའི་བླ་མས་བསྐོར༔ གདུགས་དང་རྒྱལ་མཚན་ཐིབས་སེ་ཐིབ༔ རིན་ཆེན་རྒྱན་ཆ་ཁྲོ་ལོ་ལོ༔ རོལ་མོ་མང་པོ་ཏི་རི་རི༔ འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ༔ གསང་བའི་དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས༔ བཤམས་པའི་མཆོད་རྫས་འདི་ལ་བྱིན་གྱིས་རློབས༔ བདག་ཅག་མཆེད་ལྕམ་རྣམས་ལ་བྱིན་གྱིས་རློབས༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ བདེར་གཤེགས་ཀུན་བཟང་ཡབ་ཡུམ་ལ༔ ཞི་བའི་ལྷ་ཚོགས་རྣམས་ཀྱིས་བསྐོར༔ གདུགས་དང་རྒྱལ་མཚན༴ རིན་ཆེན་རྒྱན་ཆ༴ རོལ་མོ་མང་པོ༴ འདིར་གཤེགས༴ གསང་བའི༴ བཤམས་པའི༴ བདག་ཅག༴ ཧཱུྃ༔ མེ་རི་འབར་བའི་ཕོ་བྲང་ནས༔ བཅོམ་ལྡན་དཔལ་ཆེན་ཡབ་ཡུམ་ལ༔ ཁྲོ་བོ་ཁྲོ་མོའི་ཚོགས་ཀྱིས་བསྐོར༔ གདུགས་དང་༴ རིན་ཆེན༴ རོལ་མོ༴ འདིར་གཤེགས༴ གསང་བའི༴ བཤམས་པའི༴ བདག་ཅག༴ ཧཱུྃ༔ རང་བྱུང་དུར་ཁྲོད་སོ་སོ་ནས༔ མ་དང་ཡེ་ཤེས་མཁའ་འགྲོ་མར༔ འཁོར་དུ་དཔའ་མོ་དཔའ་མོས་བསྐོར༔ གདུགས་དང༴ རིན་ཆེན༴ རོལ་མོ༴ འདིར་གཤེགས༴ གསང་བའི༴ བཤམས་པའི༴ བདག་ཅག༴ ཧཱུྃ༔ བསྟན་པའི་སྙིང་པོའི་བཀའ་འཁོར་ནས༔ བཀའ་སྲུང་དམ་ཅན་རྒྱ་མཚོ་ལ༔ འཁོར་དུ་དྲེགས་པ་ཕོ་མོས་བསྐོར༔ གདུགས་དང་རྒྱལ་མཚན་ཐིབས་སེ་ཐིབ༔ རིན་ཆེན་རྒྱན་ཆ་ཁྲོ་ལོ་ལོ༔ རོལ་མོ་མང་པོ་ཏི་རི་རི༔ འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ༔ གསང་བའི་དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས༔ བཤམས་པའི་མཆོད་རྫས་འདི་ལ་བྱིན་གྱིས་རློབས༔ བདག་ཅག་མཆེད་ལྕམ་རྣམས་ལ་བྱིན་གྱིས་རློབས༔ མཆོད་པ་འབུལ་བ་ནི༔ ཧཱུྃ༔ ཕྱི་ཡི་མཆོད་པ་རིན་པོ་ཆེ༔ སྣང་སྲིད་ཐམས་ཅད་མཆོད་པར་འབུལ༔ སྐྱེ་འགག་མེད་པར་བཞེས་སུ་གསོལ༔ ནང་གི་མཆོད་པ་འབུལ་བ་ནི༔ འདོད་ཡོན་ལྔ་ཡི་མཆོད་པ་འབུལ༔ རྒྱུན་ཆད་མེད་པར་བཞེས་སུ་གསོལ༔ གསང་བའི་མཆོད་པ་འབུལ་བ་ནི༔ དུག་ལྔ་ཁོང་ཁྲོ་མཆོད་པར་འབུལ༔ འགྲོ་འོང་མེད་པར་བཞེས་སུ་གསོལ༔ ཡང་གསང་མཆོད་པ་འབུལ་བ་ནི༔ ཏིང་འཛིན་དགོངས་པ་མཆོད་པར་འབུལ༔ འཕེལ་འགྲིབ་མེད་པར་བཞེས་སུ་གསོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཞེས་མཆོད་ཅིང་ཛཔ྄་བཟླ༔ ཚོགས་དང་གཏོར་མ་བསྟོད་པ༔ ཕྲིན་ལས་བཅོལ་བ་ལ་སོགས་ཞི་ཁྲོའི་སྒྲུབ་ཐབས་གཞུང་ནས་ཁ་བསྐང་ཞིང༔ རྗེས་སྤྱོད་བསྔོ་བ་སྨོན་ལམ་བཀྲ་ཤིས་བརྗོད་པ་སོགས་རྗེས་སྤྱོད་སྤྱི་བཞིན་བྱའོ༔ རྒྱལ་བ་ཞི་ཁྲོའི་མདུན་བསྐྱེད་ད་ལ་སྒྲུབ་པའི་ལས་རིམ་བདག་ཉང་བན་གྱིས་ཡི་གེར་བཀོད་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ༼ཅ༽ ༄༅༔ རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་ཟབ་དོན་བསྡུས་པའི་སྙིང་པོ་ལས༔ རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་བཞུགས་སོ༔ རྒྱ་གར་སྐད་དུ༔ ཤྲཱི་བཛྲ་སཏྭ་སཱ་དྷ་ནཱ་མ༔ བོད་སྐད་དུ༔ དཔལ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཞེས་བྱ་བ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཡང་དག་པའི་བདག་ཉིད་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་སྐལ་ལྡན་སྒྲུབ་པ་པོ༔ ཚེ་གཅིག་སངས་རྒྱས་བསྒྲུབ་འདོད་ན༔ རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་བསྟན༔ དབེན་ཞིང་ཉམས་དགའི་ས་ཕྱོགས་སུ༔ རྟེན་བཀྲམ་མཆོད་པ་རྒྱ་ཆེན་བཤམ༔ རང་ཉིད་བདེ་བའི་སྟན་ལ་འདུག༔ སྐྱབས་འགྲོ་སེམས་བསྐྱེད་ཚུལ་བཞིན་བྱ༔ སྣང་སྲིད་འཁོར་འདས་ཤཱུནྱའི་སྔགས་ཀྱིས་སྟོང་པར་སྦྱང༔ སྟོང་དང་སྙིང་རྗེའི་ངང་ཉིད་ལས༔ པདྨ་ཟླ་བའི་གདན་སྟེང་དུ༔ རང་རིག་ཨ་དཀར་འཕྲོ་འདུ་ལས༔ བཅོམ་ལྡན་རྒྱལ་བ་རྡོ་རྗེ་སེམས༔ སྐུ་མདོག་དཀར་གསལ་འོད་དུ་འབར༔ ཕྱག་གཡས་གསེར་གྱི་རྡོ་རྗེ་ལ༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔ ཞབས་གཉིས་སྐྱིལ་ཀྲུང་མཉམ་པར་བཞུགས༔ དར་དཀར་སྟོད་གཡོགས་སྨད་གཡོགས་གསོལ༔ རིན་ཆེན་སྣ་ཚོགས་དབུ་རྒྱན་གསོལ༔ ལོངས་སྤྱོད་རྫོགས་པའི་རྒྱན་རྣམས་རྫོགས༔ འཇའ་འོད་ཐིག་ལེའི་ཀློང་དཀྱིལ་ན༔ འཛུམ་པའི་མདངས་ལྡན་བཞུགས་པར་བསྒོམ༔ དེ་ཐུགས་དྭངས་འདུས་ཕོ་བྲང་སྟེ༔ མི་ཤིགས་ཐིག་ལེ་ལྔ་ལྡན་བསམ༔ དེ་དཀྱིལ་རྒྱལ་བ་རིགས་ལྔ་ཡི༔ ངོ་བོ་ཐིག་ཕྲན་སྣ་ལྔའི་མདོག༔ ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱས་མཚན་པར་བསྒོམ༔ འོད་འཕྲོས་མདུན་གྱི་ནམ་མཁའ་ལ༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས༔ མཆོད་པ་ལྔས་མཆོད་དབྱེར་མེད་བསྟིམ༔ དེ་ལྟར་བསྐྱེད་རིམ་གསལ་བ་ཡི༔ ཐུགས་ཀའི་ཐིག་ལེ་ཐིག་ཕྲན་གྱི༔ རིགས་ལྔའི་ས་བོན་མཐའ་སྐོར་དུ༔ གསང་སྔགས་སྙིང་པོས་བསྐོར་པ་དེ༔ ཀློག་པའི་ཚུལ་དུ་བཟླས་པར་བྱ༔ ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ༔ ཨཱོྃ་བཛྲ་སཏྭ་ཧཱུྃ༔ ཡི་གེ་བརྒྱ་པ་བཟླ༔ ངར་དང་བཅས་ཏེ་སྨྲ་བ་གཅད༔ རབ་ཉེར་གཅིག༔ འབྲིང་ཟླ་གཅིག༔ ཐ་མ་ཟླ་བ་གཉིས་ཀྱིས་འགྲུབ་པའི་རྟགས༔ རྡོ་རྗེ་དྲིལ་བུ་རྙེད་པ་དང༔ རིང་བསྲེལ་ཆར་བབ་འཇའ་ཚོན་འཁྲིགས༔ ཉི་ཟླ་དུས་གཅིག་ཤར་བ་དང༔ མན་ཤེལ་རྙེད་པ་ལ་སོགས་རྨི༔ ཟླ་དྲུག་བསྒྲུབས་ན་ཞལ་མཐོང་འགྱུར༔ དབེན་སར་མཚམས་གཅད་དམ་པར་གཅེས༔ མི་གཙང་ཟས་དང་གོས་ཀྱང་བསྲུང༔ དམ་ཚིག་ཉམས་དང་མི་འགྲོག་ཅིང༔ ཁྲུས་དང་གཙང་སྦྲ་དག་ལ་འབད༔ དེ་ནས་རྫོགས་རིམ་བསྒོམ་པ་ནི༔ ཕྱི་ནང་སྣོད་བཅུད་མ་ལུས་པ༔ རང་ཉིད་ཡི་དམ་ལྷ་ལ་བསྡུ༔ ལྷ་ཡང་སྙིང་ཁའི་སྔགས་ལ་བསྡུ༔ སྔགས་ཀྱང་ཡི་གེ་ཨ་ལ་བསྡུ༔ ཨ་ནི་སྟོང་ཉིད་སྤྲོས་བྲལ་བཞག༔ སྨོན་ལམ་བཀྲ་ཤིས་ལ་སོགས་པ༔ རྗེས་ཆོག་ཡོངས་སུ་རྫོགས་པར་བྱ༔ འདི་ཉིད་ཉམས་སུ་སུས་བླངས་པ༔ མཆོག་དང་ཐུན་མོང་དངོས་གྲུབ་ནི༔ འབད་རྩོལ་མེད་པར་ཐོབ་པར་འགྱུར༔ དགེ་འདིས་འགྲོ་ཀུན་སངས་རྒྱས་ཤོག༔ དཔལ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཁ་ཆེའི་པཎྜི་ཏ་བྱེ་མ་ལ་མུ་ཏྲས་སྒྲ་མི་མཐུན་པ་གསུམ་ལས་བསྒྱུར་བའོ༔ པཎ་ཆེན་བཀའ་བཞིན་ཉང་བན་བདག་གིས་བྲིས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་འོངས་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཞྭའི་མགོན་པོ་དམ་ཚིག་ཅན་གྱིས་ཐུབ་པར་སྲུངས་ཤིག༔ དྷ་ཐིམ༔ ཁ་ཐམ༔ ༼ཆ༽ ༄༅༔ རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་ཟབ་དོན་བསྡུས་པའི་སྙིང་པོ་ལས༔ གྷུ་རུ་བྱེ་མ་ལ་མུ་ཏྲའི་སྒྲུབ་ཐབས་བཞུགས་སོ༔ རྒྱ་གར་སྐད་དུ༔ གྷུ་རུ་བྱེ་མ་ལ་མུ་ཏྲ་སཱ་མུ་དྲ་སིདྡྷི་སཱ་དྷ་ནཾ༔ བོད་སྐད་དུ༔ བྱེ་མ་ལ་མུ་ཏྲའི་སྒྲུབ་ཐབས་དངོས་གྲུབ་རྒྱ་མཚོ་ཞེས་བྱ་བ༔ དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ འཁོར་བའི་སྡུག་བསྔལ་བསྒྲལ་ནས་སུ༔ ཆོས་དབྱིངས་འོད་ལྔའི་ཕོ་བྲང་དུ༔ བགྲོད་ཕྱིར་བླ་མའི་སྒྲུབ་པ་བྱ༔ དུས་གསུམ་བླ་མའི་སྐུ་ཉིད་ལ༔ རྒྱལ་བའི་དཀྱིལ་འཁོར་མ་ལུས་རྫོགས༔ བླ་མ་བསྒྲུབས་པས་སངས་རྒྱས་རྣམས༔ འགྲུབ་ཅེས་རྒྱུད་རྣམས་ཀུན་ལས་གསུངས༔ སྐལ་ལྡན་སྐྱོ་ཤས་སྙིང་རུས་ཅན༔ ཚེ་འདིའི་སྣང་ཞེན་མེད་པ་ཡིས༔ གངས་རི་གཡའ་རི་དབེན་གནས་སུ༔ ཡང་ན་འདུ་འཛི་ཅན་གྱི་གྲོང༔ བཟང་ངན་མེད་པའི་གནས་ཉིད་དུ༔ འཁོར་བའི་དུཿཁ་རབ་བསལ་ནས༔ འགྲོ་ཀུན་སེམས་ཅན་མ་ལུས་པ༔ སྡུག་བསྔལ་རྒྱ་མཚོ་ལས་བསྒྲལ་ཕྱིར༔ བདག་གིས་བླ་མ་བསྒྲུབ་པར་བྱ༔ བསམས་ལ་བདེ་བའི་སྟན་ལ་འདུག༔ ལུས་བསྲང་སྐྱིལ་ཀྲུང་མཉམ་གཞག་བྱ༔ མདུན་གྱི་ནམ་མཁར་དཀོན་མཆོག་གསུམ༔ ཀུན་འདུས་བླ་མ་བསམ་བྱས་ལ༔ གདུང་བའི་ཤུགས་ཀྱིས་འདི་སྐད་བྱ༔ ན་མོ༔ འགྲོ་ཀུན་སེམས་ཅན་མ་ལུས་པ༔ སྡུག་བསྔལ་འཇིགས་པ་སྐྱོབ་མཛད་པའི༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ བདག་གིས་ཁམས་གསུམ་སེམས་ཅན་དོན༔ རྒྱ་ཆེན་བྱང་ཆུབ་སེམས་བསྐྱེད་ནས༔ འགྲོ་ལ་ཕན་ཕྱིར་བླ་མ་བསྒྲུབ༔ ཨཱོྃ་ཨཱཿཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ སྐྱེ་མེད་བླ་མ་གཤེགས་སུ་གསོལ༔ ལོངས་སྤྱོད་རྫོགས་སྐུའི་ཕོ་བྲང་ནས༔ གསལ་དག་བླ་མ་གཤེགས་སུ་གསོལ༔ སྤྲུལ་པ་སྐུ་ཡི་ཕོ་བྲང་ནས༔ ཐུགས་རྗེ་ཅན་རྣམས་གཤེགས་སུ་གསོལ༔ འཇའ་དང་འོད་དུ་ཀྱི་ལི་ལི༔ སྐུ་དང་ཐིག་ལེ་ཤིགས་སེ་ཤིག༔ སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ༔ བདག་དང་གཉིས་མེད་བརྟན་པར་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཀྱི་ཆག་ཉམས་བཤགས༔ སྨིན་གྲོལ་དབང་དང་གདམས་པ་ཞུ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨཱོྃ༔ སྐུ་སྐྱེ་འཆི་མེད་པ་གསལ་ལ་དྭངས༔ རྡོ་རྗེའི་སྐུ་ལ་གསོལ་བ་འདེབས༔ ལུས་ལ་བདེ་བར་བྱིན་གྱིས་རློབས༔ ཨཱ༔ གསུང་འགག་པ་མེད་པ་ཆོས་ཀྱི་སྒྲ༔ ཨཱ་ལི་ཀཱ་ལིར་གསོལ་བ་འདེབས༔ ངག་ལ་ནུས་པར་བྱིན་གྱིས་རློབས༔ ཧཱུྃ༔ ཀ་དག་ཆེན་པོ་ཀུན་བཟང་ཀློང༔ ཅིར་མི་དགོངས་ལ་གསོལ་བ་འདེབས༔ ཟད་སར་སྐྱོལ་བར་བྱིན་གྱིས་རློབས༔ ཞེས་པའི་གདུང་ཤུགས་གསོལ་བ་གདབ༔ མཆི་མ་འཁྲུགས་ཤིང་ངེས་འབྱུང་བསྐྱེད༔ དེ་ངང་རང་རིག་རྡོ་རྗེ་སེམས༔ དཀར་གསལ་འོད་འཕྲོ་ཤེལ་ལྟ་བུ༔ ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་བཞུགས༔ ཕྱག་གཡས་གསེར་རྡོར་ཐུགས་ཀར་འཛིན༔ གཡོན་པས་དངུལ་དྲིལ་དཀུ་རྐེད་བརྟེན༔ རིན་ཆེན་དབུ་རྒྱན་པ་ཏི་སོགས༔ ཞི་བའི་རྒྱན་ཆ་བཅུ་གསུམ་གྱིས༔ རབ་མཛེས་འཇའ་འོད་ཀློང་དཀྱིལ་ན༔ འོད་དང་འོད་ཟེར་འཕྲོ་བར་བསྒོམ༔ དེ་ཡི་སྤྱི་བོར་པད་ཉིའི་སྟེང༔ ཀུན་བཟང་རྒྱལ་བ་ཞི་ཁྲོ་དང༔ དགའ་རབ་རྡོ་རྗེ་མཉྫུ་ཤྲཱི༔ ཤྲཱི་སིཾ་ཡེ་ཤེས་མདོ་དང་ནི༔ རང་ལ་དྲིན་ཆེའི་བླ་མ་དང༔ རེ་ལྟོས་གྱུར་པ་ཀུན་འདུས་པ༔ དབྱེར་མེད་བྱེ་མ་མུ་ཏྲ་བདག༔ གཞོན་ཚུལ་དཀར་དམར་མདངས་དང་ལྡན༔ རབ་བྱུང་པཎྜི་ཏ་ཡི་ཚུལ༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་ལ༔ སྐུ་ལུས་དྲང་པོར་ཕྱག་མཉམ་གཞག༔ པཎ་ཞྭ་ཐང་ཤམ་ཆོས་གོས་ཅན༔ འཇའ་འོད་ཀློང་དུ་བཞུགས་པར་བསྒོམ༔ ཨཱོྃ་ཨཱཿཧཱུྃ༔ གྷུ་རུ་བྱེ་མ་མུ་ཏྲ་བཛྲ་སཏྭ་ཨཱ༔ དྷརྨ་ཀཱ་ཡ་སིདྡྷི་ཧཱུྃ༔ ཞེས་པ་ཞག་བདུན་ལྔའམ་གསུམ༔ ཛཔ྄་དུ་བསྒྲངས་པའི་རྨི་ལམ་དུ༔ འཇའ་དང་ཐིག་ལེ་མན་ཤེལ་དང༔ མཆོད་རྟེན་རིང་བསྲེལ་མཐོང་བ་དང༔ ཁྱེ་འུ་བུ་མོ་ཡིད་འོང་དང༔ བླ་མ་པཎ་ཆེན་འོད་འཕྲོ་བ༔ ཡིད་བདེ་འོད་འཕྲོས་བྱིན་བརླབས་དག༔ བྱེ་མ་མུ་ཏྲ་བདག་ཉིད་ཀྱིས༔ བྱིན་རླབས་རྗེས་བཟུང་རྟགས་ཡིན་པས༔ སྤྱི་བོའི་བླ་མའི་སྐུ་ལས་ནི༔ བདུད་རྩི་ཤེལ་མདོག་ནར་གྱིས་བབ༔ ལུས་ཀྱི་ཕྱི་ནང་ཀུན་ཁྱབ་པས༔ ནད་གདོན་སྡིག་སྒྲིབ་ཐམས་ཅད་དག༔ དངོས་གྲུབ་རྣམ་པ་གཉིས་པོ་ཐོབ༔ ལྟ་སྒོམ་ཏིང་འཛིན་སྣང་བཞིའི་དོན༔ གོང་ནས་གོང་དུ་འཕེལ་བར་བསམ༔ ཡང་ཅིག་བླ་མའི་སྐུ་ཉིད་ལས༔ འོད་ཟེར་ལྔ་འཕྲོས་ཁམས་གསུམ་གྱི༔ འགྲོ་ཀུན་སེམས་ཅན་མ་ལུས་པའི༔ ནད་གདོན་སྡིག་སྒྲིབ་ཐམས་ཅད་དག༔ ཐམས་ཅད་རྡོ་རྗེ་སེམས་དཔའི་སྐུ༔ འཇའ་འོད་ཐིག་ལེ་ཤིག་གེར་བསྒོམ༔ སྣང་སྲིད་བླ་མའི་ཞིང་དུ་བསམ༔ བླ་མའི་དག་སྣང་མ་བྲལ་བར༔ གསལ་རིག་སྟོང་གསུམ་ངང་དུ་བཞག༔ བདག་ལུས་ཕྱི་ནང་མ་ལུས་པ༔ བླ་མའི་སྐུ་ཡིས་རབ་གང་བས༔ ཏིལ་གྱི་གང་བུའི་ཚུལ་ཉིད་དུ༔ བསྒོམ་ཞིང་དེ་མཐར་རྫོགས་རིམ་གྱི༔ སྤྲོས་བྲལ་ཆོས་ཉིད་ངང་དུ་བཞག༔ བདག་གཞན་བསྔོ་བ་སྨོན་ལམ་གདབ༔ རྒྱུན་སྤྱོད་དག་ལ་འཇུག་པར་བྱ༔ འགྲོ་ཉལ་འདུག་སྡོད་ཐམས་ཅད་དུ༔ བླ་མ་བསྒོམ་ཞིང་བྱེད་སྤྱོད་རྣམས༔ བླ་མའི་ཐུགས་དགོངས་ཡིན་བསམ་སྤྱད༔ འདི་ལྟར་བསྒྲུབས་པའི་སྐྱེས་བུ་དེ༔ རྡོ་རྗེ་སེམས་དཔའི་ཁོང་གསེང་དུ༔ བདག་འདྲ་བྱེ་མ་མུ་ཏྲ་དང༔ དབྱེར་མེད་དབྱིངས་སུ་བུདྡྷ་འོ༔ གྷུ་རུ་བྱེ་མ་ལ་མུ་ཏྲའི་སྒྲུབ་ཐབས་དངོས་གྲུབ་རྒྱ་མཚོ་ཞེས་བྱ་བ༔ ཁ་ཆེའི་སློབ་དཔོན་རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏ་བྱེ་མ་ལ་མུ་ཏྲ་ཞེས་པ་ཉིད་ཀྱི་སྒྲུབ་པ་ཉིད་ཀྱིས་མཛད་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཉང་བན་བདག་གིས་པཎ་ཆེན་གྱི་བཀའ་བཞིན་ལྷག་ཆད་མེད་པར་ཡི་གེར་བྲིས་པའོ༔ ཕྱི་རབས་སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཞྭའི་མགོན་པོ་དམ་ཚིག་ཅན་ལ་གཏད་དོ༔ ཐུབ་པར་སྲུངས་ཤིག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ༼ཇ༽ ༄༅༔ རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་ཟབ་དོན་བསྡུས་པའི་སྙིང་པོ་ལས༔ སངས་རྒྱས་ཀྱི་ཞལ་ཆེམས་གསུམ་དང་རིག་འཛིན་གྱི་ཞལ་ཆེམས་རྣམ་བཞི་བཞུགས་སོ༔ རྒྱ་གར་སྐད་དུ༔ བུདྡྷ་དྷེ་ཀ་ར་ཨེ་ཀ༔ བོད་སྐད་དུ༔ སངས་རྒྱས་ཀྱི་འདས་རྗེས་དང་པོ༔ ཨེ་མ་ཨེ་མ་རིགས་ཀྱི་བུ༔ ལུས་ངག་ཡིད་ཀྱི་སྔོན་དུ་འགྲོ་བ་ལ་རྩལ་སྦྱང་བར་བྱའོ༔ རྣལ་དུ་དབབ་པའི་ཆོ་གས་སོར་འཛུད་པར་བྱའོ༔ དེ་ལྟར་བྱས་པས་སངས་རྒྱས་ཀྱི་མཛད་སྤྱོད་ལ་རེག་པའོ༔ ལུས་ནི་བཞུགས་སྟངས་གསུམ་ལས་མི་འདའ་བར་བྱའོ༔ ངག་ནི་སྨྲ་བའི་རྒྱུན་ཆད་པར་བྱའོ༔ སེམས་ནི་གཏད་པའི་འབེན་དང་མ་བྲལ་བར་བྱའོ༔ དེས་ནི་སངས་རྒྱས་ཀྱི་བདེན་པ་ལ་རེག་པའོ༔ ཀྱེ་མ་ཀྱེ་མ་རིགས་ཀྱི་བུ༔ སྒོ་དང་ཡུལ་དང་རླུང་རིག་གི་གནད་བསྟུན་པར་བྱའོ༔ དེས་ནི་ཆོས་ཉིད་དངོས་ལ་རེག་པའོ༔ ཨེ་མ་ཧོ༔ རིགས་ཀྱི་བུ༔ དེ་ལས་སྣང་བའི་རང་བཞིན་དུ༔ ཆོས་ཐམས་ཅད་སྣང་བར་འགྱུར་རོ༔ དེས་ནི་ཆོས་ཉིད་བྱན་ཚུན་པའོ༔ ཞེས་སུམ་ཅུ་རྩ་གསུམ་གྱི་གནས༔ སྨན་པ་འཚོ་བྱེད་གཞོན་ནུའི་ལྡུམ་རར༔ རྡོ་རྗེ་འཆང་ཡོངས་སུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པའི་ཚེ༔ སྤྲུལ་པ་པོ་དགའ་རབ་རྡོ་རྗེས་གདུང་བའི་སྨྲེ་སྔགས་ཕྱུང༔ ཀྱེ་མ་ཀྱི་ཧུད་ཀྱེ་མ་བློང༔ སྟོན་པ་སྒྲོན་མེའི་འོད་ནུབ་ན༔ འཇིག་རྟེན་མུན་པ་གང་གིས་སེལ༔ ཞེས་བརྗོད་པས༔ ནམ་མཁའི་འོད་ཕུང་གི་དཀྱིལ་ནས་ཕྱག་གཡས་པའི་གྲུ་མོ་མན་ཆད་བསྟན་ནས༔ དགའ་རབ་རྡོ་རྗེའི་སྤྱི་བོའི་སྟེང་ལག་པའི་མཐིལ་དུ༔ རིན་པོ་ཆེ་ཤེལ་གྱི་ཟ་མ་ཏོག་སེན་གང་བ་གཅིག་བབས་ཏེ༔ དེ་ཞལ་ཕྱེས་པས་རིན་པོ་ཆེ་མཐིང་གསལ་ཤོག་གུ་ལ་བཻ་ཌཱུརྻ་ཞུན་མས་རང་མཚན་དུ་བྲིས་པ་བབས་པ་ལས༔ དགའ་རབ་རྡོ་རྗེས་རྟོགས་པའི་གདིང་རྙེད་དོ༔ འདས་རྗེས་དང་པོ་འོ༔ ༈ རྒྱ་གར་སྐད་དུ༔ བུདྡྷ་དྷེ་ཀ་ར་དྷཱུ་ཡེ༔ བོད་སྐད་དུ༔ སངས་རྒྱས་ཀྱི་འདས་རྗེས་གཉིས་པ༔ ཨེ་མ་ཧོ༔ རིགས་ཀྱི་བུ༔ ལུས་རུ་ཤན་མ་ཕྱེས་ན༔ ལུས་ཁམས་གསུམ་དུ་ལྡོག་པས་ན༔ ལུས་རུ་ཤན་འབྱེད་པ་ལ་མཁས་པར་བྱའོ༔ ངག་རུ་ཤན་མ་ཕྱེས་ན༔ ངག་ཁམས་གསུམ་དུ་ལྡོག་པས་ན༔ ངག་རུ་ཤན་འབྱེད་པ་ལ་མཁས་པར་བྱའོ༔ སེམས་རུ་ཤན་མ་ཕྱེས་ན༔ སེམས་ཁམས་གསུམ་དུ་ལྡོག་པས་ན༔ སེམས་རུ་ཤན་འབྱེད་པ་ལ་མཁས་པར་བྱའོ༔ ཨེ་མ་ཧོ༔ རིགས་ཀྱི་བུ༔ དེ་ནས་ལུས་རྣལ་དུ་མ་ཕེབ་ན༔ ལུས་སོར་མི་ཚུད་དོ༔ དེ་ནས་ངག་རྣལ་དུ་མ་ཕེབ་ན༔ ངག་སོར་མི་ཚུད་དོ༔ དེ་ནས་སེམས་རྣལ་དུ་མ་ཚུད་ན༔ སེམས་སོར་མི་ཚུད་དོ༔ ཨེ་མ་ཧོ༔ རིགས་ཀྱི་བུ༔ ལུས་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་ན༔ ལུས་སྐུ་གསུམ་གྱི་བཞུགས་སྟངས་ལས་མི་འདའ་བར་བྱའོ༔ ཨེ་མ་ཧོ༔ རིགས་ཀྱི་བུ༔ ངག་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་ན༔ ངག་སྨྲ་བ་བཅད་པ་ལས་མི་འདའ་བར་བྱའོ༔ ཨེ་མ་ཧོ༔ རིགས་ཀྱི་བུ༔ སེམས་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་ན༔ ཡུལ་ནམ་མཁའ་སྟོང་པ་དང་མི་འབྲལ་བར་བྱའོ༔ ཨེ་མ་ཧོ༔ རིགས་ཀྱི་བུ༔ དེ་ནི་སྐྱེ་བ་མེད་པའི་ཐབས་མཆོག་ཏུ་གསུངས་པའོ༔ ཨེ་མ་ཧོ༔ རིགས་ཀྱི་བུ༔ སྣང་བ་ཐམས་ཅད་ཆོས་ཉིད་དུ་འཆར་བར་འདོད་ན༔ མིག་སྐུ་གསུམ་གྱི་གཟིགས་སྟངས་ལས་མ་འདས་པར་གྱིས་ཤིག༔ དེས་ནི་གཟིགས་སྣང་ཐམས་ཅད་རང་སར་གྲོལ་བའི་གནད༔ ཨེ་མ་ཧོ༔ རིགས་ཀྱི་བུ༔ རིག་པ་ལ་བྱན་ཚུད་པར་འདོད་པའི་སྐྱེས་བུས༔ ཡུལ་ནམ་མཁའ་སྟོང་པ་ལ་སེམས་གཏད་པར་བྱའོ༔ ཨེ་མ་ཧོ༔ རིགས་ཀྱི་བུ༔ དེས་ནི་ཡུལ་ཐམས་ཅད་ཆོས་ཉིད་ཀྱི་དབྱིངས་སུ་འཆར་བར་འགྱུར་རོ༔ ཨེ་མ་ཧོ༔ རིགས་ཀྱི་བུ༔ འགྱུ་བ་རང་སར་གྲོལ་བར་འདོད་ན༔ རླུང་རབ་ཏུ་དལ་བ་བརྟེན་པར་བྱའོ༔ ཨེ་མ་ཧོ༔ དེ་ནི་ཁམས་གསུམ་གྱི་འཁོར་ལོ་རྒྱུན་ཆད་པའི་མན་ངག་གོ༔ ཨེ་མ་ཧོ༔ དེ་ལས་སྣང་བ་བཞིའི་ཆོས་ཉིད་སྐྱེས་པ་ལས༔ འཁྲུལ་པའི་འཁོར་ལོ་རྒྱུན་ཆད་པའོ༔ ཨེ་མ་ཧོ༔ རིགས་ཀྱི་བུ༔ མི་འགུལ་བ་གསུམ་ལ་གཞི་ཆོས་ཤིག༔ ཨི་ཨཱ༔ སྡོད་པ་གསུམ་གྱིས་ཚད་ཟུངས་ཤིག༔ སོ་ཕག་ཤི་ཐཾ༔ ཐོབ་པ་གསུམ་གྱིས་གཟེར་ཐོབ་ཅིག༔ ས་མ་ཡཱ༔ དེ་ལྟར་སུས་བྱས་པའི་སྐྱེས་བུ་དེ་ཁམས་གསུམ་དུ་ལྡོག་རེ་ཀན་ནོ༔ བྷུདྡྷ་གྷིཏྟ་ཨཱ༔ ཞེས་དུར་ཁྲོད་ཆེན་པོ་མེ་རི་འབར་བར༔ སྤྲུལ་པའི་སྐུ་ཡོངས་སུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པའི་ཚེ༔ དགའ་རབ་རྡོ་རྗེ་ས་ལ་འགྱེལ་ཞིང་བརྒྱལ་ནས་གདུང་བའི་སྨྲེ་སྔགས་བཏོན་པ༔ ཀྱེ་མ་ཀྱེ་ཧུད་ཀྱེ་མ་བློང༔ སྟོན་པ་སྒྲོན་མེའི་འོད་ནུབ་ན༔ འཇིག་རྟེན་མུན་པ་གང་གིས་སེལ༔ ཞེས་བརྗོད་ནས་བརྒྱལ་པ་སངས་ནས་བལྟས་པས་ནམ་མཁའ་འོད་ཕུང་གི་དཀྱིལ་ནས༔ ཕྱག་གཡས་པའི་གྲུ་མོ་མན་ཆད་བཏོན་ནས༔ རིན་པོ་ཆེ་འོད་རབ་ཏུ་འབར་བ་ཁྱད་པར་གྱི་ཡི་གེ་བབ་པ་ཙམ་གྱིས༔ ཡུན་གྱི་སྒྲིབ་པ་མ་སྦྱངས་གནས་སུ་དག༔ མཁའ་འགྲོ་མ་ཡི་གནས་སུ་སྣང་བར་བྱས་པ་རབ་ཏུ་གསང་བར་བྱའོ༔ སངས་རྒྱས་ཀྱི་འདས་རྗེས་གཉིས་པའོ༔ ༈ རྒྱ་གར་སྐད་དུ༔ བུདྡྷ་དྷེ་ཀ་ར་ཏྲི་ཎི༔ བོད་སྐད་དུ༔ སངས་རྒྱས་ཀྱི་འདས་རྗེས་གསུམ་པ༔ ཟག་པ་རང་ཟད་སྣང་བ་རང་སར་གྲོལ་བ་ལ་ཕྱག་འཚལ་ལོ༔ ཀྱེ་མ་ཀྱེ་མ་རིགས་ཀྱི་བུ༔ སྔོན་དུ་འགྲོ་བའི་གནད་ལ་མཁས་ན་མཆོག་དང་ཐུན་མོང་གི་དགོངས་པ་ལ་མཁས་པར་འགྱུར་རོ༔ དེ་ཡང་ལུས་ནི་བྱ་བྱེད་འཁོར་ལོ་བསྐོར༔ ངག་ནི་ཅ་ཅོའི་འཁོར་ལོ་བསྐོར༔ སེམས་ནི་འདུ་འཕྲོའི་འཁོར་ལོ་བསྐོར༔ དེ་ལྟར་བྱ་བྱེད་འཁོར་ལོ་ལས༔ འདས་པ་མེད་པའི་ཆོས་ཉིད་ལ༔ འཁོར་བ་ཞེས་ཀྱང་མིང་ན་མེད༔ བར་ཆད་སེལ་ཞིང་ཞེན་པ་བཟློག༔ སྡིག་པ་མ་ལུས་དག་ནས་ནི༔ ཐུན་མོང་གྱུར་པའི་དགོས་པ་དོར༔ མཆོག་ལ་ཁམས་གསུམ་མི་འཇུག་དང༔ སོ་སོའི་སྐུ་རུ་གྲོལ་བ་དང༔ སྐུ་གསུང་ཐུགས་སུ་གྲོལ་བའོ༔ འདི་དུས་སྤྱོད་པ་གང་བྱས་པའི༔ དེ་ཡི་དུས་ཀྱི་འབྲེལ་ཆད་ནས༔ ཁམས་གསུམ་དུ་ནི་ལྡོག་པ་མིན༔ ལུས་དང་ངག་དང་སེམས་ཉིད་ལ༔ རྣལ་དུ་འབེབ་པ་མཁས་པར་བྱའོ༔ དེས་ནི་ལུས་ངག་སོར་ཆུད་ནས༔ ཉམས་ལེན་དག་ལ་བརྩོན་པར་འགྱུར༔ དེ་ལྟར་སྔོན་འགྲོ་རྫོགས་བྱས་ལ༔ དེ་ནས་བློ་ཡིས་དོར་བྱས་ནས༔ ད་ནི་མངོན་སུམ་གཏན་ལ་དབབ༔ ཨེ་མ་ཧོ༔ རིགས་ཀྱི་བུ་ལུས་ཀྱི་གནད་དུ༔ ཆོས་སྐུའི་བཞུགས་སྟངས་ནི་སེང་གེ་ལྟ་བུར་བྱའོ༔ ལོངས་སྐུའི་བཞུགས་སྟངས་ནི༔ གླང་ཆེན་ཉལ་བ་ལྟ་བུར་བྱའོ༔ སྤྲུལ་སྐུའི་བཞུགས་སྟངས་ནི༔ དྲང་སྲོང་ཙོག་པུའི་རྣམ་པ་ལྟ་བུར་བྱའོ༔ དེ་ཉིད་ལས་མ་འདས་ན༔ སངས་རྒྱས་ཐམས་ཅད་ཀྱི་སྐུ་ཡི་ཀློང་དུ་མྱ་ངན་ལས་འདའ་བར་འགྱུར་རོ༔ ངག་ནི་བསླབ་པར་བྱ་བའི་རིམ་པ་དང༔ གནས་པ་དང་བརྟན་ཞིང་ལ་ཟླ་བ་ལས་མི་འདའ་བར་བྱའོ༔ དེ་ལྟར་བྱས་པས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་ཀློང་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ༔ སྒོ་ནི་ཟློག་དང་ཕབ་དང་ཟུར་གྱི་ནི༔ གཟིགས་སྟངས་རྣམ་པ་གསུམ་དུ་གྲགས༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ཡི༔ གཟིགས་སྟངས་གསུམ་ལས་འདའ་བ་མིན༔ ཡུལ་ནི་སྤྲིན་བྲལ་ནམ་མཁའ་ལ་བྱའོ༔ རིག་པ་སྟོང་པ་འཆར་བའི་ཐབས༔ རླུང་ནི་དལ་བ་བརྟེན་པ་ཡིས༔ འགྲོ་དྲུག་འཁྲུལ་པའི་རྒྱུན་གཅད་དོ༔ མངོན་སུམ་གནད་འདི་སུས་མཐོང་བ༔ ཁམས་གསུམ་ལྡོག་པ་མ་ཡིན་ནོ༔ ཆོས་ཉིད་མངོན་སུམ་སྣང་བ་ཡིས༔ ཡིད་དཔྱོད་འཛིན་པའི་ལྟ་བ་ནུབ༔ ཉམས་སྣང་གོང་འཕེལ་སྣང་བ་ཡིས༔ བར་དོའི་ཡེ་ཤེས་མངོན་དུ་བྱེད༔ རིག་པ་ཚད་ཕེབས་སྣང་བ་ཡིས༔ ལོངས་སྤྱོད་རྫོགས་སྐུའི་སྐུ་ངོས་ཟིན༔ ཆོས་ཉིད་ཟད་པའི་སྣང་བ་ཡིས༔ རྫོགས་ཆེན་བྱ་བྲལ་འབྲས་བུ་ཐོབ༔ འདི་ལྟར་བཞི་ལ་མཐར་ཕྱིན་ན༔ མྱང་འདས་གཞན་ལས་བཙལ་མི་དགོས༔ ལུས་དང་མིག་དང་རིག་པ་ཉིད༔ འགུལ་བ་མེད་པར་གནད་ཟིན་ན༔ མངོན་སུམ་གནད་ལ་ཕེབས་པའོ༔ ལུས་དང་སྣང་བ་རླུང་ཉིད་ཀྱང༔ བྱེད་པ་མེད་པར་སྡོད་པ་ཡིས༔ ཆོས་ཉིད་དལ་བས་འགྲུབ་པའོ༔ སྐྱེ་དང་འཇུག་དང་རླུང་སེམས་ལ༔ སུ་ཡིས་རང་དབང་ཐོབ་པའི་མི༔ སངས་རྒྱས་དགོངས་པའི་དྲོད་རྙེད་དོ༔ བསྟན་པ་གང་ལ་བབས་པ་ཡི༔ ཁ་དོག་དག་གིས་བྲིས་ནས་ནི༔ མཆན་ཁུང་གཡས་སུ་གཟུང་བྱ་སྟེ༔ རྟག་ཏུ་བཀུར་སྟི་སུས་བྱས་པ༔ འབད་པ་མེད་པར་གྲོལ་བར་ངེས༔ ཉི་ཟླ་གཟའ་ཡིས་ཟིན་པ་དང༔ སད་དང་ས་གཡོ་མུ་གེའི་དུས༔ རྡོ་རྗེའི་ལྕེ་ཡིས་འདི་བཀླགས་ན༔ སྟོང་གསུམ་སྤྲུལ་པའི་སངས་རྒྱས་ལ༔ ཡོན་ཕུལ་བས་ཀྱང་འདི་དོན་ཆེའོ༔ བསྟན་པ་ཐམས་ཅད་ཀྱི་རྩ་བ༔ རང་བྱུང་གི་ཡི་གེ་ལས་རང་བཀོད་པ༔ བྱིན་རླབས་རང་བབས་བརྒྱུད་པའི་གནད༔ སུ་ལ་བབ་པ་འབད་པ་མེད་པར་གྲོལ་བར་ཐེ་ཚོམ་མེད་དོ༔ ལྷོ་ཕྱོགས་བདེ་ལྡན་ཡིད་འདྲེས་པ༔ བྱ་རྒོད་ཕུང་པོའི་རི་ལ༔ སྟོན་པ་ཡོངས་སུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་ན༔ སྤྲུལ་པ་པོ་དགའ་རབ་རྡོ་རྗེའི་ཕྱག་གཡས་པའི་མཐིལ་དུ་བབས་པ༔ སངས་རྒྱས་ཀྱི་འདས་རྗེས་གསུམ་པ༔ ཞལ་ཆེམས་སུ་བཀོད་པ་རང་བྱུང་བ༔ བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པོ་རྫོགས་སོ༔ འདི་ནི་འཆང་བ་ཙམ་གྱིས་ནི༔ སངས་རྒྱས་རྣམས་ཀྱི་དགོངས་པ་ཐོབ༔ རང་རིག་བྱིན་རླབས་རྒྱུད་བསྟེན་ན༔ ངན་སོང་འཁོར་བ་དོང་སྤྲུགས་སོ༔ ࿊ རིག་འཛིན་བཞིའི་ཞལ་ཆེམས་ལས། དགའ་རབ་ཞལ་ཆེམས་ཚིག་གསུམ་གནད་རྡེག།་་་ན་མོ་ཤྲཱི་གུ་ར་བེ༔ རང་རིག་རྟོགས་པའི་གདེང་ལ་ཕྱག་འཚལ་ལོ༔ ཡིན་པ་གྲུབ་པ་མེད་པའི་རིག་པ་ནི༔ རང་སྣང་འཆར་ཚུལ་ཅིར་ཡང་མ་འགགས་པ༔ སྣང་སྲིད་ཀུན་ཀྱང་ཆོས་སྐུའི་ཞིང་དུ་འཆར༔ ཤར་བ་དེ་ཉིད་རང་གི་ཐོག་ཏུ་གྲོལ༔ དེ་དོན་བདེ་གཤེགས་ཀུན་གྱི་དགོངས་པ་འདུས་པ་ཡིས༔ བརྒྱལ་བ་བསླང་པའི་དོན་དུ་ཚིག་གསུམ་མན་ངག་གསུམ༔ འཁོར་འདས་གཉིས་ཀྱི་གདོས་ཐག་གཅད་པའི་ཕྱིར༔ འཆི་ཀའི་ཞལ་ཆེམས་སྙིང་གི་དཀྱིལ་དུ་ཆོངས༔ ཨ་ཨཱི༔ རིག་པ་སྤྱི་རྡོལ་དུ་བསྟན་པའི་མན་ངག་ནི༔ ངོ་རང་ཐོག་ཏུ་སྤྲད་པ་དང༔ ཐག་གཅིག་ཐོག་ཏུ་བཅད་པ་དང༔ གདིང་གྲོལ་ཐོག་ཏུ་བཅའ་བའོ༔ རང་ངོ་ཡིན་པ་གཞན་ངོ་སྣང་བ་ཚུལ་གཉིས་འདྲེས་པ་འཕྲད་པའོ༔ ྀཨཚ༔ ཅིར་སྣང་རང་སྣང་ཡིན༔ སྣང་བ་རང་རང་གི་རང་ཆེ༔ རང་ཉིད་རང་འཕྲད་པའོ༔ མ་ཐོག་ཏུ་མ་རང་སྤྲད༔ བུ་ཐོག་ཏུ་བུ་རང་སྤྲད༔ གཅིག་ཐོག་ཏུ་གཅིག་རང་སྤྲད་པའོ༔ རིག་པ་གཅིག་པུ་རང་དང་འབྲེལ་བ༔ རང་གཅིག་པུ་རང་དང་འབྲེལ་བའོ༔ གྲོལ་བ་གཅིག་པུ་རང་དང་འབྲེལ་བའོ༔ རང་ཐོག་ཏུ་རང་སྣང་གི་ཐག་ཆོད༔ གཅིག་ཐོག་ཏུ་རང་གྲོལ་གྱི་ཐག་ཆོད༔ གྲོལ་ཐོག་ཏུ་ཐེ་ཚོམ་གྱི་ཐག་གཅོད་པའོ༔ ྀཨཚ༔ རང་ལ་བྱན་ཚུད་པ་ཕྱུག་པོའི་བང་མཛོད་ལ་སྤྱོད་པ་ལྟ་བུའི་གདིང༔ གཞན་ལ་བྱན་ཚུད་པ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟ་བུའི་གདིང༔ གྲོལ་བ་ལ་བྱན་ཚུད་པ་མཁའ་ལ་མཁའ་ཐིམ་པ་ལྟ་བུའི་གདིང༔ ྀཨཚ༔ རང་ཐོག་ཏུ་རང་གྲོལ༔ གཅིག་ཐོག་ཏུ་གཅིག་གྲོལ༔ མ་བུ་གཉིས་སྦྱོར་བའོ༔ ྀཨཚ༔ ངོ་ཤེས་པས་གཞི་དང་ངོ་འཕྲད་པའོ༔ དེའི་ཕྱིར་ན་མ་དང་བུ་གཉིས་འཕྲད་པ་ལྟ་བུ་སྟེ༔ གྲོལ་བ་གཅིག་པུ་ཡིན་པར་ངོ་ཤེས་པའོ༔ རང་རིག་གིས་རང་གྲོལ་བར་ཤེས་པས༔ ཐག་རིག་པ་ཉིད་ལ་བཅད་པའོ༔ དེའི་ཕྱིར་ན་དྲི་མས་དྲི་མ་འཁྲུ་བ་དང༔ རྣམ་རྟོག་ཉིད་ལ་རྣམ་རྟོག་སྟེ་གཉེན་པོ་གཞན་ལ་རག་མ་ལུས་པར་ཐག་བཅད་དོ༔ གཞི་ཉིད་ལ་གྲོལ་བའི་གདིང་གང་ཡིན་དུ་བཅའ་བའོ༔ དེའི་ཕྱིར་ན་སྦྲུལ་གྱི་མདུད་པ་ཉིད་སྦྲུལ་རང་གིས་གྲོལ་བ་ལྟར་ཏེ༔ གཞན་ལྟོས་ཀྱི་རིག་པ་ཚི་ཆད་པས་དངོས་གཞི་རང་ཐོག་ཏུ་གཞི་བཅའ་བའོ༔ ྀཨཚ༔ དགའ་རབ་རྡོ་རྗེ་ཡོངས་སུ་མྱ་ངན་འདས་ཚུལ་བསྟན་པའི་ཚེ༔ འཇམ་དཔལ་གཤེས་གཉེན་བརྒྱལ་ཞིང་ས་ལ་འགྱེལ་ནས༔ ཀྱེ་མ་ཀྱི་ཧུད༔ ཅེས་སྒྲ་ཆེན་པོ་ཕྱུང་བས༔ རོ་ལངས་བདེ་བས་འོད་ཀྱི་དཀྱིལ་ནས་ཕྱག་གཡས་ཕྱུང་སྟེ༔ བརྒྱལ་པ་སློང་བའི་དོན་དུ་གསང་བའི་ཞལ་ཆེམས་ཚིག་གསུམ་གནད་དུ་གདམས་པ༔ ཕྱག་གཡས་པའི་མཐིལ་དུ་བཻ་ཌཱུརྻ་ཞུན་མས་རང་ནན་དུ་བྲིས་པ་བབ་སྟེ༔ རིན་པོ་ཆེ་ཤེལ་གྱི་ཟ་མ་ཏོག་སེན་གང་བ་གཅིག་ཏུ་བབས་པས༔ འཇམ་དཔལ་བཤེས་གཉེན་བརྒྱལ་པ་ལས་གྲོལ་བར་གྱུར་ཅིང༔ རྟོགས་པའི་གདིང་དང་ལྡན་པར་གྱུར་ཏོ༔ དེའི་ཕྱིར་ན་ཐུགས་ཀྱི་དཀྱིལ་དུ་སྦ་བར་བྱའོ༔ འཆི་ཀ་མའི་གདམས་ངག་ཚིག་གསུམ་རྒྱུད་ཐམས་ཅད་ཀྱི་བཅུད་ཕྱུང་བ༔ ལྟ་བའི་དོན་གསེར་ལྟར་དུ་བསྟན་པ་དུར་ཁྲོད་ཆེན་པོ་བསིལ་བ་ཚལ་དུ་བབས་པ༔ ཆུ་བོ་དན་ཏིག་གི་མགོར་སྣང་བར་བྱས་པའི་གདམས་ངག་དམ་པ༔ སེམས་ཅན་ཐམས་ཅད་དབུགས་འབྱིན་པར་བྱེད་པའི་ལམ༔ སངས་རྒྱས་ཀྱི་ཞིང་དུ་སྐད་ཅིག་གིས་གྲོལ་བར་བྱེད་པའི་གདམས་ངག་རྫོགས་སོ༔ ࿊ འཇམ་བཤེས་ཞལ་ཆེམས་སྒོམ་ཉམས་དྲུག་པ།་་་ས་མ་ཡཱ༔ མ་ཏིག་ཀྲ་མ༔ དགོངས་པ་རང་ལ་གནས་པའི་གདིང་ལ་ཕྱག་འཚལ་ལོ༔ དོན་གྱི་དགོངས་པ་ཡེ་ཤེས་ཆེན་པོའི་ལུང༔ ཡུལ་ལ་སྣང་བའི་རིག་པའི་ཡེ་ཤེས་དེ༔ རི་དྭགས་རྒྱ་ལ་ཅི་ལྟར་ཚུད་པ་བཞིན༔ བྱ་བྱེད་བྲལ་བའི་མཁའ་ལ་བརྟག་པར་བྱོས༔ ཅི་ལྟར་བདག་གི་བློ་ལ་དགོངས་ཤར་བ༔ བརྒྱལ་བ་སློང་ཕྱིར་དོན་གྱི་དགོངས་པ་ནི༔ རིག་པའི་གཏད་ས་ལུས་ཀྱི་གནད་ལ་བསྟུན༔ དགོངས་དོན་མན་ངག་དྲུག་གིས་ཕྱེ་ནས་བསྟན༔ ཀྱེ་མ་ཀྱེ་མ་རིགས་ཀྱི་བུ་ཆེན་པོ༔ དོན་གྱི་རིག་པ་གཅེར་བུ༔ མངོན་སུམ་དུ་བལྟ་བར་འདོད་ན༔ རིག་པའི་ཡུལ་བཙལ་བ་དང༔ ལུས་ཀྱི་གནད་གཟིར་བ་དང༔ འགྲོ་འོང་གི་ལམ་གཅད་པ་དང༔ གཏད་པའི་འབེན་གཟུད་པ་དང༔ མི་འགུལ་བ་ལ་གཞི་བཅའ་བ་དང༔ རྒྱ་ཆེ་བའི་ནམ་མཁའ་ལ་སྦར་གྱིས་གཟུང་བའོ༔ ཐོག་མ་ཀ་དག་བབ་ཀྱི་ཡུལ་དང༔ འཁྲུལ་པ་སྣང་བ་ལྷུན་གྲུབ་ཀྱི་ཡུལ་དང༔ གནས་པ་བརྟེན་པ་ལུས་ཀྱི་ཡུལ་དང༔ ཉམས་སུ་བླང་བྱ་ནམ་མཁའ་སྤྲིན་དང་བྲལ་བའི་ཡུལ་དང༔ གསལ་བ་དངོས་སྣང་ཁ་དོག་འོད་ཀྱི་ཡུལ་དང༔ ཐ་མ་འགྲོ་ས་བར་དོའི་ཡུལ་ལོ༔ སེང་གེའི་འདུག་སྟངས་ཀྱིས་རིག་པ་གཅུན་པ་དང༔ གླང་པོ་ཆེའི་འདུག་སྟངས་ཀྱིས་བལྟ་བ་དང༔ འདབ་ཆགས་ཀྱི་ལྡིང་སྟབས་ཀྱིས་ལྟ་བ་སྤྱི་རྒྱ་རླབས་ཀྱིས་གཅོད་པ་དང༔ ཝ་མོའི་ཟུར་འགྲོས་ཀྱིས་ས་མནན་པ་དང༔ སྐྱེས་བུའི་རྒྱང་སྟབས་ཀྱིས་བར་སྣང་ལ་ཡིད་གཟུང་བ་དང༔ རྒྱ་མདུད་དྲིལ་ལུགས་ཀྱིས་ལུ་གུ་རྒྱུད་ཀྱི་ཁུངས་གཅད་པའོ༔ ཁ་སྣའི་དབུགས་ཡིད་ཙམ་ནང་དུ་འཐེན་པས་མ་རིག་པ་ལས་ཀྱི་རླུང་ལྡོག༔ ཤེས་པ་ནམ་མཁའ་ལ་གཏད་པས་རྣམ་རྟོག་གི་འགྲུལ་ཆད་དོ༔ རིག་པ་མིག་ཏུ་བཅུག་པས་ངོ་བོ་ལ་འཁྲུལ་པ་མེད་དོ༔ དབྱིངས་ཕྱི་ནང་འདྲེས་པས་རིག་པ་ལ་འགྲོ་ས་མེད༔ དེ་ཉིད་དབྱིངས་དང་མ་བྲལ་བས་ཡིད་ཀྱི་རྣམ་རྟོག་ཆད་དོ༔ རིག་པ་དབྱིངས་དང་འདྲེས་པས་འཁྲུལ་པ་རང་གཞི་ལ་སངས་པའོ༔ ནམ་མཁའ་སྤྲིན་དང་བྲལ་བ་དང༔ དབྱིངས་རྣམ་པར་དག་པ་དྲི་མ་དང་བྲལ་བ་དང༔ སྣང་བ་སྒྲིབ་གཡོགས་དང་བྲལ་བ་དང༔ ཐིག་ལེ་སྤྲོ་བསྡུ་དང་བྲལ་བ་དང༔ འོད་སྣང་གསལ་འགྲིབ་དང་བྲལ་བ་དང༔ ལུ་གུ་རྒྱུད་འགྲོ་འོང་དང་བྲལ་བ་ལ་རང་གི་དེ་བཞིན་ཉིད་གཏད་པའོ༔ ྀཨཚ༔ ལུས་མ་འགུལ་བས་སྣང་བ་གཞི་ལ་བཞག་པ་དང༔ མིག་མ་འགུལ་བས་ལུ་གུ་རྒྱུད་ལ་གཟེར་ཐེབས་པ་དང༔ རིག་པ་མ་འགུལ་བས་སྣང་སྲིད་ཆོས་སྐུར་གྲོལ་བ་དང༔ དེ་ཉིད་མ་འགུལ་བས་འཁྲུལ་པའི་སྣང་བ་རྒྱུན་ཆད་པ་དང༔ དེ་ལྟར་ཆོས་སྐུ་འགུལ་བ་མེད་པས་ཡེ་ཤེས་ངོས་ཟིན་པ་དང༔ སྟོང་པ་ལ་འགུལ་བ་མེད་པས་འགྱུ་བྱེད་རང་སར་དག་པའོ༔ སྣང་སྲིད་རིག་སྟོང་གསལ་བར་ཤར་བས་བེམ་པོ་ལས་གྲོལ་བ་དང༔ ནམ་མཁའི་ཁམས་སུ་ལུ་གུ་རྒྱུད་ཀྱིས་ཁྱབ་པས་ཆོས་ཉིད་མ་ཐོག་ཏུ་གྲོལ་བ་དང༔ ཅིར་སྣང་འོད་སྣང་ལས་མ་འདས་པས་འབྱུང་བ་ལྔའི་བདུད་ལས་གྲོལ་བ་དང༔ འཁོར་འདས་རང་ངོ་འདྲེས་པས་ལྟོས་པའི་ཆོས་ལས་གྲོལ་བ་དང༔ སྟོང་པ་གསལ་བ་རིག་པར་འདྲེས་པས་རྒྱུད་ལུང་གི་ཚིག་ལས་གྲོལ་ཏེ༔ དག་པའི་དབྱིངས་རྒྱ་བསྐྱེད་པས་རིག་པ་རང་ཐོག་ཏུ་སྤར་གྱིས་ཟིན་ཞེས་བྱའོ༔ ྀཨཚ༔ འཇམ་དཔལ་བཤེས་གཉེན་ཡོངས་སུ་མྱ་ངན་ལས་འདས་པའི་ཚེ༔ འོད་ཟེར་གྱི་ཕུང་པོ་དང་བཅས་ནམ་མཁར་གཤེགས་པས༔ ཤྲཱི་སིཾ་ཧ་བརྒྱལ་ཞིང་ས་ལ་འགྱེལ་པར་གྱུར་ནས༔ ཀྱི་ཧུད་ཀྱི་སྒྲ་ཆེན་པོ་ཕྱོགས་བཅུར་བོད་ཅིང་གནས་པ་ལས༔ ནམ་མཁར་སྒྲ་ཆེན་པོ་ཞིག་གྲགས་པར་གྱུར་ཏེ༔ དེ་ཉིད་བརྒྱལ་པ་སངས་ནས་བལྟས་པས་ནམ་མཁའ་འོད་ཕུང་གི་དཀྱིལ་ནས༔ མཉྫུ་ཤྲཱིའི་ཕྱག་གཡས་ཕྱུང་སྟེ༔ བརྒྱལ་པ་སློང་བའི་དོན་དུ་ཤྲཱི་སིཾ་ཧའི་ཕྱག་གི་མཐིལ་དུ་རིན་པོ་ཆེའི་ཟ་མ་ཏོག་གི་ནང་དུ་བཻ་ཌཱུརྻ་མཐིང་ག་ཞུན་མས་རང་ནན་དུ་བྲིས་པ་གཅིག་དུར་ཁྲོད་ཆེན་པོ་སོ་ས་གླིང་དེ་ཉིད་དུ་བབས་སོ༔ དེ་ཉིད་བབ་པ་ཙམ་གྱིས་བརྒྱལ་པ་ལས་གྲོལ་ཞིང་རྟོགས་པའི་གདིང་དང་ལྡན་པར་གྱུར་ཏོ༔ འདི་ནི་འཇམ་དཔལ་བཤེས་གཉེན་གྱི་ཞལ་ཆེམས་སྒོམ་ཉམས་དྲུག་གིས་སྐྱེ་མེད་སྟོང་པའི་མྱ་ངན་ལས་འདའ་བར་བྱེད་པའི་མན་ངག་གསང་བ་ལས་ཀྱང་ཤིན་ཏུ་གསང་བར་གྱུར་པ་སྐལ་ལྡན་རྣམས་ཀྱི་སྙིང་ལ་སྦས་སོ༔ ཉམས་སུ་བླང་བའི་ཕྱོགས་སུ་བསྟན་པ་རྫོགས་སོ༔ ࿊ ཤྲཱི་སིང་ཞལ་ཆེམས་གཟེར་བུ་བདུན་པ།་་་སརྦ་སན་དྷི་ག༔ སྟོང་གསལ་ཤེས་རབ་རྫོགས་ལ་ཕྱག་འཚལ་ལོ༔ ཀུན་ཏུ་ཁྱབ་ཅིང་སྣ་ཚོགས་སྣང་བ་ཡི༔ རིག་པ་ཡེ་ཤེས་རྒྱ་ཡན་ཕྱོགས་མེད་དེ༔ མི་འགྱུར་བ་ལ་གཟེར་ཆེན་ཐེབས་པའི་ཕྱིར༔ འཁོར་འདས་འཕྲང་ལ་གཟེར་ཆེན་བདུན་བཏབ་པས༔ མི་འགྱུར་གདིང་ཆེན་བདག་གི་བློ་ལ་ཤར༔ དེ་དོན་མན་ངག་ཉི་མའི་ཟེར་འདྲ་བ༔ བརྒྱལ་བ་བསླང་ཕྱིར་དགོངས་དོན་གསང་བ་འདི༔ གསལ་བའི་ཤེས་རབ་མཛོད་ཀྱི་སྒོ་ཕྱེས་ལ༔ ཡིད་བཞིན་ནོར་འདྲའི་དོན་འདི་རྟོགས་པར་གྱིས༔ གསལ་བའི་ཡེ་ཤེས་ཟང་ཐལ་གྱི་གཟེར་གྱིས་འཁོར་འདས་གཉིས་ཀྱི་མཚམས་སུ་ཐོབ་ཅིག༔ སྒྲོན་མ་རང་སྣང་གཟེར་གྱིས་ཡུལ་སེམས་གཉིས་ཀྱི་བར་དུ་ཐོབ་ཅིག༔ ངོ་བོ་རང་དག་གི་གཟེར་བློ་དངོས་གཉིས་ཀྱི་བར་དུ་ཐོབ་ཅིག༔ ལྟ་བ་གྲོལ་ཡན་གཉིས་ཀྱི་གཟེར་རྟག་ཆད་གཉིས་ཀྱི་བར་དུ་ཐོབ་ཅིག༔ རིག་པ་བཅོས་མིན་གྱི་གཟེར་ཆོས་ཅན་ཆོས་ཉིད་ཀྱི་བར་དུ་ཐོབ་ཅིག༔ སྒོ་ལྔ་རྒྱ་ཡན་གྱི་གཟེར་བྱིང་རྒོད་གཉིས་ཀྱི་བར་དུ་ཐོབ་ཅིག༔ ཆོས་སྐུ་ཡེ་རྫོགས་ཀྱི་གཟེར་སྣང་སྟོང་གཉིས་ཀྱི་བར་དུ་ཐོབ་ཅིག༔ གསལ་བ་རང་ངོས་མ་བསྒྲིབས་པ་ཤེས་རབ་རང་གྲོལ་གཞན་ངོ་ལ་བཞག་པ་ནི༔ རྩྭ་དང་མེ་སྤྲད་པ་ལྟ་བུའོ༔ སྣང་བ་གཅེར་གྲོལ་དུ་ཤར་བས་དྲན་པ་རང་བྱན་ཚུད་པ་ནི༔ མུན་ཁང་དང་སྣང་བ་འཕྲད་པ་ལྟ་བུའོ༔ རིག་པ་ཡེ་དག་གི་དགོངས་པ་རང་ཤར་བས་གཞི་མངོན་དུ་ཤེས་པ་ནི༔ ཡིད་མཐུན་པའི་ཕོ་མོ་འཕྲད་པ་ལྟ་བུའོ༔ ྀཨཚ༔ རང་ངོ་ཕྱོགས་བྲལ་གྱི་ཡེ་ཤེས་རང་རྐྱེན་དུ་ཤར་བས་ཡིན་མིན་གྱི་རྩིས་ལས་འདས་པ་ནི་བཞིན་དང་མེ་ལོང་འཕྲད་པ་ལྟ་བུའོ༔ ྀཨཚ༔ ལྟ་སྒོམ་ལས་གྲོལ་བའི་རྟོག་པ་སྣ་ཚོགས་རོལ་པར་ཤར་བས༔ བ་མོ་དང་ཉི་མ་རེག་པ་ལྟ་བུའོ༔ སྣང་སྲིད་སོར་བཞག་གི་དགོངས་པ་ཡེ་རྒྱས་བཏབ་པས༔ ཡུལ་རྐྱེན་མཉམ་པ་ཉིད་དུ་ཤེས་པ་ནི་བུ་གཅིག་པོ་དང་མ་འཕྲད་པ་ལྟ་བུའོ༔ ྀཨཚ༔ ཆོས་སྐུ་འབད་རྩོལ་མེད་པར་ཡེ་ནས་རང་དང་འདུ་འབྲལ་མེད་པ་ཡིན་པས་སྣོད་བཅུད་རང་སར་གྲོལ་བ་ནི༔ དབུལ་པོ་གཏེར་མཛོད་དང་འཕྲད་པ་ལྟ་བུའོ༔ ྀཨཚ༔ ཤྲཱི་སིཾ་ཧ་མྱ་ངན་ལས་འདས་པའི་ཚེ༔ འོད་ཟེར་གྱི་ཕུང་པོ་དང་བཅས་ཏེ་ནམ་མཁའ་ལ་གཤེགས་པས༔ ཡེ་ཤེས་མདོ་བརྒྱལ་ཞིང་ས་ལ་འགྱེལ་བར་གྱུར་ཏོ༔ ཀྱེ་མ་ཀྱི་ཧུད་ཀྱི་སྒྲ་སྒྲོག་པས་ནམ་མཁའ་ལ་སྒྲ་ཆེན་པོ་གྲགས་སོ༔ དེ་ཉིད་བརྒྱལ་པ་སངས་ནས་བལྟས་པས༔ འོད་ཀྱི་དཀྱིལ་ནས་ཕྱག་གཡས་པ་ཕྱུངས་ཏེ༔ ཡེ་ཤེས་མདོ་བརྒྱལ་པ་སློང་བའི་དོན་དུ་ཡེ་ཤེས་མདོའི་ཕྱག་གི་མཐིལ་དུ་རིན་པོ་ཆེའི་ཟ་མ་ཏོག་སེན་གང་བ་གཅིག་བབས་སོ༔ དེ་ཉིད་བབ་པ་ཙམ་གྱིས་རྟོགས་པ་དང་ལྡན་པར་གྱུར་ཏེ༔ བཀྲ་ཤིས་ཁྲི་སྒོར་བབ་པའོ༔ ཤྲཱི་སིཾ་ཧའི་ཞལ་ཆེམས་གཟེར་བུ་བདུན་པ་ཞེས་བྱ་བ་ལོང་བའི་སྣ་ཁྲིད་དང་འདྲ་བ་རྫོགས་སོ༔ ࿊ ཡེ་མདོའི་ཞལ་ཆེམས་གཞག་ཐབས་བཞི་པ།་་་སརྦ་ཨེ་ཀ་ར༔ སྟོང་པ་ཡེ་དག་ངང་ལ་ཕྱག་འཚལ་ལོ༔ གསང་བ་སྔགས་ཀྱི་མདོ་དོན་འདིར་སྣང་བ༔ དུས་གསུམ་བཞུགས་པའི་ཐུགས་ཀྱི་དགོངས་ཤར་བ༔ བློ་ཡི་མུན་སེལ་སྒྲོན་མ་འོད་པོ་ཆེ༔ འཇིག་རྟེན་རབ་རིབ་རྣམས་ནི་བསལ་བྱའི་ཕྱིར༔ རང་རིག་ཡེ་ཤེས་རྟོགས་དཀའ་ཀུན་སྤངས་པ༔ འགྱུར་མེད་ཐབས་ཀྱི་རྒྱ་ཡིས་གཟུང་བྱ་སྟེ༔ རྒྱ་ཆེ་རབ་ཟབ་དབྱིངས་སུ་བཅུག་ནས་ཀྱང༔ མཐའ་བྲལ་ཉག་གཅིག་ངང་དུ་གཞག་པར་བྱའོ༔ བརྒྱལ་པ་རྣམས་ནི་འདི་ཡིས་དབུགས་ཕྱུང་སྟེ༔ སངས་རྒྱས་རྣམས་དང་མཉམ་པ་ཉིད་དུ་བཞག༔ གང་ཞིག་བཟུང་བས་མ་ཟིན་རིག་པ་དེ༔ དེ་ཉིད་གཟུང་བར་འདོད་པའི་བློ་ལྡན་སྐལ་ཆེ་བ༔ ཡི་གེ་འདི་ལ་རྟག་ཏུ་གོམས་པར་གྱིས༔ ཨེ་མ་ཧོ༔ འདི་ལས་རྟག་ཏུ་མ་གཡོས་པར་བྱས་ན་བདེ་བ་ཤུགས་ལ་འབྱུང༔ ཀྱེ་མ་མཉམ་པ་ཆེན་པོའི་ས་ཐོབ་པར་འདོད་ན༔ འདི་ལ་རྟག་ཏུ་གོམས་པར་གྱིས་ཤིག༔ སྤྱོད་པ་ཐམས་ཅད་རྩལ་སྦྱོང་བར་འདོད་ན༔ སྣང་བ་ཅོག་གཞག་གིས་སྣང་བ་ཐམས་ཅད་ཅེར་བཞག་ཏུ་ཞོག་ཅིག༔ སྒོམ་པ་ཐམས་ཅད་ལ་སྟོབས་རྙེད་པར་འདོད་ན༔ རྒྱ་མཚོ་ཅོག་གཞག་གི་དགོངས་པས་བློ་དངོས་གཉིས་གཅིག་ཏུ་དྲིལ་ལ་ཞོག་ཅིག༔ ལྟ་བ་ཐམས་ཅད་ལས་རང་གྲོལ་བར་འདོད་ན༔ རི་བོ་ཅོག་གཞག་གི་ལྟ་བས་ཆོས་ཐམས་ཅད་ཟད་སར་སྐྱོལ་ཅིག༔ འབྲས་བུ་ཐམས་ཅད་རང་ལ་གནས་པར་འདོད་ན༔ རིག་པ་ཅོག་གཞག་གི་ལྟ་བས་མན་ངག་ལ་འཁྲུལ་པ་ཐམས་ཅད་རང་སར་གྲོལ་བར་ཞོག་ཅིག༔ སྣང་བ་རང་བཞག་ཡིན་པས་ཡེ་ནས་སྟོང་པ་དང་འབྲེལ་བ་དང༔ བློ་རང་སར་བཞག་པས་ཡེ་ནས་དངོས་པོ་དང་འབྲེལ་བ་དང༔ ཆོས་ཐམས་ཅད་རང་སར་བཞག་པས་དབྱིངས་རིག་དང་འབྲེལ་བ་དང༔ འཁྲུལ་པ་ཐམས་ཅད་ཅོག་གཞག་ཡིན་པས་ཡེ་ནས་རང་གྲོལ་དང་འབྲེལ་བའོ༔ ཝལ་པོ་རྗེས་མེད་ཆུའི་རི་མོ་ལྟ་བུས་སྣང་བ་གཅིག་ཐོག་ཏུ་གཅིག་བཞག༔ དྲན་པ་རྗེས་མེད་མཁའ་ལ་བྱ་འཕུར་པ་ལྟ་བུས་བསམ་པ་གཅིག་ཐོག་ཏུ་གཅིག་བཞག་པ་དང༔ འཁྲུལ་པ་རང་སར་དག་པ་མཁའ་འགྲོ་རྙི་བཏོན་ལྟ་བུས་སྟོང་པ་གཅིག་ཐོག་ཏུ་གཅིག་བཞག་པ་དང༔ དག་པ་ལྡོག་མེད་རིམས་ནད་བྱང་པའི་སྐྱེས་བུ་ལྟ་བུས་རིག་པ་གཅིག་ཐོག་ཏུ་གཅིག་གྲོལ་བའོ༔ ྀཨཚ༔ སྣང་བ་སྤྱོད་ཅིང་སྒྱུར་ནུས་པ་ཆང་གིས་ར་རོ་བ་ལྟ་བུས་འབྱུང་བ་ལྔ་རང་སར་བཞག་པ་དང༔ སེམས་གནས་ཤིང་ཚད་ཟིན་པ་རྔོན་པས་རི་དྭགས་རྒྱ་ལ་ཟིན་པ་ལྟ་བུས་སེམས་རང་སར་བཞག་པ་དང༔ ཆོས་ལ་མི་གནས་པའི་ཤེས་པས་རིག་པ་མཐོང་བ་བཞིན་དང་མེ་ལོང་ལྟ་བུས་ཆོས་ཐམས་ཅད་རང་སར་བཞག་པ་དང༔ འཁྲུལ་པ་མ་ཐོག་ཏུ་གྲོལ་བ་སྦྲུལ་དང་མདུད་པ་ལྟ་བུས་འཁྲུལ་དང་མ་འཁྲུལ་མེད་པ་རང་སར་བཞག་པའོ༔ སྣང་བ་རང་གྲོལ་བ་གཟུ་བོའི་བློ་ཅན་ལྷ་ཁང་དུ་ཕྱིན་པ་ལྟ་བུའོ༔ བསམ་སེམས་ཐམས་ཅད་གཞི་ལ་ཐིམ་པ་རྒྱ་མཚོ་རླུང་གིས་མ་བསྐྱོད་པ་ལྟ་བུའོ༔ དབྱིངས་དང་རིག་པ་རང་སར་འཕྲད་པ་རི་རྒྱལ་གྱི་རྩེ་མོར་ཕྱིན་པ་ལྟ་བུའོ༔ སྐུ་གསུམ་ཕྱིར་མི་ལྡོག་པ་རང་ས་ལ་སླེབ་ཟིན་པ་བསེ་ཤིང་གི་འབྲས་བུ་ལྟ་བུའོ༔ ལྟ་སྒོམ་སྤྱོད་པའི་སྲོག་ཤིང་ཡིན༔ རེངས་པ་རྣམས་ཀྱི་གཉའ་གཅོག་ཡིན༔ སྟོར་པ་རྣམས་ཀྱི་རྗེས་གཅོད་ཡིན༔ བལྟབས་པ་རྣམས་ཀྱི་རྒྱངས་ཤིང་ཡིན༔ རྒྱ་ཆེ་སྦར་གྱིས་གཟུང་བའི་མན་ངག༔ དམུ་རྒོད་མཐུར་སྲབ་འཇུག་པའི་མན་ངག༔ རྣོ་ལ་ངར་གྱིས་བཏབ་པའི་མན་ངག༔ བྱས་པ་ཐམས་ཅད་རང་སར་གཞག་པའི་མན་ངག་གོ༔ ྀཨཚ༔ སྣ་ཚོགས་ལམ་དུ་ཁྱེར་བའི་རྐང༔ དྲན་པ་རྒྱུན་ཐག་གཅོད་པའི་ལག༔ རིག་པ་དངོས་སུ་བལྟ་བའི་མིག༔ འཁྲུལ་པ་གཞི་ལ་དག་པའི་ཁྲུས་སོ༔ སྣང་བ་ཐུག་ཕྲད་ཀྱི་ལམ༔ རིག་པ་ཐུག་ཕྲད་ཀྱི་གཞི༔ མཐོང་བ་ཐུག་ཕྲད་ཀྱི་ཡུལ༔ གྲོལ་བ་ཐུག་ཕྲད་ཀྱི་འབྲས་བུའོ༔ ཛྙཱ་ན་སཱུ་ཏྲ་ཡོངས་སུ་མྱ་ངན་ལས་འདས་པའི་ཚེ༔ བྱེ་མ་ལ་མུ་ཏྲ་བརྒྱལ་ཞིང་ས་ལ་འགྱེལ་ཏེ༔ ཀྱེ་མ་ཀྱི་ཧུད་ཀྱི་སྒྲ་ཆེན་པོ་འདོན་ཅིང་གནས་པ་ལ༔ ནམ་མཁའ་འོད་ཕུང་གི་དཀྱིལ་ནས་སྒྲ་ཆེན་པོ་གྲགས་ཏེ༔ བརྒྱལ་སངས་ནས་བལྟས་པས་ནམ་མཁའ་འོད་ཕུང་གི་དཀྱིལ་ནས་ཕྱག་གཡས་པའི་གྲུ་མོ་མན་ཆད་ཕྱུངས་ཏེ༔ བྱེ་མ་ལ་མུ་ཏྲའི་ཕྱག་གཡས་པའི་མཐིལ་དུ་རིན་པོ་ཆེའི་ཟ་མ་ཏོག་སེན་གང་བ་གཅིག་བབས་སོ༔ དེ་ཞལ་ཕྱེས་ནས་གཟིགས་པས་བཻ་ཌཱུརྻ་མཐིང་གས་རང་ནན་དུ་རིན་པོ་ཆེ་སྣ་ལྔའི་ཤོག་གུ་ལ་བྲིས་པ་གཅིག་བཞུགས་ཏེ༔ བྱེ་མ་མུ་ཏྲས་བལྟས་པ་ཙམ་གྱིས་རྟོགས་པའི་གདིང་རྙེད་པར་གྱུར་ཏོ༔ དུར་ཁྲོད་ཆེན་པོ་བྷ་སིང་དུ་སྣང་བར་བྱས་པ་ཡེ་ཤེས་མདོའི་ཞལ་ཆེམས་བཞག་ཐབས་བཞི༔ སྟན་ཐོག་གཅིག་ཏུ་སངས་རྒྱས་པར་བྱེད་པ་མུན་ཁང་གི་སྒྲོན་མེ་དང་འདྲ་བ་རྫོགས་སོ༔ སྤྱོད་པ་རང་བཞག༔ སྒོམ་པ་རང་བཞག༔ ལྟ་བ་རང་བཞག༔ འབྲས་བུ་རང་བཞག་མན་ངག་གོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ༼ཉ༽ ༄༅༔ རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་བསྡུས་པའི་སྙིང་པོ་ལས༔ པཎ་ཆེན་བྱེ་མ་ལ་མུ་ཏྲའི་ཚིག་གསུམ་སྙན་དུ་གདམས་པའི་ཞལ་ཆེམས་བཞུགས་སོ༔ རང་རིག་གསལ་བའི་སྒྲོན་མ་ལ༔ རྟོགས་པའི་ཤེས་རབ་ཕྱག་འཚལ་ནས༔ སེམས་ཅན་སངས་རྒྱས་ས་ལ་འགོད༔ ཡུན་དུ་བསགས་པའི་བག་ཆགས་འཐུག་པོ་ཡང༔ ཚིག་གསུམ་སྙན་དུ་གདམས་པས་ཤེལ་སྒོང་ཕྱིས་པ་འདྲ༔ སྐྱེ་མེད་ཀ་དག་གྲུབ་པའི་མཐའ༔ སྐུ་གསུམ་ལྷུན་གྲུབ་འབྲས་བུའི་ལམ༔ དགོངས་པ་ཉག་གཅིག་སྒྲོན་མར་གསལ༔ དབྱིངས་རིག་རྣམ་པར་དག་པའི་སྒྲོན་མ་ཡིས༔ ལྟ་བ་གསལ་བྱེད་སྒྲོན་མ་བསྟན༔ གསལ་བྱེད་སྒྲོན་མ་ཆོས་མཆོག་སྨྲ་བས་མི་འཁྲུལ་ཡིན༔ འགྲོ་བའི་མར་མེ་ཡེ་ཤེས་སྒྲོན༔ ཞེས་སོ༔ ལྟ་བ་གསལ་བྱེད་དབང་པོའི་སྒོ་རུ་ཤར༔ ཅེས་སོ༔ སྟོང་གསལ་ཐིག་ལེའི་སྒྲོན་མ་ཡིས༔ འཁྲུལ་སྣང་རྒྱ་ཡིས་འདེབས་པར་བསྟན༔ ཡེ་ཤེས་སྣང་བ་ལམ་མེ་བ༔ ཞེས་སོ༔ ཤེས་རབ་རང་བྱུང་སྒྲོན་མ་ཡིས༔ རྟོགས་པ་གདིང་དུ་ཆུད་པར་བསྟན༔ ཤེས་རབ་ཆེན་པོས་སྐད་ཅིག་ལ༔ ཆོས་ཀུན་ཁོང་དུ་ཆུད་པར་བྱེད༔ ཅེས་སོ༔ རྒྱང་ཞགས་ཆུ་ཡི་སྒྲོན་མས་རིག་པ་ལན་གསུམ་གནད་དུ་གཟིར༔ སྣང་དང་སྟོང་དང་གསལ་དང་སྒྲོན་མ་ཆོས་ཀྱི་མཆོག༔ ཅེས་སོ༔ རིག་པའི་ལམ་གནས་སེམས་དང་ཡེ་ཤེས་དབྱེ༔ ངོ་བོ་གནས་དང་ལམ་དང་སྒོ༔ སྐྱོན་ཡོན་གཏན་དབབ་གནས་ཚུལ་གྱིས༔ དོན་གསུམ་ཐེ་ཚོམ་མེད་པའི་བློ༔ ཞེས་སོ༔ འབྲས་བུའི་གསང་ལམ་ཀུན་གཞི་ཆོས་སྐུར་དབྱེ༔ ཀུན་གཞི་ཀུན་གྱི་གཞི་ཡིན་ཀྱང༔ རྣམ་པར་བྱང་བའི་རྟེན་མ་ཡིན༔ ཞེས་པས༔ ཡེ་ཤེས་མཐོང་ལམ་འབྱུང་བའི་དྭངས་སྙིགས་འབྱེད༔ འཁྲུལ་སྣང་དག་སྣང་ཕྱེད་པས་ལམ་རྟགས་ཚད་ཀྱང་ཟིན༔ ཞེས་སོ༔ དབྱེ་བ་གསུམ་གྱིས་རིག་པ་རྐྱེན་དང་ཕྲོལ༔ མིག་གི་དབང་པོས་རིག་པ་གཅེར་ཐོན་པ༔ ཆོས་སྐུ་ཟང་ཐལ་དེ་བཞིན་ཉིད་ཀྱི་དོན༔ མིག་གི་དེ་བཞིན་ཉིད་ཤེས་ན༔ ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་ཏེ༔ ཞེས་པའོ༔ དེ་ག་ན་རང་བྱུང་གི་ཡེ་ཤེས་ཆེན་པོ་རང་ཤར་བས༔ ཡེ་ཤེས་སྣང་བ་ལམ་མེ་བ༔ ཞེས་པའོ༔ དེ་ཀ་ན་སེམས་ཅན་ཀུན་གྱི་སྣ་ཁྲིད་པོར་ཤར་བས༔ འགྲོ་བའི་མར་མེ་ཡེ་ཤེས་སྒྲོན༔ ཞེས་པའོ༔ དེ་ཀ་མི་གནས་པར་མཁྱེན་པའི་ཡེ་ཤེས་མ་འགགས་པར་ཤར་བས༔ ཡེ་ཤེས་མིག་གཅིག་དྲི་མ་མེད༔ ཅེས་པའོ༔ མིག་གི་དབང་པོ་མཐོང་སར་མ་འགགས་པས༔ རྟོག་མེད་ཀྱི་ཡེ་ཤེས་རང་གསལ་བ་ནི༔ རིག་པ་མངོན་སུམ་དུ་བསྟན་པ་སྟེ༔ མངོན་སུམ་མཐོང་བའི་མིག་ཅེས་དེ་ལ་བྱ༔ ཞེས་པའོ༔ དེ་ཀ་ནི་སངས་རྒྱས་ཀུན་གྱི་ཐུགས་ཡང་དག་པའི་ཡེ་ཤེས་ཡིན་པས༔ སངས་རྒྱས་ཀུན་གྱི་ཐུགས་མཆོག་ནི༔ འགྲོ་བ་ཀུན་གྱི་སྤྱན་ལ་ཤར༔ ཅེས་པའོ༔ དེ་ཀ་ན་སེམས་ཅན་ཀུན་གྱི་སྣ་ཁྲིད་པོར་ཤར་བས༔ རིག་པ་ཁྱིམ་དུ་མི་གནས་ལམ་ལ་མཁས་པར་འགྱུར༔ ཞེས་སོ༔ མི་གནས་པར་ཤར་བའི་རིག་པ་རང་ངོ་མ་ཤེས་ན༔ དམིགས་བུ་མེད་ན་བྱང་ཆུབ་རེག་པར་ནུས་མ་ཡིན༔ ཅེས་པའོ༔ མིག་ལྟ་བར་མ་ཤེས་ན༔ དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས༔ ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་ནུས༔ ཞེས་པའོ༔ མ་རིག་འཁྲུལ་འཁོར་འདི་ལ་ཟད་ཅིང་བྲི་བ་མེད༔ ཅེས་པའོ༔ ཡིད་དཔྱོད་ཀྱིས་སེམས་གཏན་ལ་འབེབ་པ་ནི༔ འདོང་པོ་ནམ་མཁར་སྙེག་པ་འདྲ༔ ཞེས་པའོ༔ སྐུ་གསུམ་རང་གིས་སྣ་ཁྲིད་དང་པོར་ཤར་བ་ནི༔ མིག་གི་དབང་པོ་མཐོང་བ་མ་འགགས་པ་རིག་པ་ཆོས་སྐུའོ༔ མཐོང་བ་ངེས་པར་མཁྱེན་པ་ཤེས་རབ་ལོངས་སྤྱོད་རྫོགས་པའི་སྐུའོ༔ མིག་གི་དེ་ཁོ་ན་ཉིད་སྙིང་པོ་ཡེ་ཤེས་རླུང་གི་ལུས་ཅན་ནི་སྤྲུལ་པའི་སྐུ་སྟེ་སྐུ་གསུམ་འདུ་འབྲལ་མེད་པར་རང་གི་སྣ་ཁྲིད་དང་པོར་ཤར་བས༔ མཆོག་གི་དང་པོ་སྐུ་གསུམ་འཆང༔ ཞེས་པའོ༔ དེ་དཔེ་དོན་རྟགས་ཀྱིས་གཏན་ལ་ཕེབས་པས༔ དོན་གསུམ་ཐེ་ཚོམ་མེད་པའི་བློ༔ ཞེས་པའོ༔ དོན་གྱི་ཡེ་ཤེས་ངོ་ཤེས་པས༔ ཀུན་དོན་ཡོན་ཏན་གསུམ་གྱི་བདག༔ ཅེས་པའོ༔ ཕུང་པོ་ལྔ་ཡི་ནང་དུ་རིག་པ་ངོས་གཟུང་བ་ནི༔ མིག་མ་འགུལ་བར་ནམ་མཁའ་སྤྲིན་བྲལ་གྱི་ཀློང་དུ་གཏད་པས༔ དབྱིངས་རྣམ་པར་དག་པའི་སྒྲོན་མ་གསལ་ཏེ༔ རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ཡེ་ཤེས་ཟང་ཐལ་ཆེན་པོའི་དགོངས་པ༔ ཅོག་གཞག་ཆེན་པོའི་ངང་ལ་ཞོག༔ རིག་པ་ཚད་ལ་ཕེབས་ཤིང་རིག་པ་མངོན་སུམ་གྱི་སྣང་བའོ༔ རིག་པ་ལམ་རྟགས་ཀྱི་སྣང་བ་ནི༔ མིག་གི་འབྲས་བུ་གསལ་བྱེད་ཀྱི་མེ་ལོང་གིས་མི་དྲག་ཙམ་མནན་པས༔ ཐུགས་རྗེའི་འོད་ཟེར་གྱི་སྣང་བ་ཤར་ཏེ༔ ཐིག་ལེ་ཐིག་ཕྲན༔ ལོངས་སྐུ་དང་སྤྲུལ་སྐུའི་སྣང་བ་འཆར་རོ༔ སྤྱན་ལྔ་ཡང་འཆར་ཏེ༔ སྤྱན་ལྔ་ཆགས་པ་མེད་པར་འཆར༔ ཞེས་པའོ༔ སྐྱེ་མེད་ཀྱི་ཀློང་དུ་འགགས་མེད་ཀྱི་རིག་པ་རང་གྲོལ་བས༔ ཆོས་རྣམས་ཐམས་ཅད་ཟད་སར་བསྐྱལ་པའོ༔ ངོ་བོ་ཀ་དག་རང་བཞིན་ལྷུན་གྲུབ་རྒྱ་མ་ཆད་པའོ༔ མཐའ་གྲོལ་ཕྱོགས་རིས་མེད་པ་ལྟ་བའི་གདིང༔ དམིགས་གཏད་གཏང་བཞག་མེད་པ་སྒོམ་པའི་གདིང༔ ཞེ་འདོད་ཉམ་ང་མེད་པ་སྤྱོད་པའི་གདིང༔ སྤངས་ཐོབ་རེ་དོགས་མེད་པ་འབྲས་བུའི་གདིང༔ ལམ་གསུམ་གདིང་བཞི་གནད་ཀྱི་གདམས་པ་ཡིན༔ ལུང་དང་རིག་པ་མན་ངག་གསུམ༔ ཡིད་ཆེས་གདམས་པ་གནད་ལ་ཕོབ༔ གོལ་སར་ལྷུང་བའི་ལྟ་སྒོམ་ནི༔ ཤེས་པ་སྣ་ཚོགས་བློ་གཟུང་གི༔ ལྟ་བ་བྱ་བྱེད་འབད་རྩོལ་གྱི་གོལ་ས་ཡིན༔ ལྷུན་གྲུབ་སྟོང་རྫོང་འཁྲུལ་པའི་གོལ་ས་ཡིན༔ མཐའ་བྲལ་བརྗོད་མེད་སྟོང་པའི་ལ་བཟླ་སྟེ༔ ཆད་པ་མཐའ་ཟད་སྟོང་པ་ལྟ་བ་མིན༔ སྒྱུ་ལུས་འོད་གསལ་བདག་འཛིན་པ༔ རྟག་པར་ལྟ་བ་དང་མཚུངས་ཏེ༔ དེ་དག་ལྟ་བའི་གོལ་སར་ཤེས་པར་གྱིས༔ སྟོང་པ་ཧད་པོའི་ལྟ་སྒོམ་དང༔ མི་རྟོག་ལྟེང་པོའི་སེམས་འཛིན་དང༔ བཏང་སྙོམས་ལྟེང་པོའི་མུན་སྒོམ་དང༔ མ་ཚོར་ཡིད་ལ་བྱེད་པའི་འགོག་པ་དང༔ བདེ་བ་སྐྱེད་བྱེད་ལུས་སྦྱོང་དང༔ ཡིད་འགྱུ་གཅོད་པའི་དབུགས་འཛིན་རླུང་སྒོམ་རྣམས༔ འདི་རྣམས་སྒོམ་པའི་གོལ་སར་ཤེས་པར་གྱིས༔ བླང་དོར་བདག་ཏུ་ལྟ་བའི་སྤྱོད་པ་དང༔ བརྩོན་འགྲུས་ཚུལ་འཆོས་བྱེད་པའི་སྤྱོད་པ་དང༔ བརྟུལ་ཞུགས་གཉེན་པོར་བྱེད་པའི་སྤྱོད་པ་རྣམས༔ འདི་རྣམས་སྤྱོད་པའི་གོལ་ས་ཡིན༔ རྒྱུ་རྐྱེན་ཟད་པའི་སྟོང་འབྱམས་དང༔ དུ་མ་རོ་གཅིག་ཐིག་ལེ་ཆེན་པོར་རང་གྲོལ་དང༔ སྐུ་གསུམ་ལྷུན་གྲུབ་ལམ་སྣང་གི་འདོད་པ་རྣམས༔ འབྲས་བུ་རེ་དོགས་གོལ་ས་ཡིན༔ སྣང་ལ་རང་བཞིན་མེད་པ་ཆོས་ཉིད་ནམ་མཁའ་ལྟ་བའི་མཆོག༔ གསལ་ལ་རྟོག་པ་མེད་པ་ངོ་བོ་ཀ་དག་འབྲས་བུའི་མཆོག༔ གང་ཡང་འགག་པ་མེད་པ་རང་བཞིན་རྒྱ་མ་ཆད་དེ་སྤྱོད་པའི་མཆོག༔ མཐོང་རྟོག་སྒྱུ་མའི་རང་བཞིན་ཡིན་པས་རྣམ་རྟོག་ཅིར་མི་བསམ༔ བསམ་པ་ཀུན་སྤངས་ཡེ་ཤེས་ཆེན་པོའི་རྒྱ་མཚོ་མི་གཡོ་བ༔ དེ་ཡི་ངང་ལ་མ་སྐྱོད་ལྷན་ནེར་ཞོག༔ ལྷན་ནེ་ལྷོད་དེ་བཞག༔ མཉམ་པ་ཆེན་པོའི་དོན་ཏེ་སྒོམ་པའི་མཆོག༔ མཆོག་གཞི་གདེང་བཞིར་ཁྱེར་ན་གྲུབ་མཐའ་ངན་པའི་ལྟ་བ་ཆོད༔ ཕྱིན་བགྲོད་མེད་པར་བསླེབས་པས་བྱང་ཆུབ་སེམས་ཀྱི་སྒྲོན་མ་ངོས་ཟིན་ན༔ ཀུན་ཏུ་འོད་ཀྱི་ས་མཆོག་ནོན༔ རྐང་མེད་མཁའ་ལ་འགྲོ་ན་ལྟ་བའི་རྒྱབ་ཤ་ཆོད༔ གྲོགས་མེད་གཅིག་པུར་གནས་ན་སྒོམ་པའི་རྒྱབ་ཤ་ཆོད༔ བལྟར་མེད་སྐུ་ལ་བལྟས་ན་འབྲས་བུའི་རྒྱབ་ཤ་ཆོད༔ བདག་ནི་ཐོས་ཆུང་བློ་ཞན་མ་ཡིན་ཏེ༔ སྒྲ་ཚད་བསྟན་བཅོས་གྲུབ་མཐའི་དགོངས་པ་བསླངས༔ སྡེ་སྣོད་གསུམ་གྱི་དོན་གོ་ཐམས་ཅད་བསླངས༔ རྒྱུད་དོན་སྡེ་ལྔའི་ཁོང་དོན་ཤིགས༔ འབུམ་ཚོ་དྲུག་རྣམས་བཞུགས་པའི་ཨ་ཏི་ལ༔ བདག་གིས་དགོངས་པ་མ་ལོངས་གཅིག་ཀྱང་མེད༔ ཁྱད་པར་སེམས་སྡེ་ཉེར་གཅིག་དང༔ ཀློང་སྡེ་ཉི་ཤུ་རྩ་གཉིས་དང༔ དེ་རྣམས་ནང་ནས་ཟབ་པའི་མན་ངག་སྡེ༔ དེ་དག་མན་ངག་སྙིང་བཅུད་བདག་གིས་བསྡེབས༔ དེ་རྣམས་ནང་ནས་མར་གྱི་ཡང་ཞུན་འདྲ་བ་འདི༔ རྫོགས་པ་ཆེན་པོ་གསེར་གྱི་ཉི་མ་རབ་ཏུ་སྣང་བྱེད་ཐིག་ལེ་ཡང་གསང་མཆོག༔ རྒྱུད་སྡེ་བཅོ་བརྒྱད་ཏི་ཀ་ཕྲ་གཅོད་བཅས༔ བརྒྱ་དང་བཅུ་དགུའི་མན་ངག་སྡེ་བཅས་ཀྱི༔ ཡང་ཟབ་ཟབ་དོན་ཞལ་ཆེམས་བརྒྱད་པོ་འདི༔ སངས་རྒྱས་ཀུན་གྱི་དགོངས་པའི་བཅུད་ཡིན་པས༔ ཉམས་སུ་ལོངས་ཤིག་ཕྱིས་འབྱུང་སྐྱེས་བུ་རྣམས༔ བདག་ནི་ཆོས་ལྡན་སྐྱེ་བ་ལྔ་བརྒྱ་བླངས༔ རིག་འཛིན་རྣམ་པ་བཞི་ནི་རིམ་གྱིས་ཐོབ༔ ཆོས་ཟད་བློ་ཟད་ལྷག་མེད་འགྲོ་ཁའི་ཚེ༔ སེམས་ཅན་སྙིང་བརྩེའི་སེམས་ཀྱིས་མ་བཟོད་པར༔ འཆི་མེད་འཕོ་བ་ཆེན་པོའི་སྐུར་བཞེངས་ནས༔ སངས་རྒྱས་སྟོང་གི་བསྟན་པ་མ་རྫོགས་བར༔ སེམས་ཅན་རྣམས་ཀྱི་དོན་རབ་བདག་གིས་སྤྱོད༔ ད་ནི་རྒྱ་ནག་རི་བོ་རྩེ་ལྔར་འགྲོ༔ ཉང་བན་ཁྱོད་ཀྱང་རྣམ་གཡེང་མ་ཆེ་བར༔ ཆོས་ཉིད་མཐོང་གསལ་ལུ་གུ་རྒྱུད་ལ་ལྟོས༔ ཞེས་གསུངས་སོ༔ པཎ་ཆེན་བྱེ་མ་མུ་ཏྲའི་ཚིག་གསུམ་སྙན་དུ་གདམས་པ་བདག་ཉང་བན་གྱིས་ཡི་གེར་བཀོད་པའོ༔ ཞྭའི་མགོན་པོ་དམ་ཚིག་ཅན་གྱིས་ཐུབ་པར་སྲུངས་ཤིག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ༼ཏ༽ ༄༅༔ རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་ ཟབ་དོན་བསྡུས་པའི་སྙིང་པོ་ལས༔ བསམ་གཏན་མིག་གི་སྒྲོན་མེ་བཞུགས་སོ༔ རྒྱ་གར་སྐད་དུ༔ དྱཱན་ཙཀྵུ་ཨཱ་ལོ་ཀེ་ནཱ་མ༔ བསམ་གཏན་མིག་གི་སྒྲོན་མེ་ཞེས་བྱ་བ༔ དཔལ་རྡོ་རྗེ་སེམས་དཔའ་རང་རིག་ལུ་གུ་རྒྱུད་ཀྱི་སྐུ་ལ་ཕྱག་འཚལ་ལོ༔ ཨེ་མ་སངས་རྒྱས་འབྲས་བུ་ཚེ་འདིར་སྒྲུབ་པ་ཡི༔ སྐལ་ལྡན་སྙིང་པོ་དོན་དུ་གཉེར་བ་དེས༔ ཆོས་འདི་མངོན་སུམ་གཏན་ལ་ཕབ་པའི་ཕྱིར༔ སྤྱོད་པའི་གནད་དུ་འཁོར་འདས་རུ་ཤན་ཕྱེ༔ དུར་ཁྲོད་ལུང་སྟོང་དག་ཏུ་རྒྱུ་བར་བྱ༔ སྒོམ་པའི་གནད་དུ་འདུག་སྟངས་རྣམས་སུ་བསྟུན༔ ལུས་ངག་ཡིད་གསུམ་དལ་བ་རབ་ཏུ་གཅེས༔ ལྟ་བའི་གནད་དུ་མི་འགུལ་གཟེར་གསུམ་གདབ༔ ལུ་གུ་རྒྱུད་ལ་རྟག་ཏུ་འདྲིས་པར་བྱ༔ མིག་གི་གསལ་བྱེད་སྨན་སྦྱར་སྔགས་ཉིད་བསྒྲང༔ མིག་ཤེད་སྐྱེད་ཅིང་གསལ་བའི་སྨན་སྦྱར་བ་ནི༔ ཨ་རུ་ར་གསེར་མདོག༔ གོ་སྙོད༔ རྩྭ་ཨ་བ༔ སྔོ་རྟག་ཏུ་ངུ༔ ལྕགས་སྦྲུལ་དུག་ཐོན་རྣམས་རྩི་བཞིན་བཏགས་ཏེ༔ སྦྲང་རྩི་དང་སྦྱར་ནས་ལྟོ་སྟོང་ལ་ཟོས་ན་མིག་ཤེད་སྐྱེད་ཅིང༔ རིག་པ་ལུ་གུ་རྒྱུད་གསལ་བར་འགྱུར་རོ༔ དུས་རྒྱུན་དུ་ཞོག་པར་རླུང་བཟུང་སྟེ༔ ལག་མཐིལ་གཉིས་དྲག་ཏུ་འཕུར་ལ་མིག་གི་སྟེང་དུ་བསླན་པས་མིག་གསལ་བར་འགྱུར་རོ༔ ཨཱོྃ་ཆེན་ཀོང་ཆེན་བྷ་ཧ་ན༔ ཞུན་ཆེན་ཞུ་ཧ་ན་གྷ་མེ་སྟོན་ཡཾ༔ ཞེས་པའི་སྔགས་འདི་ཅི་མང་དུ་བཟླས་པས་མིག་གསལ་ཞིང་ལུ་གུ་རྒྱུད་འཕེལ་བར་འགྱུར་རོ༔ ཆོས་ཀྱི་སྐུ་དབང་པོའི་མངོན་སུམ་མཇལ་བས་སྣང་བཞིའི་དོན་རྟོགས་འཁྲུལ་སྣང་སངས་ཏེ༔ ཕུང་པོ་ལྷག་མེད་སྟོང་གསུམ་འཇས་གང་ནས༔ མཐོང་ཐོས་དྲན་རེག་འཁོར་བ་ཕྱིར་བསྙིལ་ཞིང༔ ལྷུན་གྲུབ་ས་ལ་ཀུན་ཏུ་བཟང་པོར་འགྱུར༔ ཨེ་མ་རིག་པ་དངོས་ཉིད་ལྟ་བའི་སྐྱེས་བུ་རྣམས༔ སྒྲོན་མ་གསལ་བྱེད་མན་ངག་འདི་ལ་ནན་ཏན་མཛོད༔ དངོས་པོ་གཤིས་ཀྱི་སྐྱེ་བའི་ལུ་གུ་རྒྱུད༔ འདི་ལས་ཆོས་གཞན་ཡོད་རེ་ན་ར་ཀན༔ བྱས་ཆོས་ཚིག་ཕྱིར་ཤོར་བའི་གང་ཟག་རྣམས༔ བྱར་མེད་གནས་ལུགས་བལྟས་ན་མི་ལེགས་སམ༔ འདི་མིན་ཆོས་ལ་འབུངས་ཀྱང་སངས་རྒྱས་རིང༔ དེ་ཕྱིར་ཉག་གཅིག་སྒོམ་ན་མི་འཚེངས་སམ༔ རིག་འཛིན་ལྷག་མེད་གྲུབ་པ་རྣམས་དང་ནི༔ དབྱེར་མེད་གཅིག་ཏུ་བསྲེས་ན་མི་འཐད་དམ༔ ཟག་བཅས་སྒྱུ་ལུས་འཁྲུལ་པ་བསྟེན་མི་ནུས༔ གདོས་ཐག་ད་རེས་ཆོད་ཅིག་སེམས་བུ་ཚོ༔ བསམ་གཏན་མིག་གི་སྒྲོན་མེ་ཞེས་བྱ་བ་ཁ་ཆེའི་ཡུལ་གྱི་རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏ་བྱེ་མ་མུ་ཏྲས་མཛད་པ་རྫོགས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ པཎ་ཆེན་གུ་རུ་བྱེ་མ་མུ་ཏྲའི་སྙན་བརྒྱུད་གསང་བ་སྙིང་ཐིག་བསྡུས་པའི་དོན༔ མངའ་བདག་ཡབ་སྲས་ཉང་བན་བདག་ལ་གནང༔ ཟབ་པར་འདུག་པས་འཆལ་དོགས་ཡི་གེར་བཀོད༔ གསང་བ་རྩིས་ཆེ་གཏེར་དུ་སྦས་ནས་བཞག༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཞྭའི་མགོན་པོ་དམ་ཚིག་ཅན་གྱིས་སྲུངས་ཤིག༔ ཁ་ཐཾ༔ ྀཨཚ༔ ༼ཐ༽ ༄༅༔ རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་ཟབ་དོན་བསྡུས་པ་ལས༔ ཉམས་ལེན་བསྡུས་དོན་ཟིན་རིས་ཉང་བན་གྱིས་བཀོད་པའོ༔ དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ ཆོས་ཀུན་སྟོང་ཉིད་ངོ་བོ་ཡངས་པའི་ཀློང༔ རང་བཞིན་གསལ་བ་འོད་ལྔའི་ཀློང་ཡངས་ནས༔ གཟུགས་ཀྱི་སྐུར་བཞེངས་ཐུགས་རྗེ་བརྩེ་བ་ཅན༔ ལན་གཅིག་ཞལ་མཐོང་ཙམ་གྱིས་འོག་མིན་དུ༔ སངས་རྒྱས་འདྲེན་མཛད་བྱེ་མ་མུ་ཏྲ་ཞེས༔ གནས་ལྔའི་པཎ་ཆེན་བཀའ་དྲིན་འཁོར་མེད་དེས༔ བརྩེ་བས་བསྐྱངས་པའི་ཉང་བན་བདག་ཉིད་ངས༔ རང་ཉིད་དྲན་གསོ་ཕྱི་རབས་ཕན་སྙམ་བློས༔ གསང་བ་སྙིང་ཐིག་བསྡུས་དོན་ཉམས་ལེན་གྱི༔ ཟིན་རིས་ཡི་གེར་སྣང་བར་བྱས་པ་ཡིན༔ རྫོགས་པ་ཆེན་པོའི་རྒྱུད་སྡེ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་དགོངས་པ་ཉམས་སུ་ལེན་ཞིང༔ རྟོགས་པར་དཀའ་མོད་ཀྱང༔ འདིར་ཅུད་ཟད་ཟབ་པའི་དོན་འགའ་ཞིག་ཉམས་སུ་བླང་བ་ནི༔ ཕྲ་ཐིག་ལས༔ མང་དུ་ཐོས་ཤིང་ང་རྒྱལ་ཞི༔ ཚུལ་འཆོས་སྤངས་ཤིང་ཆོག་ཤེས་པ༔ རྒྱུད་ལ་གོམས་ཤིང་ཉམས་སུ་ལེན༔ ལྟ་བ་རྟོགས་ཤིང་འཛིན་ཆགས་ཆུང༔ བྱ་བ་ཉུང་ཞིང་བརྩོན་འགྲུས་ལྡན༔ རྨོངས་པ་མེད་ཅིང་ཆོག་ཤེས་པ༔ ཡང་ན་སྡོམ་པ་གསུམ་ལ་གནས༔ དཀའ་ཐུབ་ལྡན་ཞིང་མཆོག་ལ་སྦྱོར༔ ནགས་ཁྲོད་བརྟེན་པ་བླ་མ་འོ༔ ཞེས་གསུངས་པས༔ ཐོས་པའི་ཆོས་ལ་མང་དུ་སྦྱངས་ཤིང༔ ཚུལ་འཆོས་སྤངས་ལ་རྒྱུད་ཀྱི་དོན་ཤེས་ཤིང༔ ཉམས་ལེན་གདམས་ངག་དང་ལྡན་པ༔ དབང་དང་བྱིན་རླབས་ཆེ་བ༔ ཉམས་མྱོང་དང་ལྡན་ཞིང་སྒོམ་གྱིས་ཟིན་པ༔ ཚིག་དོན་ལ་མཁས་པའི་བླ་མ་དམ་པའི་དྲུང་དུ་རང་གི་ལུས་ངག་ཡིད་གསུམ་འཁོར་གསུམ་དག་པའི་སྒོ་ནས་ཞུའོ༔ སློབ་མ་ཡང་དད་པ་སྙིང་རྗེ་གཏོང་ཕོད་གསུམ་ཆེ་བས༔ བློ་ཡངས་པ་དབང་པོ་རྣོ་བ༔ ངག་འཇམ་པ༔ དུལ་བའི་ཚིག་སྨྲ་བ༔ བླ་མ་ལ་གུས་པ༔ ཅི་གསུང་སྒྲུབ་ནུས་པ༔ གསང་སྔགས་ཀྱི་ཚིག་རྣམས་རྡུལ་ཙམ་ཡང་མ་བརྟགས་པར་སུ་ལ་ཡང་མི་སྟོན་ཞིང་ཉམས་ལེན་ལ་བརྩོན་པའོ༔ དེ་ལྟ་བུའི་སློབ་མ་ལ་དབེན་པའི་གནས་སུ་དལ་ཞལ་ཕྱེ་ལ༔ དབང་བཞིས་རྒྱུད་ཡོངས་སུ་སྨིན་པར་བྱའོ༔ རིགས་དྲུག་འཁོར་བའི་དུཿཁ་སྐྱེ་འཆི་འབྱོར་གུད་འདུ་འབྲལ་ཤི་བ་རྣམས་ཡིད་ལ་བསམ་པས༔ མི་འཆི་བ་ནི་གཅིག་ཀྱང་མེད༔ རང་ཡང་འཆི་བ་ལས་མ་འདས༔ འཆི་བ་ལ་ཅིས་ཕན་བརྟག་ཅིང༔ ངན་སོང་གི་སྡུག་བསྔལ་བློ་ལ་བླང་ཞིང་ངེས་འབྱུང་བསྒོམ་པའོ༔ ཕྱི་ནང་སྣོད་བཅུད་ནམ་ཟླའི་དུས་ཚོད༔ རང་གི་ལུས་སོགས་མི་རྟག་པའི་རང་བཞིན་ཤེས་ཤིང་བསྒོམས་ལ༔ སེམས་ཅན་ཐམས་ཅད་ཀྱིས་རང་གི་ཕ་དང་མ་མ་བྱས་པ་མེད་པས༔ སྙིང་རྗེ་བྱང་ཆུབ་ཀྱི་སེམས་བཅོས་མིན་རྒྱུད་ལ་མ་སྐྱེས་ཀྱི་བར་བསྒོམ་པ་གཅེས་སོ༔ རང་གི་མདུན་གྱི་ནམ་མཁར་བླ་མ་དང་རྒྱལ་བ་ཞི་ཁྲོ་སངས་རྒྱས་བྱང་སེམས་ཀྱི་ཚོགས་བཞུགས་པར་བསམ་ལ༔ སྐྱབས་འགྲོ་སེམས་བསྐྱེད་སྡིག་པ་བཤགས་པ་སོགས་ཚིག་དོན་འབྲེལ་པར་ཉམས་སུ་བླང༔ དེ་ནས་རང་ཉིད་སྤྱི་གཙུག་ཏུ་པདྨ་ཉི་ཟླའི་གདན་ལ་བླ་མ་དང་རྒྱལ་བ་ཞི་ཁྲོ་དབྱེར་མེད་དཔལ་རྡོ་རྗེ་སེམས་དཔའ་བསྒོམ་ལ༔ དེའི་མཐེ་བོང་ལས་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་སྤྱི་བོ་ཚངས་པའི་བུ་གར་བབས་པས༔ སྡིག་སྒྲིབ་དག་ཅིང་ལུས་ཀྱི་ནང་བྱང་སེམས་ཆུ་རྒྱུན་གྱིས་གང༔ ལུས་སེམས་ཟག་མེད་ཀྱི་བདེ་བས་མྱོས་པར་བསམ་ལ་མཉམ་པར་བཞག་པས༔ སེམས་ཆོས་ཉིད་ཀྱི་དོན་ངང་ངམ་ཤུགས་ཀྱིས་འཆར་བས་འདི་ཉིད་ལ་བརྩོན་པར་བྱའོ༔ དེ་ནས་དུར་ཁྲོད་དམ་ལུང་སྟོང་དུ་མི་རྟག་པ་ཡང་ནས་ཡང་དུ་བསྒོམ་ཞིང་བློ་སྣ་བསྟུངས་ལ་རིགས་དྲུག་སེམས་ཅན་ཕ་མ་དངོས་ཀྱི་བརྩེ་གདུང་སྙིང་རྗེ་ནན་ཏན་དུ་བསྒོམ་པར་བྱའོ༔ དེ་ནས་རང་ཉིད་རྐང་མཐིལ་གཉིས་མཉམ་པར་སྦྱར༔ ལག་པ་གཉིས་སྤྱི་བོར་ཐལ་མོ་སྦྱར༔ ལུས་རྡོ་རྗེ་སྔོན་པོ་རྩེ་གསུམ་པར་བསྒོམས་ཏེ་མཉམ་པར་བཞག་པ་མ་ཡེངས་པར་བྱའོ༔ དེ་ཡང་ཆོས་ཉིད་ཡེ་ཤེས་ཀྱི་དོན་རྒྱུད་ལ་རྟོགས་པར་བྱ་བ་ལ༔ དབེན་པའི་མལ་དུ༔ རྐང་པའི་སྤྱག་པ་གཉིས་ཕྱིར་བརྐྱང༔ རང་གི་པུས་མོ་གཉིས་བཙུགས༔ ལག་པ་གཉིས་རྡོ་རྗེ་ཁུ་ཚུར་བརླའི་སྟེང་དུ་བཞག༔ རླུང་བུམ་ཅན་བཟུང༔ ལུས་དྲང་པོར་བསྲང༔ ངག་སྨྲ་བ་བཅད༔ སེམས་གང་ལ་ཡང་མི་འཕྲོ་བར་བཞག༔ མིག་སྨིན་ཕྲག་གི་ནམ་མཁའ་ལ་བལྟ་བའམ༔ སྣ་རྩེ་ལ་གཏད་དེ་མཉམ་པར་གཞག་གོ༔ དེ་ནས་སེམས་འདི་དང་པོ་གང་ནས་བྱུང༔ ད་ལྟ་གར་གནས༔ གནས་པ་དབྱིབས་ཁ་དོག་ཅི་འདུག༔ བརྟག་ཅིང་དཔྱད་དེ་གཏིང་ཕྱིན་པར་བལྟས་པས་དང་པོ་བྱུང་ས་མེད་པ་ཆོས་ཀྱི་སྐུར་ངོ་ཤེས༔ གནས་ས་མེད་པ་ལོངས་སྤྱོད་རྫོགས་སྐུར་ངོ་ཤེས༔ འགྲོ་ས་མེད་པ་སྤྲུལ་པའི་སྐུ་སྟེ༔ སྣང་སྲིད་འཁོར་འདས་ཡུལ་ཡུལ་ཅན༔ སྣང་སྟོང་གཉིས་མེད་འཕོ་འགྱུར་མེད་པའི་ངོ་རང་ཐོག་ཏུ་གྲོལ་བའོ༔ དེ་ལྟ་བུའི་གདིང་དང་ལྡན་པར་གྱུར་པ་དང༔ ལུས་ངག་ཡིད་གསུམ་གྱི་བྱ་བ་དགུ་ཕྲུགས་སུ་བཏང༔ འགལ་རྐྱེན་མེད་པའི་གནས་སུ༔ བདེ་བའི་སྟན་ལ་སེང་གེའི་འདུག་སྟངས་ནི་ལུས་ཁྱི་ཚུགས་རྐང་མཐེབ་སར་ཕབ༔ ལག་པ་རྡོ་རྗེ་ཁུ་ཚུར་རྐང་པའི་མཐེ་བོང་རྩར་ཕབ༔ ཁོག་སྟོད་བརྒྱང༔ མཇིངས་པ་ཡིད་ཙམ་བསྐྱེད་པར་བྱས་ཏེ༔ མིག་སྨིན་ཕྲག་ལ་གཏད༔ ཡང་གླང་ཆེན་ཉལ་བ་ལྟ་བུར་ཁ་སྦུབ་པུས་བྲང་སྤྲད༔ རྐང་སོར་ཕྱིར་ཕུལ༔ གྲུ་མོ་ས་ལ་སྦྱར༔ ལག་གཉིས་ཨོས་ཀོ་བཏེག༔ མཇིང་པ་གྱེན་ལ་གཏད་དེ༔ མིག་གཉིས་སྨིན་ཕྲག་གི་ཟུར་ལ་ཧྲིལ་པོར་བལྟའོ༔ དྲང་སྲོང་གི་འདུག་སྟངས་ནི༔ ལུས་ཙོག་པུར་རྐང་པའི་ལོང་བུ་གཉིས་གཤིབ༔ རྐང་མཐིལ་སར་ཕབ༔ པུས་མོ་གཉིས་བྲང་ལ་སྦྱར༔ སྒལ་ཚིགས་དྲང་པོར་བསྲང༔ མཇིང་པ་ཨན་ཙམ་བསྟོད༔ མིག་ཟིམ་བུར་བལྟའོ༔ ཡང་ན་གོང་ལྟར་རྐང་པའི་སྦྱག་པ་གཉིས་ཕྱིར་བརྐྱང༔ ཚོས་པོ་ཆེ་བྱིན་པའི་སྟེང་དུ་བཞག༔ ལག་གཉིས་རྡོ་རྗེ་ཁུ་ཚུར་བརླའི་སྟེང་དུ་བཙུགས་ལ༔ ལག་གཉིས་དྲང་པོར་བསྲང༔ མིག་སྨིན་ཕྲག་གི་བར་སྣང་ལ་གཏད་པས༔ སྐུ་གསུམ་གྱི་ངོ་བོ་རིག་པ་སྟོང་པའི་ནམ་མཁའ་ལ་རང་གཟུགས་སུ་འཆར་རོ༔ དེ་ཡང་རྟེན་གསུམ་ལ་བསླབ་སྟེ༔ ཆོས་སྐུའི་རྟེན་ཉི་མའི་ཐད་ནས་ཁྲུ་གང་གི་སར་སྨད་དེ་ཟེར་ལ་བལྟས་པས༔ དབྱིངས་ཀྱི་ཁ་དོག་ལྔའམ་དཀར་པོ་ཁྲ་ཁྲོ་ཙམ་མཐོང༔ དེ་ནས་གླང་པོ་ཆེའི་འདུག་སྟངས་ཀྱིས་ཟུར་གྱིས་ཁྲིད་དེ་བལྟས་པས་ཁ་དོག་ལྔར་གསལ༔ དེ་ནས་དྲང་སྲོང་གི་འདུག་སྟངས་ཀྱིས་ཐུར་ལ་ཕབ་ནས་ཟིམ་བུས་བལྟས་པས་སྣང་བ་ཐམས་ཅད་དབྱིངས་ནང་དུ་འཆར་རོ༔ དེའི་ཚེ་ལུ་གུ་རྒྱུད་དབྱིངས་དཀྱིལ་དུ་བཅུག་ནས་ཨར་ལ་གཏད་དེ་བལྟའོ༔ ལོངས་སྐུའི་འབེན་ཟླ་བ་ལ་སྦྱང་བ་ནི༔ ལྟ་ལུགས་གོང་དང་འདྲ་བ་ལ༔ ཟླ་བའི་དཀྱིལ་འཁོར་རང་ལ་གཏད་དེ་བསྒོམ་པས་ཉིན་མོའི་མིག་སྨན་དུ་འགྱུར་རོ༔ དེ་བཞིན་དུ་སྤྲུལ་སྐུའི་རྟེན་མར་མེའི་ཟེར་ལའང་གོང་ལྟར་བསླབ་བོ༔ དེ་ལྟར་དབྱིངས་སྣང་མ་ཤར་གྱི་ངང་ལ་རྟེན་དེ་གསུམ་ལ་བསླབ་དགོས་ཏེ༔ དབྱིངས་སྣང་ཤར་བ་དང་ནམ་མཁའ་སྤྲིན་བྲལ་གྱི་དབྱིངས་སུ་མིག་འབྲས་མ་འགུལ་བར༔ ལུས་གནད་བཞི་གང་རུང་གིས་གནད་དུ་བསྣུན་ནས་བལྟས་པས༔ དཔེར་ན་རྒྱ་མཚོར་སྐར་ཚོགས་ཤར་བ་ལྟ་བུར་ནམ་མཁའ་རྐྱེན་དང་བྲལ་བའི་མཐོངས་སུ་དབྱིངས་རྣམ་པར་དག་པའི་སྒྲོན་མ་རྨ་བྱའི་མདོངས་འདྲ་བ་མེ་ལོང་གི་གཟུགས་བརྙན་ལྟར་གསལ་བར་འཆར་རོ༔ དེའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ལྕགས་ཐག་བརྒྱངས་པའམ༔ རྟ་རྔ་ལ་མདུད་པ་བོར་བའམ༔ མེ་ཏོག་ཕྲེང་བ་བརྒྱུས་པ་ལྟ་བུར་འཆར་བར་འགྱུར་རོ༔ དེ་ཡང་ཡེ་ཤེས་ལྔ་དང་ལྡན་ཞིང་འོད་ཀྱི་གོང་བུ་གསལ་ཞིང་འཚེར་བ༔ ཚོམ་བུ་དང༔ ལུ་གུ་རྒྱུད་རིན་པོ་ཆེའི་ཉག་ཐག་བརྒྱངས་པ་འདྲ་བ་འམ༔ ཟ་འོག་གི་གུར་ཁྱིམ་ལྟ་བུ་མེ་ཏོག་ཕྲ་མོ་རླུང་གིས་བསྐྱོད་པ་ལྟ་བུ༔ རེ་ལྡེ་ལྟ་བུ༔ ཟབ་སྐུད་སྤུངས་པ་ལྟ་བུ༔ མིག་མང་རིས་ལྟ་བུ༔ རྩྭ་ཟིལ་ཆུའི་ཕུང་པོ་ལྟ་བུ༔ རྔ་མ་སྣ་ལྔའི་ཕུང་པོ་ལྟ་བུ༔ འོད་ཟེར་དང་བཅས་ཏེ་འགུལ་བ་དང༔ འཕྲིག་པ་དང༔ ལྡིང་བ་དང༔ བུང་བ་བཅུད་ལ་འཁོར་བ་ལྟར་ཡུལ་ཡུལ་ཅན་ཐབས་ཤེས་རབ་འདུ་འབྲལ་མེད་པའི་ཚུལ་དུ་འཆར་རོ༔ དེ་ལ་རླུང་གི་གནད་ནི་རླུང་ཤིན་ཏུ་དལ་བར་བརྟེན་ཏེ༔ སོ་དང་མཆུ་མ་རེག་པར་རླུང་སྣ་ལས་མི་གཏང་ཞིང༔ ཁ་ལས་དལ་བུས་ན་ར་ར་བཏང་སྟེ་སྙོམས་ཤིང་ཡུན་རིང་བར་བགྱིས་པས༔ རླུང་གི་འབྱིན་འཇུག་གོམས་འདྲིས་སུ་གྱུར་ནས༔ རླུང་གི་འགྲོ་འོང་ཆད་པར་འགྱུར་རོ༔ དེས་ཕྲ་རགས་ཀྱི་རྟོག་པ་འགགས་ནས་ཉམས་ལེན་གནས་པའོ༔ སྐབས་སུ་རང་གི་སྨིན་ཕྲག་ཏུ་རླུང་སེམས་འདྲེས་པའི་ཐིག་ལེ་སྔོན་པོ་རེག་བྱ་ཚ་བ་སྲན་མའི་འབྲུ་ཆུང་ཤོས་ཙམ་ཞིག་རླུང་ཕར་འགྲོ་བའི་ཚེ་གྲང་སི་ལི་ལི་སོང་བར་བསྒོམ༔ ཚུར་རླུང་ནང་དུ་རྔུབས་དུས་ཚ་ཆི་ལི་ལི་བྱུང་བ་སྨིན་མཚམས་སུ་གནས་པར་བསྒོམ༔ སྐབས་སུ་ལག་པ་གཉིས་རྡོ་རྗེ་རྩེ་གསུམ་གྱི་མཛུབ་མོས་མིག་གི་ཨ་འབྲས་ལྟེམ་གྱིས་མནན་པས༔ འོད་ཕུང་ཐིག་ལེ་ལུ་གུ་རྒྱུད་སོགས་འཆར་བར་འགྱུར་ཞིང༔ དེ་ལྟར་སྣ་གཅིག་ཏུ་མ་སོང་བར་ཐབས་དུ་མའི་སྒོ་ནས་ཉམས་སུ་བླངས་པས༔ རིགས་དྲུག་གི་བཀོད་པ་ལོངས་སྐུ་སྤྲུལ་སྐུའི་སྣང་བ་ཡང་འཆར་རོ༔ སྤྱན་ལྔ་ཡང་འཆར་ཏེ་མངོན་པར་ཤེས་པ་ལྔ་འབྱུང་ངོ༔ འདི་ནི་ཉམས་ལེན་ཁོ་ནའི་བསྡུས་དོན་རང་གི་དྲན་གསོར་ཁྱེར་བདེ་བའི་ཕྱིར་བཀོད་པ་ཡིན་ལ༔ རྟགས་ཚད་ནི་གཞུང་གི་སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པའི་ཡི་གེ་ལས་ཤེས་པར་བྱའོ༔ ཉང་གི་བན་དེ་ཏིང་འཛིན་བཟང་པོ་བདག༔ ཀུན་ཏུ་བཟང་དངོས་བྱེ་མ་མུ་ཏྲ་མཇལ༔ གསང་བ་སྙིང་ཐིག་རྒྱུད་ཀྱི་ཁོང་སྙིང་ཕྱུང༔ གཅེས་ཟབ་ཀུན་བསྡུས་ཉམས་སུ་བླངས་པ་ཡིས༔ ཟག་བཅས་ལུས་འདི་འོད་ཕུང་འགྱུར་རམ་སྙམས༔ གོ་བདེ་དྲན་གསོ་བརྗེད་བྱང་ཙམ་དུ་ནི༔ ཡི་གེར་བཀོད་པའི་དགེ་བ་གང་དེ་ཡིས༔ ཁམས་གསུམ་སེམས་ཅན་འགྲོ་བ་མ་ལུས་པ༔ འོད་ཕུང་ཆེན་པོའི་དབྱིངས་སུ་གྲོལ་བར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མ་འོངས་སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཞྭའི་མགོན་པོ་དམ་ཚིག་ཅན་ལ་གཏད་དེ་ཐུབ་པར་སྲུངས་ཤིག༔ ༼ད༽ ༄༅༔ རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་ཟབ་དོན་བསྡུས་པའི་སྙིང་པོ་ལས༔ དམ་པ་ཡེ་ཤེས་མདོ༔ སློབ་དཔོན་པདྨ་སཾ་བྷ་ཝ༔ པཎ་ཆེན་བྱེ་མ་མུ་ཏྲ་སྟེ་སློབ་དཔོན་གསུམ་གྱི་ཞལ་གདམས་བཞུགས་སོ༔ དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ དམ་པ་ཡེ་ཤེས་མདོ་དང་ནི༔ སློབ་དཔོན་པདྨ་སཾ་བྷ་དང༔ པཎ་ཆེན་བྱེ་མ་མུ་ཏྲ་གསུམ༔ དགོངས་པ་གཅིག་ཏུ་དྲིལ་ནས་ནི༔ ཞལ་གདམས་སྙན་བརྒྱུད་གསང་བའི་ཚིག༔ སྐལ་ལྡན་བུ་ཡིས་ཉམས་སུ་ལོངས༔ དམུས་ལོང་འཐིབས་པོ་བསལ་བའི་ཕྱིར༔ ཐེག་དགུའི་མན་ངག་ལ་བརྟེན་ནས༔ སྐལ་ལྡན་ལམ་གྱི་སྙིང་པོ་ཞིག༔ མ་མཐོང་རྨོངས་པས་རྟོགས་པའི་ཕྱིར༔ སྙིང་གི་བཅུད་ཐིག་བསྟན་པར་བྱ༔ དེ་ཡང༔ སློབ་དཔོན་རྣམ་པ་གསུམ་གྱི་དགོངས་པ་གཅིག་ཏུ་བསྡུས་པའི་གདམས་པའོ༔ བསྐྱེད་པའི་ཚུལ་ལ་མ་ཧཱ་ཡོ་ག༔ རྫོགས་པའི་ཚུལ་ཨ་ནུ་ཡོ་ག༔ རྫོགས་པ་ཆེན་པོའི་ཚུལ་ཨ་ཏི་ཡོ་ག་དང་གསུམ་མོ༔ དེ་ཡང་ཚིག་སོ་སོར་བསྟན་ཀྱང་དོན་དུ་རྟོགས་པའི་ལྟ་བ་ནི་ཚུལ་གཅིག་སྟེ༔ ཏིང་ངེ་འཛིན་ཐོབ་པ་ནི་མ་ཧཱ་ཡོ་ག་པ༔ བརྟན་པར་གྱུར་པ་ནི་ཨ་ནུ་ཡོ་ག་པ༔ སྟོབས་སུ་གྱུར་པ་ཨ་ཏི་ཡོ་ག་པ༔ དེ་ཡང་སེམས་ལས་མ་གཏོགས་པའི་ཆོས་རྡུལ་ཙམ་ཡང་མེད་པར་རྟོགས་པའོ༔ དེ་ལ་ཏིང་ངེ་འཛིན་བསྒོམ་པ་ལ་རྣམ་པ་མང་ཡང༔ དོན་ཤེས་དགོས་ཏེ༔ ཤེས་རབ་བསྐྱེད་པར་འདོད་ན་སློབ་དཔོན་མཁས་པ་ཡུན་རིང་དུ་བསྟེན་ཞིང་ཐུགས་ཟིན་པར་བྱའོ༔ ཡོན་ཏན་གྱི་རྣམ་པ་མང་པོ་ཐོབ་པར་འདོད་ན༔ བསྐྱེད་རྫོགས་ཀྱི་ནོར་བུ་རིན་པོ་ཆེ་ལ་རྩལ་སྦྱང་བར་བྱའོ༔ ཡིད་འོང་གི་ལྷ་མོ་དང་འཕྲད་པར་འདོད་ན་འགྲོ་བ་བཟང་མོ་ཐིག་ལེ་འབར་འཛག་གི་དོན་ལ་བྱན་ཚུད་པར་བསླབ་པར་བྱའོ༔ འདོད་ཡོན་ལྔ་ལ་ལོངས་སྤྱོད་པར་འདོད་ན་ཏིང་ངེ་འཛིན་གྱི་ཟས་ཕུན་སུམ་ཚོགས་པ་ལ་རོ་མྱང་བ་ལ་བསླབ་པར་བྱའོ༔ ཟག་བཅས་ཀྱི་ཕུང་པོ་མི་སྣང་བར་འདོད་ན༔ ནམ་མཁའི་མེ་ལོང་དུ་ཐིག་ལེ་སྟོང་སྒྲོན་གྱི་གཟུགས་བརྙན་ལ་བསླབ་པར་བྱའོ༔ ནམ་མཁའ་ལ་འགྲོ་བར་འདོད་ན་རིག་པ་རྡོ་རྗེ་ལུ་གུ་རྒྱུད་གསེར་གྱི་ཟམ་པ་ཉག་ཐག་བསྒྲིལ་བ་ལ་བསླབ་པར་བྱའོ༔ འཇིག་རྟེན་གྱི་ཁམས་སྣང་བཞིའི་འོད་ཀྱིས་ཁེངས་ཤིང་ཞིང་ཁམས་བལྟ་བར་འདོད་ན༔ ཉི་ཟླའི་ཟེར་ལ་བསླབ་པར་བྱའོ༔ མེས་མི་འཚིག་པར་འདོད་ན་མེ་པདྨའི་མགོན་པོར་ཤེས་ཤིང་འོད་དམར་པོ་ལ་བསླབ་པར་བྱའོ༔ སས་མི་ནོན་པར་འདོད་ན༔ ས་རིན་ཆེན་མགོན་པོར་ཤེས་ཤིང་འོད་སེར་པོ་ལ་བསླབ་པར་བྱའོ༔ ཆུས་མི་སུབ་པར་འདོད་ན༔ ཆུ་རྡོ་རྗེ་སེམས་དཔར་ཤེས་ཤིང་འོད་དཀར་པོ་ལ་བསླབ་པར་བྱའོ༔ རླུང་གིས་མི་གཡོ་བར་འདོད་ན༔ རླུང་ཕྲིན་ལས་ཀྱི་མགོན་པོར་ཤེས་ཤིང་འོད་ལྗང་གུ་ལ་བསླབ་པར་བྱའོ༔ མཐོན་པོའི་གཡང་དུ་མི་ལྷུང་བར་འདོད་ན༔ ནམ་མཁའ་རྣམ་པར་སྣང་མཛད་དུ་ཤེས་ཤིང་འོད་མཐིང་ག་ལ་བསླབ་པར་བྱའོ༔ བཙོ་བསྲེག་གི་མཚོན་གྱིས་མི་ཚུགས་པར་འདོད་ན༔ ཟེར་སྤུ་གྲི་གཤིབ་འདྲ་ལ་བསླབ་པར་བྱའོ༔ འཇིགས་པའི་དགྲ་ལ་མི་སྔངས་པར་འདོད་ན༔ ཆོས་ཉིད་ཀྱི་རང་སྒྲ་ལ་བསླབ་པར་བྱའོ༔ རང་བྱུང་རང་ཤར་གྱི་དོན་དུ་རྟོགས་འདོད་ན༔ མན་ཤེལ་གྱི་རྒྱུ་རྐྱེན་རྟེན་འབྲེལ་ལ་བསླབ་པར་བྱའོ༔ འཁོར་བའི་གཡུལ་ལས་རྒྱལ་བར་འདོད་ན༔ མུན་ཁང་འཐུམ་པོར་སྣང་བཞིའི་དོན་ལ་བསླབ་པར་བྱའོ༔ མི་གནས་པའི་ཡེ་ཤེས་ཐོབ་པར་འདོད་ན༔ རྡོ་རྗེ་སྙིང་པོ་ལ་བསླབ་པར་བྱའོ༔ བསླབ་པ་དེ་རྣམས་ཀྱང་གཅིག་འབྱོངས་ནས་ཀུན་ལ་བསླབ་པར་བྱའོ༔ སློབ་པའི་དོན་དེ་རྣམས་ཀྱང་མོས་པའི་སྒོ་ཐ་དད་ནས་སློབ་མས་ཀྱང་དོན་ཡེ་ཤེས་འོད་གསལ་ཆེན་པོ་སློབ་པའི་ཕྱིར་འདོད་པ་ཡིན་ནོ༔ སྤྱིར་ཐེག་པ་རིམ་དགུ་ཀུན་གྱི་ནང་ནས་ཤེས་རབ་ཏིང་ངེ་འཛིན་ལས་སུ་རུང་ན་སངས་རྒྱས་དང་སེམས་ཅན་མཉམ་པ་ལགས་ཏེ༔ ཏིང་ངེ་འཛིན་གྱིས་ནི་དངོས་པོ་མེད་པ་ལ་དངོས་པོར་སྣང་བར་ཟད་དོ༔ ཤེས་རབ་ཀྱིས་ནི་ཡོད་པར་སྣང་བ་དེ་ཡང་མེད་པ་ལས་བྱུང་བར་ཤེས་པས༔ སྟོང་བཞིན་དུ་སྣང་བ་སྣང་བཞིན་དུ་སྟོང་པ་ངོ་མཚར་ཆེའོ༔ དེ་ཡང་དཔལ་གསང་བ་སྙིང་པོ་དེ་ཁོ་ན་ཉིད་ཀྱི་ངེས་པ་ལས་ཀྱང༔ ཨེ་མ་ངོ་མཚར་རྨད་ཀྱི་ཆོས༔ རྫོགས་པའི་སངས་རྒྱས་ཀུན་གྱི་གསང༔ སྐྱེ་བ་མེད་ལས་ཐམས་ཅད་སྐྱེས༔ སྐྱེས་པ་ཉིད་ནའང་སྐྱེ་བ་མེད༔ ཅེས་གསུངས་སོ༔ འདི་ལྟར་སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཐམས་ཅད་རང་གི་སེམས་ཀྱི་རྣམ་པ་ཡིན་ལ༔ སེམས་ནི་མེད་བཞིད་དུ་སྣང་ལ༔ སྣང་ཙམ་ན་སྟོང་པས༔ མི་འགྱུར་ཀུན་འགྲོ་ཁྱབ་པ་པོ༔ ཞེས་འཇམ་དཔལ་མཚན་བརྗོད་ལས་གསུངས་སོ༔ དེ་ལ་སེམས་གཟུང་བའི་ཐབས་ནི༔ དང་པོ་སློབ་དཔོན་ཚིག་དོན་ཀུན་ལ་མཁས་པ་ལ་མི་འགྱུར་བའི་དད་པ་བརྟན་པོའི་ངང་ནས་ཞབས་འབྲིང་རིང་དུ་བྱ་ཞིང༔ སེམས་ཀྱི་ཚེར་མ་སྤངས་ནས་སྒྲུབ་པའོ༔ དང་པོ་སེམས་ཐ་མལ་བའི་ཚད་དུ་གཞག་པར་མ་བྱས་ན༔ ཐོབ་པའི་དུས་སུ་ཐེ་ཚོམ་ཟ་བའོ༔ དང་པོ་ཐིག་ལེའམ༔ ཐིག་ཕྲན་ནམ༔ ཡིག་འབྲུ་གང་ཡང་རུང་བ་ལ་དམིགས་པ་མི་སྐྱེའི་བར་དུ་གཏད་པས༔ དང་པོ་ཡང་ནས་ཡང་དུ་འཕྲོ་སྟེ༔ འཕྲོ་བ་དེ་ལ་སྡུག་བསྔལ་དུ་མི་བལྟ་དལ་བུས་གཏད་དོ༔ དེ་ལ་སེམས་ཆགས་པར་འདུག་ན་ནན་ཏན་མི་བསྐྱེད་དེ་ཀའི་ངང་ལ་ལྷོད་ཀྱིས་བྱ༔ དམིགས་པ་གཏད་དྲགས་ན་སུན་ནས་ཕྱིས་གནས་པར་དཀའ་བས་མ་སུན་པ་གཅེས་སོ༔ དེ་ལྟར་མ་སུན་པར་སེམས་གནས་པས་ན༔ སེམས་བྲོད་དུ་གཞུག་སྟེ༔ སེམས་མི་གཅུན་མི་གཏང༔ གསལ་འཕྲོ་ལ་གཞག་གོ༔ ཕྱིས་བསྐྱེད་རིམ་རྫོགས་རིམ་སྣང་བཞི་གང་ཡང་བསྒོམ་དུས༔ ད་ཅི་སྔ་མའི་འཕྲོ་ལ་ཤིན་ཏུ་སྔོན་བས་ཀྱང་གསལ་ཙམ་དུ་འོང་ན༔ དེའི་འཕྲོ་ལ་ཐབས་ཀྱིས་ཚོད་ཟིན་པ་དང་ཡུན་མི་རིང་བར་བྱ་བ་དང༔ ཟས་སྐོམ་བཅུད་ལྡན་མིག་གི་རྩ་ཤེད་སྐྱེད་པའི་སྨན་མར་སྦྱར་ལ་ཟ༔ ལོང་གཏམ་སྨྲ་བ་དང༔ མཆོང་རྒྱུག་འདུ་འཛིའི་གཡེང་བ་སྤང༔ ཤ་ཁྲག་སྒོག་ཙོང་དམ་ཉམས་ཀྱི་ཟས་མི་ཟ༔ འགྲོག་འབྲེལ་སྤང༔ ཐུན་གྱི་དུས་སུ་རྩོལ་སྒྲུབ་བྱ༔ སེམས་ཉིད་ལྷོད་ཀྱིས་ཀློད་ལ་བཞག༔ འདོད་པའི་དངོས་པོ་ལ་གདུང་བ་མི་བསྐྱེད༔ སེམས་ཀྱི་ཉམས་རིག་ཅིང་མཚང་ལོན་པར་བྱ༔ དེས་སེམས་ཟིན་ཏེ༔ བདེ་བར་ཇི་ཙམ་ཐུབ་པའི་ཚད་བལྟ༔ གང་ཇི་ཙམ་འདོད་པ་བཞིན་དུ་འོང་བ་དང༔ གཡོ་བ་དང༔ བསྒྱུར་བ་དང༔ མང་དུ་སྤེལ་བ་དང༔ ཡུལ་གསུམ་དུ་གསལ་མི་གསལ་བལྟ་བ་དང༔ རྒྱལ་བ་ཞི་ཁྲོའི་སྐུར་བདག་ཉིད་བསྒོམ་པ་དང༔ མདུན་དུ་བསྒོམ་པ་དང་ནམ་མཁའ་ལ་བསྒོམ་པ་དང༔ བསྐྱེད་རིམ་བསྒོམ་ན་དེ་ཀུན་ལ་ཉམས་སད་ཅིང་རྩལ་སྦྱང་ངོ༔ སྣང་བཞི་བསྒོམ་ན༔ ནམ་མཁའ་དྭངས་པའི་སྤྲིན་དང་བྲལ༔ ཟེར་གཉིས་ནམ་གུང་མུན་པའི་དཀྱིལ་དུ་སད་ཅིང་རྩལ་སྦྱང་ངོ༔ དེ་རྣམས་ལ་རྩལ་འབྱོངས་ན༔ རི་བོའམ་མན་ཤེལ་ཨཱ་ལོ་ཀེ་སོགས་གང་འདོད་པ་རྣམས་ལ་བསླབ་པར་བྱའོ༔ དེ་ལྟར་བསྒོམ་ཙ་ན་རྣལ་འབྱོར་པ་དེ་རྟག་ཏུ་འགྲོ་ཉལ་འདུག་སྡོད་སོགས་སྤྱོད་ལམ་རྣམ་བཞི་ཅི་བྱེད་ཀྱང༔ རིག་པ་ཡེ་ཤེས་ཀྱི་ངང་དང་མི་འབྲལ་ལོ༔ དེ་ལྟར་བསྒོམས་པའི་རྣལ་འབྱོར་པ་དེ་ལུས་མིར་འདུག་ཀྱང༔ སེམས་སངས་རྒྱས་སུ་འདུག༔ ལུས་ཉིད་མི་སྣང་བར་ཆོས་ཀྱི་དབྱིངས་སུ་འཕོ་ནུས་པ་ཡིན་ནོ༔ དཔེར་ན་རིན་པོ་ཆེའི་གླིང་དུ་ཕྱིན་པ་དང་འདྲ་སྟེ༔ ཐམས་ཅད་སྐུ་གསུང་ཐུགས་སུ་སྣང་ངོ༔ དེ་བས་ནི་ཆོས་ཐམས་ཅད་མ་ལུས་པ་སེམས་ལས་བྱུང་བ༔ སེམས་ཀྱི་རང་བཞིན་ནི་མ་བྱུང་མ་སྐྱེས་སོ༔ སེམས་ཀྱི་མཚན་ཉིད་ནི་མ་སྤང་པར་ནི་ཀུན་དང་བྲལ༔ མ་བསྒྲུབ་པར་ནི་ཀུན་དང་ལྡན༔ མ་བགྲོད་པར་ནི་ཀུན་ཏུ་ཕྱིན༔ མཐའ་དང་བྲལ་བས་ངོ་བོ་བསྟན་དུ་མེད༔ མཚན་ཉིད་ནི་ཀུན་གྱིས་མཚོན༔ དེ་ཕྱིར་སེམས་ལ་ངོས་གཟུང་མེད༔ བྱེ་མ་ལ་ཡི་ཐུགས་བརྟོལ་ནས༔ ཡེ་ཤེས་བདག་ལ་བདུད་རྩི་ཐེབས༔ མཐར་ནི་གཏེར་བཞད་རྩལ་ལ་གཏད༔ འགྲོ་དྲུག་གཡང་ས་བཅད་པ་འོ༔ རྒྱ་རྒྱ་རྒྱ༔ ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ༔ མ་རིག་སྒོ་ངའི་སྦུབས་འབྱེད་པ༔ ཉོན་མོངས་དྲྭ་བ་འཇོམས་པ་འོ༔ སྡུག་བསྔལ་འཁོར་བའི་གཅོང་འབྱིན་པ༔ ཆུ་བོ་རབ་མེད་སྒྲོལ་བའི་གྲུ༔ ༼ན༽ ༄༅༔ རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་ཟབ་དོན་བསྡུས་པའི་སྙིང་པོ་ལས༔ ཉམས་སུ་ལེན་པ་རྣམས་ཀྱི་རྟགས་ཀྱི་ཡི་གེ་བཞུགས་སོ༔ རྒྱ་གར་སྐད་དུ༔ ཧེ་དུ་ཝརྣ་གྷུ་ཧྱ་ནཱ་མ༔ བོད་སྐད་དུ༔ རྟགས་ཀྱི་ཡི་གེ་གསང་བ་ཞེས་བྱ་བ༔ བཅོམ་ལྡན་འདས་དུས་ངེས་པའི་རྒྱལ་པོ་ཉིད་ལ་ཕྱག་འཚལ་ལོ༔ སངས་རྒྱས་རྣམས་ཀྱིས་དུས་ངེས་པའི་དོན་གསུངས་པ༔ སྙིང་པོ་ངེས་པའི་བཀའ་གསང་མན་ངག་ནི༔ གཞན་དང་མི་འདྲ་མན་ངག་གསེར་གྱི་རྩི༔ སྙིང་པོ་ཡང་བཅུད་འབྲས་བུའི་བཅུད་ཕྱུང་བའི༔ ཐབས་ཆེན་གསང་བའི་ཡང་ཞུན་མ་བུ་རྣམས༔ ཉམས་བླངས་ཕྱོགས་གཅིག་བསྡེབས་ནས་བཅུད་ཕྱུང་བ༔ མང་པོ་ལས་ནི་ཡི་གེ་ཉུང་བསྡུས་ནས༔ སྙིང་ཕྱུང་ལག་མཐིལ་དག་ཏུ་བསྟན་པ་ནི༔ མཆོག་གི་ཡང་མཆོག་ཟངས་ཀྱི་ཡི་གེ་ཅན༔ འདི་དོན་ཉམས་སུ་ལེན་པ་སྐལ་ལྡན་སེམས་ཀྱི་བུ༔ རང་གི་རང་བཞིན་ཡང་ནས་ཡང་བལྟས་པས༔ དེ་ཡི་འབྲས་བུའི་དུས་ཚོད་ངེས་བཟུང་ནས༔ ཡིད་ཆེས་རྟགས་ནི་འཕྲང་བསྒུགས་དགྲ་དང་འདྲ༔ མི་འགྱུར་གཟེར་མེད་ངེས་མེད་ལམ་ཕྱིན་ལྟར༔ ཡེ་ཤེས་རྣམས་ཀྱི་རང་རྟགས་ལམ་ན་སྟོན༔ དཔེར་ན་ས་བོན་ལས་ནི་མྱུ་གུ་ལོ་འདབ་འབྲས་བུ་རྣམས༔ རིམ་གྱིས་དུས་ཚོད་ངེས་པར་འབྱུང་བ་བཞིན༔ རིམ་གྱིས་གོམས་པ་ལས་ནི་རྟགས་རྣམས་འབྱུང༔ རྗེས་འཛིན་དད་ཆེ་ཡེ་ཤེས་སྐྱེད་པའི་ཕྱིར༔ ལམ་གྱི་ཁྲིད་ཀ་དུས་ཚོད་ངེས་པའི་རྟགས༔ ཇི་ལྟར་འབྱུང་བའི་རྟགས་རྣམས་ནི༔ དགའ་རབ་རྡོ་རྗེ་ང་ཡིས་བྲིའོ་འདི་ལ་ཡིད་ཆེས་གྱིས༔ འབྲས་བུའི་རྟགས་ནི་འགྱུར་བ་མ་ཡིན་ནོ༔ རྒྱུ་ཡི་རྟགས་ནི་འགྱུར་ཞིང་བརྟན་པ་མིན༔ ལམ་གྱི་རྟགས་ནི་འདི་ལྟར་ངེས་པ་མེད༔ དེ་ཡི་ཕྱིར་ན་རྟགས་ཀྱི་ཡི་གེ་འདིས༔ འགྱུར་མེད་སྲ་བའི་གཟེར་ཆེན་བཏབ་པ་བཞིན༔ འཁྲུལ་མེད་སྙིང་གི་ཐོག་ཏུ་ཕེབས་པའོ༔ ཀྱེ་མ་རྗེས་སུ་འཇུག་པའི་རིགས་ཀྱི་བུ་རྣམས་ཀྱིས་འདི་ལྟར་ཡིད་ཆེས་པར་བྱའོ༔ རྒྱུད་ལུང་བསམ་གྱིས་མི་ཁྱབ་པ་ནས་རྟགས་བསམ་གྱིས་མི་ཁྱབ་པ་བསྟན་ཀྱང༔ ཉམས་སུ་ལེན་པའི་སྐལ་ལྡན་རྣམས་ཀྱིས་འདི་ལྟར་རིག་པར་བྱའོ༔ འཁྲུལ་པ་རང་གི་རང་གཟིངས་པས་འགྱུར་བའི་རྟགས་དང༔ གནད་ཐོག་ཏུ་མ་ཐེབ་པས་ངེས་པ་མེད་པའི་རྟགས་དང༔ རིག་པ་མངོན་སུམ་དུ་མ་ཟིན་ན་བདུད་ཀྱི་བར་ཆོད་ཀྱི་རྟགས་དང༔ མངོན་སུམ་རང་ཐོག་ཏུ་ཕེབས་པས་འགྱུར་བའི་ས་མེད་ཅིང་མི་འགྱུར་བའི་རྟགས་དང་བཞིར་རིག་པར་བྱའོ༔ འགྱུར་བའི་རྟགས་ནི༔ ཉམས་སུ་མ་བླང་བའི་སྐྱེས་བུ་རྣམས་ལ་ཡོད་དེ་དོན་མི་འབྱུང༔ བྱ་དང་རི་དྭགས་དང་དུད་འགྲོ་རྣམས་ལའང་ཡོད་དོ༔ འདི་ནི་རྒྱུའི་རྟགས་ཞེས་བྱ་སྟེ༔ དོན་མི་འབྱུང་ངེས་པ་ཡིན་ནོ༔ ངེས་པ་མེད་པའི་རྟགས་བརྒྱ་དང་བཅུ་དྲུག་ཡོད་དེ༔ སྐུ་གདུང་འབར་བ་ལ་སོགས་པའི་རྒྱུད་ཀྱི་ནང་ནས་བསྟན་པ་ཡིན་ཏེ༔ འདིར་ཡི་གེ་མང་བས་མ་བྲིས་སོ༔ དེ་ནི་ལམ་གྱི་རྟགས་ཡིན་པས་འགྱུར་མི་འགྱུར་ཆ་མེད་པ་ཡིན་ནོ༔ བར་ཆོད་ཀྱི་རྟགས་ནི༔ ལུས་སྣ་ཚོགས་སུ་སྤྲུལ་པ་ལ་སོགས་པ་དང༔ ལུས་ལ་འོད་ཡོད་པ་དང༔ སྒྲ་དང་གཞན་ལ་ནུས་པ་འཇུག་པ་ལ་སོགས་པའི་འཇིག་རྟེན་པའི་ཡིད་དང་མཐུན་པ་རྣམས་ཡིན་ནོ༔ དེ་ཡང་རྟགས་གསུམ་པོ་དེ་གང་ལ་བྱུང་བའི་སྐྱེས་བུ་ལ༔ གནད་ཀྱི་མན་ངག་གསུམ་པོ་འདི་དང་མི་ལྡན་ན་དོན་མེད་རྐྱང་པ་ཡིན་ནོ༔ འགྱུར་བའི་རྟགས་བྱུང་བའི་སྐྱེས་བུ་ནི༔ སྐབས་སུ་ཆུའི་དཀྱིལ་དུ་མཇིང་པ་གཉིས་ཤིང་གི་བྱང་བུ་སོར་བཅུ་དྲུག་པའི་བར་དུ་གཏེམས་ཏེ༔ ལུས་ལ་ཙནྡན་གྱི་མར་རྟག་ཏུ་བྱུགས་ནས་ཕྱི་ནང་ཐམས་ཅད་དངོས་པོ་རགས་པར་བསྒོམས་ན་འབྲས་བུ་ཆུད་མི་ཟ་བ་ཡིན་ནོ༔ རྟགས་དེ་དག་ལ་མན་ངག་དེ་དག་མེད་ན་ངལ་བ་དོན་མེད་པ་ཡིན་ནོ༔ དེ་ལྟ་བུ་བྱུང་བའི་མི་ལ་ནི་གཞན་གྱི་མན་ངག་དེ་ཉིད་བྱས་ན་ཡང་འབྲས་བུ་ཆུད་མི་ཟའོ༔ འདི་དག་ནི་བྱེ་བྲག་གི་མན་ངག་རྣམས་ནས་བཤད་པ་ཡིན་ཏེ༔ འདིར་དགོས་པ་མེད་ཅིང་ཡི་གེ་མང་བས་མ་བྲིས་སོ༔ འདི་ལྟར་འགྱུར་བའི་རྟགས་བརྒྱ་དང་ལྔ་ཡོད་པ་ཡིན་ནོ༔ ངེས་པ་མེད་པའི་རྟགས་བྱུང་བའི་སྐྱེས་བུ་ནི༔ ལུས་ལ་བསིལ་བའི་གོས་གོན་ཞིང༔ ཁ་ཟས་ཀྱང་བསིལ་བར་ཟ༔ ངག་ཏུ་ཨ་ཡི་རྣམ་པ་བཟླས་ཤིང༔ སེམས་ཀྱིས་ནམ་མཁའ་ལ་སངས་རྒྱས་ཀྱི་སྐུ་མང་པོ་བསྒོམས་པས༔ ཕལ་ཆེར་ངེས་པ་ཅན་གྱི་རྟགས་སུ་འགྲོ་བ་ཡིན་ནོ༔ བྱེ་བྲག་གི་མན་ངག་བརྒྱ་དང་བཅུ་དྲུག་པོ༔ འདིར་དགོས་པ་མེད་པས་མ་བྲིས་སོ༔ མན་ངག་འདི་ལྟ་བུ་དང་མི་ལྡན་ན་ངལ་བ་དོན་མེད་པ་ཡིན་ནོ༔ དེའི་ཕྱིར་ན་གནད་ཀྱི་མན་ངག་འདི་ལྟ་བུ་གཅེས་སོ༔ བར་ཆད་ཀྱི་རྟགས་ལ་བྱེ་བྲག་གི་མན་ངག་རབ་ཏུ་གཅེས་པ་ཡིན་ཏེ༔ སྐྱེས་བུ་གང་དག་ཉམས་སུ་བླང་ཡང་རུང་མ་བླང་ཡང་རུང་སྟེ༔ དེའི་ལུས་སྣ་ཚོགས་སུ་སྤྲུལ་ནུས་པ་འབྱུང་བ་ཡིན་པས་བདུད་ཀྱི་བྱིན་གྱིས་བརླབས་པ་ཡིན་ཏེ༔ དེ་ཉིད་རབ་ཏུ་བརྟགས་ན་གཟུགས་བརྙན་གཉིས་པར་སྣང་བ་ཡིན་ཏེ༔ དེ་ལྟར་མ་མཐོང་ན་དེ་ཉིད་ལ་གུ་གུལ་ནག་པོ་དང་ནིམ་པའི་ཆུས་ལུས་མགོ་མཇུག་ལ་བྱུག་ཅིང༔ ཡན་ལག་ལྔ་ལ་ལྡེར་སོ་རྙིང་པའི་ས་འདག་གིས་བྱུགས་ན་དེའི་ལུས་ཁྲ་བོར་འོང་བ་ཡིན་ཏེ༔ དེ་ལྟ་བུ་བྱུང་ན་ལུས་ལ་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་ཁྲུས་ཆབ་ཀྱིས་བཀྲུ་ཞིང༔ ངག་ཏུ་ཕཊ་ཀྱི་རྣམ་པ་བཟླས་ཤིང༔ སེམས་ཀྱི་ཕྱི་ནང་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་པ་ནི་མན་ངག་ཡིན་ནོ༔ འདི་ལྟ་བུའི་མན་ངག་དང་མི་ལྡན་ན་ངལ་བ་དོན་མེད་ཡིན་ནོ༔ གལ་ཏེ་གོང་གི་རྟགས་མེད་ན་ཡང་དག་པའི་རྟགས་ཕལ་ཆེར་ཡིན་ནོ༔ འོད་ནི་དཀར་གླེག་གླེག་པའམ༔ དམར་བྲིང་བྲིང་བའམ༔ སེར་ལྷག་ལྷག་པ་རྣམས་བར་ཆོད་རྟགས་ཡིན་ནོ༔ ཡང་དག་པའི་རྟགས་ལ་ནི་ཁ་དོག་ལྔ་རང་གསལ་དུ་ཡོད་པ་ཡིན་ནོ༔ དེ་ལྟར་བྱུང་བའི་སྐྱེས་བུ་ལ་ནི༔ ལུས་གླང་པོ་ཆེ་ལྟར་བྱ༔ ངག་ཧཱུྃ་གི་རྣམ་པ་བཟླ༔ སེམས་ནི་ནམ་མཁའི་དབྱིངས་སུ་གཏད་ཅིང་བསྒོམ་མོ༔ མན་ངག་འདི་ལྟ་བུ་དང་མི་ལྡན་ན་དོན་མེད་འཆལ་བ་ཡིན་ནོ༔ སྒྲ་ནི་སྟེང་གི་ཕྱོགས་སུ་གང་གི་སྒྲ་བྱུང་ན་ཡང་དག་པའི་སྒྲ་ཡིན་གྱི་ལྷག་མ་གང་བྱུང་ཡང་བར་ཆོད་ཡིན་པས༔ དེ་ལ་ལུས་སྐྱེས་བུ་རྒྱང་སྟབས་བྱ༔ ངག་ཏུ་ཨེའི་རྣམ་པ་རྣམས་བཟླས་ཤིང་སེམས་ཀྱིས་ལྷའི་སྐུ་དཔག་ཏུ་མེད་པ་རྣམས་བསྒོམ་པར་བྱའོ༔ ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་དང༔ གསང་སྔགས་ལ་མ་བརྟེན་པའི་བྱིན་རླབས་འབྱུང་བ་ཡང་ཡོད་དེ༔ འདི་ལ་ཆོས་སྣ་ཚོགས་ཀྱི་ཚིག་རྣམས་རང་བརྡོལ་འབྱུང་བ་ཡིན་ཏེ༔ དེ་ཀུན་ལ་ཡང་ལུས་ནི་སྟག་མོ་མཆོང་བ་ལྟར་བྱ་བ་དང༔ ངག་ཏུ་ཨིའི་ཡི་གེ་བཟླ་བ་དང༔ སེམས་སྙིང་གི་དཀྱིལ་དུ་སྦས་ཏེ་བསྒོམ་པར་བྱའོ༔ ཡང་ན་འབྱུང་བ་བཞིའི་སྒྲ་དོན་ལ་མ་བསླབ་པར༔ མི་མ་ཡིན་པའི་གཟུགས་སྣ་ཚོགས་མཐོང་ཞིང༔ དེ་དག་གི་བརྡ་གོ་བ་དག་འབྱུང་སྟེ༔ དེ་དག་ལ་ནི་ལུས་འདབ་ཆགས་ལྡིང་བ་ལྟར་བྱ་ཞིང༔ ངག་ཏུ་ཨུའི་རྣམ་པ་བཟླ་བ་དང༔ སེམས་ཀྱིས་ཕྱི་ནང་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་པར་བྱའོ༔ ཡང་མཁའ་འགྲོ་མ་ལ་སོགས་པའི་ཆ་བྱད་ཀྱིས་ལུང་བསྟན་པ༔ ཆོས་སྨྲ་བ་དག་སྐབས་སུ་འོང་ཞིང་སྐབས་སུ་མི་སྣང་ཞིང༔ གཟུགས་མེད་ཅིག་ཅར་སྣང་ལ་རྟག་ཏུ་སྤྱོད་ཡུལ་ཐམས་ཅད་དུ་སྣང་བ་ནི་མིན་ཏེ༔ དེ་ལ་ལུས་ཁྲོ་བོའི་འགྱིང་སྟབས་སུ་བྱ་ཞིང༔ ངག་ཏུ་ཧྲཱིཿའི་རྣམ་པ་བཟླས་ཤིང༔ སེམས་ཀྱིས་ལྷའི་སྐུ་བསམ་གྱིས་མི་ཁྱབ་པ་རྣམས་རྟག་ཏུ་བསྒོམ་ཞིང༔ དེ་ཉིད་སྤྲོ་བསྡུའི་རྣམ་པ་ལྟར་བྱས་ན་མན་ངག་དམ་པར་འགྱུར་བ་ཡིན་ནོ༔ མན་ངག་དེ་ལྟ་བུ་དང་མི་ལྡན་པ་རྣམས་ལ་བར་དུ་གཅོད་པའི་བདུད་ཀྱིས་བསླུས་ཏེ༔ ཁྱད་པར་དུ་ཡི་དྭགས་སྐྱེ་གནས་སུ་སེམས་ཀྱི་སྣང་བར་འགྱུར་བ་ཡིན་ནོ༔ དེ་བས་གནད་ཀྱི་མན་ངག་དེ་ལྟར་རབ་ཏུ་གཅེས་སོ༔ དེ་ཡང་ཐེག་པ་ཐུན་མོང་བ་རྣམས་ལ་རྟགས་འགྱུར་བ་ཡིན་ཏེ༔ རིག་པ་མངོན་སུམ་གྱི་དོན་མཐོང་ཞིང༔ ཉམས་སུ་ལེན་པའི་སྐལ་ལྡན་རྣམས་ལ་ནི་དེ་ལྟར་འགྱུར་བ་མ་ཡིན་ནོ༔ དེ་ནི་དངོས་པོ་མཐོང་བའི་ཁྱད་པར་གྱིས་རབ་ཏུ་བྱས་པའོ༔ མི་འགྱུར་བའི་རྟགས་ནི་གསུམ་དུ་རིག་པར་བྱའོ༔ རང་གིས་མཐོང་ལ་གཞན་གྱིས་མི་མཐོང་བའི་རྟགས་དང༔ གཞན་གྱིས་མངོན་ལ་རང་གིས་མི་མངོན་པའི་རྟགས་དང༔ རང་གཞན་གཉིས་ཀས་མཐོང་བའི་རྟགས་དང་གསུམ་དུ་རིག་པར་བྱའོ༔ དེ་ལ་གཞན་གྱིས་མཐོང་བའི་རྟགས་ནི་འདི་རྣམས་ཡིན་ཏེ༔ འདི་དག་ནི་རིག་པ་མངོན་སུམ་གྱི་རང་གནད་གཟིར་བ་ཙམ་ལས་འབྱུང་བ་མ་ཡིན་ནོ༔ ལུས་སྣུམ་ཞིང་སྐྲ་དཀར་དང་གཉེར་མ་མེད་པ་རྣམས་དང༔ སྐྲ་དང་སེན་མོ་སྐྱེ་བ་མེད་ཅིང་ལུས་ལ་སྲོག་ཆགས་སྐྱེ་མི་སྲིད་པ་དང༔ རབ་ཏུ་མགྱོགས་ཤིང་ལུས་ལ་སངས་རྒྱས་ཀྱི་ཕྱག་མཚན་གྱི་རྟགས་ཡོད་པ་དང༔ ནམ་མཁར་འཕུར་ཞིང་ཆུ་ལ་བྱིང་བ་མེད་པ་དང༔ རི་བྲག་རྣམས་ལ་ཟང་ཐལ་ཞིང་འབྱུང་བའི་སྒྲས་མི་ཚུགས་པ་རྣམས་ནི༔ ལུས་རྟགས་གཞན་གྱིས་མཐོང་བ་རྣམས་ཡིན་ནོ༔ ལུས་ཀྱི་རྟགས་རང་གིས་ཚོར་ཞིང་གཞན་གྱིས་མི་ཚོར་བ་རྣམས་ནི༔ ལུས་ཤིང་བལ་གྱི་འདབ་མ་ལྟར་ཡང་བ་དང༔ དེ་ནས་ཞག་ལྔ་ནས་དབུགས་ཕྱི་ནང་དུ་རྒྱུ་བ་མི་ཚོར་བ་དང༔ དེ་ནས་ཞག་བཅུ་གཅིག་ན་དངོས་པོ་གང་ལ་ཡང་ལྟོས་པ་མེད་པར་འཇུག་པར་ནུས་པ་དང༔ དེ་ནས་ཉི་ཤུ་རྩ་གཅིག་ནས་རང་གི་ལུས་ཟང་ཐལ་དུ་མཐོང་བ་དག་འབྱུང་བ་ཡིན་ནོ༔ རང་གཞན་གཉིས་ཀས་མཐོང་བ་ལ་ནི༔ ཡིད་ལ་ཅི་ལྟར་འགྱུས་པའི་རྟེན་འབྲེལ་གྱིས་ཕ་རོལ་ལ་ཕན་པར་ནུས་པ་དང༔ ལུས་ལ་ཤ་མཚན་ངོ་མཚར་ཅན་འབྱུང་བ་དང༔ ཆུ་ལ་བྱིང་བ་མེད་པར་འབྱུང་བ་རྣམས་ཡིན་ནོ༔ དེ་ནི་ལུས་ཀྱི་རྟགས་རྣམས་ཏེ༔ དེ་ནི་སྔོན་དུ་ལུས་ཀྱི་གནད་གཟིར་བ་ཙམ་ལས་འབྱུང་བ་ཡིན་ནོ༔ ཕྱི་རྟགས་འདི་དག་ནི་བཤད་པ་མང་དུ་ཡོད་ཀྱང༔ ཕལ་ཆེར་ངེས་པ་མེད་པ་ཡིན་ནོ༔ གལ་ཏེ་ངེས་པ་ཅན་འགའ་ཞིག་ནི་རང་གིས་མི་མངོན་པའི་ཁོངས་སུ་འདུ་བ་ཡིན་ནོ༔ དེ་ནི་ལུས་ཀྱི་རྟགས་རྣམས་ཡིན་ནོ༔ གཞན་གྱིས་མཐོང་བའི་ངག་གི་རྟགས་ནི༔ ཚིག་ཅི་སྨྲ་བ་ཐམས་ཅད་གཞན་ལ་ཕན་པ་དང༔ འཁྲུལ་པའི་ཚིག་མི་འབྱུང་བ་དང༔ དེ་ནས་ཡུན་འགའ་ནས་ལྐུགས་པ་ལྟ་བུ་འབྱུང་བ་དང༔ དེ་ནས་ཡུན་འགའ་ནས་ཆོས་སྣ་ཚོགས་ཀྱི་ཚིག་རང་རྡོལ་བ་དང༔ འདི་དག་ནི་གཞན་གྱིས་ཚོར་བའི་ངག་གི་རྟགས་སོ༔ རང་གིས་ཚོར་བ་ནི༔ གཏམ་རྒྱུད་སྣ་ཚོགས་ཤེས་པ་དང༔ དེ་ནས་ཞག་དགུ་ནས་སྒྲ་མི་མཐུན་པ་སྣ་ཚོགས་ཤེས་པ་དང༔ དེ་ནས་ཟླ་བ་ཕྱེད་ནས་གྲུབ་མཐའི་ཚིག་སྣ་ཚོགས་ཤེས་པ་དང༔ དེ་ནས་ཞག་བཅུ་གཅིག་ནས་ཡིད་དཔྱོད་འཛིན་པའི་ལྟ་བ་སྣ་ཚོགས་ཤེས་པ་དང༔ དེ་ནས་ཞག་ཉི་ཤུ་རྩ་གཅིག་ནས་ལྷ་ལ་སོགས་པའི་རིགས་དྲུག་གི་སྐད་ཤེས་པ་དང༔ དེ་ནས་ཟླ་བ་ཕྱེད་ན་བེམ་པོ་རྣམས་ཀྱི་སྐད་ཤེས་པ་དང༔ དེ་ནས་ཞག་བདུན་ནས་ཉན་ཐོས་དང༔ རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གསུང་ཉི་མ་གསུམ་དུ་རིམ་པ་བཞིན་དུ་ཤེས་པ་ནི་ངག་གི་རྟགས་སོ༔ དེ་ནི་རང་གཞན་གཉིས་ཀས་མཐོང་བའི་རྟགས་སོ༔ སེམས་ཀྱི་རང་གཞན་གཉིས་ཀས་མཐོང་བའི་རྟགས་ནི༔ དེ་ཡང་གཞན་གྱིས་མཐོང་བ་ནི་ཆུ་ལ་བྱིང་བ་མེད་པ་དང༔ ནམ་མཁར་འཕུར་བ་དང༔ འདི་གཉིས་ནི་སེམས་ཀྱི་རྟགས་ལུས་ལ་ཤར་བ་ཡིན་ནོ༔ རང་གི་མཐོང་ཞིང་གཞན་གྱིས་མི་ཚོར་བ་ནི༔ སྙིང་རྗེ་ཆེན་པོ་རྒྱུན་དུ་སྐྱེ་བ་དང༔ དེ་ནས་ཟླ་བ་གཅིག་ནས་གང་དུ་བསམ་པའི་ཡུལ་དུ་ཕྱིན་པ་ནི་སེམས་རྟགས་ལུས་ལ་ཤར་བ་ཡིན་ཏེ༔ དེ་ནས་ཟླ་བ་དྲུག་ནས་མངོན་ཤེས་དྲུག་འཆར་བ་ནི༔ རང་གི་མཐོང་བའི་སེམས་རྟགས་ཡིན་ནོ༔ དེ་དག་ནི་ཕྱིའི་རྟགས་ཞེས་བྱ་སྟེ༔ རྒྱུན་དུ་གནས་པ་མ་ཡིན་ནོ༔ གཞན་གྱིས་མཐོང་བའི་རྟགས་ནི༔ ལུས་ཀྱི་རྟགས་ནི་པདྨ་དང༔ འཁོར་ལོ་དང༔ རྡོ་རྗེ་ལ་སོགས་པ་རྣམས་གཞན་གྱིས་མཐོང་བ་འོང་བ་དང༔ སོའུ་སྐྱེས་པ་དང༔ སྐྲ་མདོག་དཀར་པོ་ལས་ནག་པོར་གྱུར་པ་དང༔ གཉེར་མ་མེད་པར་འགྱུར་བ་དང༔ ལུས་ཀྱི་ཤུན་པ་རྣམས་སྦྲུལ་གྱི་ཀོག་པ་བརྗེས་པ་ལྟར་འགྱུར་བ་དང༔ ལུས་པོ་བྱིས་པ་ལོ་བརྒྱད་པ་ལྟར་འགྱུར་བ་དང༔ འདི་དག་ལུས་ཀྱི་རྟགས་ཡིན་ནོ༔ ངག་ནི་འཇམ་པ་དང༔ ལྷང་ལྷང་པོ་དང༔ གསོང་པོ་དང༔ དྲང་པོ་དང༔ རང་བརྡོལ་བ་དང༔ འདི་དག་ནི་ངག་གི་རྟགས་ཡིན་ནོ༔ སེམས་ནི་ཟས་མི་དགོས་པ་དང༔ གོས་མི་དགོས་པ་དང་གཉིས་ནི༔ སེམས་རྟགས་ལུས་ལ་ཤར་བ་ཡིན༔ མཉམ་བཞག་ལ་ཞག་དང་ཟླ་བའི་བར་དུ་གནས་པ་དང༔ རླུང་གར་འདོད་པ་འདྲོངས་པ་ནི༔ གཞན་གྱིས་མཐོང་བའི་རྟགས་རྣམས་ཡིན་ནོ༔ འདི་དག་ཀྱང་རིམ་པས་འོང་བ་ཡིན༔ དེ་དག་ནི་ནང་གི་རྟགས་ཡིན་ཏེ༔ རིམ་གྱིས་སྣང་བ་ཡིན༔ རང་གིས་མཐོང་བའི་རྟགས་ནི༔ རྣམ་པ་གཉིས་སུ་རིག་པར་བྱའོ༔ སྔོན་དུ་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་བྱས་པའི་རྟགས་དང༔ ཉམས་སུ་བླངས་པ་དངོས་གཞིའི་རྟགས་དང་གཉིས་ཡིན་ནོ༔ དེ་ལ་སྔོན་དུ་ལུས་ངག་གི་རྟགས་ནི༔ ལུས་ངག་གི་ཞེན་པ་མ་ལོག་ན༔ སངས་རྒྱས་ཀྱི་འབྲས་བུ་ལ་ཐོབ་པའི་རེ་བ་གཏན་ནས་མེད་དོ༔ དེའི་ཕྱིར་ན་སྔོན་དུ་ལུས་ངག་ཡིད་གསུམ་གྱི་རུ་ཤན་འབྱེད་པའི་སྤྱོད་པ་བརྩམ་དགོས་ཏེ༔ དེ་ཉིད་ཀྱི་རུ་ཤན་ཕྱེད་པའི་རྟགས་ནི༔ ལུས་ཀྱི་རྟགས་སུ་སྤྱོད་པ་བྱས་པའི་འོག་ཏུ་གཞན་གྱིས་གསོད་པའི་གཤེད་མ་བྱུང་ཡང་དེ་ལ་འཇིགས་པའི་སེམས་མི་འབྱུང་བའོ༔ དེ་ནས་ཞག་འགའ་ན་ལུས་ཀྱི་བྱ་བ་དགེ་བ་ལ་སོགས་པ་གང་ལ་ཡང་མི་འཇུག་པ་དང༔ དེ་ནས་ཞག་བཅུ་གཅིག་ན་འདོད་ཆགས་ཀྱི་ཞེན་པ་སྐྱེ་བ་མེད་པ་ཡང་འབྱུང་ངོ༔ དེ་ནས་ཞག་ཉི་ཤུ་རྩ་ལྔ་ནས་རང་གི་ལུས་ཡོད་པ་མི་ཚོར་བ་འོང༔ དེ་རྣམས་ནི་ལུས་ཀྱི་ཞེན་པ་བཟློགས་པའི་རྟགས་ཡིན་ནོ༔ ངག་གི་སྤྱོད་པས་ངག་གི་ཞེན་པ་བཟློགས་པའི་རྟགས་ནི༔ གཞན་གྱིས་བརྗོད་པའི་ཚིག་ལ་ཞེན་པ་མེད་ཅིང་དེ་ཀུན་གྱི་ཟུངས་དང་ཕྲལ་བ་དང༔ དེ་ནས་ཞག་ལྔ་ན་རང་གི་འཁྲུལ་པའི་གཏམ་རྣམས་འགག་པ་དང༔ དེ་ནས་ཞག་བཅུ་ན་སྔར་མ་ཐོས་པའི་ཆོས་ཀྱི་གཏམ་རྣམས་ཀྱི་ཚིག་རང་བྱུང་བ་དང༔ དེ་ནས་ཞག་བདུན་ན་ངོ་མཚར་གྱི་གཏམ་རྒྱུད་རྣམས་ཤེས་པ་དང༔ དེ་ནས་ཞག་བཅུ་དགུ་ན་སྔར་མ་མཐོང་བའི་ཆོས་ཀྱི་གཞུང་གི་ཚིག་རྣམས་འབྱུང་བ་དང༔ དེ་ཀུན་གྱི་ཡིད་དཔྱོད་ཀྱི་དོན་རྣམས་འཆར་བ་ནི༔ ངག་གི་ཞེན་པ་བཟློགས་པའི་རྟགས་རྣམས་ཡིན་ནོ༔ དེ་ནས་སེམས་ཀྱི་སྤྱོད་པ་བརྩམས་པས་རུ་ཤན་ཕྱེད་པའི་རྟགས་ནི༔ སྔར་ཞེན་པའི་བྱུང་ཚོར་དང༔ ཕྱི་མ་དང༔ ད་ལྟའི་བྱུང་ཚོར་རྣམས་འགགས་པ་དང༔ དེ་ནས་ཟླ་བ་ཕྱེད་ནས་ཕྱི་ནང་གི་འཁོར་འདས་ཀྱི་ཞེན་པ་རང་ལོག་པ་དང༔ དེ་ནས་ཞག་དགུ་ན་དབུགས་ཕྱི་ནང་རྒྱུ་མི་ནུས་པ་དང༔ དེ་ནས་ཞག་གསུམ་ན་གཞན་གྱིས་གནོད་པ་ཅི་བྱས་ཀྱང་སེམས་ཁྲོ་བ་མེད་པ་དང༔ དེ་ནས་ཉི་མ་གཉིས་ནས་འཁྲུལ་པའི་སེམས་མི་འབྱུང་བ་རྣམས་ནི༔ སེམས་ཀྱི་ཞེན་པ་བཟློགས་པའི་རྟགས་ཡིན་ནོ༔ དེ་རྣམས་ནི་ལུས་ངག་ཡིད་གསུམ་སྔོན་དུ་འབྱོངས་པའི་རྟགས་ཡིན་ནོ༔ དེ་དག་ནི་དོན་གྱི་ཐ་མལ་པའི་རྟགས་ཞེས་བྱ་སྟེ༔ སངས་རྒྱ་བ་ལ་རྡུལ་གྱི་ཆ་ཙམ་ཡང་ཐུན་མོང་གི་རྟགས་ཡིན་པས་ཕན་པ་མེད་དོ༔ ཡང་དག་པའི་རྟགས་མཆོག་ཏུ་གྱུར་པ་རིན་པོ་ཆེའི་རྟགས་ཡིན་ཞེས་བྱ་བ་རིག་པ་མངོན་སུམ་གྱི་གནད་རང་ལས་བྱུང་བ༔ མངོན་སུམ་ཡུལ་ལ་སྣང་བའི་རྟགས་བྱ་བ་འདི་དག་ནི༔ ཉམས་སུ་བླངས་པ་དངོས་གཞིའི་རྟགས་རང་གིས་མཐོང་ཞིང་གཞན་གྱིས་མཐོང་བ་མེད་པའི་རྟགས་འདི་དག་རྣམས་ནི་མཆོག་གི་རྟགས་ཡིན་ནོ༔ དེ་ཡང་ཐོག་མ་ལུས་ཀྱི་གནད་མ་བཅུན་ན་སྐུ་གསུམ་གྱི་སྣང་བ་ལམ་དུ་མི་འཆར་བས༔ ལུས་ཀྱི་གནད་རབ་ཏུ་གཅེས་སོ༔ དེ་ནས་མིག་གི་གཟིགས་སྟངས་མ་གཟིར་ན༔ སྣང་བ་གོང་དུ་མི་འཕེལ་བས་མིག་གི་ལྟ་སྟངས་གལ་ཆེའོ༔ དེ་ལྟར་བྱས་པའི་སྐྱེས་བུ་ལ་འདི་དག་རྣམས་ལམ་དུ་སྣང་བ་ཡིན་ཏེ༔ ཉམས་སུ་བླང་བ་དངོས་གཞི་ལ་ཞུགས་ནས་དབང་པོ་རབ་ཟླ་བ་ཕྱེད༔ འབྲིང་གསུམ༔ ཐ་མ་བཅུ་ནས་ཐིག་ལེ་སྟོང་པའི་སྒྲོན་མ་ཉིད་སྐྱེས་བུའི་མཐེབ་མཛུབ་ཀྱི་རྩོལ་བ་མ་བྱས་པར་སྣང་བ་ཡིན་ནོ༔ དེ་ཡང་རེས་སྣང་རེས་མི་སྣང་བ་ཡིན་ནོ༔ དེ་ནས་ཟླ་བ་བདུན་དང་དགུ་དང་བཅུ་གཅིག་ནས༔ དབྱིངས་རྣམ་པར་དག་པའི་སྒྲོན་མ་ཉིད་རང་གི་སྨིན་མཚམས་ནས་དྲལ་ཏེ་སྣང་བ་ཡིན་ཏེ༔ དེ་ཡང་ནམ་མཁའ་དྭངས་པ་ལ་ཉི་མའི་ཕྱོགས་མཚམས་ལ་གཏད་དེ་ཉམས་སུ་བླངས་པས་ཐོག་མར་དཀར་པོ་ལང་ལོང་ལས༔ འོད་ལྔའི་སྣང་བ་དུམ་བུར་སྣང་བ་ཡིན་ནོ༔ དེ་ནས་དབང་པོའི་ཁྱད་པར་གྱིས་ཞག་གསུམ་དང་ལྔའམ་བདུན་ན་འོད་ལྔའི་སྣང་བ་གྱེན་ལ་འགྲེང་བ་དང༔ རྩིབས་ལ་ཤར་བ་དང༔ མདུང་རྩེའི་རྣམ་པ་ལྟ་བུར་རེ་ལྡེ་ཙམ་དུ་སྣང་བ་ཡིན་ནོ༔ དེ་ནས་ཞག་དགུ་དང་ཟླ་བ་ཕྱེད་དང༔ ཞག་ཉི་ཤུ་རྩ་གཅིག་ན་དབྱིངས་དེ་ཉིད་ཀྱང་ཁ་དོག་སྣ་ཚོགས་སུ་སྣང་བ་ཡིན་ནོ༔ དེ་ནས་ཟླ་བ་དགུ་དང་བཅུ་དང་བཅོ་ལྔ་འམ་བཅོ་བརྒྱད་ན་དབྱིངས་ཀྱི་སྣང་བ་མཐོང་མ་ཐག་ཏུ་དཀར་པོ་ལང་ལོང་དང༔ བན་བུན་ཡུལ་གྲུ་ཙམ་དུ་སྣང་བ་ཡིན་ནོ༔ དེ་ནས་ཞག་བཅོ་བརྒྱད་དང་ཉི་ཤུ་རྩ་གཅིག་དང་སུམ་ཅུ་རྩ་གཉིས་ན་དབྱིངས་དང་རིག་པ་ལ་ཉིན་མོ་དང་མཚན་མོ་མེད་པར་དུས་ཐམས་ཅད་དུ་སྣང་བ་ཡིན་ནོ༔ དེ་དག་ནི་དབྱིངས་ཀྱི་འཕེལ་བ་ཡིན་ནོ༔ དེ་ནས་ཟླ་བ་གསུམ་དང་དྲུག་དང་བཅུ་གཉིས་ན་སྣང་བ་ཐིག་ལེར་སྣང་བ་ཡིན་ཏེ༔ ཉུངས་འབྲུ་ཙམ་མམ༔ སྲན་མའི་རྡོག་པོ་ཙམ་དུ་སྣང་སྟེ༔ འདི་དག་གི་དུས་ན་འགྲོ་འོང་དུ་སྣང་བ་ཡིན་ནོ༔ དེའི་ཚེ་ཕྱི་རོལ་ན་ཕྱིའི་ལུས་ངག་ཀྱང་འདི་ལྟ་བུའི་རྟགས་དང་ལྡན་པའི་ཕྱིར་སྣང་བ་ཡིན་ཏེ༔ བྱ་བ་གཞན་གང་ལ་ཡང་འཇུག་སྙིང་མི་འདོད་པ་དང༔ སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་རང་བཞིན་གྱིས་འཆར་བ་ཡིན་ནོ༔ དེ་ནས་ཡང་དབང་པོའི་ཁྱད་པར་གྱིས་ཟླ་བ་བདུན་དང་དགུ་དང་བཅུ་བདུན་ན་རང་གི་མདུན་ན་མཐོ་ཕྱི་རྣམས་སུ་ཐིག་ལེ་མེ་ལོང་གི་རྣམ་པ་ལྟ་བུར་འཆར་ཞིང༔ འོད་ཟེར་ནི་རྩིབས་དགུ་ཕྲུགས་སུ་འཆར་བ་ཡིན་ནོ༔ དེ་དག་ནི་རིག་པ་ཟིན་པའི་རྟགས་ཡིན་ནོ༔ དེའི་ཚེ་ལུས་ངག་ཡིད་གསུམ་ལ་ཡང་རྟགས་འདི་ལྟ་བུ་མང་དུ་འབྱུང་བ་ཡིན་ནོ༔ ལུས་ཡང་ཞིང་ལུས་ཀྱི་སྲོག་ཆགས་རྣམས་མི་འབྱུང་བ་དང༔ ལས་དགེ་སྡིག་གི་རྣམ་པ་གང་ལ་ཡང་འཇུག་སྙིང་མི་འདོད་པ་དང༔ ལུས་རང་བཞིན་གྱིས་གཞོན་ཤ་ཆགས་ཤིང་སྣུམ་བག་དང་ལྡན་པ་འོང་ངོ༔ དེ་ནས་ཟླ་བ་གསུམ་དང་ལྔ་དང་དགུ་ན་ཐིག་ལེ་དེ་དག་དབང་པོའི་ཁྱད་པར་གྱིས་ཁམ་ཕོར་རམ༔ མཁར་གཞོང་ངམ༔ བསེ་ཕུབ་ཙམ་ཕྱིར་སྣང་བ་ཡིན་ནོ༔ འོད་ཀྱང་ཡུལ་གྲུའི་རྣམ་པ་ཙམ་དུ་སྣང་ངོ༔ རིག་པ་ནི་རི་དྭགས་རྒྱུག་པའི་ལུས་ཀྱི་རང་བཞིན་དུ་འགྱུར་རོ༔ དེའི་ཚེ་ཕྱིའི་རྟགས་ནི་འདི་ལྟ་བུ་དག་འབྱུང་བ་ཡིན་ནོ༔ ལུས་ལ་གཉེར་མ་མེད་ཅིང་ཟས་སྐོམ་ཡང་ཡིད་ལ་མི་འདོད་པ་དང༔ རང་གི་སྣང་བ་དེ་ལས་འབྲལ་མི་ཕོད་པ་དང༔ བར་སྣང་ལ་འགྲོ་བ་སྙམ་བྱེད་ཅིང་མི་དང་འཕྲད་སྙིང་མི་འདོད་པ་དང༔ འཁྲུལ་པའི་གཏམ་མི་འབྱུང་ཞིང་རྟག་ཏུ་ལྐུག་པ་ལྟར་འགྲོའོ༔ དེ་ནས་ཡང་ཟླ་བ་གསུམ་དང་ལྔ་དང་བདུན་ན༔ ཐིག་ལེ་དེ་དག་ཡུལ་ཁམས་ཙམ་དུ་འཆར་ཏེ༔ དེ་ཡང་མུ་ཁྱུད་ལྔ་ཟླུམ་པོར་འཆར་བ་ཡིན་ནོ༔ དེའི་ཚེ་ཕྱི་རྟགས་ཀྱང་འདི་ལྟ་བུ་ཡོད་པ་ཡིན་ནོ༔ རང་ལ་རང་གི་དགོད་བྲོ་བ་དང༔ སྔར་མི་ཤེས་པའི་ཆོས་མང་པོ་རྒྱུད་ལ་འཆར་བ་དང༔ ཅི་སྨྲས་ཐམས་ཅད་ཆོས་ཚིག་ཏུ་འབྱུང་བ་དང༔ རང་གི་བླ་མ་ལ་མཆོག་ཏུ་གདུང་བའི་མོས་གུས་སྐྱེ་བ་དང༔ དགྲ་གཉེན་གྱི་འཁྲུལ་པ་འབྱུང་བ་མི་སྲིད་དོ༔ དེ་ནས་ཡང་ཟླ་བ་གཅིག་དང་གསུམ་དང་ལྔ་ན༔ ཐིག་ལེ་དེ་དག་རེ་རེའི་ནང་དུ་རྡོ་རྗེ་སེམས་དཔའ་སྐུ་རྐྱང་པ་རེ་རེ་སྣང་བ་ཡིན་ནོ༔ འདིའི་དུས་ན་ཕྱིའི་སྣང་བ་རྣམས་རང་འགགས་པའི་རྟགས་སུ་འབྱུང་བ་ལྔའི་གནོད་པ་དང་བྲལ་བ་ལ་སོགས་རྟགས་དགུ་འོང་བ་ཡིན་ནོ༔ དེ་ཉིད་ཀྱི་དུས་ན་རིག་པ་ཡང་འགུལ་བ་མ་ཡིན་ནོ༔ དེ་ནས་ཟླ་བ་གསུམ་དང་ལྔ་དང་དགུ་ན་ཐིག་ལེ་རེ་རེའི་ནང་དུ་སྐུ་འོད་ལྔ་སྣང་བ་ཡིན་ནོ༔ འདིའི་དུས་ན་སྣང་བ་འགུལ་བ་མི་སྲིད་དོ༔ འདིའི་དུས་ན་འབྱུང་བ་ཕུང་པོའི་སྣང་བ་རང་འགགས་ཏེ༔ གདོས་བཅས་སུ་སྣང་བ་ཡེ་མེད་དེ༔ སྐབས་སུ་རང་གི་ལག་པའི་སོར་མོ་རྣམས་འོད་དུ་སྣང་བ་ཡིན་ནོ༔ འདི་རྣམས་རྫོགས་ནས་རྟགས་རྣམས་ཀྱང་སྐྱེ་མེད་ཀྱི་ཀློང་དུ་མྱ་ངན་ལས་འདས་པ་ཡིན་ཏེ༔ འདི་ལས་གཞན་དུ་རྟགས་ཟད་པ་ཡིན་ནོ༔ དེ་ལྟར་སྐྱེས་བུ་གཅིག་ལ་རྟགས་དེ་རྣམས་རྫོགས་ནས་སངས་རྒྱ་བ་ལ་ཐེ་ཚོམ་ཡོང་མི་སྲིད་དོ༔ འབྱུང་བ་རྣམས་འདི་ཉིད་ལ་དག་ནས་ཕུང་པོ་ལྷག་མེད་དུ་སངས་རྒྱ་བ་ཡིན་ནོ༔ འདིའི་དུས་ན་སྐྱེ་བ་ལ་རང་དབང་ཐོབ་པ་དང༔ འཇུག་པ་ལ་རང་དབང་ཐོབ་པར་འདོད་ན་རང་གི་ལག་པའི་སོར་མོ་ལ་གཏད་ཅིང་བལྟས་པས་རང་ལོག་སྟེ༔ སེམས་ཅན་གྱི་དོན་བྱེད་པས་སྐྱེ་བོ་མི་ལུས་ཐོབ་པའི་སེམས་ཅན་སུམ་སྟོང་ལ་རིག་པ་བཅུག་པས་དེ་ཀུན་ཀྱང་འབྱུང་བ་རང་དག་ནས༔ འདི་ཉིད་ལ་སངས་རྒྱ་བར་ཐེ་ཚོམ་མེད་དོ༔ འདིའི་དུས་ན་རིག་པ་ཉིད་བེམ་པོ་ལ་བཅུག་ཀྱང་དེ་ཉིད་འགུལ་བ་དང༔ དེ་ལ་སྐད་འབྱིན་ནུས་པ་འོང་བ་ཡིན་ནོ༔ འདི་ལྟར་སུམ་སྟོང་གྲོལ་བ་ནི་རིག་པ་ཉིད་གཅིག་པའི་ཕྱིར་རོ༔ འདིར་འཕོ་བའི་དུས་ན་རིག་པ་ཉིད་བཅུག་ན་མཚམས་མེད་པ་ལྔའི་ལས་བྱས་པ་ཡང་རང་དང་མཉམ་པ་ཉིད་དུ་འགྱུར་རོ༔ ལས་ལ་བཟང་ངན་མེད་པའི་གནད་ཀྱིས་སོ༔ འདི་ནི་རང་བཞིན་རྣམ་པར་དག་པའི་རྟགས་ཡིན་པས་འགྱུར་བ་མེད་དོ༔ སྐྱེས་བུ་མཆོག་ཏུ་གྱུར་པ་རྣམས་ནི་རྟགས་འདི་ཀུན་མ་རྫོགས་པར༔ ཆོས་ཉིད་ཟད་པའི་སར་རང་གྲོལ་བ་ཡང་ཡོད་དོ༔ འདིར་ཟླ་བའི་བྱེ་བྲག་ཏུ་བྱས་ན་ལོ་བདུན་དང་ཟླ་བ་བཅུ་གཅིག་པོ་འདི་དག་ནི་ཐ་མའི་གང་ཟག་རྣམས་ཡིན་ནོ༔ འདི་ལ་མི་གྲོལ་མི་སྲིད་དོ༔ དབང་པོ་འབྲིང་རྣམས་ནི་དེ་ལྟར་ལོ་བཞི་དང་ཟླ་བ་ལྔ་དང་ཞག་དྲུག་ན་འབྱུང་བ་རང་སར་ཡལ་ནས་གྲོལ་བར་ཐེ་ཚོམ་མེད་དོ༔ དབང་པོ་རབ་རྣམས་ནི་ལོ་གསུམ་དང་ཟླ་བ་གསུམ་དང་ཞག་ཉེར་གཅིག་ནས་གྲོལ་བ་ཡིན་ནོ༔ འདི་ནི་རྟགས་ངེས་པའི་ཡི་གེ་གསང་བ་རྣལ་འབྱོར་པ་ལ་ལམ་དུ་སྣང་བར་བྱེད་པ༔ རྟགས་ཀྱི་ཡི་གེ་གསང་བ་ཆེན་པོ་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེས་མཛད་པ༔ ཉམས་སུ་ལེན་པ་རྣམས་ཀྱི་རྟགས་ཀྱི་ཡི་གེ་བསྡུས་པ་རྫོགས་སོ༔ ཁ་ཆེའི་པཎྜིཏ་བྱེ་མ་ལ་མུ་ཏྲས་སྒྲ་མི་མཐུན་པ་གསུམ་ལས་བསྒྱུར་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཉང་བན་བདག་གིས་ཡི་གེར་བྲིས་པའོ༔ ཞྭའི་མགོན་པོ་དམ་ཚིག་ཅན་གྱིས་སྲུངས་ཤིག༔ ༼པ༽ ༄༅༔ རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་ཡང་ཟབ་བསྡུས་པའི་སྙིང་པོ་ལས༔ ཚད་ཀྱི་ཡི་གེ་ཞེས་བྱ་བ་བཞུགས་སོ༔ རྒྱ་གར་སྐད་དུ༔ གྷུ་ཡ་ཨཀྵ་ར་སྨྲ་མ་ཧཱ་ནཱ་མ༔ བོད་སྐད་དུ༔ གསང་བ་ཆེན་པོ་ཚད་ཀྱི་ཡི་གེ་ཞེས་བྱ་བ༔ བཅོམ་ལྡན་འདས་འབྲས་བུའི་མངའ་བདག་གང་ཡིན་པ་དེ་ཉིད་ལ་ཕྱག་འཚལ་ལོ༔ ཡང་དག་རྫོགས་པའི་སངས་རྒྱས་རྣམས་ཀྱི་བཀའ་གསང་རྒྱ་ཆེན་ལས༔ སྙིང་པོའི་དོན་ཀུན་ཡང་ནས་ཡང་བསྡུས་དམ་པའི་བཅུད་དྲིལ་བ༔ ངེས་པའི་དོན་བསྡུས་གསང་བ་བླ་ན་མེད་པའི་རྒྱུད་སྡེ་བཅུ་བདུན་དང༔ དེ་ཡི་བཤད་པའི་ཁྲིད་དང་སྒོམ་ཡིག་ཆེ་ཆུང་མཆོག་ཏུ་མང་པོ་ལས༔ ཡང་གསང་སྙིང་གི་ཡང་བཅུད་ཟངས་ཡིག་ཅན་དུ་ངེས་པ་ནི༔ ནང་བཅུད་བསྡུས་ནས་སྐལ་ལྡན་ངེས་པའི་ལུང་ཅན་དད་ལྡན་སེམས་ཀྱི་བུ་རྣམས་འཇུག་དོན་དུ༔ ངེས་པའི་ཡང་བཅུད་སྙིང་ཐིག་ཟངས་ཀྱི་ཡི་གེའི་གནད༔ དུས་ཚོད་ངེས་པའི་རྟགས་ཀྱིས་སྨིན་པའི་ཚད་རྣམས་ཀྱིས༔ ཡིད་ཆེས་གདིང་ཆེན་བློ་ལ་བླང་སྟེ་དུས་གཟུང་ཕྱིར༔ ཚད་རྣམས་བསྡུས་ནས་ངེས་པའི་ལུང་ཕབ་མངོན་སུམ་སྣང་བ་ནི༔ ཡི་གེ་འདི་ལ་དགའ་རབ་རྡོ་རྗེ་བདག་གིས་རབ་ཏུ་བསྡུས་ཏེ་སྐལ་ལྡན་དོན་དུ་བྲི༔ ས་བོན་ལས་ནི་མྱུ་གུ་ལོ་འདབ་འབྲས་བུ་དུས་སུ་སྨིན་པ་བཞིན༔ ཉམས་སུ་བླངས་པའི་དུས་ཚོད་ངེས་པའི་ཚད་འདི་ཉིད༔ བུད་མེད་སྦྲུམ་མ་ཟླ་བ་རྫོགས་ནས་བཙའ་བ་དེ་ཡིས་གསོས་ཏེ་ཕྱི་ནས་ལུས་ཤེད་རྫོགས་པ་ལྟར༔ བླ་མ་ལ་བསྟེན་མངོན་སུམ་གནད་གཟིར་ཉམས་སུ་བླངས་པས་རིག་པ་ཉིད་ནི་ཚད་ལ་ཕེབས༔ དེ་ཉིད་སྲང་ལ་འདེག་པར་བྱེད་པའི་ཡི་གེ་འདི་ལ་ལྟོས་ཤིག་སེམས་ཀྱི་བུ༔ རིག་པ་མངོན་སུམ་གྱི་དོན་མཐོང་བ་ལས་བྱུང་བའི་སངས་རྒྱས་རྣམས་ཀྱིས་མདོ་རྒྱུད་དཔག་ཏུ་མེད་པ་གསུངས་ཀྱང་ངེས་པའི་སྙིང་པོ་མངོན་སུམ་གྱི་དོན་གཏན་ལ་ཕབ་སྟེ་བསྟན་ཅིང་གསུངས་པ་ནི༔ རབ་ཏུ་ཉུང་སྟེ༔ དེ་དག་གིས་ངེས་པའི་དོན་གསུངས་ནས་གཏན་ལ་ཕབ་པ་འབུམ་ཕྲག་དྲུག་ཅུ་རྩ་བཞི་པ་ཡིན་ཟེར་ཀྱང༔ འདི་དག་ཚིག་གི་ལྟ་བ་འབའ་ཞིག་ཏུ་བསྟན་པ་ཡིན་ཏེ༔ དེ་དག་ལས་རབ་ཏུ་བསྡུས་ན་རྒྱུད་ཀྱི་ཡན་ལག་བཞིར་གསུངས་ཀྱང༔ ངེས་པའི་འབྲས་བུ་མངོན་སུམ་གྱི་རང་གནད་ལ་ཕྱོགས་ཙམ་རེག་པ་མེད༔ དེ་ལས་ཀྱང་གསང་བ་བླ་ན་མེད་པའི་རྒྱུད་བཅུ་བདུན་པ་ཡིན༔ འདི་རྣམས་ལ་མངོན་སུམ་གྱི་གནད་རེ་ན༔ ལུང་སྟོང་གི་རླུང་པོ་དང་འདྲ་སྟེ་དོན་ལ་གཡེལ༔ དེའི་ཕྱིར་ན་སྙིང་ཐིག་ཟངས་ཀྱི་ཡི་གེ་འདི༔ རབ་ཏུ་ཟབ་པའི་ཡང་ཟབ་ཡིན་པས་འདིའི་དོན་གྱི་མན་ངག་མེད་པའི་རྣལ་འབྱོར་པ་རྣམས་ནི་ངལ་བ་དོན་མེད་པ་ཡིན་པས༔ དེས་ན་རབ་ཏུ་གཅེས་པའི་ཡི་གེ་མ་རུ་ཉམས་སུ་ལེན་པ་ཚད་ཀྱི་ཡི་གེ་འདི་གཅེས་པས་ཉམས་སུ་ལེན་པས་འདི་ལ་ལྟོས་ཤིག༔ ས་མ་ཡཱ༔ རྟགས་ནི་རྒྱུད་ལ་སོགས་པ་ནས་རབ་ཏུ་མང་བར་བཤད་དེ༔ དེའི་དོན་བསྡུས་པ་རྟགས་ཀྱི་ཡི་གེ་ཡིན་ནོ༔ དེའི་དུས་ཚོད་ངེས་པའི་ཚད་ནི་འདི་དག་རྣམས་ཡིན་ཏེ༔ འདི་ནི་རབ་ཏུ་གསང་བའི་ཡང་གསང་བ༔ ཡང་བཅུད་གསེར་གྱི་སྙིང་པོ་ཅན་ཞེས་བྱ་བ་ཡིན་པས༔ སྐལ་ལྡན་ལས་ཅན་གྱི་སྙིང་བཅུད་དོ༔ དེ་ཡང་སྐལ་ལྡན་རྣམས་ཀྱིས་ཉམས་སུ་ལེན་པ་ལ་རབ་ཏུ་བརྩོན་པར་བྱས་ཏེ༔ དེ་ལྟར་བྱས་པས་ཐིག་ལེ་སྟོང་པའི་སྒྲོན་མ་ཤར་བའི་དུས་ན༔ རྫོགས་པ་ཆེན་པོ་རྩོལ་སྒྲུབ་དང་བྲལ་བའི་ཚད་ཡིན་ཏེ༔ འདི་ཉིད་རང་གཞན་གྱི་རྩོལ་སྒྲུབ་ལས་མ་བྱུང་བའི་གནད་ཀྱིས་སོ༔ འདིའི་དུས་ཉམས་སུ་ལེན་པའི་བར་ཆད་ནས་ཚེའི་དུས་བྱས་ཀྱང༔ སྐྱེ་བ་གཉིས་བརྒྱུད་པ་ཐ་མ་འདི་ཉིད་དང་འཕྲད་ནས་སངས་རྒྱ་བ་ལ་ཐེ་ཚོམ་མེད་དོ༔ དབྱིངས་ཀྱི་སྒྲོན་མ་རང་གི་སྨིན་མཚམས་དང་དྲལ་བའི་དུས་ན༔ འཁོར་འདས་གཉིས་རྒྱབ་གྱེས་པ་ཡིན་ཏེ༔ ཕྱིས་མངལ་གྱི་གྲོང་ཁྱེར་དུ་མི་འཇུག་པའི་ཚད་ཡིན་ཏེ༔ དེ་ཡང་འདི་ཉིད་དབང་པོ་དྭངས་མ་དང་འཕྲད་པའི་གནད་ཀྱིས་སོ༔ འདིའི་དུས་ན་ཉམས་ལེན་དང་བྲལ་ཡང་འགྲོ་བ་དྲུག་གི་མངལ་དུ་འཇུག་མི་སྲིད་དེ༔ རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་བརྫུས་ནས་སྐྱེས་ཏེ༔ ལོ་ལྔ་བརྒྱ་ནས་སངས་རྒྱ་བ་ལ་ཐེ་ཚོམ་མེད་དོ༔ འོད་ལྔའི་སྣང་བ་གྱེན་འགྲེང་དང༔ རྩིབས་ཤར་དང༔ མདུང་རྩེ་ལྟ་བུ༔ རེ་ལྡེའི་རྣམ་པ་ཙམ་དུ་གྱུར་པའི་དུས་ན༔ དབྱིངས་དང་རིག་པ་འདུ་བའི་ཚད་ཡིན་ཏེ༔ འདི་ལ་བར་ཆད་ཀྱང་བར་དོར་སངས་རྒྱ་བ་ལ་ཐེ་ཚོམ་མེད་དོ༔ དེ་ཡང་སྣང་བ་སྣ་ཚོགས་སུ་སྣང་བ་ཡིན་ཏེ༔ རང་གི་མདུན་ཕྱོགས་ཙམ་གཞལ་ཡས་ཁང་དུ་ཤར་བའི་གནད་ཀྱིས་སོ༔ དེའི་ཕྱིར་ན་འདི་ཉིད་བར་དོ་གསུམ་པ་ལྷུན་གྲུབ་ཀྱི་སྣང་བ་ལ་སངས་རྒྱ་བ་ལ་ཐེ་ཚོམ་བྱ་མི་དགོས་སོ༔ ཆོས་རྣམས་སྣ་ཚོགས་སུ་ཤར་བའི་ཚད་སུས་ཀྱང་དགག་པར་ནུས་པ་མ་ཡིན་ནོ༔ དབྱིངས་ཀྱི་སྣང་བ་དེ་ལ༔ རིན་པོ་ཆེའི་དྲྭ་བ་དང་དྲྭ་བ་ཕྱེད་པ་དང༔ མིག་མང་རིས་དང༔ མིག་ཚགས་ཀྱི་རྣམ་པ་ལྟ་བུ་དང༔ ཟ་འོག་གི་གུར་ཁྱིམ་ལྟ་བུ་དང༔ མཆོད་རྟེན་དང༔ ལྕགས་ཀྱུ་དང༔ མདུང་རྩེ་དང༔ མདའ་དང༔ ཉ་མིག་གི་རྣམ་པ་ལྟ་བུར་ཤར་བའི་དུས་ན༔ དབྱིངས་ཀྱི་རྒྱན་རྫོགས་པའི་ཚད་ཡིན་ཏེ༔ ཆོས་ཉིད་ལས་སྲིད་པ་བར་དོ་རང་ལོག་པ་ཞེས་བྱ་སྟེ༔ འདིའི་དུས་ན་ཉམས་ལེན་དང་བྲལ་ཀྱང༔ སྐྱེ་བ་གཉིས་ཀྱི་མཚམས་སུ་འཇུག་མི་སྲིད་པས༔ འདི་ཉིད་ཀྱི་ཚེ་ཟད་མ་ཐག་ཏུ་བར་དོ་མེད་པར་སངས་རྒྱ་བ་ལ་ཐེ་ཚོམ་མེད་དོ༔ དེ་ཡང་དབྱིངས་རྣམ་པར་དག་པའི་སྒྲོན་མ་རང་གནད་ལ་ཕེབས་པའི་གནད་ཀྱིས་སོ༔ དབྱིངས་ཀྱི་སྣང་བ་ཐོག་མར་དཀར་པོ་ལང་ལོང་ལ༔ དེ་བརྟགས་ལ་ཁ་དོག་གསལ་བའི་འོད་ལ་རང་གནས་པའི་ལུང་པ་དེ་ཉིད་མི་སྣང་བར་ཤར་བའི་དུས་ན༔ རྣམ་རྟོག་ཡུལ་གྱི་ཞེན་པ་དང་བྲལ་བ་སྟེ༔ བེམ་པོའི་འཁྲུལ་པ་རྣམས་དང་བྲལ་བའི་ཚད་ཡིན་ཏེ༔ དབྱིངས་ཀྱི་སྣང་བས་ཡུལ་གྲོལ་བའི་གནད་ཀྱིས༔ འདི་ཉིད་ཀྱང་བར་དོ་ལ་མི་འཇུག་པར་སངས་རྒྱ་བ་ལ་ཐེ་ཚོམ་མེད་དོ༔ དབྱིངས་དང་རིག་པ་གཉིས་ལ་ཉིན་མཚན་མེད་པར་སྣང་དུས་ན༔ འཁོར་འདས་གཉིས་སུ་མེད་པ་ཞེས་བྱ་སྟེ༔ འཁོར་བ་ཉིད་མྱང་འདས་སུ་གྲོལ་བའི་ཚད་ཡིན་ཏེ༔ དེ་ཡང་མཚན་མོ་འཁོར་བའི་ཆ༔ ཉིན་མོ་མྱང་འདས་ཀྱི་ཆ་ཡིན་པས༔ མཚན་མོའི་སྣང་བ་ནུབ་པའི་ཚད་ཀྱིས་སོ༔ ཉམས་སུ་བླང་བ་ལ་བར་ཆད་ཀྱང༔ འདི་ཡང་བར་དོ་མི་སྣང་ཞིང་དེ་ལྟར་བྱུང་ན་ལོ་ལྔ་ནས་ཕུང་པོ་ལྷག་མ་དང་བཅས་ཏེ་སངས་རྒྱ་བ་ལ་ཐེ་ཚོམ་མེད་དོ༔ ཐིག་ལེའི་སྣང་བ་ཉུང་འབྲུའམ་སྲན་མ་རྡོག་པོ་ཙམ་དུ་སྣང་བའི་དུས་ན༔ དབྱིངས་ཀྱི་ར་བར་རིག་པ་ཉིད་ཚུད་པ་ཞེས་བྱ་བ་སྟེ༔ སྙིང་པོ་བཅུད་དུ་དྲིལ་བའི་ཚད་ཡིན་པས༔ འདི་མན་ཆད་ཀྱི་རྟགས་མ་རྫོགས་པར་ཉམས་ལེན་ལ་བར་ཆད་ཀྱང་སྤྲུལ་པ་མི་འབྱུང༔ ཕུང་པོ་བོར་ནས་ཕྱིའི་རྟགས་རྣམས་སྟོན་པས་སངས་རྒྱ་བ་ཐེ་ཚོམ་མེད་དོ༔ ཐིག་ལེ་དེ་རྣམས་མེ་ལོང་གི་རྣམ་པ་ཙམ་དུ་སྣང་ཞིང༔ ཐིག་ལེའི་འོད་དེ་ཀུན་ཀྱང་རྩིབས་རྒྱུགས་སུ་སྣང་བའི་དུས་དེ་ན་ཐིག་ལེ་ཉག་གཅིག་ཏུ་སྨིན་པ་ཞེས་བྱ་སྟེ༔ འོད་དང་འོད་ཁྱིམ་སྨིན་པའི་ཚད་ཡིན་ནོ༔ དེ་ནས་ཐིག་ལེ་དེ་ཉིད་དབང་པོ་ཐ་མ་ལ་ཁམ་ཕོར་ཙམ་དུ་སྣང༔ འབྲིང་ལ་འཁར་གཞོང་ཙམ་དུ་སྣང༔ རབ་ལ་བསེ་ཕུབ་ཙམ་དུ་སྣང་བའི་དུས་ན་རིག་པ་ཉིད་རླུང་དང་བྲལ་དུ་ཉེ་བ་ཞེས་བྱ་སྟེ༔ ཐིག་ལེ་ཚད་དུ་ཕྱིན་པ་ཡིན་ཏེ༔ འདི་ལས་ཆེར་འགྲོ་བའི་ངེས་པ་མེད་དོ༔ དེ་ནས་ཐིག་ལེ་དེ་དག་རབ་ཏུ་མང་ལ་ཆེ་ཆུང་གོང་མ་ལྟ་བུ་ལས་ཡུལ་ཁམས་ཙམ་གང་སྟེ༔ དེ་རེ་རེ་ལ་འོད་ལྔའི་མུ་ཁྱུད་ཀྱིས་རབ་ཏུ་བསྐོར་བའི་དུས་སུ༔ སྣོད་ཉིད་བཅུད་དུ་སྨིན་པ་ཞེས་བྱ་སྟེ༔ ཐིག་ལེ་དེ་ཀུན་གྱི་རྒྱན་སྨིན་པ་ཡིན་ནོ༔ ཐིག་ལེའི་ནང་དུ་སྐུ་རྐྱང་པ་རེ་སྣང་བའི་དུས་ན་བཅུད་ཉིད་སྙིང་པོར་འདྲིལ་བ་ཞེས་བྱ་སྟེ༔ རིག་པ་ལ་དབྱིངས་ཀྱི་གཟེར་ཐེབས་པས་ན༔ ལམ་སྨིན་ཚད་ཡིན་ཏེ༔ སྐུ་གསུམ་ལམ་དུ་བྱས་པའི་གནད་ཀྱིས་སོ༔ དེ་ནས་ཐིག་ལེ་རེ་རེའི་ནང་དུ་སྐུ་ལྔ་ལྔ་ཤར་བའི་དུས་ན༔ སྐུ་གསུམ་གྱི་ཞེན་པ་རང་ཆོད་པ་ཞེས་བྱ་སྟེ༔ སྐུ་གསུམ་ལམ་དུ་འཇོག་པའི་ཚད་ཡིན་ཏེ༔ རང་གི་ལུས་འོད་གསལ་དུ་གྲོལ་བའི་གནད་ཀྱིས༔ འདི་ཉིད་ལ་འབུང་བས་འབྱུང་བ་འོད་དུ་རང་དག་ལ་སོང་བ་དེ་ཡིན་ནོ༔ འདི་ཉིད་ཀྱི་ཚད་རང་གི་མཚན་ཉིད་བཅུ་གཅིག་ཏུ་རིག་པར་བྱ་སྟེ༔ དེ་ཡང་འདི་ལྟར་ཏེ༔ རང་བཞིན་རྫོགས་པ་ཆེན་པོ་རྩོལ་སྒྲུབ་དང་བྲལ་བའི་ཚད་དང༔ མངལ་གྱི་གྲོང་ཁྱེར་རྒྱུན་གཅོད་པའི་ཚད་དང༔ ཆོས་རྣམས་སྣ་ཚོགས་སུ་ཤར་བའི་ཚད་དང༔ སྣང་སྲིད་ཐམས་ཅད་གདམས་ངག་ཏུ་ཤེས་ནས་འཁྲུལ་པ་རང་ཐོག་ཏུ་ཤེས་པའི་ཚད་དང༔ ཡུལ་རྐྱེན་དུ་མ་འགགས་པའི་ཚད་དང༔ འཁོར་འདས་མཉམ་ཉིད་དུ་གནས་པའི་ཚད་དང༔ རིག་པ་ལ་འགྱུར་བ་མེད་པའི་ཚད་དང༔ ཉག་གཅིག་གྲལ་དུ་ཚུད་པའི་ཚད་དང༔ རང་བཞིན་རྫོགས་ཆེན་ཐིག་ལེ་ཉག་གཅིག་མངོན་དུ་གཏན་ལ་ཕེབས་པའི་ཚད་དང༔ སྐུ་རྣམས་ཀྱི་ཞེན་པ་བཟློགས་ཏེ་ཕྱི་སྣང་བ་འདི་ཉིད་གྲོལ་བའི་ཚད་དང༔ གདོས་བཅས་རང་འགགས་ཏེ་འབྱུང་བ་རྣམས་རང་སར་དེངས་པའི་ཚད་དང་བཅུ་གཅིག་གིས་རྣལ་འབྱོར་པས་ཆོས་ཐམས་ཅད་ཟད་པའི་སྣང་བ་ཉིད་མཐོང་བ་ཡིན་ནོ༔ དེ་ཡང་ཚད་དེ་ཉིད་དེ་ལྟར་ཉམས་སུ་ལེན་པ་དང་མ་བྲལ་ན་སུས་ཀྱང་དགག་པར་མི་ནུས་ཤིང་མི་འདོད་ཀྱང་ཤུགས་ཀྱིས་ལམ་དུ་སྣང་ངེས་པ་ཡིན་ནོ༔ དཔེར་ན་བུད་མེད་སྦྲུམ་མ་ཟླ་བ་རྫོགས་ནས་སུས་ཀྱང་བཀག་པར་མི་ནུས་པས་བཙས་ཏེ༔ ལྟོ་བ་སྟོང་པར་བཞག་པ་ལྟ་བུ་བཞིན་ནོ༔ དེ་ཡང་ཅིག་ཆར་དུ་སྐྱེ་བ་མིན་ཏེ༔ རིམ་གྱིས་ལུས་བསྐྱེད་དེ་སྐྱེ་བ་དང་མཚུངས་སོ༔ དེ་ཡང་ཞག་བདུན་ཚན་དང་པོ་ལ་མེར་མེར་པོ་དང༔ ལྟར་ལྟར་པོ་ལ་སོགས་པ་བཞིན་ཏེ༔ རང་བཞིན་རྫོགས་པ་ཆེན་པོ་རྩོལ་སྒྲུབ་དང་བྲལ་བའི་ཚད་མེད་ན༔ ཐེག་པ་ཆེན་པོ་ཐུན་མོང་བ་དང་ཁྱད་མེད་པས༔ འདིའི་དུས་ན་དགེ་སྡིག་ཅི་བྱས་ཀྱང་ཕན་གནོད་དང་བྲལ་བས་ཕྱིས་ངན་སོང་དུ་ལྟུང་མི་སྲིད་པའི་གདིང་ཐོབ་པའོ༔ མངལ་གྱི་གྲོང་ཁྱེར་རྒྱུན་ཆོད་པའི་ཚད་མེད་ན༔ འགྲོ་དྲུག་གི་གཡང་ས་མི་ཆོད་དེ་ཚེ་གཅིག་ལ་སངས་རྒྱ་བ་དང་འགལ་ཏེ༔ འདིའི་དུས་ན་སྔར་བྱས་པའི་བག་ཆགས་ཀྱིས་རྡུལ་ཙམ་མི་གོས་ཏེ༔ དམྱལ་བ་དང་སངས་རྒྱས་ལ་ཁྱད་མེད་པའི་གདིང་ཐོབ་པའོ༔ ཆོས་རྣམས་སྣ་ཚོགས་སུ་ཤར་བའི་ཚད་མེད་ན༔ ཡིད་དཔྱོད་འཛིན་པའི་ལྟ་བ་རྣམས་དང་ཁྱད་པར་ཅུང་ཟད་ཀྱང་མེད་པས༔ འདིའི་དུས་ན་ཕྱི་རོལ་གྱི་ཡུལ་རྐྱེན་དུ་མ་བྱུང་ཡང་ཕན་གནོད་དང་བྲལ་ཏེ༔ མངོན་སུམ་གྱི་སྣང་བ་རྐྱེན་གྱིས་མི་ཤིགས་པའི་གདིང་ཐོབ་པའོ༔ སྣང་སྲིད་ཐམས་ཅད་གདམས་ངག་ཏུ་ཤེས་ནས་འཁྲུལ་པ་རང་ཐོག་ཏུ་ཆོད་པའི་ཚད་མེད་ན༔ ཚིག་གི་རྗེས་སུ་འབྲང་བའི་སྐྱེས་བུ་རྣམས་དང་ཁྱད་མེད་པས༔ འདིའི་དུས་ན་བརྗོད་བྱ་ཐམས་ཅད་མཐོང་སྣང་དུ་འཆར་བས༔ ཚིག་གི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་གདིང་ཐོབ་བོ༔ ཡུལ་རྐྱེན་དུ་མ་འགགས་པའི་ཚད་མེད་ན༔ ཐ་མལ་པའི་སྣང་བ་དང་ཁྱད་པར་མེད་པས༔ འདིའི་དུས་ན་བེམ་རིག་གཉིས་འཛིན་གྱི་ཤེས་པ་དང་བྲལ་ཏེ༔ རགས་པའི་འབྱུང་བ་རྣམས་ཀྱིས་གནོད་པ་མི་སྐྱེལ་བའི་གདིང་ཐོབ་པའོ༔ འཁོར་འདས་མཉམ་པ་ཉིད་དུ་གནས་པའི་ཚད་མེད་ན༔ གྲུབ་མཐའ་འཛིན་པའི་སྐྱེས་བུ་རྣམས་དང་ཁྱད་མེད་པས༔ འདིའི་དུས་ལྟ་བའི་ཞེ་འདོད་རྣམས་དང་བྲལ་ཏེ༔ ཉམས་ལེན་ལ་ཡེངས་པ་མེད་པའི་གདིང་ཐོབ་པའོ༔ རིག་པ་ལ་འགྱུར་བ་མེད་པའི་ཚད་མེད་ན༔ ལས་ཀྱི་རླུང་དང་ཁྱད་མེད་པས༔ འདིའི་དུས་ན་རིག་པ་ཉིད་ཡེ་ཤེས་ཀྱི་རླུང་དང་འདྲེས་པས་འགྱུ་བ་རྣམས་རང་སར་གྲོལ་བའི་གདིང་ཐོབ་པའོ༔ ཉག་གཅིག་གྲལ་དུ་ཚུད་པའི་ཚད་མེད་ན༔ ཐེག་པ་སྣ་ཚོགས་ཀྱི་སྐད་དང་ཁྱད་མེད་པས༔ འདིའི་དུས་ན་ལྟ་སྒོམ་སྤྲོས་པ་རང་ཆོད་པའི་གདིང་ཐོབ་པའོ༔ རང་བཞིན་རྫོགས་པ་ཆེན་པོ་ཐིག་ལེ་ཉག་གཅིག་མངོན་སུམ་གཏན་ལ་ཕེབས་པའི་ཚད་མེད་ན༔ ཆད་པ་མུ་སྟེགས་རྣམས་དང་ཁྱད་མེད་པས༔ འདིའི་དུས་ན་གོལ་ས་ཐམས་ཅད་རང་ཐོག་ཏུ་ཆོད་པའི་གདིང་རྙེད་པ་ཡིན་ནོ༔ སྐུ་རྣམས་ཀྱི་ཞེན་པའི་སྣང་བ་ལོག་སྟེ༔ ཕྱིའི་སྣང་བ་འདི་ཉིད་ལས་གྲོལ་བའི་ཚད་མེད་ན༔ སྐུ་གསུམ་འབྲས་བུ་འདོད་པ་རྣམས་དང་ཁྱད་མེད་པས༔ འདིའི་དུས་སུ་སྐུ་གསུམ་གྱི་སྣང་བ་དང་ངོ་བོ་ལམ་དུ་བྱས་པས༔ སྐུ་གསུམ་འཛིན་པའི་ཞེན་པ་རང་ལོག་པའི་གདིང་ཐོབ་པའོ༔ གདོས་བཅས་འགགས་ཏེ་འབྱུང་བ་རང་སར་དེངས་པའི་ཚད་མེད་ན༔ ཕུང་པོ་ལྔ་བདག་མེད་དུ་འདོད་པ་རྣམས་དང་ཁྱད་མེད་པས༔ འདིའི་དུས་ན་ཕྱི་ནང་གི་འབྱུང་བ་ལྔས་བཅིངས་པ་ལས་རང་ལོག་སྟེ་ཟག་པ་རྣམས་རང་སར་ཟད་པའི་གདིང་ཐོབ་ནས༔ འདི་ནས་ལོ་གཅིག་གམ་ཟླ་བ་དགུའམ་བདུན་ནས་ཆོས་ཉིད་ཟད་པའི་སྣང་བ་དང་འདུ་འབྲལ་མེད་པར་འགྱུར་བ་ལ་ཐེ་ཚོམ་མེད་དོ༔ དེའི་ཕྱིར་ན་མའི་མངལ་དུ་ཞུགས་ཏེ་ལུས་རྫོགས་པའི་ཟླ་བའི་རིམ་པ་དང་ཞག་རྣམས་དང་མཚུངས་སོ༔ དེ་ལྟར་ཉམས་སུ་ལེན་པ་ལ་ནི༔ སྔོན་དུ་ལུས་ངག་ཡིད་གསུམ་སྦྱོང་བའི་མན་ངག་རབ་ཏུ་གཅེས་སོ༔ སྔོན་དུ་ལུས་ངག་མ་སྦྱང་པར་རིག་པ་མངོན་སུམ་གྱི་གནད་གཟིར་ཀྱང༔ འདི་ཉིད་དུ་འབྱུང་བ་རང་ཟད་ལ་འགྲོ་མི་སྲིད་དོ༔ དེའི་ཕྱིར་ན་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་རབ་ཏུ་ཟབ་བོ༔ དེ་ནས་ལུས་ཀྱང་འདུག་སྟངས་རྣམས་ལ་མ་གཟིར་ན༔ སྐུ་གསུམ་གྱི་ཞེན་པ་ལམ་དུ་མི་ཆོད་པས་ཆོས་ཉིད་ཟད་པ་ངོ་མི་ཤེས་སོ༔ དེ་ནས་རྟག་ཏུ་ངག་མ་གཅད་ན༔ བརྗོད་པ་མེད་པའི་དོན་མི་མཐོང་བས་ཐིག་ལེ་ཉག་གཅིག་མངོན་སུམ་དུ་མི་སྣང་ངོ༔ མིག་གི་ལྟ་སྟངས་ཀྱིས་རིག་པ་མ་གཅུན་ན༔ རིག་པ་ཉིད་མངོན་སུམ་དུ་མི་སྣང་བས༔ སེམས་དང་ཡེ་ཤེས་མི་འབྱེད་དོ༔ དེའི་ཕྱིར་ན་གདམས་ངག་འདི་དག་རྣམས་རིམ་གྱིས་བྱས་པས་སྣང་བ་རིམ་གྱིས་འཕེལ་བ་ལ་ཐེ་ཚོམ་མེད་དོ༔ དེའི་ཕྱིར་ན་འབྱུང་བ་དྭངས་སྙིགས་ཕྱེད་པའི་ཚད་ཕྱིའི་འབྱུང་བ་ལྔ་འགགས་ཏེ༔ འོད་དུ་སྣང་བའི་དུས་ན་ཡིན་ནོ༔ ཆོས་ཅན་དང་ཆོས་ཉིད་ཕྱེད་པའི་ཚད་དབྱིངས་སྨིན་མཚམས་དང་དྲལ་བའི་དུས་ན་ཡིན་ནོ༔ སེམས་དང་ཡེ་ཤེས་ཕྱེད་པའི་ཚད་རིག་པ་ལ་ཉིན་མཚན་མེད་པའི་དུས་ན་ཡིན་ནོ༔ ཀུན་གཞི་དང་ཆོས་སྐུ་ཕྱེད་པའི་ཚད་ནི༔ རང་གི་གདོས་བཅས་མི་སྣང་བའི་དུས་ན་ཡིན་ནོ༔ ཡིད་དང་ཤེས་རབ་ཕྱེད་པའི་ཚད་ནི༔ སྣང་བ་སྣ་ཚོགས་ཤར་དུས་ན་ཡིན་ནོ༔ དེའི་ཕྱིར་ན་རིག་པ་ཚད་ལ་མ་ཕབ་ན༔ འབྲས་བུ་ལ་ཐུག་པ་མེད་དེ་ངལ་བ་དོན་མེད་ཡིན་ནོ༔ ཚད་ལ་ཕེབས་ནས་དོན་འགྱུར་མི་སྲིད་དོ༔ དེ་ཡང་འདི་ཉིད་ལས་སྐུ་གསུམ་ལམ་དུ་བྱེད་པ་ནི༔ ལུས་ངག་ཡིད་ཀྱི་གནད་བསྟན་ནས༔ དེ་གཟིར་བས་སྤྲུལ་པ་སྐུའི་སྒྲོ་འདོགས་ལམ་དུ་ཆོད་དོ༔ དེ་ནས་ཐིག་ལེ་སྟོང་པའི་སྒྲོན་མ་ཤར་ནས་ཐིག་ལེ་ལ་སྐུ་ལྔ་ཤར་ཕན་ཆོད་ནི༔ ལོངས་སྐུའི་སྒྲོ་འདོགས་ལམ་དུ་ཆོད་དོ༔ སྟོང་པའི་ཐིག་ལེ་འདིའི་སྣང་བ་མེད་པར་སྣང་བ་གོང་དུ་འཕེལ་བ་ཡང་ཡོད་དོ༔ རང་གི་ལུས་མི་སྣང་སྟེ་སྐབས་སུ་འོད་ཀྱི་སོར་མོར་སྣང་བའི་དུས་ན་ཆོས་སྐུའི་སྒྲོ་འདོགས་ལམ་དུ་ཆོད་པའོ༔ ཐབས་སྣ་ཚོགས་ལ་བསླབ་པའི་རིམ་པ་མང་དུ་བཤད་ནས་ཡོད་ཀྱང༔ འདི་ཀུན་ལས་ཀྱི་ཁ་ཚར་དུ་འདུ་བ་སྟེ༔ སེམས་མི་གནས་པ་ལ་གནས་པར་བྱེད་པ་ཙམ་ལས༔ སངས་རྒྱ་བ་ལ་རྡུལ་ཙམ་གྱི་ཆ་ཡང་ཕན་པ་མེད་དོ༔ དེའི་ཕྱིར་ན་མན་ངག་གི་རྒྱལ་པོ་ཟངས་ཡིག་ཅན་མེད་ན་གཞན་མ་ཀུན་སྟོང་ཡུག་ཡིན༔ འདི་དང་འབྲེལ་ན་རང་གཞན་གཉིས་ཀའི་དོན་འགྲུབ་པ་ཡིན་ནོ༔ མན་ངག་འདི་ཉིད་རྟགས་དང་ཚད་འབྲེལ་པས་རིན་ཆེན་གསེར་ལ་གཡུའི་ཕྲ་བཀོད་པ་དང་འདྲ༔ དེའི་ཕྱིར་ན་རྟགས་ཀྱི་ཡི་གེ་ལ༔ ཚད་ཀྱི་ཡི་གེ་འདི་མེད་ན་སྟོང་ཡུག་ཡིན༔ དེའི་ཕྱིར་ན་མན་ངག་ཟངས་ཡིག་ཅན༔ ཡི་གེ་གསུམ་དང་འབྲེལ་ན་རྣལ་འབྱོར་དོན་ཆེན་འགྲུབ༔ འདི་གསུམ་མེད་ན་བསྒྲུབས་ཀྱང་དོན་མེད་འགྱང༔ སྤྲུལ་པའི་ས་བོན་བསྟན་པ་བུ་གཅིག་པོ༔ འདི་མེད་བསྒྲུབས་ཀྱང་འབྲས་བུ་སྨིན་པ་མིན༔ འདི་ཉིད་བཅངས་པས་སྤྲུལ་སྐུའི་ཡོན་ཏན་རྫོགས༔ དེས་ན་བསྟན་པ་ཀུན་གྱི་རང་བཙས་འདི༔ མཁའ་ལས་ཆར་བབས་རྩྭི་ཐོག་རྒྱས་པ་བཞིན༔ འདི་ཉིད་བཅངས་པ་ཙམ་གྱིས་འབྲས་བུ་དུས་སུ་ཐོབ༔ དེ་ཡི་ཕྱིར་ན་འདི་ཉིད་སྙིང་གི་དཀྱིལ་དུ་སྦོས༔ མན་ངག་སྙིང་པོ་ཡང་གསང་ཐུགས་ཀྱི་བཅུད༔ ཡི་གེ་མ་རུ་གསང་བ་སྙིང་གི་ཆོས༔ འདི་ཉིད་ཡོད་ན་རིག་པའི་གཏན་སྲིད་ཟིན༔ ཕུང་པོ་ཉིད་དང་བཅས་ཏེ་སེམས་ལ་སྦོས༔ དེ་ཡི་དངོས་པོ་བརྗོད་ཀྱིས་ལངས་པ་མིན༔ དེ་ཡི་གསང་བ་ཡི་གེ་མ་བུ་དག༔ རབ་ཏུ་གཅེས་པའི་མཛོད་དུ་རྒྱས་བཏབ་ལ༔ གཞན་ལ་སྤེལ་བར་བྱ་བ་འདི་ཉིད་མ་ཡིན་ནོ༔ གསང་སྔགས་ཀུན་གྱི་ཡང་ཞུན་རིག་པའི་གནད༔ འདི་རུ་བསྡུས་ཏེ་སྙིང་པོ་སེམས་ལ་བླན༔ རིན་ཆེན་གསེར་ལྟར་རྟག་ཏུ་བཅང་ན་བྲིན༔ གསང་བའི་ཡི་གེ་འདི་ཡང་དེ་དང་མཚུངས༔ དེ་ཡི་ཕྱིར་ན་དེ་ཡི་མན་ངག་གཟེར༔ རྟགས་ཀྱི་ཡི་གེ་འདི་མེད་འབྲས་བུ་རྣམས་ཀྱི་སྐྱེལ་ས་ཐུག་པ་མེད༔ དེས་ན་ཚད་དང་ངེས་པའི་ཡི་གེ་འདིས༔ དུས་ཚོད་ངེས་པར་རབ་ཏུ་བསྟན་པར་བྱ༔ སྙིང་པོ་མཆོག་གི་ཐབས་འདི་རབ་ཏུ་གསང༔ ཚད་ལ་ངེས་པར་ཕབ་ནས་མངོན་སུམ་བྱས༔ གསང་བའི་ཡང་གསང་སྙིང་པོའི་བཅུད་དུ་དྲིལ༔ བཅུད་རྣམས་བསྡུས་ནས་སྙིང་པོ་ལམ་དུ་བྱས༔ དེས་ན་ཡི་གེ་འདི་དག་རབ་ཏུ་དཀོན༔ དམ་པའི་དོན་དུ་ངེས་པར་གཟུང་བར་བྱ༔ རབ་ཏུ་བསྡུས་ནས་སྙིང་ཐིག་མཆོག་ཏུ་གཅེས་པའི་ཚད་འདི་གང་གིའོ༔ སྤྲོས་བཅས་བློ་ཡི་ཡུལ་དུ་སྤྲོས་པའི་ཚད་འདི་རྣམས༔ སྤྲོས་ཏེ་རྒྱས་པའི་དོན་དུ་འདི་ཀུན་ངེས་པར་རབ་ཏུ་གཟུང་བར་བྱ༔ ཆོས་ཉིད་ཚད་ནི་མཉམ་པར་གནས་པ་ཡིན༔ ཤེས་རབ་ཚད་ནི་སྙེམ་བྱེད་མེད་པ་ཡིན༔ ཡེ་ཤེས་ཚད་ནི་རང་གསལ་ཁ་དོག་ལྔ༔ དབྱིངས་ཀྱི་ཚད་ནི་གོང་ལྟར་སྣང་བ་ཡིན༔ རིག་པའི་ཚད་ནི་འཕེལ་འགྲིབ་མེད་པ་ཡིན༔ འོད་ཀྱི་ཚད་ནི་ཕྱི་ནང་འགགས་པ་ཡིན༔ ཐིག་ལེའི་ཚད་ནི་སྐུ་ལྔ་རང་གསལ་ཡིན༔ གཞི་ཡི་ཚད་ནི་འཕེལ་དང་བཅས་པ་ཡིན༔ ལམ་གྱི་ཚད་ནི་གདོས་བཅས་ནུབ་པ་ཡིན༔ འབྲས་བུའི་ཚད་ནི་ཟད་སར་འཁྱོལ་བ་ཡིན༔ སྐུ་ཡི་ཚད་ནི་རང་རྐྱང་སེམས་དཔའ་ཡིན༔ འདི་དག་རྣམས་ནི་སྙིང་པོ་ངེས་པའི་ཚད༔ ཕྱི་ཡི་ཚད་འདི་ཡིན་ནོ་སེམས་ཀྱི་བུ༔ འོད་ཀྱི་ཚད་ནི་འོད་དུ་སྣང་བ་ཡིན༔ ཐིག་ལེའི་ཚད་ནི་གདངས་ཀྱི་ཡང་དག་ཡིན༔ རླུང་གི་ཚད་ནི་ཕྱི་ནས་དེ་བཞིན་སྒྲ༔ དབྱིངས་ཀྱི་ཚད་ནི་ས་རྣམས་གཡོ་བ་ཡིན༔ སྐུ་ཡི་ཚད་ནི་ཕྱི་ནས་དེ་བཞིན་སྐུ༔ འདི་དག་རྣམས་ཀྱང་རིག་པའི་ཡོན་ཏན་ཡིན༔ ཚད་ལ་མ་ཕེབ་དོན་ཉིད་ཤེས་པ་མིན༔ ཚད་དང་ལྡན་པས་ཉམས་ལེན་ཆུད་མི་ཟ༔ དེས་ན་ཚད་ཀྱི་ཡི་གེ་འདི་གཅེས་སོ༔ ཉམས་སུ་ལེན་པ་ཚད་ཀྱི་ཡི་གེ་ཞེས་པ་སྤྲུལ་པ་པོ་དགའ་རབ་རྡོ་རྗེས་མཛད་པ་རྫོགས་སོ༔ ཁ་ཆེའི་པཎྜི་ཏ་བྱེ་མ་ལ་མུ་ཏྲས་སྒྲ་མི་མཐུན་པ་གསུམ་ལས་བསྒྱུར་པ་ལས༔ ཉང་བན་བདག་གིས་ཡི་གེར་བྲིས་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞྭའི་མགོན་པོ་དམ་ཚིག་ཅན་གྱིས་ཐུབ་པར་སྲུངས་ཤིག༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ༼ཕ༽ ༄༅༔ རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་ཟབ་དོན་བསྡུས་པའི་སྙིང་པོ་ལས༔ སྤྲོས་པ་གཅོད་པའི་སྒྲོན་མ་བྱང་ཆུབ་སེམས་སྦྱོང་སོགས་ཀྱི་ཡི་གེ་བཞུགས་སོ༔ རྒྱ་གར་སྐད་དུ༔ ཡ་པ་ར་ས་མ་ཡཱེ༔ བོད་སྐད་དུ༔ སྤྲོས་པ་གཅོད་པའི་སྒྲོན་མ༔ དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ སརྦ་ཏ་ཐཱ་ག་ཏ་ཨ་བྷ་ཡུ་ད་རྨ་<!TCC Tibetan character 4,200 undefined in unicode!>ྙ་སྤྱ༔ ཨ་ཨ་ ཨ་ ཨཱ༔ རིག་པ་རང་བྱུང་ཟད་པ་ལ་ཕྱག་འཚལ་ལོ༔ ཨ<!TCC Tibetan character 4,200 undefined in unicode!>ྙ༔ བྷ་དྷཱུ༔ ཡཾ༔ ཁཾ༔ སུཾ༔ དྷཱུ་དུ༔ བྷེ་ཀ་ལ་པ༔ ཨེ་སྱ༔ བྷ་ངཐྱ་བྷ་རམྷྱ༔ མྶྞ༔ ྦྷཏྨ༔ བདེ་ཆེན་ཡངས་པ་ཉིད་ལ་ཕྱག་འཚལ་ལོ༔ <!TCC Tibetan character 4,200 undefined in unicode!>ྙ་པྤ་ལྦ་ཨ༔ བྷྲ་ནྲ༔ ྰྦྷ་སིང༔ འབྱུང་བཞི་རང་སར་དེངས་ལ་ཕྱག་འཚལ་ལོ༔ འབྱུང་བཞི་ཟད་པའི་རྒྱུད་ཆེན་ནམ་མཁའ་ལ༔ འཁྲུལ་གཞི་ཟད་པའི་རིག་པ་རྒོད་ཡན་དེ༔ སྣ་ཚོགས་ཁྱབ་བརྡལ་ཆེན་པོའི་ཁང་བཟང་དུ༔ འཛིན་བྱེད་དྲན་པ་ཟད་པའི་ལྕགས་ཀྱུ་ཡིས༔ གསལ་བྱེད་སྟེང་འོག་མེད་པའི་སྙིང་ནས་ནི༔ མ་ཡེངས་རྣམ་པ་ཟད་པའི་ཚུལ་གྱིས་གཟུང་བར་བྱའོ༔ ཨ༔ ྈ ྈ ྈ ྈ ཨེ་མ་ཧོ༔ སྤྲོས་པ་ཐམས་ཅད་ཉེ་བར་ཞི་བར་བྱེད་པ་ཞེས་པ་ནི༔ ཡིད་ཀྱི་སེང་གེ་ཡིད་ཀྱི་བུས་བཟུང་བ་ལ་བྱའོ༔ ཨ༔ ཨེ་མ་ཧོ༔ མཚན་མ་ཐམས་ཅད་རང་སར་དེངས་པ་ཞེས་བྱ་བ་ནི༔ ནམ་མཁའི་བུ་མོ་ནམ་མཁའི་བུས་བཙོན་དུ་བཟུང་བ་ལ་བྱའོ༔ ྈ ཨེ་མ་ཧོ༔ འཁྲུལ་པ་ཐམས་ཅད་རང་སར་གྲོལ་བ་ཞེས་བྱ་བ་ནི༔ རླུང་གི་ཞགས་པ་རླུང་གི་ཞགས་པས་བཟུང་བ་ལ་བྱའོ༔ ྈ ཨེ་མ་ཧོ༔ འབྱུང་བ་ཐམས་ ཅད་རང་དག་ཏུ་སོང་བ་ཞེས་བྱ་བ་ནི༔ མེའི་མིང་པོས་གསལ་ཤིང་བསྲེགས་པ་ལ་བྱའོ༔ ྈ སྐུ་གསུམ་ཇ་ལོག་ཏུ་ཤར་བ་ཞེས་བྱ་བ་ནི༔ སའི་གྲོང་ཁྱེར་ཆུའི་ རྐུན་མས་བཅོམ་པ་ལ་བྱའོ༔ ྈ འདི་ནི་སེམས་བྲོས་པ་རྣམས་ཀྱི་ལྕགས་ཀྱུའོ༔ འདི་ནི་སེམས་རེངས་པ་རྣམས་ཀྱི་གཉའ་ཤིང་ངོ༔ ྀཨཚ༔ འདི་ནི་སེམས་རྨུགས་པ་རྣམས་ཀྱི་སྒྲོན་མེའོ༔ ྀཨཚ༔ འདི་ནི་སེམས་ཡས་པ་རྣམས་ཀྱི་ཕྱགས་ཤིང་ངོ༔ ྀཨཚ༔ དྲན་བྱེད་རྒྱུན་གཅོད་ཀྱི་གདམས་ངག་ཅེས་བྱ་བ་རྫོགས་སོ༔ ༈ མཉམ་ཉིད་བདེ་བ་ཆེ་ལ་ཕྱག་འཚལ་ལོ༔ འདི་ནི་སེམས་མེད་པ་རྣམས་ཀྱི་མེ་ལོང༔ གོམས་པ་གནད་ཀྱི་གདམས་ངག་དྲུག་ལས༔ རིག་པ་མི་གནས་པ་གནས་པར་བྱ་བའི་གདམས་ངག་གིས་ཤེས་པ་བག་ལ་བཙའ་བར་བྱ་བ་དང༔ རིག་པ་མ་ཟིན་པ་ཟིན་པར་བྱ་བའི་མན་ངག་གིས༔ གནད་རྣམ་པ་གསུམ་ལ་མཁས་པར་བྱ་བ་དང༔ རིག་པ་མི་བརྟན་པ་བརྟན་པར་བྱ་བའི་མན་ངག་གིས༔ ཡུལ་དང་ཤེས་པ་བསྲེ་བར་བྱ་བ་དང༔ རིག་པ་མ་སྐྱེས་པ་སྐྱེ་བར་བྱ་བའི་མན་ངག་གིས༔ སྣང་བའི་ཚད་གཟུང་བར་བྱ་བ་དང༔ རིག་པ་མ་ཤེས་པ་ཤེས་པར་བྱ་བའི་མན་ངག་གིས༔ དྲོད་རྟགས་གཏན་ལ་དབབ་པར་བྱ་བ་དང༔ རིག་པ་མ་གྲོལ་བ་གྲོལ་བར་བྱ་བའི་མན་ངག་གིས༔ སྐུ་གསུམ་གྱི་ས་ལ་གོམས་པར་བྱ་བའོ༔ གྲོགས་མེད་གཅིག་པུར་གནས་པས་སྣང་བ་གྲོགས་ཀྱི་མཆོག༔ འགྱུ་བྱེད་འགྲོ་འོང་བཅད་པས་ཤེས་པ་རང་སོར་གནས༔ འདུག་སྟངས་རྣམ་གསུམ་བརྟན་པས་གྲོལ་བ་གཅེར་ཚད་འཛིན༔ མིག་དང་ངོ་བོ་འབྲེལ་པས་རྟོག་མེད་ཕུགས་སུ་ཚུད༔ རིག་པ་རང་ངོ་སྤྲད་པས་ཆོས་ཅན་དུམ་བུར་རྟོགས༔ ལུས་ཀྱི་བཅུད་རྣམས་ཕྱུང་བས་འབྲས་བུ་ཚད་དང་ལྡན༔ ྀཨཚ༔ གཟེར་བུའི་མན་ངག་གིས་རིག་པ་མི་འགུལ་བར་བྱ་བ་དང༔ ལྕགས་ཀྱུ་ལྟ་བུའི་མན་ངག་གིས་ཟིན་པ་མི་འཆོར་བར་བྱ་བ་དང༔ ཐོག་ལྟ་བུའི་མན་ངག་གིས་བརྟན་པ་མི་འཕོ་བར་བྱ་བ་དང༔ སྐར་མདའ་ལྟ་བུའི་མན་ངག་གིས་རིག་པ་མཁའ་ལ་ཕྱུང་སྟེ༔ སྐྱེ་བ་མི་འཆི་བར་བྱ་བ་དང༔ གླང་པོ་ཆེ་ལྟ་བུའི་མན་ངག་གིས་ཤེས་པ་འདྲེས་པར་བྱ་བ་དང༔ དཔག་ཆེན་ལྟ་བུའི་མན་ངག་གིས་གྲོལ་བ་ཕྱིར་མི་བཟློག་པར་བསྟན་པའོ༔ ྀཨཚ༔ རྒྱ་མདུད་ཀྱི་གྲི་ཁུག་གིས་མི་གནས་པ་གནས་པར་བྱ་བ་དང༔ ཉག་ཐག་གི་འཐེན་ལུགས་ཀྱིས་གནས་པ་དེ་ཟིན་པར་བྱ་བ་དང༔ གླང་ཆེན་གྱི་ཉལ་ལུགས་ཀྱིས་ཟིན་པ་དེ་བརྟན་པར་བྱ་བ་དང༔ འདབ་ཆགས་ཀྱི་ལྡིང་ལུགས་ཀྱིས་བརྟན་པ་སྐྱེད་པར་བྱེད་པ་དང༔ མེ་ལོང་གི་ལྟ་ལུགས་ཀྱིས་བསྐྱེད་པ་ངོ་ཤེས་པར་བྱེད་པ་དང༔ དུག་སྦྲུལ་གྱི་འདུག་ལུགས་ཀྱིས་ཤེས་པ་གྲོལ་བར་བྱེད་པའོ༔ ྀཨཚ༔ བསམ་པ་སྟོབས་ཟད་པར་བྱ་བའི་ཐབས་ཀྱིས་ལས་དང་པོ་པའི་བསླབ་པར་བྱ་བ་དང༔ སོ་སོའི་ཞེན་ཡུལ་དགག་པའི་ཐབས་ཀྱིས་བསླབ་པ་ཆུད་མི་ཟོས་པར་བྱ་བ་དང༔ རང་རང་གི་ཡུལ་བཙལ་བའི་ཐབས་ཀྱིས་དུས་ཐམས་ཅད་དུ་མི་འབྲལ་བར་བྱ་བ་དང༔ སྣང་བ་ཐད་ཀར་གཅོད་པའི་ཐབས་ཀྱིས་དེ་ཉིད་དང་དུས་ཐམས་ཅད་དུ་མི་འབྲལ་བར་བྱ་བ་དང༔ ཉམས་མྱོང་གོང་ནས་གོང་དུ་འཕེལ་བར་བྱ་བ་དང༔ རིག་པ་དང་དབྱིངས་འདྲེས་པར་བྱེད་པའི་ཐབས་ཀྱིས་མཁའ་ལ་མ་བུ་འཕྲད་པར་བྱའོ༔ རང་གིས་རང་གྲོལ་བར་བྱ་བའི་ཐབས་ཀྱིས་སྐུ་གསུམ་གྱི་ས་ལ་གནས་པར་བྱའོ༔ ྀཨཚ༔ གནས་པ་རྣམ་པར་དག་པའི་མན་ངག་བུ་མ་ཚོལ་གྱི་མན་ངག༔ སྡོད་པ་རྣམ་པར་དག་པ་མདའ་ཡིས་གཞུ་ཚོལ་གྱི་མན་ངག༔ ཐོབ་པ་རྣམ་པར་དག་པའི་དགོངས་པས་འབེན་གྱིས་མདའ་ཚོལ་གྱི་མན་ངག༔ འཇུག་པ་རྣམ་པར་དག་པའི་དགོངས་པས༔ ཆུང་མས་ཁྱོ་ཚོལ་བའི་མན་ངག༔ གསལ་བ་རྣམ་པར་དག་པའི་དགོངས་པས༔ བུ་མོས་ཕ་ཚོལ་བའི་མན་ངག༔ དག་པ་རྣམ་པར་དག་པའི་དགོངས་པས་རྗེས་འབངས་ཚོལ་བའི་མན་ངག༔ གནས་པ་གཞན་མེད་ཟིན་པ་རང་ཡིན༔ བརྟན་པ་གོམས་པ་ཡིན༔ སྐྱེས་པ་རྟག་པ་ཡིན༔ ཤེས་པ་ཐབས་ཡིན༔ གྲོལ་བ་དགོངས་པའོ༔ གོམས་པ་གནད་ཀྱི་མན་ངག༔ ཚིག་དྲུག་གི་རྡོ་རྗེ་སེམས་དཔའི་ཞལ་མཐོང་བར་བྱེད་པའི་མན་ངག་རྫོགས་སོ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ སརྦ་ཨ་དྷ་སྤྱ་མ་ལྦྱ་དྷ་ཐིམ༔ ཟག་མེད་ཐིག་ལེའི་སྐུ་ལ་ཕྱག་འཚལ་ལོ༔ ཟག་པ་རྣམ་པར་ཟད་པར་བྱ་བའི་ཕྱིར༔ རྟག་ཆད་ལ་སོགས་གྲུབ་པའི་མཐའ་རྣམས་ཀུན༔ ཡོད་དང་མེད་དང་བློས་བཏགས་འཁྲུལ་པས་ན༔ འདི་ཉིད་སྤྲོས་བྲལ་བདེ་བས་ལུས་སེམས་ཁྱབ༔ འདི་ཀུན་བཏགས་པ་ཙམ་སྟེ་དོན་ལ་གྲུབ་པ་མེད༔ གྲུབ་པའི་མཐའ་དང་དེས་བྱས་རང་གཟུགས་གྲུབ་པ་རྣམས༔ དེ་ཉིད་རྣམས་དང་ཁྱད་པར་ཅུང་ཟད་ཡོད་མ་ཡིན༔ རིམ་དགུ་འདོད་རྒྱལ་ཐེག་པ་རྣམས་ཀྱིས་ནི༔ རྟག་ཆད་གཉིས་ལས་རྡུལ་ཆ་ཙམ་མ་སླེབ༔ འདི་ཉིད་ཕྱི་ནང་གསང་བ་ཀུན་གྱིས་ཀྱང༔ ཡང་དག་དོན་ལ་རྡུལ་ཙམ་རེག་པ་མེད༔ གཞུང་དུ་བཀོད་པའི་ཚིག་དང་ཡི་གེ་རྣམས༔ བགྲངས་པ་ཙམ་སྟེ་ཡང་དག་མཐོང་བ་མེད༔ རྣམ་གྲངས་དེ་ཀུན་སྙིང་པོ་འདིར་འདུས་སོ༔ ྀཨཚ༔ ཀྱེ་མ་རིགས་ཀྱི་བུ་རྣམས་ཉོན་ཅིག༔ རིག་པ་མངོན་སུམ་གྱི་དོན་སྣང་བ་ལ་བློ་བག་ཕེབ་ཅིང༔ དབང་པོ་དམན་ཞིང་སྐལ་པ་མེད་པ་རྣམས༔ འདི་ལ་ཡིད་མ་ཆེས་པ་འགའ་ཞིག་འབྱུང་སྲིད་ཀྱི༔ དེ་དག་རྣམས་རིག་པ་མཐོང་བར་བྱ་བའི་ཆེད་དུ༔ འདི་དག་ཏུ་བསླབ་པར་བྱ་བ་ཡིན་ནོ༔ རྐྱེན་མེད་པའི་ས་ཕྱོགས་སུ་ཕྱི་ནང་གི་བྱ་བ་བཏང་སྟེ༔ བསམ་གཏན་གྱི་འཛིན་པ་རྣམས་སྤང་སྟེ༔ དང་པོ་སེམས་སྦྱང་བར་བྱའོ༔ དེ་ལ་བདུན་ཏེ༔ མི་རྟག་པ་བསམ་སྟེ་བྱང་ཆུབ་ཀྱི་སེམས་སྦྱོང་བ་དང༔ འཕྲལ་གྱི་བདེ་བ་དང་ཡུན་གྱི་བདེ་བ་ལ་བསམ་སྟེ་བྱང་ཆུབ་ཀྱི་སེམས་སྦྱོང་བ་དང༔ རྐྱེན་དུ་མ་ལ་བསམ་སྟེ་བྱང་ཆུབ་ཀྱི་སེམས་སྦྱོང་བ༔ བྱས་པ་དོན་མེད་པ་ལ་བསམ་སྟེ་བྱང་ཆུབ་ཀྱི་སེམས་སྦྱོང་བ་དང༔ སངས་རྒྱས་ཀྱི་ཡོན་ཏན་ལ་བསམ་སྟེ་བྱང་ཆུབ་ཀྱི་སེམས་སྦྱོང་བ་དང༔ བླ་མའི་གདམས་ངག་ལ་བསམ་སྟེ་བྱང་ཆུབ་ཀྱི་སེམས་སྦྱོང་བ་དང༔ རྣམ་པར་མི་རྟོག་པ་ལ་བསམ་སྟེ་བྱང་ཆུབ་ཀྱི་སེམས་སྦྱོང་བ་དང༔ དེ་དག་ལ་དགོས་པ་ཅི་ཡོད་ཅེ་ན༔ འཁོར་བ་ལས་བློ་ལྡོག་པ་དང༔ དད་པ་སྔོན་དུ་འགྲོ་བའི་དགོས་པ་དང༔ བླ་མའི་གདམས་ངག་ལ་འཇུག་པར་བྱ་བའི་དགོས་པ་དང༔ སྒོམ་པ་ལ་བསྲན་ཐུབ་པར་བྱ་བའི་དགོས་པ་དང༔ བྱ་བ་གཞན་ལ་མི་འཇུག་པའི་དགོས་པ་དང༔ བྱང་ཆུབ་ཀྱི་སེམས་གོང་ནས་གོང་དུ་འཕེལ་བར་བྱ་བའི་དགོས་པའོ༔ ྀཨཚ༔ བྱང་ཆུབ་ཀྱི་སེམས་འབྱོངས་པའི་ཚད་ནི༔ འདུས་བྱས་མི་རྟག་པར་འདུག་ཨང་སྙམ་པ་རྒྱུད་ལ་སྐྱེ་བ་དང༔ བྱས་པ་ཐམས་ཅད་སྡུག་བསྔལ་གྱི་རྒྱུ་རུ་འདུག་སྙམ་པ་དང༔ རིགས་དྲུག་གི་སེམས་ཅན་ལ་སྙིང་རྗེ་སྐྱེ་ཞིང༔ ལས་སུ་བླ་མ་དང་དཀོན་མཆོག་མཆོད་ན་ཅི་མ་རུང་སྙམ་པ་རྒྱུད་ལ་སྐྱེ་བ་དང༔ བླ་མའི་གདམས་ངག་ཅི་ནས་ཀྱང་རྟོགས་པར་བྱ་ཞིང༔ ཐབས་གང་གི་སྒོ་ནས་ཅི་ནས་ཐོབ་པར་བྱ་དགོས་སྙམ་པ་རྒྱུད་ལ་སྐྱེས་པ་དང༔ འཇིག་རྟེན་པའི་ལོངས་སྤྱོད་ཀྱིས་ཅི་ཞིག་བྱ༔ དར་ཅིག་བསྒོམས་ཀྱང་མི་རྟོག་པ་སྐྱེ་བའི་གྲོགས་སུ་གྱུར་ཨང་སྙམ་པ་རྒྱུད་ལ་སྐྱེས་པ་དང༔ བསྒོམས་པས་གནས་པ་ལ་ཡུན་ཇེ་རིང་ཇེ་རིང་སོང་བས་འདི་ལ་རྟག་ཏུ་གནས་པར་བྱའོ་སྙམ་པ་རྒྱུད་ལ་སྐྱེས་པའོ༔ ྀཨཚ༔ བྱང་ཆུབ་ཀྱི་སེམས་སྦྱོང་བ་རྫོགས་སོ༔ <!TCC Tibetan character 4,47 undefined in unicode!> དེ་ལྟར་སེམས་འབྱོངས་པ་དང་སྔགས་ཀྱི་ཐབས་ལ་འཇུག་པར་བྱ་སྟེ༔ གང་ཟག་ཆགས་མེད་ཡིན་ན་རླུང་ལ་བསླབ་སྟེ༔ སེམས་གནས་པར་བྱེད་པ་དང༔ ཆགས་ཆེན་ཡིན་ན་ཡབ་ཡུམ་གྱི་བདེ་བ་ལ་བརྟེན་ནས་སེམས་གནས་པར་བྱའོ༔ རླུང་ནི་རླུང་གི་ཁ་དོག་ལ་བསླབ་པ་དང༔ དབྱིབས་ལ་བསླབ་པ་དང༔ འགྲོ་འོང་ལ་བསླབ་པ་དང༔ གྲངས་ལ་བསླབ་པའོ༔ དེ་ལ་དང་པོར་གནས་དབེན་སར་ཕྱི་ནང་གི་བྱ་བ་བཏང་སྟེ༔ སྟན་བདེ་བ་ལ་རྐང་པ་རྡོ་རྗེ་སྐྱིལ་ཀྲུང་དུ་འདུག༔ ལག་པ་མཉམ་པར་བཞག་སྟེ༔ རྒལ་ཚིགས་དྲང་པོར་བསྲང༔ མགྲིན་པ་ཡིད་ཙམ་སྒུ་བར་བྱས་ཏེ༔ རང་གི་སྨིན་མཚམས་སུ་རླུང་ཐམས་ཅད་འདུས་པའི་ཐིག་ལེ་དཀར་པོ་ཉུངས་འབྲུ་ཙམ་གཅིག༔ དཀར་ལ་འཚེར་བ་གཅིག་ལ་ཤེས་པ་གཏད་ལ་བསྒོམ༔ དེ་ནས་དེ་ལ་བསླབས་པས་རང་གི་མགོ་བོ་ཡང་དེའི་མདོག་དང་མཚུངས་པར་བསྒོམ༔ དེ་ནས་ལུས་ཙམ༔ དེ་ནས་ཐོ་ཕྱི་ཉེ་འཁོར༔ དེ་ནས་སྟོང་གསུམ་རླུང་གི་མདོག་བཞིན་དུ་དཀར་ལམ་མེ་བ་ལ་ཤེས་པ་བཞག༔ དཀར་མེར་མེར་བ་ལ་ཡང་ནས་ཡང་དུ་ཤེས་པ་བཞག་པས༔ རྟགས་ནི་ལུས་ཡང་བ་དང༔ ཡིད་རྣོ་བ༔ སེམས་གནས་པའོ༔ དབྱིབས་ནི་ཐིག་ལེ་ཟླུམ་པོ་ཆེ་ཆུང་སྲན་མ་ཙམ་མམ༔ མཐེ་བོང་ཙམ་ལ་ཤེས་པ་གཏད་དེ་བསྒོམ་པ་ནི༔ རླུང་ཕར་སོང་ཙ་ན་ཐིག་ལེ་ཡང་ཕར་རྒྱང་གིས་སོང༔ ཚུར་འདུས་ཙ་ན༔ ཚུར་མེར་གྱིས་བྱུང་བ་ལ་ཤེས་པ་བཞག༔ ཞག་བཅུའམ་ཟླ་བ་ཕྱེད་དུ་བསླབས་པས་གོམས་པའི་ཚད་ནི༔ སྨིན་ཕྲག་ཚ་བའམ་མི་བདེ་བ་སྙམ་པ་ནི་ཚད་དོ༔ དེ་གོམས་པ་དང་ལྟེ་བའི་ཐད་ཀར་ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཞིག་བསམ་སྟེ༔ དེའི་ནང་དུ་རླུང་གི་རྡོ་རྗེ་སྔོན་པོ་ནས་འབྲས་ཙམ་གཅིག་བསྒོམ༔ སྟེང་རླུང་ཕྱིར་སོང་ཙ་ན་ཕར་རྒྱང་གིས་རིངས་པར་སོང་བ་ལ་ཤེས་པ་གཏད་ལ་བསྒོམ༔ ཚུར་འདུས་པ་ལ་ཤེས་པ་གཏད་ལ་བསྒོམ༔ ཕར་སོང་བ་དེ་ཇེ་ཉེ་ཇེ་ཉེ་ལ་ཤེས་པ་གཏད་ལ་བསྒོམ༔ དེ་ཕར་འགྲོ་ཚུར་འོང་ལ་ཤེས་པ་གཏད་ལ་རླུང་ཡུན་རིང་དུ་བསྒོམ༔ ཕར་རྒྱང་ཐུང་ངུ་ཐུང་ངུ་ལ་ཚད་ནི་གར་གཏད་སར་སྡོད་པར་སོང་ཙ་ན༔ ནང་དུ་ཐེམས་བཏང་ལ་བློ་དེ་ལ་གནས་པ་དང༔ ལུས་ཡང་དབུགས་ཕྱི་ནང་དུ་རྒྱུ་བ་མི་ཚོར༔ སེམས་འོད་གསལ་སྟོང་པར་སིང་ངེར་གནས་པའོ༔ འགྲོ་འོང་གི་རླུང་ཅི་ནས་ཕར་རིང་དུ་བཏང་བས་ཤེས་པ་བདེ་འབའ་ལེ་བསླབ༔ དེ་ཕར་འགྲོ་ཚུར་འོང་ལ་རྒྱུན་ཇི་རིང་ལ་བསླབས་པས༔ རླུང་གང་དྲངས་པའི་སར་འདོན་ནུས་པའོ༔ གྲངས་ནི་དེ་ལྟར་གཅིག་གཉིས་ལ་བསླབ༔ དེ་ནས་ཇེ་མང་ཇེ་མང་ལ་བསླབས་པས༔ ཞག་དུ་མ་བསམ་གཏན་ལ་གནས་པའོ༔ ྀཨཚ༔ ཆགས་ཅན་རྣམས་ནི་རིག་མ་དངོས་ལ་བསྟེན་ནས༔ བདེ་བ་བསྒོམ་པ་དང༔ རླུང་སེམས་ཀྱི་བདེ་བ་བསྒོམ་པའོ༔ དེ་ལ་རིག་མ་ལ་ནི༔ དང་པོ་ཕྱག་རྒྱ་མ་བཙལ་བ་དང༔ དེ་ནས་མཚན་བརྟག་སྟེ་འགུགས་པ་དང༔ དེའི་དགྱེས་པ་བསྐྱེད་པ་དང༔ རྩ་བཙལ་ཞིང་སློང་བའི་ཐབས་དང༔ རྩ་གཟུང་བའི་ཆོ་ག་དང༔ སྦྱོར་བ་བྱེད་པའི་ཐབས་དང༔ བྱང་ཆུབ་ཀྱི་ཐིག་ལེ་དབབ་པར་བྱ་བ་དང༔ ཐིག་ལེ་གཟུང་བའི་ཆོ་ག་དང༔ ཐིག་ལེ་གྱེན་ལ་ཟློག་པའི་ཆོ་ག་དང༔ བདེ་བའི་ཉམས་བརྟག་ཅིང་གོམས་པར་བྱ་བའི་ཆོ་ག་དང༔ རྩ་རྣམས་སུ་དགྲམ་པ་དང༔ དེར་རླུང་དང་བསྲེས་ཏེ་རྒྱས་བཏབ་པ་དང༔ དེ་ནས་རྗེས་ཀྱི་ཤེས་ཉམས་རང་རྒྱུད་ལ་བཀལ་བ་དང༔ ཕྱག་རྒྱ་མ་དེ་རབ་ཏུ་གསང་བར་བྱ་བའི་མན་ངག་གོ༔ རླུང་སེམས་ཀྱི་བདེ་བ་ནི༔ རང་གི་ཐིག་ལེ་སྟོང་པའི་སྒྲོན་མ་ཀླད་པ་དུང་ཁང་ན་ཡོད་པ་ལ་ཤེས་པ་གཏད་པས༔ དེ་ལམ་གྱིས་ཞུ་བ་ཐིག་ལེ་སྲན་ཆུང་ཙམ་ཁྲོམ་ཁྲོམ་བྱུང་བ་མགྲིན་པར་སླེབས་པས༔ རང་གི་ལུས་བདེ་ཕྲིལ་གྱིས་སོང་བ་ལ་བློ་གཞག་གོ༔ དེ་ནས་སྙིང་གར་བབས་པས་དེ་བས་ཀྱང་བདེ་བ་རྒྱས༔ གསང་བའི་ཁར་སླེབས་པས་བདེ་བ་མཆོག་ཏུ་རྒྱས་པ་ལ་ཤེས་པ་བཞག་པས་ལུས་བདེ་སྟོང་དུ་མེར་གྱིས་གང་སྟེ༔ དེ་ཡར་བཟློག་མར་འབེབ་ལ་ཤེས་པ་གཏད་དེ་བསྒོམས་པས༔ ཅི་ཞིག་ཙམ་ན་ལུས་བདེ་ཕྲིལ་གྱིས་འགྲོ༔ ངག་ཚིག་སྨྲ་སྙིང་མི་འདོད༔ སེམས་བདེ་བ་ལ་མི་རྟོག་པའི་ཉམས་ཀྱིས་བདེ་སྟོང་དུ་ཕྲིལ་གྱིས་འགྲོ༔ དེ་ལྟར་གོམས་པས་ཐིག་ལེ་དངོས་པོ་འབབ་པ་ཡང་འོང་བས༔ དེ་ནི་གོམས་པའི་ཚད་དོ༔ ལུགས་གཅིག་ལ༔ དེ་ལྟར་ཐིག་ལེ་ཡར་བཟློག་མར་འབེབ་མིན་པར་གཅིག་ལ་གཅིག་ཐིམ་པ་ལ་བཞག་པས༔ བདེ་བ་རྒྱས་པར་འོང༔ ཐིག་ལེ་ཇེ་ཆུང་ཇེ་ཆུང་ལ༔ ཇེ་ཕྲ་ཇེ་ཕྲ་ལ་སོང་བས་རང་གི་ཤེས་པ་ཡང་ཇེ་ཕྲ་ལ་བློ་གནས་པ་ཡིན་ནོ༔ དེ་ནི་རིག་པ་མངོན་སུམ་ལ་བློ་མ་ཕེབ་པ་རྣམས་དང་པོ་ཐབས་ཀྱིས་སྦྱོང་བའོ༔ དེ་ནས་གནས་པའི་ཐབས་ཀྱིས་གནས་པར་བྱས་ནས༔ དེ་རིག་པ་ཉིད་ལ་འཇུག་པར་བརྩམ་པར་བྱ་བ་ཡིན་ནོ༔ དེ་ལྟར་ན་རིག་པའི་སྔོན་དུ་འགྲོ་བས༔ འཚོ་བ་མཁས་པའི་རྫིའུས་ལུག་སྐྱོང་བ་ལ་དཔེ་བླངས་ལ་ཤེས་པ་རྐྱང་པར་བཏོན༔ གང་ཞིག་དམུས་ལོང་ལ་ཡེ་ཤེས་རྒྱུན་ཆད་དེ༔ ཡེ་ཤེས་ཀྱི་སྒྲོན་མ་དེ་མི་མཐོང་སྟེ༔ དེ་ཡང་ཐུགས་རྗེས་གཟུང་བའི་ཕྱིར༔ ལས་ཀྱི་ཕྱག་རྒྱ་ལ་གོམས་པར་བྱས་ལ༔ རླུང་དྲངས་ལ་བསླབ་པར་བྱའོ༔ དེ་ནས་རྩ་གཅུན་ཏེ་ཐིག་ལེ་བརྟེན་ལ་དེ་ལ་བློ་གཏད་ལ་བསྒོམ་དུ་གཞུག་གོ༔ སྣང་བ་དེ་འདྲ་བ་མཆེད་པ་ལ་བློ་གཏད་པ་དང༔ ཤེས་པ་ཡང་དེ་ལྟར་འོང༔ མ་ནིང་ལ་ཐུགས་རྗེ་རྒྱུན་ཆད་པ་རྣམས་གཟུང་བར་བྱ་བ་ནི༔ སྔར་གྱི་ཐིག་ལེ་འབར་འཛག་དེ་ལ་ཤེས་པ་གཏད་ནས་བསྒོམས་པས་ལུས་བདེ་བར་ཕྲིལ་གྱིས་འོང་ངོ༔ ཐིག་ལེ་ཡང་དངོས་སུ་འོང་ངེས་སོ༔ རིགས་ཆད་ཐུགས་རྗེས་གཟུང་བའི་མན་ངག་རྫོགས་སོ༔ རྒྱ་རྒྱ་རྒྱ༔ ས་མ་ཡཱ༔ ྀཨཚ༔ རྒྱ་གར་སྐད་དུ༔ ཨ་ཨ་ཊ་མ་ཏི་ཀྲ་མ༔ བོད་སྐད་དུ༔ དྲན་པ་ཀུན་གྱི་གལ་མདོ༔ བཅོམ་ལྡན་འདས་རིག་པ་འཕོ་འགྱུར་མེད་པ་དེ་ལ་ཕྱག་འཚལ་ལོ༔ པྲད་ཉ་བྷེན་དུ་ཡ་ཡཱི༔ གཞི་དང་སྙིང་པོ་ཀུན་གྱི་བཅུད་ཕྱུང་བ༔ དྲན་གཞི་ཀུན་སྙིང་གི་དཀྱིལ་དུ་གཏེར་ཆེན་སྦས༔ རྟོག་མེད་རྟོག་པས་སྦས་པའི་རིག་པ་ནི༔ ལྟ་སྤྱོད་དུ་མས་དེ་ཉིད་ངོ་བོ་བསྒྲིབས༔ དེ་ཉིད་དབྱེ་བས་ལས་ཀྱི་མཐའ་འདི་བསྡུས༔ སྒྲ་ཚིག་རྣམས་ཀྱིས་རིག་པ་ཉིད་བཙལ་ཀྱང༔ འདི་ཉིད་དོན་ལ་མ་རིག་ཕྱོགས་ལས་རྒྱང་ཁྱི་ཟུག༔ ལྟ་སྒོམ་སྤྱོད་པ་མིང་དུ་བཏགས་པ་ཡིན༔ མིང་དེའི་གྲངས་དང་དབྱེ་བ་འདིར་ཤེས་བྱ༔ འཁྲུལ་པའི་ཚུལ་སྤངས་ཡིན་པའི་ཚུལ་ཙམ་དུ༔ རྣམ་པར་བསྡུས་ཏེ་བཀོད་པ་འདི་ཡིན་ནོ༔ ྀཨཚ༔ ལྟ་སྒོམ་སྤྱོད་པ་ལ་སོགས་པའི༔ གསང་བའི་མན་ངག་ཟབ་དོན་རྣམས་ཀྱི་དོན༔ འདི་རུ་རྣམ་པར་བསྡུས་ཏེ་བསྟན་པ་ཡིན་ནོ༔ དེ་ལ་བཞི་སྟེ༔ འཛིན་ཆགས་མེད་པ་སྤྱོད་པའི་མན་ངག་གིས་སྣང་བ་ཟིལ་གྱིས་གནོན་པ་དང༔ དམིགས་གཏད་མེད་པ་བསྒོམ་པའི་མན་ངག་གིས་དྲན་བྱེད་ཀྱི་ཡིད་ཟིལ་གྱིས་གནོན་པ་དང༔ གཟའ་གཏད་མེད་པ་ལྟ་བའི་མན་ངག་གིས་ཞེན་པའི་གཞི་ཉོན་མོངས་པ་ཟིལ་གྱིས་གནོན་པ་དང༔ སྤང་ཐོབ་མེད་པ་འབྲས་བུའི་མན་ངག་གིས་རིག་པ་ཕྱིར་མི་ལྡོག་པར་བསྟན་པའོ༔ སྤྱོད་པ་ནི་གཉིས་ཏེ༔ སྤྱིའི་སྤྱོད་པ་དང༔ རང་གི་སྤྱོད་པའོ༔ སྤྱི་ལ་བཞི་སྟེ༔ གང་གིས་སྤྱོད༔ གང་སྤྱོད༔ གང་ལྟར་སྤྱོད༔ གང་ཐོབ༔ རང་གི་མཚན་ཉིད་ཀྱི་སྤྱོད་པ་ལ་བཞི་སྟེ༔ གང་གིས་སྤྱོད༔ གང་སྤྱོད༔ གང་ལྟར་སྤྱོད༔ གང་ཐོབ་པའོ༔ སྒོམ་པ་ལ་གཉིས་ཏེ༔ ཆོས་ཅན་སྤྱིའི་སྒོམ་པ་དང༔ ཆོས་ཉིད་རང་གི་སྒོམ་པའོ༔ སྤྱི་ལ་བཞི་སྟེ༔ གང་གིས་སྒོམ༔ གང་བསྒོམ༔ གང་ལྟར་བསྒོམ༔ གང་ཐོབ་པའོ༔ རང་གི་མཚན་ཉིད་ཀྱི་སྒོམ་པ་ལ་བཞི་སྟེ༔ གང་གིས་སྒོམ༔ གང་བསྒོམ༔ གང་ལྟར་བསྒོམ༔ གང་ཐོབ་པའོ༔ ལྟ་བ་ལ་གཉིས་ཏེ༔ ཆོས་ཅན་སྤྱིའི་ལྟ་བ་དང༔ ཆོས་ཉིད་རང་གི་ལྟ་བའོ༔ སྤྱི་ལ་བཞི་སྟེ༔ གང་ལ་ལྟ༔ གང་གིས་ལྟ༔ གང་ལྟར་ལྟ༔ གང་ཐོབ་པའོ༔ ཆོས་ཉིད་རང་གི་ལྟ་བ་ལ་བཞི་སྟེ༔ གང་ལ་ལྟ༔ གང་གིས་ལྟ༔ གང་ལྟར་ལྟ༔ གང་ཐོབ་པའོ༔ འབྲས་བུ་ལ་གཉིས་ཏེ༔ ཆོས་ཅན་སྤྱིའི་འབྲས་བུ་དང༔ ཆོས་ཉིད་རང་གི་འབྲས་བུའོ༔ སྤྱི་ལ་བཞི་སྟེ༔ གང་ཐོབ་པ༔ གང་གིས་ཐོབ་པ༔ གང་ལྟར་ཐོབ་པ༔ ཐོབ་པ་ལ་དགོས་པ་ཅི་ཡོད་པའོ༔ ཆོས་ཉིད་རང་གི་འབྲས་བུ་ལ་བཞི་སྟེ༔ གང་ཐོབ་པ༔ གང་གིས་ཐོབ་པ༔ གང་ལྟར་ཐོབ་པ༔ ཐོབ་པ་ལ་དགོས་པ་ཅི་ཡོད་པའོ༔ ལྟ་སྒོམ་སྤྱོད་པའི་ལྡེ་མིག༔ སྦས་པའི་མིག་འབྱེད་ཅེས་བྱ་བ་རྫོགས་སོ༔ ྀཨཚ༔ རྒྱ་གར་སྐད་དུ༔ ཙརྱ་བྲི་དུ་ཀལ་པ༔ བོད་སྐད་དུ༔ སྤྱོད་པ་བསྡུས་པའི་སྒྲོན་མ༔ སྣང་བ་དབང་སྒྱུར་ཉིད་ལ་ཕྱག་འཚལ་ལོ༔ སྣང་བ་མི་སྣང་འདི་ཀུན་འཁྲུལ་པས་ན༔ མ་བརྟགས་ཉམས་དགའ་བརྟག་ཅིང་དཔྱད་མི་བཟོད༔ ཤིན་ཏུ་བརྟགས་ན་གང་ཡང་རྙེད་པ་མེད༔ དེ་ཡི་ཕྱིར་ན་འདི་ལྟར་བསྒོམ་པར་བྱ༔ གཟའ་གཏད་མེད་པའི་ཤེས་པ་དྲན་མེད་དེ༔ དམིགས་གཏད་མེད་པའི་མིག་ཏུ་བཅུག་ནས་ནི༔ གཟའ་གཏད་མེད་པའི་གཞི་ལ་རིག་པ་བསྐྱལ༔ སྤང་ཐོབ་མེད་པའི་ས་ལ་གཞག་པར་བྱའོ༔ སརྦ་ལ་ཨ་བྷི་སྤྱོ་མྦ་སྦྱ༔ ཨེ་མ་ཧོ༔ ཕྱིའི་སྤྱོད་པས་སྣང་བ་དང་ངོ་སྤྲད་པ་དང༔ ནང་གི་སྤྱོད་པས་སེམས་དང་ངོ་སྤྲད་པ་དང༔ གསང་བའི་སྤྱོད་པས་དབྱིངས་དང་ངོ་སྤྲད་པ་དང༔ གསང་བ་བླ་ན་མེད་པའི་སྤྱོད་པས་རིག་པ་ངོ་སྤྲད་པའོ༔ ཕྱི་ལ་བཞི་སྟེ༔ ངོ་སྤྲད་པར་བྱ་བའི་ཡུལ་དང༔ སྤྲོད་པའི་ཐབས་དང༔ ཐབས་དེས་གང་དུ་སྤྲད་པ་དང༔ སྤྲད་པའི་ཚད་དོ༔ ནང་ལ་བཞི་སྟེ༔ ངོ་སྤྲད་པར་བྱ་བའི་ཡུལ་དང༔ སྤྲོད་པའི་ཐབས་དང༔ གནས་གང་དུ་སྤྲད་པ་དང༔ སྤྲད་པའི་ཚད་དོ༔ གསང་བ་ལ་བཞི་སྟེ༔ ངོ་སྤྲད་པར་བྱ་བའི་ཡུལ་དང༔ སྤྲོད་པའི་ཐབས་དང༔ གནས་གང་དུ་སྤྲད་པ་དང༔ སྤྲད་པའི་ཚད་དོ༔ གསང་བ་བླ་ན་མེད་པ་ལ་བཞི་སྟེ༔ ངོ་སྤྲད་པར་བྱ་བའི་ཡུལ་དང༔ སྤྲོད་པའི་ཐབས་དང༔ གནས་གང་དུ་སྤྲད་པ་དང༔ སྤྲད་པའི་ཚད་དོ༔ སྤྱོད་པ་བསྡུས་པའི་སྒྲོན་མ་རྫོགས་སོ༔ <!TCC Tibetan character 4,47 undefined in unicode!> སྒོམ་པ་བསྡུས་པའི་སྒྲོན་མ༔ བདེ་ཆེན་མཉམ་པ་ཉིད་ལ་ཕྱག་འཚལ་ལོ༔ སརྦ་ཏི་ལོ་ཀི་པུ་སཾ་འདུ་ཡཱ༔ དངོས་མེད་སྤྲོས་དང་བྲལ་བའི་རིག་པ་ནི༔ དྲན་པའི་ཐག་པ་བཅད་ནས་བཏང་བའི་ཕྱིར༔ བསམ་པའི་འདུག་སར་གཞུག་པ་འདི་ཉིད་ནི༔ དྲན་པ་རྣམས་ནི་ཟད་པའི་སར་བསྐྱལ་ལོ༔ དྷརྨཱ་ཏྲི་ཀ་དུ་སུ་བཾ༔ ཨེ་མ་ཧོ༔ དྲན་པ་རྒྱུན་ཟད་ཀྱི་སྒོམ་པས༔ སྒོ་ལྔའི་སྣང་བ་གཏན་ལ་དབབ་པ་དང༔ བསམ་པ་རང་དག་གི་སྒོམ་པས༔ ཡིད་ཀྱི་འགྱུ་བ་དང་ཁོང་གཅད་པ་དང༔ བསྐྱོད་མེད་རང་གནས་ཀྱི་སྒོམ་པས༔ རང་ལུས་ལྷ་སྐུར་གཏན་ལ་དབབ་པ་དང༔ གནས་པ་རང་གྲོལ་གྱི་སྒོམ་པས༔ སྣང་བ་ཐམས་ཅད་ཆོས་སྐུར་གཏན་ལ་དབབ་པའོ༔ དྲན་པ་ལ་བཞི་སྟེ༔ ཅི་གཏན་ལ་དབབ་པ་དང༔ ཇི་ལྟར་གཏན་ལ་དབབ་པ་དང༔ གནས་གང་དུ་གཏན་ལ་དབབ་པ་དང༔ ཕེབས་པའི་ཚད་དམ་རྟགས་སོ༔ བསམ་པ་ལ་བཞི་སྟེ༔ ཅི་གཏན་ལ་དབབ་པ་དང༔ ཇི་ལྟར་གཏན་ལ་དབབ་པ་དང༔ གནས་གང་དུ་གཏན་ལ་དབབ་པ་དང༔ ཕེབས་པའི་ཚད་དམ་རྟགས་སོ༔ གནས་པ་ལ་བཞི་སྟེ༔ ཅི་གཏན་ལ་དབབ་པ་དང༔ ཇི་ལྟར་གཏན་ལ་དབབ་པ་དང༔ གནས་གང་དུ་གཏན་ལ་དབབ་པ་དང༔ ཕེབས་པའི་ཚད་དམ་རྟགས་སོ༔ སྒོམ་པ་བསྡུས་པའི་སྒྲོན་མ་རྫོགས་སོ༔ རྒྱ་རྒྱ་རྒྱ༔ ལྟ་བ་བསྡུས་པའི་སྒྲོན་མ་ཞེས་བྱ་བ༔ སྟོང་ཉིད་ཅིར་ཡང་སྟོན་ལ་ཕྱག་འཚལ་ལོ༔ སྔ་མ་ཀ་བག་ཡཱ༔ རྒྱ་རྒྱ་རྒྱ༔ ཕྱོགས་རིས་མེད་པའི་རིག་པ་ཟང་ཐལ་ནི༔ གང་གིས་མ་བསྒྲིབས་གང་ལ་ཐོགས་པ་མེད༔ ཁྱབ་བརྡལ་ཆེན་པོའི་རིན་ཆེན་ཕོ་བྲང་དུ༔ འབྱུང་ལྔ་ཟད་པའི་རིག་པའི་ལྷིང་བར་ལྟོས༔ ཨེ་མ་ཧོ༔ ཕྱི་ཡུལ་ལ་བལྟས་པས་འཁྲུལ་པ་རང་སར་དག་པ་དང༔ ནང་གི་ལྟ་བས་མ་རིག་པ་རང་སར་དག་པ་དང༔ གསང་བའི་ལྟ་བས་དངོས་པོའི་འདུག་ཚུལ་ལ་བལྟས་པས་ཉོན་མོངས་པ་རང་སར་དག་པ་དང༔ གསང་བ་བླ་ན་མེད་པའི་རིག་པས་བལྟས་པས་ཡུལ་ཐམས་ཅད་རང་སར་དག་པའོ༔ སྤྱིའི་ལྟ་བ་ལ་བཞི་སྟེ༔ གང་རྣམ་པར་དག་པ་དང༔ ཇི་ལྟར་རྣམ་པར་དག་པ་དང༔ གནས་གང་དུ་དག་པ་དང༔ དག་པའི་ཚད་དོ༔ ནང་གི་ལྟ་བ་ལ་བཞི་སྟེ༔ གང་དག་པ༔ ཇི་ལྟར་དག་པ༔ གནས་གང་དུ་དག་པ་དང༔ དག་པའི་ཚད་དོ༔ ལྟ་བ་བསྡུས་པའི་སྒྲོན་མ་རྫོགས་སོ༔ ༈ སྟོང་པ་ཡེ་སངས་རྒྱས་ལ་ཕྱག་འཚལ་ལོ༔ ས་མ་དུ་ཀ་ཡྱ་ཧཱུྃ༔ སྟོང་པ་རང་ལུས་མཚོན་པའི་ཕྱག་རྒྱ་ཆེ༔ འབྲས་བུ་ཡེ་ཐོག་ཁྱབ་པས་གཏན་ཕབ་པ༔ ཤེས་རབ་འཛིན་མེད་རང་གསལ་ཆེན་པོས་སྤྱོད༔ འདི་ནི་རྒྱལ་བ་ཀུན་གྱི་གསང་ཆེན་དོན༔ ཨེ་མ་ཧོ༔ ཕྱིའི་འབྲས་བུ་ལུས་སྐུ་གསུམ་དུ་གྲོལ་བ་དང༔ ནང་གི་འབྲས་བུ་སྣང་བ་སྐུ་གསུམ་དུ་གྲོལ་བ་དང༔ གསང་བའི་འབྲས་བུ་ཞིང་ཁམས་དབྱིངས་རིག་ཏུ་གསལ་བ་དང༔ གསང་བ་བླ་ན་མེད་པའི་འབྲས་བུ་རིག་པ་ཕྱིར་མི་ལྡོག་པའི་ས་ལ་གཟེར་ཐེབས་པའོ༔ ཕྱི་ལ་གསུམ་སྟེ༔ སྤྲུལ་སྐུ་ངོ་སྤྲོད་ཀྱི་གདམས་ངག་གིས་སྐྱེ་བ་གཏན་ལ་ཕེབ་པ་དང༔ ལོངས་སྐུ་ངོ་སྤྲོད་ཀྱི་གདམས་ངག་གིས་གནས་པ་གཏན་ལ་ཕེབ་པ་དང༔ ཆོས་སྐུ་ངོ་སྤྲོད་ཀྱི་གདམས་ངག་གིས་བར་དོ་ནས་མའི་མངལ་དུ་ཚུད་ནས་ཞག་བདུན་ཚན་བཞི་ཕན་ཆད་གཏན་ལ་ཕེབ་པའོ༔ ནང་ལ་གསུམ་སྟེ༔ སྤྲུལ་སྐུ་ངོ་སྤྲོད་ཀྱི་གདམས་ངག་གིས་རང་གི་ལུས་ཕྱིར་མི་ལྡོག་པར་བྱ་བ་དང༔ ལོངས་སྐུ་ངོ་སྤྲོད་ཀྱི་གདམས་ངག་གིས༔ སྒོ་ལྔའི་ཁམས་དང་སྐྱེ་མཆེད་ཕྱིར་མི་ལྡོག་པར་བྱ་བ་དང༔ ཆོས་སྐུ་ངོ་སྤྲོད་ཀྱི་གདམས་ངག་གིས༔ སེམས་དང་རིག་པ་ཕྱིར་མི་ལྡོག་པར་བསྟན་པའོ༔ གསང་བ་ལ་བཞི་སྟེ༔ དག་པ་དབྱིངས་ཀྱི་མན་ངག་གིས་རྟེན་གཞལ་ཡས་ཁང་ཕྱིར་མི་ལྡོག་པར་བྱ་བ་དང༔ གནས་པ་སྐུ་གསུམ་གྱི་གདམས་ངག་གིས༔ བརྟེན་པ་ལྷའི་སྐུ་ཕྱིར་མི་ལྡོག་པར་བྱ་བ་དང༔ ཐོགས་པ་མེད་པའི་ཤེས་རབ་ཀྱི་མན་ངག་གིས་བླ་མའི་གདམས་ངག་ཕྱིར་མི་ལྡོག་པར་བྱ་བ་དང༔ འགྱུར་བ་མེད་པའི་རིག་པའི་མན་ངག་གིས༔ ལྟ་སྒོམ་སྤྱོད་པ་རྣམས་ཕྱིར་མི་ལྡོག་པར་བསྟན་པའོ༔ གསང་བ་བླ་ན་མེད་པ་ལ་ལྔ་སྟེ༔ སྒྲོན་མ་རང་བཅུད་ཀྱི་མན་ངག་གིས༔ མཚན་ཉིད་འཛིན་པའི་རིག་པ་ཐིག་ལེ་ལས་ཕྱིར་མི་ལྡོག་པར་བྱ་བ་དང༔ ཡེ་ཤེས་གཏིང་ཟློག་གི་མན་ངག་གིས་གཞི་འཛིན་པའི་རིག་པ་འོད་གསལ་ལས་ཕྱིར་མི་ལྡོག་པར་བྱ་བ་དང༔ འཁོར་བ་རུ་ལྡོག་གི་མན་ངག་གིས་ཞི་གནས་ཀྱི་རིག་པ་ནམ་མཁའ་ལས་ཕྱིར་མི་ལྡོག་པར་བྱ་བ་དང༔ དག་པ་གནད་གསུམ་གྱི་མན་ངག་གིས་ལྷག་མཐོང་གི་རིག་པ་ནང་དབྱིངས་ལས་ཕྱིར་མི་ལྡོག་པར་བྱ་བ་དང༔ སྣང་བ་གཅེར་མཐོང་གི་མན་ངག་གིས་ཐོད་རྒལ་གྱི་རིག་པ་སྐུ་གསུམ་གྱི་ངོ་བོ་ལས་ཕྱིར་མི་ལྡོག་པར་བྱ་བ་སྟེ༔ འདིས་ནི་ཕུང་པོ་དང༔ ཁམས་དང༔ སྐྱེ་མཆེད་དང༔ དབང་པོ་དང༔ ཡུལ་དང༔ ཁ་དོག་རྣམས་མྱ་ངན་ལས་འདའ་བར་བྱེད་པའི་ཐབས་སོ༔ འབྲས་བུ་རྣམ་པར་བསྡུས་པ་རིན་པོ་ཆེའི་སྒྲོན་མ་རྫོགས་སོ༔ རྒྱ་རྒྱ་རྒྱ༔ རྒྱ་གར་སྐད་དུ༔ མ་ལ་ས་མ་ཏི་པ་ཡ༔ ཨེ་བྷ་དྷཱུ་མཾ་ཏི་ཀུ་ནཱ་མ༔ བོད་སྐད་དུ༔ གསང་བའི་ཡང་བཅུད་ཉམས་སུ་བླང་བའི་གལ་མདོ༔ གབ་པའི་གཏེར༔ སྦས་པའི་འཕྱོང༔ གསལ་བའི་མིག༔ རྡེག་པའི་མཚོན༔ འབྱེད་པའི་ལྡེ་མིག༔ སྡོམ་པའི་གཟེར༔ སྦྱོར་བའི་རྩི༔ བྲབ་པའི་ལྕག༔ མཐོན་པོའི་རྩེ༔ ཡངས་པའི་དཀྱིལ༔ སྒྱུར་བའི་སྲབ༔ གབ་པའི་ཡང་བཅུད༔ གསང་བའི་ཐེག་པ་ཞེས་བྱ་བ༔ ཨ་པ་ཡཱ༔ བཅོམ་ལྡན་གབ་པ་མངོན་དུ་འབྱིན་པ་ལ་ཕྱག་འཚལ་ལོ༔ ཨཱུ༔ ཨེ་མ་དད་ལྡན་སྙིང་རྗེ་གཏོང་ཕོད་ཡངས་པ་ཆེ༔ དབང་པོ་རྣོ་ཞིང་ངག་འཇམ་དུལ་ཞིང་སྨྲ༔ བླ་མ་ལ་གུས་ཚིག་གི་སྤྲོས་པ་ཆོད༔ མ་བརྟག་གསང་ཚིག་གཞན་དུ་རྡུལ་ཙམ་ཡང༔ བརྗོད་པར་མི་བྱེད་ཉམས་ལེན་ཉིད་ལ་བརྩོན༔ འདི་ནི་གསང་སྔགས་གསང་བའི་སྣོད་ཡིན་པས༔ བུ་མཆོག་དད་དང་ལྡན་པ་འདི་ཉིད་དཀོན་པས་ན༔ བདུད་རྩི་ཐིགས་པ་སྙིང་གི་བཅུད་འདི་ནི༔ བུ་ཡི་བུ་མཆོག་དེ་ལ་བསྟན་པར་བྱ༔ ཨ་དྷ་ཡེ༔ ཨེ་མ་ཧོ༔ དུར་ཁྲོད་དམ༔ ནགས་ཁྲོད་དམ༔ ལུང་སྟོང་ཤིན་ཏུ་དབེན་པར༔ མི་སྐད་དང་ཁྱི་སྐད་ལ་སོགས་པའི་སྒྲ་ཙམ་ཡང་མི་གྲག་པར༔ རླུང་དང་སིར་བུ་ལ་སོགས་པའི་སྐད་ཙམ་ཡང་མེད་པའི་གནས་སུ༔ སྣོད་དང་ལྡན་པའི་བུ་གཉིས་ནས་གསུམ་ཚུན་ཆད་ལས་མང་ན་མཁའ་འགྲོའི་བཀའ་ཆད་འབྱུང་བས༔ གསུམ་ཚུན་ཆད་ལ་བསྟན་པར་བྱའོ༔ དེ་ལ་དད་པ་དང་ལྡན་པའི་བུ་ཡིས་དཀོན་མཆོག་ལ་མཆོད་པ་རྒྱ་ཆེན་པོ་བྱ་བ་དང༔ མཁའ་འགྲོ་ཆོས་སྐྱོང་ལ་ཚོགས་དང་གཏོར་མས་མཉེས་པ་བྱ་ཞིང༔ བླ་མ་ལ་ཡོན་དང་བསྙེན་བཀུར་གྱིས་མཉེས་པར་བྱས་ནས༔ གསང་བའི་མན་ངག་ཉམས་སུ་ལེན་པའི་ཐབས༔ འཁོར་བ་ཐོག་མཐའ་གཅོད་པའི་མཚོན་འདི་ཞུ་བར་བྱའོ༔ དེ་ལ་གསང་བའི་ཡི་གེ་འདི་རྒྱུད་ལ་འདྲིས་པར་བྱས་ལ༔ སུས་ཀྱང་མི་མཐོང་བར་བྲག་གི་ཐེམ་བར་རམ༔ འབྱུང་བའི་དགྲས་མི་ཚུགས་པའི་གནས་སུ་བཞུགས་སུ་གསོལ་ལ༔ རྒྱས་གདབ་པ་བྱས་ལ་གཞུག་གོ༔ དང་པོ་ཉམས་སུ་ལེན་པའི་ལས་དང་པོ་པ་དེས་ལུས་ངག་གི་བྱ་བ་གང་ཡང་མི་བྱ་བར་བཏང་ལ༔ སྐྱེ་བོའམ་ཐེག་པ་དམན་པའི་རིགས་ཀྱིས་སྐད་ཙམ་ཡང་མི་ཐོས་པའི་སར་སོང་སྟེ༔ མཁའ་འགྲོ་མ་ཚོགས་གཏོར་གྱིས་མཉེས་པར་བྱ་བ་ནི༔ རང་གི་བར་ཆད་ཉེ་བར་ཞི་བར་བྱེད་པའི་ཐབས་སོ༔ དེ་ནས་ལུས་ངག་གི་བྱ་བ་ཅི་ཡང་མི་བྱ་བར༔ ཤིན་ཏུ་དལ་བར་ཞག་དགུ་ནས་བཅུ་ཙམ་སྡོད་པ་ནི་ལུས་ངག་སོར་ཆུད་པའི་ཐབས་སོ༔ དེ་ནས་ཞག་གསུམ་ནས་བཞི་ལྔར་ལུས་ཀྱི་བྱ་བ་རྒྱུག་པ་དང༔ གར་སྒྱུར་བ་དང༔ སྤྲུག་པ་དང༔ ཉལ་བ་དང༔ ལང་པ་དང༔ འདུག་པ་ལ་སོགས་པ་སྣ་ཚོགས་པ་བྱེད་པ་ནི༔ ལུས་ཀྱི་ཞེན་པ་ཟློག་སྟེ༔ ལུས་རྣལ་དུ་ཕེབ་པའི་དགོས་པ་ཡོད༔ དེ་ནས་ཞག་གསུམ་བཞིར་ངག་གི་སྒྲ་སྣ་ཚོགས་དང༔ འཁྲུལ་པའི་གཏམ་སྣ་ཚོགས་དང༔ ངོ་ཚ་བའི་གཏམ་སྣ་ཚོགས་དང༔ ཟུངས་ཤིག༔ རྒྱོབ་ཅིག་སོད་ཅིག་ལ་སོགས་པ་སྣ་ཚོགས་པ་སྨྲ་བ་ནི༔ ངག་རྣལ་དུ་ཕེབ་པའི་དགོས་པའོ༔ དེ་ནས་ཞག་གསུམ་བཞིར་སེམས་ཀྱི་བསམ་པ་འགྱུས་ཚད་བྱ་སྟེ༔ ཚོང་གི་རྣམ་པའམ༔ འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམ་པ་སྣ་ཚོགས་སྤྲོ་བ་དང༔ ལྷ་སྒོམ་པ་དང་དཀྱིལ་འཁོར་བསྐྱེད་པའི་བསམ་པ་སྤྲོ་བ་དང༔ ཆོས་ཀྱི་ཚིག་གི་བསམ་པ་སྤྲོ་བ་དང༔ བྲོད་ཅིང་དགའ་བ་ལ་སོགས་པའི་བསམ་པ་སྤྲོ་བ་ནི༔ སེམས་རྣལ་དུ་ཕེབ་ཐབས་སོ༔ སྔོན་དུ་འགྲོ་བ་དེ་དག་གི་སྐབས་སུ་ཉིན་མཚན་དུ་གཉིད་སྤངས་ལ་བྱའོ༔ དེ་ནས་དེ་དག་གི་རྗེས་ཀྱི་ཤེས་པ་ཅི་ལྟར་འདུག་པ་ཡང་རང་གི་རྒྱུད་ལ་འགེལ་ཞིང་བལྟའོ༔ ལས་ཅན་འགའ་ནི་དེ་ལྟར་བྱས་པས་སྣང་བ་དེ་ཉིད་དུ་འཕྲད་དེ་གྲོལ་བ་ཡང་ཡོད་དོ༔ སྔོན་དུ་འགྲོ་བ་གསང་བ་མཆོག་ཏུ་ཟབ་པར་བསྟན་པའི་གདམས་ངག་ཉམས་ལེན་གྱི་གཅུན་ཐབས་རྫོགས་སོ༔ ༈ དེ་ལ་ཡེ་ཤེས་ལུས་ལ་གནས་པས༔ ལུས་ཀྱི་གནད་གལ་ཆེ་བས༔ ལུས་ཀྱི་གནད་ལ་གཞི་བཅའ་བ་ནི༔ རང་ཤེས་པ་ཐད་པའི་སར་གླང་པོ་ལྟ་བུར་བྱ་བ་ནི༔ ཁ་སྦུབས་སུ་ཉལ་ལ༔ ལག་པ་གཉིས་གྲུ་མོ་ས་ལ་བཙུགས་ལ༔ ཨོག་མ་ལག་མཐིལ་གྱིས་བཏེག་ལ༔ པུས་མོ་བྲང་ལ་སྦྱར་ལ་མཇིང་པ་བཏེག་སྟེ་ཡིད་ཙམ་ཕྱིར་ལ་དགྱེ་བར་བྱས་ལ༔ མིག་ཧད་པོར་གྱེན་ལ་མ་འགུལ་བར་བལྟའོ༔ དེ་ལ་སྐྱོ་ན་དྲང་སྲོང་ལྟ་བུ་ཞེས་བྱ་བ་ནི༔ ལུས་ཙོག་པུར་འདུག་སྟེ༔ རྐང་པའི་བོལ་གཉིས་གཤིབ༔ པུས་མོ་གསུས་པ་ལ་སྦྱར༔ གསུས་པ་ཡང་རྒལ་བ་ལ་ཡིད་ཙམ་སྦྱར༔ ལག་པ་གཉིས་ཀྱི་གྲུ་མོ་པུས་མོའི་གདོང་དུ་བཙུགས་ལ༔ མགོ་བོ་པུས་མོའི་སྟེང་དུ་བྱས་ལ༔ ལག་པའི་མཐིལ་གཉིས་ཀྱིས་འགྲམ་པའི་ཟུར་གཉིས་ནས་མི་འགྱུར་བར་བཏེགས་ལ༔ མིག་གཉིས་མི་འགུལ་བར་རང་གི་སྨིན་མཚམས་སུ་བལྟའོ༔ དེ་ལ་སྐྱོ་ན་སེང་གེ་ལྟ་བུ་ཞེས་བྱ་བ་ནི༔ ཡང་ཙོག་པུར་འདུག་སྟེ༔ པུས་མོ་གཉིས་ས་ལ་བཙུག་སྟེ་ཡིད་ཙམ་ཕྱིར་ལ་བསྒྲད༔ ལག་པ་གཉིས་པུས་མོའི་ཕྱི་ལོག་ཏུ་བཙུག་སྟེ་ཡིད་ཙམ་ཕྱིར་ལ་བསྒྲད་དེ༔ ལུས་ཀྱི་ལྗིད་ཅུང་བོར་འཕོངས་ཡིད་ཙམ་ཕྱིར་ལ་ཕྱུངས་ལ་སྒལ་ཚིགས་དྲང་པོར་བསྲངས་ལ་མཇིང་པ་རྒྱབ་ཏུ་དགྱེ་བར་བྱས་ལ༔ མིག་ཡུད་ཙམ་གྱེན་ལ་བཏེགས་ལ༔ སྨིན་ཕྲག་གི་ནམ་མཁའ་ལ་མ་འཁྲུལ་བར་བལྟའོ༔ དེ་དག་ཐམས་ཅད་ཀྱི་དུས་སུ་ལུས་མ་འགུལ་བ་དང༔ མིག་མ་འགུལ་བ་དང༔ དབུགས་ཕར་འགྲོ་ཚུར་འོང་ཤིན་ཏུ་དལ་བར་བྱ་བ་ནི་མན་ངག་གོ༔ ལུས་བཅོས་པའི་གནད་ཀྱི་གདམས་ངག་གསང་བ་མཆོག་ཏུ་ཟབ་པ་རྫོགས་སོ༔ ༈ ཀྱེ་མ་རིགས་ཀྱི་བུ་ཉོན་ཅིག༔ ཚིག་གསུམ་གྱིས་སྐྱེ་མེད་ཀྱི་དོན་མཐོང་བར་བྱེད་པའི་ཐབས་མཆོག་ཏུ་གསང་བ་འདི་ལྟར་བསྟན་པར་བྱའོ༔ ནམ་མཁའ་སྤྲིན་དང་བྲལ་བའི་ཚེ༔ ཤིན་ཏུ་དབེན་པའི་སར་སོང་སྟེ༔ རིག་པ་མིག་ཏུ་བཅུག་ལ༔ གོང་གི་ལྟ་སྟངས་ཀྱིས་བལྟས་པས༔ ནམ་མཁའ་ལ་རིག་པ་རང་གི་ངོ་བོ་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ༔ ཕྲ་བ་རྟ་རྔ་ལ་མདུད་པ་བསྒྲིགས་པ་ལྟ་བུ༔ བར་བར་ན་ཐིག་ལེ་ཉུངས་འབྲུ་ཙམ་རྐྱང་པ་དང་གཉིས་འབྲེལ་དང་གསུམ་འབྲེལ་ལ་སོགས་པ་འཆར་རོ༔ དེ་ནི་རང་གི་ངོ་བོ་ཆོས་ཀྱི་སྐུ་ཐིག་ལེ་ཉག་གཅིག་ཅེས་བྱ་སྟེ༔ སྐུ་གསུམ་ཐུག་ཕྲད་ཀྱི་གདམས་པ་ཞེས་བྱའོ༔ སངས་རྒྱས་མངོན་སུམ་དུ་ཞལ་མཇལ་བ་ཞེས་བྱའོ༔ རིག་པ་དེ་ཡང་ལྟ་བ་མིག་དང་འབྲེལ་བའི་གནད་ཀས༔ མིག་གར་འགུལ་བའི་ཕྱོགས་སུ་འགྲོ་བར་བྱེད་ཅིང་གཟུང་བ་དཀའ་བ་སྟེ༔ ཐིག་ལེ་ཕྲ་མོ་དེ་དག་འགྲོ་འོང་དང་བཅས་པའོ༔ དེ་ཉིད་གཟུང་བའི་གདམས་ངག་ནི༔ མིག་གྱེན་ལ་ཡིད་ཙམ་བཟློག་པ་གཅེས་པ་སྟེ༔ སྨིན་མཚམས་སུ་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཞེས་བྱ་སྟེ༔ མཐིང་ག་ཁྱབ་པ་ཆེན་པོའི་འོད་ཡི་གེའི་ན་རོ་ལྟ་བུའམ༔ ནམ་མཁའི་འཇའ་ཚོན་ལྟ་བུ་ཤ་དང་མིག་གི་གདངས་དང༔ ནམ་མཁའི་གདངས་འཕྲད་པ་ལ་བརྟེན་ནས་འཆར་ཏེ༔ རིག་པ་དེའི་ནང་དུ་བཅུག་ནས་བལྟ་བ་ནི༔ འཛིན་པར་བྱེད་པའི་ལྕགས་ཀྱུ་ཞེས་བྱ་སྟེ་མཆོག་ཏུ་གཅེས་པའོ༔ དེ་ལྟར་བསྟན་ནས༔ རིགས་ཀྱི་བུ་ཉམས་སུ་ལེན་པར་བྱེད་པ་ནི༔ རྟག་ཏུ་ཁྱིམ་མེད་རི་ཁྲོད་འགྲིམ༔ མཚན་དུས་རང་གི་གནས་ཁང་དུ་ཉིན་མོ་བཞིན་དུ་བལྟ་བ་སྟེ༔ རིག་པ་རྒན་མོ་མཛུབ་ཚུགས་སུ་བསྟན་པའི་གདམས་ངག་རྫོགས་སོ༔ དེ་ལྟར་གནད་ཤེས་པར་བྱས་ནས་རྟག་ཏུ་བལྟ་བའི་རྣལ་འབྱོར་པ༔ མིག་ན་བའམ༔ མི་བདེ་བ་སྙམ་བྱེད་ན༔ གན་རྐྱལ་དུ་ཉལ་ལ༔ མིག་ཕྱེད་བཙུམ་མམ་གང་མོས་སུ་བྱའོ༔ དེ་ཉིད་ལ་རྟག་ཏུ་ཉམས་སུ་བླངས་པས༔ དང་པོ་དབྱིངས་ཀྱི་ཆའི་སྣང་བ་དེ་འོད་ལྔའི་སྣང་བ་རེ་ལྡེའི་རྣམ་པ་ཙམ་དུ་འཆར་ཏེ༔ ཐིག་ལེའི་རྣམ་པ་དང༔ དེ་དག་ཀྱང་སྲན་མའི་རྡོག་མ་ཙམ་དུ་འགྲོའོ༔ དེས་ཀྱང་དྲོད་རྟགས་ལ་མ་ཕེབ་པས༔ ད་རུང་ལམ་ཉམས་སུ་ལེན་པ་ལ་བརྩོན་པར་བྱའོ༔ དེའི་ཚེ་ལུས་ངག་ཀྱང་བྱ་བ་གཞན་ལ་འཇུག་སྙིང་མི་འདོད་ཅིང་མི་འཇུག་པ་དང༔ སེམས་ཅན་ལ་སྙིང་རྗེ་ཆེན་པོ་རྒྱུད་ལ་སྐྱེ་བའང་ཡོད་དོ༔ དེ་ལ་གོམས་པས་འོད་རང་གི་ཐོ་ཕྱི་ཙམ་མམ༔ རང་གི་མདུན་ཙམ་དུ་ཁྱབ་པར་འཆར༔ ཐིག་ལེ་ཡང་མེ་ལོང་ཙམ་དུ་འགྲོའོ༔ རིག་པ་ནི་ཕུག་རོན་འཕུར་བ་ཙམ་དུ་འགྲོ༔ དེའི་ཚེ་རྣལ་འབྱོར་པའི་ལུས་ཡང་ཞིང་འབུ་སྲིན་ཤིག་ལ་སོགས་པའི་སྲོག་ཆགས་ལུས་ལ་མི་འབྱུང་བ་དང༔ ལས་དགེ་སྡིག་གང་ལ་ཡང་འཇུག་སྙིང་མི་འདོད་པ་དང༔ ལུས་རང་བཞིན་གྱིས་གཞོན་ཤ་ཆགས་ཤིང་སྣུམ་བག་དང་ལྡན་པ་འོང་སྟེ༔ དེ་ཡང་གོམས་པའི་ཚད་མིན་པས་ཉམས་ལེན་མི་འབྲལ་བར་བྱའོ༔ དེ་ནས་ཡང་ནས་ཡང་དུ་གོམས་པ་ལས་འོད་ཡུལ་གྲུ་ཙམ་དུ་འགྱུར་ཞིང༔ ཐིག་ལེ་ཡང་འཁར་ཕོར་འབྲིང་པོ་ཁ་སྦུབ་ཙམ་དུ་འགྲོ༔ རིག་པ་རི་དྭགས་ཤ་ར་ཎ་སྤང་རྩིབས་ལ་རྒྱུག་པ་ཙམ་དུ་འགྱུར༔ དེའི་ཚེ་རྣལ་འབྱོར་པའི་ལུས་ལ་ཡང་གཉེར་མ་མེད་ཅིང༔ ཟས་སྐོམ་ཡིད་ལ་མི་འོང་བ་དང༔ རང་གི་སྣང་བ་དེ་ལས་འབྲལ་མི་ཕོད་པ་དང༔ བར་སྣང་ལ་འགྲོ་བ་སྙམ་བྱེད་པ་འོང་ངོ༔ མི་དང་འཕྲད་སྙིང་མི་འདོད་པ་དང༔ འཁྲུལ་པའི་གཏམ་ཡང་མི་འབྱུང་ཞིང་རྟག་ཏུ་ལྐུགས་པ་ལྟར་འགྲོ་སྟེ༔ དེ་ལས་ཀྱང་གོམས་པར་བྱས་ཏེ་བལྟས་པས༔ འོད་ནི་ཡུལ་ཁམས་ཁྱབ་ཙམ་འཆར༔ ཐིག་ལེ་རྣམས་ལྔ་ལྔ་རུ་འགྱུར་ཏེ༔ རིག་པ་ཡང་བུང་བ་མེ་ཏོག་ལ་འཁོར་བ་ཙམ་དུ་ལིང་ལིང༔ ཡུད་ཙམ་དུ་ཕར་ལ་འགྲོ་བ་སྟེ༔ དེའི་ཚེ་རྣལ་འབྱོར་པ་རང་ལའང་དགོད་བྲོ་བ་དང༔ སྔར་མི་ཤེས་པའི་ཆོས་མང་པོ་རྒྱུད་ལ་འཆར་བ་དང༔ ཅི་སྨྲས་ཆོས་ཀྱི་ཚིག་མིན་པ་ཅི་ཡང་མི་འོང་བ་དང༔ རང་གི་བླ་མ་ལ་གདུང་བ་མཆོག་ཏུ་གྱུར་པ་རྒྱུད་ལ་སྐྱེ་བ་དང༔ དགྲ་གཉེན་གྱི་འཁྲུལ་པ་མི་འབྱུང་བའོ༔ དེས་ཀྱང་ཚད་དུ་མ་ཕྱིན་ཏེ༔ དེ་ལས་ཀྱང་གོམས་པར་ཉམས་སུ་བླངས་པས༔ འོད་དེས་སྟོང་གསུམ་གང་དུ་བལྟས་ཚད་ཁྱབ༔ ཐིག་ལེ་དེ་དག་རེ་རེའི་ནང་དུ་སྐུ་རེ་རེ་ཁྱབ༔ རིག་པའི་བར་བར་དུ་ཡང་སྐུ་ཕྲ་མོ་རེ་རེ་འབྱུང༔ རིག་པ་འགུལ་བ་དང༔ འཕྲིག་པ་མེད་པར་གང་གཏད་སར་ཙེན་ནེ་སྡོད་དེ༔ དཔེར་ན་ཅེ་སྤྱང་གི་མིག་ལ་ཉིན་མཐོང་མཚན་མི་མཐོང་བྱ་བ་མེད་པ་བཞིན༔ རྣལ་འབྱོར་པ་དེ་ཡང་ཉིན་གསལ་མཚན་མོ་མི་གསལ་བའི་རྒྱུ་མེད་པར་འགྱུར་རོ༔ རིག་པ་དེ་ནི་ཐོག་མ་ནས་ཆེར་སོང་བ་ཡང་མེད༔ ཆུང་དུ་སོང་བ་ཡང་མེད་པས་ན༔ གང་བ་མེད་ཅིང་འབྲི་བ་མེད་ཅེས་བྱའོ༔ དེའི་ཚེ་རྣལ་འབྱོར་པ་དེ་ལ་འབྱུང་བའི་དགྲས་མི་ཚུགས་ཏེ༔ མེས་མི་འཚིག༔ ཆུས་མི་ཁྱེར༔ རླུང་གིས་མི་ཁྱེར༔ ས་ལ་ཡང་ཐོགས་པ་མེད་པར་འཛུལ་བ་དང༔ ནམ་མཁའ་ལ་འཕུར་བ་དང༔ ངག་གི་ཚིག་ཐམས་ཅད་བཅོལ་འདྲུས་སུ་འོང་བ་དང༔ ངག་གིས་སྨྲས་པ་བརྗེད་ངས་པ་དང༔ ཕ་རོལ་གྱིས་སྨྲས་པ་ལ་ཟུངས་མེད་པ་དང༔ དྲན་པ་ཐམས་ཅད་ཝལ་པོ་རྗེས་མེད་དུ་འགྲོ་བ་དང༔ ཉི་ཟླའི་སྣང་བ་གང་ཡང་མེད་པ་དང༔ འགྲོ་བ་དང་འདུག་པ་ངོ་མི་ཤེས་པ་དང༔ མདོར་ན་འཁྲུལ་པའི་སྣང་བ་ཐམས་ཅད་ནུབ་སྟེ༔ དེ་ནི་སྣང་བ་དང་རིག་པ་ལ་འབྱོངས་པའི་ཚད་དོ༔ དེ་ལྟར་གནས་པས་འབྲལ་མི་སྲིད་དེ༔ དེའི་ངང་ལས་སྣང་བ་དེ་དག་ཀྱང་རང་ཡལ་དུ་འགྲོ་སྟེ༔ འདི་ལྟར་ཡིན་པའི་དངོས་པོ་མ་གྲུབ་པ་ནི༔ ཆོས་སྐུ་རང་དག་གི་དགོངས་པ༔ ཆོས་ཉིད་ཟད་སར་སྐྱོལ་བ་ཞེས་བྱའོ༔ རང་རིག་པའི་ངོ་བོ་ནི་གང་དུ་ཡང་མ་སོང༔ ཆེ་ཆུང་དང་བཟང་ངན་གྱི་རྣམ་རྟོག་ཅི་ཡང་མི་མངའ་བར་བཞུགས་སོ༔ དེའི་ཚེ་གཞན་གང་དུ་ཡང་མ་གྲུབ་སྟེ༔ ཐུགས་རྗེའི་ཆ་ལས་གསལ་བ་ཙམ་དུ་གནས་སོ༔ རྣལ་འབྱོར་པ་ལ་ཡང་མངོན་པར་ཤེས་པ་སྣ་ཚོགས་པ་འཆར་ཏེ༔ བསམ་པ་རང་ཡལ་དུ་འགྲོ་བ་དག་འོང་ངོ༔ ཕུང་པོ་ཟག་པ་གང་ཡང་ཕྱིར་མི་ལྡོག་པར་སངས་རྒྱ་བར་བྱེད་དོ༔ གལ་ཏེ་རིགས་ཀྱི་བུ་དེ་མ་སྨིན་པར་ཚེའི་བར་ཆད་དུ་སོང་ན༔ བར་དོ་དང་པོ་ལ་སངས་རྒྱ་བ་ལ་ཐེ་ཚོམ་ཡོད་རེ་ཀན་ནོ༔ གལ་མདོ་བརྒྱད་པའོ༔ གྷུ་ཧྱ༔ གསང་ངོ༔ དེ་དག་ཀྱང་ལས་ཅན་གཅིག་ལ་བསྟན་ན༔ ཚིག་གསུམ་པོ་འདིས་བྱ་བ་ཡིན་ནོ༔ ཀྱེ་མ་རིགས་ཀྱི་བུ༔ ལུས་སེང་གེ་ལྟར་གྱིས༔ མིག་དང་རིག་པ་རང་གི་སྨིན་མཚམས་སུ་ནམ་མཁའ་ལ་མིག་མ་འགྱུར་བར་ལྟོས་དང༔ རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཕྲ་ཁྱུག་པ་འདི་རང་ལ་ལྟོས་དང༔ སྣང་བ་འོད་དུ་འཆར་བ་འདི་སྐུ་གསུམ་གྱི་སྣང་བ་ཡིན་པས༔ དེ་རིང་ཕན་ཆད་ཁྱོད་རང་དང་རྡོ་རྗེ་སེམས་དཔའ་གཉིས་ལ་ཁྱད་པར་རྡུལ་ཙམ་ཡང་མེད་དོ༔ ཞེས་ཚིག་གསུམ་པོ་འདི་འང་བསྡུས་ནས་ལུས་འདི་ལྟར་གྱིས༔ ཡུལ་ནམ་མཁའ་ལ་རིག་པ་འདི་ལྟར་ལྟོས་བྱས་པས་སངས་རྒྱས་དངོས་ཡིན་ནོ༔ ྀཨཚ༔ འདི་ནི་གང་ཟག་འཇིག་རྟེན་པའི་དྲུང་ངམ༔ རྣ་ལམ་དུ་ཚིག་གི་ཟུར་ཙམ་ཡང་སྨྲ་བར་མི་བྱའོ༔ གལ་ཏེ་སྨྲས་ན་ཁ་ནས་ཁྲག་སྐྱུགས༔ མིག་ཐང་ལ་ལྷུང་ནས་ཚེའི་དུས་བྱས་ཏེ༔ རྡོ་རྗེ་དམྱལ་བར་བསྐལ་པ་བརྒྱའི་བར་དུ་མི་ཐར་བར་ཤོག་ཅིག༔ ཅེས་དགའ་རབ་རྡོ་རྗེ་ཉིད་ཀྱིས་གདམས་པའོ༔ དེ་བས་ཡི་གེ་འབྱུང་བའི་དགྲས་མི་ཚུགས་པའི་བྲག་གི་ཐེམས་རྐེད་བར་དུ་སྦས་ཏེ་གཞག་གོ༔ འོན་ཏེ་རྣལ་འབྱོར་བའི་ལུས་ལ་བཅང་སྟེ་ནམ་འཆི་བའི་ཚེ་གཏེར་དུ་སྦས་ཏེ་གཞག་གོ༔ གང་རུང་རུང་དུ་ཚགས་བྱ་ཞིང་གཟུང་དུ་མི་ཉན་ཏེ་མཁའ་འགྲོ་མས་དབང་བྱས་པའོ༔ ྀཨཚ༔ རིག་པ་སྤར་འཛིན་གྱི་མན་ངག་རྫོགས་སོ༔ ༈ རྒྱ་གར་སྐད་དུ༔ སེ་ཏཱཾ་ཏ་ཀི་ལ་པ་མི་ཤ་ནཱ་མ༔ བོད་སྐད་དུ༔ འཆི་བ་བརྟག་པ་ཞེས་བྱ་བ༔ བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ༔ གཉིས་མེད་སྟོན་པས་འགྲོ་ལ་ཕན་གདགས་ཕྱིར༔ མཆོག་གསང་རྒྱུད་ལས་མདོར་བསྡུས་རྣམ་བཤད་པ༔ དེ་ཡི་དོན་རྣམས་རིམ་པ་ཇི་ལྟ་བར༔ བདག་གིས་རྣམ་པར་ཕྱེ་སྟེ་བཤད་པའོ༔ སེམས་ཅན་ལུས་རྣམས་སྡུག་བསྔལ་བཞིས་བཅིངས་པ༔ ཐུགས་རྗེ་མཆོག་ལྡན་རྡོ་རྗེ་འཆང་ཆེན་གྱིས༔ འཆི་བའི་སྡུག་བསྔལ་ཉིད་དང་དུས་ཚོད་རྣམས༔ རྒྱུད་དུ་བཀོད་པའི་ཚིག་དོན་རྒྱ་ཆེ་ཡང༔ འཆི་བ་དག་ནི་གཉིས་ཡིན་ཏེ༔ བར་ཆད་ཀྱི་གདོན་གྱིས་དུས་མ་ཡིན་པའི་འཆི་བ་དང༔ བར་མ་ཆད་ནའང་འབྱུང་བ་ཟད་དེ་འཆི་བའོ༔ ཅི་ལྟར་གྱུར་ཀྱང་རྟགས་འདིའོ༔ གང་གིས་འཆི་བ་བརྟག་པར་འདོད་པའི་སྐྱེས་བུ་དེས༔ ཡོན་འབུལ་མཆོད་པ་བྱ་བླ་མ་དང་དཀོན་མཆོག་གསུམ་ལ་ཚོགས་བསགས་པ་སྔོན་དུ་འགྲོ་བར་བྱས་ལ༔ རང་གི་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱང་མཆོད་ལ༔ འཆི་བར་ངེས་པའི་དུས་ཚོད་རྣམས་བརྟག་པར་བྱ་སྟེ༔ དེ་ལ་གསུམ༔ ཕྱི་ཕུང་པོ་ལ་བརྟག་པར་བྱ་བ་དང༔ ནང་རླུང་ལ་བརྟག་པར་བྱ་བ་དང༔ གསང་བ་རིག་པ་ལ་བརྟག་པའོ༔ ཕྱི་ཕུང་པོ་ལ་བརྟག་པར་གཉིས་ཏེ༔ གཞན་གྱི་ཕུང་པོ་ལ་བརྟག་པ་དང༔ རང་གི་ཕུང་པོ་ལ་བརྟག་པའོ༔ གཞན་གྱི་ཕུང་པོ་ལ་ཡང་བརྟག་པ་གཉིས་ཏེ༔ ལུས་ཀྱི་དབྱིབས་དང་ཁ་དོག་ལ་བརྟག་པ་དང༔ རྩ་དང་རླུང་ལ་བརྟག་པའོ༔ ལུས་ཀྱི་ཡན་ལག་ལ་བརྟག་པ་དང་དབང་པོའོ༔ ཡན་ལག་ནི་སེན་མོའི་བཀྲག་་་དམར་པོ་དེ།ཤོར་ན༔ ཟླ་བ་དགུ་ནས་སྐྱེས་བུ་དེ་ཉིན་ཕྱེད་ནས་ནད་ཀྱིས་བཏབ་ནས་འཆི་བར་འགྱུར་རོ༔ མིག་གི་མཐའི་སྤྲིན་་་དཀར་པོ།ཡལ་ན༔ ཟླ་བ་ལྔ་ནས་འཆི་བར་འགྱུར་རོ༔ ལྟག་པའི་བདུད་སྒོ་ནས་སྐྲ་ཚོམ་བུ་གཅིག་གྱེན་ལ་ལངས་ནས་འདུག་ན་ཞག་ཉི་ཤུ་རྩ་གཅིག་ནས་འཆི་སྟེ༔ དེ་ནི་འཆི་བདག་གི་གཤིན་རྗེའི་བཀའ་བསྩལ་ཏེ༔ ཅིས་ཀྱང་ཕན་པ་མེད་དོ༔ ཡང་རྐང་བའི་ལོང་བུ་མངོན་པར་མ་གྱུར་ན༔ ཟླ་བ་གཅིག་གི་འབྱུང་བ་ཟུག་པའི་དུས་ན་ནད་ཀྱིས་བཏབ་སྟེ་འཆི་བར་འགྱུར་རོ༔ དེ་རྣམས་ནི་མངོན་དུ་བརྟག་པའོ༔ ཡང་སྐྱེས་བུ་གཅིག་ནད་ཀྱིས་བཏབ་པ་ལ་བརྟག་པ་ནི༔ སོ་རྣམས་ཀྱི་བར་དྲེག་པ་ཆགས་པ་ནི༔ འབྱུང་བའི་བདུད་འདུས་པ་ཞེས་བྱ་སྟེ༔ ཞག་དགུ་ནས་འཆིའོ༔ སྣ་ཞོམ་ན་རླུང་གི་སྒོ་འགགས་པ་ཞེས་བྱ་སྟེ༔ ཞག་ལྔ་ནས་ཚེའི་དུས་བྱེད་དོ༔ རྟག་ཏུ་ཡན་ལག་སྐྱོད་ན་འབྱུང་བའི་རི་སྙེག་པ་ཞེས་བྱ་སྟེ༔ ཞག་བདུན་ནའོ༔ མིག་འབུར་ཚུགས་སུ་བལྟ་ན༔ རླུང་ཡུལ་ལ་ཤོར་བ་ཞེས་བྱ་སྟེ༔ ཞག་གསུམ་ནས་འཆི་བའི་དུས་བྱེད་དོ༔ མིག་གི་ཚིགས་འཁྲུལ་ཞིང་ཡིད་ཙམ་གྱེན་ལ་བལྟ་ན༔ འབྱུང་བ་ཆུའི་རྦ་ཟློག་པ་ཞེས་བྱ་སྟེ༔ ཞག་བཅོ་ལྔ་ནའོ༔ འགྲམ་པ་ཞོམ་བུ་བྱུང་ན་སའི་སྣ་རལ་བ་ཞེས་བྱ་སྟེ༔ འབྱུང་བ་ཟུག་པའི་དུས་ཀྱི་ཞག་བཅུ་དགུ་ནས་ཚེའི་དུས་བྱེད་པར་འགྱུར་རོ༔ ཉིན་མོ་འབྱུང་བ་བྱེར་བའི་དུས༔ མཚན་མོ་ཟུག་པ༔ ནངས་ནུབ་སྙོམ་པ༔ དེ་ཡང་ནམ་ཕྱེད་ཚུན་ཆད་བྱེར༔ ཐོ་རངས་ཟུག༔ དེ་བཞིན་པར་འགྲེས་སོ༔ ཡང་དབུགས་ཡང་ཡང་རྒོད་ན་རླུང་གྲངས་འདེབས་པ་ཞེས་བྱ་སྟེ༔ ཞག་དྲུག་ནས་གདོན་མི་ཟ་བར་འགུམ་མོ༔ ཡང་སྣ་གཡས་གཡོན་དུ་ཡོ་བར་མངོན་ན༔ སྣ་ཡི་ནཱ་སི་ཀ་ཆད་པ་ཞེས་བྱ་སྟེ༔ ཞག་བདུན་ནས་འགུམ་མོ༔ ཡང་མིག་ནས་མཆི་མ་མི་ཐུབ་པར་འཛག་ན་བར་ཆད་པ་ཞེས་བྱ་སྟེ༔ ཞག་ལྔ་ནས་འགུམ་མོ༔ ཡང་འགྲམ་པ་གཡོན་པ་ཤོང་གིས་སོང་ན་བར་ཤ་ཆད་པ་ཞེས་བྱ་སྟེ༔ ཞག་གཅིག་ནའོ༔ སོ་འཐམས་ན་འབྱུང་བའི་ལམ་ཆད་པ་ཞེས་བྱ་སྟེ་ཞག་གསུམ་གྱི་ཉི་མ་ཕྱེད་ནས་འགུམ་པར་འགྱུར་རོ༔ ཡང་དེའི་ལྕེ་ལ་ཐིག་ལེ་ནག་པོ་སྔར་མེད་པ་བྱུང་ན༔ ཞག་གཉིས་ཀྱི་འབྱུང་བ་ཟུག་པའི་དུས་ན་འགུམ་པར་འགྱུར་རོ༔ ཡང་རྣ་བ་ལེབ་མོར་འབྱར་ན་རྣ་བའི་གནམ་ཐེན་ཆད་པ་ཞེས་བྱ་སྟེ་ནམ་ཕྱེད་ནས་འགུམ་པའོ༔ ཡང་བྲང་གི་ལྷེན་སྣ་ཞོམ་ན་འབྱུང་བ་ཆུའི་རྐ་ཞོམ་པ་ཞེས་བྱ་སྟེ༔ ཟླ་བ་ཕྱེད་ཀྱི་འབྱུང་བ་བྱེར་བའི་དུས་ན་འགུམ་མོ༔ རྩ་གཉིད་ལོག་མེད་ན་མེའི་ས་བོན་སྟོང་པ་ཞེས་བྱ་སྟེ༔ ཟླ་བ་ཕྱེད་ཀྱི་དུས་ན་འགུམ་པར་འགྱུར་རོ༔ དེ་ནི་གཞན་གྱི་ཡན་ལག་དང་དབང་པོ་ལ་བརྟག་པར་བྱ་སྟེ༔ གཞན་གྱི་དུས་ངེས་པ་བྱ་སྟེ༔ གཞན་ནོ༔ རྣལ་འབྱོར་པ་རང་གི་དོན་དུ་ལྟས་བརྟག་པ་ངེས་པའི་ཚད་བརྟག་པ་ནི༔ འདི་དག་ཐམས་ཅད་ཀྱི་སྔོན་དུ་བླ་མ་ལ་ཚོགས་གསག་པ་སྔོན་དུ་འགྲོ་བར་བྱས་ནས༔ དེ་ནས་འདི་དག་བརྟག་པར་བྱའོ༔ དེ་ཡང་ནམ་མཁའི་ཁམས་སུ་མི་རྟག་པའི་གཟུགས་བརྙན་ཡལ་ལམ་མ་ཡལ་བརྟག་པ་དང༔ བར་སྣང་གི་ཁམས་སུ་གནམ་ས་གཉིས་འབྲེལ་ཐག་ཆད་དམ་མ་ཆད་བརྟག་པ་དང༔ རི་རབ་ཀྱི་ལོགས་ལ་སེང་གེ་དཀར་མོ་ལ་ཞོན་མི་བབས་སམ་མ་བབས་བརྟག་པ་དང༔ རི་ཐང་གི་མཚམས་སུ་ལྗོན་ཤིང་གི་རྐེད་པ་ཆག་གམ་མ་ཆག་བརྟག་པ་དང༔ རྒྱ་མཚོའི་ཆུའི་སྤྲིན་ཡལ་ལམ་མ་ཡལ་བརྟག་པ་དང༔ སའི་གྲོང་ཁྱེར་དུ་དགེ་སྦྱོང་གི་དུ་བ་ཆད་དམ་མ་ཆད་བརྟག་པ་དང༔ རི་རབ་ཀྱི་རྩེ་ལ་མི་འགྱུར་བའི་ཉི་མ་ནུབ་བམ་མ་ནུབ་བརྟག་པ་དང༔ རི་རབ་ཀྱི་ཁོང་གསེང་ན་མཁའ་འགྲོའི་རང་སྒྲ་ཆག་གམ་མ་ཆག་བརྟག་པ་དང༔ དཔག་བསམ་གྱི་ཤིང་ལོ་ལས་འཆི་བདག་གི་བདུད་ཡ་བ་རྐྱ་གཅིག་ལངས་སམ་མ་ལང་བརྟག་པའོ༔ རྒྱ་རྒྱ་རྒྱ༔ ནམ་མཁའི་ཁམས་སུ་མི་རྟག་པའི་གཟུགས་བརྙན་ལ་བརྟག་པ་ནི༔ ནམ་མཁའ་དྭངས་པའི་སྔ་དྲོ་འམ༔ ཕྱི་དྲོ་ལ་རང་གི་གྲིབ་མའི་སྙིང་གར་རྡོའམ་ཤིང་གི་མཚན་མ་ལ་སེམས་གཏད་དེ༔ ལུས་ཀྱི་གནད་དུ་ལངས་ཏེ་ཡན་ལག་བརྐྱངས་ལ༔ ལག་པས་དམིགས་པའི་རྟེན་ཕྱག་མཚན་ཐོགས་ཏེ༔ ཡུན་རིང་པོར་གྲིབ་མ་ལ་བལྟས་ཏེ༔ དེ་ཁོ་ན་ལྟར་ནམ་མཁའི་ཁམས་སུ་ཤེས་པ་འཕང་སྟེ༔ བརྟག་ན་རང་གི་གཟུགས་བརྙན་མཐོང་བར་འགྱུར་ཏེ༔ དེའི་ཡན་ལག་རྣམས་མ་ཚང་བ་མེད་པར་གོས་གོན་པའི་ཁ་དོག་དང་མཐུན་ན༔ སྐྱེས་བུ་དེ་ལ་ཚེའི་བར་ཆད་མེད་པར་ཤེས་བྱའོ༔ ཚེའི་འདུ་བྱེད་འབྱུང་བའི་རྟགས་ནི་འདི་ལྟ་སྟེ༔ དེ་ཡང་ཆད་ལྷག་ལ་ནམ་འཆི་བའི་དུས་ཚོད་ངོས་གཟུང་བ་དང༔ ཁ་དོག་ལས་གདོན་ངོས་གཟུང་བ་དང༔ དབྱིབས་ལས་བསླུ་བས་ཟློག་གམ་མི་ཟློག་བརྟག་པའོ༔ དེ་ལྟར་བརྟགས་པས་ལག་པའི་ཕྱག་མཚན་མེད་ན་བསྟེན་པའི་ལྷ་དང་བྲལ་བ་སྟེ༔ ལོ་བདུན་ན་ཚེའི་དུས་བྱེད་པ་ཡིན་ནོ༔ ལག་པ་གཡས་པ་མེད་ན་ལོ་ལྔ་ནས་འགུམ༔ གཡོན་པ་མེད་ན་ལོ་གསུམ་ནས་འགུམ་མོ༔ རྐང་པའི་པུས་མོ་མན་ཆད་མེད་ན་ལོ་གཉིས་ན༔ ཐམས་ཅད་ཆད་ན་ཟླ་བ་བརྒྱད་ནའོ༔ རྐང་པ་གཡོན་པ་མེད་ན་ལོ་གཅིག་ནས་འཆི་བ་ཡིན་ནོ༔ མགོ་བོའི་གཡས་ཕྱེད་མེད་ན་ཟླ་བ་དགུ་ནས་འགུམ་མོ༔ གཡོན་པ་མེད་ན་ཟླ་བ་བདུན་ནས་འགུམ༔ རྐེ་ཡན་མེད་ན་ཟླ་བ་ལྔ་ནས་འགུམ༔ སྐེ་དང་བཅས་པ་མེད་ན་ཟླ་བ་གསུམ་ནས༔ ཕུང་པོ་དེའི་སྟོད་མེད་ན་ཟླ་བ་གཉིས་ན༔ སྨད་མེད་ན་ཟླ་གཅིག་ན་གདོན་མི་ཟ་བར་འགུམ་མོ༔ ལུས་ཕྱེད་ཚལ་དུ་སོང་ནས་གཡས་པ་མེད་ན་ཞག་ཉི་ཤུ་རྩ་དགུ་ནས༔ གཡོན་པ་མེད་ན་ཞག་ཉི་ཤུ་རྩ་གཅིག་ནས་འགུམ་མོ༔ དབྱིབས་གྲུ་བཞིར་གྱུར་ན་བསླུས་པས་ཟློག༔ ཟླུམ་པོ་དང༔ ནར་མོ་དང༔ ཟླ་གམ་རྣམས་ནི་བསླུས་པས་བཟློག་པ་ཡིན་ནོ༔ རོ་བཏུམས་པ་ལྟ་བུ་དང༔ གྲུ་གསུམ་དུ་འདུག་པ་ནི་ཐུགས་རྗེ་ཆེན་པོས་ཀྱང་མི་བཟློག་གོ༔ དེ་བས་སྟོང་པ་ཉིད་ལ་གནས་པས་མཆོག་ཏུ་བཟང༔ ཁ་དོག་ནི་དཀར་པོར་གྱུར་ནས་དབུས་ནས་ཡལ་ན་ཀླུ་དང་རྒྱལ་པོའི་གདོན་གྱིས་ཟིན་པའི་རྟགས་སོ༔ ནག་པོར་གྱུར་ནས་གཡས་ནས་ཡལ་ན་བདུད་དང་མ་མོའི་གདོན་གྱིས་ཟིན་པའི་རྟགས་སོ༔ དམར་པོར་གྱུར་ནས་གཡོན་ནས་ཡལ་ན་བཙན་དང་རང་གི་ཆོས་སྐྱོང་ངམ་མགོན་ལྷས་ཟིན་པའི་རྟགས་སོ༔ སེར་པོར་གྱུར་ནས་འོག་ནས་ཡལ་ན་ཀླུ་བཙན་དང་རྒྱལ་འགོང་གིས་ཟིན་པའི་རྟགས་ཡིན་ནོ༔ སྔོན་པོར་གྱུར་ནས་རྐང་པ་ནས་ཐུར་དུ་ཡལ་ན༔ ཀླུའམ་མཚོ་སྨན་གྱིས་ཟིན་པའོ༔ ནག་བན་བུན་དུ་འདུག་ན༔ ཁྱད་པར་དུ་མ་མོ་དང་གཤིན་རྗེས་ཟིན་པའོ༔ སེར་བྲང་བྲེང་དུ་འདུག་ན་ས་བདག་གིས་ཟིན་པ་ཡིན་ནོ༔ ཁྲ་ཁྱུག་ཁྱུག་ཏུ་འདུག་ན༔ འཆི་འདྲེ་སྣ་ཚོགས་པའི་གདོན་གྱིས་ཟིན་པ་ཡིན་ནོ༔ དེས་ནི་ཁ་དོག་ལས་གདོན་བརྟག་པའོ༔ ྀཨཚ༔ བར་སྣང་གི་ཁམས་སུ་གནམ་ས་གཉིས་ཀྱི་འབྲེལ་ཐག་ཆད་དམ་མ་ཆད་བརྟག་པ་ནི༔ ཉི་མ་ཕྱེད་པའི་དུས་སུ་རྣལ་འབྱོར་པ་རང་ཁ་ལྷོ་ཕྱོགས་སུ་བལྟས་ཏེ༔ མིག་ཟུར་ལ་མནན་ནས༔ གྲུ་མོ་པུས་མོའི་སྟེང་དུ་བཞག་སྟེ༔ ལག་ངར་གྱེན་ལ་སྒྲེངས་ནས་ཁུ་ཚུར་བཅངས་པ་སྨིན་ཕྲག་ཏུ་བཟུང་ལ༔ མིག་གི་ཟུར་གྱིས་བལྟས་པས་ཤིན་ཏུ་ཕྲ་བར་འོངས་ཏེ༔ དེ་ཆད་ན་ཞག་བཅུ་དགུ་ནས་འགུམ་པར་འགྱུར་རོ༔ ྀཨཚ༔ རྒྱ་རྒྱ་རྒྱ༔ རི་རབ་ལོག་ལ་སེང་གེ་དཀར་མོ་ལ་ཞོན་པའི་མི་བབས་མ་བབས་བརྟག་པ་ནི༔ ཡང་ཤར་ཕྱོགས་ན་ཆུའི་རྫིང་ངམ་ལྟེང་ཀ་ཡོད་པའི་་་མདངས་རྩིག་པ་ལ་ཤར་བའི་དུས་ན།ནུབ་ངོས་ཀྱི་གྱང་ངམ་རྩིག་པ་ལ་བལྟས་པས་གྲིབ་མ་ཟང་ཐལ་གཉིས་བརྩེགས་སུ་འོང་སྟེ༔་་་སྤྱི་བོ་ཡང་གཅིག་འོང་། དེའི་སྟེང་མ་མེད་ན་ཆུའི་མི་གཏོར་བ་ཞེས་བྱ་སྟེ༔ ཞག་བཅུ་དྲུག་གི་ཉི་མ་ཕྱེད་ནས་འགུམ་པ་ཡིན་ནོ༔ ྀཨཚ༔ རི་ཐང་གི་མཚམས་སུ་དཔག་བསམ་གྱི་ལྗོན་ཤིང་རྐེད་པ་ཆག་གམ་མ་ཆག་བལྟ་བ་ནི༔ རྩ་རྣམས་བརྟག་པ་སྟེ་འདིར་མ་བྲིས་སོ༔ རྒྱ་མཚོའི་སྤྲིན་ཡལ་ལམ་མ་ཡལ་བརྟག་པ་ནི༔ སྐྱེས་པས་ནུབ་མོ་ཕོ་མོ་མ་སྤྱད་པ་ཆང་མ་འཐུང་བ༔ གཏམ་མང་པོ་མ་བྱས་པར་ནངས་པར་ཉི་མ་རི་རྩེ་ལ་ཤར་ཙམ་ན༔ ཁམ་ཕོར་རམ༔ སྣོད་ཧ་ཅང་མི་དཀར་མི་གནག་པ་གཡའ་མེད་པའི་ནང་དུ་རང་གི་ཆུ་བཏང་སྟེ་བརྟགས་པས་ཉི་ཟེར་ལ་རླངས་པ་སྔོན་དམར་དུ་མ་བྱུང་ན༔ ཞག་བཅོ་ལྔ་ནས་འགུམ་པ་ཡིན་ནོ༔ ནག་པོ་ཧྲལ་པོར་འདུག་ན༔ ཞག་བཅུ་གཅིག་ནས་འགུམ་མོ༔ ཉུངས་འབྲུ་ཙམ།་་་དམར་པོ་ཐིག་ལེ་ཅན་དུ་འདུག་ན་ཞག་དགུ་ནའོ༔ དེ་མ་ཡིན་པ་རྣམས་ནི་ཚེའི་དུས་མི་བྱེད་དོ༔ ཁ་དོག་ལས་གདོན་བརྟག་པ་ནི་གོང་དང་འདྲའོ༔་་་གཟུགས་ཁ་དོག་འདྲ། ྀཨཚ༔ སའི་གྲོང་ཁྱེར་དུ་དགེ་སྦྱོང་གི་དུ་བ་ཆད་དམ་མ་ཆད་བརྟག་པ་ནི༔ ཡང་རྣལ་འབྱོར་པས་ཉི་མ་རི་རྩེ་ལ་ཤར་མ་ཤར་ལ༔ དྲི་ཆེན་དོར་ཏེ་དེ་ལ་རླངས་པ་མེད་ན་ཞག་དགུ་ནས་འགུམ་པ་ལགས་སོ༔ ྀཨཚ༔ རི་རབ་ཀྱི་རྩེ་ལ་མི་འགྱུར་བའི་ཉི་མ་ནུབ་བམ་མ་ནུབ་བརྟག་པ་ནི༔ རང་གི་བྱང་ཆུབ་སེམས་ཀྱི་སྒྲོན་མེ་མེད་ན༔ ཞག་གསུམ་ལས་མི་ཐུབ་བོ༔ དེ་ནི་འཆི་བ་བསླུ་བའི་ཆོ་གས་ཀྱང་མི་བཟློག་གོ༔ རང་གི་དེ་ཉིད་ལ་བརྟག་པ་རབ་ཏུ་གཅེས་སོ༔ ྀཨཚ༔ རི་རབ་ཀྱི་ཁོང་གསེང་ན་མཁའ་འགྲོ་མའི་སྒྲ་ཆག་གམ་མ་ཆག་བརྟག་པ་ནི༔ རྣལ་འབྱོར་པས་སེང་གེ་ཉལ་བ་ལྟར་བྱས་ཏེ༔ རྣ་བ་ས་ལ་སྦྱར་བས༔ རྣ་བ་ནས་སྒྲ་འུར་བ་གཅིག་འོང་སྟེ༔ སེམས་ཅན་འགུལ་བ་སྐད་ཟེར་ན་བར་དུ་མི་ཆད་པ་ཡིན་ནོ༔ རླུང་གི་སྒྲ་བྱུང་ན་ཞག་བདུན་ནམ༔ ཡང་ན་བཅུ་གསུམ་ནས་འགུམ་མོ༔ སྐད་མེད་ན་ཞག་ལྔ་ནས་འགུམ་མོ༔ ྀཨཚ༔ དཔག་བསམ་གྱི་ཤིང་ལོ་ལས་འཆི་བདག་གི་བདུད་ཡ་བ་རྐྱ་གཅིག་ལངས་སམ་མ་ལང་བརྟག་པ་ནི༔ ལྟག་པའི་བདུད་སྒོ་ནས་སྐྲ་ཚོམ་བུ་གཅིག་གྱེན་དུ་ལངས་ན༔ ཞག་བདུན་ནས་ངེས་པར་འགུམ་མོ༔ རྟགས་དེ་རྣམས་གང་བྱུང་ཡང་དུས་བཏབ་པ་དང་འདྲ་སྟེ་ངེས་པར་འགུམ་པ་ཡིན་ནོ༔ དེ་དག་རྣལ་འབྱོར་པས་སྐབས་སྐབས་སུ་བརྟག་པ་གཅེས་སོ༔ འབྱུང་བ་རྒས་པས་ལུས་ཟད་པ་རྣམས་ལ་ངེས་པ་མེད་དོ༔ འདི་ནི་རྣལ་འབྱོར་པ་ཉམས་སུ་ལེན་པ་རྣམས་ཀྱི་གདམ་པ་སྟེ༔ མོ་དང་སྨན་དང་དཔྱད་རྣམས་ཀྱི་བརྩོན་འགྲུས་དང་བྲལ་བར་བྱ་བའི་དོན་ཏོ༔ འདི་ནི་རྣལ་འབྱོར་པ་རྣམས་ཀྱིས་རྟག་ཏུ་བཅང་ངོ༔ སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ༔ འཆི་བ་བརྟག་པའི་གལ་མདོ་ཞེས་བྱ་བ་རྫོགས་སོ༔ རྒྱ་རྒྱ་རྒྱ༔ རྒྱ་གར་སྐད་དུ༔ ཧྲོ་ཏེ་ཨ་ནུ་ཀ་བྷེ་ལ༔ བོད་སྐད་དུ༔ འཆི་བ་བསླུ་བ༔་་་ཤྲཱི་སིཾ་ཧས་མཛད་པ། བཅོམ་ལྡན་འདས་གཞོན་ནུ་ཁྲོ་གཉེར་ཅན་ལ་ཕྱག་འཚལ་ལོ༔ འགྲོ་བ་སྡུག་བསྔལ་རྣམས་ལས་གྲོལ་བར་བྱ་བའི་ཕྱིར༔་་་བཟློག་པའི་ཕྱིར། འཆི་བར་འགྱུར་བའི་སྡུག་བསྔལ་མི་བཟད་ཤིན་ཏུ་དྲག་པོ་རྣམས༔ ཐུགས་རྗེ་ཆེན་པོས་དེ་དག་མ་ལུས་གཟུང་བར་བྱ་བའི་ཕྱིར༔ འཆི་བ་ལས་བཟློག་དུས་ལས་བཤོལ་འདེབས་རྣམ་པར་བཤད་པར་བྱ༔ དེ་དག་རྣམས་ཀྱི་སྡུག་བསྔལ་ཡང་དག་བཅད་པ་འདིའོ༔ དེ་ལ་རིགས་ཀྱི་བུ་ཁ་ཅིག་ལ་གོང་གི་འཆི་བའི་རྟགས་དེ་དག་བྱུང་བ་དེ་དག་ལས་ལོ་ནུར་དང་ཟླ་ནུར་དུ་ཟློག་པའི་མན་ངག་ལ༔ སྤྱིར་ཟློག་པ་དང༔ བྱེ་བྲག་ཏུ་ཟློག་པའོ༔ སྤྱིར་ཟློག་པ་ནི༔ དེ་ལ་བར་གཅོད་ཀྱི་གདོན་དང༔ འབྱུང་བ་རྣམས་ལོ་དང་ཟླ་བ་ཞག་དང་ཉིན་མཚན་གྱི་བདུད་ལ་སོགས་ཀྱང་ལོ་གཅིག་ལ་ཟླ་བ་བཅུ་གཉིས་ལ། རེ་རེ་ལ་ཟླ་བ་གཉིས་དབང་ངོ་། །ཟླ་བ་གཉིས་ནི་ཁྱབ་པར་གནས། ཟླ་བ་གཅིག་ལ་འབྱུང་བ་རེ་རེར་ཞག་ལྔ་ལྔ་དབང་ཞག་སྔ་སྤྱི་ཁྱབ་ཏུ་ཡོད་དོ།་་་ཀྱི་ཚེའི་དུས་བྱེད་པ་ཡིན་པས༔ སྐྱེས་གཅིག་གི་ལུས་ལ་འབྱུང་བ་ལྔའི༔ རྟེན་ཡན་ལག་ལྔ་དང༔ དབང་པོ་ལྔ་དང༔ དོན་སྙིང་ལྔ་དང༔ རྩ་ཆེན་པོ་ལྔའི་རང་བཞིན་དུ་གནས་ཏེ༔ དེ་དག་གི་གནས་གང་ཡིན་པ་རྐྱེན་གྱིས་བླངས་ཏེ་ཚེའི་དུས་བྱེད་པ་དང༔ འབྱུང་བ་ནང་མི་མཐུན་པ་འདྲེས་པ་ལས་འཆི་བ་དང་བར་ཆད་ཀྱི་གདོན་དྲག་པོས་ཚེའི་དུས་བྱེད་པའོ༔ དེ་ཡང་དེ་དག་གི་རྟགས་སུ་རྟེན་དེ་དག་སྔོན་དུ་ཉེས་པ་ལས་འཆི་བའི་རྟགས་འབྱུང་བའོ༔ དེ་ཉིད་དང་པོའི་ཉམས་སམ་རྟགས་བྱུང་བ་ན་ཆོ་ག་དང་རིམ་གྲོ་དང་གཏོ་དཔྱད་ལ་སོགས་པས་བཟློགས་པས་ཟློག་པའོ༔ འབྱུང་བའི་གདོན་རྣམས་ཀྱིས་གནད་ལ་སླེབ་ཙམ་ན་མི་བཟློག་གོ༔ དཔེར་ན་མཁར་མཐོན་པོ་ལ་མེ་ཤོར་ན༔ དང་པོ་འོག་ཁང་གི་དུས་སུ་སླའོ༔ རྩེ་ལ་ཤོར་ན་མི་སོད་པ་དང་འདྲའོ༔ དེ་ལ་དང་པོ་རྟགས་དེ་དག་དང་ལྡན་པའི་སྐྱེས་བུས་སྔོན་དུ་རང་གི་བླ་མ་དང་དཀོན་མཆོག་མཆོད་དེ༔ ཚོགས་གསག་པའི་ལས་ཅི་ནུས་བྱའོ༔ དེ་ཡང་འབྱུང་བ་རྣམས་ནི་འཁོར་ལོ་དང་འབྱུང་བའི་ཡི་གེས་བཟློག་གོ༔ རྒྱ་ཤོག་གམ་ཏཱ་ལའི་ལོ་མ་ལ་འཁོར་ལོ་རྣམས་བྲིས་ཏེ༔ རླུང་གི་འཁོར་ལོ་ལྗང་ཁུ་རྩིབས་བཞི་པ༔ མུ་ཁྱུད་ལྟེ་བ་དང་བཅས་པ་ལ༔ རྩིབས་དང་ལྟེ་བ་ལ་ཡཾ་ལྔ་བཀོད༔ མཐའི་མུ་ཁྱུད་ལ་ཨཱ་ལིའི་ཡི་གེ་རྣམས་བཀོད༔ མེའི་འཁོར་ལོ་དམར་པོ་རྩིབས་ལ་སོགས་པ་གོང་དང་འདྲ་བ་ལ་ཡི་གེ་རཾ་ལྔ་བཀོད༔ མུ་ཁྱུད་ལ་ཨཱ་ལི་གོང་དང་འདྲ༔ དེ་བཞིན་དུ་སའི་འཁོར་ལོ་སེར་པོ་ལ་ལཾ་ལྔ་བཀོད༔ ཆུའི་འཁོར་ལོ་དཀར་པོ་ལ་ཁཾ་ལྔ་བཀོད༔ ནམ་མཁའ་མཐིང་ཁ་ལ་ཨེ་འོ༔ དེ་ལྟར་འཁོར་ལོ་བྲིས་ལ༔ འཁོར་ལོ་དེ་དག་ལ་སོ་སོའི་ཁ་དོག་དང་འདྲ་བའི་འབྱུང་བའི་རང་བཞིན་གྱི་ལྷར་བསྐྱེད་པས༔ དེ་ལ་མཆོད་པ་ལྔ་ཕུལ་བ་དང༔ སྡིག་པ་བཤགས་པ་དང༔ རང་གི་འདོད་པའི་དོན་ལ་གསོལ་བ་བཏབ་པར་བྱ་སྟེ༔ སོ་སོའི་ཡི་གེ་སྐྱེས་བུའི་ལོ་གྲངས་ཙམ་རེ་བརྗོད་ལ་ལྷ་ཙཀྲ་ལ་བསྟིམ་མོ༔ དེ་ནས་འཁོར་ལོ་དེ་དག་ཁམ་ཕོར་ཁ་སྦྱོར་དུ་བཅུག་ལ༔ ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིངས་ལ༔་་་ངར་མིའི་ནང་དུ་གཞུག །ཤིང་སྣ་དང་མེ་སྣ་དང་ཆུ་སྣ་དང་ས་སྣ་དང༔ སེམས་ཅན་རིགས་མི་མཐུན་པའི་ཁ་རླངས་་་རྟ་དང་གླང་པོ་མ་ཧེ་ལ་སོགས།ལ་བསྒྲེས་པའི་ངར་ཟན་དང་བཅས་པ་ལ་གཟུགས་ཁྲུ་གང་པ་གཅིག་བྱས་ཏེ༔ དབང་པོ་་་མིག་ཏུ་རཾ། རྣ་བར་ཡཾ། ལྕེ་ལ་ཁཾ་དང་ལཾ། ལུས་ཀྱི་སྙིང་གར་ཨེ།་་་ལྔ་ལ་ཡི་གེ་ལྔ་བཅུག་ལ་གཞག་གོ༔ གདོན་རྣམས་བསླུ་བའི་རྫས་ནི༔ ས་དམར་པོ་ལ་བྱ༔ ཡང་ན་ངར་ཟན་ལ་ཚོན་གྱིས་བསྒྱུར་བའི་གླུད༔ བསྒྲུབ་བྱ་རང་གི་ལོ་གྲངས་ཀྱི་སོར་ཚད་ཙམ་འཇལ་བ་དང་མཉམ་པའི་ཁ་དོག་ནག་པོ་དང༔་་་བདུད་དང་ཁྱི། དམར་པོ་དང༔་་་བཙན་དང་ཀླུ། སེར་པོ་དང༔་་་གཉན་དང་ཐེའུ་རང་། དཀར་པོ་དང༔་་་རྒྱལ་པོ་དང་བདུད། ལྗང་གུ་དང༔་་་ཡུལ་ལྷ་དང་ས་སྲིན། ཁྲ་བོ་དག་བྱས་ལ༔་་་ས་དཀར་དམར་སེར་སོགས། གདོན་སྣ་ཚོགས། དེ་དག་ལ་རང་རང་གི་དྲི་མ་དང༔ གོས་དུམ་དང༔ སྣབས་དང༔ ཁ་ཆུ་དང༔ མིག་ཆུ་དང༔ སྐྲ་དང་སེན་མོ་ལ་རིན་པོ་ཆེ་བརྡར་བ་དང་བསྲེས་ཏེ་གཟུགས་བྱའོ༔ བལ་ཚོན་དང་དར་སྣ་རྣམས་ཀྱིས་བརྒྱན་པར་བྱའོ༔ ལྟས་ངན་གྱི་བྱ་སྒྲོ་་་འུག་པ་ལ་སོགས།རིགས་མི་མཐུན་པ་མང་པོས་བརྒྱན་པར་བྱའོ༔ དེ་དག་རེ་རེ་ལ་གཏོར་མ་དེའི་ཁ་དོག་་་ནག་པོ་ལ་སོགས།མཐུན་པ་རེ་རེ་དང༔ ངར་ཟན་གྱི་ཆངས་བུ་ལོ་གྲངས་དང་མཉམ་པ་རེ་རེ་དང་བཅས་པ་བཞག་སྟེ༔ དེ་དག་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས་ལ༔ ཚིག་ཏུ་ཡང་འདི་སྐད་བརྗོད༔ ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས༔ སྲེད་དང་ཆགས་དང་ཞེན་པ་དང༔ དྲན་དང་བཟུང་དང་བསམས་དང་རེག༔ གློད་དང་གྲོལ་དང་ཞི་བར་མཛོད༔ ཅེས་བརྗོད་ལ་འཁོར་ལོ་དང་བཅས་པ་ཆུ་ཆེན་པོའི་གཞུང་བསྐྱལ་ན༔ ལོ་གསུམ་གྱི་བར་དུ་འཆི་བ་བཟློག་པར་འགྱུར་རོ༔ རྟགས་མ་བྱུང་གི་གོང་དུ་ལོ་གསུམ་ལ་རེ་རེ་བྱས་ཀྱང་མཆོག་ཏུ་ལེགས་སོ༔ ྀཨཚ༔ རྒྱ་རྒྱ་རྒྱ༔ བདེ་བ་ཆེན་པོས་སྐྱོབ་པའི་ལྷ༔ ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ༔ བྱེ་བྲག་ཏུ་ཟློག་པའི་ཐབས་བསྟན་པ་ནི༔ འདི་དག་ཐམས་ཅད་ལ་རང་གི་བླ་མ་ཡོད་ན་རབ༔ མེད་ན་གྲོགས་ཡིད་དང་མཐུན་པ་གཅིག་གིས་འབྱུང་བ་ལྔའི་ས་བོན་གྱིས་དབང་པོ་ལྔ་ལ་དབང་བསྐུར་བར་བྱས་ལ༔ སེན་མོའི་བཀྲག་མེད་པ་ནི༔ དགེ་སློང་བདུན་ལ་ཆོས་སྟོན་བྱ༔ ཡོན་ཕུལ་ལ་གོས་སེར་པོ་གོན་ལ་སྡོམ་པ་བླང༔ སྡོམ་པ་དང་ལྡན་པ་ཡིན་ན་བསྐྱར་ལ་བླང་ངོ༔ དེས་བཟློག་པ་ཡིན་ནོ༔ ྀཨཚ༔ མིག་གི་སྤྲིན་ཡལ་བ་ནི༔ ས་དཀར་པོ་ལ་ཚ་ཚཱ་རང་གི་ལོ་གྲངས་ཞིག་བཏབ་ལ༔་་་རྟེན་འབྲེལ་སྙིང་པོ། བསྐོར་བ་བདུན་བྱས་ལ་ཆུ་ཆེན་པོ་ལ་དོར་ལ༔ གོམ་པ་རང་གི་ལོ་གྲངས་ཙམ་གཅིག་ཏུ་ཕྱི་མིག་མི་བལྟའོ༔ ྀཨཚ༔ ལྟག་པའི་སྐྲ་གྱེན་དུ་ལངས་པ་ལ་ནི༔ འབྲུ་ནག་པོ་ལ་ཟན་བྱས་ཏེ༔ རང་གླུད་གྲུ་གང་པ་གཅིག་བྱས་དེའི་སྙིང་གར་ལུང་ཐང་གི་རྡོག་མ་རང་གི་ལོ་གྲངས་ཙམ་དང༔ གྲོ་ག་ལ་བྲིས།་་་རང་གི་མིང་བྱང་བཅུག་ལ༔ རང་གི་སྐྲ་བྲེགས་ལ་དེའི་སྐྲ་བྱ༔ རང་གི་ལུས་ལ་ཁྲག་ཕྱུངས་ལ་དེའི་གདོང་ལ་བྱུག༔ གོས་དུམ་གྱིས་དཀྲིས་ཏེ་ཁ་དོག་ནག་པོར་་་རོ་སོལ།བསྒྱུར་ལ༔ རང་གི་གནས་ཁང་ནས་གོམ་པ་བརྒྱའམ་ཉི་ཤུ་རྩ་གཅིག་སར་དོང་གྲུ་གསུམ་པ་ནག་པོ་བྲུས་པར༔ འབྱུང་བ་མེའི་སྙིང་པོ་ལོ་གྲངས་ཙམ་བཟླས་ལ༔ བདུད་ནག་པོ་འདི་ཁྱེར་ཅིག༔ གལ་ཆེའོ་གལ་ཆེའོ༔ ཞེས་ལན་གསུམ་བརྗོད་ལ༔ དོང་དེར་བསྐྱུར་ལ་དེའི་སྟེང་དུ་རང་གི་དྲི་ཆེན་བཏང་སྟེ༔ སས་བྱིབས་ལ་བང་བཏང་སྟེ་བྲོས་སོ༔་་་འདིས་ཕལ་ཆེར་བཟློག །ྀཨཚ༔ དེ་ནས་ཡང་བརྟག་གོ༔ གོང་ལྟར་འདུག་ན་ཅིས་ཀྱང་ཕན་པ་མེད་དོ༔ གཞན་རྣམས་ལ་ལན་གཅིག་གིས་མ་བཟློག་ཀྱང༔ གསུམ་གྱིས་བཟློག་པ་ལ་ཐེ་ཚོམ་མེད་དོ༔ རྐང་པའི་ལོང་མོའི་རྟགས་ལ་ནི༔ ཉི་མ་གྲིབ་ཆུང་བྱུང་ཙམ་ན༔ ཉི་མ་ནུབ་ཏུ་ཁ་བལྟས་ཏེ༔ ལུས་གཅེར་བུར་ཕྱུངས་ལ༔ འཕོངས་སུ་ཁྱིའི་མཇུག་མ་བཅུག་ལ༔ མདུན་དུ་དྲི་ཆེན་བཞག་སྟེ༔ ཁམ་རེ་ཟོས་ཁྱི་སྐད་རེ་བཏོན་པ་ལན་གསུམ་བྱའོ༔ ྀཨཚ༔ ཡང་སྐྱེས་བུ་གཞན་གྱི་ལུས་ལ་ནད་ཀྱིས་བཏབ་པ་རྣམས་ལ་ནི༔ སོ་རྣམས་ཀྱི་རྩ་བར་དྲེག་པ་ནག་པོ་བྱུང་བ་རྣམས་ལ༔ སྐྱེས་བུ་དེ་ལ་རའི་པགས་པ་བཀོན་ལ་ཉི་མ་ཤར་དུ་ཁ་བལྟས་ལ༔ རའི་སྐད་ལན་གསུམ་འདོན་པར་བྱའོ༔ ྀཨཚ༔ སྣ་ཞོམ་པ་ལ་ནི༔ སྣའི་རྩེ་མོ་ལ་ཨ་བསམ་སྟེ༔ ཨ་ཉི་ཤུ་རྩ་གཅིག་བཟླ༔ དབང་བསྐུར་ལ་ལུས་རྣམས་ཆུ་སྣ་དགུའི་ཁྲུས་ནས་བཏོན་པས་ཕན་པ་ཡིན་ནོ༔ ྀཨཚ༔ ཡན་ལག་བརྐྱང་བསྐུམ་བྱེད་པ་ལ༔ ཡན་ལག་ལ་རྒྱ་སྐྱེགས་ཀྱི་ཁུ་བས་འཁོར་ལོ་རྩིབས་བཞི་པ་རེ་བྲིས་ལ༔་་་དེ་ལ་འབྱུང་བ་ལྔ་བྲི། རྣམ་འཇོམས།་་་གཟུངས་སྔགས་མང་པོ་བཟླས་པའི་ཆུས་ལོ་གྲངས་ཙམ་གཅིག་ཏུ་ཁྲུས་ནས་བཏོན་པས་ཕན་པ་ཡིན་ནོ༔ ྀཨཚ༔ མིག་འབྲུ་ཚུགས་སུ་བལྟ་བ་ལ་ནི༔ དགེ་འདུན་ལ་ཆོས་སྟོན་རྒྱ་ཆེན་བྱ༔ བྱིས་པ་རང་གི་ལོ་གྲངས་ཙམ་ལ་སྟོན་མོ་བྱ༔་་་རུས་པ་མི་གཅིག་པ་བྱུང་ན་རབ། གོས་དམར་པོའི་ཆས་སུ་ཞུག་གོ༔ ྀཨཚ༔ འགྲམ་པ་ཤོང་གིས་སོང་ན༔ ས་ལ་མཆོད་རྟེན་ལོ་གྲངས་ཙམ་བཏབ་ལ༔ ཆུའི་ལས་ཆུ་གཏོར་ལོ་གྲངས་ཙམ༔ མེའི་ལས་སྦྱིན་སྲེག་ལོ་གྲངས་ཙམ༔ ངར་གླུད་ཚོན་གང་བ་ལ་དར་ལྗང་གུའི་བ་དན་རེ་རེ།་་་རླུང་གི་ལས་སུ་བ་དན་ལོ་གྲངས་ཙམ་ཕྱར༔ ནམ་མཁའི་ལས་སུ་ཨེ་ལོ་གྲངས་ཙམ་བཟླས་ཐེ་ཚོམ་མེད་དོ༔ དབུགས་རྒོད་པ་ལ་ནི༔ བུ་རམ་གྱི་འདེ་གུ་ལ་རླུང་གི་སྙིང་པོ་བཟླས་ཏེ་ཟོས་ན་བཟློག་པའོ༔ ྀཨཚ༔ སྣ་གཡས་གཡོན་དུ་ཡོ་ན༔ སྣའི་རྩེ་མོར་ཡི་གེ་ཧཱུྃ་་་བཟླས་པ་ལོ་གྲངས།དཀར་པོ་བསམ་མོ༔ མིག་གི་ཆུ་མི་ཐུབ་པར་འཛག་པ་ལ༔ མིག་ལ་ཡི་གེ་བྷྲཱུྃ་་་བཟླས་པ་ལོ་གྲངས།བསམ་པར་བྱའོ༔ ྀཨཚ༔ ཡང་འགྲམ་པ་གཡོན་པ་ཤོང་གིས་སོང་ན༔ ཡི་གེ་ཀྵ་བསམ་པར་བྱའོ༔ སོ་འཐམས་པ་ལ་ནི་ཡི་གེ་ཀྵུྃ་བསམ་པར་བྱའོ༔ ལྕེ་ལ་ཐིག་ལེ་ནག་པོ་བྱུང་བ་ལ་ཡི་གེ་ཧུྃ་ཐུང་བ་བསམ་པར་བྱའོ༔ རྣ་བ་ལེབ་མོར་འབྱར་བ་ལ་ཡི་གེ་ཡཾ་བསམ་པར་བྱའོ༔ བྲང་གི་ལྷེན་སྣ་ཞོམ་པ་ལ་ཡི་གེ་སྨིསྤུ་བསམ་པར་བྱའོ༔ རྩ་གཉིད་ལོག་མེད་པ་ནི་ཡི་གེ་ཧྨྃགྤུ་བསམ་པར་བྱའོ༔ དེ་དག་བསམ་པའི་ཡི་གེ་དེ་རྣམས་ལོ་གྲངས་ཙམ་བཟླས་པ་ཡང་བྱ༔ མཚལ་དང་དྲི་བཟང་གི་ཆུས་ཀྱང་བྲི་བར་བྱའོ༔ ྀཨཚ༔ ནམ་མཁའི་ གཟུགས་བརྙན་གྱི་ལག་པའི་མཚན་མ་མེད་པ་ལ༔ རང་གི་བླ་མ་ལ་ཚོགས་འཁོར་བརྒྱ་རྩ་བརྒྱད་བར་བྱའོ༔ ལག་པ་གཡས་པ་མེད་ན་འབྲུ་སྣ་ལས་ངར་ཟན་གྲུབ་པ་གཅིག་ལ་མགོ་སེང་གེའི་མགོ་ཁ་གདངས་བར་བྱས་ལ༔ དེ་ལ་སོ་བྱའི་སྤུ་རང་གི་ལོ་གྲངས་ཙམ་བཙུགས་ནས༔ ཉི་མ་བྱང་ངོས་ཀྱི་ཕོ་བྲང་གི་ལམ་སྲང་དུ་བསྐྱལ་ལོ༔ ལག་པ་གཡོན་པ་མེད་ན༔ ཟེར་མོའི་རླུད་བུར་སྟག་ནག་ཁྲའི་མཆེ་བ་དང༔ ཕག་མོ་ཁྲ་མོའི་མཆེ་བ་དང༔ ཁྱི་ནག་པོའི་མཆེ་བ་གསུམ་བཅུག་སྟེ༔ དེའི་ཁར་རང་གི་དྲི་ཆུས་སྦྲུས་པའི་ངར་ཟན་བརྫངས་ཏེ་ཆུ་བོ་ལ་དོར་རོ༔ རྐང་པ་གཡས་པའི་པུས་མོ་མན་ཆད་མེད་པ་ལ་ནི༔ ཉི་མ་ནུབ་ཏུ་ནམ་སྲོས་པ་ལ་སེང་ལྡེང་ངམ༔ གཙོ་རམ།་་་རྒྱ་ཤུག་གི་མེ་རང་གི་ལོ་གྲངས་ཙམ་གཅིག་བཏང་ན་བཟློག༔ རྐང་པ་གཡོན་པ་མེད་པ་ལ་ནི༔ ས་དཀར་པོ་ལ་གླུད་གྲུ་གང་པ་བྱས་ཏེ༔ དེའི་སྙིང་གར་སྟག་པ་ནག་པོ་སོར་བཞི་པ་གཅིག་ལ༔ རང་གི་ལོ་གྲངས་ཀྱི་ཁྲམ་བཏབ་ལ་གཞུག་གོ༔ དེ་ཆུ་སྐོར་སྟོང་པར་ཐོ་རངས་ཁ་སྐྱ་རེངས་ཤར་བ་ལ་བསྐྱལ་ལོ༔ མགོ་བོ་གཡས་པ་མེད་པ་ལ་བཀྲ་མི་ཤིས་པའི་ས་སྣ་དགུ་དང༔ ཤིང་ནག་པོའི་འབྲས་བུ་རྣམས་དང་སྦྱར་ཏེ་གྭའུ་ནག་པོ་གཅིག་བྱས་ཏེ༔ དེའི་ནང་དུ་རང་གི་སྐྲ་དང་གོས་དུམ་ལ་སོགས་པ་བཅུག་ལ་ལོ་བཅུ་གཉིས་ཀྱི་མིང་གླང་མའི་བྱང་བུ་ལ་བཙུག་སྟེ༔ དེས་ཁ་བཅད་པའི་སྟེང་དུ་ཚེར་མ་རིགས་མི་མཐུན་པ་རང་གི་ལོ་གྲངས་ཙམ་རྙེད་ན་རབ༔ དེ་མ་རྙེད་ཀྱང་རྙེད་ཚད་བཅུག་ལ་ནམ་ཕྱེད་པའི་དུས་སུ༔ རང་གོས་ནག་པོ་གོན་ཏེ་དུར་ཁྲོད་དུ་བསྐྱལ་ལོ༔ མགོ་བོ་གཡོན་པ་ངོས་མེད་ན༔ འབྲུ་སྣ་ཉི་ཤུ་རྩ་ལྔ་ལ་ངར་ཟན་བྱས་ལ༔ དེའི་སྙིང་ཁར་མི་རྟ་ཁྱི་གསུམ་གྱི་རུས་པ་བཅུག་ལ༔ རང་གི་གོས་རྙིང་པས་དྲིལ་ཏེ༔ ཚེས་བཅུ་གཅིག་གི་ནུབ་མོ་ནམ་སྲོས་པ་ལ་མི་གཞན་གཅིག་ལ་བསྐུར་ལ༔ ལྷོ་ངོས་སུ་གོམ་པ་བརྒྱད་ཅུའི་སར་དོང་དུ་བཅུག་ལ༔ དེས་རང་གི་མིང་ནས་ལན་གསུམ་དུ་ངུ་བའི་ཚུལ་དུ་བཏོན་ཏེ་སྦས་ཏེ་བཟློག་གོ༔ སྐེ་ཡན་ཆད་མེད་པ་ལ་ཡང་མེ་ལྷའི་མཚམས་སུ་ཚེར་མ་ཅན་གྱི་ཧོམ་ལོ་གྲངས་ཙམ་བྱས་ཏེ་རིམ་པས་བསྲེག་ཅིང༔ རེ་རེ་ལ་མེའི་སྙིང་པོ་ལོ་གྲངས་ཙམ་རེ་བཟླས་ཤིང་བསྲེག་པར་བྱའོ༔ སྐེ་དང་བཅས་པ་རྡུམ་གྱིས་སོང་ན༔ རང་གི་ལུས་རོ་བསྲེགས་པའི་སོལ་བས་ནག་པོར་བྱུགས་ལ༔ སྐྲ་སྤྱི་བོར་བཅིང་སྟེ་ཤོག་གུ་སོར་བཞི་པ་གཅིག་ལ་རང་གི་ལོ་དང་གནམ་ལོའི་མིང་བྲིས་ལ༔ ཕྱོགས་བཞིར་འབྱུང་བ་བཞིའི་སྙིང་པོ་བྲིས་ལ༔ རང་གི་སྣ་ལ་བཏགས་ཏེ་ཚེས་དགུའི་ནམ་གུང་ལ་ཕྱོགས་བཞིར་རྒྱུག་ཅིང་ཁ་ནས་ལོ་ཁྱེར་ལོ་ཁྱེར་ཞེས་འབྲལ་མེད་དུ་བརྗོད་ཅིང༔ དེ་ནས་ཤོག་གུ་དེ་དུར་ཁྲོད་དུ་སྦས་ནའོ༔ ཕུང་པོ་དེའི་སྟོད་ཁོག་མེད་ན༔ ཤིང་གི་མེ་བཏང་ནས་ལོ་བཅུ་གཉིས་ཀྱི་མིང་བྱང་བསྲེགས་པས་སོ༔ སྨད་མེད་ན་དུར་ཁྲོད་དུ་ཕྱིན་ཏེ་རུས་པ་སྣ་ཚོགས་པའི་དུད་པ་བཏང་བས་ཆོག་གོ༔ ལུས་སྤྱི་བོའི་གཡས་མེད་ན༔ གཙུག་ཏོར་རང་གི་ལོ་གྲངས་དང༔ ཚ་ཚཱ་དེ་ཙམ་ཞིག་བཏབ་པའོ༔ གཡོན་མེད་ན་གཟུངས་གྲངས་མེད་དུ་བཟླས་ཤིང་གོས་དམར་པོ་གོན་ནོ༔ ྀཨཚ༔ གནམ་ས་གཉིས་ཀྱི་འབྲེལ་ཐག་ཆད་པ་ན༔ གསུང་རབ་རྒྱ་ཆེན་པོ་ཀློག་པའམ་དགེ་བའི་ཕྱོགས་འགྲུབ་ཚད་བྱའོ༔ སེང་གེ་དཀར་མོ་བབས་པ་ལ་ནི༔ དཀྱིལ་འཁོར་གྱི་ཆོ་ག་ལོ་གྲངས་ཙམ་བྱས་པས་ཕན་ནོ༔ རི་ཐང་གི་མཚམས་སུ་དཔག་བསམ་གྱི་ལྗོན་ཤིང་ཆད་པ་ལ་ནི༔ དོན་སྣོད་སོ་སོའི་བཅོས་ཐབས་སྨན་སྦྱར་ཤེས་པར་བྱའོ༔ ཆུའི་སྤྲིན་གྱི་རླངས་པ་སྔོན་དམར་དུ་མ་བྱུང་བ་ལ༔ ཁམ་ས་ལ་ལོ་བཅུ་གཉིས་ཀྱི་གཟུགས་བྱས་ཏེ༔ ཁ་དོག་འབྱུང་བས་བསྒྱུར་ལ་དེ་རེ་རེ༔ ཚ་ཚཱ་རེ་རེ༔ ཆུ་གཏོར་རེ་རེ༔ ངར་གླུད་རེ་རེ༔ སྟག་པའི་ཧོམ་རེ་བྱས་ལ་ཉི་མ་དམར་ཐག་ཆད་པ་ལ༔ བྱང་ཤར་གྱི་དུར་ཁྲོད་དུ་བསྐྱལ་ལོ༔ ནག་ཧྲལ་ཧྲལ་པོ་ལ་ལྕགས་དང་ཟངས་ཀྱི་ཕྱེ་མ་དང༔ འབྲུ་སྣ་ཚོགས་ཏེ་ཕྱོགས་བཞིར་གཏོར་བས་དོན་འགྲུབ་བོ༔ དམར་པོའི་ཐིག་ལེ་ལ་ནི༔ ངར་གླུད་དྲི་མས་བསྒྲེས་པ་ལོ་གྲངས་ཙམ་བྱས་ལ༔ དར་དམར་པོའི་བ་དན་རེ་གཟུག་མོ་བྱི་དུར་ལ་བཙུག་སྟེ༔ ཤར་ཕྱོགས་ཀྱི་ལམ་པོ་ཆེར་རུས་པ་སྣ་ཚོགས་དང་བཅས་པ་བསྐྱལ་ན་བཟློག་པ་ཡིན་ནོ༔ རང་གི་དྲི་ཆེན་གྱི་རླངས་པ་ཆད་ན༔ ཉི་མ་མདུང་གང་ཙམ་གྱི་དུས་སུ་ནུབ་བྱང་ཕྱོགས་སུ་ཁ་བལྟས་ཏེ༔ རྟའི་ཐོད་པ་ལ་འབྱུང་བ་ལྔའི་ས་བོན་བྲིས་ཏེ༔ རང་གི་ནུས་ཚད་དུ་རྟ་སྐད་གྲངས་མེད་དུ་བཏོན་པས་བཟློག་པ་ཡིན་ནོ༔ རྣ་བའི་རླུང་སྒྲ་ཆད་ན་ཟས་སྣ་ཚོགས་ཀྱི་གཏོར་མ་ལོ་གྲངས་ཙམ་ལོ་བཅུ་གཉིས་ཀྱི་མིང་རེ་དང་བཅས་པ་ཏཱ་ལའི་སྡོང་པོའི་རྩེར་བསྐྱལ་བས་འགྲུབ་བོ༔ དེའི་སྐད་ཆད་པ་ལ་ནི་རང་སྙིང་དུ་ཡཾ་བསམ་སྟེ༔ མིག་ཐུབ་ཚད་ཀྱིས་གྱེན་ལ་བཟློག་ཅིང༔ གཅིག་གིས་གཟུངས་ཀྱི་ཆུའི་བུམ་པས་སྤྱི་བོ་ནས་ཁྲུས་བྱས་པས་བཟློག་པ་ཡིན་ནོ༔ དཔག་བསམ་གྱི་ཤིང་ལོ་ལངས་པ་ལ་ནི༔ ཚོགས་དང་དགེ་སྦྱོར་ལ་འབད་ན་གྲོལ་བ་ཡིན་ནོ༔ དེ་དག་རྣམས་ཀྱི་ཆོ་ག་དེ་ལྟར་བྱས་ཤིང་ཡང་ཡང་བལྟའོ༔ སྔོན་བཞིན་མ་སངས་ན༔ ལན་བདུན་ནམ་ཉི་ཤུ་རྩ་གཅིག་གམ༔ རང་གི་ལོ་གྲངས་དང་མཉམ་པས་ཐེ་ཚོམ་མེད་པར་བཟློག་གོ༔ ྀཨཚ༔ འཆི་བ་བསླུ་བའི་མན་ངག་སློབ་དཔོན་ཆེན་པོ་ཤྲཱི་སིཾ་ཧས་མཛད་པ༔ སེམས་ཅན་སྡུག་བསྔལ་ལས་གྲོལ་བའི་ཐབས་རྫོགས་སོ༔ རྒྱ་རྒྱ་རྒྱ༔ གནས་ལྔའི་པཎྜི་ཏ་བྱེ་མ་ལ་མུ་ཏྲས་སྒྲ་མི་མཐུན་པ་ལྔ་ལས་རང་འགྱུར་དུ་བསྒྱུར་པས༔ ཉང་བན་བདག་གིས་ཡི་གེར་བཀོད་པའོ༔ ས་མ་ཡཱ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཞྭའི་མགོན་པོ་དམ་ཚིག་ཅན་གྱིས་ཐུབ་པར་སྲུངས་ཤིག་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་འདྲ་འོད་གསལ་སྒྱུ་མས་དབུ་རུ་ཞྭའི་ལྷ་ཁང་ནས་སྤྱན་དྲངས་པའི་ཤོག་སེར་ངོས་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ཁྲོ་བོ་དཔལ་གྱིས་ཞུས་སོ།། ༼བ༽ ༄༅༔ རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་ཡང་ཟབ་བསྡུས་པའི་སྙིང་པོ་ལས༔ འཕགས་མ་སྒྲོལ་མའི་སྒྲུབ་ཐབས་བཞུགས་སོ༔ རྒྱ་གར་སྐད་དུ༔ ཨཱརྻ་ཏཱ་ར་ཨ་མཱ་ར་ཎི་ཡེ་སཱ་དྷ་ན་ནཱ་མ༔ བོད་སྐད་དུ༔ འཕགས་མ་སྒྲོལ་མ་འཆི་བ་མེད་པའི་སྒྲུབ་ཐབས་ཞེས་བྱ་བ༔ བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ༔ སྐལ་ལྡན་ལམ་ཞུགས་བརྩོན་འགྲུས་ཅན༔ ཚེ་དང་བསོད་ནམས་རྒྱས་པའི་ཕྱིར༔ རྗེ་བཙུན་སྒྲོལ་མ་བསྒྲུབ་འདོད་ན༔ དབེན་ཞིང་དང་པའི་ས་ཕྱོགས་སུ༔ རང་ཉིད་བདེ་བའི་སྟན་ལ་འདུག༔ འདི་ཉིད་རྟེན་དང་མཆོད་རྫས་བཤམ༔ བུམ་པ་བུམ་རྫས་ཆུས་བཀང་བ༔ མཆོད་པ་མདུན་དུ་བཤམ་པར་བྱ༔ སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན༔ སྔོན་འགྲོའི་ཆོས་རྣམས་རྫོགས་པར་བྱ༔ དེ་ནས་མ་ཧཱ་ཤཱུ་ཛྙཱ་ཏཱའི༔ སྔགས་ཀྱིས་མི་དམིགས་པའི་སྟོང་པ་ཉིད་དུ་བསམ་པར་བྱ༔ སྟོང་ཉིད་སྙིང་རྗེའི་ངང་ཅན་ལས༔ རང་མདུན་ནམ་མཁར་པདྨ་དཀར༔ འདབ་བརྒྱད་དེ་སྟེང་ཟླ་བའི་སྟེང༔ ཏཱྃ་ཡིག་དཀར་པོ་འོད་ཟེར་འཕྲོས༔ ཁ་དོག་ལྔ་དང་ལྡན་པ་ལས༔ འཕྲོ་འདུས་སྐད་ཅིག་དྲན་རྫོགས་སུ༔ འཕགས་མ་ཡིད་བཞིན་འཁོར་ལོའི་སྐུ༔ སྐུ་མདོག་མན་ཤེལ་མདོག་ལྟར་དཀར༔ གཡས་པའི་ཕྱག་ནི་མཆོག་སྦྱིན་དང༔ ཕྱག་གཡོན་མེ་ཏོག་ཨུཏྤལ་འཛིན༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ ཞལ་འཛུམ་འོད་འཕྲོ་སྤྱན་གསུམ་ལྡན༔ ཕྱག་ཞབས་མཐིལ་དུ་སྤྱན་རེ་རེ༔ ཨུཏྤལ་ཞི་བའི་སྤྱན་བདུན་ལྡན༔ རིན་ཆེན་རྒྱན་བརྒྱད་རྣམ་པར་མཛེས༔ དར་ལའི་སྟོད་གཡོགས་སྨད་ཤམ་ཅན༔ དེ་ཐུགས་ཟླ་བའི་དལ་དབུས་སུ༔ ཏཱྃ་ཡིག་དཀར་པོ་རིང་ཆ་ཅན༔ མཐའ་སྐོར་རྩིབས་བརྒྱད་ཡིག་འབྲུ་མཚན༔ དེ་ལས་འོད་ཟེར་འཕྲོས་པ་ལས༔ འཕགས་མ་ཡེ་ཤེས་སེམས་དཔའ་ལ༔ སངས་རྒྱས་བྱང་སེམས་ཚོགས་ཀྱིས་བསྐོར༔ ཆོས་ཀྱི་དབྱིངས་ནས་བྱོན་པར་བསམ༔ ཨཱརྻ་ཏཱ་རེ་བཛྲ་ས་མ་ཡ་ཛ༔ ཨཱོྃ་ཨཱརྻ་ཏཱ་རེ་ཨེ་ཧྱེ་ཧི་ཨ་བྷི་ཥེ་ཀ་ཏེ་ས་མ་ཡེ་ཤྲཱི་ཧཱུྃ༔ པདྨ་ཀ་མ་ལཱ་ཡ་སཏྭཾ༔ ཨརྒྷཾ་ལ་སོགས་པའི་མཆོད་པས་མཆོད༔ ཨཱོྃ༔ འཁོར་བ་ལས་སྒྲོལ་ཏཱ་རེ་མ༔ ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ༔ ཏུ་རེས་ན་བ་རྣམས་ལས་ཀྱང༔ སྒྲོལ་མ་ཁྱེད་ལ་ཕྱག་འཚལ་བསྟོད༔ ཅེས་བརྗོད་ལྷ་མོ་དེ་ཉིད་ཀྱི༔ སྐུ་ལས་འོད་ཟེར་དཔག་མེད་འཕྲོས༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས༔ རིགས་ལྔའི་སངས་རྒྱས་རྣམ་པར་བྱོན༔ ལྷ་མོ་དེ་ཉིད་སྐུ་ལ་ཐིམ༔ མདུན་གྱི་འཕགས་མ་འོད་ཕུང་གྱུར༔ རང་གི་ལུས་ལ་ཐིམ་པ་ཡིས༔ རང་ཉིད་འཕགས་མའི་སྐུར་གྱུར་པའི༔ སྙིང་གར་པད་དཀར་འདབ་བརྒྱད་ཀྱི༔ དབུས་སུ་ཟླ་གདན་དེ་ཡི་དབུས༔ ཏཱྃ་ཡིག་དཀར་པོ་རིང་ཆ་ཅན༔ འདབ་བརྒྱད་ཅུང་ཞིག་ཁ་ཟླུམ་པའི༔ རྩིབས་བརྒྱད་ཡི་གེ་འབྲུ་བརྒྱད་པོ༔ མར་མེའི་ཕྲེང་བ་ལྟར་འཁོར་བས༔ དེ་ལས་འོད་ལྗང་དཔག་མེད་འཕྲོས༔ མི་ཤིགས་རྡོ་རྗེའི་གུར་ཁང་གྱུར༔ འོད་ཟེར་དཀར་པོ་དཔག་མེད་འཕྲོས༔ ནད་གདོན་བགེགས་དང་བར་ཆད་ཞི༔ འོད་ཟེར་དམར་པོ་དཔག་མེད་འཕྲོས༔ འཁོར་འདས་ཚེ་བསོད་ཐམས་ཅད་བསྡུས༔ འོད་ཟེར་སེར་པོ་དཔག་མེད་འཕྲོས༔ ཚེ་དང་བསོད་ནམས་ཐམས་ཅད་སྤེལ༔ འོད་ཟེར་མཐིང་ག་དཔག་མེད་འཕྲོས༔ གཉེན་པོས་མི་འཇིག་རྡོ་རྗེའི་སྐུ༔ གཞོམ་གཞིག་མེད་པའི་སྐུ་ཉིད་བསམ༔ དེ་ཉིད་རྩེ་གཅིག་མ་ཡེངས་པར༔ ཐུགས་ཀའི་སྔགས་ཕྲེང་དམིགས་གཏད་ལ༔ ཨཱོྃ་ཏཱ་རེ་ཏུ་རེ་སྭཱ་ཧཱ༔ ཨཱོྃ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུརྫྙཱ་ན་པུཎྱེ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཡེངས་མེད་རྩེ་གཅིག་འབུམ་ཕྲག་དྲུག༔ བཟླས་ན་ཚེ་ཡི་རིག་འཛིན་ཐོབ༔ རྫོགས་པའི་རིམ་པ་བསྒོམ་པ་ནི༔ སྣང་སྲིད་འཁོར་འདས་མ་ལུས་པ༔ འོད་ཕུང་ཆེན་པོའི་ཀློང་དུ་གྱུར༔ རྡོ་རྗེའི་གུར་ཁང་ཉིད་ལ་ཐིམ༔ གུར་ཁང་འོད་དུ་ལྟེམ་གྱིས་ཞུ༔ འོད་ཟེར་དཀར་པོ་ཉིད་ལ་ཐིམ༔ དཀར་པོ་དམར་ཐིམ་དམར་པོ་སེར༔ སེར་པོ་མཐིང་ག་ཉིད་ལ་ཐིམ༔ མཐིང་ག་འཕགས་མའི་སྐུ་ལ་ཐིམ༔ སྐུ་ཡང་འཁོར་ལོ་ལྔ་ལྡན་ལ༔ སྔགས་ཕྲེང་སྲོག་ཡིག་ཏཱྃ་ལ་ཐིམ༔ ཏཱྃ་ཡིག་སྤྱི་བོའི་ཟླ་ཚེས་ལ༔ ཟླ་ཚེས་ཐིག་ལེའི་ཀློང་དུ་ཐིམ༔ ཐིག་ལེ་དམིགས་མེད་ཆོས་ཀྱི་སྐུ༔ གཞོམ་གཞིག་མེད་པའི་ངང་ལ་གཞག༔ དགེ་ཚོགས་འགྲོ་བའི་དོན་དུ་བསྔོ༔ སྨོན་ལམ་བཏབ་ཅིང་བཀྲ་ཤིས་བརྗོད༔ བདག་འདྲ་བྱེ་མ་མུ་ཏྲ་ཡང༔ ཚེ་ཡི་རིག་འཛིན་འདི་ཡིས་ཐོབ༔ ཤིན་ཏུ་ཟབ་པའི་ཡང་བཅུད་དོ༔ འདི་བཀོད་དགེ་བས་འགྲོ་བ་ཀུན༔ འཆི་མེད་རིག་པ་འཛིན་ཐོབ་ཤོག༔ འཕགས་མ་སྒྲོལ་མའི་སྒྲུབ་ཐབས་འཆི་བ་མེད་པ་ཞེས་བྱ་བ་ཁ་ཆེའི་པཎྜི་ཏ་བྱེ་མ་ལ་མུ་ཏྲས་མཛད་པ་རྫོགས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་ཉིད་ཉང་བན་བདག་ཀྱང་ཡི་དམ་འདི་ལ་བགྱིས་པས་པཎ་ཆེན་དང་འདྲ་བར་འཆི་མེད་རིག་འཛིན་ཐོབ་སྙམས་ནས་ཉང་བན་བདག་གིས་ཡི་གེར་བཀོད་པའོ༔ ཕྱི་རབས་སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཞྭའི་མགོན་པོ་དམ་ཚིག་ཅན་གྱིས་ཐུབ་པར་སྲུངས་ཤིག༔ དྷ་ཐིམ༔ ཁ་ཐཾ༔ བདག་འདྲ་འོད་གསལ་སྒྱུ་མས་དབུ་རུ་ཞྭ་ལྷ་ཁང་ནས་སྤྱན་དྲངས་པའི་ཤོག་སེར་ལེབ་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ཁྲོ་བོ་དཔལ་གྱིས་ཞུས་སོ།། ༼མ༽ ༄༅༔ རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་ཡང་ཟབ་བསྡུས་པའི་སྙིང་པོ་ལས༔ མཐུ་གཏད་ཟློག་བྱེད་མཁའ་འགྲོ་སེང་གདོང་ཅན་གྱི་སྒྲུབ་ཐབས་བཞུགས་སོ༔ ཀཱི༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ མ་འོངས་པའི་བསྐལ་པའི་ཐ་མ་ཆོས་བྱེད་གཅིག་གིས་གཅིག་སྨད་ཅིང༔ མཐུ་གཏད་སེལ་གྱི་མན་ངག་དར་བའི་དུར་དེར༔ ཡང་ཟབ་མངོན་སུམ་ཆོས་ཉིད་དོན་གྱི་གང་ཟག་རྣམས༔ འདི་ཉིད་ལ་ཡི་དམ་དུ་བྱའོ༔ དེ་ཡང་སྒྲུབ་པ་པོ་བདེ་བའི་སྟན་ལ་འདུག༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས༔ སྭ་བྷཱ་ཝས་མི་དམིགས་སྟོང་པར་སྦྱང༔ སྟོང་པའི་ངང་ལས་བདག་ཉིད་མདུན་གྱི་ནམ་མཁར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ༔ ཧཱུྃཿམཐིང་ནག་བཻ་ཌཱུརྻའི་མདོག་ཙམ་ཚེགས་དྲག་དང་བཅས་པ་ལས་འོད་ཟེར་འཕྲོས༔ འཕགས་པ་མཆོད༔ གདུག་པ་ཅན་ཐམས་ཅད་ཚར་བཅད༔ འོད་ཟེར་ཚུར་འདུས་ཧཱུྃཿཡིག་སྐད་ཅིག་དྲན་རྫོགས་སུ༔ མཁའ་འགྲོ་མ་སེང་གདོང་སྐུ་མདོག་མཐིང་ནག་བཻ་ཌཱུརྻའི་མདོག་ཅན་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་འཛིན་པ༔ ཞབས་གཡས་བསྐུམ་གཡོན་བརྐྱང་གར་སྟབས་བསྒྱུར་བ༔ ཞིང་གི་གཡང་གཞི་དང༔ གཟིག་གི་ཤམ་ཐབས་གསོལ་བ༔ སྤྱན་གསུམ་འབྲུ་ཚུགས་སུ་གཟིགས་ཤིང༔ ཞལ་གདངས་ཤིང་མཆེ་བ་རབ་ཏུ་གཙིགས་པ་ལས་ལྗགས་འདྲིལ་བ༔ རལ་པ་ཁམ་ནག་གྱེན་དུ་འབར་བ་ལས༔ རལ་པའི་གསེབ་ནས་མེའི་ཚྭ་ཚྭ་འཕྲོ་བ༔ སྐུའི་བ་སྤུའི་བུ་ག་ལས་རང་འདྲ་བའི་སྤྲུལ་པ་བྱེ་བ་འགྱེད་པ༔ དེ་ལྟར་གསལ་བའི་སྤྱི་བོར་ཨཱོྃ༔ མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ༔ ཐུགས་ཀའི་ཧཱུྃ་གི་ས་བོན་ལས་འོད་ཟེར་འཕྲོས་པས་ནུབ་ཕྱོགས་ཨོ་རྒྱན་གྱི་གནས་ནས་མཁའ་འགྲོ་སེང་གདོང་མ་ཡེ་ཤེས་སེམས་མ་ལ༔ མ་མོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་བྱོན༔ བཛྲ་ས་མ་ཡ་ཛཿཛ༔ ཞེས་བརྗོད་པས༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད་པའི་སྐུར་གྱུར༔ སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་མདུན་གྱི་ནམ་མཁར་བྱོན༔ ཨརྒྷཾ་ པཱ་དྱཾ་ པུཥྤེ་ དྷཱུ་པེ་ ཨཱ་ལོ་ཀེ་ གནྡྷེ་ ནཻ་བིདྱཱ་ ཤབྡ་ཨཱཿཧཱུྃ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་སྟོབས་བསྐྱེད༔ དབང་གི་ལྷ་རྣམས་འོད་དུ་ཞུ༔ མདུན་གྱི་དྷཱ་ཀི་ལ་ཐིམ༔ མདུན་གྱི་མཁའ་འགྲོ་དེ་ཉིད་ཀྱང་འོད་ཀྱི་རང་བཞིན་དུ་གྱུར་རང་ཉིད་ལ་ཐིམ༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ་མཁའ་འགྲོ་སེང་གདོང་ཅན་དངོས་སུ་གྱུར་པའི་སྐུ་ལས་འོད་ཟེར་ལྗང་ནག་བསམ་གྱིས་མི་ཁྱབ་པ་འཕྲོས༔ ཐམས་ཅད་ཀྱང་མཚོན་ཆའི་འཁོར་ལོར་གྱུར་པ་ལས་འཁོར་ལོ་འབར་བས་སྡང་དགྲ་གནོད་བགེགས་ཐམས་ཅད་ཕྱེ་མ་རྡུལ་ཕྲན་བཞིན་དུ་བརླག་པར་གྱུར༔ འོད་ཟེར་དཀར་པོ་བསམ་གྱིས་མི་ཁྱབ་པར་འཕྲོས་པས་ཕ་རོལ་གྱི་ངན་སྔགས་དང་གནོད་པའི་ཚོགས་ཐམས་ཅད་རང་ཞི༔ འོད་ཟེར་དམར་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས༔ འབུམ་ཕྲག་མཁའ་འགྲོའི་ཚོགས་ཐམས་ཅད་དབང་དུ་བསྡུས༔ མི་མཐུན་པའི་ཕྱོགས་ཐམས་ཅད་ཟློག་པའི་ཕྲིན་ལས་མཛད༔ འོད་ཟེར་སེར་པོ་འཕྲོས་པས་ཚེ་དང་བསོད་ནམས་རྒྱས་པར་གྱུར༔ སྐུ་ལས་འོད་ཟེར་མཐིང་ག་འཕྲོས་གཉེན་པོ་གང་གིས་གཞོམ་གཞིག་མེད་པར་རྡོ་རྗེའི་གུར་ཁང་གི་དབུས་སུ༔ དྷཱ་ཀི་སེང་གདོང་མ་དངོས་སུ་གསལ་བ་སྐུའི་བ་སྤུའི་བུ་ག་ལས་རང་འདྲ་བའི་མཁའ་འགྲོ་མ་བྱེ་བ་ས་ཡ་དུང་ཕྱུར་འགྱེད་པ་ལས༔ བར་ཆད་བདུད་ཀྱི་ཚོགས་ཐམས་ཅད་ཚར་བཅད་པར་བསམ་ལ༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ ཅེས་བཟླས་ཤིང་འཕྲོ་འཇོག་དུས་རང་ཉིད་ཡི་གེ་ཧཱུྃཿགཅིག་གྱུར་པའི་ངང་ནས་དམིགས་མེད་སྟོང་པའི་རྒྱས་གདབ་པར་བྱའོ༔ རྗེས་བསྔོ་བ་སྨོན་ལམ་སྤྱི་དང་མཐུན་པར་བྱའོ༔ ཁ་ཆེའི་པཎྜི་ཏ་བྱེ་མ་ལ་མུ་ཏྲའི་ཐུགས་བཅུད་གདམས་པ་མངའ་བདག་ཉང་བན་གྱིས་ཡི་གེར་བཏབ་པའོ༔ ཞྭའི་མགོན་པོ་དམ་ཚིག་ཅན་གྱིས་སྲུངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་འདྲ་འོད་གསལ་སྒྱུ་མས་དབུ་རུ་ཞྭའི་ལྷ་ཁང་ནས་སྤྱན་དྲངས་པའི་ཤོག་སེར་ལེབ་ནས་དག་པར་ཕབ་པའོ། །ཡི་གེ་པ་ནི་ཁྲོ་བོ་དཔལ་གྱིས་ཞུས་སོ།། ྈ ཧཱུྃ༔ ཡ་མཱནྟ་ཀ་གཤིན་རྗེ་གཤེད༔ རྒྱལ་བའི་སྐུ་ལ་ཕྱག་འཚལ་ལོ༔ ཚེ་གཅིག་རྫོགས་ཆེན་བསྒོམ་པ་ལ༔ བྱད་མའི་རྦོད་གཏོང་ཟློག་པའི་ཐབས༔ སྐད་ཅིག་རང་ཉིད་གཤིན་རྗེ་གཤེད༔ མཐིང་ནག་ཁྲོ་ཚུལ་ཞབས་གཉིས་པོ༔ ཡི་དྭགས་མ་ཧེའི་སྟེང་ན་བགྲད༔ ཕྱག་གཉིས་དགྲ་སཏྭ་ཞགས་པ་བསྣམས༔ དུར་ཁྲོད་ཆས་གསོལ་མེ་འབར་བསམ༔ ལྗགས་སྟེང་འཁོར་ལོ་རྩིབས་བཞི་ལ༔ ལྟེ་བར་ཧཱུྃ་དང་རྩིབས་བཞི་ལ༔ ཤ་རི་བྷྱོ་ཟློག༔ ཞེས་བསྐོར་བར་བསྒོམ༔ ཧཱུྃ་ཤ་རི་བྷྱོ་ཟློག༔ ཅེས་པ་བརྒྱ་དང་རྩ་བརྒྱད་བཟླ༔ ལྕེ་སྟེང་སྔགས་ཀྱི་ཕྲེང་བ་ལས༔ མེ་དཔུང་མདའ་མདུང་རལ་གྲི་ཕུར༔ རྡོར་ར་འཁོར་ལོའི་གུར་ཁང་བསམ༔ ཕ་རོལ་བྱད་མ་རྦོད་གཏོང་རྣམས༔ མཚོན་ཆས་དུམ་བུར་གཏུབ་པར་བསྒོམ༔ བྱད་མཁན་སྟོང་དང་འགྲས་གྱུར་ཀྱང༔ འདི་ཡོད་གནམ་ལྕགས་རྡོ་རྗེའི་གུར༔ བྱེ་མ་མུ་ཏྲའི་ཐུགས་བཅུད་ཡིན༔ ཉང་བན་བདག་གི་གཅེས་ཐིག་ཡིན༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཞྭའི་མགོན་པོ་དམ་ཚིག་ཅན་གྱིས་བཀའ་འདི་ཐུབ་པར་སྲུངས་ཤིག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ༼ཙ༽ ༄༅༔ རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་ཡང་ཟབ་བསྡུས་པའི་སྙིང་པོ་ལས༔ བསྟན་སྲུང་ངན་ཐབས་བསམ་ལེའི་ཡི་གེ་བཞུགས་སོ༔ རྒྱ་གར་སྐད་དུ༔ བི་ཏྲི་ས་བིད་ས་བྷེ་སཱ་དྷ་བྷ་ཨཱ༔ བོད་སྐད་དུ༔ ངན་ཐབས་ད་ལྟའི་རྟགས་མངོན་པར་སྣང་བ༔ དཔལ་རིག་སྟོང་ཆེན་པོ་ལ་ཕྱག་འཚལ་ལོ༔ བཙན་དུག་ཐུན་གཅིག༔ ཐར་ནུ་ཐུན་གསུམ༔ ཤྭ་མང་བསེ་ཐུན་བཞི༔ རུས་ཁྲག་ཤ་ཕོའི་མཇེ་ཐུན་གསུམ་རྣམས་གཅིག་ཏུ་སྦྱར་ལ༔ དགྲ་བོའི་ཐབ་ཏུ་བསྲེགས་ན༔ དགྲ་བོ་ཅི་ཙམ་ཡོད་ཀྱང་མཛེས་ཁྱེར་ཏེ་འཆིའོ༔ མཚེར་མའི་རུལ་རོ་ཁྱི་སྤུ་དང་སྐྲ་ཕོའི་མཛེ༔ ཡུགས་ས་མའི་དོར་རྟ༔ བཙན་དུག༔ མུ་ཟི༔ བ་བླ་རྣམས༔ ར་ཐུག་གི་གཅིན་གྱིས་བསྡུས་ལ༔ མན་ངག་གི་རྫས་བཏབ་རིལ་བུ་བྱས་ཏེ་དགྲ་བོའི་གཡག་ཤིང་ཕུག་པར་གྲོ་གའི་མེས་བསྲེགས་ཏེ་དུད་པ་ཕོག་ཚད་མཛེས་ཁྱེར་ཏེ་འཆིའོ༔ རང་ཉིད་ལྟོ་འགྲང་བར་བཟའ༔ སྣ་བུག་བུ་རམ་གྱིས་དགག༔ མཛེ་བསམ་ལེ་རླུང་ཞོན་གྱི་ལས་མཐའ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཏེ་ལོ་ནག་པོའི་ཀླད་པ་དང་གཅིག༔ བྱང་གི་དུག་བྱང་སེར་པོ་དང་གཉིས༔ སོ་ནག་གུ་གུལ་དང་གསུམ༔ བཙན་དུག་དང་བཞི༔ རོ་ཁྱི་ནག་པོའི་བྲུན་དང་ལྔ༔ དེ་རྣམས་གཅིག་ཏུ་སྦྱར་ནས་དགྲ་བོའི་ཐབ་ཏུ་བསྲེགས་ན༔ དགྲ་བོ་ཕོ་མོ་མགོ་སྐམ་ནས་འཆིའོ༔ མགོ་སྐམ་ཕུང་ཕྱེད་རླུང་ཞོན་གྱི་ལས་མཐའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རི་ཝོང་གི་མིག༔ རོན་ཕུག་གྱི་མིག༔ ས་དུར༔ ཐང་ཕྲོམ་རྣམས་རྩི་བཞིན་བཏགས་ཏེ་སྦྲང་རྒོད་ཀྱིས་བསྡུས་ལ༔ རིལ་བུ་བྱས་ཏེ་དགྲ་བོའི་གཡག་ཤིང་ཁུག་པར་གྲོ་གའི་མེ་ལ་བསྲེགས་ཏེ་དུ་བ་བཏང་ན་དགྲ་བོའི་མིག་ལོང་བར་འགྱུར་རོ༔ ལོང་བྱེད་བསམ་ལེ་རླུང་ཞོན་གྱི་ལས་མཐའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སོ་ན་ན་ཀར་དང༔ སྐྱུ་རུ་རའི་ཆུས་བྱུག་གོ༔ སྤུ་ཤུད་ཀྱི་ཤ༔ ཤ་བྱའི་སྲིན༔ ཤ་ལོ་ཏེ༔ ཤ་མོའི་བསེ༔ ཤ་ཁྱིའི་སྨྱང་ལ་སྦྱར་ནས་དུད་པ་བཏང་ན་རླུང་ཕྱོགས་ཀྱི་ཁྱི་ཐམས་ཅད་ངུ་བར་འགྱུར་རོ༔ ལྟས་ངན་བསམ་ལེ་རླུང་ཞོན་གྱི་ལས་མཐའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཤ་བྷི་ནག་པོ་དང༔ མུ་ཟི་ནག་པོ་དང༔ ཚ་ལ༔ ར་དུག་པ༔ ཐར་ནུ་པ༔ བའི་ཤི་ཀྱིས་རིམས་ཤ་ཁྲག་རུས་གསུམ་དེ་རྣམས་བསྲེས་ནས༔ དགྲ་བོའི་ཐབ་ཏུ་བསྲེགས་ན་དུ་བ་ཕོག་ཚད་རིམས་ཀྱིས་འཆི་བར་འགྱུར་རོ༔ རིམས་ནད་བསམ་ལེ་རླུང་ཞོན་གྱི་ལས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རུ་རྟ༔ སྦྲང་རྩི༔ སྟག་མའི་འབྲུ་གུ༔ ཟྭའི་འབྲུ་གུ༔ མཛེ་ཁྲག་གིས་སྦྲུས་ཏེ་རིལ་བུ་བྱས་ཏེ་དགྲ་བོའི་གཡག་ཤིང་ཁུད་དུ་གྲོ་གའི་མེ་ལ་བསྲེགས་ནས་དུད་པ་བཏང་ན་དགྲ་བོ་ཞ་གྲུམ་དུ་འགྱུར་རོ༔ ཞ་གྲུམ་བསམ་ལེ་རླུང་ཞོན་གྱི་ལས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཙན་དུག༔ བྱང་བ་ནག་པོ༔ ཏི་ཚ་ནག་པོ༔ རྒྱ་སྐག༔ ཁྱི་ལུད༔ ཀ་རི་ཛི་ཏ་རྣམས་ཞིབ་ཏུ་བཏགས་ཏེ་དགྲ་བོའི་ཐབ་ཁུང་དུ་བསྲེགས་ན་ཁྲག་ནད་ཀྱིས་འཆི་བར་འགྱུར་རོ༔ ཁྲག་ནད་བསམ་ལེ་རླུང་ཞོན་གྱི་ལས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཙན་དུག༔ རི་ཝོང་གི་མཆིན་པ༔ ཏེ་ལོ་ནག་པོའི་མཁྲིས་པ་དང༔ ཏི་ཚ་ནག་པོ༔ བསྭེ་ཞོ༔ ཐར་ནུ་བ༔ དེ་རྣམས་སྐྱོབས་དང་བཅས་ཏེ་བསྲེས་ནས་དགྲ་བོའི་ཐབ་ཁུང་དུ་བསྲེགས་ན་དགྲ་བོ་མཁྲིས་པ་སྐྱུགས་ནས་འཆིའོ༔ མཁྲིས་ནད་བསམ་ལེ་རླུང་ཞོན་གྱི་ལས་མཐའ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཐར་ནུ༔ བསྭེ་ཞོ༔ སྡིག་པ་ནག་པོ༔ རྒྱ་ཚྭ༔ བཙན་དུག༔ དུག་སྦྲུལ་གྱི་ཤ༔ མཛེ་མོ་དང་ཡུགས་ས་མའི་ཁྲག༔ སྲོ་ལོ་བརྡུངས་པའི་ཁུ་བ༔ དབྱི་མོང་མེ་ཏོག༔ དེ་རྣམས་ཞིབ་ཏུ་བཏགས་ལ་བོང་བུའི་འོ་མ་དང་སྦྱར་ལ་རྫ་གསར་པའི་ནང་དུ་བླུགས་ལ་དབྱར་ཞག་གཅིག༔ དགུན་ཞག་གསུམ་ལུད་ཀྱི་དཀྱིལ་དུ་བསྙལ་ལོ༔ ལངས་པའི་རྟགས་སུ་སག་སག་ཟེར་འོང་ངོ༔ དེ་ནས་ཤིང་བུས་དཀྲུགས་ལ༔ ནམ་མཁའི་ལོ་མ་དང་མཐུར་གྱི་སྙིང་ལ་སྦྱར་ཏེ་དགྲ་བོའི་ལུས་ལ་རེག་པས་ཕུང་བར་འགྱུར་རོ༔ རེག་ཕུང་བསམ་ལེ་རླུང་ཞོན་གྱི་ལས་མཐའ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཙན་དུག༔ མུ་ཟི༔ བུལ་ཏོག༔ དུད་པ་བྱ་བལ་མ༔ བ་ཚྭ་རྣམས་དར་བ་རས་བོ་དང་རྟའི་ཆུ་བསྲེས་ཏེ༔ ཞག་གཅིག་བསྙལ་ལ་ཆར་བྱུང་བའི་དུས་སུ་དགྲ་བོའི་ཞིང་གི་ལྗང་པ་ལ་གཏོར་བས་ལྗང་པ་གྲིས་བཞར་བ་བཞིན་འགྲོ༔ སྔོ་གཅོད་བསམ་ལེ་རླུང་ཞོན་གྱི་ལས་མཐའ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མཛོ་དྲེལ་གྱི་ཁྲག་གི་ནང་དུ་རི་བོང་གི་སྤུ་གྲིས་གཏུབས་ཏེ་བཏབ༔ ཞག་བདུན་གྱི་བར་དུ་དྲོ་སར་གོས་ཀྱིས་བྱིབས་ནས་བསྙལ་བ་འབུ་ཆུང་དུ་འགྱུར་ཏེ་འོང༔ དེ་དགྲ་བོའི་ཞིང་ལ་གཏོར་ན་ལྗང་པ་རྩ་བ་ནས་ཟོས་ཏེ་སྐྱ་ཐེར་ལ་བརླག་པར་འགྱུར་རོ༔ སྐྱ་གཅོད་བསམ་ལེའི་ལས་མཐའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཙན་དུག༔ ལྷང་ཚེར་ནག་པོ༔ ཀྲེབ་མི་བུ་ཟ༔ རིས་ནག་པོ༔ མུ་ཟི་ནག་པོ༔ ཆང་ནང་དུ་སྦྱར་ཏེ་དགྲ་བོའི་ཐབ་ཏུ་བསྲེགས་ན་དགྲ་བོ་འདུས་ནད་ཀྱིས་འཆིའོ༔ འདུས་ནད་བསམ་ལེ་རླུང་ཞོན་གྱི་ལས་མཐའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁྱི་སྨྱོན་གྱི་ཀླད་པ༔ ཐང་ཕྲོམ་པ་གཉིས་ཟན་ལ་སྦྱར་ཏེ་དགྲ་བོའི་ཁྱི་ལ་བྱིན་ན་སྨྱོ་བར་འགྱུར་རོ༔ ཁྱི་སྨྱོན་དུ་བ་རླུང་ཞོན་གྱི་ལས་མཐའ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དགྲ་བོ་ཤིང་ཁམས་ཡིན་ན་ལྕགས་ལས་སྟོང་གིས་འཆི༔ མེ་ཁམས་ཡིན་ན་ཆུ་ལས་སྟོང་གིས་འཆི༔ དགྲ་བོ་ལྕགས་ཁམས་ཡིན་ན་མེ་ལས་སྟོང་གིས་འཆི༔ དགྲ་བོ་ཆུ་ཁམས་ཡིན་ན་ས་ལས་སྟོང་གིས་འཆི༔ འབྱུང་བས་གསོད་ཅིང་འབྱུང་བས་གསོ༔ གཤེད་བསྒྱུར་བསམ་ལེའི་ལས་མཐའ་འོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རེག་དུག་མཛེ་དང་ལྷོག་རྒོད་ཀྱིས་མི་གནོད་པའི་ཐབས་ནི༔ བཟང་དྲུག་གི་སྨན་རང་གི་དྲི་ཆུས་སྦྱངས་པ་དང༔ ར་ཤ་ར་ཁྲག་དང་བཅས་པ་ཁོང་དུ་བཏང༔ ཨ་མྲྀཏ་ར་ཚིལ་དྲི་ཆུ་སྦྱར་ལ་རིལ་བུ་སྤྱི་གཙུག་དང་རྩ་སྒོ་རྣམས་ལ་བྱུག༔ བསམ་ལེ་གདུག་པའི་དུག་འཇོམས་རེག་དུག་རང་ཉིད་སྲུང་བའི་མཆོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསང་བ་སྙིང་ཐིག་ཡང་གསང་ཉམས་ལེན་པའི༔ རྗེས་འཇུག་གང་ཟག་སྐལ་ལྡན་རྣལ་འབྱོར་ལ༔ དམ་ཉམས་དགྲ་བོས་གནོད་ཅིང་འཚེ་བྱེད་ན༔ བསྟན་སྲུང་ངན་ཐབས་བསམ་ལེ་རླུང་ཞོན་འདི༔ བྱ་སླ་ཚན་ཆུང་རྫས་ཀྱི་སྒྲུབ་པ་འདི༔ ཕྱི་རབས་དོན་དུ་བྱེ་མ་མུ་ཏྲས་བཀོད༔ རྩེ་གཅིག་རྫོགས་ཆེན་གསང་བ་སྙིང་ཐིག་འདི༔ ཉམས་ལེན་སྐྱེས་བུའི་རྒྱབ་རྟེན་མཆོག་ཏུ་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཉང་བན་བདག་གིས་པཎ་ཆེན་གསུང་བཞིན་རྫས་རྐྱང་པས་ལས་སྒྲུབ་པའི་བསྟན་སྲུང་འདི༔ ཆོས་བྱེད་ཉམ་ཆུང་དོན་དུ་ཡི་གེར་བྲིས་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཞྭའི་མགོན་པོ་དམ་ཚིག་ཅན་གྱིས་བཀའ་འདི་སྲུངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་འོད་གསལ་སྒྱུ་མས་ཤོག་སེར་ལེབ་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ཁྲོ་བོ་དཔལ་གྱིས་ཞུས་སོ།། ༼ཚ༽ ༄༅༔ རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་ཡང་ཟབ་བསྡུས་པའི་སྙིང་པོ་ལས༔ བཀའ་སྲུང་རྡོ་རྗེ་ལེགས་པའི་སྒྲུབ་ཡིག་བཞུགས་པ་ལགས་སོ༔ གསང་བདག་གཙོ་ལ་ཕྱག་འཚལ་ལོ༔ གསང་བ་སྙིང་ཏིག་རྫོགས་པ་ཆེ༔ ཚེ་གཅིག་ལུས་གཅིག་འདི་ཉིད་ལ༔ ཟག་བཅས་ཕུང་པོ་མི་སྣང་བར༔ འོད་ལུས་འགྲུབ་པའི་གདམས་པ་ཡི༔ གཏེར་སྲུང་སྙིང་ཉེ་ལས་མྱུར་བ༔ སྐྱེས་བུ་བཛྲ་ཐིག་ལེ་རྩལ༔ སྒྲུབ་པའི་ལས་རིམ་འདི་ལྟ་སྟེ༔ དབེན་པའི་གནས་སུ་ས་ནག་ལ༔ མཎྜལ་ཁྲུ་གང་སྒོར་མོ་བྱ༔ སྤོས་དང་དྲི་ཡིས་ཆག་ཆག་བཏབ༔ ནུབ་ཕྱོགས་བླངས་པའི་ས་དམར་ལ༔ རིན་ཆེན་སྨན་སྤོས་བཏབ་ལ་བསྲེ༔ སྤྱིན་པའི་འཇིམ་པས་མཁར་གྱི་གཟུགས༔ དམར་པོ་དུང་སྒོ་གཡུ་བད་ཅན༔ རིན་ཆེན་དྲྭ་ཕྱེད་འཕྱངས་པའི་གཟུགས༔ ལེགས་པར་བཅོས་པའི་ཁོང་ཉིད་དུ༔ བླ་རྡོ་ཕ་ཝང་ལོང་བུ་ལ༔ མཚལ་དང་ར་ཁྲག་བསྲེས་པ་ཡིས༔ སྲོག་སྔགས་གཡས་སྐོར་བྲིས་པ་དང༔ ར་སྙིང་མ་ཉམས་མ་རུལ་བ༔ གཞན་ཡང་སྨན་སྣ་རིན་པོ་ཆེ༔ འབྲུ་སྣ་དར་སྣ་ལ་སོགས་རྣམས༔ དར་དམར་དྲིལ་ལ་དེ་ནང་བཙུག༔ དེ་ཉིད་མཎྜལ་དབུས་སུ་བཞག༔ དེ་མདུན་བྲུབ་ཁུང་གྲུ་གསུམ་པ༔ མཐོ་གང་ཚད་དུ་ཡོད་པ་ལ༔ ཕྱི་ནི་རོ་སོལ་ནག་པོ་བྱུག༔ ནང་དུ་དུག་དང་གྲི་ཁྲག་བྱུགས༔ ཁ་ལ་སྐྱེར་པའི་རྩང་གིས་བསྐོར༔ དེ་ནང་དུག་ཤོག་མཐོ་གང་ལ༔ དགྲ་བོའི་སྐྱེ་མཆེད་ཅི་ལྟ་བ༔ བྲིས་པའི་དཔྲལ་བར་རུས་བྲི་ཞིང༔ སྙིང་གར་མིང་དང་བརླ་གཉིས་ལ༔ བླ་དྭགས་བྲིས་པའི་མཐའ་སྐོར་དུ༔ རྦད་གསད་སྔགས་བསྐོར་ཛཿཁྲཾ་བྲིས༔ གན་རྐྱལ་མགོ་བོ་མདུན་ཕྱོགས་བཞག༔ བདེན་སྟོབས་བརྗོད་ཅིང་འགུགས་གཞུག་ནི༔ ཡིད་ཆེས་མ་བྱུང་བར་དུ་བྱ༔ དེ་སྟེང་མཉྫི་འམ་ཁྲི་འུའི་ཁར༔ བཤོས་གཙང་བཙན་མཁར་ཁ་བད་ཅན༔ བཙན་བཤོས་ར་མགོས་བརྒྱན་པ་ལ༔ སྡེ་བརྒྱད་བཤོས་བུ་དཀོར་ཆས་བསྐོར༔ དཀར་དམར་ཤ་ཁྲག་རྒྱན་གྱིས་སྤྲས༔ ལྕགས་སམ་རིན་ཆེན་སྣོད་བཤམ་འགོད༔ དེ་སྟེང་རས་སམ་ཤོག་གུ་ལ༔ དམ་ཅན་སྐྱེས་བུའི་སྐུ་རྟེན་ལ༔ སྲོག་སྔགས་བྲིས་པ་དར་ཚོན་བརྒྱན༔ སྨྱུག་མ་ལ་བསྐྱོན་གཟུག་པར་བྱ༔ གཞན་ཡང་བླ་མ་ཡི་དམ་གྱི༔ མཆོད་གཏོར་སྨན་རག་ལ་སོགས་པ༔ མཐོ་བའི་སྟེགས་ལ་བཤམ་པར་བྱ༔ མདའ་མདུང་རལ་གྲི་མདའ་དར་དང༔ གཅན་གཟན་ལྤགས་སྤུ་རྔ་མ་སོགས༔ སྤྱན་གཟིགས་བག་དྲོ་ལྡན་པར་བྱ༔ དེ་ནས་རང་ཉིད་སྐྱབས་འགྲོ་དང༔ སེམས་བསྐྱེད་ཡན་ལག་བདུན་པ་བྱ༔ བགེགས་གཏོར་བཏང་ཞིང་སྲུང་འཁོར་བསྒོམ༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ གསང་བདག་ཕྱག་ན་རྡོ་རྗེའི་སྐུ༔ ཞལ་གཅིག་ཕྱག་གཉིས་རྔམ་བརྗིད་ཅན༔ རྡོ་རྗེ་སྡིགས་མཛུབ་སྦྲུལ་ཞགས་བསྣམས༔ ཞབས་གཉིས་འདོར་སྟབས་དྲེགས་པ་གནོན༔ དུར་ཁྲོད་རབ་བརྗིད་རྒྱན་གྱིས་སྤྲས༔ ཡེ་ཤེས་མེ་རིའི་ཀློང་ན་བཞུགས༔ གནས་གསུམ་སྐུ་གསུང་ཐུགས་ཡིག་མཚན༔ འོད་འཕྲོས་བླ་མ་ཡི་དམ་དང༔ ཕྱག་རྡོར་ཡེ་ཤེས་སེམས་དཔའི་ཚོགས༔ སྤྱན་དྲངས་གཉིས་སུ་མེད་པར་བསྟིམ༔ དེ་ལྟར་བསྐྱེད་རིམ་གསལ་བ་ལ༔ རིག་པ་ངར་བསྐྱེད་སྔགས་འདི་བཟླ༔ ཨཱོྃ་ནཱི་ལམ་བ་ར་དྷཱ་ར་བཛྲ་པཱ་ཎི་ཧཱུྃ༔ བརྒྱ་སྟོང་ཁྲི་སོགས་གང་འགྲུབ་བཟླ༔ དེ་ནས་རྟེན་མཁར་སྒྲུབ་གཏོར་སོགས༔ དམིགས་མེད་སྟོང་པའི་ངང་ཉིད་ལས༔ ལྕགས་སོགས་རིན་ཆེན་སྣ་ལྔའི་མཁར༔ ཐོག་དང་གློག་གི་མེ་འོད་འཁྱུགས༔ དེ་ནང་ཐོད་མཁར་ཡངས་པའི་དབུས༔ ཡི་གེ་ཏྲི་ལས་བྱུང་བ་ཡི༔ སྐྱེས་བུ་དམ་ཅན་ཐིག་ལེ་རྩལ༔ མདོག་དམར་ཞལ་གདངས་མཆེ་བ་གཙིགས༔ སྤྱན་གསུམ་སྡང་མིག་གློག་ལྟར་འཁྱུགས༔ དབུ་ལ་མོན་གྱི་སྭག་ཞུ་གསོལ༔ ཕྱག་གཡས་གསེར་གྱི་རྡོ་རྗེ་ལ༔ གཡོན་པས་དགྲ་སྙིང་དམར་པོ་བསྣམས༔ དུར་ཁྲོད་ཆས་དང་བེར་ཆེན་གསོལ༔ ཆིབས་སུ་སེང་གེ་དཀར་མོ་བཅིབས༔ རང་འདྲའི་སྐུ་གསུང་ཐུགས་སྤྲུལ་པ༔ དཀར་མཐིང་ལྗང་བའི་མདོག་ཅན་དང༔ ཐུགས་ཟིན་བཙུན་མོ་ན་ཆུང་ཚོགས༔ མཆེད་འཁོར་སུམ་བརྒྱ་དྲུག་ཅུ་རྣམས༔ རྒྱན་དང་ཆ་ལུགས་སྣ་ཚོགས་ལ༔ གཅན་གཟན་རྟ་དང་ར་སྐྱེས་སོགས༔ སྣ་ཚོགས་ཞོན་ལ་རྐྱ་རྐང་ཚོགས༔ ཕྱག་མཚན་མདའ་མདུང་རལ་གྲི་དང༔ ཞགས་པ་ཁ་ཊྭཱཾ་ཟས་གཞོང་སོགས༔ གཅིག་ཏུ་མ་ངེས་སྣ་ཚོགས་བསྣམས༔ སྟོང་གསུམ་ཀུ་སྒྲ་བསྭོ་སྒྲས་འདེབས༔ དེ་ལྟར་དམིགས་པ་གསལ་བར་བསྒོམ༔ རང་ཉིད་ཡི་དམ་ཐུགས་ཀ་ནས༔ འོད་འཕྲོས་དམ་ཅན་འཁོར་བཅས་ཀྱི༔ ཐུགས་ཀར་ཕོག་པས་རང་གནས་ནས༔ ཁ་བ་བུ་ཡུག་འཚུབས་པ་བཞིན༔ བྱོན་ཏེ་རྟེན་ལ་ཐིམ་པར་བསམ༔ སྲོག་སྔགས་འབོད་རྦད་གསད་གསུམ་འདི༔ གསལ་ཞིང་དག་པར་དྲག་ཏུ་བཟླ༔ འབོད་པ།་་་ཨཱོྃ་བཛྲ་སཱ་དྷུ་ས་མ་ཡཱ་ཧས་བྱ་ཧུས་བྱ་ཙིཏྟ་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཛཿཛ༔ རྦད་པ།་་་བཛྲ་སཱ་དྷུ་གིང་ཀ་ར་ཧྲཱིང་ཧྲཱིང་བཛྲ་སཱ་དྷུ་སརྦ་ས་མ་ཡཱ་ཡཀྴ་གིང་ཀ་ར་ཙིཏྟ་ཛྭ་ལ་རཾ༔ ཝཱ་ཀ་ཏྲི་ཎི་ཤི་རྣྲྀ་ས་མ་ཡཱ་སཱ་དྷུ་བཛྲ་ས་མ་ཡཱ་ཕྲ་ན་རྦད་ཐུམ༔ ཚེ་ལ་གུར་རྦད་ཏི་ས་དུ་ཡཱ་བྷྱོ༔ གསད་པ།་་་གིང་ཀ་ར་ཏྲག་ཨ་པ་ར་ཁྲོན་བྷྱོ༔ ྈམཱ་ར་ཡ་རྣྲྀ་དུ་ཛ༔ གིང་ཀ་ར་ས་མ་ཡཱ་མུ་ལ་རཀྟ་མུ་ཏི་བྷྱོ༔ སི་ཤི་ཏྲི་མཱ་ར་ཡ་རྦད་བྷྱོ༔ མཱ་ར་ཡ་རྦུད་བྷྱོ༔ མཱ་ར་ཡ་ཐུན་བྷྱོ༔ བཛྲ་སཱ་དྷུ་སརྦ་ཨ་མུ་ཀ་ཙིཏྟ་མཱ་ར་ཡ་རྦད་བྷྱོ༔ ཞག་ནི་ཉི་ཤུ་རྩ་གཅིག་ཏུ༔ སྨྲ་བ་བཅད་ལ་དྲག་ཏུ་བཟླ༔ སྐབས་སུ་གཏོར་མ་བསྟོད་བསྐུལ་བྱ༔ ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་དང༔ ཀེ་ཚེ་ཤང་ཚེ་ཉུངས་ཚེ་ཡང༔ སྔགས་ཀྱིས་ངར་བླུད་ཐོད་ནང་བླུག༔ བྲུབ་ཁུང་ནང་གི་ལིངྒ་བཏོན༔ སླ་ངའི་ནང་དུ་གན་རྐྱལ་བཞག༔ ཐུན་རྣམས་མེ་ལྕེར་སོང་ནས་སུ༔ བྲབ་པས་གཞོབ་ཏུ་འཚིག་པར་བསམ༔ འགུགས་གཞུག་འགུགས་འདྲེན་སྔར་བཞིན་བྱ༔ སླར་ཡང་བྲུབ་ཁུང་ནང་དུ་བཅུག༔ དེ་ལྟར་བསྒྲུབས་པའི་རྨི་ལམ་དུ༔ དགེ་བཤེས་བོན་པོ་ཨ་ཙ་ར༔ ཞང་བློན་བྱིས་པ་དཔོན་རྐྱ་དང༔ མི་རེངས་དམར་པོ་ལྕགས་སྤྱང་སོགས༔ མདུན་དུ་བྱུང་ཞིང་འདུད་པ་དང༔ དགྲ་བོའི་དོན་སྙིང་ནང་རོལ་དང༔ ཤ་ཁྲག་ལྤགས་པ་ཁྱེར་རྨིས་ཤིང༔ ཡང་ན་བྱ་ཁྲས་བྱི་འུ་བསད༔ རི་ཁྱིས་རི་དྭགས་བསད་པ་སོགས༔ རྨི་ལམ་ཉམས་སམ་དངོས་དག་ཏུ༔ བྱུང་ན་ལས་ལ་སྦྱར་བ་ནི༔ དུག་ཤིང་ཚེར་མའི་ཧོམ་ཁུང་དུ༔ མེ་སྦར་དེ་ཡི་དབུས་ཉིད་དུ༔ སྐྱེས་བུ་བཛྲ་ཐིག་ལེ་རྩལ༔ འཁོར་བཅས་ཞལ་གདངས་བཞུགས་པར་བསྐྱེད༔ ལིངྒ་དགྲ་བོ་དངོས་སུ་བསམ༔ ཤ་ཁྲག་ཞལ་དུ་གསོལ་བར་བསམ༔ མེར་བསྲེགས་ཐལ་བ་ཧོམ་རོ་རྣམས༔ རྒྱ་གྲམ་ལམ་གྱི་འོག་ཏུ་གནན༔ གཏོར་མ་བསྐུལ་དང་བཅས་ནས་ནི༔ དགྲ་བོ་གནས་པའི་ཕྱོགས་སུ་འཕང༔ དམོད་མོ་བྲང་བརྡུང་གཡབ་མོ་རྡུལ༔ སྐྱེས་བུ་བཛྲ་ཐིག་ལེ་ཡིས༔ དགྲ་ཡུལ་དམག་གིས་བཀང་ནས་སུ༔ དགྲ་བོ་མི་ནོར་འཁོར་བཅས་རྣམས༔ རྡུལ་ཕྲན་བཞིན་དུ་བརླགས་པར་བསམ༔ དེས་ནི་ལས་རྣམས་ཐོགས་མེད་འགྲུབ༔ ནང་ལོག་གཏང་རག་མཆོད་གཏོར་འབུལ༔ བླ་རྡོ་རྟེན་རྫས་སྐུ་འབག་རྣམས༔ དར་སྣའི་ཁུག་མར་ར་གསུར་དང༔ སྤོས་དཀར་བདུག་པའི་ནང་དུ་བླུག༔ རང་གི་མཆན་ཁུང་གཡོན་དུ་བཅང༔ ལུས་དང་གྲིབ་མའི་ཚུལ་བཞིན་དུ༔ སྲུང་སྐྱོབ་སྲི་ཞུ་བྲན་བཞིན་བྱེད༔ འདི་ནི་སེམས་སྲབ་སྙིང་ཉེ་ཞིང༔ རུ་ང་ཕྲག་དོག་ཆེ་བས་ན༔ སྐོང་གསོ་མཆོད་གཏོར་དག་ལ་འབད༔ བསྒྲུབས་པའི་རྗེས་ཤུལ་མི་མངོན་བྱ༔ བཀྲ་ཤིས་བརྗོད་ཅིང་རང་ལུས་བསྲུང༔ དེ་ལྟར་བགྱིས་པས་ཚེ་དཔལ་དང༔ ལོངས་སྤྱོད་མི་ནོར་ཟས་གསུམ་འཕེལ༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་འགྱུར༔ རྫོགས་ཆེན་གསང་བ་སྙིང་ཐིག་གི༔ བཀའ་སྲུང་གཉན་པོ་དམ་ཚིག་ཅན༔ སྐྱེས་བུ་དམ་ཅན་ཐིག་ལེ་རྩལ༔ གང་དེའི་སྒྲུབ་ཐབས་ཡི་གེ་འདི༔ བདག་ཉིད་ཉང་བན་ཏིང་འཛིན་གྱིས༔ ལེགས་པར་སྦྱར་པས་སངས་རྒྱས་ཀྱི༔ བསྟན་པ་གཉན་པོ་བསྲུང་བར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཞྭའི་མགོན་པོ་དམ་ཚིག་ཅན་ལ་གཏོད༔ ཐུབ་པར་སྲུངས་ཤིག༔ བདག་འདྲ་འོད་གསལ་སྒྱུ་མས་དབུ་རུ་ཞྭ་ལྷ་ཁང་ནས་སྤྱན་དྲངས་པའི་ཤོག་སེར་ལེབ་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ཁྲོ་བོ་དཔལ་གྱིས་ཞུས་སོ།། ༼ཛ༽ ༄༅༔ རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་ཡང་ཟབ་བསྡུས་པའི་སྙིང་པོ་ལས༔ རྡོ་རྗེ་ལེགས་པའི་གསོལ་མཆོད་ཀྱི་ཡི་གེ་བཞུགས་སོ༔ དཔལ་གསང་བའི་བདག་པོ་ལ་ཕྱག་འཚལ་ལོ༔ རྫོགས་པ་ཆེན་པོའི་བཀའ་སྲུང༔ དམ་ཅན་རྡོ་རྗེ་ལེགས་པ་མཆོད་པའི་རིམ་པ་ནི༔ རིན་པོ་ཆེའི་སྣོད་དུ་གཏོར་མ་བརྗིད་ལྡན་ཤ་ཁྲག་གིས་བརྒྱན་པ་ལ༔ ཆུ་ཆང་སྨན་རག་སྦྲེང་ལ༔ ཨཱོྃ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ལ༔ སྤོས་དང་ཚིལ་ཆེན་རའི་གསུར་བསྲེག་ཅིང༔ རང་ཉིད་ཕྱག་ན་རྡོ་རྗེར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྡོ་རྗེ་ལེགས་པ་འཁོར་དང་བཅས་པ་སྐད་ཅིག་གིས་མདུན་དུ་བཀའ་ཉན་གསུང་སྡོད་དུ་བསམ་ལ༔ རོལ་མོ་བསྒྲག་ཅིང་སྙན་པའི་དབྱངས་ཀྱིས་འདི་སྐད་དོ༔ ཀྱཻ༔ རྡོ་རྗེ་འཛིན་པའི་བཀའ་ཉན་པ༔ ལྷོ་ནུབ་སྲིན་པོའི་གྲོང་ཁྱེར་ནི༔ མ་ལ་ཡ་ཡི་ཤར་ཕྱོགས་ན༔ སྲིན་མོ་ཁ་ཡི་བྲག་ཕུག་ན༔ ཕ་ནི་བདུད་ལ་མ་ནི་སྲིན༔ བདུད་སྲིན་འཚོགས་པའི་མཐུ་བོ་ཆེ༔ སྐྱེས་བུ་བཛྲ་ཐིག་ལེ་རྩལ༔ སྐུ་མདོག་དམར་ལ་འོད་ཟེར་འཕྲོ༔ ཕྱག་མཚན་རྡོ་རྗེ་དགྲ་སྙིང་བསྣམས༔ དར་དཀར་སྟག་ཆས་བེར་ཆེན་གསོལ༔ བཙུན་མོ་སྲས་དང་ཡང་སྤྲུལ་བཅས༔ མཆེད་འཁོར་སུམ་བརྒྱ་དྲུག་ཅུའི་ཚོགས༔ ཚུར་བྱོན་ཚུར་བྱོན་གནས་འདིར་གཤེགས༔ ཨཱོྃ་བཛྲ་སཱ་དྷུ་ས་མ་ཡཱ་ཧས་བྱ་ཧུས་བྱ་ཙིཏྟ་ཨེ་ཨཱ་རལླི་ཧྲཱིང་ཧྲཱིང་ཛཿཛ༔ ཧཱུྃ༔ རིན་ཆེན་འབར་བའི་ཕོ་བྲང་འདིར༔ ཞིང་ཆེན་བམ་རོའི་གདན་སྟེང་དུ༔ སྐྱེས་བུ་དམ་ཅན་འཁོར་བཅས་རྣམས༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ བཛྲ་སཱ་དྷུ་ས་མ་ཡ་ཏིཥྛ་ལྷན༔ ཀྱཻ༔ དགྲ་བླ་ཉག་གཅིག་མཐུ་བོ་ཆེ༔ ཞལ་ནས་གདུག་པའི་ངན་སྔགས་སྒྲོག༔ སྐུ་ལ་མེ་ཡི་ཚྭ་ཚྭ་འཕྲོ༔ དཔལ་ཆེན་གསང་བདག་བཀའ་བཞིན་དུ༔ དམ་ལ་མ་འདའ་བསྟན་པ་སྲུངས༔ དྲག་ཤུལ་ཅན་ལ་བདག་བསྟོད་དོ༔ ཧཱུྃ༔ མཛེས་པའི་མེ་ཏོག་དྲི་ཞིམ་སྤོས༔ སྣང་གསལ་མར་མེ་དྲི་ཆབ་དང༔ རོ་ལྡན་ཞལ་ཟས་སྙན་པའི་སྒྲ༔ འདོད་ཡོན་རྣམ་ལྔ་ལོངས་སྤྱོད་ཚོགས༔ དམ་རྫས་བདུད་རྩི་ཨ་མྲྀ་ཏ༔ ཁམས་གསུམ་དབང་སྡུད་རཀྟའི་མཚོ༔ ཐུགས་དམ་དགྱེས་སྐོང་བྷ་ལིཾ་ཏ༔ སྤྱན་གཟིགས་དཀོར་ཆའི་དགྱེས་མཆོད་རྣམས༔ སྐྱེས་བུ་རྡོ་རྗེ་ལེགས་པ་དང༔ བཙུན་མོ་སྲས་བཅས་མཆེད་འཁོར་གྱི༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ སྔོན་གྱི་ཐུགས་དམ་ཅི་བཞིན་དུ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨཱོྃ་བཛྲ་སཱ་དྷུ་ཧས་བྱ་ཧུས་བྱ་སརྦ་ས་པ་རི་ཝཱ་ར༔ པུཥྤེ་སོགས་ནས་ཤབྡ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་ཨ་མྲྀཏ་རཀྟ་བྷ་ལིཾ་ཏ༔ སརྦ་པཱུ་ཙ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ཕུལ་བས་འཁོར་བཅས་དགྱེས་ཏེ་གང་བཅོལ་གྱི་ཕྲིན་ལས་སྒྲུབ་པར་བསམ་ལ༔ བསྐུལ་པ་ནི༔ ཧཱུྃ༔ ལྷོ་ནུབ་སྲིན་པོའི་འཇིག་རྟེན་ནི༔ མ་ལ་ཡ་ཡི་ཤར་ཕྱོགས་ན༔ སྲིན་མོ་ཁ་ཡི་བྲག་ཕུག་ནི༔ རླུང་ནག་འཚུབས་མའི་དཀྱིལ་འཁོར་དེར༔ འབྲུག་ཆེན་སྒྲ་སྒྲོག་ཏི་རི་རི༔ གློག་དམར་གནམ་ལྕགས་བུ་ཡུག་འཚུབས༔ ཁྲག་གི་སྐྱིན་ཐང་སེར་ཆེན་འབེབ༔ དེ་ལྟ་བུ་ཡི་ཀློང་དཀྱིལ་ནས༔ སྐྱེས་བུ་ཆེན་པོ་སྐུ་བཞེངས་ཤིག༔ སྟོང་དཔོན་ཆེན་པོ་སྐུྎ སྒྲོལ་གིང་ཆེན་པོ་སྐུྎ སྲོག་བདག་ཆེན་པོ་སྐུ་སྐྱོད་ཅིག༔ ཚོང་དཔོན་ཆེན་པོ་སྐུྎ དམག་དཔོན་ཆེན་པོ་སྐུྎ མོན་པ་ནག་པོ་སྐུྎ རྡོ་རྗེ་ལེགས་པ་སྐུྎ བཙུན་མོ་མཆེད་འཁོར་སྐུ་སྐྱོད་ཅིག༔ བྷ་ལིཾ་མཆོད་པ་འདི་བཞེས་ལ༔ དགྲ་བགེགས་ཐལ་བ་རྡུལ་དུ་རློགས༔ ཧཱུྃ༔ དབུ་རུ་ཞྭ་ཡི་ལྷ་ཁང་དུ༔ ཉང་བན་ཏིང་འཛིན་བཟང་པོ་ཡིས༔ གཏེར་གྱི་སྲུང་མར་བཀའ་བསྒོས་ཚེ༔ རང་གིས་ཁས་བླངས་དམ་བཅས་པའི༔ དམ་ཚིག་གཉན་པོ་རབ་དགོངས་ནས༔ རྣལ་འབྱོར་བདག་གི་གྲོགས་མཛོད་ལ༔ དགྲ་དང་བགེགས་རྣམས་མེད་པ་དང༔ བསམ་པ་ཐམས་ཅད་འགྲུབ་པར་མཛོད༔ བསྙེན་སྒྲུབ་ཏིང་འཛིན་སྒོམ་པ་ལ༔ མི་དང་མི་མིན་བར་ཆད་ཚོགས༔ ཐམས་ཅད་ཉེ་བར་ཞི་བར་མཛོད༔ ཞི་རྒྱས་དབང་དང་དྲག་པོའི་ལས༔ འགུགས་དང་བསྐྲད་དང་གནན་གཟིར་སོགས༔ གང་བཅོལ་ཐམས་ཅད་འགྲུབ་པར་མཛོད༔ ཅེས་ཕུད་དང་གསེར་སྐྱེམས་གཏོར་ཞིང༔ གང་འདོད་ཀྱི་དམོད་བཅོལ་བྱའོ༔ གཏེར་སྲུང་དམ་ཅན་རྡོ་རྗེ་ལེགས་པའི་གསོལ་མཆོད་ཀྱི་རིམ་པ༔ ཉང་བན་ཏིང་འཛིན་བཟང་པོས་ཡི་གེར་བྱས་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཕྱི་རབས་སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཞྭའི་མགོན་པོ་དམ་ཚིག་ཅན་ལ་གཏད་དོ༔ ཐུབ་པར་སྲུངས་ཤིག༔ བདག་འདྲ་འོད་གསལ་སྒྱུ་མས་ཞྭ་ལྷ་ཁང་ནས་སྤྱན་དྲངས་པའི་ཤོག་སེར་ལེབ་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ཁྲོ་བོ་དཔལ་གྱིས་བགྱིས་པའོ། །སརྦ་མངྒ་ལཾ།། །།

བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ཕྲིན་ལས་བྱང་བུ་འཇུག་བདེར་བཀོད་པ་མཆོག་གསང་གྲུབ་པའི་བདེ་ལམ་ (Volume 15, Text 1)

༄༅། །བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ཕྲིན་ལས་བྱང་བུ་འཇུག་བདེར་བཀོད་པ་མཆོག་གསང་གྲུབ་པའི་བདེ་ལམ་ཞེས་བྱ་བ་བཞུགས་སོ། ། བླ་མ་དཔལ་ཆེན་སྒྲུབ་པ་སྡེ་བརྒྱད་ཀྱི་ལྷ་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར་གཅིག་ཏུ་རྒྱལ་ཀུན་གསང་བ་རྫོགས། །བསྒོམ་པས་གྲུབ་སྟེར་འབྲེལ་ཚད་ཐར་པར་སྦྱོར། །ཀློང་དགུའི་དཀྱིལ་འཁོར་ལྷ་དང་ཁྱབ་བདག་ཏུ། །གདོད་ནས་གྲུབ་པ་ཐོད་ཕྲེང་རྩལ་ལ་འདུད། །གྲུབ་བརྙེས་རིག་འཛིན་བྱེ་བ་གཤེགས་པའི་ལམ། །སྲས་བཅས་རྒྱལ་བའི་ཐུགས་ཀྱི་ཐིག་ལེ་མཆོག །གནས་གསུམ་མཁའ་འགྲོའི་གཅེས་པའི་དབྱིག་མཆོག་འདིར། །འཇུག་བདེའི་ཁྲིགས་སུ་བསྡེབ་ལ་གནང་བ་སྩོལ། །དེའང་འདི་ཉིད་ཀྱི་དཀྱིལ་འཁོར་ཆེན་པོར་དབང་གིས་རྒྱུད་སྨིན་ཅིང་དམ་ཚིག་གི་སྲོག་རྩ་བརྟན་པའི་སྒྲུབ་པ་པོ་དངོས་གྲུབ་དོན་དུ་གཉེར་བས། མཚན་ཉིད་དང་ལྡན་པའི་གནས་སུ་དམ་ཚིག་གི་བྲིས་སྐུ་སོགས་རྟེན་བཀྲམ་པའི་མདུན་དུ་སྟེགས་བུ་གཙང་མར་དཀྱིལ་འཁོར་བ་དང་བཀའ་སྲུང་གི་མཆོད་གཏོར་སྨན་རཀ་ཕྱི་མཆོད་སོགས་ཕྱག་ལེན་ལྟར་བཀོད། ཉེར་མཁོའི་ཡོ་བྱད་རྣམས་ཀྱང་ཚོགས་པར་བྱས་ནས། ཕྲིན་ལས་དངོས་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་ལས་རིམ་མོ། །དང་པོ་ལ་གཉིས། སྤྱི་དང་བྱེ་བྲག་གོ །དང་པོ་ཆོ་ག་སྤྱིའི་ཡན་ལག་དང་མཐུན་པར་སྐྱབས་སེམས་ནི། ཏྲཱཾ་རཏྣ་མཎྜ་ལ། པཾ་པདྨ་མཎྜ་ལ། མ་སཱུརྻ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲི་པད་ཉི་ཟླ་བའི་གདན་རྣམས་གསལ་བར་གྱུར། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བླ་མ་རིག་འཛིན་དཔལ་ཆེན་གཙོ་དགུའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཛྲ་ས་མཱ་ཛཿ བླ་མ་སངས་རྒྱས་འཁོར་དང་བཅས༔ ཀུན་ནས་བདག་ལ་དགོངས་སུ་གསོལ༔ བླ་མ་དཀོན་མཆོག་རྣམ་གསུམ་ལ༔ བྱང་ཆུབ་མ་ཐོབ་བར་དུ་ནི༔ སྐྱབས་ཀྱི་མཆོག་ཏུ་བཟུང་བར་བགྱི༔ སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས༔ འགྲོ་དོན་སངས་རྒྱས་འཐོབ་བྱའི་ཕྱིར༔ སྨོན་པའི་བྱང་ཆུབ་སེམས་ནི་བསྐྱེད༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ༔ ལན་གསུམ། རྒྱུན་བཤགས་ཡན་ལག་བརྒྱད་པས་ཚོགས་གསག་པ་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་བྱ། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཛཿཧཱུྃ་བཾ་ཧོཿ ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། འབྱུང་གཏོར་གཏང་བ་ནི། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་ཁཾ་ལས་གླུད་གཏོར་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ། གསུམ། སརྦ་བྷཱུཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་འགུགས། ཨ་ཀཱ་རོ་གསུམ་གྱིས་བསྔོ། ཧཱུྃ༔ ཡང་དག་དོན་ལ་མི་མོས་ཤིང༔ མི་དང་མི་མིན་ལོག་འདྲེན་བགེགས༔ ལན་ཆགས་རེ་གཏོར་འདི་ཁྱེར་ལ༔ གནས་འདི་ཁོར་ཡུག་ཚུན་ཆད་དུ༔ སྐད་ཅིག་ཙམ་ཡང་འདའ་མ་བྱེད༔ གལ་ཏེ་ང་ཡི་བཀའ་འདས་ན༔ བདེ་གཤེགས་མཁའ་འགྲོ་ཀུན་འདུས་ནས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློག༔ ཅེས་བགེགས་གཏོར་ཕྱིར་དོར་རོ། །གཉིས་པ་བྱེ་བྲག་གཏེར་གཞུང་གི་རྩིས་འགོས་བསྡུས་པ་སྔོན་འགྲོའི་ལས་བདུན་དུ་གསུངས་པའི་དང་པོ་མཚམས་བཅད་པ་ལ། ཐོག་མར་བཀའ་བསྒོ་བ་ནི། སྟོང་པའི་ངང་ལས་སྐད་ཅིག་གིས་བདག་ཉིད་དཔལ་ཆེན་གཙོ་དགུ་མེ་འབར་བའི་ཀློང་ན་བཞུགས་པའི་སྐུ་ལས་སྤྲུལ་པ་ཡང་སྤྲུལ་གྱི་ཁྲོ་ཚོགས་སྐར་ལྟར་འཁྲུགས་པས་བགེགས་ཐམས་ཅད་རྒྱང་རིང་དུ་བསྐྲད་པར་གྱུར། ཧཱུྃ༔ རྒྱལ་བ་ཞི་ཁྲོ་ཡོངས་རྫོགས་དཀྱིལ་འཁོར་དུ༔ སྣང་སྲིད་རྣམ་དག་ཡེ་ཤེས་ལྷ་ཡི་ཚོགས༔ ཀུན་བཟང་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ རིག་རྩལ་རྣམ་དག་ཐབས་ཤེས་གཡུང་དྲུང་ལྷ༔ འདི་ལ་ལོག་པར་ལྟ་བའི་དགྲ་དང་བགེགས༔ བདུད་སྡེ་དཔུང་བཅས་ཐམས་ཅད་ཕྱིར་དེངས་ཤིག༔ ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ༔ གྲྀཧྞ་གྲྀཧྞ་ཧཱུྃ༔ གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོ༔ བྷ་ག་བཱན་བིདྱ་རཱ་ཛ་ཧཱུྃ་ཕཊ༔ མཚོན་ཆ་མེ་ཕུང་གི་མཚམས་ནི། ཧཱུྃ༔ བདག་ཉིད་དཔལ་ཆེན་ཁྲག་འཐུང་ཐུགས་ཀ་ནས༔ དྲག་པོའི་བྱིན་རླབས་མཚོན་ཆའི་འོད་ཟེར་འཕྲོ༔ མཚོན་ཆའི་གུར་ཆེན་ཡེ་ཤེས་མེ་ཕུང་འབར༔ ཕྱོགས་མཚམས་སྟེང་འོག་ཀུན་ཏུ་ཁྱབ་པར་སྲུངས༔ ཧཱུྃ་བཛྲ་ཙཀྲ་ཏཱིཀྵ་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ༔ ཁྲོ་བོ་རོལ་པའི་མཚམས་ནི། ཐུགས་ཀའི་ཧཱུྃ་ལས་ཁྲོ་བོ་ཊཱཀྐི་རཱ་ཛ་མཐིང་ནག་ཐོ་བ་དང་ཞགས་པ་འཛིན་པ་གྲངས་མེད་སྤྲོས། ཕྱོགས་སྐྱོང་བཅུ་བཀུག་སྟེ་ཕྱོགས་བཅུར་བསྣོལ་བའི་སྟེང་དུ་ཧཱུྃ་ཡིག་རྣམས་སྤྲོས་པ་ཁྲོ་བོའི་ཚོགས་སུ་གྱུར་པས་སྲུང་བའི་ཕྲིན་ལས་མཛད་པར་གྱུར། ཧཱུྃ༔ དྲེགས་པ་ལྷ་ཆེན་ཕྱོགས་སྐྱོང་བསྣོལ་བའི་སྟེང༔ ཆེ་མཆོག་ལ་སོགས་དཔལ་ཆེན་ཁྲོ་རྒྱལ་ཚོགས༔ གར་དགུའི་ཚུལ་གྱིས་ཧཱུྃ་སྒྲ་སྒྲོག་ཅིང་བཞུགས༔ བར་ཆད་འབྱུང་པོ་ཐམས་ཅད་རྡུལ་དུ་རློག༔ ཨོཾ་བཛྲ་ཀྲོ་དྷ་སྭ་བྷཱ་བ་ས་མ་ཡ་རུ་ལུ་རུ་ལུ་ཧཱུྃ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཙཀྲ་ཛྭ་ལ་མཎྜ་ལ་ཧ་ལ་ཧ་ལ་ཧཱུྃ་ཕཊ༔ གཉིས་པ་བརྡ་སྒོ་དབྱེ་བ་ནི། སྣོད་བཅུད་གདོད་ནས་གཞལ་ཡས་ཁང་དང་ལྷའི་རང་བཞིན་དུ་ཤེས་པས། ཧཱུྃ༔ སྣང་སྲིད་ཐམས་ཅད་བདེ་ཆེན་གཞལ་ཡས་ཁང༔ གཟུགས་སྣང་ཐམས་ཅད་རང་རིག་ཡེ་ཤེས་ལྷ༔ དེ་ཉིད་མ་རྟོགས་མ་རིག་སྒོ་བཅད་པས༔ རང་གསལ་ཡེ་ཤེས་འཆར་སྒོ་ད་ཕྱེས་ཤིག༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ གསུམ་པ་བརྡ་ཕྱག་འཚལ་བ་ནི། དེ་དག་རང་སེམས་ལས་གཞན་དུ་མ་གྲུབ་པར་ཤེས་པས། ཧཱུྃ༔ རང་བྱུང་ཡེ་ཤེས་སྙིང་པོ་སེམས་ཀྱི་ལྷ༔ མ་རྟོགས་རང་ངོ་རང་གིས་མ་ཤེས་པས༔ ཡེ་ནས་རང་དང་འགྲོགས་ཀྱང་ཞལ་མ་མཇལ༔ རང་གསལ་བརྡ་ཡིས་དོན་དང་མཇལ་ཕྱག་འཚལ༔ ཧཱུྃ་ཧེ་རུ་ཀ་ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ བཞི་པ་དམ་བཅའ་བ་ནི། དེ་ལྟར་རྟོགས་པ་ལས་ནམ་ཡང་མི་འདའ་བའི་བློས། ཧཱུྃ༔ དུས་གསུམ་བདེ་གཤེགས་རྒྱལ་བ་ཞི་ཁྲོའི་ཚོགས༔ བསྐལ་པ་སྔོན་འདས་དུས་ནས་ཡི་དམ་ལྷ༔ ད་ལྟ་གཉིས་མེད་དོན་དམ་རང་ངོ་ཤེས༔ སྲོག་གི་ཕྱིར་ཡང་མི་གཏང་བསྒྲུབ་ལགས་སོ༔ ཧཱུྃ་བཛྲ་ཙིཏྟ་ས་མ་ཡ་ཧཱུྃ༔ ལྔ་པ་བྱིན་དབབ་པ་ནི། ཐུགས་སྲོག་འོད་ཟེར་གྱིས་བསྐུལ་བས་རྒྱལ་བ་ཐམས་ཅད་སྒྲུབ་ཆེན་ཡོངས་རྫོགས་ཀྱི་རྣམ་པར་བྱོན་ནས་བདག་གནས་ཡོ་བྱད་རྣམས་ལ་ཐིམ་པས་སྣོད་བཅུད་ཡེ་ཤེས་ཀྱི་འཁོར་ལོར་གྱུར་པར་མོས་ལ་དབྱངས་རོལ་སྦྱར་སྤོས་ཀྱིས་མཚོན་པར། ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་ལྔ་ཡི་ཕོ་བྲང་ནས༔ ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང༔ ལོངས་སྐུ་རིགས་ལྔ་ཞི་ཁྲོ་འཁོར་དང་བཅས༔ སྤྲུལ་སྐུ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་རྣམས༔ ཐུགས་དམ་དབང་གིས་གནས་འདིར་གཤེགས་སུ་གསོལ༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་གསོལ༔ གསང་བའི་དཀྱིལ་འཁོར་འདི་ལ་བྱིན་ཞིག་ཕོབ༔ ཁྱེད་ཀྱི་ཐུགས་རྗེ་མཆོག་གིས་བཟུང་དུ་གསོལ༔ ཨོཾ་ཤྲཱི་བཛྲ་ཀྲོ་དྷ་ཧེ་བ་དེ་བ་སརྦ་དུཥྚཱཾ་ཌཱ་ཀི་ནཱི་ས་མ་ཡ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཨཱ་བེ་ཤ་ཡ་ཨ་ཨཱ༔ སྐབས་འདིར་ཆོས་དབང་ཡབ་སྲས་ཀྱི་ཕྱག་བཞེས་སུ་ཚིག་བདུན་གསོལ་འདེབས་ཀྱིས་བྱིན་དབབ་པར་ཡང་བཤད་དོ། །དྲུག་པ་མཆོད་རྫས་བྱིན་བརླབ་པ་ནི། མཆོད་བྱ་མཆོད་བྱེད་གཉིས་མེད་དུ་ཤེས་པས། ཧཱུྃ༔ རང་དང་གཉིས་མེད་ལྷ་ཚོགས་ལ༔ མར་མེ་སྨན་གཏོར་རཀྟ་དང༔ ཕྱི་ནང་གསང་བའི་མཆོད་སྤྲིན་རྣམས༔ ཐུགས་དམ་བསྐང་ཕྱིར་འབུལ་གྱིས་བཞེས༔ ཞེས་དང་། སོ་སོར་བརླབ་པ་ནི། རཾ་ཡཾ་ཁཾ། རང་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་པ་ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་མཆོད་རྫས་རྣམས་ཀྱི་དངོས་འཛིན་ཉེས་སྐྱོན་ཐམས་ཅད་བསྲེག་གཏོར་བཀྲུས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ་བདུག་སྤོས་མེ་ཏོག་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་ཐོགས་པའི་ལྷ་མོ་རེ་རེ་ལའང་དཔག་ཏུ་མེད་པར་འཕྲོ་བའི་ཀུན་བཟང་མཆོད་པའི་སྤྲིན་ཕུང་ནམ་མཁའ་མཛོད་ལྟ་བུར་ཟད་མི་ཤེས་པས་ཁྱབ་པར་གྱུར། ཨོཾ་ཨཱཿཧཱུྃ་བཛྲ་དྷཱུ་པེ་ཧཱུྃ༔ བཛྲ་པུཥྤེ་ཧཱུྃ༔ བཛྲ་ཨཱ་ལོ་ཀེ་ཧཱུྃ༔ བཛྲ་གནྡྷེ་ཧཱུྃ༔ བཛྲ་ནཻ་བིདྱ་ཧཱུྃ༔ བཛྲ་ཤབྡ་ཧཱུྃ༔ བཛྲ་སརྦ་པཱུ་ཛ་མེ་གྷ་ཧཱུྃ༔ བདུད་རྩི་ལ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨཱཿལས་བནྡྷ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་འཁོར་ལོ་རྩིབས་བཞི་པའི་ལྟེ་བ་དང་རྩིབས་རྣམས་ལ་ཤ་ལྔ་བདུད་རྩི་ལྔ་སྨན་ལྔ་རྣམས་གནས་པ་ལ། རླུང་གིས་མེ་སྦར་ཏེ་ཞུ་བ་ཡོངས་སུ་གྱུར་པ་ལས་ཕྱག་མཚན་བཅུ་སོ་སོའི་ལྟེ་བར་ཧཱུྃ་ཨོཾ་སྭཱ་ཨཾ་ཧཱ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། འཁོར་འདས་ཀྱི་བཅུད་ཐམས་ཅད་བསྡུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས་རིགས་ལྔ་ཡབ་ཡུམ་ལྔར་གྱུར་པའི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་དཀར་དམར་གྱི་རྒྱུན་བབས་པའི་སྟེང་དུ་རིགས་ལྔ་ཡབ་ཡུམ་འོད་དུ་ཞུ་ནས་ཐིམ་པས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ༔ ལན་གསུམ། གཏོར་མ་ལ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་ཐོད་པ་དུམ་བུ་གཅིག་པ་སྟོང་གསུམ་དང་མཉམ་པའི་ནང་དུ། ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་ལྷའི་ཞལ་ཟས་འདོད་ཡོན་ལྔའི་ལྷ་མོ་སྤྲིན་གྱི་ཕུང་པོ་ལྟ་བུར་འཁྲིགས་པར་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ༔ ལན་གསུམ། རཀྟ་ལ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་པདྨ་འབར་བའི་སྣོད་ཆེན་པོར། ར་ལས་རྡོ་རྗེ་སྒེག་མོ་དམར་མོའི་མཁའ་ནས་ཁྲག་བབས་ཏེ། ཉོན་མོངས་པ་བག་ཆགས་དང་བཅས་པ་འཇོམས་པའི་རཀྟའི་རྒྱ་མཚོ་རྦ་ཀློང་རྒྱ་མདུད་ཀྱི་ཚུལ་དུ་འཁྲུགས་པ་ལ་ལྷ་མོ་ཉིད་འོད་དུ་ཞུ་ནས་ཐིམ་པས་འཁོར་བ་སྟོངས་པར་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ས་མནྟ་མཎྜ་ལ་ཧཱུྃ་ཕཊ༔ ལན་གསུམ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ༔ མ་ཧཱ་པཉྩ༔ མ་ཧཱ་བ་ལིཾ་ཏ༔ མ་ཧཱ་རཀྟ༔ ཨ་ཧོ་སུ་ཁ་ས་མ་ཡེ་སྭཱ་ཧཱ༔ ཞེས་མཆོད་རྫས་སྤྱིར་བྱིན་གྱིས་བརླབ་བོ། །བདུན་པ་བཤགས་པ་ནི། རྩ་གསུམ་ལྷ་ཚོགས་ནམ་མཁའ་གང་བར་བཞུགས་པ་ལ་ཉེས་ལྟུང་སྙིང་ནས་བཤགས་པས་ཉམས་ཆག་རྟོག་སྒྲིབ་གཞི་མེད་དུ་དག་པར་མོས་ལ། ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་དགོངས༔ བསྐལ་པ་སྔོན་ནས་ད་ལྟའི་དུས་ཡན་ཆད༔ རྩ་བ་ཡན་ལག་དམ་ཚིག་ཉམས་ཆག་སོགས༔ རང་གནོང་འགྱོད་སེམས་དྲག་པོས་མཐོལ་ཞིང་བཤགས༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ བཛྲ་ས་མ་ཡ་ཛ༔ ན་ར་ཀ༔ པྲེ་ཏ་ཀ༔ ཏཱིརྻ་ཀ༔ ནི་བི་ཤ༔ དེ་བ་ཨ་ལི་བི་ཤུདྡྷེ༔ དཀྵ་ཀ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ འདིར་སྤྲོ་ན་འདི་ཉིད་ཀྱི་གཞུང་ལས་འབྱུང་བ། བདེ་གཤེགས་རྒྱལ་བ་སོགས་སམ། ཡེ་ཤེས་སྐུ་མཆོག་བརྗོད་པར་བྱའོ། །སྤྱི་དོན་གཉིས་པ་དངོས་གཞི་ལ་ལས་རིམ་ཉེར་ལྔར་གསུངས་པའི་དང་པོ་ཏིང་འཛིན་རྣམ་གསུམ་ནི། དེ་ཏིང་ཆོས་ཐམས་ཅད་གདོད་ནས་སྤྲོས་པ་དང་བྲལ་བའི་གནས་ལུགས་ལ་མཉམ་པར་བཞག་སྟེ། ཧཱུྃ༔ སྤྲོས་མེད་ཡང་དག་དེ་བཞིན་ཉིད༔ མཉམ་ཡངས་ཕྱོགས་བྲལ་ཀུན་ཏུ་གདལ༔ མ་ནོར་མ་བཅོས་ཆོས་ཀྱི་སྐུ༔ རང་བཞིན་ལྷུན་གྲུབ་ངང་གིས་གསལ༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཀུན་སྣང་རང་བཞིན་དེ་ཉིད་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཕྱོགས་མེད་དུ་བརྡལ་བས། ཧཱུྃ༔ དེ་བཞིན་ཀུན་ཁྱབ་ཀུན་ཏུ་སྣང༔ མ་རིག་འཁྲུལ་སྣང་འཁོར་བའི་ཀློང༔ གཟུང་འཛིན་བག་ཆགས་རབ་ཏུ་འཐས༔ མ་རྟོགས་སེམས་ཅན་སྙིང་རེ་རྗེ༔ ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་བི་ཤུདྡྷེ་མཎྜ་ལ་ཧཱུྃ༔ རྒྱུ་ཏིང་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་རང་རྩལ་ཧཱུྃ་མཐིང་སྔོན་ནམ་མཁའ་ལ་ཟླ་བ་ལྡིང་བ་ལྟར་གནས་པར་བསམས་ལ། ཧཱུྃ༔ ཆོས་རྣམས་རང་བྱུང་རྟེན་འབྲེལ་ཏེ༔ རྒྱུ་ལས་མ་བྱུང་གང་ཡང་མེད༔ ཧཱུྃ་ནི་ཐམས་ཅད་བསྐྱེད་པའི་རྒྱུ༔ དགོས་འདོད་འབྱུང་བའི་ཡི་གེ་བསྒོམ༔ ཙིཏྟ་བཛྲ་ས་མཱ་ཏི་ཧཱུྃ༔ གཉིས་པ་འབྱུང་རིམ་ནི། རྒྱུ་ཡི་ཡི་གེ་ཧཱུྃ་སྔོན་ལས༔ རཾ་ཡཾ་ཁཾ་གསུམ་རིམ་བཞིན་འཕྲོས༔ ཧཱུྃ༔ བསྐལ་པ་གསུམ་གྱིས་འཇིག་རྟེན་སྟོང༔ ཡེ་ནས་དག་པའི་ངང་ཉིད་ལས༔ སྣོད་བཅུད་སྦྱང་ཕྱིར་འབྱུང་རིམ་བརྩེགས༔ རྣམ་དག་ཡུམ་ལྔའི་མཁའ་ཀློང་གསལ༔ ཧཱུྃ་ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུྃ༔ ཧཱུྃ༔ ཨེ་ལས་ནམ་མཁའ་མཐའ་དབུས་མེད༔ ཡཾ་ལས་རླུང་གི་དཀྱིལ་འཁོར་སྟེང༔ ར་ལས་རཀྟའི་རྒྱ་མཚོ་འཁྱིལ༔ སུཾ་ལས་ཞིང་ཆེན་ས་གཞི་བརྡལ༔ ཀེཾ་ལས་རུས་པའི་རི་རབ་སྟེང༔ རཾ་ལས་བསྐལ་པའི་མེ་དཔུང་འབར༔ གསུམ་པ་གཞལ་ཡས་ཁང་བསྐྱེད་པ་ནི། ཧཱུྃ༔ བྷྲཱུྃ་ལས་རིན་ཆེན་གཞལ་ཡས་ཁང༔ དུར་ཁྲོད་རབ་འཇིགས་དཀྱིལ་འཁོར་བསྐྱེད༔ ཟླ་གམ་ཡེ་ཤེས་འཆར་སྒོའི་དབུས༔ ཆོས་སྐུ་འགྱུར་མེད་ཨེ་རུ་གསལ༔ བྷནྡྷ་སྐམ་རློན་ཕོ་བྲང་བརྩིགས༔ རིན་ཆེན་མཛེས་པའི་དཀྱིལ་འཁོར་དགུ༔ འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས༔ གྲུ་ཆད་བར་ཁྱམས་སྒོ་ཁྱུད་རྫོགས༔ རང་བྱུང་ལྷུན་གྲུབ་ངོ་མཚར་ཆེ༔ དྲེགས་པ་པདྨ་ཉི་ཟླའི་གདན༔ གཙོ་དང་འཁོར་ལ་འཚམ་པར་གསལ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བྷཉྫ་ཛྙཱ་ན་ཨེ་ཙཀྲ་མཎྜ་ལ་བྷྲཱུྃ༔ རུ་དྲ་ཀྲོ་དྷི་ཏི་ར་བཾ༔ མ་སཱུརྻ་མཎྜ་ལ༔ ཨ་ཙནྡྲ་མཎྜ་ལ༔ པཾ་པདྨ་མཎྜ་ལ༔ བཞི་པ་ལྷ་བསྐྱེད་པ་ནི། ཧཱུྃ༔ རྒྱུ་ཡི་ཡི་གེ་གདན་ལ་བབས༔ སྤྲོ་བསྡུའི་སྦྱོར་བས་དཔལ་ཆེན་སྐུ༔ བདག་ཉིད་ཆེ་མཆོག་ཧེ་རུ་ཀ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ ཞབས་བཞི་གྱད་ཀྱི་དོར་སྟབས་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རིགས་ལྔས་དབུ་བརྒྱན་ཐུགས་སྲོག་ཧཱུྃ༔ སྤྱན་དགུ་ཞལ་བགྲད་མཆེ་བ་གཙིགས༔ གཡས་ཀྱི་ཕྱག་གསུམ་རྡོ་རྗེ་གསོར༔ གཡོན་གྱི་ཕྱག་གསུམ་བྷན་དམར་འཛིན༔ དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྒྱན༔ གནམ་ཞལ་ཡུམ་ཆེན་ཀུན་བཟང་འཁྲིལ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང༔ གཡས་པས་གཙོར་འཁྱུད་ཁ་ཊྭཱཾ་བསྣམས༔ གཡོན་པ་དུང་དམར་གཙོ་ལ་སྟོབ༔ མཁའ་གསང་བྱིན་རླབས་ནི། མ་སཱུརྻ་མཎྜ་ལ༔ ཧཱུྃ་བཛྲ་ཨོཾ༔ ཨ་ཙནྡྲ་མཎྜ་ལ༔ ཨེ་ཨཾ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ར་ཧོ་ཧཾ༔ རཱ་ག་ཡཱ་མི༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་མུ་དྲ༔ པྲ་བེ་ཤ་ཡ་ཕཊ༔ ཨོཾ་ཨོཾ་ཨོཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ སྥ་ར་ཎ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས༔ རིགས་བཞི་ལ་སོགས་འཁོར་བཅས་གསལ༔ བསྐལ་པའི་མེ་དཔུང་ཀློང་ན་བཞུགས༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ མ་ཧཱ་ཀྲོ་དྷཱི་ཤྭ་རི་སཏྭཾ༔ ཧཱུྃ༔ དཔལ་ཆེན་ཡབ་ཡུམ་ཐུགས་ཀ་ནས༔ ཕྱོགས་བཞི་མཚམས་བཞིའི་དཀྱིལ་འཁོར་དུ༔ མཐིང་ནག་ཧཱུྃ་ཆེན་ཡིག་འབྲུ་སྤྲོ༔ ཁྲག་འཐུང་ཡབ་ཡུམ་སྲས་བཅས་བསྐྱེད༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ༔ ཤར་དུ་བཛྲ་ཧེ་རུ་ཀ༔ བཛྲ་ཀྲོ་དྷཱི་ཤྭ་རཱི་ཡུམ༔ རིགས་བཞི་ལ་སོགས་འཁོར་བཅས་གསལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཧཱུྃ༔ ལྷོ་རུ་འཇམ་དཔལ་གཤིན་རྗེ་གཤེད༔ ཟ་བྱེད་བཻ་ཏཱ་ནག་མོ་ཡུམ༔ རིགས་བཞི་ལ་སོགས་འཁོར་བཅས་གསལ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ཧཱུྃ༔ ནུབ་ཏུ་དབང་ཆེན་རྟ་མཆོག་དཔལ༔ པདྨ་གཟི་ལྡན་ཁྲོ་མོ་ཡུམ༔ རིགས་བཞི་ལ་སོགས་འཁོར་བཅས་གསལ༔ ཨོཾ་པདྨཱནྟ་ཀྲྀཏ་མ་ཧཱ་ཀྲོ་དྷ་ཧྱ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཧཱུྃ༔ བྱང་དུ་རྡོ་རྗེ་གཞོན་ནུ་ཆེ༔ འཁོར་ལོ་རྒྱས་འདེབས་དཔལ་གྱི་ཡུམ༔ རིགས་བཞི་ལ་སོགས་འཁོར་བཅས་གསལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཧཱུྃ༔ ཤར་ལྷོར་བླ་མེད་ཧེ་རུ་ཀ༔ ཉིད་བཞི་བདེ་མཆོག་ཆེན་མོ་ཡུམ༔ མ་ལྔ་ལ་སོགས་འཁོར་བཅས་གསལ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སཏྭཾ་མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཧཱུྃ༔ ལྷོ་ནུབ་རིག་འཛིན་ཐོད་པ་རྩལ༔ རྡོ་རྗེ་རྣལ་འབྱོར་གསང་བའི་ཡུམ༔ རིགས་བཞི་ལ་སོགས་འཁོར་བཅས་གསལ༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་ཧཱུྃ་ཕཊ༔ ཧཱུྃ༔ ནུབ་བྱང་དྲེགས་པ་ཀུན་འདུལ་དཔལ༔ ཁམས་གསུམ་སྲིད་པ་སྤྱི་འདུལ་ཡུམ༔ རིགས་བཞི་ལ་སོགས་འཁོར་བཅས་གསལ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཧཱུྃ༔ བྱང་ཤར་སྟོབས་ལྡན་ནག་པོ་ཆེ༔ འབྱུང་བ་ལྔ་ཡི་བདག་མོ་ཡུམ༔ རིགས་བཞི་ལ་སོགས་འཁོར་བཅས་གསལ༔ ཨོཾ་བཛྲ་སརྦ་དུཥྚཱཾ་ཨེ་ཛ་བྷྱོ་ཧཱུྃ་ཕཊ༔ ཧཱུྃ༔ ཉི་མ་དང་ནི་འོད་ཟེར་བཞིན༔ དཔལ་ཆེན་སོ་སོའི་སྤྲུལ་འཁོར་བཅས༔ ཕྱི་རོལ་སྒོ་བ་རིགས་བཞི་ནི༔ ཡ་མཱན་པྲཛྙཱན་པདྨཱན་བིག༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ ཚོམ་བུ་དགུ་ཡི་ལྷ་ཚོགས་རྣམས༔ སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས༔ མ་འདྲེས་ཡོངས་སུ་རྫོགས་པར་གསལ༔ ཛཿཧཱུྃ་བཾ་ཧོ༔ ཧཱུྃ༔ ཕྱི་རོལ་ལྕགས་རི་ཁོར་ཡུག་ལ༔ མཁའ་འགྲོ་དབང་ཕྱུག་གིང་ལངྐ༔ འབར་མ་མ་སྲིང་བཀའ་སྡོད་ཚོགས༔ བསམ་གྱིས་མི་ཁྱབ་ཡོངས་རྫོགས་གཏིབས༔ མ་ཧཱ་མུ་དྲ་ས་མ་ཡ་ཧོ༔ ལྔ་པ་བྱིན་བརླབ་པ་ནི། ཧཱུྃ༔ རང་བྱུང་དཀྱིལ་འཁོར་དཔལ་ཆེན་ཚོགས༔ མཐུ་རྩལ་ཡོངས་སུ་རྫོགས་བྱའི་ཕྱིར༔ སྐུ་གསུང་ཐུགས་སུ་བྱིན་རློབས་ལ༔ ཡེ་ཤེས་རྣམ་ལྔས་དབང་སྐུར་ཅིག༔ ལྷ་ཚོགས་རྣམས་ཀྱི་དཔྲལ་བར་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་རྣམ་སྣང་དཀར་པོ་ཐུགས་ཀར་ཨོཾ་གྱིས་མཚན་པ། ལྗགས་པདྨ་འདབ་བརྒྱད་ཀྱི་ལྟེ་བར་སྣང་བ་མཐའ་ཡས་དམར་པོ་ཐུགས་ཀར་ཨཱཿས་མཚན་པ། ཐུགས་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་རྡོ་རྗེ་སེམས་དཔའ་མཐིང་ཁ་ཐུགས་ཀར་ཧཱུྃ་གིས་མཚན་པས་དུས་གསུམ་བདེ་གཤེགས་བླ་མ་རིག་འཛིན་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཡོངས་སུ་རྫོགས་པ་ཐོབ། ཨོཾ་ཨཱཿཧཱུྃ༔ དྲུག་པ་དབང་བསྐུར་བ་ནི། སྤྱི་བོའི་གནས་ལྔར་དཔའ་བོ་འབྲུ་ལྔ་ལས་རྒྱལ་བ་རིགས་ལྔ་སོགས་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་ལྷ་ཚོགས་རྣམས་བཞུགས་ནས་དབང་ཆེན་རབ་འབྱམས་ཀྱི་དབང་བསྐུར་བ་ཐོབ་སྟེ་འགྲོ་དོན་ལ་དཔའ་བར་གྱུར། ཨོཾ་ཧཱུྃ་སྭཱ་ཧྲཱིཿཧཱ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝ་ཀྩིཏྟ་ཛྙཱ་ན་པཉྩ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ བདུན་པ་སྤྱན་དྲང་བ་ནི། ལྷ་ཚོགས་རྣམས་ཀྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་སེམས་དཔའི་ཐུགས་རྒྱུད་བསྐུལ། ཆོས་ཀྱི་སྐུ་ལས་གཟུགས་སྐུ་དཔལ་ཆེན་གཙོ་དགུའི་ལྷ་ཚོགས་སུ་བཞེངས་ནས་བྱོན་པར་གྱུར། ཧཱུྃ༔ རྣམ་དག་ཆོས་དབྱིངས་མཉམ་ཉིད་ལས༔ ཞི་ཁྲོ་ཡོངས་རྫོགས་སྐུ་བཞེངས་ལ༔ སྲིད་གསུམ་གདུག་པའི་ཚོགས་བསྒྲལ་ཕྱིར༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་ཨེ་ཧྱེ་ཧི་ས་མ་ཡ་ཛཿཧཱུྃ་བཾ་ཧོཿཧྲིཾ་ཧྲིཾ་ཛ༔ བརྒྱད་པ་བརྟན་བཞུགས་ནི། དམ་ཡེ་གཉིས་མེད་དུ་ཐིམ་པར་མོས་ལ། ཧཱུྃ༔ བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་འདིར༔ དམ་ཚིག་ཡེ་ཤེས་དབྱེར་མེད་པར༔ ཆུ་ལ་ཆུ་བཞག་ཇི་བཞིན་དུ༔ དུ་མ་རོ་གཅིག་བརྟན་པར་བཞུགས༔ ས་མ་ཡ་ཨཱ་བེ་ཤ་ཡ་ཏིཥྛ་སཏྭཾ༔ དགུ་པ་ཕྱག་འཚལ་བ་ནི། རང་གི་ཐུགས་ཀ་ནས་ལྷ་མོ་བསམ་གྱིས་མི་ཁྱབ་པ་སྤྲུལ་པ་རྣམས་ཀྱིས་ཕྱག་མཆོད་བསྟོད་པས་བསྙེན་བཀུར་བར་མོས་ལ། ཧཱུྃ༔ ཆོས་རྣམས་རང་བཞིན་ཡེ་ནས་དག༔ རྟོག་འཁྲུལ་འཇིག་རྟེན་སེམས་ཅན་ལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྟོན༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ ན་མཿཧྲིཾ༔ བཅུ་པ་ཕྱག་རྒྱ་གར་མཆོད་ནི། ཧཱུྃ༔ གདུལ་བྱའི་མོས་བློ་ཐ་དད་པས༔ ཞི་དང་ཁྲོ་དང་འདྲེས་པའི་ཚུལ༔ སྐུ་མདོག་ཞལ་ཕྱག་བསམ་འདས་ཀྱང༔ ལྷ་རྣམས་གསལ་འདེབས་གར་མཆོད་འབུལ༔ ཧཱུྃ༔ དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རིགས་ལྔས་དབུ་བརྒྱན་ཐུགས་སྲོག་གསལ༔ གཡས་ཀྱི་ཕྱག་གསུམ་རྡོ་རྗེ་གདེངས༔ གཡོན་གྱི་ཕྱག་གསུམ་བྷན་དམར་འཛིན༔ ཡུམ་ཆེན་གནམ་ཞལ་ཀུན་བཟང་འཁྲིལ༔ གཡས་པས་གཙོར་འཁྱུད་ཁ་ཊྭཱཾ་ག༔ གཡོན་པ་ཆགས་པའི་དུང་དམར་སྟོབ༔ ཡབ་ཡུམ་ཐབས་ཤེས་ཟུང་འཇུག་རྒྱ༔ ཕྱག་རྒྱ་གར་གྱི་མཆོད་པ་བཞེས༔ ཧཱུྃ༔ དཔལ་ཆེན་བཛྲ་ཧེ་རུ་ཀ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རིགས་ལྔས་དབུ་བརྒྱན་ཐུགས་སྲོག་གསལ༔ གཡས་གསུམ་རྩེ་དགུ་ཁ་ཊྭཱཾ་རྔ༔ གཡོན་གསུམ་དྲིལ་བྷན་རྒྱུ་ཞགས་བསྣམས༔ ཡུམ་ཆེན་ཀྲོ་དྷཱི་ཤྭ་རཱི་མ༔ གཡས་པས་གཙོར་འཁྱུད་ཁ་ཊྭཱཾ་ག༔ གཡོན་པ་ཆགས་པའི་དུང་དམར་སྟོབ༔ ཡབ་ཡུམ་ཐབས་ཤེས་ཟུང་འཇུག་རྒྱ༔ ཕྱག་རྒྱ་གར་གྱི་མཆོད་པ་བཞེས༔ ཧཱུྃ༔ དཔལ་ཆེན་འཇམ་དཔལ་གཤིན་རྗེ་གཤེད༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རིགས་ལྔས་དབུ་བརྒྱན་ཐུགས་སྲོག་གསལ༔ གཡས་གསུམ་བེ་ཅོན་རལ་གྲི་སཏྭ༔ གཡོན་གསུམ་སྡིགས་མཛུབ་མདུང་བྷན་དམར༔ ཡུམ་ཆེན་བཛྲ་བཻ་ཏཱ་ལི༔ གཡས་པས་གཙོར་འཁྱུད་ཁ་ཊྭཱཾ་ག༔ གཡོན་པ་ཆགས་པའི་དུང་དམར་སྟོབ༔ ཡབ་ཡུམ་ཐབས་ཤེས་ཟུང་འཇུག་རྒྱ༔ ཕྱག་རྒྱ་གར་གྱི་མཆོད་པ་བཞེས༔ ཧཱུྃ༔ དཔལ་ཆེན་རྟ་མགྲིན་པདྨ་དབང༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་སྔོ་དབུས་དམར་ཞལ༔ དབུ་གཙུག་རྟ་སྐད་ཕྱོགས་བཅུར་སྒྲོག༔ རིགས་ལྔས་དབུ་བརྒྱན་ཐུགས་སྲོག་གསལ༔ གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་ཞགས༔ གཡོན་གསུམ་དྲིལ་བུ་བྷན་དམར་སྒྲོག༔ ཡུམ་ཆེན་ཨེ་ཀ་ཛཱ་ཊི་མ༔ གཡས་པས་གཙོར་འཁྱུད་ཁ་ཊྭཱཾ་ག༔ གཡོན་པ་ཆགས་པའི་དུང་དམར་སྟོབ༔ ཡབ་ཡུམ་ཐབས་ཤེས་ཟུང་འཇུག་རྒྱ༔ ཕྱག་རྒྱ་གར་གྱི་མཆོད་པ་བཞེས༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རིགས་ལྔས་དབུ་བརྒྱན་ཐུགས་སྲོག་གསལ༔ གཡས་གཉིས་རྩེ་དགུ་རྩེ་ལྔ་སྟེ༔ གཡོན་གཉིས་མེ་ཕུང་ཁ་ཊྭཱཾ་ག༔ མཐའ་གཉིས་རི་རབ་ཕུར་བུ་འདྲིལ༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ གཡས་པས་གཙོར་འཁྱུད་ཁ་ཊྭཱཾ་ག༔ གཡོན་པ་ཆགས་པའི་དུང་དམར་སྟོབ༔ ཡབ་ཡུམ་ཐབས་ཤེས་ཟུང་འཇུག་རྒྱ༔ ཕྱག་རྒྱ་གར་གྱི་མཆོད་པ་བཞེས༔ ཧཱུྃ༔ དཔལ་ཆེན་བླ་མེད་ཧེ་རུ་ཀ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རིགས་ལྔས་དབུ་བརྒྱན་ཐུགས་སྲོག་གསལ༔ གཡས་གསུམ་རྡོ་རྗེ་ཁྱུང་སྦྲུལ་ཞགས༔ གཡོན་གསུམ་དུང་དམར་ཞིང་གྭ་འུ༔ ཡུམ་ཆེན་ཉིད་བཞི་མུ་ཁ་ལེ༔ གཡས་པས་གཙོར་འཁྱུད་ཁ་ཊྭཱཾ་ག༔ གཡོན་པ་ཆགས་པའི་དུང་དམར་སྟོབ༔ ཡབ་ཡུམ་ཐབས་ཤེས་ཟུང་འཇུག་རྒྱ༔ ཕྱག་རྒྱ་གར་གྱི་མཆོད་པ་བཞེས༔ ཧཱུྃ༔ དཔལ་ཆེན་རིག་འཛིན་ཐོད་པ་རྩལ༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་བགྲད༔ སྐུ་མདོག་དཀར་དམར་རུས་རྒྱན་མཛེས༔ རིགས་ལྔས་དབུ་བརྒྱན་ཐུགས་སྲོག་གསལ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་བསྒྱུར༔ ཡུམ་ཆེན་ཆོས་དབྱིངས་རྣལ་འབྱོར་མ༔ གཉིས་མེད་འཁྲིལ་སྦྱོར་བདེ་ཆེན་བསྐྱེད༔ ཡབ་ཡུམ་ཐབས་ཤེས་ཟུང་འཇུག་རྒྱ༔ ཕྱག་རྒྱ་གར་གྱི་མཆོད་པ་བཞེས༔ ཧཱུྃ༔ དཔལ་ཆེན་དྲེགས་པ་ཀུན་འདུལ་ཆེ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རིགས་ལྔས་དབུ་བརྒྱན་ཐུགས་སྲོག་གསལ༔ གཡས་གསུམ་རྡོ་རྗེ་ལྷ་བརྒྱད་མགོ༔ གཡོན་གསུམ་བྷན་དམར་ཀླུ་བརྒྱད་མགོ༔ ཡུམ་ཆེན་སྲིད་པ་སྤྱི་འདུལ་མ༔ གཡས་པས་གཙོར་འཁྱུད་ཁ་ཊྭཱཾ་ག༔ གཡོན་པ་ཆགས་པའི་དུང་དམར་སྟོབ༔ ཡབ་ཡུམ་ཐབས་ཤེས་ཟུང་འཇུག་རྒྱ༔ ཕྱག་རྒྱ་གར་གྱི་མཆོད་པ་བཞེས༔ ཧཱུྃ༔ དཔལ་ཆེན་སྟོབས་ལྡན་ནག་པོ་ཆེ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ སྐུ་མདོག་མཐིང་ནག་འཇིགས་པ་ལ༔ རིགས་ལྔས་དབུ་བརྒྱན་ཐུགས་སྲོག་གསལ༔ གཡས་གསུམ་རྡོ་རྗེ་ལྷ་བརྒྱད་སྙིང༔ གཡོན་གསུམ་བྷན་དམར་ཀླུ་བརྒྱད་སྙིང༔ ཡུམ་ཆེན་འབྱུང་བ་ལྔ་ཡི་བདག༔ གཡས་པས་གཟུགས་ཁམས་མཁའ་ལ་འདེགས༔ གཡོན་པས་འདོད་ཁམས་ས་ལ་གནོན༔ ཡབ་ཡུམ་ཐབས་ཤེས་ཟུང་འཇུག་རྒྱ༔ ཕྱག་རྒྱ་གར་གྱི་མཆོད་པ་བཞེས༔ ཧཱུྃ༔ སོ་སོའི་རིགས་བཞི་འཁོར་ཚོགས་རྣམས༔ ཞལ་དང་ཕྱག་མཚན་ཅིར་ཡང་བསྒྱུར༔ བདེ་གཤེགས་ཐམས་ཅད་གར་གྱི་བདག༔ ཕྱག་རྒྱ་གར་གྱི་མཆོད་པ་བཞེས༔ མ་ཧཱ་མུ་དྲ་པཱུ་ཛ་ཧོ༔ བཅུ་གཅིག་པ་གླུ་མཆོད་ནི། ཧཱུྃ༔ སྟོང་པའི་རང་བཞིན་ཅིར་ཡང་སྣང༔ སྣང་བའི་མཚན་ཉིད་སྐྱེ་བ་མེད༔ གླུ་ནི་འདུ་འབྲལ་མེད་པའི་གླུ༔ བྲོ་ནི་བར་ཆད་མེད་པར་བརྡུང༔ ཨོཾ་མ་ཧཱ་ཛྙཱ་ན་ཏེ་ན་ཧཱུྃ་ཏེ་ན་ཏེ་ཏེ་ཧཱུྃ༔ བཅུ་གཉིས་པ་ཕྱི་མཆོད་ནི། ཧཱུྃ༔ རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་དུ༔ བདུག་སྤོས་མེ་ཏོག་མར་མེ་དྲི༔ ཞལ་ཟས་སིལ་སྙན་མཆོད་པའི་སྤྲིན༔ དབྱིངས་ནས་བཏོན་ཏེ་དབྱིངས་སུ་འབུལ༔ ཨོཾ་པ་ན་པེཾ༔ པེ་ནུ་སུ་ར་ཏོ༔ ཏི་པུ་པ་ར་མུ༔ སརྦ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་ཧོཿ ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་ཧཱུྃ༔ པུཥྤེ་ཏྲཱཾ༔ ཨཱ་ལོ་ཀེ་ཧཱུྃ༔ གནྡྷེ་ཧྲཱི༔ ནཻ་བིདྱ་ཨཱ༔ གཱི་ཏི་ཤབྡ་ཧཱུྃ༔ བཅུ་གསུམ་པ་ནང་མཆོད་ནི། ཨོཾ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་གཏིབས༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ འདོད་ཡོན་ལྔ་ལྡན་མཆོད་པར་བཞེས༔ ཨོཾ་སརྦ་པཱུ་ཛ་ས་མ་ཡ་ཧོ༔ བཅུ་བཞི་པ་གསང་མཆོད་ནི། ཧཱུྃ༔ འདོད་ཆགས་ཞེ་སྡང་གཏི་མུག་ཆེ༔ ང་རྒྱལ་ཕྲག་དོག་ཉོན་མོངས་ལྔ༔ ཡེ་ནས་རིགས་ལྔའི་རང་བཞིན་ཡིན༔ སྦྱོར་སྒྲོལ་ཏིང་འཛིན་དམ་མཆོད་བཞེས༔ ཧ་ལ་པཉྩ་པཱུ་ཛ་ཧོ༔ བཅོ་ལྔ་པ་དུག་གསུམ་མཆོད་པ་ནི། ཧཱུྃ༔ ཤ་ཁྲག་རུས་པ་རྣམ་པ་གསུམ༔ དུག་གསུམ་མཆོད་པ་བླ་ན་མེད༔ ཡེ་ནས་སྐུ་གསུམ་རང་བཞིན་ཏེ༔ རང་གྲོལ་ཉིད་དུ་མཆོད་པར་བཞེས༔ མ་ཧཱ་མཱཾ་ས༔ མ་ཧཱ་རཀྟ༔ མ་ཧཱ་ཀིཾ་ནི་རི་ཏི་ཁཱ་ཧི༔ བཅུ་དྲུག་པ་སྨན་མཆོད་ནི། ཧཱུྃ༔ རང་བྱུང་གདོད་ནས་རྣམ་པར་དག༔ རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས༔ རྒྱུད་ལྔ་སེམས་ཅན་ཀུན་བསྒྲལ་ཕྱིར༔ དུག་ལྔ་སེལ་བའི་བདུད་རྩི་ཆེ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ༔ ཧཱུྃ༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་བའི༔ ཐུན་མོང་མཆོག་དང་ཁྱད་འཕགས་འདི༔ དུས་གསུམ་བླ་མ་ཡི་དམ་ལྷ༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཧྲཱི༔ དམ་སྐོང་དབང་དང་ཤེས་རྒྱུད་ལུང་སྟོན་པའི༔ ངེས་པའི་དོན་སྟོན་རྩ་བརྒྱུད་བླ་མ་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ བདེ་གཤེགས་ཞི་བ་ཆེ་མཆོག་གཤིན་རྗེའི་གཤེད༔ རྟ་མགྲིན་ཕུར་པ་ཡང་དག་རྦོད་གཏོང་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ རིག་འཛིན་དྲག་སྔགས་དྲེགས་འདུལ་བཀའ་སྡོད་ཚོགས༔ མཁའ་འགྲོ་ཆོས་སྐྱོང་གཞི་གནས་གཏེར་བདག་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ མཐེབ་སྲིན་སྦྱར་བས་བདུད་རྩི་གནས་གསུམ་དུ་རེག་ཅིང་ལྕེར་མྱངས་ལ། ཧཱུྃ༔ ལྕེ་ཡི་དམ་ཚིག་རྡོ་རྗེ་ལ༔ དམ་ཚིག་ཅན་གྱིས་ཧཱུྃ་བསྒོམས་ཏེ༔ མཐེབ་སྲིན་ཐབས་ཤེས་ཕྱག་རྒྱ་ཡིས༔ མྱངས་ན་དངོས་གྲུབ་མཆོག་ཐོབ་འགྱུར༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ བཅུ་བདུན་པ་གཏོར་མཆོད་ནི། ཧཱུྃ༔ དམ་རྫས་རྨད་བྱུང་གཏོར་ཆེན་པོ༔ འདོད་ཡོན་ལྔ་ཡི་ཕུང་པོར་འབར༔ ཐམས་ཅད་ཚིམ་བྱེད་མཆོད་སྦྱིན་ཆེ༔ ཞི་ཁྲོ་ཡོངས་རྫོགས་ཐུགས་དམ་བསྐང༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ བཅོ་བརྒྱད་པ་རཀྟ་ནི། ཧཱུྃ༔ རུ་དྲ་བསྒྲལ་བའི་ཁྲག་ཆེན་པོ༔ ལྕང་ལོར་བཅས་པའི་བྷཉྫར་བསྐྱིལ༔ འཁོར་བ་དབྱིངས་སུ་དག་བྱའི་ཕྱིར༔ དཔལ་ཆེན་ཚོགས་ཀྱི་ཞལ་དུ་འབུལ༔ མ་ཧཱ་རཀྟ་ཁཱ་ཧི༔ བཅུ་དགུ་པ་བདུད་རྩི་གསང་ནན་ནི། ཧཱུྃ༔ རྒྱུ་གཉིས་རྐྱེན་སྦྱར་འབྲུ་བཅུད་འདི༔ དུག་ལྔ་སྨན་སྦྱར་དམ་པའི་རྫས༔ ཛ་གད་དཔའ་བོའི་བདུད་རྩི་འདིས༔ རྒྱལ་བ་ཞི་ཁྲོའི་ཐུགས་དམ་བསྐང༔ མ་ཧཱ་པཉྩ་ཨ་མྲྀཏ་ཛ་གད་ཁཱ་ཧི༔ ཉི་ཤུ་པ་སྦྱོར་མཆོད་ནི། ཧཱུྃ༔ དབྱིངས་རིག་གཉིས་མེད་སྦྱོར་བ་ཡིས༔ འཁོར་འདས་གཉིས་སུ་མེད་པར་སྦྱོར༔ གཉིས་མེད་རྟོགས་པའི་སྦྱོར་མཆོད་འདིས༔ རྒྱལ་བ་ཡབ་ཡུམ་མཉེས་གྱུར་ཅིག༔ ཛཿཧཱུྃ་བཾ་ཧོ༔ པདྨ་ཡོ་གི་ནཱི་ས་མ་ཡ་པྲ་བེ་ཤ་ཡ་ཕཊ༔ ཉེར་གཅིག་པ་སྒྲོལ་མཆོད་ནི། ཧཱུྃ༔ ཡང་དག་དོན་རྟོགས་བློ་ཡིས་ནི༔ མ་རྟོགས་སེམས་ཅན་གནས་སུ་བསྒྲལ༔ དུས་གསུམ་བདེ་གཤེགས་དེ་ལ་མཉེས༔ མཆོག་གི་མཆོད་པ་ཆེན་པོ་བཞེས༔ ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཏྲཾ་རུ་དྲ་པྲ་བྷཉྫ་ཙཀྲ་ཧཱུྃ་ཕཊ༔ པྲ་བེ་ཤ་ཡ་ཕཊ༔ ཏི་ཧཱུྃ་ཨེ་ཡཾ་སྥ་ར་ཎ་ཕཊ༔ ཉེར་གཉིས་པ་བསྟོད་པ་ནི། ཨོཾ༔ མཉམ་ཉིད་ཆོས་སྐུའི་རང་བཞིན་ལས༔ ཀུན་བཟང་ཟག་པ་མེད་པར་བདེ༔ སེམས་ཅན་དོན་ལ་དེ་བཞིན་གཤེགས༔ ཐུགས་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ ཨཱ༔ རྩོལ་མེད་རང་བྱུང་ཆོས་སྐུའི་སྒྲ༔ མ་འགགས་རང་གསལ་འཛིན་པ་མེད༔ ཆགས་མེད་སྐྱོན་བྲལ་པདྨའི་གསུང༔ ཡང་དག་གསུང་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སྤྲོས་པ་མེད་པ་དབྱིངས་ཀྱི་ངང༔ མ་སྐྱེས་འཇིགས་མེད་རྡོ་རྗེའི་ཐུགས༔ བླང་དོར་མེད་པ་ཆོས་ཀྱི་དབྱིངས༔ འགྱུར་མེད་ཐུགས་ལ་ཕྱག་འཚལ་བསྟོད༔ སྭཱ༔ ཆོས་དབྱིངས་རོལ་པ་ཆེན་པོ་ལས༔ རྩལ་དང་རོལ་པར་མི་དམིགས་ཀྱང༔ ནམ་མཁའ་མཛོད་ཀྱི་ཆོ་འཕྲུལ་གྱིས༔ ཡོན་ཏན་རེ་སྐོང་ཕྱག་འཚལ་བསྟོད༔ ཧཱ༔ རང་བཞིན་ཅིར་ཡང་མ་ངེས་ཀྱང༔ དཀྱིལ་འཁོར་ཆེན་པོའི་ཆ་བཟུང་ནས༔ རྟོག་མེད་དྲེགས་པ་ངང་གིས་འདུལ༔ ཕྲིན་ལས་མཛད་ལ་ཕྱག་འཚལ་བསྟོད༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ན་མོ་ཧྲི་ད་ཡ༔ ཨོཾ་ན་མ༔ ཚོམ་བུ་དགུ་སོ་སོར་བསྟོད་པ་ནི། ཧཱུྃ༔ དུས་གསུམ་བདེ་གཤེགས་ཆོས་རྣམས་རྫོགས་པའི་དཔལ༔ ཞི་བ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ དུས་གསུམ་བདེ་གཤེགས་ཡོན་ཏན་རྫོགས་པའི་དཔལ༔ ཆེ་མཆོག་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ དུས་གསུམ་བདེ་གཤེགས་ཐུགས་མཆོག་རྫོགས་པའི་དཔལ༔ ཡང་དག་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ དུས་གསུམ་བདེ་གཤེགས་སྐུ་མཆོག་རྫོགས་པའི་དཔལ༔ གཤིན་རྗེ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ དུས་གསུམ་བདེ་གཤེགས་གསུང་མཆོག་རྫོགས་པའི་དཔལ༔ དབང་ཆེན་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ དུས་གསུམ་བདེ་གཤེགས་ཕྲིན་ལས་རྫོགས་པའི་དཔལ༔ ཕུར་པ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ དུས་གསུམ་བདེ་གཤེགས་གཟི་བརྗིད་རྫོགས་པའི་དཔལ༔ མ་མོ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ དུས་གསུམ་བདེ་གཤེགས་ཕྱག་རྒྱ་རྫོགས་པའི་དཔལ༔ རིག་འཛིན་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ དུས་གསུམ་བདེ་གཤེགས་མངོན་སྤྱོད་རྫོགས་པའི་དཔལ༔ འཇིག་རྟེན་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ དུས་གསུམ་བདེ་གཤེགས་དམོད་མཐུ་རྫོགས་པའི་དཔལ༔ དྲག་སྔགས་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཕྲིན་ལས་བཞི་བསྒྲུབ་ཕྱི་ནང་བར་ཆད་སེལ༔ སྒོ་བ་སྒོ་མའི་ཚོགས་ལ་ཕྱག་འཚལ་བསྟོད༔ རྒྱལ་བའི་སྤྱན་སྔར་བསྟན་པའི་གཉེར་བླངས་པའི༔ བཀའ་ཉན་སྲུང་མའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཕྱི་ནང་གསང་བའི་མཆོད་པ་འདི་བཞེས་ལ༔ བླ་མེད་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྣམས༔ བདག་སོགས་མོས་པའི་བུ་ལ་བསྩལ་དུ་གསོལ༔ དོན་གྱི་བསྟོད་པ་ནི། ཧཱུྃ༔ རྣམ་དག་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་དུ༔ འགྲོ་དོན་འདོད་དགུར་བསྒྱུར་ཞིང་གཙོ་དང་འཁོར༔ ཇི་ལྟར་སྤྲུལ་ཀྱང་ཡེ་ཤེས་རིག་པའི་རྩལ༔ རང་ཤར་རང་གྲོལ་བདེ་གཤེགས་གཡུང་དྲུང་ལྷ༔ རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་པའི༔ ཐམས་ཅད་ཆོས་སྐུར་ཡོངས་རྫོགས་ལྷ་ལ་བསྟོད༔ ཅེས་བསྟོད་ལ་སྔར་སྤྲོས་པའི་ལྷ་མོ་རྣམས་རང་ལ་བསྡུའོ། །ཉེར་གསུམ་པ་བཤགས་པ་ནི། ཧཱུྃ༔ ཞི་ཁྲོ་བདེ་གཤེགས་ཡོངས་རྫོགས་དགོངས༔ སྔོན་ནས་རང་དང་མཉམ་ཉིད་དོན༔ མ་རྟོགས་རིགས་མཚན་སོ་སོར་བཟུང༔ དབྱེར་མེད་རྣམ་དག་ཀློང་དུ་བཤགས༔ ས་མ་ཡ་ཨེ་ཧོ་ཤུདྡྷེ་ཨ༔ ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་བ༔ སུ་ཏོཥྱོ་མེ་བྷ་བ༔ ཨ་ནུ་རཀྟོ་མེ་བྷ་བ༔ སུ་པོ་ཥྱོ་མེ་བྷ་བ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན༔ བཛྲ་ཧེ་རུ་ཀ་མ་མེ་མུཉྩ༔ ཧེ་རུ་ཀོ་བྷ་བ༔ མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུྃ་ཕཊ༔ ཉེར་བཞི་པ་ཛཔ྄་བཟླ་བ་ལ་གཉིས། ཞི་བར་བསྙེན་པ། ཁྲོ་བོར་སྒྲུབ་པའོ། །དང་པོ་ནི། དཀྱིལ་འཁོར་གཙོ་དགུའི་ལྷ་རྣམས་ཀྱི་དབུ་གཙུག་ཏུ་རིགས་བདག་ཀུན་བཟང་ཡབ་ཡུམ། སྤྱི་བོར་གནས་ལྔར་སོ་སོའི་རིགས་ལྔ་འཁོར་དང་བཅས་པ་བཞུགས་པའི་གནས་གསུམ་འབྲུ་གསུམ་དང་ཐུགས་སྲོག་ས་བོན་སྔགས་ཕྲེང་གིས་བསྐོར་བ། ལྷ་ཐམས་ཅད་ཀྱི་ཞལ་ནས་སྔགས་བཟླས་པས་ཐུགས་རྒྱུད་བསྐུལ། སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས་སྟོང་གསུམ་ཐམས་ཅད་ཞི་བའི་ལྷ་དང་སྔགས་སྒྲས་གང་། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཚུར་བསྡུས་ནས་ཐིམ་པར་གྱུར། ཅེས་དམིགས་ལ་ཛཔ྄་བསྐུལ་ནི། ཧཱུྃ༔ གསང་བ་ཡོངས་རྫོགས་དཀྱིལ་འཁོར་དུ༔ ཆེ་མཆོག་དཔལ་དགུའི་དབུ་རྒྱན་ནང༔ ཐབས་ཤེས་ཉི་ཟླ་པདྨའི་སྟེང༔ མི་བསྐྱོད་རྣམ་པར་སྣང་མཛད་དང༔ རིན་འབྱུང་སྣང་མཐའ་དོན་ཡོད་གྲུབ༔ ཡུམ་ཆེན་ཀུན་བཟང་སངས་རྒྱས་སྤྱན༔ མཱ་ཀི་གོས་དཀར་དམ་ཚིག་སྒྲོལ༔ རྒྱལ་བ་ཡབ་ཡུམ་ཕྱག་མཚན་བཅས༔ ཀུན་བཟང་ཡབ་ཡུམ་དགྱེས་པར་སྦྱོར༔ སྲས་མཆོག་སེམས་དཔའ་སེམས་མར་བཅས༔ སྤྲུལ་སྐུ་ཐུབ་དྲུག་མཐར་བྱེད་བརྒྱད༔ མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་འབར༔ དབུ་རྒྱན་ཅོད་པན་ཕྲེང་བ་དང༔ དོ་ཤལ་དཔུང་རྒྱན་སེ་མོ་དོ༔ རིན་ཆེན་དར་དཔྱང་ཆས་རྣམས་རྫོགས༔ གསུང་ནི་ཡང་སྙིང་སྔགས་སྒྲ་སྒྲོག༔ ཐུགས་ནི་རང་བྱུང་ཡེ་ཤེས་གསལ༔ ཛཔ྄་ཀྱིས་སྐུ་གསུང་ཐུགས་རྒྱུད་བསྐུལ༔ སྤྲོས་པས་སྟོང་གསུམ་སྐུ་ཡིས་གང༔ སྐུ་ལས་གསུང་བྱོན་སྔགས་འབྲུག་ལྡིར༔ བསྡུས་པས་ཆོས་དབྱིངས་མཁའ་ལ་ཐིམ༔ མ་གསལ་བར་དུ་བསྐྱེད་ཅིང་བསྒོམ༔ མ་གྲུབ་བར་དུ་མི་གཏང་ངོ༔ དམ་པ་རིགས་བརྒྱའི་རྩ་སྔགས་ནི། ཨོཾ་ཨཱ་ལི་ཀཱ་ལི་ཛྙཱ་ན་པཉྩ་སཏྭ་ཀྲོ་དྷ་མུ་ན་ཡེ་སྭཱ་ཧཱ༔ ཞི་བ་ཞེ་གཉིས་ཀྱི་རྩ་སྔགས་ནི། ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ རིགས་ལྔ་ཡབ་ཡུམ་གྱི་སྙིང་པོ་ནི། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ མཱཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཞེས་པ་རྣམས་སོ་སོར་བཟླས་ལ། སྟོང་ཚིག་འབུལ་བ་འགྲེ །གཉིས་པ་ལ་གསུམ། ཕྲ་མོའི་ཏིང་ངེ་འཛིན་ཡིད་ལ་གསལ་བས་རང་གི་གནས་སྦྱོང་བ། བཟླས་བརྗོད་བསྙེན་པའི་འཕྲོ་འདུས་ཡེ་ཤེས་ལྷ་ཉེ་བར་བསྙེན་པ། གསང་བ་བྱང་ཆུབ་སེམས་ཀྱི་འཕྲོ་འདུས་དངོས་གྲུབ་ཡུམ་གྱི་མཁར་བསྡུ་བའོ། །དང་པོ་ནི། ཐུགས་ཀར་ཡེ་ཤེས་སེམས་དཔའ་རྡོར་སེམས་དཀར་པོའི་རྣམ་པར་བཞུགས་པའི་ཐུགས་རིན་པོ་ཆེ་ཟུར་བརྒྱད་པའི་ནང་དུ་ཉི་མའི་གདན་ལ་ཏིང་འཛིན་སེམས་དཔའ་རྡོ་རྗེ་སྔོན་པོའི་ལྟེ་བར་ཧཱུྃ་མཐིང་ནག་གི་མཐའ་སྐོར་དུ་སྔགས་ཕྲེང་གིས་བསྐོར་བར་གྱུར། ཅེས་གསལ་བཏབ་ལ་བཟླའོ། །གཉིས་པ་ནི། བཟླས་པའི་རྐྱེན་གྱིས་ཐུགས་ཀའི་སྔགས་ཕྲེང་གྱེན་དུ་བྱུང་། ལྗགས་སྟེང་ཨཱཿལ་བསྐོར། ཤངས་བུག་གཡས་ནས་ཡར་བརྒྱུད་སྤྱི་བོའི་ཨོཾ་ལ་བསྐོར་བ་བྱས་ནས་ཕྱིར་བྱུང་བ་ཤངས་བུག་གཡོན་གྱི་སྒོར་ཐོན། ཡུམ་གྱི་ཤངས་བུག་གཡས་ནས་ཞུགས་ཏེ་ཐུགས་ཀའི་ཧཱུྃ་ལ་བསྐོར་ཅིང་གསང་བའི་པདྨོར་བབས་པར་གྱུར། ཅེས་བཟླ། གསུམ་པ་ནི། ཡུམ་མཁའི་སྔགས་ཕྲེང་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་རྒྱལ་བ་ཐམས་ཅད་མཆོད། ཐུགས་རྗེ་བྱིན་རླབས་དངོས་གྲུབ་ཐམས་ཅད་བསྡུས་ནས་ཡུམ་གྱི་པདྨར་བསྐྱིལ་བ་དེ་རྡོ་རྗེའི་ལམ་བརྒྱུད་ཐུགས་ཀའི་ཧཱུྃ་ལ་ཐིམ་པར་གྱུར། ཅེས་མོས། དེ་དག་གི་ཛཔ྄་བསྐུལ་ནི། ཧཱུྃ༔ དབུས་ཕྱོགས་འཁོར་ལོའི་གཞལ་ཡས་སུ༔ ཟླ་གམ་དབང་ཆེན་ཨེ་དཀྱིལ་དུ༔ བྱོལ་སོང་གཙོ་བརྒྱད་དྲེགས་པའི་སྟེང༔ ཐབས་ཤེས་ཉི་ཟླ་འོད་ཀྱི་དཀྱིལ༔ མ་ཆགས་པདྨའི་གེ་སར་ལ༔ བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ༔ ཡུམ་ཆེན་གནམ་ཞལ་དབྱིངས་ཕྱུག་མ༔ གཉིས་མེད་འཁྲིལ་སྦྱོར་ཆ་ལུགས་ནི༔ སྒེག་པ་དཔའ་བ་འཇིགས་སུ་རུང༔ རྒོད་དང་གཤེ་དང་སྙིང་རྗེ་རྔམ༔ འབར་ཁྲོ་ཞི་སོགས་གར་དགུར་ལྡན༔ སྐུ་ལ་དུར་ཁྲོད་ཆས་རྣམས་རྫོགས༔ གསུང་ནི་དྲག་པོའི་སྔགས་སྒྲ་སྒྲོག༔ ཐུགས་ནི་སྒྲོལ་མཛད་སྲོག་དང་བཅས༔ ཛཔ྄་ཀྱིས་སྐུ་གསུང་ཐུགས་རྒྱུད་བསྐུལ༔ ཕཊ་ཀྱིས་སྤྲོས་པས་སྟོང་གསུམ་གང༔ བསྡུས་པས་ཡུམ་གྱི་མཁའ་ལ་འཁྱིལ༔ གསང་བའི་སྦུབས་ནས་ཐུགས་ཀར་ཐིམ༔ མ་གསལ་བར་དུ་བསྐྱེད་ཅིང་བསྒོམ༔ མ་གྲུབ་བར་དུ་མི་གཏང་ངོ༔ ཞེས་བསྐུལ། བཟླ་བྱའི་སྔགས་ནི་གཙོ་བོ་ལ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ དཔལ་བརྒྱད་ལ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཧྲཱིཿཥྚཱི་བཱི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ༔ ཨོཾ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཨོཾ་བཛྲ་སརྦ་དུཥྚཱན་ཨེ་ཛ་བྷྱོ་ཧཱུྃ་ཕཊ༔ ཁྱུང་དང་བཀའ་སྡོད་ལ། ཧཱུྃ༔ ཡང་སྤྲུལ་ཁྱུང་ཆེན་བཀའ་སྡོད་ཚོགས༔ བཟླས་བརྗོད་བསྙེན་པའི་མཆོད་པ་བཞེས༔ ཁྲཱོཾ་ག་རུ་ཌ་ཧཱུྃ་ཕཊ༔ སརྦ་ཌཱ་ཀི་ནཱི་ས་མ་ཡ་ཧྲཱིཾ་ཧྲཱིཾ་ཧཱུྃ་ཕཊ༔ ཅེས་གནམ་ལྕགས་ཀྱི་ཐོག་རྒོད་ལྟར་བཟླ། ལྷ་ཚོགས་བདུན་བརྒྱ་ཉེར་ལྔའི་ཞལ་ནས་དྲག་སྔགས་འབྲུག་སྒྲ་སྟོང་གསུམ་གང་བར་བསྒྲགས་པས་ཁམས་གསུམ་ཆོས་ཉིད་དུ་བསྒྲལ། བ་སྤུའི་བུ་ག་ཚུན་ཆད་ནས་ཡེ་ཤེས་ཀྱི་མེ་མགར་གྱི་ཚྭ་ཚྭ་ལྟ་བུར་འཕྲོས་པས་སྣང་སྲིད་མེ་ཕུང་གིས་གང་། ཕྱི་སེམས་ཅན་ཀུན་གྱི་ལས་ཉོན་ཕུང་པོ། ནང་སྒྲུབ་པོའི་རྣམ་རྟོག་འཁྲུལ་འཛིན། བར་གདོན་བགེགས་ཐམས་ཅད་གཞོབ་ཏུ་བསྲེགས་ནས་སྐྱེ་མེད་དབྱིངས་སུ་ཐིམ་པར་གྱུར། ཅེས་མོས་ལ། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཅེས་གནམ་ལྕགས་ཀྱི་ཐོག་རྒོད་ལྟར་བཟླ། མཐར་སྟོང་ཚིག་མཆོད་བསྟོད་ནི། ཧཱུྃ༔ ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས༔ ཕྱི་ནང་གསང་བའི་ཚོགས་མཆོད་འབུལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་བཤགས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་པཉྩ་བ་ལིཾ་ཏ་རཀྟ་ཁཱ་ཧི༔ བཟླས་པ་ཐམས་ཅད་གྲུབ་ནས་གཞི་བསྟོད་རྒྱས་པར་བྱ་བར་བཤད་ཀྱང་སྤྱི་དྲིལ་ཙམ་ནི། ཧཱུྃ༔ བཅོམ་ལྡན་བདེ་གཤེགས་ཀུན་བཟང་རིགས་ལྔ་ཡབ༔ གདུག་པ་འདུལ་ཕྱིར་ཁྲག་འཐུང་སྐུ་ལྔར་སྟོན༔ བཟང་མོ་ལ་སོགས་ཀྲོ་དྷཱི་ཡུམ་རྣམས་འཁྲིལ༔ སེམས་དཔའ་ལྕམ་དྲལ་མཐར་བྱེད་ཐུབ་པ་དྲུག༔ དྲེགས་པ་འཇོམས་མཛད་གཏུམ་རྔམ་ཚོགས་དང་བཅས༔ ཞི་ཁྲོ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་པ་ཙམ་བྱའོ། །ཉེར་ལྔ་པ་དངོས་གྲུབ་བླང་བ་ནི། ལས་བྱང་གི་དཀྱུས་དང་རྒྱུན་དུ་མི་དགོས་ཀྱང་གྲངས་དུས་རྟགས་ཀྱི་བསྙེན་པ་རྫོགས་པའི་ཚེ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བླ་མ་རིག་འཛིན་ཡི་དམ་རྒྱལ་བའི་དཀྱིལ་འཁོར་མཁའ་འགྲོ་དམ་ཅན་རྣམས་ཀྱི་ཐུགས་རྒྱུད་བསྐུལ། བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཟེར་ཁ་དོག་ལྔ་ལྡན་གྱི་ཚུལ་དུ་བྱོན་ནས་རང་གི་གནས་གསུམ་དུ་ཐིམ་པར་བསམས་ལ། ཧཱུྃ༔ ལྷ་དང་རིག་འཛིན་མཁའ་འགྲོ་དགོངས༔ འདིར་འདུས་རིག་འཛིན་བདག་ཅག་རྣམས༔ སྨིན་གྲོལ་གཉིས་ཀྱིས་རྒྱུད་སྦྱངས་ཤིང༔ བསྐྱེད་རྫོགས་གཉིས་ཀྱིས་ལས་གཞུང་བསྲངས༔ བསྙེན་སྒྲུབ་རྣམ་གསུམ་མཐའ་རུ་ཕྱིན༔ ལས་དང་ཐུགས་རྗེ་མཐུན་པ་ཡི༔ ཞི་རྒྱས་དབང་དྲག་ཡིད་བཞིན་གཏེར༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ་ཨཱཿ ཞེས་པ་རྣམས་ཀྱིས་དངོས་གཞི་གྲུབ། རྗེས་ཀྱི་ལས་ཁྲིགས་བཅུ་གཅིག་ཏུ་གསུངས་པ་ལས། དང་པོ་ཚོགས་མཆོད་ནི། ཞིང་ལྤགས་ཀྱི་ཁར་ཐབས་ཤེས་ཀྱི་བཟའ་བཏུང་གཙོ་བོར་གྱུར་པའི་ཡོ་བྱད་བསགས། ཆུ་ཆང་ནང་གསུམ་གྱིས་སྦྱངས་ཏེ་བྱིན་གྱིས་བརླབ་པ་ནི། ཨོཾ་ཨུཙྪུཤྨ་པཻ་ཏཱ་ལི་ཀྲོ་དྷ་ནཱི་སརྦ་དྲ་བྱཾ་སཾ་ཤོ་དྷ་ནི་ཧཱུྃ་ཕཊ་སྭཱ་ཧཱ༔ ཧཱུྃ༔ རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས༔ ཆོས་ཀུན་ཐམས་ཅད་སྒྱུ་མར་རིག༔ རིག་པའི་ཡེ་ཤེས་རཾ་ཡཾ་ཁཾ༔ ཚོགས་ཀྱི་དངོས་པོ་བསྲེག་སྦྱང་བཀྲུ༔ རཾ་ཡཾ་ཁཾ༔ ཚོགས་ཀྱི་ཡོ་བྱད་སྟོང་པའི་ངང༔ ཨ་དང་མ་ལས་ཉི་ཟླ་ཡི༔ སྣོད་དུ་འབྲུ་གསུམ་ཞུ་བ་ལས༔ འདོད་ཡོན་ལྔ་ལྡན་ཕུང་པོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས༔ ཡེ་ཤེས་རོལ་པའི་ཚོགས་ལ་གཤེགས༔ དམ་ཚིག་དཀྱིལ་འཁོར་གནས་འདིར་བཞུགས༔ བདག་དད་གུས་པས་ཕྱག་འཚལ་ལོ༔ ཧཱུྃ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ མཛེས་སྙན་དྲི་ཞིམ་རོ་བདའ་ཞིང༔ རེག་བདེ་གླུ་གར་ཆོས་ཡིད་ཚིམ༔ འདོད་ཡོན་མཆོད་པས་ཐུགས་དམ་བསྐང༔ དེ་ནས་ཚོགས་ཀྱི་བསྐང་བའི་ཡུལ་སྙན་གསན་དབབ་པ་ནི། ཧཱུྃ༔ ཞི་ཁྲོ་རྒྱལ་བ་ཡོངས་རྫོགས་ལྷ༔ འགྲོ་ལ་ཕན་མཛད་ཐུགས་རྗེའི་བདག༔ སེམས་ཅན་ཀུན་གྱི་གཉེན་གཅིག་པུ༔ ཀུན་ནས་བདག་ལ་དགོངས་སུ་གསོལ༔ ཞེས་བརྗོད་པས་ཆོས་སྐུ་ལས་གཟུགས་སྐུར་བཞེངས་པར་བསམས་ལ་ཐོག་མར་ཉམས་ཆག་བཤགས་པ་ནི། ཧཱུྃ༔ ཤར་ནས་བཛྲ་ཨཀྵོ་བྷྱ༔ རྡོ་རྗེ་རིགས་ཀྱི་ཐུགས་དམ་ལས༔ ཞེ་སྡང་དམ་ཚིག་ཉམས་སོ་འཚལ༔ འདི་ཡང་མི་འཆབ་མཐོལ་ལོ་བཤགས༔ ཧཱུྃ༔ ལྷོ་ནས་རཏྣ་སཾ་བྷ་ཏྲཱཾ༔ རིན་ཆེན་རིགས་ཀྱི་ཐུགས་དམ་ལས༔ ང་རྒྱལ་དམ་ཚིག་ཉམས་སོ་འཚལ༔ འདི་ཡང་མི་འཆབ་མཐོལ་ལོ་བཤགས༔ ཧཱུྃ༔ ནུབ་ནས་པདྨ་དྷེ་བ་ཧྲཱི༔ པདྨ་རིགས་ཀྱི་ཐུགས་དམ་ལས༔ འདོད་ཆགས་དམ་ཚིག་ཉམས་སོ་འཚལ༔ འདི་ཡང་མི་འཆབ་མཐོལ་ལོ་བཤགས༔ ཧཱུྃ༔ བྱང་ནས་ཨ་མོ་གྷ་སིདྡྷི༔ ལས་ཀྱི་རིགས་ཀྱི་ཐུགས་དམ་ལས༔ ཕྲག་དོག་དམ་ཚིག་ཉམས་སོ་འཚལ༔ འདི་ཡང་མི་འཆབ་མཐོལ་ལོ་བཤགས༔ ཧཱུྃ༔ དབུས་ནས་བཻ་རོ་ཙ་ན་བཞུགས༔ དེ་བཞིན་རིགས་ཀྱི་ཐུགས་དམ་ལས༔ གཏི་མུག་དམ་ཚིག་ཉམས་སོ་འཚལ༔ འདི་ཡང་མི་འཆབ་མཐོལ་ལོ་བཤགས༔ དེ་ནས་སྐོང་བ་ནི་མཆོད་རྫས་ཐོགས་ཏེ་དཀྱིལ་འཁོར་བསྐོར་ལ། ཧཱུྃ༔ བསྐང་ངོ་བསྐལ་པའི་བར་དུ་ཐུགས་དམ་བསྐང༔ བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་བསྐང༔ སྦྱོར་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྦྱོར༔ སྒྲོལ་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྒྲོལ༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང༔ ཐུགས་དམ་གཉན་པོ་སྐོང་བའི་དམ་རྫས་ནི༔ རྩ་བརྒྱད་སྟོང་ལས་སྦྱར་བའི་བདུད་རྩི་དང༔ ཁྱད་པར་རྨད་དུ་བྱུང་བའི་གཏོར་མ་དང༔ འཁོར་བ་རྒྱུ་ལས་བསྒྲལ་བའི་རཀྟ་དང༔ རྣམ་དག་རྒྱུ་བསྒྲལ་བམ་ཆེན་རྫས་མཆོག་དང༔ འབྲུ་བཅུད་སྟོང་ལས་སྦྱར་བའི་ཛ་གད་དང༔ ཕྱི་ནང་གསང་བའི་ལོངས་སྤྱོད་སྣ་ཚོགས་ཀྱིས༔ བཀའ་བརྒྱུད་བླ་མ་རྣམས་ཀྱི་ཐུགས་དམ་བསྐང༔ ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ བཞི་བཅུ་རྩ་གཉིས་རྒྱལ་བའི་ཐུགས༴ ཁྲོ་བོ་རོལ་པའི་དཀྱིལ་འཁོར་ཆེན་པོ་ནས༔ ཆེ་མཆོག་ཡོན་ཏན་ལྷ་ཚོགས་ཐུགས༴ ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ཆེན་པོ་ནས༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་ཐུགས༴ གཤིན་རྗེ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་ཐུགས༴ དབང་ཆེན་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ པདྨ་གསུང་གི་ལྷ་ཚོགས་ཐུགས༴ ཕུར་པ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཕུར་པ་ཕྲིན་ལས་ལྷ་ཚོགས་ཐུགས༴ ཤ་ཁྲག་རྒྱ་མཚོར་འཁྱིལ་བའི་དཀྱིལ་འཁོར་ནས༔ མ་མོ་རྦོད་གཏོང་ལྷ་ཚོགས་ཐུགས༴ ཐུགས་རྗེ་གདུང་འཚོབ་སྐུ་ཡི་དཀྱིལ་འཁོར་ནས༔ རིག་འཛིན་བླ་མའི་ལྷ་ཚོགས་ཐུགས༴ དུག་ལྔ་མེ་ལྟར་འབར་བའི་དཀྱིལ་འཁོར་ནས༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་ཐུགས༴ གཏུམ་དྲག་མེ་ལྟར་འབར་བའི་དཀྱིལ་འཁོར་ནས༔ དམོད་པ་དྲག་སྔགས་ལྷ་ཚོགས་ཐུགས༴ དཀྱིལ་འཁོར་དགུ་ཡི་བར་ཁྱམས་ཁོར་ཡུག་ནས༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་ཐུགས༴ ཞིང་ཆེན་གཅལ་དུ་བཀྲམ་པའི་དཀྱིལ་འཁོར་ནས༔ ཕོ་ཉ་ལས་བྱེད་ཚོགས་ཀྱི་ཐུགས༴ སངས་རྒྱས་བསྟན་པ་བསྲུང་བར་ཞལ་བཞེས་པའི༔ སྔགས་བདག་སྡེ་དཔོན་སུམ་ཅུའི་ཐུགས༴ ཕོ་རྒྱུད་མགོན་པོའི་ཚོགས་ཀྱི་ཐུགས་དམ་བསྐང༔ མོ་རྒྱུད་ལྷ་མོའི་ཚོགས་ཀྱི་ཐུགས༴ གནོད་སྦྱིན་ནོར་ལྷའི་ཚོགས་ཀྱི་ཐུགས༴ དྲང་སྲོང་གཟའ་ཡི་ཚོགས་ཀྱི་ཐུགས༴ དམ་ཅན་དཔེ་སྲོག་གཙང་གསུམ་ཐུགས༴ ཡུལ་ལྷ་གཞི་བདག་རྣམས་ཀྱི་ཐུགས་དམ་བསྐང༔ ཞེས་མཚན་དོན་བྱེ་བྲག་ཏུ་བསྐང་། ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ གསང་བའི་དཀྱིལ་འཁོར་གཞུང་བཞིན་བཀོད་ནས་ཀྱང༔ བསྒྲུབ་རྫས་གཉན་པོ་ཚུལ་ལྟར་བཀྲམ་ལགས་ན༔ རྒྱལ་བ་ཞི་ཁྲོའི་ཐུགས་དམ་གཉན་བསྐངས་ཏེ༔ རྣལ་འབྱོར་བདག་ལ་གཡར་དམ་སོར་སྩོལ་ཅིག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་དང་ཡིག་བརྒྱ་བརྗོད། སྐབས་འདིར་སྒེར་སྲུང་མ་ནིང་། དྲེགས་པའི་སྡེ་དཔོན། མཁའ་རི་བསྙོ་ཁ་རྣམས་ཀྱི་གཏོར་འབུལ་གྱི་ཕྱག་ལེན་སྣང་ངོ་། །དེ་ནས་ཚོགས་ཕུད་རིམ་པ་གསུམ་སྤྲོས་པའི་དང་པོ་ཕུད་མཆོད་ནི། ཧཱུྃ༔ བླ་མེད་མཆོག་གི་མཆོད་སྦྱར་བས༔ ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ༔ འདོད་ཡོན་ལྷ་མོས་རབ་བརྒྱན་འབུལ༔ དམ་སྐོང་དབང་དང་དངོས་གྲུབ་སྩོལ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ལན་གསུམ། བར་པ་བཤགས་པ་ནི། ཧཱུྃ༔ མ་རིག་བདག་ཅག་ལུས་ངག་སེམས༔ བག་མེད་དམ་འགལ་འབྱོར་ཚོགས་ཆུང༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ ཐུགས་དང་འགལ་གྱུར་བཟོད་པར་གསོལ༔ ཨ་ཧོ་མ་ཧཱ་སུ་ཁ་ས་མ་ཡ་ཧོ༔ ཐ་མ་བསྒྲལ་བའི་ཐོག་མར་གཞུང་གི་རྩིས་མགོ་གཉིས་པ་ཆེ་བ་བསྐྱེད་པ་ནི། ཧཱུྃ༔ སྣང་སྲིད་ཐམས་ཅད་གཞལ་ཡས་ཁང༔ གཟུགས་སྣང་ཐམས་ཅད་ཧེ་རུ་ཀ༔ ཐམས་ཅད་ཐམས་ཅད་བྲན་དུ་ཁོལ༔ ང་ལས་ཆེ་བ་སུ་ཡང་མེད༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ གསུམ་པ་ཕྲིན་ལས་བསྐུལ་བ་ནི། ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ གཟུགས་སྐུ་འཇིགས་པའི་ཆ་ལུགས་བཞེངས༔ ཞི་རྒྱས་དབང་དང་མངོན་སྤྱོད་ལས༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ ཧཱུྃ་ཧཱུྃ་ཧཱུྃ༔ བཛྲ་སརྦ་དུཥྚཱན༔ ཨོཾ་ཤཱནྟིཾ༔ སྭཱ་པུཥྚིཾ༔ ཨཱཿཝ་ཤཾ༔ ཧཱ་མཱ་ར་ཡ་ཕཊ༔ སརྦ་སིདྡྷི་ཀུ་རུ་ཧཱུྃ༔ རྦོད་ཟོར་སརྦ་ཟློག་བྷྱོ༔ དམིགས་བྱའི་གཟུགས་རྟེན་ལ་འགུགས་གཞུག་ནི། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས་ཀྱི་བཀའ༴ བཀའ་སྲུང་ཕོ་ཉ་ལས་མཁན་རྣམས་ཀྱི་བཀའ༴ གཞན་ཡང་གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང། སྙིང་པོ་དང་། ཕྱག་རྒྱ་དང་། སྔགས་འཆང་བདག་གི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པའི་སྟོབས་ཀྱིས་བདག་ཅག་རྣལ་འབྱོར་པ་དཔོན་སློབ་ཡོན་མཆོད་དགོན་སྡེ་གྲྭ་ཚན་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་གཟུགས་ཅན་གྱི་དགྲ །གཟུགས་མེད་ཀྱི་བགེགས། ཁྱད་པར་དུ་བྱད་མ་རྦོད་གཏོང་ལྷ་དང་བཅས་པ་རྣམས། མགོན་བྱེད་ཀྱི་ལྷའམ། ཚེ་དང་དབང་ཐང་ངམ་བསོད་ནམས་དང་དུས་ཀྱི་དབང་དུ་མ་བཏང་བར། ད་ལྟ་ཉིད་དུ་ལིངྒ་འདི་ལ་ཁུག་ཅིག །དྲག་སྔགས་སོ་ལྔ་པའི་ཤམ་བུར། ནྲྀ་ཏྲི་ཧུར་ཐུམ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ ལན་གསུམ་གྱིས་བཀུག་ལ་ཕུར་ཐུན་བསྐུལ་བ་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ༔ དཔལ་ཆེན་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ ཧཱུྃ༔ ང་ནི་དཔལ་ཆེན་ཧེ་རུ་ཀ༔ སྲས་འཁོར་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ བཀའ་བརྒྱད་ལྷ་ཚོགས་དུས་ལ་བབས༔ གཡས་ཀྱི་ཕྱག་ན་ཕུར་པ་འདྲིལ༔ གཡོན་གྱི་ཕྱག་ན་ལྕགས་ཀྱུས་འགུགས༔ ལྕགས་ཀྱུས་ཟུངས་ལ་ཕུར་པས་ཐོབ༔ གནོད་བྱེད་དགྲ་བགེགས་རྡུལ་དུ་རློགས༔ དྲག་སྔགས་སོ་ལྔ་པའི་གཤམ་དུ། དགྲ་བགེགས་གནོད་བྱེད་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བརྗོད་དེ་ཚེ་ལུང་ཁྲུས་ལུང་གི་དགོངས་པས་ཕུར་པ་གདབ་ཅིང་བསྒྲལ་པའི་ཤ་ཁྲག་བདུད་རྩིར་སྤར་བ་བསྟབ་པ་ནི། ཧཱུྃ༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་ཞལ་ཕྱེ་ཞིག༔ བག་ཆགས་ཀུན་སྦྱོང་འཁོར་བའི་ལམ་དགག་ཕྱིར༔ དགྲ་བགེགས་བསྒྲལ་པའི་དུག་གསུམ་ཤ་ཁྲག་རུས༔ ཟ་བྱེད་མི་འགྱུར་ཆོས་ཉིད་ཀློང་དུ་རོལ༔ བཛྲ་ཡཀྵ་ཀྲོ་དྷ་བི་ཛ་ཡ་ཁཱ་ཧི༔ དེ་ནས་ལས་རྡོར་གྱིས་ཚོགས་རྫས་བཏེགས་ལ། ཧོ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འདི༔ འདོད་ཡོན་མ་སྤངས་ལོངས་སྤྱོད་རྒྱན༔ དངོས་གྲུབ་སྣ་ཚོགས་འདི་ལས་འབྱུང༔ རྣལ་འབྱོར་དགྱེས་པར་ཚོགས་ལ་རོལ༔ སིདྡྷི་ཕ་ལ་ཨ་ལ་ལ་ཧོ༔ ཞེས་སློབ་དཔོན་ནས་བརྩམ་སྟེ་འདུས་པ་རྣམས་ལ་དྲང་། ནང་གི་སྲེག་བླུགས་དང་ལྡན་པས་རོལ་པའི་མཐར། སྨོན་ལམ་ནི། ཧཱུྃ༔ སྔོན་ནས་ད་ལྟ་ཡན་ཆད་དུ༔ རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས༔ བསོད་ནམས་དགེ་བའི་ཚོགས་འཁོར་གྱིས༔ ཚེ་དབང་ལོངས་སྤྱོད་བརྟན་རྒྱས་ཤོག༔ ཅེས་སོགས་གདབ། བཞི་པ་ལྷག་ཆོག་ལ་ཐོག་མར་གཙང་ལྷག་ཡར་གནས་ལ་འབུལ་བ་ནི། ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་རྣམ་དག་ལས༔ སྐྱེ་བའི་ཆོ་འཕྲུལ་ཞི་ཁྲོའི་ཚོགས༔ འདིར་སྤྱོན་རྒྱན་གྱི་མཆོད་གཏོར་བཞེས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཅེས་གཙང་ལྷག་དང་བདུད་རྩི་གསང་ནན་སྣོད་ཟུར་དུ་བཀོད་ན་ལྷན་ཅིག་ནམ་མཁར་འབུལ། དམེ་གཏོར་ལ་གཙང་ཕུད་ཀྱི་རས་མ་བཏབ། དེ་ལ་སློབ་དཔོན་གྱིས་དམ་ཚིག་གི་ཁ་ཕྲུ་བཏབ་པ་སོགས་ཕྱག་ལེན་མ་ནོར་བར་བྱས་ལ། ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀཏ་ཧཱུྃ་ཧ་ཧོཿཧྲཱིཿ ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར། ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཛཿ ཨོཾ་བཛྲ་པུཥྤེ་ནས་ ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་བརླབ་ཅིང་མགྲོན་བཀུག་སྟེ་མཆོད་ལ། ཧཱུྃ༔ དང་པོ་ཕུད་ཀྱིས་མི་མཆོད་དུ༔ བཀའ་བརྒྱད་ཡོངས་རྫོགས་ལྷ་རྣམས་གཉན༔ བར་དུ་ལྷག་མས་མི་མཆོད་དུ༔ མ་དང་མཁའ་འགྲོ་ལྷག་ལ་དགྱེས༔ ཐ་མ་གཅིག་ཏུ་མི་བསྲེ་རུ༔ ཆོས་ཉིད་ཡེ་ནས་རྒྱུ་འབྲས་གཅིག༔ ཧཱུྃ༔ དཔལ་གྱི་བཀའ་ཉན་ལྷག་སྡུད་མ༔ རིགས་བཞི་མཁའ་འགྲོ་ཤུགས་འགྲོར་བཅས༔ དབང་ཕྱུག་ཆེན་མོ་ཉེར་བརྒྱད་དང༔ མཁའ་འགྲོ་སུམ་ཅུ་རྩ་གཉིས་དང༔ སྐྱེས་མཆོག་གིང་ཆེན་བཅོ་བརྒྱད་པོ༔ མ་བདུན་སྲིང་བཞི་འབར་མ་བརྒྱད༔ ཕོ་ཉ་དྲུག་ཅུ་རྩ་བཞིའི་ཚོགས༔ ལངྐ་དུར་ཁྲོད་བདག་མོ་དང༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ༔ ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱང༔ དམ་ཚིག་བསྲུང་ཞིང་མཁའ་ལ་འགྲོ༔ ཟས་སུ་ཤ་དང་ཁྲག་ལ་དགྱེས༔ ལས་སུ་གསོད་དང་གཅོད་ལ་བརྩོན༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ སྔོན་ཚེ་དཔལ་གྱི་བཀའ་བཞིན་དུ༔ བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད༔ ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་ས་མ་ཡ་དེ་བཱི་ཀྲོ་དྷ་སརྦ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨོཾ་ཨཱཿཧཱུྃ་ཨུཙྪིཥྚ་བཛྲ་ཨ་དྷིཥྛ་ས་མུ་དྲ་ཀྲཱ་མ་ས་མ་ཡ་ཧཱུྃ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧྲཱི་ཧྲཱི་ཧྲཱི༔ བྷྱོ་བྷྱོ་བྷྱོ༔ ཨ་ར་ལི་ཛ༔ ཞེས་སྒྲུབ་ཁང་གི་ལྷོ་ནུབ་ཏུ་བསྐྱལ་ལོ། །སྐབས་འདིར་སྤྱི་ལུགས་ལྟར་ཐུགས་དམ་བསྐུལ་བ་མདོར་བསྡུས་ནི། ཧཱུྃ༔ མི་མངོན་དབྱིངས་ན་བཞུགས་པ་རྒྱལ་བ་ཞི་ཁྲོའི་ཚོགས༔ ཨཱ༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ ཧཱུྃ༔ བསྐུལ་ལོ་བསྐུལ་ལོ་སེམས་ཅན་དོན་ལ་བསྐུལ༔ ཧྲཱི༔ མཛོད་ཅིག་མཛོད་ཅིག་བཅོལ་བའི་ཕྲིན་ལས་མཛོད༔ ཨཱ༔ ཆོས་སྐུ་སྐྱེ་བ་མེད་པའི་ངང་ཉིད་ལས༔ ཨོཾ༔ སྐྱེ་བའི་ཆོ་འཕྲུལ་ལོངས་སྤྱོད་རྫོགས་པའི་སྐུ༔ ཧཱུྃ༔ སྤྲུལ་སྐུས་འགྲོ་བ་སེམས་ཅན་དོན་མཛད་པ༔ ཧྲཱི༔ ཞི་ཁྲོ་བཀའ་བརྒྱད་ལྷ་ཚོགས་ཐུགས་དམ་ཅན༔ ཨོཾ༔ གཟུགས་སྣང་ཐམས་ཅད་སྐུ་ཡི་རང་བཞིན་ལ༔ ཨཱ༔ སྒྲ་གྲགས་ཐམས་ཅད་གསུང་གི་ངོ་བོར་སྣང༔ ཧཱུྃ༔ དྲན་རྟོག་ཐམས་ཅད་ཐུགས་ཀྱི་དགོངས་པར་འདུས༔ ཧྲཱི༔ ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་བཅོམ་ལྡན་འདས༔ སྒྲུབ་པ་བཀའ་བརྒྱད་དཔལ་གྱི་བཀའ་སྡོད་བཅས༔ མི་མངོན་དབྱིངས་ནས་གནས་འདིར་སྐུ་སྐྱོད་ཅིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ ལྔ་པ་གཏོར་སྐྱོང་ནི། ཧཱུྃ་བྷྱོ༔ སྔོན་ཚེ་འདས་དུས་བསྐལ་པ་དང་པོ་ལ༔ འོག་མིན་དགའ་ལྡན་གནས་མཆོག་དམ་པ་རུ༔ བཅོམ་ལྡན་དཔལ་ཆེན་ཁྲག་འཐུང་ཆེན་པོ་ཡིས༔ སྣང་སྲིད་མ་མོ་དམ་ལ་བཏགས་པའི་ཚེ༔ གཽ་རི་ལ་སོགས་གནས་ཀྱི་མ་མོ་བརྒྱད༔ སིཾ་ཧ་ལ་སོགས་ཡུལ་གྱི་ཕྲ་མེན་བརྒྱད༔ རྟ་གདོང་ལ་སོགས་ཡེ་ཤེས་སྒོ་མ་བཞི༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ ཇི་ལྟར་ཞལ་བཞེས་དམ་ལས་མ་གཡེལ་བར༔ མཆོད་གཏོར་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད༔ དེ་འོག་བར་གྱི་བསྐལ་པ་དབུས་མ་ལ༔ བལ་ཡུལ་ཡང་ལེ་ཤོད་ཀྱི་དབེན་གནས་སུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང༔ སློབ་མ་མཁས་པ་བི་མ་མི་ཏྲ་ཡིས༔ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ཚེ༔ རྡོ་རྗེ་རིགས་ཀྱི་སྲུང་མ་ཡོངས་འདུས་ནས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ ཇི་ལྟར་ཞལ་བཞེས་དམ་ལས་མ་གཡེལ་བར༔ མཆོད་གཏོར་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད༔ དེ་འོག་བསྐལ་པ་དུས་ཀྱི་ཐ་མ་ལ༔ བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཏུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང༔ སློབ་མའི་དྭངས་མ་རྗེ་འབངས་གྲོགས་གསུམ་གྱིས༔ ཞི་ཁྲོ་ཡོངས་རྫོགས་དཀྱིལ་འཁོར་ཞལ་ཕྱེ་ཚེ༔ སྒྲུབ་པ་བཀའ་བརྒྱད་དམ་ཅན་ཡོངས་འདུས་ནས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ ཇི་ལྟར་ཞལ་བཞེས་དམ་ལས་མ་གཡེལ་བར༔ མཆོད་གཏོར་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད༔ དེ་འོག་ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ༔ དཔལ་རི་པདྨ་འོད་ཀྱི་གཞལ་ཡས་སུ༔ སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་དང༔ ཐུགས་རྗེ་ཆེན་པོའི་རྣལ་འབྱོར་ཆོས་དབང་གིས༔ གསང་བ་སྒྲུབ་ཆེན་དཀྱིལ་འཁོར་ཞལ་ཕྱེ་ཚེ༔ དྲེགས་པའི་སྡེ་དཔོན་ཆེན་པོ་སུམ་ཅུ་ཡིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ ཇི་ལྟར་ཞལ་བཞེས་དམ་ལས་མ་གཡེལ་བར༔ མཆོད་གཏོར་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད༔ དྲུག་པ་གཏོར་ཟོར་ནི། ཧཱུྃ༔ མ་ཉེས་དཔང་དུ་དཀོན་མཆོག་བཞུགས༔ དགྲ་བགེགས་མ་གཏོགས་སྐུ་ཟུར་ཅིག༔ བཀའ་བརྒྱད་ལྷ་ཚོགས་དམག་དཔུང་སྐྱེད༔ དགྲ་བགེགས་སྙིང་ལ་གཏོར་ཟོར་རྒྱོབ༔ བཛྲ་སརྦ་དུཥྚཱན་ཏྲིག་ནན༔ ཨེ་ཧུར་ཐུཾ་ཛ༔ དགྲ་བགེགས་ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་རྦད༔ བདུན་པ་བརྟན་མ་སྐྱོང་བ་ནི། གཏོར་མ་འབྲུ་གསུམ་གྱིས་བདུད་རྩིར་བརླབས་ལ། ཧཱུྃ༔ བསྟན་པ་སྐྱོང་མཛད་མ་དང་སྲིང༔ དཔལ་གནས་མ་དང་ཡང་དག་ཤེས༔ ཁྱུང་བཙུན་ཀོང་ལྷ་གཡུ་བུན་མ༔ མེ་ཏོག་ཟླ་འོད་བྱང་རྒྱལ་མ༔ གསེར་ཐང་ཀུན་བཟང་ཤཱནྟིཾ་དཔལ༔ ཀླུ་མོ་གཟི་འབར་ལ་སོགས་པའི༔ བརྟན་མ་བཅུ་གཉིས་གཏོར་མ་ལོངས༔ མི་མཐུན་གནོད་པའི་ཕྱོགས་རྣམས་ཟློག༔ ཨོཾ་ཨཱཿཧཱུྃ་བཛྲ་ཨ་མྲྀཏ་ཁཱ་ཧི༔ མ་མ་ཧྲིཾ་མ་མ་ཧྲིཾ་ཁཱ་ཧི་ཁཱ་ཧི༔ བརྒྱད་པ་གཏོར་བྲོ་ནི། མདུན་དུ་ཨེ་སྒྲོམ་འབར་བའི་ནང་དུ་དགྲ་བགེགས་བཅུག་པའི་སྟེང་ནས་གཏོར་གཞོང་རི་རབ་ཏུ་གྱུར་པས་མནན་པ་ལ་ཁྲོ་བོ་རོལ་པའི་བྲོས་གཟིར་བར་བསམས་ལ། རྒྱས་པར་སྤྲོ་ན་གཞུང་ལྟར་ལས་བཞིའི་བྲོ་བརྡུང་། མདོར་བསྡུ་ན། ཧཱུྃ༔ ཞི་ཁྲོ་བཀའ་བརྒྱད་རོལ་པའི་བྲོ༔ དགྲ་བགེགས་དམ་སྲིའི་སྟེང་དུ་བརྡུང༔ གཡས་སུ་བསྐོར་ཏེ་དགྲ་ལ་བརྡུང༔ དགྲ་ཡང་ཕྱེ་མར་འཐག་པའི་བྲོ༔ གཡོན་དུ་བསྐོར་ཏེ་བགེགས་ལ་བརྡུང༔ བགེགས་ཀྱང་དུམ་བུར་གཏུབ་པའི་བྲོ༔ གཡས་གཡོན་ཐབས་དང་ཤེས་རབ་བྲོ༔ རུ་དྲ་དམ་སྲི་ཐལ་བར་རློག༔ ཨོཾ་ལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ནན༔ ཨོཾ་སུམྦྷ་ནི་སོགས་ཧཱུྃ་བཞིའི་སྔགས་བརྗོད། ཁ་ཅིག་གིས་སྐབས་འདིར་ཚེ་འགུགས་མཛད་པ་ལྟར་ན་རིགས་མཐུན་ནས་ལེན། དངོས་གྲུབ་བསྐུལ་བ་གོང་གི་དེའམ་སྒྲུབ་ཁོག་ལྟར་ན། ཧཱུྃ༔ བདེ་གཤེགས་རྒྱལ་བ་ཀུན་གྱི་ཐུགས་དམ་དང༔ སྦྱོར་ལམ་ཚོགས་ལམ་གནས་པའི་དམ་ཅན་ཚོགས༔ རྣལ་འབྱོར་བདག་ལ་སྔོན་གྱི་ཐུགས་དམ་གྱིས༔ ཚེ་དབང་ཆོས་དང་ལས་བཞི་ལྷུན་འགྲུབ་དང༔ རྐང་མགྱོགས་མིག་སྨན་རིལ་བུ་མཁའ་སྤྱོད་དང༔ སྲིད་ནོར་ཟས་གོས་མཐུ་རྩལ་དངོས་གྲུབ་སྩོལ༔ ཨ་ལ་ལ་ཧོ༔ ཧཱུྃ༔ ཆོས་སྐུ་མཆོག་ལས་ཀུན་འབྱུང་ལོངས་སྤྱོད་རྫོགས༔ འགྲོ་དོན་ལྷུན་གྲུབ་སྤྲུལ་སྐུ་གཅིག་གི་ངང༔ མ་བཅོས་གཉིས་མེད་སྐུ་གསུམ་ལྷུན་གྱིས་རྫོགས༔ མཆོག་གི་དངོས་གྲུབ་བདག་ལ་བསྩལ་དུ་གསོལ༔ ཅེས་བདུད་རྩི་སོགས་དངོས་གྲུབ་ཀྱི་རྫས་ལ་ལོངས་སྤྱོད། གཏང་རག་གི་དོན་དུ་སྔགས་ཙམ་གྱིས་མཆོད། བསྟོད་པ་མདོར་བསྡུས་བྱ། དགུ་པ་ནོངས་པ་བཟོད་པར་གསོལ་ཞིང་ལྷག་ཆད་ཁ་སྐོང་བ་ནི། ཡི་གེ་བརྒྱ་པ་མང་དུ་བརྗོད། མ་རྙེད་ཡོངས་སུ་མ་ཚང་སོགས་དང་དབྱངས་གསལ་ལན་གསུམ་བཟླའོ། །བཅུ་པ་དཀྱིལ་འཁོར་བསྡུ་བ་ནི། ཧཱུྃ༔ དང་པོ་ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ འགྲོ་དོན་སྐྱེ་བའི་ཆོ་འཕྲུལ་ཚོམ་བུ་དགུ༔ ཞི་ཁྲོ་ཡོངས་རྫོགས་འགྲོ་བ་ཀུན་བཏུལ་ནས༔ སླར་ཡང་ཆོས་དབྱིངས་རྣམ་དག་ཀློང་དུ་བསྡུ༔ ཨོཾ་ཨཱཿཧཱུྃ་བཛྲ་མུ༔ རྒྱུན་སྤྱོད་ནི། ཧཱུྃ༔ ངར་འཛིན་རྣམ་དག་སྒྱུ་ལུས་འཇའ་འདྲ་འདི༔ དཔལ་ཆེན་སྐུ་གསུང་ཐུགས་ཀྱི་རྒྱས་བཏབ་སྟེ༔ བདེན་པ་དབྱེར་མེད་ལྟ་སྤྱོད་ཟུང་འབྲེལ་བས༔ རྒྱུན་དུ་འགྲོ་བ་འདྲེན་པའི་སྤྱོད་ལམ་བྱའོ༔ ཨོཾ་ཨཱཿཧཱུྃ་བཛྲ་ཧྲི༔ བཅུ་གཅིག་པ་སྨོན་ལམ་དང་ཤིས་བརྗོད་ནི། ཧོཿ བསོད་ནམས་ཡེ་ཤེས་ཚོགས་གཉིས་མཐུ་བྱིན་གྱིས༔ བདག་གཞན་འགྲོ་བ་མ་ལུས་ཐམས་ཅད་ཀུན༔ ཞི་རྒྱས་དབང་དྲག་ཕྲིན་ལས་མངའ་བརྙེས་ཤིང༔ སྐུ་གསུམ་ལྷུན་གྲུབ་འགྲོ་དོན་མཐར་ཕྱིན་ཤོག༔ མེ་ཏོག་འཐོར་ལ། ཁྱབ་བདག་ཀུན་ཏུ་བཟང་དང་རྡོ་རྗེ་སེམས། །དགའ་རབ་ཤྲཱི་སིཾ་ཨོ་རྒྱན་ཡབ་ཡུམ་དང་། །ཆོས་ཀྱི་དབང་ཕྱུག་ཡབ་སྲས་བརྒྱུད་པར་བཅས། །རྩ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཆོས་སྐུ་མི་འགྱུར་ཀུན་ཏུ་བཟང་པོའི་ཀློང་། །ལོངས་སྐུ་རིགས་ལྔ་སྐུ་ལྔ་ཡེ་ཤེས་ལྔ། །སྤྲུལ་སྐུ་སྣ་ཚོགས་འགྲོ་དོན་ཡིད་བཞིན་གཏེར། །བདེ་གཤེགས་ཞི་བའི་ལྷ་ཚོགས་བཀྲ་ཤིས་ཤོག །ཆོས་དབྱིངས་རྣམ་དག་ངང་ལས་མ་གཡོས་ཀྱང་། །ཐབས་ཀྱིས་ཁྲོ་བོའི་སྐུར་སྟོན་གདུག་པ་འདུལ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པ། །སྒྲུབ་ཆེན་བཀའ་བརྒྱད་ལྷ་ཡི་བཀྲ་ཤིས་ཤོག །ཐོས་བསམ་སྒོམ་པ་མཐར་ཕྱིན་བླ་མ་མཆོག །དངོས་གྲུབ་ཀུན་སྩོལ་ཡི་དམ་ཡོངས་རྫོགས་ལྷ། །བར་ཆད་སེལ་མཛད་མཁའ་འགྲོ་ཆོས་སྐྱོང་ཚོགས། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་བརྗོད་པར་བྱའོ། །གསང་བ་ཡོངས་རྫོགས་ཀྱི་ལས་བྱང་གཏེར་གཞུང་རིགས་ལྔའི་རྒྱ་ཅན་ལ་རང་གཞུང་ནས་ཁ་སྐོང་དགོས་རིགས་ཆོས་བདག་སྨན་ལུང་པའི་ཕྱག་བཞེས་སངས་རྒྱས་དྭགས་སྟོན་ཡབ་སྲས་ཀྱི་རྒྱུན་ལས་བྱུང་བ་རྩེ་ལེ་དང་ལྔ་པའི་གསུང་རྣམས་ཚད་ཐུབ་ཏུ་བཞུགས་ཀྱང་ཅུང་ཟད་མང་བས་འདིར་ཁྱེར་བདེ་སྙིང་པོར་བཟུང་སྟེ་བཀོད་པའོ། །ཡོ་ག་རྣམ་གསུམ་ཟབ་རྒྱས་གསང་བ་ཀུན། །ཡོངས་རྫོགས་སྙིང་ཁྲག་དང་མཚུངས་སྒྲུབ་ཆེན་འདི། །སྲིད་པ་ཇི་སྲིད་དབྱར་གྱི་མཚོ་ལྟར་འཕེལ། །སྔགས་བསྟན་ནུབ་པ་མེད་པའི་བཙས་གྱུར་ཅིག །རྒྱལ་ཀུན་གསང་གསུམ་ཡོན་ཏན་ཕྲིན་ལས་བཅས། །དཀྱིལ་འཁོར་གཅིག་བསྡུས་ཕོ་བྲང་དགུ་ཀློང་དུ། །བདག་སོགས་འགྲོ་ཀུན་མངོན་པར་བྱང་ཆུབ་ནས། །སྐུ་དང་ཞིང་ཁམས་བསམ་ཡས་སྤྲོ་བྱེད་ཤོག །ཅེས་པའང་སངས་རྒྱས་གཉིས་པ་པདྨཱ་ཀ་རའི་རྗེས་ཞུགས་རྟགས་ཙམ་གྱི་རིག་པ་འཛིན་པ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་དཔལ་ཆེན་པོའི་ཕོ་བྲང་ཤྲཱི་དེ་བཱི་ཀོ་ཊི་རྡོ་རྗེ་ཐུགས་ཀྱི་ཕོ་བྲང་དུ་སྦྱར་བ་དགེ་ལེགས་འཕེལ།། །།

ཆོས་རྒྱལ་རིན་ཆེན་གླིང་པའི་རྫོགས་ཆེན་ཨ་ཏི་ཆིག་ཆོད་ཀུན་གྲོལ་གྱི་ཆོས་སྡེ་ (Volume 57, Text 1)

༄༅། །ཆོས་རྒྱལ་རིན་ཆེན་གླིང་པའི་རྫོགས་ཆེན་ཨ་ཏི་ཆིག་ཆོད་ཀུན་གྲོལ་གྱི་ཆོས་སྡེ་བཞུགས་སོ། ། ཀུན་གྲོལ་ཐེམ་བྱང་ངོ༔ ྈྈྈྈྈྈྈྈྈྈ དགོངས་གསང་ཐུགས་དམ་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་ཨོ་རྒྱན་པདྨ་ཡིས༔ གཏེར་ཁ་བྱེ་བ་སར་སྦས་ཀྱང༔ ཡང་གསང་དགོངས་གཏེར་འདི་ལས་མེད༔ ཨེ་མ་ངོ་མཚར་རྨད་ཀྱི་ཆོས༔ འདི་ཡི་ཐེམ་བྱང་བསྟན་པ་ནི༔ ཨོ་རྒྱན་ང་ཡི་ཆོས་རྣམས་ལ༔ སྤྱི་ཐེམ་སྒོས་ཐེམ་གཏད་རྒྱ་གསུམ༔ ཨེ་མ་སྤྱི་ཐེམ་ཆོས་རྣམས་ཐམས་ཅད་ཀྱང༔ ཐེག་པ་རིམ་པ་དགུར་འདུས་ཏེ༔ དེ་ཡང་བསྡུས་པས་གསུམ་དུ་འདུས༔ སྤྲུལ་སྐུའི་བསྟན་པ་སྡེ་སྣོད་གསུམ༔ ལོངས་སྐུའི་བསྟན་པ་ཀྲི་ཡོག་གསུམ༔ ཆོས་སྐུའི་བསྟན་པ་བསྐྱེད་རྫོགས་གསུམ༔ དེ་རྣམས་ཨ་ཏི་གཅིག་པོར་འདུས༔ ཨ་ཏི་ཡོ་གའི་ཆོས་སྐོར་ལ༔ རྒྱུད་དང་ལུང་དང་མན་ངག་གསུམ༔ དེ་ཡང་མན་ངག་དག་ཏུ་འདུས༔ མན་ངག་གནད་ཀྱི་ཆོས་སྐོར་ལ༔ སེམས་སྡེ་ཀློང་སྡེ་གནད་ཀྱི་སྡེ༔ དེ་ཡང་གནད་ཀྱི་སྡེ་རུ་འདུས༔ གནད་ཀྱི་སྡེ་ལ་ཕྱི་སྐོར་དང༔ ནང་སྐོར་གསང་སྐོར་བླ་མེད་སྐོར༔ ཡང་གསང་སྐོར་དང་ལྔ་རུ་འདུས༔ དེ་ཡང་ཡང་གསང་སྐོར་དུ་འདུས༔ ཡང་གསང་ཐིག་ལེའི་སྐོར་ལ་ནི༔ ཡང་ཏི་སངས་རྒྱས་མཉམ་སྦྱོར་དང༔ ཡང་ཏི་ཆིག་ཆོད་སྐོར་དུ་འདུས༔ ཆིག་ཆོད་ཀུན་གྲོལ་ཆེན་པོ་ནི༔ ཀུན་གྱི་སྙིང་གི་ནོར་བུ་ཡིན༔ ས་མ་ཡ༔ ཨེ་མ་སྒོས་ཐེམ་ཆིག་ཆོད་ཐེམ་བྱང་ནི༔ གང་ཟག་ཡིད་ཆེས་བསྐྱེད་པའི་ཕྱིར༔ ལུང་བསྟན་སྒོ་འབྱེད་ཡོད། ཁོག་ཕུབ་སྟོང་ཐུན་མན་ངག་དང༔ སྤྱི་ཁྱབ་རྩ་བ་རྒྱུད་གཞུང་དང༔ ཆོས་ཀྱི་གནད་མཚངས་བསྟན་པའི་ཕྱིར༔ མན་ངག་ཐེམ་བྱང་སྐོར་དང་གསུམ༔ དུས་ཚོད་གནང་བཀག་བསྟན་པའི་ཕྱིར༔ ལུང་བསྟན་མན་ངག་གཏད་རྒྱ་དང༔ ཐུན་མོང་སྔོན་འགྲོའི་གདམས་པ་དང༔ བྱིན་རླབས་བརྡ་ཡི་སྨིན་བྱེད་པ༔ དབང་ཁྲིད་བརྡ་ཡི་ཆོས་དང་དྲུག༔ ཆོས་ཉིད་མངོན་དུ་རྟོགས་པའི་ཐབས༔ དོན་ཁྲིད་གནད་ཀྱི་གདམས་ངག་དང༔ མན་ངག་གསང་སྐོར་སྙིང་ཐིག་དང༔ ཐ་མལ་ཐབས་ཀྱིས་ཁྲིད་པའི་དོན༔ ཚིག་ཁྲིད་ཉམས་ཀྱི་ཆོས་དང་དགུ༔ ཉམས་ལེན་མཐའ་རུ་འདོན་པའི་གནད༔ རྩལ་སྦྱང་རྗེས་ཀྱི་གདམས་ངག་དང༔ རྟགས་ཚད་ལམ་གྱི་ཡི་གེ་དང༔ རྩོལ་མེད་སངས་རྒྱས་ལག་འཆང་བ༔ བཏགས་གྲོལ་ཟབ་མོའི་ཆོས་དང་ནི༔ དུག་ལྔ་ལམ་ཁྱེར་བཅུ་གསུམ་མོ༔ དེ་ལྟར་ཆོས་སྐོར་བཅུ་གསུམ་དུ༔ ཆིག་ཆོད་མ་བུ་ཐམས་ཅད་ཚང༔ སངས་རྒྱའི་ཆོས་ལ་འདི་ཀས་ཆོག༔ གཞན་རྣམས་བྱས་ཆོས་རྒྱུ་ཙམ་ཡིན༔ འདི་ནི་བྱར་མེད་དོན་གྱི་ཆོས༔ ད་ལྟར་སངས་རྒྱས་མངོན་དུ་འགྱུར༔ ཨོ་རྒྱན་སྙིང་གི་ཐིགས་པ་འོ༔ ས་མ་ཡ༔ ཨེ་མ་ཧོ༔ དེ་ལྟ་བུ་ཡི་ཟབ་ཆོས་རྣམས༔ སྣོད་དང་ལྡན་པའི་གང་ཟག་ལ༔ ཆོས་སྣ་རེ་ཡི་ངོ་སྤྲོད་བྱ༔ དུས་གཅིག་རྫོགས་པར་མི་སྦྱིན་ཏེ༔ ཆོས་དྲེད་ཉམས་ལེན་མེད་པར་འགྱུར༔ དེ་བས་ཉམས་སུ་ལེན་ནས་སུ༔ རིམ་པ་བཞིན་དུ་བསྟན་པར་བྱ༔ གཞུང་དང་མཐུན་པར་སྣོད་ལྡན་ན༔ རཏྣ་གསེར་གྱི་མཎྜལ་བཤམ༔ ཚོགས་འཁོར་རྒྱ་ཆེན་མཆོད་བྱས་ལ༔ རྗེས་གནང་གཏད་རྒྱ་གདབ་ལ་སྦྱིན༔ སྣོད་མིན་རྣམས་ལ་གསང་ཞིང་སྦ༔ ཉམས་ལེན་རི་ཁྲོད་དབེན་པར་བྱ༔ བར་དོ་མེད་པའི་དམ་ཆོས་ཡིན༔ ཀུན་ལ་མ་མཆིས་ཨོ་རྒྱན་བཀའ༔ ལྔ་ལྡན་བུ་དང་འཕྲད་པར་ཤོག༔ ས་མ་ཡ༔ ྈྈ རྒྱ་རྒྱ་རྒྱ༔ ཡང་གསང་གནད་ཀྱི་ཐེམ་བྱང་འདི། །རིན་ཆེན་གླིང་པས་གཏེར་ནས་བཏོན། །ཨོ་རྒྱན་ཤོག་སེར་ངོས་ལ་བཤུས། །ཐེམ་བྱང་གནད་འདི་སྦ་བར་བྱ། །ཨོ་རྒྱན་ལུང་བསྟན་སྐལ་ལྡན་ལ། །ཆོས་སྐོར་ཐེམ་བྱང་བཅས་པ་གཏད། །སྐལ་ལྡན་ལས་ཅན་སྤྱོད་པར་ཤོག །ས་མ་ཡ། རྒྱ་རྒྱ་རྒྱ། ྀཨཚ། དགེའོ།། ༄༅༔ རྫོགས་ཆེན་ཆིག་ཆོད་ཀུན་གྲོལ་ཆེན་པོའི་ལུང་བསྟན་སྒོ་འབྱེད་བཞུགས་སོ༔ ྈྈྈ ཨེ་མ་ཧོ༔ རྡོ་རྗེ་སེམས་དཔས་བྱིན་བརླབས་དགའ་རབ་ཐུགས་ལ་ཤར༔ ཤྲཱི་སིཾ་ཧས་རྗེས་དགོངས་ཨོ་རྒྱན་ཐུགས་ལ་དགོངས༔ རྫོགས་ཆེན་ཡང་གསང་ཆིག་ཆོད་ཀུན་གྲོལ་འདི༔ མ་འོངས་རྩོད་ལྡན་དུས་ཀྱི་ཐ་མ་ལ༔ ཨོ་རྒྱན་བྱིན་བརླབས་ཆོས་ཀྱི་བློན་པོ་དང༔ ཤེས་རབ་འབྱུང་གནས་གཉིས་ལས་གཅིག་སྤྲུལ་པའི༔ སྐྱེ་མཐའི་ཐུགས་ཀྱི་སྤྲུལ་པའི་ལས་ཅན་དང༔ ཡང་ཟབ་ནང་གི་ཆོས་འདི་འཕྲད་པར་ཤོག༔ གཏེར་འདི་རྙེད་ནས་ལོ་གསུམ་གསང་ཞིང་སྦ༔ ལོ་བཞི་ལྔ་ལ་སྐལ་ལྡན་སློབ་མ་ལ༔ ཨོ་རྒྱན་དབང་གིས་ཆོས་ཀྱི་སྒོ་ཕྱེ་ལ༔ བླ་མ་མཉེས་པའི་གསེར་གྱི་མཎྜལ་འབུལ༔ མཁའ་འགྲོ་མཉེས་པའི་ཚོགས་འཁོར་བརྒྱ་རྩ་བྱ༔ སློབ་མའི་དོན་དུ་ཆོས་ཀྱི་བཀའ་འདི་བཀྲོལ༔ བྱ་སྤྲེལ་སྟག་གི་ཟླ་བའི་དུས་སུ་བཟང༔ དེ་དུས་ཆོས་འདི་ལེན་པའི་སྐལ་ལྡན་ཚོགས༔ ཨོ་རྒྱན་བདག་གི་ད་ལྟའི་འཁོར་འདི་ནས༔ འགྲོ་དོན་སྐྱེ་བ་བརྒྱུད་ནས་བྱེད་པ་ཡི༔ སློབ་མའི་མཆོག་བརྒྱད་མུ་ཏིག་བཙད་དང་དགུ༔ སྨན་མོ་བཟའ་དང་བཅུ་ཡི་སྐྱེ་མཐའ་ཡིས༔ སྤྲུལ་པའི་འཁོར་སློབ་བཅུ་ལ་ཆོས་འདི་གཏད༔ ཕོ་དགུ་མོ་གཅིག་བཅུ་ཡི་འཁོར་སློབ་ཀྱིས༔ འགྲོ་བ་དཔག་མེད་ཆོས་འདིས་གྲོལ་བར་འགྱུར༔ དེའང་རུས་དང་རིགས་ནི་མ་ངེས་ཆ་ལུགས་ཅན༔ ཨོ་རྒྱན་ང་ལ་ཤིན་ཏུ་དད་པ་འབྱུང༔ དེ་རྣམས་ལ་ནི་དཔེ་རྒྱུད་དོན་བརྒྱུད་གཏད༔ གཞན་ཡང་ཨོ་རྒྱན་ང་ཡི་འཁོར་དགུ་ཡི༔ སྤྲུལ་པ་སྦས་པའི་ཡུལ་ཅན་ཆ་ལུགས་ནི༔ ངུར་སྨྲིག་གོས་དང་སྦས་པའི་མཁའ་འགྲོ་འབྱུང༔ དུས་འདིར་ཆོས་བཀའ་བཀྲོལ་ནས་ལོ་དྲུག་ནང༔ སྐལ་ལྡན་ཕོ་མོ་བཅུ་དགུ་རྫོགས་པར་འབྱུང༔ ཁྱད་པར་ཟབ་ཆོས་བཀའ་འདི་འབྱེད་དུས་སུ༔ ཨོ་རྒྱན་བདག་དང་མཚོ་རྒྱལ་གཉིས༔ གཉིས་མེད་ལྷུན་སྦྱོར་བྱིན་གྱིས་བརླབས༔ སྤྲུལ་པའི་འཁོར་གསུམ་ངེས་པར་འདུ༔ མཚོ་རྒྱལ་བྱིན་བརླབས་སྨན་མོ་བཟའ༔ ཡེ་ཤེས་མཆོག་དང་དཔལ་དབྱངས་ཀྱི༔ སྐྱེ་མཐའི་སྤྲུལ་པ་ཕོ་མོ་དང༔ ཨོ་རྒྱན་ཐུགས་སྲས་ཆོས་རྒྱལ་དང༔ སངས་རྒྱས་དགོངས་པ་ཆོས་ཉིད་རྣམས༔ དུས་གཅིག་འཛོམ་པའི་བྱིན་རླབས་ཀྱིས༔ ས་ཕྱོགས་བཀྲ་ཤིས་བདེ་ལེགས་ཤིང༔ ཆོས་འདི་མཐོང་ཐོས་གྲོལ་བར་འགྱུར༔ འདི་དུས་གང་བྱུང་ལས་ཅན་ཡིན༔ ཨོ་རྒྱན་ཡབ་ཡུམ་དངོས་སུ་མཇལ༔ ཆོས་རྒྱལ་སྐྱེས་བུ་རཏྣའི་མཚན༔ གང་གིས་རེག་པ་དོན་ལྡན་ཡིན༔ བདེ་བ་ཅན་དུ་ངེས་པར་འགྲོ༔ གཞན་ཡང་སྐལ་ལྡན་ལས་ཅན་ལ༔ གནད་ཀྱི་གདམས་ངག་ཕྱོགས་རེ་སྦྱིན༔ སྤེལ་དུས་ཚོགས་དང་མཎྜལ་གཅེས༔ དེ་མ་འཛོམས་ན་སྣོད་མ་ཡིན༔ སྙིང་ནས་ཆོས་བཞིན་བྱེད་པར་སྟེར༔ ཁ་གསག་དམ་མེད་ང་རྒྱལ་ཅན༔ ཚེ་འདི་སྒྲུབ་ལ་མི་སྤེལ་སྦ༔ འདི་ལ་ངེས་པར་བཀའ་རྒྱ་ཡོད༔ ས་མ་ཡ༔ གཏད་རྒྱ༔ ཟབ་རྒྱ༔ སྦས་རྒྱ༔ དམ་རྒྱ༔ གསང་རྒྱ༔ རྒྱ་རྒྱ་རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཁ་ཐཾ༔ ྈྈྈ དགེའོ། །སརྦ་མངྒ་ལཾ།། ༄༅༔ རྫོགས་ཆེན་གཅིག་ཆོད་ཀུན་གྲོལ་ཆེན་པོའི་སྟོང་ཐུན་ཁོག་དབུབ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈ བཅོམ་ལྡན་འདས་ཆོས་ཐམས་ཅད་རྫོགས་པའི་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ ྈྈྈྈྈྈྈྈྈྈྈ རྒྱལ་བ་ཐམས་ཅད་ཀྱི་དགོངས་པ༔ ཆོས་ཐམས་ཅད་ཀྱི་མཐར་ཐུག༔ ལུང་ཐམས་ཅད་ཀྱི་འབྱུང་གནས༔ ཐེག་པ་ཐམས་ཅད་ཀྱི་ཡང་རྩེ༔ དོན་ཐམས་ཅད་ཀྱི་མེ་ལོང༔ མན་ངག་ཐམས་ཅད་ཀྱི་སྙིང་པོ༔ རྫོགས་པ་ཆེན་པོ་ཡང་གསང་གཅིག་ཆོད་ཀུན་གྲོལ་ཆེན་པོ་འདི་ཉིད་སྟོན་པར་བྱེད་པ་ལ༔ དགོས་དོན་རྣམ་པ་དྲུག་གི་སྟོང་ཐུན་གྱིས་ཁོག་ཕུབ་སྟེ་བཤད་པ་ནི༔ ཐེག་མཆོག་འདིར་འཇུག་པའི་གང་ཟག་ཡིད་ཆེས་བསྐྱེད་པའི་ཕྱིར༔ བསྟན་པ་ཇི་ལྟར་བྱུང་བའི་ལོ་རྒྱུས་དོན་གྱི་བཤད་ཐབས་དང་གཅིག༔ ཆོས་ཐམས་ཅད་བྱང་ཆུབ་སེམས་ལས་བྱུང་བའི་ཕྱིར༔ རྩ་བ་དོན་གྱི་བཤད་ཐབས་དང་གཉིས༔ རྩ་བ་གཅིག་ལ་སེམས་བློ་ཐ་དད་པའི་ཕྱིར༔ ཐེག་པའི་བྱུང་ལུགས་དོན་གྱི་བཤད་ཐབས་དང་གསུམ༔ ཐེག་པ་སྣ་ཚོགས་ཐབས་སུ་གོལ་ཕྱིར༔ འབྲས་བུ་ཡང་གསང་རྫོགས་པ་ཆེན་པོའི་དགོས་པ་དོན་གྱི་བཤད་ཐབས་དང་བཞི༔ དགོས་ཆེད་དོན་དེ་རྒྱུད་ལ་འགེལ་བའི་ཕྱིར༔ མན་ངག་དོན་གྱི་བཤད་ཐབས་དང་ལྔ༔ མན་ངག་ཉམས་སུ་བླངས་པས་ཡོན་ཏན་འབྱུང་བའི་ཕྱིར༔ ཆེ་བ་དོན་གྱི་བཤད་ཐབས་དང་དྲུག་གིས་བཤད་དོ༔ དང་པོ་ནི་རྒྱུད་ལས༔ ལོ་རྒྱུས་མ་བཤད་གང་ཟག་ཡིད་མི་ཆེས༔ ཞེས་གསུངས་པས༔ གང་ཟག་ཡིད་ཆེས་ཤིང་ཁུངས་བཙུན་པར་བྱ་བའི་ཕྱིར༔ བརྒྱུད་པའི་ལོ་རྒྱུས་བཤད་པ་ནི༔ དང་པོ་རྒྱལ་བ་དགོངས་པའི་བརྒྱུད་པ༔ བར་དུ་རིག་འཛིན་བརྡའི་བརྒྱུད་པ༔ ཐ་མ་གང་ཟག་སྙན་དུ་བརྒྱུད་པ་ཡིན་ནོ༔ དང་པོ་རྒྱལ་བ་དགོངས་པའི་བརྒྱུད་པ་ནི༔ གནས་ཆོས་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བ་མཉམ་ཡངས་ཆེན་པོར༔ སྟོན་པ་ཀུན་ཏུ་བཟང་པོ་ཕྱོགས་སུ་མ་ལྷུང་ཀུན་ལ་ཁྱབ་པའི་ཆོས་སྐུས༔ ཉིད་ལས་མི་གཞན་པ་དབྱེར་མེད་པའི་འཁོར་རིགས་ལྔའི་སངས་རྒྱས་རྣམས་ལ༔ དུས་གསུམ་དུས་མེད་མཉམ་པ་ཉིད་ཀྱི་ཚེ༔ བསྟན་པ་སུས་ཀྱང་མ་བྱས་པ་རང་བྱུང་གཅིག་ཆོད་ཀུན་གྲོལ་ཆེན་པོའི་རྒྱུད་འདི༔ བྱིན་གྱི་རླབས་ཀྱིས་ངང་གིས་གོ་བ་ཡིན༔ དཔེར་ན་ཉི་མ་མཁའ་ལ་ཤར་བས་ཆུ་ནང་དུ་འོང་བ་མེད་ཀྱང༔ ཆུ་ནང་དུ་ཉི་མ་ཤར་བ་བཞིན་དུ༔ ཆོས་སྐུས་བཤད་པ་མེད་ཀྱང༔ བྱིན་རླབས་ཀྱིས་གོ་བ་ཡིན་ནོ༔ དེ་ནས་ཆོས་སྐུས་བྱིན་གྱིས་བརླབས་པའི་ལོངས་སྐུས༔ གནས་འོག་མིན་འཐུག་པོ་བཀོད་པའི་ཞིང་ཁམས་དག་པ་རུ༔ སྟོན་པ་རྡོ་རྗེ་འཆང་ལོངས་སྤྱོད་རྫོགས་པའི་ཡེ་ཤེས་ཀྱི་སྐུས༔ རིགས་ལྔ་རང་རང་གི་འཁོར་སེམས་དཔའ་སེམས་མའི་ཚོགས་རྣམས་ལ༔ དུས་རང་སྣང་སེམས་སུ་དག་པའི་ཚེ་བསྟན་པའི་ཚིག་དང་ཡི་གེས་མ་བཤད་རང་བྱུང་གཅིག་ཆོད་ཆེན་པོའི་རྒྱུད་སྡེ༔ རང་རང་གི་ངོ་བོ་ཡི་སྒོ་ནས་གོ་བ་ཡིན་ནོ༔ ངོ་བོ་ནི་མེ་ཤེལ་ཁ་དོག་བསྟན་པ་ཙམ་གྱིས༔ བཟླ་མི་དགོས་པར་ཤེས་བཞིན༔ ལོངས་སྐུས་ཚིག་ཏུ་བཤད་པ་མེད་ཀྱང༔ ལོངས་སྐུའི་མཚན་དང་དཔེ་བྱད་བསྟན་པའི་སྒོ་ནས་གོ་བ་ཡིན་ནོ༔ དེ་ནས་ལོངས་སྐུའི་ངང་ནས་སྤྲུལ་སྐུར་བྱུང་ནས༔ གནས་མ་ངེས་པའི་ཞིང་ཁམས་སུ༔ འཁོར་དག་མ་དག་སྣ་ཚོགས་བསམ་གྱིས་མི་ཁྱབ་པ་ལ༔ དུས་རང་རང་གི་མོས་པ་ཐོབ་པའི་དུས་སུ༔ སྟོན་པ་རྡོ་རྗེ་སེམས་དཔའི་སྐུའི་སྒོ་ནས་རིགས་དྲུག་གི་དོན་དུ་ཐུབ་པ་དྲུག་ཏུ་སྤྲུལ་ནས༔ དེ་ལས་ཀྱང་རབ་འཁོར་ལོས་བསྒྱུར་བའི་ཆ་ལུགས་དང༔ ཞི་བ་དང་གདུལ་བྱ་མ་རུངས་པ་འདུལ་བ་ལ་ཁྲོ་བོ་དང༔ གདུལ་བྱ་གང་ལ་གང་འདུལ་དུ་སྤྲུལ་ནས་དོན་མཛད་དོ༔ གསུང་གི་སྒོ་ནས་མདོ་སྡེ་འདུལ་བ་མངོན་པ་དང༔ མཚན་ཉིད་ཕ་རོལ་ཏུ་ཕྱིན་པ་དྲུག་དང༔ ཀྲི་ཡ་ཨུ་པ་ཡོ་ག་དང༔ མ་ཧཱ་ཨ་ནུ་ཨ་ཏི་གསང་བའི་རྒྱུད་ལ་སོགས༔ ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་གསུངས་ནས་འགྲོ་དོན་མཛད༔ ཐུགས་ཀྱི་སྒོ་ནས༔ འདས་པ་དང་མ་འོངས་པ༔ ད་ལྟའི་དུས་གསུམ་མཉམ་པ་ཉིད་ཀྱི་ཡེ་ཤེས་མཁྱེན་པའི་སྒོ་ནས༔ འགྲོ་བའི་དོན་གདུལ་བྱ་རང་རང་གིས་གོ་བར་མཛད༔ དེ་ལྟར་སྤྲུལ་པ་རྣམས་ལ་སྐུས་མཛད་པ༔ གསུང་གིས་བརྗོད་པ༔ ཐུགས་ཀྱིས་རྩོལ་བ་བྱས་པ་མེད་དེ༔ དཔེར་ན་ཡིད་བཞིན་གྱི་ནོར་བུ་དེ་ལ་རྟོག་པ་མེད་ཀྱང༔ འགྲོ་བ་རང་རང་ཐ་དད་ཀྱི་བསོད་ནམས་ཀྱིས་འདུན་པ་གང་ཡོད་པའི་དགོས་འདོད་འབྱུང་བ་བཞིན༔ སྤྲུལ་སྐུ་ལ་རྩོལ་རྟོག་མེད་ཀྱང༔ གདུལ་བྱ་གང་ལ་གང་འདོད་དེར་སྤྲུལ་ནས་བྱུང་སྟེ་གོ་བ་ཡིན་ནོ༔ ཁྱད་པར་དུ་ཡང་གཅིག་ཆོད་ཆེན་པོའི་རྒྱུད་སྡེ༔ སྤྲུལ་སྐུ་དགའ་རབ་རྡོ་རྗེ་ཉིད་ལ་ལྕང་ལོ་ཅན་གྱི་གནས་སུ༔ སྟོན་པ་རྡོ་རྗེ་སེམས་དཔའི་ཕྱག་གིས་ཀྱང་མ་མཛད༔ གསུང་ཡང་མ་བྱོན་པར་ཆོས་ཉིད་རང་སྣང་གི་ནམ་མཁའ་ལ༔ བཻ་ཌཱུརྻའི་ཡི་གེ་རང་བྱུང་དུ་ཤར་ནས་གླེགས་བམ་ནམ་མཁའ་ལས་བབས་སོ༔ དེ་ནས་དགའ་རབ་རྡོ་རྗེས་ནམ་མཁའ་ལ་རིན་པོ་ཆེའི་ཁང་པ་བརྩེགས་པའི་ནང་དུ༔ གཟུགས་བརྙན་གྱིས་འགྲོ་བ་འདུལ་བའི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རྟེན་སྤྲུལ་སྐུར་བཞུགས་སོ༔ དེ་རྣམས་ཚིག་གམ་ཡི་གེ་ལ་མ་བརྟེན་པར་བྱིན་རླབས་ཀྱིས་ཆོས་ཀྱི་དོན་ཁོང་དུ་ཆུད་པས་རྒྱལ་བ་དགོངས་པའི་བརྒྱུད་པ་ཞེས་བྱ་བ་ཡིན་ནོ༔ ༈ དེ་ནས་རིག་འཛིན་བརྡའི་བརྒྱུད་པ་ནི༔ ཤཱཀྱ་ཐུབ་པའི་བསྟན་པ་འདི་ཉིད་ལས༔ སྤྲུལ་པ་དགའ་རབ་རྡོ་རྗེ་དེ་ཉིད༔ ཨོ་རྒྱན་དྷ་ན་ཀོ་ཤའི་ཡུལ་སྨན་ལྗོངས་སུ༔ རྒྱལ་པོ་ཨུ་པ་རཱ་ཛའི་སྲས་མོ་ལྷ་ལྕམ་སྣང་གསལ་སྒྲོན་མ་བྱ་བའི་བཙུན་མོ་གཅིག་ལ༔ སྐུ་འཁྲུངས་ཚུལ་བསྟན་ནས་ལོ་བརྒྱད་ལོན་ཙམ་ན༔ ཆོས་ཐམས་ཅད་མ་བསླབ་པར་མཁྱེན་པར་བྱུང་བས་སྤྲུལ་པར་ཤེས་ནས༔ རྒྱལ་བློན་འབངས་དང་བཅས་པ་ཐམས་ཅད་དགྱེས་ནས༔ དགའ་རབ་རྡོ་རྗེ་ཞེས་མཚན་བཏགས་སོ༔ དེ་ལྟ་བུའི་སྤྲུལ་པ་རྡོ་རྗེ་སེམས་དཔའི་རིག་འཛིན་དེ་ཉིད་ཀྱིས༔ བདུད་དང་མུ་སྟེགས་ལ་སོགས་པ་ཕྱིར་རྒོལ་བ་ངན་པ་ཚར་བཅད་ནས༔ རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་ན་བཞུགས་པའི་ཚེ༔ ནམ་མཁའ་ལ་སྒྲ་དང་འོད་དུ་བཅས་ནས༔ རྡོ་རྗེ་སེམས་དཔའི་སྐུ་འཇའ་ཚོན་ལྟ་བུར་བྱོན་ནས་རིགས་ཀྱི་བུ་ཆོས་ཉིད་རང་སྣང་གི་ནམ་མཁའ་ལ་ལྟོས་དང༔ གསུང་ནས་བལྟས་པས༔ རྫོགས་པ་ཆེན་པོའི་ཆོས་ཐམས་ཅད་པོ་ཏི་རང་བྱུང་གྲུབ་པའི་ཆར་ཆེན་པོ་དགའ་རབ་རྡོ་རྗེའི་མདུན་དུ་བབས་སོ༔ དེ་ནས་སངས་རྒྱས་ཀྱིས་སྔར་གསུངས་པའི་བཀའ་སྡེ་སྣོད་དང༔ རྫོགས་པ་ཆེན་པོའི་ཆོས་དེ་ཀ་མཁའ་འགྲོ་མ་པུརྞ་ཉེར་ཞི་དང༔ ཚངས་པ་དུང་མགྲིན་ཅན་དང༔ དགའ་རབ་རྡོ་རྗེ་དང་གསུམ་གྱིས་དཀར་ཆག་ཏུ་བཏབ་སྟེ་གླེགས་བམ་དུ་བྱས་ནས༔ མཁའ་འགྲོ་སྔོན་བྱུང་ཕུག་ཏུ་བཞུགས་སུ་བཅུག་སྟེ་དྷཱ་ཀི་མས་པཱུ་ཛ་བྱེད་དོ༔ དེ་ནས་རྡོ་རྗེ་སེམས་དཔའ་མི་སྣང་བར་བྱེད་པ་ལས༔ དགའ་རབ་རྡོ་རྗེས་གདུང་བའི་སྨྲེ་སྔགས་ཀྱིས་གསོལ་བ་བཏབ་པས༔ རྡོ་རྗེ་སེམས་དཔའ་ནམ་མཁར་འོད་ཕུང་གི་དཀྱིལ་དུ་བྱོན་ནས༔ ཀྱེ་མ་རྡོ་རྗེ་སེམས་དཔའི་རིག་འཛིན་བུ༔ ཆོས་ཀྱི་སྐུ་ལས་ལོངས་སྐུའི་ངང༔ སྤྲུལ་སྐུ་རྡོ་རྗེ་སེམས་དཔའི་གཟུགས༔ གང་དུ་མི་གནས་ཆོས་སྐུར་ཐིམ༔ ཐམས་ཅད་མཁྱེན་པར་ཁྱོད་ཟུངས་ཤིག༔ གསུང་ནས་ཨ་ཏི་ཆོས་ཉིད་ཡང་གསང་གི་རྒྱུད༔ རིན་པོ་ཆེ་བཻ་ཌཱུརྻས་རང་བྱུང་དུ་བྲིས་པ་ཤེལ་གྱི་གྭའུ་སེན་གང་བ་གཅིག་དགའ་རབ་རྡོ་རྗེའི་སྤྱི་བོའི་གཙུག་ཏུ་བབ་པ་ཙམ་གྱིས༔ དགའ་རབ་རྡོ་རྗེ་རྟོགས་པའི་གདིང་དང་ལྡན་པར་གྱུར་ནས༔ རྡོ་རྗེ་སེམས་དཔའ་ཉིད་མི་སྣང་བར་གྱུར་ཏོ༔ དེ་ནས་དགའ་རབ་རྡོ་རྗེས་དེ་ལ་རྒྱུད་ལུང་མན་ངག་གསུམ་དུ་མཁྱེན་ནས༔ རྒྱུད་ལུང་གཉིས་པོ་རྡོ་རྗེ་གདན་ན་སྦས་ཏེ༔ མན་ངག་ཐུགས་ལ་བཅངས་ནས་དུར་ཁྲོད་བསིལ་བའི་ཚལ་དུ་དཔལ་ལྷ་ལས་བབས་པའི་མཆོད་རྟེན་ལ་སྐུ་རྒྱབ་གཏད་ནས༔ ཏིང་ངེ་འཛིན་ལ་བཞུགས་ཏེ༔ མཁའ་འགྲོ་མ་རྣམས་ཀྱིས་པཱུ་ཛ་མཛད་དོ༔ དེའི་ཚེ་འཇམ་དཔལ་གྱི་སྤྲུལ་པ་ཤྲཱི་སིཾ་ཧ་བྱ་བ་དང༔ རྒྱ་ནག་ཤོ་ཤ་གླིང་གི་གྲོང་ཁྱེར་ཤོ་ཁྱམ་ནག་པོ་བྱ་བར༔ དེད་དཔོན་གཅིག་གི་བུར་སྐྱེས་ནས༔ ལོ་བཅོ་ལྔ་ལ་རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏ་གཅིག༔ ནུབ་ཕྱོགས་གསེར་གླིང་བར་འགྲོ་བའི་ལམ་དུ་འཇམ་དཔལ་གྱིས་ལུང་བསྟན་ནས༔ རིགས་ཀྱི་བུ་མྱུར་དུ་སངས་རྒྱ་བར་འདོད་ན༔ དུར་ཁྲོད་བསིལ་བའི་ཚལ་དུ་དགའ་རབ་རྡོ་རྗེའི་དྲུང་དུ་སོང་ཞིག༔ བླ་མེད་འབྲས་བུའི་ཆོས་རྣམས་ཞུས༔ གསུངས་ནས་མི་སྣང་བར་གྱུར་ཏོ༔ དེར་ཤྲཱི་སིཾ་ཧས་རྫུ་འཕྲུལ་ཚེའི་རིག་འཛིན་གྲུབ་ནས༔ དུར་ཁྲོད་བསིལ་བའི་ཚལ་དུ་བྱོན་ནས་དགའ་རབ་རྡོ་རྗེ་དང་མཇལ༔ འཇམ་དཔལ་བཤེས་གཉེན་ཡང་དེར་བྱོན་ནས༔ རྫོགས་པ་ཆེན་པོ་ཡང་གསང་བླ་ན་མེད་པའི་སྐོར་རྣམས་ལོ་བདུན་ཅུ་རྩ་ལྔའི་བར་དུ་ཞུས་སོ༔ དེ་ནས་དགའ་རབ་རྡོ་རྗེས་ཆུ་བོ་དན་ཏིག་གི་མགོར༔ ཞག་བདུན་ཕྲག་བདུན་དབྱེར་མེད་ཀྱི་ཏིང་ངེ་འཛིན་ལ་བཞུགས་པས༔ ཟག་བཅས་ཀྱི་ཕུང་པོ་མི་སྣང་བར་གྱུར༔ སྐུ་འོད་ཀྱི་ཕུང་པོ་འཇའ་ཚོན་ལྟར་ཡལ་ལོ༔ དེའི་ཚེ་གུ་རུ་ཤྲཱི་སིཾ་ཧས་གདུང་བའི་སྨྲེ་སྔགས་ཀྱིས་གསོལ་བ་བཏབ་པས༔ ནམ་མཁའ་ལ་སྒྲ་གྲགས་ཏེ་བལྟས་པས༔ བར་སྣང་འོད་ཕུང་གི་དཀྱིལ་ནས་དགའ་རབ་རྡོ་རྗེ་ཉིད་སྐུ་འཇའ་ཚོན་ལྟར་བྱོན་ནས༔ ཀྱེ་མ་དགའ་རབ་རྡོ་རྗེའི་རིག་འཛིན་བུ༔ རྒྱལ་བ་དགོངས་པའི་བྱིན་རླབས་ཀྱིས༔ སུས་ཀྱང་མ་བཅོས་རང་བྱུང་དུ༔ སྤྲུལ་པའི་སྐུ་ཉིད་རང་སར་གྲོལ༔ རང་གྲོལ་རྒྱུད་འདི་ཁྱོད་ཀྱིས་ཟུངས༔ ཞེས་གསུངས་ནས་རིན་པོ་ཆེའི་གྭའུ་སེན་གང་བ་གཅིག་གི་ནང་དུ༔ གསང་སྔགས་བླ་ན་མེད་པའི་རྒྱུད་འདི་ཕྱག་ཏུ་བབས༔ དེ་ཉིད་བཅངས་པ་ཙམ་གྱིས་ཤྲཱི་སིཾ་ཧ་རྟོགས་པའི་གདིང་དང་ལྡན་པར་གྱུར་ཏེ༔ དགའ་རབ་རྡོ་རྗེ་ཉིད་མི་སྣང་བར་ཡལ་ལོ༔ དེ་ནས་ཤྲཱི་སིཾ་ཧ་ཉིད་རྒྱ་ནག་བྱང་ཆུབ་འབྱུང་བའི་ཤིང་དྲུང་དུ་བྱོན་ནས༔ ཆོས་དེ་ཉིད་ལ་སེམས་སྡེ་ཀློང་སྡེ་མན་ངག་གི་སྡེ༔ འབྲས་བུ་གནད་ཀྱི་སྡེ་དང་བཞིར་ཕྱེས་ནས༔ གསུམ་པ་བཀྲ་ཤིས་ཀྱི་ཁྲི་སྒོར་སྦས་ནས་མཁའ་འགྲོ་མ་ལ་གཏད༔ འབྲས་བུ་གནད་ཀྱི་ཐིག་ལེའི་སྐོར་རྣམས་ཐུགས་ལ་བཅངས་ནས༔ དུར་ཁྲོད་ཆེན་པོ་བསིལ་བྱིན་དུ་བྱོན་ནས་ཏིང་ངེ་འཛིན་ལ་བཞུགས་ནས་མཁའ་འགྲོ་མ་རྣམས་ཀྱིས་པཱུ་ཙ་བྱེད་དོ༔ དེའི་ཚེ་ན་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཨོ་རྒྱན་དྷ་ན་ཀོ་ཤའི་མཚོ་ནང་དུ༔ རང་བྱུང་མེ་ཏོག་པདྨ་ལས་བརྫུས་ཏེ་འཁྲུངས་པའི་ཨོ་རྒྱན་པདྨ་བདག་ཉིད་དུར་ཁྲོད་ཆེན་པོ་དགའ་བའི་ཚལ་དུ་ཨོ་རྒྱན་དུ་འགྲོ་བའི་ལམ་སྨན་ལྗོངས་སུ༔ སྤྱན་རས་གཟིགས་ཀྱིས་ལུང་བསྟན་ནས༔ རིགས་ཀྱི་བུ་ཐོད་ཕྲེང་རྩལ་ཁྱོད༔ ཡང་དག་པའི་འབྲས་བུ་མྱུར་དུ་ཐོབ་པར་འདོད་ན༔ དུར་ཁྲོད་བསིལ་བྱིན་དུ་གུ་རུ་ཤྲཱི་སིཾ་ཧའི་སྤྱན་སྔར་སོང་ལ༔ མན་ངག་ཡང་དག་གསང་བའི་རྫོགས་ཆེན་ཞུས་ཤིག༔ ཅེས་ལུང་བསྟན་ནས་མི་སྣང་བར་གྱུར་ཏོ༔ དེ་ནས་བདག་ཨོ་རྒྱན་པདྨས་ལུང་བསྟན་བྱུང་མ་ཐག་ཏུ༔ དུར་ཁྲོད་བསིལ་བྱིན་དུ་ཕྱིན་ནས་གུ་རུ་ཤྲཱི་སིཾ་ཧ་དང་མཇལ༔ བི་མ་ལ་ཡང་དུས་དེར་བྱུང༔ བཀའ་ཡང་གསང་ཐིག་ལེའི་སྐོར་མན་ངག་མ་ལུས་པ་ལོ་བརྒྱད་ཀྱི་བར་དུ་ཞུས་ནས༔ དེ་ནས་གུ་རུ་ཤྲཱི་སིཾ་ཧ་ཉིད༔ རྒྱལ་པོ་དཔལ་བྱིན་གྱིས་གདན་དྲངས་ནས་བྱོན་ཏེ༔ དེ་ནས་བྱང་ཆུབ་འབྱུང་བའི་ཤིང་དྲུང་དུ་ཞག་བརྒྱ་ཕྲག་གཉིས་ཏིང་ངེ་འཛིན་ལ་བཞུགས་ནས༔ སྒྲ་དང་འོད་དུ་བཅས་ཏེ་ཟག་བཅས་ཀྱི་ཕུང་པོ་མི་སྣང་བར་འཇའ་ལྟར་ཡལ་ལོ༔ དེར་ཨོ་རྒྱན་བདག་གིས་གདུང་བའི་སྨྲེ་སྔགས་ཀྱིས་གསོལ་བ་བཏབ་པས༔ ནམ་མཁར་འོད་ཕུང་གི་དཀྱིལ་དུ་གུ་རུ་ཤྲཱི་སིཾ་ཧ་ཉིད༔ འཇའ་ཚོན་ལྟ་བུའི་སྐུར་བྱོན་ནས༔ ཀྱེ་མ་ཤྲཱི་སིཾ་ཧའི་རིག་འཛིན་བུ༔ རིག་འཛིན་མཁའ་སྤྱོད་ཡུལ་ཉིད་དུ༔ རིག་འཛིན་ང་ཉིད་མྱ་ངན་འདས༔ ཡང་གསང་འབྲས་བུ་གནད་འདི་ཉིད༔ གང་ལ་ཡོད་ན་དོན་དང་ལྡན༔ རིག་འཛིན་པདྨའི་ཐུགས་ལ་ཟུངས༔ ཞེས་གསུངས་ནས་ཕྱག་གཡས་པ་ནས་རཏྣའི་གྭའུ་སེན་གང་བ་གཅིག་གི་ནང་ནས༔ ཡང་གསང་འབྲས་བུ་ཐིག་ལེའི་སྐོར་རྣམས་ཨོ་རྒྱན་པདྨ་བདག་ལ་གཏད་པས༔ དེ་ཉིད་དུ་རྟོགས་པའི་གདིང་དང་ལྡན་པར་གྱུར་ཏོ༔ གུ་རུ་ཤྲཱི་སིཾ་ཧ་ཉིད་མི་སྣང་བར་ཡལ་ལོ༔ དེ་ནས་བདག་ཨོ་རྒྱན་པདྨས་ཆོས་དེ་ཉིད་ལ༔ ཕྱི་སྐོར་ནང་སྐོར་གསང་སྐོར་གསང་བ་བླ་ན་མེད་པའི་སྐོར་ཡང་གསང་འབྲས་བུ་གནད་ཀྱི་སྐོར་དང་ལྔར་ཕྱེས་ནས༔ བཞི་པོ་ཡི་གེ་ལ་བཏབ་ནས༔ ཡང་གསང་སྐོར་ཉིད་ཐུགས་ལ་བཅངས་ནས༔ དུར་ཁྲོད་ཆེན་པོ་ཧེ་ཆེན་དྷ་ནར་ཏིང་ངེ་འཛིན་ལ་ལོ་འགར་བསྐྱངས་ནས༔ ནང་པ་སངས་རྒྱས་པའི་བསྟན་པ་ཉམས་པ་གསོ་བའི་དོན་དུ་རྡོ་རྗེ་གདན་དུ་བཞུགས་སོ༔ དེ་རྣམས་ཚིག་ལ་བརྟེན་ནས་བཤད་མི་དགོས་པར༔ བརྡ་ལ་བརྟེན་ནས་གཅིག་གི་རྒྱུད་གཅིག་གིས་རང་བཞིན་གྱིས་རིག་པས༔ རིག་འཛིན་བརྡའི་བརྒྱུད་པ་ཞེས་བྱ་བ་ཡིན་ནོ༔ ༈ དེ་ནས་གང་ཟག་སྙན་ཁུང་དུ་བརྒྱུད་པ་ནི༔ སྤུར་རྒྱལ་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་གཙུག་ལག་ཁང་བཞེངས་པར་བརྩམ་པ་ལ༔ ལྷ་འདྲེ་གདུག་པ་ཅན་གྱིས་རྩིག་ཏུ་མ་སྟེར་བ་ལ༔ པྲ་དང་གཙུག་ལག་ཞལ་བསྡུར་པས༔ ཨོ་རྒྱན་མཁན་པོ་པདྨ་གདན་དྲངས་ན་འགྲུབ་པར་འོང་བར་ཁ་འཆམས་ནས་རྒྱལ་པོས་སྦས་སྐ་བ་དཔལ་བརྩེགས༔ སྣ་ནམ་རྡོ་རྗེ་བདུད་འཇོམས་དང༔ ཅོག་རོ་ཀླུའི་རྒྱལ་མཚན་གསུམ་ལ་གསེར་མང་པོ་བསྐུར་ནས༔ སློབ་དཔོན་པདྨ་རྒྱ་གར་རྡོ་རྗེ་གདན་ནས་སྤྱན་དྲངས་ནས་ཧས་པོ་རི་ཡི་རྩེར་བཞུགས་སོ༔ དེའི་དུས་སུ་ཆོས་རྒྱལ་གྱིས་རྨི་ལམ་དུ་དཔལ་རྟ་མགྲིན་བྱོན་ནས་རིགས་ཀྱི་བུ་ཁྱོད་ཀྱིས་གཙུག་ལག་ཁང་བར་ཆད་མེད་པར་འགྲུབ་ཅིང་ཆོས་ཀྱིས་མྱུར་དུ་གྲོལ་བར་འདོད་ན༔ དུས་གསུམ་སངས་རྒྱས་ཐུགས་ཀྱི་དགོངས་བཅུད་རྫོགས་པ་ཆེན་པོ་ཡང་གསང་བླ་ན་མེད་པའི་སྐོར་རྣམས་ཨོ་རྒྱན་པདྨ་ལ་ཞུས་ཤིག་ཅེས་ལུང་བསྟན་ནས་མི་སྣང་བར་གྱུར་ཏོ༔ དེར་མནལ་སད་པའི་ཚེ་ཧས་པོ་རིའི་རྩེར་ཨོ་རྒྱན་གྱི་སྤྱན་སྔར་བྱོན་ནས༔ དར་གྱི་ཡོལ་བ་གསུམ་རིམ་བྲེས་པ་ལ་དར་འཕན་ཉི་ཤུས་བརྒྱན༔ རིན་པོ་ཆེའི་ཁྲི་བརྩེགས་པ་ལ་གུ་རུ་བཞུགས་སུ་གསོལ༔ གསེར་གྱི་མཎྜལ་བཤམས༔ ཟས་སྣ་ཞིམ་མངར་མང་པོའི་ཚོགས་བཤམས༔ འབྲས་ཆང་དང་རྒུན་ཆང་ཕྲ་མེན་གྱི་སྐྱོགས་སུ་དྲངས༔ མཆོད་ཡོན་གྱིས་མཐའ་བསྐོར༔ དར་ཟབ་གསེར་གཡུ་མང་པོ་ཕྱག་ཏུ་ཕུལ༔ བཙུན་མོ་མཛེས་ལྡན་མ་དང༔ ལྷ་ལྕམ་པདྨ་མཛེས་གཉིས་དར་ཟབ་གསེར་གཡུས་བརྒྱན་ཏེ་གཟུངས་མར་ཕུལ་ནས༔ ཕྱག་དང་སྐོར་བ་ལུས་དུབ་དུབ་ཏུ་འཚལ་ནས་ཞུས་པ༔ ཨེ་མ་ཨོ་རྒྱན་ཆེན་པོ་བདག་གི་རྗེ༔ འགྲོ་བ་མ་རིག་མུན་སེལ་བའི༔ ཐམས་ཅད་མཁྱེན་པའི་སྒྲོན་མེ་མཆོག༔ ཁྱེད་ལ་གུས་པར་གསོལ་བ་འདེབས༔ བདེ་གཤེགས་གསུང་རབ་རྒྱ་མཚོའི་བཅུད༔ ཐེག་པའི་མཐར་ཐུག་ཨ་ཏི་ཡི༔ ཡང་གསང་གནད་ཀྱི་མན་ངག་ནི༔ ཚེ་འདིར་སངས་རྒྱས་བདག་ལ་ཞུ༔ ཞེས་གསོལ་བས༔ དེར་ཨོ་རྒྱན་བདག་གིས་ཆོས་རྒྱལ་ལ༔ རྫོགས་པ་ཆེན་པོ་ཕྱི་སྐོར་ནང་སྐོར་གསང་སྐོར་གསང་བ་བླ་ན་མེད་པའི་སྐོར༔ ཡང་གསང་ཐིག་ལེའི་སྐོར་གྱི་སངས་རྒྱས་མཉམ་སྦྱོར༔ བཤད་རྒྱུད་མཆོང་དང་བཅས་པ་དང༔ ཡི་གེ་མེད་པ་དང༔ ཡི་གེ་ཅན་ཚིག་ཏུ་བཀྲོལ་ནས་རྒྱལ་པོ་ལ་གདམས་སོ༔ རྒྱལ་པོས་ཀྱང་གཞན་དུ་མ་བརྒྱུད་རྟ་མགྲིན་ཐུགས་ཀར་སྦས༔ ཁྱད་པར་ཡང་གསང་བཅུད་ཀྱི་ཡང་ཏིག་གཅིག་ཆོད་ཀུན་གྲོལ་འདི༔ དེ་སྔ་འཛམ་བུའི་གླིང་དུ་བརྒྱུད་པ་མེད་པས་རྒྱལ་པོ་ལ་ཡང་དོན་བརྒྱུད་ལས་དཔེ་མ་བྱིན་པས༔ དོན་བརྒྱུད་འདི་བྱིན་པ་ཙམ་གྱིས་རྟོགས་པའི་གདིང་དང་ལྡན་པར་གྱུར་ཏོ༔ རྒྱལ་པོས་ཀྱང་ཡི་གེར་མ་བྲིས་པར་ཐུགས་ལ་བཞུགས་སོ༔ དེ་ལྟར་ཟག་པ་དང་བཅས་པའི་ལུས་ལ་ཟག་མེད་ཀྱི་ཡེ་ཤེས་གང་ཡོད༔ ཆོས་ཚིག་ཏུ་རྣ་བར་བརྒྱུད་ནས་རྟོགས་ཏེ་གྲོལ་བས་གང་ཟག་སྙན་ཁུང་གི་བརྒྱུད་པ་ཞེས་བྱའོ༔ དེ་ནས་གཙུག་ལག་ཁང་གི་ས་ཆོག་བྱས་ཏེ་རྨིང་བཏིང་བས༔ བར་ཆད་མེད་པར་མྱུར་དུ་གྲུབ་ནས༔ མངའ་གསོལ་རབ་གནས་མཛད༔ དམ་པའི་ཆོས་རྣམས་བསྒྱུར་ནས་སངས་རྒྱས་བསྟན་པ་བོད་དུ་དར་བར་མཛད་དོ༔ གཏེར་ཁ་བྱེ་བ་བསམ་གྱིས་མི་ཁྱབ་པར་སྦས་ནས༔ མ་འོངས་འགྲོ་བའི་དོན་མཛད་ནས༔ ཨོ་རྒྱན་བདག་ལྷོ་ནུབ་སྲིན་པོའི་ཡུལ་དུ་འགྲོ་བའི་ལམ་དུ༔ རྒྱ་གར་ཤར་ཕྱོགས་རཱ་ཙ་ཀ་རས་གདན་དྲངས་ནས་ཡོན་བདག་བྱས༔ རི་བོ་པོ་ཏ་ལར་བཞུགས་ནས་ཨ་ཙ་ར་གསལ་མཆོག་དང༔ མི་ཏྲ་ཛོ་ཀིས་ཉེ་གནས་བྱས་ནས༔ རྒྱལ་པོའི་ལྷ་ལྕམ་སྣང་གསལ་སྒྲོན་མས་གཟུངས་མ་བྱས་ནས༔ ཟླ་བ་གཅིག་དང་ཞག་བདུན་བཞུགས་པའི་དུས་སུ༔ སྤྱན་རས་གཟིགས་ཀྱི་ལུང་བསྟན་བྱུང་ནས་ཨོ་རྒྱན་བདག་གིས་མ་འོངས་འགྲོ་བའི་དོན་དུ་སྤྱིར་འཛམ་བུའི་གླིང་དུ་གཏེར་མང་བྱེ་བ་མཐའ་ཡས་སྦས༔ ཁྱད་པར་ཟབ་གཏེར་བརྒྱ་རྩ་ལྷག་ཅིག་སྦས༔ ཁྱད་པར་ཐུགས་གཏེར་བརྒྱད་དང་ཡང་གཏེར་བོད་དུ་སྦས༔ དེའི་ནང་ནས་ཟབ་པའི་དགོངས་གཏེར་འདི༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ ཆོས་རྣམས་ཚིག་ཏུ་སོང་དུས་སུ༔ དོན་བརྒྱུད་འདི་ཡིས་རྒྱ་བོད་གཉིས་ལ་ཕན་པར་བྱ་བའི་དོན་དུ༔ ཡི་གེ་མེད་པའི་ཆོས་འདི་གོ་ཆ་དང་བདག་གིས་ཡི་གེར་བྲིས་ནས༔ རིན་ཆེན་ཟངས་ཀྱི་གྭའུར་བྲུབས་ནས༔ ཆོས་ཚན་བཞི་པོ་ཀླུ་བདུད་རུ་སྦལ་ནག་པོའི་ལྟོ་བར༔ བསྟན་པ་ལུང་གི་ཆོས་རྣམས་ཀྱི་ཟླ་ལ་སྦས་ནས༔ གཏེར་སྲུང་མགོན་པོ་བེ་བཙན་གསུམ༔ གཏེར་སྲུང་བཞི་དང་མཁའ་འགྲོ་ཀླུ་བདུད་དྲག་པོ་ལ་སོགས༔ ལྷ་འདྲེ་ཆེ་དགུ་ལ་གཏད་ནས་རྒྱས་བཏབ༔ ཕྱི་མའི་དུས་སུ་ཨོ་རྒྱན་ངའི་ཐུགས་སྤྲུལ་བྱང་ཆུབ་སེམས་དཔའ་སྙིང་སྟོབས་ཅན་དང་འཕྲད་པར་ཤོག་ཅིག༔ དེ་ལ་དོན་བརྒྱུད་བྱིན་རླབས་ཀྱི་བཀའ་རང་བབས་སུ་ཡོད་པས༔ སོམ་ཉི་མི་དགོས་ཨོ་རྒྱན་ངས་རྗེས་སུ་གནང་བ་ཡིན༔ དེས་ནི་སྣོད་དང་ལྡན་པའི་སྐལ་ལྡན་ལ༔ དོན་བརྒྱུད་སྤེལ་ལ་དཔེ་རྒྱུད་གདམས་པར་བྱའོ༔ ཆོས་འདི་རྙེད་པ་ཙམ་གྱིས་ང་དང་མཇལ༔ པདྨ་འབྱུང་གནས་རིག་འཛིན་ཨེ་མ་ཧོ༔ ཞེས་གསུངས་ནས་ལྷོ་ནུབ་སྲིན་པོའི་ཡུལ་དུ་བཞུད་དོ༔ དེ་ནས་ཨོ་རྒྱན་ཆེན་པོས་རྗེས་བཟུང་བྱིན་གྱིས་བརླབས། མཁའ་འགྲོ་མའི་ལུང་བསྟན་གཏད་རྒྱས་བཀའ་བཀྲོལ་ནས། བདག་ཆོས་རྒྱལ་རིན་ཆེན་གླིང་པས་གཏེར་ནས་གདན་དྲངས་སོ། །དེ་ནི་བསྟན་པ་རིན་ཆེན་ཇི་ལྟར་བྱུང་བའི་ལོ་རྒྱུས་བཤད་པའོ།། ༈ ྈྈྈྈྈྈྈྈ གཉིས་པ་ཆོས་ཐམས་ཅད་སེམས་ལས་བྱུང་བའི་ཕྱིར་རྩ་བ་དོན་གྱི་བཤད་པ་ནི༔ རྒྱུད་ལས༔ ཐམས་ཅད་སེམས་ལས་བྱུང་ཞིང་སེམས་སུ་འདུས༔ ཞེས་གསུངས་པས༔ ཆོས་ཐམས་ཅད་རྩ་བ་བྱང་ཆུབ་སེམས་ལས་བྱུང་བ་སྟེ༔ དཔེར་ན་འབྱུང་བཞི་ནམ་མཁའི་ཀློང་ནས་བྱུང་ཞིང་ནམ་མཁའི་ཀློང་དུ་འདུས་པ་བཞིན༔ སྣང་སྲིད་ཐམས་ཅད་སེམས་ལས་བྱུང་ཞིང་སེམས་སུ་འདུས༔ སེམས་ཉིད་ངོ་མ་ཤེས་ཤིང་མ་རིག་པས་སྡུག་བསྔལ་འཁོར་བར་འཁྱམས་པའི་སེམས་ཅན་བྱུང༔ རང་སེམས་རང་གིས་ངོ་ཤེས་པས་རིག་པའི་ཡེ་ཤེས་བདེ་བ་ཆེན་པོའི་སངས་རྒྱས་བྱུང༔ དེ་ཉིད་རྟོགས་པའི་ཐབས་ལ་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་བྱུང་སྟེ༔ བྱང་ཆུབ་སེམས་སུ་འདུས་ཞེས་པ་རྩ་བ་དོན་གྱི་བཤད་པའོ༔ ༈ གསུམ་པ་རྩ་བ་གཅིག་བས་མེད་པ་ལ་གང་ཟག་བློ་ཐ་དད་པའི་ཕྱིར་ཐེག་པའི་རིམ་པ་བྱུང་ལུགས་ནི༔ རྒྱུད་ལས། ཡོད་ནི་གཅིག་ལས་མེད་པར་བྱུང་ནི་སྣ་ཚོགས་བྱུང༔ ཞེས་གསུངས་པས༔ རྩ་བ་བྱང་ཆུབ་སེམས་ལས་ཐེག་པ་དུ་མར་བྱུང་བ་ནི༔ དཔེར་ན་རྒྱ་མཚོ་ཆེན་པོ་ལས་ཆུ་བྲན་མཚོ་དང་འབབ་ཆུ༔ ལུ་མ་ལྡ་ལྡིང་སྣ་ཚོགས་བྱུང་བ་བཞིན༔ བྱང་ཆུབ་སེམས་ལས་ཕྱི་རོལ་པ་དང་ནང་པ་དང༔ ནང་པ་ལ་ཉན་ཐོས་རང་རྒྱལ་ཐེག་དམན་བྱུང༔ ཐེག་ཆེན་བྱང་ཆུབ་སེམས་དང་སྔགས་ཀྱི་ཐེག་པ་བྱུང༔ སྔགས་ལ་ཕྱི་ཀྲི་ཡོག་སྡེ་གསུམ༔ ནང་གི་བསྐྱེད་རྫོགས་རྣམ་གསུམ་བྱུང་ངོ༔ ཆུ་བྲན་སྣ་ཚོགས་ཐ་དད་ཀྱང་རྒྱ་མཚོ་ཆེན་པོར་འདུས་པ་བཞིན༔ ཐེག་པའི་རིམ་པ་སྣ་ཚོགས་ཀྱང༔ ཡང་གསང་ཨ་ཏི་འདི་རུ་འདུས་པས་རྫོགས་པ་ཆེན་པོ་ཡིན་ནོ༔ ཞེས་ཐེག་པའི་བྱུང་ལུགས་དོན་གྱི་བཤད་པའོ༔ ༈ ྈྈྈྈྈྈྈ བཞི་པ་ཐེག་པ་སྣ་ཚོགས་ཐབས་སུ་གོལ་ཕྱིར༔ འབྲས་བུ་བླ་ན་མེད་པའི་རྫོགས་པ་ཆེན་པོའི་དགོས་ཆེད་དོན་གྱི་བཤད་ཐབས་ནི༔ རྒྱུད་ལས༔ བླ་མེད་འབྲས་བུ་རྟོགས་ཕྱིར་ཨ་ཏི་གཅིག་ཆོད་དགོས༔ ཞེས་གསུངས་པས༔ བྱང་ཆུབ་སེམས་རྟོགས་པར་བྱེད་པའི་ཐེག་པའི་རིམ་པ་རྣམས༔ དཔེར་ན་དབུས་རྡོ་རྗེ་གདན་ལྟ་བུ་ལ་འཛམ་བུའི་གླིང་པ་རྣམས༔ ལ་ལས་ཐག་རིང་བསྐོར་ནས་འདོང༔ ལ་ལས་ཉེ་ལམ་གཅོད༔ ལ་ལས་ལམ་ལོག་རྒྱུག་པ་བཞིན༔ ཕྱི་རོལ་པ་དོན་ལོག་པར་སོང༔ ཉན་ཐོས་རང་རྒྱལ་དོན་མ་མཐོང་བར་རྡུགས༔ བྱང་ཆུབ་སེམས་དཔས་བསྐལ་པ་མང་པོར་བསྒྲུབས་ནས་དོན་དེ་གཟོད་ཐོབ་པར་འདོད༔ ཀྲི་ཡོག་བསྙེན་སྒྲུབ་མཚན་མའི་ཆོས་སུ་གོལ་ནས་དོན་ལ་གཡེལ༔ མ་ཧཱ་ཨ་ནུ་ཨ་ཏི་ཡིན་ཐོག་ཏུ་ལུས་ནས་ཆོས་ཐམས་ཅད་དོན་དགོངས་པ་ཉག་གཅིག་མངོན་དུ་མ་གྱུར༔ ཕྱོགས་རེ་ལས་མ་རྟོགས་པ་དེའི་ཕྱིར༔ ད་ལྟར་བྱང་ཆུབ་ཀྱི་སེམས་སངས་རྒྱས་མངོན་སུམ་དུ་སྟོན་པར་བྱེད་པ་ལ༔ ཆོས་ཐམས་ཅད་ཀྱི་མཐར་ཐུག་ཨ་ཏི་ཡང་གསང་གཅིག་ཆོད་ཀུན་གྲོལ་ཆེན་པོ་འདི་ཉིད་དགོས་པར་བྱུང་བ་ནི༔ དགོས་ཆེད་དོན་གྱི་བཤད་པའོ༔ ༈ ྈྈྈྈྈྈ ལྔ་པ་དགོས་ཆེད་དོན་གྱིས་ཉམས་སུ་བླང་བའི་ཕྱིར༔ མན་ངག་དོན་གྱི་བཤད་ཐབས་ནི༔ རྒྱུད་ལས༔ དེ་ཕྱིར་གང་ཟག་རབ་འབྲིང་ཐ་མ་ལ༔ ཞེས་གསུངས་པས༔ མན་ངག་གང་ཟག་རབ་འབྲིང་ཐ་མ་ལ༔ རིགས་དང་བསྟུན་ནས་བསྟན་པ་ནི༔ དཔེར་ན་མི་ཆེན་བྱིས་པ་བུ་ཆུང་རྣམས་ལ་ན་རིམ་ཟས་དང་གཏམ་གྱིས་སྐྱོང་བ་བཞིན༔ གང་ཟག་དབང་པོ་རབ་ལ་དབང་གི་བརྡས་སྟོན༔ འབྲིང་ལ་གནད་ཀྱིས་མན་ངག་སྟོན༔ ཐ་མ་ཚིག་གིས་བཀྲོལ་ནས་སྟོན་པས་དོན་འགྱུར་བ་མེད་པ་རྟོགས་པར་བྱེད་པ༔ མན་ངག་དོན་གྱིས་སྟོན་ནས་བཤད་པའོ༔ ༈ ྈྈྈྈྈྈྈ དྲུག་པ་མན་ངག་གིས་ཉམས་སུ་བླངས་པས་ཡོན་ཏན་རྫོགས་པའི༔ ཆེ་བ་དོན་གྱི་བཤད་ཐབས་ནི༔ རྒྱུད་ལས༔ འདི་ཡོད་འགྲོ་བ་ཐམས་ཅད་སངས་རྒྱས་ཡིན༔ ཞེས་གསུངས་པས། རྒྱུད་འདི་ཉིད་ནི་གང་གིས་ཀྱང་བྱང་ཆུབ་ཀྱི་སེམས་རྟོགས་ན་སངས་རྒྱས་པས༔ དཔེར་ན་ཡིད་བཞིན་གྱི་ནོར་བུ་ཡོད་ན་གང་གིས་གསོལ་བ་བཏབ་ཀྱང་དགོས་འདོད་དེར་མཚུངས་པ་འོང་བ་བཞིན༔ འདི་ཉིད་རབ་ཀྱིས་རྟོགས་པས་འཚང་རྒྱ༔ འབྲིང་གིས་ཉན་པས་འཆི་ཀར་འཚང་རྒྱ༔ ཐ་མས་བཅངས་པས་ཕྱི་མ་ལ་འཚང་རྒྱ་བས༔ རྒྱུད་གཞན་ལས་ཁྱད་པར་འཕགས་ཏེ༔ ཡོན་ཏན་ཆེ་བ་ཡིན་ནོ༔ ཞེས་བཤད་དོ༔ མདོར་བསྡུས་པ་འདི་རྣམས་དོན་ལ་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ཐེག་པ་རིམ་པ་དགུར་འདུས༔ ཐེག་པ་རིམ་པ་དགུ་གཅིག་ཆོད་འདིར་འདུས༔ གཅིག་ཆོད་ཀུན་གྲོལ་ཆེན་པོ་ཞེས་བྱ་བ་དོན་ལ་མཚན་དུ་བཏགས་པ་ཡིན་ནོ༔ ྈྈྈྈ རྒྱ་རྒྱ་རྒྱ༔ ྈྈྈ ཨེ་མ་ཧོ༔ ཀུན་དོན་ཐམས་ཅད་སེམས་ཉིད་གཅིག་ལ་རྫོགས༔ སེམས་རྒྱུད་བྱར་མེད་དོན་རྒྱུད་འདི༔ དེ་སྔ་འཛམ་གླིང་གཞན་ན་མེད༔ ཨོ་རྒྱན་སྙིང་གི་ཐིགས་པ་ཡིན༔ སྤེལ་བར་ཕངས་ནས་ཡང་གསང་གི༔ ཡང་ཏིག་སྙིང་གི་བུམ་པར་སྦས༔ ཀླུ་བདུད་ནག་པོས་ཐུབ་པར་སྲུངས༔ ཕྱི་མའི་དུས་སུ་ཨོ་རྒྱན་ངའི་སྙིང་གི་བུ་དང་འཕྲད་པར་ཤོག༔ འཕྲད་ནས་འདི་ཉིད་སྤྱོད་པར་ཤོག༔ འགྲོ་བ་དཔག་མེད་འདྲེན་པར་ཤོག༔ བདེ་བ་ཆེན་པོར་སངས་རྒྱས་ཤོག༔ ས་མ་ཡ༔ གུ་ཧྱ༔ ཁ་ཐཱམ་ཨུ་ཁ་ཐཱ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈྈྈྈྈྈྈྈྈྈྈ གཏད་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ རྒྱ་རྒྱ་རྒྱ༔ ཀུན་ཏུ་བཟང་པོ། རྡོ་རྗེ་འཆང་ཆེན། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། ཤྲཱི་སིཾ་ཧ། ཨོ་རྒྱན་པདྨ། ཆོས་རྒྱལ་རིན་ཆེན་གླིང་པ། སུ་ཉ་རཏྣ། དེས་བདག་ལའོ། །ྀཨཚ། ༄༅༔ རྫོགས་ཆེན་ཆིག་ཆོད་ཀུན་གྲོལ་ལས༔ ཐུགས་ཀྱི་དགོངས་བཅུད་ཟབ་མོ་མཁའ་འགྲོའི་གདམས་སྐོར་རྣམས་བཞུགས་སོ༔ ྈྈྈྈ བླ་མ་ཡི་དམ་མཁའ་འགྲོ་རྣམས་ལ་ཕྱག་འཚལ་ལོ༔ ཐུགས་ཀྱི་དགོངས་བཅུད་ཟབ་མོ་མཁའ་འགྲོའི་གདམས་སྐོར་རྣམས༔ རང་གིས་བལྟ་བའམ༔ གཞན་ལ་སྟོན་ནམ༔ བྲི་དང་ཀློག་པ་གང་བྱེད་ཀྱང་རུང༔ སྔོན་དུ་བླ་མ་ལ་རཏྣ་ལྔའི་མཎྜལ་བཤམ༔ ཡི་དམ་ལ་སྨན་ལྔའི་མཎྜལ་བཤམ༔ མཁའ་འགྲོ་ཆོས་སྐྱོང་ལ་འབྲུ་ལྔའི་མཎྜལ་བཤམ༔ དེ་མ་གྲུབ་ན་ནས་ཀྱི་མཎྜལ་བྱས་ལ༔ གཏོར་མ་ཤ་ཁྲག་གིས་བརྒྱན་པ་བཤམ༔ དེ་མ་འཛོམ་ཡང་སྤོས་ཀྱི་དུད་པ་རྒྱུན་མ་ཆད་པར་བྱ༔ འབྱོར་ཚད་ཀྱི་ཚོགས་འཁོར་དང༔ དེ་རྣམས་ཚང་བར་བྱས་ལ༔ དེ་ནས་ཚད་མེད་པའི་སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་བསྐྱེད་ལ༔ རང་པུས་མོ་ས་ལ་བཙུགས་ལ་ཐལ་མོ་སྦྱར་ཏེ༔ བླ་མ་ཡི་དམ་རྣམས་མདུན་གྱི་ནམ་མཁར་བཞུགས་པར་བསམ་ལ༔ མོས་གུས་དུངས་པ་བྱས་ལ་མཎྜལ་འབུལ་བ་ནི༔ འོད་གསལ་ཀློང་ཡངས་ནམ་མཁའི་དཀྱིལ་འཁོར་དུ༔ རིན་ཆེན་རྣམ་པ་མང་པོས་ཡོངས་བཀང་བས༔ ཡིད་བཞིན་ནོར་བུའི་མཎྜལ་མཆོད་པ་འདི༔ བླ་མ་རྒྱལ་བ་སྲས་བཅས་རྣམས་ལ་འབུལ་བར་བགྱི༔ ཐུགས་རྗེས་འགྲོ་བའི་དོན་དུ་བརྩེ་བར་དགོངས་ཏེ་བཞེས་སུ་གསོལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜལ་པཱུ་ཙ་ཧོ༔ ཞེས་བླ་མའི་མཎྜལ༔ རིན་པོ་ཆེའི་ཕུང་པོ་བསམ་གྱིས་མི་ཁྱབ་པར་བསམ་ལ་ལན་གསུམ་དུ་འབུལ༔ དེ་ནས་ཡི་དམ་ལ་འབུལ་བ་ནི༔ དཔག་བསམ་ཤིང་ཆེན་རྒྱས་པའི་སྡོང་པོ་ལས༔ བཅུད་ལྡན་སྨན་གྱི་ཚོགས་ཀྱིས་ལེགས་སྤྲས་པས༔ དྲི་མེད་བདུད་རྩིའི་མཎྜལ་མཆོད་པ་འདི༔ ཡི་དམ་མཁའ་འགྲོའི་ཚོགས་ལ་མཆོད་པར་འབུལ༔ ཐུགས་རྗེས་འགྲོ་བའི་དོན་དུ་བརྩེ་བར་དགོངས་ཏེ་བཞེས་སུ་གསོལ༔ ཨོཾ་དྷེ་ཝ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀཏ་པཱུ་ཙ་ཧོ༔ ཞེས་ཡི་དམ་གྱི་མཎྜལ་བདུད་རྩི་སྤྲིན་གྱི་ཚོགས་དཔག་ཏུ་མེད་པར་བསམ་ལ་ལན་གསུམ་འབུལ་ལོ༔ དེ་ནས་མཁའ་འགྲོ་ཆོས་སྐྱོང་ལ་འབུལ་བ་ནི༔ བརྡལ་བ་ཆེན་པོ་གསེར་གྱི་ས་གཞི་ལ༔ མེ་ཏོག་རྣམ་པ་མང་པོས་ལེགས་བཀྲམ་པའི༔ ཡིད་འོང་མཛེས་པའི་མཎྜལ་མཆོད་པ་འདི༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྣམས་ལ་འབུལ༔ ཐུགས་རྗེས་འགྲོ་བའི་དོན་དུ་བརྩེ་བར་དགོངས་ཏེ་བཞེས་སུ་གསོལ༔ ཨོཾ་དྷཱ་ཀི་ནཱི་བྷེ་ར་སརྦ་ཏ་ཐཱ་ག་ཏ་པུཥྤཾ་མཎྜལ་པཱུ་ཙ་ཧོ༔ ཞེས་མཁའ་འགྲོ་ཆོས་སྐྱོང་ལ་མཎྜལ་པུཥྤེའི་ཚོགས་དཔག་ཏུ་མེད་པར་བསམ་ལ་ལན་གསུམ་འབུལ༔ དེ་ནས་ལངས་ནས་ཕྱག་འཚལ་ཞིང༔ ཡན་ལག་བདུན་པ་འབུལ་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་རྣམས་ལ་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་མཆོད་པ་རྣམས་ཀྱིས་མཆོད༔ བདག་གཞན་མི་དགེའི་ལས་རྣམས་ཅི་བགྱིས་མཐོལ་ལོ་བཤགས་སོ༔ དུས་གསུམ་དགེ་བའི་ཡོན་ཏན་ཚོགས་ལ་རྗེས་ཡི་རང༔ ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པར་བསྐོར་དུ་གསོལ༔ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས༔ དེ་སོགས་དགེ་བ་བྱང་ཆུབ་ཆེན་པོར་བསྔོ༔ ཞེས་པས་ལན་གསུམ་དུ་བྱའོ༔ དེ་ནས་མཆོད་པ་རྣམས་འབུལ་བར་བྱ་སྟེ་གཞན་དུ་ཤེས༔ དེ་ནས་མོས་གུས་ཀྱི་གདུང་ཤུགས་དྲགས་པོས་གསོལ་བ་གདབ་སྟེ༔ དང་པོ་བླ་མ་ལ་གསོལ་བ་གདབ་པ་ནི༔ རྟོག་མེད་སྤྲོས་བྲལ་ཆོས་སྐུའི་ཕོ་བྲང་ནས༔ དངོས་དང་བརྒྱུད་པའི་བླ་མ་ཐམས་ཅད་ལ༔ བདག་གཞན་ནམ་མཁའ་མཉམ་པའི་སེམས་ཅན་གསོལ་བ་འདེབས༔ གསོལ་འདེབས་བུ་ལ་ཆོས་ཉིད་གསལ་བའི་སྒོ་གཅིག་ཕྱེས༔ ཐེག་པ་སྣ་ཚོགས་ལུང་གཅིག་སྟོན༔ དབང་དང་གདམས་ངག་དངོས་གྲུབ་ཞུ༔ རང་སེམས་སངས་རྒྱས་སུ་ངོ་གཅིག་སྤྲོད༔ ཐ་མལ་ཤེས་པ་ཆོས་སྐུར་བསྒྱུར་དུ་གསོལ༔ ཞེས་སོ༔ དེ་ནས་ཡི་དམ་ལ་གསོལ་བ་འདེབས་པ་ནི༔ འགགས་མེད་རྣམ་དག་ལོངས་སྐུའི་ཕོ་བྲང་དུ༔ ཕྱི་ནང་ཞི་ཁྲོའི་དཀྱིལ་འཁོར་ལྷ་ཚོགས་ལ༔ བདག་གཞན་ནམ་མཁའ་མཉམ་པའི་སེམས་ཅན་གསོལ་བ་འདེབས༔ དད་ཅན་གསོལ་འདེབས་བུ་རྣམས་ལ༔ ལོངས་སྤྱོད་ཚོགས་ཀྱི་སྒོ་གཅིག་ཕྱེས༔ ཚེ་རིང་ནད་མེད་བདེ་སྐྱིད་སྤེལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ འགྲོ་དྲུག་ཁ་ལོ་གྱེན་དུ་སྒྱུར༔ བསམ་པའི་དགོས་འདོད་ཆར་བཞིན་ཕོབ༔ ཅེས་སོ༔ དེ་ནས་མཁའ་འགྲོ་ཆོས་སྐྱོང་ལ་གསོལ་བ་གདབ་པ་ནི༔ ཕྲིན་ལས་རྣམ་དག་སྤྲུལ་སྐུའི་ཕོ་བྲང་དུ༔ མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྒྱ་མཚོ་ལ༔ བདག་གཞན་ནམ་མཁའ་མཉམ་པའི་སེམས་ཅན་གསོལ་བ་འདེབས༔ དད་ཅན་གསོལ་འདེབས་བུ་རྣམས་ལ༔ ཕྲིན་ལས་མཆོག་གི་སྒོ་གཅིག་ཕྱེས༔ མི་མཐུན་རྐྱེན་དང་བར་ཆད་སོལ༔ མཐུན་པའི་ལམ་སྣ་ཆོས་ལ་དྲོངས༔ ལོག་ལྟ་ཅན་གྱི་སྣང་བ་ཆོས་ལ་སྒྱུར༔ གནོད་སྦྱིན་རྣམས་ཀྱི་གདུག་རྩུབ་ཐུལ༔ ཅེས་གསོལ་བ་ལན་གསུམ་གདབ་བོ༔ བླ་མ་ཡི་དམ་མཁའ་འགྲོ་རང་གི་སྤྱི་གཙུག་ཏུ་ཐིམ་པར་བསྒོམ་མོ༔ དེ་ནས་ལུང་བླང་བ་དང༔ སྟོན་པ་ལ་སོགས་པ་གང་བྱེད་པ་རྣམས་བྱའོ༔ དེ་ཚར་བ་དང་གཏོར་མ་མཎྜལ་གནས་སུ་གཤེགས༔ དགེ་རྩ་བླ་མེད་བྱང་ཆུབ་ཆེན་པོར་བསྔོ༔ དེ་ལྟར་མཁའ་འགྲོའི་ཟབ་ཆོས་ལ༔ སྔོན་འགྲོ་འདི་མ་བྱས་ན༔ རྒྱུད་ལ་བྱིན་རླབས་མི་འཇུག་ཅིང༔ གཏེར་བདག་མཁའ་འགྲོ་རྣམས་མི་དགྱེས་ནས༔ བར་ཆད་རྣམས་འབྱུང་བ་ཡིན༔ དེ་ལྟར་བྱས་ན་མཁའ་འགྲོ་ཆོས་སྐྱོང་རྣམས་དགྱེས་ནས༔ བྱིན་རླབས་འཇུག༔ རྗེས་གནང་ཐོབ༔ དངོས་གྲུབ་འབྱུང༔ ཅི་བསམ་འགྲུབ་པ་ཡིན་པས་དེས་ན་འདི་ལ་ནན་ཏན་བྱའོ༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ མ་གྷ་ལ༔ ྀཨཚ༔ དགེ་བས་བྱང་ཆུབ་ཐོབ་པར་ཤོག༔ ༈ ཨེ་མ་ཧོ༔ བརྒྱད་ཁྲི་བཞི་སྟོང་དམ་ཆོས་མ་ལུས་པ༔ ཡན་ལག་བཅུ་གཉིས་གསུང་རབ་ཉིད་ལ་འདུས༔ དེ་བསྡུས་རིམ་པ་དགུ་ཡི་ཐེག་པར་འདུས༔ དེ་བསྡུས་རྫོགས་ཆེན་གཅིག་ཆོད་ཀུན་གྲོལ་འདི༔ ཨོ་རྒྱན་པདྨས་རྒྱ་གར་འཕགས་པའི་ཡུལ༔ སུ་ཁ་ར་ཏིར་ཕ་ཝང་རུ་སྦལ་དུ༔ གཏེར་དུ་སྦས་ནས་རྒྱ་ཡིས་བཏབ་ནས་བཞག༔ ཆོས་ཀྱི་རྒྱལ་པོ་རིན་ཆེན་གླིང་པ་ཡིས༔ གཏེར་ནས་གདན་དྲངས་འགྲོ་དོན་ཕྱོགས་བཅུར་ཤོག༔ ༄༅༔ ཨོཾ་ཨཱཿཧཱུྃ༔ ལྷ་ཡང་སེམས་ལ་འདྲེ་ཡང་སེམས༔ རང་བཞིན་གཅིག་པའི་གཏོར་མ་ལོངས༔ དངོས་འཛིན་མ་གྲུབ་གདོད་ནས་དག༔ ཆོས་ཉིད་ངང་ལས་བགེགས་མ་འདའ༔ ཨོཾ་ཨཱཿཧཱུྃ་བཛྲ་སརྦ་ཀྲོ་ཏ་སྥོ་ཊ་ཡ་པྲ་ཏ་ཡ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ༔ ཧཱུྃ༔ སྣང་སྲིད་ལྷ་སྐུར་ལྷུན་གྲུབ་པའི༔ ཞི་ཁྲོ་ཡོངས་རྫོགས་མཚམས་བཅད་དོ༔ སེམས་ཅན་སངས་རྒྱས་ལྷུན་གྲུབ་པའི༔ ཆོས་ཉིད་མངོན་སུམ་མཚམས་བཅད་དོ༔ འཁོར་བ་མྱང་འདས་ལྷུན་གྲུབ་པའི༔ རང་རིག་རྟོགས་པས་མཚམས་བཅད་དོ༔ དུག་ལྔ་རང་སར་གྲོལ་བ་ཡི༔ ཡེ་ཤེས་རྣམ་ལྔས་མཚམས་བཅད་དོ༔ རེ་དོགས་སྤང་བླང་བྲལ་བ་ཡི༔ ཐིག་ལེ་ཉག་གཅིག་མཚམས་བཅད་དོ༔ ཨོཾ་ཨཱཿཧཱུྃ༔ རཾ་རཾ་རཾ་རཾ་རཾ༔ ཧཱུྃ༔ རྡོ་རྗེའི་མེ་ནི་དཀར་གསལ་འབར༔ རཏྣའི་མེ་ནི་སེར་གསལ་འབར༔ པདྨའི་མེ་ནི་དམར་གསལ་འབར༔ ཀརྨའི་མེ་ནི་ལྗང་གསལ་འབར༔ བུདྡྷའི་མེ་ནི་མཐིང་གསལ་འབར༔ ཡེ་ཤེས་མེ་འོད་ཕྱོགས་བཅུར་འཕྲོས༔ གསང་བའི་མེ་མཚམས་བགེགས་མ་འདའ༔ རཾ་རཾ་རཾ་རཾ་རཾ༔ ༄༅༔ ཨ་ཏི་ཆིག་ཆོད་ཀུན་གྲོལ་ཆེན་པོའི་དབང་བཞིའི་བརྡ་ཁྲིད་བཞུགས་སོ༔ ྈྈྈྈྈྈྈྈྈྈ བཅོམ་ལྡན་འདས་ལྷུན་གྲུབ་འདུས་མ་བྱས་པའི་དཔལ་ལ་ཕྱག་འཚལ་ལོ༔ བདེ་གཤེགས་རྒྱལ་བ་ཀུན་གྱི་དགོངས་བརྒྱུད་པའི༔ མ་ནོར་མ་བཅོས་རྫོགས་པ་ཆེན་པོ་ཡི༔ སེམས་ཅན་ཐམས་ཅད་སངས་རྒྱས་སྙིང་པོ་ཅན༔ རྒྱུ་ལས་འབྲས་བུ་སྨིན་ཕྱིར་དབང་ཁྲིད་ཀྱི༔ གང་ཟག་རབ་ལ་བརྡ་ཡི་མན་ངག་བསྟན༔ སྐྱེས་བུ་རྩོལ་བ་མེད་པར་གྲོལ་བ་ཨེ་མ་ཧོ༔ དེ་ལ་ཡང་གསང་ཆིག་ཆོད་ཀྱི་སྒོ་ནས་གང་ཟག་དབང་པོ་རབ་གཅིག༔ བརྡ་བསྟན་པས་རྩོལ་མེད་དུ་གྲོལ་བར་བྱེད་པའི་དབང་ཁྲིད་འདི་ལ༔ སྦྱོར་བ་དངོས་གཞི་རྗེས་གསུམ་ལས༔ སྔོན་འགྲོ་གཞན་དུ་ཤེས་སོ༔ དངོས་གཞི་དབང་གི་བརྡ་ཁྲིད་ལ་བཞི༔ སྤྲོས་བཅས་སྣང་བའི་བརྡ་དབང༔ སྤྲོས་མེད་སྟོང་པའི་བརྡ་དབང༔ གཉིས་མེད་རང་གྲོལ་གྱི་བརྡ་དབང༔ ཆིག་ཆོད་ལྷུན་གྲུབ་ཀྱི་བརྡ་དབང་དང་བཞི་འོ༔ དང་པོ་སྤྲོས་བཅས་སྣང་བའི་བརྡ་དབང་ནི༔ རྒྱུད་ལས༔ སྣང་བ་ཐམས་ཅད་སེམས་ལས་བྱུང་བ་སྟེ༔ སྣང་བ་སེམས་སུ་རྟོགས་ཕྱིར་བླ་མ་ལ༔ སྤྲོས་བཅས་སྣང་བའི་དབང་བསྐུར་ཞུ་ཞེས་པས༔ ཉི་མ་འཆར་ཁའི་དུས་སུ་གསོལ་བ་གདབ༔ ཅེས་གསུངས་པས༔ སློབ་མས༔ བླ་མ་ལ་མ་རིག་མུན་པ་ཐམས་ཅད་སངས་ནས༔ རིག་པ་ཡེ་ཤེས་འཆར་བར་བྱ་བའི་ཕྱིར༔ ཉི་མ་འཆར་ཁའི་དུས་སུ་དབང་གི་ཞུ་བ་བྱས་ལ༔ བླ་མས་དབེན་པའི་གནས་སུ་མཎྜལ་ལེགས་པར་བྱས་ལ༔ དེ་ལ་པདྨ་འདབ་བརྒྱད་ལྟེ་བ་དང་བཅས་པ་མཛེས་ཚོན་བྲི༔ དེའི་མཐའ་མ་ཚོན་སྣ་ལྔས་འཇའ་རིས་བྱས་པའི་དབུས་སུ༔ རཏྣའི་བུམ་པ་གཙང་མའི་ནང་དུ༔ བདུད་རྩིའི་སྨན་རཏྣ་འབྲུ་ལྔ་སྙིང་པོ་ལྔ་ལ་སོགས་པའི་རྫས་སྣ་ཚོགས་བླུགས་ལ༔ ཤིང་འདབ་མ་འབྲུ་མེ་ཏོག་སྣ་ཚོགས་སྐྱེས་པས་ཁ་བརྒྱན་པ་བཞག༔ ཐུན་མོང་རང་ལ་ཕུན་སུམ་ཚོགས་པའི་ལོངས་སྤྱོད་འབྱུང་ཞིང༔ ཁྱད་པར་རྫས་ཀྱིས་སྒྲིབ་པ་འདག་པའི་ཕྱིར༔ ཚོགས་དང་གཏོར་མ་ཡོ་བྱད་ཀྱིས་མཐའ་བསྐོར་བ་བཤམ་མོ༔ དེ་ནས་བླ་མས༔ དཀོན་མཆོག་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ་གསོལ་བ་གདབ་ཅིང༔ ཚོགས་གཏོར་ཕུལ་བས་མཉེས་པར་བྱའོ༔ སློབ་མས་གོས་གསར་པ་གོན་རྒྱན་བཏགས་ལ་ཕྱག་བཙལ་ཏེ༔ ལངས་ལ་ཐལ་མོ་སྦྱར་ལ་གསོལ་བ་འདི་སྐད་གདབ༔ ཨེ་མ་ཧོ༔ ཀུན་བཟང་བླ་མ་སྤྲུལ་པའི་སྐུ་མཆོག་ལ༔ བདག་ཉིད་དེང་ནས་གཟུང་སྟེ་གུས་པས་གསོལ་བ་འདེབས༔ སྣང་བ་བདེ་ཆེན་སྤྲོས་བྲལ་དཀྱིལ་འཁོར་དུ༔ རིག་པ་མངོན་སུམ་རྟོགས་པའི་དབང་བསྐུར་ཞུ༔ ཞེས་ལན་གསུམ་གསོལ་བ་གདབ་བོ༔ དེ་ནས་བླ་མས་སྤྲོ་བ་དྲི་བ་ནི༔ དད་ལྡན་ངེས་པའི་རིགས་ཀྱི་བུ༔ རྫོགས་ཆེན་ཆོས་ལ་འཇུག་སྤྲོ་འམ༔ འཁོར་འདས་དབྱེར་མེད་མངོན་སུམ་གྱི༔ དམ་ཚིག་བསྲུང་བའི་གཞུང་ཐུབ་བམ༔ ཞེས་དྲི་སློབ་མས་ཐུབ་ཅེས་ལན་བྱའོ༔ དེ་ནས་བླ་མས་དེ་བཞིན་ཉིད་ལ་དམ་བཅར་གཞུག་པ་ནི༔ བུ་ཁྱོད་ཀྱིས་ནི་འཁོར་བ་བློས་བཏང་ནས༔ བྱར་མེད་མངོན་སུམ་དོན་ལ་མ་ཡེངས་པར༔ རང་བྱུང་རིག་པ་བལྟ་བར་དམ་ཆོས་ཤིག༔ དེ་ལས་འགལ་ན་ཁྱོད་ཉིད་བརླག་པར་འགྱུར༔ ཞེས་རྡོ་རྗེ་བདུད་རྩིའི་ཆུ་བྱིན་ལ༔ དམ་ལས་མི་འདའ་བར་མནའ་དགག་གོ༔ སློབ་མས་དེ་བཞིན་ཉིད་དུ་དམ་བཅའ་འོ༔ དེ་ནས་བླ་མས༔ སློབ་མ་ལ་བུ་ཁྱོད་སུ་ཡིན་དྲི༔ སློབ་མས༔ ང་ནི་སྐལ་ལྡན་རིགས་ཀྱི་བུ་ཡིན་བྱ༔ ཁྱོད་ཀྱིས་སྣང་བ་འདི་བརྡའི་དཀྱིལ་འཁོར་མ་མཐོང་ན་ལྟོས་ཤིག༔ ཁྱོད་ཀྱི་གོས་དང་རྒྱན་འདི་རྣམས་ཅི་ལ་བརྒྱན་པ་ཡིན་དྲི༔ དེ་ནས་ལུས་ལ་བརྒྱན་ཟེར་ན༔ དེ་བཞིན་དུ་ཕྱི་རོལ་གྱི་སྣང་བ་འདི་རྣམས་ཀྱང༔ སེམས་ཀྱི་རྒྱན་ཡིན་བྱ༔ ཁྱོད་ཀྱི་གོས་རྒྱན་འདི་རྣམས་དང་པོ་གང་ལ་བརྟེན་ནས་བྱུང་དྲི༔ ལུས་ལ་བརྟེན་ནས་བྱུང་ཟེར་ན༔ དེ་བཞིན་དུ་སྣང་བ་འདི་ཡང་སེམས་ལ་བརྟེན་ནས་བྱུང༔ གོས་དང་རྒྱན་སྣ་ཚོགས་ཀྱང་ལུས་ལ་བརྒྱན་པར་གཅིག་པ་བཞིན༔ སྣང་བ་སྣ་ཚོགས་ཀྱང་སེམས་སུ་གཅིག་པ་ཡིན༔ དེ་བཞིན་དུ་དཀྱིལ་འཁོར་ཡང༔ ལྟེ་བ་གཅིག་ལ་པདྨ་འདབ་བརྒྱད་བྱུང་བ་ནི༔ སེམས་ཉིད་གཅིག་གི་འཆར་ཚུལ་ལ་རྣམ་ཤེས་ཚོགས་བརྒྱད་བྱུང་བའི་རྟགས་ཡིན༔ ཁ་དོག་སྣ་ཚོགས་སྣང་བ་མ་འགགས་ཅིར་ཡང་ཤར་བའི་བརྡ༔ འཇའ་འོད་ལྔས་བསྐོར་བ་ནི༔ ཐམས་ཅད་སེམས་ཀྱི་དཀྱིལ་འཁོར་ཡིན་པའི་བརྡ༔ དབུས་སུ་བུམ་པ་བྱུང་བ་ནི༔ ཐམས་ཅད་བྱང་ཆུབ་སེམས་ལས་བསྐྱེད་པའི་བརྡ༔ ནང་དུ་བུམ་རྫས་སྣ་ཚོགས་བླུགས་པ་ནི༔ སྣང་བ་ཐམས་ཅད་སེམས་སུ་འདུས་པའི་བརྡ༔ མེ་ཏོག་སྣ་ཚོགས་ཁ་རྒྱན་བཙུགས་པ་ནི༔ རིག་པ་སེམས་ལ་གསལ་འགྲིབ་མེད་པའི་བརྡའ་འོ༔ ཞེས་པས་བརྡའི་དཀྱིལ་འཁོར་སྣང་བ་སེམས་སུ་བསྟན་ལ༔ དེ་ནས་སེམས་ལ་རིག་པའི་རྩལ་དབང་བསྐུར་བ་ནི༔ སློབ་མའི་མགོ་ཐོག་ཏུ་བུམ་པ་བཞག་ལ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ སྐྱེ་མེད་ཆོས་སྐུའི་དཀྱིལ་འཁོར་ཀློང་ཡངས་སུ༔ འགག་མེད་བུམ་པ་རིག་པའི་ལྷ་ཚོགས་ཀྱིས༔ མངོན་སུམ་ཞལ་སྟོན་རྡོ་རྗེ་ལུ་གུ་རྒྱུད༔ སྣང་བ་དབང་དུ་འདུས་པར་བྱིན་གྱིས་རློབས༔ ཞེས་པས་སྣང་བ་སེམས་སུ་བརྡའི་དབང་བསྐུར་རོ༔ དེ་ནས་དཔོན་སློབ་གཉིས་ཀས་རྗེས་གནང་དབང་འདི་ཚིག་ཏུ་བརྗོད་པར་བྱའོ༔ སྣང་སེམས་རིག་པའི་དབང་བསྐུར་བས༔ མི་ཡི་ལུས་ལ་སངས་རྒྱས་ཐུགས༔ དུས་འདིར་མངོན་གྱུར་ཡེ་ཤེས་ཀྱི༔ འབྲལ་མེད་ཆོས་སྐུའི་དོན་རྟོགས་ཤོག༔ ཅེས་ལན་གསུམ་བྱའོ༔ དེ་ནས་བླ་མས་བཞེད་པ་མེད་ཀྱང་རང་ཚོགས་རྫོགས་པར་བྱ་བའི་ཕྱིར༔ ཟང་ཟིང་ནོར་གྱི་ཡོན་དབུལ༔ དགའ་སྟོན་ཆེན་པོས་ཐམས་ཅད་མཉེས་པར་བྱ་སྟེ༔ རྒྱུད་ལས༔ སློབ་མས་ཡོན་དབུལ་དགའ་སྟོན་ཆེན་པོ་བྱ༔ སྣ་ཚོགས་གཅིག་ཏུ་རྟོགས་ཕྱིར་བླ་མ་ལ༔ རྟ་དང་གླང་པོ་རིན་ཆེན་འབྲུ་ཚོགས་དབུལ༔ ནོར་མཆོག་ཕུལ་བས་དོན་མཆོག་རྟོགས་པར་འགྱུར༔ ཞེས་གསུངས་སོ༔ རྗེས་རིག་པ་མངོན་སུམ་གྱི་དོན་ལ་ལོངས་སྤྱོད་པར་བྱའོ༔ སྤྲོས་བཅས་སྣང་བའི་བརྡ་དབང་བྱ་བའི་གདམས་ངག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ དེ་ནས་གཉིས་པ་སྤྲོས་མེད་སྟོང་པའི་བརྡ་དབང་ནི༔ རྒྱུད་ལས༔ སེམས་ཀྱི་ངོ་བོ་སྟོང་པ་ཉིད་ཡིན་ཏེ༔ སྟོང་ཉིད་ཆོས་ཉིད་རྟོགས་ཕྱིར་བླ་མ་ལ༔ སྤྲོས་མེད་སྟོང་པའི་དབང་བསྐུར་ཞུ་ཞེས་པས༔ ཉི་མ་ཤར་བའི་དུས་སུ་གསོལ་བ་གདབ༔ ཅེས་གསུངས་པས༔ སློབ་མས་རིག་པ་འོད་གསལ་སྟོང་ཉིད་དུ་རྟོགས་པར་བྱ་བའི་ཕྱིར༔ ཉི་མ་ཤར་མ་ཐག་ཏུ་སྤྲོས་མེད་ཀྱི་དབང་བསྐུར་ཞུ་བ་ཕུལ་ལ༔ བླ་མས་དབེན་པའི་གནས་སུ་མཎྜལ་གྱི་སྟེང་དུ༔ མེ་ལོང་གཡའ་མེད་པའི་དཀྱིལ་འཁོར་བྱ༔ དེའི་སྟེང་དུ་ཤེལ་སྒོང་ཟུར་བརྒྱད་དང་རྨ་བྱའི་མདངས་གཟུག༔ ཚོགས་གཏོར་སྔོན་བཞིན་བཤམ༔ བླ་མ་དཀོན་མཆོག་མཁའ་འགྲོ་ཆོས་སྐྱོང་གཏེར་སྲུང་རྣམས་མཉེས་པར་བྱའོ༔ དེ་ནས་སློབ་མས་སྟོད་ཀྱི་གོས་ཕུད་ཕྱག་བཙལ་ལ༔ ལངས་ཏེ་ཐལ་མོ་སྦྱར་ནས་གསོལ་བ་འདི་སྐད་དུ༔ ཨེ་མ་ཧོ༔ ཀུན་བཟང་བླ་མ་ལོངས་སྤྱོད་རྫོགས་སྐུ་ལ༔ བདག་ཉིད་ཁྱེད་ལ་གུས་པས་གསོལ་བ་འདེབས༔ ཆོས་ཉིད་སྐྱེ་བ་མེད་པའི་ཕོ་བྲང་ཆེན་པོ་རུ༔ ཟག་མེད་ཡེ་ཤེས་འོད་གསལ་དབང་བསྐུར་ཞུ༔ ཞེས་པའི་གསོལ་བ་ལན་གསུམ་གདབ་པར་བྱའོ༔ དེ་ནས་བླ་མས་སྤྲོ་བ་དྲི་བ་ནི༔ རིག་པ་དངོས་མེད་སེམས་ཀྱི་བུ༔ ཆིག་ཆོད་དོན་ལ་འཇུག་སྤྲོ་འམ༔ ངེས་དོན་མཐའ་བྲལ་སྟོང་པ་ཡི༔ དམ་ཚིག་བསྲུང་བའི་གཞུང་ཐུབ་བམ༔ ཞེས་དྲི༔ སློབ་མས་ཐུབ་པར་ཁས་བླང་ངོ༔ དེ་ནས་སློབ་མ་དེ་བཞིན་ཉིད་དུ་དམ་བཅར་གཞུག་པ་ནི༔ ཁྱོད་ཀྱིས་མཚན་མའི་འཁྲུལ་ཕྱིར་མི་འབྲང་བར༔ རྩོལ་མེད་ཆོས་ཉིད་དོན་ལ་མ་ཡེངས་པར༔ དམིགས་མེད་སྒོམ་པའི་ཉམས་ལེན་དམ་ཆོས་ཤིག༔ དེ་ལས་ལོག་ན་ཁྱོད་ཉིད་བརླག་པར་འགྱུར༔ ཞེས་དམ་ཆུ་བླུད་ལ་དམ་བཅར་གཞུག་གོ༔ དེ་ནས་བླ་མས་བུ་ཁྱོད་སུ་ཡིན་བྱ༔ བུ་ཡིས་ང་ནི་རིག་པ་སེམས་ཀྱི་བུ་ཡིན་བྱ༔ ཁྱོད་ཀྱིས་སྟོང་ཉིད་ཡེ་ཤེས་ཀྱི་དཀྱིལ་འཁོར་མ་མཐོང་ན༔ ཁྱོད་རང་གི་ལུས་ལ་ལྟོས་ཤིག༔ ཁྱོད་ཀྱི་ལུས་འདི་ཅི་ཡིན་དྲི༔ སྟོད་གཅེར་བུ་སྨད་གོས་ཅན་ཟེར་ན༔ དེ་བཞིན་དུ་སེམས་ཉིད་འདི་ཡང་ཤེས་པར་གྱིས༔ ལུས་ལ་བརྟེན་ནས་གོས་བྱུང་བ་བཞིན་སེམས་ལ་བརྟེན་ནས་སྣང་བ་བྱུང༔ ལུས་གོས་ཀྱིས་བཏུམས་ནས་མི་མཐོང་བ་བཞིན༔ སེམས་སྣང་བ་ལ་ཞེན་ནས་སྟོང་པའི་དོན་མི་རྟོགས༔ སྟོད་ཀྱི་གོས་ཕུད་པ་དེ་གཅེར་བུར་མཐོང་བ་བཞིན༔ སྣང་བ་གང་དག་དེར་ཆོས་ཉིད་དུ་མཐོང་བ་ཡིན་པས༔ དེ་བཞིན་དུ་དཀྱིལ་འཁོར་འདི་ཡང་ཤེས་པར་གྱིས་ཤིག༔ མེ་ལོང་ལ་དཀྱིལ་འཁོར་གསལ་བར་ཤར་ཡང་འཛིན་རྒྱུ་མེད་པ་བཞིན༔ སྣང་བ་སྣ་ཚོགས་ཤར་ཡང་དངོས་མེད་སྟོང་པ་ཡིན་པའི་བརྡ༔ ཤེལ་ལ་སྒྲོའི་འོད་ལྔ་ཤར་བ་འདི༔ སྟོང་པའི་རང་རྩལ་ཅིར་ཡང་ཤར་བའི་བརྡ༔ ཤར་ཡང་དངོས་པོར་མ་གྲུབ་སྟོང་པ་ཡིན་པའི་བརྡ༔ ཞེས་པས་དཀྱིལ་འཁོར་བསྟན་ལ་སེམས་ཉིད་སྟོང་པར་བརྡ་བསྟན་ནོ༔ དེ་ནས་སྟོང་པ་ལ་དབང་བ་ཡེ་ཤེས་ཀྱི་རྩལ་དབང་བསྐུར་བ་ནི༔ སློབ་མའི་མིག་ལ་ཤེལ་བཀབ་ལ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྣང་བ་ལོངས་སྐུའི་དཀྱིལ་འཁོར་མཛེས་པ་རུ༔ གསལ་ལ་འཛིན་མེད་ཤེལ་འོད་སྣ་ཚོགས་ཀྱི༔ སྐུ་དང་ཡེ་ཤེས་སྟོང་པའི་སྒྲོན་མ་མཆོག༔ སེམས་ཉིད་སྐྱེ་མེད་གྲོལ་བར་བྱིན་གྱིས་རློབས༔ ཞེས་སེམས་ཉིད་སྟོང་པར་རྟོགས་པའི་དབང་བསྐུར་རོ༔ དེ་ནས་རྗེས་གནང་དབང་དཔོན་སློབ་གཉིས་ཀས་འདི་སྐད་དོ༔ རིག་སྟོང་ཡེ་ཤེས་དབང་བསྐུར་བས༔ སྒྱུ་ལུས་སངས་རྒྱས་དགོངས་པ་ཅན༔ དུས་འདིར་རང་བྱུང་ཡེ་ཤེས་སུ༔ འཛིན་མེད་ཆོས་ཉིད་དོན་རྟོགས་ཤོག༔ ཅེས་ལན་གསུམ་བྱའོ༔ དེ་ནས་བླ་མ་ལ་བུ་དང་ཆུང་མ་འཁོར་གྱི་ཚོགས་མཉེས་པའི་ཡོན་དབུལ༔ དགའ་སྟོན་ཆེན་པོས་ཀུན་མཉེས་པར་བྱའོ༔ དེའང་རྒྱུད་ལས༔ སློབ་མས་ཡོན་དབུལ་ཉམས་མྱོང་དགའ་སྟོན་བྱ༔ སྣང་བ་སྟོང་པར་རྟོགས་ཕྱིར་བླ་མ་ལ༔ བུ་དང་ཆུང་མ་ཉེ་འཁོར་ཚོགས་རྣམས་དབུལ༔ མི་མཆོག་ཕུལ་བས་དོན་མཆོག་འགྲུབ་པར་འགྱུར༔ ཞེས་གསུངས་སོ༔ རྗེས་སྟོང་གསལ་གྱི་ཉམས་བསྐྱང་བར་བྱའོ༔ སྤྲོས་མེད་སྟོང་པའི་དབང་གི་གདམས་ངག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ དེ་ནས་གསུམ་པ་གཉིས་མེད་རང་གྲོལ་གྱི་དབང་ནི༔ རྒྱུད་ལས༔ སེམས་ཉིད་སྟོང་པར་རྟོགས་པའི་རིགས་ཀྱི་བུ༔ རང་གྲོལ་ཆིག་ཆོད་རྟོགས་ཕྱིར་བླ་མ་ལ༔ གཉིས་མེད་རང་གྲོལ་དབང་བསྐུར་ཞུ་ཞེས་པས༔ སྔ་དྲོའི་དུས་སུ་སློབ་མས་གསོལ་བ་གདབ༔ ཅེས་གསུངས་པས༔ སློབ་མས་སྣང་སྟོང་ཕྱོགས་སུ་མ་ཞེན་རིག་སྟོང་དབྱེར་མེད་དུ་གྲོལ་བའི་ཕྱིར༔ སྔ་དྲོ་ཉི་མ་འབོལ་བའི་དུས་སུ༔ གཉིས་མེད་རང་གྲོལ་གྱི་དབང་ཞུ་བ་འབུལ༔ དེ་ནས་བླ་མས་དབེན་པའི་གནས་སུ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནམ་མཁའ་ལ་བྱས་ལ༔ ཏིང་ངེ་འཛིན་དང་དངོས་འབྱོར་བླ་མ་དཀོན་མཆོག་མཉེས་པའི་ཚོགས་གཏོར་དབུལ་བར་བྱའོ༔ དེ་ནས་སློབ་མས་ཆས་རབ་ཏུ་ཕྱུང་ལ་གཅེར་བུར་ཕྱག་བཙལ༔ འགྲེང་ཐབས་སུ་ལངས་ཏེ་ཐལ་མོ་སྦྱར་ཏེ་གསོལ་བ་འདི་སྐད་དུ༔ ཨེ་མ་ཧོ༔ ཀུན་བཟང་བླ་མ་ཆོས་སྐུ་རང་གྲོལ་ལ༔ དུས་གསུམ་དུས་མེད་གུས་པས་གསོལ་བ་འདེབས༔ སྟོང་གསལ་འགག་མེད་སྤྲོས་བྲལ་དཀྱིལ་འཁོར་དུ༔ རང་གྲོལ་གཉིས་མེད་ཆེན་པོའི་དབང་བསྐུར་ཞུ༔ ཞེས་གསོལ་བ་ལན་གསུམ་གདབ་པར་བྱའོ༔ དེ་ནས་བླ་མས་སྤྲོ་བ་དྲི་བ་ནི༔ སྟོང་ཉིད་སེམས་ཀྱི་བུ་གཅིག་པོ༔ རང་གྲོལ་འཇུག་པར་སྤྲོ་ལགས་སམ༔ འཛིན་མེད་རང་གསལ་ཤུགས་འབྱུང་ལ༔ དམ་ཚིག་བསྲུང་བར་གཞུང་ཐུབ་བམ༔ ཞེས་དྲི་སློབ་མས་ཐུབ་པར་ཁས་བླང་ངོ༔ དེ་ནས་སློབ་མས་དེ་བཞིན་དམ་བཅར་གཞུག་པ་ནི༔ ཁྱོད་ཀྱིས་སྣང་སྟོང་ཞེན་འཛིན་སྤངས་ནས་སུ༔ སྟོང་གསལ་རང་གྲོལ་ཆོས་སྐུའི་དོན་ལ་ནི༔ རང་བཞིན་ལྷུག་པར་སྤྱོད་པར་དམ་ཆོས་ཤིག༔ དེ་ལས་ལོག་ན་ཁྱོད་ཉིད་བརླག་པར་འགྱུར༔ ཞེས་པས་དམ་ཆུ་བྱིན་ལ་དམ་བཅའ་འོ༔ དེ་ནས་བླ་མས་བུ་ཁྱོད་སུ་ཡིན་དྲི༔ བུ་ཡིས་ང་ནི་རང་བྱུང་ཡེ་ཤེས་ཡིན་བྱ༔ ཁྱོད་ཀྱིས་རང་གྲོལ་དཀྱིལ་འཁོར་མ་མཐོང་ན༔ ནམ་མཁའ་ལ་ལྟོས་ཤིག༔ ཁྱོད་ཀྱི་ལུས་འདི་ཅི་ཡིན་དྲི༔ གཅེར་བུ་ཡིན་ཟེར་ན༔ ལུས་གཅེར་བུ་གདོད་མ་ནས་ཡིན་པ་ལ༔ དེ་ལ་གོས་བཀོན་རྒྱན་བཟུང་འཛིན་པའི་ངོ་ཚ་འཕྲལ་ལ་བཅོས་པ་བཞིན་དུ༔ སེམས་ཉིད་ཡེ་ནས་སྟོང་པ་ཡིན་ལ༔ སྣང་བར་བཟུང་བས་གློ་བུར་དུ་འཁྲུལ་པའི་བརྡ༔ ལུས་ལ་གོས་མེད་ངོ་ཚའི་འཛིན་པ་ལས་གྲོལ་ནས་གཅེར་བུ་ཇི་ལྟར་ཡིན་པའི་ངོ་བོ་གསལ་བ་བཞིན་དུ༔ སྣང་བའི་ཞེན་འཛིན་གང་ཡང་མེད་པར་གྲོལ་ནས༔ སེམས་ཀྱི་ངོ་བོ་གཅེར་བུ་ཟང་ཐལ་གང་ལྟར་ཡིན་པ་མཐོང་བ་ཡིན༔ དེ་བཞིན་དཀྱིལ་འཁོར་འདི་ཡང་ཤེས་པར་གྱིས་ལ་ལྟོས༔ དཀྱིལ་འཁོར་ཆེན་པོ་ནམ་མཁའ་ཡངས་པ་ཡིན༔ ནམ་མཁའ་གསལ་ཡང་དངོས་པོ་མེད་པ་བཞིན༔ སེམས་ཉིད་སྟོང་གསལ་དངོས་པོ་མེད་པའི་བརྡ༔ ནམ་མཁའ་སྟོང་པ་དབྱིངས་ནས་གསལ་བ་བཞིན༔ སེམས་ཉིད་སྟོང་པ་ཅིར་ཡང་གསལ་བའི་བརྡ༔ ནམ་མཁའ་མཐའ་བྲལ་ཡེ་སྟོང་ཡིན་པ་བཞིན༔ སེམས་ཉིད་སྟོང་པ་མ་བཅོས་རང་གྲོལ་ཡིན་པའི་བརྡ་ཡིན༔ ཅེས་སྣང་སྟོང་རང་གྲོལ་གྱི་བརྡ་བསྟན་ལ༔ དེ་ནས་རང་གྲོལ་ཆོས་ཉིད་ཀྱི་རྩལ་དབང་བསྐུར་བ་ནི༔ སློབ་མ་ནམ་མཁར་བལྟར་བཅུག་ལ༔ ཧཱུྃ་ཧཱུྃ༔ རང་གྲོལ་ཆོས་སྐུའི་དཀྱིལ་འཁོར་རྣམ་དག་ཏུ༔ གསལ་སྟོང་ནམ་མཁའ་དོན་གྱི་ལྷ་ཚོགས་ཀྱིས༔ རང་བྱུང་ཡེ་ཤེས་རྩོལ་མེད་ཀུན་ཏུ་བཟང༔ མ་བཅོས་རང་སར་གྲོལ་བར་བྱིན་གྱིས་རློབས༔ ཞེས་སྟོང་ཉིད་རང་སར་གྲོལ་བའི་དབང་བསྐུར་རོ༔ དེ་ནས་རྗེས་གནང་དཔོན་སློབ་གཉིས་ཀས༔ གཉིས་མེད་རང་གྲོལ་དབང་བསྐུར་བས༔ ལུས་འདི་སངས་རྒྱས་དགོངས་པ་ཅན༔ དུས་འདིར་རང་གྲོལ་རྣམ་དག་ཏུ༔ རྩོལ་མེད་ཆོས་སྐུའི་དོན་རྟོགས་ཤོག༔ ཅེས་ལན་གསུམ་བྱ༔ དེ་ནས་སློབ་མས་རང་འཁོར་དང་བཅས་པའི་ལུས་ངག་ཡིད་གསུམ་བླ་མ་ལ་དབུལ༔ དགའ་སྟོན་གྱིས་ཐམས་ཅད་མཉེས་པར་བྱའོ༔ རྒྱུད་ལས༔ སློབ་མས་ཡོན་དབུལ་རྟོགས་པའི་དགའ་སྟོན་བྱ༔ བདག་འཛིན་རང་སར་གྲོལ་ཕྱིར་བླ་མ་ལ༔ རང་གི་ལུས་ངག་ཡིད་གསུམ་ཐམས་ཅད་དབུལ༔ སྒོ་གསུམ་ཕུལ་བས་སྐུ་གསུམ་འབྲས་བུ་ཐོབ༔ ཅེས་གསུངས་སོ༔ རྗེས་གཉིས་མེད་རང་གྲོལ་ཆོས་སྐུའི་ངང་མདངས་སྐྱོང༔ གཉིས་མེད་རང་གྲོལ་གདམས་ངག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་བཞི་པ་རང་གྲོལ་ལྷུན་གྲུབ་ཀྱི་དབང་ནི༔ རྒྱུད་ལས༔ རང་གྲོལ་དེ་ཉིད་ལྷུན་གྱིས་གྲུབ་པ་ཡིན༔ ལྷུན་གྲུབ་ཆིག་ཆོད་རྟོགས་ཕྱིར་བླ་མ་ལ༔ ལྷུན་གྲུབ་དེ་ཉིད་དབང་བསྐུར་ཞུ་ཞེས་པས༔ ཉིན་གུང་དུས་སུ་གསོལ་བ་གདབ་བྱས་ལ༔ ཞེས་གསུངས་པས༔ སློབ་མས་དབྱིངས་རིག་རང་གྲོལ་ཆོས་སྐུ་བློ་འདས་ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར༔ ཉི་མ་གུང་ལ་ཕེབས་པའི་དུས་སུ༔ བླ་མ་ལ་མཐར་ཐུག་ལྷུན་གྲུབ་ཀྱི་དབང་ཞུ་བ་ཕུལ་ལ༔ དེ་ནས་བླ་མས་དབེན་པའི་གནས་སུ་སློབ་མ་ཁྲིད་ལ༔ བླ་མ་དཀོན་མཆོག་ཚོགས་གཏོར་གྱིས་མཉེས་པར་བྱའོ༔ དེ་ནས་སློབ་མས་གཅེར་བུར་ཕྱག་བཙལ་ལངས་ཏེ༔ ཐལ་མོ་སྦྱར་ལ་གསོལ་བ་འདི་སྐད་དུ༔ ཨེ་མ་ཧོ༔ ཀུན་བཟང་བླ་མ་བདེ་བ་ཆེན་པོ་ལ༔ རང་གསལ་ཆོས་སྐུའི་ངང་ནས་གསོལ་བ་འདེབས༔ ལྷུན་གྲུབ་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ༔ ཀུན་མཁྱེན་རྫོགས་སངས་རྒྱས་ཀྱི་དབང་བསྐུར་ཞུ༔ ཞེས་གསོལ་བ་ལན་གསུམ་གདབ་པར་བྱའོ༔ དེ་ནས་བླ་མས་སྤྲོ་བ་དྲི་བ་ནི༔ རང་གྲོལ་ལྷུན་གྲུབ་ཆོས་ཉིད་བུ་གཅིག་པོ༔ ལྷུན་གྲུབ་དོན་ལ་འཇུག་སྤྲོ་འམ༔ མ་བཅོས་འཛིན་མེད་བློ་འདས་ལ༔ དམ་ཚིག་བསྲུང་བའི་གཞུང་ཐུབ་བམ༔ ཞེས་དྲི་སློབ་མས་ཐུབ་པར་ཁས་བླང་ངོ༔ དེ་ནས་སློབ་མས་དེ་བཞིན་ཉིད་དུ་དམ་བཅར་གཞུག་པ་ནི༔ ཁྱོད་ཀྱིས་གྲོལ་བྱ་གྲོལ་འཛིན་ཟད་ནས་སུ༔ ཟག་མེད་སངས་རྒྱས་ལྷུན་གྲུབ་བདེ་བ་ཆེ༔ རྟོག་མེད་མཁྱེན་པའི་དོན་ལ་དམ་ཆོས་ཤིག༔ དེ་ལས་འགལ་ན་ཁྱོད་ཉིད་འཚིག་པར་འགྱུར༔ ཞེས་པས་དམ་ཚིག་བདུད་རྩིའི་ཆུ་སྦྱིན་ནོ༔ དེ་བཞིན་སློབ་མས་དམ་བཅའ་འོ༔ དེ་ནས་བླ་མས་བུ་ཁྱོད་སུ་ཡིན་དྲི༔ བུས་ནི༔ ང་ནི་བདག་མེད་ཀུན་གྲོལ་ཡིན་བྱ༔ ཁྱོད་ཀྱིས་ཀ་དག་ལྷུན་གྲུབ་ཀྱི་དཀྱིལ་འཁོར་སྔར་མ་མཐོང་ངམ༔ མ་མཐོང་ཟེར་ན༔ ཁྱོད་རང་གི་ལུས་ལ་ལྟོས་ཤིག༔ ཁྱོད་ཀྱི་ལུས་འདི་ཅི་ཡིན་བྱ༔ བུ་ཡིས་ངའི་ལུས་འདི་གཅེར་བུ་ཟང་ཐལ་ཡིན་བྱ༔ དེ་བཞིན་རང་གི་རིག་པ་འདི་ཡང་ཤེས་པར་གྱིས་ཤིག༔ ཁྱོད་ལུས་སྔ་ཕྱི་བར་གསུམ་དུ་བཟོ་མ་བཅོས་པར༔ རང་བཞིན་ལྷུན་གྲུབ་གཅེར་བུ་ཟང་ཐལ་འདི་ཀ་ཡིན་པ་བཞིན་དུ༔ སེམས་ཉིད་དུས་གསུམ་དུས་མེད་ཐམས་ཅད་དུ་ངོ་བོ་མ་བཅོས་རང་བྱུང་ཆོས་སྐུ་ཡིན༔ གོས་གོན་ཕུད་བྱས་པ་ངོ་ཚའི་བཅོས་མ་བྱུང༔ གོས་མེད་ལུས་ལ་གོན་ཕུད་གོས་ཀྱི་ངོ་ཚ་མེད༔ ལུས་ལ་གོས་གོན་བཟང་དུ་མ་སོང་མ་གོན་ངན་དུ་མ་སོང་དེ༔ རང་བྱུང་ལྷུན་གྲུབ་ལུས་དེ་གཅེར་བུ་ཡིན་པ་བཞིན༔ སེམས་ཀྱི་སྣང་སྟོང་གཉིས་སྣང་བར་འཛིན་རྒྱུ་སྟོང་པར་གྲོལ་རྒྱུ་འཛིན་པ་བྱས་པས་མ་རིག་འཁྲུལ་པས་བཅིངས༔ སྣང་སྟོང་གྲོལ་བྱ་གྲོལ་རྒྱུ་གང་ཡང་མ་གྲུབ༔ འཛིན་མེད་རང་སར་མ་བཅོས་ན༔ ཡེ་ནས་ཡིན་པའི་སེམས་ཉིད་སྐུ་གསུམ་ལྷུན་གྲུབ་རྩལ་རྫོགས་འགྱུར༔ དེ་ལས་འཆར་ཚུལ་སྣ་ཚོགས་ཤར་ཡང༔ ངོ་བོ་བཟང་ངན་གང་དུ་ཡང་འགྱུར་བ་མེད༔ གསལ་འགྲིབ་འཛིན་རྟོག་མེད་པས་མཁྱེན་པའི་ཡེ་ཤེས་ཆེན་པོ་ཡིན༔ དེ་བཞིན་ཉིད་དུ་དཀྱིལ་འཁོར་འདི་ཡང་ཤེས་པར་གྱིས༔ སྒྲིབ་མེད་ཡེ་ཤེས་མ་བལྟས་མཐོང་བ་ཡི༔ བཅོས་པ་མེད་པའི་ལྷུན་གྲུབ་དཀྱིལ་འཁོར་ལྟོས༔ བལྟ་རུ་མེད་པའི་གསལ་བ་འདི་ཀ་ཡིན༔ གསལ་ལ་མི་རྟོག་ཆོས་སྐུའི་དཀྱིལ་འཁོར་ལ༔ ཕྱོགས་རིས་མེད་དེ་ཀུན་ཁྱབ་གཟུགས་མ་གྲུབ༔ གསལ་འགྲིབ་མེད་པའི་ཟང་ཐལ་འདི་ཀ་རུ༔ ཐམས་ཅད་ངོ་བོ་ཉིད་དུ་རྫོགས་པ་ཡི༔ མཉམ་ཡངས་ཀུན་མཁྱེན་ལྷུན་གྲུབ་ཡིན༔ ཞེས་ཆོས་ཉིད་ཀྱི་དཀྱིལ་འཁོར་བསྟན་ལ༔ འབྲས་བུ་ལྷུན་གྲུབ་ཏུ་བརྡ་བསྟན་ནོ༔ དེ་ནས་ལྷུན་གྲུབ་མཁྱེན་པའི་རྩལ་དབང་བསྐུར་བ་ནི༔ སློབ་མས་ཆོས་ཉིད་ངང་དུ་བསྡད་ལ༔ ཧཱུྃ༔ ཀུན་གྲོལ་མཉམ་ཡངས་བདེ་ཆེན་དཀྱིལ་འཁོར་དུ༔ ཀུན་བཟང་མ་བཅོས་ཅིར་མི་དགོངས་པའི་ལྷ༔ ཤུགས་འབྱུང་ཡོན་ཏན་གདོད་ནས་རབ་རྫོགས་པའི༔ འབྲས་བུ་ལྷུན་གྲུབ་བདེ་བ་ཆེན་པོར་བྱིན་གྱིས་རློབས༔ ཞེས་པས་རང་བྱུང་ལྷུན་གྲུབ་ཀྱི་དབང་བསྐུར༔ དེ་ནས་རྗེས་གནང་གི་དབང་དཔོན་སློབ་གཉིས་ཀས་བརྗོད༔ རང་གྲོལ་ལྷུན་གྲུབ་དབང་བསྐུར་བས༔ འདུ་ཤེས་རྣམ་རྟོག་ཀུན་ཟད་ནས༔ མ་བཅོས་ཀུན་གསལ་འཛིན་མེད་དུ༔ མཁྱེན་ལྡན་མངོན་སངས་རྒྱས་པར་ཤོག༔ ཅེས་ལན་གསུམ་བྱའོ༔ དེ་ནས་སློབ་མས་རང་གཞན་མ་ལུས་ཐམས་ཅད་བླ་མ་ལ་ཡོན་དུ་དབུལ༔ ཟག་མེད་བདེ་བའི་དགའ་སྟོན་ཆེན་པོས་ཀུན་མཉེས་པར་བྱའོ༔ རྒྱུད་ལས༔ སློབ་མས་ཡོན་དབུལ་དགའ་སྟོན་ཆེན་མོ་བྱ༔ ཀུན་དོན་ཡོན་ཏན་རྫོགས་ཕྱིར་བླ་མ་ལ༔ བདག་གཞན་མ་ལུས་སྣང་སྲིད་ཐམས་ཅད་དབུལ༔ ཐམས་ཅད་ཕུལ་བས་ཐམས་ཅད་མཁྱེན་ཉིད་ཐོབ༔ ཅེས་གསུངས་སོ༔ རྗེས་ལྷུན་གྲུབ་ཆོས་སྐུའི་ངང་དེ་སྐྱོང་བ་ལས་གཞན་ཅི་ཡང་མེད་དོ༔ རང་གྲོལ་ལྷུན་གྲུབ་དབང་གི་གདམས་ངག་གོ༔ མདོར་ན་སྤྲོས་བཅས་སྣང་བ་སེམས་སུ་དབང༔ སྤྲོས་མེད་སེམས་ཉིད་སྟོང་པའི་དབང༔ གཉིས་མེད་རིག་སྟོང་རང་གྲོལ་དབང༔ རང་གྲོལ་ལྷུན་གྲུབ་སངས་རྒྱས་དབང༔ དེ་ཕྱིར་རིག་པའི་རྩལ་དབང་ཁྲིད༔ ཐོས་པ་ཙམ་གྱིས་མངོན་སངས་རྒྱ༔ ཞེས་གསུངས་སོ༔ ཨེ་མ་ཆིག་ཆོད་ཀུན་གྲོལ་ཆེན་པོའི་མན་ངག༔ དབང་པོ་རབ་རྩོལ་མེད་དུ་སངས་རྒྱ་བའི་ཐབས༔ དབང་བཞིའི་བརྡའི་ཁྲིད་ཀྱིས་ཞག་བདུན་ན་ཆོས་ཉིད་ཀྱི་བདེན་པ་མཐོང་བའི་མན་ངག༔ ཡིད་བཞིན་གྱི་ནོར་བུ་ལྟ་བུ༔ རིག་འཛིན་ཆེན་པོ་དགའ་རབ་རྡོ་རྗེས་མཛད་པ་རྫོགས་སོ༔ ས་མ་ཡ༔ ྈྈྈྈྈྈྈྈྈྈྈ ཨེ་མ་ཧོ༔ རྒྱལ་བ་དགོངས་བརྒྱུད་བརྡ་ལ་བརྟེན་ནས་སུ༔ རྫོགས་ཆེན་རྩོལ་མེད་དབང་གི་གདམས་ངག་གིས༔ སྐལ་ལྡན་སྐྱེས་བུ་མྱུར་དུ་གྲོལ་བ་འདི༔ བདེ་གཤེགས་ལུང་བསྟན་བླ་མའི་བཀའ་བྱུང་ནས༔ ཨོ་རྒྱན་བདག་གིས་མ་འོངས་འགྲོ་བའི་དོན༔ ཤིན་ཏུ་ཟབ་པའི་ཡང་གསང་དགོངས་གཏེར་སྦས༔ སྐལ་ལྡན་ལས་ཅན་བུ་དང་འཕྲད་པར་ཤོག༔ དུས་ལ་མ་བབས་གཏེར་སྲུང་མགོན་པོས་སྲུངས༔ དུས་ལ་བབས་ཚེ་འགྲོ་བའི་དཔལ་དུ་ཤོག༔ ཀུན་དང་ཐུན་མོང་མ་ཡིན་སྙིང་གི་བཅུད༔ ཨོ་རྒྱན་རིག་འཛིན་རྣམས་ཀྱི་ཙིཏྟར་བསྟིམས༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ གསང་རྒྱ༔ དམ་རྒྱ༔ ཁ་ཐཾ༔ ྈྈྈ དགེའོ།། ༄༅༔ ཨ་ཏི་ཆིག་ཆོད་ཀུན་གྲོལ་ཆེན་པོའི་སྔོན་འགྲོ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈ དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ༔ ཐེག་པ་དགུའི་མཐར་ཐུག༔ ཡང་གསང་ཆིག་ཆོད་ཀུན་གྲོལ༔ གསང་ཆེན་སྣོད་ཀྱི་མན་ངག༔ སྒོམ་ལོངས་མེད་པར་སངས་རྒྱ་བ་འདི་ཉིད་སྟོན་པར་བྱེད་པ་ལ༔ རྒྱུད་ལས༔ བླ་མ་མེད་པའི་སངས་རྒྱས་ཆོས་མ་བྱུང༔ དེ་ཕྱིར་བླ་མ་དག་ལ་བསྟེན་པས་འགྲུབ༔ བཅུད་ལྡན་བླ་མས་མན་ངག་སྣོད་ལྡན་ནི༔ སྣོད་ལྡན་སློབ་མ་སྐྱེ་འཆིས་འཇིགས་པ་ལ༔ ཞེས་གསུངས་པས༔ དང་པོ་བླ་མ་ནི༔ ཐུགས་རྒྱུད་བྱིན་རླབས་མ་ཉམས་པ༔ མཁྱེན་པའི་ཡོན་ཏན་ཆེ་བ༔ ཉམས་མྱོང་གིས་མཚང་ཤེས་པ༔ གདམས་ངག་གི་གནད་དང་ལྡན་པ༔ གཞན་ཕན་གྱི་ཐུགས་རྗེ་ཆེ་བ༔ ཆོས་འདི་ཉིད་ལ་གདིང་ཚུད་པ༔ མཚན་ཉིད་བཅུད་ལྡན་གྱི་བླ་མ་དེ་ལྟ་བུ་གཅིག་ལ༔ སློབ་མ་འཇིག་རྟེན་ཚེ་འདི་ལས་ལོག་པ༔ བྱང་ཆུབ་དོན་དུ་གཉེར་བ༔ བློ་ཆེ་བསམ་པ་བཟང་བ༔ དད་མོས་བརྩོན་འགྲུས་ཆེ་བ༔ བླ་མས་ཅི་གསུངས་བསྒྲུབ་པའི་སློབ་མ་མཚན་ཉིད་སྣོད་དང་ལྡན་པའི་གང་ཟག་གིས༔ གནད་དང་ལྡན་པའི་གདམས་ངག་ཞུ་བ་ནི༔ འཇིག་རྟེན་གྱི་བྱ་བ་ཐམས་ཅད་རྒྱབ་ཏུ་བསྐྱུར་ནས༔ རབ་གནས་ཆེན་དུར་ཁྲོད༔ འབྲིང་རི་ཁྲོད་དབེན་པ༔ ཐ་མ་གྲོང་པས་མི་ཐོས་པའི་དགོན་པ་དབེན་པར༔ ལུས་ཚངས་སྤྱོད་ལ་གནས་ཤིང༔ ཟས་གོས་མཐུན་རྐྱེན་འཛོམ་པ༔ གྲོགས་ཚངས་པ་མཚུངས་པ་དགུ་ལས་མི་མང་བས༔ ཚོགས་ཀྱི་མཆོད་པ་ལན་བདུན་བཤམས་ལ༔ སློབ་མས་ཆོས་འདི་གནང་བར་གསོལ་བ་གདབ་བོ༔ དེ་ནས་བླ་མས་ཆོས་བསྟན་པ་ནི༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས༔ ཐོག་མར་སྔོན་འགྲོ་བཞི་ཡི་མན་ངག་ནི༔ དང་པོ་འཆི་བ་མི་རྟག་པ་བསྒོམས་ནས་གང་ཟག་གི་བློ་ཆོས་སུ་འགྲོ་བར་བྱེད༔ བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་ཆོས་སངས་རྒྱས་ཀྱི་ལམ་དུ་འགྲོ་བར་བྱེད༔ བླ་མ་ལ་གསོལ་བ་བཏབ་ནས་ལམ་འཁྲུལ་པ་སེལ་བར་བྱེད༔ འཁོར་འདས་ཀྱི་རུ་ཤན་ཕྱེ་ནས་འཁྲུལ་པ་ཡེ་ཤེས་སུ་འཆར་བར་བྱེད་པའོ༔ དང་པོ་རང་གཞན་ཐམས་ཅད་འཁོར་བའི་རྒྱ་མཚོ་ཆེན་པོ་འདིར༔ སྐྱེ་བ་དཔག་ཏུ་མེད་པ་གཅིག་བླངས་ཀྱང༔ ཉོན་མོངས་སྡུག་བསྔལ་འཁྲུལ་པའི་མཐའ་ལ་སྤྱོད་པ་ལས་དོན་མ་བྱུང་བར་འདུག་སྟེ༔ ད་རེས་མི་ལུས་བྲེང་ཙམ་ཐོབ་དུས་འདིར༔ ཆོས་མ་བྱས་ན་ཕྱིས་མི་ལུས་འདི་ཐོབ་པར་དཀའ་བས༔ དེས་ན་ད་རེས་མི་ལུས་ཐོབ་དུས་འདིར་ཆོས་ཁོ་ན་བྱེད་དགོས༔ དེ་མྱུར་དུ་མ་བྱས་ན་འཆི་བ་ནམ་འོང་ཆ་མི་འདུག་སྟེ་རྟག་མི་ཐུབ༔ སེམས་ཅན་སྔ་ཕྱི་མ་ཤི་བ་མེད་པས་འཆི་ངེས་པར་འདུག༔ དེ་ནམ་འོང་ན་འཆི་རྐྱེན་མང་བས་མྱུར་དུ་འོང༔ བྱུང་ཙ་ན་ཆོས་མིན་པ་ཅིས་ཀྱང་ཕན་པར་མི་འདུག་སྙམ་དུ་སྐྱོ་ཤས་ཡང་ཡང་བསྐྱེད་ནས༔ ཚེ་འདི་ལ་ཞེན་པ་བཙན་ཐབས་སུ་ལོག་ན༔ བློ་ཆོས་སུ་འགྲོ་བའི་དད་པ་སྐྱེ་བ་ཡིན་ནོ༔ དེ་ནས་གཉིས་པ་སེམས་བསྐྱེད་པ་ནི༔ རིགས་དྲུག་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས༔ བདག་གི་ཕ་མ་མ་བྱས་པ་གཅིག་ཀྱང་མེད༔ དྲིན་ཅན་ཕ་མ་འགྲོ་དྲུག་སེམས་ཅན་འདི་རྣམས༔ འདོད་པ་རང་རེས་བདེ་བ་ཐོབ་པར་འདོད་ཀྱང༔ ལོག་པ་དང་འཁྲུལ་པའི་ཀློང་དུ་སོང་སྟེ༔ སྡུག་བསྔལ་མྱོང་བའི་སེམས་ཅན་རྣམས་སྙིང་རེ་རྗེ༔ འདི་རྣམས་སྡུག་བསྔལ་ལས་གྲོལ་ཞིང༔ བདེ་བ་ཐོབ་པར་བྱ༔ དེའི་ཆེད་དུ་དམ་ཆོས་རྫོགས་པ་ཆེན་པོ་ཉམས་སུ་བླངས་ལ༔ སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་དགོད་པར་བྱའོ་སྙམ་དུ་ཡང་ཡང་སེམས་བསྐྱེད་བྱས་པས༔ རང་འདོད་ཀྱི་ཞེན་པ་ཆོད་ནས་གཞན་ཕན་བྱང་ཆུབ་ཀྱི་ལམ་དུ་འགྲོ་བ་ཡིན་ནོ༔ དེ་ནས་གསུམ་པ་གསོལ་བ་གདབ་པ་ནི༔ རང་གཞན་གནས་སྐབས་མཐར་ཐུག་གི་བདེ་ལེགས་ཐམས་ཅད༔ བླ་མའི་བྱིན་རླབས་ལ་བརྟེན་ནས་འབྱུང་སྟེ༔ བྱིན་རླབས་མོས་གུས་ལ་བརྟེན་ནས་འབྱུང་བས༔ ལུས་ངག་ཡིད་གསུམ་གྱི་མོས་གུས་བྱས་པས༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་འབྱུང་ཕྱིར༔ ལུས་ཀྱི་མོས་གུས་ཕྱག་འཚལ་བསྐོར་བ་བསྙེན་བཀུར་ཞབས་ཏོག་ཅི་མཉེས་བྱ༔ ཁྱད་པར་བླ་མ་རང་གི་སྤྱི་གཙུག་ཉི་ཟླ་པདྨའི་གདན་ལ་རྟག་པར་བཞུགས་པར་བསྒོམ༔ དེའི་སྤྱི་གཙུག་ནས་ཡར་རིམ་པས༔ བརྒྱུད་པའི་བླ་མ་ཀུན་ཏུ་བཟང་པོ་ལ་ཐུག་པར་བསྒོམ༔ ཡིད་ཀྱི་མོས་གུས་བླ་མས་ཅི་མཛད་ལེགས་པར་བལྟ་ཞིང༔ ཅི་གསུང་བདེན་པར་བཟུང་ལ༔ མཛད་པ་ཐམས་ཅད་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་པར་བསམ་ལ༔ བདག་གཞན་གྱི་རེ་ས་བླ་མ་ལས་མེད༔ བླ་མ་མཁྱེན་སྙམ་དུ་སངས་རྒྱས་ཀྱི་འདུ་ཤེས་དུས་གསུམ་དུས་མེད་དུ་བྱས་ལ༔ ངག་གི་མོས་གུས་ཡོན་ཏན་བསྔགས་པ་བརྗོད་ཅིང༔ བདག་གཞན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད༔ བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི༔ སེམས་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས༔ ཆོས་སྐུ་ཀུན་ཏུ་བཟང་པོའི་སྐུ་ལ་སྐྱབས༴ སེམས་སྨིན་ཅིང་གྲོལ་བར་བྱིན༴ ལོངས་སྐུ་གསང་བདག་རྡོ་རྗེ་འཆང་གི་སྐུ་ལ་སྐྱབས༴ སེམས་སྨིན་ཅིང་གྲོལ་བར་བྱིན༴ སྤྲུལ་སྐུ་རྡོ་རྗེ་སེམས་དཔའི་སྐུ་ལ་སྐྱབས༴ སེམས་སྨིན་ཅིང་གྲོལ་བར་བྱིན༴ རིག་འཛིན་དགའ་རབ་རྡོ་རྗེའི་སྐུ་ལ་སྐྱབས༴ སེམས་སྨིན་ཅིང་གྲོལ་བར་བྱིན༴ གུ་རུ་ཤྲཱི་སིཾ་ཧའི་སྐུ་ལ་སྐྱབས༴ སེམས་སྨིན་ཅིང་གྲོལ་བར་བྱིན༴ ཨོ་རྒྱན་པདྨ་འབྱུང་གནས་སྐུ་ལ་སྐྱབས༴ སེམས་སྨིན་ཅིང་གྲོལ་བར་བྱིན༴ ཆོས་རྒྱལ་རིན་ཆེན་གླིང་པའི་སྐུ་ལ་སྐྱབས༴ སེམས་སྨིན་ཅིང་གྲོལ་བར་བྱིན༴ གྲུབ་ཆེན་ནམ་མཁའི་མཚན་ཅན་སྐུ་ལ་སྐྱབས༴ སེམས་སྨིན་ཅིང་གྲོལ་བར་བྱིན༴ དྲིན་ཅན་རྩ་བའི་བླ་མའི་སྐུ་ལ་སྐྱབས་སུ་མཆི༔ སེམས་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས༔ ཞེས་པས་གདོང་མཆི་མས་དག་པར་གསོལ་བ་གདབ༔ རྗེས་ལ་བླ་མ་བརྒྱུད་པ་དང་བཅས་པ་ཐམས་ཅད་རང་གི་སྤྱི་གཙུག་ཏུ་ཐིམ་ནས༔ རང་གི་ལུས་ངག་ཡིད་གསུམ་ལ་བླ་མའི་སྐུ་གསུང་ཐུགས་ཀྱིས་དབྱེར་མེད་དུ་བྱིན་གྱིས་བརླབས་པའི་ངང་དུ་སེམས་ལྷོད་དེ་བཞག་པས༔ བྱང་ཆུབ་ཀྱི་ཡེ་ཤེས་རྩོལ་མེད་དུ་འཆར་བ་ཡིན་ནོ༔ དེ་ནས་བཞི་པ་འཁོར་འདས་རུ་ཤན་འབྱེད་པའི་གདམས་ངག་གིས༔ འཁྲུལ་པ་ཡེ་ཤེས་སུ་འཆར་བར་བྱེད་པ་ནི༔ དང་པོ་ལུས་རུ་ཤན་འབྱེད་པ་དབེན་པའི་གནས་སུ༔ ཕྱག་དང་བསྐོར་བ་མང་པོ་བྱ༔ དེས་ལུས་ཀྱི་སྒྲིབ་པ་འདག་གོ༔ དེ་ནས་རྐང་པ་གཉིས་མཐིལ་སྦྱར༔ ལག་པ་སྤྱི་གཙུག་ཏུ་ཐལ་མོ་སྦྱར་བས༔ ལུས་ཀྱི་ཆ་བསྲང་སྟེ་རྡོ་རྗེ་ལྟ་བུར་འདུག་པར་བྱའོ༔ དེས་ལུས་ཀྱི་བར་ཆད་བཟློགས་ནས་དངོས་གྲུབ་འབྱུང༔ ལུས་གནད་འགྲོལ་དུས་སུ་དུས་གཅིག་ལ་ཤག་གིས་དགྲོལ་ལོ༔ དེས་ལུས་འཇིག་པ་སྙམ་བྱེད་དོ༔ འཁོར་བའི་ལུས་ལ་ཞེན་ལོག་སྐྱེས་ནས་ལུས་འཁོར་བར་མི་འཇུག་གོ༔ ངག་རུ་ཤན་འབྱེད་པ་མདོ་ཟློས་དང་གསོལ་འདེབས་མང་པོ་བྱ༔ དེས་ངག་གི་སྒྲིབ་པ་འདག་གོ༔ དེ་ནས་ངག་ཏུ་ཧཱུྃ་ཞེས་པས་རླུང་ནང་དུ་དྲངས་ལ་སྟེང་འོག་རླུང་གཉིས་ཕོ་བར་གཟུང༔ ཡང་ན་ངག་ཏུ་ཧཱུྃ་རྒྱུན་མི་ཆད་པར་བགྲང་ངོ༔ ངག་གི་བར་ཆད་བཟློགས་ནས་དངོས་གྲུབ་འབྱུང་ངོ༔ ངག་འགྲོལ་ཁར་ཧཱུྃ་ཆེན་པོའི་སྒྲ་བརྗོད་པས༔ ངག་འདར་བ་སྙམ་བྱེད་དོ༔ དེས་ངག་ལ་ཞེན་ལོག་སྐྱེས་ནས་ངག་འཁོར་བར་མི་འཇུག་གོ༔ དེ་ནས་ཡིད་རུ་ཤན་འབྱེད་པ༔ ལྷ་སྒོམ་པ་དང་ཞིང་ཁམས་བསམ་པ་མང་པོ་བྱའོ༔ དེས་ཡིད་ཀྱི་སྒྲིབ་པ་འདག་གོ༔ དེ་ནས་སེམས་རྩེ་གཅིག་ཏུ་དམིགས་པ་གཏད་ལ་མ་ཡེངས་པར་བྱའོ༔ དམིགས་པ་འཇོག་ཁར་ས་རྡོ་རི་བྲག་ཟང་ཐལ་ལ་སོང་བར་བསམ་མོ༔ དེས་འཁོར་བའི་སེམས་ལ་ཞེན་ལོག་སྐྱེས་ནས་ཡིད་འཁོར་བར་མི་འཁྱམས་པ་ཡིན་ནོ༔ དེ་རྣམས་ཀྱིས་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཡིན་པར་ཤན་ཕྱེད་འོང༔ རྒྱུད་ལས༔ སྒྲིམ་གྱིས་སྒྲིམས་ལ་ལྷོད་ཀྱིས་ཀློད༔ ཚིག་གཅིག་གནད་ཀྱི་གདམས་པ་ཡིན༔ ཅེས་གསུངས་པས༔ སྒྲིམ་པ་འཁོར་བའི་རུ་ཤན་ཕྱེད་ནས༔ ཀློད་པ་མྱ་ངན་ལས་འདས་པའི་རུ་ཤན་འབྱེད་པ་ནི༔ ལུས་ཕྱི་ནང་གི་བྱ་བྱེད་ཐམས་ཅད་སྤངས་ལ༔ བྱར་མེད་རྩོལ་བྲལ་གྱི་ངང་དུ༔ རྐང་པ་སྐྱིལ་ཀྲུང༔ ལག་པ་མཉམ་གཞག༔ ལུས་ཆ་བསྲངས་ལ་རང་སར་ཀློད་ལ་བཞག༔ དེས་ལུས་འཛིན་པ་མེད་པར་གྲོལ་ནས་འགྲོ༔ ངག་ཕྱི་ནང་གི་སྨྲ་བརྗོད་ཐམས་ཅད་སྤངས་ལ༔ བརྗོད་མེད་ཀྱི་རླུང་རང་སར་ལྷན་ནེ་བཞག༔ ངག་འཛིན་མེད་དུ་གྲོལ་འགྲོ༔ སེམས་ཕྱི་ནང་གི་བསམ་མནོ་ཐམས་ཅད་སྤངས་ལ༔ ཅིར་ཡང་མི་རྟོག་པའི་ངང༔ རེ་དོགས་མེད་པར་ས་ལེ་སིང་ངེ་ཡེ་རེ༔ མ་བཅོས་མ་བསྒྱུར་སོ་མ་རང་གར་ལྷུག་པ༔ འཛིན་མེད་དུ་ལྷོད་དེ་བཞག་གོ༔ དེས་ཡིད་འཛིན་མེད་དུ་གྲོལ་འགྲོ་བ་ཡིན་ནོ༔ དེ་ལྟར་གང་ཟག་གི་བློའི་ནུས་སྟོབས་དང་སྦྱར་ཞིང་ཞག་འགའ་རུ་སྦྱངས་ལ༔ རྣམ་རྟོག་རང་གར་འགྲོ་བ་བྱུང་བ་དང་ཕཊ་ཅེས་པས༔ རྣམ་རྟོག་རང་སར་ཤིགས་ཀྱིས་བཤིག་ལ་ལྷོད་ཀྱིས་ཀློད་ལ་བཞག༔ ལུས་ངག་ཡིད་གསུམ་སྟོང་སངས་ལ་འགྲོ་བ་ཡིན་ནོ༔ དེས་མྱ་ངན་ལས་འདས་པ་བདེ་བའི་རུ་ཤན་ཕྱེད་ནས༔ ཆོས་ལ་ངེས་ཤེས༔ བླ་མ་ལ་མོས་གུས༔ སེམས་ཅན་ལ་སྙིང་རྗེ་སྐྱེ༔ རང་སེམས་ལ་གོ་བ་རྙེད་ནས་འཁྲུལ་པ་ཡེ་ཤེས་སུ་འཆར་བ་ཡིན་ནོ༔ དེ་ལྟར་སྔོན་འགྲོའི་ཆོས་འདི་རྣམས་ལ༔ ལོང་བའི་སྣ་ཁྲིད་དང་འདྲ་བས་སྲོལ་དུ་ཚུད་པར་བྱས་ལ༔ དངོས་གཞིའི་སྟེང་འཆུག་མེད་དུ་གཏན་ལ་དབབ་བོ༔ ཨེ་མ་ཧོཿ གསང་ཆེན་སྣོད་ཀྱི་མན་ངག་ལ༔ ཐོག་མར་ཀུན་ལ་གཅེས་པ་ཡི༔ ཐུན་མོང་སྔོན་འགྲོའི་མན་ངག་འདི༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཟབ་མོ་རིན་ཆེན་གཏེར་དུ་སྦས༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ ཤཱཀྱའི་ཆས་འཛིན་སྔགས་སྤྱོད་པའི༔ རིག་འཛིན་ཆེན་པོ་སྤྲུལ་པའི་སྲས༔ སྐལ་ལྡན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ ྈྈྈྈྈྈྈ ཆོས་རྒྱལ་རིན་ཆེན་གླིང་པས་རྒྱ་གར་ཕ་ཝང་རུས་སྦལ་ནག་པོ་ནས་གཏེར་ནས་བཏོན་པ་ཡིན། ྀཨཚ། བཀྲ་ཤིས། ༄༅༔ ཨ་ཏི་ཆིག་ཆོད་ཀུན་གྲོལ་ཆེན་པོའི་ཚིག་ཁྲིད་གནད་ཀྱི་སྒྲོན་མེ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈ བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་དཔལ་ལ་ཕྱག་འཚལ་ལོ༔ ཨ་ཏི་ཡང་གསང་ཆིག་ཆོད་གནད་ཀྱི་མན་ངག༔ སངས་རྒྱས་ཀྱི་དགོངས་པ་སེམས་ཅན་ལ་མངོན་དུ་འབྱིན་པའི་ཐབས༔ མན་ངག་གནད་ཀྱི་ཉམས་ཁྲིད༔ ཕོ་མོ་མ་ནིང་མེད༔ ན་སོ་རྒན་གཞོན་མེད༔ དབང་པོ་རྣོ་བརྟུལ་མེད༔ ལས་བཟང་ངན་མེད་པར་གྲོལ་བའི་དོན་འདི་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་མོ༔ དང་པོ་སྔོན་འགྲོ་ལ་བཞི༔ མི་རྟག་པ་རྒྱུད་ལ་སྐྱེ་བས་བློ་ཆོས་སུ་འགྲོ་བ་དང༔ བྱང་ཆུབ་ཏུ་སེམས་བསྐྱེད་པས་ཆོས་ལམ་དུ་འགྲོ་བ་དང༔ བླ་མ་ལ་གསོལ་བ་བཏབ་པས་ལམ་འཁྲུལ་པ་སེལ་བ་དང༔ འཁོར་འདས་རུ་ཤན་ཕྱེ་བས་འཁྲུལ་པ་ཡེ་ཤེས་སུ་འཆར་བར་བྱ་བ་དང་བཞི་འོ༔ དེ་བཞིའི་སྔོན་འགྲོ་གོང་ན་གསལ་ལོ༔ དེ་ནས་གཉིས་པ་དངོས་གཞི་ལ་གདམས་ངག་བཞི་སྟེ༔ དང་པོ་ལྟ་བས་ཕུ་ཐག་བཀྲུས་པས་སྣང་བ་སེམས་ཉིད་ཆིག་ཆོད་སྤྲུལ་སྐུར་ངོ་སྤྲད་པ་དང༔ དེ་བསྒོམ་པས་གཏན་ལ་ཕབ་པས་སེམས་སྟོང་པ་ཆིག་ཆོད་ལོངས་སྐུར་ངོ་སྤྲད་པ་དང༔ དེ་སྤྱོད་པས་རྩལ་སྦྱངས་པས་སྟོང་པ་རང་གྲོལ་ཆིག་ཆོད་ཆོས་སྐུར་ངོ་སྤྲད་པ་དང༔ དེ་འབྲས་བུ་ལྷུན་གྲུབ་ཆིག་ཆོད་སངས་རྒྱས་སུ་ངོ་སྤྲོད་པའོ༔ དང་པོ་ལྟ་བས་ཕུ་ཐག་བཀྲུས་ནས་སྣང་བ་སེམས་སུ་གཏན་ལ་དབབ་པ་ནི༔ སྣང་བ་སེམས་སུ་མ་རིག་ན༔ མི་ཚེ་དགེ་བ་ལ་འབུངས་ཀྱང༔ སངས་རྒྱས་མི་ཐོབ་འཁོར་བར་འཁྱམས་དགོས་པས༔ དེའི་ཕྱིར་འཁྲུལ་སྣང་ལྟ་བས་ཕུ་ཐག་བཀྲུ་བ་ནི༔ དབེན་པའི་གནས་སུ་རང་ལུས་སྟན་བདེ་བ་ལ༔ རྐང་པ་སྐྱིལ་ཀྲུང་ལག་པ་མཉམ་གཞག་ལུས་ཁོག་བསྲངས་ལ༔ བྱར་མེད་ཀྱི་ངང་ལ་འདུ་ཤེས་ཀློད་ལ་བསྡད༔ ངག་སྨྲ་བརྗོད་མེད་པའི་ངང་དུ་སོས་དལ་ལ་བཞག༔ སེམས་རེ་དོགས་མེད་པའི་ངང་དུ་བསམ་མནོ་མེད་པར༔ མིག་ནམ་མཁའི་གནས་སུ་མ་ཡེངས་པར་བལྟས་ལ༔ རིག་པ་དེ་ཀའི་ངང་ལ་ཅི་ཡང་མི་སེམས་པར་བཞག་པས༔ འདས་པའི་རྣམ་རྟོག་འགགས༔ མ་འོངས་པ་མ་སྐྱེས༔ ད་ལྟར་གྱི་རྣམ་རྟོག་མི་དྲན་པར་ནམ་མཁའི་ངང་དུ༔ རིག་པ་རྩེ་གཅིག་དུ་ས་ལེ་སིང་ངེ་དུས་གསུམ་མཉམ་པ་ཉིད་དུ་གནས་པ་ནི༔ དབྱིངས་སུ་གནས་པའི་ཞི་གནས་སྟོང་པ་བྱ་བ་ཡིན༔ དེའི་ངང་ལས་དུས་གསུམ་གྱི་རྟོག་པ་གང་བྱུང་བ་གཅིག༔ སེམས་ཀྱི་འཆར་སྒོ་མ་འགགས་པས་ཚོགས་དྲུག་གི་ཡུལ་སྣང་དུ་འཆར༔ ཤར་ཡང་འགྱུ་བྱེད་ཀྱི་ཤེས་པ་ལ་སྐྱོན་དུ་མི་བལྟ་བར༔ རྣམ་རྟོག་དེ་རང་གི་སེམས་སུ་འདུག་གམ་གཞན་ནས་བྱུང་སྟེ་ལོགས་སུ་གྲུབ་པ་གཅིག་འདུག༔ དེ་ཀ་ལ་བལྟས་པས་རང་སེམས་ལ་ཤར་བར་ངེས་འོང་ངོ༔ ཡང་ན་རྣམ་རྟོག་གི་རྗེས་མ་བཟུངས་པས་རང་ཞི་ལ་འགྲོ་སྟེ༔ རང་སེམས་སུ་གྲོལ་བར་ཤེས་འོང་ངོ༔ རྣམ་རྟོག་སེམས་མ་ཡིན་ན༔ སེམས་ནམ་མཁའི་ངང་དུ་ཅི་ཡང་མ་ཡིན་པར་བཞག་ཙམ་ན་རྣམ་རྟོག་གང་ཡང་མི་འཆར༔ སེམས་ཡིན་ན༔ དེ་ཙ་ན་རྟོགས་པ་འཆར་དགོས་ཏེ་མི་འཆར༔ དེ་བཞིན་དུ་འཆར་རྒྱུ་དང་དྲན་བྱེད་ཀྱི་སྣང་བ་རྟོག་པ་ཐམས་ཅད་ལ་བལྟས་ཏེ༔ ཕྱི་སྣོད་ཀྱི་འཇིག་རྟེན་སྣང་བ་ཡིན་ཡང་རང་སྣང་སེམས་ཀྱི་འཆར་ཚུལ་དུ་འདུག་གམ་བལྟ༔ ནང་བཅུད་ཀྱི་སེམས་ཅན་དུག་ལྔ་ལས་གྲུབ་པ་ཡིན་ཡང༔ རང་སེམས་ཀྱིས་བྱས་པར་འདུག་གམ་བལྟ༔ ཁྱད་པར་རང་གི་སྒོ་ལྔའི་འཛིན་པ་དང་བཅས་པ་འདི་ཡང༔ རང་སེམས་ཀྱིས་བྱས་པར་འདུག་གམ་ཕུ་ཐག་མ་ལུས་པར་བཀྲུས་པས༔ མཉམ་གཞག་གི་སྟེང་དུ་ལྷན་གྱིས་ཞི་འགྲོ༔ དེའི་རྗེས་ལ་བདག་གཞན་གྱི་སྣང་བ་ཅི་ཤར་ཅི་འདུག་ཐམས་ཅད་ལ་ཆད་པ་འདྲ་བར༔ རང་སེམས་ཀྱི་འཆར་ཚུལ་ཙམ་ཡིན་པར་ཤེས་འོང༔ དེས་ཀྱང་ཕུ་ཐག་མ་ཁྲུས་ན༔ རྟོག་པས་རྟོག་པ་འཇོམས་པའི་ཐབས༔ རྣམ་རྟོག་གང་འདུལ་དཀའ་བ་དེ་དེ་བས་ཀྱང་ཆེ་བ་གཅིག་ཏུ་བསྒོམས་པས༔ གཞན་དེ་ཟིལ་གྱིས་ནོན་ནས་མེད་པར་འགྲོ་བ་ཡིན༔ དེར་བསྒོམས་པ་དེ་རང་གི་སེམས་ཀྱིས་འཕྲལ་ལ་བཅོས་པ་ཡིན་པས༔ བག་ཆགས་ཞེན་ཡུན་ཐུང་བས་གྲོལ་སླ་སྟེ༔ གཞན་དུ་སོང་བ་མིན་རང་སེམས་གྲོལ་བ་ཡིན་པས༔ རྣམ་རྟོག་ཐམས་ཅད་ཀྱི་བྱུང་ས་བྱེད་མཁན་རང་སེམས་ཡིན་པར་ཕུ་ཐག་ཆོད་འོང་ངོ༔ རྒྱུད་ལས༔ འཁྲུལ་པ་དེ་ཉིད་སེམས་སུ་མ་རིག་ན༔ ཆོས་ཉིད་དོན་དེ་ནམ་ཡང་མི་རྟོགས་པས༔ ལྟ་བས་འཁྲུལ་སྣང་སེམས་ཀྱི་ཕུ་ཐག་བཀྲུ༔ ཞེས་གསུངས་པས༔ སྣང་བ་གཞི་མེད་རྩ་བྲལ་གྱི་ཐག་སེམས་སུ་མ་ཆོད་ཀྱི་བར་དུ༔ ལྟ་བས་གནས་ལུགས་སྐྱོང་ཞིང་ཕུ་ཐག་བཀྲུས༔ ལན་གཅིག་ཕུ་ཐག་ཁྲེས་ཀྱིས་ཆོད་ནས་ཕྱིས་རྣམ་རྟོག་ཇི་ཙམ་ཤར་ཡང༔ གཟིངས་ནས་འཕུར་བའི་བྱ་རོག་གཟིངས་ཐོག་ཏུ་ལོག་པ་བཞིན༔ རྣམ་རྟོག་སེམས་ལ་ཤར་ནས་རྟོག་པ་རང་གཟུགས་སུ་སྣང་ཡང༔ སེམས་ལས་ལོགས་ན་མེད་པས་སེམས་ཐོག་ཏུ་ལོག་འོང༔ དེ་ལྟར་རྣམ་རྟོག་སེམས་ཀྱི་འགྱུ་བྱེད་ཚོ༔ རང་སེམས་སུ་རྩད་ཆོད་ན༔ མ་རིག་འཁྲུལ་པའི་རྟོག་པ་བཟང་ངན་མེད་པར་སེམས་སུ་ཤེས་པས༔ མ་རིག་པ་རིག་པའི་ཡེ་ཤེས་སྣང་བ་སེམས་སུ་ངོ་འཕྲོད་པ་བྱ་བ་ཡིན་ཏེ༔ རྣམ་རྟོག་ཇི་ཙམ་ཤར་ཡང་སྔར་འདྲིས་ཀྱི་མི་ཕྱིས་གང་དུ་འཕྲད་ཀྱང་བརྟག་དཔྱད་བྱ་མི་དགོས་པར་ངོ་ཤེས་པ་བཞིན༔ རྣམ་རྟོག་ལ་བརྟག་དཔྱད་བྱ་མི་དགོས་པར་རང་སེམས་སུ་ངོ་ཤེས་འོང་བ་ཡིན༔ རྒྱུད་ལས༔ སྣང་བ་སེམས་སུ་མ་ཤེས་འཁོར་བར་གོལ༔ རང་སེམས་སངས་རྒྱས་མ་ཤེས་མྱང་འདས་སྒྲིབ༔ ཅེས་གསུངས་པས༔ རྣམ་རྟོག་རང་གི་སེམས་སུ་མ་ཤེས་ན༔ རྣམ་རྟོག་བཀག་པས་མི་ཁོག༔ སྤང་བས་མི་སྤངས༔ བཟུང་བས་མི་ཟིན༔ བསྐལ་པར་བསྒོམས་ཀྱང་སངས་རྒྱས་མི་ཐོབ་བོ༔ འཁོར་བ་མྱང་འདས་གཉིས༔ ཀུན་གཞི་མཉམ་པོ་ལ་ཁྱད་བྱུང་བས༔ སྣང་བའི་འགྱུ་བྱེད་འདི་སེམས་སུ་རིག་མ་རིག་ལས་བྱུང་བ་ཡིན་ནོ༔ སྣང་བ་སེམས་མ་ཡིན་གཞན་དུ་མཐོང་བས་འཁྲུལ་པ་ཡིན༔ འདིར་སྣང་བ་རང་སེམས་ཡིན་པར་ཤེས་པས་རིག་པའི་ཡེ་ཤེས་ཡིན༔ རྒྱུད་ལས༔ བདག་རིག་གཞན་རིག་ཐམས་ཅད་རིག༔ ཅེས་གསུངས་པས༔ སྣང་བ་ཐམས་ཅད་སྙེམས་མེད་སེམས་སུ་ཤེས་ཙམ་ན༔ སྣང་སེམས་ཆོས་ཉིད་དུ་རྟོགས་པ་བྱ་བ་ཡིན་ཏེ༔ དེའི་ཡིན་ལུགས་རང་ཐོག་ཏུ་ངོ་སྤྲད་པ་ནི༔ རྒྱུད་ལས༔ རྣམ་རྟོག་སེམས་ཀྱི་རང་གཟུགས་ཏེ༔ སེམས་ལས་མ་གཏོགས་སྣང་སྲིད་གང་ཡང་མེད༔ ཅེས་གསུངས་པས༔ རང་སེམས་སྐྱེ་མེད་སྟོང་པའི་འཆར་ཚུལ་མ་འགགས་པས༔ སྣང་སྲིད་ཐམས་ཅད་ཤར༔ རང་ལ་རང་གིས་བདག་ཏུ་བཟུང་པས་དུག་ལྔའི་སྣང་བ་ཤར༔ དེ་ལ་ཆགས་སྡང་བྱས་པའི་མདངས་ཀྱིས་འབྱུང་བ་ལྔའི་ལུས་གྲུབ༔ དེ་ལ་ཨ་འཐས་པ་ལས་སྙིང་དྭངས་མ་ལྔ་ལས་གྲུབ་པའི་རྩ་སྒོ་ཁ་དོག་ལྔ་བྱུང༔ དེ་ལ་བརྟེན་ནས་རིག་པའི་ངོ་བོ་གཅིག་ལས་མེད་ཀྱང་རྩ་དེའི་མདངས་ཀྱིས༔ སྒོ་ལྔའི་རྣམ་རྟོག་གཟུགས་སྒྲ་དྲི་རོ་རེག་བྱ་བྱུང༔ དེའི་འདོད་པའི་མདངས་ཕར་འཕྲོས་ནས་སྣང་བ་གཡོས་པས་སེམས་ཅན་རྣམས་བྱུང༔ དེ་ལ་ཨ་འཐས་ཀྱིས་དགག་སྒྲུབ་ཅན་གྱི་སྣང་བ་མཆེད་པ་བྱུང༔ དེ་རྣམས་རང་སེམས་ཡིན་པར་མ་རིག་ལོགས་ན་གྲུབ་འདུག་པར་བཟུང་པས༔ གཟུང་བའི་ཡུལ་བྱ་བ་ཡིན་ཏེ་འཁོར་བར་འཁྱམས་པ་ཡིན༔ རྒྱུད་ལས༔ སེམས་ལས་མ་གཏོགས་སྣང་བ་གང་ཡང་མེད༔ ཅེས་པས༔ དེ་ཐམས་ཅད་སྣང་བ་རང་སེམས་ཀྱི་ཡུལ་ཡིན་པར་ངོ་སྤྲད་དོ༔ དེ་ནས་སྣང་བ་ཐམས་ཅད་སེམས་སུ་འདུག་པ་ལ༔ ཐམས་ཅད་ཀྱི་མཁན་པོ་སེམས་དེ༔ གང་ལྟ་བུ་གཅིག་འདུག༔ རང་གིས་རང་ལ་བལྟས་ཏེ༔ དང་པོ་བྱུང་ས༔ བར་དུ་གཟུགས་ཁ་དོག་གནས་ས༔ མཐར་འགྲོ་ས་འདུག་གམ་བལྟས་པས༔ གང་ཡང་མཐོང་བ་དང་རྙེད་པ་མེད༔ ཡོད་ནས་མ་མཐོང་བ་མ་ཡིན་ཏེ༔ སེམས་སྐྱེ་མེད་ཡིན་པས༔ གཞི་མེད་རྩ་བྲལ་འདི་ལས་བྱུང་ས་མི་རྙེད༔ གནས་མེད་ཡིན་པས་གཟུགས་ཁ་དོག་ཕྱོགས་བཅུ་གང་དུ་ཡང་མ་གྲུབ༔ འགག་མེད་ཡིན་པས་གང་མེད་པར་འགྲོ་རྒྱུ་མེད༔ སྐྱེ་འགག་གནས་གསུམ་དང་བྲལ་བ་དཔེ་ནམ་མཁའ་ལྟ་བུར་ངོ་སྤྲོད༔ དེ་ལྟར་སྣང་སེམས་སྐྱེ་འགག་གནས་གསུམ་དང་བྲལ་བའི་ངོ་བོ་རྟོགས་པས༔ ལྟ་བའི་ཕུ་ཐག་ཆོད་པ་ཡིན༔ དེ་ཉིད་སྤྲུལ་སྐུར་ངོ་སྤྲད་པ་ནི༔ རང་སེམས་གཅིག་ལ་སྣང་བ་མི་འདྲ་བ་དྲུག་ཏུ་ཤར༔ ཤར་ཙམ་ཉིད་ན་སེམས་སུ་འདུས༔ ཡང་དེ་ལས་རང་གང་འདོད་པའི་རྟོག་པ་གཅིག་བྱས་པས༔ གང་བྱས་པ་དེར་འཆར་བས་ལམ་སྣང་གི་སྐུ་བྱ་བ་ཡིན་ཏེ༔ རང་སྣང་སེམས་སུ་རྟོགས་ནས༔ སྐྱེ་བ་དང་འཇུག་པ་ལ་རང་དབང་ཐོབ་པ་ཡིན༔ དེ་ལ་རྩལ་སྦྱངས་པས་མཐར་ཐུག་སངས་རྒྱས་སྤྲུལ་སྐུ་གང་ལ་གང་འདུལ་དུ་འབྱུང་བ་ཡིན་ནོ༔ དེ་ནས་གཉིས་པ་ལྟ་བས་ཐག་ཆོད་པའི་དོན་དེ་ཉིད་སྒོམ་པས་གཏན་ལ་ཕབ་སྟེ༔ སེམས་སྟོང་པ་ཆོས་ཉིད་ལོངས་སྐུར་ངོ་སྤྲད་པ་ནི༔ སེམས་སྟོང་པར་མ་རྟོགས་ན་སྣང་བ་སེམས་སུ་རིག་ཀྱང༔ སྣང་བ་གྲོལ་དུ་མི་ཐུབ་མཚན་མར་འཐས་འགྲོ་བས༔ དེ་ཉིད་སྟོང་པར་གཏན་ལ་དབབ་པ་ནི༔ ལྟ་བས་སྣང་བ་སེམས་སུ་རྟོགས་པའི་སྐྱེ་འགགས་གནས་གསུམ་དང་བྲལ་བའི་ངང་དེ་ལ་འཇོག་པ་ལས༔ བློས་བྱས་ཡིད་ཀྱིས་བསྒོམ་རྒྱུ་ཅི་ཡང་མེད་དེ༔ སྣང་བ་ཙམ་མ་ཡིན་པའི་སྙེམས་བྱེད་མེད་པར་དེ་ཀའི་ངང་ལ་མ་ཡེངས་པར་བྱས་པས༔ སྣང་བ་ཐམས་ཅད་འཛིན་མེད་དུ་བུན་སོང་ནས༔ རང་སེམས་ས་ལེ༔ སིང་ངེ༔ ཡེ་རེ་འོང༔ ཡང་སྐབས་སུ༔ ནམ་མཁའ་ལ་སྤྲིན་བྱུང་བ་བཞིན༔ སྣང་བ་མ་འགགས་པས་རྣམ་རྟོག་ཙེར་ཤར་ནས་འོང༔ དེ་ཉིད་དེ་ཀའི་སྟེང་དུ་བཞག་པས་རང་སར་གྲོལ་འགྲོ༔ གལ་ཏེ་དེ་ཀ་གྲོལ་མི་འགྲོ་བར་རང་རྒྱུད་ཀྱི་སྣང་བ་འཆར་རྒྱུ་འདུག་ན༔ སྣང་བ་ཨར་ལ་གནོན་པ་ཞེས་བྱ་སྟེ༔ གང་ཤར་དེའི་སྟེང་དུ་མ་ཡེངས་པ་རྩེ་གཅིག་ཏུ་གཏད་པས༔ སྨིག་རྒྱུའི་སྟེང་དུ་ཕྱིན་པ་ཙམ་གྱིས་མེད་པར་འགྲོ་བ་བཞིན༔ རྣམ་རྟོག་ལ་བལྟས་པ་ཙམ་གྱིས་རང་བཞིན་མེད་པར་སྟོང་པར་འགྲོ་བ་ཡིན༔ དེ་བཞིན་རྣམ་རྟོག་ཐམས་ཅད་ལ་གཏད་པས་རང་བཞིན་མེད་པར་གྲོལ་འགྲོ་བ་ཡིན༔ དེ་ཕྱིར་མ་བཅོས་ངང་ལ་བཞག་པ་ཙམ་གྱིས་ཆབ་རོམ་ཆུར་ཞུ་བ་བཞིན༔ རང་བཞིན་སེམས་ལ་དངོས་པོར་མ་གྲུབ་པས་སྟོང་པར་གྲོལ་འགྲོ་བ་ཡིན་ནོ༔ རྒྱུད་ལས༔ དེ་ཉིད་ལ་ནི་གཏད་པ་ཙམ་གྱིས་སུ༔ གཞི་རྩ་མེད་པར་རང་བཞིན་གྲོལ་ནས་འགྲོ༔ དངོས་པོ་ཡིན་ན་འཆར་དུ་ག་ལ་ཐུབ༔ ཅེས་གསུངས་པས༔ རྣམ་རྟོག་སེམས་ལ་ཤར་བས་སེམས་སྟོང་པ་ལ་དངོས་པོ་མི་འཆར༔ སྣང་བ་སྟོང་པ་ཡིན་པར་ཤེས༔ སྟོང་པ་མ་ཡིན་ན་སྣ་ཚོགས་འཆར་དུ་མི་ཐུབ༔ དེས་ན་གཞི་མེད་རྩ་བྲལ་ཕྱོགས་མེད་དུ་ཤར་ནས་རྟེན་མེད་བར་སྣང་གི་འཇའ་ཚོན་བཞིན་དུ་གྲོལ་འགྲོ་བ་ཡིན་ནོ༔ དེ་ལྟར་སྟོང་ཉིད་ཀྱི་དོན་གཅིག་རྟོགས་ནས་རྣམ་རྟོག་ཇི་ལྟར་ཤར་ཡང༔ ནགས་ལ་མེ་མཆེད་དུས་རླུང་གྲོགས་སུ་སོང་བ་བཞིན༔ སླར་སྟོང་ཉིད་ཀྱི་རྩལ་ཐོན་ཅིང་ངེས་ཤེས་སྐྱེ་བའི་གྲོགས་སུ་སོང་ནས༔ ཉམས་འབར་བའི་གསལ་འདེབས་སུ་འགྲོ་བ་ཡིན༔ རྒྱུད་ལས༔ སྟོང་ཉིད་མ་འགགས་ཅིར་ཡང་འཆར༔ ཤར་ཡང་སྟོང་པ་ཉིད་ལས་སྟོང་པ་ཤར༔ ཅེས་གསུངས་པས༔ གཟུང་འཛིན་གྱི་སྣང་བ་ཐམས་ཅད་སྟོང་པ་ཉིད་དུ་མ་གྲོལ་ན༔ རྣམ་རྟོག་བཀག་པས་མི་ཁོག་བཤིག་པས་མི་ཤིགས༔ ཕྱི་རོལ་པ་དང་ནང་པའི་ཁྱད་སེམས་སྟོང་པ་ཉིད་དུ་གྲོལ་མ་གྲོལ་ལས་བྱུང་བ་ཡིན༔ སྣང་བ་སྟོང་པའི་རང་བཞིན་ཡིན་པ་ལ༔ སྣང་བ་གྲུབ་ནས་ཡོད་པར་བཟུང་བ་རྟག་ལྟ༔ མེད་པར་བཟུང་བས་ཆད་ལྟ་ལོག་པར་ཤོར་བ་ཡིན༔ འདིར་སྣང་བ་འཆར་རྒྱུ་མེད་པ་མ་ཡིན་ཏེ༔ ཤར་ཡང་རང་བཞིན་སྟོང་པར་ཤེས་པས༔ སྟོང་ཉིད་རྟོགས་པའི་ཡེ་ཤེས་བྱ་བ་ཡིན་ནོ༔ རྒྱུད་ལས༔ སྣ་ཚོགས་ཤར་ཡང་སེམས་ཉིད་སྟོང་པར་གྲོལ༔ ཅེས་གསུངས་པས༔ སེམས་སྙེམས་མེད་སྟོང་པར་རྟོགས་ཙམ་ན༔ སྟོང་པ་ཉིད་དུ་རྟོགས་པ་བྱ་བ་ཡིན༔ དེའི་ཡིན་ལུགས་གཅིག་ཐོག་ཏུ་ངོ་སྤྲད་པ་ནི༔ ཕྱི་རོལ་དུ་སྣང་བ་སྣ་ཚོགས་བྱུང་ཡང་སེམས་ལས་བྱུང་བ་མ་གཏོགས་པ་ལོགས་ནས་གྲུབ་པ་མི་འདུག་པས་སྟོང་པ་ཡིན༔ བར་དུ་རང་གི་ལུས་ལ་ཡང་དོན་དམ་པར་གྲུབ་པ་མི་འདུག་པས་སྟོང་པ་ཡིན༔ ནང་གི་འཛིན་བྱེད་ཀྱི་ཤེས་པ་ཡང་འདི་ཡིན་གྲུབ་པ་མི་འདུག་པས་སྟོང་པ་ཡིན༔ དེས་ན་ཐམས་ཅད་ལ་བརྟགས་ན་དངོས་པོ་མི་འདུག་པས་སྟོང་པ་ཉིད་དུ་ངོ་སྤྲད་དོ༔ དེ་ལྟར་ཐམས་ཅད་སྟོང་པ་ཡིན་ཞེས་དངོས་པོ་མེད་པ་ལས༔ ཆད་ལྟའི་སྟོང་པ་ཧད་པོ་མ་ཡིན་ཏེ༔ རང་བཞིན་གསལ་བ་གོ་མ་འགགས་པར་ཡོད་པས༔ སེམས་ནི་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་འོད་གསལ་བ༔ གསལ་སྟོང་ནམ་མཁའ་ལྟ་བུར་ངོ་སྤྲད་དོ༔ དེ་ལྟར་སྣང་བ་ཐམས་ཅད་རང་བཞིན་མེད་པར་རྟོགས་ཙ་ན༔ སྒོམ་པ་གཏན་ལ་ཕེབས་པ་ཡིན་ནོ༔ དེ་ཉིད་ལོངས་སྐུར་ངོ་སྤྲད་པ་ནི༔ རང་སྣང་ཇི་ལྟར་ཤར་ཡང་དངོས་པོ་མེད་པར་ཡེ་ནས་སྟོང་པ་ཡིན་པར་ཤེས༔ སྟོང་པ་ཡིན་བཞིན་དུ་འགག་མེད་དུ་ལོངས་སྤྱོད་དུ་ཡོད་པས་རྩལ་སྣང་གི་ལོངས་སྐུ་ཡིན༔ དེའི་རྩལ་རྫོགས་ནས་མཐར་ཐུག་ཟག་པ་མེད་པའི་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱ་བ་ཡིན་ནོ༔ དེ་ནས་གསུམ་པ་སྒོམ་པ་དེ་ཉིད་ཀྱིས་སྤྱོད་པ་རྩལ་སྦྱངས་ནས༔ སྟོང་པ་རང་གྲོལ་ཆིག་ཆོད་ཆོས་སྐུར་ངོ་སྤྲད་པ་ནི༔ སེམས་སྣང་སྟོང་གཉིས་མེད་དུ་རང་བཞིན་གྱིས་མ་གྲོལ་ན༔ སྟོང་པར་ཤེས་ནས་བསྒོམས་ཀྱང་དེ་ཉིད་ལ་ཞེན༔ རང་གྲོལ་གཉིས་མེད་ཆོས་སྐུར་མི་གྲོལ་བས་སྟོང་པ་ཉིད་གཟུགས་ཅན་དུ་འོང་བས༔ དེའི་ཕྱིར་སྒོམ་པས་སེམས་གཏན་ལ་ཕབ་པ་དེའི་ངང་ལ་སྤྱོད་པ་ལས་ལོགས་ན་སྤྱོད་རྒྱུ་མེད་དེ་ངང་ལ་ངང་གིས་གྲོལ་བ་ཞེས་བྱ་བ༔ སྟོང་པ་ཉིད་ལ་སྟོང་པ་ཉིད་ཡིན་སྙམ་ཞེན་པ་མི་བྱེད་པར༔ སྣང་སྟོང་གི་ངང་དུ་རྩལ་སྦྱང་པར་བྱ་སྟེ༔ དཔེར་ན་ཉིན་མཚན་གྱི་དཀར་ནག་ས་ལས་བྱུང་ཡང༔ ནམ་མཁའ་ལ་ཉི་འོད་མུན་པ་གསུམ་དབྱེར་མེད་པ་བཞིན་དུ༔ སྟོང་པ་སེམས་ཀྱི་འཛིན་པ་དེ་གཉིས་མེད་དུ་ཁྲོལ་གྱིས་གྲོལ་འགྲོ་བ་ཡིན༔ ཡང་སྐབས་སུ་སྣང་བའི་འཛིན་རྟོག་རེ་བྱུང་ཡང༔ དེ་ཀ་བྱར་མེད་དུ་བཞག་པས་སྦྲུལ་གྱི་མདུད་པ་བཞིན་རང་གྲོལ་ལ་འགྲོ་བ་ཡིན༔ གལ་ཏེ་མི་འགྲོ་བར་སྣང་སྟོང་གི་འཛིན་པ་འདུག་ན་མཚང་ཡུལ་ནས་འདོན་པའི་ལོག་ནོན་ཞེས་བྱ་སྟེ༔ གང་ཤར་དེ་དང་གོ་ལོག་པ་གཅིག་བསྒོམས་པས༔ རིག་པའི་ངོ་བོ་གཅིག་ལས་མེད་པར་སྔར་གྱི་གཏད་མེད་ལ་འགྲོ་བ་ཡིན་ནོ༔ དེས་ན་སེམས་ལ་ངོ་བོ་གཉིས་སུ་མ་གྲུབ་གཅིག་པོ་དེའི་འགྲོ་ལྡོག་སྔ་ཕྱི་ལས་མང་བ་རྣམས་བསགས་པས་བྱུང་བ་ཡིན་ནོ༔ གཉིས་ཡོད་ན་སྔར་གྱི་རྟོག་པ་དེ་ཡང་འོང་དགོས་ཏེ༔ དགའ་བ་བསམ་ན་མི་དགའ་བ་མེད༔ མི་དགའ་བ་བསམ་ན་དགའ་བ་ནུབ་འགྲོ་བ་བཞིན༔ སྣང་སྟོང་གཉིས་ཀྱང་དོན་གཅིག་ལས་མེད་པར་ཐག་ཆོད་པས༔ སྣང་རྒྱུ་དང་དེ་སྟོང་པར་གཏོང་བའི་གཉེན་པོ་བཅོས་མའི་སྒོམ་ལོགས་ན་མེད་པས་གཅིག་པོ་དེ་ཀའི་ཤར་བ་དང་རང་སྣང་གྲོལ་བ་རང་གྲོལ་དུ་འགྲོ་ཙ་ན༔ སྟོང་པ་རང་གྲོལ་ཆིག་ཆོད་དུ་གྲོལ་བར་བྱ་བ་ཡིན་ཏེ༔ རྒྱུད་ལས༔ བསྒོམ་བྱ་སྒོམ་བྱེད་གཉིས་སུ་མ་གྲུབ་སྟེ༔ སེམས་ཉིད་གདོད་ནས་རང་ཤར་རང་གྲོལ་ཡིན༔ ཞེས་གསུངས་པས༔ སྣང་སྟོང་གཉིས་མེད་གཅིག་པུ་རང་ཤར་རང་གྲོལ་དུ༔ དཔེར་ན་ཆུ་ནང་གི་ཟླ་བ་གཅིག་ལས་གཉིས་སུ་ཕྱེ་རྒྱུ་མེད་པ་བཞིན༔ སྣང་སྟོང་གཉིས་མིང་དུ་བཏགས་པ་ཙམ་ལས་གཉིས་མེད་ཆེན་པོའི་རང་བཞིན་དུ་ངོ་སྤྲོད་དོ༔ སྣང་སྟོང་གཉིས་གཅིག་ཏུ་རང་བཞིན་མ་གྲོལ་ན་ཆོས་གང་བསྒོམས་ཀྱང་སངས་རྒྱས་མི་འཐོབ་སྟེ༔ ཡོན་པོའི་ལམ་བྱ་བ་གོལ་བ་གཅིག་ཏུ་འཆོར་རོ༔ ཉན་ཐོས་དང་ཐེག་པ་གོང་མའི་ཁྱད་ཀྱང་སྣང་སེམས་འདྲེས་མ་འདྲེས་ཀྱིས་འབྱེད་པ་ཡིན༔ སྣང་སྟོང་གཉིས་མེད་ཡིན་ལ༔ ཉན་ཐོས་ཀྱིས་སྣང་བ་བཀག་ནས་སྟོང་པར་བསྒོམས་པས་ཕྱོགས་རེའི་གཟུང་འཛིན་དུ་སོང་བ་ཡིན༔ འདིར་སྣང་བ་དང་སྟོང་པ་གཉིས་སྐད་ཅིག་ཀྱང་དབྱེར་མེད་དུ་རྟོགས་ནས༔ དབྱིངས་རིག་གཉིས་མེད་ལྷན་ཅིག་སྐྱེས་པར་གྲོལ་བས༔ མཚོ་ལ་ཁ་བ་བབ་པ་བཞིན༔ རྣམ་རྟོག་སྐྱེ་གྲོལ་དུས་མཉམ་པ་ཞེས་བྱ་བ་ཡིན་ནོ༔ དེ་ཡང་རྒྱུད་ལས༔ ཡེ་སྟོང་ཡེ་གྲོལ་རང་བཞིན་ལྷུན་གྲུབ་ཡིན༔ ཅེས་གསུངས་པས༔ གཉིས་མེད་རང་ཤར་དུ་གྲོལ་བ་དེ་བཅོས་མས་གྲོལ་བ་མ་ཡིན་ཏེ༔ རང་བཞིན་གྱིས་སྣང་དུས་སྣང་བས་སྣང་བ་རང་སར་གྲོལ༔ སྟོང་དུས་སྟོང་པས་སྟོང་པ་རང་སར་གྲོལ༔ ཐམས་ཅད་མ་བཅོས་རང་གྲོལ་རང་བྱུང་ཆེན་པོ་ཡེ་ཤེས་དེ་ཉིད་ཆོས་སྐུར་ངོ་སྤྲད་དོ༔ དེ་ཡང་ཆོས་སྐུར་ངོ་སྤྲོད་ལུགས་ནི༔ སྣང་བའི་འཛིན་པ་མེད་པའི་སྟོང་པ་ཉིད༔ སྟོང་པའི་ཞེན་པ་མེད་པས་རིག་ཅིང་གསལ༔ དབྱིངས་རིག་གཉིས་སུ་མེད་པར་ཤེས་པ་ནི་ལམ་གྱི་མཆོག་ཡིན༔ ཤེས་བྱ་དེའི་འཛིན་པ་དག་ཙམ་ན༔ མཐར་ཐུག་ཆོས་ཉིད་མཉམ་པ་ཉིད་ཆོས་སྐུ་འགྱུར་བ་མེད་པར་སངས་རྒྱས་ནས༔ མཁྱེན་པའི་ཡེ་ཤེས་རྩོལ་རྟོག་མེད་པར་འབྱུང་བ་ཡིན་ནོ༔ དེ་ནས་བཞི་པ་སྤྱོད་པ་རྩལ་སྦྱངས་པའི་འབྲས་བུ་ལྷུན་གྲུབ་ཆོས་ཉིད་དུ་སངས་རྒྱས་ངོ་སྤྲད་པ་ནི༔ སྣང་སྟོང་གཉིས་མེད་རང་གྲོལ་དུ་སོང་ཡང༔ འབྲས་བུ་ལྷུན་གྲུབ་མ་བཅོས་རང་བྱུང་ཡིན་པར་མ་སྐྱོལ་ན༔ ད་རུང་ཡེ་ཤེས་ལྔ་ལ་སོགས་པ་ཡང་ཉམས་སྣང་གི་ཡེ་ཤེས་ཙམ་ཡིན་པས༔ དེ་ཉིད་ལ་རྩལ་སྦྱང་པ་ལས༔ གཞན་གྱིས་བསྒྲུབ་ཏུ་ཡོད་པ་མ་ཡིན་ཏེ༔ དེ་ཉིད་རྩལ་མཐར་ཕྱིན་པ་དང༔ འཛིན་བྱ་འཛིན་བྱེད་གཉིས་འཛིན་བློ་ལས་འདས་ཤིང༔ གཅིག་ཏུ་མ་གྲུབ༔ ཤེས་བྱ་བག་ལ་ཉལ་གྱི་སྒྲིབ་པ་ཕྲ་མོའི་འཛིན་པ་ཡང་རང་དག་ཏུ་ཟད་ནས༔ འཛིན་མེད་མ་བཅོས་ལྷུན་གྲུབ་ཏུ་དབྱིངས་རིག་གཉིས་མེད་ཆོས་ཉིད་མ་བུ་གཅིག་ཏུ་འདྲེས་ཏེ༔ མཉམ་བཞག་གནས་པའི་སྟོང་ཞེན་མ་གྲུབ༔ རྗེས་ཤེས་འགྱུ་བྱེད་ཀྱི་རྟོག་པ་མི་འཆར༔ ཡོད་པའི་མཚན་མ་མི་དམིགས༔ མེད་པའི་རང་བཞིན་མི་གསལ༔ ཡོད་མིན་མེད་མིན་མ་ཡིན༔ ཡོད་མེད་ཀྱི་བློ་ལས་འདས་པ་ཕྱོགས་སུ་མ་ལྷུང་རྒྱ་ཡང་མ་ཆད་པ༔ གསལ་འགྲིབ་འགྱུར་ལྡོག་མེད་པས་གང་ལྟར་བྱས་ཀྱང༔ དེ་ཉིད་མིན་པ་བྱེད་མི་ཤེས་པ༔ བསྒོམ་དུ་མེད་པ་ལ་འབྲལ་དུ་མེད་པ༔ རིན་ཆེན་གསེར་གླིང་དུ་ཕྱིན་པ་ལྟར༔ ཐམས་ཅད་དེ་ཀའི་རང་བཞིན་གསལ་ལ་འཛིན་མེད་ངང་དྭངས་ཆེན་པོར་རིག་པའི་ངོ་བོ་གཅེར་བུར་ཁྲེས་ཀྱིས་སོང་བ་ནི་འབྲས་བུ་ལྷུན་གྲུབ་ཏུ་ལ་ཟློས་པ་ཡིན་ནོ༔ དེ་ཉིད་དབྱར་གྱི་ན་བུན་སངས་དགུན་གྱི་རླུང་མ་ལངས་པ་བཞིན༔ ཀུན་རྫོབ་སྣང་བ་གཟུང་འཛིན་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་སངས་ནས་འཁོར་བའི་དོགས་པ་མེད༔ དོན་དམ་ཆོས་ཉིད་བསྒོམ་བྱ་སྒོམ་བྱེད་ཤེས་བྱའི་སྒྲིབ་པ་རང་གྲོལ་ལ་སངས་ནས་སངས་རྒྱས་ལ་རེ་བ་མེད༔ གཉིས་འཛིན་གཉིས་མེད་ཀྱི་སྣང་བ་དེར་འཛིན་གང་ཡང་མེད་པའི་རང་གསལ་རྟོག་མེད་ཆིག་ཆོད་དུ་ཐམས་ཅད་ཀུན་ཏུ་ས་ལེ་མཁྱེན་པའི་ཡོན་ཏན་རང་བཞིན་རྒྱས་པ་ནི༔ རང་བྱུང་ལྷུན་གྲུབ་ཀྱི་ཡེ་ཤེས་ཐམས་ཅད་མཁྱེན་པའི་སངས་རྒྱས་ཞེས་བྱ་བ༔ ད་ལྟ་ཆོས་སྐུ་མངོན་དུ་གྱུར་པ་ཡིན་ནོ༔ འདི་ཀའི་དོན་སྐྱོང་ན་ད་ལྟ་མངོན་པར་རྫོགས་པར་སངས་རྒྱ་བ་ཡིན་ནོ༔ དེའི་ངང་ལ་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས༔ རྒྱུན་དུ་རྩོལ་རྟོག་མེད་པར་ཡོད་པས༔ གདུལ་བྱ་དག་པ་ལ་ལོངས་སྐུ༔ མ་དག་པ་ལ་སྤྲུལ་སྐུ༔ ངེས་མེད་གང་ལ་གང་འདུལ་གྱི་རོལ་པ་ཤུགས་ཀྱིས་འབྱུང་ངོ༔ དེ་རྣམས་མདོའི་དོན་ལ་ཚིག་བཞིར་འདུས་སོ༔ སྣང་བ་རང་ཤར་སེམས་སུ་བསྟན༔ སེམས་ཉིད་རང་གྲོལ་ཆོས་ཀྱི་སྐུ༔ ཆོས་སྐུ་མ་བཅོས་ལྷུན་གྱིས་གྲུབ༔ ལྷུན་གྲུབ་རྫོགས་པའི་སངས་རྒྱས་ཡིན༔ ཅེས་གསུངས་སོ༔ ཨ་ཏི་ཡང་གསང་ཆིག་ཆོད་ཀུན་གྲོལ་ཆེན་པོའི་མན་ངག༔ གང་ཟག་མཐོ་དམན་མེད་པར་གྲོལ་བའི་ཐབས༔ ཚིག་ཁྲིད་གནད་ཀྱི་སྒྲོན་མེས་མུན་པ་ལ་སྒྲོན་མེ་བཏེགས་པ་ལྟ་བུས༔ མ་རིག་འཁྲུལ་པ་ཞི་ནས་ད་ལྟ་མངོན་སུམ་དུ་སངས་རྒྱ་བའི་ཆོས༔ ཨོ་རྒྱན་པདྨས་མཛད་པ་རྫོགས་སོ༔ ྈྈྈ ཨེ་མ༔ ཨོ་རྒྱན་པདྨ་བདག་འདྲ་ཡིས༔ ཆིག་ཆོད་ཀུན་གྲོལ་མན་ངག་ལས༔ གང་ཟག་ཚིག་གིས་སེམས་གྲོལ་ཕྱིར༔ ཚིག་ཁྲིད་གནད་ཀྱི་སྒྲོན་མེ་འདི༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ འགྲོ་བའི་དོན་དུ་གཏེར་དུ་གཏམས༔ བྱང་ཆུབ་སེམས་དཔའ་ཤེས་རབ་ཅན༔ རིག་འཛིན་བུ་དང་འཕྲད་པར་ཤོག༔ ས་མ་ཡ༔ སྐུ་རྒྱ༔ གསུང་རྒྱ༔ ཐུགས་རྒྱ༔ ཡོན་ཏན་རྒྱ༔ ཕྲིན་ལས་རྒྱ༔ རྒྱ་རྒྱ་རྒྱ་རྒྱ་རྒྱ༔ ཨེ་མ། བདག་འདྲ་རིན་ཆེན་གླིང་པ་ཡིས། །སྔོན་གྱི་སྨོན་ལམ་སྟོབས་དང་ནི། །ཨོ་རྒྱན་བྱིན་རླབས་གཉིས་འཛོམས་ནས། །ཟབ་མོ་ཡང་གསང་དགོངས་གཏེར་རྙེད། །ཆོས་ཀྱི་མཐར་ཐུག་རྫོགས་ཆེན་སྟོན། །སྙན་བརྒྱུད་ཡིན་ཡང་ཤོག་སེར་བཤུས། །དེ་ལ་མཁའ་འགྲོ་མ་དགྱེས་ན། །རང་འདོད་མེད་པས་བཟོད་པར་གསོལ། །ཕན་བདེས་འགྲོ་ཀུན་སངས་རྒྱས་ཤོག །ྀཨཚ གུ་ཧྱ། ཁ་ཐཾ། རྒྱ་གར་ཕ་ཝང་རུས་སྦལ་ནག་པོ་ནས་བཏོན་པ་ཡིན་ནོ། །དགེའོ།། ༄༅༔ ཨ་ཏི་ཆིག་ཆོད་ཀུན་གྲོལ་གྱི་གསང་ཆེན་གནད་ཀྱི་དོན་ཁྲིད་བཞུགས་སོ༔ ྈྈྈྈྈྈྈྈྈ བཅོམ་ལྡན་འདས་སེམས་ཉིད་གནས་ཤེས་འགྲོལ་ལ་ཕྱག་འཚལ་ལོ༔ དུས་གསུམ་སངས་རྒྱས་ཀྱི་དགོངས་པ༔ ལུང་ཐམས་ཅད་ཀྱི་བདག་པོ༔ ཐེག་པ་ཐམས་ཅད་ཀྱི་མཐར་ཐུག༔ ཆོས་ཐམས་ཅད་ཀྱི་སྙིང་པོ༔ རྫོགས་པ་ཆེན་པོ་ཡང་གསང་ཆིག་ཆོད་ཀྱི་མན་ངག༔ སངས་རྒྱས་མངོན་སུམ་དུ་ངོ་སྤྲོད་པའི་ཆོས་འདི་ལ་གསུམ་སྟེ༔ སྔོན་འགྲོ་འཆུག་མེད་སྲོལ་དུ་འཇུག་པ་དང༔ དངོས་གཞིས་ཐེ་ཚོམ་མེད་པར་ངོ་སྤྲད་པ་དང༔ རྗེས་ཀྱིས་རེ་དོགས་མེད་པར་ལ་བཟླ་བ་དང་གསུམ་མོ༔ དང་པོ་སྔོན་འགྲོ་ནི་གོང་དུ་ཤེས་སོ༔ དངོས་གཞིའི་གནད་ཀྱི་ཉམས་ལེན་ལ་བཞི་སྟེ༔ རྒྱུད་ལས༔ ཉམས་ལེན་གནད་བཞིས་སྟོང་པའི་ངོ་བཞི་སྤྲད༔ ཅེས་གསུངས་པས༔ ལྟ་བ་གོ་ཡུལ་དུ་མ་ཤོར་བ་རིག་པ་མངོན་སུམ་གྱི་གནད་ཀྱིས༔ ངོ་རང་ཐོག་ཏུ་སྤྲད་པ་དང་གཅིག༔ སྒོམ་པ་སེམས་འཛིན་དུ་མ་ཤོར་བ་མངོན་སུམ་ཉམས་མྱོང་གི་གནད་ཀྱིས༔ ཐག་གཅིག་ཐོག་ཏུ་བཅད་པའི་མན་ངག་ངོ་སྤྲོད་དང་གཉིས༔ སྤྱོད་པ་སྤང་བླང་དུ་མ་ཤོར་བ་ཉམས་མྱོང་ཚད་ལ་ཕེབས་པའི་གནད་ཀྱིས་རྩལ་གྲོལ་ཐོག་ཏུ་སྦྱངས་པའི་ངོ་སྤྲོད་དང་གསུམ༔ འབྲས་བུ་རེ་དོགས་སུ་མ་ཤོར་བ་ཚད་ཟད་སར་སྐྱོལ་བའི་གནད་ཀྱིས༔ སྐུ་གསུམ་ལྷུན་གྲུབ་ཏུ་ངོ་སྤྲད་པ་དང་བཞི་འོ༔ དང་པོ་ལྟ་བ་གོ་ཡུལ་དུ་མ་ཤོར་བ་རིག་པ་མངོན་སུམ་གྱི་གནད་ཀྱིས་ངོ་རང་ཐོག་ཏུ་ཆོས་ཐམས་ཅད་སྤྲད་པ་ནི༔ ལུས་ཀྱི་འདུག་སྟངས་སྟན་བདེ་བའི་སྟེང་དུ༔ རྐང་པ་རྡོ་རྗེ་སྐྱིལ་ཀྲུང་བྱ༔ རྒལ་པ་བསྲངས་ལ༔ ལག་པ་མཉམ་གཞག་ཕྱག་རྒྱ་བྱ༔ གཉུག་མའི་གནས་ལུགས་རྟོགས་ཕྱིར་ལུས་མ་ཡོ་དྲང་པོར་བྱའོ༔ ངག་གི་རླུང་བཏང་རླུང་ནང་དུ་ཡང་མི་གཟུང༔ ཕྱིར་ཡང་མི་སྨྲ༔ དབུགས་རང་ལུགས་སུ་དལ་བར་བྱ༔ བརྗོད་མེད་ཀྱི་དོན་རྟོགས་ཕྱིར་ངག་མི་སྨྲ་བར་བྱའོ༔ ཡིད་ཀྱི་གནད་དུ་ཆོས་སྐུའི་གཟིགས་སྟངས༔ མིག་སྟེང་གི་དབྱིངས་ལ་བལྟའོ༔ ཆོས་ཉིད་མངོན་སུམ་རིག་ཕྱིར་སེམས་མ་ཡེངས་པར་བལྟའོ༔ བལྟ་རྒྱུའི་དམིགས་པ་ཅི་ཡང་མེད་དེ་དེ་ཉིད་རང་ལ་བལྟ་བ་ཡིན་ནོ༔ བལྟས་པས་བལྟ་རུ་མེད་པའི་ལྟ་བ་མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད་དུ་རིག་སྟེ༔ ཕྱིའི་འབྱུང་བ་ཐམས་ཅད་ནམ་མཁའ་ལས་བྱུང་བས༔ འབྱུང་བ་ལྔ་རང་སར་དག་པའི་ཡེ་དྭངས་ཀྱི་ནམ་མཁའ་མཐོང་བ་ཕྱིའི་སེམས་སུ་རིག༔ ནང་ཉོན་མོངས་པ་དུག་ལྔ་ཐམས་ཅད་རང་གི་སེམས་ལས་བྱུང་བས༔ དུག་ལྔ་སེམས་ལ་རང་སར་དག་པའི་རང་དྭངས་ཡིད་འཛིན་མེད་རང་གི་སེམས་སུ་རིག༔ སྣང་བའི་འཆར་སྒོ་ཐམས་ཅད་སྒོ་ལྔའི་རྩ་ནང་གི་ཁ་དོག་ལས་བྱུང་བས༔ སྣང་བ་ཐམས་ཅད་སྟོང་པའི་ནང་དུ་དག་པའི་ངང་དྭངས་བར་གྱི་སེམས་སུ་རིག༔ དེ་ལྟར་མིང་གསུམ་དུ་བཏགས་ཀྱང༔ དོན་ལ་ཕྱི་ནང་མེད་པར་དབྱེར་མེད་གཅིག་ཏུ་འདྲེས་ནས༔ ཟང་ཐལ་དུ་གསལ་བའི་སིང་ངེ་ཡེ་རེ་བ་འདི་ཉིད་མིན་པ༔ གཞན་གྱིས་བར་དུ་ཆོད་པ་ཅི་ཡང་མི་འདུག་པས༔ རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཅེས་མིང་དུ་བཏགས་སོ༔ ཆོས་ཉིད་མངོན་སུམ་དུ་མཐོང་བས་འདི་ཉིད་གཏན་ལ་ཕེབས་ནས༔ རང་རིག་པ་ལ་དབང་བསྒྱུར་དུ་ཡོད་པས་སྤྲུལ་སྐུར་སངས་རྒྱའོ༔ དེ་ལྟར་མ་རྟོགས་འཁྲུལ་པའི་སེམས་ཅན་རྣམས་ཀྱིས་སེམས་ལ་ཕྱི་ནང་གསང་གསུམ་ལ་སོགས་མང་དུ་ཕྱེ་སྟེ༔ ཕྱི་ནས་སྣང་བ་ཡོད་པར་བཟུང་ནས་སེམས་སུ་མ་ཤེས་གཞན་དུ་འཁྲུལ༔ བར་དུ་ལུས་སུ་བཟུང་ནས་བལྟས་པས་སྒོ་ལྔའི་འཆར་ཚུལ་མི་འདྲ་བ་རེ་རེ་བྱུང༔ དེ་ཚོ་སེམས་སུ་གཅིག་པར་ངོ་མ་ཤེས་ཐ་དད་དུ་འཁྲུལ་ནས༔ ནང་ན་བདག་འཛིན་གྱི་སེམས་གཅིག་ཡོད་པར་བཟུང་ནས༔ དེ་གསུམ་གཅིག་ཏུ་མ་རྟོགས་སོ་སོར་བྱས་པས་འཁྲུལ་ནས་འཁོར་བར་གོལ་བ་ཡིན་ནོ༔ འདིར་དེ་རྣམས་དབྱེར་མེད་གཅིག་ཏུ་རྟོགས་པས༔ རྒྱུད་ལས༔ གསུམ་རིག་དོན་གསུམ་ཐེ་ཚོམ་མེད༔ རང་རིག་རང་གསལ་ལུ་གུ་རྒྱུད༔ ཅེས་གསུངས་པས༔ ཕྱི་འབྱུང་བ་ལྔའི་སྣང་བ་ཡང་ཆུ་རླབས་བཞིན་དུ་རང་གི་སེམས་ལས་ཤར་ནས་སེམས་སུ་གཅིག་པར་ངོ་སྤྲད༔ དེ་སེམས་མིན་ན་རིག་པ་ནམ་མཁར་བལྟས་ཙམ་ན་འབྱུང་ལྔ་འོང་དགོས་ཏེ༔ སེམས་ཡིན་པས་སེམས་རང་ལ་རང་སར་དག་ནས་མི་ཡོང༔ དེས་ཕྱིའི་འབྱུང་སྣང་རང་སེམས་ཡིན་པར་ངོ་སྤྲད༔ ནང་གི་དུག་ལྔ་ཉི་མའི་ཟེར་བཞིན་དུ༔ སེམས་ལས་ཤར་ཞིང་སེམས་སུ་གཅིག་པར་ངོ་སྤྲད༔ དུག་ལྔ་སེམས་མིན་ན་ནམ་མཁའ་ལ་གནས་པའི་དུས་སུ་འཆར་དགོས་ཏེ༔ སེམས་ལ་རང་སར་དག་ནས་ལོགས་སུ་མི་འཆར༔ དུག་ལྔ་རང་སེམས་ཐོག་ཏུ་ངོ་སྤྲད༔ བར་སྒོ་ལྔའི་སྣང་བ་སེམས་ལ་ཤར་ཞིང་སེམས་སུ་གཅིག་པར་ངོ་སྤྲད༔ དེ་ཚོ་སེམས་མིན་ན༔ རིག་པ་ནམ་མཁར་བལྟས་ཙམ་ན༔ སྒོ་ལྔ་གཞན་མ་ཚོ་ཡང་འཆར་དགོས་ཏེ༔ སེམས་ཡིན་པས་རང་སར་དག་ནས་མི་འཆར༔ དེས་ན་རྣམ་རྟོག་ཐམས་ཅད་རང་སེམས་ཡིན་པར་ངོ་སྤྲད་དོ༔ དེ་ལྟར་ཕྱི་ནང་གསང་གསུམ་ཐམས་ཅད་སེམས་སུ་རིག་པས་གསུམ་རིག་ཅེས་བྱའོ༔ མིང་གསུམ་དུ་བཏགས་ཀྱང་དོན་ལ་དབྱེར་མེད་གཅིག་ཏུ་ཐེ་ཚོམ་མེད་པར་རྟོགས་པས། དོན་གསུམ་ཐེ་ཚོམ་མེད་པའོ༔ རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཅེས་པས༔ སེམས་མིན་ལོགས་ན་གང་ཡང་མེད་པར་ཐམས་ཅད་སེམས་རྒྱུད་གཅིག་ཏུ་རིག་ཅིང༔ རིག་པའི་ངོ་བོ་དེ་ལྟར་མངོན་སུམ་དུ་ལྷག་གེར་མཐོང་བས༔ ཡིད་དཔྱོད་ཚིག་གི་གོ་ཡུལ་དུ་མ་ལུས་པར་གཏན་ལ་ཕེབས་པ་ཡིན་ནོ༔ དེ་ཉིད་དོན་ལ་མ་ཡེངས་པར་བལྟ་རུ་མེད་པའི་དོན་རང་ལ་བལྟ་བ་ནི༔ མཐའ་བྲལ་གྱི་ལྟ་བ་ཞེས་བྱ་སྟེ༔ ངོ་བོ་ཡང་དག་ཉིད་ལས་ཡང་དག་ལྟ་བ་སྟེ༔ ཡང་དག་མཐོང་ནས་རྣམ་པར་གྲོལ༔ ཅེས་གསུངས་པའི་དོན་ནོ༔ དེ་ནས་གཉིས་པ་སྒོམ་པ་སེམས་འཛིན་དུ་མ་ཤོར་བ༔ མངོན་སུམ་ཉམས་མྱོང་གི་གནད་ཀྱིས་ཐག་གཅིག་ཐོག་ཏུ་ཆོད་པའི་ངོ་སྤྲོད་ནི༔ ལུས་ངག་གི་གནད་སྟངས་གོང་དང་འདྲ་བ་ལ༔ ཡིད་ཀྱི་ལྟ་སྟངས་ལོངས་སྐུའི་གཟིགས་སྟངས༔ མིག་ཐད་ཀའི་ནམ་མཁར་མ་ཡེངས་པར་བལྟ༔ དེ་ལ་བལྟ་རུ་ཅི་ཡང་མེད་དེ་སྔར་ཐམས་ཅད་སེམས་སུ་རིག་ནས་རིག་པ་མངོན་སུམ་དུ་གསལ་བའི་དོན་ལ་མ་ཡེངས་པར་བྱེད་པ་ལ་སྒོམ་པ་ཞེས་མིང་དུ་བཏགས་པ་ལས༔ གཞན་དམིགས་འཛིན་གྱི་སྒོམ་རྒྱུ་ཅི་ཡང་མེད༔ དེ་ཡི་ངང་དུ་བཞག་པས༔ རིག་པ་མངོན་སུམ་གྱི་འཆར་ཚུལ་ཐམས་ཅད་མངོན་ཞེན་མེད་པར་སྟོང་པ་ཉིད་དུ་གྲོལ་འགྲོ༔ དངོས་མེད་སྟོང་པའི་རང་རྩལ་མ་འགགས་པར་འཆར་བས་ཉམས་སྣང་ཐོག་མ་མངོན་སུམ་གྱི་བག་ཆགས་ཀྱི་སྣང་བ་སྒྱུ་མ་ལྟ་བུ་འཆར༔ དེ་ནས་གོང་ནས་གོང་དུ་འཕར་ཏེ༔ དབྱིངས་རིག་པའི་མདངས་ཀྱིས་འཇའ་འོད་དང་འོད་ཁྱིམ་གྱི་རྣམ་པ་ལྟ་བུར་འཆར༔ ཐིག་ལེ་དང་ཐིག་ཕྲན་ཆུང་ངུ་དང༔ ཐིག་ལེ་སྦྲེལ་མ་རྩིབས་ཤར་གྱེན་དུ་འགྲེང་བའི་རྣམ་པ་ལྟ་བུ་བུན་བུན་པ་འཆར༔ ཐིག་ལེ་གསལ་བའི་ནང་དུ་སྐུའི་རྣམ་པ་འོད་སྐོར་ཅན་ལམ་ལམ་པ་འཆར༔ ཤར་ཡང་དངོས་འཛིན་མེད་པར་རང་གིས་ཉམས་སུ་མྱོང་བས༔ མངོན་སུམ་གྱི་རིག་པ་དངོས་པོ་མ་ཡིན་སྟོང་པར་རྟོགས་པ་བྱ་བ་ཡིན་ནོ༔ དེ་ཉིད་གཏན་ལ་ཕེབས་ནས༔ རང་རིག་དངོས་པོར་མེད་པ་ལ་འཆར་སྒོ་ཡོད་པས་ལོངས་སྐུར་སངས་རྒྱ་བ་ཡིན་ནོ༔ དེ་ལྟར་མ་རྟོགས་པ་རྣམས་ཀྱིས་འཆར་ཚུལ་གྱི་རྟོག་པ་ཐམས་ཅད་རང་གི་སེམས་སུ་རིག་ཀྱང༔ སྟོང་པར་མ་ཤེས་འཆར་སྒོ་ཐ་དད་དུ་ཡོད་པར་བལྟས༔ དངོས་པོ་མཚན་མ་ཅན་དུ་སོང་ནས་རྟག་ལྟར་གོལ་བ་ཡིན༔ འདིར་ཇི་ལྟར་ཤར་ཡང་དངོས་འཛིན་མེད་པར་ཤེས་པས༔ རྒྱུད་ལས༔ དེ་ཉིད་ཉམས་སྣང་གོང་དུ་འཕེལ་བས་ཏེ༔ སྣང་ཙམ་ཉིད་ལས་འཛིན་པའི་དངོས་པོ་མེད༔ ཅེས་གསུངས་པས༔ སྔར་གྱི་བག་ཆགས་ཀྱི་སྣང་བའི་ཉམས་ཤར་ཡང༔ ཆུ་ནང་གི་ཟླ་བ་བཞིན་དུ་སྣང་བ་ཙམ་ལས་དངོས་པོར་མ་གྲུབ༔ སྟོང་པར་ངོ་སྤྲད་དོ༔ སྟོང་པ་མིན་ན་ཉམས་སྣང་འཆར་དུ་མི་བཏུབ་སྟེ༔ སྟོང་པ་ཡིན་པས་གང་ཡང་འཆར་དུ་བཏུབ་པས་རང་སེམས་སྟོང་པར་ངོ་སྤྲད་དོ༔ དེ་ལྟར་འཕྲལ་ཤར་གྱི་སྣང་བ་མ་འོངས་རྩིས་མེད་ཀྱི་སྣང་བ༔ དུས་གསུམ་གྱི་སྣང་བ་ཐམས་ཅད་ཀྱང་འཆར་སྒོ་མ་འགགས་དངོས་མེད་སྟོང་པ་ཡིན་པར་ངོ་སྤྲད་དོ༔ དེ་ལྟར་ཐམས་ཅད་སེམས་སུ་རིག༔ སེམས་ལས་ཤར༔ རིག་པ་འཆར་རམ་གནས་སམ་གང་བྱེད་ཀྱང་དངོས་པོར་མ་གྲུབ་སྟོང་པར་ངོ་སྤྲད་དོ༔ སྟོང་ཉིད་མིང་དུ་བཏགས་པ་ཙམ་ལས་དོན་ལ་འཛིན་པ་མེད་པའི་ཡེ་ཤེས་ལ་ཟེར་བ་ཡིན༔ ཐམས་ཅད་རང་སེམས་སྟོང་པ་གཅིག་ཏུ་ཐག་ཆོད་པས༔ སྣང་བ་ཇི་ལྟར་ཤར་ཡང༔ སྟོང་པ་ལས་དངོས་པོ་མེད་པར་ཤེས་ནས༔ རྣམ་རྟོག་མཚན་མའི་དབང་དུ་མི་འགྲོ་བ་ཡིན་ནོ༔ དེ་ལྟར་གཏན་ལ་ཕེབས་ནས་སྟོང་པ་ཉིད་ལ་བསྒོམ་དུ་མེད་པའི་ངང་ལ་བཞག་པ་ནི༔ དམིགས་མེད་ཀྱི་སྒོམ་ཞེས་བྱ་སྟེ༔ དམིགས་གཏད་མཚན་མ་མེད་པའི་ངང་སྒོམ་དེ༔ བསྒོམ་དུ་མེད་པའི་འོད་གསལ་འཛིན་མེད་དོ༔ ཞེས་གསུངས་པའི་དོན་ནོ༔ དེ་ནས་གསུམ་པ་སྤྱོད་པ་སྤང་བླང་དུ་མ་ཤོར་བ་ཉམས་མྱོང་ཚད་ལ་ཕེབས་པའི་གནད་ཀྱིས་རྩལ་གྲོལ་ཐོག་ཏུ་སྦྱོང་བའི་ངོ་སྤྲོད་ནི༔ ལུས་ངག་གི་གནད་སྔར་དང་འདྲ་བ་ལ༔ ཡིད་ཀྱི་ལྟ་སྟངས་སྤྲུལ་སྐུའི་གཟིགས་སྟངས་མིག་འོག་གི་ནམ་མཁའ་ལ་བལྟ༔ དེ་ལ་བལྟ་རྒྱུ་བསྒོམ་རྒྱུ་ཅི་ཡང་མེད་དེ༔ སྔར་སེམས་ཉིད་སྟོང་པར་ཉམས་སུ་མྱོང་བའི་དོན་དེ་ཀ་སྐྱོང་བ་ལ༔ སྤྱོད་པ་ཞེས་མིང་དུ་བཏགས་པ་ཡིན༔ གཞན་ལོགས་ནས་སྤྱོད་རྒྱུ་ཅི་ཡང་མེད་པ་དེ་ཀའི་ངང་ལ་བཞག་པས༔ འཆར་ཚུལ་ཉམས་ཀྱི་འཕེལ་ཚོ་ཡང་རང་བཞིན་མེད་པར་སྟོང་པ་ཉིད་དུ་གྲོལ་ནས༔ ཉམས་ཀྱི་འཛིན་པ་མེད་པར་ཤར་གྲོལ་དུས་གཅིག་ཏུ་སྟོང་གསལ་ཆེན་པོ་ཕྱོགས་ཆ་མཚན་མའི་བག་ཆགས་མེད་པར་སྣང་སྟོང་གཉིས་ཀྱི་འཛིན་པ་རྩོལ་མེད་རང་སར་གྲོལ་ནས་ཇི་ལྟར་བྱས་ཀྱང་སྟོང་གསལ་གྱི་ངང་ལ་རང་ཤར་རང་གྲོལ་དུ་འགྲོ་བ་ནི༔ ཉམས་དང་སྟོང་པའི་ཞེན་པ་མེད་པས༔ མངོན་སུམ་སྟོང་པར་ཉམས་སུ་མྱོང་བའི་མྱང་བྱ་མྱོང་བྱེད་ཀྱི་འཛིན་པ་མེད་པར་རང་གྲོལ་དུ་ཚད་ལ་ཕེབས་པ་བྱ་བ་ཡིན་ནོ༔ འདི་ཉིད་གཏན་ལ་ཕེབས་ན༔ རང་བྱུང་ཕྱོགས་མེད་ཤར་ནས་རྟེན་མེད་དུ་རང་གྲོལ་བས་གསལ་འགྲིབ་མེད་པ་གཉིས་མེད་ཆོས་སྐུར་སངས་རྒྱ་བ་ཡིན་ནོ༔ དེ་ལྟར་མ་རྟོགས་པ་རྣམས་ཀྱིས༔ སྣང་བའི་ཉམས་ཐམས་ཅད་སྟོང་པ་ཉིད་དུ་སྙེམས་བྱེད་ཀྱིས་རྟོག་ཀྱང༔ སྟོང་པ་ལ་སྟོང་པར་བཟུང་བས་སྟོང་པ་ཞེན་པ་ཅན་དུ་སོང་སྟེ༔ ཕྱོགས་ཆའི་སྟོང་པ་སྟེ་ཆད་ལྟར་གོལ་བ་ཡིན༔ འདིར་སྟོང་པ་དང་དངོས་པོའི་འཛིན་པ་གང་ཡང་མེད་པར་འཛིན་མེད་དུ་གྲོལ་བས༔ རྒྱུད་ལས༔ སྣང་སྟོང་གཉིས་འཛིན་རང་སར་གྲོལ་བ་ཡིས༔ རང་བྱུང་རིག་པའི་ངོ་བོ་ལྷག་གིས་མཐོང༔ མ་བཅོས་ལྷུན་གྲུབ་ཆོས་སྐུ་འདི་ཀ་ཡིན༔ ཅེས་གསུངས་པས༔ སྣང་སྟོང་གང་གི་ཡང་ཞེན་པ་དང་འཛིན་པ་མེད་པར༔ སྦྲུལ་གྱི་མདུད་པ་བཞིན་དུ་རང་གྲོལ་དུ་བཅོས་མ་མ་ཡིན་པར༔ གསལ་བ་རང་བྱུང་རང་གྲོལ་དུ་ངོ་སྤྲད༔ དེ་ཉིད་བྱས་པས་གྲོལ་བ་མ་ཡིན༔ ཤར་བས་སྣང་བ་མ་ཡིན༔ བལྟས་པས་གསལ་བ་མ་ཡིན༔ རང་བཞིན་གྱིས་གྲོལ་བ༔ ངོ་བོ་གསལ་བ༔ མཚན་ཉིད་གཉིས་སུ་མེད་པར་ངོ་སྤྲད་དོ༔ དེ་ཉིད་འཕྲལ་ལ་སྟོང་པར་སོང་བ་མ་ཡིན་ཏེ༔ གདོད་མ་ནས་ངོ་བོ་ཡེ་སྟོང་ཡིན་པར་ངོ་སྤྲད༔ དེ་ལྟར་སྣང་སྟོང་གཉིས་ཀྱང་མིང་དུ་བཏགས་པ་ཙམ་ལས༔ དོན་ལ་གཉིས་སུ་མེད་གཉིས་སུ་བྱུང་ན་སྣང་བ་སྟོང་པར་མི་འགྲོ༔ སྟོང་ཉིད་སྣང་བར་མི་འཆར་བས་དབྱིངས་རིག་གཉིས་སུ་མེད་པར་ངོ་སྤྲད༔ གཉིས་མེད་རང་བྱུང་རང་གྲོལ་དུ་ངོ་སྤྲད༔ ཆོས་སྐུ་ཐིག་ལེ་ཉག་གཅིག་ཏུ་ངོ་སྤྲད༔ དེ་ལྟར་ཐམས་ཅད་སེམས་ལས་ཤར་སེམས་སུ་རིག༔ རིག་པའི་སེམས་ཉིད་སྟོང་པར་རྟོགས༔ སྣང་བ་ཤར་བ་གང་ཡིན་ཀྱང༔ བཅོས་པས་བྱུང་བ་མ་ཡིན༔ ཡེ་ནས་རང་ཤར་རང་གྲོལ་རྩོལ་མེད་ཡིན་པར་ངོ་སྤྲད༔ གྲོལ་བ་མིང་དུ་བཏགས་པ་ཙམ་ལས་འཛིན་མེད་རང་གསལ་ལ་ཟེར་བས༔ དེ་ཀའི་ཐོག་ཏུ་རང་རྩལ་སྦྱང༔ གང་དུའང་འགྱུར་བ་མེད་པར་གཏན་ལ་ཕེབས་འོང་བ་ཡིན་ནོ༔ རང་གསལ་འཛིན་མེད་ཀྱི་ངང་དུ་སྤྱོད་པ་ནི༔ སྤྱད་དུ་མེད་པའི་སྤྱོད་པ་ཤུགས་འབྱུང་ཞེས་བྱ་བ་ཡིན་ཏེ༔ འདི་ཉིད་ལས་སྤྱོད་རྒྱུ་ཡང་མེད༔ འཛིན་མེད་ཤུགས་འབྱུང་གི་ངང་དེ་ཀ་སྤྱོད་པ་ཡིན་ནོ༔ ཞེས་པའི་དོན་ཏོ༔ དེ་ནས་བཞི་པ་འབྲས་བུ་རེ་དོགས་སུ་མ་ཤོར་བ་ནི༔ ཚད་ཟད་སར་སྐྱོལ་བའི་གནད་ཀྱིས༔ འབྲས་བུ་སྐུ་གསུམ་དོན་ཐོག་ཏུ་སྐུ་གསུམ་ལྷུན་གྱིས་གྲུབ་པར་ངོ་སྤྲོད་པ་ནི༔ ལུས་ངག་གི་གནད་སྔར་དང་འདྲ་བ་ལ༔ ཡིད་ཀྱི་གནད་བདེ་བ་ཆེན་པོའི་གཟིགས་སྟངས་གང་བདེས་ནམ་མཁའ་ལ་བལྟ༔ དེ་ལ་མཚན་མའི་ལྟ་སྒོམ་སྤྱོད་རྒྱུ་ཅི་ཡང་མེད༔ ཤུགས་འབྱུང་རང་གྲོལ་གྱི་དོན་དེ་ཀའི་ངང་དུ་དབྱིངས་རིག་གཉིས་མེད་དུ་རྩལ་སྦྱངས་པས༔ སྣང་སྟོང་སེམས་གསུམ་དབྱེར་མེད་གཅིག་ཏུ་འདྲེས་ནས༔ སྣང་སྟོང་གཟུང་བའི་ཡུལ༔ འཛིན་བྱེད་ཀྱི་ཤེས་པ་ཟད་ནས༔ གཉིས་འཛིན་ཕྲ་མོ་བག་ལ་ཉལ་གྱི་ཤེས་པ་ཙམ་ཡང་མེད་པར༔ རང་དག་ལ་སོང་ནས་ཅི་ཡང་མི་རྟོག་པའི་མཉམ་པ་ཉིད༔ གསལ་འགྲིབ་མེད་པར་ངང་གིས་གསལ་བར་འགྱུར་བ་ནི༔ ཆོས་ཉིད་ཟད་སར་སྐྱོལ་བའི་དོན་ཡིན་ནོ༔ དེ་ཉིད་ལ་གསལ་ཆ་ཕྱོགས་མེད་དུ་མ་འགགས་ཀྱང༔ འཛིན་ཆ་ཏིལ་འབྲུ་ཙམ་གཅིག་ཀྱང་མེད་པས་རིག་པའི་ཡེ་ཤེས་ཡིན་ལ༔ དེ་ཉིད་ངོ་བོ་ཅིར་ཡང་མ་གྲུབ་པས་དབྱིངས་ཡིན༔ དེ་ལ་མིང་ཙམ་དུ་དབྱིངས་རིག་གཉིས་སུ་བཏགས་ཀྱང༔ རང་བཞིན་དབྱེར་མེད་གཅིག་ཡིན་པས༔ འབྲས་བུ་ཆོས་སྐུ་ཐིག་ལེ་ཉག་གཅིག་ཅེས་བྱའོ༔ རྩོལ་སྒྲུབ་ལས་འདས་པ་སྟོང་གསལ་འཛིན་མེད་ཀྱི་ངོ་བོ་ཟང་ཐལ་འདི་ཀ༔ འདི་རྒྱུ་ཡིས་མ་བསྐྱེད་ལྷུན་གྲུབ་ཡིན༔ རྐྱེན་གྱིས་མ་བཅོས་རང་བྱུང་ཡིན༔ རྟོག་མེད་གསལ་བས་ཡེ་ཤེས་ཡིན༔ ཀུན་ལ་ཁྱབ་པས་ཆེན་པོ་ཡིན༔ དེའི་ངང་ལ་ཡོན་ཏན་ཐམས་ཅད་རྫོགས་པས་རྫོགས་པའི་སངས་རྒྱས་ལྷུན་གྱིས་གྲུབ་པ་ཞེས་བྱ་བ་ཡང་དག་པའི་དོན་ནོ༔ དེ་ལྟར་མ་རྟོགས་པ་རྣམས་ཀྱིས༔ དབྱིངས་རིག་སྣང་སྟོང་མིང་དུ་བཏགས་པ་ཙམ་ལ་གཉིས་སུ་བཟུང་བས༔ གྲོལ་བྱ་དང་གྲོལ་བྱེད་གཉིས་འཛིན་གྱི་བློ་མ་དག་པ༔ སྣང་བ་སྟོང་པར་ཤེས་ཀྱང་ཤེས་བྱའི་འཛིན་པས༔ ད་རུང་ལམ་གྱི་ཡེ་ཤེས་ལ་གནས་པ་ཙམ་ལས༔ ལྷུན་གྲུབ་ཏུ་སངས་མ་རྒྱས་པ་ཡིན་ནོ༔ འདིར་སྣང་བར་འཆར་རྒྱུ་མེད་སྟོང་པར་དག༔ སྟོང་པའི་ཞེན་རྒྱུ་མེད་རང་བཞིན་གསལ༔ གསལ་སྟོང་གཉིས་སུ་མ་ཕྱེད་གཅིག་ཏུ་མ་གྲུབ་པའི་མཐའ་བྲལ་བསམ་བརྗོད་བློ་ཡི་ཡུལ་ལས་འདས་པ༔ རང་གསལ་གྱི་ངོ་བོ་ཡིན་པ་ལ་གང་དུ་ཡང་མི་གནས་པའི་མྱ་ངན་ལས་འདས་པ༔ སངས་རྒྱས་ཀྱི་དགོངས་པ་ལྷུན་གྱིས་གྲུབ་པ་བྱ་བ་ཡིན་ནོ༔ དེ་ལྟར་ཡང༔ རྒྱུད་ལས༔ ཤེས་དང་ཤེས་བྱའི་ཆོས་ཀྱི་བློ་ཟད་ནས༔ འཛིན་པ་མེད་པ་འདི་ཀ་སངས་རྒྱས་ཡིན༔ ཞེས་གསུངས་པས༔ རྟོག་འཛིན་ཕྲ་མོ་ཙམ་ཡང་མེད་པར༔ མི་གཡོ་ལྷུན་གྲུབ་སྟོང་པ་ཆོས་སྐུ་ཡིན༔ དེ་ལ་རྟོག་མེད་ཀྱི་གསལ་ཆ་མ་འགགས་པས༔ མཁྱེན་པའི་ཡེ་ཤེས་ཡིན་ཏེ༔ གཟུགས་སྐུས་འགྲོ་བའི་དོན་དུ་ཐུགས་རྗེ་ཀུན་ལ་ཁྱབ་པས༔ ཐམས་ཅད་མཁྱེན་པའི་སངས་རྒྱས་ཀུན་ཏུ་བཟང་པོ་བྱ་བ་ཡིན༔ དེ་ཀའི་ངང་ལ་ངང་གིས་རྩལ་སྦྱང་བ་ལས༔ གཞན་ཅི་ཡང་བྱ་རྒྱུ་མེད་པས་རྫོགས་ཆེན་བྱར་མེད་ལྷུན་གྲུབ་ཅེས་བྱ་སྟེ༔ འབྲས་བུ་རེ་དོགས་ཀྱི་གཡང་ས་ཆོད་ནས་ད་ལྟར་སངས་རྒྱས་མངོན་སུམ་དུ་གྱུར་པའི་དོན༔ རྫོགས་ཆེན་ཆིག་ཆོད་གནད་ཀྱི་མན་ངག༔ གང་ཟག་འབྲིང་ཡན་ཆད་རྩོལ་མེད་དུ་སངས་རྒྱ་བའི་ཐབས༔ གསང་ཆེན་གནད་ཀྱི་དོན་ཁྲིད་ཀྱིས༔ མཁའ་ལ་ཉི་མ་ཤར་བ་ལྟ་བུར་སངས་རྒྱས་མངོན་སུམ་དུ་ངོ་སྤྲོད་པའི་གདམས་ངག༔ གུ་རུ་ཤྲཱི་སིཾ་ཧས་མཛད་པ་རྫོགས་སོ༔ ྈྈྈ ཨེ་མ་རིག་འཛིན་བརྡ་ཡི་བརྒྱུད་པ་ལ་བརྟེན་ནས༔ ཨ་ཏི་ཡང་གསང་ཆིག་ཆོད་དོན་ཁྲིད་འདི༔ བདག་འདྲ་ཨོ་རྒྱན་པདྨ་ཐོད་ཕྲེང་གིས༔ གུ་རུས་ལུང་བསྟན་གཏེར་གྱི་སྙིང་པོ་རུ༔ མ་འོངས་འགྲོ་ལ་ཕན་དོན་དགོངས་གཏེར་སྦས༔ ཨོ་རྒྱན་ཐུགས་སྲས་སྐལ་ལྡན་ལས་ཅན་སྐྱོང༔ སྐྱེས་བུ་སྙིང་སྟོབས་ཅན་དང་འཕྲད་པར་ཤོག༔ གུ་ཧྱ༔ ཁ་ཐཾ༔ རྒྱ་རྒྱ་རྒྱ༔ ཆོས་རྒྱལ་རིན་ཆེན་གླིང་པས་རྒྱ་གར་ཕ་ཝང་རུས་སྦལ་ནག་པོ་ནས་བཏོན་པའོ། ཁོང་གིས་རིན་ཆེན་སྨོན་ལམ་བདག་ལ་དགྱེས་བཞིན་གནང་། དགེའོ། ༈ །ཨེ་མ་ཧོ༔ རང་གི་སེམས་ལ་བལྟས་པས༔ ང་དང་བདག་ཏུ་གཟུང་རྒྱུ་གང་ཡང་མེད་པར་འདུག་པ་དེ་ཆོས་ཀྱི་སྐུའི་ཡེ་ཤེས་བྱ་བ་ཡིན་ནོ༔ སེམས་རང་བཞིན་གྱིས་འོད་གསལ་བ་དེ༔ མེ་ལོང་ལྟ་བུའི་ཡེ་ཤེས་བྱ་བ་ཡིན་ནོ༔ དེ་འགྲེས་སོ༔ སེམས་དྲན་རིག་སྣ་ཚོགས་སུ་འཆར་བ་འདི་སོ་སོར་རྟོག་པའི་ཡེ་ཤེས༴ སེམས་ལ་མཐའ་དབུས་དང་ཕྱོགས་རིས་མེད་པ་འདི་མཉམ་པ་ཉིད་ཀྱི༴ རིག་པའི་རྩལ་གང་ཡང་ཐོགས་པ་མེད་པ་འདི་བྱ་བ་གྲུབ་པའི་ཡེ་ཤེས་བྱ་བ་ཡིན་ནོ༔ ཡེ་ཤེས་ལྔ་རང་ཆས་སུ་ཡོད་པས༔ འཇམ་དཔལ་ནས༔ ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག༔ ཟེར་རོ༔ ༄༅༔ རྫོགས་ཆེན་ཆིག་ཆོད་ཀུན་གྲོལ་གྱི་དུག་ལྔ་ལམ་ཁྱེར་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈ རང་རིག་ཡེ་ཤེས་སྟོན་ལ་ཕྱག་འཚལ་ལོ༔ ལྟ་བའི་ཡང་རྩེ་སྒོམ་པའི་རྒྱལ་པོ༔ སྤྱོད་པའི་ཉིང་ཁུ་དམ་ཚིག་གི་རྩ་བ་འབྲས་བུའི་མཐར་ཐུག༔ རྫོགས་ཆེན་ཆིག་ཆོད་ཀུན་གྲོལ་གྱི་ལམ་གྱི་ཆ་རྐྱེན༔ དུག་ལྔ་ལམ་ཁྱེར་བསྟན་པ་ནི༔ དང་པོ་འདོད་ཆགས་ལམ་དུ་ཁྱེར་བ་འདོད་སྲེད་ཅན་གྱི་གང་ཟག་གིས༔ འདོད་ཆགས་ཀྱིས་འདོད་ཆགས་སེལ་བ་ལ་ལྔ༔ འདོད་ཆགས་བདེ་བ་ཆེན་པོར་སྤར་བ་དང༔ སྤར་བའི་བདེ་བ་གཟུང་བ་དང༔ བཟུང་བ་ལུས་ལ་དགྲམ་པ་དང༔ བཀྲམ་པ་རང་བཞིན་མེད་པ་གཉིས་མེད་དུ་གྲོལ་བ་དང༔ དེའི་ཡོན་ཏན་ནོ༔ དང་པོ་འདོད་ཆགས་སྤར་བ་ནི༔ འདོད་ཆགས་སྐྱེ་བའི་ཡུལ་ཡིད་འོང་བུ་མོ་གཟུགས་མཛེས་མ༔ བོང་འཚམ་སོ་ཚགས་དཀར་ལ་དམ༔ རྐེད་པ་ཕྲ་ཞིང་འཕོངས་ཞེང་རྒྱས༔ སྐྲ་སེར་ནུ་མ་ཏིང་འདྲ་མ༔ དྲི་ཞིམ་གོམ་པ་གཡོན་ནས་འདོར༔ རེག་ན་མི་བཟོད་གཅོང་སྐད་འབྱིན༔ སྐད་སྙན་བཅུ་དྲུག་ལོན་པའི་བུ་མོ༔ དད་པ་ཆེ་ཞིང་རྣམ་རྟོག་ཆུང༔ འདོད་ཆགས་ཆེ་ཞིང་གསང་སྒོ་ཐུབ༔ མིག་སེར་ཆུང་ཞིང་བློ་ཁོག་ཆེ༔ མཚན་དང་ལྡན་པའི་བུད་མེད་བསྟེན༔ མཚན་ལྡན་བུད་མེད་མ་རྙེད་ཀྱང༔ དམ་ཉམས་མཛེ་མོ་ཡུགས་མོ་མ་ཡིན་པའི༔ བུད་མེད་གཞོན་ནུ་དད་ཅན་གསང་སྒོ་མི་འཆོལ་བའི༔ ཐིག་ལེ་རྒྱས་པའི་བུ་མོ་འདོད་ཅིང་ཆགས་མ་དེ་བསྟེན་ལ༔ དེ་ཉིད་གཟུགས་མཛེས་མཚོ་རྒྱལ་མ་རུ་བསམ༔ རང་ཉིད་ཨོ་རྒྱན་པདྨར་བསྒོམ༔ རྒྱན་མེད་ཕྱག་རྒྱ་རྡོ་རྗེ་འགྲེངས་པས༔ ཡུམ་གྱི་པདྨར་རྡོ་རྗེ་བཅུག་ལ༔ དལ་གྱིས་བསྐྱོད་ལ༔ འོ་བྱ་འཁྱུད་དང་སེན་མོ་གདབ་པ་ལ་སོགས་པ་བྱ༔ དེ་ཡི་བཅུད་ཀྱིས་ཐིག་ལེ་ཐད་ཀར་གཡོས་པས༔ ལུས་བདེ་སྦོར་གྱིས་འོང༔ དེ་ནས་འདོད་ཆགས་བདེ་བར་འཆར་བས་གཟུང་བ་ནི༔ རྡོ་རྗེས་པདྨ་བསྲུབས་པས་དྭངས་མའི་ཐིག་ལེ་བསྐྱོད་ནས༔ གསང་གནས་རྡོ་རྗེའི་རྩ་བར་དབབ༔ དེ་དུས་ཐིག་ལེ་གཞན་གྱི་རྟོག་པ་མེད་པར་བདེ་བ་ཚད་མེད་པ་འོང༔ ཐིག་ལེ་འཆོར་བ་སྙམ་བྱེད་ན༔ བསྲུབ་པ་བཤོལ་ལ༔ འོག་རླུང་བསྡམས་ལ་དམིགས་པ་གསང་གནས་ན༔ ཧཾ་དཀར་པོའི་རྣམ་པ་ཡོད་པར་བསམ་ལ༔ མིག་གྱེན་ལ་བཟློག་སེན་མོ་ནང་དུ་གཤིབས་ལ༔ རླུང་སེམས་སྤྱི་བོ་ན་གཏད་པས་བདེ་བ་ཟིན་པས༔ བདེ་ལྷན་ནེ་གནས༔ བདེ་བ་ཆུང་ན་ཡུམ་གྱི་པདྨར་བསྲུབ་བསྐྱོད་བྱས་ཏེ་དུམ་རེ་དབབ༔ ཡབ་ཡུམ་གཉིས་ཀ་འདོད་ཆགས་ཀྱི་རྟོག་པ་དེ་ཞི་ནས་བདེ་བ་ལྷན་ཅིག་སྐྱེ༔ དེའི་ཉམས་མྱོང་སྨྲ་རུ་མི་གཏུབ༔ བདེ་གསལ་འཛིན་མེད་ཆོས་སྐུ་ལྷན་སྐྱེས་ཡིན༔ དེ་ཀའི་དོན་ལྷན་ནེ་གཟུང་བར་བྱའོ༔ དེ་ནས་བདེ་བ་ལུས་ལ་དགྲམ་པ་ནི༔ བདེ་བ་མི་བཟོད་ཐིག་ལེ་འཆོར་བ་སྙམ་བྱེད་ན༔ འོག་རླུང་དྲག་ཏུ་ཡར་འཐེན་ལ་ཧིག་ཅེས་ཕྲ་ལ་རིང་བ་ལན་གསུམ་གྱིས༔ ཐིག་ལེ་རྣམས་སྤྱི་གཙུག་ཏུ་རླུང་དང་སྦྲགས་ལ་དྲངས༔ དམིགས་པ་ཐིག་ལེ་སྤྱི་གཙུག་ཏུ༔ སིམ་ནས་རང་བཞིན་མེད་པར་བསམ༔ རླུང་ཐུབ་ཚད་བཟུང་ལ་ཡན་ལག་རྣམས་སྤྲུགས༔ སྟན་ཁར་ལུས་སྟོད་སྨད་གདབ༔ དེས་ཀུན་རྫོབ་ཟག་བཅས་ཀྱི་ཐིག་ལེ་ལུས་ལ་རང་གནས་སུ་བདེ་བར་ཁྲེམས་ཤིང༔ དོན་དམ་ཟག་མེད་ཀྱི་བདེ་བ་སེམས་ལ་འཆར་བ་ཡིན༔ དེ་ནས་བཀྲམ་པ་བདེ་སྟོང་གཉིས་མེད་རང་བཞིན་མེད་པར་གྲོལ་བར་བསྟན་པ་ནི༔ ཐིག་ལེ་རང་གནས་སུ་བཟློགས་པའི་རྗེས་འདིར་ཡབ་ཡུམ་རྗེས་ཆགས་ཀྱི་རྟོག་པ་མེད་པས༔ བདེ་བ་ལ་ཞེན་པ་མེད་པའི་ཉམས་བདེ་སྟོང་ཡེ་ཤེས་སུ་གྲོལ་འགྲོ་བའོ༔ དེ་ནི་འདོད་ཆགས་བདེ་སྟོང་དུ་གྲོལ་བ་ཞེས་བྱ་བ་ཡིན་ཏེ༔ ཐ་མལ་པ་རྣམས་ཀྱིས་འདོད་ཆགས་ལ་སྲེད་འཛིན་བྱས་པས་བདེ་བ་སྐད་ཅིག་མ་ལ་ཡལ་ནས༔ སྡུག་བསྔལ་དུ་སོང་སྟེ་འཁོར་བར་འཁྱམས་པ་ཡིན༔ འདིར་འདོད་ཆགས་ལ་འཛིན་པ་མེད་པར་ལོངས་སྤྱད་པས༔ སྡུག་བསྔལ་བདེ་སྟོང་དུ་རྒྱན་དུ་ཤར་ནས་སངས་རྒྱ་བ་ཡིན་ཏེ༔ འཁོར་འདས་གཉིས་ཀྱི་བར་ན་ཞེན་པ་ཡོད་མེད་ལས་མེད་པས༔ འདི་ཡང་ཞེན་མེད་ཀ་དག་གི་ངང་ནས་སྐྱོང་བ་གལ་ཆེའོ༔ དེ་ལྟར་འདོད་ཆགས་མ་སྤང་ལམ་དུ་ཁྱེར་བའི་ཡོན་ཏན་ནི༔ ཐུན་མོང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མ་ཉམས་པར་སྤྱོད་པས༔ ལུས་ཡང་ལ་བདེ་བའི་སྟོབས་རྒྱས་སྐྲ་དཀར་གཉེར་མ་མེད༔ ཚེ་རིང་རྒས་སྲ་མདངས་ཆེ་ཉམས་དགའ་འོ༔ ཁྱད་པར་དོན་དམ་བྱང་ཆུབ་སེམས་ཞེན་མེད་བདེ་བར་སྤྱོད་པས༔ སྡུག་བསྔལ་འདོད་ཆགས་གྲོལ་ནས༔ བདེ་སྟོང་རྒྱུན་ཆད་མེད་པར་ཤར་ནས་སངས་རྒྱ་བ་ཡིན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈྈྈ ྀཨཚ༔ ཨེ་མ་ཧོ༔ གཉིས་པ་ཞེ་སྡང་ལམ་དུ་ཁྱེར་བ་ནི༔ ཞེ་སྡང་ཅན་གྱི་གང་ཟག་ཞེ་སྡང་འཇོམས་པའི་ཐབས་ལ༔ ཞེ་སྡང་དྲོད་དུ་སྐྱེད་པ་དང་གཅིག༔ དྲོད་འབར་བ་གཟུང་བ་དང་གཉིས༔ བཟུང་བ་རང་སར་གཞིལ་བ་དང་གསུམ༔ གཞིལ་བ་གསལ་སྟོང་གཉིས་སུ་མེད་པར་གྲོལ་བ་དང་བཞི༔ དེའི་དོན་བསྟན་པ་དང་ལྔའོ༔ དང་པོ་ཞེ་སྡང་དྲོད་དུ་སྤར་བ་ནི༔ ཞེ་སྡང་སྐྱེ་བའི་ཡུལ་དགྲ་ལ་སོགས་པ་གང་ལ་སྐྱེ་བ་དེ༔ དངོས་སུ་བསྐྱེད་ལ༔ ཞེ་སྡང་སྐྱེ་བའི་བསམ་སྦྱོར་བྱ༔ ཞེ་སྡང་དགྲ་ལ་སྙིང་རྗེ་བསྒོམ༔ རང་ཉིད་བླ་མ་ཡི་དམ་བསྒོམ༔ དེ་ཡིས་ལུས་དྲོད་དུ་སྐྱེ་ཞིང༔ སྙིང་ཁར་འདུས་འོང༔ དེ་ནས་ཞེ་སྡང་དྲོད་དུ་སྤར་བ་གཟུང་བ་ནི༔ སྙིང་ཁར་འདུས་པའི་རླུང་དྲོད་དེ་ཉིད༔ རང་ལུས་ཁོང་སྟོང་དུ་ཡོད་པའི་ལྟེ་བ་ནས་གསང་གནས་ཀྱི་ཐོག་ན༔ སྙིང་རྗེ་དྲོད་ཀྱི་ངོ་བོ་རཾ་དམར་ནག་མེ་འབར་བ་གཅིག་བསམ་ལ༔ སྟེང་རླུང་ཁ་སྣའི་རླུང་ནང་ནས་རྔུབས་ལ་འོག་རླུང་ཨ་ལོང་དྲག་ཏུ་འཐེན་ལ༔ སྟེང་འོག་རླུང་གཉིས་ལྟེ་བར་མཉམ་དུ་གཟུང་ཞིང༔ རྐང་པ་སྐྱིལ་ཀྲུང་ལག་པ་མཉམ་གཞག་ལྟེ་བའི་འོག་ཏུ་བསྡམས་ལ་མིག་ཐུར་དུ་གཏད༔ དམིགས་པ་རཾ་ལས་མེ་འབར་ནས་ལུས་ཕྱི་ནང་མེད་པར་མེར་འབར་བར་བསམ་ལ༔ རྐེད་པ་གཡས་གཡོན་དུ་དཀྱུས་ལ་རླུང་ཐུབ་ཚད་གཟུང༔ དེ་ཡིས་ཞེ་སྡང་རྟོག་པ་ཐམས་ཅད་ཞི་ནས་སྣང་བ་ཐམས་ཅད་གསལ་ལ་ངོས་གཟུང་མེད་པའི༔ ལུས་པོ་དྲོད་དུ་འུར་གྱིས་འགྲོ་འོ༔ ཡང་དྲོད་ཡལ་བ་དང་ཡང་ཡང་བསྐྱར་ཞིང་གཟུང་ངོ༔ དེ་ནས་དྲོད་རང་སར་གཞིལ་བ་ནི༔ རླུང་མ་ཐུབ་པ་དང་ངག་ཏུ་རཾ་ཞེས་པས་དལ་གྱིས་ཀློད་ལ༔ རླུང་རང་བཞིན་གྱིས་བཏང་ལ་དམིགས་པ་རླུང་སེམས་འདུས་པའི་མེ་ལ་རང་སར་ཐིམ་ནས་ལུས་མེའི་གོང་བུ་རུ་གྱུར་པར་བསམ་ལ༔ དེ་ལ་མངོན་ཞེན་མི་བྱ་ཀ་དག་གི་ངང་ལ་བཞག་པས་ཞེ་སྡང་གསལ་སྟོང༔ དྲོད་ཀྱི་རང་བཞིན་དུ་གྲོལ་འགྲོ་བ་ཡིན་ནོ༔ དེ་ནས་གཞིལ་བ་གསལ་སྟོང་གཉིས་སུ་མེད་པར་གྲོལ་བར་བསྟན་པ་ནི༔ རླུང་རང་སར་གཞིལ་བའི་དུས་འདིར༔ ལུས་ངག་ལ་རྣམ་རྟོག་གི་ཟུག་རྔུ་མེད་པ་ལ་དྲོད་དུ་གསལ༔ རྟོག་པ་མེད་པའི་ཉམས་གསལ་སྟོང་དུ་གྲོལ་འགྲོ་འོ༔ དེ་ནི་ཞེ་སྡང་གསལ་སྟོང་ཡེ་ཤེས་སུ་གྲོལ་བ་བྱ་བ་ཡིན་ཏེ༔ ཐ་མལ་པ་རྣམས་ཀྱིས་ཞེ་སྡང་ཨ་འཐས་སུ་བཟུང་བས༔ རང་སྲིད་པའི་སྡུག་བསྔལ་ཟད་པ་མེད་པ་བྱུང་བ་ཡིན་ལ༔ འདིར་ཞེ་སྡང་ཞེན་མེད་དུ་ཉམས་སུ་བླངས་པས༔ ཞེ་སྡང་དྲོད་ཀྱི་ཡེ་ཤེས་གསལ་སྟོང་དུ་ཤར་ནས་སངས་རྒྱ་བ་ཡིན་ནོ༔ འཁོར་འདས་གཉིས་སུ་འཛིན་པ་བྱེད་མི་བྱེད་ཀྱི་ཁྱད་ཆེ་བས༔ འདིར་ཡང་འཛིན་མེད་ཀ་དག་གི་ངང་ནས་བྱེད་པ་གལ་ཆེ་འོ༔ དམིགས་པ་དང་ཉམས་ལེན་རང་གར་བྱས་ན་གེགས་མང་བ་ཡོད་དོ༔ དེ་ལྟར་ཞེ་སྡང་མ་སྤང་ལམ་དུ་ཁྱེར་བས་ཐུན་མོང་ཡོན་ཏན་རླུང་བཟུང་བས་ལུས་དྲོས་ནས༔ གོས་མི་དགོས་ཟས་འཇུ་ལུས་ཡང་སྟོབས་ཆེ༔ རྫུ་འཕྲུལ་འཕུར་ཤེས་པ་ཆུ་ལ་མི་བྱིང་བ་འོང༔ ཁྱད་པར་དུ་རླུང་རིག་ཞེན་པ་མེད་པར་གཏད་མེད་དུ་བཟུང་བས༔ སྡུག་བསྔལ་ཞེ་སྡང་རང་གྲོལ་ནས༔ ཅིར་སྣང་ཐམས་ཅད་གསལ་སྟོང་དྲོད་དུ་ཤར་ནས་སངས་རྒྱ་བ་ཡིན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈྈྈ ྀཨཚ༔ ཨེ་མ་ཧོ༔ གསུམ་པ་གཏི་མུག་ལམ་དུ་ཁྱེར་བ་ནི༔ གཏི་མུག་ཅན་གྱི་གང་ཟག་གཏི་མུག་ཆོས་ཉིད་གཏི་མུག་ཏུ་དག་པའི་ཐབས་ལ་ལྔ༔ གཏི་མུག་གཉིད་དུ་དབབ་པ༔ གཉིད་ཆོས་ཉིད་དུ་གཟུང་བ༔ ཆོས་ཉིད་འོད་གསལ་དུ་གསལ་གདབ་པ༔ ཆོས་ཉིད་འོད་གསལ་སྐྱེ་མེད་དུ་གྲོལ་བ༔ གཏི་མུག་ལམ་ཁྱེར་ཡོན་ཏན་ནོ༔ དང་པོ་གཏི་མུག་གཉིད་དུ་དབབ་པ་ནི༔ གཉིད་དུ་གང་འགྲོ་བྱ་བ་དུས་གསུམ་གྱི་རྟོག་པ་མི་བྱེད་པར༔ ཤེས་པ་རྩེ་གཅིག་ཏུ་སྨིན་མཚམས་སུ་བསྡུས་ནས་ལྷོད་དེ་བཞག་པས༔ གཏི་མུག་གཉིད་དུ་འཐིབས་ཀྱིས་བབས་འོང་ངོ༔ དེ་ནས་གཏི་མུག་ཆོས་ཉིད་དུ་གཟུང་བ་ནི༔ མལ་བདེ་མོར་ལུས་གཡས་འོག་ཏུ་བཅུག་ལ༔ སྟོད་མཐོ་བར་བྱས་ལ་ལྷན་གྱིས་ཉལ༔ རླུང་སེམས་འདུས་པའི་ངོ་བོ་འཐིབས་ཆེས་དེ་སྙིང་ཁར་ཨ་དཀར་པོ་གཅིག་ཏུ་གྱུར་པ་ལ་ཤེས་པ་གཏད་ལ་ཉལ་བས༔ ཆོས་ཉིད་ཀྱི་རིག་པ་རྟོག་པ་མེད་པར་རྩེ་གཅིག་ཏུ་ལྷན་ནེ་གནས་འོང་བ་ཡིན་ནོ༔ དེ་ནས་ཆོས་ཉིད་འོད་གསལ་དུ་གསལ་གདབ་པ་ནི༔ རིག་པ་རྩེ་གཅིག་ཏུ་མི་གནས་པར་རྨི་ལམ་གྱི་འཁྲུལ་པར་འགྲོ་ན༔ ཨ་ཞེས་པས་རླུང་རིག་ནམ་མཁའ་ལ་འཕངས་ལ་གཉིད་བསང་སྟེ༔ ལུས་ཙོག་པུར་བྱས་ལ་ལག་པ་པུས་མོ་ལ་འཁྱུད་ལ༔ དུས་གསུམ་གྱི་རྟོག་པའི་འདུ་ཤེས་མི་བྱ་བར་ཤེས་པ་གསལ་སིང་ངེ་བའི་ངང་དུ་ཉལ་བས༔ སྔུན་འདས་ཀྱི་རྟོག་པ་འགགས༔ རྨི་ལམ་གྱི་རྟོག་པ་མ་ཤར་བའི་བར་དེར༔ གསལ་ལ་རྟོག་པ་མེད་པའི་འོད་གསལ་ཤར་ནས༔ དེ་ཀའི་ངང་དུ་མཉམ་པ་ཉིད་དུ་འགྲོ་འོ༔ དེ་ནས་ཆོས་ཉིད་རང་གསལ་ལ་སྐྱེ་བ་མེད་པར་གྲོལ་བར་བསྟན་པ་ནི༔ གཉིད་འོད་གསལ་དུ་ཤར་བའི་དུས་འདིར༔ ཆགས་སྡང་གི་འཁྲུལ་རྟོག་མེད་པ་ལ་གསལ་ལ་རྟོག་པ་མེད་པའི་ཉམས་རིག་སྟོང་ཡེ་ཤེས་སུ་གྲོལ་འགྲོ་འོ༔ དེ་ནི་གཏི་མུག་འོད་གསལ་ཆེན་པོར་གྲོལ་བར་བྱ་བ་ཡིན་ཏེ༔ ཐ་མལ་པ་རྣམས་ཀྱིས་གཏི་མུག་ལ་འཛིན་པ་རང་གར་བྱས་པས༔ གཉིད་ཀྱིས་འཁྲུལ་ནས་མ་རིག་འཁོར་བར་འཁྱམས་པ་ཡིན༔ འདིར་གཏི་མུག་ཞེན་མེད་དུ་རང་སར་བཞག་པས༔ གཉིད་འོད་གསལ་དུ་ཤར་ནས་སངས་རྒྱ་བ་ཡིན་ནོ༔ དེ་ལྟར་གཏི་མུག་མ་སྤང་ལམ་ཁྱེར་ཡོན་ཏན་ནི༔ ཐུན་མོང་གཉིད་དུ་ཉལ་བས་ལུས་ངག་རྩོལ་མེད་བདེ་བ་དང༔ ཤེས་རྒྱུད་དག་པ་ལ་མངོན་ཤེས་འཆར༔ ཁྱད་པར་དུ་དུས་གསུམ་གྱི་འཁྲུལ་རྟོག་རང་བཞིན་མེད་པར་རིག་སྟོང་ཆོས་ཉིད་འོད་གསལ་དུ་གྲོལ་ནས་སངས་རྒྱ་བ་ཡིན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈ ྀཨཚ༔ ཨེ་མ་ཧོ༔ བཞི་པ་ང་རྒྱལ་ལམ་དུ་ཁྱེར་བ་ནི༔ ང་རྒྱལ་ཅན་གྱི་གང་ཟག་གིས༔ ང་རྒྱལ་སེལ་བའི་ཐབས་ལ་ལྔ་སྟེ༔ དང་པོ་ང་རྒྱལ་གྱི་ནད་བསྡུ་བ་དང་གཅིག༔ བསྡུས་པ་ཏིང་ངེ་འཛིན་གྱིས་གཟུང་བ་དང་གཉིས༔ བཟུང་བ་སྤྲུགས་ཏེ་རང་བཞིན་མེད་པར་གཏོར་བ་དང་གསུམ༔ གཏོར་བ་མཉམ་ཡངས་ཆེན་པོར་གྲོལ་བ་དང་བཞི༔ ང་རྒྱལ་ལམ་ཁྱེར་ཡོན་ཏན་ནོ༔ དང་པོ་ངར་འཛིན་གྱི་ནད་བསྡུ་བ་ནི༔ ནད་དུ་འཛིན་པའི་ངར་འཛིན་གྱི་ནད་གསལ་བཏབ་ལ༔ སེམས་ཅན་ཐམས་ཅད་ཀྱི་ནད་དང་སྡུག་བསྔལ་གང་ན་ཡོད་པ༔ ངའི་ནད་འདིའི་སྟེང་དུ་འདུས་ཤིག་སྙམ་དུ་རང་གི་ནད་ལ་བལྟས་པས༔ གང་ན་བ་དེར་ལྷང་གིས་འདུས་འོང་ངོ༔ དེ་ནས་ནད་ཏིང་ངེ་འཛིན་གྱིས་གཟུང་བ་ནི༔ གང་ན་བའི་ཐད་ཀར་ཐལ་མོ་རྒྱབ་ལ་ན་ཀར་བྱུང་བ་དང༔ དེ་ཕཊ་ནག་པོ་གཅིག་ཏུ་བསམ་ལ༔ མགྲིན་པར་རླུང་སེམས་དྲིལ་ལ་གཟུང་ངོ༔ དེས་ནད་ཟུག་གཅིག་ཏུ་འཁྲིལ་འོང་ངོ༔ དེ་ནས་བཟུང་བ་སྤྲུགས་ཏེ་རང་བཞིན་མེད་པར་གཏོར་བ་ནི༔ ཏིང་ངེ་འཛིན་དེ་མི་འཛིན་པར་ཡང་ནད་ཟུག་ལྡངས་པར་གྱུར་པ་དང༔ ལུས་སྐྱིལ་ཀྲུང་བྱ་ལག་པས་གང་ན་སར་མཉེ་ཞིང༔ རླུང་སེམས་སྟེང་འོག་ཁ་སྦྱར་དུ་བཟུང་ལ་མགོ་ལུས་ཡན་ལག་སྤྲུགས་ལ༔ དམིགས་པ་ནད་ཐམས་ཅད་ཕཊ་ཀྱི་སྒྲས་དཀུག་ལ་འདུར་གྱིས་རང་བཞིན་མེད་པར་བརྟུལ་བར་བསམ་ལ༔ ཚད་པའི་ནད་ཡིན་ན་ཕཊ་ཅེས་དྲག་པོར་བརྗོད་པས༔ ནད་ཐམས་ཅད་མཁའ་ལ་གཏོར་བས༔ སེར་མྱོག་གིས་རང་བཞིན་མེད་པར་ཐོན་པར་བསམ༔ དེའི་རྗེས་སུ་ཁོང་པའི་སྟོད་དུ་ཆུ་བསིལ་གྱིས་ཁེངས་པར་བསམ་ལ༔ ཀ་དག་ངང་ལ་གཞག༔ གྲང་བའི་ནད་ཡིན་ན་ཕཊ་བརྗོད་ལ་གཏོར་ནས་འཕོངས་སྟན་ཁར་གདབ༔ ནད་སྔོ་དམར་དུ་འོག་སྒོ་ལས་འདུར་གྱིས་ཐོན་པས་རང་བཞིན་མེད་པར་བསམ༔ རྗེས་སྨད་ཁོག་མེས་ཁེངས་ནས་འབར་བར་བསྒོམས་ཞིང་ཀ་དག་ངང་ལ་གཞག༔ རླུང་གི་ནད་ཡིན་ན༔ ཕཊ་ཅེས་འཇམ་པོར་བརྗོད་པས༔ ནད་ཐམས་ཅད་རང་སར་རང་བཞིན་མེད་པར་ཡལ་བར་བསྒོམ༔ རྗེས་སུ་བདུད་རྩིའི་ཞག་གིས་ཁེངས་པར་བསྒོམས་ལ་དོན་ཐོག་གཞག༔ ཁོལ་བུའི་ནད་ལ་གང་ན་སར་བུ་ག་གཏོད་ལ་ཕཊ་ཅེས་གཏོར་བས་ནད་དེ་སྔོ་སངས་ཀྱིས་དུད་པ་བཞིན་ཐོན་པར་བསམ༔ རྗེས་ན་སར་ལྗབ་ལྗབ་བྱས་ལ་ཀ་དག་གི་ངང་ལ་གཞག༔ དེ་ལྟར་བྱས་པས་ནད་ཐམས་ཅད་རང་བཞིན་མེད་པར་སོང་བར་བསམས་པས་ནད་གཏད་མེད་འོད་གསལ་དུ་འཆར་བ་ཡིན་ནོ༔ དེ་ནས་ནད་འོད་གསལ་མཉམ་པ་ཉིད་དུ་གྲོལ་བ་ནི༔ གཏད་མེད་དུ་གཏོར་བའི་དུས་འདིར་ལུས་ལ་ནད་ཀྱི་སྡུག་བསྔལ་དང༔ བདེ་བའི་རེག་བྱ་གང་གི་ཡང་ཚོར་བ་མེད་པ་ལ་སེམས་འདི་ཡིན་གྲུབ་པ་མེད་པའི་དྭངས་སིང་ངེ་བའི་ཤེས་པ་རྟོག་པ་མེད་པའི་ཉམས་མཉམ་ཉིད་ཡེ་ཤེས་སུ་འཆར་བ་ང་རྒྱལ་མཉམ་ཉིད་དུ་གྲོལ་བར་བྱ་བ་ཡིན་ཏེ༔ ཐ་མལ་པ་རྣམས་ཀྱིས་ནད་ངན་ལ་ངན་དུ་བཟུང་བས༔ ནད་རང་ཐོག་ཏུ་འཁྲིལ་ནས་སྡུག་བསྔལ་དུ་སོང་བ་ཡིན་ནོ༔ འདིར་ནད་འཛིན་མེད་དུ་ལམ་དུ་ཁྱེར་བས་ནད་བཏང་སྙོམས་ཕྱག་རྒྱ་ཆེན་པོའི་རང་བཞིན་དུ་གྲོལ་ནས་ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཚོར་སྟོང་དུ་ཤར་བས་སངས་རྒྱ་བ་ཡིན་ནོ༔ འཁོར་འདས་གཉིས་ཀྱི་ཁྱད་པར་བདག་ཏུ་བཟུང་མ་གཟུང་ལས་བྱུང་བས༔ བདག་མེད་ཀ་དག་གི་ངང་ནས་བྱེད་པ་གལ་ཆེ་འོ༔ དེས་ན་ང་རྒྱལ་ལམ་དུ་ཁྱེར་བའི་ཡོན་ཏན་ནི༔ ཐུན་མོང་ཡོན་ཏན་ལུས་ཀྱི་སྒྲིབ་པ་བྱང་ཟོ་མདོག་བདེ༔ འཆི་བ་བསླུ་ཚེ་རིང་དགེ་སྦྱོར་ལ་བོགས་ཐོན༔ ཁྱད་པར་ནད་ཇི་ཙམ་བྱུང་ཡང་ཞེན་མེད་དུ་ཁྱེར་པས༔ ཆོས་ཉིད་འོད་གསལ་གྱི་ངོ་བོར་གྲོལ་ནས༔ བདག་གཞན་དབྱེར་མེད་མཉམ་པ་ཉིད་དུ་སངས་རྒྱ་བ་ཡིན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈ ྀཨཚ༔ ཨེ་མ་ཧོ༔ ལྔ་པ་ཕྲག་དོག་ལམ་དུ་ཁྱེར་བ་ནི༔ ཕྲག་དོག་ཅན་གྱི་གང་ཟག་ཕྲག་དོག་སེལ་བའི་ཐབས་ལ་ལྔ༔ དང་པོ་ཕྲག་དོག་རྩེར་བ༔ དེ་ནས་ཕྲག་དོག་ལྷ་རུ་འཆར་བས་གཟུང་བ༔ ལྷ་འཛིན་མེད་ཆོས་དབྱིངས་སུ་གཤེགས་པ༔ ཆོས་དབྱིངས་མ་བཅོས་ལྷུན་གྲུབ་ཏུ་གྲོལ་བ༔ ཕྲག་དོག་ལམ་ཁྱེར་ཡོན་ཏན་ནོ༔ དང་པོ་ཕྲག་དོག་རྩེར་ལ་དགག་པ་ནི༔ ཕྲག་དོག་བྱེད་པའི་ལྷ་འདྲེ་གར་ཡོད་ནས༔ རང་ཉིད་རྟ་མགྲིན་སྐུར་བསྒོམས་པའི་ཐུགས་ཀ་ནས་ཛཿལྕགས་ཀྱུ་ལྟ་བུ་སྤྲོས་ལ་ལྷ་འདྲེའི་སྙིང་ནས་བཟུང་ཞིང་བཀུག་སྟེ་ལྷ་འདྲེ་ཟིངས་ཀྱིས་འོང་ངོ༔ དེ་ནས་ཕྲག་དོག་ལྷ་རུ་འཆར་བས་གཟུང་བ་ནི༔ ལྷ་འདྲེ་ཟིངས་ཀྱིས་བྱུང་དུས་སུ༔ ཛཿཡེ་ཤེས་རྟ་མགྲིན་ཐུགས་ཀར་འུབ་ཀྱིས་བསྡུས་ལ༔ རྟ་མགྲིན་དང་གཉིས་སུ་མེད་པར་བསྒོམས་ནས་ཀ་དག་ངང་ལ་བཞག་པས༔ ལྷ་འདྲེའི་རྟོག་པ་དེ་ཞི་ནས་དྲན་ཚད་ཡི་དམ་ལྷའི་སྣང་བ་འཆར༔ ལྷ་སྐུ་སྒྱུ་མ་ལྟ་བུ་དེ་ཀ་དག་གི་དོན་ལ་བཞག་ན་གང་དྲན་ལྷ་སྐུར་ཤར་ནས་དངོས་གྲུབ་འབྱུང་ངོ༔ དེ་ནས་ལྷ་ཆོས་དབྱིངས་ཉིད་དུ་གཤེགས་པ་ནི༔ ལྷ་སྐུར་བཟུང་བ་དེ་ཉིད་མི་གནས་པ་དང༔ ངག་ཏུ་ཛཿཞེས་བརྗོད་ནས་ལྷ་དེ་ཉིད་ལ་རླུང་རིག་རྩེ་གཅིག་ཏུ་གཏད་ནས་དེ་ཆོས་ཉིད་ནམ་མཁའི་དབྱིངས་སུ་འཕངས་པས༔ རྒྱངས་ཀྱིས་སོང་ནས་རང་བཞིན་མེད་པ་ཆོས་ཉིད་ཀྱིས་ནམ་མཁའ་ལ་སྤྲིན་ཡལ་བ་བཞིན་སོང་བར་བསམ་ལ༔ ཀ་དག་དོན་ལ་བཞག་པས༔ བདག་དང་ལྷ་འདྲེའི་རྟོག་པ་ཐམས་ཅད་ཆོས་ཉིད་སྤྲོས་པ་མེད་པའི་ངང་དུ་རང་སར་གྲོལ་འགྲོ་བ་ཡིན་ནོ༔ དེ་ནས་ཆོས་ཉིད་མ་བཅོས་ལྷུན་གྲུབ་ཏུ་གྲོལ་བར་བསྟན་པ་ནི༔ ལྷ་དབྱིངས་སུ་གཤེགས་པའི་དུས་འདིར༔ ཀུན་རྫོབ་ལྷ་འདྲེའི་ཆགས་སྡང་གྲུབ་པ་མེད་པས༔ དོན་དམ་ཆོས་ཉིད་ཀྱི་ངོ་བོ་གསལ་སིང་ངེ༔ མ་བཅོས་འཛིན་མེད་ལྷུན་གྱིས་གྲུབ་པའི་ཉམས༔ ལྷུན་གྲུབ་ཡེ་ཤེས་སུ་གྲོལ་འགྲོ་བ་ཡིན༔ དེ་ནི་ཕྲག་དོག་རྣམ་པར་དག་པ་ལྷུན་གྲུབ་ཡེ་ཤེས་སུ་གྲོལ་བར་བྱ་བ་ཡིན་ནོ༔ ཐ་མལ་པ་རྣམས་ཀྱིས་ཕྲག་དོག་ལ་བདེན་པའི་གཟུང་འཛིན་བྱས་པས༔ རང་གཞན་གྱི་ཟུག་རྔུ་སྡུག་བསྔལ་གྱིས་འཁོར་བར་འཁྱམས་པ་ཡིན་ལ༔ འདིར་ཕྲག་དོག་འཛིན་མེད་དུ་བསྲེས་པས་གང་བྱུང་ཐམས་ཅད་འདོད་པའི་དོན་ཆེན་ལྷུན་གྲུབ་ཡེ་ཤེས་སུ་ཤར་ནས་སངས་རྒྱ་བ་ཡིན་ནོ༔ དེས་ན་འཛིན་མེད་ཀྱི་ངང་ནས་གང་བྱུང་དེ་ཀ་ལམ་དུ་ཁྱེར་བས༔ དེ་ཉིད་རང་གྲོལ་ལ་འགྲོ་བ་ཡིན་ནོ༔ དེ་ལྟར་ཕྲག་དོག་མ་སྤང་ལམ་དུ་ཁྱེར་བའི་ཡོན་ཏན་ནི༔ ཐུན་མོང་དུ་བར་ཆད་རང་སར་གྲོལ་ཞིང༔ དངོས་གྲུབ་ཤུགས་ཀྱིས་འོང༔ ཕྲིན་ལས་གྲུབ་པར་འགྱུར༔ ཁྱད་པར་ཕྲག་དོག་གཉིས་འཛིན་གྱི་ཞེན་པའི་སྡུག་བསྔལ་ལས་གྲོལ་ནས་གང་བྱུང་ཐམས་ཅད་ལྷུན་གྲུབ་ཡེ་ཤེས་ཆོས་སྐུར་གྲོལ་ནས་སངས་རྒྱ་བ་ཡིན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ ཨེ་མ་ཧོ༔ དུག་ལྔ་སེམས་ཡིན་སྤངས་པས་སྤངས་པ་མི་འོང་སྟེ༔ སྤངས་པས་སླར་ནི་དུག་ལྔ་ཆེ་རུ་འགྲོ༔ དེ་བས་དུག་ལྔ་མི་སྤང་ལམ་དུ་བསླང༔ དུག་ལྔ་སེམས་སུ་གཞི་རྩ་ཆོད་གྱུར་ན༔ དུག་ལྔ་སྐྱེས་ཀྱང་དུག་མིན་ཆོས་ཉིད་ཡིན༔ ཆོས་ཉིད་སྤངས་པས་སངས་རྒྱས་འགྲུབ་མི་འགྱུར༔ དེ་བས་དུག་ལྔ་རང་གྲོལ་ཡེ་ཤེས་ཏེ༔ འདོད་ཆགས་ཆོས་ཉིད་རང་རྩལ་ཤར་བ་ཡིན༔ ཞེ་སྡང་ཆོས་ཉིད་གསལ་བའི་ངང་གདངས་ཡིན༔ གཏི་མུག་ཆོས་ཉིད་སྣང་བའི་ངོ་བོ་ཡིན༔ ང་རྒྱལ་ཕྲག་དོག་ཆོས་ཉིད་རོལ་པ་ཡིན༔ ཆོས་ཉིད་ངང་ལས་བདག་གཞན་གཉིས་མེད་ཕྱིར༔ དུག་ལྔ་རང་གྲོལ་མན་ངག་ཨེ་མ་ཧོ༔ ཞེས་གསུངས་སོ༔ ཨེ་མ་ཆོས་ཉིད་ཀུན་གྲོལ་ཆེན་པོ་ཡི༔ ཐུན་མོང་ལམ་གྱི་ཆ་རྐྱེན་དུ༔ དུག་ལྔ་རང་གྲོལ་ལམ་ཁྱེར་འདི༔ བདག་འདྲ་ཨོ་རྒྱན་པདྨ་ཡིས༔ ཡང་ཟབ་གནད་ཀྱི་གཏེར་དུ་སྦས༔ བྱང་ཆུབ་སེམས་དཔའ་ཤེས་རབ་ཅན༔ ལས་ཅན་བུ་དང་འཕྲད་པར་ཤོག༔ ྈྈྈྈྈ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ ༄༅༔ ཆིག་ཆོད་ཀུན་གྲོལ་ཆེན་པོའི་བརྡ་དོན་གསང་བ་སྙིང་ཏིག་བཞུགས་སོ༔ ྈྈྈྈྈྈྈྈྈྈྈ གབ་པ་མངོན་དུ་འབྱིན་ལ་ཕྱག་འཚལ་ལོ༔ རྒྱུད་ཀྱི་སྙིང་པོ་མན་ངག་གི་ཏི་ཀ༔ གབ་པ་སྐད་འགྲོལ༔ སྦས་པ་མིག་འབྱེད༔ བརྡ་དོན་གསང་བ་སྙིང་ཐིག་གསང་བའི་ངོ་སྤྲོད་འདི་ལ་གསུམ་སྟེ༔ དང་པོ་བྱང་ཆུབ་ཀྱི་སེམས་འཁྲུལ་ལུགས༔ བར་དུ་དེ་ངོ་ཤེས་ནས་རྟོགས་ལུགས༔ མཐར་གྲོལ་ལུགས་གསུམ་མོ༔ དང་པོ་འཁྲུལ་ལུགས་ཀྱི་བརྡ་ནི༔ ཨོ་རྒྱན་པདྨ་བདག་ལ་དགའ་རབ་རྡོ་རྗེས་ལུང་བསྟན་བྱུང་སྟེ༔ ཆོས་ཉིད་ཡང་དག་པའི་དོན་རང་རིག་པའི་ཡེ་ཤེས་བྱ་བ་དེ༔ ནམ་མཁའི་དབྱིངས་ནས་ནམ་མཁའི་མི་གཅིག་གིས་སྟོན་པར་ཡོད་དོ་གསུངས་ནས༔ ནམ་མཁའི་དབྱིངས་སུ་ཕྱིན་པས་གཞན་ཅི་ཡང་མ་བྱུང་སྟེ༔ ནམ་མཁའི་ངང་ནས་ནམ་མཁའི་རང་རྩལ་སྤྲིན་སྐྱེས་པ་བཞིན་དུ་མི་གཅིག་བྱུང༔ མི་དེས་རང་ལ་རང་གིས་བདག་ཏུ་བཟུང་བས༔ དེ་ལ་འཇའ་ཚོན་རྣམ་པ་ལྔ་ཤར༔ དེ་ལ་ཞེན་པ་མ་ཤོར་བས་བཟུང་བས༔ རིན་ཆེན་སྣ་ལྔའི་འཕྲུལ་གྱི་ཁང་པ་དབུས་ཀྱི་ལྟེ་བ་ལ་སྲོག་ཤིང་བྱས་པའི་སྟེང་ན་བདག་པོ་རང་བསྡད་ནས༔ སྲོག་ཤིང་དེ་མ་ཤོར་བར་འཛིན་པ་སྒོ་བཞི་རྒྱ་མཐོངས་དང་བཅས་པའི་ཁང་པ་གྲུ་བཞི་པ་གཅིག་བྱུང༔ དེའི་ངང་ནས་སྒོ་བཞི་ལ་བལྟས་ཙམ་ན༔ སྒོ་གཅིག་ལ་ཕར་བལྟས་ཙམ་ན༔ ཕྱི་རོལ་ན་སྔོན་པོའི་ཁ་དོག་སྣ་ཚོགས་པའི་ལྟད་མོ་མཐོང་གི་འདུག༔ ཡང་སྒོ་གཅིག་ལ་བལྟས་པས་སེར་པོའི་ཁ་དོག་སྣ་ཚོགས་པའི་ལྟད་མོ་མཐོང་གི་འདུག༔ ཡང་སྒོ་གཅིག་ལ་བལྟས་པས་དམར་པོའི་ཁ་དོག་སྣ་ཚོགས་པའི་ལྟད་མོ་མཐོང་གི་འདུག༔ ཡང་སྒོ་གཅིག་ལ་བལྟས་པས་ལྗང་ཁུའི་ཁ་དོག་སྣ་ཚོགས་པའི་ལྟད་མོ་མཐོང་གི་འདུག༔ རང་འདུག་པའི་རྒྱ་མཐོངས་ནས་ཡར་བལྟས་པས༔ ནམ་མཁའ་ཆུ་ཤེལ་གྱི་མདོག་ལས་གཞན་ཅི་ཡང་མི་འདུག་པས༔ རྒྱ་མཐོངས་ཀྱི་སྟེང་དུ་ཕྱིན་ནས་བལྟས་པས་ཁང་པའི་ཕྱི་ནང་ཐམས་ཅད༔ ནམ་མཁའི་རང་བཞིན་ལས་གཟུགས་དང་ཁ་དོག་ཅི་ཡང་མི་འདུག་ནས༔ ཕྱི་ནང་ན་མེད་པའི་སྒོ་ལ་གཟུགས་ཁ་དོག་སྣ་ཚོགས་འོང་བ་དེ་ཅིར་འདུག་བལྟས་པས༔ ཤར་སྒོ་བཻ་ཌཱུརྻ་སྔོན་པོ་ལས་གྲུབ་པས༔ དེའི་མདངས་ཀྱིས་ཕྱི་ནང་དུ་སྔོན་པོར་སྣང་བར་ཤེས་སོ༔ དེ་བཞིན་དུ་ལྷོ་གསེར་ལས་གྲུབ་པས་སེར་པོ༔ ནུབ་པདྨ་རཱ་ག་ལས་གྲུབ་པས་དམར་པོ༔ བྱང་ཨིནྡྲ་ནཱི་ལ་ལྗང་གུ་ལས་གྲུབ་པའི་མདངས་སུ་འདུག༔ དེ་རྣམས་དུས་གཅིག་ལ་མ་མཐོང་ནང་ངོས་སུ་བལྟས་པའི་ཁ་དོག་དེར་གསལ་བར་འདུག་པས༔ ཐམས་ཅད་རང་གི་ཁ་དོག་ལས་ཕྱི་རོལ་ན་མེད་པར་ཤེས་སོ༔ གཉིས་པ་ངོ་ཤེས་ནས་རྟོགས་ལུགས་ནི༔ དེར་ཁ་དོག་མི་གཅིག་པའི་ལྟད་མོ་སྣ་ཚོགས་རང་གི་སྒོ་ལྔའི་མདངས་སུ་ཤེས་ནས༔ ཕྱི་རོལ་གྱི་ཁ་དོག་ལྟད་མོ་ལ་ཆགས་སྡང་ཞི་ནས༔ རང་གི་ཁ་དོག་ལ་བལྟས་པས་ཅི་ཡང་མ་མཐོང་བའི་གསལ་བ་རྒྱ་མཐོངས་ལ་མཐོང་པས༔ རང་གི་ལག་ན་ཁང་པའི་སྲོག་ཤིང་ལ་དམ་དུ་བཟུང་ཡོད་པ་དེ་ཤོར་ནས༔ འཕྲུལ་གྱི་ཁང་པ་ཞིག་པ་དེ་ནམ་མཁའི་ངང་ན་འདུག་གོ༔ གསུམ་པ་གྲོལ་ལུགས་ནི༔ མི་རབ་སྤྱང་པོ་གཅིག༔ ཁང་པ་ཞིག་སྙམ་པའི་རྟོག་འཛིན་མི་བྱེད་པར་ནམ་མཁའི་ངང་ལ་བདེ་བར་ལོངས་སྤྱོད་དོ༔ འབྲིང་ཁང་པ་ཞིག་པ་ཙམ་ལས་ཞེན་པ་མེད་པ་ནམ་མཁའི་ངང་དུ་གནས་སོ༔ མི་གླེན་པ་ཐ་མ་གཅིག་རང་གི་ཁང་པ་མེད་པས་གཞན་གྱི་ཁང་པ་མཐོང་བ་ལ་ཆགས་སྡང་ནས༔ ཁང་པ་བཙལ་བ་དང་རྙེད་ནས༔ དེའི་ནང་དུ་སླེབས་པ་དང་མུན་པའི་གླིང་དུ་འཐིབས༔ དེ་ནས་ལངས་ནས་བལྟས་པས་སྔོན་དང་ཆ་ལུགས་འདྲ་བར་གྱུར་ནས་དེ་ལ་བདག་འཛིན་དམ་པོའི་དགག་སྒྲུབ་ཀྱིས་ཆགས་སྡང་སྡུག་བསྔལ་སྣ་ཚོགས་སྐྱེས་ནས་ཁང་པ་ཞིག་རལ་སྡུག་བསྔལ་མང་དུ་འབྱུང་ངོ༔ རང་བྱུང་མཚོན་བྱེད་བརྡའི་མན་ངག་འདི༔ པདྨ་བདག་གིས་མཐོང་ངོ༔ རྒྱ་རྒྱ་རྒྱ༔ ྈྈྈྈ བརྡ་དོན་མན་ངག་ཏུ་བཀྲོལ་བ་ནི༔ དང་པོ་སེམས་མ་རིག་འཁྲུལ་ལུགས་ནི༔ སེམས་ཅན་དང་སངས་རྒྱས་གང་ཡང་མེད་པའི་སྔོན་རོལ་དུ༔ ཀུན་གཞི་ཆོས་ཉིད་ནམ་མཁའ་ལྟར་ཅི་ཡང་མ་གྲུབ་པའི་མདངས་རྩལ་ལས༔ སྤྲིན་བྱུང་བ་བཞིན་སྲིད་པའི་རླུང་རང་བཞིན་གྱིས་གཡོས་ནས་སེམས་དངོས་མེད་བྱུང༔ དངོས་པོ་མེད་བཞིན་ང་དང་བདག་ཏུ་བཟུང་བས་དེའི་མདངས༔ སྤྲིན་པའི་གསེབ་ནས་ཉི་མ་ཐོན་པ་བཞིན་དུ༔ དུག་ལྔ་འཇའ་ཚོན་ལྟར་ལྷག་གིས་ཤར༔ དེ་ལ་འཛིན་པ་ཆེར་བྱས་པས་འབྱུང་བ་ལྔའི་ཁ་དོག་གྲུབ༔ དེ་ལ་ཨ་འཐས་པས་ཕྱི་སྣོད་དང་ནང་འབྱུང་བ་འདུས་པའི་ཕུང་པོ་ཁང་པ་འདྲ་བ་སྒྱུ་མའི་ལུས་གྲུབ༔ ཕུང་པོར་འཛིན་པའི་རྩ་བ་སྲོག་སྙིང་ལ་རིག་པ་གནས་ནས༔ སྒོ་དང་འདྲ་བའི་ཕྱི་ནང་ལ་ཟང་ཐལ་བའི་མིག་དང་རྣ་བ་དང་སྣ་དང་ལྕེའི་རྩ་སྒོ་སྟོང་པའི་ལམ་སྒོ་ལྔ་དང་བཅས་པའི༔ བདག་འཛིན་འཁྲུལ་པའི་ལུས་ཕྱི་ནང་གྲུབ་བོ༔ དེར་ལུས་ཀྱི་སྙིང་སྲོག་རྩ་སྟོང་པའི་སྟེང་ན་རང་ཤེས་རིག་པའི་རྒྱལ་པོ༔ སེམས་དངོས་མེད་དེ་རང་ལ་རང་གིས་བདག་འཛིན་མ་ཤོར་བར་བྱས་ནས༔ སྒོ་ལྔ་ཕྱི་ནང་མེད་པར་ཟང་ཐལ་དུ་ཡོད་པ་ན་ཕར་བལྟས་པས༔ མིག་ལ་བལྟས་པས༔ ཕྱི་རོལ་དུ་གཟུགས་སྣ་ཚོགས་སུ་མཐོང་བ་བྱུང༔ རྣ་བ་ལ་སྒྲ་སྣ་ཚོགས༔ སྣ་ལ་དྲི་སྣ་ཚོགས༔ ལྕེ་ལ་རོ་སྣ་ཚོགས་བྱུང་ངོ༔ དེར་དེ་རྣམས་མི་གཅིག་སྣ་ཚོགས་འདུག་པ་ལ་རྒྱ་མཐོངས་འདྲ་བའི་རང་གི་ངོ་བོ་ལ་བལྟས་ཙ་ན་སྟོང་པ་ལས་ཅི་ཡང་མི་འདུག་སྟེ༔ ཕྱི་རོལ་དུ་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་སྣང་གི་འདུག་པ་དེ༔ རང་དུ་མ་ཤེས་གཞན་ལོགས་ན་ཡོད་པར་འཁྲུལ་ནས་ཆགས་སྡང་བྱས་པ་ལྟར་གྱིས༔ དངོས་པོར་ཆགས་སྡང་གི་སྣང་བ་ཟད་མེད་སྐྱེས་ནས༔ དེའི་སྒྲོག་ཏུ་ཚུད་དེ་འཁོར་བའི་འཁྲུལ་པའི་གཟུགས་སུ་འཁྱམས་པ་ཡིན་ནོ༔ གཉིས་པ་འཁྲུལ་པ་དེ་ཉིད་རང་གི་སེམས་སུ་རིག་ཅིང་རྟོགས་པ་ནི༔ འཁོར་བའི་ཆགས་སྡང་སྣ་ཚོགས་ལ་ཞེན་ལོག་སྐྱེས་ནས༔ རང་སེམས་ཀྱི་སྟེང་དུ་ཁ་ནང་དུ་ལོག་ནས་རང་ལ་བལྟས་པས༔ ཕྱི་ནང་གི་སྣང་བ་གང་ཡང་མ་གྲུབ་པར་ཤེས་ཏེ༔ མེད་བཞིན་དུ་ཕྱི་རོལ་དུ་སྣང་བ་སྣ་ཚོགས་ཡུལ་དུ་འཆར༔ འདི་ཅི་ལས་བྱུང་བལྟས་པས་འབྱུང་བ་ལྔ་འདུས་ཀྱི་སྙིང་རྩ་སྟོང་པ་གྲོ་སོག་གི་སྦུ་གུ་ལྟ་བུའི་ལམ་ཁ་དོག་ལྔར་ཡོད་པའི་མདངས༔ རིག་པ་དངོས་མེད་ཀྱི་འགྱུ་བྱེད་ལ་ཕོག་པས་རྩ་རེ་ལ་འཆར་སྒོ་མི་འདྲ་བ་རེ་རེའི་སྣང་བ་བྱུང་བ་ཡིན་ནོ༔ དེ་ལ་བརྟེན་ནས་རེ་རེ་ལས་ཕྱེ་བས་རྣམ་རྟོག་སྣ་ཚོགས་བྱུང་ཡང་ཕྱི་ན་སྣང་བ་ཅི་ཡང་གྲུབ་པ་མེད༔ རྩ་དེ་ཚོ་གང་ལ་ཤེས་པས་འགྱུས་པ་དེའི་མདངས་ཕྱི་རོལ་དུ་སྣང་བ་འཆར་བ་ཡིན་ནོ༔ རྩ་རིགས་རེ་ལ་སྣང་བ་མི་འདྲ་བ་རེ་འཆར་ཡང༔ ཤེས་པ་གཅིག་ལས་མེད་པས་རེས་མོས་བྱེད་པ་ལས་དུས་གཅིག་ལ་སྒོ་ལྔ་ཀར་མི་འཆར་རོ༔ དེ་ནས་རྣམ་ཤེས་རིག་པའི་ངོ་བོ་གང་དུ་ཡང་མ་གྲུབ་པ་འདི་ལས་ཕྱི་ན་སྣང་བ་གྲུབ་པ་མི་འདུག༔ སྣང་བ་སྒོ་ལྔའི་མདངས་ཀྱིས་འཁྲུལ་པར་འདུག༔ སྒོ་ལྔའི་སྣང་བ་བདག་ཏུ་འཛིན་པའི་ཤེས་པའི་རྩ་བར་ཐུག་འདུག་པས༔ བདག་འཛིན་མེད་ན་སྒོ་ལྔའི་ཡུལ་ཡང་མ་གྲུབ་པར་ཤེས་པ་ནི༔ འཁྲུལ་པ་སེམས་སུ་རིག་ཅིང་རྟོགས་པ་ཡིན་ནོ༔ གསུམ་པ་འཁྲུལ་པ་རང་སར་གྲོལ་ལུགས་ནི་ཐམས་ཅད་ཀྱི་རྩ་བ་རང་གི་སེམས་སུ་རྟོགས་ནས༔ རང་སེམས་ཀྱི་ངོ་བོ་གང་ལྟར་ཡིན་པའི་སྟེང་དུ་མ་བཅོས་རང་སར་ཀློད་བཞག་པས་བལྟ་རུ་མེད་པའི་ཆོས་ཉིད༔ སེམས་རང་གསལ་དུ་སིང་ངེ་བ༔ བདག་འཛིན་གྱི་ཞེན་པ་ཐམས་ཅད་རང་སར་གྲོལ་ནས༔ གཟུང་འཛིན་གྱི་སྣང་བ་ལུས་ཀྱི་འཁྲུལ་པ་ཞིག་སྟེ༔ སྔར་གྱི་གཞི་ཆོས་ཉིད་ཀྱི་སྟེང་དུ་གྲོལ་འགྲོ་བ་ཡིན་ནོ༔ དེ་ཙ་ན་ཆོས་ཉིད་མ་བུ་འདྲེས་པ་ཞེས་བྱ་སྟེ༔ སྔར་གྱི་འཁྲུལ་པའི་ལུས་ཀྱི་བག་ཆགས་ཕྲ་མོ་ཙམ་ཡང་མེད་པར་ཕུང་པོ་ལྷག་མེད་དུ་སངས་རྒྱ་བ་ཡིན་ནོ༔ དེ་ལ་ཇི་ལྟར་བྱས་ཀྱང་ཆོས་ཉིད་ཀྱི་ངང་མིན་པ་གཞན་མེད་དོ༔ ངོ་བོ་གཞིའི་ཐོག་ཏུ་ལྡོག་པ་ལ་གཞི་ལས་འབྲས་བུ་ཁྱད་པར་དུ་གྱུར་པ་ནི༔ འབྲས་བུ་རྒྱུར་མི་ལྡོག་པས༔ རྣམ་པར་བྱང་ཆུབ་པ་ཀུན་གྱི་གཞི་མ་ཡིན༔ དེ་ཡང་ཆོས་ཉིད་དེ་ཕྱོགས་མེད་དུ་མ་འགགས་གསལ་བར་ཡོད་པས༔ གཞན་སྣང་ས་ལེ་མཐོང་གི་འདུག་ཀྱང༔ དེ་རྣམས་ལ་རང་སྣང་གི་འཛིན་པ་ཡང་མེད་པར་དག་ནས༔ དུས་དང་ཕྱོགས་རིས་མེད་པར་ཀུན་ཐམས་ཅད་རྩོལ་མེད་དུ་གསལ་བ་ནི༔ ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་བྱ་སྟེ་སངས་རྒྱས་པ་ཡིན་ནོ༔ དེ་ལ་སྐུ་གསུམ་དུ་དབྱེ་ཚུལ་ནི༔ གཟུང་འཛིན་ཐམས་ཅད་རང་སར་དག་པའི་སེམས་ཉིད་ནམ་མཁའ་ལྟ་བུའི་ཆོས་ཉིད་ཆོས་སྐུ་ཡིན༔ ནམ་མཁའི་ངང་ལས་སྤྲིན་བྱུང་བ་བཞིན༔ རྟོག་པ་མེད་པའི་གསལ་ཆ་མཁྱེན་པ་ཡོད་པ་ནི་ལོངས་སྐུ་ཡིན་ལ༔ སྤྲིན་ལས་ཆར་བྱུང་བ་བཞིན་མཁྱེན་པའི་ཡེ་ཤེས་ལས་སྤྲུལ་པ་གང་ལ་གང་འདུལ་ཆོས་སྣ་ཚོགས་ཆུ་ཟླ་བཞིན་འབྱུང་བ་ཡིན་ནོ༔ དེ་ནི་སྤྲུལ་སྐུའོ༔ དེ་རྣམས་དབྱེར་མེད་དོན་ལ་གཅིག་པ་ཆོས་སྐུ་ཐིག་ལེ་ཉག་གཅིག་ཏུ་ངོ་སྤྲད་དོ༔ དེ་ནི་རབ་སྒོམ་པ་ཟང་ཐལ་དུ་སངས་རྒྱ་བ་ཡིན་ནོ༔ འབྲིང་ཚེ་འདིར་མ་བསྒོམ་ཡང་ཆོས་ཉིད་ངོ་སྤྲད་ན་གཟུང་འཛིན་ལུས་ཀྱི་འཁྲུལ་པ་ཞིག་ནས༔ ཆོས་ཉིད་ངང་དུ་ཁྲོལ་གྱིས་གྲོལ་བའི་དུས་སྐད་ཅིག་མ་གསུམ༔ དམྱལ་བར་འགྲོ་བ་དང་སངས་རྒྱས་པའི་ཟང་ཐལ་ཉིད་མ་གཏོགས་པ༔ སེམས་ཅན་ཐམས་ཅད་ནམ་ཤི་བའི་ཚེ་འོང་བས༔ དེ་སྐད་མ་ཤི་ཚུན་ཆད་མ་འཁྲུལ་བར་ངོས་ཟིན་ན་དེ་ཀར་སངས་རྒྱ༔ ཀུན་གཞི་སྟོང་པའི་སྟེང་ནས་སེམས་ཅན་སངས་རྒྱ་བ་ཡིན་ཏེ༔ སངས་རྒྱས་ནས་མི་བཟློག་པ་ཡིན་ནོ༔ དེ་ལྟར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་གྱུར་པ་ཟེར་བ་བྱས་པ་ཡིན་ནོ༔ དེ་མ་ཡིན་པའི་གང་ཟག་ཐ་མ་ཆོས་མེད་འཁྲུལ་པ་རང་གར་སྤྱོད་པ་རྣམས༔ ཤི་ཁར་འཁྲུལ་སྣང་གཟུང་འཛིན་དག་ནས་ཤེས་རིག་དྭངས་པའི་གསལ་ཆས༔ གཞན་སྣང་གི་རྣམ་པ་མཐོང་བ་ལ་ཆགས་སྡང་ཕྲ་མོ་ཙམ་གྱིས་གཟུང་འཛིན་དྲག་པོ་སྐྱེས་ནས༔ གང་ལ་ཆགས་སྡང་སྐྱེས་པའི་དུས་སུ་འཁྲུལ་ནས་འཁོར་བར་འཁྱམས་པ་ཡིན་ནོ༔ དེ་ལྟར་འཁོར་འདས་གཉིས་ཀྱི་བར་ན་དུས་སྐད་ཅིག་མ་གསུམ་གྱི་རིག་མ་རིག་ལས་མེད་པས༔ སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས༔ སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད༔ སྐད་ཅིག་གཅིག་གིས་འཁོར་བར་འཁྱམས༔ ཞེས་གསུངས་སོ༔ ཨེ་མ་ཅིར་ཡང་མ་གྲུབ་ཀུན་གཞི་ལས༔ སེམས་བྱུང་བདག་བཟུང་མ་རིག་འཁྲུལ༔ སྣང་བའི་ཆགས་སྡང་འཁོར་བར་འཁྱམས༔ འཁོར་བ་ལས་ལྡོག་རང་བྱུང་ལམ༔ གཟུང་འཛིན་སྣང་བ་སེམས་སུ་ཤེས༔ སེམས་ཉིད་མ་བཅོས་འཁྲུལ་པ་ཞིག༔ ཞེན་འཛིན་དག་པས་ཆོས་ཉིད་ངང༔ འབྲས་བུ་བླ་མེད་མངོན་སངས་རྒྱ༔ མ་འགགས་མཁྱེན་པའི་ཡོན་ཏན་རྫོགས༔ ཚིག་གསུམ་གནད་ཀྱི་གསང་ལམ་འདི༔ མན་ངག་བརྡ་ཡི་གབ་འགྲོལ་ཏེ༔ རྡོ་རྗེ་སེམས་དཔའི་སྙིང་ཏིག་ཡིན༔ སེམས་ཉིད་གསལ་བའི་མེ་ལོང་དུ༔ བདག་འདྲ་ཨོ་རྒྱན་པདྨ་ཡིས༔ ཡི་གེ་མེད་པའི་སྙན་བརྒྱུད་དུ༔ ཡང་གསང་དགོངས་གཏེར་ནང་དུ་སྦས༔ སྙིང་གི་བུ་དང་འཕྲད་པར་ཤོག༔ ྈྈྈ ྈྈ ྈྈ སརྦ་མངྒ་ལཾ།། ༄༅༔ ཆིག་ཆོད་ཀུན་གྲོལ་གྱི་རྟགས་ཚད་ཀྱི་ཡི་གེ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈ བཅོམ་ལྡན་རིག་པ་ཡེ་ཤེས་ལྷ་ལ་ཕྱག་འཚལ་ལོ༔ རྫོགས་ཆེན་ཡང་གསང་ཀུན་གྲོལ་ཆེན་པོ་ཡི༔ འབྲས་བུ་འབྱིན་པའི་དུས་ཚོད་ངེས་བསྟན་པའི༔ ལམ་གྱི་རྟགས་ཚད་འདི་ཉིད་མེད་གྱུར་ན༔ ཐུན་མོང་རྣམས་དང་ཁྱད་མེད་སྒྲུབ་པ་གཡེལ༔ བརྩོན་འགྲུས་ཉམས་པས་བསྒྲུབས་པའི་རྟགས་མི་ཐོན༔ དེ་ཕྱིར་རྟགས་ཀྱི་ཡི་གེ་རབ་ཏུ་གཅེས༔ ཆོས་ཉིད་ཉམས་སུ་ལེན་པའི་སྐྱེས་བུ་ལ༔ ལམ་གྱི་རྟགས་ནི་འདི་ལྟར་འོང་ངོ་བུ༔ དེ་ལ་སྐྱེས་བུ་བརྩོན་འགྲུས་དང་ལྡན་པས་ཉམས་སུ་བླངས་པས༔ འབྲས་བུ་མྱུར་དུ་ཐོབ་པ་ལམ་གྱི་རྟགས་ནི༔ ངེས་མེད་དང་ངེས་ཅན་གཉིས་སོ༔ ངེས་མེད་ནི་གཞིའི་རྟགས་ཞེས་བྱ་སྟེ༔ སྔོན་གྱི་འབྲེལ་པ་ལ་བརྟེན་ནས་མ་བསྒོམ་པ་ལ་ཡང་ཡོད་པས༔ གཏད་པ་མེད་པས༔ འདིར་མ་བྲིས་སོ༔ ངེས་ཅན་གྱི་རྟགས་ནི༔ ཉམས་སུ་བླངས་པས་འབྱུང་སྟེ༔ དེ་ལ་ཡང་འགྱུར་བ་དང་མི་འགྱུར་བ་གཉིས་ཡིན༔ འགྱུར་བ་ལ་ཡང་དངོས་དང་ཉམས་གཉིས༔ དང་པོ་སྔོན་འགྲོ་འཁོར་འདས་རུ་ཤན་འབྱེད་པའི་དུས་སུ༔ དངོས་སུ་ལུས་ཁང་རུལ་གྱི་རྩིག་པ་བཞིན་ཞིག་ལ་ཁད་འོང༔ ངག་ཐང་ཆད་པའི་དབུགས་བཞིན་ངལ་བ་འོང༔ ཡིད་གདོན་གྱིས་ཟིན་པ་བཞིན་ཕྱད་ཕྱོད་འོང་སྟེ༔ འཁོར་འདས་རུ་ཤན་ཕྱེད་པའི་རྟགས་ཡིན༔ ཉམས་ལ་འཁོར་བའི་ལུས་ངག་ཡིད་གསུམ་ལ་ཞེན་ལོག་སྐྱེས་ནས༔ ཁམས་གསུམ་གྱི་སྒྲིབ་པ་དག་ནས་འཁོར་བའི་རུ་ཤན་ཕྱེད་པའི་རྟགས་ཡིན༔ དེ་བཞིན་མ་བྱུང་ན་ཉམས་ལེན་མ་བྱས་པའི་རྟགས་ཡིན་པས་བསྐྱར་ལ་བྱའོ༔ ལུས་ངག་ཡིད་གསུམ་གྱི་དལ་བ་བསྟེན་པས༔ ལུས་དངོས་སུ་བདེ་བ་དང༔ ངག་སྨྲ་སྙིང་འདོད་པ་དང༔ ཡིད་སྣང་བ་ཐམས་ཅད་ནམ་མཁའ་ལྟ་བུ་ཡིན༔ ད་ཅི་ཡང་གྲུབ་པ་མེད་སྙམ་པ་དང༔ མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་དང༔ ཆོས་ལ་སྤྲོ་སེམས་སྐྱེའོ༔ ཉམས་སུ་ལུས་མི་དྲན་ངག་རླུང་འགྱུ་བ་མི་ཚོར༔ སེམས་མི་རྟོག་པའི་ངང་ལ་འབྲལ་མི་ཕོད་པ་སྒོམ་འདི་རང་ཡིན་སྙམ་པ་འོང༔ དེ་ནི་མྱ་ངན་ལས་འདས་པའི་སེམས་ཀྱི་གནས་ཆ་ཟིན་པའི་རྟགས་ཡིན་ནོ༔ དེ་ལྟར་མ་བྱུང་ན་མ་བསྒོམ་པ་ཡིན་པས་རྩོལ་བ་སྐྱེད་དུ་གཞུག་གོ༔ དེ་རྣམས་འཕྲལ་རྟགས་ཙམ་ལས་མི་བརྟན་འགྱུར་བ་ཡིན་ནོ༔ དེ་ནས་དངོས་གཞི་ལྟ་བས་རིག་པ་མངོན་སུམ་དུ་གཏན་ལ་ཕེབས་པའི་རྟགས་ནི༔ དངོས་སུ་ལུས་ངག་ཡིད་གསུམ་ལ་རང་གཞན་ཀུན་གྱིས་མཐོང་བར་ཞེན་ལོག་སྐྱེ༔ ཚེ་འདིའི་བྱ་བ་ལ་བློ་མི་འཇུག་པའོ༔ ངག་མི་སྨྲ་ལྐུག་པ་ལྟ་བུར་འགྱུར༔ ཡིད་འཁོར་བའི་ཆོས་ལ་སྐྱོ་ཤས་སྐྱེ༔ བླ་མ་ལ་མོས་གུས་ཀྱི་གདུང་བ་མཆོག་ཏུ་སྐྱེ༔ འགྲོ་བ་ཡོངས་ལ་སྙིང་རྗེ་མཆི་མ་འཆོར་བ་སྐྱེ༔ ལས་རྒྱུ་འབྲས་ལ་ཡིད་ཆེས༔ སྡིག་སྤོང་དགེ་བ་བསྒྲུབ་པ་ལ་བརྩོན་པ་འོང༔ ཉམས་རྟགས་ལུས་ཡང་དུ་འགྲོ༔ སྐབས་སུ་ལུས་མི་དྲན༔ ངག་རླུང་གི་འབྱིན་འཇུག་མི་དྲན༔ ཡིད་ལ་ཐམས་ཅད་བདེན་མེད་དུ་བུན་བུན་པ་ཡོང༔ སྐབས་སུ་སངས་རྒྱས་རང་འདི་ཀ་ཡིན་སྙམ་པ་འོང༔ དེ་རྣམས་རྟག་མི་ཐུབ་འགྱུར་བ་ཡིན་ནོ༔ མི་འགྱུར་བའི་རྟགས་ནི༔ མཐོང་སྣང་ལྟ་བ་ནམ་མཁའི་ཀློང་དུ་རིག་པ་མངོན་སུམ་དུ་རྗེན་ཁྲེས་སེ་བ་ལ་གསལ་འགྲིབ་མེད་པ་དང༔ སྣང་བ་གཞན་དུ་མི་འཕྲོ་བ་ནི༔ རིག་པ་ཆོས་ཉིད་དུ་གཟེར་ཐེབས་པའི་ཚད་ཡིན་ནོ༔ ཤེས་པའི་ཉམས་རྟགས་སུ་ཤེས་པ་གར་འཕྲོས་ཀྱང༔ རང་གི་སེམས་རྟོགས་ཤིང་རིག༔ རྣམ་རྟོག་འཕྲོས་པ་དེ་རང་སྣང་དུ་ཚུར་གུག་འོང༔ བདེན་པ་གང་ཡང་མ་གྲུབ་པར་ནམ་མཁའ་ལྟ་བུ་ཡིན་སྙམ་པར་རྟོགས་པ་དེ༔ སྣང་བ་སེམས་སུ་ལྟ་བས་གཏན་ལ་ཕེབས་པའི་རྟགས་ཡིན་ནོ༔ དེ་ཉིད་རྨི་ལམ་དུ་ཡང་གཟུང་ན་ཟིན་པ་ནི༔ མི་འགྱུར་བའི་ཚད་ལ་ཕེབས་པའི་རྟགས་ཡིན་ཏེ༔ དེ་ཉིད་བསྐྱང་ན་ལོ་བདུན་ན་ཟག་བཅས་ཀྱི་ཕུང་པོ་མི་སྣང་བར་སྤྲུལ་པའི་སྐུར་སངས་རྒྱའོ༔ རྨི་ལམ་མི་ཟིན་འཆི་ཁར་སངས་རྒྱའོ༔ དེ་བས་སྒྲུབ་ལ་ནན་ཏན་བསྐྱེད་པ་སྐྱེས་བུ་རབ་ཀྱི་སྤྱོད་པའོ༔ དེ་ནས་མངོན་སུམ་རྟོགས་པར་ཉམས་སུ་མྱོང་བའི་རྟགས་ནི༔ དངོས་ཀྱི་རྟགས་ནི་ལུས་ངག་ཡིད་གསུམ་ལ༔ ལུས་ཡང་ལ་ཟོ་མདོག་བདེ༔ ངག་གསོང་པོར་མ་བསླབ་པའི་ཆོས་སྐད་ཤེས་པ་འོང༔ ཡིད་ལ་མངོན་ཤེས་ཐོ་རེ་སྐབས་སུ་འཆར༔ མཐོང་སྣང་སྣང་བ་ཐམས་ཅད་འཇའ་འོད་ལྟ་བུར་ལྷག་འོང་བས༔ རེས་འགའ་སྐུ་དང་ཐིག་ལེའི་རྣམ་པ་ཤིག་ཤིག་པ་འོང༔ རེས་སྟོང་སང་གཏད་མེད་ལ་འགྲོ་བ་འོང༔ བླ་མའི་མོས་གུས་ལྷག་པར་ཆེ་བ་རྒྱུ་འབྲས་ལ་བག་ལྷོད་འགྲོ་སྟེ༔ ཉམས་ལ་རང་ལུས་འོད་དུ་འཕྲོ་བ་དང༔ རེས་རང་ལུས་མེད་པ་སྙམ་པ་དང༔ ངག་བྲག་ཅ་ལྟ་བུ་དྲན་མེད་དུ་སྨྲ༔ ཡིད་བདེ་གསལ་དུ་གྱུར་ནས་ཅི་ཡང་མི་སྣང་བ་འོང༔ སྐབས་སུ་སྟོང་སང་སོང་ནས་མི་རྟོག་པ་འོང༔ དེ་རྣམས་བྱུང་ཡང་མི་བརྟན་འགྱུར་བ་ཡིན་ནོ༔ མི་འགྱུར་བའི་རྟགས་ནི༔ དངོས་འཛིན་གྱི་སྣང་བ་མི་འཆར་བར་ཐམས་ཅད་འོད་སྣང་འབའ་ཞིག་ཏུ་འཆར༔ ཤར་ཡང་གཏད་འཛིན་མེད་པར་རྟོགས་པ་ནི༔ སེམས་ཉིད་སྟོང་པར་སྒོམ་པས་ཉམས་སུ་མྱོང་བས་གཏན་ལ་ཕེབས་པའི་རྟགས་ཡིན་ནོ༔ དེ་ཉིད་རྨི་ལམ་དུ་ཡང་འཆར་བ་ནི༔ མི་འགྱུར་བའི་ཚད་ལ་ཕེབས་པ་ཡིན་ཏེ༔ དེ་ཉིད་བསྐྱངས་པས་ལོ་གསུམ་ན་ཟག་བཅས་ཀྱི་ཕུང་པོ་མི་སྣང་བར༔ དངོས་མེད་ཡེ་ཤེས་ལོངས་སྐུར་སངས་རྒྱ་བ་ཡིན་ནོ༔ དེ་ནས་སྟོང་པ་ཤུགས་འབྱུང་རྩོལ་མེད་རང་སར་གྲོལ་བའི་རྟགས་ནི༔ དངོས་རྟགས་ལུས་ངག་ཡིད་གསུམ་ལ༔ ལུས་ལ་ཞེན་ཆགས་མེད་ཅིང་ཆུ་ལ་མི་འཇིགས་པ་དང༔ ལུས་ལ་དེ་སྔ་མེད་པའི་རྟགས་བཟང་པོ་རང་གཞན་གྱིས་མཐོང་བ་འོང༔ ངག་གཞན་ལ་འདུན་པ་མ་གཏད་པར་ཕན་པའི་ཆོས་སྐད་དང༔ ཡིད་ལ་ཟག་མེད་ཀྱི་མངོན་ཤེས་འཆར་རོ༔ ཉམས་ལ་ལུས་ངག་ཡིད་གསུམ་གང་ལ་ཡང་འཛིན་པ་མི་དྲན་བརྗེད་པ་འོང༔ སྣང་བ་ཅི་ཤར་ཐམས་ཅད་འཛིན་མེད་དུ་ཁྲོལ་ལེ་འགྲོ་བ་འོང༔ རི་བྲག་ལ་སོགས་པ་ཟང་ཐལ་ལ་སོང་སྙམ་པ་འོང་སྟེ་འགྱུར་བ་ཡིན་ནོ༔ མི་འགྱུར་བའི་རྟགས་ནི༔ སྣང་བ་ཇི་ལྟར་ཤར་ཡང་གཏད་མེད་དུ་དགག་སྒྲུབ་མེད་པར༔ འཛིན་མེད་དུ་གྲོལ་ནས་ཉིན་མཚན་བྱེ་བྲག་མེད་པར་དྲན་པས་འཛིན་མི་དགོས་པར་རང་བཞིན་གྱིས་སྣང་སྟོང་གཉིས་མེད་དུ་གྲོལ་བ་ནི༔ སྤྱོད་པ་ཤུགས་འབྱུང་རང་གྲོལ་དུ་གཏན་ལ་ཕེབས་པའི་རྟགས་ཡིན་ནོ༔ རྨི་ལམ་གྱི་འཁྲུལ་པ་གཏན་ནས་ཆད་པ་ནི་མི་འགྱུར་བའི་ཚད་ལ་ཕེབས་པ་ཡིན་ནོ༔ དེ་ཉིད་བསྐྱང་ན་ལོ་གཅིག་ནས་ཟག་བཅས་ཀྱི་ཕུང་པོ་མི་སྣང་བར་ལྷག་མེད་དུ་ཆོས་སྐུར་སངས་རྒྱ་བ་ཡིན་ནོ༔ དེ་ནས་རང་གྲོལ་ལྷུན་གྲུབ་འབྲས་བུ་ཟད་སར་སྐྱོལ་བའི་རྟགས་ནི༔ གཞན་སྣང་དུ་འཆར་བ་ལས༔ རང་སྣང་རྟགས་དང་ཚད་ལ་སོགས་པ་ལམ་གྱི་སྣང་བ་ཐམས་ཅད་ཟད་ནས༔ ཆོས་ཉིད་ཟད་པའི་སྣང་བ་ཞེས་བྱ་བ་སྣང་བའི་འགྱུ་བྱེད་ཟད་ལ༔ སྟོང་པའི་གནས་ཆ་མེད་པ་སྣང་སྟོང་གཉིས་མེད་དོན་ལ་གསལ་འགྲིབ་འགྱུར་ལྡོག་གང་ཡང་མེད་པའི་རང་གསལ་བྲལ་འཕྲད་མེད་པ༔ ཡོད་པར་བཅོས་སུ་མེད༔ མེད་པར་གཞིག་ཏུ་མེད་པའི་གསལ་སྟོང་འཛིན་མེད་རྗེན་ཁྲེས་ཀྱིས་འགྲོའོ༔ དེ་ལ་བཅོས་རྒྱུ་དང་གཟུང་འཛིན་གྱི་འཕེལ་འགྲིབ་གང་ཡང་མེད་པས༔ རྟགས་ལས་འདས་པ་ཞེས་བྱ་སྟེ༔ ཆོས་སྐུ་ལྷུན་གྱིས་གྲུབ་པ་དེ་ཉིད་སྐྱོང་བ་ལས་སངས་རྒྱས་གཞན་མེད་དོ༔ གཞན་སྣང་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་མཁྱེན་པ་མ་འགགས་པར་འཆར་བས༔ གཟུགས་སྐུའི་འགྲོ་དོན་རྩོལ་མེད་དུ་འབྱུང་བ་ཡིན་ནོ༔ དེ་ལྟར་དངོས་པོ་གཤིས་ཀྱི་གནས་ལུགས་ཀུན་ལ་ཁྱབ་པ་ལས༔ ལམ་རང་བྱུང་ཡེ་ཤེས་རྟགས་ཚད་ལ་མ་ཕབ་ན༔ འབྲས་བུ་ལྷུན་གྲུབ་ཀྱི་དུས་ནམ་འབྱིན་དོན་མ་རྟོགས་པར༔ སྒྲུབ་པ་དལ་ཁོམ་ལ་སོང་ནས་ཉམས་ལེན་ཡིན་ཐོག་ཏུ་དྲེད་འོང་བས༔ རྟགས་ཚད་ཀྱི་ཡི་གེ་འདི་རབ་ཏུ་གཅེས་སོ༔ འདི་མེད་ཐེག་པ་ཐུན་མོང་སོགས་དང་ཁྱད་མེད་སྟོང་ཡུག་ཡིན༔ འདི་ཡོད་འབྲས་བུ་མྱུར་ཐོབ་རང་གཞན་དོན་གཉིས་འགྲུབ༔ རྡོ་རྗེ་སེམས་དཔས་བྱིན་བརླབས་དགའ་རབ་ཐུགས་ལ་ཤར༔ ཤྲཱི་སིཾ་ཧས་རྗེས་བཟུང་ཨོ་རྒྱན་བདག་ལ་གཏད༔ སྐལ་ལྡན་ལས་ཅན་གཅིག་དང་འདི་འཕྲད་ཤོག༔ སྐལ་མེད་ལོག་ལྟ་ཅན་ལ་སྦ་བར་བྱ༔ གལ་ཏེ་སྣོད་ལྡན་བྱུང་ན་དོན་རྒྱུད་སྦྱིན༔ དཔེ་རྒྱུད་དམ་དུ་བྱེད་པའི་བཀའ་རྒྱ་ཡོད༔ ཨེ་མ་ངོ་མཚར་རྨད་ཀྱི་ཆོས་མཆོག་འདི༔ ཡང་བཅུད་དགོངས་གཏེར་ཀླུ་བདུད་ལྟོ་བར་སྦས༔ མགོན་པོ་ནག་པོ་དཔལ་ཆེན་མཁའ་འགྲོ་དང༔ ཆོས་སྐྱོང་བསྟན་སྲུང་གཏེར་བདག་དྲག་པོ་ལ༔ གཏད་དོ་གཉེར་རོ་བཀའ་འདི་ཐུབ་པར་སྲུངས༔ ྀཨཚ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈ ྈྈྈ སརྦ་མངྒ་ལཾ།། ༄༅༔ ཨ་ཏི་ཆིག་ཆོད་ཀུན་གྲོལ་གྱི་རྗེས་ཀྱི་ལ་བཟླ་བ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈ རང་རིག་རྟོགས་པའི་གདིང་ལ་ཕྱག་འཚལ་ལོ༔ རྫོགས་པ་ཆེན་པོ་ཡང་གསང་ཆིག་ཆོད་ཀུན་གྲོལ་ཆེན་པོའི༔ གནད་ཀྱི་མན་ངག་དངོས་གཞིའི་ཁྲིད་ཀྱིས་སེམས་ཉིད་གཏན་ལ་ཕབ་ནས༔ རྗེས་ཀྱི་མན་ངག་དེ་ཉིད་མཐར་ཐུག་ཏུ་ལ་བཟླ་བ་ནི་བཞི་སྟེ༔ དང་པོ་གང་ཟག་རབ་ལ་བརྩོན་འགྲུས་ཅན༔ རང་གིས་རྟོགས་ཤིང་བླ་མས་ངོ་སྤྲད་པའི་དོན༔ རང་སེམས་ཆོས་སྐུར་མངོན་དུ་རྟོགས་པ་དེ་ཉིད་ལ༔ དཔེར་ན་མི་ཆེན་པོ་རང་གིས་རང་སྐྱོང་བ་དང་འདྲ་བར༔ ངང་ལ་ངང་གིས་ཟང་ཐལ་ངེས་མེད་གང་བདེར་སྐྱོང་བ་ལས༔ གཞན་ཅི་ཡང་བྱར་མེད་པར་བྱར་མེད་ལྷུན་གྲུབ་ཡིན༔ ཟླ་བ་གསུམ་གྱིས་མངོན་པར་རྫོགས་པར་སངས་རྒྱ་བ་ཡིན་ནོ༔ གཉིས་པ་གང་ཟག་འབྲིང་པོ་ལ༔ བལྟ་རུ་མེད་པའི་ལྟ་བ་ཕྱོགས་མེད་དུ་རྟོགས་ཤིང༔ སྒོམ་དུ་མེད་པའི་གསལ་སྟོང་འཛིན་མེད་དུ་མྱོང་བའི༔ སྤྱད་དུ་མེད་པའི་ཤུགས་འབྱུང་ངང་དུ་སྤྱད་པས༔ རེ་དོགས་མེད་པའི་འབྲས་བུ་ཐོབ་བོ༔ རང་བྱུང་ལྷུན་གྲུབ་ཏུ་སངས་རྒྱས་པས༔ དཔེར་ན་བྱིས་པ་མི་ཡིན་ཡང་ཆེན་པོར་རྩལ་རྫོགས་དགོས་པ་དང་འདྲ་བར༔ དེ་ཀའི་ངང་དུ་མ་ཡེངས་བྱར་མེད་ལྷུག་པར་ཉལ་བའི་སྤྱོད་པ༔ ཞི་གནས་ཀྱི་གནས་ཆ་ལ་མ་ཞེན་པའི༔ ལྷག་མཐོང་གོ་ཡུལ་ལ་མ་ཤོར་བར༔ རྩལ་སྦྱངས་པས་བརྩོན་འགྲུས་འབྲིང་པོ་གཅིག་ལོ་གསུམ་ན་སངས་རྒྱ་བ་ཡིན༔ གསུམ་པ་གང་ཟག་ཐ་མས་རང་སེམས་སངས་རྒྱས་སུ་ཤེས་པའི་དོན་དེ་ཉིད་བལྟ་རུ་མེད་ཀྱང༔ གནས་སྐབས་ལྟ་བའི་ཉུལ་དང༔ དམིགས་པ་བསྒོམ་དུ་མེད་ཀྱང་དམིགས་མེད་ཀྱི་ངང་དུ་མ་ཡེངས་པར་བྱ༔ སྤྱོད་པས་སྤང་བླང་མེད་ཀྱང་ཆོས་ལས་མ་འགལ་བར་བྱ༔ འབྲས་བུ་ལྷུན་གྲུབ་ཡིན་ཡང༔ སྙོམ་ལས་ལེ་ལོར་མ་ལུས་པར༔ དཔེར་ན་བུ་ཆུང་མི་ཡིན་ཀྱང༔ ཆེན་པོར་འགྲོ་བ་ལ་ཕ་མས་མ་ཡེངས་པར་སྐྱོང་དགོས་པ་དང་འདྲ་བར༔ དབེན་པའི་གནས་སུ་མ་ཡེངས་པར་ལྟ་སྒོམ་སྐྱོང་བ་གལ་ཆེ༔ དེ་ལྟར་བྱས་པས༔ བརྩོན་འགྲུས་ཐ་མ་ཡིན་ཡང་ལོ་བདུན་ན་སངས་རྒྱ་བ་ཡིན་ནོ༔ བཞི་པ་གང་ཟག་ཡང་མཐའ་གཅིག་ཡིན་ཡང༔ ལྟ་སྒོམ་གྱི་དོན་འདི་མཐོང་བའི་གོ་བ་ལ་བརྟེན་ནས་ཐུན་མོང་གི་ལས་ལ་སྤྱོད་པ་ནི༔ འབྲས་བུ་རེ་དོགས་མེད་པའི་ངང་ནས་མི་དགེ་བ་སྤོང་ཞིང༔ དགེ་བ་སྤྱོད༔ དམ་ཚིག་སྡོམ་པ་ཐོབ༔ ཉམས་པ་མེད་པའི་ངང་ནས་ཉེས་ལྟུང་ཤོར་གོལ་མེད་པར་བསྲུང༔ བླ་མ་རང་སེམས་གཉིས་སུ་མེད་པའི་ངང་ནས་མོས་གུས་དང་གསོལ་འདེབས་དང་ཞབས་ཏོག་བྱ༔ བདག་དང་སེམས་ཅན་གཉིས་སུ་མ་གྲུབ་པའི་ངང༔ མ་རྟོགས་འཁྲུལ་པའི་འགྲོ་བ་གང་ལ་གང་ཕན་བྱ༔ རང་འདོད་ཀྱི་འདུན་པ་མེད་པའི་ངང་ནས་འགྲོ་བའི་དོན་དུ་བསྔོ་བ་སྨོན་ལམ་བྱ༔ དེ་རྣམས་ཐམས་ཅད་བདེན་མེད་སྒྱུ་མ་ཙམ་དུ་ཤེས་པའི་ཤེས་རབ་ཀྱིས༔ དོན་རང་སེམས་ཆོས་ཉིད་ཡིན་པའི་དྲན་པས་ཟིན་པའི་ངང་ནས་གཏད་མེད་དུ་བསྐྱངས་པས༔ ཚེ་གཅིག་ལ་སངས་རྒྱས་ཏེ་སྲིད་པ་བར་དོར་མི་འཁྲུལ་བ་ཡིན་ནོ༔ ལེ་ལོ་ཅན་གཅིག་ཡིན་ཡང་ཆོས་འདི་ཐོས་པ་དང་བཅངས་པ་ཙམ་ལ་བརྟེན་ནས་མོས་གུས་བྱས་པས༔ འཆི་ཁར་རང་གར་འདོད་པའི་སར་འདུན་པ་གཏད་པས༔ བར་དོ་མེད་པར་སྐྱེ་བ་གང་ལ་འཇུག་པར་རང་དབང་ཐོབ་ནས་ལས་ཀྱི་འཕྲོ་མཐུད་ནས་ཕྱི་མ་སངས་རྒྱ་བ་ཡིན་ནོ༔ རྗེས་ཀྱི་མན་ངག་ལམ་གྱི་རྒྱ་མདུད་ལྟ་བུ་རྫོགས་སོ༔ ས་མ་ཡ༔ ཨེ་མ་བདག་ཉིད་ཨོ་རྒྱན་པདྨ་ཐོད་ཕྲེང་གིས༔ ཤིན་ཏུ་ཟབ་པའི་མན་ངག་སྙིང་གི་བཅུད༔ ཁྲིད་ཡིག་གནད་ཀྱི་མཐར་འདོན་ལ་བཟླའི་ཆོས༔ ཀུན་གྱི་ཐུན་མོང་རྗེས་ཀྱི་མན་ངག་འདི༔ ཐུགས་གཏེར་ཡང་གསང་དགོངས་བཅུད་གཏེར་དུ་སྦས༔ སྐྱེས་བུ་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ྈྈྈྈ གུ་ཧྱ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ ྈྈྈ བདེ་གཤེགས་བྱིན་བརླབས་རྒྱ་གར་ཤར་ཕྱོགས་ཡུལ། །ཨོ་རྒྱན་ཐུགས་དགོངས་ཕ་ཝཾ་རུས་སྦལ་ལྟོ། །ཟངས་བུམ་ཡང་གསང་ཐུགས་ཀྱི་དགོངས་གཏེར་ནས། །ཐེག་པའི་མཐར་ཐུག་དམ་ཆོས་རྫོགས་ཆེན་འདི། །ཤཱཀྱའི་དགེ་སྦྱོང་རིན་ཆེན་གླིང་པས་བཏོན། །བོད་ཕྲུག་རྒྱ་གར་བསྐོར་བའི་དམ་ཆོས་ཟབ་ཤོས་ཡིན། །ས་མ་ཡ། རྒྱ་རྒྱ་རྒྱ། ྀཨཚ། དགེའོ།། ༄༅༔ རྫོགས་པ་ཆེན་པོ་ཆིག་ཆོད་ཀུན་གྲོལ་ཆེན་པོའི་བཏགས་གྲོལ་ཡིད་བཞིན་ནོར་བུ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈ བཅོམ་ལྡན་འདས་རང་གྲོལ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ༔ ཆོས་ཐམས་ཅད་ཀྱི་སྙིང་པོའི་མཐར་ཐུག་ཀུན་གྱི་སྙིང་པོ༔ རྡོ་རྗེ་སེམས་དཔའི་གསུང་ལས་རང་བབས་སུ་བྱོན་པ༔ རྫོགས་ཆེན་ཡང་གསང་ཆིག་ཆོད་ཀུན་གྲོལ་གྱི་མན་ངག༔ ཡིད་བཞིན་ནོར་བུ་ལྟ་བུ་བཅངས་པ་ཙམ་གྱིས་སངས་རྒྱ་བའི་གདམས་ངག་འདི་ལ་ལྔ་སྟེ༔ ཡིད་བཞིན་གྱི་ནོར་བུ་ལྟ་བུའི་གདམས་ངག་དངོས་དང་གཅིག༔ དེ་བཅངས་པའི་ཡོན་ཏན་དང་གཉིས༔ འཆང་བའི་ཐབས་དང་གསུམ༔ བཅངས་པས་གྲོལ་རྟགས་བསྟན་པ་དང་བཞི༔ བཀའ་རྒྱས་གདབ་པ་དང་ལྔའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དང་པོ་ཆོས་དངོས་ནི༔ ཨེ་མ་ཧོ༔ ཆོས་ཉིད་དོན་གྱི་ནམ་མཁའ་ལ་ཉི་མ་སྤྲིན་གྱི་གསེབ་ནས་ཐོན་པ་བཞིན༔ རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས་གསེར་འོད་ལྔ་དང་ལྡན་པའི་ཡི་གེ་རང་ཤར་དུ་བྱུང་བས༔ ཡང་དག་གསང་བའི་སྙིང་པོ༔ ཨོ་རྒྱན་གྱི་སྐད་དུ༔ ཨ་ཏི་ཀོ་ཙ་པ་མེ་ཀ་བུདྡྷ་ཀ་བི་ཨ༔ ཨ་ཊི་གྷུ་ཧ་བྷུདྡྷ༔ ཏ་ཐཱ་ཨེ་ཀ་ཀ་ར་བྷི་ཨ་ན་མ༔ བོད་སྐད་དུ༔ ཡང་ཏི་གསང་བའི་སངས་རྒྱས་སྲས་གཅིག་བཏགས་གྲོལ་ཞེས་བྱ་བ༔ ཀུན་བཟང་ཡངས་པའི་ཀློང་ལ་ཕྱག་འཚལ་ལོ༔ འདི་འཛིན་རྣལ་འབྱོར་སྐལ་པ་ཆེན་པོ་སྟེ༔ ཨཱོྃ་ཨཱཿཧཱུྃ་ཧྲཱི༔ ཨེ་མ་ཀེ་རི་ཀེ་རི༔ ས་མ་ཏ༔ བྷ་ལི་བྷ་ལི༔ སྭ་ཏི་སྭ་ཏི༔ སུ་རུ་སུ་རུ༔ ཀུན་དྷ་ལི༔ མ་སུ་མ་སུ༔ ཨི་ཀ་ར་ལི༔ སུ་བྷསྟ་ཡེ༔ ཙ་ཀི་རི་བྷུ་ལིང་ཏ་ཀི་ཏ༔ ལྕེ་ཡེ་ས་མུན་ཏ༔ ཙརྻ་སུ་ཀ་ཡེ༔ བྷི་ད་སེ་ན་བྱང་གུ་ལི༔ ཀེ་ར་ཀེ་དྷུ་ཀ་ན༔ མ་ཏ་རི་ནི་བེ་ཏ་ནི༔ ཕ་ར་ལམ་ལ༔ ཧི་སི་ནི༔ ས་མ་བྷུ་ད་ར་ཏ་མ༔ གྷ་ཙ་ར་ཏ་བཱ༔ སུརྒྱ་བྷ་ཏ་ར༔ ཨེ་བྷ་ཤ་ན་ས༔ ར་ན་པ་ཏི་ས༔ གུ་པི་ཏི་ཡ་ཐ་མ༔ གྷུ་ར་གྷུ་ར་པག༔ ཁ་ར་ན་ལམ༔ ན་ར་ན་ར༔ ཨི་ཐར་བྷུདྡྷ་བྷུདྡྷ་ཚི༔ ཤ་བ་གེ་ལམ༔ སར་རི་རི་ལ་ཁེ༔ པ་ཏ་ལ་ས་སིརྣ༔ བེ་ས་བེ་ས་རས་པ་ལམ༔ ཨི་ཨཱི༔ མ་མཱ༔ ར་རཱ༔ ཨཱ༔ རང་བྱུང་ཀུན་བཟང་ཡབ་ཀྱི་དགོངས་པའོ༔ ཨཱོྃ་ཨཱཿཧཱུྃ༔ ཨེ་མ༔ ཀེ་རི་ཀེ་རི༔ མ་དྷ་བ་ལི༔ ས་མི་ཏ༔ སུ་རུ་སུ་རུ༔ ཀུན་དྷ་ལི་མ་སུ་ཨི་ཀ་རི་ལི་བཱ་ཡཱེ༔ ཙ་ཀ་བྷུ་ལ་ཏེ༔ ལྕེ་ཡེ་ས་མུན་ཏ༔ ཙརྒྱ་སུ་ག་ཏི༔ ས་ན་བྱང་གྷུ་ཡེ༔ ཀ་རི་དྷ་ཀ་རི༔ དྷ་ཀ་མ་ཧཱ་རི་བཱེ༔ ཧ་ཏ་ན་ས་ར་ལི་ཧི༔ ས་ནཾ་ཀ་ར་ཀ་ཏེ་ལན༔ ས་བྷུ་ར་ཏ་མེ་ཀ་ར་ཙ་ལམ་ཏཾ་དྷ་པ༔ ཧ་ས་སུརྒྱ་གྷ་ཏ་ར་ཨ༔ ན་མ་པ་ར་བྷི་ཧི༔ སྟིས་གྷུ་ར་ལ༔ མ་སྨིན་ས་གྷུ་ལི་ཏ༔ ར་ན་ལམ༔ ན་ར་ན་ར༔ ན་ར་ན་ར༔ ཨི་ཐ་ར་པ་ཏ་ལམ༔ སིརྣ༔ སིརྣ༔ བྷེ་ས་ར་ལམ༔ ས་གྷེ་ལམ༔ བཱ་ས༔ རྀ་རཱྀ༔ ལྀ་ལྀ༔ ཨི་ཨི་མ་མཱ་ར་རཱ༔ ཨཱ༔ ཀུན་བཟང་ཡུམ་གྱི་དགོངས་པའོ༔ ཨཱོྃ་ཨཱཿཧཱུྃ༔ དབང་པོའི་ཞེན་པ་བཟློག་པའི་ཕྱིར༔ ཀརྨ་རཀྴ་གྷི་ཧཾ་ཧི༔ ཕུང་པོའི་ཞེན་པ་བཟློག་པའི་ཕྱིར༔ བྷེ་ག་ར་ན་སོ་གད་གླིང༔ ཡུལ་ཀུན་ཞེན་པ་བཟློག་པའི་ཕྱིར༔ སྤུ་ཏ་རི་ལ་བྷ་ཏུ་ཏྲི༔ སེམས་ཀྱི་དངོས་པོ་སྤུར་བའི་ཕྱིར༔ རཾ་པ་ཀ་ལ་ས་མི་ཁྱེ༔ བྱུང་ཚོར་གནས་སུ་དགག་པའི་ཕྱིར༔ ན་ཏད་ཕ་ཕེར་ར་མི་ཏ༔ འདུ་ཚོགས་སྣང་བ་ངོས་གཟུང་ཕྱིར༔ ཁ་དྷ་རཀྴ་ས་མིག་གླུ༔ རིག་པ་བཙོན་རར་གཞུག་པའི་ཕྱིར༔ ཨེ་ཁེ་ར་ན་བྷེ་ཙག་ཤ༔ འཁྲུལ་པའི་རང་རྒྱུད་ཁུངས་གཅད་ཕྱིར༔ ཡ་རི་མུ་ཏ་ས་གུ་ལི༔ རིགས་དྲུག་རིམ་གྱིས་བསྒྲལ་བའི་ཕྱིར༔ ཡ་སིང་ར་རླུང་པ་ལ་ཡ༔ འཁོར་བ་དོང་ནས་འདོན་པའི་ཕྱིར༔ མ་མ་ཀོ་ལིང་ས་མནྟ༔ ཆོས་ཅན་ཐུར་དུ་གཞུག་པའི་ཕྱིར༔ གྷི་རང་ལཾ་གྷ་རི་མཾ་ཏི༔ རོལ་པའི་ཡུལ་ཁུངས་སྤུར་བའི་ཕྱིར༔ བུ་ག་སིང་ཧ་ས་གྷ་ལ༔ ཞེན་པའི་ཕྲེང་ཐག་གཅད་པའི་ཕྱིར༔ ར་མི་ལི་པི་ཁེ་ཏ་པ༔ ལུག་རྒྱུད་ཨར་ལ་གཏད་པའི་ཕྱིར༔ བིག་གྷུག་མ་ལ་པ་ཏཾ་ཀྱི༔ ལྷ་ཡི་ཕྱག་རྒྱ་བལྟ་བའི་ཕྱིར༔ པཾ་ཏི་ལ་མ་དྷེ་ར་པ༔ ལྟ་སྒོམ་ལོག་པ་དག་བྱའི་ཕྱིར༔ བཛྲ་སཏྭ་དྲི་ཌྷོ་མེ༔ ས་ལམ་དུས་གཅིག་གཅད་པའི་ཕྱིར༔ གྷེ་བ་སྤུར་གྷར་རྣ་མ་ཡེ༔ ཡིད་སྤྱོད་ལྟ་བ་ཁུངས་གཅད་ཕྱིར༔ དྷརྨ་ཨ་ཏོལ་པི་གུ་ལི༔ སྐུ་གསུམ་ལམ་དུ་སློང་བའི་ཕྱིར༔ ར་མི་ས་མ་ཁ་གད་ཚེ༔ སྣང་བ་དངོས་སུ་སློང་བའི་ཕྱིར༔ རུ་པ་ས་མི་མི་ཏ་ལམ༔ སྒྲ་ཡི་ཞེན་པ་མཐའ་གཅད་ཕྱིར༔ དྷི་ཏིག་པ་ལ་ཀི་ལི་ས༔ བསམ་གཏན་ཆེན་པོའི་ས་ནོན་ཕྱིར༔ གྷ་ཙ་པ་ལ་ཨི་ཏཾ་ས༔ ཕྲིན་ལས་མཐའ་རུ་འབྱུང་བའི་ཕྱིར༔ ཀརྨ་ཨེ་མ་ཨ་ནུ་ས༔ སངས་རྒྱས་མངོན་ཞེན་བཟློག་པའི་ཕྱིར༔ ས་ཏྲི་མ་མ་ཀརྨ་ས༔ རྒྱལ་སྲས་རྣམས་ཀྱི་གནས་བཙལ་ཕྱིར༔ ང་ལ་དེ་པ་ཀི་ལི་ས༔ ཨ་ཨཱ༔ ཀུན་བཟང་ཡབ་ཡུམ་གཉིས་མེད་དགོངས་པའོ༔ འདི་ཀུན་རང་བྱུང་ཚིག་ཏུ་བྱོན་པ་སྟེ༔ འདི་ཉིད་མཐོང་ཐོས་རེག་པ་ཙམ་གྱིས་ཀྱང༔ བདག་ཉིད་འདི་ནས་འདའ་བའི་ཚེ༔ མངོན་པར་རྫོགས་སངས་རྒྱ་བར་འགྱུར་བས༔ སངས་རྒྱས་སྲས་གཅིག་པ་ཞེས་བྱ་བ་ཡིན་ནོ༔ སྐལ་ལྡན་སྙིང་གི་བུ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་གཉིས་པ་ཆོས་འདི་འཆང་བའི་ཡོན་ཏན་ནི༔ ཆོས་འདི་གང་གིས་བཅངས་ཤིང་མཐོང་བ་དང་རེག་པ་ཙམ་གྱིས༔ ཚེ་འདི་ཡི་ནད་བཞི་བརྒྱ་རྩ་བཞི་དང༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང༔ གློ་བུར་བདུན་བརྒྱ་ཉི་ཤུ་དང༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དང༔ དུས་མ་ཡིན་པར་འཆི་བ་རྣམ་པ་བརྒྱད་ལ་སོགས་པའི་བར་ཆད་ཐམས་ཅད་ཟློག་གོ༔ ཚེ་རིང་བ་དང་དབང་ཐང་ལོངས་སྤྱོད་བསམ་པ་ཕུན་སུམ་ཚོགས་པ་ཡིད་བཞིན་དུ་འགྲུབ་བོ༔ ཕྱི་མ་ངན་སོང་འཁོར་བའི་སྡུག་བསྔལ་དུ་མི་ལྟུང་ཞིང༔ གང་དག་འདི་དང་འཕྲད་པས་བར་དོ་མེད་པར་སངས་རྒྱ་བར་འགྱུར་རོ༔ རྒྱུད་གཞན་དག་བྱས་པའི་རྩོལ་བས་འབྲས་བུ་ཐོབ་པར་འདོད༔ འདི་བཏགས་པས་དོན་གྲུབ་པ་བྱར་མེད་རྩོལ་བ་དང་བྲལ་བས་ཁྱད་པར་དུ་འཕགས་སོ༔ འདི་གང་གིས་མཐོང་བའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་ཡིན་ཡང༔ ཐུན་མོང་གཞན་དག་དགེ་སྡིག་སྤང་བླང་མ་བྱས་པར་སངས་མི་རྒྱ་སྟེ༔ འདིས་དགེ་སྡིག་མེད་པར་གྲོལ་ཏེ༔ སྒྲིབ་པ་མ་སྦྱང་པར་དག་ཅིང༔ ཚོགས་མ་གསག་པར་རྫོགས་ནས༔ མཚམས་མེད་པ་ལྔའི་ལས་བྱས་པ་གཅིག་ཀྱང་འདི་དང་འཕྲད་ན༔ སངས་རྒྱ་བར་འགྱུར་བས་འདི་ཁྱད་པར་དུ་འཕགས་སོ༔ ན་སོ་རྒན་གཞོན་མེད་པར་གྲོལ་ཏེ༔ ཆོས་གཞན་ན་སོ་གཞོན་པའི་སྟོབས་ཀྱིས་རྩལ་མ་སྦྱང་ན༔ རྒས་ནས་མི་ནུས་པས་འབྲས་བུ་མི་ཐོབ་སྟེ༔ འདི་ལ་རྒས་པ་དང་མིག་ལོང་ཡང་མི་སྟོ༔ དཔེ་ལ་ལྟོས་མི་དགོས༔ ལུས་ཞ་འཁུམ་མཛེས་ཁྱེར་ཡང་མི་སྟོ༔ སྒོམ་བཟླས་བྱ་མི་དགོས༔ འདི་ཐོས་པ་ཙམ་གྱིས་སངས་རྒྱ་བས༔ གཞན་བས་ཁྱད་པར་དུ་འཕགས་སོ༔ ཆོས་གཞན་དབང་པོ་རྣོན་པོ་མེད་ན་དབང་པོ་རྟུལ་པོས་མི་གོ་བས་འབྲས་བུ་མི་ཐོབ་སྟེ༔ འདི་ཉིད་ཀྱིས་དབང་པོ་རྣོ་རྟུལ་མེད་པར་གྲོལ་ཏེ༔ ཐོས་པ་དང་སློབ་པ་དང་འཛིན་མི་དགོས༔ ཆོས་འདི་རིན་ཆེན་གླེགས་བམ་དུ་བྲིས་ཏེ༔ གང་གིས་བཅངས་པ་ཙམ་གྱིས་གྲོལ་བར་འགྱུར་ཏེ༔ སྒོ་ཁྱི་ཡན་ཆད་སངས་རྒྱ་བས་ཁྱད་པར་དུ་འཕགས་སོ༔ ཆོས་འདི་བླ་མ་ལས་དབང་ལུང་ཐོབ་པ་དང༔ ཚོགས་དང་མཎྜལ་བཤམས་ཏེ༔ དུས་གཉན་ལ་དབེན་པའི་གནས་སུ་བལྟས་པ་ཙམ་གྱིས་དོན་རྟོགས་ནས་སངས་རྒྱ་བར་འགྱུར་རོ༔ ནམ་མཁའ་ལ་འཇའ་ཚོན་ཤར་བའམ༔ འབྲུག་བྱུང་བའི་དུས་དང༔ ས་གཡོས་བྱུང་དུས་དང༔ ཉི་ཟླ་གཟའ་ཡིས་ཟིན་པའི་དུས་སུ༔ ཚོགས་དང་མཎྜལ་བཤམས་ཏེ་བླ་མ་ལ་གསོལ་བ་བཏབ་ནས༔ རང་རྡོ་རྗེ་སེམས་དཔར་སྒོམས་ཏེ༔ ལྕེ་འཁོར་ལོ་རྡོ་རྗེ་པདྨ་རལ་གྲིར་བསྒོམས་ནས༔ ཆོས་འདི་ཚར་གསུམ་བཀླགས་ན་འོད་ལ་སོགས་རྟགས་དེ་གང་གིས་མཐོང་བས་ཆོས་འདི་མཐོང་ནས་སངས་རྒྱ་བར་འགྱུར་རོ༔ ཉ་སྟོང་ཚེས་བརྒྱད་བཅུའི་དུས་སུ་མཎྜལ་ཚོགས་གཏོར་བཤམས་ཏེ༔ ཆོས་འདི་རིན་ཆེན་མཐིང་ཤོག་ལ་བྲིས་ནས༔ བླ་མས་དབང་བསྐུར་ཏེ༔ བཏགས་ན་བྱོལ་སོང་ལ་བཏགས་ཀྱང་སངས་རྒྱ་བར་འགྱུར་རོ༔ དེའི་ཕྱིར་ཆོས་འདིས་འགྲོ་བ་མཐོ་དམན་མེད་པར་གྲོལ་བར་བྱེད་པས༔ འཁོར་བ་རྒྱུན་གཅོད་པས་སངས་རྒྱས་ཀྱི་སྲས་གཅིག་ཅེས་བྱ་བ་ཡིན་ནོ༔ ལས་ཅན་བུ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་གསུམ་པ་ཆོས་འདི་འཆང་བའི་ཐབས་བསྟན་པ་ནི༔ དང་པོ་བླ་མ་ལ་གསོལ་བ་བཏབ་ལ༔ དམ་ཚིག་དང་ལྡན་པའི་ཡིག་མཁན་གྱིས༔ དུས་བཟང་ལ་མཐིང་ཤོག་ལ་རིན་ཆེན་ལྔའི་ཡི་གེ་འབྲུ་ཟུར་མ་ཆག་པར་བྲི༔ རཏྣ་ལྔའམ་འཛོམ་ན་གསེར་གྱིས་བྲིས་ལ༔ སྨན་བཟང་པོའི་དྲིས་བསྒོ་སྣ་ཚོགས་དར་གྱི་དབུས་སུ་གསལ༔ མཎྜལ་སྟེང་དུ་བཞག་ལ༔ ཕྱི་ནང་གསང་བ་གསུམ་གྱི་ཚོགས་འཁོར་རྒྱ་ཆེན་པོ་བསྐོར༔ བླ་མ་ལ་གསེར་གྱི་མཎྜལ་གཡུས་བརྒྱན་པ་དང༔ འབྲུའི་མཎྜལ་དར་ཟབ་ཀྱིས་བརྒྱན་པ་འབུལ༔ བླ་མས་རྒྱུད་ཀྱི་སྔགས་བརྗོད་ལ་རབ་གནས་བྱ༔ རིག་པ་རྩལ་གྱི་དབང་གང་ཡང་རུང་བ་རེ་བསྐུར༔ སྔགས་པ་དམ་ལྡན་བཙུན་པ་ཁྲིམས་ལྡན་གྱིས་མེ་ཏོག་གཏོར༔ དགེ་འདུན་ལ་ཆོས་སྟོན་རྒྱ་ཆེན་པོ་བྱས་ལ༔ སློབ་བུའི་སྤྱི་གཙུག་གམ་སྙིང་ཁ་གང་རུང་གཅིག་ཏུ་གཏགས་པས༔ བཏགས་པ་ཙམ་གྱིས་སངས་རྒྱས་ཀྱི་གདུང་འཛིན་པའི་སྲས་ཡིན་ཏེ༔ མྱུར་དུ་སངས་རྒྱས་སྤྲུལ་པའི་སྐུ་ཐོབ་སྟེ༔ བདག་གཞན་གྱི་དགོས་འདོད་ཐམས་ཅད་འགྲུབ་པས༔ རེག་ཚད་དོན་དང་ལྡན་པ་ཡིད་བཞིན་ནོར་བུ་ལྟ་བུ་ཡིན་ནོ༔ རིགས་ཀྱི་བུ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་བཞི་པ་ཆོས་འདི་བཅངས་པས་གྲོལ་བའི་རྟགས་ནི༔ རྒྱུད་ལས༔ ང་ཡི་སྐུ་གསུང་ཐུགས་ཀྱི་རྟེན༔ སེམས་ཅན་ཀུན་གྱི་ཙིཏྟའི་དཀྱིལ་ན་འོད་ལྔ་གསལ་བ་ཡོད༔ ཅེས་གསུངས་པས༔ དེའི་མདངས་ཀྱིས་འདི་འཆང་བའི་རིག་འཛིན་དེ་འདའ་བའི་ཚེ༔ ཕྱི་རྟགས་ནམ་མཁའ་ལ་འཇའ་ཚོན་ཁ་དོག་ལྔ་བྱུང་ན་སྐུ་ཐོབ་པའི་རྟགས་ཡིན༔ འོད་དཀར་པོ་བྱུང་ན་གསུང་ཐོབ་པའི་རྟགས་ཡིན༔ ནམ་མཁའ་དྭངས་པ་ནི་ངེས་པར་ཐུགས་ཐོབ་པའི་རྟགས་ཡིན་པས༔ དེ་ཚོ་གང་རུང་རེ་འཆར་རོ༔ ནང་རྟགས་འོག་ཏུ་སླ་ང་སྟེང་མར་ཁུ་འབྲུ་མར་ལ་བྱས་ཏེ༔ ཙན་དན་ནམ་རྒྱ་ཤུག་གི་མེ་ལ་བསྲེགས་པའི་སར༔ འཇའ་འོད་དམ་ས་གཡོ་བ་འབྱུང༔ ཤི་ཚིག་དུད་ཡོལ་དུས་སུ་མེ་འོད་ལྔ་ལྡན་དུ་བྱུང་ན་སྐུ་ཐོབ་པའི་རྟགས༔ དུད་པ་སྔོན་པོ་གྱེན་འགྲེང་གཡོན་དུ་འཁྱིལ་བ་བྱུང་ན་གསུང་ཐོབ་པའི་རྟགས༔ དུད་པ་མེད་པའི་མེ་གསལ་ལ་འཇམ་པ་བྱུང་ན་ཐུགས་ཐོབ་པའི་རྟགས༔ དེ་རྣམས་གང་རུང་བ་རེ་འབྱུང་ངོ༔ གསང་བའི་རྟགས་རོ་བསྲེགས་པའི་ཐལ་བ་སྦྱངས་པའི་ཤུལ་དུ༔ སྐུ་བྱུང་ན་སྐུ་ཐོབ་རྟགས༔ ཡི་གེ་བྱུང་ན་གསུང་ཐོབ་རྟགས༔ ཁྱད་པར་གདུང་རིང་བསྲེལ་བྱོན་ན་ཐུགས་ཐོབ་རྟགས༔ དེ་ཚོ་གང་རུང་བ་རེ་འོང་ངོ༔ དེ་ཡང་གདུང་རིགས་ལྔ་འབྱུང་བ་ནི༔ ཤ་རཱི་རཾ་ནི་གནས་མགོ་དང་ཐོད་པ་ལས་འབྱུང༔ ཤའི་རྟེན་དུ་རྡོ་རྗེའི་གདུང་ཞེས་བྱ་སྟེ་ཁ་དོག་དཀར་པོ་འོང༔ ཆོས་སྐུ་ཐོབ་པའི་རྟགས་ཡིན༔ གདུང་གི་གྲངས་ཚད་མ་ངེས་གཅིག་ལས་མ་བྱུང་བ་ཡང་རབ་ཏུ་བཤད༔ ཆུ་རཱི་རཾ་ནི་ཁྲག་དང་ཆུ་སེར་གྱི་དྭངས་མ་ལས་འབྱུང༔ ཁྲག་གི་རྟེན་ཡིན་རཏྣའི་གདུང་ཞེས་བྱ་སྟེ༔ ཁ་དོག་དཀར་སེར་དུ་འོང༔ ཡོན་ཏན་སྣ་ཚོགས་ཐོབ་པའི་རྟགས་ཡིན༔ བ་རཱི་རཾ་ནི་དོན་སྙིང་དང་རྒལ་བ་ལས་འབྱུང༔ རྒྱུས་པའི་རྟེན་དུ་པདྨའི་གདུང་ཞེས་བྱ་སྟེ༔ ཁ་དོག་དཀར་དམར་དུ་འོང༔ ཡོན་ཏན་ལོངས་སྤྱོད་རྫོགས་སྐུ་ཐོབ་པའི་རྟགས༔ ཉ་རཱི་རཾ་ནི་ནང་ཁྲོལ་ཡན་ལག་ལས་འབྱུང་སྟེ༔ ཡན་ལག་རྟེན་དུ་ལས་ཀྱི་གདུང་ཞེས་བྱ༔ ཁ་དོག་དཀར་པོ་འོང་སྟེ་སྤྲུལ་སྐུ་ཐོབ་པའི་རྟགས་ཡིན༔ པཉྩ་རཾ་ནི་དོན་སྙིང་ལྔ་དང་རྐང་གི་ནང་ནས་འབྱུང་སྟེ༔ འབྱུང་འདུས་རྟེན་དུ་ཡང་དག་གདུང་དུ་བཞག༔ ཁ་དོག་ལྔ་ལྡན་སྐུ་ལྔ་ཐོབ་པའི་རྟགས་ཡིན་ནོ༔ དེ་ལྟར་ཆོས་འདི་བཅངས་པ་ཙམ་གྱིས་གྲོལ་བའི་ཡོན་ཏན་གཞན་སྣང་ལ་མངོན་སུམ་དུ་འཆར་ཞིང༔ རང་སྣང་སངས་རྒྱས་པ༔ རེག་པ་དོན་ལྡན་བཏགས་གྲོལ་ཞེས་བྱ་བ་ཡིན་ནོ༔ འདི་འཆང་བའི་རིགས་ཀྱི་བུ་གང་ཡིན་པ་དེ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་སུ་རིག་པར་བྱའོ༔ པདྨའི་ཐུགས་ཀྱི་སྲས་དང་འདི་འཕྲད་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ལྔ་པ་བཀའ་རྒྱས་གདབ་པ་ནི༔ ཆོས་འདི་སྣོད་དང་མི་ལྡན་པའི་གང་ཟག་ལོག་ལྟ་ཅན་དང༔ བླ་མར་མི་ཁུར་དམ་ཉམས་བྱེད་པའི་གཡོ་མཚང་ཅན་ལ༔ ཡོད་ཅེས་ཙམ་དུ་ཡང་མི་བསྒྲག་པར་བྱའོ༔ བསྒྲགས་ན་རང་གི་འབྲས་བུ་རྒྱབ་ཀྱིས་ཕྱོགས་པས་གསང་བའི་རྒྱའོ༔ སྣོད་དང་ལྡན་པའི་གང་ཟག་མོས་གུས་འགྱུར་ལྡོག་མེད་པ་ལ༔ རིན་ཆེན་གསེར་གྱི་མཎྜལ་དང་ཚོགས་ཀྱི་འཁོར་ལོ་བསྐོར་དུ་གཞུག་ལ་སྦྱིན་ནོ༔ དེ་ལྟར་མ་བྱས་ན་གསང་དམ་ཉམས་པས་དམ་ཚིག་གི་རྒྱའོ༔ གང་ཟག་མོས་གུས་དང་དད་པས་ཆོས་འདོད་པ་ལ༔ སྟོབས་དང་ཆ་རྐྱེན་གྱིས་མ་ལྕོགས་པ་ལ༔ འཆི་ཀ་མའི་རིགས་དམ་ཚིག་ལས་མི་འདའ་བ་ལ༔ དེ་ལྟར་རིགས་པ་སྙིང་རྗེ་དང་ལྡན་པས་སྟེར་བའི་རྒྱའོ༔ དེ་ལྟར་རྒྱ་གསུམ་ལས་མ་འགལ་ན་འབྲས་བུ་མྱུར་དུ་ཐོབ་པར་འགྱུར་རོ༔ རྒྱ་ལས་འགལ་ན་ཚེ་ཐུང་དམྱལ་བར་འགྲོ་བར་འགྱུར་རོ༔ དེས་ན་མཚན་ཉིད་ཤེས་པར་གྱིས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཐེག་པ་ཀུན་འདུས་ས་ལམ་ཐམས་ཅད་རྫོགས༔ བསྒོམ་མི་དགོས་ཏེ་མཐོང་ཐོས་བཏགས་པས་གྲོལ༔ དུས་གསུམ་སངས་རྒྱས་ཀུན་གྱིས་བྱིན་བརླབས་པས༔ དགའ་རབ་རྡོ་རྗེ་རིག་འཛིན་སིཾ་ཧའི་གཟུང་འཛིན་གྲོལ༔ རང་བྱུང་དོན་འདི་ཨོ་རྒྱན་ཉིད་ལ་གཏད༔ ཨོ་རྒྱན་བདག་གིས་མ་འོངས་འགྲོ་དོན་རིན་ཆེན་གཏེར་དུ་སྦས༔ སྦས་པའི་ཚུལ་གྱིས་འགྲོ་བའི་དོན་བྱེད་པ༔ ལྔ་ལྡན་བུ་དང་ཆོས་འདི་འཕྲད་པར་ཤོག༔ ལས་ཅན་འཁོར་གྱི་ཚོགས་ལ་གསང་རྒྱ་གཏོད༔ ྀཨཚ༔ གུ་ཧྱ༔ ཁ་ཐམ་ཨཱ༔ གཏད་རྒྱ༔ གཏེར་རྒྱ༔ ཟབ་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈ མེ་སྒོམ་ཆོས་ཀྱི་རྒྱལ་པོ་རིན་ཆེན་གླིང་པས། རྒྱ་གར་ཕ་ཝང་རུས་སྦལ་ནག་པོ་ནས་བཏོན་པའོ། ཨེ་མ་ཧོཿ ཨོ་རྒྱན་ཐུགས་ཀྱི་སྲས་པོ་དེས། །ཆིག་ཆོད་ཀུན་གྲོལ་བཏགས་གྲོལ་འདི། །ལོ་རོ་བཅུ་སྟོད་དབེན་གནས་སུ། །གྲུབ་ཆེན་ནམ་མཁའི་མཚན་ཅན་དང་། །རིན་ཆེན་སྨོན་ལམ་གཉིས་ལ་གནང་། ཁོང་གིས་བླ་མ་ཨ་སེང་པ། །སློབ་དཔོན་ཀུན་བྱང་གཉིས་ལ་གནང་། །བླ་མ་རྣམ་གཉིས་ཐུགས་བགྲོས་ནས། །རས་པ་ཀུན་དགའ་བདག་ལ་གནང་། །དགེ་དེས་འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག །དགེའོ། །བཀྲ་ཤིས། ༄༅༔ རྫོགས་ཆེན་ཆིག་ཆོད་ཀུན་གྲོལ་ཆེན་པོའི་བཀའ་སྲུང་བཞུགས་སོ༔ ྈྈྈྈྈ དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ བཅོམ་ལྡན་ཐུགས་ཀྱི་སྤྲུལ་པ་མགོན་པོ་ནག་པོ་བསྒྲུབ་པར་འདོད་པས༔ དུར་ཁྲོད་དམ་དབེན་གནས་རིའི་ཕུག་ཏུ༔ སྟེགས་བུ་གྲུ་བཞི་སྟེང་ལ་མདའ་གང་དཔངས་སུ་ཁྲུ་གང་བྱས་པའི་དབུས་སུ༔ མ་ཏྲཾ་གི་གཟུགས་ཁྲུ་གང་བྱས་པའི་སྙིང་ཁར༔ འབྲུབ་ཁུང་གྲུ་གསུམ་ཐོད་པ་ཤོང་བ་གཅིག་བྲུས་ལ༔ ནང་རོ་སོལ་དང་ཁྱི་ཕག་ཁྲག་གིས་བྱུག༔ དེར་རབས་ཆད་ཐོད་པའམ་མཚན་ངན་ཐོད་པ་གཞུག༔ དེའི་ནང་དགྲའི་ཟག་རྫས་དྲི་མ་དྲུག་དང་ས་སྤྱིན་སྦྱར་ལ༔ ལིངྒ་སོར་བཞི་པ་བྱས་པའི་སྙིང་ཁར་བྲུས་པའི་ནང་དུ༔ གྲོ་གའམ་ཤོག་གུ་ལ་དགྲའི་ལིང་ག་བྲི༔ སྙིང་ཁར་ནྲྀཿཛཿདང་མིང༔ དཔྲལ་བར་རུས༔ གསང་བར་བླ་དྭགས་བྲིས་པའི་མཐའ་ཁོར་ཡུག་ཏུ༔ མགོན་པོའི་སྲོག་སྙིང་གཡས་སྐོར་དུ་ཡི་གེ་མགོ་ཅན་མགོ་ནང་དུ་བསྟན་པ་བྲི༔ དེ་གཞུག་ལ་ལྟེ་བ་ལ་བཙན་དུག་འདམ་སྦྱར་བས་ཟུར་གསུམ་དགག༔ ལིངྒ་ཐོད་པའི་ནང་དུ་ཁ་སྦུབས་ལ་བཞག་ལ༔ དེའི་སྟེད་དུ་གྲི་རྒོད་པགས་པས་བཀབ༔ དེ་ལ་ཟུར་གཏད་མགོན་པོའི་མཎྜལ་ཁྲུ་གང་བྱས་པའི་སྟེང་ངམ༔ ཡང་ན་དེ་ཉིད་ཟུར་དུ་མདའ་ནག་བྱ་རྒོད་སྒྲོ་ཅན་གྲི་ལྕགས་མདེའུ་ཅན་ལ༔ དར་ནག་གྲི་སྙིང་སྲོག་འཁོར་རྟགས་དང་བཅས་པ་གཟུག༔ གཏོར་མ་ཟུར་གསུམ་སྨན་རཀ་བྲན་པ་གཏའ་གཏོར་གཟུག༔ རྒྱུན་གཏོར་མ་ཆག་པར་གཏང༔ དེ་ནས་སྐད་ཅིག་སྟོང་པའི་ངང་ལས་རང་རིག་ཧཱུྃ་མཐིང་ནག་ལས༔ གསང་བདག་རྡོ་རྗེ་སེམས་དཔའ་ལྗང་སྔོན་སྦྲུལ་གྱི་རྒྱན་ཅན༔ ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་བསྣམས་པ༔ སྐུ་སྟོད་གླང་ཆེན་ཀོ་རློན་སྐུ་སྨད་སྟག་ལྤགས་དཀྲིས་པ༔ ཞབས་གཉིས་གྱད་ཀྱི་དོར་སྟབས་ཀྱིས་མི་རོའི་སྟེང་ན་བཞུགས་པའི་མདུན་དུ་མཎྜལ་ཟུར་གསུམ་ནག་པོའི་སྟེང་དུ་ཧཱུྃ་ལས་གྲི་གུག་ཏུ་གྱུར༔ དེ་ཞུ་བ་ལས་འདོད་ཁམས་ཀུན་གྱི་བདག་པོ་མགོན་པོ་ནག་པོའི་སྐུ༔ སྐུ་མདོག་ནག་པོ་ཆར་སྤྲིན་མུན་པ་ལྟ་བུ་རྐང་ལག་ཐུང་ལ་སྦོམ་པ༔ སྤྱན་གསུམ་འབར་ཞིང་ཞལ་གདངས་མཆེ་བ་གཙིགས་པའི་གྲྭ་ནས་ཁྲག་འཛག་པ༔ ཁམ་ནག་སྐྲ་བརྫེས་གྱེན་དུ་འཁྱིལ་བ་ཐོད་སྐམ་དབུ་རྒྱན་ཅན༔ མི་རོ་རྐང་གསུམ་ལག་སྦྲེལ་ནས་རྐེད་པ་ལ་བཅིངས་ནས་ཞབས་གཉིས་བརྐྱང་བསྐུམ་དུ་བཞུགས་པ༔ ཕྱག་གཡས་གྲི་གུག་ཐུགས་ཀར་འཛིན་པ༔ གཡོན་བྷནྡྷ་ཐོད་ཁྲག་ཐུགས་ཀར་བསྣམས་པ༔ ཁམས་གསུམ་སྲིད་གསུམ་མ་རུངས་འཇོམས་པར་བྱེད་པའི་སྐུར་བསྒོམས་ལ༔ བསྙེན་པའི་སྙིང་པོ་འདི་བཟླ་འོ༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ ན་མཿཙཎྜ་བཛྲ་པཱ་ཎ་ཡེ༔ མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ་ཧཱུྃ་ཕཊ༔ བཞི་ཁྲི་སུམ་སྟོང་ཐེམས་པར་བཟླ་འོ༔ དེ་ནས་མགོན་པོའི་སྲོག་སྙིང་འདི་བཟླས་ལ་འབོད་དོ༔ ཨོཾ་མ་ཧཱ་ཀཱ་ལ་རཱུ་པ་ཨཱ་ཀརྵཱ་ཡ་ཛ༔ ཞེས་བཟླས་པས་ཉམས་སམ་མཚན་མར་མགོན་པོ་མ་ཁུག་བར་དུ་བཟླས་པས༔ རྟགས་ཆོ་འཕྲུལ་སྣ་ཚོགས་ཅིར་ཡང་སྟོན་པ་འོང་ངོ༔ དེ་བྱུང་བ་དང་དགའ་བ་ཆེར་བསྐྱེད་ལ༔ སྒྲུབ་པའི་སྔགས་འདི་བཟླ༔ མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ད་ཧཱུྃ༔ ཞེས་བཟླས་པས་བར་ཆད་ཐུལ་ནས་ལས་ལ་བསྐུལ་ལོ༔ དེ་ནས་ཀེ་ཚེ་ཤངས་ཚེ་ཉུངས་ནག་རྡོ་ལྕགས་ཕྱེ་མའི་ཐུན་གྱིས་བྲབ་ཅིང༔ རྦད་པའི་ལས་སྦྱོར་སྔགས་འདིས་ལིངྒ་བྲབ༔ མ་ཧཱ་ཀཱ་ལ་རཀྴ་ཆེ་གེ་མོ་མཱ་ར་ཡ་ཕཊ༔ བྷྱོ་བྷྱོ་རཀྴ་ཀཱ་ལ་དུན་དུན་བྷྱོ་བྷྱོ་སོད་སོད༔ ཅེས་བྲབ་པས་སོད་པའི་རྟགས་དགྲ་བསད་པ་དང་གློ་སྙིང་སྟེར་བ་དང༔ ཤ་ཟོས་པ་དང་ལིངས་པ་བྱས་པ་སོགས་ཉམས་དང་མཚན་མ་འབྱུང་ངོ༔ དེ་ནས་འབོད་རྦད་བསད་གསུམ་དྲིལ་ལ་བཟླ་ཞིང་གྲི་གུག་མཚོན་གྱིས་ལིང་ག་གཏུབ༔ ལ་ལ་སྦྱིན་སྲེག་བྱ༔ ལ་ལ་དུར་ཁྲོད་འབྱུང་པོ་འདུ་སའམ༔ ལམ་རྒྱ་གྲམ་དུ་གནན་པ་བྱ༔ ཆ་གཅིག་ཟོར་དུ་འཕང༔ འདོད་ཁམས་མགོན་པོ་ལྕམ་དྲལ་གཉིས་བསྐུལ་ཞིང་གཏོར་མ་འདི་ལྟར་གཏང་ངོ༔ ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་ཀློང༔ དུར་ཁྲོད་ཆེན་པོའི་དཀྱིལ་གནས་ཤིང༔ ཤ་ཟ་སྲིན་མོ་ནག་མོ་ཡི༔ ཚོགས་ཀྱིས་བསྐོར་ནས་འཇིག་རྟེན་ཁམས༔ ཕུང་བྱེད་མགོན་པོ་ནག་པོ་སྟེ༔ འདོད་ཁམས་ཀུན་གྱི་མངའ་བདག་ཡིན༔ སྲོག་གཅོད་ཆེན་པོ་ལས་ལ་བྷྱོ༔ འཁོར་གནས་སྲིན་པོ་ཁྲག་འཐུང་ཚོགས༔ ཤ་ཟ་སྲོག་གཅོད་དུས་ལ་བབ༔ དབུག་བདག་ཆེན་པོའི་དུས་ལ་བབ༔ མགོན་པོ་དམ་ཚིག་ཉམས་ཏ་རེ༔ ནག་པོ་དམ་ཚིག་རང་གིས་སྲུངས༔ སྔོན་གྱི་དམ་ཚིག་གཉན་མ་འདའ༔ དམ་ཉམས་དགྲ་བོའི་སྲོག་ནས་དྲོངས༔ མ་ཧཱ་ཀཱ་ལ་རཱུ་པ་བྷྱོ་བྷྱོ༔ དེའི་རྗེས་ལ་མགོན་པོ་འཁོར་བཅས་ལ་གཏོར་མ་འདི་ལྟར་སྐབས་སུ་དབུལ༔ ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ལ༔ ཨོཾ་མ་ཧཱ་ཀཱ་ལ་བ་ལིཾ་ཏ་ཁཱ་ཧི༔ ཨ་མྲྀཏ་ཁཱ་ཧི༔ རཀྟ་ཁ་ཧི༔ མ་མ་ཤ་ཏྲཱུཾ་རཀྴ་བ་ལིཾ་ཏ་ཁཱ་ཧི༔ ཞེས་གཏོར་མ་ཡང་འབུལ་ལོ༔ སྙིང་རུས་དམ་ཚིག་དང་ལྡན་པའི་གང་ཟག་སྒྲུབ་པ་ལ་བརྩོན་པར་བྱས་ན༔ སྟོང་གསུམ་དགྲ་བགེགས་ཐམས་ཅད་སྒྲོལ་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ྈྈྈྈྈྈྈ འདིའི་མན་ངག་ཞལ་གདམས་ལོགས་སུ་གབ་པ་ལ༔ དུས་ཀྱི་བསྙེན་པ་ཟླ་བ་གསུམ༔ མཚན་མའི་བསྙེན་པ་མ་ཁུག་བར་དུ༔ མི་ཚིག་གིས་བར་མ་ཆོད་པར་སྔགས་བཟླ་འོ༔ དེ་དུས་བརྡེག་པ་དང་གསོད་པ་ལ་སོགས་པ་སྡིགས་པའི་ཆོ་འཕྲུལ་ཅིར་ཡང་སྟོན་པ་འོང་བས༔ དེ་འགྲུབ་རྟགས་ཡིན་པས་འཇིགས་པར་མི་བྱ༔ བྲོད་པ་བསྐྱེད་ཅིང་སྔགས་ལ་འབད༔ ཉམས་དང་རྨི་ལམ་གང་རུང་དུ༔ དགྲ་བསད་ཤ་ཟོས་ཁྲག་འཐུངས་ན༔ མགོན་པོ་ནག་པོ་འགྲུབ་པ་ཡིན་ནོ༔ དམ་ཚིག་ཏུ་ཉམས་སྣང་དང་རྟགས་མི་ལ་མི་སྨྲ༔ གདམས་ངག་མི་སྤེལ་ལོ༔ རྟོག་མེད་བརྟུལ་ཞུགས་ལྡན་པའི་གང་ཟག་གིས༔ དུས་འགོར་ཡང་ཟླ་བ་གཅིག་གིས་ངེས་པར་འགྲུབ་བོ༔ རྫོགས་པ་ཆེན་པོའི་བཀའ་སྲུང་མགོན་པོ་ནག་པོའི་ཨུ་པའོ༔ ས་མ་ཡ༔ སྭམཐྭ༔ ྈྈྈྈ རྒྱ་རྒྱ་རྒྱ༔ དམ་ཆོས་རྫོགས་པ་ཆེན་པོ་ཆིག་ཆོད་ཀུན་གྲོལ་ཆེན་པོའི་རྒྱུད་གཞུང་མན་ངག་བཀའ་སྲུང་དང་བཅས་པའི་དོན་མཐར་ཐུག་འདི། ཀུན་ཏུ་བཟང་པོ། རྡོ་རྗེ་འཆང་། རྡོ་རྗེ་སེམས་དཔའ་ལ་བརྒྱུད། དེས་དགའ་རབ་རྡོ་རྗེ། ཤྲཱི་སིཾ་ཧ། ཨོ་རྒྱན་པདྨ། དེས་ཆོས་རྒྱལ་རིན་ཆེན་གླིང་པ་ལ། དེས་གྲུབ་ཆེན་ནམ་མཁའི་མཚན་ཅན་དང་། རྟོགས་ལྡན་རིན་ཆེན་སྨོན་ལམ་གཉིས་ལ། དེ་གཉིས་ཀྱིས་འགོའི་བླ་མ་ཨ་སེང་པ་དང་། སློབ་དཔོན་ཀུན་བྱང་གཉིས་ལ་གནང་། དེ་གཉིས་ཀྱིས་རས་པ་ཀུན་དགའ་བློ་གྲོས་ལ་དབང་ཁྲིད་གདམས་ངག་དང་བཅས་པ་གནང་བ་ལགས་སོ། །འདི་བྲིས་དགེ་བའི་རྩ་བ་ཡིས། །རྣམ་མཁྱེན་སངས་རྒྱས་ཐོབ་པར་ཤོག །ཆོས་རྒྱལ་རིན་ཆེན་གླིང་པས་རྒྱ་གར་ཕ་ཝང་རུ་སྦལ་ནག་པོ་ནས་བཏོན་པ་ལགས་སོ། །གདམས་ངག་སྙན་བརྒྱུད་ཡིན་ཀྱང་ཡི་གེར་བཀོད། །ཀུན་ལ་མི་སྤེལ་ཙིཏྟའི་དཀྱིལ་དུ་བཅང་། །སྐལ་མེད་ལོག་ལྟ་ཅན་ལ་མི་བསྟན་པར། །སྐྱེས་བུ་ལས་ཅན་རྣམས་ཀྱི་དཔལ་དུ་ཤོག །ཅེས་བླ་མས་གསུངས་སོ། །ས་མ་ཡ། རྒྱ་རྒྱ་རྒྱ། ྀཨཚ། ༄༅༔ ཨ་ཏི་ཆིག་ཆོད་ཀུན་གྲོལ་ཆེན་པོའི་ལུང་བསྟན་གཏད་རྒྱ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈ དུས་གསུམ་བདེ་བ་འབྱིན་ལ་ཕྱག་འཚལ་ལོ༔ བདག་འདྲ་ཨོ་རྒྱན་པདྨ་འབྱུང་གནས་ཉིད༔ སྣང་བ་མཐའ་ཡས་ལུང་བསྟན་སྐུར་སྤྲུལ་ནས༔ སྤྱན་རས་གཟིགས་དབང་ཐུགས་རྗེ་འགྲོ་འདུལ་གྱིས༔ སྔར་འདས་སངས་རྒྱས་བསྟན་པ་དཔག་མེད་བསྐྱངས༔ སྤྲེ་འུའི་ལོ་ལ་ཀོ་ཤའི་མཚོ་གླིང་དུ༔ རང་བྱུང་མེ་ཏོག་མཚོར་སྐྱེས་པད་སྡོང་རྩེར༔ རྡོ་རྗེ་སེམས་དཔས་ལུང་བསྟན་སྐུར་སྤྲུལ་ནས༔ ད་ལྟ་སངས་རྒྱས་བསྟན་པ་འཛམ་གླིང་སྐྱོང༔ ཕྲིན་ལས་སྟོབས་ཀྱིས་བོད་ཡུལ་དབུས་སུ་བྱོན༔ གཙུག་ལག་ས་བཏུལ་ལྷ་སྲིན་དམ་ལ་བཏགས༔ མ་འོངས་སངས་རྒྱས་བསྟན་པ་མཐའ་བསྐྱང་ཕྱིར༔ བསམ་གྱིས་མི་ཁྱབ་ཆོས་བསྒྱུར་གཏེར་མང་སྦས༔ ཁྱད་པར་ལས་ཅན་དྲང་ཕྱིར་ཐུགས་གཏེར་དངོས༔ ཟབ་གཏེར་ཡང་གཏེར་ཁྱད་འཕགས་བོད་དུ་སྦས༔ སངས་རྒྱས་བསྟན་པ་མཐའ་གཞུག་གཏེར་གྱིས་སྐྱོང༔ ཀུན་གྱི་ཡང་གསང་དགོངས་གཏེར་སྙིང་འདྲ་འདི༔ སུ་ལའང་མ་སྤེལ་ཀླུ་བདུད་ཁྱོད་ལ་གཏད༔ ལྔ་བརྒྱའི་ཐ་མར་ཨོ་རྒྱན་སྙིང་གི་བུ༔ སྐྱེས་བུ་ལས་འཕྲོ་ཅན་ལ་འདི་སྤྲོད་ཅིག༔ དེས་ཀྱང་འགྲོ་བ་དཔག་མེད་གྲོལ་བར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཧོ༔ གཏེར་འདི་དབང་བའི་ལས་ཅན་སྐྱེས་བུ་དེ༔ ད་ལྟ་ཨོ་རྒྱན་ང་ཡི་འཁོར་གྱི་མཆོག༔ རྒྱ་གར་མཁས་པ་ཤེས་རབ་འབྱུང་གནས་འདི༔ སྐྱེ་བ་ལྔ་ཡི་ཐ་མ་རྡོ་བོད་མཚམས༔ ཐ་མལ་འགྲོ་བ་འདུལ་ཕྱིར་མི་ལུས་བླང༔ གཟུགས་བཟང་སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ཆེ༔ འདི་ནས་ཚེ་འཕོས་ཕྱིར་མི་ལྡོག་པའི་རྟགས༔ སྐུ་ཚེ་མཐའ་བཞུགས་དབང་པོ་གང་རུང་འགྲིབ༔ སྐྱེ་བ་མི་ལེན་བདེ་བ་ཅན་དུ་སྤྱོད༔ རིགས་ལྔའི་དབང་རྫོགས་ཡེ་ཤེས་ལྔ་ལ་སྤྱོད༔ དེ་ཡི་རྟགས་ནི་ད་ལྟ་མངོན་དུ་གྱུར༔ སྐུ་ལྔའི་དབང་རྫོགས་རྟགས་སུ་མགོ་བོ་ལ༔ ཐོད་པའི་ཕྱི་ན་རིགས་ལྔའི་ས་བོན་མཚན༔ ལུས་ཀྱི་སྤྱོད་ལམ་མ་ངེས་རིགས་ལྔ་སྐྱོང༔ ཤཱཀྱའི་བསྟན་པ་སྐྱོང་ཕྱིར་རབ་བྱུང་ཆས༔ སྣང་བ་བཟའ་གཏད་བྲལ་ཕྱིར་ཞིག་པོ་བྱེད༔ འགྲོ་བ་ཐབས་ཀྱིས་འདུལ་ཕྱིར་བཏང་སྙོམས་ཚུལ༔ ལོག་རྟོག་མ་རུངས་སྤྱོད་ཕྱིར་དྲག་སྤྱོད་བྱེད༔ རྒྱུན་དུ་བཏང་སྙོམས་ལྷུག་པའི་ངང་དུ་སྤྱོད༔ བྱང་ཆུབ་སེམས་དཔའི་ལུས་ལ་དགག་སྒྲུབ་མེད༔ གཟུགས་ཀྱི་རྣམ་འགྱུར་གདུལ་བྱའི་རྟོག་པ་ཡིན༔ འདི་ཡི་ལུས་ལ་གང་འབྲེལ་དོན་དང་ལྡན༔ སྐྱེ་བ་དམན་པའི་བུད་མེད་ཡིན་གྱུར་ཀྱང༔ འདི་ལ་རེག་པས་བྱང་ཆུབ་མངོན་དུ་བྱས༔ གླ་རྩི་དང་ནི་སི་ལའི་དྲི་བཞིན་དུ༔ འབྲེལ་ཚད་དོན་ལྡན་བདེ་བ་ཆེན་པོས་སྐྱོབ༔ བདེ་གཤེགས་གསུང་རྫོགས་རྟགས་སུ་མགྲིན་པ་ནི༔ དངོས་སུ་རྩ་མདུད་རྡོ་རྗེ་རྩེ་ལྔས་མཚན༔ ངག་ནི་བརྗོད་པ་ངེས་མེད་རིགས་ལྔ་སྨྲ༔ ཐ་མལ་འགྲོ་བ་དྲང་ཕྱིར་དྲང་དོན་སྐད༔ སྐལ་ལྡན་ལས་ཅན་སྐྱོང་ཕྱིར་ངེས་དོན་སྐད༔ བློ་ཆེན་ཡོན་ཏན་རྒྱས་ཕྱིར་རྒྱ་ཆེའི་སྐད༔ གདུལ་བྱའི་འདོད་པ་སྒྲུབ་ཕྱིར་ངེས་ཅན་སྐད༔ རྒྱུན་དུ་ངེས་མེད་བྲག་ཆའི་སྒྲ་བཞིན་སྨྲ༔ ཇི་སྐད་སྨྲས་ཀྱང་མཇུག་ཏུ་ཆོས་སུ་འོང༔ འདི་ཡི་ངག་ལ་སུས་ཐོས་དོན་དང་ལྡན༔ བསྟིར་མེད་རྨུགས་པ་བྱོལ་སོང་ཡིན་གྱུར་ཀྱང༔ ཆོས་ཐོས་འཁོར་བའི་མཐའ་ལས་གྲོལ་བར་འགྱུར༔ བདེ་གཤེགས་ཐུགས་རྫོགས་རྟགས་སུ་སྙིང་ནང་ན༔ གདུང་མཆོག་ཁ་དོག་ལྔ་ཡི་རྣམ་པ་ཡོད༔ ཡིད་ཀྱི་འཆར་ཚུལ་མ་འགགས་ལྔ་རུ་འཆར༔ ཕྱི་ནང་ཆོས་རྣམས་གསལ་ལ་རྟོག་མེད་འཆར༔ ཤར་ཡང་ངོ་བོ་མཉམ་པ་ཉིད་དུ་འཆར༔ མཉམ་ཉིད་ངང་ནས་མ་ངེས་སྣ་ཚོགས་འཆར༔ སྣ་ཚོགས་དོན་གྱིས་དགོས་འདོད་འབྱུང་བར་འཆར༔ རྒྱུན་ཆད་མེད་པར་ཆོས་ཉིད་རོལ་པར་འཆར༔ ཇི་ལྟར་ཤར་ཡང་ཞེན་འཛིན་རྟོག་པ་མེད༔ དོན་ལ་འོད་གསལ་ངང་ལ་གཡོ་འགུལ་མེད༔ འདི་ཡི་དགོངས་པ་སུས་རྟོགས་དོན་དང་ལྡན༔ ལོག་ལྟ་ཅན་གྱི་འདྲེ་སྲིན་ཡིན་གྱུར་ཀྱང༔ མོས་བྱས་བླ་མེད་བྱང་ཆུབ་མྱུར་ཐོབ་འགྱུར༔ བདེ་གཤེགས་ཡོན་ཏན་རྫོགས་རྟགས་དངོས་སུ་ནི། ལྟེ་བའི་ཟུར་ལ་སྨེ་བ་ལྔ་ལྡན་མཚན༔ ཡོན་ཏན་མ་ངེས་འཁོར་ནི་རིགས་ལྔ་འདུ༔ ཤཱཀྱའི་ཆས་འཛིན་རབ་བྱུང་ཕོ་མོ་དང༔ རྡོ་རྗེ་འཛིན་ཆས་སྔགས་འཆང་ཕོ་མོ་དང༔ སེམས་དཔའི་ཆས་འཛིན་ཁྱིམ་པ་ཕོ་མོ་དང༔ ཐུན་མོང་ཆས་འཛིན་དམན་པ་ཕོ་མོ་དང༔ རྒྱུན་ཆད་མེད་པར་སྐལ་ལྡན་འཁོར་རེ་འདུ༔ རིགས་ནི་མ་ངེས་ཕོ་མོ་གང་ཡིན་ཡང༔ ཡོན་ཏན་སྣ་རེས་འབྲེལ་པས་ལམ་སྣ་ཟིན༔ བདེ་གཤེགས་ཕྲིན་ལས་རྫོགས་རྟགས་དངོས་སུ་ནི༔ ཨོ་རྒྱན་ཟབ་གཏེར་ལྔ་ཡི་དོན་གྱིས་མཚོན༔ ཕྲིན་ལས་མ་ངེས་རིམ་པ་ལྔ་བྱེད་དོ༔ ནོར་བུ་སྐོར་ལྔ་ལོ་གསུམ་དབེན་བསྒྲུབས་ནས༔ ཆོས་ཀྱི་བཀའ་ཁྲོལ་སྐུ་ཡིས་འགྲོ་དོན་བྱེད༔ དེ་དུས་གདུལ་བྱ་སྐུ་ལ་མོས་པ་འོང༔ གང་གིས་མཐོང་བས་དད་ཅིང་ཆོས་སྒོར་འཛུད༔ དེ་དུས་སྐུ་ཡི་རིག་མ་དངོས་མི་མཐོང༔ འདུལ་བའི་སྤྱོད་པ་ལོ་གསུམ་ཞི་དུལ་སྐྱོང༔ དེ་དུས་ཕྲ་མེན་ཉེ་འབྱེད་བདུད་ཀྱི་བུས༔ བསླུས་པའི་བུད་མེད་དམ་ཉམས་བྱེད་པ་འབྱུང༔ སྐུ་ཡི་འགྲོ་དོན་ཕྲིན་ལས་རྫོགས་རྟགས་ཡིན༔ སྐུ་ཡི་གདུལ་བྱ་འབྲེལ་ཚད་དོན་དང་ལྡན༔ བདེ་ཆེན་ཞིང་དུ་འགྲོ་བས་ལྷ་གསོལ་བྱ༔ ཆེན་པོ་བཞི་ལ་ཟླ་གསུམ་དབེན་བསྒྲུབས་ནས༔ ཆོས་ཀྱི་བཀའ་བཀྲོལ་གསུང་གིས་འགྲོ་དོན་བྱེད༔ དེ་དུས་གདུལ་བྱ་གསུང་ལ་ངེས་མེད་མོས་པར་འོང༔ གང་གིས་མཐོང་བ་འབྲི་ཞིང་ཀློག་པར་བྱེད༔ དེ་དུས་གསུང་གི་ལས་རྒྱར་གྲགས་པ་འོང༔ བྱང་ཆུབ་སེམས་དཔའི་སྤྱོད་པ་ལོ་དྲུག་སྐྱོང༔ དེ་དུས་ལས་ངན་བདུད་ཀྱིས་བསླུས་པའི་བུ༔ སུན་པའི་བློ་ཅན་བཙུན་པ་དམ་ཉམས་འབྱུང༔ གསུང་གི་འགྲོ་དོན་ཕྲིན་ལས་རྫོགས་རྟགས་ཡིན༔ གསུང་གི་གདུལ་བྱ་འབྲེལ་ཚད་དོན་དང་ལྡན༔ ཨོ་རྒྱན་བདེ་ཆེན་མཁའ་སྤྱོད་གནས་སུ་འགྲོ༔ གསང་སྐོར་གསུམ་ལ་ཞག་གསུམ་དབེན་བསྒྲུབས་ནས༔ ཆོས་ཀྱི་བཀའ་བཀྲོལ་ཐུགས་ཀྱིས་འགྲོ་དོན་བྱེད༔ དེ་དུས་གདུལ་བྱ་ཐུགས་ལ་མོས་པ་འོང༔ རྟོགས་པ་ཤར་བའི་གང་ཟག་མང་དུ་འབྱུང༔ ཐུགས་ཀྱི་པྲ་ཛྙཱ་དངོས་དང་དངོས་མེད་ཚུལ༔ རྣལ་འབྱོར་སྤྱོད་པ་ལོ་ནི་བཅུ་གཉིས་སྐྱོང༔ དེ་དུས་ལྷ་སྲུང་རང་གཤེད་བདུད་ཀྱི་བུ༔ སྔགས་པ་བོན་པོ་དམ་ཉམས་བྱེད་པ་འབྱུང༔ ཐུགས་ཀྱི་འགྲོ་དོན་ཕྲིན་ལས་རྫོགས་རྟགས་ཡིན༔ ཐུགས་ཀྱི་གདུལ་བྱ་འབྲེལ་ཚད་དོན་དང་ལྡན༔ བདེ་ཆེན་ཞིང་དུ་ཟག་མེད་སྤྱོད་པར་འགྱུར༔ ཐུན་མོང་གཉིས་ལ་ཞག་གསུམ་དབེན་བསྒྲུབས་ནས༔ ཆོས་ཀྱི་བཀའ་འགྲོལ་ཡོན་ཏན་འགྲོ་དོན་བྱེད༔ དེ་དུས་གདུལ་བྱ་ཡོན་ཏན་གང་ལ་མོས༔ ཡོན་ཏན་ཅིས་ཡོང་འགྲོ་ལ་ཕན་ཐོགས་འགྱུར༔ དེ་དུས་ཡོན་ཏན་ཤེས་རབ་དངོས་སུ་མཐོང༔ ངེས་མེད་སྤྱོད་པ་ལོ་ནི་ཉི་ཤུ་བཞིར༔ སྐྱོང་ཞིང་ལོ་ཙཱའི་སྤྲུལ་པ་ལྟ་བུ་གཉིས༔ སྤྲུལ་པའི་འཁོར་གྱིས་འགྲོ་དོན་བྱེད་པ་ཡིན༔ དེ་དུས་ལས་ངན་བདུད་ཀྱི་ཆོ་འཕྲུལ་གྱིས༔ བསླུས་པའི་སྐྱེ་བོ་དམ་ཉམས་བྱེད་པ་འོང༔ ཡོན་ཏན་འགྲོ་དོན་ཕྲིན་ལས་རྫོགས་རྟགས་ཡིན༔ ཕྲིན་ལས་གདུལ་བྱ་འབྲེལ་ཚད་དོན་དང་ལྡན༔ བདེ་ཆེན་ཐར་པའི་ཞིང་དུ་ང་དང་འཕྲད༔ ནོར་བུ་གཅིག་པའི་དོན་ལ་སྐད་ཅིག་དབེན་བསྒྲུབས་ནས༔ ཆོས་ཀྱི་བཀའ་བཀྲོལ་ཕྲིན་ལས་འགྲོ་དོན་བྱེད༔ དེ་དུས་གདུལ་བྱ་གང་གི་ཕྱོགས་སུ་འོང༔ སྤྲུལ་པའི་འཁོར་རྣམས་འགྲོ་དོན་གདུལ་བྱ་སྐྱོང༔ ཕྲིན་ལས་པྲ་ཛྙཱ་དངོས་སུ་མི་མངོན་པར༔ མི་དམིགས་དབྱིངས་ནས་རབ་ཏུ་དགྱེས་པར་འཁྲིལ༔ ལོ་ནི་ལྔ་རུ་དབེན་པའི་སྤྱོད་པ་སྐྱོང༔ འགྲོ་བ་འབུམ་ཕྲག་གཅིག་ལ་འབྲེལ་པ་ཐོགས༔ རིགས་ནི་མ་ངེས་གང་གི་ཚུལ་ཡང་འོང༔ རྒྱལ་པོ་ཕྲག་ལྔ་ཕྱིར་མི་ལྡོག་ལ་འཁོད༔ པདྨོ་བཀོད་པར་ངེས་པར་སྐྱེ་བར་འགྱུར༔ གང་ཞིག་བདུད་ཀྱིས་བསླུས་པའི་གང་ཟག་གིས༔ དབང་དུ་བསྡུས་པས་འདི་ལ་འདུད་པ་ཉུང༔ སྐུར་འདེབས་དམྱལ་བའི་ས་བོན་བདག་ཉིད་སྲེག༔ དེ་འདྲའི་འགྲོ་བ་མ་རུངས་སྐལ་མེད་རྣམས༔ ཐུགས་རྗེས་སྐྱབས་ནས་ནམ་ཞིག་ཐར་པར་འདྲེན༔ དེ་ཕྱིར་སྐྱེས་བུ་འབྲེལ་ཚད་དོན་ལྡན་ཡིན༔ ཨེ་མ་ང་ཡི་ཐུགས་སྲས་པྲ་ཛྙཱའི་མཚན༔ ཐོས་སམ་འཛིན་པས་ཀྱང་ནི་དོན་ལྡན་འགྱུར༔ སྤྲུལ་པའི་སྲས་ནི་མཚོ་སྐྱེས་མེ་ཏོག་འདྲ༔ སྐལ་ལྡན་བུ་སློབ་བུང་བ་རྩི་འཚོལ་འདྲ༔ ཉམས་གྲིབ་དམ་སེལ་དུས་མིན་སད་སེར་འདྲ༔ མཁའ་འགྲོའི་གདན་འདྲེན་བང་ཆེན་དམག་རྒྱུག་འདྲ༔ ལོག་ལྟ་ཅན་རྣམས་རླུང་ནག་འཚུབ་མ་འདྲ༔ དེ་ཕྱིར་འབྲེལ་ཚད་ཕྲིན་ལས་རྫོགས་བྱའི་དོན༔ གསོལ་བ་གང་བཏབ་དེ་ཡི་དོན་ཀུན་འགྲུབ༔ དེ་ལ་སོགས་པའི་མཚན་ཉིད་ཡོན་ཏན་ཀུན༔ ཡི་གེར་བཀོད་པས་མི་ལངས་ཨོ་རྒྱན་སྲས༔ རིན་ཆེན་གླིང་པ་ཞེས་སུ་གྲགས་པ་ཡི༔ སྐྱེས་བུ་ལས་ཅན་དེ་དང་འདི་འཕྲད་ཤོག༔ ཨོ་རྒྱན་ཕའི་བུ་ཕོག་སྙིང་ལ་སྦོས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཧོ༔ སྐྱེས་བུས་འགྲོ་ལ་གཏེར་ཆོས་སྤེལ་དུས་ནི༔ ལྔ་བརྒྱའི་དུས་སུ་གཏེར་རྣམས་བརྡལ་ཙམ་ན༔ སངས་རྒྱས་བསྟན་པའི་མར་ཤམ་སོང་བའི་རྟགས༔ ཨོ་རྒྱན་བྱིན་གྱིས་རློབ་པའི་དུས་ལ་བབས༔ ལོ་བཅུའི་བྱིས་པས་ཁྱིམ་ཐབ་བྱེད་ཙ་ན༔ ཚེ་ལ་ལོང་མེད་དུས་ལ་སོང་བའི་རྟགས༔ མྱུར་དུ་སངས་རྒྱའི་ཆོས་འདི་སྟོན་པའི་རྟགས༔ ཆོས་སྐད་སྐྱེ་བོའི་ཁ་ནས་འོང་ཙ་ན༔ འགྲོ་ལ་ཆོས་ཀྱི་ཕན་ཐོགས་དུས་ཡིན་པས༔ ཐམས་ཅད་གྲོལ་བའི་ཆོས་འདི་སྟོན་པའི་དུས༔ རབ་བྱུང་ཤ་ཆང་ཚོགས་ལ་སྤྱོད་ཙམ་ན༔ འབྲས་བུ་གསང་སྔགས་དར་བའི་དུས་ཡིན་པས༔ མཐར་ཐུག་བླ་མེད་རྒྱུད་འདི་སྟོན་པའི་དུས༔ ཆོས་བྱེད་ཕོ་མོ་རི་ལ་འདུ་ཙམ་ན༔ བྱར་མེད་སེམས་ལ་ལྟ་བའི་དུས་ཡིན་པས༔ དོན་རྒྱུད་གནད་ཀྱི་ཁྲིད་འདི་སྟོན་པའི་དུས༔ མཐའ་དམག་མུ་གེ་ནད་ཡམས་འོང་ཙམ་ན༔ ལྔ་བརྒྱ་དུས་ཀྱི་ཐ་མའི་དུས་ཡིན་པས༔ ཚེ་འདིར་གྲོལ་བའི་ཆོས་འདི་སྟོན་པའི་དུས༔ གཏེར་འདི་ཐོན་ནས་ལོ་གསུམ་གསང་ལ་སྒྲུབས༔ དེ་ནས་སྣོད་ལྡན་གང་ཟག་དད་ཅན་ལ༔ ཚུལ་བཞིན་སྤེལ་བས་འགྲོ་ལ་ཕན་པའི་དུས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཧོ༔ གཏེར་ཆོས་འདི་ཉིད་སྤེལ་བའི་སྣོད་ལྡན་ནི༔ གང་ཟག་འཁོར་བས་སུན་ཅིང་དད་པ་ཆེ༔ མོས་གུས་བླ་མས་ཅི་གསུང་སྒྲུབ་པར་བྱེད༔ ཆོས་ཕྱིར་ནོར་རྫས་སྲོག་ལ་ཕངས་མེད་གཏོང༔ བློ་ལྡན་ཤེས་རབ་ཆེ་ཞིང་བརྩོན་འགྲུས་ལྡན༔ རྒྱུ་འབྲས་ཁྱད་དུ་མི་གསོད་འགྲོ་ལ་བྱམས༔ ཨོ་རྒྱན་ང་ལ་མོས་བྱེད་བརྒྱུད་པའི་འཁོར༔ སྣོད་ལྡན་གང་ཟག་དེ་ལྟ་བུ་ལ་སྤེལ༔ མན་ངག་རིམ་པ་བསྟན་པས་གྲོལ་བར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཧོ༔ གཏེར་ཆོས་སྤེལ་དུས་བཀའ་རྒྱས་གདབ་པ་ནི༔ སྣོད་ལྡན་རྣམས་ལ་སྟེར་བའི་དུས་ཉིད་དུ༔ གསེར་སྲང་གཅིག་གི་མཎྜལ་ཚོགས་འཁོར་རྒྱ༔ མ་འབྱོར་ཆོས་རྫོགས་ལུང་མི་སྟེར་བའི་རྒྱ༔ སྟེར་བའི་དུས་སུ་དོན་བརྒྱུད་རྫོགས་པར་སྦྱིན༔ དཔེ་བརྒྱུད་མི་སྟེར་སྟེར་ན་མནའ་རྒྱས་གདབ༔ རང་གིས་ཐོག་མར་ཉམས་སུ་མ་བླང་པར༔ གཞན་ལ་མི་སྤེལ་རབ་ཏུ་དམ་རྒྱས་གདབ༔ ཆོས་འདིའི་ཕྱོགས་ནས་རང་དོན་མི་བསྒྲུབ་པར༔ བླ་མའི་ཕྱོགས་དང་འགྲོ་དོན་བྱེད་པའི་རྒྱ༔ སྣོད་མིན་གང་ཟག་འཇིག་རྟེན་ཆོས་བརྒྱད་སྒྲུབ༔ བླ་མའི་ནང་བཅུད་མི་རྟོགས་ཕྱི་སྐྱོན་རྟོག༔ རང་སྣང་འཁྲུལ་རྗེས་འབྲངས་ནས་གཤེ་སྐུར་འདེབས༔ སྙིང་རྗེ་ཆུང་ལ་རྒྱུ་འབྲས་ཁྱད་གསོད་བྱེད༔ བློ་གཏད་མི་ཐུབ་དོན་རྨོངས་ཚིག་སྲེད་ཅན༔ སྒྲུབ་ལ་གཡེལ་ཞིང་ཁ་གསག་བརྩོན་འགྲུས་ཆུང༔ དམ་ཚིག་མི་བསྲུང་སྣོད་ངན་སྐལ་མེད་ལ༔ གདམས་པ་མི་སྤེལ་གཏམ་ཡང་མི་བརྗོད་པར༔ སྲོག་ལ་བབས་ཀྱང་མི་སྤེལ་བཀའ་རྒྱས་གདབ༔ བཀའ་ལས་འདས་ན་གསང་བའི་དམ་ཚིག་ཉམས༔ དེ་ཕྱིར་ལུང་བསྟན་གཏད་རྒྱ་ཀུན་ལ་གཅེས༔ མ་འོངས་དུས་མཐར་བཀའ་བརྒྱུད་ཡལ་བའི་ཚེ༔ བི་མས་བྱིན་བརླབས་ཆོས་འདི་སྤྱོད་པ་ན༔ བཻ་རོའི་ཐུགས་བསྐྱེད་རྒན་གཞོན་བྱིས་པའི་ཚུལ༔ གསུམ་གྱིས་འཆད་ནས་ཅུང་ཟད་དར་ཡང་སྲིད༔ ཨོ་རྒྱན་པདྨ་ཐོད་ཕྲེང་བདག་ཉིད་ཀྱིས༔ ཐུགས་གཏེར་ཡང་གཏེར་སྦས་པ་མང་ཡོད་དེ༔ དགོངས་གཏེར་སྙིང་དང་འདྲ་བ་འདི་ལས་མེད༔ འདི་ལས་ཟབ་པ་མ་བྱུང་མི་འབྱུང་ངོ༔ དེ་ཕྱིར་སྐལ་ལྡན་སྙིང་གི་བུ་ལ་གཏད༔ སྦས་པའི་ཚུལ་གྱིས་འགྲོ་དོན་རྫོགས་པར་ཤོག༔ ས་མ་ཡ༔ གཏད་རྒྱ༔ སྦས་རྒྱ༔ གཏེར་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ྈྈྈྈ ཆོས་རྒྱལ་རིན་ཆེན་གླིང་པས་གཏེར་ནས་གདན་དྲངས་པའི་རྫོགས་ཆེན་ལུང་བསྟན་གཏད་རྒྱའི་མན་ངག་གོ །དགེའོ།། །།

ཨོ་རྒྱན་གྱི་མཁན་པོ་པདྨ་སཾ་བྷ་བའི་ཐུགས་བཅུད་འཕགས་མ་སྒྲོལ་མའི་མན་ངག་འཇིགས་པ་ཀུན་སྐྱོབ་ (Volume 35, Text 1)

༁ྃ༔ ཨོ་རྒྱན་གྱི་མཁན་པོ་པདྨ་སཾ་བྷ་བའི་ཐུགས་བཅུད་འཕགས་མ་སྒྲོལ་མའི་མན་ངག་འཇིགས་པ་ཀུན་སྐྱོབ་ཅེས་བྱ་བ་བཞུགས་སོ༔ མཁའ་འགྲོ་ཀུན་འདུས་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ༔ མ་འོངས་སེམས་ཅན་འཇིགས་པ་ཀུན་སྐྱོབ་ཕྱིར༔ རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས་ཟབ་མོ་ཞིག༔ པདྨ་བདག་གིས་ཐུགས་ཀྱི་སློབ་མར་གདམས༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ་རྒྱ༔ ྈྈྈྈྈྈྈྈ རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས་ཟབ་མོ་ཉམས་སུ་བླང་བ་ལ༔ དང་པོ་ཚོགས་གསག་ནི༔ བགེགས་བསྐྲད་པ་དང་སྲུང་བའི་འཁོར་ལོ་བསྒོམ་པ་སྔོན་དུ་འགྲོ་བས༔ ན་མོ༔ འཇིགས་དང་སྡུག་བསྔལ་ཀུན་སེལ་བའི༔ རྗེ་བཙུན་འཕགས་མའི་ལྷ་ཚོགས་རྣམས༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས༔ པདྨ་ཟླ་བའི་གདན་ལ་བཞུགས༔ བདག་དང་མཁའ་མཉམ་སེམས་ཅན་ཀུན༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ རྩེ་གཅིག་ཡིད་ཀྱིས་སྐྱབས་སུ་མཆི༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ སྡོམ་པ་མ་ལུས་གཟུང་བར་བགྱི༔ འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག༔ མཆོད་པ་བྱིན་རླབས་ནི༔ ཧཱུྃ༔ བརྟན་གཡོའི་སྣང་བ་ཐམས་ཅད་ཀུན༔ གཡུ་ལོ་བཀོད་པའི་ཞིང་ཁམས་སུ༔ ཕྱི་ནང་མཆོད་པའི་དངོས་པོའི་ཚོགས༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་གྱུར༔ མཆོད་པ་འབྱུང་བའི་སྔགས་་་ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་བ་ཏེ་བཛྲ་སཱ་ར་སོགས་མཆོད་པའི་སྤྲིན་གྱི་གཟུངས། མཆན།བརྗོད༔ དངོས་གཞི་བསྐྱེད་རིམ་ནི༔ ཏཱཾ༔ སྟོང་ཉིད་རང་གདངས་རྡོ་རྗེའི་སྲུང་འཁོར་དབུས༔ རིན་ཆེན་གཞལ་མེད་མཚན་ཉིད་ཡོངས་སུ་རྫོགས༔ པད་ཟླའི་སྟེང་དུ་ས་བོན་ཏཱཾ་ལྗང་གུ༔ འོད་ཟེར་འཕྲོས་འདུས་ཨུཏྤལ་ཏཱཾ་གྱིས་མཚན༔ དེ་ལས་རྗེ་བཙུན་སྒྲོལ་མ་སྐུ་མདོག་ལྗང༔ ཞི་འཛུམ་དབུ་སྐྲ་གནག་སྣུམ་སིལ་བུར་གྲོལ༔ དར་དང་རིན་ཆེན་མེ་ཏོག་ཕྲེང་བས་བརྒྱན༔ ཕྱག་གཡས་མཆོག་སྦྱིན་གཡོན་པས་ཨུཏྤལ་འཆང༔ ཞབས་གཉིས་ཕྱེད་སྐྱིལ་འོད་ལྔའི་ཀློང་ན་བཞུགས༔ མཐའ་སྐོར་འཇིགས་པ་བརྒྱད་སྐྱོབ་སྒྲོལ་མ་དང༔ རྣམ་འཕྲུལ་ཉེར་གཅིག་མཚན་མཆོག་བརྒྱ་རྩ་སོགས༔ སྤྲུལ་པའི་སྤྲིན་ཕུང་བསམ་ཡས་སྤྲོ་ཞིང་བསྡུ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་མཚན་འོད་ཟེར་གྱིས༔ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་གཉིས་མེད་བསམ༔ སྤྱན་འདྲེན་བཞུགས་གསོལ་ནི༔ ཏཱཾ༔ སྤྱན་རས་གཟིགས་དབང་བརྩེ་བའི་ཐུགས་རྗེའི་འཕྲུལ༔ འཇིགས་པ་ཀུན་སྐྱོབ་ཨཱརྻ་ཏཱ་རེ་མ༔ བདེ་གཤེགས་སེམས་དཔའ་སེམས་མའི་འཁོར་དང་བཅས༔ ཐུགས་རྗེའི་དབང་གིས་འདིར་གཤེགས་བརྟན་པར་བཞུགས༔ ཨོཾ་ཨཱརྻ་ཏཱ་རེ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ བཛྲ་ས་མཱ་ཛ༔ ས་མ་ཡ་ཛཿཧཱུྃ་བཾ་ཧོཿཏིཥྛ་ལྷན༔ དབང་བསྐུར་བ་ནི༔ སླར་ཡང་དབང་ལྷ་ནམ་མཁའ་གང་བའི་ཚོགས༔ སྤྱན་དྲངས་ཡེ་ཤེས་བདུད་རྩིས་དབང་བསྐུར་བས༔ སྐུ་གང་སྒྲིབ་དག་ཆུ་ལྷག་གྱེན་དུ་འཁྱིལ༔ རིགས་བདག་འོད་དཔག་མེད་པས་དབུ་བརྒྱན་གྱུར༔ ཨོཾ་ཨ་པ་རི་མི་ཏ་ཨ་བྷི་ཥིཉྩ་ཧྲཱི༔ ཕྱག་མཆོད་ནི༔ ཧོ༔ རྗེ་བཙུན་འཕགས་མའི་ལྷ་ཚོགས་ལ༔ བདག་དང་མཐའ་ཡས་སེམས་ཅན་ཀུན༔ སྒོ་གསུམ་དད་པས་ཕྱག་འཚལ་ཞིང༔ ཉེར་སྤྱོད་བདུན་དང་རོལ་མོའི་སྒྲ༔ འདོད་ཡོན་ལྔ་དང་རྒྱལ་སྲིད་བདུན༔ བཀྲ་ཤིས་རྫས་རྟགས་བརྒྱད་ལ་སོགས༔ སྲིད་དང་ཞི་བའི་འབྱོར་ཚོགས་ཀུན༔ དངོས་བཤམས་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ གུས་པས་འབུལ་ལོ་བཞེས་ནས་ཀྱང༔ འཇིགས་པ་ཐམས་ཅད་ཞི་བ་དང༔ ཚེ་དང་ཡེ་ཤེས་རྒྱས་པ་དང༔ མཆོག་ཐུན་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་སརྦ་པཱུ་ཛ་ས་མ་ཡ་ཧོ༔ བསྟོད་པ་ནི༔ ཨོཾ༔ ཐུགས་རྗེའི་མངའ་བདག་སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད༔ མཚན་དཔེའི་སྐུར་སྟོན་སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད༔ ཚངས་པའི་གསུང་ལྡན་སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད༔ མཁྱེན་བརྩེའི་ཐུགས་མངའ་སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད༔ ཡོན་ཏན་མཐའ་ཡས་སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད༔ ཕྲིན་ལས་རྨད་བྱུང་སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད༔ འཇིགས་པ་བརྒྱད་སྐྱོབ་སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད༔ རྣམ་འཕྲུལ་ཉེར་གཅིག་སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད༔ མཚན་མཆོག་བརྒྱ་ལྡན་སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད༔ སངས་རྒྱས་བྱང་སེམས་འཕགས་མའི་ཚོགས་ལ་ཕྱག་འཚལ་བསྟོད༔ གུས་པས་བསྟོད་དོ་འགྲོ་ཀུན་འཇིགས་ལས་བསྐྱབ་ཏུ་གསོལ༔ ཅེས་དང་ཕྱག་འཚལ་ཉེར་གཅིག་གིས་བསྟོད་དོ༔ བཟླས་པ་བྱ་བ་ནི༔ རང་གི་ཐུགས་ཀར་པད་ཟླའི་སྟེང་དུ་ཡེ་ཤེས་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་ཁ་སརཔ་ཎི་ཚོན་གང་བ༔ དེའི་ཐུགས་ཀར་ཨུཏྤལ་སྔོན་པོ་འདབ་མ་བརྒྱད་པ་ཁ་སྦྱོར་གྱི་དབུས་སུ་ཏཱཾ༔ སྟེང་དུ་ཨོཾ༔ འོག་ཏུ་ཧཱ༔ འདབ་མ་བརྒྱད་ལ་ཏཱ་རེ་ཏུཏ་ཏཱ་རེ་ཏུ་རེ་སྭཱ་ཞེས་པའི་ཡིག་འབྲུ་བརྒྱད་འོད་ཟེར་འབར་བ་དང་བཅས་པས་མཚན་པར་བསམ་ལ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཞེས་བཟླ་ཞིང་ལྷ་སྔགས་ལ་སེམས་རྩེ་གཅིག་ཏུ་གཏད༔ གསལ་སྣང་སྐྱེས་པ་ན༔ བཟླས་པའི་རྐྱེན་གྱིས་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་ཕྱོགས་ཀུན་ཏུ་འཕྲོས༔ ཞིང་རབ་འབྱམས་ཀྱི་རྒྱལ་བ་སེམས་དཔའ་འཕགས་མའི་ཚོགས་ལ་ཐུགས་མཉེས་པའི་མཆོད་པ་འབུལ༔ འགྲོ་བ་རིགས་དྲུག་གི་འཇིགས་པ་དང་སྡུག་བསྔལ་ཐམས་ཅད་བསལ༔ བདེ་བས་ཚིམ་པར་བྱས༔ འོད་ཟེར་ཚུར་འདུས་བདག་ལ་ཐིམ་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་ལ་བཟླའོ༔ བསྙེན་པའི་གྲངས་འབུམ་ཕྲག་བཞི༔ དུས་ཟླ་བ་གཅིག༔ རྟགས་དངོས་ཉམས་རྨི་ལམ་དུ་སྐུ་མཐོང་བ༔ སྔགས་ཐོས་པ༔ ཕྱག་མཚན་རྙེད་པ་སོགས་འབྱུང་ངོ༔ ས་མ་ཡ་རྒྱ་རྒྱ༔ ྈྈྈྈྈ འཕགས་མ་སྒྲོལ་མའི་གཏོར་ཆོག་ནི༔ རིན་པོ་ཆེའི་སྣོད་དུ་བཟའ་བཏུང་སྨན་ཕུད་ཀྱི་གཏོར་མ་གྱ་ནོམ་པ་བཤམས་ལ༔ ཨོཾ་ཨཱཿཧཱུྃ་གི་སྔགས་དང་ཕྱག་རྒྱས་བདུད་རྩིའི་རྒྱ་མཚོར་བྱིན་གྱིས་བརླབ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཨི་དཾ་བ་ལིནྟ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་བདུན་གྱིས་ཕུལ་ལ༔ ཨོཾ༔ དུས་གསུམ་སངས་རྒྱས་ཀུན་གྱི་ཡུམ༔ ཕྲིན་ལས་མངའ་བདག་ཐུགས་རྗེའི་གཏེར༔ འཕགས་མ་སྒྲོལ་མ་སྒྲོལ་མཛད་ཡུམ༔ འཇིགས་པ་བརྒྱད་སྐྱོབ་ལྷ་མོ་དང༔ རྣམ་འཕྲུལ་ཉི་ཤུ་རྩ་གཅིག་དང༔ མཚན་མཆོག་བརྒྱ་རྩ་བརྒྱད་ལ་སོགས༔ སངས་རྒྱས་བྱང་སེམས་ཡི་དམ་ལྷ༔ དཔའ་བོ་མཁའ་འགྲོ་ཆོས་སྲུང་བཅས༔ འཁོར་དང་བཅས་པ་ཐམས་ཅད་ཀུན༔ ཏིང་འཛིན་སྔགས་རྒྱས་བྱིན་བརླབས་པའི༔ ཞལ་ཟས་གཏོར་མ་འདི་བཞེས་ལ༔ བདག་ཅག་རྣལ་འབྱོར་འཁོར་དང་བཅས༔ ནད་གདོན་འཇིགས་པ་ཀུན་ལས་སྐྱོབས༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་སྤེལ༔ ཞི་སོགས་ཕྲིན་ལས་རབ་འབྱམས་དང༔ མཆོག་གི་དངོས་གྲུབ་འགྲུབ་པར་མཛོད༔ ཅེས་གསོལ་བ་བཏབ་ལ་གཏོར་མ་གཙང་སར་གཤེགས་སོ༔ དུས་དང་རྒྱུན་དུ་བཏང་བས་འདི་ཁོ་ནས་བར་ཆད་ཐམས་ཅད་སེལ་བར་ངེས་སོ༔ ས་མ་ཡ་རྒྱ་རྒྱ༔ ྈྈྈྈྈྈ འཕགས་མ་སྒྲོལ་མའི་དབང་བསྐུར་གྱི་ཆོ་ག་ནི༔ སྔོན་དུ་བསྙེན་པ་ལས་སུ་རུང་བའི་རྣལ་འབྱོར་པས་དཀྱིལ་འཁོར་དང་དབང་རྫས་སོགས་བཤམས་ལ་བདག་མདུན་སྒྲུབ་མཆོད་ཚུལ་བཞིན་བྱ༔ སློབ་མ་ཁྲུས་ནས་དབྱུང་ཞིང་བྱུར་དང་བགེགས་བསལ༔ མཎྜལ་ཕུལ་ལ་གསོལ་བ་གདབ༔ ཚོགས་གསག༔ འཕགས་མ་འཁོར་བཅས་སུ་བསྐྱེད་ལ་ཡེ་ཤེས་པ་བསྟིམ་མོ༔ དེ་ནས་དབང་དངོས་ནི་བུམ་པ་སྤྱི་བོའི་གནས་ལྔར་བཞག་ལ༔ ཧཱུྃ༔ སྤྲོས་བྲལ་ཆོས་སྐུའི་བུམ་པ་བཟང་པོའི་ནང༔ ལོངས་སྤྱོད་ཡོངས་རྫོགས་རིགས་ལྔའི་བཅུད་ཀྱིས་གཏམས༔ སྤྲུལ་སྐུའི་རང་བཞིན་བདུད་རྩིའི་ཆུ་རྒྱུན་གྱིས༔ སྐལ་ལྡན་སློབ་མའི་ཉོན་མོངས་སྒྲིབ་པ་དག༔ ཕུང་པོ་གནས་གྱུར་རིགས་ལྔའི་དངོས་གྲུབ་ཐོབ༔ སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན་པར་ཤོག༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཨོཾ་པདྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧྲཱི༔ ཨོཾ་བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་རཏྣ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཏྲཱཾ༔ ཨོཾ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ ཨོཾ་ཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨཱ༔ ཞེས་དབང་བསྐུར་སྒྲིབ་པ་ཐམས་ཅད་དག༔ དབང་ཐམས་ཅད་ཐོབ༔ རིགས་བདག་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པར་བསམ༔ དེ་ནི་རྩ་བའི་དབང་ངོ༔ དེ་ནས་ནུས་པ་འཇུག་པའི་ཕྱིར་བྲིས་སྐུ་སྤྱི་བོར་བཞག་ལ༔ ཨོཾ༔ སངས་རྒྱས་ཀུན་གྱི་སྐུ་ཡི་ཡུམ༔ རྫེ་བཙུན་འཕགས་མ་སྒྲོལ་མ་ཡི༔ སྐུ་ཡི་ཕྱག་རྒྱས་དབང་བསྐུར་བས༔ རྡོ་རྗེའི་སྐུ་དང་དབྱེར་མེད་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ སྔགས་ཕྲེང་མགྲིན་པར་བཞག་ཅིང་བཟླས་པའི་ལུང་བྱིན་ལ༔ ཨཱ༔ སངས་རྒྱས་ཀུན་གྱི་གསུང་གི་ཡུམ༔ རྗེ་བཙུན་འཕགས་མ་སྒྲོལ་མ་ཡི༔ སྙིང་པོ་ལུང་གི་དབང་བསྐུར་བས༔ རྡོ་རྗེའི་གསུང་དང་དབྱེར་མེད་ཤོག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཕྱག་མཚན་སྙིང་གར་བཞག་ལ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་ཐུགས་ཀྱི་ཡུམ༔ རྗེ་བཙུན་འཕགས་མ་སྒྲོལ་མ་ཡི༔ ཐུགས་ཀྱི་དགོངས་པས་དབང་བསྐུར་བས༔ རྡོ་རྗེའི་ཐུགས་དང་དབྱེར་མེད་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མཐའ་རྟེན་གཏོར་མ་ལྷར་གསལ་བ་སྤྱི་བོར་བཞག་ལ༔ ཏཱཾ༔ གཏོར་མ་ཟླུམ་པོ་རིན་ཆེན་གཞལ་མེད་དབུས༔ རྗེ་བཙུན་སྒྲོལ་མ་འཇིགས་སྐྱོབ་ལྷ་མོ་དང༔ རྣམ་འཕྲུལ་ཉེར་གཅིག་མཚན་བརྒྱ་རྩ་བརྒྱད་སོགས༔ སངས་རྒྱས་བྱང་སེམས་འཕགས་མའི་སྤྲིན་ཕུང་འཕྲོ༔ དད་མོས་ཅན་གྱི་སྤྱི་བོར་མངོན་སུམ་བྱོན༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབང་བསྐུར་བས༔ ལྷ་དང་དབྱེར་མེད་ནུས་པ་འཕེལ་ཞིང་བརྟན༔ མཆོག་ཐུན་དངོས་གྲུབ་རབ་འབྱམས་དབང་ཐོབ་ཤོག༔ སརྦ་ཨ་བྷི་ཥིཉྩ་ཧྲཱི༔ ལྷ་བསྟིམ་ཞིང་བཀྲ་ཤིས་བརྗོད༔ དམ་ཚིག་ཁས་བླང་དང་སྐུ་ཡོན་དབུལ་བ་སོགས་བྱའོ༔ ས་མ་ཡ༔ རྒྱ་རྒྱ༔ ྈྈྈྈ འཕགས་མ་སྒྲོལ་མའི་ལས་ཚོགས་ལ༔ སྲུང་བ་ནི༔ གྲོ་གའམ་ཤོག་བུ་ལ་གུར་གུམ༔ གི་ཝཾ༔ རྒྱ་མཚལ༔ རྒྱ་སྐྱེགས༔ རྒྱ་སྣག་རྣམས་སྦྱར་བས་འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་དང་བཅས་པའི་ལྟེ་བར་སྐུའམ་ཕྱག་མཚན་ས་བོན་དང་བཅས་པ་ལ་རྩ་སྔགས་ཀྱིས་བསྐོར༔ འདབ་མ་བརྒྱད་ལ༔ ཨོཾ་ཏཱ་སྭཱ་ཧཱ༔ སོགས་ནས༔ ཨོཾ་སྭཱ་སྭཱ་ཧཱ༔ ཞེས་པའི་བར་ལ་འཇིགས་པ་བརྒྱད་སྐྱོབ་ཀྱི་སྤེལ་ཚིག་སྦྱར༔ དེའི་ཕྱི་རོལ་གྱི་མུ་ཁྱུད་ལ་པད་འདབ་ཉེར་གཅིག་དང༔ དེ་ཕྱིར་པད་འདབ་བརྒྱ་རྩ་ལ་ཏཱཾ་རེ་རེ་བྲི༔ དེའི་ཕྱི་རོལ་དུ་སྒྲོལ་མས་དམ་བཅས་པའི་གཟུངས་དང༔ དབྱངས་གསལ་རྟེན་སྙིང་འདོད་གསོལ་རྡོར་ར་མེ་རི་བཅས་བྲིས་ལ་དྲི་བཟང་དང༔ གི་ཝཾ་གིས་བྱུག༔ ལྷ་ཚོགས་བསྐྱེད་བསྟིམ་བཟླས་བརྗོད་ཀྱིས་བསྒྲུབ༔ བརྟན་བཞུགས་བྱ༔ རྨ་བྱའི་མདོངས་མ་ཉམས་པ༔ ཨུཏྤལ་སྔོན་པོ༔ ཤེལ་དཀར་པོ་བཅས་ལུས་ཀྱི་དྲོད་དང་མ་བྲལ་བར་བཅངས་པས་འཇིགས་པ་ཐམས་ཅད་ལས་སྲུང་ཞིང་སྐྱོབ་པར་འགྱུར་རོ༔ ཞི་བ་ནི༔ རིན་པོ་ཆེའམ་རྫའི་བུམ་པར་བུ་མོ་གྲོང་པའི་ཆོས་ཀྱིས་མ་གོས་པས་བླངས་པའི་རྒྱུན་འབབ་ཀྱི་ཆུ་དང༔ ལྔ་ཚན་ལྔ༔ ཁྱད་པར་གུརྒུམ༔ གི་ཝཾ༔ ཨུཏྤལ་རྣམས་སྦྱར་བས་དགང༔ ལྷ་བསྐྱེད་བཟླས་པས་བསྒྲུབ༔ འོད་དུ་ཞུ་བའི་ཆུས་ཁྲུས་དང་འཐོར་འཐུང་བྱས་པས་ནད་གདོན་འཇིགས་པ་ཐམས་ཅད་ཞི་བར་འགྱུར་རོ༔ རྒྱས་པ་ནི༔ ཐོད་པ་མཚན་ལྡན་འབྲུ་སྨན་དར་ཟབ་ཚེ་རྫས་རིན་པོ་ཆེའི་རིགས་ཀྱིས་བཀང༔ སྐུ་དང་སྔགས་བྱང་འདོད་གསོལ་བཅས་གཞུག༔ ཚུལ་བཞིན་བསྒྲུབས་ནས་མཛོད་ཀྱི་ཕུག་ཏུ་བཞག༔ སྐབས་སུ་མཆོད་པ་རྒྱ་ཆེན་པོ་ཕུལ་བས་ཚེ་དང་བསོད་ནམས་དཔལ་འབྱོར་ཐམས་ཅད་རྒྱས་པར་འགྱུར་རོ༔ དབང་ནི༔ ལྕགས་ཀྱུ་ཅན་གྱི་མེ་ཏོག་དམར་པོ་ཚོགས་ཚད་དང༔ ཁྱེའུ་དང་བུ་མོ་གཙང་མའི་བྱང་སེམས་དཀར་དམར་དང་པོར་བྱུང་བ༔ གི་ཝཾ༔ ལི་ཁྲི༔ སིནྡྷུ་ར༔ རྡོ་ཁབ་ལེན༔ མཚལ༔ ལན་ཚྭ་རྣམས་ཆང་གིས་རིལ་བུ་བྱ༔ ཟངས་སྣོད་དུ་སྒྲུབ༔ སྔགས་ཀྱི་རྣལ་འབྱོར་ནུས་པ་དང་ལྡན་པས་ཡི་གེ་བཅུ་པའི་མཐར༔ ན་མོ་ཧ་ར་བྷི་ཏི་བ་སི་ནི་བྷ་བ་ཏུ་སྭཱ་ཧཱ༔ ཁྲི་བཟླས་པ་བཏབ་པས་འོད་དང་དུ་བ་སོགས་བྱུང་ན་དམིགས་བྱ་ལ་སྦྱིན་པའམ༔ དུད་པས་ཁྱབ་ཚད་དབང་དུ་འགྱུར་རོ༔ དྲག་པོ་ནི༔ ལྕགས་ཕུར་སོར་བཞི་པ་དང་ཡུངས་དཀར་ལ་རྩ་སྔགས་མཐར༔ སརྦ་ཨ་པ་ཀ་ར་བྷྱོ་བྷྱོ་ཟློག་ཟློག་མཱ་ར་ཡ་རྦད༔ མང་དུ་བཟླས་ཤིང་བཏབ་ནས་གནོད་པའི་ཕྱོགས་སུ་གཟུག༔ ཐུན་བརྡེགས་པས་གནོད་བྱེད་ཐམས་ཅད་ཕྱིར་བཟློག་པར་འགྱུར་རོ༔ ཡང་ན་དེ་ཐམས་ཅད་སྦྱིན་སྲེག་གིས་བསྒྲུབ་པར་བྱ་སྟེ༔ ལས་དང་རྗེས་སུ་མཐུན་པའི་ཐབ་དང༔ བུད་ཤིང་དང༔ ཡམ་ཤིང་དང༔ བསྲེག་རྫས་སོགས་བཤམས་ལ༔ བདག་ཉིད་རྗེ་བཙུན་མའི་ས་མཱ་ཏི་ལ་གནས་པས་རྫས་རྣམས་བྱིན་གྱིས་བརླབ༔ མེ་སྤར་ལ་འཇིག་རྟེན་པའི་མེ་ལྷ་བསྐྱེད་ཅིང་སྤྱན་དྲངས་ཤིང་རྫས་ཕུལ་ལ་འདོད་གསོལ་བྱ༔ དེ་ཉིད་མེར་འབར་བའི་ཀློང་དུ་ཡེ་ཤེས་ཀྱི་ལྷ་ཚོགས་རྗེ་བཙུན་མ་འཁོར་དང་བཅས་པ་བསྐྱེད་བསྟིམ་མཆོད་བསྟོད་དང༔ མར་ཁུ༔ ཡམ་ཤིང༔ ཁྱད་པར་གྱི་རྫས་རྣམས་དབུལ༔ སྔགས་ནི༔ ཞི་བ་ལ༔ རྩ་སྔགས་ཀྱི་མཐར༔ རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སརྦ་ཨརྠ་སཱ་དྷ་ན་ཧཱུྃ་ཤཱནྟིཾ་ཀུ་རུ་པྲཱ་ཤ་མ་ན་ཡ་ཧཱུྃ་ཧཱུྃ་ཧཱུྃ༔ དེ་བཞིན་དུ་རྒྱས་པ་ལ༔ རཏྣ་སཾ་བྷ་བ་ཏྲཱཾ་མ་ཧཱ་ཨཱ་ཡུར་པུཎྱེ་ཛྙཱ་ན་སུ་ཁཾ་བྷྲཱུྃ་པུཥྚིཾ་ཀུ་རུ་ཨོཾ་ཨོཾ་ཨོཾ༔ དབང་ལ༔ པདྨ་ཨ་པ་རི་མི་ཏ་ཧྲཱིཿཛཿསརྦ་ལོ་ཀ་ཝ་ཤཾ་མ་ན་ཡ་ཛ་ཛ་ཛ༔ དྲག་པོ་ལ༔ ཀརྨ་ཀྲོ་དྷ་ཕཊ་སརྦ་ཤ་ཏྲཱུན་མཱ་ར་ཡ་ཕཊ་ཕཊ་ཕཊ༔ ཅེས་དང་གཞན་ཡང་སྤེལ་ཚིག་གང་འདོད་དང་བཅས་བྱའོ༔ མཐར་ཡེ་ཤེས་པ་གཤེགས༔ དམ་ཚིག་པ་མེ་འབར་བའི་ཀློང་དུ་འཇིག་རྟེན་པའི་མེ་ལྷ་གསལ་བ་ལ་གཏང་རག་དབུལ་ཞིང་རང་གནས་སུ་གཏང༔ བསྔོ་སྨོན་བཀྲ་ཤིས་བརྗོད༔ དེས་ནི་ལས་ཐམས་ཅད་མྱུར་དུ་འགྲུབ་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ༔ ྈྈྈྈྈྈྈ དེ་ནས་ཡང་དག་བཤད་བྱ་བ༔ ནད་གདོན་གནོད་པ་ཞི་བ་དང༔ རྐྱེན་ངན་བར་ཆད་ཟློག་པ་དང༔ སྣོད་བཅུད་ལེགས་ཚོགས་རྒྱས་པའི་ཕྱིར༔ མཆོད་སྦྱིན་མདོས་ཀྱི་ཆོ་ག་བཤད༔ ས་མ་ཡ༔ དེ་ལ་དང་པོ་ཡོ་བྱད་གསོག་པ་ནི༔ མདོས་ཀྱི་རྒྱུ་རབ་རིན་པོ་ཆེ༔ འབྲིང་ས་སྤྱིན་བཟང་པོ་དང་རིན་པོ་ཆེའི་ཕྱེ་མ་བསྲེས་པ༔ ཐ་མ་འབྲུ་སྣའི་ངར་ཕྱེ་ལ་བྱ༔ དེའང་གླིང་བཞི་རི་རབ་ལྕགས་རི་མུ་ཁྱུད་དང་བཅས་པའི་དབྱིབས་སུ་བཞེངས༔ རི་རབ་ཀྱི་སྟེང་དུ་སྒྲོལ་མའི་དཀྱིལ་འཁོར་སྒོ་རྫོགས་སམ་པད་འདབ་ཀྱིས་མཚོན་པར་ལྷ་གྲངས་ཀྱི་ཚོམ་བུ་དགོད༔ སྟེང་དུ་གདུགས་དང་གཡས་གཡོན་དུ་རྒྱལ་མཚན་དང་བ་དན་འཕྱར༔ མཐར་ཉེར་སྤྱོད་འདོད་ཡོན་སོགས་མཆོད་པས་བསྐོར༔ རི་རབ་བང་རིམ་དང་པོ་ལ་སྒྲོལ་མ་སོགས་སྲི་ཞུའི་མགྲོན་གྱི་གཏོར་མ་ཞལ་ཟས་ཟླུམ་པོ༔ གཉིས་པ་ཡོན་ཏན་གྱི་མགྲོན་ལ་དཀར་གཏོར་དང་དམར་གཏོར་སྤེལ་མ༔ གསུམ་པར་བགེགས་ལ་ཆངས་བུའི་གཏོར་མ༔ བཞི་པར་རིགས་དྲུག་ལ་རིལ་བུའི་གཏོར་མ་རྣམས་གྲངས་ཅི་མང་གིས་བསྐོར༔ གླིང་བཞིའི་ནམ་མཁར་ཁྲིའུའི་ཁར་མཎྜལ་ཚོམ་བུ་མཆོད་པ་དང་བཅས་པ༔ དེའི་མདུན་དུ་གཡུའི་རྟ་ལ་གསེར་གྱི་མི་ཆུང་རིན་པོ་ཆེའི་རྒྱན་ལྡན་དར་གོས་ཀྱིས་བཀླུབས་ཤིང་མདའ་གཞུ་འགེངས་པ་ཐམས་ཅད་ཁ་ཤར་བསྟན་དུ་བཀོད་པར་ནམ་རྒྱང་མདའ་འཕང་ཤིང་རིས་སོགས་འཛུག༔ སོ་སོའི་མཐར་དེ་འདྲ་ཆུང་ངུ་ཉི་ཤུ་རྩ་དྲུག་རེས་བསྐོར༔ བང་རིམ་དང་བར་མཚམས་རྣམས་སུ་འདབ་ཆགས་གཅན་གཟན་རི་དྭགས་གཡུང་དྭགས་ཆུ་གནས་སོགས་སྲོག་ཆགས་ཀྱི་གཟུགས་ཇི་སྙེད་པ་དང༔ རིན་ཆེན་དར་ཟབ་འབྲུ་སྨན་གོ་མཚོན་སོགས་དཀོར་ཆ་སྣ་ཚོགས་པས་ཕྱུར་བུར་གཏམས༔ ལྕགས་རིའི་ཁར་ཡང་ནམ་རྒྱང་མདའ་འཕང་ཤིང་རིས་སྤེལ་མར་བཙུག༔ དེའི་མདུན་དུ་མཆོད་པ་ཉེར་སྤྱོད་བརྒྱ་རྩ་བརྒྱད་སོགས་གང་འབྱོར༔ དཀར་སྐྱེམས༔ མངར་སྐྱེམས༔ ཆང་སྐྱེམས༔ ཁྲག་སྐྱེམས༔ སྐུ་གླུད་རྒྱན་ལྡན་དཀོར་ཆས་ཕྱུག་པ་རྣམས་མཛེས་པར་བཤམ་མོ༔ དེ་ནས་ཆོ་ག་ལ་སྔོན་འགྲོ་ནི༔ བདག་ཉིད་སྒྲོལ་མར་བསྐྱེད་པ་དང་བཟླས་བརྗོད་སོགས་སྒྲུབ་ཐབས་ལྟར་བྱ༔ མཆོད་གཏོར་དང་མདོས་ཡས་རྣམས་སྔགས་དྲུག་ཕྱག་རྒྱ་དྲུག་གིས་གླིང་བཞི་རི་རབ་འདོད་ཡོན་དང་བཅས་པ་ཀུན་ཏུ་བཟང་པོའི་མཆོད་སྦྱིན་གྱི་གཏེར་ཆེན་པོར་བྱིན་གྱིས་བརླབ༔ དངོས་གཞི་ནི༔ མདུན་གྱི་དཀྱིལ་འཁོར་མི་དམིགས་ཏེ་སྟོང་པའི་ངང་ལས་འཕགས་མ་འཁོར་བཅས་སུ་བསྐྱེད་པ་ནས་བཟླས་པའི་བར་སྒྲུབ་ཐབས་བཞིན་བཏང་རྗེས་བཟླས་པ་ཅི་མང་དང༔ མཆོད་བསྟོད་ཕྱག་འཚལ་ཉེར་གཅིག་བརྒྱ་རྩ་སོགས་བྱ་ཞིང་གསོལ་བ་གདབ༔ དེ་ནས་མཎྜལ་ཆ་བཞིའི་དང་པོ་བླ་མ་དང་དཀོན་མཆོག་སྤྱི་ལ་ཡན་ལག་བདུན་པའི་ཆོ་ག་དང་བཅས་དབུལ༔ གཉིས་པ་དང༔ གསུམ་པ་དང༔ བཞི་པ་རྣམས་རྗེ་བཙུན་མ་འཁོར་དང་བཅས་པ་ལ་དབུལ་ཞིང་བསྟོད་པ་ལན་གཉིས་དང༔ གསུམ་དང༔ བདུན་གྱིས་ཕྱག་བཙལ༔ སྔགས་བཟླ༔ ཐམས་ཅད་ལ་འདོད་དོན་གསོལ་གདབ་རྩེ་གཅིག་བྱའོ༔ གཏོར་མ་ཆ་བཞིའི་དང་པོ་སྒྲོལ་མ་འཁོར་དང་བཅས་པ་ལ་ཆོ་ག་ལྟར་འབུལ༔ གཉིས་པ་དཔལ་མགོན་ཕྱོགས་སྐྱོང་ཡོན་ཏན་གྱི་མགྲོན་དང༔ འབྱུང་པོའི་ཚོགས༔ གསུམ་པ་བགེགས་རིགས་ལན་ཆགས༔ བཞི་པ་རིགས་དྲུག་སྙིང་རྗེའི་མགྲོན་ལ་བསྔོ༔ དེའང་སྙིང་རྗེའི་མགྲོན་ལ་བསྔོ་བ་ནི༔ ཨ་ཀཱ་རོ་ལན་ཉི་ཤུ་རྩ་གཅིག་གིས་ཁམས་གསུམ་ཐམས་ཅད་ལ་ཁྱབ་པར་བསྔོས་ནས༔ ཨོཾ༔ མཆོད་སྦྱིན་གཏོར་མ་དམ་པ་འདི༔ ངོ་བོ་ཞལ་ཟས་བཟང་རྒུས་བརྒྱན༔ རྣམ་པ་འདོད་པ་ཅིར་ཡང་འབྱུང༔ མཁའ་ཁྱབ་ཏིང་ངེ་འཛིན་གྱིས་སྤྲུལ༔ སྔགས་དང་ཕྱག་རྒྱའི་དཔུང་བསྐྱེད་ནས༔ དམྱལ་བ་ཡི་དྭགས་བྱོལ་སོང་དང༔ མི་དང་ལྷ་མིན་ལྷ་ཡི་རིགས༔ དྲི་ཟ་བར་དོའི་ཡིད་ལུས་སོགས༔ ཁམས་གསུམ་ཀུན་ལ་ཁྱབ་པར་བསྔོ༔ བསྔོས་པ་བཞིན་དུ་ཐོབ་གྱུར་ནས༔ དགའ་མགུ་ཚིམ་ཞིང་བསམ་པ་འགྲུབ༔ མཐར་ཐུག་བྱང་ཆུབ་སྐལ་ལྡན་ཤོག༔ ཅེས་བྱའོ༔ དེ་ནས་མདོས་འབུལ་བ་ལ༔ ཐོག་མར་གླེང་གཞི་དང་བཅས་མགྲོན་ལ་སྙན་བརྣན་པ་ནི༔ ཀྱེ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ལྷ་དང་ལྷ་མིན་གཡུལ་བཤམས་ཚེ༔ ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས༔ རྗེ་བཙུན་སྒྲོལ་མར་སྐྱབས་གསོལ་ནས༔ རྣམ་བཞིའི་མདོས་ཀྱི་མཆོད་སྦྱིན་བཏང༔ ལྷ་མིན་གདུག་པའི་གཡུལ་བཟློག་ཅིང༔ ལྷ་དམག་དཀར་པོ་དབུགས་རབ་ཕྱུང༔ བར་དུ་རྒྱ་གར་ཟ་ཧོར་ཡུལ༔ རྒྱལ་པོ་སིཾ་ཧ་བྷ་དྲ་ལ༔ སྡེ་བརྒྱད་གདུག་པས་སྐབས་བཙལ་ནས༔ སྣོད་བཅུད་ཐམས་ཅད་ཉམ་ཐག་ཚེ༔ སློབ་དཔོན་དགའ་རབ་རྡོ་རྗེ་ཡིས༔ རྗེ་བཙུན་སྒྲོལ་མར་སྐྱབས་གསོལ་ནས༔ རྣམ་བཞིའི་མདོས་ཀྱི་མཆོད་སྦྱིན་བཏང༔ འབྱུང་པོ་ཁྲོས་པའི་གཡུལ་ངོ་བཟློག༔ ཟ་ཧོར་བདེ་སྐྱིད་ལྡན་པར་བྱས༔ དེ་རྗེས་བོད་ཡུལ་བསམ་ཡས་སུ༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ༔ མཐའ་བཞིའི་དམག་གི་སོ་ཁ་ལངས༔ ནད་མཚོན་མུ་གེས་མནར་བའི་ཚེ༔ སློབ་དཔོན་པདྨས་བྱིན་བརླབས་ཏེ༔ སྔགས་མཁན་ཨ་ཙར་ས་ལེ་ཡིས༔ རྗེ་བཙུན་སྒྲོལ་མར་སྐྱབས་གསོལ་ནས༔ རྣམ་བཞིའི་མདོས་ཀྱི་མཆོད་སྦྱིན་བཏང༔ ཕས་རྒོལ་གཡུལ་ངོ་ཅིག་ཅར་བཟློག༔ བོད་ཁམས་མངའ་རིས་བདེ་ལ་བཀོད༔ སྔོན་བྱུང་སྲིད་པ་དེ་བཞིན་དུ༔ དེ་རིང་བདག་ཅག་ཡོན་མཆོད་ཀྱིས༔ ནད་མུག་མཚོན་འཁྲུག་ཞི་བ་དང༔ ཚེ་བསོད་དཔལ་འབྱོར་རྒྱས་པ་དང༔ མཐའ་དམག་དུས་འཁྲུག་ཟློག་པ་དང༔ གདོན་བགེགས་གདུག་པ་ཚར་གཅད་ཕྱིར༔ རྗེ་བཙུན་སྒྲོལ་མར་སྐྱབས་གསོལ་ནས༔ རྣམ་བཞིའི་མདོས་ཀྱི་མཆོད་སྦྱིན་བཤམས༔ མོས་ཤིང་གདུང་བས་སྤྱན་འདྲེན་ན༔ དཀོན་མཆོག་སྲི་ཞུའི་མགྲོན་རྣམས་ཀུན༔ ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ༔ མགོན་པོ་ཡོན་ཏན་མགྲོན་རྣམས་ཀུན༔ དམ་ཚིག་དབང་གིས་གནས་འདིར་བྱོན༔ བགེགས་རིགས་ལན་ཆགས་མགྲོན་རྣམས་ཀུན༔ ཞི་ཞིང་གུས་པའི་ཚུལ་གྱིས་འདུས༔ རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ཀུན༔ དགའ་ཞིང་སྤྲོ་བས་འདིར་འདུས་ཤིག༔ རང་རང་དགྱེས་པའི་གདན་ལ་བཞུགས༔ མཆོད་སྦྱིན་མདོས་ཀྱི་ལོངས་སྤྱོད་བཞེས༔ ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ ས་མ་ཡ་སརྦ་ཨཱ་ཀརྵཱ་ཡ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་སཏྭཾ༔ ཞེས་གསོལ་བས་མགྲོན་རིགས་མཆོག་དམན་ཐམས་ཅད་སྤྲིན་གཏིབས་པ་བཞིན་བྱོན་ནས་མདུན་བསྐྱེད་རྗེ་བཙུན་མའི་མཐའ་སྐོར་དུ་མངོན་སུམ་བཞིན་བཞུགས་པར་བསམ༔ མདོས་ཆ་བཞིའི་དང་པོ་དཀོན་མཆོག་སྲི་ཞུའི་མགྲོན་ལ་འབུལ་བ་ནི༔ ཨོཾ༔ བདག་གི་ལྷག་པའི་བསམ་པ་དང༔ སངས་རྒྱས་བྱང་སེམས་སྦྱིན་སྟོབས་དང༔ ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས༔ དངོས་བཤམས་ཡིད་ལས་བྱུང་བ་ཡི༔ རི་རབ་གླིང་བཞི་བྱེ་བ་བརྒྱ༔ ཉི་ཟླ་ནོར་བུ་རིན་ཆེན་ཚོགས༔ དར་ཟབ་དཀོར་ཆ་བསམ་མི་ཁྱབ༔ ནམ་མཁའ་གང་བའི་མདོས་མཆོད་འདི༔ རྗེ་བཙུན་འཕགས་མ་སྒྲོལ་མ་དང༔ འཇིགས་པ་བརྒྱད་སྐྱོབ་ཐུགས་རྗེའི་ཡུམ༔ རྣམ་འཕྲུལ་ལྷ་མོ་ཉི་ཤུ་གཅིག༔ མཚན་བརྒྱ་བརྒྱད་ཀྱི་སྒྲོལ་མའི་ཚོགས༔ མགྲོན་གྱི་གཙོ་བོར་བཞུགས་པ་ཡི༔ བླ་མ་སངས་རྒྱས་ཡི་དམ་ལྷ༔ དམ་ཆོས་འཕགས་པའི་དགེ་འདུན་སྡེ༔ གནས་གསུམ་དཔའ་བོ་མཁའ་འགྲོར་བཅས༔ དཀོན་མཆོག་སྲི་ཞུའི་མགྲོན་རྣམས་ལ༔ གུས་པའི་བློ་ཡིས་འབུལ་ལགས་ན༔ ཐུགས་རྗེའི་དབང་གིས་བཞེས་ནས་ཀྱང༔ བདག་ཅག་དཔོན་སློབ་ཡོན་མཆོད་ཀྱི༔ ནད་གདོན་སྡིག་སྒྲིབ་ཞི་བ་དང༔ ཚེ་བསོད་ཡེ་ཤེས་རྒྱས་པར་མཛོད༔ ཐུགས་རྗེ་ཆེན་པོས་བྱིན་བརླབས་ནས༔ ཉིད་དང་དབྱེར་མེད་མཛད་དུ་གསོལ༔ ཞེས་དང་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་དབུལ་ལོ༔ ཆ་གཉིས་པ་མགོན་པོ་ཡོན་ཏན་གྱི་མགྲོན་ལ་འབུལ་བ་ནི༔ ཨོཾ༔ བདག་གི་ལྷག་པའི་བསམ་པ་དང༔ སངས་རྒྱས་བྱང་སེམས་སྦྱིན་སྟོབས་དང༔ ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས༔ དངོས་བཤམས་ཡིད་ལས་བྱུང་བ་ཡི༔ རི་རབ་གླིང་བཞི་བྱེ་བ་བརྒྱ༔ ཉི་ཟླ་ནོར་བུ་རིན་ཆེན་ཚོགས༔ དར་ཟབ་དཀོར་ཆ་བསམ་མི་ཁྱབ༔ ནམ་མཁའ་གང་བའི་མདོས་མཆོད་འདི༔ དཔལ་ལྡན་མ་ཧཱ་ཀཱ་ལ་དང༔ ལྷ་མོ་ནག་མོ་རེ་མ་ཏཱི༔ གཙང་རིས་དཔལ་མགོན་བདུན་ཅུའི་ཚོགས༔ དཀར་ཕྱོགས་སྐྱོང་བའི་འབྱུང་པོའི་སྡེ༔ མཐུ་དང་རྫུ་འཕྲུལ་སྟོབས་ཀྱི་བདག༔ མགོན་པོ་ཡོན་ཏན་མགྲོན་རྣམས་ལ༔ མོས་པའི་དབང་གིས་འབུལ་ལགས་ན༔ དམ་ཚིག་དབང་གིས་བཞེས་ནས་ཀྱང༔ བདག་ཅག་དཔོན་སློབ་ཡོན་མཆོད་ཀྱི༔ འགལ་རྐྱེན་བར་ཆད་ཐམས་ཅད་སོལ༔ ནད་གདོན་གནོད་པ་ཞི་བར་མཛོད༔ ཚེ་བསོད་དཔལ་འབྱོར་སྙན་གྲགས་སྤེལ༔ མི་ནོར་ཟས་གསུམ་དབང་དུ་སྡུས༔ དགྲ་བགེགས་འབྱུང་པོ་ཆམ་ལ་ཕོབ༔ སྣོད་བཅུད་ཀུན་ལ་འཚེ་བ་ཡི༔ བཙའ་སད་སེར་བའི་གནོད་པ་ཟློག༔ ས་ཆུ་མེ་རླུང་གཡོ་འཁྲུག་ཟློག༔ མི་ཕྱུགས་ནད་དལ་གོད་ཀ་ཟློག༔ བྱད་ཕུར་རྦོད་གཏོང་འཐབ་རྩོད་ཟློག༔ ཐན་དང་ལྟས་ངན་ཀེག་སྲི་ཟློག༔ དུས་མིན་འཆི་རྐྱེན་བར་ཆད་ཟློག༔ ཚེ་རིང་ནད་མེད་ཡུན་རིང་བདེ༔ བསམ་པ་སྒྲུབས་ལ་རེ་བ་སྐོངས༔ སངས་རྒྱས་བསྟན་པ་དར་བ་དང༔ སེམས་ཅན་བདེ་བའི་ཕྲིན་ལས་མཛོད༔ ཅེས་དང༔ ཨོཾ་ཤྲཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ན་མསྶརྦ་སོགས་ནམ་མཁའ་མཛོད་དང༔ ཕྱོགས་སྐྱོང་དང་འབྱུང་པོའི་སྔགས་ལའང་སྔགས་འདི་ཉིད་བཏགས་པས་དབུལ༔ ཆ་གསུམ་པ་བགེགས་རིགས་ལན་ཆགས་ཀྱི་མགྲོན་ལ་བསྔོ་བ་ནི༔ ཧཱུྃ༔ བདག་གི་ལྷག་པའི་བསམ་པ་དང༔ སངས་རྒྱས་བྱང་སེམས་སྦྱིན་སྟོབས་དང༔ ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས༔ དངོས་བཤམས་ཡིད་ལས་བྱུང་བ་ཡི༔ སྲིད་པ་མདོས་ཀྱི་ཡོ་བྱད་ནི༔ གླིང་བཞི་རི་རབ་བཀོད་རེ་ལེགས༔ ཉི་ཟླ་ནོར་བུ་མདངས་རེ་གསལ༔ གཡུ་ཡི་རྟ་མཆོག་འགྲོས་རེ་ལེགས༔ གསེར་གྱི་སྐྱེས་བུ་དཔའ་རྩལ་ལྡན༔ ནམ་རྒྱང་མདའ་འཕང་ཤིང་རིས་དང༔ འདབ་ཆགས་རི་དྭགས་གཡུང་དྭགས་ཁྱུ༔ གསེར་དངུལ་དར་ཟབ་རིན་པོ་ཆེ༔ བཟའ་བཏུང་སྐྱེམས་ཕུད་རོ་བཅུད་སོགས༔ འཇིག་རྟེན་དཀོར་ཆ་བསམ་མི་ཁྱབ༔ གཏན་པ་མེད་པའི་ལོངས་སྤྱོད་འདི༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང༔ གདོན་རིགས་སུམ་བརྒྱ་དྲུག་ཅུ་དང༔ བྱིས་པའི་གདོན་ཆེན་བཅོ་ལྔ་དང༔ གཙོ་བོའི་གདོན་ཆེན་བཅོ་བརྒྱད་དང༔ ཕལ་པའི་གདོན་ཕྲན་བྱེ་བ་དང༔ ལོ་ཟླ་ཞག་དུས་ལ་གནས་པའི༔ ས་བདག་གདུག་པའི་བསམ་སྦྱོར་ཅན༔ མདོར་ན་སྣང་ཞིང་སྲིད་པ་ཡི༔ སྡེ་བརྒྱད་བགེགས་དང་ལན་ཆགས་ཚོགས༔ ཁམས་གསུམ་རྒྱུ་བ་ཀུན་ལ་བསྔོ༔ བསྔོས་པ་བཞིན་དུ་ཐོབ་ནས་ཀྱང༔ ཚེ་རབས་སྔོན་ནས་འབྲེལ་པ་ཡི༔ བུ་ལོན་ལན་ཆགས་བྱང་བར་མཛོད༔ བདག་ཅག་ཡོན་མཆོད་འཁོར་བཅས་ལ༔ གནོད་ཅིང་འཚེ་བའི་བསམ་སྦྱོར་སྤོངས༔ འགལ་རྐྱེན་བར་དུ་གཅོད་པ་ཡི༔ ཟ་ལམ་དགྲ་དང་བགེགས་ལ་སྟོན༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཅེས་དང་ཁ་འབར་མའི་སྔགས་རྒྱས་བསྔོ༔ ཆ་བཞི་པ་རིགས་དྲུག་སྙིང་རྗེའི་མགྲོན་ལ་སྦྱིན་པ་ནི༔ ཀྱེ༔ བདག་གི་ལྷག་པའི་བསམ་པ་དང༔ སངས་རྒྱས་བྱང་སེམས་སྦྱིན་སྟོབས་དང༔ ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས༔ དངོས་བཤམས་ཡིད་ལས་བྱུང་བ་ཡི༔ གཏན་པ་མེད་པའི་མདོས་སྦྱིན་ནི༔ གླིང་ཆེན་བཞི་དང་གླིང་ཕྲན་བརྒྱད༔ རི་རབ་ལྕགས་རི་མུ་ཁྱུད་ཚུན༔ བཟའ་བཏུང་གོས་རྒྱན་ནོར་སྣའི་དབྱིག༔ ཡུལ་མཁར་ཕ་མ་བུ་ཚ་དང༔ རྟ་ཕྱུགས་རྐང་ཕྲན་བཞོན་པའི་ཁྱུ༔ མདོར་ན་གང་ལ་ཅི་འདོད་པའི༔ མཁོ་རྒུའི་ལོངས་སྤྱོད་ཐམས་ཅད་ཀུན༔ རི་ལྟར་སྤུངས་ཤིང་མཚོ་ལྟར་བསྐྱིལ༔ ཟད་མེད་ཕྱུར་བུར་གཏམས་པ་འདི༔ སྲིད་པའི་རྩེ་ནས་མནར་མེད་ཡན༔ ལས་ཀྱི་སྒྱུ་མས་འཁོར་བ་ཡི༔ སྙིང་རྗེའི་ཡུལ་གྱུར་རིགས་དྲུག་འགྲོ༔ བར་དོ་ཡིད་ཀྱི་ལུས་ཅན་སོགས༔ མཁའ་ཁྱབ་ཕ་མ་ཀུན་ལ་བསྔོ༔ བསྔོས་པ་བཞིན་དུ་ཐོབ་ནས་ཀྱང༔ ཅི་འདོད་ལོངས་སྤྱོད་འབྱུང་བར་ཤོག༔ ཡིད་ལ་བསམ་རྒུ་འགྲུབ་པར་ཤོག༔ སྡིག་སྒྲིབ་སྡུག་བསྔལ་བྲལ་བར་ཤོག༔ བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག༔ བདག་ཅག་དཔོན་སློབ་ཡོན་མཆོད་ལ༔ མཉེན་གཤིན་བྱམས་བརྩེའི་སེམས་ལྡན་པས༔ རང་རང་ཇི་ལྟར་ནུས་པ་ཡི༔ ཕན་པའི་སྡོངས་གྲོགས་རྒྱ་ཆེར་མཛོད༔ ཀུན་ཀྱང་ཆོས་བཞིན་སྤྱོད་པའི་མཐུས༔ ཐར་པའི་གོ་འཕང་མྱུར་ཐོབ་ཤོག༔ ཅེས་དང་ཨ་ཀཱ་རོའི་སྔགས་རྒྱས་སྦྱིན་ནོ༔ དེའང་དང་པོར་སྔགས་དང༔ ཕྱག་རྒྱ་དང༔ ཏིང་ངེ་འཛིན་གྱིས་ཕུལ་ལ༔ དེ་ནས་སོ་སོའི་སྨྲེང་དང་བཅས་ཏེ་འདོད་དོན་གསོལ་བ་ཡིན་ལ༔ ཚུལ་དེ་ལྟ་བུས་རབ་སྟོང་རྩ༔ འབྲིང་བརྒྱ་རྩ༔ ཐ་མའང་ཉེར་གཅིག་གམ༔ ནད་པ་སོགས་ཀྱི་དོན་དུ་བྱེད་ན་ལོ་གྲངས་ལས་མི་ཉུང་བར་བྱའོ༔ སྤྲོ་ན་མཚམས་ཇི་ལྟར་རིགས་པར་ནམ་རྒྱང་མདའ་འཕང་སོགས་ཀྱི་མདོས་འཕྱང་ཡང་སྤྱི་ལྟར་གྱེར༔ དེ་ནས་མེ་མཆོད་འབུལ་བ་ནི༔ དཀྱིལ་འཁོར་གྱི་ཕྱོགས་བཞིར་མགྲོན་བཞི་ལ་ཞི་བ་དང༔ རྒྱས་པ་དང༔ དབང་དང༔ དྲག་པོའི་མེ་མཆོད་ཕུལ་བས་ལས་མྱུར་དུ་འགྲུབ་ཅིང་ནུས་པ་ཤིན་ཏུ་ཆེ་བ་རྣོ་ལ་ངར་བཏགས་པ་དང་འདྲའོ༔ དེ་ལ་ཆོ་ག་ནི་འདི་ཡིན་ཏེ༔ མདུན་དཀྱིལ་གྱི་ཕྱོགས་བཞིའི་ཤར་དུ་ཞི་བ༔ ལྷོར་རྒྱས་པ༔ ནུབ་ཏུ་དབང༔ བྱང་དུ་དྲག་པོ་རྣམས་ཀྱི་ཐབ་དང༔ བུད་ཤིང་དང༔ མཆོད་པ་དང༔ སྲེག་བླུག་གི་རྫས་རྣམས་ལས་དང་རྗེས་སུ་མཐུན་པར་སྤྱི་ལྟར་དུ་འདུ་བྱས་ལ༔ མཚན་མའི་ཁྱད་པར་ཐབ་ཀྱི་དབུས་སུ་པདྨ་ལས་མདོག་དང་མཐུན་པའི་འདབ་མ་ལྔ་པའི་དབུས་དང་ཕྱོགས་བཞིར་ལས་མཐུན་གྱི་མེ་ཏོག་གི་ཚོམ་བུ་དགོད་པ་ཙམ་བསྲེག་ལྷའི་རྟེན་དུ་བཅའོ༔ དེ་ནས་ཐོག་མར་ཤར་དུ་ཞི་བའི་སྲེག་བླུགས་ཀྱིས་མགྲོན་བཞི་མཉེས་པར་བྱ་སྟེ༔ ཐབ་དང་ཡོ་བྱད་རྣམས་ལ་བསང་ཆུ་གཏོར་ལ་བསང་སྦྱང༔ སྟོང་པའི་ངང་ལས་མཆོད་སྲེག་རྫས༔ བདུད་རྩིའི་རང་བཞིན་འདོད་ཡོན་གཏེར༔ ལྷ་ཚོགས་དགྱེས་པ་སྐོང་བ་དང༔ ལས་རྣམས་འགྲུབ་པའི་ནུས་ལྡན་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་མང་དུ་བརྗོད༔ བཛྲ་སྥ་ར་ཎ་ཁཾ་གིས་རྒྱ་ཆེར་སྤེལ༔ ལས་མཐུན་གྱི་མེ་སྦར་ལ༔ ཨོཾ་བཛྲ་ཛྙཱ་ན་ཛྭ་ལ་རཾ་སྥ་ར་ཎ་ཕཊ༔ རླུང་གཡབ་ཅིང༔ ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད༔ བསང་ཆུས་བྲན༔ མཚན་ཉིད་ཡོངས་རྫོགས་ཞི་བའི་ཐབ༔ ཡེ་ཤེས་མེ་ཕུང་ཆེར་འབར་དབུས༔ མེ་ལྷ་དྲང་སྲོང་འཁོར་དང་བཅས༔ སྐད་ཅིག་ཉིད་དུ་གསལ་བར་གྱུར༔ ཅེས་མེ་ལྷ་དམ་ཚིག་པ་ཞི་བའི་ངང་ཚུལ་ཅན་དུ་གསལ་གདབ༔ དབྱུ་གུ་རྩེ་གསུམ་པའི་ཕྱག་རྒྱ་རྣ་བའི་དྲུང་དུ་གཡོབ་ཅིང༔ ཨོཾ་ཨགྣི་དེ་བ་ཛྙཱ་ན་སཏྭ་ས་པ་རི་ཝཱ་ར་ས་མ་ཡ་ཨེ་ཧྱེ་ཧི༔ ཞེས་པས་ཡེ་ཤེས་པ་སྤྱན་དྲངས༔ ཨོཾ་ཨགྣི་དེ་བ་ཛྙཱ་ན་ས་པ་རི་ཝཱ་ར་ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ དམ་ཚིག་ཡེ་ཤེས་དབྱེར་མེད་དུ་གྱུར༔ པདྨ་ཀ་མ་ལཱ་ཡ་སཏྭཾ་གྱིས་གདན་དབུལ༔ དགང་བླུག་བཟུང་ལ༔ ཨོཾ༔ གཟར་བུ་གཉིས་ཀྱི་ཁ་ལ་རཾ༔ ལྷ་ཚོགས་ལྗགས་སྟེང་ཧཱུྃ་གིས་མཚན༔ བདུད་རྩིའི་རྒྱུན་འབབས་མཉེས་ཤིང་ཚིམ༔ ཞི་བའི་ལས་ཀུན་བསྒྲུབ་པར་གྱུར༔ ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ ཞེས་པས་མར་ཁུའི་བྱོན་སྐྱེམས་བདུན་ཕྲག་གསུམ་སོགས་ཕུལ༔ མཚམས་རྣམས་སུ༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ནད་གདོན་བར་ཆད་འཇིགས་བརྒྱད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་པས་མཚོན་ཏེ་ཇི་ལྟར་འདོད་པའི་སྤེལ་ཚིག་ཀྱང་སྦྱར༔ ཨོཾ་ཨགྣི་དེ་བ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཉེ་བར་སྤྱོད་པས་མཆོད༔ ཨོཾ༔ གཟི་བརྗིད་འབར་བ་མེ་ཡི་ལྷ༔ མཐུ་སྟོབས་རྫུ་འཕྲུལ་ཐོགས་པ་མེད༔ ལས་རྣམས་ཐམས་ཅད་རབ་སྒྲུབ་མཛད༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད༔ ཨོཾ་མ་ཧཱ་ཏེ་ཛཱ་ཡ་སྭཱ་ཧཱས་ཡམ་ཤིང༔ ཨོཾ་མ་ཧཱ་ཨགྣ་ཡེ་སྭཱ་ཧཱས་མར་ཁུ༔ ཨོཾ་ཨགྣི་དེ་བ་ཤཱནྟིཾ་ཀུ་རུ་ཀུ་རུ་སྭཱ་ཧཱས་ཏིལ་དང་མེ་ཏོག་དཀར་པོ་སོགས་ཞི་བའི་རྫས་རྣམས་ལྷན་ཅིག་ཏུ་བདུན་ཕྲག་གསུམ་སོགས་ཕུལ༔ མཚམས་སུ་སྤེལ་ཚིག་སྦྱར༔ སླར་ཡང་མཆོད་ཅིང་བསྟོད་ལ༔ དྲང་སྲོང་ཆེན་པོས་འབར་བའི་མེ༔ ཡེ་ཤེས་མེ་རུ་བྱིན་བརླབས་ཤིང༔ བསྲེག་རྫས་ལྷ་ལ་སྟོབ་པ་དང༔ དངོས་གྲུབ་ཕྲིན་ལས་བསྩལ་དུ་གསོལ༔ ཞེས་དང༔ ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་པས༔ མེ་ལྷ་འབར་བའི་རྣམ་པར་འཁྱིལ་བའི་ཀློང་དུ་ཞི་བའི་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ལྷ་གནས་རྣམས་སུ་གདན་དང་བཅས་པ་སྐད་ཅིག་གིས་བཀྲ་ལམ་གྱིས་གསལ་བར་བསམ་ལ༔ མདུན་བསྐྱེད་ཀྱི་ཐུགས་ཀ་ནས་རྗེ་བཙུན་མའི་ལྷ་ཚོགས་ཡེ་ཤེས་པ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་ནས་སོ་སོའི་གདན་ལ་བཞུགས་པའི་མཐའ་སྐོར་དུ་དཀོན་མཆོག་སྲི་ཞུའི་དང་མགོན་པོ་ཡོན་ཏན་གྱི་མགྲོན་ཐམས་ཅད་ཀྱང་དགྱེས་བཞིན་དུ་བཞུགས་ཤིང༔ དེ་ཐམས་ཅད་ཀྱང་འོད་ཟེར་དཀར་པོ་སྤྲོ་བ་དང་བསྡུ་བའི་སྒོ་ནས་ཞི་བའི་ལས་རབ་འབྱམས་མཛད་པར་བསམ༔ སྤྱན་འདྲེན་དང་བཞུགས་གསོལ་བྱ༔ དགང་བླུག་བཟུང་ལ༔ མར་ཁུ་དགང་བླུག་ཉེར་གཅིག་སོགས་ཡི་གེ་བཅུ་པའི་སྔགས་སྤེལ་ཚིག་དང་བཅས་པས་བྱོན་སྐྱེམས་སུ་འབུལ༔ མཆོད་ཅིང་བསྟོད༔ ཡམ་ཤིང་དང༔ མར་ཁུ་བརྒྱ་རྩ་སོགས་སྤེལ་ཚིག་དང་བཅས་ཕུལ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་གུ་རུ་ཏྲི་རཏྣ་དེ་བ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཤཱནྟིཾ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ ཞེས་ཅི་མང་ཕུལ་ལ་མཚམས་སུ་སྤེལ་ཚིག་སྦྱར༔ རྫས་ཐེམས་པ་ན་སླར་ཡང་མཆོད་ཅིང་བསྟོད༔ མར་ཁུ་དགང་བླུག་ཉེར་གཅིག་སོགས་གཤེགས་སྐྱེམས་སུ་དབུལ༔ གཏོར་མ་དབུལ་ཞིང་ཕྲིན་ལས་གསོལ༔ ནོངས་པ་བཤགས༔ བཛྲ་མུཿས་ཐབ་ཀྱི་ལྷ་རྣམས་མདུན་བསྐྱེད་ཀྱི་ཐུགས་ཀར་གཤེགས༔ དེ་ནས་ཞི་བའི་སྐབས་སུ་མཚམས་འདིར་མགྲོན་འོག་མ་གཉིས་ལའང་བསྲེག་རྫས་ཀྱི་ལྷག་མ་སྦྱིན་པར་བྱ་སྟེ༔ ཐབ་ཀྱི་མཐའ་སྐོར་དུ་བི་ནཱ་ཡ་ཀ་ཆེན་པོས་གཙོ་བྱས་པའི་བགེགས་རིགས་ལན་ཆགས་ཀྱི་མགྲོན་རྣམས་གུས་ཤིང་དུལ་བའི་ཚུལ་གྱིས་སྐད་ཅིག་གིས་འཁོད་པར་བསམ་ལ༔ ཡམ་ཤིང་དང༔ མར་ཁུ་ལྷག་མ་གོང་ལྟར་སྦྱིན༔ ཞི་བའི་རྫས་ཀྱི་ལྷག་མ་རྣམས༔ ཨོཾ་སརྦ་བིགྷྣཱན་ཤཱནྟིཾ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ ཞེས་ཉེར་གཅིག་སོགས་ཀྱིས་སྦྱིན༔ མཚམས་རྣམས་སུ༔ བགེགས་ཀྱི་རྒྱལ་པོ་བི་ནཱ་ཡ་ཀས་གཙོ་བྱས་པའི་བགེགས་རིགས་ལན་ཆགས་ཀྱི་མགྲོན་རྣམས་ཀྱིས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛོད་ཅིག༔ ཅེས་སྤེལ༔ བགེགས་རིགས་ལན་ཆགས་རྣམས་ཀྱི་རྒྱུད་ལ་ཕན་པ་དང་བདེ་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག༔ ཅེས་སྨོན་ལམ་གདབ༔ གཏོར་མ་སྤྱི་ལྟར་བསྔོ༔ ཆོས་སྦྱིན་བྱ༔ སརྦ་བིགྷྣཱན་གཙྪཿས་གཤེགས༔ སླར་ཡང་ཐབ་ཀྱི་མཐའ་སྐོར་དུ་རིགས་དྲུག་བར་དོ་དང་བཅས་པའི་སྙིང་རྗེའི་མགྲོན་དུ་གྱུར་པ་ཐམས་ཅད་ཞི་ཞིང་དྭངས་པའི་ཚུལ་གྱིས་འཁོད་པར་བསམ་ལ༔ ཡམ་ཤིང་དང་མར་ཁུ༔ ཨོཾ་སརྦ་ག་ཏི་ཤཱནྟིཾ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ ཞེས་པས་ཞི་རྫས་སྦྱིན༔ རིགས་དྲུག་བར་དོ་བཅས་པའི་སྙིང་རྗེའི་མགྲོན་དུ་གྱུར་པ་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པའི་སྡུག་བསྔལ་ཐམས་ཅད་ཞི་ཞིང༔ ཕན་པ་དང༔ བདེ་བ་དང༔ བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་སྐལ་པ་དང་ལྡན་པར་གྱུར་ཅིག༔ ཅེས་སྨོན་ལམ་གདབ༔ གཏོར་མ་བསྔོ༔ ཆོས་ཀྱི་སྦྱིན་པའང་བྱས་ལ༔ སརྦ་ག་ཏི་གཙྪཿས་རང་རང་གི་གནས་སུ་དགའ་བཞིན་དེངས་པར་བསམ་མོ༔ མགྲོན་འོག་མ་ལ་སྦྱིན་པ་འདི་རྒྱས་པ་སོགས་སྦྱིན་སྲེག་གཞན་གསུམ་ལ་མི་དགོས་སོ༔ མར་ཁུ་དགང་བླུག་གང་བླུགས་ལ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་པས་མེ་ལྷ་འབར་བ་ལས་ཞལ་ཕྱག་གི་རྣམ་པར་བཞེངས་པར་བསམ་ལ༔ བསྲེག་རྫས་ཀྱི་ལྷག་མ་བདུན་ནམ་ཉེར་གཅིག་སོགས་གཏང་རག་ཏུ་དབུལ༔ མཆོད་བསྟོད་བྱ༔ གཤེགས་སྐྱེམས་ཕུལ༔ གཏོར་མ་ཨོཾ་ཨཱཿཧཱུྃ་གིས་བརླབ༔ ཨོཾ་ཨགྣི་དེ་བ་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་ཀྱིས་ཕུལ་ལ༔ ཡེ་ཤེས་མེ་ལྷ་འཁོར་བཅས་ཀྱིས༔ ཁ་དོག་དྲི་རོ་ནུས་བཅུད་ལྡན༔ འདོད་ཡོན་གཏོར་མ་འདི་བཞེས་ལ༔ ཞི་བའི་ཕྲིན་ལས་མཐར་ཕྱིན་མཛོད༔ ནོངས་པ་བཤགས༔ བཛྲ་མུཿས་ཡེ་ཤེས་པ་གཤེགས༔ དམ་ཚིག་པ་འབར་བའི་རྣམ་པར་བསམ་ལ་བཀྲ་ཤིས་ཅི་རིགས་བརྗོད༔ དེ་ནི་མདུན་དཀྱིལ་གྱི་ཤར་དུ་དཀོན་མཆོག་སྲི་ཞུ་སོགས་མགྲོན་བཞི་ལ་ཞི་བའི་སྲེག་བླུག་འབུལ་བའི་ལས་རིམ་མོ༔ ཚུལ་དེ་བཞིན་དུ་ལྷོ་ཕྱོགས་སུ་རྒྱས་པའི་སྲེག་བླུག་འབུལ་བ་ནི༔ ཐབ་དང་ཡོ་བྱད་བསང་སྦྱང་ནས་བཟུང་ཞི་བའི་སྦྱིན་སྲེག་གིས་ཁོག་ཕུབ༔ མཚན་ཉིད་ཡོངས་རྫོགས་རྒྱས་པའི་ཐབ༔ ཅེས་དང༔ རྒྱས་པའི་ལས་ཀུན་བསྒྲུབ་པར་གྱུར༔ ཅེས་དང༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་སྟོབས་འབྱོར་སྙན་གྲགས་འཁོར་སློབ་རིགས་རྒྱུད་ལ་སོགས་པའི་འཁོར་འདས་ཀྱི་ལེགས་ཚོགས་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ༔ ཞེས་དང༔ ཨོཾ་ཨགྣི་དེ་བ་པུཥྚིཾ་ཀུ་རུ་ཀུ་རུ་ཨོཾ༔ ཞེས་པས་རིན་ཆེན་འབྲུ་སྨན་ཕྱེ་ཕུར་མེ་ཏོག་སེར་པོ་སོགས་རྒྱས་པའི་རྫས་ཕུལ་བ་དང༔ རྒྱས་པའི་གཞལ་མེད་ཁང་དང༔ འོད་ཟེར་སེར་པོ་སྤྲོ་བ་དང་བསྡུ་བའི་སྒོ་ནས་རྒྱས་པའི་ལས་རབ་འབྱམས་མཛད་པར་བསམ་པ་དང༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་གུ་རུ་ཏྲི་རཏྣ་དེ་བ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་པུཥྚིཾ་ཀུ་རུ་ཀུ་རུ་ཨོཾ༔ ཞེས་དང༔ རྒྱས་པའི་ཕྲིན་ལས་མཐར་ཕྱིན་མཛོད༔ ཅེས་སོགས་ཁ་བསྒྱུར་ལ་སྦྱོར་དངོས་རྗེས་གསུམ་ཚང་བར་བསྒྲུབ་བོ༔ ནུབ་ཏུ་དབང་གི་སྲེག་བླུག་འབུལ་བ་ནི༔ དབང་གི་ཐབ་དང༔ དབང་གི་ལས་ཞེས་ཁ་བསྒྱུར༔ དབང་གི་གཞལ་མེད་ཁང་དང༔ རྗེས་སུ་ཆགས་པའི་འོད་ཟེར་དམར་པོ་སྤྲོ་བ་དང་བསྡུ་བའི་སྒོ་ནས་དབང་གི་ལས་རབ་འབྱམས་མཛད་པར་བསམ༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་ཁམས་གསུམ་སྣོད་བཅུད་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོ༔ ཞེས་དང༔ ཝཱ་ཤཾ་ཀུ་རུ་ཀུ་རུ་ཧོ༔ ཞེས་སོགས་ཁ་བསྒྱུར༔ ལྕགས་ཀྱུ་ཅན་གྱི་མེ་ཏོག་དམར་པོ་དང༔ ཙན་དན་དམར་པོ་དང༔ ལན་ཚ་དམར་པོ་དང༔ རིན་པོ་ཆེ་དམར་པོ་དང༔ ཁབ་ལེན་གྱི་རྡོ་སོགས་ཆང་གིས་སྦགས་པ་དབང་གིས་རྫས་སུ་དབུལ་ལོ༔ བྱང་དུ་དྲག་པོའི་སྲེག་བླུག་འབུལ་བ་ནི༔ དྲག་པོའི་ཐབ་དང༔ དྲག་པོའི་ལས་སོགས་ཁ་བསྒྱུར༔ དྲག་པོའི་གཞལ་མེད་ཁང་དང༔ འོད་ཟེར་ནག་པོ་ཚ་ཞིང་རྩུབ་པ་སྤྲོ་བ་དང་བསྡུ་བའི་སྒོ་ནས་དྲག་པོའི་ལས་རབ་འབྱམས་མཛད་པར་བསམ༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་འབྱུང་པོ་གདུག་པ་ཅན་ཐམས་ཅད་མཱ་ར་ཡ་ཕཊ༔ ཅེས་དང༔ མཱ་ར་ཡ་ཀུ་རུ་ཀུ་རུ་ཕཊ༔ འབྲུ་ནག་ཤ་ཁྲག་དུག་སྣ་ཡུངས་དཀར་ནག་ཚ་བ་གསུམ་ཟངས་ལྕགས་ཕྱེ་མ་སོགས་ཁྲག་གིས་སྦགས་པ་དྲག་པོའི་རྫས་སུ་དབུལ་ལོ༔ རྗེས་སུ་ཞི་རྒྱས་དབང་གསུམ་གྱི་མེ་རང་ཞིར་འཇོག༔ ལོང་མེད་ན་ལས་མཐུན་གྱི་ཆབ་ཀྱིས་བཏུལ༔ དྲག་པོའི་མེ་དུག་ཁྲག་གི་ཆུས་ཅིག་ཅར་དུ་གཞིལ༔ ཞི་བའི་ཐལ་བ་གནས་ཁང་དང་ཞིང་ས་ཕྱུགས་ལྷས་སོགས་སུ་འཐོར་བའམ༔ ཆུ་ཀླུང་དུ་སྦྱང༔ རྒྱས་པ་མཛོད་ཕུག་སོགས་སུ་སྦ༔ དབང་རི་རྩེ་མཐོན་པོར་རླུང་ལ་བསྐུར༔ དྲག་པོའི་གནམ་ས་ཟུར་གསུམ་པའམ་ལམ་གྱི་བཞི་མདོར་མནན་ནོ༔ དེས་ལས་མཐར་ཕྱིན་པར་འགྱུར་རོ༔ དེ་ལྟར་མཎྜལ་བཞི༔ གཏོར་མ་ཆ་བཞི༔ མདོས་ཆ་བཞི༔ ལས་བཞིའི་མེ་མཆོད་དེ་དངོས་གཞིའི་ལས་རིམ་བཅུ་དྲུག་གོ༔ རྗེས་ནི༔ མདུན་བསྐྱེད་སྒྲོལ་མའི་ལྷ་ཚོགས་ལ་མཆོད་བསྟོད་བྱ༔ དངོས་གྲུབ་བླང་བ་ནི༔ ཨོཾ༔ རྗེ་བཙུན་འཕགས་མའི་ལྷ་ཚོགས་རྣམས༔ མཚན་དཔེ་སྐུ་ཡི་སྒོ་ཕྱེས་ལ༔ རྣལ་འབྱོར་བདག་ཅག་ཡོན་མཆོད་ལ༔ འགྱུར་མེད་སྐུ་ཡི་དངོས་གྲུབ་སྩོལ༔ ཀཱ་ཡ་སིདྡྷི་ཨཱོཾ༔ ཨཱ༔ རྗེ་བཙུན་འཕགས་མའི་ལྷ་ཚོགས་རྣམས༔ ཚངས་དབྱངས་གསུང་གི་སྒོ་ཕྱེས་ལ༔ རྣལ་འབྱོར་བདག་ཅག་ཡོན་མཆོད་ལ༔ ནུས་པ་སྔགས་ཀྱི་དངོས་གྲུབ་སྩོལ༔ ཝཱ་ཀ་སིདྡྷི་ཨཱ༔ ཧཱུྃ༔ རྗེ་བཙུན་འཕགས་མའི་ལྷ་ཚོགས་རྣམས༔ མཁྱེན་བརྩེ་ཐུགས་ཀྱི་སྒོ་ཕྱེས་ལ༔ རྣལ་འབྱོར་བདག་ཅག་ཡོན་མཆོད་ལ༔ འོད་གསལ་སྙིང་པོའི་དངོས་གྲུབ་སྩོལ༔ ཙིཏྟ་སིདྡྷི་ཧཱུྃ༔ ཞེས་བརྗོད་པས་མདུན་བསྐྱེད་ལྷ་ཚོགས་རྣམས་ཀྱི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས༔ རང་དང་ཡོན་བདག་གི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་གྱི་ནད་གདོན་སྡིག་སྒྲིབ་གདོན་བགེགས་བར་ཆད་ཐམས་ཅད་ཞི༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ་ལ་འབྲང་རྒྱས་དང་ཕྱེ་མར་དང་སྐྱེམས་ཕུད་སོགས་དངོས་གྲུབ་ཀྱི་རྫས་ཅི་རིགས་པ་རོལ༔ ནོངས་པ་བཤགས༔ ཨོཾ་བཛྲ་ཨུཏྟིཥྛས་ཡེ་ཤེས་པ་རྟེན་དང་བརྟེན་པར་བཅས་པ་ནམ་མཁར་བཏེག༔ དམ་ཚིག་པ་རང་ལ་བསྟིམ༔ ཨ་ཀཱ་རོའི་སྔགས་བརྗོད་ཅིང་རྡུལ་ཚོན་དབྱི་ཞིང་མདོས་ཀྱི་གཞིར་གདབ་བོ༔ དེ་ནས་མདོས་ཀྱི་སྒོ་དབྱེ་བ་དང༔ སྐུ་གླུད་བྱིན་གྱིས་བརླབ་ཅིང་འབྱུང་པོའི་ཚོགས་ལ་བསྔོ་བ་དང༔ མདོས་ཀྱི་ལམ་བསྟན་པ་རྣམས་སྤྱི་ལྟར་བྱ༔ ཟོར་དུ་བསྐུལ་པ་ནི༔ ཧཱུྃ༔ མི་མངོན་དབྱིངས་ན་བཞུགས་པ་ཡི༔ རྗེ་བཙུན་འཕགས་མ་སྒྲོལ་མ་སོགས༔ རྩ་གསུམ་རྒྱལ་བ་རབ་འབྱམས་རྣམས༔ ཐུགས་རྗེ་ཐུགས་དམ་མ་གཡེལ་བར༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ འགལ་རྐྱེན་བར་ཆད་བཟློག་པའི་ཕྱིར༔ མདོས་ཟོར་རྫས་ཀྱི་ནུས་པ་སྐྱེད༔ ཁྲོ་རྒྱལ་འབར་བའི་ལྷ་ཚོགས་དང༔ ཆོས་སྐྱོང་སྲུང་མ་མཐུ་རྩལ་ཅན༔ ཕོ་ཉ་ལས་མཁན་སྡེ་བརྒྱད་དཔུང༔ འབྱུང་པོ་གདུག་པའི་ཚོགས་རྣམས་ཀུན༔ མདོས་ཀྱི་ཟོར་སྣ་དགྲ་ལ་སྒྱུར༔ དྲག་པོའི་མཐུ་རྩལ་བགེགས་ལ་སྟོན༔ ཟློག་སྒྱུར་བཅོལ་བའི་ལས་མཛོད་ཅིག༔ བྷྱོ་བྷྱོ༔ མདོས་ཟོར་སྲིད་པ་རུ་ལོག་མཚོན༔ གདུག་ཅན་རྡོ་རྗེའི་ཆར་ཆེན་པོས༔ དེ་རིང་བདག་ཅག་ཡོན་མཆོད་ལ༔ རྒྱལ་པོའི་ཆད་པ་བྱུང་བ་ཟློག༔ སྡེ་བརྒྱད་གདུག་པའི་ཆོ་འཕྲུལ་ཟློག༔ མི་ནད་ཕྱུགས་ནད་དལ་ཡམས་ཟློག༔ བྱད་ཕུར་རྦོད་གཏོང་འཚེ་བ་ཟློག༔ རྨི་ལྟས་པྲ་རྟགས་ངན་པ་ཟློག༔ འཇིགས་པ་ཆེན་པོ་བཅུ་དྲུག་ཟློག༔ བར་ཆད་བདུད་བཞིའི་སྒྱུ་ཐབས་ཟློག༔ དམག་འཁྲུག་གྱོད་དང་བྱུར་ཁ་ཟློག༔ མི་ཁ་སྨྲ་མཆུ་གླེང་བ་ཟློག༔ བཙའ་སད་ཐོག་དང་སེར་བ་ཟློག༔ འབྱུང་བཞི་འཁྲུགས་པའི་ཡོ་ལང་ཟློག༔ མཐའ་བཞིའི་དམག་གིས་འཚེ་བ་ཟློག༔ སྲི་ཀེག་དུས་མིན་འཆི་བ་ཟློག༔ མདོར་ན་མི་མཐུན་བར་ཆད་ཀུན༔ བཟློག་གོ་སྲིད་པའི་མདོས་ཀྱིས་ཟློག༔ བསྒྱུར་རོ་རྐྱེན་ངན་དགྲ་ལ་སྒྱུར༔ དགྲ་དཔུང་ཐལ་བའི་རྡུལ་བཞིན་རློགས༔ བགེགས་དཔུང་སྡེར་བཅས་རྩད་ནས་ཆོད༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཅེས་དང་ཡི་དམ་ཆོས་སྐྱོང་དྲག་པོའི་སྔགས་ཀྱི་མཐར་བྷྱོ་བྷྱོ་ཟློག་ཟློག་བྷྱོ་ཟློག་ཅིག་མཱ་ར་ཡ་རྦད༔ ཅེས་བརྗོད་ལ་ཐལ་མོ་བརྡབ༔ ཚར་གྲངས་ཅི་རིགས་བྱ༔ དེ་ནས་འཕང་སར་ཁྱེར་ལ་གསེར་སྐྱེམས་གཏང༔ སླར་ཡང་ཟོར་དུ་བསྐུལ་ནས་འདྲེ་ལྔ་བདུད་གཅོད་སོགས་ཀྱི་ཕྱོགས་སུ་མེའམ་ཆུ་ལ་གཤེགས༔ དཀོན་མཆོག་སྲི་ཞུ་དང་མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་ལས་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་སྤྲོས་པས་རྟིང་མནན་ཏེ་བགེགས་རིགས་འབྱུང་པོའི་ཚོགས་རྣམས་མདོས་ཟོར་མཚོན་ཆའི་ཆར་དུ་བབས་པ་དང་བཅས་དགྲ་བགེགས་ཀྱི་སྟེང་དུ་བརྒྱུགས་ནས་ལྷག་མེད་དུ་བཅོམ་པར་བསམ༔ སྒོ་དྲུང་དུ་མཚམས་བཅད༔ ནང་དུ་ལོག་ནས་སླར་ཡང་ནམ་མཁར་བཞུགས་པའི་མདུན་བསྐྱེད་ལྷ་ལ་མཆོད་བསྟོད་དང་བཅས་དབྱིངས་སུ་གཤེགས༔ འཇིག་རྟེན་པ་རྣམས་ཀྱང་རང་གནས་སུ་གཏང༔ བདག་ཉིད་ལྷར་གསལ་བ་ལའང་མཆོད་བསྟོད་བྱ༔ འདོད་དོན་གསོལ༔ རང་དང་སྣང་བ་ཐམས་ཅད་ཀུན༔ རིག་སྟོང་འོད་གསལ་དབྱིངས་སུ་ཐིམ༔ ཞེས་དམ་ཡེ་དབྱེར་མེད་ཡེ་ཤེས་ཀྱི་དབྱིངས་སུ་བསྡུ༔ སླར་ཡང་ཆུ་ལས་རླབས་བཞིན་དུ༔ འཕགས་མའི་གསང་གསུམ་ཕྱག་རྒྱར་བཞེངས༔ ཨོཾ་ཨཱརྻ་ཏཱ་ར་ཀཱ་ཝཱ་ཙི་རཀྵ་ཧཾ༔ ཞེས་ལྷའི་སྐུར་ལྡང་ཞིང་བསྲུང༔ རྗེས་ཐོབ་སྒྲོལ་མའི་ང་རྒྱལ་དང་བཅས་དགེ་བ་བསྔོ་ཞིང་སྨོན་ལམ་གདབ་པ་ནི༔ ཧོ༔ བདག་གིས་ཚེ་རབས་ཐོག་མེད་ནས༔ ཐ་མ་དུས་འདི་ཡན་ཆད་དུ༔ འཕགས་མ་མཆོད་ཅིང་བསྒྲུབས་པའི་མཐུས༔ སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ༔ བདག་དང་མཐའ་ཡས་འགྲོ་བ་ཀུན༔ རྗེ་བཙུན་སྒྲོལ་མས་རྗེས་བཟུང་ནས༔ འགལ་རྐྱེན་ཐམས་ཅད་ཞི་བ་དང༔ མཐུན་རྐྱེན་མ་ལུས་ཕུན་སུམ་ཚོགས༔ ཆོས་བཞིན་བསམ་པ་མྱུར་འགྲུབ་ནས༔ བྱང་ཆུབ་གོ་འཕང་ཐོབ་པར་ཤོག༔ བཀྲ་ཤིས་ནི༔ ཨོཾ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་བདག༔ འཕགས་མ་སྒྲོལ་མའི་བཀྲ་ཤིས་ཤོག༔ འཇིགས་པ་ཐམས་ཅད་སྐྱོབ་མཛད་མ༔ ལྷ་མོ་བརྒྱད་ཀྱི་བཀྲ་ཤིས་ཤོག༔ གང་འདུལ་དངོས་གྲུབ་མ་ལུས་སྩོལ༔ རྣམ་འཕྲུལ་ཉེར་གཅིག་བཀྲ་ཤིས་ཤོག༔ མཁའ་མཉམ་འགྲོ་བའི་དོན་ཀུན་མཛད༔ མཚན་བརྒྱ་བརྒྱད་ཀྱི་བཀྲ་ཤིས་ཤོག༔ དགེ་ལེགས་མཆོག་གི་སྣང་བ་ཡིས༔ རྟག་ཏུ་དཔལ་གནས་བཀྲ་ཤིས་ཤོག༔ ཅེས་བརྗོད་དོ༔ བདག་བསྐྱེད་ཀྱི་མཇུག་གི་བྱ་བ་འདི་སྒྲུབ་ཐབས་བསྒོམ་པའི་ཐུན་ཐམས་ཅད་ཀྱི་མཐར་ཡང་བྱའོ༔ དེ་ལྟར་རྣམ་བཞིའི་མགྲོན་ལ་མཆོད་སྦྱིན་ཕུལ་བས་ཚོགས་རྫོགས༔ སྒྲིབ་པ་བྱང༔ དམ་ཚིག་ཉམས་ཆག་འདག༔ འགལ་རྐྱེན་ཐམས་ཅད་ཞི་ཞིང༔ སྣོད་བཅུད་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་འཕེལ་བ་སོགས་ཕན་ཡོན་དཔག་ཏུ་མེད༔ ཁྱད་པར་མདོས་ཀྱི་ཡོན་ཏན་ནི༔ སྲིད་པ་མདོས་ཀྱི་རྒྱུད་ལས༔ བཅོམ་ལྡན་ལག་ན་རྡོ་རྗེ་ཡིས༔ ལྷ་ཡི་དབང་པོར་བཀའ་བསྩལ་པ༔ དེ་ལྟར་སྲིད་པའི་མདོས་ཆེན་གྱི༔ ཡོན་ཏན་བརྗོད་པ་མདོ་ཙམ་ནི༔ དཀོན་མཆོག་སྲི་ཞུ་མཆོད་པས་མཉེས༔ དཔལ་མགོན་ཡོན་ཏན་ཐུགས་དམ་གང༔ བགེགས་རིགས་འབྱུང་པོའི་ལན་ཆགས་བྱང༔ རིགས་དྲུག་འགྲོ་རྣམས་ཚིམ་པར་འགྱུར༔ སྣོད་བཅུད་མདོས་ཀྱི་མཎྜལ་ཡིན༔ སྣང་སྲིད་གཞིར་བཞེངས་མདོས་ཆེན་ཡིན༔ འདོད་རྒུ་འབྱུང་བའི་གཏོར་མ་ཡིན༔ ཀ་ཆ་དཀོར་ཆ་ཚོགས་པའི་མཛོད༔ གནོད་པ་ཕྱིར་ཟློག་ཆེན་པོ་སྟེ༔ དགྲ་བགེགས་གསོད་པའི་མཚོན་ཆ་ཡིན༔ རྣལ་འབྱོར་རང་སྲུང་རྡོ་རྗེའི་གོ༔ འདིས་ནི་ནད་གདོན་བར་ཆད་དང༔ རྐྱེན་ངན་ཆག་ཆེ་ཉམ་ང་དང༔ འཇིགས་པ་ཆེན་པོ་ཐམས་ཅད་ཞི༔ འབྱོར་པ་དྲུག་གི་ལེགས་ཚོགས་རྒྱས༔ ཆར་ཆུ་བུ་ནོར་རིགས་རྒྱུད་འཕེལ༔ རྟ་ཕྱུགས་རྐང་བྲན་བཞོན་ཆུ་མོད༔ སད་སེར་བཙའ་ཐན་དལ་ཡམས་གཅོད༔ ཡིད་མཐུན་ཐམས་ཅད་དབང་དུ་འདུ༔ བྱད་ཕུར་སྡེ་བརྒྱད་ཆོ་འཕྲུལ་ཟློག༔ ཕྱི་ནང་གཡུལ་འཁྲུག་ངང་གིས་ཞི༔ མ་རུངས་ལོག་འདྲེན་ཚར་གཅོད་འགྱུར༔ མདོར་ན་ཕྲིན་ལས་གང་བརྩམས་པ༔ སྲིད་པ་མདོས་ཀྱི་ཆོ་གས་འགྲུབ༔ ཡིད་བཞིན་ནོར་བུ་མཆོག་དང་མཚུངས༔ ཞེས་སོགས་རྒྱ་ཆེར་གསུངས་སོ༔ ས་མ་ཡ༔ རྒྱ་རྒྱ༔ འཕགས་མ་སྒྲོལ་མའི་ཆོས་སྐོར་ལ༔ སྒྲུབ་ཐབས་འཇིགས་པ་ཀུན་སྐྱོབ་ཡོད༔ ཐུན་མཚམས་གཏོར་མའི་ཆོ་ག་ཡོད༔ སྨིན་བྱེད་དབང་བསྐུར་ཟབ་མོ་ཡོད༔ ལས་ཚོགས་རིམ་པ་རྣམ་དྲུག་ཡོད༔ ཁྱད་པར་མདོས་ཀྱི་ཆོ་ག་ཡོད༔ དེ་ལས་མང་ན་བཀའ་འདི་འཆལ༔ ཉུང་ན་གདམས་ངག་འཐོར་པ་ཡིན༔ དེ་ཕྱིར་ཟབ་རྒྱའི་རྩིས་བྱང་འདི༔ མ་འོངས་དོན་དུ་བཀོད་པ་འོ༔ ས་མ་ཡ༔ རྒྱ་རྒྱ༔ འཕགས་མའི་མན་ངག་འཇིགས་པ་ཀུན་སྐྱོབ་འདི༔ ཨོ་རྒྱན་མཁན་པོ་པདྨ་སཾ་བྷ་བདག༔ མཱ་ར་ཏི་ཀའི་ཤར་ཕྱོགས་གྲུབ་གནས་སུ༔ ཟབ་ལམ་སྙིང་པོའི་སྒྲུབ་ལ་གཞོལ་བའི་ཚེ༔ རྒྱལ་ཀུན་ཕྲིན་ལས་ཨཱརྻ་ཏཱ་ར་ཡིས༔ རྒྱུད་ལུང་མན་ངག་ཟབ་མོ་མཐའ་ཡས་གནང༔ དེ་དག་རྣམས་ལས་སྙིང་པོའི་བཅུད་ཕྱུང་བ༔ རྒྱས་འབྲིང་བསྡུས་པའི་ཚུལ་གྱིས་གཏན་ཕབ་ནས༔ མ་འོངས་བོད་ཁམས་འགྲོ་ལ་སྙིང་བརྩེ་བས༔ གཅིག་ནི་མོན་གྱི་ཆུ་མོ་ཕུག་ཏུ་སྦས༔ མཚོ་རྒྱལ་བྱིན་བརླབས་རྡོ་རྗེ་འཛིན་པས་རྙེད༔ གཅིག་ནི་ཤངས་ཀྱི་ཟབ་ལུང་བྲག་ལ་སྦས༔ ཆོས་རྒྱལ་སྐྱེ་མཐའ་ཞིག་གི་དོན་དུ་འགྱུར༔ སྙིང་པོ་འདི་ནི་ཨ་ཙར་ས་ལེར་གདམས༔ ཐུགས་ཀྱི་གཟུངས་མས་བརྡ་ཡི་ཡི་གེར་བྲིས༔ འོ་ཡུག་སྨན་ལྗོངས་ཤུག་པའི་གླིང་གི་འདབས༔ གཡག་ལྕེ་ཕྲ་མོའི་བྲག་ལ་གཏེར་དུ་སྦོས༔ བཻ་རོས་བྱིན་རླབས་འཁྲུལ་ཞིག་སྔགས་སྒོམ་ཚུལ༔ གྲུབ་པའི་རྣལ་འབྱོར་རིན་ཆེན་རྒྱལ་པོས་རྙེད༔ གཞན་དོན་གློག་གི་ཟེར་མ་ཙམ་ཞིག་འབྱུང༔ མ་ཕྱི་ཡེར་པ་རྡོ་རྗེའི་བྲག་ཏུ་གཏམས༔ མ་འོངས་བོད་ཁམས་ཤིན་ཏུ་སྡུག་བསྔལ་ཚེ༔ བཛྲ་འམ་ནི་པདྨའི་མིང་ཅན་ལ༔ སྨན་བཙུན་བདག་མོས་གཏེར་དཔེ་དངོས་སུ་སྤྲོད༔ མཚོ་རྒྱལ་བྱིན་རླབས་ལ་བརྟེན་གཏན་ཕབ་ན༔ འབྱུང་བ་སྒང་གཤོང་དུས་ཀྱི་གཡོ་འཁྲུག་སོགས༔ བར་ཆད་མང་ཞིག་གདམས་པ་འདི་ཡིས་སེལ༔ པདྨ་བདག་ལ་འགྲོ་བའི་དོན་ལས་མེད༔ ལས་ལྡན་རྣམས་ལ་སྙིང་ནས་གདམས་པ་རྣམས༔ ཡལ་བར་མ་དོར་རང་གཞན་དོན་གཉིས་སྤྱོད༔ ཕན་བདེའི་བསམ་རྒུ་ཡིད་བཞིན་འགྲུབ་པར་འགྱུར༔ ཞེས་བཀའ་བསྩལ་པ་མཚོ་རྒྱལ་བདག་གིས་མཁའ་འགྲོ་གསང་བའི་བརྡ་རིས་སུ་བྲིས་ཏེ༔ གཡག་ལྕེ་ཕྲ་མོའི་བྲག་ལ་སྦས༔ གཏེར་བདག་རྡོ་རྗེ་གཡུའི་སྒྲོན་མ་ལ་གཉེར་དུ་གཏད་དོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ སྤེལ་རྒྱ༔ རྒྱ་རྒྱ་རྒྱ༔ ཚུལ་འདི་ནི་རྒྱས་འབྲིང་བསྡུས་པའི་ཚུལ་གྱིས་གཏེར་ཁ་གསུམ་དུ་སྦས་པའི་རྒྱས་པ་མོན་ཆུ་མོ་ཕུག་ནས་གུ་རུ་ཚེ་བརྟན་རྒྱལ་མཚན་གྱིས་གདན་དྲངས་པ། བར་སྐབས་སུ་དབང་ལུང་ཕྱག་ལེན་སོགས་བཞུགས་ཀྱང་དེང་སང་རྒྱུན་མི་སྣང་། འབྲིང་པོ་ཤངས་ཟབ་བུ་ལུང་དུ་སྦས་པའང་རྒྱུན་མེད། སྙིང་པོ་བསྡུས་པ་འདི་ནི་འོ་ཡུག་གཡག་ལྕེ་ཕྲ་མོའི་བྲག་ཏུ་སྦས་པ་བཻ་རོའི་རྣམ་འཕྲུལ་གཏེར་སྟོན་གཡག་འཕྱར་སྔོན་མོ་རིན་ཆེན་རྒྱལ་པོས་གདན་དྲངས་ནའང་འགྲོ་དོན་ཆེར་མ་བྱུང་བ་ཤོག་སེར་ཡེར་པ་རྡོ་རྗེའི་ཕུག་ཏུ་སླར་སྦས་པ། བཛྲའི་མིང་ཅན་ཏེ་རོང་པ་བདུད་འདུལ་གླིང་པ་རྡོ་རྗེ་བདུད་འཇོམས་ལ་གཏེར་དཔེ་ཕྱག་ཏུ་བབས་མོད། ཡུལ་དུས་གནས་སྐབས་ཀྱིས་འཆད་སྤེལ་སོགས་མ་བྱུང་བས་གཏེར་དཔེ་ཡེར་པ་རྡོ་རྗེའི་ཕུག་ཏུ་ཡང་གཏེར་དུ་རྒྱས་བཏབ་པ་ཉིད། ཁོ་བོ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་སྨན་བཙུན་རྡོ་རྗེ་གཡུ་སྒྲོན་མས་མདངས་གསོལ་དུ་བསྩལ་པ། ལོ་ཆེན་བཻ་རོ་དངོས་བྱོན་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རིན་ཆེན་གཏེར་མཛོད་ཆེན་མོའི་ཆ་རྐྱེན་དུ་གཏན་ལ་དབབ་པར་བཀའ་གནང་བ་ལྟར། བརྡའི་རི་མོ་ལས་གང་ཤར་འཕྲི་བསྣན་བཅོས་བསྒྱུར་མེད་པར་བྲིས་པ་སྟེ། བརྒྱུད་པའི་ངེས་པའང། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་ཕག་མོ། སྤྲུལ་སྐུ་རྗེ་བཙུན་སྒྲོལ་མ། ཨོ་རྒྱན་པདྨ་སཾ་བྷ་བ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། ལོ་ཆེན་བཻ་རོ་ཙ་ན། གྲུབ་ཆེན་ཨ་ཙར་ས་ལེ། གཏེར་ཆེན་གུ་རུ་ཚེ་བརྟན་རྒྱལ་མཚན། པདྨ་དབང་རྒྱལ་རྡོ་རྗེ། སྤྲུལ་པའི་གཏེར་ཆེན་གཡག་ཕྱར་སྔོན་མོ་རིན་ཆེན་རྒྱལ་པོ། རོང་པ་བདུད་འདུལ་གླིང་པ། པདྨ་འོད་གསལ་མདོ་སྔགས་གླིང་པ་ཞེས་དྲང་བར་བྱའོ།། །།

རིན་ཆེན་གཏེར་གྱི་མཛོད་ཆེན་པོར་ཇི་ལྟར་བཞུགས་པའི་དཀར་ཆག་དང་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པའི་བརྒྱུད་ཡིག་དངོས་གྲུབ་སྒོ་བརྒྱ་འབྱེད་པའི་ལྡེའུ་མིག་ (Volume 2, Text 1)

༄༅། །སིདྡྷིཤཏམུཁཱབྷེདསྱཀུཉྩིཀཱནཱམརཏྣནིདྷིམཧཱཀོཥེཡཐཱསམཱསིཏཱནཱཾཤྭེཏོཔནིདྷིཤྩསཔཀྟིཔྲིཥྛནིཤྲེཡཿཔརམྤརཱཎཱཾརེཁཱབིཧརཏིསྨ། ། ༄༅། །རིན་ཆེན་གཏེར་གྱི་མཛོད་ཆེན་པོར་ཇི་ལྟར་བཞུགས་པའི་དཀར་ཆག་དང་། སྨིན་གྲོལ་རྒྱབ་རྟེན་དང་བཅས་པའི་བརྒྱུད་ཡིག་དངོས་གྲུབ་སྒོ་བརྒྱ་འབྱེད་པའི་ལྡེའུ་མིག་ཅེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི་བི་ཛ་ཡནྟུ། བྱིན་རླབས་སྤྲིན་ལས་དངོས་གྲུབ་བདུད་རྩིའི་ཆར། །ཕབ་པས་གྲུབ་གཉིས་སྙེ་མ་མཆོག་སྦྱིན་པའི། །རྩ་གསུམ་འདུས་ཞལ་བླ་མ་མཚོ་སྐྱེས་རྗེས། །ཕན་བདེའི་དཔལ་ཡོན་རྟག་ཏུ་འཇོ་བར་མཛོད། །དགོངས་པ་བརྡ་དང་སྙན་ཁུང་ཤོག་སེར་ཚིག །བཀའ་བབས་ལུང་བསྟན་བརྒྱུད་པ་ནོར་བུའི་ཕྲེང་། །འདོད་རྒུ་ཡིད་བཞིན་སྩོལ་མཛད་དེ་ཀུན་ཀྱང་། །དད་གསུམ་གཙུག་གི་རྒྱན་དུ་བསྟེན་པར་བགྱི། །རིམ་དགུའི་ཐེག་པའི་དཀྱིལ་འཁོར་རབ་འབྱམས་དང་། ཁྱད་པར་བསམ་ཡས་ལྷུན་སྟུག་བཀོད་པའི་རྒྱན། །ནང་རྒྱུད་སྡེ་གསུམ་ཞི་ཆགས་འབར་བའི་ལྷ། །མི་འབྲལ་སྙིང་དབུས་དྭངས་མའི་ཐིག་ལེར་བཞུགས། །བདེ་ཆེན་ཡེ་ཤེས་སྐྱེད་མཛད་མཁའ་འགྲོའི་ཚོགས། །ཐུགས་བརྩེར་དགོངས་ཏེ་གནང་བའི་སྐབས་དབྱེ་ཞིང་། །རྒྱུད་གསུམ་དམ་ཅན་རྒྱ་མཚོས་གསང་བ་མཆོག །འཛིན་སྐྱོང་སྤེལ་ལ་ཕྲིན་ལས་གཡེལ་མེད་སྒྲུབས། །རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་ལུགས། །སྐྱེ་དགུ་ཀུན་དང་ལྷག་པར་གསང་སྔགས་ཀྱི། །གདུལ་བྱར་གྱུར་ལ་ཕན་འདོད་ལྷག་བསམ་ནི། །གཡོ་ཟོལ་མེད་པས་ཚུལ་འདི་བསྒྲུབ་ལ་ཞུགས། །གངས་ཅན་ལྗོངས་འདིར་སྲས་བཅས་རྒྱལ་རྣམས་ལས། །ཐུགས་རྗེ་ཕུལ་བྱུང་སངས་རྒྱས་གཉིས་པ་དེས། །དུས་ལ་དགོངས་ཏེ་ཐུགས་བརྩེས་གདམས་པ་རྣམས། །སྲོག་ལྟར་གཅེས་པས་ཚིག་རེའང་ངལ་བརྒྱས་བཙལ། །གལ་ཆུང་ཆོས་ཀྱི་ཕྱོགས་སུ་མ་བྱས་ཤིང་། །ལྷག་པར་ཕྱོགས་རིས་ཆོས་སྤོང་སྙིང་ཁམས་མེད། །ཆོས་ལ་ཆོག་ཤེས་བྲལ་བས་ཚེ་གཅིག་ཏུ། །གསང་ཆེན་ཟབ་མོའི་སྨིན་གྲོལ་དོན་དུ་གཉེར། །རྒྱལ་བའི་ཐུགས་རྗེ་དུས་ལས་མི་ཡོལ་ཕྱིར། །མོས་པའི་རི་མགོར་ཉི་འོད་ལྷུང་བ་ལས། །རྒྱུན་ཡོད་ངེས་པའི་གཏེར་རྙིང་ཕལ་མོ་ཆེ། །ལེགས་པར་ཐོས་ཤིང་ལུགས་སྲོལ་མ་འདྲེས་ཤེས། །ཤིན་ཏུ་དཀོན་པ་འགའ་ཡང་བདེ་བླག་རྙེད། །དཀའ་བས་བཙལ་རྣམས་དོན་ཡོད་བྱ་བའི་ཕྱིར། །གཅེས་དགུ་ཕྱོགས་གཅིག་བཞུགས་ན་དཔེ་ལུང་རྒྱུན། །ཕན་པར་འགྱུར་སྙམ་འདོད་བློ་ཐོག་མར་སྐྱེས། །འོན་ཀྱང་ཚོད་ཡོད་གཟུ་ལུམ་མ་བྱས་པར། །བཀའ་བབས་བདུན་ལྡན་ཡོངས་རྫོགས་བསྟན་འགྲོའི་མགོན། །པདྨ་འོད་གསལ་མདོ་སྔགས་གླིང་པ་དང་། །རྩོད་བྲལ་གཏེར་སྟོན་མཆོག་གྱུར་གླིང་པ་སྟེ། །གུ་རུ་དངོས་དང་མཚུངས་པའི་གཏེར་ཆེན་གཉིས། །དཔང་དུ་བཀོད་ནས་དོན་འདི་རུང་མི་རུང་། །རུང་ན་གནང་བ་ཞུ་བར་གསོལ་བཏབ་པས། །དག་པའི་སྣང་བར་གུ་རུའི་གནང་བ་ཐོབ། །ཉེ་བརྒྱུད་བྱིན་རླབས་སྔ་རྗེས་མང་དུ་གསན། །སྡུད་འོས་གོ་རིམ་རྐང་གྲངས་དཀར་ཆག་བསྩལ། །ངོ་མཚར་གཏེར་རྙིང་མང་པོ་རིམ་པར་བརྡོལ། །ཕལ་ཆེར་བཀའ་བབས་ལུང་གིས་དབུགས་ཀྱང་ཕྱུངས། །དེས་ན་བྱེད་མང་ཕལ་དང་མི་མཉམ་པས། །པདྨའི་རྗེས་སུ་ཞུགས་ཀུན་མཛོད་ཆེན་འདི། །དད་པས་སྤྱོད་པར་མཛོད་དང་རྨད་བྱུང་དབྱིག །ཅི་འདོད་འཇོ་བས་འཕྲལ་ཡུན་འཚེངས་པར་འགྱུར། །གང་གི་ཚེ་ཕྱོགས་བཅུ་དུས་བཞིའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཁྱབ་བདག་གདོད་མའི་མགོན་པོ་དཔལ་ཀུན་ཏུ་བཟང་པོ་ཉིད་སྐུ་གསུང་ཐུགས་ལྷུན་གྲུབ་སྟུག་པོ་བཀོད་པའི་རྒྱན་དམ་པར་བཞུགས་ཏེ། ས་བཅུའི་རྒྱུན་མཐའ་ལ་ཉེ་བར་སོན་པའི་འཕགས་པ་མཆོག་རྣམས་ནས་བཟུང་། གནས་རིགས་དྲུག་གི་ཡིད་ཅན་རྒྱ་མཚོའི་རྡུལ་སྙེད་ཀྱི་བར་མཐའ་ཡས་པའི་གདུལ་བྱའི་དོན་འབད་རྩོལ་མི་མངའ་བར་ངང་གིས་རྫོགས་པར་མཛད་པ་ལས་རེ་ཞིག་གསུང་རྡོ་རྗེ་ནཱ་དའི་དབྱངས་ཀྱིས་སྒྲ་བརྙན་དང་མཐུན་པར་་་་་་་ཐེག་པ་སྣ་ཚོགས་པའི་ཆོས་ཕུང་འདོད་དགུར་འཇོ་བའི་ཚད་ནི་སེམས་བྱུང་དང་བཅས་པའི་བློ་ཅན་སུ་ཞིག་གིས་བཟུང་བར་ནུས། དེ་ལྟ་མོད་ཀྱི་བསྡུ་བ་ལ་རྣམ་པར་དགའ་བ་རྣམས་ཀྱི་ངོར། སྤྱི་མདོ་དགོངས་པ་འདུས་པའི་རྒྱུད་ལས། ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་སྒྱུར་ཐབས་ཀྱི་ཐེག་པ་འོ། །ཞེས་རྣམ་པ་གསུམ་དང། དེ་ལས་ནང་གསེས་ཀྱི་དབྱེ་བས་ཐེག་པའི་རིམ་པ་དགུར་བཞག་པ་ལས། གཙོ་བོར་གསང་སྔགས་སྔ་འགྱུར་བའི་གྲུབ་པའི་སྐྱེས་བུ་རྣམས་ལས་རིམ་པར་འོངས་པའི་དབང་སྒྱུར་ཐབས་ཀྱི་ཐེག་པ་ནང་རྒྱུད་སྡེ་གསུམ་གྱི་རྡོ་རྗེའི་གནས་ཟབ་ཅིང་རྒྱ་ཆེ་བའི་སྙིང་པོ་ལས་ཀྱང་སྙིང་པོར་དྲིལ་བའི་གཞུང་དང་མན་ངག་རབ་འབྱམས་་་་་་ཤིག་གངས་ཅན་ལྗོངས་སུ་འཁོད་པའི་སྐྱེ་དགུའི་བསོད་ནམས་ཀྱི་མགྲོན་དུ་བྱོན་པ་ལ་རིང་བརྒྱུད་བཀའ་མ་ཞེས་གྲགས་ཤིང་། རྨ་གཉགས་གནུབས་གསུམ་ལ་རིམ་པར་བཀའ་བབས་ཤིང་སོ་ཟུར་གྱི་མཁས་གྲུབ་ཆེན་པོ་སློབ་བརྒྱུད་དང་བཅས་པ་རྣམས་ཀྱིས་བསྟན་པ་ཡུན་རིང་བསྐྱངས། འོན་ཀྱང་སྙིགས་མའི་ཤུགས་བདོ་བས་བསྟན་པའི་རྒྱུན་སྲོལ་ཉག་ཤིན་ཏུ་ཕྲ་བར་གྱུར་པ་ན། ལོ་ཆེན་བཻ་རོ་ཙ་ན་ཉིད་བསམ་བཞིན་བསྟན་འགྲོའི་དཔལ་དུ་བྱོན་པ་ཆོས་རྒྱལ་གཏེར་བདག་གླིང་པ་དང་། གཡུ་སྒྲ་སྙིང་པོའི་རྣམ་འཕྲུལ་གཅུང་ལོ་ཙཱ་བ་དྷརྨ་ཤྲཱི་སྐུ་མཆེད། སྣ་ནམ་བདུད་འཇོམས་རྡོ་རྗེའི་ཡང་སྲིད་རྡོར་བྲག་རིག་འཛིན་ཆེན་པོ་པདྨ་ཕྲིན་ལས་རྣམས་ཀྱིས་བསྟན་པའི་མེ་རོ་བསླངས་པར་མཛད་ཅིང་། སྨིན་གླིང་ཕྱག་རྗེས་རྙིང་མ་བཀའ་མའི་ལེགས་བཤད་པུསྟ་ཀ་བཀྲ་ཤིས་རྟགས་ཀྱི་གྲངས་ལྡན་སྔ་འགྱུར་བསྟན་པའི་སྣང་བྱེད་མཁས་གྲུབ་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་སྤར་ལ་བཀོད་པ་དང་། དབང་ལུང་སྒྲུབ་མཆོད་ཀྱི་རྒྱུན་སྲོལ་སྔ་འགྱུར་གྱི་ཆོས་སྡེ་ཆེན་པོ་རྣམས་སུ་དར་ཞིང་རྒྱས་པར་བཞུགས་བཞིན་པར་སྣང་ལ། འདིར་བཀའ་བསྡུའི་རྩོལ་བ་ཅུང་ཟད་བྱ་བ་ནི་ཉེ་བརྒྱུད་གཏེར་མར་གྲགས་པའི་ཆོས་རྣམས་ཏེ། དེ་ལ་དོན་ལྔ། གང་བསྡུ་བར་བྱ་བའི་ཆོས། ཇི་ལྟར་སྡུད་པའི་ཚུལ། དེ་ལྟར་བསྡུས་པའི་དགོས་པ། གྲུབ་དོན་བཞུགས་ཚོགས་དངོས་འཆད་པ། སྨིན་གྲོལ་ཉམས་ལེན་བྱ་ཚུལ་སོགས་གལ་ཆེའི་གནད་ཀྱི་གདམས་པ་བརྗོད་པས་མཇུག་སྡུད་པའོ། །དང་པོ་ནི། དུས་གསུམ་གྱི་སངས་རྒྱས་མ་ལུས་པའི་གསང་གསུམ་ཕྲིན་ལས་དང་བཅས་པ་གཅིག་ཏུ་བསྡུས་པའི་རྣམ་ཐར་འཆང་ཞིང་ཁྱད་པར་གངས་ཅན་བོད་ཀྱི་སྐྱབས་གནས་གཅིག་པུར་གྱུར་པ་ཨོ་རྒྱན་གྱི་སློབ་དཔོན་་་ཆེན་པོ་པདྨཱ་ཀ་རས་བོད་ཡུལ་སྐལ་ལྡན་རྗེ་འབངས་རྣམས་ལ་གསང་སྔགས་རྡོ་རྗེ་ཐེག་པའི་ཟབ་ཆོས་དངོས་གྲུབ་རྣམ་པ་གཉིས་གང་ལ་ཇི་ལྟར་དགོས་པ་སྒྲུབ་པའི་ཐབས་་་་སོ་སོའི་ཁམས་དབང་སྐལ་པའི་རྗེས་འགྲོ་བསམ་ལས་འདས་པ་བསྩལ། གསང་བའི་བདག་མོ་ཡེ་ཤེས་མཚོ་རྒྱལ་གྱིས་བཀའ་བསྡུ་མཛད། རྗེ་འབངས་ལོ་ཙཱ་སོ་སོ་ལ་སྨོན་ལམ་གྱི་བཀའ་གཉེར་གཏད། མ་འོངས་སྙིགས་མའི་མཐར་ཐུག་པའི་བསྟན་འགྲོ་སྐྱོབ་བྱེད་ཀྱི་བཙས་སུ་བརྩེ་བས་དགོངས་ཏེ་གཏེར་རིགས་བཅོ་བརྒྱད་ཀྱིས་མཚོན་པར་ཟབ་མོའི་རྒྱས་བཏབ། རྣམ་འདྲེན་ལྔ་པའི་བསྟན་པ་མ་ཤར་གྱི་བར་དུ་གང་ལ་གང་འདུལ་གྱི་དུས་དང་འཚམས་པར་འབྱུང་བར་བྱིན་གྱིས་བརླབས། དུས་ལ་བབས་པའི་ཚེ་སྔོན་གྱི་ལས་འཕྲོ་དང་སྨོན་ལམ་སད་པའི་གཏེར་སྟོན་སྤྲུལ་པའི་སྐྱེས་མཆོག་རྣམས་ཀྱིས་རིམ་པར་སྤྱན་དྲངས་ནས་འགྲོ་དོན་མཛད་པ་རྣམས་ཏེ། དེའང་ཁ་བྱང་ཡོད་པའི་མིང་ཅན་བྱེ་བ། ཁ་བྱང་མེད་པའི་མིང་མེད་བསམ་ལས་འདས་པ་སྦས་པར་གསུངས་པ་དང་། བོད་ཡུལ་ས་འོག་ཐམས་ཅད་གཏེར་གྱིས་བཀང་། །རི་བྲག་ཐམས་ཅད་སྒྲུབ་གནས་བྱིན་གྱིས་བརླབས། །ཞེས་དང་། ང་ཡིས་བོད་ཁམས་གཏེར་གྱིས་བཀང་ནས་ཡོད། །དངོས་གྲུབ་འདོད་ན་གཏེར་གནས་ཀུན་ནས་ལོངས། །ཞེས་གསུངས་པའི་དོན་མངོན་དུ་གྱུར་ནས་གཏེར་ཆོས་སྔར་བྱོན་དང་གསར་བརྡོལ་ཤིན་ཏུ་མང་བས་ཐམས་ཅད་སྡུད་པར་མི་ནུས་ཤིང་། ཕྱོགས་ཞེན་ཙམ་གྱིས་བླང་དོར་དབྱེ་བསལ་ཆོས་སྤོང་གི་ལས་ནི་བགྱི་བ་ག་ལ་སྤོབས། འོན་ཀྱང་གཏེར་སྟོན་གྲུབ་ཐོབ་ཐམས་ཅད་ཀྱི་རྒྱལ་པོ་མཆོག་གི་སྤྲུལ་སྐུ་གསུམ། འཁྲུལ་མེད་གླིང་པ་བཅུ་གཅིག་གཙོ་བོར་གྱུར་པ་སྔོན་བྱོན་བསྟན་འཛིན་མཁས་གྲུབ་ཆེན་པོ་རྣམས་ལ་ཡོངས་སུ་གྲགས་པའི་གཏེར་རྙིང་རིགས་ལ་གཞི་བྱས། ཕྱིས་བྱོན་ཆོས་དང་གང་ཟག་ཚད་མར་གྱུར་ཀྱང་དུས་སྐབས་རྟེན་འབྲེལ་དབང་གིས་ཁ་གཅིག་གི་སྙན་ལམ་དུ་མཚན་ཙམ་ཡང་འབྱོན་དུ་མི་བཏུབ་པ་མང་དུ་སྣང་བ་རྣམས་ནི་རེ་ཞིག་བཏང་སྙོམས་སུ་བཞག །ཡོངས་ལ་གྲགས་ཤིང་ང་ཁྱོད་ཀྱི་ཕྱོགས་འཛིན་ཆུང་བའི་ཕྱིས་ཀྱི་གཏེར་ཆོས་ཕལ་མོ་ཆེ་རྣམས་ཀྱང་དཀྱུས་སུ་བཀོད་པའོ། ༈ །གཉིས་པ་ཇི་ལྟར་སྡུད་པའི་ཚུལ་ནི། སྤྱིར་སྔ་འགྱུར་བསྟན་པའི་རྒྱན་གཅིག་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གཙོ་བོར་གྱུར་པའི་ཁུངས་དང་ལྡན་ཅིང་སེལ་མེད་ཀྱི་བརྒྱུད་པ་རྣམ་པར་དག་པའི་ཡོངས་འཛིན་རྣམས་ལས་ཟབ་གཏེར་དུ་མའི་སྨིན་གྲོལ་ཕྱག་ལེན་འབད་རྩོལ་ཆེན་པོས་ཞུས་ཤིང་། གཙོ་ཆེ་བ་རྣམས་ཀྱི་བསྙེན་སྒྲུབ་རེའང་བགྱིས། ཁྱད་པར་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་དང་ཆོས་རྒྱལ་ཁྲི་ལྡེ་སྙིགས་དུས་བསྟན་འགྲོའི་མགོན་དུ་བསམ་བཞིན་སྲིད་པའི་རོལ་གར་བསྒྱུར་པ། བཀའ་བབས་ཆེན་པོ་བདུན་གྱི་མངའ་བདག་ཐམས་ཅད་མཁྱེན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་གཏེར་རྙིང་འགའ་ཞིག་གི་སྨིན་གྲོལ་བཀའ་དྲིན་ཏུ་ཐོབ་པ་ན། གཏེར་ཕྲན་སྔོན་བྱོན་ཕལ་ཆེར་དབང་ལུང་ལྟ་ཞོག་དཔེ་རྒྱུན་ཙམ་ཡང་འབྱོར་དཀའ་བས་དེ་དག་ཕྱོགས་བསྡུ་ཞིག་གི་རྩོལ་འདོད་བློ་ཐོག་མར་སྐྱེས། དེ་ཙམ་གྱིས་ཀྱང་དངོས་གྲུབ་རྣམ་གཉིས་སྒྲུབ་པའི་ཐབས་ཡོངས་སུ་མི་རྫོགས་པས་མགོ་རྐང་ཚང་བ་ཞིག་བྱུང་ན་རང་གཞན་ལ་ཕན་པར་རེ་བའི་བློ་གཉིས་པ་སྐྱེས་ཏེ་འཆར་གཞིའི་ཐོ་ཡིག་བཅས། ཀུན་མཁྱེན་བླ་མ་རིན་པོ་ཆེའི་སྙན་དབང་དུ་ཞུས་ཤིང་གསོལ་བ་བཏབ་པས་ཤིན་ཏུ་དགྱེས་པ་ཆེན་པོས་ཐོག་མར་ལེགས་སོའི་དབུགས་དབྱུང་དང་ཇི་ལྟར་བསྒྲིག་བྱའི་གོ་རིམ་ས་བཅད་ཞིབ་མོ་བསྩལ། བར་དུ་སྔར་མ་ཐོབ་པ་ཕལ་མོ་ཆེའི་སྨིན་གྲོལ་དང་། ལྷག་པར་གཏེར་རྙིང་དཔེ་ལུང་གི་རྒྱུན་སྔར་ནས་ཆད་པ་མང་པོ་ཡང་གཏེར་དུ་བྱོན་པས་མཚོན་ཉེ་བརྒྱུད་ཀྱི་བྱིན་རླབས་དུ་མ་དང་བཅས་ཏེ་རྗེས་སུ་གནང་མཐར་གཞན་ཕན་ཕྲིན་ལས་ཀྱི་སྒོ་འཕར་དབྱེ་བར་མཛད་པ་སོགས་བསམ་གྱིས་མི་ཁྱབ་པའི་བཀའ་དྲིན་བསྩལ་པ་ལ་བརྟེན་པུསྟི་ཁ་ཤས་གྲུབ་པའི་སྐབས་སུ། སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པའང་ཡིད་ཆེས་རྩོད་བྲལ་གྱི་ཕྲིན་ལས་དབུ་ཚུགས་པའི་ཐོག་མར་རུང་མིན་བརྟག་པ་གནང་བས་རུང་ངེས་པའི་ལུང་བྱང་དམིགས་བསལ་ཐོབ། བར་དུ་ཚོགས་ཀྱི་འཁོར་ལོ་བཅས་གནང་བ་ལན་གསུམ་ཞུས་པར་གཏེར་སྟོན་བརྒྱ་རྩ་སྤྱི་དང་བྱེ་བྲག་དམིགས་སུ་བསལ་བ་ཁ་ཤས་ཀྱི་གཏེར་ཆོས་ཉེ་བརྒྱུད་དུ་གསན་འདུག་པ་རྣམས་ཀྱི་སྨིན་གྲོལ་གདམས་གཏད་ཞུས། མཐར་རྗེ་ཉིད་ཀྱི་གཏེར་བྱོན་མདོ་དང་སྒྱུ་འཕྲུལ་གཙོར་གྱུར་སྔར་ས་སྟེང་དུ་མ་བྱོན་པ་རྣམས་ཀྱང་སྐལ་པ་བཟང་པོའི་དཔྱིད་དུ་ནོས་པ་དེ་དག་ལ་བརྟེན་ནས་འདི་ཉིད་སྡུད་པའི་རྩོལ་བ་ལ་ཞུགས་པ་ཡིན་གྱི། ཐོས་པ་ཙམ་ལ་སྙིང་པོར་བཟུང་ནས་མ་བརྟགས་པའི་གྱ་ཚོམས་དང་། གསང་བ་གཉན་པོ་ལ་ཇི་མི་སྙམ་པའི་རས་ཆོད། འགྲན་སེམས་དང་གྲགས་འདོད་སོགས་ལོག་པའི་སེམས་བསྐྱེད་སྔོན་དུ་བཏང་བས་ནི་མ་ཡིན་ནོ། ༈ །གསུམ་པ་དེ་ལྟར་བསྡུས་པའི་དགོས་པ་ནི། བདག་ལྟ་བུ་ཤིན་ཏུ་མ་སྦྱངས་ལ་མི་མཁས་ཤིང་མ་བསྡམས་པའི་སོ་སྐྱེ་བྱ་བྲལ་ཉམ་ཆུང་བསྟན་པའི་ཁུར་མི་ཐེག་པ་ཞིག་གིས་སྐབས་སུ་མ་བབས་པའི་བྱ་བ་རླབས་ཆེན་བརྩམ་པ་འོས་སུ་མ་གྱུར་ཀྱང་། བྱིས་པའི་དུས་ནས་རྒྱལ་དབང་པདྨ་འབྱུང་གནས་ལ་མི་ཕྱེད་པའི་དད་པ་བརྟན་པོ་ལྷན་སྐྱེས་སུ་མངའ་བས་དེའི་གསུང་གསང་རིས་སུ་མ་ཆད་པ་ལ་འདུན་རྩོལ་ཆོག་ཤེས་མེད་པ་ཤུགས་འབྱུང་དུ་གྲུབ་པ་དང་། བོད་སྤྱིའི་མཚན་ཉིད་གསར་ངེས་ཀྱི་དབང་དུ་སོང་བས་གཏེར་རྙིང་ཕལ་ཆེར་ཞི་བར་མནལ་ལ་ཉེ་ཞིང་རྒྱུན་དཀོན་པ་འགའ་ཡང་ཆད་དུ་ཕངས་པ་དང་། གཏེར་རྙིང་གསར་དུ་བྱོན་པ་རྣམས་ནི་མཚན་ཙམ་ལས་ཆེན་པོ་རྣམས་ཀྱི་གསན་ལམ་དུའང་འབྱོན་མ་བཏུབས་པས་སྙིང་ལྟར་གཅེས་པ་དང་། གཏེར་གསར་ཕལ་མོ་ཆེའང་རང་གཞན་ལ་ཉེ་བར་མཁོ་བ་ཤས་ཆེ་ཞིང་དཀོར་སྡུད་ཀྱི་ཕྱག་ཆ་དང་། ལྟོ་ཕྱིར་བོན་གྱེར་མཁན་རྣམས་ཀྱིས་ཀྱང་རྗེས་གནང་དང་མདོས་གཏད་སོགས་ཞུ་ཐོབ་དཀོན་པས་དཀྱུས་གཅིག་ཏུ་བཀོད་ན་དེ་ཙམ་ལའང་ཕན་པར་རེ་བ་དང་། ཚད་མའི་གཏེར་ཆོས་ཕྱོགས་རེ་བའི་ཕྲིན་ལས་ཅན་དུ་གྱུར་པ་དག་ཀྱང་གུ་རུ་རིན་པོ་ཆེའི་རྗེས་འཇུག་ཡོངས་ཀྱི་སྤྱི་ནོར་དུ་གྱུར་ན་ཅི་མ་རུང་སྙམ་པ་སོགས་སྒོ་དུ་མ་ནས་ལྷག་པའི་བསམ་པ་ཁོ་ན་ཡིད་ལ་བྱས་ཏེ་བཀའ་ཡི་བསྡུ་བ་ལ་ཉེ་བར་ཞུགས་པའང་སངས་རྒྱས་ཀྱི་བྱིན་རླབས་་་་་་་་་འབའ་ཞིག་ཏུ་རིག་པར་བྱ་སྟེ། ཡོན་ཏན་རིན་ཆེན་སྡུད་པ་ལས། རྒྱལ་བའི་ཉན་ཐོས་པ་དག་གང་ཞིག་ཆོས་སྟོན་དང་། །འཆད་དང་རིག་པ་དག་དང་ལྡན་པར་བརྗོད་པ་དང་། །མཆོག་འཕགས་བདེ་བ་བྱེད་དང་དེ་ཡི་འབྲས་ཐོབ་པ། །དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ། །ཞེས་གསུངས་པའི་ཕྱིར་རོ། ༈ །བཞི་པ་བཀའ་བསྡུ་ལ་བརྩོན་པའི་གྲུབ་དོན་སྨིན་གྲོལ་གདམས་ངག་གི་བཞུགས་ཚོགས་དངོས་དང་ཞར་བྱུང་བརྒྱུད་རིམ་གྱི་ཐོ་ཡིག་བཅས་དགོད་པ་ལ་གསུམ། གང་ལས་བྱུང་བ་བརྒྱུད་པའི་ལོ་རྒྱུས། བྱུང་ཁུངས་དེ་ལྡན་གྱི་གདམས་པའི་དཀར་ཆག །དེ་ལས་བྱུང་བའི་གདམས་སྐོར་དངོས་ཀྱི་རྣམ་གྲངས་སོ། །དང་པོ་ནི། གདམས་ངག་ཁུངས་དང་འབྲེལ་བ་ཞེས་མཁས་པ་རྣམས་ལ་གཏམ་དུ་གྲགས་པའི་ཕྱིར་ཐོག་མར་ཡིད་ཆེས་པའི་འབྱུང་ཁུངས་ལོ་རྒྱུས་ཐོས་པས་དེའི་གདམས་ངག་ལ་དད་ཅིང་ངེས་ཤེས་འདྲོང་བའི་དགོས་པ་ཐོག་མར་འབྱུང་བར་་་་་་འབྲེལ་ལ། དེའང་གདམས་ཟབ་འདི་རྣམས་ཀྱི་སྟོན་པ་ནི་སངས་རྒྱས་ཀུན་འདུས་གུ་རུ་རིན་པོ་ཆེ་པདྨཱ་ཀ་ར་སྟེ་དེའི་རྣམ་པར་ཐར་པ་ནི་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ལས་གཞན་གྱིས་ཚད་བཟུང་བར་ག་ལ་ནུས་ཀྱང་། གུ་རུ་ཉིད་ཀྱིས་རྗེས་སུ་གནང་ནས་བཀའི་སྡུད་པ་པོ་རྣམས་ཀྱིས་བཀོད་པ་ལ། ཇི་སྐད་དུ། རྣམ་ཐར་སྟོང་ཕྲག་བཅུ་དང་བརྒྱ་ཕྲག་དགུ །མ་འོངས་དམ་ལྡན་དོན་དུ་བཀོད་ནས་སྦས། །ཞེས་གྲངས་ཚད་ཡོད་པ་དང་། མིང་ཅན་མིང་མེད་ཀྱི་གཏེར་ཁ་བསམ་ལས་འདས་པར་གུ་རུའི་རྣམ་ཐར་སྣ་རེ་བཞུགས་པས་གྲངས་ཚད་མེད་པའང་བཤད་པ་ལས། གཏེར་བྱོན་ཕལ་མོ་ཆེར་རྫུས་སྐྱེས་ཁོ་ནའི་རྣམ་ཐར་དུ་རིགས་མཐུན་ཅིང་བཀའ་མ་ཕུར་པའི་ལོ་རྒྱུས་དང་བ་མཁལ་སྨུག་པོའི་གཏེར་མ་སོགས་ཁ་ཅིག་ཏུ་མངལ་སྐྱེས་སུའང་བཤད་པས། ཡོངས་གྲགས་ལུགས་སྲོལ་གཉིས་སུ་བཞུགས་པའི། དང་པོ་ལ་རྒྱས་བསྡུས་འདྲ་མིན་མཐའ་ཡས་པ་ཞིག་སྣང་བ་ལས། འདིར་གཏེར་བྱོན་བཀའ་ཐང་ཐམས་ཅད་ཀྱི་རྩ་བའི་ཕྱི་མོ་ཉང་རལ་ཉི་མ་འོད་ཟེར་གྱིས་དཔལ་གྱི་བསམ་ཡས་ཁམས་གསུམ་ཟངས་ཁང་གླིང་ནས་སྤྱན་དྲངས་པ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་ཆོས་འབྱུང་ནོར་བུའི་ཕྲེང་བ་ཞེས་བྱ་བ་ལེའུ་ཞེ་གཅིག་ཅན་རྣམ་ཐར་ཟངས་གླིང་མར་གྲགས་པ། དེའི་དོན་བསྡུས་གསོལ་འདེབས་ཉང་རིན་པོ་ཆེས་མཛད་པ། ཨོ་རྒྱན་མཛད་པ་བཅུ་གཅིག་གི་གསོལ་འདེབས་རཏྣ་གླིང་པས་མཛད་པ་རྣམས་བཞུགས། ལུང་བརྒྱུད་ནི། ཨོ་རྒྱན་རིན་པོ་ཆེ། སྡུད་པ་པོ་ཡེ་ཤེས་མཚོ་རྒྱལ། མངའ་བདག་ཁྲི་སྲོང་ལྡེའུ་བཙན། གཏེར་ཆེན་ཉང་རལ། ལ་སྟོད་པ་མི་བསྐྱོད་རྡོ་རྗེ། མདོ་བོ་རས་པ། དབུས་པ་གྲགས་འབུམ། མངའ་རིས་དཔལ་སེང་། བསམ་འགྲུབ་རྒྱལ་མཚན། དཀོན་ཅོག་མགོན་པོ། མངའ་རིས་པཎ་ཆེན། ཉང་ཀུན་དགའ་ལྷུན་གྲུབ། ཀརྨ་གུ་རུ། མངའ་བདག་སྤྲུལ་སྐུ །ཆོས་དབང་ཀུན་བཟང་། རིག་འཛིན་ཕྲིན་ལས་ལྷུན་གྲུབ། ཆོས་རྒྱལ་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། འགྱུར་མེད་སྐལ་བཟང་འཕེལ་རྒྱས། རིག་འཛིན་ཚེ་དབང་ནོར་བུ། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས། རྒྱལ་དབང་བདུད་འདུལ་རྡོ་རྗེ། དཔའ་བོ་གཙུག་ལག་ཆོས་རྒྱལ། འདྲེན་མཆོག་དགེ་ལེགས་རྒྱ་མཚོ། དེས་བདག་བློ་གྲོས་མཐའ་ཡས་ལའོ། །ཡང་ན་རིན་རྣམ་ནས་ཁྲི་བརྒྱུད་བར་མ་ཆད་པར། སངས་རྒྱས་ཀུན་དགའ། འགྱུར་མེད་ཡིད་བཞིན་དབང་རྒྱལ། པདྨ་འོད་ཟེར། མཁན་དཀོན་མཆོག་འོད་ཟེར། དེ་ལས་སོ། །གསོལ་འདེབས་སྔ་མ་ནི། ཉང་ཡབ་སྲས། གཉོས་ཞིག གཉོས་སྒོམ་རྡོ་རྗེ། གཉོས་སྟོན་གྲགས་པ། གྲགས་པ་བཀྲ་ཤིས། མཐིང་མ་གྲགས་འོད། གྲགས་པ་རྒྱལ་མཚན། ཚུལ་ཁྲིམས་འབྱུང་གནས། ཤེས་རབ་རྒྱལ་པོ། ནམ་མཁའི་མཚན་ཅན། མཁའ་ཀློང་ཡངས་པ། སྐལ་ལྡན་རྒྱ་མཚོ། རྒྱ་མ་མི་འགྱུར་བ། འབྲི་གུང་རིན་ཆེན་ཕུན་ཚོགས། ཆོས་རྒྱལ་ཕུན་ཚོགས། བསོད་ནམས་རིན་ཆེན། ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ། སྲས་རིན་ཆེན་རྣམ་རྒྱལ་ནས་རིམ་པར་བརྒྱུད་དེ། པདྨ་གསང་སྔགས་བསྟན་འཛིན། འགྱུར་མེད་བསྟན་འཕེལ། དེ་ལས་སོ། །ཕྱི་མ་ནི་རཏྣའི་ཚེ་སྒྲུབ་གསང་འདུས་སོགས་དཔལ་ཡུལ་ཕྱོགས་ནས་བརྒྱུད་པ་དང་འདྲའོ། །གཉིས་པ་འཕགས་ཡུལ་ཐུན་མོང་བ་ལ་ཡོངས་སུ་གྲགས་པའི་ཚད་ཐུབ་ཀྱི་ལེགས་བཤད་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་མཛད་པའི་སློབ་དཔོན་པདྨའི་རྣམ་ཐར་རྒྱ་གར་ལུགས་ཡིད་ཆེས་གསུམ་ལྡན་ཙམ་བཀོད། ལུང་བརྒྱུད་ནི། རྗེ་བཙུན་རིན་པོ་ཆེ། རྒྱལ་ཚབ་རིན་ཆེན་རྒྱ་མཚོ། བློ་གྲོས་རྣམ་རྒྱལ། ངག་དབང་ཕྲིན་ལས། ཀུན་བཟང་དབང་པོ། གཙུག་ལག་དགའ་བ། ཚེ་དབང་ཀུན་ཁྱབ། ཀརྨ་རཏྣ། ཀརྨ་འོད་གསལ་འགྱུར་མེད། དེ་ལས་སོ། །དེ་དག་གི་འཕྲོས་ལས་བརྩམས་ཏེ། ཨོ་རྒྱན་རིན་པོ་ཆེའི་རྣམ་ཐར་བཀའ་ཐང་དོན་བསྡུས་གསོལ་འདེབས་རྗེ་བླ་མས་མཛད་པ་ངོ་མཚར་ཨུ་དུམྦ་རའི་ཕྲེང་མཛེས། ལུང་རྗེ་ཉིད་ཀྱིས་བསྩལ་པའོ། གཏེར་སྟོན་གྲུབ་ཐོབ་རིམ་པར་བྱོན་པ་རྣམས་ཀྱི་རྣམ་ཐར་མདོར་བསྡུས་བཀོད་པ་རིན་ཆེན་བཻཌཱུརྻའི་ཕྲེང་བ། དེའི་དོན་བསྡུས་གསོལ་འདེབས་རྒྱས་པ། མཚན་སྡོམ་གསོལ་འདེབས་བསྡུས་པ་བཅས་བཞུགས། འདི་ནས་བརྩམ་མཛད་བྱང་མ་སྨོས་པ་ཐམས་ཅད་རང་ཉིད་ཀྱིས་གསར་བསྒྲིགས་བྱས་པ་ཤ་སྟག་ལགས་སོ། ༈ །གཉིས་པ་བྱུང་ཁུངས་དེ་ལྡན་གྱི་གདམས་པའི་དཀར་ཆག་དངོས་ནི། དཀར་ཆག་ཞིབ་མོར་བཀོད་པ་འདི་ཉིད་དེ་བཀའ་རྒྱའི་སྐོར་རྣམས་ནི་ཟུར་དུ་གསལ་ལ། ཞར་བྱུང་གང་ལས་བརྒྱུད་པའི་རིམ་པའང་ཚོལ་བདེ་བའི་ཕྱིར་ཕྱོགས་སུ་བཀོད་མོད། ཕྲིན་ལས་དར་རྒྱས་སུ་གྱུར་པ་ཁ་ཅིག་ནི་བརྒྱུད་སྲོལ་ཐ་དད་པའི་རྣམ་གྲངས་མང་དུ་འདུག་ཀྱང་འདིར་ཡིག་ཚོགས་ལ་འཇིགས་ནས་རྩ་བ་སྣ་རེ་ཙམ་ལས་མ་བཀོད་པ་འདོད་ན་གཞན་དུ་རྟོགས་པར་བྱ་དགོས་པ་དང་། གཏེར་ཕྲན་འགའ་ཞིག་དང་གདམས་ངག་ཕྲན་ཚེགས་འགའ་རེ་སྔོན་གྱི་དཔྱོད་ལྡན་ཆེན་པོ་རྣམས་ཀྱི་གསན་ཡིག་ཏུའང་བར་སྐབས་ཀྱི་བརྒྱུད་པ་མི་གསལ་བ་དང་འོལ་ཚོད་དུ་བཀོད་པའང་ཡོད་རིགས་སུ་འདུག་ཅིང་། རང་གིས་ཞུ་ཡུལ་ཁ་ཤས་ནས་ཀྱང་རྒྱུན་ཡོད་ངེས་པའི་བླ་མ་དག་ལས་གསན་ངེས་པ་ཙམ་ལས་བརྒྱུད་རིམ་མ་རྙེད་པ་མང་རུང་། རང་ནས་ནི་རེ་རེ་བཞིན་དུ་ཞུས་ངེས་པ་ལས་ལུང་ཙམ་ཡང་མ་མནོས་པའི་ཡིག་ཆ་སྣ་གང་རྙེད་བསྡུས་པ་ནི་གཅིག་ཀྱང་མེད་ལ། ཁྱད་པར་སྔ་འགྱུར་རྙིང་མའི་ཕྱོགས་སུ་དག་སྣང་དང་ཉེ་བརྒྱུད་ལ་ཚད་མར་མཛད་པས་དེ་ལྟར་ན། ཉེ་བརྒྱུད་ཀྱི་བཀའ་དམིགས་བསལ་དུ་བབས་པའི་རྩོད་བྲལ་གུ་རུའི་རྒྱལ་ཚབ་གཏེར་ཆེན་རྣམ་པ་གཉིས་ལས་ཁོ་བོས་སྤྱི་དང་བྱེ་བྲག་གི་སྨིན་གྲོལ་བྱིན་རླབས་བཀའ་གཏད་རྗེས་སུ་གནང་བ་བཅས་ཡང་ནས་ཡང་དུ་ཡིད་ཚིམས་པར་ཞུས་ཤིང་ཐོབ་པ་ལགས་པས་གོ་ས་མཐོ་ཞིང་གྲགས་འབྱོར་ལྡན་པ་ཞིག་ཡིན་ན་བཀའ་བབས་ལུང་བསྟན་གྱི་བརྒྱུད་པར་ངོམས་ཀྱང་ངོམས་རིན་ཆོག་པ་ཡོད་དོ། །འདིའི་འཕྲོས་ལས། སྨིན་གྲོལ་འབོགས་པའི་ལག་ལེན་དང་བཅས་གཤོམ་ཇི་ལྟར་བྱ་བའི་ཐོ་ཡིག་ཀྱང་ཉེར་མཁོའི་ཆེད་དུ་བཀོད་པའོ། ༈ །གསུམ་པ་དེ་ལས་བྱུང་བའི་གདམས་སྐོར་དངོས་དང་། ཐ་མར་དགེ་བའི་སླད་དུ་གསང་སྔགས་ལམ་རིམ་ཞལ་གདམས་སྨོན་ཤིས་དང་བཅས་པའི་སྐོར་གཉིས་སོ། །དང་པོ་ནི། འོད་གསལ་རྫོགས་པ་ཆེན་པོའི་རྒྱུད་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། བསྐྱེད་པ་མ་ཧཱ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་གཞི་ལྟ་བུའོ། །རྫོགས་པ་ཨ་ནུ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་ལམ་ལྟ་བུའོ། །རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་འབྲས་བུ་ལྟ་བུའོ། །ཞེས་བསྐྱེད་རྫོགས་སྡེ་གསུམ་དུ་གསུངས་པ་ལས། དང་པོ་བསྐྱེད་པ་མ་ཧཱ་ཡོ་གའི་སྐོར་ལ་གཉིས། རྒྱ་ཆེ་བ་རྩ་བར་གྱུར་རྒྱུད་སྡེ་དང་། ཟབ་པ་ལག་ལེན་དུ་འདྲིལ་བ་སྒྲུབ་སྡེའོ། །དང་པོ་ལའང་སྤྱིར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་རྩ་བར་གྱུར་པའི་རྒྱུད་སྡེ་ལྔ། སྒྲུབ་པ་ལག་ལེན་དུ་སྟོན་པ་རོལ་པའི་རྒྱུད་སྡེ་ལྔ། སྤྱོད་པ་ཡན་ལག་ཏུ་འགྲོ་བའི་རྒྱུད་སྡེ་ལྔ། མ་ཚང་བ་ཁ་སྐོང་བའི་རྒྱུད་སྡེ་གཉིས། དེ་ཐམས་ཅད་ཀྱི་ཁྱབ་བྱེད་གཞིའམ་རྩ་བ་ལྟ་བུ་གྱུར་པ་སྤྱི་རྒྱུད་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་དཔལ་གསང་བའི་སྙིང་པོ་སྟེ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་དུ་གྲགས་པ་ལས། དཔལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞི་ཁྲོ་སོ་སོའི་དབང་། རྒྱུད་ཀྱི་བཤད་པ། སྐུའི་རྒྱུད་སངས་རྒྱས་མཉམ་སྦྱོར་རིགས་བསྡུས་པའི་དབང་། སྤྱོད་པ་ཡན་ལག་ཏུ་འགྲོ་བའི་རྒྱུད་སྡེའི་ནང་གསེས་གླང་པོ་ཆེ་རབ་ཏུ་འབོགས་པའི་དུམ་བུ་དྲི་མ་མེད་པ་བཤགས་པའི་རྒྱལ་པོའི་རྒྱུད་ཀྱི་རྗེས་སུ་འབྲང་བ་ཞི་ཁྲོ་ཁྲོམ་བཀྲུགས་དང་། ཆ་མཐུན་ཡི་གེ་བརྒྱ་པ་དབང་མཆོག་རྒྱལ་པོའི་རྒྱུད་སོགས་ལ་བརྟེན་པའི་ཞི་ཁྲོ་རིགས་བསྡུས་ཀྱི་དབང་། དེ་རྣམས་ཀྱི་རྒྱབ་རྟེན་རྒྱུད་སྡེ་རབ་འབྱམས་རྒྱུད་འབུམ་དུ་པོད་གསུམ་ཙམ་བཞུགས། ཀྱི་ལུང་སོགས་རྒྱ་ཆེར་བཞུགས་པ་ནི་བཀའ་མའི་སྐབས་སུ་སོང་བ་ཡིན་ལ་གཏེར་མའི་ཕྱོགས་ལ་རྒྱུད་ལུང་བཀའ་མ་དངོས་མཚུངས་སྔར་མ་བྱོན་ཀྱང་དེང་སྐབས་མཆོག་གླིང་ཟབ་གཏེར་ལས་བྱོན་པ་སོགས་འགོད་དུ་ཡོད་པ་དང་། ཐོག་མའི་ས་ཁོངས་འཛིན་བྱེད་དུ། སྤྲུལ་པའི་ལོ་ཙཱ་བ་བཻ་རོ་ཙ་ནའི་རྣམ་འཕྲུལ་སྔ་འགྱུར་བསྟན་པའི་ཉི་མ་ཆེན་པོ་རིག་འཛིན་གཏེར་བདག་གླིང་པ་ལ་ངམ་ཤོད་གནམ་ལྕགས་བྲག་ནས་དཔལ་སྔགས་ཀྱི་སྲུང་མས་དངོས་སུ་ཕུལ་བའི་ཟབ་གཏེར་ཞི་བ་རྡོ་རྗེ་དབྱིངས་གསང་ཆེན་རིགས་གཅིག་དཔལ་རྡོ་རྗེ་སེམས་དཔའ་་་་་་་་ཐུགས་ཀྱི་སྒྲུབ་པའི་དབང་། རྩ་བ་དང་ཡན་ལག་གི་ཁྲིད་གསུམ། ཟབ་གཏེར་ཁ་བྱང་། སྒྲིབ་སྦྱོང་བསྙེན་པ། ཚོགས་བསགས་སྒྲུབ་པ། བྱིན་རླབས་དབང་། ཟབ་མོ་ཁྲིད། ཁྱད་པར་རྫོགས་རིམ་སྣང་བཞི། ཟབ་ལམ་འཕོ་བ། རྨི་ལམ། དགེ་སྦྱོར་སྲང་འཇུག འཁྲུལ་གཅོད། སྒྲིབ་སྦྱོང་། ཁྲུས་ཀྱི་རྣལ་འབྱོར་ཏེ་གཏེར་གཞུང་ལེའུ་བཅུ་གཅིག་ཆ་ཚང་བརྒྱུད་འདེབས་དང་བསྙེན་སྒྲུབ་ཕྲིན་ལས་ཀྱི་ཆོ་ག་གཏེར་ཆེན་ཉིད་ཀྱིས་མཛད་པ་ལ་ཁ་འཕངས་དཀྱུས་སུ་བཀོད་པ། སྒྲུབ་མཆོད་དཀྱུས་མའི་ལག་ལེན། མྱོང་གྲོལ་རིལ་བུའི་སྒྲུབ་ཐབས་ཀུན་མཁྱེན་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་མཛད་པ། ཐུགས་ཐིག་གི་བྱིན་འབེབས། གྲོལ་ལམ་གསུམ་གྱི་ལག་ལེན། དབང་ཆོག །བསྙེན་ཡིག ལོ་ཆེན་རིན་པོ་ཆེས་མཛད་པའི་རྩ་ཁྲིད། ཁྱད་པར་རྫོགས་རིམ་སྣང་བཞི། རྨི་ལམ་དང་གཅོད་བཅས་ཀྱི་ཁྲིད་ཡིག །འཕོ་བའི་གསོལ་འདེབས་གཏེར་གསུང་། འཕོ་ཁྲིད་རྗེ་བཙུན་མ་ཕྲིན་ལས་ཆོས་སྒྲོན་གྱིས་མཛད་པ་བཅས་བཞུགས། འདི་ཉིད་སྒྲུབ་སྡེ་གཏེར་མའི་ཕྱོགས་སུ་གཏོགས་ཀྱང་། བསྐྱེད་རྫོགས་ཀྱི་ཟབ་གནད་རྣམས་གསང་བ་སྒྱུ་འཕྲུལ་གྱི་མན་ངག་ཁོ་ནར་སྣང་བ་མ་ཟད། རྒྱལ་པོ་ཛཿནས་རིམ་པར་བརྒྱུད་པའི་བཀའ་མའི་རྡོར་སེམས་ཀྱི་བྱིན་རླབས་ཆུ་བོ་གཅིག་ཏུ་འདྲེས་པས་དོན་གྱིས་བཀའ་གཏེར་ཟུང་འཇུག་ཏུ་འགྱུར་བའི་ཕྱིར་དང་། དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བྱེད་དུ་གྱུར་པས་ཐོག་མར་དགེ་བའི་ཚུལ་དུ་བཞག་པ་ཡིན་ནོ། །དེ་ལ་དབང་གི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོར་སེམས། དགའ་རབ། ཤྲཱི་སིཾ་ཧ། ཧཱུྃ་མཛད། བི་མ་ལ། ཨོ་རྒྱན་ཆེན་པོ། མཚོ་རྒྱལ། བཻ་རོ། ཁྲི་སྲོང་། གཏེར་ཆེན་འགྱུར་མེད་རྡོ་རྗེ། མཁན་ཆེན་ཆོས་དཔལ་རྒྱ་མཚོ། གཉིས་ཀས་རྒྱལ་སྲས་རིན་ཆེན་རྣམ་རྒྱལ། ཁྲི་ཆེན་པདྨ་བསྟན་འཛིན། ཁྲི་ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་མ་ཕྲིན་ལས་ཆོས་སྒྲོན། ཁྲི་ཆེན་སངས་རྒྱས་ཀུན་དགའ། དེ་གཉིས་ཀ་ལས་རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསན། དེས་བདག་ལའོ། །ཡང་དབང་བརྒྱུད་གཅིག་ནི། ཁྲི་ཕྲིན་ལས་རྣམ་རྒྱལ་ནས། ཁྲི་ཆེན་པདྨ་དབང་རྒྱལ། དཔའ་བོ་གཙུག་ལག་ཆོས་རྒྱལ། དེ་ལས་སོ། །ཉམས་ཁྲིད་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། ཕྲིན་རྣམ་ནས། པད་སྤྲུལ་པདྨ་དབང་རྒྱལ། ཁྲི་སངས་རྒྱས་ཀུན་དགའ། ཀུན་མཁྱེན་བླ་མ། དེ་ལས་སོ། །འཕོ་ཁྲིད་ལུང་བཅས་མཛད་པ་པོ་ལས་གསན། གཏེར་གཞུང་གི་ལུང་རྒྱུན། རྗེ་བཙུན་མ་ཕྲིན་ཆོས་ཡན་དབང་བརྒྱུད་ལྟར་ལ། དེ་ལས་གསན་པ་དང་། གཏེར་ཆེན་གསུང་རྣམས་དེ་ལས། རྗེ་བཙུན་མ་མི་འགྱུར་དཔལ་སྒྲོན། དེས་རིན་ཆེན་རྣམ་རྒྱལ། ལོ་ཆེན་གསུང་རྣམས་དེ་ལས་རྒྱལ་སྲས་ཡིད་བཞིན་ལེགས་གྲུབ། དེས་རིན་རྣམ། དེ་ནས་རྗེ་བཙུན་མའི་བར་གོང་དང་འདྲ་ཞིང་དེ་ལས་ཀུན་མཁྱེན་བླ་མས་གསན་ཏེ་བསྩལ་པའོ། །རྗེ་ཉིད་ཀྱི་གསུང་རྣམས་ནི་ཁོ་བོས་དངོས་སུ་ནོས་པ་སྟེ་འདི་ལྟར་ཕྱིན་ཆད་ཀུན་ལ་ཤེས་པར་བྱའོ། །དེའི་རྗེས་འབྲེལ་དུ་དོང་སྤྲུགས་རིགས་བསྡུས་དང་ཆ་མཚུངས་པ། ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱི་རྣམ་འཕྲུལ་གྲུབ་ཐོབ་ཀརྨ་གླིང་པས་སྒམ་པོ་གདར་གྱི་རི་བོ་ནས་སྤྱན་དྲངས་པའི་ཟབ་གཏེར་བསམ་གྱིས་མི་ཁྱབ་པའི་ཕྲིན་ལས་མངའ་བ་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་འབྲིང་པོ་འགྲོ་དྲུག་རང་གྲོལ། བསྡུས་པ་གཏོར་དབང་རེག་པ་དོན་ལྡན། ཆོས་ཉིད་བར་དོའི་ཁྲིད། བརྒྱུད་འདེབས་དང་ལས་བྱང་ཆུང་བ་གཏེར་གཞུང་། བསྙེན་དམིགས། གཏོར་དབང་། ཁྲིད་ཡིག་བཅས་མཁས་གྲུབ་ཀརྨ་ཆགས་མེད་གསུང་། དབང་རྒྱས་འབྲིང་གཉིས་ཀའི་སྟ་གོན་དང་འབྲིང་པོའི་དབང་ཆོག་བསྙེན་ཡིག་བཅས་སོ། །དེའི་དབང་བརྒྱུད་ནི། ཀུན་བཟང་། རྡོ་རྗེ་འཆང་། རྡོར་སེམས། དགའ་རབ། ཤྲཱི་སིཾ། པདྨ་འབྱུང་གནས། མཚོ་རྒྱལ། ཀརྨ་གླིང་པ། ཉི་ཟླ་སངས་རྒྱས། ཉི་ཟླ་ཆོས་རྗེ། ཉི་ཟླ་འོད་ཟེར། བཀའ་བབས་ནམ་མཁའ་ཆོས་རྒྱམ། དེ་ལས་གྱེས་པའི་བརྒྱུད་སྲོལ་སྔ་ཕྱི་བར་གསུམ་གྱི་ལུགས་མང་ཞིག་ནོས་ཀྱང་གཙོ་བོར་བརྒྱུད་སྲོལ་ཕྱི་མ་ལ་བྱེད་པས། བཀའ་བབས་ནས། སྤྲུལ་སྐུ་ཐུགས་རྗེ་འོད་ཟེར། འཁྲུལ་ཞིག་བུདྡྷ་མངྒ། རིག་འཛིན་ཀུན་དགའ་གྲགས་པ། གར་དབང་ཀུན་དགའ་བསྟན་འཛིན། སྔགས་འཆང་པདྨ་དབང་དྲག །གྲུབ་བརྙེས་ཀརྨ་ཆགས་མེད། ཐུགས་སྲས་པདྨ་ཀུན་དགའ། མཆོག་སྤྲུལ་ཕྲིན་ལས་དབང་འབྱུང་། ཀུན་གཟིགས་ཤེས་རབ་གྲགས་པ། རྣལ་འབྱོར་བསྟན་འཛིན་དོན་གྲུབ། ཀརྨ་ཐེག་མཆོག་བསྟན་འཕེལ། དེས་བདག་ལའོ། འདི་ནི་གནས་མདོ་གསེར་ཕྲེང་སྨད་བརྒྱུད་དུ་གྲགས་པའོ། ཁྲིད་བརྒྱུད་ནི། ཆགས་མེད་རིན་པོ་ཆེ། བརྩོན་འགྲུས་རྒྱ་མཚོ། པདྨ་དོན་གྲུབ། པདྨ་ལྷུན་གྲུབ། བདེ་ཆེན་སྙིང་པོ། གུ་རུ་མ་ཎི། མཁན་ཆེན་བླ་མ་ཀརྨ་ངེས་དོན་བསྟན་པ་རབ་རྒྱས། དེ་ལས་སོ། །བདེ་ཆེན་ཡན་ཆད་གནས་མདོ་གསེར་ཕྲེང་སྟོད་བརྒྱུད་དུ་གྲགས་པ་སྟེ་གཞན་ལའང་འདིས་མཚོན་ནོ། །ལུང་བརྒྱུད་ནི་སྨད་བརྒྱུད་ལྟར་རོ། །མཁན་ཆེན་ལོ་ཙཱ་བ་དྷརྨ་ཤྲཱིས་མཛད་པའི་ཞི་ཁྲོའི་ཆོ་ག་སྡིག་སྒྲིབ་རྣམ་སྦྱོང་ལ་ཀུན་གཟིགས་བླ་མས་ཁ་བསྐངས་གནང་བ། ཉེར་མཁོའི་ཤོག་བྱང་གསུམ་བཅས། འདིའི་ལུང་རྒྱུན་ཐམས་ཅད་མཁྱེན་གཟིགས་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་ལས་གསན་པར་སྣང་ཡང་དེའི་གསན་ཡིག་ཏུ་བརྒྱུད་ཡིག་དམིགས་བསལ་མ་བྱུང་བས། གསུང་འབུམ་ཕལ་ཆེར་གྱི་བརྒྱུད་པ་ལོ་ཆེན་ནས་འགྱུར་མེད་སྐལ་བཟང་། པདྨ་བསྟན་འཛིན། རིག་འཛིན་བཟང་པོ། བསྟན་འཛིན་ཆོས་རྒྱལ། མཐུ་སྟོབས་རྣམ་རྒྱལ་ལ་བརྒྱུད་པར་སྣང་ངོ་། །འཕྲང་མགོ་ཤེར་འོད་གཏེར་བྱོན་གྲོལ་ཐིག་དགོངས་པ་རང་གྲོལ་གྱི་ཆོས་སྡེའི་ཞི་ཁྲོའི་དབང་། དེའི་ཕྲིན་ལས་ལྷ་དབང་ཟུར་བྱང་དང་བཅས་པ། དབང་ལུང་གཉིས་ཀའི་བརྒྱུད་པ་འཆད་འགྱུར་གྲོལ་ཏིག་སྤྱི་ལྟར་རོ། །སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས། ཞི་ཁྲོ་ལུས་དཀྱིལ་གྱི་དབང། སྒྲུབ་ཐབས་གཏེར་གཞུང་། ཞི་ཁྲོ་བསམ་གཏན་ཆོ་ག་ཆགས་མེད་གསུང་བཅས། དབང་བརྒྱུད་ནི། ཆོས་ལོངས་སྤྲུལ་གསུམ། མཚོ་རྒྱལ། ཤུད་བུ་དཔལ་གྱི་སེང་གེ །མི་འགྱུར་རྡོ་རྗེ་བདུད་འདུལ་རོལ་པ་རྩལ། རིག་འཛིན་ཀུན་བཟང་ཤེས་རབ། པདྨ་ལྷུན་གྲུབ་རྒྱ་མཚོ། མཁས་གྲུབ་པདྨ་ནོར་བུ། ཀརྨ་བཀྲ་ཤིས། ཀརྨ་ལྷ་དབང་། ཀརྨ་འགྱུར་མེད། པདྨ་གསང་སྔགས་བསྟན་འཛིན། དེས་བདག་ལའོ། །ཡང་གནམ་ཆོས་དགོངས་གཏེར་དང་བཅས་པའི་དབང་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་གཅིག་ནི། ཀརྨ་འགྱུར་མེད་ཡན་གོང་ལྟར་ལ། མཆོག་སྤྲུལ་ཀརྨ་ཀུན་བཟང་བསྟན་འཛིན་ཞལ་སྔ་ནས་བདག་ལ་བསྩལ་པའོ། །ལུང་བརྒྱུད་སྣ་གཉིས་དེ་ལྟར་ལ། བསམ་གཏན་ཆོ་ག་གནས་མདོ་སྨད་བརྒྱུད་ལྟར་རོ། །གནམ་ཆོས་ལ་བརྒྱུད་སྲོལ་མང་ཡང་འདི་ནི་དཔལ་ཡུལ་བརྒྱུད་པ་སྟེ་འོག་ནས་འབྱུང་བ་ཐམས་ཅད་འདི་དང་འདྲའོ། །རྣམ་སྣང་ལོ་ཙཱ་བ་ཆེན་པོའི་ཐུགས་ཀྱི་སྤྲུལ་པ་པདྨ་བདེ་ཆེན་གླིང་པས་མདོ་ཁམས་བཙན་རྒོད་རི་བཀྲ་ནས་སྤྱན་དྲངས་པའི་ཟབ་ཆོས་བཀའ་འདུས་སྙིང་པོ་ཡིད་བཞིན་ནོར་བུའི་ཆོས་སྡེ་ལས་ཕྱི་སྐོར་རྫོགས་པ་ཆེན་པོ་ཞི་ཁྲོ་ངེས་དོན་སྙིང་པོའི་དབང་ཆེན་གཏོར་དབང་དང་བཅས་པ། དེའི་ལས་བྱང་དང་བཤགས་སྐོང་གཏེར་གཞུང་། དབང་ཆོག་ལེ་ཚན་གསུམ་བསྡོམས་པའི་བཀླག་ཆོག་བཅས། དབང་ལུང་གཉིས་ཀའི་བརྒྱུད་པ། ཀུན་བཟང་སོགས་ཞི་ཁྲོ་སྤྱི་ལྟར་ལ། ཨོ་རྒྱན་རིན་པོ་ཆེ། ལོ་ཆེན་བཻ་རོ། མཚོ་རྒྱལ། པདྨ་བདེ་གླིང་། དེ་ནས་སྲས་བརྒྱུད་ཤ་སྟག་ཏུ་བྱོན་པ། པདྨ་དབང་རྒྱལ། ཆོས་སྐྱོང་དཔལ་ལྡན། བཀྲ་ཤིས་རབ་བརྟན། དབང་རྒྱལ་ནོར་བུ། ཆོས་སྐྱོང་མགོན་པོ། རྒྱལ་སྲས་ཨོ་རྒྱན་མི་འགྱུར། དེ་ལས་བདག་གིས་ནོས་པའོ། །རྗེ་གྲུབ་ཐོབ་ཆེན་པོ་ཐང་སྟོང་རྒྱལ་པོའི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་འཇམ་དཔལ་ཆོས་ཀྱི་བཤེས་གཉེན་འོད་གསལ་སྤྲུལ་པའི་རྡོ་རྗེའི་ཟབ་མོ་དགོངས་པའི་གཏེར་གྱི་གཙོ་བོ་གྲུབ་ཐོབ་ཐུགས་ཏིག་གི་ཆོས་སྐོར་ལས། སྒྱུ་འཕྲུལ་གསང་བ་སྙིང་པོའི་ལམ་རིམ་ཁྱད་པར་ཅན་ལམ་བྱེད་རྣམ་བཞིས་བསྟན་པ་སྒྲུབ་ཐབས་སྙིང་པོ་སྐོར་ལྔ་ཞེས། བླ་མ་ཞི་དྲག འགྲོ་འདུལ་འཕགས་པ། རྟ་མཆོག་རོལ་པ། ཕག་མོ་རྣམས་ཀྱི་དབང་། ལམ་བྱེད་རྣམ་བཞིའི་ཁྲིད། གཏེར་གཞུང་ལོ་རྒྱུས། བླ་མ་ཡི་དམ་མཁའ་འགྲོའི་སྒྲུབ་ཐབས་ལྔ། ཕྲིན་ལས། དབང་ཆོག་བཅས་རྟགས་བརྒྱད་གྲངས་ལྡན་ཚང་བ། ཕྲིན་ལས་དང་དབང་གི་གསལ་བྱེད་གདམས་ཁྲིད་ས་བཅད་རྣམས་བཞུགས། བརྒྱུད་པ་ནི། སྣང་བ་མཐའ་ཡས། སྤྱན་རས་གཟིགས་ཞི་དྲག །པད་འབྱུང་། གྲུབ་ཆེན་ཐང་རྒྱལ། གཏེར་ཆེན་བླ་མ་འོད་གསལ་སྤྲུལ་པའི་རྡོ་རྗེས་དགྱེས་པས་དགོངས་ཏེ་དབང་ལུང་ཁྲིད་གསུམ་ཆིག་རྫོགས་སུ་བསྩལ་པའི་སྐལ་བཟང་ཐོབ་པའོ། །ལྷ་སྲས་འབྲིང་པོ་མུ་རུབ་བཙད་པོའམ་དམ་འཛིན་ཆོས་ཀྱི་བློ་གྲོས་ཀྱི་ཡང་སྲིད་ངོ་མཚར་སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་གླིང་པའི་ཟབ་གཏེར་ཡི་དམ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཆོས་སྡེ་ཐུགས་དམ་ཟབ་པ་སྐོར་བདུན་ལས།རྒྱུད་ཀྱིས་ཟབ་པ་རྡོར་སེམས་སྒྱུ་འཕྲུལ་དྲ་བ་ལའང་འོག་མིན་ཀརྨ་ནས་སྤྱན་དྲངས་པའི་ལྕགས་བྱང་མ་དང་ཡེ་རྒྱལ་ནམ་མཁའ་མཛོད་ཀྱི་གཏེར་བྱོན་ཟངས་བྱང་མའི་སྐོར་གཉིས་སུ་བཞུགས་པ་ལས། འདིར་ཁྱེར་བདེ་བ་ཕྱི་མའི་ལུགས་ཀྱི་སྒྱུ་འཕྲུལ་ཞི་བ་དང་ཁྲོ་བོའི་དབང་། སེང་བྲག་གསང་བའི་གླེགས་བམ་ལས་བྱོན་པའི་དོང་སྤྲུགས་དབང་། སྒྱུ་འཕྲུལ་ཚེ་ལྷ་ཞེ་གཉིས་མའི་དབང་རྣམས་དང་། སྒྱུ་འཕྲུལ་བརྒྱུད་འདེབས་རྒྱལ་དབང་བཅུ་བཞི་པས་མཛད་པ། སྐྱབས་སེམས་བྱང་། སྒྱུ་འཕྲུལ་ཞི་བའི་ལས་བྱང་དང་། ཁྲོ་བོ་དམ་པ་རྒྱན་གྱི་སྒྲུབ་ཐབས་གཏེར་གཞུང་། དེ་དག་གི་དབང་ཆོག་གསར་བསྒྲིགས། དོང་སྤྲུགས་ལས་བྱང་དང་སྐོང་ཆོག་གཏེར་གཞུང་། སྨན་མཆོད་དང་བདག་འཇུག་གཏེར་སྟོན་ཉིད་མཛད། སྒྱུ་འཕྲུལ་ཚེ་སྐོར་ཕྲིན་ལས་རྒྱས་པ་དང་། ཆ་ལག་གསོ་བ་གསུམ་ལྡན་གཉིས་ཀྱང་རྩ་གཞུང་། དེའི་དབང་ཆོག་བཅས་བཞུགས། དེ་ལ་ཞི་ཁྲོ་གཉིས་ཀྱི་དབང་བརྒྱུད་ནི། ཀུན་བཟང་། རིགས་ལྔ། རིགས་གསུམ། རིགས་ཅན་དྲྭ་མ་ལྔ། རྒྱལ་པོ་ཛཿ ཀུ་ཀུ་རཱ་ཛཿ ཨིནྡྲ་བྷཱུ་ཏི། སིཾ་ཧ་རཱ་ཛཿ ཨུ་པ་རཱ་ཛཿ གོ་མ་ས། རྒྱལ་པོ་ཀུ་ཀུ་རཱ་ཛཿ རོ་ལངས་བདེ་བ། རྡོ་རྗེ་བཞད་པ། ཟ་ཧོར་རྒྱལ་པོ་པྲ་ཧསྟི། པདྨ་སཾ་བྷ། ཡེ་ཤེས་མཚོ་རྒྱལ། མུ་རུབ་བཙད་པོ། གཏེར་ཆེན་མཆོག་གླིང་ཞལ་སྔ་ནས་བདག་གིས་ནོས། སྒྱུ་འཕྲུལ་ལྕགས་བྱང་མའི་སྐོར་ལ་རྒྱུད་དང་དེའི་བཤད་པ། སྒྲུབ་ཐབས་ལས་ཚོགས་སོགས་ངོ་མཚར་ཆེན་པོར་སྣང་མོད། ཡིག་ཚོགས་ཅུང་མང་བས་འདིར་མ་འཁོད། དོང་སྤྲུགས་དབང་བརྒྱུད་ཀུན་བཟང་། ཕྱག་རྡོར། ཀུ་ཀུ་རཱ་ཛ་ཆེ་བ། ཨིནྡྲ་བོ་དྷི། ཤཱཀྱ་པུ་ཏྲི། སིཾ་ཧ་རཱ་ཛ། ཨུ་པ་རཱ་ཛ། གོ་མ་དེ་བཱི། གུ་རུ་པདྨ། མཚོ་རྒྱལ། ལྷ་སྲས། གཏེར་སྟོན། དེ་ལས་སོ། །སྒྱུ་འཕྲུལ་ཚེ་དབང་ནི། ཀུན་བཟང་། རྡོར་སེམས། ཕྱག་རྡོར། ཀུ་ཀུ་རཱ་ཛ། རྒྱལ་པོ་ཛཿ སིཾ་ཧ། ཨུ་པ། བཞད་པ་རྡོ་རྗེ། ཨོ་རྒྱན་ཡབ་ཡུམ། མུ་རུབ། གཏེར་ཆེན་རྗེ། དེ་ལས་སོ། །བརྒྱུད་འདེབས་ལུང་མཛད་པ་པོ་ལས་དང་། གཞན་རྣམས་གཏེར་སྟོན་ཉིད་ལས་སོ། །སྐུའི་རྒྱུད་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་ལ་རྒྱས་འབྲིང་བསྡུས་པའི་དཀྱིལ་འཁོར་གསུམ་ལས། འདིར་གཏེར་ཆེན་དེ་ཉིད་ཀྱིས་རུ་དམ་གངས་ཁྲོད་ནས་སྤྱན་དྲངས་པ་མཉམ་སྦྱོར་བསྡུས་པའི་ལུགས་གཙོ་བོ་བསྡུས་པ་ཧེ་རུ་ཀ་འདུས་པའི་ཐུགས་ཏིག་གི་དབང་། བསྐྱེད་རྫོགས་རིམ་ལྔའི་ཁྲིད། སློབ་མ་ལྷག་གནས། ཕྲིན་ལས། བསྐྱེད་རྫོགས་རིམ་ལྔ། རྟེན་གསུམ་ལྷག་གནས། སྲེག་བླུགས། ཚོར་གྲོལ་གླུ། མཐོང་གྲོལ་གར་གྱི་ཆོ་ག་སྟེ། གཞུང་རིན་ཆེན་རྣམ་བདུན་ཤིན་ཏུ་གསང་བའི་གབ་ཡིག་བཅས་གཏེར་གཞུང་ཆ་ཚང་། ལས་བྱང་དང་དབང་ཆོག་གསར་བསྒྲིགས་བཅས་བཞུགས་པའི། དབང་ཁྲིད་ལུང་དང་བཅས་པའི་བརྒྱུད་པ་ནི། ཀུན་བཟང་། རིགས་ལྔ། བཛྲ་པཱ་ཎི། ལིཙྪ་བཱི་དྲི་མེད་གྲགས་པ། རྒྱལ་པོ་ཛཿ ཀུ་ཀུ་རཱ་ཛ། མུ་དི་ཏ། ཨརྐ་ས་མ་བཛྲ། བ་ཧུ་ཏ། ཨོ་རྒྱན་རིན་པོ་ཆེ། མཚོ་རྒྱལ། ལྷ་སྲས། གཏེར་ཆེན་མཆོག་གླིང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །རྒྱུད་ལུང་གི་སྐོར་གཏེར་གསར་ལས་བྱོན་པ་འདི་རྣམས་སྔ་འགྱུར་བཀའ་མའི་སྒྲ་དོན་ཇི་ལྟ་བ་ལ། དེ་ལས་ཀྱང་བསྐྱེད་རྫོགས་ཉམས་ལེན་གྱི་གནད་ཟབ་ཅིང་གསལ་ལ་ཁྱེར་བདེ་བའི་ངོ་མཚར་ཅན་དུ་སྣང་བས། རྒྱུད་ལུང་གི་སྒྲུབ་མཆོད་ཙམ་ལ་མཆོག་ཏུ་འཛིན་པ་རྣམས་ཀྱིས་ཀྱང་གཅེས་པར་བཟུང་བར་འོས་སོ། །ཀུན་མཁྱེན་བླ་མ་རིན་པོ་ཆེའི་ཟབ་གཏེར་རྩ་གསུམ་སྒྱུ་འཕྲུལ་དྲྭ་བའི་ཆོས་སྐོར་དུ་ཏནྟྲ་སྡེ་བཅོ་བརྒྱད་ཀྱི་སྒྲུབ་ཐབས་དང་དབང་སོགས་ངོ་མཚར་ཅན་བཞུགས་ཡོད་པར་སྣང་བ་སླད་ནས་འདིར་བཞུགས་སུ་གསོལ་བའི་རྟེན་འབྲེལ་ཞུའོ།། ༈ །།གཉིས་པ་སྒྲུབ་སྡེ་ལ་གཉིས། རྩ་བ་སྒྲུབ་པའི་ཐབས་གཙོ་བོར་གྱུར་པ་དང་། ཡན་ལག་ལས་ཀྱི་ཆོ་ག་གཙོ་བོར་གྱུར་པའི་སྐོར་རོ། །དང་པོ་ལའང་། སངས་རྒྱས་གཉིས་པ་མཚོ་སྐྱེས་ཞབས་ཀྱིས། བྱིན་རླབས་རྩ་བ་བླ་མ་རྗེ༔ དངོས་གྲུབ་འབྱུང་གནས་ཡི་དམ་ལྷ༔ ཕྲིན་ལས་མྱུར་མགྱོགས་མཁའ་འགྲོའི་ཚོགས༔ ཞེས་བྱིན་རླབས་དང་། དངོས་གྲུབ། ཕྲིན་ལས་ཀྱི་གཏེར་ཆེན་པོ་རྩ་བ་གསུམ་དུ་བཞག་པ་སྟེ། དེ་ལ་གཉིས། རྩ་གསུམ་སྤྱིར་སྒྲུབ་པ་དང་། བྱེ་བྲག་སོ་སོར་སྒྲུབ་པའི་སྐོར་རོ། །དང་པོ་ལ། སྤྱིར་བླ་སྒྲུབ་ཕལ་མོ་ཆེའང་ཡི་དམ་དང་མཁའ་འགྲོ་ལྷན་ཅིག་ཏུ་བསྟན་པ་མང་བས་དོན་གྱི་དབང་དུ་བྱས་ན་ཐམས་ཅད་རྩ་གསུམ་གཅིག་དྲིལ་དུ་འགྱུར་ཡང་། མཚན་གྱི་རྣམ་གྲངས་བྱེ་བྲག་ཏུ་ཕྱེས་པ་དང་། རྩ་བ་གསུམ་ཀ་ཆ་མཉམ་དུ་བསྟན་པ་སོགས་ཀྱི་སྒོ་ནས་འདིར་ཡང་སྒེར་དུ་བཀོད་པའི་ཐོག་མར། རྒྱལ་སྲས་ལྷ་རྗེ་མཆོག་གྲུབ་རྒྱལ་པོ་ཉིད་གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་བཞེས་པའི་དང་པོ། བོད་ཡུལ་གཏེར་སྟོན་ཐམས་ཅད་ཀྱི་ཐོག་མ་འགྲོ་འདུལ་སངས་རྒྱས་བླ་མས་གློ་བོ་དགེ་དཀར་ནས་སྤྱན་དྲངས་པའི་རྩ་གསུམ་དྲིལ་སྒྲུབ་ཀྱི་ཆོས་སྐོར་རྣམས་ཐོག་སྔས་པས་ཐུན་མོང་གི་སྤྱོད་ཡུལ་དུ་མི་སྣང་བར་ཡུན་རིང་འདས་པ། དེ་ཉིད་དང་ཐུགས་རྒྱུད་གཅིག་པ་སྤྲུལ་པའི་གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཡང་གཏེར་གྱི་ཚུལ་དུ་བཀའ་བབས་པའི་གཞུང་དངོས་ལ་ཆོས་ཚན་ཉེར་གཅིག་ཙམ་བཞུགས་པ་ཡིན་འདུག་ཀྱང་སྔར་ཕན་གཏན་ལ་འབེབས་པར་མ་གནང་ལ། དེའི་སྙིང་པོ་བྱིན་རླབས་གཏོར་དབང་། ཚེ་དབང་། རྩ་གསུམ་དྲིལ་སྒྲུབ་ཕྲིན་ལས་དང་། བརྒྱུད་འདེབས། སྨན་མཆོད། དབང་ཆོག་གཉིས་བཅས་རྗེ་ཉིད་ཀྱིས་མཛད་པ། བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། རྒྱལ་སྲས་ལྷ་རྗེ་མཆོག་གྲུབ་རྒྱལ་པོ། གཏེར་སྟོན་སངས་རྒྱས་བླ་མ། ཀུན་གཟིགས་འཁོར་ལོའི་མགོན་པོ་མདོ་སྔགས་གླིང་པ། དེ་ཉིད་ཀྱིས་དབང་ལུང་གཉིས་ཀ་བསྩལ་པའོ། །སྤྱན་རས་གཟིགས་དབང་སྤྲུལ་པའི་སྐུར་བསྟན་ཅིང་ངན་ལམ་རྒྱལ་བ་མཆོག་དབྱངས་དང་ཐུགས་རྒྱུད་གཅིག་པ་རྒྱལ་དབང་ཐམས་ཅད་མཁྱེན་པ་ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗེའི་དགོངས་གཏེར་ཚེ་དཔག་མེད་རྩ་གསུམ་དྲིལ་སྒྲུབ་ཀྱི་དབང་། དྲིལ་སྒྲུབ་རྩ་ཚིག་ཆགས་མེད་གསུང་། ཕྲིན་ལས་དབང་ཆོག་དང་བཅས་པ། བསྐྱེད་རྫོགས་དམིགས་རིམ་བཅས། དབང་བརྒྱུད་ནི། ཚེ་དཔག་མེད། སྤྱན་རས་གཟིགས། པདྨ་འབྱུང་གནས། རང་བྱུང་རྡོ་རྗེ། གཡུང་སྟོན་པ། རོལ་པའི་རྡོ་རྗེ། མཁའ་སྤྱོད་དབང་མོ། དེ་བཞིན་གཤེགས་པ། རཏྣ་བྷ་དྲ། མཐོང་བ་དོན་ལྡན། དཔལ་འབྱོར་དོན་གྲུབ། ཆོས་གྲགས་རྒྱ་མཚོ། སངས་རྒྱས་མཉན་པ། མི་སྐྱོད་རྡོ་རྗེ། དཀོན་མཆོག་ཡན་ལག །དབང་ཕྱུག་རྡོ་རྗེ། ཆོས་ཀྱི་དབང་ཕྱུག །ཆོས་དབྱིངས་རྡོ་རྗེ། ཡེ་ཤེས་སྙིང་པོ། ཡེ་ཤེས་རྡོ་རྗེ། ཆོས་ཀྱི་དོན་གྲུབ། བྱང་ཆུབ་རྡོ་རྗེ། ཆོས་ཀྱི་འབྱུང་གནས། བདུད་འདུལ་རྡོ་རྗེ། པདྨ་ཉིན་བྱེད། རྒྱལ་དབང་ཐམས་ཅད་མཁྱེན་པ་བཅུ་བཞི་པ་ཐེག་པ་མཆོག་གི་རྡོ་རྗེ། དེས་བདག་ལའོ། །ཆོག་ཁྲིགས་གཞི་རྗེ་བརྒྱད་པའི་ཚེ་སྒྲུབ་རྫུན་སྤངས་མ་དང་རྗེ་དགུ་པས་མཛད་པའི་ཕྲིན་ཆོག་རྣམས་ཀྱི་ལུང་བརྒྱུད་ནི། བརྒྱད་པ་མི་བསྐྱོད་ཞབས། ཞྭ་དམར་ལྔ་པ། དགུ་པ་དབང་ཕྱུག་རྡོ་རྗེ། ཞྭ་དམར་དྲུག་པ་ཆོས་དབང་། བཅུ་པ་ཆོས་དབྱིངས་རྡོ་རྗེ། རིམ་གྲོ་པ་ཀུན་ཏུ་བཟང་པོ། ཀརྨ་ཕྲིན་ལས། བཅུ་གཅིག་ཡེ་ཤེས་རྡོ་རྗེ། ཞྭ་དམར་བརྒྱད་པ། སི་ཏུ་ཆོས་འབྱུང་། རྗེ་བཅུ་གསུམ་པ། པདྨ་ཉིན་བྱེད། རྒྱལ་དབང་བཅུ་བཞི་པ། དེ་ལས་སོ། །ཡང་ན་རྗེ་དགུ་པའི་བཀའ་འབུམ་སྤྱི་རྒྱུད་ལྟར་བྱས་པས་ཆོག་གོ །ཆགས་མེད་གསུང་ནི་གནས་མདོ་སྨད་བརྒྱུད་ལྟར་རོ། །ལང་གྲོ་ལོ་ཙཱའི་ཡང་སྲིད་སྐུ་ཚེ་དང་ལུང་དོན་གྱི་ཕྲིན་ལས་ཐམས་ཅད་མཐར་ཕྱིན་པས་གླིང་པ་གསུམ་གྱི་མཚན་དུ་གྲགས་པ་ཆོས་རྒྱལ་རཏྣ་གླིང་པའི་ཟབ་གཏེར་ཉེར་ལྔའི་ཐོག་མ། རི་བོ་ཁྱུང་ཆེན་ལྡིང་བ་ནས་སྤྱན་དྲངས་པའི་རྩ་གསུམ་འབྲས་བུའི་དོན་ཁྲིད་ཀྱི་བྱིན་རླབས་སྤྱི་དང་བྱེ་བྲག ཁ་བྱང་ལྡེའུ་མིག དེས་བསྟན་པ་ལ། སྒྲུབ་སྐོར། ཁྲིད་སྐོར། རྒྱབ་ཆོས་སྐོར་དང་གསུམ་ལས། དང་པོ་ལ། བླ་མའི་ཐུགས་སྒྲུབ། ཐུགས་རྗེ་ཆེན་པོ་ཡི་དམ་བུམ་སྒྲུབ། ཌཱ་ཀི་ཐོད་རྒལ་གནད་ཀྱི་སྒྲུབ་ཐབས། ལོག་གནོན་སྒྲུབ་པ། དབང་ཆོག་བདུད་རྩི་བུམ་པ། དྲིལ་དབང་ཡིད་བཞིན་ནོར་བུ། གཉིས་པ་ལ། སྐུ་གསུམ་འབྲས་བུའི་དོན་ཁྲིད། མཐའ་རྟེན་གོལ་ས་གཅོད་ཐབས། དོན་ཁྲིད་སངས་རྒྱས་ལག་བཅང་། དཀྱིལ་འཁོར་གསུམ་གྱི་སྒྲུབ་ཐབས་ཟབ་མོ་སྲོག་གི་དྭངས་མ། རྣལ་འབྱོར་བཞིའི་ཞལ་གདམས་མཐོང་གྲོལ་རྣམས། གསུམ་པ་ལ། ཚེ་སྒྲུབ་གཤིན་རྗེ་གདོང་ཟློག །འཕོ་བའི་གདམས་པ། བར་དོ་གནད་ཀྱི་ཞལ་གདམས། ཌཱ་ཀིའི་སྤྱི་གནད་བླ་རྡོ། གནད་འབེབས་བཅུད་དུམ། ཞལ་གདམས་སྙིང་གི་དུམ་བུ། ཞལ་གདམས་ཐོར་བུ། གནད་ཀྱི་ཞལ་གདམས། གཏེར་སྟོན་གྱི་སྐྱེས་རབས། དམ་ཅན་གྱི་སྒྲུབ་ཐབས་རེག་གཅོད་དུག་གི་སྤུ་གྲི །བྲག་བཙན་ཅོག་རྡུང་བཅས་གཏེར་གཞུང་། གསོལ་འདེབས། དོན་བསྡུས་ནོར་བུའི་གསང་ཁྲིད། འཕོ་བ་ཡེ་ཤེས་གསང་ལམ་རྣམས་རཏྣས་མཛད་པ། ཕྲིན་ལས་དང་དབང་ཆོག་ཁྲིགས་བསྡེབས་བཅས། དབང་ལུང་གི་བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། མཚོ་རྒྱལ། ལང་གྲོ །རཏྣ་ཞིག་པོ་འགྲོ་འདུལ་གླིང་པ། རྒྱལ་སྲས་ཚེ་དབང་གྲགས་པ། སྲས་ངག་དབང་གྲགས་པ། སྲས་ཀུན་དགའ་གྲགས་པ། སྲས་ཀུན་དགའ་བསྟན་འཛིན། ཤཱཀྱ་བཀྲ་ཤིས། བཀྲ་ཤིས་དབང་ཕྱུག །རྒྱ་བན་དཀོན་མཆོག་བཀྲ་ཤིས། རྣམ་རྒྱལ་བཀྲ་ཤིས། ཀུན་བཟང་ཤེས་རབ། པདྨ་ལྷུན་གྲུབ་རྒྱ་མཚོ། པདྨ་ནོར་བུ། ཀརྨ་བཀྲ་ཤིས། ཀརྨ་ལྷ་དབང་། ཀརྨ་འགྱུར་མེད། པདྨ་གསང་སྔགས་བསྟན་འཛིན། དེས་བདག་ལའོ། །ཐེམས་མེད་གྲས། ཨོ་རྒྱན་གསང་སྒྲུབ། པདྨའི་སྒེར་སྒྲུབ། ཡི་དམ་རྩ་གསུམ་དྲིལ་སྒྲུབ་དབང་བསྐུར་རབ་བྱེད་བཅས་ཀྱི་ལུང་ཡང་བརྒྱུད་པ་དེ་ལས་འོངས་པའོ། །རྒོད་ལྡེམ་ཡང་སྲིད་གཏེར་སྟོན་འཇམ་དབྱངས་བླ་མས་སྒྲོལ་རྗེ་ནག་པོའི་མཁར་གྱི་གསང་མཛོད་མཁའ་འགྲོ་ཕུག་ནས་སྤྱན་དྲངས་པའི་ཟབ་གཏེར་རྩ་གསུམ་དྲིལ་སྒྲུབ་གྱི་དབང་བསྐུར་རྗེས་གནང་དང་བཅས་པ། ལས་བྱང་གསུང་རྒྱུན་ལྟར་བཀོལ་བྱང་ཕལ་ཆེར་དཀྱུས་སུ་དྲིལ་བ། མར་མེའི་བཀོལ་བྱང་། གཏེར་སྲུང་གཏོར་ཆོག །དབང་བསྐུར་ཆོག་ཁྲིགས་བཅས། དེ་དག་གི་བརྒྱུད་པ་ནི། ཁྱབ་བདག་ཐུགས་ཀྱི་རྡོ་རྗེ། ཡུམ་ཆེན་ཡེ་ཤེས་མཁའ་འགྲོ །ཨོ་རྒྱན་ཆེན་པོ། སྣ་ནམ་རྡོ་རྗེ་བདུད་འཇོམས། འཇམ་དབྱངས་བླ་མ། མཚན་ལྡན་སྤྲུལ་པའི་ཡུམ་ཆེན། རྩེ་སྒང་པ་ཟིལ་གནོན་རྡོ་རྗེ། ལྗོངས་པ་ཀུན་རྒྱལ། ནམ་མཁའ་ཚེ་བརྟན། ཉི་ཟླ་གྲགས་པ། ངག་གི་དབང་ཕྱུག །གཞན་ཕན་རྡོ་རྗེ། རིག་འཛིན་ཕྲིན་ལས་ལྷུན་གྲུབ། གཏེར་ཆེན་འགྱུར་མེད་རྡོ་རྗེ། རིན་ཆེན་རྣམ་རྒྱལ། པདྨ་བསྟན་འཛིན། ཕྲིན་ལས་རྣམ་རྒྱལ། པད་སྤྲུལ་པདྨ་དབང་རྒྱལ། ལྕགས་སྦུག་སྤྲུལ་སྐུ་ཨོ་རྒྱན་རྣམ་གྲོལ་དབང་པོ། རིག་འཛིན་སྤྲུལ་སྐུ་བསོད་ནམས་ཐེག་མཆོག །རྡོར་སློབ་ཀརྨ་རཏྣ། དེ་ལས་སོ། །རིག་འཛིན་ཡོངས་འདུས་ལས་ཕྱུངས་པའི་དུས་གསུམ་རྒྱལ་བའི་སྤྱི་སྒྲུབ། དཀོན་མཆོག་གསུམ་གྱི་གསང་སྒྲུབ་གཉིས། ལུང་བརྒྱུད་ནི་དེའི་སྐབས་སུ་འབྱུང་། ལྷ་སྲས་འཇིང་ཡོན་སད་ན་ལེགས་ཀྱི་རྣམ་འཕྲུལ་དབུར་སྟོད་འབྲི་གུང་ཀྱུ་རའི་གདུང་ལས་བྱོན་པ་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཀྱིས་གཞོ་སྟོད་གཏེར་སྒྲོམ་བྲག་དཀར་མཁའ་འགྲོ་གསང་མཆོག་ཕུག་ནས་སྤྱན་དྲངས་པའི་དམ་ཆོས་དགོངས་པ་ཡང་ཟབ་ཀྱི་རྩ་གསུམ་གཏོར་དབང་སོ་སོ། དེའི་ལས་བྱང་དང་དབང་ཆོག །སྐོང་བཤགས་རྣམས་དབུར་སྨྱོན་ཆོས་ཀྱི་གྲགས་པའི་གསུང་། དབང་བརྒྱུད་ནི། ཀུན་བཟང་། རྡོ་རྗེ་འཆང་། རྩ་གསུམ་ཞི་ཁྲོ། ཨོ་རྒྱན་ཡབ་ཡུམ། མུ་ཏིག་བཙད་པོ། གཏེར་སྟོན་རིན་ཆེན་ཕུན་ཚོགས། སྲས་ཆོས་རྒྱལ་ཕུན་ཚོགས། དེ་སྲས་ཆོས་ཀྱི་གྲགས་པ། ལྷོ་དཀོན་མཆོག་ཕྲིན་ལས་རྣམ་རྒྱལ། རྗེ་ཕྲིན་ལས་བཟང་པོ། མཆོག་སྤྲུལ་དོན་གྲུབ་ཆོས་རྒྱལ། རྗེ་བསྟན་འཛིན་འགྲོ་འདུལ། འགར་ཆེན་དྷརྨ་སཱུརྻ། དེས་ཆོས་ཀྱི་ཉི་མ་དང་། ལྷོ་རིན་པོ་ཆེ་ཆོས་ཀྱི་རྒྱལ་མཚན་གཉིས། གཉིས་ཀ་ལས་འགར་བསྟན་འཛིན་བྱང་ཆུབ་དབང་པོ། དེས་འབྲི་གུང་བླ་མ་ཀླུང་ཤོད་པ་དཀོན་མཆོག་ལྷུན་གྲུབ། ཀུན་བཟང་སྤྲུལ་སྐུ་དཀོན་མཆོག་བསྟན་འཛིན་དར་རྒྱས། མཆོག་གྱུར་བདེ་ཆེན་གླིང་པ། དེས་བདག་ལའོ། །ལུང་བརྒྱུད་ནི་མཆོག་གླིང་ནས་རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེ་ལས་སོ། །རྗེ་རཏྣའི་དག་སྣང་སྒྲོལ་དཀར་ཡིད་བཞིན་ནོར་མཆོག་གི་སྐོར་ལ། རྫུན་བྲིས་དང་པོ། སྲོག་བླའི་བསྐྱེད་རྫོགས། ཡེ་ཤེས་མ་རིག་འཇོམས་བྱེད། ཚེ་སྒྲུབ་བདུད་རྩི་ཟླ་ཟེར། དབང་སྡུད་ཞགས་དམར། ཡི་དམ་འཁོར་ལོ་སྡོམ་སྙིང་། ནོར་སྒྲུབ། བཀའ་སྲུང་བྲོ་ཆུ་ཐལ་རྡེབ། རང་ལུས་རྡོ་རྗེའི་ངོ་སྤྲོད་ཀྱི་ཞལ་གདམས། རྒྱུན་ཁྱེར། སྲོག་བླ་ནས་བཀའ་སྲུང་བར་གྱི་ལས་མཐའ་བདུན། འཕོ་བ། རིགས་བསྡུས་དམིགས་དབང་། ལུང་བསྟན་མ་བུ་ཞལ་མཇལ། མཎྜལ། རྫུན་བྲིས་བར་མ། ཀུནྡས་ལུས་རྒྱས། རྫུན་བྲིས་འོག་མ། རྫོགས་རིམ་ངོ་སྤྲོད། རྩ་བ་བདུན་པོའི་ཞལ་ཤེས། ཡིད་བཞིན་ནོར་བུའི་དྲིལ་སྒྲུབ། ཞལ་གདམས་རྒྱུན་གྱི་ཉམས་ལེན་ཆོས་གྲགས་གསུང་། འདོད་གསོལ་ཀརྨ་བྷ་དྲས་བྲིས་པ་བཅས་གཞུང་ཚང་བ་བཞུགས། ལུང་བརྒྱུད་ནི། རྡོ་རྗེ་འཆང་། འཕགས་མ་ཡིད་བཞིན་འཁོར་ལོ། རིན་ཆེན་ཕུན་ཚོགས། ཆོས་རྒྱལ་ཕུན་ཚོགས། བཀྲ་ཤིས་ཕུན་ཚོགས། རྗེ་ཆོས་ཀྱི་གྲགས་པ། དཀོན་མཆོག་ལྷུན་གྲུབ། དཀོན་མཆོག་ཕྲིན་ལས་བཟང་པོ། །ཕྲིན་ལས་དོན་གྲུབ་ཆོས་རྒྱལ། རྗེ་བསྟན་འཛིན་འགྲོ་འདུལ། ལྷོ་དཀོན་མཆོག་ཆོས་ཀྱི་རྒྱ་མཚོ། མགར་དཀོན་མཆོག་ཆོས་ཀྱི་ཉི་མ་དང་གཉིས་ཀ་ལས་སམ་གང་རུང་ལས་བསྟན་འཛིན་ཆོས་ཀྱི་ཉི་མ། བསྟན་འཛིན་པདྨའི་རྒྱལ་མཚན། ཉི་རྫོགས་ཁྲི་ཆེན། ཁྲི་ཆུང་། དབོན་འཆི་མེད་སྤྲུལ་སྐུ་ཀརྨ་ངེས་དོན་དཔལ་བཟང་། ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །འདི་གང་ལས་བརྒྱུད་པའི་ཁུངས་ཀྱིས་སྒྲོལ་དཀར་མཚན་དུ་ཆགས་པ་ལས་དོན་དུ་མངའ་བདག་མར་པ་བཀའ་བརྒྱུད་ཀྱི་བླ་མ་ཡི་དམ་ཆོས་སྐྱོང་རྣམས་སྤྱི་དྲིལ་སྤྲོས་མེད་དུ་སྒྲུབ་པའི་ཟབ་གནད་ཁྱད་པར་ཅན་དུ་སྣང་ངོ་། །ལྷ་སྲས་མུ་རུབ་བཙད་པོའི་རྣམ་འཕྲུལ་སྤྲུལ་པའི་གཏེར་ཆེན་གར་དབང་ཞིག་པོ་གླིང་པས་ཟུར་མཁར་རྡོའི་མཆོད་རྟེན་པདྨ་ཅན་ནས་བཏོན་པའི་ཐུགས་དམ་ཟབ་པ་སྐོར་བདུན་གྱི་རྩ་གསུམ་ཀུན་འདུས་རྩ་དབང་། སོ་སོའི་དབང་བསྐུར་བདུན། དབང་ཆོག །པདྨ་གུ་རུ། མི་འཁྲུགས་པ། སྤྱན་རས་གཟིགས་ནམ་མཁའ་རྒྱལ་པོ། ཚེ་དཔག་མེད། རྡོ་རྗེ་གྲོ་ལོད། སེང་གདོང་མ། ཛམ་ལ་རྣམས་ཀྱི་སྒྲུབ་ཐབས། གྲོ་ལོད་ལས་མཐའ་དགྲ་བསད་ཡིག་ཆུང་། རྫོགས་ཆེན་སྡེ་གསུམ་གྱི་དོན་ཉམས་ལེན་རྒྱུན་ཁྱེར། ཉིན་མཚན་རྣལ་འབྱོར་གྱི་ཞལ་གདམས། རཱ་ཧུ་ལའི་སྒྲུབ་ཐབས་བཅས་གཏེར་གཞུང་ཚང་བ། གསོལ་འདེབས། ལས་བྱང་། གཟའི་སྐོང་གསོལ་གཏེར་སྟོན་གྱིས་མཛད་པ། རྩ་དབང་དང་། ལྷ་སོ་སོའི་སྒྲུབ་ཐབས་རྗེས་གནང་བཀླག་ཆོག་ཏུ་བཀོད་པ་རྣམས་སོ། །དེའི་དབང་བརྒྱུད་ནི། ཀུན་བཟང་། རིགས་ལྔ། རྡོ་རྗེ་འཆང་། རྡོར་སེམས། དགའ་རབ། ཤྲཱི་སིཾ་ཧ། ཨོ་རྒྱན། མངའ་བདག་ཡབ་སྲས། གཏེར་ཆེན་ཞིག་པོ་གླིང་པ། གཙང་པ་པདྨ་རྒྱལ་མཚན། རིག་འཛིན་པདྨ་བློ་གྲོས། པདྨ་རྡོ་རྗེའམ་རིག་འཛིན་རྣམ་རྒྱལ། ཀུན་བཟང་ཁྱབ་བདལ་ལྷུན་གྲུབ། ཀུན་བཟང་རྣམ་རྒྱལ། དཔའ་བོ་མཐུ་སྟོབས་རྡོ་རྗེ། བསོད་ནམས་ཆོས་ཀྱི་དབང་ཕྱུག དཀོན་མཆོག་བསྟན་སྐྱོང་། བསོད་ནམས་ཆོས་ཀྱི་ཉི་མ། པདྨ་གསང་སྔགས་བསྟན་འཛིན། དེས་བདག་ལའོ། །ལུང་བརྒྱུད་ནི། ཞིག་གླིང་། སོག་བཟློག་པ་བློ་གྲོས་རྒྱལ་མཚན། བཅས་སྡེ་གྲུབ་ཐོབ་བཀྲ་ཤིས་ཚེ་བརྟན། གཏེར་ཆེན་བདུད་འདུལ། ཁྱབ་བདལ་ལྷུན་གྲུབ། པདྨ་ནོར་བུ། ཀུན་བཟང་རྣམ་རྒྱལ། མཐུ་སྟོབས་རྡོ་རྗེ། བསོད་ནམས་ཕུན་ཚོགས། ཀུན་དགའ་ཆོས་བཟང་། ཆོས་དབྱིངས་ལྷུན་གྲུབ། ངག་དབང་རིན་ཆེན། རྒྱལ་སྲས་ཨོ་རྒྱན་མི་འགྱུར། དེ་ལས་སོ། ཆོས་རྒྱལ་ཁྲི་སྲོང་ཡོན་ཏན་གྱི་རྣམ་འཕྲུལ་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་དབང་པོ་སྡེས་འཇོང་པ་གསེར་མཆོད་རྟེན་དཀར་ཆུང་ནས་གཏེར་དུ་བཞེས་པའི་མ་རྒྱུད་སྙིང་པོ་དོན་གསུམ་གྱི་རྩ་གསུམ་དབང་། གཏེར་འབྱུང་། གཏེར་གཞུང་ལ་ལུང་བྱང་སྒྲུབ་དབང་རྫོགས་རིམ་དང་གསུམ། དང་པོ་ལ། གཏེར་འབྱུང་། ལོ་རྒྱུས། རྩ་བའི་ལོ་རྒྱུས། རྟེན་འབྲེལ་གནད་ཀྱི་ལུང་རྣམས། གཉིས་པ་ལ། གསོལ་འདེབས། བླ་མ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དུ་སྒྲུབ་པ། ཚེ་འཛིན་དག་སྣང་མ། ཕྲིན་ལས་མཆོད་པའི་ལས་རིམ། དབང་ཆོག །དབང་དང་ལས་ཁྲིགས་ཕྲ་ཡིག་རྣམས། གསུམ་པ་ལ། ཀ་དག་ངོ་སྤྲོད། བཏགས་གྲོལ་གསང་ཡིག་ལྔ་པ། བཅུད་ལེན། འཕོ་བ་བཅས་ཆ་ཚང་། ལས་རིམ་ཟུར་འདེབས། དབང་ཆོག་རྣམས་སོ། །བརྒྱུད་པ་ནི། ཀུན་བཟང་། རྡོར་སེམས། ལས་ཀྱི་དབང་ཆེན། ཨོ་རྒྱན་ཡབ་ཡུམ། མངའ་བདག །གཏེར་སྟོན་དབང་པོའི་སྡེ། སྲས་ངག་གི་དབང་པོ། དོན་གྲུབ་བཀྲ་ཤིས། ཟུར་ཆོས་དབྱིངས་རང་གྲོལ། ཀུན་གཟིགས་བློ་བཟང་རྒྱ་མཚོ། རིག་འཛིན་པདྨ་ཕྲིན་ལས། ངེས་དོན་གྲུབ་པའི་རྒྱལ་མཚན། རྡོ་རྗེ་ཐོགས་མེད། པདྨ་བཤེས་གཉེན། མཁན་པདྨ་ཐེག་མཆོག །འཇིགས་མེད་ཆོས་གྲགས། གྲུབ་དབང་ཉི་མ་འོད་ཟེར། རབ་འབྱམས་པ་བསོད་ནམས་མཆོག་གྲུབ། མི་འགྱུར་མཁྱེན་རབ་ཉི་མ། མཁན་ཆེན་ཐུབ་བསྟན་རྒྱལ་མཚན། ཀུན་མཁྱེན་བླ་མ་རྡོ་རྗེ་གཟི་བརྗིད། དེས་བདག་ལའོ། ཡང་ན་ངག་གི་དབང་པོ་ནས། ཡོལ་མོ་བསྟན་འཛིན་ནོར་བུ། ཟུར་ཆེན་དང་། པད་ཕྲིན་ནས། སྤང་ལེབ་ཆོས་གྲགས་རྒྱ་མཚོ། སོ་སྟོན་རྡོ་རྗེ་སྙིང་པོ། པདྨ་བཤེས་གཉེན་སོགས་སོ། རྒྱལ་སྲས་ལྷ་རྗེའི་སྐྱེ་སྲིད་བཅུ་གཉིས་པ་ཆོས་རྗེ་གླིང་པ་འཛམ་གླིང་རྡོ་རྗེས་རྨ་སྐུང་ལུང་ཟག་མེད་འཇའ་ཚོན་ཕུག་པ་ནས་སྤྱན་དྲངས་པ་འཆི་མེད་རྩ་གསུམ་དྲིལ་སྒྲུབ་ཀྱི་རྩ་དབང་། འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ་ཀྱི་ཁྲིད་ཆེན། གཏེར་ཆེན་ཉིད་ཀྱིས་མཛད་པའི་བརྒྱུད་འདེབས། དཀྱིལ་ཆོག ཕྲིན་ལས་སྙིང་པོ། བཀའ་སྲུང་བསྙེན་ཡིག བརྟན་བཞུགས་ཆོ་ག ཁྲིད་ཡིག་བཅས་ཉེར་མཁོའི་ཡི་གེ་ཚང་བ། རྗེ་པདྨ་ཉིན་བྱེད་དབང་པོས་མཛད་པའི་དབང་ཆོག་རྣམས་སོ། །དེ་ལ་དབང་གི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་། ལོངས་སྐུ་རྡོར་སེམས། སྤྲུལ་སྐུ་དགའ་རབ། ཤྲཱི་སིཾ་ཧ། ཨོ་རྒྱན་ཡབ་ཡུམ། རྒྱལ་སྲས་མཆོག་གྲུབ་རྒྱལ་པོ། ཆོས་རྗེ་གླིང་པ་བདེ་བའི་རྡོ་རྗེ་ཡེ་ཤེས་རོལ་པ་རྩལ། རྒྱལ་དབང་བྱང་ཆུབ་རྡོ་རྗེ། ཏྲེ་ཧོ་ཆོས་ཀྱི་དབང་པོ། ཀུན་མཁྱེན་དྷརྨཱ་ཀ་ར། དཔལ་ཐུགས་ཀྱི་རྡོ་རྗེ། རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོ། དེས་བདག་ལའོ། ཁྲིད་བརྒྱུད་ནི། ཙིཏྟ་བཛྲ་ནས། ཚེ་དབང་པདྨ་ནོར་བུ་བཀྲ་ཤིས། དེས་སོ། །ལུང་ཚན་ཁ་ཤས་རྗེ་པདྨ་ལས་ཀྱང་ཐོབ་མོད། ཆ་ཚང་ནི། པདྨ་དབང་ཆེན། ཀརྨ་ངེས་དོན་བསྟན་པ་རབ་རྒྱས། དེ་ལས་སོ། །ཨ་ཙརྻ་ཡེ་ཤེས་དབྱངས་ཀྱི་རྣམ་འཕྲུལ་ཀུན་བཟང་བདེ་ཆེན་རྒྱལ་པོའམ་སྨོན་ལམ་རྡོ་རྗེས་ཀོང་པོ་རྩ་ནང་གསང་བ་དགའ་ཚལ་ནས་སྤྱན་དྲངས་པའི་རྩ་གསུམ་ཟབ་མོ་ཡོངས་འདུས་ཀྱི་སྒོ་འབྱེད་གཏོར་མའི་དབང་། ལས་བྱང་དང་གཏོར་དབང་སྙིང་པོར་དྲིལ་བ། བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། མཚོ་རྒྱལ། ཨ་ཙར་ཡེ་ཤེས། གཏེར་སྟོན་བདེ་ཆེན་རྒྱལ་པོ། པདྨ་གསང་སྔགས་བསྟན་འཛིན་ཆོས་རྒྱལ། འགྱུར་མེད་བསྟན་འཛིན་འཕེལ་རྒྱས། དེས་བདག་ལའོ། །འཇམ་མགོན་ཁྲི་སྡེ་དང་རྒྱལ་སྲས་ལྷ་རྗེ་སོགས་ཀྱི་ཡེ་ཤེས་སྒྱུ་འཕྲུལ་བཀའ་བབས་བདུན་གྱི་མངའ་བདག་པདྨ་འོད་གསལ་མདོ་སྔགས་གླིང་པའི་ས་གཏེར་གྱི་ཆོས་སྡེ་ལས། གཏེར་ཀླུང་པདྨ་ཤེལ་རི་ནས་ཡེ་ཤེས་མཁའ་འགྲོས་སྤྱན་དྲངས་ཏེ་དངོས་སུ་ཕུལ་བའི་ཟབ་ཆོས་རྩ་གསུམ་སྤྱི་འདུས་སྙིང་ཏིག་གི་རྩ་དབང་། ཚེ་དབང་། ལས་བྱང་གཏེར་གཞུང་། དབང་ཆོག་གཉིས་བཅས། བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། མཚོ་རྒྱལ། ཁྲི་སྲོང་། གཏེར་ཆེན་བླ་མ་རིན་པོ་ཆེ། དེས་དབང་ལུང་གཉིས་ཀ་བསྩལ་པའོ། །ཟབ་ཆོས་འདི་ལ་རིམ་གསུམ་བྱོན་པ་སྟེ། དང་པོ་ཀུ་ས་སྨན་པའམ་ཀུན་སྤངས་ཟླ་འོད་འབར་གྱིས་སྤ་དྲོ་གཅལ་ནས་སྤྱན་དྲངས་པ་རྩ་གསུམ་སོ་སོར་སྒྲུབ་པ་རྩ་གསུམ་རིགས་བསྡུས་སྤྱི་སྤུངས་ཆེན་མོ་དང་། བར་པ་འཇའ་ཚོན་ལས་འཕྲོ་གླིང་པས་བྱང་ཀོང་ནས་སྤྱན་དྲངས་པ་རྩ་གསུམ་གནས་འགྱུར་དུ་སྒྲུབ་པ་དཀོན་མཆོག་སྤྱི་འདུས་ཀྱི་སྐོར་དང་། ཐ་མ་མདོ་ཁམས་པདྨ་ཤེལ་རི་ནས་ཡེ་ཤེས་མཁའ་འགྲོས་དངོས་སུ་ཕུལ་བ་རྩ་གསུམ་གཙོ་བསྡུས་སུ་སྒྲུབ་པ་རྩ་གསུམ་སྤྱི་འདུས་སྙིང་ཏིག་འདི་ཉིད་དེ་ཐོག་མཐའ་བར་གསུམ་གྱི་བྱིན་རླབས་རྒྱུན་འདིར་གཅིག་ཏུ་འདུ་བ་ཡིན་ནོ།།ཨོ་རྒྱན་མཆོག་གྱུར་གླིང་པའི་གཏེར་བྱོན་ཐུགས་དམ་ཟབ་པ་སྐོར་བདུན་ལས་རྩ་གསུམ་ཚེའི་ཟབ་པའི་རྩ་དབང་། རྩ་གསུམ་སྙིང་པོའི་རྒྱུད་དང་ལས་བྱང་གཏེར་གཞུང་བརྒྱུད་འདེབས། སྨན་མཆོད་དབང་ཆོག་རྣམས། བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། མཚོ་རྒྱལ། མངའ་བདག་ཡབ་སྲས། གཏེར་ཆེན་མཆོག་གླིང་། དེས་དབང་ལུང་བསྩལ། ཡང་གཏེར་ཆེན། ཆོས་བདག་དབོན་སྤྲུལ་སྒྲུབ་བརྒྱུད་བསྟན་འཛིན་ཕྲིན་ལས། དེ་ལས་ཀྱང་ནོས་སོ།། ༈ །།གཉིས་པ་རྩ་གསུམ་བྱེ་བྲག་སོ་སོར་སྒྲུབ་པའི་སྐོར་ལ་བཞི། བླ་མ། ཡི་དམ། མཁའ་འགྲོ །ཆོས་སྐྱོང་སྒྲུབ་པའི་སྐོར་རོ། །དང་པོ་ལའང་གསུམ། ཕྱི་གསོལ་འདེབས་ཀྱི་ཚུལ་དུ་སྒྲུབ་པ། ནང་ཞི་བར་སྒྲུབ་པ། གསང་བ་དྲག་པོར་སྒྲུབ་པའི་སྐོར་རྣམས་སོ། །དང་པོ་ལ། ལྷ་སྲས་རྣམ་འཕྲུལ་མང་ལམ་རི་ཁྲོད་པ་བཟང་པོ་གྲགས་པས་རྒྱང་ཡོན་པོ་ལུང་ནས་སྤྱན་དྲངས་པའི་གསོལ་འདེབས་ལེའུ་བདུན་མ། འདི་ལ་བྱང་བདག་གིས་མཛད་པའི་རྟེན་བསྐྱེད་ཡོད་པ་བརྒྱུད་ཚུལ་བྱང་ལུགས་གཙོ་ཆེ་བ་དང་། སྨིན་ལུགས་ཆོས་སྤྱོད་ཀྱི་བརྒྱུད་པ་ཅན་སོགས་བརྒྱུད་ཚུལ་ཐ་དད་མང་དུ་ནོས་ཀྱང་། འདིར་དཔལ་ལྡན་དཔའ་བོ་རྡོ་རྗེ་གཙུག་ལག་དགའ་བས་ཞུ་དག་ནན་ཏན་མཛད་པ་ལྟར་བཀོད། ལུགས་འདིའི་བརྒྱུད་ཚུལ་ནི། ཆོས་སྐུ་ཀུན་བཟང་ཡབ་ཡུམ། ལོངས་སྐུ་ཞི་ཁྲོ་རབ་འབྱམས། སྤྲུལ་སྐུ་སྟོན་པ་བཅུ་གཉིས། རྒྱལ་སྲས་རིགས་གསུམ་མགོན་པོ། བཀའ་བབས་རིག་འཛིན་གྲུབ་ཐོབ། ཀུན་འདུས་པདྨ་འབྱུང་གནས། ཞུ་མཛད་ལས་ཅན་རྣམ་ལྔ། གཏེར་སྟོན་བཟང་པོ་གྲགས་པ། རིག་འཛིན་དངོས་གྲུབ་རྒྱལ་མཚན། ཀུན་སྤངས་དོན་ཡོད་རྒྱལ་མཚན། བརྒྱུད་འཛིན་བསོད་ནམས་མཆོག་བཟང་། གྲུབ་ཐོབ་ཐང་སྟོང་རྒྱལ་པོ། བྱང་སེམས་ཀུན་དགའ་ཉི་མ། སྔགས་འཆང་ཤཱཀྱ་བཟང་པོ། པཎ་ཆེན་པདྨ་དབང་རྒྱལ། གཙང་སྟོན་ངག་གི་དབང་པོ། ཞིག་གླིང་འོད་གསལ་སྒྱུ་མ། འཁྲུལ་ཞིག་བཀྲ་ཤིས་ཚེ་བརྟན། བདུད་འདུལ་སེང་གེ་རྩལ་རྫོགས། འགྲོ་འདུལ་པདྨ་ནོར་བུ། པདྨ་བདེ་ཆེན་གླིང་པ། རིག་འཛིན་ཚེ་དབང་ནོར་བུ། དམ་ཆོས་བསམ་རྫོགས་རྒྱལ་པོ། རྡོ་རྗེ་གཙུག་ལག་དགའ་བ། རྒྱལ་དབང་བདུད་འདུལ་རྡོ་རྗེ། རྗེ་བླ་མ་པདྨ་ཉིན་བྱེད་དབང་པོ། དེ་ཉིད་ཀྱི་ཞལ་སྔ་ནས་སྣང་གྲགས་རྟོག་ཚོགས་རང་གྲོལ་ཆོས་ཉིད་དུ་ངོ་སྤྲད་ནས་དོན་བརྒྱུས་གཏད་པའི་ལོ་རྒྱུས་བཅས་ཡེ་ཤེས་ཆེན་པོའི་བྱིན་རླབས་འཕོ་བའི་དགོངས་གཏད་ཐུན་མོང་མ་ཡིན་པ་དང་ཆབས་ཅིག་པར་བསྩལ་པའོ། །སྤྱིར་བརྒྱུད་པའི་རྣམ་གྲངས་མང་དུ་འདུས་པ་སྟེ་རྗེ་བླ་མས་ཀྱང་ཡོངས་འཛིན་ཁྱད་འཕགས་བཞི་ལས་གསན་ཅིང་ཁོ་བོས་ཀྱང་གོང་དུ་སྨོས་པ་ལྟར་རྣམ་གྲངས་མང་དུ་ཐོས་སོ། །རིག་འཛིན་རྒོད་ལྡེམ་ཅན་ལ་དག་པའི་སྣང་བར་ཨོ་རྒྱན་རིན་པོ་ཆེས་དངོས་སུ་བསྩལ་པའི་བརྡ་དོན་ལམ་ཟབ་པདྨའི་སྙིང་གཏམ་གྱི་ཁྲིད། དེའི་ཡིག་ཆ་བྱང་བདག་གསུང་། བརྒྱུད་པ་ནི། རིགས་འདུས་ཨོ་རྒྱན་ཆེན་པོ། གཏེར་སྟོན་རྒོད་ཀྱི་ལྡེམ་འཕྲུ་ཅན། སྲས་རྣམ་རྒྱལ་མགོན་པོ། དབོན་རྡོ་རྗེ་དཔལ། སྔགས་འཆང་རྡོ་རྗེ་མགོན་པོ། མཚན་ལྡན་བྱམས་པ་བཤེས་གཉེན། དབོན་ངག་དབང་གྲགས་པ། རྗེ་སངས་རྒྱས་བྱམས་པ་བཟང་པོ། མེས་སྟོན་ནམ་མཁའ་རྒྱལ་མཚན། རིག་འཛིན་བདུད་འཇོམས་རྡོ་རྗེ། བྱང་བདག་བཀྲ་ཤིས་སྟོབས་རྒྱལ། རིག་འཛིན་ངག་གི་དབང་པོ། ཟུར་ཆོས་དབྱིངས་རང་གྲོལ། ཀུན་མཁྱེན་རྡོ་རྗེ་ཐོགས་མེད། ཀུན་བཟང་པདྨ་ཕྲིན་ལས། གཉགས་སྟོན་པདྨ་དབང་རྒྱལ། རྗེ་རཏྣ་བྷ་དྲ། བཀྲ་བཟང་པ་ཀུན་བཟང་ཡེ་ཤེས། བཀྲ་བཟང་པདྨ་དགའ་བ། དེ་སྲས་ཀུན་བཟང་འགྱུར་མེད། སྒྲོལ་སྟོན་རིན་པོ་ཆེ་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །བདུད་འཇོམས་རྣམ་འཕྲུལ་མངའ་རིས་རིག་འཛིན་ཆེན་པོ་ལེགས་ལྡན་རྡོ་རྗེས་ཆུ་བོ་རིའི་ཚེ་ཆུ་གསང་ཕུག་ནས་བཏོན་པའི་བླ་མ་སྐུ་གསུམ་མའི་ཁྲིད། སྐུ་གསུམ་ལམ་ཁྱེར་གཏེར་གཞུང་། དེའི་ཁྲིད་ཡིག་དང་ངག་འདོན་པད་ཕྲིན་གསུང་། ཁྲིད་ཀྱི་བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། དག་པའི་འཁོར་ལྔ། གཏེར་སྟོན་ཉི་ཟླ་འོད་ཟེར། མཁྱེན་བརྩེའི་དབང་ཕྱུག །དབང་ཕྱུག་རབ་བརྟན། བསོད་ནམས་མཆོག་ལྡན། ཆོས་དབྱིངས་རང་གྲོལ། རིག་འཛིན་པདྨ་ཕྲིན་ལས། བློ་བཟང་དོན་གྲུབ། ཀུན་དགའ་ལེགས་པའི་འབྱུང་གནས། སྐལ་བཟང་རྣམ་གྲོལ། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། བློ་བཟང་བསྟན་འཕེལ། བསྟན་འཛིན་མཁྱེན་རབ་མཐུ་སྟོབས། འཇམ་མགོན་རྡོ་རྗེ་གཟི་བརྗིད་ལས་བཀའ་དྲིན་དུ་ནོས་པའོ། །ལུང་བརྒྱུད་ནི། པད་ཕྲིན་ཡན་སྔར་ལྟར་ལ། དེ་ནས་པདྨ་ཆོས་མཆོག །པདྨ་དབང་ལྡན། པདྨ་བཤེས་གཉེན། ཨོ་རྒྱན་བསྟན་འཛིན། གསང་སྔགས་བསྟན་འཛིན། ཀུན་མཁྱེན་རྡོ་རྗེ་གཟི་བརྗིད། དེ་ལས་སོ། །སངས་རྒྱས་བདུན་པ་རབ་གསལ་གྱི་རྣམ་འཕྲུལ་པདྨས་དངོས་སུ་རྗེས་བཟུང་ཚར་ཆེན་བློ་གསལ་རྒྱ་མཚོའི་དགོངས་ཉམས་ལས་འཁྲུངས་པའི་ཨོ་རྒྱན་བླ་མའི་རྣལ་འབྱོར་གྱི་སྐོར། བརྒྱུད་པ་ནི། ཚར་ཆེན་རྡོ་རྗེ་འཆང་། འཇམ་དབྱངས་མཁྱེན་བརྩེ། དབང་ཕྱུག་རབ་བརྟན། རིན་ཆེན་བསོད་ནམས་མཆོག་གྲུབ། བླ་ཆེན་བསོད་ནམས་རྒྱ་མཚོ། བྱང་གླིང་འཇམ་དཔལ་ཚུལ་ཁྲིམས། བྱམས་པ་སྨོན་ལམ་བསམ་གཏན། ཆོས་རྗེ་རིན་ཆེན་སྐལ་བཟང་། བྱང་གླིང་བྱམས་པ་རིན་ཆེན་ལྷུན་གྲུབ། བློ་གསལ་བསྟན་སྐྱོང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེ་ལས་སོ། །མ་ཏི་རཏྣའི་གཏེར་མ་བླ་མ་ཀུན་འདུས་ཡིད་བཞིན་ནོར་བུའི་ཆོས་སྡེ་གསོལ་འདེབས་ལེའུ་བདུན་མ། སྟག་ཤམ་ནུས་ལྡན་རྡོ་རྗེའི་གཏེར་མ་བླ་མ་ཡིད་བཞིན་ནོར་བུའི་གསོལ་འདེབས་ལེའུ་བཞི་མ། ཀློང་གསལ་སྙིང་པོའི་གཏེར་མ་བཀའ་བརྒྱད་བདེ་གཤེགས་ཡོངས་འདུས་ཀྱི་ཆོས་སྡེ་གུ་རུའི་མཚན་བརྒྱའི་བསྟོད་པ། དེ་གསུམ་གྱི་བརྒྱུད་པ་ནི་འོག་ནས་འབྱུང་བའི་སོ་སོའི་ཆོས་སྡེ་ལྟར་རོ། །རིག་འཛིན་འགྱུར་མེད་རྡོ་རྗེའི་ཟབ་གཏེར་ཐོག་མ་རིག་འཛིན་ཐུགས་ཐིག་གི་གཏེར་སྒྲུབ་ཀྱི་གསོལ་འདེབས་དང་འབྲེལ་བ་བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་ཀྱི་ཁྲིད། ཁྲིད་ཡིག་པདྨ་འགྱུར་མེད་རྒྱ་མཚོས་མཛད་པ། དེའི་བརྒྱུད་པ་གཏེར་ཆེན། རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། བསྟན་འཛིན་ཆོས་རྒྱལ། འགྱུར་མེད་མཐུ་སྟོབས་རྣམ་རྒྱལ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་སོ། །ཡང་རིན་རྣམ་ནས། ཁྲི་པད་བསྟན་སོགས་སྤྱི་ལྟར་དེད་ཀྱང་ཆོག་གོ །ལོ་ཆེན་དྷརྨ་ཤྲཱིས་མཛད་པ་ལ་རྗེ་བླ་མས་ཁ་གསལ་གནང་བ་བླ་མཆོད་བདུད་རྩིའི་ཆར་རྒྱུན། བརྒྱུད་པ་གོང་སྨོས་ལྟར། ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་ཐུགས་གཏེར་ལས་བྱོན་པ་ལམ་ཟབ་མོ་ཀུན་གྱི་སྤྱི་གཞུང་རྡོ་རྗེ་སློབ་དཔོན་དུ་སྒྲུབ་པའི་ཁྲིད། གཞུང་དངོས་དང་དམིགས་པའི་རྐང་གྲངས། བསྙེན་ཚད་ཀྱི་ཡི་གེ །བཛྲ་གུ་རུའི་ཉམས་ལེན་ཏོག་གི་བློ་གྲོས། བརྒྱུད་པ་ནི། དཔལ་རྡོ་རྗེ་སེམས་དཔའ། རྡོ་རྗེ་ཧཱུྃ་མཛད། ནམ་མཁའི་སྙིང་པོ། ཚེ་དབང་ནོར་བུ་རྡོ་རྗེ་དཔལ་འབར། ཨོ་རྒྱན་བསྟན་འཛིན་རྡོ་རྗེ། ཀུན་བཟང་ཚེ་དབང་། དོན་གྲུབ་དཔལ་པ། འབའ་ར་བ་ཚེ་དབང་འཇིགས་མེད་བསྟན་འཛིན། དཔལ་ལྡན་དཔའ་བོ་གཙུག་ལག་ཆོས་ཀྱི་རྒྱལ་པོ། དེས་བདག་ལའོ། །བརྒྱུད་ཚུལ་ཁྱད་འཕགས་གཅིག་ནི། རིག་འཛིན་ཆེན་པོ། འཛམ་གླིང་ཉི་ཟླ་གྲགས་པ། སྨན་སྒོམ་ཀུན་དགའ་དཔལ་ལྡན། བྲག་དཀར་བ་ཆོས་ཀྱི་དབང་ཕྱུག །འབའ་ར་བ། ཡང་ན་རིག་འཛིན་རྗེ་ལས། རྒྱལ་དབང་བདུད་འདུལ་རྡོ་རྗེ་དང་། ཚེ་དབང་འཆི་མེད་དཔལ་དར་གཉིས་ཀྱིས་གསན། གཉིས་ཀས་རྗེ་དཔའ་བོ་ལའོ། །གཏེར་གསར་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས་ཕྱི་གསོལ་འདེབས་ཀྱི་ཚུལ་དུ་སྒྲུབ་པ། རྩ་གསུམ་གསོལ་འདེབས། སྨན་མཆོད། དབང་ལེན་བཅས་ཀུན་མཁྱེན་བླ་མས་མཛད་པ། ལུང་རྒྱུན་མཛད་པ་པོ་ཉིད་ལས་བཀའ་དྲིན་ནུ་ཐོབ་བོ། །ཡང་གཏེར་དྲི་མེད་བླ་སྒྲུབ་དང་རྩ་གསུམ་དགོངས་འདུས་ཀྱི་ཆ་ལག་ཏུ་གཏོགས་པའི་ལམ་ཟབ་ལེའུ་བདུན་མའང་འདིར་རྗེས་འབྲེལ་ཙམ་དུ་བཞག་པའོ། ༈ །གཉིས་པ་ནང་ཞི་བར་སྒྲུབ་པའི་སྐོར་ལ་གསུམ། ཆོས་སྐུ །ལོངས་སྐུ །སྤྲུལ་སྐུའི་ཚུལ་དུ་སྒྲུབ་པའོ། །དང་པོ་ནི། མངའ་བདག་ཁྲི་སྲོང་ལྡེ་བཙན་དེ་བཞིན་གཤེགས་པ་པདྨའི་སྤྱན་དུ་སངས་རྒྱས་པའི་གསུང་གི་རྣམ་འཕྲུལ། མཆོག་གི་གཏེར་ཆེན་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་གཏེར་ཁ་ཆེན་པོ་བཅོ་བརྒྱད་སྤྱན་དྲངས་པ་རྣམས་ཀྱི་གཙོ་བོ་ཐུགས་གཏེར་ཆེན་པོ་ལྔའི་ཡ་གྱལ། ཁྱད་པར་བླ་མ་སྒྲུབ་པའི་བཀའ་བབས་པ། ལྷོ་བྲག་གནམ་སྐས་ཅན་གྱི་ཟབ་གཏེར་བླ་སྒྲུབ་སྐོར་ལྔའི་གཙོ་བོ་བླ་མ་ཞི་བ་ཆོས་སྐུ་རྡོ་རྗེ་འཆང་གསང་བ་འདུས་པ་རྩ་བའི་དབང་བཞི་ཟླུམ་པོ་བཞི་དབང་ ༡༽དང་། གཏོར་དབང་། ༢༽་་་་ཨང་རྟགས་ཅན་རྣམས་སྒྲུབ་ཐབས་འདོད་བུམ་དུ་བཞུགས་པའི་གྲས་སོ། །ལས་བྱང་སྨིན་གཏེར་གསུང་། རྒྱུན་ཁྱེར་འཇམ་མགོན་བླ་མས་མཛད་པ། གཏེར་སྲུང་གསོལ་མཆོད་གསུང་རྒྱུན་མ། རྩ་དབང་རྒྱས་པའི་ཆོག་ཁྲིགས། ལམ་ཁྱེར་རྣམ་གསུམ་གཏེར་གཞུང་། བསྙེན་ཡིག །སྙན་བརྒྱུད་ཞག་བདུན་མའི་གསལ་བྱེད་ལྕགས་ཟམ་བདུན་པས་མཛད་པ། གུར་སྒྲོམ་དཔེའུ་རིས། རིམ་ལྔའི་ཁྲིད་པད་ཕྲིན་གསུང་བཅས་ཉེར་མཁོའི་ཡི་གེ་ཚང་བ་བཞུགས། སྤྱིར་བླ་སྒྲུབ་སྐོར་ལྔ་ཡོངས་སུ་རྫོགས་པ་གླེགས་བམ་གཉིས་ཙམ་གྱི་ལུང་རྒྱུན་ཡང་བཞུགས་ཤིང་། ཁྲ་ཚང་པ་བློ་མཆོག་རིག་པའི་རྡོ་རྗེས་མཛད་པའི་དབང་བསྒྲིག་དང་ལས་བྱང་། པད་ཕྲིན་གྱིས་མཛད་པའི་བསྙེན་ཡིག་དང་ལམ་ཟབ་གསལ་བྱེད་སོགས་ལུགས་སྲོལ་འདི་ལ་གལ་ཆེ་ངེས་པའི་ལེགས་བཤད་ཚད་ལྡན་རྣམས་བཞུགས་མོད། འདིར་ཁྱེར་བདེ་ཉུང་ངུ་གཙོར་བཏོན་ནས་བཀོད་པ་སྟེ་འོག་མ་རྣམས་ལའང་ཤེས་པར་བྱའོ། །དེ་ལ་དབང་གི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། གུ་རུ་ཆོས་གྱི་དབང་ཕྱུག །སྨན་ལུང་པ་མི་བསྐྱོད་རྡོ་རྗེ། དྭགས་སྟོན་དབང་ཕྱུག་རྡོ་རྗེ། གཉན་སྟོན་ཡེ་ཤེས་རྡོ་རྗེ། སེ་སྡིངས་སངས་རྒྱས་དཔལ། དེ་སྲས་ཡོན་ཏན་བཟང་པོ། གུ་རུ་ཆོས་སྐུ་འོད་ཟེར། མཚུངས་མེད་དཔལ་འབྱོར་དབང་ཕྱུག །སྤྲུལ་སྐུ་ཆོས་ཀྱི་དབང་པོ། རིག་འཛིན་ཀརྨ་གུ་རུ། རྒྱལ་སྲས་ཀརྨ་དབང་འབྱོར། བློ་མཆོག་རིག་པའི་རྡོ་རྗེ། རིག་འཛིན་པདྨ་ཕྲིན་ལས། གྲུབ་དབང་པདྨ་དབང་དྲག རྡོ་རྗེ་ཚེ་དབང་ནོར་བུ། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས། བཀའ་བརྒྱུད་ཕྲིན་ལས་རྣམ་རྒྱལ། །རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོ། དེས་བདག་ལའོ། །ཡང་ན། ཀརྨ་གུ་རུ་ནས། གྲུབ་ཆེན་ཀུན་བཟང་དཔལ་འབྱོར། རིག་འཛིན་ཕྲིན་ལས་ལྷུན་གྲུབ། ཨོ་རྒྱན་གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། ཁྲི་ཆེན་པདྨ་བསྟན་འཛིན། འགྱུར་མེད་ཕྲིན་ལས་རྣམ་རྒྱལ། དེ་ལས་རྗེ་བཙུན་རིན་པོ་ཆེ་འགྱུར་མེད་ཕྲིན་ལས་ཆོས་སྒྲོན་དང་། མཆོག་སྤྲུལ་པདྨ་དབང་རྒྱལ་གཉིས། གཉིས་ཀ་ལས་ཁྲི་ཆེན་འགྱུར་མེད་སངས་རྒྱས་ཀུན་དགའ། ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེ། དེས་བདག་ལའོ། །གཏེར་གཞུང་ལུང་བརྒྱུད་ཁོ་བོས་བླ་མ་དམ་པ་གཉིས་ལས་ལན་གཉིས་མནོས་པ་ནང་གསེས་བརྒྱུད་སྲོལ་མང་ཡང་རྩ་བ་ཙམ་ནི་ཁྲ་ཚང་པ་ཡན་དབང་བརྒྱུད་ལྟར་ལ། དེ་ནས་འཇམ་དབྱངས་ལེགས་བཤད་རྒྱ་མཚོ། འཆི་མེད་གྲུབ་པ་པདྨ་རང་ཤར། དཔང་སྟོན་གསང་བདག་རྡོ་རྗེ། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། དཔང་སྟོན་པདྨ་ཚེ་དབང་། བསྟན་འཛིན་མཁྱེན་རབ་མཐུ་སྟོབས། ཁྱབ་བདག་རྡོ་རྗེ་གཟི་བརྗིད། དེ་ལས་སོ། །ཡང་། པདྨ་ཚེ་དབང་ནས། སྒྲོལ་སྟོན་ཆོས་ཀྱི་རྒྱལ་མཚན། རྗེ་མཁྱེན་བརྩེ་སྟེ་ཉམས་ལེན་བྱིན་རླབས་ཞལ་གཟིགས་བར་མ་ཆད་པའི་བརྒྱུད་པ་ཁྱད་པར་འཕགས་པའོ། །སྨིན་ལུགས་ནི་གཏེར་ཆེན། རིན་རྣམ། ཨོ་ཌཱི་ཡ་ན། གསང་སྔགས་བསྟན་འཛིན། དཔལ་འབྱོར་རྒྱ་མཚོ། བསྟན་འཛིན་ཆོས་རྒྱལ། འགྱུར་མེད་བསྟན་འཛིན་འཕེལ་རྒྱས། དེ་ལས་སོ། །སྙན་བརྒྱུད་ཞག་བདུན་མའི་ལུང་བརྒྱུད་མཛད་པ་པོ་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། བློ་བཟང་བསྟན་འཕེལ། བསྟན་འཛིན་མཁྱེན་རབ་མཐུ་སྟོབས། རྗེ་བླ་མ་ལས་སོ། །བླ་སྒྲུབ་འདི་དང་མཚུངས་པ་རྡོར་གླིང་གསང་འདུས་ནི་འདིར་བྱིན་རླབས་ཆུ་བོ་གཅིག་འདྲེས་སུ་བཞུགས། རད་གླིང་ཡང་འདུས་སོགས་མཚན་མི་མཚུངས་ལ་དོན་གཅིག་པ་མང་རུང་འོག་ཏུ་བླ་སྒྲུབ་སྡེ་ཚན་གཅིག་པར་འགོད་པ་ཡིན་ལ། ཡོངས་དགེ་མི་འགྱུར་རྡོ་རྗེའི་པདྨ་བཛྲ་གྲུབ་ཐོབ་བརྒྱ་རྩའི་དཀྱིལ་འཁོར་དང་། རོལ་རྡོར་བྲག་གཏེར་ཕྱག་རྡོར་དྲེགས་འདུལ་ཞི་སྒྲུབ་བླ་མ་རྡོ་རྗེ་འཆང་རྣམས་ཆོས་སྐུ་གཙོར་བཏོན་པའི་ཞི་སྒྲུབ་ཁྱད་འཕགས་སྣང་མོད། ཕྲིན་ལས་ཀྱི་གཞུང་ཧ་ཅང་མང་ཞིང་བཤམ་བཀོད་རྒྱས་སྤྲོས་ཆེ་བས་སྐབས་འདིར་བསྡུ་མ་ཐུབ་བོ། །རྒྱལ་སྲས་ལྷ་རྗེའི་སྐྱེ་སྲིད་གཉིས་པ་རྒྱ་ལོ་ཙཱ་བ་རྡོ་རྗེ་བཟང་པོའི་ཟབ་གཏེར་བླ་མ་བསྟན་གཉིས་སྐོར་གསུམ་གྱི་བཅུད་དྲིལ་མཐོང་གྲོལ་འོད་ཀྱི་སྙིང་པོ་རྗེ་བླ་མ་རིན་པོ་ཆེར་ཡང་གཏེར་དུ་བྱོན་པའི་རྩ་དབང་། དོན་དབང་། ཟབ་ཁྲིད། གཏེར་གཞུང་ལེའུ་བརྒྱད་པ། དབང་དང་ལས་བྱང་གི་ཟིན། སྤྲོས་མེད་སྒྲུབ་པའི་ཕྲིན་ལས་དང་དོན་དབང་གསར་བསྒྲིགས་བཅས། བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། ཆོས་རྒྱལ་ཡབ་སྲས། མཚོ་རྒྱལ། རྒྱ་ལོ་ཙཱ་བ། པདྨ་འོད་གསལ་མདོ་སྔགས་གླིང་པའི་ཞལ་སྔ་ནས་བཀའ་དྲིན་དུ་བསྩལ་པའོ། །གནུབས་ཆེན་ཡང་སྲིད་དྲི་མེད་ཀུན་དགའི་ཟབ་གཏེར་གྱི་སྙིང་པོ་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་རྗེ་བླ་མས་བྲག་དམར་མགྲིན་བཟང་ནས་ཡང་གཏེར་དུ་བཞེས་པའི་སྨིན་དབང་། ཟབ་ཁྲིད། གཏེར་གཞུང་ལེའུ་བདུན་པ། བྱང་གཏེར་ལས་བྱུང་བའི་རྒྱལ་ཆེན་མཆོད་ཐབས། བརྒྱུད་འདེབས། མཆོད་ཕྲེང་། དབང་ཆོག་གསར་བསྒྲིགས་བཅས། བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། མཚོ་རྒྱལ། གནུབས་ཆེན་སངས་རྒྱས་ཡེ་ཤེས། གཏེར་སྟོན་དྲི་མེད་ཀུན་དགའ། པདྨ་འོད་གསལ་མདོ་སྔགས་གླིང་པ། དེས་ཐུགས་རྗེ་ཆེན་པོས་དགོངས་ཏེ་བཀའ་དྲིན་དུ་བསྩལ་པའོ། ༈ །གཉིས་པ་ལོངས་སྐུའི་ཚུལ་དུ་སྒྲུབ་པ་ནི། བླ་མ་ལོངས་སྐུ་ཚེ་དཔག་མེད་རྫོང་ཆེན་ཚེ་དབང་། ༣༽ དེའི་ཐེམས་མེད་ཚེ་སྒྲུབ་བུ་སྟོན་གོང་ཁུག་མའི་དབང་། རྫོགས་ཆེན་ལ་ཆོས་སྡེ་བདུན་ལྷག་བཞུགས་པར་སྣང་མོད་འདིར་ཐེམས་མེད་ཚེ་སྒྲུབ་གཏེར་གཞུང་རྩ་བ། དེའི་ཉམས་ལེན་དང་བརྒྱུད་འདེབས་ཞྭ་ལུ་བ་རིན་ཆེན་བློ་གསལ་བསྟན་སྐྱོང་གིས་མཛད་པ། བོ་དོང་ཀུན་མཁྱེན་འཇིགས་བྲལ་ཆེན་པོའི་དག་སྣང་ཚེ་དཔག་མེད་རིགས་ལྔའི་དབང་ཆོག་ཐུགས་དམ་གཏོར་རྒྱུན་བརྒྱ་རྩ་ལས་ཕྱུངས་པ་རྗེ་དེས་མཛད་པ། དེ་ལ་བུ་སྟོན་གོང་ཁུག་མ་རྩ་བའི་བརྒྱུད་པ་ནི། གུ་རུ་ཆོས་དབང་། བླ་མ་ཚུལ་ཁྲིམས་བཟང་པོ་དགུང་ལོ་བརྒྱ་དང་བཅུ་དགུ་བཞུགས། ཆོས་རྗེ་བུ་སྟོན་རིན་པོ་ཆེ། ཐུགས་སྲས་ལོ་ཙཱ་བ། འཇམ་དབྱངས་གྲགས་པ་རྒྱལ་མཚན། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། རིན་ཆེན་མཆོག་གྲུབ་དཔལ་འབར། རྒྱལ་ཡུམ་ཚུལ་ཁྲིམས་བཟང་མོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །དབང་ཕྱུག་རབ་བརྟན། རིན་ཆེན་བསོད་ནམས་མཆོག་གྲུབ། རིན་ཆེན་བསོད་ནམས་རྒྱ་མཚོ། འཇམ་དཔལ་མཁྱེན་རབ། སྨོན་ལམ་བསམ་གཏན། བློ་གསལ་བསྟན་རྒྱས། གྲུབ་དབང་ཡེ་ཤེས་དཔལ་འབྱོར། རིན་ཆེན་བློ་གསལ་བསྟན་སྐྱོང། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །གསལ་བྱེད་ཡིག་ཆ་ནི་མཛད་པ་པོ་ཉིད་ལས་རྗེ་བླ་མས་གསན། དེ་ལས་སོ། །ཉེ་བརྒྱུད་འཆི་མེད་པདྨ་འབྱུང་གནས་ལས་ཀུན་མཁྱེན་བུ་སྟོན་ཞབས་ཀྱིས་གསན་པའོ། །བོ་དོང་ལུགས་ཀྱི་དབང་གདམས་ངག་གི་རིང་བརྒྱུད་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཚེ་དཔག་མེད། སྤྲུལ་སྐུ་པདྨ་འབྱུང་གནས། ཆོས་ཀྱི་དབང་ཕྱུག །ཚུལ་ཁྲིམས་བཟང་པོ། བུ་སྟོན་རིན་ཆེན་གྲུབ། ལོ་ཆེན་བྱང་ཆུབ་རྩེ་མོ། ལོ་ཆེན་གྲགས་པ་རྒྱལ་མཚན། པཎ་ཆེན་ཆོས་ཀྱི་རྒྱལ་མཚན། ཉེ་བརྒྱུད་ཚེ་དཔག་མེད་རིགས་ལྔས་བོ་དོང་པཎ་ཆེན་ཉིད་ལ་བསྩལ། དེ་ནས་རིམ་པར། ཤངས་རས་བསོད་ནམས་མཆོག་གྱུར། བྱམས་པ་ཆོས་ཉིད། པདྨ་གར་དབང་། འཇམ་དབྱངས་གྲགས་འོད། རབ་འབྱམས་ཆོས་རྗེ། དེ་གཉིས་ཀ་ལས་རཏྣའི་མཚན་ཅན། དེ་ལས་གར་དབང་འདུས་ཆེན་རབ་རྒྱས། ནམ་མཁའི་རྣལ་འབྱོར། མི་འགྱུར་རིན་ཆེན་བཟང་པོ། དགེ་ལེགས་རྒྱལ་མཚན། འགྲོ་འདུལ་རིག་འཛིན་ཆེན་མོ། དེ་གཉིས་ཀ་ལས་སྐལ་བཟང་འཇམ་དབྱངས་རྣམ་རྒྱལ། དེ་ལས་ཕྲིན་ལས་ལྷུན་གྲུབ་དང། རིག་འཛིན་རྣམ་རྒྱལ་གཉིས། གཉིས་ཀ་ལས་ཆོས་དབྱིངས་བདེ་ཆེན་མཚོ་མོ། དེ་ལས་ཀུན་གཟིགས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །བྱང་གཏེར་ཀུན་བཟང་དགོངས་པ་ཟང་ཐལ་གྱི་ཆོས་སྡེ་ལས་བྱུང་བ་ལོངས་སྐུ་འཆི་མེད་འོད་སྣང་གི་དབང་། ལས་བྱང་དང་དབང་བསྒྲིགས་བཅས། བརྒྱུད་པ་ནི། ཀུན་བཟང་། འོད་དཔག་མེད། ཚེ་དཔག་མེད། པད་འབྱུང་། མཚོ་རྒྱལ། རྡོ་རྗེ་བདུད་འཇོམས། གཏེར་སྟོན་དངོས་གྲུབ་རྒྱལ་མཚན། སྲས་རྣམ་རྒྱལ་མགོན་པོ། རྡོ་རྗེ་མགོན་པོ། བྱམས་པ་བཤེས་གཉེན། སངས་རྒྱས་དཔལ་བཟང་། ཆོས་རྒྱལ་བསོད་ནམས། སངས་རྒྱས་བསྟན་པ། དཀོན་མཆོག་བཟང་པོ། བློ་གསལ་རྒྱ་མཚོ། མཁྱེན་བརྩེའི་དབང་ཕྱུག །དབང་ཕྱུག་རབ་བརྟན། བསོད་ནམས་མཆོག་ལྡན། པདྨ་ཕྲིན་ལས། རིག་འཛིན་དབང་རྒྱལ། རྡོ་རྗེ་ཐོགས་མེད། པདྨ་བཤེས་གཉེན། ཨོ་རྒྱན་བསྟན་འཛིན་ཕུན་ཚོགས། ཀུན་བཟང་གསང་སྔགས་བསྟན་འཛིན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །ཆོས་རྒྱལ་རཏྣ་གླིང་པའི་ཟབ་གཏེར་འདུས་པ་སྐོར་བཞིའི་ཡ་གྱལ་ཚེ་སྒྲུབ་གསང་བ་འདུས་པའི་དབང་བཞི་ཡོངས་རྫོགས། དོན་དབང་ནོར་བུ་ལུགས་གཏོར་དབང་འབྲེལ་བ། བརྒྱུད་འདེབས་གཏེར་གསུང་། ཕྱི་སྒྲུབ་ལས་བྱང་། ནང་སྒྲུབ་འདོན་བསྒོམ་ཕྱག་ལེན། དབང་རྒྱས་བསྡུས་ཆོག་ཁྲིགས་བཅས། དེའི་དབང་བཞི་ཡོངས་རྫོགས་ལུང་དང་བཅས་པའི་བརྒྱུད་པ་ནི། ཆོས་སྐུ་ཚེ་འོད་དཔག་མེད། ལོངས་སྐུ་རྒྱལ་བ་རིགས་ལྔ། སྤྲུལ་སྐུ་འཆི་མེད་པད་འབྱུང་། རྗེ་འབངས་གྲོགས་ལྔ། རཏྣ་གླིང་པ། ཚེ་དབང་གྲགས་པ། རྔོད་པ་ཤཱཀྱ་བཀྲ་ཤིས། མཁར་དྲུང་བསོད་ནམས་བཀྲ་ཤིས། ཚེ་ཆོག་པ་པདྨ་དབང་ཕྱུག །སྔགས་འཆང་བཀྲ་ཤིས་དབང་ཕྱུག །པདྨ་དབང་དྲག །ཀརྨ་ཆགས་མེད། པདྨ་ཀུན་དགའ། ཕྲིན་ལས་དབང་འབྱུང་། ཤེས་རབ་གྲགས་པ། དེ་ལས་ཀརྨ་ཚངས་དབྱངས་དང་། བསྟན་འཛིན་དོན་གྲུབ། གཉིས་ཀ་ལས་ཆགས་མེད་བཞི་པ་ཀརྨ་བསྟན་འཛིན་ཕྲིན་ལས། དེས་བདག་ལའོ། །ཡང་དབང་རྒྱས་བསྡུས། ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་གཅིག་ནི། ཚེ་དབང་གྲགས་པ། ངག་དབང་གྲགས་པ། ཀུན་དགའ་གྲགས་པ། ཀུན་དགའ་བསྟན་འཛིན། བུ་འབོར་བཀྲ་ཤིས་རྒྱ་མཚོ། །ཧེ་པ་ཆོས་འབྱུང་། ཤཱཀྱ་བཀྲ་ཤིས། བཀྲ་ཤིས་རིན་ཆེན། དཀོན་མཆོག་བཀྲ་ཤིས། རྣམ་རྒྱལ་བཀྲ་ཤིས། ཀུན་བཟང་ཤེས་རབ། ལྷུན་གྲུབ་རྒྱ་མཚོ། པདྨ་ནོར་བུ། པདྨ་ལྷུན་གྲུབ། པདྨ་གསང་སྔགས་བསྟན་འཛིན། དེ་ལས་སོ། །ཡང་ཆགས་མེད་ཞབས་ནས་ཀུན་ཤེས་ལ་བརྒྱུད་པ་དང་། པདྨ་ནོར་བུ་མན་རྩ་གསུམ་འབྲས་བུའི་དོན་ཁྲིད་ལྟར་བྱས་ཀྱང་ཆོག་གོ །སྤྱིར་གཏེར་བྱོན་ཚེ་སྒྲུབ་རིགས་ལ། བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་གཙོ་བོར་བྱས་ནས་སྒྲུབ་པ་དང་། བླ་མ་པདྨ་ཚེ་དཔག་ཏུ་མེད་པ་གཙོ་བོར་བྱས་ནས་སྒྲུབ་པའི་ལུགས་གཉིས་སུ་སྣང་བ་ལས། སྔ་མ་ནི་པདྨ་གསུང་གི་ཞི་སྒྲུབ་ཏུ་འདུ་ཞིང་། ཕྱི་མ་ཐམས་ཅད་འདིར་འདུ་བ་ཡིན་ཡང་ཕལ་ཆེར་ཚེ་སྒྲུབ་ཙམ་དུ་སྡེ་ཚན་གཅིག་པའི་དབང་དུ་བྱས་ནས་འོག་ཏུ་འབྱུང་བ་ཡིན་ནོ། ༈ །གསུམ་པ་བླ་མ་སྤྲུལ་སྐུར་སྒྲུབ་པའི་སྐོར་ལ་གཉིས། དངོས་དང་ཞར་བྱུང་གཏེར་བྱོན་བླ་སྒྲུབ་ཐོར་བུའི་སྐོར་རོ། །དང་པོ་ལ། ཐོག་མར་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་འབྲས་བུ་མཐར་ཕྱིན་པའི་སྐུའི་རྣམ་འཕྲུལ། གཏེར་སྟོན་གྲུབ་ཐོབ་ཀུན་གྱི་སྤྱི་མེས་མངའ་བདག་ཉང་རལ་ཉི་མ་འོད་ཟེར་གྱི་ཟབ་གཏེར་བླ་མ་ཡོངས་རྫོགས་ཀྱི་གཏོར་དབང་། ༤༽ དེའི་སྒྲུབ་ཕྲིན་རིན་ཆེན་སྒྲོན་མེ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པ། ལུང་བརྒྱུད་ནི། མངའ་བདག་ཉང་། སྲས་འགྲོ་མགོན། སྟག་སོ་བ་ཆོས་ཀྱི་བླ་མ། གཉན་རས་པ། ཀུ་མཱ་རཱ་ཛ། དྲི་མེད་འོད་ཟེར། བདེ་ལེགས་རྒྱ་མཚོ། བྱ་བྲལ་ཆོས་རྗེ། སངས་རྒྱས་དབོན་པོ། ཀུན་སྤངས་སེམས་དཔའ་ཆེན་པོ། སངས་རྒྱས་ཡེ་ཤེས། སངས་རྒྱས་རྒྱལ་མཚན། ཀུན་དགའ་བཀྲ་ཤིས། སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། པདྨ་ཕྲིན་ལས། ཚུལ་ཁྲིམས་རྡོ་རྗེ། ཕྲིན་ལས་ལྷུན་གྲུབས། འགྱུར་མེད་རྡོ་རྗེ། རིན་རྣམ། འགྱུར་མེད་དོན་ལྡན། ཕྲིན་ལས་རྣམ་རྒྱལ། ཕྲིན་ལས་ཆོས་སྒྲོན། རྡོ་རྗེ་གཟི་བརྗིད། དེས་སོ། །སྟག་ལུང་གྲུབ་ཆེན་སངས་རྒྱས་རྣམ་གསུམ་གྱི་ནང་ཚན་སངས་རྒྱས་དབོན་རིན་པོ་ཆེས་རྒྱ་འོ་གདོང་པདྨ་ཧེ་རུ་ཀ་རང་བྱུང་གི་བྲག་ནས་བཞེས་པའི་ཟབ་གཏེར་ཐུགས་སྒྲུབ་བདེར་གཤེགས་འདུས་པའི་དབང་བཞི་གཏོར་དབང་དང་བཅས་པ། བརྒྱུད་འདེབས། ལས་བྱང་། དབང་ཆོག །བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། མཚོ་རྒྱལ། རྗེ་བཙུན་སངས་རྒྱས་དབོན། ལྷ་རིན་པོ་ཆེ། ཀུན་དགའ་དཔལ། ཨོ་རྒྱན་མགོན་པོ། ཡོན་ཏན་རྒྱལ་མཚན། བསོད་ནམས་རྒྱལ་མཚན། རྗེ་ཡེ་བཟང་བ། རྒྱལ་བ་བཟང་པོ། རིན་ཆེན་བཟང་པོ། དོན་གྲུབ་རིན་ཆེན། དེ་གཉིས་ཀ་ལས་མཁན་པོ་ཆོས་དཔལ་བཟང་པོ། མཁར་དྲུང་བསོད་ནམས་བཀྲ་ཤིས། མཚོ་སྐྱེས་རྡོ་རྗེ། ཀུན་དགའ་བཀྲ་ཤིས། ངག་དབང་རྣམ་རྒྱལ། ངག་དབང་བཀྲ་ཤིས་དཔལ་གྲུབ། གྲགས་པ་ལེགས་གྲུབ། བཀྲ་ཤིས་འཇམ་དཔལ་རྒྱ་མཚོ། ངག་དབང་གྲགས་པ། ཕྲིན་ལས་བསྟན་འཛིན། གྲགས་པ་རིན་ཤེ། གྲགས་པ་མཐོང་ཐོས། ངག་དབང་དཔལ་འཕེལ། ཀུན་དགའ་བཀྲ་ཤིས། འཕགས་མཆོག་ཆོས་དབྱིངས་ལྷུན་གྲུབ། ངག་དབང་བསྟན་པའི་ཉི་མ། ཁྱབ་བདག་བླ་མ་འཇམ་དབྱངས་མཁྱེན་བརྩེ། དེས་བདག་ལའོ། །མ་ཧཱ་གུ་རུ་ཀཻའུ་རི་མ་བརྒྱད་ཀྱིས་བསྐོར་བའི་གཏོར་དབང་གི་བརྒྱུད་པ་ནི། བཀྲ་ཤིས་དཔལ་གྲུབ་ཡན་འདྲ། དེ་ནས། གྲགས་པ་ལེགས་གྲུབ། འཇམ་དཔལ་རྒྱ་མཚོ། ངག་དབང་ཕྲིན་ལས་བསྟན་འཛིན། ངག་དབང་ཕྲིན་ལས་མཆོག་གྲུབ། བཀྲ་ཤིས་གྲགས་པ་རྒྱལ་མཚན། གྲགས་པ་རིན་ཆེན་ལེགས་གྲུབ། འཕགས་མཆོག་ཆོས་དབྱིངས་ཕྱིན་སྔ་མ་ལྟར་རོ། །མང་པོ་བྱང་གླིང་པ་དཔལ་རྒྱལ་མཚན་གྱི་གཏེར་བྱོན་ཀུན་བཟང་ཐུགས་གཏེར་འཁོར་བ་རང་གྲོལ་ལས་བླ་སྒྲུབ་བྱིན་རླབས་སྒྲོན་མེའི་རྩ་དབང་། དོན་དབང་། གཏོར་དབང་བཀའ་སྲུང་བཀའ་གཏད་རྣམས་དང་། ལས་བྱང་ཡིད་བཞིན་ནོར་བུ་གཏེར་གཞུང་། གཏེར་སྲུང་གཏོར་ཆོག །རྩ་དབང་དོན་དབང་བཅས་གསར་བསྒྲིགས། བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། མཚོ་རྒྱལ། ནམ་མཁའི་སྙིང་པོ། གཏེར་སྟོན་དཔལ་རྒྱལ་མཚན། པདྨ་འོད་གསལ་མདོ་སྔགས་གླིང་པ། དེ་ལས་བཀའ་དྲིན་དུ་ནོས་པའོ། །རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བྱང་ཟང་ཟང་ལྷ་བྲག་ནས་བོད་ཁམས་སྐྱོབ་བྱེད་གསང་མཛོད་ཆེན་པོ་ལྔ་སྤྱན་དྲངས་པའི་ནང་ཚན། དབུས་སྙིང་མཛོད་སྨུག་པོ་ནས་བྱོན་པ་བླ་མ་ཞི་བ་རིག་འཛིན་གདུང་སྒྲུབ་ཀྱི་རྩ་དབང་དང་གཏོར་དབང་། ལས་བྱང་གསུང་རྒྱུན་མ། དབང་ཆོག །བརྒྱུད་པ་ནི། ཀུན་བཟང་། རྡོ་རྗེ་འཆང་། རིགས་གསུམ་མགོན་པོ། རིག་འཛིན་བརྒྱད། ཨོ་རྒྱན་ཆེན་པོ། དག་པའི་འཁོར་ལྔ། གཏེར་སྟོན་དངོས་གྲུབ་རྒྱལ་མཚན། སྲས་རྣམ་རྒྱལ་མགོན་པོ། སངས་རྒྱས་དབོན་ཆེན་རྡོ་རྗེ་དཔལ། བྱམས་པ་བཤེས་གཉེན། སངས་རྒྱས་དཔལ་བཟང་། ཆོས་རྒྱལ་བསོད་ནམས། སངས་རྒྱས་བསྟན་པ། ཤཱཀྱ་བཟང་པོ་དང་མངའ་རིས་པཎ་ཆེན། གཉིས་ཀས་ལེགས་ལྡན་རྡོ་རྗེ། དེ་ནས་བཀྲ་ཤིས་སྟོབས་རྒྱལ། ངག་གི་དབང་པོ། ཆོས་དབྱིངས་རང་གྲོལ། པདྨ་ཕྲིན་ལས། ངག་དབང་ཀུན་བསོད། རིག་འཛིན་ཀུན་བཟང་ཡེ་ཤེས། པདྨ་འགྱུར་མེད། ཀུན་བཟང་འགྱུར་མེད། ཟར་སྤྲུལ་པདྨ་དབང་རྒྱལ། འགྱུར་མེད་ཕྲིན་ལས་ཆོས་སྒྲོན། འགྱུར་མེད་བསྟན་འཛིན་དཔལ་སྒྲོན། དེ་ལས་སོ། །ལོ་ཙཱ་བ་རྒྱལ་བ་མཆོག་དབྱངས་རྣམ་འཕྲུལ་རྒྱ་སྟོན་པདྨ་དབང་ཕྱུག་གིས་གངས་བར་ཕུག་མོ་ཆེའི་སྒོ་དྲུང་ཕ་ཝཾ་དབང་ཕྱུག་གི་མཚན་རྟགས་ཅན་ནས་སྤྱན་དྲངས་ཏེ་ཡང་གཏེར་དུ་སྦས་པའི་ཤོག་སེར་གཏེར་སྲུང་མཁའ་འགྲོས་སྤྱན་དྲངས་ནས་རྗེ་བླ་མ་ལ་ཕུལ་ཏེ་གཏན་ལ་ཕབ་པ་བླ་མ་བདེ་མཆོག་འཁོར་ལོའི་དབང་བཞི། སྨན་དབང་། ཚེ་དབང་། རིམ་ལྔའི་ཟབ་ཁྲིད། བདེ་མཆོག་འཁོར་ལོའི་རིམ་གཉིས་སྙིང་པོ་བསྡུས་པ་བདེ་ཆེན་ཡེ་ཤེས་འཁོར་ལོ་གཏེར་གཞུང་། བརྒྱུད་འདེབས། དབང་ཆོག །ཁྲིད་ཡིག་བཅས། བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་རྡོར་འཆང་། ལོངས་སྐུ་འཁོར་ལོ་བདེ་མཆོག །སྤྲུལ་སྐུ་རྡོ་རྗེ་རྣལ་འབྱོར་མ། འཆི་མེད་པདྨ་བཛྲ། ལྷ་ལྕམ་མནྡ་ར་བ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ཁྲི་སྲོང་ཡབ་སྲས། བཻ་རོ་ཙ་ན། རྒྱལ་བ་མཆོག་དབྱངས། གཏེར་སྟོན་པདྨ་དབང་ཕྱུག །པདྨ་འོད་གསལ་མདོ་སྔགས་གླིང་པ། རྗེ་དེས་བཀའ་དྲིན་ཆེན་པོས་སྨིན་གྲོལ་ཚང་སྤྲུགས་སུ་བསྩལ་པའོ། །གསར་མའི་དྲིལ་བུ་རིམ་ལྔའི་བྱིན་རླབས་ཀྱི་རྒྱུན་དེང་སང་ཆད་པ། འདིར་དབང་གི་སྐབས་སུ་བྱུང་ཞིང་ཁྲིད་ཀྱང་དོན་གཅིག་པ་ལ་ཟབ་གནད་མང་པོས་འཕགས་པ་དང་། གྲུབ་ཆེན་དྲིལ་བུ་པའི་ཉེ་བརྒྱུད་ངོ་མཚར་བའང་བཞུགས་པ་བཅས་ཟབ་ཆོས་འདི་ནི་ཀུན་ལས་ཀྱང་ཁྱད་པར་དུ་འཕགས་པའོ། །བཀའ་འདུས་བར་པ་་་་་སྤྱིར་བཀའ་འདུས་སྔ་ཕྱི་བར་གསུམ་སྟེ། སྔ་མ་ཤེལ་བྲག་པདྨ་བརྩེགས་པ་ནས་ཨོ་རྒྱན་གླིང་པས་གདན་དྲངས་པའི་བཀའ་འདུས་ཆོས་ཀྱི་རྒྱ་མཚོ། བར་པ་བླ་མ་དགོངས་འདུས། ཕྱི་མ་རིག་འཛིན་མངའ་རིས་པའི་གཏེར་བྱོན་བླ་མ་བཀའ་བརྒྱད་རིག་འཛིན་ཡོངས་འདུས་དང་། འགྲོ་འདུལ་གླིང་པ་ཤེས་རབ་འོད་ཟེར་གྱི་གཏེར་བྱོན་གྲོལ་ཐིག་དགོངས་པ་རང་གྲོལ་གཉིས་སོ། །དགོངས་འདུས་ལའང་སངས་རྒྱས་གླིང་པའི་བླ་མ་དགོངས་འདུས་པོད་བཅུ་གསུམ། སྟག་ཤམ་བསམ་གཏན་གླིང་པའི་ཡི་དམ་དགོངས་འདུས་པོད་དགུ །གྲོ་ཤུལ་བདེ་ཆེན་གླིང་པ་སྔ་ཕྱི་བར་གསུམ་གྱི་མཁའ་འགྲོ་དགོངས་འདུས་པོད་དྲུག་སྟེ་གསུམ་དུ་གྲགས་སོ། །ལྷ་སྲས་མུ་རུབ་བཙད་པོའི་སྐྱེ་མཐའ་གཏེར་ཆེན་སངས་རྒྱས་གླིང་པས་པུ་རི་ཕུག་མོ་ཆེ་ནས་སྤྱན་དྲངས་པའི་བླ་མ་དགོངས་པ་འདུས་པའི་དོན་དབང་། བྱིན་རླབས་གཏོར་མའི་བརྡ་དབང་། གཏེར་གཞུང་རྩ་སྒྲུབ་གསལ་བྱེད་ཐུགས་ཀྱི་ནོར་བུ་དང་། དེའི་སྒྲུབ་པ། འཁོར་ལོའི་བྲི་ཡིག །ལས་བྱང་མེ་ཏོག་ཕྲེང་མཛེས། རྒྱུན་ཁྱེར་སྨིན་གཏེར་གསུང་ལ་ཁ་སྐོང་ཅན། གཏེར་སྲུང་དང་སྐོང་བསྡུས་ཆགས་མེད་གསུང་། བསྙེན་ཡིག་མདོར་བསྡུས། དོན་དབང་གཏོར་དབང་ཆོག་བསྒྲིགས་རྣམས་སོ། །འདིའི་དབང་ལུང་ཁོ་བོས་ཀྱང་ལན་གསུམ་བརྒྱུད་ཚུལ་སོ་སོར་ནོས་པས་མཚོན་བརྒྱུད་པའི་རྣམ་གྲངས་མང་ཡང་སྲས་བརྒྱུད་རྩ་བ་ཙམ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་རྒྱལ་བ་རིགས་ལྔ། སྤྲུལ་སྐུ་སྤྱན་རས་གཟིགས་དབང་། ཀུན་འདུས་པདྨ་བཛྲ། ཡེ་ཤེས་མཚོ་རྒྱལ། ཁྲི་སྲོང་ལྡེའུ་བཙན། མུ་རུབ་བཙད་པོ། སངས་རྒྱས་གླིང་པ། སྲས་ཡེ་ཤེས་རྡོ་རྗེ། ཆོས་བདག་གཞོན་ནུ་སེང་གེ །གུ་རུ་འོད་ཟེར། ཚུལ་ཁྲིམས་རྒྱལ་མཚན། རྩེ་ལེ་རིག་འཛིན་བསོད་ནམས་རྣམ་རྒྱལ། དཔལ་ཨོ་རྒྱན་བསྟན་འཛིན། སྤྲུལ་སྐུ་ཀརྨ་གུ་རུ། འབྲི་གུང་རིན་ཆེན་ཕུན་ཚོགས། ཡང་ན་སྲས་ཡེ་རྡོར་ནས། སངས་རྒྱས་དཔལ་ལྡན། རྫོང་ལུང་རིག་འཛིན་ཆེན་པོ། གནམ་གང་པ་བྱང་ཆུབ་བཟང་པོ། མི་འགྱུར་ལས་འཕྲོ་གླིང་པ། རྗེ་རཏྣ། དེ་ནས། གཏེར་ཆེན་ཞིག་གླིང་། གར་དབང་པདྨ་རྒྱལ་མཚན། མཁས་གྲུབ་པདྨ་མ་ཏི། དཀོན་མཆོག་བཀྲ་ཤིས། ཀུན་བཟང་ཤེས་རབ། ཁྱབ་བདལ་ཀློང་ཡངས། པདྨ་ནོར་བུ། ཀརྨ་བཀྲ་ཤིས། པདྨ་འོད་ཟེར། ཀུན་བཟང་ཕྲིན་ལས་ལྷུན་གྲུབ། ཀརྨ་ཐེག་མཆོག་བསྟན་འཕེལ། གཉིས་ཀ་ལས་བདག་གིས་ནོས་སོ། །འགྱུར་མེད་བསྟན་འཛིན་འཕེལ་རྒྱས་ལས་ཐོབ་པ་ནི། སྨིན་གླིང་དང་ཀཿཐོག་བརྒྱུད་པ་གཙོ་ཆེ་ལ། པདྨ་གསང་སྔགས་བསྟན་འཛིན་ལས་ཐོབ་པ་ནི་རྩེ་ལེ་དང་ཏ་བླའི་བརྒྱུད་པ་གཙོ་ཆེའོ། །འདི་ལ་པོད་ཆེན་བཅུ་གསུམ་ད་ལྟའི་བར་དུ་དབང་ལུང་ཉམས་ལེན་སྒྲུབ་རྒྱུན་བར་མ་ཆད་ཅིང་བྱིན་རླབས་ཚན་ཁ་ཤིན་ཏུ་ཆེ་བ། བསྐྱེད་རྫོགས་ཕྲིན་ལས་དང་བཅས་པ་མ་ཚང་བ་མེད་པ་བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་ཏུ་བསྔགས་པ་དོན་དང་ལྡན་པའི་ངོ་མཚར་ཅན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་གན་མཛོད་ལྟ་བུ་ཉིད་དོ། །ལོ་ཆེན་བཻ་རོ་ཙ་ནའི་སྤྲུལ་པའི་སྒྱུ་འཕྲུལ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རྡོ་རྗེ་གླིང་པས་ངོམ་ཤོད་གནམ་ལྕགས་བྲག་རྟ་མགྲིན་ཕུག་ནས་སྤྱན་དྲངས་པའི་ཟབ་ཆོས་འདུས་པ་ཆེན་པོ་བཞིའི་དང་པོ་བླ་མ་ཞི་བ་བཀའ་འདུས་རིན་ཆེན་གཏེར་སྤུངས་ཀྱི་རྩ་དབང་ཆེན་མོ། དོན་དབང་། ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་ལས་བྱང་ལེའུ་གསུམ་པ་དང་ལྷན་ཐབས་གཏེར་གཞུང་། དབང་གཉིས་ཀྱི་ཆོག་བསྒྲིགས་བཅས། བརྒྱུད་པ་ནི། ཀུན་བཟང་ཧེ་རུ་ཀ །རིག་འཛིན་རྡོ་རྗེ་ཆོས། མཁའ་འགྲོ་ལས་ཀྱི་དབང་ཆེན། རིག་འཛིན་བརྒྱད། ཨོ་རྒྱན་ཆེན་པོ། བཻ་རོ་ཙ་ན། ཡེ་ཤེས་མཚོ་རྒྱལ། གཏེར་སྟོན་རྡོ་རྗེ་གླིང་པ། དེའི་ཡེ་ཤེས་ཀྱི་སྐུས་ཡང་ནས་ཡང་དུ་བྱིན་གྱིས་བརླབས་ཤིང་རྗེས་སུ་བཟུང་པ་པདྨ་འོད་གསལ་མདོ་སྔགས་གླིང་པ། དེས་བདག་ལ་དགྱེས་པས་བསྩལ་པའོ། །འདིར་ཟོར་ཡངས་པའི་ཁྱད་ལས་བྱང་ཆུང་བ་བཀོད་པ་ལས་དབང་ཆེན་སྐབས་གཏེར་གཞུང་ལས་བྱང་རྒྱས་པ་ཉིད་བཏང་གྲུབ་ན་གལ་ཆེའོ།།ཆོས་རྒྱལ་རཏྣ་གླིང་པས་གཉལ་སྨད་དགེ་རིའི་བྲག་ནས་བཏོན་པ་ལྷོ་གཏེར་རིན་ཆེན་འབྲས་བུའི་ཡང་བཅུད་ཐུགས་སྒྲུབ་ཡང་སྙིང་འདུས་པའི་དབང་ཆེན། རིམ་ལྔའི་ཁྲིད། ལས་བྱང་གཏེར་གཞུང་། བརྒྱུད་འདེབས་གཏེར་གསུང་། ཁྲིད་ཡིག་གྲུབ་དབང་ཚོགས་གཉིས་མཛད་པ། དབང་ཆོག །དབང་ལུང་གི་བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། རྗེ་འབངས་གྲོགས་ལྔ། རཏྣ་གླིང་པ། ཚེ་དབང་གྲགས་པ། ཤཱཀྱ་བཀྲ་ཤིས་ནས་གནས་མདོ་ཕྱོགས་སུ་བརྒྱུད་པ་གོང་གི་ཚེ་སྒྲུབ་གསང་འདུས་ལྟར་ལ། ཆགས་མེད་བཞི་པ་པདྨ་འཆི་མེད་ངེས་དོན་གྲུབ་པའི་དབང་པོས་བདག་ལའོ། །ཡང་ན། རད་གླིང་། ཚེ་དབང་གྲགས་པ། ངག་དབང་གྲགས་པ་སོགས་ཀཿཐོག་ཧེ་པ་ཆོས་འབྱུང་ཕྱོགས་ནས་དཔལ་ཡུལ་ལ་བརྒྱུད་པ་དང་། ཀརྨ་ཆགས་མེད། མི་འགྱུར་རྡོ་རྗེ། ཀུན་བཟང་ཤེས་རབ་ལ་བརྒྱུད་པ་དང་། ཉེ་བརྒྱུད་རད་གླིང་། མི་འགྱུར་རྡོ་རྗེ། ཀུན་བཟང་ཤེས་རབ་ཅེས་རཏྣའི་ཆོས་སྐོར་ཐམས་ཅད་ལ་འདྲེན་ཆོག་ཅིང་། ཁོ་བོས་དྲིན་ཅན་བླ་མ་གསང་སྔགས་མགོན་པོ་ལས་ཞུས་པ་སྟེ་ཐུགས་སྒྲུབ་སྒྲུབ་རྒྱུན་དཔལ་ཡུལ་ལྟ་བུ་གང་ལའང་མེད་པས་བརྒྱུད་སྲོལ་འདི་ཁྱད་དུ་འཕགས་པའོ། །འདི་དང་ཆོས་དབང་གསང་འདུས་མ་བུ་ཡིན་ཞིང་ལྷ་སྔགས་གཅིག་པ་ཁོ་ནར་བཞུགས་པས་དབང་སྒྲུབ་སྐབས་སོགས་ཟོར་ཡངས་བྱེད་ན་གསང་འདུས་ལས་བྱང་གིས་ཆོག་གོ །གཏུམ་མོ། སྒྱུ་ལུས། རྨི་ལམ། འོད་གསལ། ཕྱག་ཆེན་གཅོད་ཁྲིད་བཅས་ཀྱི་རིང་བརྒྱུད་མདོ་ཁམས་པ་ངག་དབང་ཀུན་དགའ་བསྟན་འཛིན་ཕྱོགས་ནས་བརྒྱུད་པ་རྟོགས་ལྡན་ཚོགས་གཉིས་ཀྱིས་གསན་ཅིང་ཉམས་བཞེས་མཐར་ཕྱིན་པར་མཛད་པས་རཏྣ་གླིང་པའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་སྟེ་ཉེ་བརྒྱུད་འཁྲུལ་འཁོར་བཅས་བསྩལ། དེ་ལས་བདག་གིས་ཞུས་པའོ། །ལྷ་ལྕམ་པདྨ་གསལ་གྱི་དག་པའི་སྐྱེ་བ་ལྔ་པ་པདྨ་གླིང་པས་ལྷོ་བྲག་སྨན་མདོའི་བྲག་སེང་གེའི་གདོང་པ་ཅན་ནས་བཏོན་པའི་བླ་སྒྲུབ་ནོར་བུ་རྒྱ་མཚོ་ལས་རབ་འབྱམས་བཀའི་དབང་། ལས་བྱང་དོན་ཚན་གསུམ་པ་གཏེར་གཞུང་། དབང་ཆོག །དབང་བརྒྱུད་ནི། ཆོས་ལོངས་སྤྲུལ་གསུམ། མཚོ་རྒྱལ། མུ་ཏིག་བཙད་པོ། ལྷ་ལྕམ་པདྨ་གསལ། པདྨ་གླིང་པ། ཆོས་རྗེ་དོན་གྲུབ་རྣམ་གཉིས། གཉིས་ཀས་སྤྲུལ་སྐུ་བསྟན་འཛིན་གྲགས་པ། པདྨ་ཕྲིན་ལས། ཚུལ་ཁྲིམས་རྡོ་རྗེ། བསྟན་འཛིན་འགྱུར་མེད་རྡོ་རྗེ། ངག་དབང་ཀུན་བཟང་རྡོ་རྗེ། འགྱུར་མེད་མཆོག་གྲུབ་དཔལ་འབར། བསྟན་འཛིན་གྲུབ་མཆོག་རྡོ་རྗེ། དེ་གཉིས་ཀས་སྔགས་རམ་པདྨ་ཆོས་དབང་། བསྟན་འཛིན་ཆོས་ཉི། བསྟན་འཛིན་རྒྱལ་མཚན། མཁན་འགྱུར་མེད་རྒྱ་མཚོ། རིག་འཛིན་བཟང་པོ། ངག་དབང་བློ་གྲོས། འཇིགས་མེད་མཁྱེན་བརྩེའི་དབང་ཕྱུག །པདྨ་དམ་ཆོས་འོད་ཟེར། མཁན་བླ་མ་ཐུབ་བསྟན་རྒྱལ་མཚན། དེ་ལས་སོ། །ལུང་བརྒྱུད་ལ། པདྨ་དམ་ཆོས་བགྲང་མི་དགོས་སོ། །ཆོས་རྒྱལ་ཆེན་པོའི་ཐུགས་སྤྲུལ་མངའ་རིའི་པཎ་ཆེན་པདྨ་དབང་རྒྱལ་རྡོ་རྗེས་བསམ་ཡས་དབུ་རྩེའི་སྟེང་ཁང་རྣམ་སྣང་གསང་སྒྲོམ་ནས་ཕྱུངས་པའི་བླ་མ་བཀའ་བརྒྱད་ཡོངས་འདུས་ཀྱི་རིག་འཛིན་རྩ་དབང་། ཡང་ཏིག་སྙིང་པོ། སྒྲུབ་དབང་སྲིན་སྦར་མ། རྡོ་རྗེ་གསང་བ་སྟེ་སྤྲོས་བྲལ་བདེ་ཆེན། བསྟན་པ་རྨད་བྱུང་། སིནྡྷུ་རྒྱ་མཚོ་ཆེ་ཆུང་བཅས་ཀྱི་དབང་། ཕྱིས་སུ་རྒྱུན་བྱུང་བའི་ཉི་མ་ལྷོ་ནུབ་མའི་དབང་། དེ་དག་རྣམས་ཀྱི་ཕྲིན་ལས་དབང་ཆོག་དང་བཅས་པ་ནག་འགྲོས་ཅན། བསམ་པ་ལྷུན་གྲུབ་ཀྱི་དབང་། སྒྲུབ་ཐབས་ཡོན་ཏན་གཏེར་མཛོད་གྱི་ལོ་རྒྱུས་ལུང་བསྟན། རྩ་སྒྲུབ། ལས་བྱང་། ཚོགས་དང་རྒྱུན་གཏོར། དབང་ཆོག །གསོལ་འདེབས་ལས་ཚོགས། རྫོགས་རིམ། ལས་བཅོལ་དམ་བདར་བཅས་གཏེར་གཞུང་ཚང་བ། བརྒྱུད་འདེབས་དང་གསལ་བྱེད་པད་ཕྲིན་གསུང་། ཟིན་བྲིས་ཀུན་མཁྱེན་བླ་མས་མཛད་པ། ལས་བྱང་དང་དབང་གི་ལྷན་ཐབས་རྣམས་སོ། །དབང་བརྒྱུད་ནི། ཀུན་བཟང་། རིགས་ལྔ། སྒྲུབ་སྡེ་དཔལ་དགུ །སྟོན་པ་ཤཱཀ་ཐུབ། རིགས་གསུམ་མགོན་པོ། ལྷ་ཀླུ་མིའི་རིག་འཛིན། དགའ་རབ་རྡོ་རྗེ། ཤྲཱི་སིཾ་ཧ། ཨོ་རྒྱན་ཆེན་པོ། གསོལ་འདེབས་ཞུ་བའི་རྗེ་འབངས་དྲུག །པདྨ་དབང་རྒྱལ། འབྲི་གུང་རིན་ཆེན་ཕུན་ཚོགས། རྒྱལ་སྲས་བསྟན་པའི་འབྱུང་གནས། ཀརྨ་རྒྱལ་སྲས་ཀུན་བཟང་། ཟབ་ལུང་དབང་གི་རྒྱལ་པོ། ལྷ་བཙུན་ཀུན་བཟང་རྣམ་རྒྱལ། བྱ་བཏང་ནོར་བུ་ཆོས་བརྟན། རིག་འཛིན་ཕྲིན་ལས་ལྷུན་གྲུབ། ཆོས་རྒྱལ་གཏེར་བདག་གླིང་པ། རིན་ཆེན་རྣམ་རྒྱལ། པདྨ་བསྟན་འཛིན། ཕྲིན་ལས་རྣམ་རྒྱལ། ཀརྨ་ཉི་མ། རྟོགས་ལྡན་བསྟན་འཛིན་རྒྱ་མཚོ། མཁན་ཆེན་བླ་མ་ཀརྨ་ངེས་དོན་བསྟན་པ་རབ་རྒྱས། དེས་བདག་ལའོ། །ཡང་ན། གཏེར་ཆེན་ནས། ཐམ་ཀ་ངག་དབང་ཚེ་རིང་། ཤེས་རབ་གྲགས་པ། ཀརྨ་ཉི་མ། ཆགས་མེད་བཞི་པ། བསྟན་འཛིན་རྒྱ་མཚོའོ། །བསམ་ལྷུན་དབང་རྒྱུན་གཅིག་ནི། ཕྲིན་ལས་ལྷུན་གྲུབ་ནས། ཆོས་དབྱིངས་རང་གྲོལ། བློ་བཟང་རྒྱ་མཚོ། པདྨ་ཕྲིན་ལས། རིག་འཛིན་དབང་རྒྱལ། ཚེ་དབང་ནོར་བུ། ཆོས་ཀྱི་རྒྱ་མཚོ། དགེ་ལེགས་རྒྱ་མཚོ། ཐུགས་ཀྱི་རྡོ་རྗེ། པདྨ་ཉིན་བྱེད་དབང་པོ། ཟླ་བཟང་རིན་པོ་ཆེས་བདག་ལའོ། །ལུང་ཡོངས་རྫོགས་ནི། གཏེར་ཆེན། འབུམ་རམ་ཨོ་རྒྱན་སྐལ་བཟང་། སྔགས་རབ་དཔལ་འབར། ཀུན་བཟང་པདྨ་བསྟན་འཕེལ། སྒམ་སྤྲུལ་དབང་རྒྱལ་རྡོ་རྗེ། ཨོ་རྒྱན་ཕུན་ཚོགས། ཟར་སྤྲུལ་པད་དབང་། ཕྲིན་ལས་ཆོས་སྒྲོན། བསྟན་འཛིན་དཔལ་སྒྲོན། དེས་སོ། །ཡང་སྤུ་བོ་སྦ་ཁ་སྤྲུལ་སྐུའི་ཕྱོགས་ནས་བརྒྱུད་པ་ཞིག་ཀྱང་ནོས་པ་བརྒྱུད་ཁུངས་ཤིན་ཏུ་གཙང་ཡང་བར་སྐབས་རེ་ཟུང་མཚན་ཐོ་མ་རྙེད། ཡང་བསམ་ལྷུན་དབང་ལུང་ཆ་ཚང་གི་བརྒྱུད་ལུགས་གཅིག་ནི། རྒྱལ་སྲས་བསྟན་པའི་འབྱུང་གནས་ཡན་སྔར་ལྟར་ལ། དེ་ནས་ངག་གི་དབང་པོ། བསོད་ནམས་མཆོག་ལྡན། ཟུར་ཆེན། ལྔ་པ། པད་ཕྲིན། གཉགས་སྟོན་པདྨ་དབང་རྒྱལ། པདྨ་གསང་སྔགས། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། སྤང་སྟོན་པདྨ་ཚེ་དབང་། སྒྲོལ་སྟོན་ཆོས་རྒྱན། པཎ་ཆེན་རིན་པོ་ཆེ་ཉིད་སླར་ཡང་བྱོན་པ་ཀུན་མཁྱེན་འཇམ་དབྱངས་མཁྱེན་བརྩེ། དེས་བདག་ལའོ། །གཏེར་ཆེན་ཞིག་པོ་གླིང་པའི་ཐུགས་རྗེ་ཆེན་པོའི་ཆོས་སྡེ་བླ་མ་པདྨ་བཛྲའི་དབང་། ལས་བྱང་གཏེར་གཞུང་། དབང་ཆོག །བརྒྱུད་པ་འོག་གི་ཐུགས་ཆེན་ལྟར། ཞིག་གླིང་རྩ་གསུམ་རྒྱལ་བ་འདུས་པའི་བླ་མའི་སྒེར་དབང་དང་ཆོས་གླིང་ཟབ་ལམ་ཐུགས་ནོར་གཉིས་ཞུ་དག་ཐུབ་ཅིང་བརྒྱུད་སྲོལ་གཉིས་ཀ་འདུས་པའི་ཕྲིན་ལས་དབང་དང་བཅས་པ། ཞིག་གླིང་བརྒྱུད་པ་ཟབ་པ་སྐོར་བདུན་ལྟར་ལ་ཆོས་གླིང་འོག་གི་ཟབ་ལམ་དང་མཚུངས་སོ། །ལོ་ཆེན་རྣམ་སྣང་སྲུང་བའི་རྣམ་འཕྲུལ་འགྲོ་འདུལ་གླིང་པ་ཤེས་རབ་འོད་ཟེར་གྱིས་གྲོགས་རི་རིན་ཆེན་སྤུངས་པ་སོགས་གཏེར་གནས་དྲུག་ནས་སྤྱན་དྲངས་པའི་ཟབ་ཆོས་གྲོལ་ཏིག་དགོངས་པ་རང་གྲོལ་གྱི་ལམ་རྒྱས་པ་དབང་བཞི་ཡོངས་རྫོགས། འབྲིང་པོ་བསྙེན་སྒྲུབ་རྣམ་གསུམ་རྩ་བའི་དབང་། བསྡུས་པ་རིགས་བསྡུས་བརྡ་དབང་ལྔ་པ། བླ་མ་རིག་འཛིན་ཀུན་འདུས་ཀྱི་ཕྲིན་ལས་རྒྱས་པ་གཏེར་སྟོན་ཉིད་མཛད། སྨན་མཆོད་བྱང་། བླ་སྒྲུབ་སྡུག་བསྔལ་ཞི་བྱེད་དང་པདྨ་གུ་རུའི་ཕྲིན་ལས་ཀུན་མཁྱེན་བླ་མའི་གསུང་། ལམ་རྒྱས་འབྲིང་བསྡུས་གསུམ་གྱི་དབང་ཆོག་རྣམས། བརྒྱུད་པ་ནི། ཀུན་བཟང་། རྡོར་སེམས། དགའ་རབ། ཨོ་རྒྱན་ཡབ་ཡུམ། བཻ་རོ། པྲཛྙཱ་རསྨི། སྲས་ཀརྨ་ཀུན་བཟང་། རིན་ཆེན་དར་རྒྱས། ཕྲིན་ལས་ལྷུན་གྲུབ། འགྱུར་མེད་རྡོ་རྗེ། ངག་དབང་ཀུན་བཟང་པདྨ། ཀུན་བཟང་འོད་ཟེར། པདྨ་དབང་ཆེན། ཆོས་ཀྱི་ཉི་མ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ཡང་ན། ཀློང་ཆེན་ནམ་མཁའི་རྣལ་འབྱོར། ཀུན་བཟང་གཞན་ཕན། མི་འགྱུར་ནམ་མཁའི་རྡོ་རྗེ། མཁན་པདྨ་རྡོ་རྗེ། ཀུན་མཁྱེན་བླ་མ་རྡོ་རྗེ་གཟི་བརྗིད། དེས་དབང་ལུང་ཆ་ཚང་བསྩལ་པའོ། །ཉེ་བརྒྱུད་ནི། གཏེར་སྟོན་ཉིད་ཀྱི་ཡེ་ཤེས་ཀྱི་སྐུས་རྗེ་བླ་མ་རྡོ་རྗེ་གཟི་བརྗིད་དང་། མཆོག་གྱུར་གླིང་པ་གཉིས་ཀ་ལ་བྱིན་རླབས་བསྩལ། དེ་གཉིས་ཀ་ལས་བདག་གིས་ནོས་སོ། །མངའ་བདག་ཆེན་པོའི་ཡོན་ཏན་རྣམ་འཕྲུལ་ཆོས་རྒྱལ་བྱང་པ་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེའི་ཟབ་གཏེར་ལས་གཙང་རོང་གདགས་བྲག་ལྷང་ལྷང་མའི་གཏེར་བྱོན་བླ་མ་མཚོ་སྐྱེས་རྡོ་རྗེ་འཆི་མེད་སྐུ་གསུམ་རིགས་འདུས་ཀྱི་དབང་། སྐྱེ་བརྒྱུད་ལུང་བསྟན། ལོ་རྒྱུས་རྩ་སྒྲུབ། ཕྲིན་ལས། དོན་དབང་། སྤྱི་ལུང་བཅས་གཏེར་གཞུང་། ལྔ་པ་དང་པད་ཕྲིན་གྱི་ཆོག་ཁྲིགས་སྐོར་ཆ་ཚང་། དབང་ཆོག་བཅས། བརྒྱུད་པ་ནི། སྣང་བ་མཐའ་ཡས། སྐུ་གསུམ་ཚེ་བདག་ཡབ་ཡུམ། གནུབས་ཆེན། ཁྲི་སྲོང་། ཞང་ཁྲོམ། གཏེར་སྟོན་མཁའ་འགྲོ་ཡོངས་གྲུབ་རྩལ། སྲས་ངག་གི་དབང་པོ། ཡོལ་མོ་བསྟན་འཛིན་ནོར་བུ། ཟུར་ཆེན་ཆོས་དབྱིངས་རང་གྲོལ། རྡོ་རྗེ་ཐོགས་མེད། པདྨ་ཕྲིན་ལས། ཚེ་བདག་འགྱུར་མེད་རྡོ་རྗེ། འཇམ་དབྱངས་ངག་དབང་རྡོ་རྗེ། སྒྲོལ་མ་བ་པདྨ་ཀུན་གསལ། གར་དབང་ཆོས་ཀྱི་དོན་གྲུབ། ཐེག་མཆོག་བསྟན་པའི་རྒྱལ་མཚན། སྒྲོལ་སྟོན་ཆོས་རྒྱན། འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་བཀའ་དྲིན་ཏུ་བསྩལ་པའོ། །ཉང་བན་ཏིང་འཛིན་བཟང་པོའི་རྣམ་འཕྲུལ་སྐྱེ་མཐའི་སངས་རྒྱས་རིག་འཛིན་འཇའ་ཚོན་སྙིང་པོས་བྱང་ཀོང་རྔོད་ཧོམ་འཕྲང་ལྕགས་ཀྱི་སྒོ་མོ་ནས་བཏོན་པའི་ཟབ་ཆོས་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་རྩ་དབང་། ཚེ་དབང་། བསྐྱེད་རྫོགས་ཀྱི་ཁྲིད། ལས་བྱང་། བསྙེན་ཡིག །དབང་ཆོག་དང་སྔོན་འགྲོ་ལྷ་ཁྲིད་བཅས་རིག་འཛིན་ཚེ་དབང་ནོར་བུས་མཛད་པ། ཐུན་མོང་སྔོན་འགྲོ་གཏེར་གཞུང་། རྫོགས་རིམ་ཁྲིད་ཡིག །སྔོན་འགྲོའི་འདོན་ཆ། ཚེ་དབང་ཆགས་མེད་གསུང་རྣམས་སོ། །དབང་ལུང་བརྒྱུད་སྲོལ་མང་དུ་ནོས་ཀྱང་རྩ་བ་རིག་འཛིན་རྩལ་འཆང་བར་མ་ཆད་པའི་བརྒྱུད་སྲོལ་ཁྱད་པར་འཕགས་པ་ནི། ཆོས་ལོངས་སྤྲུལ་གསུམ། མཚོ་རྒྱལ། ཉང་བན། ལས་འཕྲོ་གླིང་པ། ཁྲག་འཐུང་བདུད་འདུལ་རྡོ་རྗེ། གཏེར་ཆེན་ཀློང་གསལ་སྙིང་པོ། པདྨ་བདེ་ཆེན་གླིང་པ། རྡོ་རྗེ་ཚེ་དབང་ནོར་བུ། བཀའ་བརྒྱུད་ཕྲིན་ལས་ཤིང་རྟ། རྟ་མགྲིན་དབང་གི་རྒྱལ་པོ། པདྨ་ཉིན་བྱེད་དབང་པོ། དེས་བདག་ལའོ། །ཡང་། ཚེ་དབང་ནོར་བུ། རྒྱལ་དབང་བདུད་འདུལ་རྡོ་རྗེ། དཔའ་བོ་བརྒྱད་པ་པདྨ་བསྟན་འཛིན། དེས་སོ། །ཡང་འཇའ་ཚོན། སྤྲུལ་སྐུ་རིག་འཛིན་རྒྱ་མཚོ། ཀརྨ་ཆགས་མེད་ཕྱིན་ཆད་གནས་མདོ་སྨད་བརྒྱུད་ལྟར་དབང་ལུང་ཆ་ཚང་གཅིག་གོ །སྔོན་འགྲོ་དང་བསྐྱེད་རིམ་ལྷ་ཁྲིད་ཀྱི་བརྒྱུད་པ་ནི། པདྨ་ཉིན་བྱེད་ནས། ཀརྨ་ཐེག་མཆོག་བསྟན་འཕེལ། དེ་ལས་སོ། །ཡང་ན། ཚེ་དབང་ནོར་བུ། སྔགས་འཆང་ཉི་ཟླ་གྲགས་པ། སྨན་སྒོམ་ཀུན་དགའ་དཔལ་ལྡན། བྲག་དཀར་པ་ཆོས་ཀྱི་དབང་ཕྱུག །འབའ་ར་བ་ཚེ་དབང་འཇིགས་མེད་བསྟན་འཛིན། དཔའ་བོ་གཙུག་ལག་ཆོས་རྒྱལ། ཐེག་མཆོག་བསྟན་འཕེལ་ལས་སོ། །རྫོགས་རིམ་ཁྲིད་རྒྱུན་ནི། རིག་འཛིན་ཆེན་པོ། ཀུན་མཁྱེན་བསྟན་པའི་ཉིན་བྱེད། ཀརྨ་ཚེ་དབང་ཀུན་ཁྱབ། ངེས་དོན་བསྟན་འཛིན་རབ་རྒྱས། ཀརྨ་འོད་གསལ་འགྱུར་མེད། དེས་བདག་ལའོ། །ཐུན་མོང་སྔོན་འགྲོ་གཏེར་གཞུང་དང་ཉམས་ལེན་བར་མ་ཆད་པའི་ཁྲིད་རྒྱུན་གཅིག་ནི། ལས་འཕྲོ་གླིང་པའི་ཞབས་ལས། མཆོག་སྤྲུལ་བཟང་པོ་རྡོ་རྗེ། ཆོས་བདག་བསྟན་པ་དར་རྒྱས། ཏ་བླ་པད་མ་མ་ཏི་གསུམ་གྱིས་གསན། དེ་གསུམ་ཀ་ལས་དབོན་ཨོ་རྒྱན་བློ་གྲོས་དང་བཀྲ་ཤིས་བླ་མ། གཉིས་ཀ་ལས་ཨོ་རྒྱན་བསྟན་འཛིན། དེ་ནས་མདོ་སྔགས་བསྟན་འཛིན། ངག་དབང་བློ་གྲོས། དེས་བདག་ལའོ། །ཡང་དབང་བཞི། ཚེ་དབང་། བསྐྱེད་རྫོགས་ཀྱི་ཟབ་ཁྲིད་བཅས་འཇའ་ཚོན། ལྷ་བཙུན་ཀུན་བཟང་རྣམ་རྒྱལ། ཕྲིན་ལས་ལྷུན་གྲུབ། འགྱུར་མེད་རྡོ་རྗེ། འཇིགས་མེད་དཔའ་བོ། མི་འགྱུར་དཔལ་སྒྲོན། ཨོ་རྒྱན་བསྟན་འཛིན་རྡོ་རྗེ། ཕྲིན་ལས་རྣམ་རྒྱལ། ཕྲིན་ལས་ཆོས་སྒྲོན། རྗེ་བླ་མ་རྡོ་རྗེ་གཟི་བརྗིད། དེས་བསྩལ་པའོ། །ཡང་ཉམས་ཁྲིད་ཁྱད་པར་ཅན་གྱི་བརྒྱུད་པ་གཅིག་ནི། ལྷ་བཙུན་རིན་པོ་ཆེ། ཤྲཱི་ཁམས་གསུམ་རང་གྲོལ། མེ་རག་པདྨ་དབང་ཕྱུག །ལྷ་བཙུན་གཉིས་པ་འཇིགས་མེད་དཔའ་བོ། རྗེ་བཙུན་མ་མི་འགྱུར་དཔལ་སྒྲོན་སོགས་འདྲའོ། །འབྲོག་བན་ཁྱེའུ་ཆུང་ལོ་ཙཱའི་སྐྱེ་བ་ས་བཅུའི་དབང་ཕྱུག་བདུད་འདུལ་ནུས་ལྡན་རྡོ་རྗེའི་ཟབ་གཏེར་ཚ་བ་སྒྲོ་བྲག་བན་རི་པདྨ་འོད་ཀྱི་གཏེར་བྱོན་དམ་ཆོས་སྤྲུལ་སྐུ་སྙིང་ཐིག་གི་ཐེམས་མེད་ཆོས་སྡེ་བླ་མ་པདྨ་འོད་འབར་གྱི་དབང་། སྒྲུབ་ཐབས་དང་ཛ྄པ་བསྐུལ་གཏེར་གཞུང་། དབང་ཆོག །བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། མཚོ་རྒྱལ། འབྲོག་བན་ལོ་ཙཱ། བདུད་འདུལ་གླིང་པ། པདྨ་ནོར་བུ། པདྨ་བདེ་གླིང་། ཚེ་དབང་ནོར་བུ། རྡོ་རྗེ་སྙིང་པོ། ཤྲཱི་ཙིཏྟ་བཛྲ། ཚེ་དབང་བསྟན་འཛིན། ཐེག་མཆོག་བསྟན་འཕེལ། དེ་ལས་སོ། །ཡང་སྲས་བརྒྱུད་ཁྱད་པར་ཅན་ནི། གཏེར་ཆེན་ནུས་ལྡན་ཞབས། དེ་ལས་རྒྱལ་སྲས་ནོར་བུ་ཡོངས་གྲགས་དང་། ཀུན་བཟང་ཁྱབ་བདལ་ལྷུན་གྲུབ་གཉིས་ཀས། རྒྱལ་སྲས་རྡོ་རྗེ་མཐོང་གྲོལ། ཀུན་བཟང་འཆི་མེད་རྡོ་རྗེ། ཀུན་བཟང་ཕྲིན་ལས་ནོར་བུ། དོན་གྲུབ་དབང་རྒྱལ། དཔའ་བོ་གཙུག་ལག་ཆོས་ཀྱི་རྒྱལ་པོ། དེ་ལས་སོ། །ཡང་བདུད་འདུལ་གཏེར་ཆོས་དབང་ལུང་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། གཏེར་ཆེན་ཉིད་ནས། ནོར་བུ་ཡོངས་གྲགས། ཁྱབ་བདལ་ལྷུན་གྲུབ། དཔལ་ཡུལ་པདྨ་ནོར་བུ། ཀརྨ་བཀྲ་ཤིས། ཀརྨ་སྦྱིན་པ། ཀརྨ་འགྱུར་མེད། སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་ཀརྨ་ཀུན་བཟང་བསྟན་འཛིན་གྱི་ཞལ་སྔ་ནས་ནོས་པ་སྟེ་འོག་གི་བདུད་འདུལ་གཏེར་ཆོས་གང་ཡོད་འདི་ལྟར་འགྲེས་ཆོག །གཞན་ཡང་སློབ་བརྒྱུད་སོགས་རྣམ་གྲངས་མང་ངོ་། །པཎ་ཆེན་བི་མ་ལ་དང་ཀློང་ཆེན་རབ་འབྱམས་བཟང་པོའི་ཡེ་ཤེས་ཀྱི་སྒྱུ་འཕྲུལ་ཁྲག་འཐུང་ནམ་མཁའ་འཇིགས་མེད་རྩལ་གྱི་ཟབ་མོ་དག་སྣང་གི་ཆོས་སྡེ་བླ་མ་རིག་འཛིན་སྲོག་སྒྲུབ་ཀྱི་ཚེ་དབང་དམར་མོ་བཅུད་སྡུད། རྩ་བའི་དབང་བཞི་ཡོངས་རྫོགས། རྩ་བའི་ཁྲིད། བརྒྱུད་འདེབས། ཕྲིན་ལས་རྒྱུན་ཁྱེར་དང་གསང་སྒྲུབ་ཟུང་བསྡེབས། གཏོར་མའི་ཐོ། །དབང་ཆོག ཁྲིད་ཡིག་འཇའ་གུར་གཏེར་མཛོད་རྣམས། བརྒྱུད་པ་ནི། ཀུན་བཟང་། རྡོར་སེམས། དགའ་རབ། པད་འབྱུང་ཡབ་ཡུམ། ལྷ་བཙུན་མཁའ་འགྲོའི་དབང་ཕྱུག །ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ། མི་འགྱུར་དཔལ་སྒྲོན། ཁྲི་པདྨ་བསྟན་འཛིན། ཨོ་ཌཱི་ཡ་ན། ཕྲིན་ལས་རྣམ་རྒྱལ། པད་སྤྲུལ་པདྨ་དབང་རྒྱལ། སྒྲོལ་སྟོན་ཆོས་ཀྱི་རྒྱལ་མཚན། རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེ། དེས་བདག་ལའོ། །ཉམས་ལེན་གྲུབ་སྲོལ་བརྒྱུད་པ་ཁྱད་པར་ཅན་ནི། ཀོང་སྨྱོན་ཧེ་རུ་ཀ་དཔལ། ཤེལ་བྲག་པ་ཡེ་ཤེས་ཕུན་ཚོགས། སྣང་བཞི་མཐར་ཕྱིན་མེ་རག་པ། ལྷ་བཙུན་འཇིགས་མེད་དཔའ་བོ། རྗེ་བཙུན་མི་འགྱུར་ཞབས་ཕྱིན་སྔར་ལྟར་རོ། །ཆོས་རྒྱལ་ཆེན་པོའི་ཕྲིན་ལས་ཀྱི་རྣམ་འཕྲུལ་རྒྱལ་དབང་ལྔ་པ་ཆེན་པོའི་དག་སྣང་རྒྱ་ཅན་ལས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་དབང་། བརྒྱུད་འདེབས། ཕྲིན་ལས། དབང་ཆོག །བསྙེན་ཡིག་བཅས་རྗེ་བླ་མས་མཛད་པ། བརྒྱུད་པ་ནི། སྣང་བ་མཐའ་ཡས། ཚེ་དཔག་མེད། པད་འབྱུང་། མཚོ་རྒྱལ། རིག་འཛིན་རྡོ་རྗེ་ཐོགས་མེད་རྩལ། དེ་ལས་པདྨ་ཕྲིན་ལས་དང་གཏེར་བདག་གླིང་པ་གཉིས་ཀས་གསན། གཉིས་ཀ་ལས་ངག་དབང་ཀླུ་སྒྲུབ། ངག་དབང་འཇིགས་མེད། འགྱུར་མེད་མཆོག་གྲུབ། པདྨ་ཚེ་དབང་རྩལ། འཇིགས་མེད་གོ་ཆ། འགྱུར་མེད་མཐུ་སྟོབས་རྣམ་རྒྱལ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལ་རྒྱ་ཅན་གྱི་དབང་ལུང་ཡོངས་རྫོགས་བཀའ་དྲིན་ཏུ་བསྩལ་པའོ། །རིག་འཛིན་མི་འགྱུར་རྡོ་རྗེ་བདུད་འདུལ་རོལ་པ་རྩལ་གྱི་གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་པད་འབྱུང་སྒྲུབ་པའི་དབང་། དེའི་སྒྲུབ་ཐབས་དབང་དང་བཅས་པ་གཏེར་གཞུང་། བརྒྱུད་པ་གོང་གི་ཞི་ཁྲོ་སོགས་སྤྱི་ལྟར་རོ། །སྤྲུལ་པའི་གཏེར་ཆེན་པདྨ་གར་དབང་འགྱུར་མེད་རྡོ་རྗེ་རྩལ་གྱི་བྲག་དམར་གཡའ་མ་ལུང་ནས་སྤྱན་དྲངས་པའི་བླ་མ་རིག་འཛིན་ཐུགས་ཐིག་གི་དབང་བཞི་གཏོར་དབང་དང་བཅས་པ། ཁྲིད་སྔོན་དངོས་རྗེས་ཚང་། སྔོན་འགྲོ་བརྒྱུད་འདེབས་བཅས། ལས་བྱང་རྒྱས་བསྡུས། བུམ་སྒྲུབ། བསྙེན་ཡིག་རྣམས་གཏེར་ཆེན་གསུང་། རྩ་གསུམ་སྐོང་གསོ་གཏེར་གཞུང་། ཁྲིད་ཡིག་དང་དབང་ཆོག་ལོ་ཆེན་མཛད་པ་རྣམས་སོ། །དབང་བརྒྱུད་ནི། ཆོས་ལོངས་སྤྲུལ་གསུམ། མཚོ་རྒྱལ། བཻ་རོ། ཁྲི་སྲོང་། གཏེར་ཆེན། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། ཁྲི་པདྨ་བསྟན་འཛིན། ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་མ་ཕྲིན་ལས་ཆོས་སྒྲོན། ཀུན་མཁྱེན་འཇམ་དབྱངས་མཁྱེན་བརྩེ། དེ་ལས་སོ། ཁྲིད་བརྒྱུད་དེ་ལྟར་རམ། ཡང་ན། གཏེར་ཆེན། མི་འགྱུར་དཔལ་སྒྲོན། ཁྱུང་རས་འོད་གསལ་ཀློང་ཡངས། སྒོམ་སྤྲུལ་པདྨ་དབང་རྒྱལ། ཁྲི་ཕྲིན་ལས་རྣམ་རྒྱལ་ཕྱིན་འདྲ། གཏེར་ཆེན་སྐུ་མཆེད་གསུང་རྣམས་རྡོར་སེམས་སྐབས་ལྟར་རོ། །གཏེར་སྟོན་མ་ཏི་རཏྣས་མདོ་ཁམས་གསེར་སྨད་ཁྲོ་ཆུ་གནས་ནང་ནས་བཏོན་པའི་བླ་མ་ཀུན་འདུས་ཡིད་བཞིན་ནོར་བུ་དང་ཨོ་རྒྱན་བསམ་གཏན་གླིང་པའི་ཡི་དམ་དགོངས་འདུས་ཆོས་སྡེ་བླ་མ་ཡིད་བཞིན་ནོར་བུ་གཉིས་རྒྱས་བསྡུས་ཀྱི་ཁྱད་པར་འགའ་ཞིག་ཙམ་ལས་རྩ་བ་ཚིག་དོན་མཚུངས་ཤིང་གཉིས་ཀའི་དབང་ལུང་ནོས་པས་ཆུ་བོ་་་་གཅིག་འདྲེས་སུ་གྱུར་པའི་རྩ་དབང་དང་གཏོར་དབང་། སྟག་ཤམ་ཡིད་བཞིན་ནོར་བུའི་ལས་བྱང་ཆུང་བ་གཏེར་གཞུང་། དབང་ཆོག །བརྒྱུད་པ་སྔ་མ་ལྟར་ན། ཆོས་ལོངས་སྤྲུལ་གསུམ། བཻ་རོ། མཚོ་རྒྱལ། མཁར་ཆེན་དཔལ་གྱི་དབང་ཕྱུག །གཏེར་སྟོན་མ་ཏི་རཏྣ། བཀྲ་ཤིས་རྒྱ་མཚོ། བཀྲ་ཤིས་འོད་ཟེར། མགོན་པོ་བླ་མ། པདྨ་རིག་འཛིན། གནས་ནང་སྤྲུལ་སྐུ་རིན་པོ་ཆེ། ཨ་བསོ་བླ་མ། པདྨ་ནོར་བུ། འགྱུར་མེད་ཡོན་ཏན་བཟང་པོ། པདྨ་གསང་སྔགས་བསྟན་འཛིན། དེས་བདག་ལའོ། །གཏེར་སྟོན་འདི་ཉིད་རིག་འཛིན་ཆེན་པོ་མཆོག་ལྡན་མགོན་པོའི་གཏེར་བྲན་བརྒྱ་རྩའི་སྡེ་ཡིན་པར་སྣང་ཞིང་གཏེར་ཆོས་ཚད་ལྡན་པུསྟ་ཀ་བཅུ་སྐོར་བ་གནས་ནང་དུ་ཡོད་པར་འདུག་གོ །ཕྱི་མའི་བརྒྱུད་པ་འོག་གི་ཡི་དམ་དགོངས་འདུས་ལྟར་རོ། །གཏེར་ཆེན་ཆོས་རྗེ་གླིང་པས་རང་བྱུང་ཁྲུས་རྫིང་ལྷུན་གྲུབ་གུ་རུའི་བཞུགས་ཁྲིའི་རྒྱབ་ཡོལ་ནས་ཕྱུངས་པའི་ཟབ་ལམ་ཐུགས་ཀྱི་ནོར་བུའི་རྩ་བའི་དབང་། སྨིན་གླིང་གཏེར་ཆེན་ཆོག་བསྒྲིག་ལས་བྱང་། དབང་ཆོག་བཅས། དབང་བརྒྱུད་ནི། ཆོས་ལོངས་སྤྲུལ་སྐུ །མཚོ་རྒྱལ། རྒྱལ་སྲས་ལྷ་རྗེ། འཛམ་གླིང་རྡོ་རྗེ། དེ་ལས་ཏྲེ་ཧོ་ཆོས་ཀྱི་དབང་པོ་དང་རྭ་སྟོན་སྟོབས་ལྡན་རྡོ་རྗེ་གཉིས་ཀྱིས་ཞུས། གཉིས་ཀ་ལས་ཀུན་མཁྱེན་དྷརྨཱ་ཀ་རས་གསན། དེ་ནས་རྒྱལ་དབང་བདུད་འདུལ་རྡོ་རྗེ། སྐྱོ་བྲག་གྲུབ་བརྙེས་ཚོགས་གཉིས། ཟུར་མང་ཀརྨ་བསྟན་པ། རྒྱལ་སྲས་པདྨ་དབང་དྲག །དབོན་བླ་མ་རྡོ་རྗེ་སྙིང་པོ། དེ་ལས་སོ། །ལུང་བརྒྱུད་ནི། པད་དབང་ཡན་གོང་ལྟར་ལ། དེ་ནས་རྒྱལ་སྲས་སྤྲུལ་སྐུ་ཐེག་མཆོག་བཀའ་བརྒྱུད་བསྟན་དར། དེས་སོ། །གྲུབ་པའི་སློབ་དཔོན་ཧཱུྃ་ཆེན་ཀ་ར་དང་མཁོན་ཀླུའི་དབང་པོ་ཟུང་འཇུག་གི་རོལ་གར་གཏེར་སྟོན་རིག་འཛིན་རོལ་པའི་རྡོ་རྗེའི་ཟབ་གཏེར་མཚོ་བྲག་གཉིས་སུ་གྲགས་པ་ལས་རྒྱམ་རྒྱལ་གནོད་སྦྱིན་ཆེན་པོའི་གངས་ཞོལ་གཡུ་མཚོ་གཏན་འཁྱིལ་ལས་ངོ་མཚར་རྫུ་འཕྲུལ་གྱི་བཀོད་པས་སྤྱན་དྲངས་པའི་བླ་མ་རྒྱལ་བ་ཀུན་འདུས་ཀྱི་དབང་བཞི། གཏེར་གཞུང་ལས་བྱང་། དེའི་ཟུར་འདེབས་རིགས། གཏེར་སྲུང་དང་དབང་ཆོག །ཆེ་ཚང་གསུང་རབ་རྒྱ་མཚོས་མཛད་པའི་བཀའ་སྲུང་སྤྱི་བསྡུས་རྣམས། དབང་གི་བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། མཚོ་རྒྱལ། མཁོན་སྟོན་ཀླུའི་དབང་པོ་སྲུང་བ། རོལ་པའི་རྡོ་རྗེ་མཐའ་ཡས་རྩལ། དེ་ལས་དབོན་ཨོ་རྒྱན་ལྷུན་གྲུབ་དང་གར་དབང་ཆོས་སྐྱོང་རྣམ་རྒྱལ་གཉིས་ཀྱིས་ཞུས། གཉིས་ཀ་ལས་རིག་འཛིན་རྟ་མགྲིན་མགོན་པོའམ་ཀརྨ་བདུད་འདུལ་རྒྱལ་པོས་གསན། དེ་ནས་བསྟན་འཛིན་ཀརྨ་ངེས་དོན་རྒྱ་མཚོ། དྲུང་འགྱུར་མེད་བསྟན་འཕེལ། བསྟན་འཛིན་ཀརྨ་དགེ་ལེགས་ཉི་མ། དེས་བདག་ལའོ། །ལུང་བརྒྱུད་ངེས་དོན་རྒྱ་མཚོ་ནས། གཏེར་སྤྲུལ་པདྨ་བསྟན་འཕེལ། བསྟན་འཛིན་རིན་པོ་ཆེས་བདག་ལའོ། །ཆེ་ཚང་གསུང་ནི་མཛད་པ་པོ་ནས། གར་དབང་ཆོས་རྣམ་ལའོ། །ཡང་བརྒྱུད་ཚུལ་མང་འདུས་ཉམས་ལེན་བྱིན་རླབས་ཀྱི་རྒྱུན་ཁྱད་པར་ཅན་གཅིག་ནི། གཏེར་སྟོན་སྐུ་མཆེད། ཆོས་བདག་དབང་རྒྱལ་རྡོ་རྗེ། གྲུབ་པའི་རྣལ་འབྱོར་བསམ་འཕེལ་རྟོགས་ལྡན་གུ་རུ་མ་ཎི། དེས་སོ། །འདི་ལ་ཆོས་སྡེའི་རྩ་བ་གསང་བ་ཡེ་ཤེས་སྙིང་པོའི་ཁྲིད་རྒྱུན་ཁྱད་པར་ཅན་བཞུགས་ཀྱང་ཡིག་ཚོགས་མང་བས་འདིར་མ་འཁོད་དོ། །རིག་འཛིན་ཆེན་པོ་དེ་ཉིད་ལ་སྙན་བརྒྱུད་མཁའ་འགྲོའི་སྙིང་ཁྲག་གི་སྐོར་ཞེས་པ་འགའ་ཞིག་བཞུགས་ཡོད་པར་སྣང་ཡང་སྤེལ་བར་མ་མཛད་ལ། དེའི་སྡེ་ཚན་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྙན་དུ་བརྒྱུད་པ་གུ་རུ་སྤྲོས་མེད་དོན་སྒྲུབ་ཀྱི་དབང་། གཞུང་རྩ་བ། དབང་ཆོག །དག་སྣང་སྲིན་ཡུལ་མའི་དབང་། དེའི་གཞུང་གསལ་བྱེད་བཅས། དེ་དག་གི་བརྒྱུད་པ་བླ་མ་རྒྱལ་བ་ཀུན་འདུས་བསྟན་འཛིན་རིན་པོ་ཆེ་ནས་བརྒྱུད་པ་དེ་ལྟར་རོ། །གནུབས་ནམ་མཁའི་སྙིང་པོའི་ཐུགས་སྤྲུལ་ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ་རྡོ་རྗེ་གཟི་བརྗིད་ཀྱི་དགོངས་པའི་གཏེར་ལས་ཕྱུངས་པ་གསོལ་འདེབས་བསམ་པ་ལྷུན་གྲུབ་ཀྱི་དབང་། དགོངས་གཏེར་རྩ་བའི་གཞུང་། བརྒྱུད་འདེབས། དབང་སྒྲུབ་ལྷན་ཐབས་དང་དབང་བཤད་དབང་ཆོག་བཅས་རྗེ་པདྨ་ཉིན་བྱེད་དབང་པོས་མཛད་པ། ཁྲིད་ཀྱི་ཟིན་བྲིས་ལུང་ཟིན་ཉེ་བའི་བུ་བརྒྱད་ཀྱི་ནང་ཚན་གཉགས་ཛྙཱ་ནའི་སྤྲུལ་པ་འབའ་ར་བ་ཨོ་རྒྱན་ངག་དབང་ཡེ་ཤེས་ཀྱིས་མཛད་པ་རྣམས་ལས་དབང་དང་རྩ་གཞུང་གི་བརྒྱུད་པ་ནི། ཆོས་ལོངས་སྤྲུལ་སྐུ །མཚོ་རྒྱལ། ནམ་མཁའི་སྙིང་པོ། འགྲོ་འདུལ་མ་ཎི་བཛྲ། ལོ་རི་སྤྲུལ་སྐུ་ཆོས་ཀྱི་རྒྱ་མཚོ། ཀུན་སྤང་དགེ་ལེགས་རྒྱ་མཚོ། རྟ་མགྲིན་དབང་གི་རྒྱལ་པོ། པདྨ་ཉིན་བྱེད་དབང་པོ། ཀུན་བཟང་ཕྲིན་ལས་ལྷུན་གྲུབ། དེས་བདག་ལའོ། །པདྨ་ཉིན་བྱེད་ཀྱི་གསུང་སྐོར་ནི། མཛད་པ་པོ་ལས་སོ། །འབའ་ར་བའི་ཁྲིད་ཡིག་ལས་ཁྲིད་ལུང་རྒྱུན། ངག་དབང་ཡེ་ཤེས། གཅུང་སྔགས་འཆང་པྲ་ཛྙཱཀ་ར། སྨན་སྒོམ་ཆོས་རྗེ་ཀུན་དགའ་དཔལ་ལྡན། རིག་འཛིན་ཆོས་དབྱིངས་རྡོ་རྗེ། གཙུག་ལག་ཆོས་ཀྱི་རྒྱལ་པོ། ཀརྨ་ངེས་དོན་དཔལ་བཟང། ཁྱབ་བདག་རྡོ་རྗེ་གཟི་བརྗིད། དེ་ལས་སོ། །ཡང་ན་མཛད་པ་པོ་ནས། ཀུན་བཟང་ཚེ་དབང་དོན་གྲུབ། ཚེ་དབང་འཇིགས་མེད་བསྟན་འཛིན། དཔལ་ལྡན་དཔའ་བོ་ཕྱིན་འདྲ། རིག་འཛིན་ཆེན་པོའི་ཆོས་སྐོར་རྣམས་རོལ་པའི་རྡོ་རྗེ་དང་གཏེར་ཁ་མ་བུའི་ཚུལ་ཡིན་པས་འདིའང་བླ་མ་རྒྱལ་བ་ཀུན་འདུས་ཀྱི་གཞི་བྱེད་པ་ཕྱག་ལེན་དུ་སྣང་ཞིང་། དགོངས་གཏེར་དབང་དངོས་ཁྱབ་བརྡལ་དུ་སྤེལ་བར་མ་མཛད་པའི་ངག་རྒྱུན་ཐོས་སོ། །མངའ་བདག་ཁྲི་ལྡེ་དང་རྒྱལ་སྲས་ལྷ་རྗེ་ཟུང་དུ་འཇུག་པའི་རྣམ་རོལ་བསམ་ཡས་རྫོགས་ཆེན་པ་ཀུན་མཁྱེན་འཇིགས་མེད་གླིང་པའི་དགོངས་གཏེར་ཀློང་ཆེན་སྙིང་གི་ཐིག་ལེའི་རྩ་དབང་རྒྱལ་ཐབས་སྤྱི་བླུགས། ནང་སྒྲུབ་རིག་འཛིན་འདུས་པའི་ལས་བྱང་དང་གབ་བྱང་གཏེར་གཞུང་། དབང་ཆོག །དེའི་དབང་ཁྲིད་ཀྱི་བརྒྱུད་པ་ནི། ཀུན་བཟང་། རྡོར་སེམས། དགའ་རབ། ཤྲཱི་སིཾ། འཇམ་དཔལ་བཤེས་གཉེན། ཛྙཱ་ན་སཱུ་ཏྲ། བི་མ་ལ། ཀུན་འདུས་སློབ་དཔོན་ཆེན་པོ། རྗེ་ཁྲི་སྲོང་། འབངས་བཻ་རོ། གྲོགས་མཚོ་རྒྱལ། ཀུན་མཁྱེན་དྲི་མེད་འོད་ཟེར། རིག་འཛིན་འཇིགས་མེད་གླིང་པ། འཇིགས་མེད་རྒྱལ་བའི་མྱུ་གུ །གང་དེའི་ཡེ་ཤེས་ཀྱི་ཟློས་གར་ཁྱབ་བདག་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །ལུང་བརྒྱུད་ནི། མཁྱེན་བརྩེའི་འོད་ཟེར། འཇིགས་མེད་ཕྲིན་ལས་འོད་ཟེར། འཇིགས་མེད་མཁྱེན་བརྩེའི་དབང་ཕྱུག །འགྱུར་མེད་མཐུ་སྟོབས་རྣམ་རྒྱལ། དེ་ལས་སོ། །ཨོ་རྒྱན་གཏེར་བདག་གླིང་པ་དང་ཐུགས་རྒྱུད་གཅིག་པ་དགེ་སྦྱོང་བློ་གསལ་རྒྱ་མཚོའི་ཡང་སྲིད་མཐུ་སྟོབས་ནུས་པའི་དབང་ཕྱུག་པདྨ་དགྱེས་པའི་སྙན་བརྒྱུད་གུ་རུ་ཞི་བ་ཡིད་བཞིན་ནོར་བུའི་དབང་། རྩ་གཞུང་དང་ཕྲིན་ཆོག་ཆ་ཚང་། བརྒྱུད་པ་ནི། ཨོ་རྒྱན་རིན་པོ་ཆེ། མཁས་གྲུབ་པདྨ་དགྱེས་པ། རྗེ་ཡེ་ཤེས་ལྷུན་གྲུབ། རིག་འཛིན་པདྨ་ཚེ་དབང་། རྗེ་མཁྱེན་རབ་མཐུ་སྟོབས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །གུ་རུའི་རྡོ་རྗེའི་ལུང་གིས་སྙིང་པོའི་བསྟན་པ་སྤེལ་བའི་སྐྱེས་ཆེན་ཆོས་ཀྱི་སྤྱན་ཅན་དྲུག་དང་པདྨའི་ལྗགས་ལྡན་དྲུག་རིམ་པར་བྱོན་པར་གདོད་ནས་གྲགས་ཤིང་གྲུབ་པའི་པདྨའི་ལྗགས་ལྡན་གྱི་ཐོག་མ། ཀརྨ་ཏཱའི་སི་ཏུ་པདྨ་དབང་ཆེན་ཞབས་ཀྱིས་དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་བསྩལ་པའི་ཨོ་རྒྱན་རྗེ་འབངས་ཉེར་ལྔའི་དབང་། དེའི་ལས་བྱང་རྩ་གཞུང་། དབང་ཆོག །བརྒྱུད་པ་རིང་བརྒྱུད་འཇའ་ཚོན་དཀོན་མཆོག་སྤྱི་འདུས་ལྟར་ལ། ཉེ་བརྒྱུད་ཨོ་རྒྱན་སངས་རྒྱས་ཀུན་འདུས། དེའི་རྣམ་འཕྲུལ་པདྨ་ཉིན་བྱེད་དབང་པོ། དེ་ལས་བཀའ་དྲིན་དུ་ཐོབ་པའོ། །ཡང་ལས་བྱང་གི་ལུང་། རྡོ་རྗེ་འཆང་པདྨའི་མཚན་ཅན་ནས། མཁན་བླ་མ་བསྟན་པ་རབ་རྒྱས་དེ་ལས་ཀྱང་ནོས་སོ། །རྩོད་བྲལ་གྱི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་གླིང་པ་ལ་སྤྱིར་བླ་མ་བསྟན་གཉིས་སྐོར་གསུམ། ཡི་དམ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ། མཁའ་འགྲོ་དགོངས་འདུས་དང་ཆོས་སྐྱོང་དགོངས་འདུས་ཀྱི་ཆོས་སྐོར་རྣམས་དབང་སྐལ་དུ་བཞུགས་ཤིང་བྱེ་བྲག་བླ་མ་ལ་མདོ་སྔགས་བསྟན་གཉིས་བརྒྱ་རྩ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུར་སྒྲུབ་པའི་སྐོར་ཚོ་གསུམ། སྤྲུལ་སྐུ་ཁོ་ན་ལའང་རྩ་བ་དང་ཡན་ལག་གཉིས། རེ་རེ་ལའང་དངོས་དང་ཐོར་བུའི་སྡེ་ཚན། ཡན་ལག་ལའང་བར་ཆད་སེལ་བ་དང་དངོས་གྲུབ་སྒྲུབ་པའི་ཆོས་སྡེ་གཉིས་སོགས་ངོ་མཚར་བསམ་ལས་འདས་པའི་ཆོས་མཛོད་ཆེན་པོར་རང་དབང་སྒྱུར་བར་སྣང་ཡང་། བསྟན་འགྲོ་སྤྱིའི་བསོད་ནམས་ཀྱི་བགོ་སྐལ་དང་མཐུན་པར་ཕྱོགས་དང་ཆ་ཤས་ཙམ་རེ་སྣང་བར་མཛད་པ་ལས། བླ་མ་སྐུ་གསུམ་ཐོར་བུའི་སྡེ་ཚན་རོང་མེ་དཀར་མོ་སྟག་ཚང་གི་གཏེར་བྱོན་དམ་ཆོས་སྙིང་པོ་སྐོར་ལྔ་ལས་བླ་མ་དགོངས་པ་འདུས་པའི་སྙིང་པོའི་དབང་། རྩ་བའི་གཏེར་གཞུང་། དེའི་ཕྲིན་ལས་དང་དབང་ཆོག་ཁྲིགས་བཀོད། སྤྲུལ་སྐུའི་ཡན་ལག་བར་ཆད་སེལ་བ་ཐོར་བུའི་སྒྲུབ་ཐབས་ཡེ་རྒྱལ་ནམ་མཛོད་གཏེར་མ་བླ་མ་བདུད་འདུལ་རྒྱལ་པོའི་དབང་། རྩ་བའི་གཏེར་གཞུང་། ཕྲིན་ལས་དང་དབང་ཆོག་རྒྱལ་དབང་ཐམས་ཅད་མཁྱེན་པ་བཅུ་བཞི་པས་མཛད་པ། ཡུམ་གཏེར་དུ་གཏོགས་པ་མཁའ་འགྲོ་འབུམ་རྫོང་གཏེར་བྱོན་ཟུར་བཟའི་ཐུགས་དམ་སྐོར་དྲུག་ལས་བླ་སྒྲུབ་ཐུགས་ཀྱི་ཡང་སྙིང་གི་དབང་། ལས་བྱང་གཏེར་གཞུང་། དབང་ཆོག །ཡན་ལག་བར་ཆད་སེལ་བ་རྩ་བའི་སྒྲུབ་སྐོར་ཟླ་ཉིན་ཁ་ལ་རོང་སྒོའི་གཏེར་བྱོན་ཕྱི་ལྟར་བླ་མ་སྣང་སྲིད་ཟིལ་གནོན་ཐོད་ཕྲེང་རྩལ་དུ་སྒྲུབ་པ་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལ་རྩ་དབང་རྒྱས་འབྲིང་བསྡུས་གསུམ། རྣམ་འཕྲུལ་བཅུ་གཉིས་སྒེར་དབང་སོགས་རྒྱ་ཆེར་བཞུགས་པ་ལས། འདིར་རྩ་དབང་འབྲིང་པོ་དང་། བསྡུས་པ་གཏོར་དབང་། བརྒྱུད་འདེབས། ལས་བྱང་འབྲིང་པོ་གཏེར་སྟོན་ཉིད་མཛད། ཕྲིན་ལས་སྙིང་པོ། རྒྱུན་ཁྱེར། གསོལ་འདེབས་བར་ཆད་ལམ་སེལ་རྣམས་གཏེར་གཞུང་། སྐོང་བ་གཡུ་ཞལ་མ། དོན་དབང་འབྲིང་བསྡུས་ཀུན་མཁྱེན་བླ་མའི་གསུང་། ལྷ་དབང་བཀོལ་བྱང་དང་། ཚེ་འགུགས་གཏེར་གཞུང་བཅས། ཡན་ལག་དངོས་གྲུབ་སྒྲུབ་པའི་སྐོར་རྩི་སྐེ་ནོར་བུ་སྤུན་གསུམ་གཏེར་བྱོན་ནང་ལྟར་བླ་མ་བདེ་བ་ཆེན་པོའི་སྐུར་སྒྲུབ་པ་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལའང་རྩ་བ་དང་ཡན་ལག་གི་སྨིན་བྱེད་མང་དུ་བཞུགས་པ་ལས། རྩ་དབང་རྒྱས་བསྡུས། ཚེ་དབང་། བརྒྱུད་འདེབས། ལས་བྱང་རྒྱས་པ་གཏེར་གཞུང་། ཕྲིན་ལས་སྙིང་པོ་གཏེར་གཞུང་ཁ་སྐོང་ཅན། གཏེར་སྲུང་གཏོར་འབུལ། དབང་ཆོག་རྒྱས་འབྲིང་བསྡུས་གསུམ་ཚེ་དབང་བཅས། མཆོག་སྒྲུབ་ཟབ་ཏིག་གི་སྐོར་གསང་བ་བླ་མ་མཚོ་སྐྱེས་རྡོ་རྗེར་སྒྲུབ་པ་འཆི་མེད་མཚོ་སྐྱེས་སྙིང་ཏིག་གི་ཆོས་སྡེ་རྣམས་ཀུན་མཁྱེན་བླ་མ་རྡོ་རྗེ་གཟི་བརྗིད་ལ་བཀའ་བབས་ཆེན་པོ་བདུན་དུ་བཞུགས་པའི་དྲུག་པ་ཟབ་མོ་དག་སྣང་གི་ཆོས་སྐོར་ལས་བྱོན་པ་སྟེ། འདི་ལ་ཆོས་སྡེ་ཟབ་རྒྱས་སུ་བཞུགས་པར་སྣང་ཡང་སྐབས་འདིར་རྩ་དབང་། བརྒྱུད་འདེབས། ལས་བྱང་གཏེར་གཞུང་། མཆོད་ཕྲིན་དང་སྐོང་བཤགས་དབང་ཆོག་བཅས་བཞུགས། དེ་རྣམས་ཀྱི་བརྒྱུད་པ་ནི། བླ་མ་སྐུ་གསུམ། བཀའི་སྡུད་པ་མོ། མཚོ་རྒྱལ། ཆོས་རྒྱལ་ཁྲི་སྲོང་། ལྷ་སྲས་དམ་འཛིན། མཆོག་གྱུར་བདེ་ཆེན་གླིང་པ། དེ་ལས་དབང་ལུང་ཡོངས་རྫོགས་ཞུས། བྱེ་བྲག་བདུད་འདུལ་རྒྱལ་པོ། གཏེར་སྟོན། རྒྱལ་དབང་ཀརྨ་པ་ཐེག་མཆོག་རྡོ་རྗེ། དེ་ལས་དང་། ཡང་རྒྱལ་བའི་དབང་པོ། འཇམ་དབྱངས་མཁྱེན་བརྩེ། དེ་ལས་བདག་གིས་ནོས། ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་རྩ་བའི་དབང་ལུང་ཡང་གཏེར་ཆེན་རྣམ་པ་གཉིས་ཀ་ལས་བཀའ་དྲིན་དུ་ཐོབ། མཚོ་སྐྱེས་སྙིང་ཐིག་ནི། གཏེར་སྟོན་གྲུབ་ཐོབ་རྒྱ་མཚོའི་འཁོར་ལོས་སྒྱུར་བ་འོད་གསལ་སྤྲུལ་པའི་རྡོ་རྗེ་ཉིད་ཀྱིས་དགྱེས་པས་བསྩལ་པའོ། །བླ་མ་ཡང་གསང་རྡོ་རྗེ་དྲག་རྩལ་དུ་སྒྲུབ་པའི་སྐོར་རོང་མེ་དཀར་མོ་སྟག་ཚང་ནས་རྣམ་གཉིས་ཞལ་རྒྱས་པས་སྤྱན་དྲངས་ཤིང་། དེ་ལས་ལམ་རིམ་ཡེ་ཤེས་སྙིང་པོ་ཙམ་ཞིག་ཀུན་མཁྱེན་བླ་མས་གཏན་ལ་ཕབ་པ་ལས་ཆོས་སྐོར་གཞན་དེ་སྔ་སྤྱོད་ཡུལ་དུ་མ་གྱུར། སྤྱིར་ཕྱི་ནང་གསང་བའི་བླ་སྒྲུབ་སྐོར་བཞི་ཐོག་མར་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་བཀའ་བབས་ཤིང་། ཕྱིས་མཆོག་གླིང་ནས་ཀྱང་བར་ཆད་ཀུན་སེལ་རང་སྐལ་དུ་སྤྱན་དྲངས་པ་སོགས་མ་བུ་ཟུང་བསྡེབས་ཆུ་བོ་གཅིག་འདྲེས་ཀྱིས་ཡིད་ཆེས་ཚད་མར་གྲུབ་པ་ཡིན་ནོ། །ལྷ་མདོ་འབུར་མོ་བདེ་ཆེན་པདྨ་བཀོད་ནས་རང་ཉིད་ལ་དངོས་གྲུབ་ཀྱི་སྐལ་པར་ཐོབ་ཅིང་གཏེར་ཆེན་བླ་མ་རིན་པོ་ཆེས་དག་པའི་གཟིགས་སྣང་སོགས་ཀྱིས་བསླུ་མེད་ཚད་མར་གྲུབ་པ། མཛོད་ལྔ་ཡོངས་རྫོགས་རྩ་གསུམ་དགོངས་པ་འདུས་པའི་ནང་ཚན། ལུང་གཏེར་གྱི་མཛོད་ལས་བླ་མ་རིག་འཛིན་མཆོག་སྒྲུབ་ཀྱི་དོན་དབང་། ཚེ་དབང་། བརྒྱུད་འདེབས། རྒྱུན་གྱི་ཕྲིན་ལས། རྒྱུན་གྱི་རྣལ་འབྱོར། ཚེ་སྒྲུབ་བཅས་གཏེར་གཞུང་། དབང་ཆོག་རྣམས་བཞུགས། ཙ་འདྲ་རིན་ཆེན་བྲག་གི་མཚོ་རྒྱལ་གསང་ཕུག་ནས་དངོས་གྲུབ་ཏུ་ཐོབ་པ་གསང་ཐིག་སྐོར་བདུན་གྱི་ཐོག་མར་བླ་སྒྲུབ་འོད་ཀྱི་ཐིག་ལེའི་རྩ་དབང་། ཚེ་དབང་། རྣལ་འབྱོར་གསུམ་གྱི་ཁྲིད། གཏེར་གཞུང་རྩ་བ། ལས་བྱང་། ཚེས་བཅུའི་གསོལ་འདེབས། དབང་ཆོག །ཁྲིད་ཡིག་རྣམས་གསར་བསྒྲིགས། རད་གླིང་གཏེར་བྱོན་ཚེས་བཅུའི་སྐུལ་ཐབས་བཅས། ཕྲིན་ལས་འགྲོ་འདུལ་དབང་གི་གནས་རི་བོ་དབང་ཞུའི་བཀྲ་ཤིས་ཟླ་གམ་ཕུག་ཏུ་དག་སྣང་དགོངས་པའི་གཏེར་དུ་བྱུང་བའི་ཚིག་བདུན་བླ་སྒྲུབ་ཀྱི་དབང་སྣ་ལྔ་བཅུ། སོ་སོའི་ཁྲིད། ཚིག་བདུན་འདོན་ཐབས། དབང་ཆོག །སྒྲུབ་ཐབས། ཕྲིན་ལས། དྲིལ་སྒྲུབ་བཅས་གཏེར་གཞུང་རྣམས་དང་། ཡུམ་བཀའི་དབང་། བཀའ་སྲུང་བཀའ་གཏད། ལས་གཞུང་། སྐོང་བཤགས། དབང་བསྐུར། བཀའ་སྲུང་གསོལ་མཆོད་རྣམས་གཏེར་གཞུང་། དབང་གི་མཚམས་སྦྱོར། ཁྲིད་ཟིན་བཅས་བཞུགས། ཡུམ་བཀའ་མཁའ་འགྲོའི་གྲལ་ཡིན་ཡང་འདིར་དཔེ་མི་འཐོར་བའི་ཆེད་དུ་བཀོད། དེ་དག་རྣམས་ཀྱང་བརྒྱུད་པ་དྲུག་ལྡན་གྱི་བབས་སོ་ལས་བྱོན་པ་ས་གཏེར་སྤྱི་མཐུན་ཉིད་དོ། ༈ །གཉིས་པ་ཞར་བྱུང་གཏེར་བྱོན་བླ་སྒྲུབ་སྣ་ཚོགས་པའི་སྐོར་ལ། རིག་འཛིན་འཇའ་ཚོན་སྙིང་པོས་སྒམ་པོ་དཔལ་རིའི་བྲག་སྒོམ་ཞྭའི་མགུལ་ནས་སྤྱན་དྲངས་པའི་ཟབ་གཏེར་མཉམ་མེད་སྒམ་པོ་པའི་ཞལ་གདམས་དྭགས་པོའི་གསང་ལམ་བླ་སྒྲུབ་ཀྱི་བྱིན་རླབས། རྩ་བའི་གཞུང་རྗེ་བཙུན་དྭགས་པོ་ལྷ་རྗེའི་གསུང་། ནོར་བུ་བརྒྱན་པས་མཛད་པའི་གསོལ་འདེབས། འཛམ་གླིང་རྡོ་རྗེས་མཛད་པའི་དབང་ཆོག །བསྙེན་ཡིག །བརྒྱུད་པ་ནི། རྡོ་རྗེ་འཆང་། ཏེ་ལོ། ནཱ་རོ། མར་པ། མི་ལ། དྭགས་པོ་ཟླ་འོད་གཞོན་ནུ། རིག་འཛིན་འཇའ་ཚོན་སྙིང་པོ། དེ་ལས་བཟང་པོ་རྡོ་རྗེ་སོགས་བརྒྱུད་པ་དང་། ཆོས་གྲགས་སོགས་ནས་འབྲི་གུང་བརྒྱུད་ལུགས་དང་། ཆགས་མེད་སོགས་གནས་མདོ་བརྒྱུད་པ་དང་། ཆོས་བདག་བསྟན་པ་དར་རྒྱས་ནས་བརྒྱུད་པ་སོགས་ཐོས་ཀྱང་། ཁྱད་འཕགས་འབྲུག་ལུགས་ལྟར་ན། འཇའ་ཚོན། ཆོས་རྗེ་མི་ཕམ་བློ་གྲོས། ཡོངས་འཛིན་ཀུན་དགའ་བློ་གྲོས། ཆོས་ཀྱི་དབང་ཕྱུག །ཁམས་པ་ངག་དབང་ཀུན་དགའ་བསྟན་འཛིན་ནམ་གསང་མཚན་ཐུགས་ཀྱི་རྡོ་རྗེ། བདེ་ཆེན་རྡོ་རྗེ། ཡོངས་འཛིན་འཇམ་དཔལ་དཔའ་བོ། མི་ཕམ་ཆོས་ཀྱི་སྣང་བ། རྡོ་རྗེ་འཆང་དངོས་པདྨ་ཉིན་བྱེད་དབང་པོས་བཀའ་དྲིན་དུ་བསྩལ་པའོ། །དབང་བརྒྱུད་ནི། གཏེར་ཆེན་ཛམ་གླིང་རྡོ་རྗེས་གསར་དུ་མཛད་ཅིང་རིམ་པར་བརྒྱུད་དེ། འབྲུག་ཆེན་ཀུན་གཟིགས་ཆོས་ཀྱི་སྣང་བ་འདི་ཡན་ཆད་གསན་ཡིག་ཏུ་བཙལ། དཔའ་བོ་གཙུག་ལག་ཆོས་རྒྱལ། མཁན་ཆེན་ཟླ་བཟང་རིན་པོ་ཆེ། དེ་ལས་སོ། །གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས། ཌོམྦི་པ། བིརྺ་པ། ཕ་དམ་པ། མི་ཏྲ་ཛོ་གི །རཏྣ་གླིང་པ་རྣམས་ཀྱི་དབང་། སོ་སོའི་སྒྲུབ་ཐབས་གཏེར་གཞུང་། བརྒྱུད་པ་གནམ་ཆོས་སྤྱི་ལྟར་རོ། །ལྷ་སྲས་མུ་ཁྲི་བཙད་པོའི་རྣམ་རོལ་གཏེར་སྟོན་གྲུབ་པའི་དབང་ཕྱུག་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱི་དག་སྣང་ཀརྨ་པཀྴིའི་བླ་སྒྲུབ་ཀྱི་དབང་། པཀྴི་ཞལ་གཟིགས་མའི་ལས་བྱང་རྩ་གཞུང་། དབང་ཆོག །བརྒྱུད་པ་ནི། ཆོས་སྐུ་འོད་དཔག་མེད། ལོངས་སྐུ་རྒྱལ་བ་རྒྱ་མཚོ། སྤྲུལ་སྐུ་པད་འབྱུང་དང་པཀྴི་དབྱེར་མེད། རིག་འཛིན་མི་འགྱུར་རྡོ་རྗེ། གཏེར་སྲས་གུ་རུ་ཆོས་འཛིན། གཏེར་སྤྲུལ་གཉིས་པ་ཀརྨ་འཆི་མེད་ནུས་ལྡན་གྲུབ་པའི་དབང་པོ། ཀརྨ་བདུད་འདུལ་རྒྱལ་པོ། བཀའ་བརྒྱུད་ཕྲིན་ལས་རྣམ་རྒྱལ། པདྨ་ཉིན་བྱེད་དབང་པོ། ཀརྨ་ཐེག་མཆོག་བསྟན་འཕེལ། དེས་བདག་ལའོ། །སྤྱིར་གཏེར་སྟོན་འདི་ལ་གཏེར་ཆོས་བླ་མ་ཞི་དྲག་ཚེ་སྒྲུབ་བཅས་པོད་གསུམ་བྱིན་རླབས་ཀྱི་བབས་དང་ལྡན་པ་བཞུགས་ཀྱང་རྒྱུད་ལུགས་ཀྱི་གཞུང་རྒྱུན་ཆགས་སུ་སོང་བ་དང་། ཕྲིན་ལས་སོགས་ཚིག་ཚོགས་ཆེ་བས་སྐབས་འདིར་བཀོལ་དུ་བཏུབས་པ་ནི་མ་མཆིས་སོ། །ཀློང་ཆེན་སྙིང་ཐིག་གི་ཡང་གསང་བླ་སྒྲུབ་ཐིག་ལེའི་རྒྱ་ཅན་ལ་རྗེ་བླ་མའི་དགོངས་པའི་གཏེར་ལས་ཕྱུངས་ཏེ་ཁ་བསྐངས་གནང་བའི་དབང་། བརྒྱུད་འདེབས། རྩ་བའི་གཞུང་། དབང་ཆོག་ལས་ཚོགས། མཆོད་ཕྲེང་། ཚོགས། སྐོང་བཤགས་བཅས། བརྒྱུད་པ་ནི། ཀློང་ཆེན་ནམ་མཁའི་རྣལ་འབྱོར། ཀུན་མཁྱེན་རྡོ་རྗེ་གཟི་བརྗིད། དེ་ལས་སོ། །ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཟབ་མོ་དག་སྣང་གི་ཆོས་སྡེ་ལས་དགུང་གྲངས་བཅོ་ལྔ་བཞེས་པའི་སྐབས་སུ་གྲུབ་ཆེན་ཐང་སྟོང་རྒྱལ་པོས་དངོས་སུ་བསྩལ་པའི་གྲུབ་ཐོབ་ཐུགས་ཏིག་གི་རྩ་དབང་། ཚེ་དབང་། ལྟ་སྒོམ་སྤྱོད་པ་བོགས་འབྱིན་འབྲས་བུ་རྣམས་ཀྱི་ཁྲིད། ཕྲིན་ལས་དང་ཚེ་སྒྲུབ་རྩ་གཞུང་། སོ་སོའི་དབང་ཆོག །ཁྲིད་ཡིག་གཏེར་གཞུང་བཅས། བརྒྱུད་པ་ནི། འཆི་མེད་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ། འོད་གསལ་སྤྲུལ་པའི་རྡོ་རྗེ། དེས་བྱིན་གྱིས་བརླབས་ཤིང་རྗེས་སུ་གནང་པའོ། །སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པ་གཞན་དོན་ལ་དགོངས་པའི་སྐབས་སུ་སྐུ་དང་ཞིང་ཁམས་ཀྱི་བཀོད་པ་ཇི་ལྟ་བར་གཟིགས་ནས་སྒྲུབ་ཐབས་གཏན་ལ་ཕབ་པ་སྐུ་གསུམ་རིགས་འདུས་ཟབ་ཏིག་གི་གཏོར་དབང་། ལས་བྱང་རྩ་གཞུང་། དབང་ཆོག་རྗེ་ཉིད་ཀྱིས་མཛད་པ། བརྒྱུད་འདེབས། སྐོང་བཤགས། སྨོན་ལམ་བཅས། བརྒྱུད་པ་ནི། སེམས་དཔའ་ཆེན་པོ་པདྨའི་མྱུ་གུ །འོད་གསལ་སྤྲུལ་པའི་རྡོ་རྗེ། དེས་བདག་ལ་བསྩལ་པའོ། ༈ །གསུམ་པ་གསང་བ་བླ་མ་དྲག་པོར་སྒྲུབ་པའི་སྐོར་ལ། གུ་རུ་དྲག་དམར་བཀའ་མ་འོ་བྲན་ལུགས་ཀྱི་དབང་། ༥༽ གཏེར་སྟོན་རྒྱལ་པོ་ལྔའི་དང་པོ་ཉང་རལ་ཉི་མ་འོད་ཟེར་གྱིས་གཏམ་ཞོལ་སྲིན་མོ་སྦར་རྗེས་ནས་སྤྱན་དྲངས་པ་བླ་མ་དྲག་པོ་དམར་ཆེན་ཀྱི་ཆོས་སྐོར་རྒྱས་འབྲིང་བསྡུས་གསུམ་དུ་བཞུགས་པའི་རྒྱས་པ་བདེ་གཤེགས་འདུས་པའི་དབང་རྡོ་རྗེ་སྤྱི་བླུགས་འདི་ཉིད་དང་རྡོར་གླིང་ཟུང་འཇུག་དང་། པད་གླིང་ཁྱད་པར་དུ་ཕྱེ་བ་བཅས་གཏེར་ཁ་གསུམ་ལྡན་ནོ། ༦༽ །སྨིན་ལམ་དབང་གི་རྒྱལ་པོ་སྣང་སྲིད་ལྷ་འདྲེའི་སྲོག་དབང་། དྲེགས་པའི་སྲོག་དབང་། འབྲིང་པོ་མེའི་སྤུ་གྲིའི་དབང་། ༧༽ བསྡུས་པ་བྱིན་རླབས་ལུ་གུ་རྒྱུད། ༨༽ བདེ་གཤེགས་འདུས་པའི་ལས་བྱང་། རྒྱུན་ཁྱེར། སྨིན་ལམ་དབང་ཆོག །མ་མགོན་སྡེ་བརྒྱད་ཀྱི་མཆོད་ཕྲིན་པད་ཕྲིན་དང་། སྲོག་དབང་ཆགས་མེད་གསུང་། བསྙེན་ཡིག་བཅས། བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་སྤྱན་གཟིགས་ཞི་དྲག །སྤྲུལ་སྐུ་གུ་རུ་ཞི་དྲག །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ཁྲི་སྲོང་། གཏེར་ཆེན་ཉང་རལ། སྨྱོས་ཞིག །མཚན་ལྡན་གྲུབ་ཐོབ། གྲགས་འོད། གྲགས་པ་རྒྱལ་མཚན། ཚུལ་ཁྲིམས་འབྱུང་གནས། ཤེས་རབ་རྒྱལ་པོ། ནམ་མཁའ་རྒྱལ་མཚན། མཁའ་ཀློང་ཡངས་པ། སྐལ་ལྡན་རྒྱ་མཚོ། མི་འགྱུར་ལས་འཕྲོ་པ། རྗེ་རིན་ཆེན་ཕུན་ཚོགས། གཙང་པ་ངག་དབང་པ། གར་དབང་ཞིག་གླིང་། བློ་གྲོས་རྒྱལ་མཚན། གཞན་ཕན་རྡོ་རྗེ། ཕྲིན་ལས་ལྷུན་གྲུབ། གཏེར་ཆེན་འགྱུར་མེད་རྡོ་རྗེ། དེ་ནས་འདོད་བུམ་དབང་གསུམ་གཤམ་དུ་གསལ་བ་ལྟར་ལ། གཞུང་ཡོངས་རྫོགས་ཀྱི་ལུང་བརྒྱུད་ནི། རིན་ཆེན་རྣམ་རྒྱལ། པདྨ་བསྟན་འཛིན། ཕྲིན་ལས་རྣམ་རྒྱལ། ཕྲིན་ལས་ཆོས་སྒྲོན། སངས་རྒྱས་ཀུན་དགའ། སྒྲོལ་སྟོན་ཆོས་རྒྱན། ཀུན་མཁྱེན་མཉྫུ་ཤྲཱི། དེ་ལས་སོ། །སྨིན་ལམ་དབང་གི་རྒྱལ་པོ་སྲོག་དབང་དང་བཅས་པ་ནི། མི་འགྱུར་ལས་འཕྲོ་གླིང་པ་ཡན་གོང་ལྟར་ལ་དེ་ནས་ལེགས་ལྡན་རྗེ། དབང་པོའི་སྡེ། བཀྲ་ཤིས་དབང་ཕྱུག །པདྨ་དབང་དྲག །ཀརྨ་ཆགས་མེད། པདྨ་ཀུན་དགའ། ཕྲིན་ལས་དབང་འབྱུང་། ཤེས་རབ་གྲགས་པ། ཀརྨ་ཚངས་དབྱངས། བསྟན་འཛིན་ཕྲིན་ལས། བསྟན་འཛིན་རྒྱ་མཚོ། དཀོན་མཆོག་རྒྱལ་མཚན། མཁན་བླ་མ་ཟླ་བ་བཟང་པོ། དེ་ལས་ནོས་པའོ། །གུ་རུ་ཆོས་ཀྱི་དབང་ཕྱུག་གིས་ཡར་ཀླུང་པ་བརྩོན་སེང་ལ་བཀའ་བསྒོས་ནས་བསམ་ཡས་ཨརྻ་པ་གླིང་རྟ་མགྲིན་ཞབས་འོག་ནས་གཏེར་དུ་ཕྱུངས་པའི་ཀརྨ་གུ་རུ་དར་ནག་བེར་ཆེན་གྱི་བྱིན་རླབས། གཏེར་གཞུང་དང་བསྙེན་ཡིག་པད་ཕྲིན་གསུང་། བྱིན་རླབས་བྱེད་ཚུལ། ལུང་བརྒྱུད་ནི། ཨོ་རྒྱན་རིན་པོ་ཆེ། ཆོས་དབང་། སྨན་ལུང་ཤྭཀ་འོད། དྭགས་སྟོན། གཉན་སྟོན། སེ་སྡིངས་ཡབ་སྲས། མཁར་པོ་ཆོས་འོད། ནམ་མཁའ་གུ་རུ། རྩེ་ལེ་རིག་འཛིན་བསོད་ནམས་རྣམ་རྒྱལ། དཔལ་ཨོ་རྒྱན་བསྟན་འཛིན། ཀརྨ་གུ་རུ། བྲག་སྣ་ཀུན་མཁྱེན་དབང་ཕྱུག །ཁྲ་ཚང་པ། དཔང་སྟོན་ཚེ་དབང་བསྟན་འཛིན། འཇམ་དབྱངས་ལེགས་བཤད་རྒྱ་མཚོ། པདྨ་རང་ཤར། གྲགས་པ་དབང་ཕྱུག །པདྨ་ཆོས་འབྱོར། དེ་གསུམ་ཀ་ལས་དཔང་སྟོན་གསང་བདག་རྡོ་རྗེ། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། དཔང་སྟོན་པདྨ་ཚེ་དབང་། བསྟན་འཛིན་མཁྱེན་རབ་མཐུ་སྟོབས། རྗེ་རིན་པོ་ཆེ་འཇམ་དབྱངས་མཁྱེན་བརྩེ། དེས་བདག་ལའོ། །བྱིན་རླབས་ནི། རྗེ་བླ་མ་གང་ལས་ཉེ་བརྒྱུད་དུ་ཐོབ་པའོ། །བྱང་གཏེར་ལྷོ་གསེར་མཛོད་ནས་བྱོན་པའི་ཐུགས་སྒྲུབ་རྡོ་རྗེ་དྲག་པོ་རྩལ་མཐིང་གའི་ཆེ་བ་སྒྲུབ་པ་སྡེ་བརྒྱད་ཀྱི་དབང་། འབྲིང་པོ་སྒྲུབ་པ་སྡེ་དྲུག་གི་དབང་། ཆུང་བ་བྱིན་རླབས་ཐུགས་རྗེའི་དབང་ལྔ་ ༩༽བཅས། ཡང་ཏིག་གཅེས་སྒྲོན་གསུང་རྒྱུན་གྱིས་བརྒྱན་པའི་ཁྲིད། ཐུགས་སྒྲུབ་སྔོན་འགྲོ་གཟེར་ལྔ། རྒྱལ་ཆེན་མཆོད་ཕྲིན། ཧཱུྃ་གི་ཕྲིན་ལས་རྣམས་གཏེར་གཞུང་། རྗེས་ཆོག །རྒྱུན་ཁྱེར་དང་བསྙེན་ཡིག་པད་ཕྲིན་གསུང་། སྨིན་ལམ་དབང་ཆེན། འབྲིང་པོ་གསེར་མཛོད་མ་གཉིས་ཀྱི་དབང་ཆོག །མདུན་བསྐྱེད་གཏེར་གཞུང་། ཡང་ཏིག་གཅེས་སྒྲོན་ཁྲིད་ཡིག་པད་ཕྲིན་མཛད་པ་བཅས། དེ་ལ་དབང་རྒྱས་འབྲིང་གཉིས་ཀྱི་བརྒྱུད་པ་ནི། ཀུན་བཟང། རིགས་ལྔ། ཕྱག་རྡོར། སྨུག་ནག་དབང་གི་མཁའ་འགྲོ །ཚངས་པ་གདོང་གསུམ། ལྷ་དབང་བརྒྱ་བྱིན། ཀླུ་རྒྱལ་འཇོག་པོ། རྒྱལ་པོ་ཛཿ ཤཱཀྱ་པྲ་བྷ། ཨོ་རྒྱན་ཆེན་པོ། བི་མ་ལ། ཤཱི་ལ་མཉྫུ། སྣ་ནམ་རྡོ་རྗེ་བདུད་འཇོམས། རིག་འཛིན་རྒོད་ལྡེམ། སྲས་རྣམ་རྒྱལ་མགོན་པོ། སྔགས་འཆང་རྡོ་རྗེ་རྣམ་གཉིས། མཚན་ལྡན་བླ་མ་རྣམ་གཉིས། སངས་རྒྱས་དཔལ་བཟང་། ནམ་མཁའ་རྒྱལ་མཚན། ངག་དབང་རྒྱ་མཚོ། སྐྱི་ཚེ་རིང་དབང་པོ། ཀླུ་སྒྲུབ་དབང་པོ། ཆོས་ཀྱི་རྒྱལ་མཚན། སེ་ནམ་མཁའ་རིག་འཛིན། སེ་སྟོན་ཐུགས་མཆོག་འོད་འབར། གཏེར་ཆེན་འགྱུར་མེད་རྡོ་རྗེ། རིན་ཆེན་རྣམ་རྒྱལ། པདྨ་བསྟན་འཛིན། ཕྲིན་ལས་རྣམ་རྒྱལ། ཕྲིན་ལས་ཆོས་སྒྲོན། རྡོར་འཛིན་འགྱུར་མེད་དོན་གྲུབ་གྲགས་པ། དེས་བདག་ལའོ། །བྱིན་རླབས་ཐུགས་རྗེའི་དབང་རྒྱུན་གཅིག་ནི། གཏེར་སྟོན། སངས་རྒྱས་བྱམས་བཟང། ཉི་མ་བཟང་པོ། མགོན་པོ་བཟང་པོ། སྤྱན་ཚབ་པ། བྱམས་པ་ཆོས་རྒྱན། བཀྲ་ཤིས་སྟོབས་རྒྱལ། བཀྲ་ཤིས་དབང་ཕྱུག་ནས་བསྟན་འཛིན་དོན་གྲུབ་བར་གནས་མདོ་སྨད་བརྒྱུད་ལྟར་ལ། དེ་ནས་བསྟན་འཛིན་དགེ་ལེགས་ཉི་མ། རྗེ་བླ་མ་གསང་སྔགས་མགོན་པོ། དེས་སོ། ཁྲིད་ཀྱི་བརྒྱུད་པ་ནི། ནམ་མཁའ་རྒྱལ་མཚན་ཡན་དབང་བརྒྱུད་ལྟར་ལ། དེ་ནས། ཤཱཀྱ་བཟང་པོ། ལེགས་ལྡན་རྗེ། བཀྲ་ཤིས་སྟོབས་རྒྱལ། ངག་གི་དབང་པོ། ཆོས་དབྱིངས་རང་གྲོལ། ཟིལ་གནོན་བཞད་པ་རྩལ། རིག་འཛིན་པདྨ་ཕྲིན་ལས། ཆུ་བཟང་པ་ཀུན་བཟང་རྒྱ་མཚོ། རིག་འཛིན་རྡོ་རྗེ་ཐོགས་མེད། གྲུབ་དབང་པདྨ་བཤེས་གཉེན། ཨོ་རྒྱན་བསྟན་འཛིན། སྔགས་འཆང་གསང་སྔགས་བསྟན་འཛིན། ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་རྩལ་གྱིས་ཞིབ་ཁྲིད་དུ་བསྩལ། ཉེ་བརྒྱུད་ནི། རྗེ་བླ་མ་ཉིད་ལ་སྤྲུལ་སྐུ་རིག་འཛིན་ཆེན་པོའི་ཡེ་ཤེས་ཀྱི་སྐུས་བྱིན་གྱིས་བརླབས་ཤིང་བྱང་པའི་ཁྲིད་ཆེན་བཞི་སོགས་དགོངས་བརྒྱུད་དུ་བསྩལ་པ་ཡིན་ནོ། །ལུང་ཡོངས་རྫོགས་ནི། ནམ་མཁའ་རྒྱལ་མཚན་ནས། ཤཱཀྱ་བཟང་པོ། ལེགས་ལྡན་རྗེ། བྱང་བདག་ཡབ་སྲས། ཡོལ་མོ་བ། ཟུར་ཆེན། པད་ཕྲིན། ལྷོ་བྲག་ཐུགས་མཆོག་རྡོ་རྗེ། བསྟན་འཛིན་ཡར་འཕེལ། ཟར་སྤྲུལ་གསང་སྔགས་བསྟན་འཛིན། དཔང་སྟོན་ཀུན་བཟང་བསྟན་འཛིན། ཁྲི་ཆེན་ཕྲིན་ལས་རྣམ་རྒྱལ། པདྨ་དབང་རྒྱལ་རྡོ་རྗེ། འགྱུར་མེད་བསྟན་འཛིན་དཔལ་སྒྲོན། དེ་ལས་སོ། ཁྲིད་ཡིག་ལུང་རྒྱུན་མཛད་པ་པོ་ནས། པདྨ་སྐྱབས་སྦྱིན། རྡོ་རྗེ་ཐོགས་མེད། འགྱུར་མེད་བློ་ལྡན། པདྨ་བཤེས་གཉེན་མན་ཁྲིད་རྒྱུན་ལྟར་རོ། །དག་སྣང་ཚེ་གུར་སྦྲགས་མའི་དབང་། དེའི་མཆོད་ཆོག་པད་ཕྲིན་གསུང་། བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་། ལོངས་སྐུ་ཞི་ཁྲོ། སྤྲུལ་སྐུ་ཕྱག་རྡོར། པད་འབྱུང་། མཁའ་འགྲོ་རྣམ་གཉིས། རྡོ་རྗེ་བདུད་འཇོམས། གཏེར་སྟོན་ཡབ་སྲས། མཚན་ལྡན་སྤྲུལ་པའི་ཡུམ་ཆེན། བྱང་སེམས་དགེ་བའི་བློ་གྲོས། བརྩོན་འགྲུས་བཟང་མོ། དཔལ་ལྡན་བློ་གྲོས། བཀྲ་ཤིས་སྟོབས་རྒྱལ། ངག་གི་དབང་པོ། སྟོབས་ལྡན་དཔའ་བོ། ཕྱག་རྡོར་ནོར་བུ། པདྨ་ཕྲིན་ལས། རིག་འཛིན་དབང་རྒྱལ། པདྨ་དབང་ཕྱུག །པདྨ་བཤེས་གཉེན། བསྟན་འཛིན་ཕུན་ཚོགས། གསང་སྔགས་བསྟན་འཛིན་དང་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་གཉིས་ཀ་ལས་འཇམ་དབྱངས་མཁྱེན་བརྩེས་གསན། དེས་བདག་ལའོ། །ལོ་ཆེན་བཻ་རོ་ཙ་ནའི་ཡང་སྲིད་གཏེར་ཆེན་རྡོ་རྗེ་གླིང་པའི་གཏེར་བྱོན་བླ་མ་དྲག་པོའི་དབང་རྡོ་རྗེ་སྤྱི་བླུགས་ཉང་གི་དྲག་དམར་དང་རྒྱུན་གཅིག་ཏུ་བཞུགས་པ་ནི་འདོད་བུམ་བརྒྱུད་ཡིག་ཏུ་གསལ། དྲག་པོ་ཆེ་བ་གཏེར་གཞུང་རྩ་བར་སྤ་གྲོ་སྟག་ཚང་དུ་དག་སྣང་ལ་བྱུང་བ་གུང་བསྡེབས་པའི་དབང་། སྙན་བརྒྱུད་གུར་དྲག་ལས་བྱང། དབང་ཆོག །དབང་བརྒྱུད་ནི། ཀུན་བཟང་ཧེ་རུ་ཀ །རྡོ་རྗེ་ཆོས། ལས་ཀྱི་དབང་ཆེན། རིག་འཛིན་བརྒྱད། ཨོ་རྒྱན་ཆེན་པོ། བཻ་རོ་ཙ་ན། ཡེ་ཤེས་མཚོ་རྒྱལ། རྡོ་རྗེ་གླིང་པ། ཐུགས་སྲས་བཀྲ་ཤིས་འབྱུང་གནས། རྟོགས་ལྡན་ཆོས་ཉིད་རང་གྲོལ། རས་ཆེན་བསྟན་པའི་རྒྱལ་མཚན། ཀུན་མཁྱེན་བསོད་ནམས་མཚན་ཅན། འཁྲུལ་ཞིག་རྒྱལ་བའི་མཚན་ཅན། རྒྱལ་སྲས་ཛམ་གླིང་གྲགས་པ། བར་འདིར་བརྟག་དགོས་པ་ཡོད། སྔགས་འཆང་པདྨ་གྲགས་པ། བྱང་བདག་བཀྲ་ཤིས་སྟོབས་རྒྱལ། སྐྱི་ཐག་སྔགས་འཆང་ཆེན་པོ་ཐོག་རྡུགས། གསང་གཞུང་སྔགས་པ་བདུན་བརྒྱུད་ཀྱི་་་བྱང་བདག་བརྒྱུད་པ་ཡོད་ངེས་རྩ་བའི་ཡི་དམ་ཡིན་པར་སྣང་བ་ལས་སོ་སོའི་མཚན་མི་དགོངས་འདུག་་་་ཕྱི་མ་ལས་གཏེར་ཆེན་མཆོག་གྱུར་གླིང་པས་གསན། དེ་ལས་བདག་གིས་ནོས། ཉེ་བརྒྱུད་ནི། མཆོག་གྱུར་གླིང་པ་ལ་རང་ནས་གསོལ་བ་བཏབ་པ་ལྟར་གཏེར་མཛོད་འདི་ལྟར་བསྒྲིག་ཏུ་རུང་མིན་བརྟག་པ་མཛད་པའི་སྐབས་སུ་དག་པའི་སྣང་བར་གུ་རུ་རིན་པོ་ཆེ་ཉིད་རྒྱལ་སྲས་རྡོ་རྗེ་གླིང་པའི་སྐུར་བཞུགས་པའི་ཉེ་ལོགས་གཏེར་སྟོན་བརྒྱ་རྩའི་གཏེར་ཆོས་གླེགས་བམ་དུ་མས་ཁེངས་པ་རྣམས་ཀྱི་དབང་ལུང་ཡུད་་་་་་་ཙམ་ལ་གནང་། ཁྱད་པར་རྡོར་གླིང་དང་མཁའ་འགྲོ་མ་ཀུན་དགའ་འབུམ་པའི་གཏེར་ཆོས་རྣམས་ཤིན་ཏུ་གསལ་བར་གནང་བའི་རྗེས་སུ་བཀའ་གཏད་ལུང་བསྟན་དང་བཅས་པ་བསྩལ། དེའི་རྐྱེན་གྱིས་རྡོར་གླིང་སྐབས་སུ་ཐུགས་སྲས་བཀྲ་ཤིས་འབྱུང་གནས་དང་། ཀུན་དགའ་འབུམ་པའི་སྐབས་སུ་དུང་མཚོ་རས་པར་གྱུར་ནས་སོ་སོའི་གཏེར་ཆོས་ཞུས་ཤིང་ཉམས་སུ་བླངས་པའི་བག་ཆགས་གསལ་བར་དྲན་པར་འདུག་གསུངས་ནས་གཏེར་ཆོས་ཇི་ཙམ་འབྱོར་པ་རྣམས་ཀྱི་བཀའ་གཏད་དང་། རྡོར་གླིང་གཏེར་ཆོས་ཆེར་མ་འབྱོར་ཡང་ལྟ་བ་ཀློང་ཡངས་སོགས་དང་། མ་རྒྱུད་གསང་བ་ལམ་ཁྱེར་གྱི་སྨིན་གྲོལ་ཞིབ་མོར་བསྩལ། ཁྱད་པར་ཀུན་མཁྱེན་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྔོན་རྡོར་གླིང་སྐབས་ཐུགས་ཟིན་གཟུངས་མར་རྣམ་པར་འཕྲུལ་པའི་རྒྱུ་ལས་གཏེར་ཆེན་ཉིད་ཀྱི་ཡེ་ཤེས་ཀྱི་སྐུས་བྱིན་གྱིས་བརླབས་ཤིང་གཏེར་ཆོས་ཐམས་ཅད་ཀྱི་ཉེ་བརྒྱུད་་་་་་་་་་དམིགས་བསལ་དུ་གསན། དེ་ལས་བདག་གིས་དཔེ་རྒྱུན་གང་འཛོམ་གྱི་དབང་ལུང་བཀའ་དྲིན་དུ་ཐོབ་པའོ། །གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རཏྣ་གླིང་པས་མཁར་ཆུ་དཔལ་གྱི་ཕུག་རིང་ནས་བཏོན་པའི་གུར་དྲག་མེ་རླུང་འཁྱིལ་བའི་དབང་རྒྱས་པ་རྡོ་རྗེའི་ཕྲེང་བ། འབྲིང་པོ་དོན་དབང་ནོར་བུ་ལུགས། བསྡུས་པ་གཏོར་དབང་། བརྒྱུད་འདེབས་གཏེར་གསུང་། ལས་བྱང་མེ་རླུང་འཁྱིལ་བ། དབང་རྒྱས་འབྲིང་བསྡུས་གསུམ་སོ་སོའི་དབང་ཆོག་རྣམས། བརྒྱུད་པ་ནི། བླ་མ་ཞི་བ་ཡང་སྙིང་འདུས་པ་དང་འདྲ་ཞིང་། ཆགས་མེད་བཞི་པ་ཀརྨ་བསྟན་འཛིན་ཕྲིན་ལས་དང་། རྡོ་རྗེ་འཛིན་དབང་པདྨ་གསང་སྔགས་བསྟན་འཛིན་ཟུང་ལ་ནོས། བརྒྱུད་པའི་ཁྱད་པར། རཏྣའི་སྲས་ཆུང་བ་ངག་དབང་གྲགས་པ་ནས། ཀུན་དགའ་བསྟན་འཛིན། བུ་འབོར་བཀྲ་ཤིས་རྒྱ་མཚོ། ཧེ་པ་ཆོས་འབྱུང་། ཏ་བླ་ཤཱཀྱ་བཀྲ་ཤིས། དྲུང་ཆོས་ཉིད་རྒྱ་མཚོ། སྟོན་པ་རྒྱལ་མཚན། ཀུན་བཟང་ཤེས་རབ། རྡོ་རྗེ་བཀྲ་ཤིས། པདྨ་ནོར་བུ། ཀརྨ་བཀྲ་ཤིས། ཀརྨ་ལྷ་དབང་། ཀརྨ་ངེས་དོན་བསྟན་འཛིན། རྗེ་བླ་མ་གསང་སྔགས་ལས་སོ། །ལུང་བརྒྱུད་ནི་ཐུགས་སྒྲུབ་ཡང་སྙིང་འདུས་པ་ལྟར་རོ། །དཔལ་ན་རོ་ཏཱ་པའི་རྣམ་འཕྲུལ་འབྲུག་པ་ཐམས་ཅད་མཁྱེན་པ་པདྨ་དཀར་པོ་ལ་གུ་རུ་རིན་པོ་ཆེས་དག་སྣང་དུ་བསྩལ་བའི་དྲག་པོ་ཀཱི་ལ་ཡའི་དབང་། རྩ་བའི་གཞུང་། ལས་བྱང་དང་བྱིན་རླབས་ཀྱི་ཆོག་ཁྲིགས། བསྙེན་ཡིག་ཆོས་ཀྱི་སྣང་བས་མཛད་པ་བཅས། བརྒྱུད་པ་ནི། གུ་རུ་རྡོ་རྗེ་དྲག་པོ་རྩལ། ཀུན་མཁྱེན་ངག་དབང་ནོར་བུ། རྗེ་ལྷ་རྩེ་བ་ངག་དབང་བཟང་པོ། རྒྱལ་དབང་དཔག་བསམ་དབང་པོ། ཡོངས་འཛིན་ཀུན་དགའ་ལྷུན་གྲུབ། མི་ཕམ་ཆོས་ཀྱི་དབང་ཕྱུག །དཔལ་ལྡན་ཐུགས་ཀྱི་རྡོ་རྗེ། འདྲེན་མཆོག་བདེ་ཆེན་རྡོ་རྗེ། ཡོངས་འཛིན་འཇམ་དཔལ་དཔའ་བོ། ཀུན་གཟིགས་ཆོས་ཀྱི་སྣང་བ། བསྟན་འཛིན་ཆོས་དབང་། མཆོག་གྱུར་གླིང་པ། མདོ་སྔགས་གླིང་པ། དེས་སོ། །ཡང་དབང་ལུང་ཆ་ཚང་གི་བརྒྱུད་པ་གཅིག་ནི། བཀའ་བརྒྱུད་ཕྲིན་ལས་ཤིང་རྟ་ནས། ཐུགས་ཀྱི་རྡོ་རྗེ། ཚེ་དབང་བསྟན་འཛིན། པདྨ་དབང་དྲག །ཀརྨ་ངེས་དོན་དཔལ་བཟང་པོ། བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལ་དབང་ལུང་གཉིས་ཀ་བསྩལ་པའོ། །བསམ་ཡས་དབུ་རྩེ་སྟེང་ཁང་ནས་མངའ་རིས་པཎ་ཆེན་རིན་པོ་ཆེ་དང་འོན་ཕུ་སྟག་ཚང་ནས་གཅུང་རིག་འཛིན་ཆེན་པོ་ལེགས་ལྡན་བདུད་འཇོམས་རྡོ་རྗེའི་གཏེར་བྱོན་མ་བུ་ཆུ་བོ་གཅིག་འདྲེས་སུ་གྱུར་པའི་དྲག་པོ་དབུ་དགུའི་དོན་དབང་། ཕྱི་སྒྲུབ་གཏེར་གཞུང་། བསྙེན་ཡིག་པད་ཕྲིན་གསུང་། ལས་བྱང་། གཏེར་སྲུང་རྩ་གཞུང་། དབང་ཆོག །དབང་ལུང་གཉིས་ཀའི་བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། དག་པའི་འཁོར་ལྔ། གཅེན་པདྨ་དབང་རྒྱལ་ཡེ་ཤེས་རོལ་པ་རྩལ། གཅུང་ཉི་ཟླ་འོད་ཟེར། དབང་ཕྱུག་རབ་བརྟན། བསོད་ནམས་མཆོག་ལྡན། ཆོས་དབྱིངས་རང་གྲོལ། ཟ་ཧོར་གང་ཤར་རང་གྲོལ། པདྨ་ཕྲིན་ལས་མན་ཆད་ཡང་ཏིག་གཅེས་སྒྲོན་གྱི་ཁྲིད་རྒྱུན་ལྟར་རོ། །གུ་རུ་ཆོས་ཀྱི་དབང་ཕྱུག་གི་རྣམ་འཕྲུལ་གཏེར་ཆོས་ཡོད་དོ་འཚལ་གྱི་བཀའ་བབས་ཤིང་ཟབ་གཏེར་བསྟན་པའི་སྲོག་ཤིང་ཆེན་པོ་བྱང་པ་བདག་པོ་དཔལ་བཀྲ་ཤིས་སྟོབས་རྒྱལ་གྱིས་གཙང་རོང་ཁམ་བུ་ལུང་ནས་བཞེས་པའི་ཀརྨ་གུ་རུའི་རྩ་དབང་དབང་ཕྱུག་ཟོར་དབང་དང་བཅས་པ། རྩ་སྒྲུབ། ཕྲིན་ལས་རྒྱུན་ཁྱེར། ཚོགས་མཆོད། སྲོག་གཏད། དུས་རྟགས། ལུང་བསྟན་བཅས་གཏེར་གཞུང་ཆ་ཚང་། ལས་བྱང་། སྲོག་གཏད། གཏོར་ནག་རྣམས་གསར་བསྒྲིགས། བསྙེན་ཡིག་སྦར་བཅང་མ་ལྔ་པའི་གསུང་རྣམས། འདི་ལ་བརྒྱུད་འཛིན་མཁས་གྲུབ་གོང་མའི་ཡིག་ཆ་མང་དུ་བཞུགས་མོད། འགའ་ཞིག་གཞན་ནས་ཁ་བསྐང་སབ་དགོས་པ་དང་། འགའ་རེ་རྒྱས་སྤྲོས་ཆེ་བ་སོགས་སྣང་བས་འདིར་ཚད་ཐུབ་ཀྱི་ལེགས་བཤད་དེ་དག་གཞིར་བྱས་ནས་གོ་གསལ་ཁྱེར་བདེར་བཀོད་པའོ། །བརྒྱུད་པ་ནི། ཀརྨ་ཧེ་རུ་ཀ །པྲ་ཧསྟི། རྡོ་རྗེ་ཐོད་ཕྲེང་རྩལ། མཚོ་རྒྱལ། ཁྲི་སྲོང་། དབང་པོའི་སྡེ། སྲས་ངག་གི་དབང་པོ། ཟུར་ཆོས་དབྱིངས་རང་གྲོལ། ཀུན་གཟིགས་ལྔ་པ་ཆེན་པོ། ཀུན་བཟང་པདྨ་ཕྲིན་ལས། ཚེ་བདག་འགྱུར་མེད་རྡོ་རྗེ། འཇམ་དབྱངས་ངག་དབང་རྡོ་རྗེ། དེ་གཉིས་ཀ་ལས་འབྲོ་སྟོན་པདྨ་ཀུན་གསལ། སྤང་སྟོན་གར་དབང་ཆོས་ཀྱི་དོན་གྲུབ། སྤང་སྟོན་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན། སྒྲོལ་སྟོན་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། རྗེ་བླ་མ་གསང་བའི་བདག་པོ་རྡོ་རྗེ་གཟི་བརྗིད་རྩལ། དེས་བདག་ལའོ། །ལྔ་པའི་གསུང་ཡང་བརྒྱུད་པ་དེ་ལས་འོངས་པ་ཉིད་དོ། །མི་འགྱུར་ལས་འཕྲོ་གླིང་པའི་པདྨ་གཏུམ་པོའི་དབང་། གཏེར་གཞུང་། དབང་ཆོག །བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། མཚོ་རྒྱལ། མངའ་བདག །མི་འགྱུར་ལས་འཕྲོ་གླིང་པ། དེ་ཉིད་ཀྱི་ཡེ་ཤེས་སྐུས་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་དངོས་སུ་བསྩལ། དེས་བདག་ལའོ། །འབྲི་གུང་དགོངས་པ་ཡང་ཟབ་ལས་བྱུང་བའི་གྲོ་ལོད་ཧཱུྃ་སྒྲུབ་ཀྱི་དབང་། དེའི་སྒྲུབ་ཐབས་དབང་ཆོག་དང་བཅས་པ། བརྒྱུད་པ་གོང་སྨོས་རྩ་གསུམ་གཏོར་དབང་དང་མཚུངས། རིག་འཛིན་དཀོན་མཆོག་བསྟན་འཛིན་ནམ་མཆོག་གྱུར་གླིང་པ་ལས་ནོས། ཡང་། འབྲི་གུང་ཆོས་གྲགས་ནས། ལྷོ་དཀོན་མཆོག་ཕྲིན་ལས་རྣམ་རྒྱལ། ཀརྨ་ཆགས་མེད་ཞབས་ལས་རིམ་པར་བརྒྱུད་དེ་བླ་མ་གསང་སྔགས་ལས་ནོས་པ་ནི་གོང་གི་བྱང་གཏེར་དབང་བསྡུས་དང་འདྲ། གར་དབང་ཞིག་པོ་གླིང་པའི་གཏེར་བྱོན་བླ་མ་དྲག་པོ་གནམ་ལྕགས་མེའི་འཁོར་ལོའི་དབང་། དེའི་ལས་བྱང་གཏེར་གཞུང་། དབང་ཆོག །བརྒྱུད་པ་ནི། འོད་དཔག་མེད། སྤྱན་རས་གཟིགས། པདྨ་བཛྲ། བདུད་འདུལ་རྒྱལ་མོ། མངའ་བདག་ཡབ་སྲས། གཏེར་སྟོན་ཕྱིན་ཆད་ཟབ་པ་སྐོར་བདུན་ལྟར་རོ། །འཇའ་ཚོན་དཀོན་མཆོག་སྤྱི་འདུས་ལས་གུ་རུ་དྲག་པོའི་གཏོར་དབང་། དེའི་ཡིག་ཆ་ཆགས་མེད་རིན་པོ་ཆེས་མཛད་པ། བརྒྱུད་པ་ནི་མཛད་པ་པོ་མན་གནས་མདོ་སྨད་བརྒྱུད་ལྟར་ལ། བསྟན་འཛིན་དོན་གྲུབ་ནས། གུ་རུ་མ་ཎི། མཁན་ཟླ་སྤྲུལ། དེ་ལས་སོ། །སྦས་ཡུལ་པདྨ་དཀར་པོའི་ལམ་ཡིག་ལས་གསུངས་པའི་གྲོ་ལོད་ཧཱུྃ་སྒྲུབ་ཀྱི་དབང་། བླ་མ་ཞི་དྲག་སྒྲུབ་ཐབས་དབང་ཆོག་དང་བཅས་པ། བརྒྱུད་པ་དཀོན་མཆོག་སྤྱི་འདུས་ལྟར་གནས་མདོ་དང་ཆོས་བདག་བསྟན་དར་ལས་འོངས་པའོ། །བདུད་འདུལ་སྤྲུལ་སྐུ་སྙིང་ཐིག་ལས་གསང་སྒྲུབ་རྡོ་རྗེ་གྲོ་ལོད་སྣང་བ་དབང་སྡུད་ཀྱི་དབང་། བརྒྱུད་འདེབས་གཏེར་གསུང་། ལས་བྱང་གཏེར་གཞུང་། ཧཱུྃ་སྒྲུབ་དབང་ཆོག །བརྒྱུད་པ་ནི། པདྨ་འོད་འབར་དང་འདྲ། ཡང་ན། ཚེ་དབང་བསྟན་འཛིན་དང་། དཔལ་ལྡན་དཔའ་བོ་གཙུག་ལག་ཆོས་རྒྱལ་གཉིས་ལས། རྒྱལ་སྲས་པདྨ་དབང་དྲག །དེ་ལས་ཀྱང་ནོས་སོ། །དག་སྣང་རྒྱ་ཅན་བྷྲཱུྃ་མཚན་རྡོ་རྗེ་རྭ་གདེངས་ཐོག་མདའི་རྒྱ་ཅན་ལས་གྲོ་ལོད་གནམ་ལྕགས་མེ་འཁོར་གྱི་དབང་། ལས་བྱང་ལྗགས་བསྒྲིགས། བརྒྱུད་འདེབས། སྨན་མཆོད། ཟོར་བྱང་། བསྙེན་ཡིག་བཅས། བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། རྡོ་རྗེ་ཆོས། མཁའ་འགྲོ་རྣམ་གཉིས། རིག་འཛིན་རྡོ་རྗེ་ཐོགས་མེད། པདྨ་ཕྲིན་ལས་དང་གཏེར་བདག་གླིང་པ་ཕྱིན་དྭངས་མ་བཅུད་འདྲེན་དང་མཚུངས་སོ། །རྒྱ་ཅན་ཡང་གསང་ཀརྨ་དྲག་པོའི་དབང་། ལས་བྱང་དབང་ཆོག་གཏོར་ཟློག་དང་བཅས་ལྗགས་བསྒྲིགས། བརྒྱུད་འདེབས། བསྙེན་ཡིག་བཅས། བརྒྱུད་པ་ནི། ཀརྨ་ཧེ་རུ་ཀ །སློབ་དཔོན་པྲ་བྷ་ཧསྟི། པདྨ་ཐོད་ཕྲེང་རྩལ། ཡེ་ཤེས་མཚོ་རྒྱལ། ཁྲི་སྲོང་ལྡེའུ་བཙན། དཔལ་བཀྲ་ཤིས་སྟོབས་རྒྱལ། ངག་གི་དབང་པོ། ཆོས་དབྱིངས་རང་གྲོལ། རྡོ་རྗེ་ཐོགས་མེད་རྩལ། པད་ཕྲིན་དང་གཏེར་བདག་གླིང་པ་ཕྱིན་སྔར་ལྟར་རོ། །གནམ་ཆོས་ལས་ཤིན་ཏུ་ཟབ་གཉན་བྱིན་རླབས་ཆེ་བའི་གུར་དྲག་ཕུར་མཇུག་ཅན་གྱི་དབང་། དེའི་རྩ་གཞུང་། དབང་ཆོག །བརྒྱུད་པ་གོང་སྨོས་ལྟར་དང་། ཡང་ན། གནས་མདོ་སྟོད་བརྒྱུད་ལས། བདེ་ཆེན་སྙིང་པོ། གུ་རུ་མ་ཎི། དེ་ལས་སོ། །སྤྱིར་གནམ་ཆོས་སྐོར་ཕལ་མོ་ཆེ་མངོན་རྟོགས་སྐད་ཅིག་དྲན་རྫོགས་ཀྱི་བཟླས་བསྒོམ་དང་ལས་ཚོགས་ཕྲན་ཚེགས་རེ་སྟོན་པ་ཙམ་ལས་གཏེར་ཆོས་གཞན་ལྟ་བུའི་གཞུང་ཆེན་པོ་མི་བཞུགས་ཤིང་། དོན་ལ་འཁྲུལ་པ་མེད་པ་གཞིར་བཅས་ཚིག་ཐང་ལྷོད་ཅི་རིགས་པའང་སྣང་ཡང་ལྷག་པའི་ལྷ་སོ་སོའི་རྡོ་རྗེའི་གསུང་བཅོས་བསླད་མེད་པར་བཀོད་པ་ཡིན་འདུག་པ་དང་། གཏེར་བློན་ཆགས་མེད་རིན་པོ་ཆེའི་ཐུགས་བསྐྱེད་དང་ཉམས་བཞེས་ཀྱི་རྟེན་འབྲེལ་ལས་བྱིན་རླབས་ནུས་པའི་སྟོབས་དང་གཞན་ཕན་ཕྲིན་ལས་གཏེར་ཆོས་གང་ལས་ཀྱང་འཕགས་པ་མངོན་སུམ་གྱིས་གྲུབ་པར་སྣང་ངོ་། །ཨོ་རྒྱན་གཏེར་བདག་གླིང་པའི་ཟབ་ཆོས་གུ་རུ་དྲག་དམར་གྱི་དབང་བཞི་རྩ་བ་གཏོར་དབང་། དྲེགས་པའི་སྲོག་གཏད། བརྒྱུད་འདེབས། ལས་བྱང་། རྒྱུན་ཁྱེར། བསྙེན་ཡིག་གཏོར་ཟློག་བཅས་གཏེར་ཆེན་ཉིད་མཛད། དབང་ཆོག་རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོས་མཛད་པ། དབང་བརྒྱུད་ནི། ཆོས་ལོངས་སྤྲུལ་གསུམ། མཚོ་རྒྱལ། བཻ་རོ། པདྨ་གར་དབང་འགྱུར་མེད་རྡོ་རྗེ། སྲས་པདྨ་འགྱུར་མེད་རྒྱ་མཚོ། གཉིས་ཀ་ལས་རྒྱལ་སྲས་རིན་ཆེན་རྣམ་རྒྱལ། ཨོ་རྒྱན་བསྟན་འཛིན་རྡོ་རྗེ། པདྨ་གསང་སྔགས་བསྟན་འཛིན་ཆོས་རྒྱལ། འགྱུར་མེད་བསྟན་འཛིན་འཕེལ་རྒྱས་དཔལ་བཟང་པོ། དེས་བདག་ལའོ། །ཡང་དབང་ལུང་ཚང་མའི་བརྒྱུད་པ་རིག་འཛིན་ཐུགས་ཐིག་གི་སྐབས་དང་འདྲ་བར་ཀུན་གཟིགས་ཁྱབ་བདག་བླ་མ་རིན་པོ་ཆེ་ལས་ནོས། པད་འགྱུར་གསུང་ཡང་བརྒྱུད་པ་དེ་དང་འདྲའོ། །ལང་གྲོ་ལོ་ཙཱའི་རྣམ་རོལ་སྤྲུལ་པའི་གཏེར་ཆེན་པདྨ་དྲག་པོ་རྩལ་དང་རྣམ་དབྱེར་མེད་པ་ཀློང་གསལ་མདོ་སྔགས་གླིང་པས་གནམ་ཆེན་བྲག་དཀར་ཟླ་གམ་དབང་གི་ཕོ་བྲང་ནས་སྤྱན་དྲངས་པའི་གུ་རུ་དྲག་པོ་ཡེ་ཤེས་རབ་འབར་གྱི་རྩ་དབང་ཆེན་མོ། དྲེགས་པའི་སྲོག་དབང་། དོན་དབང་། རྗེས་གནང་། ཚེ་དབང་རྣམས་དང་། བརྒྱུད་འདེབས་གཏེར་གསུང་། སྔོན་འགྲོ །ཕྱི་གཏོར། ལས་བྱང་། རྩ་སྒྲུབ། ཐུན་མོང་འཛབ་དགོངས། ཕྲིན་ལས་ཆུང་བ། གཏུམ་དྲག་དམར་ནག་གསང་སྒྲུབ་དྲེགས་གསོལ་སྲོག་དབང་བཅས་གཏེར་གཞུང་། བསྙེན་ཡིག །དབང་རྣམ་གྲངས་བཞིའི་ཆོག་ཁྲིགས་རྣམས་སོ། །དབང་བརྒྱུད་ནི། བླ་མ་སྐུ་གསུམ། མཚོ་རྒྱལ། ལང་གྲོ་དཀོན་འབྱུང་། ཀློང་གསལ་སྙིང་པོ། རྒྱལ་སྲས་བསོད་ནམས་ལྡེའུ་བཙན། ཆོས་བདག་ཀརྨ་ཀུན་མཁྱེན། ཀུན་གཟིགས་ཆོས་ཀྱི་འབྱུང་གནས། ཀརྨ་བདུད་འདུལ་རྒྱལ་པོ། རྟ་མགྲིན་དབང་གི་རྒྱལ་པོ། པདྨ་ཉིན་བྱེད་དབང་པོ། མཁན་ཆེན་བླ་མ་རིན་པོ་ཆེ་ཟླ་བཟང་སྤྲུལ་པའི་སྐུ་ཀརྨ་ངེས་དོན་བསྟན་པ་རབ་རྒྱས། དེས་བདག་ལའོ། །ཡང་དབང་བརྒྱུད་གཅིག་ནི། རྟ་མགྲིན་དབང་རྒྱལ། ཀཾ་གུ་རུ་མ་ཎི། དེ་ལས་སོ། །ལུང་བརྒྱུད་དེ་གཉིས་ཀ་ལྟར་རམ། ཡེ་འབར་གཞུང་པོད་ཡོངས་སུ་རྫོགས་པའི་བཀླག་ལུང་གུ་རུ་མ་ཎི་ཡན་དབང་བརྒྱུད་ལྟར་ལ། དེ་ནས་དབོན་སྤྲུལ་གསུམ་པ་ཀརྨ་སྒྲུབ་བརྒྱུད་བསྟན་འཛིན་ཕྲིན་ལས། དེ་ལས་བདག་གིས་ནོས་པའོ། །ཡང་ཡེ་ཤེས་རབ་འབར་གྱི་དབང་ལུང་ཁྲིད་བཅས་ཡོངས་སུ་རྫོགས་ཤིང་ཉམས་ལེན་རྟགས་ཐོན་བར་མ་ཆད་པའི་བརྒྱུད་ཚུལ་ཁྱད་པར་འཕགས་པ་གཅིག་ནི། གཏེར་ཆེན་ཀློང་གསལ་སྙིང་པོ། བར་ཁྲོད་པདྨ་བློ་ལྡན། བྲག་སྟེང་རྡོ་རྗེ་རྒྱལ་མཚན། གྲུབ་དབང་ཀརྨ་བསམ་འཕེལ། ཀརྨ་གཞན་ཕན་རྒྱ་མཚོ། གྲུབ་ཐོབ་ཡེ་ཤེས་ཆོས་འཕེལ། མཆོག་སྤྲུལ་ཆོས་ཀྱི་སེང་གེ །ཆོས་རྗེ་བསོད་ནམས་དཔལ་ལྡན། ཀློང་གསལ་ཆོས་ཀྱི་བཀའ་བབ་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་གྱི་ཞལ་སྔ་ནས་ནོས་པའོ། །གཏེར་ཆེན་སྟག་ཤམ་ནུས་ལྡན་རྡོ་རྗེ་ལ་ཐུགས་སྒྲུབ་སྐོར་དགུ །ཤིན་ཏུ་དམར་བའི་སྙིང་ཐིག་གསུམ་སོགས་བླ་མའི་སྐོར་ལའང་ཤིན་ཏུ་ཟབ་རྒྱས་བཞུགས་པར་སྣང་བ་ལས། ནང་སྐོར་ཞི་བ། ཞི་དྲག་ཕྱེད་མ། དྲག་པོ་གསུམ་གྱི་ཕྱི་མ་བྲག་དཀར་སྒྲོན་ཆུ་ཙིཏྟ་ཕུག་ནས་བྱོན་པའི་གུ་རུ་རྡོ་རྗེ་དྲག་པོ་རྩལ་གྱི་དབང་ཆེན། དྲེགས་པའི་སྲོག་དབང་། རྩ་དབང་གཏོར་དབང་བཅས་པ། དེའི་ལས་བྱང་དང་སྲོག་དབང་གཏེར་གཞུང་། དབང་བསྒྲིགས་གཉིས། བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། མཚོ་རྒྱལ། ཆོས་བློ་མགོན་པོ། བསམ་གཏན་གླིང་པ། ནམ་མཁའ་རྡོ་རྗེ། པདྨ་རྣམ་རྒྱལ། རྟ་མཆོག་ཆོས་གྲགས། འཕེལ་ཚ་བསོད་ནམས་རྣམ་རྒྱལ། དེ་དབོན་མགོན་པོ་རྡོ་རྗེ། དེ་ལས་སོ། །ཡང་གཏེར་སྟོན་ནས་ཆོས་བདག་བསམ་གཏན་བསྟན་འཛིན། མཚོ་སྤྲུལ་ཨོ་རྒྱན་དཔལ་བཟང་། ཆོས་ཀྱི་དབང་ཕྱུག་ནས་འཕེལ་ཚའི་བླ་བརྒྱུད་བར་མ་ཆད་དུ་བྱོན་པའི་བརྒྱུད་པའང་སྣང་ངོ་། །གཏེར་ཆེན་དེ་ཉིད་ཀྱི་ཟབ་མོའི་གསང་མཛོད་ཆེན་པོ་ལས་བྱོན་པ་སྦས་ཡུལ་གནས་གཏེར་གྱི་སྒོ་འབྱེད་པ་ལ་ཆེད་དུ་བསྔགས་པ་གུ་རུ་ཟིལ་གནོན་དྲག་པོ་རྩལ་གྱི་ཕྱི་ནང་གསང་སྒྲུབ་ལས་བྱང་། སྐོང་ཕྲེང་ཟོར་ཟློག །བྱད་དཀྲོལ། གདོན་བསྐྲད་བཅས་གཏེར་གཞུང་ཆ་ཚང་། འདི་ཉིད་བླ་མ་ནོར་བུའི་དཀྱིལ་འཁོར་ཚོམ་བུ་དགུ་པའི་བྱང་ཕྱོགས་ཀྱི་གཙོ་བོ་ཁོལ་སྒྲུབ་ཡིན་པས་དབང་བསྐུར་དེའི་དབང་གིས་འཐུས་པར་བཞེད། ལུང་བརྒྱུད་སྔ་མ་དང་མཚུངས་སོ། །ཞིག་གླིང་རྒྱལ་བ་འདུས་པ་དང་ཆོས་གླིང་ཟབ་ལམ་ཐུགས་ནོར་ལས་ཚིག་དོན་མཚུངས་པར་བྱོན་པའི་དྲག་སྒྲུབ་མེའི་འཁོར་ལོའི་དབང་། ལས་བྱང་། དབང་ཆོག །བརྒྱུད་པ་སྔ་ཕྱིར་སྨོས་པ་ལྟར་རོ། །ཆོས་རྗེ་གླིང་པ་འཛམ་གླིང་རྡོ་རྗེའི་གཏེར་བྱོན་བདུད་རི་གནམ་ལྕགས་འབར་བའི་མཚོ་གཏེར་བླ་མ་དྲག་པོ་རྡོ་རྗེ་གྲོ་ལོད་ཀྱི་དབང་། དྲེགས་པའི་སྲོག་དབང་། ལས་བྱང་། གཏེར་སྲུང་། ཧཱུྃ་སྒྲུབ། བསྙེན་ཡིག །ཞལ་ཤེས་བཀའ་རྒྱ་མ་བཅས་གཞུང་དང་གཏེར་སྟོན་ཉིད་གསུང་། སྐོང་བཤགས་དྷརྨཱ་ཀ་རས་མཛད་པ། དབང་ཆོག་བཅས། བརྒྱུད་པ། ཆོས་ལོངས་སྤྲུལ་སྐུ །མཚོ་རྒྱལ། ཨཱརྻ་ས་ལེ་དང་རྒྱལ་སྲས་ལྷ་རྗེ། བདེ་བའི་རྡོ་རྗེ་ཡེ་ཤེས་རོལ་པ་རྩལ། རྭ་སྟོན་སྟོབས་ལྡན་རྡོ་རྗེ། ཀུན་མཁྱེན་བསྟན་པའི་ཉིན་བྱེད། རིག་འཛིན་རྡོ་རྗེ་དྲག་པོ། དབོན་སྤྲུལ་དབང་རྒྱལ་རྡོ་རྗེ། དེ་གཉིས་ཀ་ལས་དཔའ་བོ་བརྒྱད་པ་གཙུག་ལག་ཆོས་རྒྱལ་གྱིས་གསན། ཡང་ན། བསྟན་པའི་ཉིན་བྱེད། རྒྱལ་དབང་བཅུ་གསུམ་པ། སྐྱོ་བྲག་ཚོགས་གཉིས། ཀརྨ་བསྟན་པ་མཐའ་རྒྱས། དཔལ་ལྡན་དཔའ་བོ། དེས་བདག་ལའོ། །པདྨ་བདེ་ཆེན་གླིང་པས་ཏྲེ་ཤོད་བྲག་རི་ཞུན་མཁར་ནས་བཏོན་པའི་ཟབ་ཆོས་མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་ཆོས་སྡེ་ལས་རྡོ་རྗེ་གྲོ་ལོད་ཧཱུྃ་སྒྲུབ་ཀྱི་དབང་། སྒྲུབ་སྐོར་གཏེར་གཞུང་། དབང་ཆོག །བརྒྱུད་པ་བཀའ་འདུས་ཞི་ཁྲོ་ལྟར་རོ། །རིག་འཛིན་རོལ་པའི་རྡོ་རྗེའི་མཚོ་གཏེར་སྙིགས་དུས་ཀྱི་དམ་འགོང་གདུག་པ་ཅན་གྱི་གཉན་པོར་ཆེས་ཟབ་པ་དྲག་པོ་ཁྲོ་རོལ་ཕུར་བུ་ལ། སྔར་ལུགས་བྲག་གཏེར་གཏོར་དབང་གིས་བཅིངས་པ་དང་གུ་རུ་དྲག་ཁྲོས་དབང་ལ་ལྷ་སྔགས་ཁ་བསྒྱུར་བ་སོགས་ཀྱི་རྒྱུན་སྣང་ཡང་། འདིར་རིག་འཛིན་ཉིད་ཀྱིས་བཀའ་རྒྱའི་དབང་གིས་འདབ་གཏེར་དུ་སྦས་པའི་སྐོར་རྣམས་ཕྱི་དུས་རིག་འཛིན་ཆེན་པོ་རྡོ་རྗེ་ཚེ་དབང་ནོར་བུས་སྤྱན་དྲངས་པའི་བྱིན་རླབས་ཐུགས་ཀྱི་དབང་། དམར་ནག་ཕུར་བུའི་སྒྲུབ་ཐབས་ཡང་ཟབ་ལས་ཚོགས་དང་བཅས་པ་གཏེར་གཞུང་། དབང་ཆོག །སྔར་ལུགས་ཀྱི་བརྒྱུད་པ་རྣམས་ནི་བླ་མ་རྒྱལ་བ་ཀུན་འདུས་ལྟར་ལ། འདི་ཉིད་ཀྱི་སྒེར་བརྒྱུད། བླ་མ་སྐུ་གསུམ་ཡུམ་བཅས། ཀླུའི་དབང་པོ། རོལ་པའི་རྡོ་རྗེ། མ་ཎི་བཛྲ་འོད་གསལ་བདེ་གཤེགས་སྙིང་པོ་གཏེར་བཞད་རྩལ། རིག་འཛིན་ཀུན་བཟང་ཡེ་ཤེས། པདྨ་འགྱུར་མེད། ཀུན་བཟང་འགྱུར་མེད། པདྨ་ཕྲིན་ལས་ཏེ་བཞི་པོ་རྒོད་ལྡེམ་མས་བརྒྱུད་བཀྲ་བཟང་ཞབས་དྲུང་དང་། དཔལ་ལྡན་དཔའ་བོ་པདྨ་བསྟན་འཛིན། བསྟན་འཛིན་རིན་པོ་ཆེ་དགེ་ལེགས་ཉི་མ། དེ་ལས་སོ། །རིག་འཛིན་རོལ་པའི་རྡོ་རྗེའི་མཚོ་གཏེར་ཐེམས་མེད་སྙིགས་དུས་དལ་ཡམས་ཀྱི་འཇིགས་སྐྱོབ་གཅིག་པུ་བ་ཆེ་མཆོག་གུ་རུ་དྲག་ཁྲོས་ཀྱི་རྩ་དབང་གཏོར་དབང་འབྲེལ་བ། ཞར་བྱུང་ཕྱི་ནང་བཀའ་སྲུང་རྣམས་ཀྱི་བཀའ་གཏད། སྒྲུབ་ཐབས་ལས་བྱང་གཏེར་གཞུང་། དབང་ཆོག །བརྒྱུད་པ་ནི། བླ་མ་ཞི་བ་རྒྱལ་བ་ཀུན་འདུས་ལྟར་ལ། བསྟན་འཛིན་མཆོག་སྤྲུལ། གཏེར་སྤྲུལ་པདྨ་བསྟན་འཕེལ། ཀཾ་གུ་རུ་མ་ཎི་གསུམ་ཀ་ལས་ནོས་པའོ། །ཡང་རྒྱལ་འདུས། དྲག་ཁྲོས། ཁྲོ་རོལ་ལ་དྲག་ཁྲོས་དབང་གིས་བཅིངས་པའི་བརྒྱུད་པ་ཁྱད་པར་ཅན་གཅིག་ནི། རོལ་རྡོར། དབོན་ཡོངས་གྲུབ་རྡོ་རྗེ། ཆོས་ཀྱི་འབྱུང་གནས། བདུད་འདུལ་རྒྱལ་པོ། བསྟན་འཛིན་ངེས་དོན་རྒྱ་མཚོ། གཏེར་སྤྲུལ་པདྨ་བསྟན་འཕེལ། དེ་ལས་སོ། །གནུབས་ཆེན་རྣམ་འཕྲུལ་རྩ་གསུམ་གླིང་པའི་ཟབ་གཏེར་པདྨ་ཁྲག་འཐུང་གི་དབང་། གཏེར་གཞུང་དང་དབང་ཆོག །བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། མཚོ་རྒྱལ། སངས་རྒྱས་ཡེ་ཤེས། རྩ་གསུམ་གླིང་པ་ཆོས་ཀྱི་རྒྱ་མཚོ། རྭ་སྟོན་སྟོབས་ལྡན་རྡོ་རྗེ། ཐུགས་མཆོག་རྡོ་རྗེ། དྲི་མེད་གླིང་པ། ཡེ་ཤེས་ལྷུན་གྲུབ། རྡོ་རྗེ་སྙིང་པོ། ཨོ་རྒྱན་འགྲོ་འདུལ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེ་ལས་སོ། །གཏེར་སྟོན་འདི་ཉིད་ཆོས་གླིང་ཡབ་སྲས་རྣམས་ཀྱིས་ཤིན་ཏུ་བསྔགས་པར་སྣང་ཡང་གཏེར་ཆོས་འདི་ཙམ་ལས་ཐོབ་ཁུངས་མ་བྱུང་ངོ་། །གཏེར་ཆེན་མཆོག་གྱུར་གླིང་པའི་ཟབ་པ་སྐོར་བདུན་ལས་རྩ་གསུམ་ཚེ་ཟབ་ཀྱི་དྲག་སྒྲུབ་བླ་མ་བཀའ་བརྒྱད་ཀྱི་དབང་། བརྒྱུད་འདེབས། ལས་བྱང་། གཏེར་གཞུང་། སྨན་མཆོད། དབང་ཆོག་ཀུན་གཟིགས་མཁྱེན་བརྩེའི་གསུང་། བརྒྱུད་པ་གོང་གི་རྩ་གསུམ་ཚེ་ཟབ་རྩ་བ་ལྟར་ལ། གཏེར་ཆེན། དབོན་སྤྲུལ་སྒྲུབ་བརྒྱུད་བསྟན་འཛིན་ཕྲིན་ལས། དེས་བདག་ལའོ། །ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས་རྡོ་རྗེ་གྲོ་ལོད་སྒེར་དབང་། སྒྲུབ་ཐབས་དང་གཏོར་ཟློག་གཏེར་སྟོན་ཉིད་མཛད། དབང་ཆོག །བརྒྱུད་པ་ནི་ཐུགས་སྒྲུབ་རྩ་བ་དང་འདྲ། ལྷ་སྲས་མུ་ཁྲི་བཙད་པོའི་རྣམ་རོལ་གྲུབ་དབང་ཆོས་རྒྱལ་རྡོ་རྗེའི་གཉན་རྒྱལ་རྡོ་རྗེ་ཁྱུང་རྫོང་གི་གཏེར་དང་དགོངས་གཏེར་ཟུང་འཇུག་དུས་སྙིགས་རྒྱལ་གདོན་གྱི་གཉེན་པོར་ཆེས་ཟབ་པའི་དྲག་པོ་མཐིང་གའི་རྩ་དབང་། གཏོར་དབང་། སྒྲུབ་ཐབས། ལས་ཚོགས། ལས་བྱང་། ཟློག་པ། ཚོགས་ལྷག་བཅས་གཏེར་གཞུང་དང་། དབང་ཆེན་དང་གཏོར་དབང་གི་ཆོག་ཁྲིགས་རྣམས་སོ། །དབང་ལུང་གཉིས་ཀའི་བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། མཚོ་རྒྱལ། ལྷ་སྲས་མུ་ཁྲི། མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ། རིག་འཛིན་ཆོས་རྒྱལ་རྡོ་རྗེ། དེས་བདག་ལའོ།། ༈ །།གཉིས་པ་དངོས་གྲུབ་ཀྱི་རྩ་བ་ཡི་དམ་ཞི་ཁྲོ་སྒྲུབ་པའི་སྐོར་ལ། སྤྱིར་རིགས་ཀྱི་འཁོར་ལོས་སྒྱུར་བ་རྣམ་པ་ལྔ་ལས་རབ་ཏུ་ཕྱེ་བའི་ལྷག་པའི་ལྷ་རབ་འབྱམས་སྒྱུ་འཕྲུལ་དྲྭ་བའི་སྒྲུབ་ཐབས་དང་མན་ངག་མཐའ་ཡས་པས་ཚད་གཞལ་དུ་མེད་ཀྱང། རེ་ཞིག་སྒྲུབ་སྡེ་ཆེན་པོ་བརྒྱད་དུ་ཅི་རིགས་པར་འདུ་བས་ན། འདི་ལ་གཉིས། སྒྲུབ་སྡེ་སྤྱིར་སྒྲུབ་པ་དང་། ་བྱེ་བྲག་ཏུ་སྒྲུབ་པའི་སྐོར་རོ། དང་པོ་ནི། བཀའ་མ་མཁས་པ་མི་བཞིའི་ཐུགས་བཅུད་བཀའ་བརྒྱད་རྫོང་འཕྲང་། གཏེར་མའི་ཕྱོགས་སུ་སྙིང་དང་འདྲ་བ་ཉང་གཏེར་བདེ་གཤེགས་འདུས་པ། སྙིང་ཁྲག་དང་འདྲ་བ་ཆོས་དབང་གསང་བ་ཡོངས་རྫོགས། དྭངས་མ་དང་འདྲ་བ་བྱང་གཏེར་རང་བྱུང་རང་ཤར་ཏེ་བཀའ་བརྒྱད་རྣམ་གསུམ་ཞེས་ཡོངས་སུ་གྲགས་པ་དང་། སྲོག་དང་འདྲ་བ་པདྨ་གླིང་པའི་ཐུགས་ཀྱི་མེ་ལོང་། ལུས་དང་འདྲ་བ་བསམ་གཏན་བདེ་ཆེན་གླིང་པའི་ཡང་གསང་དྲེགས་འདུལ་ལྔ། གཞན་ཡང་ཨོ་རྒྱན་གླིང་པའི་བཀའ་འདུས་ཆོས་ཀྱི་རྒྱ་མཚོ། རྡོར་གླིང་གསང་བ་ཡོངས་རྫོགས། མངའ་རིས་པཎ་ཆེན་གྱི་བཀའ་བརྒྱད་རིག་འཛིན་ཡོངས་འདུས། འཇའ་ཚོན་པའི་དངོས་གྲུབ་སྙིང་པོ། ཀློང་གསལ་མདོ་སྔགས་གླིང་པའི་བདེ་གཤེགས་ཡོངས་འདུས། པདྨ་བདེ་ཆེན་གླིང་པའི་བཀའ་འདུས་སྙིང་པོ་ཡིད་བཞིན་ནོར་བུ་རྣམས་སྔར་བྱོན་པའི་ནང་ནས་བཀའ་སྲོལ་གསུམ་མ་གཏོགས་པ་བཀའ་གཏེར་ལུགས་སྲོལ་དགུ་ཙམ་གྱི་སྨིན་གྲོལ་རྒྱུན་མ་ནུབ་པར་མཆིས་ཤིང་། སྤྱིར་བཀའ་གཏེར་དག་སྣང་དང་འབྲེལ་བའི་བཀའ་བརྒྱད་རང་རྐང་དང་ཐོར་བུ་སྔ་ཕྱིར་བྱོན་པ་རྒྱ་ཆེར་མཆིས་པ་ལས། འདིར་མངའ་བདག་སྐྱེ་བ་བཅུ་བདུན་པ་གཏེར་ཁ་གོང་མ་ཉང་རིན་པོ་ཆེས་ལྷོ་བྲག་མཁོ་མཐིང་རྣམ་སྣང་སྐུ་རྒྱབ་ཀྱི་སྒྲོམ་དབུས་མ་ནས་སྤྱན་དྲངས་པའི་ཟབ་ཆོས་བཀའ་གཏེར་ཟུང་འཇུག་བཀའ་བརྒྱད་བདེ་གཤེགས་འདུས་པའི་དོན་དབང་པདྨ་ཤེལ་ཕུག་མ། རྣལ་འབྱོར་རྒྱུན་དབང་། བསྐྱེད་རིམ་དང་གནད་ཀྱི་རྫོགས་རིམ་ལྔའི་ཁྲིད། བརྒྱུད་འདེབས་ལས་བྱང་བདེ་རོལ། བསྐྱེད་རྫོགས་རྒྱས་བསྡུས་མངོན་རྟོགས། རྒྱུན་ཁྱེར། སྒྲུབ་ཁོག་དངོས་གྲུབ་གཏེར་མཛོད་རྣམས་ཟབ་ཆོས་འདི་ཉིད་ཉེ་བརྒྱུད་ཀྱི་བཀའ་བབས་ཆོས་རྒྱལ་གཏེར་བདག་གླིང་པའི་གསུང་། ལས་བྱང་བསྡུས་པ་རིན་རྣམ་གསུང་རྗེ་བླ་མས་གསལ་བྱེད་མཛད་པ། ཞི་རྒྱས་སྦྱིན་སྲེག་པདྨ་འགྱུར་མེད་རྒྱ་མཚོའི་གསུང་། པདྨ་ཤེལ་ཕུག་མའི་དབང་ཆོག །རྣལ་འབྱོར་རྒྱུན་དབང་གཏེར་གསུང་། བསྙེན་ཡིག་རིན་ཆེན་སྒྲོན་མེ་ལོ་ཆེན་དྷརྨ་ཤྲཱིས་མཛད་པ། ཕྱག་རྒྱ་རྐྱང་སྒྲུབ་དང་ཧཱུྃ་སྒྲུབ་རྒྱུན་ཁྱེར། གནད་ཀྱི་རྫོགས་རིམ་ལྔའི་ཁྲིད་ཡིག་གཏེར་གཞུང་བཅས་བཞུགས། བརྒྱུད་པའི་རྣམ་གྲངས་ཤིན་ཏུ་མང་བ་ལས་ཆེས་ཕུལ་དུ་བྱུང་བ་པཎ་ཆེན་པདྨ་དབང་གི་རྒྱལ་པོས་བཀའ་བརྒྱད་བཀའ་གཏེར་ལན་གྲངས་ཉེར་ལྔ་གསན་པའི་བརྒྱུད་སྲོལ་ཏེ། དེ་ལས་དངོས་གྲུབ་བརྙེས་པའི་སྐྱེས་ཆེན་བྲེང་ཆགས་སུ་བྱོན་པ་མངའ་བདག་གདུང་རབས་ཀྱི་བརྒྱུད་པ་ལའང་བཀའ་གཏེར་གཉིས་ཀ་འདུས་ཀྱང་འདིར་གཏེར་མ་ལྟར་ན། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། རྡོ་རྗེ་ཆོས། མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ། རྒྱ་གར་གྱི་རིག་འཛིན་བརྒྱད། ཀུན་འདུས་པདྨ་ཐོད་ཕྲེང་རྩལ། བོད་ཀྱི་གྲུབ་ཆེན་བརྒྱད། ཀུན་འདུས་ཚངས་པ་ལྷའི་མེ་ཏོག །ཉང་རལ་ཉི་མ་འོད་ཟེར། སྲས་འགྲོ་བའི་མགོན་པོ། ཉང་སྟོན་བློ་ལྡན། མངའ་བདག་བདུད་འདུལ། མངའ་བདག་མདོ་སྡེ་སེང་གེ །ཉང་པདྨ་དངོས་གྲུབ། ཉང་འཇམ་དཔལ་ནོར་བུ། ཉང་ཀུན་དགའ་རྒྱལ་མཚན། ཉང་ཀུན་དགའ་འོད་ཟེར། རྗེའུ་རིགས་ནམ་མཁའི་རྣལ་འབྱོར། པཎ་ཆེན་པདྨ་དབང་རྒྱལ། དེས་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་དང་གཙང་པ་ངག་གི་དབང་པོ་གཉིས་ཀ་ལ་གནང་། དེ་གཉིས་ཀ་ལས་ཞིག་གླིང་གིས་གསན། ཡང་སྒྲུབ་དབང་ཕྱག་བཞེས་དང་བཅས་པ་པཎ་ཆེན་རིན་པོ་ཆེ། ལེགས་ལྡན་རྡོ་རྗེ། རིན་ཆེན་ཕུན་ཚོགས། ཞིག་པོ་གླིང་པ། བློ་གྲོས་རྒྱལ་མཚན། གཞན་ཕན་རྡོ་རྗེ། ཕྲིན་ལས་ལྷུན་གྲུབ། ཆོས་རྒྱལ་གཏེར་བདག་གླིང་པ། ཁམས་པ་ངག་དབང་ཀུན་དགའ་བསྟན་འཛིན། དེ་ལས་གཏེར་སྟོན་རོལ་པའི་རྡོ་རྗེ་སྐུ་མཆེད་གཉིས། གཉིས་ཀ་ལས་བླ་མ་དབང་རྒྱལ་རྡོ་རྗེ། ཨ་རིང་བླ་མ་བསམ་འཕེལ་ལམ་ཀརྨ་ལྷ་གཟིགས། ཡང་གཏེར་ཆེན་ནས་རིན་རྣམ། པད་བསྟན། ཕྲིན་རྣམ། ཞེ་ཆེན་པ་བསྟན་འཛིན་ཆོས་རྒྱལ། དེ་ལས་བླ་མ་བསམ་འཕེལ། དེ་ནས་ཀུན་བཟང་ཕྲིན་ལས་ལྷུན་གྲུབ། གར་དབང་བདུན་པ་ངེས་དོན་ཆོས་སྐྱོང་བཟང་པོ། དེས་བདག་ལའོ། །ཡང་། ཀུན་གཟིགས་བླ་མ་འགྱུར་མེད་བསྟན་འཛིན་འཕེལ་རྒྱས་ལས་ཀྱང་ཐོབ་སྟེ་འདི་ལ་སྟག་བླ་པདྨ་མ་ཏི་ནས་སྨད་ཕྱོགས་སུ་བརྒྱུད་པ་དང་། འབྲི་གུང་སྒྲུབ་དབང་གི་རྒྱུན་སོགས་ཀྱང་འདུའོ། །གཏེར་ཆེན་རིན་པོ་ཆེས་མཛད་པའི་རྣལ་འབྱོར་རྒྱུན་དབང་ནི། གོང་གསལ་སྨིན་གླིང་ཁྲི་བརྒྱུད་ནས། པདྨ་གསང་སྔགས་བསྟན་འཛིན་ཆོས་རྒྱལ། ཀུན་གཟིགས་རྡོ་རྗེ་ངེས་གྲུབ་རྩལ། དེ་ལས་སོ། །གཏེར་ཆེན་གསུང་སྐོར་བཀའ་འབུམ་སྤྱི་རྒྱུད་དང་འདྲ། སྦྱིན་སྲེག་ལ་བརྒྱུད་པ་ངེས་ཏིག་མ་བྱུང་། བསྙེན་ཡིག་ནི། དྷརྨ་ཤྲཱི། རིན་ཆེན་རྣམ་རྒྱལ། ཐེག་མཆོག་བསྟན་འཛིན། དཀོན་མཆོག་བདེ་ཆེན། བཀྲ་ཤིས་རྒྱ་མཚོ། བསྟན་འཛིན་ནོར་བུ། བསྟན་འཛིན་ཆོས་རྒྱལ། བསྟན་འཛིན་འཕེལ་རྒྱས། རྗེ་མཁྱེན་བརྩེའི་དབང་པོ། དེ་ལས་སོ། །ཉེ་བརྒྱུད་གཏེར་ཆེན་འགྱུར་མེད་རྡོ་རྗེ་ཉིད་མངའ་བདག་ཉང་རིན་པོ་ཆེའི་ཡེ་ཤེས་ཀྱི་སྐུས་བྱིན་གྱིས་བརླབས་ཤིང་བདེ་གཤེགས་འདུས་པའི་བཀའ་བབ་གཏད། ཉང་གི་རྣམ་ཐར་ལས་ཀྱང་ལུང་བསྟན་པའི་དོན་བཞིན་ཡིག་ཆ་རྣམས་མཛད་པར་སྣང་བས་ཁྱད་པར་འཕགས་པའི་བཀའ་སྲོལ་དུ་གྲུབ་བོ། །གོང་འོག་གི་ཁྲིད་རྒྱུན་རྣམས་ནི་ཆོས་རྒྱལ་ཁྲི་ལྡེའི་སྤྲུལ་པའི་སྐུ་བཀའ་བབས་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་ཉེ་བརྒྱུད་དུ་བསྩལ་པའོ། །གཏེར་ཁ་འོག་མ་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་ལྷོ་བྲག་མཁར་ཆུ་ནས་ཁྲོ་ཆུའི་ཀླུ་བདུད་ཀྱི་གཟུགས་ཁྲུ་གང་བ་སྤྱན་དྲངས་པའི་སྐུ་རྐེད་ནས་ཁྱད་འཕགས་སྒྲུབ་ཐབས་བརྒྱ་རྩ་བྱུང་བའི་གཙོ་བོ་བཀའ་བརྒྱད་གསང་བ་ཡོངས་རྫོགས་ལས་མགྱོགས་དབང་བུམ་རྒྱ་ཅན། རིམ་ལྔའི་ཁྲིད། ལས་བྱང་དང་དབང་ཆོག་ཁྲིགས་བཀོད། ལས་བྱང་སྐོང་ཟློག་ཤིན་ཏུ་བསྡུས་པ། བསྙེན་ཡིག །བདེ་གསང་གཉིས་ཀའི་རྫོགས་རིམ་སྙིང་པོ་རིམ་ལྔའི་ཟབ་ཁྲིད་གདན་གཅིག་མ། བརྒྱུད་པ་ནི། ཀུན་བཟང་། ཆེ་མཆོག །ཞི་ཁྲོ་རབ་འབྱམས། ཤཱཀ་ཐུབ། གསང་བདག་རྡོ་རྗེ་ཆོས། ལས་ཀྱི་དབང་ཆེན། རིག་འཛིན་བརྒྱད། ཨོ་རྒྱན་ཆེན་པོ། རྗེ་འབངས་གྲོགས་གསུམ། ཆོས་དབང་རིན་པོ་ཆེ། དེ་ལས་བརྒྱུད་སྲོལ་མང་ཡང་རྩ་བའི་བརྒྱུད་པ། སྨན་ལུང་མི་བསྐྱོད་རྡོ་རྗེ་ནས། ཀརྨ་གུ་རུའི་བར་བླ་མ་གསང་འདུས་དང་འདྲ་ཞིང་དེ་ནས་པདྨ་རྒྱལ་མཚན། ཡང་སྨན་ལུང་པ་ནས། སངས་རྒྱས་འགར་སྟོན། ཚུལ་ཁྲིམས་གཞོན་ནུ། ཆོས་དཔལ་བཟང་པོ། སངས་རྒྱས་རིན་ཆེན། འགོས་ལོ་གཞོན་ནུ་དཔལ་བ། ཁྲིམས་ཁང་ལོ་ཙཱ། ནམ་མཁའ་རིན་ཆེན། གར་དབང་ཞིག་གླིང་། དེ་ལས་པདྨ་རྒྱལ་མཚན་གྱིས་ཞུས། དེ་ནས་པདྨ་མ་ཏི། དཀོན་མཆོག་རྡོ་རྗེ། རིག་འཛིན་ཀུན་བཟང་ཤེས་རབ། ཡང་ཀཿཐོག་བརྒྱུད་སྲོལ་གཙོ་ཆེ་བ་ལྟར་ན། སྨན་ལུང་མི་བསྐྱོད་རྡོ་རྗེ། རྟོགས་ལྡན་ཛྙཱ་ནའི་མཚན་ཅན། རཏྣ་ཤཱི་ལ། བཀྲ་ཤིས་བླ་མ། ཛྙཱ་ན་ཀེ་ཏུ། ནམ་མཁའ་རྒྱལ་མཚན། ནམ་མཁའ་དཔལ་བ། ཤཱཀྱ་འབུམ་པ། དཔལ་ལྡན་རིན་ཆེན། ཡོན་ཏན་བཟངཔོ་འདིར་དཔྱད་དགོས་པ་ཡོད། ནམ་མཁའ་རྒྱ་མཚོ། ཀུན་བཟང་ཤེས་རབ། དེ་ལས་དབོན་ལྷུན་གྲུབ་རྒྱ་མཚོ་དང་ཁྱབ་བརྡལ་ཀློང་ཡངས་གཉིས། གཉིས་ཀ་ལས་པདྨ་ནོར་བུ། ཀརྨ་ཆོས་དཔལ་བཟང་པོ། སངས་རྒྱས་བཀྲ་ཤིས། རྡོ་རྗེ་འཛིན་དབང་པདྨ་ཤེས་རབ། དེས་བདག་ལའོ། །པད་ཕྲིན་གསུང་གོང་གསལ་ལྟར་རོ། །རིག་འཛིན་ཉི་ཟླ་འོད་འབར་གྱིས་སྤྱན་དྲངས་པའི་ལྷོ་གསེར་མཛོད་སེར་པོའི་ཆོས་སྡེ་བཀའ་བརྒྱད་དྲག་པོ་རང་བྱུང་རང་ཤར་གྱི་རྩ་དབང་། རྫོགས་རིམ་གཉིས་ཀྱི་ཁྲིད། བརྒྱུད་འདེབས་དང་སྔོན་འགྲོ་མདོར་བསྡུས། ལས་བྱང་སྔགས་ཀྱི་ཕྲིན་ལས་གཏེར་གཞུང་། དྲིལ་སྒྲུབ། དབང་ཆོག །བསྙེན་ཡིག །གནམ་ཞལ་དོན་ཁྲིད། རིམ་ལྔ། ཡེ་ཤེས་ཟང་ཐལ། རྫོགས་རིམ་སྙིང་ཐིག་རྣམ་བཅུ་བཅས་གཏེར་གཞུང་། བརྒྱུད་པ་ནི། ཀུན་བཟང་ཧེ་རུ་ཀ །རྡོ་རྗེ་འཆང་། རྡོ་རྗེ་ཆོས། སྨུག་ནག་དབང་གི་མཁའ་འགྲོ །ཨིནྡྲ་བོ་དྷི། རིག་འཛིན་བརྒྱད། ཨོ་རྒྱན་ཆེན་པོ། དག་པའི་འཁོར་ལྔ། རྒོད་ལྡེམ་ཅན། རྣམ་རྒྱལ་མགོན་པོ། སྔགས་འཆང་རྡོ་རྗེ་རྣམ་གཉིས། བྱམས་པ་བཤེས་གཉེན། སངས་རྒྱས་དཔལ་བཟང་། ཆོས་རྒྱལ་བསོད་ནམས། ཡོལ་མོ་སྤྲུལ་སྐུ་ཤཱཀྱ་བཟང་པོ། ལེགས་ལྡན་རྗེ། བྱང་བདག་དབང་པོའི་སྡེ། ངག་གི་དབང་པོ། སྔགས་འཆང་སྟོབས་ལྡན་དཔའ་བོ། ཕྱག་རྡོར་ནོར་བུ། རིག་འཛིན་པདྨ་ཕྲིན་ལས། རིག་འཛིན་དབང་རྒྱལ། རྡོ་རྗེ་ཐོགས་མེད། འགྱུར་མེད་བློ་ལྡན། པདྨ་བཤེས་གཉེན། ངེས་དོན་བསྟན་འཛིན་བཟང་པོ། བསྟན་འཛིན་ཆོས་རྒྱལ། འགྱུར་མེད་བསྟན་འཛིན་འཕེལ་རྒྱས། རྣམ་འདྲེན་སྨོན་ལམ་དབང་རྒྱལ། དེས་བདག་ལའོ། །རྒྱལ་སྲས་ལྷ་རྗེའི་སྐྱེ་སྲིད་བདུན་པ་ཡར་རྗེ་ཨོ་རྒྱན་གླིང་པའི་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཆོས་བཀའ་ཟབ་ཅིང་རྒྱ་ཆེ་བ་རྣམས་སྐབས་དེར་རྟེན་འབྲེལ་གྱི་དབང་ལས་མཁའ་འགྲོའི་གསང་མཛོད་དུ་བསྡམས་པ། དེང་སང་གཏེར་ཆེན་དེ་ཉིད་དང་ཡེ་ཤེས་ཀྱི་དབྱིངས་ཐ་དད་མི་མངའ་བ་གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་པདྨ་འོད་གསལ་མདོ་སྔགས་གླིང་པས་སྙིང་པོའི་ཡང་བཅུད་ཙམ་ཞིག་གཏན་ལ་ཕབ་པ་དཔལ་བཀའ་འདུས་ཀྱི་དོན་དབང་། དེ་དང་འབྲེལ་བའི་ཐུགས་ཁྲིད། བརྒྱུད་པའི་གསོལ་འདེབས་འབྲིང་པོ། ཕྲིན་ལས་ནར་མ་རིན་ཆེན་སྙིང་པོ། སྨོན་ལམ་དང་བཀྲ་ཤིས་གཞན་ནས་ཁ་བསྐངས་པ། སྙིང་པོ་དོན་གྱི་དབང་བསྐུར། སྙིང་པོ་དོན་གྱི་ཐུགས་ཁྲིད། སྐོང་བསྡུས་རིན་ཆེན་སིལ་མ། རྣལ་འབྱོར་རྒྱུན་གྱི་ལས་སྦྱོར་ལ་ནང་གསེས་གཏོར་ཟློག །སྨན་སྒྲུབ། སྦྱིན་སྲེག །རབ་གནས་ཚེ་སྒྲུབ་དང་ལྔ། བཀའ་སྲུང་མཆོད་བསྡུས་བཅས་གཏེར་གཞུང་། བརྒྱུད་འདེབས། རྒྱུན་ཁྱེར། དབང་ཆོག །ལྷ་དབང་བཀོལ་བྱང་། དཀྱིལ་འཁོར་བསྟོད་པ། བསྙེན་སྒྲུབ་བྱ་ཚུལ་རྣམས་སོ། །དབང་ཁྲིད་ལུང་གསུམ་ཀའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་འཆང་ཆེན། ལོངས་སྐུ་རྡོ་རྗེ་སེམས་དཔའ། གསང་བདག་ལག་ན་རྡོ་རྗེ། རིག་འཛིན་གྱི་རྒྱལ་པོ་ཀུཉྫ་ར། རིགས་ལྡན་དེ་བ་བཟང་སྐྱོང་། མཁའ་འགྲོ་ལས་དབང་ཆོས་འཚོ། སློབ་དཔོན་པདྨ་བཛྲ། ལྷ་ལྕམ་མནྡཱ་ར་བ། རྒྱལ་སྲས་མཆོག་གྲུབ་རྒྱལ་པོ། ཡར་རྗེ་ཨོ་རྒྱན་གླིང་པ། པདྨ་འོད་གསལ་མདོ་སྔགས་གླིང་པ། དེ་ཉིད་ཀྱིས་ཆེད་དུ་དགོངས་ནས་བཀའ་དྲིན་བསྩལ་པའོ། །གཏེར་ཆེན་པདྨ་གླིང་པས་བུམ་ཐང་རྩེ་ལུང་ལྷ་ཁང་གི་རྒྱབ་ནས་བཏོན་པའི་བཀའ་བརྒྱད་ཐུགས་ཀྱི་མེ་ལོང་གི་མགྱོགས་དབང་ངམ་རྣལ་འབྱོར་རྒྱུན་དབང་། ལས་བྱང་གཏེར་གཞུང་། དབང་ཆོག །བརྒྱུད་པ་ནི། ཀུན་བཟང་ཆེ་མཆོག །རྡོ་རྗེ་འཆང་། རྡོ་རྗེ་ཆོས། ལས་ཀྱི་དབང་མོ། རིག་འཛིན་བརྒྱད། ཨོ་རྒྱན་ཆེན་པོ། བཀའ་བབས་བརྒྱད། ཆོས་རྒྱལ་ཡབ་སྲས། པདྨ་གླིང་པ། གྲུབ་པ་ཀུན་འདུས། སྲས་པད་ཕྲིན། ཚུལ་ཁྲིམས་རྡོ་རྗེ། བསྟན་འཛིན་འགྱུར་མེད་རྡོ་རྗེ། ངག་དབང་ཀུན་བཟང་རྡོ་རྗེ། མཆོག་གྲུབ་དཔལ་འབར། གྲུབ་མཆོག་རྡོ་རྗེ། དྲིན་ཅན་སློབ་དཔོན་རྣམ་གཉིས། སྒང་སྤྲུལ་སྲིད་ཞི་རྣམ་རྒྱལ། གསུང་སྤྲུལ་དྲུག་པ་བདེ་ཆེན་རྡོ་རྗེ། ཕྲིན་ལས་ཆོས་སྒྲོན། རྡོར་འཛིན་འགྱུར་མེད་དོན་གྲུབ། དེས་བདག་ལའོ། །བསམ་གཏན་བདེ་ཆེན་གླིང་པའི་བཀའ་བརྒྱད་ཡང་གསང་དྲེགས་འདུལ་སྐོར་སྔར་ནས་དཔེ་ལུང་གི་རྒྱུན་མ་བཞུགས་ཀྱང་གཏེར་ཆེན་བླ་མ་རིན་པོ་ཆེར་ཡང་གཏེར་དུ་བབས་པ་ལས་ས་བོན་ཙམ་ཞིག་སྣང་བར་མཛད་པ་དྲེགས་འདུལ་གྱི་དོན་དབང་། ལས་བྱང་དང་རྫོགས་རིམ་གཏེར་གཞུང་། བརྒྱུད་འདེབས་དང་མཆོད་ཕྲེང་། དབང་ཆོག །བརྒྱུད་པ་ཆོས་རྒྱལ་ཡན་ཆད་སྔ་མ་རྣམས་དང་འདྲ། བསམ་གཏན་བདེ་ཆེན་གླིང་པ། པདྨ་འོད་གསལ་མདོ་སྔགས་གླིང་པ། དེས་བདག་ལའོ། །རིག་འཛིན་ཧཱུྃ་ནག་མེ་འབར་གྱི་ཟབ་གཏེར་ཚེ་དཔག་མེད་གནམ་ལྕགས་རྡོ་རྗེའི་བར་གཅོད་བགེགས་འདུལ་གྱི་ཆ་ལག་ཏུ་བྱོན་པ་བཀའ་བརྒྱད་དངོས་གྲུབ་སྙིང་པོའི་དབང་། ལས་བྱང་གཏེར་གཞུང་། དབང་ཆོག །བརྒྱུད་པ་ནི་འཇའ་ཚོན་པོད་དྲུག་སྤྱི་ལྟར་རོ། །ཧཱུྃ་ནག་ནམ་མཁའི་རྡོ་རྗེའམ་ཀློང་གསལ་མདོ་སྔགས་གླིང་པས་ཁེ་ནང་རོལ་པ་བདེ་ཆེན་ཁང་ནས་བཏོན་པའི་བཀའ་བརྒྱད་བདེ་གཤེགས་ཡོངས་འདུས་ཀྱི་དོན་དབང་། ལམ་འབྲས་བུ་དང་བཅས་པའི་ཁྲིད། ལས་བྱང་ཆུང་བ་གཏེར་གཞུང་། དབང་ཆོག །ཁྲིད་ཡིག་གསང་ཆེན་ཡེ་ཤེས་སྙིང་པོ། རྒྱུན་གྱི་རྣལ་འབྱོར། བརྒྱུད་པ་ནི། ཀུན་བཟང་། རྡོ་རྗེ་འཆང་། རྡོར་སེམས། ལས་ཀྱི་དབང་མོ། ཨིནྡྲ་བོ་དྷི། དགའ་རབ། ཤྲཱི་སིཾ། གོ་མ་དེ་བཱི། རིག་འཛིན་བརྒྱད། པདྨ་ཐོད་ཕྲེང་། བཀའ་བབས་མི་དགུ །ལང་གྲོ་ལོ་ཙཱ། ཀློང་གསལ་སྙིང་པོ། ཆོས་ཉིད་རྒྱ་མཚོ། དྲུང་ནམ་མཁའ་རྒྱ་མཚོ། རྒྱལ་སྲས་ཨོ་རྒྱན་བསྟན་འཕེལ། ཐུགས་སྲས་ཀརྨ་ཆོས་འཕེལ། རྒྱལ་སྲས་དབང་རྒྱལ་ནོར་བུ། ཆོས་སྐྱོང་མགོན་པོ། ཨོ་རྒྱན་མི་འགྱུར། དེ་ལས་ནོས། འདིར་དྲུང་ནམ་མཁའ་རྒྱ་མཚོ་ནས་ཀཿཐོག་རྩ་བའི་བརྒྱུད་པའང་འདུའོ། །རྒྱལ་སྲས་བསྟན་འཕེལ་བརྒྱུད་པ་འདི་ཉག་ཕྲ་བར་གཟིགས་ནས་དཔའ་བོ་རིན་པོ་ཆེ་གཙུག་ལག་ཆོས་ཀྱི་རྒྱལ་པོས་རྒྱལ་སྲས་ཆོས་སྐྱོང་མགོན་པོ་ལ་ཀློང་གསལ་དབང་ལུང་ཡོངས་རྫོགས་ཆེད་དུ་གསན་པའི་ཞར་བྱུང་ཨོ་རྒྱན་མི་འགྱུར་ནས་ཚང་མ་ཐོབ་འདུག་པས་ཁོ་བོས་ཀྱང་འབད་པས་བཙལ་པའོ། ཁྲིད་རྒྱུན་ཀཿཐོག་ནས་བརྒྱུད་པ་རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེ་ལས་ནོས། གནམ་ཆོས་མི་འགྱུར་རྡོ་རྗེའི་དགོངས་གཏེར་བཀའ་བརྒྱད་ལུས་དཀྱིལ་གྱི་དབང་། ལུས་དཀྱིལ་འདོན་ཆ། དབང་ཆོག་བཅས་ཆགས་མེད་གསུང་། བརྒྱུད་པ་གནམ་ཆོས་སྔར་སོང་རྣམས་དང་འདྲ། པདྨ་བདེ་ཆེན་གླིང་པའི་བཀའ་འདུས་སྙིང་པོ་ཡིད་བཞིན་ནོར་བུའི་དོན་དབང་། བརྒྱུད་འདེབས་གཏེར་གསུང་། ལས་བྱང་གཏེར་གཞུང་། དབང་ཆོག །བརྒྱུད་པ་ནི་གོང་གསལ་བཀའ་འདུས་ཞི་ཁྲོ་ལྟར་རོ། ཁྱབ་བདག་བླ་མ་འོད་གསལ་སྤྲུལ་པའི་རྡོ་རྗེའི་དགོངས་གཏེར་གྲུབ་ཐོབ་ཐུགས་ཏིག་གི་ཆོས་སྡེ་ལས་ཁྲག་འཐུང་བདེ་གཤེགས་འདུས་པའི་དབང་བསྐུར་ཡོངས་རྫོགས། རྒྱུད་ལུང་གི་བཤད་པ། རིམ་ལྔའི་ཁྲིད། གཏེར་གཞུང་ཚང་བ། ལས་བྱང་། དབང་ཆོག །སྲུང་ཟློག་གི་ལས་རིམ་བཅས། ཚོགས་སྒྲུབ་དང་སྨན་སྒྲུབ་ཀྱི་ལག་ལེན། རྒྱུད་བཤད། ཁྲིད་ཡིག །བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་། ལོངས་སྐུ་ཆེ་མཆོག །སྤྲུལ་སྐུ་རྡོར་སེམས། གསང་བདག་ཕྱག་རྡོར། ལས་ཀྱི་དབང་མོ་ཆེ། རིག་འཛིན་རྣམ་བརྒྱད། པདྨ་ཐོད་ཕྲེང་རྩལ། གྲུབ་ཆེན་ཐང་རྒྱལ། འོད་གསལ་སྤྲུལ་པའི་རྡོ་རྗེས་བཀའ་དྲིན་ཆེན་པོས་སྨིན་གྲོལ་ཚང་སྤྲུགས་སུ་བསྩལ་པའོ། །མཆོག་གྱུར་བདེ་ཆེན་གླིང་པའི་ཡི་དམ་སྒྲུབ་སྐོར་ཐམས་ཅད་ཀྱི་རྩ་བ་བཀའ་འདུས་རྩ་སྒྲུབ་ཀྱི་དབང་གཉིས། གཏེར་གཞུང་ལེ་ཚན། ཡེ་རྒྱལ་ལྷོ་ཕྱོགས་གཡུ་འབལ་བྲག་གི་གཏེར་བྱོན་བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ཀྱི་དོན་དབང། བརྒྱུད་འདེབས། བསྐྱེད་རྫོགས་འབྲིང་པོའི་ལས་བྱང་ཁྲིགས་བསྡེབས། དབང་ཆོག །རོང་མེ་དཀར་མོ་སྟག་ཚང་གཏེར་བྱོན་ཡི་དམ་བཀའ་འདུས་སྙིང་པོའི་དབང་། གཏེར་གཞུང་རྩ་བ། ལས་བྱང་དང་དབང་ཆོག་ཁྲིགས་བཀོད་བཅས། བརྒྱུད་པ་ནི། སྤྱི་བརྒྱུད་གོང་མ་རྣམས་ལྟར་ལ། འགྲོ་འདུལ་སྤྲུལ་པའི་གཏེར་ཆེན་ཉིད་ཀྱི་ཞལ་སྔ་ནས་བདག་གིས་ནོས་པའོ། ༈ །གཉིས་པ་སྒྲུབ་པ་སྡེ་བརྒྱད་བྱེ་བྲག་ཏུ་སྒྲུབ་པའི་སྐོར་ལ་བརྒྱད། འཇིག་རྟེན་ལས་འདས་པ་ལྔ། སོ་མཚམས་པ་གཅིག །འཇིག་རྟེན་པ་གཙོར་བསྟན་པ་གཉིས་སོ། །དེ་ལ་དང་པོ་འཇམ་དཔལ་སྐུའི་སྒྲུབ་པ་ལ་གཉིས། ཞི་བ་དང་ཁྲོ་བོ་འོ། །དང་པོ་ནི། ཇོ་མོ་ཤེལ་བཟའ་སྒྲོན་སྐྱིད་ཀྱི་སྐྱེ་བ་སར་བན་ཕྱོགས་མེད་ཀྱིས་སྟག་ཚང་བཀྲ་ཤིས་དཔལ་ཕུག་ནས་བཏོན་པའི་འཇམ་དཔལ་རྫོགས་ཆེན་གྱི་དབང་། དེའི་ཕྲིན་ལས་དབང་ཆོག་དང་བཅས་པ་སྣང་སྟོང་འོད་ལྔའི་རྒྱ་ཅན་ཀུན་གཟིགས་ལྔ་པ་རིན་པོ་ཆེས་མཛད་པ། དབང་བརྒྱུད་ནི། ཀུན་བཟང་། འཇམ་དཔལ་རིགས་ལྔ། ཤཱཀ་ཐུབ། ཌཱ་ཀི་རིགས་དྲུག །འཇམ་དཔལ་དབྱངས། འཇམ་དཔལ་བཤེས་གཉེན། ཤྲཱི་སིཾ་ཧ། ཨོ་རྒྱན་ཆེན་པོ། ཆོས་རྒྱལ་ཁྲི་སྲོང་། ཇོ་མོ་ཤེལ་བཟའ་སྒྲོན། སར་བན་ཕྱོགས་མེད། སར་བན་ཉི་མའི་སྙིང་པོ། སྔགས་འཆང་དབང་དར། འགར་རིན་ཆེན་འབུམ། རི་པ་སངས་རྒྱས་དཔལ། རྒྱ་བན་བླ་མ། སྤ་སྟོན་དཔལ། རིག་འཛིན་རྒོད་ལྡེམ། རྡོ་རྗེ་མགོན་པོ། ངག་དབང་གྲགས་པ། སངས་རྒྱས་དཔལ་བཟང་། ནམ་མཁའ་རྒྱལ་མཚན། དཔལ་ལྡན་བློ་གྲོས། བྱང་བདག་དབང་པོའི་སྡེ། ངག་གི་དབང་པོ། བཀྲ་ཤིས་རྣམ་རྒྱལ། ཀརྨ་གསང་སྔགས། ཕྲིན་ལས་ལྷུན་གྲུབ། ཆོས་དབྱིངས་རང་གྲོལ། ཟིལ་གནོན་བཞད་པ་རྩལ། པདྨ་ཕྲིན་ལས། རིག་འཛིན་དབང་རྒྱལ། གྲུབ་དགོན་ཐེག་མཆོག་པ། སྐལ་ལྡན་དྲི་མེད། བསྟན་འཛིན་དཔལ་འབར། ཁྲི་འགྱུར་མེད་སངས་རྒྱས་ཀུན་དགའ། དགེ་སློང་འགྱུར་མེད་བསྟན་འཕེལ། དེ་ལས་སོ། །ལུང་བརྒྱུད་མཛད་པ་པོ་ནས་བསྟན་འཛིན་དཔལ་འབར་ཡན་དབང་ལྟར་ལ་དེ་ནས། དྷརྨ་དཱི་པེ། ཛྙཱ་ན་དཱི་པེ། བསྟན་འཕེལ་ལས་སོ། །གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་ཁ་བདུན་པ་་་འདི་ལ་ངོ་སྤྲོད་སོགས་ཆོས་ཚན་དྲུག་ཡོད་པ་སླར་རྒྱུན་རྙེད་ན་ངེས་པར་འཇུག་དགོས།་་་གཉན་སྟོན་ཛམྦྷ་ལ་བཏང་སྟེ་ལྷོ་བྲག་མཁོ་མཐིང་ལྷ་ཁང་གི་སྒོ་སྲུང་གཤིན་རྗེ་དམར་པོའི་ལོགས་རིས་ཀྱི་ཐུགས་ཀ་ནས་སྤྱན་དྲངས་པ་དང་། སར་བན་ཕྱོགས་མེད་ཀྱི་གཏེར་ཁ་ལས་མཐུན་པར་འབྱུང་བ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་རྒྱུད་ཀྱི་ཡང་སྙིང་མཆན་བཅས། ལུང་བརྒྱུད་སར་བན་ལུགས་ནི་གནུབས་ལུགས་ཚེ་བདག་འདོན་ཆར་འབྱུང་བས་ལྕགས་འདྲའི་བརྒྱུད་པ་དང་འདྲ། ཆོས་དབང་ལུགས་ནི། ཤཱཀྱ་ཐུབ་པ། གསང་བདག་ཕྱག་རྡོར། འཇམ་དཔལ་དབྱངས། བྱང་སེམས་བློ་གྲོས་རིན་ཆེན། དགྲ་བཅོམ་པ་ཀུན་དགའ་བོ། ཨོ་རྒྱན་ཆེན་པོ། ཇོ་མོ་ཤེས་སྒྲོན། ཆོས་དབང་རིན་པོ་ཆེ། སྨན་ལུང་མི་སྐྱོད་རྡོ་རྗེ། ཚེ་རུ་བ་ནམ་མཁའ་རྒྱལ་པོ། བཀྲ་ཤིས་རྒྱལ་པོ། བློ་གྲོས་རིན་ཆེན། ཀུན་དགའ་ཉི་མ། སངས་རྒྱས་བརྩོན་འགྲུས། བྱེ་ཚང་བ་རིན་ཆེན་དཔལ་འབྱོར། སེམས་དཔའ་གྲགས་པ་དཔལ། སངས་རྒྱས་རྣམ་རྒྱལ། བསྟན་འཛིན་ཉི་མ། བློ་མཆོག་རིག་པའི་རྡོ་རྗེ། ཀརྨ་གསང་སྔགས། ཕྲིན་ལས་ལྷུན་གྲུབ། ཟུར་ཆོས་དབྱིངས་རང་གྲོལ། ངག་དབང་བློ་བཟང་རྒྱ་མཚོ། ཀུན་བཟང་པདྨ་ཕྲིན་ལས། ཉང་པདྨ་དབང་དྲག །རིག་འཛིན་ཚེ་དབང་ནོར་བུ། འཇམ་མགོན་ཆོས་ཀྱི་འབྱུང་གནས། རྒྱལ་དབང་བདུད་འདུལ་རྡོ་རྗེ། པདྨ་ཉིན་བྱེད་དབང་པོ། དེ་ལས་བཀའ་དྲིན་དུ་ཐོབ། ཡང་ན། པད་ཕྲིན་ནས། དཀོན་མཆོག་ལྷུན་གྲུབ། རྡོ་རྗེ་སྙིང་པོ། པདྨ་བཤེས་གཉེན། ཨོ་རྒྱན་བདེ་ཆེན་གྲུབ་པ། ཨོ་རྒྱན་རང་གྲོལ་རྡོ་རྗེ། ཕྲིན་ལས་དར་རྒྱས། པདྨ་འགྲོ་འདུལ། འཇམ་མགོན་བསྟན་འཛིན་འཕེལ་རྒྱས། དེ་ལས་སོ། །སྤྲུལ་པའི་སྐྱེས་མཆོག་སངས་རྒྱས་གླིང་པས་ཀོང་རོང་རྒྱ་ལ་རྦ་དོང་ནས་བཏོན་པའི་འཇམ་དཔལ་སྐོར་གསུམ་ལས། ཟབ་རྒྱ་དང་པོ་འཇམ་དཔལ་ཞི་བ་བློའི་མུན་སེལ་གྱི་རྗེས་གནང་མཐའ་རྟེན་བཅས། འཇམ་དཔལ་ཡེ་ཤེས་སེམས་དཔའི་སྒྲུབ་ཐབས། རྗེས་གནང་། རྩ་བ་གསང་སྒྲུབ། བར་དོར་གཤིན་རྗེའི་འཇིགས་སྐྱོབ། ཆོམ་རྐུན་བཅིང་བ། གཞན་དབང་དུ་བྱ་བ། ཚེ་བསྲིང་བ། རིག་སྔགས་ཟློག་པ། དེ་རྣམས་ཀྱི་མཚན་བརྟགས། གཞོན་ནུ་ཆུ་སྐྱེས་རྩ་སྒྲུབ། དེའི་ལས་ཕྲན་ཉེས་བྱས་འཇོམས་པ། ཡོན་ཏན་སྒྲུབ་པ། ངག་འགྲོལ་བ། རྩོད་པ་བྱ་བ། མ་ཤའི་ལས་སྦྱོར་བཅས་གཏེར་གཞུང་ཆ་ཚང་། དེའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ། བརྒྱུད་པ་ནི། ཀུན་བཟང་། འཇམ་དཔལ། བློ་ལྡན་མཆོག་སྲེད། མཚོ་རྒྱལ། སངས་རྒྱས་གླིང་པ། ཡེ་ཤེས་རྡོ་རྗེ། ཡང་ན། སངས་གླིང་ནས་བྱ་ཁྱུང་པ་ཡབ་སྲས། དེ་ལས་ཆོས་རྗེ་ཀོང་ཆེན་པ། འབྲི་གུང་རིན་ཆེན་ཕུན་ཚོགས། གཏེར་སྟོན་ཞིག་པོ་གླིང་པ། གར་དབང་པདྨ་རྒྱལ་མཚན། རྡོ་རྗེ་རྒྱལ་མཚན། པདྨ་རྡོ་རྗེ། ཀུན་བཟང་ཁྱབ་བདལ་ལྷུན་གྲུབ། ཀུན་བཟང་རྣམ་རྒྱལ། ཕྲིན་ལས་རྡོ་རྗེ། བསོད་ནམས་ཆོས་ཀྱི་དབང་ཕྱུག །སྒ་རྗེ་པདྨ་ལྷུན་གྲུབ། དེ་དབོན་དྲིན་ཅན་བླ་མ་པདྨ་གསང་སྔགས་བསྟན་འཛིན། དེས་བདག་ལའོ། །ཟབ་རྒྱ་གཉིས་པ་ཞི་དྲག་ཕྱེད་མ་དམར་པོ་ལོངས་སྤྱོད་ཚེ་འཕེལ་གྱི་དབང་། སྒྲུབ་ཐབས་དབང་ཆོག་དང་བཅས་པ། བརྒྱུད་པ་ནི། འོད་དཔག་མེད། གར་གྱི་དབང་ཕྱུག །པདྨ་རྒྱལ་པོ། མཚོ་རྒྱལ། གཏེར་སྟོན་ཕྱིན་གོང་ལྟར་རོ། །བདུད་འདུལ་ནུས་ལྡན་རྡོ་རྗེས་ཁྲོ་རི་ཟིལ་ཁྲོམ་རྡོ་རྗེའི་ཀེའུ་ཚང་ནས་སྤྱན་དྲངས་པའི་ཡི་དམ་དམར་ནག་འཇིགས་གསུམ་ཆོས་སྡེ་བྱིངས་འབེབས་པར་མ་མཛད་ཀྱང་ཞི་སྒྲུབ་སྐོར་ལས། འཇམ་དཔལ་ཕྱི་ནང་གསང་བ་ཡང་གསང་ཟུང་འཇུག་ལྔ་དང་དབྱངས་ཅན་དམར་མོ་བཅས་ཀྱི་དབང་། ཕྱི་སྒྲུབ་དཀར་པོ། ནང་སྒྲུབ་ཨ་ར་པ་ཙ། གསང་སྒྲུབ་ཕྱག་བཞི་པ་ལྷ་དགུ །ཡང་གསང་ཡབ་ཡུམ་ཞལ་སྦྱོར། ཟུང་འཇུག་ཡང་གསང་ཁོལ་སྦས། ཟབ་གསང་ཟུང་འཇུག་སྒྲུབ་པ། བླ་རྡོ་ཙཀྲ །རྫས་ཀྱི་གདམས་པ། དབྱངས་ཅན་དམར་མོའི་སྒྲུབ་པ་བཅས་གཏེར་གཞུང་ཚང་བའོ། །འཇམ་དཔལ་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་སངས་གླིང་ཟབ་རྒྱ་གཉིས་པ་དང་མཚུངས་པས་དེར་ཆུ་བོ་གཅིག་འདྲེས་སུ་བཞུགས་པའོ། །བརྒྱུད་པ་ནི། འཇམ་དཔལ་ཡེ་ཤེས་སེམས་དཔའ། པདྨ་སཾ་བྷ་བ། ཁྲི་སྲོང་། མཚོ་རྒྱལ། འབྲོག་བན་ལོ་ཙཱ་ཚུལ་ཁྲིམས་འོད་ཟེར། བདུད་འདུལ་གླིང་པ། རྒྱལ་སྲས་ནོར་བུ་ཡོངས་གྲགས་སོགས་དཔལ་ཡུལ་བརྒྱུད་པ་གོང་གསལ་ལྟར་དང་། ཀུན་བཟང་ཁྱབ་བརྡལ་ལྷུན་གྲུབ་དང་། ཀུན་བཟང་རྣམ་རྒྱལ་ནས་རིམ་པར་བརྒྱུད་དེ་འདྲེན་མཆོག་གསང་སྔགས་མགོན་པོ་ལས་ཀྱང་ནོས་པའོ། །སྨིན་གཏེར་དྲེགས་འཇོམས་ཀྱི་ཞི་སྒྲུབ་གཏེར་གཞུང་གསལ་བྱེད་དང་བཅས་པ། ལུང་བརྒྱུད་དྲེགས་འཇོམས་ལྟར་རོ། །གཞན་ཡང་འཇམ་དཔལ་སྒྲུབ་སྐོར་གཏེར་བྱོན་ཐོར་བུ་ཅི་རིགས་སྣང་བ་ལས་གལ་ཆེ་བ་ཁ་ཅིག་ཤེས་རབ་རྒྱས་པའི་ལས་ཀྱི་སྡེར་འབྱུང་ཞིང་། འདོད་བུམ་གྱི་དཀྱུས་སུ་ཉེར་མཁོར་བཀོད་པའི་ཕྱི་འགྱུར་ལུགས་འཇམ་དཔལ་དཀར་དམར་དང་དབྱངས་ཅན་མ་རྣམས་ཀྱང་སྐབས་དེར་འབྱུང་ངོ་། ༈ །གཉིས་པ་འཇམ་དཔལ་དྲག་པོ་གཤིན་རྗེ་རོལ་པའི་སྐོར་ལ། སྤྱིར་དེ་བཞིན་གཤེགས་པའི་རིགས་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་ལ་ཚེ་བདག་ལྕགས་སྡིག །ལྕགས་འདྲ། ཡང་ཟློག་གི་སྐོར། རྡོ་རྗེའི་རིགས་འཇོམས་བྱེད་འཆར་ཁ་ནག་པོ། རིན་པོ་ཆེའི་རིགས་ཁ་ཐུན། པདྨའི་རིགས་འཇིགས་བྱེད་རུ་མཚོན་དམར་པོ། ལས་ཀྱི་རིགས་གཤོར་གསང་ཉི་མ་ཁྲོས་པ་སོགས། ཁྲོ་ཆུ་དང་། ཀིང་ཀང་དམར་ནག་གིས་མཚོན་བཀའ་གཏེར་གྱི་གཤེད་སྐོར་མཐའ་ཡས་པ་ཞིག་བྱུང་ཞིང་། དེང་སྐབས་ཀྱང་བཀའ་མ་གཤིན་རྗེའི་གཤེད་རུ་མཚོན་དམར་པོ། ཁ་ཐུན་ནག་པོ། གདོང་དྲུག་ནག་པོ་གསང་རྫོགས་ཐུགས་ཀྱི་སྒྲུབ་པ་གསུམ་གྱི་གཞུང་ཡོངས་སུ་རྫོགས་པའི་དབང་ལུང་། རྒྱུད་སྡེ་པོད་གཉིས་རབ་འབྱམས་ཀྱི་ལུང་། གཏེར་མའི་གཤེད་སྐོར་རང་གཞུང་རྐང་ཚུགས་དང་། གཞན་གྱི་ཡན་ལག་ཏུ་གྱུར་པ་མང་པོ་རྒྱུན་མ་ཉམས་པར་བཞུགས་མོད། འདིར་གལ་པོ་ཆེ་ཁ་ཤས་ཤིག་འགོད་པ་ལ་གནུབས་ཆེན་ཡང་སྲིད་དྲག་སྔགས་ཐམས་ཅད་ཀྱི་མངའ་བདག་དུམ་པ་རྒྱ་ཞང་ཁྲོམ་རྡོ་རྗེ་འོད་འབར་གྱིས་གཏེར་གནས་མང་པོ་ནས་བྱང་ཆུབ་སྒྲུབ་པ་དང་དྲག་པོ་སྔགས་ཀྱི་ཆོས་སྡེ་མཐའ་ཡས་པ་སྤྱན་དྲངས་པ་རྣམས་ཀྱི་གཙོ་བོར་གྱུར་པ། འཇམ་དཔལ་ཚེ་བདག་ནག་པོའི་སྐོར་ལ་ཕུང་པོ་རི་བོ་ཆེའི་གཏེར་བྱོན་གཙོ་ཆེ་བ་ལྕགས་འདྲ། མའི་སྐོར་རྣམས་གཡུང་ཕུའི་རྫ་ལྷུད་མོ་དང་བུའི་སྐོར་རྣམས་ཉུག་གི་རྡོ་རྗེ་སྒྲོམ་བུ་ནས་སྤྱན་དྲངས་པའི་ལྕགས་སྡིག་སྐོར་གྱི་དབང་གཉིས་ལ། ལྕགས་འདྲ་པད་གནུབས་ཀྱི་ལུགས་གཉིས་ཀའི་བཀའ་མའི་དབང་གི་ཆུ་བོའང་གཅིག་ཏུ་འདྲེས་ཤིང་། སེ་སྟོན་གྱི་དབང་ཆོག་ལྷན་ཐབས་དང་བཅས་པ་བཀླགས་ཆོག་ཏུ་དྲིལ་བའི་དབང་ཆོག་བདུད་རྩིའི་བུམ་བཟང་རིག་འཛིན་ཆེན་པོ་པདྨ་ཕྲིན་ལས་ཀྱིས་མཛད་པ་འདི་སྟེང་ནས་ལྕགས་འདྲ་བམ་ཆེན་གསང་བའི་དབང་དང་། ལྕགས་སྡིག་མུ་ཏིག་ཕྲེང་བའི་དབང་གཉིས་ཆབས་ཅིག་ཏུ་ཐོབ་པ་ཡིན་པས་དེ་ཉིད་སོར་བཞག་གི་སྤྱི་དང་ཁྱད་པར་གྱི་དབང་བཀའ། བརྒྱུད་འདེབས། ལས་བྱང་། རྒྱུན་ཁྱེར། གཏོར་ཟློག་རྣམས་གཏེར་ཆེན་གསུང་། མཆོད་བསྟོད་གསལ་སྒྲོན། སྐོང་བ། གཏེར་སྲུང་གསོལ་ཁ་རྣམས་རྩ་གཞུང་། སྔགས་བྱང་། སྟོབས་ཆེན་མཆོད་རྟེན་ལག་ལེན་སྒྲོན་མ་བདུན་པ་པདྨ་འགྱུར་མེད་རྒྱ་མཚོའི་གསུང་། གཏོར་ཟློག་ལག་ལེན། པད་གནུབས་ཆུ་བོ་གཅིག་འདྲེས་ཀྱི་དབང་ཆོག །བསྙེན་ཡིག་དང་དེའི་ཟུར་འདེབས་མཁས་དབང་མི་ཕམ་རྣམ་རྒྱལ་ནས་མཛད་པ་རྣམས་སོ། །བརྒྱུད་པ་བཀའ་གཏེར་གཉིས་ལས་པད་ལུགས་བཀའ་མ་བམ་ཆེན་གསང་བའི་དབང་ཆུ་ནི། ཀུན་ཏུ་བཟང་པོ། འཇམ་དཔལ་ཕྱག་རྒྱ་ཟིལ་གནོན། འཇམ་དཔལ་བཤེས་གཉེན། པདྨ་ཐོད་ཕྲེང་། གཙུག་ལག་དཔལ་དགེ །བ་སུ་དྷཱ་ར། ལྷ་རྗེ་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ། ཁུ་ལུང་པ་ཡོན་ཏན་རྒྱ་མཚོ། དེ་སྲས་ཡེ་ཤེས་རྒྱ་མཚོ། གནུབས་པདྨ་དབང་རྒྱལ། གནུབས་བླ་ཆེན་འཇམ་དཔལ། གནུབས་རྒྱ་གར་རྡོ་རྗེ། གནུབས་ཆོས་ཀྱི་ཡེ་ཤེས། སྔགས་འཆང་ཁྲོ་བོ་འབར་བ། མཐུ་ཆེན་དར་མ་རྒྱལ་མཚན། ཕག་སྟོན་ཤཱཀྱ་མགོན་པོ། སྦུགས་སྟོན་དཔལ་ལྡན་མགོན་པོ། མཁས་གྲུབ་གླིང་པ་ཆོས་ཀྱི་རྒྱལ་མཚན། དཔང་སྟོན་འཇམ་དབྱངས་དགེ་ལེགས་རྒྱལ་མཚན། སེ་སྟོན་སྔགས་འཆང་རིན་ཆེན་རྒྱལ་མཚན་ནོ། །གནུབས་ལུགས་བཀའ་མའི་དབང་ཆུ་ནི། ཀུན་བཟང་། འཇམ་དཔལ། གསང་བདག །དགའ་རབ། ལྷའི་བུ་ཚངས་པ། ལྷའི་བུ་ཉི་མ། ལྷ་བུ་བདེ་བ་མཆོག་ལྡན། མཁའ་འགྲོ་མ་ཟླ་བའི་འོད་ཟེར། འཇམ་དཔལ་བཤེས་གཉེན། གཙུག་ལག་དཔལ་དགེ །རོམྦུ་གུ་ཧྱ། ཤཱནྟིཾ་གརྦྷ། དྷ་ན་དྷ་ལ། རྒྱ་གར་ཁྲག་འཐུང་ནག་པོ། བ་སུ་དྷཱ་ར། སངས་རྒྱས་ཡེ་ཤེས། ཡོན་ཏན་རྒྱ་མཚོ། །ཡེ་ཤེས་རྒྱ་མཚོ། རྡོ་སྟོན་ལྕགས་སྤེ། སེ་སྟོན་དྲན་ཆུང་། དྲན་སྟོན་མཐའ་བྲལ། མེ་སྟོན་དཀོན་མཆོག་རིན་ཆེན། སློབ་དཔོན་བཀྲ་ཤིས་རྒྱལ་མཚན། བླ་མ་མཐར་ཕྱིན་ལྷ་བསྒོམ། གངས་པ་ཤཱཀ་འབུམ། གྲ་ཕྱི་རྒྱལ་བ་གཡུང་སྟོན། ཕག་སྟོན་ཤཱཀ་མགོན་མན་ཆད་པད་ལུགས་ལྟར་རོ། །པད་ལུགས་གཏེར་མ་ལྕགས་འདྲ་གནམ་ཐོག་ཆེན་མོའི་དབང་དང་ཆོས་སྐོར་གྱི་བརྒྱུད་པ་ནི། འཇམ་དཔལ་བཤེས་གཉེན་ཡན་གནུབས་ལུགས་བཀའ་མ་ལྟར་ལ། དེ་ནས། ཨོ་རྒྱན་སངས་རྒྱས་གཉིས་པ། བ་སུ་དྷཱ་ར། གནུབས་ཆེན་སངས་རྒྱས་ཡེ་ཤེས། གཏེར་སྟོན་རྒྱ་ཞང་ཁྲོམ། བྲལ་ཏེ་སམྦྷོ་ཊ། གངས་བན་བཀྲ་ཤིས་དར། རྡོག་སྟོན་འབུམ་ལེགས། གྲོ་སྟོན་བསོད་ནམས་འབུམ། བླ་ཆེན་བློ་གྲོས་རྒྱལ་མཚན། ཕག་སྟོན་ཕྱིན་ཆད་སྔར་ལྟར་རོ། །གནུབས་ལུགས་གཏེར་མ་ལྕགས་འདྲའི་སྐོར་ནི། རྒྱ་ཞང་ཁྲོམ། སམྦྷོ་ཊ། བཀྲ་ཤིས་དར། གངས་པ་རི་དཀར་བ། གངས་པ་ཤཱཀ་འབུམ། གཡུང་སྟོན། ཕག་སྟོན་སོགས་སོ། དེ་ལྟར་བཀའ་གཏེར་ཆུ་བོ་ཐམས་ཅད་སེ་སྟོན་ཆེན་པོ་ལ་བབས་ཏེ། དེ་ནས་རིམ་པར་སྤྱན་ཚབ་མགོན་པོ་ཟླ་བ། ནུབ་དགོན་པ་བྱམས་པ་ཆོས་ཀྱི་རྒྱལ་མཚན། བྱང་བདག་བཀྲ་ཤིས་སྟོབས་རྒྱལ། རིག་འཛིན་ངག་གི་དབང་པོ། ཟུར་ཆོས་དབྱིངས་རང་གྲོལ། ཟིལ་གནོན་བཞད་པ་རྩལ། གཏེར་ཆེན་འགྱུར་མེད་རྡོ་རྗེའོ། །མུ་ཏིག་ཕྲེང་བའི་དབང་གཏེར་མ་ལུགས་དང་ལྕགས་སྡིག་ཡོངས་རྫོགས་ཀྱི་ལུང་བརྒྱུད་ནི། རྒྱ་ཞང་ཁྲོམ། གནུབས་ལྕགས་གཏུན་ནག་པོ། གནུབས་སྟོན་ཆོས་གྲགས། གནུབས་བྱ་བྲལ་བ་སྐལ་ལྡན་རྡོ་རྗེ་རྒྱལ་པོ། གཡུང་གི་སྐྱེ་བ་དྷརྨ་ཀེ་ཏུ། ཀོང་ཆོས་ཀྱི་བློ་གྲོས། ཀོང་ཆེན་ནམ་མཁའ་དཔལ་ལྡན། པཎ་ཆེན་པདྨ་དབང་རྒྱལ། རིག་འཛིན་ལེགས་ལྡན་རྗེ། བྱང་བདག་སོགས་སྔར་ལྟར་རོ། །དེ་ནས་དབང་ཆེན་ནི། གཏེར་ཆེན་རིན་པོ་ཆེ་ནས། པདྨ་འགྱུར་མེད་རྒྱ་མཚོ། རིན་ཆེན་རྣམ་རྒྱལ། པདྨ་བསྟན་འཛིན། གསུང་སྤྲུལ་བདེ་ཆེན་རྡོ་རྗེ། པད་སྤྲུལ་པདྨ་དབང་རྒྱལ། འགྱུར་མེད་སངས་རྒྱས་ཀུན་དགའ། ཁྲི་ཆེན་འགྱུར་མེད་ཡིད་བཞིན་དབང་གི་རྒྱལ་པོ། དེས་བདག་ལའོ། །མུ་ཏིག་ཕྲེང་བ་ནི། པདྨ་བསྟན་འཛིན་ནས་ཕྲིན་ལས་རྣམ་རྒྱལ། ཁྲི་པདྨ་དབང་རྒྱལ། རྡོར་འཛིན་འགྱུར་མེད་དོན་གྲུབ་གྲགས་པ། དེ་ལས་སོ། །གཞུང་གི་ལུང་བརྒྱུད་ནི། གཏེར་ཆེན། རིན་རྣམ། ཨོ་ཌཱི་ཡ་ན། ཕྲིན་རྣམ། པད་སྤྲུལ། འགྱུར་མེད་བསྟན་འཛིན་དཔལ་སྒྲོན། དེ་ལས་སོ། །སྒྲོན་མ་བདུན་པའི་ལུང་ཕྱག་ཁྲིད་དང་བཅས་པ་ནི། སངས་རྒྱས་ཀུན་དགའ་ཡན་དབང་ཆེན་ལྟར་ལ། དེ་ནས་རྡོར་འཛིན་དོན་གྲུབ། དེ་ལས་སོ། །བསྙེན་ཡིག་མཛད་པ་པོ་ལས་སོ། གནུབས་ལུགས་བཀའ་མ་དང་ཞང་ཁྲོམ་ཆེན་པོས་ཕུང་པོ་རི་བོ་ཆེ་དང་། དེའི་སློབ་མ་ལྷ་རྗེ་གནུབས་ཆུང་གིས་མཁོ་མཐིང་ནས་བཏོན་པ་བཅས་བཀའ་གཏེར་སུམ་འདྲིལ་འཇམ་དཔལ་ཚེ་བདག་ནག་པོའི་ཡང་ཞུན་ཡང་ཟློག་མེའི་སྤུ་གྲིའི་གཏོར་དབང་རྣོན་པོ་ནང་གཅོད། ༡༠༽ ལོ་རྒྱུས་སྔོན་དུ་འགྲོ་བའི་ཡང་ཟློག་མེའི་སྤུ་གྲིའི་གཞུང་། ཞལ་གདམས་ཤོག་དྲིལ། དངོས་གཞི་སྤྱི་དོན་གསུམ་པ། ཞལ་གདམས་གནད་ལྔ་མ་སྐོར་གསུམ་མཚན་བཞི་གནད་གསུམ་པའི་གདམས་པ་གནུབས་ཆུང་གཏེར་གཞུང་། ལས་བྱང་རྡོ་རྗེའི་ཐོག་མདའ་དང་། ལྷན་ཐབས་རིག་འཛིན་ཞལ་རླངས་སྔོན་འགྲོའི་བསྙེན་ཡིག་རྒྱལ་དབང་ལྔ་པས་མཛད་པ། བསྙེན་ཡིག་མི་ཕམ་མཛད་པ། འཁྲུལ་འཁོར་གནད་ཀྱི་རྒྱུ་ཐབས་དང་། ཟབ་གནད་སྙིང་གི་མེ་ལོང་འབུམ་རམ་པ་ཨོ་རྒྱན་སྐལ་བཟང་ནས་མཛད་པ། གལ་འགགས་གནད་ཀྱི་གཟེར་བུ་ཁྲི་སྨོན་ཆོས་མཛད་དོན་ལྡན་གསུང་བཅས། ཡང་ཟློག་སྤྱི་བརྒྱུད་ནི། འཇམ་དཔལ་གཤིན་རྗེའི་གཤེད། རྡོ་རྗེ་རྣོན་པོ། འཇམ་དཔལ་བཤེས་གཉེན། ཤཱནྟིཾ་གརྦྷ། ཡེ་ཤེས་སྙིང་པོ། ཁ་གརྦྷ། ཁྲག་འཐུང་ནག་པོ། གཙུག་ལག་དཔལ་དགེ །ཨོ་རྒྱན་ཆེན་པོ། བ་སུ་དྷཱ་ར། གནུབས་ཆེན། རྒྱ་ཞང་ཁྲོམ། ལྷ་རྗེ་གནུབས་ཆུང་། མཚུར་སྟོན་རིན་པོ་ཆེ། སྐུ་ཞང་དཔལ་ལྡན། ཚུལ་ཁྲིམས་རིན་ཆེན། བྱང་ཆུབ་མགོན། ནམ་མཁའི་མཚན་ཅན། རིག་འཛིན་ཚུལ་ཁྲིམས། ནམ་མཁའ་དཔལ་བ། རིན་ཆེན་ཕུན་ཚོགས། ཆོས་རྒྱལ་ཕུན་ཚོགས། བཀྲ་ཤིས་ཕུན་ཚོགས། ཆོས་ཀྱི་གྲགས་པ། དཀོན་མཆོག་ལྷུན་གྲུབ། གཏེར་བདག་གླིང་པ། ལྔ་པའི་གསུང་ཚན་གཉིས་མཛད་པ་པོ་ནས་གཏེར་ཆེན། དེ་ནས་པདྨ་འགྱུར་མེད་རྒྱ་མཚོ། རིན་རྣམ། ཨོ་ཌཱི་ཡ་ན། ཕྲིན་ལས་རྣམ་རྒྱལ། པད་སྤྲུལ་པད་དབང་། ཨོ་རྒྱན་རྣམ་གྲོལ་དབང་པོ། འགྱུར་མེད་བསྟན་འཕེལ། དེས་བདག་ལའོ། ཁྲིད་རྒྱུན་དང་བཅས་པའི་ཡིག་ཆ་ཕྱི་མ་རྣམས་ནི། གཏེར་ཆེན། འབུམ་རམ་པ་ཤྲཱི་ཛྭ་ལ། ཁྲི་ཆོས་དོན་ལྡན། ཕུག་པ་ཆོས་མཛད་སྐྱེས་མཆོག །པད་སྤྲུལ། རྣམ་གྲོལ། བསྟན་འཕེལ་ལས་སོ། །འཇམ་དཔལ་གཤིན་རྗེ་གཤེད་པོས་དངོས་སུ་རྗེས་སུ་བཟུང་བ་དབུར་སྨྱོན་ཆོས་ཀྱི་གྲགས་པའི་ཡང་ཟློག་གི་དབང་བདུད་དཔུང་ཟིལ་གནོན་གཅིག་བརྒྱུད་ཚེ་དབང་དང་བཅས་པ། བསྙེན་སྒྲུབ་ལས་སྦྱོར། རྫོགས་རིམ་ཐུན་མོང་ཐུན་མིན་ཟབ་ཅིང་རྒྱ་ཆེ་བ་རྒྱུན་ཁྱད་པར་ཅན་བཅས་བཞུགས་པ་ནི་ཡིག་ཚོགས་ཆེས་བས་དཀྱུས་སུ་སྡུད་མ་ཐུབ་བོ། །པདྨ་གར་དབང་འགྱུར་མེད་རྡོ་རྗེ་རྩལ་གྱིས་ཡར་ཀླུང་ཤེལ་བྲག་ནས་སྤྱན་དྲངས་པའི་འཇམ་དཔལ་ཚེ་བདག་དྲེགས་པ་འཇོམས་བྱེད་ཀྱི་དབང་། བརྒྱུད་འདེབས། ལས་བྱང་། རྒྱུན་ཁྱེར། ལས་བུམ། དབང་ཆོག །བསྙེན་ཡིག་བཅས་གཏེར་ཆེན་གསུང་། བརྒྱུད་པ་ནི། ཀུན་བཟང་། རྡོ་རྗེ་འཆང་། གསང་བདག །འཇམ་དཔལ་བཤེས་གཉེན། གཙུག་ལག་དཔལ་དགེ །ཁྲག་འཐུང་ནག་པོ། ཤཱནྟིཾ་གརྦྷ། གུ་རུ་རྡོ་རྗེ་ཐོད་ཕྲེང་། ཌཱ་ཀི་མཚོ་རྒྱལ། བཻ་རོ་ཙ་ན། གཏེར་བདག་གླིང་པ། རིན་ཆེན་རྣམ་རྒྱལ། པདྨ་བསྟན་འཛིན། ཕྲིན་ལས་རྣམ་རྒྱལ། པདྨ་དབང་རྒྱལ་རྡོ་རྗེ། དཔལ་ལྡན་དཔའ་བོ་གཙུག་ལག་ཆོས་ཀྱི་རྒྱལ་པོ། དེས་བདག་ལའོ། །གཏེར་གསུང་རྣམས་ཀྱི་ལུང་རྒྱུན། གཏེར་ཆེན། རིན་རྣམ། པད་བསྟན། ཕྲིན་རྣམ། མཁན་གསང་སྔགས་བསྟན་འཛིན། དེ་གཉིས་ཀས་ཨོ་རྒྱན་ཕུན་ཚོགས། པད་དབང་། དཔའ་བོ་རིན་པོ་ཆེ། དེ་ལས་སོ། །ཡང་། དབང་བརྒྱུད་ཕྲིན་རྣམ་ནས། ཕྲིན་ལས་ཆོས་སྒྲོན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ཡང་། རིན་རྣམ། ཨོ་ཌཱི་ཡ་ན། བསྟན་འཛིན་ཆོས་རྒྱལ། འགྱུར་མེད་མཐུ་སྟོབས་རྣམ་རྒྱལ། ཀུན་གཟིགས་རིན་པོ་ཆེ། དེས་བདག་ལའོ། །ལུང་བརྒྱུད་སྔར་སྨོས་པ་རྣམས་དང་འདྲའོ། །པདྨ་འོད་གསལ་མདོ་སྔགས་གླིང་པའི་དག་པ་ཡེ་ཤེས་ཀྱི་གཟིགས་ངོར་དུར་ཁྲོད་བསིལ་བ་ཚལ་གྱི་མཆོད་རྟེན་བདེ་བྱེད་བརྩེགས་པར་བཀའ་བབས་རིག་འཛིན་ཆེན་པོ་རྣམ་དགུས་གདམས་པའི་སྙན་བརྒྱུད་ཀྱི་སྐོར་ལས། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་བསྩལ་པའི་འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་གི་དབང་། གཏེར་གཞུང་ལེའུ་གཅིག་ལ་ནང་གསེས་ཆོས་ཚན་ཆ་ཚང་། རྒྱུན་ཁྱེར་ཉིད་མཛད། ལས་བྱང་། གཏོར་ཟློག །དབང་ཆོག །བརྒྱུད་པ་ནི། འཇམ་དཔལ་གཤིན་རྗེ་གཤེད། སློབ་དཔོན་འཇམ་དཔལ་བཤེས་གཉེན། ཁྱབ་བདག་གཏེར་ཆེན་བླ་མ་ཉིད་ཀྱིས་སྨིན་གྲོལ་གཅིག་རྫོགས་སུ་བསྩལ་པའོ། །གཏེར་ཆེན་མཆོག་གྱུར་གླིང་པའི་ཟབ་གཏེར་ཐུགས་དམ་ཟབ་པ་སྐོར་བདུན་ལས་དྲག་སྔགས་ཀྱིས་ཟབ་པ་འཇམ་དཔལ་གཤིན་རྗེ་གཤེད་ཚེ་བདག་ནག་པོའི་རྩ་བའི་དབང་རྐྱང། ལྕགས་བྱང་མའི་གཏེར་གཞུང་ཤོག་དྲིལ་ཉེར་བཞི་ཚང་བ། བརྒྱུད་འདེབས། སྨན་མཆོད། སྐོང་བ་ཡང་རྫོང་མ། དབང་ཆོག་རྣམས། དེའི་དབང་ལུང་ཡོངས་རྫོགས། རྒྱུད་བཤད། འཁོར་ལོ་སོགས་ཀྱི་ཕྱག་ཁྲིད། སྟོང་སྲོག་རྫོགས་རིམ་གྱིས་མཚོན་སྨིན་གྲོལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་མཐའ་དག་གི་བརྒྱུད་པ་གོང་མ་རྣམས་ཚེ་བདག་སྔ་མ་རྣམས་དང་འདྲ་ཞིང་། ཨོ་རྒྱན་ཡབ་ཡུམ། གནུབས་ཆེན་སངས་རྒྱས་ཡེ་ཤེས། ལྷ་སྲས་མུ་རུབ། ཨོ་རྒྱན་མཆོག་གྱུར་གླིང་པ། དེས་བདག་ལའོ། །འཇོམས་བྱེད་འཆར་ཁ་ནག་པོའི་སྐོར་ལ། རྒྱ་ཞང་ཁྲོམ་གྱི་སྒྲོམ་བུ་མ་ལས་ཉེར་མཁོའི་སྐོར་གྱི་ལུང་རྐྱང་ཙམ་ལས་དབང་ལུང་ཡོངས་རྫོགས་ཀྱི་རྒྱུན་མ་རྙེད། སངས་གླིང་དགོངས་འདུས་ལས་འབྱུང་བ་ནི་དཔེ་ལུང་གི་རྒྱུན་རྙེད་སླ་བས། འདིར་ཆོས་དབང་རིན་པོ་ཆེའི་གཏེར་བྱོན་ཀླུ་བདུད་ལྟོ་བའི་ཆོས་སྡེ་ཟློག་པའི་ཅོག་རྡུང་འཆར་ཁ་གནམ་སྐས་མའི་ཟོར་དབང་ཐུན་མོང་དང་ཐུན་མིན་བཀའ་མའི་དབང་ཆུ་གཅིག་ཏུ་འདྲེས་པ་འཆར་ཁ་ནག་པོའི་ཕྲིན་ལས་ཀྱི་རིམ་པ་གསལ་བར་བྱེད་པའི་ཕྲེང་བ་ཞེས་ལས་བྱང་ཟློག་པ་ཟོར་ལས་འབྲེལ་མ་གཏེར་གཞུང་། ཟློག་ཟོར་ལག་ལེན་རིན་རྣམ་གསུང་། ཟོར་དབང་ཆོ་ག །བརྒྱུད་པ་ནི། གཤིན་རྗེ་གཤེད། འཇམ་དཔལ་བཤེས་གཉེན། ཁྱད་པར་གྱི་རིག་འཛིན་བརྒྱད། གུ་རུ་རིན་པོ་ཆེ། མཚོ་རྒྱལ། ཁྲི་སྲོང་། ཆོས་དབང་། པདྨ་དབང་ཆེན། ལྕེ་སྟོན་སྒྲུབ་པ་འབུམ། བླ་མ་དཔལ་བ། འབྲོམ་བསམ་རྡོར། ཟུར་ཧྭཾ་ཤཱཀ་འབྱུང་། ཚེ་དབང་རྒྱལ་པོ། རྒྱལ་སྲས་ཆོས་རྗེ། ལེགས་པ་དཔལ་བཟང་། འཇམ་དབྱངས་རིན་རྒྱལ། པདྨ་དབང་རྒྱལ། ལེགས་ལྡན་རྗེ། དབང་པོའི་སྡེ། འབྲི་གུང་ཆོས་གྲགས། ཆོས་དབྱིངས་རང་གྲོལ། རྡོ་རྗེ་ཐོགས་མེད། འགྱུར་མེད་རྡོ་རྗེ། རིན་ཆེན་རྣམ་རྒྱལ། པདྨ་བསྟན་འཛིན། ཕྲིན་ལས་རྣམ་རྒྱལ། ཕྲིན་ལས་ཆོས་སྒྲོན། སངས་རྒྱས་ཀུན་དགའ། རྡོར་འཛིན་འགྱུར་མེད་དོན་གྲུབ། དེས་བདག་ལའོ། །དབང་ཐུན་མོང་མ་ཡིན་པའི་བརྒྱུད་པ་ནི། པདྨ་དབང་ཆེན་ནས། སྨན་ལུང་མི་བསྐྱོད་རྡོ་རྗེ། བླ་མ་དཔལ། བསམ་འགྲུབ་རྡོ་རྗེ། ཟུར་ཧྭཾ་ཚེ་དབང་རྒྱལ་པོ། རྒྱལ་སྲས་ཆོས་རྗེ། ནམ་མཁའ་རྒྱལ་པོ། བློ་གྲོས་བཟང་པོ། རིན་ཆེན་དཔལ་བཟང་། ཟུར་ཤཱཀྱ་རིན་ཆེན། འཇམ་དབྱངས་རྒྱལ་སྲས། པདྨ་བདུད་འདུལ། ཆོས་རྒྱལ་རྡོ་རྗེ། རྡོ་རྗེ་མི་རྟོག །བློ་བཟང་རྒྱ་མཚོ། གཏེར་ཆེན་སོགས་སོ། །དབང་བཀའ་གཉིས་ཀ་ལ་བཀའ་མའི་ཆུ་བོ་འདྲེས་པའི་བརྒྱུད་སྲོལ་ལྟར་ན། གནུབས་སངས་རྒྱས་ཡེ་ཤེས། ཡོན་ཏན་རྒྱ་མཚོ། པདྨ་དབང་རྒྱལ། ཇོ་སྲས་འཇམ་དཔལ། ཡུམ་སོ་རྒད། ལྷ་རྗེ་ཡེ་ཤེས་གཟུངས། དར་རེ། ཇོ་དར། ཆོས་རྒྱལ། རྒྱ་ཧོར། དབང་གཞོན། ཆོས་སེང་། བཀྲ་ཤིས་དར། ཆོས་ཀྱི་སེང་གེ །སེང་གེ་དར། ཡེ་ཤེས་རྒྱ་མཚོ། སངས་རྒྱས་རྡོ་རྗེ། རྩ་བརྒྱད་པ་རྡོ་རྗེ་སེང་གེ །བླ་ཆེན་ཆོས་དཔལ། བཀྲ་ཤིས་བཟང་པོ། མཐུ་སྟོབས་རྒྱལ་མཚན། བློ་གྲོས་བཟང་པོ། རིན་ཆེན་རྒྱལ་མཚན། མངའ་རིས་པཎ་ཆེན། འུ་ཡུག་པ་ངག་གི་དབང་པོ། གར་གྱི་དབང་ཕྱུག །སོག་ཟློག་པ། གངས་ར་ལོ་ཆེན། ཕྲིན་ལས་ལྷུན་གྲུབ། གཏེར་ཆེན་རྗེའོ། །ཨོ་རྒྱན་སངས་རྒྱས་གླིང་པའི་ཟབ་གཏེར་ཟབ་རྒྱ་གསུམ་པ་འཇམ་དཔལ་ནག་པོ་ཡང་ཟབ་ཐུགས་ཀྱི་ཚལ་པའི་བྱིན་རླབས་རྗེས་གནང་། རྩ་བ་བསྙེན་པའི་ལས་རིམ། སྒྲུབ་ཐབས་ལས་བྱང་དང་བཅས་པ། ལས་ཕྲན་སྲུང་ཟློག་བསད་གསུམ། བྱིན་རླབས་རྗེས་གནང་། གྲིབ་འཇོམས་རྡོ་རྗེ་ཕ་ལམ། བྱེ་བྲག་གྲིབ་སྲུང་། དེའི་ཡིག་ཆུང་། ཟབ་པའི་ཡང་རྒྱ། སྲུང་ཟློག་གུད་སྦས། གཤོར་དཀར་ནག་ཁྲ་གསུམ། རྟ་ཞོན་གདན་འདིང་། བྱད་མ་རང་གཤེད་འབེབས་པའི་ཟློག་ཡིག །རྨེ་རུ་རྩེའི་གཤོར་དམར་ཆུང་། གཤོར་གྱི་ཡིག་ཆུང་དགྱེའོ་དོང་གི་གཏེར་མ། ཕུང་བཤིགས་བྱང་ཤིང་དམར་པོ། སྤྱིར་གཤོར་ནག་པོ་འགྱུར་མེད་བཅས་གཏེར་གཞུང་ཆ་ཚང་། ཞིག་གླིང་འཇམ་ནག་རྒྱུན་ཁྱེར་སྨིན་གཏེར་གསུང་། རིག་འཛིན་ཚེ་དབང་ནོར་བུའི་གསུང་སྐོར་ལས། ལས་བྱང་། དྲིས་ལན་རྫས་ཐོ། །ཆོས་གྲགས་གསུང་གྲིབ་མདོས། ཕྲིན་ལས་རྗེས་གནང་དང་བཅས་པའི་ཆོག་ཁྲིགས་རྣམས་སོ། །དབང་བརྒྱུད་ནི། གཤིན་རྗེའི་གཤེད་པོ། ལག་ན་རྡོ་རྗེ། བདེ་བ་མཆོག་ལྡན། ཟླ་བའི་འོད་ཟེར། འཇམ་དཔལ་བཤེས་གཉེན། གཙུག་ལག་དཔལ་དགེ །ཤཱནྟིཾ་གརྦྷ། དྷ་ན་ཏ་ལ། ཨོ་རྒྱན་ཆེན་པོ། མཚོ་རྒྱལ། སངས་རྒྱས་རྡོ་རྗེ། ཡེ་ཤེས་རྡོ་རྗེ། སངས་རྒྱས་བློ་གྲོས། བསོད་ནམས་ལྷུན་གྲུབ། ཆོས་ཀྱི་རྒྱལ་མཚན། ཀརྨ་བཟང་པོ། ཀརྨ་སྔགས་འཆང་། རིག་འཛིན་སྙིང་པོའི་བར་སྲས་བརྒྱུད་བདུན་དང་། དེ་ནས་བདེ་ཆེན་དར་རྒྱས། བདེ་ཆེན་རབ་གསལ། རིག་འཛིན་ཚེ་དབང་ནོར་བུ། ཕྲིན་ལས་བདུད་འཇོམས། ཚེ་དབང་འཇིགས་མེད། འཇམ་དཔལ་རྡོ་རྗེ། ཀརྨ་བདེ་ཆེན། གུ་རུ་མ་ཎི། དེ་ལས་ཀརྨ་ཐེག་མཆོག་བསྟན་འཕེལ་དང་། ཀརྨ་ངེས་དོན་བསྟན་པ་རབ་རྒྱས་གཉིས་ཀྱིས་གསན། གཉིས་ཀ་ལས་བདག་གིས་ནོས་སོ། །ཡང་། གོང་གི་ཟབ་རྒྱ་དཀར་དམར་གྱི་བརྒྱུད་པ་ལྟར་དྲངས་ཀྱང་ཆོག །རིག་འཛིན་ཆེན་པོའི་གསུང་ཚན་རྣམས་ཀྱང་བརྒྱུད་པ་དེ་ལས་འོངས་པའོ། །ཡང་། བྱིན་རླབས་རྗེས་གནང་། གཏེར་གཞུང་ཡོངས་རྫོགས་ཀྱི་ལུང་བརྒྱུད་ནི། གོང་གི་ཞི་བ་ཟབ་རྒྱ་དང་པོ་དང་འདྲ། གྲིབ་མདོས་ནི། ཆོས་ཀྱི་གྲགས་པ། དཀོན་མཆོག་ལྷུན་གྲུབ། དཀོན་མཆོག་ཕྲིན་ལས་བཟང་པོ། དོན་གྲུབ་ཆོས་རྒྱལ། བསྟན་འཛིན་འགྲོ་འདུལ། མགར་དྷརྨ་སཱུརྻ། བསྟན་འཛིན་ཆོས་ཀྱི་ཉི་མ། མགར་བསྟན་འཛིན་བྱང་ཆུབ་དབང་པོ། དཀོན་མཆོག་ཕྲིན་ལས་དོན་གྲུབ། དཀོན་མཆོག་བསྟན་འཛིན་དར་རྒྱས། དེ་ལས་སོ། །ཆོས་རྒྱལ་རཏྣ་གླིང་པའི་རྟ་མགྲིན་གསང་འདུས་ལས་འཇིགས་བྱེད་མེའི་སྤུ་གྲིའི་དབང་། ལས་གཤིན་བཀའ་གཏད། དེའི་ཆོག་ཁྲིགས་ཆགས་མེད་རིན་པོ་ཆེའི་གསུང་། དབང་ཆོག །དབང་བརྒྱུད། ཀུན་བཟང་། རྡོ་རྗེ་འཆང་། གཤིན་རྗེ་གཤེད། འཇམ་དཔལ་བཤེས་གཉེན། ཨོ་རྒྱན། བ་སུ་དྷཱ་ར། གནུབས་ཆེན། ལང་གྲོ །གཏེར་སྟོན་ཕྱིན་རྟ་མགྲིན་གསང་འདུས་སྤྱི་ལྟར་ལ། ཆོག་ཁྲིགས་ལུང་དང་བཀའ་གཏད་རྒྱུན་ནི། གནས་མདོ་སྨད་བརྒྱུད་བསྟན་འཛིན་དོན་གྲུབ་ཡན་གོང་སྨོས་ལྟར་ལ། ཀཾ་གུ་རུ་མ་ཎི། གསང་སྔགས་མགོན་པོ། དེ་ལས་སོ། །གནམ་ཆོས་འཇིགས་བྱེད་དབང་། རྩ་གཞུང་དང་ཆགས་མེད་གསུང་བཅས། བརྒྱུད་པ་གནམ་ཆོས་སྤྱི་ལྟར་རོ། །གཤིན་རྗེའི་རྣ་ཆ་བརྒྱད་ལས་མནན་པའི་རྣ་ཆར་གྲགས་པ་འཆི་བདག་ཀིང་ཀང་ནག་པོ་བཀའ་གཏེར་གཉིས་ལྡན་ཟུར་མཁར་ལུགས་ཀྱི་རྩ་བའི་དབང་ཆེན། གཏོར་དབང་། ལས་བྱང་མཉམ་ཉིད་རྡོ་རྗེས་མཛད་པ། རྒྱུན་ཁྱེར་རྡོ་རྗེའི་གོ་ཆ་དང་ལས་བྱང་དུག་གི་རི་བོ་ཆགས་མེད་མཛད་པ། ལས་བྱང་ཁྱེར་བདེ་ཀརྨ་ཚེ་དབང་ཀུན་ཁྱབ་གསུང་། དབང་ཆེན་དང་གཏོར་དབང་ཆོག་ཁྲིགས་བཅས། ཟུར་མཁར་ལུགས་འདི་ལ། བཀའ་མ་གཤོར་གསང་ཕ་རོལ་རྒོལ་འཇོམས། གཏེར་མ་ཞང་ཁྲོམ། ཆོས་དབང་། ལས་འབྲེལ་རྩལ། ཉི་ཟླ་སངས་རྒྱས་རྣམས་ཀྱི་བརྒྱུད་པའི་ཆུ་བོ་གཅིག་ཏུ་འདུས་པར་གསུངས་པ་ལས། བཀའ་མའི་དབང་ཆུའི་རྒྱུན་སྔགས་འཆང་བློ་གྲོས་བཟང་པོ་ཡན་འཆར་ཁའི་སྐབས་དང་འདྲ། གཏེར་མ་ཞང་ཁྲོམ་ལུགས་ནི། གཤིན་རྗེའི་གཤེད། འཇམ་དཔལ་བཤེས་གཉེན། གཙུག་ལག་དཔལ་དགེ །བ་སུ་དྷཱ་ར། གནུབས་ཆེན། ཞང་ཁྲོམ། བྲལ་ཏེ་སམྦྷོ་ཊ། གངས་པ་གཞོན་ནུ་སྙིང་པོ། བལ་པོ་སེང་གེ །རི་དཀར་བ། ཤཱཀ་འབུམ། གཡུང་སྟོན་པ། བླ་མ་ཚུལ་རྒྱལ། དཔལ་ལྡན་བཟང་པོ། ཟུར་མིག་གཉིས། རྒྱལ་སྲས་ཆོས་རྗེ། ལེགས་པ་དཔལ། དེ་གཉིས་ཀ་བར་ནས་བརྒྱུད་པ་གཅིག་གཉིས་མི་གསལ། གཏེར་སྟོན་ཕྱི་མ་གཉིས་ཀྱི་གཏེར་ཆོས་དང་བརྒྱུད་པ་ངེས་ཏིག་མ་མཐོང་ལ། འདིར་གཙོ་བོ་ཆོས་དབང་ལུགས་འདྲེན་པ་ལྟར་ན། རྡོ་རྗེ་འཆང་། འཇམ་དཔལ། འཇམ་དཔལ་བཤེས་གཉེན། པདྨ་ཐོད་ཕྲེང་། སངས་རྒྱས་ཡེ་ཤེས། ཁྲི་སྲོང་། ཆོས་ཀྱི་དབང་ཕྱུག །རྒྱལ་སྲས་སྨན་ལུང་པ། དྭགས་སྟོན། གཉན་སྟོན། སེ་སྡིངས་པ་སངས་རྒྱས་ཡེ་ཤེས་དཔལ་བཟང་། ཟུར་ཁང་ཆོས་རྗེ་ཡོན་ཏན་བཟང་པོ། ཆོས་སྐུ་འོད་ཟེར། མཉམ་ཉིད་རྡོ་རྗེ། སྔགས་འཆང་མི་བསྐྱོད་རྡོ་རྗེ། དཔལ་བཀྲ་ཤིས་སྟོབས་རྒྱལ། བཀྲ་ཤིས་དབང་ཕྱུག །པདྨ་དབང་དྲག །ཀརྨ་ཆགས་མེད། ཡང་ན་མི་བསྐྱོད་རྡོ་རྗེ་ནས། སི་ཏུ་མི་འཁྲུགས་ཆོས་ཀྱི་གོ་ཆ། འཇམ་དཔལ་རལ་གྲི །སི་ཏུ་ཆོས་ཀྱི་རྒྱལ་མཚན། རིག་འཛིན་ཀརྨ་སྙན་གྲགས། ཆགས་མེད་ཞབས། པདྨ་ཀུན་དགའ། དབང་འབྱུང་། སངས་རྒྱས། བསྟན་འཛིན་དོན་གྲུབ། ཐེག་མཆོག་བསྟན་འཕེལ། དེས་བདག་ལའོ། །གཏོར་དབང་ནི་ཆགས་མེད་རིན་པོ་ཆེས་ཁྱེར་བདེར་ཁོལ་ཕྱུང་དུ་མཛད་པ་སྟེ་བརྒྱུད་པ་སྔ་མ་ལྟར་རོ། །ཡང་དབང་གཉིས་ཀའི་བརྒྱུད་ཚུལ་གཅིག་ནི། པདྨ་ཀུན་དགའ་ནས། པདྨ་ལྷུན་གྲུབ། ཀརྨ་བདེ་ཆེན་སྙིང་པོ། ཀརྨ་ནོར་བུ། བསྟན་འཛིན་ཆོས་རྒྱལ། བསྟན་འཛིན་དགེ་ལེགས་ཉི་མ། རྗེ་གསང་སྔགས་མགོན་པོ་ལས་སོ། །ཟུར་མཁར་ལས་བྱང་ནི་ཆགས་མེད་ཡན་དབང་བརྒྱུད་དང་། ཕྱིན་ཆད་གནས་མདོ་སྟོད་བརྒྱུད་ལྟར་ལ། བདེ་ཆེན་སྙིང་པོ་ནས། ཀརྨ་མཚན་དཔེ། སྔགས་འཆང་དབང་ལྡན། ཨོ་རྒྱན་བསྟན་འཛིན། དེ་ལས་སོ། །རྡོ་རྗེའི་གོ་ཆ་དང་དུག་རིའི་ལུང་རྒྱུན་ཆགས་མེད་ཞབས། ཀརྨ་སྨོན་ལམ། ཤེས་རབ་གྲགས་པ། ཀརྨ་ཚངས་དབྱངས། ཀརྨ་བསྟན་འཛིན་ཕྲིན་ལས། དེས་སོ། །ཀུན་ཁྱབ་གསུང་། དེ་ཉིད་ནས། མཆོག་སྤྲུལ་ཀརྨ་རཏྣ། རི་མགུལ་པདྨ་ཆོས་རྒྱལ། ཀརྨ་ངེས་དོན་དཔལ་བཟང་དབང་པོ། བླ་མ་ཀརྨ་ས་བཅུ། དེ་ལས་སོ། །དུམ་པ་རྒྱ་སྟོན་ཆེན་པོས་བལ་ཡུལ་འབུམ་ཐང་ཀེ་རུ་དང་བྱང་པྲ་དུན་རྩེ་ནས་ཀྱང་གདམས་ཕྲན་འགའ་ཞིག་བཞེས་ཏེ་མ་བུ་བསྡེབས་པ་འཇམ་དཔལ་གཤིན་རྗེ་རིགས་གསུམ་འདུས་པའི་བདག་ཉིད་ཁྲོ་ཆུ་དུག་གདོང་ལས། སྨན་སྡོང་ནག་པོའི་བྱིན་རླབས་དུག་གི་སྲོག་དབང་། གཏོར་དབང་། ལས་བྱང་གདུག་པ་ཀུན་སྒྲོལ་དང་། བཅའ་གཞི་ལག་ལེན་གྱི་ཤོག་དྲིལ་དབུར་སྨྱོན་ཆོས་གྲགས་ཀྱིས་མཛད་པ། རྒྱུན་གྱི་ལས་བྱང་གནམ་ལྕགས་གོ་མཚོན་ཆགས་མེད་དང་། གཅིག་ཆོག་གསུམ་གྱི་གདམས་པ་ཀུན་ཁྱབ་གསུང། དུག་དབང་དང་གཏོར་དབང་ཆོག་ཁྲིགས་རྣམས། དབང་བརྒྱུད་ནི། འཇམ་དཔལ་གཤིན་རྗེའི་གཤེད། ཤཱཀྱ་སེང་གེ །ཉན་ཐོས་སྡེ། འཇམ་དཔལ་བཤེས་གཉེན། ཨོ་རྒྱན་ཆེན་པོ། ཁྲག་འཐུང་ནག་པོ། བ་སུ་དྷ་ར། སངས་རྒྱས་ཡེ་ཤེས། གཏེར་སྟོན་རྡོ་རྗེ་འོད་འབར། བསོད་ནམས་རྒྱལ་པོ། སངས་རྒྱས་དཔལ། བསོད་ནམས་དཔལ། བསམ་འགྲུབ་རྡོ་རྗེ། ཤཱཀྱ་འབྱུང་གནས། བྱང་ཆུབ་འོད། ཀུན་བཟང་ཐོད་ཕྲེང་། ཉི་ཟླ་ཐོད་ཕྲེང་། དཔལ་འབྱོར་རྒྱ་མཚོ། བྱང་ཆུབ་རྒྱ་མཚོ། སི་ཏུ་བསོད་ནམས་རྣམ་རྒྱལ། གྲགས་པ་རིན་ཆེན། པདྨ་དབང་དྲག །ཀརྨ་ཆགས་མེད། ཡང་འབྲི་ལུགས་ལྟར་ན། ཞང་ཁྲོམ། སྲས་དོན་ཡོད་རྡོ་རྗེ། རོལ་པའི་རྡོ་རྗེ། ཀརྨ་སི་ཏུ། བཀའ་བཞི་བ་ཆེན་པོ། ཉི་མ་བཅུ་དྲུག་པ། ཀུན་དགའ་རྒྱལ་མཚན། བྱང་ཆུབ་དཔལ་མོ། གུང་ར་ཚུལ་ཁྲིམས་རྒྱ་མཚོ། འབྲི་གུང་གནམ་ལྕགས་མེ་འབར། བཀྲ་ཤིས་རྒྱ་མཚོ། ཀུན་དགའ་ཚེ་མཆོག །དུ་མ་རང་གྲོལ། མི་བསྐྱོད་རྡོ་རྗེ། དབུར་སྨྱོན་ཆོས་ཀྱི་གྲགས་པ། དཀོན་མཆོག་ཕྲིན་ལས་རྣམ་རྒྱལ། ཆགས་མེད་རིན་པོ་ཆེ། དེ་ནས་གནས་མདོ་སྨད་བརྒྱུད་ཀར་གླིང་ཞི་ཁྲོ་ལྟར་དེད་ཀྱང་ཆོག །ཡང་ན། པདྨ་ཀུན་དགའ། ཆེ་ཚང་གསུང་རབ་རྒྱ་མཚོ། རིག་འཛིན་རོལ་པའི་རྡོ་རྗེ། ཡོངས་དགེ་གཉིས་པ་ཀུན་བཟང་ཆོས་ཀྱི་རྡོ་རྗེ། རྟ་མགྲིན་མགོན་པོ། ཤྲཱི་ཙིཏྟ་བཛྲ། ཀཾ་གུ་རུ་མ་ཎི། ཀརྨ་ཐེག་མཆོག་བསྟན་འཕེལ། དེས་བདག་ལའོ། །གཏོར་དབང་བརྒྱུད་ཚུལ་གཅིག་ནི། གུ་རུ་མ་ཎི་ནས། པད་དཀར་དཔལ་ལྡན་རྡོ་རྗེ། བསྟན་སྤྲུལ། གསང་སྔགས་ལས་ཀྱང་ངོ་། །ཆོས་གྲགས་གསུང་ཚན་གཉིས་ཀྱི་ལུང་རྒྱུན། མཛད་པ་པོ་ནས། དོན་གྲུབ་ཆོས་རྒྱལ་བར་གོང་གི་གྲིབ་མདོས་ལྟར་ལ། དེ་ནས་བསྟན་པའི་ཉིན་བྱེད། རྟ་མགྲིན་མགོན་པོ། པདྨ་ལྷུན་གྲུབ། པདྨ་ཆོས་འཕེལ། ཀརྨ་བསོད་ནམས། དེས་སོ། །ཆགས་མེད་དང་ཀུན་ཁྱབ་གསུང་ནི་ཀིང་ནག་དང་འདྲའོ། །འཇམ་དཔལ་ཤིན་ཏུ་ཁྲོས་པ་ཁྱབ་བདག་ནཱ་ག་རཀྴའི་སྐོར་ལ། སྲིན་སྦར་ནས་བླ་མ་མངའ་བདག་ཆེན་པོས་བཞེས་པའི་སྲིན་པོ་ནཱ་ག་རཀྴ་ཏི་པ་ཙ་ཤིན་ཏུ་དྲག་པོའི་སྒྲུབ་ཐབས་ཀྱི་ལུང་རྒྱུན་ནི། གསང་བདག །ཨོ་རྒྱན་ཡབ་ཡུམ། ཁྲི་སྲོང་། ཉང་རལ། འགྲོ་མགོན། ཆོས་དབང་། ཡར་ཀླུང་སྤྲུལ་སྐུ། སློབ་དཔོན་གནས་ལུགས། ལས་འབྲེལ་རྩལ། བསོད་ནམས་སེང་གེ །སངས་རྒྱས་དཔལ། ཡོན་ཏན་བཟང་པོ། ཆོས་འོད། དཔལ་འབྱོར་དབང་ཕྱུག །ནམ་མཁའ་གུ་རུ། རྩེ་ལེ་རིག་འཛིན་པ། ཀརྨ་གུ་རུ། དྷརྨ་ཨིནྡྲ། ཆོས་དབང་ཀུན་བཟང་། ཕྲིན་ལས་ལྷུན་གྲུབ། འགྱུར་མེད་རྡོ་རྗེ། རིན་རྣམ། ཨོ་རྒྱན་སྐལ་བཟང་། ཤྲཱི་ཛྭ་ལ། པདྨ་བསྟན་འཕེལ། སྒམ་སྤྲུལ་པད་དབང་། ཨོ་རྒྱན་ཕུན་ཚོགས། ཁྲི་པད་དབང་། པད་སྤྲུལ་པད་དབང་། རྗེ་བཙུན་མ་བསྟན་འཛིན་དཔལ་སྒྲོན་ལས་སོ། །གཏེར་ཁ་འོག་མའི་གཞུང་པོད་ལུང་རྒྱུན་ཙམ་བཞུགས་ཀྱང་དབང་རྒྱུན་མ་རྙེད། ཨོ་རྒྱན་རིན་པོ་ཆེའི་ཐུགས་སྲས་རྒྱ་གར་མཁས་པ་ཤེས་རབ་འབྱུང་གནས་ཀྱི་རྣམ་འཕྲུལ་ཆོས་རྒྱལ་རིན་ཆེན་གླིང་པས་འབྲིན་ཐང་ཀོ་རོ་བྲག་ནས་སྤྱན་དྲངས་པའི་འཇམ་དཔལ་ནཱ་ག་རཀྴའི་བྱིན་རླབས་གཏོར་མའི་དབང་། ༡༡༽ ལོ་རྒྱུས། གསང་རྒྱུད་ལེའུ་དགུ་པ། རྗེས་གནང་གི་ཡི་གེ །བརྟག་པ་རིན་ཆེན་ཉི་མའི་སྒྲོན་མེ། ཁྱུང་ནག་མེའི་འཁོར་ལོ། བྱུག་པ་རྒྱན་གྱི་འཁོར་ལོ། ནག་པོ་འདྲེན་སྐེམ་སྨན་གྱི་འཁོར་ལོ། སྒྲུབ་ཐབས་བསྟོད་པ་དང་བཅས་པ། ཀླུ་བདུད་མགོ་དགུའི་སྒྲུབ་ཐབས། ལས་ཚོགས་དགུ་པ། གཏོར་འབུལ། སྦྲུལ་ལ་བརྟེན་པའི་ཆར་འབེབས། ཆིངས་གསུམ་ཕྱག་རྒྱ་སྤྲོད་ཐབས། གཏད་ཀྱི་རང་སྲུང་། འཁོར་ལོ་རབ་གནས། སྔགས་བྱང་ལ་བརྟེན་པའི་སྲུང་བ། དེའི་ཞལ་གདམས་བཅས་གཏེར་གཞུང་རགས་པ་ཆ་ཚང་། སྨིན་གླིང་གཏེར་ཆེན་དང་རིག་འཛིན་ཆེན་པོས་མཛད་པའི་རྒྱུན་ཁྱེར། ཞལ་ཤེས། དམར་ཁྲིད། གཏེར་གཞུང་གི་བརྒྱུད་པ་ནི། སངས་རྒྱས་འོད་སྲུང་། འཇམ་དཔལ་ནཱ་ག་རཀྴ། གསང་བདག །དགེ་སློང་རྨི་ལམ་མཐར་གཟིགས། རཱ་ཛ་རཏྣ་འབར། སྲས་མཐའ་ཡས་འོད། ཨོ་རྒྱན་རིན་པོ་ཆེ། ཆོས་རྒྱལ། རིན་ཆེན་གླིང་པ། ནམ་མཁའ་འོད་ཟེར། ཆོས་དབྱིངས་པ། བླ་མ་དཔལ་བཟང་། ནམ་མཁའ་ལེགས་པ། སློབ་དཔོན་ཕུན་ཚོགས། རྡོ་རྗེ་རིན་ཆེན། ཡོན་ཏན་རྡོ་རྗེ། གཡུང་དྲུང་རྒྱལ་མཚན། བསོད་ནམས་བློ་གྲོས། རྩེ་ལེ་བསོད་ནམས་རྣམ་རྒྱལ། ཀརྨ་གུ་རུ། ཀུན་བཟང་དཔལ་འབྱོར། ཆོས་དབང་ལྷུན་གྲུབ། ཕྲིན་ལས་ལྷུན་གྲུབ། འགྱུར་མེད་རྡོ་རྗེ། རིན་ཆེན་རྣམ་རྒྱལ། ཨོ་ཌཱི་ཡ་ན། ཕྲིན་ལས་རྣམ་རྒྱལ། ཕྲིན་ལས་ཆོས་སྒྲོན། འགྱུར་མེད་སངས་རྒྱས་ཀུན་དགའ། འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། ཀུན་མཁྱེན་རྡོ་རྗེ་གཟི་བརྗིད། དེས་བདག་ལའོ། །འདི་ནས་གཏེར་གཞུང་ཚན་པ་ཁ་ཤས་དཔེ་མ་འབྱོར་པས་ཚོལ་ནས་བསབ་དགོས་པ་ཡོད་དོ། །ཀླུ་བདུད་མགོ་དགུའི་སྒྲུབ་ཐབས། ཀརྨ་གུ་རུ་ནས། ཀུན་མཁྱེན་དབང་ཕྱུག །བློ་མཆོག་རྡོ་རྗེ། ལྔ་པ་ཆེན་པོ། གཏེར་གླིང་ཕྱིན་འདྲ། གནམ་ཆོས་ཐུགས་གཏེར་སྙན་བརྒྱུད་ཀྱི་ནཱ་ག་རཀྴའི་དབང་། གཏེར་གཞུང་། བརྒྱུད་པ་སྤྱི་ལྟར། ལང་གྲོ་དཀོན་མཆོག་འབྱུང་གནས་ཀྱི་རྣམ་འཕྲུལ་སྐྱིད་གྲོང་པ་གྲུབ་དབང་ཐུགས་མཆོག་རྡོ་རྗེའི་ཟབ་གཏེར་ནཱ་ག་རཀྴའི་དབང་ཆེན། གསང་སྒྲུབ་ཕྲིན་ལས་དང་སྒྲུབ་ཡིག་སྙིང་བྱང་གཏེར་གཞུང་། དབང་ཆོག །བརྒྱུད་པ། སྟོན་པ་སངས་རྒྱས། ཤཱ་རིའི་བུ། འཇམ་དཔལ་བཤེས་གཉེན། ཀླུ་སྒྲུབ། ཧཱུྃ་མཛད། ཨོ་རྒྱན་ཆེན་པོ། ཁྲི་སྲོང་། ལང་གྲོ །གཏེར་སྟོན་ངག་དབང་བསླབ་གསུམ་མམ་རོག་རྗེ་གླིང་པ་འགྲོ་འདུལ་རྡོ་རྗེ་ཐུགས་མཆོག་རྩལ། དེ་སློབ་དྲི་མེད་གླིང་པ། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། གཏེར་སྲས་པདྨ་རྒྱ་མཚོ། འགྲོ་དོན་བསྟན་པའི་ཉི་མ། བསྟན་འཛིན་མཁྱེན་རབ་མཐུ་སྟོབས། ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེ། དེས་བདག་ལའོ། །འདི་ལ་བསྙེན་སྒྲུབ་ལས་ཚོགས་ཕྲིན་ལས་ཀྱི་སྐོར་ཟབ་ཅིང་ཉེར་མཁོ་ངོ་མཚར་ཅན་བཞུགས་པར་སྣང་ངོ་། ༈ །གཉིས་པ་པདྨ་གསུང་དུ་སྒྲུབ་པའི་སྐོར་ལ་གཉིས། ཞི་བ་དང་དྲག་པོ་འོ། །དང་པོ་ལའང་གཉིས། རིགས་བདག་ཚེ་འོད་དཔག་མེད་དང་། ཞི་བ་ཐུགས་རྗེ་ཆེན་པོའི་སྐོར་རོ། །དང་པོ་ནི། ཤིང་རྟ་ཆེན་པོ་སངས་རྒྱས་གསང་བ་ནས་བརྒྱུད་པའི་ཚེ་དཔག་མེད་ལུང་ལུགས་ཀྱི་དབང་ ༡༢༽དང་། མངའ་བདག་ཉང་རིན་པོ་ཆེས་སྲིན་མོ་སྦར་རྗེས་ནས་སྤྱན་དྲངས་པའི་ཚེ་སྒྲུབ་མཚོ་སྐྱེས་རྡོ་རྗེ་འཆི་མེད་བདུད་རྩི་བུམ་པའི་དབང་། ཚེའི་ཕྲིན་ལས་དབང་ཆོག་དང་བཅས་པ། བརྒྱུད་པ་ནི། སྣང་བ་མཐའ་ཡས། ཚེ་དཔག་མེད། པདྨ་འབྱུང་གནས། ཡེ་ཤེས་མཚོ་རྒྱལ། ཁྲི་སྲོང་ལྡེའུ་བཙན། ཉི་མ་འོད་ཟེར། དེ་ནས་མཚོ་སྐྱེས་རྡོ་རྗེ་ལ་གཏེར་ཁ་སྔ་བར་ཕྱི་གསུམ་བྱུང་བའི། བར་པ་སངས་རྒྱས་གླིང་པའི་ཉི་ཟླ་ཁ་སྦྱོར་དང་། ཕྱི་མ་བྱང་བདག་པའི་སྐུ་གསུམ་རིགས་འདུས་གཉིས་བཅས་བརྒྱུད་པ་གསུམ་འདྲིལ་དུ་གྱུར་པས་བྱིན་རླབས་དོན་གྱི་བརྒྱུད་པ་རིང་བརྒྱུད་ཀྱི་དབང་དུ་བྱས་ན། སྲས་འགྲོ་བའི་མགོན་པོ། བློ་ལྡན། བདུད་འདུལ། མདོ་སྡེ་སེང་གེ །པདྨ་དངོས་གྲུབ། འཇམ་དཔལ་ནོར་བུ། ཀུན་དགའ་རྒྱལ་མཚན། དེ་བ་བྷ་དྲ། བཟང་པོ་ལྷུན་གྲུབ། ལྷུན་གྲུབ་འོད་ཟེར། མངའ་བདག་ཀུན་དགའ་ལྷུན་གྲུབ། རིག་འཛིན་ལེགས་ལྡན་རྗེ། བཀྲ་ཤིས་སྟོབས་རྒྱལ། ངག་གི་དབང་པོ། ཆོས་དབྱིངས་རང་གྲོལ། ཟིལ་གནོན་བཞད་རྩལ། པདྨ་ཕྲིན་ལས། ཚེ་བདག་འགྱུར་མེད་རྡོ་རྗེ། པདྨ་ཀུན་གསལ། དགོན་བྱང་པདྨ་ཐེག་མཆོག །ཆོས་ཀྱི་རྒྱལ་མཚན། རྗེ་བླ་མ། དེ་ལས་བཀའ་དྲིན་དུ་ནོས། ཉི་ཟླ་ཁ་སྦྱོར་ཡང་ཀརྨ་ཆགས་མེད་ཡིག་ཆ་ལས་ཚིག་བརྒྱུད་བར་མ་ཆད་པ་ཐོས་ཀྱང་། དོན་གྱི་བརྒྱུད་པ་བྱང་བདག་མན་དེ་ལྟར་འདྲེན་རུང་ངོ་། །གཙོ་བོར་ཉེ་བརྒྱུད་ནི་བླ་མ་མངའ་བདག་ཆེན་པོའི་རྣམ་འཕྲུལ་བཀའ་བབས་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་སྤྲུལ་པའི་གཏེར་སྟོན་ཆེན་པོས་དངོས་སུ་བསྩལ་པའོ། །བྱང་གཏེར་ཐུགས་སྒྲུབ་ཆོས་ཚན་ཉེར་ལྔ་ལས། བཅུ་དགུ་པ་ཚེ་དཔག་མེད་སྤྲུལ་སྐུ་ལྕགས་སྡོང་མ་ལྷ་གཅིག་བུམ་གཅིག་གི་དབང་། ༡༣༽ སེ་བཀྲ་བཟང་པའི་གསུང་རྒྱུན་ལྷ་མང་གི་དབང་། ཐེམས་བྱང་། ཕྱི་སྒྲུབ། ནང་སྒྲུབ། དེའི་དབང་བྱང་། གསང་སྒྲུབ། ཡང་གསང་ཧྲཱིཿགཅིག་མ། ཚེ་འཁོར་བྲི་ཐབས་བཅས་གཏེར་གཞུང་ཚང་བ། ལྷ་མང་གི་དབང་ཆོག །ལྷ་གཅིག་གི་རྒྱུན་ཁྱེར་བཅས་ས་ཆེན་ཀུན་བློས་མཛད་པ། ལྷ་མང་གི་དབང་བརྒྱུད་ནི། ཀུན་བཟང་། རིགས་ལྔ། པད་འབྱུང་། བདུད་འཇོམས་རྡོ་རྗེ། དངོས་གྲུབ་རྒྱལ་མཚན། རྣམ་རྒྱལ་མགོན་པོ། སྔགས་འཆང་རྡོ་རྗེ་དཔལ། བྱམས་པ་བཤེས་གཉེན། སངས་རྒྱས་དཔལ་བཟང་། ཆོས་རྒྱལ་བསོད་ནམས། ཆོས་སྐྱོང་བསོད་ནམས། ཚར་ཆེན་བློ་གསལ། འཇམ་དབྱངས་མཁྱེན་བརྩེ། བསླབ་གསུམ་རྒྱལ་མཚན། དབང་ཕྱུག་རབ་བརྟན། བསོད་ནམས་མཆོག་གྲུབ། རིན་ཆེན་འཇམ་དཔལ། བྲག་རྩ་བ་བློ་གསལ་བསྟན་འཛིན། ཀུན་དགའ་བློ་གྲོས། ཡོངས་འཛིན་ཀུན་དགའ་བཀྲ་ཤིས། ངག་དབང་ཀུན་དགའ་རིན་ཆེན། རྗེ་བླ་མ་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །ལུང་བརྒྱུད་མཛད་པ་པོ་ཕྱིན་ཆད་འདྲ། གཏེར་གཞུང་ལུང་རྒྱུན་གོང་གི་ཐུགས་སྒྲུབ་ལྟར་ལ། ཡང་ན། བྱང་བདག་ཡན་དེ་ལྟར་ལ། དེ་ནས་ངག་གི་དབང་པོ། ཟུར་ཆེན། ལྔ་པ། པད་ཕྲིན། ཐུགས་སྲས་བསྟན་པའི་རྒྱལ་མཚན། འགྱུར་མེད་བློ་ལྡན། པདྨ་བཤེས་གཉེན། འདར་པདྨ་བདུད་འདུལ། དཔང་པདྨ་ཚེ་དབང་། སྒྲོལ་སྟོན་ཆོས་རྒྱན། རྗེ་མཁྱེན་བརྩེའི་ཞབས། དེ་ལས་སོ། །བཀའ་བརྒྱད་རང་ཤར་གྱི་ཆོས་སྡེ་ཚེ་ལྷ་ཡོངས་རྫོགས་ཀྱི་དབང་། གཏེར་གཞུང་ཕྱི་ནང་གསང་བ་ཡང་གསང་ཧྲཱིཿགཅིག་མའི་སྒྲུབ་ཐབས་རྣམས་དང་། ཕྲིན་ལས་དབང་བསྐུར་བཅས་བཀླགས་ཆོག་ཏུ་བཀོད་པ། བརྒྱུད་པ་ནི། ཆོས་རྒྱལ་བསོད་ནམས་ཡན་བཀའ་བརྒྱད་རང་ཤར་ལྟར་ལ། དེ་ནས། ཐུགས་སྲས་ཆོས་སྐྱོང་བསོད་ནམས་བཀྲ་ཤིས། གནུབས་ངག་དབང་རྒྱ་མཚོ། ཚེ་རིང་དབང་པོ། ཆོས་ཀྱི་རྒྱལ་མཚན། རོལ་པའི་རྡོ་རྗེ། ཐུགས་མཆོག་འོད་འབར། འཛམ་གླིང་ཆོས་དབང་། རིག་འཛིན་པདྨ་ཕྲིན་ལས། པདྨ་སྐྱབས་སྦྱིན། པདྨེ་ཤྭ་ར། པདྨ་མི་ཏྲ། ཨ་ཏི་བསྟན་པའི་རྒྱལ་མཚན། བསྟན་འཛིན་ཆོས་རྒྱལ། བསྟན་འཛིན་འཕེལ་རྒྱས། སྨོན་ལམ་དབང་རྒྱལ། དེས་བདག་ལའོ། །གཏེར་ཆེན་སངས་རྒྱས་གླིང་པས་དགྱེར་བྱེ་མ་དཀར་པོའི་མཆོད་རྟེན་ནས་སྤྱན་དྲངས་པའི་རིག་འཛིན་ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་གྱི་དབང་། སྒྲུབ་ཐབས་སྙིང་པོ་བསྡུས་པ་དབང་ཆོག་བཅས་ཆགས་མེད་གསུང་། བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། མཚོ་རྒྱལ། མུ་རུབ་བཙད་པོ། སངས་གླིང་། ཡེ་རྡོར། སངས་རྒྱས་བློ་གྲོས། བསོད་ནམས་ལྷུན་གྲུབ། ཆོས་རྒྱལ་མཚན། ཀརྨ་བཟང་པོ་ནས་རིམ་པར་བརྒྱུད་དེ་ཀརྨ་ཆགས་མེད། ཀུན་བཟང་ཤེས་རབ། པདྨ་ཡེ་ཤེས། ཁྱབ་བརྡལ་ཀློང་ཡངས། པདྨ་ནོར་བུ། ཀརྨ་བཀྲ་ཤིས། པདྨ་རྒྱལ་པོ། པདྨ་སྦྱིན་པ། རྨུགས་སངས་ཚེ་དབང་། དབོན་སྤྲུལ་ཀརྨ་ངེས་དོན། གསང་སྔགས་མགོན་པོ། དེས་བདག་ལའོ། །འདིར་ཆགས་མེད་ཞབས་ཀྱིས་གསན་ཡུལ་མ་ངེས་པས་བར་གྱི་བརྒྱུད་ཁུངས་བརྟག་དགོས་པ་ཡོད་ཅིང་། སྤྱིར་ཚེ་སྒྲུབ་འདི་གཏེར་ཁ་གོང་འོག་བྱང་བདག་རྣམས་དང་མཚུངས་པར་མཚོ་སྐྱེས་རྡོ་རྗེ་རིགས་འདུས་ཡིན་འདུག་པས་བླ་མ་ཞི་བའི་སྐབས་སུ་འགོད་པར་འོས་ཀྱང་འདིར་ཚེ་སྒྲུབ་ཙམ་དུ་སྡེ་ཚན་གཅིག་པའི་དབང་གིས་བཞག་པའོ། །གཏེར་ཆེན་རྡོ་རྗེ་གླིང་པའི་རྫོགས་ཆེན་ལྟ་བ་ཀློང་ཡངས་ཀྱི་ཆ་ལག་ཞི་ཁྲོའི་ཚེ་སྒྲུབ་ཀྱི་དབང་། ཚེ་སྒྲུབ་འོད་ཟེར་དྲྭ་བ་དབང་ཆོག་དང་བཅས་པ། བརྒྱུད་པ་ཉེ་རིང་གོང་གི་གཏོར་དབང་དང་མཚུངས། ཆོས་རྒྱལ་རཏྣ་གླིང་པས་གུང་ཐང་མཁར་ནས་སྤྱན་དྲངས་པ་ཚེ་ཁྲིད་རྡོ་རྗེ་ཕྲེང་བའི་དབང་། གཏེར་གཞུང་ལ་སྤྱིར་སངས་རྒྱས་སྒྲུབ་པའི་ཆོས་བཅུ། ཡིད་བཞིན་ནོར་བུའི་ཆོས་བཅུ། དང་པོ་ལའང་མ་ལྔ། ཐེམས་མེད་ལྔ། བུ་ལྔ་སོགས་བཞུགས་པར་སྣང་ཡང་དེང་སང་རྒྱུན་བཞུགས་པ། ལོ་རྒྱུས། སྟ་གོན་དབང་བྱང་། བདག་འཇུག །གསང་བ་ཚེའི་དབང་ཆོག །ཕྱི་ནང་གསང་གསུམ་གྱི་སྒྲུབ་ཐབས། གསང་བ་ཚེ་ཁྲིད། བཅུད་ལེན་ཏེ་རྡོ་རྗེ་ཕྲེང་བ་ལྔ་ཚན། ལས་བཞིའི་སྦྱིན་སྲེག །བརྒྱུད་འདེབས་གཏེར་གསུང་ཙམ་ལས་གཞན་མི་བཞུགས་ཤིང་འདི་རྣམས་ཀྱང་རྒྱུན་ཕྲ་བས་ཆེད་དུ་བཀོད་པའོ། །ནང་སྒྲུབ་ཕྲིན་ལས་དབང་ཆོག་བཅས། བརྒྱུད་པ་ནི། དཔལ་ཡུལ་ནས་རིམ་བརྒྱུད་རྡོ་རྗེ་འཛིན་པ་ཆེན་པོ་པདྨ་གསང་སྔགས་བསྟན་འཛིན་ལས་ཞུས་པ་སྟེ་རྩ་གསུམ་འབྲས་བུའི་དོན་ཁྲིད་སོགས་དང་མཚུངས་པ་ཕྱོགས་གཉིས་ལས་བྱོན་པའོ། །པད་གླིང་ཚེ་ཁྲིད་རྡོ་རྗེ་ཕྲེང་བའི་དབང་གསུང་རྒྱུན་མ། ༡༤༽ པདྨའི་རྣམ་འཕྲུལ་འཆི་མེད་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོས་གུ་རུ་རིན་པོ་ཆེ་ལ་དངོས་སུ་གསན་པ་དང་མཆིམས་ཕུའི་གཏེར་མ་ཟུང་འཇུག་ཚེ་རྟ་ཟུང་འབྲེལ་འཆི་མེད་དཔལ་སྟེར་གྱི་དབང་། ༡༥༽ བསྙེན་ཡིག །བརྒྱུད་པའི་ཁྱད་པར་མང་ཡང་འདིར་གཙོ་བོ་འདོད་བུམ་ལྟར་དང་། ཡང་ན། གྲུབ་ཆེན་ནས། ཏྲེ་ཧོ་ཆོས་ཀྱི་རྒྱ་མཚོ། ལོ་ཆེན་འགྱུར་མེད་བདེ་ཆེན། མཁས་བཙུན་དབང་པོ། སྨན་ཁབ་པ་ཕྲིན་ལས་རྒྱ་མཚོ། ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ་སོགས་བརྒྱུད་སྲོལ་མང་དུ་ཐོས། གཏེར་ཁ་བཞི་འདུས་ཀྱི་ཚེ་སྒྲུབ་བདུད་རྩིའི་བུམ་ཆུང་གི་བརྒྱུད་པ་སོ་སོའི་གཏེར་ཆོས་རྣམས་ལས་ལོགས་སུ་མེད་ཅིང་། དབང་བརྒྱུད་ནི། སངས་གླིང་ཐུགས་ཆེན་ནང་ནོར་བུ་ལུགས་ལྟར་རོ། །བོ་དོང་རས་ཆེན་དཔལ་འབྱོར་བཟང་པོ་ལ་ལྷག་པའི་ལྷས་དངོས་སུ་གནང་བའི་ཟབ་ཁྱད་ཀྱི་གདམས་པ་རས་ཆེན་ཆོས་གསུམ་དུ་གྲགས་པའི་ནང་ཚན། ཨོ་རྒྱན་ཚེ་དཔག་མེད་ལ་དངོས་སུ་གསན་པ་ཚེ་དཔག་མེད་ལྷ་བཅུ་བདུན་མའི་དབང་། ཚེ་སྒྲུབ་མདའ་འཕེལ་མའི་ཆོག་བསྒྲིགས་འཆི་མེད་འབྱུང་བ་ཞྭ་ལུ་པ་རིན་ཆེན་བསོད་ནམས་མཆོག་གྲུབ་དང་། དབང་ཆོག་མཁན་ཆེན་བཟང་པོ་རྒྱལ་མཚན། ཟིན་བྲིས་རྗེ་བླ་མས་མཛད་པ་རྣམས། བརྒྱུད་པ་ནི། ཚེ་དཔག་མེད། འཆི་མེད་པདྨ་འབྱུང་གནས། རས་ཆེན་དཔལ་འབྱོར་བཟང་པོ། ཆོས་རྗེ་རྣམ་རྒྱལ་མགོན་པོ། རྒྱ་སྟོན་བྱང་བདག །ཤཱཀྱ་ཀུན་དགའ། བྱམས་པ་བཟང་པོ། ཀུན་བཟང་ཆོས་ཀྱི་ཉི་མ། ནམ་མཁའ་འབྲུག་སྒྲ་བཟང་པོ། ཤཱཀྱ་རྡོ་རྗེ། དགེ་བའི་དབང་པོ། བསོད་ནམས་མཆོག་གྲུབ། མཉྫུ་ཤྲཱི། ངག་དབང་བསྟན་འཛིན་ཕུན་ཚོགས། བསོད་ནམས་རིན་ཆེན། ཀུན་དགའ་བློ་གྲོས། ནམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །རིན་ཆེན་ཕུན་ཚོགས་ཆོས་ཀྱི་རྒྱལ་པོའི་དམ་ཆོས་དགོངས་པ་ཡང་ཟབ་ཀྱི་ཆོས་སྡེ་ལས་འཆི་མེད་ཚེའི་དབང་ཕྱི་ནང་གསང་བ། ཚེའི་སྐོར་ཕྱི་ནང་གསང་བ་དང་འདོད་ཆགས་ལ་བརྟེན་པའི་ཚེ་སྒྲུབ། དེའི་ཡིག་ཆུང། རྒྱུན་ཁྱེར་བཅས་གཏེར་གཞུང་ཚང་བ། ཕྱི་སྒྲུབ་ངག་འདོན་ཆོས་གྲགས་མཛད་པ། ཟབ་དབང་ཆོ་ག །བརྒྱུད་པ་རྩ་གསུམ་གཏོར་དབང་ལྟར་ལ་གཏེར་ཆེན་དཀོན་མཆོག་བསྟན་འཛིན་ནས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །འདིའི་རྫོགས་རིམ་ཐུན་མོང་མ་ཡིན་པ་ནི་ཛ་བིར་གྱི་སྐོར་ཏེ་འོག་ཏུ་འབྱུང་ངོ་། །མངའ་རིས་པཎ་ཆེན་རིན་པོ་ཆེའི་ཟབ་གཏེར་བཀའ་བརྒྱད་ཡོངས་འདུས་ཀྱི་ཆོས་སྡེ་ཚེ་དཔག་མེད་ཡེ་ཤེས་འོད་མཆོག་གི་དབང་། གཏེར་གཞུང་ཚང་བ། གསང་སྒྲུབ་ཕྲིན་ལས་དང་དབང་ཆོག །བརྒྱུད་པ་ནི། སྣང་མཐའ། ཚེ་དཔག་མེད། ཨོ་རྒྱན་ཆེན་པོ། དག་པའི་འཁོར་ལྔ། པཎ་ཆེན་པདྨ་དབང་རྒྱལ། ལེགས་ལྡན་རྗེ། དབང་ཕྱུག་རབ་བརྟན། བསོད་ནམས་མཆོག་ལྡན། ཆོས་དབྱིངས་རང་གྲོལ། རྡོ་རྗེ་ཐོགས་མེད། པདྨ་ཕྲིན་ལས་སོགས་བྱང་གཏེར་ལོངས་སྐུ་ལྟར་ལ། རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེས་བདག་ལ་བསྩལ། རྗེ་བླ་མ་ཉིད་ལ་ཉེ་བརྒྱུད་ཀྱང་བཞུགས་པས་རིང་བརྒྱུད་ཆེད་དུ་བཙལ་མི་དགོས་སོ། །གར་དབང་ཞིག་པོ་གླིང་པས་ཁྱུང་ཚང་བྲག་ནས་སྤྱན་དྲངས་པ་བླ་མ་ནོར་བུ་པད་ཕྲེང་ཚེ་སྒྲུབ་རྒྱལ་བ་འདུས་པའི་དབང་བཞི། དེའི་ཕྲིན་ལས་དང་དབང་ཆོག །བརྒྱུད་པ་ནི། ཚེ་དཔག་མེད། སྤྱན་རས་གཟིགས། པད་འབྱུང་། མཚོ་རྒྱལ། ཆོས་རྒྱལ་ཡབ་སྲས། ཞིག་གླིང་། པད་མ་རྒྱལ་མཚན། པདྨ་བློ་གྲོས། པདྨ་རྡོ་རྗེ། ཁྱབ་བདལ་ལྷུན་གྲུབ། སྟག་རས་པད་མ་ནོར་བུ། ཀུན་བཟང་རྣམ་རྒྱལ་ཕྱིན་ཟབ་པ་སྐོར་བདུན་ལྟར་རོ། །འཕྲང་འགོ་སྣ་ཚོགས་རང་གྲོལ་གྱི་གྲོལ་ཏིག་དགོངས་པ་རང་གྲོལ་ཆོས་སྡེ་ཚེ་སྒྲུབ་འཆི་མེད་སྐུ་གསུམ་འདུས་པའི་དབང་། དེའི་ཕྲིན་ལས་དབང་ཆོག་དང་བཅས་པ། ཚེ་སྒྲུབ་ཨ་ཧཾ་མི་ཤིགས་དྭངས་མ་གསུམ་ལྡན། བརྒྱུད་པ་གྲོལ་ཏིག་སྤྱི་དང་མཚུངས། འཇའ་ཚོན་ལས་འཕྲོ་གླིང་པས་ལྗོན་པ་ལུང་གི་གནས་སྒོ་ནས་སྤྱན་དྲངས་པ་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་དངོས་གྲུབ་ཀུན་འདུས་ཀྱི་དབང་། དེའི་ལས་བྱང་། སྐོང་བ། དབང་ཆོག་ཆ་ལག །ཉེར་མཁོ་འཆི་བདག་གཏོར་ཆེན་གླུད་རབས་དང་བཅས་པ། བརྒྱུད་པ་དཀོན་མཆོག་སྤྱི་འདུས་ལྟར་གནས་མདོ་གསེར་ཕྲེང་སྨད་བརྒྱུད་ལས་བྱོན་པ་སྟེ་མཚུངས་བྲལ་མཆོག་སྤྲུལ་ཀརྨ་ཐེག་མཆོག་ངེས་དོན་བསྟན་འཕེལ་ལས་ནོས་པའོ། །བདུད་འདུལ་སེང་གེ་རྩལ་རྫོགས་ཆེན་པོས་འགག་མེད་རྫུ་འཕྲུལ་གྱི་བཀོད་པས་དཔལ་གྱི་བསམ་ཡས་རྣམ་སྣང་རྡོ་རྗེའི་ཀློང་སྒྲོམ་ནས་སྤྱན་དྲངས་པའི་ཡང་གསང་རིག་འཛིན་ཀུན་འདུས་ཀྱི་ཆོས་སྡེ་ཚེ་སྒྲུབ་ཚ་བ་དམར་ཐག་གི་དབང་། ལས་བྱང་དང་ཚེ་འགུགས་གཏེར་གཞུང་། དབང་ཆོག །བརྒྱུད་པ་ནི། མགོན་པོ་འོད་དཔག་མེད། འཇིགས་མེད་ཚེ་དཔག་མེད། ཚེ་དབང་མཚོ་སྐྱེས་རྡོ་རྗེ། འཆི་མེད་ཌཱ་ཀི་རྣམ་གཉིས། འབྲོག་བན་ཡེ་ཤེས་སྙིང་པོ། གཏེར་ཆེན་ནུས་ལྡན་ཡབ་སྲས་ནས་ཀུན་བཟང་ཁྱབ་བདལ་ལྷུན་གྲུབ་སོགས་རིམ་པར་བརྒྱུད་པ་དང་། དེ་ལས་རྡོ་རྗེ་མཐོང་གྲོལ་སོགས་སྲས་བརྒྱུད་ལས་བྱོན་པ་དཔའ་བོ་ནས་བདག་ལ་བརྒྱུད་པ་སྟེ་པདྨ་འོད་འབར་དང་འདྲའོ། །གཏེར་ཆེན་འགྱུར་མེད་རྡོ་རྗེའི་ཟབ་གཏེར་བླ་སྒྲུབ་རིག་འཛིན་ཐུགས་ཐིག་གི་ཆ་ལག་ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དབང་། ལོ་རྒྱུས། སྒྲུབ་ཐབས། རྗེས་གནང་། བཅུད་ལེན། ཚེ་འཁོར། ཟ་ཡིག་བཅས་གཏེར་གཞུང་ཚང་བ། ལས་བྱང་འཆི་མེད་འདོད་འཇོ། རྗེས་ཆོག །རྒྱུན་ཁྱེར། ཚེ་དབང་། བརྟན་བཞུགས་འཆི་མེད་གྲུབ་པའི་དགའ་སྟོན་རྣམས་གཏེར་གསུང་། བསྙེན་ཡིག་དང་དབང་གི་མཚམས་སྦྱོར་ལོ་ཆེན་མཛད་པ། བརྒྱུད་པ་རྩ་བ་རིག་འཛིན་ཐུགས་ཐིག་ལྟར་ལ། གཞན་ཡང་སྨིན་གླིང་ཁྲི་བརྒྱུད་བྲེང་ཆགས་སུ་བྱོན་པ་ཁྲི་ཆེན་འགྱུར་མེད་ཡིད་བཞིན་དབང་རྒྱལ་ལས་ནོས་པ་དང་། ཁྱད་པར་གྱི་བཀའ་བབས་མདོ་ཁམས་པ་ངག་དབང་ཀུན་དགའ་བསྟན་འཛིན་ལས་བརྒྱུད་པ་དང་། འདི་ཉིད་ལས་མངོན་རྟགས་བརྙེས་པ་སྒྲུབ་ཆེན་ཀུན་བཟང་ངག་དབང་ལས་ནོས་པ་སོགས་བྱིན་རླབས་དང་ལྡན་པའི་རྒྱུན་མང་དུ་འདུའོ། །རིག་འཛིན་རྒོད་ལྡེམ་ཅན་གྱིས་དབུས་སྙིང་མཛོད་སྨུག་པོ་ནས་བྱོན་པའི་རྡོར་སེམས་ཐུགས་ཀྱི་མེ་ལོང་གི་ཆོས་སྐོར་རྣམས་མང་ཡུལ་སྐྱིད་མོ་ལུང་གི་གནས་སྒོར་སླར་འདབ་གཏེར་དུ་སྦས་པ། དེ་ཉིད་ཀྱི་རྣམ་འཕྲུལ་གཏེར་གཞུག་སྐྱོང་བ་པོར་གྲགས་པ་མངའ་རིས་གཏེར་སྟོན་ཟླ་བ་རྒྱལ་མཚན་ནམ་གར་དབང་རྡོ་རྗེ་སྙིང་པོས་སྤྱན་དྲངས་པའི་ཆོས་སྡེ་ལས་བྱུང་བ། ཚེ་སྒྲུབ་ཡེ་ཤེས་རྒྱ་མདུད་ཀྱི་དབང་། དེའི་ཕྲིན་ལས་དབང་ཆོག་དང་བཅས་པ། བརྒྱུད་པ་ནི། ཚེ་དཔག་མེད། སྤྱན་རས་གཟིགས། པད་འབྱུང། མཚོ་རྒྱལ། བདུད་འཇོམས། རྒོད་ལྡེམ། གར་དབང་ཟླ་བ་རྒྱལ་མཚན། གྲུབ་ཆེན་ཉི་ཟླ་ཀློང་གསལ་སོགས་འོག་ནས་འབྱུང་བའི་ཟབ་ཏིག་གི་བརྒྱུད་པ་ལྟར་རོ། །གཏེར་ཆེན་ཀློང་གསལ་སྙིང་པོའི་ཟབ་ཆོས་བླ་མེད་སྐོར་གསུམ་ལས་ཚེ་སྒྲུབ་ཡང་གསང་བླ་མེད་ཀྱི་དོན་དབང་། ལས་བྱང་གཏེར་གཞུང་། བརྒྱུད་འདེབས། བྱིན་འབེབས། ཚེ་འགུགས། དབང་ཆོག །བརྒྱུད་པ་རྩ་བ་དང་ཡན་ལག་གཉིས་འདུས་བཀའ་བརྒྱད་བདེ་གཤེགས་ཡོངས་འདུས་དང་མཚུངས་སོ། །རིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱིས་སྤྱི་འབྱམས་ཀྱི་གནས་ནས་སྤྱན་དྲངས་པའི་ཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར་གྱི་ཡང་སྙིང་ནམ་སྙིང་ཚེ་སྒྲུབ་ཏུ་གྲགས་པའི་དབང་། སྒྲུབ་ཐབས་གཏེར་གཞུང་། དབང་གི་མཚམས་སྦྱོར་རྗེ་བླ་མ་པདྨས་མཛད་པ། བརྒྱུད་པ་ནི། བླ་མ་སྐུ་གསུམ། མཚོ་རྒྱལ། ལྷ་སྲས་མུ་ཁྲི་བཙན་པོ། རིག་འཛིན་མི་འགྱུར་རྡོ་རྗེ། ཆོས་བདག་ཀརྨ་ཀུན་མཁྱེན། སི་ཏུ་བསྟན་པའི་ཉིན་བྱེད། རྟ་མགྲིན་མགོན་པོ། སྐྱབས་ཆེ་གཅོད་བླ་ཡེ་ཤེས་དང་། བསོད་ནམས་ཆོས་འཕེལ་ཟུང་ནས་གར་དབང་དྲུག་པ་ཆོས་སྐྱོང་འགྱུར་མེད། རྟོགས་ལྡན་བསྟན་འཛིན་རྣམ་དག །ཀཾ་བླ་མ་ནོར་བུ། ཀྱུ་ར་ཀརྨ་ཡེ་ཤེས། བསྟན་འཛིན་དགེ་ལེགས་ཉི་མ། དེས་བདག་ལའོ། །འདི་ལ་རྟ་མགོན་གྱི་ཕྱག་བཞེས་སུ། དབང་ཚིག་ལན་གསུམ་གྱིས་དང་པོས་བུམ་པ། གཉིས་པས་སྒྲུབ་དཔེ། གསུམ་པས་གཏོར་དབང་བསྐུར་ནས་མཐར་སྔགས་ཀྱིས་ཚེ་རིལ་ཆང་སྦྱིན་པའི་ཕྱག་སྲོལ་སྣང་ངོ་། གཏེར་ཆེན་བསམ་གཏན་གླིང་པའི་གཏེར་བྱོན་ཐུགས་སྒྲུབ་རྣམ་གཉིས་ཀྱི་ཚེ་སྒྲུབ་པདྨ་གསང་ཐིག་དང་ལྕགས་དྲིལ་མ་ཕྱོགས་བསྡུས་ཀྱི་དབང་། ཕྲིན་ལས་དབང་ཆོག་བཅས་བསམ་གཏན་བསྟན་འཛིན་གྱིས་བསྒྲིགས་པ། བརྒྱུད་པ་སྤྱི་ལྟར་ལ། གཏེར་ཆེན་ནས། འཕེལ་ཚ་མཐུ་སྟོབས་གླིང་པ། ནམ་མཁའ་རྡོ་རྗེ། ཆོས་ཀྱི་དབང་ཕྱུག །ཚེ་དབང་བསྟན་སྐྱོང་། རྟ་མཆོག་ཆོས་གྲགས། བསོད་ནམས་རྣམ་རྒྱལ། མགོན་པོ་རྡོ་རྗེ། དེ་ལས་སོ། །བཻ་རོའི་རྣམ་འཕྲུལ་སྟག་མོ་གཏེར་སྟོན་དབོན་སྲས་ཁྱུང་ཐོག་གིས་རྒྱང་ཡོན་པོ་ལུང་ནས་སྤྱན་དྲངས་པའི་ཟབ་གཏེར་ཀུན་བཟང་སྙིང་ཐིག་གི་ཆོས་སྡེ་ཚེ་སྒྲུབ་ཡེ་ཤེས་སྲོག་ཏིག་གི་དབང་། གཏེར་གཞུང་། དབང་ཆོག །བརྒྱུད་པ་གོང་མ་སྤྱི་དང་མཚུངས། རྗེ་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཉེ་བརྒྱུད་དུ་བྱོན་པ་ཉིད་བཀའ་དྲིན་ཐོབ་པའོ། །པདྨ་བདེ་ཆེན་གླིང་པའི་ཟབ་གཏེར་ཀློང་གསལ་མཁའ་འགྲོ་སྙིང་ཐིག་གི་ཆ་ལག་ཚེ་སྒྲུབ་རྡོ་རྗེ་རྒྱ་མདུད་ཀྱི་དབང་། དེའི་བདག་མདུན་བསྙེན་སྒྲུབ་བདག་འཇུག་དང་བཅས་པའི་ཆོག་བསྒྲིགས་གཏེར་སྟོན་གྱིས་མཛད་པའི་འཕྲོ་རིག་འཛིན་ཆེན་པོས་མཐུད་པ། བརྒྱུད་འདེབས་དང་ཟབ་ཁྲིད་བཀའ་རྒྱ་མ་དེས་མཛད་པ་དབང་ཆོག་བཅས། དབང་གི་བརྒྱུད་པ་ནི། ཚེ་དཔག་མེད། གར་གྱི་དབང་ཕྱུག །འཆི་མེད་པད་འབྱུང་། མཚོ་རྒྱལ། ལོ་ཆེན་བཻ་རོ། པདྨ་བདེ་ཆེན་གླིང་པ། རིག་འཛིན་ཚེ་དབང་ནོར་བུ། དེ་ལས་རྒྱལ་དབང་བཅུ་གསུམ་པ་བདུད་འདུལ་རྡོ་རྗེ། ཞྭ་དམར་བཅུ་པ་ཆོས་གྲུབ་རྒྱ་མཚོ། འབྲུག་ཆེན་བཀའ་བརྒྱུད་ཕྲིན་ལས་ཤིང་རྟ། དཔའ་བོ་བདུན་པ་རྡོ་རྗེ་གཙུག་ལག་དགའ་བ་རྣམས་ཀྱིས་གསན། རྒྱལ་བའི་དབང་པོ་ལས་འབྲུག་ཐམས་ཅད་མཁྱེན་པ་ཀུན་གཟིགས་ཆོས་ཀྱི་སྣང་བས་གསན། ཡང་ཕྲིན་ལས་ཤིང་རྟ་དང་དཔའ་བོ་ལས་ཡོངས་འཛིན་བཀའ་བརྒྱད་པ། དེ་ལས་ཆོས་ཀྱི་སྣང་བ། ཡང་གར་དབང་བཅུ་པ་ལས་རྗེ་པདྨ་ཉིན་བྱེད་དབང་པོ། དེ་ཉིད་དང་འབྲུག་ཆེན་ཆོས་ཀྱི་སྣང་བ་ལས་རྒྱལ་དབང་བཅུ་བཞི་པ་ཐེག་པ་མཆོག་གི་རྡོ་རྗེ། དེས་བཀའ་དྲིན་དུ་བསྩལ། ཡང་དབང་ལུང་གཉིས་ཀའི་བརྒྱུད་པ་ཆ་ཚང་གཅིག་ནི་བཀའ་འདུས་ཞི་ཁྲོ་ལྟར་སྲས་བརྒྱུད་རྡོ་རྗེ་འཛིན་པ་བར་མ་ཆད་དུ་བྱོན་པའོ། །རིག་འཛིན་རོལ་པའི་རྡོ་རྗེའི་མཚོ་གཏེར་བླ་མ་ལོངས་སྐུ་ཚེ་དཔག་མེད་ལྕགས་ཀྱི་བང་མཛོད་ཀྱི་དབང་། སྒྲུབ་ཐབས་གཏེར་གཞུང་། དབང་ཆོག །བརྒྱུད་པ་བླ་མ་རྒྱལ་བ་ཀུན་འདུས་ལྟར་ལ། བསྟན་འཛིན་རིན་པོ་ཆེ་ལས་ནོས་པའོ། །ལོ་ཆེན་བཻ་རོའི་ཐུགས་སྤྲུལ་པདྨ་བདེ་ཆེན་གླིང་པའི་ཡང་སྲིད་ཏའུ་རོག་རྗེ་གླིང་པས་རོང་དོང་ལུང་པ་ནག་པོ་ནས་སྤྱན་དྲངས་པའི་དཔལ་རྟ་མགྲིན་ཡིད་བཞིན་འབར་བའི་ཆོས་སྡེའི་ཚེ་སྒྲུབ་གསང་བ་རྨད་བྱུང་གི་དབང་། གཏེར་གཞུང་། དབང་ཆོག །བརྒྱུད་པ་གོང་མ་སྤྱི་དང་འདྲ། པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་མཁའ་འགྲོ་གཏད་རྒྱའི་བརྒྱུད་པས་ཉེ་བརྒྱུད་དུ་ཕེབས། དེས་བདག་ལ་བསྩལ་པའོ། །གཏེར་ཆེན་ཆོས་རྗེ་གླིང་པའི་ཡང་སྲིད་ཀུན་བཟང་འོད་ཟེར་རམ་གར་དབང་འཆི་མེད་རྡོ་རྗེས་གནས་ཆེན་པདྨ་བཀོད་ཀྱི་སྒོ་ནས་སྤྱན་དྲངས་པའི་ཚེ་སྒྲུབ་འཆི་མེད་ཐུགས་ཏིག་གི་དོན་དབང་། ལས་བྱང་དང་ཚེ་འགུགས་གཏེར་གཞུང་། དབང་ཆོག །བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། མཚོ་རྒྱལ། རྒྱལ་སྲས་ལྷ་རྗེ། གར་དབང་འཆི་མེད་རྡོ་རྗེ། དྭགས་གཏེར་རྡོ་རྗེ་རྒྱལ་པོ། སྦྱོར་ར་ཐམས་ཅད་མཁྱེན་པ་ཕྲིན་ལས་ལྷུན་གྲུབ། ཆོས་དབྱིངས་བདེ་ཆེན་མཚོ་མོ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །ཡང་གཏེར་སྟོན་ནས། མཚུར་སྟོན་བདེ་ཆེན་རྡོ་རྗེ། ཡོལ་མོ་སྤྲུལ་སྐུ་གསང་སྔགས་བསྟན་འཛིན་ལས་རྗེ་བླ་མས་གསན། ཡང་གཏེར་སྟོན་གྱིས་ནམ་མཁའ་ཚེ་དབང་མཆོག་གྲུབ་ལ་གཏད་རྒྱ་མཛད་ནས་བསྐུར། དེ་ལས་ཆོས་དབྱིངས་རང་གྲོལ་དཔལ་བཟང་པོ། དེ་ལས་རྗེ་རིན་པོ་ཆེས་དོན་དབང་གསན་པ་སྟེ་སྒྲུབ་རྒྱུན་དང་བྱིན་རླབས་གཟི་བརྗིད་བར་མ་ཆད་པའོ། །རྒྱལ་སྲས་ལྷ་རྗེའི་རྣམ་འཕྲུལ་གཏེར་སྟོན་ཟླ་བའི་འོད་ཟེར་གྱིས་མཆིམས་ཕུ་གུར་དཀར་ཕུག་ནས་སྤྱན་དྲངས་པའི་ཐུགས་སྒྲུབ་བདེ་གཤེགས་འདུས་པའི་ཆོས་སྡེ་ཚེ་སྒྲུབ་རྡོ་རྗེ་སྙིང་པོའི་དབང་།ལས་བྱང་དང་དབང་ཆོག་གཏེར་གཞུང་ཁྲིགས་བཀོད། བརྒྱུད་པ་གོང་མ་སྤྱི་དང་འདྲ། གཏེར་སྟོན་རང་གྲོལ་ཏིང་འཛིན་རྒྱལ་པོ། བསྟན་འཛིན་བརྒྱད་པ་མཁྱེན་རབ་མཐུ་སྟོབས། རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །ཆོས་རྒྱལ་རིན་ཆེན་གླིང་པའི་སྐྱེ་སྲིད་དུ་ཡོངས་སུ་གྲགས་ཤིང་ལོ་ཆེན་བཻ་རོའི་བྱིན་རླབས་ཀྱི་རྣམ་འཕྲུལ་དཔའ་བོ་བརྒྱད་པ་པདྨ་བསྟན་འཛིན་མཆོག་གྲུབ་རྩལ་གྱི་དགོངས་གཏེར་ཚེ་སྒྲུབ་བདུད་རྩིའི་རྒྱུན་བཟང་གི་དབང། བརྒྱུད་འདེབས་དང་དབང་བཤད་ཉིད་མཛད། སྒྲུབ་ཐབས་ཕྲིན་ལས། ཚེ་འགུགས་རྒྱས་གདབ། གསང་སྒྲུབ། རླུང་སྦྱོར། དབང་བསྐུར་བཅས་རྩ་གཞུང་ཚང་བ། ཟིན་བྲིས་པད་དཀར་སྤྲུལ་སྐུ་དཔལ་ལྡན་རྡོ་རྗེས་མཛད་པ་དང་གསར་བྲིས་བཅས། བརྒྱུད་པ་ནི། བླ་མ་སྐུ་གསུམ། མཚོ་རྒྱལ། བཻ་རོ། པདྨ་གར་དབང་འགྲོ་འདུལ་རྒྱལ་པོ། དེས་བདག་ལའོ། །གཏེར་ཆེན་མཆོག་གྱུར་གླིང་པའི་ཟབ་བདུན་རྩ་གསུམ་གདམས་སྐོར་གྱི་ཆ་ལག །ཡེ་རྒྱལ་ནམ་མཁའ་མཛོད་ནས་སྤྱན་དྲངས་པའི་ཟངས་ཤོག་དམར་པོའི་ཆོས་སྡེ་རྣམ་སྣང་ཚེ་དཔག་མེད་རིགས་ལྔ་སྤྱི་སྒྲུབ་ཀྱི་དབང་། ལས་བྱང་དང་ཚེ་འགུགས་གཏེར་གཞུང་། བརྒྱུད་འདེབས། ལས་བྱང་ཟུར་འདེབས། སྨན་མཆོད། ཕྲིན་ལས་སྙིང་པོ། དབང་ཆོག་རྣམས། བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྒྱལ་བ་རིགས་ལྔ། རྡོར་སེམས། ཀུན་འདུས་ཚེ་དཔག་མེད། ཚེ་ཡུམ་ཙནྡྷ་ལཱི། འཕགས་པ་ཀླུ་སྒྲུབ། འཆི་མེད་པད་འབྱུང་། མནྡཱ་ར་བ། བདེ་ཆེན་རྒྱལ་མོ། མངའ་བདག་ཡབ་སྲས། མཆོག་གྱུར་བདེ་ཆེན་གླིང་པ། དེས་བདག་ལའོ། །གཏེར་གསར་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བླ་མ་ཆོས་སྐུར་སྒྲུབ་པའི་དབང་། ལས་བྱང་། དབང་ཆོག །བསྙེན་སྒྲུབ་ཟིན་བྲིས། བླ་བསླུའི་ཆོ་ག་བཅས། བརྒྱུད་པ་ནི་རྩ་བ་ལྟར་རོ། །ཚེ་ཞལ་བྲག་གི་གཏེར་བྱོན་ཚེ་སྒྲུབ་རྡོ་རྗེའི་ཕྲེང་བ་ཤོག་བྱང་བརྒྱ་རྩ་བརྒྱད་པ་ལ་ཐོག་མཐའ་བར་དུ་དགེ་བའི་སྐོར་ཚོ་གསུམ་དུ་བཞུགས་པ་ལས། ཐོག་མར་རྩ་བ་ཚེ་བདག་ཡབ་ཡུམ་སྲས་གསུམ། ཕྱི་ནང་གསང་བར་སྒྲུབ་པའི་དབང་སོ་སོའི་རྩ་གཞུང་བཅས། བརྒྱུད་པ་སྤྱི་ལྟར། གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་བདག་ལ་བསྩལ་པའོ། །རིག་འཛིན་ཆེན་པོ་རྡོ་རྗེ་ཚེ་དབང་ནོར་བུས་དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་བསྩལ་པ་ཚེ་དཔག་མེད་སྐུ་གསུམ་ལམ་རིམ་གྱི་ཟབ་ཁྲིད། དེའི་ཁྲིད་ཡིག་རིག་འཛིན་ཉིད་གསུང་ཁྱད་དུ་འཕགས་པ་བཅས་བཞུགས། འདི་ཉིད་གཙོ་བོར་བདེ་གླིང་ཚེ་སྒྲུབ་རྡོ་རྗེ་རྒྱ་མདུད་དང་འབྲེལ་བར་སྣང་ངོ་། །བརྒྱུད་པ་ནི། སྐུ་གསུམ་བླ་མ། མཚོ་རྒྱལ། ནམ་མཁའི་སྙིང་པོ། ཚེ་དབང་ནོར་བུ། ཆོས་ཀྱི་འབྱུང་གནས། ཡོངས་འཛིན་འཇམ་དཔལ་དཔའ་བོ། ཀུན་གཟིགས་ཆོས་ཀྱི་སྣང་བ། དཔའ་བོ་གཙུག་ལག་ཆོས་རྒྱལ། ཀརྨ་ཐེག་མཆོག་བསྟན་འཕེལ། དེ་ལས་བཀའ་དྲིན་དུ་ནོད་པའོ། །གཞན་ཡང་པཎ་ཆེན་ནགས་ཀྱི་རིན་ཆེན་ལ་སློབ་དཔོན་ཆེན་པོས་དངོས་སུ་བསྩལ་པའི་པདྨ་ཚེ་ཁྲིད་སོགས་དང་གཏེར་གཞུང་རྙིང་པ་གལ་པོ་ཆེ་འགའི་དཔེ་ལུང་གི་རྒྱུན་རྙེད་ནའང་སྐབས་འདིར་བསྡུ་བར་འོས་སོ། །འོད་དཔག་ཏུ་མེད་པའི་སྐོར་ལས། ཤར་ཀཿཐོག་པ་འགྲོ་མགོན་སྤོབས་པ་མཐའ་ཡས་སམ། དམ་པ་བདེ་བར་གཤེགས་པའི་དག་སྣང་གསུང་རྡོ་རྗེ་རྩ་བ་ལ། ཕྱིས་སུ་ཀློང་གསལ་གཏེར་བྱོན་རྡོ་རྗེ་ཆོས་ཀྱི་སྒྲུབ་ཐབས་དང་སྦྱར་བའི་ཕྱག་སྲོལ་གྱི་རྒྱུན་བྱུང་བ་ལྟར་སྨིན་དབང་། དེའི་སྒྲུབ་ཐབས་དབང་བསྐུར་གནས་ལུང་བཅས་པ། དམ་པའི་རྡོ་རྗེའི་གསུང་ཀཿཐོག་རྩ་བའི་བརྒྱུད་པ་ལས་བྱོན་པར་བཞེད་པས་དེ་ལྟར་ན། བཅོམ་ལྡན་འདས་འོད་དཔག་མེད། སྔ་འགྱུར་བསྟན་པའི་མངའ་བདག་རྒྱལ་བ་ཀཿཐོག་པ་དམ་པ་བདེར་གཤེགས། ཆོས་རྗེ་གཙང་སྟོན། དབུ་འོད་བྱམས་པ་འབུམ། རྩ་སྡེ་སྤྱན་སྔ་ནམ་མཁའ་རྡོ་རྗེ། དྲུང་ཐུགས་རྗེ་ཡེ་ཤེས། དྲུང་དབང་འབྱོར་དཔལ་བ། དྲུང་རྡོ་རྗེ་དཔལ་བ། མགོན་པོ་རྒྱལ་མཚན། ཡང་ཁྲོད་ཚུལ་ཁྲིམས་རྒྱལ་མཚན། བྲའོ་ཆོས་ཀྱི་འབུམ་པ། བུ་འབོར་ཡེ་ཤེས་རྒྱལ་མཚན། དཔལ་འབར་ནམ་མཁའ་རྒྱལ་མཚན། ནམ་མཁའ་དཔལ་བ། ནམ་མཁའ་རྒྱ་མཚོ། ཧོར་པོ་ཆོས་དབང་པ། རྣམ་གཟིགས་བསོད་ནམས་རྡོ་རྗེ། ཧེ་པ་ཆོས་ཀྱི་འབྱུང་གནས་ནས་བར་མ་ཆད་དུ་བྱོན། གྲུབ་བརྙེས་ཀུན་བཟང་ངེས་དོན་དབང་པོ། འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ། འགྱུར་མེད་བསྟན་འཛིན་འཕེལ་རྒྱས། འགྱུར་མེད་སྨོན་ལམ་དབང་རྒྱལ། དེས་བདག་ལའོ། །རྡོ་རྗེ་ཆོས་ཀྱི་དབང་ནི་ཀློང་གསལ་རྡོ་རྗེ་སྙིང་པོ་སྤྱི་རྒྱུད་ཉིད་དེ་གོང་སྨོས་དཀའ་བརྒྱད་ཡོངས་འདུས་ལྟར་རོ། །ལོ་ཆེན་བཻ་རོ་ཙ་ནའི་རྣམ་འཕྲུལ་ཤུད་པུ་དཔལ་གྱི་སེང་གེའི་ཡང་སྲིད་རིག་འཛིན་ཆེན་པོ་མི་འགྱུར་རྡོ་རྗེ་བདུད་འདུལ་རོལ་པ་རྩལ་ལ་རྩ་གསུམ་ཆོས་སྐྱོང་དཔག་ཏུ་མེད་པས་དངོས་སུ་ཞལ་བསྟན་ཅིང་གདམས་པ་དང་རྗེས་སུ་གདམས་པ་མཐའ་ཡས་པ་བསྩལ་པ་ལས་མགོན་པོ་འོད་དཔག་མེད་གཙོ་འཁོར་གསུམ་གྱིས་དངོས་སུ་གནང་བའི་གནམ་ཆོས་བདེ་ཆེན་ཞིང་སྒྲུབ་ཀྱི་དབང་བསྐུར་རྒྱས་པ་མཐའ་རྟེན་ཚེ་དབང་བཅས། རྩ་གསུམ་སྤྱིའི་སྔོན་འགྲོ །བདེ་ཆེན་ཞིང་སྒྲུབ་ཀྱི་འདོན་ཆ། མཆོད་ཕྲེང་། ཟིན་བྲིས་ལྷན་ཐབས་ཉུང་ངུ་། བཀའ་སྲུང་ཞིང་སྐྱོང་ལས་བྱང་། ཞིང་སྒྲུབ་ཟིན་བྲིས་རྒྱས་པ། དབང་འགྲིགས་ཆགས་སུ་བཀོད་པ་མཐའ་རྟེན་གཉིས་ཀྱི་དབང་བྱང་བཅས་གཏེར་བློན་ཀརྨ་ཨ་རཱ་གས་མཛད་པ་རྣམས། བརྒྱུད་པ་ནི། བཅོམ་ལྡན་འདས་འོད་དཔག་མེད། རིག་འཛིན་མི་འགྱུར་རྡོ་རྗེ། ཆོས་བདག་ཀརྨ་ཆགས་མེད། ཐུགས་སྲས་པདྨ་ཀུན་དགའ་སོགས་གནས་མདོ་སྨད་བརྒྱུད་ལྟར་ལ། ཀརྨ་ཐེག་མཆོག་བསྟན་འཕེལ། དེས་བདག་ལའོ། །ཡང་། མི་འགྱུར་རྡོ་རྗེ། ཆོས་བདག་རིག་འཛིན་ཀུན་བཟང་ཤེས་རབ་སོགས་སྔ་མ་རྣམས་ལྟར་ལ། དྲིན་ཅན་བླ་མ་གསང་སྔགས་མགོན་པོ་ལས་སོ། །སྟག་ཤམ་བསམ་གཏན་གླིང་པའི་ཡི་དམ་དགོངས་འདུས་ཀྱི་ཆོས་སྡེ་ལས་བྱོན་པ་རིགས་བདག་འོད་དཔག་མེད་ཡེ་ཤེས་སེམས་དཔའི་རྩ་དབང་། ནང་སྒྲུབ་ཚེ་དབང་། ཀླུ་སྒྲུབ་ལུགས་ཀྱི་རྗེ་གནང་། གཏེར་གཞུང་སྨིན་བྱང་དང་རྗེས་སུ་འབྲེལ་བའི་རྩ་བའི་ཆོས་སྡེ་བདུན། གྲོལ་བྱེད་ཟབ་མོའི་གདམས་སྐོར་བཅུ་གཉིས་རྣམས་བཞུགས་ཀྱང་འདིར་འཕྲལ་མཁོ་ཙམ་དུ་བརྒྱུད་འདེབས་ཆོས་གླིང་གསུང་། དཀྱིལ་འཁོར་སྒྲུབ་ཐབས་ཚོགས་གཉིས་ཆར་རྒྱུན། ཚེ་འགུགས། ཆོས་སྤྱོད་སྨོན་ལམ་ཡེ་ཤེས་སྒྲོན་མེ། ནང་སྒྲུབ་འཆི་མེད་ཚེ་སྒྲུབ། ཀླུ་སྒྲུབ་ཀྱིས་མཛད་པའི་སྒྲུབ་ཐབས་པདྨའི་སྡོང་པོ། དབང་དང་རྗེས་གནང་གི་ཆོ་ག་ལེ་ཚན་རྣམས་སོ། །བརྒྱུད་པ་འོག་གི་ཡི་དམ་དགོངས་འདུས་དང་མཚུངས་ལ། རྩ་དབང་དང་ལུང་བརྒྱུད་ནི། འོད་དཔག་མེད། གར་གྱི་དབང་ཕྱུག །ལྷ་མོ་ཙནྡྷ་ལཱི། འཕགས་པ་ཀླུ་སྒྲུབ། པད་འབྱུང་ཡབ་ཡུམ། ཆོས་བློ་མགོན་པོ། བསམ་གཏན་གླིང་པ། དེ་ལས་རྗེ་དབོན་ནམ་མཁའ་རྡོ་རྗེ། ཆོས་ཀྱི་དབང་ཕྱུག །ཡང་ན། སྟག་ཤམ་ནས། ཆོས་བདག་མཐུ་སྟོབས་གླིང་པ། དེ་དབོན་གསང་སྔགས་བསྟན་འཛིན། མཚོ་སྤྲུལ་ཨོ་རྒྱན་དཔལ་བཟང་། མཐུ་སྟོབས་རྣམ་རྒྱལ། ཆོས་ཀྱི་དབང་ཕྱུག །དེས་རས་ཆུང་ཤེས་རབ་རྒྱ་མཚོ། དེ་ནས་རྟོགས་ལྡན་ཀརྨ་བདེ་གསལ། བསྟན་འཛིན་དགེ་ལེགས་ཉི་མ། ཀརྨ་ངེས་དོན་བསྟན་པ་རབ་རྒྱས། དེས་བདག་ལའོ། །ནང་སྒྲུབ་ཚེ་དབང་ནི། བསྟན་འཛིན་རིན་པོ་ཆེ་ནས། ཀརྨ་མཁས་མཆོག་གྲུབ་པའི་དབང་པོ། །དེ་ལས་སོ། །རྗེས་གནང་འཕེལ་ཚའི་བརྒྱུད་པའོ། །མཆོག་གླིང་ཟབ་གཏེར་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས་བླ་མ་ལོངས་སྐུའི་ཆ་ལག་འོད་དཔག་མེད་ཀྱི་ཞིང་སྦྱོང་གི་དབང་། དེའི་ཆོ་ག །གཞན་ཕན་ཕྲིན་ལས། དབང་བསྐུར་གྲངས་གསོག་རྣམས་རྗེ་རིན་པོ་ཆེ་འཇམ་དབྱངས་མཁྱེན་བརྩེའི་གསུང་། བརྒྱུད་པ་ཐུགས་སྒྲུབ་རྩ་བ་ལྟར་ལ་ཀུན་གཟིགས་མཁྱེན་བརྩེའི་དབང་པོས་བཀའ་དྲིན་དུ་བསྩལ་པའོ། །སྤྱིར་འོད་དཔག་མེད་ཀྱི་སྒྲུབ་སྐོར་གཏེར་རྙིང་བྱང་གཏེར་རྟེན་འབྲེལ་ཆོས་བདུན་དང། བྱང་གླིང་ཀུན་བཟང་ཐུགས་གཏེར་ལས་བྱུང་བ་སོགས་ཐོར་བུའི་རིགས་སྣང་ཡང་སྨིན་གྲོལ་ཡན་ལག་རྫོགས་པ་དཀོན་ལ། སྟག་ཤམ་གཏེར་བྱོན་འདི་ཉིད་རྒྱས་ཤོས་སུ་འདུག་གོ །ཆོས་བློན་ཉི་མའི་སྐྱེ་མཐའ་གྲུབ་ཆེན་ཉི་ཟླ་སངས་རྒྱས་ཀྱིས་མཚོ་མཎྜལ་ནག་པོ་ནས་སྤྱན་དྲངས་པ་དང་། ཨོ་རྒྱན་ཆེན་པོས་སྙན་བརྒྱུད་དུ་བསྩལ་པའི་དག་སྣང་ཟུང་འབྲེལ་འོད་དཔག་མེད་ཀྱི་འཕོ་བའི་གདམས་པ་འཇག་ཚུགས་མར་གྲགས་པའི་ཉམས་ཁྲིད། དེའི་རྩ་གཞུང་། ཁྲིད་ཟིན། སྙན་བརྒྱུད་འཕོ་བའི་ཟིན་བྲིས། ཁྲིད་ཟིན་རྗེ་བླ་མའི་གསུང་། འཕོ་བ་གསང་མཆོག་མ་ཆགས་མེད་གསུང་བཅས་ཡིག་ཆ་ཚང་བ། ཁྲིད་ཀྱི་བརྒྱུད་པ་ནི། མགོན་པོ་འོད་དཔག་མེད། ཨོ་རྒྱན་པདྨ་འབྱུང་གནས། གཏེར་སྟོན་ཉི་ཟླ་སངས་རྒྱས། མཚུངས་མེད་ནམ་མཁའ་རྒྱལ་མཚན། རྟོགས་ལྡན་སངྒྷ་བྷ་དྲ། ཕ་རྒོད་དྲི་མེད་བློ་གྲོས། ཆོས་རྗེ་སངས་རྒྱས་རྒྱལ་མཚན། བླ་མ་མ་ཏིའི་མཚན་ཅན། ཡོངས་འཛིན་ཕུན་ཚོགས་རྣམ་རྒྱལ། ཀརྨ་ཆོས་རྒྱལ། པདྨ་དབང་དྲག །ཀརྨ་ཆགས་མེད། བརྩོན་འགྲུས་རྒྱ་མཚོ། པདྨ་དོན་གྲུབ། པདྨ་ལྷུན་གྲུབ། བདེ་ཆེན་སྙིང་པོ། ཀུན་བཟང་ཕྲིན་ལས་ལྷུན་གྲུབ། དེས་བདག་ལའོ། །ཡང་ན། ཆགས་མེད་ཞབས། པདྨ་རིག་འཛིན། ནམ་མཁའ་འོད་གསལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། འགྱུར་མེད་ཀུན་བཟང་རྣམ་རྒྱལ། བསྟན་འཛིན་ཆོས་ཀྱི་རྒྱལ་པོ། འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དཔལ་བཟང་པོ། དེས་སྨིན་ཁྲིད་ཞིབ་མོར་བཀའ་དྲིན་ཏུ་བསྩལ་པའོ། །གཏེར་གཞུང་སོགས་རྩ་བའི་ཡི་གེའི་ལུང་རྒྱུན་ནི། གཏེར་སྟོན་ནས། བསོད་ནམས་འོད་ཟེར། བསོད་ནམས་ཆོས་སྐྱོང་། སྣ་ཚོགས་རང་གྲོལ། ཀུན་དགའ་གྲགས་པ། ཀུན་བཟང་རྡོ་རྗེ། མདོ་སྔགས་བསྟན་འཛིན། ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ། རིན་ཆེན་རྣམ་རྒྱལ། མང་ཐོས་མི་འགྱུར་རྡོ་རྗེ། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ་སོགས་བླ་མ་གསང་འདུས་ལུང་བརྒྱུད་ལྟར་རོ། ༈ །གཉིས་པ་ཞི་བ་ཐུགས་རྗེ་ཆེན་པོའི་སྨིན་གྲོལ་གྱི་སྐོར་ལ། སྤྱིར་གངས་ཅན་བོད་ཀྱི་ལྗོངས་འདི་འཕགས་མཆོག་ཐུགས་རྗེ་ཆེན་པོའི་གདུལ་ཞིང་དུ་གྱུར་པའི་རྟེན་ཅིང་འབྲེལ་འབྱུང་གི་དབང་ལས། སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས་ལམ་སྲོལ་བཀའ་གཏེར་དག་སྣང་ལས་བྱོན་པ་བསམ་གྱིས་མི་ཁྱབ་པར་སྣང་བ་ལས། གཏེར་མའི་ཕྱོགས་ཀྱི་ཐོག་མ་འཆི་མེད་སྐུ་བརྙེས་གྲུབ་ཐོབ་དངོས་གྲུབ་ཀྱི་ཟབ་གཏེར་གཙོ་བོར་གྱུར་པ། གངས་ཅན་ལྷ་གཅིག་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཞལ་གདམས་མ་ཎི་བཀའ་འབུམ་ལས་ཕྱུངས་པའི་ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་འགྲོ་འདུལ་ཡིད་བཞིན་ནོར་བུ་རྩ་བའི་དབང་ཆེན། འདོད་བུམ་ལས་འབྱུང་བའི་དོན་དབང་། ༡༦༽ བཅུ་གཅིག་ཞལ་ནམ་མཁའི་རྒྱལ་པོའི་སྒོམ་ལུང་། ༡༧༽ སྐུ་གསུམ་སྙིང་པོའི་དོན་ཁྲིད། བསྐྱེད་རྫོགས་འགག་དོན་བསྡུས་པའི་ཁྲིད་རྣམས་དང་། ཉེར་མཁོའི་ཡིག་ཆ་ལ། ཕྲིན་ལས་ཁོལ་ཕྱུང་། དབང་གི་ལག་ལེན། དཔལ་ཆོས་ཀྱི་གྲགས་པས་མཛད་པའི་ཕྲེང་བ་སྐོར་གསུམ་ལས། བསྐྱེད་རྫོགས་འགག་དོན་བསྡུས་པའི་ཁྲིད་ཡིག་པད་དཀར་ཕྲེང་བ། བསྐྱེད་རིམ་ལས་ཚོགས་དྲུག་སྐོར་དྲུག་པ་དང་རྒྱུན་སྤྱོད་ལས་ཚོགས་བསྡུས་པ་ནོར་བུའི་ཕྲེང་བ་གཉིས། ཐུན་མོང་ལས་ཕྲན་མ་ཎིའི་ལས་ཚོགས་སུ་གྲགས་པ། རྒྱུན་ཁྱེར་སྨིན་གཏེར་གསུང། ལོ་ཆེན་དྷརྨ་ཤྲཱིས་མཛད་པའི་སྐུ་གསུམ་དོན་ཁྲིད་ཀྱི་ཡི་གེ་དང་བརྒྱུད་འདེབས་བཅས། དབང་ཆེན་གྱི་བརྒྱུད་པ་ནི། ཆོས་སྐུ་འོད་དཔག་མེད་མགོན། ལོངས་སྐུ་ནམ་མཁའ་རྒྱལ་པོ། སྤྲུལ་སྐུ་སྲོང་བཙན་སྒམ་པོ། སློབ་དཔོན་པདྨ་འབྱུང་གནས། གཏེར་སྟོན་གྲུབ་ཐོབ་དངོས་གྲུབ། ཉང་རལ་ཉི་མ་འོད་ཟེར། ལ་སྟོད་པ་མི་བསྐྱོད་རྡོ་རྗེ། ཤཱཀྱ་བཟང་པོ། ལྷ་རྗེ་དགེ་བ་འབུམ། ལྕམ་མོ་ཡེ་ཤེས་མཆོག །བྱང་སེམས་ཆུ་སྒོམ་པ། མཐའ་བཞི་བྱ་བྲལ་བ། ཚུལ་ཆེན་བསོད་ནམས་སེང་གེ །གྲུབ་མཆོག་བཀྲ་ཤིས་རྒྱལ་མཚན། ཆུ་རགས་པ་བློ་གྲོས་རྒྱལ་མཚན། འདུལ་འཛིན་དབུ་ཐུམ་པ། བྱང་སེམས་དཔལ་ལྡན་གཞོན་ནུ། ལོ་ཆེན་དཀོན་མཆོག་སྐྱབས། པཎ་ཆེན་པདྨ་དབང་རྒྱལ། ལེགས་ལྡན་རྡོ་རྗེ། རིན་ཆེན་ཕུན་ཚོགས། བཤེས་གཉེན་རིན་ཆེན་དཔལ། སངས་རྒྱས་རིན་ཆེན། མཁན་ཆེན་རྣམ་འཇོམས་ཕུན་ཚོགས། དཔལ་ཆོས་ཀྱི་གྲགས་པ། དཀོན་མཆོག་ཕྲིན་ལས་ལྷུན་གྲུབ། དཀོན་མཆོག་ཕྲིན་ལས་བཟང་པོ། དོན་གྲུབ་ཆོས་རྒྱལ། རྗེ་བསྟན་འཛིན་འགྲོ་འདུལ། ལྷོ་དཀོན་མཆོག་ཆོས་ཀྱི་རྒྱ་མཚོ། བསྟན་འཛིན་ཆོས་ཀྱི་ཉི་མ། མགར་ཆོས་ཀྱི་ཉི་མ། མགར་དཀོན་མཆོག་བསྟན་འཛིན། མཆོག་སྤྲུལ་ཆོས་ཉིད་ནོར་བུ། གཏེར་ཆེན་མཆོག་གྱུར་གླིང་པ། དེས་བདག་ལའོ། །སྐུ་གསུམ་སྙིང་པོའི་དོན་ཁྲིད་ཀྱི་བརྒྱུད་པ། བཀྲ་ཤིས་རྒྱལ་མཚན་ཡན་དབང་བརྒྱུད་ལྟར་ལ། དེ་ནས། སྐུ་འབུམ་པ་ནོར་བུ་བཟང་པོ། བཟང་པོ་རྒྱལ་མཚན། དཔལ་ལྡན་སངས་རྒྱས། ངག་དབང་གྲགས་པ། ཡིག་དྲུག་པ་ཤེས་རབ་དཔལ་འབྱོར། རྗེ་བཙུན་ཀུན་དགའ་གྲོལ་མཆོག །སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། མདོ་སྔགས་བསྟན་འཛིན། དམ་ཆོས་བཟང་པོ། ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ། དྷརྨ་ཤྲཱི། ཀུན་བཟང་ཀློང་གྲོལ། གནས་གསར་བ། ཤེས་རབ་མཆོག་ལྡན། ཉང་སྟོན་པདྨ། འཇིགས་མེད་བསྟན་འཛིན། བསྟན་འཛིན་ཆོས་རྒྱལ། བསྟན་འཛིན་འཕེལ་རྒྱས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བཀའ་དྲིན་དུ་བསྩལ་ཏོ། །ཇོ་ནང་ཁྲིད་བརྒྱ་ལྟར་ན། རྗེ་བཙུན་གྲོལ་མཆོག་ཕྱིན་ཆད་གཤམ་གྱི་གསང་སྔགས་ལམ་རིམ་ཁྲིད་རྒྱུན་དང་མཚུངས་སོ། །ཆོས་གྲགས་ཡིག་ཆ་ཚན་གཉིས་ཀྱི་བརྒྱུད་པ་མཛད་པ་པོ་ཕྱིན་ཆད་གོང་གི་སྒྲོལ་དཀར་ཡིད་བཞིན་ནོར་མཆོག་དང་འདྲའོ། །ཐུན་མོང་ལས་ཕྲན་གྱི་ལུང་བརྒྱུད་ནི། ཐུགས་རྗེ་ཆེན་པོ། སྲོང་བཙན། པད་འབྱུང་། གྲུབ་ཐོབ་དངོས་གྲུབ། ཉང་རལ། ལ་སྟོད་པ་མི་བསྐྱོད་རྡོ་རྗེ། ཤཱཀྱ་བཟང་པོ། དགེ་འབུམ། ཡེ་ཤེས་མཆོག །ཆུ་སྒོམ་པ། མཐའ་བཞི་བྱ་བྲལ། འཇམ་དབྱངས་ཚུལ་ཆེན། བཀྲ་ཤིས་རྒྱལ་མཚན། བློ་གྲོས་རྒྱལ་མཚན། སངས་རྒྱས་དོན་གྲུབ། རིན་ཆེན་ཤེས་རབ། ཤེས་རབ་བཟང་པོ། ཡོན་ཏན་བཟང་པོ། གྲགས་པ་དཔལ་འབྱོར། ཆོས་ཀྱི་ཤེས་རབ། སྣ་ཚོགས་རང་གྲོལ། དོན་གྲུབ་དཔལ། བསྟན་འཛིན་གྲགས་པ། མདོ་སྔགས་བསྟན་འཛིན། དམ་ཆོས་བཟང་པོ། ཕྲིན་ལས་ལྷུན་གྲུབ། འགྱུར་མེད་རྡོ་རྗེ། རིན་རྣམ། འགྱུར་མེད་དོན་ལྡན། ཕྲིན་ལས་རྣམ་རྒྱལ། ཕྲིན་ལས་ཆོས་སྒྲོན། ཀུན་མཁྱེན་མཁྱེན་བརྩེ། དེས་སོ། །བླ་མ་མངའ་བདག་ཆེན་པོས་ལྷོ་བྲག་སྲིན་མོ་སྦར་རྗེས་ནས་སྤྱན་དྲངས་པ་ཐུགས་རྗེ་ཆེན་པོ་འགྲོ་འདུལ་གྱི་སྔོན་འགྲོ་ཁྲུས་དབང་། རྩ་བའི་དབང་ཆེན། ཚེ་དབང་། སྨན་དབང་། གཟུངས་ཁྲུས་ཆོ་ག་དང་ཚེ་སྒྲུབ་གཏེར་གཞུང་། ལས་བྱང་དང་དབང་ཆོག །གཞུང་པོད་ལུང་བརྒྱུད། ཆོས་ལོངས་སྤྲུལ་གསུམ། མཚོ་རྒྱལ། ཁྲི་སྲོང་། ཉང་རིན་པོ་ཆེ། འགྲོ་མགོན་ནས་ཀུན་དགའ་འོད་ཟེར་བར་སྲས་བརྒྱུད་བཀའ་བརྒྱད་ལྟར་ལ། དེ་ནས་ཀུན་དགའ་ལྷུན་གྲུབ། ཡང་ཀརྨ་གུ་རུ། བསྟན་པ་རྒྱལ་མཚན། ཆོས་དབང་ཀུན་བཟང་། ཕྲིན་ལས་ལྷུན་གྲུབ། གཏེར་གླིང་ཕྱིན་ཆད་གོང་གི་ལས་ཚོགས་དང་འདྲའོ། །དབང་ནི། ཉང་རིན་པོ་ཆེའི་ཡེ་ཤེས་ཀྱི་སྐུ་ལས་ཉེ་བརྒྱུད་གསན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བཀའ་དྲིན་བསྩལ་པའོ། །བཀའ་མ་གྲུབ་པའི་རྒྱལ་མོ་དང་གཏེར་མ་མངའ་བདག་ཉང་རིན་པོ་ཆེ་ནས་བརྒྱུད་དེ་འཇིག་རྟེན་དབང་ཕྱུག་དཔལ་ཀརྨ་པ་ལ་བཀའ་བབས་ཏེ་ཡབ་སྲས་རིམ་བརྒྱུད་ཉམས་ལེན་བྱིན་རླབས་ཀྱི་རྒྱུན་མ་ཉམས་པ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་བདེ་གཤེགས་བཞི་བསྒྲིལ་ཀྱི་བྱིན་རླབས། ༡༨༽ རྒྱ་མཚོ་ལྔའི་གཏོར་དབང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་མཛད་པའི་སྒྲུབ་ཐབས་སྦ་ལྕག་མའི་གཞུང་དུ་གྲགས་པ། འདི་ལ་བརྒྱུད་པ་མི་གསུང་ཞེས་སྣང་ཞིང་སྨིན་གླིང་བདེར་འདུས་ཀྱི་རྩ་སྒྲུབ་དང་ཕལ་ཆེར་ཤིན་ཏུ་མཐུན། མངའ་བདག་ཉང་རལ་གཏེར་བྱོན་བ་མཁལ་མའི་གཞུང་ལེའུ་བཅུ་གཉིས་པ། སྔགས་ཀྱི་ཐེམས་བྱང་། གའུ་དང་བ་མཁལ་ལ་བརྟེན་ནས་གཞན་སྣང་དབང་སྡུད་འཁོར་ལོའི་དཔེའུ་རིས། གསོལ་འདེབས་གྲུབ་ཆེན་པཀྴིའི་གསུང་། གར་དབང་ལྔ་པ་དཀོན་མཆོག་ཡན་ལག་གིས་མཛད་པའི་ལྷ་ལྔའི་སྒྲུབ་ཐབས་ཚིགས་བཅད་མ་ལ་ཁ་འཕངས་དཀྱུས་སུ་བཀོད་པ། རྒྱུན་ཁྱེར་འཁོར་ལོ་གསུམ་པ། གནས་ལུང་ཁྱེར་བདེ། ལྷ་ལྔ་གཞུང་རྐྱང་ལུགས་ཉམས་སུ་ལེན་པའི་ཟིན་བྲིས། གཏོར་དབང་གི་ཆོ་ག་བཅས། དེ་ལ་བཀའ་མའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། རྒྱལ་བ་རྒྱ་མཚོ། པདྨ་འབྱུང་གནས། མ་གཅིག་གྲུབ་པའི་རྒྱལ་མོ། ཏི་ཕུ་བ་དྲི་མེད་བཤེས་གཉེན། དེ་ལ་རས་ཆུང་རྡོ་རྗེ་གྲགས་པས་ཞུས་ཤིང་གྲུབ་པའི་རྒྱལ་མོ་དངོས་ཀྱིས་ཀྱང་རྗེས་སུ་བཟུང་། གཏེར་མའི་བརྒྱུད་པ་ནི། བླ་མ་སྐུ་གསུམ། མཚོ་རྒྱལ། ཁྲི་སྲོང་། ཉང་ཉི་མ་འོད་ཟེར། འགྲོ་མགོན་ནམ་མཁའ་དཔལ་བ་ལས་སྐྱེས་བུ་རས་ཆུང་པས་གསན། དེ་ནས་བླ་མ་ཟངས་རི་རས་པ། འགྲོ་མགོན་རས་ཆེན། རྒྱལ་སྲས་སྤོམ་བྲག་པ། གྲུབ་ཆེན་རིན་པོ་ཆེ་ཀརྨ་པ་སྟེ་རིང་བརྒྱུད་དང་། ཉེ་བརྒྱུད་ནི། ཉིད་ཀྱི་རྡོ་རྗེའི་གསུང་ལས། ཐུགས་རྗེ་ཆེན་པོ་དང་སློབ་དཔོན་པདྨ་དང་མིང་ཡོངས་སུ་གྲགས་པ་ཀརྨ་པ་རྣམས་མིང་ཐ་དད་ཀྱང་དོན་ལ་ཐ་དད་མེད་པས་བར་ན་བརྒྱུད་པ་ཡོད་ཀྱང་ཉན་ལ་མེད་ཀྱང་ཉན། ཞེས་གསུངས་པ་ཚིག་ཙམ་དུ་མ་སོང་བར་རྒྱལ་བ་རྒྱ་མཚོའི་ཕྲིན་ལས་ཀྱིས་འཛམ་གླིང་ཁྱབ་པའི་འདུལ་བ་བཞིའི་ཆོ་འཕྲུལ་ཆེན་པོ་བསྟན་པར་མཛད། དེ་ནས་གཉན་རས་དགེ་འདུན་འབུམ། ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེ། མཁས་བཙུན་རིན་ཆེན་རྒྱལ་མཚན། རྟོགས་ལྡན་བཀྲ་ཤིས་རྒྱལ་མཚན། བཀའ་བཞི་པ་རཏྣ་བྷ་དྲ། ཀུན་མཁྱེན་མཐོང་བ་དོན་ལྡན། བྱང་སེམས་དཔལ་འབྱོར་དོན་གྲུབ། རྒྱལ་དབང་ཆོས་གྲགས་རྒྱ་མཚོ། སངས་རྒྱས་མཉན་པ་གྲུབ་ཆེན། འཇིགས་བྲལ་མི་བསྐྱོད་རྡོ་རྗེ། གར་དབང་དཀོན་མཆོག་ཡན་ལག །རྗེ་དགུ་པ་དབང་ཕྱུག་རྡོ་རྗེ། གར་དབང་ཆོས་ཀྱི་དབང་ཕྱུག །ལུང་རིག་སྨྲ་བའི་ཉི་མ། མཁས་གྲུབ་ཀརྨ་ཆགས་མེད། དུལ་མོ་ཆོས་རྗེ་དར་རྒྱས་ཕུན་ཚོགས། གར་དབང་བརྒྱད་པ་དཔལ་ཆེན་ཆོས་ཀྱི་དོན་གྲུབ། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས། བཅུ་གསུམ་པ་བདུད་འདུལ་རྡོ་རྗེ། སི་ཏུ་པདྨ་ཉིན་བྱེད་དབང་པོ། རྒྱལ་དབང་ཐམས་ཅད་མཁྱེན་པ་ཐེག་པ་མཆོག་གི་རྡོ་རྗེ། དེས་ལྷ་ལྔའི་གཏོར་དབང་བཀའ་དྲིན་དུ་བསྩལ། ཡང་གཏོར་དབང་བརྒྱུད་ཚུལ་གཅིག་ནི། རྒྱལ་བ་རྒྱ་མཚོ་ལས་དངོས་གྲུབ་བརྙེས་པ་ཆགས་མེད་རིན་པོ་ཆེ་ནས་གནས་མདོ་སྟོད་བརྒྱུད་ལྟར་ལ། བདེ་ཆེན་སྙིང་པོ་ནས། རྡོར་སློབ་ཀརྨ་བསྟན་འཛིན། དེ་ལས་ནོས་པ་སྟེ་བརྒྱུད་པ་ཕྱི་མ་རྣམས་ཀྱང་ཆོས་འདི་ཁོ་ན་ལ་ཉམས་བཞེས་མཐར་ཕྱིན་པ་མཛད་ཅིང་དངོས་གྲུབ་ཀྱི་མཚན་མ་བརྙེས་པ་ཤ་སྟག་གོ །ལུང་བརྒྱུད་ནི། གར་དབང་དྲུག་པ་ཡན་དབང་བརྒྱུད་ལྟར་ལ། དེ་ནས་སྒར་ཆེན་མ་ཎི་བ་བླ་མ་གསུང་རབ། རབ་འབྱམས་པ་ཀརྨ་རྡོ་རྗེ། དྷཱི་ཚ་སྤྲུལ་སྐུ་ཀརྨ་ཕྲིན་ལས་དབང་པོ། རྗེ་བསྟན་པའི་ཉིན་བྱེད། བདུད་འདུལ་རྡོ་རྗེ། པདྨ་ཉིན་བྱེད་དབང་པོ། དེས་ཀརྨ་ཐེག་མཆོག་བསྟན་འཕེལ་དང་། ཀརྨ་ངེས་དོན་བསྟན་པ་རབ་རྒྱས་ཟུང་ལ་བསྩལ། གཉིས་ཀ་ལས་བདག་གིས་ཐོབ་བོ། །སྒྲུབ་ཐབས་ཚིགས་བཅད་མ་ནི། གར་དབང་དྲུག་པ་ནས། མཁན་ཀརྨ་འཇིགས་མེད། མཁན་ཀརྨ་ཉི་མ། མཁན་ཀརྨ་ཕྲིན་ལས། གོ་ཤྲཱི་དོན་ཡོད་སྙིང་པོ། གར་དབང་བརྒྱད་པ། དྷརྨཱ་ཀ་ར། རྒྱལ་དབང་རྡོ་རྗེ། བླ་མ་ཀརྨ་བསོད་ནམས་ལས་སོ། །ཡང་། རྗེ་དགུ་པས་རྗེ་བཙུན་རིན་པོ་ཆེ་ཏཱ་ར་ནཱ་ཐ་ལ་ཉིད་དང་ཐུགས་རྒྱུད་གཅིག་པར་ཞལ་གྱིས་བཞེས་ནས་སྔོན་ཀརྨ་པཀྴིས་གྲུབ་ཆེན་ཨོ་རྒྱན་པ་ལ་བསྟན་པ་གཏད་པའི་ལུགས་བཞིན་བྱེད་གསུངས། རིན་པོ་ཆེའི་གཞོང་པ་འབྲུས་བཀང་བ་རྒྱལ་བ་རྒྱ་མཚོའི་སྦ་ལྕག་གིས་དཀྲུགས་ཤིང་དབུར་བཀོད་དེ་དགོངས་པ་གཏད། དངོས་སུ་བདེ་གཤེགས་བཞི་བསྒྲིལ་ཀྱི་བྱིན་རླབས་བསྩལ་པའི་རྒྱུན་ཀྱང་འདུ་སྟེ་རྗེ་བཙུན་ཕྱིན་རིན་འབྱུང་སྤྱི་བརྒྱུད་ཉིད་དོ། །གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གིས་མཁར་ཆུ་དཔལ་གྱི་ཕུག་རིང་གི་དཀྱིལ་འཁོར་འོག་ནས་སྤྱན་དྲངས་པའི་དམ་ཆོས་འདུས་པ་སྐོར་དགུའི་ནང་ཚན་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་དབང་། བརྒྱུད་འདེབས། ལས་བྱང་། རྒྱུན་ཁྱེར་ཀུན་གཟིགས་མཁྱེན་བརྩེའི་གསུང་། དབང་ཆོག །བསྙེན་ཡིག །སྒྲུབ་ཁོག །གནས་ལུང་རྒྱས་བསྡུས། གནས་འདྲེན་ཟུར་བྱང་དང་བཅས་པ་རྣམས། བརྒྱུད་པ་ནི། བླ་མ་སྐུ་གསུམ། མཁའ་འགྲོ་མཚོ་རྒྱལ། གཏེར་སྟོན་ཆོས་དབང་། ཀཿཐོག་པ་མ་ཎི་རིན་ཆེན། རྒྱལ་མཚན་སེང་གེ །དྲུང་ཐུགས་རྗེ་དཔལ་བ། ཚུལ་ཁྲིམས་འབུམ་པ། བྲའོ་ཆོས་འབུམ། བུ་འབོར་ཡེ་ཤེས་རྒྱལ་མཚན། བྱང་སེམས་ཆོས་རྗེ། ཤེས་རབ་དབང་ཕྱུག །ཆོས་ཀྱི་དབང་པོ། ཀརྨ་གུ་རུ། བསྟན་པའི་རྒྱལ་མཚན། ཆོས་དབང་ཀུན་བཟང་། ཕྲིན་ལས་ལྷུན་གྲུབ། འགྱུར་མེད་རྡོ་རྗེ། རིན་ཆེན་རྣམ་རྒྱལ། ཨོ་རྒྱན་བསྟན་འཛིན་རྡོ་རྗེ། ཕྲིན་ལས་རྣམ་རྒྱལ། པདྨ་དབང་རྒྱལ། སངས་རྒྱས་ཀུན་དགའ། ཐུགས་རྗེའི་དབང་ཕྱུག་མཉྫུ་གྷོ་ཥ། དེས་བདག་ལའོ། །རྒྱལ་སྲས་ལྷ་རྗེའི་ཡང་སྲིད་གསུམ་པ་གཏེར་སྟོན་ཉི་མ་སེང་གེས་ཡང་གཏེར་དུ་གཏམས་པ་བཀའ་བབས་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཡེ་ཤེས་མཁའ་འགྲོས་གཏེར་ཤོག་ཕུལ་ནས་རྒྱ་བཀྲོལ་པ་ལྟར་གཏན་ལ་ཕབ་པ་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོའི་རྩ་དབང་། དོན་དབང་། ཚེ་དབང་། དྲག་པོ་ཀཱི་ལ་ཡའི་དབང་། ཟབ་ཁྲིད། གཏེར་གཞུང་ཆ་ཚང་། བརྒྱུད་འདེབས་དང་དབང་གི་ཟིན་བྲིས་དོན་དབང་གཏོར་དབང་བཅས། བརྒྱུད་པ། ཆོས་ལོངས་སྤྲུལ་གསུམ། མཚོ་རྒྱལ། རྒྱལ་སྲས་ལྷ་རྗེ་དང་འགོས་བློན་རྡོ་རྗེ་འབར་ཟུང་འཇུག་གི་རྣམ་འཕྲུལ་གཏེར་སྟོན་ཉི་མ་སེང་གེ །པདྨ་འོད་གསལ་མདོ་སྔགས་གླིང་པའི་ཞལ་སྔ་ནས་བཀའ་དྲིན་དུ་བསྩལ་པའོ། །ནམ་སྙིང་རྣམ་འཕྲུལ་བྱང་ཆུབ་གླིང་པ་དཔལ་རྒྱལ་མཚན་གྱིས་དཔལ་ཐང་བྱ་མང་ཕུག་ནས་སྤྱན་དྲངས་པའི་ཀུན་བཟང་ཐུགས་གཏེར་གྱི་ཆོས་སྡེ་ཐུགས་རྗེ་ཆེན་པོ་ལྷ་དྲུག་གི་དབང་། གཏེར་གཞུང་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས། ལྷ་དྲུག་དབང་ཆོག །བརྒྱུད་པ་ནི། ཀུན་བཟང་། རྡོ་རྗེ་འཆང་། ཕྱག་རྡོར། རྡོ་རྗེ་ཕག་མོ། ཨོ་རྒྱན་ཆེན་པོ། ནམ་མཁའི་སྙིང་པོ། བྱང་གླིང་། སྲས་བསམ་འགྲུབ་རྡོ་རྗེ། རིན་ཆེན་བསམ་འགྲུབ། ཨོ་རྒྱན་དཔལ་བཟང་། ཤཱཀྱ་བཟང་པོ། ལེགས་ལྡན་རྗེ། བྱང་བདག་ཡབ་སྲས། ཀུན་བཟང་དབང་པོ། ཟུར་ཆེན། ལྔ་པ་ཆེན་པོ་ནས་རིམ་པར་བརྒྱུད། རྗེ་བླ་མས་རྩ་བ་ཙམ་སྒྲོལ་སྟོན་ནས་གསན་ཅིང་གཞུང་ཡོངས་རྫོགས་ཉེ་བརྒྱུད་ལས་བྱུང་བའོ། །བྱང་གཏེར་ནུབ་ཟངས་མཛོད་ནས་བྱོན་པའི་དབང་གི་ཆོས་བདུན་གྱི་ནང་ཚན་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་འདུལ་གྱི་དབང་། ཕྲིན་ལས་མངོན་རྟོགས། བཀའ་སྲུང་། སྨོན་ལམ་རྣམས་གཏེར་གཞུང་། བསྙེན་ཡིག་པད་ཕྲིན་གསུང་། དབང་ཆོག །བརྒྱུད་པ་ནི། ཆོས་ལོངས་སྤྲུལ་སྐུ །དག་པའི་འཁོར་ལྔ། རིག་འཛིན་རྒོད་ལྡེམ། སངས་རྒྱས་བསྟན་པ། སངས་རྒྱས་བྱམས་བཟང་། སངས་རྒྱས་དཔལ་བཟང། ནམ་མཁའ་རྒྱལ་མཚན། ངག་དབང་རྒྱ་མཚོ། ཚེ་རིང་དབང་པོ། ཀླུ་སྒྲུབ་དབང་པོ། རོལ་པའི་རྡོ་རྗེ། སེ་སྟོན་ཐུགས་མཆོག་འོད་འབར། ཆོས་དབྱིངས་རྡོ་རྗེ། གྲུབ་མཆོག་ངག་དབང་། ཆོས་གྲགས་རྒྱ་མཚོ། ཀུན་བཟང་ཡེ་ཤེས། པདྨ་འགྱུར་མེད། ཀུན་བཟང་འགྱུར་མེད། པདྨ་དབང་རྒྱལ་རྡོ་རྗེ། ཕྲིན་ལས་ཆོས་སྒྲོན། འགྱུར་མེད་བསྟན་འཛིན་དཔལ་འབར། དེས་བདག་ལའོ། །གྲུབ་ཐོབ་ཨ་ཙརྱ་ས་ལེའི་རྣམ་འཕྲུལ་གཏེར་སྟོན་དྲི་མེད་ལྷུན་པོ་ཐུགས་རྗེ་རང་བྱུང་རྩལ་གྱིས་འཕྲུལ་སྣང་གཙང་ཁང་བྱང་གི་རྟ་མགྲིན་ཕྱག་གཡོན་འོག་ནས་སྤྱན་དྲངས་པའི་དོན་ཏིག་འགྲོ་བ་ཀུན་སྒྲོལ་དང་། མངའ་རིས་གཏེར་སྟོན་གར་དབང་ཟླ་བ་རྒྱལ་མཚན་གྱིས་མང་ཡུལ་བྱམས་སྤྲིན་སྤྲུལ་པའི་འཁོར་ལོ་ནས་བཏོན་པའི་ཟབ་ཏིག་ཆོས་དབྱིངས་རང་གསལ། སྟག་ཤམ་ནུས་ལྡན་རྡོ་རྗེས་དཔྱལ་བྲག་བདེ་ལྡན་འོད་གསལ་གླིང་ནས་ཕྱུངས་པའི་དགོངས་འདུས་འགྲོ་བ་ཀུན་སྒྲོལ་ཏེ་སྔ་ཕྱིའི་གཏེར་ཁ་གསུམ་པོ་ལུང་བྱང་བཀའ་སྲུང་སོགས་ཀྱི་མང་ཉུང་ཁྱད་པར་ཕྲན་ཚེགས་ལས་གཞུང་རྣམས་ཚིག་དོན་མཐུན་ཅིང་བྱིན་རླབས་ཆུ་བོ་གཅིག་ཏུ་འདྲེས་པའི་ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོ་ཐེག་པ་རིམ་དགུའི་་་དབང། དགོངས་དོན་འགྲོ་བ་ཀུན་སྒྲོལ་གྱི་རྒྱུད། དེའི་བསྡུས་དོན། མ་བསྒོམ་སངས་རྒྱས་གནད་དྲུག་བཅས་དོན་ཏིག་གི་གཏེར་གཞུང་། ལས་བྱང་དོན་ཟབ་དགོངས་བསྒྲིལ། དབང་ཆོག་རྣམས། དེའི་རིང་བརྒྱུད་ནི། སྣང་མཐའ། པདྨ་རྒྱལ་པོ། ཨོ་རྒྱན་ཡབ་ཡུམ། ཨ་ཙར་ས་ལེ། དྲི་མེད་ལྷུན་པོ། རྒྱལ་སྲས་ཉི་མ་འོད་ཟེར། སངས་རྒྱས་རྒྱལ་མཚན། དྲི་མེད་སངས་རྒྱས། མི་བསྐྱོད་རྡོ་རྗེ། བསོད་ནམས་བཟང་པོ། འོད་གསལ་ཀློང་ཡངས། ཤཱཀྱ་དཔལ་བཟང་། བླ་ཆེན་གྲགས་པ་རིན་ཆེན། ལྷ་རྗེ་བློ་གྲོས་རྒྱལ་མཚན། མངའ་རིས་པ་འོད་གསལ་མཆོག་ལྡན། གཉགས་བན་བྲེས་གཤོང་བླ་ཆེན་ཆོས་རྒྱལ་རྡོ་རྗེ། གར་དབང་ཟླ་བ་རྒྱལ་མཚན། གྲུབ་ཆེན་ཉི་ཟླ་ཀློང་གསལ། ཉེ་བརྒྱུད་ལྟར་ན། ཐུགས་རྗེ་རིགས་ལྔ། གུ་རུ་ཡབ་ཡུམ། གཏེར་སྟོན་གར་དབང་རྡོ་རྗེ། དེ་ནས་ཉི་ཟླ་ཀློང་གསལ། མཁས་གྲུབ་ཆོས་དབང་རྡོར་འཛིན། གར་དབང་ཕྲིན་ལས་རྣམ་རྒྱལ། འཇམ་དབྱངས་པདྨ་འཇིགས་བྲལ། སེམས་དཔའ་དབང་ཕྱུག་རྒྱལ་པོ། ཀུན་བཟང་བསྟན་པའི་ཉི་མ། འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། ཁྱབ་བདག་རྡོ་རྗེ་གཟི་བརྗིད། དེས་བདག་ལའོ། །སྟག་ཤམ་ལུགས་ཀྱི་བརྒྱུད་རིམ་གོང་གསལ་རྡོ་རྗེ་དྲག་རྩལ་དང་མཚུངས། རྒྱུད་སོགས་ཀྱི་ལུང་བརྒྱུད་ནི། བླ་ཆེན་གྲགས་རིན་ནས། གདོར་དཀར་པ་ཕུར་པ་རྡོ་རྗེ། གྲུབ་ཆེན་ཆོས་དབང་ལྷུན་གྲུབ། རྫོགས་ཆེན་པ་ནམ་མཁའ་འབྲུག་སྒྲ། འཕྲིན་ལས་ལྷུན་གྲུབ། འགྱུར་མེད་རྡོ་རྗེ། མང་ཐོས་མི་འགྱུར་བ། ལྕགས་ཟམ་བདུན་པ་སོགས་སྙན་བརྒྱུད་ཞག་བདུན་མ་ལྟར་རོ། །གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་རྣམ་འཕྲུལ་ཨོ་རྒྱན་དྲི་མེད་ཀུན་དགས་མཆིམས་ཕུའི་བྲག་སྣ་སེང་གེའི་གདོང་པ་ནས་གདན་དྲངས་ཏེ་ལུང་བྱང་ལྟར་རང་ཉིད་ཀྱིས་ཐུགས་ཉམས་སུ་བཞེས་ནས་སླར་བྲག་དམར་མགྲིན་བཟང་དུ་རྒྱས་བཏབ།དེ་ནས་བརྩམ་རབ་བྱུང་སྐོར་བརྒྱད་འདས་པའི་སྐབས་སུ་སྤྲུལ་པའི་གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་གཏེར་གནས་དེ་ཉིད་ནས་འགྲོ་འདུལ་འཕགས་པའི་ཐུགས་ཏིག་དང་ལྷན་ཅིག་ཡེ་ཤེས་མཁའ་འགྲོས་ཤོག་སེར་དངོས་སུ་བསྩལ་པ་ཡང་ཟབ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ཡེ་ཤེས་འོད་ཀྱི་སྙིང་པོའི་དབང་། སྔོན་དངོས་རྗེས་གསུམ་གྱི་ཁྲིད། སྒྲུབ་ཐབས། ཕྲིན་ལས་ལམ་ཁྱེར། དབང་བསྐུར་བ་དང་དབང་དོན་གྱི་ཡེ་ཤེས་བསྐྱང་བའི་གདམས་ཁྲིད་བཅས་གཏེར་གཞུང་ལེའུ་གསུམ་པ་ལུང་བྱང་དང་བཅས་པ། བརྒྱུད་འདེབས། ལས་བྱང་། སྒྲུབ་ཁོག །གནས་ལུང་རྣམས། དབང་ལུང་ཁྲིད་གསུམ་གྱི་བརྒྱུད་པ་ནི། མགོན་པོ་འོད་མི་འགྱུར། རྒྱལ་བ་རྒྱ་མཚོ། ཨོ་རྒྱན་ཆེན་པོ། མཁར་ཆེན་མཚོ་རྒྱལ། སངས་རྒྱས་ཡེ་ཤེས་རིན་པོ་ཆེ། དྲི་མེད་ཀུན་དགའ། པདྨ་འོད་གསལ་མདོ་སྔགས་གླིང་པ། དེས་བདག་པདྨ་གར་དབང་ལ་དམིགས་པ་མེད་པའི་ཐུགས་རྗེས་གཟིགས་ཏེ་ཚད་མེད་པའི་བཀའ་དྲིན་གྱི་སྙིང་པོར་བསྩལ་པའོ། །གཏེར་ཆེན་སངས་རྒྱས་གླིང་པས་བསམ་ཡས་མཆིམས་ཕུའི་བྲག་སྣ་སེང་གེའི་གདོང་པ་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་ཕྱི་རྒྱལ་པོ་ལུགས་བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་ལ་བརྟེན་པའི་ཆོས་བདག་མངའ་གསོལ་རྗེས་གནང་། རྟ་ནག་བཀའ་གཏད། མདོ་སྒྲུབ་རིན་ཆེན་སྤུངས་པ་སྙིང་པོར་བསྡུས་པ་བཀའ་གཏད་ལག་ལེན་དང་བཅས་པ། གཟུགས་སྔགས་རིན་ཆེན་འབྲུག་སྒྲ་ཁོལ་བཏོན། བརྒྱུད་པ་ནི། འོད་དཔག་མེད། འཇིག་རྟེན་མགོན་པོ། སྲོང་བཙན་སྒམ་པོ། པད་འབྱུང་། མཚོ་རྒྱལ། སངས་གླིང་། ཡེ་ཤེས་རྡོ་རྗེ། སངས་རྒྱས་བློ་གྲོས། བསོད་ནམས་ལྷུན་གྲུབ། ཆོས་ཀྱི་རྒྱལ་མཚན། ཀརྨ་བཟང་པོ། གྲུབ་མཆོག་བཟང་པོ། རིག་འཛིན་སྙིང་པོ་ཡན་སྲས་བརྒྱུད་ཁོ་ན་དང་། དེ་ནས་འཁྲུལ་ཞིག་བཀྲ་ཤིས་ཚེ་བརྟན། སངས་རྒྱས་རྡོ་རྗེ། པདྨ་ཡེ་ཤེས། ཁྱབ་བདལ་ཀློང་ཡངས། པདྨ་ནོར་བུ། པདྨ་ལྷུན་གྲུབ། གསང་སྔགས་བསྟན་འཛིན། དེ་ལས་སོ། །ཡང་པད་ནོར་ནས། ཀརྨ་བཀྲ་ཤིས། རག་ཆབ་པདྨ་རྒྱལ་པོ། རྒྱ་རོང་པདྨ་སྦྱིན་པ། རྨུགས་སངས་བླ་མ་ཚེ་དབང་། འཇིགས་མེད་རིག་འཛིན་མགོན་པོ། པདྨ་གསང་སྔགས་བསྟན་འཛིན། དེས་བདག་ལའོ། །ནང་ནོར་བུ་ལུགས་འཕགས་པ་ཀླུ་སྒྲུབ་ཀྱི་བཀའ་སྲོལ་འགྲོ་འདུལ་ཕྱག་བཞི་པ་གཙོ་འཁོར་གསུམ་པའི་དབང་། དེའི་སྒྲུབ་ཐབས་སྙིང་པོ་དབང་ཆོག་དང་བཅས་པ། བརྒྱུད་པ་ནི། སྣང་བ་མཐའ་ཡས། སྤྱན་རས་གཟིགས། རྗེ་བཙུན་རིག་བྱེད་མ། སློབ་དཔོན་འཕགས་པ་ཀླུ་སྒྲུབ། པད་འབྱུང་ཡབ་ཡུམ། སངས་རྒྱས་གླིང་པ་ནས་གདུང་རབས་བདུན་བརྒྱུད་གོང་ལྟར་ལ། རིག་འཛིན་སྙིང་པོའི་ཞབས་ནས། གངས་ར་ལོ་ཆེན་ངག་གི་དབང་ཕྱུག །གངས་ར་བ་ངག་དབང་དཔལ་བཟང་། ཨཱ་ཡུ་ཏིཥྛ་ཕྱིན་ཆད་སྔ་མ་དང་འདྲ། གསང་བ་བླ་མེད་ལུགས་གྲུབ་ཆེན་མི་ཏྲ་ཛོ་གིའི་བཀའ་སྲོལ་པདྨ་གར་དབང་གཙོ་འཁོར་ལྔ་པའི་དབང་བསྐུར་མཆོག་དབང་དང་བཅས་པ། དེའི་ཕྲིན་ལས་དང་དབང་ཆོག་ཁྱེར་བདེ། མཆོག་དབང་གཏེར་གཞུང་། བརྒྱུད་པ་ནི། སྣང་མཐའ། གར་དབང་། རིགས་བཞིའི་མཁའ་འགྲོ །མི་ཏྲ་ཨཱ་ནནྡ། པད་འབྱུང་། མཚོ་རྒྱལ། སངས་གླིང་ནས། སྙིང་པོའི་མཚན་ཅན་བར་གོང་ལྟར། དེ་ནས་པདྨ་མ་ཏི། དཀོན་མཆོག་བཀྲ་ཤིས། ཀུན་བཟང་ཤེས་རབ། པདྨ་ཡེ་ཤེས། ཁྱབ་བདལ་ཀློང་ཡངས་མན་ཆད་གོང་དང་མཚུངས་སོ། །གཏེར་ཆེན་རྡོ་རྗེ་གླིང་པས་རྔན་ལུང་དང་ཆུའི་ཕུ་མཚོ་ནག་མེ་ལོང་འགྲམ་ནས་བཞེས་པའི་ཐུགས་རྗེ་ཆེན་པོ་བདེར་གཤེགས་ཀུན་འདུས་ཀྱི་དབང་། དབང་བཞི་གཏོར་དབང་ཚེ་དབང་བཅས། གཏེར་གཞུང་ལོ་རྒྱུས། སྒྲུབ་ཐབས་རྩ་བ། རྩ་གསུམ་ཆོས་སྐྱོང་གཏེར་བདག་ལྔའི་སྒྲུབ་ཐབས། ཕྱི་ནང་གསང་སྒྲུབ། འཕོ་བ། ཟབ་ཁྲིད། ལས་ཚོགས་ཉི་ཤུ་པ། ལས་བྱང་། བདུད་རྩི་ཅོང་ཞིའི་མན་ངག་རྣམས་དང་དབང་ཆོག་ཚེ་དབང་བཅས། བརྒྱུད་པ་ནི། བླ་མ་སྐུ་གསུམ། ལོ་ཆེན་བཻ་རོ། ཡེ་ཤེས་མཚོ་རྒྱལ། ཤེལ་དཀར་བཟའ་རྡོ་རྗེ་མཚོ་སྒྲོན། རྡོ་རྗེ་གླིང་པ་ཆོས་ཀྱི་བཤེས་གཉེན། ཐུགས་སྲས་བཀྲ་ཤིས་འབྱུང་གནས། དྲིན་ཅན་ཁུ་དབོན་རྣམ་གསུམ། ཡོན་ཏན་ཆོས་དཔལ། བླ་ཆེན་ཛྙཱ་ན་ཤྲཱི། ནམ་མཁའ་དཔལ་བཟང་། མཁན་ཆེན་ཀུན་དགའ་ཆོས་འཕེལ། སྟག་རི་རྫོགས་ཆེན་པ་བློ་བཟང་དཔལ་ལྡན། བྱང་ཆུབ་བརྩོན་འགྲུས། རྡོར་འཛིན་འགྱུར་མེད་སངས་རྒྱས་བསྟན་འཛིན། ཐུགས་སྲས་ངག་དབང་འཇམ་དཔལ་རྒྱ་མཚོ། འགྱུར་མེད་ལེགས་པའི་དོན་གྲུབ། མཁས་དབང་ཀརྨ་ངེས་དོན། དེས་བདག་ལའོ། །གཏེར་གཞུང་ལུང་ནི་རྗེ་བླ་མ་ལས་ཉེ་བརྒྱུད་དུ་ཐོབ་པའོ། །གཏེར་ཆེན་དེ་ཉིད་ཀྱིས་གླང་བྲག་བྱ་སྐྱིབས་ཅན་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་ངན་སོང་ཀུན་སྐྱོབ་ཀྱི་དབང་། ལས་བྱང་། དབང་ཆོག །བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། མནྡཱ་ར་བ། ཤེལ་དཀར་རྡོ་རྗེ་མཚོ། རྡོ་རྗེ་གླིང་པ་ཆོས་ཀྱི་བཤེས་གཉེན། ཐུགས་རྗེ་ཆེ་དངོས་པདྨ་འོད་གསལ་མདོ་སྔགས་གླིང་པས་ཉེ་བརྒྱུད་དུ་བསྩལ་པའོ། །གཏེར་ཆེན་རཏྣ་གླིང་པས་ལྷོ་བྲག་གནམ་སྐས་ཅན་ནས་གདན་དྲངས་པའི་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྩ་དབང་ཆེན་མོ་སངས་རྒྱས་སྟོང་དབང་དང་བཅས་པ། དབང་འབྲིང་གཏོར་དབང་། དོན་དབང་ངམ་རྣལ་འབྱོར་རྒྱུན་དབང་། ལས་བྱང་གཏེར་གཞུང་། ཛབ་དགོངས། རྩ་དབང་དང་གཏོར་དབང་གི་ཆོ་ག །སངས་རྒྱས་སྟོང་དབང་། རྒྱུད་དང་དབང་གཞུང་ལས་བསྡུས་པའི་དབང་ཆོག །བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། མཚོ་རྒྱལ། དཀོན་མཆོག་འབྱུང་གནས། འགྲོ་འདུལ་གླིང་པ། ཚེ་དབང་གྲགས་པ་སོགས་ཚེ་སྒྲུབ་གསང་འདུས་དང་འདྲ་བ་ལས། ཀརྨ་ཆགས་མེད་ནས་གནས་མདོ་སྟོད་བརྒྱུད་དང་། བདེ་ཆེན་སྙིང་པོ་ལས་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པ་རྡོར་སློབ་ཀརྨ་བསྟན་འཛིན་མཆོག་གིས་སྒྲུབ་དབང་ལན་གྲངས་གསན། དེས་བདག་ལའོ། །ཡང་ཤེས་རབ་གྲགས་པའམ་ཀརྨ་སངས་རྒྱས་བར་གནས་མདོ་སྨད་བརྒྱུད་ལྟར་ལ། དེ་ནས་ཀརྨ་ཚངས་དབྱངས། དེ་ལས་ཆགས་མེད་བཞི་པ་ཀརྨ་བསྟན་འཛིན་ཕྲིན་ལས་དང་། བདེ་ཆེན་སྙིང་པོས་གསན། དེ་གཉིས་ཀ་ལས་བསྟན་འཛིན་མཆོག་གིས་སོ། །ཡང་ཟུར་མང་བརྒྱུད་པ་ལྟར་ན། རད་གླིང་ནས། དགོངས་འདུས་པ་ཆོས་ཀྱི་རྒྱལ་མཚན། ཆོས་བདག་བྱ་བཏང་བློ་གྲོས་རྒྱ་མཚོ། དོན་གྲུབ་བཀྲ་ཤིས། ལེགས་བཤད་སྒྲ་དབྱངས། བློ་གྲོས་རྣམ་རྒྱལ། སངས་རྒྱས་རིན་ཆེན། དྲུང་ཀུན་དགའ་རྣམ་རྒྱལ། བློ་གྲོས་ཉི་མ། བསོད་ནམས་འགྱུར་མེད། དཀོན་མཆོག་བསྟན་འཛིན། སྒྲུབ་བརྒྱུད་བསྟན་པ་རྣམ་རྒྱལ། གསུང་རབ་རྒྱ་མཚོ། ཆོས་སྐྱོང་རྣམ་རྒྱལ། དགེ་ལེགས་རབ་རྒྱས། ཆོས་སྐྱོང་འགྱུར་མེད། རྗེ་པདྨ་ཉིན་བྱེད། རྡོར་སློབ་བསྟན་འཛིན། དེ་ལས་སོ། །ལུང་བརྒྱུད་ནི། གནས་མདོ་བརྒྱུད་པ་བཤད་མ་ཐག་པ་ལྟར་དང་། དཔལ་ཡུལ་བརྒྱུད་པ་གསང་སྔགས་མགོན་པོ་ལས་ནོས་པ་ནི་སྔར་སྨོས་རྣམས་དང་འདྲ། གཏེར་ཆེན་པདྨ་གླིང་པས་བུམ་ཐང་སྟང་གི་བྲག་རི་མོ་ཅན་ཟངས་ཕུག་རྡོ་རྗེའི་ར་བ་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་མུན་སེལ་སྒྲོན་མེའི་རྩ་དབང་། གསུང་རྒྱུན་ཁྲོམ་ཤོག་མ། ལས་བྱང་སྨིན་གཏེར་ཆོག་བསྒྲིགས། དབང་ཆོག་ཚན་གཉིས། བརྒྱུད་པ་ནི། བླ་མ་སྐུ་གསུམ། མཚོ་རྒྱལ། པདྨ་གསལ། པད་གླིང་། གྲུབ་པ་ཀུན་འདུས། པདྨ་ཕྲིན་ལས། ཚུལ་ཁྲིམས་རྡོ་རྗེ། འགྱུར་མེད་རྡོ་རྗེ། ངག་དབང་ཀུན་བཟང་རྡོ་རྗེ། འགྱུར་མེད་མཆོག་གྲུབ་དཔལ་འབར། གྲུབ་མཆོག་རྡོ་རྗེ། པདྨ་ཁྱབ་བདག །སྲིད་ཞི་རྣམ་རྒྱལ། ཀུན་བཟང་བསྟན་པའི་རྒྱལ་མཚན། ཀུན་བཟང་རིག་འཛིན་རྡོ་རྗེ། ཀུན་བཟང་བདེ་ཆེན་རྡོ་རྗེ། ཀུན་བཟང་བདེ་ཆེན་ཆོས་རྒྱལ། དེས་བདག་ལའོ། །ལོ་ཙཱ་བ་རིན་ཆེན་བཟང་པོ་དང་ལྷ་ལྕམ་ལེགས་བཞེར་ཟུང་འཇུག་གི་རྣམ་འཕྲུལ་འགྲོ་འདུལ་ལས་འཕྲོ་གླིང་པས་བལ་ཡུལ་གླང་མ་བྲག་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེའི་ཁྲུས་དབང་། བགེགས་བསྐྲད་སྟ་གོན་དབང་། བུམ་གསང་ཤེར་ཡེ་བཞི་པ་རྩལ་དབང་བཅས་བདུན། བརྒྱུད་འདེབས། ལས་བྱང་གཏེར་གཞུང་། དབང་ཆོག །བརྒྱུད་པ་ནི། འོད་དཔག་མེད། སྤྱན་རས་གཟིགས། བྲམ་ཟེ་རྣམ་གསུམ། ཨོ་རྒྱན་པདྨ། ལོ་ཙཱ་བ་བརྒྱ་རྩ་བརྒྱད་ཀྱི་ནང་ཚན་རིན་ཆེན་བཟང་པོ། གྲོ་ཤུལ་ལས་འཕྲོ་གླིང་པ། མཁའ་འགྲོ་མ་པདྨའི་དྲྭ་བ་ཅན། དེས་རྗེ་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་སྨིན་གྲོལ་བྱིན་རླབས་ཉེ་བརྒྱུད་དུ་བསྩལ། དེ་ལས་བདག་གིས་བཀའ་དྲིན་དུ་ཐོབ་པའོ། །གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་དང་ཐུགས་རྒྱུད་གཅིག་པ་མངའ་རིས་གྲུབ་ཆེན་ཚུལ་ཁྲིམས་བཟང་པོ་ཞེས་དགུང་ལོ་བརྒྱ་དང་སུམ་ཅུ་བཞུགས་པའི་མཐར་འཇའ་ལུས་སུ་གྱུར་པ་དེ་ཉིད་ལ་ཐུགས་རྗེ་ཆེན་པོས་དངོས་སུ་བསྩལ་པའི་གསོལ་འདེབས་ཀྱི་སྒྲུབ་ཐབས་ངོ་མཚར་ཅན། གྲུབ་ཆེན་ཉིད་བྱ་བྲལ་གྱི་རྣམ་པས་དངོས་སུ་ཕེབ་སྟེ་རྗེ་རིན་པོ་ཆེ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་གནང་བའི་རིག་གཏད། གསོལ་འདེབས་རྩ་བའི་གཞུང་། རིག་གཏད་ཆོ་ག །བརྒྱུད་པ་ནི། སྤྱན་རས་གཟིགས། གྲུབ་ཆེན་མངའ་རིས་པ། རྗེ་བླ་མ་རིན་པོ་ཆེས་རྗེས་སུ་བཟུང་པའོ། །རིག་འཛིན་ལེགས་ལྡན་རྡོ་རྗེས་བསམ་ཡས་སྟེང་ཁང་རྣམ་སྣང་གསང་སྒྲོམ་ནས་བཏོན་པའི་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་དབང་། ལས་བྱང་གཏེར་གཞུང་། དབང་ཆོག །བསྙེན་ཡིག་པད་ཕྲིན་གསུང་། བརྒྱུད་པ་ནི། ཆོས་ལོངས་སྤྲུལ་སྐུ །མཚོ་རྒྱལ། སྣ་ནམ་རྡོ་རྗེ་བདུད་འཇོམས། ལེགས་ལྡན་རྗེ། པ་ལེ་བ་རྣམ་རྒྱལ་དཔལ་བཟང་། སྟག་ལུང་ངག་དབང་རྣམ་རྒྱལ། དབོན་བཀྲ་ཤིས་དཔལ་གྲུབ། ཁྲ་ཚང་པ་བློ་མཆོག་རྡོ་རྗེ། ངག་དབང་བློ་བཟང་རྒྱ་མཚོ། གཏེར་ཆེན་འགྱུར་མེད་རྡོ་རྗེ། ཚེ་དབང་མི་འགྱུར་རྡོ་རྗེ། བསྟན་འཛིན་ཡེ་ཤེས། ལྕགས་ཟམ་ངག་གི་དབང་པོ། ཀློང་ཆེན་རོལ་པ་རྩལ། མི་འགྱུར་ནམ་མཁའི་རྡོ་རྗེ། ཀུན་བཟང་ཐེག་མཆོག་རྡོ་རྗེ། མཁན་བླ་མ་དཀོན་མཆོག་འོད་ཟེར། དེས་བདག་ལའོ། །གར་དབང་ཞིག་པོ་གླིང་པས་འཕྲུལ་སྣང་སྟེང་ཁང་གློ་འབུར་ནུབ་མ་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་འཁོར་བ་ལས་སྒྲོལ་གྱི་དབང་ཆེན། དོན་དབང་། བཀའ་སྲུང་གཏོར་དབང་། གཏད་རྒྱའི་དབང་། ལས་བྱང་ཁྱེར་བདེ། བཀའ་སྲུང་གསོལ་མཆོད། དབང་ཆོག་ཚན་གསུམ། བརྒྱུད་པ་ནི། ཀུན་བཟང་། རྡོ་རྗེ་འཆང་། ཤཱཀྱའི་རྒྱལ་པོ། སྤྱན་རས་གཟིགས། ཨོ་རྒྱན་ཡབ་ཡུམ། ཆོས་རྒྱལ་ཡབ་སྲས། ཞིག་གླིང་འོད་གསལ་སྒྱུ་མ། པདྨ་རྒྱལ་མཚན། རྡོ་རྗེ་རྒྱལ་མཚན། རིག་འཛིན་རྣམ་རྒྱལ། ཁྱབ་བདལ་ལྷུན་གྲུབ། ཀུན་བཟང་རྣམ་རྒྱལ་མན་ཆད་ཟབ་བདུན་ལྟར་ལ། རིག་འཛིན་གསང་སྔགས་མགོན་པོ། དེ་ལས་སོ། །གྲོལ་ཏིག་གི་ཆོས་སྡེ་ཐུགས་རྗེ་ཆེན་པོ་པད་མའི་དབང་ཕྱུག་གི་དབང་། སྔོན་འགྲོ་དང་ལས་བྱང་གཏེར་གཞུང། དབང་ཆོག །བརྒྱུད་པ་གྲོལ་ཏིག་སྤྱི་ལྟར་རོ། །ཨོ་རྒྱན་ལས་འཕྲོ་གླིང་པས་ཀོང་བུ་ཆུ་གཏེར་གྱི་ལྷ་ཁང་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ངན་སོང་རང་གྲོལ་གྱི་དབང་། བརྒྱུད་འདེབས། ལས་བྱང་གཏེར་གཞུང་ལ་གསལ་བྱེད་བགྱིས་པ། ཁྲུས་ཆབ་དང་རིལ་བུའི་སྒྲུབ་ཐབས་གཏེར་གཞུང་། ནང་སྒྲུབ་རྒྱུན་ཁྱེར། དབང་ཆོག །གནས་ལུང་བཅས། བརྒྱུད་པ་ནི། ཆོས་སྐུ་སྣང་མཐའ། ལོངས་སྐུ་སྤྱན་གཟིགས། སྤྲུལ་སྐུ་སྲོང་བཙན། པདྨ་ཡབ་ཡུམ། ཉང་བན། འཇའ་ཚོན། རིག་འཛིན་རྒྱ་མཚོ། ཆགས་མེད་སོགས་གནས་མདོ་སྨད་བརྒྱུད་གོང་མ་རྣམས་དང་མཚུངས་སོ། །གཏེར་ཆེན་བདུད་འདུལ་རྡོ་རྗེའི་སྤྲུལ་སྐུ་སྙིང་ཐིག་གི་ཐུགས་རྗེ་ཆེན་པོ་ནམ་མཁའ་རྒྱལ་པོའི་སྔོན་འགྲོ་དང་དངོས་གཞིའི་དབང་། དབང་གཞུང་། ཕྱི་སྒྲུབ་གསང་སྒྲུབ་གཉིས། ཡང་གསང་། བརྒྱུད་འདེབས། ལས་གཞུང་། བཏགས་གྲོལ་བཅས་གཏེར་གཞུང་ཚང་བ། བརྒྱུད་པ་སྲས་བརྒྱུད་དང་དཔལ་ཡུལ་ནས་བརྒྱུད་པ་ཚར་གཉིས་ནོས་པའོ། །རྒྱ་ཅན་འཇིག་རྟེན་དབང་ཕྱུག་ལྷ་དགུའི་དབང་། ལས་བྱང་། རྒྱུན་ཁྱེར། དབང་ཆོག་རྣམས་འཇམ་དབྱངས་མཁྱེན་བརྩེ་དང་། བསྙེན་ཡིག་སྨིན་གཏེར་མཛད་པ། བརྒྱུད་པ་རྒྱ་ཅན་སྔ་མ་རྣམས་ལྟར་རོ། །གནམ་ཆོས་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་དབང་། དེའི་སྒྲུབ་ཐབས་རྩ་གཞུང་དང་། དབང་ཆོག་ཆགས་མེད་རིན་པོ་ཆེའི་གསུང། བརྒྱུད་པ་གནམ་ཆོས་སྤྱི་དང་མཚུངས། གར་དབང་ཟླ་བ་རྒྱལ་མཚན་གྱིས་མང་ཡུལ་འཕགས་པ་ཝ་ཏིའི་ཁྲུས་ཁང་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་རྩ་གསུམ་སྙིང་ཐིག་གི་དབང་། ཚེ་དབང་། ལས་བྱང་། དབང་ཆོག་གཉིས། བརྒྱུད་པ་གོང་མ་སྤྱི་དང་མཚུངས་ཤིང་། གཏེར་སྟོན་ནས་ཉི་ཟླ་ཀློང་གསལ། ཆོས་དབང་རྡོ་རྗེ་འཛིན་པ་སོགས་གོང་གི་ཟབ་ཏིག་ལྟར་རོ། །ཨོ་རྒྱན་གཏེར་བདག་གླིང་པས་ཤ་འུག་ལྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྤྲོས་བཅས་བུམ་དབང་ཆེན་མོ། མཆོག་དབང་གསུམ། གཏོར་དབང་། རྩ་ཁྲིད་སྔོན་འགྲོ་དངོས་གཞི། སྒྲུབ་ཐབས་ཆོག་ཁྲིགས་གསུང་རྒྱུན་དཀྱུས་སུ་བསྡེབས་པ། རྒྱུན་ཁྱེར། སྲུང་མའི་གཏོར་ཆོག །བསྙེན་ཡིག་རྣམས་གཏེར་གསུང་། གནས་ལུང་དང་དབང་ཆོག་ལོ་ཆེན་མཛད་པ། མཆོག་དབང་དང་གཏོར་དབང་གི་མཚམས་སྦྱོར་མཁན་ཆེན་ཨོ་ཌཱི་ཡ་ནའི་གསུང་། སྔོན་དངོས་ཁྲིད་ཡིག་དྷརྨ་ཤྲཱིས་མཛད་པ། ནང་སྒྲུབ་གར་དབང་ཚེ་དཔག་མེད་པའི་དབང་། དེའི་གཏེར་གཞུང་ལ། ལོ་རྒྱུས། དབང་ཆོག །ཕྱི་སྒྲུབ་སྤྲོས་བཅས། ནང་སྒྲུབ་རླུང་སྦྱོར། གསང་སྒྲུབ་ཐབས་ལམ། བཅུད་ལེན་རྣམ་གསུམ། འཆི་བསླུ་རྣམ་གསུམ་བཅས། གཏེར་ཆེན་ཉིད་ཀྱིས་ཆོག་ཁྲིགས་གར་ཚེའི་ཕྱི་སྒྲུབ་དབང་ཆོག་དང་བཅས་པ། འཆི་བསླུའི་ཆོ་ག །དེའི་འབྱུང་ལྔའི་འཁོར་ལོ་རབ་གནས་བྱ་ཐབས་རྣམས་སོ། །བརྒྱུད་པ་ནི། བླ་མ་སྐུ་གསུམ། ལོ་ཆེན་བཻ་རོ། མཚོ་རྒྱལ། ཆོས་རྒྱལ་ཁྲི་སྲོང་། གཏེར་བདག་གླིང་པ། དེས་ལོ་ཆེན་དྷརྨ་ཤྲཱི་དང་། རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོ་གཉིས་ལ་གནང་། དེ་གསུམ་ཀས་རྒྱལ་སྲས་རིན་ཆེན་རྣམ་རྒྱལ། དེ་ནས་མཁན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། ཁྲི་ཆེན་ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་མ་ཕྲིན་ལས་ཆོས་སྒྲོན། ཐུགས་རྗེའི་དབང་ཕྱུག་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །ཡང་ན། གཏེར་ཆེན་ནས། འགྱུར་མེད་ཐེག་མཆོག་བསྟན་འཛིན། འགྱུར་མེད་ཀུན་བཟང་རྣམ་རྒྱལ། པདྨ་གསང་སྔགས་བསྟན་འཛིན་ཆོས་རྒྱལ། འགྱུར་མེད་མཐུ་སྟོབས་རྣམ་རྒྱལ། འཇམ་དབྱངས་མཁྱེན་བརྩེ། ཡང་། བསྟན་འཛིན་ཆོས་རྒྱལ་ནས། གྲུབ་དབང་འགྱུར་མེད་བསྟན་འཕེལ། དེ་ལས་ཀྱང་ངོ་། །ལུང་བརྒྱུད་རྡོར་སེམས་སྐབས་སུ་སྨོས་པ་ལྟར་རོ། །གྲུབ་དབང་བྱང་ཆུབ་རྒྱལ་མཚན་གྱིས་སྣ་བྲག་དཀར་རྡོ་རྗེའི་ཡང་རྫོང་ནས་བཞེས་པའི་བླ་མེད་སྐོར་གསུམ་གྱི་ཡ་གྱལ་ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་ཀྱི་དབང་། བརྒྱུད་འདེབས། ལས་བྱང་དང་དབང་ཆོག་གཏེར་གཞུང་། དབང་གི་མཚམས་སྦྱོར། བརྒྱུད་པ་ཀློང་གསལ་བཀའ་བརྒྱད་སོགས་དང་འདྲ། ཨོ་རྒྱན་བསམ་གཏན་གླིང་པས་སྤོ་བོ་འདོང་ཆུ་མི་ཏྲ་ལྷ་ཁང་ནས་སྤྱན་དྲངས་པའི་སྤྱན་རས་གཟིགས་མི་ཏྲ་སྙིང་ཐིག་གི་དབང། རྩ་བའི་སྒྲུབ་ཐབས། བརྒྱུད་འདེབས། གཏེར་གཞུང་། ལས་བྱང་བྲམ་ཟེ་ལུགས། ཚོགས་འཁོར་རྣམས་གཏེར་གཞུང་། དབང་ཆོག་བཅས། དབང་གི་བརྒྱུད་པ་ནི། འོད་དཔག་མེད། སྤྱན་རས་གཟིགས་བདེ་ཆེན་རལ་གཅིག །མི་ཏྲ་ཨཱ་ནནྡ་བཱིརྻ། པད་འབྱུང་། མཚོ་རྒྱལ། སྟག་ཤམ་རྡོ་རྗེ། ནམ་མཁའ་རྡོ་རྗེ། ཀུན་བཟང་པདྨ་རྣམ་རྒྱལ། རྣམ་འདྲེན་པདྨ་མཐའ་ཡས་སམ་ཀརྨ་ཉི་མ། ཀརྨ་བསྟན་འཛིན་ཕྲིན་ལས། བསྟན་འཛིན་རྒྱ་མཚོ། ཟླ་སྤྲུལ་བསྟན་པ་རབ་རྒྱས། དེས་བདག་ལའོ། །ཡང་ན། གཏེར་ཆེན་བསམ་གླིང་། བསམ་གཏན་བསྟན་འཛིན། སོགས་ནས་ཟླ་སྤྲུལ་བར་གོང་གི་འོད་དཔག་མེད་ལྟར་རོ། །ལུང་བརྒྱུད་ནི་དབང་བརྒྱུད་སྔ་མ་ལྟར་ལ། རྟ་མཆོག་ཆོས་གྲགས་ནས། རྟ་མགྲིན་ལྷུན་པོ། པདྨ་ཤེས་རབ། དེས་སོ། །ཆོས་རྗེ་གླིང་པས་ཀོང་བུ་ཆུ་ལྷ་ཁང་ནས་བཏོན་པའི་ཐུགས་རྗེ་ཆེན་པོ་ཡིད་བཞིན་འོད་མཆོག་སའི་སྙིང་པོའི་དབང་། ལས་བྱང་གཏེར་སྟོན་ཉིད་ཀྱིས་ཁྲིགས་བཀོད། དབང་ཆོག །དབང་བརྒྱུད་ནི། ཆོས་ལོངས་སྤྲུལ་གསུམ། མཚོ་རྒྱལ། རྒྱལ་སྲས་ལྷ་རྗེ། འཛམ་གླིང་བདེ་བའི་རྡོ་རྗེ། ཏྲེ་ཆེན་ཆོས་དབང་སོགས་ཟབ་ལམ་ཐུགས་ནོར་ལྟར་ལ། པདྨ་དབང་དྲག །དེས་བདག་ལའོ། །ལུང་བརྒྱུད། དེ་ཉིད་ལས་རྒྱལ་སྲས་སྤྲུལ་སྐུ་ཀརྨ་ཐེག་མཆོག་བསྟན་དར། དེས་བདག་ལའོ། །གཏེར་སྟོན་མཁས་གྲུབ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་རྒྱལ་པོའི་བླ་བྲག་མགྲིན་བཟང་ནས་ཡེ་ཤེས་མཁའ་འགྲོས་གཏེར་སྒྲོམ་དངོས་སུ་ཕུལ་བའི་ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་གསོའི་དོན་དབང་། ལས་བྱང་གཏེར་གཞུང་། དབང་ཆོག །བརྒྱུད་པ་གོང་མ་སྤྱི་ལྟར་ལ་གཏེར་ཆེན་ཉིད་ཀྱིས་རྒྱལ་དབང་ཀརྨ་པ་ཡབ་སྲས་དང་ལྷན་ཅིག་པའི་སྐལ་ལྡན་ལུང་ཟིན་ཁ་ཤས་ལ་ཟླ་གམ་དབང་གི་ཕུག་པར་ཐོག་མར་བཀའ་བཀྲོལ་ཏེ་རྗེས་སུ་བཟུང་པའོ། །འདི་དབང་ཆོག་སོགས་གཏན་འབེབས་མ་གྲུབ་པས་བཤོལ། གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་གནས་མཆོག་མཁའ་འགྲོ་འབུམ་རྫོང་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བའི་དབང་བཞི་རྡོ་རྗེ་སྤྱི་བླུགས། འགྲོ་དོན་ཕྱིའི་སྨིན་གྲོལ། ནང་གི་སྨིན་གྲོལ། ནང་སྒྲུབ་ལས་བྱང་གཏེར་གཞུང་། དབང་ཆོག །སྨིན་གྲོལ་ཕྱི་ནང་གི་ཡི་གེ་བཅས། ན་བུན་རྫོང་ནས་གཏེར་ཁ་རྣམས་ཀྱི་ཐོག་མར་བྱོན་པའི་ཐུགས་རྗེ་ཆེན་པོ་ཐེག་པ་དགུ་འབྲེལ་ལས། སྤྱོད་པའི་རྒྱུད་དང་འབྲེལ་བ་འགྲོ་འདུལ་པདྨ་གཙུག་གཏོར་ལྷ་ལྔ་པའི་དབང་། དེའི་སྒྲུབ་ཐབས། དབང་ཆོག །གཤིན་པོ་རྗེས་འཛིན་བཅས་མཁྱེན་བརྩེ་རིན་པོ་ཆེས་ལྗགས་བསྒྲིགས། ཡེ་རྒྱལ་ནམ་མཁའ་མཛོད་ཀྱི་གཏེར་བྱོན་བོད་ཁམས་སྤྱི་ལ་ཕན་པའི་རྟེན་འབྲེལ་ཆོས་བཅུའི་ནང་ཚན་སྤྱན་རས་གཟིགས་ཡིད་བཞིན་འཁོར་ལོའི་རྩ་དབང་། གཞན་དོན་བུམ་ལྔའི་དབང། རྩ་སྒྲུབ་བདག་བསྐྱེད་གཞན་དོན་བུམ་སྒྲུབ། མཐུན་པ། ནད་སེལ། ནོར་སྤེལ། ཚེ་སྲིང་། ཆོས་འཕེལ་ཏེ་བུམ་ལྔ་བཅའ་ཐབས་དང་དབང་བསྐུར། ནང་གི་རྣལ་འབྱོར། མ་ཎི་སྐུལ་བ་བཅས་གཏེར་གཞུང་ཆ་ཚང་། གཞན་དོན་བུམ་སྒྲུབ་ཀྱི་ཕྲིན་ལས་དབང་ཆོག་དང་བཅས་པ། བུམ་ལྔ་སྒྲུབ་པའི་ལས་བྱང་དང་དེའི་དབང་བསྐུར་བཀླགས་ཆོག་ཏུ་བཀོད་པ་རྣམས་སོ། །དབང་ལུང་གི་བརྒྱུད་པ་སྔ་མ་གཉིས་ནི། བླ་མ་སྐུ་གསུམ། མཚོ་རྒྱལ། མངའ་བདག །དམ་འཛིན་ཆོས་ཀྱི་བློ་གྲོས། གཏེར་ཆེན་མཆོག་གླིང་ནས་བཀའ་དྲིན་དུ་ཐོབ་པའོ། །ཡིད་བཞིན་འཁོར་ལོའི་དབང་ལུང་ཆ་ཚང་གཏེར་སྟོན་ནས། རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །ཞར་བྱུང་ཉེར་མཁོའི་ཆེད་དུ་བཀོད་པ་ཕྱི་འགྱུར་བཅུ་གཅིག་ཞལ་དཔལ་མོ་ལུགས་ཀྱི་རྗེས་གནང་། སྨྱུང་གནས་ཆོ་ག །སྨིན་གླིང་ལོ་ཆེན་གྱིས་མཛད་པའི་ཆོ་ག་རྗེས་གནང་བཅས། རྗེས་གནང་བརྒྱུད་པ། སྤྱན་རས་གཟིགས། དགེ་སློང་མ་དཔལ་མོ། པཎྜི་ཏ་ཟླ་བ་གཞོན་ནུ། པཎ་ཆེན་ཡེ་ཤེས་བཟང་པོ། བལ་པོ་པེ་ཉ་བ། བྱང་སེམས་ཟླ་བ་རྒྱལ་མཚན། གྲུབ་ཐོབ་ཉི་ཕུག་པ། སྤྲུལ་སྐུ་རྡོར་རྒྱལ། ཞང་དགྲ་འཇིགས། རྩི་འདུལ་འཛིན། མཁན་ཆེན་བདེ་བ་ཅན་པ། བྱང་སེམས་ཆུ་བཟང་པ། ཆོས་རྗེ་ཤེས་རབ་འབུམ། རྒྱལ་སྲས་ཐོགས་མེད་ཞབས། གཉགས་ཆེན་བསོད་དབང་། གཉགས་དབོན་བསོད་བཟང་། འཕགས་ཆེན་བསོད་ནམས་དར། འཕགས་པ་བསོད་ནམས་རྒྱ་མཚོ། མ་ཎི་བ་གྲགས་བསོད། ཀུན་དགའ་མཆོག་གྲུབ། རྗེ་བཙུན་ཀུན་དགའ་གྲོལ་མཆོག །རྡོ་རིང་དབོན་ཀུན་དགའ་རྒྱལ་མཚན། རྗེ་བཙུན་རིན་པོ་ཆེ་ཀུན་དགའ་སྙིང་པོ། རྒྱལ་ཚབ་རྒྱ་མཚོ་རྣམ་གཉིས་ཕྱིན་ཇོ་ནང་རིན་འབྱུང་སྤྱི་བརྒྱུད་ལྟར་རོ། །ཡང་། རྒྱལ་སྲས་ཐོགས་མེད། བུདྡྷ་ཤྲཱི། ངོར་ཆེན་རྡོ་རྗེ་འཆང་ནས་རིམ་པར་བརྒྱུད་དེ་ཀུན་མཁྱེན་འཇམ་དབྱངས་མཁྱེན་བརྩེ་ལས་ཀྱང་ནོས་སོ། །ཆོ་གའི་ལུང་བརྒྱུད། ལོ་ཆེན་དྷརྨ་ཤྲཱི། འགྱུར་མེད་སྐལ་བཟང་། པདྨ་གུ་རུ། ཀུན་བཟང་བསྟན་འཛིན། ཀུན་བཟང་གཞན་ཕན། བསྟན་འཛིན་ཆོས་རྒྱལ། བསྟན་འཛིན་འཕེལ་རྒྱས། མཁྱེན་བརྩེའི་དབང་པོ། དེ་ལས་སོ། །ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་དང་སྨར་ཁྲིད་རིགས་བཞི་བཅས་བཀའ་གཏེར་ཐམས་ཅད་ཀྱི་བྱིན་རླབས་ཀྱི་ཆུ་བོ་དང་ཚིག་དོན་གཉིས་ཀ་འདུས་པས་ཁྱད་པར་དུ་འཕགས་པ་རིག་འཛིན་ཚེ་དབང་ནོར་བུས་མཛད་པའི་ཁྲིད། ཁྲིད་ཡིག་ལེགས་བཤད་ཉུང་ངུ་རབ་གསལ་བཅས། བརྒྱུད་པ་ནི། རྗེ་རིག་འཛིན་ཆེན་པོ་ཉིད་ནས་གངས་ཅན་ན་ཡོངས་སུ་གྲགས་པའི་གསར་རྙིང་གི་ཁྲིད་རིམ་མཐའ་ཡས་པ་གསན་ཅིང་ཁྱད་པར་ཁྲིད་སྲོལ་འདིར་ཡང་བརྒྱུད་པའི་རྣམ་གྲངས་མང་དུ་བཞུགས་པ་ལས། གཙོ་བོ་ཇོ་ནང་ཁྲིད་བརྒྱ་ལྟར་ལ་ཚེ་དབང་ནོར་བུ་ནས། རྗེ་མགོན་ནང་པ། བྲག་དཀར་བ་ཆོས་ཀྱི་དབང་ཕྱུག །འབའ་ར་བ་ཚེ་དབང་འཇིགས་མེད་བསྟན་འཛིན། དཔའ་བོ་གཙུག་ལག་ཆོས་རྒྱལ། དེ་ལས་སོ། ༈ །གཉིས་པ་དྲག་པོ་རྟ་མཆོག་རོལ་པའི་སྐོར་ལ། སྐུ་མདོག་ལས་མཚོན་ཏེ་རིགས་ཀྱི་དབྱེ་བ་དང་བཀའ་མ་རྒྱལ་པོ་ལུགས་དྲེགས་པ་ལྔ་དྲིལ། གཏེར་རྙིང་གྲུ་གུ་ཡང་དབང་གི་དྲེགས་པ་ཀུན་སྒྲོལ་སོགས་རྒྱ་ཆེར་བྱོན་པར་སྣང་མོད། དེང་སང་རྒྱུད་སྡེ་འགའ་ཞིག་གི་ལུང་རྒྱུན་ཙམ་ལས་བཀའ་མའི་སྨིན་གྲོལ་ཆེར་བཞུགས་པར་མ་མངོན། འདིར་ཀཾ་ཚང་བཀའ་བརྒྱུད་ལ་བཀའ་བབས་པའི་རྟ་མགྲིན་བདེ་གཤེགས་ཐུགས་དྲིལ་གྱི་ལས་བྱང་རྒྱལ་དབང་གསུམ་པ་རང་བྱུང་ཞབས་ཀྱིས་མཛད་པ་ཙམ་ལུང་རྒྱུན་ལ་བསམས་ནས་བཀོད། བརྒྱུད་པ་ནི། བླ་མ་སྐུ་གསུམ་ཞི་ཁྲོ །ངན་ལམ་རྒྱལ་བ་མཆོག་དབྱངས། རྨ་རིན་ཆེན་མཆོག །གཙུག་གྱེར་རྣམ་གཉིས་སོགས་ལས་རིམ་པར་བརྒྱུད་དེ། དམ་གཙང་བྱམས་གསུམ། གྲུབ་ཆེན་ཆོས་ཀྱི་བླ་མ། གཉན་རས་དགེ་འདུན་འབུམ། ཀུན་མཁྱེན་རང་བྱུང་རྡོ་རྗེ་ཕྱིན་ཆད་ཀར་ལུགས་རྩ་གསུམ་དྲིལ་སྒྲུབ་ལྟར་རོ། །གཏེར་མའི་ཕྱོགས་ལ་གཉིས། པདྨའི་རིགས་ཀྱི་རྟ་མགྲིན་དམར་པོ་དང་། རྡོ་རྗེའམ་ལས་རིགས་ཀྱི་རྟ་མགྲིན་ནག་པོའི་སྐོར་རོ། །དང་པོ་ལ། རྐྱང་པོ་གྲགས་པ་དབང་ཕྱུག །སུམ་པ་བྱང་ཆུབ་ཚུལ་ཁྲིམས། འབྲེ་ཤེས་རབ་འབར་ཏེ་གཏེར་སྟོན་སུམ་ཚོགས་ཀྱིས་ཡེར་པ་སེ་བ་ལུང་ནས་གདན་དྲངས་ཤིང་། དཔལ་ལྡན་གྲུབ་ཐོབ་འདར་འཕྱར་བ་རིན་ཆེན་བཟང་པོ་ལ་གུ་རུ་རིན་པོ་ཆེས་ཉེ་བརྒྱུད་དུ་བསྩལ་ནས་བཀའ་བབས་པའི་རྟ་མགྲིན་ཡང་གསང་ཁྲོས་པའི་རྩ་བའི་དབང་ཆེན། བཀའ་སྡོད་གིང་ལྔ་གཟའ་གདོང་གི་བཀའ་གཏད། གཏོར་དབང་། འཆི་མེད་རྫོང་ཆུང་ཚེ་དབང་། ཉེར་མཁོའི་ཡིག་ཆ་ལ་སྒྲུབ་ཐབས་ཀྱི་ཕྲིན་ལས། རྩ་དབང་ཡན་ལག་དང་བཅས་པ་ཁྲིགས་བཀོད། གཏོར་དབང་ཆོ་ག །ཚར་ཆེན་རིན་པོ་ཆེས་མཛད་པའི་ཕྱག་རྒྱ་རྐྱང་སྒྲུབ། བསྙེན་ཡིག །གཏེར་གཞུང་རྫོགས་རིམ་ཡེ་ཤེས་གསང་ལམ། པདྨ་གསང་ལམ། དབང་བཞིའི་དོན་ཁྲིད། དེའི་ཟིན་བྲིས་བླ་ཆེན་ཆོས་དཔལ་བཟང་པོས་མཛད་པ། འཆི་མེད་ཚེའི་རྫོང་ཆུང་གི་ཉམས་ལེན། ཚེ་དབང་ལྷན་ཐབས་ཚར་ཆེན་གསུང་། སྔགས་བྱང་བསྙེན་ཡིག་བཅས། དབང་ལུང་བརྒྱུད་པ་ནི། སྣང་བ་མཐའ་ཡས། རྟ་མགྲིན་དབང་ཆེན། པདྨ་འབྱུང་གནས། རྒྱལ་ཡུམ་མཚོ་རྒྱལ། ལོ་ཆེན་བཻ་རོ། ཆོས་རྒྱལ་ཁྲི་སྲོང་། གཏེར་སྟོན་སུམ་ཚོགས། འབྲུག་ཚང་ཞང་སྟོན་གཟི་བརྗིད་འབར། རྟ་ནག་གི་བླ་མ་རྒྱ་གྲུབ་ཐོབ་འདར་འཕྱར་བ་རིན་ཆེན་བཟང་པོ། བོ་དོང་པ་བརྩོན་འགྲུས་རྡོ་རྗེ། ཉན་ཆེན་བསོད་ནམས་བརྟན་པ། བྲག་རམ་པ་ཆོས་རྒྱལ་དཔལ་བཟང་། ཀུན་མཁྱེན་དཔལ་ལྡན་སེང་གེ །ཆོས་རྗེ་རིན་ཆེན་བཀྲ་ཤིས། རྟོགས་ལྡན་ཡོན་ཏན་མགོན་པོ། བླ་ཆེན་ཆོས་དཔལ་བཟང་པོ། བྱམས་པ་རྡོ་རྗེ་རྒྱལ་མཚན། འཁྲུལ་ཞིག་དཀོན་མཆོག་བཟང་པོ། དྲན་ཆོག་རཏྣ་བཛྲ། མུས་ཆེན་དཀོན་མཆོག་དཔལ་བཟང་། སྔགས་འཆང་ཕྱག་ན་རྡོ་རྗེ། འདར་ནག་གུ་རུ་རིན་ཆེན། འདར་བདེ་བ་བཟང་པོ། འཇམ་དབྱངས་ཀུན་མཁྱེན་ཕྲིན་ལས། འདར་དབང་ཆེན་བསྟན་འཛིན། འདར་ངག་དབང་ཕྲིན་ལས། འདར་ངག་དབང་འཇིགས་བྲལ། འདར་པདྨ་བདུད་འདུལ། འདར་སྟོན་བློ་བཟང་བསྟན་པའི་ཉི་མ། ཁྱབ་བདག་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བཀའ་དྲིན་དུ་བསྩལ་པའོ། །ཡང་ན། འཁྲུལ་ཞིག་དཀོན་བཟང་ནས། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །སྔགས་འཆང་བསོད་ནམས་ཆོས་འཕེལ། རྗེ་དབང་ཕྱུག་རབ་བརྟན། མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཆེན་ཆོས་དབྱིངས་རང་གྲོལ། རྒྱལ་དབང་ལྔ་པ་ཆེན་པོ། རིག་འཛིན་པདྨ་ཕྲིན་ལས། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། ངག་དབང་དཔལ་ལྡན་ཆོས་སྐྱོང་། འཇམ་མགོན་ཀུན་དགའ་རྒྱལ་མཚན། ཐེག་ཆེན་བཀྲ་ཤིས་རིན་ཆེན། ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེ། དེས་བདག་ལའོ། །ཉེ་བརྒྱུད་ནི། གུ་རུ་རིན་པོ་ཆེ། གྲུབ་ཐོབ་འདར་འཕྱར་སོགས་སོ། །ཐུགས་རྗེ་ཆེ་དངོས་དབོན་སྟོན་སྐྱེར་སྒང་པ་ཆོས་ཀྱི་སེང་གེ་ལ་འོད་གསལ་གྱི་སྣང་བར་ཨོ་རྒྱན་ཆེན་པོས་དངོས་སུ་བསྩལ་པ་དང་། སྙེ་མོ་རྒྱ་གོང་རི་བ་སངས་རྒྱས་དབང་ཆེན་གྱི་གཏེར་བྱོན་ཀྱང་བཀའ་བབས་པའི་རྟ་མགྲིན་གསང་སྒྲུབ་ཀྱི་བྱིན་རླབས། ༡༩༽ གསང་སྒྲུབ་མངོན་རྟོགས། སྒོམ་རིམ་ཛཔ྄་དམིགས་བགེགས་གཞོམ་སྡེ་བརྒྱད་གཟིར་བ་ལིང་འཁོར་ལས་སྦྱོར་བཅས་པ། དབང་ཆོག །གཏོར་འབུལ་བསྟོད་པ། རྒྱལ་པོ་གཅུན་འདུལ། སྲུང་འཁོར་སྲུང་མདུད་སོགས་གཏེར་གཞུང་ཚང་བ། དབོན་སྟོན་དག་སྣང་ལོ་རྒྱུས། གསང་བདག་སྒྲོལ་མགོན་ཞབས་ཀྱིས་མཛད་པའི་ལས་བྱང་དང་སྒྲུབ་ཐབས་སྙིང་པོའི་རྣམ་བཤད། ལས་བྱང་གི་ཟུར་འདེབས་བཅས། བྱིན་རླབས་ཇོ་ནང་བརྒྱུད་པ་ལྟར་ན། བླ་མ་སྐུ་གསུམ། དབོན་སྟོན། གཉན་སྟོན། སངས་རྒྱས་སྟོན་པ། གཙང་མ་ཤངས་སྟོན། ཁྱུང་པོ་ཚུལ་མགོན། རི་ཁྲོད་རས་ཆེན། ཤངས་དཀར་རིན་རྒྱལ། སངས་རྒྱས་དཔལ་བཟང་། ནམ་མཁའ་རྒྱལ་མཚན། རྒྱ་སྒོམ་ལེགས་རྒྱལ། ཀུན་དགའ་གྲོལ་མཆོག །ལུང་རིག་རྒྱ་མཚོ། རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་ཕྱིན་རིན་འབྱུང་བརྒྱུད་པ་ལྟར་རོ། །ལུང་བརྒྱུད་ནི། ཨོ་རྒྱན་ཆེན་པོ། གཏེར་སྟོན་སངས་རྒྱས་དབང་ཆེན། དབོན་སྟོན། གཉན་སྟོན། སངས་རྒྱས་སྟོན་པ། འཇག་ཆེན་ཤེར་ཚུལ། འཇག་ཆུང་རྒྱལ་མཚན་འབུམ། ཁྱུང་པོ་ཚུལ་མགོན། གྲགས་པ་ཚུལ་ཁྲིམས། ཟླ་བ་བློ་གྲོས། ཉི་མ་རྒྱལ་མཚན། དཔལ་ལྡན་རིན་ཆེན། ཡོན་ཏན་རིན་ཆེན། དགེ་འདུན་རྒྱ་མཚོ། གཡུང་རིན་ཆེན་མགོན་པོ། བ་ལེ་བ་རྣམ་རྒྱལ་དཔལ་བཟང་། སྟག་ལུང་པ་ངག་དབང་རྣམ་རྒྱལ། འོལ་བ་པ་ངག་དབང་ཆོས་གྲགས། བློ་མཆོག་རིག་པའི་རྡོ་རྗེ། ངག་དབང་བློ་བཟང་རྒྱ་མཚོ། ཡང་མངོན་རྟོགས་དང་བསྒོམ་རིམ་ནས། དབང་ཆོག་བར་གྱི་བརྒྱུད་ཚུལ་གཅིག་ནི། སངས་རྒྱས་སྟོན་པ་ནས། ཤངས་སྟོན། མུས་ཆེན་རྒྱལ་མཚན་དཔལ་བཟང་། རྡོ་རྗེ་གཞོན་ནུ། ནམ་མཁའི་རྣལ་འབྱོར། སྦྱིན་པ་བཟང་པོ། ཐང་སྟོང་རྒྱལ་པོ། བློ་གྲོས་རྒྱལ་མཚན། དཔལ་ལྡན་དར་པོ། བསོད་ནམས་རྩེ་མོ། ཉི་ཟླ་བཟང་པོ། ངག་དབང་ཉི་མ། ཀུན་དགའ་བསོད་ནམས། རིན་ཆེན་མཆོག་གྲུབ། ལྔ་པ་ཆེན་པོ། རིག་འཛིན་པདྨ་ཕྲིན་ལས། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། བྱམས་པ་ནམ་མཁའ་འཆི་མེད། མཁས་དབང་ཀུན་དགའ་དོན་གྲུབ། རྣལ་འབྱོར་འཇམ་དཔལ་བཟང་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །ཡང་ན། ཀུན་དགའ་དོན་གྲུབ་ནས་བླ་མ་དམ་པ་དགེ་འདུན་རྒྱ་མཚོ། ཀུན་མཁྱེན་རྡོ་རྗེ་གཟི་བརྗིད། དེས་བདག་ལའོ། །ལས་བྱང་རྣམ་བཤད་གཉིས་ནི་པདྨའི་རྣམ་ཐར་རྒྱ་གར་ལུགས་ལྟར་རམ། ཡང་ན། ཀུན་བཟང་དབང་པོ། ཀུན་དགའ་རྣམ་རྒྱལ། ཚེ་དབང་ཀུན་ཁྱབ་ཕྱིན་འདྲའོ། །མངའ་བདག་ཉང་རིན་པོ་ཆེའི་ཟབ་གཏེར་ལས་བྱོན་པ་རྟ་མགྲིན་བདེ་གཤེགས་གཅིག་དྲིལ་གྱི་དབང་། དེའི་ལོ་རྒྱུས་སྒྲུབ་ཐབས་དྲེགས་པ་ཀུན་འདུལ་དང་བཅས་པ། བདེ་གཤེགས་གཅིག་དྲིལ་གྱི་མན་ངག་ཟབ་མོ། སྒོམ་ཁོག །ལས་བྱང་། དབང་ཆོག །བསྙེན་སྒྲུབ་ལས་སྦྱོར་གྱི་རྫས་ཤོམས། གཉེན་པོའི་དྲག་སྔགས། རླུང་མེའི་དམིགས་རིམ་ཆུ་དང་སེར་སྲུང་བཅས་པ། གཏོར་འབུལ། གཉེན་པོའི་རྫས། ལས་སྦྱོར་བསད་སྲེག་མནན་གསུམ། སྲུང་ཟློག་གསོ་བ། བདེ་འདུས་ཀྱི་དྲག་སྔགས། དེའི་བསྙེན་སྒྲུབ་ཀྱི་ཟབ་གནད་དགོངས་པ། ཆོས་སྐྱོང་བསྐུལ་བ་བཅས་སྡེ་བརྒྱད་བྲན་བཀོལ། ཀླུ་གདོན་དང་དགྲ་བགེགས་དམ་སྲི་འདུལ་བ། རྦོད་གཏོང་བཟློག་པ། ཙཀྲས་བསྲུང་བ། སྲིའུ་གསོ་བ། སྨྱོ་འབོགས་འདུལ་བ། འདྲེ་གདོན་འདུལ་བ། ཞོ་ཆང་དང་ཡམས་རིམས་སྲུང་བ་བཅས་གཏེར་གཞུང་ཆ་ཚང་། ལས་བྱང་། དབང་བསྒྲིགས་བཅས། དབང་དང་ལས་བྱང་གི་ལུང་བརྒྱུད་ནི། ཆོས་ལོངས་སྤྲུལ་གསུམ། མཚོ་རྒྱལ། ཁྲི་སྲོང་། ཉང་རལ། སངས་རྒྱས་སྲས་ཆུང་། བླ་མ་ཀྲོ་དྷ་རཱ་ཛ། ཟུར་པཀྴི་ཤཱཀ་འོད། སྙ་སྟོན་དགའ་རབ་རྡོ་རྗེ། ཟུར་ཤཱཀ་འབྱུང་ཕྱི་མ། ལང་གྲོ་ཚེ་དབང་རྒྱལ་པོ། རྒྱལ་སྲས་ཆོས་རྗེ། སྔགས་འཆང་ལེགས་པ་དཔལ། གནུབས་རཏྣ་ཤྲཱི། རྒྱལ་སྲས་པདྨ། ཐུགས་སྲས་གྲགས་འབྱུང་། རྒྱས་སྟོན་བྱམས་པ། ངག་དབང་གྲགས་པ། རྒྱས་སྟོན་འགྲོ་མགོན། ཆོས་རྒྱལ་རྡོ་རྗེ། ཟུར་ཤཱཀྱ་ཤེས་རབ། གཏེར་ཆེན་འགྱུར་མེད་རྡོ་རྗེ། ཡང་། དབང་དང་གཞུང་གི་ལུང་ཆ་ཚང་གི་བརྒྱུད་པ་ནི། ཉང་རིན་པོ་ཆེ། ཤེ་མ་འོད་འབྱུང་། གྲུབ་ཐོབ་འདར་འཕྱར་རུ་པ། བོ་དོང་རིན་པོ་ཆེ། ཉན་ཆེན་པ། བྲག་རམ་པ་ཆོས་སྐྱོང་བཀྲ་ཤིས། དཔལ་ལྡན་སེང་གེ་ནས། རྡོ་རྗེ་རྒྱལ་མཚན་བར་རྟ་མགྲིན་ཡང་ཁྲོས་ལྟར་ལ། དེ་ནས། དཀོན་མཆོག་དཔལ་བཟང་། བྱམས་པ་ཆོས་རྒྱན། བློ་གྲོས་རྒྱལ་མཚན། བྱམས་པ་བཟང་པོ། ཤཱཀྱ་རྒྱལ་མཚན། སྙིང་རི་བ་བདེ་བ་བཟང་པོ། རྒྱལ་དབང་ལྔ་པ། འགྱུར་མེད་རྡོ་རྗེ། ཏཱ་ལི་ཧུ་ཐོག་ཐུ་ངག་དབང་བཤད་སྒྲུབ་རྒྱ་མཚོ། སྒོ་མེ་དང་སྐྱ་མཆོག་སྤྲུལ་ཀུན་བཟང་སྙན་གྲགས་རྒྱ་མཚོ། ཀུན་བཟང་གཞན་ཕན་འོད་ཟེར། རིག་འཛིན་དཔལ་འབྱོར་རྒྱ་མཚོ། པདྨ་གསང་སྔགས་བསྟན་འཛིན། སྔགས་རམ་པ་བསོད་ནམས་མཆོག་ལྡན། ཚེ་དབང་རིག་འཛིན་རྒྱ་མཚོ། དེས་བདག་ལའོ། །ཡང་ན། གཏེར་ཆེན་ནས། རིན་ཆེན་རྣམ་རྒྱལ། ཨ་མདོ་སྔགས་རམ་པ་འགྱུར་མེད་དམ་ཆོས་བཟང་པོ། ཀུན་བཟང་སྙན་གྲགས་ཕྱིན་སྔར་ལྟར་རོ། །མངའ་བདག་རྣམ་འཕྲུལ་གྲུ་གུ་ཡང་དབང་གཏེར་གྱིས་སྤ་དྲོ་གཅལ་གྱི་བྲག་དམར་ནས་སྤྱན་དྲངས་པའི་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་གྱི་དབང་ཆེན། དྲེགས་པ་བཅོ་བརྒྱད་རྗེས་གནང་། བརྒྱུད་འདེབས། ལས་བྱང་། སྨན་མཆོད། ལྷག་མ་དང་བྲོ་རབས། གཏོར་འབུལ། དྲག་སྔགས་སྤུ་གྲིའི་མན་ངག །བསྟོད་ཆེན། བསྐུལ་བ། སྒྲུབ་ཐབས། རྟེན་གཏོར། བསྙེན་ལུགས། སྔགས་ཐེམས་མེའི་སྤུ་གྲི །སྦྱིན་སྲེག །དབང་ཆོག །རྗེས་གནང་། འདོན་འགྲིགས་བཅས། བརྒྱུད་པ་ནི། གསུང་རྡོ་རྗེ་འོད་དཔག་མེད། རྟ་མཆོག་ཧེ་རུ་ཀ །གསང་བའི་བདག་པོ། ཨོ་རྒྱན་གྲུབ་པའི་རྒྱལ་པོ་གཟི་བརྗིད་རྩལ། མ་ཧཱ་རཱ་ཛ། པྲ་ཧསྟི། གོ་མ་དེ་བཱི། པདྨ་ཐོད་ཕྲེང་། ཆོས་རྒྱལ་ཁྲི་སྲོང་། ལོ་ཆེན་བཻ་རོ། གྲུ་གུ་ཡང་དབང་གཏེར་ནས་རིམ་པར་བརྒྱུད་ཅིང་དར་རྒྱས་སུ་བྱུང་ཡང་ཕྱི་དུས་རྒྱུན་མི་བཞུགས་པ་ལ། རྗེ་རིན་པོ་ཆེ་པདྨ་འོད་གསལ་མདོ་སྔགས་གླིང་པས་དཔེ་རྙིང་འཐོར་སྡུད་མཛད་སྐབས་རྟ་མཆོག་ཨོ་རྒྱན་གཏེར་སྟོན་གསུམ་གཅིག་དྲིལ་གྱིས་བྱིན་གྱིས་བརླབས་ཤིང་གདམས་པ་དང་དོགས་སེལ་གྱིས་ཞུས་ལན་བསྩལ། ཁྱད་པར་འཕགས་པའི་ཉེ་བརྒྱུད་དེ་ལས་བདག་གིས་སྐལ་པ་བཟང་པོའི་བགོ་སྐལ་དུ་ནོས་པའོ། །བྱང་གཏེར་ཟངས་མཛོད་རྟེན་འབྲེལ་ཆོས་བདུན་གྱི་ནང་ཚན་རྟ་མགྲིན་དྲེགས་པ་དབང་སྡུད་ཀྱི་བྱིན་རླབས། སྒྲུབ་ཐབས། ལས་བྱང་། དབང་། བསྟོད་པ། སྡེ་བརྒྱད་གནད་འབེབས། མན་ངག་རྩ་བའི་ཐེམས་བྱང་། ལས་ཚོགས་བཅུ་གཅིག །ཕོ་ཚོགས་མོ་ཚོགས་ཀྱི་སྒྲུབ་པ་བཅས་གཏེར་གཞུང་ཚང་བ། དབང་ཆོག་བཅས། བརྒྱུད་པ་ནི། སྣང་མཐའ། ཐུགས་ཆེན། རྟ་མགྲིན། ཨོ་རྒྱན་ཡབ་ཡུམ། རྡོ་རྗེ་སྤྲེ་ཆུང་། རྒོད་ལྡེམས་པ། རྡོ་རྗེ་དཔལ། བྱམས་པ་བཤེས་གཉེན། སངས་རྒྱས་དཔལ་བཟང་། ནམ་མཁའ་རྒྱལ་མཚན། ངག་དབང་རྒྱ་མཚོ། ཚེ་རིང་དབང་པོ། ཀླུ་སྒྲུབ་དབང་པོ། རོལ་པའི་རྡོ་རྗེ། སེ་ཐུགས་མཆོག་འོད་འབར། རིག་འཛིན་པད་ཕྲིན། ལྷུན་གྲུབ་རྣམ་རྒྱལ། རྡོ་རྗེ་ཐོགས་མེད། འགྱུར་མེད་པདྨ་མཆོག་གྲུབ། པདྨ་བཤེས་གཉེན། ཀུན་བཟང་པདྨ། ཀུན་བཟང་གསང་སྔགས་བསྟན་འཛིན། ཀུན་གཟིགས་མཁྱེན་བརྩེ། དེས་བདག་ལའོ། །གཏེར་ཆེན་རཏྣ་གླིང་པས་ལྷོ་བྲག་གནམ་སྐས་ཅན་ནས་སྤྱན་དྲངས་པའི་རྟ་མགྲིན་གསང་བ་འདུས་པའི་རྩ་བའི་དབང་ཆེན་མཆོག་དབང་གསུམ་དང་བཅས་པ། གཏོར་དབང་། ལས་བྱང་གཏེར་སྟོན་ཉིད་ཀྱིས་ཆོག་བསྒྲིགས། དབང་ཆེན་དང་གཏོར་མའི་དབང་ཆོག །དབང་གི་བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། རྗེ་འབངས་གྲོགས་ལྔ། ལོ་ཙཱ་ཆེན་པོ་བཞི། འགྲོ་འདུལ་རཏྣ་གླིང་པ། སྲས་ཚེ་དབང་གྲགས་པ། ངག་དབང་གྲགས་པ། ཀུན་དགའ་བསྟན་འཛིན། བུ་འབོར་བཀྲ་ཤིས་རྒྱ་མཚོ། ཏ་བླ་ཤཱཀྱ་བཀྲ་ཤིས། རྒྱ་བླ་བཀྲ་ཤིས་རིན་ཆེན། རྒྱ་བླ་དཀོན་མཆོག་བཀྲ་ཤིས། གུ་རུ་རྣམ་རྒྱལ་བཀྲ་ཤིས། རིག་འཛིན་ཀུན་བཟང་ཤེས་རབ། ཡང་། ཚེ་དབང་གྲགས་པ་ནས། རྔོད་པ་ཤཱཀྱ་བཀྲ་ཤིས་སོགས་ཚེ་སྒྲུབ་གསང་འདུས་དང་འདྲ་བ་ལས། ཀརྨ་ཆགས་མེད་དང་། མི་འགྱུར་རྡོ་རྗེ་གཉིས་ཀ་ལས་ཀུན་བཟང་ཤེས་རབ། དེ་ནས། པདྨ་ལྷུན་གྲུབ་རྒྱ་མཚོ། པདྨ་ནོར་བུ། ཀརྨ་ཆོས་དཔལ་བཟང་པོ། ཀརྨ་ལྷ་དབང་། ཀརྨ་འགྱུར་མེད། པདྨ་གསང་སྔགས་བསྟན་འཛིན། དེས་བདག་ལའོ། །ཡང་། པདྨ་ནོར་བུ་ནས། སྒ་རྗེ་པདྨ་ལྷུན་གྲུབ། གསང་སྔགས་མགོན་པོ་ལས་སོ། །ལུང་གི་བརྒྱུད་པ། ཆགས་མེད་ཞབས་ནས། པདྨ་ཀུན་དགའ། ཕྲིན་ལས་དབང་འབྱུང་། རཏྣ་དགོན་ཚེ་མཚམས་ཀརྨ་བསྟན་རྒྱས། ཀརྨ་བསྟན་འཛིན་ཕྲིན་ལས་རིན་པོ་ཆེ་ལས་བཀའ་དྲིན་དུ་ཐོབ་པའོ། །མོན་སྒོམ་ཧ་མི་ནཱ་ཐའི་སྐྱེ་བ་མངའ་བདག་མོལ་མི་འཁྱིལ་གྱིས་བྱང་པྲ་དུན་རྩེའི་ཀ་ཕོག་ནས་སྤྱན་དྲངས་པ་རྟ་མགྲིན་གནམ་ལྕགས་མེ་འཁོར་གྱི་དབང་། གཏེར་གཞུང་ཚང་བ། ཕྲིན་ལས་དང་དབང་ཆོག །གཏེར་ཁ་འདིའི་རྒྱལ་པོ་སྒོ་གཅོད་སྲུང་བ་ཙམ་སྔར་དར་རྒྱས་སུ་ཡོད་འདུག་ཅིང་དབང་སོགས་མ་བྱོན་ལ་ཕྱིས་ནི་དཔེ་རྒྱུན་ཙམ་ཡང་མི་བཞུགས་ཀྱང་། རྗེ་རིན་པོ་ཆེ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་དཔེ་རྙིང་མཁའ་འགྲོ་གཏད་རྒྱའི་བརྒྱུད་པར་བྱོན་ཅིང་གདམས་སྐོར་དག་པའི་སྣང་བར་གུ་རུ་རིན་པོ་ཆེས་བསྩལ། དེས་བདག་ལ་བཀའ་དྲིནདུུ་བསྩལ་པ་ཐོབ་པའོ། །ཨཱརྻ་ས་ལེའི་སྐྱེ་བ་ཉང་པོ་མཆོག་ལྡན་རྡོ་རྗེའམ་ལས་རབ་ཞིག་པོ་གླིང་པས་བྲག་དཀར་ལྷ་ཆུ་གསང་བའི་ཕུག་པ་ནས་སྤྱན་དྲངས་པའི་རྟ་མགྲིན་སྙིང་ཐིག་སྙིང་པོ་དོན་སྦྱོར་གྱི་རྩ་བའི་དབང་བཞི་རྒྱས་པ་ལྷ་དབང་བཅས། གཏོར་དབང་། བརྒྱུད་འདེབས། ཚོགས་མཆོད། ལས་བྱང་ཁྱེར་བདེ། དབང་ཆེན་དང་གཏོར་དབང་གི་ཆོ་ག །བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་ཞི་ཁྲོ་རབ་འབྱམས། སྤྲུལ་སྐུ་རྡོ་རྗེ་འཆང་ཆེན། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། ཤྲཱི་སིཾ་ཧ། པདྨཱ་ཀ་ར། མཁར་ཆེན་མཚོ་རྒྱལ། རྒྱལ་བ་མཆོག་དབྱངས། ཆོས་བློ་མགོན་པོ། གྲུབ་ཆེན་མཆོག་ལྡན་རྡོ་རྗེ་དང་ཇོ་མོ་སྒྲོལ་མ་ཟུང་གིས་གཏེར་རྒྱ་བཀྲོལ་ནས་གཏན་ལ་ཕབ། ཡབ་ཡུམ་གཉིས་པོ་ཟུང་འཇུག་རྡོ་རྗེའི་སྐུ་བསྒྲུབས། གཏེར་དཔེ་བཀའ་སྲུང་རྣམས་ལ་གཉེར་དུ་གཏད་པ་ཕྱིས་སུ་ཉིད་ཀྱི་སྐྱེ་བ་གཏེར་ཆེན་སྟག་ཤམ་རྡོ་རྗེ་ལ་མཁའ་འགྲོ་གཏད་རྒྱའི་བརྒྱུད་པར་བབས་ནས། ཆོས་བདག་བསམ་གཏན་བསྟན་འཛིན། ནམ་མཁའ་རྡོ་རྗེ། པདྨ་རྣམ་རྒྱལ། རྟ་མཆོག་ཆོས་གྲགས། ཆོས་སྐྱོང་མགོན་པོ། ཆོས་ཀྱི་སེང་གེ །དེ་ལས་དབང་ཆེན་ནོས། ཡང་རྟ་མཆོག་ནས། བསོད་ནམས་རྣམ་རྒྱལ། མགོན་པོ་རྡོ་རྗེ། དེ་ལས་དབང་གཉིས་ཀ་ནོས། ཡང་རྟ་མཆོག་ནས་རྟ་མགྲིན་ལྷུན་པོ། པདྨ་ཤེས་རབ་ལས་གཏོར་དབང་དང་གཞུང་གི་ལུང་ཡོངས་རྫོགས་ནོས་སོ། །གྲོལ་ཏིག་དགོངས་པ་རང་གྲོལ་ལས་བྱུང་བའི་དབང་ཆེན་དྲེགས་པ་ཀུན་འདུལ་གྱི་དབང་། དྲེགས་འདུལ་གྱི་འདོན་ཆ་ཟུར་བཀོལ། སྲུང་འཁོར་གུད་ཕྱུང་། བསྙེན་དབང་རྣམས་རྩ་གཞུང་དང་། གསང་བ་གཅིག་སྒྲུབ་དབང་ཆོག་རྣམས། བརྒྱུད་པ་ནི། གྲོལ་ཏིག་གོང་སྨོས་རྣམས་དང་མཚུངས་སོ། །རིག་འཛིན་འཇའ་ཚོན་སྙིང་པོས་ལྷ་རི་སྣང་མཐའི་སྐུ་རྒྱབ་ནས་བཏོན་པའི་རྟ་ཕག་ཡིད་བཞིན་ནོར་བུའི་བྱིན་རླབས་དབང་བཞི། བརྒྱུད་འདེབས། ལས་བྱང་ཚིག་དོན་དབྱེར་མེད་གཏེར་གཞུང་། དབང་ཆོག །བརྒྱུད་པ་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་སོགས་དང་འདྲའོ། །གནམ་ཆོས་རྟ་མགྲིན་བར་ཆད་ཀུན་སེལ་གྱི་དབང་། སྒྲུབ་ཐབས་བཅས། བརྒྱུད་པ་ནི། གནས་མདོ་སྟོད་བརྒྱུད་ལྟར་ལ། བདེ་ཆེན་སྙིང་པོ། གུ་རུ་མ་ཎི། དེས་སོ། །ཨཱརྻ་ས་ལེ་འོད་དང་གྲུབ་ཆེན་ཆོས་བློ་མགོན་པོའི་ཡང་སྲིད་པདྨའི་ཐུགས་གཏེར་བཅུ་གཉིས་ཀྱི་བདག་པོ་ཨོ་རྒྱན་བསམ་གཏན་གླིང་པས་ལྷོ་ཕྱོགས་སྦས་ཡུལ་པདྨོ་བཀོད་པའི་ཕྱི་གླིང་བྱང་དབུས་དགའ་བ་ཚལ་ནས་ངོ་མཚར་བའི་བཀོད་པ་དང་ཆོས་རྟེན་དམ་རྫས་དཔག་ཏུ་མེད་པའི་རྒྱ་བཀྲོལ་བར་མཛད་པ་ལས་བྱོན་པའི་ཡི་དམ་དགོངས་པ་འདུས་པའི་ཆོས་སྡེ་ཆེན་པོ་ལས། སྤྱི་སྡོམ་རྩ་བའི་དབང་། སྤྱི་འགྲོའི་རྗེས་གནང་། སྔོན་འགྲོ་ཆ་གཉིས་གཏོར་མ། ཕྲིན་ལས་རྒྱུན་ཁྱེར་ལས་བྱང་བསྡུས་པ། ཡི་གེ་དྲུག་པའི་ལས་བྱང་གསང་བ་གཅིག་གྲུབ་རྣམས་གཏེར་གཞུང་། སྤྱི་སྡོམ་རྩ་བའི་དབང་དང་རྩ་གསུམ་སྤྱིའི་རྗེས་གནང་གི་ཆོག་ཁྲིགས་བཅས། རྩ་དབང་དང་ལུང་བརྒྱུད་ནི། འོད་དཔག་མེད། རྟ་མཆོག་ཧེ་རུ་ཀ །འཕགས་པ་ཀླུ་སྒྲུབ། སློབ་དཔོན་ཆེན་པོ། མཁའ་འགྲོ་མཚོ་རྒྱལ། དཔའ་བོ་ཨཱརྻ་ས་ལེ། གྲུབ་ཆེན་ཆོས་བློ་མགོན་པོ། སྟག་ཤམ་ནུས་ལྡན་རྡོ་རྗེ། ཨོ་རྒྱན་ཆོས་རྗེ་གླིང་པ། ཀུན་བཟང་ནམ་མཁའ་རྡོ་རྗེ། ཀུན་བཟང་པདྨ་རྣམ་རྒྱལ། ཨོ་རྒྱན་རྟ་མཆོག་ཆོས་གྲགས། ཡོངས་འཛིན་རྟ་མགྲིན་ལྷུན་པོ། འདྲེན་མཆོག་པདྨ་ཤེས་རབ། དེས་བདག་ལའོ། །རྗེས་གནང་ནི། གཏེར་སྟོན། བསམ་གཏན་བསྟན་འཛིན་སོགས་རྡོ་རྗེ་དྲག་རྩལ་དང་འདྲ། རྗེ་བླ་མ་འོད་གསལ་སྤྲུལ་པའི་རྡོ་རྗེའི་དག་སྣང་སྙན་བརྒྱུད་སྐོར་ལས་སློབ་དཔོན་ནཱ་གཱརྫུ་ནས་བསྩལ་པའི་རྟ་མཆོག་རོལ་པའི་སྙིང་ཐིག་གི་དབང་། གཏེར་གཞུང་ཚང་བ། རྒྱུན་ཁྱེར་ཉིད་མཛད། ཕྲིན་ལས་དབང་ཆོག་བཅས། བརྒྱུད་པ་དབང་ཆེན་རྟ་མགྲིན། ཀླུ་སྒྲུབ་དང་པདྨ་རྒྱལ་པོ། རྗེ་གཏེར་ཆེན་བླ་མ་ཉིད་ལས་སོ། །མཆོག་གྱུར་གླིང་པའི་ཟབ་གཏེར་ཐུགས་དམ་ཟབ་པ་སྐོར་བདུན་གྱི་ནང་ཚན་རྟ་མགྲིན་དབང་གིས་ཟབ་པའི་རྩ་དབང་། བརྒྱུད་འདེབས། རྟ་མགྲིན་ཡང་ཕྱུང་དམར་པོའི་ལས་བྱང་གཏེར་གཞུང། སྨན་མཆོད། སྐོང་བ་དབེན་རྩ་མ། དབང་ཆོག །གཏོར་ཟློག་གཏེར་སྟོན་ཉིད་ཀྱིས་ལྗགས་བསྒྲིགས་བཅས། ཟངས་བྱང་མའི་རྟ་མགྲིན་སྙིང་པོ་དོན་འདུས། གཏོར་དབང་བཅས། བརྒྱུད་པ། བླ་མ་སྐུ་གསུམ་སོགས་གསུང་སྒྲུབ་སྤྱི་ལྟར་ལ། ལྷ་སྲས་དམ་འཛིན། གཏེར་ཆེན་ཉིད་ཀྱི་ཞལ་སྔ་ནས། ཁོ་བོ་ལ་བཀའ་དྲིན་དུ་ཐོབ་པའོ། །གཉིས་པ་ཤིན་ཏུ་དྲག་པོར་ཁྲོས་པ་ལས་ཀྱི་ལྷ་མཆོག་རྟ་མགྲིན་ནག་པོའི་སྐོར་ལ། སྤྱན་རས་གཟིགས་དངོས་བྱང་སེམས་ཟླ་བ་རྒྱལ་མཚན་ལུགས་ཀྱི་རྟ་ནག་ལྕགས་རལ་ཅན་གྱི་རྗེས་གནང་། སྒྲུབ་ཐབས། གཏོར་འབུལ། ནད་གསོ། སྟེང་གདོན་གཟིར་བ། ལུས་སྲུང་། སེར་སྲུང་། ཕྱིར་ཟློག །རྗེས་གནང་ཡི་གེ་དང་བཅས་རྩ་གཞུང་ཚང་བ། སྒྲུབ་ཐབས་དང་རྗེས་གནང་ཆོག་ཁྲིགས་བཅས། བརྒྱུད་པ་ནི། དཔལ་རྟ་མགྲིན། བྱང་སེམས་ཟླ་རྒྱལ། ཞང་སྐྱི་ཚ་འོད། ཞང་དབུ་དཀར། ཞང་ལོ་ཙཱ། ཞང་བྱང་རིན། དཔལ་རྒྱལ་གྲུབ། འཛིམས་པ་རྒྱལ་མཚན་དཔལ། སྤང་སྒང་པ་པ་གྲགས་དཔལ། རིན་ཆེན་བརྩོན་འགྲུས། མཁས་བཙུན་བྱང་སེང་། ས་བཟང་འཕགས་པ། ངོར་ཆེན། ཁ་ཆར་མཁན་ཆེན། བསོད་ནམས་སེང་གེ །ཡོངས་འཛིན་དཀོན་མཆོག་འཕེལ་བ། རྗེ་སངས་རྒྱས་སེང་གེ །པཎ་ཆེན་ནམ་མཁའ་དཔལ་བཟང་། ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། བྱམས་པ་ནམ་མཁའ་འཆི་མེད། མཁས་དབང་ཀུན་དགའ་དོན་གྲུབ། དགེ་འདུན་རྒྱ་མཚོ། ཐར་རྩེ་རྡོ་རྗེ་འཆང་ཀུན་དགའ་བསྟན་འཛིན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། །དེས་བདག་ལའོ། །རྗེས་གནང་བརྒྱུད་ལུགས་གཅིག་ནི། ཞང་བྱང་རིན་ནས། ལྕེ་སྟོན་སངས་རྒྱས་དཔལ། ཧཱུྃ་འབར་བ། བུར་སྒོམ་ནག་པོ། བཀྲ་སེང་བ། མཁས་གྲུབ་བློ་སེང་། ཀུན་ཤེས། ཀུན་དགའ་རྒྱལ་མཚན། ཀུན་མཁྱེན་བཀྲས་རྣམ་པ། བློ་གྲོས་རྣམ་རྒྱལ། རྗེ་ཀརྨ་ཕྲིན་ལས་པ། དཔལ་གཙུག་ལག་ཕྲེང་བ། རྗེ་དབང་ཕྱུག་རྡོ་རྗེ། ཆོས་ཀྱི་དབང་ཕྱུག །ལུང་རིགས་ཉི་མ། ཀརྨ་ཆགས་མེད། དུལ་མོ་ཆོས་རྗེ། དཔལ་ཆེན་ཆོས་ཀྱི་དོན་གྲུབ། བསྟན་པའི་ཉིན་བྱེད། བདུད་འདུལ་རྡོ་རྗེ། པདྨ་ཉིན་བྱེད་དབང་པོ། ཀརྨ་ཐེག་མཆོག་བསྟན་འཕེལ། དེ་ལས་སོ། །བླ་མ་མངའ་བདག་ཆེན་པོས་མཆིམས་ཕུའི་ཚོགས་ཁང་དང་བསམ་ཡས་མཆོད་རྟེན་ནག་པོ་ནས་ཕྱུངས་པའི་རྟ་མགྲིན་ལྕགས་རལ་ཡང་ཕྱུང་དཔའ་བོ་ལྷ་གཅིག་པའི་དྲེགས་པའི་སྲོག་དབང་དམར་ནག །གཏོར་དབང་ཁྲོ་ཆུང་ཆར་འབེབས། ༢༠༽ སྒྲུབ་ཐབས་གནམ་ལྕགས་རལ་གྲི་ཞེས་བྱ་བའི་ནང་གསེས་སུ་རྫས་སྔགས་ཏིང་འཛིན་གསུམ་པོ་ཁྲོ་ཆུ་ཐོག་དང་རྡོ་རྗེའི་དཔེས་བསྟན་པའི་སྲུང་བ་བསྙེན་པའི་ལས་རིམ་གོ་ལྟ་བུ། སྐུ་གསུང་ཐུགས་ཀྱི་རྟེན་ལ་བརྟེན་ནས་སྒྲུབ་པ་བྱ་བ་ཞར་བྱུང་རྟགས་དང་བཅས་པ། མཎྜལ་ལིངྒ་ཐུན་རྫས་ལ་བརྟེན་ལས་སྤྱི་དང་ཁྱད་པར་གྱི་ལས་རིམ་མཚོན་ཆ་ལྟ་བུ། ལས་ཕྲན་གཞན་ཡང་། སེར་བ་དབབ་པ། སྲུང་བ། ཆར་འབེབས་པ། གཅོད་པ། སྨྱོ་འདུལ། མཛེ་གསོ་བ། སྲིའུ་གསོ་བ། སྡེ་བརྒྱད་སྲོག་འཁོར་ལ་བརྟེན་ནས་ལས་སྣ་ཚོགས་ཀྱི་བསྒྱུར་ཁ་ཅན། གདོན་ཆེན་འདུལ་བ། བཙོ་བ། རྔོད་པ། སྲེག་པ། གཏད་མནན་གྱི་སྦྱོར་བ་ལ་སོགས་རྩ་བའི་གཞུང་ཆོས་ཚན་གཅིག་ལ་ཚང་བ། སྤྱན་འདྲེན། སྐོང་བ། བཤགས་པ། མངའ་གསོལ། ཟློག་པ། དགྲ་ཆོས། རྟ་བྲོ་སྟེ་ལས་རིམ་བདུན། སྒྲུབ་ཐབས་གཏོར་མའི་ཆོ་ག །བཀའ་བསྒོ། མཚམས་གཅོད་ཀྱི་རིམ་པ། ཞལ་གདམས་ཤིན་ཏུ་ཟབ་པ། མན་ངག་གི་སྐོར་ཤིན་ཏུ་ཟབ་པ་ཞེས་པའི་ནང་གསེས་སུ་སྲུང་བ། བསད་པ། ཐལ་རྡེབ། ལས་སྔགས་ཁ་བསྒྱུར་སོགས་ཡོད་པ་ཆོས་ཚན་གཅིག །སྲོག་དབང་ཤིན་ཏུ་གཉན་པའི་བཀའ་རྒྱ་ཅན། དྲག་པོའི་སྦྱིན་སྲེག །དགྲ་སྲི་མནན་པ། རྟ་མགྲིན་དཔེའུ་ཆུང་ཞེས་སྡེ་བརྒྱད་སོགས་ཀྱི་འཁོར་ལོ་བྲི་ཐབས། ལོ་རྒྱུས། ཐུན་མོང་གི་ཟློག་སྔགས། རྗེས་གནང་སྲོག་དབང་བསྐུར་ཚུལ། སྒྲུབ་ཐབས། བཀྲུ་བསྲེག་སོགས་ཀྱི་ཁ་བསྒྱུར་མན་ངག །སྐོང་བཤགས་ལས་བཞི་ལྷུན་གྲུབ། མངའ་གསོལ། ལས་ཚོགས་བརྒྱ་རྩ་བརྒྱད་པ་སློབ་དཔོན་པདྨས་མཛད་པ་སྟེ་འདི་ཡན་རྩ་བ་དང་། དེ་ལ་ཁ་སྐོང་ཟུར་འདེབས་སྐོར་ལ། སྒྲུབ་ཐབས་ཀྱི་འགྲེལ་པ་ཉང་གིས་མཛད་པ་ལ་གྱིང་ཐང་པས་ཞུ་དག་ཅན། ལས་བྱང་སྨིན་གཏེར་གསུང་། བསྙེན་ཡིག་རབ་འབྱམས་གཉིས་པས་མཛད་པ། སྲོག་དབང་གི་ཆོ་ག་བཅས། དབང་བརྒྱུད་ནི། བླ་མ་སྐུ་གསུམ། མཚོ་རྒྱལ། ཁྲི་སྲོང་། གཏེར་ཆེན་ཉང་རལ། གྲུབ་ཐོབ་ཉང་ཞིག་པ། རྒྱལ་སྲས་སྣེའུ་གདོང་པ། ཉི་མ་འོད་ཟེར། སྦྱིན་པ་སེང་གེ །ཡེ་ཤེས་སྙིང་པོ། བཀྲ་ཤིས་རྒྱལ་མཚན། དགེ་འདུན་རྒྱལ་མཚན། བསམ་གཏན་དཔལ་བ། ཉི་མ་རྡོ་རྗེ། ཉི་མ་རྒྱལ་མཚན། ཕྲིན་ལས་དོན་གྲུབ། རི་པ་བརྩོན་རྒྱལ། ངག་དབང་བརྟན་པའི་རྡོ་རྗེ། འཁོན་སྟོན་བསོད་ནམས་བསྟན་འཛིན། གཏེར་ཆེན་འགྱུར་མེད་རྡོ་རྗེ། པདྨ་འགྱུར་མེད་རྒྱ་མཚོ། རིན་ཆེན་རྣམ་རྒྱལ། ཨོ་རྒྱན་བསྟན་འཛིན་རྡོ་རྗེ། བསྟན་འཛིན་ཆོས་རྒྱལ། ལྷ་འདིའི་གྲུབ་བརྙེས་ཀུན་བཟང་ངག་དབང་། དེ་ལས་སོ། །གཏོར་དབང་ནི། བསྟན་འཛིན་ཆོས་རྒྱལ་ནས། ཀུན་གཟིགས་བླ་མ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ། དེ་ལས་སོ། །ཡང་ན་ཉང་ཉི་མ་འོད་ཟེར། ཉང་སྲས་ཆེ་ཆུང་། སྨན་ལུང་པ་མི་བསྐྱོད་རྡོ་རྗེ། གཉན་རས་པ་སངས་རྒྱས་འོད་ཟེར། ཆོས་ཀྱི་བླ་མ། རིག་འཛིན་གཞོན་ནུ་རྒྱལ་པོ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། འོད་གསལ་རང་གྲོལ། རྡོ་རྗེ་རིག་འཛིན། བདེ་ཆེན་རང་གྲོལ། སངས་རྒྱས་བཀྲ་ཤིས། ཀུན་དགའ་དཔལ། སེ་སྟོན་རིན་ཆེན་རྒྱལ་མཚན། མགོན་པོ་ཟླ་བ། ཆོས་ཀྱི་རྒྱལ་པོ། ཆོས་རྒྱལ་དབང་པོའི་སྡེ། ཀརྨ་དོན་ཡོད། ཀརྨ་ཆགས་མེད་ནས་རིམ་པར་བརྒྱུད་པའི་སྲོག་དབང་དང་གཏོར་དབང་གི་རྒྱུན་ཡང་འདུས་སོ། །ལུང་བརྒྱུད་ནི། སྨིན་གླིང་གཏེར་ཆེན་ནས། བླ་མ་པདྨ་དར་རྒྱས། འགྱུར་མེད་པདྨ་བསྟན་འཛིན། དགེ་བའི་བཤེས་གཉེན་རིག་འཛིན་བཟང་པོ། མཐུ་སྟོབས་རྣམ་རྒྱལ། རྗེ་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །བསྙེན་ཡིག་མཛད་པ་པོ་ནས། བསྟན་འཛིན་ཆོས་རྒྱལ། མཐུ་སྟོབས་རྣམ་རྒྱལ། དེས་སོ། །གུ་རུ་ཆོས་ཀྱི་དབང་ཕྱུག་གིས་རྟ་མགྲིན་བྲག་གི་མགུལ་ནས་སྤྱན་དྲངས་པའི་རྟ་ནག་ལྕགས་རལ་ཅན་གྱི་དབང་། ༢༡༽ ལོ་རྒྱུས། ལྷ་བསྒོམ། སྔགས་བཟླས། ཕྲིན་ལས། སྲུང་འཁོར། བུམ་ཆོག །རྫས་ཀྱི་བྱུག་བདུག །རྒྱལ་བསེན་འདུལ་བ། ཆར་དབབ། སེར་སྲུང་། བསད་མནན། སྦྱིན་སྲེག །ཆུང་སྲི་འདུལ་བ། གཏོར་དབང་། ཆུང་སྲི་གནོན་པ། ལས་བྱང་རིན་ཆེན་ཕྲེང་བ་བཅས་གཏེར་གཞུང་ཚང་བ། བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། མཚོ་རྒྱལ། མངའ་བདག །ཆོས་དབང་། ཡར་ཀླུང་སྤྲུལ་སྐུ་མཆེད། སྨན་ལུང་པ་ཤཱཀ་འབུམ་དང་ཤཱཀ་གཞོན། དེ་གཉིས་ཀྱིས་ཆོས་ཀྱི་འོད་ཟེར། རྒྱ་ར་བ་སངས་རྒྱས་ཡེ་ཤེས། རིན་ཆེན་བཟང་པོ། རིན་ཆེན་དབང་ཕྱུག །ནམ་མཁའ་དཔལ། གྲགས་པ་རྒྱལ་མཚན། མཚོ་སྐྱེས་རྡོ་རྗེ། ཀརྨ་གུ་རུ། ཆོས་དབང་བསམ་འགྲུབ། ཆོས་དབང་ཀུན་བཟང་། ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ། མང་ཐོས་མི་འགྱུར་བ་ལས་སྒྲོལ་སྟོན་ཕྱོགས་སུ་རིང་བརྒྱུད་དང་། ཉེ་བརྒྱུད་ཆོས་དབང་རིན་པོ་ཆེའི་ཡེ་ཤེས་ཀྱི་སྐུས་གསང་བའི་མཛོད་གཏད་པ་ཀུན་མཁྱེན་བླ་མ་རྡོ་རྗེ་གཟི་བརྗིད་ལས་བཀའ་དྲིན་དུ་ནོས་པའོ། །རད་གླིང་རྟ་མགྲིན་གསང་འདུས་ཀྱི་ཆ་ལག་ཏུ་བྱོན་པའི་རྟ་མགྲིན་ནག་པོའི་དབང་དྲེགས་པ་སྲོག་གི་རྒྱ་ཅན། སྒྲུབ་ཐབས་མེ་ཕྲེང་གཏེར་གཞུང་། དབང་ཆོག །བརྒྱུད་པ་གོང་སྨོས་རྟ་མགྲིན་གསང་འདུས་རྩ་བ་ལྟར་རོ། །གར་དབང་ཞིག་པོ་གླིང་པས་བསམ་ཡས་བར་ཁང་གི་ཀ་བ་ཨོ་རྒྱན་ཅན་ནས་བཏོན་པའི་རྟ་ནག་ནཱ་ག་ཀླུ་འདུལ་གྱི་དབང། ཡང་གསང་ཐུགས་སྒྲུབ་ལོ་རྒྱུས། དབང་ཆོག །ནག་པོ་ཐུགས་ཀྱི་བསྙེན་སྒྲུབ། ཕྲིན་ལས། ལས་སྦྱོར། དྲག་སྔགས་སྤུ་གྲི་རྣམ་གཉིས། ནག་པོ་དགུ་སྦྱོར། རྫས་ཆེན་བཅོ་ལྔའི་སྦྱོར་བ། མཆོད་བསྟོད་བསྐུལ། བསྐྱེད་རྫོགས། བྷྱོ་བདུན་སྔགས་རྫས། མཛེ་སྲུང་། ཁྲུས་ཆོག །སྦྱིན་སྲེག་བཅས་གཏེར་གཞུང་ཚང་བ། བརྒྱུད་འདེབས་གཏེར་གསུང་། དབང་ཆོག་གསལ་བྱེད་བཅས། བརྒྱུད་པ་ཟབ་བདུན་གྱི་སྐབས་སུ་སྨོས་པ་དང་འདྲའོ། །འདིར་སངས་གླིང་། རྡོར་གླིང་། པད་གླིང་སོགས་གཏེར་རྙིང་རྣམས་ཀྱི་རྟ་ནག་གི་བརྒྱུད་པ་རྙེད་ན་ཕྱིན་ཆད་གཞུག་པར་འོས་སོ། ༈ །གསུམ་པ་ཡང་དག་ཐུགས་སུ་སྒྲུབ་པའི་སྐོར་ལ་གསུམ། ཞི་བ་རྡོར་སེམས། ཁྲོ་བོ་བཛྲ་ཧེ་རུ་ཀ །རིགས་མཐུན་ཕྱག་རྡོར་གྱི་སྐོར་རོ། །དང་པོ་ལ། རྡོར་གླིང་གཏེར་བྱོན་རྡོར་སེམས་འབྲུ་གསུམ་རྒྱལ་བའི་སྤྱི་སྒྲུབ་ལྟ་བ་ཀློང་ཡངས་ལས་ཕྱུངས་པ། བརྒྱུད་པ་དེ་དང་འདྲ། རོལ་རྡོལ་མཚོ་གཏེར་རྒྱལ་བ་ཀུན་འདུས་ཀྱི་གསང་སྒྲུབ་རིགས་འདུས་རྡོ་རྗེ་སེམས་དཔའི་དབང་། དེའི་ལས་བྱང་དང་། ཡང་ཟབ་འཕོ་བའི་གདམས་པ་གཏེར་གཞུང་། དབང་ཆོག །བརྒྱུད་པ་བླ་མ་རྒྱལ་འདུས་ལྟར། རྡོ་རྗེ་ཚེ་དབང་ནོར་བུའི་དགོངས་གཏེར། རྡོར་སེམས་རྒྱུན་གྱི་ཉམས་ལེན་མཁའ་འགྲོའི་སྙིང་ཁྲག་དང་། ཕྱི་ནང་གསང་བ་ཡང་གསང་དེ་ཁོ་ན་ཉིད་ཀྱི་སྒྲུབ་ཐབས། ལུང་བརྒྱུད་རྡོ་རྗེ་སློབ་དཔོན་སྒྲུབ་པའི་སྐབས་ལྟར་ལ། རིག་འཛིན་ཆེན་པོ་ནས། འཇམ་དཔལ་གླིང་པའི་ཕྱོགས་སུ་བརྒྱུད་པ་དེའོ། །གཏེར་ཆེན་མཆོག་གྱུར་གླིང་པས་སེང་ཆེན་གནམ་བྲག་ནས་སྤྱན་དྲངས་པའི་དམ་ཆོས་ཤོག་སྡེ་དྲུག་པ་ལས་རྡོར་སེམས་ཐུགས་ཀྱི་སྙིང་པོའི་དབང་། སྒྲུབ་པའི་ཕྲིན་ལས། སྒྲུབ་ཐབས་སྙིང་པོ་དོན་གསལ། རྫོགས་རིམ་ཟབ་ཁྲིད། བསྙེན་སྒྲུབ་རྒྱུན་གྱི་རྣལ་འབྱོར་བཅས་གཏེར་གཞུང་ཚང་བ། དབང་ཆོག །ཟབ་བདུན་རྒྱུད་ཟབ་ལས་རྡོར་སེམས་ཐུགས་ཀྱི་ཐིག་ལེའི་རྩ་སྒྲུབ་ཉི་ཟླའི་རྒྱ་ཅན། ཙ་འདྲ་རིན་ཆེན་བྲག་གི་གཏེར་བྱོན་གསང་ཐིག་སྐོར་ལས། རྡོར་སེམས་ཕྱག་རྒྱ་གཅིག་པའི་བུམ་དབང་། སྒྲུབ་ཐབས་ཚེ་སྒྲུབ་བཅས་གཏེར་གཞུང། སྐྱབས་སེམས། ཕྲིན་ལས་གནས་ལུང་དང་བཅས་པ། དབང་ཆོག་རྣམས། བརྒྱུད་པ་ནི། ཀུན་བཟང་། རིགས་ལྔ། རྡོར་སེམས། དགའ་རབ། ཤྲཱི་སིང་། པད་འབྱུང་ཡབ་ཡུམ། ལོ་ཆེན་བཻ་རོ། མངའ་བདག་ཡབ་སྲས། ཟབ་གཏེར་གྱི་མངའ་བདག་ཉིད་ནས་བཀའ་དྲིན་དུ་ཐོབ་པའོ། །གཉིས་པ་ཁྲོ་བོ་བཛྲ་ཧེ་རུ་ཀ་ལ། བཀའ་མ་ཟླ་གམ་གཅིག་པ། དགུ་མ། ལྔ་བཅུ་རྩ་བརྒྱད་སོགས་སོ་སོའི་དབང་ཀ་དང་མན་ངག་གི་རྒྱུན་རྒྱ་ཆེར་བྱུང་སྣང་ནའང་། དེང་དུས་ནི་ཟླ་གམ་དགུ་མ་སོ་ལུགས་དང་། འཁོན་ལུགས་ཀྱི་དབང་དང་། རྒྱུད་སྡེ་མང་པོའི་ལུང་རྒྱུན་ཙམ་བཞུགས་ཤིང་། གཞན་ཡང་པཎ་ཆེན་ཤཱཀྱ་ཤྲཱི་ལ་སློབ་དཔོན་རིན་པོ་ཆེས་དངོས་སུ་གནང་བའི་ཡང་དག་མེ་གཅིག་གི་གདམས་པ་ངོ་མཚར་ཅན་སོགས་ཀྱང་བྱུང་བ་ལས། འདིར་གཏེར་མའི་ཕྱོགས་ལས། གཏེར་སྟོན་གྲུབ་ཐོབ་ཀུན་གྱི་རྒྱལ་པོ་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་མཁར་ཆུ་ལྕགས་ཕུར་ཅན་ནས་སྤྱན་དྲངས་པའི་ཨོ་རྒྱན་ཆེན་པོའི་ཐུགས་དམ་སྐོར་གསུམ་གྱི་ནང་ཚན་ཡང་དག་སྙིང་པོ་གསེར་ཞུན་མ་མར་མེ་གཅིག་པའི་དབང་། ཡང་དག་སྙིང་པོའི་དཀར་ཆག །དེས་བསྟན་པའི་སྒྲུབ་སྐོར་ལ་ཕྱི་ནང་གསང་བའི་སྐོར་གསུམ་ལས། དང་པོ་ལ། ཞི་བའི་ལས་རིམ་ཤེལ་ཕྲེང་། ཁྲོ་བོའི་ལས་རིམ་རྡོར་ཕྲེང་། དེ་གཉིས་ཀྱི་ལེ་ལག་བསྟོད་པ་ཚོགས་ལས་སོགས་རྗེས་ཆོག་དང་བཅས་པ། རྩ་བ་ཡང་དག་ཞི་ཁྲོའི་བསྙེན་སྒྲུབ། ལྷ་དགུའི་སྒྲུབ་ཐབས། ཟླ་གམ་གཅིག་པའི་གདམས་པ་སྐུ་གསུང་ཐུགས་སྒྲུབ། ཞི་བ་ཕྱག་རྒྱ་རྐྱང་པ། ཁྲོ་བོ་ཕྱག་རྒྱ་རྐྱང་པ། རུ་ལུ་འཇིག་རྟེན་པ་མགོན་པོར་སྒྲུབ་པ། བསྐྱེད་རིམ་ལྷ་འཁོར་འཕགས་པའི་ལམ་མཆོག་རྡོ་རྗེའི་ཚིག་བདུན་དུ་གྲགས་པ། ཕྲང་གསུམ་འདུས་པའི་ཏི་ཀ་ཟབ་དོན་ཐུན་མོང་མ་ཡིན་པ་རྒྱུད་ལུང་མན་ངག་གི་བཅུད་ཕྱུང་བ་རྣམས་སོ། །གཉིས་པ་ལ། ཡང་དག་མེ་གཅིག་གི་དབང་བྱང། དེའི་ཉམས་ལེན་ཐུགས་ཀྱི་སྒྲུབ་པ་མར་མེ་གཅིག་པ། རྩ་རླུང་གི་གདམས་པ་སྒྲོན་མ་ཚིག་བདུན། བདེ་སྟོང་ཐིག་ལེ་གནད་ཀྱི་ཐབས་ལམ་ལས་རྒྱའི་གདམས་པ། གསང་བ་ཚེའི་སྒྲུབ་པ། བར་དོ་བཞིའི་གནད་ཀྱི་གདམས་པ་རྣམས། གསུམ་པ་ལ། འཆི་བྲོད་ཡེ་ཤེས་ངོས་འཛིན་དོན་ཁྲིད། ལྟ་སྒོམ་མདོར་བསྡུས་ཤོག་གཅིག་མ། གསང་སྒྲུབ་སེམས་དོན་གདམས་པ། དྲིལ་སྒྲུབ་རུ་ལུ་ཡོངས་རྫོགས་རྒྱུན་ཁྱེར་བཅས་གཏེར་གཞུང་ཆ་ཚང་། སྨིན་གླིང་གཏེར་ཆེན་གྱིས་མཛད་པའི་ལས་བྱང་དང་བསྙེན་ཡིག་ཉུང་གསལ། དབང་ཆོག་བཅས། བརྒྱུད་པ་ནི། ཀུན་བཟང་། རིགས་ལྔ། རྡོ་རྗེ་འཆང་། རྡོ་རྗེ་ཆོས། ལས་ཀྱི་དབང་ཆེན། ཨིནྡྲ་བྷུ་ཏི། ཤྲཱི་སིཾ་ཧ། གོ་མ་དེ་བཱི། ཧཱུྃ་ཀཱ་ར། ཨོ་རྒྱན་ཆེན་པོ། གནུབས་ནམ་མཁའི་སྙིང་པོ། མཚོ་རྒྱལ། གནུབས་སངས་རྒྱས་ཡེ་ཤེས། ཆོས་དབང་། པདྨ་དབང་ཆེན། མར་སྟོན་སངས་རྒྱས། གཉན་སྟོན་ཆེན་པོ། ཆོས་ཉིད་རང་གྲོལ། སངས་རྒྱས་ལྷུན་གྲུབ་དབང་པོ། ཀུན་དགའ་བཀྲ་ཤིས། རྒྱལ་སྲས་ཆོས་རྗེ། ཤཱཀྱ་རྒྱལ་བཟང་། ཆོས་འཕགས་བཟང་པོ། འཇམ་དབྱངས་རྒྱལ་མཚན། མངའ་རིས་པཎ་ཆེན། ཉི་ཟླ་འོད་ཟེར། སྐྱི་མགོན་པོ། སྐྱི་རིན་ཆེན་ཕུན་ཚོགས། སྐྱི་པདྨ་དབང་ཆེན། འགྱུར་མེད་རྡོ་རྗེ། པདྨ་འགྱུར་མེད་རྒྱ་མཚོ། རིན་ཆེན་རྣམ་རྒྱལ། ཨོ་ཌཱི་ཡ་ན། ཕྲིན་ལས་རྣམ་རྒྱལ། དཔང་སྟོན་པདྨ་ཚེ་དབང་། བསྟན་འཛིན་མཁྱེན་རབ་མཐུ་སྟོབས། ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེ། དེས་བདག་ལའོ། །དགེ་སློང་ནམ་མཁའི་སྙིང་པོའི་རྣམ་འཕྲུལ་མང་པོ་བྱང་ཆུབ་གླིང་པ་དཔལ་རྒྱལ་མཚན་གྱིས་དཔལ་མོ་དཔལ་ཐང་གི་ནུབ་ཕྱོགས་བྱ་མང་ཕུག་ནས་སྤྱན་དྲངས་པའི་ཀུན་བཟང་ཐུགས་གཏེར་ལས་ནང་གཏེར་ར་སྐོར་ལས་སྒྲོན་མ་དྲུག་གི་གཉིས་པ་ཞི་ཁྲོ་ཕུར་གསུམ་གྱི་དབང་། ཚེ་དབང་། ལས་བྱང་། བཀའ་སྲུང། ཚེ་སྒྲུབ་དང་བཅས་པ། བརྒྱུད་པ་ནི། ཀུན་བཟང་། རྡོ་རྗེ་འཆང་། ཕྱག་རྡོར། ཕག་མོ། ཨོ་རྒྱན་ཆེན་པོ། ནམ་མཁའི་སྙིང་པོ། གཏེར་སྟོན་དཔལ་རྒྱལ་མཚན། དེ་ནས་སྲས་བརྒྱུད་དང་སློབ་བརྒྱུད་གཉིས་ལས་བྱོན་ཀྱང་ཕྱིས་འདིར་རྒྱུན་ཚང་བ་མི་བཞུགས་པ་ལས། བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པས་ལུང་ཚན་ཐོར་བུའི་རྒྱུན་འབད་པས་བཙལ། རྗེ་ཉིད་སྲས་བསམ་གྲུབ་རྡོ་རྗེར་འཁྲུངས་པའི་བག་ཆགས་གསལ་བར་སད་ཅིང་གཏེར་སྟོན་ཆེན་པོས་ཉེ་བརྒྱུད་བསྩལ་པ་ལ་བརྟེན་ནས་སྨིན་གྲོལ་ཡོངས་རྫོགས་བཀའ་དྲིན་ཆེན་པོས་བསྩལ་པའོ། །རཏྣ་གླིང་པས་བསམ་ཡས་ཨརྻ་པ་གླིང་ནས་བཏོན་པའི་ཡང་དག་སྒྲུབ་ཐབས། ལུང་བརྒྱུད་དཔལ་ཡུལ་སྤྱི་མཚུངས། གྲོལ་ཏིག་ཆོས་སྡེ་ཡང་དག་ཐིག་ལེ་གཅིག་མ་ཟབ་ལུང་གཏེར་བྱོན། བརྒྱུད་པ་དེ་མཚུངས། ཆོས་རྗེ་གླིང་པས་བདུད་རི་གནམ་ལྕགས་འབར་བ་ནས་མཚོ་གཏེར་དུ་བཞེས་པ་ཚེ་གཅིག་བྱང་ཆུབ་སྒྲུབ་པའི་གསེང་ལམ་ཡང་དག་ཐུགས་ཀྱི་སྙིང་པོའི་དབང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོ །ཡང་དག་ཐུགས་སྒྲུབ། ཕྱག་ཆེན་དྲི་མེད་རང་གསལ་ཁྲིད་རིམ། ཉིན་མཚན་དང་འདའ་ཁའི་བོགས་འབྱིན། གསང་སྤྱོད་དང་འབྲེལ་བ་བདུད་རྩི་ཀུན་ཁྱབ་གཏེར་སྲུང་དྲིལ་སྒྲུབ་བཅས་གཏེར་གཞུང་། སྔོན་འགྲོའི་ལྷན་ཐབས། སྒྲུབ་ཐབས་ཆོག་ཁྲིགས། ཞི་བའི་སྦྱིན་སྲེག །བདུད་རྩི་རིལ་སྒྲུབ། འཕོ་བའི་སྔོན་འགྲོ །བར་དོའི་རྣམ་གཞག །གསང་སྤྱོད་ལྷན་ཐབས། ཉིན་ཞག་ཕྲུག་གཅིག་གི་ཉམས་ལེན་བྱ་ལུགས་རྣམས་གཏེར་སྟོན་ཉིད་ཀྱིས་མཛད་པ། བསྙེན་ཡིག་ཉུང་ངུ་རྣམས། བརྒྱུད་པ་ནི། དཔལ་ཆེན་ཧེ་རུ་ཀ །རྡོ་རྗེ་ཧཱུྃ་མཛད། པདྨ་ཐོད་ཕྲེང་། མཁར་ཆེན་མཚོ་རྒྱལ། རྒྱལ་སྲས་ལྷ་རྗེ། འཛམ་གླིང་བདེ་བའི་རྡོ་རྗེ། ནམ་མཁའ་རྡོ་རྗེ། པདྨ་རྣམ་རྒྱལ། རྟ་མཆོག་ཆོས་གྲགས། རྟ་མགྲིན་ལྷུན་པོ། རྒྱལ་དབང་ཐེག་མཆོག་རྡོ་རྗེ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །འདིའི་དབང་སྐྱོ་བྲག་ཚོགས་གཉིས་ཕྱོགས་ལས་བརྒྱུད་པ་ཞིག་ཀྱང་ཐོབ་བོ། །འདིའི་རྫོགས་རིམ་གྱི་ཁྲིད་རྒྱུན་གཏེར་ཁ་འདི་རང་གི་ཡིག་ཆའི་སྟེང་ནས་དམིགས་བསལ་མི་བཞུགས་ཀྱང་། བདེ་མཆོག་སྙན་བརྒྱུད་ཀྱི་སྐོར་དང་དམིགས་པའི་ངོ་བོ་གཅིག་ཏུ་འབབས་པས། དེའི་ཁྲིད་རྒྱུན་གཏེར་ཆེན་མཆོག་ནས་བརྒྱུད་པ་བར་མ་ཆད་པ་བཞུགས་པས་དོན་གྱི་ཁྲིད་རྒྱུན་ཀྱང་ཚང་བར་སེམས་སོ། །པདྨ་འོད་གསལ་མདོ་སྔགས་གླིང་པའི་སྙན་བརྒྱུད་ཀྱི་ཆོས་སྡེ་ལས། རྡོ་རྗེ་ཧཱུྃ་ཀཱ་རའི་དགོངས་པ། དཔལ་ཆེན་ཡང་དག་ཟབ་ཏིག་གི་རྩ་དབང་དང་། ཚེ་དབང་། སྨན་དབང་། ཟབ་ཁྲིད། གཏེར་གཞུང་ལེའུ་གཅིག་པ་ནང་གསེས་བདུན་པོ་ཆ་ཚང་། དབང་ཆོག །བརྒྱུད་པ་ནི། ཀུན་བཟང་། བཛྲ་ཧེ་རུ་ཀ ཧཱུྃ་ཀཱ་ར། གཏེར་ཆེན་བླ་མ་ཉིད་ནས་བདག་ལའོ། །རྗེ་དེ་ཉིད་དགུང་ལོ་བརྒྱད་པར་བསྙུན་གྱིས་གཙེས་པའི་སྐབས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་སྙན་བརྒྱུད་དུ་བསྩལ་པའི་ཡང་ཕུར་སྦྲགས་མའི་ཟབ་ཏིག་གི་སྟོད་ལས་དང་སྨད་ལས་ཀྱི་རྩ་དབང་། ཚེ་དབང་། གཏེར་གཞུང་རྩ་བ་ཆ་ཚང། ལས་བྱང་། དབང་ཆོག །བརྒྱུད་པ་རྗེ་ཉིད་ནས་བསྩལ་པའོ། །གཏེར་ཆེན་མཆོག་གྱུར་གླིང་པའི་ཟབ་བདུན་ལྕགས་བྱང་མའི་སྐོར་ལས་མཆོག་གྲུབ་ཀྱི་ཟབ་པ་ཡང་དག་ཐུགས་ཀྱི་སྙིང་པོའི་རྩ་དབང་། སྐོང་བཤགས། ཚེ་དབང་། རྒྱུད་ཀྱི་རྩ་དུམ་ལེའུ་གསུམ་པ། རྒྱུད་ཀྱི་དགོངས་འགྲེལ། ཟབ་པའི་དབང་བསྐུར། རྩ་བའི་སྒྲུབ་པ། ཚོམ་བུ་ཚོགས་སྒྲུབ། ཉམས་ལེན་རྒྱུན་གྱི་རྣལ་འབྱོར། ཐུགས་ཁྲིད་ཟབ་མོ། ཐབས་ལམ་རིམ་སྐྱེས་པ་དང་། གཅིག་ཆར་བ་ལ་གདམས་པ། ཕྱག་རྒྱ་བརྟག་ཐབས། ཕྱག་རྒྱའི་བཅུད་སྡུད། དབང་པོ་ལག་པའི་བཅུད་ལེན། རུ་ལུ་ཐུན་མོང་སྒྲུབ་པ། ཕྲིན་ལས། སྐོང་ཆོག །ཚེ་སྒྲུབ་བཅས་གཏེར་གཞུང་ཆ་ཚང་། བརྒྱུད་འདེབས། སྨན་མཆོད། དབང་ཆོག །ཚེ་སྒྲུབ་ཚེ་དབང་སྦྲེལ་མ། ཟངས་བྱང་མའི་སྒྲུབ་པ་གཅིག་དྲིལ། ཟླ་གམ་ལྔ་བཅུ་རྩ་བརྒྱད་པའི་མངོན་རྟོགས་བཅས། བརྒྱུད་པ་ནི། ཀུན་བཟང་། རྡོར་སེམས་ཞི་ཁྲོ །རྡོ་རྗེ་ཧཱུྃ་མཛད། པད་འབྱུང་ཡབ་ཡུམ། ནམ་མཁའི་སྙིང་པོ། མངའ་བདག་ཡབ་སྲས། མཆོག་གྱུར་གླིང་པ། ཀུན་མཁྱེན་རྡོ་རྗེ་གཟི་བརྗིད། དེས་བདག་ལའོ། །ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། རིག་འཛིན་འཛམ་གླིང་རྒྱན་གྱི་དབང་། ཡང་དག་ཧེ་རུ་ཀའི་རིམ་གཉིས་རྒྱུན་གྱི་རྣལ་འབྱོར་རྗེ་བླ་མས་མཛད་པ་ལྟར་ཁྲིད་ལུང་། བརྒྱུད་པ་གཏེར་ཆེན་བླ་མ་གཉིས་ཀ་ལས་ནོས། གསང་ཐིག་སྐོར་ལས་ཡང་དག་ཕྱག་རྒྱ་གཅིག་པའི་གཏོར་དབང་། སྒྲུབ་ཐབས་གཏེར་གཞུང་། ཁ་སྐོང་། ཚོགས་མཆོད། དབང་ཆོག་བཅས། བརྒྱུད་པ་གསང་ཐིག་སྔ་མ་དང་མཚུངས་ལ། གཏེར་ཆེན་མཆོག་གླིང་ལས་ནོས་པའོ། །གསུམ་པ་རིགས་མཐུན་ཕྱག་རྡོར་གྱི་སྐོར་ནི། ཕྱག་རྡོར་གྱི་སྐོར་རྣམས་ཐུགས་རིགས་ཀྱི་དབང་དུ་བྱས་ཏེ་འདིར་འགོད་པ་ལ། སྤྱིར་ཕྱག་རྡོར་བཀའ་མ་རྒྱ་འཇམ་དཔལ་གསང་བའི་ལུགས་སོགས་སྔར་གདམས་ཟབ་ཁྱད་པར་ཅན་བྱུང་བར་སྣང་ནའང་དེང་སང་རྒྱུན་མི་བཞུགས་པར་མངོན། འདིར་ཆོས་དབང་རིན་པོ་ཆེའི་ཟབ་གཏེར་སྒྲུབ་ཡིག་ཐོར་བུ་བཅོ་བརྒྱད་ཀྱི་ནང་ཚན་བླ་མ་གསང་འདུས་ཀྱི་ཐེམ་མེད་དུ་གཏོགས་པ་གཏུམ་པོ་སེང་གེ་སྒྲ་སྒྲོག་མེ་ལྕེ་ཕྲེང་བའི་དབང་། གཏེར་གཞུང་བསྙེན་པ། སྒྲུབ་སྔགས། ལས་སྦྱོར་སེར་འབེབས། རིག་སྔགས་ཟློག་པ། སེར་སྲུང་། མཛེ་སྲུང་། གཡག་རུ་སེར་སྲུང་། ཆུ་མིག་རྐུ་བ། ཆུ་གཏེར་འདོན་པ། ཤྭ་ཟློག་པ། ཞར་བྱུང་ཀླུ་ཆེན་བརྒྱད་ཀྱི་སྔགས་མཐའ་བསྒྱུར་སྤེལ་ཚིག་གི་བར་སྡེ་ཚན་གཅིག་ལ་དོན་བཅུ་གཉིས་བསྟན་པ། གཏུམ་པོའི་ལས་བྱང་། དབང་ཆོག་ཁྲ་ཚང་པས་མཛད་པ། བརྒྱུད་འདེབས་དང་བསྙེན་ཡིག་བསྟན་འཛིན་བདུན་པ་དང་རྒྱུན་ཁྱེར་རྗེ་བླ་མས་མཛད་པ་བཅས། བརྒྱུད་པ་ནི། ཀརྨ་གུ་རུ་ཡན་གསང་འདུས་དབང་བརྒྱུད་ལྟར་ལ། དེ་ནས་ཀརྨ་དབང་འབྱོར། ཁྲ་ཚང་པ་ཕྱིན་ལུང་ཡོངས་རྫོགས་དང་འདྲ་བ་ལས། དཔང་པདྨ་ཚེ་དབང་། སྒྲོལ་སྟོན་ཆོས་རྒྱན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །སྔགས་འཆང་ཤཱཀྱ་འོད་ཀྱི་སྐྱེ་བ་དབུ་རུ་ལྷ་སའི་སྟོན་པ་ཤཱཀྱ་འོད་ཀྱིས་བྱང་པྲ་དུན་རྩེ་ནས་སྤྱན་དྲངས་ཤིང་ཐུགས་ཉམས་སུ་བཞེས་ཏེ་ཤོག་སེར་མཁའ་འགྲོ་ལ་གཉེར་དུ་གཏད་པ་ཌཱ་ཀི་ནཱིས་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཕྱག་ཏུ་ཕུལ་ནས་གཏན་ལ་ཕབ་པ། ཕྱག་རྡོར་རྡོ་རྗེ་མེ་འབར་གྱི་དབང་། སྒྲུབ་ཐབས་ལས་ཚོགས་དབང་བཅས་གཏེར་གཞུང་། སྒྲུབ་ཕྲིན་དབང་ཆོག་ཁྲིགས་བཀོད་བཅས། བརྒྱུད་པ་ནི། གསང་བའི་བདག་པོ། ཨོ་རྒྱན་ཡབ་ཡུམ། ཤཱཀྱ་འོད། གཏེར་ཆེན་མདོ་སྔགས་གླིང་པ། དེས་བདག་ལའོ། །ལྷ་ལྕམ་པདྨ་གསལ་གྱི་སྐྱེ་བ་ལས་འབྲེལ་རྩལ་གྱིས་ཁྲ་མོ་བྲག །རྡོ་རྗེ་གླིང་པས་རྒྱ་གར་ཕ་ཝང་རུ་སྦལ་ནག་པོ། པདྨ་གླིང་པས་མཚལ་མདོ་ཕྲ་རིང་བྲག་ནས་སྤྱན་དྲངས་པའི་ཕྱག་རྡོར་དྲེགས་པ་ཀུན་འདུལ་གྱི་ཆོས་སྐོར་གསུམ་པོ་ཆོས་ཚན་མང་ཉུང་ཕྲན་བུ་ཙམ་ལས་ཕལ་ཆེར་ཞུ་དག་བཏུབ་ཅིང་བརྒྱུད་སྲོལ་གཅིག་ཏུ་འདུས་པའི་གཏེར་ཁ་སུམ་ལྡན་གྱི་རྩ་བའི་དབང་། ནང་སྒྲུབ་ཀྱི་བྱིན་རླབས། གཏོར་དབང་། ༢༢༽ དྲེགས་འདུལ་ཐུགས་སྒྲུབ་ཀྱི་ལས་བྱང་གནམ་ལྕགས་འོད་དྲྭ་གཏེར་གཞུང་། དབང་ཆོག །བསྙེན་ཡིག །སྐུ་སྒྲུབ་ཀྱི་ལས་ཚོགས་ཉེར་མཁོ་ཀླུ་ཆོག་གདེངས་ཅན་བདུད་རྩི་པདྨ་འགྱུར་མེད་རྒྱ་མཚོས་མཛད་པ། ཞར་བྱུང་གཏེར་ཆེན་རིན་པོ་ཆེའི་གསུང་ཀླུ་གཏོར་གདེངས་ཅན་དགའ་བྱེད་བཅས། རྩ་དབང་གི་བརྒྱུད་པ་ནི། ཀུན་བཟང་། ཕྱག་རྡོར། དགའ་རབ། ཨོ་རྒྱན་ཡབ་ཡུམ། ལས་འབྲེལ་རྩལ། ལེགས་ལྡན་པ། སྲས་ལེགས་རྩལ། ཡོན་སྟོན། རྡོ་རྗེ་གདན་པ། ཆོས་སྐུ་འོད་ཟེར། ཡེ་ཤེས་ཀུན་དགའ། པདྨ་འོད་ཟེར། ག་ག་ཤྲཱི། རྩེ་ལེ་རིག་འཛིན། ཀརྨ་གུ་རུ། བཀྲ་ཤིས་ལྷུན་གྲུབ། བསྟན་འཛིན་འགྱུར་མེད། མདོ་སྔགས་བསྟན་འཛིན། ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ། ཡང་རྡོར་གླིང་གཏེར་བརྒྱུད་ལྟར་ན། རྡོ་རྗེ་གླིང་པ། ཐུགས་སྲས་པ། ཆོས་ཉིད་རང་གྲོལ། རས་ཆེན་པ། བསོད་ནམས་མཚན་ཅན། འཁྲུལ་ཞིག་པ། ཛམ་གླིང་གྲགས་པ། པདྨ་གྲགས་པ། ལུང་རིགས་རྒྱ་མཚོ། བསྟན་འཕེལ་རྒྱ་མཚོ། གཞན་ཕན་རྣམ་རོལ། གཏེར་བདག་གླིང་པ། ཡང་པད་གླིང་གཏེར་བརྒྱུད་ལྟར་ན། གཏེར་སྟོན་ནས་གྲུབ་པ་ཀུན་འདུས། བསྟན་འཛིན་གྲགས་པ། མདོ་སྔགས་བསྟན་འཛིན། ཕྲིན་ལས་ལྷུན་གྲུབ། བརྒྱུད་པ་ཀུན་འདུས་གཏེར་བདག་གླིང་པ་ནས། རིན་ཆེན་རྣམ་རྒྱལ། ཨོ་ཌཱི་ཡ་ན། ཕྲིན་ལས་རྣམ་རྒྱལ། པད་སྤྲུལ་པདྨ་དབང་རྒྱལ། སྒྲོལ་སྟོན་ཆོས་ཀྱི་རྒྱལ་མཚན། ངོར་པ་དཔོན་སློབ་ངག་དབང་ལེགས་གྲུབ། དེས་བདག་ལའོ། །གཏེར་གཞུང་ལུང་བརྒྱུད་རིན་རྣམ་ནས། པདྨ་དགྱེས་པ། ཤཱནྟ་བཛྲ། ཨོ་རྒྱན་ཕུན་ཚོགས། པད་སྤྲུལ་ཕྱིན་སྔར་ལྟར་རོ། །ཡང་པད་གླིང་དྲེགས་འདུལ་སྒེར་བརྒྱུད། པད་གླིང་། ཆོས་རྗེ་དོན་གྲུབ་རྣམ་གཉིས། གཉིས་ཀས་བསྟན་འཛིན་གྲགས་པ། ཐུགས་སྲས་པདྨ་ཕྲིན་ལས། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། བསྟན་འཛིན་འགྱུར་མེད་རྡོ་རྗེ། ངག་དབང་ཀུན་བཟང་རྡོ་རྗེ། འགྱུར་མེད་མཆོག་གྲུབ་དཔལ་འབར། བསྟན་འཛིན་གྲུབ་མཆོག་རྡོ་རྗེ། པདྨ་ཁྱབ་བདག །ཀུན་བཟང་འཇིགས་མེད་ཆོས་གྲགས། ཡང་སྲིད་ཆོས་ཀྱི་ཉི་མ། རྗེ་གསང་སྔགས་མགོན་པོ། དེས་བདག་ལའོ། །ཀླུ་ཆོག་མཛད་པ་པོ་ནས། འགྱུར་མེད་སྐལ་བཟང་། པདྨ་བསྟན་འཛིན། རིག་འཛིན་བཟང་པོ། བསྟན་འཛིན་ཆོས་རྒྱལ། མཐུ་སྟོབས་རྣམ་རྒྱལ། མཁྱེན་བརྩེའི་དབང་པོ། དེ་ལས་སོ། །བྱང་ཆུབ་གླིང་པ་དཔལ་རྒྱལ་མཚན་གྱི་ཟབ་གཏེར་ཕྱག་རྡོར་གཏུམ་པོ་དྲག་པོ་ཆེན་པོའི་དབང་། ༢༣༽ འདིའི་གཏེར་གཞུང་ཉུང་ལ་འདྲིལ་བ་ཞིག་བཞུགས་པར་སྣང་བ་རྒྱུན་རྙེད་ན་འདིར་འགོད། བཻ་རོ་དང་སྐ་བ་དཔལ་བརྩེགས་ཟུང་འཇུག་གི་རྣམ་འཕྲུལ་གྲྭ་པ་མངོན་ཤེས་དབང་ཕྱུག་འབར་གྱི་ཟབ་གཏེར་ཕྱག་རྡོར་ཁང་བུ་བརྩེགས་པའི་དབང་། ༢༤༽ འདིའི་གཏེར་གཞུང་བར་སྐབས་ནས་རྒྱུན་མེད་པར་མངོན་ནོ། །གཏུམ་པོ་དམར་པོའི་སྒྲུབ་དཀྱིལ་ཇོ་ནང་རྗེ་བཙུན་གསུང་། འདིའི་དབང་མི་བཞུགས་ཀྱང་ལུང་རྒྱུན་ཙམ་ལ་བསམས་ནས་བཀོད། རིན་འབྱུང་ལས་ཁོལ་དུ་ཕྱུང་བའི་རྗེས་གནང་། བརྒྱུད་པ་ནི། སློབ་དཔོན་པདྨ། གྲྭ་པ་མངོན་ཤེས། བུར་པ་བསོད་རིན། སྒོམ་ཆེན་སྨོན་ལམ་འབར། གུང་ཆུང་སྟོན་པ། ཤ་མི་སྒོམ་ཆེན། དོལ་པ་བཛྲ་པཱ་ཎི། རྒྱ་བྱང་ཆུབ་སེམས་དཔའ། བྲག་དཀར་སྨན་བླ། དཀོན་མཆོག་གཞོན་ནུ། མང་མཁར་ཚུལ་གཞོན། ཆོས་དཔལ་བཟང་པོ། བླ་མ་སངས་རིན་པ། ཀུན་དགའ་སེང་གེ །ཆོས་ཀྱི་སེང་གེ །འཇམ་དབྱངས་བློ་གྲོས། ཕུར་པ་སྐྱབས། ཚུལ་ཁྲིམས་རྒྱ་མཚོ། ཏཱ་ར་ནཱ་ཐ་སོགས་རིན་འབྱུང་བརྒྱུད་པ་ལྟར་རོ། །གཏེར་ཆེན་སངས་རྒྱས་གླིང་པས་ཀྱེན་མཐོ་ལྡིང་དུང་ལ་བྲག་པདྨ་ཅན་ནས་བཏོན་པའི་ཕྱག་ན་རྡོ་རྗེ་ཁྱུང་གསང་བ་ཡང་ཁོལ་གྱི་དབང་། འཕགས་པ་ལག་ན་རྡོ་རྗེ་ཁྱུང་གི་གསང་སྒྲུབ་ཅེས་བྱ་བའི་རྒྱུད་རྒྱ་སྐད་ཅན་ལ་བྱུང་བ་གླེང་གཞིའི་ལེའུ་ནས་རྗེས་སུ་ཡི་རང་བར་གྱི་ལེའུ་བཅུ་དགུ་ཡོད་པ། མཚོ་རྒྱལ་གྱི་ཞལ་གདམས་ལུང་བྱང་བཅས་པ། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་ཅན་གྱི་སྒྲུབ་ཐབས་ཞེས་བྱ་བ་རྒྱ་སྐད་ཅན་ལ། དབང་བསྐུར། སྲུང་བ། སྦྱིན་སྲེག །མནན་པ། བསད་པ། རྫས་སེར་གློ་བུར་དུ་དབབ་པ། གདུག་པའི་ཕུར་གཏད་ནག་པོ་བཅས་དོན་བདུན་གྱིས་བསྟན་པ། རྒྱུད་གླེང་གཞི། མཚན་ཉིད། རབ་དབྱེ་གསུམ་གྱིས་བཤད་པའི་ཐབས་སློབ་དཔོན་ཆེན་པོའི་གསུང་། མནན་པ་འཁོར་ལོའི་མན་ངག་ལྷ་འདྲེ་ངོས་བཟུང་བའི་ཐབས་ཟབ་མོ་བསྙེན་སྒྲུབ་ལས་སྦྱོར་གྱི་ཆོ་གའི་རིམ་པ། གཏོར་མའི་ལས་རིམ་མདོར་བསྡུས། སྒོམ་བཟླས་རྒྱུན་ཁྱེར། བསྟོད་བསྐུལ། ཕྲིན་ལས། བཀྲ་ཤིས་སོགས་རྗེས་ཀྱི་བྱ་བ། མཛེ་གསོ་འཚོ་བྱེད་གཞོན་ནུ་རིན་ཆེན་བདུད་རྩིའི་ཐིགས་པ་བཅས་གཏེར་གཞུང་ཚང་བ། དེའི་ཕྲིན་ལས་དང་དབང་ཆོག་བཅས། བརྒྱུད་པ་ནི། བཅོམ་ལྡན་ཤཱཀ་ཐུབ། གསང་བདག །མཁའ་འགྲོ་རིགས་བཞི། པད་འབྱུང་ཡབ་ཡུམ། མུ་རུབ་བཙད་པོ། སངས་རྒྱས་གླིང་པ། ཡེ་ཤེས་རྡོ་རྗེ། སངས་རྒྱས་དཔལ་ལྡན་ནས། པདྨ་མ་ཏིའི་བར་དགོངས་འདུས་བརྒྱུད་པ་ལྟར་རམ། ཡང་ན། ཡེ་རྡོར་སོགས་སྲས་བརྒྱུད་བདུན་རིམ་པར་བརྒྱུད་དེ་རིག་འཛིན་སྙིང་པོ་ལས་པདྨ་མ་ཏིས་གསན། དེ་ནས་རིག་འཛིན་རྣམ་རྒྱལ་ལམ་པདྨ་རྡོ་རྗེ། ཀུན་བཟང་ཁྱབ་བདལ་ལྷུན་གྲུབ། ཀུན་བཟང་དད་སྤྲོ། བསོད་ནམས་ཆོས་ཀྱི་དབང་ཕྱུག །པདྨ་ལྷུན་གྲུབ། ཀརྨ་ཆོས་དབྱིངས་ལྷུན་གྲུབ། རྣམ་འདྲེན་ངག་དབང་རིན་ཆེན། དེས་བདག་ལའོ། །རཏྣའི་རྟ་མགྲིན་གསང་འདུས་ཀྱི་ཐུགས་སྒྲུབ་རྡོ་རྗེ་གཏུམ་པོའི་དབང་། གསང་སྒྲུབ་མེའི་འཁོར་ལོ་གཏེར་གཞུང་། སྒྲུབ་ཐབས་དང་དབང་གི་ཆོག་ཁྲིགས། བརྒྱུད་པ་རྟ་གསང་དང་འདྲ། གཏེར་ཆེན་པདྨ་གླིང་པས་གཏེར་གནས་གསུམ་ནས་སྤྱན་དྲངས་པ་ཕྱག་རྡོར་གཏུམ་པོའི་དབང་། ལས་བྱང་གནམ་ལྕགས་འོད་དྲྭ་གཏེར་གཞུང་། དབང་ཆོག་གསུང་སྤྲུལ་དགུ་པས་མཛད་པ། བརྒྱུད་པ་ནི། ཀུན་བཟང་། རྡོ་རྗེ་འཆང་། རྡོར་སེམས། ཕྱག་རྡོར། དགའ་རབ། གུ་རུ་པདྨ། མཚོ་རྒྱལ། ཁྲི་སྲོང་། པདྨ་གླིང་པ། གྲུབ་པ་ཀུན་འདུལ། པདྨ་ཕྲིན་ལས། ཚུལ་ཁྲིམས་རྡོ་རྗེ། བསྟན་འཛིན་འགྱུར་མེད་རྡོ་རྗེ། ངག་དབང་ཀུན་བཟང་རྡོ་རྗེ། འགྱུར་མེད་མཆོག་གྲུབ་དཔལ་འབར། བསྟན་འཛིན་གྲུབ་མཆོག་རྡོ་རྗེ། སློབ་དཔོན་པདྨ་ཆོས་དབང་། བསྟན་འཛིན་ཆོས་ཀྱི་ཉི་མ། ཀུན་བཟང་བསྟན་པའི་རྒྱལ་མཚན། ཀུན་བཟང་རིག་འཛིན་རྡོ་རྗེ། ཀུན་བཟང་བསྟན་པའི་ཉི་མ། རྦ་ཁ་རིག་འཛིན་མཆོག་སྤྲུལ་ཀུན་བཟང་བདེ་ཆེན་ཆོས་རྒྱལ་ཕྲིན་ལས་ཀུན་ཁྱབ་རྡོ་རྗེ། དེ་ལས་སོ། །ཡང་གོང་གི་དྲེགས་འདུལ་སྒེར་བརྒྱུད་ལྟར་བྱས་པས་ཆོག །ཞིག་གླིང་འོད་གསལ་སྒྱུ་མས་ཡེར་པ་ནས་བཏོན་པའི་ཕྱག་རྡོར་སྟོབས་པོ་ཆེའི་དབང་། གཏུམ་པོ་ཁྲོ་བོའི་རྒྱུད་ལེའུ་ལྔ་པ། གཏུམ་པོའི་སྒྲུབ་ཐབས། དབང་ཆོག །ལྷ་མགོན་གྱི་སྒྲུབ་ཐབས་བཅས་གཏེར་གཞུང་ཚང་བ། བརྒྱུད་འདེབས། རྒྱུན་ཁྱེར་སྨིན་གསུང་། ཕྲིན་ལས་དང་དབང་ཆོག །བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། ཨོ་རྒྱན་ཆེན་པོ། རྗེ་འབངས་གྲོགས་གསུམ། གཏེར་སྟོན། པདྨ་རྒྱལ་མཚན་སོགས་དབང་བརྒྱུད་དང་། ལུང་བརྒྱུད་ཞིག་གླིང་། སོག་ཟློག་པ་སོགས་ཟབ་པ་སྐོར་བདུན་དང་འདྲའོ། །གཏེར་ཆེན་ཆོས་རྗེ་གླིང་པས་སྤུ་བོ་མཎྜལ་ཐང་གི་གཟའ་གདོང་དམར་ནག་གི་སྐུ་རྒྱབ་ནས་སྤྱན་དྲངས་པ་རྡོ་རྗེ་གཏུམ་པོ་དང་སེང་སྒྲོག་སྦྲགས་མའི་དབང་། དབང་ཆོག་བྱབ་ཁྲུས་གཏེར་སྟོན་ཉིད་མཛད། བརྒྱུད་པ་རྡོ་རྗེ་གཏུམ་པོ། པདྨ་ཐོད་ཕྲེང་། ཆོས་གླིང་། ནམ་མཁའ་རྡོ་རྗེ། པདྨ་རྣམ་རྒྱལ། རྟ་མཆོག་ཆོས་གྲགས། རྟ་མགྲིན་ལྷུན་པོ། རྒྱལ་དབང་ཐེག་མཆོག་རྡོ་རྗེ། དཔའ་བོ་གཙུག་ལག་ཉིན་བྱེད། དེས་བདག་ལའོ། །ཟུར་མཁར་གཏེར་སྟོན་ཟླ་བའི་འོད་ཟེར་གྱི་ཟབ་གཏེར་ཐུགས་སྒྲུབ་རིག་འཛིན་བདེ་འདུས་ཀྱི་ཆ་ལག་ཕྱག་རྡོར་དྲག་སྔགས་ཀུན་འདུས་ཀྱི་དབང་། ལས་བྱང་དང་དབང་ཆོག་ལྕམ་དྲལ་མཆོད་ཕྲིན་བཅས་གཏེར་གཞུང་གཟའ་ཀླུའི་དུག་དབྱུང་ནག་འགྲོས་མ། བརྒྱུད་པ་གོང་མ་སྤྱི་དང་མཚུངས། གཏེར་སྟོན་ཏིང་འཛིན་རྒྱལ་པོ། མི་འགྱུར་ནམ་མཁའི་རྡོ་རྗེ། བསྟན་འཛིན་གཞན་ཕན་དབང་པོ། མཁན་བླ་མ་ཀརྨ་བཀྲ་ཤིས་འོད་ཟེར། དེ་ལས་བདག་གིས་ནོས་པའོ། ༈ །བཞི་པ་བདུད་རྩི་ཡོན་ཏན་གྱི་སྒྲུབ་པའི་སྐོར་ལ་གཉིས། དངོས་དང་ཆ་མཐུན་ནོ། །དང་པོ་ལ། བཀའ་མ་བདུད་རྩི་རྒྱ་ལུགས་ཀྱི་དབང་དང་བཤད་བཀའ་སོགས་སྔར་དར་རྒྱས་སུ་བྱུང་སྣང་ནའང་། དེང་སང་རྒྱུད་སྡེ་་་པོད་གཅིག་་་ཁ་ཤས་ཀྱི་ལུང་ཙམ་ལས་སྨིན་གྲོལ་རྒྱུན་མི་བཞུགས་ལ། སྐབས་འདིར་རྒྱལ་བ་སྨན་གྱི་བླ་མ་ཉིད་སྤྲུལ་པའི་སྐུར་བསྟན་པ་གངས་ལྗོངས་སྨན་གྱི་སྟོན་པ་གཡུ་ཐོག་ཡོན་ཏན་མགོན་པོ་ལ་འཆི་མེད་མནྡཱ་ར་བ་མཚན་གཞན་མཁའ་འགྲོའི་གཙོ་མོ་དཔལ་ལྡན་ཕྲེང་བ་ཞེས་སུ་བསྒྱུར་བ་དེ་ཉིད་ཀྱིས་བསྩལ་པའི་བླ་སྒྲུབ་སྡུག་བསྔལ་མུན་སེལ་གྱི་རྩ་བའི་དབང་བསྐུར་རྒྱས་པ། དོན་དབང་མདོར་བསྡུས། ཚེ་དབང་། སྨན་གྱི་ལྷ་མོའི་རྗེས་གནང་། བྲང་ཏི་རྒྱལ་ཉེ་མཁར་བུའི་ཟབ་གཏེར་གཡུ་ཐོག་པར་བཀའ་བབས་པའི་དྲང་སྲོང་སེར་སྐྱའི་བཀའ་གཏད། ཉེར་མཁོའི་ཡིག་ཆ་ལ། སྔོན་འགྲོ་ཕྱི་གཏོར། གསང་སྒྲུབ་ལས་བྱང་། བཀའ་སྲུང་དམ་ཅན་སྡེ་དགུའི་རྒྱུན་གསོལ། སྙིང་ཐིག་གསོལ་འདེབས་དང་བླ་སྒྲུབ་ཉམས་ལེན་རྒྱུན་ཁྱེར་ཆགས་མེད་གསུང་། ཕྱི་ནང་གསང་སྒྲུབ་ཀྱི་ཟིན་བྲིས། རྩ་དབང་རྒྱས་པ། དོན་དབང་། ཚེ་སྒྲུབ་ཕྲིན་ལས་དང་དབང་ཆོག །ལྷ་སྨན་རྗེས་གནང་དང་དྲང་སྲོང་རིག་གཏད་བཅས་པའི་ཆོག་ཁྲིགས། རྩ་བའི་སྒྲུབ་ཐབས་ཆགས་མེད་མཛད་པ་རྣམས། དེ་ལ་དབང་རྗེས་གནང་བཀའ་གཏད་ཚང་མའི་བརྒྱུད་པ་ནི། སངས་རྒྱས་སྨན་གྱི་བླ་མ། པདྨཱ་ཀ་ར། དཔལ་ལྡན་ཕྲེང་བ། གཡུ་ཐོག་ཡོན་ཏན་མགོན་པོ། སུམ་སྟོན་ཡེ་ཤེས་གཟུངས། དཔལ་ལྡན་གཞོན་ནུ། སངས་རྒྱས་རིན་ཆེན། རཏྣ་བཛྲ། དངོས་གྲུབ་རྒྱལ་མཚན། དཀོན་མཆོག་སྐྱབས། དཔལ་ལྡན་འཚོ་བྱེད་བཅས་བྲང་ཏི་རིམ་པ་གསུམ། ཟུལ་ཕུ་སྨན་མོ་ཆེ། བསོད་ནམས་དབང་པོ། རྣལ་འབྱོར་ཆེན་པོ། རི་ཁྲོད་ཞིག་པོ། ཟུར་མཁར་ཆོས་རྗེ་མཉམ་ཉིད་རྡོ་རྗེ། ཕྲག་དབོན་དཀོན་མཆོག་དཔལ་བཟང་། བྱམས་པའི་མཚན་ཅན། མགོན་པོ་དཔལ་བ། དོན་གྲུབ་ལེགས་པ། དོན་གྲུབ་མཚན་ཅན། སྒམ་པོ་པ་མི་ཕམ་ཆོས་ཀྱི་དབང་ཕྱུག །འབྲི་གུང་ཆོས་ཀྱི་གྲགས་པ། དཀོན་མཆོག་ལྷུན་གྲུབ། དཀོན་མཆོག་ཕྲིན་ལས་བཟང་པོ། བསྟན་འཛིན་འགྲོ་འདུལ། དཀོན་མཆོག་ཆོས་ཀྱི་རྒྱ་མཚོ། དོན་གྲུབ་ཆོས་རྒྱལ། བསྟན་པའི་ཉིན་བྱེད། རྡོར་སློབ་ཀརྨ་མཆོག་དགའ། རྡོར་སློབ་འོད་གསལ་འགྱུར་མེད། དེས་བདག་ལའོ། །ཡང་བསྟན་པའི་ཉིན་བྱེད་ནས་མཉན་སྤྲུལ་ཤེས་རབ་སྙིང་པོ། མཉན་དབོན་འཆི་མེད། རྟོགས་ལྡན་བསྟན་འཛིན་རྣམ་དག །ཀརྨ་བདེ་གསལ། ཀརྨ་ཐེག་མཆོག་བསྟན་འཕེལ་ལས་སྨིན་བྱེད་ཚང་བ་ནོས། ལུང་རྒྱུན་ནི། ཀརྨ་བདེ་གསལ། ཀརྨ་ཆོས་རྒྱལ། ཀརྨ་གཞན་ཕན་མཐའ་ཡས། ཀརྨ་ངེས་དོན་བསྟན་པ་རབ་རྒྱས། དེ་ལས་སོ། །གསོལ་འདེབས་དང་རྒྱུན་ཁྱེར་གནས་མདོ་སྨད་བརྒྱུད་ལྟར་ལ། ཐེག་མཆོག་བསྟན་འཕེལ་ལས་སོ། །རྩ་པྲའི་ལུང་དེ་ལྟར་ལས། བསྟན་འཛིན་དོན་གྲུབ་ནས། བསྟན་སྤྲུལ་རིན་པོ་ཆེ། དེས་སོ། །ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་རྗེ་གཡུ་ཐོག་པའི་ཡེ་ཤེས་ཀྱི་སྐུས་ཡང་ཡང་རྗེས་སུ་བཟུང་ཞིང་བྱིན་རླབས་བསྩལ་པའི་ཉེ་བརྒྱུད་སྨན་བླ་ལོངས་སྐུའི་དབང་། ཟུར་མཁར་མཉམ་ཉིད་རྡོ་རྗེའི་དག་སྣང་འབྲི་གུང་ཆོས་ཀྱི་གྲགས་པས་བསྒྲིགས་པ་ལ་ཁ་འཕངས་དཀྱུས་སུ་བཀོད་པའི་སྨན་བླ་ལོངས་སྐུ་གཙོ་འཁོར་ལྔའི་སྒྲུབ་ཐབས། དབང་ཆོག །དབང་གི་རིང་བརྒྱུད་གཡུ་ཐོག་སྙིང་ཐིག་བྱང་བདག་ཡབ་སྲས་ནས་བརྒྱུད་པ་ལྟར་ལ། ཉེ་བརྒྱུད། སྨན་གྱི་བླ་མ་གཡུ་ཐོག་པ་ནས། ཀུན་མཁྱེན་བླ་མ། དེས་བདག་ལའོ། །སྒྲུབ་ཐབས་ལུང་བརྒྱུད། འབྲི་གུང་ཆོས་ཀྱི་གྲགས་པ། དཀོན་མཆོག་འགྲོ་ཕན་དབང་པོ། འབྲོམ་རིག་སྔགས་ཀྱི་རྣལ་འབྱོར་པ་ཡེ་ཤེས། འཚོ་བྱེད་ཀརྨ་བསྟན་འཕེལ། ཀུན་མཁྱེན་དྷརྨཱ་ཀ་ར། གུ་རུ་ཚེ་འཕེལ། འཚོ་བྱེད་ཚེ་དབང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེ་ལས་སོ། །གཏེར་མ་བཀའ་བརྒྱད་ལུགས་སྲོལ་ཐ་དད་པའི་བདུད་རྩིའི་སྐོར་དང་། རཏྣ་གླིང་པ་དང་། པདྨ་གླིང་པའི་བདུད་རྩིའི་སྒོས་བཀའ་སོགས་ཅི་རིགས་པ་བཞུགས་པ་ལས་འདིར་ཐོག་མར་བདུད་རྩི་ཡོན་ཏན་གྱི་བཀའ་བབས་འཆི་མེད་གྲུབ་པའི་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲའི་སྙིང་ཐིག །སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པ་ལ་དག་སྣང་དགོངས་གཏེར་ཟུང་འབྲེལ་དུ་བབས་པའི་རྩ་བའི་དབང་བཞི། བདུད་རྩི་སྨན་དབང་། བཅུད་ལེན་དབང་། མཁའ་འགྲོ་གསང་བའི་བཀའ་གཏད་བཀའ་རྒྱ་མ། སྲུང་ཟློག་བསད་པའི་དབང་ཞལ་ཤེས་མ། མཐའ་རྟེན་ཚེའི་དབང་རྣམས་དང་། སྒྲུབ་ཐབས་ལམ་ཟབ་སྙིང་པོ་རྩ་བ། ཟུར་བཀོལ་དབང་བསྐུར་བའི་གདམས་པ། སྨན་སྒྲུབ་བྱ་ཚུལ་དང་སྨན་གྱི་དངོས་གྲུབ་བླང་བ། འཆི་མེད་ཚེའི་ཕྲིན་ལས། ཡང་གསང་མཁའ་འགྲོའི་ཕྲིན་ལས་གུད་དུ་སྦས་པ། བི་མ་ལ་མི་ཏྲའི་ཡང་ཏིག་ཡེ་ཤེས་གསང་ལམ་ཁྲིད་རིམ་ཟབ་མོ། རྡོ་རྗེའི་གླུ་བདུད་རྩི་དྲི་མེད། བཅུད་ལེན་གདམས་པ་བཅས་རྩ་གཞུང་ཚང་བ། ཕྲིན་ལས་དབང་བསྐུར་གྱི་ཆོག་ཁྲིགས་གཏེར་སྟོན་ཉིད་མཛད་བཅས། བརྒྱུད་པ་ནི། ཀུན་ཏུ་བཟང་པོ། ཆེ་མཆོག་ཧེ་རུ་ཀ །གནམ་ཞལ་དབྱིངས་ཕྱུག་མ། སློབ་དཔོན་བི་མ་ལ་མི་ཏྲ། གཏེར་ཆེན་མཆོག་གྱུར་གླིང་པ། དེས་བདག་ལའོ། །རྗེ་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པའི་དགོངས་གཏེར་འཆི་མེད་འཕགས་མའི་སྙིང་ཐིག་གི་ཆོས་སྡེ་སློབ་དཔོན་རྣམ་གསུམ་གྱི་ཐུགས་ཏིག་བླ་སྒྲུབ་བྱིན་རླབས་སྙིང་པོའི་རྩ་དབང་། སྨན་དབང་། ཚེ་དབང། གཏེར་གཞུང་ཚང་བ། ལས་བྱང་། བཤགས་སྐོང་། དབང་ཆོག །བརྒྱུད་པ་ནི་རྗེས་སུ་འཆད་འགྱུར་འཕགས་མའི་སྙིང་ཐིག་ལྟར་ལ་གཏེར་ཆེན་ཉིད་ཀྱིས་བཀའ་དྲིན་ཏུ་བསྩལ་པའོ། །གཞན་ཡང་དཔལ་ལྡན་རྒྱུད་བཞི་ཉིད་ཀྱང་རྗེ་གཡུ་ཐོག་པ་ཆེན་པོའི་གསུང་དུ་ལུང་རིགས་མང་པོས་གྲུབ་མོད། རྩ་བ་ཙམ་ནི་གྲྭ་མངོན་གྱི་ཟབ་གཏེར་དུ་འཐད་པ་དཔྱོད་ལྡན་ཕལ་ཆེར་གྱིས་བཞེད་ལ། དེས་མཚོན་གསོ་དཔྱད་ཀྱི་གཞུང་མན་ངག་ཟབ་གཏེར་དང་འབྲེལ་བ་མཐའ་དག་ཕྱོགས་འདིར་གཏོགས་ནའང་། རེ་ཞིག་སྐབས་འདིར་མེད་དུ་མི་རུང་ཞིང་སྙིགས་དུས་ཉོན་མོངས་གདུག་པའི་རང་མདངས་སྲོག་འཕྲོག་གཉན་རྒོད་པརཔ་ཏའི་འཇིགས་སྐྱོབ་སྲོག་གི་གོ་ཆ་གཅིག་པུར་གྱུར་པ་ཨོ་རྒྱན་གྲུབ་པའི་སྙིང་པོའི་རྣམ་འཕྲུལ་གཏེར་སྟོན་ཀུན་གྱི་སྔ་ཤོས་རྡོར་འབུམ་ཆོས་གྲགས་པས་རྩ་བ་བྱང་པྲ་དུན་རྩེའི་དྲེགས་པ་ཟིལ་གནོན་གྱི་ཐུགས་ཀ་དང་ཁ་སྐོང་འགའ་ཞིག་བྱམས་སྤྲིན་རྡོ་སྐུའི་འོག་ནས་ཀྱང་་་་བཏོན་པའི་འཆི་མེད་བདུད་རྩི་བུམ་ཆེན་གྱི་སྣོད་རུང་གི་དབང་། གཏེར་གཞུང་ལ་སྤྱིར་ཕྱི་ལྟར་དཀར་ཆག་ཏུ་བསྟན་པ་རྩ་བ་མ་ཡིག་གི་སྐོར། ནང་ལྟར་བར་ཐེམས་སུ་བསྟན་པ་དགོངས་འགྲེལ་མདེ་ཐུང་སོགས་བུ་ཡིག་གི་སྐོར། དེ་གཉིས་སུ་མ་བསྟན་པ་ཐེམས་མེད་ཀྱི་སྐོར་གསུམ་བསྒྲིག་ཚུལ་ལྔ་གསན་ལྟར་ལ། འདིར་ཆོས་ཚན་བཞུགས་གྲངས་ཙམ་ནི། བདུད་རྩི་བུམ་པའི་རྩ་རྒྱུད་ལེའུ་བཅུ་པ་འཇམ་དབྱངས་ཐུགས་རྒྱུད་བརྟག་པ་ཉི་ཟླ་ཁ་སྦྱོར་གྱི་རྩ་རྒྱུད་དང་། དེའི་བཤད་རྒྱུད་སྣང་གསལ་ཉི་མའི་དཀྱིལ་འཁོར། གནམ་ལྕགས་རྡོ་རྗེའི་ཁྲབ་རིང་གི་བཤད་རྒྱུད། བདུད་རྩི་བུམ་པའི་སྙིང་པོ་ལག་ལེན་གསལ་བ། གནམ་ལྕགས་གྱད་ཀྱི་རལ་བསྐོར། ཟུག་གཟེར་གཅོག་པའི་ལྡེ་མིག །ཤོག་དྲིལ་ནག་པོ་ཧ་ལ་ཅོག་འགྱེལ་ལས་བཅོས་ཐབས། ཆུ་ལ་བརྟག་པ་ལྡེ་མིག་ཁྱད་པར་ཅན། སྲོག་གི་གཏེར་ཆེན་པོའི་གྱད། ཡང་གསང་སྲོག་གི་ཀ་བ། རིན་ཆེན་ཁྱད་པར་གྱི་རྫོང་གསུམ། རྫོང་གསུམ་གྱི་ལྡེ་མིག་ཁྱད་པར་ཅན། གསང་མཛོད་སྒོ་འབྱེད་ལྡེ་མིག །ནང་ཡན་ཕུགས་ཚོལ་གྱི་ལྡེ་མིག །དེ་ལས་མགྱོགས་པའི་རྟ་བཞི་སོགས་སྨན་གྱི་སྡེབ། དོན་སྣོད་ཁ་འཛིན་གྱི་སྡེབ། ཁྱད་པར་བརྟག་སྲུང་གསོ་གསུམ། ཆིག་རྐྱ་ཐུབ་འཁོར་ལོའི་གྱད། དེའི་གནད་ཀྱི་ལྡེ་མིག །ཟུག་གུ་འཛུད་པའི་གྱད། སྒོམ་པ་ཏིང་འཛིན་གྱད། ཡི་དམ་ལྷ་བསྒོམ་གྱད། སྣོད་རུང་དབང་གི་གྱད། རང་སྲུང་ཕུར་མའི་ཡིག་ཆུང་། རུས་པ། ཤ། ཚིལ། ཟླ་ཟིལ། ཁྲག་བཅས་དར་ཡ་ཀན་བཞིའི་སྦྱོར་བ། ཁྲག་དར་ཡ་ཀན་གྱི་ལྡེ་མིག །རབ་གནས་བདུད་རྩི་སྨན་སྒྲུབ། སྦྱིན་སྲེག་ལྡེ་མིག །བྱིན་ལྷོག །གཟེར་ཐུང་། ལྷོག་པ། གག་པ། རྒྱུ་གཟེར་རྣམས་ལས་རྣམ་པར་རྒྱལ་བ། རྒྱུ་གཟེར་ལས་རྒྱལ་བའི་འགྲེལ་པ་ཞི་སྦྱོང་སྦྲགས་མའི་ལག་ལེན། འབྲུམ་བཅོས་བདུད་རྩིའི་སྲེག་གཏོར། འབྲུམ་བུ་གཏར་གས་བཅོས་པ། བེག་གེ་ལས་རྣམ་པར་རྒྱལ་བ། འཛུམ་བུ་ལྟག་འགྱེལ་བཅོས་པ། ཡང་གསང་བཅོས་པ་ཤོག་དྲིལ་བཅུ་གསུམ། བདུད་རྩི་རིལ་བུའི་ཕྲེང་བ། ནད་བདག་འདུས་པ་སྲུང་བའི་ཤོག་དྲིལ། ཚད་རིམ་ཆམ་པ། རྒྱུ་གཟེར། འགྲམ་བཞི་བྱིན་ཆུང་། མིག་སེར། གག་ལྷོག །འབྲུམ་ནག་སྲུང་བ། ཉི་ཟླའི་འཁོར་ལོ། མཚོ་རྒྱལ་ལ་གདམས་པ་བཅས་ཤོག་དྲིལ་དགུ་པ། བར་འདིར་འཁྲུད་པ་བདུད་རྩིའི་ཆུ་རྒྱུན་ཞེས་པ་ཞིག་ཀྱང་འདུག །ཟུག་གུ་གཟུད་པའི་ཤོག་དྲིལ། ཕུར་མས་སྲུང་བ། བྱུག་པས་སྲུང་བ། མེ་ལོང་ཐོད་པས་སྲུང་བ། རབ་གནས་མངའ་གསོལ་གྱི་ཤོག་དྲིལ། རིལ་བུའི་ཕྱག་ཚད། ལྷོག་པ་དངོས་སུ་བསད་པ། གག་པ། ཕོ་མོ་བཅོས་པ། ཀླད་གཟེར། སྟོད་གཟེར། རྒྱུ་གཟེར། བྱིས་རིམས་བཅོས་པ་དང་ལག་ལེན། བྱིན་ལྷོག་བཅོས་པ། བསིལ་སྦྱོར་ཆེན་མོ། དམིགས་པས་སྲུང་བ། གཉན་པོ་བདུད་རྩི་འཆི་མེད། དྲག་པོ་ཀུན་འདུས། དཔའ་བོ་བདུན་པ། བད་ཀན་གྲང་རིམས་བཅོས་པ། དངུལ་ཆུས། མཁྲིས་རླུང་གྱུར་བཅོས། ལོག་ནོན་གཉེན་པོ། ཁོང་ལྷོག་འཇོམས་པ། གཉན་ཚད་གག་ལྷོག་འཇོམས་པ། གདམས་པ་ལག་ཏུ་གཏད་པ་བཅས་ཤོག་དྲིལ་སོ་ལྔའི་རྐང་གྲངས། གཏེར་བྱུང་བཅས། གུར་ཆུང་མགོན་པོའི་ཐུགས་ཀ་ནས་སྤྱན་དྲངས་པ་བདུད་རྩི་བུམ་ཆུང་ཞེས་ཁོང་ལྷོག་ནག་པོ་རྒྱུག་འགྱེལ་གྱི་བརྟག་བཅོས་སྲུང་བ་ཚང་བ་ཡོད་པ་རྣམས་དང་། བྱང་བདག་གིས་མཛད་པའི་བུམ་བཅུད་དབང་གི་ཆུ་རྒྱུན། ལྷ་སྒོམ། ཛཔ྄་དགོངས། སྦྱིན་སྲེག །དེས་མཛད་པའི་རྒྱུན་ཁྱེར་གསུང་རྒྱུན་ཁ་སྐོང་ཅན། སྲུང་བ་རྡོ་རྗེ་ཁྲབ་རིང་གི་ཕྱག་ལེན་འཇམ་དབྱངས་མཁྱེན་བརྩེའི་གསུང་། དབང་ཆོག་རྣམས་སོ། །བརྒྱུད་པ་ནི། སངས་རྒྱས་སྨན་གྱི་བླ་མ། འཕགས་པ་རིགས་གསུམ་མགོན་པོ། ཨོ་རྒྱན་སངས་རྒྱས་གཉིས་པ། ཡེ་ཤེས་མཚོ་རྒྱལ། ཨོ་རྒྱན་གྲུབ་པའི་སྙིང་པོ། གཏེར་སྟོན་འོད་ཟེར་རྨ་བྱའི་མདོངས་ཅན། དེ་སྲས་རྡོ་རྗེ་རིན་ཆེན། དེ་སྲས་རྡོ་རྗེ་མགོན་པོ། ཚ་ལུང་པ་ཆེན་པོ། དེ་སྲས་གཡུ་ཐོག་ཡོན་ཏན་མགོན་པོ། གཡུ་ཐོག་འབུམ་སེང་། བྲང་ཏི་འཇམ་དཔལ་བཟང་པོ། འཚོ་མཛད་དཀར་པོ། འཇམ་དབྱངས་རིན་ཆེན་རྒྱལ་མཚན། མངའ་རིས་པཎ་ཆེན་རིན་པོ་ཆེ། ལེགས་ལྡན་རྗེ། བྱང་བདག་དབང་པོའི་སྡེ། ངག་གི་དབང་པོ། ཟུར་ཆེན་ཆོས་དབྱིངས་རང་གྲོལ། ཕྲིན་ལས་ལྷུན་གྲུབ། འགྱུར་མེད་རྡོ་རྗེ། རིན་ཆེན་རྣམ་རྒྱལ། སྔགས་རབ་དཔལ་འབར། སྟོབས་ལྡན་རྡོ་རྗེ། ཉང་སྟོན་པདྨ་བཤེས་གཉེན། ཨོ་རྒྱན་བསྟན་འཛིན། གསང་སྔགས་བསྟན་འཛིན། སྨན་པའི་རྒྱལ་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །གཏེར་ཁ་གོང་འོག་གཙོར་གྱུར་གཏེར་རྙིང་རིགས་ཕལ་ཆེར་རྒྱ་ཆེ་གཏིང་ཟབ་ཏུ་གྱུར་པ་དང་། ཐོག་སྔས་ཤིང་འགྲོ་དོན་ཆེ་བའི་ཕྱིར་བོད་ཡུལ་མཐའ་དབུས་ཀུན་ཏུ་དཔེ་རྒྱུན་འདྲ་མིན་མང་དུ་འཕེལ་བས་མཐའ་གཅིག་ཏུ་དཔྱད་པས་ཁ་ཚོན་ཆོད་དཀའ་བར་སྣང་བ་དང་། འདི་ལའང་དཔེ་རྒྱུན་དུ་ཙམ་ཡོད་ཀྱང་ཚིག་ཟུར་རྒྱས་བསྡུས། གོ་རིམ་སོགས་མི་འདྲ་བ་ཁོ་ནར་སྣང་བས་མ་དག་པར་གོ་ངེས་པ་རྣམས་འཆོས་པ་ཙམ་ལས་གཙོ་བོར་དབང་ལུང་གི་རྒྱུན་སྨིན་གླིང་གཏེར་ཆེན་ནས་བརྒྱུད་པར་སྣང་བས་དེ་ཉིད་ཀྱི་གསན་ཡིག་དཔང་པོར་བྱས་པའོ། །བྱང་བདག་གིས་མཛད་པའི་ཡིག་སྣ་བརྒྱད་ལས། མན་ངག་གཅེས་བསྡུས། ཞལ་ཤེས་གསལ་སྒྲོན། འཁོར་ལོའི་ཕྱག་ལེན། འཕྲུལ་གསང་སྔགས་བྱང་བཞི་པོ་དཔེ་ལུང་མ་འབྱོར་བ་ཕྱིན་ཆད་འཇུག་པར་འོས་སོ། །གཉགས་ཆེན་ཛྙཱ་ནའི་རྣམ་རོལ་སྤྲུལ་པའི་གཏེར་སྟོན་ར་མོ་ཤེལ་སྨན་ཡེ་ཤེས་ཞབས་ཀྱིས་ཡར་ལུང་ཤེལ་བྲག་སོགས་ནས་བདུད་རྩི་སྨན་སྐོར་གཙོ་བོར་གྱུར་པའི་ཟབ་གཏེར་མང་དུ་བཞེས་ནས་འགྲོ་དོན་རྒྱ་ཆེར་མཛད། བཅོམ་ལྡན་འདས་རྡོ་རྗེ་བདུད་རྩིའི་སྐོར་རྣམས་ཐུགས་ཉམས་སུ་བཞེས་ཏེ་སླར་ཡང་གཏེར་རྒྱས་བཏབ་པ། གཏེར་སྟོན་མཁས་གྲུབ་ཡོངས་ཀྱི་རྒྱལ་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་གཏེར་བདག་མཁའ་འགྲོས་གཏེར་རྒྱ་བཀྲོལ་ནས་ཡང་གཏེར་དུ་བབས་པའི་སྐོར་ལས། རྡོ་རྗེ་བདུད་རྩིའི་བླ་སྒྲུབ་ཀྱི་དབང་། བླ་མ་སྒྲུབ་པའི་ཕྲིན་ལས་བསྐྱེད་རྫོགས་ཀྱི་སྐོར། རྡོ་རྗེ་བདུད་རྩི་ལྷ་བཅུ་གསུམ་པའི་རྩ་དབང་། ལས་ཀྱི་ལྷ་བཞིའི་བྱིན་རླབས། བསྐྱེད་རྫོགས་ཀྱི་ཁྲིད། གཏེར་གཞུང་ལེའུ་ཆ་ཚང་། གཏེར་བདག་སྔགས་ཀྱི་སྲུང་མའི་སྲོག་གཏད། དེའི་ཕྲིན་ལས་འཁྲུགས་སྐོང་སོགས་གཞུང་ཆ་ཚང་། བླ་སྒྲུབ་དང་རྩ་བའི་དབང་ཆོག །ཡན་ལག་ལྷ་གསུམ་གྱི་བྱིན་རླབས། སྔགས་སྲུང་སྲོག་གཏད། བརྒྱུད་འདེབས། སྒྲུབ་ཁོག །ཡན་ལག་ཟིན་བྲིས། སྦྱིན་སྲེག་བཅས་བཞུགས། བརྒྱུད་པ་ནི། ཀུན་ཏུ་བཟང་པོ། དཔལ་ཆེན་རྡོ་རྗེ་བདུད་རྩི། ཨོ་རྒྱན་སྨན་གྱི་བླ་མ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། གཉགས་ལོ་ཡེ་ཤེས་གཞོན་ནུ། གཏེར་སྟོན་ར་མོ་ཤེལ་སྨན། ཁྱབ་བདག་བླ་མ་རྡོ་རྗེ་གཟི་བརྗིད། དེ་ལས་བཀའ་དྲིན་དུ་ཐོབ་པའོ། །རཏྣ་གླིང་པའི་ཟབ་གཏེར་ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས་བྱུང་བའི་བདུད་རྩི་སྨན་སྒྲུབ་ཀྱི་དབང་། དེའི་དབང་ཆོག །བརྒྱུད་པ་ཡང་འདུས་དཔལ་ཡུལ་ལས་བརྒྱུད་པ་དང་འདྲ། ལེགས་ལྡན་བདུད་འཇོམས་རྡོ་རྗེས་འབྲས་ལྗོངས་ལྷ་རི་རིན་ཆེན་སྙིང་པོའི་མགུལ་ནས་སྤྱན་དྲངས་པ་བདུད་རྩི་འཁྱིལ་བ་འཆི་མེད་ཚེའི་རྒྱུད་ཀྱི་དགོངས་དོན་ཚེ་སྒྲུབ་བདུད་རྩི་འཁྱིལ་བའི་རྩ་དབང་རྒྱས་པ། ལས་བྱང་། བསྙེན་ཡིག་པད་ཕྲིན་གསུང་། དབང་ཆོག །ཚེ་འཁོར་སོགས་ཉེར་མཁོ། དབང་གི་བརྒྱུད་པ་ནི། ཀུན་བཟང་། འོད་དཔག་མེད། ཚེ་བདག་ཞི་ཁྲོ། ཨོ་རྒྱན་ཡབ་ཡུམ། རྗེ་འབངས་ཉེར་ལྔ། གཏེར་སྟོན་ཉི་ཟླ་འོད་ཟེར། དབང་ཕྱུག་རབ་བརྟན། ཀླུ་སྒྲུབ་དབང་པོ། ངག་དབང་ཕུན་ཚོགས། བློ་མཆོག་རྡོ་རྗེ། རྒྱལ་དབང་ལྔ་པ། ལུང་བརྒྱུད། གཏེར་སྟོན་ནས། བདེ་ཆེན་རྡོ་རྗེ། ངག་དབང་ཉི་མ། ཀུན་དགའ་བསོད་ནམས། ཆོས་དབྱིངས་རང་གྲོལ། ལྔ་པ། དེ་ནས་དབང་ལུང་གཉིས་ཀ་རིག་འཛིན་པདྨ་ཕྲིན་ལས། ཐེག་མཆོག་བསྟན་པའི་རྒྱལ་མཚན། སྐལ་བཟང་པདྨ་དབང་ཕྱུག །ཐེག་མཆོག་བསྟན་འཛིན་ངག་དབང་། ཀུན་བཟང་འཇིགས་མེད་ཆོས་གྲགས། རྣལ་འབྱོར་ཉི་མ་འོད་ཟེར། འགྱུར་མེད་གཞན་ཕན་རྡོ་རྗེ། སི་ཏུ་ཆོས་ཀྱི་བློ་གྲོས། མཁན་ཆེན་ཐུབ་བསྟན་རྒྱལ་མཚན། དེས་བདག་ལའོ། །པདྨ་འོད་གསལ་མདོ་སྔགས་གླིང་པལ་སློབ་དཔོན་བི་མ་ལ་མི་ཏྲ་དང་རང་བྱུང་པདྨ་སཾ་བྷ་བས་སྙན་བརྒྱུད་དུ་གདམས་པའི་ཡོན་ཏན་བདུད་རྩིའི་མཆོག་ཏིག་གི་དབང་། གཏེར་གཞུང་ཚང་བ། ཕྲིན་ལས་དང་དབང་ཆོག །བརྒྱུད་པ་སྨན་སྐོར་སྤྱི་ལྟར་ལ་གཏེར་ཆེན་བླ་མ་རིན་པོ་ཆེས་བདག་ལའོ། །རྒྱུད་བདུད་རྩི་བམ་པོ་བརྒྱད་པ་དང་བཀའ་བརྒྱད་བདེར་འདུས་གཙོ་བོར་གྱུར་པའི་བཀའ་གཏེར་རྒྱུད་ལུང་མན་ངག་རྣམས་ཀྱི་ཟབ་དོན་འདུས་པའི་ལེགས་བཤད་དམ་རྫས་བདུད་རྩིའི་སྒྲུབ་ཐབས་གསང་ཆེན་མཆོག་གི་མྱུར་ལམ་ཆོས་རྒྱལ་གཏེར་བདག་གླིང་པས་མཛད་པ། སྔགས་བྱང་། ཉེར་མཁོའི་ཟིན་བྲིས། བཀའ་བརྒྱད་གསང་བ་ཡོངས་རྫོགས་ལས་སྨན་གྱི་ལས་ཚོགས། ལུང་རྒྱུན་དབང་དང་མཚུངས། སྨན་ཆིག་སྒྲུབ་བྱ་ཚུལ་རྗེ་བླ་མས་མཛད་པ་བཅས། ༈ །གཉིས་པ་བདུད་རྩིའི་སྐོར་དུ་ཕྱོགས་གཏོགས་ཆ་མཐུན་གྱི་རིགས་ལ། གཙང་ཉང་རོ་བ་རྒྱ་བན་རྡོ་རྗེ་དབང་ཕྱུག་གིས་ལྷོ་བྲག་མཁར་ཆུ་ནས་བཏོན་པ་ཡེ་ཤེས་བདུད་རྩི་འོད་ལྡན་རྟག་དུ་ངུའི་བཅུད་ལེན་གྱི་སྐོར་ལ། ལོ་རྒྱུས། བརྟག་པ། བཏུ་བ། རབ་གནས། རིལ་བུ་བརྟེན་ཐབས་སོགས་དོན་ཚན་བཅུ་གསུམ་ཡོད་པ། ཡང་ལོ་རྒྱུས། གདམས་པ་དོན་ཚན་ལྔ་ཡིས་བསྟན་པ། འོད་ལྡན་བཅུད་ལེན་འཇམ་དབྱངས་མཛད་པ། པདྨས་མཛད་པའི་རྩ་མཆོག་མདངས་ལྡན་གྱི་བཅུད་ལེན་མཁོ་མཐིང་ལྷ་ཁང་གི་སྣང་བ་མཐའ་ཡས་ཕྱག་མཐེབ་ནང་སྦས་པ། འོད་ལྡན་ངོས་འཛིན་ཞལ་ཤེས། རྟག་ངུ་བདུད་རྩི་བཞི་སྦྱོར་དང་ལྔ་སྦྱོར་གྱི་གདམས་པ་མི་ཕམ་མགོན་པོའི་གདམས་པ། ནས་དཀར་མོ་དང་སྦྱར་བ། མར་དང་བུ་རམ་ལ་སྦྱར་བའི་ཚུལ་གཉིས་བཅས། བརྒྱུད་པ་ནི། ཨོ་རྒྱན་རིན་པོ་ཆེ། མཚོ་རྒྱལ། འཆི་མེད་གྲུབ་པ་རྡོ་རྗེ་འོད་འབར། ཚ་མོ་ཀུན་དགའ་བཟང་མོ། གནུབས་ཡེ་ཤེས་རྡོ་རྗེ། ཉང་ཤེས་རབ་དཔལ་ལྡན། སེང་གེ་རྫོང་པ། སྨྱུག་ཚལ་བ་ཀུན་དགའ་གླིང་པ། ཤེས་རབ་བཟང་པོ། ཞྭ་དམར་སྤྱན་སྔ་ཆོས་གྲགས། མངའ་བདག་ཀུན་དགའ་ལྷུན་གྲུབ། སྤྲུལ་སྐུ་ཆོས་ཀྱི་དབང་པོ། ཀརྨ་གུ་རུ། ཀུན་བཟང་དཔལ་འབྱོར། ཆོས་དབང་ལྷུན་གྲུབ། ཕྲིན་ལས་ལྷུན་གྲུབ། འགྱུར་མེད་རྡོ་རྗེ། མང་ཐོས་མི་འགྱུར་རྡོ་རྗེ། ཡེ་ཤེས་ལྷུན་གྲུབ། སྤང་པདྨ་ཚེ་དབང་། མཁྱེན་རབ་མཐུ་སྟོབས། མཁྱེན་བརྩེའི་དབང་པོ། དེ་ལས་སོ། །ཀུན་སྤངས་ཟླ་འོད་གཏེར་བྱོན་དབང་ལག་བཅུད་ལེན། ཆོས་དབང་གཏེར་ཁ་བདུན་པ་བཅུད་ལེན་བཅུ་བཞི་མ། ཤུག་འབྲུའི་བཅུད་ལེན་རྣམས་ནི་མེ་ལོང་གྲུབ་ཆེན་པདྨ་གར་དབང་གིས་བསྒྲིགས་པའི་བཅུད་ལེན་བརྒྱ་རྩའི་བེ་བུམ་ལས་ཁོལ་དུ་ཕྱུང་བ་སྟེ་དེ་ཉིད་ནས་རིམ་པར་བརྒྱུད། པད་སྤྲུལ་པད་དབང། སྒྲོལ་སྟོན་ཆོས་རྒྱན། འཇམ་དབྱངས་མཁྱེན་བརྩེ། དེ་ལས་སོ། ཁྱད་པར་བདུད་རྩི་ཤུག་པའི་བཅུད་ལེན་སྒེར་བརྒྱུད་ནི་གུ་རུ་ཆོས་དབང་གིས་གཏེར་ནས་གདན་དྲངས། སྤྲུལ་སྐུ་ཨོ་རྒྱན་གླིང་པ་ལ་བཀའ་བབས། དེ་ནས་རིམ་པར་བརྒྱུད་དེ། ཤཱཀྱ་རིན་ཆེན། བློ་གྲོས་རྒྱལ་མཚན། སྒྲུབ་བརྒྱུད་ཆོས་གྲགས། ཨོ་རྒྱན་ཕྲིན་ལས། ཀུན་བཟང་འབྲུག་རྒྱལ། ཆོས་ཉིད་བཟང་མོ། ཉང་སྟོན་པདྨ། གསང་སྔགས་རྣམ་རྒྱལ། ཨོ་རྒྱན་འགྲོ་འདུལ་སོགས་ནས། པད་སྤྲུལ། སྒྲོལ་སྟོན། རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེ། དེ་ལས་སོ། །བྱང་གཏེར་དགོངས་པ་ཟང་ཐལ་གྱི་ཆ་ལག་བདུད་རྩི་ཅོང་ཞིའི་བཅུད་ལེན་གཞུང་རྩ་བ། ལག་ལེན་གསལ་བྱེད། བརྒྱུད་པ་ནི། ཀུན་བཟང་ཞི་ཁྲོ །རྡོ་རྗེ་འཆང་། དགའ་རབ། འཇམ་དཔལ། ཤྲཱི་སིཾ། པད་འབྱུང་། བི་མ། བཻ་རོ། ཁྲི་སྲོང་། མཚོ་རྒྱལ། རྒོད་ལྡེམ་ཅན། རྡོ་རྗེ་མགོན་པོ། ནམ་མཁའ་གྲགས་པ། འཇམ་དཔལ་མཚན་ཅན། རིན་ཆེན་ཆོས་རྒྱལ། སངས་རྒྱས་བསྟན་པ། དཀོན་མཆོག་བཟང་པོ། རིན་ཆེན་རྡོ་རྗེ། ཚེ་རིང་དབང་པོ། མང་ཐོས་ཀླུ་སྒྲུབ། རོལ་རྡོར། ཐུགས་མཆོག །འཇམ་དཔལ་ཆོས་དབང་། ཚེ་དབང་ཡེ་ཤེས་ཕྲིན་ལས། ཆོས་གྲགས་རྒྱ་མཚོ། ཀུན་བཟང་ཡེ་ཤེས། དགའ་བའི་རྡོ་རྗེ། བྱམས་པ་ཡོན་ཏན་དཔལ་བ། པདྨའི་མཚན་ཅན། ཐུབ་བསྟན་བསྟན་འཛིན། ཨོ་རྒྱན་རང་གྲོལ་རྡོ་རྗེ། རྣམ་རྒྱལ་རྡོ་རྗེ། རྟོགས་ལྡན་འགྱུར་མེད་བསྟན་འཕེལ། དེ་ལས་ཕྱག་ལེན་ཞལ་ཁྲིད་ཞིབ་མོ་ཞུས། ཡང་བསྟན་འཕེལ། མཁྱེན་བརྩེའི་དབང་པོ་ལས་ཀྱང་བཀླག་ལུང་ཞུས་པའོ། །རྗེ་བླ་མ་རིན་པོ་ཆེའི་རྗེས་དྲན་གྱི་ཟབ་གཏེར་སེང་གདོང་དཀར་མོའི་ཤུ་དག་བཅུད་ལེན་ནི་རྗེ་ཉིད་ལས་ནོས་པའོ། །འཆི་མེད་རྡོ་རྗེའི་སྐུ་དང་ཡེ་ཤེས་སྒྲུབ་པའི་ཐབས་མཆོག་ཏུ་ཟབ་པ་རླུང་གི་བཅུད་ལེན་གྲུབ་ཆེན་ཛ་ཧ་བཱི་རའི་གདམས་སྐོར་ལ་བཀའ་བབས་རིམ་པ་གསུམ་བྱུང་བའི། དང་པོ་འབྲི་གུང་རིན་ཆེན་ཕུན་ཚོགས་ལུགས་ཀྱི་ཁྲིད། དེ་ཉིད་ཀྱིས་མཛད་པའི་གསོལ་འདེབས་ཀ་དག་མ། ཛ་བཱིར་གྱི་སྙན་བརྒྱུད་ཟབ་མོ། རླུང་ཁྲིད། སྙན་བརྒྱུད་གེགས་སེལ། གེགས་སེལ་བདུད་རྩི་བུམ་པ། ཟབ་ལམ་སྙན་བརྒྱུད། ནམ་མཁའ་ཞལ་མཇལ། འཁྲུལ་འཁོར་རྩ་ཚིག་རྣམས་དང་། ཛ་བཱིར་ལས་བརྒྱུད་པ་དེ་བ་ནཱ་ཐས་རྗེ་རཏྣ་ལ་གདམས་པའི་ཚེ་བསོད་སྤེལ་བ་སོགས་ལས་ཚོགས་ནང་གསེས་བཅུ་བདུན་པའི་མནྟྲ། བཛྲ་ནཱ་ཐའི་ཆིག་བརྒྱུད། ཚེ་བསོད་རྒྱས་པ་བྷི་ཤ་སྲུང་བ་སོགས་ལས་ཕྲན་བདུན་བཅས་གཞུང་ཚང་བ། གྱེ་རེ་ལྷ་བཙུན་ངག་དབང་ཕུན་ཚོགས་ཀྱིས་མཛད་པའི་ཁྲིད་ཡིག་རྣམས། ཁྲིད་བརྒྱུད་ནི། ཆོས་སྐུ་འོད་མི་འགྱུར། ལོངས་སྐུ་སྤྱན་རས་གཟིགས། སྤྲུལ་སྐུ་ཨོ་རྒྱན་ཡབ་ཡུམ། མ་ཧཱ་ནཱ་ཐ། ཛ་ཧཱ་བཱིར། བཛྲ་ནཱ་ཐ། རྗེ་མཁའ་གྲོལ་ཀློང་ཡངས། རྫོགས་ཆེན་པ་སངས་རྒྱས་ཚུལ་ཁྲིམས། འོད་གསལ་རྒྱ་མཚོ། ཆོས་རྒྱལ་ལྷུན་གྲུབ། ཚུལ་ཁྲིམས་གྲགས་པ། སངས་རྒྱས་ཤེས་རབ། བྱམས་པ་ཀུན་དགའ། པཎ་ཆེན་བློ་བཟང་ཆོས་རྒྱན། ལྷ་པ་ཞབས་དྲུང་བློ་བཟང་བསྟན་དར། བློ་བཟང་བསྟན་འཛིན། ཡེ་ཤེས་རྒྱལ་མཚན། དཔལ་ལྡན་བཟང་མོ། རིན་ཆེན་བློ་གསལ་བསྟན་སྐྱོང་། རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །ལུང་བརྒྱུད་ནི། རྗེ་རཏྣ་ནས་བརྒྱུད། ལྷ་པ་ཞབས་དྲུང་ནས། རས་ཆེན་བྱམས་པ་ཕུན་ཚོགས། རྗེ་ངག་དབང་ཕུན་ཚོགས། དགེ་འཕེལ་བ་བློ་བཟང་དངོས་གྲུབ། མཁས་བཙུན་ཡེ་ཤེས་རྒྱལ་མཚན། ཐེ་བོ་སྤྲུལ་པའི་སྐུ །དགེ་བཤེས་ཡེ་ཤེས་ཚུལ་ཁྲིམས། རོང་ཚང་འཇིགས་མེད་རིག་པའི་སེང་གེ །མཁན་ཆེན་དཀོན་མཆོག་རྒྱལ་མཚན། དཀོན་མཆོག་བསྟན་པ་རབ་རྒྱས། བློ་གསལ་ཞབས། ཀུན་མཁྱེན་བླ་མ་རིན་པོ་ཆེ། དེས་བདག་ལའོ། །བར་པ་ལང་གྲོ་ལོ་ཙཱའི་རྣམ་འཕྲུལ་གནས་གསར་བ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་ནས་བརྒྱུད་པའི་ཁྲིད། དེ་ཉིད་ཀྱིས་མཛད་པའི་རྩ་བ་ཚིགས་བཅད་མ། ཁྲིད་ཡིག་དབང་ཕྱུག་རབ་བརྟན་གསུང་། བརྒྱུད་པ་ནི། འཆི་མེད་པདྨ་སཾ་བྷ་བ། གྲུབ་ཆེན་ཛ་ཧ་བཱིར། བྷྲ་མ་ནཱ་ཐ། མ་ཎི་ཀ་ནཱ་ཐ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །འཕགས་མཆོག་བྱམས་པ་སྐལ་བཟང་། དབང་ཕྱུག་རབ་བརྟན། ཞ་ལུ་པ་བསོད་ནམས་མཆོག་གྲུབ། ལྔ་པ་ཆེན་པོ། པདྨ་ཕྲིན་ལས། རྨོར་ཆེན་ལེགས་པའི་འབྱུང་གནས། ས་ཆེན་ཀུན་བློ་ཕྱོགས་ལས་རྣམ་རྒྱལ། བྱམས་པ་ངག་དབང་བསྟན་འཛིན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །བཀའ་བབས་ཕྱི་མ་ལྷ་སྲས་མུ་ནེའི་རྣམ་འཕྲུལ་གྲུབ་ཆེན་ཉི་ཟླ་ཀློང་གསལ་ལ་རིང་བརྒྱུད་སྔ་མ་གཉིས་ཀ་འདུས་ཤིང་། ཉེ་བརྒྱུད་གྲུབ་ཆེན་ཛ་ཧ་བཱིར་གྱིས་སྨིན་གྲོལ་གདམས་སྐོར་དངོས་སུ་གནང་བའི་ཟབ་ཆོས་འཇའ་ལུས་འོད་ཕུང་རང་གྲོལ་གྱི་དབང་། དམར་ཁྲིད། གཏུམ་མོ་ཁྲིད་ཆེན་བརྒྱད་བཅས། རྩ་བའི་ཡིག་ཆ་ལ། གསོལ་འདེབས་དངོས་གྲུབ་ཆར་འབེབས། བླ་མ་བརྒྱུད་པའི་རྣམ་ཐར་ནོར་བུའི་དོ་ཤལ། ལོ་རྒྱུས་ཉི་ཟླ་ཟུང་འབྲེལ། སྔོན་འགྲོ་བྱིན་རླབས་ཐུགས་རྗེའི་འོད་འབར། དབང་ཆོག་བདེ་ཆེན་བདུད་རྩིའི་ཆུ་རྒྱུན། དམར་ཁྲིད་སངས་རྒྱས་ལག་འཆང་སྙིང་གི་ཐིག་ལེ། གཏུམ་མོའི་རྫོགས་རིམ་ཟུང་འཇུག་འཁོར་འདས་རང་གྲོལ། ཤེས་རབ་མའི་ཉམས་ལེན་གསེར་གྱི་ཡང་ཞུན། གེགས་སེལ་བདུད་རྩིའི་ཆར་འབེབས། ཁྱད་འཕགས་ཁྲིད་ཆེན་བརྒྱད་དང་། འབྱུང་བའི་གེགས་སེལ། བོགས་འདོན་ནད་བརྒྱ་སྨན་གཅིག་བདུད་རྩི་འཆི་གསོས། འཁྲུལ་འཁོར་རྩ་འགྲེལ་འཇའ་ལུས་མཆོག་སྟེར། ཛ་བཱིར་བླ་སྒྲུབ་འོད་ཕུང་རང་གྲོལ། བཀའ་སྲུང་གཟའ་བདུད་ཀྱི་གསོལ་ཀ་དགྲ་བགེགས་མྱུར་སྒྲོལ། རྒྱབ་མདུན་གཉིས་ཀྱི་ཡིག་ཆུང་ལྡེ་མིག་རང་གྲོལ་ཕྲིན་ལས་དག་པ་རབ་འབྱམས། འཁྲུལ་འཁོར་བཀའ་རྒྱ་མ་བདེ་སྟོང་འོད་ཕུང་། སྔགས་ལ་བརྟེན་པའི་གེགས་སེལ་བར་ཆད་ཀུན་སེལ། འཇའ་ལུས་སྣང་སྟོང་རང་གྲོལ་རྟོགས་པའི་གླུ །འཁྲུལ་སྣང་རྫུན་ཚིག་ཕྲེང་བ། ལས་ཚོགས་རྣམས་དང་། ཕྲིན་ལས་དབང་ཆོག་འབྲེལ་མ་བཅས། བརྒྱུད་པ་ནི། ཀུན་བཟང་། སྣང་མཐའ། སྤྱན་རས་གཟིགས། པད་འབྱུང་། གྲུབ་ཆེན་མ་ཧཱ་ནཱ་ཐ། ཛ་ཧ་བཱིར། དེའི་ཐུགས་སྲས་གྲུབ་ཆེན་བརྒྱད་ཀྱི་ནང་ནས་བཛྲ་ནཱ་ཐ་ལས་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཀྱིས་གསན། དེ་ནས་རྫོགས་ཆེན་པ་སངས་རྒྱས་ཚུལ་ཁྲིམས། མངའ་རིས་པ་འོད་གསལ་མཆོག་ལྡན། བྲེས་གཤོང་བླ་ཆེན་ཆོས་རྒྱལ་རྡོ་རྗེ། གྲུབ་ཆེན་ཉི་ཟླ་ཀློང་གསལ། མཁས་གྲུབ་ཆེན་པོ་ཆོས་དབང་རྡོར་འཛིན། གར་དབང་ཕྲིན་ལས་རྣམ་རྒྱལ། འཇམ་དབྱངས་པདྨ་འཇིགས་བྲལ། སེམས་དཔའ་དབང་ཕྱུག་རྒྱལ་པོ། རིག་འཛིན་ཀུན་བཟང་བསྟན་པའི་ཉི་མ། སྒྲོལ་སྟོན་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། ཀུན་གཟིགས་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་བཀའ་དྲིན་དུ་བསྩལ་པའོ། ༈ །ལྔ་པ་ཕུར་པ་ཕྲིན་ལས་སྒྲུབ་པའི་སྐོར་ལ། སྤྱིར་ཕུར་པ་བཀའ་མ་རྒྱལ་པོ་ལུགས། ཇོ་མོ་ལུགས། འཁོན་ལུགས་གསུམ་ལས་གཙོ་བོར་གྱེས་པའི་སྣ་ནམ་ལུགས། ལྕམ་ལུགས། རྒྱ་ལུགས། རོང་ལུགས། རོག་ལུགས། སྐྱི་ལུགས། འོ་བྲན་ལུགས། དཔྱལ་ལུགས། གཞན་ཡང་སོ་ཟུར་གནུབས་གསུམ་དང་། རམ་འགོས་ཁྱུང་གསུམ། སྒྱུས་ལུགས་དང་གུར་ལུགས་ལམ་སྲོལ་ཐ་དད་པ་དང་། གཞན་ཡང་སློབ་དཔོན་རིན་པོ་ཆེས་གྲུབ་ཆེན་དམ་པ་རྒྱ་གར་ལ་དངོས་སུ་གནང་བའི་ཕུར་པ་ལྷན་སྐྱེས། པཎ་ཆེན་ཤཱཀྱ་ཤྲཱིའི་ཕུར་པ་དཔའ་གཅིག་གིས་མཚོན་ཟབ་རྒྱས་ཀྱི་གདམས་པ་མཐའ་ཡས་པ་ཞིག་བྱུང་ནས་གངས་ཅན་གྱི་ལྗོངས་ཕལ་ཆེར་ཕུར་པ་གྲུབ་པའི་རིག་འཛིན་གྱིས་ཁྱབ་པར་གྱུར་པ་ལས། དེང་སང་འཁོན་ལུགས། རོང་ལུགས། རོག་ལུགས་གསུམ་གྱི་དབང་མན་ངག་ཕྱག་བཞེས་ཀྱིས་བརྒྱན་པ་དང་། རྒྱུད་སྡེ་པོད་གཉིས་རབ་འབྱམས་ཀྱི་ལུང་བཅས་བཞུགས་ཤིང་། དེ་བཞིན་དུ་གཏེར་མའང་སྤུ་གྲི་རྣམ་པ་གསུམ་གཙོ་བོར་གྱུར་པ་རྒྱ་ཆེར་བཞུགས་པ་ལས། ༈ འདིར་ཞི་བའི་ས་ཁོང་ཙམ་དུ། རྭ་སྟོན་ཆེན་པོའི་ཟབ་གཏེར་སྟག་ཚང་ཕུར་པ་ལས་རྡོར་སེམས་རིགས་ལྔ་རྒྱན་གཅིག་གི་སྐོར་ཀུན་བཟང་ཆོས་དབང་དང་ལྷོ་བྱང་བཅས། ཐུགས་ཀྱི་ཐིག་ལེ་རྡོ་རྗེ་ལུས་ཀྱི་རྣམ་བཤད། གཏུམ་མོ། སྔོན་འགྲོ་གནད་གཟེར། ཁྲེགས་ཆོད། ཐོད་རྒལ་བཅས་གཞུང་ཚང་བ། བརྒྱུད་པ་འོག་གི་རྭ་ཕུར་ལྟར་རོ། ༈ །དྲག་པོ་བདུད་འདུལ་ཀཱི་ལ་ཡ་རྣམས་ཀྱི་ཐོག་མ་ཆོས་དབང་རིན་པོ་ཆེའི་ཟབ་གཏེར་ཀླུ་བདུད་དབུ་གཙུག་གི་ཡང་གཏེར་ངེས་དོན་སྐོར་ལས་བྱོན་པའི་གུ་རུའི་ཐུགས་དམ་སྐོར་གསུམ་ནང་ཚན་ཐུགས་ཀྱི་ཕུར་གཅིག་ཡང་གསང་སྤུ་གྲི་འབར་བའི་དབང་། བརྒྱུད་འདེབས། སྔོན་གཏོར། ལས་བྱང་ཀུན་བཟང་རོལ་མཚོ། རྗེས་ཆོག །རྒྱུན་ཁྱེར། སྒྲུབ་ཁོག །གཏོར་ཟློག །གདབ་ཁའི་ཟིན་བྲིས་བཅས་སྨིན་གླིང་གཏེར་ཆེན་གསུང་རྣམས་དང་། བསྙེན་ཡིག་དྷརྨ་ཤྲཱིས་མཛད་པ། རྫོང་འཕྲང་ལྟ་སྒོམ་གྱི་གདམས་པ་གཏེར་གཞུང་། དབང་ཆོག་བཅས། བརྒྱུད་པ་ནི། ཀུན་བཟང་། རིགས་ལྔ། རྡོ་རྗེ་ཆོས། མཁའ་འགྲོ་ལས་ཀྱི་དབང་མོ། རྡོ་རྗེ་ཐོད་ཕྲེང་རྩལ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། གནུབས་ནམ་མཁའི་སྙིང་པོ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། གཏེར་ཆེན་གུ་རུ་ཆོས་དབང་། སྐལ་ལྡན་ཡར་ཀླུངས་སྤྲུལ་སྐུ་ཤཱཀྱ་པྲ་བྷའམ་མི་བསྐྱོད་རྡོ་རྗེ། དྭགས་སྟོན། གཉན་སྟོན། སེ་སྡིངས་ཡབ་སྲས། གུ་རུ་ཆོས་འོད། དྭགས་པོ་སྤ་ལུང་པ་དཔལ་འབྱོར་དབང་ཕྱུག །སྤྲུལ་སྐུ་ཆོས་ཀྱི་དབང་པོ། ལེགས་ལྡན་བདུད་འཇོམས་རྡོ་རྗེ། མཁྱེན་བརྩེའི་དབང་ཕྱུག །དབང་ཕྱུག་རབ་བརྟན། བསོད་ནམས་མཆོག་ལྡན། ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། གྲུབ་ཆེན་ཀློང་ཡངས་འོད་གསལ། པད་གླིང་པད་མ་དབང་རྒྱལ། ཁྲི་ཆེན་པདྨ་དབང་རྒྱལ། འགྱུར་མེད་སངས་རྒྱས་ཀུན་དགའ། འཇིགས་བྲལ་མཁྱེན་བརྩེའི་དབང་པོས་བདག་ལ་བསྩལ། ཡང་ན་རིན་རྣམ་ནས། ཁྲི་པདྨ་བསྟན་འཛིན། ཨོ་ཌཱི་ཡ་ན། ཆོས་འདིའི་གྲུབ་བརྙེས་བསྟན་འཛིན་ཆོས་རྒྱལ། འགྱུར་མེད་བསྟན་འཛིན་འཕེལ་རྒྱས་ཞལ་སྔ་ནས་བདག་ལའོ། །གཏེར་བརྒྱུད་གཉིས་པ། པད་གླིང་ཕུར་པའང་འདི་དང་ཚིག་དོན་མཚུངས་ཤིང་སྨིན་གྲོལ་གྱི་ཆུ་བོ་གཅིག་འདྲེས་སུ་བཞུགས་པའི་བརྒྱུད་པ་ནི། པད་གླིང་། རྒྱལ་བ་དོན་གྲུབ། སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། མདོ་སྔགས་བསྟན་འཛིན། ཕྲིན་ལས་ལྷུན་གྲུབ་མན་གོང་ལྟར་རོ། །ཉེ་བརྒྱུད་གསུམ་པ་ནི་ཨོ་རྒྱན་གཏེར་བདག་གླིང་པ་གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་སྟེ་ཆོས་བཀའ་སྤྱི་དང་ཁྱད་པར་ཕུར་པའི་ཆོས་སྐོར་གྱི་བཀའ་བབས་གཏད་པ་ཡིན་ནོ། །འདི་ལ་བཀའ་མ་ལང་ལབ་ནས་བརྒྱུད་པའང་སྨན་ལུང་པ་ལ་འདུ་བས་བཀའ་གཏེར་གཉིས་ལྡན་དུ་འདྲེན་སྲོལ་སྣང་ངོ་། །རིག་འཛིན་ཆེན་པོ་ཉི་ཟླ་འོད་འབར་གྱི་ཟབ་གཏེར་བྱང་ལྕགས་མཛོད་ནས་བྱོན་པ་ཕུར་པ་ལྕགས་ཁང་མའམ་དྲག་སྔགས་དང་ལྷ་ནག་ཏུ་གྲགས་པའི་དབང་། ལས་བྱང་དང་དབང་ཆོག །བརྒྱུད་པ་ནི། ཀུན་བཟང་། རིགས་ལྔ། རིགས་གསུམ་མགོན་པོ། དབང་གི་མཁའ་འགྲོ །ཚངས་པ་གདོང་གསུམ། ལྷ་དབང་བརྒྱ་བྱིན། ཀླུ་རྒྱལ་འཇོག་པོ། རྒྱལ་པོ་ཛཿ ཤཱཀྱ་པྲ་བྷ། ཨོ་རྒྱན་པདྨ། མཚོ་རྒྱལ། རྡོ་རྗེ་བདུད་འཇོམས། གཏེར་སྟོན་དངོས་གྲུབ་རྒྱལ་མཚན། སྔགས་འཆང་རྡོ་རྗེ་མགོན་པོ། ངག་དབང་གྲགས་པ། སངས་རྒྱས་དཔལ་བཟང་། ནམ་མཁའ་རྒྱལ་མཚན། ཤཱཀྱ་བཟང་པོ། ལེགས་ལྡན་རྡོ་རྗེ། བཀྲ་ཤིས་སྟོབས་རྒྱལ། སྐྱི་ཐག་སྔགས་འཆང་ཐོག་རྡུགས་ཆེན་པོ། གསང་གཞུང་སྔགས་འཆང་བདུན་བརྒྱུད་བར་མ་ཆད་པར་བརྒྱུད་ནས་གཏེར་ཆེན་བླ་མ་དཀོན་མཆོག་བསྟན་འཛིན་ནས་བསྩལ། ཡང་ན་བཀྲ་ཤིས་སྟོབས་རྒྱལ་ནས། ངག་གི་དབང་པོ། ཡོལ་མོ་པ། ཟུར་ཆོས་དབྱིངས་རང་གྲོལ། ཟིལ་གནོན་དྲག་རྩལ་རྡོ་རྗེ། པདྨ་ཕྲིན་ལས། པདྨ་དབང་རྒྱལ། རྡོ་རྗེ་ཐོགས་མེད། འགྱུར་མེད་བློ་ལྡན། པདྨ་བཤེས་གཉེན། ཕྲིན་ལས་ལྷུན་གྲུབ། ཨོ་རྒྱན་རང་གྲོལ་རྡོ་རྗེ། ཕྲིན་ལས་དར་རྒྱས། འགྱུར་མེད་ངེས་དོན་བསྟན་འཕེལ། བསོད་ནམས་མཆོག་ལྡན། ཚེ་དབང་རིག་འཛིན་རྒྱ་མཚོ། མཁན་ཆེན་ཐུབ་བསྟན་རྒྱལ་མཚན། དེས་བདག་ལའོ། །གཏེར་ཆེན་སངས་རྒྱས་གླིང་པས་ཀོང་པོ་རྩེ་ཆེན་བྲག་ནས་གདན་དྲངས་པ་རྡོ་རྗེ་ཕུར་པ་ཐུགས་ཀྱི་ཉིང་ཁུའི་རྩ་བའི་དབང་ཆེན། དོན་དབང་། ཕྲིན་ལས་ལམ་ཁྱེར་བསྡུས་པ་མཚོ་རྒྱལ་གྱིས་མཛད་པ་གཏེར་གཞུང་། ལས་བྱང་ཉུང་བསྡུས་དང་དབང་ཆོག་གཉིས། བརྒྱུད་པ་ནི། ཀུན་བཟང་། རིགས་ལྔ། ཀརྨ་ཧེ་རུ་ཀ །གསང་བདག་རྡོ་རྗེ་ཆོས། མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ། པྲ་བྷ་ཧསྟི། པདྨ་ཐོད་ཕྲེང་། མཁར་ཆེན་མཚོ་རྒྱལ། ལྷ་སྲས་མུ་རུབ་བཙད་པོ། གཏེར་ཆེན་སངས་རྒྱས་གླིང་པ། སྲས་ཡེ་ཤེས་རྡོ་རྗེ། སངས་རྒྱས་བློ་གྲོས། བསོད་ནམས་རྒྱལ་པོ། བསོད་ནམས་བླ་མ། ཆོས་རྒྱལ་མཚན་ཅན། ཀརྨ་བཟང་པོ། གྲུབ་མཆོག་བཟང་པོ། ཀརྨ་རིག་འཛིན་སྙིང་པོ། བདེ་ཆེན་དར་རྒྱས། བདེ་ཆེན་རབ་གསལ། རིག་འཛིན་དབང་དྲག །ངག་དབང་རྣམ་རྒྱལ། པདྨ་ངེས་དོན། ཕྲིན་ལས་འོད་ཟེར། ཨོ་རྒྱན་བསམ་གྲུབ། དབང་རྒྱལ་ནོར་བུ། ཆོས་དབྱིངས་ལྷུན་གྲུབ། བླ་མ་ཤེས་རབ། གྲུབ་མཆོག་ཨོ་རྒྱན་ཆོས་འཕེལ། རིག་འཛིན་སྤྲུལ་པའི་སྐུ་ཀརྨ་སྒྲུབ་བརྒྱུད་བསྟན་པ་ཡར་འཕེལ། དེས་བདག་ལའོ། །གཏེར་ཆེན་རཏྣ་གླིང་པས་གདོང་ལྷ་བྲག་ནས་སྤྱན་དྲངས་པའི་ཕུར་པ་ཡང་གསང་བླ་མེད་ཀྱི་རྩ་བའི་དབང་ཆེན་མཚོན་ཆ་འཁོར་ལོ་དང་བཅས་པ། དོན་དབང་། བརྒྱུད་འདེབས། ལས་བྱང་གཏེར་གཞུང་། གསང་སྒྲུབ་རྒྱུན་གྱི་རྣལ་འབྱོར། དབང་ཆོག་ཆེ་ཆུང་། མཚོན་ཆ་འཁོར་ལོ། བརྒྱུད་པ་ཡན་ཆད་སྔ་མ་ལྟར་ལ། པདྨ་འབྱུང་གནས། བདུད་འདུལ་རྒྱལ་མོ། རཏྣ་གླིང་པ། ཚེ་དབང་གྲགས་པ། ངག་དབང་གྲགས་པ། ནོར་བུ་ཡོངས་གྲགས། དབང་ཆེན་ལྷུན་གྲུབ། སངས་རྒྱས་ཕུན་ཚོགས། ཀརྨ་དགེ་ལེགས། ཀརྨ་ཆགས་མེད་ནས། དབང་ནི་གནས་མདོ་སྟོད་བརྒྱུད་ལྟར་ལ། བདེ་ཆེན་སྙིང་པོ་ནས། ཀརྨ་མཚན་དཔེ། རྡོར་སློབ་ཀརྨ་བསྟན་འཛིན། དེ་ལས་སོ། །ཡང་ཆགས་མེད་ནས་དཔལ་ཡུལ་བརྒྱུད་པ་སྔ་མ་རྣམས་ལྟར་ལ་གསང་སྔགས་བསྟན་འཛིན་ལས་ནོས། ལུང་ནི་གནས་མདོ་སྨད་བརྒྱུད་ལྟར་ལ། ཤེས་རབ་གྲགས་པ་ནས། ཀརྨ་ཚངས་དབྱངས། ཀརྨ་བསྟན་འཛིན་ཕྲིན་ལས་རིན་པོ་ཆེས་བསྩལ་པའོ། །ཡང་ཟུར་མང་བརྒྱུད་པ་ལྟར་ན། གཏེར་ཆེན་རཏྣ་གླིང་པ། དགོངས་འདུས་པ་ཆོས་ཀྱི་རྒྱལ་མཚན། བྱ་བཏང་བློ་གྲོས་རྒྱ་མཚོ། དོན་གྲུབ་བཀྲ་ཤིས། ལེགས་བཤད་སྒྲ་དབྱངས། བློ་གྲོས་རྣམ་རྒྱལ། སངས་རྒྱས་རིན་ཆེན། ཀུན་དགའ་རྣམ་རྒྱལ། བློ་གྲོས་ཉི་མ། བསོད་ནམས་འགྱུར་མེད། དཀོན་མཆོག་བསྟན་འཛིན། བསྟན་པ་རྣམ་རྒྱལ། གསུང་རབ་རྒྱ་མཚོ། རོལ་པའི་རྡོ་རྗེ། ཆོས་སྐྱོང་རྣམ་རྒྱལ། དགེ་ལེགས་རབ་རྒྱས། འགྱུར་མེད་བསྟན་འཕེལ། བསྟན་འཛིན་བརྒྱད་པ་དགེ་ལེགས་ཉི་མ། དེས་སོ། །གཏེར་ཆེན་པདྨ་གླིང་པས་ལྷོ་བྲག་སྨན་མདོའི་བྲག་སེང་གེའི་གདོང་པ་ནས་སྤྱན་དྲངས་པའི་ཕུར་པ་སྲོག་གི་སྤུ་གྲིའི་དབང་། ལས་བྱང་། དབང་ཆོག །དབང་གི་བརྒྱུད་པ་ནི། ཀུན་བཟང་། རྡོ་རྗེ་འཆང་། རྡོར་སེམས། དགའ་རབ། ཤྲཱི་སིང་། པྲ་བྷ་ཧསྟི། ཨོ་རྒྱན་ཆེན་པོ། མཚོ་རྒྱལ། མུ་ཏིག་བཙན་པོ། པདྨ་གླིང་པ། གྲུབ་པ་ཀུན་འདུས། པདྨ་ཕྲིན་ལས། ཚུལ་ཁྲིམས་རྡོ་རྗེ། བསྟན་འཛིན་འགྱུར་མེད་རྡོ་རྗེ། པད་གླིང་བཞི་པ། ཞབས་དྲུང་ཐུགས་སྲས། ཀུན་མཁྱེན་གསུམ་པ། དྷརྨ་ཨིནྡྲ། ཆོས་ཀྱི་ཉི་མ། མི་འགྱུར་ལྷུན་གྲུབ་བདེ་ཆེན་རྡོ་རྗེ། ཀུན་བཟང་རིག་འཛིན་རྡོ་རྗེ། པད་གླིང་བརྒྱད་པ་ཀུན་བཟང་བསྟན་པའི་ཉི་མ། མཆོག་སྤྲུལ་ཀུན་བཟང་བདེ་ཆེན་ཆོས་རྒྱལ་ནས་བདག་ལའོ། །ལུང་བརྒྱུད། ཀུན་མཁྱེན་གསུམ་པ་ནས། དཔོན་ཁང་པ་བི་ཛཱཀྵ་ར། མི་འགྱུར་ལྷུན་གྲུབ་ཕྱིན་དབང་དང་འདྲ། ཡང་ན། བསྟན་འཛིན་འགྱུར་མེད་རྡོ་རྗེ། མང་ཐོས་མི་དབང་མི་འགྱུར་རྡོ་རྗེ། ཕུར་པའི་རིག་འཛིན་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། པད་གླིང་དྲུག་པ། ཀུན་བཟང་རིག་འཛིན་རྡོ་རྗེ། པད་གླིང་བརྒྱད་པ། རིག་འཛིན་སྤྲུལ་པའི་སྐུ་ལས་སོ། །སྨིན་གཏེར་རིག་འཛིན་ཐུགས་ཐིག་གི་ལས་ཚོགས་ཕུར་པའི་གཏོར་ཆོག་དུག་གཟེར་རེག་ཕུང་གི་ཕྲིན་ལས་གཏོར་ཟློག །ལག་ལེན་ཟུར་འདེབས་རྣམས་རྩ་བའི་བརྒྱུད་པ་ཐུགས་ཐིག་ཉིད་དོ། །རིག་འཛིན་ཆོས་རྗེ་གླིང་པས་ཁ་རག་མགོ་དགུའི་བདུད་མཚོ་ནས་སྤྱན་དྲངས་པའི་རྡོ་རྗེ་ཕུར་པ་ཐུགས་ཀྱི་ཐིག་ལེའི་དབང་ཆེན་ཡན་ལག་བཅས། སྒྲུབ་དཀྱིལ་སྙིང་པོ། དབང་ཆོག །ལྷ་དབང་། རྒྱུན་ཁྱེར། ཆོས་སྲུང་གཏོར་འབུལ། བསྙེན་ཡིག །བཛྲ་ཀཱི་ལ་ཡའི་སྒོས་སྒྲུབ་བཅས་རྒྱུན་ཁྱེར་སོགས་ཚན་བཞི་གཏེར་སྟོན་ཉིད་མཛད། དབང་གི་བརྒྱུད་པ། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། ཧཱུྃ་ཀ་ར། པདྨ་འབྱུང་གནས། མཚོ་རྒྱལ། གཏེར་སྟོན་ཆོས་རྗེ་གླིང་པ། རྭ་སྟོན་སྟོབས་ལྡན་རྡོ་རྗེ། སི་ཏུ་བསྟན་པའི་ཉིན་བྱེད། དབོན་སྤྲུལ་དབང་རྒྱལ་རྡོ་རྗེ། དཔའ་བོ་བརྒྱད་པ་པདྨ་བསྟན་འཛིན། གར་དབང་ཆོས་སྐྱོང་བཟང་པོ། ཟླ་བཟང་སྤྲུལ་པའི་སྐུ་ངེས་དོན་བསྟན་པ་རབ་རྒྱས། དེས་བདག་ལའོ། །ལུང་བརྒྱུད་དཔའ་བོ་ནས། རིག་འཛིན་སྤྲུལ་སྐུ་བསོད་ནམས་ཐེག་མཆོག །ཀརྨ་གཞན་ཕན་བསྟན་པ་དར་རྒྱས། དེ་ལས་སོ། །རླངས་ཆེན་དཔལ་གྱི་སེང་གེའི་རྣམ་འཕྲུལ་རྭ་སྟོན་སྟོབས་ལྡན་རྡོ་རྗེས་འོན་ཕུ་སྟག་ཚང་ནས་སྤྱན་དྲངས་པ་རྡོ་རྗེ་ཕུར་པ་སྟོད་ལས་རྡོར་སེམས་རིགས་ལྔ་རྒྱན་གཅིག་དང་། སྨད་ལས་ཆེ་མཆོག་གི་དབང་། ལས་བྱང་། དབང་ཆོག །དེ་གཉིས་ཆེ་མཆོག་ལ་སྦྱོར་བའི་ཟུར་འདེབས། བརྒྱུད་པ་ནི། ཀུན་བཟང་། རྡོར་སེམས། པད་འབྱུང་། མཚོ་རྒྱལ། རླངས་ཆེན་དཔལ་གྱི་སེང་གེ །གཏེར་སྟོན་སྟོབས་ལྡན་རྡོ་རྗེ། ཆོས་བདག་ཐུགས་མཆོག་རྡོ་རྗེ། སྔགས་འཆང་ཕྲིན་ལས་རྡོ་རྗེ། བང་རི་བ་པདྨ་བསྟན་སྐྱོང་འགྱུར་མེད། གྲུབ་དབང་དཔའ་བོ་པདྨ་བསྟན་འཛིན། དེས་བདག་ལའོ། །སྨད་ལས་ཆེ་མཆོག་གི་དབང་ལུང་བརྒྱུད་པ་ཐུགས་མཆོག་རྡོ་རྗེ་ནས། དཔལ་རི་པདྨ་བསྟན་འཕེལ། ཀུན་གྲོལ་རྣམ་རྒྱལ། ནམ་མཁའ་ཚེ་དབང་མཆོག་གྲུབ། མི་འགྱུར་ནམ་མཁའི་རྡོ་རྗེ། མཁན་དཀོན་མཆོག་འོད་ཟེར་ལས་ནོས་པའོ། ཁྲག་འཐུང་བདུད་འདུལ་གླིང་པས་སྤུ་རི་ཤེལ་གྱི་ཡང་སྒྲོམ་ནས་སྤྱན་དྲངས་པའི་ཕུར་པ་གནམ་ལྕགས་སྤུ་གྲིའི་དབང་། ལས་བྱང་གཏེར་གཞུང་། དབང་ཆོག །བརྒྱུད་པ་གོང་མ་སྤྱི་དང་མཚུངས། གཏེར་ཆེན་ནས་སྲས་ནོར་བུ་ཡོངས་གྲགས་དང་ཀུན་བཟང་ཁྱབ་བརྡལ་ལྷུན་གྲུབ་ནས་དཔལ་ཡུལ་བརྒྱུད་པ་ལས་བྱོན་པའོ། །པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་སློབ་དཔོན་པྲ་བྷ་ཧསྟའི་དགོངས་པ་གུ་རུ་ཤཱཀྱ་སེང་གེས་སྙན་བརྒྱུད་དུ་གནང་བའི་ཕུར་པའི་གནད་ཏིག་གི་དབང་བཞི། ཚེ་དབང་བཅས། ཕུར་བཞིའི་དགོངས་པའི་ཟབ་ཁྲིད། བསྙེན་སྒྲུབ་དབང་བསྐུར་ལས་མཐའ་རྫོགས་རིམ་ཚེ་སྒྲུབ་བཅས་གཏེར་གཞུང་ཚང་བ། དེའི་བརྒྱུད་འདེབས་དང་ས་བཅད་ཉིད་མཛད། བསྙེན་ཟིན། དབང་ཆོག །བརྒྱུད་པ་ནི། པྲ་བྷ་ཧསྟི། ཤཱཀྱ་སེང་གེ །གཏེར་ཆེན་བླ་མ་རྡོ་རྗེ་གཟི་བརྗིད། དེས་བཀའ་དྲིན་དུ་བསྩལ་པའོ། །གཏེར་ཆེན་མཆོག་གྱུར་གླིང་པའི་ཟབ་བདུན་ལས། མངོན་སྤྱོད་ཀྱིས་ཟབ་པ་ཐུགས་ཀྱི་ཕུར་གཅིག་གི་སྟོད་ལས་བྱང་ཆུབ་སྒྲུབ་པའི་དབང་བཞི། སྨད་ལས་དྲག་པོ་མངོན་སྤྱོད་ཀྱི་རྗེས་གནང་། ཚེ་དབང་། སྔོན་འགྲོ །ལས་བྱང་། ཕུར་པ་བྱིན་རླབས་ཚེ་སྒྲུབ་རྣམས་གཏེར་གཞུང་། བརྒྱུད་འདེབས་དང་སྨན་མཆོད་ཟླ་བཟང་གསུང་། དབང་ཆོག །སྨད་ལས་ཨེ་ཁྲོམ་གྱི་ཕྲིན་ལས་དང་འབྲེལ་བའི་གཏོར་ཟློག་གདབ་ཁ་གཏེར་གསུང་། བརྒྱུད་པ་གོང་མ་རྣམས་སྤྱི་དང་འདྲ། ཨོ་རྒྱན་ཡབ་ཡུམ། མངའ་བདག་ཡབ་སྲས། མཆོག་གྱུར་གླིང་པ། དེས་བདག་ལའོ། །གསང་ཐིག་སྐོར་ལས་ཕུར་པའི་གཏོར་དབང་། རྡོ་རྗེ་གཞོན་ནུ་ཕྱག་རྒྱ་གཅིག་པའི་སྒྲུབ་ཐབས་གཏེར་གཞུང་། ཚོགས་མཆོད་དང་། དབང་ཆོག །བརྒྱུད་པ་སྔ་མ་དང་མཚུངས་སོ། ༈ །དྲུག་པ་མ་མོ་རྦོད་གཏོང་གི་བཀའ་མ་མ་མོ་ལྷོ་འགྱུར་སོགས་སྨིན་གྲོལ་བཤད་རྒྱུན་ངོ་མཚར་ཅན་མང་དུ་བྱུང་བར་སྣང་ལ། གྲུབ་ཆེན་ཀརྨ་པ་ཆོས་ཀྱི་བླ་མའི་དགོངས་པའི་གཏེར་ལས་བརྡོལ་པ། སྲིད་པ་མ་མོ་རྦོད་གཏོང་གི་ལུང་རྒྱ་མཚོ་མཐའ་ཡས་སོགས་བཞུགས་ཀྱང། དེང་སང་རྒྱུད་སྡེའི་སྐོར་་་པོད་གཅིག་ལྷག་་་གྱི་ལུང་ཙམ་ལས་གཞན་གྱི་རྒྱུན་བཞུགས་པར་མ་མངོན་ལ། འདིར་རྣམ་སྣང་ལོ་ཙཱ་བ་ཆེན་པོ་དང་འབྲོག་མི་དཔལ་གྱི་ཡེ་ཤེས་ཟུང་དུ་འཇུག་པའི་རྣམ་རོལ་སྤྲུལ་སྐུ་ར་ཤག་ཆེན་པོ་བསོད་ནམས་རྡོ་རྗེས་སྤ་གྲོ་གཅལ་གྱི་ཕ་ཝང་སྡིག་རུ་ནས་བཏོན་པའི་སྲིད་པ་མ་མོ་སྒང་ཤར་གྱི་དབང་། བརྒྱུད་འདེབས། ཕྲིན་ལས་ཆེན་མོ། ལས་བྱང་ཆུང་བ་གཏེར་གཞུང་། དབང་ཆོག་རྣམས། དབང་གི་རིང་བརྒྱུད་ནི། སྟོན་པ་མངོན་རྫོགས་རྒྱལ་པོ། ཡུམ་སྲིད་པ་བདེ་འགྲོ །ཕྱག་ན་རྡོ་རྗེ། ལྷ་མོ་ཡིད་འོང་མ། མཛེས་ལྡན་མ། གྲུབ་ལྡན་མ། གྲགས་ལྡན་མཆོག་སྐྱོང་། ཡོངས་སུ་དེ་བ་རྣམས་ལས། དྷ་ན་སཾསྐྲྀཏ། ཨོ་རྒྱན་པདྨ། འབྲོག་མི་དཔལ་ཡེ། ར་ཤག་ཆོས་འབར། ཡོལ་རྡོ་རྗེ་དབང་ཕྱུག །གུ་རུ་བ་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ། ཇོ་སྲས་ཉི་མ་སེང་གེ །ཇོ་སྲས་རྩིང་པོ། གཡུ་ཐོག་ཡོན་ཏན་མགོན་པོ། གནུབས་སྟོན་ལྷ་རྗེ་དར་པོ། དྷརྨ་རཱ་ཛ། ལྷ་རྗེ་ཡེ་ཤེས་གཟུངས། བླ་མ་མེས་སྟོན་ཡབ་སྲས། ཨ་མེས་ཐང་སྟོན་ཇོ་ཡེས། རྩ་བརྒྱད་པ་རྡོ་རྗེ་སེང་གེ །བླ་ཆེན་ཆོས་དཔལ་བཟང་པོ། པཎ་ཆེན་བློ་གྲོས་བཟང་པོ། སྤ་སྟོན་ནམ་མཁའ་རིན་ཆེན། ཚེ་བརྟན་རྒྱལ་པོ། དྲི་མེད་ཟླ་ཤར། གཞན་ཕན་རྡོ་རྗེ། རིག་འཛིན་ཕྲིན་ལས་ལྷུན་གྲུབ། ཆོས་རྒྱལ་གཏེར་བདག་གླིང་པ། རིན་ཆེན་རྣམ་རྒྱལ། ཚེ་བདག་མི་འགྱུར་རྡོ་རྗེ། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། དཔང་སྟོན་པདྨ་ཚེ་དབང་། སྒྲོལ་སྟོན་ཆོས་ཀྱི་རྒྱལ་མཚན། བཀའ་བབས་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །ཉེ་བརྒྱུད་ནི། ཡར་རྗེ་ཨོ་རྒྱན་གླིང་པ་ལ་སྒང་ཤར་གྱི་ཚིག་བརྒྱུད་བར་མ་ཆད་པ་དང་ཉེ་བརྒྱུད་བཀའ་བབས་ཟུང་འབྲེལ་བཞུགས་པ་ཡིན་འདུག་ཅིང་། དེ་ཉིད་ཀྱི་ཡེ་ཤེས་ཀྱི་སྐུས་རྗེ་བླ་མ་ལ་སྨིན་གྲོལ་ཆིག་རྫོགས་སུ་བསྩལ་པས་སྣང་སྲིད་མ་མོ་རྩ་རླུང་རྣམ་དག་གི་དགོངས་པ་མངོན་དུ་གྱུར། བཀའ་སྲུང་བྱ་རོག་གདོང་མས་ཀྱང་ར་ཤག་ཆེན་པོའི་གཏེར་དཔེ་རྣམས་དགྱེས་པའི་མདོངས་གསོལ་དུ་ཕུལ་བ་སྟེ། དེ་ལྟར་ན། ར་ཤག་ཆོས་འབར། ཨོ་རྒྱན་གླིང་པ། རྗེ་རིན་པོ་ཆེས་བདག་རྗེས་སུ་བཟུང་བའོ། །པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་སློབ་དཔོན་དྷ་ན་སཾསྐྲྀཏ་དང་གུ་རུ་ཉི་མ་འོད་ཟེར་གྱིས་སྙན་བརྒྱུད་དུ་གདམས་པའི་སྲིད་པ་མ་མོའི་གནད་ཏིག་གི་དབང་། ཁྲིད། གཏེར་གཞུང་ཚང་བ། མདོས་ཀྱི་ལས་འགྲིགས། སྒོ་དབྱེ། ཕྲིན་ལས་དབང་ཆོག་སྦྲེལ་མ། བརྒྱུད་པ་རྗེ་དེ་ཉིད་ཀྱི་ཞལ་སྔ་ནས་བདག་ལའོ། །གཏེར་ཆེན་མཆོག་གྱུར་གླིང་པའི་ཟབ་བདུན་ལས། ཐུན་མོང་རྐྱེན་ཟློག་གིས་ཟབ་པ་མ་མོ་མངོན་རྫོགས་རྒྱལ་པོའི་དབང་། ཀལྤ་དུམ་བུའི་རྒྱུད། རྩ་བའི་སྒྲུབ་པ། སྨིན་བྱེད། ཕྲིན་ལས། མ་མོའི་གསོལ་ཁ། སྤྱི་སྐོང་། མདོས་ཆོག་བཅས་གཏེར་གཞུང་དང་། བརྒྱུད་འདེབས། སྨན་མཆོད། དབང་ཆོག་རྣམས། བརྒྱུད་པ་ནི། རྡོ་རྗེ་འཆང་། རྣམ་སྣང་། རྡོར་སེམས། སྟོན་པ་བཅུ་གཉིས། མངོན་རྫོགས་རྒྱལ་པོ། ལྷ་མོ་ཡོངས་འཁྱུད་བདེ་མ། རྡོ་རྗེ་ཆོས། ལས་ཀྱི་དབང་མོ། དྷ་ན་སཾསྐྲྀཏ། པདྨ་ཐོད་ཕྲེང་། མཚོ་རྒྱལ། མངའ་བདག་ཡབ་སྲས། བཻ་རོ། འབྲོག་མི་དཔལ་ཡེ། གཏེར་སྟོན་ཉིད་ནས་བདག་ལའོ། །འདི་ཉིད་ཀྱི་གཏེར་བྱོན་མ་མོ་སྤྱི་བསྡུས་ཀྱི་སྨིན་གྲོལ་སྤྱི་དང་ཁྱད་པར་དེང་དུས་གནད་དུ་འགྲོ་བའི་མདོས་ཆོག་གི་སྐོར་ངོ་མཚར་ཅན་བཞུགས་པ་ནི་འདིར་སྡུད་མ་ཐུབ་པས་གཞན་དུ་ཚོལ་བ་གལ་ཆེའོ། །གཞན་ཡང་རྦོད་གཏོང་གི་ཕྱོགས་སུ་གཏོགས་པ་ཡེ་ཤེས་མཁའ་འགྲོ་སེང་གདོང་མའི་སྐོར་ལ། བོ་དོང་རྟོགས་ལྡན་ནམ་མཁའ་སངས་རྒྱས་མགོན་པོ་ལ་རྒྱལ་ཡུམ་སེང་གེའི་གདོང་ཅན་དང་ཨོ་རྒྱན་རིན་པོ་ཆེས་དངོས་སུ་བསྩལ་པ་དང་། བ་རི་ལོ་ཙཱ་ནས་རིང་བརྒྱུད་བཅས་བཀའ་གཏེར་དག་སྣང་ཟུང་དུ་འབྲེལ་བའི་སེང་གདོང་སྙན་བརྒྱུད་ཀྱི་རྗེས་གནང་བཅུ། ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེས་བསྡེབས་པའི་མན་ངག་གི་ཡི་གེ་གཅེས་བསྡུས་རིན་ཆེན་བུམ་བཟང་ལ་ནང་གསེས་སུ། ལོ་རྒྱུས། ཕྱི་སྒྲུབ་རྡོ་རྗེ་མཁའ་འགྲོ །ནང་སྒྲུབ་པདྨ་མཁའ་འགྲོ །གསང་སྒྲུབ་གཏེར་བུམ་གཙོ་རྐྱང་། རྡོ་རྗེ་མཁའ་འགྲོ་ཕྱི་ནང་གསང་གསུམ་གྱི་གཏོར་འབུལ། ཕན་བྱེད་ཀྱི་ལས་ཚོགས་དགོས་འདོད་ཀུན་འབྱུང་ཞེས་པ། ཚེ་སྒྲུབ་འབྱུང་བཞི་བཅུད་བསྡུས་ནས་མཚོན་སྲུང་རྡོ་རྗེའི་གོ་ཁྲབ་དཔའ་བོ་རྩལ་བྱེད་བར་ལས་ཚོགས་སོ་ལྔ་ཡོད་པ་ཕལ་ཆེར་ཞལ་ཤེས་དང་བཅས་པ། ཡང་ཟློག་ཟབ་མོ་ཁྲམ་ཤིང་འབྲུ་བཀྲ་ལ་བརྟེན་ནས་བསད་པའི་མན་ངག །སེང་གདོང་མའི་ལས་སྦྱོར་འཁོར་ལོའི་མན་ངག་ཀརྨ་ཨ་རཱ་གས་བཀོད་པ། མཆོག་སྒྲུབ་པའི་ལས་ཚོགས་བསྐྱེད་རྫོགས་ཀྱི་ཉམས་སུ་ལེན་པའི་སྔོན་འགྲོ་བཞི་སྦྱོར་དང་། ཕྱི་སྒྲུབ་རྡོ་རྗེ་མཁའ་འགྲོའི་ལྷ་ཁྲིད་ནོར་བུའི་ཕྲེང་མཛེས་ཀྱི་སྙིང་པོ་བཅས་ཐམས་ཅད་སངས་རྒྱས་མགོན་པོ་དང་པདྨ་གར་དབང་རྩ་གཞུང་དང་། བསྐྱེད་རྫོགས་ཀྱི་མན་ངག་སྙིང་པོ་བསྡུས་པ། འཁོར་ལོ་བཞིའི་མན་ངག་སྒྲུབ་པ་རྣམས་ཆགས་མེད་ཞབས་ཀྱིས་མཛད་པ། བརྒྱུད་འདེབས། སེང་གདོང་རིགས་ལྔའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་ཕྲིན་ལས་རྣམ་རོལ་རྗེ་བླ་མ་ཉིད་ཀྱིས་མཛད་པ། ཁྲམ་ཤིང་འབྲུ་བཀྲ་བཅས་བཞུགས། བརྒྱུད་པ་ནི། རྡོ་རྗེ་འཆང་། སེང་གེའི་གདོང་ཅན། པཎྜི་ཏ་རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ། གོང་མ་རྣམ་ལྔ། རོང་པོ་རྡོ་རྗེ་རྒྱལ་མཚན། རོང་པོ་སངས་རྒྱས་ཡེ་ཤེས། རོང་པོ་བླ་མ་རིན་ཆེན། གཡག་སྡེ་པཎ་ཆེན། བློ་གྲོས་རྒྱ་མཚོ། བསམ་གཏན་དཔལ་བ་སྟེ་རིང་བརྒྱུད་དང་། ཉེ་བརྒྱུད་ནི། མཚོ་སྐྱེས་རྡོ་རྗེ། ཡེ་ཤེས་ཀྱི་ཌཱ་ཀི་ནཱི། རྟོགས་ལྡན་སངས་རྒྱས་མགོན་པོ། རས་ཆེན་ཀུན་དགའ་དར་པོ། ཐུགས་སྲས་ཀུན་དགའ་བཟང་པོ། ཀུན་མཁྱེན་བྱམས་པ་ཆོས་ཉི། བྱ་བཏང་པདྨ་གར་དབང་། འཇམ་དབྱངས་གྲགས་པ་འོད་ཟེར། རབ་འབྱམས་ཆོས་རྗེ། རཏྣའི་མཚན་ཅན། འདུས་ཆེན་རབ་རྒྱས། ནམ་མཁའི་རྣལ་འབྱོར། རིན་ཆེན་བཟང་པོ། དགེ་ལེགས་རྒྱལ་མཚན། རིག་འཛིན་ཆེན་མོ། འཇམ་དབྱངས་རྣམ་རྒྱལ། ཕྲིན་ལས་ལྷུན་གྲུབ། རིག་འཛིན་རྣམ་རྒྱལ། མཁའ་སྤྱོད་དབང་མོ། ཆོས་དབྱིངས་བདེ་ཆེན་མཚོ་མོ། ཐམས་ཅད་མཁྱེན་གཟིགས་མཉྫུ་གྷོ་ཥ། དེས་བདག་ལའོ། །འཇའ་ཚོན་དཀོན་མཆོག་སྤྱི་འདུས་ཀྱི་སེང་གདོང་མའི་དབང་བཀའ་རྒྱ་ཅན། དེའི་ཡིག་ཆ་ཆགས་མེད་གསུང་། བརྒྱུད་པ་གུར་དྲག་དང་འདྲ། ཀློང་གསལ་རྡོ་རྗེ་སྙིང་པོ་ལས་སེང་ཧ་དམར་མོའི་བཀའ་གཏད། གཏེར་གཞུང་སྒྲུབ་པ་བཀའ་གཏད་སྲུང་ཟློག་བསད་གསུམ། དུག་གྲི་ནག་མོ་ཐེམས་མེད་ཆིག་བརྒྱུད། ལས་ཚོགས་སྤུ་གྲི་དུག་མདའ་ནག་མོ་བཅས་ཚང་བ་དང་། ཕྲིན་ལས་སྲུང་ཟློག །བཀའ་གཏད་ཆོག་ཁྲིགས་བཅས། བརྒྱུད་པ་ཀུན་ཏུ་བཟང་མོ། སེང་གེའི་གདོང་ཅན། ཨོ་རྒྱན་ཡབ་ཡུམ། ལང་གྲོ །ཀློང་གསལ་སོགས་རྡོ་རྗེ་སྙིང་པོ་སྤྱི་དང་འདྲ། གཏེར་གཞུང་ལུང་བརྒྱུད་ཡེ་འབར་པོད་ལུང་དང་མཚུངས་སོ། །ལོ་ཆེན་ཀླུའི་རྒྱལ་མཚན་གྱི་རྣམ་འཕྲུལ་མཁས་གྲུབ་ཀརྨ་ཆགས་མེད་ལ་མནལ་ལམ་དུ་ལུས་མེད་ཡེ་ཤེས་མཁའ་འགྲོས་བསྩལ་པའི་སེང་གདོང་གཏོར་དབང་མནལ་ལམ་མ། སྒྲུབ་ཐབས་དང་། དེའི་ཡིག་ཆ་ཉིད་མཛད། བརྒྱུད་པ་ནི། ལུས་མེད་ཡེ་ཤེས་མཁའ་འགྲོ །ཀརྨ་ཆགས་མེད་ནས་གནས་མདོ་སྟོད་བརྒྱུད་ལྟར་ལ། བདེ་ཆེན་སྙིང་པོ། ཀཾ་བླ་མ་ནོར་བུ། པདྨ་གསང་སྔགས་བསྟན་འཛིན། དེས་བདག་ལའོ། །གཏེར་སྟོན་མ་ཏི་རཏྣས་བ་གནས་ནང་སིནྡྷུ་རའི་ཆུ་བོ་ནས་གདན་དྲངས་པ་མཁའ་འགྲོ་བདུད་འདུལ་དྲག་མོ་དང་། སྟག་ཤམ་བསམ་གཏན་གླིང་པས་མདོ་ཁམས་སྟག་ཚང་རྡོ་རྗེ་གྲོ་ལོད་ནས་གདན་དྲངས་པའི་སེང་གདོང་མའི་ཆོས་སྐོར་གཉིས། ཆོས་སྐོར་རྒྱས་བསྡུས་ཕྲན་བུ་ལས་རྩ་བ་ཞུ་དག་ཕེར་བ་བཞུགས་ཤིང་གཏེར་ཁ་གཉིས་ཀྱི་ཆུ་བོ་གཅིག་འདྲེས་སེང་གདོང་དམར་མོའི་སྐོར་ལས་བུམ་དབང་རྒྱས་པ་སྲོག་གི་ཐ་རམ་དབང་བཞི་མཐའ་རྟེན་བཅས་པ། དོན་དབང་བསྡུས་པ། སྲུང་ཟློག་རྗེས་གནང་། བརྒྱུད་འདེབས། སྟག་ཤམ་ལུགས་ཀྱི་ལས་བྱང་བསྡུས་པ། བསྙེན་ཡིག་དང་ཁྲིད་ཡིག་ཆོས་གླིང་གསུང་། སྲོག་དབང་དོན་དབང་ཆོག་ཁྲིགས། རྗེས་གནང་གཏེར་གཞུང་བཅས། བརྒྱུད་པ་མ་ཏི་ལྟར་ན། ཆོས་སྐུ་ཀུན་ཏུ་བཟང་མོ། ལོངས་སྐུ་རྡོ་རྗེ་ཕག་མོ། སྤྲུལ་སྐུ་མཁའ་འགྲོ་སེང་གདོང་། ཨོ་རྒྱན་པདྨ་ཐོད་ཕྲེང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ལོ་ཆེན་བཻ་རོ་ཙ་ན། མཁར་ཆེན་དཔལ་གྱི་དབང་ཕྱུག །གཏེར་སྟོན་མ་ཏི་རཏྣ། ཝེ་ལོ་བཀྲ་ཤིས་རྒྱ་མཚོ། བཀྲ་ཤིས་འོད་ཟེར། བསྟན་འཛིན་རྣམ་རྒྱལ། པདྨ་རྒྱལ་མཚན། རིན་ཆེན་རྒྱ་མཚོ། ཤཱཀྱ་རྒྱལ་མཚན། གུ་རུ་རིག་འཛིན། འགྱུར་མེད་ཀུན་བཟང་རྣམ་རྒྱལ། པདྨ་གསང་སྔགས་བསྟན་འཛིན། འགྱུར་མེད་མཐུ་སྟོབས་རྣམ་རྒྱལ། སྨོན་ལམ་དབང་རྒྱལ་དཔལ་བཟང་པོ། དེས་བདག་ལའོ། །སྟག་ཤམ་ལྟར་ན། རྡོ་རྗེ་རྣལ་འབྱོར་མ། ཤཱཀྱ་སེང་གེ །བདུད་འདུལ་མཚོ་རྒྱལ་མ། ཨཱརྻ་ས་ལེ། སྟག་ཤམ་ནུས་ལྡན་རྡོ་རྗེ། ཆོས་བདག་བསམ་གཏན་བསྟན་འཛིན། རྗེ་དབོན་ནམ་མཁའ་རྡོ་རྗེ། ཆོས་ཀྱི་དབང་ཕྱུག །རས་ཆུང་ཤེས་རབ་རྒྱ་མཚོ། གར་དབང་ཆོས་སྐྱོང་འགྱུར་མེད་་་འདིར་དཔྱད་དགོས། ཀཾ་གུ་རུ་མ་ཎི། རྡོ་རྗེ་འཛིན་དབང་ཀརྨ་ཐེག་མཆོག་བསྟན་འཕེལ། དེས་བདག་ལའོ། །རིག་འཛིན་རོལ་པའི་རྡོ་རྗེས་ཀེ་རོང་རྡོ་རྗེ་ཅོང་ཕུག་ནས་སྤྱན་དྲངས་པའི་ཕྱག་རྡོར་དྲེགས་འདུལ་གྱི་ཡུམ་བཀའ་སྲུང་མའི་ཚུལ་དུ་བཞུགས་པའི་སེང་གདོང་དམར་མོའི་རྗེས་གནང་། སྒོམ་ཁོག་འདུས་པའི་ལས་བྱང་། ཁོང་སྙིང་ཐུགས་ཀློང་ཕག་མོ་བསྐྱེད་ཐབས། སྨན་མཆོད། བཟའ་བཏུང་། ཚོགས་འཁོར། རྒྱུན་ཆོག་ནར་མའི་སྐོང་གསོ། སྲུང་ཟློག་རྒྱུན་ཁྱེར། རྗེས་གནང་ཡི་གེ་བཅས། དབང་གི་བརྒྱུད་པ་ནི་འོག་ནས་འབྱུང་བའི་དྲེགས་འདུལ་གཏོར་དབང་དང་མཚུངས། ལུང་བརྒྱུད་ནི། གཏེར་སྟོན་ནས་ཆོས་བདག་ཨོ་རྒྱན་རང་ཤར། དེ་སྲས་དཀོན་མཆོག་བསྟན་འཛིན། རྗེ་དབོན་ཀརྨ་ངེས་ལེགས་བསྟན་འཛིན། རིག་འཛིན་རྟ་མགྲིན་མགོན་པོ། ཀརྨ་ངེས་དོན་བསྟན་འཛིན་རྒྱ་མཚོ། དྲུང་འགྱུར་མེད་བསྟན་འཕེལ། བསྟན་འཛིན་བརྒྱད་པའི་ཞལ་སྔ་ནས་སོ། །འདི་ལ་བསྐྱེད་རྫོགས་ཤིན་ཏུ་ཟབ་འདྲིལ་དང་སྲུང་ཟློག་དེ་མཚུངས་བཅས་གཞུང་ཁྱེར་བདེ་རྨད་དུ་བྱུང་བ་བཞུགས་པར་སྣང་ངོ་། །མཆོག་གླིང་དགོངས་གཏེར་བི་མའི་ཡང་གསང་མཁའ་འགྲོ་སེང་གདོང་མའི་གཏོར་ཟློག་ཁྱེར་བདེ་བའང་ཞར་བྱུང་དུ་བཀོད། སྤྱིར་སྔར་བྱོན་པའི་གཏེར་ཁ་རྣམས་ནས་སེང་གདོང་མའི་ཆོས་སྐོར་བྱུང་བ་ཆེར་མ་མཐོང་། ཕྱིས་སུ་གྲོ་ཤུལ་ལས་འཕྲོ་གླིང་པའི་སེང་གདོང་རིགས་ལྔའི་སྒྲུབ་སྐོར་ངོ་མཚར་ཅན་སྣང་ཡང་དེང་སང་རྒྱུན་མ་བཞུགས། དེ་ཕྱིན་གཏེར་ཁ་རྣམས་སུ་ཆེ་ཕྲ་མང་ཞིག་བྱོན་པར་འདུག་གོ ༈ །བདུན་པ་འཇིག་རྟེན་མཆོད་བསྟོད་ཀྱི་སྐོར་ལ། སྤྱིར་བཀའ་མ་བསྟན་སྲུང་མཆོད་བསྟོད་དྲག་སྔགས་ཀྱི་སྐོར་རྒྱ་ཆེར་བྱུང་བ་ལས། རྒྱུད་སྡེ་་་པོད་གཅིག་་་རབའབྱམས་ནི་རྒྱུད་འབུམ་རིན་པོ་ཆེར་བཞུགས་ཤིང་མགོན་པོའི་སྐོར་ནི་འོག་ཏུ་འབྱུང་། འདིར་གཏེར་མའི་ཕྱོགས་ལས། ཉང་གཏེར་བཀའ་བརྒྱད་བདེ་གཤེགས་འདུས་པའི་བཀའ་སྲུང་དྲེགས་པ་སྲོག་གི་མཐུ་དབང་། དྲེགས་པའི་སྡེ་དཔོན་སུམ་ཅུའི་སྲོག་དབང་གི་ཆོ་ག །སྡེ་དཔོན་སུམ་ཅུའི་མཆོད་གསོལ་བསྡུས་པ་གསང་རྫོགས་ནས་བླངས་པ། དེ་དག་གི་དབང་ལུང་བརྒྱུད་པ་བཀའ་བརྒྱད་གཞུང་དང་འདྲ། གཏེར་ཆེན་བསམ་གཏན་གླིང་པའི་ཟབ་གཏེར་བཀའ་བརྒྱད་སྒོས་བཀའི་བྱེ་བྲག་གསང་བདག་དྲེགས་པ་ཀུན་འདུལ་གྱི་སྒྲུབ་སྐོར་ཟོར་ཟློག་དང་ཁྲོམ་ཟློག་ཆེན་མོ་སོགས་ངོ་མཚར་ལ་དགོས་གལ་ཅན་དུ་བཞུགས་ཀྱང་ཡིག་ཚོགས་ཆེ་བས་འདིར་མ་འཁོད། རིག་འཛིན་ཆེན་པོ་རོལ་པའི་རྡོ་རྗེས་ཀེ་རོང་རྡོ་རྗེ་ཅོང་ཕུག་ནས་སྤྱན་དྲངས་པའི་ཕྱག་ན་རྡོ་རྗེ་དྲེགས་པ་ཀུན་འདུལ་གྱི་གཏོར་དབང་། སྔོན་འགྲོ །ཕྱི་སྒྲུབ་བདུད་དཔུང་ཟིལ་གནོན། དབང་ཆོག །བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་འཆང་ཆེན། ཕྱག་ན་རྡོ་རྗེ། ཡུམ་སྣ་ཚོགས་བདེ་མ། གྲུབ་པའི་རིག་འཛིན་ཧཱུྃ་ཀ་ར། པདྨ་ཐོད་ཕྲེང་རྩལ། བཻ་རོ་ཙ་ན། ཡེ་ཤེས་མཚོ་རྒྱལ། ཀླུའི་དབང་པོ། རིག་འཛིན་རོལ་པའི་རྡོ་རྗེ། དེས་གཏེར་དབོན་ཡོངས་གྲུབ་རྡོ་རྗེ་དང་། གཉིས་ཀ་ལས་གར་དབང་ཆོས་སྐྱོང་རྣམ་རྒྱལ་གྱིས་གསན། དེ་ནས་གྲུབ་མཆོག་དགེ་ལེགས་རབ་རྒྱས། དྲུང་ཀརྨ་བསྟན་འཕེལ། བསྟན་འཛིན་ཀརྨ་དགེ་ལེགས་ཉི་མ། དེས་བདག་ལའོ། །འདི་ལ་ཞི་དྲག་དབང་ཆེན། ཐེམས་ཅན་དང་ཐེམས་མེད་ཀྱི་ཆོས་སྡེ་ཟབ་ཅིང་རྒྱས་པར་སྣང་ངོ་། །མཆོག་གླིང་ཟབ་པ་སྐོར་བདུན་གྱི་ཡན་ལག་འཇིག་རྟེན་མཆོད་བསྟོད་ཀྱི་སྐོར་ལས་གསང་བདག་དྲེགས་པ་ཀུན་འདུལ་གྱི་རྩ་དབང་། དེའི་སྒྲུབ་ཕྲིན་དང་དབང་ཆོག །དྲེགས་པ་མཆོད་བསྟོད་ཀྱི་སྲོག་དབང་། དེའི་སྒྲུབ་ཐབས་དང་མཆོད་བསྟོད་ཟུར་བྱང་། དྲེགས་པའི་མཆོད་བསྟོད་དབང་ཆོག་བཅས། བརྒྱུད་པ། ཀུན་བཟང་། ཁྲག་འཐུང་རིགས་ལྔ། གསང་བདག་དྲེགས་འདུལ། རོམ་བུ་གུ་ཧྱ་ཙནྡྲ། པདྨ་ཐོད་ཕྲེང་། མཚོ་རྒྱལ། རླངས་ཆེན་དཔལ་གྱི་སེང་གེ །མངའ་བདག་ཡབ་སྲས། ཨོ་རྒྱན་མཆོག་གྱུར་གླིང་པ། དེས་བདག་ལའོ། །གཏེར་ཁ་གོང་འོག་གི་དཔལ་མགོན་སོགས་དྲེགས་པ་བྱེ་བྲག་པའི་སྐོར་ནི་འོག་ཏུ་ཆོས་སྲུང་གི་སྐབས་སུ་ཇི་སྙེད་ཅིག་འབྱུང་བ་རྣམས་ཡིན་ལ། གཞན་ཡང་སུམ་པ་བྱང་ཆུབ་བློ་གྲོས་དང་ཉང་གཏེར་དྲེགས་པ་ཉི་ཤུ། བཀའ་མ་རྒྱལ་པོ་བྱེས་ཆས་ཀེ་ཏུ། ཉང་གཏེར་བཙན་གྱི་བྱང་བུ་ཆིག་ཤུར་སོགས་དྲེགས་པ་ལས་ལ་བཀོལ་བའི་དྲག་སྔགས་ལག་ལེན་ཉམས་མྱོང་དང་ལྡན་པའི་རྒྱུན་དེང་སང་ཡང་ཅི་རིགས་པར་བཞུགས་སྣང་ངོ་། ༈ །བརྒྱད་པ་དམོད་པ་དྲག་སྔགས་ཀྱི་སྐོར་ལ་སྤྱིར་མ་གཤིན་ཕུར་གསུམ་གཙོ་བོར་གྱུར་པའི་དྲག་སྔགས་ཀྱི་རིགས་མཐའ་ཡས་པ་དང་། བྱེ་བྲག་དྲི་མེད་ལྷུན་པོ་དང་རཏྣ་གླིང་པའི་ཁམས་གསུམ་འཁྲུགས་བྱེད་ཕུང་བྱེད་ལས་ཀྱི་རླུང་དམར་སོགས་དྲེགས་པ་དང་དྲག་སྔགས་ཟུང་འབྲེལ་ཇི་སྙེད་ཅིག་མཆིས་པ་ལས་འདིར་མངའ་བདག་ཉང་རིན་པོ་ཆེའི་གཏེར་བྱོན་དྲག་སྔགས་སྲིད་པའི་གཏེར་ཁྱིམ་མཐུའི་སྤྱི་སྡོམ་ཆེན་མོ་རྩ་གཞུང་། གཏེར་ཁྱིམ་སྡེ་བརྒྱད་སྤྱི་སྒོས་གསོལ་མཆོད་ཕྲིན་ལས་དང་རྒྱུན་གསོལ་མདོར་བསྡུས་འབྲི་གུང་ཆོས་གྲགས་གསུང་། གཞུང་གི་བརྒྱུད་པ། གསང་བའི་བདག་པོ། ཨོ་རྒྱན་པད་འབྱུང་། ཡེ་ཤེས་མཚོ་རྒྱལ། ཁྲི་སྲོང་ལྡེའུ་བཙན། གཏེར་ཆེན་ཉང་རལ། སྲས་ཆུང་། གཉོས་ཞིག །གཉོས་སྒོམ་རྡོ་རྗེ། གཉོས་སྟོན་གྲགས་པ། གྲགས་པ་བཀྲ་ཤིས། གྲགས་པ་རིན་ཆེན། མཐིང་མ་གྲགས་འོད། གྲགས་པ་རྒྱལ་མཚན། ཚུལ་ཁྲིམས་འབྱུང་གནས། ཤེས་རབ་རྒྱལ་པོ། ནམ་མཁའི་མཚན་ཅན། མཁའ་ཀློང་ཡངས་པ། སྐལ་ལྡན་རྒྱ་མཚོ། མི་འགྱུར་ལས་འཕྲོ་གླིང་པ། ལེགས་ལྡན་རྡོ་རྗེ། རྗེ་འབྲི་གུང་ཟུར་པ། ཨེ་དཀར་ཆེན་ལེན་བུ་ཨ་མི། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། ཀུན་མཁྱེན་རྡོ་རྗེ་ཐོགས་མེད་རྩལ། གཏེར་ཆེན་བླ་མ་འགྱུར་མེད་རྡོ་རྗེ། དགེ་སྦྱོང་བློ་གསལ་རྒྱ་མཚོ། ཉང་རིག་འཛིན་རྒྱ་མཚོ། དགེ་སློང་དཔལ་འབར། བླ་མ་པད་མ་བསྟན་འཕེལ། མཁན་ཆེན་བསྟན་འཛིན་རྡོ་རྗེ། བསྟན་འཛིན་ཆོས་ཀྱི་རྒྱལ་པོ། འགྱུར་མེད་མཐུ་སྟོབས་རྣམ་རྒྱལ། རྗེ་རིན་པོ་ཆེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །གཏེར་སྟོན་དུ་གུ་བ་རིན་ཆེན་སེང་གེ་དང་གཙང་པ་རིང་མོ་ཤེས་རབ་རིན་ཆེན་གཉིས་ཀྱིས་བྱང་པྲ་དུན་རྩེའི་མཆོད་རྟེན་བུམ་ནང་ནས་སྤྱན་དྲངས་པ་དྲག་སྔགས་རྡོ་རྗེ་གཙུག་ལག་གི་རྒྱུད་ལེའུ་དྲུག་ཅུ་རྩ་གསུམ་པ་མཆན་བུ་དང་བཅས་པ། དེའི་ལས་བྱང་ཚོགས་འཁོར་རྒྱུན་གསོལ་བཅས་དབུར་སྨྱོན་ཆོས་གྲགས་མཛད་པ། བརྒྱུད་པ་ནི། ཀུན་བཟང་ཧེ་རུ་ཀ །གསང་བདག་སྟོབས་ལྡན་ནག་པོ། ཕྱག་ན་རྡོ་རྗེ། ཤཱནྟིཾ་གརྦྷ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། གྲུ་གུ་ཡང་དབང་གསེར་སླག་ཅན། བཻ་རོ་ཙ་ན། ཁྲི་སྲོང་ལྡེའུ་བཙན། གཏེར་སྟོན་དབུས་པ་དུ་གུ་རིན་ཆེན་སེང་གེ་དང་གཙང་པ་རིན་ཆེན་ཤེས་རབ། གཡས་རུ་ཤངས་ཀྱི་ཟླ་འོད་གྲགས། སྲས་མོ་འོད་ལྡེ། རྗེ་བཙུན་བྲམ་ཟེ་སྨྱོན་པ། དམ་པ་བདག་པོ། གུར་མོ་ལོ་ཙ་བ་ཤེས་རབ་རྩེ་མོ། བཀྲ་ཤིས་རྒྱལ་མཚན། ལྷ་སྒོམ་དམ་པ། དེ་གཉིས་ཀ་ལས་མཐུ་ཆེན་གངས་པ་ཤཱཀ་འབུམ་གྱིས་གསན། དེ་ནས་གཡུང་སྟོན་རྡོ་རྗེ་དཔལ། འགྲོ་མགོན་ཚེ་བདག་དཔལ། སྤྲུལ་སྐུ་ཚེ་དབང་རྒྱལ་པོ། ལེགས་ལྡན་རྡོ་རྗེ། རིག་འཛིན་ཆོས་ཀྱི་གྲགས་པ། རྗེ་དཀོན་མཆོག་ལྷུན་གྲུབ། དཀོན་མཆོག་ཕྲིན་ལས་བཟང་པོ། དོན་གྲུབ་ཆོས་ཀྱི་རྒྱལ་པོ། རྗེ་བསྟན་འཛིན་འགྲོ་འདུལ། ལྷོ་དཀོན་མཆོག་ཆོས་ཀྱི་རྒྱ་མཚོ། བསྟན་འཛིན་ཆོས་ཀྱི་ཉི་མ། བསྟན་འཛིན་པདྨའི་རྒྱལ་མཚན། རིག་འཛིན་པདྨ་འགྲོ་འདུལ། རྣམ་འདྲེན་སྨོན་ལམ་དབང་རྒྱལ། དེས་བདག་ལའོ། །མཆོག་གླིང་ཟབ་བདུན་ཆ་ལག་དམོད་པ་དྲག་སྔགས་ཀྱི་སྒོས་བཀའི་སྐོར་ལས། གསང་བདག་དམོད་པ་དྲག་སྔགས་ཀྱི་མཐུ་དབང་། དྲག་སྔགས་བརྒྱུད་འདེབས་གཏེར་གསུང། སྟོབས་ལྡན་ནག་པོའི་རྩ་སྒྲུབ། མཆོད་བསྟོད། སྨན་མཆོད། ལྷ་དབང་རྣམས་གཏེར་གཞུང་། དབང་ཆོག །བརྒྱུད་པ་ནི། ཀུན་ཏུ་བཟང་པོ། ཁྲག་འཐུང་རིགས་ལྔ། སྟོབས་ལྡན་ནག་པོ། ཤཱནྟིཾ་གརྦྷ། པདྨ་ཐོད་ཕྲེང་། བདེ་ཆེན་རྒྱལ་མོ། བཻ་རོ་ཙ་ན། ལྷ་སྲས་མུ་རུབ། མཆོག་གྱུར་གླིང་པ། དེས་བདག་ལའོ། །མངའ་བདག་ཚངས་པ་ལྷའི་མེ་ཏོག་གི་ཡེ་ཤེས་རོལ་གར་གྲུབ་པའི་དབང་ཕྱུག་ངག་གི་རྡོ་རྗེས་ཐུགས་རྗེ་ཆེན་པོའི་ཕོ་བྲང་ནང་ཆེན་ཇ་པ་བྲག་དཀར་ནས་བཏོན་པའི་ཕྱག་རྡོར་གཏུམ་པོ་དྲག་སྔགས་མའི་དབང་དང་བཀའ་སྲུང་སྲོག་གཏད། ཚེ་སྒྲུབ་འཆི་མེད་བཙན་རྫོང་གི་དབང་། ལས་བྱང་གཏེར་གཞུང་། རྩ་བའི་དབང་ཆོག་ཚེ་སྒྲུབ་ཚེ་དབང་བཅས། དབང་གི་བརྒྱུད་པ། ཀུན་བཟང་། རྡོ་རྗེ་འཆང་། རྒྱལ་བ་རིགས་ལྔ། རྡོ་རྗེ་གཏུམ་པོ། པདྨ་ཐོད་ཕྲེང་། བདུད་འདུལ་རྒྱལ་མོ། ཁྲི་སྲོང་ལྡེའུ་བཙན། བྱ་བཏང་ངག་གི་རྡོ་རྗེ། ཆོས་བདག་བློ་གྲོས་རྒྱ་མཚོ། དབང་རྒྱལ་རྡོ་རྗེ་་་་འདིརབརྟགས་དགོས། ཀརྨ་ཚུལ་ཁྲིམས། བསྟན་འཛིན་རྣམ་དག །ཀརྨ་བསྟན་པ་གསལ་བྱེད། བསྟན་འཛིན་དགེ་ལེགས་ཉི་མ། ཀརྨ་འོད་གསལ་འགྱུར་མེད། དེས་བདག་ལའོ། །ལུང་ཡོངས་རྫོགས་ནི། བསྟན་སྤྲུལ་རིན་པོ་ཆེ། རྡོར་སློབ་ཀརྨ་བསོད་ནམས། དེ་ལས་སོ། །འཇིག་རྟེན་དྲེགས་པ་མཐའ་དག་གནད་ལ་འབེབས་པའི་དྲག་སྔགས་དྲང་སྲོང་དྲི་མེད་ཀུན་ཏུ་དགེ་ཞི་བའི་གདམས་སྐོར་རྗེ་གཏེར་ཆེན་བླ་མ་འོད་གསལ་སྤྲུལ་པའི་རྡོ་རྗེའི་དག་སྣང་གི་ཆོས་སྡེ་ལས་བྱོན་པའི་དབང་། རྩ་བའི་གཞུང་ནང་གསེས་བཅས་ཚང་བ། བརྒྱུད་པ་ནི། ཀུན་བཟང་། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། དྲང་སྲོང་དྲི་མེད། རྒྱལ་པོ་མྱ་ངན་མེད། བྲམ་ཟེ་ལེགས་གྲུབ། པྲ་བྷ་ཧསྟི། ཨོ་རྒྱན་ཡབ་ཡུམ། མངའ་བདག་ཡབ་སྲས། གུ་རུ་ཆོས་དབང་། རྡོ་རྗེ་འཆང་དབང་འོད་གསལ་སྤྲུལ་པའི་རྡོ་རྗེ། དེས་བདག་ལ་བསྩལ་པའོ། །གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཟབ་གཏེར་གནམ་སྐས་ཀླུ་བདུད་ལྟོ་བའི་ཆོས་སྡེ་དྲེགས་པ་སྡེ་བརྒྱད་ཀུན་གྱི་གཉེན་པོ་དྲང་སྲོང་ལོཀྟྲི་པཱ་ལའི་རིག་གཏད། ༢༥༽ཉང་གཏེར་ལོཀྟྲིའི་རྩ་རྒྱུད། བརྒྱུད་འདེབས། ལས་བྱང་སྙིང་པོ་དོན་གསལ། ཉེར་མཁོའི་ཤོག་བྱང་རིགས། སྲུང་ཟློག་བསད་པའི་མན་ངག །རྒྱུན་ཁྱེར་བཅས་སྨིན་གླིང་གཏེར་ཆེན་གསུང་། འབྱུང་བཞིའི་མཐའ་སྡུད་པདྨ་འགྱུར་མེད་རྒྱ་མཚོས་མཛད་པ། འདི་ལ་བརྒྱུད་པ་ངེས་ཏིག་མི་སྣང་། སྲུང་ཟློག་གཏོར་ཟོར་ལ་བརྟེན་པའི་ལས་རིམ། བསྙེན་ཡིག་བཅས། ཉེར་མཁོའི་ཡི་གེ་ཁྱེར་བདེ་ཚང་བ། རད་གླིང་གུར་དྲག་ཆ་ལག །ལོཀྟྲིའི་ལོ་རྒྱུས་དང་སྒོམ་བཟླས་ཆགས་མེད་མཛད་པ། ལུང་བརྒྱུད། རྟོགས་ལྡན་དཀོན་རྒྱལ་ནས། རྗེ་མཁྱེན་བརྩེ། དེས་སོ། །མཆོག་གླིང་ཟབ་བདུན་ལས། དྲང་སྲོང་ལོཀྟྲྀ་པཱ་ལའི་རྗེས་གནང་། སྒྲུབ་ཐབས་རྩ་བ་གཏེར་གཞུང་། ཕྲིན་ལས་དབང་བསྐུར་དང་བཅས་པ། བརྒྱུད་པ། ཀུན་བཟང་། རྡོར་སེམས། ཕྱག་རྡོར། དྲང་སྲོང་དྲི་མེད། གུ་རུ་ཡབ་ཡུམ། ཆོས་རྒྱལ་ཡབ་སྲས། མཆོག་གྱུར་གླིང་པ། དེས་བདག་ལའོ།། ༈ །།རྩ་བའི་གསུམ་པ་ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་སྒྲུབ་པའི་སྐོར་ལ། ཐོག་མར་མཁའ་འགྲོ་ཀུན་གྱི་ཁྱབ་བདག་རྡོ་རྗེ་ཕག་མོའི་སྐོར་ནི། བླ་མ་མངའ་བདག་ཆེན་པོ་ཉང་ཉི་མ་འོད་ཟེར་ལ་མཁའ་འགྲོའི་བཀའ་མཐའ་ཡས་པ་བབས་པའི་ནང་ཚན་རྡོ་རྗེ་ཕག་མོ་དམར་མོ་ཞལ་གཉིས་མ། ༢༦༽ དབུ་བཅད་མ། ༢༧༽ དོན་གྲུབ་མ་ ༢༨༽གསུམ་གྱི་དབང་། འདི་རྣམས་ཀྱི་གཞུང་མཁའ་འགྲོ་ཆེན་མོར་གྲགས་པའི་གླེགས་བམ་གྱི་རྒྱུན་ཡང་བཞུགས་མོད། སྐབས་འདིར་ཉེར་མཁོ་བསྡུ་བར་འོས་པའི་རིགས་ཙམ་ལས་གཞན་མ་འཚལ་ལོ། །གཏེར་སྟོན་རྒྱལ་པོ་ཉང་རིན་པོ་ཆེའི་མཁའ་འགྲོའི་སྐོར་ལས་ཟབ་ཅིང་ཁྱད་དུ་འཕགས་པ་སྙིང་ནང་གི་ཁྲག་ལྟ་བུ་ལྷོ་བྲག་སྲིན་མོ་སྦར་རྗེས་ནས་གཞུང་དང་བསམ་ཡས་མཆིམས་ཕུ་ནས་ཐུགས་སྒྲུབ་སྐོར་གདན་དྲངས་པ་རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོའི་དབང་། ༢༩༽ གཏུམ་མོའི་མེ་དབང་། སྐུ་གསུམ་ལམ་ཁྱེར་དང་གཏུམ་མོ་ཞག་བདུན་མའི་ཁྲིད། སྒྲུབ་མཆོད། ལས་བྱང་མཁའ་སྤྱོད་བདེ་ལམ། སྨན་མཆོད་ཆད་བརྟན་རྗེས་ཆོག་རྣམས་ཀྱི་ཟུར་བྱང་། ཁྲིད་ཡིག་ཟབ་དོན་གསལ་བ། གཏུམ་མོའི་མེ་དབང་གི་ཆོ་ག་དང་ཁྲིད་ཡིག །རས་འབུད་ལག་ལེན་སོགས་ལོ་ཆེན་དྷརྨ་ཤྲཱིས་མཛད་པ། མེ་མཆོད་རིག་འཛིན་སྲོག་མཐུད་ལྔ་པ་དང་། གནས་ལུང་རོ་སྲེག་གཏེར་ཆེན་གསུང་། ཚོགས་བསྡུས་ཨོ་ཌཱི་ཡ་ན་དང་། བསྙེན་ཡིག་དང་རྒྱུན་ཁྱེར་ཕྲིན་ལས་ཆོས་སྒྲོན་གྱིས་མཛད་པ། བདུད་རྩི་རིལ་བུ་སྒྲུབ་ཐབས་གཞུང་གསལ་བྱེད་དང་བཅས་པ། བཅོས་མའི་དུར་ཁྲོད་སྒྲུབ་ཐབས་ཏེ་གཏེར་གཞུང་དང་བརྒྱུད་པའི་ཡི་གེ་ཟབ་རྒྱས་བཞུགས་པ་ལས་ཉེར་མཁོ་ཚང་བ་རྣམས་སོ། །བརྒྱུད་པ་ནི། དགྱེས་མ་ཁྲོས་མ་ནག་མོ། ཨོ་རྒྱན་ཆེན་པོ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། བླ་མ་མངའ་བདག་ཆེན་པོ། སྲས་མི་བསྐྱོད་རྡོ་རྗེ། གྲུབ་ཐོབ་མདོ་བོ་རས་པ། གྲུབ་ཆེན་མེ་ལོང་རྡོ་རྗེ། ཤེས་རབ་དབང་ཕྱུག །བློ་གྲོས་སེང་གེ །ཡོན་ཏན་རྡོ་རྗེ། རིན་ཆེན་དངོས་གྲུབ། པཎ་ཆེན་པདྨ་དབང་རྒྱལ། མངའ་བདག་ཀུན་དགའ་ལྷུན་གྲུབ། ཀུན་བཟང་དཔལ་འབྱོར། ཆོས་དབང་ལྷུན་གྲུབ། ཕྲིན་ལས་ལྷུན་གྲུབ། རིག་འཛིན་འགྱུར་མེད་རྡོ་རྗེ། པདྨ་འགྱུར་མེད་རྒྱ་མཚོ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། ཨོ་ཌི་ཡ་ན། ཕྲིན་ལས་རྣམ་རྒྱལ། དཔལ་སྤྲུལ་པདྨ་དབང་རྒྱལ། འགྱུར་མེད་ཕྲིན་ལས་ཆོས་སྒྲོན། སྒྲོལ་སྟོན་འཇམ་དབྱངས་ཆོས་རྒྱན། ཐམས་ཅད་མཁྱེན་གཟིགས་མཉྫུ་གྷོ་ཥ། དེས་བདག་ལའོ། །ཡང་གྲུབ་བརྙེས་ཀྱི་བརྒྱུད་པ་གཅིག་ནི། པདྨ་འགྱུར་མེད་རྒྱ་མཚོ། ཀུན་བཟང་ཀློང་གྲོལ། འདར་འཇམ་དབྱངས་གྲུབ་དབང་། འདར་པདྨ་བདུད་འདུལ། པདྨ་ཐེག་མཆོག །སྒྲོལ་སྟོན་པ། རྗེ་བླ་མ་ལས་སོ། །ཉམས་ཁྲིད་ཀྱི་བརྒྱུད་པ་ནི། གཏེར་ཆེན། ལོ་ཆེན། ཀུན་དགའ་བློ་གྲོས། མི་འགྱུར་དཔལ་སྒྲོན། རིན་རྣམ། ཨོ་ཌཱི་ཡ་ན། ཕྲིན་ལས་རྣམ་རྒྱལ། དྷརྨ་དཱི་པ། དཔང་སྟོན་པདྨ། སྒྲོལ་སྟོན་ཆོས་རྒྱན། རྗེ་བླ་མ་ལས་སོ། །གཏུམ་མོའི་ཁྲིད་རྗེ་བཙུན་ཕྲིན་ལས་ཞབས་ལས་ཀྱང་རྗེ་བླ་མས་གསན། མེ་མཆོད་ལྔ་པ་ནས་གཏེར་ཆེན་སོགས། ལོ་ཆེན་གསུང་རྣམས་དེ་ཉིད་ལས་རིན་རྣམ་ཕྱིན་འདྲ། ཕྲིན་ཆོས་གསུང་ཚན་དེ་ཉིད་ལས་རྗེ་བླ་མ་རིན་པོ་ཆེས་གསན་པའོ། །ཡང་ཉང་ལུགས་ཁྲོས་མ་ནག་མོའི་དབང་བསྐུར་རྒྱས་པ་ལྷ་དབང་དང་བཅས་པ། དེའི་ཆོ་ག་ནག་འགྲོས་མ། འདི་ཉིད་ཆགས་མེད་རིན་པོ་ཆེའི་ཡིག་ཆ་ལ་བརྟེན་ཅིང་ཀུན་མཁྱེན་ཁྲ་ཝ་ཁ་པའི་བཀའ་སྲོལ་གྱི་རྒྱུན་གལ་ཆེན་ཡིན་པར་སྣང་ཡང་དེ་ཡན་ཆད་ཀྱི་བརྒྱུད་པ་ངེས་ཏིག་མ་རྙེད། ཆགས་མེད་ཕྱིན་ཆད་གནས་མདོ་སྟོད་བརྒྱུད་བདེ་ཆེན་སྙིང་པོ་ནས། ཀཾ་གུ་རུ་མ་ཎི། གསང་སྔགས་མགོན་པོ། དེ་ལས་སོ། །ཆོས་དབང་རིན་པོ་ཆེའི་ཟབ་གཏེར་ལས་བྱོན་པའི་སྒྲོལ་དཀར་སྒྲུབ་ཐབས། ལུང་བརྒྱུད་ནི། སྒྲོལ་མ། ཀླུ་སྒྲུབ། ཨོ་རྒྱན། ཆོས་དབང་། པདྨ་དབང་ཆེན། ཆོས་ཀྱི་རྒྱལ་མཚན། སངས་རྒྱས་ཀུན་སྒྲོལ། ཆོས་ཀྱི་རྡོ་རྗེ། སྤྲུལ་སྐུ་ནོར་འཛིན། ནོར་བུ་དོན་གྲུབ། བཤེས་གཉེན་ཆོས་རྒྱལ། ཆོས་ཀྱི་དབང་པོ། ཀུན་བཟང་ཆོས་རྒྱལ། ངག་དབང་ཆོས་རྒྱལ། བསྟན་འཛིན་གྲགས་པ། པདྨ་ཚེ་དབང་རིག་འཛིན། པདྨ་ཕྲིན་ལས། འགྱུར་མེད་རྡོ་རྗེ། རིན་རྣམ། པད་བསྟན། ཨོ་ཌཱི་ཡ་ན། ཕྲིན་རྣམ། པད་དབང་། དོན་གྲུབ། དེ་ལས་སོ། །ཆོས་དབང་གཏེར་བྱོན་ལ་ཡག་མོན་མཁར་སྟེང་དུ་སློབ་དཔོན་ཆེན་པོ་ལ་མོན་མོ་བཀྲ་ཤིས་ཁྱེ་འདྲེན་གྱིས་ཞུས་པའི་དྷཱ་ཀི་གཙུག་གི་རྒྱན་གཅིག་ཡེ་ཤེས་མཚོ་རྒྱལ་གྱི་སྒྲུབ་ཐབས་ལེའུ་བཞི་པ། བརྒྱུད་པ་ནི། ཨོ་རྒྱན་ཆེན་པོ། མཚོ་རྒྱལ། བཀྲ་ཤིས་ཁྱེ་འདྲེན། ཆོས་དབང་། ཤཱཀ་འོད། དྭགས་སྟོན་ནས་སྤྲུལ་སྐུ་ཆོས་དབང་བར་གསང་འདུས་ལྟར་དང་། དེ་ནས་ལེགས་ལྡན་རྡོ་རྗེ། བྱང་བདག་ཡབ་སྲས། ཁྲ་ཚང་པ་བློ་མཆོག་རྡོ་རྗེ། འཇམ་དབྱངས་ལེགས་བཤད་རྒྱ་མཚོ་མན་བླ་མ་གསང་འདུས་ལུང་བརྒྱུད་ལྟར། རྗེ་འཇམ་པའི་དབྱངས་ལས་བཀའ་དྲིན་དུ་ནོས་པའོ། །དབྱིངས་ཕྱུག་ཡེ་ཤེས་མཚོ་རྒྱལ་སླར་ཡང་མི་མོའི་རྣམ་པར་བྱོན་པ་ཡེ་ཤེས་ཌཱ་ཀི་པདྨ་མཚོ་སྐྱིད་དམ་ཡོངས་གྲགས་ཇོ་མོ་སྨན་མོ་ལ་ཨེ་གཟར་མོ་ལུང་གི་བདེ་ཆེན་གསང་བ་ཕུག་ནས་ཡེ་ཤེས་མཁའ་འགྲོ་སྡེ་ལྔས་དངོས་སུ་བསྩལ་པའི་ཟབ་ཆོས་སྐོར་རྣམས། ཆོས་དབང་རིན་པོ་ཆེ་སླར་ཡང་བཤེས་གཉེན་གྱི་གཟུགས་སུ་བྱོན་པ་གཏེར་སྟོན་གྲུབ་ཐོབ་རྒྱ་མཚོའི་དབང་ཕྱུག་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཡང་གཏེར་དུ་བབས་པ་མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་རྩ་བའི་དབང་ཆེན། གཏོར་དབང་། མཁའ་འགྲོ་རིགས་བཞིའི་ཚེ་དབང་། ནོར་སྒྲུབ་དབང་། དབང་སྡུད་ཀྱི་དབང་། དྲག་པོ་ཟོར་གྱི་དབང་། རྩ་བ་ཡན་ལག་གི་ཁྲིད་ལྔ། བཀའ་སྲུང་བཀའ་གཏད་དང་བཅས་པ། དབང་ཆོག །གཏོར་དབང་། ཕྲིན་ལས་དཔའ་བོ་དཔའ་མོའི་སྒྲུབ་ཐབས། མཆོད་སྐོང་། ཚེ་སྒྲུབ། ནོར་སྒྲུབ། དབང་སྡུད། ཟོར་ཟློག །ཟབ་ཁྲིད་བཅས་གཏེར་གཞུང་ཆ་ཚང་། བརྒྱུད་འདེབས། རྒྱུན་གྱི་ཉམས་ལེན། ཚོགས་བསྡུས། བཤགས་རྒྱུད་ལས་མཁའ་འགྲོའི་སྨྲེ་བཤགས། སྐོང་བའི་འགྲེས་བྱང་། བཀའ་སྲུང་གཏོར་འབུལ་བཅས་ཉེར་མཁོའི་ཡིག་ཕྲན་རྣམས། བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་མོ། ལོངས་སྐུ་རྡོ་རྗེ་ཕག་མོ། སྤྲུལ་སྐུ་ཁྲོས་མ་ནག་མོ། གུ་རུ་རྡོ་རྗེ་ཐོད་ཕྲེང་། དབྱིངས་ཕྱུག་ཡེ་ཤེས་མཚོ་རྒྱལ། མཁའ་འགྲོ་པདྨ་མཚོ་སྐྱིད། གཏེར་ཆེན་མདོ་སྔགས་གླིང་པ། དེས་ཐུགས་རྗེ་ཆེན་པོས་དགོངས་ཏེ་སྨིན་གྲོལ་རྫོགས་པར་བསྩལ་ནས་བྱིན་གྱིས་བརླབས་པའོ། །གཡག་ཕྱར་སྔོན་མོའི་གཏེར་ཁ་ཡང་གཏེར་དུ་བྱོན་པ་སྒྲོལ་མ་འཇིགས་པ་ཀུན་སྐྱོབ་ཀྱི་དབང། གཏེར་གཞུང་ཚང་བ། ཕྲིན་ལས་དབང་ཆོག །སྒྲོལ་མ་གཡུལ་མདོས་བཅས། བརྒྱུད་པ་ནི། འཕགས་མ་སྒྲོལ་མ། ཨུ་རྒྱན་གུ་རུ་ཡབ་ཡུམ། ལོ་ཆེན་བཻ་རོ། །གཏེར་སྟོན་གཡག་ཕྱར་སྔོན་མོ། རོང་པ་བདུད་འདུལ་གླིང་པ། བཀའ་བབས་བདུན་གྱི་མངའ་བདག་པདྨ་འོད་གསལ་མདོ་སྔགས་གླིང་པ། དེས་བདག་ལ་བཀའ་དྲིན་དུ་བསྩལ་པའོ། །སངས་གླིང་བླ་མ་དགོངས་འདུས་ལས་འབྱུང་བའི་མཁའ་འགྲོའི་དབང་། ཚོགས་མཆོད་ལས་བྱང་གཏེར་གཞུང་དབང་ཆོག །བརྒྱུད་པ་དགོངས་འདུས་དོན་དབང་ལྟར་རོ། །རཏྣ་གླིང་པའི་འདུས་པ་སྐོར་བཞི་ལས། རྟ་མགྲིན་གསང་བ་འདུས་པའི་ཐེམས་མེད་ཆོས་སྡེ་ཡུམ་བཀའ་མཁའ་འགྲོ་སྒྲུབ་ཐབས་མཚོ་རྒྱལ་སྐོར་གསུམ་དུ་གྲགས་པའི་ཕྱི་ནང་གསང་བའི་དབང་གསུམ། ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་ཕྱི་ལྟར་མཁའ་འགྲོ་ཡིད་བཞིན་ནོར་བུར་སྒྲུབ་པ། ནང་འཕགས་མ་སྒྲོལ་མར་སྒྲུབ་པ། གསང་བ་རྡོ་རྗེ་ཕག་མོར་སྒྲུབ་པ་བཅས་གཏེར་གཞུང་ཚང་བ། དབང་ཆོག །བརྒྱུད་པ་ནི། རྡོ་རྗེ་རྣལ་འབྱོར་མ། རྗེ་བཙུན་སྒྲོལ་མ། ཨོ་རྒྱན་ཡབ་ཡུམ། རཏྣ་གླིང་པ་སོགས་གོང་གི་རྩ་གསུམ་འབྲས་བུའི་དོན་ཁྲིད་ཀྱི་བརྒྱུད་པ་ལྟར་ལས། རྡོ་རྗེ་འཛིན་པ་གསང་སྔགས་མགོན་པོ། དེས་བདག་ལའོ། །རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་ཟང་ཟང་ལྷ་བྲག་གི་ནུབ་ཟངས་མཛོད་དམར་པོ་ནས་སྤྱན་དྲངས་ཏེ་སླར་འདབ་གཏེར་དུ་སྦས་པ། ལྷ་ལྕམ་ནུས་འབྱིན་ས་ལེའི་སྐྱེ་བ་སྤྲུལ་སྐུ་བསྟན་གཉིས་གླིང་པ་ཚེ་དབང་རྒྱལ་པོས་མང་ཡུལ་རི་བོ་དཔལ་འབར་གྱི་བྲག་རྡོ་རྗེ་འདྲ་བ་ནས་སྤྱན་དྲངས་པ་ཕག་མོ་ཟབ་རྒྱའི་དབང་། ཟབ་ལམ་སྔོན་འགྲོ་དངོས་གཞིའི་ཁྲིད། འཆུག་མེད་ཐེམས་བྱང་། ཟབ་རྒྱའི་ལོ་རྒྱུས། དབང་ཆོག་པདྨའི་ཕྲེང་བ། གཏུམ་མོའི་གདམས་པ་ཉི་མའི་འོད་འབར། རྟ་ཕག་ཡབ་ཡུམ་གསང་སྒྲུབ། གནད་གསུམ་གཟེར་འདེབས། ཡང་གསང་བཅུད་ཀྱི་གསང་སྒྲུབ། ཟླ་བ་གཏན་འབེབས་རང་ལུས་རྩལ་སྦྱོང་། གཞན་ལུས་བདེ་ཆེན། ཁྲིད་རིམ་གཏོང་ཐུན། ཡེ་ཤེས་གསལ་སྒྲོན་་་ཁོག་དབུབ་རིན་ཆེན་རྒྱན་ཕྲེང་ཟེར། གེགས་སེལ་ཟབ་ལམ་གཏོང་ཐུན་སྒྲོན་མ། ཉི་མ་དབང་སྡུད་རྡོ་རྗེ་ཆུ་འཐུང་། ཟླ་བ་དབང་སྡུད་ཕྱག་རྒྱའི་གསང་ཁྲིད། ཨོ་རྒྱན་ཞལ་གདམས་ནོར་བུའི་ཕྲེང་བ། གཞན་དོན་རིགས་རྒྱུད་བཞག་ཐབས། བུ་ཡིག་ལྟེ་སྒྱུར་གཞན་ཕན་འོད་ཟེར། ལྟ་བ་ཡེ་ཤེས་ཀློང་གྲོལ་བཅས་གཏེར་གཞུང་དང་། དགོངས་པ་ཟང་ཐལ་ལས་ཕྱུང་པའི་ལས་བྱང་། དབང་ཆོག །ཁྲིད་ཡིག་རྣམས། དབང་གི་བརྒྱུད་པ་ནི། འོད་དཔག་མེད་བདེ་ཆེན་རང་གསལ། རྟ་ཕག་ཡབ་ཡུམ། བདེ་བ་ཆེན་པོ་པདྨ་འབྱུང་གནས། དབྱིངས་ཕྱུག་ཡེ་ཤེས་མཚོ་རྒྱལ། སྤྲུལ་སྐུ་རིག་འཛིན་ཆེན་པོ། ཡང་གཏེར་བསྟན་གཉིས་གླིང་པ། གསང་སྔགས་རྡོ་རྗེ། རང་གྲོལ་རྡོ་རྗེ། ཐོགས་མེད་རབ་འབྱམས། ནམ་མཁའ་སངས་རྒྱས། བསྟན་འཛིན་རྒྱ་མཚོ། བཀྲ་ཤིས་རྒྱ་མཚོ། དགེ་སློང་བཀྲ་ཤིས་ཀུན་དགའ། རིག་འཛིན་ཚེ་དབང་ནོར་བུ། ཟར་སྤྲུལ་གསང་སྔགས་བསྟན་འཛིན། མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། ཁྲི་ཆེན་ཕྲིན་ལས་རྣམ་རྒྱལ། འགྱུར་མེད་ཕྲིན་ལས་ཆོས་སྒྲོན། འགྱུར་མེད་བསྟན་འཛིན་དཔལ་སྒྲོན། དེས་བདག་ལའོ། །ལུང་གི་བརྒྱུད་པ་ནི། གཏེར་སྟོན་ནས། ཆོས་རྒྱལ་དཔལ་བཟང་། བྱམས་པ་བཟང་པོ། ཤཱཀྱ་རྒྱལ་མཚན། ནམ་མཁའ་འབྲུག་སྒྲ། ཕྲིན་ལས་ལྷུན་གྲུབ། གཏེར་ཆེན་འགྱུར་མེད་རྡོ་རྗེ། རིན་ཆེན་རྣམ་རྒྱལ། ཨོ་ཌཱི་ཡ་ན་མན་འདྲའོ། ཁྲིད་ཀྱི་བརྒྱུད་པ་ནི། རབ་འབྱམས་སྨྲ་བའི་སེང་གེ་ཡན་དབང་བརྒྱུད་ལྟར་ལ། དེ་ནས་རིག་འཛིན་ཆོས་དབྱིངས་རྒྱ་མཚོ། རྟོགས་ལྡན་འཁྲུལ་ཞིག་ཆེན་པོ། གྲུབ་ཐོབ་པདྨ་མི་བསྐྱོད། ཨོ་རྒྱན་བསྟན་འཛིན་ཡར་འཕེལ། བྱམས་པ་ཤེས་རབ་མཆོག་ལྡན། ཉང་སྟོན་པདྨ་བཤེས་གཉེན། ཨོ་རྒྱན་རང་གྲོལ་རྡོ་རྗེ། པདྨ་གསང་སྔགས་བསྟན་འཛིན། འགྱུར་མེད་བསྟན་འཛིན་འཕེལ་རྒྱས། རྣམ་འདྲེན་སྨོན་ལམ་དབང་རྒྱལ་ནས་བདག་ལའོ། །འདི་སྒྲུབ་ཐབས་ཀྱི་ངོས་ནས་རྟ་ཕག་ཟུང་འབྲེལ་དུ་སྣང་བས་ཨ་ནུའི་ཕྱོགས་སུ་འོས་ཀྱང་མཚན་ཙམ་གྱིས་འདིར་བསྡུས་སོ། །ལོ་ཆུང་དཀོན་མཆོག་འོད་ཀྱི་སྐྱེ་མཐའ་གར་དབང་ལས་འཕྲོ་གླིང་པས་ཡར་ལུང་ཤེལ་བྲག་པདྨ་བརྩེགས་པ་ནས་སྤྱན་དྲངས་ནས་ཡང་གཏེར་དུ་སྦས་པ་རྗེ་བླ་མའི་ཕྱག་ཏུ་ཆོས་བདག་མཁའ་འགྲོས་ཕུལ་བ་ཕག་དཀར་ཡེ་ཤེས་འཁོར་ལོའི་རྩ་དབང་། སྨན་དབང་། སྐོང་ཆོག་དབང་། ཚེ་དབང་། ཟབ་ཁྲིད། གཏེར་གཞུང་ཚང་བ། བརྒྱུད་འདེབས། དབང་ཟིན་བཅས། བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་རྡོར་འཆང་། ལོངས་སྐུ་འཁོར་ལོ་བདེ་མཆོག །སྤྲུལ་སྐུ་རྡོ་རྗེ་རྣལ་འབྱོར་མ། མཁའ་འགྲོ་མ་ལས་ཀྱི་དབང་མོ། གུ་རུ་པདྨ་ཡབ་ཡུམ། སྐལ་ལྡན་རྗེ་འབངས་འདུས་པ། གཏེར་སྟོན་ཁྱུང་པོ་དཔལ་དགེ །ཁ་རག་བདེ་ཆེན་གླིང་པ། སྤྲུལ་སྐུ་མཆོག་ལྡན་མགོན་པོ། སྤེ་ལྕོག་ལས་འཕྲོ་གླིང་པ། དེ་ཉིད་དང་དགོངས་ཀློང་ཡེ་ཤེས་ཀྱི་དབྱིངས་སུ་གཅིག་པ་དུས་ཞབས་གཏེར་སྟོན་ཀུན་གྱི་རྒྱལ་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ། དེས་བདག་ལ་ཐུགས་རྗེས་དགོངས་ཏེ་བསྩལ་པའོ། །ཞིག་གླིང་ཟབ་གཏེར་རྫོགས་ཆེན་གསང་བ་སྙིང་ཐིག་ལས་བྱེ་མ་མུ་དྲས་མཛད་པའི་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས། རྩ་བ་དེ་ལ་བརྟེན་ཅིང་དག་སྣང་དང་ཟུང་དུ་འབྲེལ་བ་རིག་འཛིན་ཚེ་དབང་ནོར་བུས་མཛད་པའི་ཡིད་བཞིན་ཟླ་བ་ཚེ་སྦྱིན་མའི་སྒྲུབ་ཐབས་སྙིང་པོར་དྲིལ་བ་འཆི་མེད་བདུད་རྩིའི་གཏེར་མཛོད་ཀྱི་དབང་། གཞུང་དེ་ཉིད་བཅས། བརྒྱུད་པ་ནི། ཚེ་དཔག་མེད། འཕགས་མ་སྒྲོལ་མ། པཎ་ཆེན་བྱེ་མ་མུ་དྲ། ཉང་བན་ཏིང་འཛིན་བཟང་པོ། ཞིག་གླིང་འོད་གསལ་སྒྱུ་མ། པདྨ་རྒྱལ་མཚན། པདྨ་མ་ཏི། པདྨ་རྡོ་རྗེ། ཁྱབ་བརྡལ་ལྷུན་གྲུབ། ཀུན་བཟང་རྣམ་རྒྱལ། རིག་འཛིན་ཚེ་དབང་ནོར་བུ། སྲས་ཚེ་དབང་འཆི་མེད་དཔལ་དར། དཔའ་བོ་གཙུག་ལག་ཆོས་རྒྱལ། གསང་སྔགས་མགོན་པོ། དེས་བདག་ལའོ། །ཡང་། རིག་འཛིན་རྗེ་ནས་འཇམ་དཔལ་གླིང་པ་སོགས་རྡོ་རྗེ་སློབ་དཔོན་སྒྲུབ་པའི་སྐབས་སུ་སྨོས་པ་ལྟར་ཡང་ཆོག་གོ །བདུད་འདུལ་རྡོ་རྗེའི་དམ་ཆོས་སྤྲུལ་སྐུ་སྙིང་ཏིག་ལས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་དབང་། ཚེ་འཕེལ་མའི་ནང་སྒྲུབ། དམིགས་པའི་གབ་ཐིག །ལས་ཚོགས་གཏེར་བུམ་ལ་སྲུང་འཁོར། བླ་རྡོ། ཙཀྲ །རྫས་སྲུང་། མེ་མཆོད་བཅས། བརྒྱུད་འདེབས་གཏེར་གསུང་། བརྒྱུད་པ་ནི། སྣང་མཐའ། སྤྱན་གཟིགས། སྒྲོལ་མ། གུ་རུ་ཡབ་ཡུམ། འབྲོག་བན་ལོ་ཙཱ། བདུད་འདུལ་གླིང་པ་ནས་སྲས་བརྒྱུད་སྔར་ལྟར་ལ། དཔལ་ལྡན་དཔའ་བོ། གཏེར་སྤྲུལ་བཞི་པ་ཀརྨ་གསང་སྔགས་བསྟན་འཛིན་ལས་སོ། །ལུང་བརྒྱུད་གོང་མ་རྣམས་ལྟར་རོ། །ལྷ་བཙུན་ཆེན་པོའི་དག་སྣང་རིག་འཛིན་སྲོག་སྒྲུབ་ཀྱི་ཡུམ་བཀའ་ཕག་མོ་དམར་མོ་ཞལ་གཉིས་མའི་དབང་། གཏུམ་མོའི་ཁྲིད། ལས་བྱང་དང་ཁྲིད་ཡིག་རྩ་གཞུང་། གཅོད་ཁྲིད། དབང་ཆོག །དཔའ་བོའི་ཐོལ་གླུ། བརྒྱུད་པ་བླ་སྒྲུབ་སྐབས་སུ་སྨོས་པ་དང་འདྲ། ཨོ་རྒྱན་གཏེར་བདག་གླིང་པའི་ཟབ་གཏེར། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ཡུམ་བཀའ་གསང་བ་ཡེ་ཤེས་ཀྱི་བྱིན་རླབས། གསང་བ་ཡེ་ཤེས་ལོ་རྒྱུས། ཡེ་ཤེས་མཁའ་འགྲོའི་བྱིན་རླབས། སྒྲུབ་ཐབས། བསྟོད་བསྐུལ། རྣལ་འབྱོར་རིམ་བཞི་དམ་ཚིག་མེ་མཆོད་བཅས་གཏེར་གཞུང་ཚང་བ། པདྨ་འགྱུར་མེད་རྒྱ་མཚོས་མཛད་པའི་སྒྲུབ་དཀྱིལ། དབང་ཆོག །མེ་མཆོད། རྒྱུན་གྱི་ཉམས་ལེན་བཅས། བརྒྱུད་པ་ནི། བདེ་གཤེགས་ཀུན་འདུས་རྩ་བ་དང་མཚུངས་པ་ལས། གཏེར་ཆེན་ནས་རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོ་དེ་ནས་རིན་རྣམ་ཕྱིན་འདྲའོ། །སྟག་ཤམ་ནུས་ལྡན་རྡོ་རྗེས་མདོ་ཁམས་སྲིན་མོ་སྟག་གདོང་ཅན་ཚ་བ་གནམ་ལྕགས་དཀར་པོའི་ཨོ་རྒྱན་སྒྲུབ་ཕུག་ནས་སྤྱན་དྲངས་པའི་ཟབ་མོ་གསང་བ་ཡོངས་འདུས་ཀྱི་སྐོར་ལས་ཁོལ་དུ་ཕྱུང་བ་མཚོ་རྒྱལ་སྒེར་དབང་། མཁའ་སྤྱོད་ཨ་མའི་ཁྲིད། ཚོགས་མཆོད་ལས་བྱང་། གསང་སྒྲུབ་ཁྲིད་ཡིག་ལས་ཚོགས་ཚོ་གཉིས་བཅས་གཏེར་གཞུང་ཚང་བ། དབང་ཆོག །བརྒྱུད་པ་ནི། གུར་དྲག་རྡོ་རྗེ་དྲག་རྩལ་དང་གཅིག་པ་ཉིད་དོ། །ཨོ་རྒྱན་ཆོས་རྗེ་གླིང་པའི་ཟབ་གཏེར་བླ་མ་དྲག་པོའི་ཡུམ་བཀའ་ཁྲོས་མ་ནག་མོའི་དབང་། སྒྲུབ་མཆོད་ཆ་ལག་དང་བཅས་པ་གཏེར་སྟོན་ཉིད་མཛད། བརྒྱུད་པ་ནི། རྡོ་རྗེ་བཙུན་མོ། ཨོ་རྒྱན་ཡབ་ཡུམ། རྒྱལ་སྲས་ལྷ་རྗེ། ཆོས་རྗེ་གླིང་པ། ཏྲེ་ཧོ་ཆོས་དབང་། བསྟན་པའི་ཉིན་བྱེད། བདུད་འདུལ་རྡོ་རྗེ། སྐྱོ་བྲག་རྟོགས་ལྡན་ཚོགས་གཉིས། ཀརྨ་བསྟན་པ། རྒྱལ་སྲས་པདྨ་དབང་དྲག །དེས་བདག་ལའོ། །རོལ་པའི་རྡོ་རྗེའི་མཚོ་གཏེར་བླ་མ་རྒྱལ་བ་འདུས་པའི་ཡུམ་བཀའ་རྡོ་རྗེ་ཕག་མོའི་དབང་། ཕྲིན་ལས་ཚོགས་བཅས་གཏེར་གཞུང་། དབང་ཆོག །བརྒྱུད་པ་མཚོ་གཏེར་སྤྱི་མཚུངས་སོ། །གྲུབ་དབང་རྭ་སྟོན་ཆེན་པོ་ངག་དབང་བསླབ་གསུམ་མམ་ཐུགས་མཆོག་རྡོ་རྗེའི་ཟབ་གཏེར་རྩ་གསུམ་དབང་ཆེན་འདུས་པའི་སྐོར་ལས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་དབང་། ཕྲིན་ལས་སྙིང་པོ་བསྡུས་པ་དབང་ཆོག་བཅས། བརྒྱུད་པ། སྣང་མཐའ། ཙཎྜ་ལཱི། ལས་ཀྱི་དབང་ཆེན། ནཱ་གརྫུ་ན། ཨོ་རྒྱན་ཡབ་ཡུམ། ནམ་མཁའི་སྙིང་པོ། ཤཱཀྱ་པྲ་བྷ། གཏེར་སྟོན་རོག་རྗེ་གླིང་པ། ཐེག་གླིང་ཀརྨ་འགྲོ་དོན་མཐར་ཕྱིན། ལྕགས་ཟམ་བདུན་པ། བློ་བཟང་བསྟན་འཕེལ། ལྕགས་ཟམ་བརྒྱད་པ། རྗེ་རིན་པོ་ཆེ་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །ཀློང་ཆེན་སྙིང་གི་ཐིག་ལེའི་ཡུམ་བཀའ་བདེ་ཆེན་རྒྱལ་མོའི་དབང་། ལས་བྱང་རྩ་གཞུང་། དབང་ཆོག །བརྒྱུད་པ་རིག་འཛིན་འདུས་པ་དང་འདྲ། སྤྲུལ་པའི་གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པའི་དགོངས་གཏེར་ཟབ་མོའི་ཆོས་སྡེ་འཆི་མེད་འཕགས་མའི་སྙིང་ཐིག་ལས། རྩ་བའི་དབང་བསྐུར། ཐུན་མོང་ཚེའི་རྗེས་གནང་། ཡང་ཟབ་ཚེའི་བྱིན་རླབས། ཤངས་ཟབ་བུ་ལུང་ནས་བབས་པའི་སྒྲོལ་གཞུང་རྒྱས་པའི་རྩ་བ་རྡོ་རྗེའི་ཚིག་རྐང་། ལས་བྱང་ཡེ་ཤེས་སྣང་བ་རྩ་གཞུང་། བརྒྱུད་འདེབས། སྨན་མཆོད། ཚོགས་བསྡུས། ཚེ་འགུགས་མཆོག་གླིང་གཏེར་གཞུང་། རྒྱུན་ཁྱེར་ཉིད་མཛད། རྩ་བའི་དབང་ཆོག །བྱིན་རླབས་རྗེས་གནང་གི་ཆོ་ག །བདག་འཇུག །སྦྱིན་སྲེག་བཅས། བརྒྱུད་པ། ཚེ་དཔག་མེད། རྣམ་རྒྱལ་མ། ཡིད་བཞིན་འཁོར་ལོ། ཤྲཱི་སིང་ཧ། བི་མ་མི་ཏྲ། ཨོ་རྒྱན་ཆེན་པོ། རྗེ་མངའ་བདག་ཡབ་སྲས། འབངས་ལོ་ཙཱ་བཞི། གྲོགས་ཡེ་ཤེས་མཚོ་རྒྱལ། བཀའ་བབས་བདུན་གྱི་མངའ་བདག་རྗེ་བཙུན་འཕགས་མ་དང་གྲུབ་པའི་སློབ་དཔོན་རྣམས་ཀྱིས་མངོན་སུམ་རྗེས་སུ་བཟུང་བ་པདྨ་འོད་གསལ་མདོ་སྔགས་གླིང་པ། དེས་བདག་ལའོ། །ཞར་བྱུང་ཉེར་མཁོར་བཞག་པ། སྨིན་གླིང་ལོ་ཆེན་གྱིས་མཛད་པའི་སྒྲོལ་མའི་མཎྜལ་བཞི་ཆོག །ལུང་བརྒྱུད་མཛད་པ་པོ་ནས། འགྱུར་མེད་རྒྱ་མཚོ། རིན་རྣམ། པདྨ་བསྟན་འཛིན། ཨོ་ཌཱི་ཡ་ན། བསྟན་འཛིན་ཆོས་རྒྱལ། མཐུ་སྟོབས་རྣམ་རྒྱལ། འཇམ་དབྱངས་མཁྱེན་བརྩེ། དེས་སོ། །སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པའི་གཏེར་བྱོན་མཁའ་འགྲོའི་སྐོར་ལ། རོང་མེ་དཀར་མོ་སྟག་ཚང་གཏེར་བྱོན་དམ་ཆོས་སྙིང་པོ་སྐོར་ལྔ་ལས་མཁའ་འགྲོ་དགོངས་འདུས་སྙིང་པོའི་དབང་། གཏེར་གཞུང་ཚང་བ། དབང་ཆོག །ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་རི་བོ་དབང་ཞུའི་བྲག་ནས་བྱོན་པའི་བར་ཆད་སེལ་བའི་ཆོས་སྐོར་བཞི་ལས། ཕྱི་འཇིགས་པ་བཅུ་དྲུག་གི་བར་ཆད་སེལ་བ་སྒྲོལ་མ་འཇིགས་པ་ཀུན་སེལ་གྱི་རྩ་དབང་། གཏེར་གཞུང་ཆ་ཚང་། དབང་ཆོག་དང་མཎྜལ་གྱི་ཆོ་ག་ཐམས་ཅད་མཁྱེན་པ་འཇམ་དབྱངས་བླ་མས་མཛད་པ། དེ་དག་གི་ཟུར་འདེབས་འཁོར་གྱི་ལྷ་བསྐྱེད། ཐུགས་དམ་བསྐུལ་བའི་གསོལ་འདེབས་སོགས། གཏེར་ཆེན་དེ་ཉིད་ཀྱི་དགོངས་པའི་གཏེར་ལས་ཕྱུང་པ་སྒྲོལ་མའི་ཟབ་ཏིག་ཕྱི་ནང་གསང་བའི་དབང་། བཀའ་སྲུང་བཀའ་གཏད་གཅིག་བརྒྱུད་མ། ལེགས་སོ་གསུམ་གྱི་དོན་ཁྲིད། ཕྱི་ནང་གསང་སྒྲུབ་ཁྲིད་གཞུང་བཀའ་སྲུང་གཡུ་སྒྲོན་མ་ལོ་རྒྱུས་ཀྱི་བར་གཏེར་གཞུང་ཆ་ཚང་། ཕྱི་ནང་གསང་གསུམ་གྱི་ཕྲིན་ལས་དབང་ཆོག་ཁྲིགས་བཀོད། ཁྲིད་ཡིག །འབུམ་རྫོང་གཏེར་བྱོན་ཟུར་བཟའི་ཐུགས་དམ་སྐོར་དྲུག་གི་མཁའ་འགྲོ་སྒྲུབ་པའི་སྐོར་གྱི་ཕྱི་ནང་གསང་བ་ཡང་གསང་གི་དབང་ལྔ། ཚེ་དབང་དང་བཅས་པ། ཕྱི་སྒྲོལ་མ་རྣལ་འབྱོར་མ། ནང་རྡོ་རྗེ་ཕག་མོ། གསང་སྒྲུབ་གསང་བ་ཡེ་ཤེས། ཡང་གསང་མནྡཱ་ར་བ་དང་མཚོ་རྒྱལ་སྒྲུབ་པའི་ཐབས་དང་ལས་བྱང་རྫོགས་རིམ་དབང་བསྐུར་བཅས་གཏེར་གཞུང་ཚང་བ། སྤྱི་འགྲོའི་དབང་བསྐུར་གྱི་ཆོ་ག །ཡེ་རྒྱལ་ནམ་མཁའ་མཛོད་ཀྱི་གཏེར་བྱོན་མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་དབང་བཞི། གཏེར་གཞུང་ནང་གསེས་བཅས་ཆ་ཚང་། ཕྲིན་ལས་དབང་བསྐུར་མེ་མཆོད་གྲིབ་སེལ་སུན་ཟློག་རྣམས་དཀྱུས་གཅིག་ཏུ་གསལ་བའི་ཆོག་ཁྲིགས་བཅས། དེ་དག་གི་བརྒྱུད་པ་ནི། འོད་མི་འགྱུར་བ། གར་གྱི་དབང་ཕྱུག །རྡོ་རྗེ་རྣལ་འབྱོར་མ། ཨོ་རྒྱན་ཆེན་པོ། ཡེ་ཤེས་མཚོ་རྒྱལ། ཁྲི་སྲོང་ལྡེའུ་བཙན། དམ་འཛིན་ཆོས་ཀྱི་བློ་གྲོས། འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་པ། དེས་བདག་ལ་བཀའ་དྲིན་དུ་བསྩལ་པའོ། །དགོངས་གཏེར་སྒྲོལ་མའི་ཟབ་ཏིག་ནི་གཏེར་ཆེན་ཉིད་ནས་གཅིག་བརྒྱུད་ཀྱི་ཚུལ་དུ། རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལ་འཕགས་མ་དངོས་མཚུངས་ཀྱི་རྟེན་དང་ལྷན་ཅིག་བཀའ་དྲིན་ཆེན་པོར་བསྩལ་པའོ། །གཞན་ཡང་རྡོ་རྗེ་གླིང་པའི་སྒྲོལ་མའི་རྒྱུད་དང་མན་ངག་སྐོར་ཟབ་རྒྱས། ཚེ་བརྟན་རྒྱལ་མཚན་གྱི་སྒྲོལ་མ་ཨུཏྤ་ལའི་སྐོར་སོགས་རྙེད་ནའང་སྐབས་འདིར་སྦྱར་རོ། །ཞར་བྱུང་གཏེར་ཆེན་རིན་པོའི་གསུང་། དབང་ཆོག་འཁོར་འདས་གཞི་གྲོལ་གྱི་གཅོད་དབང་། སྟན་ཐོག་གཅིག་མའི་ཁྲིད། སྟན་ཐོག་གཅིག་མའི་མན་ངག་དང་གདམས་ཁྲིད། དབང་ཆོག་བཅས། ཁྲིད་ཡིག་ཟབ་དོན་སྙིང་པོ་ལོ་ཆེན་དྷརྨ་ཤྲཱིས་མཛད་པ་བཅས། དབང་ཁྲིད་ཀྱི་བརྒྱུད་པ་ལ་བབས་སོ་བཞི་ལས། དང་པོ་ནི། སྟོན་པ་སངས་རྒྱས། འཇམ་དཔལ། འཕགས་པ་ལྷ། དམ་པ་རྣམས་སོ། །གཉིས་པ་ཡུམ་ཆེན་མོ། རྗེ་བཙུན་སྒྲོལ་མ། སུ་ཁ་སིདྡྷི། དམ་པའོ། །གསུམ་པ། ཐུབ་པ། བྱམས་པ། ཐོགས་མེད་མཆེད། ཨཱརྻ་དེ་བ། དམ་པའོ། །བཞི་པ་ཡུམ་ཆེན་མོ། ཤཱཀ་ཐུབ། འཇམ་དཔལ། སྒྲོལ་མ། སུ་ཁ་སིདྡྷི། ཨཱརྻ་དེ་བ། དམ་པའོ། །དེས་སྐྱོ་བསོད་ནམས་བླ་མ། མ་གཅིག་ལབ་སྒྲོན། རྒྱལ་བ་དོན་གྲུབ། འཇམ་དབྱངས་མགོན་པོ། ཁུ་སྒོམ་ཆོས་སེང་། དོལ་པ་ཟང་ཐལ། རྒྱ་ནག་གཅེར་བུ། སངས་རྒྱས་རབ་སྟོན། རྟོགས་ལྡན་དགེ་སློང་། ཞེན་མེད་རས་པ། སངས་རྒྱས་སྟོན་པ། མཁས་བཙུན་གཞོན་གྲུབ། གསེར་གླིང་པ་བཀྲ་ཤིས་དཔལ། བྲག་ཆེན་པ་རྡོ་རྗེ་དཔལ། ཀུན་དགའི་མཚན་ཅན། ཆོས་སྒོ་བ་ཆོས་རྒྱམ། རྒོད་ཕྲུག་གྲགས་པ་འབྱུང་གནས། ཤེལ་བྲག་པ་ཚུལ་བློ། སངས་རྒྱས་རས་ཆེན། ཆོས་ཀྱི་བློ་གྲོས། སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། མདོ་སྔགས་བསྟན་འཛིན། ཕྲིན་ལས་ལྷུན་གྲུབ། འགྱུར་མེད་རྡོ་རྗེ། རིན་ཆེན་རྣམ་རྒྱལ། པདྨ་བསྟན་འཛིན། ཕྲིན་ལས་རྣམ་རྒྱལ། ཕྲིན་ལས་ཆོས་སྒྲོན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །ལུང་བརྒྱུད་ཀྱང་མཛད་པ་པོ་ཕྱིན་དེ་ལས་འོངས་པའོ། །འདི་གསར་མའི་སྐོར་དུ་གཏོགས་ཀྱང་། ཉེར་མཁོའི་ཆེད་དང། མ་གཅིག་གིས་ཀུན་མཁྱེན་ཀློང་ཆེན་པ་ལ་དངོས་སུ་གནང་ཞིང་། དེ་ཉིད་ཀྱི་ཡང་སྲིད་རིག་འཛིན་པདྨ་གླིང་པ་ལ་བཀའ་བབས་པའི་ཀུན་མཁྱེན་ལུགས་ཀྱི་ཉེ་བརྒྱུད་ཀྱང་འདྲེས་པས་ཁྱད་པར་འཕགས་པའི་ཕྱིར་བཞུགས་པ་ཡིན་ནོ། །ཕག་མོའི་སྐོར་འདི་རྣམས་སྒྲུབ་སྡེ་བརྒྱད་ཀྱི་དབང་དུ་བྱས་ན། རྟ་མགྲིན་གྱི་ཡུམ་བཀར་གཏོགས་པས་པདྨ་གསུང་གི་གྲས་སུ་འདུ་བ་ཉིད་དོ།། ༈ །།རྩ་བའི་བཞི་པ་ཕྲིན་ལས་སྒྲུབ་པའི་བཀའ་སྡོད་རྒྱལ་བའི་བསྟན་སྲུང་རྡོ་རྗེའི་ཆོས་སྐྱོང་བའི་སྐོར་རྗེས་འབྲེལ་དང་བཅས་པ་ལ། སྤྱིར་འཁོར་འདས་ཀྱི་དྲེགས་པ་ཐམས་ཅད་ཕོ་མོ་མ་ནིང་གི་རྒྱུད་གསུམ་དུ་འདུ་ཞིང་། དེ་ཡང་གཙོ་བོར་མགོན་པོ་དང་། ལྷ་མོའི་སྐོར་དུ་ཅི་རིགས་པར་འདུ་བས་ན། འདིར་ཐོག་མར་བསྟན་སྲུང་ཀུན་གྱི་གཙོ་བོ་ཡེ་ཤེས་དང་ལས་ཀྱི་མགོན་པོའི་སྐོར་ལས། ཡེ་ཤེས་ཀྱི་མགོན་ཆེན་བཀའ་མ་རྒྱུད་ཀྱི་བཀའ་སྲུང་ལེགས་ལྡན་ཚོགས་ཀྱི་བདག་པོ་དང་། མདོའི་བཀའ་སྲུང་ལེགས་ལྡན་ལྗང་སྔོན་དྲག་པོ་གཉིས་སུ་གཙོ་བོར་གྲགས་པ་ལས། འདིར་རྒྱུད་མགོན་གྱི་དབང་གཙང་ཤོད་པ་རྡོ་རྗེ་རྒྱལ་མཚན་གྱི་ཡིག་ཆའི་ལུགས་ལྟར་སྟ་གོན་དབང་བཞི་དྲག་པོའི་སྒྲོལ་དབང་དང་བཅས་པ། གྲུབ་ཐོབ་རིན་ཆེན་སྒྱེ་ནས་བརྒྱུད་པ་གཡུང་སྟོན་རྡོ་རྗེ་དཔལ་བའི་ཕྱག་བཞེས་ཀྱི་དབང་བསྐུར་ཡོངས་རྫོགས། ཟུར་ཚོ་སྟོད་པའི་ལུགས་ཀྱི་རྗེས་གནང་། ༣༠༽ སྒྲུབ་ཡིག་རྒྱས་པ་ལས་བཞི་རྣམ་རོལ་དང་། བསྡུས་པ་ལས་བཞིའི་སྙེ་མ་བཅས་གཏེར་ཆེན་མཛད་པ། དབང་ཆོག་རྣམས་སོ། །འདི་ལ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ཀྱི་ལུང་ཙམ་ཡོད་ལ། མན་ངག་གི་ཡི་གེ་རྒྱ་ཆེར་སྣང་བའི་རྒྱུན་དེང་སང་བཞུགས་མིན་མ་འཚལ་ལོ། །དབང་སྔ་མའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རིགས་ལྔའི་སངས་རྒྱས། གསང་བདག་ཕྱག་ན་རྡོ་རྗེ། རྒྱལ་པོ་ཛཿ ཀུ་ཀུ་རཱ་ཛ། རྡོ་རྗེ་བཞད་པ། དྷརྨ་བོ་དྷི། བལ་པོ་ནོར་འཛིན། གནུབས་སངས་རྒྱས་ཡེ་ཤེས། ཁུ་ལུང་པ་ཡོན་ཏན་རྒྱ་མཚོ། ཉང་ཤེར་མཆོག །ཡེ་ཤེས་འབྱུང་གནས། ཟུར་ཆེན་ཤཱཀྱ་འབྱུང་གནས། ཟུར་ཆུང་ཤེས་རབ་གྲགས་པ། གླན་ཤཱཀྱ་བཟང་པོ། འདར་ནག་བསོད་ནམས་གྲགས་པ། འདར་ནག་ཀུན་དགའ། རྗེ་བཙུན་ཤེས་རབ་འབར། ཧོར་ནག་དབང་སྒྲོན། མཁས་བཙུན་ཆོས་སྐྱོང་འོད། འདར་ནག་ཤཱཀྱ་བྱང་ཆུབ། འདར་ནག་ཀུན་དགའ་འོད། བར་སྟོན་བློ་གྲོས་རྒྱལ་མཚན། སྣར་སྟོན་ཤཱཀྱ་ཤྲཱི། སྣར་སྟོན་བུདྡྷ་དྷཱ་ཛ། ཤཱཀྱ་རི་པ། རྡོར་རྒྱལ་བཟང་པོ། དཔང་ཆོས་ཀྱི་རྒྱལ་མཚན་དང་། འཇམ་དབྱངས་བསོད་ནམས་རྒྱལ་མཚན་གཉིས་ཀ་ལ། དཔང་སྟོན་པ་བདེ་ལེགས་རྒྱལ་མཚན་པས་གསན། དེ་ནས་སེ་སྟོན་རིན་ཆེན་རྒྱལ་མཚན། འདར་ནག་ཀུན་བཟང་རིན་ཆེན། སྔགས་འཆང་གཞོན་ནུ་སྟོབས་ལྡན། བྱམས་པ་རིན་ཆེན་རྡོ་རྗེ། སྐྱི་སྟོན་ཚེ་རིང་དབང་པོ། ཟུར་ངག་དབང་ཕུན་ཚོགས། གཏེར་ཆེན་འགྱུར་མེད་རྡོ་རྗེ། རིག་འཛིན་པདྨ་ཕྲིན་ལས། ཁམས་ལུང་པ་རིག་འཛིན་དབང་རྒྱལ། རིག་འཛིན་རྡོ་རྗེ་ཐོགས་མེད། རྩ་སྡེ་རྫོགས་ཆེན་པ་སྐལ་བཟང་པདྨ་རྡོ་རྗེ། པདྨ་གསང་སྔགས་མཐུ་སྟོབས། བྱ་བཏང་སྒྲུབ་ཆེན་པ་ཀུན་བཟང་རྣམ་གྲོལ་མགོན་པོ། རིག་འཛིན་དཔལ་འབྱོར་རྒྱ་མཚོ། འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དཔལ་བཟང་པོ། དེས་བདག་ལའོ། །གཏེར་ཆེན་མཆོག་གླིང་པའི་ཐུགས་དམ་ཟབ་པ་སྐོར་བདུན་གྱི་བཀའ་སྲུང་གཙོ་བོ་ལེགས་ལྡན་ཚོགས་ཀྱི་བདག་པོའི་དབང་ཆེན་མ་ཧཱ་ཀཱ་ལའི་སྒྲུབ་ཐབས། སྲུང་ཟློག་བསད་པའི་ཡིག་ཆུང་། བསྒྲལ་བའི་སྨད་ལས། བེང་ཟློག །མགོན་པོའི་ཕྲིན་ལས། རྟགས་བསྟོད། སྐོང་བཤགས། ཚོགས་མཆོད། ཕྲིན་བཅོལ་གཞུང་། ཆད་ཐོ་ཟློག་པ་བསད་འཕེན་སྲེག་མནན་བྲོ་བརྡུང་བཅས་གཏེར་གཞུང་ཚང་བ། དབང་ཆོག །དེའི་ལས་མགོན་སྲས་མཆོག་ནག་པོ་ཡབ་ཡུམ་ཞལ་སྦྱོར་གྱི་དབང་། དེའི་སྒྲུབ་ཐབས། ཕྲིན་ལས། མན་ངག་ནང་གསེས་དང་བཅས་གཏེར་གཞུང་ཚང་བ། དབང་ཆོག །བརྒྱུད་པ་ནི། ཆེ་མཆོག་ཧེ་རུ་ཀ །ཡེ་ཤེས་མགོན་པོ། གསང་བའི་བདག་པོ། ལས་ཀྱི་དབང་མོ་ཆེ། པདྨ་ཐོད་ཕྲེང་། ཡེ་ཤེས་མཚོ་རྒྱལ། མངའ་བདག་ཡབ་སྲས། མཆོག་གྱུར་གླིང་པ། དེས་བདག་ལ་བསྩལ་པའོ། །རྒྱུད་མགོན་འདི་ཉིད་གཏེར་ཁ་གཞན་ནས་བྱོན་པ་ཆེར་མི་སྣང་། སྲས་མཆོག་བེར་ནག་སྐོར་ཡང་ཡོན་དགེའི་རེ་ཏིའི་སྒྲུབ་ཐབས་ཙམ་ལས་ཆེར་མ་མཐོང་ངོ་། །མངའ་བདག་ཉང་རིན་པོ་ཆེའི་གཏེར་བྱོན་ཁྲག་འཐུང་རྒྱལ་པོ་ཕྱག་བཞི་པའི་དབང་། ༣༡༽ མགོན་དཀར་ཚེ་དབང། ༣༢༽ འདི་ལ་རྒྱུད་དང་མན་ངག་གི་གཞུང་རྒྱ་ཆེར་བཞུགས་པ་ལས། མགོན་པོའི་གསང་ཁྲིད་ཟབ་མོ་གཏེར་གཞུང་ཙམ་དང་། གོང་ནོན་ཡེ་ཤེས་པའི་སྒྲུབ་ཐབས་དང་། མདོས་ཆོག་ཁམས་གསུམ་ཟིལ་གནོན་སྨིན་གཏེར་གསུང་། གཞུང་གི་ལུང་བརྒྱུད། ཉང་རལ། འགྲོ་མགོན། སངས་རྒྱས་རས་པ། མེ་ལོང་རྡོ་རྗེ། བསོད་ནམས་བློ་གྲོས། སྒོམ་སྡེ་བྱ་བྲལ། མང་ག་ལ་སིདྡྷི། བསོད་ནམས་རིན་ཆེན། ཀུན་དགའ་ཚུལ་ཁྲིམས། བཀྲ་ཤིས་དབང་ཕྱུག །བསོད་ནམས་བཟང་པོ། འོད་གསལ་ཀློང་ཡངས། ཤཱཀྱ་དཔལ་བཟང་། ཉི་ཟླ་གྲགས་པ། ནམ་མཁའ་དཔལ་བཟང་། འབྲུག་སྒྲ་བཟང་པོ། ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ། འགྱུར་མེད་རྒྱ་མཚོ། ཉང་རིག་འཛིན་རྒྱ་མཚོ། པདྨ་བསྟན་འཛིན། ཕྲིན་ལས་རྣམ་རྒྱལ། དྷརྨ་དཱི་པ། ཤྲཱི་ཏཱ་ར། འགྱུར་མེད་སངས་རྒྱས་ཆོས་འཕེལ། དེ་ལས་སོ། །བླ་མ་མངའ་བདག་ཆེན་པོས་སྲིན་སྦར་ནས་སྤྱན་དྲངས་པའི་རྫ་བུམ་ནས་བྱོན་པ་དཔལ་མགོན་བདུད་དཔུང་གཡུལ་ཟློག་གི་མདོས་ཆོག་གདུག་པ་ཀུན་འཇོམས་སྤྱི་དོན་ཉེར་གཅིག་པ། ལོ་ཆེན་དྷརྨ་ཤྲཱིས་མཛད་པའི་མདོས་ཀྱི་ཟིན་བྲིས་སྒྲོན་མེ་སྐོར་གསུམ་ཞེས་རྫས་གསོག་པའི་སྡོམ་བྱང་གསལ་བྱེད་སྒྲོན་མེ། གཤོམ་གྱི་ལག་ལེན་བཅའ་ཐབས་སྒྲོན་མེ། ཟུར་འདེབས་དང་ལག་ལེན་གྱི་ཆིངས་སྣང་བྱེད་སྒྲོན་མེ་བཅས། ལུང་བརྒྱུད་ནི། ཧེ་རུ་ཀ །གསང་བདག །ལས་ཀྱི་དབང་མོ། ཐོད་ཕྲེང་རྩལ། མཚོ་རྒྱལ། ཁྲི་སྲོངལྡེའུ་བཙན། ཉང་རལ། འགྲོ་མགོན། གཉོས་ཞིག །གཉོས་གྲགས་འོད། རྡོ་རྗེ་རྒྱལ་པོ། དྷརྨ་ཀེ་ཏུ། ཆོས་ཀྱི་བློ་གྲོས། ཀོང་ཆེན་པ། མི་བསྐྱོད་རྡོ་རྗེ། བསོད་ནམས་བཟང་པོ། སྔགས་འཆང་སྐྱབས་སྦྱིན། ཀརྨ་གུ་རུ། ཉང་བསྟན་འཛིན་ཆོས་རྒྱལ། ཀརྨ་གསང་སྔགས། ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ། རྒྱལ་སྲས་རཏྣ་བི་ཛ་ཡ། ཨོ་ཌཱི་ཡ་ན། ཕྲིན་ལས་རྣམ་རྒྱལ། ཕྲིན་ལས་ཆོས་སྒྲོན། སངས་རྒྱས་ཀུན་དགའ། རྡོར་འཛིན་འགྱུར་མེད་དོན་གྲུབ། དེས་བདག་ལའོ། །སྒྲོན་མེ་སྐོར་གསུམ། ལོ་ཆེན་ནས་རིན་ཆེན་རྣམ་རྒྱལ་ཕྱིན་སྔ་མ་ལྟར་རོ། །གཏེར་གསར་མཆོག་གླིང་ཟབ་བདུན་བཀའ་སྲུང་ཆོས་སྡེ་ཡེ་ཤེས་མགོན་པོ་ཕྱག་བཞི་པའི་དབང་། སྒྲུབ་ཐབས་ཕྲིན་ལས། ཡང་གསང་ཐུགས་སྒྲུབ། ལས་མཐའ་བཅས་གཏེར་གཞུང་ཚང་བ། དབང་ཆོག །བརྒྱུད་པ་གཏེར་གསར་སྔ་མ་དང་འདྲ། ཕྱག་བཞི་པའི་སྐོར་གཏེར་རྙིང་ཆེར་མ་བྱོན་པ་ལྟར་སྣང་ཞིང་ཕྱིས་སུ་བདུད་འདུལ་རྡོ་རྗེ་དང་སྟག་ཤམ་ལ་ཆོས་སྐོར་རྒྱས་པ། མི་འགྱུར་རྡོ་རྗེ་སོགས་ལའང་སྒྲུབ་ཐབས་ཕྲན་ཚེགས་སྣང་ངོ་། །སློབ་དཔོན་ཆེན་པོས་འཁོན་ཀླུའི་དབང་པོ་ལ་གནང་བ་གུར་མགོན་སྲོག་གི་སྤུ་གྲིའམ་མགོན་པོ་ཕུར་ཞབས་མའི་དབང་། སྒྲུབ་ཐབས་དབང་ཆོག་དང་བཅས་པ། བརྒྱུད་པ་ནི། རྡོ་རྗེ་སེམས་དཔའ། སློབ་དཔོན་པདྨ། འཁོན་ཀླུའི་དབང་པོ་སྲུང་བ། རྡོ་རྗེ་རིན་ཆེན། ཤེས་རབ་ཡོན་ཏན། དགེ་སྐྱབས། དགེ་མཐོང་། བལ་པོ། ཤཱཀྱ་བློ་གྲོས། ཤེས་རབ་ཚུལ་ཁྲིམས། དཀོན་མཆོག་རྒྱལ་པོ། གོང་མ་བཞི། ཁའུ་པ་འོད་ལྡན་དཔལ། བུ་ལུང་པ་ཀུན་དགའ་རྡོ་རྗེ། དགའ་ལྡན་པ་ཀུན་བསོད། གན་པ་རིན་རྒྱལ། བླ་མ་དམ་པ། ཐེག་ཆེན་ཆོས་རྗེ། བདག་ཆེན་གྲགས་བློ་པ། བདག་ཆེན་བློ་གྲོས་དབང་ཕྱུག །རྗེ་ཀུན་དགའ་མཆོག་གྲུབ། རྗེ་བཙུན་གྲོལ་མཆོག །དེ་ལས་རྡོ་རིང་པ་ཀུན་དགའ་རྒྱལ་མཚན་དང་། བྲག་སྟོད་པ་ལྷ་དབང་གྲགས་པ་གཉིས་ཀྱིས་ཞུས། གཉིས་ཆར་ལས་རྗེ་བཙུན་སྒྲོལ་མགོན། དེ་ཕྱིན་རིན་འབྱུང་སྤྱི་བརྒྱུད་ལྟར་རོ། །གཏེར་སྟོན་རྒྱ་པདྨ་དབང་ཕྱུག་གིས་གངས་བར་ཕུག་མོ་ཆེ་ནས་བཏོན་པའི་གུར་མགོན་གྱི་སྒྲུབ་ཐབས་དྲེགས་པ་ཟིལ་གནོན། རུ་མཚོན་འཛུགས་ཐབས། གཏོར་ཆེན། དམ་བརྡར་ཕྲིན་བཅོལ། སྙིང་ཆུ་བསྲེ་བ། སྲོག་འཕྲོག་བཅིང་བ་ཁྲིད་པ་མི་འཁྲེན་པ་རྩལ་འགྲན་ཏེ་ཟབ་པའི་གནད་ལྔ་བཅས་གཞུང་ཚང་བ། ལུང་བརྒྱུད་ནི། རྡོ་རྗེ་འཆང་། ཀླུ་སྒྲུབ། ཨོ་རྒྱན་ཆེན་པོ། པདྨ་དབང་ཕྱུག །ལྷོ་པ་སྟོན་ཉི། རྒྱལ་ཚ་ལུང་མང་པོ། ཡོན་ཏན་ཁྲི །སེང་གེ་བཟང་པོ། སེང་གེ་རྒྱལ་མཚན། བསོད་ནམས་རྒྱལ་མཆོག །ནམ་མཁའ་རྒྱལ་མཚན། བདག་ཆེན་བློ་གྲོས་རྒྱལ་མཚན། རྡོ་རིང་ཀུན་སྤངས། ཚར་ཆེན། མཁྱེན་བརྩེ། དབང་རབ། བསོད་ནམས་མཆོག་ལྡན། དེ་ལས་ཕྲིན་ལས་ལྷུན་གྲུབ་དང་པདྨ་ཕྲིན་ལས་གཉིས་ཀྱིས་གསན། གཉིས་ཀ་ལས་གཏེར་བདག་གླིང་པ། དེ་ནས། བསོད་ནམས་མཆོག་གྲུབ། མཁྱེན་རབ་བྱམས་པ། ལེགས་པའི་འབྱུང་གནས། ཀུན་དགའ་བློ་གྲོས། སངས་རྒྱས་བཟང་པོ། ཀུན་དགའ་བསོད་ནམས། ངག་དབང་ཆོས་འབྱོར། ངག་དབང་བཟང་པོ། ངག་དབང་ལེགས་གྲུབ། མཁྱེན་བརྩེ་རིན་པོ་ཆེ་ལས་སོ། །གུར་མགོན་གཏེར་བྱོན་འདི་ཙམ་ལས་ཆེར་མ་མཐོང་ངོ་། །གཏེར་ཆེན་མཆོག་གྱུར་གླིང་པའི་ཟབ་གཏེར། ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བའི་ཆོས་སྡེ་མགོན་པོ་ཕྱག་དྲུག་པའི་དབང་། སྒྲུབ་ཐབས་ཕྲིན་ལས་གཏེར་གཞུང་། དབང་ཆོག །ཡེ་རྒྱལ་ནམ་མཁའ་མཛོད་ཀྱི་གཏེར་བྱོན་ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་སྒྲུབ་ཐབས་ཟབ་མོ་སྐོར་དགུའི་ཐོག་མར་ཕྱི་སྒྲུབ་དང་འབྲེལ་བའི་གཏོར་དབང་། ཕྱི་སྒྲུབ་གཏེར་གཞུང་། དབང་ཆོག་བཅས། བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། དབང་ཆེན་རྟ་མགྲིན། འཕགས་པ་ཀླུ་སྒྲུབ། ཨོ་རྒྱན་ཆེན་པོ། བཻ་རོ་ཙ་ན། མཚོ་རྒྱལ། ལྷ་སྲས་མུ་རུབ། མཆོག་གྱུར་གླིང་པ། དེས་བདག་ལའོ། །གཏེར་གསར་ཡིད་བཞིན་འཁོར་ལོ་ལས་འབྱུང་བའི་ཕྱག་དྲུག་པ་སྨུག་མཐིང་། ལས་མགོན་ཐུན་མོང་དང་ཐུན་མིན་སོགས་གཏེར་ཁ་འདི་ལ་ཟབ་འདྲིལ་མང་དུ་བྱོན་པར་སྣང་བ་ལས། དྲི་མེད་ལྷུན་པོའི་དོན་ཏིག་ཏུ་སྒྲུབ་ཐབས་ཙམ་དང་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་ལ་བཞུགས་པར་གྲགས་པ་ཙམ་ལས་མགོན་པོ་འདིའི་ཆོས་སྐོར་ཡང་གཏེར་ཁ་རྣམས་སུ་ཆེར་མི་སྣང་ངོ་། །ཨོ་རྒྱན་ཆེན་པོའི་བཀའ་ཡི་སྲུང་མ་ཁྱད་པར་དུ་འཕགས་པ་ཟབ་གཏེར་ཀུན་གྱི་གཉེར་འཛིན་དཔལ་མགོན་མ་ནིང་སྲོག་དབང་གུ་རུ་ཆོས་དབང་ལུགས། ༣༣༽ དེའི་སྒྲུབ་ཐབས་གཏེར་ཁ་གསར་རྙིང་ཕལ་མོ་ཆེ་ནས་བྱོན་ཀྱང་། རྒྱུད་སྒྲུབ་ཐབས་ལས་ཚོགས་བཅས་མན་ངག་ཟབ་ཅིང་རྒྱས་པ་ཆོས་ཀྱི་དབང་ཕྱུག །རྡོར་གླིང་ཆོས་སྐྱོང་བཀའ་འདུས། རད་གླིང་། པད་གླིང་། འཇའ་ཚོན་སྙིང་པོའི་གཏེར་བྱོན་རྣམས་སུ་སྣང་ཞིང་། དེ་བཞི་ཀའི་སྲོག་དབང་རྩ་བ་གཅིག་པ་ཁོ་ནར་བཞུགས་པ་དང་། གཏེར་ཆེན་འགྱུར་མེད་རྡོ་རྗེ་ནས་བཀའ་སྲོལ་བཞི་ཀ་གསན་ནས་བརྒྱུད་པའི་ཆུ་བོ་གཅིག་ཏུ་འདུའོ། །གཏེར་ཆེན་འགྱུར་མེད་རྡོ་རྗེས་མཛད་པར་ལས་བྱང་སྤྱི་འགྲོ་ལས་བཞི་མྱུར་འགྲུབ། རཏྣ་གླིང་པས་གཉལ་སྨད་དགེ་རི་བྲག་ནས་སྤྱན་དྲངས་པའི་དཔལ་མགོན་མ་ནིང་ནག་པོའི་སྲོག་དབང་། གཏོར་དབང་ལས་བྱང་གཏེར་གཞུང། སྔགས་བྱང་། སྐོང་གསོལ་ཆེན་མོ། དབང་ཆོག་གཉིས། ལུགས་འདི་དོན་གཉེར་མང་བས་ཟུར་དུ་བཀོད་པའོ། །བརྒྱུད་པ་ནི། ཀུན་བཟང་། ཆེ་མཆོག །མ་ནིང་། ཨོ་རྒྱན་ཡབ་ཡུམ། ལང་གྲོ་ལོ་ཙཱ་བ། རད་གླིང་། ཚེ་དབང་གྲགས་པ། ཤཱཀྱ་བཀྲ་ཤིས། མཁར་དྲུང་། ཚེ་ཆོག་པ། བཀྲ་ཤིས་དབང་ཕྱུག །ཀརྨ་དོན་ཡོད། ཨ་རཱ་ག །ཀུན་ཤེས། བཀྲ་ཤིས་ཚེ་བརྟན། པད་ནོར་ཕྱིན་གུར་དྲག་ལྟར་ལ། རྗེ་གསང་སྔགས་མགོན་པོ། དེ་ལས་སོ། །ཕྱིས་བྱོན་གྲས་གནམ་ཆོས་སྟག་ཤམ་རོལ་རྡོར་སོགས་ལའང་བཞུགས་པར་སྣང་མོད། ཉམས་ལེན་བྱིན་རླབས་རྒྱུན་མ་ཉམས་པ་ཁྱད་པར་དུ་འཕགས་པ་པདྨ་བདེ་ཆེན་གླིང་པའི་གཏེར་བྱོན་སྲོག་བདུད་ཀྱི་སྐོར་ཉིད་དེ་སྲོག་དབང་འཇའ་ཚོན་ལུགས་དང་ངོ་བོ་གཅིག་པས་བྱིན་རླབས་ཀྱི་རྒྱུན་འདིར་ཡང་འདུའོ། །དེ་དང་རྗེས་འབྲེལ་མགོན་པོ་རིགས་ལྔར་གྲགས་པ་ལས། སྐུའི་མགོན་པོ་སྟག་ཞོན་གནུབས་ལུགས་བཀའ་མ་དང་། ཞང་ཁྲོམ་དང་། གྲ་ང་རྡོ་རྗེ་ཀུན་གྲགས་གཏེར་ཁ་གཉིས་ལྡན་གྱི་དབང་། ༣༤༽ འདིའི་རྒྱུད་དངོས་གྲུབ་བརྟན་གཟིགས་ཙམ་རྒྱུད་འབུམ་ཁ་གཅིག་ཏུ་བཞུགས། གཞན་དངོས་གྲུབ་བརྟན་གཟིགས་ཀྱི་རྟོགས་པ་ལྔ་པ། ཚར་ཆེན་རིན་པོ་ཆེས་མཛད་པའི་སྐོང་གསོ་རྒྱས་པ་ཕྲིན་ལས་ལྷུན་གྲུབ། གཏོར་ཆོག་མདོར་བསྡུས་སོགས་ཀྱི་རྒྱུན་དང་། མན་ངག་གི་ཡི་གེའི་རིགས་ཀྱི་རྒྱུན་རྙེད་ན་ཚོལ་བར་འོས་སོ། །གཞན་ཡང་ཡར་རྗེ་ཨོ་རྒྱན་གླིང་པའི་གཏེར་བྱོན་ཟབ་ཅིང་རྒྱས་པར་སྣང་ཡང་དེང་སང་རྒྱུན་མ་བཞུགས། བདུད་འདུལ་རྡོ་རྗེའི་གཏེར་ཕྲན་རྣལ་འབྱོར་པ་དུང་ཕྲེང་ཅན་གྱིས་བཏོན་པའི་སྟག་ཞོན་སྐོར་རྒྱས་པ། བསམ་གཏན་གླིང་པའི་ཟབ་མོ་ཡོངས་འདུས་སུ་སྒྲུབ་ཐབས་མན་ངག་སྲོག་གཏད་བཅས་ཟབ་འདྲིལ་བཞུགས་པར་སྣང་ངོ་། །གསུང་མགོན་བེང་དམར་བཀའ་གཏེར་གཉིས་ལྡན་གྱི་དབང་། ༣༥༽ འདི་ལའང་ཡིག་རྙིང་གི་སྐོར་མང་དུ་བཞུགས་མོད། བར་སྐབས་ནས་རྒྱུན་ཡོད་མེད་མ་འཚལ་ལ། ཕྱིས་སུ་བསྙེན་སྒྲུབ་ལས་སྦྱོར་གྱི་ཡིག་ཆ་འདྲ་མཛད་འདུག་པ་ནི་རྒྱུད་དང་མན་ངག་གི་དགོངས་པ་རང་རྐང་ཚུགས་མིན་སླར་དཔྱད། སྟག་ཤམ་བསམ་གཏན་གླིང་པའི་ཟབ་གཏེར་ལས་བེང་དམར་སྐོར་སྲོག་གཏད་བཅས་བཞུགས་པར་སྣང་བ་ལས་གཏེར་ཁ་གཞན་དུ་འདིའི་ཆོས་སྐོར་ཆེར་མ་མཐོང་ངོ་། །ཐུགས་མགོན་གྲི་གུག་མར་གཏོགས་པ་གོང་འཁོད་གུར་དང་སྲས་མཆོག་སོགས་ཡིན་ལ། ཡོན་ཏན་མགོན་པོ་སེང་ཞོན་གསར་མ་ཇོ་བོ་ལུགས་ཀྱི་རྗེས་གནང་ཙམ་ལས་སྒོས་བཀའ་ལོགས་སུ་བྱོན་པ་མི་སྣང་། ཕྲིན་ལས་མགོན་པོ་ཏྲཀྴད་གནུབས་ཆེན་ནས་བརྒྱུད་པ་དྭགས་པོ་ལུགས་སུ་གྲགས་པ། ཏྲཀྴད་མ་ནིང་མ་པདྨའི་ལུགས་བཅས་བཀའ་མ། འབྲོང་ཞལ་མ་དུང་མཚོ་རས་པའི་གཏེར་མ་བཀའ་གཏེར་ཟུང་འཇུག །ཤྭ་ནའི་ཞལ་ཅན་སྤྱིལ་དགའ་རབ་ཀྱི་གཏེར་མ་བཅས་རིགས་བཞིའི་གཏོར་དབང་། སོ་སོའི་སྒྲུབ་ཐབས་དབང་ཆོག་བཅས། དེ་དག་གི་བརྒྱུད་པ། ཏྲཀྴད་དྭགས་པོ་ལུགས་ནི། དྷ་ན་སཾསྐྲྀཏ། དཱ་ན་ཤི་ལ། ཁྲག་འཐུང་ནག་པོ། བ་སུ་དྷ་ར། གནུབས་སངས་རྒྱས་ཡེ་ཤེས། རྒྱ་ཞང་ཁྲོམ། དགེ་བཤེས་རྒྱ་ལྕགས་རི་པ། རྗེ་སྒམ་པོ་པ། སྟོན་ཆུང་དར་ཡེ། ཐོན་མི་སྟོན་སེང་། སྙི་པ་ཇོ་སྲས། ལྷ་སྒོམ་པ། མི་བསྐྱོད་རྡོ་རྗེ། མཁན་ཆེན་ཆོས་རྒྱལ་མཚན། དབོན་པོ་བསོད་ནམས་ལྷུན་གྲུབ། སྔགས་འཆང་བཀྲ་ཤིས་སེང་གེ །བ་ཡོ་ཆོས་བཟང་། སྟག་རྩེ་མཚམས་པ། བླ་མ་དོན་གྲུབ་རྒྱལ་མཚན་པ། རྗེ་ཀརྨ་ཕྲིན་ལས་པ། སྤྱན་སྔ་བཀྲ་ཤིས་རྣམ་རྒྱལ། སློབ་དཔོན་བཀྲ་ཤིས་དཔལ་བཟང། རྗེ་མཚོ་སྐྱེས་རྡོ་རྗེ། རྗེ་ཀུན་དགའ་བཀྲ་ཤིས། རྗེ་བཙུན་སྒྲོལ་མགོན་སོགས། ཏྲཀྴད་མ་ནིང་མ། སྲོག་བདུད་ཆེན་པོ། སློབ་དཔོན་པདྨ། ཙ་ཧུ་པ། ཤཱནྟིཾ་གརྦྷ། ཙརྻ་པ། ཉི་མའི་སྙིང་པོ། ཨ་ཙ་ར་ཊི་ཤ །རྒ་རྣལ་འབྱོར་པ། གཤིན་རྗེ་ཁ་ཆེན། གཤིན་རྗེ་ཁ་ཆུང་། ཡོན་པོ་མཁན་པོ། རྒ་བསོད་ནམས་སེང་གེ །སྟག་ལུང་ངག་དབང་གྲགས་པ། སྦས་ཚུལ་མཆོག །རྗེ་རྣམ་རྒྱལ་བཀྲ་ཤིས་ཁུ་དབོན། ཀུན་དགའ་བཀྲ་ཤིས། རྗེ་བཙུན་རིན་པོ་ཆེ་ཀུན་སྙིང་། དེ་ཕྱིན་རིན་འབྱུང་སྤྱི་བརྒྱུད་ཉིད་དོ། འབྲོང་ཞལ་ལ། རྗེ་དྭགས་པོ་རིན་པོ་ཆེ་ཡན་བཀའ་མ་དང་འདྲ་བ་ལས། དེས་མཚོ་མཎྜལ་ནག་པོར་གཏེར་དུ་སྦས་པ། སྐྱེས་བུ་ཡེ་ཤེས་རྡོ་རྗེའི་སྐྱེ་བ་དུང་མཚོ་རས་པས་བཏོན། དེ་ནས་རྣམ་གྲོལ་བཟང་པོ། སངས་རྒྱས་རྡོ་རྗེ། བུ་ཆུང་དཔལ་བཟང་། ནམ་མཁའ་རྡོ་རྗེ། རྒྱལ་བཟང་པ། བསོད་རྒྱམ་པ། ཤཱཀྱ་བྷ་དྲ། བཀྲ་ཤིས་རྣམ་རྒྱལ། མཚོ་སྐྱེས་རྡོ་རྗེ། རྣམ་རྒྱལ་ཕུན་ཚོགས། རྗེ་བཙུན་རིན་པོ་ཆེ་སོགས་སོ། །ཤྭ་ནའི་ཞལ་ཅན་ལ། དྷ་ན་སཾསྐྲྀཏ། ཤཱནྟིཾ་གརྦྷ། དེས་གཏེར་དུ་སྦས་པ། སྤྱིལ་དགའ་རབ་ཀྱིས་བཏོན། གཉོས་ལོ་ཙཱ་བའི་ཕྱག་ཏུ་ཕུལ། གཉོས་ལོ་དར་མ་གྲགས་ནས། སྲས་རྡོ་རྗེ་བླ་མ། གཉོས་དཔལ་ལེ། གཉོས་གྲགས་པ་དཔལ། གཉོས་སངས་རྒྱས་རས་ཆེན། ལྷ་རིན་ཆེན་དབང་རྒྱལ། མཁན་ཆེན་བྱང་ཆུབ་འབར། གཉོས་གཟི་བརྗིད་རྒྱལ་པོ། གཉོས་དཀོན་མཆོག་རིན་ཆེན། ནམ་མཁའ་དཔལ། འཁྲུལ་ཞིག་དཀོན་མཆོག་རིན་ཆེན། འཇམ་དབྱངས་རྡོ་རྗེ་བླ་མ། བསོད་ནམས་མཆོག་གྲུབ། གྲགས་པ་འོད་ཟེར། གྲགས་པ་དབང་ཕྱུག །ལྷ་བསྟན་པའི་རྒྱལ་མཚན། རྗེ་བཙུན་གྲོལ་མཆོག །གྲོགས་ཁ་པ་རྣམ་རྒྱལ་ཕུན་ཚོགས། རྗེ་ཏཱ་ར་ནཱ་ཐ་སོགས་འདྲའོ། །རིག་འཛིན་གཏེར་བདག་གླིང་པའི་ཟབ་གཏེར་རིག་འཛིན་ཐུགས་ཐིག་གི་བཀའ་སྲུང་དཔལ་མགོན་ཞལ་བཞི་པའི་སྲོག་དབང་། དྲེགས་པའི་ལོ་རྒྱུས། སྒྲུབ་ཐབས། གཏོར་དབང་། ལས་སྦྱོར་བཅས་གཞུང་དང་། སྐོང་གསོ། དྲག་གཏོར་ལས་རིམ་གཏེར་གསུང། དབང་ཆོག་བཅས། འདིའི་དབང་བརྒྱུད་ཐུགས་ཐིག་དང་འདྲ་བ་ལས། ཕྲིན་ལས་ཆོས་སྒྲོན་ནས། ཁྲི་སངས་རྒྱས་ཀུན་དགའ། འགྱུར་མེད་ཡིད་བཞིན་དབང་རྒྱལ། དེས་བདག་ལའོ། །ལུང་བརྒྱུད་ཐུགས་ཐིག་ལྟར་རོ། །ལུགས་འདིའི་གསང་མགོན་བཀའ་རྒྱ་མའི་སྐོར་ཟུར་དུ་བཞུགས་པར་སྣང་ལ། མགོན་པོ་འདིའི་སྐོར་གཏེར་ཁ་གཞན་ནས་བྱོན་པ་ཆེར་མ་མཐོང་། བདུད་འདུལ་ཟབ་གཏེར་སྟོབས་འཕྲོག་ནག་པོ་ཆེན་པོ་གདོང་བཞི་པའི་སྐོར་ཟབ་ཅིང་རྒྱས་པར་སྣང་ངོ་། །བྱང་གཏེར་བསྟན་སྲུང་ཡོངས་རྫོགས་ཀྱི་དབང་། མཆོད་ཕྲེང་གཏེར་གཞུང་དབང་ཆོག་པད་ཕྲིན་གསུང་། བརྒྱུད་པ་ནི། ཀུན་བཟང་རྡོ་རྗེ་འཆང་། གསང་བདག །རིག་འཛིན་བརྒྱད། པད་འབྱུང་ཡབ་ཡུམ། བདུད་འཇོམས། རིག་འཛིན་དངོས་གྲུབ་རྒྱལ་མཚན། སྲས་རྣམ་རྒྱལ་མགོན་པོ། རྡོ་རྗེ་མགོན་པོ། བྱམས་པ་བཤེས་གཉེན། ཆོས་རྒྱལ་བསོད་ནམས། ཆོས་དཔལ་བཟང་པོ། མཁན་ཆེན་བྱམས་བཟང་། ཤཱཀྱ་རྒྱལ་མཚན། བྱམས་པ་རིན་ཆེན། ཆོས་འཕེལ། པདྨ་ཕྲིན་ལས། སྤང་ལེབ་བླ་མ་ཆོས་གྲགས་རྒྱ་མཚོ། ཡེ་ཤེས་རྡོ་རྗེ་སྙིང་པོ། པདྨ་བཤེས་གཉེན། པདྨ་ཐེག་མཆོག །ཀུན་བཟང་འཇིགས་མེད་ཆོས་གྲགས། བྱང་ཆུབ་ཆོས་ཀྱི་ཉི་མ། བླ་མ་རབ་འབྱམས་པ། ཆོས་ཀྱི་གྲགས་པ། མཁན་ཆེན་ཐུབ་བསྟན་རྒྱལ་མཚན། དེས་བདག་ལའོ། །བཻ་རོ་ནས་བརྒྱུད་པའི་བཀའ་མ་དང་། ཆུ་ཕོ་རྟོགས་ལྡན་དགེ་འདུན་རྒྱལ་མཚན་གྱི་ཟབ་གཏེར་ཟུང་དུ་འཇུག་པའི་མགོན་པོ་ལེགས་ལྡན་ཚོགས་ཀྱི་བདག་པོའི་དབང་། འདི་ལ་སྒྲུབ་སྐོར་དང་ལས་སྦྱོར་ཤིན་ཏུ་རྒྱ་ཆེ་བ་ཕྱག་ལེན་གྱི་རྒྱུན་དང་བཅས་ཏེ་བཞུགས་པ་ལས། སྐབས་འདིར་ལས་བྱང་གསང་བ་སྤུ་གྲི། །སྔགས་བྱང་། རྗེས་ཆོག །ལས་གཞུང་ཆུང་བ་གབ་ཐིག །སྐོང་གསོ། དབང་ཆོག་ཙམ་མོ། །དབང་ལུང་བརྒྱུད་པ་བཀའ་མ་ལྟར་ན། ཆོས་ཀུན་ཏུ་བཟང་པོ། ལོངས་སྐུ་སྤྱན་རས་གཟིགས་དབང་། སྤྲུལ་སྐུ་ཚོགས་ཀྱི་བདག་པོ། རྒྱལ་ཆེན་རྣམ་ཐོས་སྲས། སློབ་དཔོན་དྷ་ན་སཾསྐྲྀཏ། རྣམ་སྣང་སྤྲུལ་པ་བཻ་རོ་ཙ་ན། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། གཡུ་སྒྲ་སྙིང་པོ། རྒྱལ་པོ་མདོ་གཞེར་ནག་པོ། སྲས་མོ་གཡུ་གཞེར། ཤ་མི་གོ་ཆ། མཁའ་འགྲོ་བྷ་ར་སིཾ་ཧ། བཻ་རོའི་རྣམ་འཕྲུལ་ལྡི་རི་ཆོས་ཀྱི་གྲགས་པ། གཡུ་སྒྲ་སྙིང་པོ། རོལ་པའི་རྡོ་རྗེ། གུ་རུ་དཔལ་བ། རཏྣ་བཛྲ། ཆོས་ཀྱི་རྡོ་རྗེ། བློ་གྲོས་རྒྱལ་མཚན། ཤཱཀྱ་རྒྱལ་མཚན། ཤེས་རབ་སེང་གེ །ཆོས་རྗེ་དགེ་འདུན་རྒྱལ་མཚན། ཆུ་ཕོ་རྟོགས་ལྡན་ལའོ། །ཉེ་བརྒྱུད་བཻ་རོ་དངོས་ཀྱིས་ལྡི་རི་ཆོས་ཀྱི་གྲགས་པ་ལ་གནང་ནས་སྔགས་འཆང་སུམ་ཅུ་ལ་སོགས་རིམ་པར་བརྒྱུད། གཏེར་བརྒྱུད་ནི་ལོ་ཆེན་བཻ་རོས་གསེར་གྱི་འབྲོང་རི་སྨུག་པོར་གཏེར་དུ་སྦས་པ་ཆུ་ཕོ་རྟོགས་ལྡན་གྱིས་བཏོན། དེ་ནས་བཀའ་གཏེར་ཆུ་བོ་གཅིག་འདྲེས་སུ་གྱུར་ཏེ་གཏེར་སྟོན་ནས་རིམ་པར་རྩ་བའི་ཆོས་བདག་མིག་ལོང་དགེ་འདུན་རྒྱལ་མཚན། དཀོན་མཆོག་བཟང་པོ། ཡེ་ཤེས་རྒྱལ་མཚན། ཡེ་ཤེས་འབུམ་པ། རྒྱལ་མཚན་རྡོ་རྗེ། ལབ་སྟོན་ནམ་མཁའ་རིན་ཆེན། བློ་གྲོས་རབ་བརྟན། ཧེ་པ་ཆོས་འབྱུང་། རྒྱལ་མཚན་སེང་གེ །པདྨ་སེང་གེ །དཀོན་མཆོག་སེང་གེ །མགོན་པོ་ཡེ་ཤེས། མགོན་པོ་སེང་གེ །ཡེ་ཤེས་རྒྱལ་མཚན། ཀུན་བཟང་ཤེས་རབ། པདྨ་རྒྱ་མཚོ། ལྷུན་གྲུབ་རྒྱ་མཚོ། པདྨ་ནོར་བུ། པདྨ་ལྷུན་གྲུབ། པདྨ་ཆོས་འཕེལ། གསང་སྔགས་བསྟན་འཛིན། དེས་བདག་ལའོ། །མཆོག་གླིང་ཟབ་བདུན་ཕུར་པའི་བཀའ་སྲུང་ལས་ཀྱི་མགོན་པོ་འཇིགས་བྱེད་ཤྭ་ན་ཆེན་པོའི་སྐོར་ལ་སྲོག་དབང་དང་བསྙེན་སྒྲུབ་ལས་སྦྱོར་ཟབ་འདྲིལ་བཞུགས་པ་ལས་འདིར་གཏོར་དབང་། ཕྲིན་ལས་གཏེར་གཞུང་། དབང་ཆོག །བརྒྱུད་པ་གོང་མ་རྣམས་སྤྱི་ལྟར་ལ་གཏེར་ཆེན་ཉིད་ལས་ནོས་པའོ། །གཏེར་ཆེན་དེ་ཉིད་ཀྱིས་རོང་མེ་དཀར་མོ་སྟག་ཚང་ནས་བཏོན་པའི་སྙིང་པོ་སྐོར་ལྔ་ལས་ཆོས་སྐྱོང་དགོངས་འདུས་སྙིང་པོའི་དབང་། གཏེར་གཞུང་ཚང་བ། དབང་ཆོག །བརྒྱུད་པ་ནི། ཆེ་མཆོག་ཡབ་ཡུམ། ཁྲག་འཐུང་རིགས་བཞི། རིགས་གསུམ་མགོན་པོ། བཀའ་བབས་རིག་འཛིན་བརྒྱད། ལས་ཀྱི་དབང་ཆེན། ཀུན་འདུས་སློབ་དཔོན་ཆེན་པོ། བོད་ཀྱི་གྲུབ་ཆེན་མི་དགུ །དམ་འཛིན་ཆོས་ཀྱི་བློ་གྲོས། ཨོ་རྒྱན་མཆོག་གྱུར་གླིང་པ། དེས་བདག་ལའོ། །ཞིག་གླིང་ཐུགས་ཆེན་བཀའ་སྲུང་དཔལ་མགོན་མ་ཧཱ་ཀཱ་ལ་ལྕམ་དྲལ་བདུན་ཅུའི་སྲོག་གཏད། ཕྲིན་ལས་དབང་ཆོག །བརྒྱུད་པ་རྩ་བ་ལྟར་རོ། ༈ །ལྷ་མོའི་སྐོར་གཙོ་བོར་གྱུར་པའི་བསྟན་སྲུང་སྣ་ཚོགས་པའི་སྡེ་ལ། པཎ་ཆེན་བི་མ་ལ་བསམ་བཞིན་དུ་བྱོན་པའི་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་གྱི་བཀའ་སྲོལ་ཨེ་ཀ་ཛཱ་ཊི་སྡེ་བདུན་སྦགས་སྒྲུབ་ཀྱི་དབང་། ༣༦༽ སྡེ་བདུན་གྱི་སྐོང་གསོ་སྟོད་ལས་སྨད་ལས་དང་བཅས་པ་དངོས་གྲུབ་འབྱུང་གཏེར་ཀུན་མཁྱེན་ཆེན་པོས་མཛད་པ། སྙིང་ཐིག་གི་མ་མོ་ཨེ་ཀ་ཛཱ་ཊི་གཙོ་རྐྱང་གི་རྗེས་གནང་། ༣༧༽ ཟུར་མང་སྙན་བརྒྱུད་རིན་པོ་ཆེའི་ཆོས་སྡེ་ལས་བྱུང་བའི་རྒྱུད་དང་མན་ངག་གི་སྐོར་རྒྱ་ཆེར་མཆིས་པ་ལས་འདིར། ནག་མོ་རལ་གཅིག་སྙིང་ཐུན་གསང་བའི་རྒྱུད་ཙམ་བཀོད། འདི་དག་གཏེར་བརྒྱུད་ཀྱི་དབང་བྱས་ན། བི་མའི་རྣམ་འཕྲུལ་གནས་བརྟན་ལྡང་མ་ལྷུན་གྱི་རྒྱལ་མཚན་དང་། ལྕེ་བཙུན་ཆེན་པོ་སེང་གེ་དབང་ཕྱུག་དང་། ཞང་སྟོན་བཀྲ་ཤིས་རྡོ་རྗེ་སྟེ་གཏེར་ཁ་སུམ་ལྡན་དུ་གཏོགས་ཤིང་། སྤྱིར་ཀུན་མཁྱེན་ཆེན་པོའི་ཉེ་བརྒྱུད་ཀྱི་གདམས་པ་གཙོ་བོར་བཏོན་པར་སྣང་ངོ་། །རྒྱུད་ཀྱི་ལུང་རྒྱུན། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཡན་སྙིང་ཐིག་སྤྱི་བརྒྱུད་ལྟར་ལ། དེ་ནས་བདེ་ལེགས་རྒྱ་མཚོ། གཞོན་ནུ་སངས་རྒྱས། དྲུང་རྨ་སེ་བློ་གྲོས་རིན་ཆེན། ཆོས་དཔལ་ཡེ་ཤེས། གྲུབ་ཐོབ་པུཎྱེ་བཛྲ། བློ་གྲོས་རྒྱ་མཚོ། དོན་གྲུབ་བཀྲ་ཤིས། དྲུང་ཀུན་དགའ་རྣམ་རྒྱལ། ཀརྨ་བསྟན་སྐྱོང་། ཆེ་ཚང་བསོད་ནམས་འགྱུར་མེད། དཀོན་མཆོག་བསྟན་འཛིན། སྒྲུབ་བརྒྱུད་བསྟན་པ་རྣམ་རྒྱལ། རིག་འཛིན་གསུང་རབ་རྒྱ་མཚོ། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས། གྲུབ་མཆོག་དགེ་ལེགས་རབ་རྒྱས། དྲུང་འགྱུར་མེད་བསྟན་འཕེལ། བསྟན་འཛིན་དགེ་ལེགས་ཉི་མ། དེ་ལས་སོ། །རཏྣའི་གཏེར་བྱོན་སྔགས་སྲུང་མའི་སྲོག་གཏད། ཕྲིན་ལས་དབང་ཆོག་འབྲེལ་མ། བརྒྱུད་པ་རྟ་མགྲིན་གསང་འདུས་དང་མཚུངས། རིག་འཛིན་འགྱུར་མེད་རྡོ་རྗེའི་ཟབ་གཏེར་སྔགས་སྲུང་མའི་རྗེས་གནང་། གཏོར་ཆོག་དང་རྗེས་གནང་ཆོ་ག་གཏེར་ཆེན་གསུང་། བརྒྱུད་པ་ཨ་ཏི་ཟབ་དོན་དང་འདྲ། གཞན་ཡང་བྱང་གཏེར་དང་། ཡི་དམ་དགོངས་འདུས་ཀྱི་ཆོས་སྡེར་སྔགས་སྲུང་མའི་སྐོར་ཟབ་རྒྱས་རྒྱུན་བཅས་བཞུགས་པར་སྣང་ཞིང་། གྲོ་ཤུལ་ལས་འཕྲོ་གླིང་པའི་གཏེར་ཁ་སོགས་ལས་ཀྱང་ཅི་རིགས་བྱོན་པར་སྣང་ངོ་། །བཀའ་མ་སྤྱི་ལུགས་དང་། པུ་རང་བ་ཞང་བཙུན་དར་མ་རིན་ཆེན་གྱི་ཟབ་གཏེར་ཟུང་འབྲེལ་བཀའ་བརྒྱུད་ཀཾ་ཚང་ལ་བཀའ་བབས་པའི་ལྷ་མོ་རེ་མ་ཏཱི་རང་བྱུང་རྒྱལ་མོའི་རྗེས་གནང་། ༣༨༽ ལྕགས་ཕུར་བདུན་མ་མ་མོའི་གསང་སྒྲུབ། ཟོར་བདུན་བཅས་གཏེར་གཞུང་། རྗེས་གནང་ཆོ་ག་སྒྲུབ་ཐབས་སྤྱི་ཆིངས། སྲུང་འཁོར་གྱི་ཞལ་གདམས། རྟེན་གཏོར་གྱི་མན་ངག །བསྙེན་སྒྲུབ་ལས་གསུམ་གྱི་གདམས་པ་རྣམས་རྗེ་དུས་མཁྱེན་གྱི་གསུང་། གྲུབ་ཆེན་རིན་པོ་ཆེའི་གསུང་ལས་ལྷ་མོའི་མངོན་རྟོགས་གསལ་བྱེད་འཕྲུལ་གྱི་མེ་ལོང་།རྗེ་རང་བྱུང་ཞབས་ཀྱི་གསུང་དཔལ་ལྡན་ལྷ་མོའི་བསྙེན་སྒྲུབ་ལས་སྦྱོར་གྱི་གདམས་ངག་ཐུན་མོང་མ་ཡིན་པ། སྒབ་འདྲེ་ལྟེ་ཕུར་མ་མནན་ཐབས་བཅས་སྒྲུབ་བརྒྱུད་རིན་པོ་ཆེའི་ཟབ་ཆོས་བེ་བུམ་གསེར་རྒྱ་ཅན་རྒྱལ་བ་དཀོན་མཆོག་ཡན་ལག་གིས་བསྒྲིགས་པ་ལས་ཉེར་མཁོ་བཏུས་པ། ལུང་བརྒྱུད་ནི། གུ་རུ་ཡབ་ཡུམ། ཞང་བཙུན་དར་མ་རིན་ཆེན། ཀྱུ་ར་རྒྱལ་བ་ཡེ་ཤེས། ཕྱག་བླ་ཆེན་མགོན་པོ། སྟོང་དཔོན་ཤེས་རབ་མགོན་པོ། ཆོས་རྗེ་དུས་གསུམ་མཁྱེན་པ། རས་ཆེན་པ། སྤོམ་བྲག་པ། གྲུབ་ཆེན་ཀརྨ་པཀྴི། གཉན་རས། རང་བྱུང་རྡོ་རྗེ། མགོན་པོ་རྒྱལ་མཚན། རོལ་པའི་རྡོ་རྗེ། དར་མ་རྒྱལ་མཚན། མཁའ་སྤྱོད་དབང་པོ། ཀུན་དགའ་བློ་གྲོས། བཀའ་བཞི་པ་རཏྣ་བྷ་དྲ། ཆོས་ཀྱི་བཟང་པོ། དོན་ལྡན་ཞབས། བན་སྒར་ཀུན་མཁྱེན། ཆོས་གྲགས་རྒྱ་མཚོ། གཉན་པ་གྲུབ་ཆེན། མི་བསྐྱོད་རྡོ་རྗེ། དཀོན་མཆོག་ཡན་ལག །དབང་ཕྱུག་རྡོ་རྗེ། ཆོས་ཀྱི་དབང་ཕྱུག །སྒར་ཆེན་གྱི་བླ་མ་མ་ཎི་བ་གསུང་རབ། རབ་འབྱམས་པ་ཀརྨ་རྡོ་རྗེ། དྷཱི་ཚ་སྤྲུལ་སྐུ་ཀརྨ་ཕྲིན་ལས་དབང་པོ། ཆོས་ཀྱི་འབྱུང་གནས། བདུད་འདུལ་རྡོ་རྗེ། རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོ། ཀརྨ་ངེས་དོན་བསྟན་པ་རབ་རྒྱས། དེ་ལས་སོ། །སྔགས་ཀྱི་སྲུང་མ་དྲག་པོ་སུམ་བསྒྲིལ་གྱི་ལས་བྱང་རིག་འཛིན་ཚེ་དབང་ནོར་བུས་མཛད་པ། ལུང་རྒྱུན་མཛད་པ་པོ་ནས། ཆོས་སྐྱོང་དཔལ་ལྡན། བཀྲ་ཤིས་རབ་བརྟན། དབང་རྒྱལ་ནོར་བུ། ཆོས་སྐྱོང་མགོན་པོ། ཐེག་མཆོག་བསྟན་འཕེལ། དེས་སོ། །ཉང་གཏེར་ལྷ་མོ་རྡོ་རྗེ་གཤོག་རྒོད་མའི་རྗེས་གནང་། ༣༩༽ འདི་ལ་གཞུང་གི་རྒྱུན་སོགས་བར་སྐབས་ནས་མེད་པར་མངོན་ལ། གཏེར་ཆེན་པྲཛྙཱརསྨིའི་གྲོལ་ཏིག་གི་བཀའ་སྲུང་གཤོག་རྒོད་མའི་སྲོག་གཏད། གསོལ་མཆོད། གཏེར་གཞུང་། སྲོག་དབང་ཡི་གེ །བརྒྱུད་པ་གྲོལ་ཏིག་རྩ་བ་ལྟར། གཞན་ཡང་འབྲི་གུང་པའི་བསྟན་སྲུང་ཆོས་ཀྱི་སྒྲོན་མ། རྡོ་རྗེ་གཡུ་སྒྲོན་མ། དཔལ་ཞྭ་ལུ་རྒྱན་གོང་གི་སྲུང་མ་རྡོ་རྗེ་རབ་བརྟན་མ་རྣམས་ངོ་བོ་གཅིག་པར་བཞེད་པས། དང་པོ་ལ་དབང་དང་མན་ངག་གི་སྐོར་རྒྱས་པར་བཞུགས་སྣང་ཞིང་། འདིར་གནམ་ཆོས་ཐུགས་གཏེར་ལས་ཨ་ཕྱིའི་བཀའ་གཏད། སྒྲུབ་ཐབས་རྩ་གཞུང་། བར་པ་ལ་ཀུན་མཁྱེན་རིན་པོ་ཆེའི་མཁའ་འགྲོ་ཡང་ཏིག་ལས་འབྱུང་བའི་སྒྲུབ་ཐབས་ཟླ་བ་འདོད་འཇོ། པད་གླིང་ཀུན་བཟང་དགོངས་འདུས་ལས་བྱུང་བའི་གཡུ་སྒྲོན་མའི་སྒྲུབ་ཐབས། གཡུ་སྒྲོན་མའི་ཕྲིན་ལས་སྨིན་གཏེར་གསུང་། གནམ་ཆོས་གཡུ་སྒྲོན་མའི་བཀའ་གཏད། སྒྲུབ་ཐབས་དང་གསོལ་ཁ་གཏེར་གཞུང་། གསོལ་སྐོང་ཆགས་མེད་གསུང་། བརྒྱུད་པ་སོ་སོའི་ཆོས་སྡེ་ལྟར་རོ། །ཕྱི་མ་ཨོ་རྒྱན་རིན་པོ་ཆེས་ལོ་སྟོན་རྡོ་རྗེ་དབང་ཕྱུག་ལ་དངོས་སུ་གནང་བའི་དཔལ་ལྡན་ལྷ་མོ་རྡོ་རྗེ་རབ་བརྟན་མའི་རྗེས་གནང་ཐུན་མོང་དང་། ཐུན་མོང་མ་ཡིན་པ། སྒྲུབ་ཐབས་ནེ་རྐྱལ་མ་སོགས་ཡིག་རྙིང་གི་སྐོར་རྒྱུན་མ་ཉམས་པར་བཞུགས་ཀྱང་། འདིར་མ་འཁོད་དོ། །ལས་འབྲེལ་ལུགས་ཀྱི་ལྷ་མོ་སྲོག་སྒྲུབ་མའི་དབང་། ༤༠༽ འདིའི་རྒྱུད་དང་སྒྲུབ་སྐོར་མཁའ་འགྲོ་སྙིང་ཏིག་དང་། ཡང་ཏིག་ལས་བྱུང་བ་ཙམ་མོ། ཟུར་མང་སྙན་བརྒྱུད་འཁོར་ལོ་ལྔ་པའི་ཐ་མ་ལས་བྱོན་པའི་སྲོག་སྒྲུབ་མའི་རྒྱུད། མངོན་རྟོགས་མཆོད་འགྲིགས། གཏོར་འབུལ་བཅས་ལུང་རྒྱུན་ལ་བསམས་ནས་བཀོད། བརྒྱུད་པ་ནི། རལ་གཅིག་སྙིང་ཐུན་གྱི་རྒྱུད་དང་འདྲ། མཆོད་གསོལ་གཏེར་གསུང་། ལས་འབྲེལ་ལུགས་ཀྱི་གཟའ་རྒོད་དུག་གི་སྤུ་གྲིའི་སྲོག་དབང་གཏོར་དབང་བཅས། ༤༡༽ འདིའི་གཏེར་གཞུང་ཡོངས་སུ་རྫོགས་པའི་རྒྱུན་བཞུགས་ཤིང་། མཁའ་འགྲོ་ཡང་ཏིག་ཏུའང་སྒྲུབ་ཡིག་ཁྱད་པར་ཅན་སྣང་བ་སོགས་ལས། འདིར་ཀུན་མཁྱེན་ཆེན་པོས་མཛད་པའི་གཟའ་བདུད་ཀྱི་སྐོང་གསོ་དགྲ་ལས་རྣམ་རྒྱལ་ཙམ་བཞུགས། འདིའི་ལུང་བརྒྱུད་ནི། ཀུན་མཁྱེན་ནས་འོད་གསལ་རང་གྲོལ། སངས་རྒྱས་དབོན་པོ། ཟླ་བ་གྲགས་པ། ཆོས་དབྱིངས་རྡོ་རྗེ། ཆོས་དཔལ་རྒྱ་མཚོ། གྲགས་པ་རྒྱ་མཚོ། ངག་དབང་རྣམ་རྒྱལ། སངས་རྒྱས་རྣམ་རྒྱལ། ཤེས་རབ་བཟང་པོ། སྨན་ཆུ་བ་ནམ་རིན། སྣ་ཚོགས་རང་གྲོལ། ཡན་པ་བློ་བདེ། པད་ཕྲིན། ཚུལ་རྡོར། པདྨ་བློ་གྲོས། པད་རྡོར། ཁྱབ་བདལ་ལྷུན་གྲུབ། ཀུན་བཟང་ཕྲིན་ལས། རྡོ་རྗེ་དཔའ་བོ། པདྨ་ཀུན་གྲོལ། རིག་འཛིན་བཟང་པོ། བསྟན་འཛིན་ཆོས་རྒྱལ། མཐུ་སྟོབས་རྣམ་རྒྱལ། དེ་ལས་སོ། །གཞན་ཡང་རད་གླིང་དང་བསྟན་གཉིས་གླིང་པ་རྣམས་ལ་གཟའ་སྐོར་རྒྱས་པ་ཡོད་འདུག་ཅིང་། འཇའ་ཚོན་གཏེར་མ་ཕྲན་ཚེགས་ཀྱིས་མཚོན། སྤྱིར་མ་གཟའ་དམ་གསུམ་གྱི་གསོལ་མཆོད་ཙམ་ནི་གཏེར་ཁ་ཀུན་ལ་འབྱུང་ངོ་། །ལས་འབྲེལ་གཏེར་ཁ་གཙོར་གྱུར་གནོད་སྦྱིན་ཤན་པ་དམར་ནག་གི་སྲོག་དབང་། ༤༢༽ འདི་ལ་ལས་འབྲེལ་གྱི་གཏེར་གཞུང་གསང་རྒྱུད་དང་མན་ངག་གི་ལུང་རྒྱུན་མ་ནུབ་ཙམ་དང་། མཁའ་འགྲོ་ཡང་ཏིག་ལས་འབྱུང་བའི་སྒྲུབ་ཐབས་མེ་རླུང་འཁྱིལ་བ། རཏྣའི་རྟ་གསང་གི་སྒོས་ཀྱི་སྲུང་མའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ། གནམ་ཆོས་དང་ཡི་དམ་དགོངས་འདུས་ལས་ཀྱང་སྒྲུབ་སྐོར་རྒྱས་པ་རྒྱུན་བཅས་བཞུགས་པ་ལས་འདིར་རཏྣའི་ལུགས་ཀྱི་སྲོག་དབང་། ཉེར་མཁོའི་ཡི་གེ་བཅས་བརྒྱུད་པ་རྟ་གསང་སྤྱི་དང་མཚུངས་སོ། །འཁོན་རབས་རིམ་བྱོན་གྱི་བཀའ་སྲུང་པུ་ཏྲ་མིང་སྲིང་གི་རྗེས་གནང་། གཏོར་ཆོག་དང་རྗེས་གནང་ཡི་གེ །བརྒྱུད་པ་ནི། ཀླུ་སྒྲུབ། པདྨ་འབྱུང་གནས། དྷརྨ་པཱ་ལ། ལོ་ཙཱ་བ་རིན་ཆེན་བཟང་པོ། བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས། མལ་ལོ། ས་སྐྱ་གོང་མ་ལྔ། ཨ་གཉན་དམ་པ། བདག་ཉིད་ཆེན་པོ་བཟང་པོ་དཔལ། དགའ་ལྡན་པ་ཀུན་བསོད། གན་པ་རིན་རྒྱལ། བླ་མ་དམ་པ། ཐེག་ཆེན་ཆོས་རྗེ། སྤྱན་སྔ་ཀུན་དགའ་རྒྱལ་མཚན། པཎ་ཆེན་རིན་པོ་ཆེ་ཤཀ་མཆོག །སྤྱང་ལུང་པ། རྗེ་བཙུན་གྲོལ་མཆོག །འཇམ་དབྱངས་ཀུན་དགའ་རྒྱལ་མཚན། རྗེ་བཙུན་ཏཱ་ར་ནཱ་ཐ་ཕྱིན་རིན་འབྱུང་ལྟར་རོ། །ལྷ་བཙུན་བྱང་ཆུབ་འོད་ཀྱིས་བསམ་ཡས་ཀྱི་ཀ་བའི་ཆོལ་ནས་བཏོན་པའི་མོན་བུ་པུ་ཏྲའི་སྒྲུབ་ཐབས་འབོད་རྦད་བསད་གསུམ་ཆིག་དྲིལ་ཀ་བཀོལ་མར་གྲགས་པ་གཞུང་ཚང་བ། ལུང་བརྒྱུད་ནི། རྡོ་རྗེ་འཆང་། ཀླུ་སྒྲུབ། ཨོ་རྒྱན་ཆེན་པོ། ལྷ་བཙུན་བྱང་ཆུབ་འོད། ལོ་ཆེན་རིན་བཟང་། བྲག་སྟེང་པ། མལ་ལོ། ས་སྐྱ་པ་གོང་མ་ལྔ། དམ་པ་ཀུན་གྲགས། བླ་མ་བདག་ཉིད་པ། མཁས་བཙུན་ནམ་ལེགས། བླ་མ་བསོད་རྒྱལ། བླ་ཆེན་ཀུན་རྒྱལ། ནམ་མཁའ་རྒྱལ་མཚན། བློ་གྲོས་རྒྱལ་མཚན། རྡོ་རིང་ཀུན་སྤངས། ཚར་ཆེན་བློ་གསལ། འཇམ་དབྱངས་མཁྱེན་བརྩེ། བསོད་ནམས་ཆོས་འཕེལ། དབང་ཕྱུག་རབ་བརྟན། བསོད་ནམས་མཆོག་ལྡན། རིག་འཛིན་པདྨ་ཕྲིན་ལས། གཏེར་ཆེན་འགྱུར་མེད་རྡོ་རྗེ་ཕྱིན་ཆད་རྒྱ་སྟོན་གྱི་གུར་དང་འདྲའོ། །དཔལ་ས་སྐྱ་པའི་ཡབ་ཆོས་ཡང་ཕུར་གཉིས་ཀྱི་བཀའ་སྲུང་དཀར་མོ་ཉི་ཟླ་དང་བདུད་རྒྱལ་ཐོད་ཕྲེང་ཅན་གཉིས་ཀྱི་རྗེས་གནང་། དེའི་སྒྲུབ་ཐབས་རྗེས་གནང་གི་ཡི་གེ་ཀུན་མཁྱེན་བླ་མས་མཛད་པ། བརྒྱུད་པ་ནི། ས་ཆེན་ཡན་གུར་ཕུར་ཞབས་ཅན་ཅི་ལྟ་བ་ལ། དེ་ནས་གློ་བོ་རྡོ་རྗེ་སྲིན་པོ། གློ་བོ་རྡོ་རྗེ་འཛིན་པ། གློ་བོ་ལོ་ཙཱ་བ། འཕགས་པ་རིན་པོ་ཆེ། ཁའུ་པ། བུ་ལུང་ལོ་མཆོག །དགའ་ལྡན་པ་ཀུན་བསོད། གན་པ་རིན་རྒྱལ། བླ་མ་དམ་པ། ཐེག་ཆེན་པ། བྲག་ཐོག་པ། གོང་དཀར་རྡོ་རྗེ་གདན་པ། རྒྱ་སྟོན་བྱང་བདག །ཡངས་ཅན་པ། ཤཱཀྱ་ཀུན་དགའ། ཡེ་ཤེས་དབང་པོ། རྗེ་ཏཱ་ར་ནཱ་ཐ་ཕྱིན་སྤྱི་ལྟར་རོ། །གཏེར་ཆེན་འགྱུར་མེད་རྡོ་རྗེའི་ཟབ་གཏེར་འཇམ་དཔལ་གཤིན་རྗེ་དྲེགས་པ་འཇོམས་བྱེད་ཀྱི་བཀའ་སྲུང་འཆི་བདག་ལས་ཀྱི་གཤིན་རྗེའི་རྗེས་གནང་། དེའི་ཕྲིན་ལས་དང་རྗེས་གནང་ཡི་གེ་གཏེར་ཆེན་ཉིད་མཛད། བརྒྱུད་པ་དྲེགས་འཇོམས་རྩ་བ་ལྟར་རོ། །རཏྣའི་ཟབ་གཏེར་ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི་སྲུང་མ་གཙོར་གྱུར་དམ་ཅན་མགར་དམར་གྱི་དབང་། ༤༣༽ འདི་ལ་བྱང་གཏེར་དང་རཏྣའི་གསང་འདུས། ཀློང་གསལ་སྙིང་ཐིག་བཅས་ཀྱི་སྲུང་མའི་སྐོར་ལས་བྱུང་བ་དང་། སྟག་ཤམ་ཟབ་གཏེར་དམ་ཅན་ལྕམ་དྲལ་གྱི་སྒྲུབ་ཐབས་མན་ངག་དང་བཅས་པའི་རྒྱུན་རྒྱས་པར་སྣང་བ་ལས། རཏྣའི་ཐུགས་གསང་གི་ཆོས་སྡེ། རྡོ་རྗེ་ལེགས་པའི་གསང་སྒྲུབ་སྲོག་གི་སྤུ་གྲིའི་བསྙེན་སྒྲུབ་ལས་གསུམ་གྱི་མན་ངག །རྗེས་གནང་ཆོ་ག །བླ་རྡོ། གནད་འབེབས། ཤི་ས་བསྟན་པ། ནོར་སྒྲུབ། སྔགས་ཀྱི་འབྲུ་ཐེམས། སྒབ་འདྲེ་མནན་པ་འབྲི་ཐབས་བཅས། ཆོ་འཕྲུལ་རིགས་གཉིས། ལས་བྱང་གསོལ་ཁ་རྣམས་བཞུགས། བརྒྱུད་པ་ཐུགས་གསང་ལྟར་བཀའ་གཏད་གནས་མདོ་སྨད་བརྒྱུད། ལུང་དཔལ་ཡུལ་ལས་འོང་བའོ། རིང་བརྒྱུད་བཀའ་མ་དཔལ་ཀཿཐོག་པ་བྱམས་པ་འབུམ་པ་ལས་གྲུབ་ཆེན་ཀརྨ་པས་གསན་པར་གྲགས་པ་དང་། ཉེ་བརྒྱུད་ཨོ་རྒྱན་རིན་པོ་ཆེས་གྲུབ་ཆེན་པཀྴི་ལ་དངོས་སུ་གནང་བའི་དམ་ཅན་མགར་ནག་གི་རྗེས་གནང་། ཀུན་སྐྱོང་གླིང་པའི་གཏེར་བྱོན་མགར་བ་ནག་པོའི་རྒྱུད། ཀརྨ་ཀཾ་ཚང་གི་དམ་ཅན་བེ་བུམ་ཕྱིང་ཁུག་ནག་པོ་ལས་གར་དབང་ལྔ་པས་གཅེས་བཏུས་གུད་ཕྱུངས་མགར་ནག་གི་ལོ་རྒྱུས། རྗེས་གནང་། རྒྱུད་ལ་བརྟེན་པའི་སྒྲུབ་ཐབས་ནང་གསེས་ཚན་བཞི། སེང་ཞོན་སྒྲུབ་ཐབས་པད་ལུགས་བཅས། མགར་ནག་གི་ཕྲིན་ལས་དང་རྗེས་གནང་གི་ཆོ་ག །བརྒྱུད་པ་ནི། ཕྱག་ན་རྡོ་རྗེ། སློབ་དཔོན་པདྨ། ཀརྨ་པཀྴི། གཉན་རས། རང་བྱུང་ཞབས། གྲགས་སེང་པ། དར་མ་རྒྱལ་མཚན། མཁའ་སྤྱོད་པ། དེ་བཞིན་གཤེགས་པ། ཆོས་དཔལ་ཡེ་ཤེས། དཔལ་འབྱོར་དོན་གྲུབ། བཀྲ་ཤིས་དཔལ་འབྱོར། མི་བསྐྱོད་རྡོ་རྗེ། དཀོན་མཆོག་འབངས། དབང་ཕྱུག་རྡོ་རྗེ། ཆོས་ཀྱི་དབང་ཕྱུག །གྲགས་པ་མཆོག་དབྱངས། བདེ་ལེགས་སྙིང་པོ། ཀརྨ་ཆགས་མེད། དུལ་མོ་ཆོས་རྗེ། གར་དབང་བརྒྱད་པ། ཆོས་ཀྱི་འབྱུང་གནས། བདུད་འདུལ་རྡོ་རྗེ། པདྨ་ཉིན་བྱེད། རྒྱལ་དབང་ཐེག་མཆོག་རྡོ་རྗེ་དང་ཀརྨ་ཐེག་མཆོག་བསྟན་འཕེལ་གཉིས་ཀ་ལས། བདག་གིས་ནོས། ལུང་བརྒྱུད། གར་དབང་དཀོན་མཆོག་ཡན་ལག་ཕྱིན་ཆད་རང་བྱུང་མའི་སྒྲུབ་སྐོར་དང་འདྲའོ། །ཀུན་སྐྱོང་གླིང་པའི་གཏེར་བརྒྱུད་གཏེར་སྟོན་ནས་རིམ་པར་བརྒྱུད། བྱང་བདག །བཀྲ་ཤིས་དབང་ཕྱུག །ཀརྨ་དོན་ཡོད། ཀརྨ་ཆགས་མེད། དེ་དབོན་དབང་དྲག་སྐྱབས། པདྨ་ལྷུན་གྲུབ། དབང་འབྱོར། ཀརྨ་ལྷ་དབང་། ཀརྨ་འགྱུར་མེད། གསང་སྔགས་མགོན་པོ། དེ་ལས་སོ། །མགར་ནག་སྐོར་ལ་གུ་རུ་ཇོ་རྩེ་སོགས་གཏེར་རྙིང་འགའ་ཞིག་ལས་སྒྲུབ་ཐབས་མན་ངག་མང་ཡང་རྒྱུན་མ་བཞུགས་ལ་རཏྣའི་གཏེར་བྱོན་སོགས་ཁ་ཤས་སྣང་ངོ་། །འགྲོ་འདུལ་ལས་འཕྲོ་གླིང་པའི་གཏེར་བྱོན་ཐུགས་ཆེན་དོན་གསལ་སྒྲོན་མེའི་བཀའ་སྲུང་དམ་ཅན་རྡོ་རྗེ་ལེགས་པའི་སྲོག་གཏད། གཏེར་གཞུང་ཕྱི་ནང་གསང་བའི་སྒྲུབ་སྐོར་ལས་བྱང་ལས་ཚོགས་མདོས་ཆོག་སོགས་ཆ་ཚང་། བརྒྱུད་པ་ནི་ཐུགས་ཆེན་དོན་གསལ་ལྟར་རོ། །མཆོག་གླིང་པདྨ་སྒྱུ་འཕྲུལ་དྲྭ་བའི་བཀའ་སྲུང་དམ་ཅན་ལྕམ་དྲལ་གྱི་བཀའ་གཏད། སྒྲུབ་ཕྲིན་གཏེར་གཞུང་། སྲོག་གཏད་ཡི་གེ །བརྒྱུད་པ་རྩ་བ་དང་འདྲ། ལས་འབྲེལ་དང་རྒྱལ་སྲས་ལེགས་པའི་ཟབ་གཏེར་ཟུང་འབྲེལ་ཞིང་སྐྱོང་སེང་གདོང་ཅན་གྱི་རྗེས་གནང་། ༤༤༽ ཆོས་དབང་། རིན་ཆེན་གླིང་པ། ལས་འབྲེལ། རྒྱལ་སྲས་ལེགས་པ་བཅས་ཀྱི་གཞུང་ལས་གཅེས་བཏུས་ཀྱི་སྒྲུབ་སྐོར་ཞྭ་དམར་ལྔ་པ་རྒྱལ་བ་དཀོན་མཆོག་འབངས་ཀྱིས་བསྒྲིགས་པ་ལ། དང་པོ་རྗེས་གནང་བརྒྱུད་རིམ། གཉིས་པ་བླ་རྡོ་སྲོག་འཁོར། གསུམ་པ་མདོས་གཏོར་རྟེན་རྫས། བཞི་པ་བསྙེན་པ་རྟགས་ཡིག་འདྲེ་མནན། ལྔ་པ་སྒྲུབ་པ་ལས་སྦྱོར། དྲུག་པ་གྲུབ་ཆེན་བརྒྱད་ཕྲན་དང་བཅས་པ་རྣམས་སོ། །རྗེས་གནང་གི་རིང་བརྒྱུད། སློབ་དཔོན་པདྨ། པདྨ་ལས་འབྲེལ་རྩལ། ཤོའི་རྒྱལ་སྲས་ལེགས་པ་ལས་ཀུན་མཁྱེན་རང་བྱུང་ཞབས་ཀྱིས་མན་ངག་རྫོགས་པར་གསན། ཉེ་བརྒྱུད་གྲུབ་ཆེན་ཀརྨ་པས་སྟོད་ལུང་མཚུར་ཕུར་དམ་ལ་བཞག་ནས། སྒྲུབ་ཐབས་མན་ངག་མཛད་པ་རྣམས་བླ་མ་གཉན་རས་ལ་གནང་། དེ་ནས་རིམ་པར། རང་བྱུང་རྡོ་རྗེ། མགོན་པོ་རྒྱལ་མཚན། མཁའ་སྤྱོད་དབང་པོ། བ་ཡོ་ཆོས་བཟང་། ཆོས་དཔལ་ཡེ་ཤེས། མཐོང་བ་དོན་ལྡན། གོ་ཤྲཱི་ཆེན་པོ། སྤྱན་སྔ་ཆོས་གྲགས། ཀརྨ་ཕྲིན་ལས་པ། གཙུག་ལག་ཕྲེང་བ། དཀོན་མཆོག་ཡན་ལག་སོགས་དང་། ལུང་གི་བརྒྱུད་པ་བཅས་མགར་ནག་དང་འདྲའོ། ཁྲག་འཐུང་བདུད་འདུལ་རྡོ་རྗེའི་ཟབ་གཏེར་བསྟན་སྲུང་ཀུན་དགའ་གཞོན་ནུའི་རྗེས་གནང་། གཏེར་གཞུང་ལས་བྱང་རྒྱས་བསྡུས། སྔགས་བྱང་། རྒྱུན་ཁྱེར་ཕྲིན་ལས། དབང་ཆོག །བརྒྱུད་པ་སྤྲུལ་སྐུ་སྙིང་ཐིག་སྔ་མ་རྣམས་དང་མཚུངས། ལུགས་འདིའི་སྒྲུབ་སྐོར་ལས་ཚོགས་ཤིན་ཏུ་ཟབ་ཅིང་རྒྱས་ལ། སྟག་ཤམ་གཏེར་བྱོན་ཞིང་སྐྱོང་དཀར་མཐིང་གཉིས་ཀྱི་སྐོར་ཁྱད་པར་ཅན་ཡང་བཞུགས་པར་སྣང་ངོ་། །རིག་འཛིན་སྲོག་སྒྲུབ་བཀའ་སྲུང་དྲག་པོ་སྡེ་བཞིའི་སྲོག་དབང་། ལས་བྱང་རྩ་གཞུང་། དབང་ཆོག །བརྒྱུད་པ་རྩ་བ་ལྟར་རོ། །ཉང་གཏེར་དུར་ཁྲོད་མ་མོའི་རྗེས་གནང་། ༤༥༽ མངའ་བདག་ཉང་དང་པད་གླིང་སོགས་བཀའ་གཏེར་མན་ངག་ཟབ་དགུ་བསྡུས་པ་དུར་ཁྲོད་མ་མོའི་བེ་བུམ་ལ། ལྷ་མོ་ཤྨ་ཤཱན་པ་ཏིའི་རྒྱུད་ལེའུ་བཅུ་པ། དཀོར་སྲུང་ནག་མོ་སྒྲུབ་རྒྱུད་ལེའུ་གཉིས་པ་ལས་ཕྲན་དང་བཅས་པ། རྗེས་གནང་བྱིན་རླབས་བཛྲ་ཛྙཱ་ནས་མཛད་པ། ལྷ་མོའི་མངོན་རྟོགས་བསྟོད་བསྐུལ་གྱི་རིམ་པ། སྒྲུབ་ཐབས་རྒྱས་པ་མན་ངག་གསང་སྒྲུབ་དང་བཅས་པ། ཕྱི་སྒྲུབ་རྫས་དང་གཏོར་མ་ལ་བརྟེན་པ་གཉིས། མཁའ་འགྲོ་ནོར་སྲུང་གི་སྒྲུབ་པ། ལྷ་མོ་ནང་ལྟར་སྒྲུབ་པ། གསང་བའི་སྒྲུབ་པ་དྲིལ་སྒྲུབ་ལས་ཁ་ཚར་དང་བཅས་པ་བྱང་གླིང་པས་མཛད་པ། སྒྲུབ་ཐབས་མདོར་བསྡུས་པད་གླིང་གཏེར་མ། ཤྨ་ཤཱན་དྷི་པ་ཏི་སྦགས་སྒྲུབ། གསང་བ་དྲིལ་སྒྲུབ་ཞལ་གདམས་དང་བཅས་པ། སྒྲུབ་ཐབས་ལས་མཐའི་ཟབ་གནད་བསྡུས་པ། གནད་འབེབས་རྐུན་མ་ངོས་འཛིན་དང་བཅས་པ། སྔགས་ཐེམས་བསྡུས་པ། བླ་རྡོ་འཁོར་ལོ་བྲི་ཐབས་དང་དཔེའུ་རིས་སོགས་སོ། །གཏེར་ཆེན་གྱིས་མཛད་པའི་ཞིང་སྐྱོང་མ་མོའི་ལས་བྱང་། སྐོང་མདོས་ནམ་མཁའ་མཛོད་བཅས། རྗེས་གནང་བརྒྱུད་པ་འདོད་བུམ་ལྟར་དང་། ཡང་གཏེར་ཆེན་ནས་ཁྲི་བརྒྱུད་རིམ་བྱོན་ཞལ་བཞི་པ་ལྟར་ལ། འགྱུར་མེད་ཡིད་བཞིན་དབང་རྒྱལ་ལས་ཀྱང་ནོས་སོ། །ལུང་བརྒྱུད་ནི། གཏེར་ཆེན་ནས། རིན་ཆེན་རྣམ་རྒྱལ། ཨོ་ཌཱི་ཡ་ན། ཕྲིན་ལས་རྣམ་རྒྱལ། པདྨ་དབང་རྒྱལ། མོན་བླ་མ་པདྨ་རྣམ་རྒྱལ། འགྱུར་མེད་བསྟན་འཕེལ། དེ་ལས་སོ། །ཞིག་གླིང་རྒྱལ་བ་འདུས་པའི་བཀའ་སྲུང་ཤ་ཟ་ཁ་མོ་ཆེའི་སྲོག་གཏད་ལོ་རྒྱུས་དང་ཞལ་གདམས། སྒྲུབ་ཐབས། རིག་གཏད། རྒྱུན་གྱི་ཕྲིན་ལས། སྐུལ་བའི་ལས་མཐའ་བཅས་གཏེར་གཞུང་ཚང་བ། མངོན་རྟོགས་དང་ཕྲིན་ལས། དབང་ཆོག །བརྒྱུད་པ་ནི་རྩ་བ་རྒྱལ་འདུས་ལྟར་རོ། །ཆོས་དབང་གཏེར་བྱོན་བོད་སྐྱོང་བརྟན་མ་བཅུ་གཉིས་ཀྱི་སྲོག་གཏད། ༤༦༽ འདི་ལ་ཉང་དང་ཆོས་དབང་བྱང་གཏེར་རིག་འཛིན་ཡོངས་འདུས་རྣམས་ལ་སྒྲུབ་ཐབས་ཐོར་བུ་སྣང་ཞིང་། མངའ་རིས་པཎ་ཆེན་རིན་པོ་ཆེས་མཛད་པའི་ཕྱི་ནང་གསང་གསུམ་གྱི་བླ་རྡོའི་མན་ངག་སོགས་ཁྱད་པར་ཅན་གྱི་གདམས་སྐོར་བཞུགས་ཀྱང་དེང་སང་རྒྱུན་ཡོད་མེད་མ་འཚལ་ལོ། །བོད་སྐྱོང་བརྟན་མ་བཅུ་གཉིས་ཀྱི་མཆོད་ཐབས་ས་ཆེན་ཀུན་དགའ་བློ་གྲོས་ཀྱིས་མཛད་པ། ལུང་བརྒྱུད་ནི། མཛད་པ་པོ་ནས། རིན་ཆེན་རྒྱལ་མཚན། ཀུན་དགའ་བཀྲ་ཤིས། སྨོན་ལམ་གྲགས་པ། མཁྱེན་བརྩེའི་དབང་པོ། དེ་ལས་སོ། །བརྟན་མའི་རྒྱུན་གསོལ་ཉུང་བསྡུས་སྨིན་གཏེར་གསུང་། ཉང་རིན་པོ་ཆེའི་གཏེར་བྱོན་རྒྱལ་ཆེན་པེ་ཧ་རའི་སྲོག་གཏད། ༤༧༽ འདིའི་རྒྱུད་གསུམ་གྱི་ལུང་རྒྱུན་མ་ཆད་ཙམ་བཞུགས་ལ། འདིར་གསོལ་ཀ་ཕྲིན་ལས་དོན་བཅུ་མ་བཀོད་པའི་བརྒྱུད་པ་ནི། ཀུན་བཟང་། རྡོ་རྗེ་འཆང་། ཕྱག་རྡོར། ཨོ་རྒྱན། མཚོ་རྒྱལ། ཁྲི་སྲོང་། མངའ་བདག་ཉང་། དོན་སེང་རྒྱལ་མཚན། རྩ་བྲལ་བྱ་བཏང་། འཇམ་དབྱངས་བློ་གྲོས། འཇམ་དབྱངས་དཔལ་རིན། དཔལ་ལྡན་དོན་གྲུབ། ནམ་མཁའ་བཟང་པོ། བཀའ་བརྒྱད་པ་གཞོན་ནུ་དཔལ་བཟང་། སྐལ་ལྡན་རྒྱ་མཚོ། རྒྱ་མ་མི་འགྱུར་བ། འབྲི་གུང་ཟུར་པ། ཉི་ཟླ་སངས་རྒྱས། ལན་བུ་ཨ་མི། དཔལ་འབྱོར་ལྷུན་གྲུབ། ཆོས་དབྱིངས་རང་གྲོལ། རྒྱལ་དབང་ལྔ་པ། གཏེར་བདག་གླིང་པ་ནས་ཁྲི་བརྒྱུད་རིམ་བྱོན་སྔ་མ་རྣམས་དང་མཚུངས་པའམ། ཡང་ན་ལྔ་པ་ནས། ཀུན་དགའ་མི་འགྱུར་རྡོ་རྗེ། གཉགས་སྟོན་བདེ་ཆེན་སྟོབས་རྒྱལ། ཀུན་བཟང་བདེ་ཆེན་གཡུང་དྲུང་། བསྟན་འཛིན་དཔལ་འབར། ཕྲིན་ལས་ཆོས་སྒྲོན། རྡོར་འཛིན་འགྱུར་མེད་དོན་གྲུབ། དེ་ལས་སོ། །གཞན་ཡང་རིག་འཛིན་པདྨ་ཕྲིན་ལས་ཀྱིས་མཛད་པའི་སྐུ་ལྔའི་སྒྲུབ་རིམ་གློག་གི་ཕྲེང་བ་ཞལ་ཤེས་བཅས། འབོད་རྦད་བསད་གསུམ་གྱི་མན་ངག་བསྡུས་པ། ཕྲིན་གཞུང་དངོས་གྲུབ་ཆར་འབེབས། མདོས་ཀྱི་ཟིན་བྲིས། ཀུན་མཁྱེན་ལྔ་པས་མཛད་པའི་མདོས་ཀྱི་གྱེར་གཞུང་བསམ་དོན་ལྷུན་གྲུབ་བཅའ་གཞིའི་ལག་ལེན་དང་བཅས་པ་སོགས་ཀྱང་སྣང་ངོ་། །མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་གྱིས་བསམ་ཡས་རྟ་མགྲིན་དམར་པོའི་ཐུགས་ཀ་ནས་བཏོན་པའི་ཆོས་འཁོར་སྐྱོང་བའི་གནོད་སྦྱིན་བཙན་རྒོད་ཆེན་པོ་ཙིཏྟ་དམར་པོའི་རྗེ་ཁོལ་ངར་གསོའི་སྲོག་གཏད། སྤུ་གྲི་དམར་པོའི་སྙིང་གི་རྒྱུད་ལེའུ་བདུན་པ། ཕྱི་གསོལ་ཁ། ནང་སྦ་ལྕགས། གསང་བ་བླ་རྡོ། ཡང་གསང་མདུང་ཞགས་དམར་པོ་ལ་བརྟེན་ནས་སྒྲུབ་ཐབས་རྣམས་ངར་གསོའི་དབང་ཞེས་སྲོག་གཏད་ཡི་གེ །གསོལ་ཁ་ཕྱོགས་ཕྱོགས་མ། བསྐུལ་ཉི་མ་ནུབ་ཕྱོགས་མ། ཡ་བ་རྐྱ་བདུན་གྱི་ལོ་རྒྱུས་རྣམས་དང་། ཡ་བ་རྐྱ་བདུན་གྱི་ཁྱི་འགྱེད། འཁོར་ལོ་བསྐོར་ལུགས། དྲག་བསྐུལ་གསོད་བྱེད་མྱུར་མགྱོགས་ལས་ཀྱི་ཕོ་ཉ་བཅས་གཏེར་གཞུང་ཚང་བ། སྲོག་གཏད་ཆོ་ག་རྒྱལ་སྲས་རིན་རྣམ་གསུང། ཕྲིན་ལས་ཆེ་བཙན་དགྱེས་གླུ་བཅས། སྲོག་གཏད་བརྒྱུད་པ་ནི། སྣང་བ་མཐའ་ཡས། དཔལ་ཆེན་རྟ་མགྲིན། པདྨ་ཐོད་ཕྲེང་། རྒྱལ་བ་མཆོག་དབྱངས། གཏེར་སྟོན་པཎ་ཆེན་པདྨ་དབང་རྒྱལ། འབྲི་གུང་གནམ་ལྕགས་མེ་འབར། རྒྱལ་སྲས་བསྟན་པའི་འབྱུང་གནས། ཀརྨ་རྒྱལ་སྲས་ཀུན་བཟང་། གྲུབ་མཆོག་རིན་ཆེན་དར་རྒྱས། རིག་འཛིན་ཕྲིན་ལས་ལྷུན་གྲུབ། ཟུར་ཆོས་དབྱིངས་རང་གྲོལ། ཀུན་མཁྱེན་ཟིལ་གནོན་བཞད་རྩལ། རིག་འཛིན་པདྨ་ཕྲིན་ལས། རིག་འཛིན་དབང་རྒྱལ། རྡོ་རྗེ་ཐོགས་མེད། པདྨ་བཤེས་གཉེན། ཀུན་དགའ་རབ་རྒྱས། འཇམ་མགོན་དཔལ་ལྡན་ཆོས་སྐྱོང་། ཕྲིན་ལས་དར་རྒྱས། འགྱུར་མེད་བསྟན་འཛིན་འཕེལ་རྒྱས། དེས་བདག་ལའོ། །ལུང་བརྒྱུད་ནི། རྒྱལ་སྲས་ཀུན་བཟང་ནས། ཟབ་ལུང་དབང་གི་རྒྱལ་པོ། ནམ་མཁའ་འཇིགས་མེད། བྱ་བཏང་ནོར་བུ་ཆོས་བསྟན། ཕྲིན་ལས་ལྷུན་གྲུབ། འགྱུར་མེད་རྡོ་རྗེ། འབུམ་རམ་པ་ཨོ་རྒྱན་སྐལ་བཟང་། ཤྲཱི་ཛྭ་ལ། རྡོར་འཛིན་གཉིས། ཨོ་རྒྱན་ཕུན་ཚོགས། པདྨ་དབང་རྒྱལ། ཕྲིན་ལས་ཆོས་སྒྲོན། ཤྲཱི་ཏཱ་ར། འགྱུར་མེད་སངས་རྒྱས་ཆོས་འཕེལ། དེ་ལས་སོ། །ཡང་ལུང་རྒྱུན་གཅིག་ནི། གཏེར་ཆེན་ནས་བྷ་ཁ་སྤྲུལ་སྐུའི་ཕྱོགས་སུ་རིམ་པར་བརྒྱུད་པ་བླ་མ་རིག་འཛིན་ལས་ཐོས་སོ། །འདིའི་མདོས་ཆོག་དབང་དྲག་གྲུབ་པའི་དགའ་སྟོན་ཞེས་ལྔ་པས་མཛད་པ་ཡོད། བྱང་གཏེར་ཟངས་མཛོད་ཀྱི་སྲུང་མ་ལྷ་ཆེན་ཐང་ལྷ་རྡོ་རྗེ་འབར་བའི་སྲོག་གཏད། དེའི་གདམས་སྐོར་ལོ་རྒྱུས། ཕྱི་སྒྲུབ་སྨྱོ་འདུལ་མ། མཆོད་ཕྲིན་ཡེ་ཤེས་གཞལ་ཡས་མ། གསང་སྒྲུབ། ལོ་རྒྱུས། རྫས་བཤམས། རྗེས་གནང་། མངོན་རྟོགས། གཏོར་བསྔོ། བསྟོད་པ། ཡང་གསང་སྙིང་སྒྲུབ་ཀྱི་ལས་ཚོགས་ནང་གསེས་བཅུ་དྲུག་པ་བཅས་གཏེར་གཞུང་ཆ་ཚང་། གཏེར་སྟོན་གྱིས་མཛད་པའི་སྐོང་གསོལ། སྲོག་གཏད་ཆོ་ག་རིན་རྣམ་གསུང་། མཆོད་ཕྲིན་ཚངས་པ་ལྷའི་རྔ་ཆེན་བཅས། སྲོག་གཏད་ཀྱི་བརྒྱུད་པ་ནི། གསང་བདག །ཨོ་རྒྱན་ཆེན་པོ། བི་མ་ལ། བཻ་རོ་ཙ་ན། ཆོས་རྒྱལ། མུ་ཁྲི་བཙད་པོ། མཚོ་རྒྱལ། གཏེར་སྟོན་ཡབ་སྲས། རྡོ་རྗེ་རྣམ་གཉིས། བླ་མ་རྣམ་གཉིས། སངས་རྒྱས་དཔལ་བཟང་། ལྡོང་སྟོན་ཆོས་རྒྱལ་བསོད་ནམས། དེའི་སྲས་ཆོས་སྐྱོང་བསོད་ནམས་བཀྲ་ཤིས། མཁྱེན་བརྩེའི་དབང་ཕྱུག །བྱམས་པ་སྐལ་བཟང་། དབང་ཕྱུག་རབ་བརྟན། བསོད་ནམས་མཆོག་ལྡན། ཟུར་ཆོས་དབྱིངས་རང་གྲོལ། ཀུན་མཁྱེན་ཟིལ་གནོན་དྲག་རྩལ་རྡོ་རྗེ། རིག་འཛིན་པདྨ་ཕྲིན་ལས། ཆུ་བཟང་པ་ཀུན་བཟང་རྒྱ་མཚོ། གྲུབ་དབང་ཆོས་དབྱིངས་རང་གྲོལ། རྗེ་གར་དབང་མཆོག་ལེགས། བྱ་བཏང་ཕྲིན་ལས་ལྷུན་གྲུབ། ཨོ་རྒྱན་རང་གྲོལ་རྡོ་རྗེ། འགྱུར་མེད་མཐུ་སྟོབས་རྣམ་རྒྱལ། དེས་བདག་ལ་བསྩལ་པའོ། །ལུང་གི་བརྒྱུད་པ་ནི། སངས་རྒྱས་དཔལ་བཟང་ཡན་གོང་ལྟར་ལ། དེ་ནས་ནམ་མཁའ་རྒྱལ་མཚན། ངག་དབང་རྒྱ་མཚོ། ཚེ་རིང་དབང་པོ། ཀླུ་སྒྲུབ་དབང་པོ། རོལ་པའི་རྡོ་རྗེ། སེ་ཐུགས་མཆོག་འོད་འབར། པདྨ་ཕྲིན་ལས། པདྨ་དབང་དྲག །རིག་འཛིན་ཚེ་དབང་ནོར་བུ། གར་དབང་ཆོས་གྲུབ་རྒྱ་མཚོ། རྗེ་པདྨ་ཉིན་བྱེད་དབང་པོ། དབོན་བླ་མ་རྡོ་རྗེ་སྙིང་པོ། དེ་ལས་སོ། །གཞན་ཡང་ལྷ་བཙུན་ཆེན་པོའི་དག་སྣང་དང་གནམ་ཆོས་ལས་དབང་སྒྲུབ་ཐབས་ལས་ཚོགས་དང་བཅས་པ། ལྔ་པས་མཛད་པའི་ཕྲིན་ལས་རྒྱས་པ་བརྒྱ་ཕྲག་ཉི་དངོས་འཛིན་པའི་སྣང་གསལ། ཁྱེར་བདེ་བདུད་རྩིའི་ཆུ་རྒྱུན། སྐོང་མདོས་ཀྱི་ལག་ལེན་བཅས་སྣང་ངོ་། །གཏེར་ཆེན་བདུད་འདུལ་རྡོ་རྗེའི་གཏེར་བྱོན་རྨ་ཆེན་སྤོམ་རའི་གསོལ་མཆོད་འདོད་དགུ་མྱུར་གཏེར། གསོལ་ཁ་ཕྲིན་ལས་མྱུར་འགྲུབ། བསྐུལ་བ་དགྲ་གཤེད་ནག་པོ། བརྒྱུད་པ་པདྨ་འོད་འབར་ཞི་དྲག་སོགས་དང་འདྲ། གནམ་ཆོས་ལུགས་ཀྱི་སྤོམ་རའི་བཀའ་གཏད། གསོལ་མཆོད། བརྒྱུད་པ་དཔལ་ཡུལ་ལུགས་སྤྱི་མཚུངས་ལ་པདྨ་གསང་སྔགས་བསྟན་འཛིན་ལས་ཀྱང་ནོས་སོ། །འདིའང་གཏེར་ཁ་འདི་དག་ཙམ་ལས་དཀོན་པར་སྣང་ངོ་། །མཆོག་གླིང་ཟབ་གཏེར་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བཀའ་སྲུང་ཇོ་མོ་བཀྲ་ཤིས་ཚེ་རིང་མའི་ཐུན་མོང་གཏོར་མ་ལ་བརྟེན་པའི་བཀའ་གཏད། གཏེར་གཞུང་ནང་གསེས་བཅས་ཆ་ཚང་། གཏོར་འབུལ་འདོད་གསོལ། དབང་ལུང་གཉིས་ཀའི་བརྒྱུད་པ་ཐུགས་སྒྲུབ་རྩ་གཞུང་ལྟར་ལ། གཏེར་ཆེན་མཆོག་གླིང་དང་། པདྨ་འོད་གསལ་མདོ་སྔགས་གླིང་པ་གཉིས་ཀ་ལས་བཀའ་དྲིན་དུ་ཞུས་པའོ། །ཚེ་རིང་མའི་གསོལ་མཆོད་ཐོར་བུ་ཀློང་གསལ་སོགས་ལ་སྣང་ཞིང་། བདུད་འདུལ་དང་སྟག་ཤམ་ལ་སྒྲུབ་ཐབས་ཅུང་རྒྱས་པ་ཡོད་ཀྱང་སྲོག་གཏད་མི་སྣང་། ཐམས་ཅད་འདུས་ཤིང་ཚང་བ་ནི་འདི་ཁོ་ན་ཙམ་མོ། །དེ་ལྟ་བུའི་རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་ཆེན་པོ་རྣམས་ལས་གཙོ་བོར་གྱུར་པ་ལེགས་ལྡན། ཕྱག་བཞི། མ་ནིང་། ཞལ་བཞི། སྔགས་སྲུང་མ། འོག་ནས་འབྱུང་བའི་གཏེར་གསར་དབང་ཕྱུག་ཆེན་པོ། གཟའ་རྒོད་དུག་གི་སྤུ་གྲི། རྣམ་སྲས་ཡང་གསང་ཕྱག་མཚན་བཞི་པ། ཞིང་སྐྱོང་དུར་ཁྲོད་མ་མོ་བཅས་ཀྱི་ཕྲིན་ལས་དངོས་གྲུབ་རོལ་མཚོ་དང་། ཞིང་སྐྱོང་སོགས་རྗེས་འབྲང་རྣམས་ཀྱི་གསོལ་བསྡུས། གཏོར་མ་རུ་མཚོན་ཟུང་འཇུག་རྣམས་ཀྱི་མན་ངག་གཏེར་ཆེན་རིན་པོ་ཆེས་མཛད་པ། མཆོག་གླིང་ཟབ་བདུན་ལས་རུ་མཚོན་འབུལ་བའི་མན་ངག །ལུང་བརྒྱུད་དེ་ཉིད་ལས་ནོས། སྲུང་མ་སྤྱི་འགྲོའི་གྲིབ་སེལ་གྱི་མན་ངག་བཀླག་ཆོག་ཏུ་བཀོད་པ་ལོ་ཆེན་དྷརྨ་ཤྲཱིའི་གསུང་། ལུང་རྒྱུན་མཛད་པ་པོ་ནས་རིམ་པར་བརྒྱུད། རྒྱ་སྤྲུལ། ཨ་ཏི་བསྟན་པའི་རྒྱལ་མཚན། བསྟན་འཛིན་ཆོས་རྒྱལ། མཐུ་སྟོབས་རྣམ་རྒྱལ། རྗེ་མཁྱེན་བརྩེ། དེ་ལས་སོ། །ཞར་བྱུང་རིག་འཛིན་གཏེར་བདག་གླིང་པའི་ཟབ་གཏེར་སྔགས་སྲུང་མའི་ཆ་ལག་མདོས་ཀྱི་ལས་རིམ་ལ་བརྟེན་ནས་མ་མོའི་འཁྲུགས་སྐོང་གི་ཆོ་ག་ཕྲིན་ལས་འདོད་འཇོ་རྒྱལ་སྲས་པདྨ་དབང་རྒྱལ་གྱིས་མཛད་པ། ལུང་རྒྱུན་མཛད་པ་པོ་ནས། རྡོར་འཛིན་འགྱུར་མེད་དོན་གྲུབ། དེ་ལས་སོ། །འཁྲུགས་སྐོང་བསྡུས་པ་ཆགས་མེད་རིན་པོ་ཆེའི་གསུང་། ལུང་རྒྱུད་གནས་མདོ་སྨད་བརྒྱུད་ལྟར། རོལ་རྡོར་གཏེར་བྱོན་མ་མོའི་འཁྲུགས་སྐོང་ཟབ་ལ་ལག་ལེན་བདེ་བ། ལུང་རྒྱུན་བྲག་གཏེར་སྤྱི་མཚུངས་བཅས་བཞུགས། དེ་ལྟར་ཆོས་སྲུང་གི་སྐོར་འདི་རྣམས་སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་དབང་དུ་བྱས་ན་གཙོ་བོར་འཇིག་རྟེན་མཆོད་བསྟོད་ཀྱི་ཕྱོགས་སུ་གཏོགས་ཤིང་ཨེ་ཀ་ཛཱ་ཊཱི་སོགས་མ་མོའི་སྡེ་ཚན་དུ་བསྡུའོ། །དེ་རྣམས་ཀྱི་རྩ་གསུམ་ཆོས་སྲུང་སྤྱི་དང་བྱེ་བྲག་པའི་སྐོར་གལ་པོ་ཆེ་ཇི་སྙེད་ཅིག་བཀོད་ཟིན་ནས། ༈ རྗེས་འབྲེལ་དུ་སྐབས་འདིར་དགོས་དབང་ཁྱད་པར་ཅན་དང་འབྲེལ་བས་བཞག་པ་པད་འབྱུང་རྣམ་ཐར་བསྒྲགས་པ་བོན་ལུགས་ལྟར་བཀོད་པ་རྗེ་བླ་མ་མི་ཤིགས་གཡུང་དྲུང་འབྱུང་གནས་རྩལ་གྱིས་མཛད་པ། ལུང་མཛད་པ་པོ་ཉིད་ལས་སོ། །བཻ་རོ་དངོས་བྱོན་བོན་ཞིག་གཡུང་དྲུང་གླིང་པའམ་ཨོ་རྒྱན་རྡོ་རྗེ་གླིང་པས་ལྷོ་སྤ་གྲོ་སྟག་ཚང་ནས་གཏེར་དུ་བཞེས་པ་འཆི་མེད་ཡབ་སྲས་བཅུད་དྲིལ་གྱི་དབང་། བསྙེན་སྒྲུབ་ལས་གཞུང་། ཤོག་ཆུང་། སྐོང་བ། ཆད་བརྟན། འགྲོ་དོན་ལས་ཚོགས་བཅས་གཏེར་གཞུང་དང་། ཚོགས་ཀྱི་ཕྲིན་ལས། དབང་ཆོག་བཅས་ལྕང་ལུང་པ་གཡུང་དྲུང་བསྟན་རྒྱལ་གྱིས་མཛད་པ། དབང་གི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། དྲན་པ་ནམ་མཁའ། ཚེ་དབང་རིག་འཛིན། པདྨ་མཐོང་གྲོལ། འོད་ལྡན་འབར་མ་སྟེ་ཡབ་ཡུམ་སྲས་བཞི་ནས། གན་ཇག་ཐང་རྟའམ་བཻ་རོ་ཙ་ན། གཡུང་དྲུང་གླིང་པ། བཀའ་བབས་བྲུ་བསོད་ནམས་བློ་གྲོས། གཡུང་དྲུང་རྒྱལ་མཚན། རིག་པ་རང་ཤར། གསལ་བ་འོད་ཆེན། གསལ་བ་འོད་ཆུང། སྦྱིན་པ་རྒྱལ་མཚན། སྔགས་འཆང་ཁྲོ་གསས། ནམ་མཁའ་རྒྱལ་པོ། ནམ་མཁའ་དབང་ལྡན། རིན་ཆེན་ལྷུན་གྲུབ། བསྟན་པ་འོད་ཟེར། གཙུག་ཕུད་འོད་ཟེར། ཀྱེ་མ་འོད་མཚོ། རྣམ་པར་རྒྱལ་བ། གཡུང་དྲུང་རྣམ་རྒྱལ། གཡུང་དྲུང་བསྟན་པའི་རྒྱལ་མཚན། མཆོག་ལེགས་རྣམ་རྒྱལ། བསོད་ནམས་ཕུན་ཚོགས། སྨོན་སྤྲུལ་བསྟན་པ་དབང་རྒྱལ། ལྕང་ལུང་པ་གཡུང་དྲུང་བསྟན་རྒྱལ། དེས་བདག་ལའོ། །ལུང་བརྒྱུད་ནི། བསྟན་པ་འོད་ཟེར་ནས། ལྷུན་གྲུབ་ཚུལ་ཁྲིམས། ཁྲི་གཙུག་བསྟན་འཛིན། རྫའུ་བསོད་ནམས་རྒྱལ་མཚན། རྟོགས་ལྡན་བསོད་རྒྱལ། འགྲོ་མགོན་བསྟན་རྒྱལ། ཕུན་ཚོགས་རྣམ་རྒྱལ། མཁས་གྲུབ་ཚུལ་དབང་། ནམ་མཁའ་དབང་གྲུབ། བསོད་ནམས་ཕུན་ཚོགས་མན་ཆད་སྔ་མ་ལྟར་རོ། །གྲུབ་ཆེན་དྲན་པ་ནམ་མཁའི་རྣམ་རོལ་ཀུན་གྲོལ་ལས་འཕྲོ་གླིང་པས་གཟི་ཤོད་གཡུ་མོ་ལུང་གི་རུ་ལག་གནས་ཆེན་རྡོ་རྗེ་ཡང་རྫོང་མཁའ་འགྲོ་གསང་ཕུག་ནས་སྤྱན་དྲངས་པའི་རྩ་རླུང་མཁའ་འགྲོ་གསང་མཛོད་ཀྱི་ཟབ་དབང་། གཏེར་སྟོན་ཉིད་ཀྱིས་མཛད་པའི་སྔོན་འགྲོ་རྗེས་ཀྱི་ཚིགས་བཤད། ས་གཅོད་གསལ་བའི་མེ་ལོང་། གཏེར་འབྱུང་སྣང་བའི་དགའ་སྟོན། ལག་ལེན་ནོར་བུའི་ཕྲེང་བ་རྣམས་དང་། གཏེར་གཞུང་དངོས་ལ། ཡིད་ཆེས་ལུང་གི་ཆེ་བ། དབང་ཆོག་ཡེ་ཤེས་རང་ཤར། བསྐྱེད་རིམ་ལྷ་ཡི་རྣམ་གཞག །ནང་འབྱིན་འཇུག་རླུང་གི་ཉམས་ལེན། ཐུན་མོང་གཏུམ་མོའི་འཁྲུལ་འཁོར། རྨི་ལམ་འོད་གསལ་འཁོར་ཡུག །འོད་གསལ་འཁྲུལ་པ་རང་དག །བར་དོ་སྣང་བ་རང་གྲོལ། འཕོ་བ་ཟབ་ལམ་རྣལ་འབྱོར། གསང་བ་ཐུར་མའི་གདམས་པ། རྡོ་རྗེ་ཆུ་འཐུང་གི་སྦྱོར་བ། ཕོ་ཁྲིད་ཉི་མའི་བཅུད་བསྡུས། པདྨ་རླུང་འབྱིན་གྱི་གདམས་པ། མོ་ཁྲིད་ཟླ་བའི་མདངས་ལེན། ཐུན་མོང་མིག་འཕྲུལ་འཁོར་ལོ། མཚན་ལྡན་འགུགས་པའི་ལྕགས་ཀྱུ། གྲོང་འཇུག་འགྲོ་དོན་རྒྱུན་སྐྱོང་། གེགས་སེལ་ཐར་པའི་སྲོག་བཟུང་། ལས་ཚོགས་གཏེར་གྱི་ཕྲེང་བ། བདུད་རྩི་ཆུ་མིག་སྒྲུབ་པ། ཟབ་ཡིག་སྙིང་གི་རྒྱ་ཅན། ཞལ་གདམས་སྙིང་གི་ཐིག་ལེ། ལེའུ་མི་འཆོལ་བའི་རྩིས་རྒྱ། རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་བཅས་ཚང་བ་བཞུགས། བརྒྱུད་པ་ནི། སྣང་བ་མཐའ་ཡས། རྟ་ཕག་ཡབ་ཡུམ། པདྨ་འབྱུང་གནས། ཡེ་ཤེས་མཚོ་རྒྱལ། བཻ་རོ་ཙ་ན། རིག་འཛིན་ཀུན་གྲོལ་གྲགས་པ། སྲས་མོ་གྲུབ་བརྙེས་གཡུང་དྲུང་ལྷ་མོ། གཏེར་སྟོན་ལྷུན་གྲུབ་རབ་བརྟན། ཟུར་མང་དབོན་བླ་མ་ཀརྨ་བསྟན་པ། རྒྱལ་སྲས་པདྨ་དབང་དྲག །དེ་ལས་བདག་གིས་སོ། །ཟབ་ཆོས་འདི་གཏེར་སྟོན་ཉིད་ནས་ལུང་དོན་ལྟར་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ལ་ཆེད་དུ་ཕུལ་བ་ལྟར་སྨིན་གྲོལ་ཡོངས་རྫོགས་གསན་བཞེས་གནང་བར་འདུག་ཀྱང་དེང་སང་དེ་ནས་བརྒྱུད་པའི་རྒྱུན་ནི་མི་སྣང་ངོ་། །མངའ་བདག་དང་ལང་གྲོ་ལོ་ཙཱ་བའི་ཡེ་ཤེས་གཅིག་བསྡུས་སྤྲུལ་པའི་གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པའི་རྗེས་དྲན་གྱི་ཆོས་སྡེ། ཁོད་སྤུངས་དྲན་པའི་ཚེ་སྒྲུབ་བཻ་རོའི་ཐུགས་ཏིག་གསང་བའི་རྒྱ་ཅན་གྱི་དབང་། གཏེར་གཞུང་ཚང་བ། བརྒྱུད་འདེབས། སྒྲུབ་གཞུང་གསལ་བྱེད་གཏེར་ཆེན་ཚེ་དབང་གྲགས་པས་མཛད་པ། ཕྲིན་ལས་དང་དབང་ཆོག །བརྒྱུད་པ་ནི། ཀུན་ཏུ་བཟང་པོ། ཚད་མེད་འོད་ལྡན། དྲན་པ་ནམ་མཁའ། ལོ་ཆེན་བཻ་རོ་ཙ་ན། ལང་གྲོ་དཀོན་མཆོག་འབྱུང་གནས། མི་ཤིགས་གཡུ་དྲུང་འབྱུང་གནས་རྩལ། དེས་བདག་ལ་བསྩལ་པའོ། །གཏེར་ཆེན་མཆོག་གྱུར་གླིང་པས་ལྷ་མདོ་འབུར་མོ་བདེ་ཆེན་པདྨ་བཀོད་ནས་བཞེས་པའི་བོན་གསས་དབང་དྲག་འབར་བའི་དབང་། གཏེར་གཞུང་ཕྲིན་ལས། རྨ་ཆེན་སྤོམ་རའི་བཀའ་གཏད། དེའི་སྒྲུབ་སྐོར་གཏེར་གཞུང་། གཉིས་ཀའི་དབང་ཆོག་བཅས། བརྒྱུད་པ་ནི། ཀུན་ཏུ་བཟང་པོ། གཤེན་ལྷ་འོད་དཀར། འཆི་མེད་གཙུག་ཕུད། པདྨ་མཐོང་གྲོལ། མཆོག་གྱུར་གླིང་པ། དེས་བདག་ལའོ། །དེའང་སྤྱིར་གྲུབ་མཐའ་ཕྱི་ནང་ཆོས་བོན་སོགས་ཚུར་མཐོང་ཕྱོགས་རེ་བའི་བློ་རྟོག་གི་དབང་དུ་མཛད་ཀྱི་དོན་དུ་རྒྱལ་བའི་ཐུགས་རྗེ་ལ་ཕྱོགས་ལྷུང་དང་ཕྲིན་ལས་ལ་ཚད་བཟུང་བྲལ་བས་ཕྱི་པ་རྣམས་འདུལ་བ་ལ་དེའི་རྟགས་དང་ཆ་ལུགས་འཛིན་པའི་ལྷར་སྤྲུལ་པས་མཚོན། འཇིག་རྟེན་གསུམ་ན་དཀར་པོའི་ལམ་གྱི་སྣང་བ་ཕྲ་མོ་ཡན་ཆད་རྒྱལ་བའི་ཕྲིན་ལས་ཀྱི་འཇུག་པ་ཡིན་ཞིང་བྱེ་བྲག་གངས་ཅན་གྱི་ལྗོངས་འདིར་དངོས་དང་བརྒྱུད་ནས་འཕགས་མཆོག་སྤྱན་རས་གཟིགས་དང་གུ་རུ་རིན་པོ་ཆེ་པདྨཱ་ཀ་རའི་གདུལ་བྱར་མ་ཆུད་པ་གཅིག་ཀྱང་མེད་པའི་ཕྱིར། ཐང་ཡིག་ལས། ཨ་ཡ་བོན་པོ་ལྷ་འབུམ་མམ་རྟ་ནག་གུ་རུ་རྣོན་རྩེར་གྲགས་པ་དང་། ཀུ་ས་སྨན་པའམ་ཁུ་ཚ་ཟླ་འོད། བོན་པོ་བྲག་ཚལ་སོགས་དམིགས་བསལ་ལུང་བསྟན་པ་ལྟར་དེ་དག་གིས་བོན་གཏེར་གྱི་ཕྲིན་ལས་གཙོ་བོར་སྐྱོང་བ་དང་། གུ་རུ་ཆོས་དབང་། རིག་འཛིན་རྒོད་ལྡེམ། རྡོ་རྗེ་གླིང་པ། བསྟན་གཉིས་གླིང་པ། ཕྱིས་ཀྱི་ཀློང་གསལ། ཆོས་གླིང་། ཡོངས་དགེ་སོགས་ལའང་གཏེར་དང་སྙན་བརྒྱུད་ཀྱི་བོན་སྐོར་ཅི་རིགས་པ་བྱོན་ཅིང་ཕལ་ཆེར་དེང་དུས་ཀྱང་བོན་ལུགས་ལ་གཞན་ཕན་ཆེ་བ་དང་། བོན་གཏེར་འགའ་ཡང་ཆོས་གཏེར་དང་ཟུང་འཇུག་ཅན་དུ་སྣང་བས། ཨོ་རྒྱན་སངས་རྒྱས་གཉིས་པས་རིས་མེད་ཀྱི་གདུལ་བྱ་འདུལ་བ་ལ་ཐབས་མཁས་ཀྱི་ཆོ་འཕྲུལ་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་ངོ་མཚར་རྨད་དུ་བྱུང་བའི་ཚུལ་ལ་ངེས་པ་རྙེད་ཅིང་གཏན་པ་མེད་པའི་ཕྲིན་ལས་སྒོ་འཕར་རིས་སུ་མ་ཆད་པར་དབྱེ་བའི་རྟེན་འབྱུང་གི་སླད་དུ་འདིར་ཡང་སྙིང་པོ་ཙམ་བཙལ་་་་་་ནས་བཀོད་པའོ།། ༈ །།གཉིས་པ་ཡན་ལག་ལས་ཀྱི་ཆོ་ག་གཙོ་བོར་གྱུར་པའི་སྐོར་ལ་གཉིས། བསྙེན་སྒྲུབ་ཀྱི་ཆོ་ག་སྤྱིའི་ཡན་ལག་ཏུ་ཉེ་བར་མཁོ་བའི་སྐོར་དང་། བྱེ་བྲག་ཕྲིན་ལས་བཞི་དང་འབྲེལ་བའི་ལས་རབ་འབྱམས་ཀྱི་སྐོར་རོ། །དང་པོ་ལའང་ནང་གསེས་སུ་དབྱེ་ན་བདུན་ལས། ཐོག་མར་ལམ་གྱི་རྩ་བ་སྨིན་བྱེད་དབང་དང་འབྲེལ་བའི་སྐོར་ལ། ལོ་ཆེན་དྷརྨ་ཤྲཱིས་མཛད་པའི་དབང་བསྐུར་སྤྱིའི་མཚམས་སྦྱོར། ལུང་རྒྱུན་མཛད་པ་པོ་ནས། གྲུབ་ཆེན་འོད་གསལ་ཀློང་ཡངས། ཐེག་མཆོག་འགྲོ་འདུལ་རྡོ་རྗེ། པདྨ་བཤེས་གཉེན། ཀུན་བཟང་ཐུབ་བསྟན་བསྟན་འཛིན། འཇིགས་མེད་གོ་ཆ། བསྟན་འཛིན་ཆོས་རྒྱལ། འགྱུར་མེད་མཐུ་སྟོབས་རྣམ་རྒྱལ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེ་ལས་སོ། །གནམ་ཆོས་གཟུངས་དབང་འགྲིགས་ཆགས་མ་དང་། བཀའ་སྲུང་སྤྱིའི་བཀའ་གཏད་ཆགས་མེད་གསུང་། སྤྱི་ལ་འཇུག་པའི་སྐུ་གསུང་ཐུགས་དབང་། ཞར་བྱུང་ཐུན་མོང་སྔོན་འགྲོའི་ཆོས་བཤད་སྨིན་གླིང་གཏེར་ཆེན་མཛད་པ། ཐེག་པ་རིམ་དགུའི་དང་པོ་དང་འབྲེལ་བའི་སྐྱབས་སྡོམ་འབོགས་ཆོག་ཆགས་མེད་མཛད་པ། ལུང་གསང་སྔགས་མགོན་པོ་ལས་ནོས། དབང་གི་མཚམས་སྦྱོར་མདོར་བསྡུས། དབང་བསྐུར་སྤྱི་ལ་འཇུག་པའི་ལག་ལེན་རྣམ་ངེས་བཅས། ༈ གཉིས་པ་ལམ་གྱི་ངོ་བོ་བསྙེན་སྒྲུབ་སྤྱིར་གཅེས་པའི་སྐོར་ལ། མངའ་བདག་ཉང་རིན་པོ་ཆེའི་ཟབ་གཏེར་ལས་ཚོགས་སྤྱི་ཆིངས་ནོར་བུའི་ཕྲེང་བ་དང་། མན་ངག་གསེར་གྱི་ཐུར་མ། འདིའི་ལུང་རྗེ་རིན་པོ་ཆེ་ལས་ཞུས་ཤིང་དཔེ་རྒྱུན་དཀོན་ཅིང་གལ་ཆེ་བར་སྣང་བས་བཀོད། ཆོས་དབང་རིན་པོ་ཆེའི་ཟབ་གཏེར་སྔགས་སྡེབ་སྙིང་གཟེར་ནག་པོ་རྩ་བ་ཡན་ལག་ཕྱག་ལེན་དང་བཅས་པ་ནི་བཀའ་རྒྱའི་གྲས་སུ་བཞུགས། བསྙེན་སྒྲུབ་སྤྱིའི་གེགས་སེལ་བའི་ཕྲིན་ལས་ཀྱི་ལྷ་ཀློང་གསལ་རྡོ་རྗེ་སྙིང་པོ་ལས་བྱུང་བའི་བདུད་རྩི་འཁྱིལ་བའི་དབང་། གཏེར་གཞུང་སྒྲུབ་ཐབས། གནམ་ཆོས་བདུད་རྩི་འཁྱིལ་བའི་དབང་། སྒྲུབ་ཐབས་ལས་ཚོགས་བཅས་གཏེར་གཞུང་། བླ་མ་དགོངས་འདུས་ལས་བཟླས་བརྗོད་ནུས་པ་སྟོབས་འབྱིན། བསྙེན་སྒྲུབ་སྤྱི་ལ་གཅེས་པའི་ཡི་གེ་འབྲི་གུང་ཆོས་ཀྱི་གྲགས་པས་མཛད་པ། ལུང་བརྒྱུད་ནི། ཀ་ཚལ་བ་དཀོན་མཆོག་ལྷུན་གྲུབ། དཀོན་མཆོག་ཕྲིན་ལས་བཟང་པོ། དོན་གྲུབ་ཆོས་རྒྱལ། ཆོས་ཀྱི་ཉི་མ། ཙ་རི་བ་རིག་འཛིན་སྤྲུལ་སྐུ །པདྨ་བཤེས་གཉེན། རིག་འཛིན་བཟང་པོ། བསྟན་འཛིན་ཆོས་རྒྱལ། འགྱུར་མེད་བསྟན་འཛིན་འཕེལ་རྒྱས་དཔལ་བཟང་པོ། དེས་བདག་ལའོ། །བསྐྱེད་རིམ་བསྙེན་སྒྲུབ་སྤྱིའི་ལག་ལེན་གསལ་བར་བྱེད་པ། རོལ་པའི་རྡོ་རྗེའི་བྲག་གཏེར་ཕྱག་རྡོར་དྲེགས་འདུལ་ཐེམས་མེད་གསང་སྔགས་སྤྱི་ཆིངས་ཀྱི་སྐོར་ལས། སྒྲུབ་པ་སྤྱིའི་ཁོག་དབུབ་གསང་སྔགས་བཅུད་ཕུར། གནད་ཀྱི་ཞལ་གདམས་ཟུར་བཀོལ། སྒྲུབ་པ་དང་ལས་བྱང་སྤྱི་ལ་གཅེས་པའི་གནད་ཀྱི་ཞལ་གདམས་ཁྱད་འཕགས། རྩ་གསུམ་བླ་རྡོ་སྲོག་ཏིག་ཡོངས་འདུས། རྫས་མཆོག་བྱ་ཐབས་ལྔ་འདུས་དྭངས་མ་རྣམས་དང་། བླ་མ་དགོངས་འདུས་ལས་ཞྭ་ཆོས་རིན་ཆེན་པད་སྤུངས། རཏྣའི་རྟ་མགྲིན་གསང་འདུས་ལས་ཞྭ་ཆོས་རིན་ཆེན་འབར་བ། རྒྱུད་དང་མན་ངག་གི་གསང་དོན་ལག་ལེན་དུ་བསྡེབས་པ་དམ་རྫས་རཀྟའི་སྒྲུབ་ཚུལ་དང་། མཁའ་སྤྱོད་སིདྡྷུ་རའི་སྒྲུབ་ཚུལ་གཉིས་པོ་ཀུན་མཁྱེན་བླ་མ་འཇམ་དབྱངས་མཁྱེན་བརྩེས་མཛད་པ། དམ་ཅན་སྡེ་དགུའི་སྲོག་འཁོར་དང་བླ་རྡོའི་མན་ངག་དགེ་སྦྱོང་བློ་གསལ་རྒྱ་མཚོས་བསྒྲིགས་པ་ལ་སོ་སོའི་གཞུང་མཐུན་གྱི་ལག་ལེན་གསལ་བྱེད་དང་ཉེར་མཁོ་འགའ་ཞིག་གི་ཁ་སྐོང་བྱས་པ། སྒྲུབ་མཆོད་སྐོང་རྫས་སོགས་ཀྱི་གསལ་བྱེད། རིག་འཛིན་སྲོག་སྒྲུབ་ལས་བྱུང་བའི་དམ་སྲི་མནན་པ། བདུད་འདུལ་གཏེར་བྱོན་སྤྲུལ་སྐུ་སྙིང་ཐིག་གི་ཐེམས་མེད་སྡེ་ཚན་བྱུར་སྲི་དམ་སྲི་མནན་པ། སྒབ་འདྲེ་དམ་སྲི་བཙན་ཐབས་སུ་མནན་པ་ལ་ཆེས་ཟབ་པ་གནམ་ཆོས་མ་ཧཱ་བ་ལའི་བཀའ་གཏད། དེའི་སྒྲུབ་ཐབས་གཏེར་གཞུང་དང་། ལག་ལེན་གསལ་བྱེད། གོད་མནན་རི་རབ་སྟོབས་བརྗིད་བཅས་ཆགས་མེད་རིན་པོ་ཆེས་མཛད་པ་ལུང་ཀརྨ་བསོད་ནམས་ལས་སོ། །ནོར་ལྷ་སྤྱིའི་སྒབ་འདྲེ་མནན་པ་པད་གླིང་གཏེར་མ་རྙིང་མ་བཀའ་མའི་གདམས་པ་མཚོན་འཁྲུགས་དང་ཕུང་སྲི་མནན་པ། ལུང་བརྒྱུད་ནི། གནུབས་ཟུར་ནས་རིམ་པར་བརྒྱུད། སྒྲོལ་སྟོན་ཆོས་ཀྱི་རྒྱལ་མཚན། ཀུན་མཁྱེན་བླ་མ། དེ་ལས་སོ། །ཞིང་སྐྱོང་དམ་ཅན་གཉིས་ཀྱི་སྒབ་འདྲེ་མནན་པ་ཆགས་མེད་གསུང་། ལུང་བསྟན་འཛིན་རྒྱ་མཚོ། རྟོགས་ལྡན་དཀོན་མཆོག་རྒྱལ་མཚན། མཁྱེན་བརྩེའི་དབང་པོ་ལས་སོ། །རོལ་རྡོར་གཏུམ་པོའི་ལས་མཐའ་སྒབ་འདྲེ་མནན་ཐབས་གདུག་པ་ཐར་མེད་ལས་ཀྱི་བཙོན་ཁང་། དགོངས་གཏེར་སྒབ་འདྲེ་མནན་པ། རད་གླིང་ཕུར་པ་ཡང་གསང་བླ་མེད་ཀྱི་ཐེམས་བྱང་ས་བཅད་དྲུག་པ་ལས་ཕྲན་སྐོར་ལས་ས་དཔྱད་རྟེན་འབྲེལ་གྱི་ཆེ་བ། རོལ་རྡོར་བྲག་གཏེར་ཐེམས་མེད་ལས་སྒྲུབ་གནས་སྤྱིའི་ས་དཔྱད། སྒྲུབ་ཁང་མཆོད་རྟེན་སོགས་སྤྱི་ལ་མཁོ་བའི་ས་ཆོག་ཆགས་མེད་གསུང་།ལུང། དཀོན་རྒྱལ། མཁྱེན་བརྩེ་རིན་པོ་ཆེ་ལས་སོ། །ས་བདག་ལྟོ་འཕྱེ་བརྟག་པ་དང་དེ་ལ་མཆོད་པའི་ཆོ་ག་ཆོས་ཀྱི་གྲགས་པས་མཛད་པ། རཏྣའི་གཏེར་ཕྲན་དཀྱིལ་འཁོར་འགྲེལ་ཆུང་གསེར་གྱི་ཡང་ཞུན། འདིའི་ལུང་རྒྱུན་འོག་གི་ཕྱག་ཆེན་ཉི་སྙིང་དང་མཚུངས། དཀྱིལ་འཁོར་སྤྱིའི་ཐིག་ཚོན་གྱི་བྱ་བ་རབ་གསལ་ཀུན་དགའ་རྩ་འགྲེལ་ལོ་ཆེན་དྷརྨ་ཤྲཱིས་མཛད་པ། འདི་ལ་རྩ་བའི་ལུང་བརྒྱུད་འགྱུར་མེད་སྐལ་བཟང་ནས་བརྒྱུད་པ་དེ་རྩིས། བསྟན་འཛིན་འཕེལ་རྒྱས། སྨོན་ལམ་དབང་རྒྱལ་ནས་ནོས། འགྲེལ་པ་ལ་ལུང་རྒྱུན་མི་སྣང་ཡང་ཉེར་མཁོའི་ཆེད་དུ་བཀོད། རཏྣ་གླིང་པའི་གཏེར་བྱོན་རྩ་གསུམ་སྤྱིའི་མཆོད་ཕྲིན་ནམ་མཁའི་སྙིང་པོས་མཛད་པ། འདི་ཐུགས་སྒྲུབ་ཡང་འདུས་ཀྱི་བསྡེབས་སུ་འཁོད་པས་ལུང་རྒྱུན་དེ་དང་འདྲ། གནམ་ཆོས་རྩ་གསུམ་སྤྱིའི་ལས་བྱང་། ལྷ་མོ་སྤྱིའི་ལས་བྱང་། རོལ་རྡོར་གྱིས་མཛད་པའི་རྩ་གསུམ་སྤྱིའི་ལས་བྱང་། མཆོག་གླིང་ཟབ་པ་སྐོར་བདུན་གྱི་ཕྲིན་ལས་སྤྱི་ལ་དགོས་པའི་སྔོན་འགྲོའི་སྤྱི་ཆིངས་དང་། མཇུག་གི་སྤྱི་ཆིངས། རྩ་གསུམ་སྤྱིའི་སྒྲུབ་ཆེན་ཁོག་དབུབ། བསྙེན་སྒྲུབ་སྤྱིའི་བར་གཅོད་ཉུ་ལེ་སྐྲོད་པའི་གཉེན་པོ་དང་ལས་ཀྱི་ཕོ་ཉ་ཀུན་ཐུབ་རྒྱལ་མོའི་དབང་། དེའི་སྒྲུབ་ཐབས་བཅས་གནམ་ཆོས་གཏེར་གཞུང་། རིག་འཛིན་སྲོག་སྒྲུབ་ལས་བྱིན་འབེབས་མེ་ཏོག་ཆར་སིལ། རོལ་རྡོར་བྲག་གཏེར་རྩ་གསུམ་སྤྱིའི་བྱིན་འབེབས། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་བཟང་པོའི་བཀའ་ཐོར་བུའི་སྐོར་ལས་བྱུང་བའི་ཆོས་སྤྱོད་ལམ་རིམ་ཆེན་མོ། ལུང་བརྒྱུད་ནི། ཀུན་མཁྱེན་དྲི་མེད་འོད་ཟེར། བདེ་ལེགས་རྒྱ་མཚོ། མ་ཏི་མངྒ། ཡོན་ཏན་དཔལ་བ། སྤྲུལ་སྐུ་བསམ་གྲུབ་རྒྱལ་པོ། ནམ་མཁའ་གཞོན་ནུ། མཁའ་ཀློང་ཡངས་པ། སྨན་རྩེ་བ་མ་ཏི་དྷྭ་ཛ། སྣ་ཚོགས་རང་གྲོལ། ཡན་པ་བློ་བདེ། པདྨ་ཕྲིན་ལས། ཚུལ་ཁྲིམས་རྡོ་རྗེ། པདྨ་མ་ཏི། པདྨ་རྡོ་རྗེ། ཀུན་བཟང་ཁྱབ་བརྡལ་ལྷུན་གྲུབ། ཀུན་བཟང་ཕྲིན་ལས་རྣམ་རྒྱལ། རྡོ་རྗེ་དཔའ་བོ། ཀུན་གྲོལ་རྣམ་རྒྱལ། རིག་འཛིན་བཟང་པོ། བསྟན་འཛིན་ཆོས་རྒྱལ། ཀུན་གཟིགས་བསྟན་འཛིན་འཕེལ་རྒྱས། དེས་བདག་ལའོ། །ནང་གི་ཆོས་སྤྱོད་ཀྱི་རིམ་པ་བྱང་ཆེན་སྤྱོད་པའི་སྒྲོན་མེ་དང་། ཐུན་དྲུག་ཏུ་སྡོམ་པ་གསུམ་གྱི་བསླབ་བྱ་སྐྱོང་ཚུལ་གཉིས་ལོ་ཆེན་དྷརྨ་ཤྲཱིས་མཛད་པ་རྣམས་སོ། །དེའི་ལུང་བརྒྱུད་ནི། ལོ་ཆེན། པདྨ་འགྱུར་མེད་རྒྱ་མཚོ། རིན་ཆེན་རྣམ་རྒྱལ། པདྨ་བསྟན་འཛིན། ཕྲིན་ལས་རྣམ་རྒྱལ། ཕྲིན་ལས་ཆོས་སྒྲོན། རྗེ་བླ་མ་མཁྱེན་བརྩེ་རིན་པོ་ཆེ། དེ་ལས་སོ། ༈ །གསུམ་པ་ཐུན་མཚམས་སུ་བྱ་བ་གཏོར་མའི་ཆོ་ག་ལ། རིག་འཛིན་གཏེར་བདག་གླིང་པས་མཛད་པའི་རྩ་གསུམ་དམ་ཅན་སྤྱིའི་གཏོར་ཆོག་དང་། བཀའ་བརྒྱད་བདེར་འདུས་ཀྱི་གཞུང་སོར་བཞག་སྤྱི་འགྲོའི་ཆ་གསུམ་བསྡུས་པ། ཆོས་དབང་གཏེར་བྱོན་མ་ནིང་རྒྱུན་གསོལ། བྱང་ལུགས་བཀའ་སྲུང་བསྡུས་མཆོད། རྫོགས་ཆེན་བཀའ་སྲུང་། དྲག་པོ་སུམ་བསྒྲིལ་ལས་བྱང་ཚེ་ནོར་གསུང་། རཏྣའི་ཐུགས་སྒྲུབ་གསང་འདུས་གྲལ་དུ་བཞུགས་པའི་དམ་ཅན་སྡེ་བདུན་གསོལ་མཆོད་ཉིད་མཛད། འདུས་པ་སྐོར་བཞིའི་བཀའ་སྲུང་གསོལ་བསྡུས་ཆགས་མེད་གསུང་། བཻ་རོའི་སྐུ་སྤྲུལ་རྩེ་ལེ་སྣ་ཚོགས་རང་གྲོལ་གྱིས་མཛད་པའི་རྩ་གསུམ་གཏོར་འབུལ་ཕྲིན་ལས་མྱུར་འགྲུབ། ལུང་བརྒྱུད། མཛད་པ་པོ་ནས། སྒམ་པོ་པ་བཟང་པོ་རྡོ་རྗེ། བསྟན་པ་དར་རྒྱས། ཨོ་རྒྱན་བློ་གྲོས། ཨོ་རྒྱན་བསྟན་འཛིན། མདོ་སྔགས་བསྟན་འཛིན། ངག་དབང་བློ་གྲོས། དེ་ལས་སོ། །གནམ་ཆོས་གཏེར་གཞུང་རྩ་གསུམ་སྤྱིའི་གཏོར་བསྔོ། ནོར་ལྷ་སྤྱི་གཏོར་ལ་ཆགས་མེད་ཁ་བསྐང་ཅན། གཞི་བདག་དཀར་གཏོར། ཐུགས་དམ་ནང་གི་གཏོར་བསྔོས་ཆགས་མེད་མཛད་པ་ལུང་ཀརྨ་བསོད་ནམས་ལས་སོ། །སྟག་ཤམ་ལུགས་ཀྱི་རྩ་གསུམ་གཏེར་སྲུང་སྤྱིའི་གཏོར་འབུལ་ཆོས་རྗེ་གླིང་པས་མཛད་པ། ལུང་བརྒྱུད་ཡི་དམ་དགོངས་འདུས་དང་འདྲ། རོལ་རྡོར་བྲག་གཏེར་གཏེར་སྲུང་སྤྱིའི་གཏོར་འབུལ་ཉིད་མཛད། མཆོག་གྱུར་གླིང་པས་མཛད་པའི་གཏོར་འབུལ་ཉུང་བསྡུས། གཏོར་འབུལ་ཁྱེར་བདེ་རིག་འཛིན་དགའ་སྟོན་བཅས། ༈ བཞི་པ་སྔགས་ཀྱི་ཀུན་ཏུ་སྤྱོད་པ་དང་འབྲེལ་བའི་གཙོ་བོ་ཚོགས་ཀྱི་འཁོར་ལོ་ནི། རྩ་གསུམ་སོ་སོའི་ཕྲིན་ལས་དང་འབྲེལ་བ་ཇི་སྙེད་ཅིག་བཞུགས་པ་ལས་འདིར་སྤྱིར་བཏང་། གྲོལ་ཏིག་ལས་རང་ལུས་ཨ་ནུའི་ཚོགས་མཆོད། ཚོགས་བརྒྱ་གཏོང་བའི་ལག་ལེན། རིག་འཛིན་རྡོ་རྗེ་ཚེ་དབང་ནོར་བུ་ལ་དཔལ་སྔགས་ཀྱི་སྲུང་མས་རྗེས་སུ་གདམས་པ་ལྟར་མཛད་པའི་རྡོར་སེམས་ཚོགས་མཆོད་བདུད་རྩི་སྙིང་པོ། བརྒྱུད་པ་མཛད་པ་པོ་ནས། རྡོ་རྗེ་གཙུག་ལག་དགའ་བ། ཐུགས་ཀྱི་རྡོ་རྗེ། ཚེ་དབང་པདྨ་ནོར་བུ། ཀརྨ་ཐེག་མཆོག་བསྟན་འཕེལ། དེས་སོ། །ཚིག་བདུན་ཚོགས་མཆོད་རྗེ་རིན་པོ་ཆེ་པདྨ་ཉིན་བྱེད་དབང་པོས་མཛད་པ། རིག་འཛིན་ཡོལ་མོ་བ་ཆེན་པོས་རྗེ་བླ་མ་ལ་དག་སྣང་དུ་བསྩལ་པའི་ཚོགས་མཆོད་ཀ་ཕྲེང་མ། རྡོ་རྗེ་གླིང་པའི་ཟབ་གཏེར་འདུས་པ་སྐོར་བཞི་ལས་བཀའ་འདུས་རིན་ཆེན་གཏེར་སྤུངས་ཀྱི་ཆོས་སྡེ་རྩ་གསུམ་སྤྱིའི་སྐོང་བསྡུས། བརྒྱུད་པ་ནི། ཨོ་རྒྱན་ཡབ་ཡུམ། བཻ་རོ། རྡོར་གླིང་། བཀྲ་ཤིས་འབྱུང་གནས། ཆོས་ཉིད་རང་གྲོལ། བསྟན་པའི་རྒྱལ་མཚན། བསོད་ནམས་མཚན་ཅན། འཁྲུལ་ཞིག་རྒྱལ་བ། འཛམ་གླིང་གྲགས་པ། པདྨ་གྲགས་པ། ལུང་རིགས་རྒྱ་མཚོ། བསྟན་འཕེལ་རྒྱ་མཚོ། གཞན་ཕན་རྣམ་རོལ། འགྱུར་མེད་རྡོ་རྗེ་ནས་རིམ་པར་བརྒྱུད། རྗེ་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །རིག་འཛིན་ཚེ་དབང་ནོར་བུས་སྤྱི་སྐོང་ལུགས་སྲོལ་འདྲ་མིན་བདུན་གྱི་ནང་ནས་བདུད་འདུལ་ནུས་ལྡན་རྡོ་རྗེའི་གསུང་ལ་གཞི་བླངས་ཏེ་མཛད་པ་ལ་གཙུག་ལག་དགའ་བས་ཁ་བསྐངས་པའི་རྩ་གསུམ་སྤྱི་སྐོང་རིན་ཆེན་ཕྲེང་བ། ལུང་བརྒྱུད། རིག་འཛིན་ཆེན་པོ། ཆོས་ཀྱི་འབྱུང་གནས། དབང་གི་རྡོ་རྗེ། པདྨ་ཉིན་བྱེད་དབང་པོ། ཐེག་མཆོག་བསྟན་འཕེལ། དེ་ལས་སོ། །བྱང་གཏེར་བཀའ་བརྒྱད་རང་ཤར་ཆོས་སྡེ་ལས་འབྱུང་བའི་ན་རཀ་སྐོང་བཤགས་ཞི་ཁྲོ་བཀའ་བརྒྱད་སྤྱི་ལ་འཇུག་པ། དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས་ཁོལ་དུ་ཕྱུང་པ་བརྗོད་མེད་དོན་གྱི་བཤགས་པ། འདི་ཉིད་སྒྲུབ་དཀྱིལ་མང་པོའི་བསྡེབས་སུ་བཀོད་པ་དང་། སངས་གླིང་དང་ཀར་གླིང་གཏེར་མའི་བཤགས་རྒྱུད་ཀྱང་ཐོས་མོད་ཀྱི་གཙོ་བོ་བཀའ་མ་ལྟར་ན། ཀུན་བཟང་། རིགས་ལྔ། རིགས་གསུམ། ཕྱག་རྡོར། བློ་གྲོས་ཐབས་ལྡན། ཀུ་ཀུ་རཱ་ཛ། རྒྱལ་པོ་ཛཿ ཨིནྡྲ་བྷཱུ་ཏི། གོ་མ་དེ་བཱི། ཤཱཀྱ་པུ་ཏྲཱི། རཱ་ཛ་ཧསྟི། ཧཱུྃ་ཀ་ར། བུདྡྷ་ཀུནྡྷི། པྲ་ཧསྟི། རྡོ་རྗེ་བཞད་པ། སྡྱི་ར་མ་ཏི། ར་གི་ནཱ་ག །བྲམ་ཟེ་ཉི་མ། ཀརྟི་པདྨ། བྲམ་ཟེ་ཚངས་པ། ལྕེ་བཀྲ་ཤིས། ཁྱུང་པོ་དབྱིག་འོད། འཇམ་དཔལ་ཡེ་ཤེས། སྣང་དཔལ་ལྷ། ལྷ་རྗེ་རྒྱལ་བ་བྱང་ཆུབ། ལྕེ་བྱང་ཆུབ་ཤེས་རབ། ཡར་བློ་གྲོས། རྒྱལ་བའི་སྙིང་པོ། གླན་གྲགས་པ་རྒྱལ་མཚན། གླན་རྡོར་འོད། སྟོང་རིན་ཆེན་ལྷུན་པོ། གླན་བྱང་ཆུབ། དགའ་དཔལ་གྲགས། ལྷ་རྗེ་རྒྱལ་བ། ལྕམ་སྒོམ་པ། སྦས་སྟོན་པ། གྲུ་གུ་སྨོན་ལམ་སེང་གེ །སྦས་གཞོན་ནུ་རིན་ཆེན། བླ་མ་བསམ་འཕེལ། འགོས་དངོས་གྲུབ་མགོན། བླ་མ་ཤཱཀྱ་རྒྱལ་མཚན། བླ་མ་དཔལ་བཟང་པ། རྡོ་ཐོག་པ་རྡོ་རྗེ་རྒྱལ་མཚན། གཉལ་པ་བདེ་ལེགས་པ། འཇམ་དབྱངས་བཤེས་གཉེན། ཆོས་དཔལ་རྒྱལ་མཚན། བསམ་གཏན་བཟང་པོ། གཏེར་སྟོན་རཏྣ་གླིང་པ། ཚེ་དབང་གྲགས་པ། ངག་དབང་གྲགས་པ། ངག་དབང་ནོར་བུ། ནོར་བུ་ཡོངས་གྲགས། ནོར་བུ་དབང་རྒྱལ། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། ཚུལ་ཁྲིམས་རྒྱལ་མཚན། འགྱུར་མེད་རྡོ་རྗེ། རིན་ཆེན་རྣམ་རྒྱལ། ཨོ་རྒྱན་བསྟན་འཛིན་རྡོ་རྗེ། རྡོར་འཛིན་འགྱུར་མེད་བསྟན་འཛིན། རྗེ་བཙུན་མ་ཕྲིན་ལས་ཆོས་སྒྲོན། འགྱུར་མེད་མཐུ་སྟོབས་རྣམ་རྒྱལ། དེས་བདག་ལའོ། །གྲོལ་ཏིག་ལས་ཆོས་ཉིད་ཀློང་བཤགས། རོལ་རྡོར་བྲག་གཏེར་ཐེམས་མེད་ལས་དམ་ཚིག་ཉམས་ཆག་གསོ་བའི་ཐབས་ཁྱད་པར་འཕགས་པ་སྐོང་བཤགས་ཉེས་པ་ཀུན་སེལ་འཁོར་བ་དོང་སྤྲུགས། དེའི་ཟིན་བྲིས་གཏེར་དབོན་གྱིས་མཛད་པ་བཅས་སོ། ༈ །ལྔ་པ་གསོན་པོའི་དོན་ཏུ་རྟེན་གསུམ་རབ་དུ་གནས་པའི་སྐོར་ལ། སྔ་འགྱུར་གྱི་རྒྱུད་དོན་ལག་ལེན་ཏུ་དྲིལ་བའི་ལེགས་བཤད་ཁྱད་པར་འཕགས་པ་རབ་ཏུ་གནས་པའི་ཆོ་ག་རྒྱས་པ་དགེ་ལེགས་འདོད་འཇོ། ཡོན་བདག་བསྒོ་བའི་གཏོང་ཐུན། དེ་ཉིད་སྙིང་པོར་དྲིལ་བ། རབ་གནས་ཀྱི་ལག་ལེན་ལེགས་བཤད་རོལ་མཚོ་བཅས་ཆོས་རྒྱལ་གཏེར་བདག་གླིང་པས་མཛད་པ། རབ་གནས་བསྡུས་པ་དགེ་ལེགས་ཆར་འབེབས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་མཛད་པ། དེའི་ཆ་ལག་བདེ་གཤེགས་སྤྱི་བསྟོད་དང་། རྫས་བརྒྱད་བཀྲ་ཤིས་བཅས། ཨརྒྷའི་ཆོ་ག་ཡེ་ཤེས་རབ་འབར་ཆོས་སྡེ་ལས་བྱུང་བ། གཏེར་མའི་ཕྱོགས་ལ་བཀའ་དགོངས་དང་བྱང་གཏེར་གཙོ་བོར་གྱུར་པ་རབ་གནས་ཀྱི་ཆོ་ག་རྒྱས་བསྡུས་དང་ལག་ལེན་གྱི་ཁྱད་པར་རྣམ་དབྱེ་མི་འདྲ་བ་མང་བས་སོ་སོའི་བརྒྱུད་འཛིན་རྣམས་ལ་ཕྱག་ལེན་རྣམ་པར་གསལ་ཡང་འདིར་སྡུད་པར་མ་ནུས་ན། སྔ་འགྱུར་གསང་བ་སྤྱི་ལ་འཇུག་པ་ནི་འདིར་བཀོད་པ་རྣམས་སོ། ༈ །དྲུག་པ་གཤིན་པོའི་དོན་དུ་གནས་ལུང་དཔྱངས་ཐག་གི་མན་ངག་ལ། སྤྱིར་སྔ་འགྱུར་བཀའ་མ་དོང་སྤྲུགས་ལུགས་ཀྱི་ངན་སོང་གནས་སྦྱོང་། རྫོགས་པ་རང་བྱུང་གི་རྒྱུད་ལས་གསུངས་པའི་རིགས་དྲུག་གནས་འདྲེན་ཀུན་མཁྱེན་ཀློང་ཆེན་པས་ཐེག་མཆོག་མཛོད་དུ་རྒྱས་པར་བཀྲལ་བ་གཏེར་མ་རྣམས་ལ་ཟུར་མི་འདྲ་བ་མང་ཡང་གཙོ་བོ་ཞི་ཁྲོ་དང་ཐུགས་རྗེ་ཆེན་པོའི་སྐོར་ལས་འབྱུང་བའི་རིགས་དྲུག་གནས་འདྲེན་གྱིས་མཚོན། ཁྱད་པར་ཆེ་བའི་ཆོ་ག་གསུམ་དུ་ཡོད་ལ། ཕྱིས་ཀྱི་གནས་ལུང་སྤྱིའི་ལག་ལེན་ཕལ་ཆེར་གསར་མའི་སྦྱོང་རྒྱུད་ལས་གསུངས་པའི་སྡིག་སྦྱོང་སྒོ་དྲུག་སོགས་དང་མཐུན་རུང་དུ་བསྡེབས་པ་མང་བ་ལས་འདིར་སྤྱིར་བཏང་གཤིན་པོ་རྗེས་འཛིན་གྱི་ཆོ་ག་ཐར་པའི་མྱུར་ལམ་དང་། བར་དོའི་ངོ་སྤྲོད་ཐོས་པས་རྣམ་གྲོལ་བཅས་སྨིན་གླིང་གཏེར་ཆེན་གསུང་། དེའི་ལྷན་ཐབས་རིགས་དྲུག་གནས་སྦྱོང་མདོར་བསྡུས། གནམ་ཆོས་གསོན་སྦྱང་བཞུ་ཐབས། ཡི་དམ་སྤྱི་ལ་སྦྱར་དུ་རུང་བའི་ཤི་ཤོག་གསོན་ཤོག་ཆགས་མེད་གསུང་། འདིའི་ལུང་རྒྱུན་གསང་སྔགས་ལས་སོ། །བྱང་ཆུབ་གླིང་པ་དཔལ་རྒྱལ་མཚན་གྱི་ཟབ་གཏེར་ཀུན་བཟང་ཐུགས་གཏེར་གྱི་ནང་རྭ་སྐོར་སྒྲོན་མ་དྲུག་གི་དང་པོ་ལས་བྱུང་བ་གནས་ལུང་སྤྱི་ལ་སྦྱར་དུ་རུང་བའི་གྲི་འགྲོལ་གསང་བའི་མན་ངག །སྦུབས་བཤིགས་ལོག་པ་མཐའ་སེལ། ལུང་བརྒྱུད་ནི། ཨོ་རྒྱན། ནམ་སྙིང་། གཏེར་སྟོན། སྲས་བསམ་གྲུབ་རྡོ་རྗེ་སོགས་གོང་གི་ཡིད་བཞིན་འཁོར་ལོ་ལྟར་ལ། ཀུན་གཟིགས་མཁྱེན་བརྩེ་ལས་སོ། །ལྷོ་བྲག་གྲུབ་ཆེན་གྱི་གྲི་སྲི་གཅོད་པའི་གདམས་པ། རད་གླིང་ཐུགས་གསང་ལས་འབྱུང་བའི་གྲི་འགྲོལ་ཉུང་ངུ་ཆགས་མེད་གསུང་། ལུང་གནས་མདོ་སྨད་བརྒྱུད་ལྟར་ལ་ཐེག་མཆོག་བསྟན་འཕེལ་ལས་སོ། །གཤིན་པོ་འདྲེར་མི་འོང་བ། གདུང་ཆོག་དང་ཕུང་པོ་སྲེག་སྦྱོང་སཱཙྪ་སྒྲུབ་གཤེགས་སོགས་ལ་ཉེར་མཁོའི་ཡི་གེ་མདོར་གསལ་ཀུན་ཕན་བདུད་རྩི། འདྲེན་མཆོག་རྣམས་ཀྱི་སྐུ་གདུང་ལ་མཆོད་པ་བྱ་ཚུལ་བཅས་སོ། །གཞན་ཡང་བཀའ་བརྒྱད་སོགས་ལས་འབྱུང་བའི་འདུལ་བ་གྲིའི་ལུང་སོགས་ཀྱང་གཙོ་བོར་སྐབས་འདིའི་ཁོངས་སུ་འདུ་ཞིང་། ཕྱིས་ཀྱི་མཆོག་གླིང་ཟབ་བདུན་ཕུར་པའི་ཆ་ལག་གྲི་འདུལ་ཟབ་ལ་ཁྱེར་བདེར་བཞུགས་པ་ལག་ལེན་གསལ་བར་བྱུང་ན་སྡུད་པར་འོས་སོ། ༈ །བདུན་པ་ལས་རབ་འབྱམས་མཐར་ཕྱིན་པར་བྱེད་པ་སྦྱིན་སྲེག་གི་སྐོར་ལ། བཀའ་མ་རྒྱུད་ལུང་རྣམས་དང་གཏེར་མ་བཀའ་དགོངས་དང་གཤེད་སྐོར་སོགས་ལས་སྲེག་བླུགས་ཀྱི་ལག་ལེན་འདྲ་མིན་དང་ཁྱད་པར་གྱི་རྣམ་གཞག་མང་དུ་འབྱུང་བ་ནི་སོ་སོའི་གཞུང་ལས་རྟོགས་པར་བྱ་དགོས་ཤིང་། འདིར་གསང་བ་སྤྱིའི་ཆོ་ག་སྨིན་གླིང་གཏེར་ཆེན་རིན་པོ་ཆེས་མཛད་པའི་ཞི་རྒྱས་སྦྱིན་སྲེག་དངོས་གྲུབ་རྒྱ་མཚོ། དེ་ལ་ལྟོས་པའི་དབང་དང་དྲག་པོའི་སྒྱུར་ཁ། རཏྣའི་ཀློང་གསལ་སྙིང་ཐིག་ལས་བྱུང་བའི་རྒྱུན་གྱི་མེ་མཆོད། རྡོར་སེམས་རྫས་གཅིག་སྦྱིན་སྲེག་རིག་འཛིན་རྟ་མགྲིན་མགོན་པོས་མཛད་པ། ལུང་རྒྱུན། ཧ་ཡ། ཐེག་མཆོག །ཀཾ་ནོར་བུ། དེ་ལས་སོ། །རྫས་གཅིག་ལ་བརྟེན་པའི་ལས་བཞིའི་མེ་མཆོད། གནམ་ཆོས་མེ་ལྷའི་བཀའ་གཏད། དགོངས་གཏེར་གཞུང་གསལ་བྱེད། སྦྱིན་སྲེག་སྤྱིའི་ལག་ལེན་རྣམ་འབྱེད་མདོར་བསྡུས་བཅས། དེ་ལྟར་བསྙེན་སྒྲུབ་སྤྱིའི་ཡན་ལག་ཏུ་བཀོད་པའི་ལེ་ཚན་རྣམས་ཀྱི་བརྒྱུད་པ་དམིགས་བསལ་མེད་པ་རྣམས་གཏེར་ཁ་སོ་སོའི་རྩ་བའི་དབང་ལུང་གོང་སྨོས་རྣམས་དང་འདྲ། ཆོས་གྲགས་དང་སྨིན་གཏེར་གསུང་བཀའ་འབུམ་སྤྱི་བརྒྱུད་ཁོ་ན་དང་། གནམ་ཆོས་དཔལ་ཡུལ་སྤྱི་བརྒྱུད་གསང་སྔགས་བསྟན་འཛིན་ལས་ཞུས། ཆགས་མེད་གསུང་རྣམས་བརྒྱུད་པ་སྣ་ཚོགས་ལས་བྱུང་བར་སྣང་། རྗེ་པདྨ་དང་གཏེར་ཆེན་རྣམ་གཉིས་གསུང་དངོས་ལས་ཐོབ་པའོ། ༈ །གཉིས་པ་བྱེ་བྲག་ཕྲིན་ལས་བཞི་དང་འབྲེལ་བའི་ལས་ཀྱི་ཚོགས་རབ་འབྱམས་ལ། སྤྱིར་ལས་ཀྱི་ངོ་བོ་ནི། སྒྱུ་འཕྲུལ་ཐུགས་ཐིག་ལས། ཕྱི་རོལ་ཚད་མེད་ཉིད་ལས་བཞི། ཞེས་གསུངས་པ་ལྟར། ཡུལ་གྱི་ཁྱད་པར་གཙོ་བོར་གཞན་དོན་ལ་དམིགས་པ། རྒྱུའི་ཁྱད་པར་ཚད་མེད་པ་བཞིའི་སྦྱོར་བ་ལས་བྱུང་བ། ངོ་བོའི་ཁྱད་པར་ཤེས་རབ་ཆེན་པོའི་རྩིས་ཟིན་པ། བྱེད་ལས་ཀྱི་ཁྱད་པར་ཐབས་མཁས་ཀྱི་མཛད་པས་སངས་རྒྱས་ཀྱི་ཕྲིན་ལས་ཡོངས་སུ་རྫོགས་པར་སྒྲུབ་པའོ། །ངེས་ཚིག་ནི། ཀརྨ་ཞེས་པའི་སྒྲ་ལས་དྲངས་ན་བྱེད་པ་པོའི་སྒོ་གསུམ་གྱི་ལས་ཀྱིས་དོན་དུ་གཉེར་བྱ་ལ་སྦྱོར་བར་བྱེད་པས་ན་དེ་སྐད་ཅེས་བྱའོ། །དབྱེ་ན། དཔལ་གསང་བ་སྙིང་པོའི་རྒྱུད་ཕྱི་མ་ལས། ཞི་བ་ལ་སོགས་རབ་དབྱེ་བས། །ལས་ནི་རྣམ་པ་བཞིར་བསྡུས་སོ། །ཞེས་ཞི་རྒྱས་དབང་དྲག་གི་ལས་བཞི་དང་། སྔ་མ་ལ་སྲུང་བ་དང་ཞི་བ་གཉིས་སུ་དབྱེ་བས་རྣམ་པ་ལྔ་སྟེ། དེ་ལའང་ཐུན་མོང་དང་མཆོག་གི་ཁྱད་པར་གྱིས་དབྱེ་ན་གཉིས་གཉིས་སུ་གནས་པ་ཡིན་ལ། བྱ་བའི་ཐབས་ཀྱང་སྙིང་པོའི་འགྲེལ་པ་ཁོག་གཞུང་ལས། མཆོད་རྟེན་ཕྱག་རྒྱའི་སྒོ་དང་ནི། །ཧོམ་བྲོ་གླུ་དང་རྫས་ཀྱིས་བྱ། །ཞེས་མཆོད་རྟེན་སྒྲུབ་པ་དང་། ཕྱག་རྒྱ་བཅའ་ཞིང་བསྒྱུར་བ་དང་། ཧོམ་སྟེ་སྦྱིན་སྲེག་དང་། ལས་ཀྱི་མཐའ་སྡུད་བྲོ་གར་གླུ་ཚིག་བཅས་པ་དང་། རྫས་ཏེ་ལིང་གའི་སྒོ་ནས་སྒྲུབ་པ་རྣམས་གསུངས་ཤིང་། དེས་མཚོན་ཏེ་འཁྲུལ་འཁོར་དང་། སྨན་དང་། སྔགས་དང་། རྟེན་འབྲེལ་དང་། ཏིང་ངེ་འཛིན་གྱི་སྒོ་ནས་བསྒྲུབ་པ་སོགས་མཐའ་ཡས་པ་རྣམས་སོ། །དེ་ལ་འདིར་རེ་ཞིག་ལས་ཐམས་ཅད་མཆོག་དང་ཐུན་མོང་གི་ཕྲིན་ལས་གཉིས་སུ་འདུ་བའི་དབང་དུ་བྱས་ཏེ། ཐོག་མར་མཆོག་གི་ཕྲིན་ལས། བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་ཆོས་སྡེ་ལས་འབྱུང་བའི་བཏགས་གྲོལ་གྱི་དབང་། དེའི་རྒྱབ་ཡིག་ཡིད་བཞིན་ལྷུན་གྲུབ། བརྒྱུད་པ་ནི། ཀུན་བཟང་ཡབ་ཡུམ། ཞི་ཁྲོ་རབ་འབྱམས། རྡོ་རྗེ་འཆང་། རྡོར་སེམས། ཕྱག་རྡོར། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིཾ་ཧ། ཛྙཱ་ན་སཱུ་ཏྲ། བི་མ་ལ་མི་ཏྲ། པདྨཱ་ཀ་ར། ཁྲི་སྲོང་ལྡེའུ་བཙན། ཏིང་འཛིན་བཟང་པོ། ལྡང་མ་ལྷུན་རྒྱལ། སེང་གེ་དབང་ཕྱུག །རྒྱལ་བ་ཞང་སྟོན། མཁས་པ་ཉི་འབུམ། གུ་རུ་ཇོ་འབེར། སེང་གེ་རྒྱབ་པ། མེ་ལོང་རྡོ་རྗེ། ཀུ་མཱ་རཱ་ཛ། ཀློང་ཆེན་རབ་འབྱམས། ཁྱབ་བརྡལ་ལྷུན་གྲུབ། གྲགས་པ་འོད་ཟེར། སངས་རྒྱས་དབོན་པོ། ཟླ་བ་གྲགས་པ། ཀུན་བཟང་རྡོ་རྗེ། རྒྱལ་མཚན་དཔལ་བཟང་། སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། མདོ་སྔགས་བསྟན་འཛིན། ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ། རིན་ཆེན་རྣམ་རྒྱལ། ཨོ་རྒྱན་བསྟན་འཛིན་རྡོ་རྗེ། ཕྲིན་ལས་རྣམ་རྒྱལ། ཕྲིན་ལས་ཆོས་སྒྲོན། ཀློང་ཆེན་གསུམ་པ་རྡོ་རྗེ་གཟི་བརྗིད། དེ་ལས་བཀའ་དྲིན་དུ་ཐོབ་བོ། ཡང་ན། ཀུན་མཁྱེན་ཆོས་རྗེ་ནས། ཐར་པ་གླིང་པ། བྱ་བྲལ་ཆོས་རྗེ། སངས་རྒྱས་དབོན་པོ། ཡོན་ཏན་དཔལ་བ། སངས་རྒྱས་ཡེ་ཤེས། སངས་རྒྱས་རྒྱལ་མཚན། མ་ཏི་དྷྭ་ཛ། སྣ་ཚོགས་རང་གྲོལ་མན་སྔར་ལྟར་ལ། ཕྲིན་ལས་རྣམ་རྒྱལ་ནས། པདྨ་བསྟན་སྐྱོང་འགྱུར་མེད། དཔའ་བོ་གཙུག་ལག་ཆོས་རྒྱལ། ཨོ་རྒྱན་ཆོས་རྒྱལ། ཀརྨ་འཕེལ་རྒྱས། ཀརྨ་གཞན་ཕན་བསྟན་པ་དར་རྒྱས། དེས་བདག་ལའོ། །ལས་འབྲེལ་གཏེར་བྱོན་མཁའ་འགྲོ་སྙིང་ཏིག་ལས། བཏགས་གྲོལ་སྙིང་པོའི་རྒྱུད། གཅིག་ཤེས་ཀུན་གྲོལ། ཡང་ཏི་གསེར་གྱི་འབྲུ་གཅིག །སངས་རྒྱས་སྲས་གཅིག །རང་བྱུང་རིག་པ། འབྲས་བུ་ཆེན་པོའི་རྒྱུད་དྲུག་དང་། ཡང་ཏིག་ལས་འབྱུང་བའི་དབང་དང་མན་ངག་རིན་ཆེན་སྙིང་པོ་བཅས། བརྒྱུད་པ་གོང་མ་སྔར་ལྟར་ལས། ཤྲཱི་སིཾ་ཧ། ཨོ་རྒྱན་ཆེན་པོ། མཚོ་རྒྱལ། ཆོས་རྒྱལ། ལྷ་ལྕམ་པདྨ་གསལ། ལས་འབྲེལ་རྩལ། རྒྱལ་སྲས་ལེགས་པ། རྒྱལ་དབང་རང་བྱུང་ཞབས། གཡུང་སྟོན་རྡོ་རྗེ་དཔལ། རྗེ་རོལ་པའི་རྡོ་རྗེ། ཆོས་ཀྱི་རྡོ་རྗེ། ནམ་མཁའ་རྡོ་རྗེ། ཚུལ་ཁྲིམས་འབུམ། ཚུལ་ཁྲིམས་རྒྱལ་མཚན། ཕྲིན་ལས་ཕུན་ཚོགས། ཡེ་ཤེས་རྒྱལ་མཚན། ཀཿཐོག་པ། བྱང་སེམས་ཆེན་པོ། རྫ་ཡིག་ཚུལ་རྒྱལ། རྩེ་ལེ་རིག་འཛིན། ཐུགས་སྲས་རྒྱལ་མཆོག །ཕྲིན་ལས་མཚན་ཅན། ཀུན་བཟང་དཔལ་འབྱོར། མདོ་སྔགས་བསྟན་འཛིན། ཕྲིན་ལས་ལྷུན་གྲུབ། འགྱུར་མེད་རྡོ་རྗེ། ངག་དབང་ཀུན་དགའ་བསྟན་འཛིན། པདྨ་ལྷུན་གྲུབ། ཀརྨ་བདེ་ཆེན་སྙིང་པོ། བསྟན་འཛིན་རྣམ་དག །གར་དབང་ཆོས་སྐྱོང་བཟང་པོ། ཀརྨ་གཞན་ཕན་བསྟན་པ་དར་རྒྱས། དེས་བདག་ལའོ། །ཡང་ན། རྒྱལ་སྲས་ལེགས་པ་ནས། ཀློང་ཆེན་རབ་འབྱམས། ཡེ་ཤེས་རབ་འབྱམས། བསམ་གཏན་དཔལ། སྦྱིན་པ་བཟང་པོ། ཟབ་ལུང་སྤྲུལ་སྐུ །རྫོགས་ཆེན་པ་བསོད་ནམས་རིན་ཆེན། རྩེ་ལེ་རིག་འཛིན་རྣམ་རྒྱལ་ཕྱིན་ཆད་གོང་ལྟར་རོ། །དབང་གཉིས་ནི་ཀུན་མཁྱེན་བླ་མ་རྡོ་རྗེ་གཟི་བརྗིད་ལ་དགོངས་བརྡ་སྙན་བརྒྱུད་ཀྱི་བཀའ་བབས་གཅིག་འདུས་སུ་ནོས་པའོ། །བླ་མ་དགོངས་པ་འདུས་པའི་རྫོགས་ཆེན་གསེར་ཞུན་ལས་འབྱུང་བའི་བཏགས་གྲོལ་རྒྱུད་དཀར་པོ་གཅིག་ཐུབ་ཏུ་གྲགས་པ། དེའི་དབང་། ཙཀྲ་འབྲི་བའི་ཡིག་ཆུང་། དབང་ཆོག་དང་བཏགས་གྲོལ་སྤྱི་དོན་ལག་ལེན་གསལ་བྱེད་བཅས། བརྒྱུད་པ་གོང་གསལ་དབང་བརྒྱུད་ལྟར་རམ། སློབ་བརྒྱུད་ལྟར་ན། གཏེར་སྟོན་ནས། རྩ་བའི་ཆོས་བདག་བྱ་ཁྱུང་པ་དཔལ་ལྡན་སེང་གེ །བྱམས་ལྡན་ཆོས་རྒྱལ་བཀྲ་ཤིས། དཔལ་འབར་དབང་ཕྱུག །ངག་དབང་པདྨ་རྣམ་རྒྱལ། ཨོ་རྒྱན་དཔལ་འབྱོར། ནམ་མཁའ་འཇིགས་མེད། ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ། རིན་ཆེན་རྣམ་རྒྱལ། པདྨ་བསྟན་འཛིན། ཨོ་ཌཱི་ཡ་ན། ཕྲིན་ལས་རྣམ་རྒྱལ། དཔལ་འབྱོར་རྒྱ་མཚོ། ཀུན་མཁྱེན་བླ་མ་མཐུ་སྟོབས་རྣམ་རྒྱལ། དེ་ལས་སོ། །ཡང་དེ་ལས་བྱུང་བའི་གཞན་དོན་མཐོང་གྲོལ་འཁོར་བ་སུན་འབྱིན། ཙཀྲ་འབྲི་བའི་ཡིག་ཆུང་། འཁོར་ལོའི་ལག་ལེན་གསལ་བྱེད། ལུང་བརྒྱུད་སྔར་ལྟར། སྤྱི་ཁྱབ་བཏགས་གྲོལ་བཀླག་ཐབས་བཅས་སོ། །སྤྱིར་གསར་རྙིང་གི་རྒྱུད་སྡེ་གོང་འོག་ཐམས་ཅད་ལས་གཟུངས་སྔགས་ཟབ་མོ་བཅངས་པའི་ཕན་ཡོན་མཐའ་ཡས་པ་དང་། གླེགས་བམ་འཆང་བའི་ཚུལ་ཕན་ཡོན་དང་བཅས་པ། སྦྱོང་རྒྱུད་ལས་ཕུང་པོ་སྲེག་སྦྱོང་གིས་སྡིག་པ་སྦྱོང་བའི་སྐབས་གནས་ཡིག་གདགས་པར་གསུངས་པས་མཚོན་རྒྱུད་དང་རྒྱ་གཞུང་ཚད་མ་རྣམས་ལས་བཏགས་གྲོལ་གྱི་མཚན་མ་བཏགས་ཀྱང་དེའི་ཕྱོགས་སུ་གཏོགས་པ་ཇི་སྙེད་གཅིག་མཆིས་ལ། གསར་མའི་ཕྱོགས་ལ་དམིགས་ཀྱིས་བསལ་བ་ནི་སོ་སོར་འབྲང་མའི་འཁོར་ལོ་དང་། ཇོ་བོ་རྗེའི་གདམས་ངག་ཏུ་གྲགས་པ་གྲོང་ཁྱེར་སྒྲོལ་བའི་འཁོར་ལོ། མཆོད་རྟེན་མཐོང་གྲོལ་གྱི་རས་བྲིས་ཙམ་དུ་སྣང་ཞིང་། སྔ་འགྱུར་གྱི་ཕྱོགས་འདིར་བཏགས་གྲོལ་གྱི་རྒྱུད་དང་མན་ངག་བསམ་གྱིས་མི་ཁྱབ་པར་བཞུགས་པ་ལས། མཚན་གཞིའི་གཙོ་བོ་ནི་ཀུན་བཟང་ཡབ་ཡུམ་གྱི་དགོངས་པ་དང་། ཐིག་ལེ་ཉེར་ལྔའི་གསང་སྔགས་སོགས་རང་བྱུང་རྡོ་རྗེའི་སྒྲ་རྣམས་སུ་སྣང་བས་འདིར་བཀོད་པ་རྣམས་རྒྱས་བསྡུས་འཚམས་ཤིང་སྙིང་པོར་དྲིལ་བའི་མན་ངག་ཕྱག་ལེན་རྣམ་གསལ་དུ་ངེས་པའི་ཕྱིར་དོན་འདུས་པར་བྱས་ཀྱི། གཞན་དུ་སྙིང་ཐིག་ཆེན་མོ། བྱང་གཏེར་དགོངས་པ་ཟང་ཐལ་དང་། རད་གླིང་ཀློང་གསལ་སྙིང་ཐིག་གི་རྒྱུད་དྲུག །ཀུན་བཟང་དགོངས་འདུས། ཞི་ཁྲོ་དགོངས་པ་རང་གྲོལ། ཡི་དམ་དགོངས་འདུས་གཙོ་བོར་གྱུར་པའི་ཟབ་གཏེར་ཆེ་ཕྲ་ཕལ་མོ་ཆེ་ལས་འབྱོན་པར་སྣང་བས་སོ་སོའི་རྗེས་འབྲང་རྣམས་ཀྱིས་ཕྱག་ལེན་འདེབས་པ་བྱུང་ན་ཀུན་བཟང་རྡོ་རྗེ་འཆང་གི་གསུང་དེ་བདེན་ཕྱིན་ཆད་དགོས་ངེས་ཤེས་པའི་ལས་སུ་འདུག་གོ །དེས་མཚོན་ཏེ་མ་བསྒོམས་སངས་རྒྱས་ཀྱི་ཆོས་གཞན་མཆོད་རྟེན་སྐུ་གཟུགས་འཁོར་ལོ་སོགས་མཐོང་གྲོལ་གྱི་རིགས། སྐྱེ་བདུན་མྱང་གྲོལ། བདུག་པ་ཚོར་གྲོལ། ངོ་སྤྲོད་དང་གཟུངས་སྔགས་ཐོས་གྲོལ། བྱེ་མ་དང་མཚན་ལྡན་རེག་གྲོལ་གྱིས་མཚོན་བདེ་མྱུར་གྱི་ཐབས་དུ་མ་སྔ་འགྱུར་གྱི་རྒྱུད་དང་གདམས་ངག་རྣམས་ལས་ཟབ་ཅིང་རྒྱས་པར་གསུངས་པ་ལས། འདིར་ཡང་ཐུགས་རྗེ་ཆེན་པོའི་སྐོར་སོགས་སུ་རྩ་བ་ཙམ་རེ་བཀོད་པ་དང་། སྐབས་སུ་བབས་པ་གཏེར་གསར་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བླ་མ་ལོངས་སྐུ་འགྲོ་འདུལ་ཐུགས་རྗེ་ཆེན་པོའི་སྐོར་ལས་རིགས་བདག་རྡོ་རྗེ་སེམས་དཔའི་གསང་སྔགས་བཀླགས་པས་གྲོལ་བ་དང་། པདྨ་འབྱུང་གནས་ལ་བསྟེན་ནས་མ་བསྒོམས་འཚང་རྒྱ་ངོ་མཚར་ཆོས་དྲུག་གི་རྒྱབ་རྟེན་པདྨའི་སྙིང་པོའི་རྒྱུད་བཀླག་པའི་ཐབས་བཅས་ཟབ་ཆོས་གསང་བའི་བདག་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་མཛད་པ། བླ་མ་ལོངས་སྐུའི་ལས་ཚོགས། མི་འཁྲུགས་པའི་ཕྱག་རྒྱ་མཐོང་གྲོལ། ལས་ཀྱི་སེམས་དཔའ་འཁོར་བ་དོང་སྤྲུགས་ཀྱི་དམ་རྫས་མྱང་གྲོལ། རྣམ་སྣང་གི་བྱེ་མ་རེག་གྲོལ། ཤཱཀ་ཐུབ་ཀྱི་མཆོད་རྟེན་དྲན་གྲོལ། སྣང་བ་མཐའ་ཡས་ཀྱི་ཏིང་འཛིན་སྒོམ་གྲོལ། སྨན་བླའི་འབབ་ཆུ་འཐུང་གྲོལ། སེམས་ཉིད་ངལ་གསོའི་འཁོར་ལོ་བཏགས་གྲོལ། དོན་ཡོད་ཞགས་པའི་གསོ་སྦྱོང་བསླབ་གྲོལ། པདྨ་གཙུག་ཏོར་གྱི་བདུག་སྤོས་ཚོར་གྲོལ། རྡོ་རྗེ་སྙིང་པོའི་མཆོད་སྦྱིན་སྤྱད་གྲོལ་རྣམས་དང་། པད་འབྱུང་ཆོས་དྲུག་ལས། འཁོར་ལོ་མཐོང་གྲོལ་དང་བཏགས་གྲོལ་དམ་རྫས་མྱང་གྲོལ་བདུག་སྤོས་ཚོར་གྲོལ་མཚན་ལྡན་རེག་གྲོལ་རྣམས་ཀྱི་ལག་ལེན་གསལ་བྱེད། ཐོས་གྲོལ་ཁོལ་ཕྱུང་བཅས། བརྒྱུད་པ་དབང་དང་མཚུངས། གྲོལ་བ་དྲུག་གི་གཙོ་བོ་མྱང་གྲོལ་དམ་རྫས་ཀྱི་སྒྲུབ་པ་འདི་ཉིད་སྒྲུབ་ཆེན་སོགས་ཕྲིན་ལས་ལག་ལེན་རྒྱས་པ་དང་འབྲེལ་བ་གལ་ཆེ་མོད། དེང་སང་སེམས་བསྐྱེད་ཇི་ལྟར་ཡང་ལྟར་སྣང་སྤྲོས་བཅས་ལག་ལེན་དར་སྲོལ་ཆེ་བས་འདིར་ཡི་གེས་འཇིགས་ནས་མ་སྤྲོས་ཏེ། ཀུ་སཱ་ལིའི་སྒྲུབ་པ་པོ་ལ་ཕན་པར་བསམས་ནས་མདོ་ཙམ་བཀོད་པའོ། །འདི་ལ་གསར་མའི་སྔགས་རྒྱུད་རྣམས་སུའང་། བྲིས་སྐུ་མཐོང་བ་དོན་ལྡན་སོགས་བྲིས་སྐུའི་ཆོ་ག་རབ་འབྱམས་དང་། དྲི་མེད་དང་ཇོ་བོའི་དབུ་ཞྭའི་མཆོད་རྟེན་མི་འཁྲུགས་པའི་གཟུངས་རྣམས་ཀྱི་མཐོང་གྲོལ་གཟུངས་སྔགས་ཟབ་མོ་དུ་མའི་སྒྲ་ཐོས་པ་དང་། པདྨ་གཙུག་ཏོར་གྱི་སྔགས་དུང་ལ་བཟླས་པའི་ཐོས་གྲོལ། དེ་ཉིད་ཀྱི་བདུག་སྤོས་ཚོར་གྲོལ། བདུད་རྩི་རིལ་བུ་དང་གཟུངས་སྒྲུབ་ཀྱི་བུམ་པའི་ཆུའི་མྱང་གྲོལ། བྱེ་མ་སོགས་ལ་གཟུངས་བཅས་པ་དང་ཞལ་བཅུ་གཅིག་པའི་སྔགས་བཟླས་པ་པོའི་རྫི་ཕྱོགས་ཕོག་པའི་སྡིག་པ་ལས་གྲོལ་བར་གསུངས་པའི་རེག་གྲོལ་སོགས་སྟོན་པ་ཐམས་ཅད་མཁྱེན་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པས་གང་ལ་གང་འདུལ་རྒྱ་ཆེར་བཀའ་བསྩལ་པ་ལ་བློ་གྲོས་ཀྱི་མིག་ལྡོངས་ཤིང་།ཡིད་སྲུབས་ཀྱི་དཔུང་ཚོགས་སྙིང་ལ་ཉལ་བ་ཁ་ཅིག་གྲོལ་བ་བཞི་དྲུག་སོགས་རྙིང་མ་ཁོ་ནའི་སྒེར་ཆོས་དང་། དེའང་མི་འཐད་པའི་སྒྲུབ་བྱེད་ལྟར་སྣང་བ་བཀོད་པ་དག་སྣང་མོད། ཚུལ་འདི་ལྟ་བུས་མཚོན་རང་གཞན་གྱི་གྲུབ་མཐའི་ཁ་འཛིན་དང་། ཆོས་བརྒྱད་སྙིང་ལ་ཞེན་པས་འཇིག་རྟེན་གྱི་ཆགས་སྡང་ཙམ་ལ་བརྟེན། མངོན་ཤེས་ཕྲ་མོ་དང་ལུང་རིགས་ཉི་ཚེ་བ་ལ་ཁུངས་སུ་བྱས་ཏེ། ཆོས་དང་གང་ཟག་ཚད་ལྡན་ལ་བདུད་དང་བདུད་ཀྱི་གཞུང་དུ་སྒྲུབ་པ་སོགས་ནི་སྒྲུབ་བྱེད་རང་ཉིད་མེ་ཏོག་མདའ་ཅན་གྱི་ཕྲིན་ལས་པ་གསལ་བར་མཚོན་པས་དེའི་ཕྱོགས་སུ་གཏོགས་པ་ཐམས་ཅད་ཀྱང་ཡ་ང་བའི་ངན་སོང་གི་བཤུལ་ལམ་ཆེན་པོར་འཁྲིད་པའི་དེད་དཔོན་ཟླ་མེད་པ་ཤེས་པར་བྱས་ནས་བདག་ལེགས་པར་འདོད་པ་དག་གིས། ཆོས་ཐམས་ཅད་འབྱུང་བ་མེད་པའི་མདོ་ལས། དེ་བཞིན་གཤེགས་པས་འདི་སྐད་དུ་ཆོས་སྟོན་ཏེ། གང་ཟག་གིས་གང་ཟག་ལ་ཚོད་བཟུང་བར་མི་བྱའོ། །གང་ཟག་གིས་གང་ཟག་ལ་ཚོད་བཟུང་ན་རྨ་འབྱུང་བར་འགྱུར་ཏེ། ངའམ་གཞན་ཡང་ང་དང་འདྲ་བ་དག་གིས་གང་ཟག་ལ་ཚོད་གཟུང་ངོ་། །རིགས་ཀྱི་བུ། སུ་བདག་བསྲུང་བར་འདོད་པ་དེས་གཞན་སུའི་སྤྱོད་པ་ལའང་བརྟག་པར་མི་བྱ་སྟེ། དེ་དག་ལ་འདི་ནི་འདི་འདྲའོ་ཞེས་དཔྱ་བར་མི་བྱའོ། །ཞེས་སོགས་ཡང་ཡང་བཀའ་བསྩལ་ཏེ། སངས་རྒྱས་དང་འདྲ་བའི་གང་ཟག་འཇིག་རྟེན་ན་དཀོན་པས་དོན་ལ་རྟོན་པའི་ཤེས་རབ་དང་གཟུ་བོར་གནས་པའི་བློ་གྲོས་ཀྱི་མཐུས་མདོ་རྒྱུད་ཚད་ལྡན་གྱི་དགོངས་པ་དང་སུ་མཐུན་དཔྱད་པ་ལས། ཞལ་དབང་ཡོད་ཀྱིས་ཅི་དགར་སྨྲས་པའི་རྗེས་སུ་འབྲངས་ན་བསྟན་པའི་དབྱེན་སེལ་ཆེན་པོར་འགྱུར་བར་མཐོང་བས་ཅལ་སྒྲོག་ཙམ་གྱི་རྗེས་སུ་མི་རྒྱུག་པའང་གལ་ཤིན་ཏུ་ཆེ་བར་སྣང་ངོ་། །སྤྱིར་བཏགས་གྲོལ་སོགས་ཀྱིས་གྲོལ་བའང་། རེ་ཞིག་ངན་སོང་ཙམ་ལས་གྲོལ་བ་དང་། འཁོར་བ་ལས་གྲོལ་བ་སོགས་དབང་པོ་དང་སྐལ་པའི་ཁྱད་པར་མང་དུ་འབྱུང་བའི་ཕྱིར་གྲོལ་བ་ཡིན་ན་སངས་རྒྱས་ཐོབ་པ་ལྟ་བུར་གོ་བས་བློར་མ་ཤོང་བར་སྣང་བའང་རང་ཉིད་བློ་གྲོས་ཕུར་ཁུང་ཐུག་པའི་རྟགས་ཡིན་པས་སྙིང་རྗེ་བའི་གནས་སོ། །སྔ་འགྱུར་ཕྱོགས་ཀྱི་བསྟན་འཛིན་ཕལ་མོ་ཆེ་རྣམས་ཀྱང་རྩོལ་མེད་ཨ་ཏིའི་ཐེག་པ་ལ་འོག་མའི་ལྟ་སྤྱོད་རྣམས་ཀྱིས་དོ་ཟླ་མེད་པ་དང་། དེ་ཉིད་ཕྱོགས་བཅུ་དུས་གསུམ་ཀུན་ཏུ་འབྱུང་བར་དཀོན་པའི་ཚུལ་གཟེངས་བསྟོད་ནས་སྒྲོག་བཞིན་དུ་རང་ཉིད་ཀྱིས་ཡོ་ག་གསུམ་གྱི་བསྐྱེད་རྫོགས་དང་། རྫོགས་ཆེན་གྲོལ་བ་བཞི་དྲུག་གི་ལྟ་སྤྱོད་ཐམས་ཅད་གཡས་ཆུང་དུ་བོར་ནས་གསར་མའི་ཆོས་སྡེ་དཔང་མཐུག་རྣམས་ཀྱི་ལད་མོ་ཅི་འཁྱོལ་ལ་བརྩོན་པའང་ཀུན་བཟང་ཐུགས་ཀྱི་བསྟན་པ་མི་བཞག་འདོན་པའི་རྟགས་དེ་བསྟན་པར་སྣང་ངོ་། ༈ །གཉིས་པ་ཐུན་མོང་གི་ཕྲིན་ལས་ལའང་གཉིས། ལས་སྣ་ཚོགས་པ་དང་། བྱེ་བྲག་སོ་སོར་བསྒྲུབ་པའོ། །དང་པོ་ལ་སྡེ་ཚན་དྲུག་ཏུ་ཡོད་པའི་ཐོག་མར་འཁོར་ལོ་ཟ་ཡིག་སྔགས་འབུམ་རྟེན་འབྲེལ་གྱི་སྐོར་ལ། རྟེན་གྱི་ནང་གཞུག་ལ་མེད་དུ་མི་རུང་བ་ཆོས་དབང་རིན་པོ་ཆེའི་གཏེར་བྱོན་བཅས་ཆོག་སྲོག་ཤིང་བརྟན་པའི་ཙཀྲ །དེའི་བྲི་ཐབས། འདི་དང་འོག་ནས་འབྱུང་བའི་ཆོས་དབང་གཏེར་བྱོན་ཚན་ཁ་ཤས་རྣམས་སྨན་ལུང་པ་ནས་རིམ་པར་བརྒྱུད། བློ་མཆོག་རྡོ་རྗེ། ལེགས་བཤད་རྒྱ་མཚོ། གྲགས་པ་དབང་ཕྱུག །གསང་བདག་རྡོ་རྗེ། པདྨ་ཚེ་དབང་། ཆོས་ཀྱི་རྒྱལ་མཚན། རྗེ་མཁྱེན་བརྩེའི་ཞལ་སྔ་ནས་ནོས་པའོ། །བླ་མ་དགོངས་པ་འདུས་པའི་སྲུང་འབུམ་རྡོ་རྗེའི་ཕྲེང་བ་བརྒྱ་རྩ་བརྒྱད་པ། ཞལ་ཤེས་རབ་གནས་ཀྱི་ལག་ལེན་གསལ་བྱེད། འདིའང་སྲུང་བ་གཙོར་བཏོན་པའི་དབང་གིས་མཚན་དེ་སྐད་དུ་བཞག་པ་ལས། ནང་གསེས་སུ་ལས་གསུམ་ཀ་སྒྲུབ་པའི་ཙཀྲ་ཅི་རིགས་ཡོད་པས་སྐབས་འདིར་བཞུགས་སོ། །བརྒྱུད་པ་སྔ་མ་དང་འདྲ། འབྲོག་པ་སྣ་ནམ་ཐུབ་རྒྱལ་གྱི་གཏེར་མ་གཏོ་བཅོས་བརྒྱ་རྩའམ་རྒྱ་ནག་གཏིང་རྫོགས་སུ་གྲགས་པ་གཙུག་ལག་གི་འཁོར་ལོ་བརྒྱ་རྩ་གཞུང་ལག་ལེན་བཅས། བརྒྱུད་པ་ནི། འཕགས་པ་འཇམ་དཔལ། ཨོ་རྒྱན་ཡབ་ཡུམ། གཏེར་སྟོན་སྣ་ནམ་པ་ནས་རིམ་པར་བརྒྱུད་དེ། བྱང་བདག་དབང་པོའི་སྡེ། ངག་གི་དབང་པོ། ཆོས་དབྱིངས་རང་གྲོལ། རྡོ་རྗེ་ཐོགས་མེད། འགྱུར་མེད་རྡོ་རྗེ། འཛམ་གླིང་བློ་གྲོས་ཆོས་འཕེལ། ཨོ་རྒྱན་ངག་དབང་ཡེ་ཤེས། ཆོས་གྲགས་རྒྱ་མཚོ། ངག་དབང་ཆོས་ཀྱི་རྒྱ་མཚོ། ཀུན་བཟང་ཆོས་དབྱིངས་རྡོ་རྗེ། དཔའ་བོ་གཙུག་ལག་ཆོས་རྒྱལ། པདྨ་དབང་རྒྱལ་རྡོ་རྗེ། འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། ཀུན་གཟིགས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །རྡོ་རྗེ་མཁའ་འགྲོ་མ་རླུང་གི་འཁོར་ལོའི་མན་ངག་ཁྱད་པར་ཅན་བྲམ་ཟེ་སྡོམ་པ་བཟང་པོ་ནས་འབྲོ་ལོ་ཙཱ་བ་སྟེ་གསར་མའི་ཕྱོགས་སུ་བརྒྱུད་ཀྱང་ཟུར་ལ་བཀའ་བབས་པས་རྙིང་ཕྱོགས་རིག་འཛིན་ཆེན་པོ་རྣམས་ཀྱིས་ཕྱག་བཞེས་སུ་མཛད་པ། ཕན་བྱེད་རླུང་འཁོར་བཅོ་བརྒྱད་དུ་གྲགས་པའི་མན་ངག་ཞལ་གདམས་བཅའ་གཞི་འཁོར་ལོ་རྣམས་ཀྱི་བྲི་ཡིག་གཟུངས་སྔགས་སོགས་ཚང་བ། འཁོར་ལོའི་དཔེའུ་རིས་བཅས། བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། མཁའ་འགྲོ་མ་ཨ་ར་ལི། ཀླུ་སྒྲུབ་སྙིང་པོ། བྲམ་ཟེ་སྡོམ་བཟང་། འབྲོ་ལོ་ཤེས་རབ་གྲགས། གར་སྟོན་འབུམ་དར། འབྲས་ཁུད་པ། ཡོལ་བ་བྲག་པ། ཟུར་ཤཱཀྱ་འབྱུང་གནས། ཟུར་ལྷུན་གྲུབ་གྲགས། ཟུར་རྡོ་རྗེ་མགོན་པོ། ཟུར་ཚེ་དཔལ་མགོན་པོ། ཟུར་དཔལ་འབྱོར་བཟང་པོ། ཟུར་དབང་ཤཱཀྱ་རིན་ཆེན། ཟུར་འཇམ་དབྱངས་རྒྱལ་སྲས། ཟུར་བསྟན་འཛིན་འགྱུར་མེད། ཀླུངས་མི་འགྱུར་རྡོ་རྗེ། ཁྲག་འཐུང་ཡེ་ཤེས་རྡོ་རྗེ། ཟུར་ཆོས་དབྱིངས་རང་གྲོལ། བྲེས་བླ་ཆེན་ཆོས་རྒྱལ་རྡོ་རྗེ། ཉི་ཟླ་ཀློང་གསལ། ཆོས་དབང་རྡོར་འཛིན། གར་དབང་ཕྲིན་ལས་རྣམ་རྒྱལ། འཇམ་དབྱངས་པདྨ་འཇིགས་བྲལ། སེམས་དཔའ་དབང་ཕྱུག །ཀུན་བཟང་བསྟན་པའི་ཉི་མ། འཇམ་དབྱངས་ཆོས་རྒྱལ། རྗེ་མཁྱེན་བརྩེའི་ཞལ་སྔ་ནས་སོ། །སྲུང་འཁོར་སྤྱིའི་རབ་གནས་སྨིན་གཏེར་གསུང་། བླ་མ་དགོངས་འདུས་ཀྱི་སྔགས་འབུམ་དགོས་འདོད་ཀུན་འབྱུང་། འདི་དང་གོང་འོག་ཏུ་སྲུང་བརྒྱ་སོགས་དགོངས་འདུས་ལས་བྱུང་བའི་ལས་ཚོགས་འགའ་ཞིག་བཀོད་པ། དེང་སང་དཀར་རྙིང་གི་ཕྱོགས་ལ་གསེར་ཆོས་ཆེན་པོ་འདི་ཉིད་ཀྱི་སྨིན་གྲོལ་ཁྱབ་བརྡལ་དུ་བཞུགས་པས་དགོས་པ་ཆེར་མ་དམིགས་མོད། འོན་ཀྱང་གསར་མའི་ཕྱོགས་ཀྱི་ཆེན་པོར་རློམས་པ་ཁ་ཅིག་ཀྱང་རྙིང་མ་བྱས་ན་ཤངས་གཉེར་བཞིན་དུ། ལས་ཚོགས་འདི་རྣམས་འདུས་ཟབ་ཁྱེར་བདེར་མཐོང་ནས། ནོར་དང་གཏམ་གྱི་འདོད་པས་རང་དབང་མེད་པར་ཐུགས་འཕྲོགས་ཏེ། རྨ་ཁར་ཕན་ན་ཁྱི་ཚིལ་གྱི་དཔེ་ལྟར་ལུང་ཙམ་ཡང་མ་ཉན་པར་འགགས་དོགས་སར་ཨོ་རྒྱན་པདྨ་ལ་སྐྱབས་བཅོལ་བའི་བླུན་པོ་སྙིང་ཁམས་ཅན་འགའ་རེའི་རྣ་བར་ལུང་རྒྱུན་རེ་ཙམ་བཟུང་ན་ཅི་མ་རུང་སྙམ་པ་དང་། གྲོང་སྔགས་པ་ཉམ་ཆུང་ལག་ལེན་མཁན་འདྲ་བ་འགའ་ལའང་ཕན་སྲིད་སྙམ་ནས་ཟུར་དུ་བཀོལ་ཏེ་བཀོད་པའོ། །རྡོར་གླིང་སོགས་གཏེར་རྙིང་མང་པོ་ལས་བྱོན་པའི་བཟླས་ཆོག་སྔགས་འབུམ་དཀར་པོ། སྔགས་འབུམ་རྡོ་རྗེའི་གོ་ཁྲབ་ཀྱི་ལས་ཚོགས། བླ་མ་དགོངས་འདུས་སྔགས་འབུམ་དགོས་འདོད་ཀུན་འབྱུང་། ཀློང་གསལ་གུར་དྲག་ཡེ་ཤེས་རབ་འབར་གྱི་སྔགས་འབུམ་ཤིན་ཏུ་ཟབ་པ། དྲི་མེད་རྡོ་རྗེའི་གཏེར་མ་ཟ་ཡིག་ནོར་བུའི་བང་མཛོད་ཞལ་ཤེས་དང་བཅས་པ། རིང་བརྒྱུད་རྡོ་རྗེ་འཆང། གསང་བདག །ཡེ་ཤེས་མཁའ་འགྲོ །ཨོ་རྒྱན་ཡབ་ཡུམ། རྡོ་རྗེ་གླིང་པ། འགྲོ་མགོན་ཆོས་དབྱིངས་པ་ནས་བརྒྱུད་དེ་ཟུར་ལྷུན་གྲུབ་རྡོ་རྗེ། གཞོན་ནུ་དོན་གྲུབ། ཆོས་དབྱིངས་རང་གྲོལ། རྒྱལ་དབང་ལྔ་པ། གཏེར་བདག་གླིང་པ། རིན་རྣམ། འགྱུར་མེད་དོན་ལྡན། ཨོ་ཌཱི་ཡ་ན། ཕྲིན་ལས་རྣམ་རྒྱལ། སྤང་སྟོན་པདྨ་ཚེ་དབང་། ཀུན་བཟང་བསྟན་པའི་ཉི་མ། གཉིས་ཀ་ལས། སྒྲོལ་སྟོན་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། རྗེ་མཁྱེན་བརྩེ་རིན་པོ་ཆེ་ལས་སོ། །གཏེར་ཁ་མང་པོ་ལས་འབྱུང་བའི་ཕྱོགས་བཅུའི་ཟ་ཡིག་དང་། མཁའ་འགྲོ་མ་སྐུ་ལྔའི་ཡི་གེ་ནད་གདོན་ཀུན་ལ་ཕན་པ། ཡེ་འབར་གོས་སྔོན་ཅན་གྱི་ཟ་ཡིག །ཡར་རྗེ་ཨོ་རྒྱན་གླིང་པས་གྲ་ཟངས་མཚོའི་བྲག་རི་རིན་ཆེན་གཏེར་སྒྲོམ་ནས་སྤྱན་དྲངས་པའི་རྟེན་འབྲེལ་ཡང་སྙིང་འདུས་པ། བརྒྱུད་པ་ནི། བླ་མ་སྐུ་གསུམ། མཚོ་རྒྱལ། རྒྱལ་སྲས་ལྷ་རྗེ། ཨོ་རྒྱན་གླིང་པ་ནས་རིམ་པར་ལེགས་ལྡན་རྡོ་རྗེ། བཀྲ་ཤིས་སྟོབས་རྒྱལ། ངག་གི་དབང་པོ། ཆོས་དབྱིངས་རང་གྲོལ། ལྔ་པ་ཆེན་པོ། དགེ་སློང་ཕྱག་རྡོར་བ། མང་ཐོས་མི་འགྱུར་རྡོ་རྗེ། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། སྤང་སྟོན་པདྨ་ཚེ་དབང་། མཁྱེན་རབ་མཐུ་སྟོབས། འཇམ་དབྱངས་མཁྱེན་བརྩེའི་ཞལ་སྔ་ནས་སོ། །འདི་ཕལ་ཆེར་ཞི་བྱེད་པའི་སྔགས་དང་རྫས་ཀྱི་རྟེན་འབྲེལ་དང་མཐུན་པ་ཕན་བྱེད་ཀྱི་མན་ངག་སྣ་ཚོགས་པའོ། ༈ །གཉིས་པ་བཟང་ངན་ལེགས་ཉེས་ལྟས་མཚན་བརྟག་པའི་སྐོར་ལ། ཤོའི་རྒྱལ་སྲས་ལེགས་པས་བྱང་སྟོད་རྡོ་རྗེ་བྲག་ནས་བཏོན་པ་དང་པད་གླིང་ཀུན་བཟང་དགོངས་འདུས་ཀྱི་ཆ་ལག་རྡོ་རྗེ་གཡུ་སྒྲོན་མའི་པྲ་འབེབས་པའི་གཞུང་ལག་ལེན་དང་བཅས་པ། བརྒྱུད་པ་ནི། རྒྱལ་སྲས་ལེགས་པ། མཁས་བཙུན་གྲགས་པ་དཔལ། ཧཱུྃ་དབང་ཕྱུག་ནས་རིམ་པར་བརྒྱུད། གཏེར་བདག་གླིང་པ། བློ་གསལ་རྒྱ་མཚོ། ཀུན་གསལ་དབང་མོ། ཀུན་དགའ་རྡོ་རྗེ། ཚེ་བརྟན་རྒྱལ་པོ། རིག་པའི་རྡོ་རྗེ། མཁྱེན་བརྩེའི་དབང་པོ། དེ་ལས་སོ། །གར་དབང་རྒྱ་མཚོས་མཛད་པའི་ལག་ལེན་གསལ་བྱེད་ཀུན་གསལ་མེ་ལོང་། ལུང་བརྒྱུད་མཛད་པ་པོ་ནས་ཚེ་བརྟན་རྒྱལ་པོ་སོགས་སོ། །ཉང་གཏེར་འགྲོ་འདུལ་མངོན་ཤེས་སྒྲུབ་པ། བླ་མ་དགོངས་འདུས་ལས་འབྱུང་བའི་རྨི་ལམ་བཟང་ངན་བརྡ་བརྟག །མར་མེའི་བརྟག་པ་འོད་འཕྲོ། རཏྣའི་ཐུགས་གསང་ལས་ཚོགས་ཚེ་དང་སྐྱེ་བ་བརྟག་པ། རྨི་ལམ་བརྟག་པ་འཕྲུལ་གྱི་མེ་ལོང་ཆགས་མེད་གསུང་། དེ་ཉིད་ནས་བརྒྱུད་མགོན་སྤྲུལ་གཞན་ཕན་མཐའ་ཡས། བླ་མ་ས་བཅུ། རྗེ་མཁྱེན་བརྩེ་ལས་སོ། །མཁའ་འགྲོ་མ་རྡོ་རྗེ་ཕག་མོས་གྲུབ་ཆེན་ཐང་སྟོང་རྒྱལ་པོར་དངོས་སུ་གནང་བའི་ལྷ་མོ་བརྒྱད་རྩིས། ལུང་གི་བརྒྱུད་པ་ནི། ཤེར་ཕྱིན། ཕག་མོ། ལབ་སྒྲོན། ཐང་རྒྱལ། ནམ་མཁའ་ལེགས་པ། ཤཱཀྱའི་མཚན་ཅན། རྒྱལ་མཚན་དཔལ་བཟང་། བསྟན་པའི་རྒྱལ་མཚན། ཡོན་ཏན་གྲགས་བཟང་། མང་ཐོས་མཚན་ཅན། ནོར་བུ་རྒྱ་མཚོ། རྡོ་རྗེ་དཔལ་འབྱོར། འཇམ་དཔལ་བཤེས་གཉེན། ངག་དབང་ཡོངས་གྲགས། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། སྤང་སྟོན་པདྨ་ཚེ་དབང་། མཁྱེན་རབ་མཐུ་སྟོབས། རྗེ་མཁྱེན་བརྩེ་རིན་པོ་ཆེ་ལས་སོ། །ལྷ་བཙུན་ཆེན་མོའི་དག་སྣང་བརྟག་བསྒྲིལ་གྱི་མན་ངག །བརྒྱུད་པ། ཨོ་རྒྱན་རིན་པོ་ཆེ། ནམ་མཁའ་འཇིགས་མེད། བསྟན་པའི་ཉི་མ། ཉི་ཟླ་འོད་འབར། བྱམས་མགོན་ཆོས་བཟང་། ཆོས་དབྱིངས་ཡོངས་གྲོལ། ཁྲི་ཆེན་པདྨ་བསྟན་འཛིན། ཕྲིན་ལས་རྣམ་རྒྱལ། པདྨ་དབང་རྒྱལ། སྒྲོལ་སྟོན་ཆོས་རྒྱན། རྗེ་མཁྱེན་བརྩེ། དེས་སོ། །གནམ་ཆོས་དགོངས་གཏེར་བརྟག་པ། མོ་སྒྲུབ་ཆགས་མེད་མཛད་པ་བཅས། ༈ གསུམ་པ་ཀུན་ལ་མཁོ་བ་ཕན་གནོད་ཀྱི་ལས་སྣ་ཚོགས་པའི་སྐོར་ལ། བསྟན་གཉིས་གླིང་པའི་གཏེར་མ་ཕྱོགས་བཅུ་མུན་སེལ། ཆགས་མེད་ཀྱིས་མཛད་པའི་གར་འགྲོ་མགོ་ཐོན། ལམ་གཏོར་བསྡུས་པ། གཏེར་ཆེན་པདྨ་གླིང་པས་བུམ་ཐང་རྩེ་ལུང་གི་སྒོ་སྲུང་མཚན་འོག་ནས་བཏོན་པའི་གང་པོ་སྐོར་གསུམ་དུ་གྲགས་པ། གཤིན་རྗེ་ཁ་ཐུན་ནག་པོ། ཕྲ་མེན་ཕག་ཤ་ནག་མོ། མུ་སྟེགས་གུ་ལང་ནག་པོ། སོ་སོའི་ནང་གསེས་ཀྱི་གདམས་སྐོར་ཚང་བ། བརྒྱུད་པ་ནི། ཨོ་རྒྱན་ཡབ་ཡུམ། པད་གླིང་། རྒྱལ་བ་དོན་གྲུབ། སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། པདྨ་ཕྲིན་ལས། ཚུལ་ཁྲིམས་རྡོ་རྗེ། ཐུགས་སྲས་འགྱུར་མེད་རྡོ་རྗེ། ཀུན་བཟང་རྡོ་རྗེ། མཆོག་གྲུབ་དཔལ་འབར། གྲུབ་མཆོག་རྡོ་རྗེ། སློབ་དཔོན་རྣམ་གཉིས། ཆོས་ཀྱི་ཉི་མ། སྲིད་ཞི་རྣམ་རྒྱལ། གཉིས་ཀས་གསུང་སྤྲུལ་བདེ་ཆེན་རྡོ་རྗེ། ཕྲིན་ལས་ཆོས་སྒྲོན། ཀུན་མཁྱེན་རྡོ་རྗེ་གཟི་བརྗིད། དེ་ལས་སོ། །གཏེར་ཆེན་དེ་ཉིད་ཀྱིས་གཏེར་གནས་སྣ་ཚོགས་ནས་ཕྱུང་པའི་མན་ངག་གཏེར་ཕྲན་ཉེར་དགུ་ཞེས་ཕན་གནོད་ཀྱི་ལས་སྣ་ཚོགས་ཟབ་པར་གྲགས་པ། བརྒྱུད་པ་གཏེར་སྟོན་ནས། ཆོས་རྗེ་རྣམ་གཉིས། བསྟན་འཛིན་གྲགས་པ་ཕྱིན་གོང་དང་མཚུངས། གུ་རུ་ཚེ་བརྟན་རྒྱལ་མཚན་གྱིས་མོན་ཆུ་མོ་ཕུག་ནས་སྤྱན་དྲངས་པའི་གུ་རུ་ཞི་དྲག་གི་ལས་ཚོགས་རྟ་མགྲིན་ལས་བརྒྱ་རྩར་གྲགས་པ། བརྒྱུད་པ་བླ་མ་སྐུ་གསུམ། མཚོ་རྒྱལ། མཆོག་དབྱངས། གཏེར་སྟོན་ཆོས་ཀྱི་བློ་གྲོས། ཆོས་ཀྱི་སེང་གེ །རྡོ་རྗེ་རིན་ཆེན། བླ་མ་ཤེར་ཚུལ། ཆོས་ཉིད་ཤེས་རབ། བསོད་ནམས་བཟང་པོ། ཆོས་ཀྱི་རྒྱལ་མཚན། བདེ་ལེགས་རྒྱལ་མཚན། སེ་རིན་རྒྱལ། སྨན་ཆུ་བ་ནམ་རིན། ཚེ་བརྟན་རྒྱལ་པོ། དཀར་པོ་ནུས་ལྡན། ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། ཆོས་དབྱིངས་རང་གྲོལ། ལྔ་པ་ཆེན་པོ། པད་ཕྲིན། ཁམས་ལུང་པ་པདྨ་དབང་རྒྱལ། ཚེ་དབང་མི་འགྱུར་རྡོ་རྗེ། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། བློ་བཟང་བསྟན་འཕེལ། ཨོ་རྒྱན་འགྲོ་འདུལ། གཞན་ཕན་མཐའ་ཡས། རྗེ་བླ་མ་མཁྱེན་བརྩེའི་ཞལ་སྔ་ནས་ནོས། བདུད་འདུལ་དགོངས་པ་ཡོངས་འདུས་ཀྱི་མན་ངག་རིན་ཆེན་གཏེར་བུམ། ཆོས་གླིང་ཐུགས་ཆེན་སའི་སྙིང་པོའི་ཆོས་སྡེ་གུ་རུ་ཡིད་བཞིན་རྣམ་བཞིའི་ལོ་རྒྱུས་སྒྲུབ་ཐབས་དང་བཅས་པ། ཀློང་གསལ་རྡོ་རྗེ་སྙིང་པོ་ལས་གཡུལ་ལས་རྒྱལ་བྱེད་རྒྱལ་མཚན་རྩེ་མོའི་དབང་སྒྲུབ་ཐབས་རྣམས། ༈ བཞི་པ་གནས་ཆེན་བྱིན་འབེབས་དང་འབྲེལ་བའི་སྐོར་ལ། བྱང་གཏེར་ཐུགས་སྒྲུབ་ཆོས་ཚན་བཅུ་པ་གནས་ཆེན་བྱིན་འབེབས་ཀྱི་ཆ་ལག་རྣམ་འཇོམས་བག་ཆགས་སྟོབས་སྦྱོང་གི་ཁྲུས་ཆོག །བྱང་གླིང་དཔལ་རྒྱལ་མཚན་གྱི་ཀུན་བཟང་ཐུགས་གཏེར་ཆོས་སྡེ་རྡོ་རྗེ་ལྟེ་སྐོར་གྱི་སྒྲོན་མ་ལྔ་པ་བཀའ་ནན་རབ་བརྗིད་ཀྱི་ཆོ་ག་རྒྱས་པ། ལུང་བརྒྱུད། ཀུན་བཟང་། རྡོ་རྗེ་འཆང་། ཕྱག་རྡོར། རྡོ་རྗེ་ཕག་མོ། ཨོ་རྒྱན་ཆེན་པོ། ནམ་མཁའི་སྙིང་པོ། གཏེར་སྟོན་དཔལ་རྒྱལ་མཚན། དེ་ནས་སྲས་བརྒྱུད་སྲས་བསམ་གྲུབ་རྡོ་རྗེ། དབོན་རིན་ཆེན་བསམ་གྲུབ། སྲས་ཨོ་རྒྱན་དཔལ་བཟང་། སྔགས་འཆང་ཤཱཀྱ་བཟང་པོ། རིག་འཛིན་ཉི་ཟླ་འོད་ཟེར། བྱང་བདག་ཡབ་སྲས། ཀུན་བཟང་དབང་པོ། ཆོས་དབྱིངས་རང་གྲོལ། ལྔ་པ། གཏེར་ཆེན། རིན་རྣམ། པད་བསྟན། ཕྲིན་རྣམ། པདྨ་དབང་རྒྱལ། སངས་རྒྱས་ཀུན་དགའ། རྡོར་འཛིན་འགྱུར་མེད་དོན་གྲུབ་ལས་ནོས། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་ཁྲུས་ཆོག་ཟླ་བའི་བདུད་རྩི། བཀའ་ནན་རབ་བརྗིད་རྡོ་རྗེའི་རི་དབང་གཏེར་ཆེན་ཉིད་ཀྱིས་མཛད་པ་བཅས། ༈ ལྔ་པ་སྣང་སྲིད་ཞི་བདེར་སྒྲུབ་པ་བསང་གསུར་ཕུད་མཆོད་ཀྱི་སྐོར་ལ། ཉང་གཏེར་སྣང་བསང་བདུད་རྩི་སྤྲིན་ཕུང་། འདི་དང་འོག་གི་རྒྱལ་མདོས་སོགས་ཁམས་ཕྱོགས་སུ་སྔ་རབས་ནས་ལུང་རྒྱུན་བཅས་ཡོངས་གྲགས་སུ་སྣང་། ཀུན་མཁྱེན་ཀློང་ཆེན་པས་མཛད་པའི་ཕུད་རབས་རྒྱས་པ། སྔོན་རྗེས་ངག་འདོན་ཉུང་བསྡུས། ལུང་རྒྱུན་ཀློང་ཆེན་རབ་འབྱམས་པ། བདེ་ལེགས་རྒྱ་མཚོ། མ་ཏི་མངྒ། ཡོན་ཏན་དཔལ་བ། སྤྲུལ་སྐུ་བསམ་གྲུབ་རྒྱ་མཚོ། ནམ་མཁའ་གཞོན་ནུ། མཁའ་ཀློང་ཡངས་པ། བླ་མ་མ་ཏི་དྷྭ་ཛ། སྣ་ཚོགས་རང་གྲོལ། ཡན་པ་བློ་བདེ། པདྨ་ཕྲིན་ལས། ཚུལ་ཁྲིམས་རྡོ་རྗེ། པདྨ་བློ་གྲོས། པདྨ་རྡོ་རྗེ། ཀུན་བཟང་ཁྱབ་བརྡལ་ལྷུན་གྲུབ། ཀུན་བཟང་བཀྲ་ཤིས་རྣམ་རྒྱལ། བླ་མ་རྡོ་རྗེ་དཔའ་བོ། པདྨ་ཀུན་གྲོལ་རྣམ་རྒྱལ། རིག་འཛིན་བཟང་པོ། བསྟན་འཛིན་ཆོས་རྒྱལ། འགྱུར་མེད་མཐུ་སྟོབས་རྣམ་རྒྱལ། དེ་ལས་སོ། །གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པར་གྲགས་པའི་ལས་ཐམས་ཅད་ཀྱི་སྣ་སེལ་གསེར་སྐྱེམས་སྡེ་བརྒྱད་ཆ་སྙོམས། ལུང་བརྒྱུད་ནི། གནུབས་ཟུར་གྱི་སྔགས་འཆང་རྣམས་རིམ་པར་བརྒྱུད། མེས་སྟོན་འགྲོ་དོན་རབ་འཕེལ། ས་སྐྱ་པ་ཀུན་བློ། པདྨ་བཤེས་གཉེན། ཚུལ་ཁྲིམས་བསོད་ནམས། གཉིས་ཀས་ཕྲིན་ལས་འོད་ཟེར། བསྟན་འཛིན་ཆོས་རྒྱལ། མཐུ་སྟོབས་རྣམ་རྒྱལ། ཀུན་མཁྱེན་བླ་མ། དེ་ལས་སོ། །འབྱུང་རྩིས་པ་རྣམས་ལ་མཁོ་བའི་གསེར་སྐྱེམས་སྨིན་ལོས་མཛད་པ། ལུང་བརྒྱུད། དྷརྨ་ཤྲཱི། རིན་རྣམ། དོན་ལྡན། ཕྲིན་ལས་རྣམ་རྒྱལ། ཕྲིན་ལས་ཆོས་སྒྲོན། རྗེ་བླ་མ། དེ་ལས་སོ། །ཀུན་མཁྱེན་ཀློང་ཆེན་པའི་བསང་མཆོད་བདེ་ལེགས་ཀུན་འབྱུང་དང་། རྒྱལ་སྲས་ལེགས་པའི་གཏེར་མ་རྒྱགས་བརྔན་བཅས་གསང་བདག་ཕྲིན་ལས་ལྷུན་གྲུབ་ཀྱིས་ཕྱོགས་སུ་བསྡེབས་པ། ལུང་བརྒྱུད། ཨོ་རྒྱན། མཚོ་རྒྱལ། རྒྱལ་སྲས་ལེགས་པ། དྲི་མེད་འོད་ཟེར། བདེ་ལེགས་རྒྱ་མཚོ། བྱ་བྲལ་ཆོས་རྗེ། སངས་རྒྱས་དབོན་པོ། སྐལ་ལྡན་ཡེ་ཤེས། སངས་རྒྱས་རྒྱལ་མཚན། མི་འགྱུར་ཀུན་དགའ་དཔལ་བཟང་། རིན་ཆེན་ཕུན་ཚོགས། ཤེས་རབ་འོད་ཟེར། ཀརྨ་རྒྱལ་སྲས་ཀུན་བཟང་། རིན་ཆེན་དར་རྒྱས། ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ། རིན་རྣམ། པད་བསྟན། སྒོམ་སྤྲུལ་པད་དབང་། ཕྲིན་ལས་ཆོས་སྒྲོན། རྡོར་འཛིན་དོན་གྲུབ་ལས་སོ། །ལྷ་བཙུན་དག་སྣང་རི་བོ་བསང་མཆོད། མཆོག་གླིང་གཏེར་མ་བླ་སྒྲུབ་དངོས་གྲུབ་རྒྱ་མཚོའི་ཆ་ལག་བསང་བརྔན་འདོད་དགུའི་རྒྱ་མཚོ། དེའི་གཏོར་མ་བཅའ་ཐབས། གཞི་བདག་རྟེན་བཀོལ་ལག་ལེན་བཅས། སྨིན་གླིང་གཏེར་ཆེན་གྱིས་ཆོས་དབང་བླ་མ་གསང་འདུས་རྒྱུན་གྱི་མེ་མཆོད་ལ་ཁུངས་དྲངས་ནས་མཛད་པའི་གསུར་མཆོད་འདོན་ཡོན་སྤྲིན་ཕུང་། མཆོག་གླིང་གཏེར་བྱོན་དཀར་གསུར་དམར་གསུར། ཡང་གསུར་མཆོད་མདོར་བསྡུས་བཅས། གཞན་ཡང་ཆོས་དབང་རིན་པོ་ཆེའི་སྣང་སྲིད་ཞི་བའི་ཆོ་ག །རྒྱགས་བརྔན་ལྷོ་གཏེར་དང་བྱང་གཏེར། ལེགས་ལྡན་རྗེ་དང་སྟག་ཤམ་གཏེར་མའི་བསང་མཆོད་སོགས་ཞི་བརྔན་བསང་མཆོད་ཀྱི་སྐོར་རྣམས་ཀྱང་འདིར་བསྡུ་བར་འོས་པར་སྣང་མོད། བསང་གི་མཆོད་པ་འདི་དར་སྲོལ་ཆེ་བས་ཕྱིས་ཀྱི་བླ་མ་རྣམས་ཀྱི་གསུང་འབུམ་ཕལ་ཆེར་ཀྱང་བསང་དང་། གསོལ་འདེབས་ཆེ་ཆུང་མང་པོས་ཟིང་ཟིང་པོར་གྱུར་པས་རེ་ཞིག་དེ་ཙམ་མོ། ༈ །དྲུག་པ་འཕྲལ་རྐྱེན་བར་ཆད་སེལ་བ་མདོས་གླུད་ཀྱི་སྐོར་ལ། བདུད་བཞིའི་གནོད་པ་བཟློག་པའི་མཆོད་སྦྱིན་བརྒྱ་བཞིའི་ཆོ་ག་དག་གསལ་སྨིན་གླིང་གཏེར་ཆེན་ནས་མཛད་པ། ལུང་མཛད་པ་པོ་ནས་རིམ་པར་བརྒྱུད། མཐུ་སྟོབས་རྣམ་རྒྱལ་དང་། རྗེ་བླ་མ་ལས་ཀྱང་ནོས། སངས་རྒྱས་བླ་མའི་གཏེར་བྱོན་སྣང་བརྒྱད་ཆོ་ག་ཁམས་གསུམ་བདེ་ལེགས་ཆགས་མེད་ཆོག་བསྒྲིགས། ལུང་རྒྱུན་ཆགས་མེད་སོགས་གནས་མདོ་སྨད་བརྒྱུད་ལྟར་ལ། བསྟན་འཛིན་དོན་གྲུབ་ནས། བསྟན་འཛིན་དགེ་ལེགས་ཉི་མ། དཀོན་མཆོག་རྒྱལ་མཚན། རྗེ་མཁྱེན་བརྩེ་ལས་སོ། །མངའ་བདག་ཉང་གིས་གཞོ་སྟོད་ཏི་སྒྲོ་བྲག་དཀར་ནས་སྤྱན་དྲངས་པའི་བརྟན་མ་བཅུ་གཉིས་ཀྱི་མདོས་ཆེན་ཀརྨ་ཆགས་མེད་ཀྱིས་བཀླགས་ཆོག་ཏུ་བཀོད་པ། ཚོགས་མཆོད། བརྟན་མའི་སུན་ཟློག་ལག་ལེན་ཟིན་བྲིས་བཅས། བསམ་ཡས་བྱང་ཆུབ་ཆེན་པོའི་སྐུ་རྒྱབ་ནས་ཕྱུང་པའི་རྒྱལ་པོ་དཀར་པོ་དྲུག་མདོས་གཞུང་དང་སྨད་འཕྱོང་བཅའ་ཐབས་བསྐྱེད་བསྟིམ། ལེགས་ལྡན་པའི་སྟོད་འཕྱོང་བཅས་ཉང་གཏེར་འདི་རྣམས་ཁམས་ཕྱོགས་ཀྱི་བརྒྱུད་པར་སྣང་རུང་སྟོད་ཆ་མི་གསལ། ཕྱིས་སྒ་རྗེ་པདྨ་ལྷུན་གྲུབ། པདྨ་ཆོས་འཕེལ། གསང་སྔགས་བསྟན་འཛིན་ལས་བདག་གིས་ནོས། ར་ཤག་དང་གྲ་སྒོམ་ཆོས་རྡོར་ཟུང་གི་གཏེར་མ་རྒྱལ་པོ་དཀར་པོ་དྲུག་མདོས་ཁྱེར་བདེ། ལུང་བརྒྱུད་ཆགས་མེད། པདྨ་ཀུན་དགའ། དབང་འབྱུང་། སངས་རྒྱས། ཚངས་དབྱངས། བསྟན་འཛིན་ཕྲིན་ལས། བསྟན་འཛིན་རྒྱ་མཚོ། ཀུན་རྒྱམ། རྗེ་བླ་མ། དེས་སོ། །ར་ཤག་གཏེར་སྟོན་བསོད་ནམས་རྡོ་རྗེས་མཁོ་མཐིང་རྣམ་སྣང་སྐུ་རྒྱབ་ནས་བཏོན་པའི་མདོས་བཅུ་ཞེས་རཀྴ་དགྲ་མདོས། བདུད་ཟློག །བདུད་ཞལ་བསྒྱུར། འདྲེ་ཁྲོམ་བསྒྱུར། མ་མོའི་གླུད་མདོས། མ་མོའི་ཁྲག་མདོས། ལྟས་ངན་བཟློག་མདོས། ཕུར་ཁ་ཟློག་པ། གཏད་ཟློག་་་་འདི་ཟབ་གསུངས། སྐོང་མདོས། སྟོད་འཕྱོང་སྨད་འཕྱོང་བཅས་ཚང་བ། ལུང་བརྒྱུད་གཏེར་སྟོན་ནས། སྲས་གཡུང་དྲུང་རྒྱལ་མཚན། ཕག་འགྲམ་སོགས་རིམ་པར་བརྒྱུད་དེ། བྱ་ལྷ་མཆོག་བཟང་པོ། དང་མ་བ་བསྟན་འཛིན་འགྱུར་མེད། མདོ་སྔགས་བསྟན་འཛིན། ཕྲིན་ལས་ལྷུན་གྲུབ། འགྱུར་མེད་རྡོ་རྗེ། རིན་རྣམ། བཤེས་གཉེན་དོན་ལྡན། ཕྲིན་ལས་རྣམ་རྒྱལ། ཕྲིན་ལས་ཆོས་སྒྲོན། འཇམ་མགོན་མཁྱེན་བརྩེ། དེས་སོ། །ཡང་འགྱུར་མེད་རྡོ་རྗེ་ནས་བརྒྱུད། སྒ་བླ་པད་ལྷུན། པད་ཆོས། ཕུར་བླ་ཀརྨ་བསོད་ནམས་ལས་ནོས། གུ་རུ་ཆོས་དབང་གི་གཏེར་མ་ཁ་འབར་མ་དཀར་མོའི་འཆི་བསླུ་ནག་པོས་བྱད་ཕུར་ལྟས་ངན་བཟློག་པ། དཀར་མོའི་ལག་ལེན་བྱང་བདག་གསུང་། འབར་མ་གསུམ་ཀའི་ལག་ལེན་ཁྱེར་བདེ། ལུང་བརྒྱུད་ནི། ཆོས་ཀྱི་དབང་པོ་ཡན་སྲས་བརྒྱུད་སྤྱི་ལྟར། དེ་ནས་ལེགས་ལྡན་རྗེ། བྱང་བདག་ངག་གི་དབང་པོ། ཟུར་ཆོས་དབྱིངས་རང་གྲོལ། ལྔ་པ་ཆེན་པོ། པད་ཕྲིན། ཀུན་དགའ་བསོད་ནམས། རྨོར་ཆེན། ཀུན་དགའ་ལེགས་འབྱུང་། བློ་གསལ་ཕུན་ཚོགས། ངག་དབང་ཀུན་དགའ། དྷརྨ་བརྡྷ། ཕྲིན་ལས་ཡོན་ཏན། བསྟན་འཛིན་སྙན་གྲགས། འཇམ་དབྱངས་བླ་མ། དེ་ལས་སོ། །འདི་ལ་སྒྲོལ་སྟོན་ཆོས་རྒྱན་ནས་བརྒྱུད་པའང་སྣང་། རཏྣའི་ཐུགས་སྒྲུབ་ཡང་སྙིང་འདུས་པའི་ཆ་ལག་གླིང་བཞི་སྲིད་པའི་སྤྱི་མདོས་ཆེན་མོ། དེའི་ཟིན་བྲིས་ཆགས་མེད་གསུང་། བོན་པོ་བྲག་ཚལ་གཏེར་མ་བཙན་མདོས། གཏེར་སྟོན་ནས་རིམ་པར་བརྒྱུད། ནུས་ལྡན་ཨོ་ཌཱི་ཡ་ན། ཀུན་དགའ་དོན་གྲུབ། དགེ་འདུན་རྒྱ་མཚོ། འཇམ་དབྱངས་བློ་གསལ། རྡོ་རྗེ་གཟི་བརྗིད་ཞབས། དེས་སོ། ཁྱུང་པོ་དཔལ་དགེའི་གཏེར་མ་མ་མོའི་ཁྲག་མདོས། གཏེར་སྟོན། སྔགས་པ་ཁྲོ་རྒྱལ་འབར་ལས་རིམ་པར་བརྒྱུད། ཨོ་ཌཱི་ཡ་ན་མན་སྔར་ལྟར་རོ། །ཆོས་རྒྱལ་བྱང་པའི་གཏེར་མ་དག་སྣང་སྣང་སྲིད་སྤྱི་སྐོང་གི་མདོས་ཆོག །ལུང་བརྒྱུད་གསང་བདག །ཨོ་རྒྱན་རིན་པོ་ཆེ། གཡུང་དྲུང་གི་བོན་པོ་སུམ་སྟོན་ཉི་མ་འོད་ཟེར། རང་བྱུང་གི་བོན་པོ་སྤང་སྟོན་ཆོས་ཀྱི་དབང་ཕྱུག །བྱང་བདག་བཀྲ་ཤིས་སྟོབས་རྒྱལ། རིག་འཛིན་ངག་གི་དབང་པོ། དཀོན་མཆོག་དཔལ་འབྱོར། པདྨ་ཕྲིན་ལས། བློ་མཆོག་རྡོ་རྗེ། རྡོ་རྗེ་ཐོགས་མེད་ནས་རིམ་པར་བརྒྱུད། རྗེ་བླ་མ་མཁྱེན་བརྩེའི་ཞལ་སྔ་ནས་སོ། །ཀློང་གསལ་བདེ་གཤེགས་ཡོངས་འདུས་ཆ་ལག་སྲིད་པ་ཁོད་སྙོམས་མདོས། གླིང་བཞི་སྤྱི་མདོས། ཡེ་འབར་ཆ་ལག་བདུད་མོ་ཁྲག་རལ་མའི་མདོས། དེའི་ཟིན་ཀློང་གསལ་ཉིད་མཛད། གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་བྱུང་བའི་གཏོ་ཚན་རྣམས་ལ་མཁོ་བའི་རིགས་གསུམ་མགོན་པོའི་དྲིལ་སྒྲུབ་ཀྱི་དབང་། དེའི་གཞུང་ལས་ཧུར་དྲག་མོ་དང་ཀག་ཟློག་རྣམ་དགུའི་དབང་། དེ་དག་གི་གཞུང་། ཧ་ས་གརྦྷ། དགོངས་གཏེར་དབང་ཕྱུག་ཟོར་མདོས། མ་མོའི་ཁྲག་མདོས་རྣམས་ཀྱི་བཀའ་གཏད། དེ་རྣམས་ཀྱང་ལག་ལེན་མཁན་རྣམས་ཀྱིས་བཀའ་གཏད་ཐོབ་དགོས་ཀྱང་རྒྱུན་ཅུང་ཟད་དཀོན་པས་དོན་གཉེར་ཅན་སྲིད་ན་ཕན་ནམ་སྙམ་ནས་བཀོད་སྟེ། སོ་སོའི་འདོན་ཆ་ནི་ཡི་གེ་མང་གིས་དོགས་པས་རེ་ཞིག་འདིར་མ་བཀོད་དོ། །རོལ་རྡོར་བྲག་གཏེར་ཕྱག་རྡོར་ཆ་ལག་ལྷ་ཆོག་བར་ཆད་ཀུན་སེལ། ཀླུ་ཆོག་ནོར་བུ་བསམ་འཕེལ། གཏེར་གསར་ཐུགས་སྒྲུབ་རིག་འཛིན་ཁྱད་པར་འཕགས་པའི་ལས་ཚོགས་སྡེ་བརྒྱད་ཁེངས་མདོས། གཏེར་སྟོན་གུ་རུ་ཇོ་ཚེས་དབུས་ཟང་ཡག་བྲག་ནས་བཏོན་པའི་ཤ་བརྒྱ་ཟན་བརྒྱའི་གླུད་ཆོག །དེའི་ལག་ལེན། ལུང་བརྒྱུད་ནི། ཨོ་རྒྱན་ཡབ་ཡུམ། ཇོ་བོ་ཚེ་དབང་དར་པོ་ཉིད་ནས་བན་སྔགས་སྣ་ཚོགས་པའི་བརྒྱུད་པ་ཟམ་མ་ཆད་པར་བྱོན་ཏེ། དཀར་པོ་ཀུན་དགའ་གྲགས་པ། དབོན་པོ་ཡོན་ཏན་བཟང་པོ། དཔེ་བྱ་ལྷ་མཆོག་བཟང་པོ་ནས་རིམ་པར་ཕ་ཇོ་དུང་རུ་བ། རིག་འཛིན་ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ། ཚེ་དབང་མི་འགྱུར་རྡོ་རྗེ། ཡེ་ཤེས་ལྷུན་གྲུབ། པདྨ་ཚེ་དབང་། སྒྲོལ་སྟོན་ཆོས་རྒྱན། རྗེ་མཁྱེན་བརྩེ་དང་ཕུར་བླ་ཀར་བསོད་ལས་ཀྱང་ནོས། རིག་འཛིན་བསྟན་གཉིས་གླིང་པ་ལ་གུ་རུ་རིན་པོ་ཆེས་མནལ་ལམ་དུ་བསྩལ་པའི་མི་ཕྱུགས་ཀྱི་གླུད་བསྔོ། ལུང་བརྒྱུད། ཨོ་རྒྱན་རིན་པོ་ཆེ། སྤྲུལ་སྐུ་ཚེ་དབང་རྒྱལ་པོ། ཉི་མ་བ་ཚེ་བདག་རྡོ་རྗེ། བྱང་བདག །ལྷུན་གྲུབ་རྡོ་རྗེ། གཞོན་ནུ་དོན་གྲུབ། ཟུར་ཆེན། པད་ཕྲིན། ཀུན་བཟང་རྒྱ་མཚོ། གྲུབ་དབང་དྷརྨ། ཉང་སྟོན་པདྨ། པདྨ་རྒྱལ་མཚན་བཟང་པོ། གསང་སྔགས་བསྟན་འཛིན། རྗེ་བླ་མ་ལས་སོ། །ལྷ་བཙུན་རིག་འཛིན་སྲོག་སྒྲུབ་ཆ་ལག་ལན་ཆགས་ཆུ་བསྒྱུར། རྙིང་མ་བཀའ་གཏེར་གཞུང་སྤྱིར་སྦྱར་བའི་གླུད་ཆོག་ཕྱག་ལེན་མ་སྨིན་གཏེར་གསུང་། རོལ་རྡོར་ཕྱག་རྡོར་ལས་ཕྲན་དམ་སྲི་གླུད་བསྔོ། རིག་འཛིན་ཐུགས་ཀྱི་རྡོ་རྗེའི་དགོངས་གཏེར་གདོན་གསུམ་མདོས། གྲིབ་གླུད། རྟ་གླུད། ཕྱུགས་གླུད། ཤི་འདྲེ་གླུད་བསྔོ་བཅས། དགོངས་གཏེར་མདོས་གླུད་རྣམས་ཀྱི་བརྒྱུད་པ་འོག་གི་སྒྲོལ་མ་དམར་པོ་སོགས་དང་འདྲ། མདོས་ཆོག་གཏེར་རྙིང་རྣམས་ནི་རྒྱུན་ལ་ཕན་པར་རེ་བ་དང་། གནམ་ཆོས་སོགས་ཉེར་མཁོ་ཁྱེར་བདེའི་སླད་དུ་བཀོད་པའོ། །དེ་ལྟར་ལས་སྣ་ཚོགས་པ་འདི་རྣམས། བསྒྲུབ་བྱའི་ལས་ནི་ཞི་རྒྱས་དབང་དྲག་དང་འབྲེལ་བ་ཅི་རིགས་པའི་ནང་དུ་འདུ་ཞིང་། སྒྲུབ་བྱེད་ཀྱི་ཐབས་ཀྱང་འཁོར་ལོ་དང་། སྔགས་དང་། ཟ་ཡིག་དང་། རྟེན་འབྲེལ་ཏེ་རྣམ་པ་བཞིར་འདུ་བ་ཡིན་ཏེ། བསང་མཆོད་མདོས་གཏོར་སོགས་ཕལ་ཆེར་རྟེན་འབྲེལ་གྱི་གཏོ་བཅོས་ཁོ་ནར་སྣང་བའི་ཕྱིར་རོ། །སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་དབང་དུ་བྱས་ན་འཁོར་ལོ་དང་སྔགས་སོགས་ནི་ཡི་དམ་གྱི་རྣལ་འབྱོར་གང་ལའང་སྦྱར་དུ་རུང་བ་ཤས་ཆེ་བས་སྤྱིར་བཏང་བའི་ལས་ཀྱི་ཡན་ལག་དང་། མདོས་གཏོར་སོགས་དམིགས་བསལ་འཇིག་རྟེན་མཆོད་བསྟོད་ཀྱི་སྡེ་ཚན་དུ་འདུ་བར་སྣང་སྟེ། མདོས་ཀྱི་གཞུང་ལྷ་འདྲེ་སྟོང་གི་དྲ་བའི་རྒྱུད་དང་། མ་མོའི་རྒྱུད་སོགས་ལས་རྒྱ་ཆེར་གསུངས་པས་མཚོན་ཏེ་ཤེས་པར་བྱའོ། ༈ །གཉིས་པ་བྱེ་བྲག་ཏུ་ལས་སོ་སོར་སྒྲུབ་པ་ནི། འཇམ་དཔལ་གཤིན་རྗེ་རོལ་པའི་ཏནྟྲ་ལས། སྲུང་དང་ཞི་རྒྱས་དགུག་པ་དང་། །མངོན་སྤྱོད་ལས་ཀྱི་ཆོ་ག་ནི། །གདུལ་བྱ་རྗེས་འཛིན་ཚར་གཅོད་ཕྱིར། །རྣལ་འབྱོར་ལྡན་པས་རྟག་ཏུ་བརྩམ། །ཞེས་ཇི་སྐད་གསུངས་པ་ལྟར་རིམ་པར་ཕྱེ་བ་ལ། དང་པོ་སྲུང་བའི་ལས་ཀྱི་སྐོར་ནི། སྤྱིར་གང་སྲུང་ན་མི་མཐུན་པའི་ཕྱོགས་ཀྱིས་རབ་ཏུ་ཕྱེ་བའི་ནད་་་་དུག་དང་རིམས་སོགས་་་་དང། གདོན་་་་གཟའ་ཀླུ་རྒྱལ་གསུམ་སོགས་་་་དང་། བར་དུ་གཅོད་པ་་་་མཚོན་དང་ཐོག་སེར་བྱད་ཕུར་སོགས་་་་གསུམ་གྱི་ནང་དུ་ཅི་རིགས་པར་འདུ་ཞིང་། གང་གིས་སྲུང་བའི་ཐབས་རྫས་དང་། སྨན་དང་། སྔགས་དང་། འཁོར་ལོ་དང་། རྟེན་འབྲེལ་དང་། དེ་དག་ཕལ་ཆེར་ལ་རྗེས་སུ་ཁྱབ་པ་ཏིང་ངེ་འཛིན་རྣམས་ཀྱི་སྒོ་ནས་སྲུང་བའི་ཚུལ་རབ་འབྱམས་ཤིག་བསྟན་པ་ལས། འདིར་ཕྱོགས་སུ་བསྡུས་པ་ལ་བཅུ་གཅིག་སྟེ། ཐོག་མར་ནད་གདོན་བར་ཆད་སྤྱིར་སྲུང་བའི་སྐོར་ནི། གཏེར་སྟོན་རྒྱ་ཕུར་བུའི་ཟབ་གཏེར་དུག་ཁྲག་རྫས་ཀྱི་སྲུང་བའི་དབང་། ལྷོ་བྲག་བུམ་ཐང་སྐྱེར་ཆུའི་གཏེར་ཁ་རྭ་སྲུང་དུག་ཁྲག་རྡོ་རྗེའི་གོ་ཁྲབ་བུམ་ཐང་མ། རྫས་སྲུང་སྐོར་ལྕགས་སྡོང་མ། ཐུན་མོང་རྫས་སྲུང་རྩ་བརྒྱད་པའི་ཟིན་བྲིས། རྭ་དོང་སྙན་བརྒྱུད་བླ་ཆེན་ཆོས་དཔལ་བཟང་པོས་མཛད་པ། བུམ་ལྕགས་ཐུན་མོང་གི་གསལ་བྱེད་དང་བྱིན་རླབས་དབང་པོའི་སྡེས་མཛད་པ། བརྒྱུད་པ་ནི། གསང་བདག །པད་འབྱུང་། ཁྲི་སྲོང་། རྒྱ་ཕུར་བུ་ནས་རིམ་པར་བརྒྱུད། བཀའ་བབས་རིག་འཛིན་རྒོད་ལྡེམ། སེ་སྟོན་མགོན་པོ་བཟང་པོ། རིན་ཆེན་རྒྱལ་མཚན། མགོན་པོ་ཟླ་བ། བྱམས་པ་ཆོས་ཀྱི་རྒྱལ་མཚན། བྱང་བདག །ངག་གི་དབང་པོ། ཆོས་དབྱིངས་རང་གྲོལ། ལྔ་པ་ཆེན་པོ། པད་ཕྲིན། ཨོ་རྒྱན་བསྟན་འཛིན་ནོར་བུ། བཀྲ་བཟང་ཀུན་བཟང་ཡེ་ཤེས། པདྨ་འགྱུར་མེད་དགའ་བའི་རྡོ་རྗེ། ཀུན་བཟང་འགྱུར་མེད། སྒྲོལ་སྟོན་འཇམ་དབྱངས། མཁྱེན་བརྩེའི་དབང་ཕྱུག །དེ་ལས་སོ། །འདི་ཡི་དམ་དྲག་པོའི་རིགས་གང་ལའང་སྦྱར་དུ་རུང་མོད། གཙོ་བོར་ཕྱག་རྡོར་གཏུམ་པོ་དང་འབྲེལ་བར་མཛད་པ་ཕྱག་ལེན་ལ་སྣང་ངོ་། །གྲྭ་པ་མངོན་ཤེས་ཀྱིས་བསམ་ཡས་དབུ་རྩེ་ནས་བཏོན་པའི་འགོ་བའི་ལྷ་ལྔས་སྐྱོབ་པའི་གདམས་པ། བརྒྱུད་པ་ནི་སྐུ་གསུམ། མཚོ་རྒྱལ། བཻ་རོ་ཙ་ན། ཁྲི་ལྡེ། གཏེར་སྟོན་གྲྭ་པ་མངོན་ཤེས། ཉེ་གནས་རྒ་བྲན་ནག་པོ། ཉི་མ་འོད་ཟེར། མི་བསྐྱོད་རྡོ་རྗེ། སངས་རྒྱས་འབར། ཉི་མའི་སྙིང་པོ། འོད་ཟེར་རྒྱལ་མཚན། ཆོས་ཉིད་ཤེས་རབ། མཁས་གྲུབ་བསོད་ནམས། ཡོན་ཏན་སེང་གེ །ཤེས་རབ་རྣམ་རྒྱལ། བཟང་པོ་རྒྱལ་མཚན། སངས་རྒྱས་སྐྱབས། ཤཱཀྱ་བཟང་པོ། བདུད་འཇོམས་རྡོ་རྗེ། ཆོས་དཔལ་བཟང་པོ། ཚེ་རིང་དབང་པོ། ཁྲ་ཚང་པ། ལྔ་པ་ཆེན་པོ། གཏེར་ཆེན། འོད་གསལ་ཀློང་ཡངས། གནས་གསར་ལེགས་འབྱུང་། སྐལ་བཟང་རྣམ་གྲོལ། ཡེ་ཤེས་ལྷུན་གྲུབ། སྤང་སྟོན། སྒྲོལ་སྟོན། རྗེ་མཁྱེན་བརྩེ་རིན་པོ་ཆེ་ལས་སོ། །ལྷ་ལྔའི་གསོལ་མཆོད་བསོད་ནམས་དཔལ་བསྐྱེད། ལྷ་ལྔའི་མཆོད་གསོལ་བསང་དང་བཅས་པ་ཡར་ངོའི་ཟླ་རྒྱས། མངའ་བདག་ཉང་གི་ཟབ་གཏེར་དུ་གྲགས་པ་བྱུགས་བདུག་འདོགས་གསུམ་རྒྱན་གྱི་འཁོར་ལོ། །ཉང་གཏེར་སྲུང་འཁོར་ཀུན་ཐུབ་ཆེན་མོ་ཕྱག་ལེན་མ། ཤིང་བུ་དྲུག་གི་སྒྲིབ་ཤིང་རྒྱལ་བསེན་གཙོར་གྱུར་གྱི་གནོད་སྲུང་ལ་ཟབ་པ་མྱོང་གྲུབ་མ། ཞང་ཁྲོམ་གཏེར་བྱོན་ཀུན་ཐུབ་སྒྲིབ་ཤིང་ཞྭ་སྲུང་ཕྱག་ལེན་མ། ཡིག་རྒོད་ཉེར་གཅིག་གི་སྲུང་བ། སློབ་དཔོན་ཀླུ་སྒྲུབ་ཀྱིས་རྒྱུད་སྡེ་ལས་བཏུས་པའམ། ཡིག་ཆ་འགའ་ཞིག་ཏུ་གནུབས་ཀྱིས་གཤིན་རྗེའི་རྒྱུད་ལས་བཏུས་པར་གསུངས་པའི་རྫས་སྲུང་ནག་པོ་དགུ་སྦྱོར། རྫས་ཆེན་བཅོ་བརྒྱད་སྦྱོར་བ། རྭ་བན་ཆོས་དཔལ་བཟང་པོ་ནས་སྒྲོལ་མ་བར་བརྒྱུད་པའི་རྭ་དོང་སྙན་བརྒྱུད་ཀྱི་སྲུང་བ། ཡིག་སྣ་ངན་པ་ཀུན་ཐུབ་དང་། ཐོད་ངན་ཀུན་ཐུབ། གནུབས་སྟོན་ཀུན་དགའ་གྲགས་ཀྱི་གཏེར་མ། ཡིག་སྣ་ངན་པ་ཀུན་ཐུབ་ཆགས་མེད་མཛད་པ། བླ་མ་དགོངས་འདུས་ཕན་བྱེད་ལས་ཕྲན་ཕྱོགས་ངན། སྡེ་བརྒྱད། ཡམས་ནད། ངན་སྔགས། ཐོད་ངན། རྫས་ངན་ཀུན་ཐུབ་དྲུག །སྐྱོབ་བྱེད་སྲུང་བ་ལས་སྡེ་བརྒྱད་གདོང་གཏད་དང་འཇིགས་པ་བརྒྱད་ལས་སྲུང་བ། རད་གླིང་གུར་དྲག་ལས་ཚོགས་ཉེས་པ་ཀུན་སྲུང་རྡོ་རྗེའི་གོ་ཁྲབ། འཛུལ་ཆོག་རྡོ་རྗེའི་གོ་ཁྲབ། རྟ་གསང་ལས་ཚོགས་ཡིག་སྣ་ཐོད་པ་རྫས་ངན་ཀུན་ཐུབ། ཡེ་ཤེས་རབ་འབར་ལས་ཚོགས་སྲུང་བའི་ལས་འཛུགས་ཉེས་པ་ཀུན་སེལ། སྡེ་བརྒྱད་སྲུང་བ་སོགས་ཚར་དགུ །ལྷ་འདྲེ་སྤྱི་སྲུང་། སྡེ་བརྒྱད་གདོང་ཟློག །ཀུན་འདུས་སྲུང་ཟློག །ལྷ་འདྲེ་སྤྱི་ཆིངས། རྒྱ་འདྲེ་འགོང་པོའི་སྒྲིབ་ཤིང་། རྡོ་རྗེ་བརྩེགས་པ། འཇིགས་པ་བརྒྱད་སོགས་སྲུང་བ། གོ་ཆ་ལྷ་ལྔའི་ལས་ཀྱི་ཁ་བསྒྱུར། གནམ་ཆོས་དགོངས་གཏེར་འཇིགས་མེད་རྡོ་རྗེའི་གནོད་ལྔ་སྲུང་བ། གཏེར་ཁ་སྣ་ཚོགས་ལས་བྱུང་བ་གཙོ་བོར་གྱུར་པ་སྲུང་བ་ཐོར་བུ་ཕྱོགས་བསྡུས་ཀྱི་བེ་བུམ་ཕན་བདེའི་གོ་ཆ་ལ། སྡོམ་ནི། གཟའ་ཀླུ་རྒྱལ་འགོང་བཙན་གསོན་འདྲེ། །གཤེད་ཁ་སྲི་ཀེག་བྱད་འདྲེ་གདོན། །མིག་ནད་ལྦ་བ་གཉིད་དང་ཆང་། །སྲིས་རྐུན་སོ་སྲིན་གྲིབ་དང་ངག །སྤྱི་སྲུང་འཁོར་ལོ་རིགས་གཉིས་སོ། །ཞེས་པའི་གཟའ་སྲུང་སྐོར་ལ། པདྨ་ལས་འབྲེལ་རྩལ་གྱིས་བསམ་ཡས་མཆོད་རྟེན་ནག་པོ་ནས་བཏོན་པའི་གཟའ་སྲུང་ཤིན་ཏུ་ཟབ་པ། གཟའ་སྲུང་ཁྱད་པར་ཅན་གཏེར་ཁ་གཞན་ནས་བྱུང་བ། དྲང་སྲོང་གི་སྲུང་བ་སྲ་བརྟན་རྡོ་རྗེའི་གོ་ཆ། གཟའི་བླ་རྡོ་བཅའ་ཐབས། གཟའ་སྲུང་ཉི་མ་མདུང་གང་མ་རིགས་གཉིས། གཟའ་ལམ་གཅོད་པའི་འཁོར་ལོ། བླ་མ་གཡའ་བཟང་པའི་ལུགས་ཀྱི་གཟའ་སྲུང་འཁོར་ལོ་བཀའ་རྒྱ་མ། གཟའ་སྲུང་ཤིན་ཏུ་བསྡུས་པ་ཕྱག་ལེན་རྒྱུན་ཁྱེར་མ། གཟའ་སྲུང་ཁྱད་པར་ཅན་ལྷ་བཙུན་སྔོན་མོའི་གཏེར་མ་ཐུབ་པ་དགུ་ལྡན། འཁོར་ལོ་ཛོ་ཀིའི་མན་ངག །རྒོད་ལྡེམ་ནས་བརྒྱུད་པའི་གཟའ་བཅོས་ཟབ་བསྡུས། རྡོར་གླིང་གཏེར་མ་གཟའ་སྲུང་ངག་སྒྲོས་མ། གཟའ་སྲུང་འཁོར་ལོ་བཅས་ཆོག་བཏགས་གྲོལ་ཀརྨ་པ་རང་བྱུང་རྡོ་རྗེའི་དག་སྣང་རྣམས། ཀླུ་སྲུང་རྡོ་རྗེ་ཁྱུང་ཆེན་གར་དབང་ལས་འཕྲོ་གླིང་པའི་གཏེར་མ། ས་བདག་ཀླུ་གཉན་གྱི་རྫས་སྲུང་། སྒྲིབ་ཤིང་བྱང་བུ་གསུམ་པ། བླ་མ་ཁ་ལ་མེ་འབར་གྱི་གཏེར་མ་རྒྱལ་སྲུང་འཁོར་ལོ། རྒྱལ་སྲུང་ཉ་མཆུ་མ་ཟབ་པའི་གདམས་པ། རྒྱལ་པོ་ཤི་འདྲེ་སོགས་སྲུང་མདུད་ཀྱིས་སྲུང་བ། རྒྱལ་གདོན་སོགས་བར་ཆད་ཀྱིས་མི་ཚུགས་པའི་ཟ་ཡིག་དུམ་པ་རྒྱའི་གཏེར་མ། གྲོལ་ཏིག་གི་དབང་ཆེན་དྲེགས་པ་ཀུན་འདུལ་ལས་མཐའ་རྒྱལ་བསེན་སྲུང་བ་མདུད་ཆོག །གནམ་ཆོས་དག་སྣང་གནམ་ལྕགས་སྡིག་པའི་སྲོག་མདུད། བཙན་སྲུང་ཐོགས་ཆོག་འཁོར་ལོ་ལས་འབྲེལ་གཏེར་མ། སྔགས་མདུད་ལེགས་ལྡན་རྗེའི་ཕྱག་ལེན། བཙན་གྱི་བླ་རྡོ་གཏོད་ལ་བཟུང་བ་ཆོས་དབང་གཏེར་མ། བཙན་སྲུང་རྟ་མགོ་མ། རྟིལ་སྲུང་ཧྲཱིཿཁོག་མ། གསོན་འདྲེ་ཁ་ཆིངས་ཟབ་མོ་རིག་འཛིན་ངག་གི་དབང་པོ་ལས་བརྒྱུད་པ། གཤེད་སྲུང་ཐོད་པའི་གུར་ཁང་དམ་བརྒྱའི་མན་ངག་གནུབས་ཀྱི་མགུལ་ཁུག་མ། སྲི་ཟློག་འཁོར་ལོ་འབར་བའི་ཙཀྲ་བཅའ་ཐབས་སྤྲུལ་སྐུ་ནམ་མཁའ་བརྒྱ་བྱིན་ཕྱག་ལེན་མ། ཁམས་པ་མེ་ཟོར་གྱི་གཏེར་མ་ཀག་སྲུང་རྒྱ་གྲམ་མ། སྒྲིབ་ཤིང་ནག་པོ་ཀུན་ཐུབ་གུ་རུ་ཇོ་ཚེ་སོགས་གཏེར་རྙིང་མང་པོ་ལས་བྱུང་བ། འདྲེ་གདོན་ཐམས་ཅད་བསྐྲད་ཅིང་སྲུང་བའི་རྫས་སྔགས་གྲུབ་ཐོབ་དམར་པོའི་གཏེར་མ། ཡེ་ཤེས་སྤྱན་གྱི་ཙཀྲ། མ་ཏིའི་བདུད་འདུལ་དྲག་མོ་ལས་ལྦ་བའི་སྲུང་འཁོར། གཉིད་སྲུང་བའི་མན་ངག་ཁྱད་པར་ཅན། ཆང་སྲུང་བདུད་རྩིའི་རྒྱ་མཚོ། ཆང་སྲུང་ལྷ་བཙུན་སྔོན་མོའི་གདམས་པ། སྲིས་རྐུན་སྲུང་བ་རྙིང་མ་བཀའ་མའི་མན་ངག །སོ་སྲིན་གྱི་ནད་སྲུང་བའི་སྔགས་ཨ་ཙརྻ་དམར་པོའི་གདམས་པ། སོ་སྲུང་འཁོར་ལོ་གྲུ་ཆོད་མ། ཉང་གཏེར་གྲིབ་དང་མི་གཙང་བ་སྲུང་བའི་འཁོར་ལོ། ངག་སྲུང་འགྲོལ་གྱི་གདམས་པ་རད་གླིང་གཏེར་མ། བསམ་གཏན་ཉལ་ཆོག་གི་རྫོགས་ཆེན་ལུགས་ཀྱི་འཁོར་ལོ་མཚན་ཉི་ཤུ་རྩ་གཅིག་པ་གཏེར་སྟོན་སྦུར་པོ་བྱ་ཐུལ་དང་རྡོར་གླིང་པད་གླིང་སོགས་ཀྱི་གཏེར་ཁ་ལས་བྱུང་བ། འགོ་བའི་ལྷ་ལྔ་མི་དགྱེས་པ་ལས་སྲུང་བའི་འཁོར་ལོ་དབུ་རུ་ཤཱཀ་འོད་གཏེར་མ། སྲོག་ལུས་དབང་ཐང་ཀླུང་གཏའ་ལ་དགྲ་དར་བ་ལས་སྲུང་བ་བསྐྱེད་པ་བཞི་ལྡན་གྱི་འཁོར་ལོ་སྤྲུལ་སྐུ་ཚེ་བརྟན་རྒྱལ་མཚན་གྱི་གཏེར་མ་བཅས་སོ། །སྲུང་བའི་སྐོར་འདི་རྣམས་རྗེ་བླ་མས་ལུང་རྒྱུན་ཡོངས་འཛིན་ཅི་རིགས་པ་ལས་གསན་ཅིང་ཕྱོགས་གཅིག་ཏུ་བསྡུད་པར་མཛད་པ་ལས་ཁོ་བོས་ཐོས་པའོ། ༈ །གཉིས་པ་འབྱུང་བཞིའི་འཇིགས་པ་སྲུང་བའི་སྐོར་ལ། ཀུན་སྐྱོང་གླིང་པའི་གཏེར་མ་ས་གཡོས་སྲུང་བ་སོགས་ས་ཆུ་མེ་རླུང་བཞིའི་འཇིགས་པ་སྲུང་བ་ཟབ་བསྡུས། ཆོས་དབང་གཏེར་བྱོན་སོགས་ཤྭ་འོད་སྲུང་བའི་ཆུ་སྒྱུར་ཟབ་བཏུས། འཇིགས་མེད་གླིང་པའི་དག་སྣང་གྲུ་གཟིངས་མི་ལོག་པའི་སྲུང་བ་ཐུགས་རྗེ་བྱམས་པའི་མན་ངག་འགྲོ་བའི་སྲོག་འཛིན། གཏེར་གསར་ཐུགས་སྒྲུབ་ལས་འབྱུང་བཞིའི་འཇིགས་སྲུང་ཕྱོགས་བསྡུས་བལྟས་ཆོག་ཏུ་བསྡེབས་པ་རྣམས་སོ། ༈ །གསུམ་པ་ཡུལ་འཁོར་སྲུང་བའི་སྐོར་ལ། གུ་རུ་ཚེ་བརྟན་རྒྱལ་མཚན་གྱི་གཏེར་མ་ཡུལ་སྲུང་དམག་ཟློག་གཞུང་ལག་ལེན་དང་བཅས་པ། ལུང་བརྒྱུད་གོང་གི་རྟ་མགྲིན་ལས་བརྒྱ་ལྟར་ལ། ལྔ་པ་ནས་རིམ་པར་བརྒྱུད། སྒྲོལ་སྟོན་ཆོས་རྒྱན། རྗེ་མཁྱེན་བརྩེ། དེ་ལས་སོ། །གཏེར་ཆེན་ཞིག་པོ་གླིང་པས་ཁྱུང་ཚང་བྲག་ནས་སྤྱན་དྲངས་པའི་དམག་ཟློག་ཉེར་ལྔ་ལས། རྒྱལ་ཆེན་བཞིའི་བཀའ་གཏད། དམག་ཟློག་ཉེར་ལྔའི་རྩ་བ། རྒྱལ་ཆེན་བཞིའི་སྒྲུབ་ཐབས་མཆོད་ཕྲིན། གྲོང་ཁྱེར་སྲུང་བ་ཡུལ་ཁམས་མངའ་འབངས་སུ་གཏད་པའི་ཐབས་སྲོག་དབང་བཀའ་རྒྱ་ཅན་བསྐུར་བའི་ལག་ལེན། རྒྱལ་ཆེན་མཆོད་ཐབས་གཏོར་ཟློག་མདོས་ཀྱི་ལག་ལེན་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་གྱིས་མཛད་པ། བརྒྱུད་པ་ནི། ཀུན་བཟང་། རིགས་ལྔ་ཞི་ཁྲོ །རྡོ་རྗེ་འཆང་། རྡོར་སེམས། ཤཱཀ་ཐུབ། ཕྱག་ན་རྡོ་རྗེ། དགའ་རབ། ཨོ་རྒྱན་ཆེན་པོ། ཆོས་རྒྱལ་ཁྲི་སྲོང་། གཉགས་ལོ་ཡེ་ཤེས་གཞོན་ནུ། ཞིག་པོ་གླིང་པ། སོག་ཟློག་པ་བློ་གྲོས་རྒྱལ་མཚན། གཞན་ཕན་རྡོ་རྗེ། ཕྲིན་ལས་ལྷུན་གྲུབ། འགྱུར་མེད་རྡོ་རྗེ། པདྨ་འགྱུར་མེད་རྒྱ་མཚོ། རིན་ཆེན་རྣམ་རྒྱལ། པདྨ་བསྟན་འཛིན། ཨོ་རྒྱན་བསྟན་འཛིན་རྡོ་རྗེ། བསྟན་འཛིན་ཆོས་རྒྱལ། འགྱུར་མེད་མཐུ་སྟོབས་རྣམ་རྒྱལ། སྨོན་ལམ་དབང་རྒྱལ། དེས་བདག་ལའོ། །ལུང་བརྒྱུད་ནི། རིན་རྣམ་ནས། སྔགས་རམ་འགྱུར་མེད་བཀྲ་ཤིས། བསྟན་འཛིན་ཆོས་རྒྱལ་མན་འདྲ། རིན་རྣམ་གྱིས་མཛད་པའི་ལག་ལེན་ཀྱང་དེ་ལྟར་རོ། །ཡང་དབང་བརྒྱུད་གཅིག་ནི། སོག་ཟློག་པ་ནས། བཅས་སྡེ་གྲུབ་ཐོབ་བཀྲ་ཤིས་ཚེ་བརྟན། ཀུན་བཟང་ཁྱབ་བརྡལ་ལྷུན་གྲུབ། ཀུན་བཟང་རྣམ་རྒྱལ། མཐུ་སྟོབས་རྡོ་རྗེ། བསོད་ནམས་ཆོས་དབང་། དཀོན་མཆོག་བསྟན་སྐྱོང་། ཆོས་ཀྱི་ཉི་མ། གསང་སྔགས་མགོན་པོ། དེ་ལས་སོ། །ལུང་རྒྱུན་ནི། ཆོས་ཀྱི་ཉི་མ་ནས་པདྨ་ཆོས་འཕེལ། ཀརྨ་འགྱུར་མེད། པདྨ་གསང་སྔགས་བསྟན་འཛིན། དེ་ལས་སོ། །ཆོས་སྐོར་འདི་ལ་མཐའ་དམག་གདུག་པའི་སྲུང་ཟློག་བསད་མནན། བོད་ཀྱི་སྒོ་སྲུང་འཕྲང་སྲུང་གི་གཏོར་ཆོག་སོགས་ཤིན་ཏུ་དགོས་གལ་ཆེ་བའི་གདམས་ངག་མང་ཡང་འདིར་མང་བའི་འཇིགས་པས་མ་འཁོད། རྒྱལ་ཆེན་ཡུལ་འཁོར་སྲུང་གི་མཆོད་རྟེན་ལས་འཇུག །ངག་གི་རྡོ་རྗེའི་ཕྱག་རྡོར་གཏུམ་པོ་ཁྲོས་པའི་རྒྱུད་ལས་ནང་འཁྲུགས་དང་མཐའ་དམག་ཟློག་པ་རྒྱལ་ཆེན་སྡེ་བཞིའི་སྒྲུབ་ཐབས་བཅས། ༈ བཞི་པ་སྡེ་བརྒྱད་འཁྲུགས་པའི་ཆོ་འཕྲུལ་སེར་བ་སྲུང་བའི་སྐོར་ལ། བཀའ་གཏེར་གྱི་མན་ངག་ཟབ་པར་གྲགས་པ་མཐའ་ཡས་པ་ཞིག་སྣང་བ་ལས། འདིར་ཨ་ཙ་ར་དམར་པོས་ཉང་སྟོད་ཡེ་ཤེས་འབར་ལ་གདམས་ཤིང་རྙིང་མའི་སྔགས་འཆང་རྣམས་ཀྱིས་ཕྱག་གཞེས་སུ་མཛད་པའི་སེར་སྲུང་གི་ལོ་རྒྱུས་དང་གདམས་སྐོར་ཚང་བ། བརྒྱུད་པ་ནི། ཨ་ཙ་ར་དམར་པོ། ཡེ་ཤེས་འབར། ཆག་ལོ། སྒོམ་པ་བྱང་རྡོར། སློབ་དཔོན་རྒྱལ་བ། དབང་ཕྱུག་མགོན་པོ། བསོད་ནམས་རྒྱལ་མཚན། དྷརྨ་སིཾ་ཧ། རབ་འབྱམས་ཆོས་རྗེ། ཆོས་རྒྱལ་ནོར་བུ། གུ་རུ་གྲགས་པ། ཀུན་དགའ་རྡོ་རྗེ། མདོ་སྔགས་བསྟན་འཛིན། ཕྲིན་ལས་ལྷུན་གྲུབ། འགྱུར་མེད་རྡོ་རྗེ། ཀུན་བཟང་རྒྱ་མཚོ། དྷརྨའི་མཚན་ཅན། ཉང་སྟོན་པདྨ། འདར་སྟོན་པདྨ་བདུད་འདུལ། ཀུན་བཟང་བསྟན་ཉི། སྒྲོལ་སྟོན་འཇམ་དབྱངས། རྗེ་བླ་མ་མཁྱེན་བརྩེའི་ཞལ་སྔ་ནས་སོ། །དམར་ཆུང་ལུགས་ཀྱི་ཐོག་སེར་སྲུང་བ། དེང་སང་ཕལ་ཆེར་གྱིས་ལག་ཆར་བསྟར་བའི་བྱང་གཏེར་ཐུགས་སྒྲུབ་ཆོས་ཚན་བཅུ་དྲུག་པའི་ཆ་ལག་སེར་སྲུང་གནམ་ལྕགས་གུར་ཁང་ཕྱི་ནང་གསང་བ་ཡང་གསང་གནད་ཡིག་དང་བཅས་པ། དེའི་ལག་ལེན་པདྨ་ཕྲིན་ལས་ཀྱིས་མཛད་པ། སེར་སྲུང་ཤིན་ཏུ་ཟབ་པ་གནམ་ཆོས་རྡོ་རྗེ་མཆུའི་གཟུང་དབང་། ལས་བྱང་དང་། སེར་སྲུང་གི་ཟིན་བྲིས་ཆགས་མེད་ཀྱིས་མཛད་པ། ཐོག་སྲུང་མན་ངག་མེ་ཉག་གྲགས་འབྱུང་གཏེར་མ། གཟའ་ཐོག་རྦབ་གསུམ་སྲུང་བ་བ་རི་ལོ་ཙཱའི་ལུགས། ཐོག་སྲུང་ཆོས་དབང་ལུགས། ཡང་ཐོག་སྲུང་ལས་འཕྲོ་གླིང་པའི་གཏེར་མ་སོགས་གཅེས་བསྡུས། ཞར་བྱུང་གནུབས་ཀྱི་གོང་ཁུག་སྲོ་མ་ཅན་གྱི་ཤོག་དྲིལ་བཅུའི་ནང་ཚན་ཁ་ཆར་སྲུང་བ་ཁྲོཾ་ལྔ་ཕུཿབརྒྱད་མ་ལག་ལེན་ཅན། ལུང་བརྒྱུད། འཇམ་དཔལ་གཤིན་རྗེ་གཤེད། འཇམ་དཔལ་བཤེས་གཉེན། པད་འབྱུང་། གཙུག་ལག་དཔལ་དགེ །ཤཱནྟིཾ་གརྦྷ། དྷ་ན་དྷ་ལ། ཁྲག་འཐུང་ནག་པོ། མུ་སྟེགས་བ་སུ་དྷཱ་ར། གནུབས་ཆེན། རྒྱ་ཞང་ཁྲོམ། དོན་ཡོད་རྡོ་རྗེ། རོལ་པའི་རྡོ་རྗེ། ཀརྨ་སི་ཏུ། བཀའ་བཞི་པ། ཉི་མ་བཅུ་དྲུག་པ། བླ་མ་ཀུན་དགའ། བྱང་ཆུབ་དཔལ་མོ། ཚུལ་ཁྲིམས་རྒྱ་མཚོ། གནམ་ལྕགས་མེ་འབར། ལེགས་ལྡན་རྡོ་རྗེ། བྱང་བདག །ངག་གི་དབང་པོ། ཆོས་དབྱིངས་རང་གྲོལ། རྡོ་རྗེ་ཐོགས་མེད། འགྱུར་མེད་རྡོ་རྗེ། སྔགས་རབ་དཔལ་འབར། ང་ཕོད་དགེ་རྒན་པདྨ་དགྱེས་པ། ས་མནྟ་བྷ་དྲ། མཐུ་ཆེན་ཚེ་བརྟན་རྒྱལ་པོ། རིག་པའི་རྡོ་རྗེ། ཀུན་མཁྱེན་བླ་མ། དེ་ལས་འགའ་ཞིག་བཀའ་དྲིན་དུ་ཐོབ། ༈ ལྔ་པ་ལོ་ཏོག་འཇོམས་བྱེད་སད་སྲུང་བའི་སྐོར་ལ། བྱང་གཏེར་ཐུགས་སྒྲུབ་ལས་ཚོགས་སད་སྲུང་སྤྲིན་གྱི་གོ་ཆ། དེའི་ཆ་ལག་ལོ་གླུད་གཏང་བ། སད་སྲུང་གི་མན་ངག་ཟབ་དགུ་ཁྱེར་བདེར་བསྡུས་པ་ལོ་ཏོག་ཀུན་ཏུ་དགེ་བའི་སྤྲིན་ཆེན་བྲག་དམར་བ་ཀུན་བཟང་བློ་གྲོས་ཀྱིས་མཛད་པ། ལུང་བརྒྱུད་མཛད་པ་པོ་ནས་རིམ་པར་བརྒྱུད། ནུས་ལྡན་དྷརྨ་དྷཱ་ཏུ། ངེས་དོན་དབང་པོ། རྗེ་མཁྱེན་བརྩེའི་ཞལ་སྔ་ནས་ནོས། ༈ དྲུག་པ་མ་མོ་འཁྲུགས་པའི་ཆོ་འཕྲུལ་མི་ཕྱུགས་ཀྱི་ནད་ཡམས་སྲུང་བའི་སྐོར་ལ། མངའ་རིའི་གུ་གེ་འདམ་གྲོག་མཁར་ནས་གཏེར་སྟོན་སྐལ་ལྡན་བྱིས་པས་རྙེད་པའི་གག་ལྷོག་འབྲུམ་ནད་སོགས་སྲུང་བའི་མན་ངག་ཟབ་ཁྱད་ཅན་གུ་གེ་ཆིག་དྲིལ་གྱི་མན་ངག་བཅུད་འཁོར་ནག་པོ་་་་འདི་དཔེ་འགའ་ཞིག་ཏུ་བཅུད་འཁོར་ཞེས་སྔགས་རྒོད་ཟབ་དགུའི་བཅུད་བསྡུས་པའི་སྒྲ་བཤད་བྱས་པའང་སྣང་ཞིང་། ལ་ལར་གཅུན་འཁོར་ཞེས་ནད་བདག་སྔགས་ཀྱིས་གཅུན་པའི་དོན་དུ་བཤད་སྣང་་་་ལག་ལེན་བཅས། བརྒྱུད་པ་ནི། གསང་བའི་བདག་པོ། ཨོ་རྒྱན་ཆེན་པོ། བྱིས་པ་གཏེར་སྟོན། དབུས་པ་བརྡ་སྒོམ། ཇོ་སྲས་བདེ་བ་འབར། གཉན་སྟོན་རི་གོང་བ། མགར་སྒོམ་དབོན་ཤེས། སེ་རྒོད་མགོན་པོ། དོ་སྨན་པ་ཤེས་རབ་མགོན་པོ། རྡོ་རྗེ་མགོན་པོ། ཆེ་མཆོག་རྡོ་རྗེ། སངྒ་ལཀྵ། ཁྲག་འཐུང་རྒྱལ་པོ། ཉི་ཟླ་གྲགས་པ། ངག་གི་དབང་ཕྱུག །ལོ་ཆེན་གཞན་ཕན་རྡོ་རྗེ། ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ། བློ་གསལ་རྒྱ་མཚོ། ཉང་སྟོན་རིག་འཛིན་ཆེན་པོ། དགེ་སློང་དཔལ་འབར། བླ་མ་པདྨ་བསྟན་འཕེལ། མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། རྒྱལ་ཚབ་བསྟན་འཛིན་ཆོས་རྒྱལ། འགྱུར་མེད་མཐུ་སྟོབས་རྣམ་རྒྱལ། འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་ནོས་སོ། །བལ་ཡུལ་གཏེར་སྟོན་བཛྲ་མ་ཏིས་བྲག་ཧོམ་ཁུང་འདྲ་བ་ནས་སྤྱན་དྲངས་པའི་རྫོགས་ཆེན་མཁའ་ཀློང་འོད་འཕྲོའི་ལས་ཚོགས་རིམས་སྲུང་ཟབ་མོ། སྒོམ་བཟླས་རྒྱུན་ཁྱེར། བརྒྱུད་པ་ནི། ཨོ་རྒྱན་ཆེན་པོ། བཛྲ་མ་ཏི། གུང་ཐང་ཀུ་མཱ་ར། རླུང་བན་ལྷ་ལུང་པ། བདེ་ཆེན་ལྷུན་གྲུབ། བཀྲ་ཤིས་དཔལ། དབང་པོའི་སྡེ། སྲས་ཕྲིན་ལས་རྣམ་རྒྱལ། རིན་ཆེན་དར་རྒྱས། ཕྲིན་ལས་ལྷུན་གྲུབ། འགྱུར་མེད་རྡོ་རྗེ་ནས་རིམ་པར་བརྒྱུད། རྗེ་མཁྱེན་བརྩེའི་ཞལ་སྔ་ནས་སོ། །རྟོག་མེད་རང་སྲུང་མཚོན་ཆའི་འཁོར་ལོ། པད་གླིང་གཏེར་བྱོན་ཟུར་མཁར་ཆོས་རྗེས་གསལ་བར་མཛད་པ། ལུང་རྒྱུན་བྱེ་རིང་དང་འདྲ། གག་ལྷོག་གཉན་རིམས་སྲུང་བའི་གདམས་པ་ལྷོ་བྱང་གཏེར་ཁ་གཉིས་ལྡན། རིམས་སྲུང་ཁྱད་པར་ཅན་ཇོ་བོ་རྗེ་ནས་བརྒྱུད་པ་ཡོལ་མོ་སྤྲུལ་སྐུའི་ལག་བླང་མ། ཇོ་བོ་རྗེའི་འབྲུམ་སྲུང་། ཉང་གི་གཏེར་བྱོན་རིམས་སྲུང་དང་འབྲུམ་སྲུང་རྡོ་རྗེ་མ། འགོ་ནད་སྲུང་འཁོར་བླ་མ་པདྨའི་གདམས་པ། སྔགས་རྒོད་ཉི་ཤུའི་རིམས་སྲུང་སངས་གླིང་གཏེར་མ། གྲུབ་ཆེན་ཐང་རྒྱལ་ལ་རྡོ་རྗེ་ཕག་མོས་དངོས་སུ་བསྩལ་པའི་རིམས་སྲུང་ཟབ་ཁྱད་ཅན་གཅིག་བརྒྱུད་མ། བརྒྱུད་པ་ནི་གོང་གི་ལྷ་མོ་བརྒྱད་རྩིས་དང་མཚུངས། ནག་པོ་དགུ་སྦྱོར་གྱི་རྫས་སྔགས་འབྲེལ་མའི་རིམས་སྲུང་བཀའ་གཏེར་གཉིས་ལྡན། གཟའ་སྲུང་ཤིན་ཏུ་ཟབ་མོ་མ་བུ་དགུ་འཆམས་སུ་གྲགས་པ་ཆགས་མེད་ཕྱོགས་ནས་བརྒྱུད་པ། བྱང་གཏེར་ཐུགས་སྒྲུབ་ལས་མིག་ནད་སྲུང་བ། ཡེ་ཤེས་སྤྱན་གྱི་ཙཀྲ་དཔེའུ་རིས་བཅས། གཏེར་སྟོན་ཁམས་པ་མེ་ཟོར་གཏེར་མ་ཕྱུགས་ནད་སྲུང་བའི་ཙཀྲ །གོར་སྲུང་སྤྱི་དོན་བཞི་པ། བྱང་གཏེར་ཐུགས་སྒྲུབ་ལས་ཚོགས་ལས་བྱུང་བའི་གོར་ནད་སྲུང་གསོ། གློ་གོར་ཧོན་གསུམ་སྲུང་བ་ལས་འཕྲོ་གླིང་པའི་གཏེར་མ། ཁ་ཚ་སྲུང་བ། རད་གླིང་གཏེར་ཕྲན་སོགས་ལུག་ནད་སྲུང་གཅོད། གོར་སྲུང་ཟབ་ཁྱད་ཅན་དང་ཕྱུགས་ནད་བཅོས་པ་གྲྭ་མངོན་ཕྱག་ལེན་མ། སྟག་ཤམ་ནུས་ལྡན་རྡོ་རྗེའི་གཏེར་མ་གོར་སྲུང་ཟབ་མོ། ཟབ་གསང་པདྨ་སྙིང་ཐིག་ལས་ཕྱུགས་ཀྱི་ནད་རིགས་བཅོས་ཐབས། རྟ་ཕྱུགས་ཀྱི་རིགས་ལ་ཕན་གདགས་པའི་མན་ངག་ཉེར་མཁོ་བསྡུས་པ། ནོར་ལ་གོད་རྩི་བླུད་ཐབས་སོགས་ཕྱུགས་ཀྱི་སྲུང་གསོ་ཉེར་མཁོ་ཁ་ཤས་བཅས། ༈ བདུན་པ་བྱེ་བྲག་དུག་ནད་སྲུང་བའི་སྐོར་ལ། རིག་འཛིན་རྒོད་ལྡེམ་ཅན་གྱིས་བསམ་ཡས་རྟ་མགྲིན་ཞབས་འོག་ནས་ཕྱུངས་པའི་དུག་དབང་རྡོ་རྗེ་ཕ་ལམ་ཡུལ་དུས་ཁ་བལྟ་ཕྱོགས་ངེས་པ་ཅན་གྱི་དབང་། གཞུང་ལག་ལེན་བཅས། བརྒྱུད་པ་ནི། མུ་སྟེགས་དབང་ཕྱུག་ཆེན་པོ། གུ་ལང་ནག་པོ། ཤྲཱི་རལ་པ་ཅན། གུ་རུ་པདྨ། རིག་འཛིན་རྒོད་ལྡེམ། ཞང་ཤེས་རབ་འབུམ། རྟོགས་ལྡན་གཞོན་ནུ་རིན་ཆེན། རིན་ཆེན་དཔལ་བཟང་། མཁན་བྱམས་པ་རིན་ཆེན། བྱང་ཆུབ་སེང་གེ །འཕགས་པ་གཞོན་ནུ་བློ་གྲོས། བྲང་ཏི་དཔལ་ལྡན་འཚོ་བྱེད། དཔལ་ལྡན་རྒྱལ་མཚན། སྟག་རྒྱལ་རྡོ་རྗེ། བསོད་ནམས་སེང་གེ །གནུབས་ཉི་ཟླ་གྲགས་པ། བློ་གྲོས་རྒྱལ་མཚན། བཀྲ་ཤིས་སྟོབས་རྒྱལ། ངག་གི་དབང་པོ། ཡོལ་མོ་བསྟན་འཛིན་ནོར་བུ། ཕྱག་རྡོར་ནོར་བུ། པདྨ་ཕྲིན་ལས། ཀུན་བཟང་རྒྱ་མཚོ། གྲུབ་དབང་དྷརྨའི་མཚན་ཅན། པདྨ་བཤེས་གཉེན། བསྟན་འཛིན་ཆོས་རྒྱལ། འགྱུར་མེད་མཐུ་སྟོབས་རྣམ་རྒྱལ། ཀུན་མཁྱེན་བླ་མ་རིན་པོ་ཆེ། དེས་བདག་ལའོ། །ཡང་ན་ངག་གི་དབང་པོ་ནས། པདྨ་སྲིད་ཞི་ཡོངས་གྲོལ། མེས་སྟོན་མཁའ་འགྲོའི་དབང་ཕྱུག །དྷརྨའི་མཚན་ཅན། གསང་སྔགས་རྒྱལ་མཚན། སོ་ཀུན་བཟང་ཡེ་ཤེས། སེ་པདྨ་དགའ་བ། སེ་ཀུན་བཟང་འགྱུར་མེད། སྒྲོལ་སྟོན་ཆོས་ཀྱི་རྒྱལ་མཚན་ནས། རྗེ་མཁྱེན་བརྩེ་རིན་པོ་ཆེར་བརྒྱུད་པའོ། །ཟུར་མཁར་བའི་བྱེ་བ་རིང་བསྲེལ་ལས་བྱུང་བ་ལྕང་སྨན་དོན་གྲུབ་དར་གྱི་གཏེར་ཕྲན་དུག་སྲུང་རྟ་རི་མ་ཕྱག་ལེན་དང་བཅས་པ། འདི་རཏྣའི་དྲག་དམར་གྱི་ལས་ཚོགས་དུག་སྲུང་ཡིད་བཞིན་ནོར་བུ་དང་གཅིག་པར་སྣང་། བརྒྱུད་པ་བྱེ་རིང་ལྟར། རོང་སྨན་ཉི་མའི་འོད་ཀྱི་གཏེར་མ་དུག་སྲུང་རིན་ཆེན་སྲོག་གི་རྫོང་ཆེན། དུག་ནད་ཐམས་ཅད་ལ་མཆོག་ཏུ་བསྔགས་པ་གསེར་གཟུངས་སྙན་བརྒྱུད་མ། ལོ་རྒྱུས་གདམས་ངག་དང་བཅས་པ་དྷརྨ་སྭ་མིས་མཛད་པ། དེའི་བསྒོམ་བཟླས་མཁྱེན་བརྩེ་རིན་པོ་ཆེའི་གསུང་བཅས། བྱེ་རིང་ལུང་བརྒྱུད་ནི། རྗེ་ཟུར་མཁར་བ་མཉམ་ཉིད་རྡོ་རྗེ། ཕྲག་དཔོན་དཀོན་མཆོག་དཔལ་བཟང་། བྱམས་པའི་མཚན་ཅན། པཎ་ཆེན་མགོན་པོ་དཔལ་བ། སྲས་དོན་གྲུབ་ལེགས་པ། སྨན་བླ་དོན་གྲུབ། སྒམ་པོ་པ་མི་ཕམ་ཆོས་ཀྱི་དབང་ཕྱུག །འབྲི་གུང་ཆོས་ཀྱི་གྲགས་པ། མཚུར་ཕུ་བླ་སྨན་པ། སྔགས་གྲྭ་བསྟན་འཕེལ། རྗེ་དྷརྨཱ་ཀ་ར། གླིང་སྨན་བཀྲ་ཤིས་འབུམ་པ། ཚེ་དབང་དཔལ་འབྱོར། ཀརྨ་དར་རྒྱས། དེ་ལས་བདག་གིས་སོ། །ཡང་བརྒྱུད་ཚུལ་གཅིག་ལ། མཁས་གྲུབ་མཉམ་ཉིད་རྡོ་རྗེ། གནམ་གང་པ་བཀྲ་ཤིས་དབང་ཕྱུག །རྗེ་བཙུན་སངས་རྒྱས་ཞབས། རྗེ་ཆོས་དབང་རིན་པོ་ཆེ། ཟུར་དབོན་བློ་གྲོས་རྒྱལ་པོ། རྗེ་བཙུན་ལེགས་ལྡན་རྡོ་རྗེ། རིག་འཛིན་དབང་པོའི་སྡེ། ངག་གི་དབང་པོ། ཆོས་དབྱིངས་རང་གྲོལ། ཡར་འཕེལ་དབང་པོ། ངག་དབང་ཀུན་དགའ་བསྟན་འཛིན། བི་ཇི་བསྟན་འཛིན་ཕུན་ཚོགས། ངག་དབང་མཐར་ཕྱིན། ཀུན་དགའ་རྒྱལ་མཚན། འཚོ་བྱེད་པདྨ་དབང་། བློ་བཟང་བསམ་གཏན། མང་ཐོས་ཆོས་དབྱིངས་དཔལ་ལྡན། གདོང་བསྟན་འཛིན་ཕུན་ཚོགས། མཁས་དབང་ཆོས་གྲགས་རྒྱ་མཚོ། རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེ། དེ་ལས་སོ། ༈ །བརྒྱད་པ་དགྲ་ཇག་ཆོམ་རྐུན་སྲུང་བའི་སྐོར་ལ། རྗེ་བཙུན་སྒྲོལ་མའི་སྒོ་ནས་དགྲ་ཇག་འཆིང་བའི་གདམས་པ་ར་རུ་མ་གཞུང་ཕྱག་ལེན་དང་བཅས་པ། གདམས་སྐོར་གསལ་བྱེད་ས་སྐྱ་པ་ཀུན་བློས་མཛད་པ། འདི་བཀའ་གདམས་པའི་དགེ་བའི་བཤེས་གཉེན་བྱ་མང་པོ་བརྩོན་འགྲུས་གྲགས་ལ་རྗེ་བཙུན་སྒྲོལ་མས་དངོས་སུ་གནང་བ་ཡིན་ཡང་། རྙིང་མའི་ཕྱོགས་སུ་བཀའ་བབས་ཤིང་ཕྱག་ལེན་མཛད་པ་མང་བས་འདིར་བཀོད། བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། མཁའ་འགྲོ་མ་ཨ་ར་ལི། ཀླུ་སྒྲུབ་སྙིང་པོ། བྲམ་ཟེ་སྡོམ་བཟང་། འབྲོ་ལོ་ཙཱ་བ། གར་སྟོན་འབུམ་དང་། འབྲས་ཁུད་པ། ཡོལ་བ་བྲག་པ། ཟུར་ཤཱཀྱ་འབྱུང་གནས། ཟུར་ལྷུན་གྲུབ་གྲགས། ཟུར་བཛྲ་ནཱ་ཐ། ཟུར་ཚེ་དཔལ་མགོན་པོ། ཟུར་དཔལ་འབྱོར་བཟང་པོ། ཟུར་དབང་ཤཱཀྱ་རཏྣ། ཟུར་འཇམ་དབྱངས་རྒྱལ་སྲས། ཟུར་བསྟན་འཛིན་འགྱུར་མེད། ཀླུངས་མི་འགྱུར་རྡོ་རྗེ། ཁྲག་འཐུང་ཡེ་ཤེས་རྡོ་རྗེ། ཟུར་ཆོས་དབྱིངས་རང་གྲོལ། ཕྲིན་ལས་ལྷུན་གྲུབ། འགྱུར་མེད་རྡོ་རྗེ། འོད་གསལ་ཀློང་གྲོལ། འདར་འཇམ་དབྱངས་གྲུབ་དབང་། འདར་པདྨ་བདུད་འདུལ། ཁྲ་ཚང་པ་ཡེ་ཤེས་བཟང་པོ། ཁྲ་ཚང་ཡེ་ཤེས་ཆོས་འཕེལ། སྒྲོལ་སྟོན་ཆོས་རྒྱན། འཇམ་མགོན་བླ་མ། དེ་ལས་སོ། །ཀུན་བློའི་གསུང་བརྟན་གསོལ་ལྟར་རོ། །བྱང་གཏེར་ལྕགས་མཛོད་ནས་བྱོན་པའི་བལ་མོའི་ཇག་ཆིངས། རྗེ་མི་ལ་ལ་ཚེ་རིང་མས་ཕུལ་བའི་རྐུན་སྲུང་། དམ་ཅན་དགྲ་ཆིངས་ཟབ་མོ་ནམ་མཁའི་སྙིང་པོས་ཨོ་རྒྱན་པདྨ་ལ་ཕུལ་བ། ཡང་ཕྱག་ལེན་འདྲ་མིན་ཅན་གཅིག །ཇག་ཆིངས་ཟབ་ཁྱད་ཅན་ལྷ་བཙུན་ཀོང་སྨྱོན་ཆེན་པོའི་ཕྱག་ལེན་ལྟར། རྟ་མགྲིན་གསང་བ་འདུས་པ་ལས་མི་རྒོད་ཇག་ཆིངས། ཡང་དེ་ཉིད་ལས་གནོད་བྱེད་སྐྲོད་པའི་མན་ངག་ཟུར་དུ་གབ་པ། ཐུབ་པ་ནག་པོའི་མགོ་འཁོར་ཟབ་མོ་བཀའ་མའི་མན་ངག །བླ་མ་དྲག་པོའི་རྐུན་མ་མགོ་འཁོར། དགོངས་གཏེར་ཐུགས་ཀྱི་ཀློང་གསལ་ལས་ཆོམ་རྐུན་ཇག་པ་འཆིང་བ་མི་འགྱུར་རྡོ་རྗེའི་དག་སྣང་མ། དེ་ཉིད་ཀྱི་དགོངས་གཏེར་འོད་ཟེར་ཅན་མའི་དབང་དང་མན་ངག །ཆགས་མེད་ཀྱིས་མཛད་པའི་དགྲ་རྐུན་ཇག་ཆིངས་བཅས། ལུང་མཛད་པ་པོ་ནས་རིམ་བརྒྱུད། ལྕི་སྟོད་བླ་མ་བླ་གཅོད། མགོན་སྤྲུལ། རི་སྤྲུལ་མཁས་མཆོག་གྲུབ་དབང་། རྗེ་བླ་མ་ལས་སོ། ༈ །དགུ་པ་མཚོན་ཆ་སྲུང་བའི་སྐོར་ལ། གུ་རུ་ཚེ་བརྟན་རྒྱལ་མཚན་པའི་ཟབ་གཏེར་མཚོན་སྲུང་གི་འཁོར་ལོ་ཆེན་མོ་རྡོ་རྗེ་གོ་ཁྲབ། འདི་ཕྱག་ལེན་གྱི་རྒྱུན་མ་ཆད་པ་ཡོད་ཅིང་། མཚོན་དབང་བསྐུར་ཚུལ་ངོ་མཚར་གྱི་གཏམ་རྒྱུད་དང་བཅས་པའང་སྣང་ངོ་། །བྱང་གཏེར་ཐུགས་སྒྲུབ་ཆོས་ཚན་བཅུ་བདུན་པ་དམག་དཔུང་མཚོན་ཆ་སྲུང་བ་གོ་ཆ་གྱད་ཀྱི་མན་ངག །རཏྣའི་དྲག་དམར་ལས་མཐའ་མཚོན་སྲུང་རྡོ་རྗེའི་གོ་ཆ་བཅས། འདིའི་ལུང་ལག་ལེན་ནི། ཀརྨ་ཆགས་མེད་སོགས་ནས་རིམ་པར་བརྒྱུད། སྔགས་འཆང་རིག་འཛིན་དཔལ་འབྱོར། མཆོག་གྱུར་གླིང་པ། མདོ་སྔགས་གླིང་པ། དེས་སོ། །མཚོན་སྲུང་དར་མདུད་མ། མཚོན་སྲུང་སྒོམ་བཟླས། མཚོན་སྲུང་རལ་གྲི་མ། བྱང་ཆུབ་གླིང་པའི་གཏེར་མ་སྔགས་རྒོད། རྒྱ་ཟི་ནག་པོའི་མཚོན་སྲུང་ཚན་གཉིས་བཅས། ལུང་རྒྱུན་སྤྱི་དང་མཚུངས། ༈ བཅུ་པ་བདེན་ཚིག་བཀའ་བསྒོས་སྲུང་བ་ལ། གཟུགས་མེད་དྲེགས་པའི་ཚོགས་ལ་བཀའ་བསྒོ་བྱ་ཚུལ་རྡོ་རྗེ་འབར་བའི་གཟི་བྱིན་སྨིན་གླིང་གཏེར་ཆེན་གསུང་། བྱིན་རླབས་བཀའ་བསྒོ་བྱ་ཚུལ་ཀརྨ་ཆགས་མེད་ཀྱིས་མཛད་པ། གཏེར་གསར་ཐུགས་སྒྲུབ་རིག་འཛིན་རྫུ་འཕྲུལ་མཐུ་ཆེན་ལ་བསྟེན་པའི་བཀའ་བསྒོ ༈ །བཅུ་གཅིག་པ་དམོད་ཚིག་སྤྲིང་ཡིག་གིས་སྲུང་བ། རཏྣའི་གུར་དྲག་ལས་ཚོགས་སྡེ་བརྒྱད་དང་རྒྱལ་བསེན་འབྱུང་པོ་རྣམས་ལ་སྤྲིང་ཡིག་ཕྱག་རྟགས་རྡོ་རྗེའི་རྒྱ་ཅན་ལག་ལེན་དང་བཅས་པ། ཀློང་གསལ་སྙིང་པོ་གནམ་ཆེན་བྲག་དཀར་ནས་བཞེས་པའི་སྤྲིང་ཡིག་སྤྱི་ཁྱབ་བཅས་པ་རྣམས་སོ། ༈ གཉིས་པ་ཞི་བའི་ལས་ཀྱི་སྐོར་ལ། ཞི་བྱ་ཡུལ་གྱི་ངོས་ནས་དབྱེ་ན། གནས་སྐབས་སེང་གེ་ཁྲོས་པ། གླང་ཆེན་མྱོས་པ། མེ་འབར་བ། དུག་སྦྲུལ་གྱིས་གཙེས་པ། ཆོམ་རྐུན་གྱིས་འཚེ་བ། ལྕགས་སྒྲོག་གིས་འཆིང་བ། རྒྱ་མཚོའི་རླབས་འཁྲུགས་པ། ཤ་ཟ་ཁྲོས་པ་སྟེ་ཡོངས་སུ་གྲགས་པའི་འཇིགས་པ་ཆེན་པོ་བརྒྱད་དམ། སྔ་འགྱུར་གྱི་གཞུང་འགའ་ཞིག་ལས་ཡུལ་དུས་དང་བསྟུན་ཏེ། ནད་དང་མུ་གེ །མེ་དང་ཆུ་ཆེན། དམག་དང་མཚོན། རྒྱལ་པོའི་ཆད་པ། དུས་མ་ཡིན་པའི་འཆི་བ་སྟེ་འཇིགས་པ་ཆེན་པོ་བརྒྱད་དུ་གསུངས་པས་མཚོན་མི་མཐུན་ཅིང་མི་འདོད་པའི་ཉེ་བར་འཚེ་བ་མཐའ་དག་ཡིན་ལ། མཐར་ཐུག་གི་ཞི་བྱ་ནི་སྒྲིབ་གཉིས་བག་ཆགས་དང་བཅས་པ་རྣམས་སོ། །ཞི་བྱེད་ཐབས་ཀྱི་ངོས་ནས་དབྱེ་ན་སྤྱིར་བསམ་གྱིས་མི་ཁྱབ་ཀྱང་། སྨན་དང་། སྔགས་དང། འཁྲུལ་འཁོར་དང་། རྟེན་འབྲེལ་དང་། སྦྱིན་སྲེག་དང་། ཏིང་ངེ་འཛིན་རྣམས་སུ་ཅི་རིགས་པར་འདུ་ཞིང་། ཇི་ལྟར་སྒྲུབ་པའི་ཚུལ་ཡང་། གཙོ་བོར་གཞན་དོན་དོན་གཉེར་གྱི་བསམ་པས་སྨན་དང་རྟེན་འབྲེལ་འགའ་ཞིག་མ་གཏོགས་ཕལ་ཆེར་ལ་རང་གི་ལྷའི་རྣལ་འབྱོར་དང་ལྡན་པས་འཇུག་པར་བྱ་བ་སྟེ་ལས་གང་ལའང་འདྲའོ། །དེ་ལ་འདིར་རེ་ཞིག་ཞི་བྱ་ཡུལ་ལ་ལྟོས་ཏེ་སྡེ་ཚན་བདུན་དུ་བཞག་པ་ལ། དང་པོ་གེགས་དང་བར་གཅོད་ནད་གདོན་སྤྱིར་ཞི་བའི་སྐོར་ལ། སྤྲུལ་སྐུ་བ་མཁལ་སྨུག་པོའི་བཞིན་ཅན་གྱི་གཏེར་མ་བར་ཆད་ལམ་སེལ། ལུང་རྒྱུན་གཏེར་སྟོན་ནས་བར་མ་ཆད་པར་བརྒྱུད་པ་མང་དུ་གྱེས་ཏེ་ཁོ་བོས་ཀྱང་འདྲེན་མཆོག་རྣམས་ལས་མང་དུ་ཐོས་པ་ལས། བརྒྱུད་ཚུལ་གཅིག་ནི། བྱང་བདག །ངག་གི་དབང་པོ། ཆོས་དབྱིངས་རང་གྲོལ། པདྨ་ཕྲིན་ལས། ཟུར་ཀུན་དགའ་བསོད་ནམས། སེ་ཀུན་བཟང་ཡེ་ཤེས། པདྨ་དགའ་བ། ཀུན་བཟང་རྣམ་རྒྱལ། སྒྲོལ་སྟོན། ཀུན་མཁྱེན་བླ་མ། དེས་སོ། །ལྷ་སྲས་རྣམ་རོལ་མང་ལམ་རི་ཁྲོད་པ་བཟང་པོ་གྲགས་པས་རྒྱང་ཡོན་པོ་ལུང་ནས་སྤྱན་དྲངས་པ་སྲི་ཟློག་འཁོར་ལོ་འབར་བའི་གཞུང་། དེའི་ལག་ལེན་དང་ངག་འདོན་པདྨ་ཕྲིན་ལས་དང་རྗེ་མཁྱེན་བརྩེ་གཉིས་ཀྱིས་མཛད་པ། བརྒྱུད་པ་ནི། ཤཱཀྱའི་ཏོག །རིན་འཛིན་བྱང་སེམས། ཨོ་རྒྱན་ཆེན་པོ། ལྷ་སྲས། བཟང་པོ་གྲགས་པ། རྒོད་ལྡེམ། རི་པ་སངས་རྒྱས། ནམ་མཁའ་མཆོག་བཟང་། ཐང་སྟོང་རྒྱལ་པོ། རིན་ཆེན་རྒྱལ་མཚན། ལེགས་ལྡན་རྗེ། བྱང་བདག་ཡབ་སྲས། ཆོས་དབྱིངས་རང་གྲོལ། རྡོ་རྗེ་ཐོགས་མེད། པདྨ་ཕྲིན་ལས། ཀུན་བཟང་རྒྱ་མཚོ། ཆོས་ཉིད་རང་གྲོལ། པདྨ་བཤེས་གཉེན། ངག་དབང་ཀུན་བཟང་། ཀུན་བཟང་གསང་སྔགས་བསྟན་འཛིན། རྗེ་མཁྱེན་བརྩེའི་དབང་པོས་བསྩལ་པའོ། །ལྷ་བཙུན་ཆེན་པོའི་དག་སྣང་ཆོས་སྡེ་གསོལ་འདེབས་དུས་མིན་འཆི་ཟློག །ཆོས་རྗེ་གླིང་པས་སྤུ་བོ་མདུང་ཆུ་བྱམས་པའི་སྙིང་མཛོད་ནས་སྤྱན་དྲངས་པའི་ཆོས་བདག་བར་ཆད་སེལ་བའི་ཆོས་བཀའ་བཞི་ཞེས་དམ་གྲིབ་སོགས་མི་གཙང་བའི་གཉེན་པོ་རྣམ་འཇོམས་དཀར་པོ། དུག་རིགས་སྲུང་ཞིང་གསོ་བ་དུག་སེལ་མ་ལྗང་གུ །དམ་སྲིའི་གཉེན་པོ་རྡོ་རྗེ་ཕུར་པ་དུག་གཟེར་རེག་ཕུང་། འཇམ་དཔལ་ནག་པོའི་ཉིང་ཟློག་བསམ་གཏན་ཉལ་ཆོག་རྣམས་ཀྱི་གཏེར་གཞུང་། ཆོས་བཀའ་བཞིའི་རྒྱུན་གྱི་རྣལ་འབྱོར། རྣམ་འཇོམས་དཀར་པོའི་བུམ་ཆོག་བཀྲུ་བྱབས་དང་བཅས་པ་གཏེར་སྟོན་ཉིད་མཛད་རྣམས། ལུང་རྒྱུན་ནི། གཏེར་ཆེན་ཉིད་ནས་ནམ་མཁའ་རྡོ་རྗེ། རྟ་མཆོག་ཆོས་གྲགས། རྟ་མགྲིན་ལྷུན་པོ། རྒྱལ་དབང་བཅུ་བཞི་པ། རྗེ་བླ་མ་མཁྱེན་བརྩེ། དེ་ལས་སོ། །མཆོག་གླིང་ཟབ་གཏེར་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཞལ་གདམས་སྙིང་བྱང་ལེའུ་བཅོ་ལྔ་པ་ལས་གསུངས་པའི་སྲི་འདུལ་རཀྴ་ཐོད་ཕྲེང་རྩལ་གྱི་དབང་། དེའི་སྒྲུབ་ཐབས་ཁོལ་ཕྱུང་གཏེར་ཆེན་ཉིད་མཛད། ཕྲིན་ལས་དང་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་བདུད་འཇོམས་ཞུན་ཐིག །སྲུང་ཟློག་ལས་རིམ་ཁྱེར་བདེ་བདུད་འཇོམས་རྡོ་རྗེའི་གོ་མཚོན། ཟློག་བྱང་རྒྱས་པ། ཐུགས་སྒྲུབ་ཆ་ལག་བར་ཆད་སེལ་བའི་ལྷ་བཞི་ལས་ནང་བདུད་བཞིའི་བར་ཆད་སེལ་བ་མི་གཡོ་བ་རིགས་བཞིའི་དབང་སྒྲུབ་ཐབས་བདུད་བཞི་ཟིལ་གནོན་གཏེར་གཞུང་ཚང་བ།དབང་ཆོག་བཻ་ཌཱུརྻའི་ཆུ་རྒྱུན། གཏེར་སྟོན་ལྷ་བཙུན་སྔོན་མོས་སྦྲགས་ཡང་རྫོང་དུ་འདབ་གཏེར་སྦས་པའི་ཤོག་སེར་མཆོག་གྱུར་གླིང་པས་བཞེས་ནས་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཕྱག་ཏུ་ཕུལ་བ་རྗེ་ཉིད་ཀྱིས་གཏན་ལ་ཕབ་པ་ཞི་བྱེད་སྐོར་བདུན་ཞེས། ནད་ཞི་བྱེད་སངས་རྒྱས་སྤྱན་མ། རིམས་ཞི་བྱེད་ལོ་གྱོན་མ། དགྲ་རྐུན་ཞི་བྱེད་འོད་ཟེར་ཅན་མ། བྱད་ཕུར་ཞི་བྱེད་གདུགས་དཀར་མོ། སེམས་ཀྱི་རྣམ་གཡེང་ཞི་བྱེད་ཤེར་ཕྱིན་དཀར་མོ། འཇིགས་བརྒྱད་ཞི་བྱེད་སྒྲོལ་མ་དཀར་མོ། དུས་མིན་འཆི་བ་ཞི་བྱེད་རྨ་བྱ་ཆེན་མོ་རྣམས་ཀྱི་མན་ངག་གི་གཞུང་བདུད་རྩིའི་བུམ་པ། ལྷ་མོ་སྤྱི་ལ་འཇུག་པའི་ལས་བྱང་། དབང་གི་ཆོ་ག །ལས་ཚོགས་སྦྱིན་སྲེག །བྱབས་ཁྲུས། བྱད་དཀྲོལ། འཆི་བསླུ་རྣམས་གསལ་བར་བཀོད་པ་བཅས། བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། གསང་བདག །ནཱ་གཱརྫུ་ན། ཨོ་རྒྱན་ཡབ་ཡུམ། ལྷ་སྲས་ཡེ་ཤེས་རོལ་པ་རྩལ། ལྷ་དབང་རྒྱ་མཚོ་བློ་གྲོས། མཆོག་གྱུར་གླིང་པ། པདྨ་འོད་གསལ་མདོ་སྔགས་གླིང་པ། དེས་བདག་ལའོ། ༈ །གཉིས་པ་ནད་ཞི་བའི་སྐོར་ལ། ཀློང་གསལ་རྡོ་རྗེ་སྙིང་པོའི་ཆོས་སྡེ་བཅོམ་ལྡན་འདས་སྨན་གྱི་བླ་མའི་དབང། དེའི་ཕྲིན་ལས་དབང་ཆོག་བཅས། གནམ་ཆོས་དགོངས་གཏེར་སྨན་བླའི་གཏོར་དབང་། སྨན་ཆོག་དང་། དབང་ཆོག་ཆགས་མེད་མཛད་པ། ནད་པ་རྗེས་འཛིན་གྱི་ཤོག་ཁྲ །པད་གླིང་ཀུན་བཟང་དགོངས་འདུས་ཆ་ལག་རི་ཁྲོད་མའི་སྒྲུབ་ཐབས་ཉོན་མོངས་ནད་འཇོམས། བདུད་འདུལ་གླིང་པའི་ཟབ་གཏེར་དམ་ཆོས་སྤྲུལ་སྐུ་སྙིང་ཐིག་གི་ཆ་ལག་རི་ཁྲོད་ལོ་མ་ཅན་གྱི་དབང་། སྒྲུབ་ཐབས་ལས་ཚོགས་དང་བཅས་པ་གཏེར་གཞུང་། དབང་ཆོག་བདུད་རྩིའི་ཆུ་རྒྱུན་མཚམས་སྦྱོར་གྱིས་བརྒྱན་པ། གནམ་ཆོས་ལོ་གྱོན་མའི་གཏོར་དབང་། དེའི་གཏོར་སྒྲུབ་ཆགས་མེད་མཛད་པ། སྟག་ཤམ་ཟབ་གཏེར་ཐུགས་སྒྲུབ་ཞི་བའི་ཆ་ལག་རི་ཁྲོད་ལོ་གྱོན་མའི་དབང་། སྒྲུབ་ཐབས་གཏེར་གཞུང་། ཉང་གཏེར་ཐུགས་རྗེ་ཆེན་པོའི་མིག་འབྱེད་རྩ་བ། གསལ་བྱེད་དང་བརྒྱུད་འདེབས་བྱང་བདག་མཛད་པ། བརྒྱུད་པ་སྐུ་གསུམ། ཉང་སྒྲུབ་པ་པོ། །བཀའ་བབས་ཤཱཀྱ་བཟང་པོ། ལེགས་ལྡན་རྗེ། བྱང་བདག་ངག་གི་དབང་པོ། བཀྲ་ཤིས་རྣམ་རྒྱལ། དཀོན་མཆོག་དཔལ་འབྱོར། པདྨ་ཕྲིན་ལས། བློ་བཟང་དོན་གྲུབ། ལེགས་པའི་འབྱུང་གནས། ཀུན་དགའ་བློ་གྲོས། ནམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། རྗེ་བླ་མ་མཁྱེན་བརྩེ་ལས་ནོས། ཐུགས་ཀྱི་རྡོ་རྗེའི་དགོངས་གཏེར་ཐུགས་རྗེ་ཆེན་པོའི་མིག་འབྱེད་ཀྱི་དབང་། སྒྲུབ་ཐབས་གཏེར་གཞུང་། དགོངས་གཏེར་འདི་རྣམས་ཀྱི་བརྒྱུད་པ་འོག་གི་སྒྲོལ་མ་དམར་མོ་དང་མཚུངས། བྱང་གཏེར་ཐུགས་སྒྲུབ་ཆོས་ཚན་བཅུ་གསུམ་པ་ནད་བདག་སྟོབས་ཆེན་འཇོམས་པའི་གཞུང་། ལོ་རྒྱུས་མདོས་ཆོག་དང་བཅས་པ། མན་ངག་ཁྲིགས་བསྡེབས་ཐུགས་རྗེའི་སྨན་ཆབ། གཉན་རིམས་ཀྱི་སྲུང་བ་རྡོ་རྗེ་ཁྲབ་རིང་བདུད་རྩི་བུམ་ཆུང་སྐོར་ཚང་བ། རིགས་གསུམ་མགོན་པོའི་སྲུང་བ། ཁྱུང་ནག་བསད་སྔགས། འཁོར་ལོའི་ལག་ལེན་མཁྱེན་བརྩེའི་དབང་པོས་མཛད་པ། ཆོས་དབང་གཏེར་མ་གཉན་ལྷོག་བཅོས་པ། གྲེ་ཐོར་བཅོས་པའི་མན་ངག་རྒྱ་ཞང་ཁྲོམ་གྱི་གཏེར་མ་ཤིན་ཏུ་ཟབ་པ། རཏྣའི་རྟ་གསང་གསུང་སྒྲུབ་ཀྱི་ལས་ཚོགས་རིན་ཆེན་གཏེར་བུམ་ཞེས་སྨན་བཅོས་གཙོ་བོར་གྱུར་པའི་སྐོར་ལག་ལེན་ཅན། ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི་ཆ་ལག་རྣལ་འབྱོར་ལུས་ཀྱི་གེགས་སེལ། དབྱུག་བཅོས་ཡིད་བཞིན་ནོར་བུ། ར་མོ་ཤེལ་སྨན་གཏེར་མ་དམུ་ཆུའི་བཅོས་པ་ཤིན་ཏུ་གབ་རྒྱ་ཟབ་གནད་གསང་བ་མཁའ་འགྲོའི་ཡིག་ཅན། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་དག་སྣང་ནད་བརྒྱ་སྨན་གཅིག་རིལ་བུ་དཀར་དམར་གྱི་སྒོམ་ལུང་གཞུང་ཚན་གཉིས། སྒོམ་ལུང་དང་ཕྱག་ལེན་གསལ་བྱེད་ཀུན་མཁྱེན་བླ་མས་མཛད་པ། ས་སྐྱ་ནད་གྲོལ་མའི་སྨོན་ལམ་གྲུབ་ཆེན་གསུང་། བརྒྱུད་པ་ནི། སྨན་གྱི་བླ་མ། པདྨ་འབྱུང་གནས། ཡེ་ཤེས་མཁའ་འགྲོ་སྡེ་ལྔ། གྲུབ་ཆེན་ཐང་རྒྱལ། བསྟན་འཛིན་ཉི་མ་བཟང་པོ། ཤཱཀྱ་བཤེས་གཉེན། རྒྱལ་མཚན་དཔལ་བཟང་། བསྟན་པའི་རྒྱལ་མཚན། རབ་འབྱམས་ཆོས་རྗེ། ཨོ་རྒྱན་ཡོངས་གྲགས། ཚེ་དབང་ནོར་བུ། ཆོས་དབྱིངས་ཡེ་ཤེས། པདྨ་འགྱུར་མེད། བསྟན་འཛིན་ནོར་བུ། ཛྙཱ་ནའི་མཚན་ཅན། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། བློ་བཟང་བསྟན་འཛིན། མཁྱེན་རབ་མཐུ་སྟོབས། འཇམ་དབྱངས་མཁྱེན་བརྩེའི་ཞལ་སྔ་ནས་བསྩལ། རིལ་དམར་གྱི་གཞུང་ནི། པདྨ་འགྱུར་མེད་ནས། སྔགས་འཆང་ཆོས་ཀྱི་རྒྱལ་མཚན། བྱ་བཏང་ཡེ་ཤེས་ཕུན་ཚོགས། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ་མན་འདྲ། ནད་གྲོལ་སྨོན་ལམ་སོགས་གསུང་ཐོར་བུའི་རིགས་རྣམ་ཐར་ལྔ་བསྡུས་སུ་གྲགས་པ་ལས་བྱུང་བས་མཛད་པ་པོ་ལོ་ཆེན་འགྱུར་མེད་བདེ་ཆེན་ནས་བརྒྱུད་པའི་ཁྱད་པར་གཞན་ཡོད་ཀྱང་འདིར་མང་གི་དོགས་པས་མ་བཀོད་དོ། །འབྲོག་མི་དཔལ་ཡེའི་རྣམ་འཕྲུལ་གྲོ་ཤུལ་བདེ་ཆེན་གླིང་པའི་ཟབ་གཏེར་གསོ་དཔྱད་འཆི་མེད་ཚེ་བུམ་་་ འདི་ལུང་རྒྱུན་ཙམ་སྣང་མོད་བརྒྱུད་པ་མི་གསལ་ཡང་སྨན་སྦྱོར་ཕལ་ཆེར་ལག་ལེན་ཅན་ཡིན་སྐད་་་་གནམ་ཆོས་གཏེར་བྱོན་དང་ཆགས་མེད་ཀྱིས་མཛད་པའི་ཁྱི་སྨྱོན་བཅོས་ཐབས། མིད་འབྱར་གྱི་རིགས་བཅོས་ཐབས་སྔགས་དང་མེ་བཙའ་རྫས་སྦྱོར་གྱི་སྐོར་འཆི་བ་མལ་ནས་སློང་བྱེད་གནམ་ཆོས་མི་འགྱུར་རྡོ་རྗེས་མཛད་པ། དེ་ཉིད་ཀྱི་མནལ་ལམ་གདམས་སྐོར། ཆགས་མེད་ཀྱིས་མཛད་པའི་ས་ནད་རྩ་འབུའི་བཅོས་པ་བཅས། གཞན་ཡང་གངས་ཅན་ན་ཉི་ཟླ་ལྟར་གྲགས་པའི་གསོ་དཔྱད་ཀུན་གྱི་རྒྱལ་པོ་དཔལ་ལྡན་རྒྱུད་བཞི་ཡང་རྩ་བ་ཙམ་ནི་གྲྭ་པའི་ཟབ་གཏེར་དུ་རྒྱུ་མཚན་དུ་མའི་སྒོ་ནས་འཐད་ཅིང་། དེ་ལ་བརྟེན་ནས་ཨོ་རྒྱན་སྨན་བླ་དངོས་བྱོན་སྤྲུལ་པའི་སྐུ་གུ་ཎ་ནཱ་ཐས་ཟབ་མོ་དགོངས་པའི་གཏེར་ལས་རང་ཤར་བའི་ཚུལ་གྱིས་རྒྱས་པར་སྤེལ་པས་ན། ཐུགས་ཀ་ཆོས་ཀྱི་འཁོར་ལོ་ནས། །གསོ་དཔྱད་རིན་ཆེན་གཏེར་ཕྱུང་སྟེ། །ཞེས་སོགས་གསུངས་པ་ལྟར་རོ། །དེས་མཚོན་ཏེ་རྡོར་འབུམ་ཆོས་གྲགས། བོན་པོ་བྲག་ཚལ་གྱི་བདུད་རྩི་བུམ་ཆེན། ཉང་གཏེར་རྟ་མགྲིན་དྲག་པོ་ལྷ་གསུམ་གྱི་ལས་ཚོགས་མཛེ་བཅོས། རྒྱ་འཛེར་ནག་པོ་གྲེ་ཐོག་གི་བཅོས། །མཁའ་འགྲོ་མ་དུས་ཀྱི་འཁོར་ལོའི་ཆུང་དཔྱད་སོགས་དང་། ཆོས་དབང་རིན་པོ་ཆེའི་གསོ་དཔྱད་དྲང་སྲོང་སྙིང་ཐིག །ཆུང་དཔྱད་པདྨ་གཅེས་ཕྲེང་། བཀའ་བརྒྱད་གསང་རྫོགས་སྨན་སྒྲུབ་ཀྱི་ཁ་བསྒྱུར་ནད་སེལ་ཆེན་མོ། རྡོར་གླིང་ཆུང་དཔྱད་གཅེས་ཕྲེང་རྒྱས་པ་དང་། གཟའ་ཁྱི་མཛེ་གསུམ་གྱི་བཅོས་སྐོར་ཤིན་ཏུ་ཟབ་རྒྱས། ཀུ་ས་སྨན་པ་པདྨ་སྐྱབས་ཀྱི་སྨན་དཔྱད་རིན་ཆེན་སྤུངས་པ། ར་མོ་ཤེལ་སྨན་གྱི་འབམ་བཅོས། བོན་པོ་ལྷ་འབུམ་མམ་རྟ་ནག་གུ་རུ་རྣོན་རྩེའི་སྨན་དཔྱད་བདུད་རྩི་གལ་ཕྲེང་། དེ་གསུམ་གྱི་གཏེར་མ་རྫས་སྲུང་དང་ཞི་བྱེད་སྐོར། གཏེར་སྟོན་སྣ་ནམ་པའི་དུག་བཅོས་ཤ་མོ་ལས་དཀྱུས། སོག་སྨན་བྱང་ཆུབ་ཀྱི་རྐེ་བཅོས། ལྕེ་གཡུ་གཞེར་གྱི་རྨ་བཅོས་བསེ་སྒྲོམ་སྨུག་པོ། གཙང་སྟོན་ཆོས་འབར་གྱི་ཆུང་དཔྱད་པདྨ་གཅེས་ཕྲེང་་་་་འདི་དང་། ཆོས་དབང་། རྡོར་གླིང་བཅས་ཀྱི་གཏེར་ཁ་ཆུང་དཔྱད་གཅེས་ཕྲེང་སྐོར་གསུམ་ཞེས་གྲགས་ཤིང་བར་སྐབས་ལུང་དང་ལག་ལེན་རྒྱས་པར་བྱུང་སྣང་ནའང་དེང་སང་རྒྱུན་ཡོད་པར་མ་ཐོས་ལ། མན་ངག་ཕལ་ཆེར་དར་མོ་བའི་བཀའ་རྒྱ་མར་བཀོད་སྣང་། གནུབས་སྟོན་གྱི་བྱ་འདྲེའི་བཅོས། ཞང་ཁྲོམ་ཟབ་གཏེར་ཁྱི་སྨྱོན་གྱི་སྲུང་གསོ། རིན་ཆེན་གླིང་པའི་དངུལ་ཆུའི་བཅུད་ལེན་་་་་འདིའི་དངུལ་ཆུའི་སྐོར་ཨོ་རྒྱན་པའི་གཞུང་དང་ཆ་འདྲ་བར་ཡོད་སྣང་བ་དང་། དུག་བཅོས་བཅས་ཟུར་མཁར་བའི་བྱེ་བ་རིང་བསྲེལ་དུ་བཀོད་སྣང་་་་་དང་ཀོ་ཋའི་དུག་བཅོས་སོགས་སྔ་ཕྱིར་གསོ་དཔྱད་གཏེར་མ་མཐའ་ཡས་པ་ཞིག་བྱུང་སྣང་བ་རྣམས་སྔར་སྨྲོས་པ་ལྟར་བདུད་རྩི་ཡོན་ཏན་གྱི་རྒྱུད་སྡེའི་ཡན་ལག་ཏུ་གཏོགས་ཤིང་ལས་ཀྱི་དབང་དུ་བྱས་ེན་ཞི་བྱེད་ཀྱི་་་སྐབས་འདིར་བསྡུ་བར་འོས་ཀྱང་། ཕལ་ཆེར་རྒྱུན་མ་བཞུགས་ཤིང་། རྒྱུད་བཞི་སོགས་ནི་ཆོས་བཀའ་རྒྱ་ཆེ་ཞིང་ཡོངས་སུ་ཁྱབ་པའི་ཕྱིར་འགོད་པའི་ངལ་བ་མ་བགྱིས་སོ། ༈ །གསུམ་པ་གདོན་ཞི་བའི་སྐོར་ལ། ཀླུ་གདོན་གཙོ་བོར་གྱུར་པའི་གཉེན་པོ་སྟོབས་ཀྱི་ལྷ་རྡོ་རྗེ་ནམ་མཁའ་ལྡིང་དམར་པོ་ཉང་གཏེར་གྱི་རྗེས་གནང་། སྒྲུབ་ཐབས་ལས་ཚོགས་གཏེར་གཞུང་། རྗེས་གནང་གི་ཡི་གེ །བརྒྱུད་པ་ནི། གསང་བའི་བདག་པོ། ཨོ་རྒྱན་ཡབ་ཡུམ། ཉང་རལ་ཉི་མ་འོད་ཟེར། ཉང་སྟོན་ཞིག་པོ་སོགས་ནས་རིམ་པར་བརྒྱུད་དེ། རྗེ་མཁྱེན་བརྩེ་རིན་པོ་ཆེ་ལས་ཐོས་པའོ། །འདིའི་བརྒྱུད་པ་ཞིབ་ཆ་རྙེད་ན་འདིར་འཛུད་པར་འོས་པ་ཡོད། བྱང་གཏེར་བཀའ་བརྒྱད་རང་ཤར་གྱི་ཆ་ལག་བྱ་ཁྱུང་ཡོངས་རྫོགས་ཀྱི་དབང་། སྒྲུབ་ཐབས་མན་ངག་གཞུང་། ཕྲིན་ལས་དང་དབང་ཆོག །བྱང་གཏེར་ཐུགས་སྒྲུབ་ཆོས་ཚན་བཅུ་གསུམ་པ་ལས་ཀྱི་བྱ་ཁྱུང་ནག་པོའི་གཏོར་དབང་། ཁྱུང་ནག་སྐོར་གཏེར་གཞུང་ཚང་བ། ཁྱུང་གི་ཕྲིན་ལས་གོང་ལྔ་དང་། བྱིན་རླབས་ཀྱི་ཆོ་ག་རྗེ་བླ་མས་མཛད་པ། བརྒྱུད་པ་ནི། གསང་བའི་བདག་པོ། པད་འབྱུང་ཡབ་ཡུམ། གཏེར་སྟོན་རྒོད་ལྡེམ། རྣམ་རྒྱལ་མགོན་པོ། རྡོ་རྗེ་རྣམ་གཉིས། བླ་མ་རྣམ་གཉིས། སངས་རྒྱས་དཔལ་བཟང་། ནམ་མཁའ་རྒྱལ་མཚན། ཤཱཀྱ་བཟང་པོ། ལེགས་ལྡན་རྗེ། བཀྲ་ཤིས་སྟོབས་རྒྱལ། ངག་གི་དབང་པོ། ཆོས་དབྱིངས་རང་གྲོལ། རྡོ་རྗེ་ཐོགས་མེད། ཕ་བོང་ཁ་པ་འཇམ་དབྱངས་བསྟན་འཛིན། འཇམ་དབྱངས་གྲགས་པ། ཚངས་དབྱངས་འབྲུག་སྒྲ །ལྷུན་གྲུབ་ངེས་དབང་། ཆོས་རྗེ་གླིང་པ། ངག་གི་དབང་པོ། ཡེ་ཤེས་སྐལ་བཟང་། དཔལ་ལྡན་རྒྱ་མཚོ། ཡོངས་འཛིན་རྣམ་གཉིས། མཐུ་སྟོབས་རྒྱ་མཚོ། རིན་ཆེན་འོད་ཟེར། ཕྲིན་ལས་དབང་ཕྱུག །བཀའ་བརྒྱུད་འཆི་མེད་བསྟན་འཛིན། ཆོས་ཀྱི་རྒྱལ་མཚན། རྗེ་མཁྱེན་བརྩེའི་དབང་པོ། དེ་ལས་སོ། །ལུང་བརྒྱུད་ནི། ལྔ་པ་ནས། འཇམ་དབྱངས་གྲགས་པ། ལེགས་བཤད་རྒྱ་མཚོ། ཀུན་བཟང་ཆོས་འབྱོར། པདྨ་ཆོས་འཕེལ། ཆོས་དབྱིངས་རང་གྲོལ། ཉང་སྟོན་པདྨ། འདར་པདྨ་བདུད་འདུལ། པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན། སྒྲོལ་སྟོན་ཆོས་རྒྱན། རྗེ་མཁྱེན་བརྩེ་རིན་པོ་ཆེ། དེ་ལས་སོ། །པདྨ་ལས་འབྲེལ་རྩལ་གྱིས་དྭགས་ལུང་ཁྲ་མོ་བྲག་ནས་སྤྱན་དྲངས་པ་རྟ་མགྲིན་གཉན་པོ་ལྷ་གསུམ་གྱི་དབང་། དེའི་ཕྲིན་ལས་དང་དབང་ཆེན་ཁྲི་ཆེན་པདྨ་དབང་རྒྱལ་གྱིས་མཛད་པ། བརྒྱུད་པ་ནི། སྣང་མཐའ། སྤྱན་རས་གཟིགས། པད་འབྱུང་ཡབ་ཡུམ། ཁྲི་སྲོང་ཡབ་ཡུམ། ལྷ་ལྕམ་པདྨ་གསལ། གཏེར་སྟོན་པདྨ་ལས་འབྲེལ་རྩལ། སྟོན་པ་ཤཱཀྱ་བྱང་ཆུབ། གུ་རུ་ཆོས་རྒྱལ་རྡོ་རྗེ། གྲུབ་ཆེན་ཀུན་དགའ་འབྱུང་གནས། ནམ་མཁའ་སངས་རྒྱས། ནམ་མཁའ་ལྷུན་གྲུབ། ཤཱཀྱ་སྙིང་པོ། ཤཱཀྱ་དོན་གྲུབ། དགེ་འདུན་རྒྱ་མཚོ། བརྩོན་འགྲུས་བཟང་པོ། ཨོ་རྒྱན་དཔལ་འབྱོར། ནམ་མཁའ་འཇིགས་མེད། ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ། རིན་ཆེན་རྣམ་རྒྱལ། པདྨ་བསྟན་འཛིན། ཕྲིན་ལས་རྣམ་རྒྱལ། ཕྲིན་ལས་ཆོས་སྒྲོན། འགྱུར་མེད་བསྟན་འཕེལ་གྲགས་པ། དེ་ལས་སོ། །ཕྲིན་ལས་དང་དབང་ཆོག་གཉིས་ཀྱི་ལུང་རྒྱུན། མཛད་པ་པོ་ནས། ཕྲིན་ལས་ཆོས་སྒྲོན། བསྟན་འཛིན་དཔལ་སྒྲོན། དེ་ལས་སོ། །རད་གླིང་གུར་དྲག་ལས་ཁྱུང་ནག་ཡོན་ཏན་གྱི་སྒྲུབ་པ་གནམ་ལྕགས་སྤུ་གྲི། ལོ་ཆེན་བཻ་རོའི་རྣམ་འཕྲུལ་རིག་འཛིན་མཆོག་ལྡན་མགོན་པོ་ལ་གུ་རུ་རིན་པོ་ཆེས་སྙན་བརྒྱུད་དུ་བསྩལ་པ་ཉིད་སླད་ཆར་སྤྲུལ་པའི་གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་རིག་འཛིན་དེ་ཉིད་ཀྱི་ཡེ་ཤེས་ཀྱི་སྐུས་སྙན་དུ་བརྒྱུད་པ་རྟ་མགྲིན་གཉེན་པོ་ལྷ་ལྔའི་དབང་། རྫོགས་རིམ་རྒྱུན་གྱི་རྣལ་འབྱོར་གྱི་ཁྲིད། སྙན་བརྒྱུད་སྙིང་པོའི་ཡང་ཞུན་གཏེར་གཞུང་། ཕྲིན་ལས་དབང་བསྐུར་དང་བཅས་པ་གདུག་པ་ཀུན་འཇོམས། བརྒྱུད་པ་ནི་ཆོས་ལོངས་སྤྲུལ་གསུམ། བཻ་རོ། མཚོ་རྒྱལ། མཆོག་ལྡན་མགོན་པོ། པདྨ་འོད་གསལ་མདོ་སྔགས་གླིང་པ། དེས་བདག་ལའོ། །མ་ཏི་རཏྣའི་གཏེར་མ་བདུད་འདུལ་དྲག་མོའི་ཆ་ལག་ཁྱུང་དམར་བདུད་འདུལ་ནག་མོའི་དབང་། དེའི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་གདུག་པ་ཀུན་འཇོམས། རྒྱལ་སྲས་མཆོག་གྲུབ་རྒྱལ་པོའི་སྐྱེ་སྲིད་བཅུ་གཅིག་པ་ར་ཞི་གཏེར་སྟོན་པདྨ་རིག་འཛིན་གྱིས་བདུད་རི་གནམ་ལྕགས་འབར་བ་ནས་སྤྱན་དྲངས་པའི་བླ་སྒྲུབ་ནོར་བུ་པད་ཕྲེང་ཞི་དྲག་གི་ཆ་ལག་ཁྱུང་ཆེན་རིགས་ལྔའི་སྒྲུབ་ཐབས་གདུག་པ་ཀུན་འདུལ་གྱི་དབང་། སྒྲུབ་སྐོར་གཏེར་གཞུང་། དེའི་དབང་ཆོག །བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། ཡེ་ཤེས་མཚོ་རྒྱལ། པདྨ་གསལ། གཏེར་སྟོན་པདྨ་རིག་འཛིན། གྲུབ་དབང་པདྨ་རྡོ་རྗེ། རིག་འཛིན་ཆོས་ཀྱི་རྒྱ་མཚོ། རྗེ་པདྨ་གསང་སྔགས། རྭ་སྟོན་སྟོབས་ལྡན་རྡོ་རྗེ། རིག་འཛིན་ཐུགས་མཆོག་རྡོ་རྗེ། ཀུན་བཟང་བདེ་ཆེན་རྒྱལ་པོ། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། སྤང་སྟོན་པདྨ་ཚེ་དབང་། བསྟན་འཛིན་མཁྱེན་རབ་མཐུ་སྟོབས། རྗེ་བླ་མ་མཁྱེན་བརྩེའི་དབང་པོ། དེ་ལས་སོ། །གཏེར་ཆེན་བསམ་གཏན་གླིང་པའི་ཟབ་གཏེར་ཡི་དམ་དགོངས་འདུས་རྟ་མཆོག་རོལ་པའི་ཆོས་སྡེ། གདུག་པ་འདུལ་བྱེད་ཁྱུང་གི་དབང་སྒྲུབ་སྐོར་ཕྱི་ནང་གསང་གསུམ་ལས་སྦྱོར་དང་། ལས་མཐའ་ཕ་ལམ་བདུན་པ་རྡོ་རྗེ་རལ་གྲིའི་རྒྱ་ཅན། ལས་བྱང་དབང་བསྐུར་དང་བཅས་བཀླག་ཆོག་ཏུ་བསྡེབས་པ། རོལ་རྡོར་བྲག་གཏེར་གཏུམ་པོ་དྲེགས་པ་ཀུན་འདུལ་གྱི་ཆ་ལག་ཁྱུང་གི་སྒོས་སྒྲུབ་གདུག་པ་ཀུན་འཇོམས་ཀྱི་དབང་། སྒྲུབ་ཐབས་ལས་ཚོགས་དང་བཅས་པ་གཏེར་གཞུང་། དེའི་དབང་ཆོག །པདྨ་བདེ་ཆེན་གླིང་པའི་ཀློང་གསལ་མཁའ་འགྲོ་སྙིང་ཐིག་གི་ཡན་ལག་སྒྲུབ་སྐོར་དྲག་པོ་ལྷ་གསུམ་གྱི་དབང་། ལས་བྱང་། གསང་སྒྲུབ། ལས་ཚོགས་སྐོར་བཅས་གཏེར་གཞུང་ཚང་བ། བརྒྱུད་འདེབས་ཆོས་སྐྱོང་དཔལ་ལྡན་གསུང་། དབང་ཆོག་གདོན་བགེགས་དཔུང་འཇོམས། འཇིགས་མེད་གླིང་པའི་དགོངས་གཏེར་ཀློང་ཆེན་སྙིང་ཐིག་གི་ཆ་ལག་བླ་མ་དྲག་པོ་རྟ་ཁྱུང་འབར་བའི་དབང་། སྒྲུབ་ཐབས་རྩ་གཞུང་། དྲག་པོ་རྟ་ཁྱུང་གི་ཕྲིན་ལས་དང་བྱིན་རླབས་ཀྱི་ཆོ་ག །ཐུགས་ཀྱི་རྡོ་རྗེའི་དགོངས་གཏེར་གཟའ་སྲུང་གསང་བདག་ཉི་མ་མདུང་གང་མའི་དབང་། སྒྲུབ་ཐབས་གཏེར་གཞུང་། གཟའི་གདོན་ཁྲོལ་ཉུང་ངུ་རྣམ་གསལ་ཉིད་མཛད། དབང་ཆོག །བདུད་འཇོམས་རོལ་པ་རྩལ་གྱི་གཏེར་མ་ཁྱུང་དམར་མེའི་གཤོག་པ་ཅན་གྱི་དབང་། དེའི་དབང་ཆོག་དཔལ་ཆོས་ཀྱི་རྡོ་རྗེས་མཛད་པ། བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། མཚོ་རྒྱལ། གཏེར་སྟོན་པདྨ་ཆོས་རྒྱལ། དཔལ་ཆོས་ཀྱི་རྡོ་རྗེ། ངེས་དོན་དབང་པོ། ཆོས་དབྱིངས་རྡོ་རྗེ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་སོ། །མཆོག་གླིང་ཟབ་གཏེར་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་གསང་བ་ཏིང་ངེ་འཛིན་གྱི་བར་ཆད་སེལ་བ་གསང་བདག་རྡོ་རྗེ་བེ་ཅོན་གྱི་དབང་། སྒྲུབ་ཐབས་ལས་ཚོགས་བཅས་གཏེར་གཞུང་ཚང་བ། དབང་ཆོག་ཨིནྡྲ་ནཱི་ལའི་ཆུ་རྒྱུན། གཟའ་ཡུམ་དབྱིངས་ཕྱུག་མུ་ཁ་ལེའི་དབང་། དེའི་སྒྲུབ་ཐབས་དབང་ཆོག་གཟུངས་ཁྲུས་བཅས་འབྲི་གུང་ཆོས་གྲགས་མཛད་པ། བརྒྱུད་པ་འོག་གི་གཟའ་བཅོས་བདུད་རྩིའི་བུམ་བཟང་ལྟར་ལ། དབང་གི་བརྒྱུད་ལུགས་གཅིག་ནི། ཆོས་ཀྱི་གྲགས་པ་ནས། ལྷོ་དཀོན་མཆོག་ཕྲིན་ལས་རྣམ་རྒྱལ། ཀརྨ་ཆགས་མེད་སོགས་ལས་རིམ་པར་བརྒྱུད་དེ་རི་སྤྲུལ་ཀརྨ་མཁས་མཆོག་གྲུབ་པའི་དབང་པོ་ལས་ནོས། པད་གླིང་ཕྱག་རྡོར་གཏུམ་པོའི་ལས་ཚོགས་གཟའ་ཀླུའི་དུག་སྦྱོང་རྩ་བ། འདི་ལུང་རྒྱུན་མེད། གདོན་ཁྲོལ་ལག་ལེན་བདུད་རྩིའི་ཐིགས་པ་ཁྲུས་ཆོག་བཅས་སྨིན་གླིང་གཏེར་ཆེན་གྱིས་མཛད་པ། གྲུབ་ཆེན་འདར་འཕྱར་ལུགས་ཀྱི་གཟའི་དུག་དབྱུང་དང་བྱད་ཁྲོལ། འདི་རྟ་མགྲིན་ཡང་ཁྲོས་འདར་ནས་བརྒྱུད་པ་དང་འདྲ། ལས་འབྲེལ་གཏེར་བྱོན་གཟའ་པོད་ཆེན་མོ་གཙོར་གྱུར་བཀའ་གཏེར་ཟབ་དགུའི་བཅུད་རྣམས་བྱ་ཁྱུང་པ་ངག་དབང་པདྨ་རྣམ་རྒྱལ་གྱིས་གཅིག་ཏུ་བསྡུས་པ། དྲང་སྲོང་གཟའི་ནད་སེལ་བྱེད་ཀྱི་གཞུང་བདུད་རྩིའི་བུམ་པ། གཏོར་ཆོག །ལྷན་ཐབས། བྱད་འགྲོལ། གཟུངས་ཆོག །གུད་དུ་སྦས་པའི་ཡིག་ཆུང་བཅས། བརྒྱུད་པ་ནི། ཀུན་བཟང་། རྡོ་རྗེ་འཆང་། གསང་བདག །དགའ་རབ། འཇམ་བཤེས། ཤྲཱི་སེང་ཧ། བི་མ་ལ། ཨོ་རྒྱན་རིན་པོ་ཆེ། མཚོ་རྒྱལ། ཁྲི་སྲོང་། བཻ་རོ་སོགས་ནས་བརྒྱུད། བཀའ་བབས་ཀུན་འདུས་བྱ་ཁྱུང་ངག་དབང་པདྨ་རྣམ་རྒྱལ། སྲས་རྒྱལ་དབང་བསྟན་འཛིན། འབྲི་གུང་ཆོས་གྲགས། དཀོན་མཆོག་ལྷུན་གྲུབ། གཏེར་བདག་གླིང་པ། རིན་ཆེན་རྣམ་རྒྱལ། མཁན་ཆེན་ཨོ་ཌཱི་ཡ་ན། ཕྲིན་ལས་རྣམ་རྒྱལ། པདྨ་དབང་རྒྱལ་རྡོ་རྗེ། འགྱུར་མེད་བསྟན་འཕེལ། དེ་ལས་ནོས། ཉང་གཏེར་ཀླུ་བདུད་ཞགས་པ་དགུ་འགྲོལ་ལག་ལེན་བཅས། འདི་ཀཿཐོག་ཕྱོགས་ནས་བརྒྱུད། དགེ་སྦྱོང་རཏྣ། འཇམ་དབྱངས་མཁྱེན་བརྩེ་ལས་ཐོས། ཀློང་གསལ་རྡོ་རྗེ་སྙིང་པོ་ལས་སེང་གེ་སྒྲའི་དབང་། དེའི་སྒྲུབ་ཐབས་དང་དབང་ཆོག །སྲུང་མ་ཀླུའི་ཆོ་ག་གཏེར་གཞུང་། གདོན་འགྲོལ་བལྟས་ཆོག་ཀློང་གསལ་གྱིས་མཛད་པ། ཡེ་ཤེས་རབ་འབར་ལས་ཚོགས་ཞི་སྦྱོང་བདུད་རྩིའི་ཆུ་བོ། དྲག་སྦྱོང་སྡིག་པ་ཁར་འཇུག །ཆོས་རྗེ་གླིང་པས་སྤུ་བོ་མཎྜལ་ཐང་གི་གཟའ་གདོང་དམར་ནག་གི་སྐུ་རྒྱབ་ནས་སྤྱན་དྲངས་པའི་གཏུམ་པོ་སེང་སྒྲོག་ཟུང་འཇུག་གི་དབང་། དེའི་སྒྲུབ་ཐབས་དབང་ཆོག་གདོན་ཁྲོལ་བཅས་གཏེར་སྟོན་ཉིད་ཀྱིས་མཛད་པ། བརྒྱུད་པ་གོང་གི་བར་ཆད་སེལ་བའི་ལྷ་བཞི་ལྟར་ལ། རྒྱལ་དབང་བཅུ་བཞི་པ་ནས། དཔའ་བོ་དགུ་པ་གཙུག་ལག་ཉི་མ། དེ་ལས་ནོས། རོལ་རྡོར་གཏུམ་པོའི་ལས་ཚོགས་གདོན་ཁྲོལ་དང་དུག་སྦྱོང་། གཟའ་ཆོག་གདུག་པ་ཀུན་གྲོལ། དམ་སྲི་གསོན་འདྲེ་འདུལ་ཐབས་ཤིན་ཏུ་ཟབ་པ། གདོན་ཁྲོལ་ངར་གླུད་ཀྱི་ཆོ་ག་ཁ་སྐོང་སོགས་དང་བཅས་པ་རྣམས་སོ། ༈ །བཞི་པ་གྲིབ་དང་མི་གཙང་བ་གཙོར་གྱུར་ཞི་བའི་སྐོར་ལ། སྔ་འགྱུར་བཀའ་མ་བི་མ་ལའི་ལུགས་ཀྱི་རྣམ་འཇོམས་དཀར་པོ་་་ཀློང་གསལ་ཟབ་གཏེར་བི་མའི་རྒྱུད་སྡེ་བཞིའི་སྐོར་གྱི་རྣམ་འཇོམས་དཀར་པོའང་འདི་དང་ཤིན་ཏུ་མཐུན་པས་བཀའ་གཏེར་གཉིས་ལྡན་ནོ་་་་བཀའ་བརྒྱུད་ཀཾ་ཚང་ལ་བཀའ་བབས་པའི་དབང་། དེའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པའི་གཞུང་རྒྱལ་དབང་རང་བྱུང་རྡོ་རྗེས་མཛད་པ། གཟུངས་ཆོག་རིག་གཏད་བུམ་ཁྲུས་དང་བཅས་པ་ཟླ་བའི་འོད་ཟེར། བརྒྱུད་པ་ནི། རྡོ་རྗེ་རྣམ་འཇོམས། བི་མ་ལ་མི་ཏྲ། གཉགས་ཆེན་ཛྙཱ་ན། སོག་པོ་ལྷ་དཔལ། སྲུ་ལེགས་པའི་སྒྲོལ་མ། ནཱ་རོ་ཚེ་འབྱིན། གནུབས་སྟོན་བླ་མ། རྒྱ་ཕོ་བ་ལུང་པ། གཉན་རས་དགེ་འདུན་འབུམ། རང་བྱུང་རྡོ་རྗེ། བླ་མ་ཆོས་རྡོར། སངས་རྒྱས་མགོན་པོ། རཏྣ་བྷ་དྲ། མཐོང་བ་དོན་ལྡན། དཔལ་འབྱོར་དོན་གྲུབ། ཆོས་གྲགས་རྒྱ་མཚོ། སངས་རྒྱས་མཉན་པ། མི་བསྐྱོད་རྡོ་རྗེ། དཀོན་མཆོག་ཡན་ལག་དང་ཡོངས་འཛིན་རྣམ་རྒྱལ་གྲགས་པ། གཉིས་ཀ་ལས་རྗེ་དགུ་པ་དབང་ཕྱུག་རྡོ་རྗེས་གསན། དེ་ནས་རིམ་པར་ཆོས་ཀྱི་དབང་ཕྱུག །ལུང་རིགས་ཉི་མ། ཀརྨ་ཆགས་མེད། དར་རྒྱས་ཕུན་ཚོགས། ཆོས་ཀྱི་དོན་གྲུབ། ཆོས་ཀྱི་འབྱུང་གནས། བདུད་འདུལ་རྡོ་རྗེ། པདྨ་ཉིན་བྱེད་དབང་པོ། རྒྱལ་དབང་ཐེག་མཆོག་རྡོ་རྗེ། དེས་བདག་ལ་བཀའ་དྲིན་དུ་བསྩལ་པའོ། །སྒྲུབ་ཐབས་འདོད་བུམ་ལས་འབྱུང་བའི་བ་རི་ལུགས་ཀྱི་རྣམ་འཇོམས་ལྗང་སྔོན་ལྷ་གཅིག་བུམ་གཅིག་དང་། ༤༨༽ སངས་རྒྱས་གསང་བའི་ལུགས་ཀྱི་རྣམ་འཇོམས་མཐིང་ནག་ལྷ་དྲུག་གི་རྗེས་གནང་། ༤༩༽ འདི་དག་གསར་མའི་ཕྱོགས་ཡིན་ཡང་། འདོད་བུམ་དུ་ཉེར་མཁོའི་དབང་གིས་བཞག་པར་སྣང་ངོ་། །རྣམ་འཇོམས་མཐིང་གའི་སྒྲུབ་ཐབས་ཁྲུས་ཆོག་དང་བཅས་པ་བདུད་རྩིའི་སྙིང་པོ་ཅན་སྨིན་གླིང་གཏེར་ཆེན་གསུང་མཁན་ཆེན་ཨོ་ཌཱི་ཡ་ནས་ནག་འགྲོས་སུ་སྤེལ་བ། འདི་པད་གླིང་ནོར་རྒྱམ་དང་འབྲེལ་བར་བཞེད་འདུག །གནམ་ཆོས་རྣམ་འཇོམས་ལྗང་གུའི་དབང། གཏེར་གཞུང་། ཆོས་ལུགས་མི་གཙང་བའི་ཉེས་སེལ། བདུད་འདུལ་སྤྲུལ་སྐུ་སྙིང་ཐིག་གི་ཆོས་སྡེ་རྣམ་འཇོམས་ཁྲོ་ནག་གི་དབང་། བརྒྱུད་འདེབས་གཏེར་གསུང་། ལས་བྱང་དང་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ། ཀློང་གསལ་སྙིང་པོའི་གཏེར་བྱོན་རྣམ་འཇོམས་དཀར་པོའི་དབང་། སྒྲུབ་ཐབས་གཏེར་གཞུང་། གྲྭ་མངོན་དབང་ཕྱུག་འབར་གྱི་གཏེར་བྱོན་འཁོན་སྦྱོང་བའི་མན་ངག་ཁྱད་པར་ཅན། མངའ་བདག་ཉང་གི་ཟབ་གཏེར་འཁོན་སྦྱོང་བྱིན་རླབས་ཅན་གྱི་ཁྲུས་ཆུ། འཁོན་སྦྱོང་ལག་པའི་འདུ་བྱེད་བསྐྱོད་པ་་་་འདི་དང་ཆ་འདྲ་གྲུབ་ཐོབ་དངོས་གྲུབ་དང་། ཞང་ཁྲོམ་གཏེར་མའང་ཡོད་སྣང་་་་དཔེའུ་རིས་བཅས། ལུང་བརྒྱུད། ལེགས་ལྡན་རྡོ་རྗེ། བྱང་བདག་ཡབ་སྲས། ཟུར་ཆེན། ལྔ་པ། གཏེར་ཆེན། རིན་རྣམ། འགྱུར་མེད་དོན་ལྡན། ཕྲིན་ལས་རྣམ་རྒྱལ། དྷརྨ་ཏཱ་ར། རྗེ་མཁྱེན་བརྩེ་ལས་སོ། །བོ་དོང་པའི་ཐུགས་དམ་གཏོར་རྒྱུན་རྒྱ་མཚོ་ལས་བྱུང་བའི་ཉང་ལུགས་ཁྲོ་མོ་སྨེ་བརྩེགས་ཀྱི་དབང་། སྒྲུབ་ཐབས་དབང་བསྐུར་ཁྲུས་ཆོག་དང་བཅས་པ་པདྨ་གར་དབང་གིས་མཛད་པ། བརྒྱུད་པ་མངའ་བདག་ཉིད་ནས་རིམ་པར་བརྒྱུད་པདྨ་གར་དབང་ཕྱིན་ཆད་སེང་གདོང་བཀའ་བཅུ་ལྟར་དྲང་ཆོག །གུ་རུ་ཆོས་དབང་གཏེར་བྱོན་ཁྲོ་མོ་སྨེ་བརྩེགས་ཀྱི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ། བླ་མ་གསང་འདུས་ཆ་ལག་མཁའ་འགྲོ་གྲིབ་སེལ་བཀླག་ཆོག་ཏུ་བཀོད་པ། ཁྲོ་བོ་སྨེ་བརྩེགས་ཞལ་གཅིག་ཕྱག་གཉིས་པའི་ཁྲུས་ཆོག་འགྱུར་མེད་རྡོ་རྗེས་མཛད་པ་་་འདི་སྔ་འགྱུར་གྱི་ཕྱོགས་སུ་སྣང་ཡང་ཁུངས་ཚོལ་དགོས་་་་འགྲོ་འདུལ་གླིང་པ་ཤེས་རབ་འོད་ཟེར་གྱི་ཟབ་གཏེར་གྲོལ་ཏིག་གི་ཆ་ལག་ཁྲོ་བོ་སྨེ་བརྩེགས་ཀྱི་སྒྲུབ་ཐབས་དམ་་་་་་གྲིབ་ཉེས་པ་ཀུན་སེལ། དེའི་སྒྲུབ་ཐབས་ལས་ཚོགས་གནས་ཁང་གི་ཉམས་གྲིབ་ཞི་བ་དང་བསྐྱེད་རིམ་ཉམས་གྲིབ་སེལ་བྱེད་སོགས་བཅས། འཇའ་ཚོན་གཏེར་བྱོན་མ་ནིང་ཞི་བའི་ལས་ཚོགས་མཁའ་འགྲོ་གྲིབ་སེལ་བཀླག་ཆོག་ཏུ་བཀོད་པ། ཀློང་གསལ་རྡོ་རྗེ་སྙིང་པོ་ལས་ཁྲོ་བོ་སྨེ་བརྩེགས་དང་མཁའ་འགྲོ་སྨེ་བརྩེགས་ཀྱི་དབང་། དེ་གཉིས་ཀྱི་སྒྲུབ་ཐབས་གཏེར་གཞུང་། ཡེ་ཤེས་རབ་འབར་ལས་གྲིབ་དང་མི་གཙང་བ་སེལ་བའི་ཐབས། ཁྲོ་བོ་སྨེ་བརྩེགས་སྒོ་ནས་རྣལ་འབྱོར་པ་རང་གི་གྲིབ་སེལ་བའི་ཆོ་ག །གཞན་གྱི་ཉམས་གྲིབ་སེལ་བྱེད། གྲིབ་སེལ་གསེར་གྱི་ཕ་ཝཾ་བཅས་ཀརྨ་ཆགས་མེད་ཀྱིས་མཛད་པ། ཨེ་ནེ་རིང་ནུབ་དགོན་པ་མཁས་གྲུབ་ངག་དབང་རྡོ་རྗེའི་གཏེར་མ་སྨེ་བ་བརྩེགས་པའི་དབང་། སྒྲུབ་ཐབས་དབང་བསྐུར་བཅས་གཏེར་གཞུང་། བརྒྱུད་པ་ནི། ཁྲོ་རྒྱལ་སྨེ་བརྩེགས། མཁའ་འགྲོ་མ་སེང་གེའི་གདོང་ཅན། ཨོ་རྒྱན་པདྨ། ཡེ་ཤེས་མཚོ་རྒྱལ། ངག་དབང་རྡོ་རྗེ། སྦྱོར་ར་ཐམས་ཅད་མཁྱེན་པ་ཕྲིན་ལས་ལྷུན་གྲུབ། ཆོས་དབྱིངས་བདེ་ཆེན་མཚོ་མོ། འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་བདག་ལའོ། །རིག་འཛིན་ཚེ་དབང་ནོར་བུས་མཛད་པའི་ཕག་མོ་སྨེ་བརྩེགས་ཀྱི་སྒོམ་བཟླས། མཆོག་གླིང་ཟབ་གཏེར་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་ཐུན་མོང་ཉམས་གྲིབ་ཀྱི་བར་ཆད་སེལ་བ་ཁྲོ་རྒྱལ་སྨེ་བ་བརྩེགས་པའི་དབང་། སྒྲུབ་ཐབས་གཏེར་གཞུང་ཚང་བ། དབང་ཆོག་ཟླ་ཤེལ་བདུད་རྩིའི་ཆུ་རྒྱུན། སྦྱིན་སྲེག་རྒྱལ་དབང་ཐེག་མཆོག་རྡོ་རྗེས་མཛད་པ། སྦྱིན་སྲེག་གི་ལུང་རྒྱུན་རྒྱལ་དབང་ཉིད་ནས་རྗེ་དབོན་ཆོས་དབང་སྤྲུལ་སྐུ །དེ་ལས་སོ། །གཞན་ཡང་ཆོས་དབང་རིན་པོ་ཆེའི་ཟབ་གཏེར་རྣམ་འཇོམས་གནམ་སྐས་མའི་བྱིན་རླབས་སྒྲུབ་སྐོར་བཅས་དང་། རྡོར་གླིང་དང་། ཚེ་བརྟན་རྒྱལ་མཚན་གྱི་སྨེ་བརྩེགས་སྒྲུབ་སྐོར་ལས་ཚོགས་བཅས་རྒྱས་པར་བཞུགས་སྣང་བས་རྒྱུན་རྙེད་ན་འདིར་ངེས་པར་འགོད་འོས་ཤིང་། པད་གླིང་རྣམ་འཇོམས་ཡང་གསང་བླ་མེད་དབང་སྒྲུབ་སྐོར་བཅས་དང་། སྨེ་བརྩེགས་ཀྱི་ཁྲུས་ཆོག་སོགས་སྔ་ཕྱིའི་ཟབ་གཏེར་ཅི་རིགས་པའང་མཆིས་སོ། ༈ །ལྔ་པ་བྱད་ཕུར་རྦོད་གཏོང་ཞི་བའི་སྐོར་ལ། སྔ་འགྱུར་བཀའ་མ་བི་མ་མི་ཏྲའི་ལུགས་ཀྱི་གདུགས་དཀར་བཀའ་བརྒྱུད་ཀཾ་ཚང་ལ་བཀའ་བབས་པའི་དབང་། དེའི་རྩ་གཞུང་ཀུན་མཁྱེན་རང་བྱུང་རྡོ་རྗེས་མཛད་པ། བརྒྱུད་པ་ནི། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། བི་མ་མི་ཏྲ། གུ་རུ་སིཾ་ཧ། ཛྙཱ་ན་ཀུ་མཱ་ར། རྨ་རིན་ཆེན་མཆོག །ལིང་ནམ་ལོ་ཙཱ་བ། ཙེ་རོག་སྟོན། སྨན་སྟོན་གུང་དེ་བ། ཆོས་རྗེ་བྲག་མཁར་པ། བྲག་དགོན་པ་ཡོན་ཏན། བྱང་ཆུབ་རྒྱ་མཚོ། གཞོན་ནུ་གདུགས་དཀར་པ། ཀུན་མཁྱེན་རང་བྱུང་ཞབས། ཙི་རོང་པ་ཡོན་ཏན་དཔལ། དབང་ཕྱུག་བརྩོན་འགྲུས། ཡོར་བ་ཡེ་ཤེས་དཔལ། རྗེ་རཏྣ་བྷ་དྲ། དོན་ལྡན་ཞབས་ཕྱིན་ཆད་གོང་གི་རྣམ་འཇོམས་བཀའ་མ་ལྟར་རོ། །འཇམ་དཔལ་ཚེ་བདག་གནམ་ལྕགས་སྡིག་པའི་ཆོས་སྡེ་ཁྲོ་རྒྱལ་རྡོ་རྗེ་གཙུག་ཏོར་གྱི་བྱད་འགྲོལ་ཆེན་མོ་གསེར་གྱི་ལྡེའུ་མིག་གི་གཞུང་རྩ་བ། བུམ་བཅས་ཕན་ཡོན་སྲུང་བལྟས་ལོ་རྒྱུས་མངོན་རྟོགས་དང་བཅས་པ། མངོན་རྟོགས་དང་དམོད་ཤམ། གཟུངས་རིང་། སྐུ་གསུང་ཐུགས་འཁོར། ཟ་ཡིག་རྫོང་ཆེན་མ། སྒྲུབ་ཐབས་སྙིང་པོ་གསལ་བ་དང་། བྱིན་རླབས་སྙིང་པོ་བསྡུས་པ་སྨིན་གླིང་གཏེར་ཆེན་གསུང་། ཕྱི་མ་འདི་བཀའ་འབུམ་དུ་མ་འཁོད་སྟབས་ཐེ་ཚོམ་སྣང་ཡང་། བཀའ་འབུམ་དུ་མི་བཞུགས་པའི་ཕྲན་ཚེགས་གཞན་ཡང་སྣང་བ་དང་། ཚེ་བདག་རྩ་དབང་གི་རྒྱུན་ཡོད་དུས་སྐུ་གསུང་ཐུགས་དབང་སྙིང་པོ་ཕྱུང་བ་གསང་བ་སྤྱི་ལུགས་སུ་སོང་བས་འགལ་བ་མ་མཐོང་ཞིང་རྩ་དབང་མ་ཐོབ་པས་རྡོ་རྗེ་གཙུག་ཏོར་གྱི་བསྒོམ་བཟླས་སྣོད་རུང་བྱེད་པ་ལ་མཁོ་བར་བསམས་ནས་བཀོད་པའོ། །བྱད་འགྲོལ་གྱི་ལག་ལེན་ཨོ་རྒྱན་རྣམ་གྲོལ་གྱིས་མཛད་པ། བུམ་རྫས་བསག་ཐབས་དང་ལག་ལེན་ཐོ། རྒྱུན་ཁྱེར་ངག་འདོན་རྗེ་བླ་མས་མཛད་པ། བརྒྱུད་པ་ཚེ་བདག་གི་དབང་རྒྱུན་ལྟར་ལ་ལུང་རྒྱུན་ནི། གཏེར་ཆེན་ནས། རིན་རྣམ། ཨོ་ཌཱི་ཡ་ན། ཕྲིན་ལས་རྣམ་རྒྱལ། པད་སྤྲུལ་པད་དབང་། འགྱུར་མེད་བསྟན་འཛིན་དཔལ་གྱི་སྒྲོན་མ་ལས་སོ། །ཡང་བྱད་འགྲོལ་སྐོར་གྱི་ལུང་རྒྱུད། གཏེར་ཆེན་ནས། པདྨ་འགྱུར་མེད་རྒྱ་མཚོ། རིན་ཆེན་རྣམ་རྒྱལ། པདྨ་བསྟན་འཛིན། ཨོ་ཌཱི་ཡ་ན། བསྟན་འཛིན་ཆོས་རྒྱལ། བསྟན་འཛིན་འཕེལ་རྒྱས། རྡོ་རྗེ་གཟི་བརྗིད། དེ་ལས་སོ། །ལག་ལེན་མཛད་པ་པོ་ནས། མི་འགྱུར་དཔལ་སྒྲོན། ཀུན་བཟང་ལུང་རིགས་རིག་འཛིན་བཟང་པོ། བསྟན་འཛིན་ཆོས་རྒྱལ། མཐུ་སྟོབས་རྣམ་རྒྱལ། རྡོ་རྗེ་གཟི་བརྗིད། དེས་སོ། །ཉང་གཏེར་དྲག་དམར་ལས་ཚོགས་ངག་སྲུང་འགྲོལ་གྱི་གདམས་པ་ཕྱག་བཞེས་མ། གནུབས་ལུགས་དང་བ་རི་ལུགས་ཟུང་འབྲེལ་དུ་གྲགས་པའི་མཁའ་འགྲོ་མས་བྱས་པ་བཤིགས་པའི་འཛུལ་ཆོག་གི་འཁོར་ལོ་་་་ལུས་ངག་ཡིད་གསུམ་བཅིངས་པ་ལས་གྲོལ་བའི་གཟུངས་ཀྱི་འཁོར་ལོ་ཡིན་ཞིང་ཟབ་པར་གྲགས་སོ་་་་བླ་ཆེན་དྲན་པ་ནམ་མཁའ་ལ་མཁའ་འགྲོ་མ་ཐུགས་རྗེ་ཀུན་གྲོལ་གྱིས་གནང་བའི་བྱད་འགྲོལ་ཡིག་རྒོད་ཆང་ཁྲུས་གཞུང་ལག་ལེན་དང་བཅས་པ། དེའི་བརྒྱུད་པ། ཁོད་སྤུངས་དྲན་པ་ནམ་མཁའ་ནས་རིམ་པར་བརྒྱུད། བྱང་བདག་ཡབ་སྲས། ཟུར་ཆེན། ལྔ་པ། གཏེར་ཆེན། བློ་གསལ་རྒྱ་མཚོ། འགྱུར་མེད་ཐེག་མཆོག །བསྟན་པའི་རྒྱལ་མཚན། རིག་འཛིན་བཟང་པོ། མི་འགྱུར་རྒྱ་མཚོ། བསྟན་འཛིན་ཆོས་རྒྱལ། མཐུ་སྟོབས་རྣམ་རྒྱལ། མཁྱེན་བརྩེའི་ཞལ་སྔ་ནས་སོ། །ཀློང་གསལ་རྡོ་རྗེ་སྙིང་པོའི་ཆོས་སྡེ་གཙུག་ཏོར་གདུགས་དཀར་མོའི་དབང་། དེའི་སྒྲུབ་ཕྲིན་དབང་ཆོག་དང་བཅས་པ་རབ་བརྟན་རྡོ་རྗེའི་གོ་ཆ། མཆོག་གླིང་གཏེར་བྱོན་ཐུགས་དམ་ཟབ་པ་སྐོར་བདུན་ལས་རྩ་གསུམ་ཚེའི་ཟབ་པའི་ཆ་ལག་རྡོ་རྗེ་མཁའ་འགྲོ་གདུགས་དཀར་གྱི་དབང་། སྒྲུབ་ཐབས་གཏེར་གཞུང་དབང་ཆོག་ཆུ་ཤེལ་བུམ་བཟང་། ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས་བྱུང་བའི་ཁྲོ་རྒྱལ་རྡོ་རྗེ་གཙུག་ཏོར་གྱི་བྱད་འགྲོལ་སྲུང་བ་དང་བཅས་པ་རྣམས་སོ། ༈ །དྲུག་པ་སྣོད་བཅུད་ཀྱི་ཉེས་པ་ཞི་བའི་སྐོར་ལ། བླ་མ་དགོངས་འདུས་གཞན་དོན་ལས་ཚོགས་ཀྱི་སྐོར་དྲུག་ལས་ཉེས་པ་ཀུན་སེལ་བྱིན་རླབས་སྒྲོན་མེ། རད་གླིང་གུར་དྲག་ལས་ཚོགས་ཉེས་པ་ཀུན་སེལ་སྲུང་བ་རྡོ་རྗེའི་གོ་ཆ་དང་འཛུལ་ཆོག་རྡོ་རྗེའི་གོ་ཁྲབ། གྲོལ་ཏིག་གི་ས་བདག་ཉེས་པ་ཀུན་སེལ། གཏེར་སྟོན་རོལ་པའི་རྡོ་རྗེའི་དག་སྣང་ཆོས་སྐོར་སྣང་སྲིད་ཞི་བ་དཀར་པོའི་ཆོ་ག །དེའི་ལག་ལེན་ཟིན་བྲིས་གཏེར་དབོན་ཨོ་རྒྱན་ལྷུན་གྲུབ་ཀྱིས་མཛད་པ། ཉང་གཏེར་རྟ་མགྲིན་གཉེན་པོ་ལྷ་གསུམ་གྱི་ལས་ཚོགས་བཀྲ་ཤིས་གཏེར་བུམ་གྱི་མན་ངག །བྱང་གཏེར་མངའ་དབང་རིན་ཆེན་འབར་བའི་ཆ་ལག་བུམ་གཏེར་ཡིད་བཞིན་བཅས་ཆོག །རད་གླིང་རྡོ་རྗེ་ཕུར་པའི་ལས་ཚོགས་བཀྲ་ཤིས་རྟེན་འབྲེལ་ཆེན་པོའི་བུམ་པ་ལག་ཏུ་ལེན་པའི་ཟིན་བྲིས། ཀློང་གསལ་རྡོ་རྗེ་སྙིང་པོའི་བརྟན་བཞུགས་བོད་ཁམས་བདེ་བྱེད། གུར་དྲག་ལས་མཐའ་སྲུང་བའི་ལས་འཇུག་ཉེས་པ་ཀུན་སེལ། རྫས་ཀྱི་ལས་འཇུག་རྟེན་འབྲེལ་སྤྱི་བཅོས། རི་དབང་སྤྱི་བཅོས་གཡུང་དྲུང་འཁྱིལ་བ། ནཱ་ག་སྤྱི་བཅོས་དགའ་བ་འཁྱིལ་བ་རྣམས་ཀྱི་གཞུང་དང་ལག་ལེན་ཕྱོགས་བསྡུས་ནོར་བུ་ཀེ་ཏ་ཀའི་ཕྲེང་བ། རིག་འཛིན་ཐུགས་མཆོག་རྡོ་རྗེའི་ཟབ་གཏེར་རྩ་གསུམ་དབང་ཆེན་འདུས་པའི་ཆ་ལག་བཀྲ་ཤིས་གཏེར་སྒྲུབ་འདོད་དགུའི་བང་མཛོད་ལས་བྱང་བདེ་ལེགས་ཀུན་འབྱུང་གཏེར་གཞུང་། སྔགས་བྱང་སྡེབ་གཅིག །བརྒྱུད་པ་གོང་གི་སྒྲོལ་དཀར་སོགས་དང་མཚུངས། ས་སྙིང་བརྟན་མ་སྦྲགས་སྒྲུབ་ཀྱི་བུམ་གཏེར་སྒྲུབ་ཚུལ་དང་། གཏེར་བུམ་སྒྲུབ་ཚུལ་སྤྱི་ལ་འཇུག་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་མཛད་པ་བཅས། གཞན་ཡང་སྔ་ཕྱིའི་ཟབ་གཏེར་ལས་བྱུང་བའི་ས་བཅུད་གསོ་བའི་ཐབས་སོགས་རྒྱུན་དང་ཕྱག་བཞེས་ཅན་མཆིས་ནའང་སྐབས་འདིར་བསྡུའོ། ༈ །བདུན་པ་མཐར་ཐུག་སྡིག་སྒྲིབ་ཞི་བའི་སྐོར་ནི། སྤྱིར་མཆོག་སྒྲུབ་པའི་ཡི་དམ་གྱི་ལྷ་ཇི་སྙེད་དང་དེའི་ཕྲིན་ལས་གྱི་གཙོ་བོ་སྡིག་སྒྲིབ་ཞི་བར་བྱེད་པ་ཡིན་མོད། འདིར་དམིགས་སུ་བསལ་བ་གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་བྱོན་བཀའ་འགྱུར་སྙིང་པོ་བསྡུས་པ། བརྒྱུད་པ་ཡན་ཆད་མ་གསལ། རིག་འཛིན་ཚེ་དབང་ནོར་བུ། རྗེ་བཅུ་གསུམ་པ་བདུད་འདུལ་རྡོ་རྗེ། འབྲུག་པ་ཀུན་གཟིགས་ཆོས་ཀྱི་སྣང་བ། རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོའི་ཞལ་སྔ་ནས་ཐོབ་པའོ། །ཡང་མཁྱེན་བརྩེ་རིན་པོ་ཆེ་ལས་ཐོབ་པའི་བརྒྱུད་པ་ནི། གོང་གི་བཅས་ཆོག་ཙཀྲ་ལྟར་རོ། །ཆོས་དབང་རིན་པོ་ཆེའི་ཟབ་གཏེར་ཀླུ་བདུད་སྐུ་སྐེད་ནས་བྱོན་པའི་ཁྱད་འཕགས་སྒྲུབ་ཐབས་བརྒྱ་རྩའི་ནང་གསེས་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་རྩ་དབང་། ལམ་དབང་། རྒྱུད་དང་སྒྲུབ་ཐབས་ལས་ཚོགས་སོགས་གཏེར་གཞུང་ཆ་ཚང་། ལམ་དུས་ཀྱི་དབང་ཆོག་རྒྱུན་ཁྱེར་འཇམ་དབྱངས་མཁྱེན་བརྩེས་མཛད་པ། ལས་བྱང་པདྨའི་འཛུམ་ཟེར། དབང་ཆོག་ཉི་མའི་འཛུམ་ཟེར། རྒྱུན་གྱི་རྣལ་འབྱོར་ཟླ་བའི་འཛུམ་ཟེར་བཅས། དབང་གི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཌཱ་ཀི་མ་གར་གྱི་དབང་མོ། པདྨཱ་ཀ་ར། ཡེ་ཤེས་མཚོ་རྒྱལ། གུ་རུ་ཆོས་དབང་། སྲས་པདྨ་དབང་ཆེན། སངས་རྒྱས་ཀུན་གྲོལ། ཆོས་ཉིད་རང་གྲོལ། སངས་རྒྱས་ལྷུན་དབང་། སྦ་སྟོན་དཀོན་མཆོག་དཔལ་བཟང་། གནུབས་རིན་ཆེན་དཔལ་བཟང་། གནུབས་རྒྱལ་སྲས་པདྨ། བླ་མ་བཀྲ་ཤིས་དཔལ། གནུབས་སྒོམ་སྨོན་ལམ་རྒྱལ་མཚན། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །བྱམས་པ་སྐལ་བཟང་། དབང་ཕྱུག་རབ་བརྟན། ཟུར་ངག་དབང་ཕུན་ཚོགས། ཁྲ་ཚང་པ་བློ་མཆོག་རྡོ་རྗེ། འཇམ་དབྱངས་ལེགས་བཤད་རྒྱ་མཚོ། སྤང་སྟོན་དབང་ཕྱུག་གྲགས་པ། སྤང་སྟོན་གསང་བདག་རྡོ་རྗེ། ཀུན་བཟང་པདྨ་ཚེ་དབང་། འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། རྗེ་བླ་མ་མཁྱེན་བརྩེའི་དབང་པོ། དེ་ལས་བཀའ་དྲིན་དུ་ཐོབ་པའོ། །ལུང་བརྒྱུད་ནི། ཆོས་དབང་ནས། སྨན་ལུང་མི་བསྐྱོད་རྡོ་རྗེ་དང་། ཆོས་ལྡན་མགོན་པོ་སྟེ་ཡར་ལུང་སྤྲུལ་སྐུ་མཆེད་གཉིས། སྤྲུལ་སྐུ་ཤཱཀ་གཞོན། དགེ་སྦྱོང་བསོད་བཟང་། སྤྲུལ་སྐུ་ནོར་འཛིན། ནོར་བུ་དོན་གྲུབ། བསམ་འཕེལ་ནོར་བུ། སྤྲུལ་སྐུ་ཆོས་དབང་། ཀརྨ་གུ་རུ། ཀརྨ་དབང་འབྱོར། ཁྲ་ཚང་པ་ཕྱིན་ཆད་གོང་དང་འདྲ། གཞན་ཡང་འདི་ལ་བརྒྱུད་པའི་རྣམ་གྲངས་མང་ངོ་། །འཇའ་ཚོན་གཏེར་མ་རྟ་ཕག་ཡིད་བཞིན་ནོར་བུའི་ཕྱི་སྒྲུབ་ལྟུང་བ་བཤགས་པའི་ཆོ་ག་གནས་ལུང་བཅས་ཀརྨ་ཆགས་མེད་ཀྱིས་མཛད་པ། འདི་ལ་རྟ་ཕག་གི་དབང་ཐོབ་དགོས་པར་སྣང་ཡང་ཆོག་བསྒྲིགས་ལས་འབྱུང་བ་ཞི་ཁྲོ་ངན་སོང་རང་གྲོལ་གྱི་སྒོ་འབྱེད་སྤྱི་དབང་དེའང་བསྐུར་བའི་རྒྱུན་སྣང་། གནམ་ཆོས་མི་འགྱུར་རྡོ་རྗེའི་དགོངས་གཏེར་ཀུན་རིག་གི་དབང་། ཆོ་ག་འགྲོ་དོན་རྒྱ་མཚོ་དང་དབང་ཆོག་ཆགས་མེད་ཀྱིས་མཛད་པ། ཀློང་གསལ་རྡོ་རྗེ་སྙིང་པོ་ལས་བཅོམ་ལྡན་འདས་མི་འཁྲུགས་པའི་དབང་། ཕྲིན་ལས་དབང་བསྐུར་བྱང་ཆོག་དང་བཅས་པ། རྒྱུད་ལས་འབྱུང་བའི་རིགས་དྲུག་སྲེག་སྦྱོང་ཚེ་དབང་ནོར་བུས་མཛད་པ་ལྡེབ་གཅིག །གཏེར་ཆེན་མཆོག་གྱུར་གླིང་པས་མཁའ་འགྲོ་འབུམ་རྫོང་ནས་སྤྱན་དྲངས་པའི་ཟུར་བཟའི་ཐུགས་དམ་སྐོར་དྲུག་གི་ནང་ཚན་རྡོར་སེམས་སྒྲིབ་སྦྱོང་ཡེ་ཤེས་ཆུ་རྒྱུན་གྱི་དབང་། གཏེར་གཞུང་ཚང་བ། དབང་གི་མཚམས་སྦྱོར། ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས་བླ་མ་ལོངས་སྐུ་འགྲོ་འདུལ་སྤྱན་རས་གཟིགས་གཙོ་འཁོར་གྱི་དབང་། དེའི་ཕྲིན་ལས་དབང་བསྐུར་གནས་ལུང་དང་བཅས་པ། འབུམ་རྫོང་གཏེར་བྱོན་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་དབང་། གཏེར་གཞུང་ཆ་ཚང་། དབང་ཆོག །མགྱོགས་དབང་། བྱང་ཆོག་བཅས་གཏེར་ཆེན་ཉིད་ནས་མཛད་པ། རིགས་གསུམ་སྙིང་ཐིག་གི་ཆོས་སྡེ་འཁོར་བ་དོང་སྤྲུགས་ཀྱི་བུམ་དབང་། དེའི་ཕྲིན་ཆོག་རྗེ་བླ་མ་རིན་པོ་ཆེས་མཛད་པ་བཅས་སོ། ༈ །གསུམ་པ་རྒྱས་པའི་ལས་ཀྱི་སྐོར་ལ། རྒྱས་བྱའི་ཡུལ་གྱི་ངོས་ནས་དབྱེ་ན། གནས་སྐབས་སུ་སློབ་དཔོན་དབྱིག་གཉེན་གྱིས། ཚེ་རིང་དེ་བཞིན་ནད་མེད་དང་། །གཟུགས་དང་སྐལ་པ་བཟང་དང་རིགས། །ནོར་དང་ཤེས་རབ་དག་དང་བདུན། །ཡོན་ཏན་བདུན་ཞེས་ཐུབ་པས་གསུངས། །ཞེས་མཐོ་རིས་ཀྱི་ཡོན་ཏན་བདུན་དང་། སྔ་འགྱུར་གྱི་གཞུང་རྣམས་ལས། ཚེ་དང་བསོད་ནམས། དཔལ་དང་གཟི་བརྗིད། འཁོར་དང་ལོངས་སྤྱོད་དེ་འབྱོར་པ་དྲུག་ཏུ་གསུངས་པ་སོགས་མདོར་ན་མཐུན་ཞིང་སྨོན་པའི་ལེགས་ཚོགས་ཇི་སྙེད་པ་དང་། མཐར་ཐུག་ཉམས་དང་རྟོགས་པའི་ཡོན་ཏན་དང་བཅས་པ་རྣམས་སོ། །ཐབས་ནི་འཁྲུལ་འཁོར་དང་། སྔགས་དང་། རྟེན་འབྲེལ་དང་། སྦྱིན་སྲེག་དང་། ཏིང་ངེ་འཛིན་ལ་སོགས་པ་སྟེ། དེ་ལ་འདིར་རྒྱས་བྱའི་ཡུལ་གྱི་དབྱེ་བ་དང་མཐུན་པར་སྡེ་ཚན་དུ་བསྡེབ་པ་ལ་དྲུག་ལས། དང་པོ་ཡོན་ཏན་ཐམས་ཅད་ཀྱི་ཕྱི་མོ་ཚེ་རྒྱས་པར་བྱེད་པའི་སྐོར་ནི། གསུང་གི་ཞི་སྒྲུབ་སོགས་སུ་ཡོད་པའི་ཚེ་སྒྲུབ་དང་སྨན་སྐོར་གྱི་བཅུད་ལེན་ལ་སོགས་པ་ཡིན་མོད། འདིར་སྤྱི་འགྲོ་ཁྱེར་བདེ་བྱེ་བྲག་ཏུ་བཀོད་པ་ལ། ཉང་གཏེར་གསང་བ་རིན་པོ་ཆེ་འཆི་མེད་ཚེའི་པྲ་བརྟག་བསྟན་པ། ལུང་བརྒྱུད་མངའ་བདག་ཀུན་དགའ་ལྷུན་གྲུབ་ཡན་འགྲོ་འདུལ་ལྟར་ལ། དེ་ནས་ཉང་ཀུན་དགའ་བསྟན་འཛིན། བསྟན་འཛིན་ཆོས་རྒྱལ། བསྟན་འཛིན་ཆོས་དབང་། འགྱུར་མེད་རྡོ་རྗེ། ཚེ་དབང་མི་འགྱུར་རྡོ་རྗེ། ཡེ་ཤེས་ལྷུན་གྲུབ། སྤང་སྟོན་པདྨ་ཚེ་དབང་། མཁྱེན་རབ་མཐུ་སྟོབས། རྗེ་བླ་མ་མཁྱེན་བརྩེའི་ཞལ་ལས་ཐོས་སོ། །མཁོ་མཐིང་རྣམ་སྣང་ཕྱག་མཐེབ་ནས་གུ་རུ་ཆོས་དབང་གིས་བཏོན་པའི་ཚེ་དཔག་མེད་པའི་སྒྲུབ་ཐབས་སཱཙྪ་ལ་བརྟེན་ནས་ཚེ་བསྲིང་བའི་མན་ངག །ལུང་བརྒྱུད་བླ་མ་གསང་འདུས་སོགས་ལྟར། ཚེ་བསོད་འཕེལ་བྱེད་ལྷ་བུ་ཚེ་འཛིན་གྱི་འཁོར་ལོ་བྲི་ཐབས་གཏེར་རྙིང་འགའ་ཞིག་དང་གསར་མ་ཛེ་ཏཱ་རིའི་གདམས་ངག་ལས་བྱུང་བ། བླ་མ་དགོངས་འདུས་ལས་ཚེ་སྒྲུབ་རྒྱུན་ཁྱེར་རྡོ་རྗེ་སྙིང་པོ། པད་གླིང་ཚེ་ཁྲིད་རྡོ་རྗེ་ཕྲེང་བའི་ཆོས་སྡེ་ཚེ་སྒྲུབ་སྤྱི་ལ་འཇུག་པའི་འཆི་ལྟས་བརྟག་པ། འཆི་བསླུ། བཅུད་ལེན། ཚེ་འཁོར། ཚེ་གཏའ་སྡོམ་པ། ཚེ་པྲ་བརྟག་པ་རྣམས་ཁོལ་དུ་ཕྱུང་པ། ལུང་བརྒྱུད། པད་གླིང་། ཐུགས་སྲས་ཟླ་བ་རྒྱལ་མཚན། བསྟན་འཛིན་གྲགས་པ། རྒྱལ་སྲས་པདྨ་ཕྲིན་ལས། ལེགས་པ་དོན་གྲུབ། མཆོག་གྲུབ་དཔལ་འབར། གསུང་སྤྲུལ་གྲུབ་མཆོག་རྡོ་རྗེ། སློབ་དཔོན་ཆོས་དབང་། ཐུགས་སྲས་ཆོས་ཉི། བདེ་ཆེན་རྡོ་རྗེ། ཀུན་བཟང་འཇིགས་མེད་ཆོས་གྲགས། བསོད་ནམས་ཆོས་ཀྱི་ཉི་མ། པདྨ་གསང་སྔགས་བསྟན་འཛིན། དེས་བདག་ལའོ། །འཇའ་ལུས་གྲུབ་བརྙེས་དཔལ་ལྡན་རྡོ་རྗེ་ལ་སློབ་དཔོན་ཆེན་པོས་དངོས་སུ་བསྩལ་པའི་ཚེ་སྒྲུབ་རྡོ་རྗེའི་སྲོག་ཤིང་གི་དབང་། ཉེ་བརྒྱུད་འཆི་མེད་རྡོ་རྗེའི་སྲོག་ཤིང་ཁྲིགས་སུ་བསྡེབས་པ་རྒྱལ་དབང་ལྔ་པའི་གསུང་། སྒྲུབ་ཐབས་དབང་ཆོག་དང་བཅས་པ་རྗེ་བླ་མ་མཁྱེན་བརྩེས་མཛད་པ། བརྒྱུད་པ་ནི། མགོན་པོ་ཚེ་དཔག་མེད། མཁའ་འགྲོ་གསང་བ་ཡེ་ཤེས། སློབ་དཔོན་པདྨ་འབྱུང་གནས། གྲུབ་ཆེན་དཔལ་ལྡན་རྡོ་རྗེ། རྒྱལ་བ་བསོད་ནམས་རྒྱ་མཚོ། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། ངག་དབང་བློ་བཟང་རྒྱ་མཚོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་ལེགས་པའི་འབྱུང་གནས། འཕགས་པ་དགེ་ལེགས་རྒྱལ་མཚན། བླ་མ་སྐལ་བཟང་བསྟན་དར། བཀའ་བཅུ་བྱམས་པ་བློ་གྲོས། སློབ་དཔོན་འཕགས་པ་མཆོག་དགའ། ཆོས་རྗེ་ངག་དབང་འཇམ་དབྱངས། རྡོར་འཛིན་ཀུན་དགའ་དཔལ་ལྡན། འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བཀའ་དྲིན་དུ་བསྩལ་པའོ། །གྲུབ་ཆེན་ཟླ་བ་པའི་ཉེ་བརྒྱུད་རྗེ་དྲུག་པའི་བཞེད་སྲོལ་ཚེ་དཔག་མེད་པའི་རྗེས་གནང་། སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ཆོག་ཁྲིགས། བརྒྱུད་པ་ནི། བཅོམ་ལྡན་འདས་ཚེ་དཔག་མེད། གྲུབ་ཆེན་ཟླ་བ་པ། རྗེ་དྲུག་པ་མཐོང་བ་དོན་ལྡན་སོགས་གོང་གི་བི་མ་ལའི་རྣམ་འཇོམས་དང་འདྲའོ། །འཆི་མེད་གྲུབ་པའི་རིག་འཛིན་ལེགས་ལྡན་བདུད་འཇོམས་རྡོ་རྗེ་ལ་གུ་རུ་རིན་པོ་ཆེས་དངོས་སུ་བསྩལ་པ་ཚེའི་དངོས་གྲུབ་སྒྲུབ་པའི་མན་ངག་ནམ་མཁའ་ཟས་སུ་ཟ་བའི་གདམས་པ་རྩ་བ། དེའི་ཉམས་ལེན་གསལ་བྱེད་རྗེ་མཁྱེན་བརྩེའི་དབང་པོས་མཛད་པ། བརྒྱུད་པ་ནི། སྣང་བ་མཐའ་ཡས། ཚེ་དཔག་མེད། པདྨ་འབྱུང་གནས། ལེགས་ལྡན་རྡོ་རྗེ། དབང་ཕྱུག་རབ་བརྟན། རིན་ཆེན་བསོད་ནམས་མཆོག་གྲུབ། ཟིལ་གནོན་བཞད་པ་རྩལ། པདྨ་ཕྲིན་ལས། བློ་བཟང་དོན་གྲུབ། གནས་གསར་ལེགས་འབྱུང་། སྐལ་བཟང་རྣམ་གྲོལ། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། བློ་བཟང་བསྟན་འཕེལ། མཁྱེན་རབ་མཐུ་སྟོབས། འཇམ་མགོན་མཁྱེན་བརྩེའི་ཞལ་སྔ་ནས་བདག་ལའོ། །ཡང་ན། པད་ཕྲིན་ནས། མི་བསྐྱོད་དཀོན་མཆོག་ལྷུན་གྲུབ། པདྨ་དབང་། འགྱུར་མེད་བློ་ལྡན། ཉང་སྟོན་པདྨ། ཨོ་རྒྱན་ཕུན་ཚོགས། ཀུན་བཟང་བསྟན་འཛིན། རྗེ་མཁྱེན་བརྩེའི་ཞལ་སྔ་ནས་ནོས་སོ། །འབྲི་གུང་ཆོས་ཀྱི་གྲགས་པ་ལ་སློབ་དཔོན་ཆེན་པོས་དག་སྣང་དུ་བསྩལ་པའི་སྒྲ་མི་སྙན་གྱི་ཚེ་སྒྲུབ་ཀྱི་དབང་། སྒྲུབ་ཐབས་དང་བྱིན་རླབས་ཆོས་གྲགས་ཉིད་ཀྱིས་མཛད་པ། བརྒྱུད་འདེབས་རྗེ་བླ་མའི་གསུང་། བརྒྱུད་པ་ནི། སྣང་བ་མཐའ་ཡས། ཚེ་དཔག་མེད། སྤྱན་རས་གཟིགས། པདྨ་འབྱུང་གནས། ཆོས་ཀྱི་གྲགས་པ། དཀོན་མཆོག་ལྷུན་གྲུབ། དཀོན་མཆོག་ཕྲིན་ལས་བཟང་པོ། དོན་གྲུབ་ཆོས་རྒྱལ། དཀོན་མཆོག་བསྟན་འཛིན། ཆོས་ཀྱི་རྒྱལ་མཚན། ཆོས་ཀྱི་ཉི་མ། པདྨའི་རྒྱལ་མཚན། ངག་དབང་བསྟན་པའི་ཉི་མ། རྗེ་མཁྱེན་བརྩེ་རིན་པོ་ཆེ། དེས་བདག་ལའོ། །ཀློང་གསལ་རྡོ་རྗེ་སྙིང་པོ་ལས་རྒྱལ་ཡུམ་རྣམ་པར་རྒྱལ་མའི་རྗེས་གནང་དང་ཚེ་དབང་། ཕྲིན་ལས་རྗེས་གནང་ཚེ་དབང་དང་བཅས་པ་ཁྲིགས་བཀོད་འཆི་བདག་གཡུལ་རྒྱལ། དབང་ཆེན་ཚེ་སྒྲུབ་ཉི་ཟླའི་གྭའུའི་དབང་། ཚེ་སྒྲུབ་གཏེར་གཞུང་། ཚེ་སྒྲུབ་དབང་བཅས་ཁྲིགས་བསྡེབས་ཉི་ཟླའི་ཟེར་ཐིགས། བཀའ་གཏེར་དག་སྣང་གསུམ་འབྲེལ་ཆོས་གླིང་ཉེ་བརྒྱུད་ཐང་རྒྱལ་ཚེ་དབང་། སྒྲུབ་ཐབས་ཚེ་དབང་བཅས་ཆོས་གླིང་ཉིད་ཀྱིས་མཛད་པ། བརྒྱུད་པ་བར་ཆད་སེལ་བའི་ལྷ་བཞི་ལྟར་རམ། ཡང་ན། ཆོས་རྗེ་གླིང་པ། སྟོབས་ལྡན་རྡོ་རྗེ། ཐུགས་མཆོག་རྡོ་རྗེ། སྨོན་ལམ་རྡོ་རྗེ། ཡེ་ཤེས་ལྷུན་གྲུབ། བློ་བཟང་བསྟན་འཕེལ། མཁྱེན་རབ་མཐུ་སྟོབས། རྡོ་རྗེ་གཟི་བརྗིད་རྩལ། དེས་བདག་ལའོ། །རོལ་རྡོར་བྲག་གཏེར་ཕྱག་རྡོར་ཐེམས་མེད་སྐོར་ལས་རྣལ་འབྱོར་པའི་འཆི་བ་བརྟག་བསླུའི་མན་ངག་བཅུད་ལེན་དང་བཅས་པ། མཁར་ཆེན་དཔལ་གྱི་དབང་ཕྱུག་གི་སྐྱེ་མཐའ་ལོང་པོ་བཅས་སྡེ་གྲུབ་ཐོབ་བཀྲ་ཤིས་ཚེ་བརྟན་གྱིས་སྒྲུབ་གནས་ཟངས་མདོག་དཔལ་རིའི་བྲག་གཡུ་སྒྲོ་ཅན་ནས་བཏོན་པའི་ལམ་ཟབ་བླ་སྒྲུབ་ཀྱི་ཆ་ལག་ཚེ་སྒྲུབ་རྡོ་རྗེ་སྙིང་པོའི་དབང་། གཏེར་གཞུང་རྩ་བ། དབང་ཆོག་བདུད་རྩིའི་སྙིང་པོ། བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། མཚོ་རྒྱལ་མ། དཔལ་གྱི་དབང་ཕྱུག །བཀྲ་ཤིས་ཚེ་བརྟན། ལྷ་བཙུན་ཆེན་པོ། པདྨ་ཕྲིན་ལས་དབང་ཕྱུག །མང་ཐོས་མི་འགྱུར་རྡོ་རྗེ། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། ཞབས་དྲུང་རྡོ་རྗེ་སྙིང་པོ། བླ་མ་ཨོ་རྒྱན་འགྲོ་འདུལ། ཀུན་མཁྱེན་རྡོ་རྗེ་གཟི་བརྗིད། དེས་བདག་ལའོ།།རྒྱལ་བ་མཆོག་དབྱངས་དང་ཤུད་བུ་དཔལ་སེང་ཟུང་འཇུག་གི་རྣམ་འཕྲུལ་ཟུར་མཁར་གཏེར་སྟོན་དྲི་མེད་གླིང་པས་སྦྲགས་ཡང་རྫོང་ནས་སྤྱན་དྲངས་པའི་འཆི་མེད་ཀློང་གསལ་རྡོ་རྗེའི་སྲོག་སྒྲུབ་ཀྱི་དབང་། ལས་བྱང་དགོས་འདོད་ཀུན་འབྱུང་གཏེར་གཞུང་། དབང་ཆོག་འཆི་མེད་བཅུད་འཛིན། བརྒྱུད་པ་ནི། སྣང་བ་མཐའ་ཡས། ཚེ་དཔག་མེད། པདྨ་འབྱུང་གནས། ཡེ་ཤེས་མཚོ་རྒྱལ། རྒྱལ་བ་མཆོག་དབྱངས། ཤུད་བུ་དཔལ་སེང་། གཏེར་སྟོན་དྲི་མེད་གླིང་པ། དེ་སྲས་གཅེན་པདྨ་བསྟན་འཛིན། གཅུང་བསྟན་པའི་ཉི་མ། མི་འགྱུར་ནམ་མཁའི་རྡོ་རྗེ། ཀུན་བཟང་ཐེག་མཆོག་རྡོ་རྗེ། ཀུན་མཁྱེན་རྡོ་རྗེ་གཟི་བརྗིད། དེ་ལས་སོ། །གཡུ་སྒྲ་སྙིང་པོའི་རྣམ་རོལ་བྲག་གསུམ་གཏེར་སྟོན་བསྟན་འཛིན་ཟླ་འོད་རྡོ་རྗེའམ་རྡོ་རྗེ་ཐོགས་མེད་ཀྱིས་སྤུ་བོ་ཕུ་ལུང་བཙན་བྲག་ནས་སྤྱན་དྲངས་པའི་ཚེ་སྒྲུབ་འོད་ཀྱི་སྙིང་པོའི་དབང་། སྔོན་འགྲོ་དངོས་གཞིའི་ཕྲིན་ལས་ཛཔ་དགོངས། ཚེ་འགུགས། རྗེས་ཀྱི་ལས་རིམ། སྒྲུབ་ཐབས། དབང་ཆོག །ལས་ཚོགས་བཅས་གཏེར་གཞུང་ཆ་ཚང་། བརྒྱུད་པ་ནི། ཚེ་དཔག་མེད། ཨོ་རྒྱན་པདྨ། མཚོ་རྒྱལ། གཡུ་སྒྲ་སྙིང་པོ། བྲག་གསུམ་གཏེར་སྟོན་བསྟན་འཛིན་ཟླ་འོད་རྡོ་རྗེའམ་ཨོ་རྒྱན་རྡོ་རྗེ་ཐོགས་མེད་རྩལ། གྲུབ་ཆེན་ཟླ་འོད་དབང་མོ། བྱ་བཏང་ངག་དབང་འཇིགས་མེད། ཐམས་ཅད་མཁྱེན་པ་ཕྲིན་ལས་ལྷུན་གྲུབ། ཆོས་དབྱིངས་བདེ་ཆེན་མཚོ་མོ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེ་ལས་སོ། །དཔལ་རི་མཚོ་རྒྱལ་སྤྲུལ་སྐུ་པདྨ་ཆོས་འབྱོར་རྒྱ་མཚོའི་དག་སྣང་དུ་བྱུང་བའི་ལྷ་མོ་ཙཎྜ་ལཱིའི་དབང་། རྩ་བསྙེན་འཆི་མེད་བཅུད་དྲིལ་དབང་བཅས་གཏེར་གཞུང་བརྒྱུད་འདེབས་དང་། སྒྲུབ་ཕྲིན་ཉིད་མཛད། དོན་དབང་ཟིན། དབང་གི་བརྒྱུད་པ་ནི། ཚེ་དཔག་མེད། ཙཎྜ་ལཱི། པད་འབྱུང་ཡབ་ཡུམ། མཚོ་རྒྱལ། དེའི་རྣམ་འཕྲུལ་པདྨ་ཆོས་འབྱོར་རྒྱ་མཚོ། ཟུང་མཁར་འགྲོ་དོན་བསྟན་པའི་ཉི་མ། མཆོག་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ། པདྨ་འོད་གསལ་མདོ་སྔགས་གླིང་པས་བདག་ལ་བསྩལ། ལུང་བརྒྱུད་ནི། ཆོས་འབྱོར་རྒྱ་མཚོ་ནས། ཞབས་དྲུང་རྡོ་རྗེ་སྙིང་པོ། མཚུར་སྟོན་བདེ་ཆེན་རྡོ་རྗེ། གསང་སྔགས་བསྟན་འཛིན། རྗེ་བླ་མ་ལས་སོ། །རྡོར་བྲག་རིག་འཛིན་ལྔ་པ་རྡོ་རྗེ་ཐོགས་མེད་ཀྱི་དག་སྣང་མཁའ་འགྲོའི་ཆོས་སྐོར་ལས། ཚེ་སྒྲུབ་རྡོ་རྗེ་རྒྱ་མདུད་ཀྱི་དབང་། སྒྲུབ་ཐབས་དབང་ཆོག་ཉིད་མཛད། བརྒྱུད་པ་ནི། རྡོ་རྗེ་ཐོགས་མེད་ནས། གྲུབ་དབང་ཆོས་ཀྱི་ཉི་མ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེ་ལས་སོ། །རིག་འཛིན་ཁམས་གསུམ་ཟིལ་གནོན་ལ་གྲུབ་ཐོབ་ཉི་མའི་སྙིང་པོས་དག་སྣང་དུ་བསྩལ་པའི་ཚེ་སྒྲུབ་ཉི་མའི་སྙིང་པོའི་དབང་། སྒྲུབ་ཐབས་རྩ་གཞུང་། ཚེ་དབང་། བརྒྱུད་པ་ནི། རིག་འཛིན་ཉིད་ནས་རིམ་པར་བརྒྱུད་དེ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ། རྗེ་མཁྱེན་བརྩེའི་ཞལ་ལས་ནོས་པའོ། །རིག་འཛིན་ཀུན་བཟང་འགྱུར་མེད་ཀྱི་དག་སྣང་གསང་བའི་སྐོར་ལས་རིགས་འདུས་ཚེ་སྒྲུབ་པདྨའི་རྒྱ་ཅན་གྱི་དབང་། སྒྲུབ་ཐབས་དབང་ཆོག་གཏེར་གཞུང་། བརྒྱུད་པ་ནི། རིག་འཛིན་ཉིད་ནས། རྗེ་བཙུན་ཀུན་བཟང་འཇིགས་མེད་བདེ་ཆེན། འགྱུར་མེད་མཐུ་སྟོབས་རྣམ་རྒྱལ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེ་ལས་སོ། ཁྲི་སྲོང་རྣམ་འཕྲུལ་རིག་འཛིན་རྣམ་རྒྱལ་རྡོ་རྗེའམ་ལྷུན་གྲུབ་རབ་བརྟན་ལ་སྤྱི་འབྱམས་ཀླུ་བདུད་ལྦ་བ་ནག་པོས་གཏེར་ཤོག་ཕུལ་བ་དང་དགོངས་གཏེར་ཟུང་འཇུག་ཚེ་སྒྲུབ་འཆི་མེད་བཅུད་སྟེར་དབང་། ལས་བྱང་དང་དབང་ཆོག་ཁྱེར་བདེར་བཀོད་པ། བརྒྱུད་པ་ནི། བླ་མ་སྐུ་གསུམ། མཚོ་རྒྱལ། ཁྲི་སྲོང་ཡབ་སྲས། མི་འགྱུར་རྡོ་རྗེ། རྣམ་རྒྱལ་རྡོ་རྗེ། ལྷ་ཐོག་རྗེ་དྲུང་སྤྲུལ་སྐུ །དབོན་སྤྲུལ་སྒྲུབ་བརྒྱུད་བསྟན་འཛིན་ཕྲིན་ལས། དེས་བདག་ལའོ། །པདྨ་འོད་གསལ་མདོ་སྔགས་གླིང་པའི་དག་སྣང་གི་ཆོས་སྡེ་ལས་བྱོན་པ་ཚེ་སྒྲུབ་འཆི་མེད་ཐུགས་ཏིག་ལས་ཚེ་ཡུམ་ཙཎྜ་ལཱིའི་དབང་། སྒྲུབ་ཐབས། རྩ་གཞུང་། དབང་ཆོག །བརྒྱུད་པ། ཚེ་དཔག་མེད། ལྷ་མོ་ཙཎྜ་ལཱི། རྗེ་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལས་བཀའ་དྲིན་དུ་ཐོབ་པའོ། །འཕགས་མའི་སྙིང་ཐིག་གི་ཆ་ལག་རྣམ་པར་རྒྱལ་མའི་སྟོང་མཆོད་ཆོ་ག །བྱང་གཏེར་སྙིང་མཛོད་ནས་བྱོན་པའི་འཆི་བདག་ཟློག་བྱེད་སྟོབས་ཆེན་གྱད་ཀྱི་འཁོར་ལོའི་ཆོག་ཁྲིགས་རིག་འཛིན་པདྨ་ཕྲིན་ལས་ཀྱིས་མཛད་པ། །ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་ལས་ཚོགས་འཆི་བསླུའི་ཆོ་ག་མཆོག་གླིང་གིས་མཛད་པ། སློབ་དཔོན་སྒེག་པ་རྡོ་རྗེས་མཛད་པར་གྲགས་པའི་བླ་བསླུ་བཅུ་གསུམ་མའི་གཞུང་ལག་ལེན་བཅས་གསལ་བར་བཀོད་པ། སྔགས་བྱང་། ཟློག་བྱང་ལྡེབ་གཅིག །འདིའི་ལུང་རྒྱུན་བར་མ་ཆད་པར་བྱུང་ཡང་བརྒྱུད་པ་ངེས་གསལ་མི་སྣང་། བླ་མ་པདྨ་ལྷུན་གྲུབ། པདྨ་ཆོས་འཕེལ། ཀརྨ་བསོད་ནམས་ལས་ནོས། སློབ་དཔོན་ཆེན་པོས་མཛད་པའི་བླ་བསླུ་འཆི་དག་གཡུལ་རྒྱལ། ལུང་རྒྱུན་སྟོད་ཆ་མི་གསལ། གཤམ་འོག་མ་དང་འདྲ། སྐལ་ལྡན་ཡར་ལུང་སྤྲུལ་སྐུས་མཛད་པའི་བླ་འགུགས་འཆི་མེད་རིག་འཛིན། ལུང་རྒྱུན་མཛད་པ་པོ་ནས་རིམ་པར་བརྒྱུད། སྨན་ལུང་པ། པདྨ་ཕྲིན་ལས། གནུབས་སྟོན་བློ་བཟང་དོན་གྲུབ། ལེགས་པའི་འབྱུང་གནས། སློབ་དཔོན་འཇམ་དབྱངས། ནམ་མཁའ་ལེགས་པ། བསྟན་འཛིན་ཆོས་རྒྱལ། དཔལ་ལྡན་ཕྲིན་ལས། རྡོར་འཛིན་ཀུན་དགའ་དཔལ་ལྡན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། །དེ་ལས་སོ། །པདྨ་གླིང་པའི་གཏེར་མ་བླ་བསླུ་ཚེ་འགུགས། འདི་གནས་མདོ་བཀའ་བརྒྱུད་ཕྱོགས་ནས་རིམ་པར་བརྒྱུད། རྟོགས་ལྡན་དཀོན་མཆོག་རྒྱལ་མཚན། རྗེ་བླ་མ་མཁྱེན་བརྩེའི་ཞལ་སྔ་ནས་ནོས་སོ། །འཇའ་ཚོན་མ་ནིང་ཞི་བའི་ལས་ཚོགས་མཁའ་འགྲོ་སུན་ཟློག་གི་ལས་འགྲིགས། རིག་འཛིན་སྲོག་སྒྲུབ་ཀྱི་ཆ་ལག་མཁའ་འགྲོ་སུན་ཟློག་སྙིང་པོ་བསྡུས་པ། བཀའ་བརྒྱད་གསང་རྫོགས་ཀྱི་ཆ་ལག་ཆུ་སྦྱིན་སྟོང་ཟློག །འཆི་བསླུ་བསྡུས་པ་སློབ་དཔོན་གསུང། སྒེག་རྡོར་ལུགས་ཀྱི་བླ་བསླུའི་གླུད་བསྔོ། དཀོན་མཆོག་སྤྱི་འདུས་དང་འབྲེལ་བའི་ཞབས་བརྟན་འབུལ་བའི་ཆོ་ག་སྨིན་གླིང་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་གྱིས་མཛད་པ། རྟགས་བརྒྱད་འབུལ་བ། རྩ་གསུམ་སྤྱི་འགྲོའི་སུན་ཟློག་དང་ཞབས་བརྟན་ཁྱེར་བདེ་མཁྱེན་བརྩེ་རིན་པོ་ཆེས་མཛད་པ། རྫས་བརྒྱད་འབུལ་བ། ཀློང་གསལ་དང་མཆོག་གླིང་གཏེར་བྱོན་གཞིར་བྱས་པའི་ཚེ་ཐར་གཏང་ཐབས་ཕན་བདེའི་སྙིང་པོ་བཅས། ༈ གཉིས་པ་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ཤེས་རབ་རྒྱས་པར་བྱེད་པའི་སྐོར་ལ། ཉང་གཏེར་དྲག་པོ་དམར་ཆེན་ལས་བྱུང་བའི་འཇམ་དཔལ་སྒོས་སྒྲུབ། ཆོས་དབང་བླ་མ་གསང་འདུས་ལས། བློ་ལྡན་མཆོག་སྲེད་ཀྱི་སྒོས་སྒྲུབ། རྡོར་གླིང་ལྟ་བ་ཀློང་ཡངས་ཀྱི་ཆ་ལག་འཇམ་དཔལ་དམར་སེར་བློ་ཡི་མུན་སེལ། སངས་གླིང་བླ་མ་དགོངས་འདུས་ཆོས་སྡེ་འཇམ་དབྱངས་དམར་སེར་རྗེས་གནང་། ཤེས་རབ་རལ་གྲི་གཏེར་གཞུང་རྗེས་གནང་ཆོ་ག །མངའ་རིས་པཎ་ཆེན་གྱི་རིག་འཛིན་ཡོངས་འདུས་ཆོས་སྡེ་འཇམ་པའི་དབྱངས་ཀྱི་ཐུགས་སྒྲུབ། མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས་བླ་མ་སྨྲ་བའི་སེང་གེའི་དབང་། སྒྲུབ་ཐབས་རྒྱུན་ཁྱེར་གཏེར་སྟོན་ཉིད་མཛད། ཕྲིན་ལས་དབང་བསྐུར་ལས་ཚོགས་དང་བཅས་པའི་གསལ་བྱེད་བློ་གྲོས་ཁ་འབྱེད། རད་གླིང་གཏེར་ཕྲན་ཕག་དཀར་ཤེས་རབ་གསལ་བྱེད། རཏྣ་གླིང་པས་བསམ་ཡས་བྱང་ཆུབ་ཆེན་པོའི་སྐུ་རྒྱབ་ནས་གདན་དྲངས་པའི་ལྷ་མོ་དབྱངས་ཅན་མའི་སྒྲུབ་ཐབས། བསྟོད་པ་གཏེར་སྟོན་ཉིད་མཛད། བརྒྱུད་པ་དཔལ་ཡུལ་སྤྱི་འགྲོའོ། །འགྲོ་འདུལ་ཤེས་རབ་འོད་ཟེར་གྱི་གཏེར་ཕྲན་ཤེས་རབ་བློ་འཕེལ་མི་བརྗེད་གཟུངས་ཐོབ། དེ་ཉིད་ཀྱི་དགོངས་གཏེར་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་བློ་གྲོས་གསལ་བྱེད། དྲེགས་འཇོམས་ཞི་སྒྲུབ་འཇམ་དབྱངས་དམར་སེར། ཀློང་གསལ་རྡོ་རྗེ་སྙིང་པོ་ལས་ཕག་དཀར་ཤེས་རབ་གསལ་བྱེད་ཀྱི་དབང་། གཏེར་གཞུང་རྩ་བ། སྒྲུབ་ཐབས་དབང་ཆོག་དང་བཅས་པ། ཀུན་མཁྱེན་བླ་མ་འོད་གསལ་སྤྲུལ་པའི་རྡོ་རྗེའི་ཟབ་མོ་དགོངས་པའི་གཏེར་གྱི་ཆོས་སྡེ་རྡོ་རྗེ་རྣལ་འབྱོར་མ་རིགས་ལྔ་ལས་ཕག་དཀར་ཤེས་རབ་གསལ་བྱེད་རྩ་གཞུང་། ཕྲིན་ལས་དང་རྒྱུན་ཁྱེར་མེ་མཆོད་རྗེ་ཉིད་ཀྱི་ལྗགས་བསྒྲིགས། དབང་ཆོག་ཡེ་ཤེས་སྣང་བའི་རྒྱན། བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་རྣལ་འབྱོར་མ། གུ་རུ་ཡབ་ཡུམ། གཏེར་ཆེན་བླ་མ་ཉིད་ནས་བཀའ་དྲིན་དུ་ཐོབ་པའོ། །རྗེས་འབྲེལ་དུ་བཞག་པ་ཕྱི་འགྱུར་གདམས་ཟབ་འཇམ་དབྱངས་དཀར་པོ་མ་ཏི་ལུགས་ཀྱི་རྗེས་གནང་། ༥༠༽ སྒྲུབ་ཐབས་སློབ་དཔོན་སྒེག་རྡོར་དང་བསྟོད་པ་པཎྜི་ཏ་མ་ཏིས་མཛད་པ། ལོ་རྒྱུས་རྗེས་གནང་ཁྲོ་ལོས་མཛད་པ། རྩ་བའི་སྒྲུབ་ཐབས་ལས་ཚོགས་བཞི་བཅས་རྒྱ་སྟོན་དང་སྒྲུབ་ཐབས་བསྡུས་པ་བསྟོད་ཚིག་ཁ་སྐོང་བཅས་འཇམ་དབྱངས་བླ་མས་མཛད་པ། ལུང་གི་བརྒྱུད་པ་ནི། འཕགས་པ་འཇམ་དཔལ། ཛེ་ཏཱ་རི། པཎྜི་ཏ་མ་ཏི། ནོར་བུ་གླིང་པ་ཆུང་བ། པཎྜི་ཏ་འབྱུང་གནས་སྦས་པ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ། མཁན་ཆེན་དབང་ཕྱུག་གྲགས། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས། མཁན་ཆེན་དྭངས་མ་པ། རིན་པོ་ཆེ་ཤེས་རབ་གྲགས། ལུང་པ་དཀོན་མཆོག་རྡོ་རྗེ། མཁན་ཆེན་སེང་གེ་དཔལ། རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། བྱམས་པ་ནམ་མཁའ་འཆི་མེད། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། དེས་བདག་ལའོ། །ཡང་ན། ནམ་མཁའ་འཆི་མེད་ནས། མཁས་དབང་ཀུན་དགའ་དོན་གྲུབ། རྣམ་འདྲེན་བླ་མ་དམ་པ་དགེ་འདུན་རྒྱ་མཚོ། དེས་བདག་ལའོ། །ཡང་ན་རྒྱ་གཞུང་གཉིས་ཀྱི་བརྒྱུད་པ་ལུགས་གཅིག་ནི། ཁ་ཆེ་པཎ་ཆེན་ནས། མཁན་ཆེན་བྱང་ཆུབ་དཔལ། བདེ་བ་དཔལ། གྲགས་པ་གཞོན་ནུ། བསོད་ནམས་གྲགས་པ། བུ་སྟོན་རིན་པོ་ཆེ། ཐུགས་སྲས། གྲུབ་ཆེན་དཔལ་བཟང་བ། ཀ་བཞི་པ་རིན་ཆེན་རྒྱལ་མཚན། རིན་ཆེན་མཁྱེན་རབ་ཆོས་གྲུབ། མུས་ཆེན་དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་སངས་རྒྱས་འཕེལ། འཇམ་དབྱངས་ཀུན་དགའ་ཆོས་བཟང་། སྤྱན་སྔ་ངག་དབང་ཆོས་གྲགས་མན་འདྲ། ཡང་ན། མཁན་ཆེན་བདེ་བ་དཔལ་ནས། རྗེ་སངས་རྒྱས་གཞོན་ནུ། མཁན་ཆེན་བསོད་ནམས་ཤེས་རབ། ཤེས་རབ་མགོན་པོ། ཤར་ཆེན། ངོར་ཆེན། གུ་གེ་པཎ་ཆེན། གློ་བོ་མཁན་ཆེན། ས་ལོ། སྤྱན་སྔ་ངག་དབང་ཆོས་གྲགས་མན་འདྲ། རྗེ་བཙུན་དམ་པ་རྒྱ་གར་ལུགས་ཀྱི་འཇམ་དབྱངས་སྨྲ་བའི་སེང་གེའི་རྗེས་གནང་། ༥༡༽ སྒྲུབ་ཐབས་ལས་ཚོགས་བཅས་ཀྱི་གཞུང་དམ་པས་མཛད་པ། སྒྲུབ་ཐབས་ཉུང་གསལ་སྙིང་པོར་དྲིལ་བ་འཇམ་མགོན་བླ་མས་མཛད་པ། སྨྲ་བའི་སེང་གེའི་སྒྲུབ་ཐབས་སྙན་པའི་རོལ་མོར་འཁྲོལ་བ་གཞོན་ནུ་རྣམ་རོལ། རྒྱ་གཞུང་གི་ལུང་བརྒྱུད་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། དྲང་སྲོང་ཉི་མའི་ཤིང་རྟ། བྲམ་ཟེ་རིག་བྱེད་གཞོན་ནུ། རྒྱ་གར་དམ་པ་སངས་རྒྱས། དརྦན་ཨ་ཙརྻ། མཆིམས་ནམ་མཁའ་གྲགས། དབུས་པ་གཞོན་ནུ་བྱང་ཆུབ། ཉང་སྟོད་པ་ཚུལ་ཁྲིམས་གཟུངས། མཁས་བཙུན་དོན་གྲུབ་རིན་ཆེན། དེ་བ་རཱ་ཛ། སློབ་དཔོན་གཉེན། མཁན་ཆེན་ཚུལ་ཁྲིམས་དགའ། བླ་མ་བཀྲ་ཤིས་དཔལ། བླ་བྲང་པ་བཟང་པོ་དཔལ། ཆོས་རྗེ་ཉི་མ་རྒྱལ་མཚན། རོང་སྟོན་ཤེས་བྱ་ཀུན་རིག །དྭགས་པོ་པཎྜི་ཏ་བཀྲ་ཤིས་རྣམ་རྒྱལ། སྤྱན་སྔ་བསོད་ནམས་ལྷ་དབང་། སྤྱན་སྔ་ངག་དབང་ཆོས་གྲགས། བྱམས་པ་ཀུན་དགའ་ཆོས་གྲགས། ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། བྱམས་པ་ནམ་མཁའ་འཆི་མེད། མཁས་དབང་ཀུན་དགའ་དོན་གྲུབ། བླ་མ་དམ་པ་དགེ་འདུན་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །ཉེ་བརྒྱུད་ནི། འཇམ་དཔལ་ཡབ་ཡུམ་ནས། དམ་པ་རྒྱ་གར་མན་འདྲ། བྲམ་ཟེ་ཕུར་བུའི་ལུགས་ཀྱི་དབྱངས་ཅན་མ་དཀར་མོའི་རྗེས་གནང་། ༥༢༽ སྒྲུབ་ཐབས་དང་བསྟོད་པ་བྲམ་ཟེ་ཕུར་བུ་དང་ལས་སྦྱོར་རྩ་བ་དྲང་སྲོང་མངོན་ཤེས་ཅན་གྱིས་མཛད་པ། སྒྲུབ་ཐབས་འོད་ཀྱི་དྲ་བ་དང་བསྟོད་པ་གཞོན་ནུ་རོལ་དགའི་དབྱངས་ཀུན་མཁྱེན་ཀློང་ཆེན་པས་མཛད་པ། སྒྲུབ་ཐབས་རྗེས་གནང་སྦྱིན་སྲེག་བཅས་འགྱུར་མེད་རྡོ་རྗེས་མཛད་པ། སྒྲུབ་ཐབས་ངག་འདོན་སྙིང་པོར་དྲིལ་བ་འཇམ་དབྱངས་བླ་མའི་གསུང་བཅས། གཞུང་གི་ལུང་བརྒྱུད་ནི། དབྱངས་ཅན་ལྷ་མོ། བྲམ་ཟེ་ཕུར་བུ། པཎྜི་ཏ་གཏུམ་པོའི་སྡེ། མཆོད་སྡོང་སེང་གེ །དབྱངས་ཅན་དགའ་བ། སཱུརྻཱ་སིཾ་ཧ། པཎྜི་ཏ་དཔེ་མེད་མཚོ། པཎྜི་ཏ་ས་མུ་དྲེ། སུམ་པ་ལོ་ཙཱ་བ། བཟང་རིན། བོ་དོང་རིན་རྩེ། ཐང་པོ་ཆེ་བ། བློ་གྲོས་དཔལ། བླ་བྲང་པ་ཆོས་དཔལ་རྒྱལ་མཚན། ཀུན་མཁྱེན་དྲི་མེད་འོད་ཟེར། མཁས་གྲུབ་ཆོས་རྗེ། སངས་རྒྱས་དབོན་པོ། ཀུན་སྤངས་སེམས་དཔའ་ཆེན་པོ། དྲུང་སངས་རྒྱས་ཡེ་ཤེས། སྟག་མགོ་སངས་རྒྱས་རྒྱལ་མཚན། རྫ་ཡིག་པ་ཀུན་མཁྱེན་ཚུལ་ཁྲིམས་རྒྱལ་མཚན། རྩེ་ལེ་རིག་འཛིན་བསོད་ནམས་རྒྱལ། ཨོ་རྒྱན་བསྟན་འཛིན། མཐུ་སྟོབས་རྣམ་རྒྱལ། པདྨ་དབང་ཆེན། སྔགས་འཆང་རིན་ཆེན་དར་རྒྱས། ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ། འགྱུར་མེད་སྐལ་བཟང་། པདྨ་ཀུན་གྲོལ། རིག་འཛིན་བཟང་པོ། བསྟན་འཛིན་བཟང་པོ། འགྱུར་མེད་བསྟན་འཛིན་འཕེལ་རྒྱས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེ་གཉིས་ཀ་ལས་བདག་གིས་ནོས། འདི་ཉིད་ཀུན་མཁྱེན་ཀློང་ཆེན་པར་ཉེ་བརྒྱུད་ཀྱི་བཀའ་བབས་པའི་མན་ངག་ཁྱད་པར་ཅན་དང་འབྲེལ་བའོ། ༈ །གསུམ་པ་ཡོན་ཏན་ཐམས་ཅད་ཀྱི་གཞི་བསོད་ནམས་དང་དཔལ་འབྱོར་ལོངས་སྤྱོད་སྙན་གྲགས་རྒྱས་པར་བྱེད་པའི་སྐོར་ལ། གཉལ་པ་ཉི་མ་ཤེས་རབ་ཀྱི་བྱ་རྒོད་གཤོང་ནས་སྐུ་རྟེན་དང་ལྷན་ཅིག་གཏེར་ནས་བཞེས་ཏེ་སྣུར་ཉི་མ་འོད་ཟེར་སོགས་ལས་བརྒྱུད་པའི་རྣམ་སྲས་ཕྱི་སྒྲུབ་སེར་ཆེན་ལྷ་དགུ་སྤྲིན་གསེབ་མར་གྲགས་པའི་རྗེས་གནང་། ༥༣༽ ཚར་ཆེན་ཡབ་སྲས་ཀྱིས་བསྒྲིགས་པའི་རྣམ་སྲས་བེ་བུམ་ལས་བྱུང་བའི་ལོ་རྒྱུས་ནས་དམ་ཚིག་བསྟན་པའི་བར་ཡིག་རྙིང་ཚང་བ་བཞུགས། ལུང་བརྒྱུད་ནི། ཕྱག་ན་རྡོ་རྗེ། ཨོ་རྒྱན་ཆེན་པོ། མངའ་བདག་ཁྲི་སྲོང་ལྡེའུ་བཙན། ལྷ་སྲས་མུ་ཏིག་བཙན་པོ། ཞང་ལྷ་བཟང་ཀླུ་དཔལ། དེ་ནས་རིམ་པར་བརྒྱུད་དེ། ཐུ་བཙུན་རྡོ་རྗེ་གདན་པ། མུས་ཆེན་རྣམ་རྒྱལ་བཟང་པོ། ཤམྦྷ་ར་བ་ཀུན་དགའ་སངས་རྒྱས། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ། རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་བསོད་ནམས་མཆོག་གྲུབ། མཁྱེན་རབ་བྱམས་པ། ཀུན་དགའ་ལྷུན་གྲུབ། ངག་དབང་ཀུན་དགའ་ལེགས་འབྱུང་། བློ་གསལ་ཕུན་ཚོགས། ངག་དབང་ཀུན་དགའ། བསྟན་འཛིན་ཕྲིན་ལས། ཀུན་དགའ་བཀྲ་ཤིས། ཀུན་དགའ་རིན་ཆེན། སྨོན་ལམ་གྲགས་པ། འཇམ་དབྱངས་བློ་གསལ། རྗེ་མཁྱེན་བརྩེ་རིན་པོ་ཆེ། དེ་ལས་སོ། །སེར་ཆེན་གྱི་རྒྱུད་སྒྲུབ་ཐབས་མན་ངག་ཟབ་ཅིང་རྒྱས་པ་ཀོང་པོ་རྩེ་ཆེན་བྲག་ནས་སངས་རྒྱས་གླིང་པས་བཞེས་པའང་བཞུགས་པར་སྣང་། ནང་སྒྲུབ་མདུང་དམར་ཅན་རྟ་སྔོན་ལྷ་བཅུ་གསུམ་མ། ༥༤༽ འདི་གཞན་དུ་གསང་བ་གཤིན་རྗེ་ལྟར་སྒྲུབ་པར་ངོས་བཟུང་། གསང་སྒྲུབ་དྲག་པོ་རྟ་སྟོན་ཅན་ལྷ་དགུ ༥༥༽ །གནུབས་ལུགས་བཀའ་མ། འདི་གཞན་དུ་ནང་མ་མོ་ལྟར་སྒྲུབ་པར་བཞེད། འདི་དག་གི་རྒྱུད་དང་ཡིག་ཆ་ཅི་རིགས་པའང་མཆིས་སོ། །གཉལ་པའི་ཟབ་གཏེར་ཡང་གསང་མདུང་དམར་ཅན་ཕྱག་མཚན་བཞི་པ་གཙོ་རྐྱང་གི་རྗེས་གནང་། ༥༦༽ གནོད་སྦྱིན་དབྱུག་ཏོ་ཅན་གྱི་རྒྱུད་དང་། ཚེ་སྒྲུབ་ཀྱི་གསལ་བྱེད་བི་མ་ལས་མཛད་པ་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱི་ཟབ་གཏེར་སྒྲུབ་ཐབས་དགོས་འདོད་ཀུན་འབྱུང་སོགས་ཡིག་རྙིང་དང་བསྙེན་སྒྲུབ་ལས་སྦྱོར་རྗེས་གནང་བཅས་གཉགས་དབོན་རིན་པོ་ཆེས་མཛད་པ། དེ་དག་གི་ལུང་བརྒྱུད་ནི། རྡོ་རྗེ་འཆང་། གསང་བདག །དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིཾ་ཧ། བཻ་རོ་ཙ་ན། གཡུ་སྒྲ་སྙིང་པོ། ཆོས་རྒྱལ་ཁྲི་ལྡེ། ཞང་ལྷ་བཟང་ཀླུ་དཔལ། གཏེར་སྟོན་གཉལ་པ་ཉི་ཤེ །སྣུར་ཉི་མ་འོད་ཟེར། དབུས་པ་དམར་སྟོན། སློབ་དཔོན་བཅུར་སྟོན། འོད་ཟེར་བླ་མ། ཛྙཱ་ན་ཡཀྵ། ཐབས་ཀྱི་བློ་གྲོས། དགེ་འདུན་རྒྱལ་མཚན། ནམ་མཁའ་གྲགས་པ། བསོད་ནམས་རིན་ཆེན། བླ་མ་དཔལ་ལྡན་པ། གཉག་ཕུ་བསོད་ནམས་བཟང་པོ། པདྨ་བཟང་པོ། ཆོས་ཀྱི་དབང་ཕྱུག །ཆོས་གྲུབ་སེང་གེ །ཀུན་དགའ་རྒྱལ་པོ། ཚེ་དབང་བཀྲ་ཤིས། ཚར་ཆེན། མེ་ཏྲི་དོན་གྲུབ་རྒྱལ་མཚན། ཆོས་ཀྱི་རྒྱ་མཚོ། དབང་ཕྱུག་རབ་བརྟན། བསོད་ནམས་མཆོག་གྲུབ། མཁྱེན་རབ་བྱམས་པ་མན་ཆད་སེར་ཆེན་ལྟར་རོ། །རཏྣའི་རྟ་མགྲིན་གསང་འདུས་ཀྱི་བཀའ་སྲུང་རྣམ་སྲས་མདུང་དམར་ཅན་རྟ་བདག་བརྒྱད་ཀྱིས་བསྐོར་བའི་དབང་། ཕྲིན་ལས་དབང་ཆོག་དང་བཅས་པ། པད་གླིང་བླ་མ་ནོར་བུ་རྒྱ་མཚོ་ལས་བྱུང་བའི་རྣམ་སྲས་ཡང་གསང་བླ་མེད་ཀྱི་དབང། དབང་ཆོག་ལས་བྱང་ལས་ཚོགས་ཀྱི་སྐོར་སོགས་གཏེར་གཞུང་ཚང་བ། སྲུང་མའི་ཕྲིན་ལས། དངོས་གྲུབ་རོལ་མཚོའི་དཀྱུས་སུ་བཀོད་པའང་ཕྱི་མ་འདི་གཉིས་དང་མཐུན་པའོ། །འདིའི་ནང་སྒྲུབ་དང་མདུང་དམར་ཅན་གྱི་སྐོར་རྣམས་གཙོ་བོར་དབང་གི་ལས་ཀྱི་ལྷར་རྟོགས་ཤིང་། གསང་སྒྲུབ་ནི་དྲག་པོའི་ལས་སྦྱོར་གྱི་ལྷ་ཡིན་ནའང་། རྣམ་སྲས་ཀྱི་སྐོར་རྣམས་ཕྱོགས་གཅིག་ཏུ་འབྲེལ་བའི་སླད་འདིར་བཀོད་པའོ། །རྣམ་སྲས་མདུང་དམར་སྐོར་སངས་གླིང་དང་རྡོར་གླིང་རྣམས་ལའང་བཞུགས་པར་སྣང་ངོ་། །གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་བྱོན་པདྨ་གཡང་འབུམ་ཡིད་བཞིན་ནོར་བུ་སྨོན་དང་བཀྲ་ཤིས་འབྲེལ་ཆགས་བཅས། ལུང་ཆགས་མེད་སོགས་ནས་རིམ་པར་བརྒྱུད། རྟོགས་ལྡན་དཀོན་མཆོག་རྒྱལ་མཚན། རྡོ་རྗེ་གཟི་བརྗིད། དེ་ལས་སོ། །བྱང་གཏེར་ནོར་ལྷ་ཡོངས་རྫོགས་ཀྱི་དབང་། སྒྲུབ་ཐབས་སོགས་གཏེར་གཞུང་ཚང་བ། ཕྲིན་ལས་དབང་ཆོག་བཅས་པ། བྱང་གཏེར་ཐུགས་སྒྲུབ་ཆོས་ཚན་བཅུ་དྲུག་པ་རྣམ་སྲས་སེར་ཆེན་གྱི་ཕྱྭ་ཕྲིན་ནོར་བུ་མཆོག་རྒྱལ་བྱང་ཆུབ་གླིང་པའི་གཏེར་མ། དེའི་ལག་ལེན་ཟུར་འདེབས་ནོར་བུའི་སྒྲོན་མེ། ལུང་བརྒྱུད། བྱང་གླིང་པ་དཔལ་རྒྱལ་མཚན་ནས་རིམ་པར་རིག་འཛིན་རྒོད་ལྡེམ། ནམ་མཁའ་གྲགས། བསོད་ནམས་རྒྱལ་མཚན། བྱ་བྲལ་ཆོས་རྗེ། དཀོན་མཆོག་བློ་གྲོས། ཟུར་ཚོ་གདུང་འཛིན། ཤཱཀྱ་དཔལ་བཟང་། ཉི་ཟླ་གྲགས་པ། ངག་གི་དབང་ཕྱུག །གཞན་ཕན་རྡོ་རྗེ། ཕྲིན་ལས་ལྷུན་གྲུབ། འགྱུར་མེད་རྡོ་རྗེ་ཕྱིན་བཀའ་ནན་རབ་བརྗིད་ལྟར་རོ། །གྲྭ་མངོན་དབང་ཕྱུག་འབར་གྱི་ཟབ་གཏེར་གནོད་སྦྱིན་ཆེན་པོ་ཞང་བློན་རྡོ་རྗེ་བདུད་འདུལ་གྱི་ཕྱི་ནང་གསང་བའི་རྗེས་གནང་། ༥༧༽ གཏོར་འབུལ་སྨིན་གཏེར་གསུང་། འདིའི་རྒྱུད་ཡིད་བཞིན་གཏེར་རྒྱུད་དང་། རིན་ཆེན་སྦྱིན་པའི་རྒྱུད། ཕྱི་ནང་གསང་སྒྲུབ་མན་ངག་ལས་ཚོགས་དང་བཅས་པའི་སྐོར་རྣམས་ཀྱི་རྒྱུན་རྙེད་ན་ངེས་པར་དགོད་འོས་ཤིང་གཞན་བསྙེན་སྒྲུབ་ལས་གསུམ་གྱི་ཡིག་ཆ་ཁུངས་དང་འབྲེལ་བ་བྱུང་སྲིད་ནའང་དྲང་བར་བྱའོ། །ལོ་ཆེན་བཻ་རོ་དང་སྐ་བ་དཔལ་བརྩེགས་ཟུང་འཇུག་གི་རྣམ་འཕྲུལ་བཤེས་གཉེན་གྲྭ་སྟོན་ཆེན་པོས་བསམ་ཡས་ནས་བཏོན་པའི་ཛཾ་ལ་དམར་པོ་གསུང་གི་སྒྲུབ་པའི་དབང་། ༥༨༽ སྒྲུབ་ཐབས། ཆུ་སྦྱིན། གཏོར་མ། གྭའུ། ཐོད་པ་རྣམས་ལ་བརྟེན་ནས་སྒྲུབ་པ། ཐུན་མིན་དབང་སྡུད་ཀྱི་ཕྲིན་ལས། སྦྱིན་སྲེག །ཚོགས་མཆོད། བསྟོད་པ། འཁོར་ལོའི་བྲི་ཡིག །ཁྱད་པར་གྱི་སྒྲུབ་པ། མྱུར་མགྱོགས་མགོན་པོའི་ལས་སྒྲུབ་ཀྱི་སྐོར། སྒབ་འདྲེ་མནན་པ། སྲིས་རྐུན་བཅིང་བ་བཅས་གཏེར་གཞུང་ཚང་བ། ལས་བྱང་དང་ཆབ་གཏོར་སྨིན་གླིང་གཏེར་ཆེན། རྒྱུན་ཁྱེར་པད་ཕྲིན། སྦྱིན་སྲེག་དྷརྨ་ཤྲཱིས་མཛད་པ། སྐོང་བ་དང་། གཡང་འགུགས་བཅས། བརྒྱུད་པ་ནི། མགོན་པོ་ཛམ་ལ། ཨོ་རྒྱན་ཆེན་པོ། གྲྭ་པ་མངོན་ཤེས། གྲྭ་པ་ཐུགས་རྗེ་འབུམ། ཤུ་ལ་ཙནྟྲ། སློབ་དཔོན་ཚུལ་རྒྱལ། མཁན་པོ་ཉི་མ། སློབ་དཔོན་དོན་བཟང་། དབུ་མ་གྲུབ་བརྩོན། བཀའ་བཅུ་གཞོན་ནུ་སེང་གེ །ཤཱཀྱ་གྲུབ་པ། བསོད་ནམས་བཟང་པོ། རྒྱལ་བ་དཔལ། ཡེ་ཤེས་རྒྱལ་མཚན། རྡོ་རིང་ཀུན་སྤངས་པ། ཚར་ཆེན་བློ་གསལ། མི་ཏྲི་དོན་གྲུབ་རྒྱལ་མཚན། ཆོས་འབྱོར་དཔལ་བཟང་། གཞོན་ནུ་དོན་གྲུབ། ཆོས་དབྱིངས་རང་གྲོལ། ལྔ་པ་ཆེན་པོ། པདྨ་ཕྲིན་ལས། འགྱུར་མེད་སྐལ་བཟང་། ཀུན་གྲོལ་རྣམ་རྒྱལ། ཚེ་དབང་རིག་འཛིན། བསྟན་འཛིན་ཤེས་རབ། ཀུན་བཟང་པདྨ་ཚེ་དབང་། སྒྲོལ་སྟོན་འཇམ་དབྱངས། རྡོ་རྗེ་གཟི་བརྗིད། དེས་བདག་ལའོ། །ལས་བྱང་དང་སྦྱིན་སྲེག་ནི། མཛད་པ་པོ་ནས་སྤྱི་ལྟར་བརྒྱུད། ཕྲིན་ལས་ཆོས་སྒྲོན། སྒྲོལ་སྟོན། རྗེ་བླ་མ་ལས་སོ། །གུ་རུ་ཆོས་ཀྱི་དབང་ཕྱུག་གིས་བྲག་རྟ་མགྲིན་གྱི་མགུལ་པ་འདྲ་བའི་འོག་ངོས་ནས་སྤྱན་དྲངས་པ་ཛཾ་དཀར་ནོར་སྒྲུབ་རིན་ཆེན་སྤུངས་པ་ཕྱི་ནང་གསང་བ་བཀའ་སྡོད་ཕྱག་མཚན་གྱི་སྒྲུབ་ཐབས་བསྟོད་པ་བཅས་གཏེར་གཞུང་ཚང་བ། གཙོ་རྐྱང་ལྷ་དགུ་གཉིས་ཀྱི་ཕྲིན་ལས་ཆོག་ཁྲིགས། ཛཾ་ནག་ཆུ་སྦྱིན་ཆོ་ག་བཅས། རྗེ་བླ་མ་རིན་པོ་ཆེས་མཛད་པ། ལུང་བརྒྱུད། ཨོ་རྒྱན་ཆེན་པོ། ཇོ་མོ་མཚོ་རྒྱལ། ཆོས་དབང་། དེ་ལ་སྲས་པད་དབང་དང་སྨན་ལུང་ཤཱཀ་འོད་གཉིས་ཀྱིས་གསན། གཉིས་ཀ་ལས་ཙ་རི་ཞིག་པོ། དུས་འཁོར་བ་སངས་རྒྱས་བཀྲ་ཤིས། བླ་མ་གྲུབ་པ་འོད། བླ་མ་འབུམ་ལྷ་འོད་ཟེར། བླ་མ་དར་མ་བཟང་པོ། རི་ཁྲོད་པ་གཞོན་ནུ་རྒྱལ་མཚན་དཔལ་བཟང་། ཁྲིམས་ཁང་ལོ་ཙཱ་བ་བསོད་ནམས་རྒྱ་མཚོ། རྩེ་ལེ་རིག་འཛིན་ཆེན་པོ། དཔལ་ཨོ་རྒྱན་བསྟན་འཛིན། ཀརྨ་གུ་རུ། ཆོས་དབང་བསྟན་འཛིན་ཉི་མ། བློ་མཆོག་རྡོ་རྗེ། ལེགས་བཤད་རྒྱ་མཚོ། རིག་འཛིན་གྲགས་པ་དབང་ཕྱུག །གསང་བདག་རྡོ་རྗེ། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། དཔང་སྟོན་པདྨ་ཚེ་དབང་། དེ་ལས་སྒྲོལ་སྟོན་ཆོས་རྒྱན་དང་བསྟན་འཛིན་མཁྱེན་རབ་མཐུ་སྟོབས་གཉིས་ཀས་གསན། གཉིས་ཀ་ལས་རྗེ་བླ་མ་རིན་པོ་ཆེ་འཇམ་དབྱངས་ཞབས་ཀྱིས་གསན། དེ་ལ་ཁོ་བོས་ཞུས་སོ། །གནམ་སྐས་གཏེར་བྱོན་ཛཾ་དམར་གསང་སྒྲུབ་རིན་ཆེན་གཏེར་མཛོད་སྦྱོར་དངོས་རྗེས་དང་། དབང་སྡུད་རྟེན་འབྲེལ་གྱི་སྒྲུབ་པ་བཅས་གཏེར་གཞུང་ཚང་བ། བརྒྱུད་པ་གོང་མ་དང་འདྲ། ཡང་ན་ཁྲ་ཚང་པ་ཡན་ཆད་བླ་མ་གསང་འདུས་སྤྱི་བརྒྱུད་ལྟར་འདྲེན་ཀྱང་ཆོག །པདྨ་ལས་འབྲེལ་རྩལ་གྱི་གཏེར་བྱོན་ཕྱག་རྡོར་དྲེགས་འདུལ་ནང་སྒྲུབ་ཀྱི་ལས་མཐའ་ཛམ་དམར་ཐུགས་ཀྱི་སྒྲུབ་པ། པད་གླིང་གཏེར་མའང་འདི་དང་ཞུ་དག་ཕེར་བས་གཏེར་ཁ་གཉིས་ལྡན་ནོ། །འདིའི་གྲས་སུ། རྒྱུད་རིན་ཆེན་བང་མཛོད་ལེའུ་དགུ་པ་ཉང་གཏེར་དང་། ཛཾ་སེར་སྒྲུབ་ཐབས། ཛཾ་དམར་སྒྲུབ་པའི་གནད་ཡིག །དངོས་གྲུབ་བླང་བ། སྲིའུ་གསོ་བ་སོགས་ཀུ་ས་སྨན་པའི་གཏེར་བྱོན་བཅས་བཞུགས་ཡོད་སྣང་བ་རྒྱུན་རྙེད་ན་འགོད། སྣ་ནམ་རྡོ་རྗེ་བདུད་འཇོམས་རྣམ་རོལ་གཏེར་སྟོན་བལ་པོ་ཨ་ཧཱུྃ་འབར་གྱིས་སྤ་གྲོ་གཅལ་གྱི་བྲག་དམར་ནས་བཏོན་པའི་ཡཀྴ་ཛཾ་བྷ་ལའི་ཆོས་སྐོར་རྣམས་སླར་ཡང་གཏེར་བདག་མཁའ་འགྲོས་རྗེ་བླ་མ་རིན་པོ་ཆེར་ཕུལ་པའི་ཡང་གཏེར་རྡོ་རྗེའི་ཛམྦྷ་ལ་ནག་པོའི་སྲོག་དབང་། སྒྲུབ་ཐབས་མན་ངག་རིན་ཆེན་གཏེར་སྤུངས་ལེའུ་བདུན་པ། སྲོག་འཁོར་ནོར་སྡུད་བཅས་ཆོག །འཁོར་ལོའི་མན་ངག་གནད་ཀྱི་ཟིན་ཏིག་བཅས་གཏེར་གཞུང་དང་། བརྒྱུད་པའི་གསོལ་འདེབས། སྒྲུབ་ཐབས་ལས་བྱང་། སྲོག་དབང་བསྐུར་བའི་ཆོ་ག །བརྒྱུད་པ་ནི། གསང་བའི་བདག་པོ། མཁའ་འགྲོ་མ་ག་ཎ་སིདྡྷི། ཚོང་དཔོན་ཁྱེའུ་དྷ་ན་སཾ་བྷོ། རྒྱལ་རིགས་གུ་རུ་དེ་ཝ། ཨོ་རྒྱན་རིན་པོ་ཆེ། ཡེ་ཤེས་མཚོ་རྒྱལ། ཆོས་རྒྱལ་ཁྲི་སྲོང་། མུ་ཏིག་བཙད་པོ། རྒྱལ་བ་མཆོག་དབྱངས། རྡོ་རྗེ་བདུད་འཇོམས། བལ་པོ་ཨ་ཧཱུྃ་འབར། གུ་རུ་ཇོ་བོ་ཚེ་དབང་དར་པོ། པདྨ་འོད་གསལ་མདོ་སྔགས་གླིང་པ། དེས་བདག་ལའོ། །ཟུར་མཁར་ཨ་ཇོ་དཔལ་པོ། འབྲེ་ཤེས་རབ་འོད། གཉལ་པ་ཉི་མ་ཤེས་རབ་སྟེ་གཏེར་སྟོན་གསུམ་གྱིས་གདན་དྲངས་པའི་བསོད་ནམས་གླང་པོ་སྟོབས་བསྐྱེད་ཀྱི་འཁོར་ལོ་ལག་ལེན་བཅས། བལ་པོ་ཨ་ཧཱུྃ་གི་ཟབ་གཏེར་གླང་ཆེན་བཅས་ཆོག །ལུང་བརྒྱུད་ནི། ཨོ་རྒྱན་ཡབ་ཡུམ། མངའ་བདག་ཁྲི་སྲོང་། གཏེར་སྟོན་ནས་རིམ་པར། ཟུར་གཞོན་ནུ་དོན་གྲུབ། ཆོས་དབྱིངས་རང་གྲོལ། བློ་བཟང་རྒྱ་མཚོ། འགྱུར་མེད་རྡོ་རྗེ། རིན་ཆེན་རྣམ་རྒྱལ། བཤེས་གཉེན་དོན་ལྡན། ཨོ་ཌཱི་ཡ་ན། ཕྲིན་ལས་རྣམ་རྒྱལ། པད་སྤྲུལ་པདྨ་དབང་རྒྱལ། སྒྲོལ་སྟོན་འཇམ་དབྱངས། མཉྫུ་གྷོ་ཥཱ། དེས་སོ། །རཏྣའི་ཀློང་གསལ་གྱི་ཆ་ལག་ཕྱི་ཛཾ་སེར། ནང་ཛཾ་དམར། གསང་བ་ཛཾ་ནག་ཏུ་སྒྲུབ་པ་ཙིཏྟ་རིན་པོ་ཆེའི་སྲོག་གི་སྒྲུབ་པ། དབང་སྡུད་ལས་ཀྱི་ཡང་ཁོལ་ཛཾ་སེར་ནོར་སྒྲུབ་རིན་ཆེན་གཏེར་བུམ། བྱང་གཏེར་ཐུགས་སྒྲུབ་ཆོས་ཚན་བཅོ་བརྒྱད་པ་ཡཀྴ་ཛཾ་བྷ་ལ་ལྗང་གུའི་སྒྲུབ་སྐོར་ཚང་བ། དེའི་གཏོར་འབུལ་རྗེ་བླ་མས་མཛད་པ། ཕྱི་མ་འདི་རྣམས་དགོས་གལ་ཆེར་མ་དམིགས་ཀྱང་ཛམྦྷ་ལ་རིགས་ལྔ་ཚང་བའི་ཕྱིར་བཀོད་པའོ། །བླ་མ་དགོངས་འདུས་ཀྱི་ཐོད་བརྟག་གནོད་སྦྱིན་ནོར་ལེན། ཐོད་སྒྲུབ་ཡིད་བཞིན་བང་མཛོད། ཐུགས་སྒྲུབ་ཡོངས་འདུས་ཐེམས་མེད་ཀྱི་ཐོད་སྒྲུབ་ཡིད་བཞིན་ནོར་བུ། འཇའ་ཚོན་མ་ནིང་གི་རྒྱས་པའི་ལས་ཚོགས་ཐོད་སྒྲུབ་དགོས་འདོད་ཀུན་འབྱུང་། སེར་པོ་སྐོར་གསུམ་གྱི་གཡང་ཆོག་གསལ་བྱེད་དང་བཅས་པ། ལྷ་བཙུན་རིན་པོ་ཆེའི་དག་སྣང་གཡང་འགུགས་སྤྱིར་བཏང་མེ་ཏོག་ཆར་སིལ། ཀློང་གསལ་རྡོ་རྗེ་སྙིང་པོ་ལས་ཛཾ་སེར་དབང་། ཛཾ་ལའི་སྒྲུབ་པ་གཏེར་གྱི་འདོད་འཇོ་གཏེར་གཞུང་། དེའི་བསྙེན་སྒྲུབ་ཆོ་ག་རྗེ་རིན་པོ་ཆེས་མཛད་པ། གནམ་ཆོས་ཐུགས་ཀྱི་གཏེར་སྙན་བརྒྱུད་ཟབ་མོའི་སྐོར་ལས་ཛཾ་ལ་རིགས་དགུ་སོ་སོ། །རིགས་དགུ་འཁོར་མང་གཅིག་བསྡུས། ཛཾ་སེར། ཛཾ་དམར། ཛཾ་ནག་བཀའ་རྒྱ་ཅན་བཅས་ཛཾ་ལ་ཉེར་གཅིག་ཏུ་གྲགས་པའི་དབང་། སོ་སོའི་སྒྲུབ་ཐབས་གཏེར་གཞུང་། ནོར་ལྷ་སྤྱིའི་ལས་བྱང་། གཏོར་ཆོག་ཆགས་མེད་གསུང་། ཨ་པ་རཱ་ཛི་ཏའི་དབང་། སྒྲུབ་ཐབས་ལས་ཚོགས་གཏེར་གཞུང་། ཚོགས་བདག་དམར་པོའི་བཀའ་གཏད། སྒྲུབ་ཐབས་དང་གསོལ་ཁ་རྩ་གཞུང་། རྟ་ལྷ་རེ་མན་ཏའི་བཀའ་གཏད། སྒྲུབ་ཐབས་དང་གསོལ་ཁ་གཏེར་གཞུང་། ཆགས་མེད་རིན་པོ་ཆེས་མཛད་པའི་རྟ་ལྷའི་སྐོར་ལ། རྟ་གཟུངས་ཆོ་ག་ཅང་ཤེས་ཆར་འབེབས། མན་ངག་ཟིན་བྲིས། སྐོང་གསོ། མངའ་གསོལ། གཏོར་འབུལ། རྟིལ་བསང་ཡིད་བཞིན་ནོར་བུ། གནམ་ཆོས་རྟ་གཟུངས་དང་རྟ་གླུད་བཅས། ལུང་རྒྱུན་གནས་མདོ་སྟོད་བརྒྱུད་ལྟར་ལ། བདེ་ཆེན་སྙིང་པོ་ནས། ཀཾ་བླ་མ་ནོར་བུ། གསལ་སྔགས་མགོན་པོ། དེ་ལས་སོ། །ཀུ་བེ་རའི་བཀའ་གཏད་སྒྲུབ་ཐབས་དམིགས་རིམ་ལས་ཚོགས་བཅས་ཆགས་མེད་ཆོག་བསྒྲིགས། ནོར་ལྷ་རྨ་རྒྱལ་སྤོམ་རའི་གསོལ་ཁ་གཡང་འབོད་དང་གཡང་རབ་བཅས་ངག་དབང་ཀུན་དགའ་བསྟན་འཛིན་གྱི་གཏེར་མ། ལུང་བརྒྱུད་དེ་ཉིད་ནས་རིམ་པར་བརྒྱུད་དཀོན་མཆོག་རྒྱལ་མཚན། མདོ་སྔགས་གླིང་པ། དེ་ལས་སོ། །གཏེར་སྟོན་དྲི་མེད་གླིང་པས་སྦྲགས་ཡང་རྫོང་ནས་སྤྱན་དྲངས་པའི་ཐུགས་སྒྲུབ་ཡོན་ཏན་ཀུན་འབྱུང་གི་གསང་སྒྲུབ་པདྨ་རྒྱལ་པོའི་དབང་། བརྒྱུད་འདེབས། ལས་བྱང་། བསྙེན་ཡིག །དབང་ཆོག །རྒྱས་པའི་སྦྱིན་སྲེག །གཡང་སྐྱབས་ཟིན་བྲིས་རྣམས་ལྕགས་ཟམ་བདུན་པ་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ་ཀྱིས་མཛད་པ། ནོར་སྒྲུབ་གླང་འཁོར་བྲི་ཐབས། སྤུ་གྲི་མཆེད་གསུམ་གཏོར་ཆོག་གཏེར་གཞུང་། བསེ་རག་བཀར་ཡས་བཅས་ཆ་ཚང་། བརྒྱུད་པ་ནི། ཀུན་བཟང་། རིགས་ལྔ། རྡོ་རྗེ་གཞོན་ནུ། ཕྱག་ན་རྡོ་རྗེ། ལས་ཀྱི་དབང་མོ། པདྨ་སཾ་བྷ་ཝ། མཚོ་རྒྱལ། རྒྱལ་བ་མཆོག་དབྱངས། ཤུད་བུ་དཔལ་སེང་། དེ་གཉིས་ཟུང་དུ་འཇུག་པའི་རྣམ་འཕྲུལ་ཨོ་རྒྱན་དྲི་མེད་གླིང་པ། ཆོས་བདག་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། སྤང་སྟོན་པདྨ་ཚེ་དབང་། བསྟན་འཛིན་མཁྱེན་རབ་མཐུ་སྟོབས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །མཁས་གྲུབ་ཀརྨ་ཆགས་མེད་དང་གཏེར་ཆེན་སྟག་ཤམ་རྡོ་རྗེ་ཟུང་དུ་འཇུག་པའི་ཡེ་ཤེས་སྒྱུ་འཕྲུལ་ཀརྨ་བསྟན་འཛིན་ཕྲིན་ལས་སམ་པདྨ་འཆི་མེད་ངེས་དོན་གྲུབ་པའི་དབང་པོས་མཛད་པའི་པདྨ་རྒྱལ་པོའི་གཡང་སྐྱབས། ཆགས་མེད་རིན་པོ་ཆེས་གཏེར་རྒྱས་བཏབ་པ་དེ་ཉིད་ལ་བཀའ་བབས་པ་ཤ་ཟ་མཁའ་འགྲོ་མཆེད་གསུམ་གྱི་སྲོག་གཏད། རྩ་གཞུང་དང་དེ་ཉིད་ཀྱིས་མཛད་པའི་ཡིག་ཆའི་སྐོར་ལ། སྲོག་གཏད། སྒྲུབ་ཐབས་གཉིས། བསང་། མཆོད་ཐབས། བསྟོད་པ། བསྐུལ། གཏོར་ཆོག །ཆུ་གཏོར། དེའི་ཟིན་བྲིས། གདམས་པ་གུད་སྦས་ཤིན་ཏུ་ཟབ་པ་དང་ཟིན་བྲིས་ཨུ་པ་དེ་ཤ །བསྙེན་ཡིག །མན་ངག་གནད་ཀྱི་ཡིག་ཆུང་བཅས། བརྒྱུད་པ་ནི། ཆགས་མེད་བཞི་པ། བསྟན་འཛིན་རྒྱ་མཚོ། དཀོན་མཆོག་རྒྱལ་མཚན། རྗེ་མཁྱེན་བརྩེའི་དབང་པོ། དེ་ལས་སོ། །ཆགས་མེད་ཀྱིས་མཛད་པའི་བསེ་རག་བཀར་ཐབས། རིག་འཛིན་ཆོས་རྒྱལ་རྡོ་རྗེའི་ས་གཏེར་གནམ་གཏེར་དགོངས་གཏེར་གསུམ་ཟུང་དུ་འཇུག་པ་ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་སྒྲུབ་ཐབས་ཚེ་གཡང་ཁ་སྦྱོར་ཅེས་བྱ་བ་ཛཾ་དཀར་ལྷ་ལྔའི་ནོར་སྒྲུབ་ཁྱད་པར་ཅན་གྱི་གཏོར་དབང་། ལས་གཞུང་དངོས་གྲུབ་ཆར་འབེབས། དབང་ལུང་གཏེར་སྟོན་ཉིད་ལས་ནོས། འཇམ་དབྱངས་མཁྱེན་བརྩེའི་དབང་པོས་མཛད་པའི་ཚེ་གཡང་འགུགས་པའི་ཕྲིན་ལས་ཚེ་བསོད་འདོད་དགུའི་དཔལ་སྟེར། མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས་བླ་མ་ནོར་ལྷའི་དབང་། ནོར་སྒྲུབ་རིན་ཆེན་བུམ་བཟང་གཏེར་སྟོན་ཉིད་ཀྱིས་མཛད་པ། དེའི་ལས་ཚོགས་ཁོལ་ཕྱུང་གི་ལག་ལེན་གསལ་བྱེད། གོ་སྟོད་འོད་འབར་བྲག་གི་གཏེར་བྱོན་རྣམ་སྲས་རིགས་གསུམ་གཅིག་དྲིལ་གྱི་སྲོག་གཏད། ཕྲིན་ལས། བསྟོད་གསོལ། སྐོང་བཤགས། སྲོག་གཏད། བླ་རྡོ་སྲོག་འཁོར་གྱི་ཡིག་ཆུང་། ཛཔ྄དམིགས། ལས་སྦྱོར་བཅས་གཏེར་གཞུང་ཆ་ཚང་། ཟབ་པ་སྐོར་བདུན་ལས་རྩ་གསུམ་ཚེ་ཟབ་ཀྱི་ཆ་ལག་ཡེལ་ཕུག་གཏེར་བྱོན་ཟས་གོས་ནོར་གྱི་ལྷ་མོ་ཀུན་འཁྱིལ་མཆེད་གསུམ་གྱི་བཀའ་གཏད། སྒྲུབ་ཐབས་ཆ་ལག་བཅས་གཏེར་གཞུང་། རྗེས་གནང་ཆོ་ག་མཁྱེན་བརྩེའི་དབང་པོས་མཛད་པ་བཅས། བྱང་གཏེར་ནུབ་ཟངས་མཛོད་དམར་པོའི་གཏེར་བཅུད་མངའ་བསྐྱེད་ནོར་བུའི་བང་མཛོད་ཀྱི་མངའ་དབང་རིན་ཆེན་འབར་བ། མངའ་དབང་རིན་པོ་ཆེའི་ལོ་རྒྱུས། འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལེའུ་ལྔ་པ། མངའ་གསོལ་མན་ངག །གསང་བའི་འཕྱང་དྲུག །ཆོས་ཁྲིམས་བསྟན་པའི་སྒྲོན་མེ། མཐའ་དཔྱོད་བྱང་བདག་གསུང་། དབང་ཆོག་རིན་ཆེན་འབར་བའི་ལག་ལེན་གསལ་བསྡེབས། བརྒྱུད་པ་ནི། གསང་བདག་ཕྱག་ན་རྡོ་རྗེ། དབང་གི་ཌཱ་ཀི་མ། ཨོ་རྒྱན་རྒྱལ་པོ་ཐོར་ཅོག་ཅན། རིག་འཛིན་རྒོད་ལྡེམ། དོ་ཆེན་སངས་རྒྱས་བསྟན་པ། སངས་རྒྱས་བྱམས་བཟང་། སེ་སྟོན་མགོན་པོ་བཟང་པོ། སེ་རིན་ཆེན་རྒྱལ་མཚན། བྱམས་པ་ཀུན་དགའ་དོན་གྲུབ། ཤཱཀྱ་བཟང་པོ། ལེགས་ལྡན་རྡོ་རྗེ། དཔལ་བཀྲ་ཤིས་སྟོབས་རྒྱལ། ངག་གི་དབང་པོ། ཆོས་དབྱིངས་རང་གྲོལ། རྒྱལ་དབང་ལྔ་པ་ཆེན་པོ། རིག་འཛིན་པདྨ་ཕྲིན་ལས། ཁམ་ལུང་པ་པདྨ་དབང་རྒྱལ། སེ་ཀུན་བཟང་ཡེ་ཤེས། པདྨ་འགྱུར་མེད་རྡོ་རྗེ། ཀུན་བཟང་ཀློང་ཡངས། ཨོ་རྒྱན་བསྟན་འཛིན་ཕུན་ཚོགས། ཀུན་བཟང་གསང་སྔགས་བསྟན་འཛིན། རྗེ་བླ་མ་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །སྲོག་ལུས་དབང་ཐང་ཀླུང་གཏའ་བསྐྱེད་པའི་གཏོ་ཆོག་འབྱུང་རྩིས་ལས་བསྡུས་པ་བཅས། ༈ བཞི་པ་ལོ་ཏོག་འབྲས་བུ་རྒྱས་བྱེད་ཀྱི་སྐོར་ལ། ཆར་འབེབས་ཀྱི་མན་ངག་བཀའ་གཏེར་གྱི་གདམས་པ་ཟབ་པར་གྲགས་པ་མཐའ་ཡས་པ་ལས། དྲེགས་འདུལ་གྱི་ལས་ཚོགས་དང་འབྲེལ་བའི་ཆར་འབེབས་ཟབ་མོ་ཕྱག་བཞེས་མ་ནི་ཀླུ་ཆོག་གདེངས་ཅན་བདུད་རྩིར་གསལ་བ་ལྟར་དང་། འདིར་པད་གླིང་བླ་མ་ནོར་བུ་རྒྱ་མཚོའི་ཆ་ལག་ཆར་འབེབས་པའི་གདམས་པ་རྒྱ་ནག་ཆུ་འཁོར་ཀླུ་སྒྲུབ་ལུགས་ཕྱག་ལེན་མ། ཌོམྦི་ལུགས་ཀྱི་ཆར་འབེབས་ཞལ་ཤེས་དང་བཅས་པ། བྱང་གཏེར་ཞིང་གི་ལུད་སྦྱོར་དང་བྱི་བ་སྲུང་བ། ཆར་འབེབས་དྲག་རྫས་ཕྱག་བཞེས་མ། གནམ་ཆོས་ས་སྙིང་དབང་། སྒྲུབ་ཐབས་གཏེར་གཞུང་། དགོངས་གཏེར་ཀླུ་རྒྱལ་དགའ་བོའི་བཀའ་གཏད། དེའི་སྒྲུབ་ཐབས། ཀླུ་མཆོད་ཆགས་མེད་གསུང་། གནམ་ཆོས་ཀླུ་མི་མགོན་དཀར་པོའི་བཀའ་གཏད། སྒྲུབ་ཐབས་རྩ་གཞུང་། དེའི་གསལ་བྱེད་དང་གསོལ་ཁ་གཡང་སྐྱབས་སྦྲགས་མ་ཆགས་མེད་གསུང་། བླ་མ་དགོངས་འདུས་ཆར་འབེབས་བདུད་རྩི་བུམ་ཆུང་དང་འཇའ་ཚོན་གཏེར་མ་སོགས་ཟབ་བསྡུས་ཆར་འབེབས་ཆོ་ག །ཆར་འབེབས་སྟབས་བདེ་བདུད་རྩི་སྤྲིན་ཆེན། སྤྲིན་ཆེན་མདོའི་དོན་བསྡུས་སྨོན་ལམ་བདེན་སྟོབས། འབུ་སྲིན་གདུག་པ་ཁ་བསྒྱུར་གྱི་བསང་ཡིག །གནོད་པ་ཞི་བྱེད་བསང་བསྡུས་གཉིས། དེའི་ལག་ལེན་ཟིན་བྲིས་གཞུང་མང་དོན་བསྡུས། སྤྲིང་ཡིག །ཞིང་ལྷ་བསྟོད་པའི་མཆོད་གསོལ་རྣམས་ཆགས་མེད་ཀྱིས་མཛད་པ། གཞན་ཡང་བཀའ་བརྒྱད་རང་ཤར་གྱི་ཆར་འབེབས་ཡོངས་རྫོགས། བྱང་གཏེར་ཐུགས་སྒྲུབ་དང་བླ་མ་དགོངས་འདུས་ཀྱི་ལོ་ཏོག་ཕན་བྱེད་སྐོར། རཏྣའི་ཀློང་གསལ་ཆ་ལག་ཆར་འབེབས་ཡིད་བཞིན་ནོར་བུ། གནམ་ཆོས་འབྱུང་བ་དབང་བསྒྱུར་ཀུན་འགེངས་རྒྱ་མཚོ་སོགས་ལོ་ཏོག་སྲུང་སྤེལ་གྱི་མན་ངག་ཕྱག་ལེན་ཅན་ཡང་ཇི་སྙེད་ཅིག་སྣང་ངོ་། །སྟག་ཤམ་བདུད་འདུལ་དྲག་མོའི་རྒྱས་པའི་ལས་ཚོགས་སའི་ལྷ་མོ་བརྟན་མའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ། དེའི་ཡིག་ཆུང་གསེར་གྱི་ལྡེའུ་མིག །གཏེར་བུམ་གྱི་ལག་ལེན་གསལ་བྱེད། རིག་འཛིན་ཐུགས་ཀྱི་རྡོ་རྗེའི་དགོངས་གཏེར་སེང་གེ་སྒྲའི་དབང་། བཀའ་གཏེར་ཟུང་འཇུག་སེང་གེ་སྒྲའི་སྒྲུབ་ཐབས་ཆར་ཆོག་དང་བཅས་པ། ལོ་གླུད་གཏང་ཐབས་འགོང་པོ་གྲུ་འདེད། དགོངས་གཏེར་རྟ་མགྲིན་ལས་ཚོགས་བཙའ་དེད་མཚོན་ཆའི་འཁོར་ལོ། ཞིང་ལྷ་བསྟོད་པའི་མཆོད་གསོལ་ཆགས་མེད་གསུང་། ཞིང་ལྷ་ཚངས་པའི་མཆོད་ཆོག་གཡང་སྐྱབས་དང་འབྲེལ་བ། དེའི་ཚོགས་མཆོད། ལོ་གླུད་འགོང་པོ་བཀར་ཡས་བཅས་ཆགས་མེད་བཞི་པས་མཛད་པ། ལུང་རྒྱུན་མཛད་པ་པོ་ལས་ནོས། ཡང་གོང་གི་ཤ་ཟ་མཆེད་གསུམ་ལྟར་དེད་ཀྱང་ཆོག །ལོ་ཏོག་ལ་ཕན་པའི་གདམས་ངག་བདུད་རྩིའི་སྙིང་པོ་རྗེ་བླ་མ་རིན་པོ་ཆེས་མཛད་པ། ལོ་ཏོག་རྒྱས་པའི་སྨོན་ལམ་གྲུབ་ཆེན་ཐང་རྒྱལ་གསུང་བྱིན་རླབས་ཅན། ལོ་ལེགས་སད་སེར་ཞི་བའི་སྨོན་ལམ་ཆགས་མེད་གསུང་བཅས། ༈ ལྔ་པ་ཡོན་ཏན་གྱི་སྣོད་དུ་གྱུར་པ་རིགས་རྒྱུད་རྒྱས་པར་བྱེད་པ་ལ། གོང་དུ་སྨོས་པས་མཚོན་ཆུང་དཔྱད་ཀྱི་སྐོར་མཐའ་ཡས་པ་བྱུང་ཡང་དེང་སང་རྒྱུན་བཞུགས་པ་མ་འཚལ་ཅིང་། ཟབ་གཏེར་སོ་སོའི་ལས་ཕྲན་ལས་བྱུང་བའང་མང་དུ་སྣང་རུང་སྡུད་པར་མ་ནུས་ལ། འདིར་ཆོས་དབང་གསང་འདུས་ཐེམས་མེད་ཀྱི་སྐོར་དུ་གཏོགས་པ་ལྷ་བུ་བཙོན་འཛིན་གྱི་སྲུང་བ་བྲི་ཐབས། རྡོར་གླིང་གཏེར་ཕྲན་གཅེས་ཕྲེང་སྐོར་ལས་ལྷ་མོ་བུ་རྫི་མའི་རྟེན་མདོས། ལུང་རྒྱུན་སྨིན་གླིང་ཁྲི་བརྒྱུད་རིམ་བྱོན་ཉིད་དམ། ཡང་གཏེར་ཆེན་ནས་རིམ་པར་བརྒྱུད། དགེ་སློང་ངག་དབང་བློ་གྲོས། རིག་འཛིན་བསྟན་པའི་དབང་ཕྱུག་ལས་ཀྱང་ནོས། བླ་མ་དགོངས་འདུས་ཀྱི་རྨང་པོ་སྲིད་སྤེལ་གྱི་ཆོས་དྲུག་ཅེས། སྲིད་འབེབས། སྲིད་འཚོ། སྲིད་ཀྱི་གེགས་སེལ། སྲིད་སྲུང་། སྲི་མནན་ཆུང་དུར། སྲིའུ་ཚང་ཟློག་བཅས། གཏེར་གསར་ཟབ་བདུན་རྩ་གསུམ་ཆ་ལག་རིན་ཆེན་མཁའ་འགྲོ་སོར་འབྲང་མའི་དབང་། སྒྲུབ་ཐབས་གཏེར་གཞུང་། དབང་ཆོག་བཅས་སོ། ༈ །དྲུག་པ་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་རྒྱས་བྱེད་ཀྱི་སྐོར་ལ། གཏེར་ཆེན་སངས་རྒྱས་གླིང་པའི་ཟབ་གཏེར་ལས་བྱོན་པ་ཐུབ་དབང་གནས་བརྟན་བཅུ་དྲུག་གི་རྗེས་གནང་། ཆོ་ག་མཆོད་པའི་སྤྲིན་ཕུང་དང་རྗེས་གནང་གི་ཡི་གེ་གར་དབང་ཞིག་པོ་གླིང་པས་མཛད་པ། གནས་བརྟན་མཆོད་ཆོག་སྙིང་པོར་དྲིལ་བ་ཀུན་གཟིགས་མཁྱེན་བརྩེའི་དབང་པོས་མཛད་པ། འཇའ་ཚོན་ཟབ་གཏེར་འགྲོ་འདུལ་བསྟན་པ་རྒྱས་པའི་སཱཙྪའི་ལག་ལེན། ཀློང་གསལ་རྡོ་རྗེ་སྙིང་པོ་ལས། རྗེ་བཙུན་བྱམས་པ་མགོན་པོའི་དབང་། བྱམས་པའི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་ལུང་རྟོགས་བཅུད་སྤེལ། གནམ་ཆོས་ལས་བྱུང་བའི་ཐུབ་དབང་གནས་བརྟན་འཁོར་བཅས་ཀྱི་དབང་། སྒྲུབ་ཐབས་ལས་ཚོགས་དབང་དང་བཅས་པ་གཏེར་གཞུང་། དབང་སྒྲུབ་དང་དབང་བཤད་ཆགས་མེད་ཀྱིས་མཛད་པ། དགེ་འདུན་འདུ་བའི་འཁོར་ལོ་བྲི་ཐབས་ཐེམས་མེད་ལས་བྱུང་བ། མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་སྤྲུལ་ཀརྨ་བདེ་ཆེན་སྙིང་པོས་མཛད་པ་རྩ་གསུམ་འདུས་པའི་སྒྲུབ་མཆོད་ནོར་བུ་བསམ་འཕེལ། ལུང་རྒྱུན་མཛད་པ་པོ་ནས་གཅོད་བླ་ཀརྨ་ཕྲིན་ལས། བདེ་ཆེན་སྤྲུལ་སྐུ །དཀོན་མཆོག་རྒྱལ་མཚན། རྗེ་མཁྱེན་བརྩེ་ལས་སོ། །མང་དགེ་རྡོ་རྗེ་འཆང་དགེ་ལེགས་ཡར་འཕེལ་གྱིས་མཛད་པའི་ཐུབ་ཆོག་གསེར་ཞུན་སྙིང་པོ་ཟིན་བྲིས་བཅས་ལུང་རྒྱུན་མཛད་པ་པོ་ནས། མཁན་པོ་བློ་བཟང་རྣམ་རྒྱལ། མཁན་བླ་མ་ཀརྨ་བཀྲ་ཤིས་འོད་ཟེར་ལས་ནོས། འདི་རྒྱས་པའི་ལས་ཁོ་ནར་མ་ངེས་ཀྱང་ཕན་ཡོན་ལ་བསམས་ནས་ཞར་བྱུང་བཞག་པའོ། ༈ །བདུན་པ་མཐར་ཐུག་ཉམས་རྟོགས་ཀྱི་ཡེ་ཤེས་རྒྱས་པར་བྱེད་པ་ནི། སྔ་ཕྱིར་བསྐྱེད་རྫོགས་ཀྱི་གདམས་ཟབ་ཇི་སྙེད་ཅིག་འབྱུང་བ་རྣམས་སོ། ༈ བཞི་པ་དབང་གི་ལས་ཀྱི་སྐོར་ལ། དབང་དུ་བསྡུ་བྱ་ཡུལ་གྱི་ངོས་ནས་དབྱེ་ན་གནས་སྐབས་སུ་མི་དང་མི་མ་ཡིན་དང་། ལོངས་སྤྱོད་དེ་རྣམ་པ་གསུམ། སྔ་མ་ལའང་རྒྱལ་པོ་ལ་སོགས་པའི་རིགས་བཞིའམ། ཡང་ན་དབང་དུ་བསྡུ་དཀའ་སླའི་བྱེ་བྲག་གིས་ཡུལ་ཁམས། རྒྱལ་པོ། སྔགས་པ། པཎྜི་ཏ། བཙུན་མོ། བློན་པོ། དམངས་ཕལ་པ་སྟེ་བདུན་ནང་གསེས་དང་བཅས་པ་དང་། སྡུད་བྱེད་ཀྱི་ཐབས། རྫས། སྔགས། འཁྲུལ་འཁོར། རྟེན་འབྲེལ། སྦྱིན་སྲེག །ཏིང་ངེ་འཛིན་རྣམས་དང་། རྣམ་པའི་སྒོ་ནས་ཕ་རོལ་པོས། རང་ཉིད་ལ་སོ་སོའི་བླ་མ་དང་། རྒྱལ་པོ་དང་། སྡེ་དཔོན་དང་། ཕ་མ་ལྟ་བུར་མཐོང་སྟེ་མོས་པ་དང་དབང་དུ་འདུ་བའི་ཕྱིར་མོས་པ་རྣམ་བཞིར་བཞག་པ་སོགས་སོ། །དེ་ལ་བླ་མ་དགོངས་འདུས་སོགས་ལས་ཡུལ་གྱི་ངོས་ནས་སོ་སོར་དབང་དུ་བསྡུ་བའི་ཚུལ་རྒྱ་ཆེར་གསུངས་ཀྱང་། འདིར་ལྷག་པའི་ལྷ་སོ་སོའི་ལས་ཚོགས་ཀྱི་ནང་གསེས་སུ་དབྱེ་བ་ལས་སྒོས་ཆོས་ཅན་མ་དམིགས་པས། ཐོག་མར་བླ་མ་གསང་བ་འདུས་པའི་གུ་རུ་པདྨ་རྒྱལ་པོའི་སྒོས་སྒྲུབས་མན་ངག་དང་བཅས་པ། ལོ་ཆེན་བཻ་རོའི་རྣམ་འཕྲུལ་རོང་ཟོམ་པཎྜི་ཏ་ཆེན་པོས། གཙང་རོང་བྲག་དམར་ཟླ་གམ་ཕུག་ནས་སྤྱན་དྲངས་ཏེ་ཡང་གཏེར་དུ་གཏམས་པ་རྗེ་བླ་མ་རིན་པོ་ཆེ་ལ་གཏེར་སྲུང་ཌཱ་ཀིས་ཕུལ་ནས་གཏན་ལ་ཕབ་པ་པདྨ་མཁའ་འགྲོ་མ་རིག་བྱེད་རྩལ་གྱི་དབང་། རིག་བྱེད་རྩལ་གྱི་མན་ངག་ཁམས་གསུམ་དབང་དུ་བྱེད་པའི་རྟོག་པ་གཏེར་གཞུང་ཚང་བ། ཕྲིན་ལས་དབང་བསྐུར་དང་བཅས་པའི་ཆོག་བསྒྲིགས། བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་དབང་ཆེན་ཧེ་རུ་ཀ །རིག་འཛིན་རྡོ་རྗེ་ཆོས། མཁའ་འགྲོ་ལས་ཀྱི་དབང་མོ། སྤྲུལ་སྐུ་པདྨ་འབྱུང་གནས། ཡེ་ཤེས་མཚོ་རྒྱལ། ཁྲི་སྲོང་ལྡེའུ་བཙན། བཻ་རོ་ཙ་ན། རོང་ཟོམ་ཆོས་ཀྱི་བཟང་པོ། པདྨ་འོད་གསལ་མདོ་སྔགས་གླིང་པ། དེས་བརྩེ་བས་དགོངས་ཏེ་བཀའ་དྲིན་དུ་བསྩལ་པའོ། །གཏེར་ཆེན་སངས་རྒྱས་གླིང་པས་ཀོང་པོ་རྩེ་ཆེན་བྲག་ནས་བཞེས་པའི་དབང་སྡུད་ནོར་བུ་སྐོར་གསུམ་གྱི་གཞུང་། སེང་གདོང་དམར་མོའི་ཕྲིན་ལས་ལག་ལེན་གསལ་བྱེད་བཅས། ལུང་རྒྱུན། སྙི་ཕུ་དང་སྟག་བླ་སྒ་རྗེ་ཕྱོགས་ནས་བརྒྱུད་དེ་ཕུར་བླ་ཀརྨ་བསོད་ནམས་ལས་ཐོས་ཤིང་། ཡང་སྟོད་ཆ་དེ་མཚུངས་ལ། ཀཾ་བླ་མ་ནོར་བུ། བསྟན་འཛིན་ཕུན་ཚོགས། དགེ་འདུན་རྒྱ་མཚོ། འཇམ་དབྱངས་བློ་གསལ། རྡོ་རྗེ་གཟི་བརྗིད། དེས་སོ། །གཞུང་འདི་གཉལ་པ་ཉི་ཤེ་སོགས་གཏེར་རྙིང་ཁ་ཤས་ལས་བྱོན་པའི་ཟབ་ཁྱད་ཡོངས་གྲགས་སུ་སྣང་ངོ་། །གཏེར་ཆེན་ཞིག་པོ་གླིང་པས་བསམ་ཡས་སྟེང་ཁང་ནས་སྤྱན་དྲངས་པ་འཁོར་ལོ་བདེ་མཆོག་དམར་པོའི་དབང་། ལོ་རྒྱུས། ཕྱི་ནང་གསང་སྒྲུབ། དབང་སྡུད་ལས་ཚོགས། བླ་རྡོ་ཙཀྲ །ཆུ་སྦྱིན། གསང་སྤྱོད། ལས་བྱང་། དབང་ཆོག །བླ་སྒྲུབ། ཚེ་སྒྲུབ། རྫོགས་རིམ། བཀའ་སྲུང་བཅས་གཏེར་གཞུང་ཆ་ཚང་། དབང་བསྐུར་གསལ་བྱེད། རིག་འཛིན་ཚེ་དབང་ནོར་བུ་རྡོ་རྗེ་དཔལ་འབར་གྱིས་ཀོང་བུ་ཆུ་ལྷ་ཁང་ནས་སྤྱན་དྲངས་པ་སྒྲོལ་མ་དམར་མོའི་སྒྲུབ་ཐབས་མི་མཐུན་ཀུན་སེལ་ལུང་བྱང་དང་བཅས་པ་གཅིག་བརྒྱུད་བཀའ་རྒྱ་ཅན། ངག་འདོན་ཉུང་ངུ་། བརྒྱུད་པ། འཕགས་མ་སྒྲོལ་མ། གུ་རུ་ཡབ་ཡུམ། ནམ་མཁའི་སྙིང་པོ། ཚེ་དབང་ནོར་བུ། རྡོ་རྗེ་གཙུག་ལག་དགའ་བ། སྲས་ཚེ་དབང་དཔལ་དར། འབྲུག་པ་ཆོས་ཀྱི་སྣང་བ། གཙུག་ལག་ཆོས་རྒྱལ། དགེ་སློང་ངག་དབང་བློ་གྲོས། དེ་ལས་སོ། །རིག་འཛིན་ཐུགས་ཀྱི་རྡོ་རྗེའི་དགོངས་གཏེར་སྒྲོལ་མ་དམར་མོའི་དབང་། སྒྲུབ་ཐབས་ལས་ཚོགས་དབང་རྣམས་གཏེར་གཞུང་། ལས་བྱང་། སྐོང་བ། སྦྱིན་སྲེག །སད་སྲུང་རྣམས་ཉིད་མཛད། རླུང་འཁོར་ཞལ་ཤེས་གུ་རུ་མ་ཎིས་མཛད་པ། དབང་ཆོག་བཅས། བརྒྱུད་པ་ནི། འཕགས་མ་སྒྲོལ་མ། ཨོ་རྒྱན་ཡབ་ཡུམ། ཁྲི་སྲོང་ལྡེའུ་བཙན། རྡོ་རྗེ་དྲག་པོ་ཕྲིན་ལས་འདུས་པ་རྩལ། བླ་མ་ཚེ་དབང་བསྟན་འཛིན་དང་གུ་རུ་མ་ཎི། གཉིས་ཀ་ལས་ཐུགས་སྲས་པདྨ་དབང་དྲག །དེ་ལས་བདག་གིས་ནོས། ཡང་རྡོ་རྗེ་དྲག་པོ་ནས། གར་དབང་ཆོས་སྐྱོང་འགྱུར་མེད། པད་དབང་དེ་ལས་སོ། །མཆོག་གླིང་ཟབ་བདུན་རྩ་གསུམ་ཚེ་ཟབ་ཀྱི་ཆ་ལག་པདྨ་མཁའ་འགྲོའི་དབང་། ཕྱི་ནང་གསང་སྒྲུབ། གཏོར་འབུལ། སྦྱིན་སྲེག །ལས་སྦྱོར་གསུམ། ལྷའི་འཁོར་བཅས་གཏེར་གཞུང་ཚང་བ། སྔོན་འགྲོ་དང་རྗེས་ཀྱི་ལས་རིམ། སྐོང་བ། དབང་ཆོག །བསྙེན་ཡིག །མེ་མཆོད་བཅས། གྲྭ་པའི་ཛཾ་དམར་ཡང་གཙོ་བོར་དབང་གི་ལས་ཀྱི་ལྷར་སྣང་མོད། གོང་དུ་སྡེ་ཚན་གཅིག་པའི་དབང་གིས་བཞག་ལ། འདིར་གཏེར་ཆེན་ཆོས་རྗེ་གླིང་པ་ཛམ་གླིང་རྡོ་རྗེས་སྤུ་བོ་ཚངས་པ་རླུང་གནོན་གྱི་ལྷ་ཁང་ནས་སྤྱན་དྲངས་པའི་ཁམས་གསུམ་དབང་སྡུད་ཛམ་ལ་དམར་པོའི་རྗེས་གནང་སྲོག་གཏད། ལས་བྱེད་དབང་ཕྱུག་དམར་པོའི་རྗེས་གནང་ཐུན་མོང་མ་ཡིན་པ། ལོ་རྒྱུས། ཕྱི་ནང་གསང་བ་ཐོད་པ་སྲོག་འཁོར་མེ་ལོང་གྭའུ་རྣམས་ལ་བརྟེན་པའི་སྒྲུབ་པ། དབང་སྡུད་རླུང་ཞགས། རྗེས་གནང་། སྒབ་འདྲེ་མནན་པ་བཅས་གཏེར་གཞུང་ཚང་བ། མཆོད་ཕྲིན་དང་དབང་ཕྱུག་རྗེས་གནང་ཉིད་ཀྱིས་མཛད་པ། སྲོག་གཏད་ཐུན་མིན་གྱི་ཡི་གེ་བཅས། བརྒྱུད་པ་ནི། འོད་དཔག་མེད། རྟ་མགྲིན་དབང་ཆེན། པདྨ་ཐོད་ཕྲེང་། མཚོ་རྒྱལ། བཻ་རོ་ཙ་ན། རྒྱལ་སྲས་ལྷ་རྗེ། ཆོས་རྗེ་གླིང་པ། རྭ་སྟོན་སྟོབས་ལྡན་རྡོ་རྗེ། ཆོས་ཀྱི་འབྱུང་གནས། བདུད་འདུལ་རྡོ་རྗེ། ཚེ་དབང་བསྟན་འཛིན། པདྨ་དབང་དྲག །དེ་ལས་ནོས་སོ། །གུ་རུ་ཇོ་ཚེས་ཟངས་ཡག་བྲག་ནས་བཏོན་པའི་རླུང་ཞགས་ཀུན་གྱི་ཟབ་ཏིག་དབང་སྡུད་ལས་ཀྱི་འཁོར་ལོ། བྱང་གཏེར་ནུབ་ཟངས་མཛོད་དམར་པོ་ལས་བྱོན་པ་ཁམས་གསུམ་དབང་དུ་སྡུད་པ་རྟེན་འབྲེལ་ཀྱི་ཆོས་བདུན་ལས་ལྷ་ཆེན་བསོད་ནམས་དཔལ་འབར་གྱི་དབང་། དབང་ཕྱུག་ཕྱི་ནང་གི་རྗེས་གནང་ལོ་རྒྱུས་དང་དབང་སྡུད་ལས་ཀྱི་འཁོར་ལོའི་རྒྱུད་ནས་བརྩམ་མན་ངག་གི་རིམ་པ་མཆོད་ཕྲེང་བསྟོད་བསྐུལ་གྱི་བར་གཏེར་གཞུང་ཆ་ཚང། ཆོག་ཁྲིགས་དང་མེ་མཆོད་རྡོར་བྲག་རིག་འཛིན་ལྔ་པས་མཛད་པ། བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། རྟ་མགྲིན། ཨོ་རྒྱན་ཡབ་ཡུམ། རྡོ་རྗེ་སྤྲེལ་ཆུང་། རྒོད་ལྡེམ། རྡོ་རྗེ་མགོན་པོ། ངག་དབང་གྲགས་པ། སངས་རྒྱས་དཔལ་བཟང་། ནམ་མཁའ་རྒྱལ་མཚན། ངག་དབང་རྒྱ་མཚོ། ཚེ་རིང་དབང་པོ། ཀླུ་སྒྲུབ་དབང་པོ། ངག་དབང་ཕུན་ཚོགས། ཆོས་དབྱིངས་རང་གྲོལ། རྡོ་རྗེ་ཐོགས་མེད། པདྨ་ཕྲིན་ལས་སོགས་ཕུར་པ་སྤུ་གྲི་ལྟར་དྲང་ཆོག །ལས་འབྲེལ་ཟབ་གཏེར་ལྷ་ཆེན་དབང་ཕྱུག་ཆེན་པོའི་རྗེས་གནང་། ༥༩༽ འདིའི་རྒྱུད་དང་སྒྲུབ་ཐབས་ལས་ཚོགས་སོགས་རགས་རིམ་གྱི་རྒྱུན་ཙམ་བཞུགས་སྣང་། ཆོས་རྒྱལ་གཏེར་བདག་གླིང་པའི་ཟབ་གཏེར་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་བཀའ་སྲུང་ལྷ་ཆེན་གྱི་སྲོག་དབང་། ལོ་རྒྱུས། སྲོག་གཏད། བསྙེན་སྒྲུབ་བསྟོད་བསྐུལ། སྐུ་རྟེན་བླ་རྡོ། ལས་མཐའ། དབང་སྡུད། མེ་མཆོད། ཕྱག་མཚན་དང་རིལ་བུའི་ལས་སྦྱོར། སྔགས་ཐེམས། འདྲེ་མནན། དྲག་ལས། གནད་འབེབས་བཅས་གཏེར་གཞུང་ཚང་བ། རྗེས་གནང་དང་མེ་མཆོད་ཆོག་ཁྲིགས་གཏེར་ཆེན་ཉིད་མཛད། མཆོག་གླིང་ཟབ་བདུན་པདྨ་མཁའ་འགྲོའི་བཀའ་སྲུང་ལྷ་ཆེན་དབང་། སྒྲུབ་ཐབས་གཏེར་གཞུང་། དབང་ཆོག །ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བའི་བཀའ་སྲུང་ལྷ་ཆེན་བཀའ་གཏད། སྒྲུབ་ཐབས་ཕྲིན་ལས་གཏེར་གཞུང་། བཀའ་གཏད་མཚམས་སྦྱོར་བཅས། གཞན་ཡང་སངས་རྒྱས་གླིང་པའི་དབང་ཕྱུག་རླུང་ཞགས་དང་མེ་ལྕེ་ལྕགས་ཀྱུ །རཏྣའི་ཀློང་གསལ་སྙིང་ཐིག་བཀའ་སྲུང་ལྷ་ཆེན་རླུང་ཞགས། བདུད་འདུལ་དང་གནམ་ཆོས་སོགས་ཟབ་པར་གྲགས་པ་རྣམས་ཀྱི་དབང་ལུང་གི་རྒྱུན་ཅི་རིགས་བཞུགས་པར་སྣང་ཞིང་། སྤྱིར་རོང་ཟོམ་པ་ཆེན་པོའི་ལས་བྱེད་རླུང་ཞོན་མའི་སྐོར་ངོ་མཚར་ཅན་དང་། ཇོ་བོ་རྗེ་ལ་སློབ་དཔོན་རིན་པོ་ཆེས་གནང་བར་གྲགས་པའི་མོས་པ་རྣམ་བཞིའི་དབང་སྡུད། མཆིམས་རྡོ་རྗེ་སྤྲེལ་ཆུང་གི་སྐྱེ་མཐའ་གུ་རུ་ཇོ་ཚེའི་དབང་ཕྱུག་ནག་པོའི་དབང་སྡུད་ལས་ཀྱི་འཁོར་ལོ། གཉལ་པ་ཇོ་སྲས་ཀྱི་དབང་སྡུད་ནོར་བུ་གཅིག་པ། གུ་རུ་ཡེ་ཤེས་ཁྱུང་གྲགས་ཀྱི་སྤོས་དཀར་དང་སྦྲང་རྩིས་སྣང་བ་དབང་སྡུད་སོགས་གཏེར་ཕྲན་རིགས་མང་དུ་བཞུགས་པར་སྣང་ནའང་རྒྱུན་ཡོད་མེད་མ་འཚལ་ལ། རཏྣའི་རྟ་གསང་དང་། འཇའ་ཚོན་མ་ནིང་གི་ལས་ཚོགས་བཟོ་རིག་པའི་སྐོར་དང་། དགོངས་འདུས་འབྱུང་བ་དབང་སྡུད་གྲུབ་རྟགས་ཀྱི་སྐོར་སོགས་ཀྱང་སྐབས་འདིར་འདུ་བ་ཡིན་ནོ། །མཐར་ཐུག་རླུང་སེམས་དབང་དུ་བསྡུ་བ་ནི་གོང་འོག་ཏུ་རྫོགས་རིམ་ཟབ་མོའི་རྣལ་འབྱོར་ཇི་སྙེད་ཅིག་འབྱུང་བ་རྣམས་སོ། །དབང་དང་རྒྱས་པའི་ལྷ་རྣམ་སྲས་དང་ཛམ་ལའི་སྐོར་སོགས་སྒྲུབ་སྡེ་ཆེན་པོ་བརྒྱད་དུ་བསྡུ་བའི་ཚེ་རིན་པོ་ཆེའི་རིགས་ཀྱི་ངེས་པས་བདུད་རྩི་ཡོན་ཏན་གྱི་ཕྱོགས་སུ་གཏོགས་པར་བྱས་ཀྱང་མི་འགལ་ཞིང་། ནང་གསེས་སུ་ཛམ་དམར་དང་ལྷ་ཆེན་སོགས་པདྨ་གསུང་གི་རིགས་སུ་སྣང་མོད། སྤྱིར་བཏང་གནོད་སྦྱིན་དང་དྲེགས་པའི་སྡེ་དཔོན་ཆེན་པོའི་ཚུལ་དུ་སྟོན་པ་འཇིག་རྟེན་མཆོད་བསྟོད་ཀྱི་ནང་དུ་འདུ་བའང་ཡིན་ནོ། ༈ །ལྔ་པ་མངོན་སྤྱོད་ཀྱི་ལས་ལ། གང་ལ་བརྩམ་པའི་ཡུལ་ནི། སློབ་དཔོན་སྒེག་པའི་རྡོ་རྗེས། དཀོན་མཆོག་སློབ་དཔོན་སྐུ་དགྲ་གཉིས། །དམ་ཉམས་ལོག་དང་འཁུ་བ་དང་། །འདུ་བར་འོངས་དང་ཡོངས་ལ་གནོད། །དམ་དགྲ་ངན་པའི་ངང་ཚུལ་ཅན། །ངན་སོང་གསུམ་དང་བཅུ་པོ་ནི། །རྣལ་འབྱོར་ཀུན་གྱིས་དང་དུ་བླང་། །ཞེས་སྙིང་རྗེས་ཚར་བཅད་པས་ཕན་པ་བླ་ན་མེད་པར་སྦྱར་བའི་ཡུལ་ཞིང་བཅུའམ། ཡང་ན་རིགས་ཀྱི་དབང་གིས་དགྲ་བགེགས་གཉིས་སུ་འདུ་བ་དང་། མཐར་ཐུག་གི་ཡུལ་ནི་གཟུང་འཛིན་བག་ཆགས་དང་བཅས་པའོ། །ཐབས་ནི་དགྲ་ལ་གཙོ་བོར་ཁ་སྦྱོར་དབྱེ་བ་དང་། བགེགས་ལ་ཨར་གཏད་པ་ཞེས་གསུངས་ཤིང་། སྤྱིར་འོག་ནས་འབྱུང་བ་ཕལ་ཆེར་ཁྱབ་མཉམ་དུ་འཇུག་པ་ཡིན་ལ། བྱེ་བྲག་ཏུ་སྲུང་བཟློག་བསད་གསུམ། དགུག་རེངས་རྨོངས་གསུམ། དབྱེ་དཀྲུག་བསྐྲད་གསུམ། མནན་གཏད་ཟོར་གསུམ་ཞེས་དྲག་ཤུལ་གྱི་ལས་ཐབས་ཆེན་པོ་བཅུ་གཉིས་དང་། ཆོ་འཕྲུལ་དང་སྨྱོ་འབོགས་སོགས་ལས་ཕྲན་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་ཀྱང་འདིར་ཉེ་བར་བསྡུ་ན། མངོན་སྤྱོད་ཀྱི་ལས་སྤྱིར་འགྲོ་བ་དང་། བྱེ་བྲག་ཏུ་སྒྲུབ་པ་གཉིས་ལས། དང་པོ་ལ། སྲུང་ཟློག་བསད་པ་ཀུན་གྱི་མཐར་ཐུག་གནུབས་ལུགས་བཀའ་གཏེར་ཟུང་འཇུག་གསེར་གྱི་འབྲུ་གཅིག་ཧྲཱིཿདམར་གཤིན་རྗེའི་ཡང་སྙིང་གི་གཞུང་། བྱང་བདག་གི་གསལ་བྱེད་དང་བཅས་པ། བརྒྱུད་པ་ནི། ཀུན་བཟང་། འཇམ་དཔལ་གཤིན་རྗེའི་གཤེད། ཕྱག་རྡོར། ལྷ་བུ་ཚངས་པ། ཉི་མ། བདེ་བ། མཆོག་ལྡན། མཁའ་འགྲོ་མ་ཟླ་བའི་འོད་ཟེར། འཇམ་དཔལ་བཤེས་གཉེན། གཙུག་ལག་དཔལ་དགེ །རོམ་བུ་གུ་ཧྱ། ཤིནྟཾ་གརྦྷ། དྷ་ན་ཏ་ལ། ཁྲག་འཐུང་ནག་པོ། བ་སུ་དྷཱ་ར། གནུབས་ཆེན། ཡོན་ཏན་རྒྱ་མཚོ། ཡེ་ཤེས་རྒྱ་མཚོ། རྡོ་སྟོན་ལྕགས་སྤེ། མེ་སྟོན་དྲན་ཆུང་། དྲན་སྟོན་མཐའ་བྲལ། མེ་སྟོན་དཀོན་རིན། བཀྲ་ཤིས་རྒྱལ་མཚན། མཐར་ཕྱིན་ལྷ་སྒོམ། ཤེའུ་ཤཀ་འབུམ། གཡུང་སྟོན་རྡོ་རྗེ་དཔལ། བླ་མ་སེང་བཟང་། རྡོ་རྗེ་རྒྱལ་པོ། ཆོས་ཀྱི་རྒྱལ་མཚན། ཆོས་ཀྱི་བློ་གྲོས། ཀོང་ཆེན་པ། ལེགས་ལྡན་རྗེ། བྱང་བདག་ཡབ་སྲས། ཆོས་དབྱིངས་རང་གྲོལ། ལྔ་པ། གཏེར་ཆེན། རིན་རྣམ། པད་བསྟན། ཕྲིན་རྣམ། ཁྲི་ཆེན་པད་དབང་། རྡོར་འཛིན་འགྱུར་མེད་དོན་གྲུབ། དེས་བདག་ལའོ། །གཏེར་བརྒྱུད་ནི་ལྕགས་སྡིག་དབང་བརྒྱུད་ལྟར་རོ། །གཏེར་སྟོན་གྲུ་གུ་ཡང་དབང་གིས་བསམ་ཡས་བྲག་དམར་འོམ་བུའི་ཚལ་ནས་སྤྱན་དྲངས་པའི་མངོན་སྤྱོད་ཕྲིན་ལས་ཐམས་ཅད་ཀྱི་རྒྱབ་རྟེན་ཕྱི་ནང་ཀུན་ཀྱི་བྱད་གཤེད་འཇོམས་བྱེད་རྩལ་ཆེན་ཉི་ཟླ་ནག་པོའི་བཀའ་གཏད་སྙན་བརྒྱུད་ཕྱག་གཞེས་ཟབ་གནད་ཀྱིས་བརྒྱན་པ། གདམས་སྐོར་མ་ཡིག་བུ་ཡིག་གཉིས་ལ་ནང་གསེས་དང་བཅས་པའི་རྩ་གཞུང་ཚང་བ། ལྷན་ཐབས་དབང་པོའི་སྡེས་མཛད་པའི་ཆོས་ཁུངས་གསན་ཡིག །གསོལ་འདེབས། སྒོམ་ལུང་འབོག་ཆོག །གདམས་གཏད་སྙན་བརྒྱུད་ཕྱག་ལེན། མན་ངག་རྩ་སྡོམ་གཤིན་རྗེ་དང་དབང་ཕྱུག་གི་ལས་བྱང་སྨད་ལས་བཅས། བཀའ་གཏད་ཕྱག་ལེན་ཁྲིགས་སུ་བཀོད་པ། བརྒྱུད་པ་ནི། ཨོ་རྒྱན་ཆེན་པོ། མཚོ་རྒྱལ། གྲུ་གུ་ཡང་དབང་། ཚུལ་ཁྲིམས་རྡོ་རྗེ། བལ་པོ་རིན་ཆེན་རྒྱལ་མཚན། སྟོན་ཆུང་གྲགས་དབང་། ཚུལ་ཁྲིམས་འབྱུང་གནས། དབང་ཕྱུག་རྡོ་རྗེ། རིན་ཆེན་སེང་གེ །མི་བསྐྱོད་རྡོ་རྗེ། ནགས་བུ་རིན་བཟང་། ཏྲེ་བོ་ཆོས་བཟང་། སེང་གེ་རྡོ་རྗེ། འཇིགས་བྱེད་ནག་པོ། འཇམ་དཔལ་རྒྱ་མཚོ། སངས་རྒྱས་རྒྱལ་མཚན། རིན་ཆེན་དབང་ཕྱུག །མདོ་སྡེ་རྒྱ་མཚོ། པདྨ་དབང་ཕྱུག །བཀྲ་ཤིས་དབང་ཕྱུག །བྱང་བདག་དབང་པོའི་སྡེ། སྲས་ངག་གི་དབང་པོ། ཡོལ་མོ་བསྟན་འཛིན་ནོར་བུ། ཟུར་ཆོས་དབྱིངས་རང་གྲོལ། ཟིལ་གནོན་བཞད་པ་རྩལ། གཏེར་བདག་གླིང་པ། དགེ་སློང་བློ་གསལ་རྒྱ་མཚོ། སྔགས་རབ་དཔལ་འབར། པདྨ་བསྟན་འཕེལ། ཨོ་རྒྱན་བསྟན་འཛིན་རྡོ་རྗེ། ཕུག་པ་ཆོས་མཛད་ཀུན་ལྡན། ཁྲི་ཆེན་པད་དབང་། རྡོར་འཛིན་འགྱུར་མེད་དོན་གྲུབ། དེ་ལས་སོ། །གཞུང་ལྷན་ཐབས་དང་བཅས་པའི་ལུང་རྒྱུན། འགྱུར་མེད་ཀུན་ལྡན་ནས། འགྱུར་མེད་མཐུ་སྟོབས་རྣམ་རྒྱལ། རྣམ་འདྲེན་སྨོན་ལམ་དབང་རྒྱལ་ལས་ཐོས་སོ། །སྟག་སྡེའི་བོན་སྟོན་གུ་རུ་ཧཱུྃ་འབར་གྱིས་ཐོ་ལིང་རྟ་མགྲིན་གྱི་ཐུགས་ཀ་ནས་བཏོན་པའི་གཟའ་བདུད་མོན་པ་ཀེ་ཏའི་སྐོར་ལ། ལོ་རྒྱུས་འགྲེལ་པ། གཞུང་ལས་བྱང་དང་བཅས་པ། སྒྲུབ་བསྙེན་པྲ་ཁྲིད་གནད་ཀྱི་ལས་ཕྲན་སྣ་ཚོགས་དང་བཅས་པ། གབ་གསོའི་གདམས་སྐོར་ཤིན་ཏུ་ཟབ་པ། གབ་གསོའི་གནད་ཕྲན་རྟགས་ཡིག་དང་བཅས་པ། སྒོམ་རིམ་ཁྲིགས་བསྡེབས། སྔགས་འདྲེན་ཐབས་ཀྱི་གསལ་བྱེད་རྣམས་དང་། མོན་པའི་ཕྲིན་ལས་ཁྲིགས་སུ་བསྡེབས་པ། ལུང་བརྒྱུད་ནི། ཌཱ་ཀི་ཉི་མའི་སྤྱན། བྲམ་ཟེ་སྡུ་གུ །པདྨ་ཐོད་ཕྲེང་། གུ་རུ་ཧཱུྃ་འབར། སྟག་སྡེ་གྲགས་རྒྱལ། ལྷ་བླ་མ་ཡེ་ཤེས་འོད། ཀློག་སྟོན་དཔལ་དར། ཁུ་ལུང་ཇོ་བདུད། གྲོམ་པ་ལྷ་མགོན། ཞང་སྟོན། གངས་པ་ཤཱཀ་འབུམ། གནུབས་ཡེ་རྒྱམ་ཕྱི་མ། གླན་འཇམ་དཔལ་སེང་གེ །གནུབས་ཀུན་བཀྲས། རྒྱལ་སྲས་ཆོས་རྗེ། ལེགས་པ་དཔལ། རིན་ཆེན་རྒྱལ་མཚན། ལེགས་ལྡན་རྗེ། བྱང་བདག་ཡབ་སྲས། ཡོལ་མོ་སྤྲུལ་སྐུ །ཟུར་ཆོས་དབྱིངས་རང་གྲོལ། འགྱུར་མེད་རྡོ་རྗེ། འབུམ་རམ་ཨོ་རྒྱན་སྐལ་བཟང་། ཤྲཱི་ཛྭ་ལ། རིག་འཛིན་སྟོབས་ལྡན་ཟིལ་གནོན། འཕགས་པ་དགེ་ལེགས་རྒྱལ་མཚན། པདྨ་ཐེག་མཆོག་བསྟན་འཛིན། ཟུར་སྤྲུལ་འགྱུར་མེད་པདྨ་བསྟན་འཛིན། རྗེ་མཐུ་སྟོབས་རྣམ་རྒྱལ། བླ་མ་སྨོན་ལམ་དབང་རྒྱལ། དེས་བདག་ལའོ། །འདི་ལ་འཁོར་ལོ་བཅོ་བརྒྱད་ཙམ་གྱི་དཔེའུ་རིས་དང་གནད་གདམས་ཞལ་ཤེས་ཐུན་མིན་བཞུགས་པ་དེ་དག་ཞིབ་ཆ་མ་བྱུང་ན་དཔེ་ཙམ་གྱིས་གོ་མི་ཆོད་པར་སྣང་ཡང་དཔེ་ལུང་གི་རྒྱུན་ཙམ་ལ་བསམས་ནས་བཀོད་པ་མཁྱེན་ལྡན་དག་གིས་འཁོར་ལོ་ཞལ་ཤེས་རྩད་གཅོད་པར་ཞུ། རཏྣའི་ཟབ་གཏེར་གཤིན་རྗེ་ཚེ་བདག་ནག་པོའི་སྲུང་ཟློག་བསད་གསུམ་གྱི་ལས་སྦྱོར་ཤིན་ཏུ་ཟབ་པ། བརྒྱུད་པ་རྟ་མགྲིན་གསང་འདུས་ལྟར། མཆོག་གླིང་ཟབ་བདུན་རྩ་གསུམ་ཚེ་ཟབ་ཆ་ལག་ལས་ཀྱི་མཁའ་འགྲོ་རྡོ་རྗེ་སྡེར་མོའི་དབང་། སྒྲུབ་ཐབས་གཏེར་གཞུང་། དབང་ཆོག་གཡུ་བུམ་བཅས། ༈ གཉིས་པ་མངོན་སྤྱོད་བྱེ་བྲག་ཏུ་སྒྲུབ་པ་ནི། འཇམ་དཔལ་གཤིན་རྗེའི་མན་ངག་ལས། སྲུང་བ་རྡོ་རྗེའི་མཁར་དུ་གཞུག༔ ཟློག་པ་བྱད་མ་རང་གཤེད་འབེབས༔ བསད་པ་ཉམས་པ་བདུན་རྒྱུད་གཅོད༔ མཐའ་སྡུད་འབྱུང་བ་བཞི་ལ་གཏད༔ ཅེས་སྲུང་ཟློག་བསད་མནན་མཐའ་སྡུད་དེ་བཞིར་འདུ་བ་ལས། དང་པོ་སྲུང་བ་ནི། སྤྱིར་རྫས་དང་འཁྲུལ་འཁོར་སོགས་ཀྱི་སྒོ་ནས་སྲུང་བ་དང་། བྱེ་བྲག་ཡི་དམ་སོ་སོ་དང་འབྲེལ་བའི་སྲུང་བའི་རིམ་པ་ཇི་སྙེད་ཅིག་བཀོད་ཟིན་པས། འདིར་ས་བཅད་ཙམ་དུ་ཆོས་དབང་རིན་པོ་ཆེའི་ཟབ་གཏེར་བྱད་མ་འབུམ་ཐུབ་ཀྱི་སྲུང་འཁོར་ལག་ལེན་དང་བཅས་པ། རང་ཕྱོགས་སྲུང་བ་གནུབས་ལུགས་བཀའ་མ་ཨ་པ་རཱ་ཛི་ཏའི་རྩོད་རྒྱལ་རྡོ་འཁོར་མན་ངག་དང་བཅས་པ་ལབ་སྟོན་ནམ་མཁའ་རིན་ཆེན་གྱིས་བསྒྲིགས་པ། ལུང་བརྒྱུད་མཛད་པ་པོ་ནས་རིམ་པར་བརྒྱུད། སྒ་རྗེ་བླ་མ་པདྨ་ལྷུན་གྲུབ། པདྨ་ཆོས་འཕེལ། གསང་སྔགས་མགོན་པོ་ལས་སོ། །རཏྣའི་གཏེར་ཕྲན་མཉམ་གཉིས་རྩལ་འགྲན་ཆིངས་གསུམ་གྱི་གདམས་པ། གནུབས་ཀྱི་མན་ངག་རྩོད་རྒྱལ་ག་ཁ་ལྟག་སྤྲོད། དབང་ཕྱུག་ཆེན་པོ་ལ་བསྟེན་པའི་བཙན་པོ་ཁ་ཆིངས་རྣམས། ༈ གཉིས་པ་ཟློག་པའི་སྐོར། དྲག་ཕུར་གཤེད་སྐོར་སོགས་སོ་སོའི་ཆོས་སྡེ་དང་འབྲེལ་པ་ཁྱེར་བདེ་གཙོར་གྱུར་ཁ་ཤས་ནི་དེ་དག་གི་དཀྱུས་སུ་བཀོད་ཟིན། འདིར་ཉེར་མཁོ་ཕྲ་མོའི་རིགས་ལ། ཆགས་མེད་ཀྱིས་མཛད་པའི་སྒྲུབ་པ་བཀའ་བརྒྱད་གཏོར་ཟློག་ཁྲོ་རོལ་ཤིན་ཏུ་བསྡུས་པ་དང་། དགྲ་ཆོས་དགྲ་བགེགས་ཚར་གཅོད། གཏེར་ཆེན་མཆོག་གྱུར་གླིང་པའི་ཟབ་གཏེར་བོད་ཁམས་བདེ་ཐབས་ཆོས་བཅུའི་ནང་ཚན། ནམ་མཁའ་མཛོད་ཀྱི་ལྷོ་ཕྱོགས་གཤིན་རྗེའི་རྦ་དོང་ནས་སྤྱན་དྲངས་པའི་བསྟན་པ་སྲུང་བའི་ཆོས་བཞི་ཞེས་གཤིན་རྗེ་འཇིགས་བྱེད་རོལ་པ། རྟ་མགྲིན་བསྐལ་པའི་མེ་ཕུང་། ཕུར་པ་ཁྲོ་རྒྱལ་སྟོབས་འདུས། མགོན་པོ་གནམ་ལྕགས་ཐོག་མདའ་རྣམས་ཀྱི་གཞུང་། མགོན་པོའི་བཀའ་གཏད། སྔ་མ་གསུམ་ལ་དབང་ཟུར་དུ་མི་བཞུགས་ཤིང་ཟབ་བདུན་གྱི་རྣོ་སོ་ཡིན་པར་གསུངས། ཡང་ཟློག་ཕྲ་མོའི་སྐོར་ལ། གནུབ་ལུགས་འཇམ་དཔལ་གཤིན་རྗེའི་གཤེད་མཐུ་སྟོབས་དྲེགས་པའི་རྒྱལ་པོ་ལ་བསྟེན་པའི་སྲུང་ཟློག་བསད་མནན་རྒྱུན་གྱི་རྣལ་འབྱོར་དབང་པོའི་སྡེས་མཛད་པ། བརྒྱུད་པ་གོང་གི་ཧྲཱིཿདམར་ལྟར། ཡང་ཟློག་གནུབས་ཀྱི་གོང་ཁུག་མ། རཏྣའི་གཏེར་མ་ཡང་ཟློག་རྡོ་རྗེ་ཕ་ལམ་གྱི་ཞལ་ཤེས་སྙན་བརྒྱུད་བཀའ་རྒྱ་མ། མཁའ་འགྲོའི་ཡང་ཟློག །དུག་གི་སྤུ་གྲི་བཅས་གསུམ། གནུབས་ལུགས་ཡང་ཟློག་ཨ་ཐུང་ནག་པོ། གུ་རུ་པདྨ་སིདྡྷིས་མཛད་པའི་ཡང་ཟློག་སྔགས་ཀྱི་ཤན་པ། ཤྲཱི་སིཾ་ཧའི་ཡང་ཟློག་ཟ་ཡིག་བཀའ་རྒྱ་མ། གྲོལ་ཏིག་གི་ཡང་ཟློག་སྤུ་གྲི་རེག་ཆོད། ཡང་ཟློག་མེའི་སྤུ་གྲིའི་མན་ངག་སོག་ཟློག་པ་བློ་གྲོས་རྒྱལ་མཚན་གྱིས་མཛད་པ། ལུང་བརྒྱུད་མཛད་པ་པོ་ནས། གཞན་ཕན་རྡོ་རྗེ། པདྨ་མ་ཏི། པདྨ་བློ་ལྡན་སོགས་ནས་བརྒྱུད། པདྨ་ལྷུན་གྲུབ། པདྨ་ཆོས་འཕེལ། ཀརྨ་བསོད་ནམས་ལས་ནོས་སོ། །ཡང་ཟློག་རྒྱུན་ཁྱེར་སྨིན་གཏེར་དང་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པ་ཞལ་ཤེས་བཅས། བདེ་གླིང་གཏེར་བྱོན་ཡང་ཟློག་རྡོ་རྗེ་ཕ་ལམ་འཁོར་ལོ་བྲི་ཡིག་བཅས་པ་དང་། དེའི་ཉམས་ལེན་རིག་འཛིན་ཚེ་དབང་ནོར་བུས་མཛད་པ། དེས་མཛད་པའི་རྒྱུན་ཁྱེར། ཚེ་བདག་ཡང་ཟློག་ཁྱེར་བདེ་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པ། གཏེར་ཁ་གསུམ་འདུས་ཡང་ཟློག་རྡོ་རྗེ་ཕ་ལམ་གྱི་སྲུང་ཟློག་བསད་པའི་ལག་ལེན་བཀླག་ཆོག་ཏུ་བཀོད་པ། ཉེར་མཁོའི་བྱང་བཅས། མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས་བླ་མ་སྨྲ་བའི་སེང་གེའི་དྲག་སྒྲུབ་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་གཏོར་དབང། ཞར་བྱུང་འཆི་བསླུའི་བཀའ་བཏད། ཕྲིན་ལས་ཟློག་པ་བཅས་གཏེར་ཆེན་ཉིད་མཛད། སྒྲུབ་ཐབས་སྒོམ་བཟླས་མཁྱེན་བརྩེ་རིན་པོ་ཆེས་མཛད་པ། བརྒྱུད་འདེབས། སྐོང་བཤགས། གཏོར་དབང་དང་བཀའ་གཏད་ཀྱི་ཡི་གེ་བཅས། ཡང་བོན་རི་ཁྲོད་པ་སེང་གེས་ལྷོ་བྲག་མཁོ་མཐིང་ནས་བཏོན་པའི་ཕར་ཕྱིན་རྒྱལ་བའི་བཀའ་མཐུ་སྲུང་ཟློག་བསད་པའི་མན་ངག །དེའི་སྲུང་འཁོར་སྒོམ་ཐབས་དབང་པོའི་སྡེས་ཁྲིགས་བཀོད། བ་རི་ནས་བརྒྱུད་པ་དང་བཀའ་གཏེར་ཟུང་འཇུག་ཆོས་སྐུ་འོད་འབར་མའི་ཁྲིགས་ཆགས་པདྨ་ཕྲིན་ལས་ཀྱིས་མཛད་པ། བརྒྱུད་པ་ནི། ཐུབ་དབང་། སྤྱན་རས་གཟིགས། འཕགས་པ་ཀླུ་སྒྲུབ། ཨོ་རྒྱན་ཡབ་ཡུམ། གཏེར་སྟོན་ཡང་བོན་པ། འགྲོ་མགོན་མཛེས་པ། སྲས་དེ་སྟོན་ནས་རིམ་པར། བྱང་བདག་དབང་པོའི་སྡེ། ངག་གི་དབང་པོ། ཟུར་ཆེན། ལྔ་པ། པད་ཕྲིན། པདྨ་དབང་རྒྱལ། མི་འགྱུར་རྡོ་རྗེ། ཡེ་ཤེས་ལྷུན་གྲུབ། པདྨ་ཚེ་དབང་། མཁྱེན་རབ་མཐུ་སྟོབས། རྗེ་བླ་མ་མཁྱེན་བརྩེ་ལས་ནོས། སྐྱེས་བུ་ཟངས་གླིང་དབང་ཕྱུག་གིས་བསམ་ཡས་མཆོད་རྟེན་ནག་པོ་ནས་བཏོན་པ་ཞང་ཁྲོམ་གྱི་ཟབ་གཏེར་ཟུང་འཇུག་གཏད་ཧྲུལ་སྦལ་པ་ཁ་སྦྱོར་མའི་གཞུང་ལག་ལེན་ཞལ་ཤེས་དང་བཅས་པ། བརྒྱུད་པ་ནི། རྡོ་རྗེ་འཆང་། གཤིན་རྗེའི་གཤེད། འཇམ་དཔལ་བཤེས་གཉེན། གཙུག་ལག་དཔལ་དགེ །གཏེར་སྟོན་ནས་རིམ་པར། བྱང་བདག་ཡབ་སྲས། ཡོལ་མོ་བ། ཟུར་ཆེན། ལྔ་པ། གཏེར་ཆེན། བློ་གྲོས་ཆོས་འཕེལ། ཤེས་རབ་འབྱུང་གནས། དེ་སྲས་ངག་དབང་ནོར་བུ། སྨན་སྒོམ་ཀུན་དགའ་དཔལ་ལྡན། འབའ་ར་བ་ཀུན་བཟང་ཆོས་དབྱིངས་རྡོ་རྗེ། དཔའ་བོ་གཙུག་ལག་ཆོས་རྒྱལ། པད་སྤྲུལ་པད་དབང་། སྒྲོལ་སྟོན་འཇམ་དབྱངས། རྗེ་མཁྱེན་བརྩེའི་ཞལ་ལས་སོ། །ཡང་བཀའ་གཏེར་གཉིས་ལྡན་ལྟར་ན། ལེགས་ལྡན་རྗེ་ནས་རིམ་པར་བརྒྱུད། དཔོན་སློབ་ཟ་ལུང་པ། ས་སྐྱ་པ་ཀུན་དགའ་བློ་གྲོས། རིན་ཆེན་རྒྱལ་མཚན། ཀུན་དགའ་བཀྲ་ཤིས། བྱམས་པ་སྨོན་ལམ་གྲགས་པ། མཁྱེན་བརྩེ་རིན་པོ་ཆེའོ། །རཏྣའི་གཏེར་བྱོན་གཏད་ཟློག་མན་ངག་རྒྱལ་པོ་བཀའ་རྒྱ་མ། གནུབས་ལུགས་ཨུརྨོའི་མན་ངག་གཏད་ཟློག་སྦལ་པ་དཀར་ནག་གི་སྦྱོར་བ། གཏད་སྲུང་དང་ཉེ་འབྱེད་དཔེའུ་རིས། ཞར་བྱུང་གཏད་རུལ་དམར་པོ་ཁྱུང་པོ་རྣལ་འབྱོར་གྱི་མན་ངག །ཤིན་ཏུ་ཟབ་པའི་མན་ངག་འདུན་གྲོས་ངན་པ་ཆུ་བསྒྱུར་བཀའ་གཏེར་ཟུང་འཇུག་བྱང་པའི་ལུགས། འདུན་བཤིགས་པད་གནུབས་ཐུན་མོང་ལུགས་འབྲི་གུང་ཕྱག་བཞེས་མ། ཆ་གསུམ་བསྔོ་ཚུལ། གདམས་ཕྲན་ཁ་ཤས་བཅས། མི་ཁ་ཟློག་པའི་རིགས་ལ། ཐུགས་རྗེ་ཆེན་པོ་ལ་བསྟེན་པ་ཆགས་མེད་གསུང་། འཇམ་དཔལ་གཤིན་རྗེའི་ལས་མཐའ་རྩོད་དང་མི་ཁ་ཟློག་པ་སྟག་ཤམ་གཏེར་མ། ཉང་གཏེར་མི་ཁ་དགྲ་ཟློག །ཡེ་འབར་ལས་སྨྲ་ངན་མི་ཁའི་ཟློག་པ་ཕྲིན་ལས་རླུང་གི་འཁོར་ལོ། མི་ཁ་ཐལ་རྡེབ་ཁྱུང་གྲགས་རྡོ་རྗེའི་གཏེར་མ། དབང་ཕྱུག་ཆེན་པོས་མི་ཁ་ཟློག་པ་གནུབས་ཀྱི་ཨུ་པ་དེ་ཤ །མི་ཁ་དགྲ་བསྒྱུར་གྱི་གཏོ་ཨ་ཡ་བོན་པོ་ལྷ་འབུམ་གྱི་གཏེར་མ། བརྒྱུད་པ་གོང་གི་བཙན་མདོས་དང་འདྲ། གཏེར་གསར་ཐུགས་སྒྲུབ་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ལས་ཚོགས་མི་ཁ་སྲུང་ཟློག་མནན་པ་སོགས་ཕྱོགས་བསྡུས། ལྟས་ངན་ཟློག་པའི་མན་ངག །ཐན་ཟློག་ཤིང་བྱང་། སྟག་ཤམ་ཡི་དམ་དགོངས་འདུས་ཁྱུང་སྒྲུབ་ལས་མཐའ་ལྟས་ངན་བརྒྱད་ཅུའི་ཟློག་མདོས་བཅས། ༈ གསུམ་པ་བསད་པ་ལ། ཡི་དམ་སོ་སོ་དང་འབྲེལ་བ་ནི་གོང་དུ་བཀོད་ཟིན། གཞན་མན་ངག་ཟབ་མོར་གྲགས་པ་མཐའ་ཡས་པ་ལས་འདིར་བཀའ་མ་གནུབས་ལུགས་གཤིན་རྗེ་ཀིང་ཀང་ནག་པོའི་བསད་པ་མྱུར་མགྱོགས་སྟག་བྱང་མ་ཤིན་ཏུ་ཟབ་པའི་ཕྱག་ལེན་ཟིན་བྲིས་དགྲ་དཔུང་སྲོག་འཕྲོག་སྔགས་བྱང་གུད་སྦས། མཁྱེན་དགོངས་དམོད་བཅོལ། ཞལ་ཤེས། དཔེའུ་རིས་བཅས། བརྒྱུད་པ་ནི། ལྔ་པ་ཆེན་པོ་ནས། འཇམ་དབྱངས་གྲགས་པ། བྱང་གླིང་སློབ་དཔོན་ནས་རིམ་པར། འཇིགས་མེད་བསྟན་པའི་རྒྱལ་མཚན། སྒམ་པོ་རྡོ་རྗེ། ཚེ་བརྟན་རྒྱལ་པོ། རིག་པའི་རྡོ་རྗེ། རྡོ་རྗེ་གཟི་བརྗིད། དེས་སོ། །ཉེ་བརྒྱུད་ནི། ཆོས་ཀྱི་གྲགས་པའི་ཡེ་ཤེས་སྐུས་རྗེས་སུ་བཟུང་པ་པདྨ་དགྱེས་པ། ས་མནྟ་བྷ་དྲ། ཟླ་བ་ཚེ་བརྟན་རྒྱལ་པོ་མན་འདྲ། བླ་མ་གྲུམ་པ་དང་ཡོན་བདག་ནག་པོ་མཁར་གཉིས་ཀྱིས་སྤ་གྲོ་སྐྱེར་ཆུ་ལྷ་ཁང་ནས་བཏོན་པའི་གཟའ་བདུད་དྲག་སྔགས་ཀྱིས་དགྲ་བོ་བར་སྣང་ཧོམ་ཁུང་དུ་བསད་པའི་གདམས་སྐོར་ལོ་རྒྱུས། སྒྲུབ་ཐབས། ལས་མཐའ་དང་བཅས་པ། གྲུབ་ཐོབ་མེ་ལོང་རྡོ་རྗེ་ལ་རཱ་ཧུ་ལས་དངོས་སུ་ཕུལ་པ་ཞལ་གདམས་གནད་ཀྱི་ཤོག་དྲིལ་ལྷོ་བྲག་མཁོ་མཐིང་གི་བྲག་ལ་གཏེར་དུ་སྦས་པ་བླ་མ་ཕྱག་རྡོར་བས་བཏོན་པ། དྲང་སྲོང་ཁྱབ་མཇུག་གི་ལས་སྤུ་གྲི་ནག་པོ་པྲ་དུན་རྩེའི་ཀ་ཞུ་ནས་སྔགས་པ་དབང་ཆེན་གྱིས་བཏོན་པ། ཨ་ཙརྻ་གྲགས་པའི་ཡེ་ཤེས་ཀྱིས་གདམས་པ་ངན་སྔགས་མུ་སྟེགས་རྡེའུ་ནག་པོ་དགེ་བཤེས་དབང་ཤཱཀ་གཏེར་མ། རཱ་ཧུ་ལ་དང་རེ་མ་ཏི་གཉིས་ཀྱི་ཆོ་འཕྲུལ་ཁྱད་འཕགས་གཏེར་སྟོན་ཤེས་རབ་མེ་འབར་གྱི་གཏེར་མ། གཟའི་རྗེས་གཅོད་དང་ཕྱི་ལམ་བཅད་པ་སྙིང་རི་ལུགས་ཁམས་པ་ཁྲ་མོས་བསམ་ཡས་ནས་བཏོན་པ། དྲང་སྲོང་ཆིག་ཤུར་གྱི་བསྙེན་སྒྲུབ་ལས་གསུམ་གྱི་ལག་ཁྲིད་དབང་པོའི་སྡེས་མཛད་པ་བཅས་འདི་རིགས་དེང་སང་ལས་འབྲེལ་གཟའ་པོད་ཀྱི་དཀྱུས་ལ་བཞུགས་པས་ལུང་རྒྱུན་ཀྱང་དེ་དང་མཚུངས་ལ་ཁོ་བོས་རྗེ་བླ་མ་འཇམ་་་་་་་་་་་་དབྱངས་མཁྱེན་བརྩེའི་ཞལ་ལས་སོ། །གཟའ་བདུད་བར་སྣང་ཧོམ་ཁུང་མའི་སྒེར་བརྒྱུད་ནི། རྡོ་རྗེ་འཆང་། སངས་རྒྱས་རིན་ཆེན་སྙིང་པོ། ཐུབ་དབང་། ཤྲཱི་སིངྷ། གུ་རུ་རིན་པོ་ཆེ། མཚོ་རྒྱལ། ཁྲི་སྲོང་། གཏེར་སྟོན་བླ་མ་གྲུམ་དང་ཡོན་བདག་ནག་པོ་མཁར། གནུབས་བན་སྟོན་པ། དགེ་བཤེས་གཉན་ཆད་པ། འདར་སྟོན་པ། གཉོས་འབུམ་ཁྲི་སྟོན་པ། སྐྱོགས་བྱ་ཞུ་ཅན། རཏྣེ་ཤྭ་ར། གསང་སྔགས་རྡོ་རྗེ། བཀྲ་ཤིས་སྟོབས་རྒྱལ། ངག་གི་དབང་པོ། ཆོས་དབྱིངས་རང་གྲོལ། རྡོ་རྗེ་ཐོགས་མེད་སོགས་ནས་རིམ་པར་བརྒྱུད། རྗེ་བླ་མ་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་སོ། །དེ་ལ་སྤྱིར་སྲུང་ཟློག་བསད་གསུམ་སོ་སོར་ཕྱི་མཚན་བཅས་རྫས་ལ་གཙོ་བོར་བརྟེན་པ་དང་། ནང་མཚན་བཅས་ཏིང་ངེ་འཛིན་ཁོ་ན་ལས་གྲུབ་པ་དང་། གསང་བ་མཚན་མེད་དེ་ཁོ་ན་ཉིད་ཀྱི་ལྟ་བས་རྒྱས་འདེབས་པའི་ཚུལ་རྒྱ་ཆེར་གསུངས་སོ། ༈ །བཞི་པ་མཐའ་སྡུད་ལ། སྔགས་སྡེབ་ལས། ཆ་གསུམ་དག་ཏུ་བགོ་བ་ནི༔ མནན་སྲེག་འཕང་བའི་ལས་གསུམ་ཡིན༔ ཞེས་སྲུང་བའི་མཐའ་སྡུད་མནན་པ། ཟློག་པའི་མཐའ་སྡུད་འཕང་བ། བསད་པའི་མཐའ་སྡུད་སྲེག་པ་སྟེ་གསུམ་དུ་གསུངས་པ་ཉིད་འབྱུང་བ་བཞིའི་སྦྱོར་བས་བསྡུས་པ་ཡིན་ཏེ། དང་པོ་ས་ལ་མནན་པའི་ལས་ནི། གྱིམ་ཤང་བཀའ་གཏེར་གྱི་གཞུང་སོ་སོར་བཤད་པ་དང་། གཏད་གཞུང་རྣམས་ལས་རྒྱ་ཆེར་གསུངས་པའི་ས་གཏད་ཀྱི་སྐོར། ཡི་དམ་ཐ་དད་པ་དང་འབྲེལ་བའི་མནན་པའི་ལས་མཐའ་ཇི་སྙེད་ཅིག་བྱུང་བ་སོགས་ལས། འདིར་དགྲ་བོ་མནན་པའི་ལས་དྲག་སྔགས་བདག་པོ་རྒྱ་ཞང་ཁྲོམ་གྱི་གཏེར་མ། གཤིན་རྗེ་གཤེད་ཀྱི་ཀིང་ཀང་དམར་པོ་རྩ་གཞུང་། དེའི་གསལ་བྱེད་བཀའ་གཏེར་གཉིས་ལྡན་གྱི་ལས་བྱང་བྱང་བདག་གིས་མཛད་པ་དམོད་བྱང་བཅས། བརྒྱུད་པ་ནི། གཤིན་རྗེ་གཤེད་དམར། འཇམ་དཔལ་བཤེས་གཉེན། ཨོ་རྒྱན། གནུབས་ཆེན། ཞང་ཁྲོམ། ལྕགས་གཏུན་ནག་པོ། ཆོས་གྲགས། བྱ་བྲལ་བ། རྡོ་རྗེ་རྒྱལ་པོ། དྷརྨ་ཀེ་ཏུ། ཆོས་ཀྱི་བློ་གྲོས། ཀོང་ཆེན་པ། མངའ་རིས་པཎ་ཆེན། ལེགས་ལྡན་རྗེ། བཀྲ་ཤིས་སྟོབས་རྒྱལ། ངག་གི་དབང་པོ། ཆོས་དབྱིངས་རང་གྲོལ། ཟིལ་གནོན་བཞད་པ་རྩལ། པདྨ་ཕྲིན་ལས། ཁམས་ལུང་པ། པདྨ་དབང་། ཉང་སྟོན་པདྨ། འཇམ་དབྱངས་ཆོས་གྲགས། སྒྲོལ་སྟོན་འཇམ་དབྱངས། ཀུན་མཁྱེན་བླ་མ། དེས་བདག་ལའོ། །ཀིང་དམར་གྱི་ལག་ལེན་གནད་འདྲིལ་དགེ་སྦྱོང་བློ་གསལ་རྒྱ་མཚོས་མཛད་པ། ཀིང་དམར་རླུང་སྒྲུབ་ཁྲིགས་ཆགས་མ་བསྟན་དགྲ་འཇོམས་བྱེད་ཞིག་གླིང་མཛད་པ། ལུང་དེ་ཉིད་ནས་སོག་ཟློག་པ་ཕྱིན་འོག་གི་ཀིང་ནག་དང་འདྲ། དེའི་ལག་ལེན་ཞལ་ཤེས་ཀརྨ་ཀུན་མཁྱེན་མཛད་པ། ཀིང་དམར་རླུང་སྒྲུབ་ལས་བྱང་འབྲི་གུང་ཆོས་ཀྱི་གྲགས་པས་མཛད་པ། ལུང་རྒྱུན་མཛད་པ་པོ་ནས། དཀོན་མཆོག་ལྷུན་གྲུབ། བློ་མཆོག་རྡོ་རྗེ། ལྔ་པ་ཆེན་པོ་ཕྱིན་ཆད་བྱང་ལུགས་དང་འདྲ། ཀིང་དམར་གང་ལའང་སྦྱར་དུ་རུང་བའི་ཚོགས་མཆོད་ཉུང་ངུ་ཆགས་མེད་མཛད་པ། གནམ་ཆོས་སྒྲུབ་ཐབས་རྒྱ་མཚོ་ལས་བྱུང་བའི་ཀིང་དམར་རིགས་བཅོ་ལྔ་ལས་ཀིང་ཀང་དམར་བྱེད་ཀྱི་དབང་། སྒྲུབ་ཐབས་གཏེར་གཞུང་། ཀིང་ནག་ཕ་རོལ་རྒོལ་འཇོམས་བཀའ་གཏེར་གཉིས་ལྡན་གྱི་ལག་ལེན་གསལ་བྱེད་ཚོགས་མཆོད་དང་བཅས་པ་སོག་ཟློག་པ་བློ་གྲོས་རྒྱལ་མཚན་གྱིས་མཛད་པ། ལུང་མཛད་པ་པོ་ནས་རིམ་པར་བརྒྱུད། རིག་འཛིན་ཆེན་པོ། བསྟན་པའི་ཉིན་བྱེད། རྟ་མགྲིན་མགོན་པོ། ཚེ་རིང་ཕུན་ཚོགས། བླ་མ་ནོར་བུ། ཀརྨ་བསོད་ནམས། དེ་ལས་སོ། །ཀིང་ནག་ལས་གཞུང་ཕྲིན་ལས་འདོད་འཇོ་དང་། སྲུང་ཟློག་དགྲ་ཆིངས་མདོར་བསྡུས་གླང་རུ་མའི་རྒྱུན་ཁྱེར་ཟབ་གསང་གནད་འདྲིལ་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པ། ཀུན་ཁྱབ་ཀྱི་གསུང་ཚན་རྣམས་མཛད་པ་པོ་ནས། ཀརྨ་ཐེག་མཆོག །གུ་རུ་མ་ཎི། པད་དཀར་སྤྲུལ་སྐུ་དཔལ་ལྡན་རྡོ་རྗེ། ཀརྨ་ངེས་དོན་དཔལ་བཟང་། རྗེ་རིན་པོ་ཆེ་མཁྱེན་བརྩེའི་ཞལ་ལས་ནོས་སོ། །ཕ་རོལ་རྒོལ་འཇོམས་མན་ངག་གནད་དྲིལ་གྱི་ཟིན་བྲིས། བགེགས་མནན་པའི་སྦྱོར་བ་བྱང་གཏེར་ཕུར་པ་དྲག་སྔགས་སྤུ་གྲིའི་སྲི་ཆུང་བཅུ་གསུམ་མནན་ཐབས་ལག་ལེན་དང་བཅས་པ། བྱང་གཏེར་ཐུགས་སྒྲུབ་ལས་ཚོགས་བཅུ་གཉིས་པ་འགོང་པོ་ཨར་གཏད་གཏེར་གཞུང་། ཨར་གཏད་ཀྱི་མན་ངག་ལག་ལེན་རྣམ་གསལ་དུ་བཀོད་པ། ཡི་དམ་སྤྱི་ལ་སྦྱར་དུ་རུང་བའི་དགྲ་བགེགས་མནན་པའི་ལས་རིམ་བཅས། ༈ གཉིས་པ་ཆུ་ལ་གཏད་པ་ནི། བླ་མ་མངའ་བདག་ཆེན་པོ། ལས་འབྲེལ། སངས་གླིང་སོགས་ཀྱི་གཏད་ཁྲོམ་སྐོར་ཟབ་རྒྱས་མཐའ་ཡས་པ་ལས། འདིར་ས་བཅད་ཙམ་དུ་ལས་འབྲེལ་གྱི་ཕྱག་རྡོར་དྲེགས་འདུལ་ལས་མཐའ་ཐེམས་མེད་གཏད་ཁྲོམ་གྱི་གཞུང་ལག་ལེན་དང་བཅས་པ་ཙམ་ཞིག་བཀོད་དོ། ༈ །གསུམ་པ་མེ་ལ་བསྲེགས་པ་ལས་དྲག་པོའི་སྦྱིན་སྲེག་གི་ཆོ་ག་ནི། སྤྱི་དང་བྱེ་བྲག་པ་ཅི་རིགས་པ་བཀོད་ཟིན་ཅིང་། འདིར་ས་ཁོང་ཙམ་དུ། མངོན་སྤྱོད་སྤྱི་འགྲོའི་སྲེག་པ་ཧོམ་གྱི་གཟེར་ཁ་བསྐལ་པའི་མེ་ཆེན་ཞེས་པ་བཞུགས་སོ། ༈ །བཞི་པ་རླུང་ལ་བསྐུར་བའི་ལས་ནི། ཡི་དམ་སོ་སོ་དང་འབྲེལ་བའི་འཕང་བ་ཟོར་གྱི་མན་ངག་འགའ་ཞིག་སྔར་བཀོད་པ་རྣམས་ཡིན་ལ། རླུང་ལ་ལས་བཅོལ་བའི་འཁོར་ལོའི་མན་ངག་ནི། སུམ་པ་བྱང་ཆུབ་བློ་གྲོས་ཀྱི་དྲེགས་པ་ཉི་ཤུའི་རླུང་འཁོར་དང་། གཤིན་རྗེ་ཚེ་བདག་གི་རྣ་ཆ་བརྒྱད་ཀྱི་ནང་གསེས་རླུང་ནག་འབྱེད་པའི་འཁོར་ལོ་དང་དོན་གཅིག་ཏུ་བཞེད་པ་ཨ་ཙརྻ་འཇིགས་མེད་ཞབས་ལ་འབྲོ་ལོ་ཤེས་རབ་གྲགས་ཀྱིས་གསན་ཅིང་སྔ་འགྱུར་གྱི་ཕྱོགས་སུ་བཀའ་བབས་པ་ཁམས་གསུམ་འཁྲུགས་བྱེད་རླུང་ནག་ལས་ཀྱི་འཁོར་ལོ། དྲི་མེད་ལྷུན་པོ་དང་། རཏྣའི་ཀློང་གསལ་གྱི་ལས་མཐའ་ཕུང་བྱེད་ལས་ཀྱི་རླུང་དམར་སོགས་རྒྱ་ཆེར་བཞུགས་པ་ནི་འདིར་བསྡུ་བར་མ་ནུས་ལ། གཏེར་སྟོན་གཡས་བན་ཡ་བོན་གྱིས་པྲ་དུན་རྩེ། སྟོན་པ་ཤཱཀྱ་འོད་ཀྱིས་ལྷ་ས། སྦུར་བུ་བྱ་མགོན་གྱིས་བུམ་ཐང་བཅས་གཏེར་གནས་གསུམ་ནས་སོ་སོར་བཞེས་ཤིང་། སླར་རིག་འཛིན་པདྨ་གླིང་པས་བུམ་ཐང་ནས་ཡང་གཏེར་དུ་བཞེས་པས་གཏེར་སྟོན་བཞི་ཚོགས་ཀྱི་གདམས་པ་རླུང་འཁོར་སྲོག་གི་མཆན་པ་ནག་པོ་ནི་གོང་དུ་པད་གླིང་མན་ངག་གཏེར་ཕྲན་གྱི་ཁོང་དུ་བཀོད་ཟིན། འདིར་དེ་དང་འདྲ་མིན་དུམ་པ་རྒྱ་སྟོན་ཆེན་པོས་ཕ་བོང་གཡུ་སྒོང་ནས་གདན་དྲངས་པའི་རླུང་འཁྲུགས་འབུམ་གྱི་ཡང་སྙིང་དུག་གི་འཁོར་ལོ་ལག་ལེན་དཔེའུ་རིས་དང་བཅས་པ་ཙམ་བཞུགས་སོ། །འདིའི་བརྒྱུད་པ་གོང་གི་བསད་པ་སྟག་བྱང་མ་དང་འདྲའོ། །སྤྱིར་གཤིན་རྗེ་ཚེ་བདག་ལྕགས་འདྲ་ལྕགས་སྡིག་ཡང་ཟློག་བཅས་འབྲི་བྱང་གི་རིག་སྔགས་འཆང་བ་རྣམས་ནས་རིམ་པར་བརྒྱུད་དེ་ད་ལྟའི་བར་ཕྱག་ལེན་གྱི་རྒྱུན་མ་ཉམས་པ་དང་། འཇམ་དཔལ་ཁྲོ་ཆུ་དུག་སྡོང་འབྲི་ལུགས་དང་། ཆགས་མེད་རིན་པོ་ཆེས་ཆོག་བསྒྲིགས་ཀྱི་གཞུང་། བྱད་ཟློག་བསད་ཁང་བཅོ་ལྔ་པ་རྗེས་འབྲེལ་བཅས། བསད་པ་སྲོག་སྒྲུབ་ཙིཏྟ་དམར་འབྱིན། རླུང་འཁོར་སོགས་ཤིན་ཏུ་ཟབ་རྒྱས་ཕྱག་ལེན་ཅན། ཀིང་ཀང་བཀའ་མ་གཤིན་རྗེ་ཉི་མ་བཞི་པའི་མན་ངག་དགྲ་བོ་ཤྭ་འདེད། ཁྲོ་ཆུ་བཀའ་མ་གཤིན་རྗེ་ཁྲག་སོབ་ཏུ་གྲགས་པ་སོགས་ཀྱི་རྒྱུན་ཕྱག་བཞེས་དང་བཅས་པ་དང་། གཞན་ཡང་གོང་དུ་སྔ་ཕྱིར་འཕྲོས་དོན་སྨོས་པ་དེ་རྣམས་ཕལ་ཆེར་གྱི་རྒྱུན་བཞུགས་པར་སྣང་ཞིང་། མངོན་སྤྱོད་ཀྱི་ལས་ཕྲན་སྐོར་ཡང་ཉང་གཏེར་རྟ་ནག་གི་བསད་ལས། ཆོས་དབང་རིན་པོ་ཆེའི་ཕུང་བྱེད་སཱཙྪ་སྨྱོན་པ་དང་། ངན་སྔགས་ལྟོ་བ་སུམ་དཀྲུགས། གནུབས་ཀྱི་གོང་ཁུག་སྲོ་མ་ཅན་གྱི་ཤོག་དྲིལ་བཅུ་ཞར་བྱུང་རྫས་མཐུ་བཅས་འབྲི་གུང་ཆོས་གྲགས་ཀྱི་བླ་རྡོ་གཤིན་རྗེའི་བེ་བུམ་ནག་པོའམ་གནུབས་ཀྱི་གོང་ཁུག་བརྒྱ་རྩ། གནུབས་ཀྱི་གདམས་པ་ཐོར་བུའི་སྐོར་ལས། མཛེ་ནག་དང་སྦལ་པའི་གསོན་གཏད། གཤོར་བརྡབས་ཆོག །འབྱེད་པ་རྟ་གཡག་མ། ཉེ་འབྱེད་སེ་ཤིང་མ། དགྲ་བོའི་བསོད་ནམས་སྦུབས་པ། གནོད་སྦྱིན་རཱ་ཛའི་ནོར་སྙེགས། གནུབས་ཆེན་རྣམ་འཕྲུལ་རྒྱ་སྟོན་བརྩོན་འགྲུས་སེང་གེ་དར་གྱི་ཟབ་གཏེར་རྡོ་རྗེ་བྲག་བཙན། སངས་གླིང་དགོངས་འདུས་བཙན་རྒོད་དང་། སྲོག་ཐུན་དུག་ཆུ་ཁོལ་མ། རཏྣའི་དྲག་དམར་གྱི་ཐེམས་མེད་རྐུན་མ་མགོ་འཁོར། རྟ་གསང་གི་མི་རྒོད་ཇག་ཆིངས། ཐུགས་རྗེ་གསང་འདུས་ཀྱི་བཀའ་སྲུང་ངས་ནུས་མའི་ཆོ་འཕྲུལ། གནུབས་ཆེན་རྣམ་འཕྲུལ་དྲི་མེད་ཀུན་དགའི་ཨ་ཙ་ར་ཁྲོམ་རྒྱུག །བདུད་འདུལ་ཞིང་སྐྱོང། ཀློང་གསལ་བཙན་རྒོད་ཁྲོ་འབར། རོལ་རྡོར་གྱི་ཆོས་སྲུང་སྐོར་དང་། ཡོད་དགེའི་ཏྲཀྴད་ཀྱི་ལས་མཐའ་སོགས་ཟབ་གཏེར་སོ་སོ་དང་འབྲེལ་བའི་སྐོར་ཅི་རིགས་པ་དང་། ཕུང་བོན་མགོ་དམར་གྱི་དམ་ཅན་བྱེས་ཆས། ཆུ་གཏད་ནག་པོ་ཟློག་མེད། ཐུབ་པ་ནག་པོའི་མགོ་འཁོར། ཨ་ཙ་ར་ཛུ་ནག་གི་ཕུང་བྱེད་ཐལ་བའི་སྐོར། མུ་སྟེགས་ནག་པོ་ཁྲག་རལ། དྲག་སྔགས་ཤ་བ་རྒྱུག་འགྱེལ། སྲོག་མཐུ་རྐྱལ་བ་ཕུས་འདེབས། བཙན་ཐབས་ལ་བཙས་གཟའ་འགྱེད། ངན་ཐབས་བྱ་རྒོད་སྒྲོ་བཅིངས། ལྟས་ངན་སྤྲལ་དམར་གླ་སྐྱ། ཆོ་འཕྲུལ་མོན་པ་སྒོ་བརྡུང་སོགས་བཀའ་གཏེར་གང་ཡིན་དམིགས་ཀྱིས་མ་བསལ་ཡང་རྣོ་མྱུར་ཕྱག་བཞེས་དང་། རྦད་ཁམས་ཅན་མང་དུ་བཞུགས་པར་གྲགས་མོད། འདིར་དེ་ཙམ་གྱིས་འཐུས་པར་བྱས་ཤིང་། སྔགས་འབུམ་ཟ་ཡིག་མངོན་སྤྱོད་ཀྱི་ལས་རྒྱུན་ལྡན་འགའ་ཞིག་ནི་བཀའ་རྒྱ་མའི་གླེགས་བམ་དུ་བཞུགས་པར་བྱས་སོ། །ཡང་གནུབས་ཆུང་གི་དབང་ཕྱུག་སེ་ཡན་པ། འབྲོམ་སྟོན་ཆུང་གི་རེ་མ་ཏཱིའི་སྲོག་མཐུ་ཡུལ་ཁམས་ཕུང་བྱེད། ཟླ་བན་གཟི་བརྗིད་ཀྱི་སྔགས་སྡེབ། བླ་མ་ཕྱག་རྡོར་བའི་གཟའི་དྲག་སྔགས། ཨོ་རྒྱན་གླིང་པའི་རཱ་ཧུ་ལ་གནད་འབེབས། ཉང་རིང་ཤེས་རབ་གྲགས་དང་། ཉང་སྟོན་དབང་ཆེན་བཟང་པོའི་གཟའི་གདོང་གཏད། ཨ་ཙ་ར་དམར་པོའི་ཕུང་བྱེད་གྲི་ཐལ་མ། རྡོར་གླིང་བྲམ་ཟེ་སྦུ་གུའི་དྲག་སྔགས། ཤེས་རབ་མེ་འབར་གྱི་རེ་མ་ཏཱིའི་ཆོ་འཕྲུལ། ཀུན་སྐྱོང་གླིང་པའི་ཞིང་སྐྱོང་མི་ཕྲེང་དམར་པོ། པདྨ་དབང་རྒྱལ་གྱི་དམ་ཅན་སྐྱེར་མདུང་ཅན་གྱི་ཆོ་འཕྲུལ། གྲོ་ཤུལ་ལས་འཕྲོ་གླིང་པའི་དྲག་སྔགས་རེག་ཕུང་ནག་པོ་རྣམས་ཟབ་ཅིང། ཕྱག་བཞེས་ཅན་ཡིན་ཚུལ་དགེ་སློང་ཕྱག་རྡོར་བའི་མན་ངག་གི་ཟིན་ཐོ་སོགས་སུ་སྣང་མོད་དེང་སང་རྒྱུན་བཞུགས་མིན་མ་འཚལ་ལོ། །མཐར་ཐུག་གི་མངོན་སྤྱོད་ནི། གོང་འོག་ཏུ་སྨོས་པའི་རིམ་གཉིས་ཟབ་མོའི་རྣལ་འབྱོར་རྗོང་འཕྲང་སྲོག་གསུམ་གྱི་སྐྱ་བར་ནས་བཏོན་ཏེ་ཉམས་སུ་བླངས་པས། གཟུང་འཛིན་བག་ཆགས་དང་བཅས་པའི་དགྲ་གསུམ་བསད་བདུད་བཞི་བཅོམ། འཕྲང་གསུམ་བསལ་ནས་ཧེ་རུ་ཀའི་གོ་འཕང་ཚེ་འདིར་མངོན་དུ་བྱེད་པའི་ཐབས་ཇི་སྙེད་པ་རྣམས་སོ། །སྤྱིར་ལས་ཀྱི་ཚོགས་ལ། རྒྱུད་སྡེ་ཆེན་པོ་རྣམས་ནས་དམན་པ་ཞི་སོགས་ལས་རབ་འབྱམས་དང་། འབྲིང་གྲུབ་པ་བརྒྱད་དང་། མཆོག་མཁའ་སྤྱོད་དང་རིག་པ་འཛིན་པའི་གོ་འཕང་ཞེས་གསུངས་པ་ལས། འདིར་གཙོ་བོར་ལས་དང་པོ་ལ་ཉེ་བར་མཁོ་བའི་དབང་དུ་བྱས་ནས་ཐུན་མོང་ཞི་སོགས་ཀྱི་ལས་ཚོགས་ཉིད་བཤད་པ་ཡིན་ལ་དེ་ལའང་དགྱེས་རྡོར་ལས། དབང་དང་མངོན་སྤྱོད་དང་། དགྲའི་སྡེ་འཇིག་པ་དང་། བསྐྲད་པ་དང་། བསད་པ་དང་། དགུག་པ་དང་། ཞི་བ་དང་། རྒྱས་པར་ཡང་འགྱུར་རོ་ཞེས་ལས་ཆེན་བརྒྱད་གསུངས་པའང་རྩ་བའི་ལས་བཞིར་འདུ་སྟེ་དགུག་པ་ལ་དབང་དང་མངོན་སྤྱོད་ཀྱིས་དགུག་པ་གཉིས་ཡོད་ཅིང་། དགྲའི་སྡེ་འཇིག་པ་སོགས་ལྷག་མ་བཞི་མངོན་སྤྱོད་ཀྱི་བྱེ་བྲག་གོ །དེས་མཚོན་ཏེ་སྒྱུ་འཕྲུལ་ཁོག་གཞུང་ལས། རོ་ལངས་ཚེ་དང་པྲ་སྒྲུབ་དང་། །ཞེས་སོགས་ཐུན་མོང་དང་། ཡི་གེ་སྒྱུ་འཕྲུལ་ཚོགས་སྒྲུབ་དང་། །སོགས་མཆོག་གི་དངོས་གྲུབ་སྒྲུབ་པའི་ཐབས་ཇི་སྙེད་ཅིག་གསུངས་པ་རྣམས་ཀྱང་གནས་སྐབས་དང་མཐར་ཐུག་གི་ལས་བཞིའི་ཁོངས་སུ་འདུ་བའི་ཚུལ་རྒྱ་ཆེར་སྤྲོས་པས་ཆོག་གོ །ཐུན་མོང་གི་ལས་ཚོགས་རབ་འབྱམས་འདི་རྣམས་དེང་དུས་རང་གཞན་གྱི་ཆེན་པོར་རློམས་པ་ཕལ་ཆེར་ལྟོ་འགྲངས་ཉི་མས་དྲོས་ནས་རྐྱེན་གློ་བུར་མ་བྱུང་བའི་ཚེ་དེ་འདྲས་ཅི་བྱ་ཞེས་འཕོངས་ཕྱིས་པའི་རྡོ་བཞིན་དུ་དོར་སྟེ་སེང་གེ་ལྟར་སྨིན་མ་གཟེང་་་་་་གཏོད་པས་འགྱིང་ཞིང་། རྐྱེན་དང་དགོས་པ་ཅུང་ཟད་བྱུང་བའི་ཚེ་ཝ་སྐྱེས་ལས་ཀྱང་ཞུམ་པ་ཞིག་བྱས་ཏེ་བོན་པོའི་བཙན་མཆོད་མཁན། འདྲེ་མཐོང་བའི་ཀླུ་བཅོས་མཁན། ཀླ་ཀློའི་ཆར་འབེབས་མཁན་ཚུན་ཆད་ལ་སྐྱབས་བཅོལ་ནས་མཐེ་བོ་སྒྲེངས་ཏེ་སྡོད་དགོས་པའི་ཡ་མཚན་ལ་དགོད་བྲོ་བ་མང་པོ་མཐོང་བས། དེ་དག་གིས་ཀྱང་དགོས་དུས་ཕན་བདེ་དལ་དུས་འཚོལ་ན་ཅི་མ་རུང་སྙམ་མོ། །གཞན་དུ་ཇོ་བོ་བཀའ་གདམས་པའི་དགེ་བཤེས་གོང་མ་རྣམས་ཀྱིས་མཆོག་གཙོ་བོར་བཏོན། ལས་ཚོགས་གཙོ་བོར་མི་བཏོན་གསུངས་པའི་རྣམ་ཐར་ལ་མིག་ཡར་བལྟའི་ཚུལ་གྱིས་ཚེ་ཡུན་ཐུང་། ཤེས་བྱ་རྣམ་གྲངས་མང་བ་སོགས་ངེས་འབྱུང་གིས་རྒྱུད་བསྐུལ་ཏེ་རྐྱེན་གང་ལའང་ལྟོས་པ་མེད་པར་སྒྲུབ་པ་སྙིང་པོར་བྱེད་པ་ནི་གཅིག་ཏུ་ངོ་མཚར་བས་རྗེས་སུ་ཡི་རངས་ཤིང་ཐལ་མོ་ལན་བརྒྱར་སྦྱར་བའི་ཡུལ་ལོ། །ལས་སྒྲུབ་པའི་སྐབས་ཀྱི་དབང་དང་བྱིན་རླབས་བཀའ་གཏད་ཀྱི་རིགས་རྣམས་དང་གདམས་སྐོར་གཙོ་ཆེ་བ་རྣམས་ཀྱི་བརྒྱུད་པ་བཀོད་ཅིང་། གདམས་ཕྲན་སིལ་བུ་སྣ་ཚོགས་པ་རྣམས་ཀྱང་ལུང་རྒྱུན་མེད་པའི་ཡིག་སྣ་གང་རྙེད་བསྡུས་པ་ནི་གཅིག་ཀྱང་མེད་མོད། ཕལ་ཆེར་རྒྱུན་ཡོད་ངེས་པ་ཙམ་ལས་བརྒྱུད་པའི་མཚན་མི་གསལ་བ་དང་། ཕྱོགས་མཚོན་ཤེས་པ་དག་ཀྱང་རེ་རེ་ནས་བཀོད་ན་ཧ་ཅང་ཡིག་ཚོགས་ཆེ་བར་འགྱུར་ཞིང་། རྒྱུན་ཡོད་ངེས་པས་འཐུས་པ་ལས་དེ་ཙམ་དགོས་གལ་ཅན་དུའང་མ་མངོན་པས་སྤྲོས་པའི་རྩོལ་བ་མ་བྱས་ཀྱང་། ཟུར་ཙམ་མཚོན་ན། རྡོར་གླིང་སོགས་གཏེར་ཁ་གསུམ་ལྡན་གྱི་བཟླས་ཆོག་སྔགས་འབུམ་དཀར་པོ། ཉང་གཏེར་རྫས་སྲུང་དང་ཤིང་བུ་དྲུག་པའི་སྲུང་བ། ཕྱུགས་ནད་སྲུང་གསོ་ཁམས་པ་མེ་ཟོར་གྱི་གཏེར་མ་སོགས། མཁའ་འགྲོ་མའི་བྱས་པ་བཤིག་པའི་ཙཀྲ །ཡང་ཟློག་ཨ་ཐུང་ནག་པོ། ཤྲཱི་སིཾ་ཧའི་ཡང་ཟློག །དབང་ཕྱུག་ཆེན་པོའི་མི་ཁ་བཟློག་པ་གནུབས་ལུགས། རཏྣའི་མཉམ་གཉིས་རྩལ་འགྲན་དང་གཏད་ཟློག །གནུབས་ཀྱི་ག་ཁ་ལྟག་སྤྲོད་དང་གཏད་སྲུང་ཉེ་འབྱེད། གནམ་ལྕགས་ཨུར་མོའི་གཏད་ཟློག །ཉང་གི་ངག་འགྲོལ་རྣམས། ལྔ་པ། པད་ཕྲིན། གཏེར་གླིང་། དགེ་སློང་ཕྱག་རྡོར་དབང་ཕྱུག་སོགས་ལས་བརྒྱུད་དེ། མང་ཐོས་ཚེ་དབང་མི་འགྱུར་རྡོ་རྗེ། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། ཀུན་བཟང་པདྨ་ཚེ་དབང་། འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེ་ལས་ཁོ་བོས་ཞུས་ཤིང་། འགའ་ཞིག་འཇམ་དབྱངས་ཆོས་རྒྱན་ནས་པད་སྤྲུལ་པདྨ་དབང་རྒྱལ་སོགས་ལས་ཀྱང་གསན་པར་སྣང་ངོ་། །སྟོན་པ་ཤཱཀ་འོད་ཀྱི་ལྷ་ལྔ་དགྱེས་སྐྱེད། ཚེ་བརྟན་རྒྱལ་མཚན་གྱི་སྐྱེད་པ་བཞི་ལྡན། ཞང་ཁྲོམ་ཞྭ་སྲུང་རྣམས། ལྔ་པ། པད་ཕྲིན། གཉགས་སྟོན་པདྨ་དབང་རྒྱལ། དབོན་པདྨ་གསང་སྔགས། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། དགེ་སློང་བློ་བཟང་བསྟན་འཕེལ། བསྟན་འཛིན་མཁྱེན་རབ་མཐུ་སྟོབས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །ཆོས་དབང་རིན་པོ་ཆེའི་ཟབ་གཏེར་མཁའ་འགྲོ་སྨེ་བརྩེགས་དང་། ཚེ་སྲིང་མན་ངག་སཱཙྪ་ལ་བརྟེན་པ། ལྷ་བུ་སྲིད་འཛིན་དང་། བྱད་མ་འབུམ་རྡུགས་འཁོར་ལོ་སོགས་སྲོག་ཤིང་བརྟན་པའི་ཙཀྲ་ལྟར། གནུབས་ཀྱི་ཡང་ཟློག་བསད་པ་སྟག་བྱང་མ་དང་འདྲ། ལྕང་སྨན་དོན་གྲུབ་དར་དང་རཏྣའི་དུག་སྲུང་ཕྱག་ལེན་བཅས། རོང་སྨན་དུག་སྲུང། བཛྲ་མ་ཏིའི་རིམས་སྲུང་། ཀླུ་སྒྲུབ་ཀྱི་རྫས་སྔགས་རིམས་སྲུང་། རཏྣའི་གཉན་ལྷོག་བཅོས། ཞང་ཁྲོམ་མན་ངག་གྲེ་ཐོག་བཅོས་རྣམས། གདོང་བླ་མ་བསྟན་འཛིན་ཕུན་ཚོགས། ཀུན་དགའ་དོན་གྲུབ། མཁས་དབང་ཆོས་གྲགས་རྒྱ་མཚོ་དང་། འཇམ་དབྱངས་མཁྱེན་བརྩེ། འགའ་ཞིག་རིག་འཛིན་དཔལ་ལྡན་ཆོས་རྒྱལ། མཁས་དབང་ཆོས་གྲགས་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །སངས་གླིང་རིམས་སྲུང་སྔགས་རྒོད་དང་། འཆི་བསླུ་ཆུ་སྦྱིན་སྟོང་ཟློག །དཔལ་ལྡན་ཆོས་རྒྱལ། ཀུན་དགའ་དོན་གྲུབ། དགེ་འདུན་རྒྱ་མཚོ། ཆོས་རྗེ་དགེ་ལེགས་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །རཏྣའི་ཀླུང་རྟ་ཁ་སྦུབས། ཀཾ་བླ་མ་ནོར་བུ། བསྟན་འཛིན་ཕུན་ཚོགས། དགེ་འདུན་རྒྱ་མཚོ། རྡོར་འཛིན་འཇམ་དབྱངས་བློ་གསལ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །ཆུ་སྒྱུར་གྱི་མན་ངག་རིགས་ཕལ་ཆེར་དང་། ལྟས་ངན་ཟློག་པ་སྒྱེ་ནག་རྡོག་དྲིལ་སོགས། གཏེར་བདག་གླིང་པ། དགེ་སྦྱོང་བློ་གསལ་སོགས་རིམ་པར་བརྒྱུད། འགྱུར་མེད་བསྟན་འཛིན་འཕེལ་རྒྱས། འཇམ་དབྱངས་མཁྱེན་བརྩེ། དེས་བདག་ལའོ། །སྟག་ཤམ་ཕྱུགས་ནད་བཅོས་སྐོར་གཏེར་སྟོན་ནས་གནས་མདོ་ཕྱོགས་བརྒྱུད། བསྟན་འཛིན་རྒྱ་མཚོ། བསྟན་འཛིན་དགེ་ལེགས་ཉི་མ། དཀོན་མཆོག་རྒྱལ་མཚན། འཇམ་མགོན་མཁྱེན་བརྩེ། དེས་སོ། །གཟའ་སྲུང་མ་བུ་དགུ་འཁྱམས་ཤིན་ཏུ་ཟབ་པར་གྲགས་པའི་ཕྱག་ལེན། ཁྱུང་པོ་ཞགས་གཅོད་འབྱུང་གནས། ཀརྨ་མཁས་མཆོག་གྲུབ་དབང་། དེས་སོ། །རཏྣའི་ཚེ་བདག །ཡང་ཟློག །ཡང་ཟློག་སྙན་བརྒྱུད། ཡང་ཟློག་དུག་གི་སྤུ་གྲི་བཅས། སྨད་ཕྱོགས་ཀྱི་བླ་སྔགས་ནུས་ལྡན་རིམ་པར་བརྒྱུད། གཏེར་སྲས་ཆོས་སྐྱོང་མགོན་པོ། རྗེ་ངེས་དོན་དབང་པོ། འཇམ་དབྱངས་མཁྱེན་བརྩེ། དེས་སོ། །ཆགས་མེད་ཀྱིས་མཛད་པའི་རཱ་ཧུ་ལའི་ཐན་འགྱེད་དང་བཻ་རོའི་གསུང་། ཆོ་འཕྲུལ་བསྐུལ་བཅས། གནས་མདོ་ཕྱོགས་ནས་རིམ་པར་བརྒྱུད། ཀཾ་ནོར་བུ། པད་དཀར། བསྟན་འཛིན་ཆོས་རྒྱལ། ངེས་དོན་དབང་པོ། འཇམ་དབྱངས་མཁྱེན་བརྩེ། དེས་སོ། །འདུན་གཤིག་པད་གནུབས་ལུགས། གཏེར་ཆེན། རིན་རྣམ། ཤྲཱི་ཛྭ་ལ། པདྨ་དགྱེས་པ། ཡེ་ཤེས་ལྷུན་གྲུབ། པདྨ་ཚེ་དབང་། ཨོ་རྒྱན་འགྲོ་འདུལ། རིག་པའི་རྡོ་རྗེ། རྗེ་བླ་མ། དེས་སོ། །ཆགས་མེད་ས་ཆོག །འབུ་སྲུང་། ཆགས་མེད་དང་གནམ་ཆོས་ཀྱི་ཁྱི་སྨྱོན་སྲུང་བཅོས། རཏྣའི་ཁྱུང་ནག་ཆགས་མེད་ཟིན་བཅས། གནས་མདོ་གསེར་ཕྲེང་སོགས་ལས་རིམ་པར་བརྒྱུད། ཀཾ་ནོར་བུ། དགེ་ལེགས་ཉི་མ། དཀོན་མཆོག་རྒྱལ་མཚན། འཇམ་དབྱངས་མཁྱེན་བརྩེ། དེས་སོ། །དཔེ་སྣ་ཀུན་ཐུབ། ལོཀྟྲྀའི་བསྒོམ་བཟླས་སོགས་ཆགས་མེད་གསུང་ཐོར་བུ། ཆར་འབེབས་དང་གསོལ་འདེབས་སོགས་ཕྲན་ཚེགས་འགའ་ཞིག །ཆགས་མེད་བཞི་པ་བསྟན་འཛིན་ཕྲིན་ལས། ངེས་དོན་དབང་པོ། འཇམ་དབྱངས་མཁྱེན་བརྩེ། དེས་སོ། །སྤྱིར་གཏེར་མཛོད་འདིར་བཞུགས་པའི་རྩ་གསུམ་ཆོས་སྲུང་ཕྲིན་ལས་དང་བཅས་པའི་ནང་ཚན་གཏེར་ཁ་སོ་སོའི་ཆོས་སྡེ་ལས་བྱུང་བ་རྣམས་ནི་དེ་དང་དེ་དག་གི་དབང་ལུང་བརྒྱུད་པ་སྔར་བཀོད་པ་རྣམས་ཀྱི་ཁོངས་སུ་འཐུས་པ་ཡིན་ལ། ཆགས་མེད་ལས་བརྒྱུད་པ་དང་དེའི་གསུང་སོགས་མདོར་བསྡུས་འོག་ཏུ་སྨོས་པ་ལྟར་དང་། དམིགས་བསལ་མེད་པའི་གདམས་ཕྲན་ཡོངས་སུ་རྫོགས་པ་ནི་བཀའ་བབས་ཆེན་པོ་བདུན་གྱི་མངའ་བདག་རིགས་བརྒྱའི་ཁྱབ་བདག་བཀའ་དྲིན་མཉམ་མེད་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལས་ཞུས་པ་སྟེ། ཞིབ་པར་རྗེ་ཉིད་ཀྱི་གསན་ཡིག་ཆེན་མོ་ལས་རྟོགས་པར་བྱ་དགོས་སོ། །སྤྱིར་གཏེར་ཆེན་རིགས་ལ་སྲས་བརྒྱུད་སློབ་བརྒྱུད་གཉིས་ཀྱིས་མཚོན་བརྒྱུད་པའི་རྣམ་གྲངས་ཤིན་ཏུ་མང་བར་བཞུགས་འདུག་ཀྱང་འདིར་གོང་འོག་ཏུ་བཀོད་པ་ཐམས་ཅད་ལ་རྩ་བའི་བརྒྱུད་པ་རེ་རེ་ཙམ་མ་གཏོགས་བཀོད་མ་ཐུབ་པས་ཆོས་སྤྱན་ལྡན་པ་རྣམས་ཀྱིས་ལྔ་གཏེར་་་་རྒྱལ་བ་ལྔ་པ་ཆེན་པོ་དང་སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེ་་་་གཉིས་གཙོས་དམ་པ་གཞན་གྱི་གསན་ཡིག་ལས་བཙལ་བར་བྱའོ། །དེ་ལྟར་གོང་དུ་སྨོས་པའི་རྩ་གསུམ་ཆོས་སྐྱོང་ནོར་ལྷ་དང་བཅས་པའི་སྨིན་བྱེད་ཕལ་མོ་ཆེའི་རྩ་བར་བཞག་པ། སྔ་འགྱུར་བཀའ་གཏེར་བསྟན་པའི་སྣང་བྱེད་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཨོ་རྒྱན་གཏེར་བདག་གླིང་པའི་ལྗགས་བསྒྲིགས། རྩ་བ་གསུམ་གྱི་ལྷག་པའི་ལྷ་རབ་འབྱམས་ཀྱི་སྒྲུབ་ཐབས་འདོད་འཇོ་བུམ་བཟང་ཞེས་ཆོས་དབང་བླ་མ་གསང་འདུས་ཟླུམ་པོ་བཞི་དབང་ནས་ལས་འབྲེལ་རྩལ་གྱི་ལྷ་ཆེན་དབང་ཕྱུག་གི་བར་སྒྲུབ་ཐབས་དང་དབང་བཀའ་ལེ་ཚན་ལྔ་བཅུ་ང་དགུ་ལ། བརྒྱུད་པའི་བཀའ་སྲོལ་དང་ཆོ་གའི་ཁྱད་པར་ལས་ནང་གསེས་ཀྱི་དབྱེ་བ་དྲུག་ཅུ་རྩ་བདུན་བཞུགས་པ། དེ་ལས་གཞན་དུ་ཞལ་འཕང་བ་དང་། གཏོར་དབང་། ཆོས་སྐྱོང་སྲོག་གཏད་ཀྱི་བཀའ་བསྒོའི་དཔེར་བརྗོད་གཏེར་ཆེན་ཉིད་གསུང་སོགས་ཉེར་མཁོའི་ཡི་གེ་ཆ་ཚང་བའི་གླེགས་བམ་ཟུར་དུ་བཞུགས། འདིའི་བརྒྱུད་པ་གཏེར་ཆེན་ཡན་ཆད་སྒྲུབ་ཐབས་དབུར་བཀོད་པའི་བརྒྱུད་ཡིག་ཏུ་གསལ་བ་ལྟར་ལ། གཏེར་ཆེན་འགྱུར་མེད་རྡོ་རྗེ་ནས་རིམ་པར། ཁམས་པ་རིན་པོ་ཆེ་ངག་དབང་ཀུན་དགའ་བསྟན་འཛིན་ནམ། གསང་མཚན་ཕྲིན་ལས་གྲུབ་པའི་རྡོ་རྗེ་འགྲོ་འདུལ་རྩལ། དེ་ལས་ལྷོ་རིན་པོ་ཆེ་དཀོན་མཆོག་ཆོས་ཀྱི་རྒྱ་མཚོ། དེ་ལས་གནས་མདོ་རྗེ་དབོན་ཀརྨ་སངས་རྒྱས་སམ་ཀུན་གཟིགས་ཤེས་རབ་གྲགས་པས་གསན། ཡང་གཏེར་ཆེན་ནས། ཐམ་ཀ་བླ་མ་ངག་དབང་ཚེ་རིང་དེ་ལས་ཀྱང་སངས་རྒྱས་ཞབས་ཀྱིས་གསན། དེ་ལས་གྲུབ་པའི་དབང་ཕྱུག་ཀརྨ་བདེ་ཆེན་སྙིང་པོ། དེ་ལས་ཀུན་བཟང་ཕྲིན་ལས་ལྷུན་གྲུབ་བམ་ཡོངས་གྲགས་ཀཾ་བླ་མ་ཚེ་དབང་པདྨ་ནོར་བུ་བཀྲ་ཤིས་ཀྱིས་ཞུས། ཡང་། གཏེར་ཆེན། རྒྱལ་སྲས་འགྱུར་མེད་རིན་ཆེན་རྣམ་རྒྱལ། རྫོགས་ཆེན་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན། ཞེ་ཆེན་རབ་འབྱམས་གཉིས་པ་ཀུན་བཟང་རྣམ་རྒྱལ། ཞེ་ཆེན་རྒྱལ་ཚབ་པདྨ་གསང་སྔགས་བསྟན་འཛིན་ཆོས་རྒྱལ། ཨ་རིང་བླ་མ་བསམ་འཕེལ་ལམ་ཀརྨ་ལྷ་གཟིགས། ཀཾ་བླ་མ་ནོར་བུ། དེ་ལས་ཀར་འབྲུག་གི་ཕྱོགས་སུ་དབང་རྒྱུན་འཕེལ་བ་ལས་འདིར། མཁན་བླ་མ་ཟླ་བཟང་མཆོག་སྤྲུལ་ཀརྨ་ངེས་དོན་བསྟན་པ་རབ་རྒྱས། དེ་ལས་བདག་གིས་ཞུས། ཡང་རབ་འབྱམས་ཀུན་བཟང་རྣམ་རྒྱལ་ནས། བཀའ་འགྱུར་བ་པདྨ་རིན་ཆེན། དེ་ལས་རིག་འཛིན་དཔལ་འབྱོར་རྒྱ་མཚོ་དང་བསྟན་འཛིན་ཆོས་རྒྱལ་གཉིས་ཀས་གསན། དེ་གཉིས་ནས། རྗེ་བཙུན་བླ་མ་མཁས་ཤིང་གྲུབ་པ་ཡོངས་ཀྱི་རྒྱལ་པོ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དཔལ་བཟང་པོ། དེས་ཞལ་ཤེས་བཅས་ཞིབ་རྒྱས་སུ་བཀའ་དྲིན་དུ་བསྩལ། ལུང་ཡོངས་རྫོགས་ཀྱང་ཀུན་མཁྱེན་བླ་མ་དེ་ཉིད་ནས་བསྩལ་པ་སྟེ་བརྒྱུད་པ་དབང་དང་འདྲའོ། །ཇོ་ནང་རིན་འབྱུང་ལས་བྱུང་བའི་བྱིན་རླབས་རྗེས་གནང་རྣམས་ཀྱི་བརྒྱུད་པ་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་ཕྱིན་ཆད་ཞིབ་ཏུ་བྱེད་ན་བརྒྱུད་སྲོལ་འདྲ་མིན་འདུག་ཀྱང་། སྤྱི་བརྒྱུད་གཙོ་ཆེ་བ་ནི། རྗེ་བཙུན་རིན་པོ་ཆེ་ལས་རྒྱལ་ཚབ་སྣར་ཐང་པ་རིན་ཆེན་རྒྱ་མཚོ་དང་། རྗེ་བཙུན་ཀུན་དགའ་ཕྲིན་ལས་དབང་མོ་གཉིས། དེ་གཉིས་ཀ་ལས་མཁས་གྲུབ་བློ་གྲོས་རྣམ་རྒྱལ། དེ་ནས་རྗེ་ངག་དབང་ཕྲིན་ལས། ཆོས་རྗེ་ཀུན་བཟང་དབང་པོ། རིག་འཛིན་ཚེ་དབང་ནོར་བུ། འབྲུག་ཆེན་ཐམས་ཅད་མཁྱེན་པ་བཀའ་བརྒྱུད་ཕྲིན་ལས་ཤིང་རྟ། ཁམས་པ་བསྟན་འཛིན་ཆོས་ཀྱི་ཉི་མ། བཀའ་བརྒྱུད་ཕྲིན་ལས་རྣམ་རྒྱལ། རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོ། དེ་ལས་བཀའ་དྲིན་དུ་ཐོབ་པའོ། །ལུང་རྒྱུན་ནི། རིག་འཛིན་ཆེན་པོ་ནས། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས། ཀརྨ་ཚེ་དབང་ཀུན་ཁྱབ། ངེས་དོན་བསྟན་འཛིན་རབ་རྒྱས། ཀརྨ་འོད་གསལ་འགྱུར་མེད། དེས་བདག་ལའོ། །དཔལ་འབྲི་གུང་པ་ཆེན་པོ་དབུར་སྨྱོན་ཆོས་ཀྱི་གྲགས་པའི་གསུང་སྐོར་ཚན་པ་རྣམས་ཀྱི་ལུང་བརྒྱུད་སྒྲོལ་དཀར་ཡིད་བཞིན་ནོར་མཆོག་སྐབས་སུ་སྨོས་པ་ལྟར་རོ། །སྨིན་གླིང་གཏེར་ཆེན་རིན་པོ་ཆེའི་གསུང་འབུམ་སྤྱིའི་ལུང་བརྒྱུད་ནི། གཏེར་ཆེན་ཉིད་ནས། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། ཁྲི་པདྨ་བསྟན་འཛིན། ཁྲི་ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་མ་ཕྲིན་ལས་ཆོས་སྒྲོན། ཁྲི་འགྱུར་མེད་སངས་རྒྱས་ཀུན་དགའ། སྔགས་རབ་འགྱུར་མེད་བསྟན་འཕེལ། ཁྱབ་བདག་བླ་མ་རིན་པོ་ཆེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །རིག་འཛིན་ཆེན་པོ་པདྨ་ཕྲིན་ལས་ཀྱི་གསུང་སྐོར་རྣམས་ཀྱང་ཉིད་ནས། གཉགས་སྟོན་རིག་འཛིན་པདྨ་དབང་རྒྱལ། དེ་དབོན་པདྨ་གསང་སྔགས་བསྟན་འཛིན། ལྕགས་ཟམ་བདུན་པ་བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། དཔང་སྟོན་ཀུན་བཟང་པདྨ་ཚེ་དབང་། བསྟན་འཛིན་མཁྱེན་རབ་མཐུ་སྟོབས། རྗེ་བླ་མ་སརྦ་ཛྙཱའི་ཞལ་སྔ་ནས་སོ། །ཡང་འཆི་བསླུའི་ཆོག་ཁྲིགས་སོགས་ཚན་ཁ་ཤས་ཡང་ཏིག་གཅེས་སྒྲོན་བརྒྱུད་པ་དང་མཚུངས་པའང་ཡོད་དོ། །ཀརྨ་ཆགས་མེད་ཞལ་སྔ་ནས་བརྒྱུད་པ་ལ་གནས་མདོ་སྨད་བརྒྱུད། ཐུགས་སྲས་པདྨ་ཀུན་དགའ། མཆོག་སྤྲུལ་ཕྲིན་ལས་དབང་འབྱུང་། ཀུན་གཟིགས་ཤེས་རབ་གྲགས་པ། རྣལ་འབྱོར་བསྟན་འཛིན་དོན་གྲུབ་ཅེས་འདྲེན་པ་དང་ཁོ་བོས་ཐོབ་པ་རྣམས་དེ་ནས་ཀརྨ་ཐེག་མཆོག་བསྟན་འཕེལ་དྲང་དགོས། སྟོད་བརྒྱུད། རུ་པ་བརྩོན་འགྲུས་རྒྱ་མཚོ། པདྨ་དོན་གྲུབ། པདྨ་ལྷུན་གྲུབ། ཀརྨ་བདེ་ཆེན་སྙིང་པོ་ཞེས་འདྲེན་ཅིང་བདག་གིས་ཐོབ་པ་ཕལ་ཆེར་དེ་ནས་ཀཾ་བླ་མ་ཚེ་དབང་པདྨ་ནོར་བུ་བཀྲ་ཤིས་དང་། དེ་ལས་ཀྱང་བརྒྱུད་དེ་གསང་སྔགས་སོགས་ལས་ཐོས། ལུང་བརྒྱུད་ཕལ་མོ་ཆེ་ཆགས་མེད་རིན་པོ་ཆེ་ནས། ཞལ་སློབ་ཀརྨ་སྨོན་ལམ་དང་། ཀརྨ་ཆོས་འཛིན་དེ་གཉིས་གང་རུང་ལས་རྗེ་དབོན་སངས་རྒྱས། དྲུང་ཀརྨ་ཚངས་དབྱངས། མཆོག་སྤྲུལ་བཞི་པ་བསྟན་འཛིན་ཕྲིན་ལས་དངོས་ལས་ཐོས་པ་དང་བརྒྱུད་དེ་འོངས་པ་མང་ངོ་།།མཆོག་གྱུར་གླིང་པའི་གཏེར་ཆོས་དམིགས་བསལ་སྨོས་པ་ཁ་ཤས་མ་གཏོགས་དབང་ལུང་གཉིས་ཀ་གཏེར་ཆེན་ཉིད་ལས་ཐོབ་ཅིང་ཆོག་བསྒྲིགས་སྐོར་ཡང་ཇི་ལྟར་འོས་པའི་བཀའ་་་་་གཉེར་ཡང་ནས་ཡང་དུ་གཏད་པ་དང་། ཁྱབ་བདག་བླ་མ་རིན་པོ་ཆེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་གཏེར་ཆོས་དང་གསུང་སྐོར་ཐམས་ཅད་རྗེ་ཉིད་ཀྱིས་དགྱེས་པས་དགོངས་ཏེ་བཀའ་དྲིན་དུ་བསྩལ། ཆོག་ཁྲིགས་དང་ཁྲིད་སོགས་ཀྱང་རྗེ་ཉིད་ནས་བཀའི་གནང་བ་དམིགས་སུ་བསྩལ་པ་ཐོབ་ཅིང་ཕྱག་བཞེས་དང་ཞལ་ལུང་ཡིད་ལ་གང་ཟིན་ནན་ཏན་དང་ཐེ་ཚོམ་གྱི་གནས་ལ་དོགས་གཅོད་ཞུས་ཏེ་ཡིད་གཏན་ཁེལ་བ་བགྱིས་པ་ལགས་སོ། །གཞན་ཡང་ཀུན་གཟིགས་རྒྱལ་དབང་ལྔ་པ་ཆེན་པོའི་དག་སྣང་རྒྱ་ཅན་དང་། རིག་འཛིན་མི་འགྱུར་རྡོ་རྗེའི་གནམ་ཆོས་པོད་བཅུ་གསུམ། དགོངས་གཏེར་པོད་གཉིས་ལས་བྱུང་བ་རྣམས་དང་། གཏེར་ཆེན་ཀློང་གསལ་སྙིང་པོའི་ཟབ་གཏེར་རྩ་གསུམ་རྡོ་རྗེ་སྙིང་པོ། ཀློང་གསལ་རྡོ་རྗེ་སྙིང་པོ། བི་མ་ལའི་ཐུགས་དམ་རྒྱུད་སྡེ་བཞི། འཇམ་དཔལ་རྩ་བའི་སྐོར། སྲོང་བཙན་སྒམ་པོའི་སྙན་བརྒྱུད་ཐུགས་རྗེ་ཆེན་པོ་རྣམས་ལས་སངས་རྒྱས་བྱང་སེམས་དང་། རྩ་གསུམ་ཆོས་སྲུང་ནོར་ལྷས་མཚོན་པའི་སྒྲུབ་ཐབས་སྨིན་བྱེད་མཐའ་ཡས་པ་ཞིག་སྣང་ནའང་སོ་སོའི་དབང་ལུང་ཕྱོགས་གཅིག་ཏུ་དར་རྒྱས་སུ་བཞུགས་པ་ཤས་ཆེ་ཞིང་། རྣམ་གྲངས་ཤིན་ཏུ་མང་བས་འདིར་ཉེར་མཁོ་ཁ་ཤས་ཙམ་ལས་སྡུད་པར་མ་ནུས་ལ། ཕྱིས་སུ་བྱོན་པའི་གཏེར་ཆོས་ཡོངས་སུ་གྲགས་པ་དང་མ་གྲགས་པ་ཤིན་ཏུ་མང་པོའི་དཔེ་ལུང་གི་རྒྱུན་སྣང་ཞིང་། དེ་དག་ཕལ་མོ་ཆེའང་གཏེར་སྟོན་དྲི་མེད་ཀུན་དགའི་གཏེར་ལུང་ལས། གཏེར་སྟོན་ལང་མ་ལིང་མ་འོང༔ གཏེར་ཆོས་ཤ་མང་སུལ་ལྟར་བརྡོལ༔ དེ་ཡང་འབྲས་མེད་མ་ཡིན་ཏེ༔ ཨོ་རྒྱན་ང་ཡི་བརྗེད་རྡོ་ཡིན༔ ཞེས་དང་། རད་གླིང་ཚེས་བཅུའི་བསྐུལ་བྱང་ལས། ཡུལ་ཆེན་རེ་ལ་གཏེར་ཆེན་རེ༔ དེ་ཡང་ཨོ་རྒྱན་བརྗེད་རྡོ་ཡིན༔ ཡུལ་ཕྲན་རེ་ལ་གཏེར་ཕྲན་རེ༔ དེ་ཡང་ཨོ་རྒྱན་བརྗེད་རྡོ་ཡིན༔ གྲོང་པ་རེ་ལ་སྔགས་པ་རེ༔ དེ་ཡང་ཨོ་རྒྱན་བརྗེད་རྡོ་ཡིན། ཞེས་སོགས་མང་དུ་གསུངས་པ་དང་། དུས་གསུམ་གཟིགས་པ་གྲུབ་དབང་བྱང་ཆུབ་རྡོ་རྗེས། གཏེར་ཆོས་རྡོ་བཞིན་མོད་ཀྱང་འབྲས་མེད་མིན། །ཞེས་སོགས་ཚད་མའི་ལུང་ལས་འབྱུང་བ་ལྟར་དངོས་དང་བརྒྱུད་ནས་བསྟན་པ་དང་སེམས་ཅན་ལ་ཕན་པ་ཐོགས་ཚད་ཨོ་རྒྱན་དུས་གསུམ་མཁྱེན་པས་ཡུལ་དུས་གནས་སྐབས་སྤྱི་དང་བྱེ་བྲག་ལ་དགོངས་ཏེ་གསུངས་པར་ཡིད་ཆེས་ཤིང་མོས་གུས་ཀྱི་པདྨོ་རིས་སུ་མ་ཆད་པར་རྒྱས་པ་ཉིད་་་་་་ནའང། དེང་སང་དུས་ཤིན་ཏུ་སྙིགས་པས་བདུད་དང་དམ་སྲི་སྟོབས་རྒྱས་པའི་དབང་གིས་ཆོས་མིན་ཆོས་ལྟར་བཅོས་པའང་འབྱུང་སྲིད་པར་སྣང་བ་དང་། གཏེར་སྟོན་ཨེ་འོངས་གང་ཟག་ཁྱེད་ལ་རག །ཅེས་བསླུ་མེད་བདེན་པར་གསུངས་པ་ལྟར་སྔོན་གྱི་ལས་འཕྲོས་ཟབ་གཏེར་ཚད་མ་དང་འཕྲད་ཀྱང་གང་ཟག་གིས་རྒྱབ་ཤ་མ་འཁྱོལ་བས་བདེན་མཐའ་རྫུན་ལ་སྐྱེལ་བ་སོགས་མང་བ་མ་ཟད། ཇི་སྐད་དུ། ཕལ་ཆེར་ཡོངས་སུ་འདྲིས་ལ་སྡང། །རྟག་ཏུ་གསར་པ་གསར་པ་ཚོལ། །ཞེས་པ་ལྟར་ཕྱི་མ་ཕྱི་མ་རྣམས་གསར་ངས་ཀྱིས་རྒྱུན་གློ་བུར་བ་ཤྭ་བུད་བརྡོལ་བ་ལྟར་ཅུང་ཟད་རེ་འཕེལ་ཡང་རང་རྐང་ཚུགས་པ་ཆེར་མི་འབྱུང་ལ། རྒྱུ་མཚན་དེས་སྔར་དམ་པ་རྣམས་ལ་ཡོངས་སུ་གྲགས་ཤིང་མངོན་རྗེས་སྟོབས་ཀྱིས་ཚད་མར་གྲུབ་པའི་ཟབ་གཏེར་གྱི་གཞུང་ཆེ་ཕྲ་ཕལ་མོ་ཆེ་འཇའ་ལུས་ཀྱི་གྲུབ་མཐའ་སྙོགས་ཟིན་པ་ནི་དེར་བས་ཤིང་། ཀུན་གཟིགས་ལྔ་པ་དང་གཏེར་ཆེན་རིན་པོ་ཆེ་སོགས་ཀྱི་སྐབས་སུ་བཞུགས་པ་རྙིང་མ་བཀའ་མའི་གཞུང་ཕལ་མོ་ཆེ། རྡོར་གླིང་བྱང་གླིང་རིན་ཆེན་གླིང་པ་ཚེ་བརྟན་རྒྱལ་མཚན་བསྟན་གཉིས་གླིང་པ་སོགས་གཏེར་ཁ་ཆེ་ཕྲ་མང་པོ་ཞིག་ཀྱང་དབྱིངས་སུ་དེངས་ཏེ་དེང་སང་ཕྱེད་ཆ་ཙམ་ལས་མ་བཞུགས་པར་སྣང་བ་དང་། སྐབས་དེ་ཙམ་དུའང་སྔ་འགྱུར་བཀའ་གཏེར་སྨིན་གྲོལ་གྱི་རྒྱུན། དེ་ལས་འཆད་ཉན། དེ་དོན་ཉམས་བཞེས་མཛད་པ་པོ་བྱུང་ལུགས་ལ་བརྟགས་ན་ད་ལྟ་བསྟན་གཞུག་དངོས་ལ་ཐུག་པར་ངེས་པས་ཡིད་སྐྱོ་བའི་རྒྱུ་ཁོ་ནར་འདུག་པ་འདི་ལྟར་ན། གཞུང་ཆེན་ཕལ་ཆེར་གྱི་རྒྱུན་ཡང་ཅིར་འགྱུར་ངེས་པ་མི་འདུག་ཅིང་གཞུང་ཕྲན་འགའ་ཞིག་ནི་ནུབ་ཏུའང་ཉེ་བས་བསྟན་པའི་རྒྱུན་སྲོལ་ལ་ཅུང་ཟད་ཙམ་གྱི་ཞབས་ཏོག་འགྱུར་དུ་རེ་བས། གོང་སྨོས་ལྟར་སྔར་ནས་ཡོངས་གྲགས་འཁྲུལ་མེད་ཚད་ཐུབ་ཀྱི་གཏེར་ཆོས་དག་སྣང་དང་བཅས་པ་ལ་གཞི་བྱས། དེ་ལས་ཀྱང་ཁ་འཐོར་རྒྱུན་དཀོན་རིགས་རྣམས་ཇི་ལྟར་རྙེད་པ་བསྡུས་ཏེ་བཀོད་པ་དང་། སྔ་འགྱུར་བཀའ་མ་ཡང་ཕུར་གཤིན་རྗེ་གདོང་དྲུག །རྣམ་འཇོམས་ཁྲོ་དཀར་ནག་སོགས་ཀྱི་ཡིག་ཆའི་ཞབས་འདེགས་རེའང་བགྱིས་པ་ནི་བཀའ་མཛོད་ཀྱི་སྡེ་ཚན་དུ་འཁོད་པ་ཡིན་ལ། སླད་ནས་ཀྱང་བླ་མེད་རྡོ་རྗེ་ཐེག་པའི་རིང་ལུགས་ལ་གཅེས་སྤྲས་མཛད་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་བཀའ་གཏེར་རྙིང་མའི་སྐོར་རྒྱུན་དཀོན་ཅིང་ཁུངས་དང་འབྲེལ་བའི་རིགས་རྙེད་སྲིད་ན་ཅིས་ཀྱང་བསྣན་པར་མཛད་པར་ཞུ་བ་ལགས་་་་་་་་སོ།། ༈ །།སྤྱི་དོན་གཉིས་པ་ལུང་རྫོགས་པ་ཨ་ནུ་ཡོ་གའི་སྐོར་ལ། བསྟན་པ་ཡོངས་སུ་རྫོགས་པའི་ཉམས་ལེན་ཐམས་ཅད་རིག་པ་འཛིན་པའི་སྡེ་སྣོད་ཆེན་པོའི་དངོས་དང་ཡན་ལག་ཏུ་འཆར་བ་རྒྱལ་བའི་གསུང་རབ་མཐའ་དག་གི་མཛོད་གཅིག་པུ་འདུས་པ་མདོ་དབང་ཆེན་མོའི་སྨིན་གྲོལ་གཏད་རྒྱ་དང་བཅས་པ། རྩ་བའི་མདོ་བཞི་དང་། མཐའ་དྲུག་གསལ་བར་བྱེད་པའི་རྒྱུད་དྲུག་སོགས་རྒྱུད་སྡེ་་་པོད་གཉིས་་་རབ་འབྱམས་ཀྱི་རྒྱུན་མ་ནུབ་པར་བཞུགས་བཞིན་པ་ཉིད་ལས། གཏེར་མའི་ཕྱོགས་སུ་སྤྱིར་ལྷག་པའི་ལྷ་ཕལ་མོ་ཆེའི་རྫོགས་རིམ་ཐུན་མོང་བ་རྣམས་ཨ་ནུ་དང་མཐུན་པར་འབྱུང་བ་དང་། ཐེག་དགུའི་དབང་རིམ་རྗེས་མཐུན་པ་ཙམ་མ་གཏོགས། ཆོས་སྐད་རང་རྐང་ཚུགས་པའི་གཞུང་སྔར་བྱོན་པ་མ་མཐོང་ལ། འདིར་བསྒོམ་བྱའི་ཉམས་ལེན་མ་རྒྱུད་དང་ཨ་ནུའི་ཕྱོགས་སུ་མཐུན་པ། དགྱེས་མཛད་རྡོ་རྗེའི་སྤྲུལ་པའི་སྐུ་ལྷོ་བྲག་མར་པ་ལོ་ཙཱས་རྡོ་རྗེ་འཆང་དང་ཡེ་ཤེས་མཁའ་འགྲོའི་གསང་བ་ཟབ་མོ་འགའ་ཞིག་གཏེར་དུ་སྦས་པར་མཛད་པ་ལས། ལྷོ་བྲག་སྲས་མཁར་དུ་སྦས་པའི་ཤོག་དྲིལ་བཅོ་ལྔའི་གདམས་སྐོར་རྣམས་ཀྱི་ཁ་བྱང་སྤྲུལ་པའི་གཏེར་ཆེན་གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཕྱག་ཏུ་བྱུང་བ་ལྟར་སྤྱན་དྲངས་པ་ཆོས་དྲུག་སྲས་མཁར་མར་གྲགས་པ་ལྷ་དར་མ་རྒྱལ་པོ་ལ་གནང་ནས་རིམ་པར་བརྒྱུད་པ་དང་། ཉང་སྲས་འགྲོ་བའི་མགོན་པོ་ནས་བླ་མ་གཉན་རས་ལ་བརྒྱུད་པར་ཡང་བྱེད་ཅིང་། ཆོས་དབང་ཉིད་ཀྱིས་གཉན་རས་ལ་གཏད་རྒྱ་མཛད་པར་ཡང་བཞེད་པ་ལྟར་ཀཾ་ཚང་སྙན་བརྒྱུད་ཀྱི་བསྡེབས་སུ་བྱོན་པ་གཉིས་ལ་མང་ཉུང་དང་ངོས་འཛིན་ཅུང་ཟད་འདྲ་མིན་དུ་སྣང་བས། མཁའ་འགྲོ་སྙན་བརྒྱུད་ལྟར་ན། ལོ་རྒྱུས་ཤོག་དྲིལ། དབང་བསྐུར་རྡོ་རྗེ་འཆང། གཞུང་འཇིགས་བྱེད་རྡོ་རྗེ། དགྱེས་རྡོར། ཕག་མོ། ལྟ་བ་ནམ་མཁའ། གཏུམ་མོ་འདོད་ཆགས། སྒྱུ་ལུས་ང་རྒྱལ། གྲོང་འཇུག་སྒྱུ་འཕྲུལ། རྨི་ལམ་ཕྲག་དོག །འོད་གསལ་གཏི་མུག །འཕོ་བ་སེར་སྣ། བར་དོ་ཞེ་སྡང་། འོག་སྒོ་ལས་ཀྱི་རྡོ་རྗེ། བཀའ་སྲུང་དུད་སོལ་མ་དང་ཁོལ་པོ་དར་ཐོད་ཅན་གྱི་ཤོག་དྲིལ་བཅས་བཅོ་ལྔ། ཆ་ལག་སྦྱིན་སྲེག་མཐུན་སྡེབ་རྣམས་ལས། བཀའ་སྲུང་གཉིས་མ་གཏོགས་གཞན་རྣམས་ཀྱི་ལུང་རྒྱུན་ཚང་བར་བཞུགས་ཀྱང་། འདིར་རྙིང་ཕྱོགས་དཔེ་རྒྱུན་སྤྱི་འགྲེའི་དབང་དུ་བྱས་ཏེ། ཆོས་དབང་གཏེར་འབྱུང་། གྲོ་ལུང་གཏེར་གྱི་ཁ་བྱང་། དབང་བསྐུར་རྡོ་རྗེ་འཆང་གི་ཤོག་དྲིལ། བརྒྱུད་འདེབས། གཞུང་འཇིགས་བྱེད་རྡོ་རྗེ། དུས་སྦྱོར་མཐུན་སྤྱོད་བརྩི་བ། དགྱེས་རྡོར་ཕྱག་གཉིས་པ་དང་དཔའ་བོ་གཅིག་པའི་སྒྲུབ་ཐབས་སེར་སྣ་རྡོ་རྗེ། ཆོས་དྲུག་དྲིལ་བ་རྡོ་རྗེའི་མགུར་་་་འདི་ཆོས་སྡེ་འདི་གྲས་མིན་ཡང་ལུང་རྒྱུན་བཞུགས། སྟེང་སྒོ་འདོད་ཆགས་རྡོ་རྗེ། སྒྱུ་ལུས་སྒྱུ་འཕྲུལ་རྡོ་རྗེ། རྨི་ལམ་ཕྲག་དོག་རྡོ་རྗེ། འོད་གསལ་གཏི་མུག་རྡོ་རྗེ། འཕོ་བ་ཞེ་སྡང་རྡོ་རྗེ། བར་དོ་ང་རྒྱལ་རྡོ་རྗེ། གྲོང་འཇུག་སྒྱུ་འཕྲུལ་རྡོ་རྗེ། ལྟ་བ་ནམ་མཁའ་རྡོ་རྗེའི་ཤོག་དྲིལ་རྣམས་དང་། བཀའ་སྲུང་དུད་སོལ་མའི་སྒྲུབ་ཐབས་དང་སྐོང་གསོལ། གནོད་སྦྱིན་དར་ཐོད་ཅན་གྱི་སྒྲུབ་ཐབས་བཅས་སོ། །འདི་རྣམས་ལས་རྒྱུན་ཡོད་ངེས་པ་སྙན་བརྒྱུད་སྐབས་སུ་སྨོས་པ་རྣམས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཏེ་ལོ་པ། ནཱ་རོ་པ། མེ་ཏྲི་པ། རྗེ་བཙུན་མ་མི་རུས་རྒྱན་ཅན། དེ་གསུམ་ཀ་ལས་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་ཞུས་ཏེ་གཏེར་དུ་སྦས། དེ་ནས་གཏེར་སྟོན་ཆོས་དབང། གཉན་རས་དགེ་འདུན་འབུམ། ཀུན་མཁྱེན་རང་བྱུང་རྡོ་རྗེ། རྒྱལ་བ་གཡུང་སྟོན་པ། འཛམ་གླིང་རོལ་པའི་རྡོ་རྗེ། རྟོགས་ལྡན་མཁའ་སྤྱོད་དབང་པོ། རྗེ་དེ་བཞིན་གཤེགས་པ། མཁའ་འགྲོ་སྙན་བརྒྱུད་ཀྱི་བརྒྱུད་པ་བཅུ་གསུམ་པ་ཏེ་ལོའི་རྣམ་འཕྲུལ་གྲུབ་ཆེན་རྨ་སེ་བློ་གྲོས་རིན་ཆེན། དེའི་ཞལ་སློབ་གྲུབ་ཆེན་ཡ་བརྒྱད་སོགས་ལས་འདིར༔ རྟོགས་ལྡན་ཆོས་དཔལ་ཡེ་ཤེས། ཇོ་གདན་བློ་གྲོས་གྲགས་པ། བྱ་བཏང་བློ་གྲོས་རྒྱ་མཚོ། རྟོགས་ལྡན་དོན་གྲུབ་བཀྲ་ཤིས། རྗེ་བཙུན་ལེགས་བཤད་སྒྲ་དབྱངས། གར་དབང་བློ་གྲོས་རྣམ་རྒྱལ། སྔགས་འཆང་སངས་རྒྱས་རིན་ཆེན། གྲུབ་མཆོག་ཀུན་དགའ་རྣམ་རྒྱལ། གར་དབང་ཀརྨ་བསྟན་སྐྱོང་། ཆེ་ཚང་བསོད་ནམས་འགྱུར་མེད། གྲུབ་ཆེན་དཀོན་མཆོག་བསྟན་འཛིན། སྒྲུབ་བརྒྱུད་བསྟན་པ་རྣམ་རྒྱལ། ཆེ་ཚང་གསུང་རབ་རྒྱ་མཚོ། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས། གྲུབ་མཆོག་དགེ་ལེགས་རབ་རྒྱས། དྲུང་པ་འགྱུར་མེད་བསྟན་འཕེལ། བསྟན་འཛིན་རིན་པོ་ཆེ་ཀརྨ་སྒྲུབ་བརྒྱུད་བསྟན་འཛིན་དར་རྒྱས། དེས་བདག་ལའོ། །མཚོ་རྒྱལ་རྣམ་འཕྲུལ་དྲིན་ཅན་སློབ་དཔོན་མ་ཀུན་དགའ་འབུམ་པས་སྦྲགས་ཡང་རྫོང་འོད་གསལ་ཕུག་ནས་སྤྱན་དྲངས་པ་མ་རྒྱུད་གསང་བ་ལམ་ཁྱེར་གྱི་དབང་མ་བུ་གུང་བསྡེབས་གཏོར་མའི་བྱིན་རླབས་བཅས་པའི་སྨིན་བྱེད། བླ་མ་བརྒྱུད་པ་ནང་དང་གཏེར་འབྱུང་གསང་བའི་ལོ་རྒྱུས། སྐྱབས་འགྲོ །སེམས་བསྐྱེད། མཎྜལ། ཡིག་བརྒྱ། བཤགས་པ། བླ་མའི་རྣལ་འབྱོར། མི་རྟག་པ་སྒོམ་པ་རྣམས་ཀྱི་ཁྲིད། ལུས་སེམས་དབྱེར་མེད་ཡེ་ཤེས་ལྔ་དང་། དུག་ལྔ་ཡེ་ཤེས། རྣམ་རྟོག་ཆོས་སྐུར་ངོ་སྤྲད་པ། སེམས་སུ་ལྟ་བའི་ཁྲིད། མཁན་པོ་རྩད་གཅོད། གཞི་ཁྲེགས་ཆོད། ལམ་ཐོད་རྒལ། ཆོས་ལོངས་སྤྲུལ་གསུམ་གྱི་ངོ་སྤྲོད། འཕོ་བ་གསུམ་གྱི་ཐབས། བར་དོ་ངོ་སྤྲོད། འོད་གསལ་སྒྲོན་ལྔ། སྒྲོན་མ་དྲུག་ཁྲིད། གསང་ཚིག་ཁྲིད་གདམས། ཚིག་རྐང་སུམ་ཅུ་པ། མཁའ་འགྲོ་གསང་ཁྲིད་ཀྱི་ཞལ་གདམས། འོད་གསལ་གཏི་མུག་རྡོ་རྗེ། འཕོ་བ་ཞེ་སྡང་རྡོ་རྗེ། བར་དོ་ང་རྒྱལ་རྡོ་རྗེ། གཏུམ་མོ་འདོད་ཆགས་རྡོ་རྗེ། རྨི་ལམ་ཕྲག་དོག་རྡོ་རྗེ་བཅས་ཤོག་དྲིལ་ལྔ། ཁྲོས་ནག་ལས་བྱང་དང་དབང་ཆོག་ཁྲིགས་བཀོད་རྣམས་སོ། །འདི་ལ་རིང་བརྒྱུད་ཀྱི་བཀའ་བཞུགས་པ་མ་ཚོར་ཡང་ཡར་ལུང་ཤེལ་བྲག་ཏུ་བདུད་རྩི་སྨན་གྱི་སྒྲུབ་ཆེན་བགྱིས་པའི་སྐབས་སུ་བརྒྱུད་པ་གོང་མའི་ཕྱག་དཔེ་ཡིན་ངེས་པའི་གླེགས་བམ་ཞིག་དངོས་གྲུབ་ཀྱི་ཚུལ་དུ་རང་བཞིན་འབྱོར་པ། ཕྱིས་སུ་གཏེར་ཆེན་མཆོག་གྱུར་གླིང་པས་དུང་མཚོ་རས་པའི་སྔོན་གནས་རྗེས་དྲན་དང་གདམས་པའི་ཉེ་བརྒྱུད་དམིགས་བསལ་དུ་ཐོབ་པར་སྣང་བ་ལས་དབང་ལུང་ལེགས་པར་ཞུས་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་མོ། དབྱིངས་ཕྱུག་མཁའ་འགྲོ་རིགས་ལྔ། རྡོ་རྗེ་རྣལ་འབྱོར་མ། ཡེ་ཤེས་ཌཱ་ཀིའི་གཙོ་མོ་མཚོ་རྒྱལ་མ། མཁའ་འགྲོ་མ་ཀུན་དགའ་འབུམ་པ། འགྲོ་མགོན་དུང་མཚོ་རས་པ། མཆོག་གྱུར་བདེ་ཆེན་གླིང་པ། དེ་ལས་བཀའ་དྲིན་དུ་ཐོབ་པའོ། །སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པ་ལ་ཕྲིན་ལས་གནས་མཆོག་སེང་ཆེན་གནམ་བྲག་ནས་དངོས་གྲུབ་ཏུ་བབས་པ་གསང་བའི་གླེགས་བམ་ལས་ཞལ་བཤུས་པ་ལུང་ཆེན་རྡོ་རྗེ་བཀོད་པའི་སྐོར་ལས། རྣལ་འབྱོར་རྒྱུན་གྱི་དབང་། ལུང་ལུགས་ཚེ་དབང་། བརྒྱུད་འདེབས་གཏེར་གསུང་། སྒྲུབ་ཐབས་རྒྱུན་གྱི་ཉམས་ལེན། ཨ་ནུ་རང་ལུགས་རྒྱུན་གྱི་རྣལ་འབྱོར་བཅས་གཏེར་གཞུང་ཉེར་མཁོ། དབང་ཆོག་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། ཞི་ཁྲོ་རིགས་ལྔ། དམ་པ་ཏོག་དཀར། རིགས་གསུམ་མགོན་པོ། རིགས་ཅན་དྲ་མ་ལྔ། རྒྱལ་པོ་ཛཿ ཨུ་པ་རཱ་ཛ། ཨིནྡྲ་བྷཱུ་ཏི། ཀླུ་ནཱ་ག་པཱུ་ཏྲ། རྒྱལ་པོ་ག་ཡ་དང་སིདྷ་སཱུ་ཏྲ། ཀུ་ཀུ་རཱ་ཛ་ཕྱི་མ། རོ་ལངས་བདེ་བ། རྡོ་རྗེ་བཞད་པ། ཟ་ཧོར་རྒྱལ་པོ་པྲ་ཧསྟི། ཨོ་རྒྱན་པདྨཱ་ཀ་ར། བཻ་རོ་ཙ་ན། སངས་རྒྱས་ཡེ་ཤེས། མཁར་ཆེན་མཚོ་རྒྱལ། ཆོས་རྒྱལ་ཡབ་སྲས། ཨོ་རྒྱན་མཆོག་གྱུར་གླིང་པ། དེ་ཉིད་ལས་ནོས་པའོ། །ཡང་། གཏེར་ཆོས་དེ་དང་ལྷན་ཅིག་བྱོན་པ་རྒྱུན་གྱི་རྣལ་འབྱོར་ཕྱག་རྒྱ་གཅིག་པ་དང་འབྲེལ་བའི་དོན་དབང་། མདོ་ལུང་ཆེན་པོ་ལྔའི་དགོངས་པ་རྒྱུན་གྱི་རྣལ་འབྱོར་ཕྱག་རྒྱ་གཅིག་པའི་སྒྲུབ་ཐབས་རྒྱ་གཞུང་གུ་རུ་རིན་པོ་ཆེས་རང་འགྱུར་མཛད་པ། དབང་གི་ཆོ་ག །བརྒྱུད་པ་དབང་ལུང་གཉིས་ཀ་སྔ་མ་དང་མཚུངས། གཏེར་ཆེན་དེ་ཉིད་ཀྱི་ཟབ་གཏེར་ཐུགས་དམ་ཟབ་པ་སྐོར་བདུན་ལ་རྒྱུད་ལུང་མན་ངག་གསུམ་རེའི་ཚུལ་དུ་བཞུགས་པ་ལྕགས་བྱང་མའི་སྐོར་རྣམས་རྒྱུད། ཟངས་བྱང་མ་ལུང་། མཆོང་བྱང་སྨུག་པོ་མན་ངག་གི་སྐོར་དུ་གཙོ་བོར་བཞུགས་པར་གསུངས་པ་ལས། ལྕགས་བྱང་མའི་སྐོར་ཕལ་མོ་ཆེ་གཏན་ལ་ཕབ་གྲུབ་པ་ལས་སྒྱུ་འཕྲུལ་དང་དོང་སྤྲུགས་ཙམ་མ་གཏོགས་པ་གཞན་རྣམས་སྒྲུབ་པ་སྡེ་བརྒྱད་སྐབས་སུ་སོང་ཟིན། འདིར་ཡེ་རྒྱལ་ནམ་མཁའ་མཛོད་ཟངས་ཤོག་དམར་པོའི་ཆོས་སྡེ་ལས་བྱོན་པ་ལུང་ལུགས་རྟ་མགྲིན་གྱི་གཏོར་དབང་། རྟ་མགྲིན་སྙིང་པོ་དོན་འདུས་ཀྱི་སྒྲུབ་ཕྲིན་གཏེར་གཞུང་། དབང་ཆོག །བརྒྱུད་པ། ཀུན་བཟང་། པདྨ་ཧེ་རུ་ཀ །ལྷ་མོ་ཙནྡྷ་ལཱི། ནཱ་གརྫུ་ན། ཨོ་རྒྱན་ཡབ་ཡུམ། མུ་རུབ་བཙད་པོ། གཏེར་སྟོན། དེ་ལས་སོ། །མི་གཡོ་བ་ལུང་ལུགས་རྡོ་རྗེ་ཟམ་པའི་ཕྱི་ནང་སྒྲུབ་གསང་བཞིའི་དབང་། ཕྱི་ནང་སྒྲུབ་ཐབས་རྫོགས་རིམ་དབང་བསྐུར་བཅས་གཏེར་གཞུང་ལེའུ་གཅིག་ལ་ཚང་བ། སྒྲུབ་ཕྲིན་དང་དབང་ཆོག །བརྒྱུད་པ་ནི། ཀུན་བཟང་། རྡོར་སེམས་ཞི་ཁྲོ། ལག་ན་རྡོ་རྗེ། གུ་རུ་རིན་པོ་ཆེ། མཚོ་རྒྱལ། དམ་འཛིན་ཆོས་ཀྱི་བློ་གྲོས། མཆོག་གྱུར་གླིང་པ། དེས་བདག་ལའོ། །ལུང་ལུགས་ཐུགས་ཀྱི་ཕུར་གཅིག་གི་དབང་། རྩ་བའི་སྒྲུབ་ཐབས། ཕུར་པ་ཐལ་འབྱིན་གྱི་དགོངས་པ། རྫས་ཕུར་གདབ་པའི་ཁ་ཚར། ཕུར་པ་ཕྱི་ནང་གསང་བའི་དོན་བསྟན་པ། དབང་བཞི་རྡོ་རྗེ་སྤྱི་བླུགས་བཅས་གཏེར་གཞུང་ཚང་བ་བཞུགས། བརྒྱུད་པ་ནི། ཀུན་བཟང་། རིགས་ལྔ་ཁྲག་འཐུང་། ལས་ཀྱི་དབང་མོ་ཆེ། པྲ་བྷ་ཧསྟི། རྡོ་རྗེ་ཐོད་ཕྲེང་། བདུད་འདུལ་རྒྱལ་མོ། ལྷ་སྲས་དམ་འཛིན། གཏེར་ཆེན་བླ་མ་རིན་པོ་ཆེ་དངོས་ལས་ནོས་པའོ།། ༈ །།སྤྱི་དོན་གསུམ་པ་མན་ངག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལ། བཀོད་པ་ཆེན་པོ་ལས། ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་བྲལ་ལ་མན་ངག་གོ །ཞེས་རྣམ་པ་གསུམ་དུ་མཆིས་པ་ལས། དང་པོ་ཕྱི་སེམས་སྡེའི་སྐོར་ལ། བོད་དུ་ཐོག་མར་བྱོན་ཅིང་གྲགས་ཆེ་བ་སློབ་དཔོན་ཆེན་པོ་བཻ་རོ་ཙ་ནའི་བཀའ་སྲོལ་རིམ་པ་ལྔར་གྲགས་པ་ལས་བརྒྱུད་དེ། སྒྱུས་ཉང་རྨ་གསུམ། འཁོན་ཟུར་གནུབས་གསུམ། སྐོར་རོང་ཁམས་གསུམ། སྲིའུ་སྐྱལ་སྐྱེ་གསུམ་སོགས་ཀྱི་ལུགས་སྲོལ་མཐའ་ཡས་པ་ཞིག་བྱུང་ནའང་། ཕྱིས་སུ་ཉང་ལུགས་སམ་བཀའ་སྡེ་ཟུར་པའི་སྲོལ་དང་། ཁམས་ལུགས་སམ་ཨ་རོ་ལུགས་སུ་གྲགས་པ་གཉིས་པོ་གྲགས་ཆེ་བ་ལས། སྔ་མ་ལ་སེམས་སྡེ་ཨ་དོན་བཅོ་བརྒྱད་ཀྱི་རིག་པའི་རྩལ་དབང་དང་ཟབ་ཁྲིད་བཅས་བཞུགས་ཤིང་། ཕྱི་མ་ལ་སྨིན་གྲོལ་གྱི་སྐོར་རྒྱ་ཆེར་མཆིས་ཀྱང་དེང་སང་རྒྱུན་དཀོན་པར་མངོན་ལ། དེ་དག་གི་རྒྱབ་རྟེན། ཀུན་བྱེད་རྒྱལ་པོའི་སྐོར། སེམས་སྨད་བཅོ་བརྒྱད་ཀྱི་སྐོར། གུ་རུ་ཡེ་ཤེས་ཁྱུང་གྲགས་ཀྱི་གཏེར་མ་གསེར་གྱི་རུས་སྦལ་སོགས་སེམས་སྡེ་སྤྱིའི་སྐོར་རྣམས་ཏེ་རྒྱུད་སྡེ་རབ་འབྱམས་ཀྱི་ལུང་དང་། བསྐྱེད་པའི་རིམ་པ་སྒྲུབ་སྡེ་བརྒྱད་དང་། རྫོགས་རིམ་སེམས་ཕྱོགས་ཀྱི་མན་ངག་མཐར་ཐུག་གཙོ་བོར་བཏོན་པའི་བཀའ་བརྒྱད་རྫོང་འཕྲང་གི་སྨིན་གྲོལ་རྣམས་ཀྱི་རྒྱུན་མ་ནུབ་པར་བཞུགས་ལ། གཏེར་མའི་ཕྱོགས་སུ་་་་པོད་གཉིས་ཙམ་་་དེ་མཚུངས་རྒྱུད་དང་སྨིན་གྲོལ་རྐང་ཚུགས་བཞུགས་པར་མ་མཐོང་ཡང་། གུ་རུ་རིན་པོ་ཆེའི་ཞལ་ལུང་ཕྱག་ཆེན་གྱི་གདམས་པ་རྣམས་སེམས་ཕྱོགས་དང་འབྲེལ་བར་མངོན། དེ་ལའང་ཞར་ལས་བྱོན་པ་ནི་ཤིན་ཏུ་མང་ཡང་དམིགས་སུ་བསལ་བ་ཉང་གཏེར་བླ་མ་དམར་ཁྲིད་ལས་ཕྱག་ཆེན་སངས་རྒྱས་ལག་འཆང་རིམ་པ་གཉིས། སངས་གླིང་བླ་མ་དགོངས་འདུས་ཀྱི་ཀློང་ཡངས་མཐའ་བྲལ། དོན་ཏིག་དང་ཟབ་ཏིག་གཉིས་ཀྱི་གཉུག་མ་གཅེར་མཐོང་། བསྟན་གཉིས་གླིང་པའི་འཁོར་བ་རྩད་གཅོད། བདུད་འདུལ་རྡོ་རྗེའི་ཕྱག་ཆེན་རིག་གཉིས་སོགས་མང་དུ་བྱོན་པར་སྣང་ཡང་ཕལ་ཆེར་རྒྱུན་མ་བཞུགས་པ་དང་། འགའ་ཞིག་ཆོས་སྡེའི་རྒྱུན་ཕྱོགས་གཅིག་ཏུ་བཞུགས་པས་ཁོལ་འདོན་མ་དགོས་ལ། འདིར་སྤྲུལ་པའི་གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཡང་གཏེར་ཨོ་རྒྱན་དྲི་མེད་ཀུན་དགའི་ཕྱག་རྒྱ་ཆེན་པོའི་ཁྲིད། ཁྲིད་ཡིག་གཏེར་གཞུང་། བརྒྱུད་པ་གོང་གསལ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྟར་ལ། གཏེར་ཆེན་བླ་མ་དངོས་ལས་བཀའ་དྲིན་དུ་ཐོབ་པའོ། །ཆོས་རྒྱལ་རཏྣ་གླིང་པས་མཁར་ཆུའི་གསང་ཕུག་དཔལ་གྱི་རྟ་རྒྱུན་མ་ནས་བཏོན་པའི་ཕྱག་རྒྱ་ཆེན་པོ་མ་རིག་མུན་སེལ་ཉི་མའི་སྙིང་པོའི་ཁྲིད། ཐེམས་བྱང། ཞུས་ལེན་ལུང་བྱང་། ལོ་རྒྱུས། སྔོན་འགྲོ །དངོས་གཞི། གནད་གདམས་སྤྱི་དོན་དྲུག་པ། ལྷན་ཐབས་ཞལ་གདམས་དོན་གསུམ་མ། རྗེས་ཀྱི་གདམས་པ་བཅས་གཏེར་གཞུང་ཆ་ཚང་། བརྒྱུད་འདེབས་གཏེར་གསུང་བཅས། བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་འཆང་ཆེན། སྤྲུལ་སྐུ་ཡེ་ཤེས་མཁའ་འགྲོ །ཨོ་རྒྱན་སངས་རྒྱས་གཉིས་པ། ཇོ་མོ་མཁར་ཆེན་བཟའ། ཤེལ་དཀར་རྡོ་རྗེ་མཚོ། ཤེལ་དཀར་མགོན་སྐྱིད། ལྷ་སྲས་མུ་ནེ་བཙད་པོ། ལང་གྲོ་དཀོན་འབྱུང་། རཏྣ་འགྲོ་འདུལ་གླིང་པ། རྒྱལ་སྲས་ཚེ་དབང་གྲགས་པ། ངག་དབང་གྲགས་པ། ཀུན་དགའ་གྲགས་པ། བཀྲ་ཤིས་རྒྱ་མཚོ། དཀོན་མཆོག་བློ་གྲོས། ཀརྨ་རབ་གསལ། ཀརྨ་ལུང་རིགས་ཉི་མ། དཀོན་མཆོག་བསྟན་འཛིན། ཆེ་ཚང་གསུང་རབ་རྒྱ་མཚོ། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས། ཡང་ན། ཀུན་དགའ་གྲགས་པ་ནས། ཀུན་དགའ་བསྟན་འཛིན། པདྨ་དབང་དྲག །ཀརྨ་ཆགས་མེད། རྫོགས་ཆེན་པ་པདྨ་རིག་འཛིན། ཨ་ལོ་ཀརྨ་ཀུན་མཁྱེན། དེ་ལས་བསྟན་པའི་ཉིན་བྱེད་ཀྱིས་གསན། དེ་ནས་རྒྱལ་དབང་བདུད་འདུལ་རྡོ་རྗེ། གྲུབ་བརྙེས་འབའ་ཡེ་ཕུན་ཚོགས་བླ་མ། ཕྱག་ཆེན་མངའ་བདག་ཀུན་དགའ་ཆོས་བཟང་། ཀརྨ་ཆོས་དབྱིངས་ལྷུན་གྲུབ། འདྲེན་མཆོག་ངག་དབང་རིན་ཆེན། དེ་ལས་ནོས་པའོ། །རྗེ་ཀུན་མཁྱེན་བླ་མ་དང་མཆོག་གྱུར་གླིང་པ་ལྷན་རྒྱས་པས་སྨད་ཤོད་ཛཾ་ནང་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་རྫོགས་ཆེན་སྡེ་གསུམ་ལས། ཕྱི་སྐོར་སེམས་སྡེའི་བླ་མའི་དབང་། མཁས་པ་ཉེར་གཅིག་གི་ཕྲིན་ལས་བྱང་བུ་ཁྲིགས་བསྡེབས་དང་། བསྐྱེད་རྫོགས་གནད་དྲིལ་བཅས་གཏེར་གཞུང་། བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་། ལོངས་སྐུ་རིགས་ལྔ། སྤྲུལ་སྐུ་གསང་བདག །དགའ་རབ་རྡོ་རྗེ། མཁས་པ་ཉེར་གཅིག །ལོ་ཆེན་བཻ་རོ་ཙ་ན། རྒྱལ་མོ་གཡུ་སྒྲ་སྙིང་པོ། ཆོས་རྒྱལ་ཁྲི་སྲོང་ཡབ་སྲས། གཏེར་ཆེན་མཆོག་གྱུར་གླིང་པ། དེས་བདག་ལའོ། ༈ །གཉིས་པ་ཀློང་སྡེ་ལ། རྒྱུད་ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་སོགས་་་་པོད་གཅིག་ཙམ་གྱི་་་་ནི་རྒྱུད་འབུམ་དུ་བཞུགས་ལ། སྨིན་གྲོལ་མན་ངག་བཅས་རང་རྐང་ཚུགས་པ་ནི་སྙན་བརྒྱུད་རྡོ་རྗེ་ཟམ་པ་ཙམ་དུ་མངོན་ལ། ལམ་སྲོལ་ཟབ་མོ་འདི་ལ་བརྟེན་ནས་ལོ་ཆེན་བཻ་རོ་ཙ་ན་ནས་བརྩམས་ཏེ་བརྒྱུད་པ་བདུན་གྱི་བར་དུ་ཡེ་ཤེས་འོད་སྐུར་གཤེགས་པ་ཤ་སྟག་བྱོན་ཅིང་། དེ་ནས་ཀྱང་གྲུབ་མཆོག་བརྙེས་པ་བར་མ་ཆད་དུ་བྱོན་ནས་ད་ལྟའི་དུས་ཀྱང་ཉམས་པ་མེད་པར་བཞུགས་པ་ལ་དབང་གདམས་རྒྱབ་རྟེན་དང་བཅས་པའི་གཞུང་རྒྱ་ཆེར་མཆིས། གཞན་ཡང་ཀློང་སྡེའི་སྐོར་གྱི་གདམས་ངག་གི་གནད་ཕལ་ཆེར་ཁ་རག་སྐོར་གསུམ་དང་། ལྕེ་སྒོམ་པའི་མན་ངག་སོགས་ལས་འབྱུང་བ་སྔར་དར་རྒྱས་ཆེ་བར་བྱུང་སྣང་ཡང་དེང་སང་རྒྱུན་མེད་པར་མངོན། གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ལ་ཡེ་ཤེས་ཀྱི་མཁའ་འགྲོ་རྡོ་རྗེ་ཕག་མོས་དངོས་སུ་གནང་བའི་སྙན་བརྒྱུད་གསང་སྤྱོད་རིན་པོ་ཆེའི་སྐོར་ལས། དབང་བཞི་པའི་ལམ་ཐམས་ཅད་ཀློང་སྡེའི་མན་ངག་ཇི་ལྟ་བར་གསུངས་ཏེ་སྨིན་གྲོལ་གྱི་རྒྱུན་ཡང་ལེགས་པར་བཞུགས་སྣང་། དེ་ཙམ་ལས་གཏེར་མའི་ཕྱོགས་སུ་ཀློང་སྡེའི་གདམས་སྐོར་རྐང་ཚུགས་བྱོན་པར་མ་ཐོས་ལ། གཏེར་གསར་རྫོགས་ཆེན་སྡེ་གསུམ་གྲས་སུ་སྨིན་གྲོལ་ཁ་ཚང་བཞུགས་ཡོད་པར་སྣང་ཡང་རང་ནས་ཐོས་པའི་སྐལ་པ་མ་བྱུང་བས་ཕྱིན་ཆད་འབྱོན་པ་རྣམས་ཀྱིས་འདིར་ས་བཅད་མི་སྟོང་བའི་ཕྱིར་བཞུགས་པར་ཞུའོ། ༈ །གསུམ་པ་གསང་བ་མན་ངག་གི་སྡེ་ལ། སྤྱིར་གྲུབ་ཆེན་དམ་པ་སངས་རྒྱས་ལ་སློབ་དཔོན་རིན་པོ་ཆེས་དངོས་སུ་གནང་བའི་རྫོགས་ཆེན་གྱི་སྐོར་དང་། རྗེ་བཙུན་མི་ལས་ཀྱང་རྫོགས་ཆེན་གྱི་གདམས་སྐོར་གཏེར་ནས་བཞེས་པར་གྲགས་ཤིང་། ཞང་གཡུ་བྲག་པའི་ཐུགས་བཅུད་རྫོགས་པ་ཆེན་པོ་དང་། གྲུབ་ཆེན་ཀརྨ་པཀྴིའི་དགོངས་པའི་གཏེར་མཛོད་ལས་བརྡོལ་པའི་རྫོགས་པ་ཆེན་པོའི་གདམས་པ་སོགས་རྒྱ་ཆེར་བྱུང་སྣང་ནའང་དེང་སང་རྒྱུན་མི་བཞུགས་པས་སྡེ་གསུམ་གང་ཡིན་སོགས་གསལ་བར་མ་འཚལ་རུང། གཙོ་བོར་སེམས་སྡེ་དང་མན་ངག་སྡེའི་ཕྱི་ནང་གི་སྐོར་དུ་གཏོགས་པར་ངེས། གང་ལྟར་ཡང་ཕྱི་ནང་ཐུན་མོང་དང་། གསང་སྐོར་དང་། ཡང་གསང་གི་སྐོར་དང་བཅས་པའི་རྒྱུད་སྡེ་རྒྱ་མཚོ་པོད་གཉིས་ལྷག་ནི་རྒྱུད་འབུམ་རིན་པོ་ཆེར་བཞུགས་ལ། གསང་སྐོར་བཀའ་མ་གཙོ་བོར་བཏོན་པ་སྙན་བརྒྱུད་ཐིག་ལེ་གསང་སྐོར་དུ་གྲགས་པའི་སྨིན་གྲོལ་གྱི་རྒྱུན་ཡང་མཆིས་སོ། །གཏེར་མའི་ཕྱོགས་སུ་བྱོན་པ་རྣམས་ནི་ཡང་གསང་གི་སྐོར་དུ་བཞེད་པར་སྣང་ཞིང་དེ་ལ་གསུམ། ཨ་ཏི། སྤྱི་ཏི། ཡང་ཏི་སྟེ་སྙིང་ཐིག་སྐོར་གསུམ་དུ་གྲགས་པའོ། །དང་པོ་ཨ་ཏི་ཡོ་ག་མན་ངག་སྙིང་ཏིག་གི་སྐོར་ལའང་བཞི་ལས། དང་པོ་སློབ་དཔོན་ཆེན་པོ་བི་མ་ལའི་བཀའ་སྲོལ་ནི། གཙོ་བོ་བི་མའི་རྣམ་འཕྲུལ་ལྡང་མ་ལྷུན་རྒྱལ། ལྕེ་བཙུན་སེང་གེ་དབང་ཕྱུག །མནར་མདའི་ལྕེ་སྒོམ་ནག་པོ། ཞང་སྟོན་བཀྲ་ཤིས་རྡོ་རྗེ་རྣམས་ཀྱི་ཟབ་གཏེར་ལས་བྱོན་པ་བི་མ་ལའི་སྙིང་ཏིག་ཆེན་མོ། ཀུན་མཁྱེན་ཀློང་ཆེན་པའི་དགོངས་གཏེར་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུ། སློབ་དཔོན་རྣམ་གཉིས་ཀྱི་དགོངས་བཅུད་གཅིག་ཏུ་འདྲིལ་བ་ལས་ཀྱང་ཕྱི་མའི་བཀའ་སྲོལ་གཙོར་བཏོན་པ་ཟབ་མོ་ཡང་ཏིག་བཅས་སྙིང་ཏིག་ཆེན་མོ་མ་བུ་རྣམ་པ་གསུམ། གྲུབ་ཆེན་མེ་ལོང་རྡོ་རྗེའི་ཟབ་གཏེར་བི་མའི་གོང་ཁུག་མ། ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་དག་སྣང་འོད་གསལ་རྡོ་རྗེ་སྙིང་པོ་སྤྲིན་གྱི་ཐོལ་གླུ་སོགས་ཅི་རིགས་པར་སྣང་ཞིང་དེ་དག་ལས་བི་མའི་གོང་ཁུག་ཨཱཿཧཱུྃ་མ་མ་གཏོགས་པ་གཞན་རྣམས་ཀྱི་སྨིན་གྲོལ་གྱི་རྒྱུན་ལེགས་པར་བཞུགས་ནའང་རྒྱ་ཆེ་བའི་ཕྱིར་བསྡུར་མ་འཚལ། འདིར་ལྡང་མའི་གཏེར་བྱོན་རྫོགས་པ་རང་བྱུང་གི་ཆུ་བོའི་རྒྱུད་ལས་བྱུང་བ་རྫོགས་ཆེན་རྒྱུད་བཅུ་བདུན་གྱི་དབང་བསྐུར་ཐུན་མོང་མ་ཡིན་པ་བཀའ་རྒྱ་ཅན་ལ། རྣམ་འཇོམས་ཁྲུས་དབང་། དངོས་གཞི་ཞི་བའི་དབང་། ཁྲོ་བོའི་དབང་། ཚེ་དབང་རིན་ཆེན་འཁོར་ལོ། རིག་པ་རང་བྱུང་གི་དབང་། བཀའ་རྟགས་ཕྱག་རྒྱའི་དབང་། གསང་བའི་དབང་། རྫོགས་ཆེན་རང་སྣང་གི་དབང་བཅས་རྣམ་གྲངས་བཀྲ་ཤིས་རྟགས་ཀྱི་གྲངས་ལྡན། བཀའ་སྲུང་ཁྲོས་མའི་གཏོར་དབང་། དབང་གི་ཆོ་ག་བཅས། བརྒྱུད་པ་ནི། ཀུན་ཏུ་བཟང་པོ། ཞི་ཁྲོ་རབ་འབྱམས། རྡོ་རྗེ་འཆང་ཆེན། རྡོ་རྗེ་སེམས་དཔའ། ཕྱག་ན་རྡོ་རྗེ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིཾ་ཧ། ཛྙཱ་ན་སཱུ་ཏྲ། བི་མ་ལ་མི་ཏྲ། ཉང་བན་ཏིང་འཛིན་བཟང་པོས་དབུ་རུ་ཞྭའི་ལྷ་ཁང་དུ་སྦས་པ་ལྡང་མ་ལྷུན་རྒྱལ་གྱིས་བཏོན། དེ་ནས་ལྕེ་བཙུན་སེང་གེ་དབང་ཕྱུག །ཞང་སྟོན་བཀྲ་ཤིས་རྡོ་རྗེ། དེ་སྲས་མཁས་པ་ཉི་འབུམ། གུ་རུ་ཇོ་འབེར། སེང་གེ་རྒྱབ་པ། མེ་ལོང་རྡོ་རྗེ། རིག་འཛིན་ཀུ་མ་རཱ་ཛ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། ལྡན་སྒོམ་ཆོས་གྲགས། བསོད་ནམས་དཔལ་ལྡན། གྲུབ་ཆེན་ཆོས་རྡོར། མ་ཎི་བྷ་དྲ། སངས་རྒྱས་སེང་གེ །ནམ་མཁའ་རྒྱལ་མཚན། ནམ་མཁའ་ཚེ་དབང་། ཀརྨ་གུ་རུ། ཀུན་བཟང་དཔལ་འབྱོར། མདོ་སྔགས་བསྟན་འཛིན། ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ། རིན་ཆེན་རྣམ་རྒྱལ། སྔགས་རམ་ངག་དབང་དཔལ་མགོན། པདྨ་ཆོས་འབྱོར་རྒྱ་མཚོ། ཨ་ཏི་བསྟན་པའི་རྒྱལ་མཚན། སྒྲུབ་བརྩོན་པདྨ་བློ་ལྡན། འགྱུར་མེད་ཡོན་ཏན་བཟང་པོ། རིག་འཛིན་བླ་མ་དམ་པ་པདྨ་གསང་སྔགས་བསྟན་འཛིན། དེས་བདག་ལའོ། །ཡང་ན། པདྨ་ཆོས་འབྱོར་ནས། མཆོག་གཟིགས་མི་བསྐྱོད་རྡོ་རྗེ། འགྱུར་མེད་ཡོན་ཏན། གསང་སྔགས་མགོན་པོ། །དེ་ལས་སོ། །རྒྱལ་དབང་ཀརྨ་པ་གསུམ་པ་ཀུན་མཁྱེན་རང་བྱུང་རྡོ་རྗེས་རིང་བརྒྱུད་བི་མའི་སྙིང་ཐིག་ཆེན་མོ་རིག་འཛིན་ཀུ་མ་རཱ་ཛ་ལས་གསན་ཅིང་། ཉེ་བརྒྱུད་ནི། ཇི་སྐད་དུ། ཀརྨའི་ཡང་དགོན་དབེན་པར་འདུག་པའི་ཚེ། །ནམ་ལངས་དུས་མཐར་ཤར་གྱི་ཕྱོགས་རོལ་ནས། །བལྟ་བས་མི་ངོམས་འོད་ཀྱིས་མཛེས་པ་ཞིག །བདག་གི་སྨིན་མཚམས་མཛོད་སྤུར་ཐིམ་སྙམ་བྱེད། །དེ་ནས་འབད་མེད་གནད་འདི་ཐམས་ཅད་གོ །ཞེས་གསུངས་པ་ལྟར་པཎ་ཆེན་བི་མ་ལ་མི་ཏྲས་མངོན་སུམ་བྱིན་གྱིས་བརླབས་པས་དགོངས་གཏེར་དུ་བསྩལ་པ་ཀརྨ་སྙིང་ཏིག་ཏུ་གྲགས་པའི་སྨིན་བྱེད་ནི་སྙིང་ཐིག་ཆེན་མོ་ལས་ལོགས་སུ་མེད། རྩ་བའི་གཞུང་ཉམས་ལེན་ལག་ཁྲིད་མའི་ཁྲིད་ངོ་མཚར་ཅན་ཞེས་པ་ལ་ནང་གསེས་དུམ་བུ་བཅུ། རྩ་ཚིག་ཤློ་ཀ་བཞི་དང་བཅས་པ། བརྒྱུད་པ་ནི། ཀུན་བཟང་། རྡོ་རྗེ་འཆང་། རྡོར་སེམས། དགའ་རབ། འཇམ་བཤེས། ཤྲཱི་སིཾ། ཛྙཱ་ན། བི་མ་ལ་ནས་རིང་བརྒྱུད་ཀུ་མ་རཱ་ཛའི་བར་སྙིང་ཏིག་ཆེན་མོ་ལྟར་ལ། ཉེ་བརྒྱུད། བྱེ་མ་ལ་མུ་ཏྲ། ཐམས་ཅད་མཁྱེན་པ་རང་བྱུང་ཞབས། དེ་ནས་ཚིག་བརྒྱུད་བཀའ་འབུམ་ལུང་བརྒྱུད་ལྟར་འདེད་ཆོག་ཀྱང་འདི་ལ་དོན་བརྒྱུད་གཙོ་ཆེ་བས། གཡུང་སྟོན་པ། རོལ་པའི་རྡོ་རྗེ། མཁའ་སྤྱོད་དབང་པོ། དེ་བཞིན་གཤེགས་པ། རཏྣ་བྷ་དྲ། མཐོང་བ་དོན་ལྡན། འཇམ་དཔལ་བཟང་པོ། དཔལ་འབྱོར་དོན་གྲུབ། ཆོས་གྲགས་རྒྱ་མཚོ། སངས་རྒྱས་མཉན་པ། མི་བསྐྱོད་རྡོ་རྗེ། དཀོན་མཆོག་ཡན་ལག །དབང་ཕྱུག་རྡོ་རྗེ། ཆོས་ཀྱི་དབང་ཕྱུག །ཆོས་དབྱིངས་རྡོ་རྗེ། ཡེ་ཤེས་སྙིང་པོ། ཡེ་ཤེས་རྡོ་རྗེ། ཆོས་ཀྱི་དོན་གྲུབ། བྱང་ཆུབ་རྡོ་རྗེ། ཆོས་ཀྱི་འབྱུང་གནས། བདུད་འདུལ་རྡོ་རྗེ། པདྨ་ཉིན་བྱེད་དབང་པོ། རྒྱལ་དབང་བཅུ་བཞི་པ་ཐེག་པ་མཆོག་གི་རྡོ་རྗེ་ལས་བཀའ་དྲིན་དུ་ཐོབ་པའོ། །གཏེར་ཆེན་ཞིག་གླིང་འོད་གསལ་སྒྱུ་མ་གཏེར་བཞད་རྩལ་གྱིས་དབུ་རུ་ཞྭའི་ལྷ་ཁང་ནས་སྤྱན་དྲངས་པ་རྫོགས་ཆེན་གསང་བ་སྙིང་ཐིག་ཡང་ཟབ་བསྡུས་པའི་སྙིང་པོའི་དབང་། ཆོས་ཚན་གྱི་རྣམ་གྲངས། ལོ་རྒྱུས། དབང་བཞིའི་ཡི་གེ །སྐུ་གསུམ་སངས་རྒྱས་ཞི་ཁྲོའི་སྒྲུབ་ཐབས། མདུན་བསྐྱེད་བསྒྲུབ་པའི་ལས་རིམ། རྡོར་སེམས་སྒྲུབ་ཐབས། བི་མ་ལའི་སྒྲུབ་ཐབས། སངས་རྒྱས་ཀྱི་འདས་རྗེས་གསུམ། དགའ་རབ། འཇམ་བཤེས། ཤྲཱི་སིཾ། ཡེ་ཤེས་མདོ། བི་མ་ལ་རྣམས་ཀྱི་ཞལ་ཆེམས། བསམ་གཏན་མིག་སྒྲོན་ཉམས་ལེན་བསྡུས་དོན། ཡེ་ཤེས་མདོ། ཨོ་རྒྱན། བི་མ་ལ་གསུམ་གྱི་ཞལ་གདམས། རྟགས་ཀྱི་ཡི་གེ །ཚད་ཀྱི་ཡི་གེ །སྤྲོས་གཅོད་སྒྲོན་མ། གནད་ཀྱི་མན་ངག་ཚིག་དྲུག་པ། སེམས་སྦྱོང་ཡི་གེ །རིགས་ཆད་རྗེས་འཛིན། དྲན་པ་ཀུན་གྱི་གལ་མདོ། སྦས་པའི་མིག་འབྱེད། སྤྱོད་པ། སྒོམ་པ། ལྟ་བ། འབྲས་བུ་བསྡུས་པ་རྣམས་ཀྱི་སྒྲོན་མེ། ཉམས་ལེན་གལ་མདོ་དང་སྤྱོད་ཐིག །ལུས་བཅོས་གནད་གདམས། རྒན་མོ་མཛུབ་ཚུགས། རིག་པ་སྤར་ཟིན། འཆི་བ་བརྟག་པ། སྒྲོལ་དཀར་སྒྲུབ་ཐབས། བྱད་ཟློག་སེང་གདོང་མ་དང་གཤིན་རྗེའི་སྒྲུབ་ཐབས། བསྟན་སྲུང་བསམ་ལེ། རྡོར་ལེགས་སྒྲུབ་ཐབས། གསོལ་ཁ་བཅས་གཏེར་གཞུང་ཚང་བ། བརྒྱུད་འདེབས་དང་། དཀྱིལ་འཁོར་སྒྲུབ་པའི་ཆོག་ཁྲིགས། དཀྱིལ་འཁོར་རྣམ་དག་བཅས་གཏེར་སྟོན་གསུང་རྣམས་སོ། །བརྒྱུད་པ་ནི། ཀུན་བཟང་། ཞི་ཁྲོ །རྡོ་རྗེ་འཆང། རྡོར་སེམས། དགའ་རབ། ཤྲཱི་སིཾ་ཧ། ཡེ་ཤེས་མདོ། བི་མ་ལ། ཆོས་རྒྱལ། མུ་རུབ་བཙད་པོ། ཉང་བན། ཞིག་གླིང་། པདྨ་རྒྱལ་མཚན། པདྨ་མ་ཏི། པདྨ་རྡོ་རྗེ། ཀུན་བཟང་ཁྱབ་བརྡལ་ལྷུན་གྲུབ། སྟག་རས་པདྨ་ནོར་བུ། དཔའ་བོ་མཐུ་སྟོབས་རྡོ་རྗེ་སོགས་ཆོས་སྡེ་སྔ་མ་རྣམས་དང་འདྲ་བ་ལས། དབང་བསྐུར་པདྨ་གསང་སྔགས་བསྟན་འཛིན་དང་། ལུང་རྒྱལ་སྲས་ཨོ་རྒྱན་མི་འགྱུར་ལས་ནོས་པའི་བརྒྱུད་པའོ། །པཎ་ཆེན་བི་མ་ལ་མི་ཏྲའི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་ཁྱབ་བདག་གཏེར་ཆེན་བླ་མ་འོད་གསལ་སྤྲུལ་པའི་རྡོ་རྗེས་གསང་བའི་གནས་རྗེས་སུ་དྲན་པའི་ཆོ་འཕྲུལ་གྱིས་གཏན་ལ་ཕབ་པ་ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་གི་དབང་བཞི་ཁྱད་པར་བྱིན་རླབས་གུད་སྦས་བཅས། ཟབ་ཁྲིད། གཏེར་གཞུང་རྫོགས་པ་ཆེན་པོ་མན་ངག་སྡེའི་བཅུད་ཕུར་མན་ངག་ཐམས་ཅད་ཀྱི་རྒྱལ་པོ་ཀློང་ལྔའི་ཡི་གེ་དུམ་བུ་གསུམ་པ། བརྒྱུད་འདེབས། དབང་ཆོག །ཁྲིག་ཡིག །བརྒྱུད་པ་ནི། ཀུན་བཟང་རྡོར་སེམས། དགའ་རབ། ཤྲཱི་སེང་། བི་མ་ལ་མི་ཏྲ། འོད་ལུས་གྲུབ་པ་སེང་གེ་དབང་ཕྱུག །མཁའ་འགྲོའི་གཙོ་མོ་དཔལ་གྱི་བློ་གྲོས། རིག་འཛིན་གྲུབ་པའི་རྒྱལ་པོ་འོད་གསལ་སྤྲུལ་པའི་རྡོ་རྗེ། དེ་ལས་ཐོག་མའི་སྨིན་གྲོལ་གྱི་ཆོས་སྒོ་འབྱེད་པའི་སྐལ་བཟང་དུ་ཐོབ་བོ། ༈ །གཉིས་པ་སློབ་དཔོན་ཆེན་པོ་པདྨའི་བཀའ་སྲོལ་ནི། སྤྱིར་ཟབ་གཏེར་ནས་བྱོན་པའི་དབང་བཞི་པའི་ལམ་ཕལ་མོ་ཆེ་ཁྲེགས་ཆོད་དང་འབྲེལ་བར་གསུངས་ཤིང་དེ་ལ་བརྟེན་པའི་གདམས་ཁྲིད་རྒྱས་བསྡུས་མཐའ་ཡས་པ་བསྟན་ལ། བྱེ་བྲག་ཏུ་སར་བན་ཕྱོགས་མེད་ཀྱི་འཇམ་དཔལ་རྫོགས་ཆེན། པདྨ་ལས་འབྲེལ་རྩལ་གྱི་མཁའ་འགྲོ་སྙིང་ཏིག །ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་དགོངས་གཏེར་མཁའ་འགྲོ་ཡང་ཏིག །ཤེས་རབ་མེ་འབར་གྱི་འཁོར་འདས་རང་གྲོལ། བྱང་གཏེར་ཀ་དག་རང་བྱུང་རང་ཤར། སངས་རྒྱས་གླིང་པའི་བླ་མ་དགོངས་འདུས་རྫོགས་ཆེན་གསེར་ཞུན། ཟུར་བཀའ་སྙིང་པོ་བསྡུས་པ། རྡོ་རྗེ་གླིང་པའི་ཕ་རྒྱུད་ལྟ་བ་ཀློང་ཡངས། མ་རྒྱུད་མཁའ་འགྲོ་གསང་ཐིག །རྡོར་སེམས་སྙིང་ཐིག་སོགས་སྐོར་བཅུ། རིན་ཆེན་གླིང་པའི་ཆིག་ཆོད་ཀུན་གྲོལ། དྲི་མེད་ལྷུན་པོའི་དོན་ཏིག་གི་རྫོགས་ཆེན། རཏྣ་གླིང་པའི་ཀློང་གསལ་སྙིང་ཏིག །པད་གླིང་གི་ཕ་རྒྱུད་ཀུན་བཟང་དགོངས་འདུས། མ་རྒྱུད་ཀློང་གསལ་སྙིང་བཅུད། གཉིས་མེད་རྒྱུད་ཆུང་གི་སྐོར། ཀར་གླིང་ཞི་ཁྲོའི་ངོ་སྤྲོད། བསྟན་གཉིས་གླིང་པའི་ཕུང་པོ་ཟག་མེད། གྲོ་ཤུལ་ལས་འཕྲོ་གླིང་པའི་ཀུན་བཟང་ཐུགས་ཏིག་དང་གསང་བ་གཏེར་མཛོད། གར་དབང་ལས་འཕྲོ་གླིང་པའི་ཟབ་དོན་སྙིང་ཏིག །མངའ་རིས་པཎ་ཆེན་ཀུན་བཟང་སྙིང་ཏིག་དང་པདྨ་སྙིང་ཏིག །བདུད་འདུལ་སྤྲུལ་སྐུ་སྙིང་ཏིག །གནམ་ཆོས་སངས་རྒྱས་ལག་བཅང་། ཀློང་གསལ་རྡོ་རྗེ་སྙིང་པོ། གར་དབང་ཟླ་བ་རྒྱལ་མཚན་གྱི་རྡོར་སེམས་ཐུགས་ཀྱི་མེ་ལོང་དང་ཟབ་ཏིག་རྫོགས་ཆེན། ཨོ་རྒྱན་བསམ་གཏན་གླིང་པའི་ཡི་དམ་དགོངས་འདུས་ཀྱི་རྫོགས་ཆེན་འཁོར་འདས་རང་གྲོལ་དང་སྙིང་པོ་དོན་སྦྱོར། རོལ་པའི་རྡོ་རྗེའི་གསང་བ་ཡེ་ཤེས། པདྨ་བདེ་ཆེན་གླིང་པའི་མཁའ་འགྲོ་སྙིང་ཏིག །འཇིགས་མེད་གླིང་པའི་ཀློང་ཆེན་སྙིང་ཏིག་སོགས་ཟབ་གཏེར་ཕལ་མོ་ཆེའི་རྫོགས་ཆེན་གྱི་སྐོར་རྣམས་དང་། འབྲུག་པ་རྒྱལ་དབང་རྗེ་ལ་སློབ་དཔོན་རིན་པོ་ཆེས་དངོས་སུ་གནང་བའི་རྫོགས་ཆེན་པདྨ་སྙིང་ཏིག་ཏུ་གྲགས་པ་སོགས་ཇི་སྙེད་ཅིག་བྱོན་ཀྱང་། དེ་དག་ལས་འགའ་ཞིག་ནི་དེང་སང་རྒྱུན་མ་བཞུགས། ཕལ་ཆེར་གྱི་སྨིན་གྲོལ་རྒྱུན་ཅི་རིགས་པ་མཆིས་པ་ལས། འདིར་སྙིང་ཏིག་ལ་བཞིར་གྲགས་པའི་ནང་ཚན། སྤྲུལ་སྐུ་དཔའ་བོ་སྒང་པ་རིན་ཆེན་ཚུལ་རྡོར་རམ་པདྨ་ལས་འབྲེལ་རྩལ་གྱིས་ལྡང་ལྷ་ཕྲ་མོ་བྲག་ནས་སྤྱན་དྲངས་པ་ཤར་གཏེར་སྨིན་པ་འབྲས་བུ་ལྟ་བུའི་གཙོ་བོ་ཟབ་གསང་མཁའ་འགྲོ་སྙིང་ཏིག་རྩ་བ་ལ། ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་ཀུན་བཟང་དགོངས་པའི་གཏེར་ཆེན་གྱིས་རྒྱས་པར་བཀྲལ་པ་མཁའ་འགྲོ་ཡང་ཏིག་དང་ཟུང་དུ་འཇུག་པ་སྣོད་དག་བྱེད་སྐོང་གི་སྤྱི་ཁྲུས་སྔོན་དུ་འགྲོ་བས། བཅུད་ཁྱད་པར་ཅན་དུ་སྒྲུབ་པ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དབང་རིམ་བརྒྱད། སྔོན་འགྲོ་དངོས་གཞི་རྗེས་ཚང་གི་ཟབ་ཁྲིད། ཡང་ཏིག་ཆོས་སྡེ་རིན་པོ་ཆེ་དབང་གི་འཁོར་ལོ། མཁའ་འགྲོ་སྙིང་ཐིག་གི་ཁྲིད་ཡིག་ཟབ་ལམ་གསལ་བྱེད་དང་བརྒྱུད་འདེབས་གཏེར་ཆེན་འགྱུར་མེད་རྡོ་རྗེས་མཛད་པ་རྣམས། སྙིང་ཏིག་རྩ་བའི་དབང་བརྒྱུད་གོངདུ་རྒྱུད་དྲུག་སྐབས་སུ་སྨོས་པ་ལྟར་ལ། ཡང་ཏིག་གི་དབང་རྒྱུད་ཁྱད་པར་བ་ནི། ཀུན་བཟང་། རིགས་ལྔ། རྡོ་རྗེ་འཆང་། རྡོར་སེམས། དགའ་རབ། ཤྲཱི་སིངྷ། ཨོ་རྒྱན་ཆེན་པོ། མཚོ་རྒྱལ། ཀུན་མཁྱེན་ཆོས་རྗེ། ཡེ་ཤེས་རབ་འབྱམས་སོགས་སམ། ཀུན་མཁྱེན་ནས། བདེ་ལེགས་རྒྱ་མཚོ། ཡོན་ཏན་དཔལ་བ། སངས་རྒྱས་རིན་ཆེན། སངས་རྒྱས་རྒྱལ་མཚན། རྫ་ཡིག་ཚུལ་རྒྱལ། རྩེ་ལེ་བསོད་ནམས་རྣམ་རྒྱལ། ཨོ་རྒྱན་བསྟན་འཛིན། ཀརྨ་གུ་རུ། ཀུན་བཟང་དཔལ་འབྱོར། མདོ་སྔགས་བསྟན་འཛིན། ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ། རིན་ཆེན་རྣམ་རྒྱལ། པདྨ་བསྟན་འཛིན། ཕྲིན་ལས་རྣམ་རྒྱལ། པདྨ་བསྟན་སྐྱོང་འགྱུར་མེད། གཙུག་ལག་ཆོས་རྒྱལ། ཨོ་རྒྱན་ཆོས་འཕེལ། ཀརྨ་འཕེལ་རྒྱས། ཀརྨ་གཞན་ཕན་བསྟན་པ་དར་རྒྱས། དེས་བདག་ལའོ། །ལུང་བརྒྱུད་དེ་ལྟར་ལ། ཁྲིད་བརྒྱུད་ནི། གཏེར་ཆེན་འགྱུར་མེད་རྡོ་རྗེ་ནས། རྗེ་བཙུན་མ་མི་འགྱུར་དཔལ་སྒྲོན། ཨོ་ཌཱི་ཡ་ན། ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། ཀློང་ཆེན་གསུམ་པ་རྡོ་རྗེ་གཟི་བརྗིད་རྩལ། དེས་བཀའ་དྲིན་དུ་བསྩལ་པའོ། །བྱང་གཏེར་དུང་མཛོད་དཀར་པོའི་ཆོས་སྡེ་ལས་བྱོན་པ་ཀ་དག་རང་བྱུང་རང་ཤར་གྱི་དབང་། ཟང་ཐལ་ལས་བྱུང་བའི་ཞི་ཁྲོའི་ཕྲིན་ལས་ཁྱེར་བདེ། སྙིང་པོ་བཅུད་བསྡུས་རིག་པའི་དབང་ཆོག །བརྒྱུད་པ་ནི། ཀུན་བཟང་། རྡོར་སེམས། དགའ་རབ། ཤྲཱི་སིང་། ཨོ་རྒྱན། མཚོ་རྒྱལ། རྒོད་ལྡེམ་ཅན། ནམ་མཁའ་གྲགས་པ། བདེ་ལེགས་རྒྱལ་མཚན། སེ་སྟོན་མགོན་པོ་བཟང་པོ། རིན་ཆེན་རྒྱལ་མཚན། སྤྱན་ཚབ་མགོན་པོ་ཟླ་བ། བྱམས་པ་ཆོས་ཀྱི་རྒྱལ་མཚན། བློ་གྲོས་རྒྱལ་མཚན། བྱམས་པ་བཟང་པོ། ཤཱཀྱ་རྒྱལ་མཚན། རོང་པོ་རྫོགས་ཆེན་པ་ནམ་མཁའ་འབྲུག་སྒྲ། ཁྲག་འཐུང་ནམ་མཁའ་འཇིགས་མེད། ཆོས་དབྱིངས་རང་གྲོལ། པདྨ་ཕྲིན་ལས། ཀུན་བཟང་རྒྱ་མཚོ། འགྲོ་འདུལ་རྡོ་རྗེ། དྷརྨའི་མཚན་ཅན། པདྨ་བཤེས་གཉེན། ཐུབ་བསྟན་བསྟན་འཛིན། རང་གྲོལ་རྡོ་རྗེ། ཀརྨ་དར་རྒྱས། ཚེ་དབང་མཆོག་གྲུབ། རབ་འབྱམས་བསོད་ནམས་མཆོག་ལྡན། མཆོག་སྤྲུལ་དྷརྨ་ཀཱིརྟི། མཁན་ཆེན་བླ་མ་ཐུབ་བསྟན་རྒྱལ་མཚན། དེས་བདག་ལའོ། །གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རྡོ་རྗེ་གླིང་པའི་ཟབ་གཏེར་ཕ་རྒྱུད་ལྟ་བ་ཀློང་ཡངས་ལས་བྱུང་བའི་གཏོར་དབང་། ཕྲིན་ལས་སྙིང་པོར་བསྡུས་པ་དང་། གཏོར་དབང་གི་ཡི་གེ །བརྒྱུད་པ་ཚེ་སྒྲུབ་འོད་ཟེར་དྲྭ་བ་དང་འདྲའོ། །གཏེར་ཆེན་དེ་ཉིད་ཀྱིས་སྦྲགས་ཡང་རྫོང་ནས་སྤྱན་དྲངས་པ་རྫོགས་ཆེན་ཧཱུྃ་སྐོར་སྙིང་ཐིག་གི་བླ་མའི་བུམ་དབང་། ཡི་དམ་གསང་དབང་། མཁའ་འགྲོའི་ཤེར་དབང་། ཚིག་དབང་། གདམས་གཏད་དབང་རྣམས་དང་། རྩ་ཁྲིད་དབང་པོ་རབ་འབྲིང་ཐ་གསུམ་དང་སྦྱར་བ་རྒྱབ་སྐྱོར་བཅས། བླ་མ་ཡི་དམ་མཁའ་འགྲོའི་སྒྲུབ་ཐབས་ཕྲིན་ལས་ཁྲིགས་བསྡེབས། སྨིན་བྱེད་དབང་ལྔ་དཀྱུས་གཅིག་ཏུ་བསྐུར་བའི་ལག་ལེན། རང་རྒྱུད་ཉམས་ལེན་ཁྲིད་ཀྱི་སྔོན་འགྲོ་དང་དངོས་གཞིའི་ལེའུ། བར་དོའི་མ་ཡིག །གཅོད་ཡུལ། འཕོ་བ། གཏུམ་མོ། འོད་གསལ་རྣམས་གཏེར་གཞུང་། ཁྲིད་འཆད་ཐབས་རྣམས། བརྒྱུད་པ་ནི། ཀུན་བཟང་། རྡོ་རྗེ་འཆང་། ཨོ་རྒྱན་ཆེན་པོ། མཚོ་རྒྱལ། བཻ་རོ་ཙ་ན། རྒྱལ་སྲས་རྡོ་རྗེ་གླིང་པ། པདྨ་འོད་གསལ་མདོ་སྔགས་གླིང་པ། དེས་དབང་ཁྲིད་ལུང་གསུམ་ཚངས་སྤྲུགས་སུ་བཀའ་དྲིན་བསྩལ་པའོ། །རྒྱ་གར་མཁས་པ་ཤེས་རབ་འབྱུང་གནས་ཀྱི་རྣམ་འཕྲུལ་ཆོས་རྒྱལ་རིན་ཆེན་གླིང་པས་རྒྱ་གར་ཕ་ཝཾ་རུ་སྦལ་ནག་པོ་ནས་སྤྱན་དྲངས་པ་རྫོགས་པ་ཆེན་པོ་ཨ་ཏི་གཅིག་ཆོད་ཀུན་གྲོལ་གྱི་གསང་བ་བརྡའི་དབང་བཞི་ཁྲིད་བཅས། ཐེམས་བྱང་། ཁོག་དབུབ། སྟོང་ཐུན། ལུང་བསྟན་གཏད་རྒྱའི་མན་ངག །སྔོན་འགྲོ་རིན་ཆེན་སྒྲོན་མེ། གསང་བ་བརྡའ་བཞིའི་དབང་ཆོག །དོན་ཁྲིད་གནད་ཀྱི་མན་ངག །བརྡའ་དོན་སྙིང་ཐིག་གསང་བའི་ངོ་སྤྲོད། ཚིག་ཁྲིད་གནད་ཀྱི་སྒྲོན་མེ། རྩ་སྦྱོང་རྗེས་ཀྱི་མན་ངག །རྟགས་ཚད་ལམ་གྱི་ཡི་གེ །བཏགས་གྲོལ་ཡིད་བཞིན་ནོར་བུ། དུག་ལྔ་རང་གྲོལ་ལམ་ཁྱེར་སོགས་གཏེར་གཞུང་ཚང་བ། དབང་ཆོག །ཁྲིད་ཡིག །བརྒྱུད་པ་ནི། ཀུན་བཟང་། རྡོ་རྗེ་འཆང་། རྡོར་སེམས། དགའ་རབ་རྡོ་རྗེ། ཤྲཱི་སིཾ་ཧ། ཨོ་རྒྱན་པདྨ། མཚོ་རྒྱལ། གཏེར་སྟོན་རིན་ཆེན་གླིང་པ། དེས་འདིའི་ལུང་བྱང་དུ་ཆོས་འདིའི་བཀའ་བརྒྱུད་ཉམས་པའི་ཚེ་ཆོས་རྒྱལ་སྐྱེ་བས་སླར་སྤེལ་བར་གསུངས་པ་བཞིན་རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་དག་པའི་སྣང་བར་ཉེ་བརྒྱུད་དུ་བསྩལ་ཅིང་། རྗེ་རིན་པོ་ཆེས་བདག་ལའང་ལུང་ཟིན་གྱི་གྲས་སུ་དབུགས་ཕྱུང་སྟེ་སྨིན་གྲོལ་རྒྱབ་རྟེན་བཅས་ཚངས་སྤྲུགས་སུ་བསྩལ་པའོ། །ཆོས་རྒྱལ་རཏྣ་གླིང་པས་གུང་ཐང་མཁར་གྱི་བྲག་དམར་རི་མོ་ཅན་ནས་སྤྱན་དྲངས་པ་རྫོགས་ཆེན་ཀློང་གསལ་སྙིང་ཐིག་ལས། ཆོས་སྒོ་འབྱེད་བྱེད་རྩ་གསུམ་གཏོར་དབང་། བསྐྱེད་རིམ་དང་འབྲེལ་བའི་དབང་རྣམ་གསུམ་ལ་བླ་མའི་གཏོར་དབང་། རྟ་ཕག་གསང་བའི་དབང་། ཚེ་དཔག་མེད་ཀྱི་དབང་། རྫོགས་རིམ་གྱི་དབང་སྣ་བདུན་པོ་ཚང་བ། སྔོན་དངོས་རྗེས་ཚང་གི་ཁྲིད། རྟ་མགྲིན་ལས་བྱང་གཏེར་གཞུང་། གཏོར་དབང་། བསྐྱེད་རིམ་དབང་ཆོག །རྫོགས་རིམ་དབང་ཆོག །ཆོས་སྤྱོད། གསོལ་འདེབས། ཁྲིད་ཡིག་སྟེ་ཡིད་བཞིན་ནོར་བུ་རྣམ་གསུམ་གཏེར་སྟོན་གྱིས་མཛད་པ། བརྒྱུད་པ་ནི། ཀུན་བཟང་། རྡོ་རྗེ་འཆང་། རྡོར་སེམས། དགའ་རབ། ཤྲཱི་སིཾ། ཨོ་རྒྱན་རིན་པོ་ཆེ། མཚོ་རྒྱལ། རཏྣ་ཞིག་པོ་གླིང་པ། ཚེ་དབང་གྲགས་པ། རྔོད་པ་ཤཱཀྱ་བཀྲ་ཤིས། མཁར་དྲུང་བསོད་ནམས་བཀྲ་ཤིས། པདྨ་དབང་ཕྱུག །ཀརྨ་དོན་ཡོད། ཀརྨ་ཆགས་མེད། མི་འགྱུར་རྡོ་རྗེ། ཀུན་བཟང་ཤེས་རབ། པདྨ་ལྷུན་གྲུབ་རྒྱ་མཚོ། པདྨ་ནོར་བུ། པདྨ་ལྷུན་གྲུབ། ཀརྨ་ལྷ་དབང་། ཀརྨ་འགྱུར་མེད། རྗེ་བླ་མ་པདྨ་གསང་སྔགས་བསྟན་འཛིན། དེས་བདག་ལའོ། །དབང་ཁྲིད་ཀྱི་ཉེ་བརྒྱུད་ཁྱད་པར་ཅན་ནི། རཏྣ་གླིང་པ། སྤྲུལ་སྐུ་མི་འགྱུར་རྡོ་རྗེ། ཀུན་བཟང་ཤེས་རབ་སོགས་སོ། །ལུང་བརྒྱུད་ནི། གྲུབ་དབང་པདྨ་ནོར་བུ་ནས། རྟོགས་ལྡན་ཀརྨ་ལྷ་དབང་ལའོ། །གཏེར་ཆེན་པདྨ་གླིང་པས་བསམ་ཡས་མཆིམས་ཕུའི་མཆོད་རྟེན་ནས་སྤྱན་དྲངས་པ་ཀུན་བཟང་དགོངས་འདུས་ཀྱི་ཆོས་སྡེ། ཀུན་མཁྱེན་ཀློང་ཆེན་པའི་ཡང་གཏེར་དོན་དབང་ནོར་བུའི་སྒྲོན་མེ། དོན་ཁྲིད། ཞི་ཁྲོའི་ལས་བྱང་མདོར་བསྡུས་དང་དབང་ཆོག །ཁྲིད་ཡིག་པད་གླིང་གསུམ་པའི་གསུང་སྔོན་འགྲོའི་ངག་འདོན་བཅས། དབང་ལུང་བརྒྱུད་པ་ནི། ཀུན་བཟང་། རྡོར་སེམས། དགའ་རབ། ཤྲཱི་སིཾ། ཨོ་རྒྱན་ཡབ་ཡུམ། ལྷ་ལྕམ་པདྨ་གསལ། པདྨ་གླིང་པ། དེ་ལས་སྤྲུལ་སྐུ་སྣ་ཚོགས་རང་གྲོལ་དང་། དབུ་མཛད་གྲུབ་པ་ཀུན་འདུས་གཉིས་ཀྱིས་ཞུས། གཉིས་ཀ་ལས་བསྟན་འཛིན་གྲགས་པ། དེ་ལས་གདུང་སྲས་པདྨ་ཕྲིན་ལས། ཚུལ་ཁྲིམས་རྡོ་རྗེ། བསྟན་འཛིན་འགྱུར་མེད་རྡོ་རྗེ། ངག་དབང་ཀུན་བཟང་རྡོ་རྗེ། འགྱུར་མེད་མཆོག་གྲུབ་དཔལ་འབར། བསྟན་འཛིན་གྲུབ་མཆོག་རྡོ་རྗེ། པདྨ་ཁྱབ་བདག །ཀུན་བཟང་འཇིགས་མེད་ཆོས་གྲགས། ཡང་སྲིད་ཆོས་ཀྱི་ཉི་མ། པདྨ་གསང་སྔགས་བསྟན་འཛིན། དེས་བདག་ལའོ། ཁྲིད་བརྒྱུད་ནི། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ་ནས། གཏེར་བདག་གླིང་པ། རིན་ཆེན་རྣམ་རྒྱལ། ཨོ་ཌཱི་ཡ་ན། ཕྲིན་ལས་རྣམ་རྒྱལ། ཕྲིན་ལས་ཆོས་སྒྲོན། རྗེ་རིན་པོ་ཆེ་མཁྱེན་བརྩེའི་དབང་པོ། །ཡང་ན། གྲུབ་མཆོག་རྡོ་རྗེ་ནས། རིག་འཛིན་བཟང་པོ། བསྟན་འཛིན་འཕེལ་རྒྱས། རྗེ་མཁྱེན་བརྩེའི་ཞལ་སྔ་ནས་བདག་གིས་ནོས། གནམ་ཆོས་ཐུགས་རྗེ་ཆེན་པོ་བྷུ་སུ་ཀུའི་དབང་། རྫོགས་ཆེན་སངས་རྒྱས་ལག་བཅང་གི་ཁྲིད། དབང་དང་ཁྲིད་ཡིག་རྩ་གཞུང་། བརྒྱུད་པ་གོང་མ་སྤྱི་དང་མཚུངས། གུ་རུ་ཡབ་ཡུམ། ཤུད་བུ་དཔལ་གྱི་སེང་གེ །མི་འགྱུར་རྡོ་རྗེ། ཀུན་ཤེས། ལྷུན་རྒྱལ། པད་ནོར། ཀརྨ་ཆོས་དཔལ་བཟང་པོ། པདྨ་འོད་ཟེར་རམ་ཀརྨ་ཡེ་ཤེས། ཀཾ་གུ་རུ་མ་ཎི། དེས་སོ། །ཡང་ན། དབང་ཁྲིད་ལུང་བཅས་གསང་སྔགས་མགོན་པོས་བཀའ་དྲིན་བསྩལ་པ་སྟེ་བརྒྱུད་པ་གནས་ཆོས་སྤྱིར་ལྟར་རོ། །གཏེར་ཆེན་བདུད་འདུལ་གླིང་པའི་ཟབ་གཏེར་སྤྲུལ་སྐུ་སྙིང་ཐིག་གི་རྫོགས་ཆེན་ཁྲིད། སྔོན་འགྲོའི་ངག་འདོན། ཁྲིད་ཡིག་ཀུན་བཟང་འཇའ་སྐུ་གཏེར་སྟོན་ཉིད་ཀྱིས་མཛད་པ། བརྒྱུད་པ་ཆོས་སྐུ་ཀུན་བཟང་། ལོངས་སྐུ་རྡོར་འཆང་། སྤྲུལ་སྐུ་རྡོར་སེམས། དགའ་རབ། ཤྲཱི་སིཾ། པད་འབྱུང་། མཚོ་རྒྱལ། ཁྲི་སྲོང་། འབྲོག་བན་ཁྱེའུ་ཆུང་ལོ་ཙཱ། བདུད་འདུལ་རྡོ་རྗེ། ཀློང་གསལ། བཀྲ་ཤིས་འོད་ཟེར། ཆོས་ཉིད་རྒྱ་མཚོ། དྲུང་ནམ་མཁའ་རྒྱ་མཚོ། ཐུགས་ཀྱི་རྡོ་རྗེ། ཚེ་དབང་མཆོག་གྲུབ། འཇིགས་མེད་མགོན་པོ། གྲུབ་དབང་ཆོས་ཉིད་རང་གྲོལ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །རིག་འཛིན་ཀློང་གསལ་སྙིང་པོའི་ཟབ་གཏེར་སྐོར་བདུན་གྱི་རྩ་བ་ཀློང་གསལ་རྡོ་རྗེ་སྙིང་པོའི་རྩ་ཁྲིད། བདུད་འདུལ་ཀློང་གསལ་གཉིས་འདུས་ཀྱི་གཏུམ་མོའི་མེ་དབང་། གཏུམ་མོའི་ཁྲིད། ཁྲིད་ཡིག་འཇའ་ཟེར་གྲོང་འཇུག །མེ་དབང་ངེས་དོན་དབང་པོའི་གསུང་རྩ་རླུང་ཁྲིད་ཡིག་བཅས། བརྒྱུད་པ་ནི། ཀུན་བཟང་། རིགས་ལྔ། དགའ་རབ། ཤྲཱི་སིཾ། པད་འབྱུང་ཡབ་ཡུམ། ལང་གྲོ་ལོ་ཙཱ། ཀློང་གསལ་མདོ་སྔགས་གླིང་པ། ཀུན་བཟང་རིན་ཆེན། བསོད་ནམས་དབང་པོ། རིག་འཛིན་ཆོས་དབང་། བསོད་ནམས་རྣམ་རྒྱལ། བསོད་ནམས་དཔལ་ལྡན། མཆོག་སྤྲུལ་ཀུན་བཟང་རྣམ་རྒྱལ། དེས་བདག་ལ་བསྩལ། འདི་ལ་བརྒྱུད་པའི་རྣམ་གྲངས་མང་དུ་བཞུགས་འདུག །ཀློང་ཆེན་སྙིང་གི་ཐིག་ལེའི་རྩ་བའི་ཁྲིད། ཁྲིད་ཡིག་སྙིང་པོ་བསྡུས་པ། བརྒྱུད་པ་རིག་འཛིན་འདུས་པ་ལྟར་རོ། །ཨོ་རྒྱན་མཆོག་གྱུར་གླིང་པའི་ཟབ་གཏེར་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས་རིག་འཛིན་པདྨ་འབྱུང་གནས་ཀྱི་དབང་། ཟབ་ཁྲིད་དབང་ཆོག་དང་ཁྲིད་ཡིག་ཉུང་བསྡུས། བརྒྱུད་པ་གོང་མ་འདྲ། མཆོག་གྱུར་གླིང་པས་བཀའ་དྲིན་དུ་བསྩལ་པའོ། ༈ །གསུམ་པ་སློབ་དཔོན་ཆེན་པོ་བཻ་རོ་ཙ་ནའི་བཀའ་སྲོལ་ནི། རྡོ་རྗེ་གླིང་པས་གནམ་ལྕགས་བྲག་ནས་སྤྱན་དྲངས་པའི་སྙིང་ཏིག་བཅུ་གསུམ་གྱི་ནང་ཚན་བཻ་རོའི་སྙིང་ཏིག་དུམ་བུ་སུམ་ཅུ་པ་དང་། ཀུན་སྐྱོང་གླིང་པའི་རྫོགས་ཆེན་བཻ་རོའི་གོང་ཁུག་མར་གྲགས་པ་སོགས་དམིགས་ཀྱིས་བསལ་བ་ཅི་རིགས་བྱུང་མོད་ཀྱང་། དེང་སང་རྒྱུན་བཞུགས་པར་མ་མངོན་ལ། འོན་ཀྱང་སློབ་དཔོན་རྣམ་གཉིས་ཀྱི་བཀའ་སྲོལ་དུ་དོན་གྱིས་ཚང་། འདིར་ས་བཅད་ཙམ་དུ་གུ་རུ་རིན་པོ་ཆེས་ལོ་ཆེན་བཻ་རོ་ཙ་ན་ལ་ཆེད་དུ་བསྩལ་ཅིང་། དེ་ཉིད་ཀྱིས་ཀྱང་ལྷ་བུ་དོན་ཡོད་སྡེ་ལ་སོགས་པ་ལ་སྒེར་དུ་གདམས་ཤིང་གཏེར་གནས་རྣམས་སུ་རྒྱས་བཏབ་པ་གཏེར་སྟོན་རྣམས་ཀྱིས་རིམ་པར་བཏོན་པའི་ཟབ་ཆོས་རྡོར་སེམས་སྙིང་ཐིག་ཏུ་གྲགས་པའི་ཆོས་སྐོར་དང་པོ། གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་རྒྱལ་པོ་ཨོ་རྒྱན་རྡོ་རྗེ་གླིང་པས་ཆོས་འབྱུང་ཟངས་ཀྱི་མཚོ་བྲག་ནས་བཞེས། གཉིས་པ་པདྨ་ཀུན་སྐྱོང་གླིང་པས་མི་ཚོར་རྡོ་རྗེའི་སྐེ་བྲག་ནས་བཏོན། གསུམ་པ་སྟག་ཤམ་བསམ་གཏན་གླིང་པས་བར་ཁམས་ཕྲ་མོ་བྲག་ནས་སྤྱན་དྲངས་པ་གསུམ་པོ་ཐེམས་མེད་ཀྱི་ཆོས་བཀའ་མང་ཉུང་ཙམ་ལས། ཐེམས་ཅན་རྩ་བའི་ཆོས་སྡེ་རྣམས་ཞུ་དག་ཕེར་ཅིང་སྔ་མའི་ཚིག་བརྒྱུད་ཀྱང་ཕྱི་མས་གསན་པས་ཆུ་བོ་གཅིག་འདྲེས་སུ་གྱུར་པ་མ་ཟད། པདྨ་བདེ་ཆེན་གླིང་པ་ལ་གཏེར་སྟོན་སྔ་མ་གཉིས་ཀྱི་ཡེ་ཤེས་ཀྱི་སྐུ་དང་། ཕྱི་མ་སྐུ་དངོས་ཀྱིས་གདམས་པ་བསྩལ་པས་གཏེར་ཆོས་གཅིག་གིས་གསུམ་ཀའི་རྒྱུན་གོ་ཆོད་པ་ལས། འདིར་དཔེ་རྒྱུན་རྩ་བ་ཀུན་སྐྱོང་གླིང་པའི་གཏེར་བྱོན་གྱི་རྩ་བའི་དབང་བཞི། སྟག་ཤམ་ལུགས་ཀྱི་ཐོད་རྒལ་དབང་། གསོལ་འདེབས་གསུང་རྒྱུན་མ། གཏེར་གཞུང་ཐེམས་ཅན་ལ། རྩ་བའི་དོན་རྒྱུད་ལེའུ་བཅུ་གསུམ་པ། སྙིང་ཐིག་གི་ལོ་རྒྱུས། སྤྲོས་བཅས་སྤྲོས་མེད་དབང་། སྔོན་འགྲོ། ཁྲེགས་ཆོད། ཐོད་རྒལ་བཅས་པའི་ཁྲིད་འཁོར་བ་དོང་སྤྲུགས། རྗེས་ཀྱི་རྟགས་ཚད། རྩ་བ་གསུམ་གྱི་སྒྲུབ་ཐབས། ལས་བྱང་དོན་གྱི་གསལ་འདེབས། བཏགས་གྲོལ་རེག་པ་དོན་ལྡན། བར་དོ་གནད་གདམས། བཀའ་སྲུང་གཟའ་བདུད། བསྙེན་སྒྲུབ་ལས་སྦྱོར། རྫི་བོ་འཛོམ་ཡིག་བཅས་སྙིང་ཏིག་རྩ་བ་བཅུ་གསུམ་མར་གྲགས་པ་ཆ་ཚང་། ཐེམས་མེད་ལས་ལོ་རྒྱུས་བརྒྱུད་པའི་ཚིག་བཤར། ཆོས་སྤྱོད་ངག་འདོན་དང་། ལས་བྱང་ཁྲིགས་བཀོད་རིག་འཛིན་ཚེ་དབང་ནོར་བུས་མཛད་པ། དབང་ཆོག་བཅས། དབང་གི་བརྒྱུད་པ་ནི། ཀུན་བཟང་། རྡོར་སེམས། དགའ་རབ། ཨོ་རྒྱན་ཆེན་པོ། མཚོ་རྒྱལ། བཻ་རོ་ཙ་ན། རྡོ་རྗེ་གླིང་པ། ཀུན་སྐྱོང་གླིང་པ། ཐུགས་སྲས་ཉི་ཟླ་བཟང་པོ། དཀོན་མཆོག་བློ་གྲོས། ཟུར་ཚོ་བ་བློ་གྲོས་དབང་པོ། ཤཱཀྱ་དཔལ་བཟང་། བློ་གྲོས་རྒྱལ་མཚན། བྱམས་པ་བཟང་པོ། ཤཱཀྱ་རྒྱལ་མཚན། རོང་པོ་རྫོགས་ཆེན་པ་ནམ་མཁའ་འབྲུག་སྒྲ །ཡང་ཉེ་བརྒྱུད་ནི། གཏེར་སྟོན་ནས། རྫ་ཡིག་པ་ཚུལ་རྒྱལ། རྩེ་ལེ་རིག་འཛིན་ཆེན་པོ། ཀརྨ་གུ་རུ། སྔགས་འཆང་ཀུན་བཟང་དཔལ་འབྱོར། སྤ་གྲོ་གྲུབ་ཆེན་ཆོས་དབང་ལྷུན་གྲུབ། ནམ་མཁའ་འབྲུག་སྒྲ་བཟང་པོ། དེ་ནས་མཁས་གྲུབ་པདྨ་བློ་གྲོས། རིག་འཛིན་པདྨ་རྡོ་རྗེ། མཚུངས་བྲལ་པདྨ་ནོར་བུ། པདྨ་བདེ་ཆེན་གླིང་པ། རིག་འཛིན་ཚེ་དབང་ནོར་བུ་ཕྱིན་ཆད་རྡོ་རྗེ་སློབ་དཔོན་སྒྲུབ་པ་ལྟར་རམ། ཡང་ན། རིག་འཛིན་རྗེ། རྡོ་རྗེ་གཙུག་ལག་དགའ་བ། བླ་མ་རྣམ་དག་ཆོས་འཛིན། གཙུག་ལག་ཆོས་ཀྱི་རྒྱལ་པོ། གྲུབ་དབང་ཨོ་རྒྱན་ཆོས་འཕེལ། ཀརྨ་གཞན་ཕན་བསྟན་པ་དར་རྒྱས། དེས་བདག་ལའོ། །ལུང་བརྒྱུད་ནི། ནམ་མཁའ་འབྲུག་སྒྲ་ནས། ཤེས་རབ་རྒྱ་མཚོ། པདྨ་ཕྲིན་ལས། ཐུགས་མཆོག་རྡོ་རྗེ། ཨོ་རྒྱན་བསྟན་འཛིན་ཡར་འཕེལ། ཟར་སྤྲུལ་གསང་སྔགས་བསྟན་འཛིན། ཀུན་བཟང་བསྟན་འཛིན། ཁྲི་ཆེན་ཕྲིན་ལས་རྣམ་རྒྱལ། འགྱུར་མེད་ཕྲིན་ལས་ཆོས་སྒྲོན། འགྱུར་མེད་བསྟན་འཛིན་དཔལ་སྒྲོན། དེ་ལས་སོ། །སྟག་ཤམ་ལུགས་ལྟར་ན། བཻ་རོ། ལྷ་བུ་དོན་ཡོད་སྡེ། སྟག་ཤམ་ནུས་ལྡན་རྡོ་རྗེ། དེ་ལས་བདེ་ཆེན་གླིང་པས་གསན་ནས་ཆུ་བོ་གཅིག་འདྲེས་སུ་གྱུར་པ་དང་། སྒེར་བརྒྱུད་ལྟར་ན། གཏེར་སྟོན་ནས། འཁྲུལ་ཞིག་རིག་འཛིན་དབང་རྒྱལ། པདྨ་རྣམ་རྒྱལ། རྟ་མཆོག་ཆོས་གྲགས། རྟ་མགྲིན་ལྷུན་པོ། པདྨ་ཤེས་རབ། དེས་བདག་ལའོ། །ལུགས་འདིའི་ཐེམས་མེད་ཆོས་སྡེ་ཐོད་རྒལ་དབང་འཁོར་བ་དོང་སྤྲུུགས་ནི། རྟ་མཆོག་ནས། རྒྱལ་སྲས་ཆོས་སྐྱོང་མགོན་པོ། འཇིགས་མེད་ཆོས་ཀྱི་སེང་གེ །དེ་ལས་སོ། །གཏེར་ཆེན་བླ་མ་ལྷན་རྒྱས་ཀྱིས་ཛཾ་ནང་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་བཻ་རོའི་སྙིང་ཐིག་རྫོགས་ཆེན་སྡེ་གསུམ་ལས། གསང་སྐོར་ཡི་དམ་ཁྲོ་བོའི་དབང་། བསྐྱེད་རིམ་བྱང་བུ་ཁྲིགས་བསྡེབས་རྩ་གཞུང་། དབང་ཆོག །འདིའི་དབང་ལུང་མཆོག་གླིང་ཉིད་ཀྱིས་བསྩལ་པའོ། ༈ །བཞི་པ་སློབ་དཔོན་རྣམ་གསུམ་གྱི་དགོངས་ཉམས་གཅིག་ཏུ་དྲིལ་བ་ནི། གཙོ་བོར་བྱང་གཏེར་ཀུན་བཟང་དགོངས་པ་ཟང་ཐལ་ཉིད་ཡིན་ལ། དབང་ཁྲིད་རྒྱབ་རྟེན་བཅས་མ་ནུབ་པར་བཞུགས་ཀྱང་ཆོས་བཀའ་རྒྱ་ཆེ་བའི་ཕྱིར་བསྡུ་བར་མ་འཚལ་བས། འདིར་དགོངས་པ་ཟང་ཐལ་གྱི་གནད་ཐམས་ཅད་བསྡུས་པའི་དོན་ཁྲིད་བུ་འབོར་བ་བཀྲ་ཤིས་རྒྱ་མཚོས་མཛད་པ་ཙམ་བཞུགས། བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྒྱལ་བ་རིགས་ལྔ། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིངྷ། དེས་པདྨ་འབྱུང་གནས་དང་། བི་མ་ལ་མི་ཏྲ། བཻ་རོ་ཙ་ན་གསུམ་ལ་གནང་། དེ་གསུམ་ཀས་ཁྲི་སྲོང་ལྡེའུ་བཙན། ཡེ་ཤེས་མཚོ་རྒྱལ། རྡོ་རྗེ་བདུད་འཇོམས་རྣམས་ལ་བཤད། སློབ་དཔོན་གསུམ་ཀའི་དགོངས་ཉམས་གཅིག་དྲིལ་གཏེར་དུ་སྦས་པ་རིག་འཛིན་ཆེན་པོ་དངོས་གྲུབ་རྒྱལ་མཚན་གྱིས་བཏོན། དེ་ནས་རིམ་བཞིན་ཀུན་སྤང་དོན་ཡོད་རྒྱལ་མཚན། རྒྱུད་འཛིན་བསོད་ནམས་མཆོག་བཟང་། གྲུབ་ཐོབ་ཐང་སྟོང་རྒྱལ་པོ། བྱང་སེམས་ཀུན་དགའ་ཉི་མ། འཁྲུལ་ཞིག་དཀོན་མཆོག་རྒྱལ་མཚན། དཀོན་མཆོག་རྡོ་རྗེ། ཤཱཀྱ་རྒྱལ་མཚན། བྱང་ཆུབ་སེང་གེ །བཀྲ་ཤིས་རྒྱ་མཚོ། ཧེ་པ་ཆོས་འབྱུང་། སྟོན་པ་རྒྱལ་མཚན། ཀུན་བཟང་ཤེས་རབ། པདྨ་ལྷུན་གྲུབ་རྒྱ་མཚོ། པདྨ་ནོར་བུ། ཀརྨ་བཀྲ་ཤིས། ཀརྨ་ལྷ་དབང་། ཀརྨ་འགྱུར་མེད། ཀརྨ་ཀུན་བཟང་བསྟན་འཛིན་གྱི་ཞལ་སྔ་ནས་བཀའ་དྲིན་དུ་བསྩལ་པའོ། །འགྲོ་འདུལ་གཏེར་བདག་གླིང་པས་ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་པའི་སློབ་དཔོན་རྣམ་གསུམ་གྱི་དགོངས་པའི་བཅུད་དྲིལ་ཨ་ཏི་ཟབ་དོན་སྙིང་པོའི་རིག་པའི་རྩལ་དབང་། ཟབ་ཁྲིད། རྩལ་དབང་གཏེར་གཞུང་། དེའི་ལྷན་ཐབས་མི་འགྱུར་དཔལ་སྒྲོན་གྱིས་མཛད་པ། ཁྲིད་དམིགས་ཟིན་བྲིས་ཁྱུང་པོ་རས་པས་མཛད་པ་བཅས། བརྒྱུད་པ་ནི། ཀུན་བཟང་། ཞི་ཁྲོ་རིགས་ལྔ། རྡོར་སེམས། དགའ་རབ། འཇམ་དཔལ་བཤེས་གཉེན། ཤྲཱི་སིང་ཧ། ཨོ་རྒྱན་ཆེན་པོ། བི་མ་མི་ཏྲ། བཻ་རོ་ཙ་ན། ཡེ་ཤེས་མཚོ་རྒྱལ། ཆོས་རྒྱལ་ཁྲི་སྲོང་། སངས་རྒྱས་ཡེ་ཤེས། རྒྱལ་བ་མཆོག་དབྱངས། ནམ་མཁའི་སྙིང་པོ། གཉགས་ཆེན་ཛྙཱ་ན། རྡོ་རྗེ་བདུད་འཇོམས། རིག་འཛིན་འགྱུར་མེད་རྡོ་རྗེ། པདྨ་འགྱུར་མེད་རྒྱ་མཚོ། དེ་གཉིས་ཀས་རྒྱལ་སྲས་རིན་ཆེན་རྣམ་རྒྱལ། པདྨ་བསྟན་འཛིན། ཕྲིན་ལས་རྣམ་རྒྱལ། འགྱུར་མེད་ཕྲིན་ལས་ཆོས་སྒྲོན། ཁྱབ་བདག་གདོད་མའི་མགོན་པོ་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད། དེས་བཀའ་དྲིན་དུ་བསྩལ་པའོ། །དབང་གི་ལྷན་ཐབས་མཛད་པ་པོ་ནས་རིན་རྣམ་དང་། ཁྲིད་ཡིག་ལུང་ཁྱུང་རས་ནས། སྒོམ་སྤྲུལ་པདྨ་དབང་རྒྱལ། ཁྲི་ཕྲིན་རྣམ་ཕྱིན་སྔར་ལྟར་རོ། །གཏེར་ཆེན་བླ་མ་རྣམ་གཉིས་ལ་ཐུན་མིན་ངོ་མཚར་རྨད་དུ་བྱུང་བའི་ཟབ་ཆོས་སྙིང་ཐིག་སྐོར་བདུན་དུ་བཞུགས་པའི་དང་པོ། རྩོད་བྲལ་གཏེར་སྟོན་རིན་པོ་ཆེ་ལྷན་རྒྱས་ཀྱིས་སྨད་ཤོད་ཛཾ་ནང་བྲག་དཀར་ཡང་རྩེ་ནས་སྤྱན་དྲངས་པའི་དགའ་རབ་རྡོ་རྗེའི་སྙིང་ཏིག་ལས། ཕྱི་ཡི་དམ་ཞི་བ་རྡོར་སེམས་སངས་རྒྱས་མཉམ་སྦྱོར་གྱི་རྩ་དབང་མྱོ་གྲོལ་དབང་བཅས། སྔོན་དངོས་རྗེས་ཚང་གི་ཁྲིད། ཡི་དམ་ཞི་བའི་སྒྲུབ་ཐབས། མན་ངག །དབང་། བཤགས་སྐོང་། མྱོང་གྲོལ་རྫས་སྦྱོར་བཅས་གཏེར་གཞུང་ཚང་བ། བརྒྱུད་འདེབས་ལས་བྱང་། ཁྲིད་ཡིག་རྣམས་རྗེ་རིན་པོ་ཆེ་འཇམ་མགོན་བླ་མའི་ལྗགས་བསྒྲིགས། གསང་བ་ཁྲོ་བོ་ཡང་དག་ཧེ་རུ་ཀའི་རྩ་དབང་དང་ཚེ་དབང་། དབྱིབས་སྔགས་ཆོས་ཀྱི་ཁྲིད། བསྐྱེད་རིམ་དབྱིབས། རྩ་རླུང་སྔགས། བྱང་སེམས་ཆོས་ཀྱི་རྣལ་འབྱོར། རྡོ་རྗེ་ཚེའི་དགོངས་པ། སློབ་མ་རྗེས་འཛིན་བཅས་གཏེར་གཞུང་། ཞི་ཁྲོའི་དབང་ཆོག་བཅས། བརྒྱུད་པ་གོང་མ་སྤྱི་ལྟར། མཆོག་གྱུར་བདེ་ཆེན་གླིང་པ། པདྨ་འོད་གསལ་མདོ་སྔགས་གླིང་པ། དེས་བདག་ལའོ། ༈ །གཉིས་པ་མན་ངག་སྡེའི་རྒྱུད་དོན་ཟབ་མོ་སྤྱིའི་གནད་སྟོན་པ་སྤྱི་ཏི་ཡོ་གར་གྲགས་པའི་སྐོར་ལ། སྣང་སྲིད་ཁ་སྦྱོར་རྒྱུད་སོགས་བཀའ་མ་དང་ཉང་གཏེར་ཟུང་དུ་འབྲེལ་བའི་རྒྱུད་སྡེ་བཅུ་དྲུག་ཙམ་གྱི་རྒྱུན་རྒྱུད་འབུམ་རིན་པོ་ཆེར་བཞུགས་ནའང་། དེ་རྣམས་དང་འབྲེལ་བའི་སྨིན་གྲོལ་གྱི་གདམས་པ་ཇི་ལྟར་བྱུང་མ་འཚལ་ལ། འདིར་བསྟན་གཉིས་གླིང་པའི་ཐུགས་སྲས་སྣང་བཞི་མཐར་ཕྱིན་སྤ་གྲོ་བ་ཚེ་རིང་རྡོ་རྗེས་བྲག་དམར་གཏེར་ཁུང་ནས་སྤྱན་དྲངས་པའི་ཟབ་མོ་སྤྱི་ཏིའི་དབང་བཞི། ཁ་བྱང་ལུང་བསྟན། ཐེམ་བྱང་། ཁྲིད་ཀྱི་སྔོན་འགྲོ །དབང་བཞི་ཡོངས་རྫོགས། དངོས་གཞིའི་ཟབ་ཁྲིད། མུན་ཁྲིད་ཨར་གཏད། ལུང་བསྟན། ཀ་དག་ལྷུན་གྲུབ་ཀྱི་ཉམས་ལེན། གཏེར་བདག་རྡོར་ལེགས་གསོལ་མཆོད་བཅས་གཏེར་གཞུང་ཚང་བ། དབང་གི་ལག་ལེན་བཅས་བཞུགས། བརྒྱུད་པ་ནི། ཀུན་བཟང་ཡབ་ཡུམ། རྒྱལ་བ་རིགས་ལྔ། ཨོ་རྒྱན་ཆེན་པོ། མཚོ་རྒྱལ། ནུས་འབྱིན་ས་ལེ། ཁོལ་མོ་ལྷ་ལྕམ་གང་འབུམ། གཏེར་སྟོན་ཚེ་རིང་རྡོ་རྗེ། ཐུགས་སྲས་ཀུན་གྲོལ་རྡོ་རྗེ། ཆོས་དབང་གྲགས་པ། སྤ་གྲོ་ཆོས་དབང་ལྷུན་གྲུབ། འབྲས་ལྗོངས་པ་ཡོན་ཏན་དཔལ་བཟང་། གཙང་པ་རྫོགས་ཆེན་པདྨ་མི་བསྐྱོད། བྱ་བཏང་ཉི་ཟླ་འོད་གསལ། ཟར་སྤྲུལ་གསང་སྔགས་བསྟན་འཛིན། ཀུན་བཟང་ཐུགས་ཀྱི་རྡོ་རྗེ། དགེ་སློང་རྡོ་རྗེ་བསམ་གཏན། འདི་ཡན་གཅིག་བརྒྱུད་ལྟ་བུར་བཞུགས་ཤིང་སྣང་བཞི་མཐར་ཕྱིན་པ་ཤ་སྟག་བྱུང་། དེ་ནས་པད་སྤྲུལ་པདྨ་དབང་རྒྱལ། སྒྲོལ་སྟོན་ཆོས་ཀྱི་རྒྱལ་མཚན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། ༈ །གསུམ་པ་ཡང་གསང་ཐུན་མོང་མ་ཡིན་པའི་སྙན་བརྒྱུད་སྟོན་པས་ཡང་ཏི་ཡོ་གར་གྲགས་པའི་སྐོར་ལ། ཉང་གཏེར་ཉི་ཟླ་འབར་བའི་རྒྱུད། ཆོས་དབང་རིན་པོ་ཆེའི་སྤྲོས་བྲལ་དོན་གསལ་ཆེན་མོ། སྙེ་མོ་ཞུ་ཡས་ཀྱི་གཏེར་མ་ཉི་ཟླ་འོད་འབར། འབྲོམ་རིན་ཆེན་འབར་གྱི་གཏེར་མ་ནམ་མཁའ་ཀློང་ཡངས་དང་། མཐར་ཕྱིན་འབྲས་བུའི་རྒྱུད་སོགས་ཇི་སྙེད་པ་ནི་་་པོད་ཕྱེད་གཉིས་ཙམ་་་་རྒྱུད་འབུམ་ཆེན་མོར་བཞུགས་ལ། འདིར་གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་རྒྱལ་པོ་གཉིས་པ་གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཟབ་གཏེར་ཀུན་གྱི་སྙིང་པོ། །ཡང་ཏི་རྫོགས་པ་ཆེན་པོ་སངས་རྒྱས་མཉམ་སྦྱོར་གྱི་སྨིན་གྲོལ་རྒྱ་ཆེར་བཞུགས་པ་ལས། སྤྱི་ཏི་དང་ཐུན་མོང་བའི་རྩལ་དབང་ཆེན་མོ་དང་། ཡང་ཏི་ཐུན་མོང་མ་ཡིན་པའི་རིག་པ་རྩལ་གྱི་དབང་། ཁྲིད་ཆེན་བརྒྱད་ཀྱི་སྙིང་པོ་དྲིལ་བའི་ཁྲིད། དབང་ཆོག །ཁྲིད་ཡིག །སྔོན་འགྲོའི་འདོན་ཆ་བཅས་ཡིག་ཆ་ཉེར་མཁོ། དེ་ལ་དབང་གི་བརྒྱུད་པ་ནི། ཀུན་བཟང་། རྡོར་སེམས། དགའ་རབ། ཤྲཱི་སིང་ཧ། གུ་རུ་རིན་པོ་ཆེ། མཚོ་རྒྱལ། ཁྲི་སྲོང་། ཆོས་དབང་། སྨན་ལུང་པ། དྭགས་སྟོན། གཉེན་སྟོན། སེ་སྡིངས་ཡབ་སྲས། ཆོས་འོད། དཔལ་འབྱོར་དབང་ཕྱུག །སྤྲུལ་སྐུ་ཆོས་དབང་། ཀརྨ་གུ་རུ། ཀརྨ་དབང་འབྱོར། བློ་མཆོག་རྡོ་རྗེ། འཇམ་དབྱངས་ལེགས་བཤད་རྒྱ་མཚོ། དབང་སྟོན་གྲགས་པ་དབང་ཕྱུག །དཔང་སྟོན་གསང་བདག་རྡོ་རྗེ། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། ཀུན་བཟང་པདྨ་ཚེ་དབང་། མང་ཐོས་བསྟན་འཛིན་ཤེས་རབ། མི་འགྱུར་ནམ་མཁའི་རྡོ་རྗེ། མཆོག་སྤྲུལ་ཐུབ་བསྟན་རྒྱལ་མཚན། ཆོས་དབང་རྣམ་འཕྲུལ་ཀུན་གཟིགས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། ཁྲིད་བརྒྱུད་ནི། གྲགས་པ་དབང་ཕྱུག་ཡན་དེ་ལྟར་ལ། དེ་ནས་པདྨ་རང་ཤར། གསང་བདག་རྡོ་རྗེ། བསྟན་འཛིན་བདུན་པ། དབང་སྟོན་པད་ཚེ། སྒྲོལ་སྟོན་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། རྗེ་མཁྱེན་བརྩེ་རིན་པོ་ཆེས་བདག་ལའོ། །ལུང་བརྒྱུད་ནི། ཀརྨ་གུ་རུ་ནས། ཆོས་དབང་བསམ་གྲུབ། ཆོས་དབང་ཀུན་བཟང་། ཕྲིན་ལས་ལྷུན་གྲུབ། ཆོས་རྒྱལ་གཏེར་བདག་གླིང་པ། རིན་ཆེན་རྣམ་རྒྱལ། པདྨ་བསྟན་འཛིན། ཕྲིན་ལས་རྣམ་རྒྱལ། ཕྲིན་ལས་ཆོས་སྒྲོན། འགྱུར་མེད་བསྟན་འཛིན་དཔལ་སྒྲོན། དེ་ལས་སོ། །ཡང་། ལུང་རགས་རིམ་ཞིག་ནི་དབང་བརྒྱུད་དང་མཚུངས་སོ། །ཉང་བན་ཏིང་འཛིན་བཟང་པོའི་རྣམ་འཕྲུལ་འགྲོ་མགོན་དུང་མཚོ་རས་་པས་སྒམ་པོ་གདར་རིའི་རྒྱབ་མཚོ་མཎྜལ་ནག་པོ་ནས་སྤྱན་དྲངས་པ། ཁྱད་པར་བཅུ་དང་ལྡན་པའི་རྫོགས་ཆེན་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་པའི་སྤྲོས་བཅས་བུམ་དབང་རིགས་བརྒྱའི་ལྷ་དབང་གུད་སྦས་དབང་གོང་མ་བཅས། ཟབ་ཁྲིད་སྙིང་པོ། ཡང་ཏི་གསེར་གྱི་འབྲུ་གཅིག་པའི་ལོ་རྒྱུས། རྒྱུད་ཀྱི་སྙིང་པོ། ཞི་ཁྲོ་དོན་ཕྲིན། སྤྲོས་བཅས་བུམ་དབང་ཆེན་མོ། དབང་གོང་མ་གསང་བ་གུད་སྦས། ཁྲིད་ཀྱི་སྔོན་འགྲོ་སྙན་བརྒྱུད། དངོས་གཞི་དམིགས་སྐོར་ཤོག་དྲིལ་དང་པོ་བར་པ་ཐ་མ་གསུམ། སྙན་བརྒྱུད་ཡིད་བཞིན་ནོར་བུ། རྟགས་ཚད་ཡི་གེ་གསང་བ། བརྒྱུད་པའི་གསོལ་འདེབས་དང་དབང་གོང་མའི་བརྡ་དོན་བཤད་པ་སོག་ཟློག་པས་མཛད་པ། ཕྲིན་ལས་ཁྲིགས་བསྡེབས། དབང་ཟིན། ཁྲིད་ཡིག་མུན་ཁྲིད་དམིགས་རིམ། མུན་ཁྲིད་ཕྱག་ལེན་ངེས་དོན་དབང་པོའི་གསུང་རྣམས་སོ། །འདི་ལ་གཏེར་གཞུང་ཆོས་སྡེ་མང་བར་བཞུགས་པ་ལས་རིག་འཛིན་གོང་མ་རྣམས་ཀྱིས་སྨིན་གྲོལ་ཉེར་མཁོ་ཟབ་བཏུས་སུ་བསྡེབས་པའི་ཡིག་རྒྱུན་ལྟར་བཀོད་པའོ། །བརྒྱུད་པ་ལ། རིང་བརྒྱུད་ཉེ་བརྒྱུད་གཉིས་ལས། དང་པོ་ནི། ཀུན་བཟང་། རྡོར་འཆང་། རྡོར་སེམས། དགའ་རབ། འཇམ་བཤེས། ཤྲཱི་སིཾ། ཨོ་རྒྱན་ཆེན་པོ། བི་མ་ལ། བཻ་རོ། བླ་མ་དགེ་སློང་རྡོ་རྗེ། ཧ་རི་རྡོ་རྗེ། སངས་རྒྱས་རྡོ་རྗེ། སྐལ་བཟང་རྡོ་རྗེ། དུང་མཚོ་རས་པ། ཉེ་བརྒྱུད་ནི། ཀུན་བཟང་། རྡོ་རྗེ་འཆང་། རྡོ་རྗེ་སེམས་དཔའ། ཨོ་རྒྱན་ཡབ་ཡུམ། འགྲོ་མགོན་དུང་རས། སངས་རྒྱས་དྲང་སྲོང་ཆོས་ཉིད། ཞིག་པོ་བདེ་ཆེན་རས་པ། འཁྲུལ་པ་རང་ཞིག་ཟང་ཐལ། རྣལ་འབྱོར་རྣམ་གྲོལ་བཟང་པོ། རྒྱ་ལ་རས་པ། རྒྱལ་མཚན་འོད་ཟེར། སངས་རྒྱས་བརྩོན་འགྲུས། རྒྱལ་མཚན་ཡེ་ཤེས། སངས་རྒྱས་རྒྱལ་མཚན། དགེ་འདུན་རིན་ཆེན། སངྒྷའི་མཚན་ཅན། བྱང་ཆུབ་རིན་ཆེན། ངག་དབང་གྲགས་པ། ལྷ་རྗེ་བློ་གྲོས་རྒྱལ་མཚན། གཞན་ཕན་རྡོ་རྗེ། ཚུལ་ཁྲིམས་རྒྱལ་མཚན། པདྨ་མི་བསྐྱོད། སོ་བན་སངས་རྒྱས་རྒྱ་མཚོ། གོང་ར་ཆོས་འབྱོར་དཔལ་བཟང་། དཔང་གསང་བདག་རྡོ་རྗེ། དཔང་པདྨ་ཚེ་དབང་། སྒྲོལ་སྟོན་ཆོས་རྒྱན། པད་རི་པདྨ་དབང་རྒྱལ་རྡོ་རྗེ། རིག་འཛིན་ཨོ་རྒྱན་འགྲོ་མགོན། དེས་བདག་ལའོ། །ཏ་བླ་མཁས་གྲུབ་པདྨ་མ་ཏིའི་གསུང་ལྟར་ཁྲིད་རྒྱུན་ནི། བློ་གྲོས་རྒྱལ་མཚན་ནས། པདྨ་རྒྱལ་མཚན། པདྨ་བློ་གྲོས། པདྨ་རྡོ་རྗེ། ཁྱབ་བདལ་ལྷུན་གྲུབ། ཀུན་བཟང་དང་སྤྲོ། པདྨ་དྷརྨ་རཱ་ཛ། བསོད་ནམས་ཆོས་ཀྱི་དབང་ཕྱུག །དབང་རྒྱལ་ནོར་བུ། གོ་འཇོ་ནཱ་ག་སྤྲུལ་སྐུ་ཨོ་རྒྱན་བསྟན་འཛིན། པདྨ་གསང་སྔགས་བསྟན་འཛིན། དེས་བདག་ལའོ། །གཞན་ཡང་བསྟན་གཉིས་གླིང་པའི་ཡང་ཏིག་ཡེ་ཤེས་མཐོང་གྲོལ་སོགས་ཀྱི་རྒྱུན་རྙེད་ན་འདིར་བསྡུའོ། །འགྲོ་འདུལ་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པའི་ཟབ་གཏེར་རྫོགས་པ་ཆེན་པོ་སྡེ་གསུམ་གཅིག་དྲིལ་རིགས་གསུམ་སྙིང་ཏིག་ལས་ལྷ་མི་ཉན་རང་བྱང་སེམས། ཀྲི་ཡའི་རིགས་གསུམ་སྤྱི། ཡོ་ག་རིགས་གསུམ་སོ་སོའི་དཀྱིལ་འཁོར། འཇམ་དཔལ་དཔའ་གཅིག །མ་ཧཱའི་འཇམ་དཔལ་ཞི་དྲག །ཨ་ནུའི་པདྨ་གར་དབང་ཞི་དྲག །ཨ་ཏིའི་གསང་བདག་ཞི་དྲག །རིགས་གསུམ་འདུས་པ། འགྲོ་འདུལ་སྐུ་གདུང་རིང་བསྲེལ་ཤེས་རབ་རིལ་བུ་ཚེ་དབང་རྣམས་དང་བཀའ་སྲུང་དུད་སོལ་མའི་སྲོག་གཏད་བཅས། འཇམ་དཔལ་རྫོགས་ཆེན་ཉེར་མཁོ་བྱང་གཅིག །རྒྱུད་ཀྱི་དུམ་བུ་རྫོགས་པ་ཆེན་པོ་ལྟར་བཀྲལ་པ་ཀུན་མཁྱེན་བླ་མའི་གསུང་། པདྨ་གར་དབང་སྙིང་ཏིག །གསང་བའི་བདག་པོའི་སྙིང་ཏིག །རིགས་གསུམ་བསྐྱེད་རྫོགས་ཁོག་ཕུབ། རིགས་གསུམ་འདུས་པའི་ཕྱག་འཚལ་བསྟོད་པ། འགྲོ་འདུལ་ཕྲིན་ལས། སྨྲེ་བཤགས། ལས་ཐོ། །སྲུང་མའི་མཆོད་བྱང་། ཁྲིད་ཡིག་ཚན་གཉིས་གཏེར་གསུང་། ཐེག་དགུའི་སྒོམ་རིམ་མཁན་རཏྣས་མཛད་པ། སྒྲུབ་ཐབས། དབང་ཆོག་བཅས་གཏེར་གཞུང་དང་ཉེར་མཁོའི་གསལ་བྱེད་ཚང་བ་བཞུགས། བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རིགས་ལྔའི་རྒྱལ་བ། རིགས་གསུམ་མགོན་པོ། ཨོ་རྒྱན་པདྨཱ་ཀ་ར། ཡེ་ཤེས་མཚོ་རྒྱལ། ཆོས་རྒྱལ་ཁྲི་སྲོང་། དམ་འཛིན་ཆོས་ཀྱི་བློ་གྲོས། ཨོ་རྒྱན་མཆོག་གྱུར་གླིང་པ། ཁྱབ་བདག་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེ་ལས་དབང་ལུང་ཁྲིད་དང་བཅས་པའི་བཀའ་དྲིན་ཐོབ་པའོ། །དེ་ལྟར་བླ་མེད་ཡོ་ག་གསུམ་གྱི་བསྐྱེད་རྫོགས་སྨིན་གྲོལ་ཟབ་ཅིང་རྒྱ་ཆེ་བ་རྒྱ་མཚོ་ལྟ་བུ་བཞུགས་པ་རྣམས་ལས། སྒྲུབ་ཕྲིན་དབང་། ཆོག་ཁྲིགས་སྐོར་ཉེར་མཁོའི་ཡན་ལག་སྤྱི་དང་བྱེ་བྲག་བཅས་རགས་བསྡུས་སྙིང་པོ་ཙམ་ཞིག་བཀོད་ཟིན་ནས། ཐེག་པ་རིམ་དགུའི་ཆོས་བཀའ་སྤྱི་དང་ཁྱད་པར་ཟབ་གཏེར་ལས་བྱོན་པའི་ཆོས་ཡོད་དོ་ཅོག་གི་བཀའ་ལུང་དུས་གཅིག་ཏུ་ཐོབ་པར་འགྱུར་བ་རྡོ་རྗེའི་གསུང་གཞན་དུ་མི་འགྱུར་བས་ཚད་མར་གྲུབ་པ་བླ་མ་དགོངས་པ་འདུས་པ་ལས་བྱུང་བའི་པུསྟི་ལུང་གི་དབང་། དབང་ཆོག་གཏེར་གཞུང་དང་བཅས་པ། དེའི་བརྒྱུད་པ་གོང་སྨོས་དགོངས་འདུས་དོན་དབང་ལྟར་རོ།། ༈ །།གཉིས་པ་ཐ་མར་དགེ་བའི་སླད་དུ་གསང་སྔགས་ལམ་རིམ་དང་ཞལ་གདམས་སྨོན་ལམ་ཤིས་བརྗོད་སྐོར་ནི། ཐ་མར་དགེ་བའི་སླད་དུ། ཡོ་ག་གསུམ་གྱི་སྙིང་པོ་གཅིག་ཏུ་འདྲིལ་བ་སངས་རྒྱས་གཉིས་པ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོའི་རྡོ་རྗེའི་གསུང་བཀའ་མ་གཉགས་གནུབས་ཟུར་ལས་རིམ་པར་འོངས་པ་དང་། གཏེར་མ་སངས་རྒྱས་བླ་མ། མངའ་བདག་ཉང་། ཆོས་དབང་། རྡོ་རྗེ་གླིང་པ་བཅས་ཀྱི་ཟབ་གཏེར་ལས་མཐུན་པར་འབྱུང་བ་གསང་སྔགས་ལམ་རིམ་རིན་ཆེན་གསལ་བའི་སྒྲོན་མེའི་གཞུང་དང་ས་བཅད། འགྲེལ་པ་རིན་ཆེན་ཕྲེང་བ། ལག་ཁྲིད་རྣམས། རྩ་གཞུང་། དེའི་རྫོགས་རིམ་གྱི་ཁྲིད། ལོ་རྒྱུས། ཁྲིད་ཡིག །བརྒྱུད་འདེབས་དང་བཅས་པ། ཆོས་དབང་དང་རྡོར་གླིང་བཅས་ཀྱི་གཏེར་ཁ་ལ་སྨིན་གྲོལ་གཉིས་ཀའི་རྒྱུན་རྒྱས་པར་ཡོད་པར་སྣང་བས་རྒྱུན་རྙེད་ན་འདིར་འཛུད་པར་འོས་སོ། དེའི་རྩ་བའི་བརྒྱུད་པ་ནི། དགོངས་བརྡ་སྙན་བརྒྱུད་ཀུན་འདུས་རྒྱལ་དབང་པདྨ་འབྱུང་གནས། གསང་བའི་བདག་མོ་མཚོ་རྒྱལ་མ། མངའ་བདག་ཆོས་རྒྱལ་ཡབ་སྲས། སངས་རྒྱས་བླ་མ། ཉང་ཉི་མ་འོད་ཟེར། འགྲོ་མགོན་ནམ་མཁའ་དཔལ། ཆོས་དབང་རིན་པོ་ཆེ། རྒྱས་སྲས་པདྨ་དབང་ཆེན་ནས་རིམ་པར་བརྒྱུད། ཟབ་གཏེར་མཛོད་འཆང་དེ་གསུམ་གྱི་ཡེ་ཤེས་རོལ་གར་བཀའ་བབས་ཆེན་པོ་བདུན་གྱི་མངའ་བདག་པདྨ་འོད་གསལ་མདོ་སྔགས་གླིང་པས་ལུང་དང་བཤད་ཁྲིད་བཀའ་དྲིན་དུ་བསྩོལ་པའོ། །རྫོགས་རིམ་ཁྲིད་བརྒྱུད། ཀུན་བཟང་། རྡོར་སེམས། ཨོ་རྒྱན་ཆེན་པོ། གཉགས་ཛྙཱ་ན་ཀུ་མཱ་ར། གནུབས་སངས་རྒྱས་ཡེ་ཤེས། ཡོན་ཏན་རྒྱ་མཚོ། ཉང་ཡེ་ཤེས་འབྱུང་གནས། ལྷ་རྗེ་ཟུར་པོ་ཆེ། ཟུར་ཆུང་ཤེས་རབ་གྲགས། བླ་ཆེན་ཤཱཀྱ་བཟང་པོ། གསང་བདག་སྒྲོ་ཕུག་པ། རྩག་ཚ་ཤཱཀ་རྡོར། གཉོས་ནག་རྒྱལ་མཚན། འབན་རྒྱལ་ཁམས་པ། ཤཱཀྱ་དཔལ། སངས་རྒྱས་སེང་གེ །ཀུན་དགའ་རིན་ཆེན། རིན་ཆེན་རྒྱལ་མཚན། དཀོན་མཆོག་དབང་པོ། ཟུར་ཧཾ་ཤཱཀ་འབྱུང་། སྲས་ཤཱཀྱ་དཔལ། རྗེ་བཙུན་དཔལ་བཟང་། ཟུར་ཧཾ་བཤེས་གཉེན། ཁམས་པ་གྲགས་རྒྱན། སེ་སྟོན་ཆེན་པོ། རས་ཆེན་ནམ་རྒྱན། མཉམ་མེད་བདེ་ལེགས་པ། ཀུན་དགའ་མཆོག་གྲུབ། རྗེ་བཙུན་གྲོལ་མཆོག །ཆོས་སྐུ་ལྷ་དབང་གྲགས་པ། རྗེ་བཙུན་རིན་པོ་ཆེ་ཏཱ་ར་ནཱ་ཐ། ཀུན་དགའ་ཕྲིན་ལས་དབང་མོ། རྒྱལ་ཚབ་རིན་ཆེན་རྒྱ་མཚོ། སྙིང་པོ་མཐའ་ཡས། ཆོས་རྗེ་ཀུན་བཟང་དབང་པོ། རིག་འཛིན་ཚེ་དབང་ནོར་བུ། ཀུན་བཟང་ཆོས་དབྱིངས་རང་གྲོལ། དེ་དབོན་ཀུན་བཟང་ཆོས་འབྱོར། རྡོར་སློབ་བློ་བཟང་མཐུ་སྟོབས། མཆོག་སྤྲུལ་ཉི་མ་ཆོས་འཕེལ། རིན་ཆེན་བློ་གསལ་བསྟན་སྐྱོང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེ་ཉིད་ཀྱི་ཞལ་སྔ་ནས་མདོར་བསྟན་རྒྱས་བཤད་དོན་བསྡུས་ཀྱི་ཚུལ་གྱིས་ཁྲིད་བརྒྱ་སྨིན་པར་ཐོས་པའི་སྐལ་བཟང་ཐོབ། ཡང་། ཀུན་བཟང་དབང་པོ་ནས། ཀུན་དགའ་རྣམ་རྒྱལ། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས། རྗེ་དྲུང་ཀརྨ་འགྱུར་མེད། ཚེ་དབང་པདྨ་ནོར་བུ། པད་དཀར་སྤྲུལ་པའི་སྐུ་དཔལ་ལྡན་རྡོ་རྗེ་ཆོས་ཀྱི་རྒྱལ་པོ། དེ་ལས་སུམ་ལུང་གི་ཁྲིད་རྒྱུན་ཐོས་སོ། །བྲམ་པ་གྲུབ་ཆེན་ཀུན་དགའ་བཟང་པོའི་ཟབ་གཏེར་དཔལ་ལྡན་རྔོག་པ་བཀའ་བརྒྱུད་པ་ལ་བཀའ་བབས་པ། གྲུབ་ཆེན་ཡ་བརྒྱད་ཀྱི་དགོངས་བཅུད་ཕྱག་རྫོགས་ཟུང་འཇུག་ནོར་བུ་མཐོང་གྲོལ་གྱི་ཁྲིད་དེའི་ལོ་རྒྱུས། ཁྲིད་ཡིག་བརྒྱུད་འདེབས་དང་བཅས་པ་ས་གསུམ་ན་ཉི་ཟླ་ལྟར་ཡོངས་སུ་གྲགས་ཤིང་ཕྲིན་ལས་ཕྱོགས་བཅུར་རྒྱས་པ་འཇམ་དབྱངས་ཀུན་དགའ་གྲོལ་མཆོག་གི་གསུང་རབ་ལས་འབྱུང་བ་ཉིད་བཞུགས། བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་འཆང་། ས་ར་ཧ། ཤ་བ་རི་པ། མི་ཏྲ་ཛོ་ཀི །སློབ་དཔོན་པདྨ་སྟེ་གྲུབ་ཆེན་བཞི། ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་བཞི་སྟེ་ཡ་བརྒྱད། གཏེར་སྟོན་ཀུན་དགའ་བཟང་པོ། འཁྲུལ་ཞིག་ཀུན་དར་རས་པ། རྔོག་གྲགས་པ་དཔལ་འབྱོར། ནོར་བུ་རིན་ཆེན། འཇམ་མགོན་གྲོལ་མཆོག་ཕྱིན་ཆད་སྔ་མ་ལྟར་རོ། །ཟབ་གཏེར་གྱི་བསྟན་དང་ཕྲིན་ལས་གེགས་མེད་མཐའ་རྒྱས་སུ་ཁྱབ་ཅིང་རྟག་པ། མངའ་བདག་ཉང་རལ་ཉི་མ་འོད་ཟེར་གྱིས་འཕྱོང་རྒྱས་འཆིང་ང་བང་སོ་དམར་ཆུང་ནས་སྤྱན་དྲངས་པའི་བླ་མ་དམར་ཁྲིད་དུ་གྲགས་པ་སྤྲོས་མེད་ཀུ་སུ་ལུའི་ཉམས་ལེན་གསང་སྒྲུབ་ཟབ་པའི་མཐར་ཐུག་སྐོར་ལས། མངའ་བདག་རྒྱལ་པོ། མཚོ་རྒྱལ། རྔོག་ཤེས་རབ་རྒྱལ་པོ། སྟག་བཟའ་དགེ་ལྡན་མ། བུད་མེད་གྲུབ་ཐོབ་མི་བདུན་རྣམས་ཀྱི་ཞུས་ལན། མཚོ་རྒྱལ་ཞུས་ལན་གནད་གདམས་ཉི་ཤུ་རྩ་གཅིག་པ་དང་སྒོམ་ཁྲིད་རིན་ཆེན་གསེར་ཕྲེང་སོགས་གལ་པོ་ཆེའི་ཞལ་གདམས་ནང་གསེས་དང་བཅས་པ་བཞུགས། བརྒྱུད་པ་ནི། ཆོས་སྐུ་མཐའ་ཡས། ལོངས་སྐུ་ཐུགས་ཆེན། སྤྲུལ་སྐུ་པད་འབྱུང་། རྒྱལ་ཡུམ་མཚོ་རྒྱལ། ཆོས་རྒྱལ་ཁྲི་ལྡེ། གཏེར་སྟོན་མངའ་བདག་ཆེན་པོ། དེ་ནས་སྲས་བརྒྱུད་སློབ་བརྒྱུད་གཉིས་ལས་སྲས་བརྒྱུད་ནི། འགྲོ་མགོན་ནམ་མཁའ་དཔལ། བློ་ལྡན་བདུད་འདུལ། མདོ་སྡེ་སེང་གེ །པད་མ་དངོས་གྲུབ། འཇམ་དཔལ་ནོར་བུ། ཀུན་དགའ་རྒྱལ་མཚན། ནོར་བུ་འཕེལ། ཀུན་དགའ་འོད་ཟེར། ཀུན་དགའ་འཕེལ། ཀུན་དགའ་ལྷུན་གྲུབ། དཔང་ཀརྨ་གུ་རུ། ནམ་མཁའ་ཆོས་དབང་། ཉང་རྡོ་རྗེ་མི་རྟོག །རས་ཆེན་ཚེ་དབང་བསྟན་འཛིན། རིག་འཛིན་ཕྲིན་ལས་ལྷུན་གྲུབ། གཏེར་ཆེན་འགྱུར་མེད་རྡོ་རྗེ། རིན་ཆེན་རྣམ་རྒྱལ། མང་ཐོས་ཚེ་དབང་མི་འགྱུར་རྡོ་རྗེ། རྗེ་ཡེ་ཤེས་ལྷུན་གྲུབ། སྤང་སྟོན་པདྨ་ཚེ་དབང་། བླ་མ་ཨོ་རྒྱན་རྣམ་གྲོལ། དགེ་སློང་ཐུབ་བསྟན་བསྟན་འཛིན། འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་ནོས་སོ། །སློབ་བརྒྱུད་ནི། འགྲོ་མགོན་ནས། གུ་རུ་ཆོས་དབང་། པདྨ་དབང་ཆེན། དམར་ཞབས་རས་པ་རྩི་ཤིང་རྒྱལ་མཚན། ཛམ་གླིང་རྒྱལ་མཚན། རྟོགས་ལྡན་གྲགས་འབུམ། དཔལ་སེང་། བརྩོན་འགྲུས་མགོན་པོ། བསོད་ནམས་སེང་གེ །ཆོས་སྐྱོང་ཚུལ་ཁྲིམས། ཚུལ་ཁྲིམས་འབུམ། རིན་ཆེན་རྒྱལ་མཚན། པཎ་ཆེན་གློ་བོ་པ། མངའ་བདག་ཀུན་དགའ་ལྷུན་གྲུབ་མན་ཆད་སྔ་མ་ལྟར་རོ། །སྤྲུལ་པའི་གཏེར་ཆེན་རཏྣ་གླིང་པའི་གཏེར་བྱོན་གུ་རུའི་ཞལ་གདམས་གསལ་བའི་སྒྲོན་མེ། ལུང་བརྒྱུད་རྩ་གསུམ་དོན་ཁྲིད་དང་མཚུངས། མཆོག་གླིང་དམ་ཆོས་སྙིང་པོའི་སྐོར་ལས་ལྔ་པ་མཁན་སློབ་ཆོས་གསུམ་གྱི་ཞལ་གདམས་སྙིང་པོ་བསྡུས་པ། དེ་ཉིད་ཀྱིས་སེང་ཆེན་གནམ་བྲག་ནས་སྤྱན་དྲངས་པའི་བཻ་རོའི་སྐུ་ཆོས་དར་ཤོག་ལས་བཤུས་པ་གུ་རུ་རིན་པོ་ཆེ་ནས་ཆེད་དུ་བརྗོད་པའི་ཚུལ་གྱིས་རྗེ་འབངས་རྣམས་ཀྱི་ཐུགས་དམ་ནར་མར་གནང་བ་བསྟན་པ་སྤྱིའི་སྨོན་ལམ། དེ་གཉིས་ཀ་གཏེར་སྟོན་ཉིད་ལས་ནོས། བྱང་གཏེར་གཙོ་བོ་ཀུན་བཟང་དགོངས་པ་ཟང་ཐལ་གྱི་རྩ་རྒྱུད་ལས་ཁོལ་དུ་ཕྱུང་པ་ཀུན་བཟང་སྨོན་ལམ། ལུང་གི་བརྒྱུད་པ་རྣམ་གྲངས་མང་དུ་ནོས་ཀྱང་ཟང་ཐལ་རྩ་བ་ལྟར་ན། རིག་འཛིན་རྒོད་ལྡེམ། རྣམ་རྒྱལ་མགོན་པོ། རྡོ་རྗེ་མགོན་པོ། ངག་དབང་གྲགས་པ། ནམ་མཁའ་རྒྱལ་མཚན། ཤཱཀྱ་བཟང་པོ། ལེགས་ལྡན་རྗེ། བྱང་བདག །ངག་གི་དབང་པོ། སྟོབས་ལྡན་དཔའ་བོ། ཕྱག་རྡོར་ནོར་བུ། མི་ཕམ་སྒྲུབ་བརྒྱུད་དབང་པོ། ངག་དབང་ཀུན་དགའ་བསྟན་འཛིན། དགེ་ལེགས་དཔལ་བཟང་། བླ་མ་བདེ་ཆེན། འགྱུར་མེད་པདྨ་ནོར་བུ། ངེས་དོན་བསྟན་འཕེལ་གཞན་ཕན་དབང་པོ། ཆོས་ཀྱི་བློ་གྲོས། ཐུབ་བསྟན་རྒྱལ་མཚན་དཔལ་བཟང་པོ། དེས་བདག་ལའོ། །ལྷོ་གཏེར་པདྨ་གླིང་པའི་བླ་མ་ནོར་བུ་རྒྱ་མཚོ་ལས་ཕྱུང་པའི་སྨོན་ལམ། ལུང་རྒྱུན་འདི་ཉིད་ཀྱི་དབང་ངམ་སྨིན་ལུགས་ཆོས་སྤྱོད་ལྟར་རོ། །ཤར་གཏེར་སངས་གླིང་བླ་མ་དགོངས་འདུས་གཞན་དོན་སྒྲོན་མེ་དྲུག་སྐོར་ལས་སྨོན་ལམ་བཀྲ་ཤིས་ཀྱི་སྒྲོན་མེས་ས་གསུམ་དུ་དགེ་ལེགས་ཀྱི་སྣང་བ་ནུབ་མེད་དུ་ཁྱབ་པ་སྟེ། ལུང་བརྒྱུད་ཆོས་སྡེ་རྩ་བ་དང་མཚུངས་པ་ཉིད་དོ།། ༈ །།ལྔ་པ་སྨིན་གྲོལ་ཉམས་ལེན་བྱ་ཚུལ་སོགས་གལ་ཆེའི་གནད་ཀྱི་གདམས་པ་བརྗོད་པས་མཇུག་སྡུད་པ་ནི། ཟབ་གཏེར་ཆོས་ཀྱི་རྒྱ་མཚོ་ཆེན་པོ་དེ་རྣམས་ལས་བསྙེན་སྒྲུབ་སོགས་ཀྱི་རྒྱུན་ལེགས་པར་བཞུགས་ཤིང་ཆོས་སྐོར་ཉེར་མཁོ་ཚང་བ་བཅས་ཉམས་ལེན་དང་ལག་ཏུ་བླང་བྱའི་སྙིང་པོར་གྱུར་པ་གང་ཞེ་ན། སྤྱིར་འདི་ཉིད་དུ་བཀོད་པ་ཕལ་མོ་ཆེ་གུ་རུའི་རྗེས་འབྲང་སྤྱི་དང་བྱེ་བྲག་འདུལ་ཞིང་སོ་སོའི་ཐད་ནས་ཉམས་སུ་བླངས་ཤིང་འགྲོ་དོན་ལག་ལེན་གྱི་རྒྱུན་དང་ལྡན་པ་ཤ་སྟག་ཏུ་འདུག་ཀྱང་། འདིར་སྐབས་སུ་བབས་པའི་གཙོ་བོ། རྡོར་སེམས་ཐུགས་ཀྱི་སྒྲུབ་པ། ཞི་ཁྲོ་དགོངས་པ་རང་གྲོལ། འཆི་མེད་རྩ་གསུམ་དྲིལ་སྒྲུབ། བླ་མ་ཕྱི་སྒྲུབ་ལས། བྱང་པའི་བརྡ་དོན་ལམ་ཟབ། སྨིན་ལུགས་བླ་མའི་རྣལ་འབྱོར། རྡོ་རྗེ་སློབ་དཔོན་དུ་སྒྲུབ་པ། ནང་སྒྲུབ་ཞི་བའི་སྐོར་ལས། བླ་མ་གསང་བ་འདུས་པ། ལོངས་སྐུ་བུ་སྟོན་གོང་ཁུག་མ། ཚེ་སྒྲུབ་གསང་འདུས། བླ་མ་དགོངས་འདུས། རཏྣའི་ཡང་འདུས། ཡོན་ཏན་གཏེར་མཛོད། བྱང་པའི་སྐུ་གསུམ་རིགས་འདུས། དཀོན་མཆོག་སྤྱི་འདུས། རིག་འཛིན་སྲོག་སྒྲུབ། རིག་འཛིན་ཐུགས་ཐིག །རིག་འཛིན་འདུས་པ། ཐུགས་སྒྲུབ་བར་ཆད་ཀུན་སེལ། གསང་ལམ་བླ་སྒྲུབ། བླ་མ་དྲག་པོའི་སྐོར་ལས། གུར་དྲག་བདེ་གཤེགས་འདུས་པ། བྱང་གཏེར་ཐུགས་སྒྲུབ་རྡོ་རྗེ་དྲག་རྩལ། མེ་རླུང་འཁྱིལ་བ། ཀརྨ་གུ་རུ། འབྲི་གུང་དང་བདུད་འདུལ་གྲོ་ལོད། གནམ་ཆོས་ཕུར་མཇུག །སྨིན་གླིང་དྲག་དམར། ཡེ་ཤེས་རབ་འབར། ཆོས་གླིང་གྲོ་ལོད། རོལ་རྡོར་དྲག་ཁྲོས་རྣམས་དང་། བཀའ་བརྒྱད་བདེ་གཤེགས་འདུས་པ། འཇམ་དཔལ་སྐུ་ལས། གཤིན་རྗེ་ཚེ་བདག །ཡང་ཟློག་མེའི་སྤུ་གྲི །དྲེགས་པ་འཇོམས་བྱེད། སངས་གླིང་འཇམ་དཔལ་ནག་པོ། ཀིང་ནག །ཁྲོ་ཆུ། རིན་ཆེན་གླིང་པའི་ནཱ་ག་རཀྴ་བཅས། པདྨ་གསུང་ལས། བྱང་གཏེར་ཚེ་སྒྲུབ་ལྕགས་སྡོང་མ། འཆི་མེད་དཔལ་སྟེར། གནམ་ལྕགས་རྡོ་རྗེ། འཆི་མེད་ཡང་སྙིང་། ཟབ་བདུན་ཚེ་དཀར། བླ་མ་ཆོས་སྐུ་ལས། གནམ་ཆོས་འོད་དཔག་མེད། ཐུགས་རྗེ་ཆེན་པོ་ལས། རྒྱལ་པོ་ལུགས། རྒྱལ་བ་རྒྱ་མཚོ། ཡང་སྙིང་འདུས་པ། འགྲོ་བ་ཀུན་སྒྲོལ། བདེ་གཤེགས་ཀུན་འདུས། གར་དབང་ཚེ་དཔག་མེད། རྟ་མགྲིན་ཡང་གསང་ཁྲོས་པ། སྐྱེར་སྒང་ལུགས། ཡི་དམ་དགོངས་འདུས། ཉང་དང་རཏྣ་ཞིག་གླིང་རྣམས་ཀྱི་རྟ་ནག་བཅས། ཡང་དག་ཐུགས་སྐོར་ལས། ཆོས་དབང་ཡང་དག་སྙིང་པོ། ཆོས་གླིང་བདེ་ཆེན་སྙིང་པོ། གཏུམ་པོ་མེ་ལྕེ་ཕྲེང་བ། ལས་འབྲེལ་དྲེགས་འདུལ། ཡོན་ཏན་སྐོར་ལས། གཡུ་ཐོག་སྙིང་ཏིག །གཏེར་གསར་བི་མ། བདུད་རྩི་བུམ་པ། ཕྲིན་ལས་ཕུར་པ་ལས། ཆོས་དབང་སྤུ་གྲི། ཐུགས་ཀྱི་ཐིག་ལེ། ར་ཤག་མ་མོ་སྒང་ཤར། སེང་གདོང་མ་བཀའ་གཏེར་ཟུང་འཇུག །བདུད་འདུལ་དྲག་མོ། ཆོས་དབང་ལོཀྟྲྀ་བཅས། མཁའ་འགྲོའི་སྐོར་ལས། ཉང་གཏེར་ཁྲོས་ནག །ཞིག་གླིང་སྒྲོལ་དཀར། སྲོག་སྒྲུབ་ཕག་མོ། གསང་བ་ཡེ་ཤེས། སྟག་ཤམ་མཚོ་རྒྱལ། ཡུམ་བཀའ་བདེ་ཆེན་རྒྱལ་མོ་བཅས། ཆོས་སྐྱོང་སྐོར་ལས་བྱང་དངོས་གྲུབ་རོལ་མཚོར་བཞུགས་པའི་སྡེ་དགུ་པོ་བཀའ་གཏེར་བྱིན་རླབས་ཅན་གྱི་རྒྱུན་གཙོ་ཆེ་བ་རྣམས་འདུས་པ་མེད་དུ་མི་རུང་བ་རྣམས་ཡིན་ལ། དེ་སྟེང་མཆོག་གླིང་ཕྱག་དྲུག་པ། ཚོགས་བདག་ཁམས་བྱོན་མ། ལྷ་མོ་རང་བྱུང་རྒྱལ་མོ། དམ་ཅན་མགར་དམར། བདུད་འདུལ་ཞིང་སྐྱོང་། བྱང་གཏེར་ཐང་ལྷ། ཐུགས་སྒྲུབ་ཚེ་རིང་མ་རྣམས་དང་། ལས་སྤྱིར་བདུད་རྩི་འཁྱིལ་པ། སྲུང་བ་ལ་དུག་ཁྲག་རྭ་སྲུང་། ཞི་བའི་སྐོར་ལས། ལོ་གྱོན་མ། བྱང་གཏེར་ལས་ཀྱི་ཁྱུང་ནག །ལས་འབྲེལ་གཉེན་པོ་ལྷ་གསུམ། རོལ་རྡོར་ཁྱུང་ཁྲ། རྣམ་འཇོམས་ལྗང་མཐིང་། སྨེ་བརྩེགས་རིགས་གཉིས། དམ་གྲིབ་ཉེས་པ་ཀུན་སེལ། བི་མའི་གདུགས་དཀར། རྡོ་རྗེ་གཙུག་ཏོར། ཆོས་དབང་འཁོར་བ་དོང་སྤྲུགས། ཀློང་གསལ་མི་འཁྲུགས་པ། ཐུགས་སྒྲུབ་བླ་མ་ལོངས་སྐུ །རྒྱས་པའི་སྐོར་ལས། ཚེ་སྒྲུབ་རྡོ་རྗེ་སྙིང་པོ། སྒྲ་མི་སྙན་གྱི་ཚེ་སྒྲུབ། ཐང་རྒྱལ་ཉེ་བརྒྱུད། ཚེ་ཡུམ་ཙཎྜ་ལཱི། དགོངས་གཏེར་ཕག་དཀར། ཕྱི་འགྱུར་མ་ཏིའི་འཇམ་དཀར། དམ་པའི་སྨྲ་སེང་། བྲམ་ཟེ་ཕུར་བུའི་ལུགས་ཀྱི་དབྱངས་ཅན་མ། གྲ་མངོན་ཛཾ་དམར། ཆགས་མེད་རྟ་ལྷ། དྲི་མེད་གླིང་པའི་པདྨ་རྒྱལ་པོ། བླ་མ་ནོར་ལྷ། དབང་གི་སྐོར་ལས། སྒྲོལ་མ་དམར་མོ། ཆོས་གླིང་ཛཾ་དམར། སྨིན་ལུགས་ལྷ་ཆེན། མངོན་སྤྱོད་སྐོར་ལས། ཧྲཱིཿདམར་གཤིན་རྗེའི་ཡང་སྙིང་། གཏེར་ཁ་བཞི་འདུས་ཀྱི་ཡང་ཟློག་རྡོ་རྗེ་ཕ་ལམ། བཀའ་གཏེར་གཉིས་ལྡན་ཀིང་དམར་བཅས། གཞན་ཡང་ལས་རབ་འབྱམས་ཕལ་མོ་ཆེ་ལག་ལེན་བྱིན་ནུས་དང་ལྡན་པའི་རྒྱུན་ཁོ་ནར་སྣང་ཡང་འདིར་གཙོ་ཆེ་བ་ཙམ་སྨོས་པ་ཡིན་ལ། རྫོགས་རིམ་གོང་གི་ཡི་དམ་སོ་སོ་དང་འབྲེལ་བའི་རིགས་རྣམས་དང་། ཛ་བཱིར་རིགས་གསུམ་ཅོང་ཞིའི་བཅུད་ལེན་བཅས་པ། ཁྲོས་ནག་སྲོག་སྒྲུབ་སོགས་ཀྱི་གཏུམ་མོ་དང་གཅོད་ཡུལ། མ་གཅིག་ལུགས་ཀྱི་གཅོད་ཁྲིད། རིག་འཛིན་ཚེ་དབང་ནོར་བུའི་ཚེ་ཁྲིད་དང་ཐུགས་རྗེ་ཆེན་པོའི་སྨར་ཁྲིད། རྫོགས་ཆེན་མཁའ་འགྲོའི་སྙིང་ཏིག །རཏྣའི་ཀློང་གསལ་སྙིང་ཏིག །ཨ་ཏི་ཟབ་དོན་སྙིང་པོ། ཀློང་ཆེན་སྙིང་ཏིག །ཡང་ཏི་སངས་རྒྱས་མཉམ་སྦྱོར་དང་གསེར་གྱི་འབྲུ་གཅིག་རྣམས་ངེས་པར་ཉམས་སུ་བླང་དགོས་པའི་གལ་པོ་ཆེ་རྣམས་ཡིན་ནོ། །དེ་དག་ཀུན་གྱི་སྙིང་པོར་གྱུར་པ་སྨིན་ལུགས་རྡོར་སེམས། ཀར་གླིང་ཞི་ཁྲོ། ཆོས་དབང་བླ་མ་གསང་འདུས་དང་འཇའ་ཚོན་སྤྱི་འདུས། ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་དང་རྒྱལ་བ་རྒྱ་མཚོ། རྫོགས་ཆེན་མཁའ་འགྲོ་སྙིང་ཏིག་དང་སངས་རྒྱས་མཉམ་སྦྱོར་ཏེ་བླ་རྫོགས་ཐུགས་གསུམ། བཀའ་དགོངས་ཕུར་པ། ཉང་ལུགས་ཁྲོས་ནག་རྣམས་ཤིན་ཏུ་ཁྱད་པར་འཕགས་པས་ཉམས་ལེན་སྙིང་པོར་བྱ་བར་རིགས་ཤིང་། ཆོས་སྐྱོང་གཏེར་ཁ་བཞི་འདུས་ཀྱི་མ་ནིང་། མ་གཟའ་དམ་གསུམ་ཀུན་མཁྱེན་ལུགས་ཀྱི་གསོལ་མཆོད་ཀྱང་འདོར་བར་མི་བྱའོ། །གཏེར་གསར་རྣམས་དུས་སྐབས་དང་འཚམས་པར་རྒྱལ་བའི་ཐུགས་རྗེ་ལས་ཤར་བ་དང་བརྒྱུད་ཐག་ཉེ་ཞིང་དམ་སེལ་གྱིས་བར་དུ་མ་ཆོད་པར་བྱིན་ནུས་ཆེ་བས་མཆོག་ཏུ་བྱ་དགོས་པ་གཞིར་བཅས། ལྷག་པར་རྩོད་བྲལ་སྤྲུལ་པའི་གཏེར་ཆེན་རྣམ་པ་གཉིས་ཀྱི་ཟབ་ཆོས་མཐའ་དག་བཀའ་གཏེར་ཁུངས་མ་དང་འབྲེལ་ཞིང་ལུང་རིགས་ཉམས་མྱོང་གི་ཚད་མས་གྲུབ་པ་མ་ཟད། ཁ་ཚང་དོན་འདྲིལ་ལག་ལེན་ཁྱེར་བདེ་བའི་ཕྱིར་ཉམས་སུ་བླང་འོས་པ་ཤ་སྟག་སྣང་བས་ཁ་ཤས་ཙམ་ལས་དམིགས་སུ་སྨོས་མ་དགོས་ཤིང་། ཁྱད་པར་དུའང་འཆི་མེད་རིག་འཛིན་ཆེན་པོ་རྣམ་པ་གཉིས་དང་ཞལ་མི་གཉིས་པ་ཁྱབ་བདག་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཟབ་གཏེར་ལས། བླ་མ་མཚོ་སྐྱེས་སྙིང་ཏིག །ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་གསོ་་་མི་བཞུགས། རྫོགས་ཆེན་ལྕེ་བཙུན་སྙིང་ཏིག་གསུམ། སྙན་བརྒྱུད་གཤིན་རྗེ་ཡང་དག་ཕུར་པ། དགོངས་གཏེར་འཕགས་མའི་སྙིང་ཏིག་རྣམས་གཅིག་ཆོག་ཏུ་བཟུང་བ་དང་། རྩ་གསུམ་དྲིལ་སྒྲུབ། ཡིག་དྲུག་གསོལ་འདེབས་སྒྲུབ་ཐབས། གཉེན་པོ་ལྷ་ལྔ་སོགས་ཡང་གཏེར་གྱི་རིགས་རྣམས་དང་། ཐམས་ཅད་ལས་ཀྱང་བཀའ་འདུས་ཆོས་ཀྱི་རྒྱ་མཚོ། སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ། རྡོ་རྗེ་བདུད་རྩི། མཁའ་འགྲོ་གསང་བ་ཀུན་འདུས་རྣམས་སྙིང་གི་ཐིག་ལེ་ལྟར་གཅེས་པར་འཛིན་པས་གསེར་དང་ར་གན་མི་སྙོམ་པར་བསྐྱེད་རྫོགས་ཀྱི་ཉམས་ལེན་ཇི་ཙམ་ནུས་པར་འབད་དེ་ཟབ་ཆོས་མཇལ་བ་དོན་དང་ལྡན་པར་བྱའོ། །ལས་ཀྱི་ཚོགས་ནི། ཕན་བྱེད་ཀྱི་སྐོར་རྣམས་རང་ཉིད་ནུས་ལྡན་དུ་བྱ་དགོས་པས་བསྙེན་སྒྲུབ་སྤྱི་དང་བྱེ་བྲག་ལེགས་པར་ཐེམས་ནས་སྐབས་དང་འབྲེལ་བར་གཞན་ཕན་སེམས་བསྐྱེད་བཟང་པོས་བརྩམ་པར་བྱ་བ་དང་། ནོར་སྒྲུབ་དང་དབང་སྡུད་སོགས་རང་འདོད་ཀྱི་འཁྲིས་མེད་པར་བསྟན་འགྲོ་སྤྱི་ལ་ཕན་པའི་དོན་ཁོ་ནར་བསྒྲུབ་པར་རིགས་ལ། མངོན་སྤྱོད་བསད་མནན་སོགས་ནི་རྟོགས་པས་བདག་རྒྱུད་གྲོལ་ནས་སྙིང་རྗེས་གཞན་རྒྱུད་འདྲེན་ནུས་པ་དང་། བསྟན་པ་དང་སེམས་ཅན་ལ་ཕན་པ་རླབས་སུ་ཆེ་ངེས་པའི་གནས་མཐོང་ན་མ་གཏོགས་ནམ་དུའང་བརྩམ་པར་བྱ་བ་མ་ཡིན་པ་རྒྱལ་བས་རྒྱུད་སྡེ་རབ་འབྱམས་ལས་ཤིན་ཏུ་བཀག་པའི་དོན་དྲན་པར་བྱ་དགོས་སོ། ༈ །ད་ནི་སྤྱིར་འཕྲོས་པའི་དོན་འདིའང་བརྗོད་པར་བྱ་སྟེ། སྔ་འགྱུར་རྡོ་རྗེ་ཐེག་པའི་ཤིང་རྟ་ཆེན་པོ་རྣམས་ལ་ལམ་སྲོལ་ནི། དབང་། བཤད་པ། བསྐྱེད་རིམ། རྫོགས་རིམ་སྟེ་བཀའ་བབས་ཀྱི་ཆུ་བོ་བཞི་ཞེས་ཡོངས་སུ་གྲགས་པས། རྙིང་མ་མིང་ཙམ་མ་ཡིན་པར་ལུགས་མཐུན་ཞིག་བྱེད་ན། སྔར་དངོས་དང་འཕྲོས་དོན་གྱི་སྐབས་སུ་ཇི་སྐད་སྨོས་པའི་བཀའ་མའི་གཞུང་བཟང་པོ་མཐའ་དག་གམ། མདོ་སྒྱུ་སེམས་གསུམ་གྱི་རྩ་བ་རེ་རེའི་སྨིན་གྲོལ་གྱི་སྒོ་ཕྱེ་སྟེ། སྒྱུ་འཕྲུལ་གསང་བ་སྙིང་པོའི་རྒྱུད་ཀྱི་བཤད་སྲོལ་ལ་སྒྲོ་འདོགས་ལེགས་པར་བཅད། གཏེར་མའི་ཕྱོགས་ནས་བཀའ་དགོངས་ཕུར་གསུམ་དང་། གཤིན་རྗེ་ཚེ་བདག །རྟ་མགྲིན་ཡང་གསང་། ཕྱག་རྡོར་དྲེགས་པ་ཀུན་འདུལ་གྱིས་མཚོན་བཀའ་བརྒྱད་བྱེ་བྲག་པའི་སྐོར་རྣམས་དང་། བླ་སྒྲུབ་དང་ཐུགས་རྗེ་ཆེན་པོའི་སྐོར་ཅི་རིགས། རྫོགས་ཆེན་སྙིང་ཏིག་ཡ་བཞི་དང་ཟབ་མོ་ཡང་ཏིག །ཀུན་མཁྱེན་ཀློང་ཆེན་པའི་དགོངས་གཏེར་གྱི་བསྟན་བཅོས་མཛོད་བདུན། ངལ་གསོ་སྐོར་གསུམ་ཆ་ལག་དང་བཅས་པ་རྣམས་ཀྱི་སྟེང་འདི་ཉིད་ནས་འབྱུང་བའི་སྨིན་གྲོལ་ལས་ཚོགས་བཅས་མཐའ་དག་དང་། དེ་དག་གི་རྒྱབ་རྟེན་དུ་རྒྱུད་འབུམ་རིན་པོ་ཆེ་ཡོངས་སུ་རྫོགས་པ་བཅས་ལ་ཐོས་བསམ་གྱི་གཞིར་བཟུང་ནས། བཀའ་མས་གཞུང་བསྲང། གཏེར་མའི་མན་ངག་གིས་ཉམས་སུ་བླངས་ཏེ། ཡི་དམ་གྱི་མངོན་རྟོགས་ཆུང་ངུ་ཞིག་ཉམས་སུ་ལེན་ཀྱང་། རྒྱུ་ཤེས་པའི་མཚན་ཉིད་དེ་བཞིན་ཉིད་ཀྱི་ལྟ་བས་ཐག་བཅད་ཚུལ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་གྱིས་ཉམས་སུ་བླང་ཚུལ། དེ་ལས་ལམ་གྱུར་གྱི་འབྲས་བུ་རིག་འཛིན་རྣམ་བཞིའི་གྲུབ་མཐར་ཇི་ལྟར་སྙོག་པའི་ཚུལ་ལ་ངེས་པ་གཏིང་ཚུགས་པས་གཞུང་གདམས་ངག་ཏུ་འཆར་ཞིང་། གདམས་ངག་གཞུང་དང་མི་འགལ་བ་ཞིག་གལ་ཆེ་བས། འབྲེལ་མེད་ཀྱི་ཐ་སྙད་ཉི་ཚེ་དང་རྟོག་གེའི་ཚིག་སྐམ་རེ་གཉིས་སྨྲ་བ་ལ་བཤད་པ་དང་། ཡི་དམ་གྱི་རྒྱུན་ཁྱེར་རེ་དང་། ཆོས་སྐྱོང་གི་གཏོར་སྐོང་རེ་ཆགས་མེད་བྱེད་པ་ལ་སྒྲུབ་པ་དང་། གཏོར་ཟློག་གི་འུར་ཤོག་རེ་ལ་ལས་སྦྱོར་དུ་མིང་བཏགས་ནས་རང་གཞུང་ཡིན་ངེས་དང་དགོས་ངེས་རྣམས་དོར་བའི་རྗེས་སུ་འབྲང་བར་མི་བྱའོ། །བྱེ་བྲག་ཏུ། གཞུང་འདི་ཉིད་ཀྱི་སྨིན་གྲོལ་ལེགས་པར་ཐོབ་ནས་གཞན་ལ་འབོགས་པར་འདོད་པས་རབ་གོང་དུ་བཤད་པའི་གལ་པོ་ཆེའི་ཡི་དམ་མཐའ་དག་གམ། འབྲིང་དེ་ལས་སྙིང་པོར་གྱུར་པ་རྣམས་དང་། མ་མཐའ་ཡང་རིགས་ཐམས་ཅད་ཀྱི་ཁྱབ་བྱེད་རྡོ་རྗེ་སེམས་དཔའ། བྱིན་རླབས་ཐམས་ཅད་ཀྱི་འཇུག་སྒོ་བླ་སྒྲུབ་གང་རུང་། དཀྱིལ་འཁོར་ཐམས་ཅད་ཀྱི་དབྱེ་གཞི་སྒྲུབ་པ་བཀའ་བརྒྱད་རྣམས་ཀྱི་བསྙེན་པ་ལས་རུང་དང་། རྫོགས་ཆེན་གང་རིགས་ཀྱི་ཉམས་ཁྲིད་སྨིན་པར་ཐོབ་ཅིང་ཉམས་མྱོང་གི་སྣེ་ཅུང་ཟད་ཟིན་པ་ཞིག་གིས་བྱ་བ་ལས། དཔེ་ཀློག་དག་པོའང་མི་ཤེས་བཞིན་དུ་ཆོས་ལ་དབང་ཟ་བས་རྡོ་རྗེ་སློབ་དཔོན་གྱི་གོ་སར་འགྱིང་བར་མི་བྱ་ལ། སློབ་མ་རྣམས་ཀྱིས་ཀྱང་སྤྱིར་དམ་ཚིག་དང་སྡོམ་པ་དག་པར་བྱ་བས་གཞི་བཟུང་སྟེ། ཡི་དམ་རྩ་བ་གང་རུང་རེའི་བསྙེན་སྒྲུབ་ཀྱི་དམ་བཅའ་དང་། ཆོས་སྲུང་རྣམས་ལ་རྒྱུན་ནམ་དུས་ཀྱི་མཆོད་གཏོར་མ་ཆག་ཙམ་རེ་བྱ་བས་མཚོན། མདོར་ན་བསྟན་པ་དང་རང་རྒྱུད་ལ་དམིགས་པའི་ལྷག་བསམ་རྣམ་པར་དག་པས་གོ་ཕྱེ་སྟེ་འཆད་ཉན་ལ་འཇུག་པར་མཛད་ན། བཤད་པ་དང་། སྒྲུབ་པ་དང་། རྒྱལ་བ་དགྱེས་པའི་ཕྲིན་ལས་ལ་བརྟེན་ནས་སྲིད་པ་དང་ཞི་བའི་ལེགས་ཚོགས་ཀྱི་སྒོ་ཐམས་ཅད་རྒྱ་ཆེར་འཕེལ་ཞིང་རྒྱས་པར་འགྱུར་རོ། །བདག་འདྲ་བློ་གྲོས་དམན་ཀྱང་ཆོས་རྒྱུས་ཆེ། །ཡོན་ཏན་ཆུང་ཡང་དམ་པས་རྗེས་སུ་བཟུང་། །ཕྱོགས་གཅིག་སྡོད་ཀྱང་དག་སྣང་ཕྱོགས་རིས་མེད། །མཁོས་ཆུང་ལྷག་བསམ་ཆེ་བའི་ལག་རྗེས་སོ། །བསྟན་ལ་བསམས་ནས་ཟས་ཆོས་འབད་པས་བཙལ། །མ་མཐོང་གཡང་སར་མ་མཆོངས་བག་ཡོད་བྱས། །གྲགས་རྗེས་མ་རྒྱུགས་ཚད་མའི་རྗེས་སུ་འབྲངས། །དེང་དུས་ཁ་ཅིག་རྒན་རབས་འདོད་གཏམ་དང་། །གཏེར་ལུང་ཕྱོགས་རེ་ཙམ་ལ་ཡིད་བརྟོན་ནས། །ལུང་དང་རིགས་པ་དཔང་བཞག་ལྟ་ཅི་སྨོས། །གཟུ་བོའི་བློ་ཡིས་བརྟག་དཔྱད་ཅང་མེད་པར། །འགའ་ཞིག་ལྷ་དང་ཕལ་ཆེར་བདུད་ཀྱིས་འཕྲུལ། །འདི་ནི་ཆོས་ཡིན་འདི་ནི་ཆོས་མིན་ཞེས། །དམ་པ་དམོད་ཅིང་ཆོས་སྤང་ལས་ངན་གསོག །སྙིགས་དུས་བདུད་དང་དམ་སྲིའི་ཆོ་འཕྲུལ་དང་། །ལྟ་ལོག་ཆོས་མིན་འབྱུང་བ་བདེན་མོད་ཀྱང་། །ཟག་མེད་མངོན་ཤེས་ཆོས་སྤྱན་ལྡན་མ་གཏོགས། །དེ་དག་ཇི་བཞིན་ཤེས་པ་ཤིན་ཏུ་དཀའ། །ངག་རྒྱུན་འགའ་ཡང་ལེགས་པར་ཁུངས་དཔྱད་ན། །ངེས་པར་མཁས་ཤིང་གྲུབ་པའི་ཕྲིན་ལས་ཀྱི། །གཟི་བརྗིད་ཕྱོགས་སུ་ལྷུང་རྣམས་བཟོད་མིན་པས། །འགྲན་ལས་རྒྱལ་ཕྱིར་རང་ཕྱོགས་ཅི་ཐོད་དུ། །འབྲོས་ཁུངས་བཙལ་བའི་ཅལ་རྗེས་རྒྱུགས་པ་ལས། །གཏན་ཚིགས་གཞན་མེད་ཁྲེལ་བའི་གནས་ཀྱང་མཐོང་། །གཏེར་སྟོན་ཚད་མའི་ལུང་བསྟན་ཡིན་གྱུར་ཀྱང་། །མཐའ་གཅིག་ངེས་པའི་དོན་དུ་བཟུང་བྱར་མིན། །དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་མང་། ཁྱད་པར་འཕྲལ་རྐྱེན་རྟེན་འབྲེལ་གཞན་དབང་བཙན། །ཐོག་ཏུ་མ་ཁེལ་བཟང་ངན་གོ་ལྡོག་དང་། །སྔ་ཕྱིར་འགལ་བ་ལྟག་སྤྲོད་བྲིས་པའང་མཐོང་། །དྲང་དོན་ལུང་དང་ཟག་བཅས་མངོན་ཤེས་ཀྱིས། །ལྐོག་གྱུར་གནས་ལ་སྤར་ཚོད་བྱ་མི་དགོས། །བླ་མ་བཟང་ངན་བརྒྱུད་འཛིན་སློབ་མས་ཤེས། །བཟང་ལ་མང་ན་དམ་པ་ཡིན་པའི་རྟགས། །ཡོན་ཏན་མེད་ན་སློབ་མ་བཟང་མི་འབྱུང་། །བླུན་པོས་བཀུར་བ་ཙམ་ལ་སྙིང་པོ་མེད། །གཏེར་སྟོན་ཅི་འདྲ་ཆོས་བརྒྱུད་འཕེལ་འབྲིས་ཤེས། །ཆོས་འཕེལ་འགྲོ་དོན་ཆེ་ན་ཚད་མའི་རྟགས། །གཏེར་རྫུན་འདས་ནས་ཆོས་རྒྱུན་ནུབ་པར་གསུངས། །ལྟར་སྣང་མཐུ་ནུས་ལ་སོགས་འབྱུང་པོའི་འཕྲུལ། །དེས་ན་བརྟོན་པ་བཞི་ལ་ཡིད་བརྟོན་ནས། །བླང་དོར་ཤེས་ན་སྐྱེས་བུ་དམ་པའི་ཚུལ། །མ་ཤེས་ཕྱོགས་ལྷུང་བྲལ་བའི་གཟུ་བོའི་བློས། །གཞན་གྱི་ཡོན་ཏན་བརྟགས་ནས་དང་དུ་ལེན། །བསྐྱེད་རྫོགས་ཟབ་རྒྱས་རྣམས་ལ་སྨོས་ཅི་དགོས། །གདམས་ངག་ཕྲན་ཚེགས་རེས་ཀྱང་གནའ་དུས་ནས། །དེང་བར་འགྲོ་ཕན་མཛད་འདི་གུ་རུ་རྗེའི། །བྱིན་རླབས་ཐུགས་རྗེའི་སྟོབས་སུ་ངེས་པ་རྙེད། །དེ་ཕྱིར་ད་དུང་འཇིག་རྟེན་ཕན་བདེའི་བཙས། །ཡུན་རིང་འཚོ་གཞེས་བཞུགས་ཕྱིར་ངལ་བ་བརྒྱས། །བཀའ་བསྡུ་བྱས་འདི་རྟག་ཅིང་ཁྱབ་པ་ཡི། །བཀྲ་ཤིས་རྩ་གསུམ་སྲུང་མས་སྩོལ་བར་མཛོད། །མངོན་ཤེས་མི་ལྡན་འཁྲུལ་པའི་དབང་གྱུར་པས། །མོས་བློས་བརྩམས་ཀྱང་ནོངས་པའི་རྙོགས་པ་ཀུན། །སྐྱབས་མཆོག་ཐུགས་རྗེའི་ནོར་བུས་བགྲུངས་ནས་ཀྱང་། །དག་བྱེད་ཚད་མ་སྐྱེ་དགུའི་ཡུན་འཚོར་ཤོག །འདི་ལས་དཀར་པོ་རྣམ་པར་འཕེལ་བའི་ཆ། །ཡར་ཟླ་བཞིན་དུ་འཕེལ་ཞིང་རབ་རྒྱས་པས། །རྟོག་སྒྲིབ་མུན་པ་ཀུན་བསལ་རྣམ་གྲོལ་གྱི། །སྣང་བ་དམ་པས་ས་གསུམ་ཁྱབ་གྱུར་ཅིག །ཅེས་དུས་ཞབས་སྙིགས་མའི་སྐྱེ་དགུ་མཆོག་དམན་ཡོངས་ལ་འཕྲལ་དང་ཡུན་དུ་གང་ལ་གང་འཚམས་ཀྱི་ཕན་བདེ་ནོར་བུའི་གྲུ་ཆར་མཛད་མེད་དུ་འཇོ་བ་ལ་མཚུངས་པའི་ཟླ་དང་བྲལ་བའི་གསུང་རབ་རིན་པོ་ཆེ། སངས་རྒྱས་གཉིས་པ་པདྨཱ་ཀ་རའི་ཐུགས་བསྐྱེད་དང་ཕྲིན་ལས་ལས་སྣང་བར་གྱུར་པའི་ཟབ་མོ་གཏེར་གྱི་ཆོས་ཚད་མར་གྱུར་པ་གཙོ་ཆེ་བ་རྣམས་ཕྱོགས་སུ་བསྡུས་པ་རིན་ཆེན་གཏེར་གྱི་མཛོད་ཆེན་པོར་ཇི་ལྟར་བཞུགས་པའི་ཚོགས་དང་གང་ལས་བརྒྱུད་པ་རགས་རིམ་བཅས་པའི་དཀར་ཆག་འདིའང་། རྒྱལ་དབང་པདྨའི་སྔགས་རིག་འཛིན་པ་པདྨ་གར་གྱི་དབང་ཕྱུག་ཕྲིན་ལས་འགྲོ་འདུལ་རྩལ་ལམ་རྒྱལ་བའི་སྲས་པོ་བློ་གྲོས་མཐའ་ཡས་ཀྱིས་ཟབ་ལུང་གཉིས་པ་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་གྲུབ་པར་བགྱིས་པ་དགེ་ལེགས་འཕེལ།། །།

ཐུབ་དབང་གནས་བརྟན་བཅུ་དྲུག་གི་ཆོ་ག་མཆོད་པའི་སྤྲིན་ཕུང་ (Volume 52, Text 1)

༄༅། །ཐུབ་དབང་གནས་བརྟན་བཅུ་དྲུག་གི་ཆོ་ག་མཆོད་པའི་སྤྲིན་ཕུང་བཞུགས་སོ། ། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཞི་བ་ཆགས་བྲལ་དམ་པའི་ཆོས། །ཚོགས་མཆོག་འཕགས་པའི་དགེ་འདུན་ལ། །བདག་ཅག་གུས་པས་ཕྱག་འཚལ་ལོ། །ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ལ་འབྱུང་བ་ཆུའི་འཇིགས་པ་ཟློག་པའི་ཕྱིར་དུ་འཕགས་པ་གནས་བརྟན་བཅུ་དྲུག་གི་ཆོ་གའི་རིམ་པ་ནི། དེ་ཡང་གཞི་བཟང་པོའི་སྟེང་དུ་རྡུལ་ཚོན་ནམ། རས་བྲིས་སམ། ཚོམ་བུ་གང་ཡང་རུང་སྟེ། གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། ཕྱི་འོད་ཟེར་སྣ་ལྔའི་ཕྲེང་བས་བསྐོར་བའི་དབུས་སུ་པདྨ་འདབ་མ་བཅུ་དྲུག་དང་ལྡན་པ། དེའི་མཐར་བྱང་ཤར་དུ་མཚམས་འཛིན་གྱི་མེ་ཏོག་ནས་གཟུང་སྟེ། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ་ཁོར་ཡུག་ཏུ་བཤམ། གཞན་ཡང་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ་ཅི་འབྱོར་བཤམ། དེའི་མདུན་དུ་གཏོར་མ་བླ་མ་དཀོན་མཆོག་ལ་གཅིག །འཕགས་པ་གནས་བཅུ་འཁོར་བཅས་ལ་གཅིག །གཞི་བདག་རིགས་དྲུག་ལན་ཆགས་བགེགས་དང་བཅས་པ་ལ་གཅིག །དེ་རྣམས་ཟླུམ་པོར་འདབ་བཞིས་བསྐོར་བ་དཀར་གསུམ་མངར་གསུམ་གྱིས་བརྒྱན་པ་བཤམ། དེ་ནས་རང་ཉིད་ཁྲུས་དང་གཙང་སྦྲ་བྱས་ལ་སྟན་བདེ་བ་ལ་འདུག་སྟེ། མདུན་གྱི་ནམ་མཁའ་ལ་སྐྱབས་གནས་དཀོན་མཆོག་གསུམ་དང་འཕགས་པ་གནས་བཅུའི་ལྷ་ཚོགས་རྣམས་མངོན་སུམ་དུ་བཞུགས་པར་མོས་ལ། དང་པོ་སྐྱབས་སུ་འགྲོ་བ་ནི། བདག་གཞན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆི་འོ། །སངས་རྒྱས་ལ་སྐྱབས་སུ་མཆི་འོ། །ཆོས་ལ་སྐྱབས་སུ་མཆི་འོ། །དགེ་འདུན་ལ་སྐྱབས་སུ་མཆི་འོ། །འཕགས་པ་གནས་བརྟན་ཆེན་པོ་བཅུ་དྲུག་གི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆི་འོ། །གཉིས་པ་སེམས་བསྐྱེད་པ་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །དབུ་མ་ལུགས་ཀྱི་སེམས་བསྐྱེད་པ་ནི། སྟོན་པ་ཤཱཀྱའི་རྒྱལ་པོ་དང་། །རྒྱལ་བ་སྲས་དང་བཅས་པ་རྣམས། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཇི་ལྟར་སྔོན་གྱི་བདེར་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །གསུམ་པ་མཆོད་པ་བྱིན་གྱིས་བརླབ་པ་ནི། སྭ་བྷཱ་ཝས་སྟོང་པར་སྦྱང་། སྟོང་པའི་ངང་ལས་ཨཱོྃ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨཱོྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། གཞན་ཡང་རོལ་མོ་དང་འཕན་གདུགས་ལ་སོགས་པ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལས་བྱུང་བའི་མཆོད་པའི་སྤྲིན་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཨཱོྃ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ཨཱོྃ་བཛྲ་པུཥྤེ༴ ཨཱོྃ་བཛྲ་དྷཱུ་པེ༴ ཨཱོྃ་བཛྲ་ཨཱ་ལོ་ཀེ༴ ཨཱོྃ་བཛྲ་གནྡྷེ༴ ཨཱོྃ་བཛྲ་ནཻ་བིདྱཱ༴ ཨཱོྃ་བཛྲ་ཤབྡ་ཨཱཿཧཱུྃ། བཞི་པ་གཞལ་ཡས་ཁང་བསྐྱེད་པ་ནི། སྭ་བྷཱ་ཝས་སྟོང་པར་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས། དྲྭ་ཕྱེད་དང་རིན་པོ་ཆེའི་ཏོག་གིས་མཛེས་པར་བརྒྱན་པའི་ཕྱི་རོལ་འོད་ཟེར་ཕྲེང་བས་བསྐོར་བ་འོ། །དེའི་ནང་དུ་པདྨ་འདབ་མ་བཅུ་དྲུག་པའི་དབུས་ཀྱི་ལྟེ་བ་དཀར་པོའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐུབ་པ་ཆེན་པོ་སྐུ་མདོག་གསེར་བཙོ་མ་ལྟ་བུ། ཕྱག་གཡས་ས་གནོན་དང་གཡོན་མཉམ་གཞག་ཅན། ཞབས་སྐྱིལ་ཀྲུང་དུ་བཞུགས་པ། ན་བཟའ་སྣམ་སྦྱར་དམར་པོ་གསོལ་ཞིང་ཞལ་འཛུམ་པའི་མདངས་དང་ལྡན་པ། མཚན་དང་དཔེ་བྱད་ཀྱིས་བརྒྱན་ཅིང་སྐུ་བལྟ་བས་ཆོག་མི་ཤེས་པ། དབུའི་གཙུག་ཏོར་ལྟར་མི་མངོན་ཞིང་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ། སྤྲུལ་སྐུའི་ཆ་ལུགས་སུ་བཞུགས་པ་འོ། །ཤར་གྱི་པད་འདབ་དཀར་པོ་བཞི་ལ་རིམ་པ་བཞིན་དུ། གནས་བརྟན་ཆེན་པོ་སྒྲ་གཅན་འཛིན་ཕྱག་གཉིས་ཏིང་ངེ་འཛིན་དང་པྲོག་ཞུ་བསྣམས་པ། གནས་བརྟན་ཆེན་པོ་ལམ་ཕྲན་བསྟན་ཕྱག་གཉིས་མཉམ་གཞག །གནས་བརྟན་ཆེན་པོ་བྷཱ་ར་དྷྭ་ཛ་བསོད་སྙོམས་ལེན་ཕྱག་གཡས་གླེགས་བམ་དང་གཡོན་མཉམ་གཞག་གི་སྟེང་ན་ལྷུང་བཟེད་བསྣམས་པ། གནས་བརྟན་ཆེན་པོ་ལམ་བསྟན་ཕྱག་གཡས་གླེགས་བམ་དང་གཡོན་ཆོས་འཆད་མཛད་པ་འོ། །ལྷོ་ཕྱོགས་ཀྱི་པད་འདབ་སེར་པོ་བཞི་ལ་རིམ་པ་བཞིན། གནས་བརྟན་ཆེན་པོ་ཀླུའི་སྡེ་ཕྱག་གཡས་བུམ་པ་གཡོན་འཁར་གསིལ་འཛིན་པ། གནས་བརྟན་ཆེན་པོ་སྦེད་བྱེད་ཕྱག་ན་གླེགས་བམ་བསྣམས་པ། གནས་བརྟན་ཆེན་པོ་མི་ཕྱེད་པ་ཕྱག་གཉིས་ཐལ་མོ་སྦྱར་བའི་བར་དུ་བྱང་ཆུབ་མཆོད་རྟེན་བསྣམས་པ། གནས་བརྟན་ཆེན་པོ་ཡན་ལག་འབྱུང་ཕྱག་གཉིས་ཐལ་མོ་སྦྱར་བའི་བར་ན་སྤོས་ཕོར་དང་མཆན་ཁུང་གཡོན་ན་རྔ་ཡབ་བསྣམས་པ་འོ། །ནུབ་ཕྱོགས་ཀྱི་པད་འདབ་དམར་པོ་བཞི་ལ་རིམ་པ་བཞིན། གནས་བརྟན་ཆེན་པོ་མི་ཕམ་པ་ཕྱག་གཉིས་མཉམ་གཞག་མཛད་པ། གནས་བརྟན་ཆེན་པོ་ནགས་ན་གནས་ཕྱག་གཡས་ཞི་བའི་སྡིགས་མཛུབ་དང་གཡོན་རྔ་ཡབ་བསྣམས་པ་འོ། །གནས་བརྟན་ཆེན་པོ་དུས་ལྡན་ཕྱག་ན་གསེར་གྱི་རྣ་ཀོར་བསྣམས་པ། གནས་བརྟན་ཆེན་པོ་རྡོ་རྗེ་མོའི་བུ་ཕྱག་གཉིས་སྡིགས་མཛུབ་དང་རྔ་ཡབ་བསྣམས་པ་འོ། །བྱང་གི་པད་འདབ་ལྗང་གུ་བཞི་ལ་རིམ་པ་བཞིན། གནས་བརྟན་ཆེན་པོ་བཟང་པོ་ཕྱག་གཡས་ཆོས་འཆད་དང་གཡོན་མཉམ་གཞག་མཛད་པ། གནས་བརྟན་ཆེན་པོ་གསེར་བེའུ་ཕྱག་ན་རིན་པོ་ཆེའི་ཞགས་པ་བསྣམས་པ། གནས་བརྟན་ཆེན་པོ་བྷཱ་ར་དྷྭ་ཛ་གསེར་ཅན་ཕྱག་གཉིས་མཉམ་གཞག་ཅན། གནས་བརྟན་ཆེན་པོ་བཀྐུ་ལ་ཕྱག་ན་ནེའུ་ལེ་བསྣམས་པ་འོ། །སྒོ་བཞིར་རྒྱལ་པོ་ཆེན་པོ་བཞི་དང་། ཐུབ་པ་གནས་བརྟན་བཅུའི་མདུན་ན་འཕགས་པའི་དགེ་བསྙེན་དྷརྨ་ཏཱ་ཕྱག་ན་རྔ་ཡབ་དང་བུམ་པ་འཛིན་ཅིང་། རལ་པའི་ཐོད་བཅིངས་པ་སྡེ་སྣོད་ཀྱི་གླེགས་བམ་མང་པོ་ཁུར་བ། མདུན་གྱི་ནམ་མཁའ་ལ་སྣང་བ་མཐའ་ཡས་བཞུགས་ཤིང་དར་ཟབ་ཀྱི་ན་བཟའ་པུས་མགོར་བརྫེས་ནས་སྟག་མང་པོ་སྤྲུལ་པ་དགེ་བསྙེན་གྱི་ཚོགས་དང་བཅས་པ་འོ། །ལྔ་པ་སྤྱན་དྲང་བ་ནི། བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྲིན་འཐིབས་པ་བཞིན་བྱོན་པར་བསམ་ལ། སྤོས་དང་བཅས་ཏེ་འདི་སྐད་དོ། །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཚུལ་ཁྲིམས་རྣམ་དག་ཤེས་རབ་ཤིན་ཏུ་དག །དད་ལྡན་སྙིང་པོ་ཉན་ཐོས་ཆེ་རྣམས་ཀྱིས། །མགོན་མེད་གྱུར་པ་བདག་ལ་རྗེས་གཟུང་བའི། །དོན་མཛད་ཐུགས་རྗེས་གཤེགས་པར་མཛད་དུ་གསོལ། །ཏི་སེའི་གངས་ལ་དགྲ་བཅོམ་ཡན་ལག་འབྱུང༔ དྲང་སྲོང་རི་ངོགས་ཤེལ་ནགས་མི་ཕམ་པ༔ ལོ་མ་བདུན་རིར་བཙུན་པ་ནགས་ན་གནས༔ འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ༔ ཟངས་གླིང་དབུས་ན་རྒྱལ་སྲས་དུས་ལྡན་བཞུགས༔ སིངྒ་ལ་ན་རྡོ་རྗེ་མོ་ཡི་བུ༔ ཆུ་བོ་ཡ་མུ་ནཱའི་གླིང་བཟང་པོ་བཞུགས༔ འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ༔ ཁ་ཆེའི་ཡུལ་ན་ཐུབ་པ་གསེར་བེ་འུ༔ ནུབ་གླིང་བྷཱ་ར་དྷྭ་ཛ་གསེར་ཅན་མཆོག༔ སྒྲ་མི་སྙན་ན་འཕགས་པ་བཀྐུ་ལ༔ འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ༔ པྲི་ཡང་ཀུ་ན་གནས་བརྟན་སྒྲ་གཅན་འཛིན༔ བྱ་རྒོད་ཕུང་པོར་དགེ་སྦྱོང་ལམ་ཕྲན་བསྟན༔ ཤར་གླིང་བྷཱ་ར་དྷྭ་ཛ་བསོད་སྙོམས་ལེན༔ འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ༔ སུམ་ཅུ་རྩ་གསུམ་འཕགས་པ་ལམ་བསྟན་བཞུགས༔ ངོས་ཡངས་རི་ལ་སྡོམ་བརྩོན་ཀླུ་ཡི་སྡེ༔ རི་རྒྱལ་བྷི་ཧུ་ལ་ན་སྦེད་བྱེད་བཞུགས༔ འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ༔ གངས་རིའི་རྒྱལ་པོ་ལ་ནི་མི་ཕྱེད་པ༔ བྱང་ཆུབ་སེམས་དཔའི་དགེ་བསྙེན་དྷརྨ་ཏཱ༔ སྒོ་བཞི་སྐྱོང་མཛད་རྒྱལ་པོ་ཆེན་པོ་བཞི༔ འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ༔ དགེ་བསྙེན་སྐྱབས་གསོལ་བདེན་པའི་ཚིག་ཉན་པ༔ དཀོན་མཆོག་གསུམ་གྱི་ཞབས་འབྲིང་མཆིས་སོ་འཚལ༔ བསོད་ནམས་རིན་ཆེན་གླིང་དུ་སྤྱན་དྲང་གིས༔ འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ༔ དྲུག་པ་བཞུགས་སུ་གསོལ་བ་ནི། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་དང༔ ཤེས་རབ་མེ་འབར་ཉོན་མོངས་མཚོ་སྐེམ་ཞིང༔ རྣམ་གྲོལ་བསོད་ནམས་ཞིང་དུ་བཀའ་སྡོད་པའི༔ ཕྱོགས་བཅུའི་ཉན་ཐོས་དགེ་འདུན་བཞུགས་སུ་གསོལ༔ འགྲོ་བའི་མགོན་པོ་ཤཱཀྱ་སེང་གེ་ཡིས༔ སངས་རྒྱས་བསྟན་པ་གང་གི་ཕྱག་དུ་བཞག༔ གསུང་རབ་རིན་ཆེན་སྒྲོམ་གྱི་ཁ་འབྱེད་པ༔ ཆོས་སྐྱོང་དགྲ་བཅོམ་འཁོར་བཅས་བཞུགས་སུ་གསོལ༔ བདུན་པ་ཁྲུས་གསོལ་གོས་ཟུང་འབུལ་བ་ནི། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་བསྩལ་དུ་གསོལ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱི་འོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་པའི། །འཇམ་སྡུག་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །ཐུབ་དབང་གནས་བཅུ་དགེ་བསྙེན་དྷརྨ་ཏཱ། །རྒྱལ་ཆེན་བཞི་ལ་སོགས་པ་བརྒྱན་པར་བགྱི། །བརྒྱད་པ་ཕྱག་འཚལ་བ་ནི། རྒྱུ་ལ་བརྟེན་པའི་མཁས་པ་བཅོམ་ལྡན་འདས། །མཐའ་གཉིས་ལྟ་བ་རྟག་ཏུ་མི་མངའ་ཡང་། །ལས་ཀྱི་རྣམ་སྨིན་འབྲས་བུ་ཁོ་ནར་གསུང་། །ལྟ་བའི་མུན་བྲལ་ཁྱེད་ལ་ཕྱག་འཚལ་ལོ། །ཐུབ་པས་བཀའ་བསྒོས་བསྟན་པའི་རྒྱལ་མཚན་འཛིན། །ཡན་ལག་འབྱུང་དང་མི་ཕམ་ནགས་ན་གནས། །དུས་ལྡན་རྡོ་རྗེ་མོའི་བུ་བཟང་པོ་རྣམས། །འཁོར་དང་བཅས་ལ་གུས་པས་ཕྱག་འཚལ་ལོ། །གསེར་བེའུ་བྷཱ་ར་དྷྭ་ཛ་གསེར་ཅན་མཆོག །འཕགས་པ་བཀྐུ་ལ་དང་སྒྲ་གཅན་འཛིན། །ལམ་ཕྲན་བྷཱ་ར་དྷྭ་ཛ་བསོད་སྙོམས་ལེན། །འཁོར་དང་བཅས་ལ་གུས་པས་ཕྱག་འཚལ་ལོ། །ལམ་བསྟན་ཀླུའི་སྡེ་སྦེད་བྱེད་མི་ཕྱེད་པ། །འཕགས་པའི་དགེ་བསྙེན་ཆེན་པོ་དྷརྨ་ཏཱ། །སྒོ་སྲུང་བཀའ་སྡོད་རྒྱལ་ཆེན་སྡེ་བཞི་པོ། །འཁོར་དང་བཅས་ལ་གུས་པས་ཕྱག་འཚལ་ལོ། །དགུ་པ་མཆོད་པ་འབུལ་བ་ནི། རྒྱལ་བའི་སྐུ་ལ་ཉོན་མོངས་མི་མངའ་ཡང་། །སེམས་ཅན་ཉོན་མོངས་བག་ཆགས་སྦྱོང་སླད་དུ། །སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་གསོལ་བས། ཁམས་གསུམ་གནས་པའི་དྲི་མ་དག་གྱུར་ཅིག །ཨཱོྃ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་མཉེས་བྱེད་པའི། །ལྷ་རྫས་དབྱིབས་ལེགས་མེ་ཏོག་དམ་པ་འདི། །ནམ་མཁའ་གང་བར་སེམས་ཀྱིས་མངོན་སྤྲུལ་ནས། །གཞལ་ཡས་ཁང་དུ་སྤྲིན་བཞིན་གཏིབས་གྱུར་ཅིག །ཨཱོྃ་བཛྲ་པུཥྤེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཚུལ་ཁྲིམས་དྲི་ལྡན་སྤོས་མཆོག་དམ་པ་འདི། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །སངས་རྒྱས་ཞིང་དུ་སྤོས་དྲིའི་ངད་ལྡན་པས། །རྒྱལ་བ་སྲས་དང་བཅས་རྣམས་མཉེས་གྱུར་ཅིག །ཨཱོྃ་བཛྲ་དྷཱུ་པེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཉོན་མོངས་དུག་སྲེག་མ་རིག་མུན་སེལ་བའི། །ཤེས་རབ་གཟི་ལྡན་དཔལ་གྱི་སྒྲོན་མེ་འདི། །སྤྲིན་མེད་ནམ་མཁར་ཉི་མ་ཇི་བཞིན་དུ། །འོད་ཟེར་སྣང་བས་ཕྱོགས་བཅུར་གསལ་གྱུར་ཅིག །ཨཱོྃ་བཛྲ་ཨཱ་ལོ་ཀེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། སྟོང་གསུམ་ཀུན་ཏུ་དྲི་དང་ངད་ལྡང་བའི། །སྤོས་དང་སྨན་སྦྱར་ཆུ་གཙང་རྒྱལ་བའི་ཁྲུས། །ཡེ་ཤེས་སྤྲིན་ཕུང་ཐུགས་རྗེའི་ཆར་རྒྱུན་གྱིས། །མི་གཙང་དྲི་མའི་ཚོགས་རྣམས་དག་གྱུར་ཅིག །ཨཱོྃ་བཛྲ་གྷནྡྷེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། རྒྱལ་བའི་སྐུ་ལ་བཀྲེས་པ་མི་མངའ་ཡང་། །འགྲོ་བའི་དོན་ཕྱིར་ལྷ་རྫས་བདུད་རྩིའི་བཤོས། །དག་ཅིང་གཙང་མར་སྦྱར་ཏེ་འབུལ་ལགས་ན། །བསོད་ནམས་ཞིང་གྱུར་རྣམས་ཀྱིས་བཞེས་སུ་གསོལ། །ཨཱོྃ་བཛྲ་ནཻ་བིདྱཱ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དྲིལ་ཆེན་སིལ་སྙན་རྣམ་གྲོལ་ཚངས་པའི་དབྱངས། །བསམ་དག་ངག་གིས་བསྟོད་དེ་གུས་མཆོད་འབུལ། །ས་བཅུ་རིམ་གྱིས་བགྲོད་ནས་སངས་རྒྱས་སར། །ཚོགས་གཉིས་རྫོགས་ནས་ཆོས་ཀྱི་རྒྱལ་པོར་ཤོག །ཨཱོྃ་བཛྲ་ཤབྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། བཅུ་པ་བསྟོད་པ་བྱ་བ་ནི། བསྟན་པའི་གཙོ་བོ་ཐམས་ཅད་མཁྱེན། །བཙོ་མའི་གསེར་ལྟར་འོད་འབར་ཞིང་། །མཚན་དང་དཔེ་བྱད་ལེགས་བརྒྱན་པ། །ཤཱཀྱ་སེང་གེར་ཕྱག་འཚལ་བསྟོད། །པྲི་ཡངྐུ་ཡི་གླིང་ཕྲན་ན༔ ཉན་ཐོས་ཆེན་པོ་སྒྲ་གཅན་འཛིན༔ དགྲ་བཅོམ་སྟོང་དང་གཅིག་བརྒྱས་བསྐོར༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ བྱ་རྒོད་ཕུང་པོའི་རི་བོ་ལ༔ ཉན་ཐོས་ཆེན་པོ་ལམ་ཕྲན་བསྟན༔ དགྲ་བཅོམ་སྟོང་དང་དྲུག་བརྒྱ་ཡི༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཤར་གྱི་ལུས་འཕགས་གླིང་ཆེན་ན༔ བྷཱ་ར་དྷྭ་ཛ་བསོད་སྙོམས་ལེན༔ དགྲ་བཅོམ་ཆེན་པོ་སྟོང་ཕྲག་གི༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ སུམ་ཅུ་རྩ་གསུམ་ལྷ་གནས་ན༔ ཉན་ཐོས་ཆེན་པོ་ལམ་བསྟན་ནི༔ དགྲ་བཅོམ་ཆེན་པོ་དགུ་བརྒྱ་ཡི༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ རི་ཡི་རྒྱལ་པོ་ངོས་ཡངས་ན༔ ཉན་ཐོས་ཆེན་པོ་ཀླུ་ཡི་སྡེ༔ དགྲ་བཅོམ་སྟོང་དང་ཉིས་བརྒྱ་ཡི༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ རི་ཡི་རྒྱལ་པོ་བྷི་ཧུ་ན༔ ཉན་ཐོས་ཆེན་པོ་སྦེད་བྱེད་ནི༔ དགྲ་བཅོམ་སྟོང་དང་བཞི་བརྒྱས་བསྐོར༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ གངས་ཀྱི་རི་བོ་ཆེན་པོ་ན༔ ཉན་ཐོས་ཆེན་པོ་མི་ཕྱེད་པ༔ དགྲ་བཅོམ་ཆེན་པོ་སྟོང་ཕྲག་གི༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ གངས་རི་ཆེན་པོ་ཏི་སེ་ན༔ ཉན་ཐོས་ཆེན་པོ་ཡན་ལག་འབྱུང༔ དགྲ་བཅོམ་སྟོང་དང་སུམ་བརྒྱ་ཡི༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ དྲང་སྲོང་རི་ངོགས་ཤེལ་ནགས་ན༔ ཉན་ཐོས་ཆེན་པོ་མི་ཕམ་པ༔ ཉན་ཐོས་དགྲ་བཅོམ་མང་པོས་བསྐོར༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ལོ་མ་བདུན་པའི་རི་ཕུག་ན༔ ཉན་ཐོས་ཆེན་པོ་ནགས་ན་གནས༔ དགྲ་བཅོམ་སྟོང་དང་བཞི་བརྒྱ་ཡི༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ འཛམ་བུ་གླིང་གི་ཟངས་གླིང་ན༔ ཉན་ཐོས་ཆེན་པོ་དུས་ལྡན་ཡང༔ དགྲ་བཅོམ་སྟོང་དང་གཅིག་བརྒྱ་ཡི༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ སིང་ག་ལ་ཡི་གླིང་ཕྲན་ན༔ དགྲ་བཅོམ་རྡོ་རྗེ་མོ་ཡི་བུ༔ ཉན་ཐོས་ཆེན་པོ་སྟོང་ཕྲག་གི༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཆུ་བོ་ཡ་མུ་ནཱ་གླིང་ན༔ ཉན་ཐོས་ཆེན་པོ་བཟང་པོ་ནི༔ དགྲ་བཅོམ་སྟོང་དང་ཉིས་བརྒྱ་ཡི༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཁ་ཆེའི་ཡུལ་གྱི་ས་མཚམས་ན༔ ཉན་ཐོས་ཆེན་པོ་གསེར་བེ་འུ༔ དགྲ་བཅོམ་ཆེན་པོ་ལྔ་བརྒྱ་ཡི༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ནུབ་ཀྱི་བ་ལང་སྤྱོད་པ་ན༔ བྷཱ་ར་དྷྭ་ཛ་གསེར་ཅན་ཡང༔ དགྲ་བཅོམ་ཆེན་པོ་བདུན་བརྒྱ་ཡི༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ སྒྲ་མི་སྙན་གྱི་གླིང་ན་ཡང༔ གནས་བརྟན་ཆེན་པོ་བཀྐུ་ལ༔ དགྲ་བཅོམ་ཆེན་པོ་དགུ་བརྒྱ་ཡི༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ གནས་བརྟན་རྣམས་ཀྱི་ཞབས་འབྲིང་མཆོག །གསུང་གི་དབང་ཕྱུག་ལས་སྤྲུལ་ནས། །དགེ་བསྙེན་ཚུལ་ལ་བྱང་སེམས་ལྡན། །དྷརྨ་ཏཱ་ལ་ཕྱག་འཚལ་བསྟོད། །ཟབ་ཅིང་རྒྱ་ཆེ་གཟིགས་པ་པོ། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །སྤྱན་མི་བཟང་དང་རྣམ་ཐོས་སྲས། །རྒྱལ་ཆེན་བཞི་ལ་ཕྱག་འཚལ་བསྟོད། །བཅུ་གཅིག་པ་ཚོགས་གསག་བྱ་བ་ནི། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །ཞེས་སོགས་ཡན་ལག་བདུན་པ་ཚང་བར་བྱའོ། །བཅུ་གཉིས་པ་གཏོར་མ་འབུལ་བ་ནི། ཨཱོྃ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨཱོྃ་སྭ་བྷཱ་ཝ་སོགས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨཱོྃ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨཱོྃ་ཨཱཿཧཱུྃ། ལན་གསུམ་བརྗོད། གུ་རུ་རཏྣ་ས་པ་རི་ཝཱ་ར་ནཻ་བིདྱཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཤཱཀྱ་མུ་ནི་ས་པ་རི་ཝཱ་ར་ནཻ་བིདྱཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཐུབ་དབང་གནས་བརྟན་བཅུ་དྲུག་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་དར་བ་དང་། སེམས་ཅན་ལ་བདེ་སྐྱིད་འབྱུང་བ་དང་། ཁྱད་པར་དུ་ཡང་ར་ས་འཕྲུལ་སྣང་གི་གཙུག་ལག་འདིར་འབྱུང་བ་ཆུའི་གནོད་པ་ཞི་བ་དང་། གནས་འདི་ཉིད་དུ་བརྟན་པར་བཞུགས་པར་མཛད་དུ་གསོལ། སོགས་བརྗོད། ཅེས་བླ་མ་དཀོན་མཆོག་དང་གནས་བཅུ་འཁོར་དང་བཅས་ལ་འབུལ། དེ་ནས་གོང་གི་བྱིན་རླབས་དྲན་པར་བྱས་ལ། ཨཱོྃ་ཨཱཿཧཱུྃ་ལན་གསུམ་བརྗོད། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨཱོྃ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད། ཡུལ་ཕྱོགས་དང་ས་ཕྱོགས་འདི་ཉིད་ན་གནས་པའི་གནས་བདག་གཞི་བདག་ས་བདག་འཁོར་དང་བཅས་པ་དང་། འགྲོ་བ་རིགས་དྲུག་ལན་ཆགས་ཀྱི་མགྲོན་དང་བཅས་པ་ལ་འབུལ་ལོ། །གཙུག་ལག་ཁང་འདི་རྣམས་སྲུང་ཞིང་སྐྱོབ་པ་དང་། སོ་སོར་འདོད་པའི་དོན་ཐམས་ཅད་སྐོང་བར་གྱུར་ཅིག །བཅུ་གསུམ་པ་ཕྲིན་ལས་གཞོལ་ཞིང་སྨོན་པ་བྱ་བ་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༔ འཕགས་པ་ཉན་ཐོས་དང་གནས་བརྟན་ཆེན་པོ་བཅུ་དྲུག་ལ་སོགས་པ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དགོངས་སུ་གསོལ༔ བདག་ཅག་ལ་སོགས་པའི་འགྲོ་བ་དཔག་ཏུ་མེད་པས་ལྷག་བསམ་རྣམ་པར་དག་ཅིང༔ བསམ་སྦྱོར་དད་ཅིང་གུས་པའི་སྒོ་ནས༔ ཁྱེད་རྣམས་ལ་ཕྱག་འཚལ་ཅིང་གསོལ་བ་བཏབ་པ་དང༔ མཆོད་པ་ཕུལ་པ་ལ་སོགས་པའི་དགེ་བའི་རྩ་བ་འདི་དག་གི་མཐུ་དང་ནུས་པ་ལ་བརྟེན་ནས༔ སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་མེད་དུ་རྒྱས་པར་མཛད་དུ་གསོལ༔ སེམས་ཅན་ཐམས་ཅད་ལ་ཕན་བདེ་དཔག་ཏུ་མེད་པ་འབྱུང་བར་མཛད་དུ་གསོལ༔ ལྷ་དང་མི་ཐམས་ཅད་ཀྱི་འདྲེན་པའི་གཙུག་རྒྱན་དམ་པར་གྱུར་པ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཤཱཀྱའི་རྒྱལ་པོའི་ཞལ་སྐྱིན་དུ་གྱུར་པ་འདི་ཉིད༔ འགྲོ་བ་ཐམས་ཅད་ཀྱི་དཔལ་མགོན་དང་སྐྱབས་གནས་དམ་པར་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་འབྱུང་བའི་གནོད་པས་མི་ཚུགས་པར༔ ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་འདི་ཉིད་དུ་བརྟན་པར་བཞུགས་པར་མཛད་དུ་གསོལ༔ བཞུགས་ནས་ཀྱང་འགྲོ་བ་ཐམས་ཅད་ཀྱིས་ཕྱག་འཚལ་བ་དང་མཆོད་པ་འབུལ་བ་དང་གསོལ་བ་གདབ་པའི་དམིགས་ཡུལ་དུ་གྱུར་ཅིང་འདྲེན་པ་དམ་པ་མཛད་དུ་གསོལ༔ གཞན་ཡང་འཕགས་པ་རང་བྱོན་ལྔ་ལྡན་ལ་སོགས་པའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རྟེན་མཆོག་ཁྱད་པར་ཅན་རྣམས་ཀྱང༔ འགྲོ་བ་ཐམས་ཅད་ཀྱི་དཔལ་དང་མགོན་དང་སྐྱབས་གནས་དམ་པར་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་འབྱུང་བའི་གནོད་པས་མི་ཚུགས་པར་ར་སའི་གཙུག་ལག་ཁང་འདི་ཉིད་དུ་བརྟན་པར་བཞུགས་སུ་གསོལ༔ བཞུགས་ནས་ཀྱང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས་ཕྱག་འཚལ་བ་དང་མཆོད་པ་འབུལ་བ་དང་གསོལ་བ་གདབ་པའི་དམིགས་ཡུལ་ཁྱད་པར་དུ་གྱུར་ཅིང་འདྲེན་པ་དམ་པར་མཛད་དུ་གསོལ༔ དེ་དག་ཐམས་ཅད་ཀྱི་མཐུ་དང་ནུས་པ་དང་སྟོབས་དང་བསོད་ནམས་ཀྱི་དཔལ་ལ་བརྟེན་ནས༔ འབྱུང་བ་མེ་དང་ཆུའི་གནོད་པ་དང་འཚེ་བ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག༔ བདག་ཅག་ལ་སོགས་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། གཞན་ཡང་འཇིག་རྟེན་གྱི་ཁམས་འདི་ལ་སོགས་པ་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ་ཆར་ཆུ་དུས་སུ་འབབ་པར་གྱུར་ཅིག །ལོ་འབྲས་རྟག་ཏུ་ལེགས་པར་གྱུར་ཅིག །འཐབ་རྩོད་དང་འཁྲུག་པ་ཐམས་ཅད་ཞི་བར་གྱུར་ཅིག །མི་ནད་ཕྱུགས་ནད་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །བཅུ་བཞི་པ་བཀྲ་ཤིས་བརྗོད་པ་ནི། རྒྱལ་མཚན་རྩེ་མོའི་དབང་གི་རྒྱལ་པོ་ལྟར། །ལྷག་པའི་ལྷ་ཡི་གཙུག་གི་རྒྱན་གྱུར་ཅིང་། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ་བའི། །མཉམ་མེད་བླ་མ་མཆོག་གི་བཀྲ་ཤིས་ཤོག །སྤངས་དང་ཡེ་ཤེས་ཕུན་ཚོགས་སངས་རྒྱས་ཀྱང་། །གདུལ་བྱའི་དབང་གིས་ཉན་ཐོས་ཚུལ་འཛིན་ཅིང་། ཁྱད་པར་ཅན་གྱི་ཕྲིན་ལས་ཆོས་སྐྱོང་བའི། །གནས་བརྟན་ཆེན་པོ་རྣམས་ཀྱི་བཀྲ་ཤིས་ཤོག །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །ཞེས་སོགས་བཀྲ་ཤིས་ཀྱི་ཚིགས་གཅད་གང་ཤེས་བྱའོ། །བཅོ་ལྔ་པ་རྗེས་ཀྱི་བྱ་བ་ནི། རྡུལ་ཚོན་ཚོམ་བུའི་དཀྱིལ་འཁོར་མ་གཏོགས་རྟེན་གཞན་མེད་ན། ཨཱོྃ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿཡེ་ཤེས་པ་གཤེགས། དམ་ཚིག་པ་བདག་ལ་བསྡུ་འོ། །ལས་ཀྱི་རྗེས་མི་མངོན་པར་བྱའོ། །གནས་བཅུའི་རྟེན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་ཡོད་ན་འདི་སྐད་བརྗོད། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་མ་འཁོད་ཀྱི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བཞུགས་སུ་གསོལ། བྱེ་བྲག་ཏུ་ཡང་སྐུ་གསུང་ཐུགས་ཀྱི་རྟེན་འདི་དག་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ཡེ་ཤེས་པ་ཐམས་ཅད་བརྟན་པར་བཞུགས་ནས། བདག་སོགས་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ཞེས་ལན་གསུམ་བརྗོད་ལ་མེ་ཏོག་གཏོར་རོ། །དེ་ལྟར་བོད་ཡུལ་དབུས་ཀྱི་རྡོ་རྗེ་གདན་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་འདི་ཉིད་འབྱུང་བ་ཆུའི་འཇིགས་པ་སྐྱོབ་པའི་ལུང་བསྟན་ཨོ་རྒྱན་རིན་པོ་ཆེའི་བཀའ་ལས་ཇི་ལྟར་བྱུང་བཞིན་གྱི་ཆུ་ཟློག་རྡོ་རྗེའི་ལྷ་ཁང་གྲུབ་པ་དང་མཐུན་པར། ཐུབ་དབང་གནས་བཅུའི་ཆོ་ག་མཆོད་པའི་སྤྲིན་ཕུང་འདི་ཉིད་ཀྱང་སངས་རྒྱས་གླིང་པའི་གཏེར་གཞུང་གི་ཚིག་དོན་ཅི་ལྟ་བར་གོ་རིམ་བསྒྲིགས་ཤིང་མ་ཚང་བ་ཁ་སྐོང་དང་བཅས་པ་འདི་ཉིད། རྫོགས་ཆེན་པ་གར་གྱི་དབང་ཕྱུག་གིས་ས་ཕོ་རྟ་ལོ་དབྱུག་པ་ཟླ་བའི་དུས་ཚེས་ཀྱི་ཉིན་སྦྱར་བའི་ཡི་གེ་པ་ནི་གུང་ཐང་བཀའ་བཅུ་པ་ཆོས་འབྱོར་དཔལ་བཟང་གིས་བགྱིས་པ། འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།

དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས༔ བསྟན་སྲུང་ཆེན་པོ་ཞིང་སྐྱོང་ཀུན་དགའ་གཞོན་ནུ་ཡབ་ཡུམ་གྱི༔ ལས་བྱང་གནམ་ལྕགས་མེའི་འཁོར་ལོ་དགྲ་བགེགས་རྡུལ་རློག་ (Volume 39, Text 1)

ྈ དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས༔ བསྟན་སྲུང་ཆེན་པོ་ཞིང་སྐྱོང་ཀུན་དགའ་གཞོན་ནུ་ཡབ་ཡུམ་གྱི༔ ལས་བྱང་གནམ་ལྕགས་མེའི་འཁོར་ལོ་དགྲ་བགེགས་རྡུལ་རློག་བཞུགས༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ ྈྈྈྈྈྈ ྈྈྈྈྈྈ བདག་འདྲ་པདྨ་བདུད་འདུལ་ངས༔ བྱང་ཕྱོགས་གངས་ཅན་རིའི་ལྗོངས་འདིར༔ མངའ་བདག་ཆོས་རྒྱལ་ཡབ་སྲས་ལ༔ ཐེག་མཆོག་ཡང་ཟབ་རྒྱ་ཆེར་ལས༔ འཕྲལ་དང་ཕུགས་སུ་གདམས་པ་དཔག་མེད་བྱིན༔ ཁྱད་པར་ཐེག་བཅུད་སྤྲུལ་སྐུ་སྙིང་ཐིག་གི༔ ཆོས་སྐྱོང་ཀུན་གྱི་སྙིང་ཁྲག་གཅིག་བསྡུས་པའི༔ བསྟན་སྲུང་ཆེན་པོ་ཀུན་དགའ་གཞོན་ནུ་ཡི༔ གསང་སྒྲུབ་ཟབ་མོའི་ལས་གཞུང་འདི་བཞིན་ནོ༔ དེའང་ཐོག་མར་ལེའུ་བཅུ་གསུམ་གྱི་སྒོ་ནས་རྣམ་པར་བསྟན་ཏེ༔ སྔོན་འགྲོ་བཅའ་གཞིའི་རིམ་པ་ཐམས་ཅད་གསང་སྒྲུབ་ལྟར་བྱ་ཞིང༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ གུ་རུ་པདྨ་བདུད་འདུལ་ནི༔ འཕགས་པ་སེང་གེ་སྒྲ་སྒྲོག་སྐུ༔ སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་ཟང་ཡག་གཙིགས༔ སྤྱན་གསུམ་དམར་ཟླུམ་སྡང་མིག་ཕྱོགས་བཅུར་གཟིགས༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་འབར༔ ཕྱག་གཡས་དབང་སྡུད་རྡོ་རྗེ་ནམ་མཁར་ཕྱར༔ གཡོན་པས་ཟིལ་གནོན་ལྕག་སྡིགས་མགོ་དགུ་བསྣམས༔ སྐུ་ལ་ཟབ་བེར་ལྗང་སྨུག་སེར་བཀྲ་གསོལ༔ ཞབས་གཉིས་འདོར་ཐབས་མུ་སྟེགས་དམ་སྲི་མནན༔ གཟི་བརྗིད་མདངས་ལྡན་མེ་དཔུང་ཀློང་དུ་བཞུགས༔ བདུད་འདུལ་དཔའ་བོའི་སྐུ་རུ་བསྐྱེད༔ ཨོཾ་བཛྲ་གུ་རུ་སིཾ་ཧཿགྷཎྜེ་དྷརྨ་དྷཱ་ཏུ་ཧཱུྃ་ཧཱུྃ་ཧཱུྃ༔ གསང་སྔགས་སྙིང་པོ་འབྲུག་ལྟར་སྒྲོག་པ་ཡི༔ མདུན་དུ་གྲུ་གསུམ་མཐིང་ནག་མེ་རླུང་འཁྲུགས་པའི་དབུས༔ ཁྲག་ཞག་རྒྱ་མཚོ་འཁྱིལ་བའི་ཀློང་དཀྱིལ་དུ༔ གནམ་ལྕགས་ལས་གྲུབ་འཁོར་ལོ་རྩིབས་བརྒྱད་དབུས༔ པདྨ་ཉི་མ་འབར་བའི་གདན་སྟེང་དུ༔ དགྲ་བགེགས་ཕོ་མོ་གཅལ་དུ་བཀྲམ་པའི་སྟེང༔ རང་གི་ཐུགས་ཀའི་ཧཱུྃ་ཡིག་ལས༔ ཧཱུྃ་ཡིག་ཚ་ཟེར་སྐར་མདའ་ལྟ་བུར་འཕྲོས༔ ཧཱུྃ་ཉིད་ཡོངས་སུ་གྱུར་པ་ལས༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ གདུག་པའི་དགྲ་བགེགས་ཐམས་ཅད་ཚར་བཅད་ནས༔ ཕྱོགས་དུས་ལས་མགོན་མ་ལུས་ཐམས་ཅད་ཀྱི༔ མཐུ་དང་ནུས་སྟོབས་རྫུ་འཕྲུལ་མ་ལུས་པ༔ འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས༔ ཆེ་བཙན་འགྲན་ཟླ་མཐའ་མེད་གར་གྱི་དབང༔ བདུད་མགོན་ཆེན་པོ་སེང་གེའི་གདོང་པ་ཅན༔ སྐུ་མདོག་མཐིང་ནག་སྤྱན་གསུམ་དམར་ཟླུམ་འཁྲུགས༔ ཞལ་གདངས་མཆེ་གཙིགས་ལྗགས་དམར་གློག་ལྟར་འཁྱུག༔ སྐུ་ལ་འཇོལ་བེར་དམར་ནག་ལྷུབས་ཆེན་གསོལ༔ གཡུ་རལ་གསེབ་ནས་སེང་ཆུང་སྐར་ལྟར་འཁྲུགས༔ ཕྱག་གཡས་དར་ནག་རུ་མཚོན་དགྲ་ལ་ཕྱར༔ གཡོན་པས་ལྕང་ལོར་བཅས་པའི་བྷནྡྷའི་ནང༔ དམར་གྱི་གཏོར་མ་གནམ་ལྕགས་ཐོག་ལྟར་འཕེན༔ སྟག་རལ་གཟིག་ཤུབས་གློག་ལྟར་འཁྱུག༔ ཤིན་ཏུ་མི་བསྲུན་པ་ཡི་ཆ་བྱད་ཅན༔ ཆིབས་སུ་བདུད་རྟ་ནག་པོ་རླུང་གཤོག་བཅིབས༔ སྐད་ཅིག་ཉིད་ལ་གླིང་བཞི་མ་ལུས་བསྐོར༔ དམ་ཉམས་དགྲ་བོ་བསྒྲལ་བའི་ལས་ལ་བརྩོན༔ སྲིད་པ་ཕོ་རྒྱུད་ཐམས་ཅད་དབང་སྡུད་བསམ༔ དེ་ཡི་གཡོན་དུ་པད་ཉི་དགྲ་བགེགས་སྟེང༔ ཏྲི་ཡིག་དམར་ནག་ཡོངས་སུ་གྱུར་པ་ལས༔ དཔལ་ལྡན་བདུད་མོ་སེང་གེའི་གདོང་པ་ཅན༔ སྐུ་མདོག་དམར་ནག་ཁྲོ་གཏུམ་གཟི་བརྗིད་འབར༔ དམར་ཟླུམ་འཇིགས་པའི་སྤྱན་གསུམ་ཁྲག་ལྟར་ཁོལ༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ ཁྲག་རལ་གསེབ་ནས་སེང་ཆུང་སྐར་ལྟར་འཁྲུགས༔ ཕྱག་གཡས་དགྲ་སཏྭ་རྩེ་གསུམ་དར་དམར་ཕྱར༔ དགྲ་བགེགས་གཟུགས་ཕུང་ཚལ་པ་དུམ་བུར་འཕེན༔ ཕྱག་གཡོན་བྷནྡྷ་ལྕང་ལོར་བཅས་པའི་ནང༔ དགྲ་སྙིང་དམར་པོ་ཁྲུམ་ཁྲུམ་ཞལ་དུ་གསོལ༔ སྐུ་ལ་འཇོལ་བེར་དམར་པོ་ལྷུབས་ཆེན་གསོལ༔ བཙན་རྟ་དམར་པོ་བཅིབས་ནས་ཕྱོགས་བཅུར་རྒྱུག༔ སྐད་ཅིག་ཉིད་ལ་དགྲ་བགེགས་མ་ལུས་བསྒྲལ༔ སྲིད་པ་མོ་རྒྱུད་ཐམས་ཅད་དབང་སྡུད་བསམ༔ ཡབ་ཡུམ་གཉིས་ཀྱི་མདུན་ཉིད་དུ༔ དྷཱི་ཏྲི་གཉིས་ལས་བསྐྱེད་པ་ཡི༔ ལས་མཁན་བམ་རོ་ཕོ་མོ་ནི༔ སྐྲ་མེད་མདོག་དམར་སྤྲེ་འུའི་གདོང༔ ལག་གཉིས་བྱ་སྡེར་ས་ལ་བཙུགས༔ རྐང་པས་གཏོར་ཁྱེར་དགྲ་ལ་འཕེན༔ སྐད་ཅིག་ཉིད་ལ་སྟོང་གསུམ་བསྐོར༔ དམ་ཉམས་དགྲ་བགེགས་མ་ལུས་རྩད་ནས་གཅོད༔ ཕྱོགས་མཚམས་འཁོར་ལོ་རྩིབས་བརྒྱད་དབུས༔ དགྲ་བགེགས་ཇིང་དུར་བསྣོལ་བའི་སྟེང༔ ཤར་དུ་ཏྲི་ལས་སྐྱེས་བུ་རྡོ་རྗེ་ལེགས་པ་ནི༔ སྐུ་མདོག་དམར་སྨུག་སྐུ་ལ་བེར་དཀར་གསོལ༔ དབུ་ལ་སག་ཞུ་སྨུག་པོ་མནབས༔ ཕྱག་གཡས་རྡོ་རྗེ་ནམ་མཁར་ཕྱར༔ གཡོན་པས་དགྲ་སྙིང་ཞལ་དུ་གསོལ༔ ཆིབས་སུ་སེང་གེ་དཀར་མོ་འཆིབ༔ ལྷོ་ཕྱོགས་ཡ་ལས་གཤིན་རྗེ་གཤེད་པོ་ནི༔ སྐུ་མདོག་ལྗང་ནག་མུན་པའི་འཇོལ་བེར་གསོལ༔ ཕྱག་གཡས་བེ་ཅོན་ནམ་མཁར་ཕྱར༔ གཡོན་པས་རྒྱུ་ཞགས་དགྲ་ལ་འཕེན༔ ཆིབས་སུ་ཆུ་གླང་སྔོན་པོ་འཆིབ༔ ནུབ་ཏུ་ཕུ་ལས་ཀླུ་བདུད་མགོ་དགུ་ནི༔ སྐུ་མདོག་སྔོ་ནག་གཅེར་བུ་སྦྲུལ་མཇུག་འཁྱིལ༔ ཕྱག་གཡས་སྦྲུལ་ཞགས་ནམ་མཁར་ཕྱར༔ གཡོན་པས་དུག་གི་པར་བུ་བསྣམས༔ ཆིབས་སུ་ཆུ་སྲིན་དམར་པོ་འཆིབ༔ བྱང་དུ་དུ་ལས་བདུད་རྗེ་རྐང་རིང་ནི༔ སྐུ་མདོག་ནག་པོ་འཇིགས་པའི་བེར་ནག་གསོལ༔ ཕྱག་གཡས་རལ་གྲི་ནམ་མཁར་ཕྱར༔ གཡོན་པས་བདུད་ཞགས་ནག་པོ་བསྣམས༔ ཆིབས་སུ་རྟ་ནག་རྟིང་དཀར་འཆིབ༔ ཤར་ལྷོོར་ཙ་ལས་བཙན་འགོང་ཡམ་ཤུད་ནི༔ སྐུ་མདོག་དམར་ནག་འཇིགས་པའི་བེར་དམར་གསོལ༔ ཕྱག་གཡས་བཙན་མདུང་དམར་པོ་ཕྱར༔ གཡོན་པས་བཙན་ཞགས་དགྲ་ལ་འདེབས༔ ཆིབས་སུ་བཙན་རྟ་དམར་པོ་འཆིབ༔ ལྷོ་ནུབ་ར་ལས་ཡབ་རྗེ་ཚངས་པ་ནི༔ སྐུ་མདོག་དམར་སྨུག་སྐུ་ལ་བེར་དཀར་གསོལ༔ ཕྱག་གཡས་སྤུ་གྲི་ནམ་མཁར་ཕྱར༔ གཡོན་པས་དར་དཀར་རུ་མཚོན་བསྣམས༔ ཆིབས་སུ་ཅང་ཤེས་དཀར་པོ་འཆིབ༔ ནུབ་བྱང་ཏྲི་ལས་སྲིན་པོ་ན་ར་སིཾ་ཧ་ནི༔ སྐུ་མདོག་དུད་ཁ་འཇོལ་བེར་ལྗང་གུ་གསོལ༔ ཕྱག་གཡས་ཁྲམ་ཤིང་ནམ་མཁར་ཕྱར༔ གཡོན་པས་ལྕགས་ཀྱུ་དགྲ་ལ་འདེབས༔ ཆིབས་སུ་བོང་བུ་ཁམ་ནག་འཆིབ༔ བྱང་ཤར་མ་ལས་རྡོ་རྗེ་བ་ལམ་མ༔ སྐུ་མདོག་ནག་པོ་འཇིགས་པའི་བེར་སྨུག་གསོལ༔ ཕྱག་གཡས་རལ་གྲི་ནམ་མཁར་ཕྱར༔ གཡོན་པས་ནད་རྐྱལ་དགྲ་ལ་ལྷོད༔ ཆིབས་སུ་དྲིལ་ནག་གྭ་པ་འཆིབ༔ དེ་ལྟར་ཤན་པ་གཏུམ་པོ་རྣམས༔ རང་རང་འཁོར་ཚོགས་བསམ་མི་ཁྱབ༔ ཀུན་ཀྱང་རྔམ་བརྗིད་ཁྲོས་པའི་གཟུགས༔ ཆོ་རོལ་གཅིག་ཏུ་མ་ངེས་པ༔ རྣམ་སྤྲུལ་བྱེ་བ་དཔག་མེད་འགྱེད༔ དགྲ་བགེགས་སྒྲོལ་བའི་ལས་ལ་བརྩོན༔ གཞན་ཡང་མ་ཚོགས་མཁའ་འགྲོ་རྒྱ་མཚོ་དང༔ བཀའ་ཉན་ལས་བྱེད་བསམ་མི་ཁྱབ༔ སེང་གེ་གཏུམ་པོ་གླང་ཆེན་སྨྱོན་པ་དང༔ སྟག་གཟིག་དོམ་དྲེད་ཅེ་སྤྱང་སྣ་ཚོགས་དང༔ དུར་བྱ་ཀང་ཀ་ཁྲ་དང་འུག་པ་དང༔ གཞན་ཡང་དམ་ཉམས་དགྲ་བོའི་རྗེས་གཅོད་པ༔ ཕག་རྒོད་མི་རྒོད་བུད་མེད་ནག་མོ་དང༔ བྱ་ནག་གཤོག་སྒྲ་ཁྱི་ནག་ཁངས་སེ་ཁང༔ གཡག་རོག་རྭ་བདར་སོ་སྒྲ་ཁྲུགས་སེ་ཁྲུག༔ མི་ནག་འབུམ་གྱིས་འོ་དོད་ལྷང་ལྷང་འབོད༔ ལ་ལ་ཐོག་དང་སེར་བའི་བདག༔ ལ་ལས་རི་རབ་པང་ལ་འདེབས༔ ལ་ལས་རྒྱ་མཚོ་ཧུབ་ཀྱིས་འཐུང༔ ལ་ལས་ཉི་ཟླ་ཆ་ལང་རྡེབ༔ ལ་ལས་རང་ཤ་རང་གིས་ཟ༔ ལ་ལས་ནང་རོལ་སྤར་མོས་འདེབས༔ ལ་ལས་རང་ལུས་དུམ་བུར་གཏུབ༔ ལ་ལས་དགྲ་བགེགས་མགོ་ལུས་ཕྲལ༔ ལ་ལས་མཚོན་ཆའི་འཁོར་ལོ་བསྐོར༔ ལ་ལས་ཧ་ཧ་ཧཱུྃ་ཕཊ་སྒྲོག༔ ཀུན་ཀྱང་དགྲ་བགེགས་བསྒྲལ་ལ་བརྩོན༔ གཞན་ཡང་དུར་ཁྲོད་རབ་འཇིགས་དེར༔ དུག་གི་སྡོང་པོ་དུག་གི་ཆུ་མིག་དང༔ བསྐལ་པའི་མེ་རླུང་རབ་ཏུ་འཁྲུགས༔ སྤྲུལ་པའི་འཁོར་ཚོགས་མང་པོས་བསྐོར༔ ལྷ་ཚོགས་དེ་དག་ཐམས་ཅད་ཀྱི༔ སྤྱི་བོར་ཨོཾ་དང་མགྲིན་པར་ཨཱ༔ ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ དུར་ཁྲོད་བརྒྱད་དང་ཧེ་རུ་ཀའི་གནས་བཅུ་དང༔ འཇིག་རྟེན་དང་ནི་འཇིག་རྟེན་འདས་པ་ཡི༔ རྒྱལ་བའི་ཞིང་ཁམས་རྣམ་པར་དག་པ་ནས༔ བདུད་མགོན་སེང་གདོང་ཡབ་ཡུམ་འཁོར་བཅས་རྣམས༔ མཆོད་ཅིང་སྒྲུབ་པའི་གནས་འདིར་སྤྱན་འདྲེན་ནོ༔ མདུན་བསྐྱེད་ཀྱི་ལེའུ་སྟེ་གཉིས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་སྤྱན་འདྲེན་པ་ནི༔ ཤ་ཆེན་ལ་སོགས་སྤོས་སྣ་ཚོགས་བསྲེག༔ ཕོ་གླིང་མོ་གླིང་ལ་སོགས་པའི་རོལ་མོ་སྣ་ཚོགས་བསྒྲགས་ལ་འདི་སྐད་དོ༔ ཧཱུྃ་བྷྱོ༔ དུར་ཁྲོད་ཆེན་པོ་མཁའ་སྤྱོད་ཙ་རི་ནས༔ ཆེ་མཆོག་ཀུན་གྱི་འཕྲིན་ལས་གཅིག་བསྡུས་པ༔ ཞིང་སྐྱོང་ཀུན་དགའ་གཞོན་ནུ་ཡབ་ཡུམ་དང༔ བཀའ་ཉན་ལས་བྱེད་དྲེགས་པ་སྡེ་བརྒྱད་ཚོགས༔ སྔོན་གྱི་དམ་བཅས་གཉན་པོ་མ་གཡེལ་བར༔ མ་ཐོགས་མྱུར་དུ་གནས་འདིར་གཤེགས་སུ་གསོལ༔ ཧཱུྃ་བྷྱོ༔ སྔོན་ཚེ་པདྨ་དབང་དང་པད་འབྱུང་སྤྱན་སྔ་རུ༔ སེང་གདོང་ཁྱོད་ཀྱིས་ཇི་ལྟར་ཁས་བླངས་བཞིན༔ འཕྲིན་ལས་དྲག་པོའི་ལས་ལ་སྤྱན་འདྲེན་ནོ༔ གསང་སྔགས་བསྟན་པ་གཉན་པོ་བསྲུང་བའི་ཕྱིར༔ མ་ཐོགས་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཧཱུྃ་བྷྱོ༔ སྡེ་བརྒྱད་ཡོངས་ཀྱི་དམག་དཔོན་མཛད་ཙམ་ན༔ དུར་ཁྲོད་བསིལ་བ་ཚལ་ནས་གཤེགས་སུ་གསོལ༔ སེང་གདོང་སྤྲུལ་པ་གྲངས་མེད་འགྱེད་ཙམ་ན༔ གངས་དཀར་ཏི་སེའི་གནས་ནས་གཤེགས༴ སྒྲུབ་བརྒྱུད་བསྟན་པ་ཕྱོགས་བཅུར་སྤེལ་ཙམ་ན༔ འབྲོག་ཆེན་ལ་ཕྱིའི་གནས་ནས་གཤེགས༴ མ་མོ་མཁའ་འགྲོའི་གཙོ་བོ་མཛད་ཙམ་ན༔ རྣམ་དག་ཨོ་རྒྱན་གནས་ནས་གཤེགས༴ ཟབ་གཏེར་བཀའ་ཡི་སྲུང་མ་མཛད་ཙམ་ན༔ བན་རི་པདྨ་འོད་ནས་གཤེགས༴ གསང་སྔགས་བསྟན་པ་ཕྱོགས་བཅུར་སྤེལ་ཙམ་ན༔ རྣམ་དག་མཁའ་སྤྱོད་གནས་ནས་གཤེགས༴ རྣལ་འབྱོར་དགྲ་བླ་ཆེན་པོ་མཛད་ཙམ་ན༔ དྷེ་ཝཱི་ཀོ་ཊིའི་གནས་ནས་གཤེགས༴ བསྟན་པའི་རུ་ཏྲ་མ་ལུས་བསྒྲལ་ཙམ་ན༔ མཐུ་སྟོབས་དྲག་པོའི་ཀློང་ནས་གཤེགས་སུ་གསོལ༔ ཧཱུྃ་བྷྱོ༔ བདུད་མགོན་སེང་གདོང་ཡབ་ཡུམ་དང༔ དྲེགས་པ་སྡེ་བརྒྱད་དམག་ཚོགས་རྣམས༔ སངས་རྒྱས་བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ༔ གསང་སྔགས་བསྟན་པ་སྤེལ་ཕྱིར་གཤེགས༴ རྣལ་འབྱོར་དགྲ་བླ་མཛད་ཕྱིར་གཤེགས༴ ལོག་འདྲེན་བྱད་མ་འདུལ་ཕྱིར་གཤེགས༴ ས་བདག་ཀླུ་གཉན་འདུལ་ཕྱིར་གཤེགས༴ རྒྱལ་འགོང་དམ་སྲི་འདུལ་ཕྱིར་གཤེགས༴ དགྲ་བགེགས་ཇིང་དུར་འདུལ་ཕྱིར་གཤེགས༴ མི་ནད་ཕྱུགས་ནད་བཟློག་ཕྱིར་གཤེགས༴ ནད་མུག་མཚོན་འཁྲུགས་བཟློག་ཕྱིར་གཤེགས༴ མི་མཐུན་རྐྱེན་ངན་བཟློག་ཕྱིར་གཤེགས་སུ་གསོལ༔ སྤྱན་འདྲེན་པའི་ལེའུ་སྟེ་གསུམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ་བྷྱོ༔ དུར་ཁྲོད་རབ་འཇིགས་འབར་བའི་གཞལ་ཡས་སུ༔ གྲུ་གསུམ་མཐིང་ནག་ཨེ་ཡི་ཀློང་དཀྱིལ་དུ༔ ཞིང་བཅུ་དགྲ་བགེགས་བསྒྲལ་པའི་གདན་སྟེང་དུ༔ བདུད་མགོན་སེང་གདོང་ཡབ་ཡུམ་འཁོར་དང་བཅས༔ དགྱེས་ཤིང་མི་གཡོ་བརྟན་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ བཞུགས་སུ་གསོལ་བའི་ལེའུ་སྟེ་བཞི་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ་བྷྱོ༔ ཆོས་སྐུ་སྐྱེ་མེད་ཀུན་བཟང་ཧེ་རུ་ཀ༔ ལོངས་སྐུ་འགག་མེད་དཔལ་ཆེན་སེང་གེའི་སྒྲ༔ སྤྲུལ་སྐུ་བདུད་མགོན་སེང་གེའི་གདོང་པ་ཅན༔ མཐུ་སྟོབས་རྫུ་འཕྲུལ་ནུས་པའི་ཤུགས་འཆང་བ༔ བདུད་མགོན་སེང་གདོང་ཡབ་ཡུམ་འཁོར་བཅས་ལ༔ གཉིས་མེད་གུས་པའི་ཚུལ་གྱིས་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ ཕྱག་འཚལ་བའི་ལེའུ་སྟེ་ལྔ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ་བྷྱོ༔ ཞིང་སྐྱོང་ཀུན་དགའ་གཞོན་ནུ་ཡབ་ཡུམ་འཁོར་བཅས་ལ༔ དམ་རྫས་དགྱེས་མཆོད་སྣ་ཚོགས་འབུལ་བ་ནི༔ ཤ་ཁྲག་ལ་སོགས་བ་ལིཾ་མཆོད་པ་འབུལ༔ ཐུགས་དམ་དབང་གིས་དགྲ་བགེགས་མ་ལུས་སྒྲོལ༔ དབང་པོ་ལྔ་སོགས་ཀེཾ་རུས་མཆོད་པ་འབུལ༔ རྫུ་འཕྲུལ་སྟོབས་ཀྱིས་བར་ཆད་ཐམས་ཅད་ཟློག༔ ཀླད་ཁྲག་ལ་སོགས་བདུད་རྩིའི་མཆོད་པ་འབུལ༔ སྤྲུལ་པའི་སྟོབས་ཀྱིས་མི་མཐུན་འགལ་རྐྱེན་ཟློག༔ སྙིང་ཁྲག་ལ་སོགས་ནང་ཁྲོལ་གསང་མཆོད་འབུལ༔ བཞད་པའི་ཚུལ་གྱིས་སངས་རྒྱས་བསྟན་པ་སྲུངས༔ གྷ་ཎ་ལ་སོགས་ལོངས་སྤྱོད་མཆོད་པ་འབུལ༔ འདོད་པའི་དངོས་གྲུབ་མ་ལུས་བདག་ལ་སྩོལ༔ མི་མཐུན་རྐྱེན་ངན་བར་ཆད་ཟློག་ཏུ་གསོལ༔ འདིར་བརྒྱུད་པའི་བླ་མའི་མཚན་དོན་སྦྱར་ཞིང༔ སྔགས་ཀྱི་ཁཱ་ཧི་བཏགས་ཤིང་འབུལ༔ མཆོད་འབུལ་གྱི་ལེའུ་སྟེ་དྲུག་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ་བྷྱོ༔ དུར་ཁྲོད་བདག་པོ་ཞིང་སྐྱོང་སེང་གེའི་གདོང༔ དེ་ཡི་ཡུམ་ཆེན་སྲིན་མོ་སེང་གདོང་མ༔ བཀྲ་ཤིས་དཔལ་འབར་ནོར་གྱི་དངོས་གྲུབ་གཏེར༔ སྟོབས་ཆེན་ཡིད་འགུགས་ལྷ་མོ་དབྱིངས་ཕྱུག་མ༔ དངོས་གྲུབ་བདག་མོ་ཁྱོད་ལ་ཕྱག་འཚལ་བསྟོད༔ བཀྲ་ཤིས་ཚན་ཆེ་མཐུ་ཆེ་རྣོ་ལ་མྱུར༔ ཟློག་པས་མི་བཟློག་སྔགས་ཟློག་དགྲ་བོའི་གཤེད༔ རྦོད་གཏོང་ཕར་བཟློག་ནུས་པ་རང་གཤེད་འབེབ༔ བདུད་མགོན་སེང་གདོང་སྐུ་ལ་ཕྱག་འཚལ་བསྟོད༔ དྲེགས་པ་འདུལ་ཞིང་དགྲ་བགེགས་ཀུན་གྱི་གཤེད༔ ལྟས་ངན་ཆོ་འཕྲུལ་རྒྱུག་པའི་ཞོར་ལ་འབེབ༔ དམ་ཉམས་ཚེ་སྲོག་གློ་བུར་སྡུད་མཛད་པ༔ དྲག་པོ་སྒྲོལ་བྱེད་གསུང་ལ་ཕྱག་འཚལ་བསྟོད༔ ནང་དུ་ཞི་ཞིང་བཀྲ་ཤིས་བུ་ནོར་སྤེལ༔ ཕྱི་རུ་ཁྲོས་པས་རྩུབ་འགྱུར་འཇིག་རྟེན་གཡོ༔ བ་དན་ཕྱར་བས་སངས་རྒྱས་བསྟན་པ་སྲུང༔ གཡུ་རལ་བསིགས་པས་སེང་ཆུང་སྐར་ལྟར་འཁྲུགས༔ ཞིང་སྐྱོང་དཔལ་འབར་ཐུགས་ལ་ཕྱག་འཚལ་བསྟོད༔ སྤྱན་དམར་གློག་འཁྱུག་སྲིད་གསུམ་འོད་ཀྱིས་གང༔ ལྗགས་དམར་བརྡབ་པས་ས་གཞི་གཡོ་ཞིང་འཁྲུགས༔ དམར་གཏོར་གདེངས་པས་ནད་ཡམས་ཆར་བཞིན་འབེབ༔ བདུད་རྟ་བརྒྱུགས་པས་ལྷ་སྲིན་བརྒྱལ་ཞིང་འབོག༔ དམག་དཔོན་སེང་གདོང་དགྲ་འདུལ་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་བྷྱོ༔ བསྟན་པ་སྲུང་ཞིང་བཀའ་ཡི་བྱ་ར་མཛད༔ རྣལ་འབྱོར་མགོ་འདོན་སྔགས་འཆང་ཚེ་སྲོག་སྲིང༔ ནང་དུ་ཞི་བས་ཡིད་བཞིན་ལྷ་མོ་འདྲ༔ ཕྱི་རུ་ཁྲོས་པས་ཕྲ་མེན་སེར་ལྟར་འཁྲུགས༔ དམ་ཉམས་དྲུག་ཁྲི་ཉིན་བཞིན་གསོད་པར་བྱེད༔ གུང་གཉིས་རྒྱུག་པས་དཀོར་རྐུན་རྩད་ནས་གཅོད༔ རྣོ་མྱུར་སེང་གདོང་སྐུ་ལ་ཕྱག་འཚལ་བསྟོད༔ ཟློག་པས་མི་བཟློག་གཞན་གྱིས་མི་ཆུན་ཞིང༔ བཀའ་སྲུང་བདུད་ཚོགས་དགྲ་ལ་རང་གཤེད་འབེབ༔ བདག་ལ་བྱམས་ཤིང་ནང་དུ་དངོས་གྲུབ་སྟེར༔ བཀྲ་ཤིས་སྙིང་ཉེ་གྲོགས་ལྟར་རྟག་ཏུ་སྲུང༔ གསུང་སྒྲོས་གཅིག་ཐོས་ལས་ནི་ཚར་གསུམ་སྒྲུབ༔ བུ་ལྟར་འཚོ་ཞིང་ཆོ་ལྟར་སྐྱོང་བའི་ལྷ༔ ཌཱ་ཀི་སེང་གདོང་གསུང་ལ་ཕྱག་འཚལ་བསྟོད༔ གསང་སྔགས་བཀའ་སྲུང་རྣལ་འབྱོར་དགྲ་བླ་ཆེ༔ བདུད་ཀྱི་གཡུལ་འཇོམས་མ་རུངས་དགྲ་བགེགས་སྒྲོལ༔ རྫུ་འཕྲུལ་མཐུ་ཡིས་ལྷ་སྲིན་དབང་སྡུད་ཅིང༔ སངས་རྒྱས་བསྟན་པ་སྲུང་བའི་ལས་ལ་བརྩོན༔ སྲིན་མོའི་གཟུགས་ཀྱིས་དགྲ་ལ་ནད་ཡམས་འབེབ༔ དཔལ་འབར་སེང་གདོང་ཐུགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ་བྷྱོ༔ ཡབ་ཡུམ་གཉིས་ཀྱི་བཀའ་ཉན་མཐུ་རྩལ་ཅན༔ བམ་རོ་ཕོ་མོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་བྷྱོ༔ བཀའ་ཡི་ལས་བྱེད་ཤན་པ་སྡེ་བརྒྱད་ཚོགས༔ དྲེགས་པ་ལྕམ་དྲལ་རྣམས་ལ་ཕྱག་འཚལ་བསྟོད༔ དམ་ཉམས་དགྲ་ལ་ལྟས་ངན་སྣ་ཚོགས་ཐོངས༔ སྐྱེས་བུ་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ དམ་ཉམས་དགྲ་བགེགས་མ་ལུས་ཁྲམ་ལ་ཐོབས༔ གཤིན་རྗེ་ཆོས་རྒྱལ་སྐུ་ལ་ཕྱག༴ དམ་ཉམས་དགྲ་ལ་མཛེ་ནད་ཆར་བཞིན་ཕོབ༔ ཀླུ་བདུད་མགོ་དགུའི་སྐུ་ལ་ཕྱག༴ དམ་ཉམས་དགྲ་བགེགས་མ་ལུས་ཞགས་པས་ཆིངས༔ བདུད་རྗེ་ནག་པོའི་སྐུ་ལ་ཕྱག༴ དམ་ཉམས་དགྲ་ལ་ཡེ་འདྲོག་སྣ་ཚོགས་ཐོངས༔ བཙན་འགོང་དམར་པོའི་སྐུ་ལ་ཕྱག༴ དམ་ཉམས་དགྲ་ལ་འཇའ་འཁྱིལ་ལྟས་ངན་ཐོངས༔ ལྷ་བདུད་དཀར་པོའི་སྐུ་ལ་ཕྱག༴ དམ་ཉམས་དགྲ་བགེགས་དམོད་པའི་མཚོན་ཆས་ཕུངས༔ སྲིན་པོ་དྷར་དྷའི་སྐུ་ལ་ཕྱག༴ དམ་ཉམས་དགྲ་ལ་ཁྲག་ནད་ཆར་བཞིན་ཕོབ༔ རྡོ་རྗེ་བ་ལམ་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་བྷྱོ༔ གཞན་ཡང་ལས་མཁན་དྲེགས་པའི་དམག་ཚོགས་རྣམས༔ གཙོ་བོའི་བཀའ་བཞིན་རང་གིས་ལས་བྱེད་པ༔ བསྟན་པའི་དགྲ་བགེགས་ཐལ་བ་རྡུལ་དུ་བརླག༔ བཀའ་ཉན་ལས་བྱེད་ཚོགས་ལ་ཕྱག་འཚལ་བསྟོད༔ བསྟོད་པའི་ལེའུ་སྟེ་བདུན་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ཚོགས་མཆོད་བྱ་བ་ནི། ཧཱུྃ༔ རང་བྱུང་ལྷུན་གྲུབ་བྷནྡྷའི་སྣོད་ནང་དུ༔ རོ་བརྒྱ་ལྡན་པའི་ཚོགས་མཆོད་དམ་པ་འདི༔ དཔའ་བོ་འབྲུ་ལྔའི་འཕྲོ་འདུ་ལས་བྱུང་བའི༔ གློ་བུར་རྣམ་རྟོག་ཉེས་སྐྱོན་ཀུན་བྲལ་ཞིང༔ ཡེ་ཤེས་བདུད་རྩི་ཆེན་པོར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ༔ ཧ་ཧོ་ཧྲཱི༔ དེ་ནས་ཚོགས་ལ་སྤྱན་འདྲེན་པ་ནི༔ ཨོཾ་ཨཱཿཧཱུྃ༔ གུ་རུ་པད་འབྱུང་རྩ་གསུམ་ལྷ་ཡི་ལྷ༔ སྒྲུབ་པ་བཀའ་བརྒྱད་ཞི་ཁྲོ་རབ་འབྱམས་དང༔ གནས་གསུམ་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཧཱུྃ༔ དུར་ཁྲོད་ཁྲག་མཚོ་མེ་འབར་གཞལ་ཡས་ནས༔ ཞིང་སྐྱོང་ཆེན་པོ་སེང་གདོང་ཡབ་ཡུམ་དང༔ དུག་མཚོན་མིང་སྲིང་དྲེགས་པ་སྡེ་བརྒྱད་དང༔ བཀའ་ཉན་ལས་བྱེད་ཤན་པ་གྲི་ཐོགས་བཅས༔ སྤྲུལ་པ་ཡང་སྤྲུལ་ཕོ་ཉ་མངགས་གཞུག་རྣམས༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ རང་རང་དགྱེས་པའི་གདན་ལ་བརྟན་པར་བཞུགས༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་པའི་ལེའུ་སྟེ་བརྒྱད་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ཚོགས་མཆོད་འབུལ་བ་ནི༔ ཧཱུྃ་ཧྲཱི༔ རྣམ་དག་བདུད་རྩིའི་ཚོགས་མཆོད་དམ་རྫས་འདི༔ པད་འབྱུང་རྩ་གསུམ་ལྷ་ཚོགས་བཅས་ལ་འབུལ༔ སྤྲུལ་པའི་ཁྲོ་རྒྱལ་སེང་གདོང་རྗེ་ལ་འབུལ༔ ཡུམ་ཆེན་ཌཱ་ཀི་སེང་གདོང་མ་ལ་འབུལ༔ ལས་མཁན་བམ་རོ་ཕོ་མོའི་ཚོགས་ལ་འབུལ༔ དམ་ཅན་སྐྱེས་བུ་འཆི་བདག་གཤིན་རྗེ་དང༔ ཀླུ་བདུད་མགོ་དགུ་བདུད་རྗེ་རྐང་རིང་དང༔ བཙན་འགོང་དམར་པོ་སྲོག་བདག་ཚངས་པ་དང༔ ལྷ་བདུད་སྲིན་པོ་མ་མོ་བ་ལམ་སོགས༔ དྲེགས་པ་སྡེ་བརྒྱད་ཚོགས་ལ་མཆོད་པ་འབུལ༔ འཇིག་རྟེན་དང་ནི་ཡེ་ཤེས་ལས་གྲུབ་པའི༔ ཕྱི་ནང་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས༔ རྒྱལ་ཆེན་སྡེ་བཞི་ནོར་ལྷ་རྒྱ་མཚོར་བཅས༔ སྤྲུལ་པ་ཡང་སྤྲུལ་ཕོ་ཉ་ལས་མཁན་ཚོགས༔ ཕོ་རྒྱུད་མོ་རྒྱུད་བཀའ་ཡི་བྱ་ར་སོགས༔ གནས་སྲུང་གཏེར་བདག་རྣམས་ལ་ཚོགས་མཆོད་འབུལ༔ རྒྱལ་བའི་བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ༔ སྔགས་འཆང་ཚེ་སྲོག་བསྲིང་ཕྱིར་བཞེས་སུ་གསོལ༔ ཡང་ཟབ་བསྟན་པ་སྤེལ་ཕྱིར་བཞེས་སུ་གསོལ༔ རིགས་རྒྱུད་ཆོས་བརྒྱུད་སྤེལ་ཕྱིར་བཞེས་སུ་གསོལ༔ དབང་སྡུད་ལྷ་མི་འདུལ་ཕྱིར་བཞེས་སུ་གསོལ༔ ཚེ་བསོད་དཔལ་འབྱོར་རྒྱས་ཕྱིར་བཞེས་སུ་གསོལ༔ སྙན་གྲགས་ཕྱོགས་བཅུར་སྤེལ་ཕྱིར་བཞེས་སུ་གསོལ༔ གནོད་བྱེད་དགྲ་བགེགས་བསྒྲལ་ཕྱིར་བཞེས་སུ་གསོལ༔ ལོག་འདྲེན་བདུད་རིགས་འདུལ་ཕྱིར་བཞེས་སུ་གསོལ༔ དགྲ་བགེགས་མཐའ་དམག་བཟློག་ཕྱིར་བཞེས་སུ་གསོལ༔ སརྦ་ག་ཎ་ཙཀྲ་པཱུ་ཙ་ལ་ཁཱ་ཧི༔ ཚོགས་མཆོད་ཀྱི་ལེའུ་སྟེ་དགུ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ལྷག་མ་སྟོབ་པ་ནི༔ ཧཱུྃ་བྷྱོ༔ ལྷག་ལ་དབང་བ་གཏོར་ཆེན་ཚོགས༔ དྲེགས་པ་ཕོ་མོ་དམ་ཅན་ལྷག་སྡུད་རྣམས༔ བཀའ་ཡི་ཕ་འབབ་ལྷག་གཏོར་འདི་བཞེས་ལ༔ དགྲ་བགེགས་མཐའ་ཡི་དམག་དཔུང་རྡུལ་དུ་རློགས༔ ལྷག་གཏོར་གྱི་ལེའུ་སྟེ་བཅུ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ཆད་མདོ་བྱ་བ་ནི༔ ཧཱུྃ་བྷྱོ༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ འོག་མིན་ཆོས་དབྱིངས་བདེ་ཆེན་ཕོ་བྲང་དུ༔ བཅོམ་ལྡན་དཔལ་ཆེན་པདྨ་དབང་ཆེན་གྱིས༔ སྣང་སྲིད་མ་མོ་དམ་ལ་བཏགས་པའི་ཚེ༔ ཆོས་ཀྱི་དབྱིངས་ཀྱི་མཁའ་འགྲོ་ཐམས་ཅད་ཀྱིས༔ རང་རང་གཟུགས་བསྟན་སྲོག་སྙིང་ཕུལ་བའི་ཚེ༔ བསྟན་པ་གཉན་བསྲུང་བཀའ་ཡི་གཏོར་ལེན་ཆད༔ སྔོན་གྱི་དམ་ཚིག་མ་གཡེལ་ཅི་བཅོལ་ལས་ཀུན་སྒྲུབས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ དགྲ་བགེགས་མཐའ་ཡི་དམག་དཔུང་རྡུལ་དུ་རློགས༔ ཧཱུྃ་བྷྱོ༔ དེ་འོག་བར་གྱི་བསྐལ་པའི་དབུ་མ་ལ༔ གནོད་སྦྱིན་རྫོང་གི་དུར་ཁྲོད་ཆེན་པོ་རུ༔ སློབ་དཔོན་པདྨ་རིག་འཛིན་ཧཱུྃ་ཀཱ་རས༔ གསང་བ་སྙིང་ཐིག་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ ལས་མཁན་དུག་མཚོན་ཕོ་མོ་མིང་སྲིང་གིས༔ རང་རང་རྩལ་ཤུགས་ཆེ་བར་བསྟན་པའི་དུས༔ འཕགས་པ་སེང་གེ་སྒྲ་སྒྲོག་སྐུར་བཞེངས་ཚེ༔ དྲེགས་པ་མིང་སྲིང་སྲོག་སྙིང་མངོན་དུ་ཕུལ༔ བསྟན་པ་གཉན་བསྲུང་བཀའ་ཡི་གཏོར་ལེན་ཆད༔ སྔོན་གྱི་དམ་ཚིག་མ་གཡེལ་ཅི་བཅོལ་ལས་ཀུན་སྒྲུབས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ དགྲ་བགེགས་མཐའ་ཡི་དམག་དཔུང་རྡུལ་དུ་རློགས༔ ཧཱུྃ་བྷྱོ༔ དུས་བསྐལ་འདས་པ་དེ་ཡི་འོག་རོལ་དུ༔ བྱང་ཕྱོགས་བོད་ཡུལ་ཁ་བའི་རི་ལྗོངས་འདིར༔ སྟག་ཚང་སེང་གེའི་བསམ་འགྲུབ་ཀེའུ་ཚང་དུ༔ རིག་འཛིན་ཆེན་པོ་པདྨ་བདུད་འདུལ་གྱིས༔ ཡེ་ཤེས་མཚོ་རྒྱལ་ཁྱེའུ་ཆུང་ལོ་ཙཱ་ལ༔ ཡང་གསང་སྙིང་ཐིག་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ དྲེགས་པ་སྡེ་བརྒྱད་རོལ་པ་རྐྱ་བདུན་གྱིས༔ རང་རང་སྲོག་སྙིང་མངོན་དུ་ཕུལ་བའི་ཚེ༔ བསྟན་པ་གཉན་བསྲུང་བཀའ་ཡི་གཏོར་ལེན་ཆད༔ སྔོན་གྱི་ཐ་ཚིག་མ་གཡེལ་ཅི་བཅོལ་ལས་ཀུན་སྒྲུབས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ དགྲ་བགེགས་མཐའ་ཡི་དམག་དཔུང་རྡུལ་དུ་རློགས༔ ཧཱུྃ་བྷྱོ༔ ད་དུས་རྩོད་ལྡན་བསྐལ་པའི་ཡང་མཐའ་འདིར༔ ལྷོ་ནུབ་པདྨ་འོད་ཀྱི་གཞལ་ཡས་སུ༔ རིག་འཛིན་ཆེན་པོ་པདྨ་ཐོད་ཕྲེང་གིས༔ སྙིགས་མའི་གདུང་འཚོབ་བདུད་འདུལ་རྡོ་རྗེ་ལ༔ གསང་བ་སྙིང་ཐིག་བསྐྱེད་རྫོགས་བྱིན་པའི་ཚེ༔ བདུད་མགོན་ལྕམ་དྲལ་བཀའ་སྡོད་འཁོར་བཅས་དང༔ ཕྱི་ནང་བཀའ་སྲུང་དམ་ཅན་རྒྱ་མཚོ་ཡིས༔ རང་རང་གཟུགས་བསྟན་སྲོག་སྙིང་ཕུལ་བའི་ཚེ༔ ཡང་གསང་བསྟན་པ་ཕྱོགས་བཅུར་སྤེལ་བ་དང༔ ལོག་གཤེད་བདུད་རིགས་མ་ལུས་བསྒྲལ་བར་ཆད༔ སྔོན་གྱི་ཐ་ཚིག་མ་གཡེལ་ཅི་བཅོལ་ལས་ཀུན་སྒྲུབས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ དགྲ་བགེགས་མཐའ་ཡི་དམག་དཔུང་རྡུལ་དུ་རློགས༔ ཐ་ཚིག་ཆད་མདོའི་ལེའུ་སྟེ་བཅུ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་བརྟན་མ་སྐྱོང་བ་ནི༔ ཧཱུྃ་བྷྱོ༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ སྣང་སྲིད་དབང་སྡུད་པདྨ་བདུད་འདུལ་ཉིད༔ བོད་ཡུལ་ཁ་བའི་ལྗོངས་འདིར་བྱོན་པའི་ཚེ༔ རྒྱ་བོད་གཉིས་ཀྱི་ས་མཚམས་སུ༔ ཨ་སུ་ར་ཡི་བྲག་ཕུག་ཏུ༔ སློབ་དཔོན་པདྨ་འབྱུང་གནས་དང༔ མཐུ་ཆེན་རླངས་ཆེན་དཔལ་སེང་གིས༔ དམར་གྱི་ཨརྒྷཾ་བཤམས་ནས་ནི༔ བརྟན་མ་བཅུ་གཉིས་བྲན་དང་གཡོག༔ ཞིང་ཆེན་བཀྲམ་པའི་གདན་ལ་བཞག༔ དབང་བསྐུར་གསང་བའི་མཚན་ཡང་བཏགས༔ དམ་ཚིག་རྡོ་རྗེ་སྤྱི་བོར་བཞག༔ ལྕེ་ལ་ཡེ་ཤེས་བདུད་རྩི་བླུད༔ ཐར་པ་ཐོབ་པའི་ལུང་ཡང་བསྟན༔ སྔོན་གྱི་དམ་ཚིག་གཉན་པོ་རྗེས་དགོངས་ལ༔ ད་རུང་ཁྱེད་རྣམས་འཇིག་རྟེན་མ་འདས་པས༔ ཐ་ཚིག་དུས་ལ་མ་གཡེལ་འཕྲིན་ལས་མཛོད༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ བོད་ཁམས་སྐྱེ་འགྲོ་ཆོས་ལ་འགོད་པ་དང༔ ཡང་གསང་བསྟན་པ་ཕྱོགས་བཅུར་རྒྱས་བྱེད་ཅིང༔ མཐོང་ཐོས་དྲན་རེག་སངས་རྒྱས་ས་ལ་སྦྱོར༔ ཁྱད་པར་གསང་སྔགས་བསྟན་པར་འཚེ་བྱེད་ཅིང༔ སྐྱེ་འགྲོ་ཡོངས་ལ་གནོད་པར་བྱེད་པ་ཡི༔ ཞིང་བཅུའི་མཐའ་དམག་ཐལ་བ་རྡུལ་དུ་རློགས༔ བརྟན་མ་སྐྱོང་བའི་ལེའུ་སྟེ་བཅུ་གཅིག་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ཤིས་པ་བརྗོད་པ་ནི༔ ཧྲཱི༔ སྒྲུབ་མཆོག་རྣལ་འབྱོར་མཆེད་ལྕམ་ལ༔ ཐུགས་རྗེའི་ཀློང་ནས་བྱིན་རླབས་ཆར་རྒྱུན་འབེབ༔ རྩ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག༔ དངོས་གྲུབ་རྣམ་གཉིས་ཆར་ལྟར་འབེབ་མཛད་པ༔ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་བཀྲ་ཤིས་ཤོག༔ འཕྲིན་ལས་རྣམ་བཞི་ཐོགས་མེད་སྒྲུབ་མཛད་པ༔ དཔའ་བོ་མཁའ་འགྲོ་རྣམས་ཀྱི་བཀྲ་ཤིས་ཤོག༔ བསྟན་པ་བསྲུང་ཞིང་རྣལ་འབྱོར་གྲོགས་མཛད་པ༔ ཞིང་སྐྱོང་ཀུན་དགའ་གཞོན་ནུའི་བཀྲ་ཤིས་ཤོག༔ བར་ཆད་སེལ་ཞིང་ལོངས་སྤྱོད་ཆར་བཞིན་འབེབ༔ ཡུམ་ཆེན་སེང་གེའི་གདོང་ཅན་བཀྲ་ཤིས་ཤོག༔ ཕྱི་ནང་བདུད་རིགས་བར་ཆད་སེལ་མཛད་པ༔ བཀའ་ཉན་དུག་མཚོན་ཕོ་མོའི་བཀྲ་ཤིས་ཤོག༔ གནོད་བྱེད་དགྲ་བགེགས་མ་ལུས་སྒྲོལ་མཛད་པ༔ དྲེགས་པ་སྡེ་བརྒྱད་ཚོགས་ཀྱི་བཀྲ་ཤིས་ཤོག༔ དགྲ་བགེགས་མཐའ་དམག་རྡུལ་དུ་བརླག་མཛད་པ༔ ལས་མཁན་ཕོ་ཉ་རྣམས་ཀྱི་བཀྲ་ཤིས་ཤོག༔ རྗེས་སྤྱོད་ཀྱི་རིམ་པ་བརྗོད་པའི་ལེའུ་སྟེ་བཅུ་གཉིས་པའོ། །ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་བཤགས་པ་བྱ་བ་ནི༔ གང་ཡང་བདག་བློ་གཏི་མུག་པས༔ ལེགས་སྤྱད་འདི་ལ་ཉེས་པ་གང༔ འདིར་ནི་བགྱི་བ་གང་བགྱིས་པ༔ ཞིང་སྐྱོང་ཡབ་ཡུམ་བཀའ་ཉན་མིང་སྲིང་དང༔ འཁོར་གྱི་དྲེགས་པ་སྡེ་བརྒྱད་ལ་སོགས་པ༔ བཀའ་སྡོད་ལས་མཁན་ཚོགས་ལ་བཟོད་པར་གསོལ༔ ཡི་གེ་བརྒྱ་པ་བརྗོད༔ རྟེན་ཡོད་ན་འདི་ལྟར་བརྗོད༔ སྐུ་གསུང་ཐུགས་ཀྱི་རྟེན་མཆོག་འདི་རྣམས་ལ༔ ཇི་སྲིད་འབྱུང་བཞིའི་གནོད་པས་མ་ཞིག་བར༔ དེ་སྲིད་འདིར་ནི་བརྟན་པར་བཞུགས་སུ་གསོལ༔ ཇི་སྲིད་བར་དུ་བརྟན་པར་བཞུགས་ནས་ཀྱང༔ སྒྲུབ་མཆོག་རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ མགོན་སྐྱབས་དཔུང་གཉེན་སྡོངས་གྲོགས་མཛད་དུ་གསོལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་སིཾ་ཧ་མུ་ཁ༔ སོགས། དེ་ནས་སྔགས་ཀྱི་ཤམ་བུར་དབྱངས་གསལ་དང་རྟེན་འབྲེལ་སྙིང་པོ་བརྗོད་པར་བྱའོ༔ སྐུ་རྟེན་མེད་ན་གཤེགས་སུ་གསོལ་བ་ནི༔ ཨོཾ༔ ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད༔ རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ༔ རང་རང་ཡུལ་དུ་གཤེགས་ནས་ཀྱང༔ སླར་ཡང་འབྱོན་པར་མཛད་དུ་གསོལ༔ བཛྲ་མུ༔ ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང༔ དེ་ནས་བསྔོ་བ་བྱ་བ་ནི༔ ཧཱུྃ༔ བདུད་མགོན་སེང་གདོང་ཡབ་ཡུམ་ལྷ་ཚོགས་བསྒྲུབས་ལགས་ཀྱིས༔ ལེགས་བྱས་དེ་ཡི་དགེ་བ་ཅི་མཆིས་པ༔ ཕ་མ་འགྲོ་དྲུག་སེམས་ཅན་དོན་དུ་བསྔོ༔ མྱུར་དུ་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག༔ བཀའ་བཙན་བྱིན་ཆགས་འདི་བསྒྲུབས་བྱིན་རླབས་ཀྱིས༔ རྡོ་རྗེ་སློབ་དཔོན་ཤེས་རབ་གཟུང་མར་བཅས༔ སྒྲུབ་པའི་རིག་འཛིན་མཆེད་ལྕམ་ཐམས་ཅད་ཀྱི༔ བྱང་ཆུབ་སྒྲུབ་པའི་ཉེར་འཚེ་ཀུན་ཞི་ཞིང༔ ཚེ་འདི་ཉིད་ལ་རིག་འཛིན་མཆོག་འགྲུབ་ཤོག༔ གང་དུ་སྒྲུབ་པའི་ཡུལ་དེར་བཀྲ་ཤིས་ཤིང༔ སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག༔ བསྟན་ལ་གནོད་ཅིང་སྐྱེ་འགྲོར་འཚེ་བྱེད་པ༔ ཞིང་བཅུའི་སྡེ་རྣམས་མྱུར་དུ་བརླག་གྱུར་ཅིག༔ ས་ཕྱོགས་ཡུལ་རིས་རྒྱལ་ཁམས་ཐམས་ཅད་དུ༔ ཆར་ཆུ་དུས་འབེབ་ལོ་ཕྱུགས་རྟག་ལེགས་ཤིང༔ མི་ནད་ཕྱུགས་ནད་དལ་ཡམས་རྒྱུན་ཆད་ནས༔ མཚོན་འཁྲུགས་མུ་གེ་བྱད་དུག་ཀུན་ཞི་ཞིང༔ འགྲོ་དྲུག་སེམས་ཅན་བདེ་སྐྱིད་འབྱུང་གྱུར་ཅིག༔ ཞིང་སྐྱོང་གཟི་ལྡན་བསྒྲུབས་མཆོད་བྱིན་རླབས་ཀྱིས༔ དགྲ་བགེགས་བདུད་དཔུང་མ་ལུས་མྱུར་བསྒྲལ་ནས༔ བསྟན་དགྲ་མཐའ་དམག་མྱུར་དུ་བརླག་གྱུར་ཅིག༔ རྗེས་ཆོག་བསྔོ་བའི་ལེའུ་སྟེ་བཅུ་གསུམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་རྫོགས་རིམ་ནི༔ ཕྱི་ནང་འཁོར་འདས་སྣང་སྲིད་ཀུན༔ དཔལ་ཆེན་འཕགས་པའི་སྐུ་ལ་ཐིམ༔ དེ་ཡང་འོད་ཕུང་འཇའ་ལྟར་ཡལ༔ བརྗོད་བྲལ་དབྱིངས་རིག་མ་བུ་འདྲེས༔ གདོད་མའི་ཀུན་བཟང་དགོངས་པ་འོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཆོས་སྐྱོང་ཀུན་གྱི་སྲོག་ཐིག་གཅིག་བསྡུས་པ༔ རྒྱལ་བའི་བསྟན་སྲུང་ཀུན་གྱི་སྟོབས་འདུས་པ༔ ཤིན་ཏུ་གཅེས་པའི་ཡང་སྙིང་འདི༔ པདྨ་བདུད་འདུལ་བཀའ་བཞིན་དུ༔ མཁར་ཆེན་མཚོ་རྒྱལ་བདག་འདྲས་ཡི་གེར་བཀོད༔ མ་འོངས་རྩོད་ལྡན་སྙིགས་མའི་ཡང་མཐའི་དུས༔ གནམ་ལྕགས་མེ་འབར་བདུད་འདུལ་རྡོ་རྗེ་རྩལ་ཞེས་གྲགས༔ པདྨའི་སྲས་མཆོག་དེ་དང་འཕྲད་པར་ཤོག༔ འཕྲད་ནས་བདུད་རིགས་མ་ལུས་ཐམས་ཅད་ཀྱི༔ སྲོག་སྙིང་དམར་པོ་མྱུར་དུ་ལོན་པ་དང༔ མཐའ་ཡི་དམག་དཔུང་མྱུར་དུ་བཟློག་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཀྱེ་མ་གུ་རུ་པདྨ་སཾ་བྷ་ཝའི་གསུང་འཛིན་རིག་པ་འཛིན། །དུས་མཐའི་གཏེར་སྟོན་མ་ཉེས་ཁ་ཡོག་མི་ཁ་སྡང་། །མི་རིགས་གཞན་ལས་ཁས་ཉེན་དབང་ཆུང་ཡང་། །རང་སེམས་ཟོལ་མེད་གཡོ་མེད་ཨེ་མ་ཧོཿ །རིག་འཛིན་བདུད་འདུལ་རྡོ་རྗེ་ངས། ཚ་བ་སྒྲོ་བྲག་ཅེས་ཙིཏྟ་གནམ་ལངས་འདྲ་བའི་མགུལ་ནས་བཏོན། ཡིག་རིགས་མི་འདྲ་དགུ་འདུག་སྟེ༔ མ་དག་པ་གཅིག་ཀྱང་མེད། ཤོག་སེར་ངོས་ནས་དག་པར་ཕབ་པའོ། །བདུད་མགོན་ཁྱོད་ལ་མཐུ་རྩལ་ཅི་མཆིས་ཨང་། །དམ་ཉམས་བདུད་རིགས་མ་ལུས་ཐམས་ཅད་ཀྱི། །སྙིང་ཁྲག་དམར་པོ་མྱུར་དུ་ཐང་ལ་ཕོས། །ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ སརྦ་མངྒ་ལཾ།། །།

ཡི་དམ་དམར་ནག་འཇིགས་གསུམ་ལས༔ ཡིག་མེད་ཨུ་པ་དྷེ་ཤ༔ འཇམ་དཔལ་དཀར་པོ་ཡེ་ཤེས་སེམས་དཔའི་ཕྱི་སྒྲུབ་ (Volume 17, Text 1)

ྈ ཡི་དམ་དམར་ནག་འཇིགས་གསུམ་ལས༔ ཡིག་མེད་ཨུ་པ་དྷེ་ཤ༔ འཇམ་དཔལ་དཀར་པོ་ཡེ་ཤེས་སེམས་དཔའི་ཕྱི་སྒྲུབ་བཞུགས་སོ༔ ྈྈྈྈྈ འགྲོ་ཀུན་མ་རིག་དྲི་ཚོགས་རབ་དབེན་པ༔ འཇམ་མགོན་བླ་མའི་ཞབས་ལ་གུས་པས་འདུད༔ བདག་འདྲ་འཇམ་དཔལ་པདྨ་ཐོད་ཕྲེང་གིས༔ མ་འོངས་སྐལ་ལྡན་སྐྱེས་བུའི་དོན་ཆེད་དུ༔ ཤེས་རབ་སྐྱེད་བྱེད་ཆུ་སྐྱེས་གཞོན་ནུ་ཡི༔ ཕྱི་སྒྲུབ་ཟབ་མོ་དགོས་འདོད་ཀུན་འབྱུང་བསྟན༔ ད་ལྟ་སྤེལ་བའི་གནས་མེད་གཏེར་དུ་སྦོས༔ མ་འོངས་ང་སྤྲུལ་སྐྱེས་བུ་ཀུན་དགའི་མཚན༔ རྣལ་འབྱོར་སྐལ་ལྡན་དེ་དང་འདི་འཕྲད་ཤོག༔ འཕྲད་ནས་འགྲོ་ཀུན་མུན་པའི་ཚོགས་བཅོམ་ནས༔ བསྟན་འཛིན་ངང་པ་འདུ་བའི་པད་རྩར་ཤོག༔ དང་པོ་བཅས་ཀྱི་རིམ་པ་འདི་བཞིན་བྱ༔ མཎྜལ་དཀར་པོ་མདའ་གང་གྲུ་བཞིའི་དབུས༔ འབྲས་དཀར་གཅལ་བཀྲམ་ཚོམ་བུ་ལྔ་རུ་བཀོད༔ དེ་སྟེང་མཉྫིའི་ཁྲི་ཁར་ཆོས་དབྱིངས་བུམ་པའི་ནང༔ བུམ་རྫས་དང་ལྡན་བུམ་ཆུས་སུམ་ཆ་བཀང༔ མགུལ་ཆིངས་དཀར་པོ་ཁ་རྒྱན་གཟུངས་ཐག་བརྒྱན༔ དེ་གཡས་དཀར་དམར་གཏོར་མ་ལྕོག་ཟླུམ་དང༔ གཡོན་དུ་བློ་འཕེལ་རིལ་བུ་དཀར་པོར་བཅས༔ དར་དཀར་དྲི་མ་མེད་པས་ཁ་ཁེབ་བྱ༔ དར་དཀར་དྲི་མེད་དག་ལ་ལྷ་བཟོ་བས༔ མངོན་རྟོགས་དང་མཐུན་ལེགས་བྲིས་བ་དཀར་གྱིི༔ འོ་མ་ཅུ་གང་དྲི་བཟང་ཚོན་རྩིས་བྱུག༔ རྒྱབ་ཏུ་བློ་འཕེལ་ཙཀྲ་དབུ་ཅན་འགོད༔ རྣམ་ལྔ་ལ་སོགས་མཆོད་རྫས་སྣ་ཚོགས་བཤམ༔ ཡིད་འོང་བག་དྲོ་བརྗིད་ལྡན་དང་འདྲེན་བྱ༔ རྣལ་འབྱོར་བདེ་བའི་གདན་འདུག་རྡོར་དྲིལ་སོགས༔ དགོས་པའི་ཡོ་བྱད་ཐམས་ཅད་སྟ་གོན་བསགས༔ དང་པོ་སྐྱབས་སུ་འགྲོ་བ་སྔོན་སོང་ནས༔ གཉིས་པ་ཁམས་གསུམ་འཁོར་བའི་སེམས་ཅན་གྱི༔ མ་རིག་བློ་ཡི་གཏི་མུག་མུན་བསལ་ནས༔ ཤེས་རབ་སྣང་བ་ཕྱོགས་མེད་རྒྱས་པའི་ཕྱིར༔ འཕགས་པ་ཆུ་སྐྱེས་གཞོན་ནུ་བསྒྲུབ་པར་བགྱི༔ དེ་ལྟར་སེམས་བསྐྱེད་ཚད་མེད་རབ་བསྒོམས་ནས༔ གསུམ་པ་བསྐྱེད་པ་ལྷ་ཡི་དཀྱིལ་འཁོར་སྒོམ་པ་ནི༔ ཨོཾ་སྭ་བྷཱ་བ་བི་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་བི་ཤུདྡྷོ྅་ཧཾ༔ གཟུང་འཛིན་གཉིས་སྣང་བསྡུས་པའི་ཆོས་རྣམས་ཀུན༔ ཡེ་ནས་མི་དམིགས་སྟོང་གསལ་སྙིང་རྗེའི་ངང༔ བཾ་ལས་བདུད་རྩིའི་རྒྱ་མཚོ་དཀར་ཀྱིལ་བ༔ དཀར་གསལ་དཔག་ཡས་དྲི་བསུང་ངད་པར་ལྡན༔ མཐའ་སྐོར་མར་གད་ནིའུ་གསིང་བ་གམ་འཁྲིགས༔ རིན་ཆེན་སྣ་ཚོགས་གཅལ་བཀྲམ་ལྗོན་ཤིང་རྒྱས༔ སེང་གེ་གླང་ཆེན་འདོད་འཇོ་སྣ་ཚོགས་གནས༔ ཆུ་གནས་ལྷ་མིའི་མེ་ཏོག་སྣ་ཚོགས་སྤྲས༔ ངང་པ་བུང་པས་ཆོས་ཀྱི་སྒྲ་དབྱངས་སྒྲོག༔ རང་གདངས་འཇའ་སྤྲིན་ཐིག་ལེའི་འོད་ཕུང་ཀློང༔ དེ་ཀློང་རང་བྱུང་པཾ་ཡིག་ལྗང་སེར་ལས༔ གེ་སར་ཡལ་ག་ལོ་འདབ་རབ་རྒྱས་པ༔ བཻཌཱུརྻ་ལྟར་རབ་གསལ་ཉི་འོད་འབར༔ དྲི་བྲལ་པདྨ་འདབ་བརྒྱད་རབ་རྒྱས་པ༔ གེ་སར་གུར་གུམ་མདོག་ལྟར་འཕྲོ་བའི་སྟེང༔ ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་རྒྱས་དབུས༔ རང་རིག་ངོ་བོ་ཨ་དཀར་ས་ལེ་བ༔ འཕྲོ་འདུས་དོན་བྱས་རང་ཉིད་སྐུ་ཡི་ནི༔ འཇམ་དཔལ་རྡོ་རྗེ་གཞོན་ནུ་ཆུ་སྐྱེས་པ༔ དཀར་གསལ་མདངས་ལྡན་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ལོངས་སྤྱོད་རྒྱན་རྫོགས་འཛུམ་མདངས་འོད་ཟེར་འབར༔ གཡས་པས་མཆོག་སྦྱིན་གཡོན་པས་ཨུཏྤ་ལ༔ ལོ་འདབ་རབ་རྒྱས་ཡུ་བ་ཐུགས་ཀར་འཛིན༔ པད་སྟེང་ཆོས་རྣམས་ཀུན་གྱི་རང་བཞིན་ཉིད༔ ཤེས་རབ་ཕར་ཕྱིན་སྟོང་ཕྲག་བརྒྱ་པ་ཡི༔ རང་བྱུང་བཻཌཱུརྻ་ཡི་གླེགས་བམ་འཛིན༔ ཡེ་ཤེས་ལྔ་ལྡན་རང་འོད་ཐིག་ཀློང་གསལ༔ འོག་མིན་ཆོས་དབྱིངས་ཡོན་ཏན་བརྩེགས་ཀློང་ནས༔ རང་འདྲའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ༔ ཕྱི་ནང་མཆོད་པ་མཎྜལ་དག་གིས་མཆོད༔ དེ་ནི་བསྐྱེད་པ་སྐུ་ཡི་དཀྱིལ་འཁོར་རོ༔ བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ གཉིས་པ་བཟླས་པ་སྔགས་ཀྱི་འཕྲུལ་འཁོར་ནི༔ རང་གི་ཙིཏྟ་གྱེན་ལང་འཁོར་ལོའི་དབུས༔ ཨ་དཀར་གསལ་བའི་མདུན་བརྩམ་རྩིབས་དྲུག་ལ༔ ཡས་མར་མ་རེག་ཡིག་འབྲུ་དྲུག་བཀོད་ལ༔ ཙཀྲ་གཡས་འཁོར་ཡིག་འབྲུ་གཡོན་འཁོར་ལ༔ བློ་རྨོངས་མ་རིག་མུན་པའི་སྨག་རུམ་དུ༔ ཚེ་རབས་ལས་སྒྲིབ་སང་སང་དག་པར་བསམ༔ ཨོཾ་ཝཱ་ཀྱེ་དཾ་ན་མ༔ སྔགས་འདི་མི་ཚིག་བར་མ་ཆོད་པ་ཡིས༔ འབུམ་ཕྲག་དྲུག་བཟླས་གྲངས་ཀྱི་བསྙེན་པ་ཡིན༔ ཟླ་བ་གཅིག་རྫོགས་དུས་ཀྱི་བསྙེན་པ་འོ༔ རྟགས་ཀྱི་བསྙེན་པ་རབ་འབྲིང་ཐ་མ་གསུམ༔ སྐལ་ལྡན་རང་རང་བློ་ཡི་སྤྱོད་ཡུལ་རག༔ རབ་ཀྱིས་མངོན་སུམ་འབྲིང་རྣམས་ཉམས་སྣང་དང༔ ཐ་མ་རྨི་ལམ་དུ་ཡང་ཞལ་མཇལ་ཞིང༔ གསུང་ཐོས་པུསྟི་རྙེད་དང་མཚོན་ངར་རྙེད་པ་དང༔ མར་མེ་གཏམས་དང་མེ་ཏོག་ཐུ་བ་སོགས༔ འོད་དཀར་ཤེལ་མཆོད་རྙེད་དང་ལོ་ཐོག་རྒྱས༔ ནེའུ་གསེང་རྒྱས་དང་ཉི་ཟླ་ཤར་བ་དང༔ དར་ཕྱར་དུང་འབུད་རོལ་མོའི་སྒྲ་སྒྲོག་སོགས༔ སྣག་ཚྭ་འཐུང་སོགས་སྤོས་དྲི་བསྲེགས་པ་དང༔ ནམ་མཁར་འཕུར་ཞིང་ལུས་ལ་མེ་འབར་དང༔ གོས་དཀར་གྱོན་དང་རྒྱན་གོས་དཀར་པོ་འདོགས༔ ཆུ་བོ་ཆེ་ལ་གྲུ་གཟིངས་ཟམ་པ་འཛུགས༔ ལྟས་བཟང་དགའ་ལྡན་མཚན་མའི་བསྙེན་པ་འོ༔ བསྙེན་ཚེ་ཤ་ཆང་སྒོག་བཙོང་བུད་མེད་སྤང༔ རྣམ་ཀུན་མཛེ་ཡུགས་གྲིབ་ལ་ཤིན་ཏུ་འཛེམ༔ རྟག་ཏུ་གཞོན་ནུ་ཆུ་སྐྱེས་ང་རྒྱལ་བརྟེན༔ དེ་ལྟར་སྒྲུབ་ཚེ་ཐུན་སྐབས་མཆོད་བསྟོད་འབད༔ གཏོར་མ་འབུལ་ཞིང་འདོད་དོན་གསོལ་བ་གདབ༔ དགེ་རྩ་མཁའ་ཁྱབ་འགྲོ་བའི་དོན་དུ་བསྔོ༔ ཤིས་བརྗོད་པ་སོགས་སྤྱོད་མཇུག་སྤྱི་ལྟར་བྱ༔ བཀའ་འདི་རྡོ་རྗེ་གཡུང་དྲུང་རྩལ་ལ་གཏད༔ ལས་ཅན་སྙིང་གི་བུ་དང་འཕྲད་པར་ཤོག༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ ཡི་དམ་དམར་ནག་འཇིགས་གསུམ་ལས༔ ཡིག་མེད་ཨུ་པ་དྷེ་ཤ༔ འཇམ་དཔལ་ཨ་ར་པ་ཙའི་ནང་སྒྲུབ་ཟབ་མོ་བློ་ཡི་མུན་སེལ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈ འགྲོ་ཀུན་བློ་ཡི་མུན་པ་རབ་བསལ་བ༔ འཇམ་མགོན་བླ་མ་མཆོག་ལ་གུས་ཕྱག་འཚལ༔ བདག་འདྲ་འཇམ་དཔལ་འོད་འབར་ཐོད་ཕྲེང་གིས༔ མ་འོངས་སྐལ་བར་ལྡན་པའི་སྐྱེས་བུ་རྣམས༔ བློ་གྲོས་སྤོབས་པའི་སྣང་བ་རབ་རྒྱས་ནས༔ ཐོས་བསམ་སྒོམ་པའི་རྒྱན་གྱིས་ལེགས་མཛེས་ཤིང༔ བཀའ་གཏེར་བསྟན་པའི་བསྟན་པ་གསལ་བྱེད་ཕྱིར༔ མི་བརྗེད་གཟུངས་ཐོབ་ཤེས་རབ་རྒྱས་བྱེད་པའི༔ འཇམ་མགོན་བླ་མའི་ནང་སྒྲུབ་ཟབ་མོ་བསྟན༔ སྟེགས་བུ་མདའ་གང་གྲུ་བཞི་མཉམ་པའི་སྟེང༔ དྲི་བཟང་སིནྡྷུ་ར་ཡིས་ཆག་ཆག་གདབ༔ དེ་དབུས་ཚོམ་བུ་ལྔ་ལྡན་མཉྫིའི་ཁར༔ བུམ་པ་མགུལ་ཆིངས་དམར་སེར་གཙང་ཆུས་བཀང༔ འབྲས་བུ་ཅན་ཤིང་ཁ་རྒྱན་མཁར་ཕོར་དང༔ གཟུངས་ཀྱི་རྡོ་རྗེ་བུམ་རྫས་སྤྱི་མཐུན་ལྟར༔ གཡས་སུ་དཔལ་གཏོར་རལ་གྲི་དྷཱིཿས་མཚན་བྱ༔ གཡོན་དུ་དབང་སྣོད་རྫས་ཀྱི་རིལ་བུས་བཀང༔ དེ་གོང་མངོན་རྟོགས་ཇི་བཞིན་སྐུ་རྟེན་དང༔ གོང་བཞིན་གསུང་རྟེན་ཙཀྲ་སོགས་བྲིས་འགོད༔ མཐའ་སྐོར་ཕྱི་མཆོད་རྣམ་ལྔ་ལ་སོགས་པ༔ གཞན་ཡང་མཆོད་པའི་བྱེ་བྲག་རྒྱན་ལྡན་བཤམ༔ སྔོན་འགྲོ་བཅའ་གཞིའི་རིམ་པ་བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ དེ་ནས་རྣལ་འབྱོར་བདེ་བའི་སྟན་འདུག་ལ༔ བླ་མ་མགོན་པོ་འཇམ་དབྱངས་དབྱེར་མེད་པའི༔ དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ཅི་འགྲུབ་འབད༔ གཉིས་པ་ཐེག་ཆེན་བྱང་ཆུབ་སྨོན་སེམས་ནི༔ བདག་གིས་ཁམས་གསུམ་འཁོར་བའི་སེམས་ཅན་གྱི༔ མ་རིག་རྨོངས་པའི་དྲི་ཚོགས་རབ་བསལ་ནས༔ བློ་གྲོས་སྤོབས་པའི་སྣང་བ་རབ་རྒྱས་ཕྱིར༔ འཇམ་མགོན་བླ་མའི་སྒྲུབ་ཟབ་ཉམས་ལེན་བགྱི༔ དེ་ལྟར་སེམས་བསྐྱེད་བདེན་བརྗོད་ནན་དུ་བགྱི༔ དངོས་གཞི་ལྷ་བསྐྱེད་གོ་རིམ་འདི་ལྟར་བསྟན༔ ཡན་ལག་བརྒྱད་ལྡན་མཚོ་ཆེན་རབ་རྒྱས་པ༔ མཐའ་སྐོར་ནིའུ་གསིང་པད་ཚལ་རབ་རྒྱས་ཤིང༔ ཆུ་གནས་སྣ་ཚོགས་གཅལ་བཀྲམ་དྲི་བསུང་ལྡན༔ ལྷ་མིའི་ལོངས་སྤྱོད་དཀོར་ནོར་ཕུན་སུམ་ཚོགས༔ དཔག་བསམ་ཤིང་རྒྱས་མེ་ཏོག་འབྲས་བུས་བརྒྱན༔ མཆོད་པའི་ལྷ་མོ་ཆར་སྤྲིན་ལྟ་བུར་གཏིབས༔ ངང་ངུར་ལ་སོགས་ཆོས་ཀྱི་སྒྲ་དབྱངས་སྒྲོག༔ མཚོ་དབུས་རབ་བརྟན་བཻ་ཌཱུརྻ་གསལ་བའི༔ གེ་སར་ལོ་འདབ་པདྨ་རྒྱས་པའི་སྟེང༔ ཉ་རྒྱས་ཟླ་སྟེང་དྷཱིཿཡིག་དམར་སེར་ལས༔ གཟི་བྱིན་འོད་ཕུང་བདག་གི་ལུས་ཐིམ་པས༔ མ་ཤེས་མ་རིག་བླུན་རྨོངས་སྒྲིབ་བྱང་ནས༔ བདག་ལུས་འོད་ཀྱི་ཕུང་པོར་ལྷམ་མེར་གྱུར༔ བདག་ཉིད་དྲི་བྲལ་འཕགས་པ་འཇམ་དཔལ་སྐུ༔ དམར་གསལ་ཞལ་གཅིག་ཕྱག་གཉིས་མཛེས་འཛུམ་ལྡན༔ དབུ་སྐྲ་མཐོན་མཐིང་ཟུར་ཕུད་ལྔ་ལྡན་བཅས༔ བཅུ་དྲུག་ན་ཚོད་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ རིན་ཆེན་རྒྱན་རྫོགས་དར་ཟབ་ན་བཟའ་བཀླུབས༔ གཡས་པས་མ་རིག་དྲི་ཚོགས་གཅོད་བྱེད་གྲི༔ གདེངས་ངོམ་ཚུལ་འཛིན་ལོངས་སྤྱོད་རྫོགས་པའི་སྐུ༔ གཡོན་པས་ཨུཏྤལ་ཡུ་བ་ཐུགས་ཀར་འཛིན༔ པད་སྟེང་ཆོས་རྣམས་ཀུན་གྱི་རང་བཞིན་མཆོག༔ ཕར་ཕྱིན་སྟོང་ཕྲག་བརྒྱ་པའི་གླེགས་བམ་བསྣམས༔ དྭངས་མ་ལྔ་ལྡན་འཇའ་ཐིག་འོད་ཕུང་ཀློང༔ བག་དྲོ་ལྷུན་ཆགས་གཟི་བྱིན་འོད་འབར་བསྐྱེད༔ འཁོར་ལོ་གསུམ་ལས་འོད་འཕྲོས་འོག་མིན་གྱི༔ ཡོན་ཏན་པད་ཚལ་རྒྱལ་བའི་ཕོ་བྲང་ནས༔ རང་འདྲའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ༔ ཨོཾ་ཨཱརྻ་མཉྫུ་ཤྲཱི་སརྦ་ས་པ་རི་བཱ་ར་བཛྲ་ས་མ་ཡ་ཛ༔ པདྨ་ཀ་མ་ལཱ་ཡ་སཏྭཾ༔ ན་མོ་པུ་རུ་ཤ་ཡ་ཧོ༔ མཆོད་ལྔ་གཟུགས་སྒྲ་དྲིས་མཆོད་བསྟོད་པ་བྱ༔ དེ་ནས་བཟླས་པ་སྔགས་ཀྱི་དཀྱིལ་འཁོར་ནི༔ རང་གི་སྙིང་གར་པདྨ་ཟླ་བའི་སྟེང༔ དྷཱིཿཡིག་དམར་སེར་མཐའ་མར་སྔགས་ཀྱིས་བསྐོར༔ ལྕེ་རྩ་དྷཱིཿམགོ་གྲེ་ཕུག་མཉེན་གསལ་གཏད༔ རང་ཉིད་མཆོག་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ངག་གི་དབང་པོར་བསམ་ལ་གསང་སྔགས་ཀྱི༔ ཡང་གསང་འདི་ཉིད་སྨྲ་བཅད་རྒྱུན་དུ་བཟླ༔ ཨོཾ་ཨ་ར་པ་ཙ་ན་དྷཱི༔ དེ་ལྟར་བཟླས་པས་ནང་རྟགས་ནི༔ འཛིན་བློ་ཡངས་ཤིང་བློ་གྲོས་སྤོབས་པ་ཡི༔ སྣང་བ་རྒྱས་ཤིང་འཆད་རྩོད་རྩོམ་པ་སྤྲོ༔ ཞལ་མཇལ་ཆོས་གསུང་ལུང་བསྟན་ཐོབ༔ སྣག་ཚྭ་འཐུང་དང་ཡི་གེ་ཟ༔ གླེགས་བམ་གྲི་མཚོན་ངར་ལྡན་རྙེད༔ མཁའ་ལ་འཕུར་དང་རོལ་མོ་སྒྲོག༔ མར་མེ་སྤར་དང་སྤོས་བསྲེགས་དང༔ དར་ཕྱར་རྔ་བརྡུང་ཉི་ཟླ་ཤར༔ རལ་གྲི་ཨུཏྤལ་ཤེལ་མཆོད་རྙེད༔ དེ་རྣམས་ཕྱི་ནང་གསང་རྟགས་སོ༔ གྲངས་བསྙེན་འབུམ་ཕྲག་བརྒྱད་ཡིན་ཟླ་བ་གཅིག༔ ཐེ་ཚོམ་ཡིད་གཉིས་སྤངས་བྱས་ནས༔ དེ་ལྟར་བགྱིས་པས་སྙན་ངག་དང༔ རྡོ་རྗེའི་ཚིག་རྣམས་རང་རྡོལ་འབྱུང༔ ཐེ་ཚོམ་གཡེང་བ་ལེ་ལོ་སྤང༔ རྩེ་གཅིག་བསྒྲུབས་པས་འགྲུབ་འགྱུར་ངེས༔ དེ་ནས་བསྡུ་བའི་རིམ་པ་ནི༔ རང་ལུས་དྷཱིཿར་གྱུར་འཇམ་མགོན་བླ་མ་ཡི༔ ང་རྒྱལ་དག་དང་མ་བྲལ་ཤིན་ཏུ་གཅེས༔ དགེ་རྩ་མཁའ་ཁྱབ་སེམས་ཅན་དོན་དུ་བསྔོ༔ མ་འོངས་ལས་ཅན་སྙིང་གི་བུ་དང་འཕྲད་པར་ཤོག༔ བཀའ་འདི་རྡོ་རྗེ་གཡུང་དྲུང་རྩལ་ལ་བཅོལ༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ ༈ ཡི་དམ་དམར་ནག་འཇིགས་གསུམ་ལས༔ ཡིག་མེད་ཨུ་པ་དྷེ་ཤ༔ འཇམ་མགོན་བླ་མའི་གསང་སྒྲུབ་བློ་གྲོས་པད་ཚལ་རྒྱས་བྱེད་བཞུགས་སོ༔ ྈྈ འགྲོ་བློའི་མུན་སེལ་འཇམ་མགོན་བླ་མར་འདུད༔ བདག་འདྲ་འཇམ་མགོན་པདྨ་ཐོད་ཕྲེང་གི༔ བློ་གྲོས་པད་ཚལ་རྒྱས་པའི་བླ་སྒྲུབ་མཆོག༔ གསང་བ་བླ་མེད་གནད་ཀྱི་ཏི་ཀ་འདི༔ ལས་ཅན་སྙིང་གི་བུ་དང་འཕྲད་པར་ཤོག༔ ཐོག་མར་བཅའ་གཞིའི་རིམ་པ་ལེ་བརྒན་ལ༔ གུར་གུམ་གི་ཝཾ་ལི་ཁྲི་སིནྡྷུ་ར༔ ཨ་རུ་བ་དམར་ཆུ་སྦྱར་འཇམ་དཔལ་གྱི༔ སྐུ་འདྲ་མངོན་རྟོགས་དང་མཐུན་ལེགས་པར་བྲི༔ རྒྱབ་ཏུ་རྩ་སྔགས་དབུ་ཅན་གསལ་དག་ལེགས་པར་བྲི༔ དེ་ལ་བགེགས་བསྐྲད་རབ་གནས་ནན་དུ་བྱ༔ ཡིད་འོང་ཤིས་པའི་དབེན་གནས་སྒྲུབ་ཁང་དུ༔ གཟའ་སྐར་ཡར་གྱི་ཚེས་གྲངས་བཟང་པོ་ལ༔ དབང་སྟེགས་དབང་ཁྲི་བཟང་པོའི་སྟེགས་བུ་ནི༔ མདའ་གང་དཔང་གང་དཀར་དམར་ནི༔ དྲི་བཟང་ཆུ་ཡིས་ཆག་ཆག་གདབ༔ དཀྱིལ་འཁོར་གྲུ་བཞི་འདབ་བརྒྱད་བུམ་པས་མཚན༔ ལྟེ་བར་རྩིབས་དྲུག་འབྲུ་དྲུག་ཨ་དྷཱིཿདབུ་ཅན་མཚན༔ སྒོ་གྲུ་པདྨ་རྡོར་ར་མེ་རིས་མཚན༔ གྲུབ་ན་རྡུལ་ཚོན་མ་གྲུབ་གནས་སྐབས་བསྟུན༔ དེ་སྟེང་མཉྫིའི་ཁྲི་ཁར་འཇམ་དཔལ་སྐུ༔ འཇམ་དཔལ་གཉིས་ལྡན་སྐུ་ཉིད་བཞུགས་སུ་གསོལ༔ སྔར་གྱི་བྲིས་སྐུ་དབང་གནས་རང་ལ་གཟིགས༔ འདབ་མར་རིགས་ལྔའི་ཕྱག་མཚན་རྡོར་དྲིལ་དང༔ ན་མཿགཟུངས་སྔགས་འཁོར་ལོ་གདུགས་རལ་གྲི༔ དུང་དང་པོ་ཏི་མདའ་གཞུ་རྒྱལ་མཚན་དང༔ ཤར་དུ་རྣམ་རྒྱལ་བུམ་པ་དང༔ ལྷོ་རུ་དཔལ་གཏོར་ཨ་དྷཱིཿས་མཚན༔ བྱང་ཤར་ལས་ཀྱི་བུམ་པ་དང༔ ཤར་ལྷོར་ཆོས་སྐྱོང་ཕོ་རྒྱུད་དང༔ ལྷོ་ནུབ་སྲུང་མ་མོ་རྒྱུད་དང༔ ནུབ་ཏུ་ཚེ་གཏོར་ནུབ་བྱང་ནོར་ལྷ་དང༔ བྱང་དུ་བཀའ་སྲུང་གཏོར་མ་དང༔ དེ་ཕྱིར་ག་ཎའི་ལོངས་སྤྱོད་དང༔ ཕྱི་ནང་གསང་མཆོད་འབྱོར་ཚད་བཤམ༔ བླ་བྲེ་ཕུར་སོགས་བག་དྲོ་བརྗིད་ལྡན་བཤམ༔ ཡུལ་རིའི་ཟོ་དོར་གཙང་མའི་སྐྱེམས་ཀྱིས་བརྔན༔ བདག་ཉིད་སྒྲུབ་པ་མཐར་ཕྱིན་འདོད་དོན་གསོལ༔ བགེགས་གཏོར་བྱིན་ཞིང་བཀའ་བསྒོ་མཚམས་བཅད་བྱ༔ སྔོན་འགྲོ་བཅའ་གཞིའི་རིམ་པ་བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ གཉིས་པ་སྐྱབས་འགྲོ་སེམས་བསྐྱེད་སྔོན་སོང་ནས༔ མ་ཧཱ་ཤཱུ་ཛྙཱ་ཏཱས་བསང་སྦྱང་ནས། གཟུང་འཛིན་གཉིས་སྣང་བསྡུས་པའི་ཆོས་རྣམས་ཀུན༔ མི་དམིགས་སྟོང་པར་གྱུར་པའི་ངང་ཉིད་ལས༔ རྡོ་རྗེའི་ལྟེ་དབུས་གཞལ་ཡས་ཁང་ཆེན་པོ༔ དེ་དབུས་སྣ་ཚོགས་པདྨ་འདབ་བརྒྱད་དབུས༔ སེང་གེས་བཏེགས་པའི་པདྨ་ཉི་ཟླའི་སྟེང༔ དྷཱིཿལས་རལ་གྲི་དྷཱིཿདང་ཡུ་བར་མུཾ༔ དེ་ཉིད་ཡོངས་གྱུར་བདག་ཉིད་དྲན་རྫོགས་ཀྱིས༔ འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ༔ གསེར་མདོག་འོད་ལྡན་ཞལ་གཅིག་ཕྱག་བཞི་པ༔ སྤྱན་དཀྱུས་རིང་ཞིང་འཛུམ་པའི་ཞལ༔ མཐོན་མཐིང་རལ་པ་ཟུར་ཕུད་ལྔ་པ་འཕྱང༔ བཅུ་དྲུག་ན་ཚོད་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ རུས་པ་རིན་ཆེན་དར་སྣའི་ན་བཟས་བཀླུབས༔ ཕྱག་གཉིས་ཨུཏྤལ་རལ་གྲི་པུསྟི་བསྣམས༔ ཕྱག་གཉིས་ཐབས་ཤེས་མདའ་གཞུ་གཡོན་དུ་འགེངས༔ དེ་ཡི་པང་གཡོན་རེག་བྱ་རྡོ་རྗེ་མ༔ ལྗང་གསལ་གཡས་པས་ཨུཏྤལ་ཡབ་ལ་འཁྱུད༔ གཡོན་པ་ལེ་བརྒན་ཕྲག་ལ་ལྕིབས་ཚུལ་བསྣམས༔ ཡིད་འོང་རྒྱན་མཛེས་དར་ཟབ་ན་བཟའ་ལྷུབ༔ བདེ་བས་མི་བཟོད་ཡབ་ཀྱི་སྐེད་ལ་འཁྲིལ༔ ལོངས་སྤྱོད་རྒྱན་རྫོགས་གཟི་བྱིན་འོད་ཕུང་འབར༔ ཕྱི་རིམ་འདབ་མ་བརྒྱད་བཞི་ཟླ་བའི་སྟེང༔ ཤར་དུ་བདུག་སྤོས་དཀར་མོ་སྤོས་རེང་འཛིན༔ ལྷོ་རུ་པུཥྤེ་སེར་སྐྱ་མེ་ཏོག་འཛིན༔ ནུབ་ཏུ་ཨཱ་ལོ་དམར་གསལ་སྣང་གསལ་འཛིན༔ བྱང་དུ་གནྡྷེ་ལྗང་གུ་དུང་ཆོས་འཛིན༔ གཡོན་རྣམས་གཙོ་ལ་འདུད་པའི་ཕྱག་རྒྱ་ཅན༔ དར་ཟབ་རིན་ཆེན་རྒྱན་གྱིས་ལེགས་མཛེས་ཤིང༔ ཞབས་རྣམས་སེམས་དཔའི་སྐྱིལ་ཀྲུང་པད་སྐྱིལ་བཞུགས༔ ཤར་ལྷོར་རིན་ཆེན་གསེར་གྱི་བུམ་བཟང་པོ༔ ལྷོ་ནུབ་རཏྣ་དངུལ་གྱི་བུམ་བཟང་པོ༔ ནུབ་བྱང་གཏན་གསལ་པདྨ་རཱ་གའི་བུམ༔ བྱང་ཤར་ཀུན་གསལ་མུ་མེན་བུམ་བཟང་པོ༔ ཀུན་ཀྱང་དཔག་བསམ་ཤིང་གིས་ཁ་བརྒྱན་པ༔ འཆི་མེད་བཅུད་མཆོག་བདུད་རྩིས་ལེགས་བཀང་བ༔ ལྷ་ཚོགས་དེ་དག་ཐམས་ཅད་ཀྱི༔ གནས་གསུམ་འཁོར་ལོ་འབྲུ་བཞི་ལས༔ འོད་འཕྲོས་འོག་མིན་ཆོས་དབྱིངས་ཀྱི༔ ཡོན་ཏན་བརྩེགས་པའི་ཕོ་བྲང་ནས༔ རང་འདྲའི་ཡེ་ཤེས་སེམས་དཔའི་ཚོགས༔ སྤྱན་དྲངས་གཉིས་མེད་གུས་བསྟིམ་བྱ༔ ཨོཾ་ཨཱཿཧཱུྃ་ཨཱརྻ་མཉྫུ་ཤྲཱི་དྷཱིཿམུཾ་སརྦ་ས་པ་རི་བཱ་ར་སརྦ་བཛྲ་ས་མ་ཡ་ཛ༔ཛ༔ ཛཿཧཱུྃ་བཾ་ཧོ༔ གཉིས་སུ་མེད་པར་བསམ༔ སླར་ཡང་ཐུགས་ཀའི་ས་བོན་ལས༔ འོད་འཕྲོས་རྒྱལ་བ་རིགས་ལྔའི་ཚོགས༔ སྤྱན་དྲངས་གསོལ་བཏབ་དབང་བསྐུར་བའི༔ ཆུ་ཡི་ལྷག་མ་ཡར་ལུད་པས༔ གཙོ་བོར་མི་བསྐྱོད་ཡུམ་ལ་དོན་ཡོད་གྲུབ༔ རིགས་ཀྱི་ཡུམ་ཆེན་བཞི་ལ་རིགས་ཀྱི་བདག༔ དྷཱུ་པེ་རྣམ་སྣང་མེ་ཏོག་རིན་ཆེན་འབྱུང༔ མར་མེ་སྣང་མཐའ་དྲི་ཆབ་དོན་ཡོད་གྲུབ༔ རིགས་ཀྱི་བདག་པོས་རྒྱས་བཏབ་བརྟན་བཞུགས་བསམ༔ ས་བོན་མཆོད་སྔགས་ཀྱི་ཁཱ་ཧི་བཏགས་ལ་མཆོད༔ དེ་ནས་བསྟོད་པ་བྱ་བ་ནི༔ ཨེ་མ་ཧོ༔ གཞོན་ནུ་མཛེས་པའི་དཔའ་བོ་གེ་སར་ལས་བྱུང་བའི༔ སྒྲིབ་གཉིས་སྐྱོན་བྲལ་ལེགས་སྐྱེས་གུར་གུམ་མདོག་འཛུམ་བཞད༔ ཞལ་གཅིག་ཕྱག་བཞི་དང་པོ་ཤེས་རབ་རལ་གྲི་འཛིན༔ གཡོན་གྱི་དང་པོ་ཨུཏྤལ་གླེགས་བམ་ཐུགས་ཀར་འཛིན༔ མཐའ་གཉིས་ཐབས་ཤེས་མདའ་གཞུས་བདུད་བཞིའི་དཔུང་ཚོགས་བཅོམ༔ ཡུམ་གྱུར་གཉིས་མེད་ཡེ་ཤེས་སེམས་དཔའ་ཁྱོད་ཕྱག་འཚལ༔ ཆགས་བྲལ་རེག་བྱ་ཡུམ་གྱུར་མར་གད་མདོག་འདྲ་ཞིང༔ ཨུཏྤལ་དར་དཔྱང་འཛིན་ཅིང་དགའ་བཞི་མཐར་སོན་མ༔ བདུག་སྤོས་མེ་ཏོག་མར་མེ་དྲི་ཆབ་མ་ལ་སོགས༔ འགྲོ་དོན་འདོད་རྒུར་སྒྱུར་བའི་ཡབ་ཡུམ་གཙོ་འཁོར་ལ༔ བདག་སོགས་ལུས་ངག་ཡིད་གསུམ་དད་པས་ཕྱག་འཚལ་བསྟོད༔ བཟླས་པ་སྔགས་ཀྱི་འཁྲུལ་འཁོར་ནི༔ ཐུགས་ཀར་ཟླ་སྟེང་རལ་གྲི་དྷཱིཿམུཾ་མཚན༔ ཟླ་སྟེང་སྔགས་འགོད་འོད་ཟེར་ངང་ཀྱིལ་བསྐོར༔ སྨྲ་བཅད་ཡེངས་མེད་གསང་སྔགས་རྒྱལ་པོ་བཟླ༔ ཨོཾ་ཨཱཿཧཱུྃ་ཨཱརྻ་མཉྫུ་ཤྲཱི་ཛྙཱ་ན་ཤ་ར་དྷཱི༔ སྤར་ཤེ་མཱུརྟཱི་ཨ༔ ཝཱ་གཱི་ཤྭ་རི་མུཾ༔ བཟློག་པའི་ཚུལ་བཟླས་འཁོར་རྣམས་ཀྱི༔ ཨོཾ་བཛྲ་དྷཱུ་པེ་ཧཱུྃ༔ པུཥྤེ་ཏྲཱཾ༔ ཨཱ་ལོ་ཀེ་ཧྲཱི༔ གནྡྷེ་ཨཱ༔ གཙོ་བོ་སུམ་འབུམ་འཁོར་ལ་སུམ་ཁྲི་བཟླ༔ ཐུན་སྐབས་སུ་མཆོད་བསྟོད་དང་འདོད་གསོལ་བྱ༔ མདུན་བསྐྱེད་ཐུགས་ཀར་གཞོན་ནུ་ཆུ་སྐྱེས་སྔར་བཞིན་བསྐྱེད༔ སྤྱན་འདྲེན་མཆོད་དང་བསྟོད་པ་དེ་བཞིན་ནོ༔ བཟླས་པ་སྔགས་ཀྱི་དཀྱིལ་འཁོར་འདི་ལྟར་གཅེས༔ རྩ་བའི་བཟླས་པ་གོང་བཞིན་ལ༔ གཟུངས་སྔགས་རྒྱལ་པོ་འདི་ལྟར་རོ༔ ཨ་ཨ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ༔ ཧ་ར་ཧ་ར༔ ཨོཾ་ཧཱུྃ་ཧྲཱི༔ བྷ་ག་བཱན༔ ཛྙཱ་ནཱ་མཱུརྟཱི་བཱ་གཱི་ཤྭ་ར་མ་ཧཱ་པ་ཙ་སརྦ་དྷརྨ༔ ག་ག་ན་ཨ་མ་ལ་སུ༔ པ་རི་ཤུདྡྷེ་དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱ༔ སྔགས་འཁོར་ལ་ཤེས་པ་ཡེངས་མེད་གཏད་ཅིང༔ སྨྲ་བཅད་ཆུ་བོའི་གཞུང་བཞིན་བཟླས་པ་གཅེས༔ སྔགས་འུར་འཁོར་ཞིང་འོད་ཀྱི་ཟེར༔ ཉི་མའི་ཟེར་ཐག་ལྟ་བུར་ནར་འཕྲོས་པས༔ གཞོན་ནུ་ཆུ་སྐྱེས་ཐུགས་ཀར་འཁོར་ལོ་དང༔ ཡིག་འབྲུར་ཕོག་པས་འཁོར་ལོ་གཡས་སུ་འཁོར༔ ཡིག་འབྲུ་དྲུག་པོ་དཀར་ཕྲེང་གཡོན་དུ་འཁོར༔ སེམས་ཅན་ཀུན་གྱི་མ་རིག་བློ་མུན་བསལ༔ ཤེས་སྣང་རབ་རྒྱས་མངོན་ཤེས་དྲུག་དང་ལྡན༔ འོད་ཟེར་ཕྱིར་འཕྲོས་སྣོད་བཅུད་ཐམས་ཅད་ཀུན༔ ཐམས་ཅད་སྔགས་ཀྱི་ཡིག་འབྲུར་གྱུར་པར་བསམ༔ རྩ་བསྙེན་འབྲུ་དྲུག་འབུམ་ཕྲག་གཉིས༔ སྔགས་རིང་ལྔ་བཅུ་རྩ་བདུན་འབུམ་ཕྲག་གསུམ༔ སྤྱི་དྲིལ་འབུམ་ཕྲག་དགུ༔ དེ་ལྟར་བཟླས་ཚེ་རྟགས་མཚན་གསུམ༔ ཕྱི་རྟགས་ཚོགས་དྲུག་སྣང་བ་ནི༔ རྨི་ལམ་སྒྱུ་མ་ལྟ་བུ་བན་བུན་འབྱུང༔ འཇིག་རྟེན་སྣང་བའི་ཞེན་འཛིན་སྒྲོག་དང་བྲལ༔ ནང་རྟགས་དུག་ལྔ་ལམ་བསླངས་ནས༔ ཡེ་ཤེས་ལྔ་ཡི་གསལ་བ་རྩོལ་མེད་འབྱུང༔ གསང་རྟགས་བློ་ཡི་མུན་པ་རབ་རིབ་སངས༔ ཤེས་རབ་སྤོབས་པའི་སྣང་བ་ཕྱོགས་མེད་འབར༔ གནས་སྐབས་མི་བརྗེད་གཟུངས་ཐོབ་ནས༔ འཆད་རྩོད་རྩོམ་པའི་དོན་ལ་མི་རྨོངས་ཤིང༔ ཡོན་ཏན་དཔག་མེད་རྒྱུད་ལ་འཆར་བར་ངེས༔ སྐབས་སུ་འཁོར་བཞིའི་བསྙེན་པ་ཅི་འགྲུབ་བཟླ༔ ཐུན་སྐབས་གཏོར་མ་འབུལ་ཞིང་བསྟོད་པ་བྱ༔ མི་གཙང་གྲིབ་དང་སྒོག་བཙོང་སྤང་བ་གཅེས༔ འཇམ་མགོན་པདྨ་ཐོད་ཕྲེང་བཀའ་བཞིན་དུ༔ ཡེ་ཤེས་མཚོ་རྒྱལ་བདག་གིས་ཡི་གེར་བཀོད༔ ལས་ཅན་སྙིང་གི་བུ་དང་འཕྲད་པར་ཤོག༔ བཀའ་འདི་རྡོ་རྗེ་གཡུང་དྲུང་རྩལ་ལ་བཅོལ༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ ༈ ཡི་དམ་དམར་ནག་འཇིགས་གསུམ་ལས༔ ཡིག་མེད་ཨུ་པ་དྷེ་ཤ༔ འཇམ་མགོན་བླ་མའི་ཡང་གསང་གི་སྒྲུབ་པ་ཤེས་རབ་སྐྱེད་བྱེད་བློ་ཡི་མུན་སེལ་བཞུགས་སོ༔ ྈྈྈྈྈྈྈྈ བློ་མུན་བསལ་བྱེད་འཇམ་མགོན་བླ་མར་འདུད༔ བདག་འདྲ་འཇམ་མགོན་པདྨ་ཐོད་ཕྲེང་གིས༔ མ་འོངས་སྐལ་ལྡན་བུ་ཡི་དོན་ཆེད་དུ༔ འཇམ་མགོན་བླ་མ་ཡང་གསང་སྒྲུབ་པ་བསྟན༔ དཀྱིལ་འཁོར་སྒྲུབ་རྫས་བླ་མེད་སྒྲུབ་གཞུང་བཞིན༔ ལེགས་གྲུབ་རྣལ་འབྱོར་བདེ་བའི་གདན་འདུག་ལ༔ ཨུཏྤལ་ཡལ་ག་ལོ་འདབ་རྒྱས་པའི་རྩེར༔ མེ་ཏོག་འདབ་མ་འབུམ་ལྡན་ཟེའུ་འབྲུའི་དབུས༔ བདག་ཉིད་རྣམ་སྨིན་ཕུང་པོ་ཐུལ་བསྲེགས་ནས༔ འཕགས་པ་འཇམ་དཔལ་བློ་མུན་ཀུན་སེལ་བ༔ དམར་སེར་ཞལ་ལྔ་ཕྱག་ནི་བཅུ་ལྡན་པ༔ གཡས་དཀར་རྒྱབ་དམར་གཡོན་ལྗང་སྟེང་གི་ཞལ༔ མཐིང་ག་སྤྱན་དཀྱུས་རིང་ཞིང་འཛུམ་མདངས་ལྡན༔ གཡས་གཡོན་དང་པོ་རལ་གྲི་པུསྟི་བསྣམས༔ ཨུཏྤལ་ཡུ་འཛིན་དབྱངས་ཅན་ཡུམ་ལ་འཁྱུད༔ གཡས་རྣམས་མེ་ལོང་མདའ་དང་རྡོ་རྗེ་ཞགས༔ གཡོན་རྣམས་བུམ་པ་གཞུ་དང་ཨུཏྤ་ལ༔ ནོར་བུ་འཛིན་ཅིང་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ དེ་པང་དབྱངས་ཅན་སྔོན་མོ་ཕྱག་གཉིས་ཀྱིས༔ རལ་གྲི་ཨུཏྤལ་པུསྟི་ཡབ་མགུལ་འཁྱུད༔ ཡབ་ཡུམ་གཉིས་ཀ་བཅུ་དྲུག་གཟི་བྱིན་འབར༔ རིན་ཆེན་རྒྱན་རྫོགས་དར་ཟབ་ན་བཟའ་ལྷུབ༔ སྒྲིབ་བྲལ་ཉ་རྒྱས་ཟླ་བར་སྐུ་རྒྱབ་གཏད༔ འཇའ་ཐིག་འོད་ཕུང་འབར་བའི་ཀློང་དུ་བསྐྱེད༔ ཡབ་ཡུམ་གཉིས་མེད་གནས་གསུམ་འབྲུ་གསུམ་ལས༔ འོད་འཕྲོས་འོག་མིན་ཡོན་ཏན་བརྩེགས་ཞེས་ནས༔ རང་འདྲའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ༔ གཉིས་མེད་བརྟན་བཞུགས་ཕྱི་ནང་གསང་བས་མཆོད༔ ཐུགས་ཀར་ཟླ་སྟེང་རལ་གྲི་པོ་ཏི་ནི༔ སེན་གང་ཧྲཱིཿདྷཱིཿགཉིས་ལས་འོད་འཕྲོས་པས༔ རྒྱལ་བའི་ཞིང་ཁམས་རབ་འབྱམས་དཔག་ཡས་སུ༔ རྒྱལ་ཀུན་མཉེས་མཆོད་གཟི་བྱིན་ཐུགས་ཀྱི་དབང༔ ཉམས་རྟོགས་རིག་གནས་པོ་ཏིའི་ཚུལ་ཅན་ཀུན༔ ཧྲཱིཿདྷཱིཿརྣམ་གཉིས་རང་གི་ལུས་ལ་ཐིམ༔་་་རིལ་བུ་ཙཀྲ་ལ། ཡབ་ཡུམ་སྦྱོར་བྱས་དགའ་བཞིའི་ཡེ་ཤེས་ཀྱིས༔ རིག་སྟོང་བློ་གྲོས་དཔག་ཡས་རབ་རྒྱས་ནས༔ རྒྱལ་བ་མཉེས་མཆོད་སྔར་བཞིན་འོད་ཟེར་བསྡུས༔ དེ་ལྟར་སྔགས་ཀྱི་འཁོར་ལོར་དམིགས་པ་རྩེ་གཅིག་གཏད༔ རླུང་ནི་བུམ་ཅན་རྩེ་གཅིག་འཛིན་པ་གཅེས༔ དེ་ནི་བསྐྱེད་པ་སྐུ་ཡི་དཀྱིལ་འཁོར་ཡིན༔ གཉིས་པ་བཟླས་པ་སྔགས་ཀྱི་དཀྱིལ་འཁོར་ནི༔ རང་ལྕེ་རལ་གྲི་ཡ་རྐན་ཀཱ་ལི་དང༔ མ་རྐན་ཨཱ་ལི་རྣམས་སུ་གསལ་གདབ་ལ༔ མི་ཚིག་མ་ཆོད་གསང་སྔགས་རྒྱལ་པོ་ནི༔ སརྦ་ཏ་ཐཱ་ག་ཏ༔ ཧྲཱིཿདྷཱིཿམ་མེ་མཉྫུ་ཤྲཱི་མུཾ་ཧྲཱིཿཔྲ་ཛྙཱ་བརྡྷ་སིདྡྷི་ཕ་ལ་ཧྲིཾ་དུ་དུ་ཧྲཱིཿསྭཱ་ཧཱ༔ དུས་ཀྱི་བསྙེན་པ་ཉི་ཤུ་རྩ་གཅིག་ཡིན༔ གྲངས་ཀྱི་བསྙེན་པ་འབུམ་ཕྲག་གཅིག་གིས་འགྲུབ༔ ཁྲི་ཕྲག་རེ་བཟླས་རིལ་བུར་ཕུ་བཏབ་ལ༔ རིལ་བུ་རླངས་པ་མ་ཡལ་ཤིན་ཏུ་གཅེས༔ མི་གཙང་གྲིབ་དང་སྒོག་བཙོང་འཛེམ་པ་གནད༔ མི་དང་མི་འཕྲད་མཚམས་དམ་ཤིན་ཏུ་གཅེས༔ དེ་ལྟར་འབད་པས་རྟགས་ཀྱི་རིམ་པ་ནི༔ ཉི་ཟླ་ཤར་དང་མཁའ་ལ་འཕུར་བ་དང༔ ཞལ་མཇལ་གསུང་ཐོས་ལུང་བསྟན་ཐོབ་པར་འགྱུར༔ ཡི་གེ་པོ་ཏི་དྲིལ་བུ་རྙེད༔ བུད་མེད་བཟང་མོས་དཀར་མངར་བཅུད་ཆེན་སྦྱིན༔ འོད་ཕུང་དཀར་མཐོང་མེ་དཔུང་མཚོན་རྣོན་རྙེད༔ སྣག་ཚྭ་འཐུང་དང་ཡི་གེ་ཟ་བ་རྨིས༔ རྔ་ཆེན་དུང་སོགས་རོལ་མོ་འཕར་བ་དང༔ མགུར་མ་ཚིགས་བཅད་བསྟན་བཅོས་རྩོམ་སྙིང་འདོད༔ ཀ་དག་ལྷུན་གྲུབ་རྟོགས་པ་མངོན་དུ་གྱུར༔ དེ་ནི་གསང་རྟགས་ཡང་དག་གོ༔ རྩ་བའི་ཏནྟྲ་ལས༔ རང་སར་ངེས་མེད་ཀློང་དུ་གྲོལ༔ གཟུགས་སུ་སྣང་བ་སྣང་ཐོག་ཉིད་དུ་རང་སར་གྲོལ༔ དྲན་རྟོག་ཐམས་ཅད་དབྱེ་བསལ་མེད་དེ་ལྷུན་གྲུབ་ངང་དུ་གྲོལ༔ ཞེས་པ་དང༔ རང་རིག་རང་གིས་མཐོང་བས་ཡུལ་གཞན་མེད༔ ཅེས་སོ༔ གང་སྣང་ཤེས་རབ་སྟོང་པའི་དབྱིངས་སུ་རྫོགས༔ དེ་ལྟར་ཡེ་ཤེས་པ་རྣམས༔ ཀུན་རྫོབ་རྟོག་པ་ཐེར་ཟུག་ཏུ་འཛིན་པ་རྣམས༔ ཇི་ལྟར་བསྒྲུབས་ཀྱང་འགྲུབ་པར་དཀའ་བ་ཡིན༔ རྒྱུད་ལས༔ ཀྲི་ཡོག་སྡེ་གསུམ་ཨུ་པ་ཕྱི་རྒྱུད་ཀྱིས༔ མི་ཚེ་བགྲངས་ནས་སངས་རྒྱས་པར་འདོད་དེ༔ ལུས་ངག་ཡིད་གསུམ་བྱ་བྱེད་རྩོལ་བས་བཅིངས༔ ཡང་དག་དོན་ལ་རྒྱང་རིང་མཐར་མི་ཕྱིན༔ དེ་ནི་ཡེ་ཀློང་ཉེ་འདུག་རིང་དུ་ཕྱིན༔ མདུན་དུ་བཞག་ནས་རྒྱབ་ཏུ་ཚོལ་བྱེད་པ༔ བྱ་བཙལ་ངང་ལ་རང་བཞིན་དོན་མི་འགྲུབ༔ དུས་དང་གྲངས་ལ་ལྟོས་པའི་མཐོ་དམན་རྣམས༔ མཁའ་ལ་ཤར་བའི་འཇའ་ཚོན་འཛིན་པ་ལྟར༔ ཐུག་པའི་མཐའ་མེད་ཟིན་པའི་མཐའ་མེད་དོ༔ ཞེས་གསུངས་སོ༔ ལྟ་བ་མཁའ་ལ་མདུང་མོ་བསྐོར་བ་བཞིན་རེ་དོགས་ཀྱི་མདུད་པ་ལས་གྲོལ་ཏེ༔ ཤེས་རབ་ཀྱི་ཚད་མེད་མངོན་དུ་གྱུར་ཏེ་འཇམ་དཔལ་སྨྲ་བའི་སེང་གེ་ལྟར་འགྱུར་རོ༔ ཞེས་སོ༔ ཐོ་རངས་ཉི་ཤར་གྱི་ཚེ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བྱ༔ བུ་མོ་མཚན་ལྡན་དང་བཅས་དངོས་གྲུབ་བླང༔ རིལ་བུ་དང་ཙཀྲ་དར་གྱིས་དྲིལ་ལ་རིན་པོ་ཆེའི་གའུར་འཇུག༔ མཆན་གཡོན་དུ་བཅང༔ ཚེས་བཅོ་ལྔ་ནམ་ཤར་གྱི་དུས་རིལ་བུ་རེ་མིད་ཅིང༔ སྔགས་སྟོང་ཕྲག་རེ་བཟླའོ༔ དེ་ལྟར་བརྩོན་པས་པཎྜི་ཏའི་དབང་ཕྱུག་ཆེན་པོར་འགྱུར་རོ༔ རྟག་པར་བཟླས་པ་རྒྱུན་མི་བཅད༔ སྣང་བ་འཇམ་མགོན་ཡབ་ཡུམ་དང་མ་བྲལ་བར་བྱའོ༔ འཇམ་དཔལ་པདྨ་ཐོད་ཕྲེང་བཀའ་བཞིན་དུ༔ ཡེ་ཤེས་མཚོ་རྒྱལ་བདག་གིས་ཡི་གེར་བཀོད༔ བཀའ་འདི་ལས་ཅན་སྙིང་གི་བུ་དང་འཕྲད་པར་ཤོག༔ བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ བཀའ་འདི་རྡོ་རྗེ་གཡུང་དྲུང་རྩལ་ལ་བཅོལ༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ ༈ ཡི་དམ་དམར་ནག་འཇིགས་གསུམ་ལས༔ ཡིག་མེད་ཨུ་པ་དྷེ་ཤ༔ གསང་བ་སྙིང་སྒྲུབ་ཡང་གསང་ཐིག་ལེ༔ འཇམ་མགོན་བླ་མ་ཟུང་འཇུག་གི་སྒྲུབ་པ་གསང་བ་ཡང་གསང་ཁོལ་དུ་སྦས་པ་བཞུགས་སོ༔ ྈྈྈྈྈ མ་རིག་བློ་ཡི་མུན་ཚོགས་བསལ་བྱེད་པའི༔ འཇམ་དབྱངས་བླ་མ་ཡབ་ཡུམ་གུས་པས་འདུད༔ བདག་འདྲ་འཇམ་དབྱངས་པདྨ་ཐོད་ཕྲེང་གིས༔ ཤེས་རབ་བློ་འཕེལ་བླ་སྒྲུབ་མང་བསྟན་ཀྱང༔ སྙིང་སྒྲུབ་ཐིག་ལེའི་ཁོལ་སྒྲུབ་འདི་ལས་མེད༔ ད་ལྟ་སྤེལ་བའི་གནས་མེད་གཏེར་དུ་སྦོས༔ མ་འོངས་སྙིང་གི་བུ་ཡིས་འདི་རྙེད་ནས༔ སྐལ་ལྡན་མང་པོའི་བློ་གྲོས་རྒྱས་བྱེད་འགྱུར༔ དཀྱིལ་འཁོར་སྒྲུབ་རྫས་སྔར་སྨོས་ཇི་བཞིན་ལ༔ འདི་ནི་ཤིན་ཏུ་གཉན་པས་མཚམས་དམ་བཅད༔ སྒོག་བཙོང་ཚྭ་ཆང་མེ་ཉི་སྤང་བ་གཅེས༔ སྔར་བཞིན་མཚན་ལྡན་བུ་མོ་མཉམ་འཇུག་ལ༔ བདག་གཞན་བློ་མུན་བསལ་ཕྱིར་སྐྱབས་སེམས་འབད༔ དུས་ནི་ཚེས་གཅིག་ཚེས་བརྒྱད་ཚེས་བཅུ་དང༔ བཅོ་ལྔའི་ཐོ་རངས་རྩེ་ཤར་གང་རུང་ལ༔ བུ་མོ་མཚན་ལྡན་མཉམ་འཇུག་སྙིང་དུམ་བཞིན༔ རང་ཉིད་འཕགས་པ་འཇམ་དབྱངས་གསལ་བ་ཡིས༔ གསང་སྔགས་རྒྱལ་པོ་དྷཱིཿདྷཱིཿགྲངས་མེད་བརྗོད༔ མཚན་ལྡན་བུ་མོ་དབྱངས་ཅན་མ་རུ་གསལ༔ ཡུམ་སྔགས་ཧྲཱིཾ་ཧྲཱིཾཿགྲངས་མེད་བརྗོད་པ་གཅེས༔ དུས་ཀྱི་བསྙེན་པ་ཞག་ནི་ཉེར་གཅིག་ལ༔ གྲངས་ཀྱི་བསྙེན་པ་སྟོང་ཕྲག་གཅིག་གིས་འགྲུབ༔ འོད་ཟེར་སྤྲོ་བསྡུ་སྙིང་དུམ་སྒྲུབ་གཞུང་བཞིན༔ ཞག་རེ་རྩེ་ཤར་བ་དམར་འོ་མ་ཡིས༔ རིལ་བུ་སྦྱངས་ལ་བུ་མོའི་ཁར་སྨོད་བྱ༔ དབྱངས་ཅན་ཡོན་ཏན་རང་ལ་འདུས་པར་བསམ༔ ཚོགས་འཁོར་བསྐོར་ཞིང་དངོས་གྲུབ་ལེན་ཆོག་བྱ༔ ཨཱ་ལི་ཀཱ་ལི་རྟེན་སྙིང་བརྒྱ་རྩ་བརྗོད༔ ཙཀྲ་རབ་ཏུ་གནས་ཤིང་དར་ཟབ་དྲིལ༔ རིན་ཆེན་གའུར་བཅུག་ཅིང་མཆན་གཡོན་བཅང༔ རྟག་པར་བསྙེན་སྔགས་རྒྱུན་མི་ཆད་པར་གཅེས༔ ཕྱི་ནང་ཡོན་ཏན་འཇམ་མགོན་ཡབ་ཡུམ་དང༔ སྐལ་པ་མཉམ་པ་འཇམ་མགོན་ཐ་ཚིག་གོ༔ ཐེ་ཚོམ་བྱུང་ན་པདྨས་བསླུས་པར་ཟད༔ དེ་ཕྱིར་སྙིང་དུམ་ཙིཏྟའི་ཐིག་ལེ་འདི༔ མང་དུ་མ་སྤེལ་སྙིང་གི་བུ་མཆོག་ལ༔ གསེར་གཡུའི་མཎྜལ་ཕུལ་དང་གཅིག་བརྒྱུད་གཅེས༔ སྐལ་མེད་ལོག་ལྟ་ཅན་ལ་ཨ་ཐམ་རྒྱ༔ འཇམ་མགོན་བླ་མ་པདྨའི་བཀའ་བཞིན་དུ༔ དབྱངས་ཅན་མཚོ་རྒྱལ་བདག་གིས་ཡི་གེར་བཀོད༔ སྐལ་ལྡན་སྙིང་གི་བུ་དང་འདི་འཕྲད་ཤོག༔ འཕྲད་ནས་སྐལ་ལྡན་བློ་མུན་བསལ་བྱེད་ཤོག༔ བཀའ་འདི་རྡོ་རྗེ་གཡུང་དྲུང་རྩལ་ལ་གཏད༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ སྐུ་ཡི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ མནྟྲ་གུ་ཧྱ་དྷ་ཐིམ༔ ༈ ཡི་དམ་དམར་ནག་འཇིགས་གསུམ་ལས༔ ཡིག་མེད་ཨུ་པ་དྷེ་ཤ༔ ཟབ་གསང་བླ་ན་མེད་པ་བློ་གྲོས་རྒྱས་བྱེད་ཟུང་འཇུག་གི་སྒྲུབ་པ་མཁའ་ཀློང་ཡངས་པ་བཞུགས་སོ༔ ྈྈྈྈྈྈྈ བརྡལ་ཁྱབ་མཁའ་ལ་ཉི་ཟླའི་དཀྱིལ་འཁོར་རྒྱས༔ བློ་རྨོངས་དམན་པའི་དྲི་ཚོགས་སེལ་མཛད་པའི༔ མཁྱེན་རབ་འཇམ་མགོན་བླ་མ་ཡབ་ཡུམ་ལ༔ བདག་བློ་རྩེ་གཅིག་གུས་པས་ཕྱག་འཚལ་འདུད༔ བདག་འདྲ་འཇམ་མགོན་པདྨ་ཐོད་ཕྲེང་གིས༔ དབྱངས་ཅན་སྤྲུལ་པ་མཚོ་རྒྱལ་འབྲོག་བན་ལ༔ འཇམ་མགོན་བླ་སྒྲུབ་གསང་བའི་ཐུགས་ཏིག་བསྟན༔ སྤེལ་བའི་གནས་མེད་རིན་ཆེན་ས་ལ་སྦོས༔ མ་འོངས་རྩོད་ལྡན་བསྐལ་པ་མཐའ་མའི་དུས༔ ང་སྤྲུལ་ལས་ཅན་སྐྱེས་བུས་འདི་རྙེད་ནས༔ སྐལ་ལྡན་སྐྱེས་བུ་མང་པོའི་བློ་གྲོས་ཀྱི༔ པད་ཚལ་རྒྱས་བྱེད་ཉི་ཟླ་ཟུང་དུ་འགྱུར༔ མ་འོངས་ང་ཡི་རྗེས་འཇུག་སྐལ་ལྡན་ཀུན༔ ཐོས་བསམ་སྒོམ་པའི་འོད་སྟོང་འགྱེད་མཛད་པའི༔ བླ་སྒྲུབ་ཤེས་རབ་བློ་འཕེལ་འདི་ལ་འབུང༔ བཀྲ་ཤིས་ཡིད་འོང་དབེན་པའི་གནས་མཆོག་ཏུ༔ ཤེས་རབ་བློ་འཕེལ་གྱི་རིལ་བུ༔ སྟོང་གསལ་ས་ལ་མ་རྡལ་གྲུ་བཞི་པ༔ མདའ་གང་ཆགས་ཚད་ཡིད་འོང་ཁོད་སྙོམས་དབུས༔ པད་འདབ་བཞི་དབུས་མཉྫི་ཁྲིའུའི་ཁར༔ བླ་མའི་སྐུ་རྟེན་ཚད་ལྡན་བཞུགས་སུ་གསོལ༔ བླ་མའི་སྐུ་་་འཇམ་མགོན་ཡབ་ཡུམ།་་་སོགས་ཙཀྲ་དེ་བཞིན་འཇུག༔ གཡས་སུ་བུམ་པ་གཡོན་དུ་དཔལ་གཏོར་དང༔ མདུན་དུ་རལ་གྲི་རྒྱབ་ཏུ་གླེགས་བམ་དང༔ དབང་གཞུང་ཇི་བཞིན་སྒྲུབ་རྫས་རིལ་བུ་་་མཆོད་པའི་ཡོ་བྱད་སྣ་ཚོགས།་་་དགོད༔ སྒོག་བཙོང་སྤངས་ཤིང་གྲིབ་ལ་རྟག་ཏུ་འཛེམ༔ མཚན་ལྡན་བུ་མོ་བཅུ་དྲུག་སུམ་ཅུ་མན༔ ཁྲུས་བྱས་རྒྱན་གོས་ཡིད་འོང་ལེགས་པར་བརྒྱན༔ དྲི་བྲལ་གོས་ལྡན་དཀར་ལ་ཡིད་སྤྲོ་གོན༔ སྐྱབས་སེམས་ཡན་ལག་བཅུ་པ་སྔོན་སོང་ནས༔ དཀར་ཕྱོགས་སྐྱོང་བ་གཏོར་མས་ཚིམས་བྱས་ལ༔ བགེགས་བསྐྲད་མཚམས་བཅད་སྲུང་འཁོར་ནན་དུ་བསྒོམ༔ དེ་ནས་ཡབ་ཡུམ་མཉམ་པོར་འཇུག་ལ༔ སྟོང་ཉིད་སྙིང་རྗེའི་ངང་ལས་པད་ཟླའི་སྟེང༔ དྷཱིཿལས་བདག་ཉིད་འཕགས་པ་འཇམ་དཔལ་སྐུ༔ དམར་གསལ་ཞལ་གཅིག་ཕྱག་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ སྤྱན་དཀྱུས་རིང་ཞིང་འཛུམ་མདངས་གཟི་འོད་འབར༔ མཐོན་མཐིང་ཐོར་ཅོག་ཟུར་ཕུད་ལྔ་དང་ལྡན༔ ཟར་བུ་ཐུར་འཕྱངས་རིགས་ལྔའི་ཅོད་པན་འཕུར༔ རིན་ཆེན་དར་ཟབ་རྒྱན་རྫོགས་རང་འོད་ནི༔ ལྔ་ལྡན་ཀློང་དུ་ཉ་རྒྱས་ཟླ་བ་ལ༔ སྐུ་རྒྱབ་གཏད་ཅིང་འགྱིང་བག་ཞི་ཚུལ་ལྡན༔ གཡས་པས་ཤེས་རབ་རལ་གྲི་མཁའ་ལ་ཕྱར༔ གཡོན་པས་ཨུཏྤལ་འཛིན་ཅིང་ཆོས་རྣམས་ཀྱི༔ ཀུན་གྱི་རང་བཞིན་ཕྱིར་ན་གླེགས་བམ་དང༔ པདྨ་འཛིན་ཅིང་ཤེས་རབ་ཡུམ་ལ་འཁྱུད༔ པང་གཡོན་ཧྲཱིཿལས་དབྱངས་ཅན་དཀར་སྔོ་གསལ༔ གཡས་པས་པི་ཝཾ་ཡབ་འཁྱུད་ཆོས་སྒྲ་སྒྲོག༔ གཡོན་པས་ཤེས་རབ་རང་བཞིན་གླེགས་བམ་འཛིན༔ ཡབ་ཀྱི་ལྗགས་འཇིབ་ཞབས་གཉིས་སྐེད་ལ་འཁྲིལ༔ གཅེར་བུ་སྐྲ་གྲོལ་བྷ་ག་ནུ་མ་རྒྱས༔ དར་ཟབ་ཡིད་འོང་རྒྱན་མཛེས་རིན་ཆེན་བརྒྱན༔ ཟུང་འཇུག་བདེ་རོལ་བློ་གྲོས་པད་ཚལ་རྒྱས༔ སྐྱེ་འགག་མཐའ་བྲལ་ཀ་དག་གཞི་ལ་འཇོག༔ དེ་ལྟར་གསལ་བའི་གནས་གསུམ་འབྲུ་གསུམ་ལས༔ འོད་ཟེར་དཔག་ཡས་ནམ་མཁའ་གང་འཕྲོས་པས༔ འོག་མིན་ཡོན་ཏན་བརྩེགས་པའི་ཕོ་བྲང་ནས༔ རང་འདྲའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས༔ གཉིས་མེད་བསྟིམ་ཞིང་ཕྱི་ནང་གསང་བས་མཆོད༔ དེ་ནི་གསལ་སྣང་སྐུ་ཡི་དཀྱིལ་འཁོར་ཡིན༔ གཉིས་པ་བཟླས་བརྗོད་གསུང་གི་དཀྱིལ་འཁོར་ནི༔ ཡབ་ཡུམ་ཐུགས་ཀར་ཉ་རྒྱས་པད་ཟླའི་སྟེང༔ རལ་གྲིའི་རྩེ་ལ་ཧྲཱིཿདྷཱིཿགསལ་བར་བསྒོམ༔ ཧྲཱིཿདྷཱི་ལས།་་་འོད་འཕྲོས་རྣམ་པར་རྒྱལ་བའི་ཞིང་ཁམས་ནས༔ བླ་མ་མཆོག་གསུམ་སྐུ་གསུམ་རྩ་བ་གསུམ༔ སངས་རྒྱས་རྒྱལ་སྲས་བྱང་སེམས་ཐམས་ཅད་ཀྱི༔ སྐུ་ཚེ་མཛད་ཕྲིན་ཡོན་ཏན་མི་ཟད་པ༔ མཁྱེན་བརྩེ་ནུས་མཐུ་གདུལ་བྱ་ཕྲིན་ལས་དང༔ ཤེས་རབ་ཆོས་རིག་སྙན་ངག་ཚིགས་བཅད་ཀུན༔ པོ་ཏིའི་ཚུལ་དུ་ཁ་བ་བུ་ཡུག་ལྟར༔ ཉི་རྡུལ་འཁྲིགས་བཞིན་སྙིང་དབུས་ཧྲཱིཿདྷཱིཿར་ཐིམ༔ འབྱུང་བའི་བཅུད་དང་ཁམས་གསུམ་སེམས་ཅན་གྱི༔ ཚེ་བསོད་དཔལ་འབྱོར་ཡོན་ཏན་ལོངས་སྤྱོད་ཀུན༔ འུབ་བསྡུས་རང་གི་སྙིང་དབུས་ཐིམ་པ་ཡིས༔ མི་བརྗེད་བློ་གྲོས་ཤེས་རབ་རབ་རྒྱས་ནས༔ ཡོན་ཏན་མ་ལུས་ཕུན་ཚོགས་རབ་རྫོགས་ཤིང༔ བདག་ཉིད་སྨྲ་བའི་སེང་གེ་ཟུང་འཇུག་གི༔ མི་ཤིགས་སྲ་བརྟན་རྡོ་རྗེའི་སྐུར་གྱུར་པས༔ པཎྜི་ཏ་ནི་སྟོང་ཕྲག་མང་པོས་ཀྱང༔ རྒོལ་ཀྱང་འཇིགས་མེད་གདིང་ཐོབ་བསམ༔ སྨྲ་བཅད་མི་ཚིག་བར་མ་ཆོད་པར་གཅེས༔ གསང་སྔགས་རྒྱལ་པོ་འདི་ཉིད་བཟླས་པར་བརྩོན༔ ཨོཾ་ཧྲཱིཿདྷཱིཿམ་མེ་དཱི་པ་མཉྫུ་ཤྲཱི་མུཾ་ཧྲཱིཿཔྲ་ཛྙཱ་བརྡྷ་དུ་ཧྲཱིཿསིདྡྷི་སྭཱ་ཧྲཱི༔ ཡང་གསང་བླ་མེད་ཟབ་གསང་སྙིང་གི་ཐིག༔ གསང་སྔགས་རྒྱལ་པོ་འདི་ཉིད་བརྒྱ་བཟླས་པས༔ ཉི་མ་དེ་ཉིད་ནས་བཟུང་ཤློ་ཀ༔ ལྔ་སྟོང་ལོན་པ་འདི་ལ་ཐེ་ཚོམ་མེད༔ འབུམ་ཕྲག་གཅིག་བཟླས་མི་བརྗེད་གཟུངས་ཐོབ་ངེས༔ སྒྲུབ་པ་ཐོན་ནས་སྐུ་རྟེན་ཙཀྲ་རྣམས༔ མི་ལག་མི་འགྲིམ་རང་གི་ལུས་ལ་བཅང༔ ཚེས་བརྒྱད་སྐར་མ་རྒྱལ་འཛོམ་དུས་བཟང་ཚེ༔ མཚན་ལྡན་བུ་མོ་དང་བཅས་དངོས་གྲུབ་བླང༔ དེ་ནས་དམིགས་མེད་བསྔོ་སྨོན་རྒྱས་གདབ་བྱ༔ ཨེ་མ༔ ཡང་གསང་བླ་མེད་གནད་ཀྱི་ཏི་ཀ་འདི༔ མཐོང་ཐོས་དྲན་པས་ཡོན་ཏན་དཔག་མེད་ཐོབ༔ ཞག་བདུན་བསྒྲུབས་པས་མངོན་སུམ་ཞལ་མཐོང་འགྱུར༔ འབུམ་ཕྲག་གཅིག་བཟླས་མི་བརྗེད་གཟུངས་ཐོབ་ཅིང༔ བདུན་འབུམ་བཟླས་པས་ཚེ་འཕོས་དུས་ཀྱི་ཚེ༔ སྐྱེས་མ་ཐག་ཏུ་སྨྲ་ཤེས་འགྲོ་ཤེས་ནས༔ སྐྱེ་བ་དྲན་ཅིང་མི་བརྗེད་གཟུངས་ཐོབ་འགྱུར༔ མཚན་དཔེར་ལྡན་པའི་ལུས་མཆོག་ཐོབ་པ་དང༔ གར་སྐྱེས་ཡུལ་དེར་བཀྲ་ཤིས་བདེ་ལེགས་འགྱུར༔ ཐེ་ཚོམ་བྱུང་ན་དུས་གསུམ་རྒྱལ་བས་བསླུས༔ བཀའ་འདི་སྙིང་ལ་ཆོངས་ཤིག་སྐལ་ལྡན་སྙིང་གི་བུ༔ སྐལ་ལྡན་རེ་ལ་གཅིག་བརྒྱུད་མ་གཏོགས་པ༔ མང་དུ་མ་སྤེལ་ཙིཏྟའི་གའུར་ཆོངས༔ ཡེ་ཤེས་མཚོ་རྒྱལ་བདག་གིས་ཡི་གེར་བཀོད༔ བཀའ་འདི་ལས་ཅན་སྙིང་གི་བུ་དང་འཕྲད་པར་ཤོག༔ བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ ༈ ཡི་དམ་དམར་ནག་འཇིགས་གསུམ་ལས༔ འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡབ་ཡུམ་ཟུང་འཇུག་གི་སྒྲུབ་འཁོར་བླ་རྡོ་ཙཀྲའི་ རིམ་པ་བློ་གྲོས་རབ་གསལ་ལས༔ མཁའ་ཀློང་ཡངས་པའི་སྐོར་རྣམས་བཞུགས་སོ༔ ྈྈྈྈྈྈ བདག་འདྲ་རིག་འཛིན་པདྨ་འབྱུང་གནས་ཀྱིས༔ ཀུན་བཟང་འཇམ་དཔལ་སྨྲ་སེང་ལ་བཏུད་ནས༔ དེ་སྒྲུབ་ལོག་འདོན་རིམ་པ་གསལ་བར་བཀོད༔ རིལ་བུ་སྒྲུབ་འདི་གདན་འཁོར་ལེ་བརྒན་ལ༔ གུར་གུམ་གི་ཝཾ་རྒྱ་སྐྱེག་ཆུར་ཕྱུངས་པས༔ ལྟེ་བར་མུ་ཁྱུད་ཁྱོན་ཡངས་བསྐོར༔ དེ་དབུས་རལ་གྲི་ལོག་ཡངས་ལ༔ རྩེ་མོར་ཧྲཱིཿབྲིས་འདོད་གསོལ་ནི༔ བདག་རྡོ་རྗེ་འཛིན་པ་ཆེ་གེ་ལ༔ བློ་གྲོས་སྤོབས་པའི་ཤེས་རབ་ཀྱི༔ སྣང་བ་རབ་རྒྱས་མི་བརྗེད་གཟུངས་ཀྱི་དངོས་གྲུབ་དམ་པ་སྩོལ་ཅིག༔ དེའི་ཕྱི་རིམ་མུ་ཁྱུད་ཁྱོན་ཡངས་ལ༔ མེ་ཏོག་པདྨ་འདབ་བརྒྱད་བཀོད༔ དེ་དབུས་ཧྲཱིཿབཾ་བཞི་ལེགས་པར་བྲི༔ དེ་རྒྱབ་འཁོར་ལོ་རྩིབས་བཞི་ལ༔ ཤར་དུ་ཧྲཱི༔ ལྷོར་བྷཻ༔ ནུབ་ཏུ་བྷཻ༔ བྱང་དུ་བྷཻ༔ དེ་རྒྱབ་རྟེན་འབྲེལ་སྙིང་པོ་བྲི༔ གདན་འཁོར་རིམ་པ་བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ དེ་ནས་ཡུམ་གྱི་བླ་རྡོ་ལེ་བརྒན་ལ༔ ལྟེ་བར་མུ་ཁྱུད་ཁྱོན་ཡངས་བསྐོར༔ དེ་དབུས་རལ་གྲི་རྩལ་ཡངས་ལེགས་པར་བྲིས༔ རྩེ་ལ་ཧྲཱིཿདང་འཆང་གཟུང་ཧྲཱི༔ བར་དུ་གསང་མཚན་གྱི་མཐར༔ ཤེས་རབ་བསྐྱེད་པ་གང་ཡིན་གྱི་འདོད་གསོལ་བྲི༔ དེ་རྒྱབ་མུ་ཁྱུད་ཁྱོན་ཡངས་དེ་ལ་ཨོཾ་ས་ར་སྭ་ཏྱཻ་སྔགས་ཚན་ཚང་བར་བཀོད༔ དེ་རྒྱབ་པད་འདབ་བཞིའི་རྩེར་ཧྲཱིཿདང་སྔགས་ཚན་རེ་ཚང་བར་འགོད༔ དེ་རྒྱབ་མུ་ཁྱུད་ལ༔ ས་ར་སྭ་ཏྱཻ་ཡི་སྔགས་མགོ་སྤྲད་སྤེལ་མ་གང་ཤོང་འགོད༔ དེ་རྒྱབ་ཨཱ་ལི༔ དེ་རྒྱབ་ཀཱ་ལི༔ དེ་རྒྱབ་རྟེན་འབྲེལ་སྙིང་པོ་རྣམས་ལྷག་ཆད་མེད་པར་གཅེས༔ ཡུམ་གྱི་བླ་རྡོ་སྲོག་གི་འཁོར་ལོ་བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ ྈྈ དེ་ནས་སྟེང་འཁོར་ཡབ་ཀྱི་བླ་རྡོ་ནི༔ ལེ་བརྒན་དམར་སེར་ཤིན་ཏུ་ལེགས་པོ་ལ༔ ལྟེ་བར་མུ་ཁྱུད་ཁྱོན་ཡངས་ལེགས་པར་བསྐོར༔ ལྟེ་བར་ཤེས་རབ་རལ་གྲི་མེ་འབར་བྲི༔ རྩེ་ལ་ཧྲཱིཿདང་འཆང་གཟུང་དྷཱིཿགསལ་འགོད༔ བར་དུ་ཡུམ་འཁོར་འདོད་གསོལ་ཇི་བཞིན་ལ༔ དེ་རྒྱབ་མུ་ཁྱུད་ལེགས་བསྐོར་ལ༔ ཨོཾ་ཧྲཱིཿདྷཱིཿམ་མེ་དཱི་པ་ཚང་བར་འགོད༔ དེ་རྒྱབ་པདྨ་འདབ་བརྒྱད་ལ༔ རྩེ་ལ་ཧྲཱིཿདང་འཆང་གཟུང་དྷཱི༔ དེའི་ཕྱི་རིམ་མུ་ཁྱུད་ཁྱོན་ཡངས་ལ༔ ཨོཾ་ཧྲཱིཿདྷཱིཿམ་མེ་དཱི་པ་མགོ་སྤྲད་གང་ཤོང་མཐར༔ གང་ཡིན་འདོད་གསོལ་རིག་པའི་མདའ་ཡིས་བསྣུན༔ དེ་རྒྱབ་མུ་ཁྱུད་ལ་ཨཱ་ལི་ཡིག་མགོ་ནང་བསྟན་འགོད༔ དེ་རྒྱབ་མུ་ཁྱུད་ཀཱ་ལི་ཡིག་མགོ་ཕྱིར་བསྟན་བྲི༔ དེ་རྒྱབ་རྟེན་འབྲེལ་སྙིང་པོ་ལྷག་ཆད་མེད་པར་འགོད༔ མེ་རླུང་གཉིས་ཨི་ཐི་ཨ་ཐམ་རྒྱ༔ ྈྈ དེ་ནས་སྟེང་འཁོར་དར་དམར་ལེགས་པོ་ལ༔ ལྟེ་བར་མུ་ཁྱུད་ཁྱོན་ཡངས་དབུས༔ ཤེས་རབ་རལ་གྲི་མེ་འབར་རྩེར་ཧྲཱིཿདང་འཆང་གཟུང་དྷཱི༔ འདོད་གསོལ་རིམ་པ་གོང་བཞིན་སྤེལ༔ དེ་རྒྱབ་པདྨ་འདབ་བརྒྱད་ལ་ས་བོན་འགོད་པ་གོང་བཞིན་ནོ༔ དེ་རྒྱབ་མུ་ཁྱུད་དག་ལ་ནི༔ ཨོཾ་ཧྲཱིཿདྷཱིཿམ་མེ་གང་ཤོང་མཐར་འདོད་གསོལ་བྲི༔ དེ་རྒྱབ་མུ་ཁྱུད་གསུམ་ལ་ཨཱ་ལི་ཀཱ་ལི་རྟེན་འབྲེལ་སྙིང་པོ་བྲི༔ མནྟྲ་གུ་ཧྱ་དྷ་ཐིམ་བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ ྈྈ དེ་ནས་འཇམ་དབྱངས་ཡེ་ཤེས་སེམས་དཔའ་ཡི༔ བླ་རྡོའི་རིམ་པ་དམར་སེར་དར་གོས་ལ༔ ལྟེ་བར་མུ་ཁྱུད་ཁྱོན་ཡངས་ལེགས་པར་བསྐོར༔ དབུས་སུ་རལ་གྲི་མེ་འབར་རྩེ་འཆང་དུ༔ དྷཱིཿགཉིས་བར་དུ་འདོད་དོན་གསོལ་བ་ནི༔ རང་གི་མིང་མཐར་ཤེས་རབ་མཆོག་བསྐྱེད་འདོད་གསོལ་བྲི༔ དེ་རྒྱབ་མུ་ཁྱུད་ལེགས་པར་བསྐོར་བའི་ནང༔ ཨ་ར་པ་ཙ་ན་དྷཱིཿགང་ཤོང་མཐར༔ ཤེས་རབ་མཆོག་བསྐྱེད་འདོད་གསོལ་འཇུག༔ དེ་རྒྱབ་པདྨ་འདབ་བཞི་བྲི༔ ཤར་དུ་ཨ༔ ལྷོར་ར༔ ནུབ་ཏུ་པ༔ བྱང་དུ་ཙ༔ དྷཱིཿའོག་ན༔ དེ་རྒྱབ་མུ་ཁྱུད་དག་ལ་ཡང༔ སྔགས་ཀྱི་རིམ་པ་གོང་བཞིན་གང་ཤོང་འགོད༔ དེ་རྒྱབ་མུ་ཁྱུད་གསུམ་ལྡན་ལ༔ ཨཱ་ལི་ཀཱ་ལི་རྟེན་འབྲེལ་སྙིང་པོ་དགོད༔ དེ་རྒྱབ་མེ་རི་པ་ཏྲས་བསྐོར༔ མནྟྲ་གུ་ཧྱ་དྷ་ཐིམ༔ བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ ྈྈ དེ་ནས་འཇམ་མགོན་དཀར་པོའི་ཙཀྲ་ནི༔ དར་གོས་དཀར་པོའི་ལྟེ་བར་མུ་ཁྱུད་བསྐོར༔ རལ་གྲིའི་རྩེ་འཆང་ཨ་ཨས་མཚན༔ བར་མཇུག་འདོད་གསོལ་སྔར་སྨོས་བཞིན༔ དེ་རྒྱབ་མུ་ཁྱུད་དག་ལ་ནི༔ གསང་སྔགས་རྒྱལ་པོ་འདི་བཞིན་བཀོད༔ ཨོཾ་ཝཱ་ཀྱེ་དཾ་ན་མཿགང་མཐར་འདོད་གསོལ་བྲི༔ དེ་རྒྱབ་པདྨ་འདབ་བརྒྱད་ལ༔ རྩེ་བརྒྱད་ལ་ཨ་བརྒྱད་ལེགས་བཀོད་ལ༔ གསང་སྔགས་རྒྱལ་པོ་རེ་རེ་དགོད༔ དེ་རྒྱབ་མུ་ཁྱུད་དག་ལ་ནི༔ གསང་སྔགས་རྒྱལ་པོ་གང་ཤོང་མཐར༔ འདོད་གསོལ་གསོལ་གདབ་སྔར་བཞིན་འགོད༔ དེ་རྒྱབ་མུ་ཁྱུད་གསུམ་རིམ་ལ༔ ཨཱ་ལི་ཀཱ་ལི་རྟེན་འབྲེལ་སྙིང་པོ་འགོད༔ དེ་རྒྱབ་འཇའ་འོད་པ་ཏྲས་བསྐོར༔ མནྟྲ་གུ་ཧྱ་དྷ་ཐིམ་བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ ྈྈྈ དེ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི༔ སྒྲུབ་པའི་བླ་རྡོ་འདི་ལྟར་འབྲི༔ དམར་སེར་ལེ་བརྒན་གང་རུང་ལ༔ དམར་པོ་གསུམ་གྱི་ཁུ་བ་ཡིས༔ དབུས་སུ་མུ་ཁྱུད་ཁྱོན་ཡངས་བསྐོར༔ དེ་དབུས་རལ་གྲི་ལེགས་བྲིས་རྩེར༔ དྷཱིཿདང་ཡུ་བར་མུཾ་བྲིས་ལ༔ བར་དུ་འདོད་གསོལ་གོང་བཞིན་འཇུག༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ གསང་སྔགས་རྒྱལ་པོ་འདི་ཉིད་བྲི༔ ཨོཾ་ཨཱཿཧཱུྃ༔ ཨཱརྻ་མཉྫུ་ཤྲཱི་ཛྙཱ་ན་ཤ་ར་དྷཱི༔ སྤར་ཤེ་མཱུརྟཱི་ཨཱ༔ བཱ་གཱི་ཤྭ་རི་མུཾ༔ འདོད་དོན་རིམ་པ་གོང་བཞིན་ནོ༔ ལྷག་ཆད་མེད་པར་ཤིན་ཏུ་གཅེས༔ དེ་རྒྱབ་པདྨ་འདབ་བརྒྱད་ལ༔ དབུས་སུ་དྷཱིཿམུཾ་བརྩེགས་མར་བྲི༔ དེ་རྒྱབ་པདྨ་འདབ་བཞི་ལ༔ རལ་གྲིའི་ཐད་མདུང་འཇུག་བྲི༔ ཨོཾ་བཛྲ་དྷཱུ་པེ་ཧཱུྃ༔ བདག་གི་མ་རིག་པའི་དྲི་མ་སོལ་ཅིག༔ ཨོཾ་བཛྲ་པུཥྤེ་ཏྲཱཾ༔ བདག་བློ་རྨོངས་པའི་མུན་པ་སོལ་ཅིག༔ ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱི༔ བདག་བློའི་པདྨ་རྒྱས་པར་མཛོད་ཅིག༔ ཨོཾ་བཛྲ་གནྡྷེ་ཨཱ༔ བདག་བློའི་བློ་གྲོས་སྤོབས་པའི་སྣང་བ་རབ་ཏུ་རྒྱས་པར་མཛོད་ཅིག༔ དེ་རྒྱབ་མུ་ཁྱུད་ཁྱོན་ཡངས་ལ༔ གསང་སྔགས་རྒྱལ་པོ་མགོ་སྤྲད་པའི༔ གང་ཤོང་མཐའ་རུ་འདོད་གསོལ་འཇུག༔ དེ་རྒྱབ་མུ་ཁྱུད་གསུམ་རིམ་ལ༔ ཨཱ་ལི་ཀཱ་ལི་ཡེ་དྷརྨཱ་རྣམས༔ ལྷག་ཆད་མེད་པར་གང་ཤོང་བྲི༔ དེ་རྒྱབ་འོད་ཟེར་པ་ཏྲས་བསྐོར༔ མནྟྲ་གུ་ཧྱ་དྷ་ཐིམ་བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ ྈྈྈ དེ་ནས་འཇམ་དཔལ་བློ་མུན་ཀུན་སེལ་གྱི༔ སྒྲུབ་པའི་བླ་རྡོ་ཙཀྲའི་རིམ་པ་ནི༔ དར་གོས་དམར་སེར་ལེ་བརྒན་གང་འབྱོར་ལ༔ ལྟེ་བར་མུ་ཁྱུད་ཁྱོན་ཡངས་ལེགས་བསྐོར་བ༔ དེ་དབུས་རལ་གྲི་མེ་འབར་ལེགས་བྲིས་ལ༔ རྩེ་ལ་ཧྲཱིཿདང་འཆང་གཟུང་དྷཱིཿགསལ་འགོད༔ འདོད་དོན་གསོལ་གདབ་སྔར་སྨོས་ཇི་བཞིན་འཇུག༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལེགས་བསྐོར་ལ༔ གསང་སྔགས་རྒྱལ་པོ་འདི་ཉིད་དག་པར་བྲིས༔ སརྦ་ཏ་ཐཱ་ག་ཏ་ཧྲཱིཿདྷཱིཿམ་མེ་མཉྫུ་ཤྲཱི་མུཾ་ཧྲཱིཿཔྲ་ཛྙཱ་ཝརྡྷ་སིདྡྷི་ཕ་ལ་ཧྲཱིཿདུ་དུ་ཧྲཱིཾ་སྭཱ་ཧཱ༔ དེ་ཡི་ཕྱི་རིམ་འདབ་བརྒྱད་ལ༔ ཕྱོགས་བཞིར་འདབ་ལྟེར་དྷཱིཿམུཾ་བྲི༔ གྲལ་འཇུག༔ པྲ་ཛྙཱ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ༔ མཚམས་བཞིའི་ལྟེ་བར་ཧྲཱིཿམུཾ་བརྩེགས་པའི་མཐར་པྲ་ཛྙཱ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ༔ དེ་རྒྱབ་མུ་ཁྱུད་ཁྱོན་ཡངས་ལེགས་བསྐོར་ལ༔ གསང་སྔགས་རྒྱལ་པོ་གང་ཤོང་མཐར༔ བདག་བློ་བློ་གྲོས་སྤོབས་པའི་སྣང་བ་རབ་ཏུ་རྒྱས་པར་མཛོད་ཅིག༔ དེ་རྒྱབ་སྔགས་མགོ་རྩེ་སྤྲོད་ལ༔ གསང་སྔགས་རྒྱལ་པོ་གང་ཤོང་མཐར༔ བློ་གྲོས་སྤོབས་པའི་སྣང་བ་རབ་རྒྱས་ནས༔ ཤེས་རབ་མཆོག་གི་དངོས་གྲུབ་མྱུར་དུ་སྩོལ་ཅིག༔ མི་བརྗེད་གཟུངས་ཀྱི་དངོས་གྲུབ་མྱུར་དུ་སྩོལ་ཅིག༔ ཧྲཱིཿདྷཱིཿམུཾ་ཧྲཱིཿཀཱ་ཡ་བཱ་ཀ་ཙིཏྟ་སརྦ་དྷརྨ་པྲ་ཛྙཱ་སརྦ་སིདྡྷི་ཕ་ལ་ཧྲཱིཾ་ཧྲཱིཾ་སྡུས་སྡུས་ཛ་ཛ་པུཥྚིཾ་ཀུ་རུ་ཡེ་ཧཱུྃ་སྭཱ་ཧཱ༔ དེ་རྒྱབ་མུ་ཁྱུད་གསུམ་རིམ་ལ༔ ཨཱ་ལི་ཀཱ་ལི་རྟེན་འབྲེལ་སྙིང་པོ་རྣམས༔ གང་ཤོང་ལྷག་ཆད་མེད་པར་ནན་དུ་བྲི༔ དེ་རྒྱབ་འོད་ཟེར་པ་ཏྲས་ལེགས་པར་བསྐོར༔ མནྟྲ་གུ་ཧྱ་དྷ་ཐིམ་བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ ྈྈ དེ་ནས་འཆི་མེད་ཚེ་དབང་མྱུར་སྩོལ་གྱི༔ བླ་རྡོ་ཙཀྲའི་རིམ་པ་འདི་བཞིན་བསྟན༔ དར་དམར་དམར་སེར་གང་ཡང་རུང་བ་ལ༔ རྒྱུ་ལེགས་ཁ་གྲུ་འཇམ་པའི་ལྟེ་བ་ལ༔ མུ་ཁྱུད་ཁྱོན་ཡངས་བསྐོར་བའི་དབུས་ལྟེ་རུ༔ རྡོ་རྗེ་རྩེ་ལྔའི་ལྟེ་བ་ཁྱོན་ཡངས་འབྲི༔ ལྟེ་བར་ཧཱུྃཿ རྩེ་རུ་ཧྲཱིཿཨཱོཾཿ ཧཱུྃ་འོག་ཏུ་མུཾ༔ དེ་ནས་ཕྲེང་འཇུག་སྔགས་འདི་དག་པར་བྲི༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ མ་ཧཱ་གུ་རུ་ཨཱརྻ་མཉྫུ་ཤྲཱི་ཡ་མཱནྟ་ཀ་མ་མྨ་ཨཾ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་པུཎྱེ་སྭཱ་ཧཱ༔ རྡོ་རྗེའི་ཡར་རྭར་ཧཱུྃ་དང་མར་རྭར་ཕཊ་ཅེས་ལེགས་པར་བཀོད༔ དེ་རྒྱབ་མུ་ཁྱུད་རིམ་པ་ལ༔ གསང་སྔགས་རྒྱལ་པོ་འདི་ཉིད་བཀོད༔ རྩ་སྔགས་སྔར་བཞིན་གང་ཤོང་བྲི༔ རཱུ་པ་ཙིཏྟ་དྷེ་ཝཱི་མ་མ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་པུཎྱེ་སིདྡྷི་ཕ་ལ་པུཥྚིཾ་ཀུ་རུ་ཨཱ༔ འདི་འཆང་བ་པོ་ལ་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ དེ་ཡི་ཕྱི་རིམ་པད་འདབ་བརྒྱད༔ ལྟེ་བར་ཧྲཱིཿམུཾ་བརྩེགས་མའི་མཐར༔ འཆི་མེད་ཚེ་ཡི་དངོས་གྲུབ་བདག་ལ་བསྩལ་དུ་གསོལ༔ ནད་མེད་བདེ་བའི་དངོས་གྲུབ་མྱུར་དུ་སྩོལ་ཅིག༔ ཤེས་རབ་མཆོག་གི་དངོས་གྲུབ་སྩོལ་ཅིག༔ མི་བརྗེད་གཟུངས་ཀྱི་དངོས་གྲུབ་སྩོལ་ཅིག༔ རིགས་རྒྱུད་སྲས་བུའི་དངོས་གྲུབ་སྩོལ་ཅིག༔ དམ་པ་ཆོས་ཀྱི་དངོས་གྲུབ་སྩོལ་ཅིག༔ དགོས་འབྱུང་ནོར་བུའི་དངོས་གྲུབ་སྩོལ་ཅིག༔ སྙན་གྲགས་དཔལ་བསྐྱེད་དངོས་གྲུབ་སྩོལ་ཅིག༔ དེ་རྒྱབ་འཁོར་ལོ་རྩིབས་བརྒྱད་བྲི༔ ལྟེ་བར་ཧཱུྃ་བརྒྱད་བྲི༔ དེ་རྒྱབ་མུ་ཁྱུད་ཁྱོན་ཡངས་ལ༔ གསང་སྔགས་རྒྱལ་པོར་ཤམ་བུ་བཅས་པ་གང་མང་མཐར༔ བདག་ལ་འཆི་མེད་ཚེ་ཡི་དངོས་གྲུབ་མྱུར་དུ་སྩོལ་ཅིག༔ ནད་མེད་བདེ་བའི་དངོས་གྲུབ་མྱུར་དུ་སྩོལ་ཅིག༔ དུས་མ་ཡིན་པའི་འཆི་བ་བརྒྱད་ལས་སྐྱོབས་ཤིག༔ འཆི་བདག་གཤིན་རྗེའི་ཁྲམ་ཁ་ཟློག་ཅིག༔ དེའི་ཕྱི་རིམ་མུ་ཁྱུད་གསུམ་ལ༔ ཨཱ་ལི་ཀཱ་ལི་རྟེན་འབྲེལ་སྙིང་པོ་རྣམས༔ སྔར་བཞིན་ལྷག་ཆད་མེད་པ་གང་མང་བྲི༔ དེ་རྒྱབ་རྒྱ་གྲམ་མཚམས་བཞིར་རིན་ཆེན་བཞི༔ འོད་ཟེར་པ་ཏྲས་ལེགས་པར་བསྐོར༔ སྒྲུབ་པའི་ཚེ་ན་གུར་དུ་ཕུབ༔ སྒྲུབ་པ་ཚར་ནས་དབང་ཞུས་དངོས་གྲུབ་ཀྱི༔ ཙཀྲ་ལུས་ལ་བཅངས་པའི་ཡོན་ཏན་གྱིས༔ དུས་མིན་འཆི་ཟློག་ཚེ་ཡི་དངོས་གྲུབ་ཐོབ༔ འཇིགས་པ་བརྒྱད་སྐྱོབ་ནད་གདོན་བགེགས་ལས་ཐར༔ གདོན་ཆེན་བཅོ་བརྒྱད་དམ་སྲི་ཕོ་མོ་ཡིས༔ ཉེ་བར་མི་ནུས་མེ་ཡི་ཕུང་པོར་མཐོང༔ འདི་ནི་རྡོ་རྗེ་ཕ་ལམ་འཇིགས་བྲལ་རྫོང༔ མནྟྲ་གུ་ཧྱ་དྷ་ཐིམ་བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ འདི་ལྟར་སྒྲུབ་པ་རྣམས་ལ་འབད་པའི་ཚེ༔ དམ་སྲི་བགེགས་ཀྱི་རྒབ་འདྲེ་འབྱུང་སྲིད་པས༔ དེ་ཉིད་སྲུང་བའི་འཁོར་ལོ་འདི་བཞིན་བསྟན༔ དར་གོས་གཞི་བཟང་སྔོ་དཀར་གང་རུང་ལ༔ ལྟེ་བར་མུ་ཁྱུད་ཁྱོན་ཡངས་བསྐོར་བ་ཡི༔ དབུས་སུ་སྔར་བཞིན་རལ་གྲི་ལེགས་པར་བྲི༔ རྩེ་འཆང་གཉིས་ལ་ཧཱུྃ་ཧཱུྃ་མུཾ་བྲིས་ལ༔ བར་དུ་བདག་ཆེ་གེའི་གོང་བཞིན་འདོད་གསོལ་འཇུག༔ དེ་ཡི་ཕྱི་རིམ་མུ་ཁྱུད་ཁྱོན་ཡངས་ལ༔ ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཤེས་རབ་མཆོག་ཏུ་སྒྲུབ་པ་ལ་བར་དུ་གཅོད་པའི་རྒབ་འདྲེ་བགེགས་རིགས་ཅན་གྱི་གནོད་པས་མི་ཚུགས་པར་སྲུངས་ཤིག་རཀྵ་རཀྵ༔ དེ་ཡི་ཕྱི་རིམ་པདྨ་འདབ་བརྒྱད་ལ༔ ཕྱོགས་བཞིའི་ལྟེ་བར་ཧཱུྃ་བརྒྱད་ལེགས་པར་བྲི༔ མཚམས་བཞིར་མུཾ་བཞི་གསལ་དག་ལེགས་པར་བྲི༔ དེ་ཡི་ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་བྲི༔ པད་རྩེ་འཁོར་ལོ་རྩིབས་བརྒྱད་ལྟེ་བར་ཧཱུྃ་བརྒྱད་བྲི༔ རྩིབས་མཆན་རྣམས་སུ་སྒྲུབ་པ་ལ་བར་དུ་གཅོད་པའི་དགྲ་བགེགས་ཐམས་ཅད་མཱ་ར་ཡ་རྦད་སོད༔ དེ་ཡི་ཕྱི་རིམ་མུ་ཁྱུད་ཁྱོན་ཡངས་ལ༔ རྩིབས་མགོ་ཧཱུྃ་མགོ་ཡིག་མགོ་ལེགས་སྤྲད་ལ༔ ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ འདི་ཉིད་ནན་དུ་གང་ཤོང་བྲིས་པའི་མཐར༔ ཤེས་རབ་ཟབ་མོ་མཆོག་ཏུ་སྒྲུབ་པ་ལ་བར་དུ་གཅོད་པའི་རྒབ་འདྲེ་གོད་སྲི་དམ་སྲི་འདྲེ་གདོན་བགེགས་རིགས་ཐམས་ཅད་ཀྱི་གནོད་པས་མི་ཚུགས་པར་སྲུངས་ཤིག་རཀྵ་རཀྵ༔ དེ་རྒྱབ་མུ་ཁྱུད་རྡོ་རྗེའི་ར་བས་བསྐོར༔ དེ་རྒྱབ་མུ་ཁྱུད་རིམ་གསུམ་ལ༔ སྔགས་གསུམ་སྔར་བཞིན་དག་པར་འགོད༔ དེ་རྒྱབ་མེ་རི་སྣ་ལྔས་བསྐོར༔ སྒྲུབ་པ་མ་འཇུག་གོང་དུ་ནི༔ ཙཀྲ་རིམ་པ་གཉིས་བྲིས་ལ༔ གཅིག་ནི་དཀྱིལ་འཁོར་གུར་དུ་ཕུབ༔ གཅིག་ནི་རྣལ་འབྱོར་རང་གི་ལུས་བཅངས་པས༔ སྒྲུབ་པ་མཐར་སོན་བར་གཅོད་བགེགས་རིགས་ཀྱིས༔ མི་ཚུགས་འཇིགས་མེད་རྡོ་རྗེའི་རྫོང་དང་མཚུངས༔ མནྟྲ་གུ་ཧྱ་དྷ་ཐིམ་བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ ཙཀྲའི་རིམ་པ་འདི་དག་ལ༔ དྲི་བཟང་བཟང་དྲུག་ཁུ་བ་ཡིས༔ ནན་བྱུགས་དཀྱིལ་འཁོར་དབུས་དག་ཏུ༔ སྒྲུབ་པའི་ཚེ་ན་གུར་དུ་ཕུབ༔ སྒྲུབ་པ་ཐོན་ནས་ལུས་ལ་འཆང༔ འདི་མེད་མགོན་པོ་འཇམ་པའི་དབྱངས༔ ཕྱི་ནང་གསང་གསུམ་སྒྲུབ་འཇུག་པ༔ ལུས་ཡོད་ཁོང་སྙིང་མེད་དང་འདྲ༔ མགོ་ཡོད་དཔྲལ་བའི་མིག་མེད་འདྲ༔ ལག་རྡུམ་བྲག་ལ་འཛེག་པ་འདྲ༔ བསྒྲུབས་ཀྱང་དངོས་གྲུབ་ཐོབ་མི་འགྱུར༔ སྐལ་ལྡན་སྣོད་ལྡན་གུས་ལྡན་རྣམས༔ རིན་ཆེན་ནོར་གྱིས་མཉེས་བྱས་ནས༔ བླ་མ་ལ་གུས་དམ་ཚིག་བསྲུང༔ སྒྲུུབ་ལ་མི་གཡེལ་མནའ་རྒྱས་བཏབ༔ གུས་ལྡན་བུ་ལ་གཅིག་བརྒྱུད་དུ༔ འདི་སྦྱིན་དངོས་གྲུབ་མྱུར་དུ་ཐོབ༔ འདི་ཡོད་ལུས་སྲོག་དབང་པོ་ཚང་དང་མཚུངས༔ དངོས་གྲུབ་མཆོག་ཐོབ་འདི་ལ་ཐེ་ཚོམ་མེད༔ དཀོན་མོད་རྒྱལ་ཁམས་འགྲིམ་དང་མཐོང༔ བདེན་རྫུན་ལག་ཏུ་ལོངས་དང་གསལ༔ སྙིང་གི་བུ་ལ་གཅིག་བརྒྱུད་མ་གཏོགས་པར༔ མང་དུ་སྤེལ་ན་མཁའ་འགྲོའི་ཆད་པ་འོང༔ ཙིཏྟའི་གའུར་ཆོངས་ཤིག་ང་སྤྲུལ་བུ༔ གདུང་འཛིན་སྐྱེས་ཆེན་རྣམས་དང་སྣོད་ལྡན་པ༔ ཟུང་གསུམ་ཡན་ལ་མི་བསྟན་དམ་དུ་འཆང༔ སྙིང་ནོར་མཛོད་ཅིག་ང་སྤྲུལ་སྙིང་གི་བུ༔ བཀའ་འདི་དཔལ་ལྡན་སྔགས་ཀྱི་སྲུང་མར་བརྐོས༔ ང་སྤྲུལ་ལས་ཅན་བུ་ལ་མྱུར་དུ་སྤྲོད༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ སྐལ་མེད་ལོག་ལྟ་ཅན་བྱུང་ན་དབང་པོ་སྣུབས་ཤིག་བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ སྐུ་ཡི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ མནྟྲ་གུ་ཧྱ་དྷ་ཐིམ༔ ༈ ཡི་དམ་དམར་ནག་འཇིགས་གསུམ་ལས༔ འཇམ་དཔལ་ཡེ་ཤེས་སེམས་དཔའ༔ ཟུང་འཇུག་མཁའ་ཀློང་ཡངས་པའི་དངོས་གྲུབ་འབྱུང་གཏེར་རྫས་ཀྱི་གདམས་པ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈྈྈ ཀུན་བཟང་འཇམ་མགོན་བླ་མར་གུས་ཕྱག་འཚལ༔ བདག་འདྲ་རིག་འཛིན་པདྨ་འབྱུང་གནས་ཀྱི༔ མ་འོངས་སྐལ་ལྡན་རྣམས་ཀྱི་དོན་ཆེད་དུ༔ མི་བརྗེད་གཟུངས་ཐོབ་ཡེ་ཤེས་བློ་འཕེལ་ཞིང༔ འཆད་རྩོད་རྩོམ་པའི་རིན་ཆེན་གཏེར་འབྱེད་པའི༔ བཤད་སྒྲུབ་བསྟན་པའི་བདག་པོར་ངེས་འབྱིན་པའི༔ མཆོག་ཐུན་དངོས་གྲུབ་ཐོབ་པའི་གདམས་པ་འདི༔ ད་ལྟ་རྗེ་འབངས་གྲོགས་གསུམ་ཐུགས་དམ་མཛོད༔ སྤེལ་བའི་གནས་མེད་རིན་ཆེན་བྲག་ལ་སྦོས༔ རྩོད་ལྡན་ལྔ་བརྒྱ་དུས་ཀྱི་ཐ་མའི་ཚེ༔ ང་སྤྲུལ་ཆོས་རྒྱལ་ཐུགས་སྲས་འབྲོག་བན་གྱི༔ སྐྱེ་མཐའ་སྙན་གྲགས་ལྡན་དེས་རྙེད་གྱུར་ནས༔ ལས་ཅན་སྐལ་ལྡན་མཚོ་ལ་ངང་འདུས་ལྟར༔ མ་བསྡུས་སྐྱེ་བོའི་ཚོགས་རྣམས་དབང་བསྡུས་ནས༔ བཤད་སྒྲུབ་བསྟན་པ་ཡར་གྱི་ངོ་བཞིན་དུ༔ ནུབ་མེད་འཕེལ་རྒྱས་དངོས་གྲུབ་སྡོང་པོའི་རྫས༔ སྙིང་བས་གཅེས་ཕྱིར་སྙིང་གི་བུ་མཆོག་ལ༔ གཅིག་བརྒྱུད་རེ་ལས་མང་དུ་སྤེལ་གྱུར་ན༔ ཆོས་བདག་མཁའ་འགྲོའི་ཚོགས་ཀྱིས་ཆད་པ་ཆོད༔ དེ་བས་སྙིང་ལ་ཆོངས་ཤིག་ཐུགས་ཀྱི་སྲས༔ བཛྲ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ དངོས་གྲུབ་གཏེར་མཛོད་རྫས་ཀྱི་གདམས་པ་ནི༔ ཨ་རུ་གསེར་མདོག་སྲོ་ལོ་དཀར་པོ་དང༔ སྤང་རྒྱན་དཀར་སྔོན་གླ་རྩི་མཚལ་དཀར་དང༔ ཡུང་བ་ཙནྡན་ཨ་གར་སྤང་སྤོས་དང༔ དབང་ལག་རྒྱ་སྣག་ཤུ་དག་ཤིང་མངར་དང༔ གི་ཝཾ་ལི་སུག་ཤ་སྣ་སྐམ་སྦྱར་ནས༔ དཔའ་བོ་བཅོ་བརྒྱད་སྦྱོར་བ་ཞིབ་འཐག་ལ༔ སྦྲང་དཀར་བ་དམར་འོ་མའི་རིལ་བུ་ནི༔ མཐེབ་ཚིག་ཙམ་གྱི་རིལ་བུ་བུངས་བསྐྱེད་ལ༔ དམར་པོ་གསུམ་གྱིས་ས་བོན་དབུ་ཅན་བྲི༔ རིལ་བུ་འོད་ལྡན་རིན་ཆེན་སྣོད་བླུགས་ལ༔ དལ་དབུས་བཞུགས་གསོལ་ལེ་བརྒན་རྒྱན་གུར་ཕུབ༔ ཁ་ནི་ཤར་བལྟ་བདེ་བའི་གདན་འདུག་ལ༔ སོ་ཐར་སྐྱབས་འགྲོ་ཐེག་ཆེན་བློ་རྒྱ་བསྐྱེད༔ དལ་གྱི་བུམ་པ་གཞལ་མེད་ཁང་བཟང་དབུས༔ སེར་སྔོན་པདྨ་འབུམ་ལྡན་ཉི་ཟླའི་དབུས༔ རིལ་བུ་རེ་བཞིན་རལ་གྲི་དྷཱིཿདམར་མཚན༔ འོད་ཕུང་དམར་པོའི་འཕྲོ་འདུས་དོན་གཉིས་བྱས༔ ཚུར་འདུས་རིལ་བུ་འཇམ་དཔལ་སྨྲ་སེང་དམར༔ ལོངས་སྤྱོད་རྒྱན་རྫོགས་རལ་གྲི་པོ་ཏི་འཛིན༔ ཐུགས་ཀར་བྷྲཱུྃ་ལས་འཁོར་ལོ་རྩིབས་བཞི་དམར༔ དེ་སྟེང་རལ་གྲི་དྷཱིཿས་མཚན་སྔགས་ཀྱིས་བསྐོར༔ དྷཱིཿབདུན་རིལ་བུ་རེ་བཞིན་ཧྲཱིཿསྔོན་ལས༔ དབྱངས་ཅན་སྔོན་མོ་ལོངས་སྤྱོད་རྫོགས་པའི་སྐུ༔ རིན་ཆེན་རྒྱན་རྫོགས་རལ་གྲི་པོ་ཏི་བསྣམས༔ ཐུགས་ཀར་རལ་གྲི་སོར་བཞི་ཧྲཱིཿདམར་མཚན༔ ཡབ་ཡུམ་གནས་གསུམ་སྔགས་ཀྱི་འཁོར་ལོ་ལས༔ འོད་འཕྲོས་རང་བཞིན་དག་པའི་གནས་མཆོག་ནས༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནན་དུ་བསྟིམ༔ རྒྱལ་བ་སྲས་བཅས་བདེན་གྲུབ་བློ་ཡུལ་གྱི༔ ཤེས་རབ་བློ་ལྡན་མཐོང་ཐོས་མ་ལུས་ཀུན༔ དངོས་བྱོན་རང་གི་བློ་མུན་ཀུན་བསལ་ནས༔ ཤེས་རབ་སྤོབས་པའི་བློ་གྲོས་སྣང་བ་ནི༔ རབ་རྒྱས་འཆད་རྩོད་རྩོམ་པའི་བློ་གྲོས་མཆོག་ཐོབ་བསམ༔ རིལ་བུ་དག་ལ་སྒོ་གསུམ་རྩེ་གཅིག་གཏད༔ ཐེ་ཚོམ་གཉིས་འཛིན་དང་བྲལ་རྩེ་གཅིག་ཏུ༔ བློ་མུན་ཀུན་བསལ་གསང་སྔགས་རྒྱལ་པོ་མཆོག༔ སྨྲ་བཅད་མི་ཚིག་གིས་ནི་བར་མ་ཆོད༔ གསང་སྔགས་རྒྱལ་པོ་ཆུ་རྒྱུན་ཇི་བཞིན་བཟླ༔ ཨོཾ་ཧྲཱིཿདྷཱིཿམ་མེ་དི་བཾ་མཉྫུ་ཤྲཱི་མུཾ་ཧྲཱིཿཔྲ་ཛྙཱ་བརྡྷ་ནི་ཧྲཱིཿདྷཱིཿསྭཱ་ཧཱ༔ དེ་ལྟར་བསྒྲུབས་པས་རྟགས་ནི་རབ་འབྲིང་གསུམ༔ རབ་ཀྱིས་རིལ་བུ་རྒྱལ་ཆེན་བཞིར་མཐོང་ཞིང༔ ཤེས་རབ་མགོན་པོ་འཇམ་པའི་དབྱངས་དང་མཉམ༔ དབྱངས་ཅན་མ་མཐོང་སངས་རྒྱས་ཞིང་ཀུན་བགྲོད༔ ཉི་ཟླ་ཤར་མཐོང་མངོན་ཤེས་དུ་མ་ལྡན༔ འབྲིང་གིས་རིལ་བུ་སྒྲ་དང་འོད་མཐོང་ན༔ སྒྲ་དང་སྙན་དངགས་ཀུན་ལ་མཁས་པ་དང༔ བསྟན་བཅོས་གཞུང་ལུགས་རྩོམ་ལ་ཐོགས་མེད་འབྱུང༔ ཐ་མས་ཉམས་སྣང་རྨི་ལམ་དག་ཏུ་ཡང༔ མེ་ཏོག་སྔོན་པོ་ཐུ་དང་ཞིང་རྨོ་དང༔ སྣག་ཚྭ་འཐུང་དང་ཉམས་དགའ་བྲིས་ཀློག་འདོན༔ གླེགས་བམ་རྙེད་དང་མཚོན་ཆ་ངར་ལྡན་རྣམས༔ རྙེད་རྨིས་ཤེས་རབ་བློ་གྲོས་མཆོག་ཏུ་རྒྱས༔ མི་བརྗེད་གཟུངས་ཐོབ་ཡང་དག་དོན་ལ་མཁས༔ དངོས་གྲུབ་དམ་པ་མཆོག་ཐོབ་ཐེ་ཚོམ་མེད༔ འཇམ་མགོན་ཡབ་ཡུམ་སངས་རྒྱས་བྱང་སེམས་དང༔ པཎ་གྲུབ་འཕགས་པའི་ཚོགས་ཀུན་འོད་ཞུ་ནས༔ དབྱེར་མེད་ཐིམ་བསམ་དགུག་བསྟིམ་ནན་དུ་བྱ༔ སྐར་མ་རྒྱལ་དང་ཕུར་བུ་འཛོམ་པའི་ཚེ༔ ཐོ་རངས་ཞག་ནི་ཉེར་གཅིག་རིལ་བུ་རེ༔ ཟོས་པས་ཤེས་རབ་མཆོག་ཐོབ་ཐེ་ཚོམ་མེད༔ རང་གི་བཟའ་བཏུང་གང་བྱས་ཕུད་ཀྱིས་ནི༔ འཇམ་མགོན་ཡབ་ཡུམ་རྟག་ཏུ་མཆོད་པར་གཅེས༔ བླ་མ་ལ་གུས་འགྲོ་ལ་སྙིང་རྗེ་བསྐྱེད༔ བླ་མ་འཇམ་མགོན་ཡབ་ཡུམ་གཉིས་མེད་ལ༔ རྟག་ཏུ་མོས་གུས་གདུང་བས་གསོལ་བ་གདབ༔ དམ་ཚིག་སེལ་མེད་དག་སྣང་མཆོག་ཏུ་གཅེས༔ ལས་འཕྲོ་དང་ལྡན་རབ་ཀྱིས་ཉིན་གཅིག་འགྲུབ༔ སྐལ་ལྡན་འབྲིང་གིས་གཉིས་ཀྱིས་ངེས་འགྲུབ་ཅིང༔ ཐ་མས་གསུམ་གྱིས་ཐེ་ཚོམ་མེད་པར་འགྲུབ༔ བླ་མ་འཇམ་མགོན་ཡབ་ཡུམ་གུས་བཏུད་ནས༔ ཤེས་རབ་མཆོག་ཐོབ་མཁའ་སྤྱོད་འགྲུབ་པའི་རྫས༔ མང་དུ་མ་སྤེལ་སྙིང་གི་ག་འུར་ཆོངས༔ མ་འོངས་ང་སྤྲུལ་བུ་ཡིས་སྙིང་ནོར་མཛོད༔ གདུང་འཛིན་སྐྱེས་ཆེན་རྣམས་ཀྱི་ལྷ་མཆོག་ཡིན༔ ལྷ་སྐལ་དང་བླངས་དངོས་གྲུབ་ཚེ་འདིར་འགྲུབ༔ མ་འོངས་ང་ཡི་ཐུགས་སྲས་གདུང་འཛིན་པའི༔ གདུང་རབས་ཉི་ཤུ་རྩ་ལྔ་ཡན་ཆད་དུ༔ སྐལ་ལྡན་གདུང་འཛིན་སྐྱེས་ཆེན་ཐམས་ཅད་ཀུན༔ བསླབ་མི་དགོས་ཏེ་བློ་གྲོས་ཀློང་ཡངས་འཕེལ༔ སྒྲུབ་མི་དགོས་ཏེ་བསྟན་སྲུང་བྲན་དུ་ཁོལ༔ རྦད་མི་དགོས་ཏེ་དགྲ་གདོན་ཤུགས་ཀྱིས་འདུལ༔ མཁྱེན་བརྩེ་ནུས་པས་འགྲོ་ཀུན་ཐབས་ཀྱིས་སྐྱོང༔ ཁྱི་ཕག་ལྟ་བུའི་སྤྱོད་པ་བྱས་གྱུར་ཀྱང༔ འཇམ་མགོན་པད་འབྱུང་བདག་དང་དབྱེར་མེད་གྱུར༔ རྒྱལ་ཀུན་ཕྲིན་ལས་ཀུན་འགྲུབ་གདུང་རབས་འཕེལ༔ བཀའ་འདི་རྡོ་རྗེ་གཡུང་དྲུང་རྩལ་ལ་བཅོལ༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ སྐལ་ལྡན་ལས་ཅན་བུ་ལ་མྱུར་དུ་སྤྲོད༔ བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ མནྟྲ་གུ་ཧྱ་དྷ་ཐིམ༔ ༈ ཡི་དམ་དམར་ནག་འཇིགས་གསུམ་ལས༔ ཡིག་མེད་ཨུ་པ་དྷེ་ཤ༔ འཕགས་པ་འཇམ་དཔལ་གྱི་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་འཆི་བདག་བདུད་འཇོམས་བཞུགས་སོ༔ ྈྈྈྈྈྈ ན་མོ་མ་ཧཱ་གུ་རུ་ཨཱརྻ་ྃམཉྫུ་ཤྲཱི་ཨཱ་ཡུརྫྙཱ་ན་སིདྡྷི་ཧཱུྃ་ཧྲཱི༔ འཆི་བདག་བདུད་འཇོམས་འཇིགས་བྲལ་ཚེ་ཡི་ལྷ༔ འཇམ་མགོན་ཚེ་བདག་དམར་པོའི་སྐུ་ལ་འདུད༔ འཇམ་མགོན་ཚེ་བདག་འོད་འབར་ཐོད་ཕྲེང་ངས༔ མ་འོངས་སྐལ་ལྡན་བུ་ཡི་དོན་ཕྱིར་དུ༔ འཆི་མེད་བཅུད་དྲིལ་སྙིང་གི་ཐིག་ལེ་འདི༔ ད་ལྟ་མཚོ་རྒྱལ་འབྲོག་བན་གཉིས་ལ་གདམས༔ སྤེལ་བའི་གནས་མེད་རིན་ཆེན་བྲག་ཏུ་སྦོས༔ མ་འོངས་སྙིང་གི་བུ་དང་འཕྲད་པར་ཤོག༔ བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ དབེན་ཞིང་ཉམས་དགའ་ཡིད་འོང་གནས་མཆོག་ཏུ༔ སྒྲུབ་ཁང་གང་ལེགས་ཡིད་འོང་རྒྱན་ལྡན་དབུས༔ རྒྱས་པའི་ཕྱོགས་ནས་ས་བླངས་སྟེགས་བུ་ནི༔ མདའ་གང་གྲུ་བཞི་དྲི་བཟང་་་སྦྲང་ཆང་ཚ་ཡི་ཁཎྜས།་་་ཆག་ཆག་གདབ༔ དེ་ལ་རྩིབས་བརྒྱད་་་སེར་པོ།་་་རྡོར་ར་མེ་རི་དང༔ དལ་དབུས་མཉྫིའི་ཁྲི་ཁར་ཚེ་གཏོར་ནི༔ བཅུད་ལྔའི་དཔལ་གཏོར་རཏྣ་འབར་བའི་དབྱིབས༔ རི་རབ་པདྨ་འབར་བས་ལེགས་བརྒྱན་སྟེང༔ ལྕགས་ཀྱུ་ཧཱུྃ་གིས་མཚན་པ་མཛེས་ལྡན་བཤམ༔ སྟེང་དུ་དར་ཟབ་དྲི་མེད་མཛེས་གུར་ཕུབ༔ ཤར་དུ་ཚེ་རྟེན་རྡོ་རྗེ་མདའ་རྒོད་གས་ཆག་མེད་པ་གཙོ༔ ལྷོ་རུ་སྲོག་རྟེན་མདའ་རྒོད་སྒྲོ་ལེ་བརྒན་ཁ་གྲུ་མདོག་མ་ཉམས༔ ནུབ་ཏུ་སྲོག་ལུས་དབང་ཐང་རྟེན༔ གསེར་གྱི་གཡུང་དྲུང་བུམ་པ་མཚན་ལྡན་ལ༔ ལེ་བརྒན་མགུལ་ཆིངས་ལྗོན་ཤིང་རྩེ་མ་ཉམས༔ ལོ་འདབ་རྒྱུན་གནས་འབྲས་ཅན་ཁ་རྒྱན་དང༔ ཁ་ཕོར་རང་རང་གཟུངས་ཀྱི་རྡོ་རྗེས་བརྒྱན༔ རྒྱུན་འབབ་གཙང་ཆུས་བུམ་པ་སུམ་ཆ་བཀང༔ འབྲུ་བཅུད་རྩི་བཅུད་མེ་ཏོག་ཤིང་བཅུད་དང༔ གཡུ་འབྲུག་ཚེ་ཡི་སྤྱི་ལྟར་ཁན་དྷ་བུམ༔ བྱང་དུ་འཆི་མེད་ཚེ་ཡི་དངོས་གྲུབ་རྟེན༔ བཀྲ་ཤིས་མཚན་ལྡན་བྷནྡྷ་ཆང་གིས་བཀང༔ ཤར་དུ་བླ་མ་ལྷ་ོརུ་ཡི་དམ་དང༔ ནུབ་ཏུ་མཁའ་འགྲོ་བྱང་དུ་བསྟན་སྲུང་དང༔ ནོར་ལྷ་བཀའ་སྲུང་གཏོར་མ་གང་བདེར་བཤམ༔ མཚམས་བཞིར་ཚེ་ཟན་ཚེ་རིལ་ཚེ་ཡི་འབྲང་རྒྱས་དང༔ སྨན་གཏོར་རཀྟ་ཕྱི་ནང་གསང་མཆོད་དང༔ བག་དྲོ་བརྗིད་ལྡན་ཡིད་འོང་དང་འདྲེན་བཤམ༔ བླ་མ་ཡི་དམ་མཁའ་འགྲོའི་གཞུང་བསྲངས་ནས༔ སླར་ཡང་སྐྱབས་སེམས་ཅི་འགྲུབ་འབད་པའི་མཐར༔ མཚམས་བཅད་སྲུང་བའི་འཁོར་ལོ་བཅུ་ནན་དུ་བསྒོམ༔ དངོས་གཞི་ཕོ་བྲང་གཞལ་ཡས་ཁང་བསྐྱེད་པ་ནི༔ ཨོཾ་མ་ཧཱ་ཤཱུ་ཛྙཱ་ཏཱ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ གཟུང་འཛིན་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་རི་རབ་མཉམ་པའི་ལྟེ་བར༔ བྷྲཱུྃ༔ ལས་གཞལ་མེད་ཀྱི་ཁང་ཆེན་པོའི་དབུས་སུ་འཇིགས་མེད་སྣ་ཚོགས་རྡོ་རྗེས་བཏེགས་པའི་འཇིགས་མེད་དབང་ཆེན་སེང་གེའི་ཁྲི༔ པདྨ་ཉི་མའི་གདན་གྱི་སྟེང་དུ༔ རང་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ༔ ཧཱུྃ་དམར་གསལ་རྒྱ་མཚལ་གྱི་ཐིག་པ་ལྟ་བུ་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས༔ སྣང་སྲིད་འཁོར་འདས་གཉིས་སྣང་གིས་བསྡུས་པའི་ལྷ་འདྲེ་མི་གསུམ་ཚེ་སྲོག་གི་དྭངས་མ་ཐམས་ཅད་བསྡུས་ཧཱུྃ་ལ་ཐིམ༔ ཧཱུྃ་ཡོངས་སུ་གྱུར་པ་ལས་ཚེ་ཡི་བདག་པོ་འཕགས་པ་འཇམ་དཔལ་སྐུ་མདོག་དམར་གསལ་ཞལ་གཅིག་ཕྱག་གཉིས་པ༔ སྤྱན་གསུམ་ཞི་མ་ཁྲོ་ཞལ་འཛུམ་བག་དང་ལྡན་པ༔ དབུ་སྐྲ་དམར་སེར་ཟུར་ཕུད་གྱེན་དུ་སྒྲེང་ཞིང་ཟར་བུ་མཐུར་དུ་འཕྱང་བ༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ༔ རལ་པའི་གཙུག་ཏུ་མགོན་པོ་ཚེ་དཔག་ཏུ་མེད་པ་བཅུ་དྲུག་ལོན་པའི་ལོ་ཚོད་ཅན༔ གཟི་བྱིན་འོད་ཕུང་དང་ལྡན་པ༔ ཕྱག་མཉམ་གཞག་གི་སྟེང་དུ་འཆི་བ་མེད་པའི་ཚེ་བཅུད་ཀྱིས་བཀང་བའི་གསེར་གྱི་བུམ་པ་བསྣམས་པ༔ ཕྱག་གཡས་པས་ཚེ་འགུགས་ཤིང་བརྟན་པའི་བརྡར་ལྕགས་ཀྱུ་དང་རྡོ་རྗེ་བསྣམས་པ༔ གཡོན་པ་མཉམ་གཞག་གི་སྟེང་ན་འཆི་བ་མེད་པའི་ཚེ་བཅུད་ཡེ་ཤེས་ཀྱིས་གང་བའི་བུམ་པ་བསྣམས་པ༔ དར་དང་རུས་པ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ༔ འཇའ་ཐིག་དང་འོད་ཕུང་འབར་བའི་ཀློང་དུ་གཟི་བྱིན་འོད་ཕུང་འབར་བའི་སྐུར་གྱུར༔ རང་ཡི་དམ་དུ་གསལ་བའི་ཁྲི་འོག་ཏུ༔ འཆི་བདག་གི་བདུད་བཞི་ལ་སོགས་པ་ཚེ་དང་སྲོག་ལ་བར་དུ་གཅོད་པར་བྱེད་པའི་འགོང་པོ་རྒྱལ་བསེན་ཐམས་ཅད་མནན་པ༔ རང་ཡི་དམ་དུ་གསལ་བའི་མདུན་དུ་དཀྱིལ་འཁོར་གྱི་དབུས་སུ༔ རིན་པོ་ཆེ་ཤེལ་ལས་གྲུབ་པའི་སྐུ་གདུང་འོད་རབ་ཏུ་འབར་ཞིང༔ རི་རབ་ལས་ཀྱང་དཔག་མཐའ་ཡས་པ་བུམ་པའི་དབུས་སུ་འཁོར་ལོ་སྔོན་པོ་རྩིབས་བརྒྱད་པའི་དབུས་སུ༔ སྔར་སྨོས་བཞིན་སྣ་ཚོགས་རྡོ་རྗེའི་ཁྲིར་འཕགས་པ་འཇམ་དཔལ་ཚེ་དཔག་མེད༔ གོང་བཞིན་ནོ༔ ཤར་དུ་སངས་རྒྱས་སྤྱན་མ༔ ལྷོར་མཱ་མ་ཀི༔ ནུབ་ཏུ་གོས་དཀར་མོ༔ བྱང་དུ་དམ་ཚིག་སྒྲོལ་མ༔ ཤར་ལྷོར་རྒྱས་བྱེད་མ༔ ལྷོ་ནུབ་ཏུ་བརྟན་བྱེད་མ༔ ནུབ་བྱང་དུ་འཕེལ་བྱེད་མ༔ བྱང་ཤར་དུ་ལོ་འདབ་མ༔ དེ་དག་ཐམས་ཅད་ཀྱང་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ༔ སྐུ་མདོག་སྣ་ཚོགས་བཞེངས་ནས་ཕྱག་གཡས་པས་ཚེ་འགུགས་པར་བྱེད་པའི་ལྕགས་ཀྱུ་དམར་པོས་ལྷ་འདྲེ་མི་གསུམ་གྱི་ཚེ་སྲོག་གི་དྭངས་མ་ཐམས་ཅད་བཀུག་ནས༔ ཕྱག་གཡོན་པས་ཚེ་ཡི་བུམ་པ་འཛིན་པའི་ནང་དུ་བླུགས་པས༔ བུམ་པ་རྣམས་ཀྱང་ཚེའི་བདུད་རྩིས་ཁེངས་ཤིང༔ བུམ་མཆུ་ནས་ངང་ལྷུད་བྱུང་བར་བསམ༔ དེ་ཡི་ཕྱི་རིམ་ལ༔ ཤར་དུ་རྡོ་རྗེ་གཏུམ་པོ་སྔོན་པོ༔ གཡས་རྒྱ་གྲམ་གཡོན་ལྕགས་ཀྱུ་བསྣམས་པ༔ ལྷོར་གཤིན་རྗེ་གཤེད་སེར་ནག་གཡས་ཐོད་དབྱུག་གཡོན་ཞགས་པ་བསྣམས་པ༔ ནུབ་ཏུ་པདྨ་མཐར་བྱེད་དམར་གསལ་གཡས་རལ་གྲི་གཡོན་ལྕགས་སྒྲོག་བསྣམས་པ༔ སྤྱི་གཙུག་རལ་གསེབ་ནས་རྟ་མགོ་ལྗང་ཞུར་རྔམ་སྒྲ་སྒྲོག་པ༔ བྱང་དུ་སྨེ་བ་བརྩེགས་པ་ལྗང་ནག་གཡས་རྒྱ་གྲམ་དང་གཡོན་བུམ་པ་བསྣམས་པ༔ ཐམས་ཅད་ཀྱང་ཁྲོ་བོའི་དཔལ་ཆས་ཐམས་ཅད་ཡོངས་སུ་རྫོགས་པ་ཞབས་རྣམས་འདོར་ཐབས་སུ་བགྲད་པས་ཚེ་སྲོག་ལ་བར་དུ་གཅོད་པར་བྱེད་པའི་དགྲ་གདོན་བགེགས་ཚོགས་ཆུང་སྲི་ཕོ་མོ་ཐམས་ཅད་མནན་པ༔ ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་ཀློང་དུ་བརྗིད་པའོ༔ ཤར་གྱི་ཚེ་ཡི་རྟེན་རྡོ་རྗེ་དེ་ཉིད་གསེར་གྱི་རྡོ་རྗེ་བྲག་རི་ལྟར་སྲ་ལ་བརྟན་པ༔ ལྷོ་ཡི་མདའ་སྲོག་གི་རྟེན་དཔག་བསམ་ལྗོན་ཤིང་ཡལ་ག་ལོ་འདབ་རྒྱས་ཤིང་མེ་ཏོག་དང་འབྲས་བུས་བརྒྱན་པ༔ ནུབ་ཀྱི་བུམ་པ་དེ་ཉིད་ཅི་འདོད་ཐམས་ཅད་འབྱུང་བ་འཆི་བ་མེད་པའི་ཚེ་སྲོག་གི་རྟེན་ཚེ་བཅུད་གཏེར་གྱི་བུམ་པ༔ གསེར་གྱི་གཡུང་དྲུང་དགའ་བ་འཁྱིལ་པ་དེ་ཉིད་ཚེ་སྲོག་འགྱུར་བ་མེད་པ་བླ་སྲོག་གི་རྟེན་ཅིས་ཀྱང་མི་ཆོད་པ་མི་ཤིགས་པ་བརྟན་པ༔ རབ་ཏུ་སྲ་བ་རྡོ་རྗེ་ཕ་ལམ་ལྟ་བུར་གྱུར༔ བྱང་གི་བྷནྡྷ་ཆང་གིས་གང་བ་དེ་ཉིད་ཚེ་སྲོག་འཇིགས་བྲལ་བྲི་གང་དང་བྲལ་བ༔ འཆི་བ་མེད་པའི་བཅུད་མཆོག༔ ནད་གདོན་བགེགས་ཐམས་ཅད་གཞོམ་པའི་པཉྩ་ཡ་ན་གྷུ་ཡ་དམ་པར་གྱུར༔ དེ་དག་གི་མཁའ་ལ་རིག་འཛིན་པདྨ་འབྱུང་གནས་ལ་སོགས་རིག་འཛིན་དྲང་སྲོང་རྒྱལ་བ་རྒྱ་མཚོ་ལ་སོགས་ཉི་རྡུལ་འཁྲིགས་པ་ལྟ་བུར་བཞུགས་ཤིང་འཆི་མེད་ཚེ་ཡི་དབང་མཆོག་བསྐུར་ཞིང༔ ཚེ་རྟེན་རྡོ་རྗེའི་སྐུར་བྱིན་གྱིས་བརླབས་པར་བསམ༔ དེ་ཡི་ཕྱི་རིམ་དུ་ཁྲོ་བོ་དང་ཁྲོ་མོའི་ཚོགས་དཔག་ཏུ་མེད་པ་རྣམས་ཀྱིས་ཞལ་ཕྱིར་གྱུ་ནས༔ ཚེ་དང་སྲོག་ལ་བར་དུ་གཅོད་པར་བྱེད་པའི་རྒྱལ་བསེན་དམ་སྲི་སྲིད་རྐུན་ཕོ་མོ་རྣམས་ཀྱི་གཟུགས་ཕུང་ཕྲལ་ཞིང་གསོད་གཅོད་ཀྱི་ལས་ལ་བརྩོན་པར་གྱུར༔ དེའི་ཕྱི་རོལ་དུ་རྡོ་རྗེ་བྲག་རིའི་ར་བ༔ སྲ་ལ་བརྟན་པ་ཀུན་ལྡན་དུ་འགྱར་འགྱུར་མེད་པ་རྡོ་རྗེ་ཕ་ལམ་ལྟ་བུར་གྱུར༔ དེའི་ཕྱི་རིམ་དུ་ཡེ་ཤེས་ཀྱི་མེ་ཁ་དོག་ལྔ་རབ་ཏུ་འབར་བའི་གུར་ཁང་ཆེན་པོར་གྱུར༔ དེ་ལྟར་གསལ་བའི་ལྷ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ༔ མགྲིན་པར་ཨཱཿལས་པདྨ་དམར་པོ་ཨཱཿཡིས་མཚན་པ༔ ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ༔ གཙོ་བོའི་ཐུགས་ཀར་ཡ་ལས་བེ་ཅོན་དམར་པོ་ཧཱུྃ་གིས་མཚན་པ༔ འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཡེ་ཤེས་སེམས་དཔའི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས༔ ཕྱི་ནང་གསང་བས་མཆོད༔ ཛཿཧཱུྃ་བཾ་ཧོ༔ གཉིས་སུ་མེད་པར་གྱུར༔ པདྨ་ཀ་མ་ལཱ་ཡ་སཏྭཾ༔ ན་མོ་པུ་རུ་ཤ་ཡ་ཧོ༔ བདག་བསྐྱེད་ཀྱི་ཐུགས་ཀར་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ༔ ཧཱུྃ་དམར་པོའི་མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར་བར་དམིགས་ལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿམ་ཧཱ་གུ་རུ་ཨཱརྻ་མཉྫུ་ཤྲཱི་ཡ་མཱནྟ་ཀ༔ མ་མྨ་ཨཾ༔ ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་པུཎྱེ་སྭཱ་ཧཱ༔ རང་གི་སྙིང་གའི་ཧཱུྃ་ཁོག་ཏུ་རང་དང་བསྒྲུབ་བྱའི་ཚེ་སྲོག་ཧྲཱིཿདམར་པོ་གསལ་འཚེར་འོད་ཕུང་དང་ལྡན་པར་བསྒོམ༔ གཡས་སྐོར་དུ་ཤེས་པ་གཏད༔ ངག་བརྗོད་དག་པར་བཟླ༔ སྔགས་ཀྱི་འོད་ཟེར་ཀྱི་ལི་ལི་འཁོར་བར་དམིགས༔ སྔ་དྲོ་ཐུན་གྱི་དང་པོ་འོ༔ གུང་ཐུན་གྱི་ཚེ༔ དལ་དབུས་ཀྱི་ཚེ་གཏོར་ནང་གི་ཤེལ་མཆོད་ཀྱི་ནང་དུ་འཇམ་དཔལ་ཚེ་དཔག་མེད་གཙོ་འཁོར་རྣམས་ལ་རང་བདག་བསྐྱེད་ཀྱི་ཧཱུྃ་ཡིག་ལས་འོད་ཟེར་ལྔ་ལྡན་འཕྲོས་པས༔ མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག་པས་མདུན་བསྐྱེད་དང་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ༔ རྩ་གསུམ་རིག་འཛིན་གྲུབ་པའི་ཚོགས་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ༔ དེ་དག་ཐུགས་རྗེ་ཡེ་ཤེས་ཀྱི་གཟི་བྱིན་རང་དང་བསྒྲུབ་བྱ་རྣམས་ལ་ཐིམ་པར་བསམ༔ རྩ་སྔགས་ཀྱི་ཤམ་དུ༔ རཱུ་པ་ཙིཏྟ་དྷེ་ཝཱི་མ་མ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་པུཎྱེ་སིདྡྷི་ཕ་ལ་པུཥྚིཾ་ཀུ་རུ་ཨཱ༔ ཞེས་བཟླས་པ་ཙམ་གྱིས་སྔགས་ཀྱི་འོད་ཟེར་རང་གི་གནས་གསུམ་བརྒྱུད་ཅིང་འཕྲོ་འདུའི་རླབས་ཀྱིས་འོད་ཟེར་ཕྱོགས་ཐམས་ཅད་དུ་འཕྲོས་པས༔ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཆོག་གསུམ་རྩ་གསུམ་ལྷ་དང་མི་དང༔ ལྷ་མ་ཡིན་ལ་སོགས་པའི་ཚེ་ཡི་ལྷ་མོར་གྱུར་པ་རྣམས་ཀྱིས་ཀྱང༔ བདག་གཞན་གང་གི་ཚེ་སྒྲུབ་པའི་སྟོངས་གྲོགས་དང་ཚེ་འཕེལ་བའི་སླད་དུ་འདོན་པར་བསམ་ལ་བཟླས་པ་ལ་འབད་པར་བྱའོ༔ སྲོད་ནས་བཟུང་སྟེ་ཕྱི་ཐུན་གྱི་ཆ་ལ་བབ་པའི་ཚེ༔ བདག་བསྐྱེད་ལྷ་ཡི་ཐུགས་ཀར་དམིགས་བྱའི་རྣམ་པར་ཤེས་པ་ནྲྀ་དམར་ལ་འཚེར་བ་གསལ་བར་བསྐྱེད་པ་དེ་ཉིད་ཀྱང་གཟི་མདངས་དང་བཀྲག་མདངས་ཕུན་སུམ་ཚོགས་པར་གྱུར༔ སྔགས་ཡིག་འབྲུ་རྣམས་ལས་ཀྱང་འོད་ཟེར་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས་ཤིང༔ ནྲྀ་ལ་ཐིམ་པས་བསྒྲུབ་བྱ་གང་ཡིན་པའི་ཚེ་དང་བསོད་ནམས་འཕེལ་བར་བསམ༔ ཚེ་ཡི་ལྷ་མོ་རྣམས་ཀྱི་ཐུགས་ཀ་ནས་རང་འདྲ་བའི་ལྷ་མོ་མང་པོ་འཕྲོས་པས༔ འཇིག་རྟེན་འདས་པ་དང་མ་འདས་པའི་ཚེ་བསོད་དཔལ་འབྱོར་གཟི་བརྗིད་ཐམས་ཅད་བཀུག་ནས༔ བྱིན་རླབས་ནུས་མཐུ་དངོས་གྲུབ་རྣམ་གཉིས་ལ་སོགས་པ་ཐམས་ཅད་བསྡུས་ནས་ནྲྀ་ལ་ཐིམ་པས་གཟི་བརྗིད་དང་ལྡན་པར་གྱུར༔ ཚེ་རྫས་རྣམས་ལ་ཐིམ་པས༔ དེ་དག་ཐམས་ཅད་བྱིན་རླབས་དང་ལྡན་པར་བསམ་ཞིང་ཚེ་འཛབ་ལ་འབད༔ ཚེ་འགུགས་པའི་ཆོ་ག་འདི་ཉིད་ནན་ཏན་གཅེས༔ ཧཱུྃ་ཧྲཱི༔ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ དུས་གསུམ་རྒྱལ་བ་རྒྱ་མཚོ་ཚེ་ཡི་ལྷ༔ མཚོ་སྐྱེས་རྡོ་རྗེ་རིག་འཛིན་ཚེ་དཔག་མེད༔ བདག་ཅག་དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ སྐུ་ཡི་རྡོ་རྗེ་འཇམ་མགོན་ཚེ་དཔག་མེད༔ རང་བཞིན་དབྱིངས་ན་བཞུགས་པའི་ཚེ་བདག་ཚོགས༔ རིག་འཛིན་ཚེ་ཡི་ལྷ་དང་མཁའ་འགྲོ་རྣམས༔ འཆི་མེད་ཚེ་ཡི་བཅུད་ཀྱིས་རབ་བཀང་ནས༔ ཕྱག་ན་ལྕགས་ཀྱུ་ཚེ་དར་བུམ་པ་བསྣམས༔ ཚེ་དང་ཡེ་ཤེས་སྒྲུབ་པའི་ལས་མཛད་རྣམས༔ བདག་ཅག་ཚེ་བསོད་དཔལ་འབྱོར་རྒྱས་པར་མཛོད༔ ཧཱུྃ་ཧྲཱི༔ བཅོམ་ལྡན་ཚེ་བདག་འཕགས་པ་འཇམ་པའི་དབྱངས༔ དཔལ་དང་གཟི་བྱིན་འོད་ཕུང་ཏ་ལ་ལ༔ དམར་གསལ་ཁྲོ་འཛུམ་ཞལ་གཅིག་ཕྱག་གཉིས་པ༔ ལོངས་སྤྱོད་རྒྱན་རྫོགས་ལྕགས་ཀྱུ་ཚེ་བུམ་བསྣམས༔ རལ་པ་ཟུར་ཕུད་འོད་དཔག་མེད་པས་བརྒྱན༔ འཇིགས་བྲལ་ཁྲི་ལ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཁྱོད་ནི་རྒྱལ་བ་རིག་འཛིན་ཚེ་ཡི་ལྷ༔ འཇིགས་བྲལ་ཚེ་དབང་གཟི་བྱིན་དངོས་གྲུབ་ཞུ༔ ཧཱུྃ་ཧྲཱི༔ སྟེང་འོག་ཕྱོགས་མཚམས་མ་ལུས་ཐམས་ཅད་ནས༔ ཚེ་སྲིད་ཕྱྭ་གཡང་དཔལ་འབྱོར་དབང་སྡུས་ལ༔ འགྱུར་མེད་ཚེ་ཡི་གཡུང་དྲུང་རབ་རྒྱས་ནས༔ ཚེ་བསོད་རྟག་བརྟན་རྒྱས་པའི་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ ཁྱོད་ཀྱི་སྤྲུལ་པ་ཚེ་སྲོག་འགུགས་མཛད་མ༔ སྤྱན་མ་མཱ་ཀི་གོས་དཀར་དམ་ཚིག་སྒྲོལ༔ རྒྱས་བྱེད་མ་དང་བརྟན་བྱེད་འཕེལ་བྱེད་མ༔ བདུད་རྩི་ལོ་འདབ་མ་སོགས་ཚེ་འགུགས་མ༔ གར་སྟབས་རྣམ་འགྱུར་ལོངས་སྤྱོད་རྒྱན་རྫོགས་མ༔ ཚེ་སྲོག་འགུགས་བྱེད་ལྕགས་ཀྱུ་བུམ་པ་འཛིན༔ ཕྱོགས་བཅུའི་གནས་ནས་ཕྱྭ་གཡང་དཔལ་ཁུག་ཅིག༔ ཧཱུྃ་ཧྲཱི༔ ཕྱོགས་བཅུ་དུས་གསུམ་བདེ་གཤེགས་ཚེ་ཡི་ལྷ༔ སྤྲུལ་དང་ཡང་སྤྲུལ་ཕོ་ཉ་གློག་ལྟར་འཁྱུག༔ ལོངས་སྤྱོད་རྒྱན་རྫོགས་ལྕགས་ཀྱུ་ཚེ་བུམ་འཛིན༔ བླ་ཚེ་སྲོག་དབུགས་ཆད་མཐུད་ཉམས་པ་གསོས༔ ཚེ་རྫས་རྣམས་ལ་བཅུད་ཆེན་ཕབ་ཏུ་གསོལ༔ ཚེ་རྟེན་རྣམས་ལ་གཟི་བྱིན་བསྐྱེད་དུ་གསོལ༔ ཚེ་གཡང་རིགས་རྒྱུད་དཔལ་སྐྱེད་དངོས་གྲུབ་སྩོལ༔ གཞན་ཡང་དཀྱིལ་འཁོར་སྒོ་བཞིའི་ཕྱོགས་གནས་པའི༔ བདུད་འདུལ་སྟོབས་ཆེན་ཁྲོ་མཆོག་རྣམ་པ་བཞི༔ འཇམ་དཔལ་ཚེ་ཡི་ལྷ་ཚོགས་ཐམས་ཅད་ཀུན༔ བདག་དང་འགྲོ་བ་ཐུགས་རྗེས་བརྩེར་དགོངས་ཕྱིར༔ རང་རང་རྒྱན་རྫོགས་ལྕགས་ཀྱུ་བུམ་པ་འཛིན༔ སྒྲུབ་མཆོག་རྣལ་འབྱོར་མཆེད་ལྕམ་འཁོར་བཅས་ཀྱི༔ ཚེ་སྲོག་ཆད་པ་མཐུད་ལ་ཡར་བ་ཁུག༔ གས་པ་སྦྱོར་ལ་ཉམས་པ་ཐམས་ཅད་གསོས༔ འོད་ཟེར་དཀར་ལ་འཚེར་ཞིང་སྣུམ་ལ་འགྲིལ༔ སྤྱི་བོའི་གཙུག་ནས་ལུས་ལ་སིབ་སིབ་ཐིམ༔ སྐྱེ་འཆིའི་འཇིགས་བྲལ་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཤྲཱི་མཉྫུ་པུཎྱེ་ཡ་མཱནྟ་ཀ༔ མ་མ་ཨ་པ་རི་མི་ཏ་ཨཱ་ཡུཿཔུཎྱེ་སྭཱ་ཧཱ༔ རཱུ་པ་ཙིཏྟ་དྷེ་ཝཱི་མ་མ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་པུཎྱེ་སིདྡྷི་ཕ་ལ་པུཥྚིཾ་ཀུ་རུ་ཨོཾ༔ ཛཿཧཱུྃ་བཾ་ཧོ༔ ཞེས་ནྲྀ་དང་ཚེ་རྟེན་རྣམས་ལ་རིམ་པར་བསྟིམ༔ ཐུན་བར་རྣམས་སུ་སྨན་རག་གཏོར་མ་སོགས་ཕྱི་ནང་གསང་བས་མཆོད༔ འཇམ་དཔལ་ཚེ་ཡི་ལྷ་ཚོགས་རྣམས་ལ་བསྟོད་པ་ནི༔ ཧཱུྃ་ཧྲཱི༔ ཀ་དག་བརྡལ་ཁྱབ་ཀློང་ཡངས་ཕོ་བྲང་ནས༔ རྒྱལ་ཀུན་དབང་ཕྱུག་མི་ཟད་དཔལ་འབར་མ༔ བླ་མ་ཀུན་བཟང་འཇམ་དཔལ་པདྨ་འབྱུང༔ བླ་མ་ཚེ་དཔག་མེད་མགོན་སྐུ་ལ་བསྟོད༔ ཧཱུྃ་ཧྲཱི༔ འགྲོ་ཀུན་ཚེ་བདག་འཇམ་དཔལ་དམར་པོའི་སྐུ༔ དམར་གསལ་མདངས་ལྡན་ཞི་ཁྲོ་སྤེལ་མའི་ཞལ༔ འཆི་བདག་བདུད་བཅོམ་དཔའ་བོ་ཧེ་རུ་ཀ༔ འཇམ་དཔལ་ཚེ་བདག་དམར་པོའི་སྐུ་ལ་བསྟོད༔ རྫོགས་སྐུ་དྲི་བྲལ་གསང་བ་ཚེ་བུམ་འཛིན༔ འགྱུར་མེད་རྟག་བརྟན་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ དར་ཟབ་རཏྣ་རུས་པའི་རྒྱན་དྲུག་མཛེས༔ བླ་མ་འཇམ་མགོན་ཚེ་ཡི་ལྷ་ལ་བསྟོད༔ ཕྱོགས་བཞིར་བཞུགས་མཛད་ཚེ་ཡི་ལྷ་མོ་བཞི༔ སངས་རྒྱས་སྤྱན་དང་མཱ་མ་ཀི་དང་ནི༔ གོས་དཀར་དམ་ཚིག་སྒྲོལ་མ་བཞི་པོ་ཡང༔ ཚེ་དབང་གྲུབ་པར་མཛད་ལ་ཕྱག་འཚལ་བསྟོད༔ མཚམས་བཞིར་གནས་མཛད་སྤྲུལ་པའི་ལྷ་མོ་བཞི༔ རྒྱས་བྱེད་བརྟན་བྱེད་འཕེལ་བྱེད་ལོ་འདབ་མ༔ རྡོ་རྗེ་ཚེ་དབང་སྒྲུབ་མཛད་ལྷ་མོ་སྟེ༔ ཡེ་ཤེས་དཔལ་འབར་མ་ལ་ཕྱག་འཚལ་བསྟོད༔ འཆི་བདག་བདུད་བཅོམ་ཁྲོ་ཆེན་སྒོ་བ་བཞི༔ གཞན་ཡང་ཡེ་ཤེས་སྤྱན་མངའ་ཚེ་ཡི་ལྷ༔ ཐུགས་རྗེའི་ཀློང་ནས་བདུད་རྩིའི་ཚེ་ཆར་འབེབས༔ ཞི་རྒྱས་དབང་སོགས་ལས་ཀྱི་ཕྲིན་ལས་མཛད༔ རྒྱལ་བ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ བདག་དང་རྒྱུ་སྦྱོར་འཁོར་དང་བཅས་རྣམས་ཀྱི༔ ཚེ་དབང་ལོངས་སྤྱོད་དཔལ་འབྱོར་བསྐྱེད་དུ་གསོལ༔ འདོད་པའི་དོན་ཀུན་མྱུར་དུ་འགྲུབ་པ་དང༔ བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ དེ་ལྟར་ཚུལ་བཞིན་བསྒྲུབས་པ་ཡིས༔ ཚེ་འཕེལ་དངོས་གྲུབ་རྟགས་མཚན་འདི་ལྟར་འབྱུང༔ རབ་ནི་ཚེ་ཡི་ལྷ་ཚོགས་ཞལ་མཇལ་ཞིང༔ འོད་དང་དྲི་བཟང་རོལ་མོའི་སྒྲ་རྣམས་འབྱུང༔ འབྲིང་ནི་ཉམས་དགའ་བག་དྲོ་རིག་པ་དྭངས༔ བྱིན་ཆགས་དབང་པོ་གསལ་བ་ལ་སོགས་འབྱུང༔ ཐ་མ་ཉི་ཟླ་ཤར་ཞིང་དངོས་སུ་ལྟས་རྣམས་འབྱུང༔ དེ་ལྟར་རྟགས་ཀྱི་རིམ་པ་བྱུང་བའི་ཚེ༔ ལྷ་ཚོགས་རྣམས་ལ་ཕྲིན་ལས་བསྐུལ་བ་ནི༔ ག་ཎའི་ལོངས་སྤྱོད་འབྱོར་ཚད་ལེགས་པར་བཤམ༔ དྲི་བསུང་བསྲེག་ཅིང་རོལ་མོ་སྣ་ཚོགས་ལྡིར༔ རྣལ་འབྱོར་ཕོ་མོ་ཆས་ལྡན་ལངས་ལ༔ ཚེ་ཡི་བསྐུལ་བ་ནི༔ ཧཱུྃ་ཧྲཱི༔ རང་བཞིན་གནས་ནས་ཚེ་བདག་འཁོར་དང་བཅས༔ བཅོམ་ལྡན་ཚེ་ཡི་བདག་པོ་གནད་ནས་བསྐུལ༔ རྡོ་རྗེ་ཚེ་དབང་གྲུབ་པའི་ཕྲིན་ལས་མཛོད༔ ཕྱོགས་མཚམས་ཀུན་ནས་ཚེ་ཡི་ལྷ་མོ་རྣམས༔ སོ་སོའི་གནས་ནས་ཐུགས་དམ་རྒྱུད་བསྐུལ་ན༔ རྡོ་རྗེ་ཚེ་དབང་གྲུབ་པའི་ཕྲིན་ལས་མཛོད༔ ཤར་ཕྱོགས་དྲི་ཟའི་ལག་ནས་ཚེ་ཁུག་ལ༔ ཚེ་བསོད་དཔལ་འབྱོར་རྒྱས་པའི་ཕྲིན་ལས་མཛོད༔ ལྷོ་ཕྱོགས་གཤིན་རྗེའི་ལག་ནས་ཚེ་ཁུག་ཅིག༔ ཚེ་བསོད་དཔལ་འབྱོར་རྒྱས་པའི་ཕྲིན་ལས་མཛོད༔ ནུབ་ཕྱོགས་ཆུ་ལྷའི་ལག་ནས་ཚེ་ཁུག་ཅིག༔ ཚེ་བསོད་དཔལ་འབྱོར་རྒྱས་པའི་ཕྲིན་ལས་མཛོད༔ བྱང་ཕྱོགས་གནོད་སྦྱིན་ལག་ནས་ཚེ་ཁུག་ལ༔ ཚེ་བསོད་དཔལ་འབྱོར་རྒྱས་པའི་ཕྲིན་ལས་མཛོད༔ ཤར་ལྷོ་དྲང་སྲོང་ལག་ནས་ཚེ་ཁུག་ཅིག༔ ཚེ་བསོད་དཔལ་འབྱོར་རྒྱས་པའི་ཕྲིན་ལས་མཛོད༔ ལྷོ་ནུབ་སྲིན་པོའི་ལག་ནས་ཚེ་ཁུག་ཅིག༔ ཚེ་བསོད་དཔལ་འབྱོར་རྒྱས་པའི་ཕྲིན་ལས་མཛོད༔ ནུབ་བྱང་རླུང་ལྷའི་ལག་ནས་ཚེ་ཁུག་ཅིག༔ ཚེ་བསོད་དཔལ་འབྱོར་རྒྱས་པའི་ཕྲིན་ལས་མཛོད༔ བྱང་ཤར་དབང་ལྡན་ལག་ནས་ཚེ་ཁུག་ཅིག༔ ཚེ་བསོད་དཔལ་འབྱོར་རྒྱས་པའི་ཕྲིན་ལས་མཛོད༔ སྟེང་ཕྱོགས་ཚངས་པའི་ལག་ནས་ཚེ་ཁུག་ཅིག༔ ཚེ་བསོད་དཔལ་འབྱོར་རྒྱས་པའི་ཕྲིན་ལས་མཛོད༔ འོག་ཕྱོགས་ས་བདག་ལག་ནས་ཚེ་ཁུག་ཅིག༔ ཚེ་བསོད་དཔལ་འབྱོར་རྒྱས་པའི་ཕྲིན་ལས་མཛོད༔ བདུད་དང་གཤིན་རྗེའི་ལག་ནས་ཚེ་ཁུག་ཅིག༔ ཚེ་བསོད་དཔལ་འབྱོར་རྒྱས་པའི་ཕྲིན་ལས་མཛོད༔ ལྷ་དང་དྲང་སྲོང་ལག་ནས་ཚེ་ཁུག་ཅིག༔ ཚེ་བསོད་དཔལ་འབྱོར་རྒྱས་པའི་ཕྲིན་ལས་མཛོད༔ ཚེ་སྒྲུབ་གཞན་རྣམས་སྐར་ཚོགས་དང་འདྲ་ཞིང༔ འདི་ནི་སྙིང་པོའི་ནང་ནས་ཉི་མ་འདྲ༔ དཔེར་ན་ལྕགས་འདུལ་གཉེན་པོར་ལྕགས་བཞིན་ནོ༔ འཆི་བདག་གཤིན་རྗེའི་གནོད་ཚོགས་འཇོམས་པའི་ཕྱིར༔ བླ་མ་འཇམ་མགོན་ཚེ་བདག་དམར་པོ་ཡི༔ གསང་སྒྲུབ་ཟབ་མོ་བདུད་བཞི་དཔུང་བཅོམ་འདི༔ གྲོགས་ཀྱི་དམ་པ་མཚོ་རྒྱལ་འབྲོག་བན་གཉིས་ལ་གདམས༔ ཉམས་སུ་ལོངས་ལ་ཡི་གེའི་རིས་སུ་ཐོབ༔ ད་ལྟ་སྤེལ་བའི་གནས་མེད་པས༔ འགྱུར་མེད་རིན་ཆེན་བྲག་ལ་གཏེར་དུ་སྦོས༔ མ་འོངས་རྩོད་ལྡན་དུས་ཀྱི་ཐ་མའི་དུས༔ ང་སྤྲུལ་སྙིང་གི་བུ་དང་འཕྲད་པར་ཤོག༔ བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ ༈ ཡི་དམ་དམར་ནག་འཇིགས་གསུམ་ལས༔ ཡིག་མེད་ཨུ་པ་དྷེ་ཤ༔ དབྱངས་ཅན་མ་དམར་མོའི་སྒྲུབ་པ༔ ཤེས་རབ་སྐྱེད་བྱེད་བློ་གྲོས་རབ་ཡངས་བཞུགས་སོ༔ ྈྈྈྈྈྈ བདག་འདྲ་འཇམ་མགོན་པདྨ་འབྱུང་གནས་ཀྱིས༔ བཤད་སྒྲུབ་བསྟན་པ་ནུབ་མེད་རབ་རྒྱས་ཕྱིར༔ མ་འོངས་སྐལ་ལྡན་བུ་ཡི་དོན་ཆེད་དུ༔ མ་རིག་རྨོངས་པའི་དྲི་ཚོགས་ཀུན་བཅོམ་ནས༔ བློ་གྲོས་ཤེས་རབ་སྣང་བ་རབ་རྒྱས་པའི༔ སྙིང་གི་གདམས་པ་བློ་གྲོས་སྒོ་འབྱེད་པའི༔ དབྱངས་ཅན་དམར་མོའི་གསང་སྒྲུབ་འདི་བཞིན་བསྟན༔ མ་འོངས་ང་སྤྲུལ་བུ་ཡིས་སྙིང་ནོར་མཛོད༔ བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ སྐར་མ་རྒྱལ་ཕུར་འཛོམ་པའི་དུས་བཟང་ལ༔ དབང་གི་ཕྱོགས་ནས་དམར་སེར་ས་བླངས་ནས༔ མ་རྡལ་གྲུ་བཞི་མདའ་གང་འཇམ་ལེགས་ལ༔ བཟང་དྲུག་སིནྡྷུ་དྲི་བཟང་ཆུ་གཙང་གིས༔ ཆག་ཆག་གདབ་ལ་པདྨ་འདབ་བརྒྱད་བྲི༔ དབུས་སུ་པད་ཉིའི་གདན་ལ་ཚོན་སྤུངས་དམར༔ ཕྱི་རོལ་འཇའ་འོད་མེ་དཔུང་རྡོར་རས་བསྐོར༔ རིན་ཆེན་བུམ་པ་ཚད་ལྡན་མགུལ་ཆིངས་དམར༔ བུ་མོ་རྡོ་རྗེའི་མདའ་མ་ཕོག་པ་ཡིས༔ རྒྱུན་འབབ་ཆུ་བླངས་བུམ་པ་སུམ་ཆ་བཀང༔ མེ་ཏོག་འབྲས་བུ་རྒྱས་པས་ཁ་རྒྱན་བྱ༔ དུང་ཆོས་གཟུངས་ཀྱི་རྡོ་རྗེས་སྤྱི་ལྟར་བརྒྱན༔ བུམ་རྫས་རིལ་བུའི་གཞུང་བཤད་ཇི་བཞིན་འཇུག༔ དལ་གྱི་དབུས་སུ་མཉྫིའི་ཁྲིའུའི་ཁར༔ བུམ་པ་པད་དམར་སྣོད་དུ་བཞུགས་སུ་གསོལ༔ དཔལ་གཏོར་རི་རབ་སུམ་བརྩེགས་པད་འབུམ་ལྡན༔ ལྕོགས་ཟླུམ་དམར་པོ་ཉི་ཟླ་ནོར་བུས་བརྒྱན༔ རྣམ་ལྔ་ལ་སོགས་མཆོད་རྫས་གང་འབྱོར་བཤམ༔ ཡོལ་བ་བླ་རེ་དབྱངས་ཅན་སྐུ་རྟེན་རྣམས༔ བག་དྲོ་ལྷུན་ཆགས་གཟི་བརྗིད་ལྡན་པར་བཤམ༔ དེ་ནས་རྣལ་འབྱོར་གདན་དམར་སྟེང་འདུག་ལ༔ ལུས་ལ་ཁྲུས་གསོལ་དྲི་བཟང་ཆུ་ཡིས་བྱུགས༔ སྐྱབས་འགྲོ་སེམས་བསྐྱེད་སྟོང་ཉིད་སྙིང་རྗེ་བསྒོམ༔ སྭ་བྷཱ་བས་སྦྱང་སྟོང་པའི་ངང་ཉིད་ལས༔ པཾ་ལས་པདྨ་དཀར་དམར་འབུམ་ལྡན་དབུས༔ དེ་སྟེང་ཨ་ལས་ཉ་རྒྱས་ཟླ་བའི་དབུས༔ རང་རིག་ངོ་བོ་ཧྲཱིཾཿདམར་འོད་དུ་འབར༔ འཕགས་པ་མཆོད་ཅིང་སེམས་ཅན་ཐམས་ཅད་ཀྱི༔ བློ་གྲོས་སྤོབས་པའི་སྣང་བ་རབ་རྒྱས་ནས༔ ཡེ་ཤེས་འོད་ཀྱི་ཀུན་གསལ་མེ་ལོང་གྱུར༔ དེ་ཉིད་འོད་ཞུ་རང་ཉིད་དབྱངས་ཅན་མ༔ སྐུ་མདོག་དམར་མོ་བྱེ་རུའི་ལྷུན་པོ་ལ༔ ཉི་མ་ཤར་བཞིན་འོད་ཟེར་དམར་པོ་ཡིས༔ འཁོར་འདས་སྣང་སྲིད་འོད་དམར་ཕུང་པོས་ཁྱབ༔ རབ་ཏུ་དམར་གསལ་ཞལ་གཅིག་ཕྱག་གཉིས་མ༔ སྒེག་ཅིང་ཆགས་པའི་ཉམས་ལྡན་ཞི་ཞིང་འཛུམ༔ སྤྱན་དཀྱུས་རིང་བའི་ཡེ་ཤེས་སྤྱན་གསུམ་གྱིས༔ སེམས་ཅན་ཀུན་གཟིགས་ཚ་གདུང་སྡུག་བསྔལ་སེལ༔ དབུ་སྐྲ་སྣུམ་འབོལ་རལ་པ་མཐོན་མཐིང་འཕྱངས༔ དར་དམར་སྟོད་གཡོགས་ཤམ་ཐབས་ན་བཟའ་ལྷུབ༔ དབུ་རྒྱན་སྙན་རྒྱན་མགུལ་ཆུ་དོ་ཤལ་མཛེས༔ ཕྱག་དཔུང་ཞབས་དང་སེ་མོ་དོ་ལ་སོགས༔ རིན་ཆེན་སྣ་ཚོགས་འབར་བའི་རྒྱན་གྱིས་སྤྲས༔ དར་ཟབ་སྣ་ཚོགས་ཅོད་པན་གཡེང་ཞིང་འཕུར༔ ནུ་མ་འབུར་ཞིང་གསང་རྒྱས་ཟུང་གིས་མཚན༔ དྭངས་མ་ལྔ་ལྡན་འཇའ་ཐིག་འོད་འབར་ཀློང༔ ཕྱག་གཡས་ཨུཏྤལ་ཟླ་སྟེང་དགོས་འདོད་ཀྱི༔ ཡིད་བཞིན་ནོར་བུ་དབང་རྒྱལ་སྐྱབས་སྦྱིན་བསྣམས༔ གཡོན་པས་ཨུཏྤལ་དང་བཅས་བློ་གྲོས་ཀྱི༔ ཤེས་རབ་སྣང་བ་སྐྱེད་བྱེད་མེ་ལོང་བསྣམས༔ བླ་མ་སྣང་མཐའ་ཡས་ཀྱིས་དབུར་བརྒྱན་པའི༔ གནས་གསུམ་འབྲུ་གསུམ་དཀར་དམར་མཐིང་གསུམ་ལས༔ འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་འཕྲོས་པས༔ ལྷོ་ཕྱོགས་ལྔ་ལྡན་རྒྱ་མཚོ་འཁྱིལ་འགྲམ་དང༔ འོག་མིན་ཡོན་ཏན་བརྩེགས་པའི་ཞིང་མཆོག་ནས༔ རང་འདྲའི་རྒྱལ་ཡུམ་དབྱངས་ཅན་ལྷ་མོ་ལ༔ སངས་རྒྱས་བྱང་སེམས་འཕགས་ཚོགས་འཁོར་གྱིས་བསྐོར༔ སྤྲིན་ཕུང་གཏིབས་བཞིན་གཉིས་མེད་སྤྱན་དྲངས་བསྟིམ༔ མ་མ་ཧྲཱིཾ་ཧྲཱིཾ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ བཛྲ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ན་མོ་པདྨ་ཀ་མ་ལཱ་ཡ་སཏྭཾ༔ ན་མོ་པུ་རུ་ཤ་ཡ་ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཕྱི་ནང་མཆོད་པས་མཆོད༔ དེ་ནི་བསྐྱེད་པ་སྐུའི་དཀྱིལ་འཁོར་གྱི་རིམ་པའོ༔ བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ དེ་ནས་བཟླས་པ་སྔགས་ཀྱི་དཀྱིལ་འཁོར་ནི༔ རང་གི་སྙིང་གར་པད་འབུམ་ཟླ་བའི་སྟེང༔ ཧྲཱིཾཿདམར་ཡེ་ཤེས་འོད་ཀྱི་ཕུང་པོར་བསམ༔ དེ་ལ་གསང་སྔགས་རྒྱལ་པོ་བཀླག་ཐབས་བསྐོར༔ དེ་ལས་འོད་ཟེར་དམར་པོ་དཔག་མེད་ནི༔ ཕྱོགས་བཅུ་ཀུན་འཕྲོས་རྒྱལ་བའི་ཞིང་ཀུན་ཏུ༔ རྒྱལ་བ་རྒྱ་མཚོའི་ཚོགས་ལ་མཉེས་མཆོད་འབུལ༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་འཕགས་པའི་ཚོགས༔ ཉན་རང་གྲུབ་ཐོབ་རིག་འཛིན་དཔག་མེད་དང༔ གཞན་ཡང་སར་གནས་བྱང་སེམས་དཔག་མེད་པའི༔ མཐོང་ཐོས་བློ་གྲོས་སྣང་བ་རབ་རྒྱས་པའི༔ པཎ་གྲུབ་རྒྱ་མཚོའི་ཚོགས་ཀུན་ཐམས་ཅད་ཀྱི༔ ཤེས་རབ་རབ་རྒྱས་བློ་གྲོས་སྣང་བ་ཀུན༔ ཤེས་རབ་ངོ་བོར་འོད་ཕུང་ཟེར་ཐག་སྦྲེང༔ ཧྲཱིཾཿདམར་ངོ་བོ་ཏིལ་སྒོང་ཁ་ཕྱེས་ལྟར༔ ཐེེམ་མེར་ནེམ་མེར་སྣང་གྲགས་ཀུན་གང་ནས༔ བདག་ལུས་དང་ནི་རང་རིག་ཧྲཱིཾཿལ་ཐིམ༔ ཚེ་རབས་ཐོག་མཐའ་མེད་པའི་ལས་སྒྲིབ་ཀུན༔ སྦྱངས་ནས་ཤེས་རབ་ཚ་ཟེར་རབ་འབར་ཞིང༔ བློ་གྲོས་སྤོབས་པའི་སྣང་བ་རབ་རྒྱས་བསམ༔ ཡེངས་མེད་དྲན་པའི་འཛིན་ཕུར་ཡང་ཡང་གདབ༔ ཡིད་གཉིས་ཐེ་ཚོམ་སྤོངས་ལ་གསང་སྔགས་ཀྱི༔ གཅིག་ཆོག་རྒྱལ་པོའི་སྔགས་འདི་སྨྲ་བཅད་བཟླ༔ ཨོཾ་ས་ར་སྭ་ཏྱཻ་ཧྲཱིཾ་ཧྲཱིཾ་སྭཱ་ཧཱ༔ ཞག་བདུན་བསྒྲུབས་པས་སྐལ་ལྡན་རབ་འབྲིང་མཐས༔ དངོས་ཉམས་ཐ་མ་རྨི་ལམ་དག་ཏུ་ཡང༔ རབ་ནི་ཞལ་མཇལ་ཆོས་གསུང་ལུང་བསྟན་ཐོབ༔ འབྲིང་གིས་ཉམས་སྣང་ཐ་མས་རྨི་ལམ་དུ༔ འགྲུབ་འགྱུར་འདི་ལ་ཐེ་ཚོམ་ཟ་མི་འགྱུར༔ ཐ་མའི་ཐ་མ་རྣམས་ཀྱིས་རྨི་ལམ་དུ༔ འོད་ཕུང་དམར་པོ་མཐོང་དང་རྒྱབ་གོས་དམར་པོ་གོན༔ མར་མེ་ཐོགས་དང་ཉི་ཟླ་ཤར་བ་དང༔ གསུང་རབ་གླེགས་བམ་རྙེད་དང་མིས་སྟེར་དང༔ སྣག་ཚྭ་འཐུང་དང་ཡི་གེ་འབྲི་རྣམས་རྨིས༔ ཞག་བདུན་བསྒྲུབས་པས་རྟགས་ཆེན་རྫོགས་པ་ཡི༔ གོ་བློ་རྩོམ་བློ་རྩོད་བློ་བཤད་བློ་དང༔ བློ་གྲོས་སྤོབས་པའི་སྣང་བ་ཀུན་རྒྱས་ནས༔ པཎ་གྲུབ་ཀུན་གྱི་དབང་ཕྱུག་ཆེན་པོར་འགྱུར༔ འདི་འདྲའི་གདམས་པ་ཟབ་རྒྱ་ཁྱད་པར་འཕགས༔ དཀོན་མོད་རྒྱལ་ཁམས་འགྲིམ་དང་མཐོང་བར་འགྱུར༔ བདེན་རྫུན་ལག་ཏུ་ལོངས་དང་ངེས་ཤེས་སྐྱེ༔ མ་འོངས་ང་སྤྲུལ་ལས་ཅན་སྙིང་གི་བུས༔ གདུང་འཛིན་རིག་འཛིན་སྐྱེས་ཆེན་མ་གཏོགས་པ༔ ཙིཏྟའི་གའུར་རྡ་ཐིམ་བཛྲ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ དཔལ་ལྡན་སྔགས་ཀྱི་སྲུང་མས་བཀའ་འདི་སྲུངས། །ལྟ་ལོག་བདུད་རིགས་བྱུང་ན་དབང་པོ་སྣུབས། །བདག་འདྲ་རྣལ་འབྱོར་ནུས་ལྡན་རྡོ་རྗེ་ཡིས། །ལྷ་རབས་རི་དབང་རྒྱལ་པོ་སྤུན་དགུའི་གཙོ། ཁྲོ་རི་ཟིལ་ཁྲོམ་དཀར་ཡག་ཀེའུ་ཚང་ནས། །སྙིང་ཐིག་གྲོགས་ལྡན་རྣམས་དང་ལྷན་ཅིག་ཏུ། །སྤྱན་དྲངས་ལོ་དགུའི་བར་དུ་གསང་རྒྱས་བསྡམས། །ཤིང་ལུག་ལོ་ལ་རྟག་བརྟན་ཆོས་སྒར་དུ། །ཤོག་སེར་སྒྲ་ཚིག་གསལ་བར་ལེགས་བསྒྱུར་བ། །རྒྱལ་སྲས་ནུས་ལྡན་འཇིགས་མེད་རྡོ་རྗེ་འོ། །རྣམ་དཀར་ངོས་ན་རྣམ་དག་ལེགས་བཀྲ་བའི། །ཡི་གེའི་རིས་བྱེད་ཀུན་བཟང་རྣམ་རྒྱལ་ལོ། །སརྦ་མདྒ་ལཾ།། །།

སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་ཆོས་འབྱུང་ནོར་བུའི་ཕྲེང་བ་ (Volume 1, Text 1)

རྣམ་ཐར་ཟངས་གླིང་མ་

༄༅༔ ༔སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་ཆོས་འབྱུང་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ༔

རྣམ་ཐར་ཟངས་གླིང་མའོ།།

ཆོས་སྐུ་སྣང་བ་མཐའ་ཡས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག༔ སྤྲུལ་སྐུ་པདྨ་འབྱུང་གནས་ཏེ༔ སྐུ་གསུམ་གྱི་ལྷ་ལ་ཕྱག་འཚལ་ལོ༔ཞིང་ཁམས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ༔ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས༔ སངས་རྒྱས་སྣང་བ་མཐའ་ཡས་ཞེས་བྱ་བ་དེས༔སྤྲུལ་སྐུ་ཤཱཀྱ་ཐུབ་པའི་ཞིང་ཁམས༔ མི་མཇེད་འཇིག་རྟེན་གྱི་ཁམས༔ ལྷོ་ཕྱོགས་ཛམྦུའི་གླིང༔ ཨུ་རྒྱན་དང་རྒྱ་གར་གྱི་ཡུལ༔ ཁྱད་པར་དུ་བོད་ཁ་བ་ཅན་གྱི་ཞིང་ཁམས་ཐམས་ཅད༔འཕགས་པ་སྤྱན་རས་གཟིགས་ཀྱིས་འདུལ་བའི་ཕྱིར༔ སྤྲུལ་སྐུ་པདྨ་འབྱུང་གནས་ཞེས་བྱ་བས་འགྲོ་བའི་དོན་མཛད་པར་སྤྲུལ་ལོ༔ སྤྲུལ་སྐུ་པདྨ་འབྱུང་གནས་ཞེས་བྱ་བ་དེ༔ སྐུ་ཆེ་བའི་ཡོན་ཏན་དང་རྣམ་ཐར་ཇི་ལྟ་བུ་དང་ལྡན་ཞེ་ན༔ དེ་ཡང་རྒྱ་གར་ཡུལ་གྱི་ནུབ་ཕྱོགས༔ དཔལ་ཨུ་རྒྱན་ཞེས་བྱ་བའི་ཡུལ་རིན་པོ་ཆེ་འབར་བ་ཞེས་བྱ་བའི་གྲོང་ཁྱེར་ན༔ བཻ་ཌཱུརྻ་བྱ་བའི་ཕོ་བྲང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་ཡོད་དོ༔ དེའི་ནང་ན་རིན་པོ་ཆེ་འབར་བའི་ཁྲི་ཆེན་པོའི་སྟེང་ན༔ ཆོས་སྐྱོང་བའི་རྒྱལ་པོ་ཨིནྡྲ་བོ་དྷི་ཞེས་བྱ་བ་བཙུན་མོ་བརྒྱ་རྩ་བརྒྱད་དང༔ ཕྱི་བློན་དང༔ ནང་བློན་དང༔ བར་བློན་དང༔ འཁོར་དཔག་ཏུ་མེད་པ་དང་བཅས་པ༔ ཨུ་རྒྱན་གྱི་རྒྱལ་ཁམས་ལ་མངའ་མཛད་ཅིང་བཞུགས་པ་ལ༔ སྲས་རྒྱལ་བ་མི་མངའ་ནས༔ དབྱར་ཟླ་ར་བའི་ཚེས་བཅོ་ལྔ་ལ༔ བླའི་མཆོད་གནས་ཐམས་ཅད་བསྡུས་ནས༔ དཀོན་མཆོག་ལ་མཆོད་པ་རྒྱ་ཆེན་པོ་ཕུལ་ཏེ༔ ཆོས་ཀྱི་སྤྲིན་ཞེས་བྱ་བའི་མདོ་སྡེ་ཚར་གཅིག་བཏོན་ནས༔ འགྲོ་བ་རྣམས་ལ་མཆོད་སྦྱིན་རྒྱ་ཆེན་པོ་བྱེད་པར་དམ་བཅས་ཏེ༔ དཀོར་མཛོད་ཀྱི་ནོར་ཐམས་ཅད་སྦྱིན་པར་བཏང་ནས་ལོ་མང་དུ་ལོན་པ་དང༔ དཀོར་མཛོད་ཐམས་ཅད་ཟད་ཅིང་སྟོང་དུ་ཉེ་བར་གྱུར་ཏེ༔ སྦྱིན་པའི་འཕྲོ་ཆད་ཀྱང་སློང་མོའི་འཕྲོ་མ་ཆད་ནས༔ བློན་པོ་རྣམས་ཀྱིས་དཀོར་མཛོད་ཐམས་ཅད་ཟད་ཅིང་སྟོང་ནས་མེད་དོ༔ ཞེས་སྨྲས་པས༔ སློང་མོ་བ་རྣམས་ན་རེ༔ འོ་ན་ངེད་ཅག་ལ་མ་བྱིན་ན༔ སྔར་གཞན་ལ་བྱིན་པ་ཐམས་ཅད་ཀྱང་དོན་མེད་དུ་འགྱུར་རོ༔ ཞེས་སྨྲས་པས༔ རྒྱལ་པོའི་ཐུགས་དགོངས་ལ༔ ད་ཕྱིའི་རྒྱ་མཚོའི་གླིང་ན༔ ཀླུའི་རྒྱལ་པོའི་བུ་མོ་མཛེས་ལྡན་མ་ཞེས་བྱ་བའི་ལག་ན་ནོར་བུ་རིན་པོ་ཆེ་དགོས་འདོད་ཐམས་ཅད་འབྱུང་ལ༔ ཟད་མི་ཤེས་པ་ཞིག་ཡོད་པར་འདུག༔ དེ་ཆོས་ཀྱི་སྦྱིན་པ་གཏོང་བའི་བྱང་ཆུབ་སེམས་དཔའ་ཞིག་གིས་བསླང་ན་སྟེར་བ་ཡིན་པར་འདུག་པས༔ དེ་བླངས་ནས་སེམས་ཅན་ལ་སྦྱིན་པ་གཏོང་དགོས་སྙམ་སྟེ༔ རྒྱ་མཚོ་ལ་གཟིངས་བཅས་ནས༔ ཕྱིའི་རྒྱ་མཚོ་ལས་ནོར་བུ་རིན་པོ་ཆེ་ལན་མང་དུ་བླངས་པའི་དེད་དཔོན་གཅིག་ཡོད་པ་ལ་བཀའ་བསྒོས་ཏེ་འཁོར་རྣམས་དང་ཆས་པ་ལ༔ རྒྱལ་པོ་ལ་བློན་འབངས་རྣམས་ཀྱིས་མི་བཞུད་པར་ཞུས་ཀྱང་མ་གནང་སྟེ༔ གཟིངས་ཀྱི་ནང་དུ་ཞུགས་ནས་ཕྱོགས་བཞིར་དར་པོ་ཆེ་བཞི་ཕྱར་ནས༔ མཐུན་པའི་རླུང་བྱུང་བ་དང་འགྲོ༔ མི་འདོད་པའི་རླུང་བྱུང་བ་དང་མི་འགྲོ་བར་ཕྱོགས་བཞིར་ཞ་ཉེའི་གཏིང་རྡོ་ཆེན་པོ་བཞི་རྔ་མའི་ཐག་པ་ལ་དཔྱང་དུ་བཅུག་སྟེ༔ གཟེངས་བསྟོད་པར་བྱས་ནས༔ རྒྱལ་པོ་འཁོར་བཅས་ཕྱིའི་རྒྱ་མཚོ་ལ་ཉག་ཐག་བཅད་ནས་བཞུད་དོ༔ དེ་ནས་གཟིངས་ལ་དར་པོ་ཆེ་ཕྱར་ཏེ༔ འདོད་པའི་རླུང་གི་ཕྱོགས་སུ་བཏང་པས་དཔག་ཆེན་གྱི་མདའ་འཕངས་པ་ལྟར་བཞུད་དོ༔ དེ་ནས་རིན་པོ་ཆེའི་གླིང་དུ་ཕྱིན་པ་དང༔ འཁོར་རྣམས་རིན་པོ་ཆེའི་གླིང་ཞིག་ཏུ་བཞག་ནས༔ རྒྱལ་པོ་དང་དེད་དཔོན་གཉིས་གྲུ་ཆུང་གཅིག་ཏུ་བཞུད་དོ༔ དེ་ནས་རི་དཀར་པོ་གཅིག་སྣང་བ༔ ཕ་ཀིའི་རི་དེ་ཅི་ཡི་རི་ཡིན་དྲིས་པས༔ ཕ་ཀིའི་རི་དེ་རིན་པོ་ཆེ་དངུལ་གྱི་རི་ཡིན་ཟེར་རོ༔ དེ་ནས་ཡང་སོང་བ་དང༔ རི་སྔོན་པོ་གཅིག་སྣང་བས་ཅིའི་རི་ཡིན་དྲིས་པས༔ རིན་པོ་ཆེ་བཻཌཱུརྻའི་རི་ཡིན་ཟེར་རོ༔ དེ་ནས་རི་སེར་པོ་གཅིག་སྣང་བ་དྲིས་པས༔ དེ་ནི་གསེར་གྱི་རི་ཡིན་ཟེར་རོ༔ ཕ་ཀིའི་རྩར་འགྲོ་བ་ཡིན་ཟེར་ནས༔ དེའི་རྩར་ཕྱིན་པ་དང༔ གསེར་གྱི་བྱེ་མའི་ས་གཞི་སྣང་སྟེ༔ རི་དེའི་མདུན་ན་རིན་པོ་ཆེ་སྣ་ཚོགས་ལས་བྱས་པའི་མཁར་ཞིག་སྣང་ངོ༔ དེད་དཔོན་གྱིས་རྒྱལ་པོ་ལ་སྨྲས་པ༔ ང་འདིར་བསྡད་ཀྱི༔ རྒྱལ་པོ་ཕ་ཀིར་བཞུད་ཅིག༔ མཁར་དེའི་རྒྱབ་རིམ་ན་མཚོ་རིམ་པ་བདུན་གྱིས་བསྐོར་ནས་ཡོད༔ དེ་འདས་པའི་ནང་ན་དུག་སྦྲུལ་ལ་སོགས་པའི་སེམས་ཅན་གདུག་པ་ཅན་མང་པོ་ཡོད་པས༔ བྱང་ཆུབ་ཀྱི་སེམས་སྒོམས་ལ་སོང་ཞིག༔ དེའི་ནང་ན་རིན་པོ་ཆེ་སྣ་ཚོགས་ཀྱི་ལྕགས་རི་སྒོ་བཞི་དང་ལྡན་པ༔ ཀླུའི་བུ་མོས་སྒོ་སྲུང་ཞིང་ཡོད་པས༔ དེ་ལ་གསོལ་བ་ཐོབ་ལ་སྒོ་ཕྱེས༔ དེའི་ནང་གི་ཕོ་བྲང་གི་མདུན་ན༔ རྡོ་རྗེའི་གཏུན་བུ་ཞིག་ཡོད་པས་དེས་སྒོ་རྡུངས་ཤིག༔ ལྷའི་བུ་མོ་བརྒྱས་རིན་པོ་ཆེ་འབུལ་དུ་འོང་གི༔ དེ་ལ་ཡང་གཏམ་མ་སྨྲ་བར་ཡང་སྒོ་རྡུངས་ཤིག༔ མཇུག་ཏུ་ཀླུའི་བུ་མོ་མཛེས་ལྡན་མ་ཞེས་བྱ་བ༔ བུ་མོ་སྔོན་མོ་མཛེས་མ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་གཅིག་འོང་གི༔ དེ་ལ་ཇི་ལྟ་བའི་ལོ་རྒྱུས་སྙན་དུ་གསོལ་ལ་ནོར་བུ་ཞུས་ཤིག༔ དེས་ནོར་བུ་རིན་པོ་ཆེ་ཁ་དོག་སྔོན་པོ་འོད་ཟེར་སྣ་ལྔ་འཕྲོ་བ་ཞིག་འབུལ་དུ་འོང་གི༔ དེ་མྱུར་དུ་ལོངས་ལ་མ་ཤོར་བར་གོས་ཀྱི་ཕུ་དུང་དུ་ཐུམས་ལ་ཤོག་ཅིག༔ དེ་ནི་ནོར་བུ་རིན་པོ་ཆེ་བསམ་དགུ་འགྲུབ་པ་ཡིན་ནོ༔ ཞེས་དེད་དཔོན་གྱིས་རྒྱལ་པོ་ལ་བསླབས་ཏེ་བཏང་ང༔ དེ་ནས་རྒྱལ་པོས་དེ་ལྟར་ཕྱིན་པ་དང༔ དང་པོ་མཚོ་རིམ་པ་བདུན་ལས་བརྒལ་ནས༔ དེ་ནས་དུག་སྦྲུལ་གྱི་གླིང་དུ་ཕྱིན་པ་དང༔ རྒྱལ་པོས་བྱང་ཆུབ་ཀྱི་སེམས་བསྒོམས་པས༔ ཁ་རླངས་ཀྱི་དུག་ལ་སོགས་པས་གནོད་པར་མ་གྱུར་ཏོ༔ དེ་ནས་ལྕགས་རིའི་སྒོ་སྲུང་བའི་བུ་མོ་རྣམས་ལ་གསོལ་བ་བཏབ་པས་སྒོ་ཕྱེས་ཏེ༔ ཕོ་བྲང་གི་མདུན་གྱི་རྡོ་རྗེའི་གཏུན་གྱིས་སྒོ་བརྡུངས་པས༔ ཅུང་ཞིག་ནས༔ ཀླུའི་བུ་མོ་མཛེས་ལྡན་མ་བྱ་བ་དེ་བྱུང་ནས༔ ངེད་ཀྱི་ཕོ་བྲང་འདིར་རྨང་པོ་ཕལ་ཆེར་མི་ཕྱིན་པ་ཡིན་ནོ༔ ཁྱོད་བསོད་ནམས་ཅན་ཞིག་འདུག་པས༔ ཅི་འདོད་ཅེས་སྨྲས་སོ༔ དེ་ནས་རྒྱལ་པོས་སྔོན་གྱི་ལོ་རྒྱུས་རྣམས་ཞིབ་ཏུ་སྨྲས་ནས༔ ང་ནི་ནོར་བུ་རིན་པོ་ཆེ་འདོད་བྱས་པས༔ བུ་མོ་དེས་རྗེས་སུ་ཡི་རང་སྐྱེས་ནས༔ སྤྱི་བོའི་གཙུག་ནས་ནོར་བུ་རིན་པོ་ཆེ་ཕྱུངས་ཏེ་རྒྱལ་པོ་ལ་ཕུལ་ལོ༔ དེ་ནས་རྒྱལ་པོས་ནོར་བུ་རིན་པོ་ཆེ་བསྣམས་ནས་ཕྱིན་པས༔ ནོར་བུ་དེའི་བྱིན་རླབས་ཀྱིས་ལམ་བགྲོད་པར་མ་དགོས་ཏེ༔ དེད་དཔོན་གྱི་རྩར་ཕྱིན་ནས༔ དེད་དཔོན་དྲིན་ཆེའོ༔ ཞེས་སྨྲས་སོ༔ དེ་ནས་རྒྱལ་པོ་དང་དེད་དཔོན་གཉིས་སྐད་ཅིག་ལ་འཁོར་ཡོད་པའི་རྩར་ཕྱིན་པར་གྱུར་ཏོ༔ དེ་ནས་དེད་དཔོན་རིན་པོ་ཆེ་བརྟག་པ་ལ་མཁས་པ་དེས༔ རིན་པོ་ཆེ་མཆིང་བུ་ལ་སོགས་པ་དང༔ རིན་པོ་ཆེ་སྣ་ཚོགས་བགོས་ཏེ་འཁོར་རྣམས་ལ་བྱིན་ནས༔ མང་ན་གཟིངས་ཆུར་བྱིང་ནས་སྲོག་འདོར་བར་བྱེད་དོ༔ ཆོག་ཤེས་པར་གྱིས་ཤིག་ཅེས་སྨྲས་སོ༔ དེ་ནས་གཟིངས་ཁ་ལོ་བསྒྱུར་ནས༔ རྒྱལ་པོ་འཁོར་དང་བཅས་ནརང་ཡུལ་ཕྱོགས་སུ་ཡོང་བ་དང༔ རྒྱ་མཚོའི་གླིང་ཞིག་ཏུ༔ པདྨའི་སྡོང་པོ་ཁ་དོག་སྣ་ཚོགས་དང་ལྡན་པ་ཞིག་སྐྱེས་པའི་སྟེང་ན༔ ཁྱེའུ་ཆུང་ལོ་བརྒྱད་ལོན་པའི་ན་ཚོད་ཙམ༔ བལྟ་ན་སྡུག་པ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ༔ ཕྱག་ན་རྡོ་རྗེ་དང་པདྨ་འཛིན་པ་གཅིག་འདུག་ནས༔ ཤིན་ཏུ་ངོ་མཚར་སྐྱེས་ཏེ༔ རྒྱལ་པོས་ཁྱེའུ་ཆུང་ལ་སྨྲས་པ༔ ཁྱེའུ་ཆུང་ཁྱོད་ཀྱི་ཕ་ནི་གང་ཡིན༔ མ་ནི་གང་ཡིན༔ རིགས་ནི་གང་ཡིན༔ ཡུལ་ནི་གང་ཡིན༔ ཟས་ནི་ཅི་ལ་བརྟེན༔ འདིར་ནི་དོན་ཅི་བྱེད་དྲིས་པས༔ ཁྱེའུས་སྨྲས་པ༔ བདག་གི་ཕ་ནི་རང་རིག་པའི་ཡེ་ཤེས་ཡིན་ནོ༔ མ་ནི་ཆོས་དབྱིངས་ཀུན་ཏུ་བཟང་མོ་ཡིན་ནོ༔ རིགས་ནི་དབྱིངས་དང་རིག་པ་གཉིས་སུ་མེད་པར་གཏོགས་སོ༔ ཡུལ་ནི་ཆོས་དབྱིངས་སྐྱེ་བ་མེད་པར་བཟུང་ངོ༔ ཟས་སྐལ་ནི་གཉིས་སྣང་གི་རྟོག་པ་ཟའོ༔ འདིར་ནི་ཉོན་མོངས་པ་གསོད་པའི་སྤྱོད་པ་བྱེད་དོ༔ ཅེས་སྨྲས་པས༔ རྒྱལ་པོ་ངོ་མཚར་སྐྱེས་ནས༔ འདི་ནི་སྤྲུལ་པའི་སྐུ་ཞིག་ཏུ་འདུག་སྙམ་ནས༔ ངའི་བུ་སྐལ་དང་མཆོད་གནས་བྱའོ་གསུངས་ནས༔ རྒྱལ་པོས་ཕྱག་དར་གྱིས་ལྕིབས་ཏེ་ཁྱེའུ་བླངས༔ པདྨའི་སྡོང་པོ་དེ་ཡང་བཅད་ནས་ཁྱེའུ་བཅས་པ་ཁྱེར་ཏེ༔ རྒྱལ་པོ་ཉིད་ཀྱི་ཡུལ་དུ་ཕྱིན་པར་གྱུར་ཏོ༔ དེ་ནས་འཁོར་འབངས་རྣམས་རབ་ཏུ་དགའ་ནས་རྒྱལ་པོ་ལ་བསུ་བ་ཆེན་པོ་ཡང་བྱས་སོ༔ དེ་ནས་རྒྱལ་པོས་ནོར་བུ་རིན་པོ་ཆེ་དེ་ཕྱག་ཏུ་བཟུང་ནས་སྨོན་ལམ་འདི་སྐད་བཏབ་བོ༔ ངས་རྙེད་པའི་ནོར་བུ་རིན་པོ་ཆེ་འདི༔ ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་མ་ནོར་བ་ཡིན་ན༔ ང་ཡི་ཁྱེའུ་ཆུང་འདི་བཞུགས་པའི་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་ཁྲི་ཆེན་པོ་ལ༔ རིན་པོ་ཆེའི་འཕན་གདུགས་ཀྱིས་བརྒྱན་པ་ཞིག་ཡོད་པར་གྱུར་ཅིག༔ ཅེས་བརྗོད་མ་ཐག་ཏུ༔ རིན་པོ་ཆེའི་ཁྲི་གདུགས་བྱུང་སྟེ༔ དེ་ལ་ཁྱེའུ་ཆུང་བཞུགས་ནས༔ རྒྱལ་བུར་མངའ་གསོལ་ནས༔ མཚན་ཡང་རྒྱལ་པོ་མཚོ་སྐྱེས་རྡོ་རྗེར་བཏགས་སོ༔ དེ་ནས་རྒྱལ་པོས་ནོར་བུ་རིན་པོ་ཆེ་འདི༔ ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་མ་ནོར་བ་ཡིན་ན༔ བདག་གིས་སྔོན་ཆད་སྦྱིན་པ་བཏང་པའི་བང་མཛོད་སྟོང་པ་ཐམས་ཅད་སྔར་ཇི་ལྟར་ཡོད་པ་བཞིན་གང་བར་གྱུར་ཅིག༔ ཅེས་བརྗོད་མ་ཐག་ཏུ༔ སྔོན་གྱི་བང་མཛོད་ཅི་ལྟར་གང་བར་གྱུར་ཏོ༔ དེ་ནས་རྒྱལ་པོས་རྔ་བོ་ཆེ་བརྡུངས་ནས༔ ཕྱོགས་ཐམས་ཅད་དུ་སྙན་པའི་སྒྲ་བསྒྲགས་ཏེ༔ རྒྱལ་པོ་ཨིནྡྲ་བོ་དྷི་ངས༔ ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་དགོས་འདོད་ཐམས་ཅད་ཆར་བཞིན་དུ་འབེབས་པས༔ ཅི་འདོད་པ་གང་ལ་གང་འདོད་པ་ཐམས་ཅད་ལོངས་ཤིག་ཅེས་བྱ་བའི་སྒྲ་བསྒྲགས་སོ༔ དེ་ནས་རྒྱལ་པོས་ནོར་བུ་རིན་པོ་ཆེ་ལ་ཁྲུས་ཆབ་གསོལ༔ རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས༔ ག་བུར་དང་ཙན་དན་གྱི་དྲིས་བདུགས༔ མཆོད་པ་རྒྱ་ཆེན་པོ་བཤམས༔ རྒྱལ་པོས་ཁྲུས་བྱས་གོས་གཙང་མ་བགོས་ཏེ༔ ཕྱོགས་བཞིར་ལྷ་ལ་ཕྱག་འཚལ་ནས༔ འདི་སྐད་ཅེས་གསོལ་བ་བཏབ་བོ༔ ངས་རྙེད་པའི་ནོར་བུ་རིན་པོ་ཆེ་འདི༔ ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་མ་ནོར་བ་ཡིན་ངེས་ན༔ མི་དང་སེམས་ཅན་ཐམས་ཅད་ཀྱིས་ཅི་འདོད་པ་ཆར་བཞིན་དུ་ཕོབ་ཅིག་ཅེས་བརྗོད་མ་ཐག་ཏུ༔ ཕྱོགས་བཞིར་རླུང་ལངས་ནས་མི་གཙང་བ་ཐམས་ཅད་ཕྱགས༔ ཆར་སིལ་བུར་བབས་ནས་རྡུལ་མི་ལྡང་བར་བྱས་ཏེ༔ བྱི་དོར་ལེགས་པར་བྱས་སོ༔ དེ་ནས་ནོར་བུ་དེ་ལས་ཁ་ཟས་རོ་བརྒྱ་དང་ལྡན་པའི་ཆར་བབས་ནས་ལྟོགས་པ་ཐམས་ཅད་ཚིམས་པར་བྱས་སོ༔ དེ་ནས་གོས་ཀྱི་ཆར་བབས་ནས་འཁྱགས་པ་ཐམས་ཅད་ཚིམས་པར་བྱས་སོ༔ དེ་ནས་ནོར་གྱི་ཆར་བབས་ནས༔ གང་ལ་གང་འདོད་ཀྱིས་ཐམས་ཅད་ཚིམས་པར་བྱས་སོ༔ དེ་ནས་རྒྱལ་པོའི་མངའ་འོག་ན་འདུག་པ་ཐམས་ཅད་ལ་ད་ནི་ཁྱེད་རྣམས་ཐམས་ཅད་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་ཅིག་ཅེས་བཀའ་བསྒོས་པས༔ དེ་རྣམས་ཐམས་ཅད་བྱང་ཆུབ་ཀྱི་སེམས་བསྐྱེད་ནས༔ ཕྱིར་མི་ལྡོག་པའི་འབྲས་བུ་ཐོབ་པར་གྱུར་ཏོ༔ སློབ་དཔོན་པདྨའི་སྐྱེས་རབས་དྲི་མ་མེད་པ་ལས༔ རྒྱལ་པོ་ཨིནྡྲ་བོ་དྷིས་ཡབ་མཛད་པ་དང་རྒྱལ་ས་བཟུང་བའི་ལེའུ་སྟེ་དང་པོའོ༔ ༔དེ་ནས་རྒྱལ་བུ་སྤྲུལ་པའི་སྐུ་དེས༔ རྒྱལ་སྲིད་བཟུང་པས་འགྲོ་བའི་དོན་མི་འོང་བར་ཐུགས་ཀྱིས་དགོངས་ནས༔ རྒྱལ་བློན་རྣམས་ཞེན་པ་བཟློག་པའི་ཕྱིར༔ བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་དེ༔ སྐུ་གཅེར་བུ་རུས་པའི་རྒྱན་གསོལ༔ ཕྱག་ན་བདེ་སྟོང་ཟུང་འཇུག་གི་ཌཱ་མ་རུ་དང༔ དུག་གསུམ་རྩད་ནས་གཅོད་པའི་ཁ་ཊྭཱཾ་ག་རྩེ་གསུམ་པ་ཞིག་ཐོགས་ནས༔ ཕོ་བྲང་གི་རྩེ་ལ་གར་མཛད་པས༔ ལྟ་བའི་མི་མང་པོ་འཚོགས་པ་ལ༔ ཉིན་ཅིག་ཁ་ཊྭཱཾ་ག་ལག་ནས་ཤོར་བཙུག་བྱས་ཏེ༔ བློན་པོའི་ནང་ནས་དབང་ཆེ་བ་ཀ་མ་ལ་ཏེ་ཞེས་བྱ་བའི་བུའི་མགོ་ལ་བརྒྱབས་པས༔ བློན་པོའི་བུ་བཀུམས་པར་གྱུར་ཏོ༔ དེ་ཡང་རྒྱལ་ཁྲིམས་གང་གིས་ཉེས་པ་དེ་ལ་ཆད་པ་གཅོད་པས༔ བློན་པོ་རྣམས་འདུས་ནས་རྒྱལ་པོ་ལ་ཞུས་པ༔ ཁྱེའུ་འདི་རྒྱལ་པོར་མངའ་གསོལ་ཡང༔ ཚུལ་མ་ཡིན་པའི་སྤྱོད་པ་བྱས་ནས༔ བློན་པོའི་བུ་བསད་ཡོད་པས༔ ད་རྒྱལ་བུ་རང་གསལ་ཤིང་གི་རྩེ་ལ་བསྐྱོན་ནས་ཆད་པ་གཅད་པར་འཚལ༔ ཞེས་སྨྲས་པས༔ རྒྱལ་པོའི་ཞལ་ནས༔ རྒྱལ་བུ་འདི་མི་མ་ཡིན་གྱི་བུ་ཞིག་ཡིན་ནམ༔ སྤྲུལ་པའི་སྐུ་ཞིག་ཡིན་མ་ཤེས་པས༔ བསད་པས་མི་ལེགས་སྤྱུགས་ལ་གཏང་ངོ༔ ཞེས་གསུངས་པས༔ བློན་པོ་རྣམས་ཀྱིས་སྤྱུགས་པར་ཐག་བཅད་དོ༔ དེ་ནས་ཡབ་རྒྱལ་པོའི་ཐུགས་ལ་གཅགས་ནས་མ་དགྱེས་ཏེ༔ རྒྱལ་ཁྲིམས་བཙན་པའི་དབང་གིས་མི་སྤྱུགས་པའི་དབང་མེད་པར༔ རྒྱལ་བུ་སྤྱན་སྔར་བོས་ཏེ༔ ཟས་སྐོམ་ཆ་མ་ཆོ་དགུ་སྤྱན་གཟིགས་སུ་དྲངས་ནས༔ རྒྱལ་པོས་སྨྲས་པ༔ རིན་ཆེན་མཚོ་དཀྱིལ་པདྨའི་སྡོང་པོ་ལས༔ ཕ་དང་མ་མེད་ཁྱེ་འུ་སྤྲུལ་པའི་སྐུ༔ སྲས་ཀྱིས་ཕོངས་ནས་རྒྱལ་སར་དབང་བསྐུར་བྱས༔ རྒྱལ་བུའི་སྤྱོད་པས་བློན་པོའི་ཕྲུ་གུ་བཀུམས༔ བློན་པོ་རྣམས་ཀྱིས་རྒྱལ་ཁྲིམས་ཆད་པས་གཅོད༔ སྤྱུགས་པར་གནང་བས་ད་ནི་གར་བདེར་སོངས༔ ཞེས་གསུངས་ཏེ༔ རྒྱལ་པོ་སྤྱན་ཆབ་ཕྱུང་ངོ༔ དེ་ནས་རྒྱལ་བུས་ཟས་ཀྱི་ཕུད་ཐམས་ཅད་ཡབ་རྒྱལ་པོ་ལ་དྲངས་ནས་སྨྲས་པ༔ འཇིག་རྟེན་འདི་ན་ཕ་དང་མ་དཀོན་ཡང༔ ཡབ་དང་ཡུམ་དུ་བགྱིས་ནས་རྒྱལ་ས་བཟུང༔ ལས་ཀྱི་ལན་ཆགས་བློན་པོའི་ཕྲུ་གུ་བཀུམས༔ ཡབ་ཀྱི་རྒྱལ་ཁྲིམས་གཉན་པས་བདག་ནི་སྤྱུགས་པ་ལེགས༔ འོན་ཀྱང་སེམས་ལ་སྐྱེ་ཤི་མེད་པས་ང་མི་འཇིགས༔ ཡུལ་ལ་ཞེན་པ་མེད་པས་སྤྱུགས་ཀྱང་ཉམ་མི་ང༔ ཡབ་དང་ཡུམ་ཡང་ཡུན་དུ་ཅི་བདེར་བཞུགས༔ ལས་ཀྱི་འབྲེལ་བས་ཕྱི་ནས་མཇལ་ཏེ་མཆི༔ ཞེས་སྨྲས་ཏེ༔ རྒྱལ་བུས་ཀྱང་ཡབ་དང་ཡུམ་ལ་ཕྱག་འཚལ་ནས༔ རྒྱལ་བུ་ཡང་སྤྱན་ཆབ་ཕྱུང་ངོ༔ ཡབ་ཡུམ་གཉིས་ཀྱིས་སྤྲུལ་པའི་སྐུ་ཞིག་ཡིན་སྙམ་སྟེ༔ ཤིན་ཏུ་མ་དགྱེས་ནས་དབུ་གཏུམས་ནས་གཟིམས་སོ༔ དེ་ནས་བློན་པོ་རྣམས་རྒྱལ་བུ་ཁྲིད་ནས༔ ཨུ་རྒྱན་ཡུལ་གྱི་ཤར་ཕྱོགས་ན༔ དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ཞེས་བྱ་བ་ན༔ མི་མ་ཡིན་དང༔ མི་རོ་དང༔ དུར་ཁྲོད་ཀྱི་བྱ་དང༔ གཅན་གཟན་གཏུམ་པོ་ཡོད་པ༔ ཤིན་ཏུ་འཇིགས་ཤིང་སྐྱི་གཡའ་བའི་གནས་དེར་བསྐྱལ་ལོ༔ ཡུལ་དེ་ཡི་ཆོས་ལུགས་ཀྱིས༔ མི་རོ་ཐམས་ཅད་དུར་ཁྲོད་དེར་བསྐྱལ་བ་ན༔ རོ་གོས་རས་ཡུག་རེས་གཏུམས༔ རོ་ཟས་འབྲས་ཆན་ཁལ་རེ་སྔས་སུ་བཅུག་ནས་འཇོག་པས༔ རྒྱལ་བུ་དེས་གསང་སྔགས་ཀྱི་རྣལ་འབྱོར་བྱས་ནས༔ གོས་སུ་རོ་གོས་གྱོན༔ ཟས་སུ་རོ་ཟས་གསོལ༔ གཡོ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་བཞུགས་ཏེ༔ ཤིན་ཏུ་ལོངས་སྤྱོད་དང་ལྡན་ཞིང་ཡོད་པ་ལ༔ དུས་ཕྱིས་ཡུལ་དེར་མུ་གེ་ཆེན་པོ་ཞིག་བྱུང་སྟེ༔ མི་ཕལ་ཆེར་ཤི་ནས་རོ་མང་དུ་བསྐྱལ་ཡང༔ རས་ཡུག་རེ་དང་རོ་ཟས་འབྲས་ཆན་སྐྱེལ་བ་ཡང་མེད་པར་གྱུར་ནས༔ གོས་སུ་མི་ལྤགས་བཤུས་ནས་གྱོན༔ ཟས་སུ་མི་རོ་ལ་གསོལ་ནས༔ དུར་ཁྲོད་ན་གནས་པའི་མ་མོ་མཁའ་འགྲོ་མ་རྣམས་དབང་དུ་བསྡུས་ཤིང༔ བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་ཅིང་བཞུགས་པའི་ཚེ༔ ཨུ་རྒྱན་ཡུལ་གྱི་གའུ་ཤོད་བྱ་བ་ན༔ སྡིག་སྤྱོད་ཀྱི་རྒྱལ་པོ་བརྒྱ་བྱིན་རཱ་ཙ་ཞེས་བྱ་བས་མངའ་འོག་ན་འདུག་པ་ཐམས་ཅད་ལོག་པའི་ལམ་ལ་བཙུད་ནས༔ ཕྱི་མར་ངན་སོང་དུ་འགྲོ་བར་འདུག་པས༔ དེ་རྣམས་དྲག་པོ་མངོན་སྤྱོད་ཀྱི་ལས་མིན་པས་མི་ཐུལ་བ་དགོངས་ནས༔ དབུའི་རལ་པ་སྤྱི་བོར་སྦྲུལ་གྱིས་བཅིངས༔ མི་ལྤགས་ཀྱི་གཡང་གཞི་སྐུ་སྟོད་ལ་མནབས༔ སྟག་ལྤགས་ཀྱིས་ཤམ་ཐབས་མཛད༔ ཕྱག་ན་ལྕགས་ཀྱི་མདའ་ལྔ་གཞུ་གཅིག་བསྣམས་ཏེ༔ སྡིག་སྤྱོད་ཀྱི་ཡུལ་དེར་བྱོན་ནས༔ ཕོ་བྱུང་བ་ཐམས་ཅད་བསད་ཅིང་ཤ་ཟོས་ཁྲག་འཐུང༔ མོ་བྱུང་བ་ཐམས་ཅད་ལ་སྦྱོར་བ་བྱས་ཏེ༔ ཐམས་ཅད་དབང་དུ་བསྡུས་ནས༔ ཏ་ན་ག་ན་སྦྱོར་སྒྲོལ་གྱི་ཆོ་ག་མཛད་པས༔ མི་རྣམས་ཀྱི་སྲིན་པོ་ཤཱནྟ་རཀྵི་ཏ་བྱ་བར་བཏགས་སོ༔ དེ་ནས་སྡིག་སྤྱོད་རྒྱལ་པོ་དེས༔ ཡུལ་གྱི་མི་བསྡུས་ནས༔ དུར་ཁྲོད་དུ་ལིངས་བཏབ་ལ་སྲིན་པོ་གསོད་པར་བགྲོས་ཏེ༔ རྒྱལ་པོ་ཉིད་ཀྱིས་རལ་གྲི་ཏར་མ་ཞི་བྱ་བ་ཐོགས༔ ཡུལ་དེར་མདའ་རྩལ་ཆེ་བ་ཞིག་ཡོད་པ་དེ་དུར་ཁྲོད་ཀྱི་མདའ་ན་འཕྲང་སྲུང་དུ་བཅུག་ཅིང༔ གཞན་ཐམས་ཅད་ཀྱིས་གོ་མཚོན་ཐོགས་ནས་དུར་ཁྲོད་ཀྱི་ཕུ་ནས་ལིངས་བཏབ་པས༔ སྲིན་པོས་འཕྲང་སྲུང་ལ་མདའ་བསྣུན་ནས་བསད་དེ༔ བྲོས་ཤོར་བས་མིང་ཡང་ཤོར་བ་གཞོན་ནུར་བཏགས་སོ༔ དེ་ནས་ཟ་ཧོར་གྱི་ཡུལ་དུ་བྱོན་ནས༔ དུར་ཁྲོད་ཆེན་པོ་དགའ་བའི་ཚལ་དུ་སྤྱོད་པ་མཛད་ཅིང་རོ་ལ་ལོངས་སྤྱད་པས༔ མཁའ་འགྲོ་བདུད་འདུལ་མ་ཞེས་བྱ་བས་དབང་བསྐུར་བྱིན་གྱིས་བརླབས་སོ༔ དེ་ནས་ཨུ་རྒྱན་ཡུལ་གྱི་ལྷོ་ཕྱོགས་དུར་ཁྲོད་སོ་སའི་གླིང་དུ་ཕྱིན་ནས་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པས༔ མཁའ་འགྲོ་མ་ཞི་བ་འཚོས་དབང་བསྐུར་བྱིན་གྱིས་བརླབས་སོ༔ དེ་ནས་སྔར་པདྨ་ལས་འཁྲུངས་པའི་རྒྱ་མཚོའི་གླིང་དེར་བྱོན་ནས༔ གསང་སྔགས་མཁའ་འགྲོའི་བརྡ་སྐད་ཀྱིས་བསྒྲུབས་པས་རྒྱ་མཚོའི་གླིང་ན་གནས་པའི་མཁའ་འགྲོ་མ་བཞི་དབང་དུ་འདུས༔ རྒྱ་མཚོའི་ཀླུ་བར་སྣང་གི་གཟའ་སྐར་ཐམས་ཅད་ཀྱིས་བྲན་དུ་ཁས་བླངས་ནས་དམ་ལ་བཏགས་སོ༔ དེ་ནས་ཨུ་རྒྱན་གྱི་དུར་ཁྲོད་རྩུབ་འགྱུར་ཚལ་དུ་སྤྱོད་པ་མཛད་པས༔ རྡོ་རྗེ་ཕག་མོའི་ཞལ་གཟིགས་དབང་བསྐུར༔ རིགས་བཞིའི་མཁའ་འགྲོ་དང་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་མ་རྣམས་ཀྱིས་དངོས་གྲུབ་བཀའ་ལུང་བཞིན་ཕབས་སོ༔ མཁའ་འགྲོ་མ་རྣམས་ཀྱིས་བྱིན་གྱིས་བརླབས་ཤིང་ཆོས་བཤད་དེ་ནུས་པ་དང་ལྡན་པའི་རྣལ་འབྱོར་དུ་གྱུར་ཏོ༔ མཁའ་འགྲོ་མ་རྣམས་ཀྱིས་གསང་མཚན་རྡོ་རྗེ་དྲག་པོ་རྩལ་དུ་བཏགས་སོ༔ སློབ་དཔོན་པདྨའི་སྐྱེས་རབས་དྲི་མ་མེད་པ་ལས༔ དུར་ཁྲོད་དུ་སྤྱོད་པ་མཛད་པས་མཁའ་འགྲོ་མ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་ལེའུ་སྟེ་གཉིས་པའོ༔ ༔དེ་ནས་རྒྱ་གར་རྡོ་རྗེ་གདན་དུ་བྱོན་ཏེ༔ རེས་འགའ་ནི་དགེ་སློང་བརྒྱ་སྟོང་དུ་སྤྲུལ་ནས་རྟེན་ལ་མཆོད་པ་བྱེད༔ རེས་འགའ་ནི་རྣལ་འབྱོར་པ་བརྒྱ་སྟོང་དུ་སྤྲུལ་ནས་སྤྱོད་པ་སྣ་ཚོགས་མཛད་པས༔ མི་རྣམས་ཀྱིས་ཁྱོད་ཀྱི་སློབ་དཔོན་གང་ཡིན་དྲིས་པས༔ ང་ལ་ཕ་དང་མ་ཡང་མེད༔ མཁན་པོ་སློབ་དཔོན་ཡོད་མ་ཡིན༔ རིགས་དང་མིང་ཡང་ཡོད་མ་ཡིན༔ ང་ནི་རང་བྱུང་སངས་རྒྱས་ཡིན༔ ཞེས་སྨྲས་པས༔ ཐམས་ཅད་ཐེ་ཚོམ་དུ་གྱུར་ཏེ༔ སློབ་དཔོན་མེད་པའི་རྫུ་འཕྲུལ་ཅན་འདི་བདུད་ཡིན་ནམ༔ ཞེས་སྨྲས་སོ༔ དེ་ནས་སློབ་དཔོན་གྱི་ཐུགས་དགོངས་ལ༔ ང་རང་བྱུང་སྤྲུལ་པའི་སྐུ་ཡིན་ཀྱང༔ ཕྱི་རབས་རྣམས་སློབ་དཔོན་དགོས་པར་བསྟན་པའི་ཕྱིར༔ རྒྱ་གར་གྱི་མཁས་གྲུབ་རྣམས་ལ༔ གསང་སྔགས་ཕྱི་ནང་གི་ཆོས་ཐམས་ཅད་རྩད་གཅད་པའི་ཚུལ་བསྟན་དགོས་སྙམ་ནས༔ སློབ་དཔོན་པྲ་བྷ་ཧསྟིའི་གམ་དུ་བྱོན་པ་ན༔ དགེ་སློང་ཤཱཀྱ་མཻ་ཏྲི་དང༔ ཤཱཀྱ་བཤེས་གཉེན་གཉིས༔ སློབ་དཔོན་པྲ་བྷ་ཧསྟི་ལ་ཆོས་ཞུར་འགྲོ་བ་དང་འཕྲད་དེ༔ ཕྱག་འཚལ་ནས་ཆོས་ཞུ་ཞུས་པས༔ དགེ་སློང་གཉིས་ཀྱིས་འདི་སྙམ་སྟེ༔ སྔོན་གྱི་སྲིན་པོ་མི་ཟན་བྱུང་སྙམ་ནས་བྲེད་དོ༔ སྲིན་པོས་ད་ནི་མི་དགེ་བའི་ལས་མི་བྱེད་པས་རྗེས་སུ་ཟུངས་ཤིག༔ ཅེས་སྨྲས་པས༔ འོ་ན་སྔོན་ལ་ལག་ཆ་ཕུལ་ཅིག་ཅེས་ཟེར་བས༔ ལྕགས་ཀྱི་མདའ་གཞུ་ཕུལ་བས༔ དགེ་སློང་གཉིས་ན་རེ༔ ངེད་གཉིས་ཀྱིས་ཁྱོད་འདུལ་བའི་དུས་ལ་མ་བབས་པས༔ བྲག་དམར་བྱ་ཁྱུང་བྱ་བ་ན༔ ངེད་ཀྱི་སློབ་དཔོན་པྲ་བྷ་ཧསྟི་བཞུགས་པས་དེར་འདོང་གསུངས་ནས༔ པྲ་བྷ་ཧསྟིའི་སྤྱན་སྔར་ཕྱིན་ཏེ་རབ་ཏུ་བྱུང་བས༔ མིང་ཡང་ཤཱཀྱ་སེང་གེར་བཏགས་སོ༔ དེར་ཡོ་གའི་ཆོས་སུནྡྷཱ་ཛྙཱ་ན་ཡ་དང༔ ཡོ་ག་ཙཱརྱ་བ་དང༔ ཏ་ཐཱ་སཾ་གྲ་ཧ་སྟེ་ཡོ་གའི་ཆོས་རྒྱུད་སྡེ་ཆེན་པོ་གསུམ་གསུངས་པས༔ ཚར་རེ་རེས་ཤེས་ཀྱང་སྒྲིབ་པ་སྦྱང་བའི་ཚུལ་དུ་ཚར་བཅོ་བརྒྱད་རེ་ཉན་པས༔ མ་བསྒྲུབ་པར་དེ་ཉིད་དུ་ཡོ་གའི་ལྷ་སུམ་ཅུ་རྩ་བདུན་གྱི་ཞལ་མཐོང་བར་གྱུར་ཏོ༔ དེ་ནས་ཤཱཀྱ་སེང་གེའི་ཐུགས་དགོངས་ལ༔ རྣལ་འབྱོར་མ་ཧཱ་ཡོ་གའི་ཆོས་ཤིག་བསྒྲུབ་ཅིང་ཡོ་ག་ཚེ་ཡི་རིག་འཛིན་དང༔ ཕྱག་རྒྱ་ཆེན་པོ་མཆོག་གི་རིག་འཛིན་བསྒྲུབ་པར་ཐུགས་ཀྱིས་དགོངས་ཏེ༔ རི་བོ་མ་ལ་ཡ་བྱ་བ་ན༔ སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་བཞུགས་པའི་སྤྱན་སྔར་ཕྱིན་ཏེ༔ ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ངས་ཁྱོད་འདུལ་བའི་དུས་ལ་མ་བབས་པས༔ ཙན་དན་ཚལ་གྱི་དུར་ཁྲོད་ན༔ དགེ་སློང་མ་ཀུན་དགའ་མོ་བྱ་བ༔ ཡེ་ཤེས་ཀྱི་མཁའ་འགྲོ་མ་ཕྱི་ནང་གསང་གསུམ་གྱི་དབང་བསྐུར་བ་ལ་མཁས་པ༔ བྱིན་རླབས་དང་ལྡན་པ་ཞིག་བཞུགས་པས༔ དེར་སོང་ལ་དབང་བསྐུར་ཞུས་ཤིག༔ ཅེས་ལུང་བསྟན་ཏོ༔ དེ་ནས་ཤཱཀྱ་སེང་གེ་ཙན་དན་ཚལ་གྱི་དུར་ཁྲོད་དུ་སོང་ནས༔ གཡོག་མོ་ཀུ་མཱ་རཱི་ཆུ་ལེན་བྱུང་བ་དང་འཕྲད་ནས༔ ཕྱི་ནང་གསང་གསུམ་གྱི་དབང་ནོད་པའི་འཕྲིན་བརྫངས་པས༔ ལན་མ་བྱུང་ནས་བརྗེད་དམ་བྱས་པས་ཅི་ཡང་མི་ཟེར་བས༔ སློབ་དཔོན་གྱིས་མོ་ཡི་ཆུ་བུམ་དང་སྟེགས་བུ་འབྱར་བའི་ཏིང་ངེ་འཛིན་མཛད་པས༔ བུམ་པ་འདེགས་མ་ནུས་ཏེ༔ རྐེད་ནས་ཤེལ་དཀར་གྱི་གྲི་གུ་ཞིག་ཕྱུང་སྟེ༔ ཁྱོད་ལ་དེ་འདྲ་བ་ཡོད་ན༔ ང་ལ་འདི་འདྲ་བ་ཡོད་ཟེར་ནས༔ མོ་རང་གི་བྲང་ཁ་ཕྱེས་ཏེ་བསྟན་པས༔ ཁོག་སྟོད་ལ་ཞི་བའི་ལྷ་བཞི་བཅུ་རྩ་གཉིས༔ ཁོག་སྨད་ལ་ཁྲོ་བོའི་ལྷ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དེ༔ ཞི་ཁྲོའི་ལྷ་བརྒྱ་བཀྲ་ལམ་གྱིས་བསྟན་པས༔ དེ་ཉིད་དགེ་སློང་མ་རང་ཡིན་སྙམ་ནས༔ ཕྱག་འཚལ་བསྐོར་བ་བྱས་པས༔ ང་ནི་གཡོག་མོ་ཡིན༔ ནང་དུ་འདོང་ཟེར་ནས་ནང་དུ་ཕྱིན་པ་དང༔ དགེ་སློང་མ་ཞིག་གིས་གདན་ལ་ཉེ་བའི་དཔའ་བོའི་སྐུར་བསྟེན་རུས་པའི་རྒྱན་གསོལ་ཕྱག་ན་ཀ་པཱ་ལ་དང་ཅང་ཏེའུ་བསྣམས་ཏེ༔ དམན་མོ་སུམ་ཅུ་རྩ་གསུམ་གྱིས་བསྐོར་ནས་ཚོགས་ཀྱི་འཁོར་ལོ་བསྐོར་བ་དང་མཇལ་ཏེ༔ མཎྜལ་ཕུལ་ཕྱག་འཚལ་བསྐོར་བ་བྱས་ནས༔ ཕྱི་ནང་གསང་གསུམ་གྱི་དབང་ཞུས་པས༔ ཤཱཀྱ་སེང་གེ་ཡི་གེ་ཧཱུྃ་ཞིག་ཏུ་བྱས་ནས་ཞལ་དུ་མིད་དེ༔ ཁོག་པའི་ནང་དུ་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར༔ དེ་ནས་གསང་བའི་པད་མོར་བཏོན་ནས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་པར་བྱས་ཏེ༔ ཕྱི་ལྟར་སངས་རྒྱས་སྣང་བ་མཐའ་ཡས་སུ་དབང་བསྐུར་ཏེ༔ ཚེ་ཡི་རིག་འཛིན་ཐོབ་པར་བྱིན་གྱིས་བརླབས༔ ནང་ལྟར་འཕགས་པ་སྤྱན་རས་གཟིགས་སུ་དབང་བསྐུར་ཏེ༔ ཕྱག་རྒྱ་ཆེན་པྀའི་རིག་འཛིན་ཐོབ་པར་བྱིན་གྱིས་བརླབས༔ གསང་བ་དཔལ་རྟ་མགྲིན་དུ་དབང་བསྐུར་ཏེ༔ མ་མོ་མཁའ་འགྲོ་འཇིག་རྟེན་གྱི་ལྷ་འདྲེ་དྲེགས་པ་ཅན་ཐམས་ཅད་དབང་དུ་འདུས་པར་བྱིན་གྱིས་བརླབས་ཏེ༔ གསང་བའི་མཚན་ཡང་བློ་ལྡན་མཆོག་སྲེད་དུ་བཏགས་སོ༔ དེ་ནས་བློ་ལྡན་མཆོག་སྲེད་དེ༔ སླར་འཇམ་དཔལ་བཤེས་གཉེན་གྱི་སྤྱན་སྔར་བྱོན་ཏེ༔ འཇམ་དཔལ་གྱི་ཕྱི་ནང་གི་ཆོས་ཐམས་ཅད་གསན༔ འཇམ་དཔལ་གྱི་ཞལ་མཐོང༔ སློབ་དཔོན་ཧཱུྃ་ཀཱ་རའི་སྤྱན་སྔར་བྱོན་ཏེ༔ ཡང་དག་གི་ཆོས་ཐམས་ཅད་གསན༔ སློབ་དཔོན་ཆེན་པོ་པྲ་ཧ་སྟི་ལ་རྡོ་རྗེ་ཕུར་པའི་ཆོས་ཐམས་ཅད་གསན༔ ཕུར་པའི་ལྷ་ཚོགས་ཀྱི་ཞལ་མཐོང༔ སློབ་དཔོན་ཆེན་པོ་ནཱ་གཱ་རྫུ་ནའི་སྤྱན་སྔར་བྱོན་ནས༔ རྒྱུ་མཚན་ཉིད་ཀྱི་ཆོས་ཐམས་ཅད་དང༔ པདྨ་གསུང་གི་ཆོས་ཐམས་ཅད་གསན༔ སློབ་དཔོན་ཆེན་པོ་བུདྡྷ་གུ་ཧྱའི་སྤྱན་སྔར་བྱོན་ནས༔ ཞི་ཁྲོ་སྒྱུ་འཕྲུལ་གྱི་ཆོས་ཐམས་ཅད་གསན༔ སློབ་དཔོན་ཆེན་པོ་མ་ཧཱ་བཛྲ་གྱི་སྤྱན་སྔར་བྱོན་ནས༔ བདུད་རྩི་ཡོན་ཏན་གྱི་ཆོས་ཐམས་ཅད་གསན་ནོ༔ སློབ་དཔོན་ཆེན་པོ་དྷ་ན་སཾསྐྲྀ་ཏའི་སྤྱན་སྔར་བྱོན་ནས༔ སྲིད་པ་མ་མོའི་ཆོས་ཐམས་ཅད་གསན༔ སློབ་དཔོན་ཆེན་པོ་རམྦུ་གུ་ཧྱ་དེ་ཝ་ཙནྡྲའི་སྤྱན་སྔར་བྱོན་ནས༔ འཇིག་རྟེན་མཆོད་བསྟོད་ཀྱི་ཆོས་ཐམས་ཅད་གསན༔ སློབ་དཔོན་ཆེན་པོ་ཤཱྀནྟཾ་གརྦྷའི་སྤྱན་སྔར་བྱོན་ནས༔ དམོད་པ་དྲག་སྔགས་ཀྱི་ཆོས་ཐམས་ཅད་དང༔ བསྟན་པ་སྲུང་བའི་ངན་སྔགས་དང་དྲག་སྔགས་ཐམས་ཅད་གསན༔ སློབ་དཔོན་ཆེན་པོ་ཤྲཱི་སིཾ་ཧའི་སྤྱན་སྔར་བྱོན་ནས༔ བཀའ་རྫོགས་པ་ཆེན་པོའི་ཆོས་ཐམས་ཅད་གསན༔ དེ་ཡང་ཆོས་ཐམས་ཅད་ཚར་རེ་རེས་ཤེས་ཏེ༔ མ་བསྒྲུབ་པར་ལྷ་རྣམས་ཀྱིས་ཞལ་གཟིགས་པར་གྱུར་ཏོ༔ མཚན་ཡང་བློ་ལྡན་མཆོག་སྲེད་དུ་གྲགས་སོ༔ སློབ་དཔོན་པདྨའི་སྐྱེས་རབས་དྲི་མ་མེད་པ་ལས༔ བླ་མ་བསྟེན་ཅིང་ཆོས་ཞུ་བ་ལ་བློ་སྦྱོང་བའི་ཚུལ་བསྟན་པའི་ལེའུ་སྟེ་གསུམ་པའོ༔ ༔དེ་ནས་བློ་ལྡན་མཆོག་སྲེད་ཀྱི་ཐུགས་དགོངས་ལ༔ ད་ངས་གསང་སྔགས་ཀྱི་སྒོ་ནས་སྐྱེ་ཤི་མེད་པ་ཚེ་ཡི་རིག་འཛིན་ཞིག་བསྒྲུབ་ལ༔ རྒྱ་གར་དང་ཨུ་རྒྱན་གྱི་ཡུལ་གྱི་འགྲོ་བ་ཐམས་ཅད་ཆོས་ལ་བཙུད་དགོས་སྙམ་པའི་ཐུགས་དགོངས་སྐྱེས་སོ༔ དེ་ཡང་གསང་སྔགས་ཀྱི་སྒྲུབ་པ་བྱེད་པ་ལ༔ མཚན་ལྡན་གྱི་རིག་མ་ཞིག་དགོས་པས༔ ཟ་ཧོར་གྱི་ཡུལ་དུ་བྱོན་ནས༔ ཟ་ཧོར་གྱི་རྒྱལ་པོ་གཙུག་ལག་འཛིན་བྱ་བའི་བུ་མོ་མེ་ཏོག་མནྡཱ་ར་བ་ཞེས་བྱ་བ༔ ལོ་བཅུ་དྲུག་ལོན་པའི་གནང་ཆེན་མ༔ མཚན་དང་ལྡན་པ་ཞིག་ཡོད་པ་དེ་དབང་དུ་བསྡུས་ཏེ༔ སྒྲུབ་རྟེན་གྱི་ཕྱག་རྒྱ་མོར་ཁྲིད་ནས༔ འཕགས་པ་སྤྱན་རས་གཟིགས་ཀྱི་ཕོ་བྲང་རི་བོ་ཏ་ལའི་ལྷོ་ཕྱོགས༔ བྲག་ཕུག་མཱ་ར་ཏི་ཀ་ཞེས་བྱ་བ༔ ཁ་ལྷོར་ལྟ་བ༔ དུས་གསུམ་དུ་མེ་ཏོག་གི་ཆར་འབེབས་པ༔ འཇའ་ཚོན་གྱི་གུར་འཐིབས་པ༔ སྤོས་ཀྱི་ངད་ལྡང་བ༔ ཙན་དན་གྱི་ཚལ་ཡོད་པ༔ རིགས་གསུམ་མགོན་པོས་བྱིན་གྱིས་བརླབས་པའི་གནས་དེར་བྱོན་ནས༔ མགོན་པོ་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་ཚེ་ཡི་རིག་འཛིན་བསྒྲུབས་པས༔ ཟླ་བ་གསུམ་ནས་སངས་རྒྱས་སྣང་བ་མཐའ་ཡས་ཚེ་དཔག་མེད་ཀྱིས་ཞལ་གཟིགས༔ འཆི་མེད་ཚེ་ཡི་བུམ་པ་བདུད་རྩིས་བཀང་བ་ཡབ་ཡུམ་གྱི་སྤྱི་བོར་བཞག༔ ཞལ་དུ་བླུགས་པས་སྐུ་སྐྱེ་ཤི་མེད་པ་རྡོ་རྗེའི་ལུས་སུ་གྱུར་ཏོ༔ ཡབ་དཔའ་བོ་རྟ་མགྲིན་དུ་བྱིན་གྱིས་བརླབས༔ ཡུམ་རྡོ་རྗེ་ཕག་མོར་བྱིན་གྱིས་བརླབས༔ རིག་འཛིན་ཚེའི་དངོས་གྲུབ་གྲུབ་པར་གྱུར་ཏོ༔ དེ་ནས་ཟ་ཧོར་ཡུལ་གྱི་མི་རྣམས་ཆོས་ལ་གཟུད་པའི་ཕྱིར༔ ཡབ་ཡུམ་གཉིས་ཀྱིས་གྲོང་ཁྱེར་དུ་བསོད་སྙོམས་ལ་བྱོན་པས༔ ཡུལ་མི་རྣམས་ཀྱིས་ཕྲག་དོག་བྱས་ཏེ༔ མཐའ་ཡི་བནྡེ་འཁྱམས་པོ་ཞིག་གིས༔ སྔོན་ལ་ངེད་ཀྱི་མི་ཐམས་ཅད་བསད༔ བུད་མེད་ལ་སྤྱོད་པ་བྱས༔ དེ་ནས་རྒྱལ་པོའི་བུ་མོ་ཁྲིད་ནས་རྒྱལ་རིགས་བསླད༔ ད་རུང་འདི་ཡིས་གནོད་པ་སྐྱེལ་བས་བཀྱོན་དབབ་དགོས་ཟེར༔ སྡིག་པ་སྤྱི་ཁུར་བྱས་ནས་མེ་ལ་བསྲེག་དགོས་ཟེར་ནས༔ ཙན་དན་ཁུར་རེ་དང་ཏིལ་མར་བྲེ་རེ་བསྡུས་ནས་གྲོང་ཁྱེར་གྱི་དཀྱིལ་དུ་བསྲེགས་པས༔ གཞན་བསྲེགས་པ་ཞག་གསུམ་ནས་དུད་པ་ཆད་པ་ཡིན་པ་ལ༔ དེ་ཞག་དགུར་ཡང་དུད་པ་མ་ཆད་པས་བལྟས་ཙམ་ན༔ མེ་ལྕེ་ཕྱིར་འབར་ནས༔ རྒྱལ་པོའི་ཕོ་བྲང་ཐམས་ཅད་ཚིག༔ ཏིལ་མར་རྒྱ་མཚོར་གྱུར་ནས༔ ནང་ཐམས་ཅད་པདྨར་ཆགས་ཏེ༔ དབུས་སུ་པདྨའི་སྡོང་པོ་ཞིག་གི་ཁ་ལ༔ ཡབ་ཡུམ་གཉིས་སྐུ་གྲང་གྲང་བསིལ་བསིལ་ལྟར་བཞུགས་པས༔ རྒྱལ་བློན་རྣམས་ཡ་མཚན་སྐྱེས་ནས༔ བསྟོད་པ་ནི༔ ཧཱུྃ༔ སྐུ་ནི་མི་འགྱུར་རྡོ་རྗེ་ལྟ་བུའི་སྐུ༔ གསུང་ནི་མི་འགྱུར་ཚངས་པ་ལྟ་བུའི་གསུང༔ ཐུགས་ནི་མི་འགྱུར་ནམ་མཁའ་ལྟ་བུའི་ཐུགས༔ སྐུ་གསུང་ཐུགས་ནི་འཆི་མེད་རྡོ་རྗེའི་སྐུ༔ མཚོ་སྐྱེས་རྡོ་རྗེ་ཁྱོད་ལ་ཕྱག་འཚལ་བསྟོད༔ བདག་ཅག་མ་རིག་ནོངས་པས་བཟོད་པར་གསོལ༔ བདག་ཅག་ཡུལ་ཁམས་བདེ་ལ་འགོད་དུ་གསོལ༔ ཅེས་གསོལ་བ་བཏབ་པས༔ གྲོང་ཁྱེར་གྱི་མེ་ཞི་སྟེ་སྔར་ལས་མཛེས་ཤིང་ཉམས་དགའ་བར་གྱུར་ཏོ༔ མཚན་ཡང་པདྨ་འབྱུང་གནས་དང་པདྨ་སཾ་བྷར་བཏགས་སོ༔ དེ་ནས་ཟ་ཧོར་ཡུལ་ཁམས་ཐམས་ཅད་ཆོས་ལ་བཙུད་ནས༔ ཐམས་ཅད་ཕྱིར་མི་ལྡོག་པའི་ས་ཐོབ་པར་གྱུར་ཏོ༔ དེ་ནས་སློབ་དཔོན་གྱི་ཐུགས་དགོངས་ལ༔ ད་ནི་ཨུ་རྒྱན་གྱི་ཡུལ་ཁམས་ཐམས་ཅད་ཆོས་ལ་བཙུད་དགོས་སྙམ་ནས༔ ཡབ་ཡུམ་གཉིས་ཨུ་རྒྱན་གྱི་ཡུལ་དུ་བསོད་སྙོམས་ལ་བྱོན་པས༔ ཡུལ་མི་རྣམས་ཀྱིས་ངོ་ཤེས་ཏེ༔ འདིས་སྔོན་ཡང་ངེད་ཀྱི་བློན་པོའི་བུ་བསད༔ རྒྱལ་ཁྲིམས་ལ་གནོད་པ་བསྐྱལ༔ ད་རུང་གནོད་པ་སྐྱེལ་བས་ཆད་པ་གཅོད་དགོས་ཟེར་ནས༔ སྔར་གྱི་བུ་བསད་པའི་བློན་པོ་ལ་སོགས་པ་རྣམས་ཀྱིས༔ སྡིག་པ་སྤྱི་ཁུར་བྱས་ནས༔ ཙན་དན་ཁུ་རུ་རེ་དང་ཏིལ་མར་བྲེ་རེ་བསྡུས་ནས་བསྲེགས་པས༔ སྔོན་ཆད་བསྲེགས་པ་ཞག་བདུན་ནས་དུ་བ་ཆད་པ་ལ༔ ཞག་ཉི་ཤུ་རྩ་གཅིག་བར་དུ་དུ་བ་མ་ཆད་ནས༔ རྒྱལ་པོས་བློན་པོ་ལ་ལྟོས་ཤིག་གསུངས་པས༔ སུས་བལྟ་བར་མ་ནུས་ནས༔ སྔར་གྱི་ཡབ་རྒྱལ་པོ་ཉིད་ཐུགས་མ་ཆེས་ནས༔ གལ་ཏེ་སྤྲུལ་པའི་སྐུ་ཞིག་ཡིན་ན་མི་ཚིག་སྙམ་ནས༔ འཁོར་དང་བཅས་པ་ལྟར་ཕྱིན་པས༔ ཏིལ་མར་ཞིང་དོར་གཅིག་ཙམ་མཚོར་འཁྱིལ་བའི་ནང་དབུས་ན༔ སོལ་བའི་གུར་ཆེན་པོ་ཞིག་གི་ནང་ན༔ པདྨའི་སྡོང་པོ་ཞིག་གི་སྟེང་ན་ཡབ་ཡུམ་གཉིས་སྐུ་གྲང་གྲང་བསིལ་བསིལ་ཟིལ་པ་ཕྲོམ་མེར་བཞུགས་པ་ལ༔ སྔར་གྱི་འགྲོ་བ་རྣམས་ཐུགས་རྗེས་བསྒྲལ་བའི་ཕྱིར༔ ཐོད་པའི་ཕྲེང་བས་བརྒྱན་ནས་བཞུགས་པས༔ ཡབ་རྒྱལ་པོ་ལ་སོགས་པ་ངོ་མཚར་སྐྱེས་ཏེ༔ ཕྱག་དང་བསྐོར་བ་བྱས་ནས་བསྟོད་པ༔ དངོས་གྲུབ་མཆོག་བརྙེས་ཡ་མཚན་ཆེ་བའི་སྐུ༔ སྐྱེ་ཤི་གཉིས་སྤངས་པདྨའི་ནང་ནས་འཁྲུངས༔ འཁོར་བ་ཐུགས་རྗེས་བསྒྲལ་ཕྱིར་ཐོད་ཕྲེང་སྐུ་ལ་གསོལ༔ མཚོ་སྐྱེས་རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ ཅེས་རྒྱལ་པོས་ཞབས་སྤྱི་བོར་བླངས་ནས༔ བླ་ཡི་མཆོད་གནས་སུ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཁམས་གསུམ་འཁོར་བར་སྐྱེས་པ་སྡུག་བསྔལ་བཙོན་དོང་ཡིན༔ ཆོས་སྐྱོང་རྒྱལ་པོར་སྐྱེས་ཀྱང་འདུ་འཛི་གཡེང་བའི་གནས༔ རང་སེམས་སྐྱེ་མེད་ཆོས་སྐུར་མ་ཤེས་ན༔ འཁོར་བའི་སྐྱེ་གནས་མི་ཆོད་རྒྱུན་པར་འཁོར༔ རྒྱལ་པོ་ཆེན་པོ་སྟོང་ཉིད་གསལ་སྟོང་ལྟོས༔ ཕྱི་མར་རྫོགས་པའི་སངས་རྒྱས་ཐོབ་པར་འགྱུར༔ ཞེས་གསུངས་པས༔ རྒྱལ་པོས་དུས་དེ་ཉིད་དུ་རང་སེམས་ཆོས་སྐུར་རྟོགས་ཏེ༔ རྟོགས་གྲོལ་གཉིས་དུས་གཅིག་ཏུ་གྱུར་ནས༔ ཡབ་རྒྱལ་པོ་འཁོར་དང་བཅས་པ༔ སྐྱེ་བ་མེད་པའི་ཆོས་ལ་བཟོད་པ་ཐོབ་བོ༔ རྒྱལ་པོས་བསྟོད་པ༔ ཧཱུྃ༔ དངོས་གྲུབ་མཆོག་བརྙེས་ཡ་མཚན་ཆེ་བའི་སྐུ༔ རྟོགས་པ་བླ་མེད་མཆོག་ཏུ་གྱུར་པ་ཡིས༔ དེ་བཞིན་གཤེགས་པའི་མན་ངག་གསང་ཆེན་རྣམས༔ ཀློང་ནས་གྲོལ་མཛད་ཁྱོད་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་ནས༔ ཐོད་ཕྲེང་སྐུ་ལ་གསོལ་བས་པདྨ་ཐོད་ཕྲེང་རྩལ་དུ་བཏགས་སོ༔ རྒྱལ་པོའི་སྲས་མཛད་པས་པདྨའི་རྒྱལ་པོར་བཏགས་སོ༔ དེ་ནས་ཡབ་རྒྱལ་པོའི་བླ་མཆོད་ལོ་བཅུ་གསུམ་མཛད་ནས༔ ཨུ་རྒྱན་ཡུལ་གྱི་རྒྱལ་ཁམས་ཐམས་ཅད་ཆོས་ལ་བཀོད་དོ༔ ཡབ་རྒྱལ་པོ་ཨིནྡྲ་བོདྷི་བཙུན་མོ་འཁོར་དང་བཅས་པ་དང༔ ཚོང་པ་ལྔ་བརྒྱ་དང་བཅས་པ་ཕྱག་རྒྱ་ཆེན་པོ་མཆོག་གི་རིག་འཛིན་ཐོབ་བོ༔ དེ་ནས་སློབ་དཔོན་ཛ་ལནྡྷ་རའི་དུར་ཁྲོད་དུ་སྤྱོད་པ་ལ་གཤེགས་པའི་ཚེ༔ མུ་སྟེགས་ཀྱི་སྟོན་པ་མཐུ་བོ་ཆེ་མི་བཞི་བྱ་བ་བྱུང་སྟེ༔ རེ་རེ་ལ་འཁོར་ལྔ་བརྒྱ་རེ་དང་བཅས་ནས༔ རྡོ་རྗེ་གདན་གྱི་ཕྱོགས་བཞི་ནས་རྩོད་པ་བྱས་ཏེ༔ ངེད་ཕྱི་པ་རྒྱལ་ན་ཁྱོད་ངེད་ཀྱི་བསྟན་པ་ལ་ཞུགས་ཤིག༔ ཁྱེད་ནང་པ་རྒྱལ་ན་ངེད་ཁྱེད་ནང་པའི་བསྟན་པ་ལ་འཇུག་གོ༔ ཞེས་སྨྲས་པས༔ རྡོ་རྗེ་གདན་གྱི་སྒོ་སྲུང་པཎྜི་ཏ་བཞི་ལ་སོགས་པའི་པཎྜི་ཏ་ཐམས་ཅད་ཀྱིས་རྩོད་པ་ཐུབ་ཀྱང་ནུས་པ་མི་ཐུབ་སྙམ་ནས་སུས་ཀྱང་སྨྲ་བར་མ་ནུས་སོ༔ དེ་ནས་རྡོ་རྗེ་གདན་གྱི་པཎྜི་ཏ་རྣམས་རྒྱལ་པོའི་ཕོ་བྲང་དུ་བཀའ་བགྲོས་པའི་ཚེ༔ བུད་མེད་སྔོན་མོ་ཕྱག་ན་ཆག་ཤིང་བཟུང་བ་ཞིག་བྱུང་ནས༔ ཁྱེད་རྣམས་ཀྱིས་མུ་སྟེགས་ཀྱི་རྒོལ་བ་མི་ཐུབ༔ ངའི་མིང་པོ་ཡིན་ན་ཐུབ་ཟེར་རོ༔ ཁྱོད་ཀྱི་མིང་པོ་གང་ཡིན༔ གནས་གང་ན་ཡོད་དྲིས་པས༔ ངའི་མིང་པོ་པདྨ་བཛྲ་བྱ་བ་ཡིན༔ ཛ་ལནྡྷ་རའི་དུར་ཁྲོད་ན་སྤྱོད་པ་བྱེད་ཅིང་ཡོད་ཟེར་རོ༔ འོ་ན་ཇི་ལྟར་བྱས་ན་དྲངས་བྱས་པས༔ མོ་ན་རེ༔ བང་ཆེན་པ་བཏང་བས་མི་ཁུག་པས༔ ཁྱེད་རྣམས་བྱང་ཆུབ་ཆེན་པོའི་གཙུག་ལག་ཁང་དུ་འདུས་ལ༔ མཆོད་པ་ཆེན་པོ་ཤོམས་ལ་གསོལ་བ་ཐོབ་ཅིག་དང༔ ངེད་སྤྱན་འདྲེན་དུ་འགྲོ་བ་ཡིན་ཟེར་ནས༔ བུད་མེད་དེ་མེད་པར་གྱུར་ཏོ༔ དེ་ནས་པཎྜི་ཏ་རྣམས་ཀྱིས་གཙུག་ལག་ཁང་དུ་འདུས་ནས༔ མོས་ཇི་ལྟར་ཟེར་བ་ལྟར༔ མཆོད་པ་བཤམས་ནས་གསོལ་བ་འདི་སྐད་ཅེས་བཏབ་བོ༔ དུས་གསུམ་སངས་རྒྱས་འབྱོན་གནས་རྡོ་རྗེའི་གདན་དྲུང་འདིར༔ མུ་སྟེགས་བདུད་ཀྱི་དམག་ཚོགས་རྒོལ་བར་བྱུང༔ གཡུལ་ངོ་ཟློག་པར་ནུས་པའི་སྐྱོབ་མ་མཆིས༔ སྐྱེས་མཆོག་མི་ཡི་སེངྒེ་ཁྱོད་ཀྱིས་སྐྱོབས༔ ཞེས་གསོལ་བ་བཏབ་པས༔ སྐྱ་རེངས་དང་པོ་ཤར་བ་ན་ལྗོན་ཤིང་ལ་བྱ་བབ་པ་ལྟར་རྡོ་རྗེ་གདན་གྱི་ཕོ་བྲང་དུ་བྱོན་ནོ༔ དེ་ནས་སློབ་དཔོན་གྱིས་བདུད་ལས་རྣམ་པར་རྒྱལ་བའི་ཏིང་ངེ་འཛིན་ལ་བཞུགས༔ ཕྱག་གིས་གཎྜི་བརྡུངས་པས༔ ཕྱོགས་བཞིའི་མུ་སྟེགས་ཀྱི་སྒྲ་མཁན་རྣམས་ཀྱིས༔ ད་ནངས་སྔར་དང་མི་འདྲ་བའི་སྒྲ་མི་སྙན་པ་ཞིག་གྲགས་ཞེས་ཟེར་བས༔ ཇི་སྐད་ཟེར་དྲིས་པས༔ ཤར་ཕྱོགས་ཀྱི་སྒྲ་མཁན་རྣམས་ན་རེ༔ བྱམས་པ་བྱང་ཆུབ་སེམས་ཀྱི་རྔ་ཆེན་འདི་བརྡུངས་པས༔ མུ་སྟེགས་ཝ་དང་འདྲ་བའི་ཀླད་པ་འགེམས༔ ཞེས་ཟེར་རོ༔ ལྷོ་ཕྱོགས་ཀྱི་སྒྲ་མཁན་རྣམས་ན་རེ༔ སྙིང་རྗེ་བྱང་ཆུབ་སེམས་ཀྱི་རྔ་ཆེན་འདི་བརྡུངས་པས༔ ལོག་འདྲེན་བདུད་ཀྱི་དམག་ཚོགས་དབང་དུ་འདུས༔ ཞེས་ཟེར་རོ༔ ནུབ་ཕྱོགས་ཀྱི་སྒྲ་མཁན་རྣམས་ན་རེ༔ དགའ་བ་བྱང་ཆུབ་སེམས་ཀྱི་རྔ་ཆེན་འདི་བརྡུངས་པས༔ མ་རུངས་རྒོལ་བའི་ཚོགས་རྣམས་ཚར་བཅད་དོ༔ ཞེས་ཟེར་རོ༔ བྱང་ཕྱོགས་ཀྱི་སྒྲ་མཁན་རྣམས་ན་རེ༔ བཏང་སྙོམས་བྱང་ཆུབ་སེམས་ཀྱི་རྔ་ཆེན་འདི་བརྡུངས་པས༔ ནག་པོའི་ཚོགས་རྣམས་མ་ལུས་རྡུལ་དུ་རློག༔ ཅེས་ཟེར་རོ༔ དེ་ནས་ཉི་མ་ཤར་བ་དང་ཕྱི་ནང་གི་རྩོད་པ་བྱེད་པ་ལ༔ སློབ་དཔོན་སྐུ་ངོ་བོ་ཉིད་རྡོ་རྗེའི་གདན་གྱི་ཕོ་བྲང་དུ་བཞུགས་པ་ལ༔ བདུད་ལས་རྣམ་པར་རྒྱལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཤིང༔ ཕྱོགས་བཞི་ནས་སྐུ་ཡི་བཀོད་པ་རྣམ་པ་བཞི་མཛད་དེ༔ འཁོར་པཎྜི་ཏ་ལྔ་བརྒྱ་དང་བཅས་པས་རྩོད་པ་བྱས་པས༔ ནང་པ་རྒྱལ་ནས་མུ་སྟེགས་ཀྱི་སྟོན་པ་བཞི་རྫུ་འཕྲུལ་དང་ལྡན་པའི་འཁོར་འགའ་ཞིག་དང་བཅས་ཏེ་ནམ་མཁའ་ལ་འཕུར་བས༔ སློབ་དཔོན་གྱིས་སྡིགས་མཛུབ་ནམ་མཁའ་ལ་གཏད་དེ༔ བར་སྣང་ལ་མེའི་འཁོར་ལོ་བསྐོར་བས་མུ་སྟེགས་ཀྱི་སྟོན་པ་བཞི་རང་རང་གི་ཕོ་བྲང་དུ་བྲོས་སོ༔ འཁོར་རྣམས་ནི་ནང་པའི་བསྟན་པ་ལ་བཙུད་དོ༔ དེ་ནས་མུ་སྟེགས་ཀྱི་སྟོན་པ་བཞི་ན་རེ༔ སྒྲ་ཚད་དང་རྫུ་འཕྲུལ་ཁྱོད་ཆེ་ཡང་རུང་བ་ལ༔ ད་ཞག་བདུན་ནས་འཆི་བའི་དུས་བྱའོ་ཟེར་ནས༔ མུ་སྟེགས་པ་རྣམས་ངན་སྔགས་ལ་ཞུགས་སོ༔ སློབ་དཔོན་གྱིས་མཁའ་འགྲོ་མ་ལ་ཚོགས་ཀྱི་འཁོར་ལོ་བཏང་ནས་གསོལ་བ་བཏབ་པས༔ ཐོ་རངས་མཁའ་འགྲོ་མ་བདུད་འདུལ་མས༔ བསེའི་སྒྲོམ་བུ་ལ་ལྕགས་ཀྱི་ཐ་རམ་བཏབ་པ་ཞིག་ཕྱག་ཏུ་ཕུལ་ནས༔ བདུད་དང་མུ་སྟེགས་པ་ཐམས་ཅད་ཐུལ་ཅིག་པར་ལུང་བསྟན་པ་དང༔ བསེ་སྒྲོམ་གྱི་ནང་དུ་སྲོག་སེར་ཐོག་དང་བཅས་པའི་མཁའ་འགྲོ་མའི་ངན་སྔགས་བྱུང་ནས༔ སློབ་དཔོན་གྱིས་མུ་སྟེགས་ཀྱི་གྲོང་ཁྱེར་ལ་གནམ་ལྕགས་ཀྱི་ཐོག་ཕབ་སྟེ༔ གྲོང་ཁྱེར་ཐམས་ཅད་མེས་བསྲེགས་ཏེ་བརླགས་པར་བྱས་ནས༔ སངས་རྒྱས་ཀྱི་བསྟན་པ་འདི་ལ་བཀའ་དྲིན་ཆེ་བར་གྱུར་ཏེ༔ རྡོ་རྗེ་གདན་གྱི་པཎྜི་ཏ་རྣམས་ཀྱིས་གཙུག་གི་ནོར་བུ་ལྟར་བླངས་ནས༔ མཚན་ཡང་སེངྒེ་སྒྲ་སྒྲོག་ཏུ་བཏགས་སོ༔ སློབ་དཔོན་པདྨའི་སྐྱེས་རབས་དྲི་མ་མེད་པ་ལས༔ རྫུ་འཕྲུལ་གྱིས་འགྲོ་བ་འདུལ་ཞིང༔ མུ་སྟེགས་པ་བཏུལ་ནས་སངས་རྒྱས་ཀྱི་བསྟན་པ་ལ་བཀའ་དྲིན་ཆེ་བའི་ལོ་རྒྱུས་ཀྱི་ལེའུ་སྟེ་བཞི་པའོ༔ ༔དེ་ནས་སློབ་དཔོན་གྱི་ཐུགས་དགོངས་ལ༔ ཡོ་ག་ཚེའི་རིག་འཛིན་ནི་ཐོབ༔ ད་ཕྱག་རྒྱ་ཆེན་པོ་མཆོག་གི་རིག་འཛིན་ཞིག་བསྒྲུབ་པར་དགོངས་ནས༔ རྒྱ་གར་ཡུལ་གྱི་ཚུ་རོལ༔ བལ་པོའི་ཡུལ་གྱི་ཕ་རོལ༔ ཡང་ལེ་ཤོད་ཀྱི་བྲག་ཕུག་ཅེས་བྱ་བ་ན༔ མེ་ཏོག་དགུན་ཡང་མི་སྐམ་པ་བཀྲ་ཤིས་ལ་བྱིན་རླབས་ཆེ་བའི་གནས་དེར་བྱོན་ནས༔ བལ་པོའི་རྒྱལ་པོ་དགེ་འཛིན་ཞེས་བྱ་བའི་བུ་མོ་ཤཱཀྱ་དེ་མ་ཞེས་བྱ་བ་སྒྲུབ་རྟེན་གྱི་ཕྱག་རྒྱ་མོར་ཁྲིད་ནས༔ དང་པོ་ལ་དཔལ་ཡང་དག་གྲུབ་པ་མར་མེ་དགུ་པའི་དཀྱིལ་འཁོར་ཞལ་ཕྱེས་ནས་སྒྲུབ་པ་མཛད་པས་བར་ཆད་རྣམ་པ་གསུམ་བྱུང་སྟེ༔ ཀླུ་གྱོང་པོ་དང་གནོད་སྦྱིན་རྒོད་མ་ཁ་དང༔ བར་སྣང་ཁམས་ཀྱི་གློག་མ་སྤྲིན་གསུམ་གྱིས་བར་ཆད་བྱས་ཏེ༔ ལོ་གསུམ་དུ་གནམ་ལ་ཁ་ཆར་ཐིགས་པ་གཅིག་ཀྱང་མེད༔ ས་ལ་རྩི་ཐོག་ཀྱང་མ་སྐྱེས་པས༔ རྒྱ་གར་བལ་བོད་གསུམ་དུ་མུ་གེ་དང་མི་ནད་ཕྱུགས་ནད་ཐམས་ཅད་སྤྲིན་བཞིན་དུ་འདུས་ཏེ༔ མི་ཕྱུགས་མང་པོ་ཤི་བས༔ སློབ་དཔོན་གྱི་ཐུགས་དགོངས་ལ༔ འདི་ཅིས་ཀྱང་མ་ལན་ཏེ༔ བདག་གིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པ་ལ༔ མི་མ་ཡིན་པ་འདི་རྣམས་ཀྱིས་བར་ཆད་བྱས་པ་ཡིན་དགོངས་ནས༔ ཐུགས་ཀྱི་སློབ་མ་བལ་པོ་ཇི་ལ་ཇི་ས་དང༔ ཀུན་ལ་ཀུན་ས་གཉིས་ལ་གསེར་ཕྱེ་བྲེ་གང་སྤྱན་གཟིགས་སུ་བསྐུར་ནས༔ རྒྱ་གར་དུ་སྔོན་གྱི་སློབ་དཔོན་རྣམས་ལ་བསྲིང་པ༔ བདག་གིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པ་ལ༔ བར་ཆད་རྣམ་པ་གསུམ་བྱུང་བས༔ བར་ཆད་སེལ་བའི་ཆོས་ཤིག་ཞུ༔ ཞེས་བཏང་བས༔ རྒྱ་གར་གྱི་པཎྜི་ཏ་རྣམས་ན་རེ༔ སློབ་དཔོན་པྲ་བྷ་ཧསྟི་ལ༔ བར་ཆད་འདུལ་བའི་གཉེན་པོར༔ རྡོ་རྗེ་ཕུར་པའི་ཆོས་ཞུས་ཤིག་གསུངས་ནས༔ སློབ་དཔོན་པྲ་བྷ་ཧསྟི་ལ་ཞུས་པས༔ ཕུར་པ་བིཏྱོཏྟ་མ་འབུམ་སྡེའི་ནང་ནས༔ དགྲ་བགེགས་འདུལ་བའི་འཕྲིན་ལས་མི་ཁུར་གཉིས་བརྫངས་པས༔ ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ་སླེབ་པ་ཙམ་གྱིས༔ དམ་སྲི་གསུམ་ཡང་ཞི༔ རྒྱ་མཚོ་ལ་ཁ་རླངས་བྱུང༔ ས་ལ་དྲོད་བྱུང༔ ནམ་མཁའ་ལ་སྤྲིན་འཐིབས༔ བར་སྣང་ལ་ཆར་བབས་ཏེ༔ རྩི་ཤིང་དང་འབྲས་བུ་ལོ་ཏོག་ཐམས་ཅད་དུས་གཅིག་ལ་སྨིན་ཏེ༔ འབྲས་བུ་དེ་ཟོས་པས་མི་ནད་ཕྱུགས་ནད་ཐམས་ཅད་ཀྱང་ཆད༔ མུ་གེ་སངས༔ རྒྱལ་ཁམས་ཐམས་ཅད་བདེ་སྐྱིད་དུ་གྱུར་ཏོ༔ དེ་ནས་སློབ་དཔོན་གྱིས་དཔལ་ཡང་དག་དང་ཕུར་པའི་ལྷ་ཚོགས་ཞལ་གཟིགས་ཏེ༔ ཡང་དག་ནི་ཚོང་པ་དང་འདྲ་སྟེ༔ དངོས་གྲུབ་ཆེ་ཡང་བར་ཆད་འོང༔ ཕུར་པ་ནི་སྐྱེལ་མ་དང་འདྲ་བས༔ བར་ཆོད་འདུལ་བ་ལ་དགོས་པར་དགོངས་ནས༔ རྒྱུད་ཧེ་རུ་ཀ་གལ་པོ་དང༔ བིདྱོཏྟ་མ་འབུམ་སྡེ་ལ་བརྟེན་ནས༔ ཡང་ཕུར་སྦྲགས་མའི་སྒྲུབ་ཐབས་མཛད་ནས༔ སྒྲུབ་པ་མཛད་པས༔ ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ༔ དེའི་དུས་སུ་ནམ་སྲོད་ལ་ཤྭ་ན་མ་མཆེད་བཞིས་སྲོག་གི་སྙིང་པོ་ཕུལ་ནས་དམ་ལ་བཏགས་སོ༔ གུང་ལ་རེ་མ་ཏི་མཆེད་བཞིས་སྲོག་གི་སྙིང་པོ་ཕུལ་ནས་དམ་ལ་བཏགས་སོ༔ ཐོ་རངས་བསེ་མོ་མཆེད་བཞིས་སྲོག་གི་སྙིང་པོ་ཕུལ་ནས་དམ་ལ་བཏགས་སོ༔ གཞན་ཡང་བསེ་ལྕགས་དུང་གསུམ་གྱི་སྐྱེས་བུ་ཕོ་རྒྱུད་མོ་རྒྱུད་དང་བཅས་པས་སྲོག་གི་སྙིང་པོ་ཕུལ་ནས་དམ་ལ་བཏགས་སོ༔ རྡོ་རྗེ་ཕུར་པའི་བཀའ་སྲུང་དུ་བཞག་གོ༔ དེ་ནས་སློབ་དཔོན་གྱི་སྐུ་ལྷའི་དཀྱིལ་འཁོར་གྱིས་དྲེགས་པ་ཅན་ཐམས་ཅད་ཟིལ་གྱིས་མནན༔ གསུང་སྔགས་ཀྱི་དཀྱིལ་འཁོར་གྱིས་དྲེགས་པ་ཅན་ཐམས་ཅད་དབང་དུ་བསྡུས༔ ཐུགས་ཆོས་ཉིད་ཀྱི་དཀྱིལ་འཁོར་གྱིས་རྣམ་རྟོག་དུག་ལྔ་ཐམས་ཅད་རང་ཞི་རང་དྭངས་ཀྱིས་བསལ༔ ཕྱག་རྒྱ་ཆེན་པོའི་དགོངས་པ་ལས་མི་འགྱུར་བར་བཞུགས་སོ༔ སློབ་དཔོན་པདྨའི་སྐྱེས་རབས་དྲི་མ་མེད་པ་ལས༔ ཡང་ཕུར་གཉིས་ཀྱི་སྒོ་ནས་ཕྱག་རྒྱ་ཆེན་པོའི་རིག་འཛིན་བསྒྲུབས་པའི་ལེའུ་སྟེ་ལྔ་པའོ༔ ༔དེ་ནས་སློབ་དཔོན་པདྨ་བོད་ཡུལ་དུ་སྤྱན་ཇི་ལྟར་དྲངས་པའི་ལོ་རྒྱུས་ནི༔ འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ དཔལ་གྱི་བསམ་ཡས་བཞེངས་པའི་ས་གཞི་འདུལ་བའི་ཕྱིར་སྤྱན་དྲངས་ཏེ༔ དེ་ཡང་མཁྱེན་རབ་ཀྱི་བདག་པོ་འཕགས་པ་འཇམ་དཔལ་དེ༔ བཞུགས་པ་རྒྱ་ནག་རི་བོ་རྩེ་ལྔ་ལ་བཞུགས་ཀྱང༔ ཞལ་བོད་ཡུལ་དུ་བསྟན་ནས༔ ཐུགས་དགོངས་ཀྱིས་བོད་ཁ་བ་ཅན་གྱི་མི་རྣམས་འདུལ་བར་དགོངས་ཏེ༔ དེ་ཡང་གོང་དུ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ལས༔ རྒྱལ་པོ་སྲོང་བཙན་སྒམ་པོར་སྤྲུལ་ནས༔ ལྷ་ས་འཕྲུལ་སྣང་དང་ར་མོ་ཆེ་ལ་སོགས་པ་མཐའ་འདུལ་དང་ཡང་འདུལ་ལ་སོགས་པ་གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས་ཏེ༔ དམ་པ་ཆོས་ཀྱི་སྲོལ་གཏོད་ནས་ཡོད་པ་ལ༔ འཕགས་པ་འཇམ་དཔལ་གྱིས་བོད་ཁ་བ་ཅན་གྱི་ཡུལ་དུ་ཆོས་དར་ཞིང་རྒྱས་པར་བྱ་བར་དགོངས༔ དེ་ཡང་རྒྱལ་པོ་དབང་ཆེན་ཞིག་ཏུ་སྤྲུལ་ནས་མངའ་འོག་ཏུ་བསྡུ་བར་དགོངས་ནས༔ རྒྱ་ནག་རི་བོ་རྩེ་ལྔ་ནས་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་པས༔ བོད་ཡུལ་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་པའི་མངའ་འོག་ཏུ་འདུག་པར་མཁྱེན་ནས༔ རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་དང༔ ཡུམ་གྱིམ་ཤང་བཟའ་ཨང་ཅུང་གཉིས་ཕོ་བྲང་བྲག་དམར་ན༔ རིན་པོ་ཆེའི་ཁྲི་སྟེང་ན་གཟིམས་ནས་བཞུགས་པ་ལ༔ འཕགས་པ་འཇམ་དཔལ་གྱི་ཐུགས་ཀ་ནས་འོད་ཟེར་རྣམ་པ་ལྔའི་རྩེ་ལ༔ གསེར་གྱི་ཁྱེའུ་ཆུང་མཚོན་གང་བ་ཞིག་གྱིམ་ཤང་བཟའ་ཨང་ཅུང་གི་མངལ་དུ་སྤྲུལ་པ་བཀྱེས་སོ༔ དེ་ཡང་ཡུམ་གྱི་རྨི་ལམ་དུ༔ འོད་ཟེར་ཉི་མ་ཤར་བ་འདྲ་བ་ཞིག་བྱུང་ནས༔ དེའི་སྣ་ལ་ཁྱེའུ་ཆུང་ཞིག་བྱུང་སྟེ༔ མངལ་གྱི་ནང་དུ་ཞུགས་པ་རྨིས་ནས༔ ཡབ་རྒྱལ་པོ་ལ་བཟླས་པས༔ ཡབ་རྒྱལ་པོས་གསུང་པ༔ བར་སྣང་གི་ལྷ་བྲན་ཞིག་རང་རེའི་བུ་རུ་འོང་བ་ཡིན༔ རྨི་ལམ་ཡང་ཤིན་ཏུ་བཟང་ངོ་གསུངས་ནས་ཡབ་རྒྱལ་པོ་ཤིན་ཏུ་དགྱེས་སོ༔ དེ་ནས་ཡུམ་གྱི་ལུས་མི་བདེ་བ་མེད་པར༔ འགུལ་བ་དང་འཕར་བ་ལ་སོགས་པ་བྱུང་ཞིང་ལུས་བདེ་བ་དང་ཡང་བ་དང༔ ཤེས་པ་གསལ་བ་དང་ཉོན་མོངས་པ་མི་སྐྱེ་བར་གྱུར་ཏོ༔ དེ་ནས་ཟླ་དགུ་ངོ་དང་བཅུ་ནས་ཕོ་བྲང་བྲག་དམར་དུ་ཡུམ་ལ་ན་ཚ་མེད་པར་སྐུ་བལྟམས་སོ༔ དེ་ནས་རྒྱལ་བུ་དེ་སོ་དུང་སོ་འཁོར་མར་ཡོད་པ༔ སྐྲ་འཁོར་མཐོན་མཐིང་རིས་སྤྱི་གཙུག་གཡས་སུ་འཁྱིལ་བ༔ མཛེས་པ་ལྷའི་བུ་ལྟ་བུ་ཞིག་བྱུང་སྟེ༔ རྟའི་ལོ་དཔྱིད་ཟླ་ར་བའི་སྐར་མ་རྒྱལ་གྱི་ཉིན་པར༔ ནམ་ལངས་ནས་ཉི་མ་ཤར་བ་ལ་སྐུ་འཁྲུངས་སོ༔ མཚན་ཡང་ཁྲི་སྲོང་ལྡེའུ་བཙན་དུ་བཏགས་སོ༔ དེ་ནས་རྒྱལ་བུ་དེ་ལོ་བཅུ་གསུམ་ལོན་ནས་ཡབ་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་དགུང་དུ་གཤེགས༔ དེ་ནས་རྒྱལ་བུ་རྒྱལ་སར་ཕྱུང་སྟེ༔ བཙུན་མོ་གསུམ་ཁབ་ཏུ་བཞེས་ཏེ༔ ཚེ་སྤོང་བཟའ་དམར་རྒྱན༔ འབྲོ་བཟའ་བྱང་ཆུབ་སྨན༔ ཕོ་གྱོང་བཟའ་རྒྱལ་མོ་བཙུན་དེ་རྣམས་ཁབ་ཏུ་བཞེས་ནས༔ ལོ་བདུན་བར་དུ་འབངས་རྣམས་ཀྱི༔ ཕྱིའི་སོ་ཁ་སྲུང་བ་དང༔ ནང་གི་ཁ་རིས་སྐྱོང་བར་བྱས་ནས༔ རྒྱལ་སྲིད་བསྐྱངས་སོ༔ སློབ་དཔོན་པདྨའི་སྐྱེས་རབས་དྲི་མ་མེད་པ་ལས༔ བོད་རྒྱལ་པོས་རྒྱལ་སྲིད་བཟུང་བའི་ལེའུ་སྟེ་དྲུག་པའོ༔ ༔དེ་ནས་རྒྱལ་པོ་ཉི་ཤུ་ཐམ་པ་གླང་གི་ལོ་ལ༔ དམ་པའི་ཆོས་མཛད་པའི་ཐུགས་དགོངས་སྐྱེས་སོ༔ སྔོན་གྱི་རྒྱལ་པོ་སྲོང་བཙན་སྒམ་པོས་ཀྱང༔ བོད་མུན་པའི་སྨག་རུམ་དང་འདྲ་བ་ལ་གཙུག་ལག་ཁང་བཞེངས༔ དམ་པའི་ཆོས་མང་པོ་བསྒྱུར༔ བོད་ལ་བཀའ་དྲིན་ཤིན་ཏུ་ཆེ་བར་འདུག༔ ད་ནི་ངས་ཀྱང་དམ་པའི་ཆོས་དར་ཞིང་རྒྱས་པ་ཞིག་བྱ་དགོས་སྙམ་པའི་ཐུགས་དགོངས་རྒྱ་ཆེན་པོ་སྐྱེས་ཏེ༔ ད་ནི་དཀོན་མཆོག་གསུམ་གྱི་ཕོ་བྲང་གི་རྟེན༔ འགྲོ་བ་མི་རྣམས་མོས་ཤིང་དད་པར་བྱེད་པའི་ས༔ བདག་རང་གི་གཡར་དམ༔ སྔོན་ལ་གཙུག་ལག་ཁང་ཞིག་བཞེངས་སྙམ་ནས༔ དེ་ཡང་ཅི་འདྲ་བ་ཞིག་བྱེད་སྙམ་པའི་ཐུགས་དགོངས་སྐྱེས་པས༔ གླིང་བཞི་རི་རབ་ལྕགས་རི་དང་བཅས་པ་ཞིག་བཞེངས་པར་ཐུགས་དགོངས་བཅང༔ རྒྱལ་པོ་ཉི་ཤུ་རྩ་གཅིག་སྟག་གི་ལོ་ལ་རྨང་བཏིང་བར་བཞེད་ནས༔ རྒྱ་གར་ཡུལ་ན་སློབ་དཔོན་བོདྷི་སཏྭ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་མཁྱེན་པ་ཤིན་ཏུ་ཆེ་བ་ཞིག་བཞུགས་ཟེར་བའི་སྒྲ་གྲགས་པ་སྙན་དུ་ཐོས་ནས༔ ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་ར་བྱ་བ༔ རྒྱ་བོད་ཀྱི་སྐད་ཤེས་པ་ཞིག་ལ་གསེར་ཕྱེ་བྲེ་གང་ཞུ་རྟེན་དུ་བསྐུར་ནས༔ གཡོག་པོ་གཉིས་དང་བཅས་ཏེ༔ སློབ་དཔོན་སྤྱན་དྲང་དུ་བཏང་སྟེ༔ ཤྲཱི་ན་ལེནྡྲའི་གཙུག་ལག་ཁང་དུ་ཞལ་མཇལ་ནས༔ གསེར་ཕྱེ་ཕུལ་ནས༔ བདག་ནི་བོད་ཀྱི་རྒྱལ་པོས་གཙུག་ལག་ཁང་ཞིག་བཞེངས་པར་འདོད་པས༔ ས་གཞི་འདུལ་བའི་ཕྱིར༔ སློབ་དཔོན་ཉིད་སྤྱན་འདྲེན་དུ་བཏང་བས༔ འབྱོན་པར་ཞུ་ཞེས་གསོལ་བ་བཏབ་པས༔ སློབ་དཔོན་གྱི་ཞལ་ནས༔ བོད་ཀྱི་རྒྱལ་པོ་དང་ཚེ་རབས་སྔ་མའི་ལས་འབྲེལ་ཞིག་ཡོད་པས་འགྲོ་དགོས་གསུངས་ནས་བོད་དུ་བྱོན་ནོ༔ དེ་ནས་སློབ་དཔོན་ཕོ་བྲང་བྲག་དམར་དུ་གདན་དྲངས་ནས༔ རྒྱལ་པོས་ཞུ་བ་ཕུལ་བ༔ སློབ་དཔོན་ཆེན་པོ་ལགས༔ དཀོན་མཆོག་གསུམ་གྱི་ཕོ་བྲང་གི་རྟེན༔ བདག་རང་གི་གཡར་དམ༔ འགྲོ་བ་མི་རྣམས་མོས་པ་བྱེད་པའི་ས༔ གཙུག་ལག་ཁང་ཞིག་བཞེངས་པར་འདོད་པས༔ སློབ་དཔོན་གྱིས་ས་གཞི་བྱིན་གྱིས་བརླབ་པར་འཚལ་ཞེས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ བོད་ཀྱི་ལྷ་འདྲེ་མི་མ་ཡིན་པ་རྩུབ་མོར་འདུག་པས༔ ངས་བྱང་ཆུབ་ཀྱི་སེམས་ཀྱིས་འདུལ་བ་ཡིན་པས༔ ཐུལ་ལམ་མི་ཐུལ་མི་ཤེས་པས༔ རྒྱལ་པོ་རང་རྨང་ཐིངས་ཤིག་གསུངས་ནས༔ སློབ་དཔོན་གྱིས་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ནས༔ ས་གཞི་བྱིན་གྱིས་བརླབས༔ རྒྱལ་པོ་ཉིད་ཀྱི་སྐུ་ལ་དར་དཀར་གྱི་ན་བཟའ་གསོལ༔ ཕྱག་ན་གསེར་གྱི་འཇོར་ཐོགས་ནས་བརྐོས་པས༔ ཁྲུ་གང་ཙམ་གྱི་འོག་ནས་འབྲས་དཀར་མོ་ཁལ་གཅིག༔ བདུད་རྩིས་ཞག་རོ་ཀ་ར་ལྟར་བྲོ་བ་མང་པོ་བྱུང་ནས༔ རྒྱལ་པོ་ཉིད་ཀྱི་ཞལ་དུ་ཡང་གསོལ་དབུ་ལ་ཡང་བྱུག་ནས༔ འོ་ན་ང་ཡི་བསམ་པ་འགྲུབ་པར་འོང༔ བོད་ཡུལ་ན་ཆོས་ཀྱི་བསྟན་པ་དར་བར་འོང་གསུངས་ནས༔ དེ་ནས་རྨང་བཏིང་ནས་བརྩིགས་པས༔ དགེ་བསྙེན་ཉི་ཤུ་རྩ་གཅིག་ལ་སོགས་པ་བོད་ཀྱི་གནོད་སྦྱིན་ཕོ་མོ་མཐུ་བོ་ཆེ་རྣམས་ཀྱིས་བར་ཆད་བྱས་ཏེ༔ ཉིན་བརྩིགས་པ་རྣམས་མཚན་བཤིག་པས་དམའ་བར་གྱུར་ཏེ་བརྩིགས་སུ་མ་སྟེར་རོ༔ དེ་ནས་སློབ་དཔོན་ལ་རྒྱལ་པོས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ བདག་གི་བསམ་པ་ནི་འགྲུབ་འགྲུབ་མི་འདྲ་ན༔ ཐབས་ཅི་མངའ་ཞུས་པས༔ སློབ་དཔོན་གྱིས་རྒྱལ་པོ་ལ་གསུངས་པ༔ རྒྱལ་པོ་ཆེན་པོ་ལགས༔ བདག་གིས་རྒྱུ་མཚན་ཉིད་ཀྱི་ཆོས་ཐམས་ཅད་མ་ལུས་པར་ཤེས་ཤིང༔ བྱང་ཆུབ་ཀྱི་སེམས་ཀྱང་འབྱོངས་པ་ཡིན་ཀྱང༔ བོད་ཀྱི་ལྷ་འདྲེ་གདུག་རྩུབ་ཅན་ཐམས་ཅད་མི་ཐུལ་བ་འདྲ་བས༔ ཐབས་ཤིག་ཡོད་ཀྱི་གསུངས་སོ༔ སློབ་དཔོན་པདྨའི་སྐྱེས་རབས་དྲི་མ་མེད་པ་ལས༔ རྒྱལ་པོས་ཆོས་ལ་ཐུགས་དགོངས་སྐྱེས་ནས་ཐུགས་དམ་བཞེངས་པའི་ཕྱིར༔ སློབ་དཔོན་བོདྷི་སཏྭ་གདན་དྲངས་ནས༔ གཙུག་ལག་ཁང་རྨང་བཏིང་བའི་ལེའུ་སྟེ་བདུན་པའོ༔ ༔དེ་ནས་སློབ་དཔོན་ཆེན་པོ་བོདྷི་སཏྭའི་ཞལ་ནས༔ བོད་ཀྱི་ལྷ་འདྲེ་གདུག་པ་ཅན་འདི་རྣམས་དྲག་པོས་འདུལ་དགོས་པར་འདུག་པས༔ བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་བྱ་བ་ན༔ ཨུ་རྒྱན་རྒྱལ་པོའི་སྲས་མཛད་པའི་གྲུབ་ཐོབ་ཅིག་བཞུགས་ཏེ༔ དེ་ཡང་ཇི་ལྟ་བུ་ཞིག་ཡིན་སྙམ་ན༔ སྤྲུལ་པའི་སྐུ་པདྨ་འབྱུང་གནས་བྱ་བ་མཐུ་ཆེ་ལ་རྩལ་དྲག་པ་གསང་སྔགས་ཀྱི་སྤྱོད་པ་མཛད་པ་ཞིག་བཞུགས་པས༔ དེ་སྤྱན་དྲངས་ན་མངའ་བདག་གི་དགོངས་པ་འགྲུབ་ཅིང༔ མི་མ་ཡིན་འདི་རྣམས་ཀྱང་ཐུལ་བར་འགྱུར་རོ༔ ཞེས་གསུངས་པས༔ དེ་ནས་བཀའ་ལུང་དེ་མངའ་བདག་གི་རྨི་ལམ་དུ་བྱུང་བ་སྐད་བྱས་ནས༔ འབངས་ཕྱི་འཁོར་དང་ནང་འཁོར་རྣམས་ལ་བཀའ་སྩལ་པ༔ ང་ཡི་མདངས་སུམ་གྱི་རྨི་ལམ་ན༔ རྒྱ་བལ་གྱི་མཚམས་ཡང་ལེ་ཤོད་ཀྱི་བྲག་ཕུག་ཅེས་བྱ་བ་ན༔ ཨུ་རྒྱན་གྱི་སློབ་དཔོན་པདྨ་སཾ་བྷ་ཝ་ཞེས་བྱ་བ་ཞིག་བཞུགས་ཏེ༔ དེ་སྤྱན་དྲངས་ན་ངའི་བསམ་པ་འགྲུབ་བོོ་བྱ་བ་ཞིག་རྨིས་སོ༔ དེ་ཁྱེད་རྣམས་ཀྱིས་སྤྱན་འདྲེན་དུ་འགྲོ་དགོས་པས༔ བང་ཆེན་པ་མི་གསུམ་གཏོང་བའི་གྲོས་གྱིས་གསུངས་པས༔ འབངས་རྣམས་ཀྱིས་བསམ་རིག་བཏང་ཞིང་གྲོས་བྱས་ཏེ༔ བང་ཆེན་གྱི་ཁས་ལེན་མ་བྱུང་ནས༔ རྒྱལ་པོ་ཉིད་ཀྱིས༔ སྦས་མང་རྗེ་གསལ་སྣང་དང༔ སེངྒེ་མགོ་ལྷ་ལུང་གཉིས་ལ་བཀའ་སྩལ་ནས༔ གཡོག་པོ་གསུམ་དང་དཔོན་གཡོག་ལྔ་ལ་གསེར་ཕྱེ་བྲེ་གང་དང་ལམ་རྒྱགས་སོགས་བསྐུར་ནས་ལམ་དུ་ཞུགས་པས༔ སློབ་དཔོན་གྱི་སྤྱན་སྔར་བཀའི་སྲུང་མ་རྣམས་ཀྱིས་བསྐུལ་མ་བྱུང་སྟེ༔ བོད་ཡུལ་ཧས་པོ་རིའི་རྩ་བར༔ བོད་ཀྱི་ལྷ་སྲས་བཙད་པོས་གཙུག་ལག་ཁང་ཞིག་བཞེངས་སུ་གསོལ་བས༔ སློབ་དཔོན་ཆེན་པོའི་སྤྱན་སྔར་བང་ཆེན་པ་མི་ལྔ་འོངས་པས༔ དེ་རྣམས་ཐང་ཆད་ཉོན་མོངས་པས༔ སློབ་དཔོན་མང་ཡུལ་གུང་ཐང་གི་མཚམས་སུ་སྟ་གོན་ལ་གཤེགས་པར་ཞུ༔ ཞེས་བསྐུལ་བས༔ སློབ་དཔོན་རྫུ་འཕྲུལ་གྱིས་ནམ་མཁའ་ལ་བྱོན་ནས༔ མང་ཡུལ་གུང་ཐང་དུ་ཟླ་བ་གསུམ་བཞུགས་པ་དང༔ བང་ཆེན་པ་རྣམས་དང་མཇལ་ནས༔ སློབ་དཔོན་གྱིས་མཁྱེན་བཞིན་དུ༔ ཁྱེད་རྣམས་སུ་ཡིན་གར་འགྲོ་དྲིས་པས༔ སྦས་མང་རྗེ་གསལ་སྣང་གིས་ངེད་བོད་ཀྱི་ལྷ་སྲས་ཀྱིས༔ སློབ་དཔོན་པདྨ་འབྱུང་གནས་སྤྱན་འདྲེན་དུ་བཏང་པ་ཡིན་པས༔ སློབ་དཔོན་ཁྱེད་ལགས་སམ་ཞུས་པས༔ འོ་ང་ཟླ་བ་གསུམ་གྱི་གོང་དུ་སྲུང་མ་རྣམས་ཀྱིས་བསྐུལ་བྱུང་བས༔ ཁྱོད་བང་ཆེན་པ་རྣམས་ཉོན་མོངས་ཀྱིས་དོགས་ནས་ང་འདིར་བསྡད་པ་ཡིན༔ ཁྱོད་རྣམས་རེ་འགོར༔ ད་ང་ལ་སྐུ་ཡོན་ཅི་ཡོད་ཕུལ་ཅིག་གསུངས་བས༔ དེ་རྣམས་ཀྱིས་ཕྱག་བྱས་ཏེ༔ གསེར་ཕྱེ་བྲེ་གང་ཕུལ་བས༔ ད་རུང་ཕུལ་ཅིག་གསུངས་པས༔ འབངས་རྣམས་ཀྱིས་གོས་ཕུད་ནས་ཕུལ་བས༔ ད་རུང་ཅི་ཡོད་ཕུལ་ཅིག་གསུངས་བས༔ འབངས་རྣམས་ཀྱིས་རྒྱལ་པོས་དེ་བས་ཅི་མ་བསྐུར༔ ངེད་ལ་ཡང་དེ་བས་ཅི་མེད་པས༔ ད་ནི་ལུས་ངག་ཡིད་གསུམ་བྲན་དུ་འབུལ་བྱས་ནས་ཕྱག་དང་བསྐོར་བ་བྱས༔ ཞབས་སྤྱི་བོར་བླངས་པས༔ སློབ་དཔོན་ཡང་མཉེས་ཏེ༔ ངས་བོད་ཀྱི་དད་པ་ལ་འགྱུར་ལྡོག་ཡོད་དམ་མེད་བལྟས་པ་ཡིན༔ ང་ལ་སྣང་བ་ཐམས་ཅད་གསེར་དུ་ཡོད་གསུངས་ནས༔ ཕྱག་གཡས་པ་མང་ཡུལ་གུང་ཐང་གི་ཕྱོགས་སུ་བརྐྱངས་པས༔ གཡས་ཕྱོགས་ཀྱི་རི་ཐམས་ཅད་གཡོན་ཕྱོགས་སུ་བསྒྱུར༔ ཕྱག་གཡོན་པ་ནུབ་ཕྱོགས་སུ་བརྐྱངས་པས༔ ས་རྡོ་ཐམས་ཅད་གཟི་མཆོང་བྱེ་རུ་གསེར་གཡུར་བསྒྱུར་ནས༔ བང་ཆེན་པ་རྣམས་ལའང་བྱིན་ནས༔ ལྟ་སྟངས་ཤིག་ག་མཛད་པས་ཉི་ཟླ་ས་ལ་ཕབ༔ སྡིགས་མཛུབ་ཅིག་མཛད་པས་ཆུ་བོ་གྱེན་ལ་བཟློག༔ ང་ལ་རྫུ་འཕྲུལ་དང་ནུས་པ་འདི་ལྟ་བུ་ཡོད༔ ཁྱེད་རྣམས་ཡིད་ཆེས་པར་གྱིས༔ གསེར་གྱིས་ང་ལ་དགོས་པ་མེད་ཀྱི༔ འོན་ཀྱང་མངའ་བདག་གི་དགོངས་པ་འགྲུབ་པ་དང༔ བསོད་ནམས་ཐོབ་པར་བྱ་བའི་ཕྱིར་རེ་ཞིག་བླང་དགོས་གསུངས་ནས༔ མང་ཡུལ་དང་བལ་ཡུལ་གྱི་ཕྱོགས་སུ་གཏོར་ནས་བཏང་སྟེ༔ དུས་ཕྱི་མར་བོད་ཡུལ་གྱི་གསེར་ཐམས་ཅད་མང་ཡུལ་དང༔ བལ་ཡུལ་གྱི་ཕྱོགས་སུ་འབོལ་བར་འོང་གསུངས་སོ༔ བང་ཆེན་པ་རྣམས་ལ་བྱིན་པའི་གསེར་གཡུ་རྣམས་ལ་ཙུག་ཡིན་སྙམ་ནས་ཡིད་མ་ཆེས་ཏེ་སོ་སོར་ཕྱིན་ནས་བལྟས་པས༔ བདེན་པར་སྣང་སྟེ་སོ་སོར་ཡིད་ཆེས་སོ༔ སློབ་དཔོན་པདྨའི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་གྱི་ཐུགས་རྗེས་དགོངས་ནས་བོད་ཡུལ་དུ་བྱོན་ནས་ཕོ་ཉ་བ་རྣམས་དང་མཇལ་བའི་ལེའུ་སྟེ་བརྒྱད་པའོ༔ ༔དེ་ནས་སློབ་དཔོན་དཔོན་གཡོག་རྣམས་མར་བྱོན་ཏེ༔ མང་ཡུལ་དོན་ལ་ཁར་བྱོན་པས༔ ཞང་ཞུང་གི་དགྲ་བླ་མུ་ཙ་མེད་བྱ་བས་བར་ཆད་བརྩམས་ཏེ༔ རི་ཆེན་པོ་གཉིས་སུ་བརྫུས་ནས་སློབ་དཔོན་དཔོན་གཡོག་རྣམས་བཅར་བར་བྱས་པས༔ སློབ་དཔོན་གྱིས་ཕྱག་མཁར་བྲག་ལ་བཙུགས་ནས་ལམ་བཏོད་དོ༔ མགོ་ཐོག་ནས་མར་བྱོན་པས་མོ་རབ་ཏུ་སྔངས་ཤིང་བྲེད་པར་གྱུར་ཏེ༔ སྲོག་གི་སྙིང་པོ་ཕུལ་ནས་སྲུང་མར་ཁས་བླངས༔ གསང་མཚན་གངས་ཀྱི་ཡུམ་ཆེན་རྡོ་རྗེ་གཡུ་བུན་མར་བཏགས༔ དེ་ནས་བྱང་གནམ་ཐང་དུ་མར་བྱོན་ཙ་ན༔ གནམ་སྨན་དཀར་མོས་སློབ་དཔོན་ལ་ཐོག་ཕབ་པས༔ སློབ་དཔོན་གྱིས་ཕྱག་གཡོན་པའི་མཐིལ་དུ༔ ཆུ་མེ་ལོང་གང་ཙམ་བཞག་ནས༔ དེ་བཟེད་པ་དང༔ ཐོག་དེར་ཕབ་ཙ་ན་ཐོག་སྐམ་སྲན་མ་ཙམ་བདུན་དུ་སོང༔ དེར་མོ་ཡ་མཚན་སྐྱེས་ཏེ་བྲེད་ནས༔ དཔལ་མོ་དཔལ་མཚོར་བྲོས་སོ༔ སློབ་དཔོན་གྱིས་མཚོ་ལ་སྡིགས་མཛུབ་གཏད་ནས་མཚོ་མེ་དཔུང་དུ་བསྒོམས་པས༔ མཚོ་ལྷག་གིས་ཁོལ་ནས་མོའི་ཤ་རུས་ཕྱེས་ཏེ་བྲོས་པ་དང༔ སློབ་དཔོན་གྱིས་ཕྱག་གི་རྡོ་རྗེ་བརྒྱབ་པས༔ མིག་གཡས་པ་བཅར་བ་དང༔ མོ་ན་རེ༔ སྟོན་པའི་ཞལ་སྐྱིན་རྡོ་རྗེ་ཐོད་འཕྲེང་རྩལ༔ བར་ཆད་མི་བགྱིད་ཐུགས་དམ་དགོངས་པ་ཁྲོལ༔ ཅེས་སྲོག་གི་སྙིང་པོ་ཕུལ་ནས་དམ་ལ་བཏགས་སོ༔ མིང་ཡང་ཤ་མེད་གངས་དཀར་རྡོ་རྗེ་སྤྱན་གཅིག་མར་བཏགས་སོ༔ དེ་ནས་འོ་ཡུག་ནས་མར་བྱོན་ཙམ་ན༔ བརྟན་མ་རྣམས་ཀྱིས་རིའི་བར་དུ་བཅར་བར་བྱས་པས༔ སློབ་དཔོན་གྱིས་སྡིགས་མཛུབ་རི་ལ་གཏད་ནས་བྱོན་པས༔ བརྟན་མ་རྣམས་ཀྱིས་རི་བསྐྱོད་པར་མ་ནུས་ནས་བྲོས་སོ༔ འོ་ཡུག་གི་མདའ་ལ་རིའི་རྩེའི་བྲག་ཐམས་ཅད་བསྙིལ་ནས་རྦབ་དུ་བཏང་པས༔ སློབ་དཔོན་གྱིས་སྡིགས་མཛུབ་གཏད་ནས་བྱོན་པས༔ བྲག་རྡོ་ཐམས་ཅད་གྱེན་ལ་ལོག་སྟེ༔ གཡའ་རི་དང་བྲག་རི་དང་གངས་རི་ལ་སོགས་བརྟན་མའི་གནས་ས་ཐམས་ཅད་བཤིག་པས༔ བརྟན་མ་བཅུ་གཉིས༔ སྐྱོང་མ་བཅུ་གཉིས༔ ཡ་མ་བཅུ་གཉིས་ལ་སོགས་པ་སོ་སོའི་འཁོར་དང་བཅས་པས་སྲོག་གི་སྙིང་པོ་ཕུལ་ནས་དམ་ལ་བཏགས་སོ༔ གསང་མཚན་རེ་རེ་བཏགས་ནས་བཀའི་སྲུང་མར་དབང་བསྐུར་རོ༔ དེ་ནས་ལྕེ་ཕུ་ཤམ་པོ་ལུང་དུ་བྱོན་པས༔ ཡར་ལྷ་ཤམ་པོ་གཡག་དཀར་པོ་རི་ལོགས་ཙམ་དུ་སྤྲུལ་ནས༔ སྣ་རླངས་སྤྲིན་དུ་འཐིབས་པ༔ ང་རོ་འབྲུག་ཏུ་གྲགས་པ༔ ཁ་རླངས་བུ་ཡུག་ཏུ་འཚུབས་པས༔ ཐོག་དང་སེར་བ་ཕབ་ནས་ཉམས་བླངས་པས༔ སློབ་དཔོན་གྱིས་ལྕགས་ཀྱུའི་ཕྱག་རྒྱས་སྣ་ནས་བཟུང༔ ཞགས་པའི་ཕྱག་རྒྱས་རྐེད་ནས་བཏབ༔ ལྕགས་སྒྲོག་གི་ཕྱག་རྒྱས་རྐང་ལག་བཞི་སྒྲོག་ཏུ་བཅུག༔ དྲིལ་བུའི་ཕྱག་རྒྱས་གཡག་དེ་བཙོག་སྟེ་བརྡུངས་པས༔ ཁྱེའུ་ཆུང་དར་དཀར་གྱི་རལ་ག་ཅན་ཞིག་ཏུ་གྱུར་ཏེ༔ སྲོག་གི་སྙིང་པོ་ཕུལ་ནས་དམ་ལ་བཏགས་སོ༔ དེ་ནས་སློབ་དཔོན་གནམ་ཐང་ལྷའི་རྩར་བྱོན་པས༔ ཐང་ལྷས་སློབ་དཔོན་ལ་ཉམས་ཚད་དེ་གནོད་སྦྱིན་ཆེན་པོ་ཞིག་ཏུ་སྤྲུལ་ནས་སློབ་དཔོན་དཔོན་སློབ་ཟ་བའི་ཚུལ་དུ་བྱས་ནས་བྱུང་བ་ལ༔ སློབ་དཔོན་གྱི་ཕྱག་རྒྱ་སྡིགས་མཛུབ་ཏུ་བྱས་པས༔ ཁོ་བྱིས་པ་གཡུ་ཡི་ཟུར་ཕུད་ཅན་གཅིག་ཏུ་གྱུར་ནས་དམ་ལ་བཏགས་ཏེ༔ སློབ་དཔོན་གྱི་ཞལ་ནས༔ ཨཾ་འདི་ནི་ཀླུའི་མེས་པོ་ཐོད་དཀར་ཞེས་ཀྱང་བྱ༔ དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་ཞེས་ཀྱང་བྱ༔ གཉན་ཆེན་ཐང་ལྷ་ཞེས་ཀྱང་བྱ་འདི་ལ་ངས་དྲོ་ཞིག་བསླང་ངོ་གསུངས་ནས་གཤེགས་ཏེ༔ ཕྱི་དྲོ་དྲོ་འཁོར་ཙམ་ན༔ ན་བཟའི་ཕུ་དུང་ལྟེབ་ཏུ་ཅི་ཡང་མི་བྲོ་བའི་ཁུར་བ་ལབ་ལེབ་དང༔ ཞལ་ཟས་མང་པོ་བསྣམས་ནས་བྱོན་ཏེ༔ མངའ་འོག་ཏུ་འདུས་སོ༔ དེ་ནས་བྱང་འཕན་ཡུལ་ལ་རུ་བྱོན་ནས༔ བྱང་གི་ཏིང་ཏིང་ཏིང་ལོ་སྨན་དང༔ སྟག་སྨན་ཟོར་གདོང་མ་དང༔ བྱང་ཕུག་མ་གསུམ་གྱིས་བྱང་ཐང་གསུམ་གྱི་ལྷགས་པ་ཐམས་ཅད་དུས་གཅིག་བསྡུས་ཏེ༔ སློབ་དཔོན་འཁོར་དང་བཅས་པ་ལ་བརྒྱབ་པས༔ འཁོར་རྣམས་ནི་རེངས་ལ་ཁད༔ སློབ་དཔོན་ཉིད་ཀྱང་བསེར་བ་ཙམ་ཞིག་བྱུང་ནས༔ སློབ་དཔོན་གྱིས་སྡིགས་མཛུབ་ཀྱི་རྩེ་ལ་མེའི་འཁོར་ལོ་བསྐོར་བས༔ གནོད་སྦྱིན་ཕོ་མོ་གནས་པའི་གངས་རི་ཐམས་ཅད་མར་ལ་ལྕགས་སྲེག་ཕོག་པ་ལྟར་ཞུ་ནས༔ བོད་ཀྱི་གནོད་སྦྱིན་ཕོ་མོ་ཐམས་ཅད་ཀྱིས་སྲོག་སྙིང་ཕུལ་ནས་དམ་ལ་བཏགས་སོ༔ དེ་ནས་སྟོད་ལུང་གྲམ་བུའི་ཚལ་དུ་བྱོན་ནས༔ སློབ་དཔོན་ལ་རྗེ་འབངས་ཉི་ཤུ་རྩ་གཅིག་གིས་བསུ་བ་དང་མཇལ་འཕྲད་མཛད་དོ༔ དེ་ནས་སྟོད་ལུང་གཞོང་པའི་མདོར་བྱོན་ནས༔ སློབ་དཔོན་རྗེ་འབངས་རྣམས་ཀྱིས་དྲོ་བཏབ་པར་འདོད་པས་ཆུ་མ་རྙེད་ནས༔ སློབ་དཔོན་གྱིས་ཕྱག་མཁར་བྲག་ལ་བཙུགས་པས༔ ཆུ་བྱུང་བས་གཞོང་པའི་ལྷ་ཆུར་མིང་བཏགས་སོ༔ དེ་ནས་ཁ་ལ་བྲག་རིར་དགོང་གཅིག་བཞུགས་ནས༔ བཙན་ཐམས་ཅད་དམ་ལ་བཏགས་སོ༔ དེ་ནས་ཟུལ་ཕུག་ཏུ་ཞག་གཅིག་བཞུགས་ཏེ༔ བདུད་ཐམས་ཅད་དམ་ལ་བཏགས་སོ༔ དེ་ནས་གཡའ་རི་གོང་དུ་ཞག་གཅིག་བཞུགས་ནས༔ རྒྱལ་པོ་དང་འགོང་པོ་ཐམས་ཅད་དམ་ལ་བཏགས་སོ༔ སློབ་དཔོན་པདྨའི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་པདྨས་བོད་ཀྱི་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས་པའི་ལེའུ་སྟེ་དགུ་པའོ༔ ༔དེ་ནས་སློབ་དཔོན་ཧས་པོ་རི་ལ་བྱོན་ནས༔ བོད་ཀྱི་མངའ་བདག་རྗེ་འབངས་རྣམས་ཀྱིས་བསུ་བ་མཛད་པས༔ རྒྱལ་པོའི་ཐུགས་དགོངས་ལ༔ ང་བོད་མགོ་ནག་གི་སྤྱི་རྗེ༔ དུད་འགྲོ་རྔོག་ཆགས་ཀྱི་བདག་པོ་ཡིན༔ ཆོས་སྐྱོང་བའི་རྒྱལ་པོ་ཡང་ཡིན་པས་སློབ་དཔོན་གྱིས་ང་ལ་ཕྱག་བྱེད་འོང་སྙམ་མོ༔ སློབ་དཔོན་གྱི་ཐུགས་དགོངས་ལ༔ ང་གྲུབ་པ་ཐོབ་པའི་རྣལ་འབྱོར་པ༔ རྒྱལ་པོའི་སློབ་དཔོན་དུ་སྤྱན་དྲངས་པ་ཡིན་པས༔ ང་ལ་ཕྱག་བྱེད་འོང་སྙམ་ནས༔ ཕྱག་ལ་མ་མཐུན་ཏེ༔ སློབ་དཔོན་གྱིས་ང་ཆེ་ང་བཙན་གྱི་མགུར་འདི་གསུངས་སོ༔ ན་མོ་རཏྣ་གུ་རུ༔ ཁྱོད་བོད་ཀྱི་མངའ་བདག་ཚུར་གསོན་དང༔ ངས་ཁམས་གསུམ་སེམས་ཅན་འཆི་བར་རྟོགས༔ དཔལ་ཡོ་ག་ཚེ་ཡི་རིག་འཛིན་གྲུབ༔ ང་འཆི་མེད་པདྨ་འབྱུང་གནས་ཡིན༔ རྡོ་རྗེ་ཚེ་སྒྲུབ་ཀྱི་གདམས་ངག་བདོག༔ སྣང་བ་སེམས་ཀྱི་དཀྱིལ་འཁོར་དུ༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་བཀོལ༔ ང་རྒྱལ་པོ་པདྨ་འབྱུང་གནས་ཡིན༔ ཁམས་གསུམ་དབང་སྡུད་ཀྱི་གདམས་ངག་བདོག༔ སྣང་བ་འཁོར་འདས་ཀྱི་དཔེ་ཆ་ལ༔ དྲང་དོན་ངེས་དོན་གྱི་བཤད་པ་བྱེད༔ ང་དགེ་བཤེས་པདྨ་འབྱུང་གནས་ཡིན༔ འཁོར་འདས་ཤན་འབྱེད་ཀྱི་གདམས་ངག་བདོག༔ སེམས་ཉིད་ཀྱི་ཤོག་བུ་རྣལ་མ་ལ༔ ཚིག་དང་བྲལ་བའི་ཡི་གེ་བྲི༔ ང་ཡིག་མཁན་པདྨ་འབྱུང་གནས་ཡིན༔ ཆོས་ཡི་གེ་མེད་པའི་གདམས་ངག་བདོག༔ འདི་ལྟར་སྣང་བའི་གྱང་ལོགས་ལ༔ གཉིས་སུ་མེད་པའི་རི་མོ་བྲི༔ ང་ལྷ་བཟོ་པདྨ་འབྱུང་གནས་ཡིན༔ སྣང་སྟོང་དབྱེར་མེད་ཀྱི་གདམས་ངག་བདོག༔ མི་དུག་ལྔའི་ནད་ཀྱིས་ཟིན་པ་ཀུན༔ ཟག་མེད་སྨན་གྱིས་གསོ་བར་བྱེད༔ ང་སྨན་པ་པདྨ་འབྱུང་གནས་ཡིན༔ བདུད་རྩི་འཆི་གསོས་ཀྱི་གདམས་ངག་བདོག༔ མི་དད་པ་ཆེ་བའི་འདུན་མ་བྱས༔ ཚེ་འདི་ཕྱི་གཉིས་ཀྱི་བདེ་སྐྱིད་བསྒྲུབ༔ ང་གཙོ་བོ་པདྨ་འབྱུང་གནས་ཡིན༔ འཁོར་བ་རྩད་གཅོད་ཀྱི་གདམས་ངག་བདོག༔ ཤེས་རབ་སྙིང་པོའི་མཚོན་ཐོགས་ནས༔ རྣམ་རྟོག་ལོག་ལྟའི་དགྲ་བོ་བཏུལ༔ ང་དཔའ་བོ་པདྨ་འབྱུང་གནས་ཡིན༔ འཁོར་བ་གཡུལ་བཟློག་གི་གདམས་ངག་བདོག༔ དུག་ལྔའི་དགྲ་བོ་དགྲར་ལངས་པ༔ ཡེ་ཤེས་ལྔ་ཡི་ཁོངས་སུ་བྲུབས༔ ང་མཐུ་མཁན་པདྨ་འབྱུང་གནས་ཡིན༔ དུག་ལྔ་རྩད་གཅོད་ཀྱི་གདམས་ངག་བདོག༔ ཁྱོད་གདོང་དམར་སྲིན་པོ་བོད་ཀྱི་རྗེ༔ འཇིག་རྟེན་དྲེགས་པའི་ཁེངས་སེམས་ཅན༔ ང་རྒྱལ་འཁོར་བར་སྐྱེ་བའི་རྒྱུ༔ ཉོན་མོངས་དུག་ལྔའི་རྒྱན་གྱིས་བརྒྱན༔ བོད་ཀྱི་མངའ་བདག་མ་ལགས་སམ༔ ཁྱོད་མངའ་ཐང་ཆེ་བས་གློ་བ་དགའ༔ ངས་བོད་ཀྱི་རྗེ་ལ་ཕྱག་མི་འཚལ༔ རྒྱལ་པོའི་ན་བཟའ་བཞེས་ཕྱག་འཚལ༔ ཞེས་གསུངས་ནས༔ ཕྱག་ཐལ་མོ་ཡ་གཅིག་དེང་མཛད་པས༔ ཕྱག་གི་འོད་ཟེར་གྱིས་རྒྱལ་པོའི་ན་བཟའ་ཐམས་ཅད་ཚིག་པས༔ རྒྱལ་བློན་རྣམས་བྲེད་ནས༔ རྒྱལ་པོ་ཉིད་ཀྱིས་ཕྱག་འཚལ་ལོ༔ དེ་ནས་སློབ་དཔོན་ཕོ་བྲང་དུ་སྤྱན་དྲངས་ཏེ༔ གསེར་གྱི་ཁྲི་ལ་བཞུགས་སོ༔ ཞལ་སྐྱེམས་དང༔ བཤོས་དང༔ ཞལ་ཟས་སྣ་ཚོགས་ཕྱག་ཏུ་དྲངས་ནས༔ ཟ་འོག་གི་སྨུག་བེར་སྐུ་ལ་གསོལ༔ རྒྱལ་པོས་གསེར་གཡུའི་མཎྜལ་ཕྱག་རྟེན་དུ་ཕུལ་ནས་ཞུས་པ༔ ཨེ་མ་ཧོ་ན་མོ་གུ་རུ་རྗེ༔ བདག་ནི་སྲིན་པོ་གདོང་དམར་རྗེ༔ བོད་ཀྱི་མི་རྣམས་འདུལ་དཀའ་བས༔ དམ་པ་ཆོས་ཀྱི་རྟེན་ཞིག་འཛུགས༔ སློབ་དཔོན་སྤྲུལ་པའི་སྐུར་བཞུགས་པས༔ ས་གཞི་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ མངའ་བདག་རྒྱལ་པོ་ཆེན་པོ་ལགས༔ བོད་འདི་གནོད་སྦྱིན་ཕོ་མོ་འདྲེའི་ཡུལ་དུ་འདུག་པས༔ ལམ་ཀར་བོད་ཀྱི་ལྷ་འདྲེ་ཕོ་མོ་དམ་ལ་བཏགས་ཏེ༔ ད་དུང་ཡུལ་ཕ་ཀི་ན་བོད་ཁམས་ཐམས་ཅད་ལ་དབང་བྱེད་པའི་ཀླུའི་རྒྱལ་པོ་ཞིག་འདུག་པས་དེར་ཀླུའི་གཏེར་འཛུགས་དགོས་པར་འདུག་གསུངས་ནས༔ མལ་གྲོའི་མདོར་བྱོན་ནས་འཁོར་བ་དོང་སྤྲུགས་ཀྱི་ཆོ་ག་མཛད༔ དཔལ་ངན་སོང་སྦྱོང་བའི་དཀྱིལ་འཁོར་བཞེངས་ནས༔ མངའ་བདག་རྗེ་འབངས་རྣམས་ཀྱི་སྒྲིབ་པ་སེལ་བའི་ཆོ་ག་མཛད༔ དེ་ནས་མལ་གྲོའི་ཕུ་ན་བྱོན་ནས་མལ་གྲོ་གཟི་ཅན་གྱི་ཀླུ་ལ་གཏེར་འཛུགས་པའི་ཆོ་ག་མཛད༔ དེ་ནས་ཧས་པོ་རིར་བྱོན་ནས༔ ཆབ་གཏོར་གཟི་ཕོར་གང་ལ་ཏིང་ངེ་འཛིན་གྱིས་རྒྱ་བསྐྱེད༔ སློབ་དཔོན་གྱིས་ལྷ་འདྲེ་ཐམས་ཅད་མངའ་འོག་ཏུ་བསྡུས་ཏེ༔ དྲེགས་པ་ཅན་ཟིལ་གྱིས་གནོན་པའི་མགུར་འདི་གསུངས་སོ༔ ཧཱུྃ༔ ཉོན་ཅིག་ང་ནི་པདྨ་འབྱུང་གནས་ཏེ༔ མངལ་གྱིས་མ་གོས་མཚོ་སྐྱེས་རྡོ་རྗེ་ཡིན༔ ལུས་ལ་འབྱུང་བཞིའི་ནད་ཀྱིས་མི་ཚུགས་པའི༔ འཆི་མེད་རིག་འཛིན་ཚེ་ཡི་དངོས་གྲུབ་ཐོབ༔ ལུས་ངག་ཡིད་གསུམ་ལྷ་ཡི་སྐུར་གསལ་བས༔ དྲེགས་པ་ཟིལ་གྱིས་གནོན་པའི་ནུས་པར་ལྡན༔ རྣམ་རྟོག་ཐམས་ཅད་སེམས་སུ་རྟོགས་པ་ཡིས༔ ལྷ་འདྲེ་འཇིགས་པས་བསྡིགས་ཀྱང་ཉམ་མི་ང༔ ནམ་མཁའ་ཡངས་པའི་དཀྱིལ་འཁོར་དུ༔ འབྱུང་བ་བཞི་པོ་ཤོང་ཡང་ཤོང༔ ཤོང་ཡང་ཤོང་སྟེ་ཡངས་ཀྱང་ཡངས༔ སེམས་ཉིད་སྟོང་པའི་དཀྱིལ་འཁོར་དུ༔ སྣང་སྲིད་ལྷ་འདྲེ་ཤོང་ཡང་ཤོང༔ ཤོང་ཡང་ཤོང་སྟེ་ཡངས་ཀྱང་ཡངས༔ སེམས་ཉིད་སྟོང་པ་དམིགས་མེད་ལ༔ ལྷ་ཡང་མེད་དེ་འདྲེ་ཡང་མེད༔ ང་ལ་ཆོ་འཕྲུལ་ཅི་སྟོན་ཀྱང༔ ང་ལ་གཡོ་བ་རྡུལ་ཙམ་མེད༔ སླར་ཡང་རང་སེམས་བརླག་ཏ་རེ༔ ང་ཡི་བཀའ་ལས་མ་འདའ་བར༔ མཆོད་སྦྱིན་གཏོར་མ་ཆེན་པོ་འདི༔ མང་པོར་ཏིང་ངེ་འཛིན་གྱིས་བསྐྱེད༔ སོ་སོར་ཐོབ་པ་སྔགས་ཀྱིས་བྱས༔ ཕྱག་རྒྱས་ཕམ་རྒྱལ་འཐབ་རྩོད་མེད༔ ཚིག་བཤད་བདེན་པས་བཀྲོལ་ཏེ་བསྔོས༔ འདི་བཞེས་ས་གཞི་གནང་བ་བྱིན༔ ཁྲི་སྲོང་ལྡེའུ་བཙན་བསམ་པ་སྒྲུབས༔ ལྷ་ཁང་རྩིགས་ཤིག་ལྷ་འདྲེ་རྣམས༔ སྔགས་འཆང་བདག་གི་བཀའ་མ་བཅག༔ གུམ་གུམ་ཆུམ་ཆུམ་ལས་ལ་འདུས༔ ཞེས་གསུངས་པས༔ ལྷ་འདྲེ་ཐམས་ཅད་བཀའ་འོག་ཏུ་འདུས་ཏེ༔ དམ་ལ་བཏགས་པ་ན༔ རྨ་ཆེན་སྤོམ་ར་འོང་དུ་མ་ཉན་པས༔ སློབ་དཔོན་གྱི་ལྕགས་ཀྱུའི་ཕྱག་རྒྱས་སྙིང་ག་ནས་བཟུང་སྟེ་བཀུག་པས༔ ཞང་བློན་སྤྲེལ་ཞྭ་ཅན་སྤྱང་ཐུལ་གྱོན་པ་ཞིག༔ རྐང་པ་ཡ་གཅིག་ཁམས་ཀྱི་གཡར་མོ་ཐང་དུ་བཞག༔ ཡ་གཅིག་ཧས་པོ་རི་ལ་བཞག༔ མདུན་དུ་སྤོབ་ཀྱི་ལྷུང་སྟེ༔ བདག་ཀྱང་ཡལ་གམ་ཆེ་བ་ལགས༔ བན་ཆུང་ཁྱོད་ཀྱང་བཀའ་ནན་ཆེ་བ་ཞིག་བྱུང་བས༔ མི་འོང་དུ་མ་ཉན་ནས་འདིར་མཆིས༔ ད་ནི་ཅི་བགྱིའི་བཀའ་སྩོལ་ཅིག༔ ཟེར་བས་སློབ་དཔོན་གྱིས་མཆོད་པ་འདི་བཞེས་ལ༔ མངའ་བདག་གི་དགོངས་པ་སྒྲུབས་ཤིག་གསུངས་པས༔ ཁོ་ན་རེ༔ གསུངས་པ་དེ་ནི་དེ་ལྟར་བགྱིད་པ་ལགས༔ བདག་སྣ་གཏོར་ཆེ་བས་སྐམ་ཆས་ཤིག་ལ་དགའ་བ་ལས༔ ཟན་བྲུལ་གྱི་ཞབས་སུ་ཆུ་བླུགས་པའི་གཏོར་མ་འདིས་ང་མི་ཚིམས་པས༔ སྐམ་ཆས་ཤིག་ཞུ་ཟེར་བས༔ སློབ་དཔོན་གྱིས་དངུལ་སྡེར་དུ་རིན་པོ་ཆེ་སྣ་ལྔ་བདར་ནས༔ བྱིན་གྱིས་བརླབས་ནས་བཀའ་དང་དམ་ལ་བཏགས་སོ༔ སློབ་དཔོན་པདྨའི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་པདྨ་ཕོ་བྲང་བྲག་དམར་དུ་སྤྱན་དྲངས་ནས་ས་གཞི་བཏུལ་བའི་ལེའུ་སྟེ་བཅུ་པའོ༔ ༔དེ་ནས་སློབ་དཔོན་པདྨས་བོད་ཀྱི་དགེ་བསྙེན་ཉི་ཤུ་རྩ་གཅིག༔ གཡའ་རི་དང་གངས་རི་བྲག་རི་ལ་གནས་པའི་མ་མོ་ཉི་ཤུ་རྩ་གཅིག༔ བརྟན་མ་བཅུ་གཉིས༔ བོད་ཀྱི་གནོད་སྦྱིན་ཕོ་མོ་ཉི་ཤུ་རྩ་གཅིག་ལ་སོགས་མཐུ་བོ་ཆེ་ཐམས་ཅད་དམ་ལ་བཏགས་སོ༔ གཟའ་དང་རྒྱུ་སྐར་ལ་སོགས་པ་རྣམས་མངའ་འོག་ཏུ་འདུས་ཏེ༔ རི་རྡོ་རི་ལ་བཞག༔ ཀླུང་རྡོ་ཀླུང་ལ་བཞག༔ དེ་ནས་ལྷ་ཁང་རྨང་རྡོ་བཏིང་སྟེ༔ རྒྱལ་པོ་ཉིད་ཀྱིས་དབུ་རྩེ་རིགས་གསུམ་རི་རབ་ཚུལ་དུ་བྱས༔ འཁོར་ས་གསེར་གྱི་རི་བདུན་གྱི་ཚུལ་དུ་བྱས༔ ཡཀྴ་ལྟག་འོག་གཉིས་ཉི་ཟླའི་ཚུལ་དུ་བྱས༔ གླིང་བཞི་གླིང་ཕྲན་བརྒྱད་རྣམས༔ གླིང་དང་གླིང་གཡོག་ཚུལ་དུ་བྱས༔ ཁྱད་པར་གྱི་གླིང་གསུམ་ཡང༔ ཕོ་གྱོང་བཟའ་རྒྱལ་མོ་བཙུན་གྱིས་བུ་ཚབ་གསེར་ཁང་གླིང་བཞེངས༔ ཚེ་སྤོང་བཟའ་དམར་རྒྱན་གྱིས་ཁམས་གསུམ་ཟངས་ཁང་གླིང་བཞེངས༔ འབྲོ་བཟའ་བྱང་ཆུབ་སྨན་གྱིས་དགེ་རྒྱས་བྱེ་མ་གླིང་བཞེངས༔ གླིང་ཆེན་བཞི་དང་གླིང་ཕྲན་བརྒྱད་རྣམས་ལ༔ འཇམ་དཔལ་གླིང༔ ཨཱརྻ་པ་ལོའི་གླིང༔ བྱམས་པ་གླིང༔ ཕྱག་ན་རྡོ་རྗེའི་གླིང༔ སྣང་བ་མཐའ་ཡས་ཀྱི་གླིང༔ ཁྲུས་ཁང་གླིང༔ བསམ་གཏན་གླིང༔ སྒྲ་སྒྱུར་གླིང༔ པེ་ཀར་གླིང༔ བདུད་འདུལ་སྔགས་པ་གླིང༔ སྣ་ཚོགས་གླིང༔ བྱང་ཆུབ་གླིང་དང་བཅུ་གཉིས་བཞེངས༔ ཟུར་བཞི་ལ་མཆོད་རྟེན་ཆེན་པོ་བཞི༔ ཕྱོགས་བཞིར་མགོན་ཁང་བཞི༔ སྒོ་བཞི་ལ་རྡོ་རིང་ཆེན་པོ་བཞིའི་ཐོག་ཏུ་ཟངས་ཀྱི་ཁྱི་བོ་ཆེ་བཞི༔ ཕྱི་ལྕགས་རིས་བསྐོར་བའི་རྨང་བཏིངས་སོ༔ དེ་ནས་སློབ་དཔོན་པདྨ་འབྱུང་གནས་དགོངས་པ་ལ་བཞུགས་པས༔ ལྷ་མ་སྲིན་སྡེ་བརྒྱད་ཀྱིས་རྩིག་རོགས་བྱས་ནས༔ རི་རྡོ་རི་ལ་བཞག་པ་ཀླུང་དུ་བསྙིལ་ནས༔ ཉིན་མིས་བརྩིགས་པ་བས་མཚན་ལྷ་སྲིན་གྱིས་བརྩིགས་པ་མཐོ་བར་གྱུར་ཏོ༔ དེ་ནས་སློབ་དཔོན་གྱི་དགོངས་པ་ལ༔ ངས་ལྷ་མ་སྲིན་སྡེ་བརྒྱད་ཀྱི་ལུས་ངག་ཡིད་གསུམ་དམ་ལ་ཐོགས་སམ་མ་ཐོགས་སྙམ་ནས༔ དགོངས་པ་ལ་བཞུགས་ཤིང་གཟིགས་པས༔ ལྷ་མ་སྲིན་སྡེ་བརྒྱད་ཀྱི་ལུས་ངག་ཡིད་གསུམ་དམ་ལ་ཐོགས་ནས༔ ཅི་བསྒོ་བ་བྱེད་ཅིང་འདུག༔ ཀླུའི་ལུས་དམ་ལ་ཐོགས་ནས་བསམ་ཡས་རྩིག་ཅིང་འདུག༔ ངག་དམ་ལ་ཐོགས་ནས་སློབ་དཔོན་གྱི་བཀའ་ཉན་ཟེར་ཅིང་འདུག༔ ཡིད་དམ་ལ་མ་ཐོགས་ནས༔ གནོད་པ་སྣ་ཚོགས་སྐྱེལ་བར་འདུག་པས༔ སློབ་དཔོན་གྱིས་ཀླུ་འདུལ་བའི་ཏིང་ངེ་འཛིན་ལ་བཞུགས་པ་ལ༔ རྩིག་པ་མཁན་པོ་ཧཱ་ཤང་མ་ཧཱ་ཡཱ་ན་དང༔ ཧོར་ཡག་ཀྲ་ཀ་མ་ལ་སོགས་པས་རྩིག་བཟོ་ཟིན་ནས༔ ཤིང་བཟོ་མཁན་པོ་རྒྱ་ནག་ལང་ཙང༔ བལ་པོ་བ་སུ་ལ་སོགས་པས༔ སྟེའུ་ཀླད་ལ་བསྐོར་ཞིང་རྒྱལ་པོ་ཆེན་པོ་ཤིང་ག་ན་ཡོད༔ ཤིང་རྡུགས་སོ་བྱས་པས༔ རྒྱལ་པོ་སྐྲག་ཅིང་སྔངས་ཏེ༔ ཤིང་འདི་ཙམ་གང་ནས་བཙལ་སྙམ་ནས་ཐུགས་ཡེད་བྱུང་བ་དང༔ ཟུར་ཕུག་རྒྱ་ལྕང་ཚལ་གྱི་ཀླུས་རྒྱལ་པོ་ལ་བར་ཆད་བྱས་ཏེ༔ མི་དཀར་རྟ་དཀར་ཅན་ཞིག་ཏུ་སྤྲུལ་ནས་རྒྱལ་པོའི་དྲུང་དུ་འོང་སྟེ༔ རྗེ་ལགས་བསམ་ཡས་ཀྱི་ཤིང་ཅི་དགོས་ངས་འབུལ་གྱི༔ སློབ་དཔོན་དགོངས་པ་བཀྲོལ་བར་ཞུ་ཟེར་བས༔ རྗེ་ཡི་ཐུགས་ལ་དངོས་གྲུབ་ཡིན་པར་དགོངས་ནས༔ ཞལ་གྱིས་བཞེས་ཏེ༔ རྒྱལ་པོས་སློབ་དཔོན་དགོངས་པ་བཀྲོལ་དུ་མི་འཇུག་རེ་ཟེར་ནས་མནའ་བསྐྱལ་ལོ༔ དེ་ནས་རྒྱལ་པོས་མཆིམས་ཕུ་བྲེ་གུ་དགེའུ་རུ༔ སློབ་དཔོན་གྱི་སྤྱན་སྔར་བྱོན་ནས༔ སློབ་དཔོན་དགོངས་པ་བཀྲོལ་བར་ཞུ་བྱས་པས༔ མ་གནང་སྟེ༔ ཅིས་ཀྱང་དགོངས་པ་བཀྲོལ་བར་ཞུ༔ དངོས་གྲུབ་ཆེན་པོ་བདག་གིས་རྙེད་བྱས་པས༔ སློབ་དཔོན་གྱི་དགོངས་པ་བཀྲོལ་ནས༔ རྗེས་གོང་གི་ལོ་རྒྱུས་རྣམས་ཞུས་པ་དང༔ སློབ་དཔོན་གྱི་ཞལ་ནས༔ གཙུག་ལག་ཁང་གི་ཤིང་རང་བཞིན་གྱིས་འོང་བ་ཡིན་ཏེ༔ བདག་གིས་ལྷ་མ་སྲིན་སྡེ་བརྒྱད་གཞན་གྱི་ལུས་ངག་ཡིད་གསུམ་དམ་ལ་ཐོགས་པ་ལ༔ ཀླུའི་ཡིད་དམ་ལ་མ་ཐོགས་པས་དམ་ལ་བཏགས་སོ་སྙམ་ལགས་ཏེ༔ དུས་ལྔ་བརྒྱའི་ཐ་མ་ལ་བབ་པའི་དུས་སུ༔ ས་གཞི་ཐམས་ཅད་ཀླུས་དབང་བྱེད༔ ནད་དུ་མཛེ་རིགས་བཅོ་བརྒྱད་དར་བ་འོང༔ མཐའ་འདུལ་དང་མིའི་ཁང་ཁྱིམ་ཐམས་ཅད་ཀླུ་ལ་སོང་བས་འཇིག༔ ས་སྟེང་ས་འོག་ཐམས་ཅད་ཀླུས་དབང་བྱེད་པ་ཞིག་འོང་གསུངས་སོ༔ དེ་ནས་རྒྱལ་པོས་མར་བྱོན་པ་ན༔ ཀླུས་ཕུལ་བའི་ཤིང་ཐམས་ཅད་གཙང་པོ་ལ་བསྐུར་ནས༔ བསམ་ཡས་ཀྱི་ན་བ་ལ་ཆགས་སོ༔ དེ་ལྟར་རྒྱལ་པོ་ཉི་ཤུ་རྩ་གཅིག་སྟག་གི་ལོ་ལ་རྨང་བཏིང་ནས་བརྩིགས་པ༔ རྟ་ཡི་ལོ་ལ་འབྱོངས་ཏེ༔ དབུ་རྩེ་རིམ་གསུམ་གོང་མ་ནི༔ རྒྱ་གར་ཆོས་ཀྱི་གྲོལ་ཕུགས་ཡིན་པས་རྒྱ་གར་ལུགས་སུ་བཞེངས༔ བར་མ་ནི་ཞང་པོ་རྒྱ་ནག་ཡིན་པས་རྒྱ་ནག་ལུགས་སུ་བཞེངས༔ འོག་མ་ནི་ཡབ་མེས་བོད་ཡིན་པས་བོད་ཀྱི་ལུགས་སུ་བཞེངས༔ འཁོར་ས་གསེར་གྱི་རི་བདུན༔ ཡག་ཤ་ལྟག་འོག་གཉིས་ཉི་ཟླའི་ཚུལ་དུ་བྱས༔ གླིང་བཞི་གླིང་ཕྲན་བརྒྱད༔ ཁྱད་པར་གླིང་གསུམ༔ ཕྱི་ལྕགས་རི་དང་བཅས་པ༔ རྒྱལ་པོའི་ཐུགས་དགོངས་ལ་ཇི་ལྟར་བསམ་པ་ལྟར་འགྲུབ་པས༔ དཔལ་གྱི་བསམ་ཡས་ལྷུན་གྱིས་གྲུབ་པ་ཞེས་བྱའོ༔ དེ་ནས་པདྨས་ལུག་གི་ལོ་ལ་རབ་གནས་མཛད་པས༔ བྱིན་རླབས་ཁྱད་པར་ཅན་ལྔ་བྱུང་བ་ནི༔ བྱང་ཆུབ་གླིང་གི་རྣམ་པར་སྣང་མཛད་ནམ་མཁའ་ལ་འཕགས་པ་དང༔ དབུ་རྩེའི་ལྷ་ཐམས་ཅད་ཕྱིར་ཤར་གྱིས་བྱུང་བ་དང༔ རྗེ་ཡི་ཐུགས་དགོངས་ལ་ད་ནང་དུ་མི་ཚུད་སྙམ་ནས་སྐྲག་པ་དང༔ སློབ་དཔོན་གྱིས་སེ་གོལ་གཅིག་བརྡབས་པས་ཐམས་ཅད་ནང་དུ་ཐིབས་ཀྱིས་ཚུད་དོ༔ སྒོ་བཞིའི་རྡོ་རིང་སྟེང་དུ་ཟངས་ཀྱི་ཁྱི་བོ་ཆེ་བཞི་ཕྱོགས་བཞིར་ཐང་རེ་མཆོངས་ནས་སྐད་ཐེངས་གསུམ་གསུམ་རེ་ཕྱུང༔ འཁོར་སའི་སྨྱུག་རིང་རིམ་གྱིས་མ་སྐྱེས་པར་དུས་གཅིག་ལ་ཤར་གྱིས་བྱུང༔ བདེ་བར་གཤེགས་པས་ནམ་མཁའ་མངོན་སུམ་དུ་གང་ནས་འོད་ཟེར་དུ་བྱུང་སྟེ་ལྷ་རྣམས་ལ་ཐིམ་པ་དང༔ ནམ་མཁའི་ལྷ་བྲན་གྱིས་མེ་ཏོག་གི་ཆར་པ་ལ་སོགས་བྱུང་ངོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ རྗེ་མངའ་བདག་རྒྱལ་པོ་དང༔ སློབ་དཔོན་པདྨས་དཔལ་གྱི་བསམ་ཡས་བཞེངས་ཏེ་རབ་གནས་མཛད་པའི་ལེའུ་སྟེ་བཅུ་གཅིག་པའོ༔ ༔དེ་ནས་སློབ་དཔོན་པདྨ་འབྱུང་གནས་དང༔ སློབ་དཔོན་བོདྷི་སཏྭ་གཉིས༔ རྒྱ་གར་ཡུལ་དུ་བཞུད་པར་དགོངས་ནས༔ མངའ་བདག་ལ་ཞུས་པ༔ བོད་ཡུལ་དབུས་སུ་སྐྱེས་པའི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་དང༔ ཟ་ཧོར་ཡུལ་ནས་བྱོན་པའི་མཁན་པོ་བོདྷི་སཏྭ་དང༔ ཨུ་རྒྱན་ཡུལ་ནས་འོང་བའི་པདྨ་འབྱུང་གནས་གསུམ༔ ཚེ་རབས་སྔ་མའི་དུས་ཙམ་ན༔ མ་ག་དྷ་ཡི་ཡུལ་དག་ཏུ༔ མོན་ཕྲུག་སྤུན་གསུམ་དག་ཏུ་སྐྱེས༔ མཆོད་རྟེན་བརྩིགས་ཤིང་སྨོན་ལམ་བཏབ༔ སྐྱེ་བ་སོ་སོར་སྨིན་པ་ལས༔ བོ་དྷི་སཏྭ་བྲམ་ཟེར་སྐྱེས༔ བཙན་པོ་དྲང་སྲོང་རིགས་སུ་སྐྱེས༔ བདག་ནི་ཕྲ་མེན་སྲིན་བུར་སྐྱེས༔ དེ་གསུམ་དུས་གཅིག་འཚོགས་ནས་ནི༔ སྔ་མའི་མཆོད་རྟེན་དེ་ལ་ནི༔ མཆོད་པ་ཆེན་པོ་རབ་ཕུལ་ཏེ༔ སྨོན་ལམ་སོ་སོར་འདི་ལྟར་བཏབ༔ དྲང་སྲོང་བུ་ཡི་སྨོན་ལམ་ནི༔ བདག་གི་འདི་ཡི་ཕྱི་མ་ལ༔ འཁྱགས་པའི་འཁྱགས་རུམ་བོད་ཡུལ་དུ༔ ཆོས་སྐྱོང་རྒྱལ་པོར་སྐྱེས་ནས་ནི༔ སངས་རྒྱས་བསྟན་པ་འཛུགས་པར་ཤོག༔ དེ་སྐད་སྨོན་ལམ་བཏབ་པ་ཡིས༔ ད་ལྟ་ཆོས་སྐྱོང་རྒྱལ་པོར་སྐྱེས༔ བྲམ་ཟེའི་བུ་ཡི་སྨོན་ལམ་ནི༔ བདག་ནི་མཁས་པ་པཎྜི་ཏ༔ རིག་པའི་གནས་ལྔ་མཁས་པ་ཡིས༔ རྒྱལ་བའི་བསྟན་པ་འཛུགས་པ་ཡི༔ སློབ་དཔོན་བྱེད་པར་སྨོན་ལམ་བཏབ༔ ད་ལྟ་བོདྷི་སཏྭ་ཡིན༔ ཕྲ་མེན་བུ་ཡི་སྨོན་ལམ་ནི༔ བདག་ནི་སྔགས་འཆང་མཐུ་སྟོབས་ཅན༔ རྒྱལ་པོའི་བསྟན་པ་སྲུང་བར་ཤོག༔ དེ་སྐད་དུ་ནི་སྨོན་ལམ་བཏབ༔ རྒྱལ་པོའི་ཐུགས་དགོངས་སྒྲུབ་པ་ཡིན༔ སྨོན་ལམ་བཏབ་པའི་མཐུ་བཙན་པས༔ ཟ་ཧོར་ཨུ་རྒྱན་བོད་ཀྱི་ཡུལ༔ སོ་སོར་སྐྱེས་ཀྱང་བོད་ཡུལ་དུ༔ དཔོན་སློབ་ཡོན་མཆོད་གྱུར་པ་ཡིན༔ རྒྱལ་པོའི་ཐུགས་དམ་བསམ་ཡས་འདི༔ སྟག་ལ་རྨང་བཏིང་རྟ་ལ་འབྱོངས༔ ལོ་ལྔས་གཏན་ལ་ཕབ་ནས་བཞག༔ བགེགས་ཞི་བསམ་ཡས་ལྷུན་གྱིས་གྲུབ༔ རྒྱལ་པོའི་ཐུགས་དགོངས་རྫོགས་པར་བྱས༔ མཁན་པོ་བོདྷི་སཏྭ་དང༔ ཨུ་རྒྱན་པདྨ་འབྱུང་གནས་བདག༔ རྒྱ་གར་ཡུལ་དུ་འགྲོ་བར་ཞུ༔ ཞེས་གསུངས་པས༔ རྒྱལ་པོས་སློབ་དཔོན་གཉིས་ལ་གསེར་ཕྱེ་བྲེ་རེ་རེས་དངུལ་སྐྱོགས་བཀང་ནས་འཇིག་རྟེན་གྱི་སྤྱན་གཟིགས་མང་དུ་དྲངས་ནས༔ ཕྱག་འཚལ་བསྐོར་བ་བྱས་སྤྱན་ཆབ་བཏོན་ནས་ཞུ་བ་ཕུལ་བ༔ ཨེ་མ་ཧོ༔ སློབ་དཔོན་རྣམ་གཉིས་བདག་ལ་གསོན༔ སྐྱེ་བ་སྔར་ཡང་སྨོན་ལམ་བཏབ༔ རྒྱ་གར་ཡུལ་དུ་སྐྱེས་ནས་ནི༔ སྨོན་ལམ་སོ་སོར་བཏབ་པ་ཡིས༔ སློབ་དཔོན་རྣམ་གཉིས་རྒྱ་གར་ཡུལ༔ དམ་པ་ཆོས་ཀྱི་ཡུལ་དུ་སྐྱེས༔ བདག་ནི་གདོང་དམར་བོད་ཀྱི་ཡུལ༔ ལས་ཀྱིས་བདས་ནས་རྒྱལ་པོར་སྐྱེས༔ བསོད་ནམས་མི་ཆུང་མགོ་ནག་རྗེ༔ རྟ་ཡི་ལོ་ལ་བྲག་དམར་དུ༔ རྒྱ་བཟའ་ཨང་ཅུང་ལུས་ལ་སྐྱེས༔ བཅུ་གསུམ་ལོན་ནས་ཡབ་དང་བྲལ༔ ཉི་ཤུ་ལོན་ནས་དགེ་སེམས་སྐྱེས༔ རྩ་གཅིག་སྟག་ལ་རྨང་བཏིང་ནས༔ སློབ་དཔོན་བོ་དྷི་སཏྭ་ཡིས༔ ས་གཞི་བྱིན་གྱིས་བརླབས་ལགས་ཀྱང༔ བགེགས་ཀྱིས་འགྲུབ་ཏུ་མ་སྟེར་བས༔ སློབ་དཔོན་པདྨ་སྤྱན་དྲངས་ན༔ རྒྱལ་པོའི་བསམ་པ་འགྲུབ་བོ་ཞེས༔ བོ་དྷི་སཏྭས་ལུང་བསྟན་བཞིན༔ སྔོན་གྱི་ཐུགས་དམ་དབང་བཙན་བྱོན༔ སྟག་ནས་རྟ་ཡི་ལོ་ལ་འབྱོངས༔ སྔ་མ་སྐུ་དྲིན་ཆེ་ལགས་ཀྱང༔ སྤྲུལ་སྐུ་མངལ་སྐུ་རྣམ་གཉིས་ཀྱིས༔ ད་རུང་བདག་ཉིད་མ་འདས་བར༔ སློབ་དཔོན་རྣམ་གཉིས་མི་བཞུད་པར༔ ཐུགས་དགོངས་བསྒྱུར་ལ་བཀའ་གནང་ཞུ༔ ཞེས་ཞུ་བ་ཕུལ་བས༔ སློབ་དཔོན་རྣམ་གཉིས་བཀའ་བགྲོས་ནས༔ སློབ་དཔོན་པདྨའི་ཞལ་ནས༔ རང་རེ་སྤུན་གསུམ་ཚེ་རབས་སྔ་མ་ནས་ཡང་སྔ་འདི་གསུམ་གྱི་འབྲེལ་པ་ཡོད་པ་ཡིན་པས༔ རྒྱལ་པོའི་ཞལ་ངོ་མི་བསྒྱུར་བར་བྱ་གསུངས་པས་བོ་དྷི་སཏྭའི་ཞལ་ནས༔ ཤིན་ཏུ་ལེགས་པས་དེ་བཞིན་དུ་བགྱིད་གསུངས་ནས༔ སློབ་དཔོན་གྱི་རྒྱལ་པོ་ལ་གསུངས་པ༔ རང་རེ་དཔོན་སློབ་རྣམ་པ་གསུམ༔ སྐྱེ་བ་གསུམ་གྱི་སྨོན་ལམ་གྱི༔ ལས་འཕྲོ་སྨིན་ལས་བོད་དུ་ཚོགས༔ སྔ་མ་བཙན་པོ་དགྱེས་པར་བྱས༔ ད་ཡང་ཞལ་ངོ་མི་བསྒྱུར་འཚལ༔ གསུངས་པས་རྒྱལ་པོ་ཡང་ཤིན་ཏུ་དགྱེས་སོ༔ དེ་ནས་རྒྱལ་པོས་སློབ་དཔོན་རྣམ་གཉིས་ལ་ཆོས་གསུང་བའི་ཞུ་བ་ཕུལ་ཏེ༔ གསེར་གྱི་ཁྲི་ལ་སློབ་དཔོན་པདྨ་བཞུགས༔ དངུལ་གྱི་ཁྲི་ལ་བོ་དྷི་སཏྭ་བཞུགས༔ གུང་གྲལ་ལ་རྒྱལ་པོ་ཉིད་བཞུགས༔ གཡོན་གྲལ་ལ་ཅོག་རོ་ཀླུའི་རྒྱལ་མཚན་དང༔ སྐ་བ་དཔལ་བརྩེགས་གཉིས་གབ་ཙེའི་ཁྲི་ལ་བཞུགས་ནས༔ སློབ་དཔོན་གཉིས་ལ་གསེར་གྱི་མཎྜལ་ཁྲུ་གང་བ་རེ་རེ་ལ༔ གཡུའི་ཚོམ་བུ་གླིང་བཞི་རི་རབ་དང་བཅས་པ་རེ་རེ་ཕུལ༔ ལོ་ཙཱ་བ་གཉིས་ལ་ཡང་རིན་པོ་ཆེའི་མཎྜལ་རེ་རེ་ཕུལ་ནས༔ ཆོས་གསུང་བར་ཞུ་བ་ཕུལ་བ་ནི༔ ཨེ་མ་ཧོ༔ རྒྱ་གར་ཡུལ་དུ་སྐུ་འཁྲུངས་ཤིང༔ མཁས་གྲུབ་པཎྜི་ཏར་གྱུར་ནས༔ དམ་པའི་ཆོས་ལ་མངའ་བརྙེས་པའི༔ སློབ་དཔོན་ཆེན་པོ་རྣམ་གཉིས་ཀྱིས༔ སྔགས་དང་མཚན་ཉིད་ཆོས་རྣམས་ཀུན༔ མ་ལུས་ཚིམས་པར་བཤད་དུ་གསོལ༔ ལོ་ཙཱ་གཉིས་ཀྱིས་བསྒྱུར་བར་ཞུ༔ བོད་ཡུལ་མུན་པ་འཐིབས་པ་ལ༔ ཆོས་ཀྱི་སྒྲོན་མེ་སྦར་དུ་གསོལ༔ ཉོན་མོངས་མེ་ཡིས་འཚིག་པ་ལ༔ ཆོས་ཀྱི་ཆར་པ་དབབ་ཏུ་གསོལ༔ ཞེས་ཆོས་གསུང་བའི་ཞུ་བ་ཕུལ་བས༔ སློབ་དཔོན་གཉིས་ཀྱི་ཞལ་ནས༔ ཨེ་མ་ཧོ༔ རྒྱལ་པོ་ཆེན་པོ་ལགས༔ བོད་ཀྱི་མི་ནི་དད་པ་ཆེན་པོ་མེད་ལ༔ བློན་པོ་རྣམས་ནི་ཆོས་ལ་གནག་པས་ན༔ འབྱུང་པོ་རྣམས་ཀྱིས་བར་ཆོད་བྱེད་པས༔ བར་ཆད་མེད་པའི་རྟེན་འབྲེལ་བསྒྲིག་འཚལ་བས༔ རྒྱལ་པོ་ཉིད་རང་ཆོས་ཀྱི་བཀའ་ཁྲིམས་ཆོས་ཤིག་གསུངས་པས༔ རྒྱལ་པོ་ཉིད་རང་ཆོས་ཁྲིམས་བཅས་ཏེ༔ ལུག་གི་ལོ་ནས་སྤྲེལ་གྱི་ལོའི་གཞུག་ཡན་ཆད་ལ༔ སློབ་དཔོན་པདྨ་དང་ཅོག་རོ་ཀླུའི་རྒྱལ་མཚན་གཉིས་ཀྱིས༔ གསང་སྔགས་ནང་གི་རྒྱུད་སྡེ་བཅོ་བརྒྱད་སོགས་བསྒྱུར་ཏེ༔ དང་པོ་གསང་སྔགས་ཀྱི་སྒྲུབ་པ་ལ་བར་ཆད་མི་འབྱུང་བར་བྱ་བའི་ཕྱིར༔ གཟི་ལྡན་འབར་བ་མཚམས་ཀྱི་རྒྱུད༔ བདག་ཏུ་འཛིན་པ་འཁོར་བའི་རྒྱུ་ཡིན་པས༔ འཁོར་བ་ཆོས་ཉིད་དུ་བསྒྲལ་ནས་ཕུང་པོ་ལྷའི་དཀྱིལ་འཁོར་དུ་བསྒྲུབ་པར་བྱ་བའི་ཕྱིར༔ ཞི་བ་དམ་པ་ལྷའི་རྒྱུད༔ བདུད་དང་མུ་སྟེགས་སྲིན་པོ་དྲེགས་པ་ཚར་གཅོད་པའི་ཕྱིར༔ སྐུའི་སྒྲུབ་ལུགས་བསྐལ་པ་མེ་ལྟར་འབར་བའི་རྒྱུད༔ གསུང་གི་སྒྲུབ་པ་དབང་ཆེན་འདུས་པའི་རྒྱུད༔ ཐུགས་ཀྱི་སྒྲུབ་པ་ཁྲོ་བོ་པུཎྜ་རཱི་ཀའི་རྒྱུད༔ ཡོན་ཏན་གྱི་སྒྲུབ་པ་ལྷ་མོ་མ་གོལ་བའི་རྒྱུད༔ ཕྲིན་ལས་ཀྱི་སྒྲུབ་པ་རིག་འཛིན་གྲུབ་པའི་རྒྱུད༔ རིག་སྔགས་སྤྱིའི་སྒྲུབ་ལུགས་ཀྱི་རྒྱུད༔ དཔལ་ཧེ་རུ་ཀ་འདུས་པའི་རྒྱུད༔ འཇམ་དཔལ་སྐུའི་རྒྱུད་ཟླ་གསང་ནག་པོ༔ པདྨ་གསུང་གི་རྒྱུད་རྟ་མཆོག་རོལ་པ༔ ཡང་དག་ཐུགས་ཀྱི་རྒྱུད་ཧེ་རུ་ཀ་གལ་པོ་དང༔ འཇིག་རྟེན་ལས་འདས་པའི་མདོ༔ བདུད་རྩི་ཡོན་ཏན་གྱི་རྒྱུད་བདུད་རྩི་རོལ་པ་ཆེ་ཆུང་དང༔ ལུང་བམ་པོ་བརྒྱད་པ༔ ཕུར་པ་ཕྲིན་ལས་ཀྱི་རྒྱུད་བིདྱོཏྟ་མ་འབུམ་སྡེ༔ མ་མོ་རྦོད་གཏོང་གི་རྒྱུད་འབུམ་གྱི་ཏི་ཀའི་རྒྱུད་ལུང༔ སྒྲུབ་པ་སྡེ་དྲུག་གི་རྒྱུད་ལུང༔ འཕྲིན་ལས་ཁ་སྐོང་བ་དང་རྒྱན་གདག་པའི་ཕྱིར༔ ཤེས་པ་སྟོང་གིས་བརྒྱན་པའི་རྒྱུད༔ ལས་རྒྱ་མཚོ་ཇི་ལྟར་བྱ་བ་བསྟན་པའི་ཕྱིར༔ ཀརྨ་མཱ་ལེ་འཕྲིན་ལས་ཀྱི་རྒྱུད༔ བསོད་ནམས་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱ་བའི་ཕྱིར་ཚོགས་རྒྱུད་ཆེ་ཆུང༔ མཆོད་པ་མི་ཟད་པའི་གཏེར་དུ་བྱིན་གྱིས་བརླབ་པའི་ཕྱིར༔ ནམ་མཁའ་མཛོད་བྱིན་རླབས་ཀྱི་རྒྱུད༔ སྒྲོལ་བ་གནས་སུ་དག་པའི་ཕྱིར༔ སྟོབས་ཀྱིས་ཡོངས་སྒྲོལ་གྱི་རྒྱུད༔ སྦྱོར་བ་གནས་སུ་དག་པར་བྱ་བའི་ཕྱིར༔ ཐིག་ལེ་བདེ་བ་ཀློང་གི་རྒྱུད༔ བརྟུལ་ཞུགས་དྲག་པོ་བྱ་བའི་ཕྱིར༔ གླང་པོ་ཆེ་རབ་འབོག་གི་རྒྱུད༔ བཀྲ་ཤིས་པ་ལ་སྦྱིན་སྲེག་བྱ་བའི་ཕྱིར༔ ཟ་བྱེད་རོལ་པའི་རྒྱུད༔ ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ནི་གཏོར་མ་ཡིན་པའི་ཕྱིར༔ གཏོར་ལུང་ཆེ་ཆུང་གི་རྒྱུད༔ ཕྱི་འཁོར་སྐྱོང་བའི་ལྷག་མ་ལ་དབང་བ་རྣམས་ལ་ལས་བཅོལ་བའི་ཕྱིར༔ དཔལ་འབར་ཁྲོ་མོའི་རྒྱུད༔ དགྲ་བགེགས་མནན་ཅིང་གཟིར་བའི་ཕྱིར༔ ཞིང་བཅུ་སྒྲོལ་བའི་རྒྱུད༔ དེ་རྣམས་ནི་མ་ཧཱ་ཡོ་གའི་རྒྱུད་སྡེ་ཡིན་ནོ༔ ཨ་ནུ་ཡོ་གའི་རྒྱུད་སྡེ་ལ༔ མདོ་བཞི་སྡོམ་དང་ལྔ་སྟེ༔ དེ་རྣམས་ནི་ཀུན་འདུས་རིན་པོ་ཆེའི་མདོ༔ ཡེ་ཤེས་རྔམ་པ་གློག་གི་འཁོར་ལོའི་མདོ༔ དུར་ཁྲོད་ཁུ་བྱུག་རོལ་པའི་མདོ༔ སེམས་ལུང་ཆེན་པོའི་མདོ་རྣམས་དང༔ སངས་རྒྱས་ཐམས་ཅད་དགོངས་པ་འདུས་པའི་མདོ་ནི་བཀའ་ཐམས་ཅད་ཀྱི་སྡོམ་དུ་བཞག་པ་ཡིན་ནོ༔ གསང་བ་སྡེ་དྲུག་ནི༔ སྐུའི་རྒྱུད་སངས་རྒྱས་མཉམ་སྦྱོར༔ གསུང་གི་རྒྱུད་ཟླ་གསང་ཐིག་ལེ༔ ཐུགས་ཀྱི་རྒྱུད་གསང་བ་འདུས་པ༔ ཡོན་ཏན་གྱི་རྒྱུད་རྣམ་སྣང་སྒྱུ་འཕྲུལ་དྲྭ་བ༔ ཕྲིན་ལས་ཀྱི་རྒྱུད་ཀརྨ་མཱ་ལེ༔ མཇུག་རྒྱུད་དོན་བསྡུས་པ་རྡོ་རྗེ་གདན་བཞིའི་རྒྱུད་དོ༔ སྒྱུ་འཕྲུལ་སྡེ་བརྒྱད་ནི༔ སེམས་དང་ཡེ་ཤེས་རང་ལུགས་སུ་བསྟན་པ་གསང་བའི་སྙིང་པོ༔ ཕྲིན་ལས་ཁ་ཚང་བ་བསྟན་པ་སྒྱུ་འཕྲུལ་བཞི་བཅུ་པ༔ དབང་མངོན་དུ་གྱུར་པ་སྒྱུ་འཕྲུལ་བླ་མ༔ དམ་ཚིག་དང་ལྡན་པའི་མན་ངག་ཏུ་གྱུར་པ་སྒྱུ་འཕྲུལ་ལེའུ་ལག༔ དོན་བསྡུས་ནས་བསྟན་པ་སྒྱུ་འཕྲུལ་བརྒྱད་པ༔ རོལ་པ་མངོན་དུ་གྱུར་པ་ལྷ་མོ་སྒྱུ་འཕྲུལ༔ དེ་རྣམས་ཀྱི་མ་ཚང་བ་ཁ་སྐོང་བ་སྒྱུ་འཕྲུལ་བརྒྱད་ཅུ་པ༔ དོན་དམ་པ་ཡེ་ཤེས་སུ་བཤད་པ་འཇམ་དཔལ་སྒྱུ་འཕྲུལ་ལོ༔ དེ་རྣམས་གསང་སྔགས་ནང་གི་རྒྱུད་སྡེ་རྣམས་ཡིན་ཏེ༔ སློབ་དཔོན་པདྨ་འབྱུང་གནས་དང༔ ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གཉིས་ཀྱིས་བསྒྱུར་རོ༔ རྒྱ་དཔེ་རྒྱ་གར་གྱི་ཤྲཱི་ན་ལེནྡྲའི་གཙུག་ལག་ཁང་ན་བཞུགས༔ སློབ་དཔོན་པདྨས་རྫུ་འཕྲུལ་གྱིས་བླངས་ཏེ༔ རྒྱ་གར་ན་མ་ལུས་པར༔ ད་ལྟ་དཔལ་བསམ་ཡས་དཀོར་མཛོད་ན་བཞུགས་སོ༔ སློབ་དཔོན་བོདྷི་སཏྭ་དང༔ ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་གསང་སྔགས་ཕྱི་པ་རྣམས་བསྒྱུར་ཏེ༔ དེ་ཡང་བྱ་བའི་ཆོས་སྤྱིའི་རྒྱུད་ལས༔ རིག་སྔགས་ཐམས་ཅད་ཀྱི་ཁོག་འབུབས་པ་ཀྲི་ཡ་དཔུང་བཟང་གི་རྒྱུད༔ རིག་སྔགས་ཐམས་ཅད་ཀྱི་དབང་བསྐུར་བ་ཕྱག་ན་རྡོ་རྗེ་དབང་གི་རྒྱུད༔ རིག་སྔགས་ཐམས་ཅད་ཀྱི་གསལ་བྱེད་རིག་པ་མཆོག་གི་རྒྱུད༔ རིག་སྔགས་ཐམས་ཅད་ཀྱི་དོན་འདུས་པ་སུ་སིདྡྷི་ཀ་ར་ལེགས་པར་གྲུབ་པའི་རྒྱུད༔ རིག་སྔགས་ཐམས་ཅད་ཀྱི་ཕྲིན་ལས་ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད༔ རིག་སྔགས་ཐམས་ཅད་ཀྱི་དགོངས་པ་བསྟན་པ་བསམ་གཏན་ཕྱི་མའི་རྒྱུད་དང་དྲུག་གོ༔ བྱ་བ་བྱེ་བྲག་གི་རྒྱུད་ནི༔ རིགས་གསུམ་མགོན་པོའི་སྐོར་ལས༔ སྤྱན་རས་གཟིགས་ཀྱི་སྐོར་ནི༔ པདྨ་ཅོད་པན་རྩ་བའི་རྒྱུད༔ པདྨ་བརྩེགས་པ་སྔགས་ཀྱི་རྒྱུད༔ ཆོ་ག་ཟབ་མོ་སྔགས་ཀྱི་རྒྱུད༔ ཡིད་བཞིན་ནོར་བུ་འཁོར་ལོས་སྒྱུར་བའི་རྒྱུད༔ ཨ་མོ་གྷ་པཱ་ཤ་སྟེ་དོན་ཡོད་ཞགས་པའི་རྒྱུད༔ ཟ་མ་ཏོག་ཆེ་ཆུང་བཀོད་པ་ལ་སོགས་པའི་རྒྱུད་དོ༔ འཇམ་དཔལ་གྱི་སྐོར་ལ༔ འཇམ་དཔལ་ཡེ་ཤེས་སེམས་དཔའ་དྲི་མ་མེད་པའི་རྒྱུད༔ འཇམ་དཔལ་ཤེས་རབ་རྣོན་པོའི་རྒྱུད༔ འཇམ་དཔལ་དྲྭ་བ་གཅོད་པའི་རྒྱུད༔ འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་བསྟོད་པ་གླུར་བླངས་པའི་རྒྱུད་ལ་སོགས་པའོ༔ ཕྱག་ན་རྡོ་རྗེའི་སྐོར་ལ༔ ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད༔ རྡོ་རྗེ་ས་འོག་གི་རྒྱུད༔ རྡོ་རྗེ་ས་བླའི་རྒྱུད༔ འབྱུང་པོ་འདུལ་བྱེད་ཀྱི་རྒྱུད༔ རྡོ་རྗེ་བེ་ཅོན་གྱི་རྒྱུད༔ རྡོ་རྗེ་བདེ་ཁྲོས་ཀྱི་རྒྱུད༔ རྡོ་རྗེ་རྣོན་པོའི་རྒྱུད༔ རྡོ་རྗེ་གསང་བ་བསྟན་པའི་རྒྱུད༔ རྡོ་རྗེ་མེ་རིའི་རྒྱུད་ལ་སོགས་པའོ༔ གཞན་ཡང་གཟུངས་གྲྭ་ལྔ་དང༔ གཟུངས་སུམ་བརྒྱ་དྲུག་ཅུ་ལ་སོགས་པའོ༔ ཨུ་བྷ་ཡའི་རྒྱུད་བཞི་ལ༔ རྣམ་སྣང་མངོན་པར་བྱང་ཆུབ་པའི་རྒྱུད༔ མེ་དཔུང་འབར་བ་ཉོན་མོངས་སྲེག་པའི་རྒྱུད༔ ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད༔ རྣམ་པར་མི་རྟོག་དགོངས་པའི་རྒྱུད་དོ༔ ཡོ་ག་ལ་གཞུང་ཆེན་པོ་བམ་པོ་སུམ་བརྒྱ་ཡོད་པ་མ་འགྱུར་ཏེ༔ ཡོ་གའི་རྒྱུད་སྡེ་ཆེན་པོ་བཞི་ལས༔ མཱུ་ལ་ཏནྟྲ་རྩ་བའི་རྒྱུད་ཏ་ཐཱ་སཾ་གྲ་ཧ༔ བྷཱཥ་ཀ་ར་རྡོ་རྗེ་རྩེ་མོའི་རྒྱུད༔ ཤྲཱི་པར་མཱ་དི་དཔལ་མཆོག་དང་པོའི་རྒྱུད༔ སརྦ་ས་མུཙྪ་རྟོག་པ་བསྡུས་པའི་རྒྱུད༔ དེ་རྣམས་གསང་སྔགས་ཕྱིའི་རྒྱུད་སྡེ་རྣམས་ཡིན་ཏེ༔ སློབ་དཔོན་བོདྷི་སཏྭ་དང༔ ལོ་ཙཱ་བ་སྐ་བ་དཔལ་བརྩེགས་གཉིས་ཀྱིས་བསྒྱུར་ནས༔ རྒྱ་དཔེ་རྣམས་བསམ་ཡས་དཀོར་མཛོད་ན་བཞུགས་སོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་རྣམ་གཉིས་དང་ལོ་ཙཱ་བ་སྐ་ཅོག་གཉིས་ཀྱིས་གསང་སྔགས་ཀྱི་ཆོས་བསྒྱུར་ཞིང་གཏན་ལ་ཕབ་པའི་ལེའུ་སྟེ་བཅུ་གཉིས་པའོ༔ ༔དེ་ནས་སློབ་དཔོན་པདྨའི་ཐུགས་དགོངས་ལ༔ བོད་ཀྱི་རྗེ་འབངས་རྣམས་ངའི་ཆོས་འདི་ལ་ཡིད་ཆེས་པར་བྱ་བའི་ཕྱིར༔ རྒྱ་གར་དུ་ཞུ་གཏུག་ལ་གཏང་དགོས་སྙམ་ནས༔ རྒྱལ་པོ་ལ་གསུང་པ༔ རྒྱལ་པོ་ཆེན་པོ་ལགས༔ བོད་ཀྱི་རྗེ་འབངས་རྣམས་ངའི་ཆོས་ལ་ཡིད་ཆེས་པར་བྱ་བ་དང༔ ཁྱེད་རང་རྣམས་སྤྲོས་པ་གཅོད་པར་བྱ་བའི་ཕྱིར༔ གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་གཅིག་ལ་འཐོབ་པའི་གདམས་པ༔ རྒྱ་གར་གྱི་མཁས་གྲུབ་རྣམས་ལ་ཞུར་ཐོངས༔ ལར་བོད་འདིར་གྲུབ་ཐོབ་འགའ་མ་བྱུང་ན༔ ཕྱི་རབས་ཡིད་མི་ཆེས་པ་ཡིན་ནོ་གསུངས་པས༔ རྒྱལ་པོས་ཀྱང་ཐུགས་ཀྱིས་དགོངས་ནས༔ སློབ་དཔོན་བོ་དྷི་སཏྭ་ལས་བོད་ཀྱི་མི་ལྔ་རབ་ཏུ་བྱུང་སྟེ༔ གནུབས་ནམ་མཁའི་སྙིང་པོ༔ གྲུ་གུ་ཨེ་བག་ཤ༔ རླངས་དཔལ་གྱི་སེངྒེ༔ རུ་ལེའི་སིཾ་ཧ་རཱ་ཛ༔ འབྲེ་རྒྱལ་བའི་བློ་གྲོས༔ དེ་ལྔ་ཞབས་འོག་ནས་རྡེའུ་བཏོན་ནས་དབུའི་མཆོད་གནས་སུ་བཀུར་བར་བཀའ་ལ་བཏགས་སོ༔ རྒྱ་བོད་ཀྱི་སྐད་འགྱུར་ཐམས་ཅད་བསླབས་ཏེ༔ གསེར་ཕྱེ་བྲེ་རེ་བསྐུར་ནས༔ རྒྱ་གར་དུ་གསང་སྔགས་ཀྱི་ཆོས་ཚོལ་དུ་བཏང་པས༔ ལོ་ཙཱ་བ་མི་ལྔས་དཀའ་བ་དང་དུ་བླང་ནས་རྒྱ་གར་དུ་ཕྱིན་ཏེ༔ ཤར་ཕྱོགས་ཀ་མ་རཱུ་པ་ཞེས་བྱ་བར་བུད་མེད་ཅིག་དང་ཕྲད་དེ༔ ད་ལྟ་རྒྱ་གར་ན་གསང་སྔགས་ཀྱི་ཆོས་ལ་གྲུབ་པ་ཐོབ་པ་ཇི་སྐད་བྱ་བ་ཡོད་དྲིས་པས༔ བུད་མེད་དེ་ན་རེ༔ གསེར་བྲག་བྱ་ཁྱུང་ཚལ་བྱ་བ་ན༔ སློབ་དཔོན་ཧཱུྃ་ཀཱ་ར་བྱ་བ་བཞུགས་ཟེར་བས༔ ལོ་ཙཱ་བ་ལྔ་པོ་སློབ་དཔོན་ཧཱུྃ་ཀཱ་རའི་ཐད་དུ་ཕྱིན་ཏེ༔ ཉེ་གནས་སོཽ་ཁྱ་དེ་བ་བྱ་བ་ལ་གསེར་བྱིན་ནས༔ ངེད་བོད་ཀྱི་རྒྱལ་པོས་སློབ་དཔོན་ལ་ཆོས་ཞུར་བཏང་པ་ཡིན་པས་ཁྱེད་ཀྱིས་མཇལ་རོགས་བྱེད་དགོས་བྱས་པས༔ སློབ་དཔོན་བསྐོར་ཁང་དགུ་རིམ་གྱི་ནང་ན་དགོངས་པ་མཛད་ཅིང་བཞུགས་པས༔ ངས་མཇལ་དུ་མི་བཏུབ་པས་ཁྱེད་རང་རྣམས་ངས་ནང་དུ་ཁྲིད་ཀྱི༔ སློབ་དཔོན་གྱི་སྤྱན་སྔར་བཙན་ཐབས་སུ་སོང་ལ་གསེར་ཕུལ་ལ་ཆོས་ཞུས་དང་གནང་སྟེ་འོང་གསུངས་ནས༔ ཉེ་གནས་ཀྱིས་བསྐོར་ཁང་དགུ་རིམ་གྱི་སྒོ་ཕྱེས་ཏེ་བོད་ཀྱི་བནྡེ་ལྔ་སློབ་དཔོན་གྱི་སྤྱན་སྔར་ཕྱིན་ནས༔ ཕྱག་འཚལ་གསེར་ཕུལ་ཏེ༔ སློབ་དཔོན་ཆེན་པོ་ལགས༔ ངེད་བོད་ཀྱི་ཆོས་སྐྱོང་བའི་རྒྱལ་པོས་ཚེ་འདི་ཉིད་ལ༔ ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པའི་ཆོས་ཤིག་བཙལ་དུ་བཏང་པ་ཡིན་པས༔ སློབ་དཔོན་གྱིས་གནང་བར་ཞུ༔ མ་ལོན་ན་ངེད་རྣམས་ལ་ཁྲིམས་ཕོག་པ་ཡོད༔ སློབ་དཔོན་གྱིས་ཐུགས་རྗེས་བཟུང་འཚལ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ བོད་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའི་རིགས་ཅན་ཆོས་ལ་ཐུགས་དགོངས་གཞོལ་བ་ངོ་མཚར་ཆེའོ༔ ཁྱེད་རྣམས་ཀྱང་དཀའ་བ་སྲོག་དང་བསྡོས་ནས་འོང་བ་ང་དང་འཕྲད་པ་ལས་འབྲེལ་ཡོད་པ་ཡིན་པས༔ ད་སྔོན་ལ་དབང་བསྐུར་དགོས་གསུངས་ནས༔ དབང་བསྐུར་གསང་སྔགས་ཀྱི་རྩ་བ་ཡིན་པས༔ དབང་མ་བསྐུར་ན་གསང་སྔགས་བཤད་དུ་མི་བཏུབ༔ སྒྲུབ་ཏུ་མི་རུང་གསུངས་ཏེ༔ ཟླ་གམ་དྲུག་ཅུ་རྩ་བརྒྱད་པའི་དཀྱིལ་འཁོར་ཞལ་ཕྱེ་ནས་དབང་བསྐུར་པས༔ ཁྲག་འཐུང་དྲུག་ཅུ་རྩ་བརྒྱད་ཀྱིས་ཞལ་བསྟན༔ དེ་ནས་ཟླ་གམ་ལྔ་བཅུ་རྩ་བརྒྱད་པ་དང༔ ཟླ་གམ་དགུ་པ་དང༔ ཟླ་གམ་གཅིག་པ་དང༔ ཟླ་གམ་གསུམ་པ་བང་རིམ་གསུམ་པ་སྟེ༔ དེ་ལྟར་དཀྱིལ་འཁོར་རྣམས་རིམ་པར་ཞལ་ཕྱེས་ལྷའི་ཞལ་བསྟན༔ སྨན་སྒྲུབ་པའི་དཀྱིལ་འཁོར་གསུམ་ལས༔ པདྨ་འདབ་བརྒྱད་ཁྲོལ་བུའི་སྒྲུབ་པ༔ འཁོར་ལོ་རྩིབ་བརྒྱད་ཕྱེ་མའི་སྒྲུབ་པ༔ ཟླ་གམ་དགུ་པ་དམ་རྫས་རློན་སྦྱོར་གྱི་སྒྲུབ་པ་སྟེ་དཀྱིལ་འཁོར་དེ་གསུམ་དུ་བདུད་རྩི་སྨན་གྱི་དབང་བསྐུར་ནས་ལྷའི་ཞལ་བསྟན༔ དེ་ནས་བཀྲ་ཤིས་ཡང་དག་པའི་རྫས་ལ་ཚེ་སྒྲུབ་པ༔ མཁའ་དབྱིངས་ཡུམ་གྱི་བྷ་ག་ལ་ཚེ་སྒྲུབ་པ༔ གསང་བ་ཡང་དག་པའི་དབྱིངས་ལ་ཚེ་སྒྲུབ་པ་སྟེ་གསུམ་གྱི་དཀྱིལ་འཁོར་དུ་ཚེ་བསྒྲུབས་ནས་འཆི་མེད་ཚེ་དབང་བསྐུར་རོ༔ ཡེ་ནས་དག་པ་ཆོས་ཉིད་བྱང་ཆུབ་སེམས་ཀྱི་སྒྲུབ་པ༔ མཁའ་དབྱིངས་དག་པ་སྦྱོར་བ་བྱང་ཆུབ་སེམས་ཀྱི་སྒྲུབ་པ༔ སྙིང་རྗེ་དག་པ་སྒྲོལ་བ་བྱང་ཆུབ་སེམས་ཀྱི་སྒྲུབ་པ་སྟེ༔ དཀྱིལ་འཁོར་དེ་གསུམ་དུ་གསང་སྔགས་སྤྱོད་པར་དབང་བསྐུར༔ དེ་རྣམས་ལག་ལེན་དུ་བཤད་ནས༔ ཡང་དག་གི་བཀོལ་བྱང་མཛད་ནས༔ ད་ཁྱེད་རྣམས་ལོ་གཅིག་ཏུ་རྩེ་གཅིག་སྒྲུབས་ལ་རྟགས་ཐོན་པར་གྱིས་ལ་བོད་དུ་སོངས་ཤིག་གསུངས་སོ༔ དེ་ནས་བོད་ཀྱི་བནྡེ་མི་ལྔ་གྲོས་བྱས་པས༔ རླངས་དཔལ་གྱི་སེངྒེས་གོ་བ་ལ༔ སློབ་དཔོན་གྱིས་ཆོས་བོད་དུ་འཕེལ་དོགས་པ་ཡིན་ཏེ་འོང༔ འདིར་རྒྱ་གར་བ་ཆོས་ལ་ཕྲག་དོག་ཆེ་བས༔ འུ་ཅག་གི་སྲོག་ལ་བབ་པའི་ཉེན་ཡོད་ཟེར་བས༔ གནུབས་ནམ་མཁའི་སྙིང་པོས་སྨྲས་པ༔ མས་བུ་ལ་དུག་མི་བླུད༔ སློབ་དཔོན་གྱིས་ལོག་པ་མི་སློབ༔ བསླབས་ཀྱང་བཀའ་བཅག་ན༔ དམྱལ་བར་འགྲོ་བས་ང་ནི་མི་འགྲོ་ཁྱེད་རྣམས་འགྲོ་ན་སོངས་བྱས་པས༔ མི་བཞི་པོ་འགྲོ་བར་ཆས་པ་ན༔ སློབ་དཔོན་གྱིས་སེང་ལྡེང་གི་ཕུར་པ་ཞིག་བྱིན་གྱིས་བརླབས་ནས༔ རླངས་དཔལ་གྱི་སེངྒེ་ལ་བསྐུར་ཏེ༔ འདི་འགྲོ་བའི་དུས་སུ་ལག་ན་ཟུངས༔ ཉལ་བའི་དུས་སུ་སྔས་སུ་ཐོབ་ཅིག༔ བར་ཆོད་འོང་ཉེན་ཡོད་གསུངས་སོ༔ དེ་ནས་མི་བཞི་པོ་བོད་དུ་ལོག་ནས་བལ་ཡུལ་གྱི་མཚོ་འགྲམ་ཞིག་ཏུ་ཉལ་ནས༔ རླངས་དཔལ་གྱི་སེངྒེས་སེང་ལྡེང་གི་ཕུར་པ་སྔས་སུ་བཏབ་པ༔ གྲུ་གུ་ཨེ་བག་ཤས་ཁོ་རང་གི་སྔས་སུ་བཏབ་པ་དང༔ སྔར་སློབ་དཔོན་གྱི་བཀའ་ལ་ཡིད་མ་ཆེས་པའི་ཉེས་པས༔ མཚོ་དེ་ལ་ཀླུ་བདུད་ནག་པོ་འདམ་འཛིན་བྱ་བ་ཡོད་པས༔ སྦྲུལ་ནག་ཅིག་ཏུ་སྤྲུལ་ཏེ༔ རླངས་དཔལ་གྱི་སེངྒེའི་རྩེའུ་ཆུང་འཇིབས་ཏེ་བཀུམས་སོ༔ དེ་ནས་དགེ་སློང་གསུམ་པོ་རྗེའི་སྤྱན་སྔར་ཕྱིན་ཏེ་ཆོས་ཕུལ་ནས༔ གཉིས་པོའི་ལོ་རྒྱུས་བཤད་པ་ལ༔ རྒྱལ་པོ་ཡང་ཐུགས་མ་ཆེས༔ བློན་པོ་གདུག་པ་ཅན་རྣམས་ཀྱིས༔ ཆོས་ལ་ཕྲག་དོག་བྱས་ནས༔ མི་ལྔ་རྒྱ་གར་དུ་བཏང་པ་གཉིས་མེད་པ་བྱས༔ ཁྱེད་གསུམ་ཡང་སྤྱུག་གོ་ཟེར་ནས༔ འབྲེ་རྒྱལ་བའི་བློ་གྲོས་བྱང་ཐོ་ཡོར་ནག་པོར་སྤྱུགས༔ གྲུ་གུ་ཨེ་བག་ཤ་ཞང་ཞུང་ཡུལ་དུ་སྤྱུགས༔ རུ་ལེའི་སིཾ་ཧ་རཱ་ཛ་མདོ་ཁམས་སྨད་དུ་སྤྱུགས་སོ༔ དེ་ནས་རྒྱ་གར་དུ་གནུབས་ནམ་མཁའི་སྙིང་པོ་ལ༔ སློབ་དཔོན་གྱིས་ཡང་དག་གྲུབ་པ་རྩ་རྒྱུད་ལྟ་བུ་ལ༔ འགྲེལ་ཆེན་སྒྲོན་མེ་ལྟ་བུར་བྱས་ནས་བཤད༔ ཡང་དག་ལུང་གི་ཁོག་པ་ལྟ་བུ་ལ༔ ཁོག་པའི་སྙིང་དང་འདྲ་བའི་མེ་གཅིག་ཐོད་གཅིག་གནང་ནས་ལོ་གཅིག་ལ་གསེར་བྲག་བྱ་ཁྱུང་ཚལ་དུ་བསྒྲུབས་པས༔ དཔལ་ཆེན་ཡབ་ཡུམ་གྱི་ཞལ་མཐོང༔ མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པས༔ སློབ་དཔོན་གྱི་ཞལ་ནས༔ ད་ནི་བོད་དུ་སོངས་ཤིག་གསུངས་པས༔ རྫུ་འཕྲུལ་གྱིས་བོད་དུ་འོང་ནས་རྗེའི་སྤྱན་སྔར་ཕྱིན་ནས་ཞུས་པ༔ རྗེ་བཞེད་པའི་ཆོས་དཔལ་ཡང་དག་གྲུབ་པ་ཞེས་བྱ་བ་རྒྱུ་སེམས་ཅན་ལ་འབྲས་བུ་སངས་རྒྱས་འགྲུབ་པ་འདི་ལྟ་བུ་མཆིས་སོ༔ ཡང་དག་གྲུབ་པ་གཅིག་པུ་ཉིད༔ སངས་རྒྱས་བདེ་ཆེན་ཀུན་འདུས་པ༔ རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས༔ མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ༔ ཞེས་གསུངས་ནས༔ རང་གི་བྲང་དངུལ་དཀར་གྱི་གྲི་གུས་གཤགས་པ་དང༔ ཁོག་སྟོད་ལ་ཞི་བའི་ལྷ་བཞི་བཅུ་ཞེ་གཉིས༔ ཁོག་སྨད་ལ་ཁྲག་འཐུང་གི་ལྷ་ལྔ་བཅུ་རྩ་བརྒྱད་ཀྱི་ཞལ་བསྟན་པས༔ རྒྱལ་པོས་ཚིག་དང་དོན་དང་ལྷ་དང་སློབ་དཔོན་ཀུན་ལ་ངེས་ཤེས་སྐྱེས༔ ཕྱག་དབུ་ཐོད་བུད་བུད་དུ་བཙལ་ལོ༔ དེ་ནས་རྒྱལ་པོས་བླ་ཡི་མཆོད་གནས་སུ་བཟུང་སྟེ༔ དཔལ་ཡང་དག་གྲུབ་པ་གསན་པས༔ བློན་པོ་རྣམས་ཀྱིས་ཕྲག་དོག་བྱས་ནས༔ རྒྱལ་པོས་འབངས་ལ་སློབ་དཔོན་བྱར་མི་རིགས་ཏེ༔ འདིས་རྒྱལ་ཁྲིམས་ལ་གནོད་པས༔ ལུགས་དང་མི་མཐུན་ཟེར་ནས༔ ལྷོ་བྲག་མཁར་ཆུར་སྤྱུགས་སོ༔ དེ་ནས་ནམ་མཁའི་སྙིང་པོས་ནུབ་ཕྱོགས་ལྕགས་ཕུར་བྲག་ལ་སྒྲུབ་པ་མཛད་པས༔ གྲུབ་རྟགས་མར་མེ་རང་འབར་བ་དང༔ བྲག་ལ་སྐུ་རྗེས་བཏབ་པ་དང༔ ཕུར་པ་བཏབ་པ་དང༔ ཉི་ཟེར་ལ་ཞོན་ནས་འགྲོ་བ་ལ་སོགས་བྱུང་ངོ༔ དེ་ནས་དུས་རེ་ཞིག་ནས་རྗེ་བསྙུན་ནས་སྐུའི་རིམ་གྲོ་ཅི་བྱས་ཀྱང་མ་ཕན༔ གཏོ་དང་མོ་རྩིས་ཅི་བྱས་ཀྱང་མ་ཕན་ནས༔ མོ་བཏབ་པས་གཞན་ཅིས་ཀྱང་མི་ཕན༔ དགེ་སློང་ནམ་མཁའི་སྙིང་པོ་སྤྱན་དྲངས་ན་ཕན་ཟེར་བས༔ ལྷོ་བྲག་ཏུ་བང་ཆེན་པ་མི་གཉིས་བཏང་ནས་ཞུས་པས༔ ནམ་མཁའི་སྙིང་པོའི་ཞལ་ནས༔ ཁྱེད་རང་གཉིས་སྔོན་དུ་སོངས༔ ང་ཕྱི་ནས་འོང་གི་གསུངས་ནས༔ མི་གཉིས་སྔོན་དུ་བཏང་སྟེ་མ་སླེབ་བར༔ སློབ་དཔོན་རྫུ་འཕྲུལ་གྱིས་སྔོན་དུ་བྱོན༔ དེ་ནས་རྒྱལ་པོའི་སྐུའི་རིམ་གྲོ་ལ་རྒྱུ་ཅི་འཚལ་ཞུས་པས༔ གཞན་ཅི་ཡང་མི་འཚལ་བས༔ རྒྱལ་པོ་ཉིད་རང་གསོལ་བ་ཅི་ཙམ་འཚལ་བ་ཞིག་ཞལ་སྐྱེམས་དང་བཅས་པ་དྲོངས་ཤིག་གསུངས་ཏེ༔ དེ་ནས་སློབ་དཔོན་ནམ་མཁའི་སྙིང་པོས་བཞེས་པ་རྣམས་བཟའ་ཚོགས་སུ་མཛད་ནས་གསོལ་བས༔ བཞེས་པ་སུམ་ཆ་ཙམ་གསོལ་བ་ན༔ འབངས་ནང་པ་ཞིག་གིས་བསྙུན་གསོལ་བས༔ བདག་ནི་བུད་མེད་དཀར་མོ་ཞིག་བྱུང་ནས་ཐལ་ལྕག་ཅིག་བརྒྱབ་སྙམ་བྱེད་དོ༔ ཨེན་ཅིག་བདེ་གསུངས་ཏེ༔ རྒྱལ་པོས་སློབ་དཔོན་སྤྱུགས་པའི་ཉེས་པ་ལས་སྐུའི་དམ་ཚིག་ཉམས་པ་བསྐངས་སོ༔ དེ་ནས་བཞེས་པ་སུམ་གཉིས་གསོལ་ཙམ་ན༔ འབངས་ནང་པ་ཞིག་གིས་བསྙུན་གསོལ་བས༔ བདག་ནི་བུད་མེད་སྨུག་མོ་ཞིག་བྱུང་ནས་ཐལ་ལྕག་ཅིག་བརྒྱབ་སྙམ་བྱེད་དོ༔ ད་ཅི་བས་ཀྱང་བདེ་གསུངས་སོ༔ གསུང་གི་དམ་ཚིག་ཉམས་པའི་ཉེས་པ་བསྐངས་སོ༔ དེ་ནས་བཞེས་པ་ཀུན་གསོལ་ཟིན་ཙམ་ན༔ འབངས་ནང་པ་ཞིག་གིས་བསྙུན་གསོལ་བས༔ བདག་ལ་བུད་མེད་ནག་མོ་ཞིག་བྱུང་ནས་ཐལ་ལྕག་ཅིག་བརྒྱབ་སྙམ་བྱེད་དོ༔ ད་ནི་མི་བདེ་བ་ཡེ་ནས་མེད་དོ་གསུངས་སོ༔ ཐུགས་ཀྱི་དམ་ཚིག་ཉམས་པའི་ཉེས་པ་བསྐངས་སོ༔ དེ་ནས་བློན་པོ་རྣམས་ན་རེ༔ འདི་རྒྱལ་པོ་དང་ནམ་མཁའི་སྙིང་པོ་དཔོན་སློབ་གཉིས་འཕྲད་འདོད་པའི་རྟགས་ཡིན་ཟེར་ནས༔ ཆད་པ་གཅོད་འདོད་པས༔ ཉི་མ་རྒལ་ལ་ཁད་ཙམ་ན་བནྡེ་ཁྱོད་ཀྱིས་རྗེའི་དབུ་བསིལ་ཅིག༔ ཉི་མ་མ་རྒས་པ་ལ་མ་ཐོན་ན་བཀྱོན་འབེབས་སོ་ཟེར་བ་ན༔ ནམ་མཁའི་སྙིང་པོས་ཉི་གྲིབ་མཚམས་སུ་སེང་ལྡེང་གི་ཕུར་པ་བཏབ་ནས་རྗེའི་དབུ་བསིལ་ཏེ༔ ཉི་མ་ཕྱེད་སྐབས་ཙམ་གཏོད་ལ་མནན་ནས༔ ད་ནི་ཕྱུགས་རྣམས་ཚུད་ཅིག་གསུངས་ནས༔ ཉི་གྲིབ་མཚམས་ཀྱི་ཕུར་པ་བཏོན་པ་དང༔ ཉི་མ་དམར་ཧྲིལ་གྱིས་ཐལ་བས་བློན་པོ་རྣམས་བྲེད་དེ༔ བནྡེ་རྫུ་འཕྲུལ་ཅན་འདིས་འུ་ཅག་ལ་མཐུ་བྱེད་དུ་འོང་བས་བསད་དགོས༔ རྒྱལ་པོ་དང་ཡོན་མཆོད་གཉིས་སྐུ་འཆག་ཏུ་འོང་བས་སྒུགས་ཤིག་ཟེར་ནས་འོང་བའི་སར་བསྒུགས་པས༔ ནམ་མཁའི་སྙིང་པོས་མཁྱེན་ནས༔ ཧཱུྃ་ཧཱུྃ་ཞེས་དྲག་ཏུ་བརྗོད་པས༔ ནམ་མཁའ་ནས་ཐོག་ཕབ་ཅིང༔ ཐོག་སྡིགས་མཛུབ་གྱི་རྩེ་ལ་བསྐོར་བས༔ བློན་པོ་གདུག་པ་ཅན་ལ་ལ་བརྒྱལ༔ ལ་ལ་རེངས་ནས་རྗེ་ཡང་བྲེད་པས༔ སློབ་དཔོན་གྱིས་རྗེ་ལ་མ་བསྙེངས་སམ་བྱས་པས༔ འཇིགས་དང་འཇིགས་ཆེ་གནམ་ལྕགས་ཀྱི་སྒྲ་བས་ཀྱང་བནྡེའི་ཧཱུྃ་སྒྲ་དེ་རང་འཇིགས༔ བློན་པོ་ནག་པོ་འདི་རྣམས་ད་རེས་ཚིམས་གསུངས་སོ༔ དགེ་སློང་ནམ་མཁའི་སྙིང་པོ་ནམ་མཁའ་ལ་འཕུར་ནས་ལྷོ་བྲག་མཁར་ཆུར་བཞུད་དོ༔ སློབ་དཔོན་པདྨའི་སྐྱེས་རབས་དྲི་མ་མེད་པ་ལས༔ བོད་ཀྱི་དགེ་སློང་མི་ལྔས་རྒྱ་གར་ནས་ཆོས་བཙལ་བ་དང༔ སློབ་དཔོན་ནམ་མཁའི་སྙིང་པོ་གྲུབ་པ་ཐོབ་པའི་ལེའུ་སྟེ་བཅུ་གསུམ་པའོ༔ ༔དེ་ནས་རྒྱལ་པོའི་རྨི་ལམ་དུ༔ དཔལ་རྡོ་རྗེ་སེམས་དཔའ་ནམ་མཁའ་ལ་བྱོན་ནས༔ རྒྱལ་པོ་ཁྱེད་རྒྱ་གར་གྱི་ཡུལ་ནས་རྒྱུ་འབྲས་བུ་བསླབས་པ་བས༔ རྟོགས་གྲོལ་གཉིས་དུས་གཅིག་ལ་འོང་བའི་ཆོས༔ བཀའ་རྫོགས་པ་ཆེན་པོ་ཞེས་བྱ་བ་ཡོད་པས༔ བོད་ཀྱི་ལོ་ཙཱ་བ་མི་གཉིས་ཐོངས་ཤིག་ཅེས་ལུང་སྟོན་བྱུང་སྟེ༔ རྒྱལ་པོས་མཆིམས་ཕུའི་ཚོགས་ཁང་དུ༔ སློབ་དཔོན་པདྨའི་སྤྱན་སྔར་ཕྱིན་ནས་ཞུས་པ་ན༔ སློབ་དཔོན་གྱི་ཞལ་ནས་ཤིན་ཏུ་འཐད་པས༔ འབངས་ཤེས་རབ་གང་ཆེ་བ་གཉིས་བོ་དྷི་སཏྭ་ལས་རབ་ཏུ་བྱུང་ལ་ལོ་ཙཱ་སློབས༔ ངས་རྫུ་འཕྲུལ་གྱི་གདམས་པ་བསྟན་ལ་ལམ་ལ་བར་ཆད་མེད་པར་བྱའོ་གསུངས་ནས༔ རྒྱལ་པོས་པ་གོར་ཧེ་འདོད་ཀྱི་བུ༔ པ་གོར་བཻ་རོ་ཙ་ན་དང༔ གཙང་ཐང་ལྷའི་བུ་གཙང་ལེགས་གྲུབ་གཉིས་བོད་ལ་ཤེས་རབ་ཆེ་ཟེར་ནས༔ དེ་གཉིས་ལ་བཀའ་ནན་ཕབ་སྟེ༔ སློབ་དཔོན་བོདྷི་སཏྭ་ལས་རབ་ཏུ་བྱུང༔ སྒྲ་སྒྱུར་ལོ་ཙཱ་བ་བསླབས༔ སློབ་དཔོན་པདྨས་རྫུ་འཕྲུལ་གྱི་གདམས་པ་བསྟན་ནས༔ རྒྱལ་པོས་གསེར་ཕྱེ་བྲེ་གང་དང༔ གསེར་གྱི་པ་ཏྲ་ཞིག་བསྐུར་ནས༔ རྒྱ་གར་དུ་བཀའ་རྫོགས་པ་ཆེན་པོ་གདན་འདྲེན་དུ་བཏང༔ གཅན་འཕྲང་བས་གསེར་འཕྲོག་པར་བྱས་པས༔ བཻ་རོ་ཙ་ནས་རྫུ་འཕྲུལ་བྱས་ཏེ༔ རང་གི་གསེར་ཕྱེ་རུ་བསྒྱུར༔ ཕྱེ་བྲེ་གང་གསེར་དུ་བསྒྱུར་ནས་བྱིན་པས༔ གཅན་འཕྲང་བ་དགའ་ནས་རྒྱ་གར་དུ་བཏང་ངོ༔ དེ་ནས་རྒྱ་གར་དུ་ཕྱིན་ནས༔ བཀའ་རྫོགས་པ་ཆེན་པོ་ལ་སུ་མཁས་ཞེས་ཀུན་ལ་དྲིས་པས༔ སློབ་དཔོན་ཤྲཱི་སིཾ་ཧ་མཁས་ཟེར་བ་ལ་ཁ་མཐུན་ནས༔ སློབ་དཔོན་ཤྲཱི་སིཾ་ཧའི་སྤྱན་སྔར་ཕྱིན་ནས༔ གསེར་ཕྱེ་དང་གསེར་གྱི་པ་ཏྲ་ཕུལ་ནས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ རྒྱ་གར་ན་བཀའ་རྫོགས་པ་ཆེན་པོ་ཞེས་བྱ་བ༔ ཚེ་གཅིག་གིས་འཚང་རྒྱ་བའི་གདམས་པ་གདན་དྲོངས་ཤིག་བྱ་བ་བོད་ཀྱི་རྒྱལ་པོ་ལ་ལུང་བསྟན་བྱུང་བས་བདག་གཉིས་ཚོལ་དུ་བཏང་བ་ཡིན་པས་གནང་བར་ཞུ་འཚལ༔ ཞེས་ཞུས་པས༔ སློབ་དཔོན་གྱིས་བཀའ་གནང་བ༔ བོད་ཀྱི་རྒྱལ་པོ་ཐུགས་དད་པ་དང་ལྡན་པ༔ ཁྱེད་གཉིས་ཀྱང་བརྩོན་འགྲུས་དང་ལྡན་པས༔ བཀའ་རྫོགས་པ་ཆེན་པོ་འདི་བོད་དུ་དར་བར་འགྱུར་བས༔ ངས་བཤད་ཀྱིས༔ རྒྱ་གར་གྱི་རྒྱལ་པོ་ཆོས་ལ་ཕྲག་དོག་ཆེ་བས་ཐབས་དང་སྦྱར་རོ་གསུངས་ནས༔ བསྐོར་ཁང་དགུ་རིམ་གྱི་ནང་དུ་ཁྲིད་ནས༔ རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར༔ དེ་ནས་སྒྱེད་པུ་གསུམ་གྱི་ཁ་ལ་ཟངས་མོ་ཆེ་ཞིག་བཙུགས༔ དེའི་སྟེང་དུ་སློབ་དཔོན་ཉིད་བཞུགས༔ སྐུ་ལ་རས་ཀྱི་དྲྭ་བ་མནབས་ཏེ༔ ཞལ་ལ་ཟངས་དུང་སྦྱར་ནས་ཆོས་གསུངས་ཏེ༔ རྒྱུད་ཉི་ཤུ་རྩ་ལྔ་བཤད༔ དེ་ལ་དང་པོ་སེམས་ཀྱི་དོན་རྩ་བ་ཡན་ལག་རྒྱས་པར་བསྟན་པའི་ཕྱིར་ནམ་མཁའ་ཆེ་རྒྱས་པའི་རྒྱུད་བཤད༔ སེམས་ཀྱི་དོན་རྟོགས་པར་དཀའ་བ་དེ་ཉམས་སུ་བླང་བའི་ཕྱིར༔ ནམ་མཁའ་ཆེ་རྒྱས་པ་སྤྱི་ཏིའི་རྒྱུད་བཤད༔ སེམས་ཀྱི་དོན་རྣམ་པར་གྲོལ་བར་བསྟན་པའི་ཕྱིར༔ ནམ་མཁའ་ཆེ་གྲོལ་བའི་རྒྱུད་བཤད༔ སེམས་ཀྱི་དོན་མི་འགྱུར་བར་བསྟན་པའི་ཕྱིར༔ ཡང་ཏིག་རྒྱལ་པོའི་རྒྱུད་བཤད༔ སེམས་ཀྱི་དོན་ཐིག་ལེའི་ཀློང་དུ་འདུས་པ་བསྟན་པར་བྱ་བའི་ཕྱིར༔ བྱང་ཆུབ་སེམས་ཀྱི་ཐིག་ལེའི་རྒྱུད་བཤད༔ སེམས་ཀྱི་དོན་རང་བྱུང་ཡེ་ཤེས་སུ་བསྟན་པའི་ཕྱིར༔ ཡེ་ཤེས་ཐིག་ལེའི་རྒྱུད་བཤད༔ སེམས་ཀྱི་དོན་རིམ་པ་རྒྱས་པར་བསྟན་པའི་ཕྱིར༔ མན་ངག་ཕྲེང་བའི་རྒྱུད་བཤད༔ སེམས་ཀྱི་དོན་ཀུན་གྱི་ཐུན་མོང་དུ་འགྱུར་བར་བསྟན་པའི་ཕྱིར༔ གསང་བ་རྒྱ་མཚོའི་རྒྱུད་བཤད༔ སེམས་ཀྱི་དོན་རང་གི་རིག་པར་རྟོགས་ཤིང་ཁོང་དུ་ཆུད་པར་བྱ་བའི་ཕྱིར༔ ཤེས་རབ་ཡེ་ཤེས་ཀྱི་རྒྱུད་བཤད༔ སེམས་དོན་ཀུན་ཏུ་བཟང་པོའི་ཀློང་དུ་ཐམས་ཅད་གཅིག་པར་བྱ་བའི་ཕྱིར༔ དབྱིངས་རྣམ་པར་དག་པའི་རྒྱུད་བཤད༔ སེམས་ཀྱི་དོན་མཆོག་ཏུ་གྱུར་པ་དེ་བཞིན་ཉིད་ལ་ཡིད་ཆེས་པར་བྱ་བའི་ཕྱིར༔ སྙིང་པོ་སྤྱི་ཏིའི་རྒྱུད་བཤད༔ སེམས་ཀྱི་དོན་རྩ་བ་མ་ནོར་བར་བསྟན་པའི་ཕྱིར༔ ནམ་མཁའ་ཆེ་བ་སེམས་ཀྱི་རྒྱུད་བཤད༔ སེམས་ཀྱི་དོན་ཐིག་ལེ་ཉག་གཅིག་ཏུ་བསྟན་པའི་ཕྱིར༔ ཉག་གཅིག་དགོངས་པའི་རྒྱུད་བཤད༔ སེམས་ཀྱི་དོན་ལ་མ་ནོར་བར་རྣལ་དུ་གཞུག་པའི་ཕྱིར༔ བསམ་གཏན་གཅིག་པུའི་རྒྱུད་བཤད༔ སེམས་དོན་རིམ་པར་བརྒྱུད་ནས་བསྟན་པའི་ཕྱིར༔ བསམ་གཏན་བརྒྱུད་པའི་མདོ་རྒྱུད་བཤད༔ སེམས་ཀྱི་དོན་གཞུང་ཀུན་ལ་དགོས་པར་བསྟན་པའི་ཕྱིར༔ བཀྲ་ཤིས་སྒྲོན་མེའི་རྒྱུད་བཤད༔ སེམས་ཀྱི་དོན་དབང་གི་རིམ་པ་བཞིན་དུ་བསྟན་པའི་ཕྱིར༔ ནམ་མཁའ་ཆེ་དབང་གི་གལ་མདོའི་རྒྱུད་བཤད༔ སེམས་ཀྱི་དོན་བརྗོད་པའི་ཚིག་དང་བྲལ་བར་བསྟན་པའི་ཕྱིར༔ ཡེ་ཤེས་སྒྲོན་མེའི་རྒྱུད་བཤད༔ སེམས་ཀྱི་དོན་ནམ་མཁའ་ལྟར་རང་བཞིན་མེད་པའི་ཕྱིར༔ ནམ་མཁའ་ཆེ་ཡི་གེ་མེད་པ་རྩེ་མོའི་རྒྱུད་བཤད༔ སེམས་ཀྱི་དོན་དངོས་པོ་ཐམས་ཅད་ཇི་ལྟར་འབྱུང་བ་བཞིན་དུ་བསྟན་པའི་ཕྱིར༔ རིན་པོ་ཆེ་འབར་བའི་རྒྱུད་བཤད༔ སེམས་ཀྱི་དངོས་པོ་ཐམས་ཅད་ངོ་བོ་བྲལ་བར་བསྟན་པའི་ཕྱིར༔ རིན་པོ་ཆེ་སྒྲོན་མེའི་རྒྱུད་བཤད༔ སེམས་ཀྱི་དགོངས་པ་ཐམས་ཅད་རང་ལས་བྱུང་བར་བསྟན་པའི་ཕྱིར༔ རིན་པོ་ཆེ་ཕྲེང་བའི་རྒྱུད་བཤད༔ སེམས་ཀྱི་དོན་ཁམས་ཀྱི་ནང་དུ་གསལ་བར་བསྟན་པའི་ཕྱིར༔ ཁམས་གསུམ་སྒྲོན་མེའི་རྒྱུད་བཤད༔ སེམས་ཀྱི་དོན་ངེས་པར་ཡང་དག་པའི་དོན་བསྟན་པའི་ཕྱིར༔ ངེས་པ་སྙིང་པོའི་རྒྱུད་བཤད༔ སེམས་ཀྱི་དོན་འགྱུར་མེད་དུ་བསྟན་པའི་ཕྱིར༔ རྡོ་རྗེ་རབ་ཏུ་གསང་བའི་རྒྱུད་བཤད༔ སེམས་ཀྱི་དོན་རྒྱུ་སེམས་ཅན་ལ་སངས་རྒྱས་ད་ལྟ་ནས་བསྟན་པའི་ཕྱིར༔ ཡེ་ནས་སངས་རྒྱས་ཀྱི་རྒྱུད་དང་ཉི་ཤུ་རྩ་ལྔ་བཤད་དོ༔ དེ་ནས་ལུང་ཆེན་པོ་བཅོ་བརྒྱད་བཤད་དེ༔ བྱང་ཆུབ་སེམས་ལས་ཐམས་ཅད་འབྱུང་བའི་ཕྱིར༔ རིག་པ་ཁུ་བྱུག་གི་ལུང་བཤད༔ རྩོལ་སྒྲུབ་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར༔ རིག་པ་རྩལ་ཆེན་གྱི་ལུང་བཤད༔ སེམས་ཀྱི་དོན་ཆོས་ཀྱི་དབྱིངས་སུ་རྫོགས་པའི་ཕྱིར༔ ལྟ་བ་ཁྱུང་ཆེན་གྱི་ལུང་བཤད༔ བསྒོམ་པའི་དོན་དབྱིངས་སུ་རྫོགས་པའི་ཕྱིར༔ རྡོ་ལ་གསེར་ཞུན་གྱི་ལུང་བཤད༔ བསྒོམ་པའི་དོན་མཐར་ཕྱིན་པའི་ཕྱིར༔ མི་ནུབ་རྒྱལ་མཚན་ནམ་མཁའ་ཆེའི་ལུང་བཤད༔ སེམས་ཉིད་སྟོང་པ་ཉིད་ལ་བཟླ་བའི་ཕྱིར༔ ཡེ་ཤེས་རྨད་དུ་བྱུང་བའི་ལུང་བཤད༔ སྒོམ་པའི་ཐབས་བསྟན་པའི་ཕྱིར༔ བསྒོམ་དོན་གྲུབ་པའི་ལུང་བཤད༔ སེམས་ཉིད་རང་བཞིན་ཆོས་ཀྱི་སྐུར་བསྟན་པའི་ཕྱིར༔ རྗེ་བཙུན་དམ་པའི་ལུང་བཤད༔ སེམས་ཉིད་ཐིག་ལེ་ཉག་གཅིག་ཏུ་བསྟན་པའི་ཕྱིར༔ སྐྱེ་མེད་ཏི་ལ་ཀའི་ལུང་བཤད༔ སེམས་ཉིད་སྐྱེ་ཤི་མེད་པར་སྲིད་གསུམ་འཁོར་ལོ་བསྐོར་བའི་ཕྱིར་སྲོག་གི་འཁོར་ལོའི་ལུང་བཤད༔ སེམས་ཉིད་ལས་འདོད་པའི་ཡོན་ཏན་ཐམས་ཅད་འབྱུང་བར་བསྟན་པའི་ཕྱིར༔ ཡིད་བཞིན་ནོར་བུའི་ལུང་བཤད༔ སེམས་ཀྱི་རྣམ་པར་རྟོག་པ་ཐམས་ཅད་ཆོས་ཉིད་ཀྱི་ངང་དུ་གནས་པའི་ཕྱིར༔ རིན་ཆེན་ཀུན་འདུས་ཀྱི་ལུང་བཤད༔ སེམས་ཉིད་ལ་ཐེག་པ་ཐམས་ཅད་རྫོགས་ཤིང་འབྱུང་བ་ཀུན་ལ་རྒྱས་པར་བསྟན་པའི་ཕྱིར༔ ནམ་མཁའ་ཆེ་བ་རྒྱལ་པོའི་ལུང་བཤད༔ སེམས་ཉིད་ཀུན་ཏུ་བཟང་པོའི་ངང་ལ་གཞག་པ་ཀུན་གྱི་མཆོག་གམ་རྩེ་མོར་བསྟན་པའི་ཕྱིར༔ རྩེ་མོ་བྱུང་རྒྱལ་གྱི་ལུང་བཤད༔ སེམས་ཀྱི་རང་བཞིན་གྱི་དོན་སྤྲོས་པ་དང་བྲལ་ཞིང་བདེ་བའི་ངང་དུ་གནས་པར་བྱ་བའི་ཕྱིར༔ བདེ་བ་རབ་འབྱམས་ཀྱི་ལུང་བཤད༔ སེམས་ལ་ཉོན་མོངས་པའི་སྐྱོན་གྱིས་མ་གོས་ཤིང༔ ཡོན་ཏན་གྱི་ཕྲ་ཡིས་སྤྲས་པའི་ཕྱིར༔ བདེ་བ་ཕྲ་བཀོད་ཀྱི་ལུང་བཤད༔ སེམས་ཀྱི་ཀློང་དུ་འཁོར་འདས་ཀུན་འབྱུང་བར་བསྟན་པའི་ཕྱིར༔ སྣ་ཚོགས་གཏེར་ཆེན་གྱི་ལུང་བཤད༔ སེམས་ཀྱིས་ཐེག་པ་ཐམས་ཅད་སྤྱིར་བཅིངས་པའི་ཕྱིར༔ བཀའ་ལུང་གི་སྤྱི་ཆིངས་དང་ལུང་པུསྟི་བཅོ་བརྒྱད་བཤད་དོ༔ དེ་ནས་སློབ་དཔོན་ཤྲཱི་སིཾ་ཧའི་ཞལ་ནས་ཆོས་རྫོགས་པར་བཤད་པ་ཡིན་ཏེ༔ རྒྱ་གར་བ་ཆོས་ལ་ཕྲག་དོག་ཆེ་བ་ཡིན་པས༔ ལམ་དུ་སྲོག་གི་བར་ཆད་འོང་ཉེན་ཡོད༔ རྐང་མགྱོགས་སྒྲུབས་ཤིག་གསུངས་ནས༔ རྐང་མགྱོགས་ཀྱི་གདམས་པ་གནང༔ སློབ་དཔོན་གྱིས་པ་གོར་བཻ་རོ་ཙ་ནར་མིང་བཏགས་སོ༔ གཙང་ལེགས་གྲུབ་ཀྱིས་རྐང་མགྱོགས་མ་བསྒྲུབས་པར་རྗེ་ལ་ངོ་སོ་འདོད་པས་སྔོན་དུ་འོང་བས་གཅན་འཕྲང་བས་བཀུམས་སོ༔ དེ་ནས་བཻ་རོ་ཙ་ནས་སྒོ་སྲུང་བས་ཆོས་འཕྲོག་དོགས་པས༔ རྒྱ་དཔེ་རྣམས་ཏ་ལའི་ལོ་མར་ཨ་རུ་རས་འཕྲུལ་ཡིག་ཏུ་བྲིས་ཏེ་ཆས་པའི་ནུབ་མོ་རྡོ་རྗེ་གདན་གྱི་སྒོ་ལྕགས་ཐམས་ཅད་ཀྱང་རང་སྒྲ་གྲགས་པ་ན༔ དཀོར་སྲུང་རྣམས་ཀྱིས་སྒོ་པ་རྣམས་སྦྲན་ནས༔ བོད་ཀྱི་བནྡེས་ཆོས་ཁྱེར་རོ༔ མ་གཏང་ཞིག་ཟེར་ནས་སྒོ་སྲུང་བ་རྣམས་ཀྱིས་སྒོ་བཅད་ནས་བསྲུངས་པས༔ ནངས་པར་བཻ་རོ་ཙ་ན་བྱུང་བས༔ མདང་གི་རྨི་ལམ་ཐམས་ཅད་ངན་པས་བོད་ཀྱི་བནྡེ་འདིས་ཅི་ཁྱེར་ཟེར་ནས་གཅེར་བུར་བཤུས་པས༔ ཏ་ལའི་ལོ་མའི་པུསྟི་གཉིས་བས་མ་བྱུང་བས་འདི་མ་ཡིན༔ ཏ་ལ་སྟོང་པ་ལས་ཡི་གེ་མི་སྣང་ཐོངས་ཟེར་ནས་བཏང་ངོ༔ བཻ་རོ་ཙ་ནས་རྐང་མགྱོགས་གྲུབ་ཀྱང་གཅན་འཕྲང་ལས་མི་ཐར་དགོངས་ནས༔ གཅན་འཕྲང་བའི་དཔོན་ཀུ་མཱ་ར་དང་གྲོགས་པོ་བྱས༔ གསེར་ཕྱེ་བྱིན་ནས་མནའ་ཐོ་བྱས་ཏེ༔ གཅན་འཕྲང་བའི་དཔོན་གྱིས་གཅན་འཕྲང་མང་པོ་བསྒྲལ་ནས་ལོག་གོ༔ དེ་ནས་རྒྱ་གར་གྱི་པཎྜི་ཏ་རྣམས་ཀྱི་རྨི་ལམ་དུ༔ རྒྱ་གར་གྱི་ཉི་མ་བོད་དུ་བནྡེ་ཞིག་གིས་ཁུར་ནས་ནུབ་པ་རྨིས༔ ལྗོན་ཤིང་དང་མེ་ཏོག་ཐམས་ཅད་ཀྱང་ཉམས༔ བྱ་སྐད་ཐམས་ཅད་ཀྱང་མི་སྙན་པར་གྱུར་ནས༔ རྡོ་རྗེ་གདན་གྱི་རྒྱལ་པོས་འདི་ཅིས་ལན་ཞེས་པཎྜི་ཏ་རྣམས་ལ་དྲིས་པས༔ བོད་ཀྱི་བནྡེས་ཆོས་མ་ཁྱེར་རམ་ཟེར་ནས༔ རྐང་མགྱོགས་པ་བཏང་བས༔ གཅན་འཕྲང་བའི་དཔོན་ན་རེ༔ བོད་ཀྱི་བནྡེ་འདྲ་བ་མ་སོང༔ མཐའ་ཡི་མོན་བུ་སྤྱི་ཟླུམ་ཅན་ཞིག་སོང་སྟེ༔ ཅི་ཡང་མ་ཁྱེར༔ ཡིན་ན་ད་ལྟ་བོད་དུ་སླེབ་ཙམ་དུ་སོང་བྱས་པས༔ རྐང་མགྱོགས་པ་ལོག་གོ༔ བཻ་རོ་ཙ་ནས་རྐང་མགྱོགས་གྲུབ་པས༔ རྡོ་རྗེ་གདན་ནས་ཞག་བདུན་གྱིས་བོད་དུ་སླེབས་ཏེ༔ རྗེའི་སྤྱན་སྔར་ཕྱིན་ནས་ཞུས་པ༔ རྗེ་བཞེད་པའི་ཆོས་ནི་ལོན་ནས་ཡོད༔ རྒྱ་གར་བ་ནི་ཆོས་ལ་ཕྲག་དོག་ཆེ༔ བོད་ཀྱི་བློན་པོ་རྣམས་ནི་ཆོས་ལ་གནག༔ རྒྱལ་པོ་ནི་སྙན་ཁུང་སྲབ༔ སྙན་ཕྲ་འབྱུང་སྲིད་པས༔ མི་གསན་པར་ཞུ་ཞེས་སྤྲིངས་སོ༔ དེ་ནས་རྡོ་རྗེ་གདན་གྱི་རྒྱལ་པོས༔ ད་བོད་ཀྱི་བནྡེའི་རྗེས་ནི་མ་སླེབས༔ འདི་བཤད་པའི་སློབ་དཔོན་གང་ཡིན་པ་དེ་ལ་ཆད་པ་གཅད་ཟེར་ནས༔ གཏོ་དང་མོ་དང་རྩིས་བཏབ་པས༔ སློབ་དཔོན་གང་ཡིན་མ་ཤེས་སོ༔ བྲམ་ཟེའི་རྒན་མོ་དྲང་སྲོང་གི་རྟེན་འབྲེལ་ལ་མཁས་པ་ཞིག་ན་རེ༔ ངོས་ནི་མཐོང་བ་ཞིག་ཡོད་ན་རང་ཡིད་ལ་མི་འཐད་པས༔ རྒྱལ་པོ་ལ་སྨྲ་མི་ནུས་སོ་ཟེར་རོ༔ རྒྱལ་པོས་སྐྱོན་མེད་པས་སྨྲོས་ཤིག་བྱས་པས༔ མོ་ན་རེ༔ འོ་ན་རི་གསུམ་གྱི་ཁ་ལ་མཚོ་ཞིག་སྣང༔ དེའི་སྟེང་དུ་ཐང་ཁྲ་བོ་ཞིག་སྣང༔ དེའི་སྟེང་ན་ལུས་པོ་མིག་གིས་གང་བ༔ མཆུ་དམར་པོ་འདོམ་གང་ཡོད་པ་ཞིག་གིས་བཤད་པ་མཐོང་བྱས་པས༔ ཀུན་གྱི་ཡིད་ལ་མི་འཐད་པར་གྱུར་ཏོ༔ དེ་ནས་རྒྱལ་པོ་ན་རེ༔ བོད་དུ་རྐང་མགྱོགས་གཏང་དགོས་ཆ་ངན་ཞིག་སྒྲོགས་གསུངས་ནས༔ རྐང་མགྱོགས་པ་གཉིས་བཏང་བས༔ བཻ་རོ་ཙ་ནས་དབུ་རྩེའི་ཐང་ན་རྒྱལ་བློན་ལ་ཆོས་གསུང་བའི་རྩར༔ ཨ་ཙ་ར་གཉིས་བྱུང་ནས༔ བོད་ཀྱི་བནྡེ་འདིས་རྒྱ་གར་ནས་ཆོས་མ་ལོན་ནས༔ མུ་སྟེགས་ཀྱི་ངན་སྔགས་མང་པོ་ཁྱེར་ཡོད་པས་ཕུང་བར་བྱེད་དོ༔ མུ་སྟེགས་ཡིན་པས་སོད་ཅེས་པའི་སྒྲ་བསྒྲགས་ནས་བྲོས་སོ༔ དེ་ནས་བློན་པོ་ཀུན་ན་རེ༔ དེ་བདེན་པས་བོད་ཕུང་བར་བྱེད་པས་ཆབ་ལ་གསོལ་དགོས་ཟེར་བས༔ རྒྱལ་པོས་དེ་ལྟར་མིན༔ རྒྱ་གར་བས་ཆོས་ལ་ཕྲག་དོག་བྱས་པ་ཡིན་བྱས་ཀྱང་མ་ཉན་པས༔ རྒྱལ་པོས་མཐའི་སྤྲང་པོ་ཞིག་བཟུང་ནས༔ བཻ་རོ་ཙ་ནའི་ཞྭ་གོས་བཀོན་ཏེ༔ ཟངས་ཁ་སྦྱར་དུ་བཅུག་ནས་གཟེར་བཏབ་ཅིང་གཙང་པོར་བསྐུར་ནས་བཏང་སྟེ༔ བཻ་རོ་ཙ་ན་ཕོ་བྲང་ཡང་རྫོང་དུ་ཀ་བ་ལ་ཁོང་སྟོང་བྲུས་པ་ཞིག་ཏུ་བཅུག༔ ནམ་ཕྱེད་ཙམ་ན་བཞེས་དྲངས་ནས་ཆོས་གསན་པ་ལ༔ སེམས་རྨད་དུ་བྱུང་བ་བཅོ་བརྒྱད་ཀྱི་ལེའུ་ལྔ་བཅུ་ཚར་བ་དང༔ འབངས་ནང་པ་ཞིག་དང་ཚེ་སྤོང་བཟའ་དམར་རྒྱན་མ་གཉིས་ཀྱིས་ཚོར་ནས་ཕྱིར་བསྒྲགས་པ་དང༔ བློན་པོ་ཐམས་ཅད་འཚོགས་ནས༔ རྗེ་ལ་ཐུགས་ནོར་ཆེན་པོ་མངའ་བས༔ ཡབ་མེས་ཀྱི་དཀོར་མཛོད་ཀྱི་གསེར་དངུལ་ཐམས་ཅད་འཇིམ་པ་ལ་བྱུགས་ནས་ལྷ་ཁང་མཛད་གསུང༔ ཆོས་བྱེད་གསུང་ཞིང་ས་མཐའི་མི་བཟུང་ནས་ཆུ་ལ་བསྐུར༔ བོད་ཕུང་བར་བྱེད་པའི་ངན་སྔགས་མཁན་དེ་ཕུག་ཏུ་སྦས་ནས་ཅི་ཟེར་ཉན༔ དེ་ལ་ཆད་པ་གཅོད་པས་སྒོར་ཐོན་ཅིག༔ དེ་ལ་ཆད་པ་མི་གཅོད་ན༔ རྒྱལ་ཁྲིམས་འཇིག་གོ་ཟེར་ནས༔ རྒྱལ་པོ་ཐུགས་མ་དགྱེས་ནས༔ སློབ་དཔོན་ལ་ཇི་ལྟར་བྱ་ཞེས་ཞུས་པས༔ སློབ་དཔོན་བཻ་རོ་ཙ་ནའི་ཞལ་ནས༔ རྗེ་ལགས༔ བདག་སྔོན་ཡང་རྒྱལ་མོ་ཚ་བ་རོང་དུ་རྒྱལ་པོ་ལེགས་གཞེར་རྗེ་དང༔ དཔལ་མོ་བྱ་བ་གཉིས་ཀྱི་བུར་སྐྱེས༔ ད་རུང་ལས་ཀྱི་འཕྲོ་ཞིག་དང་གདུལ་བྱ་ཞིག་ཡོད་པས་དེར་སྤྱུགས་ཤིག༔ རྗེ་ཉིད་གསོན་དང༔ ད་རུང་རྒྱ་གར་གྱི་ཡུལ་ན༔ རྒྱ་གར་གྱི་པཎྜི་ཏ་རྣམས་ཀྱི་ནང་ནས་མཁས་པ་བི་མ་ལ་མི་ཏྲ་བྱ་བ་བཞུགས་པས༔ དེ་སྤྱན་དྲོངས་ལ་ཆོས་གྲྭ་ཚུགས་དང༔ དེའི་དུས་སུ་ངའི་ཆོས་འདི་རྣམས་ཞུ་གཏུགས་སུ་གཏང་གིས༔ དེར་བློན་པོ་རྣམས་ཡིད་ཆེས་ནས༔ ང་དང་རྗེ་གཉིས་མཇལ་བར་མཆི་གསུངས་ནས༔ རྗེ་ལ་དབང་མེད་རྒྱལ་ཁ་བློན་གྱིས་བསྒྱུར་ཏེ༔ བཻ་རོ་ཙ་ན་རྒྱལ་མོ་ཚ་བ་རོང་དུ་སྤྱུགས་སོ༔ དེ་ནས་བཻ་རོ་ཙ་ན་བྱང་གཡག་ལ་སེ་བོའི་རྩར་ཕྱིན་ཙམ་ན༔ ཡང་དབུས་སུ་གཟིགས་པས༔ ནམ་ལངས་པའི་སྟེང་དུ་ཉི་མ་ཤར་བ་དང་འདྲ་བ༔ ཁམས་ན་མར་གཟིགས་པས་ཉི་མ་ནུབ་པའི་སྟེང་དུ་མུན་རུབ་པ་འདྲ་བ་གཟིགས་པས༔ སྤྱན་ཆབ་ཤོར་སྟེ་དབང་མེད་དུ་རྒྱལ་མོ་ཚ་བའི་རོང་དུ་བྱོན་ནས་རི་ལ་བཞུགས་པས༔ བོད་ཀྱི་བྱ་ཐམས་ཅད་འདུས་ནས༔ སློབ་དཔོན་གྱི་སྟེང་དུ་བསྐོར་བ་བྱས་པས༔ ཚ་བ་རོང་གི་མི་རྣམས་ཡིད་མ་ཆེས་ཏེ༔ བལྟས་པས་ཁོང་རྙེད་ནས་བོད་ཀྱི་རྟོག་ཅན་པ་བྱུང་ཟེར་ནས་ཤིག་དོང་དུ་བསྐྱུར༔ དེ་ནས་སྦལ་དོང་དུ་བསྐྱུར་ཡང་མ་གནོད་པར༔ ཡར་ཕྱུང་ནས་དྲི་རྨེད་བྱས་པས༔ བཻ་རོ་ཙ་ནའི་ཞལ་ནས༔ ང་བོད་ཀྱི་རྒྱལ་བློན་རྣམས་ཀྱིས་རྒྱ་གར་དུ་ཆོས་ཚོལ་བར་བཏང་པས༔ རྒྱ་གར་བས་ཆོས་ལ་ཕྲག་དོག་བྱས་ཏེ༔ ངན་སྔགས་ཡོད་བྱས་པས༔ རྒྱལ་བློན་རྣམས་ཀྱིས་སྤྱུགས་པ་ཡིན་ནོ༔ ང་ཚེ་སྔ་མ་ལ་འདིར་སྐྱེས་པ་ཡིན༔ སྔོན་རྒྱལ་པོ་ལེགས་གཞེར་དང་དཔལ་མོའི་བུ༔ དགེ་སློང་པཱུརྞ་བྱ་བ་དེ་ཡིན་གསུངས་པས༔ མི་རྣམས་ཡིད་ཆེས་ཏེ༔ སྐྱེ་བ་སྔ་ཕྱི་དྲན་པ་ངོ་མཚར་ཆེ་ཟེར་ནས་ཕྱག་འཚལ་བཤགས་པ་བྱས༔ ཞབས་མགོ་ཐོག་ཏུ་བླངས་ཏེ་བསྙེན་བཀུར་བྱས་སོ༔ དེ་ནས་བཻ་རོ་ཙ་ནའི་ཐུགས་དགོངས་ལ༔ རྒྱལ་མོ་ཚ་བ་རོང་འདིར་ཆོས་རྫོགས་པ་ཆེན་པོ་དར་བ་ཞིག་བྱ་དགོངས་ནས༔ བྱིས་པ་མང་པོ་བ་གླང་འཚོ་བའི་རྩར་ཕྱིན་ནས༔ བྱིས་པ་རྣམས་ལ་རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ་ཟེར་བ་བསླབས་པས༔ ཐམས་ཅད་ཀྱིས་མ་ཤེས་ཏེ༔ ལྟོས་སེ་ལྟོས་སེ་ཟེར་རོ༔ དེར་བྱིས་པ་གཉིས་ཀྱིས༔ རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ་ཟེར་ནས༔ རྒྱལ་བུ་གཡུ་བྱ་བ་དང༔ རྒྱལ་བུ་ཀླུ་བྱ་བ་གཉིས་ཀྱིས་ཤེས་པར་གྱུར་ནས༔ སློབ་དཔོན་བཻ་རོ་ཙ་ནས་ནུབ་བྱིས་པ་དེ་གཉིས་མཆན་གཡས་གཡོན་དུ་བཞག་ནས་གཏོང་ཐུན་བསླབས༔ ཉིན་པར་དཔེ་བསླབ་བྱས་ཏེ༔ བཀའ་རྫོགས་པ་ཆེན་པོའི་ཆོས་ཐམས་ཅད་ཤེས་ཤིང་ཁོང་དུ་ཆུད་དེ༔ རྒྱལ་མོ་ཚ་བ་རོང་དུ་དམ་པའི་ཆོས་ཉི་མ་ཤར་བ་ལྟར་དར་ཤིང་རྒྱས་པར་མཛད་དོ༔ སློབ་དཔོན་པདྨའི་སྐྱེས་རབས་དྲི་མ་མེད་པ་ལས༔ པ་གོར་བཻ་རོ་ཙ་ན་རྒྱ་གར་དུ་ཆོས་ཚོལ་བར་སོང་ཞིང་ཚ་བའི་རོང་དུ་སྤྱུགས་པའི་ལེའུ་སྟེ་བཅུ་བཞི་པའོ༔ ༔དེ་ནས་རྒྱལ་པོའི་ཐུགས་དགོངས་ལ༔ ངས་བོད་ཀྱི་རྒྱལ་ཁམས་འདི་ཆོས་ལ་བཀོད་པར་འདོད་པས༔ བོད་ཀྱི་ཤེས་རབ་ཅན་རྒྱ་གར་དུ་བཏང་ནས་ཆོས་ངོ་མཚར་ཅན་ལོན་ཀྱང༔ བློན་པོ་ཆོས་ལ་གནག་པས་ཕྲག་དོག་བྱས་ནས༔ ཆོས་ལ་སྤྱོད་དབང་མ་བྱུང༔ ཆོས་ཚོལ་དུ་བཏང་བ་རྣམས་ཀྱང༔ བློན་པོས་རྒྱལ་ཁྲིམས་ལ་བསྙད་ཅིང་སྤྱུགས་པས༔ ད་ནི་རྒྱ་གར་ན་པཎྜི་ཏ་ཆོས་ཕྱི་ནང་ལ་མཁས་པ་ཞིག་སྤྱན་དྲངས་ལ༔ བོད་ཀྱི་ཤེས་རབ་ཅན་ཐམས་ཅད་ཀྱང་ལ་ལ་ནི་ལོ་ཙཱ་བ་བསླབ༔ ལ་ལ་ནི་རབ་ཏུ་འབྱིན༔ ལ་ལ་ནི་ཆོས་བསྒྲུབ་ཏུ་བཅུག་དགོས་སྙམ་ནས༔ བོད་རུ་བཞི་ཐམས་ཅད་བཀའ་འོག་ཏུ་བསྡུས་ཏེ་བཀའ་སྩལ་བ༔ ང་ཆོས་སྐྱོང་བའི་རྒྱལ་པོ་ཡིན་པས༔ ད་དུས་དེ་རིང་ནས་ཆོས་ཁྲིམས་བཅའ་བ་ཡིན་པས༔ རབ་ཏུ་བྱུང་སུས་ནུས༔ ལོ་ཙཱ་སློབ་སུས་ནུས༔ སྒྲུབ་པ་བྱེད་སུས་ནུས་ན་ཞབས་འོག་ནས་རྡེའུ་བཏོན་ཏེ་དབུའི་མཆོད་གནས་སུ་བྱེད་དོ༔ ཞེས་བཀའ་ཁྲིམས་བཅས་སོ༔ དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཞེས་བྱ་བ༔ འདས་མ་འོངས་ད་ལྟ་དུས་གསུམ་མཁྱེན་པ་དེས༔ གུང་གྲལ་ནས་རྒྱལ་བློན་རྣམས་ལ་བཀའ་སྩལ་གྱིས་དགོངས་པ་གསུང་པ༔ རྗེ་ལྷ་གཅིག་ཆོས་སྐྱོང་བའི་རྒྱལ་པོ་ལགས༔ ཆོས་ཁྲིམས་བཅའ་བ་ཤིན་ཏུ་ལེགས༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ དུག་གསུམ་སྐུ་གསུང་ཐུགས་སུ་ཤེས༔ རྣམ་རྟོག་ཆོས་ཉིད་དབྱིངས་སུ་གོ༔ ཉོན་མོངས་རྒྱུད་རྣམས་རང་ཞིར་སོང༔ འཛིན་པའི་ལྕགས་སྒྲོག་ཤུགས་ལས་གྲོལ༔ ཡེ་ཤེས་ལྷུག་པར་རྟག་ཏུ་འཆར༔ དེ་རྟགས་ཡོན་ཏན་མངོན་ཤེས་ཀྱིས༔ ཕྱི་མར་ཅི་འབྱུང་ད་ལྟར་ཤེས༔ སྔ་མ་ཅི་ཡིན་འདི་ལྟར་ཤེས༔ བདག་འདྲ་པདྨ་འབྱུང་གནས་དང༔ མཁན་པོ་བོ་དྷི་སཏྭ་དང༔ བཙན་པོ་ཁྲི་སྲོང་ལྡེའུ་བཙན་གསུམ༔ སྐྱེ་བ་འདི་ཡི་སྔ་མ་ལ༔ མ་ག་དྷ་ཡི་ཡུལ་དག་ཏུ༔ མོན་ཕྲུག་སྤུན་གསུམ་དག་ཏུ་སྐྱེས༔ མ་ནི་དབུལ་མོ་བྱ་རྫི་མོ༔ མ་ཡི་དགེ་བར་མཆོད་རྟེན་བཞེངས༔ མཆོད་རྟེན་བྱ་རུང་ཁ་ཤོར་ལ༔ མཆོད་པ་ཕུལ་ཞིང་གསོལ་བ་བཏབ༔ འཁྱགས་པས་འཁྱགས་ཡུལ་མཐའ་འཁོབ་ཏུ༔ ཆོས་ཀྱི་བསྟན་པ་འཛུགས་པར་ཤོག༔ དེ་སྐད་སྨོན་ལམ་བཏབ་པ་ཡིས༔ སྐྱེ་བ་དེ་ཡི་འོག་རོལ་དུ༔ སྲིན་གྱི་བུ་དང་དྲང་སྲོང་བུ༔ བྲམ་ཟེའི་བུ་དང་གསུམ་དུ་སྐྱེས༔ སྔ་མའི་མཆོད་རྟེན་དེ་ལ་ནི༔ མཆོད་པ་ཆེན་པོ་རབ་ཕུལ་ཏེ༔ སྨོན་ལམ་སོ་སོར་འདི་ལྟར་བཏབ༔ དྲང་སྲོང་བུ་ཡི་སྨོན་ལམ་ནི༔ འཁྱགས་པས་འཁྱགས་ཡུལ་བོད་ཡུལ་དུ༔ ཆོས་སྐྱོང་རྒྱལ་པོར་སྐྱེས་ནས་ནི༔ སངས་རྒྱས་བསྟན་པ་འཛུག་པར་ཤོག༔ སྨོན་ལམ་དེ་སྐད་བཏབ་པ་ཡིས༔ ད་ལྟར་རྒྱལ་པོར་སྐྱེས་པ་ཡིན༔ ཆོས་སྐྱོང་རྒྱལ་པོར་བྱ་བར་རིགས༔ བྲམ་ཟེའི་བུ་ཡི་སྨོན་ལམ་ནི༔ ཆོས་སྐྱོང་རྒྱལ་པོ་ཁྱོད་ཀྱི་ཚེ༔ མཁས་པ་པཎྜི་ཏར་གྱུར་ནས༔ སངས་རྒྱས་བསྟན་པ་འཛིན་པར་ཤོག༔ སྨོན་ལམ་དེ་སྐད་བཏབ་པའི་མཐུས༔ ཟ་ཧོར་སྐྱེས་ཀྱང་འདི་རུ་ཚོགས༔ མཁན་པོ་རབ་ཏུ་བྱུང་བར་རིགས༔ བདག་འདྲ་སྲིན་བུ་པདྨ་ཡིས༔ ཆོས་སྐྱོང་རྒྱལ་པོ་ཁྱོད་སྐྱེས་ཚེ༔ གྲུབ་ཐོབ་ནུས་པའི་མཐུ་ལྡན་ནས༔ སངས་རྒྱས་བསྟན་པ་བསྲུང་བར་ཤོག༔ སྨོན་ལམ་དེ་སྐད་བཏབ་པ་ཡིས༔ ཨུ་རྒྱན་སྐྱེས་ཀྱང་འདི་རུ་ཚོགས༔ སངས་རྒྱས་བསྟན་པ་ང་ཡིས་བསྲུང༔ རྒྱ་གར་ཡུལ་གྱི་མ་ག་དྷའི༔ དྲང་སྲོང་དཔལ་ལྡན་ཞེས་བྱ་དང༔ ཡུམ་ནི་ཀྲ་མ་ཏི་ཡི་བུ༔ ཨ་ས་མ་རུ་ཚེ་འཕོས་པས༔ བོད་ཀྱི་མངའ་བདག་རྒྱལ་པོར་སྐྱེས༔ མི་ལ་དགོས་དགུ་གཅེས་དགུ་དང༔ སྡེ་སྣོད་གསུམ་གྱི་ཆོས་རྣམས་ཀུན༔ རྒྱལ་པོ་ཉིད་ཀྱི་རིང་ལ་འབྱུང༔ རྒྱ་གར་ཡུལ་ནི་ཀུ་ཤ་ཀའི༔ སྨད་འཚོང་པྲ་མ་ནི་ལ་ཏའི༔ ཕྲུ་གུར་སྐྱེས་པ་ཚེ་འཕོས་པ༔ ཁྲི་བཟང་ཡབ་ལྷག་བློན་པོ་ཡིན༔ དྷརྨ་ཤཱི་ལ་ཚེ་འཕོས་པ༔ རྒྱལ་ཏོ་ར་མི་བློན་པོ་ཡིན༔ དྷརྨ་པྲཛྙཱ་ཚེ་འཕོས་པ༔ ཁྲི་བཟང་ལྷ་ལོད་བློན་པོ་ཡིན༔ དྷརྨ་ཀཱ་ཡ་ཚེ་འཕོས་པ༔ ཤུད་བུ་དཔལ་གྱི་སེང་གེ་ཡིན༔ དྷརྨ་སུ་ཁ་ཚེ་འཕོས་པ༔ མདོ་གཞེར་སྤྲེལ་ཆུང་བློན་པོ་ཡིན༔ དྷརྨ་མི་ཏྲ་ཚེ་འཕོས་པ༔ ཏ་ར་ཀླུ་གོང་བྱ་བ་ཡིན༔ བློན་པོ་དྲུག་པོ་དེ་རྣམས་ཀྱིས༔ འཁྱགས་པས་འཁྱགས་ཡུལ་མཐའ་འཁོབ་ཏུ༔ འདུས་བྱས་སྨོན་ལམ་གཅིག་ཏུ་བཏབ༔ རྒྱ་གར་ཡུལ་གྱི་ལས་འཕྲོ་ནི༔ བོད་ཀྱི་ཡུལ་དུ་བླངས་པ་ཡིན༔ རྒྱལ་པོ་ཉིད་ཀྱི་བློན་པོར་གྱུར༔ རྗེ་རྒྱལ་ཉིད་ཀྱི་རིང་ལ་བྱུང༔ བློན་པོ་ཆོས་ལ་གནག་པ་ནི༔ བློན་པོ་དྲུག་པོ་འདི་རྣམས་ཀྱིས༔ སྐྱེ་བ་སྔ་མའི་གོང་རོལ་དུ༔ དུད་འགྲོའི་ལུས་ནི་སོ་སོར་བླངས༔ སྐྱེ་བ་སྔ་མ་ཅི་བླངས་པ༔ སྐྱེ་བ་འདི་ལ་མཚན་རྟགས་ཡོད༔ ནཻ་རཉྫ་རའི་ཡུལ་དབུས་ཀྱི༔ ཕག་པ་རྒྱ་ཚ་ལྷ་སྣང་སྟེ༔ སྔར་ཡང་ཕག་པ་བྱས་པའི་རྟགས༔ ད་ལྟ་སྣ་རྩེར་སྨེ་ནག་ཡོད༔ དབུས་འགྱུར་དེ་ཡི་བྱང་ཕྱོགས་ཀྱི༔ རྨོས་གླང་ཏ་ར་ཀླུ་གོང་དེ༔ སྔར་ཡང་རྨོས་གླང་བྱས་པའི་རྟགས༔ གཉའ་བའི་གོང་ན་སྨེ་བ་ཡོད༔ ཡུལ་ཕྱོགས་དེ་ཡི་ཁྱི་མོ་ནི༔ ཉ་ཤི་སྲུང་བ་ཡབ་ལྷག་སྟེ༔ སྔར་ཡང་ཉ་ཤི་བསྲུངས་པའི་རྟགས༔ དཔྲལ་བའི་དཀྱིལ་ན་སྨེ་བ་ཡོད༔ ཡུལ་ཕྱོགས་དེ་ཡི་བྱ་ཐུལ་ནི༔ མདོ་གཞེར་སྤྲེལ་ཆུང་བློན་ཡིན་ཏེ༔ སྔར་ཡང་བྱ་རུ་སྐྱེས་པའི་རྟགས༔ ལྟེ་བའི་ཁུང་ན་བྱ་སྤུ་ཡོད༔ ཡུལ་ཕྱོགས་དེ་ཡི་གཅན་སྤྱང་ནི༔ རྒྱལ་ཏོ་ར་མེ་བྱ་བ་ཡིན༔ སྔར་ཡང་གཅན་སྤྱང་བྱས་པའི་རྟགས༔ ཡ་ཐོད་གཅན་སྤྱང་འདྲ་བ་ཡོད༔ དུད་འགྲོ་ཚེ་འཕོས་སྨད་འཚོང་མའི༔ བུ་དྲུག་དག་ཏུ་སྐྱེས་ནས་ནི༔ བོད་ཡུལ་ཚོགས་པའི་སྨོན་ལམ་བཏབ༔ ད་ལྟ་རྒྱལ་པོའི་བློན་པོར་སྐྱེས༔ བློན་པོ་རྣམས་ཀྱང་ཆོས་སྲིད་སྐྱོངས༔ ཕྱི་མར་མཐོ་རིས་ཆོས་ལ་འཕྲད༔ ཆོས་ལ་མ་མོས་ངན་སོང་འགྲོ༔ པཱུརྞ་སཱུརྻ་བྲམ་ཟེའི་བུ༔ བོ་དྷི་སཏྭ་བྱ་བར་སྐྱེས༔ དགེ་སློང་མང་པོ་གྲངས་མེད་ཀྱི༔ མཁན་པོར་བྱས་ནས་རབ་ཏུ་འབྱིན༔ སྒྲ་སྒྱུར་ཚལ་གྱི་དྲང་སྲོང་ནི༔ དགེ་སློང་སིཾ་ཧ་ཚེ་འཕོས་པ༔ དགེ་སློང་དཔལ་དབྱངས་བྱ་བར་སྐྱེས༔ ནེ་རཉྫ་རའི་ཡུལ་དབུས་སུ༔ སྨད་འཚོང་སྙིང་པོ་བརྟུལ་ཞུགས་དང༔ དྲང་སྲོང་ཀུ་མཱ་རཱ་ཛའི་བུ༔ དགེ་སློང་རྒྱལ་བུ་སྙིང་པོ་དེས༔ ཚུལ་ཁྲིམས་བསྲུངས་ནས་ཚེ་འཕོས་པ༔ རྒྱལ་བ་མཆོག་དབྱངས་བྱ་བར་སྐྱེས༔ རྒྱ་གར་ཡུལ་གྱི་མུ་དྲ་ནི༔ བྲམ་ཟེ་གུ་ཎ་སིདྡྷི་དང༔ རྒྱལ་པོ་ལེགས་གཞེར་དཔལ་མོའི་བུ༔ དགེ་སློང་ཛེ་ཏ་ཚེ་འཕོས་པ༔ ནམ་མཁའི་སྙིང་པོ་བྱ་བར་སྐྱེས༔ རྡོ་རྗེ་གདན་གྱི་སྨད་འཚོང་མ༔ ཀུ་མཱ་ཧི་ཏོ་རུ་ཎ་དང༔ དྲང་སྲོང་ཛྙཱ་ན་བྷཱུ་ཏིའི་བུ༔ དགེ་སློང་འཇམ་དཔལ་ཚེ་འཕོས་པ༔ ཀླུ་ཡི་རྒྱལ་མཚན་བྱ་བར་སྐྱེས༔ ག་འུ་ཉི་ལྗོངས་ཏི་ཏའི་བུ༔ སྨད་འཚོང་བུ་མོ་ན་ར་ཡ༔ རྒྱ་གར་ཡུལ་ནས་ཚེ་འཕོས་པས༔ སྐ་བ་དཔལ་བརྩེགས་བྱ་བར་སྐྱེས༔ ལྕགས་ཀྱི་སྡོང་པོའི་གླིང་ཆེན་གྱི༔ ཀླུ་མོ་ཉིད་གྱུར་ཚེ་འཕོས་པ༔ དྲན་པ་ནམ་མཁའ་བྱ་བར་སྐྱེས༔ དྲང་སྲོང་བུ་མོ་སེར་སྐྱ་ལྔ༔ རྒྱ་གར་ཡུལ་ནས་ཚེ་འཕོས་པ༔ དགེ་སློང་མི་ལྔ་དག་ཏུ་སྐྱེས༔ དགེ་ལྡན་བདེ་སྐྱིད་རྒྱལ་བུ་གཉིས༔ རྒྱ་གར་ཡུལ་ནས་ཚེ་འཕོས་པ༔ ཡེ་ཤེས་དབྱངས་དང་བྲན་ཀ་གཉིས༔ ཁྱིམ་བདག་དགའ་བའི་བུ་མོ་གཉིས༔ ལེགས་གྲུབ་དར་མ་གཉིས་སུ་སྐྱེས༔ ཚ་བ་རོང་གི་རྒྱལ་པོའི་བུ༔ དགེ་སློང་པཱུརྞ་ཚེ་འཕོས་པ༔ བཻ་རོ་ཙ་ན་བྱ་བར་སྐྱེས༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ སྔ་མ་ཅི་ཡིན་ད་ལྟར་ཤེས༔ རྒྱལ་པོ་ཉིད་ཀྱི་སྐུ་རིང་ལ༔ ཆོས་ཁྲིམས་ཤིན་ཏུ་དར་བར་འོང༔ ཅེས་གསུངས་པ་དང༔ རྗེ་བློན་འབངས་ལ་སོགས་པའི་བོད་རུ་བཞི་རྒྱལ་པོའི་མངའ་འོག་ཏུ་འདུས་པ་ཐམས་ཅད་རྗེས་སུ་ཡིད་རང་ངོ༔ དེ་ནས་རྒྱལ་པོས་ཆོས་ཁྲིམས་དར་གྱི་མདུད་པ་ལྟར་བསྡམས༔ རབ་ཏུ་བྱུང་བ་རྣམས་ལ་དབུའི་མཆོད་གནས་སུ་མཛད༔ རབ་བྱུང་བཙུན་པའི་སྡེ་བཙུགས༔ སྔགས་པ་རྣམས་ལ་སྒྲུབ་པ་བཅོལ་ནས་སྔགས་སྡེ་བཙུགས༔ འཁོར་རྣམས་ལ་ཆོས་གང་ལ་གང་མོས་སྤྱོད་པར་གནང༔ བདེ་བར་གཤེགས་པའི་བཀའ་འབྲི་བ་དང་ཀློག་པ་རྣམས་ལ་མཆོད་གནས་སུ་མིང་བཏགས༔ ཤེས་རབ་གང་ཆེ་བ་ཁ་ལྕེ་གང་བདེ་རྣམས་ལ་རྒྱ་གར་དུ་སྒྲ་སྒྱུར་ལོ་ཙཱ་སློབ་ཏུ་བཏང༔ འཕྲལ་སྐད་དང་ཆོས་སྐད་ལ་སོགས་པའི་སྐད་རིགས་ཐམས་ཅད་མཁན་པོ་བོ་དྷི་སཏྭས་བསླབ༔ མི་སྐྱ་རྣམས་ལ་ཡི་གེ་དང་མོ་རྩིས་སློབ་པར་གནང༔ རབ་ཏུ་བྱུང་བའི་མཁན་སློབ་གཉིས་ཀ་མཁན་པོ་བོདྷི་སཏྭས་མཛད༔ དབང་བསྐུར་བྱིན་གྱིས་རློབ་པ་སོགས་གསང་སྔགས་ཀྱི་ཆོས་ཐམས་ཅད་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་དོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ རྒྱལ་པོས་ཆོས་ཁྲིམས་བཅས་པའི་ལེའུ་སྟེ་བཅོ་ལྔ་པའོ༔ ༔དེ་ནས་རྒྱལ་པོའི་ཐུགས་དགོངས་ལ༔ བོད་འདིར་དམ་པའི་ཆོས་ཉི་མ་ཤར་བ་ལྟ་བུ་ཞིག་བྱེད་དགོས་པས༔ རྒྱ་གར་གྱི་ཡུལ་ནས་པཎྜི་ཏ་ལྔ་བརྒྱའི་ནང་ནས་མཁས་པ་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲ་བྱ་བ་བཞུགས་སྐད་པས༔ དེ་སྤྱན་དྲང་དགོས་སྙམ་པའི་ཐུགས་དགོངས་སྐྱེས་སོ༔ སློབ་དཔོན་བི་མ་ལ་མི་ཏྲ་ཡང་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཡིན་ཏེ༔ རྒྱ་གར་གྱི་རྒྱལ་པོ་དྷརྨ་ཨ་ཤྭ་ཀ་བྱ་བའི་སྲས་མོ་ལྷ་ལྕམ་དྷརྨ་བོ་དྷི་བྱ་བ་ཤིན་ཏུ་མཛེས་མ༔ ལྷའི་བུ་མོ་འདྲ་བ་ཞིག་ཡོད་པ་དེ་མེ་ཏོག་གི་ལྡུམ་རར་གཉིད་པའི་རྨི་ལམ་དུ༔ མི་དཀར་པོ་ཤིན་ཏུ་མཛེས་པ་ཞིག་བྱུང་ནས༔ བདུད་རྩི་བུམ་པ་གང་མོའི་སྤྱི་བོར་བླུགས་པས༔ ཚངས་པའི་བུ་ག་ནས་མར་སོང་བས་ལུས་བདེ་བས་གང་བ་ཞིག་རྨིས་ནས༔ ལུས་མི་བདེ་བ་མེད་པར༔ ཞག་ཉི་ཤུ་རྩ་གཅིག་ནས་བུ་ཞིག་བཙས་ཏེ༔ ཕ་མེད་བུ་བཙས་པ་ངོ་ཚ་ཆེའོ་ཞེེས་ཁྱེར་ནས་བྱེ་མའི་གསེབ་དུ་བོར་རོ༔ ཡང་མོས་བལྟས་པས་མིག་བཀྲ་ཧྲིག་གེ་འདུག་ནས༔ སྙིང་རྗེ་སྟེ་བླངས་ནས་གསོས་པས༔ ཞག་ལོག་ཟླ་ལོག་གཞན་བས་སྐྱེད་ཆེ་བ་ཞིག་བྱུང་ནས༔ ལོ་ལྔ་ལོན་པ་དང༔ ན་ལེནྡྲའི་གཙུག་ལག་ཁང་དུ་སོང་སྟེ༔ པཎྜི་ཏ་རྣམས་ཀྱི་སྤྱན་སྔར་རིག་པའི་གནས་ལྔ་ལ་སྦྱངས་ནས༔ སྡེ་སྣོད་རྣམ་པ་གསུམ་དང༔ ལྷག་པར་ཡང་རྒྱུད་སྡེ་མཐའ་དག་ལ་མཁས་པར་གྱུར་ཏོ༔ སློབ་དཔོན་ཤྲཱི་སིཾ་ཧའི་སྤྱན་སྔར་རབ་ཏུ་བྱུང་ནས༔ མཚན་ཡང་བི་མ་ལ་མི་ཏྲར་བཏགས་སོ༔ དེ་ནས་མཁས་པའི་མཆོག་ཏུ་གྱུར་ཏེ༔ ཆོས་སྐྱོང་བའི་རྒྱལ་པོ་དྷརྨ་ཙཀྲ་བྱ་བའི་བླའི་མཆོད་གནས་ཆེན་པོ་མཛད་དོ༔ བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ༔ པཎྜི་ཏ་ལྔ་བརྒྱ་དང་བཅས་ཏེ་བཞུགས་སོ༔ དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང༔ ཅོག་རོ་ཀླུའི་རྒྱལ་མཚན་དང༔ རྨ་རིན་ཆེན་མཆོག་དང་གསུམ་ལ་གསེར་ཕྱེ་བྲེ་གསུམ་བརྫངས་ནས༔ རྒྱ་གར་གྱི་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ༔ ཆོས་སྐྱོང་བའི་རྒྱལ་པོ་དྷརྨ་ཙཀྲ་ལ་གསེར་ཕུལ་ལ༔ ངའི་སྐྱེས་ལན་དུ་ཕྱི་ནང་གི་ཆོས་མཐའ་དག་ལ་མཁས་པའི་པཎྜི་ཏ་ཞིག་གཏང་བར་ཞུ་གྱིས་ལ༔ ལོ་ཙཱ་བ་ཁྱེད་གསུམ་གྱིས་སྤྱན་དྲོངས་ལ་ཤོག་ཅིག༔ ཅེས་བསྒོས་ནས་བཏང་ངོ༔ དེ་ནས་ལོ་ཙཱ་བ་གསུམ་གྱིས་བི་ཀྲ་མ་ལ་ཤཱི་ལའི་རྒྱལ་པོ་ལ་གསེར་ཕུལ་ནས་ཞུས་པ༔ བོད་ཀྱི་ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ཞལ་ནས༔ ཁྱེད་ཆོས་སྐྱོང་བའི་རྒྱལ་པོ་ཡིན་པས༔ ངའི་སྐྱེས་ལན་དུ་ཕྱི་ནང་གི་ཆོས་མཐའ་དག་ལ་མཁས་པའི་པཎྜི་ཏ་ཞིག་གཏང་བར་བྱ་དགོས་གསུང་བར་གདའོ་ཞུས་པས༔ རྒྱལ་པོ་དྷརྨ་ཙཀྲའི་ཞལ་ནས༔ འོ་ན་ངའི་བླ་མཆོད་པཎྜི་ཏ་ལྔ་བརྒྱ་ནངས་པར་གྱི་ཚ་བ་ལ་ཚོགས་པ་ལ་ཞུ་དགོས་གསུངས་ནས༔ ནངས་པར་གྱི་ཚ་བ་ལ་པཎྜི་ཏ་ལྔ་བརྒྱ་གདན་དྲངས་ནས༔ གསེར་གྱི་མཎྜལ་རེ་རེ་ཕུལ་ནས་ཞུས་པ༔ བོད་ཀྱི་ཆོས་སྐྱོང་བའི་རྒྱལ་པོས༔ ང་ལ་སྐྱེས་སུ་གསེར་བསྐུར་ནས༔ ཕྱི་ནང་གི་ཆོས་ཐམས་ཅད་ལ་མཁས་པའི་པཎྜི་ཏ་ཞིག་གཏང་བར་ཞུ་ཟེར་ནས༔ ལོ་ཙཱ་བ་འདི་གསུམ་སྤྱན་འདྲེན་དུ་བཏང་ནས་བྱུང་བས༔ གང་མཁས་པ་ཞིག་གཤེགས་པར་ཞུ༔ ཞེས་ཞུས་པས་པཎྜི་ཏ་ལྔ་བརྒྱའི་ནང་ནས་མཁས་པ་ཆེན་པོར་གྱུར་པ༔ སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲ་གུང་གྲལ་ན་བཞུགས་པས༔ གཡས་ཀྱི་པཎྜི་ཏ་ཕྱེད་དང་སུམ་བརྒྱ༔ གཡོན་གྱི་པཎྜི་ཏ་ཕྱེད་དང་སུམ་བརྒྱ་སྟེ༔ གཡས་གཡོན་གྱི་ལྔ་བརྒྱ་པོ་ཐམས་ཅད་བི་མ་ལ་མི་ཏྲའི་ཞལ་ལ་གཟིགས་ནས༔ དོན་ལ་ཁྱེད་བཞུད་དགོས་ཞུས་པས༔ བི་མ་ལ་མི་ཏྲའི་ཐུགས་དགོངས་ལ༔ བོད་ཀྱི་རྒྱལ་པོ་ཆོས་ལ་དད་པ་ཆེ་ཡང༔ བློན་པོ་རྣམས་ཆོས་ལ་གནག་པར་ཡོད་པར་འདུག་པས༔ ལོ་ཙཱ་བ་བཻ་རོ་ཙ་ན་ཡང་སྤྱུགས་པར་གྲགས༔ ངས་ཀྱང་འདུལ་བར་ནུས་སམ་མི་ནུས་ཆ་མེད༔ འོན་ཀྱང་བོད་ཀྱི་རྒྱལ་པོའི་དད་པ་མི་ཟློག༔ རྒྱ་གར་རྒྱལ་པོའི་བཀའ་མི་གཅོག་པའི་ཕྱིར༔ ཐེངས་གཅིག་འགྲོ་དགོས་དགོངས་ནས་བཞེངས་ཏེ༔ བོ་དྷི་སཏྭ་རྡ་ཐིམ་ཅེས་ལན་གསུམ་གསུངས་པ་དང༔ ལོ་ཙཱ་བ་གསུམ་ལ་གོ་བ་མི་འདྲ་བ་གསུམ་བྱུང་སྟེ༔ སྐ་བ་དཔལ་བརྩེགས་ཀྱིས་གོ་བ་ལ༔ གཞུ་མོ་དག་ལ་བརྟེན་པའི་མདའ༔ སྐྱེས་བུའི་མཐེབ་མོས་སྩོལ་ཕོད་ན༔ མདས་ཀྱང་འབེམ་དྲུང་ཕྱིན་པར་ནུས༔ ཞེས་གསུངས་ཏེ་བཞུད་པར་གོ༔ རྨ་རིན་ཆེན་མཆོག་གིས་གོ་བ་ལ༔ ཉག་ཐག་དག་ལ་བརྟེན་པའི་གྲུ༔ སྐྱེས་བུའི་སྐྱ་བས་སྩོལ་ཕོད་ན༔ གྲུས་ཀྱང་ཆུ་ལས་སྒྲོལ་བར་ནུས༔ ཞེས་གསུངས་ཏེ་བཞུད་པར་གོ༔ ཅོག་རོ་ཀླུའི་རྒྱལ་མཚན་གྱིས་གོ་བ་ལ༔ ཡོན་ཏན་དག་དང་ལྡན་པའི་མི༔ རང་ཡུལ་མིན་པའི་ས་ཕྱོགས་སུ༔ ལུས་ཀྱི་བུམ་པ་གར་འགྲིལ་བ༔ སེམས་ཀྱི་ཆུ་བོ་དེ་རུ་འབོ༔ ཞེས་གསུངས་ནས་བཞུད་པར་གོ༔ དེ་ནས་རྒྱལ་པོ་དང་པཎྜི་ཏ་རྣམས་ཀྱི་བཀའ་ཐོབ་ནས༔ སློབ་དཔོན་བི་མ་ལ་མི་ཏྲ་ལོ་ཙཱ་བ་རྣམས་ཀྱིས་གདན་དྲངས་ཏེ༔ ཀ་ཝ་ལི་སོར་བཞི་པ་ཞིག་ཏུ་རྒྱ་ཡིག་འབྲུ་བརྒྱད་བྲིས་པ་ཞིག་བསྣམས་ནས་བསམ་ཡས་སུ་བྱོན་ཏེ༔ རྒྱལ་པོ་རྗེ་འབངས་རྣམས་ཀྱིས་བསུ་བ་མཛད་ནས༔ བསམ་ཡས་སུ་ཕྱགས་ཕེབས་ནས༔ འཁོར་ས་ཆེན་མོ་རུ་སྤྱན་དྲངས་པས༔ སློབ་དཔོན་གྱིས་རྒྱལ་པོ་ལ་ཕྱག་མ་འཚལ༔ ལྷ་ལ་ཡང་ཕྱག་མ་བཙལ་བས༔ བློན་པོ་རྣམས་ཀྱིས་ངེད་ཀྱི་གཙུག་ལག་ཁང་འདིར༔ སྔ་མ་ཡང་པཎྜི་ཏ་མང་པོ་སྤྱན་དྲངས་སོ༔ ད་རུང་སྤྱན་འདྲེན་པ་ཡིན༔ པཎྜི་ཏ་ཁྱེད་ངེད་ཀྱི་རྒྱལ་པོ་ལ་ཡང་ཕྱག་མི་འཚལ༔ ལྷ་ཁང་ལ་ཡང་ཕྱག་མི་འཚལ་བ་ཅི་ལགས་ཞུས་པས༔ ཁྱེད་རྒྱལ་བློན་རྣམས་ཀྱིས་ཕྱག་གི་དོན་ཤེས་སམ་གསུངས་པས༔ རྒྱལ་པོས་ཕྱག་གི་དོན་མི་ཤེས་ལགས་ཞུས་པས༔ ངས་ལྷ་དང་གཉིས་སུ་མེད་པའི་ཕྱག་འཚལ་ཟིན༔ དེ་ཡི་དོན་གྱིས་བརྡའི་ལྷས་ཕྱག་མི་ཐུབ་པས༔ ལྷ་ལ་ཡང་ཕྱག་མི་འཚལ༔ རྒྱལ་པོ་ལ་ཡང་ཕྱག་མི་འཚལ་གསུངས་པས༔ རྒྱལ་པོའི་ཐུགས་དགོངས་ལ༔ འོ་ན་ནང་པ་སངས་རྒྱས་རང་མིན་ནམ༔ མུ་སྟེགས་པ་རང་ཡིན་ནམ་སྙམ་དུ་སེམས་ཤིང་འདུག་ཙ་ན༔ བི་མ་མི་ཏྲས་མཁྱེན་ནས༔ རྒྱལ་པོ་ཐུགས་མ་དགྱེས་སམ་གསུངས་ནས༔ བི་མ་མི་ཏྲས་ཆོས་གོས་བསྣམས་ནས༔ རྒྱལ་པོའི་ཐུགས་དམ་རྣམ་སྣང་གི་སྐུ་ལ་རྫུ་འཕྲུལ་གྱི་ཕྱག་མཛད་དེ༔ རྣམ་པར་སྣང་མཛད་གཟུགས་སྐུ་ལྷ་ཡི་ལྷ༔ བི་མ་མི་ཏྲ་ཡེ་ཤེས་ལྷ་ཡི་ཕྱག༔ ཀུན་རྫོབ་སྒྱུ་མའི་ངང་དུ་འཚལ་བར་བགྱི༔ ཞེས་ཕྱག་འཚལ་བའི་ཚུལ་མཛད་པས༔ རྣམ་པར་སྣང་མཛད་དབུའི་གཙུག་ནས་གདན་ཁྲི་ཡན་ཆད་གས་པས༔ རྒྱལ་པོས་མུ་སྟེགས་པ་རང་ཡིན་ངེས་པར་འདུག་སྙམ་ནས༔ ཞལ་ངོ་ནག་ཏིང་ངེ་སོང༔ ཡང་བི་མ་མི་ཏྲས་རྒྱལ་པོ་མ་དགྱེས་སམ་གསུངས་པས༔ མ་དགའ་ལགས་ཞུས་པས༔ ཡང་ཕྱག་མཛད་དེ༔ རྣམ་པར་སྣང་མཛད་ཡེ་ཤེས་ལྷ་ཡི་ལྷ༔ བི་མ་མི་ཏྲ་གཟུགས་ཀྱི་ཕུང་པོ་ཡིས༔ ཡེ་ཤེས་ལྔ་ལྡན་དོན་གྱི་དབང་བསྐུར་རོ༔ ཞེས་གསུངས་ནས༔ རྣམ་སྣང་གི་སྤྱི་བོར་ཕྱག་བཞག་པས༔ སྔར་བས་ཀྱང་ལེགས་ཏེ༔ འོད་ཟེར་དཔག་ཏུ་མེད་པ་བྱུང་བ་དང༔ སྔོན་མ་དབུ་རྩེ་རིམ་གསུམ་འོད་ཀྱིས་གང༔ དེ་ནས་བསམ་ཡས་ཀྱི་ལྷ་ཐམས་ཅད་འོད་ཟེར་གྱིས་ཁྱབ་ནས་རབ་གནས་མཛད་དོ༔ དེ་ནས་རྒྱལ་པོ་ལ་ཕྱག་བགྱིའོ་གསུངས་ནས་ཕྱག་དེང་མཛད་པས༔ རྒྱལ་པོའི་ཞལ་ནས༔ ཁྱེད་ཕྱི་ལྟར་དགེ་སློང་གི་ཆ་ལུགས་ལ༔ ནང་ལྟར་གསང་སྔགས་ཀྱི་གྲུབ་པ་ཐོབ་པའི་རྣལ་འབྱོར་དུ་འདུག་པས༔ ཕྱག་མི་མཛད་པར་ཞུ་བྱས་པས༔ བི་མ་མི་ཏྲའི་ཞལ་ནས༔ ཁྱོད་བོད་ཀྱི་ཆོས་སྐྱོང་བའི་རྒྱལ་པོར་འདུག་པས༔ ཅིས་ཀྱང་འཚལ་གསུངས་ནས་ཕྱག་མཛད་པ་ལ༔ ཕྱག་གི་འོད་ཟེར་གྱིས་རྒྱལ་པོའི་ན་བཟའ་གཞོབ་ཏུ་ཚིག་ནས༔ རྒྱལ་པོ་ཉིད་ཀྱིས་ཕྱག་འཚལ་ལོ༔ དེ་ནས་སློབ་དཔོན་ཆེན་པོ་བི་མ་མི་ཏྲ་སེངྒེའི་ཁྲི་ལ་བཞུགས་སུ་གསོལ༔ གབ་ཙེ་དགུའི་འབོལ་བཏིང༔ ཟ་འོག་གི་བེར་ཆེན་སྐུ་ལ་གསོལ་ནས༔ ཟས་རྣམ་པ་མང་པོ་དང་གསེར་ཕྱེ་བྲེ་གསུམ་དངུལ་གྱི་བུམ་པར་བླུགས་ནས་ཕུལ་བས༔ སློབ་དཔོན་གྱི་ཞལ་ནག་ཐམ་ཅི་ཡང་མི་གསུང་བས༔ རྒྱལ་པོའི་ཐུགས་དགོངས་ལ༔ ལྷོ་བལ་འདོད་པ་ཅན་ད་རུང་མ་ཚིམ་བར་འདུག་སྙམ་པས༔ སློབ་དཔོན་གྱིས་མཁྱེན་ནས་རྒྱལ་པོ་ཐུ་བ་བཟེད་དང་གསུངས་ནས༔ ཐུ་བར་བྱེ་མ་བྲེ་གསུམ་བླུགས་ནས་དར་ཅིག་ཟུངས་གསུངས་པས༔ རྒྱལ་པོས་ཐུ་བ་མ་ཐུབ་ཤོར་ཙ་ན༔ བྱེ་མ་གསེར་དུ་སྣང་བས༔ རྒྱལ་པོ་ཆེན་པོ་ང་ལ་སྣང་བ་ཐམས་ཅད་གསེར་དུ་ཡོད༔ རྒྱལ་པོའི་ཐུགས་དགོངས་རྫོགས་པར་བྱ་བའི་ཕྱིར་རེ་ཞིག་བླང་དགོས་གསུངས་སོ༔ དེ་ནས་དབུ་རྩེའི་ཐང་དུ་ཆོས་ཀྱི་ཁྲི་བརྩིགས་ནས༔ ཆོས་གསུངས་པའི་ཞུ་བ་ཕུལ་བས༔ སློབ་དཔོན་གྱི་ཐུགས་དགོངས་ལ༔ སྔོན་བཻ་རོ་ཙ་ནས་ཀྱང་འབྲས་བུའི་ཐེག་པ་བཤད་ཀྱང་མ་དུལ་ནས་སྤྱུགས་བཏང༔ ད་ངས་རྒྱུའི་ཐེག་པ་ནས་རིམ་གྱིས་འཆད་དགོས་སྙམ་ནས༔ རྒྱལ་བློན་རྣམས་ལ་རྒྱུའི་ཐེག་པ་མཚན་ཉིད་འཆད་པའི་ཚེ༔ རྒྱལ་པོས་ཞང་པོའི་ཡུལ་དུ་ཇ་ལེན་བཏང་བས༔ ལམ་ཀར་རྒྱལ་མོ་རོང་མཁར་དུ་ཕྱིན་ཙམ་ན༔ སློབ་དཔོན་བཻ་རོ་ཙ་ནའི་ཞལ་ནས༔ ཁྱེད་གང་ནས་འོང་དྲིས་པས༔ ཚོང་པ་རྣམས་ན་རེ༔ ངེད་དབུས་ནས་འོང༔ ངེད་ཀྱི་རྒྱལ་པོས་ཇ་འདྲེན་དུ་བཏང་བ་ཡིན་བྱས་པས༔ འོ་ན་རྒྱལ་པོ་སྐུ་ཁམས་ཨེ་བཟང༔ རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཨེ་གཉན༔ ཆོས་ཁྲིམས་དར་གྱི་མདུད་པ་ཨེ་དམ༔ བླའི་མཆོད་གནས་སུ་ཡོད༔ ཆོས་ཇི་སྐད་བྱ་བ་བསྒྱུར་བྱས་པས༔ དེ་རྣམས་ན་རེ༔ རྒྱལ་པོ་ཡང་སྐུ་ཁམས་བདེ༔ རྒྱལ་ཁྲིམས་ཀྱང་བཙན༔ ཆོས་ཁྲིམས་ཀྱང་དམ༔ མཆོད་གནས་བི་མ་མི་ཏྲ་བྱ་བ་རྒྱ་གར་ནས་གདན་དྲངས༔ ཆོས་རྒྱུ་མཚན་ཉིད་ཀྱི་ཐེག་པ་བྱ་བ་བསྒྱུར་བྱས་པས༔ སློབ་དཔོན་བཻ་རོ་ཙ་ནའི་ཞལ་ནས༔ ངས་འབྲས་བུའི་ཐེག་པ་བཀའ་རྫོགས་པ་ཆེན་པོ་འདྲ་བ་བསྒྱུར་ཀྱང་སྤྱུགས༔ ད་གཟོད་རྒྱུ་ཡི་ཐེག་པ་ཉན༔ གཡུ་སྒྲ་སྙིང་པོ་ཁྱོད་སོངས་ལ༔ བོད་ཀྱི་བློན་པོ་ཆོས་ལ་གནག་པ་རྣམས་ལ་སྙིང་ཚིམས་གཅིག་བདོར་གསུངས་སོ༔ དེ་ནས་གཡུ་སྒྲ་སྙིང་པོས་རེ་བའི་ཐུལ་པ་ཞིག་དང༔ སྲིད་པ་སྤྱི་བླུགས་ཀྱི་ཞྭ་གྱོན༔ ལག་ན་ཤེར་ཤིང་གི་རལ་གྲི་ཐོགས༔ རྫོགས་པ་ཆེན་པོ་སྔ་འགྱུར་ཕྱི་འགྱུར་གཉིས༔ ཤོག་དྲིལ་གཉིས་ལ་རྡོ་རྗེའི་ཚིག་དྲུག་ཏུ་བྱས་ནས༔ རྣ་བ་གཡས་གཡོན་དུ་བཅུག་ནས་བོད་དུ་འོང་ངོ༔ དེ་ནས་གཡུ་སྒྲ་སྙིང་པོས་བསམ་ཡས་སུ་ཕྱིན་པས༔ བི་མ་ལ་མི་ཏྲས་རྒྱལ་བློན་རྣམས་ལ་རྒྱུའི་ཐེག་པ་གསུང་བའི་རྩར་བྱོན་ནས༔ སྐུ་གཅེར་བུར་བུད་ནས་ཤེར་ཤིང་གི་རལ་གྲི་ལ་རྟ་བྱས་ནས༔ འཕོངས་ལ་ཐལ་ལྕག་བརྒྱབ་ཅིང་རྒྱུག་སྟེ༔ ཀ་ཀ་པ་རི་ཀ་ཀ་པ་རི་བྱས་པས༔ བི་མ་མི་ཏྲ་བོད་དུ་བྱོན་ནས༔ བློན་པོ་རྣམས་ཆོས་ལ་གནག་པས༔ རྒྱལ་ཁྲིམས་ཕོག་གིས་དོགས་པས་ཞལ་འཛུམ་པ་ཙམ་ཡང་མཛད་མ་མྱོང་བ་ལ༔ རྣལ་འབྱོར་པ་དེ་གཟིགས་ནས་ཞལ་འཛུམ་པ་ཞིག་མཛད་དེ༔ བརྡ་ཐིམ་བརྡ་ཐིམ་ཅེས་གསུངས་སོ༔ དེ་ནས་སློབ་དཔོན་ཕོ་བྲང་དུ་སྤྱན་དྲངས་ཏེ༔ དྲོ་དྲངས་ནས་རྒྱལ་པོས་ཞུས་པ༔ སློབ་དཔོན་བོད་དུ་བྱོན་ནས་ཞལ་འཛུམ་པ་ཙམ་ཡང་མཛད་མ་མྱོང་བ་ལ༔ དེ་རིང་འཛུམ་པ་ཞིག་མཛད་པ་དེ་ཅི་ཡིན་ཞུས་པས༔ དེ་སྔ་འཛུམ་མ་མྱོང་བ་ནི་བོད་ཀྱི་བློན་པོ་རྣམས་ཆོས་ལ་གནག་པས༔ ཉམས་མ་དགའ་བ་ཡིན༔ དེ་རིང་འཛུམ་པ་ནི༔ བོད་ལ་རྣལ་འབྱོར་བ་དེ་འདྲ་བ་ཡོད་པར་འདུག་སྙམ་ནས་དགའ་བ་ཡིན་གསུངས༔ འོ་ན་དེ་རིང་རྣལ་འབྱོར་པ་དེས༔ ཀ་ཀ་པ་རི་ཀ་ཀ་པ་རི་ཟེར་བ་དེ་ཅི་ལགས་ཞུས་པས༔ དེ་ང་རང་ཚོའི་ཆོས་ལ་ཟེར་བ་ཡིན༔ ཉན་ཐོས་བྱིས་པའི་ཆོས་ཀྱིས་སངས་མི་རྒྱ༔ ཕོ་རོག་རྡོ་རྗེ་འགྲོས་ཀྱིས་ས་མི་ཆོད༔ འབྲས་བུ་རྡོ་རྗེ་ཐེག་པ་མི་སྟོན་པར༔ རྒྱུ་ཡི་ཐེག་པ་སྟོན་པ་ཅི་ཡིན་ཟེར་བ་ཡིན་གསུངས༔ འོ་ན་སློབ་དཔོན་གྱིས་བརྡ་ཐིམ་བརྡ་ཐིམ་གསུངས་པ་དེ་ཅི་ལགས་ཞུས་པས༔ ཆོས་ཐམས་ཅད་བུ་རམ་དང་ལན་ཚྭའི་རང་བཞིན་ལྟར་གཉིས་སུ་མེད་པ་རྒྱལ་བའི་དགོངས་པ་ཡིན༔ ཆོས་ཐམས་ཅད་གཉིས་སུ་མེད་པ་ཡིན་བྱས་པ་ཡིན་གསུངས་སོ༔ དེ་ནས་རྒྱལ་པོས་རྣལ་འབྱོར་པ་དེ་སུ་ཡིན་དྲིས་ཤིག་གསུངས་ནས་ཚོལ་དུ་བཏང་བས༔ ཆང་ཚོང་མ་གཅིག་ལ་གྲུངས་མ་ཉོས་ནས་གསོལ་ཞིང་འདུག་སྟེ༔ ཁྱོད་ཀྱི་སློབ་དཔོན་སུ་ཡིན༔ ཆོས་ཇི་སྐད་བྱ་བ་ཡིན༔ ཁྱོད་རང་ལ་ཅི་མིང་དྲིས་པས༔ སློབ་དཔོན་བཻ་རོ་ཙ་ན་ཡིན༔ ང་རང་གཡུ་སྒྲ་སྙིང་པོ་ཡིན༔ དམ་ཆོས་རྫོགས་པ་ཆེན་པོ་ཡིན་གསུངས་ནས་རྒྱལ་པོའི་སྙན་དུ་དེ་སྐད་གསོལ་བས༔ དེ་སྤྱན་དྲོངས་ཤིག་ཆོས་ཞུ་དགོས་གསུངས་ནས༔ རིན་པོ་ཆེའི་ཁྲི་ལ་བཞག་ནས༔ གསེར་གྱི་མཎྜལ་ཕུལ་ཏེ༔ རྒྱལ་པོ་རྗེ་འབངས་རྣམས་ཀྱིས་རྫོགས་པ་ཆེན་པོ་སྔ་འགྱུར་ལྔ་དང་ཕྱི་འགྱུར་བཅུ་གསུམ་སྟེ༔ སྔ་དྲོ་སློབ་དཔོན་བི་མ་ལ་མི་ཏྲ་ལ་ཆོས་ཉན༔ ཕྱི་དྲོ་གཡུ་སྒྲ་སྙིང་པོ་ལ་ཉན་པས༔ མཉམ་པོར་ཁྲིག་གི་བྱུང་སྟེ༔ བོད་ཀྱི་བློན་པོ་རྣམས་ཀྱང་བཻ་རོ་ཙ་ན་སྤྱུགས་པ་ལ་འགྱོད་པ་སྐྱེས་ཏེ༔ འབངས་མི་གསུམ་ལ་གསེར་གྱི་པ་ཏྲ་ཞུ་རྟེན་དུ་བསྐུར་ནས༔ རྒྱལ་མོ་ཚ་བ་རོང་ནས་བཻ་རོ་ཙ་ན་སྤྱན་དྲངས་ཏེ༔ རྒྱལ་བློན་རྣམས་ཀྱིས་ཞབས་སྤྱི་བོར་བླངས་ནས་བླའི་མཆོད་གནས་སུ་བཀུར་རོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་བི་མ་ལ་མི་ཏྲ་དྲི་མེད་བཤེས་གཉེན་སྤྱན་དྲངས་པ་དང༔ བཻ་རོ་ཙ་ན་སྤྱུགས་པ་ལ་འགྱོད་པ་སྐྱེས་པའི་ལེའུ་སྟེ་བཅུ་དྲུག་པའོ༔ ༔དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ སིངྒ་ལའི་ཡུལ་ནས་སློབ་དཔོན་དཱ་ན་ཤཱི་ལ་བྱ་བ་མཁས་པ་ཆེན་པོ་བཞུགས་པ་ཡང་སྤྱན་དྲངས༔ རྒྱ་ནག་གི་ཡུལ་ནས་སློབ་དཔོན་ཀ་མ་ལ་ཤཱི་ལ་བྱ་བ་མཁས་པ་ཆེན་པོ་བཞུགས་པ་ཡང་སྤྱན་དྲངས༔ ཟ་ཧོར་གྱི་སློབ་དཔོན་བོ་དྷི་སཏྭ་དང༔ ཁ་ཆེའི་སློབ་དཔོན་བི་མ་ལ་མི་ཏྲ་དང༔ ཨུ་རྒྱན་སློབ་དཔོན་པདྨ་འབྱུང་གནས་ཏེ་མཁས་གྲུབ་ཆེན་པོ་ལྔ་དང༔ ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང༔ ཅོག་རོ་ཀླུའི་རྒྱལ་མཚན་དང༔ སྣ་ནམ་ཡེ་ཤེས་སྡེ་དང༔ རྨ་རིན་ཆེན་མཆོག་དང༔ གཉགས་ཛྙཱ་ན་ཀུ་མཱ་ར་དང༔ ལོ་ཙཱའི་མཆན་བུ་རྣམས་དང༔ ལྡན་མ་རྩེ་མང༔ གནུབས་ནམ་མཁའི་སྙིང་པོ༔ སྦ་ཨ་ཙ་ར་ཡེ་ཤེས་དབྱངས༔ འགོས་འབུམ་ཡུ་འབྱིན༔ ལོ་ཀི་ཆུང་སོགས་ཏེ་དེ་ལྟར་ལོ་པཎ་མང་པོ་སྤྱན་དྲངས་ནས༔ རྒྱལ་པོས་ཆོས་གསུང་བའི་ཞུ་བ་ཕུལ་ནས༔ སློབ་དཔོན་པདྨ་འབྱུང་གནས་ནི༔ སྐུ་མངལ་གྱིས་མ་བསྐྱེད་པདྨའི་ནང་ནས་འཁྲུངས༔ སྤྱིར་ཁམས་གསུམ་སེམས་ཅན་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་མཐུ་མངའ་བས༔ རྒྱ་གར་དང་ཨུ་རྒྱན་གྱི་ལྷ་འདྲེ་ཐམས་ཅད་ཀྱིས་སྲོག་གི་སྙིང་པོ་ཕུལ༔ ཁྱད་པར་དུ་བོད་ཀྱི་ལྷ་འདྲེ་གནོད་སྦྱིན་ཐམས་ཅད་དམ་ལ་བཏགས་ཤིང༔ ལྷག་པར་བསམ་ཡས་ཀྱི་ས་གཞི་བཏུལ་བ་ཡིན་པས༔ སེངྒེའི་ཁྲི་སུམ་བརྩེགས་ལ་བཞུགས་སོ༔ སློབ་དཔོན་བི་མ་ལ་མི་ཏྲ་ནི༔ པཎྜི་ཏ་ལྔ་བརྒྱའི་ནང་ནས་མཁས་པའི་ཡང་རབ་ཏུ་བཞུགས་ཤིང༔ ཆོས་ཐམས་ཅད་བོད་སྐད་དུ་མཚམས་སྦྱར་ནས༔ བཀའ་རྒྱ་མཚོ་གསང་སྔགས་ཕྱི་ནང༔ འདུལ་བ་མདོ་སྡེ་མངོན་པའི་ཆོས་ཐམས་ཅད་ཐུགས་ལ་དགོངས་ཤིང༔ མི་བརྗེད་པའི་གཟུངས་ཐོབ་ནས༔ ཆོས་ཐམས་ཅད་ལ་མ་རྨོངས་ཤིང་མཁྱེན་པ་ཡིན་པས༔ གདན་སེང་གེའི་ཁྲི་གཉིས་བརྩེགས་ཀྱི་སྟེང་དུ་བཞུགས་སོ༔ སློབ་དཔོན་བོ་དྷི་སཏྭ་ནི་བསླབ་པ་རིན་པོ་ཆེ་གསུམ་གྱིས་བརྒྱན་ཅིང༔ ཆོས་ཐམས་ཅད་ལ་མ་རྨོངས་པར་མཁྱེན༔ ཁྱད་པར་དུ་ཡང་དང་པོའི་བླ་མཆོད་སྔ་བར་གྱུར་པས༔ གདན་སེང་གེ་དང་གབ་ཙེ་གསུམ་བརྩེགས་པ་ལ་བཞུགས་སོ༔ སློབ་དཔོན་དཱ་ན་ཤཱི་ལ་དང༔ ཀ་མ་ལ་ཤཱི་ལ་གཉིས་ཀྱང་མཁས་པའི་ཡོན་ཏན་དུ་མས་བརྒྱན་པས༔ གདན་སེང་གེའི་ཁྲི་རེ་རེ་ལ་བཞུགས་སོ༔ ལོ་ཙཱ་བ་བཻ་རོ་ཙ་ན་ནི༔ དང་པོ་རྒྱ་གར་གྱི་ཡུལ་དུ་ཆོས་ཞུ་རུ་བཏང་བས༔ གཅན་འཕྲང་བ་ལ་སྒྱུ་མའི་གསེར་ཕྱེས་བསླུས་ནས༔ རྐང་མགྱོགས་ཀྱིས་མ་ཟིན༔ ལེགས་གྲུབ་གཅན་འཕྲང་བས་བསད་ཀྱང༔ བཻ་རོ་ཙ་ནས་སྒྱུ་མ་བཏབ་ཅིང་གསེར་མེད་པར་བསྒྱུར༔ དེ་ཚུན་ཆད་རྐང་མགྱོགས་པ་དང་འཕྲང་སྲུང་མེད་པས་དྲིན་ཆེ༔ བཻ་རོ་ཙ་ནས་སྐད་འགྱུར་ཉི་ཤུ་རྩ་གཅིག་ཤེས་པས་ལོ་ཙཱ་བ་གཞན་བས་ཁྱད་པར་ཆེ༔ རྒྱལ་མོ་ཚ་བ་རོང་དུ་སྤྱུགས་པས༔ ཤིག་དོང་དང་སྦལ་དོང་དུ་བསྐྱུར་ཡང་མ་ཤི༔ ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡིན་པས༔ གདན་སེང་གེའི་ཁྲི་ལ་བཞུགས་སོ༔ ལོ་ཙཱ་བ་གཞན་རྣམས་ནི་དར་གྱི་གབ་ཙེའི་སྟེང་དུ་བཞུགས་སོ༔ རྒྱལ་པོས་ལོ་པཎ་རྣམས་ལ་གསེར་གྱི་མཎྜལ་རེ་རེ་ཕུལ་ནས༔ རྒྱ་ནག་གི་ཇ༔ བལ་པོའི་གོ་ལ༔ བོད་ཀྱི་འབྲུ་ཆང༔ རྒྱ་གར་གྱི་འབྲས་ཆང་སོགས་གང་ལ་གང་གསོལ་དང༔ འཇིག་རྟེན་གྱི་སྤྱན་གཟིགས་མང་པོ་དྲངས་ནས༔ ཕྱག་འཚལ་བསྐོར་བ་བྱས་ཏེ་ཞུས་པ༔ ཨེ་མ་ཧོ༔ ཨུ་རྒྱན་སློབ་དཔོན་པདྨ་འབྱུང་གནས་དང༔ ཟ་ཧོར་སློབ་དཔོན་བོ་དྷི་སཏྭ་དང༔ ཁ་ཆེའི་སློབ་དཔོན་བི་མ་མི་ཏྲ་དང༔ སིངྒའི་སློབ་དཔོན་དཱ་ན་ཤཱི་ལ་དང༔ རྒྱ་ནག་སློབ་དཔོན་ཀ་མ་ཤཱི་ལ་དང༔ ལོ་ཙཱ་ཆེན་པོ་བཻ་རོ་ཙ་ན་སོགས༔ དབུ་ཡི་མཆོད་གནས་མཁས་གྲུབ་ལོ་པཎ་རྣམས༔ བདག་ནི་ཆོས་སྐྱོང་རྒྱལ་པོར་ཁས་འཆེ་བས༔ རྒྱ་གར་ཨུ་རྒྱན་ཡུལ་གྱི་དམ་པའི་ཆོས༔ བཀའ་དང་བསྟན་བཅོས་རྒྱུད་ལུང་མན་ངག་རྣམས༔ གཅིག་ཀྱང་མ་ལུས་བོད་དུ་བསྒྱུར་བར་ཞུ༔ དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ༔ དམ་པའི་ཆོས་ཀྱི་སྒྲོན་མེ་སྦར་དུ་གསོལ༔ དམ་པའི་ཆོས་ཀྱི་ཆར་ཆེན་དབབ་ཏུ་གསོལ༔ དམ་པའི་ཆོས་ཀྱི་དུང་ཆེན་འབུད་དུ་གསོལ༔ དམ་པའི་ཆོས་ཀྱི་གཎྜི་བརྡུང་དུ་གསོལ༔ ཞེས་ཞུས་སོ༔ དེ་ནས་ལོ་པཎ་རྣམས་ཨརྻ་པ་ལོའི་གླིང་དུ་སྤྱན་དྲངས་ནས༔ བྱང་ཆུབ་གླིང་དུ་སེམས་བསྐྱེད༔ ཁྲུས་ཁང་གླིང་དུ་ཁྲུས་བྱས༔ བྱམས་པ་གླིང་དུ་ལུང་བསྟན༔ བསམ་གཏན་གླིང་དུ་སྒོམ་གྲྭ་བཙུགས༔ སྒྲ་བསྒྱུར་གླིང་དུ་སྒྲ་བསྒྱུར༔ སྣ་ཚོགས་གླིང་དུ་ཐེག་པ་བཤད་དེ༔ དགུང་ལོ་བཅུ་གསུམ་བར་དུ་ཆོས་གྲྭ་བཙུགས༔ རྒྱ་གར་སྐད་དང༔ ཟ་ཧོར་སྐད་དང༔ ཁ་ཆེའི་སྐད་དང༔ སིངྒ་ལའི་སྐད་དང༔ རྒྱ་ནག་གི་སྐད་རྣམས་ལས་བོད་སྐད་དུ་བསྒྱུར་ནས་བཤད་དོ༔ དེ་ཡང་སློབ་དཔོན་ཛྙཱ་ན་མི་ཏྲ་དང༔ དཱ་ན་ཤཱི་ལ་དང༔ ཀ་མ་ལ་ཤཱི་ལ་དང༔ ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང༔ ཅོག་རོ་ཀླུའི་རྒྱལ་མཚན་དང༔ སྣ་ནམ་ཡེ་ཤེས་སྡེ་དང་གསུམ་གྱིས་ལོ་ཙཱ་བྱས་ནས་མདོ་སྡེ་རྣམས་བསྒྱུར་ཏེ༔ དཀོན་མཆོག་བརྩེགས་པ༔ སངས་རྒྱས་ཕལ་པོ་ཆེ༔ བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་འབྲིང་རྣམ་གསུམ་བསྒྱུར་རོ༔ བོ་དྷི་སཏྭ་དང༔ ལོ་ཙཱ་བ་མཆན་བུ་རྣམས་དང༔ ལྡན་མ་རྩེ་མང་རྣམས་ཀྱིས༔ འདུལ་བ་མདོ་སྡེ་མངོན་པ་གསུམ་གྱི་གཞུང་རྣམས་ཐམས་ཅད་བསྒྱུར་རོ༔ སློབ་དཔོན་ཀ་མ་ལ་ཤཱི་ལ་དང་རྨ་རིན་ཆེན་མཆོག་གཉིས་ཀྱིས་སྤང་སྐོང་ཕྱག་བརྒྱ་པ་ལ་སོགས་ཏེ༔ མདོ་སྡེ་རྒྱ་ནག་གི་འགྱུར་མང་པོ་བསྒྱུར་རོ༔ སློབ་དཔོན་བི་མ་ལ་མི་ཏྲ་དང༔ ལོ་ཙཱ་བ་གཉག་ཛྙཱ་ན་ཀུ་མཱ་ར་དང་གཉིས་ཀྱིས༔ གསང་སྔགས་ཕྱི་ནང་མང་པོ་བསྒྱུར་རོ༔ སློབ་དཔོན་པདྨ་དང༔ ལོ་ཙཱ་བ་ནམ་མཁའི་སྙིང་པོ་དང་བཻ་རོ་ཙ་ན་གསུམ་གྱིས༔ གསང་སྔགས་སྒྲུབ་པ་བཀའ་བརྒྱད་ཀྱི་རྒྱུད་མང་པོ་བསྒྱུར་རོ༔ ཁྱད་པར་དུ་སློབ་དཔོན་པདྨ་ལ༔ བཻ་རོ་ཙ་ནས་ཞུ་བ་མཛད་དེ་གསང་སྔགས་ཞུ་ལེན་གྱི་སྐོར་མང་པོ་མཛད་དོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ དཔལ་གྱི་བསམ་ཡས་སུ་ཆོས་བསྒྱུར་ཅིང་གཏན་ལ་ཕབ་པའི་ལེའུ་སྟེ་བཅུ་བདུན་པའོ༔ ༔དེ་ནས་རྒྱལ་པོས་སློབ་དཔོན་པདྨ་འབྱུང་གནས་ལ་ཞུས་པ༔ བདག་བསོད་ནམས་ཡང་རབ་ཏུ་གྱུར་པས་བསམ་པ་ཐམས་ཅད་གྲུབ༔ ཁྱད་པར་དུ་དམ་ཆོས་ཉི་མ་ཤར་བ་བཞིན་དུ་བསྒྱུར་ཏེ་བཤད་པ་བཀའ་དྲིན་ཤིན་ཏུ་ཆེ་བས༔ ད་རུང་བདག་གི་ཚེ་ཡང་རབ་ཏུ་གྱུར་པའི་ཆོས་ཤིག་ཞུ༔ ཞེས་ཚོགས་ཀྱི་འཁོར་ལོ་བསྐོར་ནས་ཞུས་པས༔ སློབ་དཔོན་ཞལ་ནས་རྒྱལ་པོ་ལགས༔ བསོད་ནམས་མཆོག་ཏུ་གྱུར་པ་ལ་ཚེ་ཡང་མཆོག་ཏུ་གྱུར་པ་མི་འོང་ཏེ༔ འོན་ཀྱང་ང་ནི་རིག་འཛིན་ཚེའི་དངོས་གྲུབ་ཐོབ་པ་ཡིན་པས༔ རྒྱལ་པོ་ལ་ཚེ་དབང་དང་ཚེ་སྒྲུབ་བྱའོ་གསུངས་ནས༔ ཕོ་བྲང་དུ་རྡོ་རྗེ་ཚེ་སྒྲུབ་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས་ཚེ་བསྒྲུབས་པས༔ འགྲུབ་པའི་རྟགས་བྱུང་ནས༔ རྒྱལ་པོ་ལ་ཚེ་དབང་བསྐུར་ཞིང་ཚེ་བུམ་གྱི་བདུད་རྩི་འདྲེན་ནོ་བྱོན་ཅིག་བྱས་པས༔ བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་སྨྲས་པ༔ རྒྱལ་པོ་བསོད་ནམས་འདི་ཙམ་དང་ལྡན་ན་ཚེའང་མཐར་ཕྱིན་པ་ཡིན་པས་ཚེ་ཆུ་མ་འཐུངས་ཤིག༔ སློབ་དཔོན་ནི་ལྷོ་བལ་གྱི་མི་སྙིང་ངན་ལ་ནོར་དད་ཆེ་བས༔ ཚེ་བུམ་ནང་དུ་དུག་བླུགས་ནས་རྒྱལ་པོ་བཀུམས་ནས་རྒྱལ་སྲིད་འཕྲོག་པར་སྲིད་དོ་བྱས་པས༔ རྒྱལ་པོས་སློབ་དཔོན་ཆེན་པོ་སྤྲུལ་པའི་སྐུ་ལ༔ འཁྲུལ་པ་མི་མངའ་བྱས་ཀྱང་མ་ཕན་ནས་བློན་པོ་རྣམས་ཀྱིས་བཀག་གོ༔ དེ་ནས་སློབ་དཔོན་གྱིས་སེ་གོལ་གཅིག་བརྡབས་པས༔ བུམ་པའི་ནང་ནས་བཅོམ་ལྡན་འདས་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་ནམ་མཁའ་ལ་གཤེགས་པ་རྒྱལ་བློན་རྣམས་ལ་བསྟན༔ ཚེ་ཆུ་དེ་སློབ་དཔོན་ཉིད་ཀྱིས་གསོལ་བས༔ སྐུའི་བ་སྤུའི་བུ་ག་ཐམས་ཅད་ན་གསེར་གྱི་རྡོ་རྗེ་ནས་འབྲས་ཙམ་གྱིས་ཐག་གིས་གང་བར་གྱུར་ཏོ༔ རྒྱལ་པོ་ཡང་འགྱོད་པ་སྐྱེས་ནས༔ ད་རེས་ནི་བློན་པོ་ངན་པའི་ཁར་མི་ཉན་པས༔ སློབ་དཔོན་གྱིས་ཐུགས་རྗེས་བཟུང་བར་ཞུ་ཞུས་པས༔ ཡང་སློབ་དཔོན་གྱིས་ཚེའི་དཀྱིལ་འཁོར་ཞལ་ཕྱེ་ཞིང་བསྒྲུབ་པ་མཛད་ནས༔ དབང་བསྐུར་ཁ་བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་སྨྲས་པ༔ སློབ་དཔོན་མི་འདའ་བ་ནི་དུག་སྔགས་མཁྱེན་པ་ཡིན་ནོ༔ རྒྱལ་པོས་ནི་དུག་སྔགས་མི་མཁྱེན་པས༔ འདའ་བར་ངེས་སོ་བྱས་ནས༔ རྒྱལ་པོ་བློན་པོ་རྣམས་ཀྱིས་བཞུད་དབང་མ་སྟེར་བས༔ དེར་སློབ་དཔོན་གྱིས་ཚེའི་བུམ་པ་དེ་དང་སྤྲུལ་པའི་གདམས་གཏེར་ཀ་པཱ་ལ་གང་དང་བཅས་པ༔ ཡང་རྫོང་ཤེལ་བྲག་ཏུ་གཏེར་དུ་སྦས་ནས༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ་བབ་པའི་དུས་སུ༔ ང་ཡི་སྤྲུལ་པ་ཁྲོ་ཞིང་གཏུམ་ལ་ནུས་པ་དང་ལྡན་པ༔ སྙིང་ཁ་ན་སྨེ་བ་ནག་པོ་རྡོ་རྗེའི་རིས་ཡོད་པ༔ ཐུགས་ཀྱི་གཏེར་སྒོ་འབྱེད་པ་ཞིག་འོང་བས༔ དེས་ཚེ་བུམ་དང་སྤྲུལ་པའི་གདམས་གཏེར་འདི་ཕྱུང་ནས༔ ཚེའི་རིག་འཛིན་ཐོབ་ནས་སྤྲུལ་པའི་དམག་དཔུང་གིས་བདུད་དང་མུ་སྟེགས་ཐམས་ཅད་འདུལ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ཏེ་གཏེར་དུ་སྦས་སོ༔ དེ་ནས་རྒྱལ་པོས་སློབ་དཔོན་ལ་ཞུས་པས༔ བདག་ལ་ཚེའི་དབང་བསྐུར་བ་ནི༔ བདག་རང་ལ་ཐེ་ཚོམ་མེད་ཀྱང༔ བློན་པོ་ཆོས་ལ་གནག་པ་རྣམས་ཀྱིས་དབང་མ་བྱུང༔ ད་རུང་ཚེ་སྲིང་བའི་ཐབས་ཤིག་ཞུ་ཞུས་པས༔ སློབ་དཔོན་གྱིས་གསུངས་པ༔ རྒྱལ་པོ་མངའ་ཐང་ཆེ་བ་དང༔ བོད་འབངས་དད་པ་ཆེ་བ་ཡིས༔ ཅུང་ཞིག་རྒྱལ་སྲིད་དར་བར་མཆིས༔ ང་ཡི་ཚེ་དབང་རྗེས་ནོད་ན༔ དགུང་ལོ་བརྒྱ་རྩ་བརྒྱད་ཐུབ་ཀྱང༔ བློན་པོ་རྣམས་ཀྱི་དབང་མ་བྱུང༔ གླང་གི་ལོ་ཡི་ལོ་མགོ་ལ༔ རྒྱལ་པོ་ལྔ་བཅུ་རྩ་དྲུག་བཞེས༔ དེ་ནས་རྒྱལ་པོ་འདས་དུས་ཡིན༔ སྐུ་ཡི་རིམ་གྲོ་བྱས་གྱུར་ན༔ ལོ་ནི་བཅུ་གསུམ་སྐུ་ཚེ་བསྲིང༔ དེ་ནས་རྒྱལ་པོ་དགུང་དུ་གཤེགས༔ རྒྱལ་སྲིད་མངའ་ཐང་ཆུང་དུ་འགྲོ༔ དེ་ནས་གདུང་རབས་གསུམ་སོང་ཚེ༔ ཕྱག་ན་རྡོ་རྗེའི་སྤྲུལ་པ་ནི༔ མངའ་བདག་རལ་པ་ཅན་ཞེས་འབྱུང༔ དེ་ཡིས་བསྟན་པ་རྒྱས་པར་མཛད༔ རྒྱལ་པོ་དེ་ཡི་ཚེ་སྨད་ལ༔ བདུད་ཀྱི་སྤྲུལ་པ་སྡིག་སྤྱོད་ཅན༔ གླང་གི་མིང་ཅན་འབྱུང་ནས་ནི༔ དམ་པའི་ཆོས་ནི་སྣུབ་པར་བྱེད༔ དུས་ངན་འབྱུང་བར་གདོན་མི་ཟ༔ རྒྱལ་ཁྲིམས་འཇིག་ནས་རྒྱལ་པོ་འཐབ༔ བོད་འབངས་ཐམས་ཅད་ཡི་ཆད་འོང༔ བོད་ཁམས་སིལ་བུར་ཡུལ་ཕྱོགས་ཚོགས༔ དེ་ནས་སྡིག་སྤྱོད་རྒྱལ་པོ་དེ༔ གསང་བའི་བདག་པོའི་སྤྲུལ་པ་ནི༔ ལྷ་ལུང་དཔལ་གྱི་རྡོ་རྗེས་འདུལ༔ འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་ནི༔ དགོངས་པ་གསལ་ཞེས་བྱ་བ་ཡིས༔ བསྟན་པའི་མེ་རོ་སློང་བར་བྱེད༔ ཆོས་ཁྲིམས་བག་ཙམ་དར་བར་འགྱུར༔ རྒྱལ་པོས་སྐུ་ཡི་རིམ་གྲོ་གྱིས༔ ཞེས་གསུངས་ནས༔ ལོ་པཎ་རྣམས་ཀྱིས་རྗེའི་སྐུ་རིམ་ལ་ཕན་པ་གང་ཆེ་བ་བཀའ་བགྲོས་ཏེ༔ ཕྱི་སྐོང་དུ་རྒྱལ་པོའི་ཐུགས་དམ་མདོ་བཅུ་བསྒྱུར་ཏེ༔ ཤེས་རབ་སྙིང་པོ་ལྟ་བའི་མདོ༔ འདའ་ཀ་ཡེ་ཤེས་སྒོམ་པའི་མདོ༔ བཟང་པོ་སྤྱོད་པ་སྨོན་ལམ་གྱི་མདོ༔ རྡོ་རྗེ་རྣམ་འཇོམས་ཁྲུས་ཀྱི་མདོ༔ བྱང་ཆུབ་ལྟུང་བཤགས་བཤགས་པའི་མདོ༔ གཙུག་ཏོར་དཀར་མོ་ཟློག་པའི་མདོ༔ གོས་སྔོན་ཅན་ནི་སྲུང་བའི་མདོ༔ ཚེ་དཔག་མེད་པ་ཚེ་སྲིང་བའི་མདོ༔ ནོར་རྒྱུན་མ་ནི་ནོར་སྒྲུབ་པའི་མདོ༔ ཡི་གེ་གཅིག་མ་སྙིང་པོའི་མདོ༔ དེ་རྣམས་བསྒྱུར་ནས་རྒྱལ་པོའི་ཐུགས་དམ་དུ་ཕོག་གོ༔ ནང་སྐོང་དུ་སྔགས་ཀྱི་སྤང་སྐོང་ཆ་ལག་དང་བཅས་པ་བསྒྱུར་ཏེ༔ སྔོན་སེམས་ཅན་ལུས་སྲུལ་པོས༔ སློབ་དཔོན་བསད་པས་མཚམས་མེད་པའི་ལས་བྱས་ནས༔ སེམས་ཅན་དམྱལ་བར་ལྷུང་པ་ལ༔ དཔལ་ཀུན་ཏུ་བཟང་པོས་བཤགས་པ་མཛད་པས་དག་པ་ལྟར༔ རྒྱལ་པོའི་ཉམས་ཆག་ཐམས་ཅད་བསྐངས་ཏེ་སྒྲིབ་པ་བྱང་བར་གྱུར་ཏོ༔ གསང་བ་སྤང་སྐོང་དུ་བཤགས་པ་ལ༔ བསྙེན་སྒྲུབ་ཡན་ལག་གི་བཤགས་པ་དང་བཞི་མཛད་དེ༔ ཡེ་ཤེས་སྐུ་མཆོག་གི་བཤགས་པ༔ ཉི་ཤུ་རྩ་བརྒྱད་བླང་དོར་གྱི་བཤགས་པ༔ མཁའ་འགྲོ་མ་རྣམ་བཞི་གསང་བའི་བཤགས་པ༔ ལྟ་བའི་ཀློང་གི་བཤགས་པའམ་རང་བཞིན་གྱི་བཤགས་པ་དང་བཞི་མཛད་དེ༔ སྔོན་བྲམ་ཟེ་མི་ཐོད་ཅན་ལ༔ དཔལ་རྡོ་རྗེ་སེམས་དཔས་གསུངས་པས་སྒྲིབ་པ་དག་པ་ལྟར༔ རྒྱལ་པོའི་དམ་ཚིག་ཉམས་ཆག་ཐམས་ཅད་བསྐངས་ཏེ་སྒྲིབ་པ་དག་པར་གྱུར་ཏོ༔ གཞན་ཡང་འབྱུང་བ་བཞི་ལས་བྱུང་བའི་ནད་འདུས་པའི་གཉེན་པོར༔ རྒྱའི་སྨན་པ་ཧཱ་ཤང་ཏེ་ཙ་དང༔ བླ་སྨན་ཉང་བཙན་ལ་སོགས་པས་སྨན་གྱི་རྒྱུད་གདམས་ངག་དང༔ སྨན་དང་བཅུད་ལེན་གྱི་སྦྱོར་བ་མང་པོ་མཛད་དོ༔ ཕྱི་འཇིག་རྟེན་དྲེགས་པ་རྣམས་ཀྱི་གཉེན་པོར༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ལྷ་འདྲེ་སྟོང་གི་དྲྭ་བ་དང༔ མ་མོ་སྲིད་པའི་མཚོ་བཞི་ལ་བརྟེན་ནས༔ ཕྱི་མདོས་དང་ནང་མདོས་ཕོ་མདོས་མོ་མདོས་ལ་སོགས་པ་མདོས་ཀྱི་རིགས་ལེའུ་སྟོང་ཕྲག་གཅིག་བསྒྱུར་རོ༔ ཁྱད་པར་དུ་བོད་ཡུལ་ཀླུས་དབང་བྱེད་པར་འདུག་པས༔ ཀླུ་སྒྲུབ་དང་ཀླུ་གཏེར་སྦ་བ་དང༔ ཀླུ་གཏའ་སྡོམ་པ་དང༔ ཀླུའི་ཕོ་བྲང་གསོ་བ་དང༔ གདོན་བཀྲོལ་ལ་སོགས་པའི་ཆོ་ག་མང་པོ་མཛད་དོ༔ གཞན་ཡང་གཉེན་པོ་ཁྱུང་གི་སྒྲུབ་པ་དང༔ རྟ་མགྲིན་ནཱ་ག་ཀླུ་འདུལ་དང༔ དྲག་པོ་སུམ་བསྒྲིལ་ལ་སོགས་པའི་སྔགས་ཀྱི་སྒྲུབ་ཐབས་མང་པོ་མཛད་དོ༔ གཞན་ཡང་ཀུན་ཐུབ་རྒྱལ་པོའི་སྲུང་བ་དང༔ ལྷ་འདྲེ་སྟོང་གི་སྒྲིབ་ཤིང་སྲུང་བ་དང༔ བཏགས་ཆོག་འཛུལ་ཆོག་གི་སྒྲུབ་ཐབས་དང་བཅས་ཏེ་སྲུང་བའི་ཡན་ལག་བརྒྱ་རྩ་བརྒྱད་བསྒྱུར་རོ༔ དེ་ལྟར་རིམ་གྲོ་བྱས་པས༔ རྒྱལ་པོ་སྐུ་ཚེ་ལྔ་བཅུ་རྩ་དྲུག་ལ་འདའ་བ་ལ༔ ལོ་བཅུ་གསུམ་བཤོལ་ཐེབ་སྟེ༔ རྒྱལ་པོའི་དགུང་ལོ་དྲུག་ཅུ་རྩ་དགུ་ཐུབ་པར་གྱུར་ཏོ༔ སློབ་དཔོན་པདྨའི་ཞལ་ནས༔ བསོད་ནམས་ཡང་རབ་ཏུ་གྱུར་པ་ལས༔ ཚེ་ཡང་མཐར་ཕྱིན་པ་དང༔ ཕྱིན་ཆད་བར་ཆད་མི་ཡོང་བ་དང༔ གཉིས་ཀ་རྒྱལ་པོ་ཉིད་ལ་ཚང་བ་ཡིན་གསུངས་སོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས་རྒྱལ་པོའི་སྐུའི་རིམ་གྲོ་བྱས་ཏེ༔ སྐུ་ཚེ་བསྲིངས་པའི་ལེའུ་སྟེ་བཅོ་བརྒྱད་པའོ༔ ༔དེ་ནས་རྒྱལ་པོས་རྒྱ་གར་ནས་གདན་དྲངས་པའི་པཎྜི་ཏ་རྣམས་ལ༔ གསེར་ཕྱེ་བྲེ་གསུམ་གསུམ་གྱི་མཎྜལ་ཕུལ༔ ན་བཟའ་དང་གསོལ་ཟས་ལ་སོགས་པ་ཕུལ་ཏེ༔ གཏང་རག་རྒྱ་ཆེན་པོ་མཛད༔ ལོ་ཙཱ་བ་རྣམས་ལ་ཆོས་བསྒྱུར་པའི་བྱ་དགའ་གནང་སྟེ༔ དབུའི་མཆོད་གནས་སུ་བཏོན༔ སློབ་དཔོན་བི་མ་ལ་མི་ཏྲ་ལ་སོགས་པའི་རྒྱ་གར་གྱི་པཎྜི་ཏ་རྣམས་རང་ཡུལ་དུ་གཤེགས་པར་གནང་སྟེ༔ ལོ་ཙཱ་བ་རྣམས་དང་འབངས་རྣམས་ཀྱིས་རྒྱ་གར་དུ་བསྐྱལ་ནས༔ རྒྱ་གར་བས་ཆོས་བོད་ལ་སྟོན་པ་དང༔ རྒྱ་གར་ཆོས་སྐྱོང་བའི་རྒྱལ་པོས་བཀྲོལ་བ་སྟེ༔ བོད་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་དེ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་མཛད་དོ༔ སློབ་དཔོན་པདྨ་འབྱུང་གནས་དང༔ བོ་དྷི་སཏྭ་གཉིས་ནི་སྐྱེ་བ་སྔ་མ་དང༔ ཡང་སྔ་ནས་འབྲེལ་བའི་སྤུན་དུ་གྱུར་པ་ཡིན་པས༔ བཞུད་པར་མ་གནང་སྟེ༔ སློབ་དཔོན་གཉིས་ནི་བཞུགས་པར་ཞལ་གྱིས་བཞེས་ནས༔ སློབ་དཔོན་བོ་དྷི་སཏྭ་བྱང་ཆུབ་གླིང་དུ་དགོངས་པ་ལ་བཞུགས༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཁར་ཆེན་དཔལ་གྱི་དབང་ཕྱུག་གི་བུ་མོ༔ མཁར་ཆེན་བཟའ་མཚོ་རྒྱལ་ཞེས་བྱ་བ༔ ཡེ་ཤེས་ཀྱི་མཁའ་འགྲོ་མའི་རིགས་ཅན༔ ལོ་བཅུ་དྲུག་ལོན་པ་ལྷའི་བུ་མོ་ལྟ་བུ་ཞིག་ཡོད་པ་དེ༔ བསྒྲུབ་རྟེན་གྱི་ཕྱག་རྒྱ་མོར་ཁྲིད་ནས༔ མཆིམས་ཕུ་བྲེ་གུ་དགེའུ་རུ༔ མཁའ་འགྲོ་མའི་ཚོགས་ཁང་དུ་གསང་སྔགས་ཟབ་མོའི་དགོངས་པ་ལ་བཞུགས་སོ༔ དེ་ནས་རྒྱལ་པོའི་ཐུགས་དགོངས་ལ༔ ད་ནི་ཆོས་མ་བསྒྲུབ་པས་མི་ཕན་པར་འདུག་པས༔ གསང་སྔགས་སྒྲུབ་ཐབས་རྣམས་ཞུ་དགོས་སྙམ་ནས་དཔལ་གྱི་མཆིམས་ཕུ་རུ༔ སློབ་དཔོན་པདྨའི་སྤྱན་སྔར་ཕྱིན་ནས༔ དར་ཟབ་ཀྱི་གདན་བཏིང༔ སྤྱང་དཀར་གྱི་སློག་པ་དང༔ ཟ་འོག་གི་སྨུག་བེར་སྐུ་ལ་གསོལ༔ འབྲས་ཆང་དང་རྒུན་ཆང་དུ་མས་དངུལ་སྐྱོགས་བཀང་ནས༔ ཕྱག་གཡས་གཡོན་དུ་དྲངས་ཤིང༔ འཇིག་རྟེན་གྱི་སྤྱན་གཟིགས་མང་པོ་དྲངས་ཏེ༔ སྐུ་གསུང་ཐུགས་ཀྱི་སྒོ་ནས་བསྟོད་པའི་ཚུལ་ཞུས་པ༔ ཨོཾ༔ ཐུགས་རྗེ་ཆེན་པོ་འགྲོ་བ་འདུལ་ཚུལ་མགོན༔ འབར་བའི་སྐུ་ལྟར་འཇིག་རྟེན་དྲེགས་པ་འདུལ༔ ས་ཐོབ་ཚེ་དབང་བགྲེས་རྒུད་མེད་པའི་སྐུ༔ ཆོས་ཀྱི་སྐུ་དང་མཚུངས་ལ་ཕྱག་འཚལ་བསྟོད༔ ཨཱ༔ པདྨ་ཟླ་གམ་རྡོ་རྗེའི་ལྗགས་དཀྱིལ་ནས༔ དྲག་སྔགས་འཕྲོ་འདུ་ལེགས་ལྡན་དཔལ་གྱི་གསུང༔ ཞི་རྒྱས་དབང་དྲག་གསང་སྔགས་རྒྱལ་པོའི་མཆོག༔ དཔལ་ཆེན་གསུང་དང་མཚུངས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སྐུ་གསུང་ཐུགས་ཀྱི་བྱེ་བྲག་སྣ་ཚོགས་དང༔ བདག་གི་གཡར་དམ་དཔལ་གྱི་བསམ་ཡས་འདི༔ སློབ་དཔོན་ཉིད་ཀྱིས་བྱིན་གྱིས་བརླབས་ནས་བཞེངས༔ སྤྲུལ་པའི་སྐུ་དང་མཚུངས་ལ་མོས་བཏུད་ནས༔ ཞུ་ཞིང་སྙན་དུ་གསོལ་བར་མི་འོས་ཀྱང༔ བདག་ལ་ཐུགས་ཀྱིས་བརྩེ་བར་དགོངས་མཛོད་ལ༔ ཚེ་གཅིག་འཚང་རྒྱ་གསང་སྔགས་སྒྲུབ་ཐབས་རྣམས༔ བདག་ལ་ཐུགས་རྗེས་དགོངས་ཏེ་གནང་བར་ཞུ༔ ཞེས་ཕྱག་དབུ་ཐོད་བུད་བུད་དུ་བཙལ་ལོ༔ དེ་ནས་སློབ་དཔོན་གྱིས་རྒྱལ་པོ་ལ་གསུངས་པ༔ ཨེ་མ་ཧོ༔ རྒྱལ་པོ་ཆོས་སྐྱོང་བསྟན་པའི་བདག་པོ་ཡིན༔ བདག་ནི་འཆི་མེད་ཚེ་ཡི་རིག་འཛིན་ཐོབ༔ ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས༔ གསང་སྔགས་མཆོག་ལ་རིག་པའི་རྩལ་དབང་ཐོབ༔ རྒྱལ་པོའི་ཐུགས་དགོངས་ཡོངས་སུ་རྫོགས་པར་བགྱི༔ གསུངས་ནས༔ སྒྲ་བསྒྱུར་ཉི་ཤུ་རྩ་གཅིག་ཤེས་པའི་བཻ་རོ་ཙ་ན་དང༔ རྒྱ་གར་དང་བོད་ཀྱི་ཡིག་རིགས་ཉི་ཤུ་རྩ་གཅིག་ཤེས་པའི་ལེགས་བྱིན་ཉི་མ་དང༔ ཡི་གེ་མགྱོགས་པའི་ཕུལ་དུ་ཕྱིན་པའི་ལྡན་མ་རྩེ་མང་དང༔ ལོ་ཙཱ་བ་ནམ་མཁའི་སྙིང་པོ་དང༔ སྦ་ཨ་ཙར་ཡེ་ཤེས་དབྱངས་དང༔ དེ་རྣམས་ཀྱིས་ཡིག་མཁན་བྱས་ཏེ༔ ཨོ་རྒྱན་སྐད་དང་རྒྱ་གར་སྐད་ལས་བོད་སྐད་དུ་བསྒྱུར་རོ༔ རྩ་བའི་རྒྱུད་དགུ་ལ་བརྟེན་ནས་སྒྲུབ་པ་སྡེ་དགུ་མཛད་དེ༔ གཤིན་རྗེ་རོལ་པ་རྩ་བའི་རྒྱུད་དང༔ གཤིན་རྗེ་དམར་ནག་གི་རྒྱུད་ལ་བརྟེན་ནས༔ འཇམ་དཔལ་སྐུའི་སྒྲུབ་ཐབས་རྣམས་མཛད༔ རྟ་མཆོག་རོལ་པ་རྩ་བའི་རྒྱུད་དང༔ པདྨ་དབང་ཆེན་གྱི་རྒྱུད་ལ་བརྟེན་ནས༔ པདྨ་གསུང་གི་སྒྲུབ་ཐབས་རྣམས་མཛད༔ ཧེ་རུ་ཀ་གལ་པོ་ཆེ་དང༔ འཇིག་རྟེན་ལས་འདས་པའི་མདོ་ལ་བརྟེན་ནས༔ ཡང་དག་ཐུགས་ཀྱི་སྒྲུབ་ཐབས་རྣམས་མཛད༔ ཆེ་མཆོག་རོལ་པ་རྩ་བའི་རྒྱུད་དང༔ བམ་པོ་བརྒྱད་པ་ལ་བརྟེན་ནས༔ བདུད་རྩི་ཡོན་ཏན་གྱི་སྒྲུབ་ཐབས་རྣམས་མཛད༔ ཕུར་པ་རོལ་པ་རྩ་བའི་རྒྱུད་དང༔ ཀཱི་ལ་ཡ་བཅུ་གཉིས་ཀྱི་རྒྱུད་ལ་བརྟེན་ནས༔ ཕུར་པ་ཕྲིན་ལས་ཀྱི་སྒྲུབ་ཐབས་རྣམས་མཛད་དོ༔ མ་མོ་རོལ་པ་རྩ་བའི་རྒྱུད་དང༔ མ་མོ་འདུས་པའི་རྒྱུད་ལ་བརྟེན་ནས༔ མ་མོ་རྦོད་གཏོང་གི་སྒྲུབ་ཐབས་རྣམས་མཛད༔ རིག་འཛིན་རོལ་པ་རྩ་བའི་རྒྱུད་དང༔ རིག་འཛིན་སྒྲུབ་པའི་རྒྱུད་ལ་བརྟེན་ནས༔ བླ་མ་རིག་འཛིན་གྱི་སྒྲུབ་ཐབས་བརྒྱ་རྩ་བརྒྱད་མཛད༔ དྲེགས་པ་འདུལ་བའི་རྒྱུད་ལ་བརྟེན་ནས༔ འཇིག་རྟེན་མཆོད་བསྟོད་ཀྱི་སྤྱི་སྒྲུབ་དང༔ སྒོས་སྒྲུབ་ཐམས་ཅད་མཛད༔ དྲག་པོ་སྔགས་ཀྱི་རྒྱུད་ལ་བརྟེན་ནས༔ དམོད་པ་དྲག་སྔགས་ཀྱི་སྤྱི་སྒྲུབ་དང་སྒོས་སྒྲུབ་ཐམས་ཅད་མཛད༔ དེ་ནས་ཁྱད་པར་དུ་གལ་ཆེ་བའི་གདམ་པ་བཞི་མཛད་དེ༔ གཤིན་རྗེའི་འཁོར་ལོ་ཤེས་པར་དཀའ་བས༔ འཁྲུལ་འཁོར་ལྡེའུ་མིག་ལྟ་བུ་མཛད༔ ཕུར་པ་འགྲུབ་པར་དཀའ་བས༔ བཞི་སྙིང་གཅིག་ཏུ་དྲིལ་བའི་སྒྲུབ་ཐབས་མཛད༔ མ་མོ་གྲུབ་ཀྱང་ལས་ལ་བཀོལ་དཀའ་བས༔ མ་མོ་སྲིད་པའི་འཁོར་ལོ་ཤི་ས་བསྟན་པ་མཛད༔ ཕོ་རྒྱུད་ལས་ལ་མྱུར་ཡང་གྱོང་ཞིང་འཁུ་ལྡོག་ཆེ་བས༔ ཆིངས་དང་ལོག་གནོན་གྱི་འཁོར་ལོ་མཛད༔ དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ཤིན་ཏུ་ཟབ་ལ་ཁྱད་པར་འཕགས་པ༔ སྒྲུབ་པ་བཀའ་བརྒྱད་གཅིག་ཏུ་འདུས་པའི་སྒྲུབ་པ༔ དཔལ་བདེ་གཤེགས་འདུས་པའི་སྒྲུབ་ཐབས་མཛད་དེ༔ བདེ་གཤེགས་འདུས་པ་རྩ་བའི་རྒྱུད༔ ཕྱི་མ་མངོན་པར་བྱང་ཆུབ་པའི་རྒྱུད༔ ཕྱི་མའི་ཕྱི་མ་སྔགས་ཀྱི་རྒྱུད༔ མ་ཚང་བ་ཁ་སྐོང་བའི་རྒྱུད༔ འབྱེད་པར་བྱེད་པ་ལྡེའུ་མིག་གི་རྒྱུད༔ རྒྱུད་དེ་དག་ལ་བརྟེན་པའི་སྒྲུབ་ཐབས་ལ༔ དང་པོ་ཞི་བའི་སྒྲུབ་ཐབས་དམ་པ་རིགས་བརྒྱ༔ དེ་ཉིད་རིགས་ལྔ༔ གསང་ཆེན་རིགས་གཅིག༔ ཕྱག་རྒྱ་རྐྱང་པ་ལ་སོགས་མཛད་དོ༔ ཁྲོ་བོའི་དཀྱིལ་འཁོར་ཁྲག་འཐུང་གི་ལྷ་བདུན་བརྒྱ་ཉི་ཤུ་རྩ་ལྔ་དཀྱིལ་འཁོར་གཅིག་ཏུ་སྒྲུབ་པ་ལ༔ བསྐྱེད་རྫོགས་ཆེན་པོ་དང༔ འབྲིང་པོ་དང༔ ཆུང་བ་དང༔ སྔགས་སྒྲུབ་ནར་མ་ལ་སོགས་པ་མཛད་དོ༔ དེ་ནས་རྒྱལ་པོ་ཉིད་ཀྱི་གཙོ་བྱས་པའི་རྗེ་འབངས་བརྒྱད་ཀྱིས༔ མཆིམས་ཕུ་དགེའུ་དབེན་གནས་སུ༔ རིམ་པ་རྫོགས་པར་ཞུས་ཏེ༔ སློབ་དཔོན་གྱིས་རྒྱལ་བ་ཞི་ཁྲོ་གཉིས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས༔ དབང་བསྙེན་མཛད་དེ༔ དང་པོ་ཞི་བའི་དཀྱིལ་འཁོར་དུ༔ ཐུན་མོང་སྤྱིའི་དབང་རྣམས་རྫོགས་པར་བསྐུར༔ དེ་ནས་ཁྲོ་བོའི་དཀྱིལ་འཁོར་དུ་འཇུག་པའི་ཚེ༔ རྗེ་འབངས་བརྒྱད་ཀྱིས་མེ་ཏོག་གསེར་སྲང་རེ་རེ་དོར་བས༔ མེ་ཏོག་གར་བབ་དང་སྦྱར་ཏེ༔ ཆོས་ཀྱང་དེ་ལྟར་གནང་ངོ༔ རྒྱལ་པོ་ཉིད་ཀྱི་མེ་ཏོག་དབུས་ཆེ་མཆོག་གི་དཀྱིལ་འཁོར་དུ་བབས་པས༔ བདེ་གཤེགས་འདུས་པའི་རྒྱུད་དང་སྒྲུབ་ཐབས་རྣམས་གནང༔ གནུབས་ནམ་མཁའི་སྙིང་པོའི་མེ་ཏོག་ཡང་དག་ཐུགས་ཀྱི་དཀྱིལ་འཁོར་དུ་བབས་པས༔ ཡང་དག་ཐུགས་ཀྱི་རྒྱུད་དང་སྒྲུབ་ཐབས་རྣམས་གནང༔ གནུབས་སངས་རྒྱས་ཡེ་ཤེས་ཀྱི་འཇམ་དཔལ་གྱི་དཀྱིལ་འཁོར་དུ་བབས་པས༔ འཇམ་དཔལ་སྐུའི་རྒྱུད་དང་སྒྲུབ་ཐབས་རྣམས་གནང༔ ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི་པདྨ་གསུང་གི་དཀྱིལ་འཁོར་དུ་བབས་པས༔ པདྨ་གསུང་གི་རྒྱུད་དང་སྒྲུབ་ཐབས་རྣམས་གནང༔ ཇོ་མོ་མཁར་ཆེན་གཟའ་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་བབས་པས༔ ཕུར་པ་ཕྲིན་ལས་ཀྱི་རྒྱུད་དང་སྒྲུབ་ཐབས་རྣམས་གནང༔ འབྲོག་མི་དཔལ་གྱི་ཡེ་ཤེས་ཀྱི་མ་མོའི་དཀྱིལ་འཁོར་དུ་བབས་པས༔ མ་མོ་རྦོད་གཏོང་གི་རྒྱུད་དང་སྒྲུབ་ཐབས་རྣམས་གནང༔ རླངས་དཔལ་གྱི་སེང་གེ་དྲེགས་པ་ཀུན་འདུལ་གྱི་དཀྱིལ་འཁོར་དུ་བབས་པས༔ འཇིག་རྟེན་མཆོད་བསྟོད་ཀྱི་རྒྱུད་དང་སྒྲུབ་ཐབས་རྣམས་གནང༔ བཻ་རོ་ཙ་ན་སྟོབས་ལྡན་ནག་པོའི་དཀྱིལ་འཁོར་དུ་བབས་པས༔ དམོད་པ་དྲག་སྔགས་ཀྱི་རྒྱུད་དང་སྒྲུབ་ཐབས་རྣམས་གནང༔ དེ་ནས་དབང་རིམ་པ་གདམས་ངག་དང་བཅས་པ་ཐམས་ཅད་རྫོགས་པར་གནང་སྟེ༔ རྗེ་འབངས་རྣམས་སྨིན་ཅིང་གྲོལ་བར་མཛད་དོ༔ དེ་ནས་རྗེ་དང་འབངས་བརྒྱད་ཀྱང་སྒྲུབ་པ་སོ་སོར་མཛད་པས༔ གྲུབ་རྟགས་རེ་རེ་དང་ལྡན་པ་བྱུང་ངོ༔ རྒྱལ་པོ་ཉིད་ལོ་ལྔ་བཅུ་རྩ་དྲུག་ནས་འདའ་དུས་ཡིན་པ་ལ༔ བཅུ་གསུམ་བསྲིངས་ནས་དྲུག་ཅུ་རྩ་དགུ་བཞེས༔ ཕུང་པོ་ལྷའི་དཀྱིལ་འཁོར་དུ་རྟོགས་ཏེ༔ སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་བགྲོད་ནུས་པར་གྱུར་ཏོ༔ འབངས་བརྒྱད་པོ་ཡང་ཀུན་གྱིས་གྲུབ་པ་ཐོབ་སྟེ༔ ནམ་མཁའི་སྙིང་པོས་ཉི་མའི་ཟེར་ལ་ཆིབས་ནས་བཞུད་པ་བྱུང༔ སངས་རྒྱས་ཡེ་ཤེས་ཀྱིས་བྲག་ལ་ཕུར་པ་བཏབ༔ ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱིས་དཔལ་གྱི་རྟ་སྐད་ཐོན༔ ཇོ་མོ་མཚོ་རྒྱལ་གྱིས་བསད་པ་གསོ་བར་ནུས༔ དཔལ་གྱི་ཡེ་ཤེས་ཀྱིས་མཁའ་འགྲོའི་ཞལ་གཟིགས༔ འཇིག་རྟེན་མ་མོ་ལས་ལ་འགྱེད་ནུས༔ རླངས་དཔལ་གྱི་སེངྒེས་ལྷ་སྲིན་སྡེ་བརྒྱད་བྲན་དུ་འཁོལ་ནུས༔ བཻ་རོ་ཙ་ནས་འཇིག་རྟེན་གྱི་དྲེགས་པ་ཅན་ལས་ལ་འགྱེད་ནུས༔ དེ་ལ་སོགས་པའི་གྲུབ་ཐོབ་དཔག་ཏུ་མེད་པ་བྱུང་ངོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་གྱིས་གསང་སྔགས་ཀྱི་སྒྲུབ་ཐབས་གནང་སྟེ༔ རྗེ་འབངས་རྣམས་ཀྱིས་སྒྲུབ་པ་མཛད་པའི་ལེའུ་སྟེ་བཅུ་དགུ་པའོ༔ ༔དེ་ནས་རྒྱལ་པོའི་ཐུགས་དགོངས་ལ༔ ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ༔ ང་ཡི་གཙུག་ལག་ཁང་སྐྱོང་བའི་སྲུང་མ་ཞིག་ཀྱང་དགོས་པར་འདུག་སྙམ་ནས༔ སློབ་དཔོན་གྱི་སྤྱན་སྔར་ཚོགས་ཀྱི་འཁོར་ལོ་བསྐོར་ནས་ཞུས་པ༔ ཨེ་མ་ཧོ་སློབ་དཔོན་ཆེན་པོ་བཀའ་དྲིན་ཅན༔ མ་འོངས་ལྔ་བརྒྱ་ཐ་མའི་དུས་ཕྱིན་ཆད༔ བདག་བཞིན་རྒྱལ་པོ་བསོད་ནམས་མི་འབྱུང་ཞིང༔ བློན་པོ་གདུག་ཅིང་བོད་རྣམས་སིལ་བུར་འགྲོ༔ དབུས་དང་རུ་བཞི་མཐའ་འདུལ་ལ་སོགས་པའི༔ གཙུག་ལག་ཁང་གི་སྲུང་མ་གང་ལ་བགྱི༔ བསྟན་སྲུང་སྲོག་སེར་གཏད་སོགས་ངན་སྔགས་རྣམས༔ སློབ་དཔོན་ཐུགས་རྗེས་དགོངས་ནས་གནང་བར་ཞུ༔ ཞེས་ཞུས་པས༔ སློབ་དཔོན་ཞལ་ནས༔ དུས་ངན་ལྔ་བརྒྱའི་ཐ་མ་ལ༔ རྒྱལ་པོའི་གཙུག་ལག་ཁང་འདིའི་དཀོར་སྲུང་བའི་ཆོས་སྐྱོང་དང་བསྟན་པ་སྲུང་བའི་ངན་སྔགས་རྣམས་ཤིན་ཏུ་དགོས་པས༔ རྒྱལ་པོ་ཉིད་དཀོར་སྲུང་བའི་སྲུང་མ་གང་ལ་མོས་པའི་ལྷ་འདྲེ་དེ་བདག་གིས་དམ་ལ་བཏགས་ནས་དཀོར་སྲུང་བ་ལ་བཞག་གསུངས་པས༔ རྒྱལ་པོའི་ཞལ་ནས༔ སྤྱིར་ཡང་བོད་རུ་བཞི་འདི་ཀླུས་དབང་བྱེད༔ ཁྱད་པར་དུ་ང་དང་གྲོགས་པོའང་ཡིན༔ མཐུ་དང་རྫུ་འཕྲུལ་ཡང་ཆེ༔ ནོར་གཏེར་གྱི་བདག་པོའང་ཡིན༔ ཀླུ་འདི་དཀོར་སྲུང་ལ་བཞག་པར་ཞུ༔ ཞེས་ཞུ་བ་ཕུལ་ལོ༔ དེ་ནས་སློབ་དཔོན་དང་རྗེ་འབངས་རྣམས་མལ་གྲོ་གཟི་ཅན་གྱི་མཚོ་འགྲམ་དུ་བྱོན་ནས༔ ཆུ་གཏོར་གཟི་ཕོར་གང་བཤམས་ནས༔ སློབ་དཔོན་གྱིས་ཀླུ་འདུལ་ཞིང་དབང་དུ་སྡུད་པའི་ཏིང་ངེ་འཛིན་ལ་བཞུགས་ནས༔ ཞབས་གཡོན་པའི་མཐེ་བོང་མཚོར་བཅུག་ནས༔ ལྕགས་ཀྱུའི་ཕྱག་རྒྱ་བཅས༔ ནཱ་ག་རཱ་ཛ་ཨངྐུ་ཤ་ཛ༔ ཞེས་བརྗོད་པས༔ མཚོ་འུར་གྱིས་འཕྱུར་ནས་བྱུང་བའི་ནང་དུ༔ ཀླུའི་རྒྱལ་པོ་འཁོར་དང་བཅས་པ་མགོ་ཐུར་དུ་བསྟན་ནས་མཚོ་ཡི་སྟེང་དུ་ལྷགས་སོ༔ དེ་ནས་སློབ་དཔོན་གྱིས་ཁྱེད་རྣམས་མ་གུས་པའི་ཚུལ་གྱིས་མགོ་ཐུར་དུ་བསྟན་ནས་འོངས་པ་ཅི་ཡིན་གསུངས་པས༔ ཀླུའི་རྒྱལ་པོ་ན་རེ༔ མི་གུས་པ་མ་ལགས་སོ༔ བདག་ཅག་རྣམས་ཚུལ་བཞིན་དུ་འོང་ན༔ མཐོང་བ་དང༔ རེག་པ་དང༔ ཁ་རླངས་ལ་སོགས་པའི་དུག་ཡོད་པས༔ སློབ་དཔོན་ལ་ནི་གནོད་པར་མི་ནུས་ཏེ༔ བཀའི་འཁོར་རྣམས་ལ་གནོད་པར་གྱུར་ན༔ སློབ་དཔོན་གྱི་ཐུགས་ཁྲོ་བར་འགྱུར་བས༔ ཀླུའི་གྲོང་ཁྱེར་རྣམས་བརླག་པར་བྱེད་དོགས་སོ་ཞེས་ཟེར་རོ༔ འོ་ན་བསམ་ཡས་ཀྱི་དཀོར་སྲུང་བའི་སྲུང་མ་གྱིས་ཤིག་བྱས་པས༔ ཀླུ་ན་རེ༔ དེ་ལྟར་མི་གསུང་བར་ཞུ༔ ལྔ་བརྒྱའི་དུས་ཀྱི་ཐ་མ་ལ་བབས་པའི་དུས་མི་རྣམས་དབུལ་ཞིང་ཕོངས་པར་གྱུར་ནས༔ ས་གཉན་བརྐོ༔ རྡོ་གཉན་རློག༔ ཤིང་གཉན་གཅོད༔ ངེད་ཀླུའི་རཱ་ཛ་རྣམས་ཀྱིས་ནི་སློབ་དཔོན་གྱི་བཀའ་ལ་མི་འདའ་སྟེ༔ ངེད་ཀྱི་འཁོར་རྣམས་ཀྱིས་གནོད་པ་སྐྱེལ་བར་འགྱུར་རོ༔ ཞེས་ཞུས་པས༔ རྗེ་བཙན་པོའི་ཞལ་ནས༔ སློབ་དཔོན་ཆེན་པོ་ལགས༔ དཀོར་སྲུང་བྱེད་པའི་ཁས་བླང་དུ་མ་བཏུབ་ན༔ ངའི་ནོར་གྱི་བང་མཛོད་ཐམས་ཅད་ཟད་པར་གྱུར་པས༔ ཀླུ་ནོར་གྱི་བདག་པོ་ཡིན་པས༔ ནོར་གྱི་དངོས་གྲུབ་ཅིག་གནང་བར་ཞུ༔ ཞེས་ཞུས་པས༔ སློབ་དཔོན་གྱིས་ཀླུའི་རྒྱལ་པོ་ལ་གསུངས་པ༔ འོ་ན་དཀོར་སྲུང་མི་བྱེད་ན༔ མངའ་བདག་གི་དཀོར་མཛོད་རྣམས་ནོར་གྱིས་ཁོངས་ཤིག་བྱས་པས༔ ཀླུ་ན་རེ༔ སློབ་དཔོན་དང་རྒྱལ་པོ་ལ་ནོར་ནི་འབུལ་ལོ༔ ད་སྟེ་ཞག་བདུན་ནས་དཀོར་མཛོད་ཐམས་ཅད་ཁ་ཕྱེས་ལ་ཞོག་ཅིག༔ རྗེ་འབངས་ཐམས་ཅད་སྒྲ་སྐད་ཅི་གྲགས་ཀྱང་ཕྱིར་མ་བལྟ་ཞིག་ཟེར་ནས༔ རྒྱ་མཚོའི་ཀླུ་ཐམས་ཅད་མེད་པར་གྱུར་ཏོ༔ དེ་ནས་སློབ་དཔོན་དང་རྗེ་འབངས་རྣམས་ཚུར་བྱོན་ནས༔ ཞག་བདུན་གྱི་ནངས་པར་དཀོར་མཛོད་ཐམས་ཅད་ཁ་ཕྱེ་ནས་བཞག་པས༔ དང་པོ་ན་བུན་ཞིག་གིས་བསམ་ཡས་ཐིབས་སེ་གང༔ དེ་ནས་སྒྲ་སྐད་འུར་ཆོམ་དཔག་ཏུ་མེད་པ་གྲགས་ཏེ༔ ཕོ་བྲང་དང་གཙུག་ལག་ཁང་ཐམས་ཅད་འདར་བར་གྱུར་ཏེ༔ རྒྱལ་པོ་བྲེད་ནས་བློན་པོ་གཅིག་ལ་བལྟ་བཅུག་སྟེ༔ བསམ་ཡས་ཀྱི་ཐང་ཐམས་ཅད་སྦྲུལ་གྱི་ལྟེམ་གྱིས་གང་ནས་འདུག་ཟེར་ནས༔ ཁ་ཁྲག་ལྷག་གེ་ཤི་བར་གྱུར་ཏོ༔ དེ་ནས་སྒྲ་ཡང་ཆད་ན་བུན་ཡང་དེངས་པར་གྱུར་ནས༔ སློབ་དཔོན་གྱིས་རྒྱལ་པོ་ལ་དཀོར་མཛོད་ནང་དུ་གཟིགས་ཤིག་གསུངས་པས༔ རྒྱལ་པོའི་རིན་པོ་ཆེའི་དཀོར་མཛོད་བརྒྱ་དང་རྩ་བརྒྱད་ཡོད་པ་ལ༔ དགེ་བའི་ལས་བྱས་པས་ཐམས་ཅད་སྟོང་པར་གྱུར་པ་རྣམས༔ སྔོན་ཇི་ལྟར་ཡོད་པ་བཞིན་གང་བར་གྱུར་ནས༔ རྗེ་ཤིན་ཏུ་མཉེས་པར་གྱུར་ཏེ༔ ཨེ་མ་ཧོ༔ ཡིད་བཞིན་ནོར་བུ་དགོས་འདོད་འབྱུང་བའི་གནས༔ གདུལ་བྱར་གྱུར་པའི་འགྲོ་བ་སེམས་ཅན་རྣམས༔ དབུལ་ཞིང་ཕོངས་པའི་སྡུག་བསྔལ་ལས་གྲོལ་མཛད༔ སྤྲུལ་སྐུ་རིན་པོ་ཆེ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་དོ༔ དེ་ནས་རྒྱལ་པོས་སློབ་དཔོན་ལ་ཞུས་པ༔ ཐམས་ཅད་མཁྱེན་པ་སྤྲུལ་སྐུ་རིན་པོ་ཆེ༔ ང་ཡི་ཐུགས་དམ་དཔལ་གྱི་བསམ་ཡས་ཀྱི༔ དཀོར་རྣམས་སྲུང་བའི་ཆོས་སྐྱོང་གང་ལ་བགྱིད༔ ཀུན་མཁྱེན་གུ་རུས་བདག་ལ་གསུང་བར་ཞུ༔ ཞེས་ཞུས་པས༔ སློབ་དཔོན་གྱིས་བཀའ་སྩལ་པ༔ ཨེ་མ་རྒྱལ་པོ་ཆེན་པོ་ལགས༔ དུས་ཀྱང་ཇེ་ངན་ཇེ་ངན་འགྲོ༔ རྗེ་ཡི་ཐུགས་དམ་བསམ་ཡས་ཀྱང༔ བྱེ་མས་ཁད་ཀྱིས་འཇིག་པར་འགྱུར༔ རྒྱལ་པོའི་སྙིང་དུ་འགོང་པོ་ཞུགས༔ རྒྱལ་པོ་ནང་འཐབ་དམེ་འཁྲུགས་བྱེད༔ གཙུག་ལག་ཁང་དུ་འཐབ་ར་བྱེད༔ སྒྱོགས་དང་མེ་རྡོས་འཇིག་པར་འགྱུར༔ དབུས་དང་མཐའ་འདུལ་སྐོར་རྣམས་ནི༔ མི་ནག་རྣམས་ཀྱིས་སྤྱོད་པར་འགྱུར༔ ཆོས་འཁོར་མདའ་ཕུབ་འདོན་པར་བྱེད༔ ཆོས་བྱེད་བསྟན་པ་འཇིག་པར་བྱེད༔ སྔགས་པ་གྲི་རུ་གསོད་པར་བྱེད༔ རྒྱལ་པོའི་ཤུལ་གྱིས་མལ་མི་ཐུབ༔ ཆོས་གོས་འོག་ཏུ་གྲི་འཛུགས་འོང༔ ཆེ་བཙན་དུག་གིས་གསོད་པར་བྱེད༔ སྐྱེ་བོ་ནང་འཐབ་མཚོན་གྱིས་གསོད༔ སྔགས་པ་ནང་འཐབ་མཐུ་རྒྱས་བྱེད༔ གོ་ལ་ཚེ་འཐམས་བྱེད་པ་དང༔ སོ་ཁ་ཕྱི་སྒོས་སྲུང་བ་དང༔ ཕ་སྤུན་ནང་དམེ་བྱེད་པ་དང༔ མཚོན་གྱི་སྐལ་པ་དར་བར་འོང༔ ཆོས་བྱེད་བསྙེན་པར་མི་བྱེད་ཅིང༔ ཟོག་པོ་སླུ་བྲིད་མཁན་ལ་བརྩི༔ གོས་ངན་ཁྱི་ཐུལ་རྩི་ཞྭ་གྱོན༔ མཚོན་ད་ུདབྱུག་པ་ཁྱེར་བ་དང༔ ཆོས་ངན་ཆད་ལྟའི་སྟོང་ཉིད་སྟོན༔ ཆང་གྲལ་ཆོས་གཏམ་མང་བ་རྣམས༔ བསྟན་པ་འཇིག་པའི་སྔ་ལྟས་ཡིན༔ དེ་ཚེ་གཙུག་ལག་དཀོར་སྲུང་ལ༔ དགྲ་བླའི་རྒྱལ་པོ་པེ་ཀར་དགོས༔ ད་ལྟ་ཧོར་གྱི་ཡུལ་དུ་ཡོད༔ རྒྱལ་པོས་དམག་གི་ཁྲིམས་གྱིས་ལ༔ བྷ་ཏ་ཧོར་གྱི་སྒོམ་གྲ་བཅོམ༔ ཀ་ཅའི་ཕྱི་རུ་འབྲངས་ནས་འོང༔ དེ་ཚེ་ང་ཡིས་དཀོར་སྲུང་འཆོལ༔ ཞེས་གསུངས་སོ༔ དེ་ནས་རྒྱལ་པོས་ཡུལ་ཁྲིམས་ཀྱི་དམག་ཁྱེར་ཏེ༔ བྷ་ཏ་ཧོར་གྱི་སྒོམ་གྲ་བཅོམ་པས༔ ནོར་གྱི་ཕྱི་རུ་འབྲངས་ནས་བྱུང་སྟེ༔ རྒྱལ་པོ་ཤིང་བྱ་ཅན་ཞེས་ཀྱང་བྱ༔ བདུད་པོ་ཡབ་རྗེ་ནག་པོ་ཞེས་ཀྱང་བྱ༔ དགྲ་བླའི་རྒྱལ་པོ་པེ་ཀར་ཞེས་ཀྱང་བྱ༔ གཡས་ཀྱི་རུ་འདྲེན་དཔའ་བོ་སྟག་ཆས་བརྒྱ༔ གཡོན་གྱི་རུ་འདྲེན་དགེ་སློང་དགྲ་བཅོམ་བརྒྱ༔ སླད་ཀྱི་རྗེས་འབྲང་བནྡེ་ནག་པོ་བརྒྱ༔ སྔོན་གྱི་བཤུལ་སེལ་བུད་མེད་ནག་མོ་བརྒྱ༔ ཕྱིའི་བློན་པོ་སྐྱ་ཀྲང་སྐྱི་ཀྲང་བརྒྱ༔ ནང་གི་བློན་པོ་མོན་བུ་པུ་ཏྲ་བརྒྱ༔ སྐུའི་སྐྱོ་བསང་འབྲུག་སེང་སྟག་སེང་བརྒྱ༔ སྤྲུལ་པ་ཡང་སྤྲུལ་སྤྲ་དང་སྤྲེ་འུ་བརྒྱ༔ རྨ་བྱ་བྱི་ལ་བརྒྱ་དང་བཅས་ཏེ་བྱོན༔ དེ་ནས་སློབ་དཔོན་པདྨས་བཀའ་དང་དམ་ལ་བཏགས་ནས༔ པེ་ཀར་གླིང་དུ་རྟེན་བཙུགས་ཏེ༔ དཔལ་གྱི་བསམ་ཡས་ལ་སོགས་པའི་གཙུག་ལག་ཁང་ཐམས་ཅད་ཀྱི་དཀོར་སྲུང་བཅོལ་ལོ༔ དེ་ནས་སློབ་དཔོན་པདྨ་དང༔ པ་གོར་བཻ་རོ་ཙ་ན་དང༔ གནུབས་ནམ་མཁའི་སྙིང་པོ་དང༔ སྦ་ཡེ་ཤེས་དབྱངས་ལ་སོགས་པས༔ བསྟན་པ་སྲུང་བའི་ངན་སྔགས་ལ༔ ལྷ་མ་སྲིན་སྡེ་བརྒྱད་ཀྱི་སྒྲུབ་ཐབས་ལ༔ དཀར་པོ་གིང༔ ནག་པོ་བདུད༔ དམར་པོ་བཙན༔ སྲོག་གཅོད་གནོད་སྦྱིན༔ བཤན་པ་སྲིན་པོ༔ ནད་གཏོང་མ་མོ༔ དྲག་པོ་གཟའ༔ གདུག་པ་ཀླུ༔ དེ་རྣམས་ཀྱི་རྒྱུད་དང་སྒྲུབ་ཐབས་བསམ་གྱིས་མི་ཁྱབ་པ་ཞིག་མཛད་ནས་བསྒྱུར་རོ༔ ཁྱད་པར་དུ་ཡང་བསྟན་པ་སྲུང་བ་ལ་དཔལ་མགོན་ནག་པོ༔ དཔལ་ལྡན་ལྷ་མོ་ནག་མོ༔ སྔགས་སྲུང་སྨུག་མཐིང་ལ་སོགས་པའི་རྒྱུད་དང་སྒྲུབ་ཐབས་བསམ་གྱིས་མི་ཁྱབ་པ་ཞིག་བསྒྱུར་རོ༔ ལྷ་མ་སྲིན་སྡེ་བརྒྱད་ཀྱི་སྣ་འདྲེན༔ བཤན་པ་པེ་ཀར༔ གིང་ཆེན་སྲོག་བདག༔ གཙང་བཙན་རྡོ་རྗེ་ལེགས་པ་གསུམ་ཡིན་པས༔ རྒྱུད་དང་སྒྲུབ་ཐབས་བསམ་གྱིས་མི་ཁྱབ་པ་ཞིག་བསྒྱུར་རོ༔ སྟེང་ན་དབང་བྱེད་པ་ལ་གཟའ་གདོང་ལ་སོགས་པའི་ཆུ་འཁྱགས་སེར་བའི་ལས༔ གནམ་ལྕགས་ཀྱི་ཐོག༔ ས་འོག་ལ་དབང་བྱེད་པ་ཀླུ་བདུད་ལ་མཛེ་ནད་སྣ་ཚོགས་གཏང་བའི་གཏད༔ དེ་ལ་སོགས་དྲག་སྔགས་དང་ངན་སྔགས་བསམ་གྱིས་མི་ཁྱབ་པ་ཞིག་བསྒྱུར་རོ༔ དེ་ནས་བསྟན་སྲུང་རྣམས་རྒྱལ་པོ་ལ་གཏད་པ༔ སློབ་དཔོན་པདྨ་དང་བཻ་རོ་ཙ་ན་ལ་སོགས་པ་རྣམས་ཀྱིས༔ སྐལ་ལྡན་བོད་ཀྱི་རྗེ་ཁྲི་སྲོང་ལྡེའུ་བཙན་ལ༔ ལོ་པཎ་ཐུགས་ཀྱི་བཅུད་བདུད་རྩིའི་ཐིགས་པ་ཟག་པས༔ གཏད་དོ་གཉེར་དུ་གཏད༔ ཆོངས་ཤིག་ཐུགས་ལ་ཆོོངས༔ ཡང་ན་སྣོད་དང་ལྡན་ན་རབ༔ ཡང་ན་སྙིང་རྗེ་ཆེན་པོ་འབྲིང༔ ཐ་མ་ཟང་ཟིང་ནོར་ལ་སྦྱིན༔ འདི་གསུམ་དག་དང་མི་ལྡན་པར༔ གཏད་མེད་ངན་སྔགས་སྤེལ་གྱུར་ན༔ གསང་སྔགས་བདག་པོ་བདག་མོ་ཡིས༔ བཀའ་ཡི་ཆད་པ་གཅོད་པར་བྱེད༔ རྒྱལ་པོ་ཁྱོད་ཀྱི་ཚེ་བཀུམས་ནས༔ ངན་སོང་གསུམ་དུ་ལྷུང་འགྱུར་བས༔ དེ་བས་རིན་ཆེན་སྲོག་ལྟར་ཆོངས༔ ཞེས་གསུངས་ནས་རྒྱལ་པོ་ལ་གཉེར་དུ་གཏད་དོ༔ དེ་ནས་རྗེ་རབ་ཏུ་དགྱེས་ཏེ༔ རྟ་མཚལ་ལུ་བྱ་གདོང་གིས་སྣ་དྲངས༔ རྗེའི་འོག་རྟ་དྲུག་གསེར་སྲབ་གཡུ་མཐུར་སེང་ལྡེང་གི་སྒ་བཀྲ༔ ཟ་འོག་གི་ཧོར་སྟན་ཆོ་ལོ་རིས་བྲིས་པ༔ གསེར་བྲེ་དྲུག་རྗེའི་མགུལ་རྒྱན་གཡུ་མཚོ་རོ་འོད་འབར་ལ་སོགས་པ་རྣམས༔ སློབ་དཔོན་ལ་ཕུལ་ནས་ཕྱག་དང་བསྐོར་བ་བྱས་པས༔ སློབ་དཔོན་གྱིས་རྒྱལ་པོ་ལ༔ སྒྱུ་མའི་ནོར་ལ་ཆགས་ཞེན་མེད་པར་འབུལ་བ་ངོ་མཚར་ཆེ༔ ཕྱག་བྱེད་བཟང་ལགས་གསུངས་པས༔ རྒྱལ་པོའི་ཐུགས་དགོངས་ལ༔ སློབ་དཔོན་གྲུབ་ཐོབ་ཡིན་ཀྱང༔ ལྷོ་བལ་ནས་བྱོན་པས་ནོར་དད་ཆེ་བར་སྣང་སྙམ་པས༔ སློབ་དཔོན་གྱིས་མཁྱེན་ནས༔ རྗེ་ཐུ་བ་བཟེད་དང་གསུངས་ནས༔ བྱེ་མ་བྲེ་གསུམ་དང་རྡེལ་འབྲུ་བྲེ་གང་རྗེའི་ཐུ་བར་བླུགས་ནས༔ དར་ཅིག་ཟུངས་གསུངས་པས༔ རྗེས་ཐུ་བ་མ་ཐུབ་ཤོར་བ་དང༔ བྱེ་མ་རྣམས་གསེར་དུ་སོང་ནས་འདུག༔ རྡེལ་འབྲུ་རྣམས་གཡུ་རུ་སོང་ནས་འདུག་གོ༔ སློབ་དཔོན་གྱི་ཞལ་ནས༔ རྗེའི་སྒྲིབ་པ་སྦྱོང་བ་དང༔ བསོད་ནམས་གསོག་པའི་ཕྱིར་རེ་ཞིག་བླངས་པར་ཟད་ཀྱིས༔ ང་ལ་སྣང་བ་ཐམས་ཅད་གསེར་དུ་ཡོད༔ ང་ལ་ནོར་གྱིས་དགོས་པ་མེད་པས་རྒྱལ་པོ་ཉིད་རང་ཅི་དགར་སྤྱོད་ཅིག༔ ཅེས་གསུངས་ནས་རྗེ་ཉིད་ལ་གནང་ངོ༔ རྗེ་རབ་ཏུ་གནོང་ཞིང་འགྱོད་ནས༔ སློབ་དཔོན་ཆེན་པོ་ལགས༔ བདག་མཐའ་འཁོབ་ཀྱི་རྒྱལ་པོར་སོང་བས༔ སྒྲིབ་པ་ཆེ་བས་ཐེ་ཚོམ་ཟོས་པ་ལགས༔ གནོང་ངོ་འགྱོད་དོ་སྤྲུལ་པའི་སྐུ༔ ཐུགས་རྗེས་ཟུངས་ཤིག་བཀའ་དྲིན་ཅན༔ དམ་ཚིག་ཉམས་པ་སྐོང་ཐབས་ཞུ༔ ཞེས་ལུས་ས་ལ་བརྡབས༔ ཕྱག་དབུ་ཐོད་བུད་བུད་བཙལ་ཞིང༔ སྤྱན་ཆབ་བཏོན་པས་སློབ་དཔོན་གྱི་ཞལ་ནས༔ རྒྱལ་པོ་སེམས་ཅན་ལགས་པས་རྟོག་པ་བྱུང་ཡང་དེ་ལ་དམ་ཚིག་ཉམས་རྒྱུ་མེད༔ ངེད་ཅག་རྣལ་འབྱོར་པ་ཡིན་པས༔ དེ་ལ་མི་དགའ་བྱ་བ་མེད་པས༔ རྗེ་རང་བཤགས་པ་ལྟ་སྒོམ་ལ་གྱིས༔ སེམས་ལ་རྟོག་པའི་དྲི་མ་མ་བཞག༔ གཙོ་རུ་དགེ་བཅུ་སྤྱོད༔ མི་དགེ་བཅུ་སྤོངས༔ ཅི་བྱེད་ཆོས་དང་བསྟུན༔ རྒྱལ་ཁྲིམས་ཆོས་ཀྱིས་སྐྱོངས་ལ་སྡིག་སྤྱོད་བློན་པོའི་ཁར་མ་གཏང༔ ཆོས་ཀྱི་དགྲ་ཐེ་ཚོམ་ཡིན་པས་ཐེ་ཚོམ་མེད་པར་ཉམས་སུ་ལོངས༔ ཞེས་གསུངས་ནས་དམ་ཚིག་ཁྲུས་ལུང་དང༔ རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ༔ ཧེ་རུ་ཀའི་ཡི་གེ་བརྒྱ་པ༔ དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ༔ དེ་གསུམ་སྒྲུབ་ཐབས་དང་བཅས་པ༔ དམ་ཚིག་སྐོང་བའི་རྒྱུན་བཤགས་དང་བཅས་པ་གནང་ངོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ བསྟན་པ་བསྲུང་བའི་ཕྱིར་དཀོར་སྲུང་དང་ངན་སྔགས་ཐམས་ཅད་བསྒྱུར་ཞིང༔ དམ་ཚིག་སྐོང་ཐབས་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ༔ ༔དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ རྒྱལ་པོ་ལ་བཀའ་སྩལ་པ༔ བདག་འདྲ་པདྨ་འབྱུང་གནས་དང༔ བཻ་རོ་ཙ་ན་ནམ་མཁའི་སྙིང་པོ་དང༔ ཨ་ཙ་ར་ཡེ་ཤེས་ལ་སོགས་པ་རྣམས་ཀྱིས༔ རྒྱལ་པོ་ཁྱོད་ཀྱི་རྒྱལ་ཁྲིམས་སྲུང་བའི་ཕྱིར༔ ངན་སྔགས་བསྒྱུར་པ་ནི༔ ཨོ་རྒྱན་སྐད་དང༔ རྒྱ་གར་སྐད་དང༔ སིངྒའི་སྐད་དང༔ མེ་རུ་ཙེའི་སྐད་དང༔ བལ་པོའི་སྐད་དང༔ ཟ་ཧོར་གྱི་སྐད་དང༔ ཧཱ་ཤང་གི་སྐད་དང༔ ཟངས་གླིང་གི་སྐད་དང༔ གསེར་གླིང་གི་སྐད་དང༔ བྷཻ་ཏའི་སྐད་དང༔ ཁ་ཆེའི་སྐད་དང༔ མཁའ་འགྲོའི་བརྡ་སྐད་དང༔ གནོད་སྦྱིན་སྲིན་པོའི་འདྲེ་སྐད་དང༔ འཁྲུལ་འཁོར་སྒྲ་རུ་བསྡེབས་ནས་ངན་སྔགས་དང་དྲག་སྔགས་ཐམས་ཅད་བསྒྱུར་ཏོ༔ བྷ་ཏ་ཧོར་གྱི་ཡུལ་ནས་ཆོས་སྐྱོང་པེ་ཀར་སྤྱན་དྲངས་ནས༔ བསམ་ཡས་དཀོར་སྲུང་བར་བྱ་བའི་ཕྱིར་གཉེར་དུ་གཏད་པར་བྱས་སོ༔ ཚེ་གཅིག་སངས་རྒྱས་དམ་ཆོས་མང་པོ་ནི༔ མངའ་བདག་རྒྱལ་པོའི་དོན་དུ་བསྒྱུར་ནས་ཡོད༔ འོན་ཀྱང་རྒྱལ་པོ་གཡེང་བ་ཆེ་བའི་ཕྱིར༔ ཉམས་སུ་མི་ལེན་ལས་ཀྱི་འཕྲོ་བཞག་ནས༔ སྐྱེ་བ་བཅུ་བདུན་བརྒྱུད་པའི་ཐ་མ་ལ༔ རྒྱལ་པོ་ཉིད་དང་འཕྲད་ཀྱིས་གཏེར་དུ་སྦ༔ བསྟན་པ་སྲུང་བའི་ངན་སྔགས་ཐམས་ཅད་ཀྱང༔ སྐལ་ལྡན་འགའ་ལ་གཏེར་ཁ་འབབ་པར་འགྱུར༔ དེ་ཡང་གླང་ལུག་ཁྱི་འབྲུག་གཤེད་བཞིའི་ལོ༔ བྱ་སྤྲེལ་དབང་གི་ལོ་པ་རྣམས་ལ་ནི༔ ལས་ཀྱི་འཕྲོ་ཡོད་བཏོན་ཀྱང་སྲོག་མི་འཆད༔ དེ་བཞི་མ་ཡིན་གཏེར་གྱི་ཐོན་དབང་མེད༔ གལ་ཏེ་ཐོན་ཀྱང་མྱུར་དུ་འཆི་བར་འགྱུར༔ ད་ལྟ་རྒྱལ་ཁྲིམས་གཉན་པས་སྲོག་སེར་གཏད་མི་དགོས༔ དུས་ངན་འབྱུང་ཚེ་དགོས་པས་གཏེར་དུ་སྦས༔ དེ་ཡང་གཏེར་ཁ་སྦས་ལུགས་ནི༔ དབུ་རྩེ་རིམ་གསུམ་གྱི་གཏེར་མཛོད་རེ་རེ་རུ༔ རྒྱལ་པོའི་བླ་གཏེར་རེ་རེ་སྦས་སོ༔ ཆོས་ཀྱི་གཏེར་མཛོད་ཡིན༔ ཇོ་མོ་གསུམ་གྱིས་བཞེངས་པ་ཡི༔ བུ་ཚབ་གསེར་ཁང་གླིང༔ ཁམས་གསུམ་ཟངས་ཁང་གླིང༔ དགེ་རྒྱས་བྱེ་མའི་གླིང༔ ཁྱད་པར་གྱི་གླིང་གསུམ་དུ་བླ་གཏེར་རེ་རེ་སྦས༔ ཡཀྴ་ལྟག་འོག་ཏུ་གཏེར་ཁ་རེ་རེ་སྦས༔ གླིང་ཆེན་བཞི་དང་གླིང་ཕྲན་བརྒྱད་ལ་གཏེར་ཁ་རེ་རེ་སྦས༔ པེ་ཀར་གྱི་གླིང་མགོན་ཁང་བཞི་རུ་མཐུ་གཏེར་རེ་རེ་སྦས༔ ཕྱོགས་བཞིའི་མཆོད་རྟེན་བཞིར་དཀར་པོ་ཆོས་གཏེར༔ ནག་པོ་མཐུ་གཏེར༔ དམར་པོ་བཟོ་གཏེར༔ སེར་པོ་སྨན་གྱི་གཏེར་རྣམས་སྦས༔ མཆིམས་ཕུའི་དབེན་གནས་སུ༔ སློབ་དཔོན་ཐུགས་གཏེར་ཆེན་པོ་སྦས༔ ལྷོ་སྐྱེར་ཆུའི་ལྷ་ཁང་དུ༔ རྒྱུད་འདོད་པ་ཀུན་འབྱུང་དང་སྡེ་སྣོད་ཀུན་འདུས་སྦས༔ བུམ་ཐང་རྩིས་ལུང་དུ་སེམས་ཕྱོགས་ཐམས་ཅད་སྦས༔ བུམ་ཐང་དགེ་གནས་སུ༔ མ་མོ་འདུས་པ་དང་མོ་རྒྱུད་ཐམས་ཅད་སྦས༔ གཅད་པྲ་དུན་རྩེའི་ལྷ་ཁང་དུ༔ གཤིན་རྗེ་དམར་ནག་དང་ངན་སྔགས་ཐམས་ཅད་སྦས༔ བྱང་པྲ་དུན་རྩེ་དང་སྐྱོར་དུན་རྩེ་རུ༔ ངན་སྔགས་བརྒྱ་དང་རྩ་བརྒྱད་སྦས༔ གཡས་རུ་གཙང་འགྲམ་དུ༔ ཆོས་སྨན་རྩིས་དང་རིན་པོ་ཆེ་གསུམ་སྦས༔ རྩིས་ཀྱི་ལྷ་ཁང་དུ་རྒྱུད་ལུང་མན་ངག་སྦས༔ ཁམས་ཀྱི་ཀློང་ཐང་སྒྲོན་མ་རུ༔ ལྷ་མོའི་རྒྱུད་ལུང་བཅུ་གསུམ་དང་སྤུ་གྲི་རྣམས་སྦས༔ ཤར་སྒམ་པོའི་ལྷ་ཆུ་མཁར་གྱི་ལྷ་ཁང་དུ༔ མཐུ་དང་རྫུ་འཕྲུལ་ངན་སྔགས་སྦས༔ གཡུ་རུ་ཁྲ་འབྲུག་ཏུ་ངན་སྔགས་བཅུ་གསུམ་སྦས༔ ལྷོ་བྲག་ཁོ་མཐིང་དུ༔ བདེ་གཤེགས་འདུས་པ་དང་མདོས་དང་མ་མོའི་སྒྲུབ་ཐབས་རྣམས་སྦས༔ སྟག་ཚང་སེང་གེའི་ཕུག་ཏུ༔ མངོན་པར་འཚང་རྒྱ་བའི་ཆོས་སྐོར་སྦས༔ མོན་ཁ་ནེའུ་རིང་དུ་སྤྱི་ཏི་ཡོ་ག་དང༔ སྤུ་གྲི་རེག་ཆོད་རྣམ་བཞི་སྦས༔ བསྒྲགས་ཀྱི་ཡང་རྫོང་དུ༔ ཕུར་པ་དང་གཤིན་རྗེ་ཐམས་ཅད་སྦས༔ དཔལ་ལྷོ་བྲག་རྫོང་དང་སྟག་ཚང་སེང་གེ་ཕུག་ཏུ༔ དྲག་སྔགས་བརྒྱ་དང་ངན་སྔགས་སུམ་ཅུ་སྦས༔ ཕུ་ལ་རྫོང་ཕུག་ཏུ༔ བསེེ་མོ་བཞིའི་ངན་སྔགས་དང་གསང་བའི་ངན་སྔགས་དང་གསང་བའི་ཕུར་པ་གཅིག་སྦས༔ བྲག་སྲིན་པོའི་སྦར་རྗེས་སུ༔ མཁའ་འགྲོ་མའི་གསང་གཏེར་སྦས༔ ཕུག་རིང་གནམ་སྐས་སུ་བླ་མའི་ཐུགས་གཏེར་སྦས༔ མཁའ་རི་གངས་བྲག་ལ༔ སྒྲུབ་སྐོར་སྨན་ཡིག་སྦས༔ ཡང་ཕུག་རིང་མོ་རུ༔ ཀླུ་བདུད་སྤུ་གྲི་སྦས༔ གཙང་གི་ཕུག་མོ་ཆེ་རུ༔ གཤིན་རྗེ་ཚེ་བདག་དང༔ ཅོག་བརྡུང་ཉི་ཤུ་རྩ་གཅིག་སྦས༔ ཤུལ་ལ་བྲག་མོའི་འཕྲང་དུ༔ གིང་བདུད་བཙན་གསུམ་སྦས༔ གཞན་ཡང་རི་བྲག་གཉན་པོ་ཐམས་ཅད་དུ༔ གཏེར་ཕྲན་བརྒྱ་དང་རྩ་བརྒྱད་སྦས༔ ལས་ཅན་རེ་རེའི་དོན་དུ་སྨོན་ལམ་བཏབ་ནས་བཞག༔ གཏེར་འདི་རྣམས་འབྱུང་བའི་དུས་སུ༔ ཟས་ངན་ལྕི་བ་ཟ་ཞིང་གོས་ངན་རེ་བ་གྱོན༔ ཆོས་འཁོར་ཐམས་ཅད་བཅོམ་ཞིང་དབེན་གནས་ཐམས་ཅད་སྲེག༔ བཀའ་ལ་ཉོ་ཚོང་བྱེད་ཅིང་མི་བསད་སྟོང་དུ་འཇལ༔ ལས་སུ་དམེ་འཁྲུགས་བྱེད་ཅིང་ལུས་ལ་ལྕགས་སློག་གྱོན༔ དགེ་བཤེས་དམག་དཔོན་བྱེད་ཅིང་དགེ་སློང་གྲི་རུ་གསོད༔ དགོན་གནས་འཐབ་ར་བྱེད་ཅིང་དབེན་གནས་གྲོང་དཀྱིལ་བྱེད༔ སྔགས་པ་ནང་རྒྱས་བྱེད་ཅིང་ཟས་ངན་དུག་སྦྱོར་བྱེད༔ གཙོ་བོས་མནའ་ཟ་བྱེད་ཅིང་དཔའ་བོ་གྲི་ཁར་གསོད༔ བོད་རྣམས་ཁྲབ་རྒྱུན་ཆད་པ་བཞིན་དུ་སིལ་བུར་འགྲོ༔ ཕ་དང་བུ་གཉིས་འཐབ་ཅིང་ཕ་སྤུན་ནང་དམེ་བྱེད༔ དགྲ་བླ་བདུད་བཙན་འབོད་ཅིང་ཨར་པས་ལམ་འཕྲང་སྲུང༔ ཁྱོ་གའི་སྙིང་དུ་འགོང་པོ་ཞུགས༔ བུད་མེད་སྙིང་དུ་བསེན་མོ་ཞུགས༔ བྱིས་པའི་སྙིང་དུ་ཐེའུ་རང་ཞུགས༔ ཐམས་ཅད་བདུད་ཀྱི་དབང་དུ་འགྱུར༔ ལྷ་སྲིན་སྡེ་བརྒྱད་འཁྲུགས་ནས་ནི༔ ནད་དང་མུ་གེའི་བསྐལ་པ་འབྱུང༔ དེའི་དུས་སུ་མི་ཐུབ་རྣམ་གསུམ་འབྱུང༔ ས་ཡིས་གཏེར་མི་ཐུབ་སྟེ༔ ཆོས་གཏེར་དང་ནོར་གཏེར་ཐམས་ཅད་ཁ་འབྱེད༔ གསེར་དངུལ་རིན་པོ་ཆེའི་ཁ་འབྱེད༔ ཆོས་སྐྱོང་ལ་གཏད་པའི་དཀོར་མི་ཐུབ་སྟེ༔ དཀོན་མཆོག་ནོར་ལ་རྐུ་འཕྲོག་བྱེད༔ བནྡེས་བསྒྲུབ་ཆོས་མི་ཐུབ་སྟེ༔ རང་གིས་བསྒྲུབ་མི་ཐུབ་པར་གཞན་ལ་ནོར་ཕྱིར་བཙོང༔ རང་ཉམས་ལེན་མེད་པར་གྲགས་འདོད་གཞན་ལ་བཤད༔ དུས་དེ་འདྲ་བྱུང་ཙམ་ན༔ ངའི་ཆོས་དང་གདམས་ངག་རྣམས༔ རྒྱལ་པོ་ཉིད་དང་འཕྲད་པར་འགྱུར༔ དེ་ཡང་མངའ་བདག་རྒྱལ་པོ་ཉིད་སྐྱེ་བ་བཅུ་དྲུག་བརྒྱུད་པའི་ཐ་མ་ལ༔ འདི་ནས་ལྷོ་ནུབ་མཚམས་སུ་གཏམ་ཤུལ་ཞེས་པ༔ ལུང་པ་རྟ་རོ་དམར་པོ་ཁ་ཕྱེས་པ་འདྲ་བར༔ ལོ་ནི་འབྲུག་ལོ་པ༔ རིགས་བཟང་ཞིང་ཀུན་གྱིས་བཀུར་བའི་གནས་སུ་གྱུར་པ༔ ཤེས་རབ་ཆེ་ལ་སྙིང་རྗེ་ཆེ་བ༔ བརྩོན་འགྲུས་ཆེ་ཞིང་བསྒྲུབ་ལ་བརྩོན་པ༔ དམ་ཚིག་གཙང་ཞིང་བརྣབ་སེམས་ཆུང་བ༔ ཁོང་ཡངས་ཤིང་ཁ་ཉུང་བ༔ ངང་རྒྱུད་རིང་ལ་གཞན་ལ་སྒྲོ་སྐུར་མི་འདེབས་པ༔ རིག་པ་མྱུར་ཞིང་ཡིད་གཞུངས་པ༔ ཤ་ལོ་དཀར་ལ་ངང་རིང་བ༔ སྐྱེས་བུ་དེ་ལྟ་བུ་ཞིག་ཏུ་སྐྱེས་ནས༔ རྒྱལ་པོ་ཉིད་ལ་ད་ལྟ་ངས་གདམས་པའི་ཆོས་ཐམས་ཅད་དང་འཕྲད་ནས༔ སྐྱེ་བ་དེ་ལ་འཚང་རྒྱ་བར་འགྱུར་རོ༔ རྒྱལ་པོ་ཉིད་ཀྱིས་བཻ་རོ་ཙ་ན་དང༔ གནུབས་ནམ་མཁའི་སྙིང་པོ་དང༔ ལོ་ཙཱ་བ་རྣམས་ཐེབ་རེ་སྤྱུགས་པའི་དམ་ཚིག་ཉམས་པའི་སེལ་ཞུགས་པའི་སྐྱོན་གྱིས༔ ཆོས་ལ་མི་རྣམས་ཡིད་མི་ཆེས་པས༔ ཆོས་འབྲེལ་གང་ཆེ་བ་རྣམས་སྣང་བ་ཐེབ་རེ་ལྡོག་ཏུ་འོང༔ དེའི་དོན་གྱིས་བླ་མ་དཀོན་མཆོག་དང་སློབ་དཔོན་ལ་བཤགས་སྦྱོང་མང་དུ་གྱིས༔ དེའི་དུས་སུ་ངའི་བཀའ་བཞིན་བྱེད་ན༔ ཡུལ་གྱི་སྙིང་པོ་ཆོས་དབྱིངས་ཟུངས་ལ་ཕ་ཡུལ་སྤོངས༔ གནས་ཀྱི་སྙིང་པོ་ནགས་ཁྲོད་དགོན་པ་བརྟེན་ལ་ཁང་ཁྱིམ་སྤོངས༔ སྒོམ་པའི་སྙིང་པོ་ཆོས་ཉིད་སྟོང་གསལ་སྒོམས་ལ་དགོན་པ་བརྟེན༔ ཁང་པའི་སྙིང་པོ་ཆོས་དབྱིངས་རྒྱ་ཆད་མེད་པར་སྡོད༔ ཤེས་བྱའི་སྙིང་པོ་ཤེས་བཞིན་དྲན་པས་ཟུངས་ལ་དགེ་སྦྱོར་འབད་ལ་གྱིས༔ མཛོད་ཀྱི་སྙིང་པོ་ཀུན་གཞི་བྱང་ཆུབ་སེམས་ལ་སྐུ་གསུམ་ནོར་རྫས་སོགས༔ བསོད་ནམས་ཀྱི་སྙིང་པོ་ལུས་ངག་ཡིད་གསུམ་ཐ་མལ་དུ་མ་སྡོད་པར་ལྷ་ཆོས་གྱིས༔ གྲོས་ཀྱི་སྙིང་པོ་བདེ་གཤེགས་བླ་མའི་བཀའ་ལུང་ལ་དྲིས༔ ཕ་ཡི་སྙིང་པོ་སྙིང་རྗེ་ཀུན་ཏུ་བཟང་པོ་ཁུར་ལ་འགྲོ་ལ་སྙིང་རྗེས་ཟུངས༔ མ་ཡི་སྙིང་པོ་བྱམས་པ་ཀུན་ཏུ་བཟང་མོ་ཁུར་ལ་འགྲོ་བ་བུ་བཞིན་སྐྱོངས༔ ཆུང་མའི་སྙིང་པོ་ཏིང་འཛིན་སྟོང་གསལ་ཡེངས་མེད་སྒོམས་ལ་མི་འབྲལ་རྟག་ཏུ་འགྲོགས༔ བུ་ཡི་སྙིང་པོ་བདེ་གཤེགས་རིགས་ལྔར་བསྐྱེད་ལ་སྐྱེད་རྫོགས་ཏིང་འཛིན་སྒོམས༔ ནོར་གྱི་སྙིང་པོ་བདེ་གཤེགས་དཔེ་ཆ་བྲིས་ལ་ལྟ་རྟོག་སེམས་ལ་ཐོངས༔ ཞིང་གི་སྙིང་པོ་དད་པའི་ཞིང་ས་སྐྱེད་ལ་ཆོས་དང་མཐུན་པའི་ལས་གྱིས༔ འཁོར་གྱི་སྙིང་པོ་མཁའ་འགྲོ་དམ་ཅན་བརྟེན་ལ་ཚོགས་དང་གཏོར་མ་ཕུལ༔ ཟས་ཀྱི་སྙིང་པོ་ཆོས་ཉིད་བདུད་རྩི་སྐྱེ་བ་མེད་པ་ཟོ་ལ་ཏིང་འཛིན་འགྱུར་མེད་སྒོམས༔ སྐོམ་གྱི་སྙིང་པོ་བླ་མའི་ཞལ་གདམས་བདུད་རྩི་བཏུང་ལ་ཡང་ཡང་གསོལ་བ་ཐོབ༔ གོས་ཀྱི་སྙིང་པོ་དབང་དང་དམ་ཚིག་ནོས་ལ་མཐའ་རུ་ཐོན༔ འདུ་འཛིའི་སྙིང་པོ་ཏིང་འཛིན་སྤྲོ་བསྡུ་གྱིས་ལ་རིག་པའི་རྩལ་ཀ་སྦྱོངས༔ ལོངས་སྤྱོད་སྙིང་པོ་སྒོམ་སྒྲུབ་གྱིས་ལ་ཆོས་སྤྱོད་ལམ་རིམ་སྒོ་གསུམ་སྨིན་པར་གྱིས༔ ལྟད་མོའི་སྙིང་པོ་བསྐྱེད་རྫོགས་རིམ་པར་སློབས་ལ་སྒོམས༔ དགྲ་བླའི་སྙིང་པོ་ཡེ་ཤེས་ལྷ་ལ་རྒྱུན་ཆད་མེད་པར་མཆོད་པ་ཕུལ༔ བླ་མཆོད་སྙིང་པོ་རྡོ་རྗེ་སློབ་དཔོན་སྤྱི་བོར་སྒོམས་ལ་གསོལ་བ་ཐོབ༔ ལས་ཀྱི་སྙིང་པོ་དཔེ་ཆ་བྲིས་ལ་གང་ལ་གང་འདོད་བྱིན༔ མེ་ལོང་སྙིང་པོ་དམ་པའི་ཆོས་ལ་ལྟོས་ལ་གསོལ་འདེབས་རེམ་ལ་གྱིས༔ ལྷ་ཁང་སྙིང་པོ་རང་ལུས་དཀྱིལ་འཁོར་སྒོམས་ལ་ཡི་དམ་གསལ་བར་གྱིས༔ རྒྱན་གྱི་སྙིང་པོ་ཚད་མེད་བཞི་ལ་སྦྱོངས་ལ་འགྲོ་དོན་ཕྱོགས་རིས་མེད་པར་གྱིས༔ ཆོས་ཀྱི་སྙིང་པོ་རང་སེམས་ཆོས་ཉིད་མ་བཅོས་སྟོང་གསལ་ངང་དུ་ཞོག༔ དམ་ཚིག་སྙིང་པོ་རང་སེམས་རྒྱུན་ཆད་མེད་པར་ལྟོས་ལ་སེམས་ཉིད་གཙང་མར་ཐོན༔ མན་ངག་སྙིང་པོ་རྒྱུད་ལ་ཟོལ་ཟོག་མེད་པར་གྱིས་ལ་སྙན་བརྒྱུད་གདམས་ངག་སྒོམས༔ དཀྱིལ་འཁོར་སྙིང་པོ་དགོངས་པ་འགྱུར་མེད་ཆོས་ཉིད་ངང་དུ་ཞོག༔ ལྟ་བའི་སྙིང་པོ་ཆོས་སྐུ་འགྱུར་མེད་ལྟོས་ལ་རང་ངོ་ཤེས་པར་གྱིས༔ སྒོམ་གྱི་སྙིང་པོ་ཡི་དམ་སྐྱེ་མེད་སྒོམས་ལ་ཆོས་ཉིད་བརྟན་པར་གྱིས༔ སྤྱོད་པའི་སྙིང་པོ་བླང་དོར་མེད་པར་སྤྱོད་ལ་ཆགས་ཞེན་མེད་པར་གྱིས༔ འབྲས་བུའི་སྙིང་པོ་སྐུ་གསུམ་རང་ལ་གནས་པས་འབྲས་བུ་གཞན་མ་བཙལ༔ དེ་ལྟར་བྱས་ན་སྐྱེ་བ་དེའི་འོག་རོལ་དུ༔ བདེ་བ་ཅན་དུ་སངས་རྒྱས་འཐོབ་ཅིང་པདྨའི་སྦུབས་ལས་སྐྱེ་བར་འགྱུར༔ ཞེས་མངའ་བདག་ལ་ལུང་བསྟན་ཏོ༔ ཆོས་རྣམས་གཏེར་དུ་སྦས་ནས་མངའ་བདག་ལ་ལུང་བསྟན་པས༔ རྒྱལ་པོ་ཤིན་ཏུ་མཉེས་ནས་མཆོད་པ་ཕུལ༔ ཕྱག་བཙལ༔ དེ་ནས་སློབ་དཔོན་གྱིས་མཆིམས་ཕུར་ཐུགས་དམ་ལ་བཞུགས་སོ༔ རྒྱལ་པོས་རྒྱལ་ཁྲིམས་ཆོས་ཁྲིམས་བསྐྱངས་སོ༔ དེ་ལྟར་རྒྱལ་པོས་སྟག་གི་ལོ་ལ་བསམ་ཡས་རྨང་བཏིང་ནས༔ རྟའི་ལོ་ལ་བསམ་ཡས་འབྱོངས༔ ལུག་གི་ལོ་ལ་ཆོས་རྣམས་བསྒྱུར༔ ལྔ་བཅུ་རྩ་དྲུག་གླང་གི་ལོ་ལ་འདའ་དུས་ཡིན་པ་ལ༔ སྐུ་ཡི་རིམ་གྲོ་བྱས་པས་ལོ་བཅུ་གསུམ་བསྲིང་བར་ནུས་སོ༔ དེ་ནས་དྲུག་ཅུ་རྩ་དགུ་སྟག་གི་ལོ་ལ་རྒྱལ་པོ་དགུང་དུ་གཤེགས་ཏེ༔ སྐུ་རྩལ་མི་རབས་མེད་པར་བློན་འབངས་རྣམས་ལ་བཀའ་ཆེམས་རྒྱས་པར་བཞག་ནས་འཇམ་དབྱངས་ཀྱི་ཐུགས་ཀར་ཐིམ་པ་ལགས་སོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ ཆོས་དང་གདམས་ངག་རྣམས་གཏེར་དུ་སྦས་ཤིང་རྒྱལ་པོ་ལ་ལུང་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ༔ ༔དེ་ནས་རྒྱལ་བུ་མུ་ཏིག་བཙན་པོ་ཞེས་བྱ་བ་རྒྱལ་པོར་མངའ་གསོལ་ནས༔ ཡབ་རྒྱལ་པོའི་བཀའ་ཁྲིམས་ཇི་ལྟ་བར་བསྐྱངས༔ སློབ་དཔོན་པདྨའི་ཞབས་སྤྱི་བོར་བླངས་ཏེ༔ ཟ་འོག་གི་འབོལ་བཏིང་སྤྱང་དཀར་གྱི་སློག་པ་ལ་གསོལ་ནས༔ རྒུན་ཆང་དང་འབྲས་ཆང་གི་སྐྱེམས་དྲངས༔ སྤྱན་གཟིགས་སྣ་ཚོགས་པའི་ཟས་དྲངས༔ རིན་པོ་ཆེ་དངུལ་གྱི་མཎྜལ་གསེར་གཡུའི་ཕྲ་བཀོད་པ་ཕུལ་ནས༔ དབང་དང་གདམས་ངག་བཅས་པ་ཞུས༔ སློབ་དཔོན་ཉིད་ཀྱིས་རྒྱལ་བུ་ལ༔ བཅོམ་ལྡན་འདས་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་དུ་དབང་བསྐུར༔ ཞི་ཁྲོ་སྦྲགས་མའི་གདམས་ངག་གནང་ནས་སྨིན་གྲོལ་རྫོགས་པར་མཛད་དོ༔ དེ་ནས་སློབ་དཔོན་བོ་དྷི་སཏྭ་ཡང་བྱང་ཆུབ་གླིང་དུ་སྤྲུལ་པའི་དཀྱིལ་འཁོར་བསྡུས་ནས༔ སློབ་དཔོན་དང་རྒྱལ་བུ་གཉིས་ཀྱིས་དར་ཟབ་ཏུ་དྲིལ་ནས༔ ཙནྡན་གྱི་ཀེའུ་ཚང་གི་ལོགས་ལ༔ གསེར་གཡུས་རྒྱས་བཏབ་ནས༔ མཆོད་པའི་རྟེན་བྱས་ཏེ་བཞུགས་སོ༔ དེ་ནས་སློབ་དཔོན་པདྨའི་ཞལ་ནས༔ བདག་འདྲ་པདྨ་འབྱུང་གནས་འདི༔ བསོད་ནམས་བསགས་པས་ཨུ་རྒྱན་ཡུལ་དུ་སྐྱེས༔ སུམ་སྟོང་དྲུག་བརྒྱ་རྒྱ་གར་ཡུལ་དུ་བསྡད༔ ལས་ཀྱིས་བདས་པས་བོད་ཡུལ་དབུས་སུ་ཕྱིན༔ ལྔ་བཅུ་རྩ་གཅིག་ཁ་བ་ཅན་འདིར་བསྡད༔ སྨོན་ལམ་སྟོབས་ཀྱིས་རྒྱལ་པོའི་བླ་མཆོད་བྱས༔ སྟག་གི་ལོ་ལ་བསམ་ཡས་རྨང་བཏིང་ནས༔ རྟའི་ལོ་ལ་ཐུགས་དམ་བསམ་ཡས་འགྲུབ༔ ཆོས་ཀྱི་རྒྱལ་པོའི་ཐུགས་དགོངས་རྫོགས་པར་བྱས༔ གླང་ལོར་རྒྱལ་པོ་ལྔ་བཅུ་རྩ་དྲུག་བཞེས༔ དེ་ལ་རྒྱལ་པོ་འདའ་དུས་ཡིན་པ་ལ༔ སྐུ་ཡི་རིམ་གྲོས་བཅུ་གསུམ་སྐུ་ཚེ་བསྲིངས༔ དྲུག་ཅུ་རྩ་དགུ་སྟག་གི་ལོ་ལ་གཤེགས༔ མུ་ཏིག་བཙན་པོ་རྒྱལ་སར་དབང་བསྐུར་ནས༔ ངས་ཀྱང་དབང་བསྐུར་གདམས་ངག་རྫོགས་པར་གནང༔ རྒྱལ་པོ་ཡབ་ཀྱི་བཀའ་ཁྲིམས་ཇི་ལྟ་བར༔ རྗེ་འབངས་རྣམས་ཀྱིས་རྒྱལ་སྲིད་དར་བར་སྐྱོང༔ བླ་ཡི་མཆོད་གནས་བོ་དྷི་སཏྭ་ཡང༔ བྱང་ཆུབ་གླིང་དུ་སྤྲུལ་པའི་དཀྱིལ་འཁོར་བསྡུས༔ ད་ནི་བདག་ཀྱང་འདི་རུ་མི་སྡོད་དེ༔ སྒྲུབ་པའི་གནས་ཤིག་བཙལ་ནས་དགེ་སྦྱོར་བྱེད་དུ་འགྲོ༔ ཞེས་གསུངས་ནས༔ མཆིམས་ཕུའི་ཡང་དབེན་དུ་ཟླ་བ་གསུམ་དང་ཞག་གསུམ་དགོངས་པ་མཛད༔ བསྒྲགས་ཀྱི་ཡང་རྫོང་དུ་ཟླ་བ་ལྔ་དང་ཞག་ལྔ་བཞུགས༔ ཏི་སྒྲོ་བྲག་དཀར་ལ་ཟླ་བ་བདུན་དང་ཞག་བདུན་དགོངས་པ་མཛད༔ མོན་ཁ་ནེའུ་རིང་དུ་ཟླ་བ་གཅིག་དང་ཞག་བཅུ་དགོངས་པ་མཛད༔ མོན་མཐའ་བྲག་མཐའ་ཁྲ་མོ་རུ་ཟླ་བ་གསུམ་དང་ཞག་གསུམ་དགོངས་པ་མཛད༔ མོན་གོང་བྲག་ཕུག་ཏུ་ཟླ་བ་གཅིག་དང་ཞག་བདུན་ཐུགས་དམ་མཛད༔ མུ་ཏིག་ཤེལ་གྱི་སྦ་མ་གངས་སུ་ཟླ་བ་གཅིག་དང་ཞག་བཅུ་ཐུགས་དམ་མཛད༔ ཡར་ལུང་ཤེལ་གྱི་བྲག་ཕུག་ཏུ་ཟླ་བ་གསུམ་དང་ཞག་གསུམ་ཐུགས་དམ་མཛད༔ རྒྱལ་གྱི་རྩིབ་རི་ལ་ཟླ་བ་གཉིས་དང་ཞག་བཞི་ཐུགས་དམ་མཛད༔ ཏི་སེའི་གངས་ལ་ཟླ་བ་ལྔ་དང་ཞག་ལྔ་ཐུགས་དམ་མཛད༔ ལྷོ་བྲག་མཁར་ཆུར་ཟླ་བ་བརྒྱད་དང་ཞག་བརྒྱད་ཐུགས་དམ་མཛད༔ ཙ་རི་ཙ་གོང་དུ་ཟླ་བ་བདུན་དང་ཞག་བདུན་ཐུགས་དམ་མཛད༔ དབེན་གནས་དེ་རྣམས་སྒྲུབ་གནས་སུ་བྱིན་གྱིས་བརླབས༔ བོད་ཡུལ་ཐམས་ཅད་ཞབས་ཀྱིས་བཅགས་ནས༔ ཕྱི་རབས་སྐལ་ལྡན་རྣམས་ལ་གཏེར་ཁ་མང་དུ་སྦས༔ ཁ་བྱང་དང་ཡང་བྱང་གནད་ཀྱི་ལྡེའུ་མིག་རྣམས་སོ་སོར་མང་དུ་སྦས༔ ལས་ཅན་རེ་རེའི་དོན་དུ་སྨོན་ལམ་འདི་སྐད་བཏབ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ སྐལ་པ་ཅན་གྱིས་སྤྱོད་པར་ཤོག༔ ཅེས་སྨོན་ལམ་བཏབ༔ གཏེར་རྒྱ༔ གཏད་རྒྱ༔ སྦས་རྒྱ༔ ཞེས་རིམ་པ་གསུམ་གྱིས་བཏབ༔ གཏད་དོ་གཉེར་དུ་གཏད༔ སྦས་སོ་གཏེར་དུ་སྦས༔ ཟབ་བོ་དམ་དུ་ཆོངས༔ ཞེས་གདམས་སོ༔ དེ་ནས་སློབ་དཔོན་པདྨའི་ཞལ་ནས༔ དུས་ཕྱི་མ་ངའི་གཏེར་ཆོས་དང་འཕྲད་པ་རྣམས༔ ཞལ་ཆེམས་འདིའང་སེམས་ལ་ཞོག་ཅིག་གསུངས༔ དུས་ཕྱི་མ་ངའི་གཏེར་ཆོས་དང་འཕྲད་པའི་ལས་ཅན་རྣམས༔ གདམས་ངག་འཚོ་མ་ཤེས་ན་འཕྲལ་རྐྱེན་འོང་བས་གསང་ཐུབ་པར་གྱིས་ཤིག༔ མན་ངག་ངོམ་སྔ་ན་གཞན་གྱིས་ཕྲག་དོག་དང་བརྣབ་སེམས་དང་སྐུར་པ་འདེབས་སུ་འོང་བས་སྒྲུབ་པ་ལ་རྟགས་ཐོན་པར་གྱིས་ཤིག༔ ཁེ་གྲགས་དང་འཕྱོར་ཆེས་ན་གཞན་གྱིས་ཚུར་ལ་ངན་འོང་བས་མཐུ་ཆོས་དང་ལྡན་པར་གྱིས་ཤིག༔ དམ་ཚིག་ས་གཞི་ལྟ་བུར་སྲུངས་ཤིག༔ དམ་ཚིག་ཉམས་ན་ཚེ་འདིར་བཀྲ་མི་ཤིས་ཤིང༔ ཕྱི་མ་དམྱལ་བར་འགྲོ་བ་ཡིན༔ ལྟ་བ་ནམ་མཁའ་ལྟར་མཐོ་བར་གྱིས་ཤིག༔ ལྟ་བའི་མཐའ་མ་ཆོད་ན་གོལ་སར་འགྲོའོ༔ སྒོམ་པ་གསེར་ཕུར་ལྟར་ཐོབ་ཅིག༔ སྒོམ་མ་བརྟན་ན་བྱེད་ལོ་ཙམ་གྱིས་བརྟན་པ་མི་འཐོབ༔ སྤྱོད་པ་དཔའ་གདིང་བཅས་པར་གྱིས་ཤིག༔ ཚུལ་འཆོས་དང་ལོ་འདོད་ཀྱིས་གཞན་མི་ཐུལ་ལོ༔ མན་ངག་གཏེར་ལྟར་སྦོས་ཤིག༔ སྤེལ་དྲགས་ན་འཆལ་བས་རྩིས་མི་འོང་ངོ༔ སྒོམ་སྒྲུབ་གང་བྱེད་ཀྱང་མན་ངག་བླ་མ་ལ་རྩད་ཆོད་ཅིག༔ བླ་མའི་བྱིན་རླབས་མེད་ན་ཆོས་ལ་བྱིན་རླབས་མི་འབྱུང་ངོ༔ ལྟ་སྤྱོད་རྩིང་ན་ཆོས་ལ་བར་ཆད་འོང་བས༔ ལྟ་བ་ཁ་འབྱམས་སུ་མ་གཏང་ཞིག༔ སྤྱོད་པ་བབ་ཆོལ་དུ་མ་སྤྱོད་ཅིག༔ ཆོས་ཀྱི་མཐའ་ནི་དམ་ཚིག་དང་སྙིང་རྗེ་ལ་ཐུག༔ རང་དམ་ཚིག་གཙང་མར་གྱིས་ལ་གཞན་སྙིང་རྗེས་ཟུངས་ཤིག༔ ཆོས་རང་གིས་བསྒྲུབས་རྟགས་མ་ཐོན་བར་དུ་གཞན་ལ་མ་སྟེར་ཅིག༔ གཞན་ཆོས་ལ་ཡིད་མི་ཆེས་པས་རྩིས་མི་འོང་བ་ཡིན་ནོ༔ གདམ་པ་དང་ཆོས་དུས་གཅིག་ལ་མ་སྦྱིན༔ ཆོས་ཚར་ནས་འབྲེལ་པ་གཅོད་དུ་འོང་བས་སྣོད་རྟོག་ཅིག༔ གཏེར་གྱི་ཆོས་འདི་ཤིན་ཏུ་ཟབ་པས༔ གཟོབས་ལ་སྤྱོད་ཅིག༔ དེ་ལྟར་བྱས་ན་བྱིན་རླབས་ཤུགས་ལས་འབྱུང༔ སངས་རྒྱས་རང་ལས་རྙེད༔ དགོས་འདོད་ཐམས་ཅད་མིས་སྟེར༔ བཀུར་སྟི་ཀུན་གྱིས་བྱེད༔ འཚོ་བ་ལྷས་སྦྱོར༔ བསམ་པ་ཡིད་བཞིན་དུ་འགྲུབ༔ སངས་རྒྱས་ཀྱི་བརྒྱུད་ཟིན༔ ཆོས་ཀྱི་དོན་རྟོགས༔ དགེ་འདུན་གྱི་སྡེ་ཚུགས༔ བསྟན་པ་དར་ཞིང་རྒྱས་པར་བྱེད་པ་ཡིན་ནོ༔ དེ་ལྟར་མ་བྱས་པར་ཆོས་རང་གིས་ཉམས་སུ་མ་ལོན་པར༔ གཞན་ལ་ཟས་དང་ནོར་ངོར་བལྟས་ན༔ སངས་རྒྱས་ཀྱི་བླ་འཚོང༔ ཆོས་ཀྱི་རྐང་འདྲེན༔ དགེ་འདུན་གྱི་ངན་དཔེ༔ སྡིག་པའི་སློབ་དཔོན༔ དམྱལ་བའི་གྲོས་མཁན༔ རང་དོན་དམྱལ་བར་བཏང་ནས༔ མི་ལུས་རིན་པོ་ཆེ་ཆུད་གསོན་པ་ཡིན་ནོ༔ ང་ཡི་གཏེར་ཆོས་ཤིན་ཏུ་གཉན་པས་རབ་ཏུ་འཚོ་ཤེས་པར་གྱིས་ཤིག་གསུངས་སོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་པདྨས་བོད་ཀྱི་སྒྲུབ་གནས་ཞབས་ཀྱིས་བཅགས་ནས་ཐུགས་ཀྱི་གཏེར་སྒོ་བསྡམས་པ་དང༔ ཞལ་གདམ་གྱི་ལེའུ་སྟེ་ཉེར་གཉིས་པའོ༔ ༔དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ སྲིན་ཡུལ་ལངྐ་པཱུ་རི་ཞེས་ཛམྦུའི་གླིང་སོག་ཀའི་ཡུ་བ་ལ་སྲིན་པོ་ཡོད་ལ༔ དེ་ཡང་ཨོ་རྒྱན་ཡུལ་དང་ཉེ་བར་ཡོད་དོ༔ སྲིན་པོ་ཁ་འཕྱུར་ནས་སྲིན་པོས་མི་གསོད་དུ་འོང་བས༔ རྒྱ་གར་དང་བལ་པོ་བོད་ལ་སོགས་ཐམས་ཅད་འཇོམས་པར་བྱེད་པས༔ སློབ་དཔོན་གྱིས་ཛམྦུའི་གླིང་གི་མི་རྣམས་ལ༔ མི་འཇིགས་པའི་སྦྱིན་པ་གཏང་བའི་ཕྱིར༔ སྲིན་པོའི་སོ་ཁ་སྲུང་བར་དགོངས་ནས༔ དཔལ་གྱི་བསམ་ཡས་ནས་ཟངས་མདོག་དཔལ་རིའི་རྩེར་གཤེགས་པར་དགོངས་པ་ན༔ ལྷ་སྲས་མུ་ཏིག་བཙན་པོ་ལ་སོགས་པའི༔ བོད་ཀྱི་རྒྱལ་པོ་དང༔ བློན་པོ་དང༔ རབ་བྱུང་བཙུན་པ་ཕོ་མོ་དང༔ དགེ་བཤེས་དང༔ སྔགས་པ་དང༔ སྒོམ་ཆེན་དང༔ རྣལ་འབྱོར་པ་དང༔ སྨན་པ་དང༔ བྲིིས་ཀློག་མཁན་དང༔ གཙོ་བོ་དང༔ བུད་མེད་ལ་སོགས་པའི་ཡོན་བདག་ཕོ་མོ་དང༔ བོད་འབངས་ཐམས་ཅད་ཀྱིས་བཞུགས་པར་ཞུས་ཀྱང་མ་གནང་ཏེ༔ བོད་ལ་ཐུགས་མུག་སྐྱེས་པའི་མགུར་འདི་གསུངས་སོ༔ ན་མོ་རཏྣ་གུ་རུ༔ རྗེ་འོད་དཔག་མེད་དང་སྤྱན་རས་གཟིགས༔ ཁྱེད་ཐུགས་རྗེས་འགྲོ་བ་ཀུན་ལ་ཁྱབ༔ བདག་གདུལ་བྱར་བྱིན་གྱིས་བརླབས་ནས་ཀྱང༔ འཁོར་བ་སྟོངས་པར་མཛད་དུ་གསོལ༔ ཡང་གསོན་དང་བོད་ཀྱི་རྗེ་འབངས་ཀུན༔ བདག་ཨོ་རྒྱན་པདྨ་འབྱུང་གནས་འདི༔ སྔོན་གྱི་ལས་འཕྲོས་བོད་དུ་འོང༔ རྗེ་རྒྱལ་པོའི་དགོངས་པ་རྫོགས་པར་བྱས༔ བོད་ཡུལ་མུན་པས་འཐུམས་པའི་ཞིང་ཁམས་སུ༔ ཆོས་ཀྱི་ཉི་མ་ཤར་བར་བྱས༔ འགྲོ་ཀུན་བདེ་ལེགས་གཉིས་ལ་བཀོད༔ བོད་ཀྱི་མངའ་བདག་དགུང་དུ་གཤེགས༔ ད་ནི་བོད་དུ་མི་འདུག་སྟེ༔ བོད་ཀྱི་མི་དང་བདག་མ་མཐུན༔ ང་འགྲོ་རྒྱ་གར་ཡུལ་དུ་འགྲོ༔ རྒྱལ་སྲིད་ཆོས་ཀྱིས་མི་སྐྱོང་བར༔ བློན་པོས་ཆོས་རྒྱལ་ཁ་ལོ་སྒྱུར༔ བོད་ཀྱི་རྒྱལ་བློན་རྣམས་དང་ང་མ་མཐུན༔ སྡིག་སྤྱོད་རྒྱལ་པོ་ཚོ་ལ་ཡི་རེ་མུག༔ ང་འགྲོ་རྒྱ་གར་ཡུལ་དུ་འགྲོ༔ འདུལ་ཁྲིམས་གཙང་མར་མི་སྲུང་བར༔ ལྐོག་ཏུ་ཤ་ཆང་བུད་མེད་བསྟེན༔ བོད་ཀྱི་རབ་བྱུང་རྣམས་དང་ང་མ་མཐུན༔ ཚུལ་འཆོས་མཁན་ལ་ཡི་རེ་མུག༔ ང་འགྲོ་རྒྱ་གར་ཡུལ་དུ་འགྲོ༔ བཀའ་བསྟན་བཅོས་གཞུང་བཞིན་མི་འཆད་པར༔ བསླད་མའི་ཆོས་ཀྱིས་མི་མགོ་བསྐོར༔ བོད་ཀྱི་སྟོན་པ་རྣམས་དང་ང་མ་མཐུན༔ བཀའ་རས་ཆོད་མཁན་ལ་ཡི་རེ་མུག༔ ང་འགྲོ་རྒྱ་གར་ཡུལ་དུ་འགྲོ༔ མཉམ་བཞག་རྗེས་ཐོབ་མི་བསྲེ་བར༔ གོ་བ་ཙམ་ལ་ཉམས་རྟོགས་བྱེད༔ བོད་ཀྱི་སྒོམ་ཆེན་རྣམས་དང་ང་མ་མཐུན༔ ཞི་གནས་མཁན་ལ་ཡི་རེ་མུག༔ ང་འགྲོ་རྒྱ་གར་ཡུལ་དུ་འགྲོ༔ དམ་ཚིག་གཙང་མར་མི་སྲུང་བར༔ ཐེག་ཆེན་གསང་སྔགས་བོན་དུ་གྱེར༔ བོད་ཀྱི་སྔགས་པ་རྣམས་དང་ང་མ་མཐུན༔ དམ་ཉམས་ཚོ་ལ་ཡི་རེ་མུག༔ ང་འགྲོ་རྒྱ་གར་ཡུལ་དུ་འགྲོ༔ ཆོས་ལྟ་སྒོམ་དོན་དང་མི་ལྡན་པར༔ ཁ་ལྟ་འུད་ཀྱིས་རང་མགོ་སྐོར༔ བོད་ཀྱི་རྣལ་འབྱོར་རྣམས་དང་ང་མ་མཐུན༔ ཐོ་ཅོ་མཁན་ལ་ཡི་རེ་མུག༔ ང་འགྲོ་རྒྱ་གར་ཡུལ་དུ་འགྲོ༔ མི་ཆོས་དང་ལྷ་ཆོས་མི་བསྲེ་བར༔ བློ་ངན་གྱིས་བསྟན་སྲིད་ཆུ་ལ་བསྐུར༔ བོད་ཀྱི་གཙོ་བློན་རྣམས་དང་ང་མ་མཐུན༔ བློ་ངན་འདུན་ཉེས་མཁན་ལ་ཡི་རེ་མུག༔ ང་འགྲོ་རྒྱ་གར་ཡུལ་དུ་འགྲོ༔ སྦྱིན་པ་ཕྱོགས་མེད་མི་གཏོང་བར༔ སེར་སྣས་ཡི་དྭགས་སྐྱེ་རྒྱུན་གསོག༔ བོད་ཀྱི་ཡོན་བདག་རྣམས་དང་ང་མ་མཐུན༔ གཡོ་སྒྱུ་འཇུར་གེགས་མཁན་ལ་ཡི་རེ་མུག༔ ང་འགྲོ་རྒྱ་གར་ཡུལ་དུ་འགྲོ༔ དད་པ་དང་སྙིང་རྗེ་མི་སྲེ་བར༔ ཁ་དད་ཀྱིས་ཟོག་པོའི་ཕྱི་རུ་འབྲང༔ བོད་ཀྱི་ཉ་མ་རྣམས་དང་ང་མ་མཐུན༔ བྱི་མོ་མཇུག་དད་ཚོ་ལ་ཡི་རེ་མུག༔ ང་འགྲོ་རྒྱ་གར་ཡུལ་དུ་འགྲོ༔ ཁྱེད་བོད་ཀྱི་བུ་སློབ་ཅི་བདེར་བཞུགས༔ ང་འགྲོ་སྲིན་པོའི་ཡུལ་དུ་འགྲོ༔ ད་ཕྱིན་ཆད་མཇལ་བའི་སྨོན་ལམ་འདེབས༔ ཞེས་གསུངས་སོ༔ དེ་ནས་བོད་ཀྱི་བུ་སློབ་རྗེ་འབངས་ཐམས་ཅད་རང་གིས་རང་ལ་ཡི་ཆད་ནས༔ སྙིང་ཁར་འཚངས༔ གདོོང་མཆི་མས་གང༔ ཁོང་ཡུས་ཀྱིས་བརྣངས་ཏེ༔ ཐམས་ཅད་ཀྱིས་ཕྱག་གྱང་འགྱེལ་ཐབས་སུ་འཚལ༔ ཞབས་སྤྱི་བོར་བླངས་ནས༔ ན་བཟའ་ལ་འཇུས་ཏེ་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ ཁྱེད་རྒྱ་གར་གྱི་ཡུལ་དུ་བཞུད་ན༔ ཕྱི་ནང་གི་སྒྲོ་འདོགས་གཅོད་རྒྱུ་ནི་མི་མངའ༔ སྔར་ཡང་རྗེའི་སྐུ་རིང་ལ་བཀའ་དྲིན་ཆེ་བར་མཛད༔ ད་དུང་བོད་ཀྱི་རྗེ་འབངས་རྣམས་ལ་ཐུགས་རྗེས་བཟུང་འཚལ༔ ཅིས་ཀྱང་བཞུགས་པར་ཞུ༔ ཞེས་ཞུས་པས༔ སློབ་དཔོན་གྱི་ནས༔ བདག་གིས་སྔར་ཡང་རྗེའི་རིང་ལ་བསྟན་པ་དར་ཞིང་རྒྱས་པར་བྱས༔ ཁྱེད་རྗེས་འཇུག་གི་རྗེ་འབངས་རྣམས་ཀྱང༔ ངེད་ཡོན་མཆོད་ཀྱི་སྲོལ་ཀ་ཇི་ལྟ་བ་བཞིན་སྐྱོངས་ཤིག༔ ང་རྒྱ་གར་དུ་འགྲོ་བ་ནི༔ ཕྱི་ནང་གི་སྒྲོ་འདོགས་གཅོད་རྒྱུ་མེད་ཀྱང༔ སྲིན་ཡུལ་ལངྐ་པུ་རི་ནས་སྲིན་པོ་ཁ་འཕྱུར་བས༔ དེ་མ་ཐུལ་ན༔ ཛམྦུའི་གླིང་གི་མི་རྣམས་ཟ་བར་བྱེད་པས༔ དེ་ངས་འདུལ་བའི་དུས་ལ་བབས་པས༔ སྲིན་པོ་འདུལ་དུ་འགྲོ་གསུངས་ནས་མགུར་འདི་གསུངས་སོ༔ རྗེ་བྱིན་གྱིས་རློབ་པའི་བླ་མ་དང༔ དངོས་གྲུབ་སྟེར་བའི་ཡི་དམ་ལྷ༔ བར་ཆད་སེལ་བའི་མཁའ་འགྲོ་མ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ ཨོ་རྒྱན་པདྨ་འབྱུང་གནས་ང༔ མཚོ་སྐྱེས་པདྨའི་ནང་ནས་འཁྲུངས༔ མངལ་གྱི་དྲི་མས་མ་གོས་པའི༔ སྐྱེ་གནས་ཁྱད་པར་འཕགས་པ་ལགས༔ དང་པོ་ཨོ་རྒྱན་ཞིང་ཁམས་སུ༔ ཨིནྡྲ་བོ་དྷིའི་རྒྱལ་བུ་བྱས༔ རྒྱལ་སྲིད་དམ་པའི་ཆོས་ལ་བསྒྱུར༔ བར་དུ་རྒྱ་གར་ཡུལ་ཕྱོགས་སུ༔ མཁས་གྲུབ་སྐྱེས་མཆོག་ཀུན་ལ་གཏུགས༔ ཐོས་བསམ་སྒོམ་ལ་ནན་ཏན་བྱས༔ དོན་རླུང་སེམས་གཉིས་ལ་རང་དབང་ཐོབ༔ ཐ་མ་བོད་ཀྱི་ཡུལ་དུ་འོངས༔ འཇིག་རྟེན་དྲེགས་པ་ཐམས་ཅད་བཏུལ༔ མངའ་བདག་གི་དགོངས་པ་རྫོགས་པར་བྱས༔ གདུལ་བྱ་སྨིན་གྲོལ་མཐའ་རུ་ཕྱིན༔ དུས་དེང་སང་སྙིགས་མ་ལྔ་ཡི་དུས༔ རྩོད་ལྡན་དུས་ཀྱི་ཐ་མ་ལ༔ སྤྱིར་ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན༔ མ་ནོར་ལམ་ལ་ཞུགས་པ་དཀོན༔ ལོག་རྟོག་བདུད་ཀྱི་དབང་དུ་གྱུར༔ ཁྱད་པར་སྐྱེ་འགྲོའི་སྲོག་འཕྲོག་ཅིང༔ རྣམ་སྨིན་ངན་སོང་དུ་ཁྲིད་བྱེད་པ༔ ལྷོ་ནུབ་རྔ་ཡབ་གླིང་ཕྲན་ན༔ ཞེ་སྡང་སྲིན་པོས་ཁ་ལོ་སྒྱུར༔ དེ་འདུལ་ནུས་ཀྱི་སྐྱེས་བུ་ང་ལས་མེད༔ ང་རང་ལུས་རྡོ་རྗེའི་སྐུ་རུ་གྱུར༔ ཡོ་ག་ཚེ་ཡི་རིག་འཛིན་བརྙེས༔ ངག་གསང་སྔགས་ཆོས་ཀྱི་གྲུབ་པ་ཐོབ༔ མཐུ་དང་ནུས་པ་ཕུན་སུམ་ཚོགས༔ ཡིད་དུས་གསུམ་སངས་རྒྱས་ཀྱི་དགོངས་པ་རྟོགས༔ དོན་གཉིས་མེད་ཀྱི་སེམས་ཉིད་མངོན་དུ་གྱུར༔ དུས་ད་ལྟར་གྱི་འགྲོ་དྲུག་སེམས་ཅན་ལ༔ མི་འཇིགས་སྦྱིན་པ་གཏང་བའི་ཕྱིར༔ ལྷོ་ནུབ་སྲིན་པོ་འདུལ་དུ་འགྲོ༔ བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་ནི༔ ལོག་རྟོག་ཤ་ཟ་སྲིན་པོ་རྣམས༔ ཐབས་ཀྱིས་བཏུལ་ནས་ཆོས་ལ་བཀོད༔ ཐམས་ཅད་སངས་རྒྱས་ཀྱི་ཞིང་ཁམས་སུ༔ བདེ་ལེགས་གཉིས་ལ་བཀོད་དུ་འགྲོ༔ ཁྱེད་བོད་ཀྱི་རྗེ་འབངས་བུ་སློབ་རྣམས༔ ཡུན་དུ་སྐུ་ཁམས་ཅི་བདེར་བཞུགས༔ ང་སྐྱེ་འཆི་མེད་པའི་སྐུ་ཐོབ་པས༔ འདས་གྲོངས་དང་འཕོ་འགྱུར་ང་ལ་མེད༔ ལུས་འབྱུང་བ་བཞི་ལ་དབང་ཐོབ་པས༔ མི་བདེ་བ་སྐྱོན་གྱི་སྡུག་བསྔལ་མེད༔ བྱམས་སྙིང་རྗེ་གཉིས་ལ་དབང་ཐོབ་པས༔ འགྲོ་དོན་བྱེད་ལ་སྐྱོ་དུབ་མེད༔ ཆོས་རླུང་སེམས་གཉིས་ལ་དབང་ཐོབ་པས༔ ཕྲིན་ལས་བཞི་ལ་ཐོགས་རྡུགས་མེད༔ ཁྱེད་འདིར་བཞུགས་རྗེ་འབངས་བུ་སློབ་རྣམས༔ དད་གུས་མོས་པས་གསོལ་བ་ཐོབ༔ ངས་ཀྱང་ཐུགས་རྗེའི་ལྕགས་ཀྱུས་བཟུང༔ མོས་གུས་ལྟེམ་རྐྱང་མ་ཤོར་ཅིག༔ ང་དང་ཡང་ཡང་མཇལ་བར་མཆིས༔ ཞེས་གསུངས་ནས་བཞུགས་པར་མ་གནང་བས༔ རྗེ་འབངས་ཐམས་ཅད་ཡུས་ཀྱིས་བརྣངས་ཏེ༔ ཁོང་སྟོང་སྟོང་བྱེད་པར་གྱུར་ཏོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་པདྨ་ལྷོ་ནུབ་ཏུ་བཞུད་པར་དགོངས་པ་ན༔ བོད་ཀྱི་རྗེ་འབངས་རྣམས་ཀྱིས་བཤོལ་བ་ལ་མ་གནང་བའི་ལེའུ་སྟེ་ཉེར་གསུམ་པའོ༔ ༔དེ་ནས་སློབ་དཔོན་པདྨ་ལྷོ་ནུབ་སྲིན་པོ་འདུལ་བ་ལ་གཤེགས་པར་དགོངས་པའི་ཚེ༔ ལྷ་སྲས་མུ་ཏིག་བཙན་པོ་ལ་སོགས་པའི་རྒྱལ་པོ་རྣམས་ཀྱིས་ཞུས་པ༔ སློབ་དཔོན་བོད་དུ་མི་བཞུགས་རྒྱ་གར་ཡུལ་དུ་གཤེགས་དགོངས་ན༔ ཕྱི་རབས་བོད་ཀྱི་རྒྱལ་པོ་རྣམས་ཀྱིས་ཅི་ལྟར་བགྱིད༔ ཞེས་ཞུས་པས༔ བོད་ཀྱི་རྒྱལ་པོ་རྣམས་ལ་གསུངས་པ༔ བསོད་ནམས་ལྡན་པའི་བོད་ཀྱི་རྒྱལ་པོ་རྣམས༔ རྒྱལ་པོའི་རང་བཞིན་འབངས་དང་ཟླ་མི་བྱ༔ རྒྱལ་པོས་འབངས་ཀྱི་སྤྱོད་པ་བྱ་བ་མིན༔ གཞུང་ཐུབ་ཟོ་བཟང་རབ་ཏུ་བརྟན་པར་གྱིས༔ ཐུགས་ཆེས་ནང་བྱོན་བཀའ་གྲོས་དྲི་བ་ལ༔ དགོས་དོན་ཐུགས་ཆོད་ལྷུག་པར་གསུང་བར་གྱིས༔ སྲིད་ལ་གནོད་པའི་གྲོས་ལ་གསན་མི་བྱ༔ ཁྲོ་གཏུམ་མི་བྱ་ཞི་ཞིང་དུལ་བར་བྱ༔ གཙིགས་དང་བྱ་དགའ་བློ་གྲོས་མཛད་ཀྱང་ནི༔ ཧ་ཅང་མ་ཆེ་རན་ཙམ་མཛད་ན་ལེགས༔ བློན་པོ་འདོད་པ་ཆེ་ཞིང་རིག་པ་མེད༔ སྲིད་ཀྱི་མཁར་ནི་འཇིག་པའི་ཉེན་ཆེ་འོ༔ རྒྱལ་ཁ་བློན་གྱིས་སྒྱུར་བའི་དུས་སུ་ནི༔ དཀོར་དང་སྡིག་ལ་ཤིན་ཏུ་འཛེམ་པར་གྱིས༔ རྒྱལ་སྲིད་ཉམས་ན་རྒྱལ་པོ་གྱ་པ་ཡིན༔ བསྒྱུར་བར་མ་སླ་སྙན་ཁུང་མཐུག་པར་མཛོད༔ ཕྱེད་ཙམ་ཁོང་དུ་བསད་ནས་ཁོང་བ་བསྐྱེད༔ སྲིད་ཀྱི་མུ་མཐའ་རིང་བས་གདོད་མཆིའོ༔ བཙུན་མོ་རྣམས་དང་བུད་མེད་གཞན་དག་ལ༔ འདོད་ཆགས་ཕྱིར་ན་ཐུགས་ལ་བཏགས་དྲགས་ན༔ ང་ཁྱོད་འདྲེས་ཤིང་བཟང་ངན་མེད་པར་འགྲོ༔ ཡིད་ཆེས་མེད་པའི་མི་ལ་བློ་མ་གཏོད༔ ལེགས་པར་མི་འོང་རང་སྲོག་འགུམས་ཉེན་ཡོད༔ ཕྱི་འཁོར་ཞི་བས་སྐྱོངས་ལ་ནང་འཁོར་ཟས་ཀྱིས་སྐྱོངས༔ ཕྱོགས་རིས་བོར་ལ་བཀའ་ནན་མཉམ་མཉམ་མཛོད༔ གཙུག་ལག་ཁང་དང་ལྷ་ཁང་མཆོད་རྟེན་རྣམས༔ བསོད་ནམས་ཆེ་སྟེ་ཐ་མ་སྡིག་པའི་རྒྱུ༔ དེ་བས་སྔར་ཡོད་རྣམས་ལ་བཀུར་སྟི་མཛོད༔ དམ་ཆོས་བསྒྱུར་ལ་ཞུ་གཏུགས་དག་པར་མཛོད༔ ལན་ཅིག་དུས་ན་བཀའ་ལ་ཚད་མར་འཛིན༔ དཀོན་མཆོག་གསུམ་ལ་སྤྱན་ལྟར་གཅེས་པར་མཛོད༔ ཐེག་པའི་ཆོས་ལ་འཇུག་ལུགས་རེ་རེ་སྟེ༔ ཀུན་གྱི་སྒོ་ནས་འབྲས་བུ་ཐོབ་མོད་ཀྱང༔ གསང་སྔགས་རྡོ་རྗེ་ཐེག་པ་དང་དུ་ལོངས༔ སྤྲ་སྤྲོ་བཞུགས་གནས་མང་པོ་ཕུང་བའི་ཉེན༔ ཡོད་པས་ཤིན་ཏུ་བརྟན་ཅིང་བརྟག་པར་མཛོད༔ མཐའ་མི་ལྷོ་བལ་རིག་ཤེས་མེད་པ་ལ༔ ཡིད་ཆེས་མ་མཛད་སླུ་བའི་ཉེན་མཆིས་སོ༔ བང་སོ་བཞུགས་གནས་མ་སྤོ་ཆུང་བའི་ཉེན༔ ཐུགས་ཁྲལ་མ་མཛད་བརྟན་ཞིང་ལྷུན་ཆགས་བཞུགས༔ བཙུན་མོ་རྣམས་ཀྱང་སྲིད་ཀྱི་གཞི་ཡིན་པས༔ ཁོང་ཡངས་ཆེ་ཞིང་ཐེག་པ་ཆེ་བར་མཛོད༔ ཟས་ལ་བཟང་ཞིང་ལག་བྱད་གཙང་བར་མཛོད༔ ལུས་ཚུགས་ཐུབ་ཅིང་བཅའ་ག་འཐག་པར་མཛོད༔ ཡེངས་ལ་མ་འབྱམས་སྤྱོད་ལམ་ཐུབ་པར་གྱིས༔ སྨྲ་ལབ་མ་མང་ངག་འཇམ་ཞེ་ལ་སྲིངས༔ ཕྱི་འཁོར་ནང་འཁོར་བཟང་དང་སྙན་པས་སྐྱོངས༔ ལྷ་སྲས་ལྕམ་དྲལ་རྣམས་ཀྱང་ཆོས་ལ་ཚུད༔ འདིར་བཙུན་ཕྱི་མར་ལྷ་མིའི་མཐོ་རིས་འཐོབ༔ པདྨ་འབྱུང་གནས་བདག་ནི་ད་འགྲོ་བས༔ ད་ལྟར་བཞུགས་དང་སླད་ནས་འབྱོན་པ་ཡི༔ བོད་ཀྱི་རྒྱལ་པོ་རྣམས་ཀྱི་ཐུགས་ལ་དེ་ལྟར་ཞོག༔ ཅེས་གདམས་སོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་པདྨས་བོད་ཀྱི་རྒྱལ་པོ་རྣམས་ལ་ཞལ་ཆེམས་སུ་བཞག་པའི་ལེའུ་སྟེ་ཉེར་བཞི་པའོ༔ ༔དེ་ནས་ཁྲི་བཟང་ཡབ་ལྷག་ལ་སོགས་པའི་བློན་པོ་རྣམས་ཀྱིས་སློབ་དཔོན་ལ་ཞུས་པ༔ གུ་རུ་མི་བཞུགས་རྒྱ་གར་ཡུལ་དུ་གཤེགས་དགོངས་ན༔ ཕྱི་རབས་བློན་པོ་རྣམས་ཀྱིས་ཇི་ལྟར་བགྱི༔ ཞེས་ཞུས་པས༔ སློབ་དཔོན་གྱིས་གསུངས་པ༔ བོད་ཀྱི་རྒྱལ་པོའི་བློན་པོ་བྱེད་པ་རྣམས༔ རྗེ་ཡི་རིམ་གྲོ་ལུས་ངག་གུས་པར་གྱིས༔ ནང་གི་ཁབ་སོ་བཙུན་མོའི་ཞབས་ཏོག་གྱིས༔ ཕྱི་ཡི་ཆབ་སྲིད་ཆོས་དང་མཐུན་པར་སྐྱོངས༔ འབངས་ཀྱི་སོ་ཚིས་ཤ་ཚ་བརྩེ་བར་གྱིས༔ བློན་པོའི་སྐུ་གཉེར་རྗེ་ཡི་བཀའ་བློན་གྱིས༔ རྒྱལ་ཁམས་བདེ་ལ་བཀོད་ཅིང་རྒྱལ་ཁྲིམས་བཙན་པར་གྱིས༔ དཀོན་མཆོག་གསུམ་གྱི་རྟེན་གཟུག་ཐེག་ཆེན་ཆོས་གྲྭ་ཚུགས༔ ཕོ་བྲང་རྒྱལ་ཁམས་གཞུང་བཟུང་སོ་ཁ་ཕྱི་ལ་བསྟན༔ བྱམས་སྡང་ངོ་ཤེས་ལེགས་ཉེས་དོན་རྟོགས་པས༔ སྔ་གྲོས་མི་ཞན་ལེགས་ཉེས་སེམས་པར་གྱིས༔ ཕྱིས་འགྱོད་མི་ཕན་ཐལ་ཟིན་བཅོས་མི་ཐུབ༔ དང་པོ་བསམས་ནས་བྱས་ན་ཕྱི་ནས་མ་ལེགས་བྱུང་ཡང་འགྱོད་པ་མེད༔ ཆོས་ལ་གནས་ཤིང་དང་བ་ཆེ་ལ་དཀོན་མཆོག་མཆོད་ན་ཆོས་བློན་ཡིན༔ གྲོས་མཁན་རིག་པ་ཆེ་ལ་ལེགས་པར་བརྟག་མཁས་མཛངས་བློན་ཡིན༔ དཔའ་ལ་ཟོན་ཐུབ་དགྲ་བོ་ཐབས་ཀྱིས་འདུལ་ན་དཔའ་བློན་ཡིན༔ ཁོང་དུ་ཞེ་གནག་མེད་ཅིང་མཛངས་ཤིང་སྲིད་ཐབས་མཁས་ན་འཕྲུལ་བློན་ཡིན༔ རྒྱལ་པོའི་རྒྱལ་སྲིད་ལེགས་ཉེས་བློན་པོ་བཟང་ངན་ཡིན༔ ལེགས་པར་ལྟ་རྟོག་ཐོབ་ལ་རྒྱལ་པོའི་རྒྱལ་སྲིད་སྐྱོངས༔ པདྨ་འབྱུང་གནས་བདག་ནི་ད་འགྲོ་བས༔ ད་ལྟར་བཞུགས་དང་སླད་ནས་འབྱོན་པ་ཡི༔ ཕྱི་རབས་བློན་པོ་རྣམས་ཀྱི་ཐུགས་ལ་དེ་ལྟར་ཞོག༔ ཅེས་གསུངས་སོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་གྱིས་བློན་པོ་རྣམས་ལ་ཞལ་ཆེམས་སུ་བཞག་པའི་ལེའུ་སྟེ་ཉེར་ལྔ་པའོ༔ ༔དེ་ནས་གཉགས་ཛྙཱ་ན་ཀུ་མཱ་ར་ལ་སོགས་པའི་བོད་ཀྱི་རབ་བྱུང་རྣམས་ཀྱིས་ཞུས་པ༔ གུ་རུ་མི་བཞུགས་རྒྱ་གར་ཡུལ་དུ་འབྱོན་དགོངས་ན༔ ཕྱི་རབས་བོད་ཀྱི་རབ་བྱུང་རྣམས་ཀྱིས་ཅི་ལྟར་བགྱི་ཞུས་པས༔ སློབ་དཔོན་གྱིས་གསུངས་པ༔ ཐར་པའི་ལམ་ལ་གཤེགས་པའི་ཕྱི་རབས་བཙུན་པ་རྣམས༔ མི་ཆོས་ནང་ནས་བྲོས་ཏེ་ཐར་པའི་ལམ་ལ་ཞུགས༔ ཕ་མ་གཉེན་བཤེས་བོར་ནས་ཆགས་པ་མེད་པར་གྱིས༔ སྐྲ་བཞར་སྟོན་པའི་ཆོས་གོས་གྱོན་ནས་རབ་ཏུ་བྱུང༔ མཁན་སློབ་ཁྲིམས་དཔང་མཛད་པའི་མཁས་བཙུན་ལ༔ དགེ་སློང་དགེ་ཚུལ་སྡོམ་པ་ཚུལ་ཁྲིམས་བླང༔ བསླབ་པའི་རིམ་པ་ཉེས་བྱས་མེད་པར་སྲུངས༔ བཞུགས་པའི་གནས་དང་ལྷུང་བཟེད་བཀྲུ་ལ་སོགས༔ མཁན་སློབ་དགེ་འདུན་བགྲེས་ཀུན་ཞབས་ཏོག་དང༔ མཎྜལ་ཆག་ཆག་བྱི་དོར་ལེགས་པར་བྱ༔ མཆོད་པ་ཐམས་ཅད་ཡིད་འོང་ལེགས་པར་བཀོད༔ སྲོད་དང་ཐོ་རངས་མི་ཉལ་དགེ་སྦྱོར་བྱ༔ དགེ་བ་ཆོས་སྤྱོད་ལམ་རིམ་སྣ་ཚོགས་བྱ༔ འདུལ་ཁྲིམས་ཉམས་པའི་བཤགས་པ་དུས་སུ་བྱ༔ བསླབ་པ་ཤེས་བཞིན་བཟུང་ལ་ཕམ་ལྟུང་མེད་པར་བྱ༔ དགེ་འདུན་སྡེ་གྲལ་སྡོད་ཅིང་ཁྱིམ་པའི་སར་མི་སྡོད༔ ཁྱད་པར་བུད་མེད་མ་སྲིང་ཡིན་ཀྱང་བསྟེན་མི་བྱ༔ ཀུན་གྱི་མཆོད་གནས་ཡིན་པས་ཁ་ན་མ་ཐོ་སྤོངས༔ དེ་ལྟར་བྱས་ན་འདིར་བདེ་ཕྱི་མར་ལམ་སྣ་ཟིན༔ འཁོར་བ་སྤངས་ནས་བུད་མེད་བཙུན་མ་བྱས་པ་རྣམས༔ ལས་ངན་སྐྱེ་བ་དམན་པས་མཁས་བཙུན་བློས་མི་ལྕོགས༔ སྐྱེས་པའི་འཁྲི་བ་ཆོད་ལ་འདུལ་ཁྲིམས་གཙང་མར་སྲུངས༔ ཁྱིམ་པའི་ས་ལ་མ་འགྲོ་བཙུན་མའི་སྡེ་ལ་སྡོད༔ ཉན་བཤད་སློབ་གཉེར་བྱ་ཞིང་དགེ་བ་ཅི་ནུས་གསག༔ ཁ་ཏོན་བྱ་ཞིང་བསྐོར་བ་ཕྱག་ལ་ནན་ཏན་སྐྱེད༔ བསླབ་པའི་ཁྲིམས་ལ་གཡོ་སྒྱུ་ཚུལ་འཆོས་མེད་པར་སྲུངས༔ བཙུན་མ་ལོག་ན་འདིར་གཤེ་ཕྱི་མ་དམྱལ་བར་ལྟུང༔ དེ་བས་སེམས་སྟོབས་སྐྱེད་ལ་ཚུལ་ཁྲིམས་དམ་པར་སྲུངས༔ པདྨ་འབྱུང་གནས་བདག་ནི་ད་འགྲོ་བས༔ ད་ལྟར་བཞུགས་དང་སླད་ནས་འབྱོན་པ་ཡི༔ བོད་ཀྱི་རབ་བྱུང་ཕོ་མོ་རྣམས་ཀྱི་ཐུགས་ལ་དེ་ལྟར་ཞོག༔ སློབ་དཔོན་པདྨའི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་པདྨས་བོད་ཀྱི་བཙུན་པ་ཕོ་མོ་རྣམས་ལ་ཞལ་ཆེམས་སུ་བཞག་པའི་ལེའུ་སྟེ་ཉེར་དྲུག་པའོ༔ ༔དེ་ནས་སྐ་ཅོག་རྣམ་གཉིས་ལ་སོགས་བོད་ཀྱི་དགེ་བཤེས་སྟོན་པ་རྣམས་ཀྱིས་ཞུས་པ༔ གུ་རུ་མི་བཞུགས་རྒྱ་གར་ཡུལ་དུ་གཤེགས་དགོངས་ན༔ ཕྱི་རབས་བོད་ཀྱི་དགེ་བཤེས་སྟོན་པ་རྣམས་ཀྱིས་ཅི་ལྟར་བགྱི་ཞུས་པས༔ སློབ་དཔོན་གྱིས་གསུངས་པ༔ མཁས་ཤིང་ཡོན་ཏན་ལྡན་པའི་བོད་ཀྱི་དགེ་བཤེས་རྣམས༔ སློབ་དཔོན་མཁས་གྲུབ་ལྡན་པའི་བླ་མ་ལ༔ འདྲི་ཀློག་ཉན་དང་བསམ་བརྗོད་ལེགས་པར་གྱིས༔ སྡེ་སྣོད་གསུམ་དང་གསང་སྔགས་ཕྱི་ནང་སྟེ༔ ཐེག་པའི་ཆོས་རྣམས་ཀུན་ལ་མཁས་པར་སློབས༔ ཤེས་བྱ་རྣམས་ཀྱི་ཡུལ་ཀུན་སྦྱང་བའི་ཕྱིར༔ རིག་པའི་གནས་ལྔ་དག་ལ་མཁས་པར་སློབས༔ མི་གཞན་བཀུར་པའི་གནས་གྱུར་ནས༔ བསོད་ནམས་འདུ་འཛི་བྱུང་བའི་ཚེ༔ ང་རྒྱལ་ཁེངས་སེམས་ཕྲག་དོག་སྤོངས༔ རང་མཐོང་ཆེ་བའི་ལས་མི་བྱ༔ ཁ་ནས་སྨྲ་བའི་ཚིག་རྗེས་བསླབ༔ ཀུན་དང་མཐུན་པར་ཆོས་བཞིན་སྤྱོད༔ ང་མཁས་གཞན་ནི་མི་མཁས་ཞེས༔ ཁ་ན་མ་ཐོ་ཕྲག་དོག་སྤོངས༔ སློབ་གཉེར་འདོད་པའི་གང་ཟག་ལ༔ ཅི་དགའ་ཅི་མོས་ཆོས་རྣམས་སློབས༔ རང་གི་བླ་མ་སློབ་དཔོན་ལ༔ ལུས་ངག་ཡིད་གསུམ་བཀུར་སྟི་གྱིས༔ ནོར་ཟས་ལ་སོགས་ཅི་ཡོད་ཕུལ༔ ཆོས་ལ་ངོམས་སྐྱེན་མ་བྱེད་པར༔ མཁས་པ་རྣམས་ལ་འདྲི་ཞིང་གཏུགས༔ ཆེ་བཅོས་སྟོང་ལྡིར་མ་ཆེ་བར༔ ཡོན་ཏན་ཆོས་ཀྱིས་གང་བར་གྱིས༔ མཆེད་གྲོགས་རྣམས་ལ་འགྲན་སེམས་སྤོངས༔ ཅུང་ཟད་ཡོན་ཏན་རྙེད་པའི་ཚེ༔ ཁེངས་ཤིང་རང་འདོད་མ་ཆེ་བར༔ གཙོར་ནི་ཀུན་ལ་སྙིང་རྗེས་ཟུངས༔ ཚད་མེད་བཞི་ཡི་གོ་ཆ་བགོས༔ རང་རྒྱུད་ཆོས་ཀྱིས་མ་དུལ་ན༔ གཞན་དག་འདུལ་བར་ག་ལ་ནུས༔ མཁས་ནས་རང་རྒྱུད་དུལ་བར་གྱིས༔ པདྨ་འབྱུང་གནས་བདག་ནི་ད་འགྲོ་བས༔ ད་ལྟར་བཞུགས་དང་སླད་ནས་འབྱོན་པ་ཡི༔ བོད་ཀྱི་དགེ་བཤེས་སྟོན་པ་རྣམས་ཀྱི་ཐུགས་ལ་དེ་ལྟར་ཞོག༔ ཅེས་གསུངས་སོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་པདྨས་བོད་ཀྱི་དགེ་བཤེས་སྟོན་པ་རྣམས་ལ་ཞལ་ཆེམས་སུ་བཞག་པའི་ལེའུ་སྟེ་ཉེར་བདུན་པའོ༔ ༔དེ་ནས་སངས་རྒྱས་ཡེ་ཤེས་ལ་སོགས་པའི་བོད་ཀྱི་སྔགས་པ་རྣམས་ཀྱིས་ཞུས་པ༔ གུ་རུ་མི་བཞུགས་རྒྱ་གར་ཡུལ་དུ་གཤེགས་དགོངས་ན༔ ཕྱི་རབས་བོད་ཀྱི་སྔགས་པ་རྣམས་ཀྱིས་ཅི་ལྟར་བགྱི་ཞུས་པས༔ སློབ་དཔོན་གྱིས་གསུངས་པ༔ གསང་སྔགས་སྒོར་ཞུགས་བོད་ཀྱི་སྔགས་པ་རྣམས༔ གསང་སྔགས་རྩ་བ་བླ་མ་གྲུབ་ཐོབ་ཚོལ༔ གསང་སྔགས་ཆོས་སྒོ་རིམ་པ་དབང་གིས་ཕྱེས༔ གསང་སྔགས་སྲོག་ཏུ་དམ་ཚིག་གཙང་མར་སྲུངས༔ རྡོ་རྗེ་སློབ་དཔོན་ཡན་ལག་མགོ་ལྟར་ཁུར༔ ཡི་དམ་ལྷ་ནི་ཁོག་པའི་སྙིང་ལྟར་ཆོངས༔ མཁའ་འགྲོ་དམ་ཅན་ལུས་ཀྱི་གྲིབ་ལྟར་བསྟེན༔ གསང་སྔགས་ཟབ་མོ་མིག་གི་འབྲུ་ལྟར་བཙའ༔ སྙིང་པོ་ཟབ་མོ་ཁོང་གི་དབུགས་ལྟར་བགྲང༔ བསྐྱེད་རྫོགས་ཟབ་མོ་ལུས་དང་སྲོག་ལྟར་སྒོམས༔ ལྟ་སྒོམ་སྤྱོད་པ་འབྲས་བུ་རླབས་ཀྱིས་བཅད༔ མི་དགེ་བཅུ་སྤོངས་དགེ་བཅུ་དང་དུ་ལོངས༔ ཆོས་ཀྱི་ཕྱིར་ནི་རང་གི་སྲོག་དང་སྡོས༔ གཙོ་རུ་བསྙེན་སྒྲུབ་དང་དུ་བླང་བ་གཅེས༔ ཉ་སྟོང་བརྒྱད་དང་ཉི་ཤུ་གསུམ་ལ་ནི༔ ཚོགས་དང་གཏོར་མ་གཏང་ཞིང་སྐོང་གསོལ་བྱ༔ གདོལ་སྤྱོད་རས་ཆོད་མི་བྱ་སློབ་དཔོན་བཟང་ལ་བསྟེན༔ འཕྲིན་ལས་བོན་གྱེར་མི་བྱ་གྱེར་དང་བསྒོམ་དུ་བསྟུན༔ བསྙེན་སྒྲུབ་འཕྲིན་ལས་རྣམ་བཞི་གཞུང་བཞིན་སྙེགས༔ གསང་སྔགས་དག་ལ་ཡིད་གཉིས་ཐེ་ཚོམ་སྤོངས༔ གསང་སྔགས་ནོར་དུ་མི་བཙོང་སྤེལ་མི་བྱ༔ རང་གིས་བསྒྲུབ་ན་དངོས་གྲུབ་ཅི་བསམ་འགྲུབ༔ པདྨ་འབྱུང་གནས་བདག་ནི་ད་འགྲོ་བས༔ ད་ལྟར་བཞུགས་དང་སླད་ནས་འབྱོན་པ་ཡི༔ བོད་ཀྱི་སྔགས་པ་རྣམས་ཀྱི་ཐུགས་ལ་དེ་ལྟར་ཞོག༔ ཅེས་གསུངས་སོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་པདྨས་བོད་ཀྱི་སྔགས་པ་རྣམས་ལ་ཞལ་ཆེམས་སུ་བཞག་པའི་ལེའུ་སྟེ་ཉེར་བརྒྱད་པའོ༔ ༔དེ་ནས་ཞང་སྐྱེ་མེད་རྟོགས་གྲོལ་ལ་སོགས་བོད་ཀྱི་སྒོམ་ཆེན་རྣམས་ཀྱིས་ཞུས་པ༔ སློབ་དཔོན་མི་བཞུགས་རྒྱ་གར་ཡུལ་དུ་གཤེགས་དགོངས་ན༔ ཕྱི་རབས་བོད་ཀྱི་སྒོམ་ཆེན་རྣམས་ཀྱིས་ཅི་ལྟར་བགྱི་ཞུས་པས༔ སློབ་དཔོན་གྱིས་གསུངས་པ༔ ཏིང་འཛིན་གཙོར་སྤྱོད་བོད་ཀྱི་སྒོམ་ཆེན་རྣམས༔ ལྟ་བ་ཐག་ཆོད་དགོངས་པ་ཅན་ལ་ཞུས༔ སྒོམ་པའི་ཉམས་ལེན་ཉམས་རྟོགས་ཅན་ལ་ཉོན༔ སྤྱོད་པའི་བྱ་བ་མཉམ་གཞག་རྗེས་ཐོབ་སྲེས༔ འབྲས་བུ་སྐུ་གསུམ་རང་གསལ་རྟོགས་པར་གྱིས༔ གསལ་འདེབས་བཀའ་དང་རྒྱུད་ལུང་མན་ངག་ལྟར༔ ཚིག་ལ་མ་འབྱམས་དོན་ལ་ལྟ་རྟོག་ཐོངས༔ གདམས་ངག་ཅན་གྱི་བླ་མ་བཟང་པོར་བསྟེན༔ སྒོམ་ཆེན་ཐོས་པ་ཆེ་ན་གོལ་ས་ཆུང༔ ཡིད་ཆེས་མེད་པར་སྒོམ་པའི་ཚུལ་མི་བཅོས༔ ཐེ་ཚོམ་བཅད་ཕྱིར་གྲུབ་ཐོབ་རྣམས་ལ་གཏུགས༔ མི་ཤེས་བཞིན་དུ་ཚུལ་འཆོས་ལས་མི་བྱ༔ ཆོས་ཉིད་མཉམ་པའི་དོན་ལ་གནས་པའི་ཚེ༔ བྱིང་རྒོད་ལ་སོགས་རྐྱེན་གྱི་ཁར་མི་གཏང༔ སྟོང་གསལ་ངང་ལ་ཉིན་མཚན་མེད་པར་སྒོམས༔ ཆོས་ཉིད་དོན་མཐོང་རྒྱུད་ལ་སྐྱེས་པའི་ཚེ༔ བདེ་སྡུག་གང་བྱུང་དགེ་སྦྱོར་གྲོགས་སུ་སྒྱུར༔ ཆུང་མ་བྱམས་ཀྱང་སྒོམ་ཆེན་གཡོག་མི་བཅོལ༔ བུད་མེད་སློབ་མ་ཞབས་ཏོག་ཆེ་བ་དང༔ མོས་གུས་ཆེ་ཡང་ཞབས་འདྲེན་རྒྱུ་ཡིན་པས༔ འཁོར་གཡོག་ཞབས་ཏོག་ཆེ་ཡང་རྒྱངས་སྲིངས་ཤིག༔ འདུ་ལོང་བསོད་ནམས་བར་ཆོད་གཡབ་མོ་ཡིན༔ རང་སེམས་དཔང་དུ་ཚུགས་ལ་ཡེངས་མི་བྱ༔ དེ་འདྲའི་སྒོམ་ཆེན་མི་ལུས་རྒྱལ་བའི་ཐུགས༔ པདྨ་འབྱུང་གནས་བདག་ནི་ད་འགྲོ་བས༔ ད་ལྟར་བཞུགས་དང་སླད་ནས་འབྱོན་པ་ཡི༔ བོད་ཀྱི་སྒོམ་ཆེན་རྣམས་ཀྱི་ཐུགས་ལ་དེ་ལྟར་ཞོག༔ ཅེས་གསུངས་སོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ བོད་ཀྱི་སྒོམ་ཆེན་རྣམས་ལ་ཞལ་ཆེམས་སུ་བཞག་པའི་ལེའུ་སྟེ་ཉེར་དགུ་པའོ༔ ༔དེ་ནས་ཉང་འཁྲུལ་ཞིག་ལ་སོགས་པའི་བོད་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་སློབ་དཔོན་ལ་ཞུས་པ༔ སློབ་དཔོན་མི་བཞུགས་རྒྱ་གར་ཡུལ་དུ་གཤེགས་དགོངས་ན༔ ཕྱི་རབས་བོད་ཀྱི་རྣལ་འབྱོར་པ་རྣམས་ཅི་ལྟར་བགྱི་ཞེས་ཞུས་པས༔ སློབ་དཔོན་གྱིས་གསུངས་པ༔ ལྟ་སྒོམ་གདིང་དང་ལྡན་པའི་བོད་ཀྱི་རྣལ་འབྱོར་པ་རྣམས་གསོན་དང༔ ཆོས་ཉིད་མ་བཅོས་དོན་གྱི་རྣལ་འབྱོར་པ༔ རིག་པའི་ཡེ་ཤེས་རྟོགས་ཕྱིར་རྣལ་འབྱོར་པ༔ རྣལ་འབྱོར་ཞེས་པ་མིང་དུ་བཏགས་པ་ཡིན༔ ལྟ་བ་ཞེ་འདོད་མེད་པས་ཕྱོག་རིས་ཁར་མི་བཏང༔ སྒོམ་པ་དམིགས་གཏད་མེད་པས་སེམས་འཛིན་ཁར་མི་བཏང༔ སྤྱོད་པ་བླང་དོར་མེད་པས་ངར་འཛིན་ཁར་མི་བཏང༔ འབྲས་བུ་སྤང་ཐོབ་མེད་པས་དེར་འཛིན་ཁར་མི་བཏང༔ དམ་ཚིག་སྲུང་མཚམས་མེད་པས་ཟོལ་ཟོག་ཁར་མི་བཏང༔ ཆོས་ལ་ཕྱོགས་རིས་མེད་པས་གྲུབ་མཐའི་ཁར་མི་བཏང༔ སྣང་བ་འཁྲུལ་པ་ཡིན་ནོ་ཐ་མལ་ཁར་མི་བཏང༔ ཁ་ཟས་སྲོག་འཚོ་ཡིན་ནོ་མུ་ཏོའི་ཁར་མི་བཏང༔ ནོར་རྫས་སྒྱུ་མ་ཡིན་ནོ་འདོད་པའི་ཁར་མི་བཏང༔ གོས་ནི་ལྷགས་སྐྱོབ་ཡིན་ནོ་འཕྱོར་གོས་ཁར་མི་བཏང༔ མཉམ་པ་གཉིས་མེད་ཡིན་ནོ་འཁོར་གྱི་ཁར་མི་བཏང༔ རྒྱལ་ཁམས་ཕྱོགས་མེད་ཡིན་ནོ་ཕ་ཡུལ་ཁར་མི་བཏང༔ ཕུག་སྟོང་སྡོད་ས་ཡིན་ནོ་དགོན་པའི་ཁར་མི་བཏང༔ གཅིག་པུ་རྣལ་འབྱོར་ཡིན་ནོ་འདུས་པའི་ཁར་མི་བཏང༔ ཆགས་མེད་ཞེན་མེད་ཡིན་ནོ་འཛིན་ཆགས་ཁར་མི་བཏང༔ རང་གྲོལ་ཞིག་པོ་ཡིན་ནོ་ཟོལ་ཟོག་ཁར་མི་བཏང༔ པདྨ་འབྱུང་གནས་བདག་ནི་ད་འགྲོ་བས༔ ད་ལྟར་བཞུགས་དང་སླད་ནས་འབྱོན་པ་ཡི༔ བོད་ཀྱི་རྣལ་འབྱོར་རྣམས་ཀྱི་ཐུགས་ལ་དེ་ལྟར་ཞོག༔ ཅེས་གསུངས་སོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་པདྨས་བོད་ཀྱི་རྣལ་འབྱོར་པ་རྣམས་ལ་ཞལ་ཆེམས་སུ་བཞག་པའི་ལེའུ་སྟེ་སུམ་ཅུ་པའོ༔ ༔དེ་ནས་མྱོས་རིན་ཆེན་གྲགས་ལ་སོགས་པའི་བོད་ཀྱི་སྐྱེ་བོ་རྣམས་ཀྱིས་ཞུས་པ༔ སློབ་དཔོན་བོད་དུ་མི་བཞུགས་རྒྱ་གར་ཡུལ་དུ་གཤེགས་དགོངས་ན༔ ཕྱི་རབས་བོད་ཀྱི་སྐྱེ་བོ་རྣམས་ཀྱིས་ཇི་ལྟར་བགྱི་ཞུས་པས༔ སློབ་དཔོན་གྱིས་གསུངས་པ༔ ཕྱི་རབས་བོད་ཀྱི་སྐྱེ་བོ་རྒས་གཞོན་རྣམས༔ རྒྱལ་པོའི་རྒྱལ་ཁྲིམས་གཉན་པར་ཟུངས༔ རྗེ་ཡི་བཀའ་ལུང་གཉན་པར་ཟུངས༔ སྒོས་སྤྱོད་ཡལ་བར་དོར་ནས་ནི༔ གཙོ་བོའི་སྤྱི་ཚིས་སྲོག་ཏུ་ལྟོས༔ མནའ་ནི་གཟན་དུ་མི་བོར་ཞིང༔ ཆད་པ་ཐམས་ཅད་བཙན་པར་བྱ༔ མང་པོ་རྣམས་ནི་ཁ་བསྡུས་ལ༔ ངན་པ་ཁྱད་དུ་མི་གསོད་པར༔ སྤྱི་གྲོས་བྱས་ན་འགྱོད་པ་མེད༔ མཛངས་པ་རྣམས་ཀྱིས་འདུན་གྲོས་གྱིས༔ གྲྭ་གཟུངས་ཐུབ་ལ་བློ་གཏད་བྱ༔ བསམ་ཤེས་རྣམས་ཀྱིས་ཞལ་ལྕེ་ཆོད༔ དཔའ་བོ་རྣམས་ཀྱིས་དམག་སྣ་དྲོངས༔ མཚོན་ཆ་རྣམས་ཀྱིས་དམག་དཔུང་སྐྱེད༔ འཁོར་གཡོག་རྣམས་ཀྱིས་མེལ་ཚེ་གྱིས༔ བྲན་འབངས་རྣམས་ནི་རིམ་པར་སྐོས༔ མིས་བློ་གཏད་ན་ཡིད་མ་གཅོད༔ སྐྱེས་པ་མཛངས་པར་འགྱུར་བས་ན༔ ནོར་དུ་སྲིད་དང་གཏམ་སྙན་སྒྲུབས༔ བུ་ཚ་ཆོས་ལ་མཁས་བསླབ་ན༔ གཏན་གྱི་ནོར་ནི་ཕྱི་ཕྱིར་ཆེ༔ ཅི་བྱེད་ལས་ལ་བསམ་གཞིག་བྱ༔ མ་བསམ་བྱས་ན་ཉེས་པ་མང༔ གལ་ཏེ་བཅོས་སུ་ཡོད་ན་ནི༔ དེ་ལ་མི་དགའ་བྱ་ཅི་དགོས༔ གལ་ཏེ་བཅོས་སུ་མེད་ན་ནི༔ དེ་ལ་མི་དགའ་བྱས་ཅི་ཕན༔ དལ་བུས་ཕྱིན་ན་གར་ཡང་སླེབ༔ འཇིགས་སར་བསྐོར་ན་དགྲས་མི་ཕྲོག༔ འཇམ་པོར་སྨྲས་ན་སུས་ཀྱང་གོ༔ ཞལ་ཏ་སྐད་ཆེ་ཁ་ཕོར་གོ༔ ཡུན་དུ་བསྲིངས་ན་ཅི་ཡང་འགྲུབ༔ དང་དྲགས་ཡུན་ཐུང་གྲ་ཤ་འཆད༔ འདི་ཕྱིའི་དོན་དུ་ལྷ་ཆོས་གྱིས༔ ཡུན་གྱི་སྲིད་དུ་འདི་ཀ་བཟང༔ པདྨ་འབྱུང་གནས་བདག་ནི་ད་འགྲོ་བས༔ ད་ལྟར་བཞུགས་དང་སླད་ནས་འབྱོན་པ་ཡི༔ བོད་ཀྱི་སྐྱེ་བོ་རྣམས་ཀྱི་ཐུགས་ལ་དེ་ལྟར་ཞོག༔ ཅེས་གསུངས་སོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་པདྨས་བོད་ཀྱི་སྐྱེ་བོ་རྣམས་ལ་ཞལ་ཆེམས་སུ་བཞག་པའི་ལེའུ་སྟེ་སོ་གཅིག་པའོ༔ ༔དེ་ནས་འབྲོམ་བཟའ་བྱང་ཆུབ་མ་ལ་སོགས་པའི་བོད་ཀྱི་བུད་མེད་རྣམས་ཀྱིས་ཞུས་པ༔ སློབ་དཔོན་བོད་དུ་མི་བཞུགས་རྒྱ་གར་ཡུལ་དུ་གཤེགས་དགོངས་ན༔ ཕྱི་རབས་བོད་ཀྱི་བུད་མེད་རྣམས་ཀྱིས་ཇི་ལྟར་བགྱི་ཞེས་ཞུས་པས༔ སློབ་དཔོན་གྱིས་གསུངས་པ༔ སྲིད་ཀྱི་མཚོ་མོ་བུད་མེད་རྣམས༔ གནས་ཀྱི་གཞི་མ་ཡིན་པས་ཁྱིམ་གྱི་ག་དར་གྱིས༔ སྲིད་ཀྱི་མཚོ་མོ་ཡིན་པས་བུ་ཚ་ཆོས་ལ་ཚུད༔ ལུས་ཀྱི་ཟླ་གྲོགས་ཡིན་པས་ཁྱོ་ལ་བཀུར་སྟི་གྱིས༔ ཁྱོ་བཟང་སྙིང་དང་འདྲ་བས་ཅི་ཟེར་ཁྱོག་པར་གྱིས༔ ཁྱོ་ངན་ལས་འཕྲོ་ཡིན་པས་རྔན་ཅན་སྙིང་མ་རིང༔ གྱོས་སྒྱུག་ཕ་མ་འདྲ་བས་བཀུར་སྟི་ཕུ་དུད་གྱིས༔ ཡབ་སྐུད་ཕ་མིང་འདྲ་བས་ཟས་དང་ཁྲེལ་གྱིས་སྐྱོངས༔ སྙིད་མོ་འགྲོགས་ཡུན་ཐུང་བས་བཀུར་ལ་བཟང་བྱེ་གྱིས༔ མིས་འཕྱ་རང་ལ་ལེན་པས་ཅི་གཏམ་འཛུམ་དང་སྦྱོར༔ ཁྲོ་གཏུམ་ང་རྒྱལ་ཆེ་ན་སུ་ཡང་འཁོར་མི་ཉུང༔ སྣང་བ་དགྲ་རུ་སྡང་བས་རྟག་ཏུ་དང་སྤྲོ་སྲིངས༔ སྨྲ་མང་བུད་མེད་ལོད་པས་འཇབ་འཇིབ་མ་མང་མཛོད༔ ཕ་མིང་བསྟོད་ཅིང་བཀུར་ནས་ཁྲེལ་ལ་བཟང་བར་གྱིས༔ བུ་ཁྱོའི་ལམ་རྒྱགས་ཡིན་པས་མགྲོན་ལ་ཡང་བར་གྱིས༔ འཁོར་དང་གཉེན་བཤེས་ཟས་ཀྱིས་སྐྱོངས་ལ་གདུང་སེམས་སྐྱེད༔ ནོར་ལ་འཛིན་པ་མ་ཆེ་ཟས་ལ་ཡང་བར་གྱིས༔ ངོ་འཛུམ་གསལ་པོ་གྱིས་ལ་གཙང་སྦྲ་ཆེ་བར་གྱིས༔ ནུབ་མོ་ཉལ་ཕྱི་ནངས་པར་སྔར་ལངས་ལ༔ དུས་ཀྱི་སོ་ནམ་བརྩོན་འགྲུས་ཕྱིར་མ་བཤོལ༔ ཕྱུགས་དང་སྒོ་ཁྱི་འཁོར་གཡོག་སྙིང་རྗེས་སོས༔ ཅི་ཡོད་དཀར་པོ་དགེ་བའི་ཕྱོགས་སུ་ཐོངས༔ ཚེ་འདིར་བྱིན་རླབས་ཕྱི་མ་བདེ་བ་འཐོབ༔ པདྨ་འབྱུང་གནས་བདག་ནི་ད་འགྲོ་བས༔ ད་ལྟ་བཞུགས་དང་སླད་ནས་འབྱོན་པ་ཡི༔ བོད་ཀྱི་བུད་མེད་རྣམས་ཀྱི་ཐུགས་ལ་དེ་ལྟར་ཞོག༔ ཅེས་གསུངས་སོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་པདྨས་བོད་ཀྱི་བུད་མེད་རྣམས་ལ་ཞལ་ཆེམས་སུ་བཞག་པའི་ལེའུ་སྟེ་སོ་གཉིས་པའོ༔ ༔དེ་ནས་ལོ་བརྒྱད་ཉི་ཁྲི་འབུམ་ལ་སོགས་པའི་བོད་ཀྱི་ཡོན་བདག་རྣམས་ཀྱིས་ཞུས་པ༔ སློབ་དཔོན་མི་བཞུགས་རྒྱ་གར་ཡུལ་དུ་གཤེགས་དགོངས་ན༔ ཕྱི་རབས་བོད་ཀྱི་ཡོན་བདག་རྣམས་ཀྱིས་ཇི་ལྟར་བགྱི་ཞུས་པས༔ སློབ་དཔོན་གྱིས་གསུངས་པ༔ ཆོས་ལ་ཀློག་འདོན་བྱེད་པའི་ཡོན་བདག་རྣམས༔ མཆོད་གནས་རྣམས་ཀྱང་བྲིས་ཀློག་ལེགས་པར་སྦྱོངས༔ བྲིས་མཁན་རྣམས་ཀྱང་དང་པོ་ཡི་གེ་ནི༔ གཟུགས་དང་འདོགས་ནི་ལེགས་པར་སྦྱོངས༔ དཀར་ནག་ཕྱེད་ནི་མཉམ་པ་དང༔ ལྷག་ཆད་མེད་ལ་སྐྱེན་པར་བྲིས༔ ཡོན་བདག་ཁེ་གྲགས་མེད་པ་ཡིས༔ མཆོད་གནས་ཡོན་གྱིས་མཉེས་པར་གྱིས༔ དད་པའི་སེམས་ཀྱིས་ཡོན་ཕུལ་ལ༔ ཞེ་འདོད་མེད་པར་བཞེས་ནས་ནི༔ རྫོགས་པའི་བྱང་ཆུབ་ཐོབ་པའི་རྒྱུར༔ མཆོད་ཡོན་ཐུན་མོང་བསྔོས་བྱས་ན༔ གཉིས་ཀ་བསོད་ནམས་རྫོགས་པར་འགྱུར༔ ཡོན་བདག་བསམ་པ་མ་དག་ཅིང༔ མཆོད་གནས་འདོད་པ་མ་བསྐངས་ན༔ དགེ་རྩར་བྱས་ཀྱང་སྡིག་པར་འགྲོ༔ ཀློག་འདོན་བྱེད་པའི་མཆོད་གནས་རྣམས༔ དང་པོ་སྒྲ་སྐད་བྱང་བར་སློབ༔ བར་དུ་འདྲེན་ཁུངས་སྡེ་དང་སྦྱོར༔ ཐ་མ་ཚིག་གི་ལྷག་ཆད་བསལ༔ འདོན་དུས་གཞན་དང་གཏམ་མ་སྨྲ༔ ལྷག་ཆད་མེད་པར་གུས་པས་ཐོན༔ ཆོས་ལ་ལག་གཡོགས་མེད་པ་དང༔ ཐུ་ཡུག་འགོམ་ཡུག་མ་གུས་སྤོངས༔ བདག་ཉིད་བསྟན་པའི་བདག་པོ་ཡིས༔ ཆོས་ཀྱི་རྔ་ཆེན་སྒྲོག་པའི་ཚེ༔ འགྲོ་བ་རིགས་དྲུག་སེམས་ཅན་རྣམས༔ ཆོས་ཐོས་གྲོལ་བར་བསམས་ནས་བཏོན༔ ཐུན་མཚམས་ལ་སོགས་འཇོག་པའི་ཚེ༔ དགེ་རྩ་ཡོན་བདག་མཆོད་གནས་ཀྱིས༔ ཐུན་མོང་བྱང་ཆུབ་ཐོབ་པར་བསྔོ༔ ཡོན་བདག་དད་དང་ལྡན་པ་ཡིས༔ མཆོད་གནས་མཉེས་པའི་འདུ་ཤེས་ཀྱིས༔ ཟས་སྐོམ་ལ་སོགས་བཟང་བ་དང༔ ཡོན་གྱིས་མཆོད་གནས་མཉེས་པར་བྱ༔ དེ་ལྟར་བྱས་ན་ཡོན་མཆོད་གཉིས༔ འདིར་བདེ་ཕྱི་མ་བྱང་ཆུབ་འཐོབ༔ དེ་ལྟར་མ་ཡིན་ཡོན་མཆོད་གཉིས༔ ཚར་གྱི་གྲངས་བཟུང་ཡོན་གྱི་ཐང་བཅད་ན༔ མཁས་ཀྱང་མི་ཕན་ཡོན་བདག་མགྱོགས་ལ་དགའ༔ མཁས་པ་རྣམས་ཀྱིས་མི་གཟབ་བཤུར་ནས་འདོན༔ མི་མཁས་རྣམས་ཀྱང་ཐོན་སྐྱེན་ཟིན་སྐྱེན་བྱེད༔ ཡོན་བདག་རྣམས་ཀྱིས་རྒྱགས་ཕོག་བཀུར་སྟི་མེད༔ ཡོན་གྱིས་བླ་མཆོད་མ་མཉེས་ཞེ་འཁོན་སོང༔ མཆོད་གནས་ཡོན་ལ་བརྟེན་ནས་སྡིག་པ་བསགས༔ ཡོན་བདག་བསོད་ནམས་འདོད་ཀྱང་སྡིག་པ་འཕེལ༔ དེ་འདྲའི་ཡོན་མཆོད་དུས་ཀྱི་ཐ་མར་འོང༔ དེ་ལྟར་མ་བྱེད་ཆོས་སུ་ཅི་འགྲོ་གྱིས༔ པདྨ་འབྱུང་གནས་བདག་ནི་ད་འགྲོ་བས༔ ད་ལྟར་བཞུགས་དང་སླད་ནས་འབྱོན་པ་ཡི༔ བོད་ཀྱི་ཡོན་མཆོད་རྣམས་ཀྱི་ཐུགས་ལ་དེ་ལྟར་ཞོག༔ ཅེས་གསུངས་སོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་པདྨས་བོད་ཀྱི་ཡོན་མཆོད་རྣམས་ལ་ཞལ་ཆེམས་སུ་བཞག་པའི་ལེའུ་སྟེ་སོ་གསུམ་པའོ༔ ༔དེ་ནས་བླ་སྨན་ནེ་རུ་ཙེ་ལ་སོགས་པའི་བོད་ཀྱི་སྨན་པ་རྣམས་ཀྱིས་ཞུས་པ༔ སློབ་དཔོན་བོད་དུ་མི་བཞུགས་རྒྱ་གར་ཡུལ་དུ་གཤེགས་དགོངས་ན༔ ཕྱི་རབས་བོད་ཀྱི་སྨན་པ་རྣམས་ཀྱིས་ཇི་ལྟར་བགྱི་ཞེས་ཞུས་པས༔ སློབ་དཔོན་གྱིས་གསུངས་པ༔ འཚོ་མཛད་སྨན་པ་ལྷ་རྗེ་བླ་སྨན་ཀུན༔ དང་པོ་སྨན་གྱི་སློབ་དཔོན་མཁས་པའི་རྩར༔ ལག་ལེན་སྨན་སྦྱོར་རྨ་ཆིངས་ལེགས་པར་སློབས༔ བར་དུ་སློབ་དཔོན་མཉེས་བྱས་གདམས་ངག་ཞུས༔ ཐ་མ་ནད་པ་བཅོས་དུས་སྙིང་རྗེ་སྐྱེད༔ རྩ་ཆུ་ཕྱི་ཡུལ་བརྟགས་ལ་ནད་ངོས་ཟུངས༔ ནད་ངོས་མི་ཟིན་སྨན་སྦྱོར་བྱས་པ་ཡིས༔ སྨན་དུ་མ་སོང་དུག་ཏུ་སོང་བ་འོང༔ ནད་ཀྱི་ངོས་ཟིན་སྨན་སྦྱོར་བཏང་བ་ཡིས༔ མེ་ཡི་གཉེན་པོར་ཆུ་ཡིས་གསོད་དང་འདྲ༔ དང་པོ་ལག་ལེན་མ་བྱས་སྨན་པའི་ཉམས་བྲོད་མེད༔ བར་དུ་གདམས་ངག་མེད་པས་ནད་ཀྱི་ངོས་མ་ཟིན༔ ཐ་མ་སྨན་བཅོས་བྱས་པས་སྨན་ཡང་དུག་ཏུ་སོང༔ དེ་ནི་ནད་པའི་གཤེད་མ་མཚོན་ཆ་ཐོགས་པ་ཡིན༔ དེ་ལྟར་མ་བྱེད་མཁས་ཤིང་བྱང་བར་སློབས༔ མཁས་པ་རྣམས་ཀྱིས་སྙིང་རྗེ་བྱམས་སེམས་སྐྱོངས༔ ནོར་གྱི་འདོད་པ་ཁོང་དུ་བཅུག་ནས་ནི༔ མྱུར་དུ་བཅོས་ན་སོས་ཀྱང་ན་རུ་བཅུག༔ ཟས་སྐོམ་བཟང་ངན་ངོར་བལྟ་སྐྱེན་བུལ་བྱེད༔ ད་ལྟ་འཚོ་ཡང་ད་རུང་ན་རུ་བཅུག༔ སྨན་རིན་རྐང་བླ་ཧ་ཅང་མི་རིགས་ཕབ༔ ནད་པ་སོས་ཀྱང་ལོག་འཚོ་ཕྱི་མར་ལྗི༔ བྱང་ཆུབ་སེམས་དང་སྙིང་རྗེས་ཟིན་གྱུར་ནས༔ འདོད་པ་ཁོང་ན་མེད་པས་ཤེས་མཐོང་བཅོས༔ ནད་པ་སྙིང་རྗེའི་ཡུལ་ཡིན་ཟུག་གཟེར་གཅག༔ གཏོང་རག་སྨན་རིན་ཅི་བྱས་བཟང་བཞེས་ན༔ ཕྱི་མ་ལྷ་ཡི་རྒྱལ་པོ་བླ་མེད་སྐྱེ༔ སྐྱེ་བ་འདི་ལ་ནད་མེད་བདེ་སྐྱིད་འབྱུང༔ ནད་པ་ཀུན་ཀྱང་སྲོག་འདོན་བླ་སྨན་ལ༔ ཟས་སྐོམ་ལོངས་སྤྱོད་གུས་པས་ཅི་མཉེས་གྱིས༔ སྨན་རིན་གཏོང་རག་གཅེས་མི་གཅེས་དང་སྦྱོར༔ ནད་པས་སྨན་པ་མགུ་བར་མ་བྱས་ན༔ ཚེ་འདིར་ཁྲེལ་ལ་ཕྱི་མ་དམྱལ་བར་འགྲོ༔ ཡང་ཤི་ཡང་སོས་དམྱལ་བར་སྐྱེ་བར་འགྱུར༔ པདྨ་འབྱུང་གནས་བདག་ནི་ད་འགྲོ་བས༔ ད་ལྟར་བཞུགས་དང་སླད་ནས་འབྱོན་པ་ཡི༔ ནད་པ་སྨན་པ་རྣམས་ཀྱི་ཐུགས་ལ་དེ་ལྟར་ཞོག༔ ཅེས་གསུངས་སོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་གྱིས་ནད་པ་དང་སྨན་པ་རྣམས་ལ་ཞལ་ཆེམས་སུ་བཞག་པའི་ལེའུ་སྟེ་སོ་བཞི་པའོ༔ ༔དེ་ནས་བཻ་རོ་ཙ་ན་ལ་སོགས་པའི་སློབ་དཔོན་སློབ་མ་རྣམས་ཀྱིས་ཞུས་པ༔ སློབ་དཔོན་མི་བཞུགས་རྒྱ་གར་ཡུལ་དུ་གཤེགས་དགོངས་ན༔ ཕྱི་རབས་བོད་ཀྱི་སློབ་དཔོན་རྣམས་ཀྱིས་ཇི་ལྟར་བགྱི་ཞུས་པས༔ སློབ་དཔོན་གྱིས་གསུངས་པ༔ བོད་ཀྱི་དཔོན་སློབ་ཆོས་འབྲེལ་བྱེད་པ་རྣམས༔ དང་པོ་སློབ་དཔོན་རྣམས་ཀྱང་མཁས་པའི་ཕུལ་དུ་ཕྱིན་པར་སློབས༔ བར་དུ་བསྒྲུབ་པར་བརྩོན་པས་ཆོས་ལ་རྟགས་ཐོན་བྱ༔ ཐ་མར་བྱང་ཆུབ་སེམས་ཀྱིས་འགྲོ་དོན་ཕྱོགས་མེད་གྱིས༔ ལྟ་བ་ཐག་ཆོད་གདིང་དང་ལྡན་པ་དང༔ དམ་ཚིག་མ་ཉམས་པ་ལ་གཞི་བཟུང་ནས༔ དབང་དང་ལུང་ནོད་རིམ་པ་ཐོབ་པར་བྱ༔ ཏིང་འཛིན་ཤེས་རབ་སྦྱོར་བ་ཉམས་སུ་ལོངས༔ མཐུན་འཇུག་ཐབས་ཀྱི་སྤྱོད་པ་ལ་དོར་གྱིས༔ གསང་སྔགས་མཐའ་དྲུག་རྫོགས་ནས་སློབ་དཔོན་བྱ༔ སློབ་མས་སློབ་དཔོན་བཙལ་བ་རྣམས་ཀྱིས་ཀྱང༔ སློབ་དཔོན་བརྟགས་ལ་མཁས་གྲུབ་མཚན་ལྡན་བཙལ༔ མཉེས་པའི་ཡོན་ཕུལ་གུས་པས་གདམས་ངག་ཞུས༔ ཐོས་བསམ་སྒོམ་གསུམ་ཆོས་ལ་ནན་ཏན་སྐྱེད༔ དབང་དང་ལུང་ནོད་རིམ་པ་རྫོགས་པར་ཞུས༔ སྒྲུབ་ལ་བརྩོན་པས་རང་དོན་མཐར་ཕྱིན་བྱ༔ གྲུབ་རྟགས་ཐོན་ན་གཞན་དོན་ལྷུ་རུ་ལོངས༔ སློབ་དཔོན་སློབ་མ་མ་བརྟགས་སྣོད་མེད་ཆོས་ཀྱིས་འབྲེལ༔ སློབ་མས་སློབ་དཔོན་མ་བརྟགས་བཅུད་མེད་ཆོས་འབྲེལ་བྱེད༔ ཆོས་ཀྱི་བྱིན་རླབས་མེད་པས་བསྒྲུབས་ཀྱང་འབྲས་བུ་མེད༔ གཉིས་ཀ་དམ་ཚིག་མ་བསྲུངས་བིའུ་སྦྲེལ་གཡང་ལ་ལྷུང༔ དམྱལ་བ་རིན་གྱིས་ཉོས་པས་ཐར་པ་ཐོབ་དུས་མེད༔ དེ་ལྟར་མ་བྱེད་སློབ་དཔོན་སློབ་མ་རྟོག༔ སློབ་མ་དད་གུས་ཆེ་ལ་སྙིང་རྗེར་ལྡན༔ སྣང་བ་དག་པས་བླ་མར་སངས་རྒྱས་བལྟ༔ གུས་པའི་སེམས་ལྡན་ཁེངས་དང་ང་རྒྱལ་མེད༔ གཏོང་ཕོད་ཆེ་ལ་བརྩོན་འགྲུས་ཕྱི་བཤོལ་མེད༔ དེ་འདྲའི་བུ་ལ་གདམས་ངག་རྫོགས་པར་སློབས༔ ཁ་འཇམ་ཐབས་ཀྱིས་ཆོས་འདོད་གདོང་ལྟས་བྱེད༔ ང་ཆེ་ང་བཙན་ཁེངས་པའི་ང་རྒྱལ་བྱེད༔ སྦྱིན་གཏང་མི་ནུས་གཡོ་སྒྱུ་ངོ་དགའ་ཅན༔ སྣོད་མེད་རྣམས་ལ་བསྟན་ན་དམ་ཚིག་ཉམས༔ པདྨ་འབྱུང་གནས་བདག་ནི་ད་འགྲོ་བས༔ ད་ལྟར་བཞུགས་དང་སླད་ནས་འབྱོན་པ་ཡི༔ སློབ་དཔོན་སློབ་མ་རྣམས་ཀྱི་ཐུགས་ལ་དེ་ལྟར་ཞོག༔ ཅེས་གསུངས་སོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་པདྨས་བོད་ཀྱི་དཔོན་སློབ་ཆོས་འབྲེལ་བྱེད་པ་རྣམས་ལ་ཞལ་ཆེམས་སུ་བཞག་པའི་ལེའུ་སྟེ་སོ་ལྔ་པའོ༔ ༔དེ་ནས་སློབ་དཔོན་གྱིས་ཕྱི་རབས་བོད་ཀྱི་སྤྱི་མཐུན་རྣམས་ལ་ཞལ་ཆེམས་སུ་གསུངས་པ༔ མཐའ་འཁོབ་བོད་ཀྱི་རྒྱལ་བློན་རྗེ་འབངས་རྣམས༔ སྙིང་རྗེ་ཕན་སེམས་ཆུང་བ་གདོང་དམར་སྲིན་པོའི་རིགས༔ ཁྲེལ་འཛེམ་ངོ་ཚ་ཆུང་བ་སྤྲེའུ་ཕ་ཡི་རིགས༔ གདོང་སྨེ་ཞེ་སྡང་ཆེ་བ་བྲག་སྲིན་མ་ཡི་རིགས༔ ཡིད་བློ་ཆོས་ལ་གནག་པ་ནག་པོ་བདུད་ཀྱི་རིགས༔ ནོར་ལ་འདོད་སྲེད་ཆེ་བ་བྱོལ་སོང་མི་ཡི་རིགས༔ དགེ་བ་མ་སྤྱད་ཕྱི་མ་ངན་སོང་གསུམ་དུ་ལྟུང༔ ཚེ་ལ་ལོང་མེད་འཆི་བས་བརྗེད་ངས་མ་ཆེ་ཞིག༔ འདུས་པ་འབྲལ་བ་ཡིན་ནོ་འཐབ་རྩོད་མ་མང་ཞིག༔ བསགས་པ་ལུས་པ་ཡིན་ནོ་ནོར་དད་མ་ཆེ་ཞིག༔ ཆགས་ན་འཆིང་བ་ཡིན་ནོ་ཞེན་པ་མ་ཆེ་ཞིག༔ སྐྱེས་པ་འཆི་བ་ཡིན་ནོ་ཕྱི་མ་དྲན་པར་གྱིས༔ སྡིག་པས་དམྱལ་བར་འགྲོ་བས་བཟོད་གླགས་ག་ལ་ཡོད༔ སེར་སྣས་ཡི་དྭགས་སྐྱེ་བས་བཀྲེས་སྐོམ་སྡུག་བསྔལ་ཡོད༔ ཆོས་མེད་བྱོལ་སོང་ཡིན་པས་ཁྱོད་ཀྱིས་ཤེས་པར་གྱིས༔ མི་ཚེ་གཡར་པོ་ཡིན་ནོ་གར་འབོར་ཆ་མེད་དོ༔ སྣང་བ་སྒྱུ་མ་ཡིན་ནོ་མི་རྟག་གོ་བར་གྱིས༔ ཟས་ནོར་ཟིལ་པ་ཡིན་ནོ་ནམ་འབོར་ཆ་མེད་དོ༔ འཁོར་གཡོག་ཤུལ་ཀའི་མགྲོན་པོ་ཡིན་པས་ཤེས་པར་གྱིས༔ དགྲ་སྡང་འཁྲུལ་པ་ཡིན་པས་འཁྲུལ་པར་གོ་བར་གྱིས༔ གཉེན་འབྲེལ་འཁོར་བའི་འབྲིད་མཁན་ཡིན་པས་ཆ་ཡོད་གྱིས༔ བུ་ཚ་ལན་ཆགས་སྙེག་མི་ཡིན་པས་ཤེས་པར་གྱིས༔ མི་ཚེ་ཡེངས་པའི་གཏམ་ལ་ཟད་པའི་མཐའ་མེད་པས༔ འཆི་བདག་གཤིན་རྗེའི་ཉུལ་མ་བྱུང་བ་མ་ཚོར་རམ༔ གདོང་དམར་སྲིན་པོ་བོད་ཀྱི་མི་རྣམས་ང་ལ་ཉོན༔ ངན་སོང་གསུམ་གྱི་སྐྱེལ་མ་དཀོན་མཆོག་གསུམ་ལ་ཚོལ༔ འདི་ཕྱིའི་བརྟེན་ས་བླ་མ་ཡི་དམ་མཁའ་འགྲོར་གྱིས༔ ཐར་པའི་འགྲོ་ས་ལྟ་སྒོམ་སྤྱོད་གསུམ་ཉམས་ལེན་གྱིས༔ བོད་ཀྱི་ལྷ་སྐལ་ཐུགས་རྗེ་ཆེན་པོ་ལྷ་རུ་ཟུངས༔ མི་དགེ་བཅུ་སྤོངས་དགེ་བ་བཅུ་པོ་དང་དུ་ལོངས༔ དེ་ལྟར་བྱས་ན་འདིར་བདེ་ཕྱི་མ་ཇེ་བདེར་འགྲོ༔ པདྨ་འབྱུང་གནས་བདག་ནི་ད་འགྲོ་བས༔ ད་ལྟར་བཞུགས་དང་སླད་ནས་འབྱོན་པ་ཡི༔ བོད་འབངས་སྤྱི་མཐུན་རྣམས་ཀྱི་ཐུགས་ལ་དེ་ལྟར་ཞོག༔ ཅེས་གསུངས་སོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་པདྨས་བོད་འབངས་སྤྱི་མཐུན་རྣམས་ལ་ཞལ་ཆེམས་སུ་བཞག་པའི་ལེའུ་སྟེ་སོ་དྲུག་པའོ༔ ༔དེ་ནས་བོད་ཀྱི་རྗེ་འབངས་རྣམས་ཀྱིས་སློབ་དཔོན་ལ་ཕྱག་དང་བསྐོར་བ་བྱས་ནས༔ ཁྱད་པར་ལྷ་སྲས་མུ་ཏིག་བཙན་པོས་ཞུས་པ༔ ཨེ་མ་ཧོ༔ སྤྲུལ་པའི་སྐུ་མཆོག་སློབ་དཔོན་ཆེན་པོ་ལགས༔ བདག་ཅག་རྣམས་ནི་བོད་མཐའ་འཁོབ་ཀྱི་མི༔ ཆོས་མེད་གློ་མོན་གྱི་རིགས་སུ་སོང༔ ལས་དགེ་བ་སྤྱོད་པའི་མི་མེད་པ་ལ༔ སྔ་མའི་རྒྱལ་པོ་སྲོང་བཙན་སྒམ་པོ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཡིན་པས༔ ལྷ་ས་འཕྲུལ་སྣང་ར་མོ་ཆེ་ལ་སོགས་པའི༔ མཐའ་འདུལ་དང་ཡང་འདུལ་གྱི་གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས༔ རྒྱ་གར་ནས་པཎྜི་ཏ་མང་པོ་སྤྱན་དྲངས་དམ་ཆོས་མང་པོ་བསྒྱུར༔ བོད་ལ་ཤིན་ཏུ་བཀའ་དྲིན་ཆེ་བར་མཛད༔ དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ སློབ་དཔོན་ཉིད་ལ་སོགས་པའི་རྒྱ་གར་གྱི་པཎྜི་ཏ་མང་པོ་སྤྱན་དྲངས༔ དཔལ་བསམ་ཡས་ལ་སོགས་པའི་གཙུག་ལག་ཁང་མང་དུ་བཞེངས༔ ཆོས་ཁྲིམས་བཅས་ནས་བོད་བདེ་བ་ལ་བཀོད་པ་བཀའ་དྲིན་ཆེ༔ ད་རྒྱལ་པོ་ནི་དགུང་དུ་གཤེགས༔ སློབ་དཔོན་ནི་རྒྱ་གར་ཡུལ་དུ་གཤེགས༔ བོད་མུན་པ་དང་འདྲ་བར་སོང་ནས༔ ཐམས་ཅད་སྐྱབས་མགོན་མེད་པར་འགྲོ་སྟེ༔ འདི་ཤིན་ཏུ་ཕམ་ཆེ་བས༔ བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོ་འདི༔ བོད་ཁ་བ་ཅན་འདིར༔ སྤྱི་མཐུན་གྱི་ལྷར་ཞལ་གྱིས་བཞེས་ནས༔ ཁོང་གིས་འདུལ་བའི་ཞིང་ཁམས་སུ་ཡིན་པར་གདའ་བས༔ ད་སློབ་དཔོན་གྱིས་ཐུགས་རྗེ་ཆེན་པོའི་གདམས་པས་འགྲོ་བ་རིགས་དྲུག་གི་སྒོ་བཅད་ནས༔ རྫོགས་པའི་སངས་རྒྱས་ཀྱི་ཤུལ་སར་འདྲེན་པའི་གདམས་པ་ཞིག་ཐུགས་ལ་འདོགས་པར་ཞུ་འཚལ་ཞེས་ཞུས་པས༔ སློབ་དཔོན་གྱིས་གསུངས་པ༔ རྗེ་ལྷ་སྲས་བོད་ཀྱི་རྒྱལ་བློན་རྣམས་གསོན་དང༔ བོད་ཁ་བ་ཅན་གྱི་རྒྱལ་ཁམས་འདིར༔ སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་དུས་སུ་ཞབས་ཀྱིས་མ་བཅགས༔ གདུལ་བྱའི་ཞིང་ཡང་མེད༔ དུད་འགྲོའི་རྒྱལ་ཁམས་སུ་ཡོད༔ དེ་ནས་བཅོམ་ལྡན་འདས་སྐུ་ཡོངས་སུ་མྱ་ངན་ལས་འདའ་ཀར༔ བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ལ་ལུང་བསྟན་བྱིན་གྱིས་བརླབས༔ སྤྱན་རས་གཟིགས་ཀྱིས་ཐུགས་ཀྱི་སྤྲུལ་པ་སྤྲེའུ་བྱང་ཆུབ་སེམས་དཔའ་ཞིག་བོད་དུ་བཏང༔ ལྷ་མོ་སྒྲོལ་མའི་སྤྲུལ་པ་བྲག་སྲིན་མོ་ཞིག་བོད་དུ་བཏང་སྟེ༔ དེ་གཉིས་ཕ་དང་མ་རུ་བསྡེབས་པ་དང༔ ཕ་མ་དེ་གཉིས་ལ་ཕྲུ་གུ་བྱུང་ནས༔ གཅིག་ལས་གཅིག་འཕེལ་བས་བོད་ཀྱི་མི་རྣམས་འཕེལ་བ་ཡིན༔ བོད་ཀྱི་ཕ་སྤྲེའུ་ཡིན་པས༔ ཁ་སྒྲིན་ལ་ཅོལ་ཆུང༔ མ་བྲག་སྲིན་མོ་ཡིན་པས་སྙིང་རྗེ་ཆུང་ཞིང་སྡིག་ལ་དགའ་བས་ཆོས་ལ་གནག་པ་ཡིན༔ འོན་ཀྱང་ཕ་མ་དེ་གཉིས་ཐུགས་རྗེ་ཆེན་པོ་དང་སྒྲོལ་མ་གཉིས་ཀྱི་སྤྲུལ་པ་ཡིན་ཏེ༔ དེ་གཉིས་མིན་པས་མི་ཐུལ་བས༔ དེ་ལ་ཐུགས་རྗེ་ཆེན་པོའི་གདམས་པ་ཞུས་པ་ཤིན་ཏུ་ལེགས་སོ༔ ངས་ཀྱང་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་གདམས་པ་བཤད་པར་བྱའོ་གསུངས་ནས༔ ཐུགས་རྗེ་ཆེན་པོའི་གདམས་པ་ཐུན་མོང་དང་ཁྱད་པར་གཉིས་སུ་ཕྱེ་ནས༔ རྒྱུད་ལུང་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་རྒྱལ་བློན་རྣམས་ལ་གསུངས་སོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་ལ་རྒྱལ་བློན་རྗེ་འབངས་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་གདམས་པ་ཞུས་པའི་ལེའུ་སྟེ་སོ་བདུན་པའོ༔ ༔དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ བོད་ཀྱི་ལྷ་སྲས་རྒྱལ་བློན་རྣམས་ལ་བཀའ་སྩལ་པ༔ ཇོ་བོ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་འདི༔ འགྲོ་བ་རིགས་དྲུག་ལ་ཐུགས་རྗེས་རྒྱུན་མི་འཆད་པར་གཟིགས་པ་ཡིན་ནོ༔ ཐུགས་རྗེ་ནི་སྙིང་རྗེ་སྟེ༔ སེམས་ཅན་ལ་དམིགས་པའི་སྙིང་རྗེ་ནི༔ འགྲོ་བ་རིགས་དྲུག་ལ་མས་བུ་གཅིག་པུ་ལ་སྙིང་བརྩེ་བ་ལྟར༔ ཐུགས་རྗེས་འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས༔ སྡུག་བསྔལ་གྱིས་གདུང་བ་ལ་བཟོད་ཐབས་མེད་པར་གཟིགས་སོ༔ ཆོས་ལ་དམིགས་པའི་སྙིང་རྗེ་ནི༔ ཨོཾཱ་མ་ཎི་པདྨེ་ཧཱུྃ༔ ཞེས་པའི་ཡི་གེ་དྲུག་པ་འདི༔ ཨཱོཾ་གྱིས་ལྷ་འཕོ་ལྟུང་གི་སྡུག་བསྔལ་ཞི་བར་བྱས་ནས་བདེ་བ་འཐོབ༔ མས་ལྷ་མ་ཡིན་འཐབ་རྩོད་ཀྱི་སྡུག་བསྔལ་ཞི་བར་བྱས་ནས་བདེ་བ་འཐོབ༔ ཎིས་མི་བྲེལ་ཕོངས་ཀྱི་སྡུག་བསྔལ་ཞི་བར་བྱས་ནས་བདེ་བ་འཐོབ༔ པད་ཀྱིས་བྱོལ་སོང་གླེན་ལྐུག་གི་སྡུག་བསྔལ་ཞི་བར་བྱས་ནས་བདེ་བ་འཐོབ༔ མེས་ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་ཞི་བར་བྱས་ནས་བདེ་བ་འཐོབ༔ ཧཱུྃ་གིས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་ཞི་བར་བྱས་ནས་བདེ་བ་འཐོབ༔ དེ་ཡང་རྒྱལ་པོས་གཙོ་བྱས་རྣམས་དགེ་བཅུ་སྤྱད་པས་མཐོ་རིས་ལྷའི་གོ་འཕང་འཐོབ་སྟེ༔ ལྷའི་གོ་འཕང་ཐོབ་ཀྱང་སྡུག་བསྔལ་ལས་མ་འདས་ཏེ༔ ལྷ་ཚེ་འཕོ་བའི་དུས་སུ་ལྟུང་བའི་སྡུག་བསྔལ་འབྱུང་སྟེ༔ ལུས་ལ་དྲི་མི་ཞིམ་པ་བྲོ༔ ལུས་ཀྱི་འོད་འཆོར༔ མ་རྨོས་པའི་ལོ་ཏོག་དང༔ ཁྲུས་ཀྱི་རྫིང་བུ་སྐམ༔ ཅང་ཤེས་ཀྱི་རྟ་དང་འདོད་འཇོའི་བ་ཡང་སྟོར༔ མངོན་པར་ཤེས་པས་ལྷའི་བསོད་ནམས་ཀྱང་ཟད༔ ངན་སོང་དུ་ལྟུང་བ་མཐོང་བའི་སྡུག་བསྔལ་བཟོད་གླགས་མེད་པ་དེ་ཇོ་བོ་ཐུགས་རྗེ་ཆེན་པོའི་སྤྱན་གྱིས་གཟིགས་སོ༔ ཁོང་ཁྲོ་དང་ཕྲག་དོག་གཙོ་བོར་བྱས་ནས་རྒྱུ་མི་དགེ་བཅུ་སྤྱད་པས༔ ལྷ་མ་ཡིན་དུ་སྐྱེ་སྟེ༔ ལྷ་དང་ལྷ་མ་ཡིན་འཐབ་པའི་དུས་སུ༔ ལྷ་བསོད་ནམས་ཆེ་བས་ལྷ་མ་ཡིན་ཕམ་པ་མང་བ་སྟེ༔ མཚོན་ཆའི་འཁོར་ལོས་སྣད་པ་དང༔ སྨས་པ་དང༔ ཤི་བ་དང༔ འདྲད་པ་དང༔ ལྷ་མ་ཡིན་དང་ནང་འཐབ་པ་དང༔ རྩོད་པ་དང་སྡུག་བསྔལ་དྲག་པོ་བཟོད་དཀའ་བ་དང༔ ཚེ་འཕོས་ནས་ངན་སོང་དུ་ལྟུང་བ་རང་གིས་ཤེས་ནས་སྡུག་བསྔལ་ཤིན་ཏུ་ཆེའོ༔ མི་རུ་སྐྱེས་ཀྱང་སྡུག་བསྔལ་ལས་མ་འདས་ཏེ༔ དང་པོ་སྐྱེ་བའི་སྡུག་བསྔལ་ཡང༔ མ་ཡི་ཁོང་དུ་གནས་པའི་སྡུག་བསྔལ་ལ་མས་བཏེག་ཙ་ན་གཡང་ལ་བཏེགས་པ་དང་འདྲ་བ༔ མ་འགྲངས་ཙ་ན་བྲག་བར་དུ་བཅར་བ་དང་འདྲ་བ༔ མ་ལྡང་ཙ་ན་རླུང་ལ་འཕྱར་བ་དང་འདྲ་བ༔ མ་ཉལ་ཙ་ན་རིས་མནན་པ་དང་འདྲ་བ༔ དྲག་ཤུལ་དང་ལྡང་དུབ་བྱེད་ཙ་ན་ལུས་པོ་ཆད་པ་དང་འདྲ་བ༔ སྐྱེས་ཙ་ན་འཚུབས་ལ་ཁད་པགས་པ་བཤུས་པ་དང་འདྲ་བ༔ བུད་ཙ་ན་ཚེར་ཕུང་ནང་དུ་བསྐྱུར་བ་དང་འདྲ་བ༔ མས་བླང་ཙ་ན་བྱིའུ་ཕྲུག་ཁྲས་ཁྱེར་བ་དང་འདྲ་བའོ༔ དེ་ནས་ཆེར་སྐྱེས་ཏེ་གཞོན་དར་གྱི་དུས་སུ༔ སོ་ནམ་ལས་ཀ་རྩོལ་སྒྲུབ་འགྲོ་འདུག་བྲེལ་ཕོངས་ལ་སོགས་སྡུག་བསྔལ་བསམ་གྱིས་མི་ཁྱབ་བོ༔ རྒས་པའི་སྡུག་བསྔལ་ནི་ལུས་འབྱུང་བ་ཟད་པ་དང༔ བཀྲག་མདངས་ཤོར༔ དབང་པོ་ཉམས༔ མིག་མི་གསལ༔ རྣ་བ་འོན༔ སྣ་ཆུ་འཛག༔ སོ་བུད༔ ལྕེ་དིག༔ ལངས་ན་མི་ཐེགས༔ སྡོད་ན་ལུས་རྡེབ༔ བུ་ཚ་དང་མིའི་སྙིང་དུ་མི་སྡུག༔ རྒས་སྙམ་པའི་སྡུག་བསྔལ་རང་གིས་ཚོར༔ འཆི་བའི་སྡུག་བསྔལ་གཅེས་པར་བྱས་པའི་ལུས་བོར༔ འདུས་པའི་གྲོགས་དང་བྲལ༔ བུ་ཚ་དང་འཁོར་གཡོག་ཕྱི་རུ་འཇོག༔ ནོར་རྫས་ཅི་ཙམ་ཡོད་ཀྱང་འཁྱེར་དབང་མེད༔ ལུས་རྡོ་བཞིན་དུ་བོར༔ སེམས་རིག་པ་འདི་ངན་སོང་དུ་འཁྱམས་དགོས་པས་སྡུག་བསྔལ་ལོ༔ མ་ཤི་བའི་བར་དུ་ཡང༔ མེད་པ་བཙལ་གྱིས་མི་རྙེད་པའི་སྡུག་བསྔལ་ལྟོགས་ཤིང་ཐང་ཆད༔ ཡོད་པས་འཚོ་སྐྱོང་མི་ཐུབ་པའི་སྡུག་བསྔལ༔ དགྲ་མི་ཐུབ་ཀྱི་དོགས་པས་ཁོང་ནས་མེ་འབར༔ གཉེན་མ་འཁྱོངས་ཀྱི་དོགས་ནས་སེམས་ཁྲལ་ཆེ༔ བུ་མི་སོས་དོགས་པ༔ བུ་མོ་མི་རྫོངས་ཀྱི་དོགས་པ༔ སོ་ནམ་རྒྱུན་དུ་བྱེད་པ་ལ་བྲེལ་ལ་ཐང་ཆད་པས་སྡུག་བསྔལ་ལོ༔ མི་དགེ་བཅུ་སྤྱད་པས་ངན་སོང་དུ་སོང་སྟེ༔ ཤིན་ཏུ་སྡུག་བསྔལ་ལས་མ་འདས་སོ༔ བྱོལ་སོང་དུ་སྐྱེས་པ་རྣམས་ཀྱང་སྡུག་བསྔལ་ལས་མ་འདས་ཏེ༔ མིས་བཀོལ་བ་དང༔ རྨོས་རྨོ་བ་དང༔ ཁལ་འགེལ་བ་དང༔ གསོད་པ་དང༔ བདག་པོ་མེད་པ་རྣམས་ཀྱང༔ རྔོན་པས་རི་དྭགས་གསོད་པ་དང༔ ཉ་པས་ཉ་རྔོན་པ་དང༔ གཅན་ཟན་གཅིག་གིས་གཅིག་གསོད་པ་དང༔ ཁྱད་པར་དུ་མཐའི་རྒྱ་མཚོ་ལ་ཆང་ནང་གི་སྦང་མ་ཙམ་ཡོད་པ་དེ༔ གཅིག་གིས་གཅིག་གསོད་པ་དང༔ ཆུང་གིས་ཆེ་བ་གསོད་པ་དང༔ རྟ་བོང་ལ་སྦྲང་བུ་འདུས་པ་ལྟར་དང༔ ཉིང་ཤ་ཉིང་གིས་ཟ་བ་དང༔ དེ་ལ་སོགས་པའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་བོ༔ ཡི་དྭགས་སུ་སྐྱེས་པ་རྣམས་ཀྱང་སྡུག་བསྔལ་ལས་མ་འདས་ཏེ༔ ཟས་ལྕགས་བསྲེགས་སུ་མཐོང་བ་དང༔ སྐོམ་ནི་རྣག་ཁྲག་ཏུ་མཐོང་བ་དང༔ ལྟོར་ཟས་སོང་བས་ལུས་སྲེག་པ་དང༔ ཟས་སྐོམ་མི་རྙེད་པའི་སྡུག་བསྔལ་དང༔ རྙེད་ཀྱང་མགྲིན་པར་མི་ཤོང་བ་དང༔ ཤོང་ཡང་ལྟོ་བ་མི་ཁེངས་པ་དང༔ ཟས་ལ་ཟ་དབང་མེད་པར་སྲུང་མ་ཡོད་པ་དང༔ ཟས་རྙེད་ཀྱང་གཞན་གྱིས་འཕྲོག་ཏུ་འོང་བ་དང༔ ནམ་མཁའ་ལ་རྒྱུ་བའི་ཡི་དྭགས་བྱ་བ་རང་ལ་རང་དབང་མེད་པ་མི་ལ་གནོད་པ་སྐྱེལ་བར་བྱེད་པ་དང༔ གཤིན་དང་བསེ་རག་བྱ་བ་རང་ནད་གང་གིས་ཤི་བ་དེ་དང་མ་བྲལ་ནས༔ མི་ལ་ནད་དེས་མནར་འཇུག་པ་དང༔ བརྡུང་གཏག་གཞན་གྱིས་བྱས་པས་རང་ལ་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་དོ༔ སེམས་ཅན་དམྱལ་བར་སྐྱེས་པ་རྣམས༔ ཚ་གྲང་གི་སྡུག་བསྔལ་བསམ་གྱིས་མི་ཁྱབ་སྟེ༔ ཚ་བའི་དམྱལ་བ་བརྒྱད་ལ་ཡང་སོས་བྱ་བ་ཞག་རེ་ལ་ལན་བརྒྱ་བརྒྱ་སོས༔ ལན་བརྒྱ་བརྒྱ་ཤི་བ་ཡོད༔ ཐིག་ནག་བྱ་བ་ལུས་ཕྱེད་དུ་ཐིག་གདབ་ནས་དམྱལ་དཔོན་གྱིས་སོག་ལེས་དྲ་བ་ཡོད་དོ༔ བསྡུས་འཇོམས་བྱ་བ་ན་ལྕགས་ཀྱི་གཏུན་ཁུང་དུ་གཏུན་བུས་བརྡུང་བ་ཡོད་དོ༔ ངུ་འབོད་བྱ་བ་སྐེ་ནས་ཐག་པ་བཏགས་ནས་འོ་དོད་འབོད་པ་ཡོད་དོ༔ ངུ་འབོད་ཆེན་པོ་བྱ་བ་ལྕགས་ཀྱི་ཁང་སྒྲོམ་མེ་འབར་བར་བཅུག་ནས་ཆོ་ངེས་འདེབས་པ་ཡོད་དོ༔ ཚ་བ་བྱ་བ་ཟངས་རྒྱ་མཁའ་ཚད་དུ་བཅུག་ནས་འཚོད་པ་ཡོད་དོ༔ རབ་ཏུ་ཚ་བ་བྱ་བ་ལྕགས་ཀྱི་སྐམ་པས་བཟུང་ནས་སྲེག་པ་དང༔ འཚོད་པ་ཡོད་དོ༔ མནར་མེད་བྱ་བ་ལས་ཀྱི་རླུང་གིས་མནན་པས་སྡུག་བསྔལ་སྐད་ཅིག་ཙམ་ཡང་བཟོད་གླགས་མེད་དོ༔ གྲང་བའི་དམྱལ་བ་བརྒྱད་ནི༔ ཨ་ཆུ་བྱ་བ་འཁྱགས་ནས་སྐད་ངན་ཤོར་བ་དང༔ ཆུ་བུར་ཅན་བྱ་བ་ལས་ཀྱི་ལྷགས་པས་ཆུ་བུར་ཐག་ཐུག་འབྱུང་བ་དང༔ ཆུ་བུར་བརྡོལ་བྱ་བ་ཆུ་བུར་བརྡོལ་ནས་ཆུ་སེར་འབབས་པ་དང༔ སོ་ཐམ་ཐམ་པ་བྱ་བ་འཁྱགས་ནས་སོ་སྒྲ་ཏོག་ཏོག་པ་དང༔ ཨུཏྤལ་ལྟར་གས་པ་བྱ་བ་འཁྱགས་ནས་ཚལ་པ་བཞིར་གས་པ་དང༔ ཨུཏྤལ་ཆེན་པོ་ལྟར་གས་པ་བྱ་བ་ལུས་ཚལ་པ་བརྒྱད་དུ་གས་པ་དང༔ པདྨ་ལྟར་གས་པ་བྱ་བ་ལུས་ཚལ་པ་བཅུ་དྲུག་ཏུ་གས་པ་དང༔ པདྨ་ཆེན་པོ་ལྟར་གས་པ་བྱ་བ་འཁྱགས་ནས་ལུས་ཚལ་པ་སུམ་ཅུ་རྩ་གཉིས་སུ་གས་པའོ༔ ༔ཉི་ཚེ་བ་བྱ་བ་ནི་ཉིན་མོ་སྡུག་བསྔལ་ཞིང་མཚན་མོ་འཆི་བ༔ ཉིན་འཁོར་བ་བྱ་བ་ཉིན་མོ་ལན་བརྒྱ་ཤི་བའོ༔ ཐུན་མོང་གི་སྡུག་བསྔལ་བ་བྱ་བ་མེ་མ་མུར་གྱི་འོབས་ལ་པུས་ནུབ་ཙམ་དུ་འགྲོ་དགོས་པ་དང༔ རོ་མྱགས་ཀྱི་འདམ་ལ་འགྲོ་དགོས་པ་དང༔ སྤུ་གྲིའི་ལམ་གྱིས་ཤ་རུས་གཅོད་པ་དང༔ རལ་གྲིའི་ཆར་པ་འབེབས་པ་དང༔ ལྕགས་ཀྱི་ཤལ་མ་ལི་བྱ་བ་ལྕགས་ཀྱི་ཐུར་མ་སོར་བཅུ་དྲུག་རེ་ཡོད་པའི་རི་ལ་ཡར་བཤལ་མར་བཤལ་བྱེད་པ་དང༔ དེ་ལ་སོགས་པའི་དམྱལ་བའི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་དོ༔ དེ་ལྟར་འགྲོ་དྲུག་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པ་དེ་ལ༔ ཇོ་བོ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་གྱིས་དུས་རྒྱུན་ཆད་མེད་པར་གཟིགས་སོ༔ དམིགས་པ་མེད་པའི་སྙིང་རྗེ་ནི༔ འགྲོ་དྲུག་འཁོར་བའི་སྡུག་བསྔལ་རྒྱུན་གཅོད་པར་གཟིགས་སོ༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་པས༔ ཨཱོཾ་གྱིས་ལྷར་སྐྱེ་བའི་གཡང་ས་བཅད་ནས་ལྷའི་གནས་སྟོང༔ མས་ལྷ་མ་ཡིན་དུ་སྐྱེ་བའི་གཡང་ས་བཅད་ནས་ལྷ་མ་ཡིན་གྱི་གནས་སྟོང༔ ཎིས་མིར་སྐྱེ་བའི་གཡང་ས་བཅད་ནས་མིའི་གནས་སྟོང༔ པད་ཀྱིས་བྱོལ་སོང་དུ་སྐྱེ་བའི་གཡང་ས་བཅད་ནས་བྱོལ་སོང་གི་གནས་སྟོང༔ མེས་ཡི་དྭགས་སུ་སྐྱེ་བའི་གཡང་ས་བཅད་ནས་ཡི་དྭགས་ཀྱི་གནས་སྟོང༔ ཧཱུྃ་གིས་དམྱལ་བའི་གཡང་ས་བཅད་ནས་དམྱལ་བའི་གནས་སྟོང༔ འགྲོ་དྲུག་གི་གནས་སྟོང་པར་བྱས་ནས༔ འཁོར་བའི་གནས་སྟོངས་ནས་ཀ་དག་སྟེ༔ སངས་རྒྱས་ཀྱི་ཞིང་དུ་འདྲེན་པར་བྱེད་ནུས་པ་ནི༔ ཐུགས་རྗེ་ཆེན་པོའི་ཡང་སྙིང་ཡི་གེ་དྲུག་པ་ཡིན་ནོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ ཐུགས་རྗེ་ཆེན་པོས་སྙིང་རྗེ་གསུམ་གྱིས་རིགས་དྲུག་གི་སེམས་ཅན་ལ་ཐུགས་རྗེས་གཟིགས་པའི་ལེའུ་སྟེ་སོ་བརྒྱད་པའོ༔ ༔དེ་ནས་སློབ་དཔོན་པདྨས་བོད་ཀྱི་ལྷ་སྲས་རྗེ་འབངས་རྣམས་ལ་གསུངས་པ༔ ཀྱཻ་བོད་ཀྱི་ལྷ་སྲས་རྗེ་འབངས་རྣམས་གསོན་ཅིག༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་པ་ནི༔ ཐུགས་རྗེ་ཆེན་པོའི་ཡང་སྙིང་ཡིན་པས༔ འདི་ལན་གཅིག་བརྗོད་པའི་བསོད་ནམས་ནི༔ གྲངས་ཀྱིས་མི་ཆོད་དོ༔ ཀུ་མུ་དའི་ས་བོན་གཅིག་ལས་གྱེས་པ་བསམ་གྱིས་མི་ཁྱབ་སྟེ༔ དེ་བས་ཀྱང་ཡི་གེ་དྲུག་པ་ལན་གཅིག་བརྗོད་པའི་བསོད་ནམས་འཕེལ་ཆེའོ༔ ཏིལ་གཅིག་ལ་ཡང་མང་པོ་འཕེལ་ཏེ༔ དེ་བས་ཀྱང་ཡི་གེ་དྲུག་པ་ལན་གཅིག་བརྗོད་པའི་བསོད་ནམས་འཕེལ་ཆེའོ༔ བ་ཚྭ་ཅན་གྱི་རྒྱ་མཚོ་ལ་ཆུ་བོ་བཞི་ལ་སོགས་པའི་ཆུ་བྲན་གྲངས་ཀྱིས་མི་ལངས་པ་འབབས་ཏེ༔ དེ་བས་ཀྱང་ཡི་གེ་དྲུག་པ་ལན་གཅིག་བཟླས་པའི་བསོད་ནམས་འཕེལ་ཆེའོ༔ ཡིད་བཞིན་ནོར་བུ་རིན་པོ་ཆེ་ལ་གསོལ་བ་བཏབ་ན་དགོས་འདོད་ཐམས་ཅད་འབྱུང་སྟེ༔ དེ་བས་ཀྱང་ཡི་གེ་དྲུག་པ་ལན་གཅིག་བཟླས་པའི་བསོད་ནམས་འཕེལ་ཆེའོ༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ལོ་བཅུ་གཉིས་ལ་ཆར་པ་བབས་པའི་ཆར་འབྲུའི་གྲངས་ནི་བགྲང་བར་ནུས་ཀྱི༔ ཡི་གེ་དྲུག་པ་ལན་གཅིག་བརྗོད་པའི་བསོད་ནམས་ནི་བགྲང་བར་མི་ནུས་སོ༔ གླིང་བཞིར་བཏབ་པའི་འབྲུ་ཐམས་ཅད་ནི་བགྲང་བར་ནུས་ཀྱི༔ ཡི་གེ་དྲུག་པ་ལན་གཅིག་བརྗོད་པའི་བསོད་ནམས་ནི་བགྲང་བར་མི་ནུས་སོ༔ ཕྱིའི་རྒྱ་མཚོའི་ཆུ་ཐམས་ཅད་ཐིགས་པ་རེ་རེ་ནས་བགྲང་བར་ནུས་ཀྱི༔ ཡི་གེ་དྲུག་པ་ལན་གཅིག་བརྗོད་པའི་བསོད་ནམས་ནི་བགྲང་བར་མི་ནུས་སོ༔ དུད་འགྲོ་སེམས་ཅན་ལུས་ཡོད་དོ་ཅོག་གི་སྤུ་རེ་རེ་ནས་བགྲང་བར་ནུས་ཀྱི༔ ཡི་གེ་དྲུག་པ་ལན་གཅིག་བརྗོད་པའི་བསོད་ནམས་ནི་བགྲང་བར་མི་ནུས་སོ༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཡི་གེ་དྲུག་པ་འདི་ཐུགས་རྗེ་ཆེན་པོའི་ཡང་སྙིང་ཡིན་པས༔ རྡོ་རྗེ་གནམ་ལྕགས་ཀྱི་རི་བོ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་པ་ལ༔ ཀཱ་ཤི་ཀཱ་ཡི་རས་འཇམ་པོས་བསྐལ་པ་རེ་རེ་ལ་ལན་རེ་ཕྱིས་ཀྱང་ཟད་པར་ནུས་ཀྱི༔ ཡི་གེ་དྲུག་པ་ལན་གཅིག་བགྲང་བའི་བསོད་ནམས་ནི་ཟད་པར་མི་ནུས་སོ༔ དབུས་ཀྱི་རི་བོ་མཆོག་རབ་ལ་སྲིན་བུ་མེ་རུ་ཙེས་ཟོས་ཀྱང་ཟད་པར་ནུས་ཀྱི༔ ཡི་གེ་དྲུག་པ་ལན་གཅིག་བཟླས་པའི་བསོད་ནམས་ནི་ཟད་པར་མི་ནུས་སོ༔ ཆུ་བོ་གངྒཱའི་བྱེ་མ་ལ༔ བྱིའུ་ཏི་ཏོའི་མཆུས་གཏོར་ནས་ཟད་པར་ནུས་ཀྱི༔ ཡི་གེ་དྲུག་པ་ལན་གཅིག་བཟླས་པའི་བསོད་ནམས་ནི་ཟད་པར་མི་ནུས་སོ༔ གླིང་བཞི་རི་རབ་དང་བཅས་པའི་ས་སྐྱི་སེར་རླུང་གིས་གཏོར་ཡང་ཟད་པར་ནུས་ཀྱི༔ ཡི་གེ་དྲུག་པ་ལན་གཅིག་བཟླས་པའི་བསོད་ནམས་ནི་ཟད་པར་མི་ནུས་སོ༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱི་རིང་བསྲེལ་གྱིས་གང་བའི་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་མཆོད་རྟེན་བྱས་ཏེ༔ དེ་ལ་མཆོད་པ་རྒྱུན་མི་འཆད་པར་བྱས་པའི་བསོད་ནམས་ནི་བགྲང་བར་ནུས་ཀྱི༔ ཡི་གེ་དྲུག་པ་ལན་གཅིག་བཟླས་པའི་བསོད་ནམས་ནི་བགྲང་བར་མི་ནུས་སོ༔ འཇིག་རྟེན་གྱི་ཁམས་ཀྱི་བྱེ་མ་སྙེད་དང་མཉམ་པ་ཐམས་ཅད་ནི་སངས་རྒྱས་དང་སངས་རྒྱས་ཀྱི་ཞིང་ཁམས་སུ་གྱུར་པ་ལ༔ དེ་ལ་སྤོས་དང་མར་མེ་དང་བྱུག་པ་དང་ཞབས་བསིལ་དང་རོལ་མོ་ལ་སོགས་པའི་མཆོད་པ་རྒྱུན་མི་འཆད་པར་བྱས་པའི་བསོད་ནམས་ཀྱི་ཚད་ནི་བགྲང་བར་ནུས་ཀྱི༔ ཡི་གེ་དྲུག་པ་ལན་གཅིག་བཟླས་པའི་བསོད་ནམས་ནི་བགྲང་བར་མི་ནུས་སོ༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཅེས་པའི་ཡི་གེ་དྲུག་པ་འདི་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་ཀྱི་ཡང་སྙིང་ཡིན་པས༔ ཞག་རེ་ལ་ལན་བརྒྱ་རྩ་བརྒྱད་རེ་བཟླས་ན་ངན་སོང་གསུམ་དུ་མི་སྐྱེ་སྟེ༔ སྐྱེ་བ་ཕྱི་མར་མི་ལུས་ཐོབ་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་མངོན་པར་མཐོང་བར་འགྱུར་རོ༔ ལན་ཉི་ཤུ་རྩ་གཅིག་རྟག་ཏུ་དག་པར་བཟླས་ན༔ ཡིད་གཞུངས་པར་འགྱུར་རོ༔ ཐོས་པ་འཛིན་པར་འགྱུར་རོ༔ དབྱངས་སྙན་པར་འགྱུར་རོ༔ ཆོས་ཐམས་ཅད་ཀྱི་དོན་ལ་མཁས་པར་འགྱུར་རོ༔ ཞག་རེ་ལ་ལན་བདུན་བདུན་བཟླས་ན་སྡིག་པ་ཐམས་ཅད་འདག་པར་འགྱུར་རོ༔ སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་རོ༔ ཚེ་རབས་གང་དང་གང་དུ་སྐྱེས་ཀྱང༔ འཕགས་པ་སྤྱན་རས་གཟིགས་དང་མི་འབྲལ་བར་འགྱུར་རོ༔ མི་གང་དག་ནད་གདོན་གྱིས་གཟིར་བ་ལ༔ འཇིག་རྟེན་གྱི་རྐྱེན་ཟློག་རིམ་གྲོ་ཅི་བྱས་པ་བས་ཀྱང་ཡི་གེ་དྲུག་པའི་བསོད་ནམས་ཀྱིས་བཟློག་པ་ཆེའོ༔ སྨན་དཔྱད་དང་བཅོས་ཀ་ཅི་བྱས་པ་བས་ཀྱང༔ ཡི་གེ་དྲུག་པ་ནད་གདོན་ལ་གཉེན་པོར་ཆེའོ༔ ཡི་གེ་དྲུག་པའི་ཡོན་ཏན་ནི༔ དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་བརྗོད་པར་མི་ནུས་ཚད་ལས་འདས་སོ༔ དེ་ཅིའི་ཕྱིར་ཞེ་ན༔ བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་ཀྱིས་འགྲོ་དྲུག་ལ་ཐུགས་རྗེས་རྒྱུན་མི་འཆད་པར་གཟིགས་པའི་ཐུགས་ཀྱི་ཡང་སྙིང་ཡིན་པས༔ སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་བར་བྱེད་པ་ཡིན་ནོ༔ ཕྱི་རབས་རྗེ་འབངས་རྣམས༔ ཡི་དམ་ཐུགས་རྗེ་ཆེན་པོར་ཟུངས་ཤིག༔ སྙིང་པོ་ཡི་གེ་དྲུག་པ་ཟློས་ཤིག༔ ངན་སོང་དུ་འགྲོ་བའི་དོགས་པ་མེད་དོ༔ བོད་ཁ་བ་ཅན་གྱི་ལྷ་སྐལ་ཡིན་པས༔ དད་གུས་མོས་པའི་སྒོ་ནས་གསོལ་བ་ཐོབ་ཅིག༔ བྱིན་རླབས་དངོས་གྲུབ་འབྱུང་གི༔ ཡིད་གཉིས་དང་ཐེ་ཚོམ་མ་བྱེད་ཅིག༔ ཆོས་འདི་ལས་ཟབ་པ་དང༔ མྱུར་བ་ནི་དུས་གསུམ་གྱི་སངས་རྒྱས་ཀྱིས་མ་གསུངས་ཏེ༔ པདྨ་འབྱུང་གནས་བདག་གིས་མི་ཤེས་སོ༔ པདྨ་འབྱུང་གནས་བདག་ནི་ད་འགྲོ་བས༔ ད་ལྟར་བཞུགས་དང་སླད་ནས་འབྱོན་པ་ཡི༔ བོད་ཀྱི་སློབ་མ་རྗེ་འབངས་ཀུན་གྱི་ཐུགས་ལ་དེ་ལྟར་ཞོག༔ ཅེས་གསུངས་སོ༔ བོད་ཀྱི་རྗེ་འབངས་ཐམས་ཅད་རབ་ཏུ་དགའ་ནས༔ ཕྱག་གྱང་འགྱེལ་བ་ལྟར་འཚལ་ལོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ ཐུགས་རྗེ་ཆེན་པོའི་ཡི་གེ་དྲུག་པའི་ཕན་ཡོན་བཤད་པའི་ལེའུ་སྟེ་སོ་དགུ་པའོ༔ ༔དེ་ནས་སློབ་དཔོན་ལྷོ་ནུབ་སྲིན་པོའི་ཁ་གནོན་དུ་གཤེགས་པ་ལ༔ བོད་ཀྱི་རྗེ་འབངས་སློབ་མ་རྣམས་ཀྱིས་མང་ཡུལ་གྱི་ལ་ཁར་སྐྱེལ་ཐུང་བྱས་ནས༔ ཕྱག་འཚལ་བའི་དུས་སུ༔ སློབ་དཔོན་ཉི་མའི་ཟེར་ལ་ཆིབས་ནས་མགུར་གསུངས་པ༔ རྗེ་བླ་མ་ཡི་དམ་མཁའ་འགྲོ་གསུམ༔ སྤྱི་གཙུག་རྒྱན་དུ་བཞུགས་སུ་གསོོལ༔ བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ཡང་གསོན་དང་བོད་ཀྱི་རྗེ་འབངས་རྣམས༔ བདག་ཨུ་རྒྱན་པདྨ་འབྱུང་གནས་ཀྱིས༔ འཛམ་གླིང་འཇིག་རྟེན་འདི་རུ་ཕྱིན༔ བསྡུ་བ་རྣམ་བཞིའི་ཕྲིན་ལས་ཀྱིས༔ གདུལ་བྱ་སྨིན་གྲོལ་རྫོགས་པར་བྱས༔ ད་ནི་རྒྱ་གར་ཡུལ་དུ་འགྲོ༔ འགྲོ་བའི་འགྲོ་ལུགས་འདི་ལྟར་ལགས༔ ང་སྨྲ་བསམ་བརྗོད་འདས་ཀྱི་རྣལ་འབྱོར་པ༔ མཐའ་བྲལ་ལྟ་བའི་ཐང་ལ་འགྲོ༔ ལྟ་བའི་ཐང་ལ་འགྲོ་ཙ་ན༔ སྣང་སྲིད་ཆོས་སྐུར་འཁྱེར་ནས་འགྲོ༔ ང་སྣང་སྟོང་འོད་གསལ་རྣལ་འབྱོར་པ༔ བདེ་སྟོང་སྒོམ་པའི་ཐང་ལ་འགྲོ༔ སྒོམ་པའི་ཐང་ལ་འགྲོ་ཙ་ན༔ མཉམ་གཞག་རྗེས་ཐོབ་མེད་པར་འགྲོ༔ ང་སྣང་བ་རང་གྲོལ་གྱི་རྣལ་འབྱོར་པ༔ ཤུགས་འབྱུང་སྤྱོད་པའི་ཐང་ལ་འགྲོ༔ སྤྱོད་པའི་ཐང་ལ་འགྲོ་ཙ་ན༔ རོ་སྙོམས་བླང་དོར་མེད་པར་འགྲོ༔ ང་མ་བཅོས་རང་བྱུང་རྣལ་འབྱོར་པ༔ ལྷུན་གྲུབ་འབྲས་བུའི་ཐང་ལ་འགྲོ༔ འབྲས་བུའི་ཐང་ལ་འགྲོ་ཙ་ན༔ རེ་དོགས་གཉིས་དང་བྲལ་ནས་འགྲོ༔ ཡང་གསོན་དང་བོད་ཀྱི་རྗེ་འབངས་རྣམས༔ ང་སྨྲ་བསམ་བརྗོད་བྲལ་རྣལ་འབྱོར་པ༔ མཐའ་བྲལ་ལྟ་བའི་ལ་ལ་འགྲོ༔ ལྟ་བའི་ལ་ལ་འགྲོ་ཙ་ན༔ ཉིན་མཚན་སྒོམ་དུ་མེད་པར་འགྲོ༔ ང་སྣང་སྟོང་འོད་གསལ་གྱི་རྣལ་འབྱོར་པ༔ བདེ་སྟོང་སྒོམ་པའི་ལ་ལ་འགྲོ༔ སྒོམ་པའི་ལ་ལ་འགྲོ་ཙ་ན༔ བྱིང་རྒོད་གཉིས་དང་བྲལ་ནས་འགྲོ༔ ང་སྣང་བ་རང་གྲོལ་གྱི་རྣལ་འབྱོར་པ༔ ཤུགས་འབྱུང་སྤྱོད་པའི་ལ་ལ་འགྲོ༔ སྤྱོད་པའི་ལ་ལ་ཕྱིན་ཙ་ན༔ ཐམས་ཅད་མཁྱེན་པའི་ས་བོན་འདེབས༔ ང་མ་བཅོས་རང་བྱུང་རྣལ་འབྱོར་པ༔ ལྷུན་གྲུབ་འབྲས་བུའི་ལ་ལ་འགྲོ༔ འབྲས་བུའི་ལ་ལ་འགྲོ་ཙ་ན༔ རྟོགས་པ་མངོན་གྱུར་སངས་རྒྱས་ལགས༔ ཡང་གསོན་དང་བོད་ཀྱི་རྗེ་འབངས་རྣམས༔ ང་སྨྲ་བསམ་བརྗོད་བྲལ་རྣལ་འབྱོར་པ༔ མཐའ་བྲལ་ལྟ་བའི་ཐུར་དུ་འགྲོ༔ ལྟ་བའི་ཐུར་དུ་འགྲོ་ཙ་ན༔ ཆོས་ཉིད་སྐྱེ་མེད་ཀྱི་ངང་ལ་གནས༔ ང་སྣང་བ་འོད་གསལ་གྱི་རྣལ་འབྱོར་པ༔ བདེ་སྟོང་སྒོམ་པའི་ཐུར་དུ་འགྲོ༔ སྒོམ་པའི་ཐུར་དུ་འགྲོ་ཙ་ན༔ སྒོམ་མེད་ཡེངས་མེད་ཀྱི་ངང་ལ་གནས༔ ང་སྣང་བ་རང་གྲོལ་གྱི་རྣལ་འབྱོར་པ༔ ཤུགས་འབྱུང་སྤྱོད་པའི་ཐུར་དུ་འགྲོ༔ སྤྱོད་པའི་ཐུར་དུ་འགྲོ་ཙ་ན༔ བདེར་གཤེགས་བཀའ་ལུང་བཞིན་དུ་བྱེད༔ ང་མ་བཅོས་རང་བྱུང་རྣལ་འབྱོར་པ༔ ལྷུན་གྲུབ་འབྲས་བུའི་ཐུར་དུ་འགྲོ༔ འབྲས་བུའི་ཐུར་དུ་འགྲོ་ཙ་ན༔ རང་རྒྱུད་དག་པའི་སངས་རྒྱས་ལགས༔ ཡང་གསོན་དང་བོད་ཀྱི་རྗེ་འབངས་རྣམས༔ ང་སྨྲ་བསམ་བརྗོད་འདས་རྣལ་འབྱོར་པ༔ མཐའ་བྲལ་ལྟ་བའི་གནས་སུ་འགྲོ༔ ལྟ་བའི་གནས་སུ་ཕྱིན་ཙ་ན༔ འཁོར་བ་མྱང་འདས་ཀྱི་རང་བཞིན་ལགས༔ ང་སྣང་སྟོང་འོད་གསལ་གྱི་རྣལ་འབྱོར་པ༔ བདེ་སྟོང་སྒོམ་པའི་གནས་སུ་འགྲོ༔ སྒོམ་པའི་གནས་སུ་ཕྱིན་ཙ་ན༔ རྣམ་རྟོག་ཡེ་ཤེས་ཀྱི་རང་བཞིན་ལགས༔ ང་སྣང་བ་རང་གྲོལ་གྱི་རྣལ་འབྱོར་པ༔ ཤུགས་འབྱུང་སྤྱོད་པའི་གནས་སུ་འགྲོ༔ སྤྱོད་པའི་གནས་སུ་ཕྱིན་ཙ་ན༔ སྣང་སྲིད་དཀྱིལ་འཁོར་གྱི་རང་བཞིན་ལགས༔ ང་མ་བཅོས་རང་བྱུང་རྣལ་འབྱོར་པ༔ ལྷུན་གྲུབ་འབྲས་བུའི་གནས་སུ་འགྲོ༔ འབྲས་བུའི་གནས་སུ་ཕྱིན་ཙ་ན༔ ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་ལགས༔ ང་འགྲོ་སྲིན་པོའི་ཡུལ་དུ་འགྲོ༔ སྲིན་པོའི་ཡུལ་དུ་ཕྱིན་ཙ་ན༔ མཐུ་དང་རྫུ་འཕྲུལ་སྟོན་པ་ལགས༔ ང་འགྲོ་སྲིན་པོ་འདུལ་དུ་འགྲོ༔ ཐམས་ཅད་བདེ་ལ་བཀོད་དུ་འགྲོ༔ སྲིན་པོ་ཆོས་ལ་འཛུད་དུ་འགྲོ༔ བོད་ཀྱི་མངའ་བདག་འཁོར་སློབ་རྣམས༔ ཡུན་དུ་སྐུ་ཁམས་ཅི་བདེར་བཞུགས༔ ང་སྐྱེ་མེད་འཆི་མེད་ཀྱི་སྐུ་ཐོབ་པས༔ མི་བདེ་བ་ཡི་སྡུག་བསྔལ་མེད༔ སྙིང་རྗེ་ལ་རྒྱུན་ཆད་མེད་པ་ཡིས༔ ཁྱེད་དད་གུས་མོས་པས་གསོལ་བ་ཐོབ༔ ང་དང་ཡང་ཡང་དུ་མཇལ་སྟེ་མཆི༔ དེ་འདྲའི་དགོངས་པ་རྟོགས་ཙམ་ན༔ འཁོར་བ་སྤང་དུ་མེད་པ་ཡིན༔ མྱང་འདས་བསྒྲུབ་ཏུ་མེད་པ་ཡིན༔ འཁོར་འདས་དབྱེར་མེད་ཆོས་ཀྱི་སྐུ༔ སངས་རྒྱས་དགོངས་པ་དེ་ལ་ཟེར༔ དོན་རྟོགས་པར་གྱིས་ཤིག་སྐལ་ལྡན་ཀུན༔ སློབ་དཔོན་གྱིས་དེ་སྐད་གསུངས་པས༔ རྗེ་འབངས་ཐམས་ཅད་མ་དགའ་ནས་མཆི་མ་ཕྱུང་ངོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་གྱིས་ཕྱག་ལན་དུ་མགུར་གསུངས་པའི་ལེའུ་སྟེ་བཞི་བཅུ་པའོ༔ ༔དེ་ནས་རྗེ་འབངས་རྣམས་ཕྱག་དང་བསྐོར་བ་བྱས་ནས༔ ངེད་ཀྱང་ཕྱག་ཕྱིར་འགྲོ་བར་ཞུ་ཞེས་ཞུས་པས༔ སློབ་དཔོན་གྱིས་རྗེས་སུ་བཟུང་བའི་མགུར་འདི་གསུངས་སོ༔ སངས་རྒྱས་ཆོས་དང་དགེ་འདུན་གསུམ༔ སྐྱབས་གནས་གསུམ་ལ་སྐྱབས་སུ་མཆི༔ བླ་མ་ཡི་དམ་མཁའ་འགྲོ་གསུམ༔ རྩ་བ་གསུམ་ལ་གསོལ་བ་འདེབས༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ༔ ཡང་དག་གསུམ་གྱིས་བྱིན་གྱིས་རློབས༔ ཉོན་ཅིག་བོད་ཀྱི་རྗེ་འབངས་རྣམས༔ ཆོས་དཔེ་དོན་མཚོན་པའི་གླུ་ཞིག་ལེན༔ བྱ་རྒོད་པོ་གནམ་འཕང་གཅོད་པ་དེ༔ འདོད་པའི་དབང་གིས་གཟན་ལ་འབབས༔ སྙི་ལ་ཟིན་པ་མ་ཚོར་རམ༔ སེང་དཀར་མོ་གངས་ལ་འགྱིང་བ་དེ༔ འདོད་པའི་དབང་གིས་གངས་ཟུར་འགྲིམ༔ བུ་ཡུག་འཚུབས་པ་མ་ཚོར་རམ༔ ལྷོ་ཙནྡན་ནགས་ཀྱི་རི་བཀྲ་དེ༔ འདོད་པའི་དབང་གིས་འཕྲང་ལ་འགྲིམ༔ ས་མདའ་ཕོགས་པ་མ་ཚོར་རམ༔ ཉ་མོ་ཆབ་ལ་འཕྱོ་བ་དེ༔ འདོད་པའི་དབང་གིས་གཟན་ལ་སྡོང༔ རྒྱ་ལ་ཟིན་པ་མ་ཚོར་རམ༔ རང་སེམས་ཡེ་ནས་སངས་རྒྱས་ལ༔ འདོད་པའི་དབང་གིས་གཞན་ལ་བཙལ༔ འཁོར་བར་འཁྱམས་པ་མ་ཚོར་རམ༔ མི་ལུས་རིན་ཆེན་ཐོབ་དུས་འདིར༔ འཇིག་རྟེན་ལས་ལ་ཡེངས་ཡེངས་ནས༔ མི་ཚེ་ཟད་པ་མ་ཚོར་རམ༔ ཡང་གསོན་དང་བོད་ཀྱི་རྗེ་འབངས་རྣམས༔ མི་མང་པོའི་འདུ་འཛི་བྱུང་ཙ་ན༔ རང་ལུས་དགོན་པའི་གདམས་ངག་བདོག༔ སེམས་གཡེང་བ་སྤོང་ན་ང་ཕྱིར་འདོངས༔ ཤེས་པ་ཕྱི་རུ་ཤོར་ཙ་ན༔ སྣང་བ་ལམ་ཁྱེར་གྱི་གདམས་ངག་བདོག༔ ཕྱི་སྣང་ཞེན་སྤོང་ན་ང་ཕྱིར་འདོངས༔ ནང་དྲན་པ་སྣ་ཚོགས་སྐྱེས་ཙ་ན༔ སྤྲུལ་སྐུ་ཐུག་ཕྲད་ཀྱི་གདམས་ངག་བདོག༔ སེམས་རྣམ་རྟོག་སྤོང་ན་ང་ཕྱིར་འདོངས༔ སྒོམ་བྱིང་རྒོད་རྨུགས་པ་བྱུང་ཙ་ན༔ གསེར་འགྱུར་རྩི་ཡི་གདམས་ངག་བདོག༔ སྒོམ་ནུས་པ་ཡོད་ན་ང་ཕྱིར་འདོངས༔ མཉམ་གཞག་རྗེས་ཐོབ་བྱུང་ཙ་ན༔ མུན་སྣང་མར་མེའི་གདམས་ངག་བདོག༔ ཉམས་ཏིང་འཛིན་སྐྱེད་ན་ང་ཕྱིར་འདོངས༔ ལུས་ལ་ཞེན་པ་བྱུང་ཙ་ན༔ མགྲོན་ཁང་ཞེན་མེད་ཀྱི་གདམས་ངག་བདོག༔ ཕ་ཡུལ་སྤོང་ན་ང་ཕྱིར་འདོངས༔ གཞན་ལུས་ཕྱག་རྒྱ་བསྟེན་ཙ་ན༔ ཕོ་ཉ་ལམ་ཁྱེར་གྱི་གདམས་ངག་བདོག༔ ལམ་ཉེ་བར་འདོད་ན་ང་ཕྱིར་འདོངས༔ རང་ལུས་ཐབས་ལམ་སྒོམ་ཙ་ན༔ བཙན་ཐབས་བདེ་དྲོད་ཀྱི་གདམས་ངག་བདོག༔ དོན་བདེ་སྟོང་སྒོམ་ན་ང་ཕྱིར་འདོངས༔ གཏི་མུག་གཉིད་ཀྱིས་ནོན་ཙ་ན༔ རྨི་ལམ་འོད་གསལ་གྱི་གདམས་ངག་བདོག༔ ཉོན་མོངས་ལམ་དུ་ཁྱེར་ན་ང་ཕྱིར་འདོངས༔ སྨིན་ལམ་གྱི་དབང་བཞི་ནོད་ཙ་ན༔ བུམ་པ་གང་བྱོའི་གདམས་ངག་བདོག༔ རྒྱུད་སྨིན་པར་འདོད་ན་ང་ཕྱིར་འདོངས༔ དབྱིབས་ཀྱི་རྣལ་འབྱོར་སྒོམ་ཙ་ན༔ རང་ལུས་དཀྱིལ་འཁོར་གྱི་གདམས་ངག་བདོག༔ ལམ་བསྐྱེད་རིམ་སྒོམ་ན་ང་ཕྱིར་འདོངས༔ མི་སྐྱེ་བོའི་ཡ་ག་བྱུང་ཙ་ན༔ བྲག་ཆ་སྒྲ་ཡི་གདམས་ངག་བདོག༔ མི་ཁས་འཇིགས་ན་ང་ཕྱིར་འདོངས༔ སྡང་བའི་དགྲ་དང་འཕྲད་ཙ་ན༔ ལེ་ལན་བཟོད་པའི་གདམས་ངག་བདོག༔ ཞེ་སྡང་དགྲ་ལ་འཇིགས་ན་ང་ཕྱིར་འདོངས༔ ཉེ་དུ་གཉེན་གྱིས་གཙེས་ཙ་ན༔ འཁོར་བ་རྩད་གཅོད་ཀྱི་གདམས་ངག་བདོག༔ ཉེ་དུ་གཉེན་ལ་མ་ཆགས་ན་ང་ཕྱིར་འདོངས༔ བུ་སློབ་ཡོན་བདག་གིས་གཅེས་ཙ་ན༔ ཞེན་ཆགས་རང་གྲོལ་གྱི་གདམས་ངག་བདོག༔ བུ་སློབ་ཡོན་བདག་ལ་མ་ཆགས་ན་ང་ཕྱིར་འདོངས༔ ཕྱི་འདོད་ཡོན་ལྔ་ལ་ཞེན་ཙ་ན༔ སྐྱར་མོ་ཉ་ཁྱེར་གྱི་གདམས་ངག་བདོག༔ འཇིག་རྟེན་བྱ་བ་ལ་མ་ཆགས་ན་ང་ཕྱིར་འདོངས༔ ལུས་འབྱུང་བཞིའི་ནད་ཀྱིས་ཉེན་ཙ་ན༔ སྒྱུ་ལུས་རོ་སྙོམས་ཀྱི་གདམས་ངག་བདོག༔ ལུས་ན་ཚས་འཇིགས་ན་ང་ཕྱིར་འདོངས༔ འཆི་ཁར་གནད་གཅོད་བྱུང་ཙ་ན༔ རིག་པ་རྟེན་མེད་ཀྱི་གདམས་ངག་བདོག༔ བར་དོས་འཇིགས་ན་ང་ཕྱིར་འདོངས༔ འཁོར་བའི་སྐྱེ་རྒྱུན་མ་ཆོད་ན༔ འགྲོ་དྲུག་སྒོ་འགེགས་ཀྱི་གདམས་ངག་བདོག༔ རིགས་དྲུག་གཡང་ས་གཅོད་ན་ང་ཕྱིར་འདོངས༔ དགོངས་སམ་རྗེ་འབངས་བུ་སློབ་རྣམས༔ དད་པ་གཏིང་ནས་མ་སྐྱེས་ན༔ ངེས་ཤེས་ཡེ་ཤེས་མི་འཆར་རོ༔ ངེས་ཤེས་ཡེ་ཤེས་མ་སྐྱེས་ན༔ བླ་མའི་གདམས་ངག་མི་འཕྲོད་དོ༔ བླ་མའི་གདམས་ངག་མ་འཕྲོད་ན༔ རང་སེམས་སངས་རྒྱས་མི་མཐོང་ངོ༔ དད་དང་མོས་པ་གུས་པ་ཡིས༔ བླ་མའི་གདམས་ངག་ཉམས་སུ་ལོངས༔ ང་སྐྱེ་ཤི་གཉིས་དང་བྲལ་བ་ལགས༔ འགྲོ་དང་མི་འགྲོ་ང་ལ་མེད༔ ཡེ་ཤེས་ཐུགས་རྗེ་རྒྱུན་ཆད་མེད༔ རང་སེམས་ནོར་བུ་རིན་ཆེན་ལ༔ བདེ་སྡུག་གི་རྟོག་པ་ང་ལ་མེད༔ སྤྱི་གཙུག་རྒྱན་དུ་སྒོམ་ནུས་ན༔ ཉེ་བ་དང་རིང་བ་ང་ལ་མེད༔ རང་ལུས་རྒྱལ་བའི་དཀྱིལ་འཁོར་ལ༔ གདོས་པ་དང་བཅས་པ་ང་ལ་མེད༔ དེ་ལྟར་སེམས་ལ་མོས་གུས་གྱིས༔ ང་རྫུ་འཕྲུལ་སྟོབས་ཀྱིས་འགྲོ་བ་ལ༔ ཁྱེད་གདོས་པ་ཅན་གྱིས་རྗེས་མི་སླེབ༔ རྟག་ཏུ་གསོལ་འདེབས་རེམས་ལ་གྱིས༔ རྒྱུན་ཆད་མེད་པར་མཇལ་བར་མཆིས༔ ཞེས་གསུངས་ཏེ་ཉི་ཟེར་ལ་ཆིབས་ནས་ཡུད་ཀྱིས་ནམ་མཁའ་ལ་འཕུར་ནས༔ ལྷོ་ནུབ་མཚམས་ནས་ཞལ་ཚུར་འགྱུ་ནས༔ བྱམས་པ་ཚད་མེད་ཀྱི་འོད་ཟེར་གྱིས་གདུལ་བྱ་དེ་དག་ཕྱིར་མི་ལྡོག་པའི་ས་ལ་འགོད་པར་མཛད་ནས༔ ཕྱི་ནང་གི་མཁའ་འགྲོ་མ་སྤྲིན་ལྟ་བུས་མཆོད་པའི་རོལ་མོའི་སྒྲ་དང་བཅས་ནས་ལྷོ་ནུབ་རྔ་ཡབ་གླིང་དུ་གཤེགས་སོ༔ དེ་ནས་བོད་ཀྱི་རྗེ་འབངས་རྣམས་ཚུར་ལོག་པ་ལ༔ སློབ་དཔོན་ཨུ་རྒྱན་ཡུལ་དུ་གཤེགས་པའི་མྱ་ངན་གྱིས་ནོན་ཏེ༔ དཔེར་ན་རྔ་མོང་གིས་རྔེའུ་སྟོར་བའམ༔ མས་བུ་གཅིག་པུ་སྟོར་བ་ལྟར་མྱ་ངན་གྱིས་ནོན་པར་གྱུར་ཏོ༔ དེ་ནས་རྗེ་ལྷ་སྲས་མུ་ཏིག་བཙན་པོས་བློན་འབངས་རྣམས་བསྡུས་ཏེ༔ བཀའ་སྩལ་པ༔ འོ་སྐོལ་གྱི་རྒྱལ་པོ་ནི་དགུང་དུ་གཤེགས༔ སློབ་དཔོན་ནི་སྲིན་པོའི་ཡུལ་དུ་གཤེགས༔ ད་གཞན་ཐབས་མེད་པས་རྗེའི་རྣམ་ཐར་རྒྱལ་སྲིད་གཞུང་ལྟར་བསྐྱང༔ སློབ་དཔོན་གྱི་བཀའ་བཞིན་དུ་རྒྱལ་སྲིད་ཆོས་ཀྱིས་བསྐྱང༔ རྗེ་འབངས་ཐམས་ཅད་ཆོས་གང་ལ་གང་མོས་ཐམས་ཅད་ཉམས་སུ་ལོངས་གསུངས་པས༔ འཁོར་འབངས་རྣམས་ཀྱང༔ རྗེའི་བཀའ་བཞིན་བསྒྲུབས་པ་དང༔ ཐམས་ཅད་ཕྱིར་མི་ལྡོག་པའི་ས་ནོན་ཏེ༔ རིག་པ་འཛིན་པའི་འབྲས་བུ་ཐོབ་པར་གྱུར་ཏོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་དྲི་མ་མེད་པ་ལས༔ སློབ་དཔོན་པདྨ་ལྷོ་ནུབ་སྲིན་པོ་འདུལ་དུ་གཤེགས་ཏེ༔ ཕྱག་དང་སྐྱེལ་ལེན་དུ་མགུར་གསུངས་པའི་ལེའུ་སྟེ་ཞེ་གཅིག་པའོ༔ ༔སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི༔ སྐྱེས་རབས་ཆོས་འབྱུང་ནོར་བུའི་ཕྲེང་བ་འདི༔ མི་བརྗེད་གཟུངས་ཐོབ་ཇོ་མོ་མཚོ་རྒྱལ་གྱིས༔ ཕྱི་རབས་གདུལ་བྱ་དད་པ་སྐྱེད་པ་དང༔ མ་རིག་མུན་སེལ་ཆོས་ཀྱི་སྤྱན་ལྡན་ཕྱིར༔ ཡི་གེར་བཀོད་ནས་རིན་ཆེན་གཏེར་དུ་སྦས༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ སློབ་དཔོན་པདྨ་འབྱུང་གནས་ཀྱི༔ སྐྱེས་རབས་ཆེན་མོ་ཆོས་འབྱུང་ནོར་བུའི་ཕྲེང་བ་ཞེས་བྱ་བ༔ ཁྱད་པར་གྱི་གདམས་པ་ཐུན་མོང་མ་ཡིན་པའོ༔ ༔གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་ནོར་བུའི་ཕྲེང་བ་ཞེས་བྱ་བ། མངའ་བདག་ཉང་རལ་པ་ཅན་གྱིས་གཏེར་ནས་གདན་དྲངས་པའོ།། །།

སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་ཀྱི་རྣམ་ཐར་གསོལ་འདེབས་བཞུགས་སོ། page 178

༈ སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་ཀྱི་རྣམ་ཐར་གསོལ་འདེབས་བཞུགས་སོ། །ཨེ་མ་ཧོ། རྣམ་ཐར་དྲི་མེད་ཡོན་ཏན་ཀུན་རྫོགས་ཤིང་། །ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་ལྟར། །བྱིན་རླབས་དངོས་གྲུབ་ཐམས་ཅད་འབྱུང་བའི་གནས། །ཨུ་རྒྱན་པདྨ་བདག་གིས་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །ཐུབ་དབང་རྒྱལ་པོ་ཤཱཀྱའི་བསྟན་པ་ལ། །མཐའ་ཡས་སྤྲུལ་སྐུ་འགྲོ་བའི་དཔལ་དུ་ཤར། །རྨད་བྱུང་ངོ་མཚར་མཚན་མཆོག་བརྒྱད་དང་ལྡན། །ཨུ་རྒྱན་པདྨ་བདག་གིས་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །སྤྲུལ་སྐུའི་འབྱུང་གནས་རྒྱ་གར་ནུབ་ཕྱོགས་སུ། །ཨུ་རྒྱན་དྲི་མེད་ཀོ་ཤའི་མཚོ་གླིང་དུ། །མདངས་ལྡན་པདྨའི་སྙིང་པོར་བརྫུས་ཏེ་འཁྲུངས། །སྐྱེ་གནས་ཁྱད་འཕགས་ཨུ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །ཞིང་ཁམས་ཁྱད་འཕགས་ཨུ་རྒྱན་ཕོ་བྲང་དུ། །ཨིནྡྲ་བོ་དྷིའི་སྲས་ཀྱི་སྐལ་པ་མཛད། །མངའ་རིས་ཐམས་ཅད་བྱང་ཆུབ་ལམ་ལ་བཀོད། །ཆོས་ཀྱི་རྒྱལ་པོ་ཨུ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་ སྐུར་བྱིན་གྱིས་རློབས། །རྒྱལ་སྲིད་སྤངས་ནས་དུར་ཁྲོད་གནས་སུ་གཤེགས། །ཞིང་སྐྱོང་མཁའ་འགྲོའི་ཚོགས་རྣམས་དབང་དུ་བསྡུས། །ཏ་ན་ག་ནའི་སྦྱོར་སྒྲོལ་སྤྱོད་པ་མཛད། །བརྟུལ་ཞུགས་རྨད་བྱུང་ཨུ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །ཟ་ཧོར་ཡུལ་བྱོན་ཤཱཀྱའི་དགེ་སློང་མཛད། །ཚུལ་ཁྲིམས་རྣམ་དག་བསླབ་གསུམ་རྒྱན་གྱིས་མཛེས། །ཕ་རོལ་ཕྱིན་པ་བཅུ་ཡི་དོན་དང་ལྡན། །ཐར་པའི་ལམ་སྟོན་ཨུ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །འཇམ་དཔལ་བཤེས་གཉེན་ལ་སོགས་བླ་མ་ཡི། །སྤྱན་སྔར་བྱོན་ནས་སྒྲོ་འདོགས་མ་ལུས་བཅད། །ཐུགས་དམ་ཞལ་གཟིགས་མཁྱེན་གཉིས་མངོན་དུ་གྱུར། །ཤེས་རབ་བློ་ལྡན་ཨུ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །ཡེ་ཤེས་མཁའ་འགྲོ་དགེ་སློང་ཀུན་དགའ་མོས། །ཞལ་དུ་གསོལ་ནས་གསང་བའི་པདྨོར་བཏོན། །ཕྱི་ནང་གསང་བའི་དབང་རྣམས་རྫོགས་པར་བསྐུར། །སྨིན་གྲོལ་མཐར་ཕྱིན་ཨུ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །བླ་མས་ལུང་བསྟན་ཨུ་རྒྱན་ལ་སོགས་པའི། །དུར་ཁྲོད་གནས་སུ་མཁའ་འགྲོས་བྱིན་བརླབས་ནས། །དངོས་གྲུབ་མཆོག་ཐོབ་དགོངས་པ་མངོན་དུ་གྱུར། །མཁའ་འགྲོའི་དབང་ཕྱུག་ཨུ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །ཤར་ཕྱོགས་མཱ་ར་ཏི་ཀའི་གནས་མཆོག་ཏུ། །ལྷ་ལྕམ་མནྡཱ་ར་བ་ཡུམ་དང་བཅས། །ཡབ་ཡུམ་གཉིས་མེད་ཚེ་ཡི་དངོས་གྲུབ་ཐོབ། །སྐྱེ་འཆི་གཉིས་སྤངས་ཨུ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །རྒྱལ་པོའི་ཆད་པས་མེ་ལ་བསྲེགས་པའི་ཚེ། །མཚོ་ཆེན་པདྨ་རྒྱས་པའི་དབུས་ཉིད་དུ། །དངོས་སུ་བཞུགས་པས་ཐམས་ཅད་ངོ་མཚར་སྐྱེས། །རླུང་སེམས་དབང་ཐོབ་ཨུ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །ཨུ་རྒྱན་མཁའ་འགྲོའི་གླིང་དུ་སྤྱོད་པ་མཛད། །ཆུ་བོ་གྱེན་བཟློག་ཉི་མ་རྟོད་ལ་མནན། །རྫུ་འཕྲུལ་སྟག་ལ་ཆིབས་ནས་ནམ་མཁར་གཤེགས། །གྲུབ་ཐོབ་རྒྱལ་པོ་ཨུ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །བསིལ་བ་ཚལ་དུ་བརྟུལ་ཞུགས་མཛད་པའི་ཚེ། །ཕྱི་ནང་བཀའ་སྲུང་ཐམས་ཅད་དམ་ལ་བཏགས། །འཇིག་རྟེན་དྲེགས་པ་ཀུན་གྱིས་སྲོག་སྙིང་ཕུལ། །མ་རུངས་འདུལ་མཛད་ཨུ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །ན་ལནྡྲ་རུ་ཆོས་ཀྱི་འཁོར་ལོ་བསྐོར། །བདུད་དང་མུ་སྟེགས་ཐམས་ཅད་ཚར་བཅད་ནས། །ཞི་བདེའི་ལམ་ལ་བཀོད་ནས་ཤཱཀྱ་ཡི། །བསྟན་པ་རྒྱས་མཛད་ཨུ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །ཡང་ལེ་ཤོད་དུ་བདེ་གཤེགས་འདུས་པ་ཡི། །དཀྱིལ་འཁོར་བཞེངས་ནས་སྒྲུབ་པ་མཛད་པའི་ཚེ། །རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཞལ་གཟིགས་ནས། །དངོས་གྲུབ་མཆོག་ཐོབ་ཨུ་རྒྱན་དུས་འདྲིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །མངའ་བདག་རྒྱལ་པོས་བོད་དུ་སྤྱན་དྲངས་ཚེ། །འཇིག་རྟེན་དྲེགས་པ་བཏུལ་ནས་བསམ་ཡས་བཞེངས། །རྒྱུ་འབྲས་ཐེག་ཆེན་ཆོས་ཀྱི་སྒྲོན་མེ་སྤར། །བོད་ཁམས་མུན་སེལ་ཨུ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །ཏི་སྒྲོ་བསྒྲགས་དང་མཆིམས་ཕུ་ལ་སོགས་པར། །མཚོ་རྒྱལ་ཡུམ་དང་གསང་སྤྱོད་མཛད་པའི་ཚེ། །སྙན་བརྒྱུད་སྐུ་གསུང་ཐུགས་ཀྱི་གསང་སྒོ་ཕྱེས། །གདུལ་བྱ་སྨིན་གྲོལ་ཨུ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །བོད་ཡུལ་སྒྲུབ་གནས་གཙུག་ལག་ཁང་རྣམས་སུ། །དགོངས་པ་མཛད་ནས་དམ་ཆོས་གཏེར་དུ་སྦས། །སྙིགས་མ་ལྔ་བདོའི་གདུལ་བྱ་སྐྱོང་བར་མཛད། །མ་འོངས་དོན་མཛད་ཨུ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །ལྔ་བརྒྱའི་དུས་སུ་ཁྱེད་ཀྱི་གཏེར་ཆོས་དང་། །འཕྲད་པའི་སྐྱེས་བུ་གང་ཟག་ལས་ཅན་ལ། །དབང་བསྐུར་ལུང་བསྟན་བྱིན་གྱིས་བརླབ་མཛད་པའི། །དངོས་གྲུབ་མཆོག་སྩོལ་ཨུ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། ཁ་བ་ཅན་དུ་བསྟན་པ་རྒྱས་པར་མཛད། །ལྷོ་ནུབ་རྔ་ཡབ་གླིང་ཕྲན་ཡུལ་དུ་བྱོན། །ཞེ་སྡང་གདོང་དམར་སྲིན་པོའི་ཁ་གནོན་མཛད། །འགྲོ་བའི་དཔལ་མགོན་ཨུ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །གདུལ་བྱ་སྨིན་གྲོལ་མཛད་ནས་མཁའ་སྤྱོད་དུ། །གནས་གསུམ་མཁའ་འགྲོའི་སྤྲིན་གྱི་ཚོགས་དབུས་སུ། །གསང་སྔགས་དཀྱིལ་འཁོར་ཀུན་གྱི་གཙོ་བོར་བཞུགས། །ཧེ་རུ་ཀ་དཔལ་ཨུ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །དབང་ཆེན་སྤྲེའུ་ལོ་སྤྲེེལ་ཟླའི་ཚེས་བཅུ་དང་། །དུས་ཀྱི་རྒྱལ་པོ་ཚེས་བཅུ་ཐམས་ཅད་ལ། །སྐུ་གསུང་ཐུགས་ཀྱི་སྤྲུལ་པ་སྣ་ཚོགས་ཀྱིས། །དད་ལྡན་སྐྱོང་མཛད་ཨུ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །འགྲོ་མགོན་ཁྱེད་ཀྱི་མཚན་མཆོག་རིན་པོ་ཆེ། །འགྲོ་བ་གང་གིས་མཐོང་ཐོས་དྲན་གྱུར་ཀྱང་། །མི་མཐུན་རྐྱེན་དང་བར་ཆད་ཀུན་ཞི་ནས། །དགོས་འདོད་རེ་སྐོང་ཨུ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །འཛམ་གླིང་བྱེ་བ་ཕྲག་བརྒྱའི་ཞིང་ཁམས་སུ། །ཨུ་རྒྱན་པདྨ་བྱེ་བ་ཕྲག་བརྒྱའི་སྐུ། །གང་ལ་གང་འདུལ་དེ་ལ་དེར་སྟོན་པའི། །འགྲོ་དོན་རྒྱས་མཛད་ཨུ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །ཨུ་རྒྱན་པདྨ་བླ་མའི་སྐུ་གཅིག་ལ། །དུས་གསུམ་སངས་རྒྱས་ཀུན་གྱི་བཀོད་པ་རྫོགས། །རྡོ་རྗེ་འཆང་ཆེན་ངོ་བོ་ཉིད་ཀྱི་སྐུ། །རྒྱལ་སྲས་མཆོག་གཙོ་ཨུ་རྒྱན་དུས་འདིར་དྲན། །གསོལ་བ་འདེབས་སོ་ཨུ་རྒྱན་རིན་པོ་ཆེ། །བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས། །འགྲོ་བའི་མགོན་པོ་ཨུ་རྒྱན་རིན་པོ་ཆེ། །ཞིང་ཁམས་གནས་མཆོག་གང་ན་བཞུགས་གྱུར་ཀྱང་། །ཐུགས་རྗེ་མྱུར་མྃལྡན་པའི་ལྕགས་ཀྱུ་ཡིས། །བདག་སོགས་ཁྱེད་ཀྱི་གདུལ་བྱར་གྱུར་པ་རྣམས། །འཁོར་བའི་ཆུ་བོ་ཆེ་ལས་བསྒྲལ་ནས་ཀྱང་། །ཨུ་རྒྱན་མཁའ་སྤྱོད་གནས་སུ་དྲང་དུ་གསོལ། །ཞེས་པ་འདི་ནི་གཏེར་སྟོན་གྲུབ་ཐོབ་ཐམས་ཅད་ཀྱི་རྒྱལ་པོ་མངའ་བདག་ཉང་ཉི་མ་འོད་ཟེར་གྱིས་མཛད་པའོ།། །།

ཨུ་རྒྱན་རིན་པོ་ཆེའི་རྣམ་ཐར་མཛད་པ་བཅུ་གཅིག་གི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། page 184

༈ ཨུ་རྒྱན་རིན་པོ་ཆེའི་རྣམ་ཐར་མཛད་པ་བཅུ་གཅིག་གི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སིདྡྷི་ཧཱུྃ། གདོད་ནས་རྣམ་དག་འོད་གསལ་བདེ་བ་ཅན། །སྣང་བ་མཐའ་ཡས་གང་འདུལ་སྤྲུལ་པའི་སྐུ། །རིག་འཛིན་གཙོ་བོ་པདྨ་འབྱུང་གནས་ཀྱི། །རྣམ་ཐར་མཛད་པ་རྨད་བྱུང་ཐམས་ཅད་ལ། །བློ་དམན་བདག་གིས་གདུང་བའི་ང་རོ་ཡིས། །འགྲོ་བའི་མགོན་ལ་གསོལ་འདེབས་བསྟོད་པར་བགྱི། །ཞིང་མཆོག་པདྨ་སྟོང་ལྡན་བདེ་བ་ཅན། །ཐོག་མའི་རྒྱལ་བ་རིགས་བདག་འོད་དཔག་མེད། །སྤྱན་རས་གཟིགས་ཀྱིས་སྤྲུལ་པའི་དུས་མཁྱེན་ནས། །མི་འགྱུར་ཐུགས་ལས་རྡོ་རྗེ་ཧྲཱིཿཡིས་མཚན། །མདངས་ལྡན་དྲི་མེད་ཀོ་ཥའི་མཚོ་གླིང་དུ། །ལྷུམས་སུ་ཞུགས་པར་མཛད་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། །ཨུ་རྒྱན་ཡུལ་སོགས་འདུལ་བའི་དུས་མཁྱེན་པས། །པད་སྡོང་མཛེས་ལས་ཡ་མཚན་སྐུ་སྤྲུལ་ནས། །ལྷ་ཡིས་རབ་བསྐུལ་ཨིནྡྲ་བོ་དྷི་ཡི། །རྒྱལ་སྲས་མཛད་ཚུལ་བསྟན་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། །ཕོ་བྲང་རིན་ཆེན་གསེར་ཁྲིས་སྤྲས་པའི་སྟེང་། །འོད་ཟེར་སྨན་སོགས་བཙུན་མོ་ལྔ་བརྒྱ་ཡིས། །ལྷ་བཞིན་མཆོད་ཀྱང་ཆགས་མེད་དོར་ནས་ནི། །ལྡོམ་བུའི་ཚུལ་མཛད་ཁྱེད་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། །བདུད་བློན་བསྒྲལ་ནས་དུར་ཁྲོད་བསིལ་བ་ཡི། །ཚལ་དུ་བྱོན་ནས་མཁའ་འགྲོའི་གཙོ་བོ་མཛད། །སྦྱོར་སྒྲོལ་ལ་སོགས་བརྟུལ་ཞུགས་མཛད་པ་ཡིས། །དངོས་གྲུབ་རྣམ་གཉིས་ཐོབ་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། །ཟ་ཧོར་ཡུལ་དུ་ཤཱཀྱ་བོ་དྷི་ཡིས། །རབ་བྱུང་བསྙེན་རྫོགས་ཀུན་དགའ་མོ་ཡི་དྲུང་། །དབང་བཞི་རྫོགས་ནས་སྐུ་བཞིའི་རྟེན་འབྲེལ་བསྒྲིགས། །རྗེས་འཇུག་གཞན་དོན་དགོངས་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། །ཟ་ཧོར་རྒྱལ་ཁམས་འདུལ་བའི་དུས་མཁྱེན་ནས། །མཱ་ར་ཏི་ཀར་ལྷ་ལྕམ་མནྡཱར། །ཚེ་ལམ་བསྟེན་ནས་འཆི་མེད་རིག་འཛིན་བརྙེས། །འཕྲིན་ལས་རྣམ་བཞི་བརྙེས་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། །རྒྱལ་པོས་བཀའ་ཕབ་མེ་ཡིས་བཞུས་ལ་བརྟེན། །གཞན་སྣང་འདུལ་ཕྱིར་མཚོ་དཀྱིལ་པདྨའི་སྟེང་། །གཞོན་ནུའི་ཚུལ་མཛད་ཡབ་ཡུམ་གཉིས་མེད་སྦྱོར། །འབྱུང་བའི་གནོད་བྲལ་ཁྱེད་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། ཁྱེད་ནི་དུས་གསུམ་སངས་རྒྱས་མཛོད་འཛིན་ཀྱང་། །མ་འོངས་དོན་དུ་ཕྱོགས་ཀྱི་སློབ་དཔོན་བརྒྱད། །བསྟེན་པའི་ཚུལ་གྱིས་རབ་འབྱམས་བཀའ་ལུང་གསན། །རིག་འཛིན་གཙོ་བོ་ཁྱེད་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། །གསང་བའི་བདག་དང་མཁའ་འགྲོའི་གཙོ་མོ་ཡིས། །གཏད་རྒྱ་བཀྲོལ་ནས་དུས་ལ་བབས་དགོངས་ཚེ། །ཐེག་པའི་ཡང་རྩེ་བཀའ་བརྒྱད་རྫོགས་ཆེན་གྱིས། །རིག་འཛིན་བརྒྱད་སོགས་སྨིན་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། །ཤྲཱི་སིཾ་ཧར་ཨ་ཏི་གསན་ཚུལ་མཛད། །གསང་སྔགས་བཀའ་གཏེར་རྒྱུད་སྡེའི་དགོངས་པ་བཀྲོལ། །མ་འོངས་དོན་དུ་ཟབ་མོའི་ཉམས་ལེན་དྲིལ། །སྟོན་པ་གཉིས་པར་མཛད་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། །ཨུ་རྒྱན་ཡུལ་དུ་ཡབ་ཡུམ་བཙུན་མོར་བཅས། །རང་ཡུལ་འདུལ་བའི་དུས་ལ་བབས་དགོངས་ནས། །ཨུ་རྒྱན་ཡུལ་བྱོན་བདུད་བློན་མེས་བསྲེགས་པའི། །ཐབས་ཀྱིས་གཞན་སྣང་འདུལ་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། །རྡོ་རྗེ་གདན་སོགས་རྒྱ་གར་ཤར་ནུབ་ཏུ། །མུ་སྟེགས་ཚར་བཅད་བསྟན་པའི་རྒྱལ་མཚན་བཙུགས། །རྩོད་མེད་སེང་གེའི་ང་རོས་བདུད་དཔུང་འཇོམས། །ཆོས་འཁོར་བསྐོར་བར་མཛད་ལ་གསོལ་བ་འདེབས༔ །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། །ཡང་ལེ་ཤོད་སོགས་གནས་ཆེན་ཉི་ཤུ་ལྔར། །སྒྲུབ་པའི་ཚུལ་མཛད་བརྟུལ་ཞུགས་སྤྱོད་པའི་ཚེ། །སྣ་ཚོགས་རྫུ་འཕྲུལ་ཐབས་ཀྱིས་འགྲོ་འདུལ་ཞིང་། །བོད་ཡུལ་བྱོན་པར་དགོངས་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། །སྨོན་ལམ་དབང་གིས་གངས་ཅན་ཡུལ་དུ་བྱོན། །ལྷ་སྲིན་དམ་བཏགས་ས་གཞི་བྱིན་གྱིས་བརླབས། །ཕྱོགས་བཞི་མཚམས་བརྒྱད་གདམས་པའི་གཏེར་གྱིས་བཀང་། །རྒྱལ་པོའི་ཐུགས་དགོངས་རྫོགས་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། །བསམ་ཡས་ས་བཏུལ་བསྟན་པའི་རྒྱལ་མཚན་བཙུགས། །མཐའ་དབུས་གཙུག་ལག་བརྒྱ་དང་རྩ་བརྒྱད་བཞེངས། །བསྟན་པ་མི་ནུབ་མཐའ་རྒྱས་དར་བར་མཛད། །དུས་གསུམ་འགྲན་ཟླ་མེད་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། །མཆིམས་ཕུའི་གཙོར་བྱས་སྒྲུབ་གནས་བརྒྱ་རྩ་བརྒྱད། །ཞབས་བཅགས་བྱིན་བརླབས་སྒྲུབ་པའི་རྐང་བཙུགས་ཤིང་། །མ་འོངས་དོན་དུ་བརྩེ་བའི་ཞལ་ཐེམས་གནང་། །རྗེས་འཇུག་ཐུགས་རྗེས་འཛིན་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། །ཡེ་ཤེས་མཚོ་རྒྱལ་གསང་བའི་དགྱེས་སྡེར་བསྟེན། །རིག་འཛིན་བརྒྱད་ལ་བརྒྱུད་པའི་བཀའ་བབས་གཏད། །མུ་ནེ་བཙན་པོའི་ཐུགས་བསྲིངས་ཆོས་སྲིད་བསྐྱངས། །བཀའ་དྲིན་མཉམ་མེད་མཛད་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། །དགུང་ལོ་བརྒྱ་དང་བཅུ་གཅིག་བོད་དུ་བཞུགས། །ཐུགས་གཏེར་ལྔ་དང་ཟབ་གཏེར་ཉེར་ལྔ་དང་། །བླ་གཏེར་བརྒྱ་དང་ཡོངས་སུ་བྱེ་བ་སྦས། །རྗེས་འཇུག་སྐུ་དྲིན་ཅན་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། །སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུར་དངོས་འབྱོན་གསུངས། །ཟླ་རེའི་ཚེས་བཅུ་བྱུང་རེས་གསོལ་བ་ཐོབ། །དམ་ཚིག་དབང་གིས་འབྱོན་གསུངས་དབུ་བསྙུང་བཞེས། །ཐུགས་རྗེ་རྒྱུན་ཆད་མེད་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། །འགྲོ་དོན་གདུལ་བྱ་ཐུགས་དགོངས་རྫོགས་པའི་ཚེ། །ང་ནི་རྔ་ཡབ་དཔལ་རིར་འགྲོ་འོ་གསུངས། །གཏེར་སྟོན་ང་སྤྲུལ་གྲངས་མེད་འབྱོན་ལུང་བསྟན། །སྤྲུལ་པ་རྒྱུན་ཆད་མེད་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། །བོད་ཡུལ་རྗེ་འབངས་མཁན་སློབ་ཐམས་ཅད་ཀྱིས། །མང་ཡུལ་བར་དུ་སྐུ་ཡི་ཕྱག་ཕྱིར་འབྲངས། །བཤོལ་བས་མ་ཤོལ་ཞལ་ཐེམས་ལུང་བསྟན་གསུངས། །བརྩེ་བའི་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། །བློ་སྤྲོ་མཛད་ཅིང་མཁའ་ལ་བྱ་བཞིན་འཕུར། །རྔ་ཡབ་གླིང་ནས་མཁའ་འགྲོའི་བསུ་བ་སླེབས། །ཞག་བདུན་བར་དུ་འོད་གསལ་སྣང་བ་བསྟན། །སྐུ་དྲིན་མཉམ་མེད་མཛད་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། །ཨེ་མ་ཀྱེ་མ་འགྲོ་མགོན་ཐོད་ཕྲེང་རྩལ། །འདི་ཕྱིའི་རེ་ལྟོས་འགྲོ་མགོན་ཁྱེད་ཤེས་ན། །གསོལ་འདེབས་མཆོད་བསྟོད་དྲན་པ་ཙམ་གྱིས་ཀྱང་། །བདག་སོགས་འགྲོ་འདུག་གང་གི་དུས་ཀུན་ཏུ། །སྐད་ཅིག་ཙམ་ཡང་འབྲལ་བ་མེད་པ་རུ། །ཚེ་འདིར་བཟུང་ནས་ཕྱི་མ་རྔ་ཡབ་ཏུ། །གུ་རུ་ཁྱེད་དང་འདུ་འབྲལ་མེད་པར་ཤོག །གསོལ་བ་འདེབས་སོ་ཨུ་རྒྱན་སྤྲུལ་པའི་སྐུ། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་ཐུགས་རྗེ་ཅན། །བདག་སོགས་དགེ་བ་དྲི་མེད་རྒྱ་ཆེན་དེས། །གུ་རུ་རྗེ་དང་ནམ་ཡང་མི་འབྲལ་ཞིང་། །སྐུ་གསུམ་ཡོངས་རྫོགས་བླ་མའི་ས་ཐོབ་ཤོག །འགྲོ་ཀུན་ཕྱམ་གཅིག་སངས་རྒྱས་ཐོབ་པར་ཤོག །ཨུ་རྒྱན་རིན་པོ་ཆེའི་རྣམ་ཐར་མཛད་པ་བཅུ་གཅིག་ལ་བསྟོད་པ་བྱིན་རླབས་སྤྲིན་ཕུང་ཞེས་བྱ་བ། གཏེར་སྟོན་རཏྣ་གླིང་པས་ཤར་གངས་རིའི་མགུལ་པ་ཆོས་རྫོང་གི་གནས་སུ། ལུག་ལོ་ཆོ་འཕྲུལ་ཟླ་བའི་བཅོ་ལྔ་ལ་སྦྱར་པ་ལེགས་སོ།། ༈ ཨོཾ་སྭསྟི། མཚོ་སྐྱེས་རྡོ་རྗེ་འཆང་གི་རྣམ་པར་ཐར། །མཁའ་དང་རྒྱ་མཚོའི་མཇིངས་ལས་བྱིས་བློ་ཡི། །ཡུལ་གྱུར་སྟོང་ཕྲག་སྙེད་ནང་རྡོ་རྗེའི་ཚིག །འགྱུར་མེད་ཕ་ལམ་བཞིན་དུ་ཁྱད་འཕགས་པ། །འཁྲུལ་མེད་ཟབ་གཏེར་སྒོ་འབྱེད་བརྒྱ་སྟོང་གི །འཁོར་ལོས་སྒྱུར་བ་ཉང་རལ་ཐུགས་ཀྱི་ནོར། །འཇམ་དཔལ་དབྱངས་དངོས་ཀུན་མཁྱེན་བརྩེ་བ་ཆེ། །དགེ་སློང་ཕན་བདེ་ཟུང་གིས་གཞན་ཕན་ཕྱིར། །འཛད་མེད་རིན་ཆེན་ཆོས་ཆར་འབེབས་པའི་སྤར་། །རྫོགས་ལྡན་སྤྲིན་གྱི་བླ་རེ་བྲེས་འདི་ཉིད། །མཐོང་ཐོས་དྲན་པས་འབྲེལ་ཀུན་ཨོ་རྒྱན་རྗེའི། །རྣམ་ཐར་ནམ་མཁའི་མཛོད་ལ་དབང་ཐོབ་ཤོག །ཅེས་པའང་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་སྤར་བྱང་སྨོན་ཚིག་ཏུ་བྲིས་པ་སིདྡྷི་ར་སྟུ། །མངྒ་ལཾ།། །།

ཛོ་ཀི་བཛྲ་ནཱ་ཐའི་གདམས་ངག་ཆིག་བརྒྱུད་མ་བི་ཛ་ཧཱ་རམ་ (Volume 31, Text 1)

༄༅། །ཛོ་ཀི་བཛྲ་ནཱ་ཐའི་གདམས་ངག་ཆིག་བརྒྱུད་མ་བི་ཛ་ཧཱ་རམ། བརྒྱུད་པ་དང་པོ། ཨོཾ་གྷོ་ར་ཥ་ནཱ་རི། པཱི་ཨ་ཨི་པཱ་ནི། ཤཱི་ཝ་པཱ་གྷ་ཏི། ཛྷ་པ་ཡི་ཨཱ་ནི། ཐཱ་ཝ་ཨི། པཱ་ཡེ་པཱ། པཱི་ཨ་ཨི་པཱ་ནི། ཏཱི་ནི་བྷུ་ཝ་ན། ཨཱ་ཙད་བྷ་ཝ། ཧཱ་རི་ཛྷ་གྷ་ཏྲ། མ་ཧི་མཽ་པཎྜི་བྷ་ཏི། ལོ་ཧུ་མོ་ཀཱ་ཡ། བཛྲ་མ་ཡི། པཱ་ནི་ཨཱ་ནནྟ། ཤི་དྷ་ཀོ་ཊི། པི་ཨ་ཨི་ཛྷ་ཎི། ཐཱ་བ་ཡི་བྷ་ཡེ་ས། པཱི་ཨ་ཨི་པཱ་ནི། ཏཱི་ནི་བྷུ་ཝ་ན། ཨ་ཙད་བྷ་ཝ། ཨུ་ལ་ཊྜྷྟི། རོ་ཨི་ན་པཱ་ལ་ཊ་ཨི། ཀཱ་ཡ་ཕི་རི། ཧཱ་ར་ས་མ་ཡ། ནཱ་ཐ་བཛྲ་ནཱ་མ་ཧེ་ས་བཛྲ། ཛུ་གྷ་ཧཱུྃ་ཛུ་གྷ་ཧ་རི་ཛྷ་གྷ་ཏྲ། མཽ་པཎྜི་བཱ་རི། སྔགས་འདི་གཉིས་ཉི་མ་འཆར་ཁའི་འོད་དམར་པོ་ཡལ་ཙམ་ན་ཆུ་ཐིགས་པ་གཅིག་ལག་མཐིལ་དུ་བླུགས་པ་ལ་ལན་གསུམ་བཏབ་ནས་འཐུང་ན་ཚེ་རིང་བསོད་ནམས་ཆེའོ། །བྷཽ་མི་ཋོ་ཀི །པཱར་ཡི་སཱ་ར། གུ་རུ་ཨུ་པ་དེ་ཤ །ཨེ་ཀ་ཡི་ཤི་བྷིས། ཨུ་པ་ཨེ་ཤི །ཚཱ་ཏི་ཤི །བྷི་ཤི །བྷ་ཁ་རོང་། གྷཽ་ཙ་རཱ། བྷཱ་ཎི་ན་ཧིང་། བྷིས། མཽ་དྷེ་ཥེ། པཱ་ལ་བྷ་ལི། རི་བྷི་ཤི །སྔགས་འདི་ལན་གཅིག་བཟླས་ལ་ཅོག་ཙེའམ། སྡེར་གདན་བྱུང་དུས་ས་ལ་རོལ་མོའི་སྒྲ་འབྱིན། ཧ་ཐེ་ལེ། དྷཱི་ཋེན། བྷཱ་ར། པཱ་ཧི་ན། བྷ་ན། ཋཀྐུ་རཱ་ཨི་ནི། ཛྙཱ་ན་ཨེ་ཀ་ཨི་ཤི །བྷི་ཤི །ཨུ་པ་ཨི་ཤི །ཚཱ་དེ་ཤི །བྷི་ཤི །བྷ་ཁ་རོང་། གྷཽ་ཙ་རཱ་གྷཱ་ནི། ན་ཧི་བྷི་ཤི །མཽ་རྡོ་ཤ་ཎ། ས་རཱ། བྷ་ལི་རི་བྷི་ཤི །དེ་ནས་སྔགས་འདི་གསུམ་བཟླས། ཟས་བླངས་ལ་སྲིན་ལག་ལ་བཏབ། བཟའ་བཏུང་གང་བྱེད་ལ་རེག་ཅིང་མིག་གིས་ཆེར་གྱིས་བལྟས། དེས་ནི་བྷི་ཤའི་གནོད་པ་ཐམས་ཅད་བསྲུང་བར་འགྱུར་རོ། །ཨཱ་ནནྟ། མོ་རུ་བྷི། བྷཻ་ར་ཝ། ཚཱུ་རི་ཙ་ན་དྷི། ཀ་ར་དྷ་ཎ་ཊོ། བྷི་ཀ་རཱ་ར། ཨེ་ཀ་ཧཱ་ཐ། ཌ་མ་རུ། དྷཱུ་ཛྷེ་ཧཱ་ཐ། སུ་ན་ཧཱ། བྷཱ་ཧ་ན་ཏི་ཛེ། ན་ཐེན་ཥ་ས་ར། ཙ་ཨུ་ཐེན། ཧཱ་ཐེན། ཀ་དྷི། ལཻ་ཁ་ས་ར། གྷི་རི་དྷ། མང་པཱ་ན། དྷ་ཁ་ཡི། ཛྷ་ཏཱ་མཱ་ར་ཡ། ཏ་ཏ། རཀྟ་སོ་ཁཱ་ཧི། གྷ་ཧཱུ་བྷ་ཥེ་ཎི། ཀཱ་པཱུ་ཏ། མོ་གྷ་ཧ་ལ། ཀི་ཙམ། སརྒྷ་མི་ཏུ། ས་ཏཱ་ལ། ཏཱི་ནི་བྷུ་བ་ན། མེ་རེ་ས་ཏུ་ཏི་ར། ཨ་ཏ་ཧཱ་ར། དྷཱ་ར་ཏི་ས་དྷེ། ཛྷ་ཏ་བྷ་ཊ། བྷཻ་གྷེ་དྷུ་རུ་ཏ་ཛཱི་ཧཱུ་མ་ར། དྷ་ཧི་ནི། ཚཽ་རི་བྷཱ་མོ་ཋ། ཌྷ་བེ་ར་ཛྷ་པཱ་མ། ཨ་ཧི་ནི་ས། བྷཻ་ར་ཝ། གྷཱ་ཡ་ས་མུ་ཏྲ། པཱ་ལ་ཙཱ་ལ་ཧ། མཱ་ཚཱ་རི། ཏེ་ཨ་དྷ་ཨ། གྷཱ་ར་མ་ར་ཧཱ། སར་ཏ་ཨི་ཀྵ། ལེ་བྷུ་ཛ། སྔགས་འདི་གཟའ་མིག་དམར་བྱུང་བའི་ཉི་མ་དང་པོ་དང་རྗེས་མ་གཉིས་ལ་དགུ་བརྒྱ་རེ་བཟླས་ཤིང་། བར་པ་དྲུག་ལ་སུམ་བརྒྱ་རེ་ཉལ་ཁར་བཟླ་ཞིང་། ཕྲེང་བ་ལ་མདུད་པ་བོར་བ་མན་ངག་ལྟར་བྱས་ལ་སྔས་སུ་གཞུག །ཐ་མ་དགོང་མོར་སྔགས་བཟླ། རིལ་མེའི་ནང་དུ་ཉེའུ་ཆུང་གི་ཤའི་མཇུག་མ་ནས་བཅད་དེ། དེའི་དུམ་བུ་དང་སྤོས་དཀར་བསྲེག་པའི་དུད་པ་བྱ་ཞིང་། ཆང་ཕུད་ཀྱང་ཐབ་ཀྱི་ནང་དུ་དོར། དྲག་སྔགས་ཟློག་པའི་མཆོག་གོ །ཨོཾ་སར་ཐ་མ། དེ་བ་ཀ་ར་ཎ། བྷུ་ཏི་ཨེ་པཱ་ན། བཱ་པ་ཀ་ན། ཏྲེ་ཏེ་ཏྲེ་ལོ་ཀ ལོ་ཀ་ཙ་ཨུ་ཀ་ཙ་ཏུརྠེ། བྷཉྩ་མེ། ཕཱ་ན་ཕཱ་སེ་ཀ་ར། པ་ཧ་སྲ་ཀ་ར་ཎ། ཥཥྚ་མེ་སཔྟ་མེ། ཨཱ་ར་ཝི་ནཱ་མ། ཨ་དྷི་ར་ཏ་ནཱ་མ། ཨཥྚ་མེ། ཎ་མེ་མཱ་ར་ཀཎྜེ་ཨུ། ར་ཥུ་ནཱ་མ། དྷ་ས་མེ། ཨེ་ཀ་དྷ་ཤི་ཨང་། ཤྲཱི་ཝ་སུ་ཏྱ་དི་ན། ཀ་ར་ནཱ་མ། དྷེ་དྷ་ཤི །ཨུ་དྷ་ཧང་། ཨཱ་དྷི་དྷ། མྲིད་ཐཱ་ནེ། ཤི་ཝ། ལིང་ག །ཤཉྩ་བི་ཎཾ་རཱུ་པ། དྷིཥྚ་མུཥྚི་ཀུཥྚི་པཱ་ས། ཥཎྜ་ཎྛི། ཤྲཱི་ཝ་སུ་ཏྱ། དེ་ཝ་ན་མོ་ན་མོ། ཨུ་ཀ་ཝཎྛི། སུ་ར་དྷ་ར་དྷ་རནཋ། རཱ་ཛ་པྲི་ཛ། མཻ་ར་མུ་ཁ་ཙོ་ཝཱནྟ། ཨ་ཧི་ཀ་རཾ་མེ་ཏཻ་རི། ཤྲེ་ཝ་རཱ་ཛ་པྲ་ཛཿ མཻ་ར་བྷ་ཤི །མཻ་རེ་བ་ག །ཏ་ར་ཨཱ་ནི། དྷི་ཨུ། ཨཱ་ཝ་ཡི། ན་ཧིཾ་ཨརྠ། ཨུཏྠ། ཀ་པཱ་ཊ། ཕཱ་ཊ་ཡི། ཤྲི་ཝ་སུ་ཏྱ་དེ་ཝ། ཨཱ་གྷི་ཡ། ཕུ་རེ། སྔགས་འདི་གཟའ་ཉི་མའི་སྒོ་ནས་ཡིན། སྔགས་གོང་མ་ཚར་གཅིག་དང་། འོག་མ་ཚར་གཉིས་ཉི་མ་བྱེ་བ་ཙམ་ཤར་བ་ལ་འདོན། དབང་སྡུད་ཀྱི་མཆོག་ཡིན་ནོ། །ཨོཾ་ན་མོ། བྷིཥྞ་པཉྩ་ར། མ་ཧ་ཱདེ་ཝ། སརྦ་དུཥྚ། ལི་ཀཎྜ་ན། ཀི་ཏི་སུ་ར་ན། དྷ་ཡི་དྷ་མ་ཎ་ཎ་དྷོ། ཨཱི་ཤ་རཾ། བྷ་ཧ་མ། ཛྷ་ས་ཏ། ཏོ་ཧཾ་པ། ས་ར་མ། ཨཀྵ་མི། ཨཱ་ཏ་མཱ། རཀྵ་ཡི་པ་ཏཱ་མ་ཧི། ས་དྷི། གྷོ་བྷན་དྷ་ར་ཤཱིན་དྷི། ཛི་གྷ་ཙ་ཡི་ཝ། བྷི་ཀྲ་མ་ས་ཏི། ཨུརཕོ། ར་ཎ་ཀཎྛྀ། ཀེ་སེ་ཝ། གུ་ཧྱ་དྷ་ན་ཏ། བྷ་མ་བ་ཏི། རུ་ཏི་ར་ན། ས་ཏུ་མ་ལཱ་བ། ཙ་ཡི་ཝ། པུཥྚེ། ཧ་རི་ཧ་ར། དྷིར་དྷ་ཡ། ཛ་ནཱ་ཛ་ན། ཀཊ་ཋེ། པ་ས་ཏི། ན་རཱ་ཡེན། མུ་ཥ་མཎྜ་ལ། མཱ་དྷ་ཝ། ཀྲ་ཎ་སུ་ཏྲཻ་ཥུ། ནཱ་ཤི་ཀཱ་ཀཻ་ཤཐ་ཝ། པུཥྚི་རཀྵ། ནཻ་ཏྲེ། ནཱ་རཱ་ཧེ་ན། ལི་ལཱཊ། གྷ་རུ་ར་དྷུ་ཙ། ཀ་པཱ་ལ། ཀཻ་ཤ་ཝ། ཨཥྛཱན། བྷཱ་ཡི་བྷིན་ཏྲ། པྲ་ཏ་ཝ། སུ་ཙད། གྷ་ཙཱ་ཐ་རཾ། ཀུ་ཝཻ་ར། ཙ་ཡི་ཝ། ཨཥྚ་ཏ་ཐཱ། ཏུང་གྷ་རཾ། ཛ་ལཻ། ཨཱ་མ། ཨུ་མ། རཀྵ་ཡེ། ཨཱ་ཀཱ་ས། རཀྑ་ཤྲཱི་ཝ། དྷ་རི་ཤ་ཎཾ། ཤེ་ནན། ཐུ་རཀྑ། སརྤ། གྷ་ཏྲཻ་ཥུ། སྲ་ར་དྷྲིཥྚ་བྷཥྞ་པཉྩ་ར། རཱ་ཛ་ཨཱཿནེ། ས་སཱ་ཡེ། སུ་རོ། མ་ཧི་བྷ་ཝང་། དྷྲྀ་ཀི་ནི། སཾ་ཀི་ནི། ཙ་ཡི་ཝ། བྷཱུ་ཏ་པྲེ་ཏ། བྷི་ནཱ་ས་ནཾ། དྷི་ན་རཱ་ཥཎྛི་སུ་ཏྱ། རཱ་ཏི་རཱ་ཁ་ཡེ། ཙན་དྲ་མ། ཏྲ་ས་ནཱ་ར་ར་ཤྲཱིརྦ། རཀྑ། ཛ་ལ་བྷིཥྞ། ཐ་ལ་བྷིཥྞ། ཛ་ལ་མ་ལ། ཀུ་ལེ་བྷིཥྞ། སརྦ་བྷིཥྞ། ན་མོ་ན་མོ། སྔགས་འདི་ཉི་ཤར་ཚར་གཅིག་ནུབ་མོ་ཉལ་ཁར་ཚར་གཅིག་བརྗོད་ན། བྱད་དང་ལྷ་འདྲེའི་གནོད་པ་བསྲུང་བའི་མཆོག་གོ །གདམས་པ་འདི་གྲུབ་ཆེན་ཛཱ་ྶབཱིར་གྱི་ཐུགས་ཉམས་སུ་བཞེས་པས་འཇའ་ལུས་མངོན་དུ་གྱུར། དེས་བཛྲ་ནཱ་ཐ་ལ་གནང་། རླུང་སེམས་ལ་དབང་ཐོབ། དེས་སྤྲུལ་སྐུ་རིན་ཆེན་ཕུན་ཚོགས་ཆོས་ཀྱི་རྒྱལ་པོ་ལ་གནང། ཐུགས་ཉམས་སུ་བསྟར་བས་སྐུའི་བཀོད་པ་བསམ་གྱིས་མི་ཁྱབ། དེ་ནས་རིམ་པར་བརྒྱུད་དོ། །མཚོན་སྲུང་ྈྈྈྈྈྈ ༼ཤར༽ ཨོཾ་སུརྦ་མུ་ཁེ། དྷེ་ཡ་པཱའོ། པཱུ་རུ་ཙ་ལཱ་ཡ། བཛྲ་ཀ་གཱ་ར། པཱ་ཏ། རཱ་ཁུ་མཽ་གྷ་ཧ་ཊ། མཽ་དྷེ་བྷཱ་ཏྲ། མ་ཡིན། ཛཱ་ཡི་བྷ། དྷརྨ་པཱ། ཏ་ཧ་ཎ་ཧོའི། ཀཱ་ཡ་བྷི་ནཱ་ས། རཀྵ། ཀ་རེ་ཨཱ་དྷི་མི་ན། ཙའུ་རང་གི་ཤྲཱི་གྷོར་ཥ་ནཱ་ཐ། ༼ལྷོ༽ དྷཀྵི་ཎ་མུ་ཥེ་ཎ། དི་ཡ་པཱའོ། ཎ་མཱ་ཎ། ཛཻ་ཀི་ནི། ལཱ་ཡ། བཛྲ་ཀ་ཝ་ར། ས་ཏ་རཱ་ཥུ། མཽ་གཱ་ཧ་ཊ། མཽ་དྷེ་བྷ་ཏྲ། མ་ཡིན། ཛཱ་ཡི་པཱ། དྷརྨ་པཱ་ས། དྷ་ཧཱ་ན་ཧོའི། ཀཱ་ཡ་བྷི་ནཱ་ས་རཀྵ་ཀ་རེ། ཨཱ་དྷི་མེ་ན། ཙའུ་རང་གི་ཤྲཱི་གྷོར་ཥ་ནཱ་ཐ། ༼ནུབ༽ བྷ་ཚ་མ། མུ་ཥེ་ཎ། དེ་ཡ་པཱའུ། སོ་ས་ནཱ་ཐ། ལཱ་ཡ། བཛྲ་ཀ་ཝཱ་ར་ས་ཏ། ར་ཥཱུ། མཽ་གྷ་ཏ། མཽ་དྷ་བྷེ་དྲ། མ་ཡིན་ཛ་ཡི་བྷ། དྷརྨཱ་པཱ་ས། ཏ་ཧཾ་ན་ཧོའི། ཀཱ་ཡ་བྷི་ནཱ་ས་རཀྵ་ཀ་ར་ཡེ། ཨཱ་དྷི་མེ་ན། ཙའུ་རང་གི་ཤྲཱི་གྷོར་ཥ་ནཱ་ཐ། ༼བྱང༽ ཨུཏྟར་མུ་ཥ་དི་ཡ་པཱ་འུ། གྷང་ག་བྷ་ཧཱི་ནི། ལཱ་ཡ། བཛྲ་ཀ་ཝཱ་ར། གྷ་ག་བྷ་ཧཱི་ནི། ཨུཏྟར། རཱ་ཛ་ས་ཏ་ར་ཥཱུ། མཽ་གྷ་ཧ་ཏ། མཽ་དྷེ་བྷ་དྲ། མ་ཧིན་ཛ་ཡི་ས། དྷརྨཱ་བྷཱ་ས། དྷ་ཧང་ན་ཧོའི། ཀཱ་ཡ་བྷི་ནཱ་ས། རཀྵ་ཀ་ར་ཡེ་ཨཱེ་དི་མེ་ན། ཙའུ་རང་གི་ཤྲཱི་གྷོར་ཥ་ནཱ་ཐ། ༼འོག༽ པཱ་ཏཱ་ལ། མུ་ཥེན་དི་ཡ་པཱ་ཧུ། བྷ་སུ་ཀི་ལཱ་ཡཱ། བཛྲ་ཀ་ཝཱ་ར། བ་སུ་ཀི། ས་ཏཱ་ཡ། རཱ་ཛ། ས་ཏ་རཱ་ཥུ། མཽ་གྷ་ཧ་ཊ། མཽ་དྷེ་བྷ་དྲ། མ་ཡིན་ཛཱ་ཡི་ས། དྷརྨ་པཱ་ས། དྷ་ཧང་ན་ཧོ། ཡི་ཀཱ་ཨ་བྷི་ནཱ་ས། རཀྵ་ཀ་ར་ཡེ། ཨཱ་དི་མེ་ན། ཙའུ་རང་གི་ཤྲཱི་གྷོར་ཥ་ནཱ་ཐ། ༼སྟེང༽ ཨཱ་ཀ་ས། མུ་ཥེ་ན། དི་ཡ་སཱ་ཧུ། ཨ་ཀཱ་ས་ཀ་མི་ནི་ལཱ་ཡ། བཛྲ་ཀ་ཝཱ་ར། ཨ་ཀཱ་ས་ཀ་མི་ནི། ཨ་ཀཱ་ས་ར་རཱ་ཛ། ས་ཏ་ར་ཥུ། མཽ་གྷ་ཧ་ཊ། མཽ་དྷེ་བྷ་དྲ། མ་ཡིན་ཛཱ་ཡི་པ། དྷརྨ་པཱ་ས། དྷ་ཧང་ན་ཧོའི། ཀཱ་ཡ། བྷི་ན་ས་རཀྵ་ཀཱ་ར་ཡེ། ཨ་དཱི་མཻ་ན། ཙའུ་རང་གི་ཤྲཱི་གྷོ་ཥ་ནཱ་ཐ། འདི་རྣམས་བྲིས་ལ་བསྲུང་བ་བྱ། མཚོན་ཐུབ། ཡང་། ༼འོག༽ ཨ་ཀཱ་ས། བྷཻ་ར་ཝ། པ་ཏཱ་ལ། བྷཻ་ར་ཝ། ཛྷ་ཧ་དེ་ཥ་འུཾ། ཏཾ་ཧ་ཨཱ་ཐི་ཛ་ཧ་ན་དེ་ཥ་འུཾ། རཱ་ཧཱ་ནཱ་ཧཱི། པ་ཏཱ་ལ་ཛྭ་ཡི། པ་ཏཱ་ལ་ཨ་ནཱ་ཧི། ཨཱ་ཀ་ས་ཛྭ་ཡི་ལེའི། མཱཾ་ས་ན་པཱ་ར་ཡཻ། བྷ་སུ། བྷཱ་རི། དྷཾ་ཀི་ནི། ཀན་དྷ་ཀོ་དྷ། རི་ཡེ་ཀ་ལི། ཤི་ལ། མ་ཌ་ལ་དྷ་ར། བྷན་དྷི། གྷཱ་ཨི་པཱ་ར་རེ་ཤི །ཨེ་པཱ་ཏ་ཥ་ཀཱ་ཧི། ལཱ་གྷ། ཨ་དྷ་ཧ་ར་ཛྷ་ར་ཡི། བཛྲ་ཕུ་ར་ཡི། ཨ་དྷི་མི་ན། ཙའུ་རང་གི་ཤྲཱི་གྷོར་ཥ་ནཱ་ཐ། རཀྵ་ཀ་རེ། ལན་གསུམ། ྈ རྒྱ་གྲམ་ས་ལ་རྡེག །ལག་ལེན་ཞལ་ལས་དྲིས། ཨེ་སར། ཀ་ཧི་ཧོ་ཏ། ཎི་བཱ་ལ་ཀ་ཛྷ་ར། ཀཽ་ལེ་ཨཱ་ཡ། ཀཎ་ཌེ་ར་ལ་ཨཱ་ཡ། ཨོ་ཧ་ར། ཛ་རི་ཡ། ཀཎ་ཋ་རད། མ་རི་ཧི་ཡ། ཀཽ་ཡི་ཏཱི་ར། བྷཱ་མེ་ཀོ་ཡི་ཏཱི་ར། དྷི་ཧི་ནི། སོ་ཡེ། ཏྲི་ར་ཨ་ཐཱ་བྷེ་ཙཱ་ལེ། ཏ་ཥཱུ་བྷི་ར། ཧ་ཎི་མཱནྟ། ཏི་རི་ས་ཀ་ཏི། མཽ་ཏི། བྷ་ག་ཨི་པ་རཽ། བྷ་ཙང་། ས་སྤང་རེ་མདའ་རེ་བརྗེ་བ་ཞལ་ལས་ཤེས་པར་བྱའོ། །ྈྈྈྈྈྈྈ ༈ ༼ཇ༽རྐང་པའི་ཉྭ་བླ་རྨེན། ནུ་མ། མཆན་ཁུང་། མིག་རྨ། མཆིལ་མ་་་སེར་ཁ་་་རྣམས་ལ་ལྕི་བ།་་་ཐལ་བ། བྷི་ཀ་བྷ་ཀ །ཧཱུ་ལི་བྷར་བྷར། ཧཱུྃ་ལི། ཁཱ་ན་ཐ་ལ་ལི། ཀ་བ་བྷི་ལ་ཡི། ཨཱ་ཥི། རཱ་མ་ཎ། མཱ་ར་ཡེ། མཻ་ཌཱ་ཀི་ཧ་ཎི་མཱནྟ། རཱ་ཥ་ཡེ། གྷ་ཧ་ས་ཀ་ཡེ་ན། ཡ་ཎ་བཱི་ར་ཎ། ཧི་ཀ་ཡེ། ཤྲྀ་ཧ་ཎི་མཱནྟ། ཨ་གྷིའང་། ཕོ་ར་ཧེ། ཨ་ཀི་ནི་ཛ་ར་ཧི། ས་ར་ཛ་ར་ཧི། ཛ་ར་ཧི། ཀཎྛ་བྷ་ཧ་ར། རཱ་ཡི་ཏེ་ལ་ན་ཛི། ལཱ་ཝ་ཡི་ས་ཧི། ཕཱ་ར། ཨཱ་ཛཱི་ཏ། པཱུ་ཏ་སངྐུ་ར། ཀྱ་ཀ་ར་ཡི། བྷ་ཤན་ར། དེ་རཱ་ཥ་ཧེ། སོ་ཛ་ཛྷཱ་ར་ཡི་བཱ་སུ། ཙཎྜི་དྷོ་ས་ཀ་ཏི། ཨི་ཎ་ཎི། ཏཽ་ཤཾ་དྷི། གུ་རུ་ཀ་པཱ་ཛཱ་ན། ཡི་ས་རོ། བཱ་ཛ། ཨོ་ག་ནད་ལ་ཐལ་བ། སྣུམ་བཀོལ་ཚ་ན་ཧི། ཞལ་ལས་དྲིས། ༈ མཛེ་ནད་ཕོ་ནད་བཅོས་ཐབས་ཀོཥྚི་ན་ཧི་བར་བྱེད་པའི་ཨུ་པ་དེ་ཤའོ། །ཨོཾ་པྲ་ཐ་མ། དྷེ་ཝ་ཀ་ར། དྷཱ་ཏི་ཨེ་བྷཱ་ཎ་བྷཱ་ས་ཀ་ར། ཏྲི་ཏེ་ཨེ་ཏྲ་ལོ་ཀ་ཙའུ་ཀ །ཙ་ཏུ་ར་ཋེ། པཉྩ་མེ། པྲ་བྷཱ་པ་ཀ་རང་། ས་ཧ་སྲ་ཀོརྞ། ཥཥྚ་མེ་ས་ས་ཏེ་མ། ར་ཝི་ཎ་མ། ཨ་དྷི་ཏ་ནཱ་མ། ཨཊྚ་མེ། ན་མོ་མཱ་ར་ཀ་ཌཱེ་ཨུ། ར་གྷུ་ནཱ་མ་དྷ་ས་མེ། ཨེ་ཀ་དྷ་ཤ །ཤི་ཝ་སུྵྪ་ནཱ་མ། ཛྷི་ན་ཀ་ར་ནཱ་མ། དྷོ་ཨ་དྷ། ས་ནཱ་མ། ཨུ་དྷ་ཡ། ཨ་དྷི་ཏ། མ་དྷ་ཎེ། ཤི་ཝ་ལིཀ་སཾ་ཛ། བྷིཥྞ་རུ་པ་དྷིཥྚ་མུཥྚི་ཀུཥྚི། ས་བྷ་ཥ་ཌཾ་ཐི་ཨི་ས་ར་ན་ཙ། ཞེས་པའི་སྔགས་འདི་དག་པར་བཟླས་ཤིང་། ཆུ་གཙང་མ་ལ་སྔགས་ལན་གསུམ་གདབ། དེ་འཐུངས་ནས་ཡང་སྔ་མ་བཞིན་དུ་ཆུ་ལ་ལན་གསུམ་གསུམ་གདབ་ཅིང་། སྔགས་འདི་དགུ་བཟླ། ཆུ་འདི་ལན་གསུམ་འཐུང་བས་ཕན་པར་ཐེ་ཚོམ་མེད་དོ། །འདིས་ནི་ཀོཥྚི་ལ་སོགས་པ་ནད་གསུམ་ལ་ཕན་པ་ཡིན་ནོ། །དུས་གནད་ནི་ཉི་ཟེར་དམར་འོད་ཡལ་ནས། དཀར་པོ་ལྟ་བུ་སྙིང་པོ་ཕྱེད་ཙམ་ཤར་ནས་ཡོད་པའི་དུས་སུའོ། །ྀཨཚ། ནད་ཚབས་ཆེ་ན་ལོ་གཅིག་དང་། །འགོ་ཟིན་ཙམ་ལ་ཟླ་དྲུག་གིས། །ངེས་པར་སེལ་འགྱུར་ཐེ་ཚོམ་མེད། །འཛེམ་བྱ་ཤ་ཆང་བུད་མེད་དང་། །ཞོ་དང་འོ་མ་སྤང་བར་བྱ། །ལན་ཚྭ་ཅུང་ཟད་རན་པ་ཡིས། །ཇ་དང་སྐྱོ་ཚ་མཛོ་མོའི་མར། །སྐྱ་བོར་ལ་སོགས་དཀྱུས་སུ་བརྟེན། །མི་ཁྱིའི་སྒྲ་ཡིས་དབེན་པའི་སར། །ལུས་ངག་ཡིད་གསུམ་དགེ་སྦྱོར་དང་། །མན་ངག་འདི་ཉིད་ཉིན་རེ་བཞིན། །བར་མ་ཆད་པར་བརྟེན་གྱུར་ན། །སྣ་ཞོམ་པ་ཡང་སོས་མོད་ཀྱི། །འགོ་ཟིན་རྣམས་ལ་སྨོས་ཅི་དགོས། །འདི་འདྲའི་མན་ངག་ཁྱད་འཕགས་འདི། །སྔོན་ཆད་བོད་འདིར་བྱུང་བ་མེད། །རྒྱ་གར་ཛོ་ཀིའི་མན་ངག་གོ །མངྒ་ལཾ།། ༈ ཛོ་ཀི་བཛྲ་ནཱ་ཐའི་མནྟྲ། ༼ཀ༽ ༄༅། །ན་མོ་ཤྲཱི་གྷོརྵ་ནཱ་ཐ། གྲུབ་ཆེན་ཛཱྶབཱིར་གྱི་གདམས་པ་སྐྲན་བཅོས་པའི་ཐབས་ལ། ནད་པའི་མདུན་དུ་ས་ལ་འཇག་མས་སྔགས་མཁན་གྱི་སོར་བརྒྱད་ཡོད་པའི་རི་མོ་འདི་ལྟར་བྲི། ྈ སྔགས་ནི། ཨཱ་ཤི་ས་ཧ་སྲ། བྷྲ་མ་ཙ་ལེ། ཤཱོ་ལ་ས་ཧ་སྲ། སང་ཀྲོ་ན། ཥ་ཙ་ཀ །ཨ་རུ་རུ། བྷི་ཥ་དེ་ཝ་ཀཱ་ར། ཨ་ཛ་ན་དྷེ། རཱ་ཎི་བྷི་ཁཱུ་ཀི །ཨ་པཱ་ནི། ཧ་རོ་ཧ་རཱེ། ཛ་ཏཱ་ཛ་རཱེ། ཛྷ་འག་མ་འུ་འད། བྷི་ཤཱུ་ལི་ཨཱ། ཚིནྣ་ཤྲཱི་གྷོརྵ་ཏི་དི། ཨང་འགྲེ་ཕུ་རེ། ཞེས་ཚར་རེ་བཟླས་ཤིང་། ནད་པའི་སྐྲན་གཞར་ཏེ་ས་ལ་ཕབ་ཚུལ་བྱ། དེ་ནས་སོར་ལ་ཚད་པས་རིང་དུ་འགྲོ་བས་གང་སོང་གཅད་དེ་དོར། ཡང་སྔ་མ་ལྟར། ནངས་གུང་དགོང་གསུམ་གྱི་དུས་ཚར་མ་ཕན་པར་བྱ། འདིས་སྐྲན་གྱི་རིགས་ཐམས་ཅད་འཇོམས་ཏེ་གཏར་ཁ་སོགས་མི་དགོས། སྐྲན་རོ་གཏིང་ཕྱིན་པར་སོང་ན་རྗེས་གཅོད་མེ་བཙའ་སོགས་ཀྱང་མི་དགོས། ཞེས་གུ་རུ་ཛཱ་ྶབཱིར་གྱི་དངོས་སློབ་ཛོ་ཀི་དེ་ཝ་ནཱ་ཐས་གསུང་ཞིང་། བདག་གིས་ཀྱང་མྱོང་བས་གྲུབ་བོ། །འགྲོ་བ་ལ་ཕན་ཐོགས་པར་གྱུར་ཅིག། ༈ རྗེ་བཙུན་རཏྣའི་མནྟྲ་ཕཱ་ལ་ཧོ། ན་མོ་གུ་རུཿ ཛཱ་ྶབཱིར་པྲ་མུ་ཁ་སརྠ་ཛོ་ཀི་ཡེ་ན་མ༔ ཛོ་ཀིའི་ཚེ་སྒྲུབ་ནི། ཉི་མའི་སྔ་དགོང་དུས་གསུམ་ཉི་མ་ལ་ཁ་བལྟས་ལ། རང་གི་མཛོད་སྤུར་ཛཱ་ྶབཱིར་བསམ། ལག་པ་ས་ལ་རེག་པས་མཆོད། སི་སི་བུ་མེད་ན་ཐལ་མོའི་སྒྲས་མཆོད། དེ་ནས་མནྟྲ་ཆེར་བཟླས་པ་དང་། འབྱུང་བ་ས་ཆུ་མེ་རླུང་ནམ་མཁའི་རིག་འཛིན་ཚེའི་གྲུབ་ཐོབ་དཔའ་བོ་དཔའ་མོ་རྣམས་དང་། ཉི་མ་ཟླ་བ་རྣམས་ཞུ་ནས་འོད་རྗིད་རྗིད་རང་གི་ཁར་ཞུགས། སྡུག་བསྔལ་རྒྱུ་དང་བཅས་པ་དག །ལུས་འཆི་བ་མེད་པ་ཚེའི་བདུད་རྩིས་གང་བར་བསམ། འཁྱོར་ཆུ་ལ་སྔགས་ནས་ལན་གསུམ་འཐུང་། མནྟྲ་ནི། ཧཱུྃ་ཀཱ་རེཿ མན་ར་ཝེཿ ཨ་ཀཱ་རེཿ ས་སི་ག་ད་ཚ་ཏིཿ མ་ཀཱ་རེ་ཤཿ འགའ་རུ་ཎ། འགལ་ཏཱོཿ པྲ་ཎཱོཿ པུ་ཎཱ་ཏཱེ་ཏཱེ་ཏཱཿ ཀ་ཧ་ར་ཎཿ ཏཱ་ཏཱ་ཀ་བྷ་ར་ཎཿ འོད་དེ་བྷཱོ་ལེཿ ཀ་བྷཱེ་ཎཿ མ་ཏ་ཎཿ སེ་ཀྱུ་རཀྵཿ ཅེས་པའོཿ སྟེང་གདོན་ཉི་ཤར་དང་གུང་དང་དགོང་གསུམ་ལ་གོང་ལྟར་འཐུངས་པས་ནད་ལས་གྲོལ། གྲིབ་སྲུང་བྱེད་ན་དག་པར་བྲིས་ཏེ་གཡས་གཡོན་ལྟེ་བ་མགོ་ཞབས་མ་ལོག་པར་སྐུད་པ་ནག་པོས་སྒྲིལ་ལ། གང་བསྲུང་བའི་མགུལ་དུ་བཏགས་སོ། །མནྟྲ་ཕཱ་ལ་ཧོཿ ༈ ན་མོ་པཱ་ཎི་བཛྲ་མཱ་ཡཱི་ཀཱཿ ཨེ་པ་ཎི་སི་ཝི། ནིརྨ་ཧོ་ཀ ཧ་ཏྲོ་ནི་རུ་ཊེ། བྷྲ་མ་ན་པཱ་ཀེ །ཀྲ་ཀྲ་ཨང་འགེ །ཛིཏ་དྷེ་མཱ་ཡི། ནི་ཨང་འག །ཤྲཱི་ནཱ་ཐ་གི་ཨང་གའོ། ཛི་བྷི་ཤ །པཱ་ཎི་པཱི་ཝ། ཛི་བྷི་ཤ་ཐཱ་ཀཿ འདི་ཛཱ་ྶབཱིར་གྱི་མན་ངག་སྔ་དྲོ་ཚར་གསུམ་པ་ནི། འཐུང་ཐེངས་གསུམ། དགོང་མོ་དེ་དང་འདྲ། སྐྲ་དཀར་དང་གཉེར་མ་མི་འོང་། རུས་པ་མི་རྒས། གཞོན་ནུར་སྡོད་པའི་མནྟྲ། གནོད་བྱེད་ཀྱིས་ཉེན་པ་ལའང་། སྔགས་ཚར་གསུམ་ཆུ་ལ་བཏབ་ནས་བླུད་པས་ཕན་ནོ། །ཛོ་ཀི་མནྟྲ་ཕཱ་ལ་ཧོ། ༈ ཧ་ཊི་ཀེ་ཀཱོ་ཐི། ཙ་མཱོ་ཀི་དྷཱ་ཕོ་ཕོ། ཨ་དྷེ་ཐ། ཙན་དྷཱ་ལི་མཱ། ཨ་ཧོ་ཐ་མི་ཡིས་མནྟྲ་འདི། དུས་ཐམས་ཅད་དུ་བཟླས་ན་ཚེ་རིང་བསོད་ནམས་ཆེ། ཐམས་ཅད་དབང་དུ་འདུ། རང་ཨོ་རྒྱན་དུ་བྷེཾ། ༈ རྣལ་འབྱོར་མའི་སྒོ་ནས་ཆུ་ལ་བརྟེན་ནས་ཚེ་སྲིང་བའི་མནྟྲ་ནི། ཉི་མ་ཤར་དུས་ཤར་དུ་ཕྱོགས་ཏེ། ཡོ་བྱད་ཚོགས་པར་ལྡན་པས། རང་རྣལ་འབྱོར་མར་གསལ་བའི་ངང་ནས། ཨོཾ་ན་མོ་ཨ་དྷི་ད་ཀ་པ་ནི་བྷ་ཧྨ་བྷིཥྞ། མེ་ཏི་པ་ཙ་ནི། ཀ་ལ་རུ་ཀ་དྷེ་ཀ ཀ་མུ་ཁ་ཁ། དེ་བི་རཱ་ཛ། པྲ་ཛ། བྷས་ཀ་རཱ་ནི། མཻ་རི་པད་ཀ་པ་ནི། གྷུ་ཧཱུྃ་གྷུ་ཧཱུྃ། ཨ་མས་གྷུ་ཧཱུྃ། ས་ཏ་ལ་གྷུ་ཧཱུྃ། ཨགྣེ་བྷ་ལུཾ་ན་ཧི། ལོ་ཧ་ཏུ་དྷྲུ་ན་ཧི། པ་ནི་དྷྲུ་ན་ཧི། ཙནྟྲ་སི་བྷི་དྷ། སུ་རྫི་ན་པཱ་པ། མེ་ཙ་ཏུ། ཧེ་ར་ཧ་ལེ། ཨཱ་ཀེ་ཧིས། གྷ་རེ་པྲ་ཎ་དྷེ་ཏོ། ཧིང་གུ་ལ་ཚེ། སི་དྷ་ཎོ་ཎ་ཐ་ཨི་ཛྙཱ་བུ་རེ། ཨཱི་སྭཱ་ར་ཝཿཙཿ ཞེས་སྔགས་ཚར་གསུམ་རེ་དང་བསྟུན་ཏེ་ཤར་ནུབ་བྱང་ལྷོ་དབུས་རྣམས་སུ་ཆུས་མཆོད་ཅིང་། རྣལ་འབྱོར་མ་ལ་དམིགས་ཏེ་ཕྱག་གསུམ་བྱ་བའི་མནྟྲ་ནི། ཧིང་གུ་ལ་ཙ། མ་ད་པཱ་ཏྲུ་ཀ་ན་མ་ས་ཏ་ཏེ། ཞེས་གསུམ་མོ། །དེ་ནས་དངོས་ནི། པུར་ཛ་མཐོང་བཞིན་པར་ཅུང་ཟད་ལག་མཐིལ་དུ་བཟུང་སྟེ། ཨོཾ་ན་མོཿ ཏྲི་བྷུ་མཱ་ནི། ས་གྷ་ས་མི། ས་ནི་སི་ཏུ། ས་ཁ་ཏེ། ཙ་སུ་ཚ་མི། མ་ཚ་ཏུ། པི་ཁ་ཨོ། བྷེ་ལ་ཏུ་སི་ཐ་ཨོ། ཨི་ཤྭ་ར་ཝ་ཅཿ ཞེས་ལན་བདུན་སྔགས་དང་བཅས་ཏེ་ཆུ་འཐུང་། ཕྱི་ནང་ཕྱི་རོལ་གྱི་ཉི་མ་ཕྱི་ཆུ་ནང་གི་ཉི་མ་དབྱེར་མེད་པར་བཏུང་། སླར་ཡང་ཆུ་མཆོད། པཱུ་ཛའི་མན་ངག་ལན་གསུམ་རེ་བཟླས་ཤིང་ཆུ་ལྷག་མ་ལ་བཏབ་སྟེ་ཁྲུས་བྱ། རྗེས་སུ་ཉི་མ་ལ་བལྟས་ཤིང་། ཤྲཱི་པུར་ཛ་ཡ་དེ་ཝ་ཏཱ་པ་དུ་ཀ་ན་མསྟ་ཏེ༔ ཞེས་ཕྱག་གསུམ་བྱ་ཞིང་དགོང་མོ་ཉི་མ་མ་གཞུད་གོང་ཁ་ནུབ་ཏུ་བལྟས་པས་ཆུ་མཆོད། སྔོན་མ་ནུབ། དེ་ནས་ཤར་བྱང་ལྷོ་དབུས་རྣམས་སུ་གཏོར་བ་ནི་ཁྱད་པར་རོ། །གནད་ཀྱི་མན་ངག་ལག་ལེན་ཐམས་ཅད་གོང་བཞིན་ནོ། །དེ་ལྟར་མ་ཆག་པར་བགྱིས་པའི་ཕན་ཡོན་ནི། ཚེ་རིང་ནད་མེད་མེ་ཆུ་མཚོན་གྱི་འཇིགས་པ་བྲལ། རཱ་ཛ་པྲ་ཛཱ་དབང་དུ་འགྱུར། བསོད་ནམས་ཆེན་པོ་དང་ལྡན་ནོ། །ཛོ་ཀིའི་མན་ངག་གོ ༈ །ཡང་ནད་དྲག་པོ་བཏབ་པའི་ནད་པ་ལ། གྲོ་ཕྱེ་ལ་ལུག་གི་གཟུགས་སྔོན་པོའམ། ནད་པའི་མཐའ་སྐོར་དུ། རྩམ་པ། ནས། མར། ཤ་ཆང་གིས་བསྐོར། ལུག་གི་གདོང་ལ་སིན་དྷུ་ར་བྱུག །དེ་ནས་ནད་པའི་མགོ་ལ་གཡོན་སྐོར་ལན་གསུམ་བྱ་ཞིང་། སྔགས་འདི་བཟླ། བྷ་ལ་བྷཀྵུ་བྷ་ལེ་རཀྵུ་རཀྵ་རཀྵ་གྷོར་ཥ་ནཱ་ཐ་གྷ་ཊ་པཎྜི་ཏཻ་རི་རཀྵཿ ཞེས་བདུན་བཟླས་ཤིང་བསྐོར་ནས། ཁྱི་ནག་པོ་ལ་གཏད་དེ། དེས་སོས་པར་འགྱུར་རོ། ༈ །སྨྱོན་པ་འདུལ་ན། སྔགས་འདི་ཉིད་ལན་བདུན་བཟླས་ཤིང་མདུན་དུ་མེ་མར་གཏམས། དེའི་མདུན་དུ་ནས་ཚོམ་བདུན་བཀོད། དེ་ནས་བླངས་ནས་མན་ངག་སྨྱོན་པའི་གདོང་ལ་བྲབ། རང་སྲུང་ན་གླང་གི་ལྕི་བའི་ཐལ་བ་ལ་བསྔགས་ནས་མགོ་ལ་གཅིག་བསྐོར་ནས། དཔྲལ་བ་དང་དཔུང་པ་ལ་བྱུག །དེས་ནི་རང་གཞན་བསྲུང་ཞིང་བདེ་བར་འགྱུར། བྷི་བྷུ་ཏ་ནཱ་ཐའི་འང་ངོ་། ༈ །ཆང་བྱིན་རླབས་བྱས་འཐུངས་པས་ཉེས་པ་མེད་ཅིང་ཚོགས་འཁོར་དུ་འགྲོ་བའི་མནྟྲ་ནི། ཙཀྲ་ཤྲཱི་ལ་བྷན་རུང་། བྷན་རུང་དཱ་རི་མ་ཡི། གྷ་ལ་བྷྲར་མཿགུང་། པ་སཱ་དྷ་དྷེ་ཛ་ཡེ། ཞེས་ཆང་ལ་ཆོས་འབྱུང་བྲིས་པའི་དབུས་ནས་ཐིག་ལེ་བླངས་ནས་རྩ་གསུམ་ལྷ་ཚོགས་མཆོད་ཅིང་བཏབ་ལ་འཐུང་། ཉེས་པ་མེད་ཅིང་བདུད་རྩིར་འགྱུར། ཛྭོ་ཀིའི་ཚེ་སྒྲུབ་ལུགས་ཀྱི་ཕྱག་ནི་མནྟྲ། ༈ གསུམ་པ་བཟླས་པ་ནི། ཨེ་ར་ན་མོ། དྷ་ར་ཥ་དྷར་ཏི་སི་ཐེ་ཙ་མ་ཊ་མ་ཏ། ཞེས་ལག་པ་ལ་མནྟྲ་བཟླ། ཚོགས་དངོས་ནི། ཨོ་ར་ན་མ། ཨ་མར་དྷར་ནི། ཨ་མར་མེ་རཱི་ཀ་ཡ་པཎྜི་ཚོ་དྷ་སྲ་མ་ཀ་ཧཱུྃ་ན་ཛ་ཡི། ཤྲཱི་གྷོར་ཥ་ནཱ་ཐ་སརྞ་ཅེས། སྦ་ར་ས་སྦུབ་ཏེ། མནྟྲ་བཟླའོ། །ས་ལ་བརྟེན་ནས་སའི་ཚེ་སྒྲུབ་བྷ་ལ་ནཱ་ཐའི་མནྟྲ་ཨ་ལའོ། །ྀཨཚ། ༈ དབང་སྡུད་བྱ་བ་ནི་དགོང་མོའི་དུས་སུ་དུང་ཆོས་སུ་ཆུ་ཅུང་ཟད་བཞག །ཉི་མ་ཤར་གོང་དུ་ཆུ་དེ་ནས་རང་ཁར་ཅུང་ཟད་བཟུང་སྟེ། མནྟྲ་བཟླས། ཆུ་དེ་ཕྱིར་ཕྱུང་སྟེ་ཁྲུས་པའམ། ཡང་ན་རང་གི་མཆིལ་མས་གོང་ལྟར་བྱའོ། །མནྟྲ། ཨོཾ་མ་ནི་ཛ་ལེ། སརྦ་ཛ་ཡེ། ཨ་མྲྀཏ་ཛ་ཡེ། ཀ་ལ་ཁ་ཨེ། རཱ་ཛ་རཱ་ནི། གུ་རུ་མ་ནི། མུ་ཁ་དེ་ཁེ། མེ་ཧ། ཛ་ཨེ། སིདྡྷཱ་གུ་རུ་གྷྲོ་རཀྵཿ མ་ཧ་ནི་ས་རི་ཧཾ་བྷ་སྭ་ཧམ། །ྀཨཚ། ༈ བཛྲ་ནཱ་ཐའི་མནྟྲ་དབང་སྡུད་བཞུགས་སོ། །ཛོ་ཀི་བཛྲ་ནཱ་ཐའི་མནྟྲ་ཐམས་ཅད་དབང་དུ་སྡུད་འདོད་པས་ཟླ་བ་སྒྲ་གཅན་དང་ནམ་འཕྲད་ཚེ། ཉི་མ་དང་འདྲ་གསུངས། མཁལ་མ་གོ་ཡུ་རྡོག་པོ་ཆུང་ངུ་གཉིས་གཅིག་གི་ཁོག་བྲུས་དངུལ་ཆུ་སེ་བ་གསུམ་གྱི་ཚད་ཙམ་བླུག ཁ་གཅོད་ཤིང་གིས་དམ་པར་བྱས། །མཚམས་སུ་སྤྲ་ཚིལ་དག་གིས་བགགས། །རི་བོང་སྒྲ་གཅན་གཟུང་མ་ཐག །རྫས་ཡོད་གོ་ཡུ་མན་ངག་ལྟར་དུ་མིད། །དེ་ནས་སོས་ལ་ཁད་ཀྱི་དུས། །རྫས་མེད་གོ་ཡུ་གོང་ལྟར་དུ་མིད། །གཉིས་ག་མ་བྱུང་བར་དུ་ནི། །ཟག་པ་བསགས་ལ་ནམ་བྱུང་ཚེ། །དྲི་བཟང་སོགས་ཀྱིས་ཁྲུས་བྱས་ལ། །ལོངས་སྤྱོད་ཕུན་ཚོགས་འདོད་བྱའི་ཕྱིར། །བུམ་པའི་ནང་དུ་རྫས་ཡོད་བཅུག །བུམ་ཆུ་འགྲོ་བ་རྣམས་ལ་བླུད། །དེས་ནི་སྣང་སྲིད་དབང་དུ་འདུས། །དེ་ལས་སྐྱོ་ན་རྫས་མེད་ཀྱི། །གོ་ཡུ་བུམ་ཆུ་གོང་ལྟར་ལྷུང་། །དེས་ནི་འདུ་ཚོད་ན་ཧི་ཨང་། །ཛོ་ཀིའི་མནྟྲ་ཕ་ལ་ཧོཿ །ྀཨཚ། འདིའི་ཞལ་གདམས་ལ། །གོ་ཡུ་རྫས་ཡོད་པའི་དུས་ནི། །ལུང་མགོ་བྱང་བསྟན་མདོ་ལྷོ་དང་། །རྫས་ཡོད་ཁ་ནི་བྱང་དུ་ལྟ། །རྫས་མེད་ཁ་ནི་ལྷོ་ཞེས་གྲགས། ཁ་གཅོད་དག་ནི་ཙནྡན་དམར་པོས་བྱ། །མཚམས་སུ་སྐགས་ཀྱི་རོ་མས་བགགས། །དེ་ཡང་དེ་ཡི་བརྗེད་ཐོ་ཙམ། །གཞན་ལ་མི་བསྟན་བཀའ་རྒྱ་ཡོད། །ྀཨཚ། ༈ ཀུན་ཏུ་བཟང་པོའི་ཐུགས་ལས་བྱུང་བའི་སྔགས། ཤྲཱི་གྷོ་རཀྵ་ནཱ་ཐས་གྲུབ་པའི་དབང་ཕྱུག་ཛཱ་ྶབཱིར་ལ་གནང་། དེས་བཛྲ་ནཱ་ཐ་ལ་གནང་། དེས་ཛོ་ཀི་མ་ཎི་ཀ་ནཱ་ཐ་ལ་གནང་། དེས་རྗེ་རཏྣའི་ཞབས་ལ་ཕུལ། སྟེང་འོག་སྤངས་པའི་ཐད་དྲང་དུ། །མིག་གི་ལྟ་སྟངས་ཆེར་བྱས་ལ། །སེམས་ནི་གསལ་སྟོང་རང་བབས་དང་། །ངག་ཏུ་སྔགས་ནི་བརྒྱ་རྩ་བཟླས། ༈ །འདིས་ནི་ཁ་ཆར་སེར་བ་རླུང་། །གང་བྱུང་ངོས་སུ་བཏབ་པས་བཟློག །ཕར་ལ་གཏད་བྱས་བཟློག་མི་སྲིད། །བྱད་དང་རྨི་ལྟས་ངན་པ་འཇོམས། །ནད་པའི་སྙིང་ལ་ཕུས་བཏབ་ཕན། །འགྲོ་བའི་རྣ་བར་ལན་གསུམ་བཟླས། །ཕུས་བཏབ་པ་ཡང་ཕན་ཡོན་མང་། །སྐྱེ་རེས་རེ་ལ་ངན་སོང་མེད། །སྔགས་ཆུ་ཁ་རུ་བླུད་པ་ཡིས། །ནད་ནི་ངན་སོང་ལས་གྲོལ་ཞིང་། །གདོན་བགེགས་གནོད་པ་ཞི་བ་དང་། །གང་ལ་དམིགས་པ་འགྲུབ་པར་འགྱུར། མནྟྲ་ནི། ཨོཾ་ཧཱུྃ། ཏུཾ་ཕཊ་སྭཱ་ཧཱ། སེམས་ནི་གཡོ་ཞིང་མི་སྲུན་ཚེ། །ཞི་བའི་དབྱིངས་སུ་དག་པར་འགྱུར། །རྟ་དང་ཁྱི་སོགས་མི་སྲུན་པ། །སྔགས་བཟླས་དེ་མ་ཐག་ཏུ་ཞི། །རང་ཉིད་ཨོ་རྒྱན་སྒོམ་པ་ཡི། །མན་ངག་བླ་མའི་ཞལ་ལས་འབྱུང་། ཟབ། །ྀཨཚ། མནྟྲ་འདི་ལན་གསུམ་བཟླས་ཏེ། ལག་པའི་མཐིལ་དུ་དངུལ་ཆུ་སེ་བ་གསུམ་ཙམ་ལ་བཏབ་འཐུངས་པས་གྲིས་མི་ཕེད་པ་སོགས་བཅུད་ལེན་གྱི་ཡོན་ཏན་དུ་མ་དང་ལྡན་ནོ། །ཚ་དང་སྐྱུར་སྤོང་མནྟྲའོ། ༈ །ཨོཾ་ཏཱ་ཀ་ཏཱ་ཀ་ ཨཱ་ཀ་ ཨཱ་ཀ་ པཱ་ར་པཱ་སང་། པཱ་ར་པཱ་ར། སྭཱ་ཧཱུྃ། ཞེས་ཛྭོ་ཀི་པཉྩ་ནཱ་ཐའི་མནྟྲ་ཕ་ལ་ཧོ། ༈ རྐུན་མ་ངོས་འཛིན་དགོས་པར་བྱུང་ན། སྟན་དཀར་པོའི་སྟེང་དུ་བུ་མོ་གཙང་མ་བཞག །གང་དོགས་ཀྱི་མིང་ཡིག་བུ་མོས་སྙོབ་ཚད་དུ་གྲལ་བྱ། བུ་མོས་ལག་པ་ས་ལ་མ་རེག་ཙམ་དུ་ལྡིང་དུ་གཞུག་མནྟྲ་ཅི་མང་བཟླས། ནས་འབྲས་ལ་བསྔགས་ཏེ་བུ་མོ་ཡི་ལག་པ་ལ་བྲབས་པས། ལག་པ་ཚོ་མ་ཐུབ་པར་འདར་བ་བཞིན་བྱས་ཏེ། རྐུན་མ་གང་ཡིན་དེའི་མིང་བཟུང་འོང་ངོ་། །མནྟྲ་འདིའོ། །ཨོཾ་འོང་སྭཱ་བྷིར་ཁ། སྭཱ་བྷུར་ཁ། སྭ་བྷིར་ཁ་ལས་སྭ་བྷུར་སྭ་ཧཱ་ཀ་ཧཱེ་རེ། བྷཱ་ཊ་དྷེ་བྷུར་ས་བཀོད། བྷུ་ལ་དྷེ་ལ་ར་ཧོ་རྫ། ཧ་ཧིང་ཨུ་དྷཱ་ཀ་པི་ལ། ཕ་ཊ་མཱོར་ཡ། ཨཱི་ཤྭ་ར་མ་ཧཱ་དྷེ་ཝ། ཀི་དྷུ་ཧཱ་ཡི། བྷ་ཧོ་རཱ་བ་ར་བྷ་ཏི་ཀེ་དྷུ་ཧ་ཡི། ཙ་ལོ་མནྟྲ། ཙ་ལོ་མ་ཧེ་ལ་གྷུ་ཏེ། གུ་རུས་ས་གྷ་ཏེ་ཙ་ལོ་མནྟྲ་ཙ་ལོ། ཧཾ། ཞེས་བཟླས་སོ། །ཛྭོ་ཀི་མ་ནི་ནཱ་ཐའི་ཕ་ལ་ཧོཿ ྀཨཚཿ ཁ་ཆར་གཅོད་འདོད་ན། ཧ་ཀེ་ཧ་ཎུ་ས་ཙ་བྷེ་ཧཱུྃ་ཛ་ཧོ་ཕ་ཊ་ཕུ་ཊ། མེ་གྷ་ཙ་པཱེ་ཤཱ་ཧཱུྃ། ཆར་སེར་བྱུང་ངོས་སུ་ལན་གསུམ་བཟླས་ཕུས་གདབ། མཛུབ་རིས་བྱ། པི་པི་བཟློག་པ་བུ་དེས་ཆོད་པར་ཐེ་ཚོམ་མེད་དོ། །གུ་རུ་ནཱ་ཐའི་མནྟྲ་ཕ་ལ་ཧོ། །ྀཨཚ། བདེན་ཚིག་སྒྲུབ་པ་ངག་གི་ནུས་ཆེན་དབང་། །རང་གཞན་དོན་ལ་ཕན་པའི་སེམས་ཀྱིས་ནི། །འདོད་པའི་དེ་ཉིད་ཡིད་ལ་བྱས་ནས་ཀྱང་། །ལག་གཡོན་མིང་མེད་སྲིན་མཛུབ་གུང་མོ་དང་། །མཛུབ་མོ་རིམ་བཞིན་བཀལ་ཏེ་བཞི་བརྒྱ་བཟླས། །དེ་ནས་ལག་གཡས་མིང་མེད་ནས་བརྩམ་སྟེ། །རིམ་བཞིན་ལག་ལེན་བཞི་བརྒྱ་བཟླས་པ་ཡིས། །བརྒྱ་བརྒྱ་བཟླས་པས་དོན་ནི་འགྲུབ་འགྱུར་ཏེ། །ནངས་སྔ་སྔགས་བཟླས་གཞན་མ་འདྲེས་གོང་དུ་བརྗོད། །ཞེ་སྡང་ལང་དུས་བྱ་བ་མ་ཡིན་ནོ། །གང་འདོད་དབང་དུ་འགྱུར་བའི་བདེན་ཚིག་ཡིན། ཨོཾ་པཱ་ར་རཱ་ཛ་པཱེ་པཱེ་བྷ་ཏུཾ། འདི་ནི་ཁྱོད་ཀྱིས་གཞན་ལ་མ་སྦྱིན་ཞེས། །བཀའ་རྒྱས་བཏབ་སྟེ་གཞན་ལ་གསང་སྟེ་གནང། །ཛོ་ཀི་བྷ་དྲའི་མན་ངག་ཕ་ལ་ཧོཿ ྀཨཚཿ ༈ ཛོ་ཀི་ནས་བརྒྱུད་པའི་མགོན་པོ་ཕྱག་བཞི་པ་བཞུགས། བཀའ་རྒྱ་རྒྱ། མནྟྲ་འདི་ལ་རང་མ་ཧཱ་ཀཱ་ལེར་བསྒོམ། སྐར་མ་བཟང་པོ་ལ། གྷར་བ་ལྟོ་སྐོམ་སྤངས་ལ། ལྕགས་གཞུ་མཐོ་གང་ལ་ལྕགས་ཀྱི་གཞུ་རྒྱུད་བྱས་ལ། ལྕགས་མདའ་སོར་དགུ་པ་གཅིག་བསྒྲུབ། སྤྲ་ཚིལ་ལ་ཨ་མུ་ཀའི་ལིངྒ་སོར་བཞི་པ་གཅིག་བྱས། རང་མ་ཧཱ་ཀཱ་ལེས་ཨ་མུ་ཀ་བཀུག་ནས་བསད་པར་བསམ་ལ། ཀ་ལི་བཟླས་པ་ཉིན་བཞིན་བྱ། ཛོ་ཀི་རྣ་ལུང་ཡོད་པ་རྨི་བ་སོགས་རྟགས་མྱུར་དུ་འོང་། ཞག་གཉིས་གསུམ་ལྔའི་ཁོངས་སུ་ཡོང་། སྒྲུབ་རིང་ཤ་ཆང་དམར་གཏོར་གུ་གུལ་སོགས་སྤོས་དང་བཅས་པས་མཆོད། རྟགས་བྱུང་ནས་ལིངྒ་ལ་མནྟྲ་གསུམ་བཟླས་པ་གསུམ་རང་སྒོ་བསྟུན་ནས་བཏབ། དེ་ནས་མདའ་ལིང་གའི་དཀྱིལ་དུ་སྙིང་གར་བརྒྱབ། དེ་ནས་རས་དགབ། མ་ཤི་ཙམ་བྱེད་ན་དེའི་ནངས་པར་མདའ་འདོན། མདའ་བརྒྱབས་ནས་ཀྱང་མནྟྲ་ཐོ་རེ་བཟླས། དགྲ་དང་བར་ཆུ་འབབ་པ་མེད་ན་བཟང་། ཞག་བརྒྱ་རེ་ལ་གཏོར་མ་མ་ཆག་པ་གཏང་། གཏོར་མདུན་ཁྲག་གིས་བྲན་ལ། རང་སྔགས་མཇུག་ཏུ་བྷ་ལིན་ཏ་བཏགས་ལ་འབུལ། མར་མེ་སོགས་མཆོད་པ་བཤམས་ལ་མནྟྲ་བཟླའོ། །ྀཨཚཿ ཀ་ལི་བྷ་ལི་ས་ཏི་ས་ཤར། མི་ཤི་དེར། ཨ་ཐ་ཧཱ་མི་ཨ་ཤར་ཀཱ་ལི་ཀ་མ་ཡི་ཀེ་བྷ། ཧ་ཋ་ཚོ་དྷེ། མ་སུ་ཁེ། སན་དྷ་སན་དྷེ་ན་ཧེ་རེ། བྷ་ཎོ་ཨ་ཀི་ཀཱ་ལི་ཀཱ་སི་ཚེམ་པཱ་ནོ། སརྐེ་དྷཱ་ནེ། བཛྲ་ན་བྷིན་དུ། མ་ཧཱ་ཀཱ་ལེ་ཝ་བྷཻ་རོ། ཨ་མུ་ཀ་ཏྲོ་ར་སན་དྷེ་ཨཱ་ཎོ་གྷོར་ཀཱི་ས་ཤར་མ། མེ་རི་བྷ་ཁ་ཏི། ཨི་ཤྭ་ས་བྷ་ཚ། ལྷ་སྒོམ་པའི་ཚེ་རང་མ་ཧཱ་ཀཱ་ལེར་ལམ་གྱིས་སྒོམ་པའི་ངང་ནས་མཉམ་པར་ཞོག་ཅེས་གསུངས་སོ། །གནད་ཀྱི་མན་ངག་ཞལ་ལས་དྲིས་སོ་ཨང་། རང་དཔལ་མ་ཧཱ་ཀཱ་ལ་ཕྱག་བཞི་པར་བསྒོམ། མེ་དཔུང་རབ་ཏུ་འབར་ཞིང་འཁྲིགས་པ་ཕྱོགས་བཅུར་འཕྲོས་པས་བདག་ཅག་ལ་གནོད་བྱེད་བསམ་སྦྱོར་ངན་པ་ཐམས་ཅད་མེ་ལྕེ་ཁའི་སྦྲང་བུ་ལྟར་ཐུལ་ཐུལ་བསྲེགས་པར་བསམ་ལ་མནྟྲ་འདི་བཟླས་སོ། །བཛྲ་ཀཱ་ལ་བྷེ་རོང་། བྷ་ཧ་མ་དྷི་བྷེ་རོང་། ཀངྐ་བྷེ་རོང་། ཨ་པ་ཀེ་རཀྵོ། བཱ་ཕོར་བྷེ་ཤས། སིམ་ར་བྷ་ལོ། གྒརྐི་བ་ཤ་ཏེ་མེ་རི་བྷ་ཤ །ཏི་ཨི་ཤྭ་ར་ཝ་ཙ། ལན་དགུ་བཟླས། ཐལ་མོ་རྡེབ་ཐེངས་གསུམ་རེ་བྱེད། དགྲ་བགེགས་དངོས་དོད་དུ་ཡོད་ན་ཡིད་ལ་བྱས་ཏེ་བཟླས་པ་བགྱིས་པས། ཁོ་པ་ཁྲག་སྐྱུག་ནས་བརླག་པར་འགྱུར་རོ། །ཕྲེང་བ་རཀྴ་ལ་བྱ། གུ་གུལ་གྱི་བདུག་པ་བྱའོ། །དུས་གསུམ་དུ་བཟླས་ལ་ཐལ་མོ་བརྡེབ། གུ་རུ་དེ་ཝ་ནཱ་ཐའི་མནྟྲ་ཕ་ལ་ཧོ། ༈ གྲུབ་པའི་དབང་ཕྱུག་ཛཱ་ྶབཱིར་ལ་ན་མོ། དེ་ལས་བརྒྱུད་པའི་མགོན་པོའི་བྱད་ཟློག་འདི་ཁོ་ནའོ། །རང་མ་ཧཱ་ཀཱ་ལེར་གསལ་བཏབ་ལ། ཕ་རོལ་གྱི་བྱད་ཕུར་མནན་གཏད་ཐམས་ཅད་མེ་ལྕེ་ཁའི་སྦྲང་བུ་ལྟར། གནོད་བྱེད་བསྲེགས་ཤིང་རྡུལ་དུ་བརླགས་པར་བསམ་ལ་སྔགས་འདི་བཟླས་སོ། །ཚ་ལོ་ཀ་རེ། ཚེ་དུ་ཀ་རེ། བྷ་དུ་ཀ་རེ། བྷི་ཛྙཱ་ན་ཀཱ་རེ། ཨ་ཏིང་སིཎྜོ། ཕུ་ཏྲི་ན་མ་ཏེ། ཤྲཱི་ནཱ་ཐ་ཀི །ཨང་གྱིང་ཕུ་རོ། རང་ཨོ་རྒྱན་དུ་བསྒོམ། ནངས་རེ་དགོང་མོ་མནྟྲ་ཚར་གསུམ་རེ་བཟླས། ཐལ་མོ་གསུམ་བརྡེབ། བྱད་འདྲེའི་གནོད་པ་ན་ཧི། མི་གདོན་གྱིས་ཉེན་པ་ལ་སྲུང་མདུད་སྔགས་ཆུ་གང་འདོད་བྱས། སྟག་སྦྲུལ་ཕག་བསྲུང་ངོ་།། ༈ རྣལ་འབྱོར་མའི་སྒྲུབ་སྐོར། རྣལ་འབྱོར་མའི་གདམས་པ་ཟབ་མོ་ཛོ་ཀི་མ་ཎི་ཀ་ནས་བརྒྱུད་པ་འདིའོ། །དང་པོ་ཚེས་བརྒྱད་དང་གཟའ་ཉི་མ་འཛོམ་པ་ལ་འགོ་བརྩམ་སྟེ་བྱའོ། །རང་ཉིད་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་གཡས་ཏྲི་ཤཱུ་ལ་དཔུང་པའི་ཐད་དུ་བསྐུམ་པའི་ཚུལ་དང་། གཡོན་ཀ་པཱ་ལ་བདུད་རྩིས་གང་བ་འཐུང་བའི་སྟངས་སྟབས་ཀྱིས་འཛིན་པ་ལ་ཞལ་ཕྱོགས་པ། ཞབས་གཡོན་བསྐུམ་ཞིང་གཡས་བརྐྱང་པ་གར་སྟབས་ཀྱི་ཚུལ་ཅན་ཐོད་པ་སྐམ་པོའི་དབུ་རྒྱན་དང་། དོ་ཤལ་ཅན་དུ་མོས་ནས་བསྙེན་པ་བྱེད་པ་ཡིན་ཞིང་། དུས་རྒྱུན་དུའམ་ཁྱད་པར་ཚེས་བརྒྱད་མཆོད་པའི་དུས་སུ་རང་གི་མདུན་དུ་སྟེགས་ཀྱི་ཁར་ཙཀྲ་རྩིབས་ལྔ་པ་དང་། དྲུག་པ་དང་། བརྒྱད་པ་དཔེའུ་ཆུང་ལྟར་བཞེངས་པ་བཀོད་ལ། གྷི་ཝཾ་གིས་བྲིས་སམ་བྱུག །མཎྜལ་གྱི་མདུན་དུ་བུམ་པ་དྲིས་གང་བ་དང་། འབྲས་གཙང་མས་བཀང་བའི་སྣོད་ཤ་ལྔ་བདུད་རྩི་ལྔ་སྦྱར་བའི་ཀ་པཱ་ལ། མར་མེ་ཞལ་ཟས་རོལ་མོའི་བྱེ་བྲག །གུ་གུལ་དང་ཤ་ཆེན་བསྲེག་པའི་སྤོས་བྷནྡྷ་དང་བཅས་པ་བཀོད་ནས། ཛ་ལ། སྭ་དྷུང་། ཐ་ལ། སྭ་དྷུང་སྭ་དྷུང་། དྷཱ་ར་ཏི་མ་ཧཱི། ཨ་ཧོ་ཐ་ཀོ་རི། བྷ་སྭན་དྷ་ར་སྭ་དྷུང་། སྭ་དྷུང་། ཨ་པ་ནི་ཀཱ་ཡ། ཞེས་ལན་གཅིག་བཟླས་ཤིང་། གུ་གུལ་གྱིས་བདུག །སྔགས་དང་། གནས་ཡུལ་གྱི་གྲིབ་དང་མི་གཙང་བ་ཡོད་པའི་སར་འགྲོ་བ་དང་འདུག་ནས་རང་བསྲུང་ན་རང་བཟླ་ཞིང་ཉེ་འཁོར་དུ་བཏབ། འཁོར་བསྲུང་ན་ཅི་མང་བཟླས་ཤིང་གང་སྲུང་བའི་གནས་ཁང་དུ་གདབ། དེས་ནི་གནས་ཁང་སྦྱང་ཞིང་གྲིབ་ཀྱིས་ཉེས་པར་མི་འགྱུར་ཞིང་། བཟའ་བཏུང་ལ་བཏབ་ཀྱང་ཟས་གྲིབ་དང་མི་གཙང་བ་ཐུབ་བོ། །དེ་ནས་རང་ཙཀྲའི་ལྟེ་བར་རྣལ་འབྱོར་མ་གོང་བཞིན་གསལ་བའི་ཕྲེང་བ་ཞལ་ཤེས་ལྟར་བཟུང་ནས། ཨོཾ་ཨ་ཡང་། ཀླི་ཡང་སྭཱ་ཧཱཿ ཞེས་བསྙེན་པ་བརྒྱ་རྩ་བརྒྱད་བྱ། དེ་ནས་ཆང་མཆོད་གཙང་མ་ལོགས་སུ་བཀོད་པ་ལ། ཤི་འོ་མར། ཁཱ་ཊ། ཤ་དཀར་ས་པཱ་ནི།་་་མང་པོ་མང་པོ། གིརྙ་་་མར།ཀུང་དུང་་་བྱང་སེམས།པཱ་ཏྲི། རི་ཝི། བྷ་རོ། བྷིནྡྷ། མ་ཏཱ་ན། ཀོ་ཊ། བྷང་རེ་མི། ཏཱི་པ་ཏཱི། སྭཱ་ཧཱཾ། ཞེས་བྲིས་ཏེ་ཆང་ལ་ཆོས་འབྱུང་ལག་ལེན་ལྟར་བྲིས་པའི་དབུས་ནས་ཙཀྲ་ལ་མཆོད་ཅིང་མཆོད་པ་རྣམས་བཏེགས། རང་ཡང་ལོངས་སྤྱད། རྗེས་ཀྱི་ཕྱག་དང་། མཆོད་པ་ནི། བྷ་ལ་ཏི་སུ་ར། ཀུང་ཏ་ཏི། ས་རུ་ཀ་ན། མས་ཏ་ཏེ། ཞེས་ཆུ་ཉེར་སྤྱོད་རོལ་མོས་ཀྱང་མཆོད། རྗེས་སུ་མཎྜལ་བསྡུ་བ་དང་། ཡང་དཀྱིལ་འཁོར་བཀྲམ་པ་དང་། སྒོ་དབྱེ་གཅོད་ཀྱི་སྔགས་ནི། སན་དུ། དྷོ་ཧེ། མ་ཏ། བུ་ཛུཾ། པཱུ་པ། མཱ་ཨ། ཨང་བྷ་ར། ཛ་ཧོ། སཾ་ནོ། མོ་ཥ། མོ་ཥ་ཏེ། གྷ་ཏི། བྷུ་ཧ་ར། ཞེས་བཟླས་སོ། །འདི་ནི་སྔགས་ཏེ། དབེན་སར་རང་གིས་ཉམས་སུ་བླངས་ན། ཕན་ཡོན་ནི་ཚེ་རིང་ནད་ཉུང་། བསམ་དོན་འགྲུབ། ཐམས་ཅད་དབང་དུ་འདུ་ངེས། མཐར་རྡོ་རྗེ་རྣལ་འབྱོར་མས་རྗེས་སུ་བཟུང་ནས་སངས་རྒྱས་པར་གདོན་མི་ཟའོ། །གལ་ཏེ་གྲོགས་སམ་འཁོར་གྱིས་ས་མཎྜལ་མཐོང་དོགས་པ་བྱུང་ན། གནས་ཁང་གཙང་བྱེད་དང་། སྒོ་འབྱེད་གཅོད་མནྟྲ་གསུམ་རེ་བཟླས་ལ་རྣ་བར་བཏབ་ལ་བྱའོ། །ཕྲེང་བ་མན་ངག་ཞལ་ལས་ཤེས་སོ། །ྀཨཚཿ ༈ རླུང་ཁྲིད་ཀྱི་ཆ་ལག །རྐང་མགྱོགས་རླུང་གི་གདམས་པ་ལ། ལུས་གནད་བཅའ་བ་ལེགས་པར་བྱ། ལག་པ་རྡོ་རྗེ་ཁུ་ཚུར་མཆན་ཁུང་དུ་བཅུག །དམིགས་པ་ནི། རླུང་གི་ལྷ་མོ་སྐུ་མདོག་སྔོ་སྐྱ་ཞལ་གཅིག་ཕྱག་གཉིས་ཀྱིས་རང་གི་མཆན་འོག་གཉིས་ནས་ཡར་འགྱོགས་པར་བསྒོམ། འགྲོ་འདུག་གི་དུས་་་གོམ་པ་ཆེ་ཆུང་།དམིགས་པ་དང་སྦྲགས་ནས་རླུང་ཡར་འཐེན་ལུས་ཟམ་བྱེད་པ་ཡིན་གསུངས། ༈ སྦྲུལ་གྱི་རླུང་ནི། ལུས་གནད་བསྲང་སྐྱིལ་ཀྲུང་བྱ། ལག་པ་པུས་སྟེང་བཞག་རླུང་ཕར་འགྲོ་སྣ་ནས་གཏོང་ཞིང་ཁ་ནས་རླུང་སྒྲ་མེད་པར་དལ་བུས་མཆིལ་མ་དང་མཉམ་དུ་གསུས་པ་མ་ཁེངས་བར་ཡང་ཡང་མིད། དེ་ལྟར་བརྩོན་འགྲུས་བསྐྱེད་པས་སྐྱི་བརྗེས་ནས་ཡོང་གསུངས། ༈ གཏི་མུག་སངས་པར་བྱེད་པའི་རླུང་གནད་འཕྲུལ་འཁོར་ལ། ལུས་སྐྱིལ་ཀྲུང་ཅུང་ཟད་སྒུར། ལག་པ་མདུན་ནས་གཤིབས། མགྲིན་པ་སྒུར། དཔུང་པ་ཕྱིར་ཕབ། འཇིང་པ་ཡར་འཐེན། རླུང་ནི་དགང་ཞིང་འཛིན་པ་དང་མགོ་ལ་ཤེད་ཀྱིས་གཅུད་པས། ཚངས་བུག་ནས་རླུང་སྔོ་བུན་གྱིས་ཐོན་ཡོང་གསུངས། ཡོང་གིའང་སྣང། ༈ གྲོ་ཤོག་སྲབ་མོར་བཟང་དྲུག་བསྲེས། ཏདྱ་ཐཱ། ཨོཾ་བྷནྡྷ་ཡཱ་བྷནྡྷ་ཡཱ། ཚིནྡྷ་ཚིནྡྷ་ཡཱ། བྷིནྡྷ་བྷིནྡྷ་ཡཱ། སྟར་སྟར་ཡཱ། སོ་ཤ་ཡཱ། སོ་ཤ་ཡཱ། སྣེ་ཏྲ་ཡཱ་སྣེ་ཏྲ་ཡཱ་སྭཱ་ཧཱ༔ ཨོཾ་ཀུན་དྷེ་ལེ་ཀུ་སཾ། ཅིལ་ལ་མ་འབྲུམ་ཤལ་ལ་སྭཱ་ཧཱ་ཁྲག་ནད་རྒྱུ་གཟེར་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། མཚལ་གྱིས་ལྷག་ཆད་མེད་པར་བྲིས། གོང་མ་བརྒྱ་བརྒྱད་པོ་ཉེར་ཅིག་གིས་རབ་ཏུ་གནས། བུམ་པར་ཆུ་མིག་ཤར་ལྟའི་ཆུར་བཟང་དྲུག་བཏབ་ཐུམ་དཀར་པོར་བྱས། སྟེང་དུ་སྔགས་ཐུམ་དམར་བྱས་ལ། གང་གིས་མ་མཐོང་བར་མདུན་དུ་བཞག །དེ་ཤེལ་གྱི་གཞལ་ཡས་ཁང་དུ་མཁའ་འགྲོ་ཛམ་ཏི་དར་དཀར་ན་བཟའ་རིན་ཆེན་རྒྱན་ཕྲེང་ཅན་གཡས་འཚོ་བྱེད་ཀྱི་བུམ་པ། གཡོན་ཉི་མའི་དཀྱིལ་འཁོར་བསྣམས་པ། སྐུ་ཡི་འོད་ཀྱིས་ནད་ཀུན་ཞི་བར་བསམ། སྔགས་བརྒྱ་སྟོང་ནད་ཚབས་དང་སྦྱར་ལ་སྒྲུབ། མཐར་འོད་ཞུ་བདུད་རྩི་བསྟིམ། གང་བསྲུང་གདགས་ཤིང་བུམ་ཆུ་བླུད། མང་དུ་བསྲུང་ན་ཁྲུས་ཆུ་བཀྱེ། བལ་དཀར་སྔགས་པའི་སྲུང་བ་གདགས། རང་ཉིད་ནད་ཡོད་སར་འགྲོ་ན། དྲི་ཆུར་བསྔགས་པས་ངེས་པར་ཐུབ། དབང་པོ་རྣམས་སུ་བྱུག་གོ །དཀོན་མཆོག་རཏྣས་སོ།། ༈ ཛོ་ཀི་མནྟྲ་པཱ་ལ། གྲུབ་ཐོབ་གྷོ་རཀྵ་ནཱ་ཐསཿ ཛོ་ཀི་བྲཧྨ་ནཱ་ཐ་ལ་གནང་བའི་ཚེ་སྒྲུབ་ཀྱི་མནྟྲ། ཚེ་ལམ་གྱི་ནད་སེལ་གྱི་དཔེ་རིས། ཨོཾ་ན་མོ་ག་རཱི་བ་ནཱ་ཐམཿ མ་ཧཱ་ྈྈྈྈྈྈྈྈྈྈྈྈྈ ཨ་གཾ་མཾཿ ཨ་ཧཱུྃཿ ཨ་སུཾ་ཊཾ་སྭཱཾ་ཧཱུྃ་ཧཱ་སྭཱཧཱ་ཨོཾཿ སྔགས་འདི་གཉིས་ལག་གཡས་ཀྱི་དཀྱིལ་མཛུབ་ཀྱི་ཚིགས་གསུམ་པའི་ལྟས་ཤར་ནས་རི་རྩེ་ལ་ཉི་མ་ཤར་བའི་ཚེ་ཆུ་འཁྱོར་བ་གང་ ལ་སྔགས་ཚར་གཅིག་བཟླས། ཨོཾ་ཞེས་པའི་དུས་སུ་བཏུང་། དགོང་མོ་ཡང་བཏུང་། སྔ་དྲོ་ཕྱོགས་ཤར་དང་དགོང་མོ་ནུབ་ཏུ་བལྟ། དེ་ལྟར་བྱས་པས་ཚེ་ལམ་གྱི་རི་མོ་ཡལ་ངེས། ཡང་ཚེ་ལམ་གཉིས་པ་ཆད་དམ། འཆི་ལྟས་གཉིས་ཀ་ཤར་ན། ྈཔཱོ་ྷྷཾ་ཤྲཱི་ཨཾ། ཀ་ལི་ྷྷཾཿ ྷྷཾ་ཛི་མཾ་སྭཱ་ཧཱཿ སྔགས་འདི་སྔ་དྲོ་གོང་ལྟར་ངག་ཏུ་ལན་གསུམ་བཟླས་སྟེང་། ཧཱུྃ་ཞེས་ཚེ་ཆུ་འཐུང་། དུས་གསུམ་ཁ་ལྟ་བ་གོང་ལྟར་བྱ། ནད་མི་འབྱུང་ཞིང་ཚེ་རིང་བར་འགྱུར། བཀའ་གསང་རྒྱ་རྒྱ༔ ཟབ༔ ༈ གྲུབ་ཆེན་ཛཱ་ྶབཱིར་གྱི་སྙན་བརྒྱུད་ཟབ་མོ་བཞུགས་སོ། །ན་མོ་རཏྣ་གུ་རུ། གྲུབ་པའི་དབང་ཕྱུག་ཆེན་པོ་ཛཱ་ྶྥཱིར་ལས་བརྒྱུད་པའི་གདམས་པ་འདི་ལ་གཉིས་ཏེ། བརྒྱུད་པའི་རིམ་པ་དང་། གདམས་པ་དངོས་སོ། །དང་པོ་ནི། ཨོ་རྒྱན་གུ་རུ། མགོན་པོ་ཆེན་པོ། ཛཱ་ྶྥཱིར་ཏེ་བླ་མ་དེ་དག་འཇའ་ལུས་སུ་གྲུབ་པ་བརྙེས་ཏེ། ད་ལྟ་ཡང་སྐལ་བ་དང་ལྡན་པ་ཐ་དག་གིས་ཞལ་དངོས་སུ་མཇལ་ཞིང་གསུང་གི་གདམས་པ་ནོད་པར་ནུས་པ་ཤ་སྟག་གོ །གྲུབ་ཆེན་ཛཱ་ྶྥཱིར་གྱི་སློབ་མ་ནི། བདག་གི་བླ་མ་བཛྲ་ནཱ་ཐ་སྟེ། རང་ལོ་ཉེར་བཞི་པ་ལ་མཇལ་ཞིང་གདམས་པ་འདི་རྣམས་ནོད་པར་བགྱིས་པའོ།་་་ལོ་རྒྱུས་རྒྱས་པར་ཞལ་ལས་དྲིས། གཉིས་པ་དེ་ལས་བྱུང་བའི་གདམས་པ་ནི། སྔོན་འགྲོ་དངོས་གཞི་རྗེས་གསུམ་མོ། །དང་པོ་ནི། ཚེ་གཅིག་ལུས་གཅིག་གིས་སངས་རྒྱས་སྒྲུབ་པར་བྱེད་པ་ལ་བར་གཅོད་ཀྱིས་མི་ཚུགས་པ་སྔགས་སྲུང་གི་མན་ངག །ཟས་དུག་བསྲུང་བ་བི་ཥ་སྟོབས་འཇོམས་ཀྱི་མན་ངག །ཕ་རོལ་རིག་སྔགས་ཀྱི་ནུས་པ་གཞོམ་པ་བྱད་ཟློག་གི་མན་ངག་སྟེ།་་་ཟུར་དུ་གསལ། བཞི་པོ་འདི་ནི་སྔོན་འགྲོ་ཕྲན་བུའི་སྐོར་རོ། །གཉིས་པ་དངོས་གཞི་ལ། ཁ་ཟས་ཀྱི་འཁྲི་བ་གཅོད་ཅིང་འཇའ་ལུས་སྒྲུབ་པར་བྱེད་པ་འབྱུང་ལྔའི་རླུང་ཟས་སུ་བཟའ་བའི་དམིགས་པ། རྒྱུན་ཁྱེར་གྱི་མན་ངག་རླུང་འཆུག་མེད་དུ་འཇུག་པ་དབུ་མ་གསལ་བྱེད་དང་། རྩ་ལམ་སྦྱང་བ་དབུ་མ་བསྐོར་བའི་རླུང་དང་འཕྲུལ་འཁོར་གྱི་མན་ངག །བདེ་བའི་གནད་བསྐུལ་ཞིང་རྩལ་སྦྱང་བོགས་འདོན་པ་ཐིག་ལེ་དཀར་དམར་དམིགས་པའི་མན་ངག །དེའི་ཚེ་ཀུནྡའི་གེགས་སྲུང་ཞིང་བཟུང་བ་རྩ་རླུང་ཐེམ་བུའི་མན་ངག །བྱང་སེམས་གྱེན་དུ་འདྲེན་ཅིང་ལུས་ཀུན་ལ་འགྲེམ་པའི་རླུང་གནད་འཕྲུལ་འཁོར་གྱི་མན་ངག །ཕུང་པོ་ལྷག་མེད་ཀྱི་འཇའ་ལུས་སྒྲུབ་པ་དམིགས་པ་ཁ་བསྒྱུར་གྱི་མན་ངག་རྣམས་སོ། །གསུམ་པ་རྗེས་ཕྲན་བུའི་སྐོར་ལ་གཉིས་ཏེ། རླུང་སྦྱོར་དང་སྔགས་ལ་བརྟེན་པའོ། །དངོས་ཀྱི་གནས་སྐབས་ཀྱི་གེགས་སེལ། སྟོད་གཟེར་དང་སྦོས་ཁྲོག་གཞོམ་ཞིང་སྟོད་སྨད་ཀྱི་གེགས་སེལ་ཞིང་རླུང་དང་འཕྲུལ་འཁོར་གྱི་མན་ངག །མིག་དང་རྣ་བར་རླུང་འཛིན་ཅིང་གཞིལ་བ་དང་། རྨོངས་པ་ངོ་མཚར་བསྐྱེད་པ་རླུང་སོར་མོ་ལ་འགྲེམས་པའི་མན་ངག །སྙིང་རླུང་དང་། ཆུ་གཞི། ཤ་ལྷད་འདོན་པའི་དམིགས་པ་རླུང་གནད་འཕྲུལ་འཁོར་གྱི་མན་ངག །གསང་བ་སྦུབས་སུ་སྦས་ཏེ་གཙུག་ཏོར་སྒྲུབ་པ། དེ་དག་གི་གེགས་སེལ་བའི་རླུང་གནད་འཕྲུལ་འཁོར་གྱི་མན་ངག །ཚ་གྲང་གི་ནད་སྐྱུག་ཏུ་འདྲེན་པ་དང་སྦྱང་བའི་རླུང་གནད་འཕྲུལ་འཁོར་གྱི་མན་ངག་རྣམས་སོ། །སྔགས་ལ་བརྟེན་པའི་སྐོར་ལ། གཞན་སྣང་དབང་དུ་སྡུད་ཅིང་བསོད་ནམས་ཀྱི་སྟོབས་བསྐྱེད་པའི་སྔགས་ཀྱི་མན་ངག །ལུས་སྟོད་སྨད་ཀྱི་སྐྲངས་འབུར་དང་། རྨེན་བུ་ཁྲོས་པ་ཞི་བར་བྱེད་པའི་སྔགས་ཀྱི་མན་ངག །མདའ་མདུང་མཚོན་ཆའི་ངར་དབལ་རྡུགས་པར་བྱེད་པ། ས་ལ་བརྟེན་པ་དང་བསྲུང་བའི་འཁོར་ལོ་སྔགས་ཀྱི་མན་ངག །མཛེ་ནད་དང་། ཕོ་ནད་སོགས་སྒོས་སུ་བཅོས་པར་བྱེད་པ་ལ་ཆུ་ལ་བརྟེན་པའི་མན་ངག གཞན་ཕན་སེར་བ་བསྲུང་བ། གཏོར་མ་བཅའ་ཞིང་སྔགས་ལ་བརྟེན་པའི་མན་ངག་རྣམས་མཆིས་པ་ལས། སྔགས་ལ་བརྟེན་པ་རྣམས་ནི་ཟུར་དུ་གསལ། འདིར་དངོས་གཞི་དང་རླུང་སྦྱོར་ཕྲན་བུ་རྣམས་སྟོན་ཏེ། དང་པོ་ཁ་ཟས་ཀྱི་འཁྲི་བ་གཅོད་ཅིང་འཇའ་ལུས་སྒྲུབ་པ་འབྱུང་ལྔའི་རླུང་ཟས་སུ་བཟའ་བ་དམིགས་པ་རྒྱུན་ཁྱེར་གྱི་མན་ངག་འདི་ལ་ལྔ་སྟེ། སྔོན་འགྲོ་ལུས་ཀྱི་གནད་བསྟན་པ་དང་། བླ་མའི་རྣལ་འབྱོར་རླུང་ལྔའི་ཁ་དོག་གསལ་བཏབ་ལ་བསྡུ་བ་དང་། རླུང་ཞི་བར་ཟ་བ་དང་། དྲག་པོར་ཟ་བ་དང་། བཙན་ཐབས་སུ་ཟ་བའོ། །དང་པོ་ནི། དབེན་པའི་གནས་སུ་མཚམས་དམ་པར་བཅད་གྲིབ་ལ་འཛེམ་སྟན་གྱི་རྒྱབ་མཐོ་བ་ལ་འཁོད་དེ། རྐང་པ་གཡོན་གྱི་རྟིང་པས་གསང་བའི་རྩ་ཆེན་མནན། གཡས་ཀྱི་རྟིང་པ་སྤུ་མཚམས་སུ་གཏད་པའི་རྐང་སོར་གྱི་རྩེ་སར་བཙུགས་ལ་བརྟེན། ལག་གཉིས་ཐལ་མོ་པུས་སྟེང་བཀན་ཅིང་ལུས་ཤིན་ཏུ་དྲང་བ་ལ། མགྲིན་པ་སྒུར་པས་སྟོད་མགོ་ནོན་པར་བྱ། མིག་མདུན་གྱི་གཉའ་ཤིང་གང་ཙམ་གྱི་སར་རང་བབས་སུ་ལྟ་སྟངས་བྱའོ། །གཉིས་པ་བླ་རྣལ་རླུང་ལྔའི་ཁ་དོག་གསལ་བར་བསྡུ་བ་ནི། ངག་ཏུ་ཨོཾ་ན་མོ་ན་མོ་ན་མོ། ཛཱ་ྶབཱིར་ཛ་ྶབཱིར་ཛཱ་ྶབཱིར་ཞེས་བརྗོད། སྲིན་ལག་གཡས་ལ་མཆིལ་མ་བཏབ་སྟེ་སྨིན་མཚམས་སུ་བྱུག་གོ །དམིགས་པ་ནི་སྨིན་མཚམས་སུ་གྲུབ་ཆེན་ཛཱ་ྶབཱིར་དེ་ཉིད་རབ་བྱུང་གི་ཆ་བྱད་ཅན། ཕྱག་གཉིས་དབུའི་གཙུག་ཏུ་ཐལ་མོ་སྦྱར་ཞིང་ཞབས་གཉིས་མཐིལ་གཉིས་སྤྲད་དེ་བཞེངས་པའི་སྐུ་ཚོན་གང་པའམ་ནས་འབྲས་ཙམ་པ་ལམ་མེར་བཞུགས་པ་ལ་སེམས་གཏད། དེའི་ངང་ལས་ཕྱི་རོལ་གྱི་སྣང་བའི་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ས་རླུང་སེར་པོ། ཆུ་རླུང་དཀར་པོ། མེ་རླུང་དམར་པོ། རླུང་གི་རླུང་ལྗང་གུ །ནམ་མཁའི་རླུང་སྔོན་པོ་རྣམས་གསལ་བཏབ་ལ། རྔུབ་པའི་ཚེ་རླུང་ཁ་དོག་ལྔ་ལྡན་ནར་གྱིས་དྲངས་ནས་ལུས་ཁེངས་པར་བསྒོམ་མོ། །གསུམ་པ་རླུང་ཞི་བར་བཟའ་བ་ནི། ལུས་གནད་སྔ་མ་དེ་ཉིད་ལས་རླུང་རོ་ཕྱིར་འབུད། དེ་རྗེས་གཞུར་ཏེ་རྔུབས་ལ་རྩོལ་བཅས་ཀྱི་མཆིལ་མ་མིད་པ་ཡང་ཡང་བྱ་སྟེ། རླུང་གིས་གང་བར་གྱུར་གྱུར་གྱི་བར་བྱའོ། །དེས་ནི་རླུང་གེགས་མི་འབྱུང་ཞིང་འབྱོངས་པའི་དགོས་པ་ཡོད་དོ། །བཞི་པ་དྲག་པོར་བཟའ་བ་ནི། ལུས་གནད་དང་དམིགས་པ་སྔར་ལྟར་ལ། རླུང་རོ་སྒྲ་བཅས་སུ་འབུད། དེ་ནས་སྒྲ་བཅས་སུ་རྔུབས་ལ་ཁ་བཙུམ་པ་དགང་ལ་མཆིལ་མ་སྒྲ་བཅས་སུ་མིད། ཚད་སྔར་ལྟར་རོ། །ལྔ་པ་བཙན་ཐབས་སུ་བཟའ་བ་ནི། རླུང་རོ་སྒྲ་བཅས་སུ་འབུད་ཅིང་ལྟོ་བ་གཅར། འཕོ་བ་འཆུན་བཙལ། ལྐོག་མ་དང་མིད་པ་མདུན་དུ་བརྒྱངས་ལ། མགྲིན་པ་ནས་རླུང་སྒྲ་བཅས་སུ་སྐད་ཅིག་གིས་འཇུག་སྟེ། ནང་ཁེངས་པ་དང་ཅུང་ཟད་མནན། གསུམ་གར་རྒྱབ་རླུང་རང་སོར་འཇོག་ལ། འདོར་བ་སྤང་། དམིགས་པ་ནི་གསུམ་ཀ་འདྲའོ། །འདི་དག་ནི་ཉམས་ལེན་རྒྱུན་ཁྱེར་ཏེ་རྒྱུན་དུ་ཉམས་སུ་བླང་བར་བྱའོ། །གཉིས་པ་རླུང་འཆུག་མེད་དུ་འཇུག་པ་དབུ་མ་གསལ་བྱེད་དང་། རྩ་ལམ་སྦྱང་བ་དབུ་མ་བསྐོར་བའི་འཕྲུལ་འཁོར་དང་རླུང་གནད་ཀྱི་མན་ངག་ནི། ལུས་སྒུར་ཏེ་ལང་བའི་རྐང་པ་གཉིས་ཀྱི་བར་ལ་སྐུམ་ཁྲུ་གང་ཡོད་པར་བྱ། པུས་སྟེང་ལག་གཉིས་བཞག་ལ་རྐེད་པ་བསྲང་། སྟེང་རླུང་འཕུལ་ནས་བཅད། ལོང་གཉིས་གནོན། མདུན་རླུང་འཆུན་བཙལ་ལ་དྲངས། འབྱོངས་ཚེ་རྐང་ཚུགས་པར་འགྱུར་རོ། །དེ་ཉིད་ལས་དབུ་མའི་གཡས་གཡོན་དུ་འཆུན་རེས་མོས་སུ་བྱ་ཞིང་བསྐོར་བའོ། །རླུང་གནད་ནི་གོང་བཞིན་ནོ། །གསུམ་པ་བདེ་བའི་གནད་སྐུལ་ཞིང་བོགས་འདོན་པ་ཐིག་ལེ་དཀར་དམར་དམིགས་པའི་མན་ངག་ལ་གཉིས་ཏེ། ལུས་གནད་དེ་ཉིད་ལས། རང་ལུས་རྩ་དབུ་མ་ཁ་དོག་སྔོན་པོ་རྩ་བ་ཕྲ་བ། ཁ་གདེངས་རྒྱས་པ། ལུས་ཚད་དང་མཉམ་པའི་ཡར་སྣེར་དྭངས་མ་དཀར་པོ་དང་། མར་སྣེར་དྭངས་མ་དམར་པོ་བྱིའུའི་སྒོ་ང་ཙམ་བསམ། རླུང་གོང་ལྟར་ལ། ཐིག་ལེ་དཀར་དམར་དབུ་མའི་རྐེད་པར་འཕྲད་པའི་ཚེ། དབུ་མ་གཡས་སུ་བསྐོར་ཚེ་དཀར་པོས་དམར་པོ་འབྲོས་དེད་ཀྱི་ཚུལ་དུ་འཁོར་བ་དང་། གཡོན་དུ་འཁོར་དུས་དམར་པོས་དཀར་པོ་གོང་བཞིན་འདེད་པར་བསྒོམ་པ་ནི་སྦྱང་བའོ། །གཉིས་པ་ནི། འཕྲུལ་འཁོར་དང་རླུང་གནད་སྔར་ལྟར་ལ། ཐིག་ལེ་དཀར་པོ་མར་བབས་ཏེ། དམར་པོའི་འོག་ཏུ་སླེབས་པ་ན། དབུ་མ་གཡས་སུ་བསྐོར་དུས་དཀར་པོས་དམར་པོ་དེད་ནས་ཚངས་བུག་གི་བར་དུ་འགྲོ་བ་དང་། གཡོན་དུ་བསྐོར་དུས་དམར་པོས་དཀར་པོ་དེད་དེ་གསང་གནས་བར་འགྲོ་བར་སྒོམ་ཞིང་འབད་པས། རླུང་དབུ་མར་ཚུད་དྲགས་མགོ་བོ་ན་ཞིང་གཟེར་བ་འབྱུང་། བདེ་བའི་ཉམས་རྩོལ་མེད་དུ་འཆར་རོ། །ཐུན་མཚམས་རྣམས་སུ་ཐིག་ལེ་དཀར་དམར་སོ་སོར་བཞག་གོ །འདིའི་སྐབས་སུ་བདེ་བའི་ཤུགས་ཆེན་པོ་འབར་ཏེ། བྱང་སེམས་འཕོ་བའི་སྐྱོན་དུ་འགྱུར་ཉེ་བ་ན། བཞི་པ་ཀུན་དའི་གེགས་བསྲུང་ཞིང་བཟུང་བ་རྩ་རླུང་ཐེམ་བུའི་མན་ངག་ལ་གཉིས་ཏེ། རྩ་ཐེམ་དང་རླུང་ཐེམ་མོ། །དང་པོ་ནི་རྒྱུན་འཁྱེར་གྱི་རླུང་གནད་ཁོ་ནའོ། །གཉིས་པ་རླུང་ཐེམ་ནི། རྩོལ་མེད་ཀྱི་འཕོ་རླུང་མདུན་དུ་ཕུལ། ལྟེ་བ་རྒལ་ཚིགས་ལ་བཅར་ཏེ་འཐེན། རྩ་ཐེམ་དང་སྦྱར་བ་བྱའོ། །དེ་ནི་གེགས་བསྲུང་ཞིང་བཟུང་བའོ། །ལྔ་པ་བྱང་སེམས་གྱེན་ལ་འདྲེན་ཅིང་ལུས་ཀུན་ལ་འགྲེམ་པའི་རླུང་གནད་འཕྲུལ་འཁོར་གྱི་མན་ངག་ལ་གཉིས་ཏེ། འདྲེན་པ་དང་འགྲེམ་པའོ། །དང་པོ་ལའང་གཉིས་ཏེ། ལུས་སྟོད་ལ་འདྲེན་པ་དང་། མགོ་ལ་འདྲེན་པའོ། །དང་པོ་རྐང་པའི་ལུས་གནད་སྔར་ལྟར་ལ། ལག་གཉིས་མདུན་དུ་གཤིབས་ཏེ་བརྐྱང་། རྩོལ་མེད་ཀྱི་རླུང་རྔུབ་ཆུང་བྱས་ལ་སྟོད་དུ་བཙུད་ཅིང་ལུས་སྟོད་སོར་མོ་ལ་འཆུན་བཙལ་ལོ། །གཉིས་པ་མགོ་ལ་འདྲེན་པ་ནི། རྐང་གནད་སྔར་ལྟར་ལ། ལག་གཉིས་པུས་སྟེང་བཀབ་པ་ལ་དྲང་པོར་རྩོལ་བཅས་དང་རྩོལ་མེད་ཀྱི་རླུང་མགྲིན་པ་དང་མགོ་བོར་བཙུད་ཅིང་འཆུན་དམིགས་ལ་བཙལ་ལོ། །གཉིས་པ་འགྲེམ་པ་ནི། རྐང་པ་སྐྱིལ་ཀྲུང་ལག་གཉིས་པུས་སྟེང་བཞག་ལ། རྩོལ་བཅས་དང་རྩོལ་མེད་ཀྱི་རླུང་བརྒྱངས་ལ། ལུས་དང་མགོ་བོ་གཡས་སུ་གཅུ་ཞིང་། པུས་མོ་གཡོན་གྱི་མགོ་ལག་པ་གཡས་ཀྱིས་ནང་དུ་འཐེན་པ་དང་། འཕྲུལ་འཁོར་དེ་ཉིད་བསྒྱུར་བར་བྱ་ཞིང་། ལུས་ཀུན་ལ་འཆུན་བཙལ་ལོ། །དྲུག་པ་ཕུང་པོ་ལྷག་མེད་འཇའ་ལུས་བསྒྲུབ་པའི་དམིགས་པ་ཁ་བསྒྱུར་གྱི་མན་ངག་ནི། འཕྲུལ་འཁོར་དང་རླུང་གནད་དབུ་མར་ཀ་འཛུགས་དང་འདྲ་བ་ལ། རླུང་གནད་ཕྱིར་དབྱུང་བའི་ཚེ། རང་གི་སྡིག་སྒྲིབ་ནད་གདོན་བགེགས་སྐྱོན་རྣམས་དུ་བའི་རྣམ་པས་སྔོ་བུན་བུན་ཐོན། སླར་ཡང་སངས་རྒྱས་དང་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱི་བྱིན་རླབས། བརྟན་གཡོའི་བཅུད་རྣམས་འོད་ཟེར་གྱི་རྣམ་པར་བྱོན། དབུ་མའི་ནང་ཐམས་ཅད་གང། དབུ་མ་རང་ཡང་འོད་ཀྱི་རྣམ་པར་བསམ་ཞིང་། དམིགས་པ་དང་སྦྱར་ཏེ་གཡས་གཡོན་དུ་བསྐོར་བ་སྔར་བཞིན་ནོ། །དེ་ལྟར་སྐབས་སྐབས་སུ་བོགས་འདོན་ལ་རྩལ་སྦྱང་ཞིང་། དུས་ཀུན་ཏུ་རྒྱུན་ཁྱེར་གྱི་ཉམས་ལེན་ལ་འབད་པར་བྱའོ། །གསུམ་པ་རྗེས་གེགས་སེལ་དང་། ཕྲན་བུའི་འཕྲུལ་འཁོར་རླུང་གནད་ཀྱི་མན་ངག་སྐོར་ལ་བརྒྱད་ལས། དང་པོ་སྟོད་གཟེར་དང་སྦོས་ཁྲོག་གཞོམ་པ་དང་། སེམས་ཀྱི་བཞག་ཐབས་ཞལ་ལས་ཤེས། སྟོད་སྨད་ཀྱི་གེགས་སེལ་བའི་རླུང་གནད་འཕྲུལ་འཁོར་གྱི་མན་ངག་ནི་བཞི་སྟེ། རྩོལ་མེད་རྒྱུན་ཁྱེར་གྱི་མན་ངག་ཉམས་སུ་བླངས་པའི་ཚེ། རོ་སྟོད་གཟེར་བ་དང་། སྦོས་ཤིང་རྩིབས་ལོགས་ཕན་ཚུན་བསྡོམས་པ་ལྟར་ན་བ་སོགས་བྱུང་ན་སེལ་བའི་རླུང་གནད་འཕྲུལ་འཁོར་ནི། ལུས་བསྲང་ཞིང་རྐང་པ་རྩ་ཐེམ་ལྟར་ལ་རྩོལ་མེད་ཀྱི་རླུང་དགང་ཞིང་ཅུང་ཟད་མནན། ལག་པ་མདུན་དུ་འཕང་ཞིང་སྟོད་ཀྱི་རླུང་སེལ་ལ་བརྡེག་གོ །གཉིས་པ་སྨད་སྦོས་ཤིང་ཁྲོག་པ་དང་ན་ཟུག་བྱུང་ན། འཕྲུལ་འཁོར་དང་རླུང་གནད་སྔར་ལྟར་ལ། རྡོ་རྗེ་ཁུ་ཚུར་ཕོ་སྟོད་ཕོ་སྨད་དུ་རྡེག་ཅིང་འབེབ་བྱ་བ་དང་། གྲུ་འབེབ་བྱ་བ་སྤེལ་མར་བྱའོ། །གསུམ་པ་སྟོད་གེགས་རླུང་སྒྲེགས་འཆོར་བ་སེལ་བའི་རླུང་གནད་འཕྲུལ་འཁོར་ནི། རྒྱུན་ཁྱེར་ལྟར་ལ་སོར་མོ་པུས་སྟེང་དུ་འཆུན་བཙལ་ལ་རྒྱུན་རིང་སྨད་པར་བྱའོ། །བཞི་པ་སྨད་ཀྱི་གེགས་སེལ་བ་ནི། འོག་རླུང་འཆོར་ཚད་ན། ལུས་གནད་སྔར་ལྟར་ལས་ཅུང་ཟད་སྒུར་ཞིང་། ལག་པ་པུས་སྟེང་སྲང་ཞིང་དབུ་མ་ཀ་འཛུགས་ཀྱིས་སེལ་ལོ། །གཉིས་པ་མིག་དང་རྣ་བར་རླུང་འཛིན་ཅིང་གཞིལ་བ་དང་། རྨོངས་པ་ངོ་མཚར་བསྐྱེད་པ་རླུང་སོར་མོ་ལ་འགྲེམ་པའི་རླུང་གནད་དང་འཕྲུལ་འཁོར་གྱི་མན་ངག་ལ་གསུམ་སྟེ། དང་པོ་མིག་ལ་རླུང་འཛིན་ཅིང་གཞིལ་བ་ནི། ལུས་གནད་རྒྱུན་ཁྱེར་སྔར་ལྟར་ལས། རྣ་བའི་བུག་པ་ཐེམ་བུས་བཀག་སྟེ། རླུང་ཕྱིར་བུས་རྗེས་ལག་གཡས་མཐེབ་མཛུབ་ཀྱིས་རྣ་གཤོག་བསྡམས་ནས། མིག་སྒྲིལ་ཞིང་རླུང་ནང་དུ་འཐེན་པས་སྒྲ་བཅས་སུ་འབྱུང་། ཕྱིར་གཞིལ་བ་ལ་ཡང་ལུས་གནད་དེ་ལས་རླུང་ཕྱིར་འདོན་པའོ། །གཉིས་པ་རྣ་བར་རླུང་འཛིན་པ་དང་གཞིལ་བ་ནི། རྣ་བའི་བུག་པ་གསལ་ཏེ་སྔར་བཞིན་ནོ། །ཕན་ཡོན་ནི་རྣ་བ་དང་མིག་ལ་སྐྱོན་མི་འབྱུང་ཞིང་། ལྷའི་རྣ་མིག་གི་མངོན་ཤེས་དང་ལྡན་པར་འགྱུར་རོ། །གསུམ་པ་སོར་མོ་ལ་རླུང་དགྲམ་པ་ནི། ལུས་གནད་རྒྱུན་ཁྱེར་ལྟར་རམ། འདྲེན་གྱི་འཕྲུལ་འཁོར་ལྟར་ལས། རྩོལ་བཅས་དང་རྩོལ་མེད་ཀྱི་རླུང་སྟོད་དུ་བརྒྱངས་ཏེ་ལག་ཉ་སོར་མོར་བསྒྱུར་ཞིང་འཆུན་བཙལ་བས། དང་པོ་རྩ་གསལ་ཞིང་འབྱོངས་ཚེ་ཐལ་བ་སྤུར་ནུས་སོ། །བཞི་པ་སྙིང་རླུང་གི་གེགས་སེལ་བའི་འཕྲུལ་འཁོར་དང་རླུང་སྦྱོར་དམིགས་པ་ནི། རྐང་པ་གཉིས་མཐིལ་སྤྲད་པའི་སོར་མོ་ལག་གཉིས་ཀྱིས་སྦར་འཛིངས་སུ་བསྡམ། རླུང་སྦྱོར་ཀ་འཛུགས་ལྟར་ལ། དབུ་མ་སྔར་བཞིན་གསལ་བཏབ་པའི་ཡར་སྣར། བླ་མའི་རྣལ་འབྱོར་་་་བླ་མའི་བཞུགས་ཚུལ་ཞལ་ལས་ཤེས།གོང་བཞིན་གསལ་བ་ལ་ཡར་འཐེན་དུས་བླ་མ་དབུ་མའི་ནང་བརྒྱུད། སའི་གཏིང་དུ་མར་བྱོན་པ་ལ་སེམས་གཏད། ཡང་རྐང་མགོ་ལ་ཆུན་བཙལ། ཕྱིར་འཐེན་ཅིང་འབེབ་པའི་དུས། བླ་མ་ཡར་བྱོན་སྨིན་ཕྲག་གི་ཐད་དུ་བཞུགས་པ་ལ་སེམས་གཏད་ཅིང་། ས་འོག་གི་དམིགས་པ་རྒྱུན་བསྲིང་བར་བྱའོ། །ལྔ་པ་ཆུ་སེར་གྱིས་ལུས་དང་ཡན་ལག་སྐྲངས་པ་སོགས་ལ། དབུ་མ་བཙུགས་པའི་ནང་དུ་ཡན་ལག་གི་ཆུ་སེར་བསྡུས་པར་དམིགས་ཤིང་། ཆུ་སེར་བསྡུ་བའི་འཕྲུལ་འཁོར་་་ལག་ལེན་ཞལ་ལས་ཤེས།དང་རྩོལ་བཅས་དང་རྩོལ་མེད་ཀྱི་རླུང་གིས་ལུས་དགང་ཞིང་། སྲོག་རླུང་གི་འཕྲུལ་འཁོར་ལྟར་ལ་འབེབ་བྱ་བ་དང་། ཡང་རྐང་པ་སྐྱིལ་ཀྲུང་ཙོག་པུ་ལག་སོར་གཡོན་གཡས་ཀྱིས་བཟུང་བའི་ནང་སརབསྟན་ལ་འབེབ་བྱའོ། །དེས་ནི་ཆུ་སེར་གཤང་སྒོ་ནས་ཐོན་འོང་ངོ་། །དྲུག་པ་ཤ་ལྷད་འདོན་པའི་འཕྲུལ་འཁོར་དང་རླུང་གནད་ནི། རྐང་པ་དང་ལག་པ་བསྣོལ་ལ་སྒྲེང་ཞིང་། རྩོལ་བཅས་དང་རྩོལ་མེད་ཀྱི་རླུང་སྒང་ལ་ལུས་ཀུན་ལ་འཆུན་བཙལ་ལོ། །བདུན་པ་སྦ་བ་སྦུབས་འདྲེན་གྱི་འཕྲུལ་འཁོར་ལ་གཉིིས་ཏེ། སྦྱང་བ་དང་གེགས་སེལ་བའོ། །དང་པོ་རྐང་པ་གཉིས་པུས་མོ་བཙུགས་པའི་བར་དུ་འཁྱུད་གང་ཡོད་པར་བྱ་ཞིང་། ལག་པ་རྡོ་རྗེ་ཁུ་ཚུར་པུས་སྟེང་བཞག་ལ་རྩོལ་བཅས་དང་རྩོལ་མེད་ཀྱི་མདུན་རླུང་བརྒྱངས་ཤིང་ཕྱིར་འཕུལ། རྒྱབ་རླུང་དྲག་ཏུ་འཐེན་ལ་འཆུན་བཙལ་ལོ། །གཉིས་པ་ནི་གང་གི་འཕྲུལ་འཁོར་དང་རླུང་གནད་ལ་འབད་པས་དྲི་ཆུ་སྡོམ་པའི་གེགས་བྱུང་ན་ལུས་གནད་སྔར་ལྟར་ལ། ལག་པ་མདུན་དུ་བརྒྱངས་ཤིང་སྟོད་ཀྱི་རླུང་སེང་དུ་རྡོག་པ་གསུམ་གྱི་རྗེས་སུ་རྐང་པ་མདུན་དུ་བརྐྱང་ཞིང་ལུས་བྱིངས་ས་ལ་འབེབ་རླུང་གནད་གོང་བཞིན་ནོ། །བརྒྱད་པ་ཚ་གྲང་གི་ནད་སྐྱུག་ཏུ་འདོན་པ་དང་སྦྱང་བའི་རླུང་གནད་འཕྲུལ་འཁོར་གྱི་མན་ངག་ནི། རྩོལ་བཅས་དང་རྩོལ་མེད་ཀྱི་རླུང་དང་ལྡན་པས། ཆུ་སྐོལ་དང་གྲང་མོ་གང་རུང་འཐུང་ཞིང་། ལུས་གནད་རྒྱུན་འཁྱེར་ལྟར་ལས་དཀྲུག་པའི་འཕྲུལ་འཁོར་ལ་འབད་ཅིང་། སྒྲེགས་པ་བཏོན་པས་སྐྱུག་འབྱུང་ཞིང་། གསང་སྒོ་ལའང་ནད་འཐོན་ནོ།། གནད་ཀྱི་མན་ངག་ལག་པའི་འཕྲུལ་འཁོར་དང་། རྣ་མིག་གཉིས་ཀྱི་གེགས་སེལ་ཁྱད་པར་རླུང་སྐོམ་དུ་འཐུང་བ་རྣམས་ཞལ་ལས་ཤེས་སོ། །དེ་ལྟར་ཚེ་གཅིག་གིས་མཚུངས་མེད་འཇའ་ལུས་སྒྲུབ་པའི་རླུང་དང་འཕྲུལ་འཁོར་གྱི་གདམས་པ་ཟབ་མོ་ལམ་གྱི་ཆ་ལག་ཚང་ལ་མ་ནོར་རྫོགས་པ་འདི་ཉིད་དུས་བསྐལ་གྱི་དབང་གིས་གཞན་ལ་སྦྱིན་པའི་ཆོས་སུ་མ་མཐོང་ཡང་། དད་པ་དང་དམ་ཚིག་ཏུ་ལྡན་པའི་སློབ་མ་མང་ཞིག་གིས་བསྐུལ་བ་ལ་བརྟེན། འབྲི་ཁུང་གི་ཕྱོགས་སུ་གནས་པའི་ལྡོམ་བུ་བ་རཏྣའི་མིང་ཅན་གྱིས་ཤིང་ཕོ་རྟའི་ལོ་ཧོར་ཟླ་བརྒྱད་པའི་ཡར་ཚེས་བཟང་པོ་ལ། གཏེར་སྒྲོམ་བྲག་དཀར་དུ་སྦྱར་བ་ཡིན་པས། ཕྱིས་འབྱུང་ལམ་འདིར་མོས་པ་ཀུན་ཀྱང་སྒྲུབ་པའི་མེ་ཏོག་དང་བཅས་ནས་ཉམས་སུ་ལེན་པ་དང་། སྙིང་ནས་ཆོས་བྱེད་མ་གཏོགས་པ་ལ་དཔེ་དང་གདམས་པ་སྦྱིན་ན། འདི་ཉིད་ཀྱི་བཀའ་སྲུང་དྲང་སྲོང་གཟའ་བརྒྱད་ཀྱིས་སྙིང་ཁྲག་ཐང་ལ་ཕོས་ཤིག །ྀཨཚཿ ༈ རླུང་ཁྲིད་བརྒྱུད་པའི་གསོལ་འདེབས་བཞུགས་སོ། །ན་མོ་གུ་རུ། ཀ་དག་རང་བྱུང་དབྱིངས་ཀྱི་ཕོ་བྲང་ན། །ཆོས་སྐུ་འོད་མི་འགྱུར་ལ་གསོལ་བ་འདེབས། །ཕུང་པོ་ཟག་མེད་འཇའ་ལུས་འགྲུབ་པ་དང་། །ཚེ་འདིར་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས།་་་ཚིག་འོག་མ་གཉིས་ཀུན་ལ་འགྲེ། ལྷུན་གྲུབ་བདེ་བ་ཆེན་པོའི་ཕོ་བྲང་ན། །ལོངས་སྐུ་སྤྱན་རས་གཟིགས་ལ་གསོལ་བ་འདེབས། ༴༴ ཐུགས་རྗེ་ཕྱོགས་ལྷུང་བྲལ་བའི་ཕོ་བྲང་ན། །ཨོ་རྒྱན་ཡབ་ཡུམ་སྐུ་ལ་གསོལ་བ་འདེབས། ༴༴ འཁྲུལ་པའི་མཚན་མ་རང་གྲོལ་ཕོ་བྲང་ན། །མ་ཧཱ་ནཱ་ཐའི་ཞབས་ལ་གསོལ་བ་འདེབས། ༴༴ རྩལ་སྣང་ཀུན་རྒྱས་བདེ་ཆེན་ཕོ་བྲང་ན། །གྲུབ་ཆེན་ཛཱ་ཧ་བཱིར་ལ་གསོལ་བ་འདེབས། ༴༴ སྐུ་དང་ཡེ་ཤེས་མཐར་ཕྱིན་ཕོ་བྲང་ན། །བཛྲ་ནཱ་ཐའི་ཞབས་ལ་གསོལ་བ་འདེབས། ༴༴ ཟག་མེད་བདེ་ཆེན་རྡོ་རྗེའི་ཕོ་བྲང་ན། །མཁའ་གྲོལ་ཀློང་ཡངས་ཞབས་ལ་གསོལ་བ་འདེབས། །༴༴ འཁོར་འདས་མཉམ་ཡངས་ལྷུན་གྲུབ་ཕོ་བྲང་ན། །དྷརྨ་པཱ་ལའི་ཞབས་ལ་གསོལ་བ་འདེབས། ༴༴ རྣམ་ཀུན་མཆོག་ལྡན་ཟུང་འཇུག་ཕོ་བྲང་ན། །མཁན་ཆེན་རྣམ་འཇོམས་ཞབས་ལ་གསོལ་བ་འདེབས། ༴༴ ཟུང་འཇུག་བདེ་བ་ཆེན་པོའི་ཕོ་བྲང་ན། རིག་འཛིན་ཆོས་ཀྱི་གྲགས་པ་ལ་གསོལ་བ་འདེབས། ༴༴ བསླབ་གསུམ་འཁོར་ལོ་གཉིས་ཀྱི་ཕོ་བྲང་ན། །དཀོན་མཆོག་ལྷུན་གྲུབ་ཞབས་ལ་གསོལ་བ་འདེབས། ༴༴ མཛོད་སྤུ་མི་ཤིགས་འཁོར་ལོའི་ཕོ་བྲང་ན། །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། ༴༴ ཟབ་ལམ་བསྟན་པ་མཐའ་རྒྱས་ཕོ་བྲང་ན། །བཀའ་སྲུང་དྲང་སྲོང་བརྒྱད་ལ་གསོལ་བ་འདེབས། ༴༴ དེ་ལྟར་རྩ་བརྒྱུད་དཔལ་ལྡན་བླ་མ་དང་། །བཀའ་སྲུང་རྣམས་ལ་གསོལ་བ་བཏབ་པའི་མཐུས། །རྡོ་རྗེ་ཐེག་པའི་ལམ་འདིར་རབ་ཞུགས་པའི། །རྡོ་རྗེ་མཆེད་ལྕམ་མ་ལུས་ཐམས་ཅད་ཀྱི། །གནས་སྐབས་མཐར་ཐུག་བར་ཆད་ཀུན་ཞི་ཞིང། །འཆི་མེད་འཇའ་ལུས་རྡོ་རྗེའི་སྐུ་འགྲུབ་ནས། །མ་གྱུར་འགྲོ་བ་མ་ལུས་ཐམས་ཅད་ཀྱང་། །རྣམ་མཁྱེན་རྒྱལ་བའི་ས་ལ་འགོད་གྱུར་ཅིག །ཅེས་པ་འདི་ལུང་རྟོགས་ཀྱི་ཡོན་ཏན་དུ་མ་དང་ལྡན་པའི་བླ་མ་རབ་ཡངས་པ་སོགས་དད་ལྡན་འགས་བསྐུལ་བ་ལས། འབྲི་གུང་པ་རཏྣའི་མིང་ཅན་གྱིས་སྦྱར་བའོ།། ༈ ནམ་མཁའ་ཞལ་མཇལ་བཞུགས་སོ། །ན་མོ་རཏྣ་གུ་རུ་ཛཱ་ཧ་བཱིར་ལ་ན་མོ། ཐབས་ཤེས་ཟུང་ནི་བརྩེགས་པའི་གདན་སྟེངས་སུ། །རི་རྒྱལ་ལྷུན་པོ་འགྱིང་ཞིང་རབ་ཏུ་བརྟན། །དཔག་བསམ་ལྗོན་པའི་ཟུངས་ཅན་འཕྲང་ཞིང་ལྡན། །རྣམ་རྒྱལ་ཁང་བཟང་དཀར་གསལ་སྟེང་དུ་ཕྱེ། །རླུང་ལྷ་ཕོ་མོ་ཟོམ་ཆེན་ནང་དུ་ཉལ། །རི་རབ་ཐེམ་སྐས་ནང་ནས་སྤར་ཞིང་སྦུད། །དེ་ཚེ་རང་རིག་ཉི་ཟླའི་ལྷ་ཞལ་མཐོང་། །ཞེས་པ་འདི་ནི་མཁའ་ཞལ་མཇལ་བ་སྟེ། །གནས་ཆེན་གཏེར་སྒྲོམ་བྲག་དཀར་དབེན་གནས་སུ། །བཟང་པོའི་ཚེས་ལ་རཏྣ་ལཀྵྨཱིས། །ཞལ་ལས་སྨྲས་ཏེ་དུག་ལྔའི་དགྲ་ལས་རྒྱལ། །གདོད་མའི་གནས་མཆོག་གང་དེ་མཐོང་གྱུར་ཅིག །ྀཨཚ། ༈ ཟབ་ལམ་སྙན་བརྒྱུད་བཞུགས་སོ། །ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ཡཻ། བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འདུད། །འཁྲུལ་སྣང་ཤར་བའི་གདམས་པའི་བརྗེད་ཐོ་ཞིག །ཕྱི་རོལ་རྣམས་ལ་ཕན་བློས་བྲི་བར་བྱ། །བཟོད་པར་གསོལ་ཞིང་བཀའ་ཡི་རྒྱ་ཁྲོལ་ཞུ། །སྟེང་འོག་རླུང་ནི་དབུ་མའི་ཁྱིམ་དུ་གཞུག །གླིང་བཞི་རབ་བགྲོད་རི་རབ་ལྟོ་བ་གདེངས། དེ་ནི་དབུ་མའི་རླུང་གི་ལམ་སྦྱོང་སྟེ། །རྩ་གནས་མ་ཁྲེམས་བར་དུ་འདི་ལ་འབད། །དངོས་གཞིའི་རླུང་གནད་གོང་དང་འདྲ་བ་ལས། །གླིང་བཞི་རི་རབ་འཕང་ཞིང་རྡེབ་པ་ནི། །འཆུན་ལྡན་རབ་ཏུ་སྒྲིམ་པའི་ངང་ཉིད་ལས། །གྲངས་མེད་ཅི་ནུས་བར་དུ་འབད་ཅིང་བསྣུན། །རྗེས་བར་ཉི་ཟླ་མུན་པར་མངོན་སུམ་ལྟ། །ཕྱི་ནང་དབྱེར་མེད་དོན་དང་མ་ལྡན་བར། །ཐ་མ་ཡ་བྲལ་བར་དུ་མི་གཅོད་ཅིང་། །རང་བབས་གཏད་མེད་ངང་ལ་འབད་པ་གཅེས། །ཞེས་པ་འདི་ཡང་སྙོམ་ལས་སྡོམ་བུ་བ། །རཏྣའི་མིང་ཅན་བདག་གིས་བྲིས་པ་འདིས། །མ་གྱུར་འགྲོ་བ་མ་ལུས་ཐམས་ཅད་ཀུན། །ཀུན་བཟང་ཧེ་རུ་ཀ་དང་དབྱེར་མེད་ཤོག །དགེའོ།། ༈ རླུང་ཁྲིད་འཕྲུལ་འཁོར་གྱི་རྩ་ཚིག་བཞུགས་སོ། །ན་མོ་གུ་རུ་ཝེ། གྲུབ་པའི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཛཱ་ཧ་བཱིར་བརྒྱུད་རླུང་ཁྲིད་ཀྱི། །བཅའ་བ་ལུས་ཀྱི་འཕྲུལ་འཁོར་ལ། །དང་པོ་རྒྱུན་ཁྱེར་རྩ་བའི་ལུས་ཀྱི་་་བཞི་པ།དང་། །གཉིས་པ།་་་དབུ་མ་གསུམ་པ།་་་གསལ་བྱེད་བསྐོར་བའོ། །རྩ་ཐེམ་རྒྱུན་ཁྱེར་འཕྲུལ་འཁོར་མཚུངས། །ལྔ་པ།་་་སྟོད་དང་མགོ་ལ་འདྲེན་པ་གཉིས། །འགྲམ་ཆེན་གཅིག་ཆོག་རྒྱལ་པོ་འམ། །དྲུག་པ།་་་འཇའ་ལུས་འཕྲུལ་འཁོར་དབུ་མ་བསྐོར། །དང་པོ།་་་སྟོད་རླུང་གཟེར་འདོམས་འཕྲུལ་འཁོར་དང་། །སྦོས་འཇོམས་ཁྲོག་སེལ་འཕྲུལ་འཁོར་དང་། །སྒྲེགས་གནོན་ཐུར་སེལ་དབང་སྡུད་དོ། །གཉིས་པ།་་་མིག་རླུང་འཛིན་གཞིལ་མིག་འཕྲུལ་འཁོར། །རྣ་རླུང་འཛིན་གཞིལ་རྣའི་འཕྲུལ་འཁོར། །གསུམ་པ།་་་ལག་སོར་རླུང་དགྲམ་འཕྲུལ་འཁོར་དང་། །བཞི་པ།་་་སྙིང་རླུང་སེལ་བའི་འཕྲུལ་འཁོར་དང་། །ལྔ་པ།་་་ཆུ་སེར་བསྡུ་ཞིང་དྲངས་དབབ་འབེབ། །ཤ་ལྷད་འདོན་པའི་འཕྲུལ་འཁོར་་་དྲུག་པ།དང་། །སྦ་བ་སྦུབས་འདྲེན་འཕྲུལ་འཁོར་་་བདུན་པ།དང་། དེ་ཡི་གེགས་སེལ་འཕྲུལ་འཁོར་དང་། །ཚ་གྲང་ནད་འདོན་དཀྲུགས་་་བརྒྱད་པ།འཕྲུལ་འཁོར། །མིག་དང་རྣ་བའི་གེགས་སེལ་གཉིས། །དེ་ལྟར་གཞུང་བསྟན་འདི་ཉིད་ལ། །གེགས་སེལ་བོགས་འདོན་འཕྲུལ་འཁོར་ནི། །བགྲང་མི་ལང་བ་དུ་མ་འབྱུང་། །ནམ་མཁའ་ཞལ་མཇལ་ལུས་གནད་གཅིག །ཟབ་ལམ་སྙན་བརྒྱུད་རླུང་ཞུག་གཉིས། །དགྲམ་ཆེན་རླུང་ལ་འཕྲུལ་འཁོར་གཅིག །སྦྱང་སྤེལ་སྤར་བའི་ཚིག་རྫོགས་སོ། །ཞེས་པ་ཟབ་ལམ་རླུང་ཁྲིད་ཀྱི། །འཕྲུལ་འཁོར་རྐང་གྲངས་རྩ་ཚིག་འདི། །དགེ་སློང་ཀུན་དགའ་རྒྱལ་མཚན་གྱིས། །བསྐུལ་ཏེ་འབྲི་གུང་རཏྣ་ཡིས། །རྒྱ་མ་ཁྲི་སྒང་དག་ཏུ་བཀོད། །མངྒ་ལཾ།། ༈ དཔལ་གྲུབ་པའི་དབང་ཕྱུག་ཆེན་པོ་ཛཱ་ཧབཱིར་ལས་བརྒྱུད་པའི་རླུང་ཁྲིད་ལས། འབྱུང་འཁྲུགས་ཀྱི་གེགས་སེལ་ནད་འཇོམས་བདུད་རྩིའི་བུམ་པ་བཞུགས་སོ། །ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ཡཻ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །འདིར་ཟབ་ལམ་མཁའ་སྤྱོད་མྱུར་འདྲེན། རླུང་ལ་བརྟེན་པའི་ཉམས་ལེན། གྲུབ་པའི་དབང་ཕྱུག་ཆེན་པོ་ཛཱ་ྶིབཱར་ཞེས་ཡོངས་སུ་གྲགས་པ་དེ་ལས་བརྒྱུད་པའི་གདམས་པ་འདི་ཉིད་ཉམས་སུ་བླང་བ་ལ། གང་ཟག་འབྱུང་བའི་སྒྱུ་ལུས་བྱེར་ཟུག་སྙོམས་པའི་ཁྱད་པར་ལས། གེགས་སེལ་ལུགས་ཀྱི་མན་ངག་ལ་མ་རྨོངས་པ་གལ་ཆེ་སྟེ། གཙོ་བོར་ལམ་འདི་ཉམས་སུ་བླངས་པས་མན་ངག་གི་གསང་ལ་ངེས་པ་རྙེད་པ་ནི། བདག་གཞན་གྱི་འདུ་བ་ཆ་སྙོམས་པར་བྱ་བའི་ཕྱིར། གེགས་གང་གིས་སེལ་ཞིང་བོགས་གང་གིས་འདོན་པར་བྱ་བ་ནི། རླུང་རིག་གི་འདུན་པས་བསྒྱུར་ཞིང་དཔྱད་པ་ན། འཆར་བར་འགྱུར་བས་ལས་ལ་སྦྱར་བས་དོན་འགྲུབ་པར་འགྱུར་རོ། །དེ་ལྟར་མི་ལྡན་ན་གནས་སྐབས་ཀྱི་གེགས་སེལ་ཉེ་བར་མཁོ་བ་འགའ་ཞིག་བྲི་བར་བྱ་སྟེ། དེ་ཡང་ཐོག་མར་རླུང་ཞི་དྲག་གང་བཟའ་ཡང་། གྲེ་བ་སྐམ་པ་ལྟ་བུར་གྱུར་ནས་རླུང་སྒྲ་བཅས་དང་སྒྲ་མེད། ཕྱི་འགྲོ་དང་ནང་འགྲོ་མ་གོ་བར་རླུང་མིད་མ་ཤེས་ན། སྣོད་ཀྱི་ནང་དུ་ཆུ་ཅུང་ཟད་ཁྱེར་མཆུ་ལ་སྦྱར་ནས་དྲང་ཞིང་། ཆུ་དང་མཉམ་དུ་མིད་པས་ཤེས་པར་འགྱུར་ཞིང་། ཡང་རླུང་ཟོས་པས་ཆུ་མིད་པ་ལ་ན་ཟུག་དང་རྐེ་འཆུས་པ་ལྟ་བུས་རླུང་འཆུན་དཀའ་ན། ལུས་གནད་ཙོག་པུར་བྱ། ལག་གཉིས་མགོ་བོར་སོར་མོ་བསྣོལ་ཏེ་བསྡམ། རྐེད་པ་བསྲང་། རླུང་བཟུང་ལ། གཞན་གྱིས་རྒྱབ་ནས་ཚིགས་པ་དྲུག་བདུན་གྱི་ཐོག་ཏུ་པུས་མོ་གཏད་དེ། ལག་པས་སྟོད་ནས་བསྡམ། ཕྱིར་ལྟག་འཐེན་དྲག་ཏུ་བྱས་ལ། རླུང་དབྱུང་དུས་ཁ་སྣ་ནས་སྒྲ་བཅས་སུ་བུས་པས་སེལ་ལོ། །ཡང་མདུན་སྟོད་བརྒྱངས་པ་ལྟ་བུ་དང་། སྒྲོག་རུས་འབྲལ་སྙམ་བྱེད་པ། མིད་པ་འཆུས་པ་ལྟ་བུ་བྱུང་བ་དང་། རྒྱབ་དང་རོ་སྟོད་སྒྲེགས་ནས་གཟེར་བ་ལྟ་བུས་རླུང་ཆུད་མི་བདེ་ན་ལང་པའི་ལག་པ་སྦར་འཛིངས་ཀྱིས་མགོ་ནས་བསྡམ། རླུང་བསྡམ་པའི་རྒྱབ་སོག་ཕྲག་ཏུ་རས་སམ་སྣམ་བུའམ་གང་རུང་གིས་ཕོ་ལྡོ་ཁུ་ཚུར་ཉིས་སྒྲིལ་ཙམ་བཞག་ལ། གྲོགས་ཀྱིས་རྒྱབ་ནས་བསྡམས་ཏེ་འདེགས་འཇོག་ཅི་མང་དང་། ཡང་སྒྲོག་རུས་ལ་ཁུ་ཚུར་རྡེག་ཅིང་། རྐེ་དང་གཉའ་བ་ལག་པས་གཤུད། མར་དཀར་གྱི་བྱུག་པ་བྱ་ཞིང་། རླུང་གཅུད་པའི་རྐེ་ལ་འཆུན་བཙལ་ལ། གཡས་གཡོན་དུ་བསྐོར་བ་རྣམས་བྱས་པས་རླུང་ཆུད་བདེ་བར་འགྱུར་རོ། །དེ་ལྟར་རླུང་བཅུག་ནས་མགོ་བོ་ན་ཞིང་གཟེར་ན། རླུང་བཟུང་བས་ལག་པ་མགོ་ལ་རྡེག་པ་མང་དུ་བྱའོ། །ཡང་རླུང་ལུས་ཀྱི་གཞོགས་གཅིག་ལ་ཆུད་ཅིང། གཅིག་ལ་མ་ཆུད་ན། གང་མ་ཆུད་པ་ཕྱོགས་ཀྱི་སྟོད་སྨད་ཀུན་ལ་རླུང་ལ་བཅུད་ལ་འཆུན་བཙལ། རྐང་ལག་མགོ་སོགས་ལག་པ་གཤུད་པ་མང་དུ་བྱས་ལ། ཉལ་ཚེ་རླུང་མ་འཆུད་པའི་ཕྱོགས་ཀྱི་གཞོགས་ས་ལ་ཕབ་སྟེ་ཉལ་བས་རླུང་ཡོ་བ་སྲོང་བར་འགྱུར་རོ། །ཡང་ལག་པ་སྦྲིད་པ་དང་། ཚིགས་ཆེན་དང་སོག་ཚིགས་ན་བ་སོགས་བྱུང་ན། རླུང་བཅུད་པའི་ན་ས་འཕུར་ཞིང་སྲོག་རྩོལ་གྱི་རླུང་ལག་པ་ལ་འཆུན་བཙལ། མཁྲིག་མ་ན་ན་ལག་པ་པད་ཀོར་གོང་ལྟར་བྱས་ལ་ཚིགས་སུ་མར་གསར་གྱིས་བྱུག་པ་ཐེམས་པར་བྱ། ཡང་དཔུང་ཚིགས་དང་རོ་སྟོད་གཟེར་ན། ལུས་སྲོང་ལག་གཉིས་རང་བབས་སུ་པུས་སྟེང་བཞག་སྟེ་རླུང་བཅུག་ལ། དཔུང་པ་ཕྱི་ནང་བསྐོར་བ་རེ་མོས་དང་། མཉམ་དུ་བསྐོར་བའི་འཕྲུལ་འཁོར་བྱས་པས་སེལ་ལོ། །ཡང་བར་རླུང་སྟོད་དུ་བརྒྱངས་ནས་མགོ་བོ་ན་ཞིང་། དབུགས་སྟོད་དུ་འཚངས་ནས་རླུང་སེང་རྣམས་ན་ཞིང་འཕར་བ་དང་། ཤ་ཁོལ་ཙེར་འཕྲིག་པ་སོགས་བྱུང་ནས་རླུང་རྣལ་དུ་མ་ཕེབས་ན། ས་ཁོད་སྙོམས་པའི་སྟེང་དུ་ཤིང་སྟུམ་ལག་ངར་ཙམ་ཧྲིལ་ནར་གྱི་སྟེང་དུ། རྐང་པའི་རྒྱུ་མ་ཁུག་ཁེལ་བར་བྱེད་པའམ། ཤིང་ཕུར་ཁྲུ་གང་པ་གཉིས་ཀྱི་རྩེ་མོ་སར་བཙུགས་པའི་བར་དུ་མཁྱུད་གང་ཙམ་ལོང་པའི་ཤིང་ཕུར་གཉིས་ཀྱི་མགོར་རྐང་པའི་རྒྱ་ཁྲག་བཀལ་ཏེ། ལག་པ་མདུན་དུ་མཁར་བ་ལ་བརྟེན་ལྗིད་རྐང་པ་ལ་བཀལ་བའམ། ཡང་ན་དབྱུག་པ་ཁྲུ་གསུམ་ཙམ་ཡོད་པའི་སྣེ་མོ་བྲང་གི་ལྷེན་སྣར་བཙུགས་ཏེ། ལུས་ཀྱི་ལྗིད་བཀལ་ཞིང་རླུང་བསྡམ། ལན་ལྔའམ་གསུམ་ལ་སོགས་པ་བསྐྱར་བས་རྐང་པ་ལ་དྲོད་ཕེབས་ཤིང་། བར་རླུང་སྟོད་དུ་འཚངས་པའི་གེགས་སེལ་བར་འགྱུར་རོ། །ཡང་ཐུར་སེལ་གྱེན་དུ་ལོག་པ་ཞེས་ཀྱང་ཟེར། ལས་རླུང་དྲག་ཏུ་གྱེན་ལ་ལོག་ནས་དབུགས་མི་འཐོན་ཞིང་། མགོ་བོ་དང་རྣ་འགྲམ་རོ་སྟོད་རླུང་སྲང་རྣམས་ན་ཞིང་། མིག་གྱེན་དུ་ལྡོག །དབུགས་ཕྱིར་དུ་བསྐྱེལ་འདྲེན་དཀའ། ལུས་ཀྱི་སྨད་དྲོད་འཆོར་ཞིང་། སྟོད་དྲོད་ཆེ་བར་འབར། མཆན་འོག་དང་སྐྲ་མཚམས་ནས་རྔུལ་འབབ། དྲི་ཆེན་དང་དྲི་ཆུ་བསྡམས། ལྕེ་གྲེ་ཕུགས་སུ་བྲོས་པ་བྱུང་ན་མྱུར་དུ་འཆོས་དགོས་ཏེ། དེ་ལས་འགྱངས་ན་ཚེའི་དུས་བྱེད་དོ། །དེའི་གེགས་སེལ་བ་ནི། སྐ་རགས་སམ། གྲུ་གུའམ། རས་ཀྱི་ཕོ་རྡོ་ཇི་ལྟར་འཚམ་པ་ཞིག་དེའི་བྲང་ཁུགས་སུ་བཅུག་ལ་བརྡམ། རླུང་བཟུང་ནས་གྲོགས་ཀྱིས་ཁུར་བའི་སྒལ་ཚིགས་དང་པོ་ནས། མཛུབ་བུ་ཆུང་གི་བར་ཁུ་ཚུར་གྱིས་དང་པོ་དལ་པོ་དང་། དེ་ནས་དྲག་ཏུ་རྡུང་ཞིང་འཕུར་བ་གྲངས་ལྔའམ་བདུན་གྱི་བར་བྱས་པས་རྣལ་དུ་ཕེབས་ཤིང་། དེ་དག་གི་བར་ཁུར་མི་དེས་ཀྱང་ལུས་སྤྲུག་ཅིང་བསིག་གོ །ཚབས་ཆུང་གོང་གི་རྟགས་འཐེན་ཆུང་བ་དང་། དཔུང་ཕྲག་གཡས་གཡོན་དང་ཡན་ལག་བཞིའི་མགུལ་མཚམས་ཀྱི་རླུང་སེང་རྣམས་ལ་གནད་དུ་བསྣུན་ཅིང་རྩའི་གནད་མཉེས་པས་གེགས་སེལ་བར་འགྱུར་རོ། །ཡང་ཡན་ལག་གི་རླུང་ལོག་ནས་མིག་ན་ཞིང་ཚ་བ་དང་། གངས་ཀྱིས་ཕྱིད་པ་ལྟ་བུ་དང་མཆི་མ་འཛག་ཅིང་། གང་དང་གང་ལའང་ལྟ་བར་མི་ནུས་ཤིང་། མིག་འབྲས་ན་ན་ལུས་ཀྱི་གནད་བསྒྱུར་བ་དང་། ལྟ་སྟངས་གཟིར་བ་ལས་བྱུང་བ་ཡིན་ཏེ། ལུས་གནད་ནི་རྒྱབ་ཏུ་དབྱེ་བར་བྱས་ལ། ལག་པའི་མཁུར་ཤ་ཕན་ཚུན་མཉེ་ཞིང་ཤུད་པས་དྲོད་ཕེབས་པ་ན་མིག་ལ་སྦྱར་ཞིང་འཕུར་ལ། མིག་ཕུག་ནས་ཕྱི་ངོས་སུ་ཅུང་ཟད་འཕུར་ཞིང་ལྟག་པའི་བར་རྣ་གོང་ནས་ཤད་ཅིང་འཕུར་རོ། །ཡང་སྣ་སུབས་ཤིང་ཚ་བ་དང་སྦྲིད་པ་ཀླུབས་ན། རླུང་བཟུང་བས་སྣའི་ཀྲུང་མཉེད་ཅིང་། མགྲིན་པ་སྒྱེད་རླུང་འབུད་པ་མང་བྱའོ། །ཡང་རླུང་བཟུང་བས་ལྕེ་སྐྲངས་ཤིང་བསྒྱུར་མི་ཤེས་པ་ལྟ་བུ་དང། ལྕེའུ་ཆུང་བབས་ན་ཧའི་སྒྲས་ཁ་ནས་ཕྱིར་དབྱུང་ཞིང་ལྕེ་གྱེན་ཐུར་དུ་སྒྲིལ། ཡང་རྣ་བ་འུར་ཞིང་ན་བ་དང་། གཏིང་ནས་གཟེར་ན་རླུང་བཅུད་ཅིང་། རྣ་བར་འཕུར་ཞིང་མར་བྱུག་པར་བྱའོ། །ཡང་རླུང་བཟུང་བས་སོ་ན་ཞིང་འཁྲོལ་ཏེ་འགུལ་ཞིང་འཕར་ན་མར་དཀར་བཞུས་པའི་ནང་དུ་སྲིན་བལ་ཤིང་བུའི་རྩེར་བཅིངས་པ་བཅུག་པའི་དྲོད་དང་བཅས་པ་དེ་ཉིད་སོ་མཚམས་སུ་ནེམས་བྱ་བའམ། མར་ཁུ་ཁ་ནང་དུ་བཟུང་ངོ་། ཡང་ཁྱབ་བྱེད་ལོག་ན། གདོང་སྦོས་ཤིང་ཁ་སྣ་འཚུབས་ལུས་བྱིངས་ལ་ཚ་ལམ་དང་། གྲང་ལྷང་། ཟ་འཕྲུག་དང་། ཤ་རོ། བས་ལྡག །ཟུག་མེད་དུ་སྐྲངས་པ་སོགས་འབྱུང་སྟེ། འདི་ཡི་གེགས་ཀྱང་། རླུང་ལོག་ཆེན་མོའི་བཅོས་ཀ་དང་། ཉི་མ་དྲོ་བ་ལ་བྱུག་པ་ཐེམས་པར་བྱ་ཞིང་དབྱི། མི་བསྐྱོད་པའི་ཁྲུས་བྱུག་གིས་ཀྱང་སེལ་ལོ། ཁྱད་པར་ངོ་གདོང་སྦོས་པ་ལ་གན་རྐྱལ་ལུས་གནད་དང་ཧ་འདོན་འཕུར་ཉེད་ཀྱིས་སེལ་ལོ། །ཡང་དེས་ཀྱང་མ་སེལ་ན། བྱ་རོག་གཡམ་པ་མེ་ལ་ཚོས་པར་བསྲེགས་ཏེ་ཞིབ་ཏུ་བཏགས་ལ་མར་ནག་རྙིང་པ་ལ་བཏབ་བྱུགས་པས་སེལ་ལོ། །ཡང་རླུང་གི་ཡ་མ་སྦར་ཏེ་རྩ་རྒྱུད་དང་མགོ་གཞོག་ཁྱད་ཡོད་པ་ན་བ་དང་། སོ་དང་འགྲམ་པ་ན་བ་ན། རླུང་བསྡམས་པའི་ལྗིད་ལྟག་ལ་བཤུད་ཅིང་ཕུར། མར་དཀར་བྱུགས་པས་སེལ་ལོ། །ཡང་ལུས་སྟོད་སྨད་གང་དུའང་གཟེར་ཟུག་ལྷང་ལྷང་གང་བྱུང་དུ། ལུས་སྲོང་ཞིང་རླུང་བཟུང་བའི། གང་ན་སར་རླུང་བཅུད་ཅིང་དྲག་ཏུ་ཕུལ་ལ། ལག་གིས་འཕུར་ཞིང་བཤུད་དོ། །ཡང་རླུང་བཟུང་བས་བད་མཁྲིས་ཀྱིས་ནད་བསླངས་ནས། ཕོ་བའི་སྟོད་སྨད་དུ་ན་ཟུག་ཆེ་བ་ལ་རླུང་མ་འཆུན་ཅིང་བཤལ་སྐྱུག་དཀའ་བར་འཕུལ་སྦྱོང་གི་སྤྱི་སྨན་ནི། ཆུ་རྩ་དྲོད་སྣུམ་མེད་པ་དང་། བྱང་བུལ། ཐར་ནུ་རྣམས་ཆ་སྙོམས་ལ། ཐུར་མགོ་གང་ཙམ་ཆུ་སྐོལ་གྱི་ལྕག་གིས་འཕུལ་ལ་བཏང་། དེ་རྗེས་རླུང་ཞི་དྲག་གང་རུང་གྲངས་མང་བར་བཅུག །གོས་ཀྱིས་བྱིབས་པས། སྦྱོང་འབྱུང་སྟེ། ཆུ་སྐོལ་འཐུང་ཅི་ཐུབ་ཡང་ཡང་བཏང་ལ་རླུང་མནན་པས། ནད་གང་ཡང་ཤང་སྒོ་ལས་འཐོན་ཞིང་། མཐར་ཆུ་མདོག་མ་ཐོན་བར་བཤལ་འབྱུང་ངོ་། །མེ་དྲོད་གསོ་བ་ལ། སེ་འབྲུ། སུག་སྨེལ། ཤིང་ཚྭ། པི་པི་ལིང་བཞི་ཆ་སྙོམས་པ་ལ། རྒྱ་ཚ་ཞད་ཙམ་བཏང་བ་ཞིབ་ཏུ་བཏགས་ལ། སྣ་བུས་གང་བའི་ཚད་ཆུ་གྲང་གིས་ཕུལ་ལ་བཏང་། ཐུན་གྲངས་དང་ཚད་སྦྱར་རོ། །ཡང་ཆུ་བསྡམས་ཤིང་སྲི་ན། ལྕམ་འབྲུ། སྡིག་སྲིན། དྲོད་སྨན། པི་པི་ལིང་བཞི་ཆ་སྙོམས་ལ། གཡེར་མ། གཟེ་མ་རྣམས་ཆ་སྙོམས། རྒྱ་ཚྭ་ཞད་ཙམ་བཏབ་པའི་ཐང་། དང་པོ་སླ་ཞིང་བར་དུ་གར་བ་ཐ་མ་སླ་བ་ཅི་མང་བཏང་། བལ་འདབ་གཙང་མ་ལ་སྔགས་འདི་བརྒྱ་སྟོང་བཟླས་པ་ལ་མཆུ་སོར་སྦྱར། ཨོཾ་ཆུ་ཤད་ཤད་དམར་ནར་ནར་ས་ཆལ་ཆལ་ཆུ་ཐོན་ཐོན། དེ་ནས་ནད་ལས་གྲོལ་བར་འགྱུར་རོ། །གཞན་ཡང་རླུང་གི་ནད་ཕལ་ཆེ་བ་ལ་རུས་གསར་གྱི་ཐང་སྦྱིན། མཁྲིས་པ་ལ་ཨ་རུ་ར་གསེར་མདོག་གི་ཐང་བཏང་། བད་ཀན་སྐྱ་སྨུག་གང་ལ་ཡང་། ཚྭ་ལ་བུལ་ཏོག །ཅོང་ཞི། ལྒ་སྐྱ་རྣམས་ཆ་སྙོམས་ལ་ཞིབ་ཏུ་བཏགས་ལ་ཆུ་སྐོལ་གྱིས་ཕུལ་ཞིང་བཏང་བས་ནད་བཤལ་དུ་འབྱུང་ངོ་། །ཤ་དུག་དང་སྦྱར་དུག་སོགས་ཀྱི་ནད་བསླངས་པ་ལ། གཙོ་བོར་རླུང་ལ་འབད་ཅིང་། དྲི་ཆུ་བསྐོར་བཟློག་སྟེང་འོག་གིས་དྲངས་པས་ནད་བྱང་ཞིང་གསོ་བའི་སྨན་དུ་འགྱུར་རོ། །ས་བདག་དང་ཀླུའི་ནད་འདོན་ན་ཐོག་མར་རླུང་ལ་སྦྱང་བར་བྱས་ལ། གཉེན་པོའི་སྨན་ནི། བསེ་ཞོ་ཞོ་གང་། ཐར་ནུ་ཞོ་ཕྱེད། སྨན་ཆེན་ཞོ་གང་། ཨ་རུ་ར་གསེར་མདོག་ཞོ་བཞི། གླ་རྩི་ཞོ་ལྔ། ར་ཁྲག་ནག་པོ་ཞོ་ལྔ་རྣམས་དང་། པདྨེ་དམར་ཁྲ་བར་ཤོག་ཕྲལ་བ་བཅུ་གཅིག རྒྱ་ཚྭ་ཞོ་ཕྱེད། པི་པི་ལིང་མ་ཉམས་པ་རྡོག་པོ་གསུམ། ཤིང་མངར་སྲན་མ་ཙམ། སྡིག་སྲིན་ཐུན་བཟང་བ་གསུམ་གྱི་བུངས། ལྕམ་འབྲུ་ཐུན་ལྔ། གཟེ་མ་ཐུན་ལྔ། རྨ་བྱའི་མདོངས་གསུམ། རུས་སྦལ་དང་། པིར་གྱི་རུས་པ་ཞོ་རེ། དེ་རྣམས་ཞལ་ཤེས་ལྟར་ཞིབ་ཏུ་བཏགས་ལ། ཙནྡན་མར་ཁུས་མགོ་བསྡུས་པའི་རིལ་བུ་སྲན་ཆུང་ཙམ་རེ་རེ་ནངས་རེ་བཞིན་བསྟེན། རླུང་ལ་འབད་པས་ནད་རྣམས་རང་སྦྱངས་སུ་འབྱུང་ཞིང་སོས་པར་འགྱུར་རོ། །འདིར་ནི་རགས་པའི་ཉེ་བར་མཁོ་བ་ཅི་རིགས་སུ་བྲིས་པ་སྟེ། དེ་ལས་གཞན་ཡང་རིག་པའི་མདའ་ཡིས་བསྣུན་པར་བྱའོ། །འདི་དག་གོང་དུ་དགེ་སློང་གཙང་པས་ཟིན་བྲིས་སུ་བྱས་འདུག་པ་ལ་གཞི་བྱས་ཤིང་། མ་འཐུས་པ་ཁ་ཤས་མཚམས་སུ་བབས་པར་བསྒྲིགས་ཏེ། ལྷ་བཙུན་ཆོས་ཀྱི་རྗེའི་བཀས་བསྐུལ་བ་ལ་བརྟེན། འབྲི་ཁུང་པ་རིན་ཆེན་ཕུན་ཚོགས་ཆོས་ཀྱི་རྒྱལ་པོས་བུ་ཚལ་ཕོ་བྲང་རྩེར་བྲིས་པ་འདིས་ཀྱང་འགྲོ་བའི་དོན་དུ་གྱུར་ཅིག། །།

བླ་མའི་ཐུགས་སྒྲུབ་རྡོ་རྗེ་དྲག་རྩལ་ལས༔ ཞལ་གདམས་ལམ་རིམ་ཡེ་ཤེས་སྙིང་པོ་ (Volume 64, Text 1)

༁ྃ༔ བླ་མའི་ཐུགས་སྒྲུབ་རྡོ་རྗེ་དྲག་རྩལ་ལས༔ ཞལ་གདམས་ལམ་རིམ་ཡེ་ཤེས་སྙིང་པོ་བཞུགས་སོ༔ པདྨ་སཾ་བྷ་བའི་སྙིང་ཏིག་གོ། ྈྈྈྈྈྈྈ རྩ་གསུམ་ཀུན་འདུས་རྡོ་རྗེ་དྲག་པོ་རྩལ་ལ་ཕྱག་འཚལ་ལོ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ༔ རིག་འཛིན་རྩལ་འཆང་ཀུན་གྱི་གཙོ་མཆོག༔ ཡི་དམ་ཞི་ཁྲོ་རྒྱ་མཚོའི་ཁྱབ་བདག༔ དཔའ་བོ་མཁའ་འགྲོ་ཡོངས་ཀྱི་ཚོགས་རྗེ༔ རྡོ་རྗེའི་ཆོས་སྲུང་བ་དང་སྣང་སྲིད་དྲེགས་པ་ཅན་ཐམས་ཅད་ཟིལ་གྱིས་གནོན་པའི་བདག་ཉིད༔ མ་ཧཱ་གུ་རུ་པདྨ་སཾ་བྷ་ཝ་ཞེས་སྐུ་གསུམ་སྟོན་པའི་ཞིང་ཁམས་རབ་འབྱམས་ན་ཡོངས་སུ་གྲགས་པ་ཉིད༔ ཆོས་སྐྱོང་བའི་རྒྱལ་པོ་འཇམ་དབྱངས་སྤྲུལ་པ་ཁྲི་སྲོང་ལྡེའུ་བཙན་གྱིས་སྤྱན་དྲངས་ཏེ༔ འཕགས་པ་ཐུགས་རྗེ་ཆེན་པོའི་ཞིང་ཁམས་གངས་ཅན་བོད་ཀྱི་ལྗོངས་འདིར་བྱོན༔ མ་རུངས་པའི་འབྱུང་པོ་རྣམས་བཀའ་རྟགས་ཕྱག་རྒྱའི་ཟིལ་འོག་ཏུ་བཅུག༔ ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས་ཏེ་རབ་ཏུ་གནས་པའི་མེ་ཏོག་འཐོར༔ སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་རྫོགས་པའི་བཤད་སྒྲུབ་ཀྱི་སྲོལ་ཆེན་པོ་བཙུགས༔ ཁྱད་པར་རྡོ་རྗེ་ཐེག་པའི་རྒྱུད་ལུང་མན་ངག་གི་ཆོས་ཀྱི་འཁོར་ལོ་འབྱམས་ཀླས་པ་བསྐོར༔ གནས་ཆེན་གངས་བྲག་མཚོ་གསུམ་ཐམས་ཅད་ཞབས་ཀྱིས་བཅགས༔ བྱིན་གྱིས་བརླབས༔ ཟབ་མོའི་གཏེར་ཁ་མིང་ཅན་མིང་མེད་གྲངས་མེད་པར་སྦས་པས་མ་འོངས་ཕྱི་མ་ཕྱི་མའི་མཐར་ཐུག་པའི་བར་བོད་ཁམས་མཐའ་དབུས་ཐམས་ཅད་ལ་གཞལ་དུ་མེད་པའི་བཀའ་དྲིན་གྱིས་ཁྱབ་པར་མཛད་དོ༔ ས་མ་ཡ༔ དེའི་ཚེ་དེའི་དུས་ན༔ ཚེ་རབས་དུ་མ་ནས་སྨོན་ལམ་ལོག་པར་བཏབ་པའི་འབྲས་བུ་དུས་སུ་སྨིན་པ་བདུད་བློན་གདུག་པ་ཅན་རྣམས་དང༔ བཙུན་མོ་དམར་རྒྱན་མས་ལོག་པའི་བསམ་སྦྱོར་སྣ་ཚོགས་སུ་ཤར་ཏེ༔ མངའ་བདག་རྒྱལ་པོའི་སྤྱན་སྔར་གསོལ་བ༔ མཐའི་མོན་བུ་ངན་སྔགས་མཁན་འདིས་གཡོ་དང༔ སྒྱུ་དང༔ མིག་འཕྲུལ་སྣ་ཚོགས་པས་རྒྱལ་པོ་བསླུས་ཏེ༔ མཐར་གྱིས་ཆེ་སྟེ་སྐུ་སྲོག་དང་ཕྲལ༔ འབྲིང་སྟེ་མངའ་ཐང་འཕྲོག༔ ཐ་མའང་རྒྱལ་བློན་བཙུན་མོའི་བར་དུ་སྙན་ཕྲ་བཅུག་སྟེ་འབངས་ངོ་ལོག་པར་འགྱུར་ན༔ ཐམས་ཅད་ཀྱིས་མཐོང་བའི་ལམ་དུ་ཆབ་ལ་གསོལ་བར་འཚལ་ཞེས་ནན་ཏན་དུ་ཞུས་པས༔ རྒྱལ་པོ་ཐུགས་མ་བདེ་བར་གྱུར་ཏེ༔ དེ་ལྟར་གྱུར་པའི་རྒྱུ་མཚན་རྣམས་གུ་རུ་རིན་པོ་ཆེར་ཞིབ་ཏུ་གསོལ་ནས༔ འདི་ལ་ཐབས་ཇི་ལྟར་བགྱི་ཞེས་སྤྱན་ཆབ་གཡོ་ཞིང་གདུང་ཤུགས་དྲག་པོས་དར་ཅིག་བརྒྱལ་བར་གྱུར་ཏོ༔ ཅུང་ཟད་ལོན་པ་ན་བརྒྱལ་བ་ལས་སངས་པའི་ཚེ༔ གུ་རུ་རིན་པོ་ཆེས་ཞལ་འཛུམ་མདངས་སུ་བཞད་ཅིང༔ གསུང་སེང་གེའི་སྒྲ་འཇིགས་པ་མེད་པའི་དབྱངས་ཀྱིས༔ རྒྱལ་པོ་ཆེན་པོ་དེ་ལྟ་བུ་ལ་ཐུགས་མི་བདེ་བ་ཅུང་ཟད་ཀྱང་མི་འཚལ་ཏེ༔ སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདུད་དང་མུ་སྟེགས་ཀྱིས་མཐོ་བརྩམས་པ་ནའང༔ སངས་རྒྱས་ཀྱི་ཆེ་བ་འདོན་པ་མ་གཏོགས་དཀོན་མཆོག་གསུམ་ལ་ཅུང་ཟད་ཙམ་ཡང་འཚེ་བར་མ་ནུས་པ་ལྟར༔ རིག་པ་རྩལ་གྱི་དབང་ཐོབ་པས་སྣང་སྲིད་འདོད་རྒུར་བསྒྱུར་ཞིང༔ འཇའ་ལུས་རྡོ་རྗེའི་སྐུར་གྲུབ་པས་འབྱུང་བ་བཞིས་ཅིར་ཡང་བྱར་མེད་པ༔ དུས་གསུམ་གྱི་རྒྱལ་བ་དང་སེམས་དཔའ་ཐམས་ཅད་ཀྱི་གདུང་འཚོབ་པ་ཨོ་རྒྱན་གྱི་མཁན་པོ་བདག་ལ་ནི་ཁམས་གསུམ་ཐམས་ཅད་དགྲར་ལངས་ཀྱང༔ རྫུ་འཕྲུལ་གྱི་ཆེ་བ་འདོན་པ་མ་གཏོགས་གླགས་རྙེད་པའི་སྐབས་ལྟ་ཅི༔ བ་སྤུའི་རྩེ་མོའང་གཡོ་བར་མི་འགྱུར་རོ༔ ཞེས་བཀའ་བསྩལ་པ་ན༔ རྒྱལ་པོ་ཆེན་པོ་ཤིན་ཏུ་དད་ཅིང་རྗེས་སུ་ཡི་རངས་པས་ལྷ་ཕྱག་གྲངས་མེད་པ་བཙལ་ཏེ༔ ཨེ་མ་གུ་རུ་སྤྲུལ་པའི་སྐུ༔ ཁྱེད་ནི་བླ་མ་ཀུན་གྱི་དངོས༔ ཡི་དམ་རྒྱ་མཚོའི་ཁྱབ་བདག་ཆེ༔ མཁའ་འགྲོའི་ཚོགས་རྗེ་ཉིད་ལགས་ན༔ ཇི་ལྟར་རྡོ་རྗེའི་བཀའ་བསྩལ་པ༔ ནམ་ཡང་བསླུ་བ་མེད་པའི་ཕྱིར༔ བདག་སོགས་དད་ལྡན་གདུལ་བྱ་རྣམས༔ ཡི་རངས་སྤྲོ་བ་བསྐྱེད་པ་དང༔ སངས་རྒྱས་ཆོས་དང་དགེ་འདུན་གྱི༔ བསྟན་པ་རིན་ཆེན་འཕེལ་བའི་སླད༔ རྫུ་འཕྲུལ་རྣམ་པར་བརྩེ་བ་ཡིས༔ བདུད་བློན་ཚོགས་རྣམས་སྤ་བཀོང་གསོལ༔ ཞེས་གསོལ་བ་བཏབ་པས་དེ་དེ་བཞིན་དུ་བགྱིའོ་ཞེས་དགྱེས་པ་ཆེན་པོའི་ཞལ་གྱིས་བཞེས་ཏེ་བོད་ཁམས་གླིང་དགུའི་ལྟེ་བ༔ དཔལ་གྱི་བསམ་ཡས་བུ་ཚལ་གསེར་ཁང་གླིང་གི་ཁྱམས་སུ་བདུད་ཚོགས་འདུལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ན༔ པཎྜི་ཏ་དང༔ ལོ་ཙཱ་བ་དང༔ རབ་བྱུང་དང༔ སྔགས་པ་དང༔ རྒྱལ་པོ་དང༔ བློན་པོ་དང༔ བཙུན་མོ་དང༔ དམངས་ཕལ་པ་རྣམས་འདུས་པའི་འཁོར་གྱི་ཁྱམས་ཆེན་པོའི་གུང་དུ༔ གུ་རུ་ཉིད་བཞུགས་བཞིན་དུ་སྐུ་མི་སྣང་བ་དང༔ མེ་འབར་བ་དང༔ ས་གཡོ་བ་དང༔ ཚོམ་བུ་དང་བཅས་པ་ཞི་བ་དང༔ ཁྲོ་བོ་དང༔ འབྲུག་སྟོང་ལྟ་བུའི་སྔགས་ཀྱི་སྒྲ་ནམ་མཁའ་གང་བ་སོགས་གང་ལ་གང་འདུལ་བའི་དཔག་པར་དཀའ་བའི་ཆོ་འཕྲུལ་བྱེ་བ་ཕྲག་བརྒྱར་མངོན་པར་འདུ་མཛད་པ་ན༔ བདུད་རིགས་རྣམས་ནི་སེམས་ཁོང་དུ་ཆུད་དེ་མཐོ་འཚམས་པའི་ནུས་པ་ཟད༔ བར་མའི་འགྲོ་བ་དང་མ་དད་པ་རྣམས་དད་པའི་དབང་པོ་ལྷག་པར་རྒྱས༔ དད་པ་རྣམས་གོང་ནས་གོང་དུ་འཕེལ་ཞིང་ཞལ་གྱི་བདུད་རྩི་འཐུང་བ་ལ་འདུན༔ རྒྱུད་སྨིན་པའི་གང་ཟག་རྣམས་གྲོལ་བ་མཆོག་གི་དངོས་གྲུབ་བརྙེས༔ གྲོལ་བ་རྣམས་གུ་རུ་རིན་པོ་ཆེ་ཉིད་དང་སྟོན་འཁོར་དགོངས་པ་དབྱེར་མེད་དུ་གྱུར་ཏོ༔ དེ་ལྟ་བུའི་ངོ་མཚར་བསམ་གྱིས་མི་ཁྱབ་པའི་མཛད་པ་ལ་བརྟེན་ནས་མངའ་བདག་རྒྱལ་པོ་ཉིད་ལྷག་པར་དད་ཅིང་འདུན་པ་དང༔ ཁྱད་པར་མ་འོངས་སྙིགས་མའི་དུས་ཀྱི་གདུལ་བྱ་རྣམས་ལ་དགོངས་ཏེ༔ གུ་རུ་རིན་པོ་ཆེ་ཉིད་དཔལ་གྱི་བསམ་ཡས་བར་ཁང་གཡུ་ཞལ་འབར་བ་ན་བཞུགས་པའི་སྐབས༔ གསེར་གྱི་མཎྜལ་ལ་བླ་གཡུ་རིན་པོ་ཆེ་འོད་འབར་བའི་ཚོམ་བུ་སྐར་ཆེན་ཤར་བ་ལྟར་བཀྲམ་སྟེ༔ ཡབ་སྲས་ལྷན་ཅིག་ཏུ་ཕྱག་གྲངས་མེད་པ་བཙལ༔ སྤྲུལ་པའི་ལོ་ཙཱ་བ་བཻ་རོ་ཙ་ན་དང༔ ཐུགས་ཀྱི་གཟུངས་མར་བཀས་གནང་བ་བདག་ཉིད་དང་བཅས་ཆབས་ཅིག་ཏུ་གསོལ་བ་བཏབ་པ་ནི༔ ཕྱོགས་བཅུ་དུས་བཞིའི་སངས་རྒྱས་སྲས་བཅས་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཡོངས་རྫོགས་པ༔ མངལ་གྱིས་མ་གོས་མཚོ་སྐྱེས་རྡོ་རྗེའི་སྐུ༔ མ་ཧཱ་གུ་རུའི་ཞབས་ལ་ཕྱག་འཚལ་ལོ༔ མགོན་པོ་ཁྱེད་ནི་སངས་རྒྱས་ཀུན་དང་མཉམ༔ གངས་ཅན་འགྲོ་ལ་བཀའ་དྲིན་ལྷག་པར་ཆེ༔ བྱེ་བྲག་བདག་ཅག་རྗེ་འབངས་འདུས་པ་ཡི༔ གཙུག་གི་ནོར་བུ་གཉིས་པ་གཞན་མ་མཆིས༔ ཁྱད་པར་རྫུ་འཕྲུལ་ཆེན་པོའི་རྣམ་རོལ་གྱིས༔ མ་དག་བདུད་རིགས་ཚོགས་རྣམས་སྤ་བཀོང་སྟེ༔ སངས་རྒྱས་བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེངས༔ ལས་ཅན་སྨིན་གྲོལ་བྱང་ཆུབ་ལམ་ལ་བཀོད༔ འབྲེལ་ཚད་དོན་ལྡན་ངོ་མཚར་བསམ་ལས་འདས༔ བདག་ཅག་བསགས་པ་རབ་ཏུ་གྱུར་ལགས་ཀྱང༔ མ་འོངས་སྙིགས་མའི་དུས་ལ་བབས་པའི་ཚེ༔ དཀར་ཕྱོགས་མཐུ་ཆུང་ནག་ཕྱོགས་མགོ་འཕང་མཐོ༔ དམ་སྲི་མངོན་སུམ་འགྲོ་བའི་སྙིང་ཞུགས་ཏེ༔ སངས་རྒྱས་བསྟན་དང་བསྟན་པ་འཛིན་པ་དང༔ སེམས་ཅན་བདེ་སྐྱིད་འཕྲོག་ཅིང་འཇོམས་པའི་ཕྱིར༔ ནད་མུག་མཚོན་འཁྲུགས་སྐལ་ངན་དུས་གཅིག་ལངས༔ བོད་ཁམས་སྡུག་བསྔལ་རྒྱ་མཚོ་བརྡོལ་བའི་ཚེ༔ གུ་རུ་ཉིད་ལས་སྐྱབས་གཞན་མ་མཆིས་པས༔ གནས་སྐབས་ཕྱི་ནང་བདུད་སྡེ་ཚར་བཅད་ཅིང༔ ཕྲིན་ལས་རྣམ་བཞི་འབད་མེད་འགྲུབ་པ་དང༔ མཐར་ཐུག་ལྔ་ལྡན་སྙིང་པོ་འོད་ཀྱི་ལུས༔ ཡེ་ཤེས་བླ་མའི་གོ་འཕང་འཐོབ་པའི་ཐབས༔ ཟབ་རྒྱས་གདམས་པ་ཀུན་གྱི་སྙིང་པོའི་བཅུད༔ བདག་ཅག་རྣམས་དང་མ་འོངས་གདུལ་བྱའི་དོན༔ ཐུགས་ཀྱིས་དགོངས་ཏེ་བཀའ་དྲིན་བསྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་པ་ན༔ གུ་རུ་རིན་པོ་ཆེ་ཉིད་སྐད་ཅིག་གིས་རིག་འཛིན་རྡོ་རྗེ་དྲག་པོ་རྩལ་གྱི་སྐུར་བཞེངས་ཏེ༔ དབང་དང༔ གདམས་ངག་རྣམས་བསྟན་པའི་མཐར༔ བསྙེན་པ་ཕྱག་རྒྱ་གཅིག་པའི་ཧེ་རུ་ཀ་ལས༔ ཞལ་ཕྱག་གི་སྤྲོས་བཅས་ཉེ་བསྙེན་དང༔ སྒྲུབ་པ་དང༔ སྒྲུབ་པ་ཆེན་པོའི་ཚུལ་གྱི་གཙོ་འཁོར་མཐའ་ཡས་པ་སྐད་ཅིག་གིས་སྤྲོ་བ་དང་བསྡུ་བའི་ཆོ་འཕྲུལ་ཆོས་ཀྱི་དབྱིངས་རྒྱས་པར་བཀང་བའི་ཚུལ་དུ་བསྟན་ནས་བྱིན་རླབས་ཀྱི་ཟིལ་ཆེན་པོས་བོད་ཁམས་མཐའ་དབུས་ཐམས་ཅད་དུ་འཇའ་དང༔ འོད་དང༔ མེ་ཏོག་གི་ཆར་དང༔ ས་གཡོ་བ་དང༔ སྒྲ་དང་རོལ་མོ་རང་འཁྲོལ་བ་དང༔ སྐལ་ལྡན་རྣམས་ལ་རྡོ་རྗེའི་ཡེ་ཤེས་མངོན་སུམ་ཕེབས་པའི་སྒྱུ་མ་ལྟ་བུའི་རྣམ་པར་འཕྲུལ་བ་འདུ་མཛད་དེ༔ སླར་ཡང་གུ་རུ་ཉིད་པདྨ་སཾ་བྷ་ཝ་སྐུ་འོད་ཀྱི་རང་བཞིན་ཅན་དུ་ལམ་མེར་སྣང་བའི་ཞལ་ནས་རྡོ་རྗེའི་གསུང་གི་མཐར་ཐུག་པ་ལམ་གྱི་རིམ་པ་སྙིང་པོར་དྲིལ་པ་འདི་ཆོས་ཉིད་རྡོ་རྗེའི་དབྱངས་ཀྱིས་བཀའ་བསྩལ་ཏོ༔ ས་མ་ཡ༔ ཨོཾ་ཨཱཿཧཱུྃ་ཧོཿ ཀ་དག་དབྱིངས་ཀྱི་ངོ་བོ་ཀུན་ཏུ་བཟང༔ ལྷུན་གྲུབ་རིག་པ་པདྨ་སཾ་བྷ་ཝ༔ དབྱེར་མེད་ཟུང་འཇུག་རྡོ་རྗེ་དྲག་པོ་རྩལ༔ དཀྱིལ་འཁོར་ཀུན་གྱི་གཙོ་མཆོག་ཧེ་རུ་ཀས༔ ཆོས་དབྱིངས་ཁྱབ་བརྡལ་ཐིག་ལེ་ཆེན་པོའི་ཞིང༔ ལྔ་ལྡན་འོད་གསལ་ལོངས་སྐུའི་ཕོ་བྲང་དང༔ མ་ངེས་འགྲོ་འདུལ་སྤྲུལ་སྐུའི་གནས་རྣམས་སུ༔ རིགས་ཅན་གདུལ་བྱའི་འཁོར་ཚོགས་རྒྱ་མཚོ་ལ༔ སོ་སོའི་སྣོད་དང་དབང་པོའི་ཁྱད་པར་བཞིན༔ རྒྱུ་དང་འབྲས་བུའི་ཐེག་པ་བསམ་ཡས་ཀྱི༔ ཆོས་ཀྱི་འཁོར་ལོ་དུས་གསུམ་ཀུན་ཏུ་བསྐོར༔ དེ་རྣམས་ཀུན་གྱི་སྙིང་པོ་གཅིག་འདྲིལ་བ༔ ཐུགས་ཀྱི་ཐིག་ལེ་ཞལ་ཆེམས་མཐར་ཐུག་པ༔ གོ་སླ་ཁྱེར་བདེ་ལག་ལེན་དམར་ཁྲིད་དུ༔ ཤིན་ཏུ་ཉེ་བའི་འདུས་པ་རྣམས་ལ་བསྟན༔ ཡལ་བར་མ་དོར་རྩེ་གཅིག་ཉམས་སུ་ལོངས༔ དེ་ལ་ཤེས་བྱ་རྟོགས་བྱེད་མཐར་ཕྱིན་འབྲས༔ རྣམ་པ་གསུམ་གྱིས་མཚོན་པར་བྱ་བ་སྟེ༔ ཤེས་བྱའི་གཞི་ནི་ཀུན་ཁྱབ་བདེ་གཤེགས་སྙིང༔ འདུས་མ་བྱས་པ་གསལ་སྟོང་རིག་པའི་བབས༔ འཁྲུལ་གྲོལ་ལས་འདས་མཁའ་ལྟར་རབ་ཏུ་ཞི༔ འཁོར་འདས་དབྱེ་བསྲི་མེད་པར་གནས་གྱུར་ཀྱང༔ ལྷན་སྐྱེས་ཀུན་བཏགས་མ་རིག་གདོན་ཆེན་གྱིས༔ གཟུང་དང་འཛིན་པའི་བག་ཆགས་བརྟས་པ་ལས༔ སྣོད་དང་བཅུད་དུ་འཛིན་པ་ཐ་དད་པའི༔ འགྲོ་བ་རིགས་དྲུག་རྨི་ལམ་བཞིན་དུ་སྣང༔ དེ་ལྟ་ནའང་ངོ་བོའི་བཞུགས་ཚུལ་ལས༔ རྣམ་པར་མ་གཡོས་གཡོ་བར་མི་འགྱུར་ཕྱིར༔ གློ་བུར་དྲི་མ་སྦྱང་ལ་བརྩོན་པར་བྱ༔ རྟོགས་བྱེད་ལམ་གྱི་རིམ་པ་བསམ་ཡས་ཀྱང༔ རྒྱུད་སྦྱོང་ས་བོན་གདབ་དང་བསྐྱེད་བསྲིངས་པ༔ བགེགས་སེལ་དང་ནི་དེ་བཞིན་བོགས་འདོན་ཏེ༔ རྣམ་པ་ལྔ་ཡིས་ཡང་དག་ལམ་ལ་འཇུག༔ དེ་ལ་དང་པོ་བློ་རྒྱུད་སྦྱང་བའི་ཕྱིར༔ ལམ་གྱི་རྩ་བ་རྡོ་རྗེ་སློབ་དཔོན་ནི༔ དམ་ཚིག་སྡོམ་པའི་ཀུན་སྤྱོད་རྣམ་པར་དག༔ ཐོས་པས་རབ་བརྒྱན་བསམ་པས་དེ་ཉིད་ཕྱེད༔ སྒོམ་པས་ཉམས་རྟོགས་ཡོན་ཏན་དྲོད་རྟགས་ལྡན༔ ཐུགས་རྗེའི་འཇུག་པས་སློབ་མ་རྗེས་འཛིན་པའི༔ མཚན་ཉིད་ཀུན་ལྡན་མཉེས་པ་གསུམ་གྱིས་བསྟེན༔ མི་མཉེས་བྱ་བ་སྐད་ཅིག་ཙམ་ཡང་སྤང༔ དགོངས་སྤྱོད་ཚུལ་བཞིན་བསླབ་ལ་མཁས་པ་ཡིས༔ ཅི་གསུངས་བཀའ་བཞིན་བསྒྲུབ་པའི་ཡལ་གམ་བླང༔ དེས་ཀྱང་དད་དང་ངེས་འབྱུང་སྙིང་རྗེ་དང༔ དབང་རྣོན་བློ་ཆེན་བརྟུལ་ཞུགས་ལྡན་པ་ཡི༔ སློབ་མའི་རྒྱུད་དང་སྦྱར་ལ་གདམས་པ་བསྟན༔ སྣོད་དང་མི་འཚམ་གདམས་པ་སྦྱིན་མི་བྱ༔ བློ་རིགས་མཐུན་པར་རིམ་གྱིས་དཀྲི་ཚུལ་ནི༔ དང་པོ་འདུ་འཛིའི་གནས་ལས་ཐག་བསྲིངས་ཏེ༔ དབེན་པར་སོང་ལ་འཇིག་རྟེན་བྱ་བ་བཏང༔ བདེ་བའི་སྟན་འདུག་ལུས་བསྲང་རླུང་རོ་བསལ༔ དཀོན་མཆོག་གསོལ་གདབ་བླ་མར་མོས་གུས་བསྐྱེད༔ དྲན་པ་མངོན་དུ་བཞག་ལ་འདི་ལྟར་བསམ༔ དལ་འབྱོར་ཕུན་སུམ་ཚོགས་པས་བརྒྱན་པའི་རྟེན༔ ཤིན་ཏུ་རྙེད་དཀའ་ཨུ་དུམྦ་ར་འདྲ༔ སྙིང་པོ་ལེན་པའི་ཐབས་ལ་རབ་མཁས་ན༔ རྙེད་པ་དོན་ཆེན་ཡིད་བཞིན་ནོར་ལས་ལྷག༔ དེ་ཕྱིར་དུས་དང་གནས་སྐབས་ཐམས་ཅད་དུ༔ དགེ་བའི་བཤེས་དང་དགེ་བའི་གྲོགས་པོ་བསྟེན༔ ཚེ་འདི་བློས་བཏང་ཕྱི་མའི་དོན་གྱི་ཕྱིར༔ མྱུར་དུ་སྙིང་པོ་ལེན་ལ་མ་འབད་ན༔ འདུས་བྱས་མི་རྟག་ཉི་ཟླའི་འཆར་ནུབ་འདྲ༔ ནམ་འཆི་ཆ་མེད་བར་སྣང་གློག་དང་མཚུངས༔ ཤི་ཚེ་ཆོས་མིན་ཅིས་ཀྱང་མི་ཕན་པས༔ དམ་པའི་ལྷ་ཆོས་ཚུལ་བཞིན་སྤྱོད་པར་བྱ༔ ལྷ་ཆོས་སྒྲུབ་པའི་རྩ་བ་ལས་འབྲས་ཏེ༔ སྡིག་པ་མི་དགེས་ངན་སོང་གསུམ་དུ་འགྲོ༔ དགེ་བ་བྱས་པས་མཐོ་རིས་ཐར་པ་ཐོབ༔ དེ་བས་སྡིག་པ་བཤགས་ཤིང་སྙིང་ནས་བསྡམ༔ དགེ་བའི་རྩ་བ་འབད་པས་དང་དུ་བླང༔ ཕྱག་དང་བསྐོར་བས་ལུས་ཀྱི་སྡིག་པ་འདག༔ བཟླས་བརྗོད་བཀའ་བཀླག་ངག་གི་སྒྲིབ་པ་འབྱང༔ དཀོན་མཆོག་གསོལ་གདབ་ཡིད་ཀྱི་ཉེས་པ་ཞི༔ རྟག་ཏུ་དྲན་ཤེས་བག་ཡོད་ཚུལ་བཞིན་བསླབ༔ ཁྱད་པར་ཐར་བའི་གོ་འཕང་བསྒྲུབ་པ་ལ༔ འཁོར་བ་ཐམས་ཅད་མེ་འོབས་སྤུ་གྲིའི་ཚལ༔ རལ་གྲིའི་ནགས་ལྟར་ཤེས་ཤིང་དྲན་པ་ཡིས༔ སྡུག་བསྔལ་གསུམ་ལས་མྱུར་དུ་ཐར་འདོད་བློ༔ ཤུགས་དྲག་བཅོས་མ་མིན་པ་ཡང་ཡང་བསྐྱེད༔ ནམ་ཞིག་སྲིད་པའི་འབྱོར་བ་མཐའ་དག་ཀུན༔ མི་རྟག་མི་བརྟན་བསླུ་བར་རྟོགས་པ་ཡིས༔ ཚངས་དང་བརྒྱ་བྱིན་དཔལ་ལའང་ཆགས་པའི་བློ༔ སྐད་ཅིག་ཙམ་ཡང་སྐྱེ་བའི་སྐབས་མེད་འགྱུར༔ དེ་ནས་དཀོན་མཆོག་རྩ་གསུམ་ཆོས་སྲུང་ཚོགས༔ བསླུ་མེད་གཏན་གྱི་སྐྱབས་སུ་ངེས་མཐོང་ནས༔ རང་གཞན་འཁོར་བའི་འཇིགས་ལས་བསྒྲལ་བའི་ཕྱིར༔ བྱང་ཆུབ་བར་དུ་གུས་པས་སྐྱབས་སུ་བཟུང༔ རང་ཉམས་ལ་དཔག་མ་གྱུར་འགྲོ་བ་རྣམས༔ བདེ་དང་ལྡན་ཞིང་སྡུག་བསྔལ་བྲལ་བའི་ཕྱིར༔ བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་ཏེ༔ ཚད་མེད་རྣམ་བཞིས་སྨོན་པའི་བྱང་སེམས་བསྐྱེད༔ གཞན་ཕྱིར་རྫོགས་བྱང་ཁོ་ན་དོན་གཉེར་བློས༔ ལུས་དང་ལོངས་སྤྱོད་ཐམས་ཅད་རྩྭ་ལྟར་བཏང༔ འཇིགས་པས་ཉེན་ལ་སྐྱབས་ཀྱི་དབུགས་འབྱིན་བྱ༔ རང་ཡང་ཆོས་སྤྱོད་གཞན་ཡང་དེ་ལ་དགོད༔ སྤོང་བའི་སེམས་པ་རབ་ཏུ་དང་བའི་བློས༔ སྒོ་གསུམ་ཁ་ན་མ་ཐོའི་ཉེས་སྤྱོད་བསྡམ༔ ཟག་བཅས་ཟག་མེད་དགེ་ཚོགས་ཅི་ནུས་བསྒྲུབ༔ ཐམས་ཅད་སེམས་ཅན་དོན་དུ་འཕེན་པ་བཏང༔ གནོད་པའི་ཡུལ་གྱིས་ནམ་ཡང་མི་བརྫི་ཕྱིར༔ ཁོང་ཁྲོའི་ཉེས་པ་དྲན་པས་བཟོད་པ་བསྒོམ༔ ཆོས་ཀྱི་ཕྱིར་དུ་དཀའ་བ་སྤྲོ་བཞིན་ལེན༔ སྟོང་ཉིད་ཟབ་མོར་སྐྲག་པ་མེད་པར་བྱ༔ སྙིང་སྟོབས་དགེ་བའི་ཕྱོགས་སུ་སད་པ་ཡིས༔ བྱང་ཆུབ་སྤྱོད་ལ་ཞུམ་མེད་གོ་ཆ་གྱོན༔ ཉིན་མཚན་ཀུན་ཏུ་ཡེངས་མེད་བརྩོན་འགྲུས་བརྩམ༔ གཞན་དོན་འགྲུབ་ན་སྐྱོ་ངལ་སྤང་བར་བྱ༔ ཡིད་ནི་ཞི་ལ་མངོན་པར་སེམས་པ་ཡིས༔ འཇིག་རྟེན་པ་ཡི་བསམ་གཏན་གཞིར་བཟུང་སྟེ༔ ལྷག་མཐོང་དང་བཅས་ཏིང་འཛིན་རབ་བསྒྲུབས་པས༔ དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཉིད་ལ་ཞུགས༔ ཆོས་རབ་རྣམ་པར་འབྱེད་པའི་བློ་གྲོས་ཀྱིས༔ དང་པོར་ཐོས་པས་ཆོས་རྣམས་ཚིག་ལ་འཇུག༔ བར་དུ་བསམ་པས་དོན་གྱི་གོ་བ་བཙལ༔ ཐ་མར་སྒོམ་པས་དོན་ཉིད་མངོན་དུ་བྱ༔ རང་རྒྱུད་སྨིན་ནས་སྦྱིན་པས་འཁོར་བསྡུས་ལ༔ སྙན་པས་ཡིད་དྲངས་དོན་མཐུན་བག་ཕབས་ཏེ༔ དོན་སྤྱོད་གྲོས་གདབ་གནས་སྐབས་མཐར་ཐུག་ཏུ༔ ཕན་དང་བདེ་བའི་དཔལ་ལ་རབ་ཏུ་དགོད༔ གནད་ཀྱི་སྙིང་པོ་སེམས་ཅན་ཐམས་ཅད་ཀྱི༔ སྡུག་བསྔལ་མ་ལུས་བདག་གི་ཁུར་དུ་བླང༔ བདག་གི་བདེ་དགེ་འགྲོ་དྲུག་ཀུན་ལ་སྦྱིན༔ རྐྱེན་གྱིས་མི་འཆོར་སྙིང་རྗེ་བྱང་སེམས་སྦྱང༔ ཁྱད་པར་ཕྱི་རོལ་འཛིན་པས་གཟུང་བའི་ཡུལ༔ ཐམས་ཅད་བདེན་མིན་སྒྱུ་མ་ལྟ་བུར་སྣང༔ རྟག་པ་མ་ཡིན་མི་རྟག་དོན་བྱེད་ནུས༔ གཅིག་པུ་མ་ཡིན་སྣ་ཚོགས་འབྱུང་ཞིང་འགྱུར༔ རང་དབང་མེད་དེ་ལས་ཀྱི་ཕྱི་བཞིན་འགྲོ༔ རྡུལ་ཕྲན་མ་ཡིན་ཆ་མེད་རྡུལ་མ་གྲུབ༔ གལ་ཏེ་གྲུབ་ན་རགས་པ་བརྩམ་མི་ནུས༔ ཆ་བཅས་ཡིན་ན་ཆ་མེད་དམ་བཅས་འགལ༔ དེས་ན་མེད་སྣང་རྫུན་སྣང་རྟེན་འབྲེལ་ཙམ༔ རྨི་ལམ་སྒྱུ་མ་ཆུ་ཡི་ཟླ་བ་འདྲ༔ དྲི་ཟའི་གྲོང་ཁྱེར་འཇའ་ཚོན་ལྟ་བུར་བལྟ༔ ལྟ་མཁན་སེམས་ལའང་ང་དང་བདག་མེད་དེ༔ དེ་ནི་ཕུང་པོ་ལས་གཞན་ཐ་དད་དང༔ ཕུང་པོ་ལྔ་དང་གཅིག་ཏུ་མ་དམིགས་ཕྱིར༔ དང་པོ་གྲུབ་ན་རྫས་གཞན་ཡོད་པར་འགྱུར༔ དེ་ལྟར་མ་ཡིན་གཉིས་པ་གྲུབ་ཙ་ན༔ ཕུང་པོ་མི་རྟག་བདག་ཉིད་རྟག་པ་འགལ༔ དེ་བས་ཕུང་པོ་ལྔ་ལ་བརྟེན་ནས་ཀྱང༔ ངར་འཛིན་དབང་གིས་དེ་ལྟར་གདགས་པར་ཟད༔ འདོགས་མཁན་རྟོག་པ་འདས་པ་ཞིག་ནས་མེད༔ མ་འོངས་མ་སྐྱེས་ད་ལྟ་བརྟག་མི་བཏུབ༔ མདོར་ན་བདག་གཉིས་གཟུང་འཛིན་གཞི་དང་བཅས༔ མཁའ་ལྟར་རབ་ཞི་སྐྱེ་བ་མེད་ཤེས་ནས༔ སྐྱེ་མེད་ཉིད་ཀྱང་བློ་ཡི་ཡུལ་ལས་འདས༔ ཐམས་ཅད་མཁྱེན་པའང་ཚིག་གིས་དབུལ་བའི་ཕྱིར༔ སྤྲོས་པ་ཀུན་བྲལ་དབུ་མའི་ལམ་ཞེས་བྱ༔ དེ་ལྟར་ཤེས་ནས་འཛིན་པ་བྲལ་བའི་ངང༔ བློ་ཡིས་བྱར་མེད་མཉམ་པར་བཞག་པ་ལས༔ རྣམ་རྟོག་ཞི་ཞིང་ངོ་བོའི་ཚུལ་རིག་པས༔ སྤྱན་དང་མངོན་ཤེས་གཟུངས་སོགས་ཡོན་ཏན་འགྲུབ༔ ལམ་དང་ས་རྣམས་རིམ་གྱིས་ཐོབ་པ་ནི༔ ཕ་རོལ་ཕྱིན་པ་རྒྱུ་ཡི་ཐེག་པ་སྟེ༔ འབྲས་བུའི་ལམ་ལའང་སྟོང་ཉིད་སྙིང་རྗེ་གཉིས༔ ཟུང་འབྲེལ་སྤྱོད་པ་ལམ་གྱི་གཞི་རུ་བཟུང༔ དེ་ནས་ས་བོན་གདབ་པའི་རིམ་པ་ནི༔ ངེས་པར་འབྱུང་བས་རྒྱུད་བསྐུལ་ཐེག་ཆེན་རིགས༔ བྱང་ཆུབ་སེམས་གཉིས་ཚུལ་ལ་བློ་འབྱོངས་པས༔ མྱུར་དུ་སངས་རྒྱས་སྒྲུབ་འདོད་སྐལ་བཟང་ལ༔ རང་རྒྱུད་སྐུ་གསུང་ཐུགས་དང་ཡེ་ཤེས་ཏེ༔ རྡོ་རྗེ་བཞི་ཡི་ངོ་བོར་གནས་པ་ཉིད༔ གསང་སྔགས་བླ་ན་མེད་པའི་ཐབས་མཁས་ཀྱིས༔ དབང་བསྐུར་རྣམ་བཞིའི་ས་བོན་གདབ་པར་བྱ༔ ལུས་རྩ་དག་པར་བྱེད་པ་བུམ་པའི་དབང༔ སྐུ་ཡི་རྡོ་རྗེ་སྤྲུལ་སྐུའི་ས་བོན་ཡིན༔ ངག་རླུང་དག་པར་བྱེད་པ་གསང་བའི་དབང༔ གསུང་གི་རྡོ་རྗེ་ལོངས་སྐུའི་ས་བོན་ཡིན༔ ཡིད་དང་ཐིག་ལེ་འདག་བྱེད་ཕོ་ཉའི་དབང༔ ཐུགས་ཀྱི་རྡོ་རྗེ་ཆོས་སྐུའི་ས་བོན་ཡིན༔ ཀུན་གཞིའི་བག་ཆགས་དག་བྱེད་དོན་གྱི་དབང༔ ཡེ་ཤེས་རྡོ་རྗེ་ཉིད་སྐུའི་ས་བོན་ཡིན༔ དེ་རྣམས་ཀུན་ཀྱང་ཐུན་མོང་གང་ཟག་ལ༔ ལྷག་གནས་དང་བཅས་འཇུག་དང་སྨིན་པ་སྟེ༔ དབང་རྣོན་ཁ་ཅིག་བརྡ་ཐབས་ངོ་སྤྲོད་དང༔ མཆོག་གཞན་ཏིང་འཛིན་ཁོ་ནས་གྲོལ་བར་འགྱུར༔ དབང་གི་སྲོག་ནི་དམ་ཚིག་སྡོམ་པ་སྟེ༔ སྔགས་ཀྱི་འདུལ་བ་མི་འདའི་ཡལ་གམ་ཅན༔ སྤྱི་དང་ཁྱད་པར་ལྷག་པས་བསྡུས་པ་རྣམས༔ ཕྱི་ནང་གསང་བའི་ཚུལ་དུ་དག་པར་བྱ༔ དེ་ལྟར་རྒྱུད་སྨིན་དག་པའི་གང་ཟག་གིས༔ ས་བོན་སྐྱེད་བྱེད་ལམ་གྱི་རིམ་པ་ནི༔ དང་པོ་བུམ་པའི་དབང་དང་རྗེས་འབྲེལ་བ༔ སྣོད་བཅུད་ཐ་མལ་སྣང་ཞེན་སྦྱང་བའི་ཕྱིར༔ ཐུན་མོང་ཁྱད་པར་བསྐྱེད་རིམ་དག་ལ་བསླབ༔ དེ་ལ་བསྒྲུབ་བྱའི་ལྷ་དང་སྒྲུབ་བྱེད་ཐབས༔ ཇི་ལྟར་བསྒྲུབ་པའི་ལམ་དང་འབྲས་བུར་བཅས༔ བསྒྲུབ་བྱ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ ཞི་དང་ཁྲོ་བོའི་བྱེ་བྲག་བསམ་འདས་ཀྱང༔ བྱིན་རླབས་དངོས་གྲུབ་ཁྱད་པར་མྱུར་འདོད་ན༔ རྩ་གསུམ་ཀུན་འདུས་པདྨ་ང་ཉིད་བསྒོམ༔ དེ་ཡང་ཕྱི་ལྟར་བར་ཆད་ཀུན་སེལ་ཕྱིར༔ སྣང་སྲིད་ཟིལ་གནོན་སྐུ་གསུམ་པདྨ་འབྱུང༔ རིག་འཛིན་རྩལ་འཆང་རྣམ་འཕྲུལ་བཅུ་གཉིས་བཅས༔ སྤྱི་དང་བྱེ་བྲག་ཚུལ་དུ་བསྙེན་པར་བྱ༔ ནང་ལྟར་མཆོག་ཐུན་བསམ་པ་ལྷུན་གྲུབ་ཕྱིར༔ བདེ་བ་ཆེན་པོ་པདྨ་སཾ་བྷ་བ༔ ཡིད་བཞིན་ནོར་བུ་གུ་རུ་བཅུ་གསུམ་བཅས༔ བསྐྱེད་རྫོགས་ཐབས་དང་གྲོལ་བ་ཉེ་བར་བསྙེན༔ གསང་བ་དབྱིངས་དང་རིག་པ་དབྱེར་མེད་པ༔ ཕྱག་རྒྱའི་གཟུགས་ཤར་མཚོ་སྐྱེས་རྡོ་རྗེ་འཆང༔ རྩ་གསུམ་ཀུན་འདྲིལ་སྙིང་པོའི་རྣལ་འབྱོར་གྱིས༔ མི་འགྱུར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྒྲུབ༔ ཡང་གསང་རིག་འཛིན་རྡོ་རྗེ་དྲག་པོ་རྩལ༔ བདེ་གཤེགས་ཀུན་འདུས་ཁྲག་འཐུང་ཡོངས་རྫོགས་ལྷ༔ སྒྲུབ་པ་ཆེན་པོ་ཉེ་རྒྱུའི་སྤྱོད་པ་ཡིས༔ མཐར་ཐུག་སྐུ་དང་ཡེ་ཤེས་མངོན་དུ་བྱ༔ གང་ཡང་སྒྲུབ་བྱེད་ཐབས་ཀྱི་རིམ་པ་ནི༔ སྔོན་འགྲོ་དངོས་གཞི་རྗེས་ཀྱི་བྱ་བས་འཇུག༔ དེ་ལ་སྐྱབས་སོང་བྱང་ཆུབ་སེམས་བསྐྱེད་ནས༔ ཉམས་རྟོགས་ཡོན་ཏན་སྐྱེ་བའི་གེགས་གཅིག་པུ༔ སྡིག་ལྟུང་ལ་འགྱོད་བླ་མ་རྡོ་རྗེ་སེམས༔ སྐྱབས་སུ་བཟུང་ཞིང་ལྷ་བསྒོམ་སྔགས་བཟླས་ཏེ༔ བཤགས་སྡོམ་དྲག་པོས་རང་རྒྱུད་ལེགས་པར་སྦྱང༔ ཡེ་ཤེས་བསོད་ནམས་ཚོགས་ལ་རག་ལས་ཕྱིར༔ རྩ་གསུམ་རྒྱ་མཚོར་ཕྱི་ནང་སྣོད་བཅུད་དང༔ ཕུང་ཁམས་སྐྱེ་མཆེད་རང་བྱུང་བྱང་ཆུབ་སེམས༔ མཁའ་ཁྱབ་མཆོད་སྤྲིན་ནམ་མཁའི་མཛོད་དུ་འབུལ༔ ཁྱད་པར་བྱིན་རླབས་དངོས་གྲུབ་ཀུན་གྱི་གཞི༔ བླ་མའི་རྣལ་འབྱོར་མོས་གུས་གནད་དུ་བསྣུན༔ ཚོགས་བསག་གསོལ་གདབ་དབང་བཞིའི་ཡེ་ཤེས་བླང༔ ཐུགས་ཡིད་གཅིག་བསྲེས་དགོངས་པའི་རང་ངོ་བསྐྱང༔ རང་བཞིན་མ་གྲུབ་ལྟར་སྣང་བགེགས་ཀྱི་ཚོགས༔ གཏོར་མ་བྱིན་ལ་བཀའ་བསྒོ་དྲག་ཏུ་བསྐྲད༔ རྡོ་རྗེའི་རྒྱལ་ཐབས་ཕྱག་མཚན་མེ་ཕུང་དང༔ སྒོ་གསུམ་ལྷ་སྔགས་གཉུག་མས་བར་ཆད་བསྲུང༔ ཡེ་ཤེས་གཟི་བྱིན་བདག་གནས་ཡོ་བྱད་ལ༔ ལྷག་པར་དབབ་པས་མཚན་མའི་རྟོག་པ་བསལ༔ ཕྱི་ནང་གསང་མཆོད་ཏིང་འཛིན་རོལ་མོ་དང༔ སྔགས་དང་ཕྱག་རྒྱས་བདེ་ཆེན་འདོད་རྒུར་སྤེལ༔ དངོས་གཞི་འཆི་དང་བར་དོ་སྐྱེ་བའི་ཚུལ༔ སྦྱོང་བྱེད་ཟབ་དང་རྒྱ་ཆེའི་ཏིང་འཛིན་ནི༔ སྟོང་ཆེན་དེ་བཞིན་ཉིད་དབྱིངས་མཁའ་ལྟར་དག༔ བདེན་གཉིས་དབྱེར་མེད་དབྱིངས་སུ་མཉམ་པར་བཞག༔ སྙིང་རྗེ་སྒྱུ་མ་ཀུན་སྣང་རིག་པའི་སྤྲིན༔ གསལ་ལ་འཛིན་མེད་མཁའ་ཁྱབ་ཀུན་ཏུ་སྤྲོ༔ ཕྱག་རྒྱ་གཅིག་པ་ཕྲ་མོ་ཡིག་འབྲུའི་ཚུལ༔ ཐམས་ཅད་སྐྱེད་བྱེད་རྒྱུ་ཡི་ས་བོན་ནི༔ མི་འགྱུར་ཡེ་ཤེས་སྙིང་པོ་མཁའ་ལ་ཤར༔ རྩེ་གཅིག་སེམས་བཟུང་གསལ་སྣང་ཚད་དུ་འདོན༔ དེ་ལས་འབར་བའི་འོད་སྤྲོས་དངོས་འཛིན་སྦྱང༔ འབྱུང་བ་རིམ་བརྩེགས་ཡུམ་ལྔའི་མཁའ་ཀློང་དུ༔ ཧེ་རུ་ཀ་དཔལ་དགྱེས་པའི་ཕོ་བྲང་དང༔ རྡོ་རྗེའི་སྲུང་འཁོར་དུར་ཁྲོད་བཀོད་པར་བཅས༔ པདྨ་ཉི་ཟླ་དྲེགས་པའི་གདན་ལ་སོགས༔ ཕྱི་སྣོད་ཞི་ཁྲོའི་ཞིང་ཁམས་ཆེན་པོར་གསལ༔ ནང་བཅུད་སྐྱེ་བ་བཞིས་བསྡུས་བག་ཆགས་ཀུན༔ སྣང་སྟོང་ཕྱག་རྒྱར་བསྒྲུབ་པའི་རིམ་པ་ནི༔ རྒྱུ་ལས་འབྲས་བུར་བཞེངས་པས་སྒོང་སྐྱེས་སྦྱོང༔ ཡེ་ཤེས་མངོན་བྱང་ལྔ་ཡིས་མངལ་སྐྱེས་སྦྱོང༔ སྐད་ཅིག་སྔགས་ལས་གྲུབ་པས་དྲོད་སྐྱེས་སྦྱོང༔ སེམས་ཙམ་རྫོགས་པའི་ལྷ་ཡིས་རྫུས་སྐྱེས་སྦྱོང༔ གང་ཡང་ཕྱག་རྒྱ་གཅིག་སྤྲོས་ཚོགས་སྒྲུབ་ཀྱིས༔ སྐྱེ་བའི་རིམ་པ་གསུམ་པོ་སྦྱོང་བར་བྱེད༔ སྦྱོང་བྱེད་ཁྱད་པར་ལྷ་ཡི་གསལ་སྣང་ནི༔ མངོན་སུམ་གོམས་པ་བརྟན་པོས་གཟུགས་སྣང་སྦྱོང༔ ང་རྒྱལ་དྲག་པོས་ཞེན་པའི་སེམས་སྦྱོང་སྟེ༔ དག་པ་དྲན་པས་ཐམས་ཅད་ལྷ་རུ་སྦྱོང༔ ཀུན་ཀྱང་སེམས་འཛིན་རྩེ་གཅིག་བསམ་གཏན་གྱིས༔ རང་གི་སེམས་ཉིད་ལྷ་སྐུར་རྫོགས་པའི་ཕྱིར༔ ཕྱག་རྒྱ་ཕྲ་རགས་གཟུགས་སུ་འདུ་བྱས་པ༔ དམིགས་པའི་རྟེན་དུ་མཁས་པས་བཞག་ནས་ཀྱང༔ ལུས་བསྲང་རླུང་རོ་བསལ་ཞིང་ཡིད་མིག་རླུང༔ རྩེ་གཅིག་གཏད་དེ་ཡུན་ཐུང་གྲངས་མང་བསྒོམ༔ རིམ་གྱིས་གཡོ་ཐོབ་གོམས་བརྟན་མཐར་ཕྱིན་བར༔ ལེགས་པར་བསླབ་ཕྱིར་ཐུན་ཚོད་བསྲིངས་ཏེ་བྱ༔ བྱིང་རྒོད་ལ་སོགས་ཏིང་འཛིན་སྐྱོན་ཀུན་བསལ༔ སྐབས་སུ་མི་རྟོག་གཉུག་མའི་ངང་དུ་གློད༔ རེས་འགའ་ལྷ་སྐུའི་རྩལ་སྦྱོང་ལམ་དུ་སློང༔ ལྷ་དང་རང་སེམས་དབྱེར་མེད་དོན་ལ་བལྟ༔ སྤྱོད་ཡུལ་ཐམས་ཅད་ཡེ་ཤེས་རོལ་པར་ཁྱེར༔ དེ་ལྟར་ཏིང་འཛིན་གཟེར་ལ་བརྟེན་ནས་ཀྱང༔ ཡིད་ཀྱི་ཡུལ་དུ་མ་འདྲེས་གསལ་སྣང་རྫོགས༔ དབང་པོའི་ཡུལ་དུ་ཕྱག་རྒྱ་མངོན་སུམ་ཤར༔ ལུས་ཀྱི་ཡུལ་དུ་ཤིན་སྦྱང་ཐོབ་པའི་ལྟས༔ གཞན་སྣང་དབང་བསྒྱུར་ཆོ་འཕྲུལ་ཅིར་ཡང་འཆར༔ ཧེ་རུ་ཀ་དཔལ་སྐུ་ཡི་དངོས་གྲུབ་ཐོབ༔ སྔགས་ཀྱི་གཟེར་ནི་མི་འགྱུར་ཐུགས་སྲོག་དང༔ ཡི་གེའི་ཕྲེང་བ་གསལ་བཀོད་བསྙེན་པ་སྟེ༔ ཡབ་ཡུམ་ཞལ་ནས་ཞལ་དང་གསང་བ་ནས༔ མགལ་མེ་ལྟ་བུར་འཁོར་བ་ཉེ་བསྙེན་ཡིན༔ ཧེ་རུ་ཀ་དཔལ་གསུང་གི་དངོས་གྲུབ་ཐོབ༔ འཕྲོ་འདུའི་གཟེར་གྱིས་དོན་གཉིས་མཛད་པ་དང༔ དངོས་གྲུབ་དབང་དུ་བྱ་བ་སྒྲུབ་པ་སྟེ༔ སྣོད་བཅུད་སྣང་གྲགས་རྟོག་ཚོགས་ལྷ་སྔགས་དང༔ ཡེ་ཤེས་ཆེན་པོར་འཆར་བ་སྒྲུབ་པ་ཆེས༔ ཡོན་ཏན་ཕྲིན་ལས་ཀུན་ལ་དབང་འབྱོར་ཞིང༔ དགོངས་པ་མི་འགྱུར་ལྷ་ཚོགས་ཇི་སྙེད་ཀུན༔ རང་རིག་རྩལ་དུ་རྟོགས་ཤིང་གོམས་པ་ལས༔ རླུང་སེམས་ལྷ་སྐུ་དབྱེར་མེད་རོ་མཉམ་པའི༔ ཧེ་རུ་ཀ་དཔལ་ཐུགས་ཀྱི་དངོས་གྲུབ་ཐོབ༔ རྣལ་འབྱོར་ཡན་ལག་དམ་ཚིག་ཕྱག་རྒྱའི་སྐུ༔ རྡོ་རྗེ་གསུམ་གྱི་ངོ་བོར་བྱིན་བརླབས་ཤིང༔ ཡེ་ཤེས་དབང་བསྐུར་སྒྲིབ་པའི་དྲི་སྦྱོངས་ཏེ༔ རིགས་དང་རིགས་བདག་མ་འཆོལ་ཕྱག་རྒྱས་གདབ༔ གཉིས་སྣང་བསལ་ཕྱིར་དབྱིངས་ལས་ཡེ་ཤེས་པ༔ སྤྱན་དྲངས་རོ་མཉམ་ལྷུན་གྱིས་གྲུབ་པར་བལྟ༔ རྡོ་རྗེའི་ཕྱག་དང་ཞབས་ནི་བསིལ་ནས་ཀྱང༔ དགྱེས་པའི་གདན་ལ་བརྟན་པར་བཞུགས་སུ་གསོལ༔ རང་ལས་རྣམ་སྤྲུལ་རིག་པའི་ལྷ་མོ་ཡིས༔ བརྡའ་ཡི་ཕྱག་འཚལ་དོན་གྱི་ཕྱག་ལེན་བཏབ༔ ཕྱི་ནང་གསང་བའི་དབང་པོར་དགྱེས་རྒུའི་ཡུལ༔ ཉེར་སྤྱོད་འདོད་ཡོན་སྨན་གཏོར་རཀྟ་དང༔ སྦྱོར་སྒྲོལ་ཟུང་འཇུག་མཆོད་པའི་སྤྲིན་ཆེན་པོས༔ བདེ་བ་ཆེན་པོའི་ལོངས་སྤྱོད་ལྷག་པར་སྤེལ༔ ཆེ་བའི་ཡོན་ཏན་བསྔགས་པ་རྡོ་རྗེའི་གླུས༔ སྐུ་དང་ཡེ་ཤེས་ཕྲིན་ལས་ང་རྒྱལ་བསྐྱེད༔ ཏིང་འཛིན་བསྒོམ་པའི་རྗེས་ཀྱི་བྱ་བ་ནི༔ བར་ཆད་བསལ་ཞིང་དངོས་གྲུབ་སྤེལ་བའི་ཕྱིར༔ ཐུན་མཚམས་ཀུན་ཏུ་གཏོར་མའི་མཆོད་པ་འབུལ༔ ཐབས་ཤེས་དབྱེར་མེད་ཀུན་སྤྱོད་ཁྱད་པར་ཅན༔ བདེ་ཆེན་ཚོགས་ཀྱི་འཁོར་ལོས་ཉོན་མོངས་གཅོད༔ སྐལ་ལྡན་མི་དང་དགྱེས་ལྡན་ཡོ་བྱད་མཆོག༔ དངོས་གྲུབ་ལྷ་དང་བསོད་ནམས་ཡེ་ཤེས་ཚོགས༔ ཕྱི་ནང་གསང་བ་བླ་ན་མེད་པ་ཡིས༔ བསྒྲུབ་བྱ་མཉེས་ཤིང་སྒྲུབ་པའི་ཉམས་ཆག་སྐོང༔ སྒྲོལ་བ་ལམ་ལོང་སྦྱོར་བ་ཚད་དུ་ཕྱིན༔ ཧེ་རུ་ཀ་དང་སྤྱོད་ཡུལ་མཉམ་པར་འགྱུར༔ ཡེ་ཤེས་ལྷ་ལ་བསྙེན་བསྲིངས་མི་མངའ་ཡང༔ འགྲོ་བའི་དོན་ཕྱིར་ཐུགས་དམ་གནད་ནས་བསྐུལ༔ འཇིག་རྟེན་ཚུལ་སྟོན་རྒྱུད་གསུམ་བཀའ་ཉན་རྣམས༔ ཐ་ཚིག་བསྒྲགས་ཤིང་ལས་ཀྱི་གཉེར་བྱང་གཏད༔ ཁྱད་པར་བོད་ཁམས་སོ་ཁ་སྲུང་བའི་ཕྱིར༔ ཆེ་ཞེ་འཁོར་བཅས་བཤལ་ཆུའི་བདུད་རྩིས་བརྔན༔ ལས་རྣམས་གསོར་མི་རུང་བའི་མཐའ་སྡུད་ནི༔ རྣམ་བཞིའི་དལ་དུ་རྡོ་རྗེའི་རྟ་བྲོ་བརྡུང༔ བསྒྲུབ་བྱའི་ལྷ་ལ་ཐུན་མོང་མཆོག་ཉིད་ཀྱི༔ དངོས་གྲུབ་རྒྱུན་དང་དུས་སུ་ལྷག་པར་བླང༔ དམིགས་མེད་ཐུགས་རྗེའི་བཀའ་དྲིན་གསོབ་པའི་ཕྱིར༔ མཆོད་ཅིང་བསྟོད་པས་གཏང་རག་དག་ཀྱང་དབུལ༔ ཆོ་ག་ཡོ་བྱད་ལྷག་ཆད་ཉམས་པ་རྣམས༔ གནོང་ཞིང་འགྱོད་པའི་ཚུལ་གྱིས་རབ་ཏུ་བཤགས༔ རྟག་མཐའ་སྦྱང་ཕྱིར་སྣོད་བཅུད་ལྷ་སྣང་ཀུན༔ འོད་གསལ་སྟོང་ཉིད་ཐིག་ལེ་ཆེན་པོར་བསྡུ༔ ཆད་མཐའ་བསལ་སླད་ཟུང་འཇུག་སྒྱུ་མའི་སྐུས༔ སྣང་གྲགས་རྟོག་ཚོགས་ལྷ་སྔགས་ཆོས་སྐུར་སྦྱོང༔ དགེ་ཚོགས་མི་ཟད་འཕེལ་ཞིང་མཐར་དབྱུང་བ༔ ཡོངས་སུ་བསྡོ་དང་སྨོན་ལམ་ཟབ་མོ་གདབ༔ ཤིས་བརྗོད་གླུ་དང་མེ་ཏོག་ཆར་འབེབས་པས༔ ཕྱོགས་དུས་གནས་སྐབས་ཀུན་ཏུ་དགེ་ལེགས་སྤེལ༔ གཞན་ཡང་ལམ་གྱི་དྲོད་ཐོབ་རྣལ་འབྱོར་པས༔ འཇིག་རྟེན་ཀུན་ཏུ་ཕན་བདེ་འབྱུང་བའི་ཕྱིར༔ དམ་ཚིག་རྟེན་ལ་ཡེ་ཤེས་སེམས་དཔའི་ཚོགས༔ དབྱེར་མེད་ལྷག་པར་རབ་ཏུ་གནས་པ་ནི༔ མཚན་ཉིད་རྫོགས་ཤིང་བྱ་བ་མཐར་ཕྱིན་རྟེན༔ གནས་དུས་ཡོ་བྱད་སྟོན་འཁོར་ཕུན་ཚོགས་པས༔ བགེགས་དང་དྲི་སྦྱང་བྱང་ཆུབ་སེམས་མཆོག་བཟུང༔ བསྐྱེད་ཅིང་དགུག་བསྟིམ་དབང་བསྐུར་ཕྱག་རྒྱས་གདབ༔ མོས་པ་བཞིན་དུ་ཞལ་བསྒྱུར་མངའ་དབུལ་ལ༔ མཆོད་པའི་གཉེར་གཏད་བཀྲ་ཤིས་བདེན་ཚིག་བརྗོད༔ ལྷ་རྣམས་ཚིམ་བྱེད་མཆོད་སྦྱིན་སྲེག་པའི་ལས༔ དབྱིབས་དང་ཁ་དོག་ཚད་ལྡན་ཡོ་བྱད་བཤམ༔ འདུག་སྟངས་ཆས་གོས་བསམ་པ་རྩེ་གཅིག་པས༔ ལས་མཐུན་མེ་སྦར་སྲིད་ཞིའི་མེ་ལྷ་བསྐྱེད༔ མཉེས་བྱེད་འབུལ་ཞིང་ཏིང་འཛིན་སྤྲོ་བསྡུ་བཅས༔ རྣོ་ལ་ངར་གྱིས་གདགས་པ་ཇི་བཞིན་དུ༔ སྔགས་ཀྱི་ལྷག་ཆད་སྐོང་ཞིང་དངོས་གྲུབ་སྟེར༔ ལས་བཞིའི་བྱེ་བྲག་འབད་པ་མེད་པར་འགྲུབ༔ རྡོ་རྗེའི་རྟེན་མཆོག་ཡུན་དུ་གནས་པའི་ཐབས༔ ཚེ་དང་ལུས་ཀྱི་བཅུད་ལེན་སྒྲུབ་པ་ནི༔ ཉམས་ཤིང་འཕོ་བའི་ཐིག་ལེ་བརྟེན་པར་བཅས༔ འཁོར་འདས་བཅུད་ཀྱིས་བསྐྱེད་བསྲིང་མི་འགྱུར་སླད༔ ཏིང་འཛིན་གསལ་ཞིང་ཕོ་ཉ་བཏང་ལ་དགུག༔ མི་ཤིགས་ཐིག་ལེར་རྒྱས་གདབ་བརྟན་པར་བྱ༔ སྙིང་རྗེའི་ཡུལ་གྱུར་སྲིད་པ་བར་མའི་འགྲོ༔ ངོ་མཚར་ཐུགས་རྗེས་ངན་འགྲོ་ཐར་པའི་ཐབས༔ གནས་ནས་སྤར་ཞིང་ལམ་ལྔ་རྫོགས་པའི་ལུང༔ ཡུལ་དང་ཐབས་དང་མཐར་ཕྱིན་བྱ་བ་སྟེ༔ རྟེན་བསྐྱེད་དགུག་བསྟིམ་བར་ཆད་བགེགས་ཚོགས་སྦྱང༔ རིགས་དྲུག་འཁོར་བའི་བག་ཆགས་ལ་བརྟེན་པའི༔ སྡིག་སྒྲིབ་ཐམས་ཅད་བསྲེགས་གཏོར་ལྷག་མེད་བཀྲུ༔ རིག་འཛིན་གྲལ་དུ་རྡོ་རྗེའི་དབང་བསྐུར་ཞིང༔ འདོད་ཡོན་རྒྱ་མཚོ་བདེ་ཆེན་སྤྲིན་དུ་སྤེལ༔ ཟབ་མོའི་ཆོས་བཤད་དག་པའི་ཞིང་ཁམས་སུ༔ དབུགས་དབྱུང་ལམ་ལྔ་ཡོངས་སུ་རྫོགས་པའི་ཕྱིར༔ ཀུན་ཏུ་འཆང་བ་ཆེན་པོའི་སྲས་སུ་བསྐྲུན༔ སྙིགས་མ་ཡེ་ཤེས་མེས་སྦྱང་སྐུ་གདུང་གདབ༔ འགྲོ་དོན་ཕྲིན་ལས་རྒྱུན་མི་འཆད་པར་བྱ༔ ཐུན་མོང་དེ་བཞིན་གཤེགས་པའི་སྤྱོད་ཡུལ་གྱིས༔ བསམ་ཀུན་རྫོགས་པར་བྱེད་པའི་ཕྲིན་ལས་ནི༔ སྒོ་གསུམ་ཕྱེ་བས་ཕན་བདེ་སྒྲུབ་པ་སྟེ༔ རྗེས་སུ་བཟུང་དང་ཚར་བཅད་རྣམ་པ་གཉིས༔ སྲུང་དང་ཞི་དང་རྒྱས་དང་དབང་བསྒྱུར་བ༔ ཏིང་འཛིན་སྔགས་དང་ཕྱག་རྒྱས་གཞི་བཟུང་སྟེ༔ མཆོད་རྟེན་ཁྲུས་དང་མེ་དང་འཁོར་ལོ་དང༔ ཕུར་བུ་བྲོ་གར་རྟེན་འབྲེལ་རྫས་ཀྱིས་བསྒྲུབ༔ ཁྱད་པར་ཚར་གཅོད་ནན་ཏུར་བྱ་བའི་ཚུལ༔ རང་ཉིད་སྲུང་དང་འགལ་རྐྱེན་ཟློག་པ་དང༔ རྫོང་འཕྲང་སྲོག་དང་འབྲས་བུའི་གནད་ལྡན་པས༔ ཁ་སྦྱོར་དབྱེ་བ་གསད་པའི་ཆོ་ག་སྟེ༔ ལས་ཀྱི་མཐའ་ནི་མནན་འཕང་སྲེག་པས་བསྡུ༔ མཆོག་གི་ཕྲིན་ལས་བླ་ན་མེད་པའི་ཕུལ༔ ཉམས་ཆག་ཞི་བ་བམ་གྱི་སྒྲུབ་པ་ནི༔ མཚན་ཉིད་ལེགས་བརྟགས་བཀྲ་ཤིས་གཙང་མའི་བམ༔ བརྟུལ་ཞུགས་ལྡན་པས་རྡོ་རྗེའི་འགྲོས་ཀྱིས་བླང༔ དཀྱིལ་འཁོར་དབུས་བཞག་ལྷ་གསལ་བསྙེན་ཅིང་བསྒྲུབ༔ འོད་དང་སྒྲ་དང་དྲི་སོགས་རྟགས་བྱུང་ནས༔ ལྷ་ཉིད་འོད་ཞུ་ལྷ་ལ་ལྷ་ཐིམ་ཚུལ༔ ཡུལ་དང་ཡུལ་ཅན་དབྱེར་མེད་བདེ་བ་ཆེའི༔ རྡོ་རྗེའི་ལོངས་སྤྱོད་དགྱེས་རྒུར་སྤྲོ་བས་བསྐང༔ ཡེ་ཤེས་རྒྱས་བྱེད་བདུད་རྩིའི་སྒྲུབ་པ་ནི༔ སྣོད་བཅུད་ཡེ་ནས་བདུད་རྩི་ཆེན་པོར་དག༔ དེ་ཉིད་རྟོགས་པས་འཆི་མེད་བཅུད་ཀྱིས་ལེན༔ མཆོག་དང་ཐུན་མོང་རྫས་བཙལ་ལེགས་པར་སྦྱར༔ ཁྲོལ་བུ་སྦྱང་ཞིང་ཕྱེ་མ་ཚུལ་བཞིན་བསྒྲུབ༔ ཞི་ཁྲོ་ཡབ་ཡུམ་དགྱེས་པ་ཆེན་པོའི་ལྷ༔ སྦྱོར་ཐབས་དུ་མས་བྱང་ཆུབ་སེམས་སྤྲིན་དབབ༔ གསང་སྒོ་དབྱེ་ཞིང་ཐིག་ལེ་གཅིག་ཏུ་བསྐྱིལ༔ དངོས་གྲུབ་གསོལ་ནས་སྐལ་པར་ལྡན་པའི་ཚོགས༔ བདེ་ཆེན་རྡོ་རྗེའི་རིགས་སུ་མཉམ་སྦྱར་བས༔ ཚེ་དང་སྐོང་དང་ཡིད་འོང་ནད་སེལ་སོགས༔ ཡོན་ཏན་ཁྱད་པར་བརྒྱ་རྩ་བརྒྱད་འགྲུབ་ཅིང༔ སྣོད་བཅུད་ཐམས་ཅད་ཧེ་རུ་ཀ་ཡི་ཞིང༔ ཚོམ་བུ་དང་བཅས་གྲོལ་བ་མཆོག་ལ་སྦྱོར༔ དེ་ལྟར་མཆོག་དང་ཐུན་མོང་དངོས་གྲུབ་ཀུན༔ ཚུལ་བཞིན་སྒྲུབ་པ་ཡོངས་རྫོགས་ལམ་རིམ་ནི༔ སྟོང་ཆེན་སྙིང་རྗེ་སྒྱུ་མའི་བསྙེན་པ་དང༔ ཕྲ་རགས་ཕྱག་རྒྱ་གཅིག་པའི་གསལ་སྣང་བརྟན༔ ཕྱག་རྒྱ་སྤྲོས་བཅས་ཉེ་བར་བསྙེན་པའམ༔ དེ་རྣམས་བསྙེན་དང་ཉེ་བསྙེན་སྒྲུབ་པ་ཡིས༔ དྲོད་དང་རྟགས་དང་མཚན་མ་མངོན་གྱུར་ནས༔ ཚོམ་བུ་ཚོགས་ཀྱི་སྒྲུབ་དང་སྒྲུབ་ཆེན་ལ༔ བརྟེན་ནས་རིག་འཛིན་གོ་འཕང་མཐར་ཕྱིན་སླད༔ དབེན་ཞིང་བྱིན་རླབས་ཟིལ་ལྡན་གནས་མཆོག་ཏུ༔ གཟའ་སྐར་ཚེས་བཟང་ཡ་མཚན་ཆེན་པོའི་དུས༔ ཕུན་སུམ་ཚོགས་པའི་ཡོ་བྱད་དང་བཅས་ཏེ༔ སྟོན་འཁོར་མཚན་ཉིད་ཚང་བའི་ཚོམ་བུ་ཡིས༔ ཏིང་འཛིན་གསལ་ཞིང་ཆོ་ག་རྣམ་དག་པས༔ ས་གཞི་བསླང་ཞིང་དབང་བྱས་སྦྱོང་དང་སྲུང༔ ཕྱི་ནང་གསང་བའི་རྒྱུད་སྦྱང་མཚམས་བཅད་ཅིང༔ མ་ཏྲཾ་བསྒྲལ་མནན་རྡོ་རྗེའི་ཞིང་ཁམས་སུ༔ ལྷག་པར་གནས་པའི་སྟ་གོན་ཚུལ་བཞིན་བྱ༔ དཀྱིལ་འཁོར་བཞེངས་ཏེ་རྫས་དང་སྒྲུབ་པོ་དགོད༔ བསྙེན་པའི་ཆོ་གས་སྣོད་སྦྱངས་སྒྲིབ་པ་བསལ༔ ཉེ་བར་བསྙེན་པས་བཅུད་སྦྱངས་དངོས་གྲུབ་བསྡུ༔ སྒྲུབ་པས་རྒྱུད་སྦྱངས་དངོས་གྲུབ་དབང་དུ་བྱ༔ དུས་དྲུག་ཚོགས་ཀྱི་མཆོད་པས་དགྱེས་པ་བསྐང༔ ལྟ་ཉན་འབྱུང་པོ་ཚར་གཅོད་བྱིན་ཆེན་དབབ༔ ལྷ་སྔགས་ཏིང་འཛིན་འཕྲོ་འདུ་རྒྱུན་མི་བཅད༔ ཡིད་གཡེངས་སྤངས་ཏེ་རྩེ་གཅིག་བསྒྲུབས་པ་ལས༔ བྲིས་སྐུ་བཞད་ཅིང་བདུད་རྩི་སྒྲར་བཅས་ཁོལ༔ མར་མེ་རང་འབར་སྒྲུབ་རྫས་ཞག་ཏུ་འཁྱིལ༔ རྟོགས་པའི་རྩལ་འབར་ཡེ་ཤེས་དབང་བ་སོགས༔ ངེས་པའི་རྟགས་བྱུང་སྒྲུབ་པ་ཆེན་པོ་ཡིས༔ སྲོད་ལ་ལྷ་དང་ནམ་གུང་སྒྲོལ་བ་དང༔ ཐོ་རངས་སྦྱོར་བ་ལམ་བྱས་དངོས་གྲུབ་བླང༔ དེ་ལྟར་ཟླ་དྲུག་བཅུ་གཉིས་བཅོ་བརྒྱད་ནས༔ ཕྱི་ནང་བསྐྱེད་རྫོགས་སེམས་ལ་དབང་ཐོབ་པས༔ རླུང་རིག་ལས་རུང་འོད་གསལ་མངོན་དུ་འགྱུར༔ རྣམ་སྨིན་ལུས་ལ་སེམས་ཉིད་ལྷ་སྐུར་སྨིན༔ ཟག་པ་གསུམ་ཟད་ཚེ་ལ་དབང་བ་འཐོབ༔ རིགས་ལྔའི་གདུང་འཛིན་ཕྱག་རྒྱ་ཆེན་པོའི་སྐུས༔ རྒྱལ་ཚབ་ཆེན་པོའི་ས་ལ་ལྷུན་གྱིས་གྲུབ༔ མདོར་ན་རིམ་པས་སྨིན་ཅིང་དམ་ཚིག་བརྟན༔ ལྟ་བས་རྒྱུད་སྦྱངས་ཏིང་འཛིན་རྩེ་གཅིག་བརྟན༔ དཀྱིལ་འཁོར་ལེགས་བཀོད་སྒྲུབ་པའི་རྣལ་འབྱོར་པས༔ སྔགས་དང་ཕྱག་རྒྱ་མཆོད་པའི་དཔུང་བསྐྱེད་དེ༔ སྤྱོད་པས་མཚམས་སྦྱར་དངོས་གྲུབ་མཐུ་ཐོབ་ནས༔ མཆོག་དང་ཐུན་མོང་ཕྲིན་ལས་འབད་མེད་འགྲུབ༔ གཞི་དང་ལམ་དང་འབྲས་བུའི་ཚུལ་ཉིད་དུ༔ རྒྱུད་དོན་དངོས་པོ་ཉམས་ལེན་སྙིང་པོར་བྱ༔ དེ་ལྟར་བུམ་དབང་ལམ་ཁྱེར་གཙོར་གྱུར་པའི༔ རྣལ་འབྱོར་ཆེན་པོའི་སྒྲུབ་པས་གཞི་བཟུང་སྟེ༔ གསང་དབང་ཉེ་བར་བསྙེན་པའི་ལམ་རིམ་ནི༔ རྟེན་དང་བརྟེན་པ་རྗེས་སུ་རྣལ་འབྱོར་ལམ༔ ཟབ་པའི་བསྐྱེད་རིམ་རྩ་རླུང་ཐིག་ལེའི་ཁམས༔ གྲུབ་ཙམ་ཉིད་ནས་རང་བྱུང་སྣོད་དང་བཅུད༔ བཅོས་མ་མིན་པའི་དཀྱིལ་འཁོར་ཉིད་ཡིན་པས༔ འབྱུང་བཞིའི་རྟོག་པ་ཡུམ་གྱི་བྷ་ག་རུ༔ ཕུང་པོ་རགས་པ་གཞལ་མེད་ཁང་ཆེན་ཏེ༔ དབང་པོ་སྒོ་ལྔ་ཤ་ཁྲག་དྲོད་དབུགས་སོགས༔ རྒྱན་དང་བཀོད་པ་གཟི་བརྗིད་དཔལ་དུ་འབར༔ རོ་མ་དཔའ་བོ་རྐྱང་མ་དཔའ་མོ་དང༔ དབུ་མ་ཧེ་རུ་ཀ་དཔལ་ཀུན་ཏུ་བཟང༔ འཁོར་ལོའི་གནས་རྣམས་རིགས་མཆོག་ཞི་ཁྲོའི་གཙོ༔ རྩ་འདབ་ཐམས་ཅད་རིགས་ཀྱི་ཡབ་དང་ཡུམ༔ ཕུང་པོ་དམ་ཚིག་ཐིག་ལེ་ཏིང་འཛིན་སེམས༔ རིག་པ་ཡེ་ཤེས་དབྱེར་མེད་ང་རྒྱལ་གྱིས༔ འདོད་ཡོན་ལོངས་སྤྱོད་བདེ་ཆེན་སྤྲིན་ལ་རོལ༔ ཆེ་བའི་ཡོན་ཏན་བསྔགས་པ་བསྟོད་པའི་གླུ༔ བསྒུལ་བསྐྱོད་ཕྱག་རྒྱ་འགྲོ་འདུག་རྡོ་རྗེའི་གར༔ སྲོག་རྩོལ་འབྱུང་འཇུག་བཟླས་པ་རྒྱུན་མི་འཆད༔ བཟའ་བཏུང་གཏོར་མ་ཚོགས་འཁོར་རྟག་ཏུ་རོལ༔ སྙོམས་འཇུག་བདེ་བས་ཚིམ་པའི་འོད་གསལ་ལྷ༔ ཐིག་ལེ་ལས་བཞེངས་ནཱ་དར་སྟོང་པར་ཡལ༔ སྟོང་ཉིད་ངང་ལས་སྣང་གྲག་རྟོག་ཚོགས་ཀུན༔ རྡོ་རྗེ་གསུམ་མཆོག་དབྱེར་མེད་ལྷུན་གྱིས་གྲུབ༔ ཟབ་མོའི་བསྐྱེད་རིམ་འདི་ལ་སུས་གོམས་པ༔ རླུང་སེམས་ལས་རུང་སྤྱན་དང་མངོན་ཤེས་འགྲུབ༔ དྲོད་དང་རྟགས་མཚན་རྩོལ་མེད་ངང་གིས་ཤར༔ དེ་ལྟར་བདེ་ཆེན་སྐུ་ལ་བརྟེན་བྱས་ནས༔ བརྟེན་པ་རྩ་རླུང་ཐིག་ལེའི་རྫོགས་རིམ་ནི༔ ལུས་གནད་ལྡན་པས་ཆུན་བཙལ་རླུང་དུག་དབྱུང༔ ངོ་བོ་བདེ་སྟོང་རྣམ་པ་ཡི་དམ་ལྷ༔ རྣམ་འགྱུར་རྙོག་པ་མེད་པ་ཆུ་ཟླའི་གར༔ འཇའ་ཚོན་ལྟ་བུའི་སྐུ་དབུས་དྷཱུ་ཏིའི་རྩ༔ གཡས་གཡོན་རོ་རྐྱང་དེ་གསུམ་ལ་བརྟེན་པའི༔ རྩེ་མོ་རྣམ་བཀོད་འདབ་མ་སུམ་ཅུ་གཉིས༔ རོ་རྣམས་འདུས་པར་བརྒྱད་གཉིས་བཅུ་དྲུག་སྟེ༔ དྲན་པ་རྣམ་པར་བཀོད་ལ་ཚོགས་བརྒྱད་འདབ༔ སྐྱེད་བྱེད་འཁོར་ལོར་དྲུག་ཅུ་རྩ་བཞིར་བཅས༔ གནས་པ་བཞིན་དུ་གསལ་གདབ་གོམས་པ་ན༔ སྐྱོན་ཅན་རླུང་ནི་ཕྱིར་ལ་སངས་ཀྱིས་འབུད༔ སྐྱོན་མེད་སྟེང་འོག་ལྟེ་བར་ནར་གྱིས་དྲངས༔ བུམ་པ་ལྟར་དགང་གཞིལ་ཞིང་མདའ་ལྟར་འཕང༔ རྩོལ་བ་རིམ་བསྐྱེད་རྒྱུན་མི་འཆད་པ་ཡིས༔ ལུས་བདེ་ངག་སྙན་སེམས་གནས་འཆི་མེད་འགྲུབ༔ ཐུན་མཚམས་འཕྲུལ་འཁོར་བྱ་ཞིང་དལ་བར་བཞག༔ སྐབས་སུ་རྡོ་རྗེའི་བཟླས་པས་སེམས་གནས་བསྒྲུབ༔ དེ་ལ་གོམས་ནས་སྤྲུལ་པའི་འཁོར་ལོའི་འོག༔ ཤེས་རབ་སྦས་པའི་རང་གཟུགས་ཙཎྜ་ལི༔ ཨ་ཤད་གསལ་གདབ་རླུང་གིས་བསྐུལ་ལ་སྦར༔ དབུ་མའི་ལམ་ཞུགས་འཁོར་ལོའི་ལྷ་ཚོགས་བསྐུལ༔ སྤྱི་བོའི་ཧྃ་ལས་བདེ་བའི་ཐིག་ལེ་ཡིས༔ དེ་ཉིད་གསོས་བཏབ་སླར་ཡང་ཆེས་ཆེར་འབར༔ རྩ་ཁམས་དྲོད་བདེས་གང་ནས་མི་རྟོག་པའི༔ ཡེ་ཤེས་མངོན་གྱུར་ཆོས་ཉིད་དབྱིངས་སུ་བསྐྱལ༔ ཟབ་པའི་བསྐྱེད་རིམ་བསྙེན་དང་ཉེ་བསྙེན་ནི༔ རླུང་གི་རྣལ་འབྱོར་འཕྲུལ་འཁོར་བཅས་པ་སྟེ༔ གཏུམ་མོའི་སྒྲུབ་པས་བདེ་སྟོང་དབྱེར་མེད་པའི༔ སྒྲུབ་པ་ཆེན་པོའི་དེ་ཉིད་མངོན་དུ་འགྱུར༔ ལམ་གྱི་ཡན་ལག་ཉིན་མོའི་རྗེས་ཐོབ་ཀུན༔ མ་དག་སྒྱུ་མའི་དཔེ་བརྒྱད་ལྟ་བུ་དང༔ དག་པ་སེམས་ཙམ་སྣང་སྟོང་ལྷ་སྐུར་བལྟ༔ རླུང་སེམས་ཕྱག་རྒྱར་ལྡང་བས་སློབ་པ་དང༔ མི་སློབ་ཟུང་འཇུག་སྒྱུ་མའི་བདེ་བར་རོལ༔ ཆོས་ཀུན་རང་བཞིན་སྟོང་གསལ་ཡིན་ཤེས་ནས༔ གཉིད་དུས་སྙིང་དབུས་མི་ཤིགས་ཐིག་ལེ་ལ༔ མཉམ་བཞག་སྟོང་བཞིའི་ཉམས་མྱོང་དྲངས་པ་ལས༔ དཔེ་དང་དོན་གྱི་འོད་གསལ་རྩོལ་མེད་འཆར༔ རྗེས་ཐོབ་འདུན་པའི་སྟོབས་དང་རླུང་སྦྱོར་གྱིས༔ རྨི་ལམ་ངོ་ཤེས་སྤྲུལ་སྒྱུར་རྩལ་ཆེན་སྦྱང༔ སྟོང་ཆེན་ངང་བསྡུ་སྙིང་རྗེ་སྒྱུ་མའི་གདངས༔ ཕྱག་རྒྱ་གཅིག་སྤྲོས་མཁའ་ཁྱབ་ཚོམ་བུར་བསྒྲུབ༔ ཚེ་འདིར་གོམས་པ་མངོན་དུ་མ་གྱུར་ན༔ རླུང་སེམས་བསྡུ་ཞིང་འཕོས་ཏེ་ངང་ལ་གཞག༔ བར་དོའི་སྣང་གྲག་རྟོག་ཚོགས་ལྷ་སྔགས་དང༔ ཡེ་ཤེས་ཆེན་པོར་བསྲེ་བས་མཚམས་སྦྱར་རོ༔ དེ་ལྟར་རྩ་ཁམས་དམ་ཡེ་དབྱེར་མེད་ལྷ༔ རང་བྱུང་གསལ་གདབ་སྦྱོང་བ་རྣམ་གསུམ་གྱིས༔ སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ལམ་དུ་བྱ༔ ཁ་སྦྱོར་དབང་བསྐུར་རྡོ་རྗེའི་བཟླས་པ་དང༔ གཏུམ་མོའི་མེས་མཆོད་འབར་འཛག་གླུ་ཡིས་བསྟོད༔ དྲོད་ཀྱིས་ཁྱབ་པའི་ཚོགས་ཁང་ཉམས་དགའ་བར༔ ཞུ་བདེའི་ལོངས་སྤྱོད་ཚོགས་དང་གཏོར་མར་རོལ༔ མི་རྟོག་ངང་ཐིམ་སྒྱུ་མའི་ལྷ་སྐུར་ལྡང༔ ལུགས་ལྡོག་འོད་གསལ་དེ་བཞིན་ཉིད་ཀྱི་དབྱིངས༔ ལུགས་འབྱུང་ཀུན་སྣང་རྒྱུ་ཡི་ཡི་གེའི་སྤྲིན༔ རྨི་ལམ་ཕྱག་རྒྱ་གཅིག་སྤྲོས་རྩལ་སྦྱངས་པས༔ རླུང་སེམས་དབྱེར་མེད་ཚོམ་བུ་ཚོགས་སྒྲུབ་ཀྱིས༔ རྣམ་སྨིན་སྒོ་གསུམ་རྡོ་རྗེ་གསུམ་དུ་འཕོ༔ སྐྱེ་ཤི་བར་དོར་སྐུ་གསུམ་ལྷུན་གྲུབ་པའི༔ མཆོག་གི་དངོས་གྲུབ་རྩོལ་མེད་ངང་གིས་འཆར༔ གང་ཡང་ཉམས་རྟོགས་ཆེས་ཆེར་མཆེད་པ་ན༔ ཤེས་རབ་ཡེ་ཤེས་དབང་གི་ཉམས་ལེན་ནི༔ བདེ་བ་ཆེན་པོ་སྒྲུབ་པའི་རིམ་པ་སྟེ༔ ཡུལ་དང་དུས་དང་ཐབས་དང་མཚོན་བྱ་བ༔ རྣམ་པ་བཞི་ཡིས་དེ་ཉིད་འགྲུབ་པར་འགྱུར༔ ཡུལ་ནི་ཕྱག་རྒྱ་པད་ཅན་རབ་ཡིན་ལ༔ རི་མོ་དུང་ཅན་གླང་སྣ་རི་དྭགས་འབྲིང༔ དེ་ལ་པད་ཅན་བཞིན་ཟླུམ་པདྨའི་མདོག༔ རུ་སྦལ་ལུས་དབྱིབས་བྲང་མཛེས་ནུ་མ་མཁྲེགས༔ ལྟེ་བར་གྱེན་འགྲེང་གཉེར་མ་གསུམ་ཡོད་པ༔ མཆོག་གྱུར་རཀྟ་འོ་མའི་མདོག་ཏུ་སྣང༔ རི་མོ་ཅན་ནི་ཁྲོ་གཏུམ་ནུ་མ་ཟབ༔ ལུས་ཐུང་བྱིན་པ་ཕྲ་ཞིང་གསུས་པ་སྦོམ༔ དུང་ཅན་མ་ནི་བོང་འཚམས་ཡིད་དུ་འོང༔ སྐྲ་དང་སྣ་རྩེ་རིང་ཞིང་ནུ་མ་མཁྲེགས༔ གླང་སྣ་ཅན་ནི་ལུས་ཆེ་བྱིན་པ་སྦོམ༔ བཞིན་གྱི་མདངས་གསལ་ཆགས་ལྡན་ཆང་དྲི་བསྣམ༔ རི་དྭགས་ཅན་ནི་དཀར་དམར་རི་དྭགས་མིག༔ སྤྱོད་ལམ་སྙོམས་ཞིང་ནུ་མ་ཟླུམ་ལ་འཁྱིལ༔ རིགས་ཅན་རྣམ་ལྔ་གང་ཡང་རུང་བ་འམ༔ སྒྲུབ་པོ་ལ་གུས་གསང་ཐུབ་ཆགས་པ་ཆེ༔ བདེ་བ་བཟོད་མེད་འདོད་པའི་སྒྱུ་རྩལ་མཁས༔ བཅུ་དྲུག་ཉི་ཤུ་ཉེར་ལྔའི་ན་ཚོད་ཅན༔ ལེགས་པར་བརྟགས་ལ་རྫས་སྔགས་དམིགས་པས་དགུག༔ དེ་ནས་ཉམས་དགའ་བག་ཕེབས་དབེན་གནས་སུ༔ ཐུན་མོང་ཆོས་ཀྱིས་བློ་རྒྱུད་ལེགས་པར་སྦྱང༔ ཟབ་མོའི་དབང་བསྐུར་དམ་ཚིག་ལྷག་པར་འབོགས༔ རིམ་གཉིས་ཉམས་ཀྱི་དྲོད་རྟགས་ངེས་པ་དང༔ གསང་སྔགས་སྤྱོད་ལ་སྐྲག་པ་མེད་པའི་བློ༔ ཟུངས་ཐུབ་བརྟན་པོ་རབ་ཏུ་སྐྱེ་བར་བྱ༔ མདོར་ན་བརྟག་དང་དགུག་དང་སྦྱང་བ་སྟེ༔ སྔོན་འགྲོ་གསུམ་གྱིས་བདེ་བའི་ཉེར་བསྡོགས་བསྒྲུབ༔ ཐབས་ནི་ཁྲུས་བྱས་རྒྱན་སྤྲས་བཀུ་མཉེ་བྱ༔ བཅུད་ཅན་ཟས་བསྟེན་རྩ་རླུང་འཕྲུལ་འཁོར་སྦྱང༔ འབོལ་བའི་གདན་ལ་ཡབ་ཡུམ་འཁོད་ནས་ཀྱང༔ བལྟ་ཞིང་ཆགས་པའི་གཏམ་དང་མདངས་བསྐྱེད་སོགས༔ བསླབ་པ་གསུམ་གྱིས་བདེ་བའི་ལས་ལ་བསྐུལ༔ ལྷར་གསལ་བྱིན་བརླབ་འདོད་པ་མཉམ་ལྡན་པའི༔ འདུ་ཤེས་གསུམ་གྱིས་ཐ་མལ་སྣང་ཞེན་ལྡོག༔ འཁྱུད་དང་སྤྲད་དང་དལ་བུས་བསྲུབས་པ་ཡི༔ སྦྱོར་ཐབས་གསུམ་གྱིས་བདེ་བ་རིམ་གྱིས་དབབ༔ འཁོར་ལོའི་ལྷ་མཆོད་སྙོམས་འཇུག་རླུང་སྦྱོར་བཅས༔ བསྐྱིལ་ཐབས་གསུམ་གྱིས་བདེ་བ་གོང་དུ་སྤོར༔ གསང་བའི་རྩ་དང་ཐིག་ལེ་རླུང་སེམས་བཅས༔ ཁ་སྦྱོར་གསུམ་གྱིས་ལྷན་སྐྱེས་བདེ་བ་མྱང༔ ལུས་ངག་འགྱུར་དང་ཏིང་འཛིན་རྩེ་གཅིག་པའི༔ འཕྲུལ་འཁོར་གསུམ་གྱིས་བདེ་བ་མི་ཉམས་གཟུང༔ དུད་འགྲོའི་འགྱུར་དང་རླུང་གདངས་དམིགས་པའི་མདའ༔ བཙན་ཐབས་གསུམ་གྱིས་བདེ་བ་གནས་སུ་ལྡོག༔ སེང་གེ་རྣམ་རོལ་བྲབ་དང་གཞིལ་བ་ཡི༔ སྒྱུ་རྩལ་གསུམ་གྱིས་བདེ་བ་ཁྱབ་པར་དགྲམ༔ སེམས་བཟུང་འཛིན་མེད་མཁའ་སྒྱུར་རྣམ་དག་པའི༔ རྒྱས་འདེབས་གསུམ་གྱིས་བདེ་སྟོང་ཟུང་དུ་ཆུད༔ གང་ཡང་སྔོན་དུ་རང་ལུས་ཐབས་ལྡན་བསླབ༔ དངོས་གཞི་རིགས་ཅན་ལྔ་ལ་རིམ་པ་བཞིན༔ སྟེང་དང་རྒྱབ་དང་འདེགས་དང་མཉམ་པ་དང༔ འོག་ནས་སྦྱོར་བའི་འཁྲིག་ཐབས་གཙོ་བོ་སྟེ༔ གཞན་ཡང་གཡས་གཡོན་མདུན་ནས་རོལ་པ་སོགས༔ འདོད་པའི་རྩེད་འཇོ་མིག་འཕྲུལ་ལྟ་བུ་ཡིས༔ དབབ་ལ་མཁས་པ་དལ་བུ་རུ་སྦལ་འགྲོས༔ གཟུང་ལ་མཁས་པ་རྩེ་གཅིག་ཐེམ་བུ་བཞིན༔ ལྡོག་ལ་མཁས་པ་བཙན་ཐབས་མདའ་ལྟར་འཕང༔ འགྲེམས་ལ་མཁས་པ་ཡུར་བ་བཞིན་དུ་ཁྱབ༔ ཁྱད་པར་ཟག་མེད་ཐིག་ལེ་སྙིང་གར་སྦས༔ བརྗོད་བྲལ་ཀ་དག་ངང་དུ་ཡུན་རིང་བཞག༔ དེ་ཚེ་བདེ་བ་ཐིག་ལེའི་ཀློང་དུ་སྦ༔ ཐིག་ལེ་འོད་གསལ་དེ་ཡང་མི་རྟོག་ངང༔ སྦས་ཤིང་གོམས་པ་བདེ་ཆེན་བརྟུལ་ཞུགས་བསྒྲུབ༔ ཐབས་དེས་མཚོན་པའི་བདེ་སྟོང་ཕྱག་རྒྱ་ཆེ༔ འཁོར་འདས་བརྟན་གཡོ་ཀུན་གྱི་དེ་ཉིད་ནི༔ ཉམས་མྱོང་ཡོད་ཀྱང་སྨྲ་རུ་མི་བཏུབ་ལ༔ ཡིད་ཆེས་ལྡན་ཀྱང་འདི་ཞེས་དཔེས་མི་མཚོན༔ མངོན་སུམ་གྱུར་ཀྱང་རྟོགས་པས་མ་བསླད་པ༔ ཡེ་ཤེས་སོ་སོར་རང་གིས་རིག་བྱ་བ༔ ནམ་མཁའ་ལྟ་བུར་འདུས་མ་བྱས་པ་སྟེ༔ ཆུ་ཟླ་བཞིན་དུ་གསལ་ཞིང་འཛིན་པ་མེད༔ སྤྲུལ་པའི་གཟུགས་བརྙན་ངོས་གཟུང་ལས་འདས་པ༔ བདེ་སྟོང་དབྱེར་མེད་དཔེ་ཡི་ཚུལ་དུ་འཆར༔ སྒོ་ལྔའི་རྣམ་ཤེས་བདེ་བས་ཚིམ་པ་ལས༔ ཕྱི་རོལ་ཡུལ་ཀུན་བདེ་ཆེན་གཞལ་མེད་ཁང༔ ཡབ་ཡུམ་གཟུགས་སྣང་ཐབས་ཤེས་རང་བྱུང་ལྷ༔ འདུ་ཤེས་རྡོ་རྗེ་གསུམ་གྱི་ཕྱག་རྒྱས་གདབ༔ རྡོ་རྗེ་པདྨ་འདུ་འཕྲོད་བྱེད་པ་ཡིས༔ རླུང་སེམས་ཐིག་ལེ་རྩེ་གཅིག་རང་དབང་བསྐུར༔ རྣམ་ཤེས་གནས་གྱུར་བདེ་སྟོང་ཡེ་ཤེས་བསྟིམ༔ ཟག་མེད་ཚོར་བ་རྨད་བྱུང་མཆོད་པའི་སྤྲིན༔ ཨ་ཧྃ་རང་སྒྲས་ཆེ་བའི་ཡོན་ཏན་བསྟོད༔ ཁ་སྦྱོར་གསུམ་གྱི་ཉམས་མྱོང་ལ་བརྟེན་ནས༔ ལྷ་སྔགས་ཏིང་འཛིན་དམ་ཚིག་རྒྱུན་མི་འཆད༔ བསྐྱིལ་དང་ལྡོག་དང་འགྲེམས་པའི་འཕྲུལ་འཁོར་གྱིས༔ ཚོགས་དང་གཏོར་མ་རྡོ་རྗེའི་གླུ་གར་སོགས༔ གང་སྣང་བདེ་སྟོང་རོལ་པར་ཡོངས་ཤར་བས༔ འཁོར་འདས་གཞིར་བཞེངས་བདེ་ཆེན་ཐིག་ལེའི་ཀློང༔ རྣལ་འབྱོར་ཟབ་མོའི་ཆོ་ག་ཡོངས་སུ་རྫོགས༔ སྣོད་བཅུད་ཧེ་རུ་ཀ་དཔལ་ཞིང་དང་སྐུར༔ བདེ་བ་མཆོག་གི་བྱིན་ཆེན་དབབ་པ་ལས༔ དེ་བཞིན་གཤེགས་པ་སྲས་དང་བཙུན་མོར་བཅས༔ མངོན་སུམ་གཤེགས་ནས་མེ་ཏོག་ཆར་ཆེན་འབེབས༔ རྒུད་པ་ཀུན་ཞི་ཕན་བདེ་ངང་གིས་འཕེལ༔ རྣལ་འབྱོར་རྒྱུད་ལ་བདེ་ཆེན་གཟི་འབར་བས༔ ཚེ་དང་ལང་ཚོའི་བཅུད་ལེན་རྩོལ་མེད་འགྲུབ༔ བདེན་ཚིག་མཐུ་བཙན་གཞན་སྣང་ཟིལ་གྱིས་ནོན༔ ཏིང་འཛིན་མི་གཡོ་གྲུབ་པ་ཅིར་ཡང་འཆར༔ འབྲེལ་ཚད་ཉེར་བཞིའི་ཞིང་ན་རོལ་པ་ཡི༔ དཔའ་བོ་རྣལ་འབྱོར་ཚོགས་དང་སྐལ་བ་མཉམ༔ མདོར་ན་རིག་མ་འདུ་བྱ་བསྙེན་པ་སྟེ༔ ཉེ་བསྙེན་སྦྱོར་བའི་ཡན་ལག་རྣམ་མང་པོས༔ ཡས་བབས་སྒྲུབ་དང་མས་བརྟན་སྒྲུབ་པ་ཆེས༔ འདུན་པ་སེམས་པས་རླུང་སེམས་ལས་སུ་རུང༔ རིགས་ཆེན་འབྱེད་པས་ཟུང་འཇུག་ལྷ་སྐུར་ལྡང༔ དབུགས་ཆེན་འབྱིན་པས་ཡེ་ཤེས་མངོན་དུ་འགྱུར༔ ལུང་ཆེན་ཐོབ་པའི་ཕྱག་རྒྱ་རྟགས་ཀྱི་སྐུས༔ སྤངས་ཐོབ་རྩལ་ཆེན་རྫོགས་པའི་མཐར་ཕྱིན་ནས༔ ཧེ་རུ་ཀ་དང་སྤྱོད་ཡུལ་རོ་གཅིག་འགྱུར༔ བདེ་སྟོང་ཉམས་མྱོང་རྒྱུད་ལ་བརྟན་པ་ན༔ མཐར་ཐུག་དོན་གྱི་དབང་གི་ལམ་གྱི་མཆོག༔ འབྲས་བུ་ཤིན་ཏུ་རྣལ་འབྱོར་སྒྲུབ་པ་ཆེ༔ བླ་མེད་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན༔ རང་བཞིན་རྫོགས་པ་ཆེན་པོར་ལ་བཟླ་བྱ༔ དེ་ལ་ཕྱི་ལྟར་སེམས་སྡེའི་དགོངས་པ་ནི༔ ཕྱི་རོལ་ཡུལ་ཀུན་རྨི་ལམ་ལྟ་བུར་བལྟ༔ ནང་གི་དབང་པོ་བདེན་མེད་སྒྱུ་མར་བཤིག༔ བར་གྱི་རྣམ་ཤེས་སྐྱེ་འགགས་གནས་གསུམ་བྲལ༔ གསང་བ་ཀུན་གཞི་གསལ་ལ་མི་རྟོག་ངང༔ ལྟ་བ་ཀུན་བྱེད་གཉུག་མ་བྱང་ཆུབ་སེམས༔ སྒོམ་པ་རྩོལ་མེད་གང་ཤར་མ་བཅོས་བཞག༔ སྤྱོད་པ་ལམ་ཁྱེར་འབྲས་བུ་མངོན་དུ་བྱ༔ ནང་ལྟར་ཡེ་ཤེས་ཀློང་ཆེན་རྣམ་པ་ལྔས༔ ཕྱི་ནང་བརྟན་གཡོ་ཀུན་ལ་ཁྱབ་པར་བརྡལ༔ བྱུང་དང་འབྱུང་འགྱུར་འཁོར་འདས་ཆོས་རྣམས་ཀུན༔ མཁའ་ཀློང་དབྱིངས་ལས་རྡུལ་ཙམ་མ་གཡོས་ཕྱིར༔ དབང་པོའི་སྒོ་ལྔ་མ་བཀག་གསལ་ལམ་མེ༔ གཡོ་མེད་མི་རྟོག་ངང་དུ་ཟང་ཐལ་ལེ༔ ཐུར་སེལ་འཆིང་བས་ཟག་མེད་བདེ་ཁྲིལ་ལི༔ དབྱེར་མེད་ཕྱོགས་བྲལ་བསམ་འདས་ངང་དུ་བཞག༔ ཁྱད་པར་གསང་བ་མན་ངག་ཐིག་ལེའི་སྡེ༔ རང་བཞིན་འོད་གསལ་སྙིང་པོ་མངོན་བྱའི་ཕྱིར༔ སྔོན་འགྲོ་ལུས་སྦྱོང་རྡོ་རྗེའི་འདུག་སྟངས་ལ༔ ངག་ནི་ཧཱུྃ་གི་རྣལ་འབྱོར་བཞི་དང་སྦྱར༔ སེམས་ལ་བྱུང་གནས་འགྲོ་གསུམ་བརྟགས་དཔྱད་ནས༔ རྣལ་དབབ་སོར་གཞུག་སྤྲོ་བསྡུ་བྲལ་བར་བཞག༔ ལྟ་བས་ཐག་བཅད་སྒོམ་པས་ཉམས་སུ་བླང༔ སྤྱོད་པས་བོགས་འབྱིན་འབྲས་བུ་རང་ལ་རྙེད༔ དེ་ལ་ངོ་བོ་ཀ་དག་ཡེ་ཤེས་ནི༔ བལྟར་མེད་བརྗོད་མེད་ཚིག་དང་དཔེ་ལས་འདས༔ བློ་ཡི་ཡུལ་མིན་གདོད་ནས་སྟོང་པའི་བབས༔ འཁོར་བ་མ་གྲུབ་མྱང་འདས་བཏགས་པ་ཙམ༔ རང་བཞིན་ལྷུན་གྲུབ་འགགས་མེད་ཡེ་ཤེས་རྩལ༔ ནམ་མཁའ་ལས་ནི་ཉི་མའི་ཟེར་བཞིན་དུ༔ ཀུན་ལ་ཁྱབ་ཅིང་ཀུན་གྱི་སྲོག་ཏུ་བཞུགས༔ ཀུན་དང་དབྱེར་མེད་འཁོར་འདས་རིས་མེད་དོ༔ དེ་གཉིས་གཅིག་དང་དུ་མའི་སྤྲོས་ལས་འདས༔ ཟུང་འཇུག་འདུས་མ་བྱས་པའི་གནས་ལུགས་ནི༔ བལྟར་མེད་ལྟ་བ་ཀུན་གྱི་རྒྱལ་པོ་སྟེ༔ རྣལ་འབྱོར་དབང་པོ་རང་གི་ཉམས་མྱོང་ལས༔ བལྟ་བའི་ཚུལ་དུ་ངོ་སྤྲོད་མངོན་དུ་བྱ༔ དེ་ནས་སྒོམ་པས་ཉམས་སུ་བླང་བ་ནི༔ སེམས་ཉིད་རིག་སྟོང་ཟུང་འཇུག་སྐད་ཅིག་མ༔ དུས་གསུམ་རྟོག་པས་མ་བསླད་སོ་མ་དེ༔ རྣལ་མར་བཞག་པས་མངོན་སུམ་ལྷུག་པར་མཐོང༔ ཕྱི་རོལ་ཡུལ་ལ་གཡེངས་པའི་རྟོག་པ་ཞིག༔ ནང་དུ་དགུག་པའི་དྲན་འཛིན་རང་སར་གྲོལ༔ གཏད་མེད་ངང་ལ་བྱར་མེད་གློད་པ་ཡིས༔ ཆོས་ཉིད་མཉམ་པ་ཆེན་པོ་མངོན་དུ་འགྱུར༔ དེ་ཚེ་རྟོག་པའི་སྤྲོ་བསྡུ་ཇི་སྙེད་ཀྱང༔ ཆུ་དང་རླབས་བཞིན་རང་གསལ་རྗེན་པར་ཐིམ༔ རླུང་མེད་གཡོ་བ་མེད་པའི་མར་མེ་བཞིན༔ རྩེ་གཅིག་ངང་གནས་གནས་པའི་དེ་ཉིད་རིག༔ རིག་ཀྱང་མི་འཛིན་གསལ་ཡང་འཕྲོ་བ་མེད༔ མི་རྟོག་པ་ལ་ཞེན་པ་བྲལ་བ་ལས༔ མཉམ་གཞག་རྗེས་ཐོབ་ཟུང་དུ་ཆུད་པ་ན༔ སྤྱོད་ལམ་ཐམས་ཅད་ཆོས་ཉིད་རོལ་པའི་ངང༔ ཚོགས་དྲུག་ཡུལ་ལ་མི་ཞེན་གང་དགར་བཏང༔ འགྲོ་འཆག་ཉལ་འདུག་ཡེ་ཤེས་རོལ་པའི་ངང༔ གཟུང་འཛིན་སྤང་བླང་མཉམ་པ་ཆེན་པོར་བརྡལ༔ མཚན་མའི་བསྒོམ་པར་བྱ་བ་རྡུལ་ཙམ་མེད༔ མི་བསྒོམ་དོན་དང་འབྲལ་བ་མེད་པས་ན༔ སྤྱོད་ཡུལ་ཀུན་ཏུ་ཡེ་ཤེས་རིས་མེད་པ༔ ཆུ་བོའི་རྒྱུན་དང་མར་མེའི་རྩེ་མོ་བཞིན༔ དེ་ཉིད་རིག་པས་རྟག་ཏུ་མཉམ་པར་གཞག༔ མདོར་ན་རང་རིག་གདོད་ནས་སངས་རྒྱས་ཏེ༔ སངས་རྒྱས་ཆེན་པོ་གུད་དུ་བཙལ་བས་མེད༔ བླ་མའི་དྲིན་གྱིས་རྟོགས་པ་ངོ་འཕྲོད་དེ༔ གསལ་སྟོང་རོ་མཉམ་རིག་པའི་སྙིང་པོ་ཅན༔ མ་ནོར་གནས་ལུགས་མ་བཅོས་གདོད་མའི་བབས༔ ཇི་བཞིན་པ་ལས་འཆོས་པ་མེད་པ་ཡིས༔ སངས་རྒྱས་ས་ལ་ད་ལྟ་ལྷུན་གྱིས་གྲུབ༔ ལྟ་བ་བལྟར་མེད་སྒོམ་པའི་རྩིས་གདབ་བྲལ༔ སྤྱོད་པ་བྱར་མེད་འབྲས་བུ་བླང་དོར་འདས༔ དེ་ནི་ཡེ་ཤེས་སྤྱི་བླུགས་དབང་ཞེས་བྱ༔ དམ་ཚིག་ཡེ་སྲུང་ཕྱལ་པ་ཆེན་པོར་ཟླུམ༔ བསྒྲུབ་བྱའི་རྒྱལ་པོ་ཆེ་བར་རང་ལ་རྙེད༔ བསྒྲུབ་ཆོས་ཏིང་འཛིན་ཁོར་ཡུག་རྒྱུན་ཆད་མེད༔ སྒྲུབ་པར་ཕྲིན་ལས་སྣང་སྲིད་ཆོས་སྐུར་བརྡལ༔ སྒྲུབ་པའི་ཡན་ལག་མི་གསུང་མཉམ་གཞག་སྔགས༔ མ་བཅོས་ཚོགས་དྲུག་ལྷུག་པ་མཆོད་པའི་སྤྲིན༔ གསལ་སྣང་ཕྱག་རྒྱ་རིག་རྩལ་རོལ་པའི་གར༔ སེམས་ཀྱི་མཚང་བཙལ་ཡེ་ཤེས་བསྙེན་པ་སྟེ༔ རང་ཐོག་རྣལ་མར་ངོ་སྤྲོད་ཉེ་བར་བསྙེན༔ ཐིག་ལེ་ཉག་གཅིག་ཐག་ཆོད་སྒྲུབ་པའི་ངང༔ གྲོལ་ཐོག་གདེང་བཅའ་སྒྲུབ་པ་ཆེན་པོ་ཡིས༔ ཅོག་བཞག་བཞི་ལྡན་ཀ་དག་ཟང་ཐལ་དབྱིངས༔ ཀུན་བཟང་སྙིང་པོའི་ས་ལ་ད་ལྟ་ཕྱིན༔ མདོར་ན་སྣོད་བཅུད་བྱེ་བྲག་ཐ་དད་ཀྱང༔ ནམ་མཁའི་ངང་དུ་རོ་གཅིག་དབྱེར་མེད་ལྟར༔ དཀར་པོའི་ལམ་དང་འབྲས་བུ་བསམ་འདས་ཀྱང༔ རིག་པའི་ངང་དུ་ལྷུན་གྲུབ་ཆེན་པོར་རྫོགས༔ ཡང་ཟབ་མན་ངག་གནད་ཀྱི་གདམས་པ་ནི༔ མངོན་སུམ་ལམ་བྱེད་ཐེག་པའི་ཟད་ས་སྟེ༔ རིག་རྩལ་སྐུ་གསུམ་ལམ་དུ་སྣང་བའི་ཕྱིར༔ ཕྱི་དུས་མི་ལྟོས་ད་ལྟ་གྲོལ་བའི་ཐབས༔ རིག་པའི་སྣ་ཁྲིད་སྒོ་གསུམ་རུ་ཤན་དབྱེ༔ ཕྱི་ནང་གསང་བའི་བྱ་བ་དགུ་ཕྲུགས་བཏང༔ ལུས་གནད་སེང་གེ་གླང་ཆེན་དྲང་སྲོང་ཚུལ༔ ངག་གནད་འགྲོ་འོང་རླུང་ནི་དལ་བར་བསླབ༔ ཡིད་གནད་ཡུལ་ལ་མི་གཡོ་རྩེ་གཅིག་གཏད༔ སྒོ་གནད་ལྡོག་ཕབས་ཟུར་གྱིས་གཟིར་བ་ལས༔ སྙིང་དབུས་མི་ཤིགས་ཟག་མེད་འོད་གསལ་གདངས༔ རང་བྱུང་གསང་བ་ཤེལ་སྦུག་ལམ་ལས་འཆར༔ རྒྱང་ཞགས་སྒྲོན་མའི་རྟེན་ལས་ཕྱི་དབྱིངས་སུ༔ སློང་བྱེད་རྐྱེན་བྲལ་འཆང་དང་སྡུད་པའི་དུས༔ དག་པ་དབྱིངས་སྒྲོན་འོད་ལྔའི་མུ་ཁྱུད་དབུས༔ ཐིག་ལེ་སྟོང་སྒྲོན་མཐིང་གསལ་དྭངས་པ་ལ༔ རྡོ་རྗེ་ལུ་གུ་རྒྱུད་ཀྱི་འགྲོ་འོང་ཅན༔ སྟོང་པའི་དབྱིངས་སུ་རིག་པའི་གཟེར་བཅུག་སྟེ༔ བསམ་གྱིས་མི་ཁྱབ་གཟུང་འཛིན་བྲལ་བའི་ངང༔ ཡིད་མིག་རླུང་གསུམ་རྩེ་གཅིག་མཉམ་བཞག་པས༔ ནང་དུ་ཤེས་རབ་རང་བྱུང་སྒྲོན་མའི་ཉམས༔ སྟོང་གསལ་བསམ་བརྗོད་སྤྲོས་ལས་འདས་པ་འཆར༔ ཡེ་ནས་ཤར་བའི་དབྱིངས་རིག་རང་བྱུང་ལྷ༔ འབྲལ་མེད་བསྒོམས་པས་སྐུ་གསུམ་རང་དབང་རྫོགས༔ སྔགས་དང་ཕྱག་རྒྱ་ཏིང་འཛིན་རྒྱུན་མི་འཆད༔ མ་བཀོད་དཀྱིལ་འཁོར་སྤྲོ་བསྡུ་བྲལ་བར་ཤར༔ འཇའ་ཟེར་ཐིག་ལེའི་སྒྲུབ་ཅིང་མཆོད་པ་དང༔ རླུང་སེམས་རང་དེངས་ཕྲིན་ལས་འབྱམས་སུ་ཀླས༔ གནད་ལས་མི་འདའ་དམ་ཚིག་སྡོམ་པའི་ཕུལ༔ དགེ་སྦྱོར་སྲང་འཇུག་ཐུན་བཞིའི་མན་ངག་གིས༔ བསྐྱེད་རྫོགས་དབྱེར་མེད་ཁོར་ཡུག་འོད་གསལ་ངང༔ མདོར་ན་སྒོ་གསུམ་སྒོ་ཡུལ་རླུང་རིག་གི༔ གནད་ཀྱི་བསྙེན་པས་ཆོས་ཉིད་རོལ་པའི་རྩལ༔ དབང་པོའི་མངོན་སུམ་སྣང་བ་ཉེ་བསྙེན་ཏེ༔ འོད་དང་ཟེར་ཐིག་སྐུ་ཡི་སྣང་བར་བཅས༔ ཉམས་སྣང་གོང་དུ་འཕེལ་བའི་སྒྲུབ་པ་དང༔ སྣང་སྲིད་སྐུ་དང་ཞིང་དུ་ཡོངས་བརྡལ་བ༔ རིག་པ་ཚད་ཕེབས་སྒྲུབ་པ་ཆེན་པོ་ཡིས༔ ཆོས་ཟད་བློ་འདས་གདོད་མའི་དངོས་གྲུབ་ཐོབ༔ གཞི་ལས་འཕགས་པའི་གཞི་སྣང་ཐིག་ལེར་གྲོལ༔ ལམ་གྱི་ཡན་ལག་མཐའ་རྟེན་མན་ངག་གིས༔ ཉམས་ལེན་གཞི་ཐིངས་གྲོལ་ཚད་མངོན་དུ་འགྱུར༔ གལ་ཏེ་ཚེ་འདིར་གྲོལ་བ་མ་ཐོབ་ན༔ འཆི་ཁ་བར་དོར་དབྱིངས་རིག་སྦུབས་སུ་འཇུག༔ ཆོས་ཉིད་བར་དོར་རང་སྣང་རང་ངོར་གྲོལ༔ སྲིད་པ་བར་དོར་སྤྲུལ་སྐུའི་ཞིང་དུ་བགྲོད༔ དེ་ལྟར་དབང་བཞི་བསྙེན་སྒྲུབ་ཡན་ལག་བཞིའི༔ ལམ་མཆོག་ཕྱི་ནང་གསང་བའི་གེགས་སེལ་ནི༔ དོན་ལ་བར་དུ་གཅད་བྱ་གཅོད་བྱེད་ཀུན༔ ཐམས་ཅད་བདེན་མེད་སྦྲུལ་མདུད་བཞིན་གྲོལ་ཕྱིར༔ སྤང་བླང་གཉེན་པོའི་ཕྱོགས་ལས་རིང་འདས་ཀྱང༔ དང་པོའི་ལས་ཅན་བློ་རྟོག་སྦྱང་བའི་སླད༔ འབྱུང་བ་ལུས་འཁྲུགས་ནད་ཀྱི་གེགས་སེལ་ནི༔ ཀུན་གཞིའི་བག་ཆགས་བདག་འཛིན་རྒྱུ་ཡིས་བསགས༔ རྣམ་རྟོག་གིས་བསླངས་བཞི་བརྒྱ་རྩ་བཞིའི་ནད༔ ཐམས་ཅད་དུག་ལྔ་དེ་ཡང་རང་གི་སེམས༔ སེམས་ཉིད་སྤྲོས་བྲལ་རྗེན་པའི་རང་ངོ་བསྐྱང༔ རེ་དོགས་འཁུ་འཕྲིག་བཅད་ལ་གང་དགར་བོར༔ ཧཱུྃ་གིས་བསྡུས་ལ་ཐད་ཀར་ཟུག་རྔུ་དབྱུང༔ རླུང་རོ་བསལ་ཞིང་ཤེས་པ་རྣལ་དུ་དབབ༔ བར་ཆད་བདུད་དང་བགེགས་ཀྱི་གེགས་སེལ་ནི༔ ཕོ་མོ་མ་ནིང་བགེགས་དང་བདུད་ཆེན་པོ༔ ཇི་ལྟར་སྣང་ཡང་དེ་བཞིན་མ་གྲུབ་སྟེ༔ རང་གི་གྲིབ་མ་ཤ་ཟར་འཁྲུལ་བ་བཞིན༔ གསལ་སྟོང་ཟུང་འཇུག་གནས་ལུགས་ཕྱིར་ཤོར་བས༔ གཟུང་འཛིན་རགས་པའི་དབང་གིས་དེ་ལྟར་སྣང༔ ངར་འཛིན་ཞེན་པས་འཁུ་འཕྲིག་སྣ་ཚོགས་སྐྱེ༔ གཞི་རྩ་བཅད་པས་རྫུན་ཕུག་རང་སར་བརྡིབ༔ སྡུག་བསྔལ་ཀུན་ཞི་ཡིད་བདེ་ཁོངས་ནས་འཆར༔ དེས་ཀྱང་མ་ཆོད་ཕུང་པོ་ཚོགས་སུ་འབུལ༔ བདག་འཛིན་བློས་བཏང་སྙེམས་མེད་གང་དགར་ཉལ༔ རྗེས་ཐོབ་བྱང་ཆུབ་སེམས་བསྐྱེད་སྨོན་ལམ་གདབ༔ ཁྱད་པར་ཏིང་འཛིན་སེམས་འཁྲུགས་གེགས་སེལ་ནི༔ བྱིང་རྒོད་ཉམས་གསུམ་དོན་ལ་མ་གྲུབ་ཀྱང༔ རྣམ་པ་མི་འགགས་སྒྱུ་མར་ཤར་བའི་ཚེ༔ བྱིང་ན་ལུས་ཀྱི་ཆུན་བཙལ་འཕྲུལ་འཁོར་བྱ༔ ལྟ་སྟངས་ནམ་མཁར་གཏད་ཅིང་གསལ་ངར་འདོན༔ རྒོད་ན་ཁོང་གློད་ཤེས་པ་ལྟེ་བར་གཏད༔ བདེ་གསལ་མི་རྟོག་ཞེན་མེད་ལམ་དུ་བཏང༔ རྩུབ་པའི་ཉམས་སྐྱེས་བདེན་མེད་རང་གྲོལ་བསྐྱང༔ བར་མའི་ཉམས་ཀུན་དགག་སྒྲུབ་མེད་པར་བཞག༔ ཐམས་ཅད་སེམས་ཉིད་གཅིག་པུ་ཡིན་ཤེས་ནས༔ བླང་དོར་མེད་པར་རིག་པའི་ངང་བསྐྱང་ངོ༔ ཐུན་མོང་མོས་གུས་སྙིང་རྗེ་ཤེས་རབ་སོགས༔ ཇི་ལྟར་བསྒོམས་ཀྱང་བོགས་མེད་ལེ་ལོ་དང༔ ང་རྒྱལ་ཕྲག་དོག་གཏི་མུག་མུན་གཏིབས་ན༔ ཕལ་ཆེར་དམ་ཚིག་ཉམས་ལས་བྱུང་བའི་ཕྱིར༔ ཉམས་པ་མཐོལ་བཤགས་སླན་ཆད་སྙིང་ནས་བསྡམ༔ ཉམས་དང་མི་འགྲོགས་ཉམས་པའི་ཟས་མི་ཟ༔ གནས་སུ་མི་སྡོད་སྒོ་གསུམ་རྣལ་དུ་དབབ༔ ལྷག་པར་ཉམས་བཤགས་སྐོང་བའི་ཆོ་ག་ནི༔ བླ་མ་ཡི་དམ་མཁའ་འགྲོ་གང་རུང་གི༔ སྒྲུབ་པའི་དཀྱིལ་འཁོར་བཤམ་ཞིང་མཆོད་ཚོགས་བཀྲམ༔ ཏིང་འཛིན་གསལ་བརྟན་བཟླས་པས་ཐུགས་དམ་བསྐུལ༔ ཚོགས་རྟེན་སྤྱན་དྲངས་གུས་པས་ཕྱག་འཚལ་ཞིང༔ རྡོར་སེམས་སྒོམ་བཟླས་སྨྲེ་བཤགས་གསང་མཐོར་བརྗོད༔ ལྟ་བའི་ངང་གཞག་ཐུན་མོང་ཉེས་པ་མཐོལ༔ ཉེར་སྤྱོད་སྨན་རཀ་གཏོར་མ་མར་མེ་དང༔ སྦྱོར་སྒྲོལ་ཟབ་མོའི་ཚོགས་ཀྱིས་དགྱེས་པ་བསྐང༔ སྒོ་གསུམ་བྱ་བྱེད་ཉམས་ཆག་ཀུན་ཞི་ཞིང༔ རྡོ་རྗེ་བཞི་ཡི་ཡེ་ཤེས་མངོན་དུ་འགྱུར༔ གཞན་ཡང་བཟོད་མེད་མོས་གུས་རྩལ་དུ་བཏོན༔ ཕྱོགས་རིས་བྲལ་བའི་སྙིང་རྗེ་བྱང་སེམས་བསྐྱེད༔ ཤེས་རབ་ཟབ་མོས་དོན་གྱི་གནད་གསང་བཙལ༔ ལྟ་བས་ལ་བཟླ་སྤྱོད་པས་ཤན་དབྱེ་བས༔ བདེན་གཉིས་ཕྱོགས་ལྷུང་གེགས་ཆེན་རང་གྲོལ་ནས༔ ལམ་གྱི་ཡོན་ཏན་རྩོལ་མེད་ངང་གིས་འཆར༔ དེ་ནས་བོགས་འདོན་ཕྱི་ནང་གསང་བ་ནི༔ ཕྱི་རོལ་ཡུལ་རྐྱེན་ཅི་དང་ཅི་ཤར་ཡང༔ ལམ་ཁྱེར་ཤེས་པས་བྱང་ཆུབ་གྲོགས་སུ་འགྱུར༔ དགྲ་ལ་བཟོད་པ་བསྒོམ་ཞིང་སྙིང་རྗེ་བསྐྱེད༔ གཉེན་ལ་བདེན་མེད་བསྒོམ་ཞིང་ཞེན་པ་བཅད༔ བར་མ་ཀུན་ལ་བཟང་པོའི་ལས་འབྲེལ་བཞག༔ ཀུན་ཀྱང་ཀུན་རྫོབ་མི་རྟག་སྒྱུ་མར་བསམ༔ ཅིས་ཀྱང་དགོས་མེད་ཞེ་བཅད་དྲག་ཏུ་བྱ༔ བདེ་སྡུག་རྐྱེན་ལས་གཏོང་ལེན་གནད་ཀྱིས་བཟུང༔ གང་བྱུང་ཆོག་ཤེས་ཡིད་བདེ་རྒྱུན་དུ་བསྟེན༔ དོན་དམ་སྣང་གྲགས་རྟོག་པའི་ཆོས་རྣམས་ཀུན༔ རང་བཞིན་མ་གྲུབ་བདེན་མེད་ངང་ལ་གཞག༔ རྗེས་ཐོབ་རྨི་ལམ་སྒྱུ་མའི་དཔེ་བརྒྱད་དང༔ བསོད་ནམས་ཚོགས་ཆེན་ཞེན་མེད་ལམ་དུ་ཁྱེར༔ འཁོར་བའི་ཆོས་ཀུན་མ་དག་རྟེན་འབྲེལ་ཏེ༔ མྱ་ངན་འདས་པའང་དག་པའི་རྟེན་འབྱུང་ཙམ༔ དེ་ཕྱིར་ལམ་གྱི་སྣང་བ་ཐམས་ཅད་ཀུན༔ རྒྱུ་རྐྱེན་རྟེན་འབྲེལ་ལེགས་པའི་ཕྱོགས་སུ་བསྒྲིག༔ ནང་དུ་བསྐྱེད་རིམ་སྣང་སྟོང་ཆུ་ཟླ་དང༔ གང་སྣང་ལྷ་དང་དེ་ཡང་རང་གི་སེམས༔ སེམས་དང་ལྷ་སྐུ་རོ་མཉམ་སྣང་སྲིད་ཀུན༔ ལྷ་སྐུར་གཞིར་བཞེངས་ཐུག་ཕྲད་ཏིང་འཛིན་སྤེལ༔ བྲིས་སྐུ་མེ་ལོང་གཟུགས་བརྙན་མཚར་བ་ཉིད༔ ཆུ་སྣོད་དྭངས་པར་འཕོས་ལ་རྟེན་བྱས་ཏེ༔ ཡིད་མིག་རླུང་གསུམ་གཏད་པའི་གསལ་སྣང་དང༔ མཚན་དུས་རྨི་ལམ་ལྷ་སྐུར་ལྡང་ལ་བསླབ༔ ཁྱད་པར་འཁོར་བའི་སྣང་ཞེན་དག་པ་ལས༔ མཐར་ཐུག་མྱང་འདས་ཡོན་ཏན་རྫོགས་པ་དང༔ གནས་སྐབས་རིམ་གཉིས་གཞི་རུ་སྨིན་པའི་ཚུལ༔ ལེགས་པར་ཤེས་པས་ལམ་མཆོག་མངོན་དུ་འགྱུར༔ འཕྲུལ་འཁོར་ཟབ་མོས་རྩ་ཡིས་མདུད་པ་བཀྲོལ༔ བར་རླུང་ཐད་ཀར་འཛིན་པའི་ཉམས་ལེན་གྱིས༔ རླུང་སེམས་རང་དེངས་ཤེས་པ་རྣལ་དུ་ཕེབས༔ གཏུམ་མོའི་འབར་སྣང་མཉམ་རྗེས་ཀུན་ཏུ་བརྟན༔ ཐིག་ལེ་ཞུ་བ་སྙིང་གའི་དབུས་སུ་བསྟིམ༔ དེ་ལས་བརྟེན་བྱས་འཛིན་མེད་སྒྱུ་མའི་ངང༔ ཚོགས་དྲུག་ཡུལ་དུ་གང་ཤར་སྣང་བ་ཡིས༔ བདེ་ཆེན་འདྲེན་པའི་ཏིང་འཛིན་རང་རྩལ་སྤེལ༔ ཁྱད་པར་སྦྱང་གཞི་འཁྲུལ་སྣང་བག་ཆགས་ཀུན༔ སྦྱོང་བྱེད་རྡོ་རྗེའི་རྣལ་འབྱོར་ཟབ་མོའི་མཐུས༔ ལེགས་པར་རྒྱས་བཏབ་རྩེ་གཅིག་བསྒོམ་པ་ཡིས༔ སྦྱངས་པའི་འབྲས་བུ་ཡེ་ཤེས་རིས་མེད་ཤར༔ གསང་བ་དུག་ལྔའི་རྣམ་རྟོག་ཇི་སྙེད་ཀུན༔ རིག་པའི་གནད་ཀྱིས་བཟུང་ལ་ལམ་དུ་བཏང༔ འདོད་ལ་ཆགས་པའི་རྟོག་པ་ཤར་བའི་ཚེ༔ དགག་སྒྲུབ་མི་བྱ་རིག་སྟོང་རྗེན་པར་གློད༔ བདེ་ལ་ཞེན་མེད་ཉམས་མྱོང་ཁོང་ནས་སད༔ སོ་སོར་རྟོག་པའི་ཡེ་ཤེས་དེ་ལ་བྱ༔ ཞེ་སྡང་གཏུམ་པའི་རྣམ་རྟོག་ཤར་བའི་ཚེ༔ དེ་རྗེས་མི་འབྲང་མ་བཅོས་ལྷུག་པར་བསྐྱང༔ གསལ་ལ་འཛིན་མེད་མྱོང་ཞེན་རྩིས་གདབ་བྲལ༔ མེ་ལོང་ལྟ་བུའི་ཡེ་ཤེས་དེ་ལ་བྱ༔ གཏི་མུག་མུན་པའི་འཐིབ་པོ་བྱུང་བའི་ཚེ༔ དེ་ཉིད་ངང་དུ་བསྐྱང་ལ་སྤང་བླང་དོར༔ རྩེ་གཅིག་མི་རྟོག་སྤྲོས་བྲལ་རྗེན་པར་ཤར༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དེ་ལ་བྱ༔ ང་རྒྱལ་ཁེངས་པའི་འཛིན་པ་ལྡང་བ་ན༔ བླང་དོར་མི་བྱ་ངར་འཛིན་རང་ངོར་བཞག༔ ཅིར་ཡང་མི་རྟོག་མཉམ་པའི་ཀློང་གྱུར་ན༔ མཉམ་པ་ཉིད་ཀྱི་ཡེ་ཤེས་དེ་ལ་བྱ༔ ཕྲག་དོག་འགྲན་སེམས་ཟུག་རྔུ་ཤར་བའི་ཚེ༔ ཤར་མཁན་རང་གི་ཐོག་ཏུ་གང་དགར་བོར༔ བདག་གཞན་འཛིན་མེད་རིག་སྟོང་སྒྱུ་མར་རྫོགས༔ བྱ་བ་གྲུབ་པའི་ཡེ་ཤེས་དེ་ལ་བྱ༔ དེ་ལྟར་ཤེས་ན་དུག་ལྔའི་རྟོག་པ་ཀུན༔ ཡེ་ཤེས་ལྔ་ཡི་ངོ་བོ་བོགས་སུ་ཐོན༔ རྟོག་པའི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཡང༔ སྦྲུལ་མདུད་བཞིན་དུ་ཡེ་ཤེས་ཆེན་པོར་གྲོལ༔ མདོར་ན་རྣམ་རྟོག་ཉོན་མོངས་ལྷ་དང་འདྲེ༔ སྡུག་བསྔལ་ནད་འཆིའི་རེ་དོགས་ཅི་བྱུང་ཡང༔ སྤང་བླང་མེད་པར་ངོ་བོར་རོ་སྙོམས་ཤིང༔ རང་རྩལ་སྦྱངས་པས་ཀུན་ཀྱང་བོགས་སུ་འཆར༔ ཁྱད་པར་བྱེད་བཅིངས་མུན་པའི་རྣལ་འབྱོར་གྱིས༔ སྟོང་གཟུགས་གསལ་བརྟན་སྲོག་རྩོལ་གཡོ་མེད་འཆིང༔ ཞུ་བདེ་དྲངས་ཤིང་ཀུན་ཀྱང་རོ་མཉམ་དུ༔ མི་འགྱུར་ཐབས་ཀྱིས་བདེ་ཆེན་མཆོག་ལ་སྦྱོར༔ གཞན་ཡང་ཐུན་མོང་གནད་ཀྱི་མན་ངག་ནི༔ སྐྱོན་རྣམས་ཐམས་ཅད་བདག་འཛིན་ལས་བྱུང་བས༔ ཀུན་རྫོབ་བྱང་ཆུབ་སེམས་ཀྱིས་གཅེས་འཛིན་བཤིག༔ དོན་དམ་སྤྲོས་བྲལ་ལྟ་བས་དྲུང་ནས་ཕྱུངས༔ བདེན་གཉིས་དབྱེར་མེད་རྟེན་འབྲེལ་ལམ་དུ་ཁྱེར༔ ཡོན་ཏན་ཉམས་སུ་བླངས་ལས་བྱུང་བའི་ཕྱིར༔ མཁའ་མཉམ་འགྲོ་ལ་ཚད་མེད་སྙིང་རྗེ་བསྒོམ༔ དཔལ་ལྡན་བླ་མར་བཟོད་མེད་མོས་གུས་བསྐྱེད༔ ཟག་བཅས་ཟག་མེད་དགེ་ཚོགས་བརྩོན་པས་བསྒྲུབ༔ ཁྱད་པར་སེམས་ཉིད་རིག་སྟོང་ལམ་ཁྱེར་ལ༔ སྐད་ཅིག་ཙམ་ཡང་མ་ཡེངས་མི་སྒོམ་པས༔ ཐབས་ཤེས་ཕྱོགས་རེའི་ལམ་ལ་མ་གོལ་བར༔ ཐབས་ཀྱི་གྲོགས་སུ་ཤེས་རབ་ལྟ་གདེང་བསྐྱེད༔ ཤེས་རབ་གྲོགས་སུ་བསོད་ནམས་སྣ་ཚོགས་སྤེལ༔ དེ་ལྟར་འགལ་མེད་ལམ་དུ་ཁྱེར་བ་ཡིས༔ ཡོན་ཏན་དབྱར་གྱི་མཚོ་བཞིན་གོང་དུ་འཕེལ༔ ས་དང་ལམ་གྱི་རིམ་པ་མ་ལུས་ཀུན༔ ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བས་འགྲུབ༔ སྦྱངས་པའི་འབྲས་བུ་མངོན་དུ་གྱུར་བ་ནི༔ རང་དོན་མཐར་ཕྱིན་ཞི་བ་ཆོས་ཀྱི་སྐུ༔ གཞན་དོན་ལྷུན་གྲུབ་ཟུང་འཇུག་ལོངས་སྤྱོད་རྫོགས༔ གང་འདུལ་ཐབས་མཁས་སྣ་ཚོགས་སྤྲུལ་པའི་ཚུལ༔ སྣང་ཆ་སོ་སོར་མ་འདྲེས་མངོན་བྱང་ཆུབ༔ སྟོང་ཆ་དབྱིངས་སུ་རོ་གཅིག་རྡོ་རྗེའི་སྐུ༔ སྐུ་ལྔ་ཐོབ་ནས་གསུང་ལྔས་དོན་མཚོན་པ༔ བརྗོད་བྲལ་རྣམ་དག་ཆོས་སྐུ་དོན་གྱི་གསུང༔ སྐུ་ཡི་མཚོན་པ་ལོངས་སྐུ་བརྡ་ཡི་གསུང༔ ཚངས་པའི་དབྱངས་ལྡན་སྤྲུལ་སྐུ་ཚིག་གི་གསུང༔ སོ་སོར་དེར་སྣང་མངོན་བྱང་རིག་པའི་གསུང༔ གྲག་སྟོང་གཉིས་མེད་ཡེ་ཤེས་རྡོ་རྗེའི་གསུང༔ སྐུ་ཡི་སྙིང་པོ་ཐུགས་ནི་ཡེ་ཤེས་ལྔ༔ ཆོས་ཀྱི་དབྱིངས་ལས་མེ་ལོང་ལྟ་བུར་ཤར༔ བྱ་གྲུབ་སོར་རྟོག་མཉམ་པ་ཉིད་དུ་ཟླུམ༔ སྐུ་ཡི་ཡན་ལག་ཞིང་ཁམས་གཞལ་ཡས་དང༔ འོད་ཟེར་གདན་ཁྲི་རྒྱན་གྱི་ཡོན་ཏན་རྫོགས༔ ཞི་རྒྱས་དབང་དྲག་ལྷུན་གྲུབ་ཕྲིན་ལས་ཀྱིས༔ ནམ་མཁའ་ཇི་སྲིད་རྒྱུན་ཆད་མི་མངའ་བར༔ ཇི་སྙེད་མཁའ་ཁྱབ་སེམས་ཅན་ཐམས་ཅད་དོན༔ ཇི་ལྟ་བ་བཞིན་རྩོལ་མེད་ངང་གིས་འབྱུང༔ དེ་ལྟར་གཞི་ལ་ལམ་གྱིས་མཚམས་སྦྱར་བས༔ གློ་བུར་དྲི་མ་བག་ཆགས་བཅས་སྤངས་ཏེ༔ འབྲས་བུ་མངོན་གྱུར་རང་དང་གཞན་གྱི་དོན༔ མྱུར་དུ་རྫོགས་བྱེད་རྒྱུ་འབྲས་ཐེག་པའི་བཅུད༔ ཁྱད་པར་ནང་རྒྱུད་སྡེ་གསུམ་དགོངས་པའི་མཐིལ༔ ཀུན་དང་མཐུན་ལ་ཀུན་ལས་ཁྱད་པར་འཕགས༔ ཀུན་གྱི་སྤྱི་དྲིལ་ཡེ་ཤེས་སྙིང་པོའི་ལམ༔ མིག་འཕྲུལ་ལྟ་བུར་འབྲས་བུ་མངོན་བྱེད་ཐབས༔ མཐོང་བ་ཙམ་གྱིས་བྱིན་རླབས་ཟིལ་ཆེན་འབེབས༔ ཐོས་པས་དོན་གོ་ཉམས་རྟོགས་ཀློང་ནས་བརྡོལ༔ གཡེང་བ་སྤངས་ཏེ་ཟླ་བ་དྲུག་བསྒོམས་པས༔ རྡོ་རྗེ་གསུམ་གྱི་ཡེ་ཤེས་རང་ཤར་བ༔ ཀུན་བཟང་རྡོ་རྗེ་སེམས་དཔའ་པདྨ་འབྱུང༔ དོན་ལ་དབྱེར་མེད་གཅིག་ཏུ་ལྷུན་རྫོགས་ཕྱིར༔ རབ་འབྱམས་རྒྱུད་སྡེ་ཀུན་གྱི་འཕྲོ་གཞི་དང༔ སྙིང་པོའི་དོན་དང་མན་ངག་ཉིད་ཡིན་ཀྱང༔ རྣམ་པ་འཛམ་གླིང་གདུལ་བྱ་དྲང་བའི་སླད༔ དྷ་ན་ཀོ་ཥར་བརྫུས་ཏེ་བྱུང་བ་དང༔ མངལ་དུ་སྐྱེས་སོགས་སྣང་ཚུལ་ཐ་དད་པའི༔ མཛད་པའི་ཆོ་འཕྲུལ་ཅིར་ཡང་སྟོན་པ་ན༔ མཱ་ར་ཏཱི་ཀར་ཚེ་དཔག་མེད་མགོན་དང༔ ཡང་ལེ་ཤོད་དུ་དཔལ་ཆེན་ཧེ་རུ་ཀས༔ ཆོས་ཉིད་རང་སྒྲས་བདག་ལ་བསྩལ་པ་ཡི༔ གདམས་པ་ཀུན་གྱི་ཡང་ཞུན་འདི་ཁོ་ན༔ དགའ་རབ་ཤྲཱི་སིཾ་རིག་འཛིན་བརྒྱད་ལ་སོགས༔ གྲུབ་མཆོག་རྣམས་ལས་ལམ་རིམ་མནོས་པ་དང༔ ཕན་ཚུན་ཆོས་ཀྱི་བགྲོ་བ་ཆེན་པོ་ཡིས༔ དགོངས་ཉམས་བསྡུར་བའི་མདོ་བྱང་འདི་ལས་མེད༔ ཨོ་རྒྱན་རྒྱ་གར་བོད་ཡུལ་ལ་སོགས་སུ༔ བླ་རྫོགས་ཐུགས་གསུམ་སྒྲུབ་སྡེ་བརྒྱད་ལ་སོགས༔ ཟབ་ཅིང་རྒྱ་ཆེའི་ཆོས་འཁོར་འབྱམས་ཀླས་པ༔ ཀུན་གྱི་དོན་བསྡུས་མ་ནོར་འདི་ཡིན་ནོ༔ མདོར་ན་རྗོད་བྱེད་ཚིག་ཉུང་བརྗོད་བྱ་འདྲིལ༔ གོ་སླ་ཁྱེར་བདེ་གཞན་ལ་མ་ལྟོས་པར༔ དབང་པོ་དམན་འབྲིང་མཆོག་གི་ལམ་རྫོགས་པའི༔ མཐར་ཐུག་ཞལ་གདམས་འདི་ལས་གཞན་མ་མཆིས༔ དེ་ཕྱིར་བདག་ཉིད་པདྨ་སཾ་བྷ་ཝའི༔ ཐུགས་ཀྱི་ཐིག་ལེ་ལྔ་ལྡན་འོད་གསལ་དབྱིངས༔ མི་ཤིགས་དྭངས་མ་ཆོས་ཉིད་རང་སྒྲའི་རྒྱུད༔ དུས་གསུམ་སངས་རྒྱས་ཀུན་གྱི་གཤེགས་ཤུལ་འདི༔ མངའ་བདག་ཡབ་སྲས་གདམས་པའི་སྣོད་ལྡན་ཅིང༔ བཻ་རོ་ཙ་ན་བདག་དང་དགོངས་པ་མཉམ༔ ཐུགས་ཀྱི་གཟུངས་མ་ཞབས་ཏོག་ཕུལ་ཕྱིན་པའི༔ སྣོད་ལྡན་སྐལ་ལྡན་མཚན་ལྡན་ཚོགས་ལ་གཏད༔ ཡལ་བར་མ་དོར་སྙིང་གི་དབུས་སུ་ཟུངས༔ འདི་ལྟོས་འདིར་ཞུགས་འདི་ཉིད་བཤད་དང་སྒྲུབས༔ འདི་ལ་བརྟེན་ནས་མཐའ་ཡས་གདུལ་བྱ་ཀུན༔ ཡེ་ཤེས་སྙིང་པོ་ཚེ་འདིར་འགྲུབ་པར་ཤོག༔ ཅེས་ཐུགས་ཀྱི་སྙིང་པོ་གསང་བའི་མཛོད་བརྟོལ་ནས་གསུང་ཚངས་པའི་དབྱངས་ཀྱིས་བཀའ་བསྩལ་ཏེ་རྫུ་འཕྲུལ་གྱི་རྣམ་པར་རོལ་པ་དང༔ བཀོད་པ་མཐའ་ཡས་པ་དང་བཅས་ཏེ་སྐུ་གསུང་ཐུགས་མི་ཟད་པ་ལྷུན་གྲུབ་སྟུག་པོ་བཀོད་པའི་རྒྱན་དམ་པར་བཞུགས་སོ༔ ས་མ་ཡ༔ དེ་ལྟར་བཀའ་བསྩལ་པ་རྣམས་བདག་ཉིད་མཚོ་རྒྱལ་གྱིས་མི་བརྗེད་པའི་གཟུངས་སུ་བཟུང་ནས་བསམ་པ་དང་སྒོམ་པས་ཡིད་ལ་བྱས་ཏེ༔ སླར་ཡང་མངའ་བདག་ཡབ་སྲས་དང༔ ལོ་ཙཱ་བ་ཆེན་པོ་དང་བཅས་ཕན་ཚུན་དགོངས་པ་བསྡུར་ཏེ་ཚིག་དོན་ལྷག་ཆད་མེད་པར་མཁའ་འགྲོ་གསང་བའི་ཡི་གེར་བྲིས༔ སོ་སོའི་མགུལ་གྱི་གའུར་འཆང་སྟེ་གནས་སོ༔ ནམ་ཞིག་ཚེ་བདག་ཅག་རྗེ་འབངས་ཀུན་ཀྱང་གྲོས་མ་བྱས་པར་དགོངས་པ་གཅིག་ཏུ་མཐུན་པར་གུ་རུ་རིན་པོ་ཆེའི་སྤྱན་སྔར་ཕྱིན་ཏེ༔ ལྷ་ཕྱག་དགུ་ཕྲུགས་སུ་བཙལ་ཏེ་གསོལ་བ་བཏབ་པ་ནི༔ ཨེ་མ་གུ་རུ་རིན་པོ་ཆེ༔ ཁྱེད་ནི་སངས་རྒྱས་ཐམས་ཅད་དང༔ དབྱེར་མེད་དཀྱིལ་འཁོར་ཀུན་གྱི་གཙོ༔ ཀུན་ཏུ་འཆང་བ་ཉིད་ལགས་ན༔ འཛམ་གླིང་བྱེ་བ་ཕྲག་བརྒྱ་དང༔ ཁྱད་པར་གངས་ཅན་བོད་ཡུལ་འདིར༔ སངས་རྒྱས་ལས་ཀྱང་ལྷག་པ་ཡི༔ བཀའ་དྲིན་མཛད་པ་བསམ་མི་ཁྱབ༔ བྱེ་བྲག་བདག་ཅག་རྗེ་འབངས་ལ༔ སྣོད་ལྡན་སྐལ་ལྡན་མཚན་ལྡན་དུ༔ རྡོ་རྗེའི་གསུང་གིས་རྗེས་གནང་ཞིང༔ ཤིན་ཏུ་དགྱེས་པའི་མདངས་ཕྱུངས་ཏེ༔ སྔོན་ཆད་ཟབ་ཅིང་རྒྱ་ཆེ་བའི༔ གདམས་ངག་བྱེ་བ་ཕྲག་བརྒྱའི་གཞུང༔ ཇི་སྙེད་གསུངས་པའི་སྙིང་པོའི་ཕུལ༔ རྒྱུ་འབྲས་ལམ་མཆོག་ཡོངས་རྫོགས་པ༔ མ་བྱུང་འབྱུང་བར་དཀའ་བའི་བཅུད༔ སྙིང་གི་ཟུངས་སུ་བསྩལ་ལགས་ན༔ ཕྱོགས་དུས་བདེ་གཤེགས་ཐམས་ཅད་ཀྱི༔ དགོངས་ཉམས་གསང་བའི་ཡང་ཞུན་འདི༔ ད་ལྟ་སྤེལ་ལམ་གཏེར་དུ་སྦ༔ འགྲོ་དོན་གདུལ་བྱ་ཇི་ལྟར་འབྱུང༔ དུས་གསུམ་ཀུན་ཏུ་གཟིགས་པ་ཡི༔ མ་ཧཱ་གུ་རུས་བཀའ་བསྩལ་གསོལ༔ ཞེས་གསོལ་བ་བཏབ་པ་ན༔ དར་ཅིག་དགོངས་པ་མི་གཡོ་བའི་ཏིང་ངེ་འཛིན་ལ་བཞུགས་ཏེ༔ དེ་ལས་བཞེངས་པ་ན་འདི་སྐད་ཅེས་བཀའ་བསྩལ་ཏོ༔ ཉོན་ཅིག་སྣོད་ལྡན་འདུས་པའི་ཚོགས༔ བདག་ཉིད་པདྨ་འབྱུང་གནས་ནི༔ གདོད་ནས་མ་འཁྲུལ་རིག་པའི་གཤིས༔ ཀུན་བཟང་ཐོག་མའི་མགོན་པོར་རྫོགས༔ དེ་ལས་ལྔ་ལྡན་འོད་ཀྱི་ལུས༔ རྣམ་པར་གྲོལ་བའི་ཞིང་ཁམས་སུ༔ དུས་གསུམ་དུས་མེད་རྟག་པ་ཡི༔ ལོངས་སྤྱོད་ཆེན་པོར་རང་དབང་འབྱོར༔ གདུལ་བྱའི་ཡུལ་དང་ཉེར་འཚམས་པར༔ ཁ་ཅིག་ཆགས་བྲལ་རབ་བྱུང་དང༔ ལ་ལར་འཁོར་ལོས་སྒྱུར་བའི་ཚུལ༔ བསམ་གྱིས་མི་ཁྱབ་སྣང་བ་ན༔ མི་མཇེད་འཇིག་རྟེན་འཛམ་གླིང་འདིར༔ སྙིགས་མ་ལྔ་བདོའི་དུས་ཀྱི་མཐར༔ ཉོན་མོངས་ཤུགས་དྲག་གཉེན་པོ་ཞན༔ རྩོལ་བཅས་ཐེག་པས་གདུལ་དཀའི་ཚེ༔ དྷ་ན་ཀོ་ཤའི་པད་གླིང་དུ༔ མཚོ་སྐྱེས་འཆི་མེད་རྡོ་རྗེ་འཆང༔ རྫུས་སྐྱེས་ཐོག་བབས་ཚུལ་ཉིད་དུ༔ རང་བྱུང་སྤྲུལ་པའི་སྐུ་རུ་འོང༔ ཞི་བས་མི་འདུལ་གདུག་པའི་དཔུང༔ ཚར་གཅོད་རྡོ་རྗེ་དྲག་པོ་རྩལ༔ ཡེ་ཤེས་ཧཱུྃ་ལྔའི་སྣང་གླུ་ཅན༔ རིག་འཛིན་མཁའ་འགྲོའི་གཙོ་བོར་བཞེངས༔ ཨོ་རྒྱན་རྒྱ་གར་ཡུལ་ཀུན་ཏུ༔ བསྟན་ལ་རིམ་གྱིས་ཞུགས་པའི་ཚུལ༔ དགེ་སློང་པདྨ་སཾ་བྷ་ཝ༔ མཚན་དང་རྣམ་ཐར་བསམ་ལས་འདས༔ གདུལ་དཀའི་ཚོགས་རྣམས་སྤ་བཀོང་ཞིང༔ བར་ཆད་འབྱུང་པོ་གཟིར་བའི་སླད༔ སྣང་སྲིད་ཟིལ་གནོན་ཐོད་ཕྲེང་རྩལ༔ བོད་ཀྱི་ཡུལ་དུ་ལྷག་པར་སྣང༔ མདོར་ན་གདུལ་བྱའི་གང་ཟག་དང༔ འདུལ་བྱེད་སྟོན་པ་འདུལ་ཐབས་སོགས༔ འདོད་རྒུར་བསྒྱུར་བའི་ཆོ་འཕྲུལ་གྱིས༔ འགྲོ་འདུལ་ཕྲིན་ལས་བསམ་མི་ཁྱབ༔ ཁྱད་པར་གངས་ཅན་བོད་ཡུལ་འདིར༔ སྔོན་ནས་འབྲེལ་པའི་མཐུ་བཙན་པས༔ ཆོས་ཀྱི་རྒྱལ་པོ་ཆེན་པོ་ཡིས༔ གུས་པས་སྤྱན་དྲངས་གསོལ་བཏབ་ལྟར༔ མཐའ་དབུས་ཐམས་ཅད་ཞབས་ཀྱིས་བཅགས༔ ལྷ་སྲིན་གདུག་པའི་རྩུབ་འགྱུར་བཏུལ༔ བསམ་ཡས་གཙུག་ལག་མཐར་ཕྱིན་ཞིང༔ བཀྲ་ཤིས་ལྷག་གནས་མེ་ཏོག་འཐོར༔ རྒྱ་ཆེའི་མདོ་རྒྱུད་འབྱམས་ཀླས་དང༔ ཟབ་པའི་མན་ངག་སྙིང་པོ་སོགས༔ སྐད་ཅིག་རེར་ཡང་རྫུ་འཕྲུལ་གྱིས༔ ཆོས་ཀྱི་འཁོར་ལོ་གྲངས་མེད་བསྐོར༔ གནས་ཆེན་གངས་བྲག་མཚོ་གསུམ་རྣམས༔ བྱིན་གྱིས་བརླབས་ཤིང་ཟབ་གཏེར་སྦས༔ ད་ལྟར་བཞུགས་དང་འབྱུང་འགྱུར་གྱི༔ བོད་ལ་བཀའ་དྲིན་ཆེ་བར་བྱས༔ བྱེ་བྲག་ཕྱི་ནང་བདུད་སྡེའི་དཔུང༔ འཇོམས་བྱེད་རྡོ་རྗེ་དྲག་པོ་རྩལ༔ གཉེན་པོ་སྟོབས་ཀྱི་ལྷར་བཞེངས་ནས༔ སྨིན་གྲོལ་ཡན་ལག་མཐའ་རྒྱས་གདམས༔ དེ་རྣམས་ལས་ཀྱང་ཕུལ་བྱུང་བ༔ བསྐྱེད་རྫོགས་རབ་འབྱམས་ཐམས་ཅད་ཀྱི༔ རྒྱབ་ཡིག་དམར་བྱང་གནད་བསྡུས་པ༔ ཡེ་ཤེས་སྙིང་པོའི་ལམ་འབྲས་བཅས༔ བདག་གིས་མ་འོངས་དུས་ཤེས་པས༔ ད་ལྟ་སྤེལ་བའི་གནས་མེད་ཀྱི༔ རང་རང་ཉམས་སུ་ལེན་པ་དང༔ སྐལ་ལྡན་གཞན་ལ་ཅི་རིགས་སྟོན༔ ནམ་ཞིག་རང་བྱུང་པདྨ་བདག༔ སྲིན་པོའི་གདུལ་བྱ་འདུལ་བའི་ཕྱིར༔ ཆོ་འཕྲུལ་ཆེན་པོས་གཤེགས་ནས་ཀྱང༔ ལོ་སྐོར་གཅིག་གི་མཐར་སོན་ཚེ༔ བདག་ཉིད་ཀུན་བཟང་ཐོད་ཕྲེང་གི༔ ཚོགས་བརྒྱད་དག་པའི་རང་གདངས་ལས༔ ཡེ་ཤེས་རྣམ་པ་བརྒྱད་ཀྱི་སྐུ༔ སྤྲུལ་པའི་མཚན་མཆོག་རྣམ་བརྒྱད་ལས༔ མཐའ་གྲོལ་ཡེ་ཤེས་ཧེ་རུ་ཀ༔ འཆོལ་བའི་ཁྲོ་རྒྱལ་ཆེན་པོ་ནི༔ དཔལ་ཆེན་རྡོ་རྗེ་གྲོ་ལོད་ཀྱིས༔ དམ་སྲི་གདུག་པ་འདུལ་པའི་ཕྱིར༔ རོལ་པའི་ཆོ་འཕྲུལ་བསྟན་པའི་གནས༔ སྟག་ཚང་མིང་ཅན་བཅུ་གསུམ་ལས༔ ཤར་ཕྱོགས་མདོ་ཁམས་ཡུལ་གྱི་དབུས༔ འབྲི་རྫ་ཟལ་མོ་སྒང་གི་རྒྱུད༔ སྦས་ཡུལ་གངས་རིས་བསྐོར་བའི་འདབས༔ རང་བྱུང་ཤེལ་གྱི་ཕུག་པའི་བྱང༔ བོད་ཁམས་བཀྲ་ཤིས་འབྱུང་བའི་གནས༔ རིན་ཆེན་ཆུ་མིག་དཀར་མོའི་མགོ༔ རྨུ་སྟག་མི་ཟན་བཏུལ་བའི་འགྲམ༔ སེང་གེ་དྲེགས་པས་བསྒྱིངས་པའི་སྤོ༔ བསམ་འགྲུབ་བྲག་གི་ཀེའུ་ཚང་ནི༔ རྣམ་ཐར་སྒོ་གསུམ་གཞལ་མེད་ཁང༔ ཞི་ཁྲོའི་ལྷ་ཚོགས་ཕྱག་རྒྱ་དང༔ རྒྱ་བོད་ཡི་གེ་དབྱངས་གསལ་ཕྲེང༔ དྷཱ་ཀི་གསང་བའི་རི་མོ་སོགས༔ རྣམ་པ་དུ་མས་མཚན་པ་དེར༔ ཨོ་རྒྱན་བདག་གིས་ཟླ་བ་གཅིག༔ རྡོ་རྗེ་ཁྲོས་པའི་ཏིང་འཛིན་སྒོོམས༔ བར་ཆད་འབྱུང་པོ་ཚར་བཅད་ནས༔ བོད་ཡུལ་བཀྲ་ཤིས་འབྱུང་བར་བྱས༔ དེ་ལྟ་བུ་ཡི་གནས་ཀྱི་མཆོག༔ ཐོས་པས་ལས་ཀྱི་སྡིག་པ་འདག༔ མཐོང་བས་ཉོན་མོངས་སྒྲིབ་པ་ཞི༔ ཕྱག་བསྐོར་མཆོད་པ་བྱས་པ་ཡིས༔ ཚེ་དང་བསོད་ནམས་ཡེ་ཤེས་རྒྱས༔ རྩེ་གཅིག་བསྒོམ་དང་བསྒྲུབ་པ་ཡིས༔ དངོས་གྲུབ་རྣམ་གཉིས་མྱུར་དུ་ཐོབ༔ འབྲེལ་ཚད་དོན་དང་ལྡན་པ་སྟེ༔ ཡོན་ཏན་བསྔགས་པ་བརྗོད་མི་ལངས༔ དེ་ཡི་གནས་ཀྱི་རྩེ་མོ་རུ༔ དབུས་སུ་ཞི་ཁྲོ་ཡོངས་རྫོགས་པ༔ བདེ་གཤེགས་འདུས་པའི་གསང་ཕུག་ནི༔ བལྟར་ཡོད་བགྲོད་དུ་མེད་པར་བཞུགས༔ གཡས་སུ་ཨོ་རྒྱན་བདག་ཉིད་དང༔ གཡོན་དུ་ཐུགས་ཀྱི་དགྱེས་སྡེ་མོའི༔ གསང་བའི་ཉམས་མྱོང་བསྐྱང་བ་དང༔ རྡོ་རྗེའི་རྟོགས་པ་སྤེལ་བའི་སར༔ ཟབ་མོའི་གཏེར་ཀ་དུ་མ་དང༔ ཁྱད་པར་ཕྱི་མའི་སྙིང་པོ་རུ༔ གཟུགས་སྐུ་རྟགས་ཀྱི་མཚན་མ་དང༔ ཟབ་མོའི་བརྡ་རིས་གསུང་གི་རྟེན༔ བདག་ཉིད་དྲག་རྩལ་ཧེ་རུ་ཀའི༔ ཕྱག་མཚན་ཐུགས་ཀྱི་རྡོ་རྗེར་བཅས༔ ཡེ་ཤེས་དྷཱ་ཀི་མཚོ་རྒྱལ་མས༔ བཅུ་གསུམ་རིམ་པའི་རྒྱ་དང་ནི༔ རིག་འཛིན་དགའ་རབ་རྡོ་རྗེ་ཡིས༔ རོ་ལངས་གསེར་དུ་བསྒྱུར་བ་སོགས༔ རིན་ཆེན་དུ་མའི་སྙིང་པོ་རྣམས༔ སྨོན་ལམ་ཟབ་མོའི་མཚམས་སྦྱོར་བཅས༔ མགོན་པོ་མིག་གསུམ་དྲག་པོ་དང༔ གིང་བཙན་རྡོ་རྗེ་ལེགས་པ་ལ༔ ལས་ཀྱི་གཉེར་དུ་གཏོད་ལ་སྦོས༔ མ་འོངས་ཕྱི་མ་ཕྱི་མའི་དུས༔ རྩུབ་འགྱུར་སུམ་ཅུ་ཁ་རལ་ཚེ༔ ཆོས་རྒྱལ་ཡབ་སྲས་བྱིན་རླབས་ལས༔ མ་ངེས་འགྲོ་འདུལ་རིག་པ་འཛིན༔ སྒྱུ་མ་ལྟ་བུའི་སྐྱེས་བུ་ཟུང༔ ཁམས་དབུས་ཤར་དང་ལྷོ་རུ་འབྱུང༔ ཁྱད་པར་ཊུ་ྈ སྔོན་གྱི་སྨོན་ལམ་མཐུ་བཙན་པས༔ རྡོ་རྗེའི་གནས་དེར་ལྷན་ཅིག་ཚོགས༔ ད་ལྟའི་ངང་ཚུལ་ཐམས་ཅད་ཀུན༔ རྨི་ལམ་བཞིན་དུ་ཡད་ཡུད་དྲན༔ དགའ་དང་སྐྱོ་བའི་ཉམས་འབར་ཞིང༔ སྣང་བ་བན་བུན་གཟའ་གཏད་བྲལ༔ སྒྱུ་མ་ལྟ་བུའི་སྤྱོད་པ་དང༔ མ་འགགས་རྫུ་འཕྲུལ་རོལ་པ་ཡིས༔ ཀུན་གྱིས་མཐོང་བར་སྤྱན་དྲངས་ཏེ༔ རྩོད་པ་བྲལ་ཞིང་ཡིད་ཆེས་པས༔ ཨོ་རྒྱན་བསྟན་ལ་བྱ་བ་བྱེད༔ བོད་ཁམས་སྡུག་བསྔལ་ཞི་བ་དང༔ ཀུན་ལ་ཕན་བདེ་ཐབས་ཅིག་འབྱུང༔ དེ་ཚེ་ཐོག་མའི་སྐལ་ལྡན་ནི༔ རྣམ་པར་སྣང་མཛད་ལོ་ཙཱ་བས༔ བྱིན་བརླབས་ཞི་བའི་བློ་གྲོས་ཀྱིས༔ ཟབ་རྒྱས་ཚིག་དོན་གཏན་ལ་འབེབས༔ མཚོ་རྒྱལ་ཁྱོད་ཀྱིས་བྱིན་བརླབས་པས༔ འདི་ཉིད་ཉམས་བླངས་ཡེ་ཤེས་རྙེད༔ པདྨའི་མིང་ཅན་བརྟུལ་ཞུགས་ལྡན༔ དབུས་ཀྱི་ཕྱོགས་སུ་བསྟན་པ་སྤེལ༔ བདག་དང་རིགས་གསུམ་སེམས་དཔའ་ཡིས༔ བྱིན་བརླབས་རིག་པ་འཛིན་ལྔ་དང༔ ཟབ་མོའི་ལམ་འདི་འཕྲད་པ་ན༔ བར་ཆད་ཞི་ཞིང་བོད་ཁམས་བདེ༔ ཐུགས་ཀྱི་བཀའ་བབས་མི་བརྒྱད་དང༔ མཆོག་གི་རིག་འཛིན་ཉི་ཤུ་ལྔ༔ འཛིན་དང་སྤེལ་བ་བཅུ་དྲུག་སྟེ༔ རིགས་ལྡན་མཁའ་འགྲོ་ལྔ་ཕྲག་ཟུང༔ དེ་དག་རྣམས་ཀྱིས་ཉམས་བླངས་ན༔ མཆོག་ཐུན་དངོས་གྲུབ་ཁྱད་པར་འཐོབ༔ གཞན་ཡང་ལས་ཅན་བརྒྱ་རྩ་སྡེ༔ དངོས་གྲུབ་ཐོབ་པ་སྟོང་རྩ་བརྒྱད༔ འབྲེལ་ཐོགས་འབུམ་ཚོ་བཅོ་བརྒྱད་སོགས༔ མི་དང་མི་མ་ཡིན་པ་ཡི༔ གདུལ་བྱའི་སྐྱེ་བོ་བསམ་མི་ཁྱབ༔ འདུལ་བྱེད་ཐབས་ཀྱི་ཁྱད་པར་ལས༔ འགའ་ཞིག་ནད་གདོན་བར་ཆད་ཞི༔ ལ་ལ་མངའ་ཐང་དཔལ་འབྱོར་རྒྱས༔ ལ་ལས་སྣང་སྲིད་དབང་དུ་འགྱུར༔ གཞན་དག་དྲག་པོའི་བརྟུལ་ཞུགས་ཀྱིས༔ གདུག་པ་ཅན་རྣམས་ཚར་གཅོད་བྱེད༔ ཁྱད་པར་མཆོག་གི་ཕྲིན་ལས་ནི༔ བསྐྱེད་རིམ་གསལ་སྣང་བརྟན་པ་ལས༔ དམིགས་གཏད་ནུས་མཐུ་རྩོལ་མེད་འབྱུང༔ རྫོགས་རིམ་རླུང་སེམས་ལས་རུང་བས༔ མངོན་ཤེས་རྫུ་འཕྲུལ་སྣ་ཚོགས་འཆར༔ ཐབས་ལམ་ཟབ་མོའི་ཉམས་ལེན་གྱིས༔ བདེ་བ་ཆེན་པོའི་བརྟུལ་ཞུགས་གྲུབ༔ མཐར་ཐུག་འོད་གསལ་རྫོགས་པ་ཆེ༔ རྡོ་རྗེ་སྙིང་པོའི་གསང་ལམ་ནས༔ གནས་ལུགས་མངོན་གྱུར་ཡེ་ཤེས་སུ༔ པདྨ་བདག་དང་སྐལ་མཉམ་པ༔ མཐའ་དབུས་ཀུན་ཏུ་འབྱུང་བ་ཡིས༔ སྙིང་པོའི་བསྟན་ལ་བྱ་བ་བྱེད༔ དེ་ཡང་བྱང་ཆུབ་སེམས་དཔའ་རྣམས༔ གང་འདུལ་རྣམ་ཐར་ཚད་མེད་པས༔ ཁ་ཅིག་རྒྱ་ཆེར་བཤད་པ་དང༔ འགའ་ཞིག་ཟབ་དོན་སྒྲུབ་པ་དང༔ ལ་ལས་མ་ངེས་འགྲོ་འདུལ་ཕྱིར༔ གཞན་ཕན་སྤྱོད་པ་ཅིར་ཡང་སྟོན༔ ཀུན་ཀྱང་པདྨ་བདག་ཉིད་དང༔ ཟབ་མོའི་ལམ་འདིར་ཡིད་ཆེས་པས༔ འབྲེལ་ཚད་དོན་དང་ལྡན་འགྱུར་ཞིང༔ བསམ་པ་ཐམས་ཅད་ངེས་པར་འགྲུབ༔ ཡེ་ཤེས་སྙིང་པོའི་ལམ་རིམ་འདི༔ རིན་ཆེན་གསེར་གྱིས་བྲིས་ནས་ཀྱང༔ བདུད་རྩི་ལྔ་ཡིས་རབ་ཏུ་བྱུགས༔ ཐབས་དང་ཤེས་རབ་དམ་རྫས་བཅས༔ གང་གི་མགུལ་དུ་གདགས་པའམ༔ སྤྱི་བོའི་གཙུག་ཏུ་འཆང་བས་ཀྱང༔ མཐོང་ཐོས་དྲན་རེག་གྲོལ་བ་དང༔ དགོངས་ཉམས་ཡེ་ཤེས་རྩོལ་མེད་འཆར༔ དེ་བཞིན་ཀློག་དང་འཛིན་པ་དང༔ ཁ་ཏོན་འཆད་ཉན་བྱེད་པ་ཡང༔ པདྨ་བདག་གིས་བྱིན་བརླབས་ན༔ ཚུལ་བཞིན་ཉམས་ལེན་སྨོས་ཅི་དགོས༔ གཞན་ཡང་བོད་ཁམས་ཐམས་ཅད་ལ༔ བདེ་སྐྱིད་བཀྲ་ཤིས་འབྱུང་འདོད་ན༔ མེས་དབོན་གསུམ་གྱིས་བཞེངས་པ་ཡི༔ གཙུག་ལག་ཁང་རྣམས་ཐམས་ཅད་དང༔ སྒྲུབ་པའི་གནས་རྣམས་ཉམས་པ་གསོ༔ དགེ་འདུན་རྣམས་ཀྱིས་བརྟན་བཞུགས་དང༔ ནུས་ལྡན་རབ་གནས་ཡང་ཡང་འཐོར༔ ཕྱག་མཆོད་བཀུར་སྟི་རྒྱ་ཆེར་བྱ༔ སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་ལ༔ དུས་སྟོན་བཙུགས་ཤིང་སྡེ་སྣོད་བཤད༔ གནས་ཆེན་བྱིན་འབེབས་ཆོ་ག་དང༔ བདུད་རྩི་སྨན་གྱི་སྒྲུབ་པ་དང༔ ཚོགས་མཆོད་རྡོ་རྗེའི་གླུ་གར་བྱ༔ ཞིབ་པར་བོད་ལ་སྙིང་བརྩེ་བས༔ མཁན་ཆེན་བྱང་ཆུབ་སེམས་དཔའ་དང༔ བདག་དང་ཆོས་ཀྱི་རྒྱལ་པོ་ཡི༔ སྙིང་པོའི་ཞལ་གདམས་ཇི་ལྟ་བར༔ བླ་ཡི་མཆོད་གནས་སྡེ་གཉིས་དང༔ རྒྱལ་བློན་འབངས་དང་བཅས་པ་ཡིས༔ ཆོས་བརྒྱད་ལྟར་སྣང་མ་ཡིན་པར༔ ཐེ་ཚོམ་མེད་པའི་ངེས་ཤེས་དང༔ ཕྱིར་མི་ལྡོག་བའི་བརྩོན་འགྲུས་ཀྱིས༔ འབད་བས་རྩལ་དུ་བཏོན་བྱས་ན༔ སེམས་བསྐྱེད་བསམ་པའི་ཁྱད་པར་བཞིན༔ བོད་ཡུལ་སྤྱི་དང་བྱེ་བྲག་གི༔ དུས་ཀྱི་རྒུད་པ་ཞི་བ་དང༔ སྣོད་བཅུད་འབྱོར་པ་འཕེལ་བ་དང༔ བཤད་སྒྲུབ་བསྟན་པ་ཡུན་བསྲིངས་ནས༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་འགྱུར༔ ཞེས་བཀའ་བསྩལ་པ་ན་བདག་ཅག་རྣམས་ཤིན་ཏུ་དད་ཅིང་རྗེས་སུ་ཡི་རང་བས་བཟོད་དུ་མེད་པའི་མོས་གུས་ཀྱི་ཉམས་འབར་བ་དང་བཅས་ཕྱག་དང་མཆོད་པ་ཕུལ་ཞིང་རྡོ་རྗེའི་གླུས་མགྲིན་གཅིག་ཏུ་བསྟོད་པ་ནི༔ ཨེ་མ་ཧོཿ ཀུན་བཟང་ཐོག་མའི་མགོན་པོ་འོད་དཔག་མེད༔ ཐུགས་རྗེའི་སྐུར་བཞེངས་མཚོ་སྐྱེས་རྡོ་རྗེ་འཆང༔ ཡོན་ཏན་ཡོངས་རྫོགས་པདྨ་སཾ་བྷ་ཝ༔ གདུལ་དཀའི་འགྲོ་འདུལ་རྡོ་རྗེ་དྲག་པོ་རྩལ༔ སྣང་སྲིད་ཟིལ་གནོན་རིག་འཛིན་པདྨ་འབྱུང༔ བདེ་སྟོང་ཟུང་འཇུག་ཐིག་ལེ་གཅིག་ཉིད་ལས༔ སེམས་ཅན་ཀུན་གྱི་དབང་པོའི་ཁྱད་པར་བཞིན༔ ཞི་དང་ཁྲོ་དང་རྗེས་སུ་ཆགས་པའི་སྐུ༔ རོལ་པ་ཆེན་པོའི་ཆོ་འཕྲུལ་མཁའ་ལྟར་ཁྱབ༔ མོས་པ་དང་ནི་བློ་ཡི་བྱེ་བྲག་དང༔ རྗེས་སུ་མཐུན་པར་ཆོས་འཁོར་རྒྱུན་མི་འཆད༔ འོད་གསལ་དབྱིངས་ལས་མ་གཡོས་ཡེ་ཤེས་ཀྱི༔ ཐུགས་རྗེའི་འཇུག་པས་བོད་ལ་ལྷག་པར་དགོངས༔ བཀའ་དྲིན་མཉམ་མེད་གུ་རུ་རིན་པོ་ཆེར༔ ལུས་དང་ལོངས་སྤྱོད་ལྟོས་པ་མེད་པར་འབུལ༔ བྱང་ཆུབ་བར་དུ་ནམ་ཡང་མི་འབྲལ་བར༔ ཐུགས་དམ་ཞལ་བཞེས་དགོངས་པས་རྗེས་སུ་ཟུངས༔ བོད་ཁམས་མཐའ་དབུས་ཀུན་ཏུ་བདེ་བ་དང༔ སངས་རྒྱས་བསྟན་པ་ཡུན་དུ་གནས་པ་དང༔ བདག་ཅག་ལས་དང་སྨོན་པས་གར་སྐྱེས་ཀྱང༔ གུ་རུའི་ཕྲིན་ལས་ཡོངས་སུ་སྤེལ་བ་ལས༔ མཐོང་ཐོས་དྲན་རེག་འབྲེལ་ཚད་དོན་ལྡན་ཅིང༔ ཀུན་བཟང་དགོངས་ཀློང་ཕྱམས་གཅིག་གྲོལ་བར་ཤོག༔ ཁྱད་པར་རྡོ་རྗེའི་གསུང་གི་སྙིང་པོ་རྣམས༔ དུས་སུ་བབ་ཚེ་བཏོན་ཅིང་སྤེལ་བ་དང༔ འཆད་ཉན་སྒོམ་སྒྲུབ་ཟབ་མོ་ལ་བརྟེན་ནས༔ རྒྱལ་བ་ཀུན་གྱི་ཕྲིན་ལས་ཡོངས་རྫོགས་ཤོག༔ ཅེས་བསམ་པ་ཐག་པས་སྨོན་ལམ་དུ་གསོལ་བ་ན༔ གུ་རུ་རིན་པོ་ཆེས་ཀྱང་དེ་དེ་བཞིན་དུ་གྱུར་ཅིག་ཅེས་རྡོ་རྗེའི་གསུང་གིས་བདེན་ཚིག་བསྩལ་པ་དང་ལྷན་ཅིག༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ནམ་མཁའ་གང་བས་མེ་ཏོག་གི་ཆར་ཕབས༔ བཀྲ་ཤིས་ཀྱིས་མངའ་གསོལ༔ རིག་པ་འཛིན་པ་དང༔ གྲུབ་པ་དང༔ མཁའ་འགྲོ་དང༔ སྲུང་མ་དང༔ ལྷ་དང༔ ཀླུ་དང༔ དཀར་ཕྱོགས་སྐྱོང་བའི་གཞིའི་བདག་པོ་རྣམས་ཀྱིས་ཀྱང་མངོན་པར་བསྟོད་ཅིང་བསྟན་པ་སྐྱོང་བ་དང༔ སྤེལ་བ་དང༔ འཛིན་པར་ཁས་བླངས་ཏེ་མི་སྣང་བར་གྱུར་ཏོ༔ ས་མ་ཡ༔ དེ་ནས་ཇི་ལྟར་བཀའ་བསྩལ་པའི་རྗེས་སུ་འབྲངས་ཏེ༔ བདག་ཅག་རྗེ་འབངས་རྣམས་ཀྱིས་ཐོས་བསམ་སྒོམ་གསུམ་གྱིས་ཡིད་ལ་བྱས་ཏེ་དཔེ་རྒྱུད་མགུལ་དུ་འཆང༔ སྙན་བརྒྱུད་ཅི་རིགས་པ་གཞན་ལའང་སྟོན་ཅིང་གནས་པ་ན༔ ནམ་ཞིག་གུ་རུ་རིན་པོ་ཆེ་སྲིན་པོའི་ཁ་གནོན་དུ་གཤེགས་ནས་ལོ་སྐོར་གཅིག་གི་མཐར་སོན་པའི་དུས༔ དབྱིངས་ཀྱི་མཁའ་འགྲོ་ཨེ་ཀ་ཛཱ་ཊིས་ཀྱང་རྗེས་སུ་བསྐུལ་བ་ལ་བརྟེན་ནས༔ རྡོ་རྗེའི་ལུང་གིས་མངོན་པར་བསྔགས་པའི་གནས་སུ་མི་འགྱུར་བའི་བཀའ་རྟགས་གསུམ་སོ་སོར་སྦས་ནས་བཀའ་སྲུང་བདུད་མགོན་ནག་པོ་དང༔ གཏེར་སྲུང་གིང་བཙན་དམར་པོ་ལ་བཅོལ་གདམ་དུ་བགྱིས་པ་ན༔ དེ་དག་གིས་ཀྱང་སྐལ་མེད་བྱུང་ན་དབང་པོ་སྣུབ་པ་དང༔ སྐལ་ལྡན་ལ་ཚུལ་བཞིན་དུ་གཏད་ཅིང་ཕྲིན་ལས་སྤེལ་བའི་གཡར་དམ་མདོངས་གསོལ་དུ་བཞེས་སོ༔ དེའི་ཚེ་སྨོན་ལམ་དུ་གདབ་པ༔ དུས་གསུམ་ཀུན་མཁྱེན་ཀུན་ཏུ་འཆང༔ བདེ་ཆེན་པདྨ་སཾ་བྷ་བའི༔ ཞལ་གདམས་ལམ་རིམ་སྙིང་པོ་དང༔ རྡོ་རྗེ་དྲག་རྩལ་ཧེ་རུ་ཀའི༔ སྨིན་གྲོལ་བསྐྱེད་རྫོགས་ཡན་ལག་བཅས༔ མི་འགྱུར་བྲག་གི་སུལ་དུ་སྦས༔ རིམ་པ་མང་པོའི་རྒྱས་བཏབ་ནས༔ གཏེར་བདག་སྲུང་མར་གཉེར་གཏད་པ༔ ནམ་ཞིག་བོད་ཁམས་མཐའ་དབུས་ཀུན༔ སྡུག་བསྔལ་རྒྱ་མཚོར་གཡེང་བའི་ཚེ༔ མངའ་བདག་ཡབ་སྲས་ཐུགས་བསྐྱེད་ལས༔ རྣམ་འཕྲུལ་ཟུང་དང་འཕྲད་ནས་ཀྱང༔ ཟབ་མོའི་ལུང་བཞིན་སྤེལ་བའི་མཐུས༔ བསྟན་འགྲོའི་རྒུད་པ་ཞི་བ་དང༔ ཕན་བདེ་རྒྱ་ཆེར་འབྱུང་པར་ཤོག༔ ཅེས་བསམ་པ་ཐག་པས་སྨོན་ལམ་དུ་བགྱིས་པ་ན་གུ་རུ་རིན་པོ་ཆེའི་ཡེ་ཤེས་ཀྱི་སྐུ་སྐད་ཅིག་གིས་གློག་འཁྱུགས་པ་ལྟ་བུའི་རྫུ་འཕྲུལ་གྱིས་མངོན་པར་སྣང་བར་མཛད་དེ་རྡོ་རྗེའི་བདེན་ཚིག་གིས་སླར་ཡང་དབུགས་དབྱུང་བ་དང༔ རབ་ཏུ་གནས་པའི་མེ་ཏོག་འཐོར་བ་རིན་པོ་ཆེའི་ཆར་དུ་སྣང་བར་གྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ མནྟྲ་གུ་ཧྱ་ས་མ་ཡ༔ ཨོཾ་སྭསྟི་སརྦ་སིདྡྷི། མཁས་པའི་གཙུག་རྒྱན་གྲུབ་པའི་འཁོར་ལོས་སྒྱུར། །པདྨ་འོད་གསལ་མདོ་སྔགས་གླིང་པ་ལ། །ཡེ་ཤེས་ཌཱ་ཀིས་ཁ་བྱང་དངོས་སུ་ཕུལ། །སྔ་ཕྱིར་གསལ་སྣང་གཟིགས་པས་ངེས་པ་འཁྲུངས། །གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མཆོག་གྱུར་གླིང་། །མདོ་སྨད་བསྟན་འགྲོའི་དཔལ་དུ་ཕྱག་ཕེབ་ཅིང་། །ཟད་པར་དུས་ཀྱི་ཁུག་པ་རྫོགས་པ་དང་། རབ་ཚེས་ཤར་ལ་ཉེ་བའི་གནས་དུས་ཀྱི། །རྟེན་འབྱུང་ཕུན་ཚོགས་ངང་གིས་འགྲིགས་པ་ན། །གུ་རུའི་ལུང་བཞིན་ཡབ་སྲས་ལྷན་རྒྱས་པས། །རོང་མེ་དཀར་མོ་སྟག་ཚང་གནས་ཀྱི་སྒོ། །སྣང་བར་མཛད་ཅིང་བསམ་འགྲུབ་ཀེའུ་ཚང་གི །གསང་ཕུག་གཡས་གཡོན་སེང་གེ་གཡུ་མཚོ་ནས། །ངོ་མཚར་ཟབ་གཏེར་ནོར་བུའི་མཛོད་ཕྱུང་པའི། །ཡང་ཟབ་བླ་མ་རྡོ་རྗེ་དྲག་རྩལ་གྱི། །སྐུ་གསུང་ཐུགས་རྟེན་ཁྱད་པར་འཕགས་པ་ནི། །གཡོན་ངོས་མཁའ་འགྲོ་གསང་བའི་ཕུག་པ་ནས། །བོད་ཁམས་སྤྱི་ཁྱབ་སྐྱོབ་པའི་མགོན་དུ་བྱོན། །བླ་སྒྲུབ་སྐོར་བཞིའི་རྒྱབ་ཆོས་ལམ་གྱི་རིམ། །མདོ་རྒྱུད་སྙིང་པོའི་དགོངས་པའི་བཅུད་འདི་ཡང་། །རིག་འཛིན་ཆེ་མཆོག་གསེར་ཞལ་རྒྱས་པ་ཡིས། །མདོ་རྒྱས་འཚམས་པའི་མཁའ་འགྲོའི་བརྡ་བསྒྱུར་ཅིང་། །སྐལ་བཟང་སྣོད་ལྡན་བློ་གྲོས་མཐའ་ཡས་སྡེས། །སྒོ་གསུམ་གུས་པས་སྲི་ཞུ་ལྷུར་བླངས་ཏེ། །སྙིང་པོའི་བསྟན་པའི་བཙས་དང་ཕྱི་རབས་ཀྱི། །སྐལ་ལྡན་ཡོངས་ཀྱི་སྙིང་བཅུད་རིན་ཆེན་དབྱིག །ས་སྟེང་ཉི་ཟླའི་སྒྲོན་མེ་སྦར་བྱས་པའི། །དགེ་བས་གསང་ཆེན་ངེས་པའི་ཐེག་པ་ལས། ཁམས་གསུམ་སྐྱེ་རྒུ་རྩོལ་མེད་དབུགས་དབྱུང་ཞིང་༑ །དུས་ཀྱི་རྒུད་པ་ཀུན་ཞི་གངས་ཅན་གྱི། །མཐའ་དབུས་བདེ་སྐྱིད་རྫོགས་ལྡན་དཔལ་འབར་ཤོག །ཅེས་པའང་རྩོད་བྲལ་རིག་འཛིན་གྲུབ་པའི་རྒྱལ་པོ་ལྷན་རྒྱས་པས་རྗེས་སུ་བཟུང་བ་པདྨ་གར་དབང་བློ་གྲོས་མཐའ་ཡས་གཡུང་དྲུང་གླིང་པས་བཀྲ་ཤིས་ཟླ་གམ་དབང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ། སྔ་འགྱུར་ཡོ་ག་རྣམས་སུ་ཐུན་མོང་གི །རྒྱབ་ཆོས་བླ་མེད་ལམ་གྱི་རིམ་པ་ཀུན། །འདུས་གསལ་པདྨ་སཾ་བྷའི་ཞལ་སྐྱིན་དངོས། །དུས་གསུམ་འབྱོན་དཀའ་ཡེ་ཤེས་སྙིང་པོ་འདི། །ཀུན་མཁྱེན་བླ་མས་བྱིན་བརླབས་རང་བྱུང་གི །མཁྱེན་རྒྱས་འཇམ་དབྱངས་ལེགས་པའི་བློ་གྲོས་ནས། །གཞན་ཕན་ལྷག་བསམ་བཟང་པོས་ཡོན་སྦྱར་ཏེ། །མི་ཟད་ཆོས་ཆར་འཇོ་བའི་ཕྱི་མོར་བསྒྲུབས། །ཐོས་པས་གོ་ཞིང་བསམ་པས་ཉམས་སུ་མྱོང་། །སྒོམ་པས་མཆོག་གི་གོ་འཕང་ལ་སྦྱོར་ཏེ། །གསང་ཆེན་བསྟན་པ་འཇིག་རྟེན་མཐའ་དག་ཏུ། །རྒྱས་པའི་བཙས་སུ་རྟག་ཅིང་ཁྱབ་པར་ཤོག །ཅེས་པའང་སྤར་གྱི་ཕྱི་མོའི་ཞུ་དག་དང་ཆབས་ཅིག་བློ་གྲོས་མཐའ་ཡས་ཀྱིས་ཆེད་དུ་བརྗོད་པ་སིདྡྷི་རསྟུ།། །།

བླ་མ་དགོངས་པ་འདུས་པ་ལས༔ བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱི་ཡང་གསང་རྩ་བའི་ཐུགས་སྒྲུབ་གསལ་བྱེད་ཐུགས་ཀྱི་ནོར་བུ་ (Volume 7, Text 1)

༁ྃ༔ བླ་མ་དགོངས་པ་འདུས་པ་ལས༔ བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱི་ཡང་གསང་རྩ་བའི་ཐུགས་སྒྲུབ་གསལ་བྱེད་ཐུགས་ཀྱི་ནོར་བུ་བཞུགས་སོ༔ ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཧཱུྃ༔ ཕྱི་རབས་སྐལ་ལྡན་སེང་ཕྲུག་སྙིང་གི་བུ༔ རྩ་གསུམ་དྲིལ་སྒྲུབ་ཨོ་རྒྱན་སྲོག་ཕུར་འདི༔ རྩེ་གཅིག་ཕུར་ཚུགས་ཉམས་སུ་སུས་བླངས་པ༔ ང་དང་འབྲལ་མེད་ཅི་འདོད་འབྱུང་ངོ་བུ༔ སྤྱི་སྒྲུབ་གཞན་རྣམས་ནམ་མཁའ་ལྟ་བུ་འམ༔ སྐར་ཚོགས་ལྟ་བུར་གྲངས་མང་ཆ་ཚང་ཡང༔ འདི་ནི་ཐུགས་སྒྲུབ་ཉི་ཟླ་ལྟ་བུ་སྟེ༔ གཅིག་ཆོག་བློ་བདེ་དོན་གྱི་བཅུད་ཕུར་ལས༔ དགོངས་འདུས་མདོ་འཛིན་རྩ་བའི་མན་ངག་ཡིན༔ འདི་ཉིད་ཉམས་སུ་ལེན་པའི་གང་ཟག་ནི༔ དད་པ་དམ་ཚིག་བརྩོན་འགྲུས་སྙིང་རྗེར་ལྡན༔ ཁོག་ཡང་བློ་བརྟན་གསང་ཐུབ་གཅིག་པུར་གནས༔ ཆགས་མེད་ཞེན་བྲལ་ཚེ་འདི་བློ་ཡིས་ཐོངས༔ གཞན་དོན་གཉེར་ལེན་མཚན་ལྡན་ཐོད་བཞིན་ཁུར༔ ཐེ་ཚོམ་ཡིད་གཉིས་བྲལ་གྱིས་བསྒྲུབ་པར་བྱ༔ གནས་ནི་རི་སུལ་གངས་འདབས་ནགས་ཁྲོད་གླིང༔ དུར་ཁྲོད་བས་མཐའ་སྒྲུབ་གནས་དབེན་པ་འམ༔ ཡང་ན་ཉམས་དགའ་བག་དྲོ་བྱིན་ཆགས་ཤིང༔ ཡིད་མཐུན་བྱུང་ན་གྲོང་ཁྱེར་ཡིན་ཡང་རུང༔ གནས་དེར་ཡར་ཚེས་གཟའ་སྐར་བཟང་པོའི་དུས༔ བསྙེན་དང་བསྒྲུབ་པ་ལས་སྦྱོར་རྣམ་གསུམ་བྱ༔ དང་པོ་བསྙེན་པ་ཚ་བ་དམར་ཐག་འདི༔ འཇིག་རྟེན་བྱ་བཞག་བསྐྱུངས་ལ་འབད་པས་བསྙེན༔ རྟགས་རྣམས་རྫོགས་ནས་སྒྲུབ་པའི་ལས་ལ་འཇུག༔ འདི་རྟགས་མ་རྫོགས་བསྒྲུབ་དང་ལས་སྦྱར་ན༔ དར་ལ་མ་སྨིན་འཆལ་ཞིང་བྱིན་རླབས་ཡལ༔ བར་ཆད་བདུད་ཀྱིས་འཚེ་བ་མང་འབྱུང་འགྱུར༔ རྟགས་རྣམས་རྫོགས་ནས་བསྒྲུབ་ཅིང་ལས་སྦྱར་ན༔ ཅི་འདོད་དངོས་གྲུབ་ཡིད་བཞིན་ཆར་ལྟར་འབབ༔ མཆོག་དོན་འགྲུབ་ཅིང་ཐུན་མོང་སྨོས་ཅི་དགོས༔ དེ་ཕྱིར་འདི་ཉིད་རྟགས་རྫོགས་བར་དུ་བསྒྲུབ༔ ས་མ་ཡ༔ སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན་པ་ལ་སོགས་སྔོན་དུ་འགྲོ་བའི་ཆོས་རྣམས་སྤྱི་གཞུང་ལྟར་རྒྱས་བསྡུས་བློས་སྐབས་དང་བསྟུན་པར་བྱས་ལ༔ གསལ་བྱེད་ཐུགས་ཀྱི་ནོར་བུ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་གྱི་བསྙེན་པ་ལ་འཇུག་པ་ནི༔ སྐད་ཅིག་དྲན་པའི་ཏིང་ངེ་འཛིན་གསལ་བ་ལས༔ པཾ་ལས་པདྨ༔ ཨ་ལས་ཟླ་བ༔ རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ༔ རང་ཉིད་བཅོམ་ལྡན་འདས་དཔལ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཁྲོ་ཞིང་གཏུམ་པ་དབུ་སྐྲ་རལ་པ་ཁམ་ནག་གྱེན་དུ་འཕྱོ་བའི་ཁྲོད་དུ་རྟ་མགོ་ལྗང་ཞུར་རྔོག་མ་དམར་པོ་ལེ་བརྒན་མེ་ལྟར་དུ་འབར་བ་ལས་མགར་གྱི་ཚྭ་ཚྭ་ལྟ་བུའི་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟར་འཕྲོས་པས་ཁམས་གསུམ་དབང་དུ་སྡུད་པ༔ ཞལ་ནས་རྟ་སྐད་སྟོང་གསུམ་དུ་གྲགས་པ་ལྟར་འཚེར་བས་སྲིད་གསུམ་ཟིལ་གྱིས་གནོན་པ༔ ཐོད་པ་སྐམ་པོ་ལྔ་དང་རིན་པོ་ཆེའི་རྩེ་བྲན་གྱིས་བརྒྱན་པ༔ ཞལ་གདངས་མཆེ་བ་བཞི་གཙིགས་ཤིང་ལྗགས་འདྲིལ་བ༔ སྤྱན་གསུམ་དམར་ཟླུམ་གློག་ལྟར་འཁྱུག་པ༔ སྨིན་མ་ཨག་ཚོམ་མེ་ལྟར་དུ་འབར་ཞིང་འཕྱོ་བ༔ གླང་ཆེན་གྱི་སྟོད་གཡོགས་སྟག་ལྤགས་ཀྱི་ཤམ་ཐབས༔ ཞིང་ལྤགས་ཀྱི་སྐེད་དཀྲིས་དང༔ ཡན་ལག་ཐམས་ཅད་རིན་པོ་ཆེའི་གདུ་བུ་དང་སྦྲུལ་གྱིས་དཀྲིས་པ༔ ཐོད་རློན་ལྔ་བཅུ་རྩ་གཅིག་གི་ག་ཤལ་སོགས་ཏེ་དུར་ཁྲོད་ཀྱི་ཆས་བརྒྱད་དང་རུས་པའི་རྒྱན་དྲུག་གིས་བརྒྱན་པ༔ དར་སྣ་ཚོགས་ཀྱི་ཅོད་པན་འཕུར་ཞིང་ཕྱག་གཡས་པས་རྡོ་རྗེ་གྲི་གུག་ནམ་མཁར་འཕྱར་བ༔ གཡོན་པས་ཐོད་པ་ཁྲག་གིས་བཀང་བ་པུས་མོའི་ཐད་དུ་གདེངས་པ༔ གསུས་ཁྱིམ་ཆེ་བ་ཉ་སུལ་རགས་པ༔ ཤིན་ཏུ་ཁྲོ་ཞིང་གཏུམ་པ་གནོད་སྦྱིན་དང་སྲིན་པོ་ཁྲོས་པའི་ཆ་ལུགས་ཅན་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ་གཅིག་ཏུ་ལམ་གྱིས་གསལ་བའི་ཐུགས་ཀར༔ རང་གི་སྙིང་ཁྲག་པཾ་ལས་བདུད་རྩིའི་རྒྱ་མཚོ་ཟངས་དམར་འོ་མས་བཀང་བ་ལྟ་བུར་གྱུར་པའི་དཀྱིལ་དུ༔ སྙིང་དེ་ཉིད་པདྨའི་སྡོང་པོ་བརྩེགས་པ༔ སྙིང་གི་རྩ་ཐམས་ཅད་ཕྱིར་གྱེས་པ་ལས་པད་སྡོང་གི་ཡལ་ག་ལོ་འདབ་མེ་ཏོག་གི་རྣམ་པར་གཡུར་ཆགས་པ༔ དཔེར་ན་དཔག་བསམ་ཤིང་ཆེན་གྱི་ལོ་འདབ་རྒྱས་པ་ལྟར་བཀྲག་གསལ་ཞིང༔ དར་རྒྱས་ལྷུན་ཆགས་པ་གཅིག་བསམ་པའི་སྙིང་གི་རྩེ་མོ་པདྨ་འདབ་བཞིའི་ཟེའུ་འབྲུ་དང་བཅས་པ༔ མེ་ཏོག་པདྨ་དམར་པོ་ཁ་བྱེ་མ་འཕྲལ་ལྟ་བུ་དམར་སི་རེ་བ་གཅིག་ཏུ་གྱུར་པའི་ཟེའུ་འབྲུའི་སྟེང་དུ༔ སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་དམར་ལ་དྭངས་ཤིང་འོད་གསལ་བ་ལས་ཀྱང་འོད་ཟེར་དམར་པོའི་ཟིལ་པ་ཕྲུམ་ཕྲུམ་པ༔ ལོ་བརྒྱད་ལོན་པའི་ན་ཚོད་ཙམ་ལ་ཤིན་ཏུ་མཛེས་པ༔ ཞལ་གཅིག་ཕྱག་གཉིས་ཞབས་སྐྱིལ་ཀྲུང་མཛད་པའི་པང་དུ༔ ཡུམ་ལྷ་ལྕམ་མེ་ཏོག་མནྡཱ་ར་བ་བཞུགས་པ༔ ཕྱག་གཉིས་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་དང༔ གཡོན་ཀ་པཱ་ལ་ཟག་པ་མེད་པའི་བདུད་རྩིས་ཕྱུར་གྱིས་གང་བ་བསྣམས་པ༔ ཕྱག་རྒྱ་བསྣོལ་བའི་ཚུལ་གྱིས་ཡུམ་གྱི་སྐེད་པར་འཁྱུད་པ༔ ཡུམ་ཡང་སྐུ་མདོག་གུར་གུམ་གྱི་མེ་ཏོག་དར་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་གྲི་གུག་དང༔ ཐོད་པ་བདུད་རྩིས་ཕྱུར་གྱིས་བཀང་བ་འཛིན་པས་ཡབ་ལ་འཁྱུད་པ༔ ཡབ་ཡུམ་གཉིས་རྒྱན་མེད་གཅེར་བུ་རྗེན་ཅེ་རེ་བ༔ ཞལ་འཛུམ་མདངས་ཀྱིས་སྦྱར་ཞིང༔ སྤྱན་གསུམ་གསུམ་མངའ་བ་ཅུང་ཟད་ཟླུམ་པར་གཟིགས་པ༔ པདྨ་འདབ་མ་བཞིའི་སྟེང་དུ༔ གཙོ་བོ་ཡབ་ཡུམ་ལ་བསྙེན་པའི་དུས་སུ་ཞལ་ནང་དུ་གཟིགས་པའི་མདུན་དུ༔ རྡོ་རྗེ་མཁའ་འགྲོ་སྔོན་མོ་ཕྱག་གཡས་རྡོ་རྗེ༔ ཡབ་ཡུམ་གྱི་གཡས་ཕྱོགས་སུ་རིན་ཆེན་མཁའ་འགྲོ་སེར་མོ་གཡས་རིན་པོ་ཆེ༔ གཡོན་ཕྱོགས་སུ་ལས་ཀྱི་མཁའ་འགྲོ་ལྗང་གུ་ཕྱག་གཡས་རྒྱ་གྲམ༔ རྒྱབ་ཏུ་པདྨ་མཁའ་འགྲོ་དམར་མོ་ཕྱག་གཡས་པདྨ་བསྣམས་ཤིང༔ གཡོན་པ་ཐམས་ཅད་ཐོད་པ་བདུད་རྩིས་ཕྱུར་གྱིས་གང་བ་ཐུགས་ཀར་གཏད་པ༔ རྒྱན་མེད་གཅེར་བུ་ནུ་མ་འབུར་ཞིང་བྷ་ག་རྒྱས་པ༔ གཞོན་ཤ་ཆགས་པ༔ ལང་ཚོ་དང་ལྡན་པ༔ དབུ་སྐྲ་སིལ་བུས་སྐུ་རྒྱབ་ནོན་པ༔ གཙོ་བོ་ཡབ་ཡུམ་གྱི་གདན་རྡོ་རྗེ་དཀར་པོ་ཕྱེད་པདྨའི་ཟེའུ་འབྲུ་ནང་དུ་ནུབ་ཅིང༔ ཕྱེད་ཡབ་ཡུམ་སྐྱིལ་ཀྲུང་མཛད་པའི་ཞབས་ལ་རེག་པ༔ ཌཱ་ཀི་བཞི་ནི་ཡས་མན་གང་ལའང་མ་རེག་པར་གར་ཐབས་སུ་བཞུགས་པ༔ དེ་དག་ཡབ་ཡུམ་འཁོར་དང་བཅས་པ་རྣམས་ཡེ་ཤེས་ལྔའི་འཇའ་གུར་ནང་ན་བཞུགས་པར་བསམ་པའི་གཙོ་བོའི་ཐུགས་ཀར་ཧྲཱིཿདམར་པོ་འོད་ཙེ་རེ་བ་གཅིག་གིས་མཐའ་སྐོར་དུ༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་ཌཱ་ཀི་ནཱི༔ ཧ་ཡ་གྲཱི་ཝ་ཧྲཱིཿམ་ཧ་རི་ནི་ས་ཧཱུྃ༔ ཅེས་པས་འོད་ཀོར་རེ་བས་བསྐོར་བ་ལ་ཤེས་པ་གཏད༔ དེ་ནས་རང་གི་དད་པ་དང་མོས་པ་གུས་པ་དུང་དུང་བྱ་ཞིང་གསོལ་བ་བཏབ་པའི་ཚུལ་གྱིས༔ ཡིད་གཞན་དུ་མ་གཡོས་པར་དམིགས་པ་གསལ་བར་བཟླས་པ་དེ་ཉིད་བྱས་པ་ཙམ་གྱིས༔ ཡིག་འབྲུ་ཐམས་ཅད་ཧྲཱིཿདེ་ཉིད་དུ་གཡས་སྐོར་དུ་འུ་རུ་རུ་བསྐོར་ཞིང་འཁོར་བ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོ་ཞིང་རང་བཞིན་གྱི་གནས་ནས་སློབ་དཔོན་པདྨ་ཡབ་ཡུམ༔ ཁྱད་པར་དུ་ལྷོ་ནུབ་སྲིན་པོའི་གྲོང་ཁྱེར་ནས་འོད་ཟེར་དང་བཅས་ཏེ་མཁའ་འགྲོ་བཞིས་བསྐོར་བ་བྱོན་ནས་ཐུགས་ཀའི་ལྷ་ཚོགས་ལ་ཐིམ་པས་གཉིས་མེད་དུ་ཁྲུགས་ཀྱིས་འདྲེས་པར་བསམ་ཞིང་བཟླས་པ་བྱས་པས༔ ཡི་གེ་ཐམས་ཅད་འཁོར་ཞིང༔ ཨོཾ་ཨཱཿཧཱུྃ་གསུམ་ལས་འོད་འཕྲོས་གཙོ་བོའི་སྐུ་གསུང་ཐུགས་ཀྱི་རྒྱུད་བསྐུལ་ཏེ༔ གསུང་གི་སྙིང་པོ་བསྒྲགས༔ སྐུས་གར་སྟབས་ཀྱི་ཚུལ་དུ་བདེ་བ་བསྐྱེད༔ ཐུགས་ཀྱི་བརྩེ་བས་བདག་ལ་དགོངས༔ བཛྲ་གུ་རུ་པདྨ་ཞེས་པ་ལས་འོད་འཕྲོས་ཡོན་ཏན་ཕྲིན་ལས་ཀྱི་རྒྱུད་བསྐུལ་ཞིང༔ ཡོན་ཏན་གྱིས་སྔགས་ཀྱི་ནུས་པ་བསྐྱེད༔ ཕྲིན་ལས་ཀྱིས་འདོད་པའི་དོན་ཐམས་ཅད་བསྒྲུབ༔ ཌཱ་ཀི་ནཱི་ཞེས་པ་ལས་འོད་ཟེར་འཕྲོས་པས་ཡུམ་གྱི་རྒྱུད་བསྐུལ༔ རང་སྔགས་བགྲང་ཞིང་སྐུ་ལུས་ཀྱི་བདེ་བ་གཡོས་པས༔ ཡབ་ཡུམ་གསང་བའི་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་གྱི་རྒྱུན་བབས་པས་གདན་རྡོ་རྗེ་ལ་ཕོག༔ རྡོ་རྗེ་ལས་བདུད་རྩི་དཀར་པོ་བབས༔ པདྨ་ལ་ཕོག༔ པདྨ་ལས་བདུད་རྩི་དམར་པོ་བྱུང་སྟེ་བདུད་རྩི་དཀར་དམར་གྱི་རྒྱུན༔ བདུད་རྩིའི་རྒྱ་མཚོ་ལ་བབས་པས༔ བདུད་རྩིའི་རྒྱ་མཚོ་ངང་ལྷུད་ལྷུད་ལུད་ནས༔ སྤྱི་གཙུག་མན་རྐང་མཐིལ་ཡན་ཆད་བདུད་རྩི་དཀར་དམར་དང་ཡབ་ཡུམ་གྱི་བྱང་སེམས་དང་བཅས་པས་མེར་གྱིས་གང་སྟེ་ཞོ་རྐྱལ་འོ་མས་གང་བ་ལྟར་གྱུར༔ ཧ་རི་ནི་ས་ལས་འོད་འཕྲོས་པས༔ མཁའ་འགྲོའི་ཐུགས་ཀར་ཕོག༔ རང་སྲོག་གནད་ནས་བསྐུལ་བ་ལྟར་གྱུར་ཏེ༔ གར་སྟབས་བྱེད་ཅིང་གཙོ་བོ་ཡབ་ཡུམ་ལ་འོད་ཀྱི་ལི་ལི་བསྐོར་ཞིང༔ ཕྱག་གཡས་ཀྱི་ཕྱག་མཚན་གྱིས༔ གཡོན་པའི་ཀ་པཱ་ལའི་བདུད་རྩི་གཙོ་བོ་ཡབ་ཡུམ་ལ་གཏོར་ཞིང༔ གཙོ་བོ་ཡབ་ཡུམ་དགྱེས་པའི་དངོས་གྲུབ་བདག་ལ་གནང་སྟེ༔ མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པར་བསམ༔ ཧ་ཡ་གྲཱི་ཝ་ལས་འོད་ཟེར་འཕྲོས་པས༔ བདག་ཉིད་རྟ་མགྲིན་ལ་ཕོག་པས༔ རྟ་མགྲིན་གྱི་ཐུགས་རྒྱུད་བསྐུལ་ཏེ༔ རྟ་མགྲིན་གྱི་སྐུའི་བ་སྤུའི་བུ་ག་ནས༔ ཁྲོ་ཆུང་ནས་འབྲས་ཙམ་བསམ་གྱིས་མི་ཁྱབ་པ་འཕྲོ་ཞིང༔ བདག་ཉིད་ཀྱི་ལུས་ངག་ཡིད་གསུམ་དཀར་པོ་དགེ་བའི་ལས་སྒྲུབ་ཅིང་ཁྱད་པར་དུ་སྒྲུབ་པ་ལ་བར་དུ་གཅོད་པའི་གནོད་བྱེད་དགྲ་བགེགས་ཐམས་ཅད་ཐལ་བའི་རྡུལ་བཞིན་དུ་བརླག་པར་བསམ༔ དེ་ལྟར་དམིགས་པ་མ་ཡེངས་པར་བྱ༔ ཁྱད་པར་དུ་བདུད་རྩི་དཀར་དམར་གྱི་རྒྱུན་བབས་པས་ལུས་ཐམས་ཅད་མེར་གྱིས་གང་བ་ལ་དམིགས་པ་ཡང་ཡང་བྱ་ཞིང་བཟླས་པ་རྒྱུན་མ་ཆད་པ་གསལ་དག་ཆུ་བོའི་རྒྱུན་བཞིན་བཟླ༔ དེ་ལྟར་བཟླས་པ་བྱེད་པའི་དུས་ན༔ དང་པོ་སྤྲོ་བ་བསྐྱེད་པའི་རྟགས་ལ༔ བསྙེན་པ་འབུམ་ཙམ་ཐེམ་ནས༔ དར་འཕྱར་བ་དང༔ དུང་འབུད་པ་ལ་སོགས་ཏེ་རོལ་མོའི་སྒྲ་སྒྲོག་པ་དང༔ སྔགས་ཀྱི་རང་སྒྲ་དི་རི་རི་སྒྲོག་པ་ལ་སོགས་པ་འབྱུང༔ དེ་ནས་རིམ་གྱིས་རྟགས་འབྱུང་བ་ལས༔ དང་པོ་སྐུ་ཡི་རྟགས་ལ༔ རི་ལ་འཛེགས་པ་དང༔ གོས་གསར་པ་དྲི་མ་མེད་པ་གོན་པ་དང༔ ཁྲུས་དང་བསྐོར་བ་བྱས་པ༔ ནམ་མཁའ་ལ་འཕུར་བ༔ རྡོ་རྗེ་དྲིལ་བུ་ལ་སོགས་པ་ཕྱག་མཚན་མིས་སྟེར་བའམ་རང་གིས་རྙེད་པ་རྣམས་འབྱུང༔ དེ་ནས་གསུང་གི་རྟགས་ལ༔ སྤོས་ཀྱི་ངད་པ་ཆི་ལི་བ་དང༔ མེ་ཏོག་སྣ་ཚོགས་པ་དང༔ ཁྱད་པར་དུ་མེ་ཏོག་དམར་པོ་དང༔ རོལ་མོའི་སྒྲ་ཆེན་པོའམ༔ སྔགས་ཀྱི་རང་སྒྲ་དང༔ བྲིས་པ་དང༔ བར་སྣང་ལ་རང་ཤར་བ་དང༔ ཕ་རོལ་གྱི་ལྕེས་བཏོན་པ་རྣམས་འབྱུང༔ དེ་ནས་ཐུགས་ཀྱི་རྟགས་ལ༔ མཁའ་ལ་ཉི་ཟླ་ཤར་བ་དང༔ འོད་དང་འཇའ་ཤར་བ་དང༔ ཤེལ་དང༔ མེ་ལོང་མང་པོ་དང༔ ཕྲེང་བ་གཏད་པ་དང༔ བག་དྲོ་ཉམས་དགའ་བ་དང༔ ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་རྣམས་འབྱུང༔ དེ་ནས་དངོས་གྲུབ་ཀྱི་ལྟས་ལ༔ བདུད་རྩི་ཀ་པཱ་ལའི་ནང་དུ་འཐུང་བ་དང༔ ཟས་ཀྱི་རིགས་སྣ་ཚོགས་པ་སྟེར་བ་དང༔ སྨན་དང་འབྲུ་ཤིང་ཐོག༔ རིན་པོ་ཆེ་དར་ཟབ་ལ་སོགས་སྟེར་བ༔ སྤང་ལྕི་སྐམ་པོ༔ འབུད་ཤིང་ལ་སོགས༔ མདོར་ན་དངོས་གྲུབ་ཀྱི་རྫས་གཞན་གྱིས་སྟེར་བ་དང༔ རྙེད་པ་རྣམས་ཡང་ཡང་འབྱུང༔ དེ་ནས་གྲུབ་པའི་རྟགས་རིན་པོ་ཆེ་ལ་སོགས་པའི་གཏེར་ཁུང་མང་པོ་རྡོལ་བ་དང༔ གཞན་གྱི་དེད་དཔོན་བྱེད་ཅིང་ཐམས་ཅད་ཀྱིས་རང་ལ་ཕྱག་འཚལ་བ་ལ་སོགས་ཏེ་བཀུར་སྟི་ཕུན་སུམ་ཚོགས་པ་བྱེད་ཅིང་གུས་པ་དང༔ བུད་མེད་རྒྱན་ལྡན་མང་པོས་རང་ལ་ཕྱག་བསྐོར་བ་བྱེད་པ་དང༔ ཆོས་བཤད་པ་དང༔ ལུས་ལ་བདེ་བ་དཔག་ཏུ་མེད་པ་སྐྱེ་ཞིང་ཁམས་གཡོ་བ་དང༔ བཀྲག་དང་གཟི་མདངས་འབར་བ་དང༔ བླ་མ་ཡི་དམ་ཌཱ་ཀི་ལ་སོགས་པ་མངོན་དུ་མཇལ་ཞིང་ཆོས་བཤད་པས་བརྡ་དབང་བསྐུར་བ་སོགས་བྱིན་རླབས་ཀྱི་ལྟས་དཔག་ཏུ་མེད་པ༔ རབ་མངོན་སུམ༔ འབྲིང་ཉམས་སྣང༔ ཐ་མ་ཡང་རྨི་ལམ་དུ་འོང༔ རྣལ་འབྱོར་པ་སྒྲུབ་པ་པོ་དེ་ཉིད་ལས་འཕྲོ་ལྡན་ཞིང་སྒྲིབ་པ་ཆུང་ན༔ རྟགས་རྣམས་ཆལ་ཆོལ་ནར་མར་མྱུར་དུ་འོང་བ་ཡང་ཡོད༔ དེ་ལྟར་རྟགས་རྣམས་མ་བྱུང་གི་བར་དུ་བསྒྲུབ༔ ཟང་ཟིང་གི་རྟགས་མ་བྱུང་ཡང༔ ལུས་ལ་བདེ་བ་སྐྱེ༔ ངག་ལ་ནུས་པ་འབར༔ སེམས་ལ་རྟོགས་པ་འཆར་ན་གྲུབ་རྟགས་དངོས་གཞི་ཡིན༔ རྟགས་ཅི་ལྟར་བྱུང་བ་བཞིན་དད་པ་མོས་གུས་ཀྱི་གདུང་བ་བསྐྱེད་ལ་བསྙེན་པ་ནན་ཆེར་བྱ༔ དུས་བཟང་ཌཱ་ཀི་རྒྱུ་བའི་སྐབས་རྣམས་སུ་ཚོགས་གཏོར་ཅི་འབྱོར་བ་བཤམས་ལ་གསོལ་བ་དྲག་པོ་གདབ༔ ཉམས་སྐྱོ་པ་རྐྱེན་ཕྲན་ཕྲིན་བྱུང་ན་གྲོགས་སུ་ཁྱེར་ལ་ཐོག་འགེལ་བྱ༔ ཐུན་འཇོག་པའི་སྐབས་སུ་ཐམས་ཅད་ཐུགས་ཀའི་ཧྲཱིཿལ་འུབས་ཀྱིས་བསྡུས་ལ་ཧྲཱིཿནམ་མཁའ་ལ་འཇའ་ཡལ་བ་ལྟར་བཏང་ལ་རྣམ་པར་མི་རྟོག་པའི་ངང་ལས་སྤྱོད་ལམ་རྣམས་ཅི་བདེར་བྱ༔ བསྔོ་བ་དང་སྨོན་ལམ་གྱིས་རྒྱས་གདབ་བོ༔ འདི་ཡི་དམ་ཚིག་ལ་གྲིབ་ཀྱི་རིགས་མཐའ་དག་ལ་འཛེམ༔ དྲག་ཤུལ་ཅན་གྱི་སྤྱོད་ལམ་མི་བྱ༔ དམེ་ཤ་ཅན་གྱི་ཟས་སྤང༔ རྟགས་དང་མཚན་མ་ཅི་བྱུང་ཡང་སློབ་དཔོན་མིན་པ་གཞན་ལ་མི་བསྒྲག༔ སྔགས་བགྲང་བ་དང་བསྙེན་པའི་སྤྱོད་ཚུལ་གཞན་གྱིས་མ་རིག་པར་བྱ༔ གསང་སྔགས་སྤྱོད་པའི་དུས་མ་གཏོགས་པ་གོས་ནག་དང་གདན་ནག་ལ་མི་སྤྱད༔ ཕོར་སྡེར་ཁ་ཆག་ཞབས་རྡོལ་གྱི་ནང་དུ་བཟའ་བཏུང་མི་བྱ༔ བྱང་སེམས་མ་ཉམས་པར་བྱ༔ བུད་མེད་ཀྱི་རིགས་ལ་མི་སྨོད༔ གཞན་ལ་སྐུར་བ་མི་བཏབ༔ ཆོས་དང་མི་མཐུན་ཞིང་དོ་གལ་མ་བབས་པར་རྫུན་མི་སྨྲ༔ སྐུ་གསུང་ཐུགས་ཀྱི་རྟེན་དང་རང་གི་ཆོས་ཞུས་པའི་བླ་མ་མིན་པ་གཞན་ལ་ཕྱག་མི་འཚལ༔ ང་རྒྱལ་ཁེ་གྲགས་འགྲན་སེམས་མི་བྱ༔ གཞན་གྱི་རྐྱེན་བཟློག་དང་གདོན་འདུལ་མི་བྱ༔ རོ་བག་དང་འཁོན་ལ་འཛེམ༔ དེ་ལྟར་བསྙེན་པ་གཞུང་ལྟར་བྱས་ནས༔ དམ་ཚིག་ཚུལ་བཞིན་བསྲུངས་ན༔ རབ་ཟླ་བ་གཅིག༔ འབྲིང་གཉིས༔ ཐ་མས་ཀྱང་ཟླ་བ་གསུམ་ལ་མི་འགྲུབ་མི་སྲིད་ཅིང༔ ཅི་ལྟར་སྐལ་མེད་དང་ནི་འཕྲད་པར་མི་འགྱུར༔ གལ་ཏེ་འཕྲད་ནས་བསྒྲུབ་ན་ཟླ་བ་བདུན་གྱིས་འགྲུབ་པ་ལ་གདོན་མི་ཟའོ༔ འདི་ལ་བསྙེན་པ་དྲོད་རྟགས་ཐོན་ནས་སྒྲུབ་པ་དང་ལས་སྦྱོར་གང་བྱས་ཐམས་ཅད་འགྲུབ་ལ༔ ཁྱད་པར་དུ་འདི་ཉིད་ཀྱི་ཡང་སྒྲུབ་པ་ལས་སྦྱོར་དང་བཅས་པ་རྣམས་ལ་ནི་བྱན་ཚུད་པར་འགྱུར་རོ༔ ལན་གཅིག་ལེགས་པོར་བསྒྲུབས་ནས་དམ་ཚིག་རྣམས་བྱེད་ཚུལ་སྤྱི་མཐུན་གྱིས་ཆོག༔ སྒྲུབ་པ་གཞན་རྣམས་ནི་འབྲས་དང་འདྲ་ཞིང༔ འདི་ཉིད་འབྲས་ཀྱི་སྙིང་པོའི་བཅུད་དང་འདྲའོ༔ ས་མ་ཡ༔ ཨེ་མ༔ ང་ཡི་རྗེས་འཇུག་སྐལ་ལྡན་ལས་ཅན་ཀུན༔ བླ་མ་བསྒྲུབ་དང་ཡི་དམ་གང་གི་རིགས༔ མཁའ་འགྲོ་ལ་སོགས་ཇི་ལྟར་བསྒྲུབ་འདོད་ཀྱང༔ ངོ་བོ་ང་ལ་རྣམ་པ་གཞན་གྱི་གཟུགས༔ སྐུ་མདོག་ཕྱག་མཚན་སྟངས་སྟབས་ལ་སོགས་པ༔ བསྒྲུབ་པར་གྱུར་ན་གང་འདོད་འགྲུབ་འགྱུར་ཞིང༔ ཇི་ལྟར་འདོད་པའི་དངོས་གྲུབ་སྩོལ་བར་ནུས༔ དེ་ཚེ་ཐེ་ཚོམ་ཡིད་གཉིས་སྤོངས་ལ་སྒྲུབས༔ ལྷ་དེའི་ཐུགས་ཀར་འཁྲུལ་འཁོར་གོང་ལྟར་སྒོམས༔ བཛྲ་གུ་རུ་པདྨ་ལ་སོགས་པའི༔ སྙིང་པོའི་གཤམ་དུ་གང་བསྒྲུབ་སྙིང་པོ་དང༔ ལས་སྔགས་ཤམ་བུ་ལ་སོགས་གང་འདོད་གདགས༔ ཇི་ལྟར་འདོད་པ་འགྲུབ་འགྱུར་གདོན་མི་ཟ༔ ཡིད་བཞིན་ནོར་མཆོག་མཆོད་ན་འདོད་དགུ་འབྱུང༔ རིན་ཆེན་གཏེར་གྱི་བང་མཛོད་ཕྱེས་གྱུར་ན༔ ཅི་འདོད་བླངས་པས་ཆོག་པ་སྨོས་ཅི་དགོས༔ གཏེར་མཆོག་ཡིད་བཞིན་ཐུགས་སྲས་བུ་དང་སྤྲོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ ཁ་ཐཾ༔ གསང་སྒྲུབ་གསལ་བྱེད་ཐུགས་ཀྱི་ནོར་བུ་ལས༔ རྩ་བའི་བསྙེན་པ་རིན་ཆེན་གཏེར་གྱི་བང་མཛོད༔ ཨོ་རྒྱན་པདྨའི་ལྟོ་ཚིལ་བྲུས་ཏེ༔ བློ་དམན་མཚོ་རྒྱལ་བདག་གིས་ཐེམས་ལ་མནན་ཏེ་རིན་ཆེན་གཏེར་དུ་བསྐུངས་པའོ༔ སྤྲུལ་པའི་སྐྱེས་མཆོག་སངས་རྒྱས་གླིང་པས་པུ་རི་ཕུག་མོ་ཆེ་ནས་བཏོན་པའོ། །མངྒ་ལཾ།། །།

རྗེ་བཙུན་མར་པ་ལོ་ཙཱའི་གདམས་པ་ཆོས་དྲུག་སྲས་མཁར་མའི་སྐོར་རྣམས་ (Volume 55, Text 1)

༄༅། །རྗེ་བཙུན་མར་པ་ལོ་ཙཱའི་གདམས་པ་ཆོས་དྲུག་སྲས་མཁར་མའི་སྐོར་རྣམས་བཞུགས་སོ། །གུ་རུ་ཆོས་དབང་རིན་པོ་ཆེའི་གཏེར་བྱོན་ནོ། ། ཨེ་མ་ཧོ་ངོ་མཚར་ཆེ། གུ་རུ་ཆོས་ཀྱི་དབང་ཕྱུག་གིས། གཏེར་ཁ་བཅོ་བརྒྱད་ཞལ་ཕྱེ་བ་ལས། གྲོ་བོ་ལུང་སྲས་མཁར་སྐྱ་བོ་ནས། གསར་མའི་ཡང་སྙིང་། རྗེ་མར་པ་ལོ་ཙཱའི་ཐུགས་དམ་ཉིང་ཁུ་མའི་གཏེར་བྱུང་ཚུལ་བཤད་ན་གསུམ་སྟེ། ཁ་བྱང་ཇི་ལྟར་བྱུང་ཚུལ་དང་། གཏེར་ཇི་ལྟར་བཏོན་ཚུལ་དང་། དེས་འགྲོ་དོན་ཇི་ལྟར་བྱུང་ཚུལ་ལོ། །དང་པོ་ཁ་བྱང་བྱུང་ཚུལ་ལ། བདག་གིས་བླ་མ་སེ་བྲོ་གྱང་གསར་བ་བྱ་བ་ལས་སྒྱུ་འཕྲུལ་རོང་ལུགས། མངོན་པ་ཀུན་ལས་བཏུས། སྤྱོད་འཇུག །མདོ་སྡེ། སྐྱེས་རབས། ཀ་ཀ་ནི། ཕག་མོ་དཔྱལ་ལུགས། དགྱེས་པ་རྡོ་རྗེ་རྣམས་ཉན་པའི་དུས་སུ་ཆོས་ཁུག་ཅིག་ཞལ་ཕྱེ་ནས་ཀུན་ལ་གཟིགས་པ་བསྩལ་པའི་རྗེས་སུ། དར་ཆེན་གསུམ་རིམ་ལ་དྲིལ་བའི་ཤོག་དྲིལ་གཅིག་འདུག །ཅི་ལགས་ཞུས་པས་དེས་དོན་མེད། ཁྱོད་རྙིང་མ་བ་ངེད་གསར་མ་བའི་ཆོས་ལ་མི་མོས། དེར་ཆུགས་ལ་སྒྲུབ་ཁང་གི་ཀེའུ་ཚང་དུ་སྐྱོལ་གསུངས། དེ་ན་ཅི་བདོག་ཅིས་ཀྱང་གསུངས་དང་ཉམས་དགའ་ཞུས་པས། ང་འོལ་ཆུང་བ་མིན་ན། གདམས་པ་ཐུན་མོང་མིན་པ་འདོན་དུ་ཡོད་པ་ལ། ད་ང་འཆི་བ་འདྲ། དེའི་ནང་ན་འོ་སྐོལ་གྱི་མེས་ཆེན་པོ། སེ་བྲོ་རིན་ཆེན་དབང་ཕྱུག་བྱ་བ། ལོ་ཙཱ་བའི་བླ་མ་བདུན་བསྟེན་པ་དེས། བླ་མ་མར་པའི་སྲས་དགེ་འདུན་ལ་དགྱེས་པ་རྡོ་རྗེ་གསན་ཅིང་ཡོད་ཙ་ན། བླ་མ་མར་པ་ལོ་ཙཱ་བའི་གདུང་ཁང་། སྲས་བྱ་རིད་འཁོར་ལོས་ལྐོག་ཏུ་བཙོངས་པས། སྲས་དགེ་འདུན་གྱིས་བླུར་མ་ཐུབ་པར། མཐུ་མཚམས་སུ་བཞུགས་ནས་ཆོས་གསུང་པ་ལས། བླ་མ་ལ་ཇོ་མོས་དུག་བཏང་། ཤུལ་དུ་སྒོའི་ཕྱི་ལྕགས་བཅུག་ནས་མོ་རང་བྲོས། བླ་མ་འགྲོངས་ལ་ཁད་པའི་རྩར། ཕྱི་ནས་རྩིག་པ་ལ་འཛེགས་ནས་ཕྱིན། ཕྱིང་ཁུག་ནག་པོ་ཐོངས་གསུངས་ནས་ཁྱེར་བྱོན་ཙ་ན། མེ་ཞིག་ཐོངས་གསུངས་ནས་བཏང་བས། ད་ཁང་ཐོག་ནས་བུད་མེད་དེ་བྱུང་ངམ་ལྟོས་གསུངས། ལྟར་ཕྱིན་པའི་ཤུལ་དུ་ཤོག་དུད་མནམ་ནས་ལོག་ཕྱིན་ཙ་ན། དཔེ་ཚོ་མེ་ལ་ཕུལ་ནས། ཤོག་དྲིལ་གཅིག་ཚགས་མཛད་ནས་འདི་སྐད་གསུངས་སོ། །ཆོས་རྗེ་ལོ་ཙཱ་བའི་ཞལ་ནས། རྗེ་ནཱ་རོ་པཎ་ཆེན། བླ་མ་བདེ་ཆེན་རོལ་པ། རྗེ་བཙུན་མ་མི་རུས་ཀྱི་རྒྱན་ཆ་ཅན་གསུམ་གྱི་ཐུགས་ཀྱི་བཅུད་ཕྱུང་བ། བཀའ་རྒྱས་བཏབ་པ། མི་རབས་ལྔ་རུ་སྤེལ་དབང་མེད་པའི་མན་ངག་གི་དཀར་ཆག་ཡོད་པ་ཡིན་པས། ཁྱོད་ཀྱིས་ཀྱང་ལ་ཆའི་རྒྱ་མ་བཤིག་མ་བལྟ་བར། རིམ་པར་བཀའ་རྒྱས་ཐོབས་ལ་བུའམ་སློབ་མ་དམ་ཚིག་ཅན་ལ་མི་རབས་ལྔར་རྒྱས་ཀྱང་ཐོབས་ལ་གཏོད་གསུངས་པ་ཡིན། ད་ཁྱོད་ལ་གཏོད་པ་ཡིན་པས་ང་ཡན་ལ་གཅིག་སོང་། ཁྱོད་མན་ཆད་གསུམ་ལ་རྒྱ་ཁྲོལ་གསུངས་ནས་གཏད་པ་ཡིན། དེ་མ་ཡིན་པ་ཡང་ལོ་ཙཱ་བ་ལ་ཕྱག་དཔེ་རུས་རྒྱན། བླ་མ་ལོ་ཙཱ་བའི་གདུང་ཐམས་ཅད་ཀྱང་གཏད་གདའ། བླ་ཆེན་གྱིས་བླ་མ་རྗེ་བཙུན་ལ་གཏད་གདའ། རྗེ་བཙུན་གྱི་ཞལ་ནས། ཁྱོད་ཀྱང་ཕོ་ཀྲོག་ཆེ་བལྟ་བར་སྲིད་པས་མ་བལྟ་བར། ཁྱོད་རང་ལ་བུ་གོ་ཆོད་བྱུང་ན་འདོན་དུ་ཆུགས་གསུངས་ནས་ཚིགས་བྱས་པ་ལགས་ཏེ། ད་བུ་ནི་སྐྱེས་ཚད་ཤི། རྒྱལ་ཚའི་ཕོ་སྤྱོད་འདི་འདྲ། ཤེད་བྱེ་དུས་འདྲ་བྱུང་ཐོན་པ་སྲིད་དམ། ཁྱེད་ལ་གསར་མའི་སྲེད་པ་མེད་གདའ་བས་སྦེད་པ་ཡིན། ལ་ཆའི་རྒྱ་འདུག་ངས་ཀྱང་མ་བལྟས་སོ་གསུང་ངོ་། །དེ་ནས་བདེན་བསམ་སྲེད་པ་མ་བྱུང་། བླ་མ་གྲོངས་ནས་ལོ་གསུམ་སོང་ཙ་ན། རྒྱལ་ཚའི་ཞྭ་ལ་ཤོག་དྲིལ་དྲིལ་བའི་དར་ཆེན་གསུམ་ཁྲ་ཤིག་གེ་བཏགས་ནས་འདུག་པས། ཨ་ཕ་འདི་ལ་དྲིལ་བའི་ཤོག་དྲིལ་ལ་བླ་མས་རྩིས་ཆེ་བ་ཡིན་ག་ན་ཡོད་བྱས་པས། རྒྱལ་ཚ་ན་རེ། ཤོག་དྲིལ་བསྐྱུར་བཏང་། སོང་བ་གར་ཡང་མ་སོང་སྟེ། ངེད་ཀྱི་ཨ་ཁུ་སློབ་དཔོན་ཅོལ་ཆུང་བ་ལ་མིས་མགོ་བསྐོར་གདའ་བ་གསར་མ་བ་ལ་གཏེར་ཡོད་ཟེར་བ་ངས་མ་ཐོས། རྫུན་རྐྱལ་གཅིག་གིས་བྲིས་ནས་དར་གྱིས་དྲིལ་བས། ད་བརླག་པ་ཡིན་མོད་ཟེར། འོ་ན་ང་ལ་ཞུ། ད་ལྟ་འགྲོ་བྱས་ནས་ཕྱིན་པ་དང་། ཕྱགས་དར་ཁྲོད་ཁུང་གཅིག་ན་བོར་ནས་ཧྲིལ་ལེ་གདའ། དེའི་ནང་ན་མར་ལ། འགྲོ་མགོན་བླ་མ་གསུམ་ལ་གུས་བཏུད་དེ། །རྒྱུད་ཀྱི་ཡང་སྙིང་མན་ངག་ཀུན་ལས་ཁྱད་པར་འཕགས། །བླ་མ་རྣམ་གསུམ་བཀའ་རྒྱས་བཏབ་སྟོབས་ཀྱིས། །བཀའ་བཞིན་གཏེར་ཁ་གསུམ་དུ་སྦ་བར་བགྱིས། །ཡི་དམ་མཆོག་སྒྲུབ་སྐོར་དང་བཀའ་སྲུང་བཅས། །ལྟ་བའི་མཐར་ཐུག་ནམ་མཁའ་རྡོ་རྗེ་དང་། །སྙིང་པོ་ཆོས་དྲུག་ཐུགས་རྒྱུད་འོག་སྒོ་བདུན། ཁོལ་བོ་དར་ཐོད་ཅན་གྱིས་རྗེས་བཏུལ་བའི། །མན་ངག་བཅུ་གསུམ་རྒྱ་དཔེ་དག་ལས་བསྒྱུར། །བཀའ་རྟགས་བླ་མ་རྣམ་གསུམ་ཕྱག་ཞབས་ཐེབས། །མར་ཆུང་སྲིན་ལག་ཁྲག་ཕྱུང་རྒྱ་ཤོག་བཀོད། །སེང་ལྡེང་པོད་ན་བྲུབས་ཏེ་སྲས་མཁར་འདབས། །བྱང་དུ་ཟང་ཐལ་ནང་བཞུགས་ཕྱི་དང་ནང་། །གང་ནས་ཕྱུང་ཡང་སྟབས་བདེ་དེ་ཡི་ནང་། །ཕྱི་གཅིག་ཤེས་རྩའི་ཕྱོགས་ནས་མཐོ་ཉེར་གཉིས། །ཟུར་ནས་མདའ་གང་བཅལ་བའི་རྡོ་རྗེའི་ལོགས། །རྒྱ་ཡིག་བཛྲ་བྲིས་ཡོད་དེ་ཕྱུང་པས། །དོན་གྲུབ་བརྒྱ་རྩའི་ཚོགས་ཀྱི་འཁོར་ལོས་མཆོད། །ཕྱི་མོ་གཏེར་དུ་སླར་ཟློག་དཀར་ཆག་དག་ཀྱང་ཞོག །གཅིག་གཉིས་གསུམ་ལ་ཆོས་བརྒྱུད་སྤེལ་གོང་དུ། །དབང་རྫོགས་ཐོབ་བྱས་རྡོ་རྗེ་འཆང་བདག་འཇུག །བདག་གིས་སྒོ་ཕྱེ་བཀའ་རྒྱས་མནན་ལ་གཏད། །སྒྲུབ་པ་དམ་བཅའི་གནས་གདམས་ཚད་མར་སྤེལ། །ྀཨཚ། ཞེས་བྱུང་ངོ་། །གཉིས་པ་གཏེར་དངོས་ཇི་ལྟར་བྱུང་ཚུལ་ནི། བདག་གི་བསམ་པ་ལ་ཁ་བྱང་འདི་བསྐོར་བསྐོར་ནས་བདག་ལ་བྱུང་རྟིང་ལ། ད་འདོན་པ་གཅིག་གི་དུས་ལ་བབ་འདུག་བསམས་ནས་གྲུམ་ལ་བརྒལ་ཏེ། གྲོ་བོ་ལུང་དུ་ཟླ་བ་ཕྱེད་བསྒུགས་ཀྱང་སྲས་མཁར་ཇོ་བོ་བསྟན་ཁྲིས་བཟུང་ནས། འཁྲུགས་ཟོན་བྱེད་པས་ནང་དུ་མ་བརྟོལ། ཕྱི་ནས་སྐས་འཛུགས་མ་ནུས་པས་ལོག་ཕྱིན། ཕྱིས་ལ་དྲུག་པའི་སྒོམ་ཆེན་གཅིག་ལ་གདམས་ངག་སྟེར་བར་བྱས་ནས་བཏང་བས། གཏེར་ཐོན་ནས་གྲུམ་གྱི་ལ་ཁར་ཕོ་ལོང་བརྒྱབས་ནས་དོ་ཤི་བྱས་སྣང་། དེ་ནས་པོ་ཏིའི་ཞལ་བཤུས་གཏེར་ཚབ་བསྐྱལ། ཚོགས་བརྒྱ་རྩ་བཏང་ངོ་། །གསུམ་པ་གཏེར་དེའི་འགྲོ་དོན་ནི། བླ་མ་གཉོས་ལྷ་རིན་ཆེན་རྒྱལ་པོས་ཞུ་གསུངས་ནས་འདིའི་ལས་ཅན་གདམས་ཡུལ་ཀྱང་ཁོ་རང་ཡིན་སྙམས་ནས། མ་ལུས་པར་གཏད་པ་ད་ལྟ་ཡང་འགྲོ་དོན་མཛད་ཀྱིན་བདོག །དེ་རྗེས་གསུམ་བཞི་ཙམ་སྤེལ་ལོ། །སྲས་མཁར་ཆོས་དྲུག་གི་གཏེར་འབྱུང་གི་ལེ་འུའོ། །རྗེ་མར་པ་ལོ་ཙཱ་བ། གུ་རུ་ཆོས་ཀྱི་དབང་ཕྱུག །ལྷ་དར་མ་རྒྱལ་པོ། བླ་མ་དར་མ་སྒང་བ། རྟོགས་ལྡན་ཡན་པ་བློ་བདེ། པྲཛྙཱ་བྷ་དྲ། པྲཛྙཱབུདྡྷ། དྷརྨེ་ཤྭ་ར། བྷུདྡྷ་མ་ཏི། དེས་བདག་ལའོ།། །། ༄༅། །གྲོ་ལུང་གཏེར་གྱི་ཁ་བྱང་བཞུགས་སོ། །རྗེ་རྡོ་རྗེ་འཆང་ཆེན་གསང་བའི་བདག །ཏེ་ལོ་ནཱ་རོའི་ཞབས་པད་འདུད། །བདག་འདྲ་མར་སྟོན་བློ་གྲོས་ཀྱིས། །རྒྱ་དང་བལ་པོ་ཆུ་བཞིན་དཀྲུགས། །རིན་ཆེན་གསེར་ལ་ལོངས་སྤྱོད་དེ། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྒྱུད་ལུང་གདམས་པ་ཀུན་རྫོགས་ཞུས། །ཡང་དྲིལ་སྙིང་གི་ནོར་བུའི་མཛོད། །སྙན་བརྒྱུད་གདམས་སྐོར་བཅོ་ལྔ་འདི། །རྡོ་རྗེ་འཆང་ལ་མཆོད་བྱས་རྗེས། །བོད་དུ་ཁ་བལྟས་འོང་འདོད་ཚེ། །མཚན་ལྡན་ཐར་པའི་ལམ་སྟོན་་་ནཱ་རོ་པ།དང་། །བླ་མ་བདེ་ཆེན་རོལ་པ་་་མཻ་ཏྲི་པ།དང་། །རྗེ་བཙུན་མི་རུས་རྒྱན་ཅན་ལ། །གསེར་གྱི་མཎྜལ་གསུམ་བརྩེགས་ནི། །རིན་ཆེན་སྣ་ལྔའི་ཕྲ་བཀོད་ཕུལ། །གཡུ་དམར་སེང་མགོས་སྣ་དྲངས་པའི། །དྲུག་དམར་ཉི་ཤུ་རྩ་གཅིག་དང་། །མུ་ཏིག་ཧབ་རྩེ་བདུན་པོ་དང་། །གླ་བ་བཅུ་གསུམ་ཕུལ་ནས་ནི། །གདུང་བས་གསོལ་བཏབ་བསྐོར་བ་བྱས། །གདུང་བས་བརྒྱལ་པ་སངས་པའི་ཚེ། །ཐུགས་བརྒྱུད་འདི་དག་གནང་སྐབས་ཕྱེ། །རྗེ་བཙུན་ཀུན་གྱི་ཞལ་ནས་ཀྱང་། །བུ་ཁྱོད་སྙན་བརྒྱུད་སྔར་རྫོགས་ཀྱི། །ལས་ལྡན་བྱུང་ན་ཟུར་ཙམ་སྟོན། །སྙན་བརྒྱུད་ཟབ་མོའི་བསྟན་པ་ཡང་། །ཡང་ཚ་དེ་ཚ་ཡན་ཆད་འབྱུང་། །དེ་རྗེས་མན་ངག་སྙན་པ་ཡིས། །སྒོམ་ཆེན་བསོད་ནམས་བདུད་དབང་འགྲོ། །སྙན་བརྒྱུད་ཚོང་འདུས་འོ་བཞིན་ལད། །ཕ་ཡི་གཏེར་འཚོང་བོད་ཁམས་གང་། །རྣལ་འབྱོར་སྐྱ་རེའི་ལག་ཏུ་ཡང་། །འདྲ་མིན་སྙན་བརྒྱུད་བདུན་བདུན་འཆང་། །གཞུང་མང་བསྟན་ཕྱིར་ཡིད་ཆེས་མེད། །གྲུབ་ཐོབ་ནམ་ལངས་སྐར་སྐྱ་འདྲ། །སྒོམ་ཆེན་ནོར་འདོད་མི་ནག་སྡུད། །ཟབ་མོའི་དབང་བཀའ་གསེར་དུ་འཚོང་། །སྙིང་པོ་ཆོས་དྲུག་ཟོང་དུ་འགྲེམས། །དུད་སོལ་ལྷ་མོ་ལ་སོགས་པའི། །བཀའ་སྲུང་ལྷ་མོ་རྣམས་ཀྱང་འཁྲུགས། །བཀའ་ལ་རས་གཅོད་གང་བྱེད་པའི། །སྒོམ་ཆེན་རྣམས་ཀྱང་ཚེ་ཐུང་སྟེ། །ཕལ་ཆེར་དྲུག་ཅུའི་ཚིགས་མི་འདའ། །ང་ཡི་བཀའ་འཆང་ཚད་མའི་བུས། །འཁོར་ནི་བརྒྱ་ལས་མི་འདའ་སྟེ། །བུ་མཆོག་བཅུ་ལས་འདས་ས་རེ། །ཅི་ཕྱིར་ཞེ་ན་རང་རང་ཚོས། །རང་གི་སྙིང་པོ་རྙེད་པ་དང་། །གཞན་སྐྱོང་མི་ཚེས་མི་ཐུབ་པས། །དེ་ལས་མང་བར་མི་བསྐྱང་ངོ་། །གལ་ཏེ་སྐྱོང་ཡང་མི་འཁྱོངས་ཏེ། །ཚོགས་པ་བརྒྱ་ལ་གྲུབ་ཐོབ་རེ། །ནམ་ཡང་རྙེད་པ་མ་ཡིན་ནོ། །དུས་ཀྱི་མཐས་ཀྱང་ཤིན་ཏུ་དཀའ། །གལ་ཏེ་འཁོར་མང་སྤྲོ་དགའ་བ། །དེ་ཡི་མཐའ་ནི་མི་བཙུན་ཏེ། །ཅི་ཕྱིར་ཉོན་མོངས་རགས་དུས་ཏེ། །སེང་གེའི་ཁོག་པ་ནང་སྙིང་དོར། །ཐ་མར་བདུད་ཀྱི་སྤྱོད་ཡུལ་འགྱུར། །དེ་ཕྱིར་སྣོད་ལྡན་འགའ་རེ་ཡོད། །འོན་ཀྱང་དུས་ཀྱི་མཐར་སོང་བས། །ཀུན་ཀྱང་དམ་ཚིག་སྡོམ་མི་གནས། །དུག་ལྔ་རགས་པས་རྣམ་རྟོག་རགས། །རྣམ་རྟོག་རགས་པས་བཀའ་རྣམས་དཀྲུགས། །སྣོད་ལྡན་སྐལ་ལྡན་འགའ་ཡོད་ཀྱང་། །མན་ངག་ཚད་མ་ནུབ་པའི་ཚེ། །ཐུགས་བརྒྱུད་འདི་ཡི་མན་ངག་འཛིན། །དེ་ཕྱིར་ལོ་ཙཱ་ཁྱོད་ཀྱིས་ཀྱང་། །ད་ལྟ་སྤེལ་བར་མ་བྱེད་པར། །གཏེར་ཁ་གསུམ་དུ་རྒྱ་ཡིས་ཐོབས། །དབང་ནི་བརྒྱུད་པ་མ་ལུས་སྟོན། །ཐུགས་བརྒྱུད་བྱིན་རླབས་ཕྱི་ཕྱིར་འབུངས། །ཞེས་གསུངས་གདམས་ལུང་རྗེས་གནང་ཐོབ། །མར་ཆུང་སྤྲོ་ཆེས་མ་བཟོད་ཀྱང་། །ལྷ་བྲོ་བརྡུང་ཞིང་བོད་དུ་མཆིས། །ཐུགས་བརྒྱུད་རྒྱ་དཔེ་ཤོག་དྲིལ་རྣམས། །གྲོ་བོ་ལུང་དུ་དཀར་ཆག་བསྒྱུར། །སྙིང་འདྲའི་བུ་མཆོག་མགོ་ཡག་གིས། །ཐུགས་བརྒྱུད་དཔེ་ཚར་ལྔ་བྲིས་ནས། །གཏེར་ཁ་ལྔ་རུ་གཏམས་ཏེ་བཞག །ཐུགས་བརྒྱུད་གདམས་སྐོར་བཅོ་ལྔ་པ། །གཏེར་ཁ་གསུམ་དུ་ཡང་གབ་སྟེ། །འདི་ནི་སྲས་མཁར་ནང་དུ་གཏམས། །ཀུན་ལས་ཁྱད་པར་འདི་ཆེ་བས། །སྙིང་གི་བུ་དང་འདི་འཕྲད་ཚེ། །ཚོགས་འཁོར་བརྒྱ་དང་རྩ་བརྒྱད་གཏང་། །ང་ཡི་བུ་མཆོག་མེས་རྔོག་སོགས། །དབང་ཆུ་མ་ཆད་གྲུབ་ཐོབ་ལས། །དགྱེས་རྡོར་བདེ་མཆོག་དབང་བཀའ་དང་། །ཕག་མོའི་བྱིན་རླབས་ཐོབ་པར་བྱ། །དེ་ནས་ལོ་དང་ཟླ་དྲུག་ཏུ། །རང་གི་རྒྱུད་ལ་ཉམས་སུ་བླང་། །དེ་ནས་ལས་ཅན་སྐྱོང་བའི་ཚེ། །མོས་གུས་སྙིང་གི་བརྩོན་འགྲུས་ཅན། །མི་ཕྱེད་དད་ཐོབ་གཅིག་གཉིས་བསྟེན། །བདག་ལ་འདོད་བློ་མི་བདོག་ཀྱང་། །སློབ་མའི་སྣོད་ནི་རྟོགས་པའི་ཕྱིར། །སྤང་དག་ཞབས་ཏོག་ཅི་ནུས་བརྟག །ལོ་གསུམ་བྲན་དུ་བཀོལ་ཞིང་བརྟག །དཀའ་བའི་ལས་ལ་བསྐུལ་ཞིང་བརྟག །མ་ཁྲེལ་དད་པ་ཐོབ་འདུག་ན། །བརྒྱ་རྩའི་ཚོགས་ཀྱིས་རྩ་གསུམ་མཆོད། །དབང་རྫོགས་བསྐུར་ཞིང་བསྐྱེད་རིམ་དབབ། །དེ་ནས་རིམ་གྱིས་མན་ངག་གཏད། །མཐར་ནི་བཀའ་རྒྱ་མནའ་རྒྱ་བཏང་། །ཐུགས་བརྒྱུད་གདམས་སྐོར་བཅོ་ལྔ་ནི། །སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་བཅུད། །མཁའ་འགྲོ་རྣམས་ཀྱི་སྙིང་ཁྲག་ཡིན། །སྣོད་ལྡན་རྣམས་ཀྱི་སྲོག་སྙིང་ཡིན། །མ་སྤེལ་སྙིང་གི་དཀྱིལ་དུ་བཅང་། །སྲས་མཁར་ནང་དུ་ཨ་ཐམ་རྒྱ། །ཨེ་མ་ངོ་མཚར་སྙིང་གི་གཏེར། །དབང་བསྐུར་མཐར་ཐུག་རྡོ་རྗེ་འཆང་། །བླ་མའི་དབང་བསྐུར་ཤོག་དྲིལ་གཅིག༡༽ །ལྟ་བའི་མཐར་ཐུག་ཕྱག་རྒྱ་ཆེ། །ནམ་མཁའི་རྡོ་རྗེའི་ཤོག་དྲིལ་གཅིག༢༽ །རྒྱལ་པོ་ཡིན་ནོ་ཡིད་ལ་བརྣག །བདེ་མཆོག་འཁོར་ལོའི་དཔལ་གྱི་དཔལ། །འཇིགས་བྱེད་རྡོ་རྗེའི་ཤོག་དྲིལ་གཅིག༣༽ །བསྐྱེད་རིམ་བསྡུས་པ་ཟབ་མན་ངག །དགྱེས་མཛད་རྡོ་རྗེའི་ཤོག་དྲིལ་གཅིག༤༽ །མཁའ་འགྲོ་ཀུན་གྱི་གཙོ་མོ་སྟེ། །རྡོ་རྗེ་ཕག་མོའི་ཤོག་དྲིལ་༥༽དང་། །གཏུམ་མོ་ནས་ནི་གྲོང་འཇུག་བར། །སྙིང་པོ་ཆོས་དྲུག་ཤོག་དྲིལ་བརྒྱད།༡༣༽ །བཀའ་ཡི་སྲུང་མ་རྣལ་འབྱོར་མ། །དུད་སོལ་ལྷ་མོའི་ཤོག་དྲིལ་གཅིག༡༤༽ །ཁོལ་པོ་དར་ཐོད་ཅན་ལ་གཅིག༡༥༽ །དེ་ལྟར་རྒྱ་དཔེ་ཤོག་དྲིལ་ནི། །བཅོ་ལྔ་དག་ལ་བོད་སྐད་དུ། །བསྒྱུར་ཏེ་དཀར་ཆག་སིལ་བུར་བཀོད། །བཀའ་མི་འཆུག་པའི་ཚད་མར་བཞག །བཀའ་རྟགས་ཕྱག་རྒྱ་ཡིད་ཆེས་བསྟན། །དཔལ་ཆེན་ནཱ་རོའི་ཕྱག་རྗེས་དང་། །མ་གཅིག་རྗེ་བཙུན་མི་རུས་ཀྱི། །རྒྱན་ཅན་མ་ཡི་ཞབས་རྗེས་དང་། །རྗེ་བཙུན་རོལ་པའི་མཐེབ་རྗེས་གསུམ། །མར་ཆུང་སྲིན་ལག་གཡོན་ཁྲག་ཕྱུང་། །རྗེས་གསུམ་བཀོད་པ་རྟེན་གྱི་མཆོག །དམ་ཆོས་མཛོད་འཛིན་སྐལ་བར་ལྡན། །བློ་གྲོས་བདག་བསྡུས་བླ་མ་ཡི། །བཀའ་བབས་ཐོབ་པའི་བུ་མཆོག་དང་། །གཏེར་འཕྲད་ནས་ནི་སྤྱོད་པར་ཤོག །མི་རབས་ལྔ་ནས་སྤེལ་བར་ཤོག །ཤིན་ཏུ་གསང་གསང་གསང་། །རབ་ཏུ་སྒོམས་སྒོམས་སྒོམས། །བརྩོན་པས་སྒྲུབས་སྒྲུབས་སྒྲུབས། བུ་མཆོག་བསྟན་བསྟན་བསྟན། གཅིག་ལ་མི་བསྣུབ་བོ། །གཉིས་ལ་མི་སྤེལ་ལོ། །ལས་འཕྲོ་ཅན་ལ་མ་ངེས་སོ། །གསེར་གྱི་མཎྜལ་གསུམ་གྱིས་བཀའ་རྒྱ་བཀྲོལ། རྒྱ་བླ་མའི་བཀའ་རྒྱ། རྒྱ་ཌཱ་ཀིའི་གཉན་རྒྱ། རྒྱ་སྔགས་པའི་མཐུ་རྒྱ། རྒྱ་མན་ངག་གི་ཟབ་རྒྱ། ཆོས་དབང་བདག་གིས་སྲས་མཁར་ནང་ནས་རྙེད། །གུ་ཧྱ།། ༈ །།རྗེ་རིན་པོ་ཆེ་ཐར་པའི་ལམ་སྟོན། བདེ་ཆེན་རོལ་པ། རྗེ་བཙུན་མི་རུས་ཀྱི་རྒྱན་ཆ་ཅན་དང་ཡེ་ཤེས་ཀྱི་མཁའ་འགྲོ་བྱིན་རླབས་ཀྱི་བརྒྱུད་པ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །ཉི་ཟླ་བཞིན་དུ་སེམས་ཅན་སྨིན་པར་མཛད་དུ་གསོལ། སྤྱིར་གྱི་རྒྱ་གར་དུ་ལོ་བཅུ་དགུ་བསྡད། དུས་ཕྱིས་བོད་དུ་གསེར་འཚོལ་དུ་འོངས་པས་སྙིའི་བྲག་རར་ནུབ་གཅིག་ཉལ་བའི་རྨི་ལམ་ལ། ཡུལ་ལ་སྟོད་ཀྱི་བུད་མེད་ཐམས་ཅད་འདུས་ནས། ཁོ་བོ་ལ་ཕྱག་རྟེན་དཔག་ཏུ་མེད་པ་བྱས་པ་རྨིས་ཙ་ན། ཁོ་བོའི་བསམ་པ་ལ་མདང་གི་ལོངས་སྤྱོད་དེ་རྣམས་བླ་མ་རྣམས་ཀྱི་ཕྱག་ཏུ་འབུལ་དུ་ཡོད་ན་ཁོ་བོའི་བསམ་པ་མཐར་ཕྱིན་པ་ལ་སྙམས་ནས་ཅུང་ཞིག་བསམ་པས། གལ་ཏེ་ནོར་འདྲ་བ་དང་འཕྲད་འོང་ངམ་སྙམ་ནས་ཕྱིན་ཙ་ན། དེ་ནས་རིང་པོར་མ་ཐོགས་པར་བྱང་ངམ་རའི་གསེར་བརྡོལ་བ་ཐོས་ནས་བྱང་དུ་ཕྱིན་པས་ལྷ་མོ་དུད་སོལ་མའི་མཐུ་བཙོངས། གཞན་ཡང་སྒྲུབ་ཡིག་མང་དུ་ཞུ་བ་བྱུང་བ་ལས། དུས་དེར་གསེར་སྲང་ཉི་ཤུ་རྙེད་པ་ཡིན། མར་པ་མགོ་ཡག་གིས་གསེར་སྲང་བཅུའི་ཞབས་ཏོག་བྱས། གཞན་ཡང་གོས་སྣ་ཚུན་ཆོད་རྩིས་དམིགས་སུ་བཅུག་པས་གསེར་སྲང་བཞི་བཅུ་བྱུང་། ཡང་རྒྱ་གར་དུ་ཕྱིན་ནས་བླ་མ་ཐར་པའི་ལམ་སྟོན་དང་སྣ་ལ་མཇལ་བ་ཡིན། དེར་གསེར་གྱི་མཎྜལ་གཡུའི་ཕྲ་བཀོད་པ་ཕུལ། རྡོ་རྗེ་གདན་ལ་སོགས་པའི་རྟེན་ཁྱད་པར་ཅན་རྣམས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས། མཁའ་འགྲོ་འདུ་བའི་གནས་ཁྱད་པར་ཅན་རྣམས་སུ་ཚོགས་འཁོར་རྒྱ་ཆེན་པོ་བྱས་ནས། བདག་གིས་དཀའ་ལས་བྱས་པའི་གདམས་ངག་འདི་རྣམས་ཀྱིས་འགྲོ་བ་དཔག་ཏུ་མེད་པ་ལ་ཕན་པ་རྒྱ་ཆེན་པོ་ནམ་མཁའ་དང་མཉམ་པ་འབྱུང་བར་གྱུར་ཅིག །ཅེས་གསོལ་བ་དྲག་ཏུ་བཏབ་ཅིང་། ཕྱིས་བོད་དུ་འོང་བའི་དུས་སུ་བླ་མ་བདེ་ཆེན་རོལ་པ་དང་། རྗེ་བཙུན་མི་རུས་ཀྱི་རྒྱན་ཆ་ཅན་གཉིས་ལ་གསེར་གྱི་མཎྜལ་གསུམ་བརྩེགས་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་བཀོད་པ་ཕུལ་ནས། གསོལ་བ་དྲག་ཏུ་བཏབ་པས་དུས་དེར་ལུང་བསྟན་དང་རྗེས་སུ་གནང་བ་ཡང་མཛད། ཐུགས་ནས་ཕྱུང་བའི་གདམས་ངག་འདི་རྣམས་གནང་བ་ཡིན་ནོ། །དུས་དེར་དགའ་ཆེས་ཏེ་ཏེ་ཏེ་བརྡུངས་པ་ལས། ཤིང་འོད་མའི་ཡལ་ག་ཆར་ལག་མ་གཅིག་རྐང་པ་ལ་ཟུག་ནས་རྨ་བྱུང་སྟེ་ཡུན་རིང་དུ་སྦྱངས། གཉོས་འབྱུང་པོ་དང་གཉིས་བོད་དུ་འགྲོ་བའི་ལམ་སྟབས་ཀྱང་ཆག་སྟེ་ཟླ་བ་གཅིག་ལ་སོས་སུ་མ་འདོད། ཕྱིས་གཉོས་འབྱུང་པོ་ན་རེ། ཁྱོད་བོད་དུ་འགྲོ་བ་ལ་བར་ཆད་ཆེ་གསུངས། དེར་རྒྱ་གར་གྱི་མཁའ་འགྲོ་མ་རྣམས་ན་རེ། ཁྱོད་བོད་དུ་མ་འགྲོ་ངེད་རྣམས་ཀྱི་ཁྱོ་བྱ་དགོས་ཟེར། ངས་ཕྱིས་ལོག་ལ་འོང་བྱས་པས་ཐོངས་པ་ཡིན། གཉོས་ཀྱིས་ཁྱོད་ལ་གདམས་ངག་ཅི་འདྲ་ཡོད་ཟེར། ཐུགས་ལས་བྱུང་བའི་མན་ངག་འདི་ལྟ་བུ་ཡོད་བྱས་པས། འོ་ན་ང་ཡང་རྒྱ་གར་དུ་ལོག་ནས་འཚོལ་དུ་འགྲོ་བས། ཁྱོད་ཀྱིས་བླ་མ་སུ་ལ་ཞུས་ཟེར་འདྲིར་བྱུང་བ་ལ། ང་ལ་བླ་མ་ཐར་པའི་ལམ་སྟོན་བྱ་བ་གཅིག་ཡོད་པ་དེ་ནི་ཕྱིའི་རྒྱ་མཚོའི་སླེ་ལ་ཡོད། ང་ལ་བདེ་ཆེན་རོལ་པ་བྱ་བ་གཅིག་ཡོད་པ་དུར་ཁྲོད་བརྒྱད་ན་རེས་མོས་ཀྱིས་རྒྱུ་བ་ཡིན། ང་མཁའ་འགྲོ་རྣམས་ཀྱིས་དར་གྱི་འདོ་ལེ་ལ་བཏེགས་ནས་ཨོ་རྒྱན་གྱི་གནས་སུ་ཞུས་པ་ཡིན་ང་དེར་ཁྱོད་ཀྱིས་མི་བརྟོལ་བྱས། སྔོན་གྱི་ལས་འཕྲོ་མེད་ཙ་ན་བཙལ་བས་རྙེད་པར་དཀའ་བར་གདའ་འོ། །ཐུགས་ཀྱི་ཉིང་ཁུ་པུཥྤ་ཧ་རིའི་ནཱ་རོ་པ་ལས་རྙེད་པའོ། །ྀཨཚ། ཁ་བྱང་སྲས་དགེ་འདུན་ལ་གཏད། དེས་སེ་བྲོ་རིན་ཆེན་དབང་ཕྱུག་ལ་གཏད། དེས་སེ་བྲོ་རྗེ་བཙུན་ལ་གཏད། དེས་སེ་བྲོ་གྱང་གསར་བ་ལ་གཏད། དེས་ཆོས་དབང་རིན་པོ་ཆེ་ལ་གཏད། དེ་ནས་གཏེར་ཐོན་ནས་སྲས་པདྨ་དབང་ཆེན་ལ་གཏད། དེས་གྲུབ་ཐོབ་མེ་ལོང་རྡོ་རྗེ་ལ་གཏད། དེས་རིན་ཆེན་རྒྱལ་པོ་ལ་གཏད་ནས་རིམ་པར་བརྒྱུད་དོ།། ༈ །།གྲོ་ལུང་ཁ་བྱང་ནི། གྲོ་བོ་ལུང་དུ་གསེར་སྡིང་པ་རྗེ་བོ་སངས་རྒྱས་མགོན་གྱིས་མཁར་རྩིག་པའི་བྲག་གཤགས་པས། སཱཙྪ་རས་དང་རེ་བས་དྲིལ་བའི་ནང་ནས་ཐུགས་ཀྱི་ཉིང་ཁུ་རྙེད་དོ། །དེ་ནས་གསེར་སྡིང་པ་གྲུབ་ཆེན་གཞོན་ནུ་འོད་ཀྱི་ཕྱག་ཏུ་བྱུང་ནས་རིམ་པར་བརྒྱུད་དོ། །འདི་ཡན་བཀའ་འགྱུར་བས་ཐོབ། ༄༅། །དབང་ཆེན་རྡོ་རྗེ་འཆང་གི་ཤོག་དྲིལ་བཞུགས་སོ།། ༼༡༽ རྡོ་རྗེ་འཆང་ཆེན་ལ་ཕྱག་འཚལ་ལོ། །འདི་རྣམས་ཀྱི་དབང་ལུང་ནི་རྣམ་པ་གཉིས་ཏེ། སྤྲོས་བཅས་དང་། སྤྲོས་མེད་བསྡུས་པའི་ལུགས་སོ། །དེ་ལ་སྤྲོས་བཅས་ནི། མཁས་པ་པཎྜི་ཏའི་ལུགས་ཏེ། ཕ་རྒྱུད་མ་རྒྱུད་ཀྱི་དབང་ཆུ་ལྟར་བསྐུར་བ་ཡིན་པས་གཞན་དུ་ཤེས་པར་བྱའོ། །འདི་ནི་རྣལ་འབྱོར་པ་ཀུ་སཱ་ལིའི་ལུགས་ཏེ། སྤྲོས་པ་བསྡུས་ཏེ་བསྟན་པ་ཟབ་མོའི་ལུགས་ཡིན་ནོ། །རྣམ་པ་གཅིག་ཏུ། བློ་རབ་སྔོན་སྦྱངས་པ་ལས་འཕྲོ་ཅན་ལ་བདག་འཇུག་རྡོ་རྗེ་འཆང་གི་དབང་ཟབ་མོ་འདི་ཁོ་ན་ཡིན་ཕྱིར་བཀའ་རབ་ཏུ་དམ་པར་བྱའོ། །འདི་རྡོ་རྗེ་འཆང་གིས་གསང་བའི་བདག་པོ་ལ་བསྐུར། དེས་རྡོ་རྗེ་རྣལ་འབྱོར་མ་ལ། དེས་ཏེ་ལོ་པ་ལ། དེས་ནཱ་རོ་པ་ལ། དེས་མར་ཆུང་བདག་ལ་པུཥྤ་ཧ་རིར་བསྐུར། བུ་ཆེན་གཞན་ལ་སེམས་ཀྱིས་མ་ཁྲོལ་ནས་ཐུགས་གཏད་མན་ངག་སྐོར་གྱི་ཆོས་སྒོ་དབང་མཆོག་དེ་ཉིད་ཕྱི་མའི་སྐལ་ལྡན་བྱང་ཆུབ་སེམས་དཔའ་འཕགས་པའི་རིགས་མཆོག་བདག་བརྫུས་གཅིག་དང་འཕྲད་པར་ཤོག །ཅེས་སྨོན་ལམ་བཏབ་ནས། དུད་སོལ་ལྷ་མོ་ལ་གཉེར་གཏད་དོ། །སྲས་མཁར་ནང་དུ་ཨ་ཐཾ་རྒྱ། རྒྱ་གར་སྐད་དུ། བཛྲ་སཏྭ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ། བོད་སྐད་དུ། རྡོ་རྗེ་སེམས་ཆེན་བླ་མའི་དབང་།་་་སངས་རྒྱས་ཐམས་ཅད་འདུས་པའི་སྐུ། རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །འདི་ལ་སྔོན་འགྲོ་དངོས་གཞི་རྗེས། །སྔོན་འགྲོ་དབེན་པར་་་རིན་པོ་ཆེའི།མཎྜལ་བཤམ། །རྩ་བརྒྱུད་ཀྱི།་་་བླ་མ་རྣམས་ལ་ཡང་ཡང་་་བདུན་ནམ་ཉེར་གཅིག།འབུལ། །ཚོགས་འཁོར་ལོ་གྲངས་སྤྱི་གཞུང་བསྲང་། །དངོས་གཞི་གསོལ་བཏབ་དབང་ཞུ་བ། །ཀྱེ་ཧོ་བླ་མ་རྡོ་རྗེ་འཆང་ཆེན་དགོངས། །བདག་མཚན་འདི་ཞེས་བྱ་བ་ལ། །དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་དང་། །དབྱེར་མེད་དབང་རྫོགས་བསྐུར་དུ་གསོལ། །ལུས་ངག་ཡིད་གསུམ་སྨིན་པར་མཛོད། །ལན་གསུམ་གསོལ་བ་བཏབ་རྗེས་ལ། །ཡིག་བརྒྱ་གསུམ་གྱིས་ལས་སྦྱངས་ལ། །རང་ཉིད་ཡི་དམ་ལྷར་་་དགྱེས་རྡོར་བདེ་མཆོག།བསྐྱེད་པའི། །སྤྱི་གཙུག་བླ་མ་་་ཐམས་ཅད་འདུས་པ།རྡོ་རྗེ་འཆང་། །མཐིང་ག་ཞལ་གཅིག་ཕྱག་གཉིས་པ། །ཆོས་དབྱིངས་ཀུན་བཟང་ཡུམ་དང་སྦྱོར། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་གསོར། །གཡོན་པ་དངུལ་དཀར་དྲིལ་བུ་བརྟེན། །རིན་ཆེན་རུས་པའི་རྒྱན་དྲུག་མཛེས། །སྐུ་གསུང་ཐུགས་གནས་འབྲུ་གསུམ་མཚན། །གསང་བ་རྡོ་རྗེ་རྩེ་ལྔ་པ། །སྦུ་གུ།་་་ནང་ཧཱུྃ་རྩེ་ལ་་་བྱང་སེམས་དཀར།ཕཊ་ཀྱིས་མཚན། །ཡུམ་གསང་པདྨའི་ཟེ་འབྲུར་ཨཱཾཿ་་་དམར་པོ། ཡི་དམ་དུ་གསལ་བའི།་་་རང་གི་ཐུགས་ལས་འོད་ཟེར་་་ལྕགས་ཀྱུ་ལྟ་བུ།འཕྲོས། །ཕྱོགས་བཅུའི་བླ་མ་བདེ་བར་གཤེགས།་་་པ་ཐམས་ཅད། མ་ལུས་བཀུག་ནས་དེ་ཐུགས་བསྟིམ། །ཡབ་ཡུམ་སྙོམས་འཇུག་བྱང་སེམས་་་དཀར་དམར་གཡས་སུ་འཁྱིལ་བ།སྤེལ། །གཟི་བརྗིད་འོད་དུ་འབར་བར་བསྒོམ།་་་བླ་མ། དབང་བཞི་བསྐུར་བར་གསོལ་བ་བཏབ།་་་ལན་གསུམ། བྱང་སེམས་སྤྱི་གཙུག་དུང་ཁང་སྐྱིལ། །ལུས་སྒྲིབ་དག་ནས་ལྷ་བསྒོམ་་་པའི་དབང་་་ཐོབ། དགའ་བའི་ཉམས་སྐྱེས་བུམ་དབང་ཐོབ། །བྱང་སེམས་མགྲིན་པའི་གནས་སུ་དབབ།་་་བདེ་སྟོང་ངང་། མཆོག་དགའི་ཉམས་སྐྱེས་གསང་དབང་ངོ་།་་རྩ་རླུང་བསྒོམ་པའི་དབང་། བྱང་སེམས་སྙིང་གའི་གནས་སུ་དབབ། །ལྷན་ཅིག་སྐྱེས་དགའི་ཡེ་ཤེས་དབང་།་་་ཡིད་སྒྲིབ་དག །འོག་སྒོ་བདེ་བ་ཆེན་པོ།་་་ཀྱེ་ཧོ། བདེ་སྟོང་དབྱེར་མེད་བྱང་ཆུབ་སེམས། །འདི་ཡི་རང་བཞིན་རང་རིག་ཡེ་ཤེས་ཏེ། །རྡོ་རྗེ་འཆང་བ་ཀུན་གྱི་རྗེ། །རང་དང་ཐ་དད་ཡོད་མ་ཡིན།་་་དེ་ཁོ་ན་ཉིད་ཀྱི་དབང་། ཕྱག་རྒྱ་ཆེན་པོའི་སྒོམ་དབང་ཐོབ། །དེ་ནས་དྲི་མ་ཀུན་དག་ནས། །བདེ་སྟོང་དྲན་མེད་་་སྨྲ་བསམ་བརྗོད་བྲལ།ཉམས་དང་ལྡན། །དེ་ཉིད་དབང་བཞི་ཡོངས་རྫོགས་ནས། །རང་ཉིད་རྡོ་རྗེ་འཆང་དུ་བསམ། །དབྱེར་མེད་ཕྱག་རྒྱ་ཆེན་པོར་ཤེས། །དངོས་པོའི་གནས་ཐབས་རང་བྱུང་ལ། །ལམ་མཆོག་་་དབང་རིམ་པ་མན་ངག་དང་བཅས་པ།དེ་ཡིས་རང་གྲོལ་ནས། །འབྲས་བུ་རྡོ་རྗེ་འཆང་ཉིད་འགྲུབ། །དེ་རྗེས་ཆོས་བཀའ་་་ནམ་མཁའ་རྡོ་རྗེ་དང་མན་བཅོ་ལྔ།རིམ་པར་གཏད། །སྒོ་གསུམ་ཚོགས་གསོག་ལོངས་སྤྱོད་ཀྱིས། །ཆོས་བདག་བླ་མ་དེ་མཉེས་བྱ། །ཌཱ་ཀི་ལ།་་་གཏོར་ཚོགས་བཟང་པོས་གཏད་རྒྱ་དགྲོལ། །དབང་ཆུ་ཀུན་འདུས་་་མར་ཆུང།སྙིང་གི་ཁྲག །ཐུགས་བརྒྱུད།་་་གཏེར་ཁ་འདི་ཡི་སྲོག་ཡིན་ཕྱིར། །གཅིག་གཉིས་གསུམ་ལས་མ་སྤེལ་བར། །བདག་འཇུག་རྒྱུན་པར་ཉམས་སུ་བླང་། །སྙིང་གི་བུ་མཆོག་ཁྱོད་ཀྱིས་ཆོངས། །སྙན་བརྒྱུད་བཀའ་འཁྱལ་་་མི་རབས་ལྔ་ན།འཆོལ་བའི་ཚེ། །ཐུགས་བརྒྱུད་སྐོར་འདིས་བསྟན་པ་སོས། །གྲུབ་ཐོབ་བརྒྱུད་པ་གདོན་མི་ཟ། །སྲས་མཁར་ནང་དུ་ཨ་ཐཾ་རྒྱ། །ྀཨཚ།། །། ༄༅། །དབང་གི་རྗེས་སུ་ངོ་སྤྲོད་པར་བྱེད་པའི་ཐབས་ལྟ་བ་ནམ་མཁའ་རྡོ་རྗེའི་ཤོག་དྲིལ་ས་མ་ཡཱ་ཏི་གུ་ཧྱ། ༼༢༽ ཨོ་རྒྱན་གྱི་ཞལ་གདམས། མཁའ་འགྲོ་མ་ཐམས་ཅད་ཀྱི་ཡང་སྙིང་། རྒྱུད་ཐམས་ཅད་ཀྱི་སྙིང་པོ་བསྡུས་པའི་མན་ངག །རིན་པོ་ཆེ་གསེར་ཞུན་དྲིལ་བ་ལྟ་བུ་ཡིན་ཏེ། དེ་ཡང་འཁོར་ལོས་སྒྱུར་རྒྱལ་ལ། །བཀའ་རྟགས་ཕྱག་རྒྱ་དགུ་ཡོད་དེ། །གཞན་གྱིས་གནོད་པ་མི་བསྐྱེལ་བར། །ཕན་པ་ཕུན་ཚོགས་སྒྲུབ་ཕྱིར་རོ། །ཆོས་ཉིད་སྐྱེ་མེད་རྒྱལ་པོ་ལ། །རྒྱས་གདབ་དགུ་ཡི་མན་ངག་ཡོད། །ཉོན་མོངས་དགྲ་ལས་རྒྱལ་བའི་ཕྱིར། །གཞན་ཕན་ཕུན་ཚོགས་སྒྲུབ་ཕྱིར་རོ།་་་ཀ།་་་གཟུང་བ་མེད་དེ་རང་གི་སྣང་བ་ཡིན་པས་རྣམ་པར་སྣང་མཛད་ཀྱི་རྒྱས་གདབ་པའི་བདེ་བ་ཆེན་པོ་དང་།༡༽ འཛིན་པ་མེད་དེ་བདེ་བ་ཆེན་པོའི་རང་བཞིན་ཡིན་པས་མི་བསྐྱོད་པའི་རྒྱས་གདབ་པ་དང་།༢༽ སྦྱོར་བ་དངོས་གཞི་རོ་གཅིག་པས་བདེ་བ་ཆེན་པོའི་རྒྱ་དང་།༣༽ བསྒོམ་བྱ་སྒོམ་བྱེད་དང་སྒོམ་པ་པོ་རོ་གཅིག་པས་གཉིས་སུ་མེད་པའི་རྒྱ་དང་།༤༽ སྦྱོར་བ་དངོས་གཞི་རོ་གཅིག་པས་བདེ་བ་ཆེན་པོའི་རྒྱ་དང་།༥༽ ཆགས་པ་དང་ཆགས་བྲལ་དང་ཆགས་པ་བར་མ་གསུམ་མཉམ་པ་སྣང་སྟོང་དབྱེར་མེད་པའི་རྒྱ་དང་།༦༽ དགེ་བ་དང་མི་དགེ་བ་ལུང་མ་བསྟན་གསུམ་ཆོས་ཉིད་དུ་རོ་གཅིག་པའི་རྒྱ་དང་།༧༽ འཁོར་འདས་དབྱེར་མེད་འོད་གསལ་བའི་ངང་དུ་རོ་གཅིག་པའི་རྒྱ་དང་།༨༽ བརྟན་གཡོ་སྣོད་བཅུད་རྣམས་ཧེ་རུ་ཀའི་རོལ་པའི་རྒྱས་གདབ་པའོ།།༩༽ རྒྱས་གདབ་དགུ་ཡིས་སྣོད་བཅུད་ཀུན། །བདེ་སྟོང་གཉིས་མེད་རྒྱ་ཡིས་གདབ། །ཡུལ་ནི་གང་དང་གང་དག་ལ། །ཐམས་ཅད་ལས་ནི་སེམས་བསྡུས་ནས། །གང་གིས་བདག་ཉིད་གཡོ་མེད་པར། །གནས་པ་མིག་གིས་གཟུགས་དག་གམ། །གནས་པ་རྣ་བས་སྒྲ་དག་གམ། །གནས་པ་སྣ་ཡིས་དྲི་དག་གམ། །གནས་པ་ལྕེ་ཡིས་རོ་དག་གམ། །གནས་པ་ལུས་ཀྱིས་རེག་དག་གམ། །གནས་པ་ཡིད་ཀྱིས་ཆོས་རྣམས་ལ། །ཤེས་པའི་བློ་དེ་རྟོག་བྲལ་ཡིན། །རྟོག་པ་སྐྱེ་དང་འགག་པ་ཡང་། །རང་རིག་ཉིད་ཀྱིས་མྱོང་བས་ན། །རྟོག་དང་བྲལ་བ་མངོན་སུམ་འགྲུབ། །གང་ཞིག་རྟོག་བྲལ་དོན་དེ་ལ། །ཚོར་བ་བདེ་བ་ལ་བརྟེན་ནས། །སྒོམ་པ་ཕོ་ཉའི་ལམ་དུ་འགྱུར། །གང་ལ་དང་པོ་རྟོག་མེད་ལ། །དགའ་བ་ཞེས་སུ་བཤད་པ་དང་། །རྟོག་བྲལ་བདེ་མྱོང་གཉིས་པ་ལ། །མཆོག་དགའ་ཞེས་སུ་བཤད་པ་ཡིན། །དེ་ནི་ལུས་ཀྱི་བདེ་བ་སྟེ། །ཡིད་འོང་ཡུལ་ལས་འབྱུང་བ་འོ། །རྟོག་དང་བྲལ་བ་གསུམ་པ་ནི། །ལྷན་ཅིག་སྐྱེས་དགའ་ཀུན་བཤད་དེ། །ཡིད་ཀྱིས་ཕུན་སུམ་བདེ་བ་ཡིན། །གཟུང་འཛིན་དྲི་མ་དང་བྲལ་བ། །མྱོང་བ་གསལ་བ་སྐྱེས་པ་ནི། །རང་རིག་བདེ་ཆེན་ཞེས་སུ་བཤད། །འཇིག་རྟེན་འདི་དང་ཕ་རོལ་དག །མཉམ་པར་ཤེས་ཤིང་བསྒོམ་པ་ནི། །འདའ་ཀའི་མན་ངག་གཞན་ནས་བཙལ་མི་དགོས། །སེམས་ཀྱི་རང་བཞིན་ཆོས་ཉིད་སྐུར་ཤེས་ནས། །འབྲས་བུ་ཐོབ་བྱ་གསར་དུ་སྐྱེ་བ་མེད། །སེམས་ཀྱི་ངང་ལ་འཕེལ་འགྲིབ་མེད་ཤེས་ན། །སྒོམ་མ་ཤར་ཡང་བསྒོམ་པ་བཙལ་མི་དགོས། །ལེགས་བྱས་ཉེས་བྱས་གློ་བུར་ཡིན་ཤེས་ན། །དམ་ཚིག་ཉམས་ཀྱང་དེ་ཉིད་བཤགས་པའི་མཆོག །ཇི་ལྟར་སྣང་བ་དེ་ལྟར་བདེན། །ཇི་ལྟར་བཏགས་པ་དེ་ལྟར་མེད། །ཇི་ལྟར་བཙལ་བ་དེ་ལྟར་སྐྱོན། །ཇི་ལྟར་བཙལ་བ་དེ་ལྟར་བྲལ། །ཡུལ་ནི་གང་དང་གང་དག་ལ། །རྟོག་བྲལ་གསལ་བར་སྐྱེ་གྱུར་པ། །དེ་ཚེ་དེ་འོ་མི་སེམས་པ། །དེ་ནི་སྟོང་ཉིད་སྒོམ་པ་ཡིན། །རང་རིག་གཉིས་མེད་བསྒོམ་བྱ་ཞེས། །གང་ལ་གདམས་ངག་ཕོག་གྱུར་ཀྱང་། །གཉིས་མེད་ཉིད་དུ་མ་མྱང་ན། །གང་ཟག་བསྟན་ཀྱང་མིང་དུ་ཟད། །སེམས་ཉིད་འོད་གསལ་རྒྱ་མཚོ་ལ། །གློ་བུར་རྦ་རླབས་ཚུལ་དུ་རྟོགས། །སེམས་ཉིད་ནམ་མཁའ་སྟོང་པ་ལ། །གློ་བུར་སྤྲིན་གྱི་ཚུལ་དུ་བརྟག །སྒོམ་དུ་མེད་པའི་ལྷུན་གྲུབ་སྒོམ། །ཉམས་མྱོང་སྒོམ་པའི་རྒྱལ་པོ་ལ། །རྟོག་པའི་དྲི་མ་ངང་གིས་སྟོང་། །མངོན་སུམ་ཚད་མ་མཐོང་བ་ཉིད། །ཤེས་བྱའི་སྣང་བ་ཡིན་པར་གསལ། །རྟོག་པ་ཐམས་ཅད་འགག་པ་དང་། །སྒྲིབ་པ་ཐམས་ཅད་སྤོང་བ་ལ། །མི་རྟོག་ཡེ་ཤེས་ངང་ལ་བཞག །བསྒོམ་དུ་མེད་པའི་སྒོམ་པ་ཉིད། །རྣམ་པར་རྟོག་པ་མེད་པ་ལ། །རྣམ་རྟོག་མེད་ཅེས་སྒྲོས་མི་གདགས། །དངོས་པོ་གདོད་ནས་གཉིས་མེད་ལ། །གཉིས་མེད་ཅེས་ཀྱང་བསམ་མི་བྱ། །བདེ་ཆེན་སྒྲོ་སྐུར་བྲལ་བ་ལ། །བྲལ་ལོ་སྙམ་དུ་བསམ་ན་སྐྱོན། །ཉམས་མྱོང་འོད་གསལ་དག་པ་ལ། །དག་གོ་ཞེས་ཀྱང་རློམ་མི་བྱ། །རློམ་སེམས་མེད་པར་གནས་པའི་ཚེ། །རྟོག་པ་རང་གི་ངང་གིས་འགགས། །ཆོས་དང་གང་ཟག་བདག་ཅེས་པ། །རྟོག་པའི་ངོ་བོ་ཉིད་ཡིན་ཏེ། །རྟོག་པའི་རང་བཞིན་འོད་གསལ་བ། །ཤེས་ན་དེ་ཚེ་ཉིད་ནས་འགག །རྣལ་འབྱོར་ནང་དུ་ཁ་བལྟས་པས། །སེམས་ལས་མ་གཏོགས་མྱོང་བ་མེད། །སྣང་སྲིད་རྟག་དང་མི་རྟག་པ། །དགག་པ་དང་ནི་སྒྲུབ་པ་མེད། །སེམས་ཀྱང་ཡེ་ཤེས་ཡིན་ཤེས་ན། །མྱ་ངན་འདས་པ་བསྟན་མི་དགོས། །གལ་ཏེ་ཆགས་སྡང་སྐྱེས་གྱུར་ན། །གཉེན་པོ་མི་སྡུག་བྱམས་སོགས་ནི། །འགྲོ་ལ་སེམས་རྒྱུད་གཉིས་མི་འཆང་། །ཇི་ལྟར་སྤྲིན་ནི་སྣ་ཚོགས་དག །ནམ་མཁའི་དབྱིངས་སུ་ཐིམ་པ་ལྟར། །དང་པོ་འོད་གསལ་གློ་བུར་བྱས། །ཕྱིས་ནི་རང་གི་ངང་འགགས་ན། །གཉེན་པོ་དག་ནི་སུ་ལ་བསྒོམ། །མ་རིག་འཁྲུལ་པའི་བག་ཆགས་ཀྱི། །སེམས་ཀྱིས་སྒྱུ་མ་བཞིན་སྣང་ལ། །མི་མཁས་སྒྱུ་མ་འཆོས་པ་བཞིན། །གཉེན་པོ་སྒོམ་པ་ཡ་རེ་འཆའ། །སེམས་ཀྱི་རང་བཞིན་འོད་གསལ་བས། །སྐྱེ་བ་ཉིད་ལ་མི་རྟག་ན། །གློ་བུར་དག་པར་ག་ལ་འགྱུར། །དེ་བས་གཉེན་པོ་མི་བསྒོམ་སྟེ། །གཉེན་པོ་མེད་ཅེས་སྒོམ་པའང་མིན། །མཚན་མར་མི་འཛིན་རྣལ་འབྱོར་པ། །འདི་དང་འདི་འགལ་སེམས་པ་མེད། །སྒྲུབ་པ་ཉིད་ཀྱང་འགག་མེད་པས། །འདུ་མི་བྱེད་པས་ནམ་མཁའ་འདྲ། །འདུ་ཤེས་ལས་བྱུང་ཏིང་འཛིན་སྐྱོན། །འདུ་མི་བྱེད་ཅེས་སེམས་པའང་མེད། །མངོན་སུམ་རྟོག་བྲལ་རྒྱུན་བསྲིང་ན། །སྒོམ་པ་ཞེས་ནི་ཐ་སྙད་འདོགས། །རྟོག་མེད་ཡེ་ནས་སྐྱེ་བས་ན། །སྒྲོ་འདོགས་སེལ་བ་སྒོམ་པ་ཡིན། །སྒྲོ་འདོགས་མེད་པས་བསལ་དུ་མེད། །བཅོས་མེད་རང་གསལ་མ་བྱུང་ན། །ནན་གྱིས་མི་རྟོག་བསྒོམས་གྱུར་ཀྱང་། །མི་རྟོག་པ་ཉིད་སྒྲིབ་པའི་རྒྱུ། །དཔེར་ན་སྨན་ཉིད་མ་ཞུ་བས། །ནད་ཀྱི་ནང་ནས་ལྕི་བ་བཞིན། །དེ་བས་སེམས་ཉིད་ངང་རྟོགས་ན། །འབད་མེད་བསྒོམ་ལ་སྒྲོ་འདོགས་བཅད། །སྒྱུ་མ་ཆུ་ཟླ་བཞིན་དུ་མེད་ཤེས་ན། །སྟོང་ཞེས་བརྗོད་པས་སེམས་ལ་ཡོངས་མི་གོལ། །སེམས་ཀྱི་རང་བཞིན་སྣང་སྟོང་རྟོགས་ན་ནི། །འགྲོ་བ་རྣམས་ལ་བྱམས་པ་ངང་གིས་སྐྱེ། །བདག་དང་གཞན་ལ་དབྱེ་བ་མེད་པར་ཡང་། །ཆུ་ཟླ་ལྟ་བུའི་བློ་ནི་སྐྱེས་གྱུར་ན། །བདེ་བ་ཆེན་པོ་བསྒོམ་ཞེས་དེ་ལ་བྱ། །གང་ཞིག་རྟོག་པས་བར་བཅད་ན། །དགའ་བདེའི་ཏིང་འཛིན་ཉམས་འགྱུར་བས། །ཕྱག་རྒྱ་བཞི་ཡི་ཡུལ་རྣམས་ལ། །ཚོར་བ་བདེ་བ་སྐྱེ་བར་འགྱུར། །རྗེ་བཙུན་རྟོགས་པའི་སྟོབས་བརྟན་པས། །རྟོག་དང་བཅས་པ་སྐྱེ་མི་འགྱུར། །དེ་བས་བདེ་བའི་ཏིང་འཛིན་ལ། །རྣལ་འབྱོར་པ་ཡི་ཡིད་བཞག་ནས། །གཉིས་མེད་བདེ་ཆེན་བསྒོམ་པར་བྱ། །གང་ཞིག་བདེ་བའི་ཏིང་འཛིན་ལ། །སེམས་གནས་པ་ནི་ཞི་གནས་ཡིན། །དེ་ལ་དགའ་དང་མཆོག་དགའ་དང་། །ལྷན་ཅིག་སྐྱེས་དགའ་ཕུལ་བྱུང་ཡང་། །ཞི་གནས་སེམས་ལས་མ་འདས་ཏེ། །ལུས་དང་སེམས་ཀྱི་བདེ་བར་ཟད། །བདེ་ཆེན་དོན་གྱི་རྒྱས་བཏབ་ན། །ལྷག་མཐོང་ཕུལ་དུ་བྱུང་བར་འགྱུར། །གང་ཞིག་བདེ་བའི་ཆོས་ཅན་ལ། །སྟོང་ཉིད་སྒྲུབ་པ་གང་ཡིན་པ། །ལྷན་ཅིག་སྐྱེས་དགའ་ཡིན་སྙམ་སྟེ། །དེ་ནི་རྗེས་དཔག་སྒོམ་པའི་ལམ། །སོ་སོར་རྟོག་པའི་རྣལ་འབྱོར་ཏེ། །བདེ་བ་ཆེན་པོའི་མིང་མེད་པ། །འོད་གསལ་བདེ་བ་ཆེན་པོ་ལས། །དགའ་བདེ་རྦ་རླབས་ཚུལ་དུ་ཤེས། །དེ་ཉིད་སྟོང་པ་སྒོམ་པ་ཡིན། །བདེ་དང་ཡིད་བདེ་གང་ཡིན་པ། །དེ་ཡི་རང་བཞིན་སྟོང་ཤེས་ན། །གཏན་ཚིགས་ལ་སོགས་དོན་མེད་ཡིན། །ཆུ་ནི་དྭངས་པར་གྱུར་པ་ལས། །ཉ་དག་མྱུར་དུ་འཕར་བ་ལྟར། །དེ་བཞིན་སྟོང་པའི་རང་བཞིན་ལས། །སྣ་ཚོགས་སྟོང་ཞིང་ཤེས་པ་འགག །སྣོད་བཅུད་བདེ་ཆེན་རྒྱས་བཏབ་ནས། །སེམས་ཀྱི་གླང་པོ་ཡན་བཏང་ཡང་། །གནས་མ་རྙེད་ནས་ལྡོག་པར་འགྱུར། །དངོས་པོ་གསར་པ་མཐོང་བ་ན། །དེ་དེ་བདེ་བའི་རྒྱས་བཏབ་ན། །གཡེང་བ་ཉིད་ཀྱང་གཡེང་བ་མེད། །སྤྱོད་ལམ་རོ་སྙོམས་ཡིན་ཤེས་པས། །འགྲོ་འོང་ཉིད་ཀྱང་འགྲོ་འོང་མིན། །རྒྱུ་འབྲས་སྐྱེ་མེད་རྒྱས་བཏབ་པས། །སྐྱེ་བ་ཉིད་ཀྱང་སྐྱེས་པ་མིན། །འགག་པ་ཐིམ་པའི་རྒྱས་བཏབ་པས། །འགགས་པ་ཉིད་ཀྱང་འགག་པ་མེད། །བདེ་གཤེགས་ཉིད་ནི་བདེ་ཆེན་ཉིད་ཀྱི་སྐུ། །ཆོས་རྣམས་ཐམས་ཅད་བདེ་གཤེགས་ཉིད་དང་མཉམ། །གང་ཞིག་བཙུན་མོའི་བྷ་གར་བདེ་མྱོང་དང་། །གང་ཞིག་མེ་ལོང་གཟུགས་ལས་བདེ་མྱོང་དང་། །གང་ཞིག་གཏུམ་མོའི་དྲོད་ལས་བདེ་མྱོང་དང་། །གང་ཞིག་དགོད་དང་བལྟ་དང་ལག་བཅངས་དང་། །འོ་བྱས་འཁྱུད་པས་བདེ་བ་དམ་པ་མྱོང་། །རྟོག་མེད་མྱོང་བར་གྱུར་ཀྱང་བདེ་ཆེན་གྱི། །རྒྱས་མ་བཏབ་ན་བྱང་ཆུབ་སེམས་མེད་ཅེས། །རྡོ་རྗེ་འཆང་དབང་གསུང་བཞིན་ཚད་མས་གྲུབ། །བདེ་བ་སྟོང་པ་ཉིད་ཀྱི་རྒྱས་བཏབ་བྱ། །རྒྱས་བཏབ་ཅེས་བྱ་དོན་གྱི་ངོ་བོ་ཡང་། །དམིགས་པའི་ཡུལ་ལ་སྒྱུ་མར་ཟད་མོད་ཀྱི། །རང་གིས་མྱོང་བ་སྒྱུ་མར་མངོན་སུམ་དུ། །རིག་པ་དེ་ལ་རྒྱས་བཏབ་ཅེས་སུ་བརྗོད། །རྟོག་པ་རེ་རེ་བཅད་པས་རྒྱས་བཏབ་མིན། །དེ་ཕྱིར་རྗེས་དཔག་སྒོམ་ལ་རྒྱས་བཏབ་མིན། །ཤེས་བྱའི་དཀྱིལ་འཁོར་སྤྲོས་དང་བྲལ་བ་ཡི། །མངོན་སུམ་དེར་སྣང་རྒྱ་ཡི་རྣམ་པར་འབྱུང་། །དེས་ན་རྒྱས་བཏབ་ཅེས་ནི་བྱ་བར་བཤད། །གཉེན་པོ་རྒྱལ་པོ་མངོན་སུམ་ཡིན། །གཅིག་དང་དུ་བྲལ་གཏན་ཚིགས་དག །འོད་གསལ་ཤེས་ལ་དགོས་པ་མེད། །གླང་པོ་མངོན་སུམ་རྙེད་གྱུར་ནས། །གླང་པོའི་རྗེས་ནི་འཚོལ་བྱེད་དམ། །བདེ་ཆེན་དེར་སྣང་མངོན་སུམ་ལ། །ལུང་དང་རྗེས་དཔག་བཙལ་མི་དགོས། །མྱོང་བ་དངོས་པོའི་གཤིས་ཡིན་པས། །ཆད་པར་ལྟ་བའི་དོགས་པ་མེད། །གང་ལའང་ངོ་བོར་མི་སེམས་པས། །སྒྲོ་འདོགས་པ་ཡི་དོགས་པ་མེད། །སྣོད་བཅུད་བདེ་ཆེན་རྒྱས་བཏབ་པས། །ཉོན་མོངས་དགྲ་ལ་ལྡང་དོགས་མེད། །ལས་ལ་བྱེད་དོ་བྱས་ཞེས་པ། །དགེ་སྡིག་གང་ལའང་མི་སེམས་ཤིང་། །རྨི་ལམ་ལས་དང་ཁྱད་མེད་པས། །ངན་སོང་གསུམ་གྱི་དོགས་པ་མེད། །གང་དང་གང་ལ་སེམས་པ་ན། །བདེ་ཆེན་དེར་སྣང་ངོ་ཤེས་ན། །གཉེན་པོ་གཞན་ཞིག་བཙལ་མི་དགོས། །བྱ་བ་བཏང་བའི་སེམས་ཉིད་འདི། །ལྷུན་གྱིས་གྲུབ་པར་རྣམ་པར་གནས། །ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞག་བཞིན། །རང་གིས་རང་གི་ཡེ་ཤེས་བཞིན། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །དེ་ཉིད་གཉིས་མེད་མཆོད་པ་ཡིན། །གཉེན་པོ་སྟོང་ཉིད་ལྟ་བ་འདི། །སྡིག་པ་བཤགས་པའི་མཆོག་ཡིན་ཏེ། །མེ་དང་གྲང་བ་རེག་པ་བཞིན། །བདེ་སྟོང་མངོན་སུམ་འདི་དང་འགལ། །རྗེས་སུ་ཡི་རང་ལ་སོགས་དང་། །ཆོས་སྤྱོད་སྡོམ་པའི་ནང་ན་ནི། །དོན་དམ་བྱང་ཆུབ་སེམས་ཡིན་པས། །སྟོང་ཉིད་མངོན་སུམ་མཐོང་འདི་མཆོག །དཀྱིལ་འཁོར་སྦྱིན་སྲེག་བཟླས་བརྗོད་ཀྱི། །ནང་ན་བདེ་ཆེན་དཀྱིལ་འཁོར་མཆོག །གད་དང་གང་ལ་བློ་བཞག་པ། །དེ་དང་དེ་ཡི་བདེ་ཆེན་དུ། །ཤེས་ན་མལ་ཆ་གདན་དག་དང་། །གོས་དང་ཟས་ལ་སོགས་པ་དང་། །གཡོག་དང་གཉེན་བཤེས་འཁོར་རྣམས་ཀུན། །བདེ་ཆེན་ཤེས་པ་སྒོམ་པའི་མཆོག །བྱིས་པའི་བློ་ཅན་དངོས་ལ་ཞེན་པ་རྣམས། །རྣམ་པར་རྟོག་པས་རྟོག་པ་ཉིད་ལ་སྤྱོད། །དངོས་རྣམས་ཐམས་ཅད་བཅོས་སུ་མེད་ན་ཡང་། །གྲུབ་མཐའ་ངན་པས་བསླད་པས་འཆོས་པར་བྱེད། །གདོད་ནས་འོད་གསལ་རྣམ་དག་ཆོས་ཀྱི་དབྱིངས། །བདེ་གཤེགས་ཆོས་ཀྱི་སྐུ་ཡི་མཁྱེན་པར་མཉམ། །འཁོར་བའི་ཕུང་པོ་སྒྱུ་མ་རྣམ་དག་ཅེས། །ལོངས་སྤྱོད་རྫོགས་སྐུའི་སྣང་བ་སྒྱུ་མར་མཉམ། །གལ་ཏེ་སྒྱུ་མའི་རྒྱུན་ལ་བདེ་སྡུག་དང་། །དགའ་དང་སྡུག་པའི་བྱེ་བྲག་ཡོད་མིན་དང་། །དེར་སྣང་སྐད་ཅིག་རེ་རེ་སྐྱེས་པ་ལ། །བདེ་སྡུག་ཐམས་ཅད་བདེ་བ་ཆེན་པོར་གཅིག །རྣམ་པར་རྟོག་པས་ཐ་དད་འབྱེད་ན་ཡང་། །མི་རྟོག་ངང་ལ་རོ་གཅིག་གྱུར་པར་སྣང་། །དང་པོའི་ལས་ཅན་སོ་སོའི་སྐྱེ་བོ་ལ། །བདེ་བ་ལམ་དུ་བྱེད་པར་གསུངས་པ་ཡང་། །གང་ཞིག་བླ་མས་ཕན་པའི་ལུང་ཐོབ་ན། །བདེ་སྡུག་ཐམས་ཅད་བདེ་བ་ཆེན་པོར་འགྱུར། །དཔེར་ན་གསེར་དངུལ་ཟངས་ལྕགས་ཐ་དད་ཀྱང་། །གསེར་འགྱུར་རྩི་ཡི་ནུས་པའི་ཐབས་རྙེད་ནས། །ཐམས་ཅད་གསེར་མདོག་ཟངས་སུ་འགྱུར་བ་ལྟར། །སེམས་ཀྱང་བདེ་ཆེན་རོ་གཅིག་ངང་དུ་འགྱུར། །སྒྱུ་མ་སྨིག་རྒྱུ་དྲི་ཟའི་གྲོང་ཁྱེར་རྣམས། །རྟོག་དང་བྲལ་བ་སྟོང་པའི་རྣམ་པར་སྐྱེས། །དེ་བཞིན་སྒྱུར་སྣང་སེམས་ཀྱི་སྒྱུ་འདྲར་ཤེས། །བདེ་ཆེན་རྒྱས་གདབ་བདག་བྱིན་རླབས་པ་ལས། །སྒྱུ་མའི་དཔེ་ཡིས་དོན་རྣམས་བཙལ་མེད་པས། །ཐམས་ཅད་སྒྱུ་འདྲ་རྨི་འདྲ་དགག་སྒྲུབ་མེད། །ཕྱག་རྒྱའི་ལམ་པས་བདེ་བ་སྟོང་པར་ཤེས། །ཐམས་ཅད་སྟོང་དང་མི་སྟོང་དགག་སྒྲུབ་མེད། །ཆོས་ཀྱི་དོན་གོ་སེམས་ཉིད་སྟོང་པ་ཤེས། །ཆོས་རྣམས་ཀུན་ལ་ཡོད་མེད་དགག་སྒྲུབ་མེད། །རྟོག་མེད་མངོན་སུམ་ལམ་ལ་བློ་བཞག་པས། །རྟགས་ཀྱི་རྗེས་འབྲངས་གཞན་སེལ་བྱེད་པ་མེད། །དུས་གསུམ་བདེ་གཤེགས་ཇི་ལྟར་སངས་རྒྱས་ལྟར། །ནང་དུ་བལྟས་པས་སེམས་ཀྱི་གསང་ཤེས་པས། །སྒྲིབ་པ་ཀུན་ཟད་ཡེ་ཤེས་ཕུན་ཚོགས་ཤིང་། །སངས་རྒྱས་ཞིང་སྦྱངས་སེམས་ཅན་ཐམས་ཅད་སྒྲོལ། །ཐམས་ཅད་བཟང་དགུ་ཞིག་ཏུ་འགྱུར་བར་ངེས། །ཇི་ལྟར་སྦྲུལ་གྱི་རང་བཞིན་ཤེས་གྱུར་ནས། །དེ་ཡི་དུག་གིས་གནོད་པ་མི་འབྱུང་བཞིན། །གང་གིས་ཉོན་མོངས་འཁོར་བའི་རང་བཞིན་ཤེས། །དེ་ནི་དེ་མ་ཐག་ཏུ་དེ་གྲོལ་འགྱུར། །སྣོད་ནི་གཞལ་ཡས་ཁང་ཆེན་ལ། །བཅུད་ནི་ལྷ་དང་ལྷ་མོ་ཡིན། །འགྲོ་བ་རིགས་དྲུག་བདེ་གཤེགས་དྲུག །དམྱལ་བའི་འཇིག་རྟེན་བདེ་བ་ཅན། །ཡི་དྭགས་དུད་འགྲོ་བདེ་ཆེན་གྱི། །ངང་དུ་ཤེས་པ་ལྷ་ཡི་སྐུ། །སེམས་ལ་འགག་པ་མེད་པ་ཉིད། །གཉེན་པོའི་མཆོག་ཏུ་ཁོ་བོས་མཐོང་། །དཔེར་ན་རྨི་ལམ་གནས་སྐབས་ན། །བདེ་དང་སྡུག་བསྔལ་སྣང་བ་ཀུན། །སད་པར་གྱུར་ན་རོ་གཅིག་ལྟར། །དེ་བཞིན་འཁོར་བའི་བདེ་སྡུག་ཀུན། །སྐྱེ་མེད་ངང་དུ་རོ་གཅིག་ན། །རྣལ་འབྱོར་སེམས་ལ་བླང་དོར་མེད། །དགྲ་གཉེན་རྨི་ལམ་འདྲར་ཤེས་ན། །ཆགས་སྡང་གཉེན་པོ་བསྒོམ་མི་དགོས། །སེམས་ཀྱི་རང་བཞིན་ཡོངས་ཤེས་ན། །ཆོས་ཉིད་གཞན་དུ་བསྒོམ་མི་དགོས། །དུས་གསུམ་ཁམས་གསུམ་ཐ་དད་དུ། །སེམས་རྟོག་གློ་བུར་ཡིན་ཤེས་ནས། །རང་གི་རང་བཞིན་ཡོངས་ཤེས་ན། །སེམས་ཀྱི་རང་བཞིན་བཙལ་མི་དགོས། །སྐྱེ་འགག་ནམ་མཁའི་སྐྲ་ཤད་བཞིན། །སྔ་ཕྱི་སྐྱེ་བ་སྟོང་པས་ན། །མ་སྐྱེས་ཤེས་ན་བསྒོམ་རྒྱུ་མེད། །རྒྱལ་བའི་ཐུགས་བཞིན་རྟོག་མེད་ལ། །སྐྱེ་བ་མེད་པ་ཞེས་སུ་གྲགས། །གཉེན་པོ་སྤང་བྱ་དབྱེར་མེད་ཀྱི། །དོན་ལ་བྱ་རྩོལ་མེད་པ་ཉིད། །བཏང་སྙོམས་ཆེན་པོ་སྒོམ་པའི་མཆོག །དཔེར་ན་མི་འགའ་བཙོན་བྱས་ན། །དེ་ལ་འབད་རྩོལ་གྱིས་བྲོས་ལ། །དེ་ཉིད་བཙོན་ལས་བཏང་ན་ནི། །དེ་ལ་འབད་རྩོལ་མེད་གནས་བཞིན། །ཉོན་མོངས་འབད་པས་བཀག་ན་ནི། །ཆོད་དཀར་འབྱུང་བར་འགྱུར་བ་ལ། །དེ་ཉིད་བདག་ཉིད་ལྕགས་བཀྲོལ་ནས། །ཡུལ་ལ་རང་གར་བཏང་ན་ནི། །རང་གི་ངང་གིས་རྟོག་མེད་འགྱུར། །དེས་ན་ཐབས་ལ་མཁས་པ་ཡིས། །འབྲས་བུ་ལམ་དུ་བྱེད་པར་གསུངས། །བླུན་པོས་ཡོད་མེད་སྒྲོ་བཏགས་ཀྱང་། །གདོད་ནས་སྐྱེས་ཀྱང་མ་མྱོང་ལ། །མཁས་པས་དགག་པར་སེམས་པ་མེད། །ཆེད་དུ་གཉེན་པོ་བསྒོམ་མི་དགོས། །དེ་ཉིད་ཀྱིས་ནི་སངས་རྒྱས་ཤིང་། །དེ་ཉིད་ཀྱིས་ནི་ཉོན་མོངས་འཇོམས། །བདེ་ཆེན་ལམ་ལ་བརྟེན་པ་ནི། །ཐམས་ཅད་བྱང་ཆུབ་རྣམ་པར་གྲོལ། །རྣམ་པར་རྟོག་པ་རྣམ་སྤངས་ཤིང་། །གཟུང་དང་འཛིན་པ་བྲལ་བ་ཡི། །བྱེད་པ་པོ་གཉིས་སུ་མེད་པས། །ཡེ་ཤེས་འདུས་མ་བྱས་པ་སྟེ། །རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པ། །ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྤངས་པ་ཡིན། །རུ་ནི་བཀོད་པ་དང་བྲལ་བ། །ཀ་ནི་གང་དུའང་མི་གནས་པ། །སེམས་ཀྱི་ངང་ལ་རྣམ་གནས་པ། །མྱ་ངན་འདས་པ་བསྟན་དུ་མེད། །གཟུགས་དང་འདོད་ཡོན་ལྔ་ལ་སོགས། །རང་གི་སྣང་བ་འཁྲུལ་པའི་ཕྱིར། །རྣམ་སྣང་མཛད་ཀྱི་རྒྱ་ཡིས་གདབ།༡༽ །བདེ་བ་ཆེན་པོའི་མན་ངག་གོ །འཛིན་པ་ཀུན་གཞིའི་རྣམ་ཤེས་ནི། །རང་སྣང་འཁྲུལ་པ་ལས་བྱུང་ཕྱིར། །མི་བསྐྱོད་པ་ཡི་རྒྱ་ཡིས་གདབ།༢༽ །བདེ་བ་ཆེན་པོའི་མན་ངག་གོ །སེམས་ཉིད་རང་རིག་གཉིས་མེད་པར། །མི་བསམ་བདེ་ཆེན་ལྷུན་གྱིས་གྲུབ། །བསམ་གྱིས་མི་ཁྱབ་རྟོག་དང་བྲལ། །རྡོ་རྗེ་སེམས་དཔའི་རྒྱ་ཡིས་གདབ།༣༽ །བསྒོམ་པར་བྱ་དང་སྒོམ་བྱེད་གཉིས། །སྒོམ་པ་རོ་གཅིག་གྱུར་ཙ་ན། །གཉིས་སུ་མེད་པའི་རྒྱ་ཡིས་གདབ།༤༽ །ཕྱི་ཡི་ཕྱག་དང་མཆོད་པ་ལ། །སྦྱོར་བ་དངོས་གཞིའི་བརྟུལ་ཞུགས་སོགས། །བདེ་བ་ཆེན་པོའི་རྒྱ་ཡིས་གདབ།༥༽ །ཆགས་པ་དགའ་དང་མཆོག་དགའ་སྟེ། །དགའ་བྲལ་ལ་སོགས་ཆགས་བྲལ་ཡིན། །བར་མ་ལྷན་ཅིག་སྐྱེས་དགའ་སྟེ། །སྣང་སྟོང་དབྱེར་མེད་རྒྱ་ཡིས་གདབ།༦༽ །དགེ་བ་རྣམ་པར་དཀར་བ་སྟེ། །མི་དགེ་རྣམ་པར་གནག་པ་འོ། །ལུང་མ་བསྟན་གྱི་བག་ལ་ཉལ། །ཆོས་ཉིད་རོ་གཅིག་རྒྱ་ཡིས་གདབ།༧༽ །འཁོར་བ་སྤང་བྱར་བརྟག་པ་དང་། །མྱ་ངན་འདས་པ་བསྒྲུབ་བྱར་བལྟས། །གཉིས་སུ་མེད་པ་འོད་གསལ་གྱི། །ངང་དུ་གཅིག་པའི་རྒྱས་གདབ་བོ།༨༽ །ཕྱི་ཡི་མཚན་ཉིད་གཞལ་ཡས་ཁང་། །ནང་བཅུད་སེམས་ཅན་ལྷ་ཚོགས་པ། །ཧེ་རུ་ཀ་དཔལ་སྐུ་ཡན་ལག །ཟག་མེད་རོལ་པའི་རྒྱས་གདབ་བོ།༩༽ །རྒྱས་གདབ་དགུ་ཡི་མན་ངག་གིས། །བརྟན་གཡོ་སྣོད་བཅུད་མ་ལུས་པ། །བདེ་སྟོང་གཉིས་མེད་རྒྱ་ཡིས་གདབ། །རྒྱལ་པོ་ཆོས་ཉིད་སྐྱེ་མེད་ཀྱི། །མན་ངག་ཐམས་ཅད་འདི་ན་གསལ།། ༈ རྗེ་མར་པ་ལས་བྱུང་བའི་མན་ངག་འདི་རྣམས་ཤོག་དྲིལ་སཱཙྪ་ཆེན་མོའི་ནང་དུ་བཅུག་རས་རེ་བས་དྲིལ་ནས་གྲོ་བོ་ལུང་གི་བྲག་གསེབ་དུ་གཏེར་དུ་སྦས། དུས་ཕྱིས་རྗེ་བོ་སྡིག་ཅན་གཅིག་གིས་སྤེའུ་བརྩིགས་པའི་བྲག་གཤགས་པས་རྙེད་དེ་ཁོས་ངོ་མ་ཤེས། དེ་ནས་བརྒྱུད་དེ་ཁོ་བོའི་ལག་ཏུ་བྱུང་ངོ་།་་་བསོད་ནམས་མ་བསགས་གཟུགས་ངན་ཞིང་། །སྦྱངས་པའི་ལས་འཕྲོ་མེད་པའི་མིས། །བལྟས་ཀྱང་མཐོང་བར་མི་འགྱུར་ཏེ། །བཙལ་བས་རྙེད་པར་ག་ལ་འགྱུར། །རིན་ཆེན་གསེར་དང་ས་ལེ་སྦྲམ། །ས་ཡི་འོག་ནས་འབྱུང་བ་ལ། །བསོད་ནམས་དམན་པའི་གང་ཟག་གིས། །བལྟས་པས་མི་མཐོང་བཙལ་བས་སུ། །རྙེད་པར་ཡང་ནི་མི་འགྱུར་རོ། །མ་བཙལ་བརྩོན་འགྲུས་མ་བྱས་ཀྱང་། །བསོད་ནམས་བསགས་པའི་ལག་ཏུ་འགྲིམ། །སྙན་བརྒྱུད་ལག་ལེན་རིན་པོ་ཆེ། །མན་ངག་མཁའ་འགྲོ་རྣམས་ཀྱིས་གསང་། །བརྒྱུད་པ་གོང་མའི་ཐུགས་ཕྱུང་པ། །ཡི་གེར་བྲི་བར་མི་འོས་ཀྱང་། །ཕྱི་རབས་སེམས་ཅན་དོན་གཉེར་གྱི། །ལས་ཅན་གཅིག་དང་འཕྲད་ནས་འོང་། །ཟས་སུ་སྟོང་ཉིད་བདེ་ཆེན་ཟ། །སྙིང་རྗེའི་གོས་གྱོན་དཔའ་བ་གཅིག །ལུས་ངག་ཡིད་གསུམ་མཁའ་འདྲ་བས། །མིང་ཡང་མཁའ་འགྲོ་ཐོགས་མེད་བསྟན། །དུས་ཀྱི་རྒྱལ་པོ་བྱ་ལོ་ལ། །རྡོ་རྗེ་གདན་གྱི་མཆོད་པའི་དུས། །ཐུབ་མཆོག་དམ་པའི་སྤྱན་སྔ་རུ། །སྨན་གྱི་རྒྱལ་པོ་ཨ་རུ་ར། །འབྲུ་མཆོག་ལོ་འདབ་རྒྱས་པ་ཡི། །མཆོད་པའི་སྤྲིན་ཕུང་ཕུལ་དུས་དེར། །མཁའ་འགྲོ་མ་རྣམས་གནས་ན་རྒྱུ། །སྒྲུབ་པ་པོ་རྣམས་ཚོགས་འཁོར་བཤམས། །དུས་དེར་དངོས་གྲུབ་འབྱུང་བ་ཡིན། །ཨ་ལ་ལ་སྟེ་ཨ་ལ་ལ། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །མཆོག་ཏུ་དགའ་བ་སྦྱིན་པ་པོ། །གཞན་ལ་ཕན་པ་རྒྱ་ཆེན་འབྱུང་། །བདེ་ཆེན་རྟོགས་པའི་མན་ངག་འདི། །སྡེབ་སྦྱོར་གོ་རིམ་བསྒྲིགས་པ་མིན། །ཉམས་མྱོང་རྟོགས་པ་འཕེལ་བའི་ལུང་། །དམ་པས་སྤྱི་བོར་བླང་བར་མཛོད། །ལྟ་བ་ནམ་མཁའ་རྡོ་རྗེའི་ཤོག་དྲིལ་གཙིགས་ཀྱི་རྒྱ་བདུན་དང་བཅས་དམ་པར་སྦས་སོ། །ས་མ་ཡཱ་ཏི་གུ་ཧྱ།། །། ༄། མར་པའི་ཆོས་དྲུག་གི་གསོལ་འདེབས་བཞུགས་སོ། །རྡོ་རྗེ་འཆང་ཆེན་ཏེ་ལོ་ཤེར་བཟང་དང་། །ནཱ་རོ་པཎ་ཆེན་མར་པ་ལོ་ཙཱ་སྟེ། །སངས་རྒྱས་སྤྲུལ་པའི་གྲུབ་ཐོབ་རྣམ་བཞི་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །ཞུ་བདེ་འབར་བའི་དགའ་བཞི་མངོན་གྱུར་ཅིང་། །འོད་གསལ་ནམ་མཁའ་རྡོ་རྗེ་རྟོགས་པར་ཤོག །གུ་རུ་ཆོས་དབང་དར་མ་རྒྱལ་པོ་དང་། །དར་མ་སྒང་པ་ཡན་པ་བློ་བདེ་སྟེ། །ལུང་བསྟན་བརྒྱུད་པའི་བླ་མ་རྣམ་བཞི་ལ། །གསོལ་བ༴ ཞུ་བདེ༴ འོད་གསལ༴ སྨྱུག་ཚལ་ཆོས་རྗེ་ཀུན་དགའ་གླིང་པ་སོགས། །དྷརྨེ་ཤྭ་ར་རྩ་བའི་བླ་མ་སྟེ། །བྱིན་རླབས་བརྒྱུད་པའི་བླ་མ་རྣམ་བཞི་ལ། །གསོལ་བ༴ ཞུ་བདེ༴ འོད་གསལ༴ གསང་འདུས་བདེ་དགྱེས་གདན་བཞི་མཱ་ཡཱ་དང་། །སངས་རྒྱས་ཐོད་པ་རྡོ་རྗེ་མཁའ་འགྲོ་སོགས། །མན་ངག་ཕྱུང་བའི་རྒྱུད་སྡེའི་ལྷ་ཚོགས་ལ། །གསོལ་བ༴ ཞུ་བདེ༴ འོད་གསལ༴ བདག་མེད་མ་དང་རྡོ་རྗེ་རྣལ་འབྱོར་མ། །དུད་སོལ་ལྷ་མོ་ཁོལ་པོ་དར་ཐོད་ཅན། །ཕྲིན་ལས་སྒྲུབ་པའི་མཁའ་འགྲོ་ཆོས་སྐྱོང་ལ། །གསོལ་བ༴ ཞུ་བདེ༴ འོད་གསལ་ནམ་མཁའ་རྡོ་རྗེ་རྟོགས་པར་ཤོག །ཅེས་པ་འདི་རྣལ་འབྱོར་དྷརྨེ་ཤྭ་རས་ཡི་གེར་བཀོད་པའོ།། །། ༄༅། །བསྐྱེད་པའི་རིམ་པ་དཔལ་འཁོར་ལོ་བདེ་མཆོག་གི་སྒྲུབ་ཐབས་འཇིགས་བྱེད་རྡོ་རྗེའི་ཤོག་དྲིལ་བཞུགས་སོ།། ༼༣༽ རྒྱ་གར་སྐད་དུ། ཨེ་ཀ་བཱི་ར་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དཔའ་བོ་གཅིག་པའི་སྒྲུབ་ཐབས། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དང་པོ་མལ་ནས་ལངས་ཏེ། གདོང་ལ་སོགས་པ་དག་པར་བྱས་ཏེ། སྟན་བདེ་བ་ལ་འདུག་སྟེ། རང་སྐད་ཅིག་གིས་ཧེ་རུ་ཀར་བསྐྱེད། སྙིང་གར་པཾ་ལས་པདྨ་འདབ་མ་བརྒྱད་པ་བསྒོམ་པར་བྱའོ། །དེའི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར་བསམ། དེའི་སྟེང་དུ་ཡི་གེ་ཧཱུྃ་ཁ་དོག་མཐིང་ག་བསམ། དེའི་འོད་ཟེར་གྱིས་མདུན་གྱི་ནམ་མཁའ་ལ་གཙོ་བོ་དང་། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ལྷ་མོ་རྣམས་དམིགས་ཏེ། ཕྱི་ནང་གསང་གསུམ་གྱི་པཱུ་ཙ་དང་བདུན་རྣམ་དག་བྱ། ཡང་འོད་ཟེར་དེ་ཉིད་ཀྱིས་སེམས་ཅན་ཐམས་ཅད་གསལ་བར་བྱས་ནས། ཚད་མེད་པ་བཞི་བསྒོམ་པར་བྱའོ། །དེའི་རྗེས་ལ་སྔགས་འདིས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་བརྗོད་ནས། སྟོང་པའི་ངང་ལས། ཉི་མའི་སྟེང་དུ་ཧཱུྃ་ཡེ་ཤེས་ལྔའི་ངོ་བོར་གསལ་བར་བསྐྱེད་པར་བྱའོ། །དེ་ལས་འོད་ཟེར་འཕྲོས་པས་བགེགས་བསྲེགས་ཏེ། སྙིང་གར་ཧཱུྃ་ཡོངས་སུ་གྱུར་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་བཅོམ་ལྡན་འདས་བདེ་མཆོག་འཁོར་ལོ་ནི། སྣ་ཚོགས་པདྨ་ཉི་མའི་སྟེང་ན་རོ་གན་རྐྱལ་དུ་མནན་པའི་སྙིང་གར་ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ། ཞལ་གཅིག་སྤྱན་གསུམ་པ་མཆེ་བ་བཞི་གཙིགས་པ། དབུ་སྐྲ་ཐོར་ཚུགས་དར་གྱིས་བརྒྱན་པ། ཕྱག་གཡས་ན་རྡོ་རྗེ་རྩེ་ལྔ་འཕྱར་བ། གཡོན་ཐོད་པ་ཁྲག་གིས་བཀང་པ་ཐུགས་ཀར་བསྣམས་པ། རང་གི་ཕྱག་རྒྱ་རྡོ་རྗེ་རྣལ་འབྱོར་མ་ལ་འཁྱུད་པ། མི་མགོ་སྐམ་པོ་ལྔས་དབུ་བརྒྱན་པ། ཕྱག་གདུབ་དང་། དབུ་རྒྱན་དང་། མགུལ་རྒྱན་དང་། སྙན་ཆ་དང་། གདུབ་འཁོར་དང་། དབུའི་ནོར་བུ་དང་། མཆོད་ཕྱིར་ཐོགས། སྐུ་རགས་འོག་པགས་དང་། ཞབས་གདུབ་དང་ཐལ་བ་ཕྱག་གདུབ་ཀྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་དང་། མི་མགོ་རློན་པ་ལྔ་བཅུའི་དོ་ཤལ་ཅན། ལང་ཚོས་རོལ་པ་སྒེག་པ་ལ་སོགས་པ་གར་གྱི་ཉམས་དགུ་དང་ལྡན་པ། རོལ་པའི་ཁྲོ་བོ་མཚན་དཔེ་བྱད་ཀྱིས་བརྒྱན་པའི་སྐུ། འོད་ཟེར་རབ་ཏུ་འབར་བའོ། །ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། ཞབས་གཡོན་བཅོམ་ལྡན་འདས་ཀྱི་ཞབས་དང་སྦྱར་ནས་བརྐྱང་བ། གཡས་བཅོམ་ལྡན་འདས་ཀྱི་ཞབས་སྟེང་ན་རོལ་པ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སྐུ་གཅེར་བུ་སྤྱན་གསུམ་མཆེ་བ་གཙིགས་པ། ཕག་པའི་ཞལ་གདོང་ཅན། ལང་ཚོ་རོལ་པ་དང་ལྡན་པ། ཕྱག་གཡོན་ན་ཐོད་པ་ཁྲག་གིས་བཀང་བས་ཡབ་ཀྱི་མགུལ་ནས་འཁྱུད་པ། གཡས་ཀྱིས་གྲི་གུག་བསྣམས་ཤིང་སྡིགས་མཛུབ་མཛད་པ། སྐྲ་གྲོལ་བ་རྣམ་པར་མཛེས་པ། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན་ཅིང་མི་མགོ་སྐམ་པོ་ལྔས་དབུ་ལ་བརྒྱན་པ། ལྔ་བཅུའི་དོ་ཤལ་ཅན་འོད་ཟེར་རབ་ཏུ་འབར་བའོ། །ཡབ་ཡུམ་གཉིས་ཀ་ཁ་ཊྭཱཾ་ག་ལ་བརྟེན་ནས་བཞུགས་པར་བསྒོམ་པར་བྱའོ། །དཔྲལ་བ་དང་མགྲིན་པ་སྙིང་ག་གསུམ་དུ་ཨོཾ་ཨཱཿཧཱུྃ་གསུམ་གྱི་བྱིན་གྱིས་བརླབས་ནས། ཐུགས་ཀར་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུྃ་བསྒོམ་པར་བྱའོ། །དེའི་འོད་ཟེར་གྱིས་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ་བཀུག་སྟེ་བདག་ཉིད་ལ་བསྟིམ་པར་བྱའོ། །སླར་འོད་ཟེར་གྱིས་དེ་བཞིན་གཤེགས་པ་རྣམས་བསྐུལ་ཏེ། བདག་ལ་དབང་བསྐུར་ནས་མཆོད་ཅིང་བསྟོད་པར་བསམ། དེ་ནས་བདུད་རྩི་མྱང་བ་བྱས་ནས་སྤྱི་བོ་དང་མགྲིན་པ་དང་སྙིང་ག་དང་ལྟེ་བ་རྣམས། བདེ་བ་ཆེན་པོ་དང་། ལོངས་སྤྱོད་དང་། ཆོས་དང་། སྤྲུལ་པའི་འཁོར་ལོར་བསམ་སྟེ། ཧཾ་ཨོཾ་ཧཱུྃ་ཨ། དེ་རྣམས་གནས་བཞི་ལ་བསྒོམ་པར་བྱའོ། །དེ་ནས་དེར་སྲོག་དང་རྩོལ་བའི་སྦྱོར་བས། ཨ་ལས་ཡེ་ཤེས་ཀྱི་མེ་སྦར་བས་སྔར་བཀོད་པའི་ཡི་གེ་བསྲེགས་ཏེ། ཧཾ་ལས་བདུད་རྩིའི་ཐིགས་པ་བབས་པས་སྐེ་ཡན་ཆད་དགའ་བ། སྙིང་ག་ཡན་ཆད་མཆོག་དགའ། ལྟེ་བ་ཡན་ཆད་ཁྱད་པར་གྱི་དགའ་བ། གསང་བར་སླེབས་པས་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། དེ་ལྟ་བུ་བསྒོམ་པར་བྱའོ། །དེ་ལྟར་བརྟན་ཞིང་སེམས་རྩེ་གཅིག་པར་བྱས་ལ། དུ་བ་ལ་སོགས་པའི་རྟགས་རྙེད་ནས་སྤྲིན་མེད་པའི་ནམ་མཁའ་ལྟ་བུའི་ཆོས་ཉིད་མངོན་དུ་བྱའོ། །དེ་ལྟ་བུ་ལ་ཇི་སྲིད་གནས་ཀྱི་བར་བྱའོ། །མ་གོམས་པས་སྐྱོ་བར་གྱུར་ན་སྔོན་དུ་བཤད་པའི་དཔལ་ཧེ་རུ་ཀ་འཇའ་ཚོན་ལྟ་བུ་ལ་དམིགས་པར་བྱའོ། །དེ་ནས་བཟླས་པ་བྱེད་ན། ཨོཾ་ཧྲཱིཿཧ་ཧ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧུཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཧྲཱིཿཧ་ཧ་ཌཱ་ཀི་ནཱི་ཡཻ་ཧུཾ་ཧཱུྃ་ཕཊ། ཨོཾ་ཧྲཱིཿཧ་ཧ་ལཱ་མཱ་ཡཻ་ཧུཾ་ཧཱུྃ་ཕཊ། ཨོཾ་ཧྲཱིཿཧ་ཧ་ཁཎྜ་རོ་ཧི་ནཱི་ཡཻ་ཧུཾ་ཧཱུྃ་ཕཊ། ཨོཾ་ཧྲཱིཿཧ་ཧ་རཱུ་པི་ནཱི་ཡཻ་ཧུཾ་ཧཱུྃ་ཕཊ། ཅེས་པ་འདི་བཟླ་བར་བྱའོ། །དེ་ནས་མཆོད་པ་ལྔས་མཆོད་པར་བྱའོ། །ཡང་ཡུམ་བདག་མེད་མ་བསྒོམ་པར་འདོད་ན། སྐུ་མདོག་ནག་མོ་ཞལ་གཅིག་ཕྱག་གཉིས་མ་ཕག་པའི་ཞལ་གདོང་ཅན། གོང་བཞིན་བསྒོམས་ནས་བཟླས་པའི་མན་ངག་ལ། ཨོཾ་ཧྲཱིཿཧ་ཧ་བཛྲ་བྷ་རཱ་ཧི་པྲ་མ་ཡེ་ཧུཾ་ཧཱུྃ་ཕཊ། ཅེས་བརྗོད་ལ། དེ་ཡང་རྡོ་རྗེ་རྣལ་འབྱོར་མ་དང་འདྲ་བ་ལ། བསྐྱེད་པའི་རིམ་པ་ཡིན་ཏེ། ངག་ཏུ་ཡང་ཧྲཱིཿཞེས་བརྗོད་པས་ཡེ་ཤེས་སེམས་མ་རང་དང་འདྲ་བ་གཅིག་ཨོ་རྒྱན་གྱི་གནས་ནས་བཀུག་ལ་རང་གི་ཕྱག་རྒྱ་ལ་བསྟིམ། ཡི་གེ་འབྲུ་གསུམ་གྱིས་སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཐུགས་ཀ་ནས་འོད་ཟེར་བྱུང་བས་བདུད་དང་བར་དུ་གཅོད་པ་ཐམས་ཅད་བསྲེགས་པར་བསམ། ཧ་ཧའི་སྒྲ་སྒྲོག་པ། གད་མོ་ཆེར་བཞད་པ། དུར་ཁྲོད་ཀྱི་བདག་མོ་ཀེང་རུས་ཀྱི་ཁྲི་དང་མི་རོའི་གདན་ལ་བཞུགས་ཏེ། དམ་ཚིག་དང་ལྡན་པའི་སྒྲུབ་པ་པོ་རྣམས་ལ་ཤིན་ཏུ་གུས་པས་རྗེས་ཀྱི་སྤྱོད་ལམ་ཐམས་ཅད་ལ་ཡང་ལུས་དང་གྲིབ་མའི་ཚུལ་དུ་བསྒོམ་པར་བྱའོ། །ཡང་ན་ཕག་མོར་སྒོམ་པ་དང་། ཡང་ན་བདག་མེད་མར་སྒོམ་པ་གཉིས་རང་གང་མོས་སུ་བྱའོ། །དེ་ལ་སྒོམ་བཟླས་ནུས་ཚད་དུ་བྱ་སྟེ། དེའི་རྗེས་ལ་ཕྱག་རྒྱ་ཆེན་པོའི་ངང་ལ་བཞག་གོ །དམངས་ཕྲིན་ལས་མཐུན་སྦྱོར་གྱི་གདམས་ངག་གི་ཡིག་ཆུང་དམ་པའོ། །ྀཨཚ། ༈ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དང་པོ་རང་སྐད་ཅིག་གིས་ཧེ་རུ་ཀར་བསམ་པའི་སྙིང་གར་ཡི་གེ་ཧཱུྃ་བསམ་པའི་འོད་ཟེར་གྱིས་བླ་མ་དང་བདེ་མཆོག་ལྷ་ལྔའི་དལ་སྤྱན་དྲངས་ཏེ། ཡིད་ཀྱིས་ཕྱག་བྱ་མཆོད་པ་དབུལ་ཏེ། ཡང་གཟུགས་རྡོ་རྗེ་མ་དཀར་མོ་ཕྱག་ན་མེ་ལོང་བསྣམས་པ་སྐུ་ཕྱི་ནང་མེད་པ་གསལ་བར་བྱེད་པ། སྒྲ་མ་སྔོན་མོ་པི་ཝང་འཛིན་པ། དྲི་མ་སེར་མོ་དུང་ཆོས་འཛིན་པ། རོ་མ་དམར་མོ་ཐོད་པ་བྱང་སེམས་ཀྱིས་བཀང་བ། རེག་མ་ལྗང་གུ་ལྷའི་ན་བཟའ་པཉྩ་ལི་ཀཱ་བསྣམས་པ་སྤྲུལ་ལ་ཡི་དམ་གྱི་ལྷ་མཆོད་པར་བཞེས་ཤིག་ཅེས་དབུལ། དེ་ནས་བདག་ཉིད་ཀྱི་སྙིང་གར་ཡི་གེ་ཧཱུྃ་ལས་འོད་འཕྲོས་རིགས་ཀྱི་ཡུམ་བཞི་ལ་ཕོག་པས། མཁའ་འགྲོ་མ། ལཱ་མ། དུམ་སྐྱེས་མ། གཟུགས་ཅན་མ་དང་བཞིས་ཤ་ལྔ་བདུད་རྩི་ལྔས་བཀང་བའི་ཐོད་པ་ཐོགས་ཏེ་མཆོད་པར་བསམ་མོ། །དེ་ནས་ཡུམ་ལ་ཐིམ་ནས་བདེ་བས་མཆོད་པར་བསམ། ཕྱིའི་མཆོད་པ་ནི་མེ་ཏོག་ལ་སོགས་པའང་སྙིང་གའི་ཧཱུྃ་ལས་ཐོན་པར་བསམ། དེ་ནས་སྡིག་པ་བཤགས། མདུན་གྱི་ལྷ་གཤེགས་སུ་གསོལ། དེ་ནས་ཧཱུྃ་གི་འོད་ཟེར་ལས་སྭ་བྷཱ་ཝས་སྟོང་པ་ཉིད་དུ་བསམ། སྟོང་པའི་ངང་ལས་རཾ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་འོད་ཟེར་འཕྲོས་ཏེ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དཔལ་ཧེ་རུ་ཀའི་རང་བཞིན་དུ་གྱུར་ནས་རོའི་ལྟེ་བའི་ཧཱུྃ་ལ་ཐིམ་སྟེ་གྱུར་པ་ལས། བདག་ཉིད་ཧེ་རུ་ཀར་གྱུར་པར་བསམ། དེ་ཡང་རྒྱན་ཆ་ལུགས་དང་ལྡན་པར་བསམ་མོ། །དེ་ནས་རང་ཉིད་ཀྱི་སྙིང་གར་སྣ་ཚོགས་པདྨ་བསམ་སྟེ། དེའི་སྟེང་དུ་ཧཱུྃ་ལས་འོད་འཕྲོས་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ནས་ཛཿཧཱུྃ་བཾ་ཧོཿས་བདག་ཉིད་ལ་བསྟིམ་པར་བྱའོ། །སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི། དཔྲལ་བ་མགྲིན་པ་སྙིང་གར་པདྨ་དང་ཟླ་བའི་སྟེང་དུ་ཨོཾ་ཨཱཿཧཱུྃ་གསུམ་བསམ། ཡང་དེ་ལས་འོད་ཟེར་འཕྲོས་ཏེ་བདེ་མཆོག་ལྷ་ལྔའི་དལ་སྤྱན་དྲངས་ཏེ་སྔར་བཞིན་མཆོད་ནས་གསལ་གདབ། གཙོ་བོའི་ཐུགས་ཀ་ནས་ཡོན་ཏན་གྱི་ལྷ་མོ་བྱུང་སྟེ་བདག་ལ་དབང་བསྐུར་པས། དབང་རྟགས་མི་བསྐྱོད་པ་བྱུང་བར་བསམ། དེ་ནས་བདུད་རྩི་མྱང་བར་བྱས་ཏེ། དེ་ནས་རྫོགས་པའི་རིམ་པ་འདི་ལྟར་བསྒོམ་པར་བྱ་སྟེ། འཁོར་ལོ་བཞིའི་སྤྱི་བོར་ཧཾ། མགྲིན་པར་ཨོཾ། སྙིང་གར་ཧཱུྃ། ལྟེ་བར་ཨ་བསམ་སྟེ། སྔར་བཀོད་པའི་འཁོར་ལོའི་རྩའི་དྲི་མ་དང་ཡི་གེ་བསྲེགས་པར་བྱས་ལ་ཧཾ་ལས་བྱང་སེམས་ལྟེ་བའི་ཨ་ལ་བབས་པས་བདེ་སྟོང་དབྱེར་མེད་དུ་བསྒོམ་པར་བྱའོ། །དུ་བ་ལ་སོགས་པའི་རྟགས་རྙེད་ནས་སྤྲིན་མེད་པའི་ནམ་མཁའ་ལྟ་བུའི་ཆོས་ཉིད་མངོན་དུ་བྱའོ། །མ་གོམས་པའི་དབང་གིས་སྐྱོ་བར་གྱུར་ན། དཔལ་ཧེ་རུ་ཀ་འཇའ་ཚོན་ལྟ་བུ་དམིགས་ལ་བཟླས་པ་བྱའོ། །དེ་ནས་གཏོར་མ་གཏོང་ན་དང་པོ་བྱང་སེམས་བསྒོམ། དེ་ནས་སྟོང་པ་ཉིད་ཀྱི་ངང་ལ་གནས། ཡཾ་གཅིག་གྱུར་པ་ལས་རླུང་དལ་གཅིག་བསམ། དེའི་སྟེང་དུ་རཾ་ལས་མེ། ཀཾ་ལས་མི་མགོ་གསུམ་གྱི་སྒྱེད་པུ། དེའི་སྟེང་དུ་ཨ་ལས་ཐོད་པ་བསམ། དེའི་དབུས་སུ་བི་ལས་དྲི་ཆེན། ཤར་དུ་མུ་ལས་དྲི་ཆུ། ལྷོར་ར་ལས་རཀྟ། ནུབ་ཏུ་ཤུ་ལས་བྱང་སེམས། བྱང་དུ་མ་ལས་ཀླད་པ། ཤར་ལྷོར་གོ་ལས་རྟའི་ཤ །ལྷོ་ནུབ་ཏུ་ཀུ་ལས་ཁྱིའི་ཤ །ནུབ་བྱང་དུ་ད་ལས་བ་གླང་གི་ཤ །བྱང་ཤར་དུ་ཧ་ལས་གླང་པོ་ཆེའི་ཤ །དབུས་སུ་ན་ལས་མིའི་ཤ །དེ་ནས་དབུས་ཀྱི་ནམ་མཁའ་ལ་ཨོཾ། དེའི་སྟེང་དུ་ཨཱཿ དེའི་སྟེང་དུ་ཧཱུྃ་བསམ་ལ། དེ་ནས་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས། རླུང་གིས་མེ་སྦར་ཐོད་པ་དྲོས་ནས་ནང་གི་རྫས་ཁོལ་བར་བསམ་ལ་ཨོཾ་ལྷུང་བས་རྒྱ་ཆེན་པོར་གྱུར་པར་བསམ། ཨཱཿལྷུང་བས་ཟག་པ་མེད་པའི་བདུད་རྩིར་གྱུར་པར་བསམ། ཧཱུྃ་ལྷུང་བས་རྡོ་རྗེ་ཁོང་སྟོང་གི་ལྟེ་བར་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྦྱོར་མཚམས་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས། རྡོ་རྗེའི་སྦུ་གུ་ནས་བབས། དམ་ཚིག་གི་བདུད་རྩི་དང་འདྲེས། རྡོ་རྗེས་དཀྲུགས་པས་དེ་ཡང་ཞུ་བར་བསམ་མོ། །དེ་ནས་ཨོཾ་ཨཱཿཧཱུྃ་ལན་བདུན་བརྗོད་པས་ཟག་པ་མེད་པའི་བདུད་རྩི་ཆེན་པོར་བསམ་སྟེ་བྱིན་གྱིས་བརླབ། དེ་ནས་མཛུབ་མོ་མདུད་པ་བྱས་པའི་ཕྱག་རྒྱ་དང་། ཨོཾ་བཛྲ་ཨཱ་རལླི་ཧོཿ ཛཿཧཱུྃ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ཡཻ་ས་མ་ཡ་སཏྭཾ། དྲྀ་ཤྱ་ཧོཿ ཨོཾ་ཨཱཿཧཱུྃ་ཞེས་པའི་སྔགས་ལན་གསུམ་མམ་ལྔའི་བར་དུ་བརྗོད་པས་མགྲོན་ཐམས་ཅད་སྤྱན་དྲངས་ལ། དེ་ནས་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་ཏེ། སྐད་ཅིག་དེ་ཉིད་ལ་བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར་དུ་གྱུར་པར་བསམ། དེ་རྣམས་ཀྱི་ལྕེ་ཧཱུྃ་ལས་རྡོ་རྗེ་སྦུ་གུ་ཅན་དུ་བསམ་སྟེ། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བའི་ཕྱག་རྒྱ་བཅིངས་ལ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཀྵ་ས་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙ་ཨུནྨཱ་ད། ཨ་པསྨར། ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡ་ཨི་མཾ་བ་ལིཾ་གྲྀཧྞནྟུ། ས་མ་ཡ་རཀྵན་ཏུ། མ་མ་སརྦ་སིདྡྷིམྨེ་པྲ་ཡཙྪན་ཏུ། ཡ་ཐཻ་བཾ། ཡ་ཐེཥྚཾ། བྷུཉྫ་ཐ། པཱི་པཱ་ཐ། ཛི་གྷྲ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱ་ར་ཏ་ཡ། སཏྶུ་ཁཾ་བི་ཤུདྡྷཱ་ཡ། ས་ཧཱ་ཡི་ཀ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་དབུལ་བར་བྱའོ། །དེ་ནས། རྡོ་རྗེ་ཕག་མོ་བདེ་གཤེགས་ཡུམ། །འདོད་པའི་དབང་ཕྱུག་སྐལ་ལྡན་མ། །མཁའ་འགྲོ་ཆེན་མོ་རྣལ་འབྱོར་གཙོ། །རྡོ་རྗེ་དབྱིངས་ཀྱི་ཁྲོ་རྒྱལ་མ། །ཕྱག་རྒྱ་ཆེན་མོ་རྡོ་རྗེའི་སྐུ། །ཧེ་རུ་ཀ་དང་ཡང་དག་སྦྱོར། །དབུ་སྟོང་མ་ལ་སྤྱན་སྟོང་མ། །སྟོང་ཕྲག་བཅུ་ཡི་ཞལ་གདོང་ཅན། །ཞེས་བྱ་བ་ལ་སོགས་པས་ཀྱང་བསྟོད། ཀེང་རུས་འཇིགས་སུ་རུང་བའི་ཁྲི་སྟེང་དུ། །ཧཱུྃ་ལས་བདུད་འདུལ་ཁྲོ་ཆེན་སྐུ་སྤྲུལ་པ། །འཇིགས་བྱེད་ཧེ་རུ་ཀ་དཔལ་རྒྱལ་ཆེན་པོ། །སྐུ་མདོག་མཐིང་ནག་མེ་ཕུང་འབར་བའི་འོད། །ཅེས་པ་ལ་སོགས་པས་བསྟོད། འདོད་པའི་དོན་ལ་གསོལ་བ་བཏབ། གཏོར་མ་ས་གཙང་སར་སྤུང་ངོ་། །དཔལ་ཧེ་རུའི་སྒྲུབ་ཐབས་ཀྱི་མན་ངག་རྫོགས་སོ།། །། ༄༅། །དཔལ་དགྱེས་པ་རྡོ་རྗེ་ཕྱག་གཉིས་པའི་སྒྲུབ་ཐབས་མི་བསྐྱོད་རྡོ་རྗེའི་ཤོག་དྲིལ་བཞུགས་སོ།། ༼༤༽ རྒྱ་གར་སྐད་དུ། ཤྲཱི་ཧེ་བཛྲ་དྭི་བྷུ་ཛ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། །དཔལ་དགྱེས་པ་རྡོ་རྗེ་ཕྱག་གཉིས་པའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་རྡོ་རྗེ་ཧཱུྃ་མཛད་ལ་ཕྱག་འཚལ་ལོ། །འཇིག་རྟེན་གསུམ་ལ་ཁྱབ་མཛད་པ། །ཤེས་རབ་ཐབས་ཀྱིས་ཁ་སྦྱར་ནས། །འཇིག་རྟེན་ཀུན་ལ་བདེ་སྟེར་བའི། །དཔལ་ལྡན་ཧེ་རུ་ཀ་ལ་འདུད། །མདོར་བསྡུས་པ་སྟེ་རྒྱས་པར་མིན། །སྐལ་ལྡན་སེམས་ཅན་དོན་དུ་ནི། །སྒྲུབ་པའི་ཐབས་ནི་བཤད་པར་བྱ། །ནངས་པར་མལ་ནས་ལངས་ནས་ནི། །གདོང་ལ་སོགས་པ་དག་པར་བྱ། །དུར་ཁྲོད་དག་གམ་ཆུ་ཡི་ངོས། །ཤིན་ཏུ་དབེན་པའི་ས་ཕྱོགས་སུ། །ཧེ་རུ་ཀ་དཔལ་ཐུགས་རྗེའི་བདག །རྣལ་འབྱོར་དཔའ་བོས་བསྒྲུབ་པར་བྱ། །སྤྱི་བོ་ནས་ནི་རྐང་པའི་བར། །དབྱངས་ཡིག་བཅུ་དྲུག་དགོད་པར་བྱ། །དེ་ཡིས་རང་གི་ལུས་པོ་འདི། །སྟོན་ཀའི་ཟླ་བ་ལྟ་བུར་གསལ། །སྙིང་གར་པཾ་ལས་པདྨ་དང་། །རཾ་ལས་ཉི་མའི་དཀྱིལ་འཁོར་བསམ། །དེ་ཡི་སུམ་མདོར་མེ་ལྟ་བུས། །བགེགས་ཀྱི་ཚོགས་རྣམས་བསྲེགས་པར་བསམ། །དེ་ནས་བགེགས་བསྐྲད་བདག་ཉིད་ནི། །མདུན་དུ་བླ་མ་འདོད་ལྷ་དང་། །སངས་རྒྱས་ལྷ་མོའི་ཚོགས་རྣམས་ལ། །ཡིད་ཀྱིས་རབ་ཏུ་མཆོད་པར་བསམ། །དེ་ནས་སྙིང་གའི་ཡི་གེ་ཧཱུྃ། །བསམ་སྟེ་འོད་ཟེར་རྣམ་འཕྲོས་ནས། །བྱམས་དང་སྙིང་རྗེ་དགའ་བ་དང་། །བཏང་སྙོམས་ཡང་ནི་བསྒོམ་པར་བྱ། །དེ་རྗེས་ཆོས་རྣམས་ཐམས་ཅད་ནི། །རང་བཞིན་མེད་པར་ཤེས་པར་བྱ། །སྐད་ཅིག་སྟོང་པ་ཉིད་གནས་ཏེ། །ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྔགས་འདིས་ཡེ་ཤེས་ལྔ་དངོས་སུ། །ཧཱུྃ་གི་བདག་ཉིད་ཤེས་པར་བྱ། །འོད་ཟེར་རྣམ་ལྔ་ཀུན་དུ་འཁྲུགས། །དེ་ཡིས་སེམས་ཅན་མ་ལུས་པ། །སྦྱངས་ཏེ་སྙིང་གར་ཐིམ་པར་བསམ། །ཐིག་ལེ་ཞུ་བ་དེ་ལས་ནི། །བདག་ཉིད་ཧེ་རུ་ཀ་དཔལ་གྱུར། །ཞལ་གཅིག་པ་ལ་ཕྱག་གཉིས་པ། །སྐུ་མདོག་ནག་པོ་ཤིན་ཏུ་འཇིགས། །ཕྱག་ན་རྡོ་རྗེ་དྲིལ་བུ་བསྣམས། །རྡོ་རྗེ་ཕག་མོས་མགུལ་ནས་འཁྱུད། །ལྷ་མོ་ཞལ་གཅིག་ཕྱག་གཉིས་མ། །གཡོན་པ་ཐོད་པ་ཁ་ཊྭཱཾ་འཛིན། །དེ་བཞིན་གཡས་ན་གྲི་གུག་འཛིན། །ཅུང་ཟད་མཆེ་བ་གཙིགས་པ་སྟེ། །བདག་པོའི་ཞལ་ནི་མངོན་པར་མཛད། །གཡས་བརྐྱང་བ་ཡི་བཞུགས་ཐབས་སོ། །པདྨ་ཉི་མའི་སྟེང་ན་བཞུགས། །ཕྱག་རྒྱ་ལྔ་དང་བཅས་པའི་ལྷ། །སྣ་ཚོགས་རྡོ་རྗེས་དབུ་ལ་བརྒྱན། །དབུ་རྒྱན་ཐོད་པ་དུམ་བུས་བྱས། །སྤྱི་བོར་ཟླ་བ་ཕྱེད་པས་མཛེས། །མི་མགོ་བརྒྱ་ཕྱེད་ཆུན་འཕྱངས་ཅན། །སྟག་གི་པགས་པའི་ཤམ་ཐབས་བྱས། །དེ་ཉིད་གསུམ་གྱིས་བྱིན་གྱིས་བརླབ། །སྙིང་གར་ཡེ་ཤེས་ས་བོན་བསམ། །དེ་ཡི་འོད་ཟེར་གྱིས་བཀུག་ནས། །ཡེ་ཤེས་སེམས་དཔའ་བསྟིམ་པར་བྱ། །དེ་ཡིས་ཕུང་པོ་ཁམས་ལ་སོགས། །རང་བཞིན་གྱིས་ནི་དག་པར་བསམ། །སླར་ཡང་སངས་རྒྱས་ཀུན་གྱིས་ནི། །དབང་བསྐུར་མཆོད་དང་བསྟོད་པར་བསམ། །བདུད་རྩི་མྱང་བར་བྱས་ནས་ནི། །དོན་དམ་བདེ་བ་རྟོགས་པར་བྱ། །ལུས་ལ་འཁོར་ལོ་རང་དམིགས་ཏེ། །ལྟེ་བ་སྙིང་མགྲིན་སྤྱི་བོ་རུ། །སྤྲུལ་པ་ཆོས་དང་ལོངས་སྤྱོད་དང་། །བདེ་ཆེན་འཁོར་ལོ་བསམ་པར་བྱ། །འཁོར་ལོ་བཞི་ཡི་དབྱེ་བ་ཡིས། །དགའ་བ་ལ་སོགས་ཤེས་པར་བྱ། །དང་པོ་སྤྲུལ་པའི་འཁོར་ལོ་ནི། །འདབ་མ་དྲུག་ཅུ་རྩ་བཞི་པ། །དེ་ཡི་ལྟེ་བར་ཡི་གེ་ཨ། །མཁའ་འགྲོ་མ་ཡི་སྡོམ་པར་བཤད། །གཉིས་པ་པདྨ་འདབ་བརྒྱད་དེ། །དེ་ཡི་ལྟེ་བར་ཡི་གེ་ཧཱུྃ། །བདེ་གཤེགས་ལྔ་ཡི་རང་བཞིན་ནོ། །གསུམ་པ་ལོངས་སྤྱོད་འཁོར་ལོ་ནི། །འདབ་མ་བཅུ་དྲུག་བསམ་པར་བྱ། །དེ་ཡི་ལྟེ་བར་གནས་པ་ནི། །རྣམ་པར་སྣང་མཛད་རང་བཞིན་ཨོཾ། །བཞི་པ་བདེ་ཆེན་འཁོར་ལོ་ནི། །འདབ་མ་སུམ་ཅུ་རྩ་གཉིས་པ། །དེ་ཡི་དབུས་སུ་ཡི་གེ་ཧཾ། །བྱང་ཆུབ་སེམས་ཀྱི་རང་བཞིན་ཅན། །སངས་རྒྱས་ཀུན་གྱི་སྡོམ་པར་བཤད། །རྫོགས་པའི་རིམ་པ་བསྐྱེད་པ་ནི། །བསམ་སྟེ་ཐམས་ཅད་བཞིར་ཤེས་བྱ། །ཕུང་པོ་ཁམས་དང་སྐྱེ་མཆེད་སོགས། །ཡེ་ཤེས་མེ་སྦར་བསྲེག་པར་བྱ། །སྲོག་དང་རྩོལ་བའི་སྦྱོར་བ་ཡིས། །ཤེས་རབ་གཏུམ་མོ་སྦར་བར་བྱ། །ལྟེ་བ་ལས་སྦར་གཏུམ་མོ་ཡིས། །ཡེ་ཤེས་ལྔ་ནི་བསྲེག་པར་བྱ། །སྤྱན་ལ་སོགས་པ་བསྲེགས་ནས་ཀྱང་། །ཧཾ་བསྲེག་རི་བོང་རྒྱུན་ཡང་འབབ། །རྣ་བ་གཡས་ནས་ཕྱིར་བྱུང་ཏེ། །སངས་རྒྱས་འཇིག་རྟེན་ཁམས་ཞུགས་ནས། །མདུན་དུ་སོང་སྟེ་སྤྱི་བོར་ཞུགས། །ཡེ་ཤེས་བདུད་རྩི་བླངས་ནས་ཀྱང་། །བདག་གི་སྤྱི་བོར་འབིགས་པར་བསམ། །སྔོན་དུ་བསྲེགས་པའི་སངས་རྒྱས་དང་། །སྤྱན་ལ་སོགས་པ་གསོ་བར་བྱ། །ལྟེ་བ་རང་བཞིན་དེ་གནས་སུ། །མཉམ་ཉིད་མཉམ་པར་གཞག་པར་བྱ། །སྣང་བ་མེད་ཅིང་གཞི་མེད་པ། །རྡུལ་ཕྲན་ཐོགས་མེད་བསམ་མི་ཁྱབ། །སེམས་མེད་སེམས་དེ་སེམས་ཀྱི་ཚུལ། །ཡེ་ཤེས་དབྱེ་བའི་རང་བཞིན་ཅན། །རྣལ་འབྱོར་པ་ཡིས་མྱངས་ནས་ཀྱང་། །སླར་ཡང་དེ་ལས་ལྡང་པར་བྱ། །སྒྱུ་མ་ལྟ་བུའི་དངོས་པོ་རྣམས། །ཕུང་པོ་ལ་སོགས་སླར་ཡང་བསྲེག །སྐྲ་ཡི་རྩེ་མོ་བརྒྱར་གཤགས་པའི། །ཚད་མེད་དེ་ནི་བསྒོམ་པར་བྱ། །འགྲོ་བ་དང་ནི་འོང་བ་རྣམས། །བྱས་ནས་ལྟེ་བར་ཐིམ་པར་བསམ། །དང་པོ་དབྱངས་ཡིག་ཞུ་བ་ཡིས། །འོད་གསལ་ཐིག་ལེ་བསྒོམ་པར་བྱ། །བྱང་ཆུབ་རྡོ་རྗེས་གསུངས་པ་འོ། །དངོས་གྲུབ་མཚན་མ་འབྱུང་བར་འགྱུར། །ནང་གི་མཚན་མ་སྐྱེས་པ་ན། །ཕྱི་ཡི་མཚན་མ་སྐྱེ་བར་འགྱུར། །མཚན་མ་རྙེད་པའི་རྣལ་འབྱོར་པས། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །རྣམ་པར་དག་པ་ཆོས་ཀྱི་སྐུ། །ཐེ་ཚོམ་མེད་པར་རྟོགས་པར་འགྱུར། །བསྒོམས་པས་ངལ་ལམ་སྐྱོ་ན་ནི། །གསང་སྔགས་འདི་དག་ཆེ་བརྗོད་བྱ། །ཨོཾ་ཏྲཻ་ལོཀྱཱ་ཀྵེ་པ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། །ལྷ་དང་ལྷ་མོའི་གསང་སྔགས་སོ། །བཟླས་པ་ལ་ནི་སྐྱོ་གྱུར་ན། །འབྱུང་པོ་རྣམས་ལ་གཏོར་མ་སྦྱིན། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཟ་བའི་ཚེ་ན་རྣལ་འབྱོར་པས། །བདུད་རྩིར་བསམ་སྟེ་ཟ་བར་བྱ། །རྣལ་འབྱོར་པས་ནི་ཁྲུས་བྱེད་ཚེ། །སངས་རྒྱས་ཀུན་གྱིས་དབང་བསྐུར་བསམ། །གཉིད་ལོག་ཚེ་ན་རྣལ་འབྱོར་པས། །ཐབས་དང་ཤེས་རབ་བདག་ཉིད་བསམ། །འདོད་པའི་ཡོན་ཏན་དག་གིས་ནི། །བདག་དང་གཞན་རྣམས་མཆོད་པར་བསམ། །ཇི་ལྟར་བདག་ཉིད་དེ་བཞིན་གཞན། །ཤེས་ནས་འགྲོ་བའི་དོན་ལ་འཇུག །སྤྱོད་ལམ་བཞི་ཀའི་དུས་ཉིད་དུ། །གང་འདོད་ལྷ་ཡི་རྣལ་འབྱོར་བསྒོམ། །སྔགས་དང་དབྱིབས་དང་ཆོས་བདག་ཉིད། །རྣལ་འབྱོར་རྣམ་པ་གསུམ་དུ་འདོད། །རྣལ་འབྱོར་རྣམ་པ་འདི་གསུམ་གྱིས། །སྲིད་པའི་སྐྱོན་གྱིས་གོས་མི་འགྱུར། །སྤྲོས་མེད་འཁོར་ལོའི་སྒྲུབ་ཐབས་ནི། །བརྩམས་པའི་དགེ་བ་གང་ཐོབ་པ། །དེ་ཡིས་སེམས་ཅན་མ་ལུས་པ། །སྤྲོས་མེད་གོ་འཕང་ཐོབ་པར་ཤོག །སློབ་དཔོན་མཚོ་སྐྱེས་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་ནཱ་རོ་པ་དང་། ལོ་ཙཱ་བ་མར་སྟོན་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་པ་རྫོགས་སོ།། །། ༄། དགྱེས་པ་རྡོ་རྗེ་དཔའ་བོ་གཅིག་པའི་སྒྲུབ་ཐབས་བསྡུས་པ་བཞུགས་སོ། །དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སྒྲུབ་ཐབས་བསྡུས་པའི་མན་ངག །དང་པོ་མལ་ནས་ལངས་ལ། ཁ་གདོང་ལ་སོགས་པ་དག་པར་བྱས་ལ། སྟན་འཇམ་པ་ལ་བདེ་བར་འདུག་ལ། སྙིང་གར་པཾ་ལས་པདྨ་འདབ་བརྒྱད་དམར་པོ་བསྒོམ་པར་བྱའོ། །དེའི་སྟེང་དུ་རཾ་ལས་ཉི་མའི་དལ་བསམ་སྟེ། དེའི་སྟེང་དུ་ཧཱུྃ་མཐིང་ནག་གི་འོད་ཟེར་གྱིས་མདུན་གྱི་ནམ་མཁའ་ལ་བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ལྷ་མོ་རྣམས་དམིགས་པར་བྱས་ལ། ཡིད་ཀྱིས་མཆོད་པར་བསམ་མོ། །འོད་ཟེར་གྱིས་འགྲོ་བ་སེམས་ཅན་གསལ་བར་བྱས་ལ། ཚད་མེད་པ་བཞི་བསྒོམ་པར་བྱའོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་པའི་རྟིང་ལ། ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས་སྙིང་གར་ཉི་མའི་སྟེང་དུ་ཧཱུྃ། དེ་ཡེ་ཤེས་ལྔའི་ངོ་བོར་གསལ་བར་དམིགས་པར་བྱའོ། །དེའི་འོད་ཟེར་སྤྲོས་པས་བགེགས་རྣམས་བསྲེགས་ལ། སྙིང་གའི་ཧཱུྃ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་རྩེ་ལྔ་པ་དེའི་ལྟེ་བ་ལ་ཧཱུྃ་གསལ་ཏེ། དེའི་འོད་ཟེར་གྱིས་ཁམས་གསུམ་གྱི་སེམས་ཅན་སྦྱངས་ཏེ། འོད་ཟེར་འདུས་མ་ཐག་ཏུ་རྡོ་རྗེ་ཡོངས་སུ་གྱུར་པ་ལས། དཔལ་ཧེ་རུ་ཀ་སྐུ་མདོག་ནག་པོ། ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་འཛིན་པ། གཡོན་དྲིལ་བུ་འཁྲོལ་བ། མཆེ་བ་གཙིགས་ཤིང་རལ་པ་ཐོད་པའི་དབུ་རྒྱན་ཅན། སྤྱི་གཙུག་འཁོར་ལོ་དང་། རྣ་རྒྱན་དང་། མགུལ་རྒྱན་དང་། གདུ་བུ་དང་། སྐ་རགས་ཀྱིས་བརྒྱན་པ། མི་མགོའི་ཆུན་འཕྱངས་ཅན། སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་གནས་པའོ། །དཔྲལ་བ་དང་། མགྲིན་པ་དང་། སྙིང་གར་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ལ། ཡུམ་རྡོ་རྗེ་ཕག་མོ་དམར་མོ། གཡས་གྲི་གུག །གཡོན་ཐོད་པ། ཁ་ཊྭཱཾ་ག་མཆན་ཁུང་དུ་བཅུག་པ། རུས་པའི་རྒྱན་གྱིས་བརྒྱན་པས་ཡབ་ལ་འཁྱུད་པའོ། །ཐུགས་ཀ་ན་སྣ་ཚོགས་པདྨ་ལ་ཧཱུྃ་བསྒོམ་པར་བྱའོ། །དེའི་འོད་ཟེར་གྱིས་རང་དང་འདྲ་བའི་ཡེ་ཤེས་པ་བཀུག་ལ། རང་ཉིད་ལ་བསྟིམ་པར་བྱའོ། །སླར་ཡང་འོད་ཟེར་གྱིས་དེ་བཞིན་གཤེགས་པ་རྣམས་སྤྲུལ་ཏེ། དེ་དག་ལ་མཆོད་པ་དང་དབང་བསྐུར་བར་བསམ་སྟེ་མཆོད་པ་དང་། བསྟོད་པ་དང་། བདུད་རྩི་མྱང་བར་བྱས་ནས། ཆོས་ཀྱི་སྐུ་ལ་དམིགས་པར་བྱའོ། །སྤྱི་བོ་དང་། མགྲིན་པ་དང་། སྙིང་ག་དང་། ལྟེ་བར། བདེ་བ་ཆེན་པོ་དང་ལོངས་སྤྱོད་དང་། ཆོས་དང་སྤྲུལ་པའི་འཁོར་ལོ་བསམ་སྟེ། ཧཾ་དང་། ཨོཾ་དང་། ཧཱུྃ་དང་། ཨ་སྟེ། དེ་དག་གི་ལྟེ་བར་བསྒོམ་པར་བྱ་སྟེ། དེ་དག་ལ་སྲོག་དང་རྩོལ་བའི་སྦྱོར་བས་ཡེ་ཤེས་ཀྱི་མེ་སྦར་ལ། སྔར་བཀོད་པའི་ཡི་གེ་བསྲེག་པར་བྱའོ། །ཧཾ་ལས་བདུད་རྩིའི་ཐིག་ལེ་བབས་པར་བྱས་ལ། བདེ་བ་འབར་བར་བསམ་མོ། །དེར་སེམས་གཏད་དེ་རྩེ་གཅིག་པར་བྱས་ནས་དུ་བ་ལ་སོགས་པའི་རྟགས་རྙེད་ནས། སྤྲིན་མེད་པའི་ནམ་མཁའ་ལྟ་བུའི་ཆོས་ཉིད་མངོན་དུ་བྱའོ། །དེ་ལྟ་བུ་ཅི་ནུས་པ་བྱས་ལ། མ་གོམས་པའི་དབང་གིས་སྐྱོ་བར་གྱུར་ན། སྔོན་དུ་བཤད་པའི་དཔལ་ཧེ་རུ་ཀའི་སྐུ་འཇའ་ཚོན་ལྟ་བུ་ལ་དམིགས་ཏེ་ལྡང་བར་བྱའོ། །དེའི་བཟླས་པ་ནི། ཨོཾ་ཏྲཻ་ལོཀྱཱ་ཀྵེ་པ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བཟླས་པ་བྱའོ། །བཟླས་པས་སྐྱོ་བར་གྱུར་ན། དཔལ་ཧེ་རུ་ཀ་མདུན་དུ་སྙིང་ག་ནས་སྤྲོས་ཏེ། མཆོད་པ་ལྔས་མཆོད་ནས་རང་གི་སྙིང་གར་བསྡུ་བར་བྱའོ། །དཔའ་བོ་གཅིག་པའི་སྒྲུབ་ཐབས་བསྡུས་པ་ཤིན་ཏུ་ཟབ་པའོ། །ྀཨཚ།། །། ༄༅། །བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་སེར་སྣ་རྡོ་རྗེའི་ཤོག་དྲིལ་ས་མ་ཡཱ་ཏི་གུ་ཧྱ། ༼༥༽ རྒྱ་གར་སྐད་དུ། བཛྲ་བྷ་རཱ་ཧི་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། རྡོ་རྗེ་ཕག་མོའི་སྒྲུབ་ཐབས། རྡོ་རྗེ་ཕག་མོ་བདག་མེད་མ་ལ་ཕྱག་འཚལ་ལོ། །ཨོཾ་ཧྲཱིཿགྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱན་ཧཱུྃ་ཕཊ་སྭཱ་ཧཱ། སྲུང་བའི་སྔགས་སོ། །ལྟེ་བའི་ནང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་པདྨ་འདབ་མ་བཞི་པ། དེའི་སྟེང་དུ་ཧྲཱིཿནག་པོ་བསམ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཕག་མོ་རོའི་སྟེང་དུ་ཉི་མའི་དལ་གྱི་སྟེང་ན་བཞེངས་པ། ཞབས་གཡས་བརྐྱང་བ། གཡོན་བསྐུམ་པ། རུས་པའི་རྒྱན་གྱིས་བརྒྱན་པ། དབུ་སྐྲ་དམར་སེར་གྱེན་དུ་བསྒྲེང་བ། ཐོད་པ་ལྔས་ཅོད་པན་བྱས་པ། ཕྱག་རྒྱ་ལྔས་བརྒྱན་པ། མི་མགོའི་ཕྲེང་བས་སྐུ་ལ་བརྒྱན་པ། ཕྱག་གཡས་རྡོ་རྗེ་ལྕགས་ཀྱུ་འཛིན་པ། གཡོན་པ་ཁ་ཊྭཱཾ་ག་དང་སྡིགས་མཛུབ། ཞལ་གཅིག་སྤྱན་གསུམ་པ་ཁྲོ་གཉེར་མཆེ་བ་གཙིགས་པ་ཕག་གི་ཞལ་ཤིན་ཏུ་མི་བཟད་པ། གསུས་པ་ཆེ་བ། ལྗགས་མྱུར་བ། ཞལ་ཁྲག་གིས་བཀང་བ། སྐུ་ལུས་གབ་པ། ཧ་ཧའི་སྒྲ་སྒྲོག་པ་དེ་ལྟ་བུའི་བདག་ཉིད་བསྒོམ་པར་བྱའོ། །ཨོཾ་བཛྲ་ཝཱ་རཱ་ཧི་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་སརྦ་དུཥྚཱཾ་ཧྲཱིཿསྭཱ་ཧཱ། ཉེ་བའི་སྙིང་པོ་ནི། ཨོཾ་ཨཱཿཧཱུྃ་ཧྲཱིཿཧ། སྙིང་པོ་འབུམ་བཟླས་པས་ངེས་པར་འགྲུབ་པའོ། །ཨོཾ་ཨཱཿཧྲཱིཿཧཾ་ཧཾ། སྔགས་འདིས་ཤ་ཆེན་ཕྱེ་མར་བྱས་ནས་བྲིས་སྐུ་ལ་བདུག་པ་ཉིན་མཚན་དུ་རྩེ་གཅིག་ཏུ་བྱས་ན་ཞག་ཉི་ཤུ་རྩ་གཅིག་གིས་འགྲུབ་བོ། །དམ་ཚིག་སེམས་དཔའ་བསྐྱེད་པ་དང་། སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་པ་དང་། རང་བཞིན་གྱི་གནས་ནས་རང་འདྲ་བའི་ལྷ་མོ་གཅིག་སྤྱན་དྲངས་ཏེ། མཆོད་པས་མཆོད་ཅིང་རང་ལ་བསྟིམ། བདེ་མཆོག་ལྷ་ལྔས་ཐོད་པ་བདུད་རྩིས་བཀང་བས་དབང་བསྐུར་བས་སྤྱི་བོར་ཐིགས་པ་གཅིག་ལུས་པས་མི་བསྐྱོད་པས་དབུ་བརྒྱན་པར་བསམ་མོ། །ཨོཾ་ཧྲཱིཿཧཾ་ཧཾ་ཧ་ཧ་ཧི་ཧི་ཕེཾ་ཕེཾ། ཉིན་མཚན་ཕྱེད་ནས་འཛིན་གཏོར་བྱིན་གྱིས་བརླབ་ཅིང་བཞག །དར་གཡོགས་དང་བདུད་རྩི་ལྔ་དང་མཆོད་པ་ལྔ་བྱའོ། །རྣལ་འབྱོར་མ་ནི་སུ་ལ་ཡང་མི་སྨྲ་བར་བྱའོ། །དེ་ལྟར་བྱས་ན་ཇོ་མོ་བདག་མེད་མས་ངེས་པར་བྱིན་གྱིས་རློབ་པར་འགྱུར་རོ། །དེ་ལ་སྔགས་པས་ས་ཕྱོགས་དབེན་ཞིང་ཉམས་དགའ་བར་མཆོད་པའི་རྫས་རྣམས་སྟ་གོན་བྱ། བདེ་བའི་སྟན་ལ་ཁ་ནུབ་ཏུ་བལྟས་ཏེ་འདུག་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་འཐོབ་པར་བྱ་སྙམ་དུ་བསམ། བླ་མ་སྤྱི་བོར་བསྒོམ་མཎྜལ་ཡང་བཤམ། ས་གཞི་ལ་སོགས་སྲོག་ཆགས་མེད་པར་མཎྜལ་ལེགས་པར་བྱས་ལ་དག་པ་གསུམ་བརྗོད་པས་བདག་ལྷ་མོར་གྲུབ་པར་བསམ། གོང་གི་གྷཱ་ཏའི་སྔགས་བརྗོད་ནས་བདག་དང་གནས་དང་རྣལ་འབྱོར་བསྲུང་བར་བྱའོ། །དེ་ལ་མེ་ཏོག་གི་ཚོམ་བུ་གཅིག་སྤྱི་བོར་བཞག་ལ་བདག་བསྲུང་བའོ། །མཎྜལ་ལ་གཅིག་བཞག་སྟེ་གནས་བསྲུང་བར་བྱའོ། །རྣལ་འབྱོར་ལ་གཏོར་ཏེ་རྣལ་འབྱོར་བསྲུང་བའོ། །དེ་ནས་མཎྜལ་དེ་པཾ་ལས་པདྨ་འདབ་མ་ལྔ་བསམ། དེའི་དབུས་སུ་བཾ་བརྗོད་ལ་མེ་ཏོག་གཅིག་བཞག་ཇོ་མོ་རྣལ་འབྱོར་མར་གྱུར་པར་བསམ། དེ་ལྟར་འདབ་མ་ལྔ་ལ་ཧོཾ་ཡོཾ་ལ་སོགས་པ་བརྗོད་ཅིང་མེ་ཏོག་གཡོན་དུ་བཀོད་པས། དཔའ་མོ་ལྔ་བྱུང་བར་བསམ་ཞིང་། ཡེ་ཤེས་སེམས་དཔའ་བསྟིམ་ལ་མཆོད་པ་བྱ། དེའི་རྗེས་ལ་བདུད་རྩི་མྱང་རྡོ་རྗེའི་ཁྲུས་བྱ། རང་གི་ལྟེ་བར་ཧྲཱིཿལས་འཁོར་ལོ་དམར་པོ་གྲུ་གསུམ་བསམ། ཡང་ན་སྙིང་གར་བསམ། དེའི་དབུས་སུ་ཧྲཱིཿནག་པོ་གཅིག་ལ་སྔགས་ཀྱི་ཕྲེང་བ་འཁོར་བར་བལྟས་ཏེ། ཨོཾ་བཛྲ་ཝ་རཱ་ཧི་ཨཱ་བྷེ་ཤ་ཡ་སརྦ་དུཥྚཱཾ་ཧྲཱིཿཞེས་བཟླའོ། །ཨོཾ་ཧཱུྃ་ཧྲཱིཿཧཾ་ཧཾ་ཧེ་ཧེ་ཧ་ཧ་ཧི་ཧི་ཕེཾ་ཕེཾ། ཞེས་བྱ་བའི་སྔགས་འདི་ལན་གསུམ་བརྗོད་ནས་གཏོར་མ་སྦྱིན་ནོ། །སྒོམ་པ་ལས་ལྡང་བར་འདོད་ན་ཡེ་ཤེས་པ་དང་བླ་མ་སྤྱི་བོར་བསམ་སྟེ་བཟོད་པར་གསོལ་ནས་བཛྲ་མུཿགཤེགས་སུ་གསོལ། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་རྫོགས་སོ། །ྀཨཚ།། །། ༄། དུས་སྦྱོར་མཐུན་སྤྱོད་རྩི་བ་དང་ལས་བཞིའི་སྦྱིན་སྲེག་གི་མན་ངག་གོ །དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ན་མོ། དུས་སྦྱོར་མཐུན་སྤྱོད་བརྩི་བ་དང་། །མཐུན་སྡེབ་ལྟོ་ནང་སྦྱོར་བ་དང་། །དམངས་ནི་ཕྲིན་ལས་མཐུན་སྦྱོར་གྱི། །མན་ངག་ཅེས་བྱ་འདི་ནས་སྟོན། །དེ་ལ་དུས་སྦྱོར་མཐུན་སྤྱོད་ནི། །ཟླ་བ་ཉ་དང་སྐར་མ་རྒྱལ། །གཟའ་དང་རྒྱུ་སྐར་སྦྱོར་ཞེས་བྱ། །དྲག་པོའི་ལས་ལ་མར་ངོ་དང་། །གཟའ་དང་རྒྱུ་སྐར་ངན་པར་འདོད། །ཞི་བའི་ལས་ནི་ཐོ་རངས་བྱ། །རྒྱས་པ་སྔ་དྲོ་བྱེད་པར་གསུངས། །དབང་གི་ལས་ནི་ཉི་ནུབ་ཡིན། །དྲག་པོ་སྲོད་ལ་བྱེད་པར་གསུངས། །ཞི་བའི་དུས་ལ་ངེས་པ་མེད། །རྒྱས་པའི་དུས་ནི་ར་བ་གཙོ། །སྟོན་ཟླ་འབྲིང་པོ་རྒྱལ་བས་བསྔགས། །ལོ་ཐོག་ཤིང་ཐོག་སྨིན་པ་དང་། །སྟོན་ཐོག་ནང་དུ་སྡུད་དུས་སུ། །ས་སེར་ཐབ་ཁུང་ལས་བྱས་ཏེ། །རྒྱ་ཤུག་ཙནྡན་ལ་སོགས་པ། ཁ་དོག་སེར་པོའི་མེ་སྤར་རོ། །དུས་ཚོད་ས་དང་བསྲེག་རྫས་སོགས། །གཞུང་བཞིན་དུ་ཡང་འོང་ཞེས་བྱ། །མཐུན་སྡེབ་ལྟོ་ནང་སྦྱོར་བ་ནི། །དལ་དབུས་ཀྱི་ནི་གཙོ་བོ་ཡི། །ཧེ་རུ་ཀ་དཔལ་རྒྱལ་ཆེན་པོས། །ཕག་མོ་དང་ནི་སྦྱོར་ཞེས་བྱ། །ཡིག་བདུན་ཕག་མོའི་ཉེ་སྙིང་ལ། །རྟག་ཏུ་བསྙེན་པ་བྱ་བར་གསུངས། །དེ་ནས་ལས་རྫོགས་སྒྲུབ་པ་ནི། །ཞི་བའི་ལས་ལ་ཌཱ་ཀི་མ། །རྒྱས་པར་རཱུ་པི་ནཱི་ཡིན་ཏེ། ཁཎྜ་རོ་ཡིས་དབང་དུ་སྡུད། །དྲག་པོའི་ལས་ལ་ཡཱ་མཱ་བསྔགས། །རིགས་ཀྱི་ཡུམ་བཞི་དཔའ་བོ་དང་། །ཕྲིན་ལས་གང་བྱེད་ཞལ་སྦྱོར་ཞིང་། །སྔགས་ཀྱང་ལྟོ་ནང་སྦྱོར་བ་འོ། །དུས་བཞིའི་མཆོད་པ་མ་ཆག་ཅིང་། །ལག་པའི་མཆོད་པས་རྟག་ཏུ་མཆོད། །དེ་ནས་སྦྱིན་སྲེག་བྱ་བར་གསུངས། །སྤོས་ལ་སོགས་པ་ཕྱི་མཆོད་དང་། །བདུད་རྩིའི་གཏོར་མ་ལ་སོགས་བཤམ། །ཡམ་ཤིང་ཀུ་ཤ་དཱུར་བ་དང་། །མར་དང་བཅས་པའི་བསྲེག་རྫས་རྣམས། །རྡོ་རྗེ་དྲིལ་བུ་དགང་བླུག་གི །གཟར་བུ་དང་བཅས་མདུན་དུ་བཤམ། །བདག་ཉིད་སྐད་ཅིག་ལྷར་བསྐྱེད་ལ། །བསྲུང་བ་གསུམ་བྱ་གོ་བགོས་ཏེ། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས། །ཛཿཧཱུྃ་བཾ་ཧོཿས་རང་ལ་གཞུག །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་པའི་སྔགས་ཀྱིས་ཐབ་བསང་ལ། །གཞལ་ཡས་ཁང་ནི་གདན་དང་བཅས། །རཾ་ལས་མེ་ལྷ་སྐུ་མདོག་དཀར། །ཞལ་གཅིག་ཕྱག་ནི་བཞི་པར་བསྒོམ། །ཨོཾ་ཨག་ན་ཡེ་དེ་བ་ཏཱ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་ཡམ་ཤིང་དང་། །མར་ལ་སོགས་པའི་བསྲེག་རྫས་རྣམས། །ལན་ནི་བདུན་བདུན་འབུལ་བར་བྱ། །ཚངས་པ་མེ་ལྷ་བསྟོད་བྱས་ཏེ། །དེ་ནས་དེ་ཡི་ཐུགས་ཀ་རུ། །ཡི་དམ་ལྷ་ཚོགས་བསམ་བྱས་ལ། །ཕྱོགས་བཅུའི་དཔའ་བོ་རྣལ་འབྱོར་མ། །ཐམས་ཅད་སྤྱན་དྲངས་དེ་ལ་བསྟིམ། །དེ་ཡི་ཐུགས་ཀར་བླ་མ་ཡང་། །གསལ་བར་དམིགས་ལ་མཆོད་པ་འབུལ། །ཕྱག་འཚལ་ཕྱི་ནང་གསང་བ་ཡི། །མཆོད་པ་མ་ལུས་རྫོགས་པར་འབུལ། །སྐབས་འདིར་ལག་མཆོད་བྱ་བར་གསུངས། །དལ་དང་མཎྜལ་གང་ཡིན་གྱི། །ལྷ་དེ་ལྷག་པའི་ལྷས་བསྐུལ་ནས། །ལྷག་པའི་ལྷ་དང་གཉིས་མེད་བསམ། །མཎྜལ་ལག་སྟེང་མེ་ཐབ་ཏུ། །དཔའ་བོ་དྲུག་དང་དཔའ་མོ་དྲུག །དེ་ལས་གཞན་པ་མི་འདོད་དོ། །དེ་ནས་ལྷག་པའི་ལྷ་འདུས་ཏེ། །མེ་ཡི་ལྷ་དང་གཉིས་མེད་བསམ། །ཡི་གེ་བརྒྱ་པས་བརྟན་པར་བྱ། །དེ་རྗེས་ཡམ་ཤིང་ལ་སོགས་དབུལ། །ཡི་དམ་ལྷ་ཡི་རྩ་སྔགས་ལ། །རིགས་ཀྱི་ཡུམ་བཞིའི་ཉེ་སྙིང་རྣམས། །མཁས་པས་འདིར་ནི་སྦྱོར་ཤེས་བྱ། །སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པས་ལན་བདུན་འབུལ་བ་དང་། ཕྱི་གདོན་གྱི་བར་ཆད་དུ་གྱུར་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་གནོད་པ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ནང་འབྱུང་བའི་བར་ཆད་དུ་གྱུར་པ་ནད་རིགས་བཞི་བརྒྱ་རྩ་བཞིའི་གནོད་པ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཏིང་ངེ་འཛིན་སེམས་ཀྱི་བར་ཆད་དུ་གྱུར་པ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གནོད་པ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཕྲིན་ལས་ཀྱི་རྐྱེན་དུ་གྱུར་པ་རྨི་ལམ་ངན་པ་དང་མཚན་མ་ངན་པ་དང་ལྟས་ངན་པ་ཐམས་ཅད་དང་། ལོ་སྐག་དང་། ཟླ་སྐག་དང་། དུས་མ་ཡིན་པར་འཆི་བ་དང་། གཞན་གྱི་བསམ་ངན་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྗོད་ལ་སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་བཤགས། འདོད་པའི་དོན་ལ་གསོལ་བ་གདབ་བོ། །དེ་ནས་བཛྲ་མུཿཞེས་པས་ཡེ་ཤེས་ཀྱི་མེ་ལྷ་ཤར་ལྷོར་གཤེགས། དམ་ཚིག་པ་མེར་གྱུར་པའི་ནང་དུ་འགྲོ་བ་རིགས་དྲུག་བསམ་ལ། ཨོཾ་ཨགྣ་ཡེ་ལ་སོགས་པས་རྫས་ལྷག་མ་རྣམས་བསྲེག་གོ། །། ༄། ཞར་བྱུང་ལས་ཁ་ཚར་གྱི་གདམས་པ་བཞུགས་སོ། །ཡང་མཐུན་སྡེབ་ལྟོ་ནང་སྦྱོར་བ་ལ། རིགས་གསུམ་མགོན་པོ་གང་མོས་ལ་ཕྱག་བྱའོ། །མངོན་ཤེས་ཤར་བར་འདོད་ན་འདི་ལྟར་བྱ་སྟེ། ཏིལ་དང་། སྦྲང་རྩི་དང་། བ་དམར་མོའི་འོ་མ་དང་། ར་དཀར་མོའི་འོ་མ་དང་། བུད་མེད་ཁྱེའུས་འཐུང་བའི་ནུ་ཞོ་དང་། སྤང་རྒྱན་གྱི་ཁུ་བ་དང་། གུ་གུལ་རྣམས་སྦྱར་ལ་མེ་ལོང་གིས་ཁ་བཅད། དེ་ལེགས་པར་བསྙལ་ནས་མ་ཆགས་བར་དུ་བཟླའོ། །ཨོཾ་ན་མཿསརྦ་ཀྲཱུཾ་ཀྲཱུཾ་ཡ་ཏྲི་དེ་བ་མ་ཏྲི་དུ་རུ་ཁུ་ལུཾ་ཏྲི་གར་པ་ཨ་གྲ་ཙག་ཤུ་མ་ར་ཧི་ཏ་གྲ་མ་ཐ་དྷ་ཙུབ་ཏ་ཙུས་སྭཱ་ཧཱ། ཉ་སྟོང་དུས་བཞིའི་ཞག་ལ་མཎྜལ་ཟླུམ་པོ་གྲུ་གང་པ་ལ་མེ་ཏོག་ཚོམ་བུ་གསུམ་དགྲམ། རིན་པོ་ཆེའི་སྣོད་དུ་རིགས་གསུམ་གྱི་གཏོར་མ་བཤམ། ནངས་ནུབ་དུས་གསུམ་དུ་བཤགས་པ་བྱ། ཞག་བདུན་ན་མིག་ལ་བྱུགས་པའི་སྔགས་ནི། ཙཀྵུཿམནྟྲ་པྲ་བེ་ཤ་ཡ་ཕཊ། གྲུབ་ན་སྲིད་པ་གསུམ་ཡང་མཐོང་། མ་གྲུབ་ན་ལན་འགའ་བསྐྱར་རོ། །ྀཨཚ། ༄། ཆོས་དྲུག་དྲིལ་བ་རྡོ་རྗེའི་མགུར་བཞུགས་སོ། །ན་མོ་གུ་རུ། རྗེ་མར་པ་ལོ་ཙཱ་དེ་ཉིད། བི་ཀ་མ་ལའི་གནས་སུ་བཞུགས་དུས། ལན་གཅིག་ཐུགས་སྐྱོ་ནས་གཟིགས་རྟོག་ལ་སོགས་པ་མཛད་ཀྱང་། ཐུགས་སྐྱོ་བ་མ་སངས་ཏེ། སེང་ལྡེང་སྟུག་པོའི་ནགས་གསེབ་ན་ཕར་ལ་སྐྱོ་བསངས་ལ་བྱོན་པས། བླ་མ་དྲན་ནས་གསོལ་བ་བཏབ་པས། རྗེ་བཙུན་ནཱ་རོ་པ་དངོས་སུ་བྱོན་ནས་བུ་ལོ་ཙཱ་བའི་སྐྱོ་བ་བསང་བའི་ཕྱིར། ཆོས་དྲུག་ཏུ་དྲིལ་བ་རྡོ་རྗེའི་མགུར་འདི་གནང་བ་ཡིན་ནོ་གསུངས། བླ་མ་རྣམས་ལ་ཕྱག་འཚལ་ལོ། །དལ་འབྱོར་གཟུགས་ཀྱི་ཕུང་པོ་འདི། །གཡར་སྐྱོ་ཙ་ན་འདི་སྐད་གསུངས། །སེམས་ཀྱི་གནས་ཐབས་ལྟ་བའི་གདིང་། །ལུས་ཀྱི་གནས་ཐབས་སྒོམ་པའི་གནད། །ཕྱི་ནི་སྒྱུ་མ་ལྷ་ཡི་སྐུ། །ནང་ན་རྩ་གསུམ་འཁོར་ལོ་བཞི། །འོག་ན་ཨ་ཤད་ཙཎྜ་ལཱི། །སྟེང་ན་ཧཾ་ཡིག་གི་ཐིག་ལེ་ཅན། །སྟེང་འོག་རླུང་གི་འཁོར་ལོའི་དབྱིབས། །བར་ན་བདེ་སྟོང་གསལ་བའི་ཉམས། །མིང་ཡང་གཏུམ་མོའི་གདམས་ངག་ཟེར། །སེམས་གནད་དུ་ཚུད་དམ་ལོ་ཙཱ་བ། །དུས་རྨི་ལམ་ཙམ་གྱི་འཁྲུལ་པ་ལ། །གནས་མགྲིན་པ་གནད་ཀྱི་ས་བོན་ཅན། །ཕྱི་ཡི་སྣང་བ་སྒྱུ་མ་ཙམ། །ནང་གི་ཉམས་མྱོང་སྨྲ་མི་གཏུབ། །ཉིན་མཚན་གྱི་སྣང་བ་སྤྲུལ་པའི་སྐུ། །མིང་ཡང་སྒྱུ་ལུས་ཀྱི་གདམས་ངག་ཟེར། །བློ་ཞེན་པ་ལོག་གམ་ལོ་ཙཱ་བ། །གཉིད་དང་རྨི་ལམ་གྱི་བར་ཤེད་ན། །གཏི་མུག་ཆོས་སྐུའི་ངོ་བོ་ཉིད། །བརྗོད་མེད་འོད་གསལ་བདེ་བའི་ཉམས། །རྗེས་ལ་འོད་གསལ་རྒྱ་ཡིས་ཐེབས། །མིང་ཡང་འོད་གསལ་གྱི་གདམས་ངག་ཟེར། །སེམས་སྐྱེ་མེད་དུ་གོ་འམ་ལོ་ཙཱ་བ། །སྒོ་བརྒྱད་འཁོར་བའི་སྐར་ཁུང་ཅན། །སྒོ་གཅིག་མ་ཧཱ་མུ་དྲའི་ལམ། །སྒོ་བརྒྱད་བཀག་ནས་སྒོ་གཅིག་འབྱེད། །སེམས་ཀྱི་མདའ་ལ་རླུང་གི་གཞུ། །ཧིཀ་ཀའི་རྒྱུད་ཀྱིས་རབ་བསྐུལ་ཏེ། །ཀླད་པའི་དཀྱིལ་གྱི་ཧཾ་ལ་བརྒྱབ། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །མིང་ཡང་འཕོ་བའི་གདམས་ངག་ཟེར། །རླུང་དུས་སུ་ཁེགས་སམ་ལོ་ཙཱ་བ། །རྨི་ལམ་དུས་ཀྱི་ཤེས་པ་དེ། །བར་དོའི་སེམས་དང་བསྲེ་དགོས་ན། །ལུས་ནི་ལོངས་སྐུའི་ངོ་བོ་ཉིད། །རྨི་ལམ་བར་དོ་བསྲེ་བའི་གནད། །མིང་ཡང་བར་དོའི་གདམས་ངག་ཟེར། །རྨི་ལམ་འབྱོངས་སམ་ལོ་ཙཱ་བ། །རང་ལུས་དུས་ཀྱི་ཚད་ལམ་ཕེབས། །གཞན་ལུས་མཚན་ལྡན་རྟེན་གྱི་ཡུལ། །བར་ན་ཡིག་འབྲུ་རླུང་གི་རྟ། །རང་ལུས་ཁང་སྟོང་བཞིན་དུ་བསྐྱུར། །གཞན་ལུས་སྤྲུལ་སྐུའི་ངོ་བོ་ཅན། །མིང་ཡང་གྲོང་འཇུག་གི་གདམས་ངག་ཟེར། །རླུང་ལས་སུ་རུང་ངམ་ལོ་ཙཱ་བ། །རྨི་ལམ་དུས་ཀྱི་སྣང་ཚུལ་དེ། །སྐྱེས་པ་རྨིས་ན་ཕོ་འདྲེར་འཛིན། །བུད་མེད་རྨིས་ན་མོ་འདྲེར་འཛིན། །བྱོལ་སོང་རྨིས་ན་ཀླུ་རུ་འཛིན། །དགའ་བ་རྨིས་ན་སེམས་དཔངས་སྐྱེ། །ངན་པ་རྨིས་ན་སྙིང་མི་དགའ། །འདྲེ་རང་སེམས་ཀྱི་རྩ་བ་མ་ཆོད་བར། །གནོད་བྱེད་ཀྱི་བགེགས་ལ་ཟད་པ་མེད། །ཕྱི་ནང་གི་ཆོས་ལ་ཐོས་པ་དགོས། །གོམས་པས་མཐའ་གཉིས་སྤོང་བ་ཡིན། །ཡིན་མིན་གྱི་སྒྲོ་འདོགས་ཆོད་ཙ་ན། །རྒོལ་བས་མི་འཇིགས་ཀྱི་གདིང་ཐོབ་ཡིན། །ཆོས་དྲུག་ཏུ་དྲིལ་བ་རྡོ་རྗེའི་མགུར། །མཁས་གྲུབ་ནཱ་རོ་པས་གསུངས་པ་རྫོགས་སོ།། །། ༄༅། །རྫོགས་རིམ་གྱི་སྐོར་ལས། སྟེང་སྒོ་གཏུམ་མོ་འདོད་ཆགས་རྡོ་རྗེའི་ཤོག་དྲིལ་ས་མ་ཡཱ་ཏི་གུ་ཧྱ། ༼༦༽ ཨོ་རྒྱན་གྱི་གདམས་པ་མཁའ་འགྲོ་མ་ཐམས་ཅད་ཀྱི་ཡང་སྙིང་། རྒྱུད་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ། མན་ངག་རིན་པོ་ཆེ་གསེར་ཞུན་དྲིལ་བ་ལྟ་བུ་ཡིན་ཏེ། དཔལ་ནཱ་རོ་པ་ཆེན་པོས་བཞེད་ཀྱིས། སེམས་ཀྱི་གནས་ཐབས་ལྟ་བའི་གདིང་། །ལུས་ཀྱི་གནས་ཐབས་སྒོམ་པའི་གནད། །ཕྱི་ན་སྒྱུ་མ་ལྔ་ཡི་སྐུ། །ནང་ནི་རྩ་གསུམ་འཁོར་ལོ་བཞི། །ཞེས་པའི་དོན། སྒྱུ་མའི་ལུས་ལྟ་བུའི་ལྷ་སྐུ་དང་། སེམས་ཀྱི་གནས་ཐབས་ལྟ་བའི་གདིང་ནི། བསྐྱེད་རྫོགས་ཚིག་བསྡུས་ཀྱི་སྐབས་སུ་སྟོན་ལ། ལུས་ཀྱི་གནས་ཐབས་སྒོམ་པའི་གནད་ལ། རྩ་གསུམ་འཁོར་ལོ་བཞི་ཞེས་གསུངས་པས། དེ་ཡང་དཔལ་ནཱ་རོ་པ་ཆེན་པོའི་བཞེད་ཀྱིས། རྩ་རྡོ་རྗེ་ཐོད་སྦྱོར་གྱི་མན་ངག །རླུང་རྡོ་རྗེ་ཐོད་སྦྱོར་གྱི་མན་ངག །ཐིག་ལེ་རྡོ་རྗེ་ཐོད་སྦྱོར་གྱི་མན་ངག་དང་གསུམ་འདིར་འདུས་ནས་སྟོན་པས། ཆགས་གྲོལ་གཉིས་ཀྱི་མན་ངག་ཅེས་བྱའོ། །དེ་ཡང་། རྒྱལ་པོ་མཆོག་གསུམ་དེ་རབ་མཆོད། །མནྟྲ་ཨཾ་ས་ང་ལ་དྲིས།་་་མནྟྲ་ནི་སྔགས། ཨཾ་ས་ནི་ཆ་ཤས་ཏེ་སྔགས་ཀྱི་ཆའི་རྒྱུད་ཅེས་བྱའོ། །དཀྱིལ་འཁོར་རྒྱལ་མཆོག་ལྷ་རྒྱལ་མཆོག །སྔགས་ཀྱི་རྒྱལ་མཆོག་གསུམ་པ་ཡིན། །དེ་ཡང་འཁོར་ལོ་བཞི་ན་སྡེ་པ་བཞི་གནས། སྡེ་བཞི་ལྷའི་ཕོ་བྲང་བཞི། །ལྷའི་ཕོ་བྲང་བཞི་ན་ལྷ་བཞི་གནས་ཏེ། ལྷ་བཞིའི་ལྷ་རེ་རེ་ལ། འཁོར་བཞི་བཞི་གནས་སོ། །རྒྱུད་སཾ་བུ་ཊི་ནས་ཀྱང་། གང་ཕྱིར་བརྟན་པས་སྤྲུལ་པའི་ཕྱིར། །སྤྲུལ་པ་འཁོར་ལོ་གནས་བརྟན་པ། །ཆོས་རྣམས་ངག་ཏུ་འབྱིན་པས་ན། །ཐམས་ཅད་ཡོད་སྨྲ་ཆོས་འཁོར་རོ། །གང་ཕྱིར་མགྲིན་པར་ཉམས་མྱོང་བས། །ལོངས་སྤྱོད་འཁོར་ལོ་མང་པོས་བཀུར། །གང་ཕྱིར་བདེ་ཆེན་སྤྱིར་གནས་པས། །བདེ་ཆེན་འཁོར་ལོ་ཕལ་ཆེན་པོ། །འཁོར་ལོ་བཞིར་ནི་སྡེ་བཞི་སྟེ། །དེ་དབུས་ལྟེ་བ་གཙུག་ལག་ཁང་། །ལྟེ་དབུས་སྤྲུལ་པའི་འཁོར་ལོ་ན། །དབང་ཆེན་ས་ཡི་དཀྱིལ་འཁོར་ཏེ། །ཨ་ལས་རིན་ཆེན་མགོན་པོ་བཞུགས། །ཨེ་ཡི་རང་བཞིན་ལྷ་མོ་སྤྱན། །མཁའ་འགྲོ་མ་བཞི་ཕྱོགས་ན་གནས། །འབྱུང་བ་བཞི་ལ་དབང་པས་ན། །ལས་ཚོགས་ཕྲིན་ལས་སྒྲུབ་པའོ། །རྣམ་པར་སྣང་མཛད་རིགས་ཀྱི་ལྷ། །ཀུན་གྱི་དབུ་རྒྱན་ཚུལ་དུ་ཡོད། །ནམ་མཁའ་ལྷ་མོ་པང་ན་གནས། །དེ་ནི་འབྱུང་བ་གཅིག་ལ་དབང་། །སྙིང་ག་ཆོས་ཀྱི་འཁོར་ལོ་ནི། །ཆུ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །ཧཱུྃ་ལས་རྡོ་རྗེ་མགོན་པོ་བཞུགས། །བཾ་གྱི་རང་བཞིན་མཱ་མ་ཀཱི །རིགས་ཀྱི་དབུ་རྒྱན་གོང་དང་མཚུངས། །ཡུལ་ནི་འབྱུང་བ་གཅིག་ལ་དབང་། །མགྲིན་པ་མང་པོས་བཀུར་གནས་ནི། །མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །པདྨ་མགོན་པོ་ཡི་གེ་ཧྲཱིཿ མཱ་ཡི་རང་བཞིན་གོས་དཀར་མོ། །ཀུན་གྱི་དབུ་རྒྱན་རྣམ་སྣང་མཛད། །ནམ་མཁའི་ལྷ་མོ་པང་ན་གནས། །བདེ་བ་ཆེན་པོའི་འཁོར་ལོ་ནི། །རླུང་གི་དཀྱིལ་འཁོར་ཞེས་བྱ་བ། ཁཾ་ལས་ལས་ཀྱི་མགོན་པོ་བཞུགས། །ཡཱ་ཡི་རང་བཞིན་སྒྲོལ་མར་གྲགས། །ཀུན་གྱི་ཕྱོགས་ན་ལྷ་བཞི་སྟེ། །དེ་ནི་འབྱུང་བ་བཞི་ལ་དབང་། །རིགས་ཀྱི་བདག་པོ་གོང་དང་འདྲ། །དེ་ནི་ལྷ་དང་དཀྱིལ་འཁོར་གྱི། །ངེས་པ་ཁོ་ནར་བསྟན་པ་འོ། །སྔགས་ཀྱི་ངེས་པ་འདི་ལྟ་སྟེ། །གཡས་པ་ཐབས་ཀྱི་རྩ་སྒོ་ནས། །རླུང་ཁ་དོག་ལྔ་ཡི་རང་བཞིན་ཏེ། །ཡེ་ཤེས་ལྔ་ཡི་ངོ་བོར་གནས། །ཡི་གེ་ཧཱུྃ་དུ་གྱུར་ནས་སུ། །རླུང་དང་ཡི་གེ་ཐ་དད་མེད། །ཧཱུྃ་དཔག་ཏུ་མེད་པ་ཕར་ལ་འཕྲོས། །འོད་ཟེར་ལྔ་ཡི་ནུས་པ་ལས། །ནང་བཅུད་ཀྱི་སེམས་ཅན་མ་ལུས་པ། །རྒྱལ་བ་རིགས་ལྔའི་ངོ་བོར་གྱུར། །གཡོན་པ་ཤེས་རབ་རྩ་གནས་སུ། །འབྱུང་ལྔ་རླུང་གི་རང་བཞིན་ཏེ། །ཚུར་འདུས་ཡི་གེའི་རང་བཞིན་ཨོཾ། །རླུང་དང་ཡི་གེ་ཐ་དད་མེད། །འོད་ཟེར་ལྔ་ཡི་ངོ་བོར་བྱོན། །བརྟན་གཡོ་ནང་དུ་བལྟས་པ་ལས། །ཐམས་ཅད་འདུ་བ་མཚན་ཉིད་ཡིན། །སྤྱན་མ་ལ་སོགས་ཡུམ་ལྔར་གནས། །དབུས་ན་གནས་པ་ཆོས་ཉིད་རྩ། །ཨ་ཝ་དྷཱུ་ཏིའི་མར་སྣ་རུ། །སེམས་དམིགས་ཡི་གེ་ཨ་ལ་གཏད། །རླུང་དང་ཡི་གེ་ཐ་དད་མེད། །འབྱུང་བཞི་རླུང་གི་རང་བཞིན་དེ། །ནམ་མཁའི་རླུང་དུ་རོ་གཅིག་ན། །འཇིག་རྟེན་ཁམས་ཀུན་མཆོད་པའི་གནས། །རྡོ་རྗེ་འཛིན་པར་རང་ཉིད་འགྱུར། །སྐུ་གསུམ་ཡེ་ཤེས་ལྔ་ཡི་བདག །ཁྱབ་བདག་ནམ་མཁའི་གཟུགས་སུ་འགྱུར། །དེ་ནི་སྔགས་ཀྱི་ངེས་པ་སྟེ། །ངག་ལམ་རྡོ་རྗེའི་བཟླས་པ་འོ། །རྩ་གསུམ་འདུས་དབུས་མེ་ཐབ་ཀྱི། །རླུང་གིས་བསྐུལ་བའི་ཡེ་ཤེས་མེ། །ཤེས་རབ་སྟོབས་ཀྱིས་རབ་འབར་ཏེ། །ལྟེ་བར་གཏུམ་མོ་སྦར་ནས་ནི། །དེ་ཡི་མཐར་ཡང་རིམ་བཞིན་བསྲེག །བརྒྱད་ཀྱི་མཐར་ནི་བཅུ་པ་སྟེ། །ཡི་གེ་བཅུ་ཡི་འདུག་ཚུལ་དང་། །ཉོན་མོངས་ལྔ་ཡི་གནས་ཚུལ་གཉིས། །གཅིག་ཏུ་བསྡེབས་ནས་བསྲེགས་པ་ལས། །སྤྱི་གཙུག་ཧཾ་གི་རི་བོང་ལས། །ཞུན་མར་ཐིགས་པ་ཇི་བཞིན་དུ། །བདུད་རྩིའི་ཆུ་རྒྱུན་འབབ་པ་ལས། །གཞུག་པར་རྒྱལ་བ་རིགས་ལྔ་དང་། །དེ་ཡི་ཡུམ་ལྔར་ཡེ་ཤེས་ལྔ། །རྒྱུ་ལ་འབྲས་བུའི་རྒྱས་བཏབ་ནས། །འབྲས་བུ་ལ་ཡང་རྒྱུས་རྒྱས་གདབ། །འདི་ནི་བདེ་བ་ཆེན་པོ་སྟེ། །རྡོ་རྗེ་འཆང་གི་རང་བཞིན་ནོ། །ཨ་ཝ་དྷཱུ་ཏིའི་མར་སྣ་ནས། །སྐུ་མདོག་དཀར་པོ་ཡོངས་སུ་གྲུབ། །བདག་མེད་མ་ཡིས་མགུལ་ནས་འཁྱུད། །ཐབས་དང་ཤེས་རབ་མཉམ་སྦྱོར་བས། །ཟུང་འཇུག་འབྲས་བུ་འདོད་པ་ཡིན། །བོལླ་ཀཀྐོ་ལ་བཅུག་ནས། །བསྲུབས་དང་སྲུབ་པའི་སྦྱོར་བ་ལས། །དགའ་བ་བཞི་པོ་རིམ་བཞིན་གནས། །བདེ་བ་ཉམས་སུ་མྱོང་བ་ཡང་། །རྡོ་རྗེའི་རིགས་སོགས་བསྐུལ་ནས་ཀྱང་། །ཕྱི་ནང་གསང་བའི་མཆོད་པ་ཡིས། །ཟླ་རེ་བཅུ་ཕྲག་གཉིས་པ་ལ། །བཅོ་ལྔ་པར་ནི་དེ་རབ་མཆོད། །དུས་མཆོད་ཆེན་པོར་འདོད་པ་ཡིན། །དགྱེས་པ་རྡོ་རྗེའི་ལུང་ལས་ཀྱང་། །ལྟེ་བར་གཏུམ་མོ་སྦར་ནས་ནི། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་། །སྤྱན་མ་ལ་སོགས་ཡང་བསྲེག་སྟེ། །ཧཾ་བསྲེགས་རི་བོང་ཅན་ཧཾ་འཛག །ཅེས་དང་། ཨེ་ཡི་རྣམ་པ་ལྷ་མོ་སྤྱན། །བཾ་གྱི་རྣམ་པ་བདག་མར་བརྗོད། །མཱ་ཡི་རང་བཞིན་གོས་དཀར་མོ། །ཡཱ་ནི་སྒྲོལ་མར་བརྗོད་པར་བྱ། །ཞེས་སོ། །འཁོར་ལོ་བཞི་ཡི་པད་འདབ་ལ། །ཨཱ་ལི་ཀཱ་ལི་མཉམ་འདྲེས་པའི། །སྡེ་ཚན་ལྔ་བཅུ་ཐམ་པ་ནི། །གསུང་རབ་ཡན་ལག་བཅུ་གཉིས་དང་། །རྒྱུད་སྡེ་བཞི་དང་སྡེ་སྣོད་གསུམ། །བཅུ་གཉིས་བར་ནས་ཡི་གེ་ནི། །རྀ་རཱྀ་ལྀ་ལཱྀ་བཞི་སྟོན་པས། །གསང་སྔགས་རྒྱུད་དུ་འདོད་པ་ཡིན། །སྡེ་ཚན་ལྔ་ནི་མདོ་ཡི་སྡེ། །མཐར་གནས་ལྔ་ནི་མངོན་པ་ལ། །དེ་དབུས་ཡིག་འབྲུ་འདུལ་བ་དངོས། །བརྗོད་པ་ཀུན་གྱི་ཐོག་མར་ནི། །ཨ་ནི་ཁོང་ནས་འབྱུང་བ་ཡིན། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །རྣམ་ཐར་སྒོ་གསུམ་མཚོན་པ་ཡིན། །དུས་གསུམ་རྒྱལ་བའི་ཡུམ་དེ་ལ། །རབ་ཏུ་གུས་པས་ཕྱག་བགྱིད་དོ། །སྡེ་པ་བཞི་ལ་གནས་བརྟན་བཞི། །ཐམས་ཅད་འདུས་ན་བཅུ་དྲུག་ཡོད། །ཆོས་དཔོན་ནམ་མཁའི་ཐིག་ལེས་བྱེད། །ཆོས་དང་སྐྱེ་མེད་ཚུལ་དུ་བཤད། །འབྱུང་བཞི་རླུང་གི་བཟའ་མི་ཡིན། །གང་ལ་གཉེར་བབ་དེ་ལས་བྱེད། །གནས་བརྟན་གཅིག་ལ་བཟའ་མི་ནི། །སྟོང་ཚོ་གཅིག་དང་བརྒྱད་ཅུ་ཡོད། །དེ་བཞིན་གནས་བརྟན་བཞི་པོ་ལ། །བཟའ་མི་སྟོང་ཚོ་བཞི་དང་ནི། །སུམ་བརྒྱ་ཉི་ཤུ་ཡོད་པར་འདོད། །སྡེ་པ་གཅིག་གི་བཟའ་མི་ནི། །ཆོས་དཔོན་བཞི་ཡི་འཁོར་གྲངས་མཉམ། །གནས་བརྟན་པ་ཡི་སྡེ་པ་ལ། །ཕྱི་རྒྱ་རང་འདོམ་ཉི་ཤུ་ཡོད། །ཡོད་པར་སྨྲ་བའི་སྡེ་པ་ལ། །ཕྱི་འདོམ་བཅུ་དྲུག་ཡོད་པ་ཡིན། །མང་པོས་བཀུར་བའི་སྡེ་པ་ལ། །རང་འདོམ་བཅུ་གཉིས་བར་དུ་བརྟག །སྤྱིར་གནས་ཕལ་ཆེན་སྡེ་པ་ལ། །ཕྱི་རྒྱ་བཅུ་དང་དྲུག་ཡོད་དེ། །གཉིས་པོ་དྲུག་ལ་ལྡན་པས་ནི། །བརྒྱད་པོ་གཉིས་སུ་འདོད་པ་ཡིན། །བརྒྱད་པོ་གཅིག་ལ་ཆོས་དཔོན་གྱི། །གྲོང་ཁང་ཆེ་ཆུང་ཚད་དང་ལྡན། །རྩ་རྣམས་ཁྱིམ་གྱི་ཚུལ་དུ་ཡོད། །ཕྱི་སྒོ་གཉིས་པོ་སྟེང་ནས་སྡོམ། །ནང་སྒོ་གཉིས་པོ་ནང་ནས་སྡོམ། །མཆོད་ཁང་སྒོ་མོ་དབུས་ན་དམ། །ཕྱེད་པ་མེད་དེ་ཤིན་ཏུ་དཀའ། །སྡེ་པ་བཞི་ཡི་ཆོས་དཔོན་ཚོ། །དུས་སྦྱོར་མཐུན་སྤྱོད་བརྩི་བ་ནི། །ཆུ་ཚོད་སུམ་ཅུ་རྩ་གཉིས་སོ། །དུས་རྒྱུན་ཆད་མེད་པར་རྩི་ཡིན་ཡོད། །རྩ་ཡི་ཆུ་ཚོད་སུམ་ཅུ་གཉིས། །སྤྱི་བོའི་གཙུག་ན་རྩི་ཡིན་ཡོད། །རླུང་གི་ཆུ་ཚོད་སུམ་ཅུ་གཉིས། །སྡེ་པ་བཞི་ལ་ཉིན་མཚན་གཉིས། །གཉིས་ཀྱི་གཉེར་རེས་འཁོད་ན་གསལ། །ཐིག་ལེའི་ཆུ་ཚོད་སུམ་ཅུ་གཉིས། །སྡེ་པ་བཞི་ལ་དྲིས་ན་གསལ། །རྩ་ཡི་ཆུ་ཚོད་བརྒྱད་པོ་ནི། །ཡོད་པར་སྨྲ་བའི་སྡེ་པར་བརྩི། །རླུང་གི་ཐུན་ཆེན་བརྒྱད་པོ་ནི། །འཕོ་བ་གཉིས་ལ་ཐུན་ཚོད་གཅིག །ཉིན་མཚན་གཉིས་ལ་བརྒྱད་དུ་འདོད། །ཐིག་ལེའི་ཐུན་ཚོད་བརྒྱད་པོ་ནི། །འཁོར་ལོ་བཞི་ལ་བརྒྱད་བརྒྱད་གནས། །རྩ་ཡི་འཕོ་བ་བཅུ་དྲུག་ནི། །མགྲིན་པའི་གནས་ན་བརྩི་ཡིན་ཡོད། །རླུང་གི་འཕོ་བ་བཅུ་དྲུག་ནི། །ཐུན་ཚོད་རེ་ལ་འཕོ་དུས་གཉིས། །ཉིན་མཚན་གཉིས་ལ་བཅུ་དྲུག་ཡོད། །ཐིག་ལེའི་འཕོ་བ་བཅུ་དྲུག་ནི། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །རྩ་ཡི་དབྱུག་གུ་དྲུག་ཅུ་བཞི། །གནས་བརྟན་པ་ཡི་ཁྱིམ་ན་རྟག །རླུང་གི་དབྱུག་གུ་དྲུག་ཅུ་བཞི། །བཞི་ཐུན་རེ་ལ་ཕྱེད་དུ་བགོས། །ལྔ་བརྒྱད་བཞི་བཅུ་འོང་བ་ཡིན། །ཐིག་ལེའི་དབྱུ་གུ་དྲུག་ཅུ་བཞི། །སུམ་ཅུ་རྩ་གཉིས་བབས་པ་དང་། །བཞི་ལ་སུམ་ཅུ་རྩ་གཉིས་གནས། །དྲུག་ཅུ་རེ་བཞི་དེ་རུ་རྫོགས། །དུས་ཀྱི་རླུང་ནི་ཁུ་བྱུག་བཞིན། །དེ་ཆོས་ཐམས་ཅད་གསལ་བར་གནས། །འབྱུང་བཞི་ཕྱི་ཡི་ཞིང་ས་ལ། །སྐྱེ་མཆེད་བཅུ་དང་ལྷག་མ་གཉིས། །སྟོན་ཐོག་ཚུལ་དུ་རྩ་བ་ཡིན། །བདེ་བ་ཆེན་པོའི་སྣོད་དུ་སྡུས། །ཟས་སྐོམ་གཉིས་པོ་ནང་གི་རྫས། །རྩ་གསུམ་འདུས་མདོ་རྒྱ་ཐབ་སྟེ། །མཉམ་གནས་རླུང་གི་ཕྱག་ཚང་པས། །སྡེ་པ་བཞི་ཡི་བཟའ་མི་གསོ། །བཟའ་མི་གནས་སུ་མ་ཚུད་ན། །འཐབ་དང་རྩོད་པ་མང་པོ་འབྱུང་། །གནས་བརྟན་ཕྱི་རུ་ཐོན་པ་ན། །ནང་གི་བདེ་བ་ཉམས་ནས་འགྲོ། །གནས་གཞི་བཞི་ན་ཆོས་དཔོན་བཞི། །སྡེ་པ་བཞི་ལ་ཤིན་ཏུ་གཅེས། །བཞི་སྟོང་སུམ་བརྒྱ་ཉི་ཤུ་པོ། །ཆོས་དཔོན་བཞི་ལ་འདུས་ནས་སུ། །སྟོང་པ་བརྒྱད་ཅུ་དང་མཉམ་ན། །རླུང་ནི་རྡོ་རྗེ་ཐོད་པ་ལ། །སྦྱོར་བའི་མན་ངག་འདི་ནས་སྟོན། །གཏུམ་མོའི་མན་ངག་བསྒོམ་པ་གཅེས། །སྡེ་པ་བཞི་ལ་གནས་བརྟན་བརྒྱད། །ཐམས་ཅད་བགྲོས་ནས་གནས་བརྟན་ལ། །འབབ་པའི་ཕྲིན་ལས་བྱེད་དུས་དེར། །ཉེ་ཞོ་མེད་པར་བྱོན་ནས་སུ། །སྔར་གྱི་གནས་བརྟན་བཞུགས་ནུས་ན། །ཐིག་ལེ་རྡོ་རྗེ་ཐོད་པ་ལ། །སྦྱོར་བའི་མན་ངག་འདི་ནས་སྟོན། །ཆགས་ལམ་བསྒོམ་པ་ཤིན་ཏུ་གཅེས། །རྩ་འདབ་སུམ་ཅུ་སོ་གཉིས་པོ། །ཀུན་འདར་མ་དང་ཁྱད་མེད་པར། །ཕྱི་ནང་ཤིན་ཏུ་གསལ་བ་དང་། །འགྱུ་བ་ཤིན་ཏུ་བདེ་བ་ནི། །གཟུང་འཛིན་གཉིས་ལས་གྲོལ་བ་དེ། །རྩ་རྣམས་རྡོ་རྗེ་ཐོད་པ་ལས། །དྷཱུ་ཏིའི་ནང་དུ་སྦྱོར་བ་འོ། །ཟུང་འཇུག་བསྒོམ་པ་ཤིན་ཏུ་གཅེས། །རང་ལུས་ཐབས་དང་ལྡན་པ་ལས། །བདག་གི་རྣམ་དག་དེ་ཡིས་ཤེས། །འཁོར་ལོ་བཞི་ཡི་ལྟེ་དབུས་ན། །ལྷ་ཡི་རྣམ་དག་ཡང་དག་གནས། །རླུང་གི་ཟུང་འཇུག་ཕྲ་མོ་གནས། །སྔགས་ཀྱི་བཟླས་པ་ཡིན་ཤེས་པས། །གཡས་གཡོན་གཉིས་ཀྱི་གཟུང་འཛིན་རླུང་། །དྷཱུ་ཏིར་གནས་པ་ཡེ་ཤེས་ཡིན། །དགའ་བ་བཞི་དང་སྐད་ཅིག་བཞི། །བཞི་ཚན་གཉིས་པོ་གཏུམ་མོ་དང་། །ཆགས་ལམ་གཉིས་ལ་སྦྱོར་ཤེས་ན། །དེ་ལྟར་བསྒོམས་པའི་རྟགས་རྣམས་ནི། །གཏུམ་མོའི་བཀའ་དཔེའི་ནང་ན་གསལ། །བརྒྱུད་པ་འདི་བཀའ་འཛིན་པ་ཡི། །འཕྲུལ་འཁོར་བླ་མའི་ཞལ་ལས་ཤེས། །གནས་པ་རྩ་ཡི་མན་ངག་དང་། །གཡོ་བ་རླུང་གི་མན་ངག་གཉིས། །བཀོད་པ་བྱང་ཆུབ་སེམས་དང་གསུམ། །མན་ངག་འདི་ལས་གཞན་གྱིས་མིན། །དེ་ཕྱིར་ཤིན་ཏུ་རྙེད་དཀའ་འོ། །བྲང་གི་སྙིང་དང་དཔྲལ་བའི་མིག །མཆན་གྱི་བུ་ལས་གཅེས་མེད་ཕྱིར། །མན་ངག་འདི་ཡིས་གཏད་པ་ཡིན། །འདོད་ཆགས་རྡོ་རྗེ་ཉིད་ལ་འོ། །ས་མ་ཡཱ་ཏི། །ྀཨཚ།། །། ༄༅། །འོག་སྒོ་ཐབས་ལམ་ལས་ཀྱི་རྡོ་རྗེའི་ཤོག་དྲིལ་ས་མ་ཡཱ་ཏི་གུ་ཧྱ། ༼༧༽ ཧེ་རུ་ཀ་ལ་ན་མོ། རྒྱལ་པོ་ཆོས་ཉིད་སྐྱེ་མེད་ལ། །བློན་པོ་རིགས་གསུམ་ལས་བྱེད་ཡོད། །དམངས་ནི་ཕྲིན་ལས་མཐུན་སྦྱོར་གྱིས། །དགོས་པའི་དུས་སུ་བསམ་པས་ཆོག །བློན་པོ་རིགས་གསུམ་ལས་བྱེད་ལ། །རྩ་དང་རླུང་དང་ཐིག་ལེ་གསུམ། །རྩ་རླུང་ཐིག་ལེ་གསུམ་གྱིས་ནི། །ལས་ཚོགས་ཐམས་ཅད་སྒྲུབ་པར་བྱེད། །རྩ་ནི་ཁྱིམ་དང་འདྲ་བས་ན། །རླུང་གི་རང་བཞིན་མེ་ཡིན་ཏེ། །ཐིག་ལེ་ནོར་བུ་རྒྱལ་བས་གསུངས། །རྩ་རླུང་གཉིས་པོ་མ་བསྒོམས་ན། །ཐིག་ལེ་ཡོད་ཀྱང་བྱང་ཐང་གི །གཉེར་བྱེད་མེད་པའི་ནོར་དང་འདྲ། །ཉམས་དང་ཟག་དང་བོ་ལ་སོགས། །བདེ་ལོངས་སྦྱོང་དུ་ག་ལ་འབྱུང་། །རྩ་དང་ཐིག་ལེ་མ་བསྒོམ་ན། །རླུང་རྐྱང་གཅིག་པོ་བསྒོམས་པས་ནི། །མི་ལྟོགས་ལྐོག་པོར་འབྱུང་འདྲ་བའི། །གཞན་གྱིས་བཀུར་བའི་གནས་མེད་དེ། །འཕྲལ་དུ་སྡུག་ལ་ཕུགས་སུ་སྟོང་། །རླུང་དང་ཐིག་ལེ་མ་བསྒོམ་ན། །རྩ་ཡི་རང་བཞིན་བསྒོམས་ལགས་ཀྱང་། ཁང་སྟོང་གཉེར་བྱེད་མེད་འདྲ་བའི། །བྱ་དང་བོང་བུ་ཁྱི་ཕག་གི །གནས་མལ་དེ་ལ་གཞན་གྱིས་ནི། །དགོས་འདོད་འབྱུང་བར་མི་འགྱུར་རོ། །དེ་ལ་རྩ་ཡི་མཚན་ཉིད་ནི། །ཨ་བ་དྷཱུ་ཏི་སྲོག་གི་རྩ། །གཡས་གཡོན་རོ་རྐྱང་གཉིས་པོ་ནི། །ལུས་ཀྱི་རྩ་རུ་འདོད་པ་ཡིན། །སྤྱི་བོ་བདེ་ཆེན་འཁོར་ལོ་ནི། །རྩ་འདབ་སུམ་ཅུ་རྩ་གཉིས་པོ། ཁ་དོག་དཀར་པོ་འཁོར་ལོའི་དབྱིབས། །བདེ་བའི་འབྱུང་གནས་ཉིད་དུ་འདོད། །ལས་ཀྱི་ཕྱག་རྒྱའི་རྫོགས་རིམ་ཡིན། །དེ་དབུས་བ་ཡི་ནུ་མ་འོ། །མགྲིན་པ་ལོངས་སྤྱོད་འཁོར་ལོ་ནི། །བཅུ་དྲུག་རྩ་ཡི་འདབ་མ་དེ། ཁ་དོག་དམར་པོ་པདྨའི་དབྱིབས། །སྒྱུ་མར་རྟོགས་པའི་གནས་ཡོད་དེ། །རྨི་ལམ་དུས་ཀྱི་རྫོགས་རིམ་ཡིན། །དེ་དབུས་ཐིག་ལེ་དམར་པོ་འོ། །སྙིང་ག་ཆོས་ཀྱི་འཁོར་ལོ་ཡི། །རྡོ་རྗེའི་དབྱིབས་ལ་རྩ་འདབ་བརྒྱད། ཁ་དོག་སྔོན་པོར་འདོད་པ་ཡིན། །མི་རྟོག་སྐྱེ་བའི་གནས་ཡིན་པས། །འོད་གསལ་དུས་ཀྱི་རྫོགས་རིམ་ཡིན། །དེ་དབུས་ཧཱུྃ་ལ་དམིགས་པ་བསྒོམ། །ལྟེ་བ་སྤྲུལ་པའི་འཁོར་ལོ་ཡི། །རྩ་འདབ་དྲུག་ཅུ་རྩ་བཞི་པོ། ཁ་དོག་སྣ་ཚོགས་དྲྭ་བའི་དབྱིབས། །སྣ་ཚོགས་དངོས་གྲུབ་དེ་ལས་འབྱུང་། །ཐ་མལ་དུས་ཀྱི་རྫོགས་རིམ་ཡིན། །དམིགས་པའི་ཕྲིན་ལས་གང་བྱེད་གཙོ། །རླུང་གི་མཚན་ཉིད་འདི་བཞིན་གནས། །ཉིན་ཞག་གཅིག་ལ་ཐུན་ཆེན་བརྒྱད། །འཕོ་བ་བཅུ་དྲུག་དག་ཏུ་འདོད། །རྩ་ཡི་གནས་ནས་འཕོ་བ་བརྒྱད། །རླུང་གི་གནས་ནས་དེ་བཞིན་ཏེ། །གོ་རིམ་དག་ཏུ་ཤེས་པར་བྱ། །དགུན་ཟླ་འབྲིང་པོའི་སྔ་དྲོ་ལ། །མགྲིན་པའི་གནས་ནས་འབྱུང་བའི་ཁམས། །རོ་ཧི་ཏ་ཡི་རླུང་རྒྱུ་བ། །སྟེང་སྒོ་གཡས་ནས་འབྱུང་བ་འོ། །ཉིས་བརྒྱ་བདུན་ཅུ་ཐལ་བ་དང་། །ཛ་ཏ་ར་ནི་གཡོན་ནས་འབྱུང་། །སྟེང་སྒོ་གཡོན་ནས་འབྱུང་བ་ལ། །གྲངས་ནི་གོང་དང་མཚུངས་པར་འདོད། །གཉིས་ཀ་ནས་ནི་ས་འབྱུང་སྟེ། །ཆ་ཙམ་ཅུང་ཟད་དལ་བར་རྒྱུ། །བུ་གུ་གཉིས་ནས་དྲག་པར་ནི། །འགྱུ་བ་རླུང་གི་རླུང་དུ་འདོད། །གྲངས་ནི་ལྔ་བརྒྱ་བཞི་བཅུ་ལས། །དེ་ལས་གཞན་པ་མི་འདོད་དོ། །འགྱུ་བ་མེད་ན་ནམ་མཁའི་རླུང་། །བགྲང་དུ་མི་བཏུབ་ཐུན་ཚོད་གཅིག །ཐུན་ཚོད་གཉིས་ཀྱི་དང་པོ་ནི། །སྙིང་གི་གནས་ནས་འབྱུང་བའི་ཁམས། །དང་པོ་ཆུ་རླུང་རྒྱུ་བ་དེ། ཁ་དོག་སྔོན་པོར་རབ་ཏུ་བརྟག །དེ་ཡི་རྗེས་ལ་ས་ཡི་རླུང་། ཁ་དོག་སེར་པོ་མཉམ་དུ་འདོད། །རླུང་དང་མེ་ཡི་ཁ་དོག་ནི། །རླུང་ནི་ཁ་དོག་ལྗང་བ་དེ། །མེ་ནི་དམར་པོའི་མཚན་ཉིད་ཅན། །ཕྱི་ལ་རྒྱུ་བར་འདོད་པ་དེ། །གྲངས་ནི་སྟོང་ཚོ་གཅིག་དང་ནི། །བརྒྱད་ཅུ་ཐམ་པར་འདོད་པ་ཡིན། །ནམ་མཁའི་རླུང་ལ་ཁ་དོག་མེད། །གོང་མ་ཚར་ན་ཤུགས་ཀྱིས་འབྱུང་། །ཐུན་ཚོད་གསུམ་པའི་དང་པོ་ལ། །ལྟེ་བའི་གནས་ནས་འབྱུང་བའི་ཁམས། །ས་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །རིན་ཆེན་མགོན་པོ་འབྱུང་བ་འོ། །རླུང་གི་དཀྱིལ་འཁོར་ཉིད་ལས་ནི། །ལས་ཀྱི་མགོན་པོ་བྱོན་པ་དང་། །མེ་དང་ཆུ་ཡི་དཀྱིལ་འཁོར་ལས། །པདྨ་མགོན་དང་རྡོ་རྗེ་མགོན། །གོ་རིམ་བཞིན་དུ་བྱོན་དུས་སུ། །ནམ་མཁའི་མགོན་པོ་དབྱིངས་ན་གནས། །སངས་རྒྱས་རེ་ལ་སྐུ་ཚེ་ནི། །ཉིས་བརྒྱ་བདུན་ཅུ་རེ་རེ་ལ། །གྲངས་ནི་མཉམ་པ་དག་ཏུ་འདོད། །ཐུན་བཞི་པ་ཡི་དང་པོ་ལ། །སྤྱི་བོའི་གནས་ནས་འབྱུང་བའི་ཁམས། །རླུང་གི་རླུང་ཉིད་རྒྱུ་བ་དེ། །ཕྱི་རུ་འཕེན་པ་སོར་བརྒྱད་དང་། །ནང་དུ་སྡུད་པ་སོར་བརྒྱད་དེ། །གཉིས་པོ་བཅུ་དྲུག་དག་ཏུ་འདོད། །དེ་ཡི་རྗེས་ལ་མེ་རླུང་རྒྱུ། །སྤྱི་བོའི་གཙུག་ནས་སོར་བརྒྱད་དེ། །རང་གནས་མགྲིན་པ་བཅུ་གཉིས་ཡིན། །ཕྱི་ནང་གཉིས་ལ་ཉི་ཤུ་བཞི། །རྩ་ནི་ཆུ་རླུང་རྒྱུ་བ་དེ། །རླུང་གི་གནས་ལ་སོར་བརྒྱད་ལ། །བཅུ་དྲུག་རང་གི་གནས་ནས་རྒྱུ། །ཕྱི་ནང་གཉིས་ལ་སུམ་ཅུ་གཉིས། །ཐ་མ་ས་རླུང་རྒྱུ་བ་ནི། །སྤྱི་བོའི་གཙུག་ནས་སོར་བརྒྱད་དེ། །རང་གནས་ལྟེ་བའི་དབུས་ནས་སུ། །ཉི་ཤུ་ཐམ་པ་རྒྱུ་བ་དེ། །ཕྱི་ནང་གཉིས་ལ་བཞི་བཅུར་འདོད། །ནམ་མཁའི་རླུང་ལ་བརྒྱད་ཡིན་ཏེ། །རླུང་གི་རླུང་དང་མཉམ་དུ་གནས། །ཕྱི་ནང་གཉིས་ལ་བཅུ་དྲུག་སྟེ། །ཚོར་བ་མེད་པར་རྒྱུ་བ་ཡིན། །ཐིག་ལེའི་མཚན་ཉིད་འདི་ལྟར་གནས། །སྤྱི་བོ་བདེ་ཆེན་འཁོར་ལོ་ནི། །རྩ་ཡི་གཙོ་མོ་བརྒྱད་ཡིན་ཏེ། །གཡོན་ངོས་ཤར་གྱི་འདབ་མ་ནས། །འབྱུང་བ་ཆུ་ལ་དབང་བ་ཡི། ཁ་དོག་སྔོ་སྐྱའི་ཐིག་ལེ་གཉིས། །འཕོ་དང་གནས་དང་ལས་ཀུན་བྱེད། །ལྷོ་ངོས་མདུན་གྱི་འདབ་མ་ལ། །འབྱུང་བ་ས་ལ་དབང་བ་སྟེ། །སེར་སྐྱ་གསལ་བའི་ཐིག་ལེ་གཉིས། །འཕོ་དང་གནས་དང་ལས་ཀུན་བྱེད། །གཡས་ཀྱི་དམར་པོ་མེ་ལ་དབང་། །ནུབ་ངོས་དག་ཏུ་འདོད་པ་ཡིན། །རྒྱབ་ཀྱི་ལྗང་གུ་རླུང་ཡིན་ཏེ། །ཐིག་ལེ་འབྱུང་བ་བཞི་ལས་གྲུབ། །འཕོ་དང་གནས་དང་ལས་ཀུན་བྱེད། །བརྒྱད་ལས་བརྒྱད་ཆར་བཅུ་དྲུག་འབྱུང་། །བདེ་བ་ཆེན་པོའི་གནས་གནས་སོ། །བརྒྱད་ཀྱི་སྟེང་དུ་བརྒྱད་བསྣན་པས། །དེ་ལ་བཅུ་དྲུག་འབྱུང་བ་ཡིན། །མགྲིན་པ་ལོངས་སྤྱོད་གནས་སུ་འོ། །འབྱུང་བ་བཞི་དང་ས་ཕྱོགས་བཞི། །སྔོན་ལ་སོང་བ་ཚོ་ལ་དྲིས། །ནམ་མཁའི་ཐིག་ལེ་དབུས་ན་གནས། །ནམ་མཁའི་ནམ་མཁའ་བཞིན་དུ་འཇུག །བཅུ་དྲུག་བརྒྱད་དུ་དྲིལ་ནས་སུ། །མགྲིན་པའི་གནས་ནས་སྙིང་གར་བབས། །སྙིང་གའི་བོ་དྷི་ཙིཏྟ་དང་། །སྔར་གྱི་བརྒྱད་པོ་གཅིག་ཏུ་འདྲེས། །འབྱུང་བཞི་ལྟེ་བའི་ཐིག་ལེ་ལ། །ཆུ་ལ་ཆུ་ཉིད་བཞག་པ་འམ། །མར་ལ་མར་ཉིད་བཞག་པ་བཞིན། །བདེ་བ་ཆེན་པོའི་གནས་སུ་འཛག །ཐམས་ཅད་མཉམ་དུ་འདྲེས་ནས་སུ། །བརྒྱད་བཅས་དྷཱུ་ཏིའི་མར་སྣ་ལ། །བཞིས་ནི་ལུས་སེམས་བདེ་བས་ཁྱབ། །བཞི་ནི་གསང་བའི་རྡོ་རྗེར་བྱོན། །ས་དང་ཆུ་ཡི་ཐིག་ལེ་གཉིས། །པདྨའི་གནས་སུ་ཤོར་བ་དང་། །མེ་དང་རླུང་གི་ཐིག་ལེ་གཉིས། །ནོར་བུའི་རྩེ་མོར་སྐད་ཅིག་གནས། །སྐད་ཅིག་བར་མཚམས་དེ་ཉིད་ལ། །ནམ་མཁའི་ཐིག་ལེ་རྒྱུ་བ་ལ། །བདེ་ལ་མི་རྟོག་སྤྲོས་དང་བྲལ། །ལས་ཅན་གང་ཟག་གང་ཡིན་ནི། །གཉུག་མ་ཆོས་སུ་མཐོང་ནས་སུ། །གཉིས་པོ་ཕྱིར་ལ་མ་ཤོར་ན། །བདེ་ཆེན་གནས་སུ་སྤྱན་དྲངས་ལ། །བརྒྱད་པོ་གནས་བཞིར་གོ་རིམ་བཞིན། །གང་དུ་བྱོན་པའི་ནུས་པ་དང་། །རང་ཉིད་སྟོབས་དང་ལྡན་གྱུར་ན། །སྔར་གྱི་ཉམས་པ་སོས་གྱུར་ཏེ། །བདེ་ལ་མི་རྟོག་ཡེ་ཤེས་ནི། །ལྷུན་གྱིས་གྲུབ་པ་མངོན་དུ་བྱེད། །སྐུ་གསུམ་ཡེ་ཤེས་ལྔ་དང་ནི། །སངས་རྒྱས་ཕྲིན་ལས་མ་ལུས་ཀུན། །དེ་ལས་འབྱུང་གི་གཞན་དུ་མིན། །སྨིན་ལམ་དབང་གི་མན་ངག་ལ། །གང་ཟག་དབང་པོ་ཐ་མའི་དབང་དུ་བྱས་ན། ཡི་དམ་གྱི་ལྷ་ལ་བརྟེན་ནས། རྡུལ་ཚོན་གྱི་དལ་ཞལ་ཕྱེ་སྟེ། དབང་བུམ་པའི་དབང་བསྐུར། བསྐུར་བའི་གནས་ནི་ལུས་ལ་བསྐུར། སྒྲིབ་པ་ནི་ལུས་ཀྱི་སྒྲིབ་པ་སྦྱོང་། གདམས་ངག་ནི་ཕྱི་བསྐྱེད་པའི་རིམ་པ་སྟོན། དང་པོ་དགའ་བ་ཉམས་སུ་མྱོང་བ་ལས། འབྲས་བུ་ནི་སྤྲུལ་པའི་སྐུ་ཐོབ། ཕྱག་རྒྱ་ནི་དམ་ཚིག་ཕྱག་རྒྱ་དང་འབྲེལ། གང་ཟག་དབང་པོ་འབྲིང་གི་དབང་དུ་བྱས་ན། མིའི་བུ་མོ་ལ་བསྟེན་ནས་བྷ་གའི་དལ་ཕྱེ་སྟེ། དབང་ནི་གསང་བའི་དབང་བསྐུར། བསྐུར་བའི་གནས་ནི་ངག་ལ་བསྐུར། སྒྲིབ་པ་ནི་ངག་གི་སྒྲིབ་པ་སྦྱོང་། གདམས་ངག་ནི་ནང་ཟབ་མོ་བསྐྱེད་པའི་མན་ངག་སྟོན། གཉིས་པ་མཆོག་དགའ་ཉམས་སུ་མྱོང་བ་ལས། འབྲས་བུ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ། ཕྱག་རྒྱ་ནི་ལས་ཀྱི་ཕྱག་རྒྱ་དང་འབྲེལ་ལོ། །གང་ཟག་དབང་པོ་རབ་ཀྱི་དབང་དུ་བྱས་ན། བྱང་སེམས་ཁུ་བའི་རྣམ་པ་ལ་བརྟེན་ནས། ཨ་བ་དྷཱུ་ཏིའི་དལ་ཞལ་ཕྱེ་སྟེ། དབང་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར། བསྐུར་བའི་གནས་ནི་སེམས་ལ་བསྐུར། སྒྲིབ་པ་ནི་སེམས་ཀྱི་སྒྲིབ་པ་སྦྱོང་། གདམས་ངག་ནི་ཡོངས་སུ་རྫོགས་པའི་མན་ངག་སྟོན། གསུམ་པ་ལྷན་ཅིག་སྐྱེས་པའི་དགའ་བས། འབྲས་བུ་ཆོས་སྐུ་ཐོབ་བོ། །ཕྱག་རྒྱ་ནི་ཆོས་ཀྱི་ཕྱག་རྒྱ་དང་འབྲེལ་ལོ། །གང་ཟག་དབང་པོ་ཡང་རབ་ཀྱི་དབང་དུ་བྱས་ན། ཚོགས་དྲུག་གི་ཡུལ་ལ་བརྟེན་ནས། སྣང་སྲིད་ཀྱི་དལ་ཞལ་ཕྱེ་སྟེ་དབང་ཚིག་དབང་རིན་པོ་ཆེ་བསྐུར། བསྐུར་བའི་གནས་ནི་ལུས་ངག་ཡིད་གསུམ་ལ་བསྐུར། སྒྲིབ་པ་ནི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱོང་། གདམས་ངག་ནི་ལྷུན་གྱིས་གྲུབ་པའི་གདམས་ངག་སྟོན། བཞི་པ་དགའ་བྲལ་གྱི་དགའ་བ་ལས། འབྲས་བུ་ནི་སྐུ་གསུམ་དབྱེར་མེད་པའི་འབྲས་བུ་ཐོབ། ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་དང་འབྲེལ། ལས་ཀྱི་ཕྱག་རྒྱས་ལམ་དུ་གང་སློང་། ལམ་དུ་བདེ་བ་སློང་། རྒྱ་གང་གིས་གདབ། དེ་བཞིན་གཤེགས་པའི་རྒྱས་གདབ། དབུགས་གང་གིས་དབྱུང་། དེ་བཞིན་གཤེགས་པས་དབྱུང་། ལྟ་བ་གར་སླེབ། སེམས་ཙམ་གྱི་ལྟ་བར་སླེབས། འབྲས་བུ་གང་སྨིན། རྒྱུ་མཐུན་པའི་འབྲས་བུ་སྨིན། ཆོས་ཀྱི་ཕྱག་རྒྱས་ལམ་དུ་གང་སློང་། ཆོས་ཆོས་ཉིད་དུ་ལམ་དུ་སློང་། རྒྱ་གང་གིས་གདབ། རྡོ་རྗེ་འཆང་གི་རྒྱས་གདབ། དབུགས་གར་དབྱུང་། རྡོ་རྗེ་འཆང་གིས་དབུགས་དབྱུང་། ལྟ་བ་གར་སླེབ། དབུ་མའི་ལྟ་བར་སླེབས། འབྲས་བུ་གང་སྨིན། རྣམ་པར་སྨིན་པའི་འབྲས་བུ་སྨིན། ཕྱག་རྒྱ་ཆེན་པོས་ལམ་དུ་གང་སློང་། སྣང་སྲིད་ལམ་དུ་སློང་། རྒྱ་གང་གིས་གདབ། རྡོ་རྗེ་སེམས་དཔའི་རྒྱས་གདབ། དབུགས་གར་དབྱུང་། རྡོ་རྗེ་སེམས་དཔས་དབྱུང་། ལྟ་བ་གར་སླེབ། ཟུང་དུ་འཇུག་པ་ནམ་མཁའ་དང་འདྲ་བའི་ལྟ་བར་སླེབས། འབྲས་བུ་གང་སྨིན། དྲི་མ་དང་བྲལ་བའི་འབྲས་བུ་སྨིན། དམ་ཚིག་གི་ཕྱག་རྒྱས་ལམ་དུ་གང་སློང་། ཀུན་བརྟགས་ལམ་དུ་སློང་། རྒྱ་གང་གིས་གདབ། དེ་བཞིན་གཤེགས་པས་རྒྱས་གདབ། དབུགས་གར་དབྱུང་། དེ་བཞིན་གཤེགས་པས་དབུགས་དབྱུང་། ལྟ་བ་གར་སླེབ། ཉན་ཐོས་ཀྱི་ལྟ་བར་སླེབས། འབྲས་བུ་གང་སྨིན། སྐྱེས་བུ་བྱེད་པའི་འབྲས་བུ་སྨིན། དེ་ལ་ལས་ཀྱི་ཕྱག་རྒྱ་བསྟེན་པར་འདོད་ན། རིག་མའི་མཚན་ཉིད་བཙུན་པ། ལུས་མཛེས་ཤིང་ཡིད་དུ་འོང་བ། སྐད་གདངས་འཇམ་ཞིང་ཚིག་བཙུན་པ། དྲི་ཞིམ་མདངས་དང་ལྡན་པ། ཤེས་རབ་ཆེ་ཞིང་གསང་ཐུབ་པ། ཉོན་མོངས་པ་ཆུང་བ། སྦྱོར་ཐབས་བཟོ་བ། འདོད་ཆགས་ཆེ་བ། ངོ་ཚ་ཆེ་བ། གཙང་སྦྲ་དང་ལྡན་པ། བརྩེ་གདུང་ཆེ་བ། དེ་ལྟ་བུའི་རིག་མ་ནི་དབང་གི་དུས་ན་བསྟེན་པར་བྱ་སྟེ། ཡབ་ཡུམ་གྱི་མཁའ་གསང་བྱིན་གྱིས་བརླབ། སྙོམས་པར་ཞུགས་པ་ལས་རྡོ་རྗེ་ནོར་བུའི་གྲོང་གི་དལ་དུ་བྱང་སེམས་ཀྱི་ཁུ་བའི་རྣམ་པ་ལས། འདིའི་ངོ་བོ་ཉམས་སུ་མྱོང་སྟེ་ཐིག་ལེ་རྡོ་རྗེ་ཐོད་སྦྱོར་གྱི་མན་ངག་འདི་ནི་དུས་ཚོད་ཟིན་པ་ཁུ་བྱུག་ལྟ་བུ་སྟེ། རྩ་དང་རླུང་བདེ་བའི་དུས་ཚོད་འཛིན་པའོ། །གཟུང་བའི་མན་ངག་ལ་གསུམ་ལས། ཏིང་ངེ་འཛིན་གྱིས་གཟུང་བ་དང་། ཡི་གེ་རབ་མཆོག་གིས་གཟུང་བ་དང་། ཟངས་ཚགས་ཅན་གྱིས་གཟུང་བ་དང་གསུམ་མོ། །ཟློག་པའི་མན་ངག་ལ་གསུམ་སྟེ། རླུང་གིས་ཟློག་པ་དང་། ཏིང་ངེ་འཛིན་གྱིས་ཟློག་པ་དང་། བཙན་ཐབས་ཀྱིས་ཟློག་པ་དང་གསུམ་མོ། །ཐམས་ཅད་ལ་ཁྱབ་པར་བྱ་བ་ལ་གསུམ། འཕྲུལ་འཁོར་གྱིས་ཁྱབ་པར་བྱ་བ་དང་། ཏིང་ངེ་འཛིན་གྱིས་ཁྱབ་པར་བྱ་བ་དང་། སྤྱོད་ལམ་གྱིས་ཁྱབ་པར་བྱ་བའོ། །ཏིང་ངེ་འཛིན་གྱིས་གཟུང་བར་བྱ་བ་ནི། སྤྱི་བོའི་ཧཾ་ལ་དམིགས་པ་ལྷན་གྱིས་གཏོད་པའོ། །ཡི་གེ་རབ་མཆོག་གིས་གཟུང་བ་ནི། གསང་གནས་སུ་ཨོཾ་ཨཱཿཧཱུྃ་བསྒོམ་པའོ། །ཟངས་ཚགས་ཅན་ནི་རྩ་ཐམས་ཅད་ཟངས་དུང་གྱེན་དུ་འགྲེང་བ་ལྟར་བསྒོམ་པའོ། །ཟློག་པ་ལ་སྟེང་རླུང་མནན། འོག་རླུང་བསྡམ། གླིང་བཞི་བསྡུ། རྒྱ་མཚོ་རི་རབ་ངོས་ལ་སྦྱར། ལྕེ་ཡ་རྐན་ལ་གཏད། ཆུ་མིག་གྱེན་ལ་ལྡོག །ཧིཀ་གིས་དྲག་ཏུ་འཐེན། གཡས་གཡོན་དུ་ཐེབས་གསུམ་གསུམ་བགྲང་། དབུས་སུ་ཐེབས་གསུམ་བགྲང་། ལུས་ཐམས་ཅད་ཁྱབ་པར་བྱ་བའི་ཐབས་ལ། སེང་གེའི་ལྟ་སྟངས་དང་། གཡས་གཡོན་དུ་ཕྱི་མིག་བལྟ། སེང་གེའི་སྤྲུག་སྟངས་བྱས་ལ་ལུས་དྲག་ཏུ་སྤྲུགས། དེ་རྣམས་ནི་ལུས་ཐམས་ཅད་ལ་ཁྱབ་པར་བྱ་བའི་མན་ངག་གོ །པུཥྤ་ཧ་རིར་ནཱ་རོ་པ་ལས་རྙེད། གཙིགས་ཀྱི་རྒྱ་བདུན་དང་བཅས་དམ་པར་སྦོས། ས་མ་ཡ་སིདྡྷི། རྐྱང་པ་ཁྲི་དང་བརྒྱད་བརྒྱར་འཇུག །ཕྲུགས་སུ་སྦྱར་ན་ཉི་ཁྲི་དང་། །གཅིག་སྟོང་དྲུག་བརྒྱ་རབ་ཏུ་བརྟག །ཅེས་པ་དང་མཐུན་པར་འདུག །འཁོར་ལོ་ཉི་མ་བཞི་མཐུན་ཀྱང་། །ཟླ་བ་ཁུག་པ་ནམ་མཁའི་ཚང་། །དོན་གྱི་ཤུགས་ལས་ཁོ་བོས་ཤེས། །མེས་པོའི་ནོར་ལ་ཚ་བོས་སྤྱོད།། །། ༄༅། །སྒྱུ་ལུས་སྒྱུ་འཕྲུལ་རྡོ་རྗེའི་ཤོག་དྲིལ་ས་མ་ཡཱ་ཏི་གུ་ཧྱ། ༼༨༽ ཨོ་རྒྱན་གྱི་གདམས་པ། མཁའ་འགྲོ་མ་ཐམས་ཅད་ཀྱི་ཡང་སྙིང་། རྒྱུད་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ། གསེར་ཞུན་དྲིལ་བ་ལྟ་བུའི་མན་ངག །དཔལ་ནཱ་རོ་པ་ཆེན་པོས་བཞེད་ཀྱིས། དུས་སྦྱོར་མཐུན་སྤྱོད་རྩི་བ་དང་། །མཐུན་སྡེབ་ལྟོ་ནང་སྦྱོར་བ་དང་། །དམངས་ནི་ཕྲིན་ལས་མཐུན་སྦྱོར་གྱི། །མན་ངག་འདི་ནས་གསལ་བར་སྟོན། །གསང་བ་དབང་གི་དུས་དག་ཏུ། །མེ་ལོང་དྲི་མ་དག་པ་ལ། །རྡོ་རྗེ་སེམས་དཔའ་ལེགས་བྲིས་ཏེ། །དེ་ཡི་གཟུགས་བརྙན་སྣང་དང་མཚུངས། །ཞེས་བྱ་བ་སྒྱུ་མའི་དཔེ་བཅུ་གཉིས་ཀྱི་སྒོ་ནས་རྟོགས་པར་བྱའོ། །དེ་ཡང་སྒྱུ་ལུས་ཀྱི་མན་ངག་བདག་བྱིན་གྱིས་བརླབ་པའི་རིམ་པ་འདི་ལ་དོན་བཞི་སྟེ། ངོ་བོ། ངེས་ཚིག །དབྱེ་བ། རྣམ་གྲངས་སོ། །སྒྱུ་མའི་ངོ་བོ་ནི། མེད་པ་གློ་བུར་དུ་སྒྲོ་བཏགས་ཏེ་མིང་དང་ཚིག་དང་ཐ་སྙད་དུ་བཟུང་སྟེ་དོན་དུ་སྣང་བའོ། །མིག་འཁྲུལ་སྒྱུ་མའི་ངེས་ཚིག་ནི། གླང་པོའི་རུས་པ་དང་རྔ་མོའི་སྤུ་དང་། ཤིང་བུ་དང་རྡེའུ་ལས་སྒྱུ་མའི་ཚོགས་སྤྲུལ་པ་དང་འདྲ་བར་ཕ་མའི་ཁུ་ཁྲག་འདྲེས་པ་ལས་རྣམ་པར་ཤེས་པའི་ཚོགས་སྒྱུ་མའི་ལུས་སུ་གྲུབ་སྟེ་གསལ་བར་སྣང་ངོ་། །སྒྱུ་མ་མཁན་པོས་མི་ལ་སོགས་པ་དང་། རྟ་ཕྱུགས་ཀྱི་གཟུགས་བརྙན་སྤྲུལ་པའི་སྒྱུ་མ་བཤིགས་ཙམ་ན། སྔར་གྱི་རྫས་སུ་གྱུར་པ་བཞིན་དུ། རང་གི་ལུས་ཀྱི་རྐྱེན་བག་ཙམ་གཅིག་གིས་རང་ས་རྡོར་འགྲོ་སྟེ། བདག་གི་ལུས་མི་རྟག་པས་གྲུབ་པ་མེད་པ་སྒྱུ་མར་རྟོགས་པར་བྱའོ། །དབྱེ་ན་བཞི་ལས། སྤང་བྱ་སྒྱུ་མར་བལྟ་བ་དང་། བསྒྲུབ་བྱ་སྒྱུ་མར་བལྟ་བ་དང་། བདག་དོན་སྒྱུ་མར་བལྟ་བ་དང་། གཞན་དོན་སྒྱུ་མར་བལྟ་བའོ། །སྤང་བྱ་སྒྱུ་མར་བལྟ་བ་ནི། རིགས་དྲུག་གི་སྡུག་བསྔལ་དགྲར་མཐོང་སྟེ། སྤང་བྱར་བཏགས་པ་ཡང་སྒྱུ་མ་དངོས་སུ་བརྟག་གོ །བསྒྲུབ་བྱ་སྒྱུ་མར་བལྟ་བ་ནི། མྱ་ངན་ལས་འདས་པའི་ལམ་ཞི་གནས་དང་ལྷག་མཐོང་དགའ་བདེས་ཡིད་གདུངས་པ་ཡང་སྒྱུ་མ་དངོས་སུ་བལྟའོ། །བདག་དོན་སྒྱུ་མར་བལྟ་བ་ནི། སེམས་དམིགས་པའི་མན་ངག་ཆོས་ཀྱི་སྐུའི་བསྒྲུབ་བྱ་སངས་རྒྱས་ཀྱི་དགོངས་པ་ཡང་གྲུབ་པ་མེད་པ་སྒྱུ་མ་དངོས་སུ་བལྟའོ། །གཞན་དོན་སྒྱུ་མར་བལྟ་བ་ནི། རྨི་ལམ་ན་ཆོས་བཤད་པས་རང་ཡང་མ་གྲུབ་ལ་གཞན་ཡང་མ་གྲུབ་པ་བཞིན་ནོ། །འཁོར་འདས་རེ་དོགས་ཀྱི་བློ་དང་བྲལ་བའོ། །དབྱེ་བའི་སྐབས་སུ་སྒྱུ་མའི་རྣམ་གྲངས་ནི། སྣང་ཞིང་སྲིད་པའི་ཆོས་འདི་དག་ཐམས་ཅད་ནི་བཅོས་མར་འདུག་པས་སྒྱུ་མ་དང་སྤྲུལ་པ་ལྟ་བུ། རང་གི་རྣམ་པར་ཤེས་པའི་རང་བཞིན་དུ་འདུག་པས་རྨི་ལམ་དང་མིག་ཡོར་གྱི་སྐྱེས་བུ་ལྟ་བུ། སྣང་བ་དངོས་མེད་ལ་དངོས་པོར་གཟུང་བའི་འཁྲུལ་པར་འདུག་པས་མིག་ཡོར་དང་ནམ་མཁའི་སྐྲ་ཤད་ལྟ་བུ། སྣང་ལ་རང་བཞིན་མེད་པར་འདུག་པས་མེ་ལོང་གི་གཟུགས་བརྙན་དང་ཆུ་ནང་གི་ཟླ་བ་ལྟ་བུའོ། །གསལ་ལ་ངོས་གཟུང་མེད་པར་འདུག་པས་ནམ་མཁའི་འཇའ་ཚོན་དང་སྲིན་བུ་མེ་ཁྱེར་ལྟ་བུ། ནམ་མཁའ་ལ་རྒྱུ་བར་འདུག་པས་སྨིག་རྒྱུ་དང་དྲི་ཟའི་གྲོང་ཁྱེར་ལྟ་བུ། རྐྱེན་ལས་སྐྱེས་པར་འདུག་པས་བྲག་ཆ་དང་སྐར་མ་རབ་རིབ་ལྟ་བུ། མི་རྟག་པར་འདུག་པས་ཆུའི་ཆུ་བུར་ལྟ་བུ་དང་ན་བུན་ལྟ་བུར་རྟོགས་པར་བྱའོ། །དེ་རྣམས་རྒྱུ་རྐྱེན་རྟེན་འབྲེལ་གྱི་མན་ངག་གོ །སྣང་བ་ཐམས་ཅད་མཉམ་བཞག་དུས་སུ་སྣང་བ་བཞིན་དུ། ཆོས་ཐམས་ཅད་ཀྱང་སྒྱུ་མའམ་ཆུ་ཟླ་བཞིན་དུ་བྱས་ཤིང་བསྒོམ། དེ་བཞིན་བསྒོམས་པས་རང་བཞིན་མེད་དེ་གཉིས་མེད་ཀྱི་ཡེ་ཤེས་འཆར་རོ། །ཡང་ན་གཉིད་སད་ནས། རྗེས་ཐོབ་ལ་འདི་ལྟར་བྱ་སྟེ། ཐ་མལ་གྱི་ལུས་མེ་ལོང་དུ་གསལ་བ་དེ་མདུན་དུ་རང་ལ་བསྟན་ནས་ཡིད་ཀྱི་ཡུལ་དུ་ཤིན་ཏུ་གསལ་བར་བལྟ་ཞིང་བསྒོམ། དེ་གསལ་པོར་བརྟན་པ་དེ་ལ་ཡོན་ཏན་བགྲང་ཞིང་བསྟོད་པ་བྱ་སྟེ། དེ་བཞིན་བྱས་པས་དེ་ལ་དགའ་བའི་སེམས་མི་འབྱུང་སྟེ་སྒྱུ་ལུས་ཡིན་པས་སོ། །སྐབས་སུ་དེ་ལ་མངན་གྱི་ཚིག་མང་པོ་བགྲང་ཞིང་བགྲངས་ཀྱང་མི་དགའ་བ་མི་འོང་བ་ལྟར་ལན་མང་དུ་བསྒོམས་པས་ཤིན་ཏུ་བརྟན་ན། སླར་དེ་རང་གི་ལུས་ལ་གཞུག་ཅིང་རང་བཞིན་སྒྱུ་མའི་ལུས་ལ་བསྟོད་ཀྱང་དགའ་བ་མེད། སྨད་ཀྱང་མི་དགའ་བ་མེད་པའི་ལུས་སུ་བསྒོམ། དེ་ལ་གསལ་དུ་མ་འདོད་ན་ཡང་མདུན་དུ་བསྒོམས་ལ། ཡང་ལུས་ལ་གཞུག་ཅིང་བསྒོམ་མོ། །དེས་ངེས་པར་ཆུ་ཟླ་ལ་སོགས་པའི་ལུས་སུ་མཐོང་བ་འོང་ལ། རང་གི་མངོན་ཞེན་ལོག་ནས་སྣང་བ་ཐམས་ཅད་ཀྱི་ཞེན་པ་བཟློག་པ་ལ་ཚེགས་མེད་དེ། ཐམས་ཅད་ཀྱང་སྒྱུ་མའི་ལོང་ལོང་དུ་མངོན་པར་འགྱུར་རོ། །ཐ་མལ་གྱི་སྣང་བ་ཐམས་ཅད་དུ་མི་འབྱུང་སྟེ། དེ་ལྟར་བྱུང་དུས་ན་རང་དང་སྣང་བ་ཐམས་ཅད་སྒྱུ་མ་འཕྲུལ་པ་ཡིན། ཇི་ལྟར་ཡང་བསྒྱུར་དུ་འདོད་སྙམ་དུ་བསམ། གཉིད་ཀྱི་དུས་དང་སད་པའི་དུས། དབྱེར་མེད་དུ་ཕྲིལ་ཕྲིལ་གནས་པ་ནི་གཉིད་ལོག་མ་ལོག་དབྱེར་མེད་པ་ཞེས་བྱའོ། །དེ་ཙམ་ན་སྒྱུ་མ་ལ་མངོན་སུམ་དུ་ཡིད་ཆེས་པས་གྲོང་འཇུག་གི་ལས་འགྲུབ་པ་ཡིན། ཆུ་སྐྱར་གྱི་སྒྲོ་དང་། རྨ་བྱའི་ཁྲག་དང་། ལྷང་མ་ལྷང་ཚེར་ལ་སོགས་པ་ཡང་གསང་དབང་གི་དུས་སུ་སྒྱུ་ལུས་ངོ་འཕྲོད་པ་ལ་སོགས་པ་ལ་གལ་ཆེ་སྟེ། གནས་འཕྲུལ་ཤེས་པས་ཉམས་སུ་ལོངས་ཤིང་། ཡང་ན་འདི་ལྟར་བྱ་སྟེ། ལྟད་མོ་ཆེན་པོའམ་ཁྲོམ་ཆེན་པོར་ཕྱིན་ལ། འདི་རྣམས་འདོད་ཆགས་ཆེ་ལུགས་ལ་ཞེས་འོ་དོད་བོས། ཞེ་སྡང་ལ། གཏི་མུག་ལ་ཞེས་བོས་ཀྱང་མི་དགའ་བའི་སེམས་མི་འབྱུང་སྟེ། འདི་རྣམས་ཀྱི་འཕྱོར་ལུགས་ལ། གསོལ་ལུགས་ལ་ཞེས་བོས་ཀྱང་དགའ་བའི་སེམས་མི་འབྱུང་སྟེ། སྒྱུ་མ་དངོས་སུ་བལྟའོ། །འཁྲུགས་པ་ཆེན་པོའམ་ཁྲོམ་ཆེན་པོ་འདི་རྣམས་ཀྱི་ཞེ་སྡང་ལ། ང་རྒྱལ་དང་། ཕྲག་དོག་ལ་ཞེས་སྨྲས་པས་ཁོང་ལ་མི་དགའ་བ་མི་འབྱུང་བས་ཚིག་ལ་ཐ་དད་མེད་དེ་དོན་ལ་ཁྱད་པར་ཡོད་པའི་ཕྱིར་རོ། །རང་དང་སྣང་བ་ཐམས་ཅད་མི་དབྱེ་ཞིང་ཤེས་པའི་སྟེང་དུ་གཟེར་རེ་ཐེབས་པ་གཅིག་གིས་སྣང་བ་འདི་ལ་ལག་བཅུག་སྟེ་བསྒོམ་པ་ཡིན། སྒྱུ་ལུས་ཀྱི་མན་ངག་པུཥྤ་ཧ་རིའི་ནཱ་རོ་པ་ལས་རྙེད་པའོ།། །། ༄༅། །འོད་གསལ་གཏི་མུག་རྡོ་རྗེའི་ཤོག་དྲིལ་ས་མ་ཡཱ་ཏི་གུ་ཧྱ། ༼༩༽ ཨོ་རྒྱན་གྱི་གདམས་པ། མཁའ་འགྲོ་མ་ཐམས་ཅད་ཀྱི་ཡང་སྙིང་། རྒྱུད་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ། གསེར་ཞུན་དྲིལ་བ་ལྟ་བུའི་མན་ངག །དེ་ཡང་དཔལ་ནཱ་རོ་པ་ཆེན་པོས་བཞེད་ཀྱིས། འགྲོ་བ་གང་ཞིག་གཉིད་ལོག་པ། །གཉིད་ལོག་སད་པར་མི་བྱེད་དོ། །ཟློག་པའི་སྒོམ་པ་འདི་དག་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །ཞེས་པའི་ལུང་ཡིད་ཆེས་ཀྱི་རྡེའུར་གཅེས་ཏེ་དེ་ལ་རྩ་རྡོ་རྗེ་ཐོད་སྦྱོར་གྱི་མན་ངག །རླུང་རྡོ་རྗེ་ཐོད་སྦྱོར་གྱི་མན་ངག །ཐིག་ལེ་རྡོ་རྗེ་ཐོད་སྦྱོར་གྱི་མན་ངག་གོ །རྒྱལ་པོ་མཆོག་གསུམ་དེ་རབ་མཆོད། །མནྟྲ་ཨཾ་ས་ང་ལ་དྲིས། །དཀྱིལ་འཁོར་རྒྱལ་མཆོག་ལྷ་རྒྱལ་མཆོག །སྔགས་ཀྱི་རྒྱལ་མཆོག་གསུམ་པ་ཡིན། །དང་པོ་དཀྱིལ་འཁོར་རྒྱལ་མཆོག་ནི། །བདེ་བར་གཤེགས་པ་མི་བསྐྱོད་པ། །བཞུགས་པའི་ཕོ་བྲང་དཀྱིལ་འཁོར་ཡིན། །མི་བསྐྱོད་པ་ཡི་ཐུགས་ཀ་རུ། །ཡི་གེ་ཧཱུྃ་གཅིག་གསལ་བར་བསྒོམ། །ཧཱུྃ་གི་ཡི་གེ་ནཱ་ད་ལ། །དམིགས་པ་མི་རྟོག་ངང་ལ་བཞག །ཉིན་པར་ནམ་མཁའི་མཐོངས་སུ་བསྒོམ། །མཚན་མོ་སྙིང་གི་དཀྱིལ་དུ་བསྒོམ། །ནམ་གུང་ཡོལ་ནས་ཐོ་རངས་བར། །ཐམས་ཅད་ཡོད་སྨྲའི་སྡེ་པ་སྟེ། །མི་བསྐྱོད་པ་ཡི་ཞིང་དུ་འདོད། །བླ་མ་མི་བསྐྱོད་ལྷ་ཚོགས་ལ། །སྲོད་ཀྱི་བར་དུ་གསོལ་བ་བཏབ། །སྲོད་ནས་ནམ་ནི་མ་ཕྱེད་བར། །གཉིད་མི་ཉལ་ཞིང་སྐུ་ཁམས་གསེང་། །ནམ་ཕྱེད་དུས་ནས་རང་ཉིད་ཀྱི། །སྙིང་གར་དམིགས་པ་གསལ་བྱས་ལ། །མགོ་བོ་ཤར་ཕྱོགས་དག་ཏུ་བསྟན། །ངོས་ནི་གཡས་པ་འོག་ཏུ་བཅུག །གཡོན་པ་ཐར་ལམ་སྙིང་ག་གཙོ། །མི་བསྐྱོད་བྱོན་པའི་གནས་ཡིན་པས། །དུས་དེར་བསྒོམ་པ་མན་ངག་ཡིན། །ཐམས་ཅད་ཡོད་སྨྲའི་སྡེ་པ་སྟེ། །སྤྱི་མཐུན་གནས་བརྟན་བཞི་ཡིས་བྱེད། །དེ་དུས་རང་ཉིད་སྒྲུབ་པ་ཡི། །ཐེ་ཚོམ་སྤྲོས་པ་མ་ཆོད་ན། །གདམས་ངག་ཆོས་དཔོན་ཉིད་ལ་ཞུ། །འདུན་མ་གནས་བརྟན་བཞི་ཡིས་བྱེད། །བཟའ་མི་སུམ་བརྒྱ་ཉི་ཤུ་དང་། །སྟོང་ཚོ་བཞི་རུ་འདོད་པ་སྟེ། །ཆོས་དཔོན་ཉིད་ལ་འདུས་ནས་སུ། །ཐར་ལམ་ཉམས་སུ་ལེན་པ་དང་། །ཆོས་རྣམས་སྤྲོས་དང་བྲལ་བ་ཡི། །སྣང་བའི་མཚན་མ་ཟད་གྱུར་ནས། །གནས་བརྟན་བཞི་ཡི་ཆོས་འདུན་ལ། །ཆོས་མེད་འདུན་མ་ཞིག་གྱུར་ན། །ཚེ་འདི་ཉིད་ལ་འཚང་རྒྱ་བའི། །འོད་གསལ་སྐྱེ་མེད་འབྱུང་བའི་གནས། །ཐམས་ཅད་ཡོད་སྨྲའི་སྡེ་བས་ཤེས། །རྟོགས་པར་འདོད་ན་དེ་བཞིན་བསྒོམ། །ཉིན་པར་ནམ་མཁའི་མཐོངས་ཉིད་དུ། །ཡི་གེ་ཧཱུྃ་སྔོན་རང་མདོག་ལྡན། །ཤིན་ཏུ་གསལ་བར་དམིགས་ནས་སུ། །དེ་ལས་འོད་ཟེར་ཁ་དོག་ལྔ། །འཇིག་རྟེན་ཁམས་སུ་འཕྲོས་པ་ལས། །བརྟན་གཡོ་ཐམས་ཅད་འོད་དུ་ཞུ། །སླར་འདུས་ཧཱུྃ་ལ་ཐིམ་པ་ཡིས། །ཧཱུྃ་ཉིད་ཤིན་ཏུ་གསལ་བར་བསྒོམ། །མི་རྟོག་པ་ལ་བློ་བཞག་པས། །གནས་པར་ནུས་ན་དེ་ཉིད་བསྐྱང་། །གལ་ཏེ་གནས་པར་མ་ནུས་ན། །ཨུ་ཡི་རང་བཞིན་དོན་གྲུབ་སྟེ། །ཡི་གེ་ཧ་ལ་ཐིམ་པར་བསམ། །སྣང་བ་མཐའ་ཡས་ཧ་དེ་ཉིད། །ཟླ་ཚེས་རིན་ཆེན་འབྱུང་ལྡན་ལ། །ཐིམ་ནས་ཟླ་ཚེས་ཐིག་ལེ་ལ། །ཐིམ་པས་མི་བསྐྱོད་དག་ཏུ་འདོད། །ཤིན་ཏུ་ཕྲ་བ་དེ་དབུས་ཉིད། །ནཱ་ད་རྣམ་སྣང་མཛད་ཡིན་ཏེ། །ཕྱི་ནང་སྣོད་བཅུད་མ་ལུས་པ། །ཐིག་ལེར་དམིགས་ལ་མི་རྟོག་བསྒོམ། །ཉིན་མོའི་དུས་ནི་ཐམས་ཅད་དུ། །སྣ་ཚོགས་མཚན་མས་མ་གཡེང་བར། །སྟོང་པ་ཉིད་ལ་གནས་ནུས་ན། །མི་རྟོག་ཡེ་ཤེས་སྐྱེ་བར་འགྱུར། །སྤྲོས་པ་ཅན་གྱི་རྫོགས་རིམ་ཡིན། །ཤིན་ཏུ་སྤྲོས་མེད་རྣལ་འབྱོར་པ། །སྣང་བ་སྣ་ཚོགས་གསལ་བ་ནི། །མེ་ལོང་ནང་གི་གཟུགས་བརྙན་ལྟར། །ཆུ་ནང་ཟླ་བ་ཇི་བཞིན་དུ། །སྣང་བར་ཟད་མོད་གྲུབ་པ་མེད། །ཆགས་པའི་འཛིན་པས་མ་གོས་ཤིང་། །ཚོགས་དྲུག་ཡུལ་གྱིས་མ་བཅིངས་པས། །རང་སྣང་འཛིན་མེད་ཉིད་དུ་གྲོལ། །ཉིན་མོ་བསྒོམ་པའི་ལམ་དེ་ཡིན། །ལམ་གྱི་འོད་གསལ་ཞེས་བྱ་འོ། །མཚན་མོ་གཉིད་ཀྱི་འོད་གསལ་ནི། །གོང་གི་ལུས་གནད་དམིགས་པ་ལ། །མཆོག་ཏུ་ནན་ཏན་གཙོར་བྱས་ཏེ། །ལྷ་ཡི་རྒྱལ་མཆོག་མི་བསྐྱོད་པ། །སྔགས་ཀྱི་རྒྱལ་མཆོག་ཧཱུྃ་ཉིད་ཡིན། །དེ་ཡང་ཉལ་བའི་དུས་ཉིད་དུ། །སྙིང་གའི་ཧཱུྃ་ལས་འོད་འཕྲོས་ནས། །རང་གི་ལུས་ངག་ཡིད་གསུམ་གྱི། །སྡིག་སྒྲིབ་མ་ལུས་དག་ནས་སུ། །བཤང་ལམ་གཉིས་ནས་ཐོན་པར་བསམ། །སྔགས་ཀྱི་རྒྱལ་པོ་ཧཱུྃ་ཉིད་ལ། །བསྙེན་པ་བརྒྱ་རྩ་བརྒྱད་དུ་བྱ། །དེ་ནས་གཉིད་དུ་འགྲོ་བ་ན། །ཧཱུྃ་གི་ཐིག་ལེ་ནཱ་ད་ལ། །དམིགས་ནས་མི་རྟོག་བསྒོམ་པ་ཡིན། །དྲུང་དུ་གྲོགས་པོ་གཅིག་བཞག་ལ། །གཉིད་དུ་ཡུན་རིང་མི་གཏང་བར། །གཉིད་ཐུན་མཚམས་སུ་གཅོད་པ་མན་ངག་ཡིན། །གྲོགས་པོས་བསླངས་པའི་དུས་དེ་རུ། །འོད་གསལ་ཟིན་ནམ་མ་ཟིན་པ། །རང་གིས་རང་ལ་དྲི་བར་གཅེས། །ཟིན་ན་གཉིད་ཀྱི་རང་བཞིན་དེ། །བདེ་སྟོང་ཉིད་དུ་འཆར་བ་དང་། །སད་པའི་དུས་དེར་རང་སེམས་དེ། །སྤྲོས་དང་བྲལ་བར་འཆར་བ་ཡིན། །དེས་ཀྱང་ཟིན་པར་མ་ནུས་ན། །བླ་མ་དཀོན་མཆོག་མཆོད་པ་དང་། །གྲོགས་པོ་རྟོགས་པའི་གདིང་ཡོད་ལ། །ཚོགས་གསོག་ཤིན་ཏུ་རྒྱ་ཆེ་བྱ། །ཌཱ་ཀི་རྣམས་ལ་ཚོགས་གཏོར་དང་། །ཡི་དམ་ལྷ་ལ་གཏོར་མ་གཅིག །མི་ཤ་ཨ་མྲྀ་ཏ་ཡིས་བརྒྱན། །གློ་དཀར་གཅིག་ཏུ་སྦས་བཞག་ལ། །མཚམས་ཀྱི་བར་དུ་གཏའ་རུ་གཟུང་། །ཨ་བ་དྷཱུ་ཏིའི་ནང་ཉིད་དུ། །ནམ་མཁའི་མཐོངས་ཉིད་གསལ་བར་བྱ། །ཚངས་པའི་བུ་གའི་འོག་ཉིད་དུ། །ཐིག་ལེ་སྔོན་པོ་སྲན་མ་ཙམ། །དེ་ལ་དམིགས་ནས་གཉིད་དུ་གཏང་། །འོད་གསལ་རྟོགས་པར་འགྱུར་བ་དང་། །བརྒྱ་ལ་རྨི་ལམ་རྨིས་ན་ཡང་། །མཚན་མ་བཟང་པོ་འབྱུང་བ་དང་། །རང་སེམས་བདེ་བ་དང་བཅས་ཏེ། །སྐྱོན་གྱིས་གོས་པར་མི་འགྱུར་རོ། །སངས་རྒྱས་ཆེ་བའི་ཡོན་ཏན་དང་། །བྱང་ཆུབ་སེམས་དཔའི་མཐོང་སྣང་འབྱུང་། །དེ་ལ་ངེས་ཤེས་སྐྱེས་ནས་སུ། །འོད་གསལ་ཉིད་དུ་འཇུག་པར་འགྱུར། །ཟླ་ཕྱེད་བསྒོམ་པ་ཤིན་ཏུ་གཅེས། །དེས་ཀྱང་ཟིན་པར་མ་ནུས་ན། །གསང་བ་སྨིན་མཚམས་བར་དེ་རུ། །ཧཾ་དཀར་གཅིག་ལ་དམིགས་པ་གཏད། །སྟོང་པ་འོད་གསལ་ཡིན་སྙམ་དུ། །དམིགས་ལ་གཉིད་པར་བྱས་པས་ཟིན། །དྲན་པས་ཟིན་པ་ཤིན་ཏུ་གཅེས། །དེ་ལྟར་ཟླ་བ་ཕྱེད་དུ་བསྒོམ། །ཐ་མལ་གཉིད་ནི་སྤང་བར་བྱ། །དང་པོ་རྨི་ལམ་མེད་པའི་ཉམས། །གསལ་ལ་རྟོག་པ་མེད་པར་འབྱུང་། །དེ་ནི་ལམ་གྱི་འོད་གསལ་ལོ། །བརྟན་པ་ཐོབ་ནས་མངོན་འགྱུར་ཏེ། །འོད་གསལ་ཆོས་སྐུར་འབྱུང་བར་ངེས། །གཉིད་དང་མ་གཉིད་ཁྱད་མེད་དོ། །གཉིས་སྣང་བག་ཆགས་ཟད་པར་འགྱུར། །སྔོན་བྱུང་ཐུབ་པ་ཆེན་པོ་ཡིས། །ཚོགས་གཉིས་སྔོན་དུ་སོང་བ་ལས། །འོད་གསལ་རྒྱུད་ལ་སྐྱེ་དུས་དེར། །ཏིང་ངེ་འཛིན་ལ་ཆགས་པ་ཡིས། །འོད་གསལ་རྒྱུད་ལ་མ་སྐྱེས་པས། །ཕྱོགས་བཅུའི་སངས་རྒྱས་ཀུན་འདུས་ནས། །དེ་ཡི་དུས་སུ་དབང་བསྐུར་ཏེ། །དེ་དག་ཐམས་ཅད་མགྲིན་གཅིག་ཏུ། །འོད་གསལ་ལ་ནི་གནས་བགྱིས་ན། །འོད་གསལ་ལ་ནི་གནས་བྱས་ནས། །རང་དགའི་གཟུགས་སུ་སྟོན་པར་འགྱུར། །ཅེས་པའི་གསུང་ནི་བྱུང་བ་ལ། །བརྟེན་ནས་བྱང་ཆུབ་ཤིང་དྲུང་དུ། །རྩྭ་ཆག་གང་ལ་བཞུགས་གདན་བྱས། །རྡོ་རྗེའི་སྐྱིལ་ཀྲུང་མ་བཤིགས་པར། །འོད་གསལ་བ་ལ་གནས་བྱ་སྙམ། །འདུན་པ་སྔོན་དུ་སོང་བ་ཡིས། །ཏིང་ངེ་འཛིན་ལ་ཞེན་པ་ཐོངས། །ཚོགས་གཉིས་སྔོན་དུ་སོང་བ་དང་། །སྲོད་ལ་བདུད་ཀྱི་ཚོགས་བཏུལ་ནས། །ཐོ་རངས་འོད་གསལ་མཚན་མེད་ཐོབ། །ཐུབ་མཆོག་དམ་པ་དཔའ་ཆེན་པོས། །སྐྱེས་བུ་ཀུན་གྱི་ཁ་ལོ་བསྒྱུར། །རྫོགས་སངས་རྒྱས་ཀྱི་མཚན་ཉིད་ནི། །འོད་གསལ་ཆེན་པོ་ཐོབ་པར་འགྱུར། །དོན་གཉིས་གྲུབ་པའི་འབྲས་བུ་ཡིས། །བསྟན་པ་འདི་ཉིད་ཡོངས་བཟུང་སྟེ། །བསྟན་པ་ལས་བྱུང་ཕྲིན་ལས་ནི། །འོད་གསལ་ཆེན་པོའི་མན་ངག་ཡིན། །གཉིད་ཀྱི་འོད་གསལ་མི་བརྟན་ཞིང་། །བར་མཚམས་མེད་པར་མ་འབྱོངས་ན། །བརྟན་པ་ཐོབ་པར་འདོད་པ་ཡིས། །ཉིན་པར་ཕྱི་ཡི་ནམ་མཁའ་ལ། །དམིགས་ལ་ཕྱག་རྒྱ་ཆེན་པོ་བསྒོམ། །བསྐྱེད་རིམ་བཟླས་པ་ལ་སོགས་དང་། །འདུས་བྱས་མཚན་མའི་ཆོས་སྤྱོད་ཀུན། །སྐད་ཅིག་ཙམ་ཡང་དྲན་མི་བྱ། །ཕྱི་དང་ནང་གི་བྱ་བ་དང་། །དགེ་དང་མི་དགེའི་ལས་རྣམས་ལ། །འཇུག་པར་འགྱུར་བ་ལྟ་ཅི་སྨྲོས། །ཉིན་མཚན་གཉིས་པོ་གང་དང་གང་། །འགྲོ་དང་སྐོར་བ་ལ་སོགས་པ། །ལུས་དང་ངག་གི་ཆོས་སྤྱོད་ཀུན། །སྐད་ཅིག་ཡུད་ཙམ་དྲན་ན་ཡང་། །དམ་ཚིག་ཉམས་པར་འགྱུར་བ་ཡིན། །མི་མནོ་མི་བསམ་མི་སེམས་པར། །མི་བསྒོམ་མི་དཔྱད་རང་སེམས་ཉིད། །མཉམ་པ་ཉིད་དུ་བཞག་ནས་སུ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ། །སྤྲོས་བྲལ་ཉིད་དུ་བསྐྱང་བར་གཅེས། །མིག་ནི་ནམ་མཁའི་དབུས་སུ་ལྟོས། །ཉིན་པར་སྒོམ་པའི་མན་ངག་ཡིན། །མཚན་མོ་གཉིད་ཀྱི་འོད་གསལ་དེ། །རྟག་པར་རྒྱུན་དུ་གནས་འདོད་ན། །དམིགས་པ་དུ་མ་མི་སྤོ་བར། །ཨ་ཝ་དྷཱུ་ཏིའི་ནང་ཉིད་དུ། །ནམ་མཁའ་སྔོ་སྐྱ་སྤྲིན་བྲལ་འོད། །མཚན་མ་དང་བྲལ་སྐྱེ་མེད་གནས། །ཆོས་ཉིད་མཚན་མའི་རྩ་དེ་ལ། །ཤེས་པ་ལྷན་གྱིས་གཏད་ལ་ཉལ། །ཡིད་ནི་ཨ་བ་དྷཱུ་ཏིའི་དབུས་སུ་ལྟོས། །མཚན་མོ་སྒོམ་པའི་མན་ངག་ཡིན། །གང་ཡང་ཡིད་ལ་མ་བྱས་ཤིང་། །འོད་གསལ་ཡིད་ལ་མ་བྱས་ན། །ཉིན་མཚན་གཉིས་ཀྱི་འཁྲུལ་པ་དེ། །སྐྱེ་མེད་སྤྲོས་དང་བྲལ་བར་འཆར། །རང་ཉིད་མཚམས་ནི་དམ་པར་བཅད། །གཡོག་པོ་གཅིག་གིས་མཐུན་རྐྱེན་སྒྲུབ། །སྲོད་ལ་གཡོག་པོ་གཉིད་དུ་བཏང་། །ཐོ་རངས་རང་ཉིད་ཉལ་བར་བྱ། །གཡོག་པོ་བསླངས་ལ་རྩར་བཞག་ལ། །སྐད་ནི་མི་ཆུང་མི་ཆེ་བར། །ཆོས་རྣམས་ཐམས་ཅད་འོད་གསལ་གྱི། །རང་བཞིན་ཡིན་ཞེས་ཟེར་དུ་གཞུག །མི་ཟན་ཟ་བའི་བར་ཉིད་དུ། །གཉིད་དུ་བཏང་ལ་གྲོགས་པོས་བསླང་། །དཔལ་ནཱ་རོ་ཆེན་པོའི་བཞེད་པ་ཡིན། །གཉིད་དང་རྨི་ལམ་གྱི་བར་ཤེད་ན། །གཏི་མུག་འོད་གསལ་གྱི་ངོ་བོ་ཅན། །རྗེས་ལ་འོད་གསལ་རྒྱ་ཡིས་ཐེབས། །སྐྱེ་མེད་ཆོས་སྐུའི་ངོ་བོ་ཅན། །མིང་ཡང་འོད་གསལ་གྱི་གདམས་ངག་ཟེར། །འཁྲུལ་པ་ལམ་སློང་ནི་ངོ་མཚར་ཆེ། །སློབ་དཔོན་ཆེན་པོ་ལྭ་བ་པས། །ལོ་ནི་བཅུ་གཉིས་བར་དུ་ནི། །འོད་གསལ་བ་ལ་གཉིད་ལོག་པས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ། །དེས་ན་གསང་སྔགས་ཐབས་ལམ་ཆེ། །ལམ་གྱི་འོད་གསལ་བསྒོམས་བྱས་ནས། །གཉིད་ཀྱི་འོད་གསལ་མཚམས་མེད་ན། །བར་དོ་དང་པོའི་འོད་གསལ་ལ། །བརྟན་པ་ཐོབ་པ་ཆོས་ཉིད་ཡིན། །དབེན་པའི་གནས་དང་མཐུན་པའི་གྲོགས། ཁ་ཟས་སྤྱོད་ལམ་མཐུན་རྐྱེན་སོགས། །སྒྲུབ་རྫས་མ་ཚང་མེད་པ་དང་། །ཤིན་ཏུ་གུས་པའི་ཡིད་ཀྱིས་སུ། །གསང་ནས་སྒྲུབ་པ་མན་ངག་ཡིན། །སྙན་བརྒྱུད་ལག་ལེན་ཡི་གེ་རིས། །དཀྱུས་སུ་བཀོད་པར་མི་རིགས་ཀྱང་། །སྙིང་དང་འདྲ་བའི་སྲས་བུ་ལ། །མིག་དང་འདྲ་བའི་མན་ངག་སྦྱིན། །འགྲོ་ལ་ཕན་དང་གནས་བྱའི་ཕྱིར། །སྐུ་གསུམ་ཐོབ་པའི་མན་ངག་ཡིན། །རྩོད་གཞི་དུས་ཀྱི་སྙིགས་མ་ལ། །ལྔ་བརྒྱ་ཐ་མར་རྙོགས་དུས་འདིར། །ལོག་ཆོས་མུ་སྟེགས་དར་བ་དང་། །ནང་པའི་བསྟན་པ་ཉམས་དུས་འདིར། །མི་ནད་འཁྲུག་པ་མུ་གེ་དང་། །དུས་མིན་འཆི་བ་སྣ་ཚོགས་འབྱུང་། །ཚེ་དང་ལོངས་སྤྱོད་དར་གུད་ཆེ། །དབང་མ་བསྐུར་དང་ལུང་མ་ཐོབ། །སྔོན་གྱི་ལས་འཕྲོ་མེད་པའི་མིས། །མནར་མེད་པ་ལ་འཇུག་ཉེན་ཡོད། །ཤིན་ཏུ་དམ་པར་སྦས་ནས་སུ། །ཉམས་ལེན་ཟབ་མོ་གསང་ལ་གྱིས། །བླ་མ་རྣམས་ཀྱི་བཀའ་རྒྱ་དང་། །མཁའ་འགྲོ་རྣམས་ཀྱི་གཉན་རྒྱ་དང་། །ཟབ་མོ་གདམས་པའི་ཟབ་རྒྱ་གསུམ། །རྒྱ་གསུམ་གྱིས་བཏབ་མན་ངག་ཡིན། །ཟབ་རྒྱ། གསང་རྒྱ། གཏད་རྒྱ། ས་མ་ཡཱ་ཏི་ྀཨཚ།། །། ༄༅། །རྨི་ལམ་ཕྲག་དོག་རྡོ་རྗེའི་ཤོག་དྲིལ་ས་མ་ཡཱ་ཏི་གུ་ཧྱ། ༼༡༠༽ ཨོ་རྒྱན་གྱི་གདམས་པ། མཁའ་འགྲོ་མ་ཐམས་ཅད་ཀྱི་ཡང་སྙིང་། རྒྱུད་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ། གསེར་ཞུན་དྲིལ་བ་ལྟ་བུའི་མན་ངག །རྒྱུད་དགྱེས་པ་རྡོ་རྗེའི་གཞུང་ལས། དང་པོ་སྤྲིན་དང་འདྲ་བ་སྟེ། །གཉིས་པ་སྒྱུ་མ་ལྟ་བུར་འགྱུར། །ཉལ་དང་ལོག་པའི་ཁྱད་པར་གྱིས། །སད་ལས་བྱེ་བྲག་གཞན་མེད་པར། །ཞེས་པ་དང་། དཔལ་ནཱ་རོ་པ་ཆེན་པོའི་བཞེད་ཀྱིས། རྨི་ལམ་དུས་ཀྱི་ཤེས་པ་དེ། །གནད་མགྲིན་པ་གནས་ཀྱི་ས་བོན་ཅན། །ཞེས་པས། དེ་ལ་རྩ་རྡོ་རྗེ་ཐོད་སྦྱོར་གྱི་མན་ངག །རླུང་རྡོ་རྗེ་ཐོད་སྦྱོར་གྱི་མན་ངག །ཐིག་ལེ་རྡོ་རྗེ་ཐོད་སྦྱོར་གྱི་མན་ངག་དང་གསུམ་གྱིས་སྟོན་པས། རྒྱལ་པོ་མཆོག་གསུམ་དེ་རབ་མཆོད། །མནྟྲ་ཨཾ་ས་ང་ལ་དྲིས། །ཞེས་པས། དཀྱིལ་འཁོར་རྒྱལ་མཆོག་ལྷ་རྒྱལ་མཆོག །སྔགས་ཀྱི་རྒྱལ་མཆོག་གསུམ་པ་ཡིན། །ཡང་དག་པ་ཡི་སངས་རྒྱས་ཀྱིས། །ཞིང་ཁམས་གཅིག་ན་བདེ་བ་གཅིག །མང་པོས་བཀུར་བ་ཡིན་པར་གྲགས། །མགྲིན་པ་མང་པོས་བཀུར་བས་ན། །མང་པོས་བཀུར་བ་ཞེས་བྱ་འོ། །དཀྱིལ་འཁོར་འཁོར་ལོའི་དབུས་ན་ནི། །པདྨ་དམར་པོ་འདབ་བཞི་ལ། །སྣང་བ་མཐའ་ཡས་མཐེ་བོང་ཙམ། །དེ་ཡི་མགྲིན་པའི་དབུས་ཉིད་དུ། །ཐིག་ལེ་དམར་པོ་ཡུངས་དཀར་ཙམ། །དེ་ལ་དམིགས་པ་གསལ་བ་གཅིག །ཉི་མའི་དུས་སུ་བསྒོམ་པ་གཅེས། །ངག་ཏུ་ཨ་ནུ་ཏ་ར་ཨོཾ། །ཅི་ནུས་བསྙེན་པ་བྱ་བ་དང་། །ཕྱི་ནང་སྣོད་བཅུད་མ་ལུས་པ། །སྣང་བ་མཐའ་ཡས་ཞིང་ཁམས་སུ། །དྲན་འདུན་དྲག་པོ་ཡང་ཡང་བྱ། །འདུན་པ་བཅུ་དྲུག་བསྐྱེད་པར་བྱ། །རང་ཉིད་ཡི་དམ་ལྷར་བསྒོམས་པའི། །སྤྱི་བོའི་གཙུག་ཏུ་བླ་མ་རྣམས། །བསྒོམས་ལ་གསོལ་བ་དྲག་ཏུ་ཐོབས། །མང་པོས་བཀུར་བའི་གཉེར་རེས་ལ། །ཐུན་ཚོད་ནུབ་ཕྱོགས་པ་ཡི་དུས། །དང་པོ་མེ་རླུང་རྒྱུ་དུས་སུ། །མགོ་བོ་ནུབ་ཕྱོགས་དག་ཏུ་བསྟན། །ངོས་ནི་གཡོན་པ་འོག་ཏུ་གཞུག །དོ་ནུབ་རྨི་ལམ་རྨིས་པ་ན། །རྨི་ལམ་དུ་ནི་ངོ་ཤེས་པའི། །ཤེས་པ་གཏིང་དུ་བཏབ་པ་ལ། །ནུབ་ཀྱི་པདྨའི་འདབ་མ་ལ། །ཡི་གེ་དམར་པོ་ཏ་བསམ་སྟེ། །དེ་ལ་དམིགས་པ་གཏད་ལ་ཉལ། །ས་སྲོས་ནས་ནི་ནམ་ཕྱེད་བར། །པདྨ་མགོན་པོའི་ཞིང་ཁམས་ཡིན། །མང་པོས་བཀུར་བའི་ཆོས་དཔོན་དང་། །གནས་བརྟན་བཞི་ཡིས་འདུན་མ་བྱེད། །དེ་དུས་རང་ཉིད་སྒྲུབ་པ་པོའི། །ཐེ་ཚོམ་སྤྲོས་པ་མ་ཆོད་ན། །གདམས་ངག་ཆོས་དཔོན་བཞི་ལ་ཞུ། །འདུན་མ་གནས་བརྟན་བཞི་ཡིས་ཤེས། །བཤེས་མེད་ཕྱོགས་ཀྱི་མགྲོན་པོ་ལ། །བཟའ་མི་སུམ་བརྒྱ་ཉི་ཤུ་དང་། །སྟོང་ཚོ་གཅིག་གིས་གཉེར་རེས་ཡིན། །ཡི་གེ་ཏ་ཡི་རྟེན་འབྲེལ་གྱིས། །ལུས་པོ་མེ་ཡིས་ཚིག་པ་འབྱུང་། །ཡི་གེ་ཨ་ལས་ཆུ་འབྱུང་ཞིང་། །ལྷོ་བྱང་ཡི་གེ་གཉིས་པོ་ལས། །རྦབ་དང་རླུང་དམར་འབྱུང་བ་ཡིན། །དེ་ལ་ངན་པར་མི་བལྟ་སྟེ། །མགོན་པོ་བཞི་ཡི་བྱིན་རླབས་ཡིན། ཁྱི་ཡིས་བཟུང་དང་དགྲ་ཡིས་དེད། །ཆོ་འཕྲུལ་མང་པོ་འབྱུང་བ་ན། །དེ་ནི་ཟིན་དུ་འགྲོ་བའི་རྟགས། །དེ་ལྟར་ཞག་གྲངས་བདུན་བདུན་བསྒོམ། །དེས་ཀྱང་ཟིན་པར་མ་ནུས་ན། །འདས་དང་མ་འོངས་ད་ལྟར་གྱི། །ཉིན་པར་མཐོང་བ་ལ་སོགས་པ། །ཅིར་སྣང་རྨི་ལམ་ཡིན་སྙམ་དུ། །ཡང་དང་ཡང་དུ་བསྒོམ་པར་བྱ། །ངག་ཏུ་རྨི་ལམ་སྒྱུ་མ་ཡིན། །ཞེས་པ་ཞག་བདུན་བར་དུ་བཟླ། །ཡང་ན་ངག་ཏུ་ཧཱུྃ་བགྲང་ཞིང་། །རྨི་ལམ་ཡིན་ནོ་སྙམ་དུ་བསམ། །ཐོ་རངས་སྨིན་མཚམས་ཧཾ་ལ་གཏད། །དྲན་པ་འདུན་པ་ཏུ་རེ་བྱ། །དད་པ་བར་ཆད་མེད་པ་དང་། །བརྩོན་འགྲུས་བར་ཆད་མེད་པ་དང་། །སྒྲུབ་པ་བར་ཆད་མེད་པ་ཡིས། །མྱུར་དུ་རྨི་ལམ་ཟིན་པར་བྱ། །དེ་ལས་རྨི་ལམ་ཟིན་པ་ན། །དང་པོ་སྤེལ་ཞིང་སྦྱང་བ་དང་། །ཡ་ང་སྤང་ཞིང་སྒྱུ་མར་བསླབ། །དེ་ལ་དང་པོ་སྤེལ་བ་ནི། །སངས་རྒྱས་ཞིང་ཁམས་གཅིག་ཉིད་ལས། །ཞིང་ཁམས་མང་པོ་སྤེལ་བ་ཡིན། །ཤར་ཕྱོགས་མངོན་དགའི་ཞིང་དེ་རུ། །བཅོམ་ལྡན་མི་བསྐྱོད་མགོན་པོ་ལ། །དམ་ཆོས་ཞུ་བར་འདོད་པ་ན། །གཡོན་གྱི་ཨ་ལ་དམིགས་ལ་ཉལ། །ནུ་ཉིད་རིན་ཆེན་འབྱུང་ལྡན་ལ། །ཏ་ནི་པདྨ་མགོན་པོ་ཡིན། །ར་ནི་ལས་ཀྱི་མགོན་པོ་ཡིན། །སྒོམ་པའི་མན་ངག་གོང་དང་མཚུངས། །ཞག་བདུན་དྲན་འདུན་དྲག་པོ་བྱ། །སྦྱོང་བའི་མན་ངག་འོག་ནས་འབྱུང་། །ད་ནི་ཡ་ང་སྤང་བ་སྟེ། །ཆུ་བོ་ཆེན་པོ་མཐོང་བ་ན། །དེ་ནི་མི་བསྐྱོད་རྡོ་རྗེ་ཡིན། །སུ་ཞིག་འདི་ལ་འཇིགས་པར་བྱེད། །སྙམ་དུ་བསམ་ལ་མཆོང་བ་ཡིན། །མེ་ནི་པདྨ་མགོན་པོ་ལ། །རླུང་དམར་ལས་ཀྱི་མགོན་པོ་སྟེ། །ངམ་གྲོག་གཡང་ས་རིན་འབྱུང་ཡིན། །སྤྲུལ་པ་ཉིད་དུ་འདོད་པས་ན། །དེ་ལ་འཇིགས་པ་ག་ལ་སྐྱེ། ཁྱི་དང་དགྲ་ཡི་འཇིགས་པ་ཡང་། །བྱང་ཆུབ་སེམས་དཔའ་ལ་སོགས་ཀྱིས། །རྣམ་འཕྲུལ་དེ་ལྟར་ཤར་བ་ཡིན། །དེ་ལ་བདག་ཉིད་འཇིགས་པ་ན། །སངས་རྒྱས་བྱང་ཆུབ་སེམས་སོགས་ལ། །བདག་ཉིད་འཇིགས་པ་ཇི་ཞིག་ཨང་། །བདག་དང་བླུན་པོ་བྱོལ་སོང་ལ། ཁྱད་མེད་སྙམ་དུ་ཡི་མུག་བསྒོམ། །སྣང་སྲིད་རྨི་ལམ་ཡིན་པ་ལ། །ཇི་ལྟར་བྱས་ཀྱང་བཏུབ་པ་ཡིན། །ཇི་ལྟར་བསམ་ཡང་འགྲུབ་པ་ཡིན། །ཕྱིན་པས་མི་བརྟོལ་ཅང་སྲིད་དམ། །དེ་ལྟར་བསམ་ཞིང་བཟླས་བརྗོད་བསྒོམ། །མ་གཉིད་དུས་སུ་ཆུ་བོ་ནི། །པུས་མོ་ནུབ་ཙམ་བརྒལ་བ་ཉིད། །ཡང་ཡང་དུ་ནི་བསྒོམ་པར་བྱ། །མེ་རླུང་ས་ཡང་དེ་དང་མཚུངས། །དེ་ནི་སྒྱུ་མར་བསླབ་དགོས་པས། །ཉི་ཟླ་གཉིས་ཀྱི་འོད་ཟེར་ལ། །འཇུས་ལ་ཉི་ཟླའི་སྟེང་དུ་བསྡད། །རྩ་གསུམ་ལ་སོགས་ལྷ་གནས་བལྟ། །མགོན་པོ་བྱམས་པའི་མདུན་ཉིད་དུ། །ཐལ་སྦྱར་ལ་སོགས་མདུན་བདར་ཏེ། །མདོ་སྡེའི་དགོངས་པ་མ་ལུས་འདྲི། །ལྷ་ཡི་དབང་པོ་བརྒྱ་བྱིན་གྱི། ཁང་བཟང་ལྟད་མོར་བལྟ་བ་དང་། །རྡོ་རྗེ་འཆང་གི་ཞབས་དྲུང་དུ། །ཨ་མོ་ལི་ཀའི་རྡོ་ལེབ་བལྟ། །དེ་སོགས་སྤྲུལ་པ་མང་པོ་བྱ། །མཁའ་ལ་སྤྱོད་དང་ས་ལ་སྤྱོད། །ས་འོག་ལ་སོགས་གནས་རྣམས་སུ། །སྐད་ཅིག་མ་ལ་ཕྱིན་གྱུར་ཏེ། །སྣང་སྲིད་སྒྱུ་མར་རྟོགས་པས་སུ། །སྒྱུ་མའི་ཆོ་འཕྲུལ་འབྱུང་བ་ཡིན། །ཨོ་རྒྱན་གནས་དང་རྡོ་རྗེའི་གདན། །ངོ་མཚར་ཆེ་བའི་གནས་རྣམས་སུ། །སྐད་ཅིག་ཉིད་ལ་ཕྱིན་གྱུར་ཏེ། །མཆོད་པ་སྣ་ཚོགས་འབུལ་བ་ཡིན། །དེ་ནི་རྗེས་ལ་སྦྱང་བ་འོ། །དེ་ཡིས་མན་ངག་དེ་བཞིན་འགྲུབ། །མངོན་པར་དགའ་བའི་ཞིང་ཁམས་སུ། །རང་ཉིད་རྡོ་རྗེ་སེམས་དཔར་བསྒོམ། །ཞིང་ཁམས་དེ་ཡི་སེམས་ཅན་ལ། །སྣང་ལ་རང་བཞིན་མེད་པ་ཡི། །ཆོས་རྣམས་གཟུགས་བརྙན་ལྟ་བུར་བཤད། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །ཐམས་ཅད་བདེ་ལ་བཀོད་ནས་སུ། །ཞིང་ཁམས་གཞན་དུ་གཤེགས་པ་ཡིན། །དེ་ལ་བདེ་བར་གཤེགས་པ་ཟེར། །དཔལ་དང་ལྡན་པའི་ཞིང་ཁམས་སུ། །རང་རེ་རིན་འབྱུང་ཉིད་དུ་བསྒོམ། །ཞིང་ཁམས་དེ་ཡི་སེམས་ཅན་ལ། །མཐོ་དམན་བདེ་སྡུག་ལ་སོགས་པ། །རོ་མཉམ་གཅིག་ཏུ་བཤད་ལ་བཞག །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། །ཐམས་ཅད་བདེ་ལ་བཀོད་ལ་བཞག །པདྨ་ཅན་གྱི་ཞིང་ཁམས་སུ། །རང་ཉིད་པདྨ་མགོན་པོར་བསྒོམ། །དེ་ལ་གནས་པའི་སེམས་ཅན་ལ། །སེམས་ཉིད་སྤྲོས་དང་བྲལ་བར་བསྟན། །ཡུལ་ལྔ་སོ་སོར་མི་རྟོག་པའི། །ཡེ་ཤེས་ཡིན་ཞེས་དམ་ཆོས་བཤད། །དེ་རྣམས་བདེ་ལ་བཀོད་ནས་སུ། །རྔ་སྒྲ་ཅན་དུ་གཤེགས་པ་ཡིན། །རང་ཉིད་ལས་ཀྱི་མགོན་པོར་བསྒོམ། །དེ་ན་གནས་པའི་སེམས་ཅན་ལ། །སེམས་ཉིད་གཏན་ནས་མ་གྲུབ་པས། །ལས་བྱས་འགྲུབ་པ་མིན་ཞེས་བཤད། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས། །སེམས་ཅན་དཔག་མེད་བདེ་ལ་བཀོད། །ཞིང་ཁམས་གཞན་ཡང་དེ་ལྟར་སྦྱང་། །ཉིན་པར་དམ་ཆོས་བཤད་པ་དང་། །མཚན་མོའི་དུས་ཀྱི་རྨི་ལམ་ན། །གཞན་ལ་དམ་ཆོས་བཤད་པ་གཉིས། །སེམས་ཀྱིས་གཉིས་སུ་བརྟགས་པ་ལས། །རང་བཞིན་དོན་ལ་ཁྱད་པར་མེད། །གཞན་ལ་ཕན་པའི་དངོས་པོ་ཡང་། །རྒྱུ་འབྲས་ཚུལ་གྱིས་དེ་ལྟར་བརྟག །དེ་ནི་སྦྱངས་པའི་དགོས་པ་འོ། །སྔར་གྱི་སྒྱུ་མར་བསླབ་དུས་སུ། །ཉི་ཟླའི་སྟེང་དུ་རང་ཉིད་ཀྱིས། །གནས་པའི་ནུས་པ་མ་བྱུང་ན། །འཁོར་ལོའི་དབུས་ཀྱི་ཉི་ཟླ་གཉིས། །ཉལ་ཁར་རྡོག་པའི་འོག་ཏུ་མནན། །མཁའ་ལ་འཕུར་བར་མ་ནུས་ན། །ནང་ན་གནས་པའི་ནམ་མཁའ་ལ། །ཡི་གེ་ཧཱུྃ་གིས་རྩལ་སྦྱོང་བྱ། །མེ་ལ་མཆོང་བར་མ་ནུས་ན། །ཡི་གེ་ཏ་ཡིས་རང་ལུས་བསྲེག །ཆུ་ལ་ཉམ་ང་བྱུང་བའི་ཚེ། །ཆུ་ཡི་གླེ་ལ་རྨི་ལམ་གཟུང་། །གཡང་ལ་མཆོང་བར་མ་ནུས་ན། །གད་པའི་ཕུག་ཏུ་རྩལ་སྦྱང་བྱ། །ཉི་ཟླ་གཉིས་ཀྱི་འོད་ཟེར་ལ། །འཇུ་བར་མ་ནུས་རང་ཉིད་ཀྱི། །ལག་པའི་མཐིལ་དུ་ཉི་ཟླ་གཉིས། །གཡས་སུ་ཟླ་བ་གཡོན་ཉི་མ། །གསལ་བར་བསྒོམས་པས་ཟིན་པར་འགྱུར། །ཞིང་ཁམས་བལྟ་བར་མ་ནུས་ན། །པདྨ་འདབ་བཞིའི་འཁོར་ལོ་ཚོ། །ཡི་གེ་འཁོར་ལོའི་ཚུལ་དུ་བསྐོར། །རྡོ་རྗེ་འཆང་གི་ཞབས་དྲུང་དུ། །དམ་ཆོས་ཞུ་བར་མ་ནུས་ན། །གནས་པ་རྩ་གསུམ་འདུས་པའི་སར། །མཐེབ་གང་མ་ཡི་མན་ངག་བྱ། །རྗེ་བཙུན་མ་ཡི་ཚོགས་དབུས་སུ། །རང་ཉིད་གནས་པར་ནུས་འདོད་ན། །ལུས་ལ་གནས་པའི་རྗེ་བཙུན་མའི། །བྷ་གར་རྗེས་ཆགས་དམིགས་ལ་ཉལ། །ཚོགས་དང་གཏོར་མ་རེམ་ལ་བྱ། །དེ་ཁོ་ན་ཉིད་ལ་གནས་འདོད་ན། །མཆོད་ཁང་སྒོ་ཡི་ཡ་ཕུགས་ལ། །ནམ་མཁའ་སྔོན་པོ་གྲུ་གསུམ་ཡོད། །དེ་ལ་དམིགས་ལ་མི་རྟོག་བསྒོམ། །ལུས་སེམས་བགས་ཀྱིས་དལ་བ་དང་། །སེམས་ཉིད་སྤྲོས་དང་བྲལ་བ་ལ། །གོང་ནས་རྒྱུན་དུ་བསྒོམ་པ་གཅེས། །དེ་ལྟར་ཞག་ནི་བདུན་བདུན་བསྒོམ། །མ་ནོར་ལམ་མཆོག་འདི་ཉིད་ཡིན། །གོང་གི་དམིགས་པ་དུ་མ་རྣམས། །ལམ་གྱི་རྩལ་སྦྱོང་བྱ་བར་འདོད། །རྨི་ལམ་རྨིས་པ་ཐམས་ཅད་ལ། །སྐྱེ་མེད་རྒྱ་ཡིས་ཐེབས་པ་ན། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །གདན་ཐོག་གཅིག་ཏུ་བསྒོམ་ནུས་པའི། །མན་ངག་ཟབ་མོ་འདི་ན་ཡོད། །རྨི་ལམ་དུས་ཀྱི་སྣང་བ་དེ། །བར་དོའི་སྔོན་དུ་འགྲོ་བས་ན། །རྩལ་སྦྱོང་བར་དོའི་དུས་སུ་བྱེད། །ཉིན་པར་སྒྱུ་ལུས་བསྒོམ་པ་དེ། །རྨི་ལམ་གྱི་ནི་སྔོན་འགྲོ་ཡིན། །རྩལ་སྦྱོང་ལམ་གྱི་དུས་སུ་བྱེད། །རྨི་ལམ་དུས་ཀྱི་སྣང་བ་ལ། །སྐྱེ་མེད་རྒྱ་ཡིས་ཐེབས་པ་ན། །རྨི་ལམ་འོད་གསལ་དུ་འཕོ་ནུས་པས། །དག་པ་ཆོས་ཉིད་བར་དོ་ཡིན། །དཔལ་ནཱ་རོ་པ་ཡི་བཞེད་པ་ཡིན། །རྨི་ལམ་དུས་ཀྱི་ཤེས་པ་དེ། །བར་དོའི་ཤེས་པར་བསྲེ་དགོས་ཏེ། །རྨི་ལམ་བར་དོ་བསྲེ་བའི་གནད། །ལོངས་སྤྱོད་རྫོགས་སྐུའི་ངོ་བོ་ཅན། །ཆོས་སོ་སོར་མ་བྱེད་གཅིག་ཏུ་ཁྱེར། །ཉིན་པར་ལམ་གྱི་དུས་ཉིད་དུ། །ཕྱི་རོལ་སྣང་བ་དཀར་དམར་དང་། །ཡུལ་གྱི་དངོས་པོ་མ་ལུས་ཀུན། །རྨི་ལམ་བཞིན་དུ་བློས་ཆོད་ན། །རྨི་ལམ་དུས་ཀྱི་ཤེས་པ་རྣམས། །བློ་བྲལ་གཅིག་ཏུ་གྱུར་པ་ཡིན། །བྱ་བ་བྱེད་དང་མི་བྱེད་པར། །དུས་ནི་རྣམ་པ་ཐམས་ཅད་དུ། །དྲན་དང་འདུན་པ་མ་བྲལ་ན། །བསམ་གཏན་གཉིད་ཀྱིས་འཚོ་བར་འགྱུར། །ཆོས་རྣམས་དྲན་པས་ཟིན་པར་གཅེས། །ལམ་ལ་བར་ཆད་མི་འབྱུང་ཞིང་། །ངེས་པར་སངས་རྒྱས་ཉིད་དུ་འགྱུར། །ལར་ནི་རྣམ་པ་ཐམས་ཅད་དུ། །རྨི་ལམ་ཟིན་པར་མ་ནུས་ཤིང་། །བརྟན་པ་ཐོབ་པར་མ་ནུས་ན། །ལུས་ནི་གཅེར་བུར་བྱས་ནས་སུ། །ལུང་སྟོང་ཕྱིན་ལ་འོ་དོད་འབོད། །བྱང་ཐང་ལུས་པའི་སྲོག་བཞིན་དུ། །ཡིད་ཀྱིས་སྐྱོ་ཤས་དྲག་པོ་བྱ། །ལུས་ནི་ཕྱི་ནང་ལྡོག་བྱས་ལ། །དོན་སྙིང་ཕྱི་རུ་ཁྲ་ལེར་བསམ། །དེ་ཡི་མགྲིན་པའི་དབུས་ཉིད་དུ། །ཡི་གེ་ཨ་ལ་དྲག་ཏུ་གཅུན། །རྭ་དུང་ཕྱོགས་བཞིར་འབུད་པ་དང་། །སྐབས་སུ་སྨྱོན་པའི་བརྟུལ་ཞུགས་བྱ། །ཡིད་ལ་གཅགས་པའི་རྫས་རྣམས་ཀུན། །རྨི་ལམ་དུས་སུ་འབྱུང་བ་བཞིན། །རྟག་ཏུ་དགོས་པའི་ནོར་མཆོག་འདི། །རྨི་ལམ་དུས་སུ་ཅིས་མི་ཟིན། །བུདྡྷའི་དགོངས་པ་རང་ལ་གནས། །སྙིང་པོའི་དོན་བསྡུས་མན་ངག་འདི། །མཁའ་འགྲོ་རྣམས་ཀྱིས་བཀའ་ནན་བྱས། །གཞན་ལ་མ་སྤེལ་སྦས་པ་འོ།། །། ༄༅། །འཕོ་བ་ཞེ་སྡང་རྡོ་རྗེའི་ཤོག་དྲིལ་ས་མ་ཡཱ་ཏི་གུ་ཧྱ། ༼༡༡༽ ཨོ་རྒྱན་གྱི་ཞལ་གདམས། མཁའ་འགྲོ་མ་ཐམས་ཅད་ཀྱི་ཡང་སྙིང་། རྒྱུད་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ། རིན་པོ་ཆེ་གསེར་ཞུན་དྲིལ་བ་ལྟ་བུའི་མན་ངག །དཔལ་ནཱ་རོ་པའི་བཞེད་ཀྱིས། སྦྱངས་ཏེ་འཕོ་བའི་མན་ངག་གསུམ་ཡིན་གསུངས། དེ་ལ་རྩ་རྡོ་རྗེ་ཐོད་སྦྱོར་གྱི་མན་ངག །རླུང་རྡོ་རྗེ་ཐོད་སྦྱོར་གྱི་མན་ངག །ཐིག་ལེ་རྡོ་རྗེ་ཐོད་སྦྱོར་གྱི་མན་ངག་དང་གསུམ་མོ། །དེ་ལ་དཔལ་གསང་བ་འདུས་པ་ལས། དེ་བཞིན་གཤེགས་པའི་ཚོགས་བསགས་ན། །དངོས་གྲུབ་དམ་པ་ཐོབ་པར་འགྱུར། །མྱ་ངན་འདས་པ་མི་ཟད་མེས། །ཐལ་བའང་ལུས་པར་མི་འགྱུར་རོ། །ཞེས་པ་དང་། གཞན་ཡང་། རྒྱལ་པོ་མཆོག་གསུམ་དེ་རབ་མཆོད། །མནྟྲ་ཨཾ་ས་ང་ལ་དྲིས། །དཀྱིལ་འཁོར་རྒྱལ་མཆོག་ལྷ་རྒྱལ་མཆོག །སྔགས་ཀྱི་རྒྱལ་མཆོག་གསུམ་པ་ཡིན། །ལུས་ལ་དཀྱིལ་འཁོར་བཞི་གནས་ཏེ། །དཀྱིལ་འཁོར་བཞི་ལ་ལྷ་བཞི་གནས། །ལྟེ་དབུས་རིན་འབྱུང་དཀྱིལ་འཁོར་ནི། །བསྐྱེད་པའི་ས་བོན་ཨ་ཡིན་ཏེ། ཁ་དོག་སེར་པོ་གསལ་བར་བསྒོམ། །ཨེ་ཡི་རང་བཞིན་ལྷ་མོ་སྤྱན། །ཡུམ་གྱི་ས་བོན་ཡིན་པར་འདོད། །སྙིང་ག་མི་བསྐྱོད་དཀྱིལ་འཁོར་ནི། །བསྐྱེད་པའི་ས་བོན་ཧཱུྃ་ཡིན་ཏེ། ཁ་དོག་སྔོན་པོ་གསལ་བར་བསྒོམ། །བཾ་གྱི་རང་བཞིན་བདག་ཡར་གནས། །མགྲིན་དབུས་སྣང་མཐའི་དཀྱིལ་འཁོར་ནི། །བསྐྱེད་པའི་ས་བོན་ཧྲཱིཿཡིན་ཏེ། །མཱ་ཡི་རང་བཞིན་གོས་དཀར་མོ། །ཡུམ་ནི་དེ་ལས་བསྐྱེད་པར་འདོད། །སྤྱི་གཙུག་དོན་གྲུབ་དཀྱིལ་འཁོར་ནི། །བསྐྱེད་པའི་ས་བོན་ཁཾ་ཡིན་ཏེ། ཁ་དོག་ལྗང་གུ་གསལ་བར་བསྒོམ། །ཡཱ་ཡི་རང་བཞིན་དམ་ཚིག་སྒྲོལ། །ཡུམ་དང་གཉིས་སུ་མེད་པར་བཞུགས། །སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཀུན་གྱི་དབུ་རྒྱན་ཚུལ་དུ་གནས། །ས་བོན་ཡི་གེ་ཨོཾ་དུ་འདོད། །ནམ་མཁའི་སྒྲོལ་མ་པང་ན་གནས། །སྤྱི་བོ་བདེ་ཆེན་འཁོར་ལོ་ན། །སེམས་ཉིད་གཤེགས་པའི་ལམ་ཡོད་དེ། །དོན་ཡོད་གྲུབ་པའི་དཀྱིལ་འཁོར་དུ། །འཆི་ཁར་རང་སེམས་འཕོ་བར་གསལ། །སྦྱང་དང་ལས་ལ་སྦྱར་བ་ལས། །སྦྱང་བའི་དུས་ན་འདི་བཞིན་བསྒོམ། །ཨ་བ་དྷཱུ་ཏིའི་མར་སྣ་ན། །མ་ལས་ཐོབ་པའི་ཐིག་ལེ་གཅིག །ཉི་མའི་དཀྱིལ་འཁོར་ཉིད་དུ་གནས། །དེ་ལས་འོད་བྱུང་ཕྱི་ནང་གི །དངོས་པོ་མ་ལུས་བསྲེགས་པར་བསམ། །ཕྱི་ཡི་སྣང་བ་དཀར་དམར་ལ། །ནང་གི་རྣམ་རྟོག་མ་ལུས་པ། །ཡེ་ཤེས་ལྔ་ཡི་ཁ་དོག་དང་། །ཡུམ་གྱི་ས་བོན་ལ་སོགས་པ། །སྐད་ཅིག་ཉིད་ལ་བསྲེགས་པར་བསམ། །ཉི་མའི་འོད་ལས་མེ་བྱུང་སྟེ། །ཕྱི་ནང་མེད་པར་མེ་རུ་བསམ། །རང་ལུས་ཐུལ་གྱིས་འཚིགས་པར་བསམ། །རང་སེམས་ཡི་དམ་ལྷར་གསལ་བའི། །ལྟེ་བའི་དཀྱིལ་དུ་རིན་འབྱུང་བྱོན། །སྙིང་གར་རྡོ་རྗེ་སེམས་དཔའ་དང་། །སྣང་བ་མཐའ་ཡས་དོན་ཡོད་གྲུབ། །མགྲིན་དབུས་སྤྱི་གཙུག་དག་ཏུ་བྱོན། །རང་སེམས་གཉུག་མའི་ངོ་བོ་ལས། །ལྷ་རྣམས་ཕྱག་རྒྱ་ཆེན་པོར་བྱོན། །ཨ་བ་དྷཱུ་ཏིའི་ཡར་སྣ་ན། །ཕ་ལས་ཐོབ་པའི་ཐིག་ལེ་གཅིག །ཟླ་བའི་ཚུལ་དུ་གནས་ཀྱིན་ཡོད། །དེ་ལས་འོད་བྱུང་ཆུ་རྒྱུན་གྱིས། །ཕྱི་ནང་མ་ལུས་དག་པར་བསམ། །ལྷ་རྣམས་སྐུ་ཁྲུས་གསོལ་བ་ཡིས། །ཤིན་ཏུ་མདངས་དང་ལྡན་པར་བསམ། །སྦྱང་བའི་དུས་ནི་ཐམས་ཅད་དུ། །སྒྱུ་ལུས་ཕུང་པོ་མི་བསྒོམ་པར། །རང་སེམས་ཡི་དམ་ལྷར་བསམས་ནས། །དངོས་པོ་ཀུན་ལ་ཞེན་པ་དང་། །ཆགས་པའི་མཚན་མ་ཅུང་ཟད་ཀྱིས། །འཆི་བར་ཡང་ནི་མི་ནུས་ཏེ། །སེམས་ཉིད་རྩལ་སྦྱོང་སྒོམ་པ་ལས། །སྟོང་པ་སྟོང་པ་ཆེན་པོ་དང་། །གསུམ་པ་ཤིན་ཏུ་སྟོང་པ་ལས། །འོད་གསལ་བ་ལ་གནས་པར་བྱ། །དེ་ཡི་བདེ་བ་ཆེན་པོར་ནི། །རང་དབང་མེད་པར་འཕོ་བ་ཡིན། །དཀྱིལ་འཁོར་བཞི་དང་ལྷ་བཞི་པོ། །དཀྱིལ་འཁོར་རྒྱལ་མཆོག་ལྷ་རྒྱལ་མཆོག །གོ་རིམ་བཞིན་དུ་མཇལ་བ་ཡིན། །སྔགས་ཀྱི་རྒྱལ་མཆོག་ཡིག་འབྲུ་དགུ། །སྒོ་དགུ་འགེགས་ཀྱང་འདི་ན་གསལ། །ཡུམ་གྱིས་སྨད་ཀྱི་སྒོ་བཀག་ལ། །ཡབ་ཀྱིས་སྟོད་ནས་སྒོ་རྣམས་དགག །ཤིན་ཏུ་གསལ་བའི་མན་ངག་ནི། །ལས་ཀྱི་སྒྲོན་མེའི་ནང་དུ་ལྟོས། །བྱ་བ་བྱེད་དང་མི་བྱེད་པ། །ཆོ་ག་ཐམས་ཅད་དེ་ནས་སྟོན། །གཉིས་པ་ལས་ལ་སྦྱར་བ་ནི། །མགོ་བོ་བྱང་ཕྱོགས་དག་ཏུ་བསྟན། །ངོས་ནི་གཡས་པ་འོག་ཏུ་བཅུག །བླ་མ་ཡི་དམ་ལྷ་ཚོགས་ལ། །བར་ཆད་མེད་པའི་གསོལ་བ་གདབ། །ཕྱི་ནང་གསང་བའི་འཆི་ལྟས་རྣམས། །གོ་རིམ་ངེས་པར་འབྱུང་བས་ན། །ཨ་བ་དྷཱུ་ཏིའི་ནང་ཉིད་དུ། །རྒྱལ་བ་རིགས་ལྔར་གསལ་བཏབ་ལ། །རྣམ་སྣང་སྤྱི་གཙུག་དག་ཏུ་བསྒོམ། །མིག་གི་དབང་པོ་འགག་དུས་དེར། །རིན་ཆེན་འབྱུང་ལྡན་ཡབ་ཡུམ་གཉིས། །མེ་ཡིས་སྲེག་པ་མན་ངག་ཡིན། །འོད་ཁ་དོག་སེར་པོ་ཡུངས་དཀར་ཙམ། །རྣམ་སྣང་མཛད་ཀྱི་ཐུགས་ཀར་བསྟིམ། །རྣ་བའི་དབང་པོ་འགགས་ཙམ་ན། །རྡོ་རྗེ་སེམས་དཔའ་ཡབ་ཡུམ་གཉིས། །མེ་ཡིས་སྲེག་པ་མན་ངག་ཡིན། །འོད་ཁ་དོག་སྔོན་པོ་སྲན་ཆུང་ཙམ། །རྣམ་སྣང་ཐུགས་ལ་གོང་དང་འདྲ། །སྣ་ཡི་དབང་པོ་འགགས་ཙམ་ན། །སྣང་བ་མཐའ་ཡས་ཡབ་ཡུམ་གཉིས། །མེ་ཡིས་སྲེག་པ་མན་ངག་ཡིན། །འོད་ཁ་དོག་དམར་པོ་སྐྱེར་འབྲུ་ཙམ། །རྣམ་སྣང་ཐུགས་ཀར་གོང་དང་འདྲ། །ལྕེ་ཡི་དབང་པོ་འགགས་དུས་དེར། །དོན་ཡོད་གྲུབ་པ་ཡབ་ཡུམ་གཉིས། །མེ་ཡིས་སྲེག་པ་མན་ངག་ཡིན། །འོད་ཁ་དོག་ལྗང་གུ་བྱིའུ་སྲན་ཙམ། །རྣམ་སྣང་མཛད་ཀྱི་ཐུགས་ཀར་བསྟིམ། །རྩ་ཡི་མཚན་ཉིད་ཤིན་ཏུ་གཅེས། །ཉི་མའི་འོད་ལས་མེ་བྱུང་ནས། །རང་ཉིད་ལྷ་ཡི་སྐུར་བསྒོམས་པ། །བསྲེགས་ནས་འོད་དུ་ཞུ་བ་དེ། །རྣམ་སྣང་མཛད་ཀྱི་ཐུགས་ཀར་བསྟིམ། །ཐིག་ལེ་རྡོ་རྗེ་ཐོད་སྦྱོར་གྱི། །མན་ངག་ཐམས་ཅད་འདི་ནས་སྟོན། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །སངས་རྒྱས་རྣམ་པར་སྣང་མཛད་ཆེ། །འོག་མིན་གནས་ན་བཞུགས་པ་ལ། །དུས་ནི་བསྐལ་པ་དཔག་མེད་དོ། །ཀུན་ལ་སྐྱེ་མེད་རྒྱ་ཡིས་གདབ། །མཁའ་ལ་སྤྱོད་དང་ས་ལ་སྤྱོད། །ས་འོག་སྤྱོད་པའི་ལྷ་ཚོགས་ཀྱིས། །གདུགས་དང་རྒྱལ་མཚན་བ་དན་རྣམས། །ཐོགས་ནས་མཁའ་སྤྱོད་གནས་སུ་བསུ། །ལྕེ་ཡི་དབང་པོ་ཉམས་པ་ཡིས། །རྣམ་པར་ཤེས་པ་ཐིམ་དུས་དེར། །སྟེང་འོག་རླུང་གི་འབྱུང་འཇུག་ནི། །ལས་ཀྱི་སྒྲོན་མེས་གསལ་བར་བྱེད། །རླུང་ནི་རྡོ་རྗེ་ཐོད་པ་ལ། །སྦྱོར་བའི་མན་ངག་དེ་ནས་སྟོན། །གཟུགས་ཀྱི་ཕུང་པོ་རྣམ་དག་པས། །ང་རྒྱལ་མཉམ་ཉིད་ཡེ་ཤེས་སུ། །རིན་ཆེན་འབྱུང་ལྡན་འཚང་རྒྱ་འོ། །ཚོར་བའི་ཕུང་པོ་རྣམ་དག་པས། །ཞེ་སྡང་མེ་ལོང་ཡེ་ཤེས་སུ། །རྡོ་རྗེ་སེམས་དཔར་འཚང་རྒྱ་འོ། །འདུ་ཤེས་ཕུང་པོ་རྣམ་དག་པས། །འདོད་ཆགས་སོར་རྟོག་ཡེ་ཤེས་སུ། །སྣང་བ་མཐའ་ཡས་འཚང་རྒྱ་འོ། །འདུ་བྱེད་ཕུང་པོ་རྣམ་དག་པས། །ཕྲག་དོག་བྱ་བའི་ཡེ་ཤེས་སུ། །དོན་ཡོད་གྲུབ་པར་འཚང་རྒྱ་འོ། །རྣམ་ཤེས་ཕུང་པོ་རྣམ་དག་པས། །གཏི་མུག་ཆོས་དབྱིངས་ཡེ་ཤེས་སུ། །རྣམ་པར་སྣང་མཛད་འཚང་རྒྱ་འོ། །ཤེས་བྱའི་སྒྲིབ་པ་ལ་སོགས་དང་། །བག་ལ་ཉལ་རྣམས་གཏན་ནས་སྤངས། །རང་ཉིད་རྡོ་རྗེ་འཆང་ཆེན་དུ། །ཚེ་འདི་ཉིད་དུ་འཚང་རྒྱ་འོ། །གོང་གི་འཆི་རྟགས་གང་ཞེ་ན། །ཕྱི་ཡི་སྣང་བ་དཀར་དམར་ལ། །དགྲ་དང་འདྲེ་ཡི་འདུ་ཤེས་འབྱུང་། །ཤིན་ཏུ་འཇིགས་པའི་འདུ་ཤེས་ཀྱིས། །སྤང་བྱའི་དངོས་པོ་མཐོང་བ་དེ། །ཕྱི་ཡི་འཆི་ལྟས་ཡིན་པར་གསུངས། །ནང་གི་འཆི་ལྟས་གང་ཞེ་ན། །བུ་ག་གཉིས་ནས་རྒྱུ་བའི་རླུང་། །ཛ་ར་ན་ནི་འགྱུ་བ་ཆད། །རོ་ཧི་ཏ་ནས་རྟག་པར་ནི། །བདུན་གསུམ་ཉི་ཤུ་རྩ་གཅིག་ཏུ། །སྐད་ཅིག་གཅིག་ཀྱང་མི་འཕོ་བར། །རྟག་ཏུ་རྒྱུ་ན་འཕོས་ནས་འཆི། །གསང་བའི་འཆི་ལྟས་འདི་བཞིན་འོང་། །རྟག་ཏུ་ཐིག་ལེ་འཛག་པ་དང་། །ཐིག་ལེའི་ནང་དུ་ནག་པོ་འབྱུང་། །ཡང་ན་ཁྲག་དང་བཅས་ནས་འཛག །རྩ་རླུང་འཁྲུགས་པའི་རྟེན་འབྲེལ་གྱིས། །བསྲུངས་པས་མི་ཐུབ་འཆི་བར་འགྱུར། །འཆི་བ་བསླུས་པས་མི་བསླུས་ཏེ། །ཚེ་ནི་ཕ་རོལ་འཕོ་བར་འགྱུར། །བསླུ་བར་འདོད་ན་འདི་བཞིན་བསྒོམ། །དང་པོ་ཕྱི་རྟགས་ངེས་པ་དེ། །དེ་ལ་མན་ངག་འདི་བཞིན་བྱ། །ནང་བཅུད་ཀྱི་སེམས་ཅན་མ་ལུས་པ། །ཡི་དམ་ལྷ་རུ་གསལ་བཏབ་ལ། །བྱིན་རླབས་དབང་བསྐུར་རྫོགས་པར་བྱ། །ཡི་དམ་ལྷ་ཡི་སྦྱོར་མཚམས་ནས། །བྱང་ཆུབ་སེམས་ཀྱི་བདུད་རྩི་གཉིས། །དཀར་ལ་དམར་གྱི་མདངས་ཆགས་པ། །འབྲི་ཡི་མར་ཁུ་བཀོལ་ལྟ་བུ། །རང་གི་ལྕེ་ཡིས་བལྡག་པར་བསམ། །མིད་པས་ཁོག་པའི་གནས་སུ་བསྟིམ། །རྩ་གསུམ་རྩ་ཕྲན་ཐམས་ཅད་དུ། །བདེ་བ་དང་བཅས་ཁྱབ་འགྱུར་ཏེ། །བ་སྤུའི་བུ་གའི་སྒོ་ཉིད་དུ། །ཡི་གེ་ཧཱུྃ་དུ་གྱུར་པར་བསམ། །ནང་གི་འཆི་ལྟས་ངེས་པ་ལ། །སླུ་བའི་མན་ངག་འདི་བཞིན་བསྒོམ། །ལྟེ་བའི་འོག་ཉིད་སོར་བཞིའི་གནས། །རྩ་གསུམ་འདུས་པའི་གནས་ཉིད་དུ། །རླུང་གི་རྡོ་རྗེ་རྒྱ་གྲམ་གཅིག །ཁ་དོག་ལྗང་གུ་གསལ་བར་བསྒོམ། །སྟེང་འོག་རླུང་ནི་ཁ་སྦྱར་ནས། །དྲག་ཏུ་གཅུན་པས་འཁོར་བར་བསམ། །འབྱུང་བ་ས་ཆུ་ལ་སོགས་མེ། །རླུང་གིས་གཏོར་ནས་སྟོང་པར་བསམ། །གསང་བའི་འཆི་ལྟས་ངེས་པ་ལ། །ལས་ཀྱི་ཕྱག་རྒྱ་མཚན་ལྡན་གཅིག །དབེན་པའི་གནས་སུ་བཀུག་ནས་ནི། །ཚོགས་དང་གཏོར་མ་རྒྱ་ཆེར་བཤམ། །མཎྜལ་དབུས་སུ་ཨ་གཅིག་བྲི། །གོ་རོ་ཙ་ན་བསྔགས་པ་ཡིན། །བླ་མ་རྣམས་ནི་སྤྱན་དྲངས་ལ། །ཕྱི་ནང་གསང་གསུམ་མཆོད་པ་འབུལ། །བུ་མོ་རྗེ་བཙུན་མ་རུ་བསྐྱེད། །དམ་ཚིག་ལ་གནས་ཡེ་ཤེས་གཞུག །སྐུ་གསུང་ཐུགས་ནི་བྱིན་གྱིས་བརླབ། །ཨེ་ལས་ཆོས་འབྱུང་པདྨར་བསྒོམ། །ཧཱུྃ་ལས་རྡོ་རྗེ་ཧཱུྃ་ཉིད་དེ། །གཉིས་པོ་སྦྱོར་བའི་དགའ་བ་ལས། །འཇིག་རྟེན་ཁམས་སུ་སྒྲ་བྱུང་སྟེ། །དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །ཐུགས་ཀྱི་རྒྱུད་བསྐུལ་བྱོན་ནས་སུ། །རིགས་ལྔ་རིགས་ཀྱི་ལྷ་ཚོགས་རྣམས། །འཁོར་ལོ་བཞི་ལ་ཐིམ་པར་བསམ། །རྡོ་རྗེ་རིགས་དང་རིན་ཆེན་རིགས། །པདྨ་ལས་ཀྱི་མགོན་པོ་རྣམས། །དེ་ལ་སོགས་པའི་རིགས་ཚོགས་ཀུན། །རིགས་བསྡུས་བྱེ་བྲག་སོ་སོ་ཡི། །བྱོན་པའི་གནས་ཉིད་ཤེས་པར་བྱ། །འཆི་བ་ཟློག་པའི་མན་ངག་གོ །དེས་ཀྱང་འཆི་བ་མ་ལོག་ན། །སྔོན་ལས་འཆི་དུས་ཆེན་པོ་ཡིན། །འཕོ་བའི་ལས་ལ་སྦྱོར་དུས་སུ། །གང་ལའང་ཞེན་པ་མེད་པ་གཅེས། །བླ་མ་དཀོན་མཆོག་ལ་སོགས་ལ། །མཆོད་པ་བཤམས་ལ་གསོལ་བ་གདབ། །རྣམ་སྣང་མཛད་ཀྱི་ཐུགས་ཀ་རུ། །ཐིག་ལེ་ཁ་དོག་གོ་རིམ་བཞིན། །མ་ཡེངས་པ་ནི་གནད་ཡིན་ནོ། །སྟེང་འོག་རླུང་གི་ཁ་སྦྱོར་ཏེ། །རྒྱུ་ཞབས་སྒལ་པ་ལ་སྦྱར་ནས། །འོག་སྒོ་སྟེང་སྒོ་ལ་སྦྱོར་ལ། །སྦྱོར་བ་གསུམ་གྱི་མན་ངག་བྱ། །དུས་ལ་བབས་ན་གཏང་བ་དང་། །དུས་མིན་ལྷ་རྣམས་གསོད་པར་བྱེད། །སྟེང་ནས་ཐོག་ནི་བབ་པ་ལས། །དེ་ལ་མཁས་པས་ཅི་ཞིག་བྱ། །མན་ངག་གནད་ཀྱི་འཕོ་བ་ལ། །མྱུར་བ་ཉིད་དུ་བཟློག་པ་མེད། །ས་མ་ཡ། །ྀཨཚ།། །། ༄༅། །བར་དོ་ང་རྒྱལ་རྡོ་རྗེའི་ཤོག་དྲིལ་ས་མ་ཡཱ་ཏི་གུ་ཧྱ། ༼༡༢༽ ཨོ་རྒྱན་གྱི་ཞལ་གདམས། མཁའ་འགྲོ་མ་ཐམས་ཅད་ཀྱི་ཡང་སྙིང་། རྒྱུད་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ། རིན་པོ་ཆེ་གསེར་ཞུན་དྲིལ་བའི་མན་ངག །དེ་ཡང་དཔལ་ནཱ་རོ་པ་ཆེན་པོས་བཞེད་ཀྱིས། བཅོམ་ལྡན་འདས་གདན་བཞིའི་ལུང་གཙོ་བོར་མཛད་དེ། །དེ་ཡང་གང་ཟག་གི །སྐྱེ་བ་ཀུན་རྫོབ་བདེན་པ་ཞེས་བྱ་སྟེ། །འཆི་བའི་མིང་ཡང་དོན་དམ་བདེན་པ་ཡིན། །རིམ་གཉིས་དེ་དག་བླ་མའི་དྲིན་གྱིས་ནི། །རྙེད་པ་འདི་ནི་མ་འོངས་སངས་རྒྱས་ཡིན། །ཞེས་པའི་ལུང་འདིར་སྨྲོས་ཏེ། དེ་ཡང་རྩ་རྡོ་རྗེ་ཐོད་སྦྱོར་གྱི་མན་ངག །རླུང་རྡོ་རྗེ་ཐོད་སྦྱོར་གྱི་མན་ངག །ཐིག་ལེ་རྡོ་རྗེ་ཐོད་སྦྱོར་གྱི་མན་ངག་དང་གསུམ་ཡིན་ཏེ། དེ་ཡང་། རྒྱལ་པོ་མཆོག་གསུམ་དེ་རབ་མཆོད། །མནྟྲ་ཨཾ་ས་ང་ལ་དྲིས། །ཞེས་པས། དཀྱིལ་འཁོར་རྒྱལ་མཆོག་ལྷ་རྒྱལ་མཆོག །སྔགས་ཀྱི་རྒྱལ་མཆོག་གསུམ་ཡིན་ནོ། །འདིར་ཡང་རྡོ་རྗེའི་ལུས་འདི་ལ། །རང་བཞིན་སྡེ་པ་བཞི་གནས་ཏེ། །དེ་ལ་ལྷ་བཞི་གནས་པ་འོ། །དེ་དེ་རྣམས་ནི་འཆི་བ་ན། །དོན་དམ་ཀུན་གྱི་བདེན་པ་འོ། །དེ་ལ་བར་དོ་འབྱུང་བ་དེ། །ལུས་ཅན་ཐམས་ཅད་འཆི་བའི་ཚེ། །སྣང་བའི་མཚམས་ནི་འདི་ལྟར་སྦྱོར། །གཟུགས་ཀྱི་ཕུང་པོ་ཐིམ་པས་ན། །ལུས་ཀྱི་ཉམས་སྟོབས་ཆུང་དུ་འགྲོ། །མཉམ་ཉིད་ཡེ་ཤེས་ཐིམ་པས་ན། །དབང་ཆེན་དཀྱིལ་འཁོར་ཉིད་ལའོ། །ལུས་པོ་སྒུལ་སྐྱོད་མི་ནུས་ཤིང་། །མིག་གི་དབང་པོ་འགགས་པ་ཡིན། །རང་ལུས་མདངས་དང་མི་ལྡན་འགྱུར། །ཡུལ་གཟུགས་ཐམས་ཅད་མི་གསལ་ལོ། །རིན་ཆེན་མགོན་པོའི་རིགས་ཅན་གྱི། །ལྷ་རྣམས་ཐམས་ཅད་སྐད་ཅིག་གིས། །དོན་དམ་དཀྱིལ་འཁོར་ཉིད་དུ་འཇུག །ཚོར་བའི་ཕུང་པོ་ཐིམ་པས་ནི། །ཚོར་བ་ཉམས་སུ་མི་མྱོང་ངོ་། །མེ་ལོང་ལྟ་བུའི་ཡེ་ཤེས་ཐིམ། །ཆུ་ཡི་དཀྱིལ་འཁོར་ཉིད་ལའོ། །ལུས་པོ་སྐམ་པར་འགྱུར་བ་ཡིན། །རྣ་བའི་དབང་པོ་ཐིམ་པས་ན། །སྒྲ་མི་ཐོས་ཤིང་སྒྲ་ཡུལ་འགགས། །རྡོ་རྗེ་མགོན་པོའི་རིགས་ཅན་གྱི། །ལྷ་རྣམས་ཐམས་ཅད་སྐད་ཅིག་གིས། །དོན་དམ་དཀྱིལ་འཁོར་ཉིད་དུ་འཇུག །འདུ་ཤེས་ཕུང་པོ་ཐིམ་པས་ནི། །སེམས་ཅན་དྲན་པར་མི་འགྱུར་རོ། །སོ་སོར་རྟོག་པའི་ཡེ་ཤེས་ཐིམ། །འགྲོ་བ་རྣམས་ནི་མི་དྲན་ནོ། །མེ་ཡི་དཀྱིལ་འཁོར་ཉིད་ཐིམ་མོ། ཁ་ཟས་ཐམས་ཅད་མི་འཇུ་ཞིང་། །སྣ་ཡི་དབང་པོ་ཐིམ་པ་སྟེ། །སྟེང་རླུང་དལ་གྱིས་འགྲོ་བར་འགྱུར། །དྲི་ཡུལ་ཐིམ་པས་བྲོ་མི་འགྱུར། །པདྨ་མགོན་པོའི་རིགས་ཅན་གྱི། །ལྷ་རྣམས་ཐམས་ཅད་སྐད་ཅིག་གིས། །དོན་དམ་དཀྱིལ་འཁོར་ཉིད་དུ་འཇུག །འདུ་བྱེད་ཕུང་པོ་ཐིམ་པས་ནི། །ལུས་ཀྱི་བྱ་བ་ཐམས་ཅད་ལ། །ཡིད་ནི་འཇུག་པར་མི་འགྱུར་རོ། །བྱ་བ་གྲུབ་པའི་ཡེ་ཤེས་ཐིམ། །དགོས་པ་དྲན་པར་མི་འགྱུར་རོ། །རླུང་གི་དཀྱིལ་འཁོར་ཉིད་ཐིམ་པས། །རླུང་བཅུ་རང་གི་གནས་སུ་ཐིམ། །ལྕེ་ཡི་དབང་པོ་ཐིམ་པས་ནི། །ཐུང་དང་རྩ་བ་སྔོན་པོར་འགྱུར། །རོ་ཡི་ཡུལ་རྣམས་ཐིམ་པས་ནི། །རོ་དྲུག་ཉམས་སུ་མྱང་མི་འགྱུར། །ལས་ཀྱི་མགོན་པོའི་རིགས་ཅན་གྱི། །ལྷ་རྣམས་ཐམས་ཅད་སྐད་ཅིག་གིས། །དོན་དམ་དཀྱིལ་འཁོར་ཉིད་ལ་འཇུག །རྣམ་པར་ཤེས་པའི་ཕུང་པོ་ནི། །སྣང་མཆེད་ཐོབ་གསུམ་རིམ་པ་ཡིས། །གཅིག་ལ་གཅིག་ཉིད་ཐིམ་པ་ན། །འོད་གསལ་མངོན་དུ་བྱེད་པར་འགྱུར། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཐིམ། །དེ་ལ་གནས་ཏེ་སྤྲོས་དང་བྲལ། །ནམ་མཁའི་ཁམས་ཀྱི་དཀྱིལ་འཁོར་ནི། །འདུས་མ་བྱས་ཀྱི་མཚན་ཉིད་ཅན། །ལུས་ཀྱི་དབང་པོ་ཐིམ་པ་དེ། །སྟོང་ཉིད་རྡོ་རྗེའི་སྐུ་ཐོབ་པས། །ལུས་ནི་རེག་བྱའི་རྟོག་དང་བྲལ། །རྣམ་སྣང་མགོན་པོའི་རིགས་ཅན་གྱི། །ལྷ་རྣམས་ཐམས་ཅད་སྐད་ཅིག་གིས། །དོན་དམ་དཀྱིལ་འཁོར་ཉིད་དུ་འཇུག །དེ་ལྟར་ཕུང་པོ་ལྔ་དང་ནི། །ཡེ་ཤེས་ལྔ་དང་འབྱུང་བ་ལྔ། །དབང་པོ་ལྔ་དང་ཡུལ་ལྔ་པོ། །དེ་དག་ཐམས་ཅད་འོད་གསལ་གྱི། །དཀྱིལ་འཁོར་ཉིད་དུ་འཇུག་པར་བྱ། །དཀྱིལ་འཁོར་རྒྱལ་མཆོག་ཅེས་བྱའོ། །དབང་པོ་རབ་ཀྱི་གང་ཟག་གིས། །དཀྱིལ་འཁོར་རྒྱལ་མཆོག་འོད་གསལ་གྱི། །བར་དོ་དང་པོར་སངས་རྒྱ་བའི། །མན་ངག་ནཱ་རོ་ཆེན་པོའི་གཞུང་། །ཆོས་ཀྱི་སྐུ་ཡི་མན་ངག་གོ །གཉིས་པ་སྒྱུ་མའི་སྐུར་ལྡང་བའི། །དག་དང་མ་དག་རྣམ་གཉིས་པོ། །དག་པ་རྒྱལ་བའི་ཞིང་ཁམས་ན། །རང་ལུས་ཡི་དམ་ལྷར་གསལ་ནས། །འོད་གསལ་མེ་ཡི་དངོས་པོ་ཡིས། །བག་ཆགས་ཐམས་ཅད་བསྲེགས་པས་ན། །བརྟན་པ་ཐོབ་དང་སྤེལ་སྦྱང་གི །དགོས་པ་འགྲུབ་པར་འགྱུར་བ་ཡིན། །མ་དག་སྐྱེ་བའི་བར་དོ་ནི། །ལས་ངན་རྣམ་སྨིན་འཐུག་པ་དང་། །མ་རིག་པ་ཡི་དབང་གིས་སུ། །དམྱལ་བར་སྐྱེ་བའི་སྣང་བ་འབྱུང་། །ས་རླུང་ཐུར་ལ་ལོག་པ་ཡིས། ཁྲོན་པ་ཅི་རིགས་དཔག་ཚད་ཀྱི། །ནང་དུ་རང་ལུས་སྤྱི་ཚུགས་སུ། །ལོག་གིས་སོང་སྟེ་ཐུར་དུ་ལྷུང་། །དབང་ཆེན་ས་ཡི་དཀྱིལ་འཁོར་དེ། ཁོ་ལ་དམྱལ་བའི་སྣང་བ་འཆར། །རྟོགས་ན་རིན་ཆེན་མགོན་པོ་ཡིན། །ཡིད་གདུངས་པ་ཡིས་སྐམ་པ་དང་། །ས་ལ་སྡང་ཞིང་ཆུ་ལ་ཆགས། །ཆགས་སྡང་གཉིས་ཀྱིས་མཚམས་སྦྱར་ནས། །ཆུ་རླུང་ཐུར་ལ་ལོག་པ་ཡིས། ཁྲོན་པ་ཆེན་པོའི་གཏིང་ཉིད་དུ། །རྒྱ་མཚོ་ཆེན་པོའི་སྣང་བ་འབྱུང་། །སྐོམ་པས་ཡིད་གདུང་ཆགས་པ་དང་། །རྒྱ་མཚོར་སུབ་ཀྱི་དོགས་པ་ཡིས། །སྡུག་བསྔལ་དཔག་མེད་ཉམས་སུ་མྱོང་། །ལས་ངན་དབང་གིས་ལུས་དེ་ལ། །ཆུ་རླུང་ཕོག་པས་གྲང་བ་ཡི། །དམྱལ་བའི་སྡུག་བསྔལ་ཉམས་སུ་མྱོང་། །དབང་ཆེན་ཆུ་ཡི་དཀྱིལ་འཁོར་དེ། ཁོ་ལ་དམྱལ་བའི་སྣང་བ་འཆར། །རྟོགས་ན་རྡོ་རྗེ་མགོན་པོ་ཡིན། །འཁྱགས་ནས་ཡིད་གདུང་ཤིན་ཏུ་མནར། །ཆུ་ལ་སྡང་ཞིང་མེ་ལ་ཆགས། །ཆགས་སྡང་གཉིས་ཀྱིས་མཚམས་སྦྱར་ནས། །མེ་རླུང་ཐུར་ལ་ལོག་པ་ཡིས། །འཁྱགས་ནས་མེ་ཡི་དྲུང་དུ་ཕྱིན། །ཉོན་མོངས་རླུང་གི་རང་བཞིན་གྱིས། །ཆགས་པས་མེ་བསྐྱོད་ལོ་ཀའི་ཁམས། །མེ་ཡི་རང་བཞིན་གཅིག་ཏུ་འབར། །མེ་རླུང་ཁོ་ལ་ཕོག་པ་ཡིས། །ཞེ་སྡང་རུམ་གྱིས་སྐྱེ་བ་ཡིན། །དབང་ཆེན་མེ་ཡི་དཀྱིལ་འཁོར་དེ། ཁོ་ལ་དམྱལ་བའི་སྣང་བ་འཆར། །རྟོགས་ན་པདྨའི་མགོན་པོ་ཡིན། །ཚ་བས་ཡིད་གདུང་ཤིན་ཏུ་མནར། །མེ་ལ་སྡང་ཞིང་ཆུ་ལ་ཆགས། །ཆགས་སྡང་གཉིས་ཀྱིས་མཚམས་སྦྱར་ནས། །རླུང་གི་རླུང་ཉིད་ཐུར་ལ་ལོག །ཚ་ནས་རླུང་ལ་ཆགས་པས་སུ། །ཆགས་པ་རླུང་གི་རང་བཞིན་དུ། །ལོ་ཀ་ཁམས་ཀུན་རླུང་དུ་འཁྲུགས། །རླུང་གིས་བསྐྱོད་པས་རང་དབང་མེད། །ངན་སོང་གསུམ་དུ་འཁྱམས་དགོས་པས། །དབང་ཆེན་རླུང་གི་དཀྱིལ་འཁོར་དེ། ཁོ་ལ་དམྱལ་བའི་སྣང་བར་འཆར། །རྟོགས་ན་ལས་ཀྱི་མགོན་པོ་ཡིན། །འཁྲུལ་པས་ཡིད་གདུང་ཤིན་ཏུ་མནར། །ཡི་མུག་རང་གི་ལུས་པོ་ལ། །གསོད་གཅོད་མཚོན་ཆའི་ལས་ལ་སོགས། །ལྕེབ་པའི་འདུ་ཤེས་བྱུང་ཙ་ན། །ཕྱོགས་ཀྱི་གཤིན་རྗེ་ཆེན་པོ་བཞིས། །སྐད་ཅིག་ཉིད་ལ་སླེབས་ནས་སུ། །རང་གིས་རང་ཉིད་མ་གསོད་ཅིག །དེ་འདྲའི་ལས་ལ་ཁོ་དག་མཁས། །བྱེད་པའི་འབྱུང་ཁུངས་འདི་ན་ཡོད། །སཏྭ་རེས་གཤག་ཅིང་སོག་ལེས་དྲ། །གསོར་གྱིས་འབིག་ཅིང་ཐོ་བས་རྡུང་། །རལ་གྲི་སྤུ་གྲིའི་ཚལ་གསེབ་ཏུ། ཁྱོད་ཉིད་དགའ་བའི་ལས་བྱ་འོ། །ཟེར་ཏེ་ཡར་འདྲུད་མར་ཤན་བྱེད། །དུཿཁ་དཔག་མེད་ཉམས་སུ་མྱོང་། །མི་བཟད་རྩུབ་པའི་ལས་བྱས་པས། །བཟོད་པར་དཀའ་བ་ཉམས་སུ་མྱོང་། །ཤིན་ཏུ་མི་བཟད་ཆོ་ངེས་འདེབས། །སྐྱབས་གནས་སྐྱེལ་མ་ཏུ་རེ་དྲན། །བླ་མ་མཆོག་ལ་གུས་པ་ཡི། །འདུ་ཤེས་སྐད་ཅིག་སྐྱེས་པ་ན། །སྐད་ཅིག་ཉིད་ལ་ཐར་བར་ངེས། །སྤྱི་བོའི་གཙུག་གམ་སྙིང་གི་དཀྱིལ། །བླ་མ་རྟག་ཏུ་དྲན་པ་ཡིས། །རི་ཡིས་ནོན་དང་ཁྲོན་པ་ཡིས། །མ་དག་པ་ཡི་སྣང་བ་ལ། །ས་འབུམ་ཤིན་ཏུ་ཆེ་བ་གཅིག །རིན་ཆེན་མགོན་པོའི་ཕོ་བྲང་དུ། །བསམ་སྟེ་རང་ཉིད་བསྐོར་བར་བྱ། །རཏྣེ་རཏྣེའི་སྔགས་བཟླས་ཤིང་། །མོས་དང་གུས་པའི་ཡིད་ཀྱིས་སུ། །གསོལ་བ་ཤིན་ཏུ་དྲག་པོར་གདབ། །དཀྱིལ་འཁོར་དབུས་ཀྱི་བུམ་པ་ལ། །མི་བསྐྱོད་པ་ཡི་ཕོ་བྲང་དུ། །བསམ་སྟེ་བཏུང་དང་ཁྲུས་བྱས་ནས། །སྡུག་བསྔལ་གྲོལ་འགྱུར་ཐེ་ཚོམ་མེད། །རྒྱ་མཚོ་ཆེ་དང་ཆུ་རླུང་གིས། །མ་དག་པ་ཡི་སྣང་བ་ལ། །ཆུ་རླུང་དགྲ་རུ་ཤར་བ་ན། །ཀཾ་ཀ་ནི་ཡི་སྔགས་བཟླས་ཤིང་། །དད་གུས་ཤིན་ཏུ་དྲག་པོ་ཡིས། །བར་ཆད་མེད་པའི་གསོལ་བ་གདབ། །དུཿཁ་ཆེ་ལས་གྲོལ་བར་འགྱུར། །མེ་རླུང་དྲག་པོས་བསྐྱོད་པ་དང་། །སྣང་བ་མེ་རུ་བྱུང་བ་ན། །དུར་ཁྲོད་མགོན་པོའི་མེ་དེ་ཉིད། །པདྨ་མགོན་པོའི་ཕོ་བྲང་དུ། །མོས་པར་བསམ་སྟེ་རང་ཉིད་ཀྱི། །སྡིག་སྒྲིབ་ཐམས་ཅད་དག་པར་བསམ། །དད་གུས་ཤིན་ཏུ་དྲག་པོ་གཅེས། །ཚེ་དཔག་མེད་ཀྱི་སྔགས་བཟླས་ཤིང་། །གསོལ་བ་ཡང་ནས་ཡང་དུ་གདབ། །རླུང་འཚུབ་ཆེན་པོ་བྱུང་བ་ན། །སྒྲ་ཡི་སྣང་བ་ཤར་བ་ན། །རླུང་ནང་དུ་རྔུབ་པའི་སྦྱོར་བ་ཡིས། །ཕྱི་ཡི་འཚུབ་མ་ཞི་བར་བསམ། །སྤྱི་བོར་དོན་ཡོད་གྲུབ་པ་ཡི། །ཕོ་བྲང་བཏབ་ལ་མོས་གུས་བྱ། །དབྱངས་ཡིག་བཅུ་དྲུག་སྔགས་སུ་བགྲང་། །གཡེང་བ་མེད་པའི་བསམ་གཏན་བྱ། །གོང་ནས་རང་ལུས་ཐབས་ལྡན་གཅེས། །ལྷ་དང་སྔགས་སུ་ངེས་པ་ཡིས། །རྒྱལ་མཆོག་ཉིད་དུ་འདོད་པ་ཡིན། །གོང་ནས་འདུན་པ་དྲག་པོ་གཅེས། །སྔོན་སེར་སྣ་ཆེ་ལ་གོམས་པའི་མཐུས། །ཡི་དྭགས་གནས་སུ་སྐྱེ་བ་ན། །མི་མེད་བྱང་ཐང་སྟོང་པ་ལ། །ཉི་མ་གྲང་མོར་འཆར་བ་དང་། །ཟླ་བ་ཚ་མོར་འཆར་བ་འབྱུང་། །མྱ་ངམ་ཐང་གི་དཀྱིལ་ཉིད་དུ། །ཆུ་མེད་གྲམ་པ་སྐམ་པོར་སྐྲོག །སྐོམ་པ་ཆུ་ཡིས་ཡིད་གདུངས་ཏེ། །ཟས་ཀྱི་སྣང་བ་མི་མྱང་ཞིང་། །མཚོན་ཆ་ཐོགས་པས་སྲུང་བ་དང་། །དྲི་དང་རྣག་ཁྲག་ཉིད་དུ་མཐོང་། །ཟས་སྐོམ་སྐབས་སུ་མཐོང་ན་ཡང་། །ཟ་དང་འཐུང་བ་མི་ཤེས་ཤིང་། །མཁྲེག་པ་བཞིན་དུ་སྲ་བ་འོང་། །ལུས་པོ་དགྱེ་དང་རྒུ་བ་ཡི། །སྟོབས་ཉིད་ཤིན་ཏུ་ཆུང་བར་འོང་། ཁོག་པར་ལྕགས་སྲེག་བཅུག་འདྲ་འབྱུང་། ཁ་ནས་དུད་པ་འཐུལ་བ་དང་། །རུས་མགོ་པགས་ཀྱིས་བཏུམས་པ་དང་། །དུར་ཁྲོད་ཀེང་རུས་འདྲ་བའི་མདོག །རང་ལུས་གཞན་ལུས་དེ་ལྟར་སྣང་། །ཡི་དྭགས་ཉིད་དུ་སྐྱེ་བ་ནི། །དགག་པའི་ཐབས་ནི་འདི་བཞིན་བསྒོམ། །རང་ཉིད་ཐུགས་རྗེ་ཆེན་པོར་བསྐྱེད། །འཇིག་རྟེན་ཁམས་ཀྱི་ལོངས་སྤྱོད་ཀུན། །བློ་ཡིས་བླངས་ནས་སྦྱིན་པར་གཏང་། །ཡར་ལ་བླ་མ་དཀོན་མཆོག་མཆོད། །སྒྱུ་མ་ལྟ་བུར་བརྟན་པའི་བློས། །གང་ལའང་ཞེན་པ་མེད་པར་བྱ། །སྔོན་གཏི་མུག་ཆེ་ལ་གོམས་པ་ཡིས། །དུད་འགྲོ་ཉིད་དུ་སྐྱེ་བ་ན། །ཞག་ཕྱེད་དང་བཞི་ཡི་ཕྱི་མ་ལ། །གར་སྐྱེའི་ལུས་སུ་འགྱུར་ནས་འགྲོ། །ཆུ་ལ་གནས་པའི་དུད་འགྲོ་རུ། །གལ་ཏེ་སྐྱེས་ན་ཆུ་དེ་ཉིད། །གཞལ་ཡས་ཁང་དུ་མཐོང་ནས་ཡོང་། །ས་སྟེང་གནས་པའི་དུད་འགྲོ་རུ། །སྐྱེ་ན་དུད་འགྲོ་ཕ་མར་མཐོང་། །ཆགས་སྡང་གཉིས་ཀྱིས་མཚམས་སྦྱར་ནས། ཁྱོ་དང་ཆུང་མའི་འདུ་ཤེས་འབྱུང་། །དུས་དེར་བླ་མའི་གདམས་པ་གཅེས། །སྔོན་ཡང་འདི་འདྲས་འཁོར་བར་འཁྱམས། །ད་ནི་གནས་ཤིག་ལེགས་གདམས་ནས། །ལམ་སྦྱོང་ཆོས་ལ་ཡིད་འཇུག་ཕྱིར། །རྒྱལ་རིགས་ཤིང་ཆེན་ལྟ་བུ་སོགས། །སེམས་ཅན་དོན་བྱེད་ནུས་པ་ཡི། །ལུས་གཅིག་ལེན་པའི་གདམས་ངག་ཡིན། །རིགས་གསུམ་ལས་བྱེད་ཅེས་བྱ་འོ། །ཆོས་ལྡན་རིགས་ཀྱིས་འགྲོ་དོན་སྨོན་ལམ་གདབ། །བར་དོ་གསུམ་པ་མངལ་སྒོ་དགག་པ་ནི། །བར་དོར་ཕ་མ་འདུ་འཕྲོད་བྱེད་དུས་དེར། །དབང་དུས་བླ་མ་ཡབ་ཡུམ་བསྒོམ་པ་དང་། །རང་ཉིད་ཡི་དམ་ཡབ་ཡུམ་བསྒོམ་པ་ཡིས། །བདེ་སྟོང་ཆོས་སྐུར་དྲན་པར་བྱ། །ཕྲག་དོག་མིག་སེར་མི་འབྱུང་བར། །མཁའ་སྤྱོད་གནས་སུ་འགྲོ་བར་འགྱུར། །བར་དོའི་གདམས་པ་དེ་རྣམས་ཀྱང་། །ད་ལྟ་ཉིད་ནས་སྦྱང་ཞིང་བསྒོམ། །བར་དོ་གཉིས་ཀྱི་དུས་འདི་རུ། །དྲན་འདུན་དྲག་པོ་ཡེངས་མེད་གཅེས། །གཞན་ལ་མ་སྤེལ་ཡིད་ལ་སྦོས། །པུཥྤ་ཧ་རིར་ནཱ་རོ་པ་ལས་རྙེད་པའོ།། །། ༄༅། །གྲོང་འཇུག་སྒྱུ་འཕྲུལ་རྡོ་རྗེའི་ཤོག་དྲིལ་ས་མ་ཡཱ་ཏི་གུ་ཧྱ། ༼༡༣༽ ཨོ་རྒྱན་གྱི་ཞལ་གདམས། མཁའ་འགྲོ་མ་ཐམས་ཅད་ཀྱི་སྙིང་པོ་བསྡུས་པའི་མན་ངག །རིན་པོ་ཆེ་གསེར་ཞུན་དྲིལ་བ་ལྟ་བུའི་གདམས་ངག་གོ །རླུང་སེམས་ལ་དབང་ཐོབ་ཅིང་སྒྱུ་མའི་དོན་ལ་ངེས་ཤེས་སྐྱེས་པའི་གང་ཟག་གིས་གྲོང་དུ་འཇུག་པའི་སྦྱོར་བ་བརྩམ་སྟེ། དེ་ཡང་རྡོ་རྗེ་མཁའ་འགྲོ་ལས། གང་གིས་སྒྲུབ་པ་པོ་སྒྲུབ་ལ། །རང་གི་སྒྲུབ་པ་བཤད་པར་བྱ། །རྒན་པོ་མ་ཡིན་རྨ་མེད་ཅིང་། །མཛེ་དང་ཤུ་བ་ལ་སོགས་མེད། །ཤིན་ཏུ་མཉམ་པར་བཞག་པ་ཡིས། །འབྱུང་པོའི་ཉི་མར་ལས་བསྒྲུབ་བྱ། །བདུད་རྩི་ལྔ་ཡི་ཁྱད་པར་དང་། །ལྷ་ཡི་ཆུ་ཡིས་བཀྲུ་བར་བྱ། །མཎྜལ་གྲུ་གསུམ་བྱས་ནས་ནི། ཞེས་པས། དེ་ལ་དང་པོ་ལོ་རྒྱུས་ནི། རྒྱ་གར་གྱི་གྲོང་ཁྱེར་གཅིག་ཏུ་སློབ་དཔོན་ཆེན་པོ་ཛྙཱ་ན་སིདྡྷིས་གླང་པོ་ཆེ་ཤི་བའི་རོ་ལ་དངོས་སུ་འཕོ་བ་མཐོང་སྟེ། གླང་པོ་ཆེ་དེ་དཔག་ཚད་དུ་སོང་སྟེ་འགྱེལ་ནས་ལུས་ཞིག་པ་དང་། གྲོང་ཁྱེར་གྱི་མི་རྣམས་དགའ་བ་དང་ངོ་མཚར་དུ་གྱུར་ཏོ། །དེའི་གནད་ཅི་ལྟ་བུ་ཡིན་ཞེས་པ་དང་། རྒྱུད་གང་ན་བཞུགས་པ་དང་། སྤྱན་གང་གིས་དྲངས་པ་དང་། ཉམས་སུ་གང་གིས་བླངས་པ་དང་གསུམ་ཡིན་གསུངས། རྒྱུད་རྡོ་རྗེ་མཁའ་འགྲོ་ལ་སོགས་པ་ན་བཞུགས། སྤྱན་སློབ་དཔོན་ནཱ་གཱརྫུ་ནས་དྲངས། ཉམས་སུ་སློབ་དཔོན་ཛྙཱ་ན་སིདྡྷིས་བླངས་སོ། །དག་པའི་རྒྱུད་རྣམས་ལས་གསལ་ཏེ་སྟེང་འོག་རླུང་ཚ་གྲང་དུས་མཉམ་དུ་རོ་གཅིག་པ་གཅིག་གིས་འོང་བ་ཡིན་ཏེ། གང་ཟག་གཞན་གྱིས་ནི་མ་ཡིན་ནོ། །དེ་ལ་དང་པོ་སྦྱང་བ། བར་དུ་སད་པ། ཐ་མ་ལས་ལ་སྦྱར་བ་གསུམ་ཡིན་གསུང་། དང་པོ་སྦྱང་བ་ནི། སྙིང་རྗེ་ཆེན་པོ་རྒྱུད་ལ་སྐྱེས་ཤིང་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་ཐག་ཆོད་པ་གཅིག་གིས། དབེན་པའི་གནས་སུ་གཡོག་གཅིག་དང་གཉིས་ཕྱིན་ཏེ་མཆོད་པ་བཤམ། རྟེན་བཀྲམ་ནས་ཚོགས་ཀྱི་ཆ་རྐྱེན་དང་མཐུན་པའི་ཁ་ཟས་ཅི་རིགས་པ་བཤམས་ཏེ། རང་འདུག་པའི་ཁྱིམ་དུ་མཎྜལ་ནག་པོ་བྱུགས་ལ། ཐོད་པ་མཚན་ལྡན་དུམ་བུ་གཅིག་པ་ནག་པོར་བྱུགས་ཏེ། དབུས་སུ་རྡོ་རྒྱུས་ཀྱིས་ཡི་གེ་ཧཱུྃ་གསལ་བ་གཅིག་བྲིས་ལ་མཎྜལ་གྱི་སྟེང་དུ་བཞག་སྟེ། ཐོད་པ་དེ་བསླངས་ལ་མཚོག་མ་གནམ་ལ་བསྟན། ལྟག་པ་ས་ལ་བཙུགས་ཏེ་ཧཱུྃ་རང་ལ་ཏ་ལེར་གསལ་བ་ཞིག་བཞག་དགོས་གསུང་ངོ་། །རང་གི་ཤེས་པ་ཧཱུྃ་ལ་གསལ་བར་དམིགས་ནས་རླུང་དྲག་ཏུ་གཏད་དེ་གཟུང་ངོ་། །དེ་ཟིན་པའི་རྟགས་ཐོད་པ་དྲོ་བའམ་འགུལ་བའམ། འཕར་བའམ། ཚེག་པ་ལ་སོགས་པ་བྱུང་ན། བར་དུ་སད་པ་ནི། རེ་ལུག་ལ་སོགས་པའི་རོ་ལ་སྔར་བཞིན་དམིགས་པ་གཏད་པས་འབྱིན་པའི་རླུང་གིས་འགུལ་བ་དང་། འཕར་བ་དང་། གཡོ་བ་དང་། དུ་བ་ལ་སོགས་པ་སྔོ་བུན་བུན་པ་འབྱུང་སྟེ་སྦྲང་བུ་དང་རེ་ལུག་གི་རོ་ལ་དེ་ལྟར་བསླབ་བོ། །དུ་བ་ལ་སོགས་པའི་རྟགས་བྱུང་བ་ན། གྲོང་གཞན་ལ་རྣམ་ཤེས་འཇུག་ནུས་པའོ། །ད་ནི་ལས་ལ་སྦྱར་བར་བྱ་སྟེ། རང་ཉིད་ཀྱི་ལུས་ཀྱིས་རྒས་ཏེ་སྒོམ་མ་ནུས་ན། གྲོང་གཞན་ལ་ཞུགས་ཏེ་བསྒོམ་པ་དང་སེམས་ཅན་གྱི་དོན་མ་ལུས་པ་བྱའོ། །དེ་ཡང་ལུང་ལས། རོ་སྒྲུབ་པ་ཞེས་པ་ནི། རིམས་ཀྱིས་ཤི་བ་མ་ཡིན་པ། ལྐུགས་ནས་ཤི་བ་མ་ཡིན་པ། རྨ་མེད་པའི་རོ་མ་རུལ་མ་སུམ་པ་བླངས་ཏེ། ལྷ་ཡི་ཆུ་ཞེས་པ་ནི་དྲི་ཆུས་དག་པར་བཀྲུའོ། །བདུད་རྩི་ལྔས་མཎྜལ་བྱུགས་ལ་བཞག །འབྱུང་པོའི་ཉི་མ་ནི་ཚེས་བཅུའམ་བཅུ་བཞི་སྟེ་ཡར་ངོ་འོ། །མཎྜལ་གྲུ་གསུམ་ནི་ཆོས་འབྱུང་བྲིས་ཏེ་ནང་དུ་པདྨ་འདབ་མ་ལྔ་པ་གཅིག་ལ་དབུས་སུ་ཡི་གེ་ཨས་མཚན་པ། ཕྱོགས་སུ་རིགས་ལྔའི་ས་བོན་བཀོད་ནས། རོ་ལ་གོས་བསྐོན། རྒྱན་བཏགས་ནས་ཆོས་འབྱུང་གི་དབུས་སུ་བཞག་གོ །སྨྱུག་མ་སོར་བརྒྱད་པ་གཅིག་སྨྱུག་གུ་ཁར་བཞོགས་ཏེ། བཞོགས་པའི་ངོས་སྤྲ་ཚིལ་གྱིས་ཁ་ཆེར་བསྐྱེད་ལ། བྱང་སེམས་རང་ལ་ཕྱུང་སྟེ་སྤྲ་ཚིལ་གྱི་ངོས་སུ་བླུགས་ནས་གྲི་སོས་ངོས་འཇམ་པར་བདར་ཏེ་རོ་ཡི་སྣ་བུག་གཡོན་པར་བཅུག་ལ་ཕུས་གདབ། ཀླད་པའི་དཀྱིལ་དུ་སོང་བར་བསམ། རོ་དེ་ཡི་དམ་གྱི་ལྷ་དམ་ཚིག་སེམས་དཔར་བསྐྱེད་ལ། བདག་གི་སེམས་ཉིད་ཡེ་ཤེས་སེམས་དཔར་བསམས་ནས་དམ་ཚིག་སེམས་དཔའ་ལ་བསྟིམ་མོ། །རང་གི་སྣ་བུག་གཡས་ནས་རླུང་རྒྱུ་བ་དང་རོའི་གཡོན་པ་སྤྲད་དེ། ཕྱིར་འབྱིན་པའི་རླུང་གིས་ཤེས་པ་དང་རླུང་གཉིས་རྟག་པར་སྣ་གཡོན་པ་ནས་རོའི་སྙིང་གི་དཀྱིལ་དུ་ཞུགས་པར་བསམ་ཞིང་། ཧཱུྃ་ལས་ཐིག་ལེ་སྐྱ་ནར་གྱིས་འབྱུང་བར་བསམ། ཤེས་པ་དང་རླུང་གཉིས་ཚུར་ལུས་རྒུད་པ་ལ་མི་བསམ། རླུང་ཚུར་མི་བགྲང་ཞིང་། མ་ཡེངས་པར་འཕོས་པས་ཕ་རོལ་པོ་ལངས་ཏེ་རང་ཤི་ནས་འགྲོ་འོ། །ཆོས་འབྱུང་གི་ནང་ན་མངོན་བྱང་ལྔ་ལས་གཟུགས་སྐུར་སྒྲུབ་པ་ལྟ་བུ་ཡིན་ནོ། །རླུང་དང་ཤེས་པ་མ་ཡེངས་པ་གནད་ཡིན་ཏེ། སྙིང་གའི་ཧཱུྃ་ལ་ཤེས་པ་ཧྲིལ་ཙེར་གཏད་དེ་ཤེས་པ་བཅུག་པ་ལ་ཚུར་མི་དྲང་བར་རོ་ལངས་པ་དང་ཕུང་པོ་རྙིང་པ་གཞན་དུ་སྦ་འོ། །དེ་ནི་རང་གི་རླུང་གཙོ་བོར་གྱུར་པ་དང་མོས་པ་དང་དད་པ་དང་རྩོལ་བ་དྲག་པོ་དང་སྣང་སྲིད་སྒྱུ་མ་ཙམ་དུ་ཡིད་ཆེས་པ་གཅིག་གིས་འབྱུང་བ་ལས་གཞན་གྱིས་མ་ཡིན་ནོ། །པུཥྤ་ཧ་རིར་ནཱ་རོ་པ་ལས་རྙེད་པ་གཙིགས་ཀྱི་རྒྱ་བདུན་དང་བཅས་དམ་པར་སྦས་སོ། །ྀཨཚ། ས་མ་ཡཱ་ཏི།། །། ༄༅། །དཔལ་ལྡན་ལྷ་མོ་དུད་སོལ་མའི་སྒྲུབ་ཐབས་བྷ་ག་རྡོ་རྗེའི་ཤོག་དྲིལ་ས་མ་ཡཱ་ཏི་གུ་ཧྱ། ༼༡༤༽ རྒྱ་གར་སྐད་དུ། ཤྲཱི་ཡ་དེ་བཱི་ཀཱ་ལི་མ་ཧཱ་ཀཱ་ལི་སཱ་དྷ་ནོ་པི་ཀ །བོད་སྐད་དུ། དཔལ་ལྷ་མོ་ཆེན་མོའི་སྒྲུབ་ཐབས། དཔལ་ལྷ་མོ་ཆེན་མོ་ལ་ཕྱག་འཚལ་ལོ། །དཔལ་ལྷ་མོ་བསྒྲུབ་པར་འདོད་པའི་རྣལ་འབྱོར་པས། ཡོ་བྱད་ཕུན་སུམ་ཚོགས་པར་བཤམས་ལ། གནས་དུར་ཁྲོད་དམ། ཤིང་དྲུང་ངམ། གཅོང་རོང་ཁང་སྟོང་ངམ། དབེན་པའི་གནས་སུ་ཕྱིན་ལ། དེ་ནས་དང་པོ་ཕྱོགས་སྐྱོང་བ་བཅུ་ལ་སོགས་པ་འཇིག་རྟེན་པའི་ལྷ་འདྲེ་ཐམས་ཅད་ལ་གཏོར་མ་སྦྱིན་ཞིང་། གསེར་སྐྱེམས་རྒྱས་པར་གཏོར་ལ། དེ་ནས་ཨེའི་མཎྜལ་ཁྲུ་རེ་མ་བྱའོ། །དེ་ལ་སྟེགས་བུ་གསུམ་རིམ་དུ་བྱའོ། །བར་མ་གསུམ་ལ་ཟླ་གམ་དུ་བྱ། ཐ་མ་གྲུ་གསུམ་རེ་རེ་ལའང་རབས་ཆད་ཀྱི་ཐོད་པ་རེ་རེའམ། གང་ཡང་རུང་བའི་ཐོད་པ་རེ་རེར་གཞུག །དེ་མི་མཐོང་བར་བྱས་ལ། ཐོད་པའི་སྟེང་དུ་རོ་སོལ་གྱིས་ཡི་གེ་ཡཾ་ནག་པོ་བྲི། ཐོད་པའི་ཕྱི་ལ་མ་དམར་པོ་རེ་མི་ཁྲག་གིས་བྲིའོ། །ཟླ་གམ་གསུམ་ཡང་དམར་པོ་བྱ། གྲུ་གསུམ་དང་པོ་ཚོན་གྱིས་འགེངས། དེ་ཡང་མ་ལེགས་ན་འདི་ལྟ་བུའི་སྐྱོན་ཡོད་དེ། ཚོན་སྦོམ་ན་སློབ་དཔོན་སློབ་བུ་ལ་ནད་མང་དུ་འབྱུང་། ཚོན་སྲབ་ན་སློབ་དཔོན་གྱི་བུ་ནོར་ཡལ་བར་འོང་། ཡོ་མོར་གྱུར་ན་ཡུལ་དུ་འཁྲུག་པ་འོང་། བར་ཆད་པར་གྱུར་ན་སློབ་དཔོན་མྱུར་དུ་འཆི་བར་འགྱུར་ཏེ། དེས་ན་རེ་ཁཱ་སྨྱུག་མ་འབྲིང་གི་ཚད་ཙམ་དུ་བྱས་ལ་གཡས་ནས་བསྐོར་ཞིང་བྲི། ཚོན་དགྱེ་བ་ཡང་གྲུ་གསུམ་གཉིས་འགྱུར་དུ་དགྱེ། ནང་གི་གྲུ་གསུམ་ནག་པོར་བྱ། ཕྱི་ཡི་གྲུ་གསུམ་དམར་པོར་བྱ། ནང་གི་གྲུ་གསུམ་གྱི་རྩེ་མོ་རེ་རེ་ལ་རྡོ་རྗེ་ཕྱེད་པ་རེས་མཚན་པ་བྲི། ཐལ་ཆེན་དང་ཁྲག་སྐམ་བསྲེས་ལ་ཨེའི་དབུས་སུ་སྔགས་ཀྱི་ས་བོན་ཡི་གེ་ཧཱུྃ་བྲི། ནང་གི་ཟུར་གསུམ་ལ་མ་མོ་ཐམས་ཅད་ཀྱི་སྲོག་སྙིང་ཡི་གེ་བྷྱོ་རེ་བྲི་བར་བྱའོ། །ད་དྷུ་རའི་ཁུ་བ་དང་། དུར་ཁྲོད་ཀྱི་སོལ་བ་དང་། ར་རོག་པོའི་ཁྲག་དང་། བྱ་ནག་མོའི་ཁྲག་དང་། དེ་དག་ཆ་སྙོམས་པར་བསྲེས་ནས་ཞིབ་ཏུ་བཏགས་ལ་ཚོན་རྩི་དང་སྦྱར་ཏེ། དུར་ཁྲོད་ཀྱི་རས་ལ་དཔལ་ལྡན་ལྷ་མོའི་སྐུ་བྲིས་ལ་ཨེའི་མཎྜལ་གྱི་དབུས་སུ་བཞུགས་སུ་གསོལ་ཞིང་མཆོད་པ་འབུལ། དེ་ཡང་དང་པོར་བདག་དམ་ཚིག་ལྷ་མོར་བསྒོམ། རང་གི་སྙིང་གར་པདྨ་འདབ་མ་བཞི་སྙིང་པོ་དང་བཅས་པ་བསམ། དེའི་དབུས་སུ་ཡི་གེ་ཧཱུྃ་རང་གི་འོད་མེ་ལྟར་འབར་བ་གཅིག་བསམ། མེ་དེས་སྡིག་པ་ཅན་གྱི་ལུས་བསྲེགས་ནས་ཐལ་བར་གྱུར་པར་བསམ། དེ་ནས་ཡང་ཐལ་བ་དེའི་དབུས་སུ་སྔོན་གྱི་པདྨའི་སྙིང་པོ་ལ་གནས་པའི་སྲོག་གི་རང་བཞིན་ཡི་གེ་ཨཾ། དེའི་སྟེང་དུ་བཾ་བསམ། དེ་ནས་བཾ་ཡོངས་སུ་གྱུར་པ་ལས་བུམ་པ་དཀར་པོ་ཁ་ནས་བདུད་རྩིའི་ཆུ་རྒྱུན་བབ་པ་གཅིག་བསམ། དེ་ནས་སྔོན་གྱི་སྲོག་ཏུ་བཤད་པའི་ཡི་གེ་ཨཾ་དེ་ལ་བདུད་རྩིའི་ཆུ་རྒྱུན་བབ་ཅིང་སྦྲེངས་པས་ཡི་གེ་ཀུན་གྱི་མཆོག་ཏུ་བཤད་པའི་ཨཾ་ཅེས་པས་ཆུ་ལྷག་མར་བརྟེན་ཞིང་བརྟན་པར་བྱས་ནས། གཟི་མདངས་དང་ལྡན་པར་གྱུར་ནས་དུ་བ་ལྟ་བུའི་ཁ་དོག་ཏུ་བསྒོམ་པར་བྱའོ། །དེ་ནས་དཔལ་ལྷ་མོའི་མཚན་གྱི་སྔགས་ནི། ཨོཾ་མ་ཧཱ་ཀཱ་ལི་དེ་བཱི་ཀ་ར་ལམྦི་ད་ན་སཏྭ་ཀཱ་ལ་རཱ་ཏྲི་ཙཎྜ་རཱུ་པི་ཎི་ཧཱུྃ་ཕཊ། ཅེས་བརྗོད་པའི་སྒོ་ནས་སྔགས་ཀྱི་ས་བོན་ཨཾ་དེ་ལས་ལྷར་བསྒྲུབ་སྟེ། དཔལ་ལྷ་མོ་ཆེན་མོའི་སྐུར་གྱུར་ཅིང་བསྒོམ་པར་བྱ་བ་ནི། སྐུ་མདོག་སྤྲིན་དང་བུང་བ་ལྟར་ཤིན་ཏུ་གནག་པ། རབ་ཏུ་སྒེག་པ་ཀེང་རུས་ཀྱི་ལུས་ཅན། ཞལ་གཅིག་ཕྱག་བཞི་ཞབས་གཉིས་མ། གཡས་ཀྱི་དང་པོ་ན་རལ་གྲི། འོག་མ་ན་བནྡྷ་ཁྲག་གིས་བཀང་བ། གཡོན་གྱི་དང་པོ་ན་ཤཀ་ཏི། འོག་མ་ཏྲི་ཤཱུ་ལ། སྤྱན་གསུམ་དམར་པོ་བཟློག་ནས་བལྟ་བ། དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་ཤིང་། ལན་བུ་གཡོན་དུ་འཁྱིལ་བ། དབུ་ལ་སྦྲུལ་དང་ཐོད་ཕྲེང་གིས་མཚན་པ། སྙན་ཆ་གཡས་ན་སྦྲུལ་གྱི་མགུལ་ནས་དྲིལ་བུ་འཁྲོལ་བ། སྙན་ཆ་གཡོན་ན་སེང་གེའི་རལ་པ་དམར་བ། རྣ་ལྟག་གཉིས་ན་མེ་ཏོག་དང་དར་ནག་པོའི་ཅོན་པན་འཕུར་བ། ལྷ་མ་ཡིན་ལ་སོགས་པའི་ཐོད་པས་དོ་ཤལ་བྱས་པ། གླང་པོ་ཆེའི་ཀོ་རློན་སྟོད་གཡོགས་སུ་གོན་པ། བ་གླང་གི་ཀོ་རློན་དྲས་པ་ལ་རེ་ལྡེ་སེར་པོས་ཤམ་བུར་བཏགས་པས་སྨད་དཀྲིས་པ། ཁྲག་དང་ཞག་གིས་དུམ་བུར་བྲེས་པ། ཀླུའི་རྒྱལ་པོ་གཤིབས་པའི་སྐ་རགས་བྱས་པ། ཞབས་གཉིས་ལྕགས་སྒྲོག་གིས་བརྒྱན་པ་བོང་བུ་གྭ་པའི་སྟེང་ན་བཙན་སྐྱིལ་དུ་བཞུགས་པ། དུར་ཁྲོད་བརྒྱད་ཀྱི་དབུས་ན་སྐད་དུང་དང་འབྲུག་གི་སྒྲ་ལྟར་སྒྲོག་ཅིང་མ་མོ་དང་མཁའ་འགྲོ་དང་ཤ་ཟ་ཐམས་ཅད་དབང་དུ་སྡུད་པ་གཅིག་བསྒོམ། དེ་ལྟར་གསལ་བའི་དབུས་སུ་ཐུགས་མར་མེའི་ཁ་དོག་ལྟ་བུ། རང་གི་སོར་བཞིའི་ཚད་ཙམ་སྒོ་ངའི་གཟུགས་འདྲ་བ་གཅིག་གསལ། སྒོ་ང་དེའི་ནང་གི་དབུས་སུ་ཧཱུྃ་ཉི་མ་དང་ཟླ་བའི་དཀྱིལ་འཁོར་དྭངས་པ་གཅིག་བསྒོམ། དེ་ཐིག་ལེ་ཉི་མ་ཟླ་བའོ། །དེའི་འོད་ཧཱུྃ་ལས་འོད་ཟེར་བྱུང་བས་ཟློ་བའི་ཡིག་འབྲུ་རྣམས་ཀྱི་ཕྲེང་བར་གྱུར་ནས་ཧཱུྃ་དེ་ཉིད་ཀྱི་མཐའ་མ་བསྐོར་ཞིང་། ཧཱུྃ་དེ་ཉིད་ལ་གསལ་བ་དང་འདྲེས་པར་བསྒོམ་མོ། །དེ་ལྟར་བདག་དང་དམ་ཚིག་ལྷ་མོར་གསལ་བ་དང་། གྲུབ་པའི་གནས་ནས་རང་བཞིན་གྱི་ལྷ་མོ་སྔོན་གྱི་དེ་འདྲ་བ་ཞིག་འཁོར་མ་མོ་ནག་མོ་གཅེར་བུ་རལ་པ་ཅན་ཐོད་པའི་ཕྲེང་བ་སེ་རལ་ཁར་བརྒྱན་པ། ལག་པ་གཡས་ན་མིའི་སྙིང་གཡོན་ན་བནྡྷ་ཁྲག་གིས་བཀང་བ་འཛིན་པ། སྙིང་གི་དཀྱིལ་ན་ཡི་གེ་བྷྱོཿརེ་ཡོད་པ་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་བྱོན་པར་བསམ། དེ་ལྟར་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ནས་མདུན་གྱི་ཨེའི་དབུས་སུ་ཧཱུྃ་དང་བྷྱོཿལ་སོ་སོར་ཐིམ་པ་ལས་སྐུ་ཕྱག་རྒྱར་བཞེངས་པ་ཞེས་བྱའོ། །དེ་ནས་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བའི་སྔགས་འདི་བཞིན་བྱའོ། །དྲྀ་ཤྱ་ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སཏྭཾ། ས་མ་ཡ་ཧོཿ ཞེས་བརྗོད་པས་གཟུགས་མངོན་སུམ་དུ་སྟོན་པར་བསྒོམ་མོ། །དེ་ལྟར་མི་སྟོན་ན། ཨོཾ་ཧཱུྃ་བྷྱོ་ཨེ་ཨཱ་རལླི་ཧྲིཾ་ཛཿ ཞེས་སྔགས་ཏེ་བརྗོད་ཅིང་གཟིར་རོ། །མངོན་སུམ་མ་བྱུང་ཡང་། ངའི་སེམས་ལ་ཅི་འདོད་པ་ཁྱོད་ཀྱིས་གྱིས་ཤིག་པར་བསྒོའོ། །དེ་ཡང་ལས་བྱེད་པའི་ཚེ་རིགས་ཀྱི་དམ་ཚིག་སྦྱིན་ཏེ་གུར་གུམ་ལ་སྔགས་ཀྱིས་བཏབ་ལ་སྦྱིན་ནོ། །དམ་ཚིག་གི་སྔགས་འདིའོ། །ཨོཾ་ཧ་ན་ཧ་ན་བཛྲ་ས་མ་ཡ་ཨ་ཏི་པྲ་མ་ནི་ཧཱུྃ་ཕཊ། དམ་ཚིག་གི་ཆུ་སྦྱིན་ནས་བསྒོ་བ། ལྷ་མོ་ཁྱོད་ནི་དམ་ཚིག་འདི་ལས་འདས་ན་བསྒོ་བ་བཞིན་དུ་མ་བྱས་ཀྱི་བར་དུ་གཟིར་བ་ཆེན་པོ་བྱེད་པ་དང་། དམ་ཚིག་ཆུ་འདི་ལ་དུག་ཧ་ལ་ཧ་ལ་ཆེན་པོར་འགྱུར་ཏེ་མཐོང་བས་ཁྲག་ཏུ་སྐྱུག་པ་དང་། རྡོ་རྗེ་ཟ་བྱེད་ཆེན་པོས་སྙིང་འདྲལ་ཏེ་དུས་མ་ཡིན་པར་འཆི་བར་འགྱུར་བ་དང་། གནོད་སྦྱིན་གྱིས་གསོད་པར་འགྱུར་ཞིང་ལྟོ་འགས་པ་དང་། ཁྲོ་བོ་ཟ་བྱེད་ཆེན་པོ་དང་འཇིགས་བྱེད་ཆེན་མོར་འགྱུར་བ་དང་། མེ་དབལ་རྡོ་རྗེ་འབར་བས་ལུས་འཚིགས་ནས་ཐལ་བར་འགྱུར་ཏེ། སོ་སོ་རང་གིས་མནའ་བོར་བ་བཞིན་དུ་དམྱལ་བ་འབོད་སྒྲོག་ཏུ་སྐྱེ་བར་འགྱུར་རོ་ཞེས་དམ་ཚིག་བོར་ལ། དེ་ནས་དཔལ་ལྷ་མོ་དེ་ལ་མཆོད་པ་ལྔ་དང་གཏོར་མ་ལྔ་དབུལ་ཏེ། ཨོཾ་ཧཱུྃ་ཤྲཱི་ཡ་དེ་བཱི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། མེ་ཏོག་གི་མཆོད་པ་དང་དངོས་ཚིག་གིས་བཞེས་ཤིག །ཨོཾ་བཛྲ་པུཥྤེ་པཱུ་ཙ་སྥ་ར་ཎ་ས་མ་ཡ་ཧཱུྃ། ཞེས་བརྗོད་དོ། །མཆོད་པ་གཞན་ལ་ཡང་གོང་གིས་ཤེས་པར་བྱའོ། །དེ་ནས་ར་རོག་པོའི་ཁྲག་དང་། བྱ་ནག་པོའི་ཤ་དང་གཞན་ཤ་ཁྲག་གི་ཚོགས་གང་འབྱོར་པ་དང་། ཆང་ལ་སོགས་པའི་བཏུང་བ་གཏོར་མར་དབུལ་བར་བྱ་སྟེ། མ་ཧཱ་མཱཾ་ས་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། ཨི་དཾ་བ་ལིཾ་གྲྀཧྞ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བརྗོད་དེ་གཏོར་མ་དབུལ་བར་བྱའོ། །དེ་ལྟར་མཆོད་པ་ཚོགས་པར་ཕུལ་ནས་བསྟོད་དེ། གླིང་བུའམ་མི་རྐང་འབུད། མི་ཐོད་ཀྱི་རྔ་བརྡུང་ཞིང་དབྱངས་སྙན་པས་བསྟོད་པར་བྱའོ། །ཨོཾ། དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །ཅེས་པ་ལ་སོགས་པས་བསྟོད་པ་བྱ། ཨོཾ་རུ་རུ་རོ་རུ་བི་ཏིཥྛ་བ་དྷོཏྶཱི་ཀ་མ་ལ་རཀྴ་སཱི་ཧཱུྃ་བྷྱོ། ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བཟླས་ནས་ཤ་ཁྲག་གཏོར་མར་བླུག་ཅིང་ཆང་ཕུད་གཏོར་མ་ལ་སྦྲེང་ཞིང་བརྒྱ་རྩ་བརྒྱད་དམ། ཡང་ན་ཉི་ཤུ་རྩ་གཅིག་བཟླ། དེ་ནས་ལྷ་མོའི་རྣལ་འབྱོར་ལ་གནས་ནས། གཡེང་བ་དང་མི་ཚིག་གི་སྐྱོན་སྤངས་ཏེ། ཨོཾ་ཧཱུྃ་ཤྲཱི་ཡ་དེ་བཱི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། ཨེ་ཨཱ་རལླི་ཧྲིཾ་ཛཿ ཞེས་ཡིག་འབྲུ་གསལ་བར་བལྟ་སྟེ། སྔགས་ཀྱི་བཟླས་པ་ཐམས་ཅད་ལྷ་མོའི་ཚོགས་ཡིན་པར་ཆེ་བའི་ང་རྒྱལ་བྱ་ཞིང་རང་གི་སྤྲུལ་པའི་ལྷ་མོ་ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་བྱུང་བར་བསམ་ཞིང་། བཟླས་པ་ལ་བརྩོན་པར་བྱས་པས་དེ་ལྟ་བུས་ནི་ཐམས་ཅད་བཟླས་པར་འགྱུར་རོ། །དེ་ནི་བསྙེན་པའི་སྔགས་ཏེ་འབུམ་ཕྲག་བདུན་བཟླས་པའམ། ཡང་ན་འབུམ་ཕྲག་གསུམ་བཟླས་པས་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ནས་སྨྱོ་ཞིང་གསད་པའི་ལས་བྱེད་ན་གྲོག་མཁར་གཉིས་ཀྱི་ས་དང་། ཆུ་འགྲམ་གཉིས་ཀྱི་ས་དང་། དུར་ཁྲོད་ཀྱི་ཐལ་བ་དྲོན་མོ་དང་། དུར་ཁྲོད་ཀྱི་སོལ་བ་དང་རྫས་དེ་དག་ཀུན་ཞིབ་ཏུ་བཏགས་ལ་བསྲེས་ནས། བོང་ལོང་གི་གཅིན་གྱིས་སྦྲུས་ཏེ་གཟུགས་བརྙན་བྱའོ། །ལྡུམ་བུ་མེད་ན་ལང་ཐང་ཙེའི་འབྲུ་དང་། དུག་དང་། སྐེ་ཚེ་དང་། ལན་ཚྭ་ཁྲག་དང་སྦྱར་བས་མི་དེའི་བླ་གཟུགས་གྲོ་ག་ལ་བྲིས་ལ་སྙིང་གར་མིང་རུས་བྲིས་ནས། འདི་སྐད་དུ། ཧཱུྃ་ཆེ་གེ་མོ་མཱ་ར་ཡ་ཕཊ། ཨུ་མ་དེ་ན་ཀུ་རུ་ཧཱུྃ་ཕཊ། ཞེས་བྲིས་ལ་བླ་རྡོ་དང་སྦྲགས་ལ་གཟུགས་བརྙན་གྱི་ནང་དུ་བཅུག །གཞན་ཡང་གོང་གི་རྫས་དང་ཚ་བ་གསུམ་མུ་ཟི་ནག་པོ་དང་བསྲེས་ཏེ་ཞིབ་ཏུ་བཏགས་ལ། བོང་བུའི་གཅིན་དང་སྦྱར་ཏེ་གཟུགས་བརྙན་ལ་ཀུན་བརྟེན་དུ་བསྐུའོ། །དེ་ནས་གཅན་གཟན་གྱི་ཐོད་པའི་ཁ་ནང་དུ་བཅུག་ལ་མཎྜལ་གྱི་དབུས་སུ་བཞག་གོ །དེ་ནས་གང་ལ་ལས་བྱ་བ་དེ་བཀུག་ལ་གཟུགས་བརྙན་ལ་བསྟིམ་ཞིང་དེ་མིན་ན་ཁོ་རང་གི་བསམ་པ་དེ་ལ་ལས་བྱའོ། །རྒྱ་གར་ན་ཆད་པས་མི་གསོད་པ་གསལ་ཤིང་རྩེ་གཅིག་ལ་བྱེད་པ་སྟེ། འདིར་ལྕགས་ལ་གསལ་ཤིང་རྩེ་གཅིག་པ་བརྡུངས་པ་རྐུབ་ནས་ཁར་ཕྱུང་ལ་གཟུག་གོ །དེ་ནས་སྔགས་འབུམ་ཕྲག་གསུམ་བཟླས་ན་བརླག་པར་འགྱུར་རོ། །དེའི་དུས་སུ་བསམ་པར་བྱ་བ་ནི་བསྒྲུབ་བྱ་དེའི་སྙིང་གི་དབུས་སུ་ཀཾ་ལས་བྱུང་བའི་སྡིག་པ་ནག་པོ་མི་སྡུག་པ་ཞིག་གིས་སྙིང་གའི་མར་མེའི་དབུས་སུ་ཞུགས་པས་སྙིང་ཁྲག་འཐུང་ཞིང་ཟ་བར་བསམ་མོ། །གཞན་ཡང་བདག་དཔལ་ལྡན་ལྷ་མོར་གསལ་བའི་ཐུགས་ཀའི་མར་མེའི་ནང་དུ་ཧཱུྃ་གི་འོད་ཟེར་ལས། ཛཿདམར་པོ་སྦྲེལ་མ་ཕྱོགས་བཅུར་འཕྲོས་འདུས་པ་ལས། ལྕགས་ཀྱི་སྤྱང་མོ་རལ་པ་ཅན་དུ་བསྒོམ་མོ། །དེས་བསྒྲུབ་བྱའི་སྙིང་རྩ་དབུ་མའི་ཁྲག་འཐུང་བར་བསམ་ཞིང་བཟླ། ཨོཾ་ཧཱུྃ་ཤྲཱི་ཡ་དེ་བཱི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། མ་མ་ཤ་ཏྲཱུཾ་ཨ་མུ་ཀ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། བརྒྱ་རྩ་བརྒྱད་འཁོར་ཏེ་བཟླས་ནས། རྫས་ནི་ཀ་ན་ཀའི་རྩ་བ་དང་། མུ་ཟི་ནག་པོ་དང་། དབང་པོ་ལག་པ་དང་། བྱེ་རུག་པ་དང་། སྐྱི་བ་དམར་པོ་དང་། དུར་ཁྲོད་ཀྱི་སོལ་བ་དང་། ལན་ཚྭ་བསྲེས་པའི་ཕྱེ་མ་རྣམས་ཞིབ་ཏུ་བཏགས་པའི་སྦྱོར་བ་བྱས་ལ། སྔགས་གཟུགས་བརྙན་ལ་གདབ། ཕུར་བུ་རྡོ་རྗེ་དྲག་པོ་སྙིང་གར་གདབ། དེ་ནས་གཟུགས་བརྙན་མཚོན་རྣོན་པོས་གཏུབས་ལ། སྨྱོ་ཤིང་གི་འབྲས་བུ་ཡོད་ན་རབ། མེད་ན་ལང་ཐང་ཙེའི་འབྲས་བུ་བརྒྱ་རྩ་བརྒྱད་བླངས་ལ། རྩ་མ་མོའི་ནང་དུ་གདབ་ནས་གཟུགས་བརྙན་གྱི་ཕྱེ་མ་དང་བསྲེས་ཏེ་དཔལ་ལྷ་མོའི་སྦྱོར་བས་སྐྲ་བཤིག་ཅིང་ལུས་གཅེར་བུར་བྱས་ནས་ཁ་ལྷོ་ཕྱོགས་སུ་བལྟས་ནས། ཚེར་མ་ལ་སྦྱིན་སྲེག་བྱའོ། །དེའི་སྔགས་ལ། ཨོཾ་ཧཱུྃ་ཤྲཱི་ཡ་དེ་བཱི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ་མ་མ་ཤ་ཏྲཱུཾ་ཨ་མུ་ཀ་མཱ་ར་ཡ་ཨུནྨཱ་ད་ཀུ་རུ་ཧཱུྃ་ཕཊ། བརྒྱ་རྩ་བརྒྱད་བཟླས་ཏེ་རྫས་དང་བསྟུན་ཞིང་བརྒྱ་དང་བརྒྱད་དུ་བཟླས་པར་བྱའོ། །དེ་ལྟར་བྱས་ན་སྨྱོ་ནས་འཆི་བར་འགྱུར་རོ། །ཡམ་ཤིང་གི་ཐལ་བ་དེ་ཉིད་བླངས་ཏེ་སྤྱི་གཙུག་ཏུ་བཏབ་ན་ལོ་ཉི་ཤུ་རྩ་གཅིག་ཏུ་སྨྱོ་ནས་འཆི་བར་འགྱུར་རོ། །གཞན་ཡང་བདག་གི་རྨིས་ལྟས་སུ། །མ་མོ་ནག་མོ་ཁྲོས་པ་ཡིས། །གང་ཞིག་འཆིང་ཞིང་བཅིངས་གྱུར་ན། །ལྷ་མོ་ནག་མོ་དེར་ཤེས་བྱ། །བསྒྲུབ་བྱ་ཉི་མ་བདུན་ན་འཆི། །ཤི་སྟེ་གཤིན་རྗེའི་ཡུལ་དུ་འགྲོ། །པུཥྤ་ཧ་རིར་ནཱ་རོ་པས། །བོད་ཀྱི་བན་ཆུང་བདག་ལ་གནང་། །བྷ་ག་རྡོ་རྗེའི་ཤོག་དྲིལ་ས་མ་ཡཱ་ཏི་གུ་ཧྱ། །ྀཨཚ།། །། ༄། ལྷ་མོ་དུད་སོལ་མའི་སྐོང་གསོལ་བཞུགས་སོ། །གུ་རུ་བཛྲ་སཏྭ་ལ་ན་མོཿ དཔལ་ལྡན་ལྷ་མོ་དུད་སོལ་མ་ལ་ཕྱག་འཚལ་ལོ། །ལྷ་མོའི་སྐོང་གསོལ་གཏང་བར་འདོད་པའི་རྣལ་འབྱོར་པས། ལྷ་མོའི་གཏོར་ཆོག་ལས་བྱང་ནས་འབྱུང་བ་བཞིན་དུ། གཏོར་མ་བཤམ་པ་དང་བྱིན་གྱིས་བརླབ་པ་གཞུང་ནས་བཤད་པ་བཞིན་དུ་བྱའོ། །དེ་ནས་སྙན་པའི་དབྱངས་ཀྱིས་འདི་སྐད་དོ། །ཧཱུྃ། བདག་ནི་རིག་འཛིན་སྒྲུབ་པ་པོ། །བདག་ནི་རྣལ་འབྱོར་དམ་ཚིག་ཅན། །དམ་ལ་གནས་ཤིང་ལྷ་ལ་འཕྲེང་། ཁྱོད་ནི་ནག་མོ་མཐུ་རྩལ་ཅན། །སྔོན་ཚེ་དཔག་བསམ་ཤིང་གི་དྲུང་། །རྒྱལ་བ་ཤཱཀ་ཐུབ་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཞལ་བཞེས་པའི། ཁྱོད་ཀྱི་དམ་ཚིག་གཉན་པོ་དེ། །ད་ལྟ་རྣལ་འབྱོར་རྗེས་བསྐུལ་ཏེ། །སྒྲུབ་ཅིང་བསྐུལ་ཏེ་གཤེགས་སུ་གསོལ། །མ་ཧཱ་ཀཱ་ལི་གཤེགས་སུ་གསོལ། །ནག་མོ་ཆེན་མོ་གནས་འདིར་བྱོན། །ནག་མོ་འབུམ་སྡེ་གནས་འདིར་བྱོན། །བོས་སོ་ལྷ་མོ་སྙན་མ་སྲ། །གཡབ་བོ་ནག་མོ་སྤྱན་མ་བརྟུལ། །བསྟེན་ནོ་སྲུང་མ་རྒྱང་མ་རིང་། །སྒྲུབ་བོ་ནག་མོ་གོང་མ་གཡེལ། །རྦད་དོ་ཆོས་སྐྱོང་མཐུ་མ་ཆུང་། །དོ་ནུབ་དམ་ཚིག་གནས་འདིར་བྱོན། །དོ་ནུབ་ཆད་ལྟར་ཐོ་ལ་བྱོན། །མ་ལྟར་བསྟེན་ནོ་བྱམས་པར་གྱིས། །རྗེ་ལྟར་མཆོད་དོ་དབང་མ་ཆེ། །བྲན་ལྟར་བསྐུལ་ལོ་རྒྱུད་མ་ངན། །དམ་ཚིག་གཉན་པོ་མ་གཡེལ་ཅིག །དཔལ་ལྡན་ལྷ་མོ་འཁོར་བཅས་ལ། །རིག་འཛིན་རྣལ་འབྱོར་བདག་ཅག་གིས། །དགའ་དང་གུས་པས་ཕྱག་འཚལ་ལོ། །མོས་པའི་དུང་བས་མཆོད་པ་འབུལ། །ཧཱུྃ་བྷྱོ། ཏི་ལས་སྐྱེས་པའི་བོང་བུ་ནི། །ཞིང་ཆེན་རུས་པའི་ཐོ་རུ་བྱས། །སྲིན་པོའི་ཡ་མགལ་སྔ་རུ་ལ། །མ་མགལ་དག་གིས་ཕྱི་རུ་བྱས། །ཞིང་ཆེན་སྒ་སྟན་ཞིང་ཆུང་གི །གོང་སྨེད་སྦྲུལ་ནག་ཆུན་པོས་བྱས། །རུ་དྲའི་ཕྲུ་གུའི་སྒ་གཡོགས་བྱས། །དེ་སྟེང་ལྷ་མོ་དུད་སོལ་མ། །ཞལ་གཅིག་ཕྱག་བཞི་སྤྱན་གསུམ་ཁྲོས། །གཡས་པ་རལ་གྲི་བྷནྡྷ་བསྣམས། །གཡོན་གཉིས་ཤཀ་ཏི་ཏྲི་ཤཱུལ་བསྣམས། །ཞབས་གཉིས་བཙན་སྐྱིལ་བརྐྱང་བསྐུམ་བཞུགས། །རལ་པའི་ཐོར་ཚུགས་གཡོན་དུ་འཁྱིལ། །བོང་བུའི་སྟེང་ནས་ཕྱོགས་བཅུར་གཟིགས། །བསྟན་སྲུང་བཀའ་ཡི་བྱ་ར་མཛད། །དམ་ཚིག་ཅན་ལ་ཕྱག་འཚལ་ལོ། །ཀཾ་ཀ་ལི་ཡི་ཐུགས་དམ་བསྐང་། །ཡོན་ཆབ་མེ་ཏོག་བདུག་སྤོས་མར་མེ་དང་། །དྲི་མཆོག་ཞལ་ཟས་སྒྲ་སྙན་རོལ་མོའི་ཚོགས། །ནག་མོ་འཁོར་དང་བཅས་ལ་འབུལ། ཁྱད་པར་མཐུན་པའི་དམ་རྫས་ནི། །དཔལ་གྱི་གཏོར་མ་ཟུར་གསུམ་ལ། །ཙིཏྟ་སྙིང་གི་རྒྱལ་མཚན་བཙུགས། །གསེར་སྐྱེམས་བདུད་རྩིས་བྲན་པ་འདིས། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། །བདུད་རྩི་སྨན་གྱིས་ཐུགས་དམ་བསྐང་། །དམར་ཆེན་ཨརྒྷས་ཐུགས་དམ་བསྐང་། །བྷ་ལིཾ་གཏོར་མས་ཐུགས་དམ་བསྐང་། །འདོད་ཡོན་ལྔ་ཡིས་ཐུགས་དམ་བསྐང་། །ཚོགས་ཀྱི་འཁོར་ལོས་ཐུགས་དམ་བསྐང་། །རྔ་གླིང་དབྱངས་སྙན་རོལ་མོའི་སྒྲས། །དཔལ་གྱི་ལྷ་མོའི་ཐུགས་དམ་བསྐང་། །སྤྲུལ་པའི་ལྷ་མོའི་ཐུགས་དམ་བསྐང་། །ལས་ཀྱི་ལྷ་མོའི་ཐུགས་དམ་བསྐང་། །མ་གཅིག་དཔལ་ལྡན་དུད་སོལ་ནི། །འཁོར་དུ་ནག་མོ་འབུམ་སྡེས་བསྐོར། །གཙོ་འཁོར་མ་ལུས་ཐུགས་དམ་བསྐང་། །ཚོགས་དང་གཏོར་མས་ཐུགས་དམ་བསྐང་། །གཙོ་མོ་ཆེན་མོ་དུད་སོལ་མ། ཁྱེད་ཀྱི་གཡས་ན་སྤྲུལ་པའི་ལས་མཁན་ནི། །དམར་མོ་སྤྱན་གསུམ་ལྕགས་ཀྱི་རལ་པ་ཅན། །ཕྱག་གཡས་ལྕགས་ཀྱུས་དགྲ་བོའི་སྙིང་ནས་འགུགས། །དམ་ཉམས་འཆིང་བྱེད་ཞགས་པ་གཡོན་ན་ཐོགས། །སྟོང་གསུམ་རྒྱུ་ཕྱིར་ཆིབས་སུ་བོང་བུ་འཆིབས། །དྲག་མོ་འགུགས་བྱེད་གསུམ་གྱི་ཐུགས་དམ་བསྐང་། ཁྱེད་ཀྱི་གཡོན་ནས་སྤྲུལ་པའི་ལས་མཁན་ནི། །ནག་མོ་སྤྱན་གསུམ་ཁྲག་གི་རལ་པ་ཅན། །མ་རུངས་གསོད་བྱེད་ཕྱག་གཡས་རལ་གྲི་འཛིན། །གཙོ་ལ་སྟོབ་ཕྱིར་ཙིཏྟ་གཡོན་ན་ཐོགས། །དུར་ཁྲོད་ཆས་བརྒྱད་ཆིབས་སུ་བོང་བུ་འཆིབས། །དགྲ་བགེགས་གསོད་བྱེད་གསུམ་གྱི་ཐུགས་དམ་བསྐང་། ཁྱེད་ཀྱི་མདུན་ནས་སྤྲུལ་པའི་ལས་མཁན་ནི། །གཅེར་བུ་སྤྱན་གསུམ་དུང་གི་མཆེ་བ་ཅན། །གསོད་བྱེད་སུན་འབྱིན་ཕྱག་གཡས་དགྲ་སྙིང་ཐོགས། །གདུག་པ་སྐྲག་མཛད་གཡོན་ན་ཐོད་ཁྲག་འཛིན། །མཁའ་ལ་རྒྱུ་ཕྱིར་རླུང་གི་བོང་བུ་འཆིབས། །དམར་མོ་ཙ་མུན་ཏི་ཡི་ཐུགས་དམ་བསྐང་། ཁྱེད་ཀྱི་རྒྱབ་ནས་སྤྲུལ་པའི་ལས་མཁན་ནི། །དམར་ནག་ཕུར་པའི་ལྷ་མོ་རེ་མ་ཏི། །སྤྱན་གསུམ་མཆེ་གཙིགས་གཏུམ་དྲག་དྲེའུ་ཞོན། །ཕྱག་གཡས་རལ་གྲིས་དམ་ཉམས་སྲོག་རྩ་གཅོད། །གཡོན་པ་ལྕགས་ཕུར་དགྲ་བོའི་སྙིང་ལ་འདེབས། །ནག་མོ་ཐུན་ཁྲག་འདེབས་ཀྱི་ཐུགས་དམ་བསྐང་། །ཐུགས་ལས་སྤྲུལ་པའི་མཁའ་འགྲོ་ཕོ་ཉ་ནི། །སྐུ་མདོག་དཀར་སེར་དམར་ལྗང་བོང་བུ་འཆིབས།། ཕྱག་གཡས་གྲི་གུག་གཡོན་པ་ཐོད་ཁྲག་འཛིན། །ཕྲིན་ལས་སྒྲུབ་མཛད་བཞི་ཡི་ཐུགས་དམ་བསྐང་། ཁྲག་འཐུང་ནག་མོའི་སྤྱན་སྔར་ཁས་བླངས་པའི། །ཤར་ནས་དཀར་མོ་ཞལ་གཅིག་སེང་གེའི་གདོང་། །ལྷོ་ནས་དམར་ནག་ཞལ་གཅིག་སྟག་གི་གདོང་། །ནུབ་ནས་སྔོ་ནག་ཞལ་གཅིག་སྤྱང་ཀིའི་གདོང་། །བྱང་ནས་མཐིང་ནག་ཞལ་གཅིག་ཕག་གི་གདོང་། ཁྱེད་རྣམས་རྒྱན་དང་ཆ་ལུགས་གཅིག་པ་སྟེ། །དུར་ཁྲོད་ཆས་བརྒྱན་དྲེལ་ནག་རྐང་གསུམ་འཆིབས། །ཕྱག་གཡས་གྲི་གུག་གཡོན་པ་ཐོད་ཁྲག་འཛིན། །དགྲ་བགེགས་འཇོམས་ཤིང་ཤ་དང་ཁྲག་ལ་རྔམས། །དགྲ་ཤ་ཟ་ཞིང་འབྱུང་པོའི་ཤ་ལ་རོལ། །ཕྱོགས་བཞི་ལྷ་མོའི་ཐུགས་དམ་བསྐང་། །བྱང་ཤར་མཚམས་ནས་སྨུག་ནག་བྱ་རྒོད་གདོང་། །ཤར་ལྷོ་མཚམས་ནས་མུན་མདོག་ལྕུང་ཀའི་གདོང་། །ལྷོ་ནུབ་མཚམས་ནས་ཁྲག་མདོག་དུར་བྱའི་གདོང་། །ནུབ་བྱང་མཚམས་ནས་དུད་མདོག་བྱ་རོག་གདོང་། །སྐུ་མདོག་སོ་སོར་ཆ་ལུགས་གཅིག་པ་སྟེ། །དུར་ཁྲོད་ཆས་བརྒྱན་ཆིབས་སུ་དྲེལ་ནག་འཆིབས། །མཆོང་ཞིང་རོལ་པས་དམ་ཉམས་སྲོག་དང་འབྲལ། །དགོད་ཅིང་འཇོམས་དང་ལྡིང་ཞིང་རོལ་ལ་སོགས། །མཚམས་བཞི་ལྷ་མོའི་ཐུགས་དམ་བསྐང་། །ཕྱོགས་བཞི་མཚམས་ན་བཞུགས་པ་ཡི། །ཕྲ་མེན་བརྒྱད་ཀྱི་ཐུགས་དམ་བསྐང་། །ལས་མཁན་ཕོ་ཉ་ནག་མོ་ཀང་ཀའི་གདོང་། །ཀུན་ཀྱང་མདའ་གཞུ་སྤུ་གྲི་བྷནྡྷ་དང་། །སྦྲུལ་ཞགས་རྒྱུ་ཞགས་ནད་ཀྱི་རྐྱལ་པ་བསྣམས། །མ་རུངས་གསོད་བྱེད་ཁྱེད་ཀྱི་ཐུགས་དམ་བསྐང་། །དམ་ཉམས་འདུལ་བྱེད་ཁྱོད་ཀྱི་ཐུགས་དམ་བསྐང་། །དགྲ་བགེགས་སྒྲོལ་བྱེད་ཁྱེད་ཀྱི་ཐུགས་དམ་བསྐང་། །གཞན་ཡང་ལས་བྱེད་མ་མོ་འབུམ་སྡེ་དང་། །མ་མོ་མཁའ་འགྲོ་བདུད་མོ་བྱེ་བའི་ཚོགས། །ནག་མོ་གཅེར་བུ་འཇིགས་ཤིང་སྐྲ་གཤལ་མ། །ཞལ་གཅིག་ཕྱག་གཉིས་གྲི་དང་ཐོད་པ་འཛིན། །སྟོང་གསུམ་མ་ལུས་སྤྲིན་གྱི་ཚོགས་ལྟར་གཏིབས། །སྲིད་གསུམ་གཡོ་མཛད་ཁྱོད་ཀྱི་ཐུགས་དམ་བསྐང་། །ཚོགས་དང་གཏོར་མས་ཐུགས་དམ་བསྐང་། །བདུད་རྩི་སྨན་གྱིས་ཐུགས་དམ་བསྐང་། །དམར་ཆེན་ཨརྒྷཾ་ཐུགས་དམ་བསྐང་། །དམར་ཆེན་གཏོར་མས་ཐུགས་དམ་བསྐང་། །མཆོད་པ་རྣམ་ལྔས་ཐུགས་དམ་བསྐང་། །འདོད་ཡོན་ལྔ་ཡིས་ཐུགས་དམ་བསྐང་། །རྔ་གཤང་རོལ་མོས་ཐུགས་དམ་བསྐང་། །དབྱངས་སྙན་བསྟོད་པས་ཐུགས་དམ་བསྐང་། །དཔལ་ལྡན་ལྷ་མོའི་ཐུགས་དམ་བསྐང་། །སྲིད་གསུམ་ལྷ་མོའི་ཐུགས་དམ་བསྐང་། །འགུགས་གསོད་ཐུན་ཁྲག་འབེབ་པ་དང་། །གཅེར་བུ་སྤྱན་གསུམ་ཁྱེད་རྣམས་ཐུགས་དམ་བསྐང་། །རིགས་བཞི་ལྷ་མོའི་ཐུགས་དམ་བསྐང་། །ཕྲ་མེན་བརྒྱད་ཀྱི་ཐུགས་དམ་བསྐང་། །ཀང་ཀ་མ་བཞིའི་ཐུགས་དམ་བསྐང་། །ནག་མོ་འབུམ་སྡེའི་ཐུགས་དམ་བསྐང་། །མ་མོ་མཁའ་འགྲོའི་ཐུགས་དམ་བསྐང་། །བདུད་མོ་བྱེ་བའི་ཐུགས་དམ་བསྐང་། ཁྱོད་ཀྱི་སྤྲུལ་པས་སྟོང་གསུམ་ཁྱབ། །སྲིད་གསུམ་ལྷ་མོའི་ཐུགས་དམ་བསྐང་། །གཙོ་འཁོར་མ་ལུས་ཐུགས་དམ་བསྐང་། །སྲིད་གསུམ་དག་ན་ཁྱོད་འདྲའི་མགོན་མེད་པ། །མ་བས་བྱམས་ཤིང་སྲིང་བས་བརྩེ། །མ་སྲིང་ཐུགས་དམ་གཉན་པོ་བསྐང་། །དོ་ནུབ་མཉེས་པའི་ཚོགས་མཆོད་འབུལ། །དོ་ནུབ་མཉེས་པའི་གཏང་རག་གཏོང་། །དོ་ནུབ་ཕྱི་མའི་ཞུ་བ་འབུལ། །དོ་ནུབ་ཁྱེད་རྣམས་དགོངས་སུ་གསོལ། །སྔོན་ཚེ་སངས་རྒྱས་སྤྱན་སྔ་རུ། ཁས་བླངས་དམ་བཅས་མ་གཡེལ་ཅིག །གསོལ་ལོ་མཆོད་དོ་དུད་སོལ་མ། །རིག་འཛིན་རྣལ་འབྱོར་བདག་ཅག་དང་། །བཀའ་སྲུང་ལྷ་མོ་དུད་སོལ་གཉིས། །བསྐལ་པ་ཞིག་ཀྱང་མི་འབྲལ་ལོ། །བླ་མའི་སྐུ་ལ་བསྡོ་བ་དང་། །སངས་རྒྱས་བསྟན་ལ་གནོད་པ་དང་། །བདག་ལ་སྡང་བའི་དགྲ་བྱུང་ན། །ཞག་གསུམ་ཁོང་དུ་དགྲ་རྩད་ཆོད། །དུས་ལས་མ་འདའ་ས་མ་ཡ། །དོ་ནུབ་ལྷ་ལ་སེམས་མཁོན་སྦྱོང་། །རྩ་བའི་སློབ་དཔོན་མ་བཀུར་དང་། །རྡོ་རྗེ་སྤུན་ལ་མཁོན་བཙུགས་དང་། །རྩ་བའི་དམ་ཚིག་མ་ཐུབ་དང་། །དམ་རྫས་གཉན་པོ་མ་ཚང་དང་། །གཏོར་མ་དུས་སུ་མ་ཐོངས་དང་། །སྐུ་གསུང་ཐུགས་ལས་འགལ་བ་རྣམས། །དོ་ནུབ་ཉམས་ཆག་མ་ལུས་བསྐང་། །བདག་གིས་ཚོར་བར་མ་ཉམས་ཀྱང་། །འཁྲུལ་པའི་དབང་གིས་ཉམས་སྲིད་པས། །དམ་ཅན་ཐུགས་དམ་འགལ་སྲིད་པས། །ཉེས་པ་མཆིས་ན་ལྷ་ལ་མཐོལ། །ཕྱིན་ཆད་ཉམས་པ་མི་བགྱིད་དོ། །རྣལ་འབྱོར་དམ་ཚིག་ཉམས་པ་བསྐང་། །ཉམས་ཆག་ཐམས་ཅད་ད་བསྐང་ངོ་། །བསྐང་ངོ་བཤགས་སོ་ཐུགས་དམ་ཅན། །ཧཱུྃ། འགྲོ་བའི་དོན་དུ་སྐུ་མདོག་འཇིགས་པ་ལ། །མ་ལུས་ཁྱབ་པར་གསལ་བར་མཛད་པ་ཡིས། །ང་རྒྱལ་དྲེགས་པ་ཅན་རྣམས་འཇོམས་མཛད་པའི། །ཡོན་ཏན་རྫོགས་པའི་སྐུ་ལ་ཕྱག་འཚལ་བསྟོད། །ཧཱུྃ། འདའ་ཀ་རྡོ་རྗེའི་དམ་ཚིག་གཏན་གཉེར་མཛོད། །བསྲུང་བར་དམ་བཅས་སྐུ་ཡི་དམ་ཚིག་རྣམས། །སྐུ་ཡི་སྤྱོད་པ་ཚུལ་བཞིན་མ་རྟོགས་ཏེ། ཁམས་གསུམ་ཁྱབ་པའི་སྐུ་ལ་བཟོད་པར་གསོལ། །ཧཱུྃ། རྣལ་འབྱོར་བདག་ཅག་འདིར་འདུས་རྣམས། །སྤྱི་དང་ཁྱད་པར་དམ་ཚིག་མི་གཏོང་ཡང་། །ཀློང་དུ་གྱུར་པའི་གོམས་ཤས་རྩལ་ཆུང་བ། །མ་གཅིག་ལྷ་མོའི་སྐུ་ལ་བཟོད་པར་གསོལ། །ཧཱུྃ། ཐུགས་རྗེས་ངེས་པར་གཟིགས་པའི་ལྷ་མོ་ལ། །དམ་རྫས་མཆོད་པ་ཚང་བར་མ་བཤམས་ཏེ། །ཕོངས་པའི་དབང་གིས་མཆོད་པའི་རྒྱུ་ཆུང་བས། །མ་འབྱོར་པ་རྣམས་སྐུ་ལ་བཟོད་པར་གསོལ། །ཧཱུྃ། མ་གཅིག་སྐུ་མདོག་ཕྱག་མཚན་ཕྱག་རྒྱ་ལ། །དོན་དང་མཐུན་པར་ཚུལ་བཞིན་མ་བྲིས་ཏེ། །འཕགས་པའི་ཐུགས་རྗེས་གཡེལ་བར་གྱུར་པ་རྣམས། །བདུད་ལས་རྒྱལ་བའི་སྐུ་ལ་བཟོད་པར་གསོལ། །ཧཱུྃ། བུ་ཡི་ཚུལ་གྱིས་རྒྱུ་ཡི་དམ་ཚིག་ལ། །ལེ་ལོ་གཉིད་དང་གཡེང་བྲེལ་གཏམ་ལ་སོགས། །ཐུགས་དང་འགལ་བར་གྱུར་པ་ཅི་མཆིས་པ། །ཐུགས་རྗེ་ཆེ་བའི་སྐུ་ལ་བཟོད་པར་གསོལ། །ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་། ཧཱུྃ། ཁྱོད་ལ་དངོས་གྲུབ་ཞུ་བ་ནི། །རྒྱལ་པོ་ཀླུ་བདུད་ལ་སོགས་པའི། །གདོན་གྱི་རིགས་རྣམས་ཞི་བར་མཛོད། །རླུང་མཁྲིས་བད་ཀན་ལ་སོགས་པའི། །ནད་ཀྱི་རིགས་རྣམས་ཞི་བར་མཛོད། །འཇིག་རྟེན་ལས་འདས་དངོས་གྲུབ་ནི། །ཚེ་དབང་རྒྱས་དང་ལོངས་སྤྱོད་འཕེལ། །ཟང་ཟིང་ནོར་དང་འབྲུ་ཡི་ཕུང་པོ་དང་། །རིན་ཆེན་རྐང་འགྲོའི་ཕྱུགས་རྣམས་འཕེལ་བར་མཛོད། །དཔལ་དང་གྲགས་དང་ལྡན་པ་ཡི། །ལོངས་སྤྱོད་དམ་པ་བསྩལ་དུ་གསོལ། །མ་གཅིག་ཕྲིན་ལས་བཅོལ་བ་ནི། །ནད་གཏོང་མ་མོ་འཁོར་བཅས་རྣམས། །དམར་ཆེན་གཏོར་མ་འདི་གསོལ་ལ། །རིམས་ཁ་ཆོད་ལ་དལ་ཁ་སྒྱུར། །མ་མོའི་དལ་ཡམས་དགྲ་ལ་སྒྱུར། །གློ་བུར་ཡེ་འདྲོག་དགྲ་ལ་སྒྱུར། །རྡོ་རྗེ་སློབ་དཔོན་མཆེད་ལྕམ་དང་། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །རྐྱེན་ངན་ཟློག་ལ་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་ཞུ། །ཨོཾ་ཧཱུྃ་ཤྲཱི་ཡ་དེ་བཱི་ཀཱ་ལི་མ་ཧཱ་ཀཱ་ལི། ནད་གདོན་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། དཔལ་ལྷ་མོའི་སྐོང་གསོ་རྫོགས་སོ།། །། ༄༅། །གནོད་སྦྱིན་ཁོལ་པོ་དར་ཐོད་ཅན་གྱི་སྒྲུབ་ཐབས་བཞུགས་སོ།། ༼༡༥༽ གནོད་སྦྱིན་དར་ཐོད་ཅན་གྱི་སྒྲུབ་ཐབས་ནི། ཨུ་པཱ་ཡ་ཞེས་ཀྱང་བྱའོ། །ཤིང་གཅིག་གི་དྲུང་དུ་སྤྱིལ་པོ་ཕུབ་ལ། རང་བདག་མེད་མའི་སྒྲུབ་ཐབས་བཞིན་བསྒོམས་ལ། ཧྲཱིཿནག་པོ་ལས་ལྷ་མོར་བསྐྱེད་པར་བྱ། རང་གི་མདུན་དུ་ཤ་གསར་པའི་གཏོར་མ་བཤམ། མདུན་དུ་ཤ་ཆེན་གྱི་དུད་པ་གཏང་། གཏོར་མ་རྗེ་བཙུན་མ་ལ་གཏང་། ཁོ་ལ་མི་གཏང་། ཐུན་བཞིར་བྱེད་ན་གཏོར་མ་བཞི་བཤམ། གཏོར་མ་སྒྲུབ་སྔགས་ཀྱིས་དབུལ། དེ་ཡང་བསྙེན་སྔགས་ལ་རྟགས་མ་བྱུང་གི་བར་དུ་བརྗོད། རྟགས་ནི་ལུས་ཚ་ཆིལ་འོང་། བུ་ཡུག་ཆེན་པོ་འོང་། རབ་ནི་བྱིས་པ་དར་ཐོད་ཅན་འོང་། ཡང་ན་དངོས་སུ་འོང་། སྔགས་འོག་མ་སྒྲུབ་སྔགས་ལ་བརྗོད། གོང་མ་བསྙེན་སྔགས་ཡིན། གཏོར་མ་ཡང་དེས་སྦྱིན་ནོ། །དེ་ལ་བསྙེན་པ་བྱ་བར་འདོད་ན། ཨོཾ་སིདྡྷི་ཨོཾ་བཛྲ་བྷ་རཱ་ཧི་པྲ་མ་རཱ་ཙ་ར་ཏ་ཀརྨ་ཤ་ཡ་ཧྲིཾ་ཛ། ཞེས་བསྙེན་སྔགས་སོ། །རྟགས་མ་བྱུང་གི་བར་དུ་བཟླས་པ་བྱ། མི་གཙང་བ་ལ་གཟབ། ཨོཾ་བཛྲ་ཛི་ཛི་པྲ་མ་རཱ་ཙ་ཀ་ར་ཏི་མེ་པྲ་ཡཙྪ། ཞེས་བརྗོད་དོ། །དོན་མ་གྲུབ་ཀྱི་བར་དུ་བཟླའོ། །རྗེ་བཙུན་མའི་སྒྲུབ་པའོ། །དང་པོ་ཟས། དེ་ནས་ལོངས་སྤྱོད། དེ་ནས་གྲུབ་ཆེན་བརྒྱད། དེ་ནས་མཁའ་ལ་སྤྱོད་པའོ། །ཡང་ལས་བྱེད་དུ་མ་འདོད་ན་བསྙེན་སྔགས་དཀྲུགས་ལ་བྱའོ། །ཡང་ན་བསྙེན་པ་བསྐྱར་རོ། །དམངས་ཕྲིན་ལས་མཐུན་སྦྱོར་གྱི་མན་ངག་བདེ་མཆོག་དང་བདག་མེད་མ་སྦྱོར། བདག་མེད་མ་དང་གནོད་སྦྱིན་ཨུ་པཱ་ཡ་སྦྱོར། དེས་ཕྲིན་ལས་མ་ལུས་པ་འགྲུབ་བོ། །པུཥྤ་ཧ་རིའི་ནཱ་རོ་པ་ལས་རྙེད། ཤིན་ཏུ་གསང་ངོ་། །ྀཨཚ། ས་མ་ཡ། ༈ དེ་ལྟར་མངའ་བདག་མར་པ་ལོ་ཙཱ་བ་ཆེན་པོས་བླ་མ་གསུམ་ལས་གསན་པའི་གདམས་ངག་མཐའ་དག་གི་སྙིང་བཅུད་སྲས་མཁར་མར་གྲགས་པ་འདི་ལ་གཉིས། ལོ་རྒྱུས་དང་། གདམས་པ་དངོས་སོ། །དང་པོ་ལོ་རྒྱུས་ནི། གཏེར་བྱུང་ཆོས་དབང་རིན་པོ་ཆེས་མཛད་པ་དང་། ལོ་རྒྱུས་དཀར་ཆག་དང་བཅས་པ་རྗེ་མར་པ་ལོ་ཙཱ་བས་མཛད་པའོ། །གཉིས་པ་གདམས་པ་དངོས་ལ་གསུམ། སྨིན་བྱེད་དབང་། གྲོལ་བྱེད་ལམ། བཀའ་སྲུང་ཆོས་སྐྱོང་གི་སྐོར་རོ། །དང་པོ་སྨིན་དབང་ནི། དབང་ཆེན་རྡོ་རྗེ་འཆང་གི་ཤོག་དྲིལ་ལོ། །གཉིས་པ་གྲོལ་བྱེད་ལ་གསུམ། ལྟ་བ། བསྐྱེད་རིམ། རྫོགས་རིམ་མོ། །དང་པོ་ལྟ་བ་ནི། ལྟ་བ་ནམ་མཁའི་རྡོ་རྗེའི་ཤོག་དྲིལ་ལོ། །གཉིས་པ་སྐྱེད་རིམ་ལ། དཔལ་འཁོར་ལོ་བདེ་མཆོག་གི་སྒྲུབ་ཐབས་འཇིགས་བྱེད་རྡོ་རྗེའི་ཤོག་དྲིལ་རྒྱ་གཞུང་། དེའི་ལྷན་ཐབས། དཔལ་དགྱེས་པ་རྡོ་རྗེ་དཔའ་བོ་གཅིག་པའི་སྒྲུབ་ཐབས་མི་བསྐྱོད་རྡོ་རྗེའི་ཤོག་དྲིལ་རྒྱ་གཞུང་སློབ་དཔོན་མཚོ་སྐྱེས་ཀྱིས་མཛད་པ། དེའི་སྒྲུབ་ཐབས་བསྡུས་པ། དཔལ་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་སེར་སྣ་རྡོ་རྗེའི་ཤོག་དྲིལ། དེ་དང་རྗེས་སུ་འབྲེལ་བའི་དུས་སྦྱོར་ཐུན་ཚོད་བརྩི་བ་དང་ལས་བཞིའི་སྦྱིན་སྲེག །ཞར་བྱུང་ལས་ཁ་ཚར་དང་ཆོས་དྲུག་རྡོ་རྗེའི་མགུར་དང་བཅས་པ་རྣམས་སོ། །གསུམ་པ་རྫོགས་རིམ་ལས། སྟེང་སྒོ་གཏུམ་མོ་འདོད་ཆགས་རྡོ་རྗེའི་ཤོག་དྲིལ། འོག་སྒོ་ཐབས་ལམ་ལས་ཀྱི་རྡོ་རྗེའི་ཤོག་དྲིལ། སྒྱུ་ལུས་སྒྱུ་འཕྲུལ་རྡོ་རྗེའི་ཤོག་དྲིལ། འོད་གསལ་གཏི་མུག་རྡོ་རྗེའི་ཤོག་དྲིལ། རྨི་ལམ་ཕྲག་དོག་རྡོ་རྗེའི་ཤོག་དྲིལ། འཕོ་བ་ཞེ་སྡང་རྡོ་རྗེའི་ཤོག་དྲིལ། བར་དོ་ང་རྒྱལ་རྡོ་རྗེའི་ཤོག་དྲིལ། གྲོང་འཇུག་སྒྱུ་འཕྲུལ་རྡོ་རྗེའི་ཤོག་དྲིལ་རྣམས་སོ། །གསུམ་པ་བཀའ་སྲུང་ལ། བཀའ་སྲུང་དཔལ་ལྡན་ལྷ་མོ་དུད་སོལ་མའི་སྒྲུབ་ཐབས་བྷ་ག་རྡོ་རྗེའི་ཤོག་དྲིལ། ཐུན་མོང་གི་ཕྲིན་ལས་སྒྲུབ་པ་གནོད་སྦྱིན་མོ་ཁོལ་པོ་དར་ཐོད་ཅན་གྱི་སྒྲུབ་པའི་ཤོག་དྲིལ་ཏེ། གདམས་པའི་དངོས་གཞི་ཤོག་དྲིལ་བཅོ་ལྔ་དང་། དེ་དང་འབྲེལ་བའི་སྐོར་ལེ་ཚན་ལྔ་སྟེ། དྲིལ་བས་ཆོས་ཀྱི་རྣམ་གྲངས་ཉི་ཤུ་ཐམ་པ་ལེགས་པར་བཞུགས་སོ། །ཤུ་བྷ་མསྟུ་སརྦ་ཛ་ག་ཏཱཾ།། །། འདི་ཡི་ནང་ནས་གཏེར་བྱུང་དང་དཀར་ཆག་ཚིགས་གཅད་ཁོལ་པོ་དར་ཐོད་ཅན་གསུམ་མ་གཏོགས་གཞན་ཟུར་མང་ལུགས་ཀྱི་བདེ་མཆོག་སྙན་བརྒྱུད་རིན་པོ་ཆེར་ཡང་ཚང་བར་བཞུགས་སོ།།

རྩ་རླུང་མཁའ་འགྲོའི་གསང་མཛོད་ལས༔ སྔོན་འགྲོ་རྗེས་ཀྱི་ཚིག་བཤད་ (Volume 40, Text 1)

ྈ རྩ་རླུང་མཁའ་འགྲོའི་གསང་མཛོད་ལས༔ སྔོན་འགྲོ་རྗེས་ཀྱི་ཚིག་བཤད་བཞུགས༔ བདེ་ཆེན་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ༔ རྩ་རླུང་མཁའ་འགྲོའི་གསང་མཛོད་ལམ་ལ་ཞུགས་པའི་རྣལ་འབྱོར་གྱི་སྔོན་འགྲོ་དང་རྗེས་ཀྱི་ཚིག་བཤད༔ དང་པོ་བགེགས་བསྐྲད་པ་ནི༔ ཧཱུྃ༔ སྣང་སྲིད་རྒྱལ་བའི་ཞིང་ཁམས་ལ༔ མ་རྟོགས་བགེགས་སུ་ལྟ་བའི་རིགས༔ ཐམས་ཅད་གདོད་མའི་ཀློང་ཡངས་སུ༔ སྨྲ་བསམ་བརྗོད་དང་བྲལ་བར་དེངས༔ ཨ་ཏི་ཀྲ་མ་ཨུ་ཙ་ཏྱ་ཕཊ༔ ཅེས་སྟོང་ཞིང་བདག་མེད་ངང་དུ་བགེགས་བསྐྲད་པར་བྱའོ༔ གནས་ལུགས་ཀྱི་ངང་ནས་སྐྱབས་སུ་འགྲོ་བ་ནི༔ སྐྱེ་མེད་སྟོང་པ་ཆོས་ཀྱི་སྐུ༔ འགག་མེད་གསལ་བ་རྫོགས་པའི་སྐུ༔ གཉིས་མེད་གཅིག་པ་སྤྲུལ་པའི་སྐུ༔ འཛིན་མེད་ཀློང་དེར་སྐྱབས་སུ་མཆི༔ ཞེས་སྐྱབས་སུ་འགྲོ་བར་བྱའོ༔ ཐེག་པ་ཆེན་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི༔ མཐའ་ཡས་འགྲོ་བ་མ་ལུས་པ༔ རྫོགས་པའི་སངས་རྒྱས་ཐོབ་ཕྱིར་དུ༔ བདག་གིས་བྱང་ཆུབ་སེམས་མཆོག་ནི༔ སྲོག་ལ་བབ་ཀྱང་བསྐྱེད་པར་བྱ༔ ཞེས་སེམས་བསྐྱེད་པར་བྱའོ༔ རྩ་རླུང་དོན་གྱི་མཎྜལ་འབུལ་བ་ནི༔ ཕྱི་སྣོད་རྩ་ཡི་མཎྜལ་ལ༔ ནང་བཅུད་རླུང་སེམས་ཚོམ་བུ་བཀོད༔ བདེ་སྟོང་ཐིག་ལེའི་རྒྱན་དང་བཅས༔ རང་རིག་དོན་གྱི་ལྷ་ལ་འབུལ༔ ཞེས་མཎྜལ་འབུལ་བར་བྱའོ༔ བྱིན་རླབས་ཉེ་བརྒྱུད་ཀྱི་བླ་མ་ལ་གསོལ་བ་གདབ་པ་ནི༔ ཧྲཱི༔ མ་བཅོས་གཉུག་མ་ཁྱབ་གདལ་ཆེན་པོའི་དབྱིངས༔ ཡེ་ཉིད་སྟོན་པ་ཀུན་ཏུ་བཟང་པོ་སོགས༔ དགོངས་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས༔ འཇའ་ལུས་འོད་སྐུར་གྲུབ་པར་བྱིན་གྱིས་རློབས༔ ཡེ་ཤེས་རང་གསལ་འོད་ཟེར་འཁྱིལ་བའི་ཀློང༔ རིག་སྟོང་སྤྲོས་བྲལ་དབང་ཆེན་ཡབ་ཡུམ་སོགས༔ ཡི་དམ་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས༔ ལྷུན་གྲུབ་བདེ་བ་ཆེན་པོར་བྱིན་གྱིས་རློབས༔ རང་སྣང་རྣམ་དག་མཁའ་སྤྱོད་གཞལ་ཡས་ན༔ དབྱིངས་ཀྱི་ཡུམ་ཆེན་རྡོ་རྗེ་ཕག་མོ་སོགས༔ མ་སྲིང་མཁའ་འགྲོ་རྣམས་ལ་གསོལ་བ་འདེབས༔ དྭངས་མ་ཡེ་ཤེས་རྒྱས་པར་བྱིན་གྱིས་རློབས༔ བདེ་ཆེན་རང་གསལ་དག་པའི་དཀྱིལ་འཁོར་ན༔ སློབ་དཔོན་པདྨ་འབྱུང་གནས་ཡབ་ཡུམ་སོགས༔ གུ་རུ་ཌཱ་ཀི་རྣམས་ལ་གསོལ་བ་འདེབས༔ མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས༔ མཐའ་འཁོབ་འགྲོ་བ་འདུལ་བའི་ཕོ་བྲང་ན༔ ཟབ་ཆོས་མཛོད་འཛིན་བཻ་རོ་ཙ་ན་སོགས༔ རླུང་ཁྲིད་བརྒྱུད་པ་རྣམས་ལ་གསོལ་བ་འདེབས༔ རིས་བྲལ་དག་སྣང་འཆར་བར་བྱིན་གྱིས་རློབས༔ གཏེར་གནས་འཇའ་འོད་མེ་དཔུང་འཁྲིགས་པའི་དབུས༔ མ་རྒྱུད་གཙོ་མོ་རྡོ་རྗེ་ཕག་མོ་སོགས༔ བཀའ་གཏེར་སྲུང་མ་རྣམས་ལ་གསོལ་བ་འདེབས༔ ཐར་ལམ་བར་ཆད་ཞི་བར་བྱིན་གྱིས་རློབས༔ རྒྱལ་ཁམས་ཕྱོགས་མེད་གནས་ཀྱི་ཞིང་ཁམས་ན༔ ཟབ་གཏེར་མངའ་བདག་འཇའ་ཚོན་སྙིང་པོ་སོགས༔ གྲུབ་ཆེན་དམ་པ་རྣམས་ལ་གསོལ་བ་འདེབས༔ དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས༔ སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་ན༔ བཀའ་དྲིན་འཁོར་མེད་རྩ་བའི་བླ་མ་སོགས༔ རླུང་སེམས་ཟུང་འཇུག་རྣམས་ལ་གསོལ་བ་འདེབས༔ ཉམས་རྟོགས་མངོན་དུ་གྱུར་པར་བྱིན་གྱིས་རློབས༔ གདུང་ཤུགས་སྙིང་ནས་སྐྱེ་བའི་རྣལ་འབྱོར་ལ༔ མཁྱེན་བརྩེ་ཡེ་ཤེས་སྤྱན་གྱིས་ད་གཟིགས་འཚལ༔ བསྐྱེད་རིམ་ལྷ་ཡི་རྣལ་འབྱོར་མངོན་སུམ་རྟོགས༔ བདེ་དྲོད་རང་དབང་འབྱོངས་པར་བྱིན་གྱིས་རློབས༔ འབྱིན་འཇུག་རླུང་གི་ནུས་པ་རབ་ཏུ་འབར༔ ཞུ་བདེ་ཐིག་ལེ་རྒྱས་པར་བྱིན་གྱིས་རློབས༔ ཐབས་ཤེས་དབྱེར་མེད་སྣང་སྟོང་མཐའ་དང་བྲལ༔ ཟག་མེད་བདེ་བ་ཆེན་པོར་བྱིན་གྱིས་རློབས༔ འཁོར་འདས་སེམས་ཀྱི་ཆོ་འཕྲུལ་རང་སར་དག༔ བདག་མེད་ཆོས་སྐུ་ཐོབ་པར་བྱིན་གྱིས་རློབས༔ གསོལ་བ་བཏབ་པས་བླ་མ་རྣམས་འོད་དུ་ཞུ་ནས༔ རང་ཉིད་ལ་ཐིམ་པས༔ ཐུགས་རྗེའི་བྱིན་རླབས་ཡོན་ཏན་ཅི་མངའ་བ་ཐམས་ཅད་བདག་གི་རྒྱུད་ལ་འཆར་བར་བསམ༔ ཞེས་གདུང་ཤུགས་དྲགས་པོའི་སྒོ་ནས་གསོལ་བ་གདབ་པར་བྱའོ༔ དེ་ནས་རླུང་རོ་ཕྱུང་ཞིང་རླུང་སྦྱོར་ལ་ཞུགས་པ་སོགས་ཚར་ནས་བསྔོ་བ་སྨོན་ལམ་གྱི་རྒྱས་གདབ་པ་ནི༔ བདེ་ཆེན་ལྷུན་གྱིས་གྲུབ་པའི་ཉམས་ལེན་དངོས༔ བདེ་སྟོང་ཟུང་འཇུག་དགེ་བ་འགྲོ་ལ་བསྔོ༔ རྡོ་རྗེ་ཐེག་པའི་བསྟན་པ་རབ་དར་ནས༔ རྡོ་རྗེ་ཕག་མོའི་གོ་འཕང་མྱུར་ཐོབ་ཤོག༔ ཅེས་མི་དམིགས་པའི་རྒྱས་གདབ་པར་བྱའོ༔ སྙིགས་མའི་དུས་འདིར་དགེ་བསམ་བློ་གྲོས་ཅན༔ ཡོད་ན་ཚེ་འདིའི་བྱ་བ་མངོན་དོར་ནས༔ དབེན་པའི་ཁྲོད་དུ་རླུང་སེམས་ཟུང་འཇུག་གི༔ ཉམས་ལེན་བརྩོན་རྣམས་རྨད་བྱུང་སྐལ་པ་བཟང༔ གུ་ཧྱ་རྒྱ༔ འཇའ་ཚོན་པ་རང་གིས་སོ།། །།

གསང་ཐིག་སྙིང་པོའི་སྐོར་ལས༔ བླ་སྒྲུབ་འོད་ཀྱི་ཐིག་ལེ་ (Volume 11, Text 1)

༁ྃ༔ ༔གསང་ཐིག་སྙིང་པོའི་སྐོར་ལས༔ བླ་སྒྲུབ་འོད་ཀྱི་ཐིག་ལེ་བཞུགས་སོ༔ ༔ རིག་འཛིན་བླ་མའི་སྐུ་ལ་འདུད༔ གདོད་ནས་རྣམ་པར་དག་པ་ཡི༔ ཆོས་སྐུ་ཐིག་ལེ་ཉག་གཅིག་ལས༔ ལོངས་སྤྱོད་ཡོངས་རྫོགས་རིགས་ལྔའི་སྤྲིན༔ ཁ་སྦྱོར་བདེ་བའི་ཕྱག་རྒྱར་བཞེངས༔ དེ་ལས་སོ་སོར་རྟོག་པ་ཡི༔ ཡེ་ཤེས་རིག་མདངས་པདྨའི་གཙོ༔ འཆི་མེད་འོད་མཐའ་ཡས་པར་ཤར༔ སྙིང་རྗེས་འཁོར་བ་དོང་སྤྲུགས་ཕྱིར༔ ཐུགས་རྗེ་ཆེན་པོའི་རྣམ་པར་སྣང༔ བྱེ་བྲག་མི་མཇེད་འཛམ་གླིང་གི༔ གདུལ་བྱ་ཐུན་མོང་སྣང་ངོ་རུ༔ སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེ་འཆང༔ དྷ་ན་ཀོ་ཥར་བརྫུས་ཏེ་འཁྲུངས༔ བཅུ་གཉིས་མཛད་པའི་རྣམ་རོལ་གྱིས༔ རྒྱ་གར་རྒྱ་ནག་བོད་དང་ལི༔ ལྷོ་ནུབ་སྲིན་ཡུལ་ཚུན་ཆད་དུ༔ ངོ་མཚར་ཆོ་འཕྲུལ་བརྗོད་མི་ལངས༔ དེ་དག་རྣམ་པ་རྗེས་མཐུན་པའི༔ སྔོན་མེད་ཐུགས་སྒྲུབ་སྙིང་པོའི་བཅུད༔ གུ་རུ་རྗེ་ལ་ལུང་ཞུས་ནས༔ ཁོ་མོ་མཚོ་རྒྱལ་བདག་ཉིད་ཀྱིས༔ མཁའ་འགྲོའི་བརྡ་ཡི་ཡི་གེར་བཏབ༔ རིན་ཆེན་བྲག་ལ་གཏེར་དུ་གཏམས༔ མ་འོངས་ཕྱི་མ་ཕྱི་མའི་དུས༔ བདག་གིས་བྱིན་བརླབས་རིག་འཛིན་ནི༔ བཻ་རོ་ཆོས་རྒྱལ་སྐྱེ་བའི་མཐའ༔ དེ་དག་རྣམས་དང་འཕྲད་ནས་ཀྱང༔ བོད་ཁམས་ཕན་བདེའི་བཙས་སུ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་ལ་སྤྱི་དོན་གསུམ་ཡིན་ཏེ༔ སྒྲུབ་པའི་ཐབས་དང་ཁྲིད་རིམ་དང༔ སློབ་མ་སྨིན་པར་བྱེད་པ་འོ༔ སྒྲུབ་ཐབས་ལས་ཀྱི་རིམ་པ་ལ༔ སྦྱོར་བ་དངོས་གཞི་རྗེས་ཀྱིས་བསྟན༔ སྦྱོར་བ་རྟེན་མཆོད་བཤམ་པ་དང༔ ཆོ་ག་དངོས་ཀྱི་ལས་རིམ་མོ༔ དང་པོ་རྟེན་མཆོད་བཤམ་པ་ནི༔ གུ་རུ་དངོས་ཀྱི་སྒྲུབ་གནས་སོགས༔ དབེན་ཞིང་བྱིན་རླབས་ཟིལ་ལྡན་སར༔ ཚེས་བཅུའི་མཆོད་པའི་དུས་སོགས་སུ༔ སྐུ་གསུང་ཐུགས་རྟེན་ཁྱད་པར་དང༔ མཎྜལ་དཀྱིལ་འཁོར་སྒོ་རྫོགས་སམ༔ ཡང་ན་དཔལ་གྱི་གཏོར་ཆེན་བཀོད༔ སྨན་གཏོར་རཀྟ་ཚོགས་མཆོད་དང༔ ཕྱི་ནང་མཆོད་པ་ཐམས་ཅད་ཀུན༔ བག་དྲོ་བརྗིད་དང་ལྡན་པར་བཤམ༔ བདེ་བའི་སྟན་འདུག་ལུས་གནད་བསྲང༔ རླུང་རོ་བསལ་ཞིང་རྣམ་རྟོག་གི༔ སྤྲོས་པའི་འཆིང་བ་གཞན་བཅད་ནས༔ རྩེ་གཅིག་ཏིང་འཛིན་བསྒོམ་པར་བྱ༔ གཉིས་པ་ཆོ་གའི་ལས་རིམ་ལ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ གཉིས་པ་སྨོན་འཇུག་སེམས་བསྐྱེད་ནི༔ སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་བ་བསྒྲལ་བར་དམ་བཅ་འོ༔ གསུམ་པ་བསོད་ནམས་ཚོགས་གསོག་ནི༔ བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ གསང་སྔགས་བསྒྲུབས་ལ་རྗེས་ཡི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་བཞུགས་སུ་གསོལ༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ བཞི་པ་བགེགས་ལ་བཀའ་བསྒོ་ནི༔ཧཱུྃ༔ བླ་མ་རྣམས་ཀྱི་བྱིན་རླབས་དང༔ ཡི་དམ་ལྷ་ཡི་ཏིང་འཛིན་དང༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ ལོག་པར་འདྲེན་པ་བདུད་ཀྱི་ཚོགས༔ འདི་རུ་མ་འདུག་གཞན་དུ་དེངས༔ ཧཱུྃ་ཧཱུྃ་ཨུ་ཙ་ཊ་ཡ་ཕཊ༔ ལྔ་པ་སྲུང་མཚམས་བཅད་པ་ནི༔ ཧཱུྃ༔ ང་ནི་ཡེ་ནས་ངང་གིས་ཁྲོ༔ མཚམས་གཅོད་ཁྲོ་བོས་ནམ་མཁའ་གང༔ བགེགས་འདུལ་ཁྲོ་བོའི་རོལ་མཚམས་ལས༔ སུ་ཡང་འདའ་བར་མ་བྱེད་ཅིག༔ བཛྲ་ཀྲོ་དྷ་རཀྵ་རཀྵ་ཕཊ༔ དྲུག་པ་བྱིན་ཆེན་དབབ་པ་ནི༔ ཧཱུྃ་ཧྲཱི༔ སྐུ་གསུམ་ཞིང་ཁམས་རབ་འབྱམས་ནས༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ གནས་འདིར་ཐུགས་རྗེས་བརྩེར་དགོངས་ལ༔ དབང་སྐུར་བྱིན་ཕོབ་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་ས་མ་ཡ་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ བདུན་པ་མཆོད་ཚོགས་བྱིན་རླབས་ནི༔ རཾ་ཡཾ་ཁཾ༔ ཡེ་ཤེས་རིག་རྩལ་མེ་རླུང་ཆུས༔ མཆོད་རྫས་དངོས་འཛིན་བསྲེགས་གཏོར་བཀྲུས༔ གནས་ཡུལ་དག་པའི་ཞིང་གི་དབུས༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་གྱུར༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་དྱ་ཤབྡ་གྷནྡྷེ་ར་ས་སྤརྴེ་མ་ཧཱ་སརྦ་པཱུ་ཛ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཧཱུྃ་ཧྲཱིཿཋ༔ སྦྱོར་བའི་ལས་རིམ་རྣམ་བདུན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་ལས་བདུན་ལས༔ དང་པོ་དམ་ཚིག་བསྐྱེད་པ་ནི༔ ཨཿ སྐྱེ་མེད་སྤྲོས་བྲལ་དེ་བཞིན་ཉིད༔ བདེན་གཉིས་དབྱེར་མེད་འོད་གསལ་ངང༔ ཀུན་སྣང་སྙིང་རྗེ་སྒྱུ་མའི་ཚུལ༔ དམིགས་མེད་མཁའ་ཁྱབ་ཀུན་ཏུ་བརྡལ༔ སྟོང་དང་སྙིང་རྗེ་ཟུང་འཇུག་རྩལ༔ ཐམས་ཅད་སྐྱེད་བྱེད་རྒྱུ་ཡི་ཧཱུྃ༔ མཁའ་ལ་འཇའ་ཚོན་བཞིན་དུ་ཤར༔ དེ་ལས་འབར་བའི་འོད་ཟེར་གྱིས༔ སྣོད་བཅུད་གཟུང་འཛིན་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ འབྱུང་ལྔ་ཡུམ་གྱི་མཁའ་ཀློང་བརྩེགས༔ རིན་ཆེན་རི་དབང་ལྷུན་མཐོར་འཕགས༔ དེ་སྟེང་རྡོ་རྗེའི་སྲུང་འཁོར་དབུས༔ རང་བྱུང་ལྷུན་གྲུབ་གཞལ་མེད་ཁང༔ གྲུ་བཞི་སྒོ་བཞི་རྟ་བབས་བཞི༔ རྩིག་པ་འདོད་སྣམ་ཕ་གུ་དང༔ དྲྭ་བ་དྲྭ་ཕྱེད་ཤར་བུས་བརྒྱན༔ དབུས་ཕྱུར་རྡོ་རྗེ་ནོར་བུའི་ཏོག༔ ཕྱི་གསལ་ནང་གསལ་འོད་ལྔའི་ཀློང༔ པདྨ་འདབ་བརྒྱད་ལྟེ་བ་རུ༔ སེང་ཁྲི་པད་ཉི་ཟླ་བའི་གདན༔ དེ་སྟེང་ཧཱུྃ་ཡིག་ཡོངས་གྱུར་ལས༔ བདེ་ཆེན་ངོ་བོ་ཉིད་ཀྱི་སྐུ༔ རིགས་ཀུན་ཁྱབ་བདག་པདྨ་འབྱུང༔ དཀར་དམར་མདངས་ལྡན་ཞི་འཛུམ་སྒེག༔ ཕྱག་གཉིས་མཉམ་གཞག་ཕྱག་རྒྱའི་སྟེང༔ བདེ་སྟོང་བདུད་རྩིའི་ཐོད་ཞལ་བསྣམས༔ གསང་གོས་ཕོད་ཀ་ཆོས་གོས་དང༔ ཟ་འོག་བེར་ཆེན་མཛེས་པར་བཀླུབས༔ དབུ་ལ་པདྨའི་སྙན་ཞུས་བརྗིད༔ སྤྱན་ཟླུམ་ལྟ་སྟངས་ཧྲིག་གེར་གཟིགས༔ ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་གིས༔ ཡེ་ཤེས་འོད་ལྔའི་ཀློང་ན་རོལ༔ ཐུགས་ཀར་ཆུ་སྐྱེས་ཉི་ཟླའི་སྟེང༔ ཆོས་སྐུ་མི་འགྱུར་གསང་བ་འདུས༔ མཐིང་གསལ་རྡོ་རྗེ་དྲིལ་བུའི་རྒྱས༔ རང་འོད་མཚོ་རྒྱལ་དཀར་མོ་འཁྲིལ༔ གཉིས་ཀ་དར་དང་རིན་ཆེན་དང༔ རུས་པ་མེ་ཏོག་ཕྲེང་བས་བརྒྱན༔ རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས༔ སྙོམས་འཇུག་མཆོག་གི་བདེ་བས་རོལ༔ ཕྱི་འཁོར་པདྨ་འདབ་བརྒྱད་ལ༔ ལོངས་སྤྱོད་ཡོངས་རྫོགས་ཡེ་ཤེས་སྐུ༔ ཤར་དུ་བུདྡྷ་ཐོད་ཕྲེང་རྩལ༔ དཀར་གསལ་འཁོར་ལོ་དྲིལ་བུ་བསྣམས༔ ལྷོ་རུ་རཏྣ་ཐོད་ཕྲེང་རྩལ༔ གསེར་མདངས་རིན་ཆེན་དྲིལ་བུ་འཛིན༔ ནུབ་ཏུ་པདྨ་ཐོད་ཕྲེང་རྩལ༔ དམར་གསལ་པདྨ་དྲིལ་བུ་བསྣམས༔ བྱང་དུ་ཀརྨ་ཐོད་ཕྲེང་རྩལ༔ ལྗང་ནག་རྒྱ་གྲམ་དྲིལ་བུ་འཛིན༔ ཀུན་ཀྱང་དར་དང་རིན་ཆེན་དང༔ རུས་པའི་རྒྱན་ལྡན་སྐྱིལ་ཀྲུང་གིས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རང་འོད་རིག་མའི་བདེ་བས་དགྱེས༔ ཤར་ལྷོ་འགྲོ་འདུལ་ཐུགས་རྗེའི་རྩལ༔ སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེ་དཀར༔ རྡོ་རྗེ་ཐོད་འཛིན་ཕྱེད་སྐྱིལ་བཞུགས༔ ལྷོ་རུ་རྒྱལ་སྲས་ཐོར་ཚུགས་ཅན༔ པདྨའི་རྒྱལ་པོ་དམར་མདངས་བརྗིད༔ ཡིད་བཞིན་ནོར་བུ་གསེར་འཁོར་བསྣམས༔ ནུབ་བྱང་ཤཱནྟ་རཀྵི་ཏ༔ དམར་སྨུག་ཁ་ཊྭཱཾ་ཐོད་ཁྲག་རོལ༔ ཁྲོ་ཆགས་རིག་འཛིན་བརྟུལ་ཞུགས་སྤྱོད༔ བྱང་ཤར་ཤཱཀ་སེང་བློ་ལྡན་མཆོག༔ གསེར་མདོག་སྤྲུལ་སྐུའི་ཆ་བྱད་ཅན༔ ས་གནོན་མཉམ་གཞག་མཚན་དཔེས་བརྒྱན༔ དེ་ཕྱིར་རིན་ཆེན་ཟུར་བརྒྱད་ལ༔ ཤར་དུ་འཆི་མེད་པདྨ་འབྱུང༔ དཀར་དམར་རྡོ་རྗེ་ཚེ་བུམ་འཛིན༔ མནྡཱ་ར་བ་ཡུམ་དང་སྦྱོར༔ ལྷོ་རུ་པདྨ་བཛྲ་རྩལ༔ དམར་སྨུག་ཁྲོ་འཛུམ་རྗེས་ཆགས་ཉམས༔ རིགས་ཀྱི་ཡུམ་འཁྱུད་རྡོར་དྲིལ་བསྣམས༔ ནུབ་ཏུ་སེང་གེ་སྒྲ་སྒྲོག་མཐིང༔ རྡོ་རྗེ་གསོར་ཞིང་སྡིགས་མཛུབ་སྒྲེང༔ དུར་ཁྲོད་རོལ་པའི་ཆས་ཀྱིས་བརྗིད༔ བྱང་དུ་གུ་རུ་མཁའ་ལྡིང་མཐིང༔ སྡིགས་མཛུབ་དང་བཅས་རྡོར་དྲིལ་འཕྱར༔ རིན་ཆེན་རུས་རྒྱན་གར་ཐབས་བསྒྱུར༔ ཤར་ལྷོར་བདེ་ཆེན་ཉི་མ་འོད༔ གསེར་མདངས་གཟི་བརྗིད་དཔལ་དུ་འབར༔ ཁ་ཊྭཱཾ་ཉི་ཟེར་ཐོད་ཆང་རོལ༔ ལྷོ་ནུབ་རྡོ་རྗེ་ཐོད་ཕྲེང་རྩལ༔ དཀར་དམར་མདངས་ལྡན་རྡོར་དྲིལ་བསྣམས༔ ཕྱག་རྒྱ་ཆེན་པོའི་ཡེ་ཤེས་གྲུབ༔ ནུབ་བྱང་པདྨ་སཾ་བྷཱ་ཝ༔ དཀར་དམར་རྡོ་རྗེ་ཐོད་པ་འཛིན༔ དགེ་སློང་བྱང་ཆུབ་སེམས་དཔའི་ཚུལ༔ བྱང་ཤར་ལྷུན་གྲུབ་གྲོ་བོ་ལོད༔ རྡོ་རྗེ་གསོར་ཞིང་ཕུར་བུ་འདྲིལ༔ ཁྲོ་བོ་འཆོལ་བའི་ཆ་བྱད་འཆང༔ ཀུན་ཀྱང་རང་རང་ཞི་ཁྲོའི་ཉམས༔ རྒྱན་དང་ཆ་ལུགས་རྣམ་འགྱུར་རྫོགས༔ གང་འདུལ་མ་འགག་རོལ་པའི་གར༔ འཇའ་འོད་མེ་ཕུང་ཀློང་དུ་གསལ༔ སྒོ་བཞིར་དཔའ་བོ་རིགས་བཞི་ནི༔ དཀར་སེར་དམར་ལྗང་ཞི་ཁྲོའི་ཉམས༔ རང་རྟགས་ཕྱག་རྒྱས་ཡུམ་དང་སྦྱོར༔ ཞིང་རྐྱང་གདན་ལ་གར་ཐབས་འགྱིང༔ གཞན་ཡང་བདག་སྐྱོབ་བླ་མ་ལྷ༔ མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས༔ ཉི་མ་དང་ནི་འོད་ཟེར་བཞིན༔ སྟེང་འོག་ཕྱོགས་མཚམས་ཁྱབ་པར་བརྡལ༔ རིག་རྩལ་རོལ་པ་ཆུ་ཟླའི་གཟུགས༔ བདེ་ཆེན་གཟི་བྱིན་དཔལ་འབར་བསམ༔ གནས་གསུམ་ཡི་གེ་གསུམ་གྱིས་མཚན༔ རྡོ་རྗེ་གསུམ་གྱི་ཕྱག་རྒྱས་བཏབ༔ ཡེ་ཤེས་དབང་བསྐུར་ཅོད་པན་འཆང༔ སྒྲིབ་དག་ནུས་རྩལ་ཡོངས་སུ་སྨིན༔ བདེ་སྟོང་རོལ་པའི་འོད་ཟེར་གྱིས༔ མཁའ་ཁྱབ་དཀྱིལ་འཁོར་སྤྱན་དྲངས་གྱུར༔ གཉིས་པ་ཡེ་ཤེས་སྤྱན་འདྲེན་ནི༔ ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ དྷ་ན་ཀོ་ཥའི་མཚོ་གླིང་དུ༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་ཛ༔ གསུམ་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ རང་བྱུང་ལྷུན་གྲུབ་གཞལ་ཡས་འདིར༔ རིག་པ་རང་སྣང་དམ་ཚིག་པར༔ དབྱིངས་ནས་སྤྱན་དྲངས་ཡེ་ཤེས་ལྷ༔ གཉིས་མེད་བརྟན་པར་བཞུགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ བཞི་པ་གུས་པའི་ཚུལ་ཕྱག་འཚལ༔ ན་མོ༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ༔ ཡིད་བཞིན་དངོས་གྲུབ་ཆར་འབེབ་པའི༔ རིག་འཛིན་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ལྔ་པ་མཆོད་པ་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ བླ་མ་སྐུ་བཞིའི་ལྷ་ཚོགས་ལ༔ དངོས་བཤམས་ཡིད་ཀྱིས་རྣམ་སྤྲུལ་པའི༔ ལྷ་རྫས་ཕྱི་ཡི་མཆོད་པ་འབུལ༔ རང་བྱུང་ནང་གི་མཆོད་པ་འབུལ༔ ཟུང་འཇུག་གསང་བའི་མཆོད་པ་འབུལ༔ བདུད་རྩི་སྨན་གྱི་མཆོད་པ་འབུལ༔ ཆགས་བྲལ་རཀྟའི་མཆོད་པ་འབུལ༔ འདོད་འབྱུང་དཔལ་གྱི་གཏོར་མ་སོགས༔ ལོངས་སྤྱོད་རྣམ་པ་ཐམས་ཅད་པས༔ དགྱེས་མཆོད་དམ་ཚིག་ཉམས་ཆག་བསྐང༔ མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བི་དྱཱ་དྷཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་དྱཱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ པཉྩ་ཀཱ་མ་གུ་ཎ་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དྲུག་པ་བསྟོད་པ་བྱ་བ་ནི༔ ཧྲཱི༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ དབྱེར་མེད་བདེ་བ་ཆེ་ལ་ཕྱག་འཚལ་བསྟོད༔ བདུན་པ་ཛཔ྄་ཀྱི་དགོངས་པ་ལ༔ ཐོག་མར་བསྙེན་པའི་ཏིང་འཛིན་ནི༔ གཙོ་མཆོག་རྡོ་རྗེ་ཐོད་ཕྲེང་གི༔ ཐུགས་ཀར་ཉི་ཟླ་ཁ་སྦྱོར་དབུས༔ ཧཱུྃ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ གསལ་ཞིང་འབར་བའི་འོད་ཟེར་གྱིས༔ རབ་འབྱམས་རྩ་གསུམ་རྒྱལ་བ་ཡི༔ ཡེ་ཤེས་དངོས་གྲུབ་བདག་ལ་ཐིམ༔ བླ་མ་སྐུ་བཞིའི་ལྷ་ཚོགས་དང༔ དབྱེར་མེད་ཆེན་པོར་བྱིན་བརླབས་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ འབུམ་ཕྲག་བཅུ་གཉིས་བཟླས་པ་ཡིས༔ བདག་དོན་བྱིན་རླབས་ནུས་ཐོབ་འགྱུར༔ སྣང་སྲིད་ཕྱག་རྒྱར་སྒྲུབ་པ་ནི༔ སླར་ཡང་དཀྱིལ་འཁོར་ལྷ་ཚོགས་ལས༔ ཐུགས་རྗེའི་འོད་ཟེར་ཀུན་ཏུ་འཕྲོས༔ ཁམས་གསུམ་ཐ་མལ་སྣང་ཞེན་སྦྱངས༔ ཏིང་འཛིན་དགོངས་པའི་བྱིན་རླབས་ཀྱིས༔ ཕྱི་སྣོད་གཞལ་ཡས་ནང་བཅུད་ལྷ༔ ཐམས་ཅད་ཕྱག་རྒྱའི་དཀྱིལ་འཁོར་ཆེ༔ དཔེར་ན་ཆུ་ཟླ་འཇའ་ཚོན་ལྟར༔ སྣང་ལ་རང་བཞིན་མེད་པར་བསྒོམ༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ འབུམ་ཕྲག་བཞི་བཟླས་འགྲུབ་པར་འགྱུར༔ དེ་ནས་ལས་སྦྱོར་བཟླས་པ་ནི༔ ཐོད་ཕྲེང་རིགས་ལྔའི་ཐུགས་ཀ་ནས༔ ལས་མཐུན་འོད་ཟེར་མཁའ་ཁྱབ་འཕྲོས༔ གང་འདུལ་ཞི་རྒྱས་དབང་དྲག་གི༔ ཕྲིན་ལས་ལྷུན་གྱིས་གྲུབ་པར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཤཱིནྟཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་རྦད༔ ཁྲི་ཕྲག་བཞི་ཡིས་ལས་བྱེད་འགྱུར༔ འདི་ལྟར་སྒྲུབ་པའི་རྣལ་འབྱོར་པས༔ མཐོང་ཐོས་དྲན་རེག་ཐམས་ཅད་ཀྱང༔ པདྨ་བདག་གིས་བྱིན་བརླབས་པས༔ དངོས་གྲུབ་མཆོག་གི་སྐལ་ལྡན་འགྱུར༔ ས་མ་ཡ༔ ཐུན་མཐར་རྣམ་ཐར་རྗེས་དྲན་བློས༔ གདུང་བས་གསོལ་བཏབ་ཐུགས་དམ་བསྐུལ༔ ཁྱད་པར་ཚོགས་ཀྱི་མཆོད་པ་ནི༔ ཐབས་ཤེས་དམ་ཚིག་རྫས་བཤམས་ལ༔ བསང་ཆུ་འཐོར་ཞིང་བདུད་རྩིས་བྲན༔ ཏིང་འཛིན་དགོངས་པས་བྱིན་བརླབ་བྱ༔ རཾ་ཡཾ་ཁཾ༔ རིག་རྩལ་རོལ་པ་མེ་རླུང་ཆུས༔ ཚོགས་ཀྱི་དངོས་འཛིན་བག་ཆགས་སྦྱངས༔ འབྲུ་གསུམ་འོད་ཀྱི་འཕྲོ་འདུ་ལས༔ སྣོད་བཅུད་དམ་ཚིག་རྫས་སུ་གྱུར༔ ཨོཾ་ཨཱཿཧཱུྃ༔ དེ་ནས་ཚོགས་ཞིང་སྤྱན་འདྲེན་ནི༔ ཧཱུྃ༔ ཆོས་སྐུའི་ངང་ལས་ལོངས་སྤྱོད་རྫོགས༔ སྤྲུལ་པའི་རྣམ་རོལ་ཅིར་ཡང་སྣང༔ རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས༔ འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས༔ བཛྲ་ས་མཱ་ཛ༔ ཚོགས་ཕུད་དང་པོ་མཆོད་པ་ནི༔ ཧཱུྃ༔ བླ་མེད་མཆོག་གི་དམ་ཚིག་ནི༔ འདོད་པའི་ཡོན་ཏན་བསམ་མི་ཁྱབ༔ རྨད་བྱུང་ཚོགས་ཀྱི་མཆོད་པ་འདིས༔ རྩ་གསུམ་ལྷ་ཚོགས་མཉེས་གྱུར་ཅིག༔ མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ བར་པས་དམ་ཚིག་ཉམས་ཆག་བཤགས༔ ཧོ༔ བདག་ཅག་ཚེ་རབས་ཐོག་མེད་ནས༔ མི་ཤེས་ཉོན་མོངས་བག་མེད་པས༔ བསགས་པའི་སྡིག་ལྟུང་ཉམས་ཆག་ཀུན༔ ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ཡི་གེ་བརྒྱ་པ་བརྗོད༔ ཐ་མ་བསྒྲལ་བསྟབ་བྱ་བ་ནི༔ ཧཱུྃ༔ བདག་ཉིད་པདྨ་ཁྲག་འཐུང་གི༔ ཐུགས་ལས་སྤྲུལ་པའི་ཕོ་ཉ་ཡིས༔ དགྲ་བགེགས་དགུག་བསྒྲལ་ཞལ་དུ་བསྟབས༔ ཡེ་ཤེས་གཟི་བྱིན་བསྐྱེད་དུ་གསོལ༔ སརྦ་དུཥྚན་མཱ་ར་ཡ་རྦད༔ ཁ་ཁ་ཁཱ་ཧི་ཁཱ་ཧི༔ སྤྲོ་ན་སྐོང་བའི་ཆོ་ག་བྱ༔ ནང་དུ་ཕུང་ཁམས་ལྷ་ཚོགས་མཆོད༔ གསང་བ་སྙོམས་འཇུག་བདེ་ཆེན་སྤེལ༔ མཐར་ཐུག་རིག་སྟོང་དབྱིངས་སུ་བཞག༔ ལྷག་མ་བསྡུས་ལ་བདུད་རྩིས་བྲན༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཕེཾ་ཕེཾ༔ ཡེ་ཤེས་རོལ་པའི་ལྷག་སྡུད་དང༔ ལས་ལས་གྲུབ་པའི་ཕོ་ཉའི་ཚོགས༔ དཔལ་གྱི་ཕམ་ཕབ་འདི་ལོངས་ལ༔ འཁོར་སྲུངས་རྐྱེན་བཟློག་ཕྲིན་ལས་སྒྲུབས༔ ཨོཾ་ཨུ་ཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ བླ་མ་སྐུ་བཞིའི་དཀྱིལ་འཁོར་དུ༔ དམ་ཚིག་མཆོད་པའི་ཏིང་འཛིན་གྱིས༔ བསོད་ནམས་ཚོགས་ཆེན་རབ་རྫོགས་ནས༔ ཡེ་ཤེས་སྣང་བ་རྒྱས་པར་ཤོག༔ རྗེས་འབྲེལ་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ༔ ཆོས་སྐུ་ཀུན་བཟང་རྡོ་རྗེ་འཆང༔ ལོངས་སྐུ་ཐོད་ཕྲེང་རིགས་བཞིར་བཞེངས༔ སྤྲུལ་པའི་རྣམ་རོལ་ཅིར་ཡང་སྟོན༔ དབྱེར་མེད་བདེ་བ་ཆེན་པོར་རྫོགས༔ རབ་འབྱམས་བླ་མ་ཡི་དམ་ལྷ༔ གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་དགོངས༔ བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི༔ ནད་གདོན་སྡིག་སྒྲིབ་ཞི་བ་དང༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་སྤེལ༔ ཁམས་གསུམ་དབང་སྡུས་དགྲ་བགེགས་སྒྲོལ༔ རྩ་རླུང་ཐིག་ལེའི་བར་ཆད་སོལ༔ འོད་གསལ་ཐིག་ལེ་ཆེན་པོའི་ཀློང༔ མཆོག་དངོས་གྲུབ་པའི་ཕྲིན་ལས་མཛོད༔ སྲུང་མར་ཐ་ཚིག་ལས་བཅོལ་ནི༔ ཧཱུྃ་བྷྱོ༔ བརྒྱུད་གསུམ་རིག་འཛིན་བླ་མ་ཡི༔ སྤྱན་སྔར་ཁས་བླངས་དམ་ཅན་ཚོགས༔ འདོད་ཡོན་རྒྱ་མཚོའི་གཏོར་མ་དང༔ སྨན་རཀ་ཕུད་ཀྱི་མཆོད་པ་བཞེས༔ སྔོན་ཚེ་ཞལ་བཞེས་རྗེས་དགོངས་ལ༔ བསྟན་པ་སྲུང་ཞིང་རྣལ་འབྱོར་སྐྱོངས༔ འཁོར་སྲུངས་རྐྱེན་ཟློག་བར་ཆད་སོལ༔ ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ ཤྲཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བཤལ་ཆུས་བོད་སྐྱོང་མཆོད་པར་བྱ༔ ཧཱུྃ༔ ཚོགས་དང་བཀའ་ཡི་བདག་ཉིད་ཆེ༔ བོད་ཁམས་སྐྱོང་བའི་བརྟན་མའི་ཚོགས༔ འདིར་གཤེགས་བཤལ་ཆུའི་བདུད་རྩི་བཞེས༔ བོད་ཁམས་བདེ་བའི་ཕྲིན་ལས་སྒྲུབས༔ མ་མ་དྷཱ་ཀི་ནཱི་བ་ལིཾ་ཏ་ཁཱ་ཧི༔ མི་ལྡོག་ཕྱག་རྒྱས་མནན་པ་ནི༔ ཧཱུྃ༔ ཁམས་གསུམ་ཨེ་ཡི་དཀྱིལ་འཁོར་དུ༔ གཟུང་འཛིན་འཁྲུལ་པའི་དགྲ་བགེགས་མནན༔ རྣམ་ཐར་ཕྱག་རྒྱས་ཡོངས་བཏབ་པས༔ ནམ་ཡང་ལྡང་བའི་སྐབས་མེད་དོ༔ ཨོཾ་ཨཱཿཧཱུྃ་སཏྭཾ་བྷ་ཡ་ནན༔ དེ་ལྟར་ཚོགས་ཀྱི་མཆོད་པ་འདི༔ རྒྱུན་དང་དུས་སུ་བརྩོན་པ་ཡི༔ མཆོག་ཐུན་ཕྲིན་ལས་རབ་འབྱམས་འགྲུབ༔ པདྨ་ཅན་དུ་དབུགས་འབྱིན་ནོ༔ ས་མ་ཡ༔ རྗེས་ཀྱི་དང་པོ་གཏང་རག་དབུལ༔ གཉིས་པ་དངོས་གྲུབ་གསོལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ སྐུ་བཞི་དབྱེར་མེད་དཀྱིལ་འཁོར་ནས༔ རིག་འཛིན་རོལ་པའི་ལྷ་ཚོགས་རྣམས༔ བསྙེན་སྒྲུབ་དམ་ཚིག་རྗེས་དགོངས་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ས་མ་ཡ་ཧཱུྃ༔ སྒྲུབ་རྟེན་ལྷར་གསལ་གནས་གསུམ་རེག༔ དངོས་གྲུབ་རྫས་ལ་རོལ་པར་བྱ༔ གསུམ་པ་ནོངས་པ་བཤགས་པ་ནི༔ ཧོ༔ བླ་མ་རིག་འཛིན་དཀྱིལ་འཁོར་དུ༔ ཏིང་འཛིན་མ་གསལ་བཟླས་བརྗོད་གཡེལ༔ ལྷག་ཆད་འགལ་འཁྲུལ་ཉམས་ཆག་ཀུན༔ སྙིང་ནས་བཤགས་སོ་ཚངས་པར་སྩོལ༔ ཡི་གེ་བརྒྱ་པ་བརྗོད༔ བཞི་པ་འོད་གསལ་དབྱིངས་སུ་བསྡུ༔ ཨ༔ རིག་རྩལ་ལྷར་སྣང་སྒྱུ་མའི་སྐུ༔ འོད་གསལ་དབྱིངས་ཀྱི་ཐིག་ལེར་ཐིམ༔ བསམ་གྱིས་མི་ཁྱབ་རྫོགས་པ་ཆེ༔ མ་བཅོས་གཉུག་མའི་ངང་དུ་བཞག༔ ཨ་ཨ་ཨ༔ ལྔ་པ་ཟུང་འཇུག་ལྷ་སྐུར་ལྡང༔ ཨོཾ་ཨཱཿཧཱུྃ༔ སླར་ཡང་མཁའ་ལས་འཇའ་ཚོན་ལྟར༔ སྣང་བ་ལྷ་ལ་གྲགས་པ་སྔགས༔ དྲན་རྟོག་ཆོས་སྐུའི་རོལ་པར་ཤར༔ རྒྱུན་དུ་འགྲོ་བའི་དོན་ལ་སྤྱོད༔ བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾ༔ དྲུག་པ་བསྔོ་སྨོན་རྒྱས་གདབ་ནི༔ ཧོ༔ སྒོམ་བཟླས་མཆོད་པའི་བསོད་ནམས་སོགས༔ དུས་གསུམ་བསགས་པའི་ལེགས་བྱས་ཀུན༔ བྱང་ཆུབ་སྙིང་པོར་རོ་གཅིག་པས༔ རང་གཞན་དོན་ཀུན་ལྷུན་གྲུབ་ཤོག༔ བདུན་པ་བཀྲ་ཤིས་བརྗོད་པ་ནི༔ ཧོ༔ བླ་མ་སྐུ་བཞིའི་ལྷ་ཚོགས་ཀྱིས༔ བྱིན་གྱིས་རློབས་པའི་བཀྲ་ཤིས་ཤོག༔ ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱིས༔ དངོས་གྲུབ་སྩོལ་བའི་བཀྲ་ཤིས་ཤོག༔ དཔའ་བོ་མཁའ་འགྲོ་དམ་ཅན་གྱིས༔ བཀའ་བཞིན་སྒྲུབ་པའི་བཀྲ་ཤིས་ཤོག༔ མཆོག་དང་ཐུན་མོང་ཕྲིན་ལས་ཀྱིས༔ རྟག་ཏུ་དཔལ་གནས་བཀྲ་ཤིས་ཤོག༔ ཐུན་དང་ཐུན་མཚམས་ཐམས་ཅད་དུ༔ ལྷ་སྔགས་ཆོས་སྐུར་ལམ་ཁྱེར་བས༔ རླུང་སེམས་ཕྱག་རྒྱར་སྨིན་པ་ན༔ རིག་པ་འཛིན་པའི་མཆོག་འགྲུབ་བོ༔ ས་མ་ཡ༔ རྒྱ་རྒྱ༔ རིག་འཛིན་ཚེ་ཡི་སྒྲུབ་པ་ནི༔ ཚེ་འབྲང་རིལ་བུ་བདུད་རྩི་སོགས༔ ཇི་ལྟར་རིགས་པའི་རྟེན་བཅས་ལ༔ སྒྲུབ་པའི་གཞུང་བསྲངས་ཛཔ྄་དགོངས་ནི༔ ཧྲཱི༔ ཐུགས་ཀར་རྡོ་རྗེ་ཐོད་ཕྲེང་གི༔ ཐུགས་དབུས་ཉི་ཟླ་ཁ་སྦྱོར་དཀྱིལ༔ རླུང་སེམས་དབྱེར་མེད་སྲོག་གི་ཧྲཱི༔ དམར་གསལ་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་འོད་འཕྲོས་འཁོར་འདས་ཁྱབ༔ བདག་གི་བླ་ཚེ་ཆད་ཉམས་དང༔ བརྟན་གཡོ་སྲིད་ཞིའི་དྭངས་བཅུད་ཀུན༔ འཆི་མེད་བདུད་རྩིར་སྤྱན་དྲངས་ནས༔ ཐུགས་སྲོག་ཧྲཱིཿཡིག་གསོས་བཏབ་པས༔ བླ་སྲོག་དབང་ཐང་ཉམས་པ་གསོས༔ རྟག་པ་དམ་པའི་ཚེ་དང་ནི༔ རྡོ་རྗེའི་ཡེ་ཤེས་འགྲུབ་པར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཞེས་བཟླས་ཐུན་མཚམས་ཚེ་འགུགས་བསྐུལ༔ ཚེ་མདའ་གཡབ་ཅིང་གདུང་ཤུགས་བསྐྱེད༔ ཧྲཱི༔ ངོ་བོ་འོད་གསལ་ཕོ་བྲང་ནས༔ ཆོས་སྐུ་མི་འགྱུར་གསང་བ་འདུས༔ རིག་རྩལ་འཁོར་བཅས་དབྱིངས་ནས་བཞེངས༔ ཡེ་ཤེས་ཆེན་པོའི་ཚེ་བཅུད་ཁུག༔ རང་བཞིན་བདེ་སྟོང་ཕོ་བྲང་ནས༔ ལོངས་སྤྱོད་ཡོངས་རྫོགས་ཐོད་ཕྲེང་རྩལ༔ རིགས་བཞི་འཁོར་བཅས་དབྱིངས་ནས་བཞེངས༔ རྒྱུན་གྱིས་རྟག་པའི་ཚེ་བཅུད་ཁུག༔ ཐུགས་རྗེ་འགྲོ་འདུལ་ཕོ་བྲང་ནས༔ སྤྲུལ་པའི་རིག་འཛིན་ཐུགས་དམ་བསྐུལ༔ ཕོ་ཉ་མགྱོགས་མའི་ཚོགས་བཅས་ཀྱིས༔ བརྟན་གཡོ་འཁོར་འདས་ཚེ་བཅུད་ཁུག༔ དབྱེར་མེད་གཉུག་མའི་ཕོ་བྲང་ནས༔ བདེ་ཆེན་ངོ་བོ་ཉིད་ཀྱི་སྐུ༔ རིག་མདངས་འཁོར་བཅས་དབྱིངས་ནས་བཞེངས༔ རྡོ་རྗེ་གསུམ་གྱི་ཚེ་བཅུད་ཁུག༔ བླ་ཚེ་ཆད་ཉམས་ཡར་བ་དང༔ ཕྱི་སྣོད་ནང་བཅུད་སྲིད་ཞིའི་ཚེ༔ རྣལ་འབྱོར་ལུས་ངག་ཡིད་ལ་སྟིམས༔ རྩ་རླུང་ཐིག་ལེའི་བར་ཆད་སོལ༔ རྒས་མེད་ལང་ཚོའི་གཟི་བྱིན་འབར༔ ནད་མེད་བདེ་བའི་ཉམས་རྟོགས་སྤོར༔ འཆི་མེད་ཚེ་དབང་རིག་འཛིན་གྱི༔ དངོས་གྲུབ་དམ་པ་བསྩལ་དུ་གསོལ༔ སྔགས་བརྗོད་སྤོས་བསྲེག་རོལ་མོ་འཁྲོལ༔ མཐར་ནི་མི་ཕྱེད་ཕྱག་རྒྱས་གདབ༔ ཧྲཱི༔ འཁོར་དང་མྱ་ངན་འདས་པའི་བཅུད༔ མི་ཤིགས་སྲོག་གི་ཐིག་ལེར་ཐིམ༔ རྡོ་རྗེའི་གོ་ཁྲབ་འོད་འབར་བས༔ འགྱུར་མེད་རྟག་པའི་རྒྱས་གདབ་བོ༔ བཛྲ་ཨཱ་ཡུ་ཥེ་ཛྙཱ་ན་རཀྵ་ཧཾ༔ དེ་ལྟར་རྒྱུན་དུ་ཉམས་བླངས་པས༔ འཆི་མེད་ཕྱག་རྒྱའི་ཡེ་ཤེས་གྲུབ༔ བདུན་ཕྲག་གཅིག་ཏུ་བརྩོན་པས་ཀྱང༔ ཚེ་ཡི་བར་ཆད་ངེས་པར་སེལ༔ དངོས་ཉམས་རྨི་ལམ་ཅི་རིགས་པར༔ ཉི་ཟླ་ཤར་དང་བདུད་རྩི་འཐུང༔ ཕྱག་མཚན་རྡོ་རྗེ་རྙེད་པ་དང༔ དངོས་སུ་ཚེ་ཟན་བརྗིད་དང་ལྡན༔ སྒྲུབ་རྫས་འཕེལ་སོགས་རྟགས་མཐོང་ཚེ༔ དངོས་གྲུབ་དགའ་སྟོན་རྒྱས་པར་བྱ༔ ས་མ་ཡ༔ དངོས་གྲུབ་ངེས་པར་བསྒྲུབ་པའི་ཕྱིར༔ རྣལ་འབྱོར་ཆེན་པོའི་ལས་རིམ་ནི༔ བསྙེན་སྒྲུབ་དྲོད་ཐོབ་སྔོན་འགྲོ་བས༔ དབེན་ཞིང་ཉམས་དགའ་ཡིད་འོང་བའི༔ ས་གཞི་ལེགས་བརྟགས་རུང་ཤེས་ནས༔ སྣང་བའི་ཡུལ་ལ་རིན་གྱིས་བཅལ༔ མི་སྣང་ལྷ་ཀླུ་ས་བདག་ལ༔ གཏོར་མ་སྦྱིན་ཞིང་བདེན་པས་བསླང༔ ལས་དང་ཏིང་འཛིན་མཐུ་ཡིས་སྦྱང༔ ཡོངས་སུ་བཟུང་ཞིང་བགེགས་ཚོགས་བསྐྲད༔ སྲུང་བའི་འཁོར་ལོ་བརྟན་པར་བསྒོམ༔ ཕྱི་ནང་གསང་བའི་མཚམས་བཅད་དེ༔ དབེན་ཞིང་རང་དབང་གྱུར་པའི་སར༔ སྟེགས་བུ་བཞེངས་ཤིང་ཆག་ཆག་གདབ༔ མེ་ཏོག་ཚོམ་བུས་མཚོན་པ་ལ༔ སྐད་ཅིག་ལྷར་གསལ་སྙན་གསན་དབབ༔ གནང་བ་ནོད་ཅིང་གཤེགས་སུ་གསོལ༔ བུམ་པ་སློབ་མ་ལྷག་གནས་སོགས༔ ཇི་ལྟར་འོས་པ་ཚུལ་བཞིན་བསྒྲུབས༔ དེ་ནས་རྡོ་རྗེའི་ཐིག་གདབ་ལ༔ དཀྱིལ་འཁོར་རྫོགས་པར་འབྲི་བ་འམ༔ མཚན་མའི་ཕྱག་རྒྱ་ཅི་རིགས་དགོད༔ ཁྱད་པར་སྐུ་དཀྱིལ་བུམ་པ་དང༔ གསུང་དཀྱིལ་མྱོང་གྲོལ་ཀ་པཱ་ལ༔ ཐུགས་ཀྱི་མེ་ལོང་སིནྡྷུ་ར༔ སྔགས་ཕྲེང་བཀོད་པ་རིམ་པར་བརྩེགས༔ ཡོངས་རྫོགས་དཔལ་གྱི་གཏོར་མ་དང༔ གུ་རུའི་སྐུ་འབག་དང་བཅས་དགོད༔ ཨོཾ༔ བཀྲ་ཤིས་བུམ་པ་བདུད་རྩིའི་བཅུད་ཀྱིས་གཏམས༔ ཡེ་ཤེས་དཔག་ཏུ་མེད་པའི་རྒྱན་དང་བཅས༔ དཀྱིལ་འཁོར་དབུས་སུ་བརྟན་པར་བཞུགས་ནས་ཀྱང༔ མི་འགྱུར་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ སྔགས་དབྱངས་མཐར༔ ཀཱ་ཡ་ཛྙཱ་ན་ཀ་ལ་ཤ་ས་མ་ཡ་ཏིཥྛ་ཨོཾ༔ ཨཱ༔ རང་བྱུང་བདེ་སྐྱོང་མྱང་གྲོལ་བཅུད་ཀྱིས་གཏམས༔ ཡེ་ཤེས་འོད་ཟེར་རབ་ཏུ་འབར་བའི་དབྱིག༔ དཀྱིལ་འཁོར་དབུས་སུ་བརྟན་པར་བཞུགས་ནས་ཀྱང༔ བདེ་ཆེན་གསུང་གི་དངོས་གྲུབ་བསྩལ་དུ་གསོལ༔ ཝཱ་ཀ་ཛྙཱ་ན་ཀ་པཱ་ལ་ཨ་མྲྀཏ་ས་མ་ཡ་ཏིཥྛ་ཨཱ༔ ཧཱུྃ༔ དབྱིངས་ཀྱི་མཎྜལ་རིག་པའི་དམར་འོད་འཚེར༔ ཟུང་འཇུག་རྡོ་རྗེའི་སྔགས་ཀྱི་ཕྲེང་བ་བཅས༔ དཀྱིལ་འཁོར་དབུས་སུ་བརྟན་པར་བཞུགས་ནས་ཀྱང༔ འོད་གསལ་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཙིཏྟ་ཛྙཱ་ན་མཎྜ་ལ་མནྟྲ་ས་མ་ཡ་ཏིཥྛ་ཧཱུྃ༔ ཧོཿ གཏོར་སྣོད་རང་བཞིན་ཆོས་ཀྱི་དབྱིངས་སུ་ཟླུམ༔ གཏོར་མ་རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ༔ དཀྱིལ་འཁོར་དབུས་སུ་བརྟན་པར་བཞུགས་ནས་ཀྱང༔ རིག་པ་རང་སྣང་དངོས་གྲུབ་བསྩལ་དུ་གསོལ༔ མ་ཧཱ་སིདྡྷི་བ་ལིཾ་ཏ་ཛྙཱ་ན་ས་མ་ཡ་ཧོཿ ཧྲཱི༔ མ་ཧཱ་གུ་རུ་བདེ་བ་ཆེན་པོ་ནི༔ སྐུ་བཞི་དབྱེར་མེད་ཁྱབ་བདག་བླ་མ་མཆོག༔ དཀྱིལ་འཁོར་དབུས་སུ་བརྟན་པར་བཞུགས་ནས་ཀྱང༔ རིག་རྩལ་ཡེ་ཤེས་དངོས་གྲུབ་བསྩལ་དུ་གསོལ༔ མ་ཧཱ་གུ་རུ་སུ་ཁ་ཛྙཱ་ན་ས་མ་ཡ་ཧྲཱིཿ དེ་ལྟར་མངའ་གསོལ་གཟི་བྱིན་དབབ༔ ཕྱི་ནང་མཆོད་ཚོགས་ལ་སོགས་པ༔ བག་དྲོ་བརྗིད་ལྡན་མཛེས་པར་བཤམ༔ དབང་ཐོབ་དམ་ཚིག་རྣམ་དག་ཅིང༔ ལམ་ལ་སློབ་པའི་སྒྲུབ་པ་པོ༔ ཇི་ལྟར་རིགས་པ་གྲལ་དུ་དགོད༔ སྒྲུབ་པའི་ཞལ་བཀོད་ཐེམས་པར་གདབ༔ ཕྲིན་ལས་གཞུང་བསྲང་རྩེ་གཅིག་ཏུ༔ བསྐྱེད་པ་ལྷ་ཡི་འཁོར་ལོ་དང༔ བཟླས་བརྗོད་སྔགས་ཀྱི་འཁོར་ལོ་དང༔ ཏིང་འཛིན་འོད་གསལ་འཁོར་ལོ་བཅས༔ རྒྱུན་མི་འཆད་པས་རབ་ཏུ་བསྒྲུབ༔ བསྙེན་པ་བདག་མདུན་དབྱེར་མེད་ལ༔ སྒྲུབ་པའི་དུས་སུ་ཛཔ྄་ཁང་དབྱེ༔ ཛཔ྄་ཀྱི་ཕྲིན་ལས་བསྐུལ་བ་ནི༔ ཨོཾ༔ འོད་གསལ་དབྱིངས་ཀྱི་ཕོ་བྲང་ནས༔ རིག་པ་རང་སྣང་ཕྱག་རྒྱའི་གཟུགས༔ བླ་མ་སྐུ་བཞིའི་དཀྱིལ་འཁོར་ལྷ༔ བཟླས་བརྗོད་ཛཔ྄་ཀྱི་ཕྲིན་ལས་མཛོད༔ སྐུ་ནི་གཟི་བརྗིད་དཔལ་དུ་འབར༔ གསུང་ནི་སྔགས་ཀྱི་རང་སྒྲ་སྒྲོག༔ ཐུགས་མཆོག་ཡེ་ཤེས་སྲོག་ལྡན་པས༔ ཡོན་ཏན་རོལ་པའི་འོད་ཟེར་དང༔ ཕྲིན་ལས་དག་པ་རབ་འབྱམས་ཀྱིས༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན༔ མྱུར་དུ་འགྲུབ་པར་བྱིན་གྱིས་རློབས༔ ཞེས་གསོལ་ཏིང་འཛིན་རྩེ་གཅིག་བཟླ༔ སྟོང་སྟོང་ཚིགས་སུ་མཆོད་པ་འབུལ༔ ཐུན་མཚམས་བགེགས་ལ་ཕུར་བུས་གདབ༔ ཡེ་ཤེས་གཟི་བྱིན་ལྷག་པར་དབབ༔ ཚོགས་དང་གཏོར་མ་རྒྱ་ཆེར་བྱ༔ རྟགས་མཐོང་རང་དོན་དངོས་གྲུབ་བླང༔ གཞན་དོན་དབང་དང་དངོས་གྲུབ་སྦྱིན༔ མཚམས་དགྲོལ་ལ་སོགས་རྗེས་ཆོག་དང༔ སྨོན་ལམ་ཤིས་བརྗོད་རྒྱས་པར་སྤེལ༔ སྒྲུབ་ཆེན་འདི་དང་འབྲེལ་ཚད་ཀུན༔ ཚེ་འདིར་ཚེ་རིང་ནད་གདོན་ཞི༔ ཡེ་ཤེས་གོང་འཕེལ་རིག་འཛིན་འཐོབ༔ ཕྱི་མ་རྔ་ཡབ་དཔལ་གྱི་རིར༔ པདྨ་བདག་གིས་རྗེས་བཟུང་ནས༔ མཆོག་གི་དངོས་གྲུབ་མྱུར་དུ་འགྲུབ༔ སྐལ་ལྡན་རྣམས་ཀྱིས་བརྩོན་པར་གྱིས༔ ས་མ་ཡ༔ རྒྱ་རྒྱ༔ ༔ཟབ་མོ་ཁྲིད་ཀྱི་རིམ་པ་ལ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་མོ༔ དང་པོ་སྔོན་དུ་འགྲོ་བ་ནི༔ དབེན་ཞིང་རང་དབང་འདུ་བའི་སར༔ བདེ་བའི་སྟན་ལ་བག་ཕབ་ནས༔ ལུས་ངག་ཡིད་གསུམ་རྣལ་དུ་དབབ༔ དལ་འབྱོར་རྙེད་དཀའ་འཇིག་སླ་དང༔ ལས་འབྲས་འཁོར་བའི་ཉེས་དམིགས་བསམ༔ ངེས་འབྱུང་མཆོག་གིས་མཚམས་སྦྱར་ལ༔ བསླུ་མེད་དཀོན་མཆོག་སྐྱབས་སུ་འགྲོ༔ སྨོན་དང་འཇུག་པའི་བྱང་སེམས་བསྐྱེད༔ འགལ་རྐྱེན་སྡིག་ལྟུང་སྦྱང་བའི་ཕྱིར༔ རང་གི་སྤྱི་བོར་པད་ཟླའི་སྟེང༔ རྩ་བའི་བླ་མ་རྡོ་རྗེ་སེམས༔ དཀར་གསལ་རྡོ་རྗེ་དྲིལ་བུ་བསྣམས༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ ཞབས་ཟུང་ཕྱེད་པའི་སྐྱིལ་ཀྲུང་གིས༔ ཡེ་ཤེས་འོད་ལྔའི་ཀློང་ན་བཞུགས༔ ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་བར་གསལ༔ སྔོན་བྱས་ལས་ལ་གནོང་འགྱོད་དང༔ ཕྱིན་ཆད་མི་བགྱིད་དམ་བཅའ་བས༔ དཔལ་ལྡན་བླ་མ་རྡོ་རྗེ་སེམས༔ བདག་ལ་རེ་ལྟོས་ཁྱེད་ལས་མེད༔ སྡིག་ལྟུང་གནོང་འགྱོད་དྲག་པོས་བཤགས༔ བྱང་ཞིང་དག་པར་བྱིན་གྱིས་རློབས༔ ཞེས་པས་གསོལ་བ་བཏབ་པ་ལས༔ སྐུ་དང་སྔགས་ལས་བདུད་རྩིའི་རྒྱུན༔ བདེ་བ་ཆེན་པོའི་རང་བཞིན་འཕྲོས༔ བདག་གི་ཚངས་པའི་ལམ་ནས་ཞུགས༔ ལུས་གང་སྡིག་ལྟུང་ནད་གདོན་ཀུན༔ དག་ཅིང་དྲི་མ་མེད་པར་བསམ༔ ཡི་གེ་བརྒྱ་པའི་བཟླས་བརྗོད་བྱ༔ བཤགས་སྡོམ་གསོལ་ནས་རང་ལ་བསྟིམ༔ མཐུན་རྐྱེན་ཚོགས་གཉིས་སྤེལ་བའི་ཕྱིར༔ མདུན་མཁར་སྒྲུབ་པའི་མཎྜལ་གསལ༔ མཆོད་པའི་མཎྜལ་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ ཕྱི་ནང་སྣོད་བཅུད་རབ་འབྱམས་དང༔ བདག་ལུས་ལོངས་སྤྱོད་དཔལ་འབྱོར་བཅས༔ གཟུང་འཛིན་རྣམ་དག་འོད་གསལ་ངང༔ བླ་མ་དཀོན་མཆོག་རྩ་གསུམ་ལ༔ གུས་པས་འབུལ་ལོ་དགྱེས་པར་བཞེས༔ ཚོགས་གཉིས་རྫོགས་པར་བྱིན་གྱིས་རློབས༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜལ་པཱུ་ཛ་ཧོ༔ མཐར་ནི་སྤྲོས་བྲལ་ངང་དུ་བཞག༔ ཁྱད་པར་བྱིན་རླབས་དབབ་པའི་ཕྱིར༔ ཟབ་མོ་བླ་མའི་རྣལ་འབྱོར་བསྒོམ༔ ཨ༔ གདོད་ནས་རྣམ་དག་གཉུག་མའི་གཤིས༔ རྟེན་འབྲེལ་སྒྱུ་མའི་སྣང་ཆ་ལས༔ སྣོད་བཅུད་དག་པའི་ཞིང་ཁམས་དབུས༔ རང་ཉིད་མཚོ་རྒྱལ་རྣལ་འབྱོར་མ༔ དཀར་དམར་མདངས་ལྡན་རྗེས་ཆགས་ཉམས༔ གཞོན་ཚུལ་རིན་ཆེན་རུས་པ་དང༔ དར་གོས་མེ་ཏོག་ཕྲེང་བས་བརྒྱན༔ གྲི་གུག་ཐོད་འཛིན་དོར་སྟབས་ཀྱིས༔ པད་ཉི་བམ་རོའི་གདན་སྟེང་དུ༔ ཡེ་ཤེས་འོད་ཟེར་འཕྲོ་བས་འགྱིང༔ མདུན་མཁར་སེང་ཁྲི་པད་ཟླའི་དབུས༔ རྩ་བའི་བླ་མ་པདྨ་འབྱུང༔ ཞི་འཛུམ་དགྱེས་ཉམས་དཀར་དམར་མདངས༔ རྡོ་རྗེ་ཐོད་ཞལ་ཚེ་བུམ་བསྣམས༔ གྲུ་མོ་གཡོན་དུ་ཁ་ཊྭཱཾ་བསྒྲེངས༔ པད་ཞྭ་ཆོས་གོས་བེར་ཕོད་གསོལ༔ ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ དཀོན་མཆོག་རྩ་གསུམ་རྒྱ་མཚོའི་ཚོགས༔ སྤྱན་དྲངས་གཉིས་སུ་མེད་པར་བསམ༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཡན་ལག་བདུན་གྱིས་ཚོགས་གསོག་བྱ༔ མོས་གུས་དྲག་པོས་གསོལ་བ་གདབ༔ བླ་མ་དཀོན་མཆོག་གསུམ་གྱི་དངོས༔ རྩ་གསུམ་རྒྱ་མཚོའི་བདག་ཉིད་ལ༔ སྙིང་ནས་གུས་པས་གསོལ་བ་འདེབས༔ དབང་སྐུར་བྱིན་རློབས་དངོས་གྲུབ་སྩོལ༔ ཞེས་གསོལ་སྔགས་ཀྱིས་ཐུགས་དམ་བསྐུལ༔ ཐུན་མཐར་དབང་བཞི་བླང་བ་ནི༔ བླ་མའི་གནས་གསུམ་འབྲུ་གསུམ་ལས༔ འོད་ཟེར་རིམ་དང་གཅིག་ཅར་བྱུང༔ རང་གི་གནས་གསུམ་ཐིམ་པ་ཡིས༔ དབང་བསྐུར་སྒྲིབ་སྦྱངས་ཡེ་ཤེས་སྨིན༔ མཐར་ནི་དགྱེས་པས་འོད་དུ་ཞུ༔ བདག་དང་བླ་མ་དབྱེར་མེད་ངང༔ གཟུང་འཛིན་སྤྲོས་པ་ལས་འདས་པའི༔ འོད་གསལ་གཉུག་མའི་དབྱིངས་སུ་བཞག༔ ཨ་ཨ་ཨ༔ ཞེས་བརྗོད་དགོངས་པའི་གདིང་བཟུང་ངོ༔ གཉིས་པ་དངོས་གཞིའི་ཁྲིད་རིམ་ལ༔ སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་གསུམ༔ དང་པོ་ཕྱག་རྒྱའི་རྣལ་འབྱོར་ཏེ༔ ཏིང་འཛིན་གསུམ་གྱིས་གཞི་བཅས་ལ༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད༔ དེ་ཡང་དང་པོའི་ལས་ཅན་གྱིས༔ གཙོ་མཆོག་བདེ་ཆེན་སྐུ་རུ་གསལ༔ ཐུན་མོང་ང་རྒྱལ་བརྟན་པོར་བསྐྱེད༔ ཁྱད་པར་གསལ་སྣང་ཚད་དུ་འདོན༔ མཆོག་ཏུ་དག་པ་དྲན་པ་ཡིས༔ ལྷ་དང་བདག་དབྱེར་མེད་པར་བཞག༔ དེ་གོམས་དཀྱིལ་འཁོར་ཡོངས་རྫོགས་ལ༔ སེམས་འཛིན་ཏིང་འཛིན་རྩལ་སྦྱང་བྱ༔ ཐ་མལ་དངོས་པོའི་སྣང་ཞེན་ཀུན༔ སྣང་སྟོང་ལྷ་སྐུར་རང་ཤར་ནས༔ འཁྲུལ་པའི་བག་ཆགས་འགོག་པར་འགྱུར༔ གཉིས་པ་གསུང་གི་བཟླས་རིམ་ལ༔ ཐུན་མོང་ཛཔ྄་དགོངས་གསལ་བཏབ་སྟེ༔ བསྙེན་སྒྲུབ་ལས་གསུམ་ཚར་ཕྱིན་བྱ༔ ཁྱད་པར་རྡོ་རྗེའི་བཟླས་པ་ནི༔ ལུས་གནད་བཅོས་ཤིང་རླུང་རོ་བསལ༔ ནང་འཇུག་ཨོཾ་གྱི་གདངས་སུ་དྲང༔ གནས་པ་ཨཱཿལ་ཟིན་ཡུན་བསྐྱེད༔ ཧཱུྃ་ཞེས་ཕྱི་ལ་ནར་གྱིས་གཏོང༔ རྒྱུ་བ་གསལ་སོགས་རྟགས་མཐོང་བྱ༔ མཆོག་ཏུ་རླུང་རྩོལ་འགྲོ་འོང་གནས༔ སྒྲ་མཐའ་སྟོང་ཉིད་འོད་གསལ་ངང༔ རིག་སྟོང་གཉུག་མའི་ཕྱག་རྒྱས་གདབ༔ ཐ་མལ་རླུང་དང་སྒྲ་སྐད་ཀུན༔ གྲགས་སྟོང་སྔགས་སུ་རང་ཤར་ནས༔ ཐུན་མོང་མཆོག་གི་དངོས་གྲུབ་ཐོབ༔ གསུམ་པ་ཐུགས་ཀྱི་དགོངས་པ་བསྐྱང༔ ཐུན་མོང་རང་ཉིད་བདེ་བ་ཆེའི༔ ཡེ་ཤེས་སྐུ་ཡི་སྟོང་ར་བསྒོམ༔ རྩ་གསུམ་གསལ་བཏབ་རླུང་རོ་བསལ༔ སྙིང་གའི་ཨ་ཝ་དྷཱུ་ཏིའི་དབུས༔ མི་ཤིགས་ཐིག་ལེ་ཡུངས་འབྲུ་ཙམ༔ དཀར་གསལ་འོད་ཟེར་ལྔ་ལྡན་བསྒོམ༔ འཇམ་རླུང་བུམ་པ་ཅན་དང་སྦྲགས༔ རླུང་སེམས་ཐིག་ལེ་དབྱེར་མེད་ལ༔ རྩེ་གཅིག་སེམས་བཟུང་མཉམ་པར་བཞག༔ རྣམ་རྟོག་གང་སྐྱེས་ཐད་ཀར་བཅད༔ གཡོ་ཐོབ་གོམས་བརྟན་མཐར་ཕྱིན་ནས༔ ཤིན་སྦྱངས་བདེ་བའི་ཞི་གནས་འགྲུབ༔ ཁྱད་པར་ཕྱི་རོལ་གཟུང་བའི་ཡུལ༔ སྣང་ཙམ་ཉིད་ནས་རང་བཞིན་མེད༔ ནང་གི་འཛིན་རྟོག་རྩད་བཅད་པས༔ སྐྱེ་འགག་གནས་མེད་གཉུག་མར་གྲོལ༔ བར་དུ་སེམས་ཀྱིས་མ་བསླད་པའི༔ སེམས་ཉིད་འོད་གསལ་རང་ངོ་ཤེས༔ བློ་འདས་རིག་སྟོང་རྫོགས་པ་ཆེ༔ ལྷག་མཐོང་གནས་ལུགས་མངོན་དུ་འགྱུར༔ མཆོག་ཏུ་དགོངས་པ་མི་འགྱུར་བའི༔ ཡེ་ཤེས་བརྟན་པ་ཐོབ་པའི་ཕྱིར༔ ལུས་སེམས་ཁོང་གློད་དལ་བར་བྱ༔ མིག་གི་གསང་འབྲས་དབྱིངས་སུ་གཏད༔ ཆོས་ཉིད་དྲན་པས་གསལ་བཏབ་ལ༔ རིག་སྟོང་སྤྲོ་བསྡུ་བྲལ་བར་བསྐྱང༔ རྣམ་པར་རྟོག་པ་གང་ཤར་ཡང༔ རྗེས་སུ་མི་འབྲང་སྔུན་མི་བསུ༔ ད་ལྟར་རྩིས་གདབ་བྲལ་བའི་ངང༔ མ་བཅོས་མ་བསླད་གཉུག་མར་བཞག༔ རྣམ་རྟོག་ཞི་ཞིང་ངོ་བོ་མཐོང༔ ཟུང་འཇུག་ཡེ་ཤེས་མངོན་དུ་འགྱུར༔ གསུམ་པ་རྗེས་ཀྱི་ཁྲིད་རིམ་ནི༔ ཐུན་རྗེས་བསྔོ་སྨོན་རྒྱ་ཡིས་གདབ༔ ཐུན་མཚམས་ཚོགས་དྲུག་ལྷུག་པར་སྤྱོད༔ གོ་བའི་ཡིད་དཔྱོད་ཅི་དགར་བོར༔ ཉམས་ལ་མ་ཞེན་ཡང་ཡང་བཤིག༔ རྟོག་པ་རང་ཐོག་ངོ་འཕྲོད་པ༔ དེ་ཉིད་ཁོ་ནར་ཐག་བཅད་ཅིང༔ མི་བསྒོམ་དོན་དང་མི་འབྲལ་བས༔ གཟུང་འཛིན་སྦྲུལ་མདུད་བཞིན་དུ་གྲོལ༔ དགོངས་པ་དེ་ཡི་གདིང་བཟུང་བས༔ ཆོས་ཉིད་རིག་པ་མངོན་སུམ་མཐོང༔ རང་གྲོལ་ཉམས་མྱོང་གོང་དུ་འཕེལ༔ སྣང་སེམས་རོ་གཅིག་ཚད་ལ་ཕེབས༔ སྒོམ་མེད་ཆོས་ཉིད་ཟད་སར་འཁྱོལ༔ ཤེས་དང་ཤེས་བྱ་དབྱེར་མེད་པ༔ ཞི་བ་དམ་པ་ཆོས་ཀྱི་སྐུ༔ ཀུན་བཟང་པདྨ་བདེ་བ་ཆེ༔ ཚེ་འདི་ཉིད་ལ་མངོན་གྱུར་ནས༔ རང་གཞན་དོན་གཉིས་མཐར་ཕྱིན་འགྱུར༔ ས་མ་ཡ༔ རྒྱ་རྒྱ༔ སྣོད་ལྡན་སློབ་མ་རྗེས་བཟུང་ཕྱིར༔ བྱིན་རླབས་དབང་གི་རིམ་པ་ནི༔ དབེན་པར་མཚན་མའི་དཀྱིལ་འཁོར་དང༔ བུམ་པ་ལ་སོགས་དབང་གི་རྫས༔ ཕྱི་ནང་མཆོད་ཚོགས་བརྗིད་ལྡན་བཤམ༔ བདག་དང་མདུན་རྟེན་དབྱེར་མེད་པ༔ སྒོམ་དང་བཟླས་པས་ནུས་ལྡན་བྱ༔ ཚོགས་ཀྱི་མཆོད་པས་དགྱེས་པ་བསྐང༔ རང་ཉིད་ཏིང་ངེ་འཛིན་གྱིས་འཇུག༔ སློབ་མ་འཇུག་ཕྱིར་གནང་བ་གསོལ༔ དེ་ནས་སྣོད་ལྡན་ངེས་པ་རྣམས༔ ཁྲུས་ནས་དབྱུང་ཞིང་བགེགས་བསྐྲད་སྲུངས༔ མཎྜལ་དང་བཅས་གསོལ་གདབ་ནི༔ བླ་མ་སྐུ་བཞིའི་དཀྱིལ་འཁོར་ལྷ༔ ཀུན་ནས་བདག་ལ་དགོངས་སུ་གསོལ༔ ཟབ་མོའི་རྣལ་འབྱོར་དོན་གཉེར་བས༔ སྨིན་བྱེད་མཆོག་གི་དབང་བསྐུར་སྩོལ༔ ལན་གསུམ་གསོལ་གདབ་སྐྱབས་སེམས་དང༔ ཚོགས་གསག་སྡོམ་པས་རྒྱུད་བསྡམས་ནས༔ གཞི་ལུས་ལྷར་བསྐྱེད་ཡེ་ཤེས་དབབ༔ བརྟན་པར་བྱས་རྗེས་བུམ་དབང་ནི༔ ཨོཾ༔ སྤྲོས་བྲལ་ཆོས་སྐུའི་བུམ་པ་ཟླུམ་པོ་རུ༔ ལོངས་སྤྱོད་ཡོངས་རྫོགས་ཡེ་ཤེས་བདུད་རྩིས་གཏམས༔ འགྲོ་འདུལ་སྤྲུལ་པའི་རྒྱན་དང་བཀོད་པ་བཅས༔ དབྱེར་མེད་བདེ་བ་ཆེན་པོར་དབང་བསྐུར་རོ༔ སྔགས་མཐར༔ ཀ་ལ་ཤ་བཛྲ་ཨ་མྲྀཏ་ཨ་བྷི་ཥཱིཉྩ་ཨོཾ༔ གནས་གསུམ་བཞག་ཅིང་བུམ་ཆུ་སྦྱིན༔ ཚིག་དོན་ངོ་སྤྲོད་དགོངས་པ་བསྐྱང༔ བུམ་པའི་དབང་བཞི་རྫོགས་པར་འགྱུར༔ བྷནྡྷ་བྱང་སེམས་བདུད་རྩི་ཐོགས༔ ཨཱ༔ ཆོས་དབྱིངས་རང་བཞིན་བྷནྡྷ་ཡངས་པའི་ཀློང༔ བདེ་ཆེན་ལོངས་སྤྱོད་བདུད་རྩིའི་བཅུད་དུ་འཁྱིལ༔ ཐུགས་རྗེ་སྤྲུལ་པའི་ཡེ་ཤེས་ཆར་འབེབ་པས༔ དབྱེར་མེད་བདེ་བ་ཆེན་པོར་དབང་བསྐུར་རོ༔ མ་ཧཱ་ཀ་པཱ་ལ་བོ་དྷི་ཙིཏྟ་ཨ་བྷི་ཥཱིཉྩ་ཨཱ༔ གནས་གསུམ་བཞག་སོགས་གོང་ལྟར་བྱ༔ བསྙེན་སྒྲུབ་ལས་ཀྱི་བཟླས་ལུང་སྦྱིན༔ གསང་བའི་དབང་བཞི་རྫོགས་པར་འགྱུར༔ སིནྡྷུའི་མཎྜལ་སྔགས་བཅས་ཐོགས༔ ཧཱུྃ༔ ཆོས་དབྱིངས་སྟོང་གསལ་རྡོ་རྗེའི་མཎྜ་ལར༔ བདེ་ཆེན་ལོངས་སྤྱོད་ཡོངས་རྫོགས་ཐིག་ལེར་ཤར༔ རིག་རྩལ་སྤྲུལ་པའི་སྔགས་ཕྲེང་འོད་འབར་བས༔ དབྱེར་མེད་བདེ་བ་ཆེན་པོར་དབང་བསྐུར་རོ༔ མཎྜ་ལ་མ་ཧཱ་སུ་ཁ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ གནས་གསུམ་བཞག་ཅིང་ཐིག་ལེ་བྱ༔ ཚིག་དོན་ངོ་སྤྲོད་བདེ་སྟོང་བསྐྱང༔ གསུམ་པའི་དབང་བཞི་རྫོགས་པར་འགྱུར༔ དཔལ་གྱི་གཏོར་མ་རྫས་ལྡན་ཐོགས༔ ཧྲཱི༔ གཏོར་སྣོད་ཁྱབ་བརྡལ་ཆོས་སྐུའི་དབྱིངས་སུ་ཟླུམ༔ གཏོར་མའི་ངོ་བོ་ལོངས་སྤྱོད་དམ་ཚིག་རྫས༔ རོལ་རྩལ་སྣ་ཚོགས་སྤྲུལ་པའི་རྒྱན་ལྡན་པས༔ དབྱེར་མེད་བདེ་བ་ཆེན་པོར་དབང་བསྐུར་རོ༔ མ་ཧཱ་བ་ལིཾ་ཏ་ཛྙཱ་ན་ཨ་བྷི་ཥིཉྩ་ཧྲཱི༔ གནས་གསུམ་བཞག་ཅིང་གཏོར་རྫས་སྦྱིན༔ ཚིག་དོན་ངོ་སྤྲད་དགོངས་པ་བསྐྱང༔ ཀ་དག་དབང་བཞི་རྫོགས་པར་འགྱུར༔ གུ་རུའི་སྐུ་འབག་གནས་གསུམ་བཞག༔ ཨོཾ་ཨཱཿཧཱུྃ༔ ཆོས་སྐུ་སྐྱེ་མེད་དབྱིངས་ལས་ལོངས་སྤྱོད་རྫོགས༔ ཡེ་ཤེས་སྐུར་སྣང་སྤྲུལ་པའི་སྤྲིན་ཕུང་འཕྲོ༔ རིག་རྩལ་དོན་གྱི་དགོངས་པའི་བྱིན་རླབས་ཀྱིས༔ དབྱེར་མེད་བདེ་བ་ཆེན་པོར་དབང་བསྐུར་རོ༔ མ་ཧཱ་ཛྙཱ་ན་ཀཱ་ཡ་ཨཱ་ཝེ་ཤ་ཡ་ཨ་བྷི་ཥིཉྩ་ཨ་ཨཱ༔ ཚིག་དོན་ངོ་སྤྲོད་དགོངས་པ་བསྐྱང༔ རིག་རྩལ་དབང་བཞི་རྫོགས་པར་འགྱུར༔ ཐུགས་དམ་རྒྱུད་བསྐུལ་སྔོན་འགྲོ་བས༔ མཐའ་རྟེན་ཚེ་འབྲང་སྤྱི་བོར་དགོད༔ ཧྲཱི་ཧྲཱི་ཧྲཱི༔ བཅོམ་ལྡན་ཚེ་དཔག་མེད་མགོན་ཙཎྜ་ལཱི༔ ཨོ་རྒྱན་ཡབ་ཡུམ་འཆི་མེད་རིག་འཛིན་ཚོགས༔ དབྱིངས་ནས་བརྩེར་དགོངས་སྐལ་ལྡན་སློབ་མ་ལ༔ ཚེ་དང་ཡེ་ཤེས་དངོས་གྲུབ་བསྩལ་དུ་གསོལ༔ སྔགས་མཐར༔ བཛྲ་ཛྙཱ་ན་ཨཱ་ཡུར་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ དངོས་གྲུབ་དམ་ཚིག་རྫས་ཀྱང་སྦྱིན༔ ཧྲཱི༔ ཐབས་ཀྱི་རང་བཞིན་ཚེ་ཡི་རིལ་བུ་ལ༔ འཁོར་འདས་ཀུན་གྱི་དྭངས་བཅུད་ཐིག་ལེར་འདྲིལ༔ མི་འགྱུར་རྟག་པ་དམ་པའི་དབང་བསྐུར་བས༔ རྡོ་རྗེའི་ཚེ་དང་ཡེ་ཤེས་རྒྱས་པར་ཤོག༔ སྔགས་བརྗོད་ཅིང་རིལ་བུ་ལག་གཡས་སུ་སྦྱིན༔ ཧྲཱི༔ ཤེས་རབ་རང་བཞིན་ཚེ་ཡི་བདུད་རྩིའི་རྒྱུན༔ འཆི་མེད་བྱང་ཆུབ་སེམས་ཀྱི་དམ་ཚིག་རྫས༔ རྩ་ཁམས་བདེ་དྲོད་འབར་བའི་དབང་བསྐུར་བས༔ བདེ་ཆེན་ཡེ་ཤེས་ཚེ་ཡི་དབང་ཐོབ་ཤོག༔ སྔགས་བརྗོད་ཅིང་ཚེ་ཆང་གཡོན་དུ་སྦྱིན༔ མཐར་ནི་རྒྱས་གདབ་ཤིས་པར་བྱ༔ དམ་ཚིག་ཁས་བླངས་མཎྜལ་སོགས༔ རྗེས་ཀྱི་རིམ་པ་སྤྱི་ལྟར་སྤྱད༔ ཟབ་མོའི་དབང་འདི་བསྐུར་བ་ཡིས༔ པདྨ་བདག་གི་ཡེ་ཤེས་བྱིན༔ རྩ་ཁམས་རླུང་ལ་ཞུགས་ནས་ཀྱང༔ སྒྲིབ་དག་ཡེ་ཤེས་གོང་དུ་འཕེལ༔ ཚེ་གཅིག་བྱང་ཆུབ་སྐལ་ལྡན་འགྱུར༔ ས་མ་ཡ༔ རྒྱ་རྒྱ༔ དེ་ལྟར་སྐུ་བཞི་དབྱེར་མེད་པ༔ གུ་རུ་པདྨ་སཾ་བྷཱ་ཝའི༔ ཐུགས་སྒྲུབ་ཀུན་ལས་ཁྱད་འཕགས་ཕུལ༔ ངོ་མཚར་མཆོག་གི་རྣམ་པར་ཐར༔ རིག་འཛིན་རྣམ་བཞིའི་ལམ་བགྲོད་ཚུལ༔ བཅུ་གཉིས་མཛད་པར་རྗེས་མཐུན་གང༔ སྔོན་ཆད་གཞན་དུ་མ་བསྟན་པ༔ ད་ལྟ་མངའ་བདག་ཡབ་སྲས་དང༔ བཻ་རོ་མཚོ་རྒྱལ་ལྕམ་ལ་སོགས༔ ཉེ་བའི་འདུས་པ་རྣམས་ལ་བཤད༔ རྒྱས་འབྲིང་བསྡུས་གསུམ་ཚུལ་དུ་དབྱེ༔ རྒྱས་པ་ལྷ་དབུས་སྙིང་དྲུང་དང༔ འབྲིང་པོ་ལྷོ་བྲག་ཕྱོགས་སུ་སྦས༔ སྙིང་པོ་འོད་ཀྱི་ཐིག་ལེ་ཞེས༔ ཁ་ཚང་དོན་འདྲིལ་ལག་ལེན་བདེ༔ བྱིན་རླབས་མངོན་སུམ་འབེབ་པ་འདི༔ དེ་ཝཱི་ཀོ་ཊི་གསུམ་པའི་གནས༔ རིན་ཆེན་བྲག་གི་སུལ་དུ་གཏམས༔ ནམ་ཞིག་སུམ་ཅུའི་དམར་ཐག་ལ༔ བཻ་རོས་བྱིན་བརླབས་རིག་འཛིན་གྱི༔ དངོས་གྲུབ་སྐལ་པར་ཐོབ་ནས་ཀྱང༔ གཞན་ལ་ཕན་པའི་བཙས་སུ་བྱེད༔ དུས་ཀྱི་ཐ་མ་དེ་ཡི་ཚེ༔ འདི་ལྟ་བུ་ཡི་གདམས་པའི་ཕུལ༔ རབ་ཀྱིས་བསྐྱེད་རྫོགས་རྩེ་གཅིག་བསྒོམ༔ རིག་འཛིན་གོ་འཕང་ཚེ་འདིར་འགྲུབ༔ འབྲིང་གིས་ཚོགས་སུ་སྒྲུབ་པ་འམ༔ ཚེས་བཅུའི་དུས་མཆོད་རྒྱུན་བཟུང་ན༔ ཡུལ་ཕྱོགས་དགེ་ཞིང་བྱིན་ཆེན་ཕེབས༔ སྣོད་དང་བཅུད་ཀྱི་རྒུད་པ་ཞི༔ ཚེ་རིང་ནད་མེད་བསམ་རྒུ་འགྲུབ༔ ཚེ་འཕོས་རྔ་ཡབ་དཔལ་གྱི་རིར༔ རིག་འཛིན་འདུས་པའི་ཚོམ་བུར་སྦྱོར༔ དེ་ཕྱིར་འདི་ལ་བརྩོན་པར་གྱིས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ སྤྲུལ་པའི་གཏེར་འབྱིན་རྒྱ་མཚོའི་གཙུག་གི་ནོར་བུ་ལོ་ཆེན་བཻ་རོ་དངོས་བྱོན་ཨོ་རྒྱན་འཆི་མེད་བསྟན་གཉིས་གླིང་པས་དཔལ་སྤུངས་ཡང་ཁྲོད་དེ་ཝཱི་ཀོ་ཊི་ཙ་འདྲ་རིན་ཆེན་བྲག་གི་མགུལ་ནས་སྤྱན་དྲངས་པའི་ཤོག་སེར་ལས། འཇམ་དཔལ་ཆོས་ཀྱི་བཤེས་གཉེན་པདྨ་འོད་གསལ་མདོ་སྔགས་གླིང་པས་དག་པར་ཕབ་པ་དགེ། ༈ །།ཁྱབ་བརྡལ་ཆོས་དབྱིངས་རྒྱལ་བའི་ཞིང་ཁམས་ནས། །རྣམ་པར་སྣང་མཛད་ཡེ་ཤེས་སྒྱུ་མའི་སྐུ །སྒྱུ་འཕྲུལ་དྲྭ་བའི་རོལ་གར་མཐའ་ཡས་པ། །འགྲོ་བའི་སྣང་ངོར་སྟོན་ལ་གསོལ་བ་འདེབས། །རྒྱལ་བ་ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུའི། །ཐེག་མཆོག་ཆོས་ཀྱི་བཀའ་རྣམས་མ་ལུས་པ། །བསྡུ་དང་འཆད་སྤེལ་འཛིན་པའི་སྐྱེས་བུ་རུ། །ལུང་བསྟན་རིམ་པར་བྱོན་ལ་གསོལ་བ་འདེབས། ཁྱད་པར་བསིལ་ལྡན་གངས་རིའི་ལྗོངས་འདི་རུ། །སྡེ་གསུམ་ཡི་གེའི་གཟུགས་དང་མདོ་སྔགས་ཆོས། །གསལ་བྱེད་ཆོས་ཀྱི་སྤྱན་པ་ཐུ་མི་དང་། །བཻ་རོའི་མཚན་གྱིས་གསལ་ལ་གསོལ་བ་འདེབས། །རྒྱལ་སྲས་རྡོ་རྗེ་གླིང་སོགས་ཟབ་གཏེར་སྒོ །འབྱེད་མཛད་རིམ་པར་བྱོན་ནས་ད་ལྟའི་དུས། །གནས་གཏེར་སྒོ་ཕྱེས་སྐལ་ལྡན་སྨིན་མཛད་པ། །འཆི་མེད་གཡུང་དྲུང་གླིང་པར་གསོལ་བ་འདེབས། །ཟབ་ལམ་ཕྱག་རྒྱ་ཆེ་དང་ཆོས་དྲུག་སོགས། །རྡོ་རྗེའི་རྣལ་འབྱོར་མཆོག་གི་ཁྲིད་ཚུལ་གྱིས། །སྐལ་ལྡན་སྐུ་བཞིའི་གོ་སར་འགོད་མཛད་པ། །ཀརྨ་ཡོན་ཏན་རྒྱ་མཚོར་གསོལ་བ་འདེབས། །གསོལ་བཏབ་ཐུགས་རྗེས་བདག་སོགས་འགྲོ་བ་ཀུན། །མགོན་པོ་ཁྱེད་ཀྱི་ཐུགས་རྗེས་རྗེས་བཟུང་ནས། །གསང་ཆེན་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱིས། །ཚེ་གཅིག་མཆོག་གི་དངོས་གྲུབ་མངོན་གྱུར་ཤོག །ཅེས་པ་འདིའང་གནས་ཆེན་མ་ཎིའི་ཐང་ནས་མ་ཎི་བ་དཔལ་སྤྲུལ་རྒན་པོས་གསོལ་བ་བཏབ་པའོ།། །།

རིན་ཆེན་གཏེར་མཛོད་ཆེན་པོའི་སྨིན་གྲོལ་འབོགས་པའི་སྐབས་ཀྱི་ཕྱག་ལེན་ཉེར་མཁོའི་ཟུར་འདེབས་མཚམས་སྦྱོར་རིགས་བཅས་ཉུང་གསལ་དུ་བཀོད་པ་འདོད་རྒུ་འཇོ་བའི་གཏེར་བུམ་པོད་གཉིས་པ་ (Volume 69, Text 1)

Rinchen Terdzö, Volume 69, Full Text
རིན་ཆེན་གཏེར་མཛོད་ཆེན་མོ་པོད་དྲུག་བཅུ་རེ་དགུ་པ།

རིན་ཆེན་གཏེར་མཛོད་ཆེན་པོའི་སྨིན་གྲོལ་འབོགས་པའི་སྐབས་ཀྱི་ཕྱག་ལེན་ཉེར་མཁོའི་ཟུར་འདེབས་མཚམས་སྦྱོར་རིགས་བཅས་ཉུང་གསལ་དུ་བཀོད་པ་འདོད་རྒུ་འཇོ་བའི་གཏེར་བུམ་པོད་གཉིས་པ་ (Volume 69, Text 1)

[edit]

<onlyinclude>

༄༅། །ར ཏྣ ནི དྷི མ ཧཱ པཱ ཀ མུ ཀྟ རྣ ཀ བྷུ སྱ པཱ ཎཱི ད ཎྜ ཀེ ས ཙ རཾ ཀ ཎྜ ནུ སི ནྡྷ ཀུ ལ ས དཱ ལྤ ཏུ ཙི ན ཡཱ ཀཱ མ དྷེ ནུ ནི དྷི ཀུ མྦྷ དྭི པུ སྟ ཀ བི ཧ ར ཏི སྨ།། །། ༄༅། །རིན་ཆེན་གཏེར་མཛོད་ཆེན་པོའི་སྨིན་གྲོལ་འབོགས་པའི་སྐབས་ཀྱི་ཕྱག་ལེན་ཉེར་མཁོའི་ཟུར་འདེབས་མཚམས་སྦྱོར་རིགས་བཅས་ཉུང་གསལ་དུ་བཀོད་པ་འདོད་རྒུ་འཇོ་བའི་གཏེར་བུམ་པོད་གཉིས་པ་བཞུགས་སོ། ། སྡེབ་སྦྱོར་མཉམ་པའི་བྲྀཏྟཱ་ཡེ་གེ་བཅུ་གཅིག་པ་གསུམ་བསྔགས་ལས་རྣམ་གྲངས་ཨང་། ༢༠༤༨ ཡོད་པ་ལས། འདིར་ཨུ་དིཥྛ། ༣༥༧ མཚམས་ནས་ཟིན་པ་དབང་པོ་རྡོ་རྗེ་ཞེས་བྱ་བའི་པྲསྟ་རས་མཛེས་པར་བཅིང་པ་དགེ། །། ༄༅། །དྷརྨཱདྷཏུབྱསྟིམཧཱསུཁཱཁཱཏ། །མཱཡཱཛཡཱརཱུཔཀརུཎྱསཾགྷཿ ༄༅། །ཆོས་དབྱིངས་ཁྱབ་བརྡལ་བདེ་ཆེན་མཁའ་དབྱིངས་ལས། །རྒྱལ་ཀུན་ཐུགས་རྗེ་འདུས་པ་སྒྱུ་འཕྲུལ་གཟུགས། །

          ༄༅། །ཨཔྨོདྭིཔསྱཱགྲཡནརྟཀོཛིཏ། །ཨུཏྟསྱཔདྨཱཀརཔདྣམསྟེ། །
       ༄༅། །གང་འདུལ་ཆུ་ཟླའི་གར་མཁན་སྐྱབས་ཀྱི་མཆོག །མཚོ་སྐྱེས་བླ་མའི་ཞབས་ལ་གུས་ཕྱག་བགྱི། །

གཉིས་པ་རིགས་བདག་འོད་དཔག་ཏུ་མེད་པའི་སྐོར་ལ། ཀཿཐོག་དམ་པ་བདེ་གཤེགས་ཀྱི་དག་སྣང་གསུང་རྡོ་རྗེ་རྩ་བ་དང་། ཀློང་གསལ་རྡོ་རྗེ་སྙིང་པོའི་གཏེར་བྱོན་རྡོ་རྗེ་ཆོས་ཀྱི་དབང་དང་སྦྱར་བ་ཟུང་འབྲེལ་སྣང་བ་མཐའ་ཡས་ཀྱི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་བདེ་ཆེན་ལམ་འདྲེན་ལྟར་དབང་སྒྲུབ། དབང་དངོས། རྗེས་བདག་བསྐྱེད་མཇུག་སྡུད་བསྔོ་སྨོན་ཤིས་བརྗོད་བཅས་བྱའོ།། །། ༈ མི་འགྱུར་རྡོ་རྗེའི་གནམ་ཆོས་བདེ་ཆེན་ཞིང་སྒྲུབ་ཀྱི་དབང་ཁྲིགས་ཆགས་སུ་བཀོད་པ་ལྟར་དབང་སྒྲུབ། དབང་དངོས་ལ་མཐའ་རྟེན་རྟགས་བརྒྱད་སྣ་བདུན་སྦྱར་བ། རྗེས་གནམ་ཆོས་སྤྱི་ལྟར་རོ།། །། ༈ སྟག་ཤམ་བསམ་གཏན་གླིང་པའི་ཡི་དམ་དགོངས་འདུས་ཀྱི་རིགས་བདག་འོད་དཔག་མེད་ཡེ་ཤེས་སེམས་དཔའི་ཚེའི་དབང་བསྐུར་བ་རིན་ཆེན་འཁོར་ལོའི་ལས་རིམ་གསལ་བར་བྱེད་པ་བདུད་རྩིའི་ཟ་མ་ཏོག་སོགས་ལས་གསུངས་པ་ལྟར་ལས་ཡང་སྨྲོས་མ་དགོས་ཀྱང་། འདིར་སྟབས་བདེར་དཀྱུས་གཅིག་ཏུ་བྱེད་སྐབས། བརྒྱུད་འདེབས་རྗེས། ༼ཏ༽བླ་མ་ནོར་བུའི་སྔོན་གཏོར་ཚོ་གཉིས་གཏང་། ལས་བྱང་གསེར་ཕྲེང་གི་བཀའ་བསྒོ་ནས་མཆོད་པ་བྱིན་རླབས་བར་སོང་ནས། ༼ལ༽རྟ་མགྲིན་ཡི་གེ་དྲུག་པའི་ལས་བྱང་གསང་བ་གཅིག་འགྲུབ་ཀྱི་ཏིང་འཛིན་རྣམ་གསུམ་ནས་བདག་བསྐྱེད་བཟླས་པའི་བར་བྱ། མདུན་བསྐྱེད་ལས་བྱང་སྔ་མའི་འཕྲོས་ཏིང་འཛིན་རྣམ་གསུམ་ནས། བསྐྱེད་བསྟིམ་ཡན་ལག་བཅས་ཀྱི་བསྟོད་པའི་རྗེས། ཛཔ྄་དམིགས་ནི། རང་ཉིད་རྟ་མགྲིན་གསལ་བའི་མདུན་དུ་འོད་དཔག་མེད་སེམས་དཔའི་དཀྱིལ་འཁོར་གསལ། འོད་དཔག་མེད་ཀྱི་ཐུགས་ཀར་པད་ཟླའི་སྟེང་ལ་རྡོ་རྗེ་རྩེ་དགུ་པ་གསལ་བའི་ལྟེ་བར་ཉི་མ་དང་ཟླ་བའི་སྟེང་དུ་ཧྲཱིཿཡིག་དམར་པོ་ཚེག་དྲག་དང་ལྡན་པའི་མཐའ་མར་སྔགས་གཡས་སུ་འཁོར་བར་བསམ། རང་རྟ་མགྲིན་གྱི་ཐུགས་ཀར་ཉི་མའི་སྟེང་དུ་ཧྲཱིཿདམར་ནག་གི་མཐའ་མར། ཨོཾ་ཧྱ་གྲཱྀ་ཝ་ཧཱུྃ་གིས་བསྐོར་བར་བསམ། རང་གི་ཐུགས་ཀའི་སྔགས་ཕྲེང་གི་འོད་ཟེར་བར་མ་ཆད་པའི་ཚུལ་དུ་ཕར་འཕྲོས། འོད་དཔག་མེད་ཀྱི་ཐུགས་ཀའི་འོད་ཟེར་སྔགས་ཕྲེང་བདུད་རྩིའི་རང་བཞིན་དུ་གྱུར་ནས་སྐུ་གང་། འཁོར་གྱི་ལྷ་ཚོགས་བསྐུལ། འོད་ཟེར་ཐམས་ཅད་སྤྲིན་ཆར་ལྟ་བུར་འདུས་ནས་རང་ལ་བར་མ་ཆད་པར་བྱུང་བར་བསམ། བུམ་པ་ལྔ་དང་ཚེ་བུམ་ལྔ་རྣམས་ལ་སྐབས་འདིར་རིགས་ལྔ་སྐད་ཅིག་གིས་གསལ་བཏབ་ནས། ཐམས་ཅད་ལ་སྤྲོ་བསྡུའི་དམིགས་པས་ཁྱབ་པར་བྱས་ཏེ། བདག་མདུན་བུམ་པ་སྦྲེལ་ན། པདྨ་དྷཱ་རི་དང་། ཧ་ཡ་གྲཱི་བ་བཟླ་བའམ། སོ་སོར་བསྙེན་ན། དང་པོ་རྟ་མགྲིན་ཡིག་དྲུག་བཟླ་བའང་སྣང་། གཞུང་ལྟར་བཟླས་པ་རིམ་བཞིན་བྱ། ནང་འཆི་མེད་ཚེའི་སྒྲུབ་པ་འཆི་མེད་བདུད་རྩིའི་ཟིལ་ཐིགས་བཞིན་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་ཞལ་བསྒྱུར་བ་ནི། བདག་མདུན་དབྱེར་མེད་ཀྱིས། བདག་ཉིད་དབང་ཆེན་རྟ་མགྲིན་བསྒོམ༔ རང་དང་དཀྱིལ་འཁོར་ལྷ་ཡི་བར༔ སོགས་ཀྱིས་བསྐྱེད་བཟླས་རྗེས། སྒྲུབ་ཐབས་པདྨའི་སྡོང་པོ་ལྟར་བུམ་པ་བསྐྱེད་བཟླས་བྱ། དེ་ནས་ལྷག་ཆད་ཁ་སྐོང་དང་། ཟུར་གསལ་ཚེ་འགུགས་ཐུགས་རྗེའི་ལྕགས་ཀྱུ་དང་། ནང་སྒྲུབ་ཚེ་འགུགས་བཅས་བྱ། སྒྲུབ་ཐབས་པདྨའི་སྡོང་པོ་ལྟར་སྤྱན་འདྲེན་ནས་བསྟོད་གསོལ་བར་གྱིས་སྟོང་ཚིགས་མཆོད་བསྟོད་ཕུལ། སྤྱི་ཁྱབ་ཀྱིས་བུམ་པ་ཁག་གཉིས་ཀའི་བུམ་ལྷ་འོད་ཞུ། ལས་བུམ་རྟ་མགྲིན་བསྐྱེད་བཟླས་བྱ། བཀའ་སྲུང་ནི། ༼དི༽ནས་སྟག་ཤམ་བཀའ་སྲུང་གསོལ་མཆོད་ཆོས་གླིང་གསུང་སྦྱར། གསེར་ཕྲེང་བཞིན་ཚོགས་བྱིན་རླབས་ནས། བསྒྲལ་བསྟབ་མཐའ་བར་གཏང་། རིག་མེ་དོར་ལ་གནང་བ་ནོད། དབང་དངོས་ལ། རྩ་བའི་ཚེ་དབང་རིན་ཆེན་འཁོར་ལོ་དང་། ནང་སྒྲུབ་འཆི་མེད་བདུད་རྩིའི་ཟིལ་ཐིགས་བཞིན་ཚེ་དབང་ཡང་ཟབ་གསང་བའི་སྙིང་པོ་དང་། ༼ལ༽སྟག་ཤམ་ཡི་དམ་དགོངས་འདུས་རྩ་གསུམ་སྤྱིའི་སྒྲུབ་ཐབས་པད་སྡོང་གི་རྗེས་གནང་གཅིག་ཤེས་ཀུན་གྲོལ་ལྟར་ཡང་སྦྱོར་དགོས་པས། དེའི་སྒྱུར་སོ་ནི། སློབ་མ་ལྷ་བསྐྱེད་སྐབས། འོད་དཔག་མེད་ཡེ་ཤེས་སེམས་དཔའ་བཅས་བསྐྱེད་དགོས་པ། སྒྲུབ་ཐབས་པད་སྡོང་གི་བུམ་བསྐྱེད་བཞིན། པདྨའི་སྡོང་པོ་གེ་སར་གསུམ་དང་ལྡན་པ༔སོགས་ནས། ཧྲཱིཿམཐར་སྔགས་འཁོར་བསམ༔ ཞེས་དང་། ཡང་ཡོན་ཏན་དབང་སྐབས། རིགས་བདག་པདྨ་ཚེ་དཔག་མེད་ཀྱི་ཡོན་ཏན་གྱི་རྗེས་སུ་གནང་བ་ནི། དར་གྱི་ཆོས་གོས་རྣམ་གསུམ་སོགས་སྤྲུལ་སྐུའི་ཆས་རྣམས་ཀྱིས་ཞེས་བསྒྱུར་བ་རྣམས་བྱ་དགོས། དེ་རྣམས་ཀྱིས་དབང་སྒྲུབ་གཅིག་འཐུས། དབང་བསྐུར་སོ་སོ། རྗེས་ཆོག་བདུད་རྩིའི་ཟ་མ་ཏོག་གི་ཡིག་ཆུང་ལྟར། ལས་བྱང་གསེར་ཕྲེང་གབ་སྤྲད་པས་གྲུབ་བོ།། །། ༈ མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བླ་མ་ལོངས་སྐུའི་ཆ་ལག །མགོན་པོ་འོད་དཔག་ཏུ་མེད་པའི་ཞིང་སྦྱོང་གི་ཆོ་ག་དང་རྗེས་སུ་འབྲེལ་བའི་གཞན་ཕན་ཕྲིན་ལས་ཀྱི་རིམ་པ་བདེ་བ་ཅན་དུ་བགྲོད་པའི་མྱུར་ལམ་ལྟར་དབང་སྒྲུབ། དབང་དངོས། རྗེས་བཅས་བྱའོ།། །། ༈ ཉི་ཟླ་སངས་རྒྱས་ཀྱི་གཏེར་བྱོན་འཕོ་བ་འཇག་ཚུགས་མའི་རྩ་ལག་གི་ཡིག་ཆའི་ཁྲིད་ལུང་འབོགས་པ་ལ། འོ། ནམ་མཁའི་མཐའ་དང་མཉམ་པའི་མར་གྱུར་གྱི་འགྲོ་བ་སྤྱི་དང་། བྱེ་བྲག་འབྲེལ་ཐོགས་འཆི་ཁ་མའི་སེམས་ཅན་སྡིག་པོ་ཆེ་རྣམས་བཙན་ཐབས་ཀྱི་སྦྱོར་བས་ཐར་པ་བྱང་ཆུབ་ཀྱི་གནས་སུ་སྐྱེལ་བ་དང་། ལམ་ཞུགས་ཀྱི་རྣལ་འབྱོར་པ་ཐ་མལ་པའི་ལམ་གྱི་སྐྱེལ་མ་འཕོ་བའི་མན་ངག་ཉམས་སུ་ལེན་པར་འདོད་པ་རྣམས་ལ། བྱིན་རླབས་ཀྱི་དྲོད་རྟགས་རྒྱུད་ལ་འཇུག་པའི་ཕྱིར་མྱུར་ལམ་འཕོ་ཁྲིད་ཀྱི་རིམ་པ་ཞུ་བར་བགྱིའོ་སྙམ་པའི་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས་གསན་འཚལ། དེ་ལ་རྒྱལ་བ་ཐུགས་རྗེ་ཚད་མེད་པའི་བདག་ཉིད་ཆེན་པོས་དམིགས་པ་མེད་པའི་ཕྲིན་ལས་སྨོན་ལམ་ཆེན་པོའི་མཐུས་རང་ཤར་བ། འཇིག་རྟེན་འདི་ན་གནས་སྐབས་ཀྱི་ཕན་པ་དཀར་པོའི་སྣང་བ་ཚུན་གྱིས་འགྲོ་ཁམས་ལ་ཕན་པ་དང་བདེ་བའི་རྒྱུར་གྱུར་པ་ཐམས་ཅད་ཐུགས་རྗེའི་ཤུགས་ཀྱིས་རང་ཤར་ནུབ་མེད་རྟག་པར་འཇོ་བ་མཐུན་སྣང་དུ་གྲུབ་པ་འདི་ཉིད་དང་། དེ་ལས་ཀྱང་ཁྱད་པར་དུ་འཕགས་པ་ཡ་ཀི་འོད་གསལ་ཆེན་པོའི་ཐེག་པ་ནས་ལྷ་མི་དགེ་བཅུའི་ཐེག་པ་ཡན་གྱི་གདུལ་བྱ་སོ་སོའི་བསོད་ནམས་ཀྱི་སྐལ་བ་དང་མཚུངས་པར་བསྟན་ནས། དབང་རབ་ཐོས་གྲོལ་དུས་མཉམ། དེ་འོག་རྣམས་ལོ་ཟླ། ཐ་མ་འདི་འམ་འཆི་ཁ་བར་དོ་ཚུན་དང་སྐྱེ་བ་བརྒྱུད་ནས་གྲོལ་བ། ཤིན་ཏུ་ཡང་ཐ་སྡིག་པོ་ཆེ་རྣམས་བཙན་ཐབས་ཀྱི་སྦྱོར་བའི་ཐབས་ཆེན་པོས་མཁའ་སྤྱོད་ཀྱི་གནས་སུ་འདྲེན་པའི་གདམས་ངག་ལ་སོགས་པ་མཐའ་ཡས་པ་ཞིག་བསྟན་པ་ཐམས་ཅད་གསར་རྙིང་བཀའ་གཏེར་མན་ངག་གི་ཆུ་བོ་ཆེན་པོ་རྣམས་སུ་བྱོན་པ་ལས། ད་ལམ་གྱི་སྐབས་སུ་བབས་པ་འདི་ནི་མྱུར་ལམ་འཕོ་བའི་མན་ངག་གི་སྐོར། ཆོས་བློན་ཉི་མའི་སྐྱེ་མཐའ་གྲུབ་ཆེན་ཉི་ཟླ་སངས་རྒྱས་ཀྱིས་དྭགས་ལ་སྒམ་པོ་གདལ་གྱི་རི་བོའི་མཚོ་མཎྜལ་ནག་པོ་ནས་སྤྱན་དྲངས་པ་དང་། ཨོ་རྒྱན་ཆེན་པོས་སྙན་བརྒྱུད་དུ་བསྩལ་པའི་དག་སྣང་ཟུང་འབྲེལ། འོད་དཔག་མེད་ཀྱི་འཕོ་བའི་མན་ངག་ཟབ་པ་ལས་ཀྱང་ཆེས་ཟབ་པ། ཐུན་གཅིག་གི་ནང་དུ་རྟགས་ཚད་སྟོན་པས་འཇག་ཚུགས་མར་གྲགས་པའི་ཁྲིད་འཆད་པའི་སྐབས་སུ་བབས་པ་ཡིན་པས། ཐོག་མར་མྱུར་ལམ་འཕོ་བའི་གདམས་ཁྲིད་ཞུ་བའི་ཡོན་དུ་མཎྜལ། དེ་ལ་ འདིར་གསང་ཆེན་རྡོ་རྗེ་ཐེག་པའི་སོགས་ཁྲིད་ཡིག་པདྨ་ཅན་དུ་བགྲོད་པའི་ཕོ་ཉ་ལྟར། བརྒྱུད་རིམ་སྐབས། བྱང་སེམས་ཕུན་ཚོགས་རྣམ་རྒྱལ། དེ་འཕྲོས་མཚུངས་མེད་བིདྱཱའི་མཚན་ཅན་སོགས་དོར་ལ། དེས་མཁན་ཆེན་རྣམ་འཇོམས་ཕུན་ཚོགས། དེས་མཚུངས་མེད་དཀོན་མཆོག་རཏྣ། དེས་འབྲི་གུང་པ་ཆོས་ཀྱི་གྲགས་པ། དེས་གནས་བརྟན་འཇམ་དབྱངས་གྲགས་པ། དེས་སྒྲོལ་ཕུག་པ་འཇམ་དབྱངས་ངག་དབང་རྡོ་རྗེ། དེས་རྟ་ནག་གར་དབང་ཕྲིན་ལས་རྒྱ་མཚོ། དེས་དགོན་བྱང་གར་དབང་ཆོས་ཀྱི་དོན་གྲུབ། དེས་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན། དེས་སྒྲོལ་སྟོན་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། དེས་འཇམ་མགོན་བླ་མ་མཁྱེན་བརྩེའི་དབང་པོ། དེས་རྡོ་རྗེ་འཆང་ཆེན་ཡོན་ཏན་རྒྱ་མཚོ་ནས་གཟུང་ཉམས་བཞེས་ཀྱི་བརྒྱུད་པ་བར་མ་ཆད་པའི་གསེར་ཕྲེང་ལས་བྱོན་པ་སྟེ། དེ་དག་ནི་ལོ་རྒྱུས་མདོ་ཙམ་བརྗོད་པ་དག་གོ །གཉིས་པ་བརྒྱུད་པ་སོགས་སྔ་མའི་འཕྲོས་ནས། ངེས་པར་སྐྱེ་བར་བཤད་པའི་ཕྱིར་རོ། །ཞེས་ཡིད་ཆེས་པའི་ལོ་རྒྱུས། སྦྱོང་བའི་ཐབས། རང་དང་གཞན་ལ་ཕན་གདགས་པའི་ཕྱག་ལེན་སོགས་ཞིབ་མོ་འབྱུང་བ་འབྲི་གུང་ཆོས་ཀྱི་གྲགས་པའི་ཡིག་ཆའི་སྟེང་ནས་ཁྲིད་ལུང་གྲུབ་ནས། སླར་ཡང་དེ་ཉིད་ཀྱི་བསྡུས་དོན་མན་ངག་གསལ་བྱེད་སྙིང་པོར་དྲིལ་བ། གངས་ཅན་པའི་གཙུག་གི་ནོར་བུ་༧འཇམ་དཔལ་དབྱངས་དངོས་མཁྱེན་བརྩེའི་དབང་པོས་བསྩལ་པ་ནི། གཏེར་སྟོན་ཉི་ཟླ་སངས་རྒྱས་ཀྱི་འཕོ་བ་འཇག་ཚུགས་མའི་ཁྲིད་ཀྱི་དམིགས་རིམ་ཟིན་བྲིས་བླ་མའི་ཞལ་ལུང་སོགས་ཁ་བྱང་ནས་མཐར་ཆགས་སུ་བཀླག་ཅིང་། མཉྫུ་གྷོ་ཥས་ཟིན་བྲིས་སུ་བཏབ་པ་དགེའོ། །ཞེས་གསུངས་པ་བཞིན་ཉམས་སུ་བླང་བས་དོན་འགྲུབ་པ་ཡིན་ཞིང་། ཐོག་མར་རང་དོན་མཐར་ཕྱིན་པར་བསྐྱངས་ནས་རང་དབང་ཐོབ་ངེས་ཀྱི་གདེངས་དང་ལྡན་པས། གཞན་དོན་ཕ་མར་གྱུར་ཅིང་། ཚེ་འདིའི་འཕེན་པ་རྫོགས། གནས་གྲོགས་ཡོ་བྱད་དང་བྲལ། དགེ་བ་བྱས་ལོ་ཙམ་ལས་ཡིན་ངེས་པ་སྣེ་གཅིག་ཀྱང་བསྒྲུབས་པ་མེད། སྡིག་པ་ཚན་པོ་ཆེ་ནི་རང་དང་ལྟོས་བཅས་རྣམས་ཀྱི་དོན་དུ་བསགས། བར་དོའི་འཕྲང་རིང་ལ་ཆས། གཤིན་རྗེའི་ཕོ་ཉས་ཟིན། སྐྱབས་བྲལ་ཉམ་ཐག་གི་སེམས་ཅན་མཐོང་ངོ་ཅོག་ལ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པས་ཕན་གདགས་པ་རེ་ཅིས་ཀྱང་མཛད་འཚལ་ལོ། །དེ་ནས་སླར་ཡང་འཕོ་བ་འཇག་ཚུགས་མའི་མན་ངག་ཟིན་བྲིས་ཀྱི་ཡིག་ཆ་ཟུང་དང་། གྲུབ་ཐོབ་ཀརྨ་ཆགས་མེད་ཀྱི་འཕོ་བ་འཇག་ཚུགས་མ་དང་། གནམ་ཆོས་བདེ་ཆེན་ཞིང་སྒྲུབ་ཀྱི་ཆ་ལག་འཕོ་བའི་གདམས་པ་དང་། དགྱེས་གསང་གདན་བཞི་ལ་སོགས་པའི་མན་ངག་འདུས་པ་འཕོ་བ་གསང་མཆོག་མ་གཙོ་བོར་མཛད། གསར་རྙིང་གི་གདམས་ངག་བྱིན་རླབས་བརྒྱུད་པའི་ཆུ་ཀླུང་ཀུན་དྲིལ། གཞན་ཕན་འཕོ་འདེབས་ཐུགས་རྗེའི་ལྕགས་ཀྱུ་རྣམས་ཀྱི་བཀླག་ལུང་བགྱིད་པ་ཡིན་པས་སྙན་གཏོད་ཅིག །ལུང་རྣམས་བཀླག་པའི་རྗེས། དེ་ལྟར་གདམས་ཁྲིད་རྒྱབ་རྟེན་ལུང་བཅས་བགྱིས་པ་ལས་བྱུང་བའི་དགེ་ཚོགས་ཀྱང་བྱང་ཆུབ་དམ་པའི་རྒྱུར། དམིགས་པའི་མཚན་མ་ཐམས་ཅད་ལས་འདས་པ་འཁོར་གསུམ་ཡོངས་དག་གི་བསྔོ་སྨོན་སྔོན་གྱི་རྒྱལ་བ་རྣམས་ཀྱི་རྗེས་སུ་སློབ་པའི་འདུན་པ་དང་བཅས་ཆབས་ཅིག་ཏུ་མཛོད། །འཇམ་དཔལ་དཔའ་བོས་སོགས་དང་། བསོད་ནམས་འདི་ཡིས་སོགས་དང་། དགེ་དེས་འགྲོ་བ་མ་ལུས་རྡོ་རྗེ་སེམས། །རྟག་བདེ་ཐབས་ཤེས་སྦྱོར་བས་འཆི་མེད་ཅིང་། །ནང་གི་ལམ་ནས་རྡོ་རྗེར་འགྲོ་བ་ཡི། །སངས་རྒྱས་ཉིད་ཀྱི་གོ་འཕང་འཐོབ་ཕྱིར་བསྔོ། །ཞེས་པ་རྣམས་ཀྱིས་མཐའ་བརྒྱན་པས་གྲུབ་བོ། །དེ་དག་གིས་རིགས་བདག་མགོན་པོ་འོད་དཔག་ཏུ་མེད་པའི་སྒྲུབ་སྐོར་རྣམས་དང་ཡན་ལག་བཅས་གྲུབ་བོ།། །། ༄། གཉིས་པ་གངས་ཅན་བོད་ཀྱི་ལྷ་སྐལ་ཞི་བ་ཐུགས་རྗེ་ཆེན་པོའི་སྒྲུབ་སྐོར་ལ། གྲུབ་ཐོབ་དངོས་གྲུབ་དང་ཉང་གི་གཏེར་བྱོན་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཞལ་གདམས་མ་ཎི་བཀའ་འབུམ་ལས་བྱུང་བའི་སྨིན་བྱེད་དབང་གི་ལག་ལེན་བཅུད་འདུས་བདུད་རྩིའི་རྒྱལ་པོ་ལྟར་དབང་སྒྲུབ། དངོས་གཞི་རྩ་བའི་དབང་ཆེན་ལ། ༼འདོད་བུམ། 207༽ལྟར་དོན་དབང་སྦྱར། ༧ ཡང་རྒྱལ་ལུགས་འཕགས་པ་ནམ་མཁའི་རྒྱལ་པོ་བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་གི་དབང་ལ། སྦྱོར་བ་བཤམ་བཀོད་སྐུ་རྟེན་ཙམ་ལས་གཞན་འགྲོ་འདུལ་དབང་ཆེན་ལྟར་ལ། དངོས་གཞི་དབང་སྒྲུབ་ལས་བྱང་དང་སྒྲུབ་ཚུལ་སྤྱི་ཁོག་འགྲོ་འདུལ་ཅན་ལྷ་སྐྱེད་བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་། ཟབ་ཁྲིད་ཀྱི་དངོས་གཞིའི་སྐྱེད་རིམ་ཞི་སྒྲུབ་ཀྱི་ས་བཅད་ལྔ་དང་དྲུག་ནང་བཤད་པ་ལྟར་རམ། ཡང་ན་༼འདོད་བུམ། 225༽ལྟར་གྱི་སྒྱུར་སོ་བྱས་པས་དབང་རྒྱས་འབྲིང་དང་སྒོམ་ལུང་ཕྱོགས་འཐུས་སུ་སྒྲུབ། དེ་ནས་འགྲོ་འདུལ་དབང་ཆེན་ལྟར་སྒྱུ་སོ་བཅས་འཕགས་པ་ནམ་མཁའི་རྒྱལ་པོའི་དབང་བསྐུར་ཆེན་མོ་དང་། ༼འདོད་བུམ། 225༽ལྟར་དབང་འབྲིང་། སྒོམ་ལུང་གི་དབང་བསྐུར་རྣམས་སྦྲེལ་བ་གྲུབ་པའི་དམ་ཚིག་ཁས་བླང་གི་དབུར། རིམ་པ་དེ་རྣམས་ཀྱིས་དབང་བསྐུར་བ་རྣམས་གྲུབ། སླར་ཡང་དེ་དང་རྗེས་སུ་འབྲེལ་བའི་གྲོལ་བྱེད་ཀྱི་གདམས་ཁྲིད་ལའང་གཉིས་ཀྱི། དང་པོ་ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོའི་ཞལ་གདམས་གངས་ཅན་ལྷ་སྐལ་ཐུགས་རྗེ་ཆེན་པོའི་སྒྲུབ་སྐོར་གྱི་བསྐྱེད་རྫོགས་ཟབ་མོའི་འགགས་དོན་གཅིག་ཏུ་བསྡུས་པའི་ལམ་རིམ་པ་གཉིས་ཀྱི་ཁྲིད་ཡིག་པདྨ་དཀར་པོའི་ཕྲེང་བ་ཞེས་བྱ་བ། དཔལ་རྒྱལ་བ་འབྲི་གུང་པ་ཆེན་པོ་ཆོས་ཀྱི་གྲགས་པས་བཀྲལ་པའི་སྟེང་ནས་ཁྲིད་ལུང་བགྱིད་པ་སྟེ། དེ་ལ་འདིར་མ་ཎི་བཀའ་འབུམ་གྱི་དོན་བསྡུས་པའི་བསྐྱེད་རྫོགས་ཀྱི་ལམ་ཉམས་སུ་བླང་བའི་རིམ་པ་ལ་གཉིས། སྨིན་བྱེད་དབང་གི་རིམ་པ་དང་། གྲོལ་བྱེད་བསྐྱེད་རྫོགས་ཀྱི་རིམ་པའོ། །དེའི་དང་པོ་ནི་ད་ལྟར་སྔོན་དུ་སོང་ཟིན་ནས། གཉིས་པ་གྲོལ་བྱེད་ལ་སྤྱི་དོན་གསུམ། སྔོན་འགྲོ། དངོས་གཞི། རྗེས་གསུམ་མོ། །སྤྱི་དོན་དང་པོ་སོགས་མཐར་ཆགས་སུ་བཏང་བའི་མཇུག་གི །འབད་རྩོལ་དུ་མའི་སྒོ་ནས་ཉམས་སུ་ལེན་རིགས་པ་ཡིན་ནོ།། །།དེས་བསྐྱེད་རྫོགས་ཀྱི་ཁྲིད་ཡིག་པདྨ་དཀར་པོའི་ཕྲེང་བའི་ཁྲིད་ལུང་གྲུབ་ནས། གཉིས་པ་སླར་ཡང་ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་སྐུ་གསུམ་སྙིང་པོའི་དོན་ཁྲིད་ཀྱི་ཟིན་བྲིས་ཉུང་གསལ་སྙིང་པོར་དྲིལ་བ་སྨིན་གླིང་ལོ་ཙཱ་བ་ཆེན་པོ་གནས་བརྟན་དྷརྨ་ཤྲཱིས་མཛད་པའི་ཁྲིད་འཆད་པ་ཡིན་ཏེ། དེ་ལ་འདིར་གངས་ཅན་གྱི་ལྷ་གཅིག་ཆོས་རྒྱལ་སོགས་དེ་ཉིད་ཀྱི་དབུ་ནས་གཟུང་། མཇུག་གི །ཀུན་ཏུ་དོན་ཡོད་པ་ལ་བསླབ་པར་བྱ་བ་ཉིད་ལ་ཉམས་ལེན་སྙིང་པོར་དྲིལ་ཏེ། བདག་གཞན་ཐམས་ཅད་འཕགས་པའི་གོ་འཕང་ལ་སྦྱོར་བའི་ཕྲིན་ལས་མཁའ་ཁྱབ་ཏུ་སྐྱོང་བར་མཛོད་ཅིག །དེ་ལྟར་སྨིན་གྲོལ་ཚངས་སྤྲུགས་སུ་ཐོབ་པའི་དམ་ཚིག་གི་རིམ་པ་རྩ་བ་དང་ཡན་ལག །སྤྱི་དང་བྱེ་བྲག་གིས་ཕྱེས་པ་ཐམས་ཅད་མི་ཉམས་པར་སྲུང་སྡོམ་མཛད་དགོས་པས། དེ་ལྟར་བྱ་བའི་གཡར་དམ་ནན་ཏན་གྱིས་ཁས་བླང་བ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་ཕྱིན་དབང་དང་། ཆོ་གའི་རྗེས་རྣམས་སྨིན་དབང་ཆེན་མོ་ལྟར་བགྱིས་པས་དབང་བསྐུར་ལྔ་ག་འཐུས་སོ།། །། ༈ མངའ་བདག་ཉང་རལ་གཏེར་བྱོན་ཐུགས་རྗེ་ཆེན་པོ་འགྲོ་འདུལ་གྱི་དབང་གི་ལག་ཁྲིད་གསལ་བར་བཀོད་པ་དྲི་མེད་པད་དཀར་སྡོང་བུ་ལྟར་བདག་བསྐྱེད་ནས་བུམ་པ་དང་། གཟུངས་ཁྲུས་ཆོ་ག་གཏེར་གཞུང་བཞིན་གཟུངས་བུམ་ཀྱང་བསྒྲུབས། ལྷ་སྟ་གོན་རྣམས་གྲུབ་ཟིན་ནས། སློབ་མ་སྟ་གོན་དང་། གཟུངས་བུམ་ཆོ་ག་དང་འབྲེལ་བའི་ཁྲུས་དབང་སྐབས་དབང་ཆོག་བཞིན་བསྟོད་པ་གྲུབ་པའི་རྗེས། དེ་ལྟར་བསྟོད་ཅིང་གསོལ་བ་བཏབ་ནས་བུམ་པ་སྤྱི་བོར་སྤྱན་དྲངས་པའི་བུམ་ནང་དུ་ཇོ་བོ་ཐུགས་རྗེ་ཆེན་པོ་དང་། ལས་ཀྱི་ཁྲོ་བོ་བདུད་རྩི་འཁྱིལ་པའི་སྐུ་ལས་སྡིག་སྒྲིབ་འཇོམས་བྱེད་ཡེ་ཤེས་རྡོ་རྗེའི་ཆུ་རྒྱུན་བབས། སློབ་མའི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་ལ་ཁྱབ་པས། སྐལ་བ་ངན་པའི་ཚེ་རབས་ཀྱི་ཉེས་ལྟུང་སྡིག་སྒྲིབ་ནད་གདོན་དང་གྲིབ་རིགས་མི་མཐུན་པའི་ཕྱོགས་ཐམས་ཅད་བཀྲུས་ཤིང་སྦྱངས་པ། འོག་སྒོ་དང་བ་སྤུའི་ཁུང་བུ་རྣམས་ནས་ཕྱིར་ཐོན་པས་ཉེས་པའི་སྐྱོན་དང་བྲལ། ཤུལ་ཐམས་ཅད་བདུད་རྩིའི་རྒྱུན་གྱིས་དཀར་ལྟེམ་མེར་གང་བས། མཐུན་པའི་ཚེ་དཔལ་ཡེ་ཤེས་ཡོན་ཏན་ཐམས་ཅད་རྒྱས་པར་སྒོམས་ཤིག །ཅེས་བརྡ་སྦྱར་ལ། བུམ་པའི་དབང་བསྐུར་དག་བྱེད་སོགས་ཀྱིས་དབང་བསྐུར་ཞིང་། གཟུངས་བུམ་རྗེས་ཆོག་བྱའོ། །དེ་ནས་དངོས་གཞིའི་དབང་བསྒྲུབས་ནས། དངོས་གཞི་རྩ་བའི་དབང་ཆེན། བདུད་རྩི་སྨན་དབང་། བཀྲ་ཤིས་ཚེ་དབང་རྣམས་བསྐུར། མཐར་རྗེས་ཆོག་བཅས་བྱའོ།། །། ༈ བཀའ་མ་གྲུབ་རྒྱལ་མ་དང་། གཏེར་མ་ཉང་རལ་ནས་བརྒྱུད་དེ་འཇིག་རྟེན་དབང་ཕྱུག་ཀརྨ་པར་བཀའ་བབས་པ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་བདེ་གཤེགས་བཞི་སྒྲིལ་༼འདོད་བུམ། 231༽ལྟར་གྱི་དབང་སྒྲུབ། དངོས་གཞི་བྱིན་རླབས་ཆོ་གའི་མཐར་ཡོད་པའི་ལྷ་ལྔའི་གཏོར་དབང་བསྡུས་པ་བཅས་བསྐུར། རྗེས་རིམ་རྣམས་བྱའོ།། །། ༈ ཀར་ལུགས་བཀའ་གཏེར་ཡོངས་འདུས་རྒྱལ་རྒྱམ་ལྷ་ལྔའི་གཏོར་དབང་བཀླག་ཆོག་ཏུ་བཀོད་པ་ཟབ་གསང་དགོངས་འདུས་ལྟར་དབང་སྒྲུབ། དངོས་གཞི་གཏོར་དབང་། རྗེས་ཆོག་བཅས་བྱའོ།། །། ༈ གུ་རུ་ཆོས་དབང་གི་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་སྨིན་བྱེད་ཀྱི་ཆོ་ག་འགྲོ་བ་ཀུན་འདུལ་ལྟར་དབང་སྒྲུབ་སྐབས། ཁོག་དབུབ་ཀྱི་རིལ་སྒྲུབ་བཟླས་དམིགས་བཅས་བསྐྱེད་བཟླས་སྦྱར་བ་དང་། དངོས་གཞི་རྩ་དབང་གི་བུམ་དབང་རྗེས་སུ་མྱང་གྲོལ་རིལ་བུའི་དབང་ཡང་སྦྱར་བ། རྗེས་ཆོག་བཅས་བྱའོ།། །། ༈ ཡང་གཏེར་ཉི་མ་སེང་གེའི་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ་ཡིད་བཞིན་ནོར་བུ་མཐོང་བ་རང་གྲོལ་གཏེར་གཞུང་ལ། དབང་བསྐུར་གྱི་ཟིན་བྲིས་མཐོང་གསལ་སྒྲོན་མེ་བཞིན། བདག་བསྐྱེད་ནས་ལས་བུམ་བཟླས་པ་གྲུབ་ཀྱི་བར་གཏང་། དེ་ནས་སློབ་མ་སྟ་གོན་ལ། ཁྲུས། བགེགས་གཏོར། མཚམས་གཅད། མཎྜལ་མེ་ཏོག་བཀྱེ་བསྡུ་བཅས་ཟིན་ནས། འོ། མཐའ་དང་མུ་མེད་པའི་མཁའ་ཁྱབ་ཀྱི་ཡིད་ཅན་རྣམས་གནས་སྐབས་དང་མཐར་ཐུག་གི་སྡུག་བསྔལ་དང་འཇིགས་པ་ཐམས་ཅད་ལས་བསྒྲལ་ཏེ། ཞི་བ་བླ་ན་མེད་པའི་གནས་དམ་པར་དབུགས་དབྱུང་བའི་ཕྱིར། རྩ་གསུམ་ཡོངས་དྲིལ་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ་རྣམ་པར་རོལ་པའི་དཀྱིལ་འཁོར་དུ་ཞུགས་ཏེ། ཟབ་མོའི་རྣལ་འབྱོར་མངོན་དུ་བགྱི་བའི་སླད་དུ་སྨིན་དབང་གསན་པའི་ཐོག་མར། སློབ་མ་སྟ་གོན་གྱི་ཆོས་རྣམས་ཞུ་སྙམ་པའི་སེམས་བསྐྱེད་གསལ་བཏབ་སྟེ་གསན་འཚལ། དེའང་རང་ཅག་རྣམས་ཡེ་ཐོག་མ་མེད་པའི་དུས་ནས་ཁམས་གསུམ་འཁོར་བའི་འཁོར་ལོ་ཁ་བརྒྱུད་དེ་བགྲང་གིས་མི་ལངས་པའི་སྐྱེ་རྒ་ན་འཆིའི་ཆུ་བོ་བཞིའི་ཀློང་དུ་ཆུད་དེ། དར་དྲགས་ལ་མཐའ་མེད་པའི་སྡུག་བསྔལ་བློས་མི་བཟོད་པ་ཤ་སྟག་གིས་མནར་བས་བདེ་བའི་གོ་སྐབས་ཡུད་ཙམ་ཡང་མེད་པར་འཁྱམས་པ་ལ། དེང་གི་དུས་འདིར་དཀོན་མཆོག་རིན་པོ་ཆེའི་ཐུགས་རྗེའི་མཐུས་ལེགས་བྱས་ཀྱི་ཆ་སད་པས། དལ་འབྱོར་གྱི་ཆོས་ཐམས་ཅད་ཚང་བའི་རྟེན་ཐོབ་པ་འདི་ནི། རྒྱལ་སྲས་ཞི་བ་ལྷས། རྒྱ་མཚོ་ཆེར་གཡེང་གཉའ་ཤིང་གི །བུ་གར་རུས་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་ཐོབ་དཀར་གསུངས། །ཞེས་རྒྱུ་དཔེ་གྲངས་ཀྱི་སྒོ་ནས་བརྒྱ་ལམ་ནའང་རྙེད་པར་དཀའ་བ་འདི་ལྟ་བུ་ནི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལག་ཏུ་ཆུད་པ་བས་ཀྱང་བསྒྲུན་དུ་མེད་པ་འཁོར་བའི་ཕ་རོལ་ཏུ་འགྲོ་བའི་མཐུ་དང་ལྡན་པས་ཕན་འདོགས་ཆེ་སྟེ། སྤྱོད་འཇུག་ལས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །ཞེས་འབྱུང་བ་བཞིན་བློ་གྲོས་དང་ལྡན་པ་རྣམས་ཀྱིས་དལ་འབྱོར་ལན་གཅིག་ཐོབ་པ་འདི་ཆུད་ཟོས་སུ་མི་གཏང་བར་སྲིད་ལས་ངེས་པར་འབྱུང་བ་ལ་ཅི་ནས་ཀྱང་འབད་དགོས་ཏེ། བཤེས་སྤྲིང་ལས། མགོ་འམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་ལྡོག་སླད་བགྱི་བ་བཏང་ནས་ཀྱང་། །ཡང་སྲིད་མེད་པར་བགྱིད་སླད་འབད་འཚལ་ཏེ། །དེ་ལས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཞེས་གསུངས་ཤིང་། ཚུལ་དེའང་བརྩོན་པ་དྲག་པོས་ད་ལྟ་ཉིད་དུ་བསྒྲུབ་པར་མ་བགྱིས་ན། ཞི་བ་ལྷས། སང་དང་འཇིག་རྟེན་ཕྱི་མ་གཉིས། །སྔོན་དུ་གང་འོང་གཏོལ་མེད་པས། །སང་གི་ཚིས་ལ་མ་འབད་པར། །ཕྱི་མའི་དོན་ལ་འབད་པར་རིགས། །ཞེས་གསུངས་པ་ལྟར། སྤྱིར་འཁོར་བའི་གནས་གང་དུ་སྐྱེས་ཀྱང་མི་རྟག་པ་ཁོ་ན་ཡིན་ལ། ཁྱད་པར་རང་རེ་རྣམས་ཀྱི་ཚེ་ལ་ངེས་པ་མེད་ཅིང་། གསོན་པའི་རྐྱེན་དུ་རེ་བའང་འཆི་བའི་རྐྱེན་དུ་འགྱུར་བ་མང་བས་ཤིན་ཏུ་འཇིག་པར་སླ་བ་སྟེ། ཀླུ་སྒྲུབ་ཀྱིས། ཚེ་འདི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་དབྱུང་དབུགས་རྔུབས་གཉིད་ཀྱིས་ལོག་པ་ལས། །སད་ཁོམས་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་གསུངས་པ་ལྟར། མཐོང་ཆོས་སུ་གྱུར་པ་འདི་ཀ་ལགས་མོད། འཆི་བའི་ཚེ་མཛའ་བཤེས་གཉེན་གྲོགས་རྣམས་ཀྱིས་ཕན་པའི་བྱ་བ་གཏོང་དུ་མེད་ཅིང་། རང་རང་གིས་ལས་བསགས་པ་ནི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་དགོས་པ་ཡིན་ཏེ། རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱིས་ཉེན་ཏེ་རྒྱལ་པོ་འགྲོ་འགྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དེ་ནི་གར་གནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །ཞེས་གསུངས་ཤིང་། ལས་བསགས་པ་དེའི་འབྲས་བུ་ནི། བར་མ་དོར་ཆུད་མི་གསོན་པར་རང་ལ་སྨིན་པར་འགྱུར་ཏེ། མདོ་སྡེ་ལས་བརྒྱ་པ་ལས། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་འབྱིན་པ་ཉིད་དུ་འགྱུར། །ཞེས་གསུངས་པའི་བཀའ་ཚད་མ་མི་བསླུ་བ་ཡིན་ལ། འཁོར་བའི་གནས་རིས་གང་དུ་སྐྱེས་ཀྱང་སྡུག་བསྔལ་གསུམ་གྱི་རང་བཞིན་ལས་མ་འདས་ཤིང་། འཇིག་རྟེན་གྱི་ཆོས་ལ་མཁས་པར་རློམས་པ་རྣམས་ཀྱིས་ཀྱང་སྡུག་བསྔལ་གྱི་རྒྱུ་འབྲས་འབའ་ཞིག་དོན་དུ་གཉེར་བ་ལས་མེད་དེ། སྤྱོད་འཇུག་ལས། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་འབྱུང་བ་ལྟར་ལགས་ཤིང་། མདོར་ན་བཤེས་སྤྲིང་ལས། ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡི། །སྡུག་བསྔལ་རྒྱུན་མི་འཆད་པ་བསྟེན་འཚལ་ལོ། །ཞེས་སོགས་མཐའ་ཡས་པར་གསུངས་པ་བཞིན། འཁོར་བའི་གནས་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་བདེ་བའི་གོ་སྐབས་ཅུང་ཟད་ཙམ་ཡང་མེད་པས། འཁོར་བ་ལས་ཐར་བར་འདོད་པའི་ངེས་འབྱུང་དྲག་པོས་རྒྱུད་བསྐུལ་ཏེ། དེ་ལས་ཐར་བའི་ཐབས་ཀྱི་ལམ་ལ་འཇུག་དགོས་ཤིང་། ཉན་ཐོས་ལ་སོགས་པའི་ཐེག་པར་ཞུགས་ཏེ་རང་ཉིད་ཞི་བདེ་ཙམ་དོན་དུ་གཉེར་འོས་པ་མ་ཡིན་ཏེ། སློབ་སྤྲིང་ལས། ཉེ་དུ་འཁོར་བའི་རྒྱ་མཚོའི་ནང་དུ་བྱིངས་གྱུར་ལ། །ཀློང་གི་ནང་དུ་ལྷུང་བ་ལྟ་བུ་མཐོང་བཞིན་དུ། །སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་དེ་བོར་ནས། །གལ་ཏེ་བདག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །ཅེས་གསུངས་པ་བཞིན། མར་གྱུར་པའི་འགྲོ་བ་མཐའ་དག་བླ་ན་མེད་པའི་གནས་ལ་སྦྱོར་བ་ཐེག་པ་ཆེན་པོའི་ལམ་ལ་འཇུག་དགོས་ཤིང་། དེའང་རྒྱུ་ཡི་ཐེག་པ་ལ་ཞུགས་ན། གྲངས་མེད་གསུམ་ལ་སོགས་པ་དུས་རིང་པོའི་སྒོ་ནས་བྱང་ཆུབ་ལ་གདོད་རེག་པར་གསུངས་པས། བྱང་ཆུབ་འཐོབ་པ་ལ་ཤིན་ཏུ་འགྱངས་པས་གཉེར་བྱ་མ་ཡིན་ཞིང་། བློ་གྲོས་ཆེན་པོ་རྣམས་ཀྱི་འཇུག་ངོགས་སུ་གྱུར་པ་ལས། རང་རེ་རྣམས་ཀྱིས་སྙིགས་མའི་དུས་འདིར་བསྒྲུབ་པར་དཀའ་བས་ན། འཇུག་པར་བྱ་བའི་སྒོ་གཅིག་པུར་གྱུར་པ་ནི་ཚེ་གཅིག་གིས་སངས་རྒྱས་འགྲུབ་པ་སྔགས་གོང་མའི་ཐེག་པ་སྟེ། དེ་ནི་རྒྱལ་བ་ཐབས་མཁས་ཤིང་ཐུགས་རྗེ་མུ་མེད་པ་དེ་ཉིད་ཀྱིས། ཇི་སྐད་དུ། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་བསྔགས་པ་ལྟར་བདེ་མྱུར་གྱི་ལམ་རྨད་དུ་བྱུང་བས་ཁྱད་པར་དུ་འཕགས་པའི་ཐེག་པའི་རྒྱལ་པོ་བླ་ན་མེད་པ་འདིར་འཇུག་པ་ལའང་། ཐོག་མར་རྒྱུད་མ་སྨིན་པ་སྨིན་པར་བྱེད་པ་དབང་བསྐུར་བ་ཐོབ་དགོས་ཏེ། རྒྱུད་ལས། དཔེར་ན་བུ་ཚ་མེད་པའི་ཁྱིམ། །ཤི་བ་ཙམ་གྱིས་སྟོང་པ་ཉིད། །དེ་བཞིན་རང་དབང་བྲལ་བ་ནི། །ཡེ་ཤེས་ཀུན་གྱིས་སྟོང་པ་ཉིད། །ཅེས་གསུངས་པ་ལྟར་ཡིན་ལ། དེའང་སྔགས་ཀྱི་ལམ་འདི་ལྟ་བུར་རང་གར་འཇུག་པར་མི་བཏུབ་པས། ཐོག་མར་སྣོད་དུ་རུང་བར་བྱེད་པ་སྔོན་དུ་འགྲོ་བ་སློབ་མ་ལྷག་པར་གནས་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ། ཆོས་ཉན་པའི་ཀུན་ཏུ་སྤྱོད་པ་དང་ལྡན་པས་ཐལ་མོ་སྦྱར་ཏེ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། དཔལ་ལྡན་བླ་མ་སོགས་གཏེར་གཞུང་ལྟར་ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་སྤྲོ་བ་བསྐྱེད་ཅིང་རྗེས་སུ་གདམས་པ་འདི་ལ་གསན་པས་ཁྱབ། ཁྱོད་ནི་སྔགས་ཀྱི་སོགས། ཐེག་པའི་སྙིང་པོ་འདིར་འཇུག་པ་ལ་རྒྱུད་སྡོམ་ལྡན་དུ་བསྒྲུབ་དགོས་པས། ལམ་གྱི་གཞི་རྟེན་སྐྱབས་སུ་འགྲོ་བ་ནི། ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་བླ་མ་དང་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཞི་ཁྲོ་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་གྱི་འཁོར་ལོ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར་ཅི་མཛད་ཁྱེད་ཤེས་ཀྱིས་བློ་བཀལ་ཏེ། འདི་ནས་བྱང་ཆུབ་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ན་མོ༔ བླ་མ་ཡི་དམ་སོགས་གཏེར་གཞུང་སྔོན་འགྲོ་ལྟར་ལན་གསུམ། ལམ་གྱི་གཞུང་ཤིང་ཀུན་རྫོབ་དང་དོན་དམ་པའི་སེམས་བསྐྱེད་པའི་སླད་དུ་ཞིང་མཆོག་དེ་རྣམས་དཔང་པོར་གསོལ་ཏེ། ཕ་མར་གྱུར་པའི་དྲིན་ཅན་གྱི་འགྲོ་བ་མཐའ་དག་བདེ་བ་ལ་སྦྱོར་བའི་དོན་དུ་བདག་གིས་བླ་མ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཞི་ཁྲོ་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་བསྒྲུབ་ནས། མེད་བཞིན་འཁྲུལ་པའི་སེམས་ཅན་ཐམས་ཅད་ལ་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་རྣལ་འབྱོར་གྱིས་འཁོར་བ་མ་སྟོངས་ཀྱི་བར་དུ་གཞན་དོན་བྱེད་པར་བྱའོ་སྙམ་དུ་སེམས་བསྐྱེད་ལ་འདིའི་རྗེས་ཟློས། མར་གྱུར་འགྲོ་བ་སོགས་ལན་གསུམ། ཞིང་མཆོག་དམ་པ་དེ་རྣམས་ཀྱི་སྤྱན་སྔར་ལམ་མྱུར་དུ་བགྲོད་པའི་ཐབས་གསག་སྦྱོང་གི་སྙིང་པོ་བསྡུས་པ་ཡན་ལག་བདུན་པའི་དོན་ཚིག་དང་འབྲེལ་བར་གསལ་ཐོབས་ལ་འདིའི་རྗེས་ཟློས། ཧོ༔ བླ་མ་ཞི་ཁྲོའི་སོགས་ལན་གསུམ། ལམ་གྱི་སྙིང་པོ་སོ་ཐར་བྱང་སེམས་རིག་འཛིན་གྱི་སྡེ་སྣོད་རྣམས་ཀྱིས་བསྡུས་པའི་དགག་སྒྲུབ། སྲུང་མཚམས། གནང་བཀག་གི་གནས་རྣམས་མ་འཆོལ་བར་ཚུལ་བཞིན་དུ་བགྱིའོ་སྙམ་པས་སྡོམ་པ་གཟུང་བ་འདིའི་རྗེས་ཟློས། ཧོ༔ བླ་མ་ཞི་ཁྲོའི་སོགས་ལན་གསུམ། སྣོད་བཅུད་ཐ་མལ་དུ་འཛིན་པ་ལ་དབང་གི་ཡེ་ཤེས་ཆགས་པ་མ་ཡིན་པས། དེའི་ཕྱིར་སྒོ་གསུམ་རྡོ་རྗེའི་རྣལ་འབྱོར་དུ་བསྒྲུབ་པ་ལ་དམིགས་པ་འདི་བཞིན་མཛོད། སློབ་མ་སྐད་ཅིག་གིས་སོགས་གཏེར་གཞུང་སྟ་གོན་ལྟར། མཉམ་པར་སྦྱོར་བ་གསལ་ཐོབས། གནས་གསུམ་དུ་དྲིའི་ཐིག་ལེ་བཀོད། དེ་ལྟར་བྱས་པའི་རྐྱེན་གྱིས་ཁྱེད་རང་རྣམས་ལྷར་གསལ་བའི་དཔྲལ་བར་ཟླ་བ་སོགས་ནས། དྲི་ལ་སོགས་པས་མཆོད་པར་མོས། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་སྦྱར་བའི་དྷཱུ་པེ་ནས། ནཻ་བིདྱཱ་བར་གྱིས་མཆོད། དེ་ལྟར་བྱས་པས་སྒོ་གསུམ་རྡོ་རྗེ་གསུམ་དུ་སད་ཅིང་། འདོད་ཡོན་ཡེ་ཤེས་ཀྱི་རྒྱན་དུ་སྤང་བླང་བྲལ་བར་ལོངས་སྤྱོད་ནུས་པའི་བདག་ཉིད་ཅན་དུ་བྱས་པའོ། །དེ་ནས་དཀྱིལ་འཁོར་དམ་པ་འདིར་འཇུག་པ་ལ་རང་རང་གི་ལས་དང་མཐུན་པའི་དངོས་གྲུབ་གང་འགྲུབ་པར་བརྟག་པའི་ཕྱིར། བྱང་ཆུབ་ཤིང་ལས་བྱས་པའི་སོ་ཤིང་མཚན་ཉིད་དང་ལྡན་པ། སླར་ཡང་དཔའ་བོ་འབྲུ་ལྔས་བྱིན་གྱིས་བརླབས་པར་མོས། འབྲུ་ལྔ་ལན་བདུན་བཟླ། དེ་ལྟར་བྱིན་གྱིས་བརླབས་པའི་སོ་ཤིང་ཐལ་མོ་སྦྱར་བའི་བར་དུ་ཟུངས་ཤིག །ཧྲཱི༔ བྱང་ཆུབ་ལྗོན་པའི་སོགས། སྔགས་གོང་མ་བརྗོད་ཅིང་སོ་ཤིང་སྦྱིན། དེ་ལྟར་བྱིན་པས་སོ་ཤིང་གི་རྩ་བ་ཁར་བཅུག་པའི་འོད་ཀྱིས་སྡིག་སྒྲིབ་སྤྱི་དང་ཁྱད་པར་ལུས་ཀྱི་སྒོ་ནས་བསགས་པ་ཐམས་ཅད་རླངས་པ་སྔོ་དམར་གྱི་རྣམ་པར་སྐྱུགས་པས་སྦྱངས་པ་དང་། བདག་ལ་དངོས་གྲུབ་ཀྱི་སྐལ་པ་ཅི་ཡོད་པ་སྟོན་ཅིག་པའི་དམོད་འདོར་བ་འདིའི་རྗེས་ཟློས་དང་བཅས་སོ་ཤིང་གི་ར་བར་དོར་ཅིག །ཨོཾ་ཨཱཿཧཱུྃ་སོགས་སྔགས་ཕྱི་མས་འདོར་དུ་གཞུག །དེ་ལྟར་དོར་པས་ལྟས་བརྟག་པ་ནི༔སོགས་ནས། ཤེས་པར་བྱ༔ ཞེས་འབྱུང་བ་ལྟར་རོ། །དངོས་གྲུབ་ཀྱི་སྐལ་པ་རྨི་ལམ་གྱི་སྒོ་ནས་བརྟག་པ་གསལ་བའི་ཕྱིར། དྲིའི་ཁྱོར་ཆུ་འཐོར་འཐུང་དང་ཁ་བཤལ་བས་སྡིག་ལྟུང་ལ་སོགས་པའི་དྲི་མ་ཐམས་ཅད་བཀྲུས་ཤིང་སྦྱངས། རྨི་ལམ་གྱི་གཟུགས་བརྙན་གནས་སྐབས་ཇི་ལྟ་བ་བཞིན་དུ་གསལ་བར་མཐོང་བའི་མཐུ་ཐོབ་པར་མོས། ཧྲཱི༔ རྣམ་པར་དག་པའི་སོགས་སྔགས་ལན་བདུན་བཟླས་པས་ཁྱོར་ཆུ་བྱིན་གྱིས་བརླབ་ཅིང་། སྔགས་བཟླ་བཞིན་པས་ཁྱོར་ཆུ་ལན་གསུམ་སྦྱིན། སྒོ་གསུམ་གྱི་བར་ཆད་སྤྱི་དང་ཁྱད་པར་ཡིད་ཡུལ་ལ་འཕོ་བའི་འགྲོ་འོང་གཅད་པའི་སླད་དུ་རྡོ་རྗེའི་མདུད་པ་དཔུང་པར་བཅིངས་པས། བར་ཆད་ཀྱི་མཚན་མ་མཐའ་དག་བསྲུང་བར་མོས། ཧྲཱི༔ དབང་གི་སྲད་བུ་སོགས། མཐར་ལས་སྔགས་བཟླས་པས་སྲུང་སྐུད་བྱིན་གྱིས་བརླབས་ནས། གཞུང་གསལ་སྔགས་ཀྱིས་དཔུང་པར་བཅིངས། མདུད་མཚམས་ལས་ཆུས་མནན་ཅིང་ཕྱག་མཚན་རྡོ་རྗེས་རྒྱས་བཏབ། དངོས་གྲུབ་ཀྱི་ལྟས་རྨི་ལམ་གྱི་སྒོ་ནས་བརྟག་པ་ལ། འགལ་རྐྱེན་སྤྱི་དང་བྱེ་བྲག་རྩ་རླུང་འཁྲུགས་པའི་ཉེས་སྐྱོན་ཐམས་ཅད་ཞི་ནས། ཚུལ་བཞིན་མཐོང་བའི་ཕྱིར་ཀུ་ཤ་སྦྱིན་པ་ནི། ཧྲཱི༔ ཀུ་ཤ་འདི་ནི་སོགས་སྔགས་ལན་བདུན་གྱིས་བྱིན་གྱིས་བརླབས། སླར་སྔགས་དེ་ཉིད་བཟླ་བཞིན་པས་ཀུ་ཤ་གཏད། དེ་ནས་ཟབ་མོའི་ལམ་ལས་གཞན་དུ་བློ་མི་འཇུག་པའི་ཕན་ཡོན་བཤད་ཅིང་སྤྲོ་བ་བསྐྱེད་པའི་ཕྱིར་ཆོས་བཤད་པ་འདི་ལ་གསན་འཚལ། ཚེ་རབས་ཐོག་མ་སོགས། སྔར་བྱིན་པའི་ཀུ་ཤའི་ཆུན་པོ་ཟུང་སྔས་དང་སྟན་དུ་བྱས་ཏེ་རྨི་ལམ་བརྟག་དགོས་པས། དེའི་ཚུལ་ཤེས་པའི་ཕྱིར་གདམས་ངག་འབོགས་པ་ནི། བུ་ཀྱེ་ཀུ་ཤའི་སོགས་ནས། ཞེས་གདམས་པ་ལྟར་ཁྱེད་རང་རྣམས་ཀྱིས་ཚུལ་བཞིན་དུ་བརྟགས་ནས། བཟང་ན་སོགས། ཞི་བར་བྱ་དགོས་པར་གསུངས་སོ། །དེ་རྣམས་ཀྱིས་སློབ་མ་སྟ་གོན་གྱི་ཆོས་རྣམས་གྲུབ་པས། དགེ་བ་ཐེག་ཆེན་གྱི་བསྔོ་བས་རྒྱས་འདེབས་འཚལ། དགེ་བསྔོ་བགྱིས་ནས་སློབ་མ་གྱེས། སྟ་གོན་གྱི་ཆས་བསྡུས་ནས། ལས་སྦྱོར་སྤྱི་དྲིལ་སྔགས་ནི། ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་དྷཱུ་མ་གྷ་ཡེ་ན་མ་སྭཱ་ཧཱ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ མ་མ་སརྦ་པཱ་པཾ་ཀླེ་ཤ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བཟླ་ཞིང་། སྟེགས་ལ་བ་བྱུང་དང་དྲི་བཟང་གི་ཆུས་བྲན་པས་ཆག་ཆག་གདབ། རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པ་ནས། དབང་སྒྲུབ། དབང་དངོས་ཀྱི་མཎྜལ་གྲུབ་ཀྱི་བར་དབང་བསྐུར་ཟིན་བྲིས་མཐོང་གསལ་སྒྲོན་མེར་གསུངས་པ་ལྟར་དང་། ལྷན་སྐྱེས་མ་རིག་པའི་བག་ཆགས་མཐུག་པོས་བསྒྲིབས་ཏེ་རང་གནས་དོན་གྱི་ལྷ་ཞལ་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་མཛོད། ཨོཾ་ཙཀྵུརྦྷནྡྷ་བཱ་ར་མ་ཎཱ་ཡ་ཧཱུྃ་གིས་མིག་དར་དགབ། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་སྟོང་པར་མཇལ་མི་རུང་བས་ཕྱག་རྟེན་དུ་ཨུ་དུཾ་ཝཱ་རའི་མེ་ཏོག་གི་ཕྲེང་བ་ཁ་དོག་ལྔ་པ་རེ་བྱིན་པའི་མོས་པ་མཛོད། ཨཱ་ཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་སྦྱིན། སྙིམ་པ་མེ་ཏོག་གིས་བཀང་བའི་ཐལ་མོ་སྦྱར་ཏེ་ལྷ་དང་བླ་མ་གཉིས་མེད་དུ་ཤེས་པའི་དད་པ་བསྐྱེད་ལ་ཁྱད་པར་གྱི་དོན་ཞུ་བ་འདིའི་རྗེས་ཟློས། ཁྱབ་བདག་གཙོ་བོ་སོགས་གཏེར་གཞུང་དབང་བསྐུར་ལྟར་ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ། ཁྱེད་རྣམས་ཀྱི་རིགས་དང་འདོད་དོན་དྲི་བ་ལགས་པས་སྙན་གཏོད་ཅིག །བུ་ཁྱོད་གང་གི་སོགས། ཞེས་དྲིས་པའི་ལན་དུ་འདི་སྐད་གསུང་འཚལ། བདག་ནི་སྐལ་བཟང་སོགས། དེའི་ལན་དུ་གནང་བ་སྦྱིན་ཅིང་གདམས་ངག་འབོགས་པ་ནི། དེ་ལྟར་ཡིན་ན་སོགས་ནས། ཚུལ་བཞིན་ཟུངས༔ ཞེས་གདམས་ནས། སྐྱབས་སེམས་ཚོགས་གསག་སྡོམ་གཟུང་རྣམས་དངོས་དང་མཚམས་སྦྱོར་བཅས་སྟ་གོན་དུ་བརྗོད་པ་ཉིད་འདིར་དྲངས། དེ་ནས་སྔགས་ཀྱི་ཁྱད་པར་བླ་ན་མེད་པ་བདེན་གཉིས་དབྱེར་མེད་ཀྱི་ངོ་བོར་ནང་གི་སེམས་བསྐྱེད་པའི་སླད་དུ། བུ་རྣམས་སྙིང་གར་སོགས་ནས། བསྐྱེད་ཅིག༔ ཇི་སྐད་བསྒྲགས་པའི་དམིགས་རྣམ་དང་ཏིང་འཛིན་བརྟན་པས། སྙིང་གར་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་བཅིངས་ནས་འདིའི་རྗེས་ཟློས། ཨོཾ་བོ་དྷི་ཙིཏྟ་སོགས་ལན་གསུམ། དེ་ལྟར་སེམས་བསྐྱེད་པ་སོགས་ནས། ཡ་སྟྭཾ༔ དེ་རྣམས་ཀྱིས་ཕྱི་འཇུག་གི་རིམ་པ་གྲུབ་ནས། ནང་ལྟར་འཇུག་པའི་སླད་དུ། སློབ་དཔོན་གྱི་ཐུགས་ཀའི་འོད་དང་སྔགས་དང་ཕྱག་རྒྱའི་མཐུས་དཀྱིལ་འཁོར་ཆེན་པོའི་སྒོ་བཞི་ཤག་གིས་ཕྱེ་བར་མོས། ཛྙཱ་ན་ས་མ་ཡ་སོགས་དབྱེ་རྒྱ་བཅས་ལན་བཞི་བརྗོད་ཅིང་ཡོལ་བ་བསལ། ཁྱེད་རང་རྣམས་དཀྱིལ་འཁོར་ཆེན་པོའི་ཤར་གྱི་སྒོ་ནང་དུ་ཞུགས་ཏེ། ལྷ་དང་བླ་མ་དབྱེར་མེད་པའི་ཞབས་པད་ལ་སྒོ་གསུམ་གུས་ཤིང་འདུད་པའི་བརྡར་ཐལ་མོ་གནས་གསུམ་དུ་སྦྱར་ཞིང་ཕྱག་བྱ་བའི་འདུན་པ་དང་བཅས་འདིའི་རྗེས་ཟློས། ཨོཾ་གུ་རུ་སརྦ་སོགས། སླར་ཡང་སྒོ་དེ་ཉིད་ནས་ཐོན་ཏེ་དཀྱིལ་འཁོར་ལ་གཡས་སུ་བསྐོར་བས་ལྷོའི་སྒོ་ནང་དུ་སོགས་ཕྱོགས་གསུམ་སོ་སོར་འགྲེ་བས་ཕྱག་བྱར་གཞུག །མཐར། དེ་ལྟར་ཕྱག་བྱས་པས་སོགས་ནས། ཤར་སྒོར་འཁོད་པ་ལ༔ ཀུན་ཏུ་བཟང་པོ་ནས་བདག་ཅག་གི་རྩ་བའི་བླ་མའི་བར་དུ་བྱོན་པའི་དམ་ཚིག་གི་བདུད་རྩིའི་ཟིལ་ཐིགས་སློབ་མའི་ལྕེ་སྟེང་དུ་ཕབ་པ་སྙིང་དབུས་སུ་ཡེ་ཤེས་སེམས་དཔའ་དང་གཉིས་སུ་མེད་པར་བཞུགས་ཏེ། དམ་ཚིག་བསྲུང་འདས་ཀྱི་དཔང་པོ་མཛད་པས་ན། ཁེ་ཉེན་གྱི་གནད་མ་འཆོལ་བར་རྩེ་གཅིག་པའི་ཡིད་ཀྱིས་དམ་བཅའ་བརྟན་པོར་མཛོད་ཅིག །འདི་ནི་རྡོ་རྗེ་སོགས། ཇི་སྐད་བསྒྲགས་པའི་གཡར་དམ་སྙིང་ནས་བསྲུང་བའི་བློས་ཐ་ཚིག་གི་བྲོ་བོར་བ་འདིའི་རྗེས་ཟློས། བཛྲ་ས་མ་ཡ་སོགས། དེ་ནས་ཡེ་ཤེས་པ་དབབ་པའི་ཕྱིར་དམིགས་པ་འདི་ལྟར་སྒོམས་ཤིག །སྟོང་པའི་ངང་ལས་རྡོ་རྗེ་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བར་གསལ་བའི་ནང་དུ་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པདྨ་དང་ཉི་ཟླའི་གདན་ལ། ཁྱེད་རང་རྣམས་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་པདྨའི་རྒྱལ་པོ་སོགས་གཏེར་གཞུང་བདག་བསྐྱེད་ལྟར། གཙོ་འཁོར་ཐམས་ཅད་ཀྱི་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན་པར་གསལ་ཐོབས། སློབ་དཔོན་མདུན་བསྐྱེད་དང་བཅས་པའི་སོགས་དབང་གཞུང་ལྟར། བྱིན་གྱིས་བརླབས་པར་མོས་ཤིག །སྤོས་རོལ་དབྱངས་ཀྱིས། ཧཱུྃ་ཧྲཱི༔ སྔོན་གྱི་བསྐལ་པའི་སོགས་བདག་བསྐྱེད་ཀྱི་སྤྱན་འདྲེན་སྔགས་བཅས་ཀྱིས་བྱིན་དབབ། ཧཱུྃ་བཟླས་པས་བྱིན་བསྡུ། ཛཿཧཱུྃ་སོགས་ཀྱིས་བསྟིམ། དེ་ལྟར་བྱིན་ཕབ་པས་སྒོ་གསུམ་ཡེ་ཤེས་ལྷའི་རྡོ་རྗེ་གསུམ་དང་དབྱེར་མེད་དུ་བསྒྲུབས་པ་དེ་ཉིད་ལས་ནམ་ཡང་མི་འདའ་བར་བརྟན་པར་བྱ་བའི་སླད་དུ་མེ་ཏོག་དང་བཅས་པའི་རྡོ་རྗེ་སྤྱི་བོར་རྒྱ་གྲམ་གྱི་ཕྱག་རྒྱས་བཏབ་པར་མོས། ཏིཥྛ་བཛྲ་སོགས། རིགས་བརྟག་པ་ནི། འདི་ལྟར་གཙོ་དང་འཁོར་དུ་སྣང་བའི་དཀྱིལ་འཁོར་པ་ཐམས་ཅད་དག་མཉམ་ཡེ་ཤེས་ཆེན་པོའི་ཀློང་དུ་ཐ་མི་དད་པས་བཟང་ངན་གྱི་དབྱེ་བ་མ་མཆིས་ཀྱང་། གནས་སྐབས་སྔོན་ནས་འབྲེལ་བའི་རིགས་གང་ཡིན་པའི་ལྷ་བསྙེན་ན་དངོས་གྲུབ་མྱུར་བར་གསུངས་པས། སྔར་བྱིན་པའི་མེ་ཏོག་གི་ཕྲེང་བ་དེ་ཉིད་རང་རིགས་ཀྱི་ལྷ་གང་ཡིན་པས་བཞེས་སུ་གསོལ་སྙམ་པའི་འདུན་པ་དང་བཅས། འདིའི་རྗེས་ཟློས་ཀྱིས་མེ་ཏོག་དཀྱིལ་འཁོར་དུ་འབུལ་བའི་བློས་ཕྱག་རྒྱའི་དཀྱིལ་འཁོར་དུ་འདོར་འཚལ། ཧོ༔ བླ་མ་ཞི་ཁྲོའི་སོགས། དེ་ལྟར་ཕུལ་པའི་མེ་ཏོག་དེ་ཉིད་རིགས་ཀྱི་ལྷའི་ཕྱག་གིས་བཟུང་སྟེ་སློབ་མའི་སྤྱི་བོར་བཅིངས་པ་དང་ཆབས་ཅིག་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་འཕྲོས་ཏེ་སློབ་མ་ལ་ཐིམ་པར་མོས། ཧོ༔ མེ་ཏོག་ཕྲེང་བ་སོགས་ཀྱིས་དབང་བསྐུར་ཞིང་སྦྱིན། རིགས་དང་མཐུན་པའི་མིང་སོ་སོར་བྲིས་ཏེ་སྦྱིན་པའམ། སྤྱི་ཙམ་དུ། དེ་ལྟར་ཕུལ་པའི་མེ་ཏོག་དབུས་སུ་བབས་པའི་གསང་བའི་མཚན་དུ་པདྨ་རྒྱལ་པོ་རྩལ། ཤར་དུ་བབས་ན། རྡོ་རྗེ་བཞད་པ་སོགས་སོ་སོར་སྦྱར་ནས། དགའ་བ་རྩལ༔ ཞེས་བྱ་བ་སོ་སོར་ཟུངས་ཤིག །མིག་དབྱེ་བའི་སླད་དུ། བླ་མ་ལྷའི་ཐུགས་ཀ་ནས་ཡེ་ཤེས་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུས་མ་རིག་པའི་སྒྲིབ་གཡོགས་བསལ་བར་མོས་པས་མིག་དར་སོལ་ཅིག །ཧོ༔ སྔོན་གྱི་མིག་མཁན་སོགས། དེ་ལྟར་ལྷན་སྐྱེས་ཀྱི་སྒྲིབ་པ་བྲལ་བའི་ཡེ་ཤེས་ཀྱི་མིག་གིས་བལྟ་བར་བསྐུལ་ཞིང་སྤྲོ་བ་བསྐྱེད་ནས། ལྷའི་གཟུགས་བརྙན་དང་སྤྲུལ་པའི་དཀྱིལ་འཁོར་ངོ་སྤྲོད་པ་རྣམས་འདི་ལྟར་གསན་པས་ཁྱབ། ཨེ་མ་སྐལ་ལྡན་སོགས་ནས། པཱཤྱ་ཧོ༔ འདི་ལྟར་ལྷག་པ་གཟུགས་བརྙན་གྱིས་མཚོན་པའི་ཏིང་འཛིན་སྤྲུལ་པའི་དཀྱིལ་འཁོར་མངོན་སུམ་བཞིན་དུ་མཐོང་བར་གྱུར་པ་ནི། འབྱུང་བཞི་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་སོགས་གཏེར་གཞུང་མདུན་བསྐྱེད་སྐབས་ལྟར་བརྗོད་ལ་ས་བོན་དོར་ཏེ། དེའི་དབུས་སུ་ཡེ་ཤེས་རང་སྣང་གི་གཞལ་མེད་ཁང་ནས། ཟླ་བའི་དཀྱིལ་འཁོར་ལ། ཐུགས་རྗེ་ཆེན་པོ་པདྨའི་རྒྱལ་པོ་སོགས་ནས། བདེ་སྟོང་འོད་ཀྱི་ཕུང་པོར་ཤིགས་སེར་བཞུགས་པ། དེ་ཉིད་ནང་ལྟར་རང་རང་གི་སོགས་དབང་གཞུང་ལྟར། ཅིར་ཡང་འཆར་བ་ལ་དེ་ལྟར་ཤེས་པའི་ངེས་ཤེས་བརྟན་པོར་སྐྱེད་ཅིག །དེས་ནང་འཇུག་གི་བྱ་བ་ཡན་ལག་དང་བཅས་པ་གྲུབ་སྟེ། ཞུགས་པའི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བ་དངོས་ལ་ཕན་ནུས་ཟབ་མོའི་དབང་རྣམས་རིམ་པར་འབྱུང་བ་ལས། དེ་རྣམས་ཞུ་བའི་ཡོན་དུ་མཎྜལ། མི་ཕྱེད་དད་པའི་གདུང་ཤུགས་ཆེན་པོས་གསོལ་བ་གདབ་པ་འདིའི་རྗེས་ཟློས། ཁྱབ་བདག་རྡོ་རྗེ་སོགས་ལན་གསུམ་ནས། བསྐུར་བའི་སླད་དུ༔ སློབ་དཔོན་དང་མདུན་བསྐྱེད་དབྱེར་མེད་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། གདན་གསུམ་ཚང་བའི་དབང་གི་ལྷ་མཁའ་ཁྱབ་ཏུ་སྤྱན་དྲངས་པ་དང་སློབ་དཔོན་ལྷན་ཅིག་པས་རྣམ་རྒྱལ་བུམ་པའི་ཆུས་གཏོར་བླུག་གི་ཆོ་ག་བསྒྲུབས་པས། རྣམ་ཤེས་ཞེ་སྡང་གནས་སུ་དག་སྟེ་མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་གྱུར་པའི་རང་རྩལ། སློབ་མ་རྣམས་མི་བསྐྱོད་དེ་བཞིན་གཤེགས་པ་ཡུམ་དང་བཅས་པའི་སྐུར་གྱུར་པར་མོས། ཧཱུྃ༔ མི་བསྐྱོད་རྒྱལ་པོ་སོགས་ཀྱིས་ཆུ་དབང་བསྐུར་ཞིང་བུམ་ཆུ་འཐོར་འཐུང་བྱ། སླར་ཡང་དབང་ལྷ་སློབ་དཔོན་དང་བཅས་པས་དབུ་རྒྱན་རིན་པོ་ཆེ་སློབ་མའི་མགོ་བོར་བཅིངས་པས། ཚོར་བ་ང་རྒྱལ་གནས་སུ་དག་སྟེ་མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་གྱུར་པའི་རང་རྩལ། སློབ་མ་རྣམས་རིན་འབྱུང་དེ་བཞིན་གཤེགས་པ་ཡུམ་དང་བཅས་པའི་སྐུར་གྱུར་པར་མོས། ཧཱུྃ༔ རིན་ཆེན་རྒྱལ་པོ་སོགས། སླར་ཡང་དབང་ལྷ་སློབ་དཔོན་དང་བཅས་པས་རྡོ་རྗེ་སློབ་མའི་ཕྱག་གཡས་སུ་གཏད་པས། འདུ་ཤེས་འདོད་ཆགས་གནས་སུ་དག་སྟེ་སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་གྱུར་པའི་རང་རྩལ། སློབ་མ་རྣམས་སྣང་མཐའ་དེ་བཞིན་གཤེགས་པ་ཡུམ་དང་བཅས་པའི་སྐུར་གྱུར་པར་མོས། ཧཱུྃ༔ པདྨ་རྒྱལ་པོ་སོགས། སླར་ཡང་དབང་ལྷ་སློབ་དཔོན་དང་བཅས་པས་དྲིལ་བུ་ཕྱག་གཡོན་དུ་གཏད་པས། འདུ་བྱེད་ཕྲག་དོག་གནས་སུ་དག་སྟེ་བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་གྱུར་པའི་རང་རྩལ། སློབ་མ་རྣམས་དོན་གྲུབ་དེ་བཞིན་གཤེགས་པ་ཡུམ་དང་བཅས་པའི་སྐུར་གྱུར་པར་མོས། ཧཱུྃ༔ དོན་ཡོད་རྒྱལ་པོ་སོགས། སླར་ཡང་དབང་ལྷ་སློབ་དཔོན་དང་བཅས་པས་རྡོ་རྗེའི་མིང་གིས་དབང་བསྐུར་པས། གཟུགས་ཕུང་གཏི་མུག་གནས་སུ་དག་སྟེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་གྱུར་པའི་རང་རྩལ། སློབ་མ་རྣམས་སྣང་མཛད་དེ་བཞིན་གཤེགས་པ་ཡུམ་དང་བཅས་པའི་སྐུར་གྱུར་པར་མོས། ཧཱུྃ༔ སྣང་མཛད་རྒྱལ་པོ་སོགས་ནས། ནུས་དབང་མཐའི། ཡེ་ཤེས་ལམ་དུ་སློང་བར་གྱིས་ཤིག༔ གསུང་བཟླས་པའི་འཕྲུལ་འཁོར་བསྙེན་སྒྲུབ་ལས་གསུམ་གྱི་དབང་བསྐུར་བ་ལ། དང་པོ་བསྙེན་པའི་དོན་དུ་དམིགས་པ་འདི་བཞིན་མཛོད། བླ་མ་དཀྱིལ་འཁོར་པའི་དབུ་གཙུག་ན་བཞུགས་པའི་ཨོ་རྒྱན་པདྨ་རྡོ་རྗེ་འཆང་ལ་ཕུར་ཚུགས་སུ་གསོལ་བ་བཏབ་པས། དེའི་གནས་གསུམ་འབྲུ་གསུམ་ལས་སོགས་གཏེར་གཞུང་བདག་བསྐྱེད་བསྙེན་པའི་བཟླས་དམིགས་ལྟར། དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ལ་འདིའི་རྗེས་ཟློས། བཛྲ་གུ་རུ་ལན་གསུམ། གཉིས་པ་སྒྲུབ་པའི་ལུང་སྦྱིན་པ་ནི། སློབ་དཔོན་གྱི་ཐུགས་ཀའི་ཉི་ཟླ་སོགས་དབང་གཞུང་ལྟར། བཟླས་པའི་རྐྱེན་གྱིས་འོད་ཟེར། མཆོད་པའི་ཚུལ་དུ་འཕྲོས༔ སོགས་གཏེར་གཞུང་བདག་བསྐྱེད་ཀྱི་སྒྲུབ་དམིགས་ལྟར། བྱིན་གྱིས་བརླབས་པར་མོས་ལ་འདིའི་རྗེས་ཟློས། ཡིག་བདུན་ལན་གསུམ། གསུམ་པ་ལས་སྦྱོར་ནི། སླར་ཡང་སློབ་དཔོན་གྱི་ཐུགས་སྲོག་ས་བོན་གྱི་མཐར་གཟུངས་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་གཉིས་པ་འཕྲོས། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་སྲོག་གི་མཐར་འཁོད་པ་ལས་འོད་ཟེར་འཕྲོས༔ ལུས་དཀྱིལ་གྱི་སོགས་ནས། བདག་བསྐྱེད་གོང་འཕྲོས། ལྷུན་གྱིས་གྲུབ་པར་མོས་ལ་འདིའི་རྗེས་ཟློས། ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་སོགས་ནས། ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ལན་གསུམ། དེ་ལྟར་བགྱིས་པའི་ནུས་པ་བརྟན་པའི་ཆེད་དུ་ཕྲེང་བ་སྔགས་ཀྱི་ལྷའི་འཁོར་ལོའི་རང་བཞིན་ཅན་སློབ་མའི་མགྲིན་པར་བཞག་པས། སྒྲར་འཛིན་གྱི་སྐྱེ་འགགས་འགྲོ་འོང་དུ་འཛིན་པའི་ཤེས་པ་རང་སར་གྲོལ་ནས། གྲགས་སྟོང་རྡོ་རྗེའི་བཟླས་པ་ཆུ་བོའི་རྒྱུན་ལྟར་འགག་མེད་དུ་འཆར་བའི་སྔགས་ཀྱི་ཡེ་ཤེས་ལ་དབང་ཐོབ་པར་མོས། ཨཱ༔ རང་བྱུང་རིག་པའི་སོགས་གསུང་དབང་ནས། ཐུགས་དབང་སྨོན་ལམ་ངོ་སྤྲོད་བཅས་བསྐུར། ཡོན་ཏན་མྱང་གྲོལ་བུམ་པའི་དབང་བསྐུར་བ་ནི། བུམ་པ་ཡེ་ཤེས་འོད་ཀྱི་སོགས་དབང་ཟིན་ལ་གཏེར་གཞུང་གབ་སྤྲད་དེ་བསྐུར་བ་སྨོན་ལམ་དང་རྗེས་གནང་བཅས་མཐར། ཕྲིན་ལས་སྣ་ཚོགས་ཀྱིས་འགྲོ་བ་འདུལ་བའི་དབང་བསྐུར་བ་ནི། རིགས་ལྔའི་ཡེ་ཤེས་ཀྱི་རང་མདོག་གསལ་བའི་སྣ་ཚོགས་རྡོ་རྗེ་ལག་ཏུ་གཏད་པས། ཐ་མལ་གྱི་བྱ་རྩོལ་དབྱིངས་སུ་ནུབ་སྟེ་རྩོལ་མེད་ཐུགས་རྗེའི་ཕྲིན་ལས་རྒྱུན་གྱི་འཁོར་ལོར་འཆར་བས། འགྲོ་བའི་དོན་རླབས་པོ་ཆེ་རྒྱལ་བ་རྣམས་དང་སྤྱོད་ཡུལ་མཉམ་པར་འཇུག་པའི་མཐུ་ཐོབ་པར་མོས། ཧོ༔ གང་འདུལ་མཛད་པ་སོགས་ནས། བཀའ་རབ་འབྱམས་ཀྱི་དབང་བསྐུར་པ་ཐོབ་པར་གྱུར་པ་ལ། མདུན་མཁར་སྤྱན་དྲངས་པའི་དབང་ལྷ་རྣམས་གཉིས་སུ་མེད་པར་ཐིམ་ཞིང་། བླ་མ་དང་དཀྱིལ་འཁོར་པའི་ལྷས་རབ་ཏུ་གནས་པ་བྱས་པར་མོས། རྟེན་འབྲེལ་སྙིང་པོ་དང་སུ་པྲ་ཏིཥྛ་བརྗོད། དེ་ལྟར་རབ་འབྱམས་བཀའི་དབང་ཆེན་ལྷུན་གྱིས་རྫོགས་པར་གྱུར་པ་ལ། མཆོད་པའི་སྤྲིན་རབ་འབྱམས་ཐོགས་པ་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་དང་། དཀྱིལ་འཁོར་པའི་ལྷ་ཚོགས་ཀྱིས་ཤིས་པའི་མེ་ཏོག་འཐོར་བར་མོས། ཨོཾ་བཛྲ་པུཥྤེ་དྷཱུ་པེ་ནས། ཤབྡ་པཱུ་ཛ་ཧོཿ བར་དང་། རཱུ་པ་ཤབྡ་གྷནྡྷེ་ར་ས་སྤརྴེ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོཿས་མཆོད། བྱིན་རླབས་སྤྲིན་ཕུང་སོགས་བདག་བསྐྱེད་མཇུག་གི་བཀྲ་ཤིས་བརྗོད། དེ་ལྟར་ན་ཕྱི་མཚན་མའི་སོགས་ནས། ལྕེ་ལ་བཞག་པས་བདེ་ཆེན་གསང་བའི་དབང་མཆོག་ཐོབ་པར་མོས། ཨཱ༔ ཞུ་བདེའི་རང་བཞིན་སོགས་ནས། སྙིང་གར་བཀོད་པས་དགའ་བ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས། ཧཱུྃ༔ ལྷན་ཅིག་སྐྱེས་དགའ་སོགས་ནས། སེང་ཁྲི་པདྨ་ཉི་ཟླ་དང་བཅས་པའི་གདན་གྱི་སྟེང་དུ༔ རྩ་བའི་བླ་མ་ཨོ་རྒྱན་རྡོ་རྗེ་འཆང་སྐུ་མདོག་དམར་པོ་སོགས་གཏེར་གཞུང་རིམ་པ་གཉིས་པའི་དབུར་འབྱུང་བ། བདག་ཉིད་ཆེན་པོར་མངོན་སུམ་དུ་བཞུགས་པ༔ དེ་ཉིད་ལ་མོས་གུས་སོགས་དབང་གཞུང་ལྟར་ཚིག་བདུན་སྦྱར་ཞིང་། བསྐུར་ཚིག་སྔགས་བཅས་ཀྱིས་གནས་གསུམ་དུ་རེག །སླར་སྤྱི་བོར་བཟུང་ལ། བཛྲ་གུ་རུའི་མཐར། ཛྙཱ་ན་ཨ་བྷི་སོགས་བཏགས་པས་དབང་བསྐུར། དེ་ལྟར་བྱས་པས་མདུན་དུ་བཞུགས་པའི་བླ་མ་ཡབ་ཡུམ་དགྱེས་པ་སོགས་དབང་བཞི་པའི་དག་བརྗོད་མཐའ་བར་བསྐུར། མཚམས་སྦྱོར་སྤྱི་འགྲོ་བཅས་ཕྲིན་ལས་ཀྱི་བཀྲ་ཤིས་བརྗོད། དེས་དབང་གི་དངོས་གཞི་སོགས་དབང་གཞུང་ལྟར། མཆོག་ཏུ་འགྱུར༔ ཞེས་གདམས་པ་བཞིན་ཅི་ནུས་ཀྱི་དབང་སྲོག་དམ་ཚིག་མཐའ་དག་ཚུལ་བཞིན་བསྲུང་སྙམ་པས་ཁས་བླངས་པ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། དེ་རྣམས་ཀྱིས་རྩ་བའི་སོགས་དབང་ཟིན་ལྟར་མཚམས་སྦྱར་ནས། དོན་དབང་འབྲིང་པོ་གཏོར་དབང་བཅས་ཁོལ་ཕྱུང་བཀླག་ཆོག་ཏུ་བཀོད་པ་ལྟར་ཤིས་བརྗོད་བར་མཐར་ཆགས་སུ་བསྐུར་ཞིང་། འདིར་རིལ་དབང་གོང་དུ་སོང་བས་འཐུས། ཟིན་བྲིས་མཇུག་གི་གཏོར་དབང་དེ་དོར། དབང་ཟིན་ལྟར་དེ་ལྟར་རྩ་བའི་སྨིན་བྱེད་སོགས་མཚམས་སྦྱོར་བཅས་གྲོལ་བྱེད་ཟབ་ཁྲིད་འཆད་པའི་སྐབས་རིམ་པ་དང་པོའི་བསྙེན་སྒྲུབ་རྩ་བ་ཙམ་གསུངས་པ་ནི། ན་མོ་གུ་རུ༔ རྫོགས་ཆེན་སྙིང་པོའི་དོན་སྒོམ་པ་རྣམས་ཀྱིས་སོགས་གཏེར་གཞུང་གི་དབུར་འབྱུང་བ་ནས། ཀུན་འདྲིལ་ཡིད་བཞིན་ནོར་བུའི་བསྙེན་སྒྲུབ་རྒྱུན་གྱི་རྣལ་འབྱོར་རོ༔ ཞེས་པའི་བར་དང་། རིམ་པ་གཉིས་པའི་ཁྲིད་དེ་ལྟར་རིམ་པ་དང་པོའི་རྣལ་འབྱོར་བསྟན་ནས༔ རིམ་པ་གཉིས་པ་རྫོགས་པ་ཆེན་པོ་སོགས་ནས། ལག་ཁྲིད་གབ་པ་མངོན་དུ་ཕྱུང་བའི་རིམ་པའོ༔ བར་དང་། དེས་གྲོལ་བྱེད་ཁྲིད་ཀྱི་སོགས་དབང་ཟིན་ལྟར། མཐའ་རྟེན་ཚེ་དབང་སྐབས་སྐྱབས་སེམས་ཚོགས་གསག་སྡོམ་གཟུང་རྣམས་དོན་དབང་ལྟར་བྱས་པའི། ཚེ་དབང་གི་བྱིན་འབེབ་དམིགས་པ་དབང་ཟིན་གྱི་དགོངས་པ་ཚིགས་བཅད་དུ་བསྡེབས་པ་ནི། སློབ་མའི་སྒོ་གསུམ་གནད་བཅིངས་རྩེ་གཅིག་པའི། །ཡིད་ཀྱིས་ཏིང་འཛིན་འདི་ལྟར་བསྒོམ་པར་བྱ། །བླ་མ་ཚེ་ཡི་བདག་པོ་དབྱེར་མེད་ལ། །མོས་གུས་བྱས་པའི་རྐྱེན་གྱིས་ཧྲཱིཿཡི་སྒྲས། །རང་ལུས་གཟུང་འཛིན་མི་དམིགས་འོད་གསལ་ངང༔ ཆུ་ལས་རླབས་བཞིན་སོགས་ཚེ་སྒྲུབ་གཞུང་ལྟར། མདའ་དར་བུམ་པ་འཛིན་ཅིང་འཁྲིལ་སྦྱོར་རོལ༔ འབྲུ་གསུམ་རྒྱས་གདབ་རྡོ་རྗེའི་བདག་ཉིད་ཆེའི༔ སྙིང་གའི་མི་བསྐྱོད་ཚེ་དཔག་ཐུགས་ཀ་རུ། །རྒྱ་གྲམ་ལྟེ་བར་ཉི་ཟླའི་གྭ་འུའི་དབུས། །ཚེ་རྟེན་ཧྲཱིཿནྲྀ་ཨ་གསུམ་འོད་དུ་འབར། །བདག་མདུན་སློབ་དཔོན་ཐུགས་སྲོག་འོད་ཟེར་གྱིས། །རྩ་གསུམ་རབ་འབྱམས་ཚེ་ལྷའི་ཐུགས་དམ་བསྐུལ། །རྒྱལ་བའི་གསང་གསུམ་ལྷ་སྔགས་ཕྱག་རྒྱར་བཞེངས། །ཆར་ལྟར་བབས་པ་སློབ་མར་དབྱེར་མེད་ཐིམ། །རྡོ་རྗེ་གསུམ་གྱི་ཡེ་ཤེས་བྱིན་འབེབས་བསམ། །སྤོས་རོལ་བཅས། ཧྲཱི༔ སོ་སོར་ཀུན་རྟོག་སོགས་སྤྱན་འདྲེན་སྔགས་བཅས་ལ། ཛྙཱ་ན་ཨཱ་ཝེ་ཤ་ཡ་ཕེཾ་ཕེཾ་བཏགས་པས་བྱིན་དབབ། སྤྱི་ལྟར་བརྟན་པར་བྱ། བདག་མདུན་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་སོགས་ཚེ་འགུགས་མཐའ་ནས་འབྱུང་བ་ལྟར། ནུས་པ་མཆོག་ཏུ་གྱུར་པར་བསམ་མོ༔ མདའ་དར་གཡབ་ཅིང་། ཧྲཱི༔ འཆི་མེད་པདྨ་སོགས་ཚེ་འགུགས་གྱེར། དེ་ནས་བླ་མ་དཀྱིལ་འཁོར་གྱི་བདག་པོ་སོགས་སྐུ་གསུང་ཐུགས་དབང་བསྐུར། ཚེ་གཏོར་པདྨ་ཞི་ཁྲོའི་ལྷ་ཚོགས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དུ་གསལ་བའི་དབང་བསྐུར་བས། ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འཆི་མེད་མཆོག་གི་དངོས་གྲུབ་བདུད་རྩིའི་རྒྱུན་དང་བཅས་པ་བྱུང་། སྒོ་གསུམ་ལ་ཞུགས་པས་འཆི་འཕོའི་རྟོག་པ་སྦྱངས། སྐྱེ་འཆི་འགྱུར་མེད་གཉུག་མའི་དོན་རྟོགས། དབང་གི་ཡེ་ཤེས་རབ་ཏུ་གནས་ཤིང་བརྟན་པར་བྱས་པར་མོས། ཧྲཱི༔ མི་འགྱུར་རྟག་པ་སོགས། དེ་ལྟར་དབང་བསྐུར་པས་ཚེའི་བདུད་རྩིའི་ལུས་ཀྱི་ནང་ཐམས་ཅད་གང་། རྩ་རླུང་ཐིག་ལེ་སོགས་སྒྲུབ་ཐབས་མཇུག་བཞིན། བྷྲཱུྃ་ཨ་ཨ༔ དེ་རྣམས་ཀྱིས་འཆི་མེད་ཚེའི་དབང་བསྐུར་ལེགས་པར་གྲུབ་ཅིང་། འདི་ཉིད་ཐོབ་པའི་ཕན་ཡོན་ཡང་། གཞུང་ལས། ཚེ་ཡི་དབང་དང་དངོས་གྲུབ་ཀྱིས༔ སོགས་ནས། འགྲུབ་པར་འགྱུར༔ ཞེས་གསུངས་པས། དེ་ལྟ་བུའི་རྡོ་རྗེའི་ཚེ་སྒྲུབ་པའི་མཚོན་དངོས་གྲུབ་སྒྲུབ་པ་ལ་བར་དུ་གཅོད་པ་ཐམས་ཅད་སེལ་བར་བྱེད་པ། པདྨ་ཀཱི་ལ་ཡ་ཕྱག་རྒྱ་གཅིག་པའི་བྱིན་རླབས་དབང་བསྐུར་ཟབ་མོ་བགྱིད་པ་ལགས་ཏེ། དེའང་པདྨ་གཏུམ་པོའི་གདམས་ཟབ་ཁྱད་པར་ཅན་འདི་ནི། སློབ་དཔོན་ཆེན་པོས་ལོ་ཙཱ་བ་རྒྱལ་བ་མཆོག་དབྱངས་ལ་གསང་བའི་ཡི་དམ་དུ་གདམས་པ་ཉིད། མ་ཧཱ་གུ་རུའི་བཀའ་བཞིན་ཡེ་ཤེས་ཀྱི་མཁའ་འགྲོ་མཚོ་རྒྱལ་མས་སྙིང་པོར་བསྡུས་ཏེ། བླ་མ་ཡི་དམ་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ་རྣམ་པར་རོལ་པ་ཀུན་འདྲིལ་ཡིད་བཞིན་ནོར་བུའི་རྡོ་རྗེ་ཚེའི་སྒྲུབ་པའི་ཡན་ལག་ཏུ་བཀོད་པའི་དབང་བསྐུར་གསན་པའི་ཡོན་དུ་མཎྜལ། མཚམས་སྦྱོར་སྤྱི་འགྲོ་བཅས་གསོལ་གདབ་དང་། རྡོ་རྗེ་སློབ་དཔོན་སངས་རྒྱས་སོགས་ཀྱི་རྒྱུན་བཤགས་བྱ། ཡེ་ཤེས་དབབ་པའི་དོན་དུ་སྒོ་གསུམ་གཞན་དུ་མ་ཡེངས་པར་འདི་ལྟར་སྒོམས་ཤིག །སེམས་ཉིད་མ་བཅོས་པའི་སྒྲ་གདངས་ཧཱུྃ་ཧཱུྃ་ཞེས་གྲགས་པས་སློབ་མའི་གཟུང་འཛིན་མི་དམིགས་པ་སྟོང་ཉིད་འོད་གསལ་གྱི་ངང་དུ་ཐིམ༔ དེ་ལས་སྐད་ཅིག་གིས་ཁྱེད་རང་རྣམས་དཔལ་ཆེན་པོ་པདྨ་རྟ་མཆོག་སོགས་ལྷ་བསྐྱེད་ནས་སྤྱན་འདྲེན་མཐའ་བར་བརྗོད་ཅིང་། སྤོས་རོལ་གྱིས་བྱིན་དབབ། ཏིཥྛ་བཛྲས་བརྟན། དངོས་གཞི་ལ་སྐུ་གསུང་ཐུགས་ཀྱི་དབང་གསུམ་ལས། དང་པོ་སྐུའི་དབང་བསྐུར་བ་ནི། གཏོར་མ་ལྷའི་ཕྱག་རྒྱར་ཤར་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པས་ལུས་ཀྱི་མཚན་འཛིན་ནད་གདོན་བར་ཆད་ཞི། སྣང་སྟོང་སྐུའི་འཁོར་ལོ་གྲུབ་པའི་ངེས་ཤེས་སྐྱེད་ཅིག །ཨོཾ༔ ཁྲོ་རྒྱལ་སྟོབས་འདུས་སོགས། མཐར་གཏོར་མའི་ལྷ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་ལྷག་པའི་ལྷ་དང་དབྱེར་མེད་དུ་སྨིན་པའི་ང་རྒྱལ་བརྟན་པོ་ཟུངས་ཤིག །གཉིས་པ་གསུང་དབང་གི་ཐོག་མར་བཟླས་ལུང་སྦྱིན་པ་ལ་དམིགས་པ་འདི་ལྟར་མཛོད། ཁྱེད་རང་རྣམས་ལྷར་གསལ་བའི་སྙིང་གར་ཙིཏྟ་རིན་པོ་ཆེ་མཆོང་དམར་པོའི་གུར་ཕུབ་པ་ལྟ་བུའི་ལྟེ་བར་ཉི་མ་ལ་ཧཱུྃ་ཡིག་དམར་པོ་གནས་པར་བསྒོམ། སློབ་དཔོན་དང་མདུན་བསྐྱེད་དབྱེར་མེད་པའི་ཐུགས་ཀའི་སྔགས་ཕྲེང་ལས་གཉིས་པ་ཞིག་མཆེད། ཁྱེད་རང་རྣམས་ཀྱི་ཁ་སྒོ་ནས་ཞུགས། སྙིང་གའི་ས་བོན་གྱི་མཐར་འཁོར། དེ་ལས་འོད་ཟེར་འཕྲོས། རྩ་གསུམ་རྒྱལ་བ་རྒྱ་མཚོ་སོགས་བསྙེན་དམིགས་བཞིན། གཟི་བྱིན་འབར་བར་བསམས་ཏེ་བསྙེན་སྔགས་འདིའི་རྗེས་ཟློས། བསྙེན་སྔགས་ལན་གསུམ། སླར་ཡང་ཐུགས་སྲོག་སོགས། རོལ་པར་བསམས་ལ་སྒྲུབ་སྔགས་འདིའི་རྗེས་ཟློས། སྒྲུབ་སྔགས་ལན་གསུམ། དེ་ནས་འོག་གི་ལས་སྦྱོར་བཞིན། སླར་ཡང་ཐུགས་ཀ་ནས་སྐུ་དང་སྔགས་ཕྲེང་ཕྱག་མཚན་འབར་བའི་འོད་ཟེར་འཕྲོས༔ མདུན་བསྐྱེད་ཀྱི་སོགས་ནས། བཅོམ་པར་བསམ་ལ་ལས་སྔགས་འདིའི་རྗེས་ཟློས། ལས་སྔགས་ལན་གསུམ། སླར་ཡང་ཁྲོ་རྒྱལ་འདུས་པའི་གསང་སྔགས་ཀྱི་ཕྲེང་བ་ཡི་གེའི་འཁོར་ལོར་ཤར་བ་མགྲིན་པར་བཞག་པས་ངག་གི་བར་ཆད་ཞི། གྲགས་སྟོང་གསུང་གི་ནུས་རྩལ་ཡོངས་རྫོགས་ཐོབ་པའི་ངེས་ཤེས་སྐྱེད་ཅིག །ཨཱ༔ ཁྲོ་རྒྱལ་སྟོབས་འདུས་སོགས། གསུམ་པ་ཐུགས་ཀྱི་དབང་བསྐུར་བ་ནི། མདུན་བསྐྱེད་ལྷའི་ཐུགས་ཀ་ནས་འབར་བའི་ཕྱག་མཚན་ཕུར་པའི་ཚོགས་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་ཡིད་ཀྱི་བར་ཆད་ཞི། རིག་སྟོང་ཐུགས་ཀྱི་དགོངས་རྩལ་འབར་བའི་ངེས་ཤེས་སྐྱེད་ཅིག །ཧཱུྃ༔ ཁྲོ་རྒྱལ་སྟོབས་འདུས་སོགས། དེ་ལྟར་དབང་བསྐུར་ཟབ་མོ་ཐོས་པས་སྒོ་གསུམ་དཔལ་ཆེན་པོའི་སྐུ་གསུང་ཐུགས་སུ་སྨིན་པར་བྱས་པ་ལ། ལྷ་རྣམས་ཀྱིས་བདུད་ལས་རྣམ་པར་རྒྱལ་བའི་ཤིས་པའི་དབྱངས་ཀྱིས་མངའ་གསོལ་བར་མོས། ཤིས་པ་བརྗོད། དེ་དག་རྣམས་ཀྱིས་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོའི་དཀྱིལ་འཁོར་དུ་རྩ་བ་དང་ཡན་ལག་གི་དབང་བསྐུར་དང་གྲོལ་བྱེད་ཁྲིད་ཀྱི་རིམ་པ་རྣམས་ཡོངས་རྫོགས་ཚང་ལ་མ་ནོར་བ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཀྱིས་བརྒྱན་པ་ལེགས་པར་གྲུབ་པས། དེ་དག་གི་སྐབས་སུ་ཐོབ་པའི་རྡོ་རྗེ་ཐེག་པའི་དམ་ཚིག་རྩ་བ་དང་ཡན་ལག་གིས་བསྡུས་པ་རྣམས་མི་ཉམས་པར་བསྲུང་ཞིང་། ཟབ་ཆོས་འདི་ཉིད་ཀྱི་སྒོ་ནས་རང་གཞན་གྱི་དོན་གཉིས་བསྒྲུབ་པ་ལྷུར་ལེན་པས་འབད་དགོས་ཤིང་། དེ་རྣམས་ཚུལ་བཞིན་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དབང་དང་། ཆོ་གའི་རྗེས་རིམ་རྣམས་ཟིན་བྲིས་མཐོང་གསལ་སྒྲོན་མེ་བཞིན་ཞིབ་པར་བྱའོ།། །། ༈ མང་སོ་བྱང་གླིང་དཔལ་རྒྱལ་མཚན་གྱི་ཀུན་བཟང་ཐུགས་གཏེར་ཆོས་སྡེ་པདྨ་འོད་གསལ་མདོ་སྔགས་གླིང་པར་ཉེ་རིང་གི་བརྒྱུད་པའི་བཀའ་བབས་པ་ཐུགས་རྗེ་ཆེན་པོ་འགྲོ་འདུལ་ལྷ་དྲུག་པའི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་རིན་ཆེན་དབྱིག་གི་སྙིང་པོ་ལྟར་དབང་སྒྲུབ། དབང་དངོས། རྗེས་ཆོག་ལ། ༼ཆ༽བླ་སྒྲུབ་ནས་ཁ་སྐོང་སྦྱར་བ་བཅས་བྱའོ།། །། ༈ རིག་འཛིན་རྒོད་ལྡེམ་པའི་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་གྱི་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་ངོ་མཚར་སྣང་བ་ལྟར་དབང་སྒྲུབ་སྐབས། ༼ན༽སྔོན་འགྲོ་གཟེར་ལྔ་ལ་བརྒྱུད་འདེབས། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ནུབ་ཕྱོགས་བདེ་བ་ཅན་མའི་རྗེས། བདག་བསྐྱེད་མངོན་རྟོགས་ཡིད་བཞིན་ནོར་བུ་བཏང་ལ་བཟླས་པ་ཅི་འགྲུབ་དང་། རྒྱལ་ཆེན་སྡེ་བཞིའི་མཆོད་ཕྲིན། བགེགས་གཏོར་བརླབ་བསྔོ། ཕྲིན་ལས་ཀྱི་བཀའ་བསྒོ་མཚམས་གཅོད་ནས། བུམ་བསྐྱེད་ཀྱི་སྒོ་བཞི་སོང་རྗེས། པད་ཕྲིན་ཕྱག་བཞེས་ལྟར་ན། ལས་བུམ་ནང་དུ་པད་ཟླའི་སྟེང་། །ཧྲཱིཿལས་འཕགས་པ་སྤྱན་རས་གཟིགས༔ སོགས་ནས། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཞེས་སྔར་ལྟར་གཙོ་བོ་བསྐྱེད་པའམ། ཡང་ན་འོག་ཏུ་འབྱུང་བའི་རྟ་མགྲིན་བསྐྱེད་བཟླས་ཀྱིས་བསྒྲུབ་པ་གསང་སྔགས་སྤྱིའི་ལུགས། གང་ལྟར་ཡང་། གཙང་མའི་གོས་ཀྱིས་སོགས་ནས། འགྲོ་དྲུག་སྒྲིབ་སྦྱོང་གཟུངས་འདི་ཤར༔ བར་གཏང་། གཟུངས་ཐག་བླངས་ཏེ་བཟླས་པ་བྱ། ལས་བུམ་པད་ཕྲིན་ལུགས་བྱེད་ན་དེ་ལ་དམིགས་ཏེ་ཡིག་དྲུག་བརྒྱ་རྩ་བཟླ། གང་ལྟར་ཡང་མཐར་མཆོད་བསྟོད་རྗེས། ཨོཾ་ཨཱཿཧཱུྃ་གིས་བུམ་ལྷ་བདེ་སྟོང་གི་ངོ་བོར་འོད་དུ་ཞུ་སྟེ་བདུད་རྩི་ནུས་ལྡན་དུ་གྱུར་པར་བསམ་མོ། །མདུན་བསྐྱེད་བཟླས་པ་བཅས་བཏང་། ཡིག་བཅུའི་མཐར་རིགས་དྲུག་སྦྱོང་སྔགས་གསུང་སྲོལ་ཕྱག་བཞེས་སུ་སྣང་། རྟགས་བསྟོད་གྲུབ་ནས། བཀའ་སྲུང་དབང་གི་མ་བདུན་དང་ཐང་ལྷའི་གཏོར་ཆོག །ཚོགས་མཆོད་བཅས་ཕུལ་རྗེས། སྤྲོ་ན་རྩ་གསུམ་བསྐང་བཤགས་སྦྱར། ཧྲཱི༔ འགྲོ་དྲུག་ཐུགས་རྗེས་སོགས་ཀྱིས་བདག་དབང་བླང་བའམ་རིག་མེ་དོར་ལ་གནང་བ་ནོད། དབང་དངོས་གཞི་བསྐུར། རྗེས་ཆོག་ཚོགས་ལ་རོལ་ཞིང་ལྷག་མ་བསྔོ། ༼ན༽ཐུགས་སྒྲུབ་ཀྱི་ཆད་བརྟན་དང་། མཆོད་བསྟོད། བཟོད་གསོལ། ཧྲཱི༔ ད་ནི་དཀྱིལ་འཁོར་གསལ་བཏབ་ལ༔ ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན༔ ཡིག་འབྲུ་ཧྲཱིཿལ་ཧྲིལ་གྱིས་བསྡུ༔ ཧྲཱིཿཡང་སོགས་བསྡུ་ལྡང་། བསྔོ་སྨོན། ཤིས་བརྗོད་ཀྱིས་མཐའ་བརྒྱན་ནོ།། །། ༈ དྲི་མེད་ལྷུན་པོའི་དོན་ཏིག་འགྲོ་བ་ཀུན་སྒྲོལ་དང་། གར་དབང་ཟླ་བ་རྒྱལ་མཚན་གྱི་ཟབ་ཏིག་ཆོས་དབྱིངས་རང་གསལ། སྟག་ཤམ་བསམ་གཏན་གླིང་པའི་དགོངས་འདུས་འགྲོ་བ་ཀུན་སྒྲོལ་གསུམ་ཆུ་བོ་གཅིག་འདྲེས་ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོའི་དཀྱིལ་འཁོར་དུ་སློབ་མ་རྗེས་གཟུང་དབང་གི་ཆོ་ག་དོན་ཟབ་བཅུད་འདུས་ལྟར་དབང་སྒྲུབ།་་་འདི་སྐབས་སློབ་མ་རྣམས་ཀྱིས་སྐྱབས་སེམས། ཡིག་བརྒྱ། མཎྜལ་སོགས་ལ་འབད་དགོས།མཆན། སྒོ་དྲུང་ནས་ཞུ་བ་ཞུས་ལན། དངོས་གཞི། ཐེག་པ་རིམ་དགུའི་དབང་། རྗེས་ཆོག་བཅས་བྱའོ།། །། ༈ ཨོ་རྒྱན་དྲི་མེད་ཀུན་དགའི་ཡང་ཟབ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་གདམས་པ་ཡེ་ཤེས་འོད་ཀྱི་སྙིང་པོ་༧པདྨ་འོད་གསལ་མདོ་སྔགས་གླིང་པའི་ཡང་གཏེར་གྱི་རྩ་བའི་དབང་ཆེན་བསྐུར་བའི་ཐོག་མར། ས་ཆོག་ནི། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས། ལྷ་དང་བུམ་པ་སྟ་གོན་སོགས་རྡུལ་ཚོན་དང་འབྲེལ་བའི་ཆོ་ག་རྒྱས་པ་གཏེར་གཞུང་གི་དགོངས་པ་མ་ནོར་བར་གསང་བ་སྤྱིའི་ཕྱག་ལེན་གྱིས་བརྒྱན་པའི་སྒྲུབ་པ་ཆེན་པོའི་ལས་རིམ་བཞིན་ཏེ། སྨིན་སློབ་མཚན་ཉིད་པར་བྱས་ནས་དབང་བསྐུར་བ་ཡིན་མོད། དེང་སང་སྤྱིར་བཏང་ཐོབ་ཆོག་གི་དབང་རྐྱང་ཙམ་ལ་མདོར་བསྡུས་པའི་ཚུལ་དུ་བཀོད་པར། བརྒྱུད་འདེབས་སྔོན་དུ་འགྲོ་བས། གཏེར་གཞུང་ལེའུ་གཉིས་པའི་ཕྲིན་ལས་ལྟར་སྐྱབས་སེམས། ཚོགས་གསག །སྡོམ་གཟུང་། ཚད་མེད་བཞི་བཅས་གྲུབ་ནས། ལེའུ་དང་པོའི་ལྷ་བསྐྱེད་ནས་བསྙེན་པའི་མཐར་ཐུག་པའི་བར་མཐར་ཆགས་སུ་ཉམས་སུ་བླངས་ནས། དཀར་གཏོར་ཡི་གེ་གསུམ་གྱིས་བསྲེགས་གཏོར་བཀྲུས། འབྲུ་གསུམ་གྱིས་སྦྱངས་སྤེལ་བསྒྱུར། གཏེར་གཞུང་གི་ལེའུ་གསུམ་པའི་དབུར་འབྱུང་བ། ཨོཾ་པྲི་ཐཱི་དེ་ཝཱི་སོགས་ལན་གསུམ་གྱིས་གཏོར་མ་དང་། ཨོཾ་བཛྲ་པུཥྤེ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་ཉེར་སྤྱོད་འབུལ། ཧཱུྃ༔ དགོངས་ཤིག་དབང་ཆེན་སོགས་ས་སྦྱང་གཟུང་མཐའ་བར་བཏང་། དབང་མཆོག་གི་ཕུར་བུ་ཧྲཱིཿལས་རྟ་མགྲིན་དུ་གསལ་ལ་རྟ་སྔགས་ཀྱིས་དཀྱིལ་འཁོར་དབུས་སུ་གདབ། དེ་ལས་འོད་དམར་དྲྭ་བ་ཕྱོགས་ཀུན་ཏུ་འཕྲོས་པས་སྣང་སྲིད་ཐམས་ཅད་བདག་གི་དབང་དུ་འདུས་པར་བསམ་ལ། ལེའུ་གཉིས་པའི་དཀྱུས་ནས་འབྱུང་བའི་བགེགས་གཏོར་བརླབ་འགུགས་བསྔོ་ཞིང་བཀའ་བསྒོ་བཅས་བསྐྲད། ཕྱི་ནང་གསང་མཚམས་དོད་མཚམས་གཅོད་བཅས་གཏང་། ཡོ་བྱད་སྟ་གོན་ནི། དབང་རྫས་ཐམས་ཅད་ཚོགས་པར་བྱས་ཏེ། སྤོས་རོལ་དབྱངས་ཀྱིས། ཧཱུྃ་ཧྲཱི༔ ནམ་མཁའི་མཐའ་དང་སོགས་ལེའུ་འདི་ཉིད་ཀྱི་སྒྲུབ་པ་ཆེན་པོའི་ཐུན་མཚམས་སུ་བྱ་བའི་བྱིན་འབེབ་ཀྱིས་ཡོ་བྱད་རྣམས་བྱིན་གྱིས་བརླབ། ལྷ་སྟ་གོན་ནི། མཎྜལ་གཙང་མར་གཙོ་བོའི་གནས་སུ་དྲིའི་ཐིག་ལེ་གྲུ་བཞི་དང་འཁོར་རྣམས་ལ་ཟླུམ་པོ་རེ་བཏབ་པའི་སྟེང་ཚོམ་བུ་གཙོ་འཁོར་ལྔ། དེ་རྒྱབ་བཞི་བཅས་བཀོད་པའི་མཐར་སྨན་རཀ་གཏོར་མ་ཉེར་སྤྱོད་ཀྱིས་བསྐོར། ལེའུ་གཉིས་པའི་ཕྲིན་ལས་བཞིན་མཆོད་པ་བྱིན་རླབས་བྱ། ཤཱུནྱ་ཏཱའི་སྔགས་ཀྱིས་སྟོང་པར་སྦྱང་། གཏེར་གཞུང་ལེའུ་གསུམ་པའི་སྒྲུབ་ཁོག་ལྟར། སྟོང་པའི་ངང་ལས་སྒྲུབ་པའི་གཞིར་རང་བྱུང་ཡེ་ཤེས་ཀྱི་སོགས་དང་། ལེའུ་གཉིས་པའི་ཕྲིན་ལས་བཞིན་མཆོད་བསྟོད་རྗེས། གོང་འཕྲོས་སྙན་གསན་དབབ་ཅིང་བསྟིམ་པ་བཅས་བྱ། བུམ་པ་སྟ་གོན་ནི། ལས་སྔགས་ཨོཾ་པདྨཱནྟ་ཀྲྀཏ་ཧཱུྃ་ཕཊ༔ སྭ་བྷཱ་ཝས་སྦྱང་། གཞུང་ལྟར་བསྐྱེད་ཅིང་། གོང་བཞིན་མཆོད་བསྟོད། གཟུངས་ཐག་བླངས་ཏེ་བཟླས་དམིགས་གསལ་བཏབ། ཡིག་བཅུ་ཤམ་ཅན་ཅི་འགྲུབ་བཟླ། ལྷ་འོད་ཞུ་དང་། ལས་བུམ་བསྒྲུབ། སློབ་མ་སྟ་གོན་སྐབས། སྔོན་གཏོར་གཏང་། སེམས་བསྐྱེད་གསལ་བཏབ། དེ་ལ་འདིར་གང་གསན་པར་བྱ་བ་ནི། བདེ་བར་གཤེགས་པའི་ཐུགས་རྗེའི་ཕྲིན་ལས་ནམ་མཁའ་ཇི་སྲིད་བར་འཇུག་པ་མི་བརྟུལ་ཞིང་། ལྷག་པར་སྙིགས་དུས་ཀྱི་འགྲོ་བ་རྣམས་འདྲེན་པ་ལ་ཐུགས་བསྐྱེད་དང་ཕྲིན་ལས་གཞན་ལས་ཁྱད་པར་དུ་འཕགས་པ། འཇིག་རྟེན་མགོན་པོ་སྤྱན་རས་གཟིགས་ཀྱི་སྐུར་བཞེངས་ནས་འཁོར་བ་དོང་ནས་སྤྲུག་པའི་ཕྲིན་ལས་མཛད་པའི་ཐབས་ཀྱི་སྐུ་དང་། མཚན་གྱི་རྣམ་འགྱུར་མཐའ་ཡས་པར་བསྟན་པའི་རྒྱུད་དང་སྒྲུབ་ཐབས་ཀུན་ལས་ཁྱད་པར་དུ་འཕགས་པ། རྒྱལ་བ་རྒྱ་མཚོའི་གདམས་པ་ཡེ་ཤེས་འོད་ཀྱི་སྙིང་པོ་འདི་ཉིད་བཀའ་བབས་བདུན་གྱི་ཤིང་རྟའི་ལམ་སྲོལ་གསར་དུ་དྲངས་པས་རྒྱལ་བའི་བསྟན་པ་རིང་དུ་བསྲིངས་ཤིང་། སྙིགས་ལྔའི་འགྲོ་བར་བདེ་བའི་ངལ་སྟེགས་བླ་ན་མེད་པ་བསྩལ་པར་མཛད་པའི་བཀའ་དྲིན་ཅན་གཏེར་འབྱིན་ཡོངས་ཀྱི་འཁོར་ལོས་སྒྱུར་བ། ཀུན་གཟིགས་འཇམ་དཔལ་དབྱངས་དངོས་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ཉིད་ཀྱི་ཞལ་སྔ་ནས་ཡང་གཏེར་བབས་པའི་ལོ་རྒྱུས་མདོར་དྲིལ་ཏེ་བཀའ་བསྩལ་པ་ནི་འདི་ལྟ་སྟེ། ཡང་ཟབ་རྨད་དུ་བྱུང་བའི་གདམས་པ་འདི་ཉིད། སྔོན་རབ་བྱུང་དྲུག་པའི་ལྕགས་མོ་གླང་གི་ལོའི་སྨལ་པོ་ཟླ་བའི་ཚེས་བཅུར་དཔལ་གྱི་མཆིམས་ཕུའི་བྲག་སྣ་སེང་གེའི་གདོང་ནས། གནུབས་ཆེན་པོའི་རྣམ་འཕྲུལ་སྐྱེ་མཐའི་བྱང་སེམས་ཨོ་རྒྱན་དྲི་མེད་ཀུན་དགས་གདན་དྲངས། བླ་རྫོགས་ཐུགས་གསུམ་རྒྱ་ཆེ་བའི་སྐོར་རྣམས་ཁྱབ་གདལ་དུ་སྤེལ་བ་ལ་བརྟེན་ནས་གདུལ་བྱ་མཐའ་ཡས་པ་སྨིན་གྲོལ་ལ་བཀོད། སྙིང་པོ་འདི་ཉིད་ལུང་བྱང་ལྟར་ཐུགས་ཉམས་སུ་བཞེས་ཏེ་གཞན་ལ་མ་སྤེལ་བར། དཔལ་གྱི་བསམ་ཡས་བྲག་དམར་མགྲིན་བཟང་གི་བྲེ་གུའི་སུལ་དུ་རྒྱས་བཏབ་པ། སླད་ནས་ཁོ་བོ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་རབ་བྱུང་བཅུ་བཞི་པའི་ས་སྤྲེལ་དབྱུག་པ་ཟླ་བའི་ཚེས་བཅུར། འགྲོ་འདུལ་འཕགས་པའི་ཐུགས་ཏིག་དང་ལྷན་ཅིག་ཏུ་ཡེ་ཤེས་ཀྱི་མཁའ་འགྲོས་དངོས་སུ་བསྩལ་པ་རིང་དུ་འཆང་ནས། ཕྱིས་རབ་བྱུང་བཅོ་ལྔ་པའི་མེ་མོ་གླང་ལོར་གཏེར་སྟོན་སྤྲུལ་པའི་སྐུས་རྨི་ལམ་དུ་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་པ་སོགས་དུས་སུ་བབས་པའི་ཚེ། ལོ་ཆེན་བཻ་རོ་དངོས་བྱོན་པདྨའི་ཞལ་ཚབ་༧ཨོ་རྒྱན་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས། རིན་ཆེན་གཏེར་གྱི་མཛོད་ཆེན་པོའི་ཤིང་རྟའི་ལམ་སྲོལ་གསར་དུ་ཕྱེ་བའི་ཆ་རྐྱེན་དུ། བླ་མ་དང་མཁའ་འགྲོའི་བྱིན་རླབས་ལས་ཤོག་སེར་ཞེང་སོར་དོ་དཀྱུས་སོར་དྲུག་པ་ཞིག་ལས་དག་པར་ཕབ་པ། ཞེས་གསུངས་པ་སྟེ། དེ་ལྟ་བུའི་ལོ་རྒྱུས་ཀྱི་ངེས་པ་དང་ལྡན་པའི་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་འཇུག་པའི་ཐོག་མར་སློབ་མ་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ། བླ་མ་དང་ལྷག་པའི་ལྷ་དབྱེར་མི་ཕྱེད་པའི་དྲུང་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྒྱལ་བ་རྒྱ་མཚོའི་སོགས། རྒྱུད་སྦྱོང་བའི་སླད་དུ་ཐོག་མར་སྐྱབས་སུ་འགྲོ་བ་ནི། མདུན་གྱི་བླ་མ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་འདུས་པའི་ལྷ་ཚོགས་རྩ་གསུམ་རབ་འབྱམས་ཀྱིས་བསྐོར་བའི་སྤྱན་སྔར། དེང་ནས་བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ལེའུ་གཉིས་པ་ནས། ན་མོ༔ རྒྱལ་བ་རྒྱ་མཚོ་སོགས་ལན་གསུམ། འཁོར་བའི་འཁོར་ལོ་ཐོག་མེད་ནས་ཕ་མར་གྱུར་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པའི་དོན་དུ། འཕགས་པའི་དཀྱིལ་འཁོར་ཆེན་པོར་ཞུགས་ནས་རིམ་གཉིས་ཀྱི་ལམ་མཐར་ཕྱིན་པར་བསྒྲུབ་པར་བགྱིའོ་སྙམ་དུ་སེམས་བསྐྱེད་ནས་འདིའི་རྗེས་ཟློས། ཧོ༔ མ་གྱུར་ཁམས་གསུམ་སོགས་ལན་གསུམ། ཞིང་མཆོག་དེ་རྣམས་ཀྱི་སྤྱན་སྔར་གསག་སྦྱང་གི་སྙིང་པོ་ཡན་ལག་བདུན་པ་འབུལ་བའི་ཏིང་ངེ་འཛིན་དང་ལྡན་པས་འདིའི་རྗེས་ཟློས། ཧོ༔ བླ་མ་ཐུགས་རྗེ་སོགས་ལན་གསུམ། རྒྱུད་ཐ་མལ་པ་ལ་དབང་གི་ཡེ་ཤེས་མི་སྐྱེ་བས་དེའི་ཕྱིར་རྒྱུད་སྡོམ་ལྡན་དུ་བསྒྲུབ་པའི་སླད། ཕྱོགས་དུས་ཀྱི་རྩ་གསུམ་རྒྱལ་བའི་ཚོགས་རྣམས་དཔང་པོར་བཞུགས་པའི་སྤྱན་སྔར་སོ་བྱང་སྔགས་ཀྱིས་བསྡུས་པའི་སྡོམ་པ་དང་དམ་ཚིག་རྣམས་ཚུལ་བཞིན་བླངས་ནས་བསྲུང་སྡོམ་བགྱིད་སྙམ་པས་འདིའི་རྗེས་ཟློས། རྩ་གསུམ་རྒྱལ་བ་སོགས་ལན་གསུམ། སྟ་གོན་འཕྲོས། ཨོཾ་བུདྡྷ་སཏྭ་སོགས་ལན་བདུན། སོ་ཤིང་སྔགས་ཀྱིས་བརླབས་ཏེ། དེ་ནས་དངོས་གྲུབ་ཀྱི་ལྟས་བརྟག་པ་དང་། ལུས་ཀྱི་སྒྲིབ་པ་དག་ནས་བུམ་དབང་གི་སྣོད་རུང་བསྒྲུབ་པའི་ཕྱིར། བྱང་ཆུབ་ཀྱི་ཤིང་ལས་བྱས་པའི་སོ་ཤིང་བདེ་གཤེགས་སེམས་དཔའི་ངོ་བོར་སྔགས་ཀྱིས་བྱིན་གྱིས་བརླབས་པ་ཉིད་ཕྱག་ཏུ་གཏད་པར་མོས། ཨོཾ༔ བདེ་གཤེགས་སེམས་དཔའི་སོགས། དེ་ལྟར་བྱིན་པའི་སོ་ཤིང་དེ་ཉིད་ཐལ་སྦྱར་གྱིས་བཟུང་བའི་རྩེ་མོ་སོར་བྲུད་པས། སོ་ཤིང་ལས་བྱུང་བའི་འོད་ཀྱིས་ལུས་ཀྱི་ནང་ཐམས་ཅད་ཁྱབ་པས་སྡིག་སྒྲིབ་ཐམས་ཅད་སྐྱུགས་པར་མོས་ལ་འདིའི་རྗེས་ཟློས་ཀྱིས་སོ་ཤིང་གི་ར་བར་དོར་ཅིག །སྔགས་བརྗོད། དེ་ལྟར་སོ་ཤིང་དོར་བ་ཡི། །རྩེ་མོ་རང་དང་སོགས། དངོས་གྲུབ་འགྱུར༔ ཞེས་གསུངས་པའི་དོན་ཐུགས་ལ་ངེས་པར་མཛོད། དུང་ཞལ་གྱི་ཆུ་སྔགས་ལན་བདུན་གྱིས་བརླབས། པདྨ་སེམས་དཔའི་ངོ་བོར་བྱིན་གྱིས་བརླབས་པའི་ཁྱོར་ཆུ་འདིས་ལན་གསུམ་གྱི་བར་དུ་ཁ་བཤལ་ཤིང་ལྷག་མ་རྒྱབ་ཏུ་དོར་བས། དངོས་གྲུབ་ཀྱི་མཚན་མ་རྨི་ལམ་དུ་སྟོན་ཅིང་། ངག་གི་དྲི་མ་དག་ནས་གསང་དབང་བསྐུར་བའི་སྣོད་རུང་དུ་གྱུར་པར་མོས། ཨོཾ༔ པདྨ་སེམས་དཔའི་སོགས། སྲུང་སྐུད་ལ་སྔགས་ལན་བདུན་བཟླས་པས་བྱིན་བརླབས་པ། རྡོ་རྗེ་སེམས་དཔའི་ངོ་བོར་བྱིན་གྱིས་བརླབས་པའི་སྲུང་སྐུད་བུད་མེད་དང་སྐྱེས་པའི་དཔུང་པ་གཡས་གཡོན་དུ་བཅིངས་པས་རྨི་ལམ་མི་འཁྲུག་པར་བསྲུང་ཞིང་། ཡིད་ཀྱི་སྒྲིབ་པ་དག་ནས་ཤེར་དབང་གི་སྣོད་རུང་དུ་གྱུར་པར་མོས། ཧཱུྃ༔ རྡོ་རྗེ་སེམས་དཔའི་སོགས། ཀུ་ཤ་ཆེ་ཆུང་ལ་སྔགས་ལན་བདུན་གྱིས་བརླབས། ལས་ཀྱི་སེམས་དཔའི་ངོ་བོར་བྱིན་གྱིས་བརླབས་པའི་ཀུ་ཤ་ཆེ་བ་སྟན་དང་ཆུང་བ་སྔས་ཀྱི་དོན་དུ་བྱིན་པས་རྨི་ལམ་དུ་གསལ་བར་ལུང་སྟོན་ཅིང་། གཉིས་འཛིན་གྱི་ཤེས་སྒྲིབ་སྦྱང་ཞིང་རིག་པ་རྩལ་གྱི་དབང་གི་སྣོད་རུང་དུ་གྱུར་པར་མོས། ཧཱ༔ ལས་ཀྱི་སེམས་དཔའི་སོགས། དེ་ལྟར་བགྱིས་པས་སོགས། གཙོ་བོ་རྒྱལ་བ་རྒྱ་མཚོ་སྐུ་མདོག་དམར་པོ་སོགས་ལེའུ་དང་པོའི་མངོན་རྟོགས་སྟར་གཙོ་བོ་ཡབ་ཡུམ་དུ་བསྐྱེད་དེ། ཁྱབ་བདག་ཆེན་པོར་བཞུགས་པའི་གནས་གསུམ་དུ་རིན་ཆེན་སེམས་དཔའི་ངོ་བོར་སྔགས་ཀྱིས་བྱིན་གྱིས་བརླབས་པའི་དྲིའི་ཐིག་ལེ་བཀོད་པས། སྒོ་གསུམ་ཐ་མལ་དུ་འཛིན་པའི་རྟོག་སྒྲིབ་དག་ནས། དཀྱིལ་འཁོར་གྱི་བདག་པོའི་རྡོ་རྗེ་གསུམ་དང་དབྱེར་མེད་པར་བྱིན་གྱིས་བརླབས་པར་མོས། དྲིའི་ཆུར་རཏྣ་སཏྭ་བཟླས་པས་བརླབས། སྭཱ༔ རིན་ཆེན་སེམས་དཔའི་སོགས། དེ་ལྟར་སྒོ་གསུམ་རྡོ་རྗེ་གསུམ་དུ་བསྒྲུབས་པ་ལ་མཆོད་པས་མངའ་དབུལ་བར་མོས། ཨོཾ་བཛྲ་པུཥྤེ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། དེ་ནས་ཕྱིར་མི་ལྡོག་པའི་སླད་སྤྲོ་བ་བསྐྱེད་ཅིང་གདམས་ངག་སྦྱིན་པ་འདི་ལ་ཐུགས་གཏོད་ཅིག །ཀྱཻ་ རིགས་ཀྱི་བུ་རྣམས་སོགས་གདམས། དེ་དག་རྣམས་ཀྱིས་སློབ་མ་ལྷག་གནས་ཀྱི་ཆོ་ག་གྲུབ་པའི་སོགས་ཀྱིས་དགེ་བསྔོ་བཅས་སློབ་མ་གྱེས། དངོས་སྟ་མི་སྦྲེལ་ན་ཕྲིན་ལས་མཇུག་ལྟར་བདག་བསྐྱེད་བསྡུ་ལྡང་བཀྲ་ཤིས་བཅས་བྱ། ཕྱིར་ནངས་བརྒྱུད་འདེབས་ནས་གཟུང་སྔོན་འགྲོ་རྣམས་དང་། བདག་མདུན་ཆོ་ག་ཚར་གཉིས་སོ་སོར་བཟླས་པ་བཅས་སམ། བདག་མདུན་དབྱེར་མེད་གང་ལྕོགས་དང་། བུམ་པ་སྟ་གོན་སྐབས་བཞིན་བསྒྲུབ། དངོས་སྟ་སྦྲེལ་ན་དཀྱིལ་འཁོར་བཀྲམ་ཞིང་མཆོད་གཏོར་དབང་རྫས་རྣམས་བཀོད་ལེགས་སུ་བཤམ། ཕྲིན་ལས་ཁོལ་ཕྱུང་ཕན་བདེའི་སྙིང་པོ་ལྟར་མཆོད་བརླབ་དང་། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས་བདག་མདུན་དབྱེར་མེད་དུ་བསྐྱེད་ཅིང་། བསྟོད་པའི་མཐར་ཛཔ྄་བསྐུལ་ནས་བསྙེན་པ་དངོས་ཅི་འགྲུབ། ཐུན་མོང་ལས་སྦྱོར་རིགས་དྲུག་གནས་སྦྱོང་གི་དམིགས་པ་གསལ་བཏབ་ནས་སོ་སོར་ཡིག་དྲུག་བརྒྱ་རྩ་དང་། ཤམ་བཏགས་པ་ཉེར་གཅིག་སོགས་ཅི་འགྲུབ། དོང་སྤྲུག་གཟུངས་ཉེར་གཅིག་སོགས་ཅི་ནུས། ཁྱད་པར་ལས་སྦྱོར་རིལ་བུའི་ཐོད་དཀྱིལ་ལ་དམིགས་ཏེ། ལེའུ་གཉིས་པའི་ནང་གི །ཧྲཱི༔ རང་བྱུང་ལྷུན་གྲུབ་སོགས་གཏེར་གཞུང་བཞིན་སྒྲུབ་སྔགས་ཤམ་བཏགས་གཙོ་བོ་དང་། དེ་མཐར་གནད་བསྐུལ་བཏགས་པ་དང་། གཏེར་གཞུང་ལེའུ་གཉིས་པའི་དངོས་གྲུབ་དབང་དུ་བྱ་བའི་སྔགས་བཏགས་པ་གཉིས་ཉེར་གཅིག་སོགས་བཟླ། ཕྲིན་ལས་བཞིན་དབྱངས་གསལ་སོགས་ལྷག་ཆད་ཁ་སྐོང་། ཁྱད་པར་གྱི་མཆོད་པ། ཐུན་མོང་གཏོར་འབུལ། སྲུང་མའི་གཏོར་ཆོག་རྒྱས་བསྡུས། གོང་གི་ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་རྗེས། དབང་གཞུང་དབུ་ནས་གསུངས་པ་བཞིན་སྤྲོ་ན་བདག་འཇུག་བླང་བའམ། རིག་མེ་དོར། རྡོ་རྗེ་གསང་མཆོག་སོགས་ཀྱིས་གནང་བ་ནོད། དབང་དངོས་ལ་ཐོག་མར་སྒོ་ཞུས་ནི། སློབ་མ་སྒོ་དྲུང་དུ་འཁོད་དེ་དབང་ཁང་སྒོ་བཅད་པའི་ནང་དུ་ལས་རྡོར་རམ། མི་ལྕོགས་ན་སློབ་དཔོན་གྱིས། ཁྱེད་རང་རྣམས་ཀྱིས་སྒོ་སྲུང་ཁྲོ་བོའི་དབང་པོ་ལ་སྒོ་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དཀྱིལ་འཁོར་ཁང་པའི་སོགས། དེའི་ལན་དུ་ནང་ནས་ལས་ཀྱི་སློབ་དཔོན་རྡོ་རྗེ་གིང་ཆེན་གྱིས་འདི་སྐད་འདྲི་བར་མོས། ཁྱེད་རྣམས་སུ་ཡིན་སོགས། ཞེས་དྲིས་པའི་ལན་དུ་འདི་སྐད་གསུངས་འཚལ། བདག་ཅག་ཐེག་པ་སོགས། དེའི་ལན་དུ་གནང་བ་སྦྱིན་པ་འདི་ལ་གསོན། དེ་ལྟར་བྱང་ཆུབ་སོགས། སྒོ་ཕྱེས་ཏེ། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་ནས་དབྱུང་། ནང་དུ་བཏང་། རང་རང་གི་གྲལ་ལ་འཁོད། བགེགས་གཏོར་བསྔོ་ཞིང་བཀའ་བསྒོ་སྲུང་འཁོར་ཕྲིན་ལས་བཞིན་བྱ། སྤྱི་འགྲོའི་མཚམས་སྦྱོར་བཅས་འབྲུ་གསུམ་གྱིས་གདོང་གཡོགས་ཤིང་། ཨཱ་ཁཾ་བཱི་རས་མེ་ཏོག་སྦྱིན། སྐབས་འདིར་ངེས་འབྱུང་གིས་བློ་བཅོས་གསུངས་པ་ནི་འོག་ཏུ་འབྱུང་ཞིང་། བྱང་ཆུབ་སེམས་ཀྱིས་རྒྱུད་སྦྱོང་གསུངས་པ་ནི་སེམས་བསྐྱེད་གསལ་བཏབ་ནས། འདིར་འཕགས་པ་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་ཞེས་བྱ་བ་རྒྱལ་བ་ཐམས་ཅད་ཀྱི་སྙིང་རྗེ་ཆེན་པོ་ཕྱག་རྒྱའི་གཟུགས་སུ་བཞེངས་ནས། འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བ་འདྲེན་པའི་ཕྲིན་ལས་ཀྱི་ཁྱད་པར་རྨད་དུ་བྱུང་བ་དེ་ཉིད་ཕྱི་བྱ་སྤྱོད་ལྟར་བསྒྲུབ་པ་སོགས་དབང་གཞུང་ལྟར། དཀྱིལ་འཁོར་ཆེན་པོར་དབང་བསྐུར་བའི་སྐབས་སུ་བབས་པ་སྟེ། དེའི་ལོ་རྒྱུས་ཅུང་ཟད་སྤྲོས་པ་ནི། གཏེར་གཞུང་རྡོ་རྗེའི་གསུང་ལས། གདམས་པ་ཟབ་མོ་འཕྲད་པས་ཆོག་པའི་ལམ༔ ཐོས་པས་ཆོག་པའི་རྩི༔ འདི་ཁོ་ནས་སོགས་གཏེར་གཞུང་མཇུག་ནས་འབྱུང་བ་བཞིན། འཕྲད་ནས་གཞན་དོན་རྒྱ་ཆེར་འབྱུང་བར་ཤོག༔ ཅེས་གཉེར་དུ་གཏད་ཅིང་སྨོན་ལམ་གྱིས་རྒྱས་བཏབ་པ་ཉིད་ཕྱིས་དུས་ལ་བབས་པའི་ཚེ། ས་གསུམ་པ་འོད་བྱེད་ལ་བཞུགས་ཤིང་བོད་ཡུལ་ཕུར་ཐོགས་ཡོངས་ཀྱི་རྒྱལ་པོ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་རྣམ་རོལ་ཨོ་རྒྱན་དྲི་མེད་ཀུན་དགས་སྤྱན་དྲངས་ཏེ་འགྲོ་བའི་དོན་དཔག་གིས་མི་ལང་བ་མཛད་ཅིང་། སྙིང་པོའི་གདམས་སྐོར་འདི་ཉིད་གཞན་ལ་མ་སྤེལ་བར་རྡོ་རྗེའི་ལུང་བཞིན་ཡང་གཏེར་དུ་སྦས་ནས། ཕྱིས་བཀའ་བབས་བདུན་ལྡན་འཇམ་དཔལ་ཆོས་ཀྱི་བཤེས་གཉེན་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ། ཡེ་ཤེས་ཀྱི་མཁའ་འགྲོས་ཤོག་སེར་དངོས་སུ་ཕུལ་ཞིང་རྟེན་འབྲེལ་དང་དགོས་པ་ཁྱད་པར་ཅན་གྱིས་སྐབས་ཕྱེས་ཏེ་སྤེལ་བར་མཛད་པ། ཡང་ཟབ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་གདམས་པ་ཡེ་ཤེས་འོད་ཀྱི་སྙིང་པོའི་དཀྱིལ་འཁོར་དུ་འཇུག་པ་ལ་སྔོན་འགྲོ་སྟ་གོན་གྱི་རིམ་པ་རྣམས་སྔོན་དུ་གྲུབ་ཟིན་ནས། འདིར་སྨིན་གྲོལ་གྱི་ལམ་སྟན་ཐོག་གཅིག་ཏུ་རྫོགས་པར་བསྒྲུབ་པ་ལ། ཐོག་མར་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ། བླ་མ་དང་རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས་དབྱེར་མེད་པའི་དྲུང་དུ་ཐལ་མོ་མེ་ཏོག་དང་བཅས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། འཕགས་མཆོག་རྒྱལ་བ་སོགས། དེ་ནས་སྔགས་ཀྱི་སྡོམ་པའི་གཞི་རྟེན་རྒྱུ་སྐྱབས་སེམས། ཚོགས་གསག །བཤགས་སྦྱོང་རྣམས་བྱ་དགོས། དེའང་ཐོག་མར་ངེས་འབྱུང་རྣམ་དག་ལ་བརྟེན་དགོས་ཏེ། གཏེར་གཞུང་ལས། ངེས་འབྱུང་བསྐྱེད་ཅིང་སྐྱབས་སུ་འགྲོ༔ བྱང་ཆུབ་སེམས་སྦྱོང་བཤགས་དང་སྤེལ༔ ཞེས་གསུངས་པས། དང་པོ་ངེས་འབྱུང་གིས་མཚམས་སྦྱར་བ་ནི། ཀྱེ་མ་བདག་གིས་རྟེན་ཕུན་སུམ་ཚོགས་པ་སོགས་གཏེར་གཞུང་གི་ཁྲིད་རིམ་བཞིན། སོང་བར་མོས་པས་འདིའི་རྗེས་ཟློས། ན་མོ༔ བདག་དང་ཁམས་གསུམ་སོགས་ལན་གསུམ། དེ་ལྟར་སྐྱབས་འགྲོ་བྱས་པས་སྲོག་ལ་ངེས་པར་སོགས། དམ་བཅའ་བ་འདིའི་རྗེས་ཟློས། ཧོ༔ མར་གྱུར་འགྲོ་ཀུན་སོགས་ལན་གསུམ། དེ་ལྟར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པས་མཐར་སྐྱབས་ཡུལ་སོགས་ནས། ཐོབ་པ་ཡིན་ནོ༔ བཞི་པ་སྡིག་པ་བཤགས་པས་རྒྱུད་སྦྱོང་བ་ལའང་སྤྱི་དང་ཁྱད་པར་གཉིས་ཀྱི། དང་པོ་ཡན་ལག་བདུན་གྱི་སྒོ་ནས་བསྒྲུབ་པའི་སླད་དུ་ཞིང་མཆོག་རྒྱ་མཚོ་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་གསག་སྦྱོང་གི་སྙིང་པོའི་ཚིག་རྗེས་སུ་དོན་གཞོལ་བའི་ཏིང་འཛིན་དང་ལྡན་པས་འདིའི་རྗེས་ཟློས། ལེའུ་གཉིས་པའི། ཧོ༔ བླ་མ་ཐུགས་རྗེ་ཆེན་པོ་སོགས་ལན་གསུམ། གཉིས་པ་ཁྱད་པར་ཡི་གེ་དྲུག་པའི་རྣལ་འབྱོར་གྱི་སྒོ་ནས་སྡིག་པ་བཤགས་པའི་ཕྱིར་དམིགས་པ་འདི་ལྟར་སྒོམས་ཤིག །མདུན་གྱི་ནམ་མཁར་སོགས། ཕྱག་འཚལ་བའི་མོས་པ་དང་བཅས་འདིའི་རྗེས་ཟློས། ཀྱེ་ཀྱེ་བླ་མ་སོགས་ལན་གསུམ། སླར་ཡང་དད་མོས་རྩ་གཅིག་པས་གསོལ་འདེབས་ཀྱི་ཚུལ་དུ་ཡི་གེ་དྲུག་པ་བརྒྱ་རྩ་བརྒྱད་བཟླ་བར་མཛོད། ཡིག་དྲུག་བརྒྱ་རྩ་བཟླ། དེ་ལྟར་གསོལ་བ་བཏབ་ཅིང་སོགས། བཟླས་པས། མདུན་གྱི་འཕགས་པའི་ཐུགས་ཀར་སོགས། རིགས་དྲུག་ཏུ་སྐྱེ་བའི་རྒྱུའི་ཡི་གེ་སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ། སྙིང་གར་མིའི་ས་བོན་ནྲྀ་ལྗང་གུ། ལྟག་པར་ལྷ་མིན་གྱི་ས་བོན་སུ་སེར་ནག །ལྟེ་བར་དུད་འགྲོའི་ས་བོན་ཏྲི་དམར་སྐྱ། གསང་གནས་སུ་ཡི་དྭགས་ཀྱི་ས་བོན་པྲེ་དམར་པོ། རྐང་མཐིལ་གཡས་སུ་དམྱལ་བའི་ས་བོན་དུཿདུད་ཁ་རྣམས་གནས་པ་ལ་རེག་པ་ཙམ་གྱིས་སོགས། དང་བཅས་གསང་སྔགས་རྒྱལ་པོ་ཟློས་ཤིག །ཡིག་དྲུག་བརྒྱ་རྩ་དང་། ཤམ་ཅན་ཅུང་ཟད་བཟླ། སླར་ཡང་སྡིག་ལྟུང་ལ་གནོང་འགྱོད་དྲག་པོས་སྨྲེ་སྔགས་ཀྱི་བཤགས་ཚིག་འདིའི་རྗེས་ཟློས། རྒྱས་པར་འཕགས་པའི་སྨྲེ་བཤགས་དང་། བསྡུ་ན། ཀྱེ་ལགས་འཕགས་པ་འཇིག་རྟེན་དབང་ཕྱུག་དགོངས། །ཐོག་མེད་དུས་ནས་ངན་སོང་གསུམ་དུ་འཁོར། །མི་དགེ་བཅུ་ལ་ངོམས་པ་མེད་པར་སྤྱད། །ཡིད་དུ་མི་འོང་འབྲས་བུ་སྣ་ཚོགས་སྨིན། །འཇིགས་ཆེན་འཁོར་བའི་སྡུག་བསྔལ་བཟོད་དཀས་མནར། །རྣམ་སྨིན་ཐམས་ཅད་རང་གི་ལས་ལས་བྱུང་། །ལས་ལ་འགྱོད་ཀྱང་ལྡོག་པར་མ་ནུས་པས། །སྡིག་པ་སྡིག་ཏུ་མཐོང་ནས་རབ་འགྱོད་ཅིང་། །དུང་དུང་གདུང་བའི་སྨྲེ་སྔགས་འདི་འདོན་ན། །སྙིང་རྗེ་ཆེན་པོའི་ཕྲིན་ལས་དུས་ལ་བབས། །ཐུགས་རྗེའི་ནུས་པ་སྟོན་ཅིག་སྤྱན་རས་གཟིགས། །བྱམས་མགོན་ཁྱེད་ལ་ཐུགས་རྗེའི་སྟོབས་མངའ་བས། །ཡལ་ཡོལ་བཏང་སྙོམས་ལེ་ལོ་མ་མཛད་པར། །སྙིང་ནས་ད་གཟིགས་ཐུགས་རྗེ་རྒྱལ་བའི་ལྷ། །དེ་ལྟར་སྨྲེ་སྔགས་དྲག་པོས་སོགས། རང་གྲོལ་བ་ཡིན་ནོ༔ ལྔ་པ་ནང་ཕུང་པོ་ལ་བསྟེན་ནས་ཀུ་སཱ་ལིའི་ཚོགས་གསག་པའི་ཕྱིར་དམིགས་པ་འདི་བཞིན་མཛོད། སློབ་མ་རྣམས་ཐ་མལ་དུ་གནས་སོགས། ལྡན་པར་བསམ་ལ་འདིའི་རྗེས་ཟློས། ཕཊ༔ བདག་ཉིད་ཐ་མལ་སོགས་ནས། ཐིག་ལེ་ཆེན་པོར་ཨ༔ མཐར་རྟོག་མེད་སྤྲོས་བྲལ་གྱི་ངང་སྐྱོང་བའི་རང་ངོ་ལ་མཉམ་པར་ཞོག་ཅིག །དེ་ལྟར་བྱས་པས་ཚེ་རིང༔ ནད་མེད༔སོགས། བྱེད་པ་ཡིན་ནོ༔ སྟ་གོན་སྐབས་ལྟར་སྡོམ་གཟུང་བྱ། སླར་ཡང་སྔགས་ཀྱི་ཐུན་མོང་མ་ཡིན་པ་བདེན་གཉིས་དབྱེར་མེད་དུ་སེམས་བསྐྱེད་པ་ནི། སློབ་མའི་སྙིང་གར་ཀུན་རྫོབ་བྱང་སེམས་ཟླ་དཀྱིལ་སྟེང་དུ་དོན་དམ་པའི་བྱང་སེམས་རྡོ་རྗེ་དཀར་པོ་འོད་འབར་བས་མཚན་པ་བདེན་གཉིས་དབྱེར་མེད་ཀྱི་དོན་མཚོན་པར་ཤེས་པ་ལས་མི་འདའ་བར་དམ་བཅའ་བའི་བློས་འདིའི་རྗེས་ཟློས། དབང་གཞུང་ལྟར། ཨོཾ་སརྦ་ཡོ་ག་སོགས་ནས། རྡོ་རྗེ་སྤྱི་བོར་བཞག་སྟེ༔ གསང་བ་སྔགས་ཀྱི་ཆོ་ག་ཟབ་མོ་དམ་མེད་ལ་གསང་བར་གདམས་པ་ནི། དེང་ཁྱོད་རྒྱལ་བ་སོགས། མོས་པས་འདིའི་རྗེས་ཟློས། ཨོཾ་སརྦ་ཏ་ཐཱ་སོགས་སྔགས་ཚན་བཞི་པོ་སྒོ་སོ་སོར་ལན་རེ། དེ་རྣམས་ནི་སོགས། སྦྱོར་བ་དམ་ལ་བཞག་པ་ལས། དམ་ཚིག་བསྲུང་བའི་ཕན་ཡོན་བསྒྲག་པའི་སྒོ་ནས་དམ་ལ་གཞག་པ་ནི། ཨོཾ༔ དེང་ཁྱོད་རྒྱལ་བ་སོགས། དམ་ཚིག་ཉམས་ན་ཉེས་དམིགས་ཀྱི་སྒོར་བཤད་པའི་སྒོ་ནས་དམ་ལ་གཞག་པ་ནི། དེ་རིང་འཇིག་རྟེན་སོགས། ཁེ་ཉེན་གཉིས་ཀྱི་གནད་བསྒྲགས་ཤིང་རྡོ་རྗེའི་མནའ་ཆུ་སྦྱིན་པའི་སྒོ་ནས་དམ་ལ་གཞག་པ་ནི། དམ་ཚིག་བདུད་རྩི་སོགས། ནང་འཇུག་གི་དངོས་གཞི་ཡེ་ཤེས་དབབ་པ་ནི། བླ་མའི་བྱིན་རླབས་སོགས་ནས། རྒྱལ་བ་རྒྱ་མཚོ་སྐུ་མདོག་དམར་པོ་སོགས་ལེའུ་དང་པོའི་མངོན་རྟོགས་ལྟར། ཁྱབ་བདག་ཆེན་པོར་བཞུགས་པའི་སྐུར་གྱུར་པའི་སྤྱི་བོར་པདྨ་ཉི་ཟླའི་སྟེང་དུ་རྩ་བའི་བླ་མ་སོགས། འཛིན་མེད་ཀྱི་ངང་བསྐྱང་ལ་མ་ཡེངས་པར་མཉམ་པར་ཞོག་ཅིག །སྤོས་རོལ་དབྱངས་བཅས། ཧྲཱི༔ ནམ་མཁའི་མཐའ་དང་མཉམ་པའི་སོགས་གཏེར་གཞུང་ཚོགས་སྒྲུབ་ཐུན་མཚམས་བྱིན་འབེབ་གྱེར་མཐར། སྔགས་མང་དུ་བརྗོད་པས་བྱིན་དབབ། དེ་ལྟར་དབབ་པའི་བྱིན་རླབས་ཀྱི་རྒྱུན་ཁྱེད་རང་རྣམས་ཀྱི་རྒྱུད་ལ་བརྟན་པར་གྱུར་ཅིག །ཏིཥྛ་སོགས། རྗེས་འབྲེལ་ཕྱག་རྟེན་འབུལ་ཞིང་རིགས་བརྟག་པའི་སླད་དུ་རིག་པ་ཡེ་ཤེས་ཀྱི་མེ་ཏོག་ཚིག་འདིའི་རྗེས་ཟློས་བཅས་དཀྱིལ་འཁོར་དུ་ཕུལ་ཅིག །བདག་གི་རིག་པའི་སོགས། མེ་ཏོག་དཀྱིལ་འཁོར་གྱི་གཙོ་བོ་ལ་ཕོག་པས་ཁྱེད་རང་རྣམས་ཀྱི་གསང་བའི་མཚན་དུ་ཐུགས་རྗེ་ཀུན་ཁྱབ་ཀློང་ཡངས་རྩལ་ཞེས་གསོལ་ཞིང་། མེ་ཏོག་དེ་ཉིད་དཀྱིལ་འཁོར་གྱི་བདག་པོ་དང་གཉིས་སུ་མེད་པ་སྤྱི་བོར་བཅིངས་པར་མོས། པུཥྤེ་ཛྙཱ་ན་སོགས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་གསེར་ཐུར་ལྟ་བུས་མ་རིག་པའི་ལིང་ཏོག་བསལ་བར་མོས། ཨོཾ༔ རིག་པ་ཡེ་ཤེས་སོགས། སྐལ་ལྡན་འགྱུར༔ རིག་པ་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པས་རང་བྱུང་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་དུ་སྣང་བའི་དཔེའི་གཟུགས་བརྙན་གྱིས་སོགས། དུ་འཇུག་པའོ༔ གཞུང་ལས། བླ་མའི་བྱིན་རླབས་སྙིང་ལ་དབབ༔ ཅེས་དང་། འདིར་སྨིན་སློབ་ལ་བླ་མའི་བྱིན་རླབས་ལམ་དུ་བྱ་བའི་གདམས་ངག་ཀྱང་སྦྱིན༔ ཞེས་གསུངས་པ་བཞིན་བསྒྲུབ་པ་ལགས་པས་མ་ཡེངས་པར་དེའི་དོན་ཐུགས་ལ་ངེས་འཚལ། དྲུག་པ་བླ་མའི་རྣལ་འབྱོར་ལ་སོགས་ཁྲིད་ཡིག་བཞིན། གདུང་འཚོབ་པར་ནུས་པ་ཡིན་ནོ༔ བཞི་པ་དབང་བསྐུར་བ་དངོས་ལ༔སོགས་རིགས་དབང་ལྔ་པོ་མཚམས་སྦྱོར་གཞུང་གསལ་ལ་རྣམ་དབྱེ་ཕྱེད་ཕྱིར་ཚིག་གྲོགས་ཕྲན་བུ་སྦྱར་བ་གྲུབ་མཚམས། ནང་ནུས་དབང་གི་དོན་དུ་གཞུང་གསལ་བཞིན་མཎྜལ་གསོལ་གདབ་མཐར། དེ་ལ་དང་པོ་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བ་ནི༔ དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ལས་གཉིས་པ་རེ་འཕྲོས། ཁྱེད་རང་རྣམས་ཀྱི་སྤྱི་བོ། མགྲིན་པ། སྙིང་ག །ལྟེ་བ། དཔྲལ་བ། གསང་གནས། སྙིང་ག །ཡན་ལག་བཞི་རྣམས་ལ་ཐིམ་པར་མོས། ཧྲཱི༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ སོགས་ལྷ་དབང་བསྐུར། བཟླས་པའི་སྔགས་ཀྱི་དབང་བསྐུར་བ་ནི༔ ཐོག་མར་བཟླས་ལུང་བླང་བའི་སླད་དུ་སློབ་དཔོན་དང་སློབ་མ་གཉིས་ཀ་རྒྱལ་བ་རྒྱ་མཚོའི་སྐུར་གསལ་བའི་ཁྱེད་རང་རྣམས་ཀྱི་སྙིང་གར་ཡེ་ཤེས་སེམས་དཔའ་རྟ་མགྲིན་དམར་པོ་པདྨ་བྷཉྫ་འཛིན་པའི་ཐུགས་ཀློང་ཟླ་དཀྱིལ་ཧྲཱིཿདམར་གྱིས་མཚན་པར་གསལ། སློབ་དཔོན་ལ་མོས་གུས་བྱས་པས་དེའི་ཐུགས་ཀའི་སྔགས་ཕྲེང་ལས་གཉིས་པ་མཆེད། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་ནས་བརྒྱུད་ཐུགས་སྲོག་གི་མཐར་འཁོད་པའི་འོད་ཀྱིས་ལུས་གང་། འོད་ཟེར་སླར་འཕྲོས་པས་དོན་གཉིས་བྱས་ཤིང་དངོས་གྲུབ་ཐོབ། རིགས་དྲུག་ཐུགས་རྗེའི་ཞིང་དུ་སྦྱངས། སྣང་གྲགས་ལྷ་སྔགས་ཀྱི་འཁོར་ལོར་སྦྱངས་པར་མོས་ལ་འདི་དག་གི་རྗེས་ཟློས། ལེའུ་དང་པོའི་ཕྲིན་ལས་ལྟར་ཡིག་བཅུ་དྷུ་མ་གྷ་ཡེའི་ཤམ་ཅན་དང་། ལེའུ་གཉིས་པའི་འཁོར་བ་དོང་སྤྲུག་གཟུངས། ཨོཾ་ཨ་མི་དྷེ་ཝ་སོགས། ཙུ་རུ་སྭཱ་ཧཱ༔ བར་སོ་སོར་ལན་གསུམ་རེ། དེའི་ནུས་བྱིན་བརྟན་ཕྱིར་བགྲང་ཕྲེང་སྔགས་ཀྱི་འཁོར་ལོར་ཤར་བ་མགྲིན་པར་བཞག་པར་མོས། ཧྲཱི༔ ཇི་སྙེད་སངས་རྒྱས་སོགས་ནས། ཐུགས་དང་། ཡོན་ཏན། ཕྲིན་ལས། སྒོམ། བཤད། སྒྲུབ་པའི་དབང་རྣམས་དང་། སྐྱེ་བདུན་གྲོལ་དྲུག་དབང་གི་སྐབས། འོད་འཚེར་བའི་རྣམ་པར་གསལ་བ་མིག་ལམ་དུ་བསྟན་ཅིང་སྤྱི་བོར་བཞག་པས། ལུས་རྒྱལ་བ་རྟག་པའི་རྡོ་རྗེའི་རང་བཞིན་དུ་གྲུབ་སྟེ། མཐོང་གྲོལ་ཕྲིན་ལས་ཀྱིས་འགྲོ་བ་སྒྲོལ་བའི་མཐུ་དབང་ཐོབ་པར་མོས། ཨོཾ༔ འགྲོ་འདུལ་རྒྱལ་བ་སོགས། རིལ་བུའི་དཀྱིལ་འཁོར་ཐོས་པས་གྲོལ་བའི་རྡོ་རྗེའི་སྔགས་རྒྱུད་ཀྱི་རང་སྒྲ་སྒྲོག་པ་རྣ་བར་བཞག་པས། གཡོ་རྩོལ་རླུང་གི་བྱེད་ལས་ཐམས་ཅད་རྡོ་རྗེའི་སྔགས་སུ་དག །དོན་གྲུབ་རྟ་མཆོག་གི་རང་བཞིན་དུ་བྱིན་གྱིས་བརླབས་པས། ཐོས་གྲོལ་ཕྲིན་ལས་ཀྱིས་འགྲོ་བ་སྒྲོལ་བའི་མཐུ་ཐོབ་པར་མོས། ཧཱ༔ འགྲོ་འདུལ་རྒྱལ་བ་སོགས། རིལ་བུའི་དཀྱིལ་འཁོར་ཚོར་གྲོལ་བདུག་པའི་སྤྲིན་གྱི་འཁོར་ལོར་འཕྲོ་བ་ཁྱེད་རང་རྣམས་ཀྱི་སྣ་སྒོར་བདུག་པས། སྣའི་དབང་པོའི་བྱེད་ལས་ཀྱི་ཡུལ་དབང་ཤེས་པ་ཐམས་ཅད་རྡོ་རྗེ་ཉི་མའི་ངོ་བོར་བྱིན་གྱིས་བརླབས་པས། ཚོར་གྲོལ་ཕྲིན་ལས་ཀྱིས་འགྲོ་བ་སྒྲོལ་བའི་མཐུ་ཐོབ་པར་མོས། སྭཱ༔ འགྲོ་འདུལ་རྒྱལ་བ་སོགས། རིལ་བུའི་དཀྱིལ་འཁོར་མྱང་གྲོལ་བདུད་རྩིའི་བཅུད་མཆོག་ལྕེར་བཞག་པས། རོ་འཛིན་གྱི་དབང་པོའི་བྱེད་ལས་ཀྱི་ཡུལ་དབང་ཤེས་པ་ཐམས་ཅད་རྡོ་རྗེ་ཆོས་ཀྱི་ངོ་བོར་བྱིན་གྱིས་བརླབས་པས་མྱང་གྲོལ་ཕྲིན་ལས་ཀྱིས་འགྲོ་བ་སྒྲོལ་བའི་མཐུ་ཐོབ་པར་མོས། ཧྲཱི༔ འགྲོ་འདུལ་རྒྱལ་བ་སོགས། རིལ་བུའི་དཀྱིལ་འཁོར་དྲན་གྲོལ་བདེ་ཆེན་བྱང་ཆུབ་སེམས་ཀྱི་རྫས་ཀྱིས་སྙིང་གར་ཐིག་ལེ་བྱས་པས། ཡིད་ཀྱི་དབང་པོའི་བྱེད་ལས་ཀྱི་ཡུལ་དབང་ཤེས་པ་ཐམས་ཅད་ཁྲག་འཐུང་ཆེན་པོའི་ངོ་བོར་བྱིན་གྱིས་བརླབས་པས། དྲན་གྲོལ་ཕྲིན་ལས་ཀྱིས་འགྲོ་བ་སྒྲོལ་བའི་དབང་ཐོབ་པར་མོས། ཧཱུྃ༔ འགྲོ་འདུལ་རྒྱལ་བ་སོགས། རིལ་བུའི་དཀྱིལ་འཁོར་བཏགས་པའི་གྲོལ་བའི་རྫས་ཀྱི་གོང་བུ་མགུལ་དུ་བཏགས་པས། རེག་བྱའི་དབང་པོའི་བྱེད་ལས་ཀྱི་ཡུལ་དབང་ཤེས་པ་ཐམས་ཅད་རྡོ་རྗེ་སེམས་དཔའི་ངོ་བོར་བྱིན་གྱིས་བརླབས་པས། བཏགས་གྲོལ་ཕྲིན་ལས་ཀྱིས་འགྲོ་བ་སྒྲོལ་བའི་མཐུ་ཐོབ་པར་མོས། ཨ༔ འགྲོ་འདུལ་རྒྱལ་བ་སོགས། མཐུ་དང་ལྡན་པ་ཡིན་ནོ། །དེ་ལྟ་བུའི་གྲོལ་བ་དྲུག་ལྡན་སྐྱེ་བདུན་རྫས་ཀྱི་ཕན་ཡོན་བསྟན་པ་ནི། རྒྱུད་ལས། སྐྱེ་བདུན་རྫས་ཀྱི་རིལ་བུ་གང༔སོགས་གཏེར་གཞུང་ལེའུ་གཉིས་པའི་སྐྱེ་བདུན་སྒྲུབ་པའི་གཤམ་དུ་འབྱུང་བ་བཞིན།ཐོབ་པར་ངེས༔ ཞེས་སོགས་རྒྱ་ཆེར་གསུངས་པ་བཞིན་ཐུགས་ལ་ངེས་པས། དབང་ཆོག་གཞུང་བཞིན་དེང་ཕྱིན་ཆད་སོགས་ནས། ལས་བཞིའི་དབང་། བརྟན་བྱེད་བུམ་དབང་གི །མངའ་གསོལ་བར་མོས། པུཥྤེ་སོགས་ཀྱིས་མཆོད། ཤིས་པ་བརྗོད། དབང་དེ་རྣམས་ཐོབ་པས་ཕན་ཡོན་ནམ་དག་པ་བརྗོད་པ་ནི། ཕྱི་དཀྱིལ་ལ་བརྟེན་སོགས་དག་བརྗོད་རྗེས། དེ་དང་རྗེས་སུ་འབྲེལ་བ་བསྐྱེད་རིམ་གྱི་ལྷ་ཁྲིད་འབོགས་པ་ནི། གཞུང་ལས། བུམ་དབང་ཡེ་ཤེས་སྣང་སྟོང་བསྒོམ༔ ཞེས་གསུངས་པས། དང་པོ་བུམ་དབང་གི་ཡེ་ཤེས་བསྐྱང་བ་ནི༔ བསྐྱེད་རིམ་གྱི་ལྷ་ཁྲིད་སོགས་བསྐྱེད་རིམ་ཕྱི་ནང་གསང་བ་ཡང་གསང་དང་བཅས་པའི་ཁྲིད་གཞུང་ལྟར། བླང་བ་ལ་བརྩོན་པར་བྱའོ༔ དེ་རྣམས་ཀྱིས་བུམ་དབང་གི་ལམ་གྱི་སྨིན་གྲོལ་ཡན་ལག་དང་བཅས་པ་གྲུབ་ནས། བཞི་པ་གསང་བ་ཟབ་མོའི་དབང་བསྐུར་རྣམས་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཐུགས་རྗེའི་གཏེར་གྱི་སོགས་ལན་གསུམ། དེ་ལྟར་གསོལ་བ་སོགས། རྒྱུད་ལ་བཞག་པ་འོ༔ དེ་ལྟར་གསང་བའི་དབང་ཐོབ་ནས་རྗེས་འབྲེལ་ཟབ་ཁྲིད་ནི། གཞུང་ལས། གསང་དབང་ཡེ་ཤེས་གསལ་སྟོང་བསྐྱེད༔ ཅེས་གསུངས་པས། གཉིས་པ་གསང་དབང་གི་ཡེ་ཤེས་བསྐྱང་བ་ལ་སོགས་རྩ་བ་དང་ཡན་ལག་གི་ཁྲིད་གཞུང་བཞིན། ཚེགས་མེད་པ་ཡིན་ནོ༔ དེ་ལྟར་གསང་བའི་དབང་གིས་སྨིན་ཅིང་ཉམས་ལེན་ལ་བརྟན་པ་ཐོབ་པའི་སློབ་མ་ལ། གཉིས་པ་ལམ་གསང་བ་ཕོ་ཉའི་སོགས། རྒྱུད་ལ་བཞག་པ་འོ༔ དེ་ལྟར་སྨིན་བྱེད་སྔོན་དུ་སོང་ནས་རྗེས་འབྲེལ་གྲོལ་བྱེད་ལམ་གྱི་གདམས་ངག་འབོགས་པ་ནི། གཞུང་ལས། གསུམ་པའི་ཡེ་ཤེས་བདེ་སྟོང་མྱང༔ ཞེས་གསུངས་པས། གསུམ་པ་ཤེར་དབང་གི་ཡེ་ཤེས་བསྐྱང་བ་སོགས། འདྲེན་ནུས་པ་ཡིན་ནོ༔ དེ་ལྟར་དཔེའི་ཡེ་ཤེས་མངོན་དུ་བྱས་པའི་ཉམས་དེ་ཉིད་ཀྱིས་མཚོན་པས་དོན་གྱི་ཡེ་ཤེས་རྗེན་པར་རྟོགས་པར་བྱེད་པ། གསུམ་པ་རང་བཞིན་གྱིས་གསང་བ་སོགས། རྒྱུད་ལ་བཞག་པ་འོ༔ དེ་ལྟར་ཚིག་དབང་རིན་པོ་ཆེ་ཐོབ་ནས་རྗེས་འབྲེལ་གདམས་ངག་བསྟན་པ་ནི། གཞུང་ལས། བཞི་པའི་ཡེ་ཤེས་རིག་སྟོང་བལྟ༔ ཞེས་གསུངས་པས། བཞི་པ་ཚིག་དབང་གི་ཡེ་ཤེས་བསྐྱང་པ་སོགས་ཟབ་ཁྲིད་རྗེས་རིམ་བཅས། གོ་འཕང་ལ་སྦྱོར་བར་འགྱུར་རོ༔ སྤྱི་འགྲོའི་བཀྲ་ཤིས་བརྗོད། དེ་རྣམས་ཀྱི་སྒོ་ནས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་གདམས་པ་ཡེ་ཤེས་འོད་ཀྱི་སྙིང་པོའི་དབང་བཞི་སྦྱོར་དངོས་རྗེས་ཀྱི་ཁྲིད་རིམ་དང་བཅས་པ་ལེགས་པར་ཐོབ་པ་ཡིན་ཅིང་། དབང་སྲོག་དམ་ཚིག་གི་རིམ་པ་རྣམས་མ་ཉམས་པར་བསྲུང་དགོས་པའི་ཚུལ་བསྒོ་བ་ནི། ཧོ༔ སྐལ་ལྡན་རིགས་ཀྱི་སོགས། ཚུལ་བཞིན་སྲུངས༔ ཞེས་གདམས་པའི་དོན་ལ་སྤྲོ་བ་ཆེན་པོས་འདའ་དཀའི་རིམ་པ་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་ལྟར་དང་། དོན་དབང་ཟུར་ཕྱུང་དུ་བཀོད་པ་བདུད་རྩིའི་སྙིང་པོ་ལྟར་དབང་སྒྲུབ་གོང་གིས་འཐུས་པར་བྱས་ཏེ་དོན་དབང་བསྐུར། ཆོ་གའི་རྗེས་ཚོགས་ལ་རོལ་ཞིང་ལྷག་མ་བསྔོ་བ་སོགས་ཕྲིན་ལས་ཕན་བདེའི་སྙིང་པོ་བཞིན་མཐར་དབྱུང་ངོ་།། །། ༈ སངས་རྒྱས་གླིང་པའི་ཐུགས་རྗེ་ཆེན་པོ་ནོར་བུ་སྐོར་གསུམ་ལས། ཕྱི་རྒྱལ་པོ་ལུགས་ཀྱི་མདོ་སྒྲུབ་སྙིང་པོ་བཀའ་གཏད་དང་བཅས་པ་དྲི་མེད་པདྨའི་སྡོང་པོའི་མཇུག་གི་གདམས་ངག་གི་བཀའ་བཀྲོལ་བའི་ལག་ལེན་མཚམས་སྦྱོར་བཞིན་བསྒྲུབས་ནས། དངོས་གཞིར་བཀའ་འགྲེལ་རྗེས་གནང་། རྟ་ནག་བཀའ་གཏད། རྗེས་ཆོག་བཅས་དང་། ༈ ནང་ནོར་བུ་ལུགས་ཀླུ་སྒྲུབ་ཀྱི་བཀའ་སྲོལ་སྒྲུབ་ཐབས་དབང་གི་ཕྲིན་ལས་དང་བཅས་པ་དྲི་མེད་པདྨའི་དཀྱིལ་འཁོར་གྱི་ས་བཅད་གཉིས་པ་དབང་བསྐུར་ཕྲིན་ལས་དང་བཅས་པ་བསྟན་པ་ནས་འབྱུང་བའི་དཀར་གཏོར་རྗེས། བདག་བསྐྱེད་བསྡུ་ལྡང་རྫོགས་ཀྱི་བར་དང་། ལྷ། བུམ་པ། སློབ་མ་སྟ་གོན། དབང་སྒྲུབ། དབང་དངོས། རྗེས་ཆོག་བཅས་བྱ། ༈ གསང་བ་བླ་མེད་ལུགས་མི་ཏྲ་ཛོ་ཀིའི་བཀའ་སྲོལ་གྱི་ནང་ལྟར་སྒྲུབ་པའི་ཕྲིན་ལས་དབང་བསྐུར་དང་བཅས་པ་དྲི་མེད་པདྨའི་སྙིང་པོའི་ས་བཅད་གསུམ་པ་གཞན་དོན་སློབ་མ་རྗེས་འཛིན་ལྟར་བདག་བསྐྱེད། མདུན་བུམ་སྒྲུབ་པ། སྒོ་ཞུས་བཅས་སྟ་གོན་དང་། དངོས་གཞི་སྟན་ཐོག་གཅིག་ཏུ་སྦྲེལ་ནས་བསྐུར་བའི་སྐབས། དབང་དངོས་ཀྱི་རྡོ་རྗེའི་བརྟུལ་ཞུགས་ཀྱི། ཧི་ཧི་ཧི་ཧི་ཧཱུྃ༔ ཞེས་པའི་མཐར། དཀྱུས་གསལ་དག་བརྗོད་དང་མཆོག་དབང་གོང་མ་གསུམ་གྱི་མཚམས་སྦྱོར་མཎྜལ་གསོལ་གདབ་རྣམས་དོར་ནས་གསུང་དང་ཐུགས་དབང་དུ་སྒྱུར་བ་འདི་ལྟར་བསྐུར་དགོས་ཏེ། ཐོད་པའི་བདུད་རྩི་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་ལྷ་ཚོགས་རྣམས་ཀྱི་གསུང་གི་བྱིན་རླབས་ཨཱ་ལི་ཀཱ་ལིའི་སྔགས་ཀྱི་འོད་ཟེར་འཕྲོ་བའི་རྒྱུན་གྱིས་དབང་བསྐུར་བས། ཁྱེད་རང་རྣམས་ཀྱི་ངག་སྒྲིབ་དག །གསུང་གི་བྱིན་རླབས་རྒྱུད་ལ་ཞུགས་ཤིང་ཡོན་ཏན་མངོན་དུ་བྱས་པར་མོས། སངས་རྒྱས་རྣམས་ཀྱི་ཐོད་པའི་དབང༔ སོགས་ནས། དེ་རིང་ཁྱོད་ལ་བསྐུར་བར་བྱ༔ སྙིང་པོའི་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ མེ་ལོང་སིནྡྷུ་རའི་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཐུགས་སྲོག་ཡི་གེའི་འཁོར་ལོར་གསལ་བ་ལས། ཐུགས་ཀྱི་བྱིན་རླབས་འོད་ཟེར་རྡོ་རྗེའི་སྙིང་པོ་སྐར་མདའ་མཆེད་པ་བཞིན་བྱོན་ནས་དབང་བསྐུར་བས། ཁྱེད་རང་རྣམས་ཀྱི་ཡིད་སྒྲིབ་དག །ཐུགས་ཀྱི་བྱིན་རླབས་ཞུགས་ཤིང་ཡོན་ཏན་མངོན་དུ་བྱས་པར་མོས། ཁྱེད་རང་རྣམས་ཀྱི་ལུས་ལྷ༔ ངག་སྔགས༔ སེམས་ཆོས་ཉིད༔ སྣང་བ་ཐམས་ཅད་གཞལ་ཡས་ཀྱི་ཁང་པ༔ སེམས་ཅན་སྐྱེ་འགྲོ་ཐམས་ཅད་ཐུགས་རྗེ་ཆེན་པོ་ལ་སོགས་པའི་ཡི་དམ་གྱི་ལྷའི་རང་བཞིན་དུ་ཤེས་པས༔ ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་པར་གྱིས་ཤིག༔ དེ་ནས་རྗེས་སུ་གནང་བ་སྦྱིན་ཞིང་སོགས་ནས། ཐུགས་ཀྱི་ཕྲིན་ལས་སྒྲུབ་པར་མོས་ཤིག་བར་གྱིས་རྗེས་གནང་གསུམ་སྦྱིན་ལ། དེ་ལྟར་དཀྱིལ་འཁོར་དུ་བཅུག་ཅིང་དབང་བསྐུར་པས་སྒོ་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་གདོད་ནས་ཡིན་པ་ལ་ཡིན་པར་ཤེས་པས་རིང་པོར་མི་ཐོགས་པར་འཚང་རྒྱ་བར་ལུང་སྟོན་པ་ཡིན་ཏེ། རྒྱ་སྤྱི་བཞིན་བཅས། དེ་རིང་ངས་ཁྱོད་ལུང་བསྟན་ཏེ། །འོད་དཔག་མེད་པ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་སྡུག་བསྔལ་ཀུན་ལས་གྲོལ། །ཀྱེ་དཔལ་དགྱེས་པའི་པདྨ་ཞེས་བྱ་བ་སརྦ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་སྟྭཾ་བྷུར་བྷུ་ཝ་སྭ། འདི་མཚམས་མཆོག་དབང་གུད་སྦས་ཁ་འཕང་དུ་བཀོད་པ་བཞིན། དེས་རྡུལ་ཚོན་གྱི་འམ་རས་བྲིས་ཀྱི་འམ་ཚོམ་བུའི། དཀྱིལ་འཁོར་དུ་བླ་མ་སྤྲུལ་པའི་སྐུ་ལས་བུམ་པའི་དབང་ཐོབ་སོགས་ནས། དྲིས་ལན་རྗེས་སྡོམ་གཟུང་དོར་ཞིང་། སྔོན་ཆད་རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་ཆིངས་ཤིང་། ཕྱག་རྟེན་དུ་མེ་ཏོག་ཐོགས་པར་མོས། འབྲུ་གསུམ་གྱིས་མིག་དར་དང་། ཨཱ་ཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་འཛིན་བཅུག །ཡེ་ཤེས་དབབ་མཐར། མེ་ཏོག་སློབ་དཔོན་གྱི་ལུས་དཀྱིལ་དུ་འདོར་དགོས། གཞན་མཐར་ཆགས་སུ་བསྐུར་ཞིང་། དགའ་སྤྲོ་བསྐྱེད་པའི་རྗེས་སྤྱི་ལྟར་ཤིས་པ་བརྗོད། དེ་དག་གི་སྒོ་ནས་ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་དམ་མི་ཏྲ་གསང་སྒྲུབ་ཏུ་གྲགས་པའི་དབང་བསྐུར། གུད་སྦས་ཡང་གསང་བླ་མེད་ཀྱི་མཆོག་དབང་རྣམ་གསུམ་བཅས་ལེགས་པར་གྲུབ་པ་ཡིན་ཏེ། རྩ་བའི་གཞུང་ལས་སོགས་དབང་དང་ཆོ་གའི་རྗེས་མཐར་དབྱུང་བས་གྲུབ་བོ།། །། ༈ ཨོ་རྒྱན་རྡོ་རྗེ་གླིང་པ་འཇམ་དཔལ་ཆོས་ཀྱི་བཤེས་གཉེན་གྱི་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་རྒྱལ་བ་རྒྱ་མཚོའི་དབང་བསྐུར་རེག་པ་དོན་ལྡན་བཀླག་ཆོག་ཏུ་བསྡེབས་པ་ཨུ་དུམྦ་རའི་འཛུམ་ཟེར་ལྟར་དབང་སྒྲུབ་ཀྱི་བུམ་སྒྲུབ་རྗེས། ཚེ་དབང་ཟུར་གསལ་གྱི་ཚེ་ཡི་བུམ་སྒྲུབ་སྦྱར་བ་དང་། དབང་དངོས་གཞིའི་མཐའི་གཏང་རག་ལུས་འབུལ་རྗེས་ཀྱི་བཀའ་དྲིན་གསོལ་ཞིང་ཞལ་སྐྱེམས་དྲངས་ཟིན་པའི་མཚམས་དེར། སླར་ཐུགས་རྗེ་སོགས་མཚམས་སྦྱོར་གྱི་མཎྜལ་སོགས་ནས། བྱིན་འབེབ་དཀྱུས་གསལ་བསྡུས་པ་བྱ། ཚེ་འགུགས་རྒྱས་བསྡུས་གང་བྱེད་སོ་སོའི་བློ་ནུས་དང་སྦྱར་ཆོག །བུམ་དབང་སོགས་མཐར་ཆགས་སུ་བསྐུར་རྗེས། སྣ་བདུན། རྟགས་རྫས་རྒྱས་བསྡུས་སྐབས་སྦྱར་མཇུག་ཏུ་ཤིས་པ་བརྗོད། དམ་ཚིག་བསྒྲག་གཟུང་། གཏང་རག་སོགས་དབང་དང་། ཆོ་གའི་རྗེས་དབང་ཆོག་ཆེན་མོ་ལྟར་བྱའོ།། །། ༈ རྡོ་རྗེ་གླིང་པའི་ཐུགས་རྗེ་ཆེན་པོ་ངན་སོང་ཀུན་སྐྱོབས་ཀྱི་དབང་གི་ཆོ་ག་གསལ་བར་བཀོད་པ་སྟོན་མཚན་ཟླ་བའི་ཐིག་ཕྲེང་ལྟར་དབང་སྒྲུབ། དབང་དངོས། རྗེས་བཅས་བྱའོ།། །། ༈ རཏྣ་གླིང་པའི་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་སྨིན་བྱེད་ཆེན་མོ་ཡན་ལག་དང་བཅས་དཀྱུས་གཅིག་ཏུ་བཀོད་པ་རིན་ཆེན་གཏེར་གྱི་བུམ་པའི་རྒྱུན་འདྲེན་ལྟར་བདག་བསྐྱེད་ནས། བུམ་པ་བཅའ་སྐབས། འགྲུབ་ན་དབང་གཞུང་ལས་གསུངས་པའི་སྔགས་རྣམས་ཀྱང་བརྗོད་དགོས་པར་གསུངས་པས་སྦྱར་བར་སྤྲོ་ན། ཨོཾ་མ་ཎི་བུདྡྷ་ཨ་བྷི་ཥིཉྩ་ཨོཾ༔ ཨོཾ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ རཏྣ་ཨ་བྷི་ཥིཉྩ་ཏྲཱཾ༔ པདྨ་ཨ་བྷི་ཥིཉྩ་ཧྲཱི༔ ཀརྨ་ཨ་བྷི་ཥིཉྩ་ཧཱ༔ ཨོཾ་མཱུཾ་ཧཱུྃ་མཱཾ་སྭཱ་ལཱཾ་ཨཱཿཔཱཾ་ཧཱ་ཏཱཾ་ཨ་བྷི་ཥིཉྩ་ཧཱུྃ༔ བུདྡྷ་མུ་ཀུ་ཏ་ཏྲཱཾ་ཨ་བྷི་ཥིཉྩ་ཨཱ༔ བཛྲ༴ རཏྣ༴ པདྨ༴ ཀརྨ༴ སརྦ་རཏྣ་ཛྙཱ་ན་ཨ་བྷི་ཥིཉྩ་མཱཾ༔ ཨོཾ་མ་ཧཱ་ཛྙཱ་ན་པཉྩ་ཤ་པ་ཏ་ཨ་བྷི་ཥིཉྩ་ཧྲཱི༔ བཛྲ་སཏྭ་ཨ་བྷི་ཥིཉྩ་ཨཱ༔ བུདྡྷ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ རཏྣ་ཛྙཱ་ན༴ པདྨ་ཛྙཱ་ན༴ ཀརྨ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ ཨོཾ་ཝཱ་གཱི་ཤྭ་རཿམཱུཾ་སརྦ་ཨ་བྷི་ཥིཉྩ་ཨོཾ༔ ཨཱརྻ་ཨ་ཝ་ལོ་ཀི་ཤྭ་ར་ཡ་སརྦ་ཨ་བྷི་ཥིཉྩ་ཨཱ༔ བཛྲ་སཏྭ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ མ་ཧཱ་བཛྲ་དྷཱ་ར་ཨ་བྷི་ཥིཉྩ་ཨཱ༔ ཨོཾ་བོ་དྷི་སཏྭ་ཨ་བྷི་ཥིཉྩ་ཨཱ༔ ཛྙཱ་ན་མུ་དྲ་ཨ་བྷི་ཥིཉྩ་མཱཾ༔ ཨོཾ་མུ་ནེ་ཀྵཾ་ཡེ་ཀྲུཾ་ཀྲེཾ་ནྲྀ་ཏྲི་ཧཱུྃ་ཨ་བྷི་ཥིཉྩ་ཨཱ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཨཱ༔ ཨོཾ་བུདྡྷ་སརྦ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱིཿཧྲཱིཿཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཛྙཱ་ན་ཨ་བྷི་ཥིཉྩ་ཧྲཱི༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སཏྭ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱཀྐ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་ཨཱཏྨ་ཀོ྅་ཧཾ༔ ཞེས་པའི་བར་བརྗོད་ཅིང་། སྟ་གོན། དབང་སྒྲུབ། དངོས་གཞི་རྩ་དབང་ཆེན་མོ་ལ་སངས་རྒྱས་སྟོང་དབང་རྒྱས་པ་སྦྱར་དུས་བསྡུས་པ་མི་དགོས་ཀྱང་། འདིར་རྒྱུན་ཁའི་ཁྱད་ཀྱིས། ཐོག་མར་དུས་གསུམ་སངས་རྒྱས་གཏང་། དེ་ནས་ཟུར་གསལ་སངས་རྒྱས་སྟོང་དབང་བསྐུར་ཐབས་འབྲེལ་ཚད་དོན་ལྡན་བཞིན་སྦྱར་བ་དང་། རིལ་བུམ་དབང་བཅས་བསྐུར། གཏོར་དབང་རྒྱས་པ་དབང་འབྲིང་དུ་འབྱུང་བས་དབང་ཆེན་དཀྱུས་ཀྱི་དེ་དོར་ཡང་ཆོག །གལ་ཏེ་མི་དོར་བར་འདོད་ཀྱང་ལྷག་པའི་སྐྱོན་ནི་མ་མཆིས། རིམ་བཞིན་དབང་ཆེན་ཡོངས་རྫོགས་གྲུབ་པའི་གཏང་རག་དང་། ཕྱི་མ་རྣམས་ཀྱི་ཞུ་ཡོན་སྦྲེལ་ཞིང་། ལོ་རྒྱུས་མཐར་གསོལ་འདེབས་མཐུད་པས་རིམ་པར་བསྐུར་བ་ལ། དབང་བཞི་འབྲིང་དུ་བསྐུར་བ་གཏོར་དབང་ཡིད་བཞིན་ནོར་བུ་མཚམས་སྦྱོར་གྱིས་བརྒྱན་པའི་མཐའ་ཡི་གཏོར་དབང་བསྡུས་པའི་བྱིན་རླབས་གཏོར་མའི་བཀའ་བསྒོ་དང་བཟླས་ལུང་བཅས་སྦྱར། དེ་ནས་རྣལ་འབྱོར་རྒྱུན་གྱི་དབང་ཆོག་འགྲོ་དོན་ཆར་རྒྱུན་རྣམས་སྦྲེལ་ཏེ་བསྐུར། ཆོ་གའི་རྗེས་དབང་རྒྱས་པ་བཞིན་བྱའོ།། །། ༈ པདྨ་གླིང་པའི་ཐུགས་རྗེ་ཆེན་པོ་མུན་སེལ་སྒྲོན་མེའི་རྩ་བའི་དབང་བསྐུར་འཇུག་པ་བདེ་བར་བཀོད་པ་འབྲེལ་ཚད་དོན་ལྡན་ལྟར་དབང་སྒྲུབ། དངོས་གཞི་རྩ་དབང་དང་དྲུག་པ་གཏོར་དབང་སྦྲེལ་མ། དབང་སྒྲུབ་གཅིག་འཐུས་ཀྱིས་དབང་བསྐུར་གསུང་རྒྱུན་ཁྲོམ་ཤོག་མ་གསལ་བར་བཀོད་པ་སྦྱར། རྗེས་ཆོག་བཅས་བྱའོ།། །། ༈ འགྲོ་འདུལ་ལས་འཕྲོ་གླིང་པའི་ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེ་༧ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཉེ་བརྒྱུད་ཀྱི་དབང་བསྐུར་དཀྱུས་གཅིག་ཏུ་བཀོད་པ་མཐོང་ཆོག་སྒྲོན་མེ་ལྟར་བདག་བསྐྱེད། ཁྲུས་ལས་བུམ་སྒྲུབ། སྡིག་སྒྲིབ་དག་བྱེད་ཁྲུས་ལུང་དབང་། རྗེས་བསྡུ། དེ་ནས་སློབ་དཔོན་གྱིས་དབང་སྒྲུབ་སྐབས། སློབ་མས་སྒོ་དྲུང་དུ་ཧཱུྃ་བཟླ། སློབ་དཔོན་གྱིས་དྲག་པོའི་སྦྱིན་སྲེག་མཐར། སྒོ་ཞུས། མེ་ཐུན་བརྡེག་པ་སོགས་བགེགས་བསྐྲད་དང་། སྟ་གོན་དབང་སྔོན་འགྲོས། བུམ་གསང་སོགས་དབང་སོ་སོར་བསྒྲུབ་བསྐུར་གཞུང་ལྟར་དགོས་ཀྱང་། ཤིན་ཏུ་བསྡུས་པའི་ལུགས་ལྟར་ན། བདག་སྐྱེད་དང་རྡོར་སེམས་རྟ་མགྲིན་གྱི་ཁྲུས་ལས་བུམ་སྒྲུབ་སྟབས་གཅིག་གྲུབ་རྗེས། ཁྲུས་དབང་། སྦྱིན་སྲེག །སློབ་མ་སྒོའི་ཕྱི་རོལ་དུ་འཁོད་པར་མོས་པས་སྒོ་ཞུས། མེ་ཐུན་སྐབས་སྦྱིན་སྲེག་གི་མེ་ལས་སྦར་བའི་དཔལ་འབར་གྱིས་བསྐོར་བ་བྱས་ཀྱང་རུང་ཙམ། ཆོས་བཤད་རྒྱུད་སྦྱོང་སོགས་སྟ་གོན་སྔོན་འགྲོ་དང་། དངོས་གཞིར་བུམ་གསང་གཉིས་ཆོ་ག་སོ་སོར་བསྒྲུབས་ནས། གསང་དབང་གི་བཟླས་པའི་རྗེས་ཤེར་དབང་དང་ཚིག་དབང་གི་དམིགས་བཟླས་གཉིས་རིམ་པར་སྦྱར། རྩལ་དབང་ལ་བརྒྱུད་འདེབས། བྱིན་འབེབ། ལྷ་ཁྲུས་སོགས་ཀྱིས་བསྒྲུབ་ཅིང་། ༼ཉི༽གཏེར་སྲུང་རྡོ་རྗེ་ལེགས་པའི་རྗེས་གནང་བསྟན་སྐྱོང་སྙིང་བཅུད་བཞིན་དབང་སྒྲུབ་དཀྱུས་གཅིག་ཏུ་སྦྲེལ་སྐབས། དམ་ཅན་གྱི་རྟེན་རྫས་མཆོད་གཏོར་རྣམས། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་ཡཾ་ལས་རླུང་སོགས་དམ་སྤྱིའི་གཏོར་ཆོག་ནས་འབྱུང་བས་བརླབ་ཅིང་། རང་གི་སྙིང་གའི་ཧྲཱིཿལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གློག་འཁྱུགས་པ་ལྟར་འཕྲོས་པས། པདྨ་དབང་ཆེན་ཧེ་རུ་ཀའི་ཡང་སྤྲུལ་དྲེགས་པའི་ཚུལ་འཛིན་པ། དམ་ཅན་རྡོ་རྗེ་ལེགས་པ་དམར་སྨུག་སེང་ཞོན་གཙོ་འཁོར་དཔུང་ཚོགས་རྒྱ་མཚོ་དང་བཅས་པ་རང་བཞིན་ཆོས་ཀྱི་དབྱིངས་དང་། གར་བཞུགས་ཀྱི་གནས་ནས་སྐྱེས་བུ་ཆེན་པོ་འཁོར་དང་བཅས་པ་སྤྱན་དྲངས་པར་གྱུར་པར་མོས་པས། བསྟན་སྐྱོང་སྙིང་བཅུད་དུ་གསུངས་པ་བཞིན་སྤྱན་འདྲེན་ནས། བསྐང་གསོ་དང་གསེར་སྐྱེམས་མཐའ་བར་བཏང་རྗེས། ཐུགས་ཆེན་ལས་བྱང་རིན་ཆེན་ཕྲེང་བ་བཞིན་ཚོགས་བྱིན་གྱིས་བརླབས་ཏེ་འབུལ། རིག་མེ་དོར་ལ་གནང་བ་ནོད། ཁྲུས་སྤོས་དང་། སྒོ་ཞུས། བུམ་དབང་སྣང་སྟོང་རང་གྲོལ། སླར་ཡང་སློབ་མ་རྣམས་སྒོའི་ཕྱི་རོལ་དུ་འཁོད་པར་མོས་པས། སྒོ་ཞུས། གསང་དབང་རྩ་རླུང་རང་གྲོལ།་་་འདི་གཉིས་ལ་ཐབས་ཤེས་ཀྱི་དབང་རྫས་སོ་སོར་གཏད་དགོས།མཆན།་་་ཤེར་དབང་བདེ་སྟོང་རང་གྲོལ། ཚིག་དབང་སེམས་ཉིད་རང་གྲོལ། རིག་པའི་རྩལ་དབང་འོད་སྣང་རང་གྲོལ་རྣམས་མུ་མཐུད་ཀྱིས་བསྐུར་མཐར། བསྟན་སྐྱོང་སྙིང་བཅུད་བཞིན་དམ་ཅན་རྡོར་ལེགས་དམར་སྨུག་གི་རྗེས་གནང་མཐར་ཆགས་སུ་བསྐུར། རྗེས་ཆོག་སྐབས། རྟ་བྲོའི་རྗེས་དམ་ཅན་གྱི་མཆོད་གཏོར་ལ་དམིགས་ཏེ། ནྲྀ་ཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿས་དགྲ་བགེགས་བཀུག་བསྟིམ་འཆིང་སྡོམ་མྱོས་པར་བྱས་ཏེ། ཨོཾ་ཨཱཿཧཱུྃ་ཧོཿས་བརླབས་ལ། ཕྱི་སྒྲུབ་ནས་འབྱུང་བའི་བསྙེན་སྔགས་མཐར། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཞེས་བཏགས་པ་ལན་བདུན་ནམ་གསུམ་གྱིས་གཏོར་མ་དང་། བཛྲ་སཱ་དྷུ་ཏྲི་ཤཱུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པཱ་དྱཾ་ནས། པྲ་ཏཱིཙྪ་སྭཱ་ཧཱ། དམ་ཅན་ལས་བྱང་གོང་གི །མ་ཧཱ་མཱཾ་ས་ལ་སོགས་ཀྱིས་མཆོད། སྤྲོ་ན་འོག་གི་སྐོང་གསོ་སླར་ཡང་བསྐྱར། གང་ལྟར་ཡང་། དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་སོགས་ཀྱིས་ཕྲིན་ལས་བཅོལ། ཀྱཻ༔ ཕྱོགས་ཕྱོགས་དེ་ནི་སོགས་ཀྱིས་བསྟོད། ཡིག་བརྒྱས་ནོངས་པ་བཤགས། གཤེགས་བསྟིམ་གང་འོས་སྐབས་དང་བསྟུན། དམ་ཅན་ལས་བྱང་མཇུག་གི་སྨོན་ཤིས་མཐར། རྩ་དཀྱིལ་ལ་མཆོད་བསྟོད་སོགས་དབང་ཆོག་ནས་གསུངས་པ་ལྟར་བྱའོ།། །། ༈ གྲུབ་མཆོག་ཚུལ་ཁྲིམས་བཟང་པོས་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་དངོས་སུ་བསྩལ་པ་ཐུགས་རྗེ་ཆེན་པོ་ཡི་གེ་དྲུག་པའི་གསོལ་འདེབས་སྒྲུབ་ཐབས་དང་འབྲེལ་བའི་རིག་གཏད་ཆོ་ག་མཆོག་དམན་སྙིང་གི་བདུད་རྩི་ལྟར་དབང་སྒྲུབ། དངོས་གཞིར་རིག་གཏད་རྗེས་གནང་། རྗེས་བཅས་བྱའོ།། །། ༈ རིག་འཛིན་ལེགས་ལྡན་རྡོ་རྗེ་བདུད་འཇོམས་ཀྱི་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་སྨིན་བྱེད་ཆོ་ག་ཡེ་ཤེས་དབྱིངས་སྒྲོལ་ལྟར་དངོས་སྟ་སྦྲེལ་མའི་དབང་སྒྲུབ། དབང་དངོས། རྗེས་བཅས་བྱའོ།། །། ༈ གར་དབང་ཞིག་གླིང་འོད་གསལ་སྒྱུ་མའི་ཐུགས་ཆེན་འཁོར་བ་ལས་སྒྲོལ་ནམ་མཁའ་རྒྱལ་པོའི་དབང་བསྐུར་རྒྱས་པ་བཀླག་ཆོག་ཏུ་བཀོད་པ་དངོས་གྲུབ་ཆུ་རྒྱུན་ལྟར་བདག་བསྐྱེད། སྟ་གོན། དབང་སྒྲུབ་ལ་ལས་བྱང་རྒྱས་པ་དང་། བཀའ་སྲུང་ལས་བྱང་རྒྱས་པ་སྔགས་བྱང་བཅས་གཏེར་མཛོད་གཞུང་དུ་མ་བཞུགས་པས། ལས་བྱང་དངོས་གྲུབ་གཏེར་འབྱུང་སྙིང་པོ་བསྡུས་པ་དང་། གཏེར་སྲུང་གཏོར་འབུལ་རྒྱུན་ཁྱེར་བཅས་བཏང་ནས། ཕྱི་མའི་བསྟོད་པའི་མཐར། དམིགས་པ་སྤྱི་མཐུན་གསལ་ནས། ཐོག་མར་གོང་ནོན་སྔགས་དང་། དེ་ནས་སྲུང་མའི་སྔགས་སོ་སོར་ཅུང་ཟད་རེ་གཤམ་གསལ་སྔགས་བྱང་ལྟར་བཟླས་པས་བཀའ་གཏད་ཀྱི་དབང་སྒྲུབ་གོ་བཅད། དངོས་གཞིར་དབང་ཆེན་སངས་རྒྱས་སྟོང་དབང་སོགས་དང་། ཉམས་སུ་ལེན་ཅིང་བརྒྱུད་འཛིན་ལ་བཀའ་སྲུང་བདུན་པོའི་བཀའ་གཏད་བྱ་ཞིང་། དེའི་བཟླས་ལུང་སྐབས། སྔགས་བྱང་ཟུར་གསལ་ལམ། སྤྱི་ཙམ་དུ་གོང་ནོན། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཕཊ༔ ལན་གཅིག །དེ་ནས་གཟའ་གདོང་ལ། ཨོཾ་རཀྴ་རཱ་ཧུ་ལ་པ་ཤ་མི་ཀི་ཧྲིཾ་ཧྲིཾ་ཛ༔ ལན་གསུམ། དེ་བཞིན་གོང་ནོན་རྟ་མགྲིན་ཡི་གེ་བརྒྱད་པའི་སྔགས་ཚར་རེ་དང་། སྲུང་མའི་སྔགས་ལན་གསུམ་རེ་འགྲེ་བས། དཔལ་ལྷར། ཨོཾ་ཤྲཱི་དེ་ཝཱི་སརྦ་ས་མ་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛཿཧཱུྃ་ཕཊ༔ ཤན་པར། ཨོཾ་མུཎྜ་ཀ་ས་ཡེ་ཚཱ་ག་ས་མ་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛཿཧཱུྃ་ཕཊ༔ སྲིན་པོར། ཨོཾ་རཀྴ་རཱ་ཙ་རཀྴ་སརྦ་ས་མ་ཡ་ཧཱུྃ་ཕཊ༔ མཱ་ར་སྙིང་ཟན་ལ། ཨོཾ་ཙིཏྟ་ཁཱ་ཧི་མཱ་ར་ཏྲི་ས་མ་ཡ་ཛཿཧཱུྃ་ཕཊ༔ ཀླུ་ལ། ཨོཾ་ནཱ་ག་རཱ་ཙ་ནག་པོ་ཏི་པ་ཙ་སརྦ་ས་མ་ཡ་ཧཱུྃ་ཕཊ༔ ཐང་ལྷར། ཨོཾ་དེ་ཝ་ཙཎྜི་ནཱ་ག་ཙིཏྟ་ས་མ་ཡ་ཧྲིཾ་ཧྲིཾ་ཛཿཛ༔ ཞེས་པ་རྣམས་སྦྱར་བ་ནས་གཏང་རག་བར་དང་། དབང་ཆོག་དངོས་གྲུབ་རྫིང་བུ་ལྟར་དོན་དབང་སྦྱར། སློབ་མ་བརྒྱུད་འཛིན་ཐུན་མིན་ལ་བླ་མ་འཕགས་པ་བཀའ་སྲུང་དང་བཅས་པའི་ཡོངས་རྫོགས་གཏད་རྒྱའི་དབང་བསྐུར་ཚུལ་གཞུང་ལྟར་དང་། དབང་ཆེན་ལྟར་དབང་ཆོ་གའི་རྗེས་ཆོག་བཅས་བྱའོ།། །། ༈ ཤེས་རབ་འོད་ཟེར་གྱི་གྲོལ་ཏིག་དགོངས་པ་རང་གྲོལ་གྱི་ཐུགས་རྗེ་ཆེན་པོ་པདྨའི་དབང་ཕྱུག་གི་སྨིན་བྱེད་ཁྱེར་བདེར་བཀོད་པ་བདེ་ཆེན་ལམ་འདྲེན་ལྟར་དབང་སྒྲུབ། དབང་དངོས། རྗེས་ཆོག་བཅས་བྱའོ།། །། ༈ འཇའ་ཚོན་སྙིང་པོའི་ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གྱི་དབང་བསྐུར་ཆོ་ག་འགྲིགས་ཆགས་སུ་བཀོད་པ་ཟླ་བ་རྒྱས་པའི་འཛུམ་ཟེར་ལྟར་དབང་སྒྲུབ། དབང་དངོས། རྗེས་ཆོག་བཅས་བྱའོ།། །། ༈ བདུད་འདུལ་རྡོ་རྗེའི་ཐུགས་རྗེ་ཆེན་པོ་ནམ་མཁའི་རྒྱལ་པོའི་གསང་སྒྲུབ་འཁོར་བ་དོང་སྤྲུག་དང་འབྲེལ་བར་དབང་གི་སྔོན་འགྲོ་སྟ་གོན་དང་། དབང་གཞུང་བདུད་རྩིའི་ལྟེང་ཀ་དངོས་སྟ་སྦྲེལ་བར་བསྐུར་བའི་སྐབས། ཐོག་མར་དབང་དོན་སྒྲུབ་མཆོད་ལ། གསོལ་འདེབས་བྱིན་རླབས་སྤྲིན་ཕུང་རྗེས། སྐྱབས་སེམས་ནི། ན་མོ༔ བླ་མ་སངས་རྒྱས་འཕགས་མཆོག་སྤྱན་རས་གཟིགས༔ སོགས་ཡང་གསང་བླ་ན་མེད་པའི་སྒྲུབ་པ་ན་རཀ་དོང་སྤྲུག་ལྟར། སེམས་བསྐྱེད་དོ༔ བར་སོ་སོར་ལན་གསུམ་རེ། གསག་སྦྱོང་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ སོགས་དབང་གི་སྔོན་འགྲོ་བཞིན་རྒྱུན་བཤགས་ལན་གསུམ། ཕྲིན་ལས་རང་གཞུང་འགྲོ་དོན་ལྷུན་གྲུབ་ནོར་བུ་པདྨའི་ཕྲེང་བ་ལྟར། བདག་ཉིད་སྐད་ཅིག་གིས་སོགས་མཚམས་ལྷ་བསྐྱེད་པ་ནས། མཆོད་བརླབ་མཐར། གསང་སྒྲུབ་འཁོར་བ་དོང་སྤྲུག་ལྟར། ཨཱོྃ་སྭ་བྷཱ་ཝས་སྦྱང་། གཟུང་འཛིན་གྱིས་བསྡུས་པའི་སོགས་ཀྱིས་བདག་མདུན་དབྱེར་མེད་དུ་གསལ་བཏབ་ནས། བྱིན་ཐིབས་སེ་བྱོན་པར་གྱུར་བར་མངོན་རྟོགས་མཐར་ཆགས་སུ་གཏང་། ཕྲིན་ལས་ཀྱི། ཧཱུྃ། མ་ལུས་སེམས་ཅན་སོགས་སྤྱན་འདྲེན་ནས་མཆོད་པའི་མཐར། ཨརྒྷཾ་སོགས། སྨན་རཀ་ཁཱ་ཧི་བཏགས་ལ་མཆོད༔ ཅེས་པ་ལ། ཕྲིན་ལས་རང་གཞུང་གི་དང་གཞི་གཅིག་པར་སྐྱབས་སེམས་དང་ལྷ་བསྐྱེད་ཡང་གསང་སྒྲུབ་པ་ན་རཀ་དོང་སྤྲུག་དང་ཛཔ྄་བཟླས་སྐོར་གསང་སྒྲུབ་འཁོར་བ་དོང་སྤྲུག་གི་དམིགས་པ་ཚིགས་བཅད་ཕྱིན་བཅས་དཀྱུས་སུ་བཀོད་པའི་ཁྱད་པར་ཅན་ཞིག་འདུག་པའི་ནང་དུ། ཨརྒྷཾ་པཱ་དྱཾ་ནས། ཤབྡ་པྲ་ཏཱིཙྪ་ཁ་རཾ་ཁཱ་ཧི༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ ཞེས་སྦྱར་བ་སྣང་བས་དེ་ལྟར་སྦྱོར་མཛོད། བསྟོད་པ་བཏང་མཐར། ཛཔ྄་ཁང་སྤྱི་ལྟར་དབྱེ་ལ། བཟླས་དམིགས་ནི། གསང་སྒྲུབ་ཀྱི་མངོན་རྟོགས་འཕྲོས་སུ་འབྱུང་བ། རང་ཉིད་འཕགས་པ་ནམ་མཁའི་རྒྱལ་པོར་སོགས་ནས། མཐའ་སྐོར་དུ༔ གསང་སྔགས་ཀྱི་རྒྱལ་པོས་བསྐོར་བར་གྱུར། ཅེས་གསལ་བཏབ་ནས། ཡིག་བཅུ་ཅུང་ཟད་བཟླ། ཧཱུྃ་ཧྲཱི༔ བདག་ཉིད་འཕགས་པའི་ཐུགས་ཀ་སོགས་སྤྲོ་བསྡུའི་དམིགས་པ་སོ་སོར་ཡིག་བཅུ་དང་། དྲག་དམིགས་མཐར་ཡི་གེ་བཅུ་གཅིག་པ་རྣམས་རིམ་བཞིན་བཟླ། རྡོར་བཟླས་དང་དོང་སྤྲུག་བཟླས་པ་རྣམས་བཅས་སོ་སོར་ཉུང་ཙམ་རེ། ཧཱུྃ་ཧྲཱི༔ སྣང་བ་ནམ་མཁའི་རྒྱལ་པོའི་སོགས་འདོན་སྒོམ་སྦྲགས་མར་སྐུ་གསུང་ཐུགས་དང་སྒྲུབ་པ་ཆེན་པོ་སྣང་སྲིད་གཞིར་བཞེངས་ཀྱི་དགོངས་པ་གསལ་བཏབ་ནས་སོ་སོར་ཡིག་བཅུ་བཟླ་བ་དང་། ཐུགས་ཀའི་ཡིག་བཅུའི་མཐར་གཟུངས་རིང་ཡིག་མགོ་ཕྱིར་བསྟན་གྱིས་གཡོན་དུ་བསྐོར་བར་དམིགས་ལ། ན་མོ་རཏྣ་ཏྲ་ཡཱ་ཡ༔སོགས་གཟུངས་རིང་དང་། ཨཱོྃ་ཧྲཱིཿན་མོ་སོགས་སྤྱི་དྲིལ་ཅི་འགྲུབ་དང་། ཡིག་བཅུ་སུམ་བརྒྱ་ལས་མི་ཉུང་བ་བཟླ། གཞུང་གི་དགོངས་པ་ལྟར། བུམ་པ་ལ་མདུན་བསྐྱེད་བཞིན་བསྐྱེད་བསྟིམ་མཆོད་བསྟོད་རྒྱས་པར་བྱ་བའམ། བསྡུ་ན། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་པ་བཞིན་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། །ཅེས་གསལ་བཏབ་ལ། གཟུངས་ཐག་བླངས་ནས་ཡིག་བཅུ་ཅི་འགྲུབ་དང་། སྤྱི་དྲིལ་ཉེར་གཅིག་སོགས་བཟླ། གསང་ཐོད་ལ། བྷཉྫ་བདེ་སྐྱོང་སྣོད་ཡངས་པར། །བཅུད་རྫས་དམ་ཚིག་བདུད་རྩིའི་མཚོ། །ཐུགས་རྗེའི་ལྷ་ཚོགས་ཆར་བཞིན་བབས། །མྱང་གྲོལ་ཡེ་ཤེས་བདུད་རྩིར་གྱུར། །ཅེས་དམིགས་ལ་ཡིག་བཅུ་བརྒྱ་རྩ་སོགས་བཟླ། མཐར། ཡེ་ཤེས་ལྷ་ཚོགས་སོགས་ཀྱིས་མདུན་བུམ་མཆོད་བསྟོད་ཆབས་ཅིག་ཕུལ་ནས། བུམ་ལྷ་འོད་ཞུ་དང་། ལས་བུམ་དུ་རྟ་མགྲིན་བསྐྱེད་བསྟིམ་མཆོད་བསྟོད་བཟླས་པ་སྤྱི་འགྲེ་བྱ། ཚོགས་མཆོད་ཡང་གསང་བླ་སྒྲུབ་ལས་བྱ་བར་གསུངས་པས་དཔེ་འབྱོར་ན་དེ་ལྟར་རམ། ཡང་ན་ཚོགས་རྫས། རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། ཨཱོྃ་ཨཱཿཧཱུྃ་གིས་བདུད་རྩིར་བསྒྱུར། ཧ་ཧོ་ཧྲཱིཿཡིས་མཁའ་ཁྱབ་སྤེལ། །རྡོ་རྗེའི་དམ་ཚིག་རྨད་པོ་ཆེ། །དུ་མ་རོ་གཅིག་བླང་དོར་བྲལ། །དུག་ལྔ་ཡེ་ཤེས་ལྔར་རྫོགས་པའི། །མཉམ་སྦྱོར་བདུད་རྩིའི་སྤྲིན་དུ་གྱུར། །ཨཱོྃ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས། སྤྱན་འདྲེན་ནི། ཧྲཱིཿ བདེ་བ་ཅན་གྱི་ཞིང་ཁམས་ནས། །སྣང་བ་མཐའ་ཡས་གཤེགས་སུ་གསོལ། །འོག་མིན་ལྷུན་གྲུབ་ཕོ་བྲང་ནས། །ཐུགས་རྗེ་ཆེན་པོ་གཤེགས་སུ་གསོལ། །གང་འདུལ་ཐུགས་རྗེའི་ཕོ་བྲང་ནས། །ཡུམ་སྲས་སྤྲུལ་འཁོར་གཤེགས་སུ་གསོལ། །དག་པ་མཁའ་སྤྱོད་ཞིང་ཁམས་ནས། །མ་དང་མཁའ་འགྲོ་གཤེགས་སུ་གསོལ། །བཀའ་དང་དམ་ཚིག་གཞལ་ཡས་ནས། །ཆོས་སྐྱོང་བཀའ་སྡོད་གཤེགས་སུ་གསོལ། །ཕྱི་སྣོད་བདེ་ཆེན་གཞལ་ཡས་འདིར། །ནང་བཅུད་འདོད་ཡོན་ཚོགས་སུ་བཤམས། །སྒྲུབ་མཆོག་དམ་ཚིག་དྭངས་རེ་སྤྲོ། །འགྲོ་འདུལ་ཐུགས་རྗེའི་ལྷ་ཚོགས་རྣམས། །ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ། །མ་ཧཱ་གུ་རུ་ཨཱརྻ་ལོ་ཀི་ཤྭ་ར་གྷ་གྷ་རཱ་ཛ་ཛྙཱ་ན་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་བཛྲ་ས་མཱ་ཛཿ ཚོགས་མཆོད་ནི། ཧཱུྃ་ཧྲཱིཿ ཡེ་ཤེས་ཐུགས་རྗེའི་ལྷ་ཚོགས་ལ། །རྡོ་རྗེའི་འདོད་ཡོན་བླ་མེད་རྒྱན། །མཆོད་པའི་ཕྱག་རྒྱ་ཕྱི་ནང་གསང་། །རྨད་བྱུང་རོལ་པའི་ཚོགས་མཆོད་འབུལ། །བདེ་ཆེན་མཉམ་སྦྱོར་དབྱིངས་སུ་བསྐང་། །ཉམས་ཆག་མ་སྐྱེས་དག་པར་བཤགས། །གཟུང་འཛིན་རང་གྲོལ་ངང་དུ་བསྒྲལ། །མཉམ་ཉིད་བླང་དོར་བྲལ་བར་བཞེས། །མི་དམིགས་དོན་གྱི་དངོས་གྲུབ་སྩོལ། །གོང་སྔགས་མཐར། ས་པ་རི་ཝཱ་ར་མ་ཧཱ་སུ་ཁ་ག་ཎ་ཙཀྲ་སརྦ་པཱུ་ཛ་ཧོཿ ཞེས་མཆོད་བཤགས་བསྒྲལ་སྟོབ་ཆབས་ཅིག་ཏུ་འབུལ་ལོ། །རིག་མེ་དོར་ལ་གནང་བ་ནོད། སློབ་མ་སྟ་གོན་སྐབས་ཞི་བའི་སྦྱིན་སྲེག་མདོར་བསྡུས་སྤྱི་འགྲོ་འམ། མེ་ཁྲོལ་འདུ་བྱས་ལ་བསང་སྦྱང་། སྟོང་པའི་ངང་ལས་མེ་ཐབ་མཚན་ཉིད་རྫོགས་ཤིང་ཡེ་ཤེས་ཀྱི་མེ་ཕུང་དཀར་ཟླུམ་འཁྱིལ་པའི་ཀློང་དུ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དམ་ཡེ་གཉིས་མེད་ཀྱི་རང་བཞིན་ཅན་སྐད་ཅིག་གིས་གསལ་བར་དམིགས་ནས། ཏིལ་ནག་ཡི་གེ་གསུམ་གྱིས་བསང་སྦྱང་། འབྲུ་གསུམ་གྱིས་བྱིན་གྱིས་བརླབས། ཡིག་བཅུ་དང་གོང་གི་སྔགས་ལ། ས་པ་རི་ཝཱ་ར་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་བདག་དང་སློབ་མའི་ནད་གདོན་སྡིག་སྒྲིབ་ཉམས་ཆག་ཉེས་ལྟུང་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བཏགས་པ་བརྒྱ་རྩ་སོགས་དམིགས་འདོན་སྦྲགས་པས་འབུལ། མཐར་མེ་ལྷ་རྣམས་ཧྲཱིཿཡིག་གི་རྣམ་པར་འདུས། རང་གི་ཤངས་བུག་གཡོན་ནས་ཞུགས། ལྟེ་བའི་གཏུམ་མོར་ཐིམ་པར་བསམས་པ་རྫས་གཅིག་ཤིན་ཏུ་བསྡུས་པ་འདིས་ཀྱང་ས་བཅད་ནི་ཚང་བར་འགྱུར། དབང་དངོས་ལ་ཕྲིན་ལས་བཞིན་བཀའ་བསྒོ་སྲུང་འཁོར་བསྒོམ། འོ། ནམ་མཁའི་མཐས་གཏུགས་པའི་མ་རྒན་རྣམས་འཁོར་བའི་ཆུ་བོ་ལས་བསྒྲལ་ཏེ་རྣམ་གྲོལ་ཐར་པའི་གླིང་དུ་འདྲེན་པར་བྱ། དེའི་ཕྱིར་དུ་འགྲོ་འདུལ་ཐུགས་རྗེ་ཆེན་པོ་ནམ་མཁའ་རྒྱལ་པོའི་དཀྱིལ་འཁོར་དུ་འཇུག་པའི་ཐོག་མར། རྒྱུད་སྨིན་པར་བྱེད་པའི་དབང་བསྐུར་ཟབ་མོ་གསན་པར་བགྱིའོ་སྙམ་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེའང་ཐབས་མཁས་ཐུགས་རྗེའི་ཕྲིན་ལས་བསམ་ལས་འདས་པ་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཕྲིན་ལས། འགྲོ་ཁམས་ཇི་སྙེད་པར་འཇུག་པ་ལ་ཚད་དང་མཐའ་གཞལ་དུ་མེད་པའི་བདག་ཉིད་ཅན་དུ་དུས་གསུམ་རྒྱུན་གྱིས་རྟག་པ་ལས། འདིར་རྒྱལ་བ་ཀུན་གྱི་བྱམས་པ་ཆེན་པོའི་ཡེ་ཤེས་གཅིག་བསྡུས་ཀྱི་བདག་ཉིད་འགྲོ་བ་འདྲེན་པའི་ཕྲིན་ལས་ཁྱད་པར་དུ་འཕགས་ཤིང་། རྒྱལ་བ་གཞན་གྱིས་མ་ཐུལ་བའི་ལྗོངས་ཁ་བ་ཅན་འདི་གདུལ་ཞིང་དུ་བདག་གིར་མཛད་ནས། རྒྱལ་བློན་བྱང་ཆུབ་སེམས་དཔའ་སོགས་སྐྱེ་འཕགས་མཐའ་ཡས་པའི་ཚུལ་བཟུང་སྟེ། གང་འདུལ་གྱི་ཕྲིན་ལས་ནམ་ཡང་བརྟུལ་བ་མེད་ཅིང་། ལྷག་པར་མི་བསྲུན་ཅིང་ཆེས་གདུལ་དཀའ་བའི་འགྲོ་བ་རྣམས་གྱི་དོན་དུ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོའི་སྐུར་བཞེངས་ཏེ། འཕགས་བོད་ཀྱི་ལྗོངས་སུ་རྨད་དུ་བྱུང་བའི་ཕྲིན་ལས་ཀྱིས་དམ་པ་ཆོས་ཀྱི་སྒྲོན་མེ་སྦར་བའི་སྐབས། ལས་ཅན་རྗེ་འབངས་རྣམས་ལ་འཕགས་པའི་སྒྲུབ་སྐོར་རྒྱས་བསྡུས་དུ་མ་བསྩལ་ཏེ། མ་འོངས་ཕྱི་མའི་སྐྱེ་འགྲོ་རྣམས་ལ་བརྩེ་བས་དགོངས་ཏེ་ཕལ་ཆེར་མི་འགྱུར་བའི་གཏེར་དུ་སྦས་པ་ཉིད། ཕྱིས་དུས་བབས་སྤྲུལ་པའི་སྐུ་མཆོག་སོ་སོས་རིམ་པར་སྤྱན་དྲངས་ཏེ། འགྲོ་བ་རྣམས་ལ་གནས་སྐབས་དང་མཐར་ཐུག་ཀུན་ཏུ་དགེ་བའི་འབྲེལ་ཚད་དོན་ལྡན་གྱི་ཕྲིན་ལས་ནུབ་མེད་དུ་མཛད་པ་ལས། སྐབས་སུ་བབས་པ་འདི་ནི་གཞུང་ལས། ཨོ་རྒྱན་མཁན་པོ་མ་ཧཱ་གུ་རུ་ཡིས༔ མ་འོངས་སེམས་ཅན་དོན་ཕྱིར་དུ༔ དུས་གསུམ་རྒྱལ་བའི་དགོངས་པ་གཅིག་དྲིལ་བ༔ འཕགས་མཆོག་ནམ་མཁའི་རྒྱལ་པོ་ཡི༔ གསང་སྒྲུབ་ཟབ་མོ་འདི་བཞིན་བསྟན༔ ཅེས་དང་། ཨོ་རྒྱན་མ་ཧཱ་གུ་རུའི་བཀའ་བཞིན་དུ༔ བུད་མེད་མཚོ་རྒྱལ་བདག་གིས་ཡི་གེར་བཀོད༔ མ་འོངས་ཚེ་ན་ཐུགས་རྗེ་ཆེན་པོ་ཡི༔ སྤྲུལ་པ་སྙིང་གི་བུ་དང་འཕྲད་པར་ཤོག༔ ཅེས་དང་། འཕྲད་ནས་ཆོས་བདག་ཉི་ཤུ་ལྔ༔ གདུལ་བྱའི་ཞིང་གྱུར་ཁྲི་ཕྲག་ལྔ༔ ཟབ་ཆོས་འདི་ཡི་བྱིན་རླབས་ཀྱིས༔ ཚེ་གཅིག་སངས་རྒྱས་འཁོར་བ་དོང་སྤྲུག་འབྱུང༔ ཟབ་ཆོས་འདི་ལ་འགྲོ་བ་ལྷ་མི་གང་གིས་ཀྱང༔ ཚུལ་བཞིན་ཉམས་སུ་མ་བླང་ཡང༔ མཐོང་ཐོས་དྲན་རེག་བདེ་བ་ཐོབ་པར་འགྱུར༔ ཞེས་དང་། པད་འབྱུང་ནམ་མཁའི་རྒྱལ་པོ་དངོས་སྣང་སྒྱུ་མའི་གར༔ འཕགས་པ་བདུད་འདུལ་གླིང་དང་འཕྲད་པར་ཤོག༔ འཕྲད་ནས་མ་འོངས་འགྲོ་ཀུན་རང་གྲོལ་ཤོག༔ ཅེས་ལོ་རྒྱུས་གཏད་རྒྱའི་སྨོན་ལམ་དང་བཅས་ཟབ་མོའི་གཏེར་དུ་རྒྱས་བཏབ་པ་ཉིད། འབྲོག་བན་ཁྱེའུ་ཆུང་ལོ་ཙཱ་བའི་རྣམ་འཕྲུལ་འགྲོ་འདུལ་རིག་འཛིན་ཆེན་པོ་བདུད་འདུལ་རྡོ་རྗེས་ཚ་བ་སྒྲོ་བྲག་པདྨ་འོད་ཙིཏྟ་གནམ་ལངས་འདྲ་བའི་མགུལ་ནས་བཞེས་ཤིང་། ལོ་ལྔར་བཀའ་རྒྱས་བཏབ་སྟེ། རྡོ་རྗེ་གླིང་པའི་རྣམ་འཕྲུལ་སྤུ་བོ་རྦ་ཁ་རིག་འཛིན་ཆེན་པོ་གར་གྱི་དབང་ཕྱུག་ཆོས་ཀྱི་རྒྱ་མཚོ་དང་། པཎ་ཆེན་དྲི་མེད་བཤེས་གཉེན་གྱི་རྣམ་འཕྲུལ་ལྷ་བཙུན་ནམ་མཁའ་འཇིགས་མེད་སོགས་ལ་རིམ་པར་སྤེལ་བར་མཛད་པའི་ཐུགས་རྗེ་ཆེན་པོའི་སྒྲུབ་སྐོར་འདི་ལའང་། ཕྱི་སྒྲུབ་འཁོར་བ་ལས་སྒྲོལ། ནང་སྒྲུབ་པདྨ་རྒྱལ་པོ། གསང་སྒྲུབ་འཁོར་བ་དོང་སྤྲུག །ཡང་གསང་བླ་མེད་སྒྲུབ་པ་ནམ་མཁའ་རྒྱལ་པོ་རྣམས་སུ་མཆིས་པ་ལས། ཐམས་ཅད་ཀྱི་རྩ་བར་གྱུར་པ་ནམ་མཁའ་རྒྱལ་པོའི་གསང་སྒྲུབ་འཁོར་བ་དོང་སྤྲུག་གི་དཀྱིལ་འཁོར་ཆེན་པོའི་སྨིན་བྱེད་ཀྱི་དབང་བསྐུར་བ་ཡིན། དེ་ལའང་སྔོན་འགྲོ་སྟ་གོན་གྱི་རིམ་པ་དང་། དངོས་གཞིའི་དབང་བསྐུར་གཉིས་སུ་ཡོད་པ་ལས། ཐོག་མར་སྔོན་འགྲོ་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་ཕུལ། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱཻ༔ བླ་མ་རྡོ་རྗེ་འཛིན་པ་སོགས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པའི་ལན་དུ་གནང་བ་སྦྱིན་ཅིང་སྤྲོ་བ་བསྐྱེད་པའི་ཕྱིར་ཟབ་མོའི་དོན་བཤད་པ་འདི་ལ་གསན་འཚལ། ཨེ་མ་སྐལ་ལྡན་སོགས་ནས། ཐེ་ཚོམ་མེད༔ འདིར་སྡོམ་གཟུང་རྒྱས་པར་འབྱུང་བ་རྣམས་འབྲེལ་ཆགས་ཀྱང་། ཟོར་ཡངས་པའི་སླད་དབང་དངོས་གཞིའི་སྐབས་སུ་མར་འཐེན་ནས་འདིར་མདོར་བསྡུས་པ་ནི། ཧོཿ དེ་ལྟ་བུའི་དཀྱིལ་འཁོར་དུ་འཇུག་པའི་ཐོག་མར་རྒྱུད་སྦྱོང་བའི་སླད་དུ། མདུན་གྱི་ནམ་མཁར་བླ་མ་དཀྱིལ་འཁོར་གྱི་དབང་ཕྱུག་ནམ་མཁའི་རྒྱལ་པོ་བདེ་གཤེགས་རྩ་གསུམ་རྒྱ་མཚོ་དང་བཅས་པའི་སྤྱན་སྔར་སྐྱབས་སུ་འགྲོ་ཞིང་། སྨོན་འཇུག་གི་སེམས་གཉིས་བསྐྱེད་པ། མཆོད་པ་འབུལ་བ། སྡིག་པ་བཤགས་ཤིང་འཕགས་སྐྱེའི་དགེ་བ་ལ་ཡི་རང་བ། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་བ། དགེ་རྩ་ཡོངས་སུ་བསྔོ་བ་སྟེ་བདུན་རྣམ་དག་ཚུལ་བཞིན་དུ་མཛད་པའི་བློས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ སོགས་འགྲུབ་པར་ཤོག༔ བར་སྟ་གོན་གཞུང་གསལ་ལན་གསུམ། དེ་ནས་གསང་སྔགས་ཀྱི་ཆོ་ག་ཟབ་མོ་བསྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་བསྐྲད་ཅིང་། སྡིག་སྒྲིབ་སྦྱོང་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་ཁྲོ་བོའི་རྒྱལ་པོ་རྟ་མཆོག་གི་ཚོགས་གྲངས་མེད་པ་འཕྲོས་པས། ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་གནོད་ཅིང་དབང་གི་ཡེ་ཤེས་སྐྱེ་བ་ལ་བར་དུ་གཅོད་པའི་བགེགས་ཐམས་ཅད་རྒྱང་རིང་དུ་བསྐྲད་པར་མོས་ལ། རྟ་སྔགས་དང་ཧཱུྃ་བཞི་བརྗོད། གུལ་ཡུངས་རོལ་མོ་བཅས་པས་བསྐྲད། ཏིལ་དང་ཏིང་ལོ་འདུ་བྱས་ལ། བུ་ཡི་སྙིང་གར་པདྨ་དམར་པོའི་སྟེང༔ སོགས། མདུན་གྱི་ཏིང་ལོའི་མེ་པདྨ་དབང་ཆེན་གྱི་སྐུར་གསལ་བའི་ཞལ་དུ་བཞེས་པའི་མོས་པ་མཛོད༔ ཨཱོྃ་སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་སྭཱ་ཧཱ། ཕྱག་བཞེས་བཞིན་ལན་གསུམ་གྱིས་ཕུལ་མཐར་མེ་ལྷ་མི་དམིགས་པར་གཞག །བསྲུང་བར་བྱ་བའི་སླད་དུ་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་ཡི་གེས་མཚན་པའི་འོད་ཀྱིས་ལུས་ངག་ཡིད་གསུམ་བསྲུང་བར་མོས་ལ་འབྲུ་གསུམ་བརྗོད་པས་དྲིའི་ཐིག་ལེ་གནས་གསུམ་དུ་བཏབ། དེ་ལྟར་བྱས་པས་ཁྱེད་རང་རྣམས་སྐད་ཅིག་གིས་འཇིག་རྟེན་མགོན་པོ་རབ་དཀར་ཞལ་གཅིག་ཕྱག་གཉིས་པདྨ་དང་ཕྲེང་བ་འཛིན་པའི་སྐུར་གྱུར་པ་ལ། འདོད་ཡོན་ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་རྒྱན་དུ་ཤར་བའི་ཕྱིར་མཆོད་པས་མངའ་དབུལ་བར་མོས། ཨཱོྃ་བཛྲ་པུཥྤེ་ནས། ཤབྡ་ཨཱཿཧཱུྃ་གི་བར་བརྗོད་ཅིང་སྤོས་རོལ་བཅས་མཆོད། དེ་ནས་ལུས་ཀྱི་ལས་དང་ཤ་ཟོས་པའི་དྲི་མ་སྦྱོང་བའི་སླད་དུ་སོ་ཤིང་དོར་བའི་ཕྱིར་མཎྜལ་ཚོམ་བུ་ལྔ་པོ་རྒྱལ་བ་རིགས་ལྔའི་སྐུར་གྱུར་པ་ལ་མཆོད་ཅིང་བསྟོད་པར་མོས། ཨོཾ་བཛྲ་ཨརྒྷཾ་པུཥྤེ་ནས། ཤབྡའི་བར་གྱིས་མཆོད། ཆོས་སྐུ་ནམ་མཁའ་སོགས་ཀྱིས་བསྟོད། སོ་ཤིང་འདི་ཉིད་ཁྱེད་རང་རྣམས་ཀྱི་ལག་གཉིས་རྡོ་རྗེའི་ཐལ་མོ་སྦྱར་བའི་སོགས། སྐུ་རིམ་ལ་འབུངས་དགོས་པར་གསུངས་སོ། །དངོས་གྲུབ་ཀྱི་མཚན་མ་ལ་བར་དུ་གཅོད་པའི་ངག་གི་སྒྲིབ་པ་སྤྱི་དང་། ཁྱད་པར་སྔགས་མ་དག་པའི་ཉེས་པ་སྦྱོང་བའི་སླད་དུ། ལས་བུམ་ཆུ་དུང་ཞལ་དུ་བསྩལ་པའི་ཁྱོར་ཆུ་བཾ་ལན་བདུན་བརྗོད་པས་བྱིན་གྱིས་བརླབས་པ་འདིས་ལན་གསུམ་གྱི་བར་དུ་ཁ་བཤལ་ཞིང་ལྷག་མ་རྒྱབ་ཏུ་དོར་ཅིག །བཾ་དང་། ཨཱོྃ་ཧྲཱིཿསོགས། དངོས་གྲུབ་བསྒྲུབ་པ་ལ་བར་ཆད་མི་འཇུག་ཅིང་ཡིད་ཀྱི་སྒྲིབ་པ་སྤྱི་དང་། ཁྱད་པར་རྣམ་གཡེང་གི་དྲི་མ་སྦྱོང་བའི་ཕྱིར་རྡོ་རྗེའི་མདུད་པ་དང་ལྡན་པའི་སྲུང་སྐུད་སྐྱེས་པའི་དཔུང་པ་གཡོན་དང་། བུད་མེད་ཀྱི་གཡས་སུ་འཆིང་མཛོད། ཡིག་བཅུ་དང་རྟ་སྔགས་ལ་ཤམ་བུ་བཏགས་པའི་ཕུས་བཏབ་པའི་དཔུང་སྐུད་བཏགས་ཏེ། ཧཱུྃ་ཧྲཱི༔ ཡང་གསང་བླ་མེད་སོགས། དངོས་གྲུབ་ཀྱི་སྐལ་པ་རྨི་ལམ་གྱི་སྒོ་ནས་བརྟག་པ་ལ། རྨི་ལམ་གསལ་ཞིང་མི་འཁྲུགས་པའི་ཕྱིར་དྷཱིཿལས་བྱུང་བའི་ཀུ་ཤ་གཙང་མའི་ཆུན་པོ་ཆེ་བ་སྟན་དང་ཆུང་བ་སྔས་ཀྱི་དོན་དུ་ཟུངས་ཤིག །ཨེ་མ་སྐལ་ལྡན་སོགས། དེ་ལྟར་གཡས་གཡོན་དུ་སྦྱིན་པའི་ཀུ་ཤ་སྔས་དང་སྟན་དུ་ཟུངས་ལ། དོ་ནུབ་ཨོཾ་བཛྲ་ཏིག་ཎ་དྷཱི་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་ངག་ཏུ་བཟླ་བཞིན་ཡི་དམ་གྱི་ལྷ་དང་རྡོ་རྗེ་སློབ་དཔོན་ཡིད་ལ་བྱས་ཏེ་སེང་གེའི་ཉལ་སྟབས་ཀྱིས་ཉལ་བའི་རྨི་ལམ་གང་རྨིས་ན་ངེས་པར་སློབ་དཔོན་ལ་གཡོ་སྒྱུ་མེད་པར་སྨྲ་ཞིང་། དེས་ཀྱང་བཟང་ངན་ལུང་དུ་སྟོན་ཅིང་། ངན་ན་བར་ཆད་བསྲུང་ཞིང་སྒྲིབ་པ་སྦྱོང་བ་ལ་འབད་དགོས་པར་གསུངས་སོ། །དེ་རྣམས་ཀྱིས་སྔོན་འགྲོ་སྟ་གོན་གྱི་ཆོས་འཁོར་དང་བཅས་པ་ལེགས་པར་གྲུབ་ནས། དངོས་གཞིའི་དབང་ལའང་འཇུག་པ་དང་དངོས་གཉིས་ཀྱི། དང་པོ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་དྲུང་དུ་གདུང་ཤུགས་ལྡན་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱཻ༔ བླ་མ་རྡོ་རྗེ་འཛིན་པ་སོགས་སྟ་གོན་བཞིན་ལན་གསུམ། དེའི་ལན་གནང་བ་སྦྱིན་ཅིང་གདམས་ངག་འབོགས་པ་འདི་ལ་གསན་འཚལ། འོ་ན་ཁྱེད་རྣམས་སོགས། བཞུགས་པའི་མོས་པ་མཛོད་ལ༔ དེ་རྣམས་ཀྱི་སྤྱན་སྔར་ཐེག་པ་ཐམས་ཅད་ཀྱི་འཇུག་སྒོ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ན་མོ༔ བླ་མ་སངས་རྒྱས་སོགས་ཡང་གསང་སྒྲུབ་པའི་སྐྱབས་འགྲོ་ལན་གསུམ། ཐེག་ཆེན་ལམ་གྱི་རྩ་བ་སྨོན་འཇུག་དོན་དམ་པའི་བདག་ཉིད་ཅན་གྱི་བྱང་ཆུབ་མཆོག་གི་སེམས་གསུམ་བསྐྱེད་ལ་འདིའི་རྗེས་ཟློས། སྟ་གོན་ནང་གི །ཨེ་མ༔ སྔོན་ཆད་དུས་གསུམ་སོགས་ལན་གསུམ། དབང་གི་རྩ་བ་སྤྱིར་རྡོ་རྗེ་ཐེག་པའི་འདུལ་མདོ་སྔགས་ཀྱི་སྡོམ་པ་རྣམས་ཚུལ་བཞིན་བླངས་ནས་བསྲུང་སྙམ་པས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་སོགས་ལན་གསུམ། བྱེ་བྲག་ཐེག་ཆེན་སོ་ཐར་ཚིགས་གསུམ་གྱི་གཙོ་ཆེར་གཞན་གནོད་གཞིར་བཅས་སྤངས་ཤིང་། ལུས་ངག་གི་ཉེས་སྤྱོད་སྡོམ་པའི་བསླབ་པ་རྣམས་ལེགས་པར་བླང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། བླ་མ་སངས་རྒྱས་སོགས་ལན་གསུམ། ནང་ཐེག་ཆེན་ཐུན་མོང་བའི་སྨོན་སེམས་བསྐྱེད་པའི་དོན་ཐུགས་ལ་ངེས་པས་འདིའི་རྗེས་ཟློས། བླ་མ་རྩ་གསུམ་སོགས་ལན་གསུམ། སླར་ཡང་ཐེག་ཆེན་ཐུན་མོང་པའི་སྨོན་སེམས་སྔོན་དུ་འགྲོ་བས། འཇུག་པའི་སྤྱོད་པ་ལ་སློབ་པར་སེམས་བསྐྱེད་པ་འདིའི་རྗེས་ཟློས། སྔོན་བྱོན་དུས་གསུམ་སོགས་ལན་གསུམ། གསང་བ་ཁྱད་པར་གྱི་རིགས་ལྔའི་སྡོམ་པ་རྣམས་བླངས་ཤིང་། ཐུན་མོང་མ་ཡིན་པའི་སེམས་བསྐྱེད་པ་འདིའི་རྗེས་ཟློས། འདི་བཟུང་བྱང་ཆུབ་སོགས། དབང་གི་སྲོག་དམ་ཚིག་ལ་རག་ལས་པས། དེང་ཕྱིན་ཆད་ཁས་བླངས་པའི་གསང་བ་སྔགས་ཀྱི་སྡོམ་པ་དང་དམ་ཚིག་ས་མ་ཡ་འབུམ་སྡེ་རྣམས་མི་ཉམས་པར་བསྲུང་དགོས་ཤིང་། དེའི་དཔང་པོར་རྡོ་རྗེའི་དམ་ཆུ་སྦྱིན་པ་འདི་དམ་ཚིག་བསྲུངས་ན་ཡེ་ཤེས་སེམས་དཔར་གྱུར་ནས་དངོས་གྲུབ་སྦྱིན་པ་དང་། དེ་ལས་འདས་ན་རྡོ་རྗེ་སྲིན་པོར་གྱུར་ཏེ་སྲོག་གཅོད་ཅིང་ན་རཀ་ཏུ་འཕེན་པས་ཁེ་ཉེན་གྱི་དོན་གོ་བར་གྱིས་ཤིག །འདི་ནི་ཁྱོད་ཀྱི་དམ་ཚིག་སོགས་ཀྱིས་ནང་མཆོད་ཀྱི་བདུད་རྩི་སྦྱིན། སླར་ཡང་སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་སྤྱི་བོར་བཞག་ནས་དམ་ཚིག་སྤྱི་དང་། ཁྱད་པར་སློབ་དཔོན་གྱི་བཀའ་ལས་མི་འདའ་ཞིང་གསང་བའི་ཆོ་ག་སྣོད་མིན་ལ་མི་བསྒྲག་པར་གདམས་ཤིང་། གཡར་དམ་ལས་མི་འདའ་བར་ཚུལ་བཞིན་བསྲུང་དགོས་པར་གདམས་པ་སྟེ། ཧཱུྃ་ཧྲཱི༔ འདི་ནས་གཟུང་སྟེ་སོགས། སྔོན་ཆད་དཀྱིལ་འཁོར་དམ་པ་འདིར་མ་ཞུགས་པའམ་བསྐྱར་ནས་འཇུག་པའི་མཚོན་བྱེད་དུ་མིག་རས་འཆིང་ཞིང་། ལྷ་ཚོགས་མཇལ་བའི་ཕྱག་རྟེན་དུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་མེ་ཏོག་གི་ཕྲེང་བ་རེ་ཕྱག་ཏུ་ཐོགས་མཛོད། སྔགས་སྤྱི་འགྲོ། སྒོ་གསུམ་ཐ་མལ་པ་ལ་དབང་གི་ཡེ་ཤེས་མི་སྐྱེ་བས། དེའི་ཕྱིར་ལྷའི་རྣལ་འབྱོར་དུ་བསྐྱེད་ཅིང་ཡེ་ཤེས་ཀྱི་བྱིན་འབེབ་པ་ཡིན་པས་དམིགས་པ་འདི་བཞིན་ཡིད་རྩེ་གཅིག་པས་སྒོམས། ཨོཾ་ཨཱཿཧཱུྃ༔ ཞེས་བརྗོད་པས། སྐད་ཅིག་གིས་རྡོ་རྗེ་སློབ་དཔོན་འཕགས་མཆོག་ནམ་མཁའི་རྒྱལ་པོར་གསལ་བ་དང་། མདུན་བསྐྱེད་ཡི་དམ་སོགས། སློབ་བུ་ཁྱེད་རང་རྣམས་ལ་ཐིམས་པས་ལུས་ངག་ཡིད་གསུམ་འཕགས་པའི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་བྱིན་གྱིས་བརླབས་ཤིང་། ཡེ་ཤེས་པ་བདག་གི་རྒྱུད་ལ་འཕོས་པ་ཡིན་སྙམ་པའི་ངེས་ཤེས་དྲག་ཏུ་སྐྱེད་ཅིག །ཧཱུྃ་ཧྲཱི༔ རྒྱལ་བའི་ཞིང་མཆོག་སོགས་ཕྲིན་ལས་ལྟར་བྱིན་འབེབ་སྔགས་དང་སྤོས་རོལ་བསྒྲག །བརྟན་པར་བྱས་རྗེས། རིགས་བརྟག་པའི་སླད་དུ་མེ་ཏོག་དེ་ཉིད་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་རྟེན་དུ་འབུལ་ན། སྔོན་ནས་འབྲེལ་བའི་ལྷ་གང་ཡིན་པས་བཞེས་སུ་གསོལ་སྙམ་པའི་དམོད་བོར་ཞིང་ཚིག་འདིའི་རྗེས་ཟློས་དང་བཅས་དཀྱིལ་འཁོར་དུ་ཕུལ་མཛོད། ཨེ་མ་བླ་མ་སོགས། དེ་ལྟར་ཕུལ་པའི་མེ་ཏོག་གང་ལ་བབས་ཀྱང་ཁྱབ་བདག་ནམ་མཁའི་རྒྱལ་པོའི་ཡེ་ཤེས་ཀྱི་སྣང་ཆ་ལས་མ་འདས་པ་དེའི་ཕྱིར། ཁྱེད་རང་རྣམས་ཀྱི་ལྷག་པའི་ལྷར་ཇོ་བོ་སྤྱན་རས་གཟིགས་ཉིད་འཛིན་པ་དང་། མེ་ཏོག་དེ་ཉིད་སླར་ཡང་དབང་རྟགས་སུ་སོ་སོའི་སྤྱི་བོར་བཅིངས་པ་དང་ལྷན་ཅིག་གསང་བའི་མཚན་དུ་དཔལ་དགྱེས་པའི་པདྨ་རྩལ་ཞེས་བྱ་བ་སྦྱིན་པ་ཡིན་པས་དེ་ལྟར་དུ་ཟུངས་ཤིག །དེ་ནས་མིག་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱཻ༔ བླ་མ་ནམ་མཁའི་སོགས། དེ་ལྟར་གསོལ་བ་བཏབ་པའི་མཐུས་བླ་མས་གསེར་གྱི་ཐུར་མས་མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བར་མོས། ཁྱོད་ཀྱི་མ་རིག་མཐུག་པོ་ཡིས༔ བཀབ་པའི་མ་དག་ཆུ་བུར་མིག །ཐབས་ཤེས་རོལ་པའི་སོགས། གཅེས་པར་གྱིས༔ དེ་ལྟར་ཡེ་ཤེས་ཀྱི་སྣང་བ་གསར་དུ་ཐོབ་པ་ལ་བརྟེན་ནས་ཐ་མལ་གྱི་བཀོད་པ་མ་ཡིན་པའི་རང་བྱུང་རྒྱལ་བའི་དཀྱིལ་འཁོར་མངོན་སུམ་དུ་མཐོང་བར་གྱུར་པ་སྟེ། དེའང་མདུན་གྱི་དཀྱིལ་འཁོར་གྱི་དབུས་འདི་ན་པད་དཀར་ཟླ་བ་དྲི་མ་མེད་པའི་གདན་ལ། འཕགས་པ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་སོགས་ནམ་མཁའ་རྒྱལ་པོའི་གསང་སྒྲུབ་འཁོར་བ་དོང་སྤྲུག་གི་མངོན་རྟོགས་ཉིད་སོ་སོའི་བསྐྱེད་སྔགས་ཀྱི་ས་བོན་དོར་བའི། ཆུ་ཟླ་འཇའ་ཚོན་ལྟ་བུར་གསལ་བའི་བཞུགས་གནས་ཐར་པ་ཆེན་པོའི་ཕོ་བྲང་། གཞི་ལམ་འབྲས་བུའི་ཡོན་ཏན་རྒྱན་གྱི་རྣམ་པར་ཤར་བས་མཛེས་པར་བྱས་པའི་ཕྱི་རོལ་དུ་སྲུང་བའི་འཁོར་ལོ་སྟེ། རྟེན་དང་བརྟེན་པར་བཅས་པ་འདི་ནི་མཚོན་བྱེད་དཔེའི་དཀྱིལ་འཁོར་ཡིན་ལ། འདིས་མཚོན་པའི་མཚོན་བྱ་དོན་གྱི་ལྷ་ཚོགས་ཡེ་ནས་རང་ལ་རང་ཆས་སུ་བཞུགས་པ་སྟེ། རང་གཞུང་ལས། རང་རིག་ངོ་བོ་སྟོང་གསལ་འདི༔སོགས། ནམ་རྒྱལ་གསང་སྒྲུབ་འཁོར་བ་དོང་སྤྲུག་འདི་ཉིད་ཀྱི་རྫོགས་རིམ་མཇུག་ནས་འབྱུང་བ། མཁའ་འགྲོ་དམ་ཅན་རྒྱ་མཚོ་ཡིན༔ ཞེས་དང་། དེ་ལྟར་རང་རིག་དོན་གྱི་ལྷ། །ལུས་དཀྱིལ་རང་བྱུང་གཞལ་ཡས་ཁང་། །རྟོག་ཚོགས་ཆོས་ཉིད་རོལ་པའི་རྒྱན། །མ་བཙལ་གདོད་ནས་རང་ལ་རྫོགས། །དེ་རྟོགས་དོན་གྱི་དཀྱིལ་འཁོར་མཐོང་། །དབང་མཆོག་རྒྱལ་པོ་མ་བསྐུར་ཐོབ། །དཔེ་ལས་འདས་པའི་དོན་དམ་པའི། །དཀྱིལ་འཁོར་མཆོག་འདི་སུས་མཐོང་བ། །དེ་ཉིད་དུ་ནི་གྲོལ་འགྱུར་བས། །བསྐལ་པ་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་འདིར་རྙེད་པས། །དགའ་ཞིང་མཆོག་ཏུ་སྤྲོ་བ་སྐྱེད། །དེ་རྣམས་ཀྱིས་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། གཉིས་པ་ཞུགས་ནས་མངོན་པར་དབང་བསྐུར་བ་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱཻ༔ བླ་མ་འཕགས་མཆོག་སོགས། དངོས་གཞིའི་དབང་ལ་སྐུ་བུམ་དབང་། གསུང་གསང་དབང་། ཐུགས་ཤེར་ཡེའི་དབང་། སོ་སོར་རྗེས་འབྲེལ་དང་བཅས་པ། མཐའ་རྟེན་རྗེས་གནང་། སྙིང་པོ་དོན་གྱི་གཏོར་དབང་རྣམས་རིམ་པར་འབྱུང་བ་ལས། དང་པོ་སྐུ་བུམ་པའི་དབང་གི་སླད་དུ་འདི་ལྟར་གསལ་འདེབས་པ་ཞུ། ཐོག་མར་སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་དང་གཉིས་སུ་མེད་པས་ལས་ཐམས་ཅད་ཀྱི་བུམ་པས་ཁྲུས་བྱས་པས། སྒོ་གསུམ་ཆ་སྙོམས་དང་བཅས་པའི་དྲི་མ་ཉེས་ལྟུང་བག་ཆགས་དང་བཅས་པ་བཀྲུས་ཤིང་དག་པར་མོས། ལས་བུམ་ཐོགས་ལ། ཇི་ལྟར་བལྟམས་པ་སོགས། སྐུ་ཁྲུས་གསོལ༔ བུ་ཁྱོད་ལུས་ངག་ཡིད་གསུམ་སྒྲིབ་པ་ཀུན་དག་ཤོག༔ ཡིག་བཅུ་རྟ་སྔགས་ཁྲུས་སྔགས་སྦྲེལ་མ་བརྗོད་པས་ཁྲུས་བྱ་ཞིང་བླུད། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་གདན་གསུམ་ཚང་པའི་དབང་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་དང་། སློབ་དཔོན་དང་དཀྱིལ་འཁོར་པ་གཉིས་སུ་མེད་པས་རྣམ་རྒྱལ་བུམ་པའི་ཆུས་རྡོ་རྗེའི་གཏོར་བླུག་གི་ཆོ་ག་སྦྱིན་པར་མོས། ཧཱུྃ་ཧྲཱི༔ བཀྲ་ཤིས་བུམ་པ་སོགས་ཀྱིས་དབང་བསྐུར་ཞིང་བུམ་ཆུ་སྦྱིན། རྗེས་འབྲེལ་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བ་ནི། དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་རང་འདྲའི་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་བྱོན་ནས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས་ཏེ་དབྱེར་མེད་དུ་འདྲེས་པས། ལྷག་པའི་ལྷ་སྐུ་དང་གཉིས་སུ་མེད་པའི་ཡུལ་སྣང་སྟོང་རྡོ་རྗེའི་སྐུར་གྱུར་པར་མོས། འོག་གི །ཧཱུྃ་ཧྲཱི༔ སྐྱོན་གྱིས་མ་གོས་སོགས་ཕྱི་ནང་གསང་བ་ཡང་གསང་གཙོ་བོ་བཞིའི་ལྷ་དབང་བསྐུར་བས་དེ་ཐམས་ཅད་ཀྱི་དབང་བསྐུར་བའི་གོ་ཆོད་ཅིང་། གཞན་ལ་དབང་སོ་སོར་བསྐུར་ནའང་ཆོག་པའི་གནད་ཡོད་པར་སེམས། ཧཱུྃ་ཧྲཱི༔ དུས་གསུམ་རྒྱལ་བ་སོགས་ཡུམ་སྲས་ནས་ཐུབ་དྲུག་རྫོགས་པའི་བར་དང་། དེ་ནས་གོང་གི །ཧཱུྃ་ཧྲཱི༔ ཐོག་མེད་དུས་ནས་སོགས་སངས་རྒྱས་སྟོང་དབང་བསྡུས་པ། འོག་གི །ཧཱུྃ་ཧྲཱི༔ ལས་བཞི་སྒྲུབ་མཛད་སོགས་སྒོ་སྲུང་བཞིའི་དབང་བསྐུར། དེ་རྣམས་ཀྱིས་སྐུ་བུམ་པའི་དབང་རྗེས་འབྲེལ་དང་བཅས་པ་ཐོབ་པས། གཙོ་བོར་ལུས་ཀྱི་དྲི་མ་སྦྱོང་ཞིང་། ལམ་བསྐྱེད་རིམ་སྒོམ་པ་ལ་དབང་བར་བྱེད། འབྲས་བུ་མཚན་དཔེས་བརྒྱན་པའི་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་རྒྱུད་ལ་བཞག་པའོ། །གཉིས་པ་གསང་བའི་དབང་བསྐུར་བ་ནི། བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐབས་ཤེས་མཉམ་པར་རོལ་པའི་དཀར་དམར་འདྲེས་པའི་བདེ་རྒྱུན་ཐོད་པའི་བདུད་རྩི་དང་སྦྱར་པ་ལྗགས་ཐོག་ཏུ་བྱིན་པས་རྟོག་པ་མེད་པར་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་མོས་ལ་རོལ་ཅིག །འོག་ནས། ཧཱུྃ་ཧྲཱི༔ བྱང་སེམས་དཀར་དམར་སོགས་ཀྱིས་བདུད་རྩི་སྦྱིན། རྗེས་འབྲེལ་བཟླས་པའི་ལུང་དབང་སྦྱིན་པའི་སླད་དུ་འཕགས་པའི་ལྷ་ཚོགས་ཀྱི་གསུང་ཡི་གེའི་འཁོར་ལོ་དང་གཉིས་སུ་མེད་པའི་སྔགས་ཀྱི་ཕྲེང་བ་མགྲིན་པར་བཞག་པས། གཡོ་རྩོལ་རླུང་གི་བྱེད་པ་ཐམས་ཅད་རྡོ་རྗེའི་གསང་སྔགས་ཆུ་བོའི་རྒྱུན་ལྟར་འཆར་བའི་དབང་ཐོབ་པས་ལྷག་པའི་ལྷའི་གསུང་དང་གཉིས་སུ་མེད་པའི་གྲགས་སྟོང་རྡོ་རྗེའི་གསུང་འགྲུབ་པར་མོས། ཨེ་མ་སྐལ་ལྡན་སོགས། ལྷ་ཞལ་མཇལ༔ ཕྲེང་བ་མགྲིན་པར་བཞག་ཅིང་ལག་ཏུ་གཏད། ཡིག་བཅུ་དང་དབྱངས་གསལ་རྟེན་སྙིང་རྣམས་བརྗོད། དེ་རྣམས་ཀྱིས་གསུང་གསང་བའི་དབང་རྗེས་འབྲེལ་དང་བཅས་པ་ཐོབ་པས། གཙོ་བོར་ངག་གི་དྲི་མ་སྦྱོང་ཞིང་། ལམ་བསྙེན་སྒྲུབ་ཀྱི་བཟླས་བརྗོད་ལ་དབང་བར་བྱེད། འབྲས་བུ་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་སྐལ་པ་རྒྱུད་ལ་བཞག་པའོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། དཀྱིལ་འཁོར་པའི་ཡུམ་ལས་གཟུགས་དང་ལང་ཚོའི་མཛེས་པ་ཕུལ་དུ་ཕྱིན་པའི་ཤེས་རབ་མ་གསང་བ་ཡེ་ཤེས་ཀྱི་རང་བཞིན་ཅན་ཁྱེད་རང་རྣམས་ལ་སོ་སོར་སྤྲོས་ཏེ་བྱིན་པ་དང་། འདུ་ཤེས་གསུམ་ལྡན་གྱི་རྣལ་འབྱོར་དང་ལྡན་པས་རོལ་ནས་རྒྱུ་དང་འབྲས་བུའི་དགའ་བཞི་ཉམས་སུ་བསྟར་བར་མོས། གོང་གི །ཧཱུྃ་ཧྲཱི༔ ཐབས་ཤེས་གཉིས་མེད་རྟགས་ཀྱི་རྒྱ༔ སོགས། ཨ་བྷི་ཥིཉྩ་མཱཾ༔ དེ་ལྟར་དཔེ་ཡི་ཡེ་ཤེས་ཀྱིས་མཚོན་པའི་རང་བྱུང་ལྷན་ཅིག་སྐྱེས་པའི་དོན་གྱི་ཡེ་ཤེས་ཅར་ཕོག་ཏུ་ངོ་སྤྲོད་པའི་ཕྱིར། རྗེས་འབྲེལ་རིག་པ་རྩལ་གྱི་དབང་བསྐུར་བ་ནི། འོག་གི །ཆོས་ཉིད་བྱང་ཆུབ་ཀྱི་སེམས་སོགས། ཚིགས་པ་གསུམ་དང་ལྡན་པ༔ འདི་ཉིད་སྙིང་གར་གཏད་ཅིང་དབང་བསྐུར་བས། འཁོར་འདས་གཉིས་མེད་མཉམ་ཡངས་རོལ་པ་ཆེན་པོའི་ཡེ་ཤེས་སུ་རྫོགས་པའི་དོན་ཤེས་པར་མཛོད་ཅིག །ཆོས་དབྱུག་སྙིང་གར་བཙུགས་ལ། ཧཱུྃ་ཧྲཱི༔ རང་བྱུང་ཆོས་སྐུ་སོགས། ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་རྗེས་འབྲེལ་དང་བཅས་པ་ཐོབ་པས། གཙོ་བོར་ཡིད་ཀྱི་དྲི་མ་སྦྱོང་ཞིང་། ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་མཉམ་རྗེས་དབྱེར་མེད་དུ་སྒོམ་པ་ལ་དབང་བར་བྱེད། འབྲས་བུ་བདེ་སྟོང་ཟུང་འཇུག་ལྷག་པའི་ཆོས་སྐུ་ཆེན་པོ་འགྲུབ་པའི་སྐལ་པ་རྒྱུད་ལ་བཞག་པའོ། །བཞི་པ་མཐའ་རྟེན་སྐུ་གསུང་ཐུགས་ཀྱི་རྗེས་གནང་རྣམས་རིམ་པར་སྦྱིན་པའི། དང་པོ་སྐུ་བསྐྱེད་པའི་རྗེས་སུ་གནང་བ་ནི། མེ་ལོང་དྭངས་གསལ་གྱི་ངོས་སུ་ཤར་བ་ནམ་མཁའི་རྒྱལ་པོའི་ལྷ་སྐུ་གསལ་སྟོང་འཛིན་མེད་དངོས་བྲལ་རང་བྱུང་གི་བསྐྱེད་རིམ་འདི་ལྟ་བུས། ཁམས་གསུམ་མ་སྟོངས་ཀྱི་བར་དུ་ཐུགས་རྗེ་ཆེན་པོའི་སྐུའི་ཕྲིན་ལས་ཀྱི་སྒོ་ནས་འགྲོ་བའི་དོན་གྱིས་ཤིག །ལྷ་དབང་མཇུག་གི །ཨེ་མ་སྐལ་ལྡན་རིགས་ཀྱི་བུ་མཆོག་རྣམས༔ འཕགས་མཆོག་ནམ་མཁའི་སོགས་སྔགས་བཅས་ཀྱིས་སྐུ་མེ་ལོང་དུ་ཤར་བ་མིག་ལམ་དུ་བསྟན། གཉིས་པ་གསུང་སྔགས་ཀྱི་རྗེས་སུ་གནང་བ་ནི། འཕགས་པའི་ཕྲིན་ལས་འདུས་པ་གསུང་གསང་སྔགས་ཡི་གེ་བཅུ་པའི་རྣམ་པར་ཤར་བའི་བྱང་བུ་མགྲིན་པར་བཞག་ཅིང་ལག་ཏུ་གཏད་པས། བརྟན་གཡོའི་སྒྲ་སྐད་ཐམས་ཅད་རང་བྱུང་འཕགས་པའི་གསུང་གི་རང་གདངས་སུ་ཤར་བའི་བྱེད་ལས་ཀྱིས་ཁམས་གསུམ་འཁོར་བ་མ་སྟོངས་ཀྱི་བར་དུ་ཐུགས་རྗེ་ཆེན་པོའི་གསུང་གི་ཕྲིན་ལས་ཀྱི་སྒོ་ནས་འགྲོ་བའི་དོན་གྱིས་ཤིག །གསུང་དབང་མཇུག་གི །ཧཱུྃ་ཧྲཱི༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ གསུང་མཆོག་ཡིག་འབྲུ་སོགས། གསུམ་པ་ཐུགས་ཏིང་ངེ་འཛིན་གྱི་རྗེས་གནང་ནི། འཕགས་པའི་ཐུགས་རྗེའི་རྩལ་ལས་ཤར་པ་རང་བྱུང་རྡོ་རྗེ་སེམས་དཔའི་མེ་ལོང་གི་བརྡས་མཚོན་ཏེ། དབྱིངས་རང་བྱུང་གདོད་ནས་དག་ཅིང་དྲི་མ་མེད་པའི་གདངས་འགག་མེད་ཅིར་ཡང་འཆར་བ། ཤར་ཙམ་ཉིད་ནས་དངོས་པོར་གྲུབ་པ་མེད་པའི་ངོ་བོ་སྟོང་པ་ཉིད་གང་ནས་ཀྱང་མ་འོངས། གང་དུའང་མི་གནས། གང་དུའང་མི་འགག་པའི་ཤར་གྲོལ་དུས་མཉམ་དབྱིངས་རིག་དབྱེར་མེད་ཁྱབ་བརྡལ་ཆེན་པོའི་དགོངས་པ་ལས་མི་འདའ་བའི་ངང་ནས། དམིགས་པ་མེད་པའི་སྙིང་རྗེས་འཁོར་བ་མ་སྟོངས་ཀྱི་བར་དུ་ཐུགས་རྗེ་ཆེན་པོའི་ཐུགས་ཀྱི་ཕྲིན་ལས་ཀྱི་སྒོ་ནས་འགྲོ་བའི་དོན་གྱིས་ཤིག །རྩལ་དབང་མཐའི། ཨེ་མ་སྐལ་ལྡན་རིགས་ཀྱི་བུ་མཆོག་རྣམས༔ ལྟོས་ཤིག་གསལ་སྟོང་ཤེལ་རྡོ་སོགས། རྗེས་གནང་དམ་པའོ༔ སླར་ཡང་སྙིང་པོ་དོན་གྱི་གཏོར་དབང་དང་འབྲེལ་བའི་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ནི། གཏོར་སྣོད་ཆོས་དབྱིངས་ཡངས་པའི་གཞལ་ཡས་ཁང་དུ་གཏོར་མ་འགྲོ་འདུལ་འཕགས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀྲ་ལམ་མེར་བཞུགས་པ་འདི་ཉིད། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་བཞག་པས། འཕགས་པའི་སྐུ་དང་གཉིས་སུ་མེད་པར་ལྷུན་གྱིས་གྲུབ་པས་འགྲོ་བ་འདུལ་བའི་མཐུ་དབང་ཆེན་པོ་རྩལ་སྤྲུགས་སུ་ཐོབ་པར་མོས་ཤིག །གོང་གི་བུམ་དབང་འཕྲོས་ཀྱི། ཧཱུྃ་ཧྲཱི༔ གཏོར་སྣོད་བྷནྡྷ་ཆོས་དབྱིངས་སོགས། སྐྱེ་མེད་དབྱིངས་ཀྱི་ཕོ་བྲང་རང་བྱུང་པདྨ་བྷཉྫའི་གཞལ་ཡས་ཁང་དུ་འགྲོ་འདུལ་འཕགས་པའི་ལྷ་ཚོགས་བཞུགས་པའི་སྐུ་ལས་གཉིས་མེད་བདེ་ཆེན་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་བབས་པས། ཁྱེད་རང་རྣམས་ཀྱི་མགྲིན་པ་ནས་བརྒྱུད་ལུས་ཀྱི་རྩ་གནས་ཐམས་ཅད་ལ་ཁྱབ་ཅིང་། རླུང་སྔགས་བདེ་སྟོང་རོལ་པའི་ཏིང་འཛིན་གྱིས་འཁོར་བ་དོང་ནས་སྤྲུག་པའི་ནུས་རྩལ་རྫོགས་པར་མོས། ཧཱུྃ་ཧྲཱི༔ སྐྱེ་མེད་བྷནྡྷའི་སོགས་ཀྱིས་བདུད་རྩི་མགྲིན་པར་བཞག་ཅིང་ལྕེ་ལ་བཞག །རང་བྱུང་གི་མན་ཤེལ་དབྱིངས་སྟོང་པ་ཉིད་འོད་གསལ་གྱི་གཞལ་ཡས་ཁང་དུ་རིག་པ་དངོས་མེད་འཛིན་བྲལ་བདེ་བ་ཆེན་པོའི་འོད་སྐུ་སྤྲོས་པའི་མཚན་མས་ཡེ་ནས་མ་གོས་པའི་གནས་ལུགས་ཀ་དག་བློ་འདས་ཀྱི་ཡེ་ཤེས། རང་ཆས་སུ་བཞུགས་པའི་དགོངས་པ་ནང་གསལ་ཐིམ་ལ་མ་རྨུགས་པའི་ཡེ་ཤེས་ཆོས་སྐུའི་གོ་འཕང་མངོན་དུ་གྱུར་ནས། ཕྱིར་གསལ་སྐུ་དང་ཞིང་ཁམས་འགག་པ་མེད་པའི་ཕྲིན་ལས་ཀྱིས་འགྲོ་ཁམས་མ་སྟོངས་ཀྱི་བར་དུ་དུས་གསུམ་རྒྱུན་གྱིས་རྟག་པའི་ཕྲིན་ལས་ལ་འབད་རྩོལ་མེད་པར་འཇུག་པའི་དོན་ཤེས་པར་གྱིས་ལ་ཉམས་སུ་ལོངས་ཤིག །ཧཱུྃ་ཧྲཱི༔ ཆོས་དབྱིངས་སྟོང་གསལ་སོགས། དེ་ལྟར་དབང་མཆོག་དམ་པ་ཡོངས་སུ་རྫོགས་པས་འགྲོ་བ་འདྲེན་པའི་དེད་དཔོན་དུ་གྱུར་པ་ལ་རྒྱལ་སྲིད་རིན་པོ་ཆེ་རྣམ་པ་བདུན་དང་། བཀྲ་ཤིས་པའི་རྟགས་བརྒྱད་དང་རྫས་བརྒྱད་རྣམས་མདུན་དུ་བརྡར་ནས་ཆོས་ཀྱི་རྒྱལ་ཚབ་ཆེན་པོར་མངའ་གསོལ་བར་མོས། སྤྱི་འགྲོའི་ཚིགས་བཅད་ཀྱིས་སྦྱིན། རྗེས་དམ་ལ་གཞག་པའི་སླད་དུ་བདུད་རྩི་ལྕེ་དང་དམ་ཚིག་རྡོ་རྗེ་སྤྱི་བོར་བཞག་པས་མནའ་བསྒགས་ཤིང་། དམ་ཚིག་གི་རིམ་པ་སྲོག་ལས་གཅེས་པར་བསྲུང་དགོས་པར་གདམས་པ་ལགས་པས་དོན་མ་བརྗེད་པར་མཛོད། འོག་གི །ཨེ་མ༔ སྐལ་ལྡན་རིགས་ཀྱི་སོགས། སྙིང་ལ་བོར་ཅིག་བཛྲ་ས་མ་ཡཱ༔ དེ་ནས་དམ་ཚིག་བསྲུང་ཚུལ་གྱི་གལ་མདོ་བསྟན་པ་འདི་ལ་གསན་པས་ཁྱབ་པར་གདའ། ཨེ་མ་ཉོན་ཅིག་སོགས། མི་ཟད་པ་རྒྱན་གྱི་འཁོར་ལོ་རིན་པོ་ཆེ་ལ་ལོངས་སྤྱོད་པར་འགྱུར་བས། ཇི་སྐད་བཤད་པའི་དམ་ཚིག་གི་རིམ་པ་རྣམས་བསྲུང་བ་ལ་སྤྲོ་ཞིང་གུས་པའི་ཡིད་ཀྱིས་འདི་ཉིད་ལྷག་པའི་ལྷར་བཟུང་བའི་ཕན་ཡོན་ནི། གཞུང་ལས། ཡང་གསང་བླ་མེད་ནམ་མཁའི་རྒྱལ་པོ་ཡི༔ སོགས་སྒྲུབ་ཐབས་ན་རཀ་དོང་སྤྲུག་མཐའ་བཞིན། ཚེ་འདིར་མཆོག་ཐུན་དངོས་གྲུབ་བརྙེས་པར་འགྱུར༔ ཞེས་གསུངས་པས། འཕགས་པ་ཉིད་ལས་གཞན་ལ་རེ་ལྟོས་མི་འཆའ་ཞིང་། བསྐྱེད་སྔགས་རྫོགས་དང་རྫོགས་པ་ཆེན་པོའི་དོན་ཉམས་སུ་ལེན་ཞིང་། དམ་ཚིག་མཐའ་དག་བསྲུང་སྡོམ་ཚུལ་བཞིན་བགྱིད་དགོས་པས་དེ་ལྟའི་གཡར་དམ་བླངས་ཏེ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། དབང་གི་དམ་བསྒྲག་གོང་གི །འོ་ན་དེ་རྣམས་ཀྱིས་འཕགས་མཆོག་ནམ་མཁའི་རྒྱལ་པོའི་དཀྱིལ་འཁོར་དུ་དབང་བཀའ་ཟབ་མོ་ཐོབ་པའི་སོགས། འགྲུབ་པར་འགྱུར༔ ཞེས་གསུངས་པ་བཞིན་དངོས་འབྱོར་ཡིད་སྤྲུལ་གྱི་མཎྜལ་ཞིག་གནང་བ་ཞུ། གཞན་ཡང་ལུས་ལོངས་སྤྱོད་སོགས་སྤྱི་ལྟར་དང་། ཆོ་གའི་རྗེས་ནི། ཚོགས་ལ་རོལ་ཞིང་ལྷག་མ་བསྔོ་བ་ཡང་གསང་བླ་སྒྲུབ་བཞིན་ནམ། ཡང་ན་བཙོག་ལྷག་གཙང་ལྷག་གིས་བསྣན་པར་སྨན་རཀ་སྦྲེང་ཞིང་ཞལ་ཆབ་བྲན་ལ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཕཻཾ་ཕཻཾ། དཀྱིལ་འཁོར་ཆེན་པོའི་མཐའ་ཉུལ་པའི། །ཕོ་ཉ་དབང་ཕྱུག་འབར་མའི་ཚོགས། །འདོད་ཡོན་རྒྱ་མཚོའི་ལྷག་གཏོར་བཞེས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་མཛོད། །ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི། ཞེས་ལྷག་གཏོར་འབུལ། ཕྲིན་ལས་རང་གཞུང་ལྟར་བསྐུལ་བ་གྱེར་ལ་སྲུང་མའི་མཆོད་གཏོར་ཕྱིར་དཔགས། གོང་བཞིན་མཆོད་བསྟོད་བྱས་ལ། དངོས་གྲུབ་བླངས་ཤིང་། ནོངས་བཤགས། མདུན་བསྐྱེད་རྟེན་ལ་བརྟན་བཞུགས་སྤྱི་ལྟར་དང་། བདག་བསྐྱེད་ཧཱུྃ་གསུམ་གྱིས་འོད་གསལ་དུ་བསྡུ། ཕཊ་གསུམ་གྱིས་སྒྱུ་མའི་ལྷ་སྐུར་ལྡང་། གཞུང་གསལ་བཀྲ་ཤིས་བསྔོ་སྨོན་གྱིས་མཐའ་བརྒྱན་པས་གྲུབ་བོ།། །། ༈ ཀུན་གཟིགས་ལྔ་པ་རྡོ་རྗེ་ཐོགས་མེད་རྩལ་གྱི་དག་སྣང་རྒྱ་ཅན་ཉེར་ལྔའི་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་ལྷ་དགུའི་དབང་གི་ཆོ་ག་འཕགས་མཆོག་དགྱེས་པའི་འཇུག་ངོགས་ལྟར་དབང་སྒྲུབ། སྒོ་ཞུས། དབང་དངོས། རྗེས་ཆོག་བཅས་བྱའོ།། །། ༈ སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་གནམ་ཆོས་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་དབང་ཆོག་ལྟར་དབང་སྒྲུབ། དབང་དངོས། རྗེས་གནམ་ཆོས་སྤྱི་འགྲོའོ།། །། ༈ གར་དབང་རྡོ་རྗེ་ཟླ་བ་རྒྱལ་མཚན་གྱི་ཐུགས་རྗེ་ཆེན་པོ་རྩ་གསུམ་སྙིང་ཐིག་དབང་གི་ཆོག་བསྒྲིག་བྱིན་རླབས་རྒྱུན་འབེབ་ལྟར་དབང་སྒྲུབ་ཀྱི་བུམ་བཟླས་གྲུབ་མཚམས། ཚེ་སྒྲུབ་བསྡུ་ན། བདག་མདུན་བུམ་ལྷ་དང་བཅས་པ་ཐམས་ཅད་ཀྱི་ཕྱག་གཡས་མདའ་དར་དང་གཡོན་ཚེའི་བུམ་པ་བསྣམས་པར་གསལ་བའི། ལྷ་ཚོགས་རྣམས་ཀྱི་ཐུགས་ཀའི་འོད་ཟེར་གྱིས་སོགས་ཚེ་སྒྲུབ་དབང་ཆོག་ནང་གསལ་གྱི་དམིགས་བཟླས། ཚེ་འགུགས། སྟོང་ཚིགས། བུམ་ལྷ་འོད་ཞུ། ལས་བུམ་བསྐྱེད་བཟླས་སོགས་བྱ། དངོས་གཞིའི་ཡིག་བཅུའི་དབང་གི་སྐབས་འབྲུ་གསུམ་དབང་བསྐུར་རྗེས། ཧྲཱིཿ མཁའ་ཁྱབ་ཡེ་ཤེས་ལྷུན་འབྱམས་ཡངས་པ་ལ། །བྱ་རྩོལ་མེད་པ་རིག་པའི་ཐིག་ལེར་ཤར། །རང་བྱུང་ཡི་གེ་ཧྲཱིཿཡིས་དབང་བསྐུར་བས། །བདེ་གཤེགས་ཡོངས་འདུས་དབང་མཆོག་ཐོབ་པར་ཤོག །ཧྲཱིཿ འདིར་གཞུང་ཚིག་ལས་ཆད་པས་དངོས་རྙེད་ན་འདི་འདྲ་ཕྱིས་ཏེ་དངོས་བཞུགས་སུ་གསོལ་ཞིང་། རྩ་དབང་གྲུབ་རྗེས། དབང་ཆོག་ཚེ་དཔལ་ལྷུན་གྲུབ་ལྟར་ཚེ་སྒྲུབ་ཡིད་བཞིན་ལྷུན་གྲུབ་ཀྱི་དབང་སྦྱར། རྗེས་ཆོག་བཅས་བྱའོ།། །། ༈ ཨོ་རྒྱན་གཏེར་བདག་གླིང་པ་པདྨ་གར་དབང་འགྱུར་མེད་རྡོ་རྗེའི་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་དབང་ཆེན་སྐབས་ལྷ་བུམ་སོགས་སྟ་གོན་རྒྱས་པ་དབང་གི་རྣམ་བཤད་པདྨ་འགྱུར་མེད་རྒྱ་མཚོའི་གསུང་ལས་འབྱུང་བ་བཞིན་དང་། མདོར་བསྡུས་ལྟ་བུར་སྒྲུབ་ཐབས་ཟབ་ལམ་གསལ་བའི་ཉིན་བྱེད་ཀྱི་སྐྱབས་སེམས་ནས་གཟུང་སྔོན་འགྲོའི་རིམ་པ་དང་། དངོས་གཞི་ཏིང་འཛིན་གསུམ་ནས་བཞུགས་ཕྱག་མཐའ་བར་དཀྱུས་བཞིན་དང་། མཆོད་ཕྲེང་གཞན་རྣམས་དོར་ཏེ། ཨོཾ༔ ཀུན་བཟང་རྣམ་རོལ་སོགས། སརྦ་པཱུ་ཛ་ཧོ༔ བར་དང་། བསྟོད་པ་ནས་བཟླས་པའི་མཐའ་བར་གཏང་། དཀྱིལ་འཁོར་གྱི་གཞིར་ས་ལྷའི་དཀར་གཏོར། གསེར་སྐྱེམས་རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲངས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་ཀྱིས་གཏོར་མ་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བས་གནང་བ་བྱིན་པར་བསམས། སླར་ཡང་བདག་ཉིད་ལས་ཀྱི་ཧེ་རུ་ཀཿརྟ་མཆོག་དབང་གི་སྐུར་གསལ་བའི་ཐུགས་ཀ་ནས་སྤྲུལ་པའི་ཁྲོ་བོའི་སྤྲིན་སྤྲོས་པས། བགེགས་ཀྱི་ཚོགས་ཚར་བཅད་ནས་ཚུར་འདུས་པ་རྡོ་རྗེ་སྲུང་འཁོར་མེ་རི་དང་བཅས་པ་རྔམ་དྲག་བརྟན་པས་མཚམས་བཅིངས་པར་གྱུར་པར་བསམ་ལ། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧཱུྃ། ཞེས་དང་། ཨོཾ་བཛྲ་རཀྵ་ཀུ་རུ་ཧཱུྃ། ཞེས་བརྗོད། བདུད་རྩི་ལྔ་དང་དྲི་བཟང་གི་ཆུས་དཀྱིལ་འཁོར་གྱི་གཞིར་ཆག་ཆག་གདབ་ཅིང་། ཨོཾ་སྭ་བྷཱ་ཝ་སོགས་ཆོས་ཉིད་རྣམ་པར་དག་པའི་སྔགས་ཀྱིས་སྦྱང་། ལྷ་སྟ་གོན་ནི། མཎྜལ་གཙང་མའི་ངོས་གཙོ་བོའི་ལྷ་གནས་སུ་དྲིའི་ཐིག་ལེ་གྲུ་བཞི། འཁོར་གྱི་གནས་སུ་ཟླུམ་པོ་རེ་སྟེ། དབུས་སུ་གཙོ་བོ། དེ་རྒྱབ་བཞི་རིམ་གཉིས་བཅས་དང་། ཡིག་བཅུ་ལ་འཁོར་གྱི་སྙིང་པོ་འབྲུ་བཅོ་ལྔ་པ་བཏགས་པ་བཟླ་བཞིན་མེ་ཏོག་གི་ཚོམ་བུ་གཙོ་འཁོར་གྱི་རྣམ་པ་ཕྱེད་པ་ལྷ་གནས་མ་འཆོལ་བར་བཀོད་པའི་མཐར། ཉེར་སྤྱོད་སྨན་རཀ་གཏོར་གསུམ་བཤམས། མཆོད་བརླབ་ནས་བསྟོད་པའི་མཐའ་བར་བདག་བསྐྱེད་སྐབས་བཞིན་ཆོ་ག་མཐར་ཆགས་སུ་གཏང་། བུམ་པ་སྟ་གོན་ནི། རྣམ་རྒྱལ་དང་ལས་ཐམས་ཅད་པའི་བུམ་པར་སུམྦྷ་ནི་བརྗོད་བཞིན་གུ་གུལ་བདུག་ཅིང་ཡུངས་དཀར་གྱིས་བྲབ་པས་བགེགས་བསལ། ཨོཾ་བཛྲ་ཤི་ཁ་རེ་དུ་ཊ་མ་ཊ་དི་ཤཱིབྷནྡྷ་བྷནྡྷ་ཧཱུྃ་གིས་མགུལ་ཆིངས་དམར་པོ་གཉིས་དཀྲི། ཨོཾ་ཏཔྟེ་ཏཔྟེ་མ་ཧཱ་ཏཔྟེ་སྭཱ་ཧཱས་དྲི་བཟང་གི་ཆུས་སུམ་གཉིས་དགང་། ཨོཾ་ཛྙཱ་ན་པཉྩ་ཨ་མྲྀཏ་སརྦ་སིདྡྷི་ཧཱུྃ་གིས་ལྔ་ཕྲག་བདུན་བླུགས། ཨོཾ་བཛྲ་མངྒ་ལཾ་སྭསྟིས་ཁ་རྒྱན་བཏགས། ཨོཾ་བཛྲ་ས་ཏི་ཀ་པ་ར་ལི་སི་ཏི་ཨོཾ་ཨཱཿཧཱུྃ་གིས་གཟུངས་ཐག་བཏགས། རྣམ་བུམ་ཁྲིའུར་བཞུགས་པའི་མཐའ་ཉེར་མཆོད་རྣམས་ཀྱིས་བསྐོར། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་བྷྲཱུྃ་ཞེས་པའི། །གདངས་ལས་ཡེ་ཤེས་རིན་པོ་ཆེའི། །བུམ་པ་མཚན་ཉིད་ཡོངས་རྫོགས་ནང་། །བཅོམ་ལྡན་ཐུགས་རྗེའི་ལྷ་ཚོགས་རྣམས། །སྣང་སྟོང་ཆུ་ཟླ་ལྟ་བུར་གསལ། །གནས་གསུམ་རྡོ་རྗེའི་འབྲུ་གསུམ་ལས། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་བསྟིམ། །བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ མཆོད་རྫས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས་ཏེ། ཨོཾ༔ ཀུན་བཟང་རྣམ་རོལ་སོགས་ཀྱིས་གོང་བཞིན་མཆོད། བསྟོད་པ། ཧྲཱི༔ ཁྱབ་བརྡལ་བདེ་ཆེན་སོགས་ཐོག་མ་དང་། ཐོག་མཐའ་མེད་པའི་སོགས་ཐ་མ་སྟེ་ཤློ་ཀ་གཉིས་ཀྱིས་བསྟོད། པད་ཀོར་བཅས་གཟུངས་ཐག་འབུལ་ལེན་བྱས་ལ། རང་སྲོག་སྔགས་ཀྱི་སོགས་གཞུང་གསལ་བུམ་བཟླས་དང་། ལས་བུམ་བསྐྱེད་བཟླས་མཐར་བུམ་ལྷ་འོད་ཞུ་བྱ། དཀྱིལ་འཁོར་ཡོལ་བས་བསྒྲིབ། སྤྲོས་བཅས་བུམ་དབང་གི་མཚམས་སྦྱོར་ངག་འདོན་སྐལ་ལྡན་ཀུན་དགའ་ལྟར་སློབ་མ་སྟ་གོན་གྲུབ་པ་དང་། སྤོས་དྲིལ་བཅས་དེར་གསལ། ཨོཾ༔ བདེ་གཤེགས་ཀུན་འདུས་སོགས་ཀྱིས་སྙན་གསན་དབབ། ཨོཾ་བཛྲ་ཨུཏྟིཥྛ་ཞེས་དང་རྡོ་རྗེ་འདེགས་པའི་རྒྱས། སྟ་གོན་གྱི་ལྷ་མདུན་མཁར་འོད་ཀྱི་གུར་ཁང་དུ་བཞུགས་པར་དམིགས། དངོས་སྟ་ཞག་གིས་ཆོད་ན། སླར་སྟ་གོན་གྱི་ལྷར་མཆོད་བསྟོད་རྗེས་ལྷ་བཏེགས་ནས་ཡིག་བརྒྱ་ལན་གསུམ་གྱིས་ནོངས་བཤགས་དང་བརྟན་པར་བྱས། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན་ཤིས་བརྗོད་བཅས་བྱའོ། །ནངས་པར་ཚིག་བདུན་ནས་བརྩམ་ཕྲིན་ལས་གཞུང་བསྲངས་ལ་བདག་མདུན་དབྱེར་མེད་དང་། བུམ་བཟླས་འོད་ཞུ་མཆོད་བསྟོད་རྣམས་དང་། སྲུང་མ་སྤྱི་དང་བྱེ་བྲག་གི་གཏོར་ཆོག་སོགས་ཚོགས་བསྒྲལ་བསྟབ་མཐར། བདག་འཇུག་རྒྱས་བསྡུས་སྐབས་དང་སྦྱར་རོ། །ཡང་མགྱོགས་དབང་ལྟ་བུར་སྟ་གོན་གྱི་ལྷ་བཏེགས་ཟིན་པ་དང་། ཚོམ་བུ་བསྡུས་ལ་རས་བྲིས་བཀྲམ། དབང་རྫས་མཆོད་གཏོར་སོགས་བཀོད་ལེགས་སུ་བཤམས། ཕྲིན་ལས་ཀྱི་བྱིན་འབེབ་ནས་བརྩམ་བདག་མདུན་དབྱེར་མེད་ཀྱི་བསྐྱེད་བསྟིམ་སོགས་ནས། མཆོད་ཕྲེང་རྒྱས་པ། བསྟོད་པའི་རྗེས་ཛཔ྄་ཁང་ཕྱེས་ནས་བསྙེན་པ། བདེ་ཆེན་བཟླས་པ་བཅས་གྲུབ་ནས། སྤྲོ་ན་བུམ་བཟླས་ཁྱུགས་ཙམ་མམ་མ་བྱས་ཀྱང་གོང་དུ་སོང་བས་འཐུས། འོག་གི་གར་དབང་ཚེ་དཔག་མེད་ཀྱི་དབང་ཟུར་དུ་སྒྲུབ་བསྐུར་བགྱིས་པ་ལེགས་མོད་ཀྱང་། འདིར་དྲངས་ན་སྟབས་བདེ་བས། དེ་ལྟར་ན་པདྨ་གར་དབང་ཚེ་དཔག་ཏུ་མེད་པ་ཕྱི་ལྟར་སྒྲུབ་པ་ཚེ་དབང་དང་བཅས་པ་བདུད་རྩིའི་ཆར་འབེབ་ལྟར་དབང་སྒྲུབ་ཚེ་འགུགས་བསྟིམ་སྦ་བ་བཅས་འདིར་སྦྱར། སྲུང་མ་སྤྱི་དང་། བྱེ་བྲག་བཀའ་སྲུང་ལྷ་ཆེན་གྱི་རྗེས་གནང་འདིར་སྦྱར་ན་བདེ་བས་དེའི་མཆོད་གཏོར་འབུལ་བའི་ངག་འདོན་གྱི་རིམ་པ་བཞིན་མཆོད་བརླབ་ནས་གཏེར་གཞིའི་མཇུག་བར་གཏང་། ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་མཐར་བདག་འཇུག་གམ། མི་འགྲུབ་ན་རིག་མེ་དོར། གང་ལྟར་ཡང་། ཨོཾ། རྡོ་རྗེའི་ཡེ་ཤེས་སོགས་དང་། གར་ཚེ་སྦྱར་ན་བཅོམ་ལྡན་ཐུགས་རྗེའི་སོགས་ཀྱིས་སློབ་མ་གཞུག་པར་གནང་བ་ནོད། དབང་དངོས་གཞིར་མཚམས་སྦྱོར་སྐལ་ལྡན་ཀུན་དགའ་ལ། བདག་འཇུག་གུང་བསྡེབས་པའི་བུམ་དབང་འཁོར་བཅས་གྲུབ་པའི། ནུས་པའི་དབང་ཞེས་གྲགས་ཤིང་། དེ་ལྟར་ན་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་སོགས་ནས། བྱས་པ་ཡིན་ནོ། །བར་དང་། དེ་ནས་སྐལ་པ་མཆོག་དང་ལྡན་པའི་གང་ཟག་བརྟུལ་ཞུགས་ཅན་ལ་གསང་བ་ཟབ་མོའི་དབང་གསུམ་རིམ་པ་བཞིན་དུ་བསྐུར་བ་ཡིན་ཏེ། ཇི་སྐད་དུ། གང་ཞིག་རིམ་པ་གཉིས་པའི་ལམ༔ སོགས་མཆོག་དབང་གི་མཚམས་སྦྱོར་ངག་འདོན་ངོ་མཚར་སྒྲོན་མེ་ལྟར་གཏང་རག་སྐབས། དེ་ལྟར་དབང་བཞི་མཐའ་རྟེན་དང་བཅས་པ་ཐོབ་པའི་ཡོན་དང་། སླར་ཡང་སྙིང་པོ་དོན་གྱི་གཏོར་དབང་ཟབ་མོ་གསན་པའི་ཡོན་དུ་མཎྜལ། དེའང་དབང་ཆོག་རྩ་བར། སྐལ་ལྡན་སྨིན་བྱེད་མྱུར་ལམ་སོགས་ངག་འདོན་བདུད་རྩིའི་ཉིང་ཁུ་ལྟར་ལ། བྱིན་རླབས་སྙིང་པོ་དོན་གྱི་གཏོར་དབང་འདི་ཉིད་བསྐུར་བར་བྱེད་པ་ལ། ཐོག་མར་གསོལ་བ་གདབ་པའི་སླད་དུ།་་་དབང་ཆེན་དང་སྦྲེལ་སྐབས་སྔོན་འགྲོ་རྣམས་མི་བྱེད།མཆན། བླ་མ་དང་དཀྱིལ་འཁོར་གྱི་བདག་པོ་དབྱེར་མ་མཆིས་པ་ལ་མི་ཕྱེད་པའི་སོགས་གཏོར་དབང་དངོས་ཀྱི་གསོལ་འདེབས་རྗེས་ཟློས་དང་། གཏོར་དབང་དངོས་ལ་འཇུག་པས་ཆོག །དཀྱུས་བཞིན་དམ་ཚིག་ཁས་བླངས་རྗེས། དེ་ལྟར་དབང་བསྐུར་ཟབ་མོ་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དང་། སླར་ཡང་ཕྱི་སྒྲུབ་གར་དབང་ཚེ་དཔག་མེད་པའི་དབང་བསྐུར་ཟབ་མོ་འབུལ་བ་ལ། ནམ་མཁའ་དང་མཉམ་པའི་སོགས་པདྨ་གར་དབང་ཕྱི་སྒྲུབ་ཚེ་དབང་དང་བཅས་པ་བདུད་རྩིའི་ཆར་འབེབ་ལྟར་སེམས་བསྐྱེད་གསལ་གདབ་སོགས་ནས། དབང་དངོས་གཞིའི་བུམ་དབང་རྗེས་སུ། བྷནྡྷ་གཞལ་ཡས་ཁང་གི་ནང་དུ་གར་དབང་ཚེའི་ལྷ་ཚོགས་གཙོ་དང་འཁོར་དུ་བཅས་པ་མངོན་སུམ་བཞིན་དུ་གསལ་ཞིང་། དེ་རྣམས་ཀྱི་སོགས་མཐར་ཆགས་སུ་བསྐུར་ཞིང་། དམ་ཚིག་ཁས་བླངས་མཐར། དེ་ལྟར་གར་དབང་ཚེ་དཔག་མེད་པའི་དབང་བསྐུར་ཐོབ་པའི་གཏང་རག་དང་། སླར་ཡང་ཐུགས་རྗེ་ཆེན་པོའི་བཀའ་སྲུང་ལྷ་ཆེན་དབང་ཕྱུག་ཆེན་པོའི་རྗེས་གནང་ཐུན་མོང་མ་ཡིན་པ་གསན་པའི་ཡོན་དུ་མཎྜལ། རྗེས་གནང་སྨིན་གཏེར་ཉིད་ཀྱི་གསུང་༼འི༽ལྟར། སེམས་ཅན་གྱི་དོན་དུ་སོགས་སེམས་བསྐྱེད་གསལ་བཏབ་ནས། དྲག་རྩལ་དབང་ཕྱུག་གྲུབ་པའི་ལྷ་ཆེན་འདི་ནི་ངོ་བོ་སོགས་ལོ་རྒྱུས་གཏེར་གཞུང་བཞིན། མངའ་བདག་ཡབ་སྲས་དང་བདག་དང་ཕྱི་མའི་འགྲོ་ལ་བརྩེ་བར་དགོངས་ནས། མི་འཇིགས་པའི་རྒྱ་དང་བཅས་ཟབ་མོའི་གཏེར་དུ་སྦས་པ་ཉིད། ཕྱིས་འདོན་པའི་དུས་སུ་སོན་པ་ན་གསང་བའི་བདག་པོ་རྣམ་པར་སྣང་མཛད་ལོ་ཙཱ་བ་ཆེན་པོའི་ཟློས་གར། སྤྲུལ་པའི་གཏེར་སྟོན་ཆེན་པོ་འགྲོ་འདུལ་ཨོ་རྒྱན་གཏེར་བདག་གླིང་པས་ཤ་འུག་སྟག་སྒོའི་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས། ལྷ་མི་འདུས་པ་རྒྱ་མཚོའི་མིག་ལམ་དུ་རྩོད་བྲལ་ཡིད་ཆེས་བྱིན་རླབས་ཀྱི་དྲོད་རྟགས་ཡ་མཚན་ཆེན་པོ་དང་བཅས་སྤྱན་འདྲེན་པར་མཛད་པ། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་བཀའི་སྲུང་མ་ལྷ་ཆེན་མ་ཧཱ་དེ་ཝའི་རྗེས་གནང་ཐུན་མོང་མ་ཡིན་པ་ཉིད་ཞུ་བའི་ཡོན་དུ་སྙིམ་པ་མེ་ཏོག་དང་བཅས་པས་སོགས་མཐར་ཆགས་སུ་བསྐུར་བའི་ལས་མཐུན་ཡོན་དབུལ་རྗེས། དེ་རྣམས་ཀྱིས་སྨིན་བྱེད་རྩ་བ་དང་ཡན་ལག་གི་སྐོར་རྣམས་ཕུལ་གྲུབ། འདིར་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་གྲོལ་ལམ་ཉམས་ལེན་གྱི་ཁྲིད་ལུང་བགྱིད་པ་སྐབས་སུ་བབས་པས་དེ་དག་ཞུ་བའི་ཡོན་དུ་མཎྜལ། དེའང་ཁྲིད་ཡིག་ཟིན་བྲིས་སུ་བྱས་པ་སྒོམ་དོན་གསལ་བའི་མེ་ལོང་ལྟར་ཟབ་ཁྲིད་འབོགས་པ་ལའང་སྔོན་འགྲོ་དང་དངོས་གཞི་གཉིས་ཀྱི། དང་པོ་ལ་སྔོན་འགྲོ་ལའང་གཉིས་ལས། དང་པོ་རྒྱུད་སྦྱོང་ཐུན་མོང་སྤྱིའི་སྔོན་འགྲོའི་ཁྲིད་རིམ་ནི། འདིར་སྐལ་པ་དང་ལྡན་པའི་གང་ཟག་ཚེ་འདི་ཉིད་ལ་བླ་ན་མེད་པའི་སོགས་སྔོན་འགྲོའི་ཁྲིད་ཡིག་བཞིན། མཇུག་གི །ངེས་ཤེས་བསྐྱེད་པར་བྱའོ། །དེ་དག་ནི་སྤྱིའི་སྔོན་འགྲོའོ། །ཞེས་པའི་བར་གཏང་། གཉིས་པ་ཁྱད་པར་གྱི་སྔོན་འགྲོའི་ཁྲིད་རིམ་ནི། དེ་ལྟར་སྤྱིའི་སྔོན་འགྲོ་མཐར་ཕྱིན་ནས་གཉིས་པ་བསྐྱེད་རྫོགས་ལ་འཇུག་པའི་ཉེར་བསྡོགས་སོགས་དངོས་གཞིའི་ཁྲིད་ཀྱི་དབུ་ནས། དེ་དག་ནི་ཁྱད་པར་ཅན་གྱི་སྔོན་འགྲོའོ། །ཞེས་བསྟན་པ་རྣམས་ཀྱི་སྔོན་འགྲོའི་རིམ་པ་སོང་ནས། ད་ནི་གཉིས་པ་དངོས་གཞིའི་བསྐྱེད་རྫོགས་ཀྱི་གདམས་ཁྲིད་བསྟན་པ་སྟེ། དེ་ལ་འགྲོ་བ་མཐའ་དག་གདོད་མ་ནས་སྒྲིབ་གཉིས་ཀྱི་འཁྲུལ་པ་དང་བྲལ་བའི་སོགས་ནས། ཕུན་སུམ་ཚོགས་པའི་མཐུས་མྱོང་བ་ལས་ཤེས་པར་བྱའོ། །དེ་རྣམས་ཀྱིས་སྨིན་གྲོལ་ཚངས་སྤྲུགས་སུ་ཐོབ་པ་འདི་ཉིད་ཞུས་ལོ་ཙམ་དུ་མ་བཞག་པར་ཉམས་བཞེས་ཀྱི་སྙིང་པོར་དྲིལ་བས་དོན་གཉིས་ལྷུན་གྲུབ་ཀྱི་ཕྲིན་ལས་སྤེལ་གྲུབ་པ་དང་། འདི་ལས་བྱུང་བའི་དགེ་ཚོགས་ཡོངས་བསྔོའི་རྒྱས་འདེབས་ཀྱང་ཆབས་ཅིག་མཛད་འཚལ། དགེ་བསྔོ་བྱ། ཆོ་གའི་རྗེས་ཚོགས་ལ་རོལ་ཞིང་ལྷག་མ་བསྔོ། སྲུང་མའི་རྗེས་ཆོག་མཐར་བསྐུལ་བ་སོགས་སྒྲུབ་ཐབས་ལྟར་མཐར་དབྱུང་བར་བྱའོ།། །། ༈ ཀློང་གསལ་སྙིང་པོའི་ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་ཀྱི་དབང་བསྐུར་བའི་ཆོ་ག་བདེ་ཆེན་ཟབ་གསལ་ལྟར་བདག་བསྐྱེད། སྟ་གོན། རྗེས་ཆོག །དབང་སྒྲུབ། དངོས་གཞིར་རྩ་དབང་། དབང་བཞིའི་མཚམས་སྦྱོར་སྙིང་པོར་དྲིལ་བ་ཡེ་ཤེས་དཔལ་སྟེར་ལྟར་དོན་དབང་སྦྱར། རྗེས་ཆོག་བཅས་བྱའོ།། །། ༈ སྟག་ཤམ་བསམ་གཏན་གླིང་པའི་འཇིག་རྟེན་དབང་ཕྱུག་མི་ཏྲ་སྙིང་ཐིག་གི་དབང་བསྐུར་ཁྱེར་བདེ་བཀླག་ཆོག་ཏུ་བཀོད་པ་ཟླ་ཤེལ་བདུད་རྩིའི་ཆུ་རྒྱུན་ལྟར་བྱ་བའི་ཐོག་མར། ལས་བྱང་བྲམ་ཟེའི་ལུགས་ཀྱི་དཀྱུས་ནས། ཧྲཱི༔ བླ་མ་དཀོན་མཆོག་ཐུགས་རྗེ་ཅན་རྣམས་ལ༔ སོགས་སྐྱབས་སེམས་ལན་གསུམ་མཐར། རྩ་སྒྲུབ་ནི། འཇིག་རྟེན་དབང་ཕྱུག་ཡི་གེ་དྲུག་པའི་སྒྲུབ་ཐབས་ཀྱི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས་ནས། འོད་ཟེར་འཕྲོས་པས་འོག་མིན་ནས༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཐིམ༔ རང་སེམས་རྣམ་དག་ལྷར་གསལ་བ༔ སྣང་ལ་རང་བཞིན་སོགས་ཡིག་དྲུག་བཟླ། དེ་ནས་ཐུགས་ཀའི་འོད་ཟེར་གྱིས༔ སྣོད་བཅུད་སྦྱངས་ཏེ་སྐུ་ལ་བསྡུ༔ སྐུ་ཡང་གསུང་ཡིག་སོགས་ནས། ལམ་ཁྱེར་བྱ༔ ཞེས་པའི་བར་བཏང་བས་བདག་བསྐྱེད་གྲུབ་ནས། དབང་བསྐུར་ཟླ་ཤེལ་བདུད་རྩིའི་ཆུ་རྒྱུན་གྱི་ས་ལྷ་ནས་སྟ་གོན་རྣམས་དང་། སློབ་མ་སྟ་གོན་དབང་རྐྱང་ལུགས་བྱ། དབང་སྒྲུབ། དབང་དངོས། རྗེས་ཆོག་བཅས་བྱའོ།། །། ༈ ཆོས་རྗེ་གླིང་པའི་ཐུགས་རྗེ་ཆེན་པོ་སའི་སྙིང་པོ་ཡིད་བཞིན་ནོར་བུའི་སློབ་མ་རྗེས་འཛིན་གྱི་ལག་ལེན་གུད་དུ་བཀོལ་བ་ཡིད་བཞིན་འོད་ཀྱི་དྲྭ་བ་ལྟར་བདག་བསྐྱེད། སྟ་གོན། དབང་སྒྲུབ། དབང་དངོས། རྗེས་བཅས་བྱའོ།། །། འདིར་རྗེ་མཁྱེན་བརྩེའི་གཏེར་བྱོན་ཐུགས་ཆེན་སེམས་ཉིད་ངལ་གསོའི་རྩ་དབང་ཡོད།མཆན། ༈ མཆོག་གླིང་ཐུགས་ཆེན་པདྨ་སྒྱུ་འཕྲུལ་དྲྭ་བའི་དབང་བཞི་རྡོ་རྗེ་སྤྱི་བླུགས་སུ་བསྐུར་བའི་གསལ་བྱེད་ཟབ་པ་ཀུན་དྲིལ་ལྟར་དབང་སྒྲུབ་ཀྱི་བུམ་ལྷ་འོད་ཞུ་ཟིན་པ་དང་། ༼ཇི༽བཀའ་སྲུང་ཡེ་ཤེས་མགོན་པོ་ཕྱག་དྲུག་དང་། ༼འི༽ལྷ་ཆེན་ལྕམ་དྲལ། ༼ཉི༽དམ་ཅན་ལྕམ་དྲལ་རྣམས་ཀྱི་གཏོར་ཆོག་བཀའ་གཏད་སོ་སོའི་དབུར་འབྱུང་བ་བཞིན་གཏང་བ་སྦྱར། དངོས་གཞིར་རྩ་དབང་གྲུབ་རྗེས། བྱིན་རླབས་ལྕགས་ཀྱུ་ལྟར་ཕྱག་དྲུག་པ་དང་། དབང་གི་ལྕགས་ཀྱུ་ལྟར་ལྷ་ཆེན་ལྕམ་དྲལ། ཕྲིན་ལས་ལྕགས་ཀྱུ་ལྟར་དམ་ཅན་ལྕམ་དྲལ་གྱི་བཀའ་གཏད་རྣམས་ལ་སྐྱབས་སེམས་སོགས་རྩ་དབང་དུ་སོང་ནས་འདིར་མ་བྱས་ཀྱང་ཆོག །སྤྲོས་ཀྱང་ལེགས་པའི་ཡན་ལག་ཏུ་འགྱུར། རྗེས་ཆོག་སྐབས་ཆད་ཐོའི་དབུར་དམ་སྤྱིའི་གཏོར་འགུགས་ནས་ཤིས་བརྗོད་བར་སྦྱར་བ་བཅས་དང་། ༧ འགྲོ་དོན་ཕྱིའི་སྨིན་གྲོལ་གྱི་ཕྲིན་ལས་གསལ་བར་བྱེད་པ་འབྲེལ་ཚད་དོན་ལྡན་ལྟར་དབང་སྒྲུབ། སྨིན་བྱེད་དབང་དང་། གྲོལ་བྱེད་གདམས་ཁྲིད། རྗེས་བཅས་དང་། ༧ འགྲོ་དོན་ནང་གི་སྨིན་གྲོལ་གྱི་ཕྲིན་ལས་གསལ་བར་བྱེད་པ་གྲོལ་བ་བཞི་ལྡན་ལྟར་དབང་སྒྲུབ། སྨིན་བྱེད་དབང་། གྲོལ་བྱེད་ཁྲིད། རྗེས་བཅས་བྱའོ།། །། ༈ ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར་གྱི་འགྲོ་འདུལ་སྤྱོད་རྒྱུད་ལྷ་ལྔའི་དབང་ཆོག་གཞན་ཕན་ཀུན་ཁྱབ་ལྟར་དབང་སྒྲུབ། དབང་དངོས། རྗེས་བཅས་བྱའོ།།་་་འདིའི་རིལ་སྒྲུབ་དང་བདག་འཇུག་དངོས་གྲུབ་བླང་དབང་བཅས་མཁྱེན་བརྩེའི་གསུང་ཞེ་ཆེན་པར་གསར་སྐབས་འདིར་བཙུད་ཡོད།མཆན།། །། ༈ ཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོའི་གཞན་དོན་བུམ་སྒྲུབ་ཀྱི་རྗེས་གནང་ཕྲིན་ལས་དང་བཅས་པ་དོན་གཉིས་འབྱུང་གནས་ལྟར་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་དང་། ༧ འགྲོ་དོན་ལས་ཚོགས་བུམ་པ་ལྔའི་དབང་གི་ཆོ་ག་ཕན་བདེའི་འབྱུང་གནས་ལྟར་མཐུན་བུམ། ནོར་བུམ། ཚེ་བུམ། ཆོས་བུམ། སྨན་བུམ་ལྔ་སོ་སོར་དབང་སྒྲུབ་དང་། དངོས་གཞི་དབང་ལྔ། རྗེས་རིམ་བཅས་སོ་སོར་ཞིབ་མོར་བྱའོ།། །། ༈ ཞར་བྱུང་ཉེར་མཁོའི་ཆེད་དུ་བཀོད་པ་སྤྱན་རས་གཟིགས་དཔལ་མོ་ལུགས་ཀྱི་རྗེས་གནང་གི་ཡི་གེ་བཀླག་པས་གྲུབ་པ་ལྟར་སྒྲུབ་མཆོད།་་་་བླ་སློབ་གཉིས་ཀས་ཤ་ཆང་སྤངས་ཏེ་ཁྲུས་དང་གཙང་སྦྲ་ལ་གནས་པ་དགོས།མཆན། རྗེས་གནང་དངོས་ལ་སེམས་བསྐྱེད་གསལ་གདབ་སོང་རྗེས། དེའང་འཇིག་རྟེན་མགོན་པོ་རྗེ་བཙུན་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་རྒྱུད་སྡེ་བཞི་དང་འབྲེལ་བ་མཐའ་ཡས་པ་བཀའ་གཏེར་དག་སྣང་གི་ཆོས་སྡེ་རྣམས་སུ་བྱོན་པ་ལས། འདིར་ཨོ་རྒྱན་གྱི་རྒྱལ་པོའི་སྲས་མོ་ཞིག་ཁྱིམ་གྱི་ཉེས་དམིགས་མཐོང་ནས་རབ་ཏུ་བྱུང་ཞིང་ཚུལ་ཁྲིམས་རྣམ་པར་དག་པ་ལྡན་པ་དང་། སྔ་མའི་རྣམ་སྨིན་གྱིས་ལུས་ལ་མཛེ་བྱུང་བས་ཡན་ལག་རྣམས་ཀྱང་ཆད་ཅིང་ཉམ་ཐག་པའི་ཚེ། རྨི་ལམ་དུ་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་འཕགས་པ་སྒྲུབས་ཤིག་པར་ལུང་བསྟན་པ་བཞིན་ཡུན་རིང་དུ་བསྒྲུབས་པའི་སྐབས་ཤིག་ན། འཇམ་དཔལ་གྱིས་ལི་ཁར་ཤིང་འཕེལ་དུ་སོང་ལ་འཕགས་པ་སྒྲུབས་ཤིག །ལོ་ལྔ་ནས་རྗེ་བཙུན་སྒྲོལ་མ་དང་རྟོགས་པ་མཉམ་པར་འགྱུར་རོ་ཞེས་ལུང་བསྟན་པ་བཞིན་བྱོན་པའི་ལམ་དུ་པདྨ་མཁའ་འགྲོ་བདུན་གྱིས་ཞབས་ཏོག་ཞུས་ཏེ། ཤིང་འཕེལ་དུ་རང་བྱུང་འཕགས་པའི་མདུན་དེར་མཆོག་མ་གྲུབ་ཀྱི་བར་དུ་སྟན་མི་སྤོ་བར་དམ་བཅས་ཏེ་བསྒྲུབས་པས། ལོ་གཅིག་ནས་སྙུན་ལས་གྲོལ་ཞིང་ཏིང་ངེ་འཛིན་གྱི་སྒོ་དུ་མ་འཁྲུངས། སྐུ་ལུས་ཉམས་པ་སོར་ཆུད། བདུད་དང་ཕྱོགས་སྐྱོང་སོགས་སྙིང་རྗེ་ཆེན་པོའི་ཕྲིན་ལས་ཀྱིས་བཏུལ། ཁྱད་པར་ཀླུ་ཆེན་བརྒྱད་ཀྱིས་སྲུང་མ་བྱེད་པར་ཁས་བླངས། དགུང་ལོ་ཉེར་བདུན་པར་ས་ཟླའི་ཚེས་གཅིག་ནས་གཟུང་ལྷག་པའི་ལྷ་དུ་མའི་ཞལ་མཐོང་ཞིང་། ས་དང་པོ་ནས་བརྒྱད་པའི་བར་ཐོབ། ཁྱད་པར་བཅོ་ལྔའི་ཉིན་འཕགས་པ་ཕྱག་སྟོང་སྤྱན་སྟོང་དངོས་སུ་མཇལ་ཞིང་རྗེས་སུ་བཟུང་བས་ས་བཅུའི་རྟོགས་པ་མངོན་དུ་གྱུར། སྐུ་ལུས་ཀྱི་མདོག་ཀྱང་གསེར་དུ་སྣང་ཞིང་འཕགས་པ་ཉིད་དང་མཉམ་པའི་དངོས་གྲུབ་དང་རྗེས་སུ་གདམས་པ་ཐོབ། སྤྱན་རས་གཟིགས་ཀྱི་ཕྲིན་ལས་ཀྱི་སྒོ་ནས་ཡུལ་གྲུ་ཆེན་པོར་གནས་པའི་འགྲོ་བ་རྣམས་མཆོག་གི་གོ་འཕང་ལ་བཀོད་དེ་མཁའ་སྤྱོད་དུ་གཤེགས་ཚུལ་བསྟན། དོན་ལ་རྒྱལ་བ་ཀུན་ཡུམ་རྗེ་བཙུན་མ་དང་རྣལ་འབྱོར་མ་སོགས་རྣམ་དབྱེར་མེད་པའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་དེས་པཎྜི་ཏ་ཟླ་བ་གཞོན་ནུ་རྗེས་སུ་བཟུང་པ་ནས་བརྒྱུད་དེ། བདག་ཅག་གི་རྩ་བའི་བླ་མའི་བར་དུ་བྱིན་རླབས་ཀྱི་རྒྱུན་མ་ཉམས་ཤིང་། དངོས་གྲུབ་ཀྱི་འབྲས་བུ་མངོན་སུམ་དུ་འབྱིན་པ། ཚེགས་ཆུང་ལ་དོན་ཆེ་བའི་གདམས་ངག་ཐེག་པ་ཆེན་པོ་དང་འབྲེལ་བའི་སྨྱུང་གནས་ཀྱི་ཆོ་ག་འདི་ཉིད་ཉམས་སུ་བླངས་པའི་ཕན་ཡོན་ཡང་མདོར་བསྡུ་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་སྨྱུང་བར་གནས་པ་ལན་གཅིག་གིས་བསྐལ་པ་བརྒྱད་ཁྲིའི་སྡིག་པ་འདག་ཅིང་ལྷ་མིའི་མཆོག་དམ་པ་འཐོབ་པར་འགྱུར་རོ། །ལན་བརྒྱད་ཀྱིས་རྒྱུན་དུ་ཞུགས་པ་དང་ཆ་མཐུན་ཅིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །སོགས་ནས། བརྒྱ་རྩ་བརྒྱད་ཀྱིས་དགྲ་བཅོམ་པ་དང་མཚུངས་ཤིང་། བསྐལ་པ་བྱེ་བ་ཕྲག་བརྒྱའི་སྡིག་སྒྲིབ་ཐམས་ཅད་དག་པར་འགྱུར་རོ། །ངེས་པར་བདེ་བ་ཅན་དུ་སངས་རྒྱས་ཚེ་དཔག་མེད་ཀྱི་དྲུང་དུ་སྐྱེ་བར་འགྱུར་རོ། །ཞེས་པའི་བར་དང་། གཞན་ཡང་ལུས་སྨྱུང་བར་གནས་པས་ལུས་ཀྱི་མི་དགེ་བ་གསུམ་གྱི་སྡིག་པ་དག །ཡི་དྭགས་སུ་མི་སྐྱེ། ནད་གདོན་ཞི། གནས་སྐབས་གཟུགས་བཟང་ཞིང་མཐར་ཐུག་ཐུགས་རྗེ་ཆེན་པོས་བརྒྱན་པའི་སྐུ་ཐོབ། ངག་སྨྲ་བ་བཅད་པས་ངག་གི་མི་དགེ་བ་བཞིའི་སྒྲིབ་པ་བྱང་། བྱོལ་སོང་དུ་མི་སྐྱེ། ནུས་པ་ཆེ། གནས་སྐབས་ཚངས་དབྱངས་ལྡན། མཐར་ཐུག་གསུང་དབྱངས་ཡན་ལག་དྲུག་ཅུ་ཐོབ། ཡིད་ཏིང་ངེ་འཛིན་ལས་མ་ཡེངས་པས་ཡིད་ཀྱི་མི་དགེ་བ་གསུམ་གྱི་སྡིག་སྒྲིབ་དག །དམྱལ་བར་མི་སྐྱེ། ཉམས་རྟོགས་འཆར། གནས་སྐབས་བློ་རྣོ་ཞིང་ཡིད་གཞུང་། ཆོས་ཀྱི་དོན་གོ །མཐར་ཐུག་ཡེ་ཤེས་ལྔ་ཐོབ་པ་ལ་སོགས་རྒྱ་ཆེར་གསུངས་པ་གཞན་དུ་མི་འགྱུར་བའི་ངེས་པ་དང་ལྡན་པ། འཕགས་པ་ཐུགས་རྗེ་ཆེན་པོ་བཅུ་གཅིག་སོགས་ཀྱི་རྗེས་གནང་དངོས། རྗེས་རིམ་བཅས་བྱའོ།། །། ༈ སྐབས་འདིར་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་ཡང་གཅེས་ཟབ་བསྡུས་སྙིང་པོའི་དོན་ཁྲིད་དངོས་གྲུབ་འདོད་འབྱུང་རིན་ཆེན་ཟ་མ་ཏོག་གི་ཁྲིད་ལུང་འབོགས་པར། ཚིག་བདུན་དང་སྐུ་གསུམ་གསོལ་འདེབས། རྒྱུན་བཤགས་རྡོ་རྗེ་སློབ་དཔོན་རྗེས། མཎྜལ། ཆོས་བསྐུལ་རྣམས་སོང་ནས། འོ། མཁའ་ཁྱབ་སེམས་ཅན་གྱི་དོན་དུ་བྱང་ཆུབ་ཆེན་པོའི་སྤྱོད་པར་འཇུག་པའི་བློས་ཐུགས་བསྐྱེད་པ་སྔོན་དུ་འགྲོ་ཞིང་། བླ་མེད་ཐེག་པའི་ཟབ་དོན་ཉན་པའི་ཀུན་སྤྱོད་དང་ལྡན་པས་གསན་འཚལ། དེ་ལ་གང་འཆད་པར་བྱ་བ་ནི། ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་གཙོ་བོར་གྱུར་པའི་སྒྲུབ་ཐབས་ཐམས་ཅད་ཀྱི་ཉམས་ལེན་གནད་དྲིལ་གྱི་རྒྱབ་ཆོས། འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས་ཡང་གཅེས་ཟབ་བསྡུས་སྙིང་པོའི་དོན་ཁྲིད་ལེགས་བཤད་ཉུང་ངུ་རབ་གསལ་དངོས་གྲུབ་འདོད་འབྱུང་རིན་ཆེན་ཟ་མ་ཏོག་ཅེས་བྱ་བ། དཔལ་ཀཿཐོག་རིག་འཛིན་ཆེན་པོ་རྡོ་རྗེ་ཚེ་དབང་ནོར་བུའི་ཟབ་མོ་དགོངས་པའི་གཏེར་གྱི་ཡང་བཅུད་དང་། ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་གཙོ་བོར་བྱས་པའི་བཀའ་གཏེར་གདམས་ངག་རྒྱ་མཚོའི་ཡང་སྙིང་འདུས་པའི་ལམ་བཟང་བསྟན་བཅོས་ཀྱི་ཚུལ་དུ་བསྩལ་པའི་ཁྲིད་ལུང་འབོགས་པ་ལའང་། ཐོག་མར་སྨིན་བྱེད་ཀྱི་དབང་སྔོན་དུ་འགྲོ་དགོས་པས། དེའི་ཚུལ་ནི། རིན་ཆེན་གཏེར་གྱི་མཛོད་ཆེན་པོ་འདིར་བཞུགས་པའི་པདྨ་གསུང་གི་སྐོར་དུ་བཞུགས་པ་རྣམས་ལེགས་པར་གྲུབ་པ་འདི་ཉིད་ལགས་ཤིང་། སྨིན་པ་གྲོལ་བར་བྱེད་པའི་ཉམས་ལེན་ནི། དེའང་རིས་སུ་མ་ཆད་པའི་མཁའ་ཁྱབ་འགྲོ་བ་ཡོངས་ཀྱི་མགོན་པོ། བྱེ་བྲག་གདུལ་དཀའ་གདོང་དམར་བོད་ཡུལ་འདུལ་མཛད་ལྷག་པའི་ལྷ་སོགས་ཁྲིད་ཡིག་བཞིན་དལ་བར་བཀླགས་པའི་མཇུག །དེ་ལྟར་བར་དོ་ལམ་བྱེད་ཀྱི་ཆོས་ཐམས་ཅད་འདུས་པ་འོ། །ཞེས་པ་དང་། དེ་རྣམས་ཀྱིས་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ལས་བརྩམས་ཏེ་མན་ངག་དུ་མའི་སྙིང་པོ་བཏུས་པའི་གཞུང་སོགས་ནས། ངོ་ལྐོག་མེད་པར་རྩེ་གཅིག་གིས་སྒོམ་སྒྲུབ་ཁོ་ནར་འབད་པར་བྱོས་ཤིག །ཅེས་གདམས་པར་མཛད་པ་འོ། །འདི་ལྟར་ཐུགས་རྗེ་ཆེན་པོའི་ཁྲིད་ཡིག་འདིའི་སྟེང་ནས་ཉན་པས་རྒྱལ་པོ་ལུགས་དང་སོགས་ཡོངས་རྫོགས་མཇུག་གི་འཕྲོས་དོན་བཞིན། བགྱིད་འཚལ་ལོ། །ཞེས་ནན་ཆགས་སུ་རང་ཅག་ལ་ཐུགས་བརྩེ་བའི་ཟབ་དོན་དུས་གསུམ་བྱོན་དང་འབྱོན་འགྱུར་གྱི་གནད་བསྡུས་བསྩལ་ཅིང་། བཀའ་ཆེམས་བཞག་པ་བདག་མེད་དུ་མ་བསྐྱུར་བར་རང་དོན་ཉམས་ལེན་དང་། གཞན་དོན་འཆད་སྤེལ་སོགས་དོན་གཉིས་ཀྱི་འཇུག་པ་ཡངས་པོར་སྤེལ་བ་དང་། འདི་ལས་བྱུང་བའི་དགེ་ཚོགས་འགྲོ་ཀུན་རྣམ་མཁྱེན་ཐོབ་པའི་རྒྱུར་ཡོངས་སུ་བསྔོ་བའི་རྒྱས་འདེབས་ཀྱང་སོགས་ཀྱིས་མཚམས་སྦྱར་ལ་དགེ་བསྔོ་སྨོན་ཤིས་བཅས་བགྱིས་པས་གྲུབ། དེ་དག་གིས་ཞི་བ་ཐུགས་རྗེ་ཆེན་པོའི་སྐོར་རྣམས་གྲུབ་བོ།། །། ༄། གཉིས་པ་དྲག་པོ་རྟ་མཆོག་རོལ་པའི་སྐོར་ལ། པདྨའི་རིགས་རྟ་དམར་དང་། རྡོ་རྗེའམ་ལས་ཀྱི་རིགས་རྟ་ནག་གཉིས་ལས། དང་པོ་པདྨའི་རིགས་ཀྱི་རྟ་མགྲིན་དམར་པོ་ལ། གཏེར་སྟོན་སུམ་ཚོགས་ནས་རིང་བརྒྱུད་དང་། གུ་རུས་ཉེ་བརྒྱུད་དུ་བསྩལ་ཏེ་འདར་ཕྱར་རིན་ཆེན་བཟང་པོ་ལ་བཀའ་བབས་པ། པདྨ་དབང་ཆེན་ཡང་གསང་ཁྲོས་པའི་དབང་བསྐུར་ཡན་ལག་དང་བཅས་པ་བཀླག་ཆོག་ཏུ་བཀོད་པ་གུར་གུམ་སྒྲོམ་བུ་ལྟར་དབང་སྒྲུབ་རྣམས་མཐར་ཆགས་ལ། སྲུང་མའི་གཏོར་འབུལ་སྐབས། འོག་གི་དབང་བསྐུར་ནས་འབྱུང་བའི་གཟའ་གདོང་གིང་ལྔའི་བཀའ་གཏད་དེ་ལ་ཚིག་ཕྲད་ཁ་བསྒྱུར་སོགས་འཕྲི་བསྣན་གྱིས་གཏོར་ཆོག་སྤྱི་འགྲོ་སྦྱར་བས་འཐུས་པར་བྱེད། དབང་དངོས་ལ་རྩ་དབང་། ཟུར་གསལ་འཆི་མེད་ཚེའི་ཉམས་ལེན་ལྟར་རྗོང་ཆུང་ཚེ་དབང་། ཐུན་མིན་བཀའ་སྲུང་གིང་ལྔ་གཟའ་གདོང་གི་བཀའ་གཏད། གཏོར་དབང་དངོས་གྲུབ་ཀུན་སྩོལ་ལྟར་དབང་སྒྲུབ་གོང་འཐུས་ཀྱིས་བྱིན་རླབས་གཏོར་མའི་དབང་སྦྱར་ཞིང་། དབང་རྣམས་གྲུབ་པའི་གཏང་རག་དང་། སླར་ཡང་པདྨ་དབང་ཆེན་ཡང་གསང་ཁྲོས་པའི་བསྐྱེད་རྫོགས་ཀྱི་ཁྲིད་རིམ་རྣམས་ཞུ་བའི་ཡོན་དུ་མཎྜལ། དེ་ལ་དངོས་གཞི་དབང་བཞིའི་ལམ་དང་འབྲེལ་བའི་བསྐྱེད་རྫོགས་ཀྱི་གདམས་ཁྲིད་དང་། ཁྱད་པར་ཡང་གསང་རྫོགས་ཁྲིད་ཡེ་ཤེས་གསང་ལམ་རྣམ་གཉིས་བཅས་བཞུགས་པ་ལས། དང་པོ་དབང་བཞིའི་ཁྲིད་ཀྱི་ཟིན་བྲིས་ལས་འབྱུང་བ་འདི་ལྟ་སྟེ། པདྨ་དབང་ཆེན་གྱི་ལམ་བསྐྱེད་རྫོགས་གཉིས་ཀྱི་སྒོ་ནས་ཉམས་སུ་ལེན་པ་སོགས་བླ་ཆེན་ཆོས་དཔལ་བཟང་པོའི་ཡིག་ཆ་བཞིན། དབང་བཞི་པའི་དོན་ལྟ་བའི་དུས་སུ་ངོ་སྤྲད་པ་ལ་ཉམས་ལེན་མཛད་དོ། །ཞེས་འབྱུང་བ་བཞིན་ལགས། གཉིས་པ་གསང་ལམ་རྣམ་གཉིས་ལ་བརྟེན་ནས་དབང་བཞི་པའི་ཁྱད་པར་གནད་ཀྱི་ཉམས་ལེན་གྱི་གདམས་པ་ལའང་གཉིས་ཀྱི། དང་པོ་གཏེར་གཞུང་ཡེ་ཤེས་ཀྱི་གསང་ལམ་གཙོ་བོར་ཀ་དག་གི་དོན་སྟོན་པའི་མན་ངག་བཞིན། པདྨ་དབང་ཆེན་སོགས་ཁ་ཡིག་དང་། རྒྱ་སྐད་ནས། རྒྱ་རྒྱ་རྒྱ༔ བར་བཀླག །ཅེས་བསྟན་པ་བཞིན་ནོ། །གཉིས་པ་གཏེར་གཞུང་པདྨ་གསང་ལམ་གྱི་གདམས་པས་མྱུར་ལམ་ཐོད་རྒལ་གྱི་གནད་ལ་བརྟེན་ནས་ལྷུན་གྲུབ་དོན་གྱི་ཡེ་ཤེས་ངོ་སྤྲད་པ་ནི། བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཨོ་རྒྱན་པདྨ་སོགས་ནས། རྫོགས་རིམ་རྫོགས་སོ། །དེ་ལྟར་རྡོ་རྗེའི་གསུང་དྲི་མ་མེད་པའི་དོན་ཉམས་འོག་ཏུ་ཆུབ་པར་མཛོད་ཅིག །དེ་རྣམས་ཀྱིས་སྨིན་གྲོལ་ཐམས་ཅད་ལེགས་པར་ཐོབ་པའི་སྐུ་དྲིན་གཞལ་ཕྱིར་ལུས་ལོངས་སྤྱོད་འབུལ་སྙམ་པས་འདིའི་རྗེས་ཟློས། དེང་ནས་བརྩམ་སྟེ་སོགས་ཀྱི་དབང་དང་། ཆོ་གའི་རྗེས་བཅས་བྱའོ།། །། ༈ ༼འདོད་བུམ། 261༽ལྟར་སྐྱེར་སྒང་སངས་རྒྱས་དབང་ཆེན་གྱི་རྟ་མགྲིན་གསང་སྒྲུབ་གྱི་དབང་སྒྲུབ། དབང་དངོས། རྗེས་བཅས་སོ།། །། ༈ མངའ་བདག་ཉང་གི་རྟ་མགྲིན་བདེ་གཤེགས་གཅིག་དྲིལ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་དབང་ཆེན་ཐུགས་ཀྱི་བཅུད་ཐིག་དབང་སྒྲུབ། དབང་དངོས། རྗེས་བཅས་བྱའོ།། །། ༈ གྲུ་གུ་ཡང་དབང་གཏེར་གྱི་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཉེ་བརྒྱུད་ཀྱི་སྨིན་བྱེད་ལག་ལེན་རྣམ་གསལ་དུ་བཀོད་པ་དབང་ཆེན་རོལ་པའི་གཟི་བརྗིད་ལ། དྲེགས་པའི་རྗེས་གནང་དབང་གི་བེ་ཅོན་དང་གུང་སྤྲད་པའི་དབང་སྒྲུབ་ཀྱི་བཀའ་སྲུང་སྤྱི་དང་། བྱེ་བྲག་འདིར་སྔགས་བདག་དྲེགས་པ་བཅོ་བརྒྱད་ཀྱི་ཕྲིན་ལས་མཆོད་གསོལ་གཏེར་ཁ་གོང་འོག་ལས་ལེན་པར་གསུངས་ཀྱང་སྟབས་བདེ་མ་རྙེད་པས། རེ་ཞིག་ས་ཁོངས་མ་སྟོང་ཙམ་དུ་མཆོད་གཏོར་སོ་སོར་འདུ་བྱས་ལ། ཡི་གེ་གསུམ་དང་འབྲུ་གསུམ་གྱིས་བསང་སྦྱང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས་ཤིང་སྤེལ་ལ། རང་གི་ཐུགས་ཀ་ནས་འོད་ཟེར་རྡོ་རྗེའི་ལྕགས་ཀྱུས་སྔགས་བདག་དྲེགས་པ་བཅོ་བརྒྱད་རང་རང་གི་གནས་ནས་བྱ་རྒོད་ཤ་ལ་འདུས་པ་བཞིན་སྐད་ཅིག་གིས་སྤྱན་དྲངས་པར་གྱུར། ཧཱུྃ། སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། ཁས་བླངས་དྲག་རྩལ་སྔགས་ཀྱི་བདག །མཐུ་ཆེན་དྲེགས་པ་འཁོར་དང་བཅས། །མ་ཐོགས་འབོད་པའི་གནས་འདིར་གཤེགས། །ཨོཾ་བཛྲ་སརྦ་དུཥྚཱན་ས་མཱ་ཛཿས་དྲངས། བཛྲ་སརྦ་དུཥྚཱན་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ་ཀྱིས་གཟིར། ཛཿཧཱུྃ་བཾ་ཧོཿས་བསྟིམ། ས་མ་ཡ་ཏིཥྛནྟུས་གདན་བསྟབ་ལ། ཨོཾ་བཛྲ་སརྦ་དུཥྚཱན་ས་པ་རི་ཝཱ་ར་ཨརྒྷཾ་པཱ་དྱཾ་པུཥྤེ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་ཉེར་སྤྱོད་དང་། ཨོཾ་བཛྲ་ཡ་མ་ཡ༔ མ་མ་རུ་ལུ་མ༔ མ་ཧཱ་དེ་བ་ཨ༔ ཏཱིརྟི་ཀ་དུ༔ ཡཀྵ་ཀྵ༔ རཱ་ཙ་ཙ༔ ཤཱུ་ལ་ཙ་ཙ༔ ཧཾ་ཤཾ་ཏྲི༔ རཀྴ་ར༔ རུ་དྲ་ཧ༔ བཛྲ་སཱ་དྷུ་ཏྲི༔ རུ་དྲ་རུ༔ བིཥྞུ་ར༔ མུན་མུན་པ༔ བི་ནཱ་ཡ་ཀ་ཏྲི༔ ཨ་བྷི་ཤུ་ལ་ཛ༔ ཏྲི་ནུ་ཤུ་ལ་ཏྲི༔ ནཱ་ག་རཱ་ཙ་ཕུ༔ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ལན་གསུམ་མམ་བདུན་གྱིས་གཏོར་མ། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧིས་སྨན། མ་ཧཱ་རཀྟ་ཁཱ་ཧིས་རཀྟ་རྣམས་འབུལ། མཐུ་ལྡན་སྔགས་བདག་དྲེགས་ཆེན་བཅོ་བརྒྱད་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་དམ་པ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས་སོགས་ཀྱིས་ཕྲིན་ལས་བཅོལ། ཧཱུྃ། འཇིགས་བྱེད་མཐུ་རྩལ་གནམ་ལྕགས་ཐོག་ལྟར་མྱུར། །རང་སྔགས་དམོད་པའི་མཚོན་ཆས་དགྲ་བགེགས་སྒྲོལ། །རྡོ་རྗེ་ཐེག་པའི་བསྟན་སྲུང་དམ་ཚིག་ཅན། །རིག་འཛིན་རྣལ་འབྱོར་ཡོངས་ཀྱི་བཀའ་སྡོད་ཆེ། །གཤིན་རྗེའི་སྔགས་བདག་གཤིན་རྗེ་འཆི་བདག་ནི། །སྔོན་པོ་དབྱུག་ཏོ་ཐོད་ཁྲག་དུར་ཁྲོད་ཆས། །ཡུམ་མཆོག་གསོད་བྱེད་ནག་མོ་སྙིང་གྲི་འཛིན། །མ་མོའི་སྔགས་བདག་སྲིད་པའི་རྒྱལ་མོ་ནི། །དམར་ནག་གྲི་ཐོད་མཐིང་བེར་སྔོན་པོ་གསོལ། །ལྷ་ཡི་སྔགས་བདག་མ་ཧཱ་དེ་ཝ་དཀར། །རྡོ་རྗེ་དར་མདུང་ཕྱར་ཞིང་བེར་དཀར་མནབས། །མུ་སྟེགས་སྔགས་བདག་གུ་ལང་ནག་པོ་ནི། །ཐལ་སྐྱ་གཅེར་བུ་རྩེ་གསུམ་ཐོད་ཁྲག་བསྣམས། །གནོད་སྦྱིན་སྔགས་བདག་གང་བཟང་སེར་ནག་བརྗིད། །མདུང་དར་ནེའུ་ལེ་འཛིན་ཅིང་བེར་སེར་བཀླུབས། །རལ་གཅིག་མཐིང་ནག་དར་ནག་མི་ལྤགས་རྡེབ། །རྒྱལ་པོའི་སྔགས་བདག་ལི་བྱིན་དམར་ནག་རྔམ། །བསེ་ཞྭ་ཚེམ་བེར་སྔོ་ཁྲ་གྲི་མདུང་ཕྱར། །སྲོག་ལེན་སྔགས་བདག་གིང་ཆེན་ཚངས་པ་དམར། །གྲི་གུག་སྙིང་ཞགས་བྱ་རྒོད་ཐུལ་པ་མནབས། །འགོང་པོའི་སྔགས་བདག་ཁུ་ལེ་ལྗང་ནག་འཚེར། །ཚེམ་བེར་དཀར་ཁྲ་ལག་དགུས་རལ་གྲི་གདེངས། །སྲིན་པོའི་སྔགས་བདག་གསོད་བྱེད་སྨུག་ནག་འབར། །མི་ལྤགས་གསོལ་ཞིང་རལ་གྲི་ཐོད་ཁྲག་ཕྱར། །ཟ་བྱེད་ནག་མོ་གྲི་གུག་ཐོད་ཁྲག་འཛིན། །རུ་དྲའི་སྔགས་བདག་མེ་ཡི་ཁ་རླངས་བདུད། །ནག་པོ་གཡས་གདེངས་གཡོན་གྱིས་མིའི་རླིད་བུ། །ཤྭ་རྡེལ་ཁྲག་བཀང་བརྡེབ་ཅིང་ཞིང་ལྤགས་གྱོན། །བདུད་མོ་ནག་མོ་ཁྲམ་ཤིང་དགྲ་མགོ་འཛིན། །དགྲ་ལྷའི་སྔགས་བདག་དགེ་བསྙེན་རྡོ་རྗེ་ལེགས། །དུད་ཁ་བེར་ནག་གསོལ་ཞིང་ར་སྐྱེས་འཆིབ། ཁྲོ་ཆུའི་སྟྭ་གྲི་ར་ཡི་རྒྱལ་མཚན་ཕྱར། །དམ་སྲིའི་སྔགས་བདག་ལྕགས་ཀྱི་མེ་སྟག་དཀར། །བན་གཟུགས་སྙིང་ཕྲེང་རླུང་གི་འཁོར་ལོ་ཐོགས། །གཟའ་ཡི་སྔགས་བདག་རཱ་ཧུ་ལ་ནག་པོ། །མགོ་བོ་དགུ་པ་བྱ་རོག་མགོ་དང་བཅུ། །ཆུ་སྲིན་རྒྱལ་མཚན་རྭ་ཡི་མདའ་གཞུ་འགེངས། །དམུ་ཡི་སྔགས་བདག་དམུ་རྗེ་བཙན་པོ་ནག །དམུ་ཞྭ་བདུད་བེར་གྱོན་ནས་དམུ་བཤོས་གདེངས། །བགེགས་ཀྱི་སྔགས་བདག་བི་ནཱ་ཡ་སྔོ་སྐྱ། །དར་ནག་བེར་གསོལ་ལ་ཕུག་རྩེ་གསུམ་གདེངས། །བཙན་གྱི་སྔགས་བདག་ཡམ་ཤུད་དམར་པོ་ནི། ཁྲག་མདོག་བེར་དམར་རལ་གྲི་མདུང་དམར་བརྡེག །ཐེའུ་རང་སྔགས་བདག་གནམ་ཐེལ་དུང་གི་མདོག །བེར་ཆེན་སྔོ་ཁྲ་བེར་ག་རླིད་བུ་འཛིན། །ཀླུ་ཡི་སྔགས་བདག་སོག་མ་མེད་སེར་ནག །སྦྲུལ་ཞགས་ནད་རྐྱལ་རུ་སྦལ་སློག་པ་གསོལ། ཁྱེད་རྣམས་དཔལ་གྱི་བཀའ་སྡོད་རྣོ་མྱུར་ཅན། །རང་རང་དམོད་པའི་སྔགས་ཀྱི་དམོད་མོ་འུར། །ཉམས་པ་ཁུངས་ནས་འབྱིན་ཅིང་ཐལ་བར་རློག །མཆིས་འབྲང་གྲོགས་བློན་མངགས་གཞུག་དམག་དང་བཅས། །དགྱེས་པའི་མཐུན་རྫས་མཆོད་པས་མངའ་གསོལ་ལོ། །མཆོད་དོ་ལོངས་སྤྱོད་མདངས་ཀྱིས་ཐུགས་དམ་བསྐང་། །ཐུགས་འགལ་ཉེས་པ་ཐམས་ཅད་བཤགས་ཤིང་སྡོམ། །བསྟན་བསྣུབས་མྱུར་དུ་སྒྲོལ་བའི་ལས་ལ་བསྐུལ། །འབོད་དོ་བསྟེན་ནོ་ཆད་དོ་གཞུང་མ་ངན། །མཆོད་དོ་གསོལ་ལོ་བསྐང་ངོ་དམ་དགོངས་ལ། །རྣལ་འབྱོར་ཚེ་སྲིངས་ལས་བཞིའི་ཕྲིན་ལས་སྒྲུབས། །རྡོ་རྗེ་ཐེག་པའི་བསྟན་པ་རྒྱས་པར་མཛོད། །ཅེས་བསྟོད་ཅིང་ནན་གྱིས་བསྐུལ་ལོ། །གཞུང་གི་ཚོགས་མཆོད་ལ་འཇུག །དེ་ནས་དབང་དངོས་གཞི་ལ། དྲེགས་པའི་རྗེས་གནང་གི་ཡི་གེ་དབང་གི་བེ་ཅོན་ལྟར་སྔགས་བདག་དྲེགས་པ་བཅོ་བརྒྱད་ཀྱི་རྗེས་གནང་སྦྱར། རྗེས་ཆོག་ཚོགས་ལ་རོལ་ཞིང་ལྷག་མའི་རྗེས། སླར་སྔགས་བདག་དྲེགས་ཆེན་བཅོ་བརྒྱད་ཀྱི་གསོལ་མཆོད་བསྐྱར། དམ་སྤྱིའི་འགུགས་པ། བརླབ་བསྔོ། གཏོར་གཤེགས་སྦྱར། དམ་སྤྱིའི་མཆོད་བསྟོད་ནས་གཟུང་མཐར་དབྱུང་། ཆད་བརྟན། རྟ་བྲོའི་རྗེས། གཞུང་གི་མཆོད་བསྟོད་དངོས་གྲུབ་ལེན་ཆོག་མཐར་ཆགས་སུ་བྱའོ།། །། ༈ མངའ་བདག་མོན་མི་འཁྱིལ་གྱི་གཏེར་བྱོན་སླར་ཡང་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་མཁའ་འགྲོའི་གཏད་རྒྱའི་དག་སྣང་སྙན་བརྒྱུད་དུ་བྱོན་པ། རྟ་མགྲིན་དཔའ་བོ་གཅིག་པ་གནམ་ལྕགས་མེའི་འཁོར་ལོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་གདོན་བགེགས་ཀུན་འཇོམས་ལྟར་དབང་སྒྲུབ། རྗེས་གནང་དངོས། རྗེས་ཆོག་བཅས་བྱའོ།། །། ༈ བྱང་གཏེར་རྟེན་འབྲེལ་ཆོས་བདུན་གྱི་རྟ་མགྲིན་དྲེགས་པ་དབང་སྡུད་ཀྱི་སྨིན་བྱེད་ཆོག་ཁྲིག་རྒྱུད་གསུམ་དབང་བྱེད་ལྟར་དབང་སྒྲུབ། འདིར་བཀའ་སྲུང་ཐང་ལྷའི་སྲོག་གཏད་སྦྱོར་དགོས་པས། དབང་སྒྲུབ་ཀྱི་བཀའ་སྲུང་གཏོར་འབུལ་སྐབས་༼ཏི༽སྒྲུབ་ཐབས་སྲོག་གཏད་སྐལ་ལྡན་ཡིད་ཀྱི་གདུང་སེལ་བཞིན་བསྒྲུབ། དབང་དངོས་གཞིའི་ནང་དེར་ཐང་ལྷའི་སྲོག་གཏད་སྦྱར། རྗེས་ཆོག་སྐབས་མཆོད་བསྟོད་ཀྱི་གོང་དུ་ཐང་ལྷའི་གཏོར་མ་བྱིན་གྱིས་བརླབ་ཅིང་། རྩ་སྔགས་ལ་གཏོར་སྔགས་བཏགས་པ་ལན་གསུམ་མམ་བདུན་གྱིས་འབུལ་ཞིང་། རང་གཞུང་ངམ། རྡོ་རྗེ་འབར་བ་འཁོར་བཅས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ། གཤེགས་བསྟིམ་གང་འོས་སྐབས་དང་བསྟུན། གཞུང་གི་མཆོད་བསྟོད་ཕྱིན་བྱའོ།། །། ༈ རཏྣ་གླིང་པའི་རྟ་མགྲིན་གསང་བ་འདུས་པའི་དབང་རྒྱས་པ་མཆོག་དབང་གུད་སྦས་དང་སྦྲེལ་ནས་བསྐུར་བའི་ཆོ་ག་དབང་ཆེན་གསང་བའི་སྲོག་ཏིག་ལྟར་དབང་སྒྲུབ་ལ་སྔགས་སྲུང་མ་སྦྱར་དགོས་པས། ལས་བུམ་བསྒྲུབས་ཟིན་པ་དང་། ༼ཉི༽དཔལ་ལྡན་སྔགས་ཀྱི་སྲུང་མའི་ཕྲིན་ལས་དང་རྗེས་གནང་ཟབ་གཉན་བཅུད་ཐིགས་ལྟར་བསྒྲུབས་ནས། རྟ་མགྲིན་གྱི་ཚོགས་ལ་འཇུག །སྟ་གོན་སྦྲེལ་བའི་དངོས་གཞི་རྩ་དབང་། གུད་སྦས་མཆོག་དབང་རྣམ་གསུམ་རྗེས། དབང་བསྐུར་བསྡུས་པའི་ཆོ་ག་དབང་ཆེན་ཐུགས་ཀྱི་སྙིང་པོ་ལྟར་གཏོར་མ་ལ་བརྟེན་པའི་བྱིན་རླབས་སྦྱར་མཐར། སྔགས་སྲུང་མའི་རྗེས་གནང་ཡང་སྦྲེལ། ཆོ་གའི་རྗེས་ལྷག་མའི་མཐར་སྔགས་སྲུང་མའི་གཏོར་མར་དམིགས་པས། འགུགས་བརླབ་བསྔོ་ཞིང་ཕྲིན་ལས་བཅོལ་བ་སྦྱར། གཞུང་གི་མཆོད་བསྟོད་དབུར། དམ་སྤྱིའི་རྗེས་ཆོག་ཕྱིན་བཏང་ནས། གཞུང་གི་མཆོད་བསྟོད་ཕྱིན་མཐར་དབྱུང་ངོ་།། །། ༈ ཉང་པོ་མཆོག་ལྡན་རྡོ་རྗེའི་གཏེར་བྱོན་སྟག་ཤམ་བསམ་གཏན་གླིང་པ་ལ་ཡང་གཏེར་ཉེ་བརྒྱུད་ཀྱི་ཚུལ་དུ་བཀའ་བབས་པ་རྟ་མགྲིན་སྙིང་པོ་དོན་སྦྱོར་གྱི་ཟབ་ལམ་སྨིན་བྱེད་རྣམ་བཞི་ཇི་ལྟར་བསྐུར་བའི་ཆོ་ག་བཀླག་ཆོག་ཏུ་བཀོད་པ་དབང་ཆེན་རོལ་པའི་སྒྲ་དབྱངས་ལྟར་སྟ་གོན། དབང་སྒྲུབ། རྩ་དབང་རྒྱས་པའི་དངོས་གཞིའི་རྡོ་རྗེ་སློབ་དཔོན་གྱི་དབང་གི་མཇུག་ཏུ་ཟུར་འདེབས་ལྟར་ལྷ་སྔགས་རྒྱན་ཆས་ཀྱི་དབང་སྦྱར། བརྟུལ་ཞུགས་སྤྱོད་པའི་དབང་ཕྱིན་བསྐུར་རྗེས། དབང་སྒྲུབ་གོང་འཐུས་ཀྱིས་གཏོར་མའི་དབང་ཆོག་དབང་ཆེན་གྲུབ་པའི་སྒྲ་དབྱངས་ལྟར་གཏོར་དབང་བསྐུར། རྗེས་ཆོག་བཅས་བྱའོ།། །། ༈ ཤེས་རབ་འོད་ཟེར་གྱི་གྲོལ་ཏིག་དགོངས་པ་རང་གྲོལ་གྱི་དབང་ཆེན་དྲེགས་པ་ཀུན་འདུལ་གྱི་སྨིན་བྱེད་གསང་བ་གཅིག་གྲུབ་མཚམས་སྦྱོར་གྱིས་བརྒྱན་པ་ལྟར་དང་། བསྙེན་དབང་ཟབ་མོ་གཉིས་སྒྲུབ་པ་གཅིག་འཐུས་ཀྱིས་བསྐུར་བའི་དབང་སྒྲུབ་སྐབས། མདུན་བསྐྱེད་ལ་བདག་བསྐྱེད་ལྟར་བསྐྱེད་གསུངས་པ་ནི། ཤཱུནྱ་ཏཱས་སྦྱང་། སྟོང་པའི་ངང་ལས་མདུན་གྱི་སྒྲུབ་རྟེན་གྱི་གོ་སར་དགའ་བ་ཚལ་གྱི་དུར་ཁྲོད་ཆེན་པོ༔སོགས་བསྙེན་དབང་གི་སློབ་མ་ལྷ་བསྐྱེད་སྐབས་བཞིན་ལ། ཐུགས་ཀའི་དབུས་སུ་སྔགས་ཕྲེང་ས་བོན་དང་བཅས་པས་མཚན་པ་ལས་འོད་ཟེར་འཕྲོས་པས༔ རང་བཞིན་གྱི་གནས་ནས་སོགས་སྒྲུབ་ཐབས་ལྟར་བསྟོད་པའི་བར་སྦྱར། བཟླས་དམིགས་བསྙེན་སྒྲུབ་ཀྱི་དམིགས་པ་སྤྱི་འགྲོ་དང་། བདག་བསྐྱེད་བཞིན་ལས་སྦྱོར་དམིགས་པ་བཅས་བཟླས་པ་བྱ། བུམ་སྒྲུབ་སོགས་ཀྱི་རྗེས། བཀའ་སྲུང་གཤོག་རྒོད་མའི་སྲོག་དབང་སྦྱོར་དགོས་པས། དེའི་དབང་སྒྲུབ་ལ། ༼ཉི༽མཆོད་གཏོར་རྣམས། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་ཡཾ་ལས་རླུང་སོགས་སྨིན་ལུགས་དམ་ཅན་སྤྱི་གཏོར་ལྟར་བརླབ། མདུན་རྟེན་སྭ་བྷཱ་ཝས་སྟོང་པར་སྦྱང་། སྟོང་པའི་ངང་ལས་རང་གི་མདུན་དུ་གངས་རིའི་ཕྲེང་བ་ཆེན་པོས་ཡོངས་སུ་བསྐོར་བ༔སོགས་གཏེར་གཞུང་གསོལ་མཆོད་ཀྱི་རིམ་པ་བཞིན་མངོན་རྟོགས་དང་། སྤོས་རོལ་དབྱངས་ཀྱིས་སྤྱན་འདྲེན་པ་ནི། བྷྱོ༔ སྔོན་ཚེ་པདྨ་འབྱུང་གནས་སོགས་ནས། ཀླུ་རྒྱལ་ཆེན་པོ་འཁོར་བཅས་གཤེགས་སུ་གསོལ༔ འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ༔ ཨོཾ་རུ་རུ་ཧེ་དུན༔ ཁ་ཁ་དུ་ན་དྲག་མོ༔ དུ་ར་དུ་ཏི་ཛ༔ དྲག་མོ་ཧེ་ར་དུ་ར་དུ་ཏི་དུ་བྷྱོ༔ ཞེས་རྩ་སྔགས་དང་། ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛ༔ བཞུགས་གསོལ་ནི། བྷྱོ། ཕོ་བྲང་གཞལ་ཡས་མཛེས་པའི་དབུས། །ལྷ་སྲིན་རུ་དྲ་བསྣོལ་བའི་ཁྲི། །ཉི་ཟླ་པདྨའི་གདན་སྟེང་དུ། །དགྱེས་པར་བཞུགས་ལ་དམ་ཚིག་དགོངས། །རྩ་སྔགས་མཐར། ས་པ་རི་ཝཱ་ར་པདྨ་ཀ་མ་ལཱ་ཡ་སྟྭཾ། མཆོད་པ་ནི། བྷྱོ། དགྲ་བགེགས་བསྒྲལ་པ་ལས་བྱུང་བའི། །རྨད་བྱུང་དགྱེས་སྐོང་མཆོད་པའི་སྤྲིན། །ཕྱི་མཆོད་ཉེར་སྤྱོད་ཚར་དུ་དངར། །ནང་མཆོད་སྨན་གཏོར་རཀྟའི་རྒྱུན། །འདོད་ཡོན་སྣ་ཚོགས་གཅལ་དུ་བཀྲམ། །གསང་མཆོད་བདེ་ཆེན་ཉམས་རྩལ་འབར། །འབོད་སྐོང་རྟེན་སྒྲུབ་མཆོད་པའི་རྫས། །དགྱེས་རྒུའི་ལོངས་སྤྱོད་སྐར་ལྟར་བཀྲ། །རྡོ་རྗེ་དབང་པོ་ཚིམ་བྱེད་པའི། །ཀུན་བཟང་མཆོད་སྤྲིན་འབུལ་གྱིས་བཞེས། །རྩ་སྔགས་མཐར། ཨརྒྷཾ་པུཥྤེ་ནས། ཤབྡ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་པཱུ་ཛ་ཧོཿ བྱེ་བྲག་གཏོར་མ་འབུལ་བ་ནི། རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབས། གཏོར་སྣོད་རིན་པོ་ཆེ་དང་ཐོད་པ་ལ་སོགས་པར་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་དགྲ་བགེགས་བསྒྲལ་པའི་ཉེར་སྤྱད། ཕྱི་ནང་གསང་བའི་དགྱེས་རྫས། སྨན་གཏོར་རཀྟ་ལ་སོགས་པའི་མཆོད་སྤྲིན་ནམ་མཁའ་དང་མཉམ་པ་འདི་ཉིད་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། བསྟན་སྐྱོང་ཆེན་མོ་སོགས་ནས། དྲག་པོའི་ཆད་པས་ཐལ་བའི་རྡུལ་བཞིན་དུ་བརླག་པར་མཛོད་ཅིག༔ བར། བསྟོད་པ་ནི། བྷྱོ༔ ཁྲག་ཞག་རྒྱ་མཚོ་སོགས་དྲག་བསྐུལ་སྐབས་བཞིན། ཁྱོད་ལ་ཕྱག་འཚལ་བསྟོད༔ ཅེས་ཚིག་རྐང་དྲུག །གོང་གི་སྐོང་བའི་མཇུག་གི །བྷྱོ༔ དངོས་གྲུབ་སྟེར་བའི་སོགས་ནས། རྡོ་རྗེ་གནས་གཡོན་མ་ལ་བསྟོད༔ ཅེས་དང་། ཀྱཻ༔ རྒྱ་མཚོ་ཆེན་པོའི་ནང་ཤེད་ན༔ མིང་པོའི་ཚུལ་གྱིས་སྲིང་མོའི་ལས་བྱེད་ཅིང༔ དགོས་འདོད་རེ་སྐོང་བདུད་རྩི་ཆར་ལྟར་འབེབ༔ འཇིགས་བྱེད་ཀླུ་རྒྱལ་ནག་པོ་ཁྱོད་ལ་བསྟོད༔ ཅེས་དང་། བྷྱོ༔ དངོས་གྲུབ་ཆར་ལྟར་འབེབ་མཛད་མཁའ་འགྲོའི་ཚོགས༔ དགྲ་བགེགས་ཐལ་བར་རློག་བྱེད་སྡེ་བརྒྱད་ཚོགས༔ དམ་ལྡན་བུ་བཞིན་སྐྱོང་མཛད་བརྟན་མའི་ཚོགས༔ དམ་ཅན་འཁོར་ཚོགས་རྒྱ་མཚོའི་ཚོགས་ལ་བསྟོད༔ བཟླས་པ་ནི། མདུན་བསྐྱེད་གཙོ་མོའི་ཐུགས་ཀར་ཉི་མའི་གདན་ལ་བྷྱོཿམཐིང་གའི་མཐར་སྲོག་སྔགས་ཀྱིས་བསྐོར་བར་གྱུར། བདག་ཉིད་ཡི་དམ་ལྷའི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས། སྔོན་གྱི་དམ་བཅའ་དྲན་ནས་ཅི་བཅོལ་བའི་ལས་དང་དངོས་གྲུབ་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་སྒྲུབ་པར་མོས་ལ། རྩ་སྔགས་ཅི་ནུས་བཟླ། རྟ་མགྲིན་གཞུང་གི་ཚོགས་བྱིན་རླབས་ནས་ཚོགས་དང་པོ་ཕུལ་རྗེས། སྐོང་རྫས་རྣམས་རཾ་ཡཾ་ཁཾ་གིས་བསང་སྦྱང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ། ཨོཾ་བཛྲ་སྥ་ར་ཎ་ཁཾ་གིས་སྤེལ་ལ། བསྐང་བཤགས་ནི། བྷྱོ༔ བདེ་སྟོང་དབྱེར་མེད་ཆོས་དབྱིངས་སོགས་ནས། བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་དང་། ཡིག་བརྒྱ་བརྗོད། དབང་གཞུང་གི་རིག་མེ་གནང་ནོད་བྱ། དབང་དངོས་ལ། གསང་བ་གཅིག་གྲུབ་ཀྱི་རྩ་བའི་དབང་བཞི་གྲུབ་རྗེས། བསྙེན་དབང་ལ། འདིར་གང་གསན་པར་བྱ་བ་ནི། ཐབས་ལ་མཁས་ཤིང་ཚད་མེད་པའི་ཐུགས་རྗེ་དང་ལྡན་པའི་རྒྱལ་བ་མི་ཡི་སེང་གེས་གདུལ་བྱའི་ཁམས་དང་དབང་པོར་འཚམ་པའི་ཆོས་སྒོ་ཇི་སྙེད་ཅིག་བསྟན་པ་ཐམས་ཅད་ཀྱང་བསྡུ་ན་ཐེག་པ་རིམ་པ་དགུར་འདུ་ཞིང་། དེ་ལས་ད་ལམ་སྐབས་སུ་བབས་པ་འདི་ནི་བསྐྱེད་པ་མ་ཧཱ་ཡོ་གའི་ཕྱོགས་སུ་འདུ་བ་ཡིན། དེ་ལའང་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་སུ་ཕྱེ་བ་ལས་སྒྲུབ་སྡེ། དེ་ལའང་སྤྱིར་སྒྲུབ་པ་དང་། བྱེ་བྲག་ཏུ་སྒྲུབ་པའི་སྐོར་གཉིས་སུ་བཞུགས་པ་ལས། འདིར་བྱེ་བྲག་ཏུ་སྒྲུབ་པ་ལས་པདྨ་གསུང་གི་ཆོས་སྡེར་འདུ་བ་ཡིན། དེའང་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཐུགས་རྗེ་ཆེན་པོའི་ཕྲིན་ལས་གཅིག་ཏུ་བསྡུས་ཏེ་མི་བསྲུན་པའི་ལོག་པར་འདྲེན་པ་འདུལ་བའི་གཉེན་པོ་རྡོ་རྗེ་རྟ་ཡི་རྒྱལ་པོའི་སྐུར་བཞེངས་ཏེ། མ་མོ་མཁའ་འགྲོ་སྣང་སྲིད་ཀྱི་དྲེགས་པ་དང་བཅས་པ་ཐམས་ཅད་བཏུལ་ཞིང་ཕྱག་རྒྱ་གཉན་པོའི་ཟིལ་འོག་ཏུ་བཅུག །འོག་མིན་གྱི་གནས་སུ་རྟ་མཆོག་རོལ་པའི་རྒྱུད་སྡེ་མཐའ་ཡས་པ་གསུངས་ཤིང་། དེ་ལས་ཅི་རིགས་པ་གྲུབ་པའི་རིག་འཛིན་རྣམས་ཀྱིས་མི་ཡུལ་དུ་སྤྱན་དྲངས་ཏེ། རྟ་མཆོག་རོལ་པའི་རྒྱུད་དང་སྒྲུབ་ཐབས་མན་ངག་དུ་མས་འཕགས་བོད་གཉིས་སུ་ཕྲིན་ལས་དང་ཆོ་འཕྲུལ་ས་སྟེང་ན་ཡོངས་སུ་གྲགས་པ་བསྟན་པ་དང་། ཁྱད་པར་ཟན་ཡངས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་ས་གཞི་འདུལ་བའི་སླད་དུ་ཐོག་མར་ཨཱརྻ་པཱ་ལོ་རྟ་མགྲིན་གླིང་དུ་མ་ཧཱ་གུ་རུ་ཉིད་པདྨ་དབང་ཆེན་རྟ་མཆོག་རྒྱལ་པོའི་སྐུར་བཞེངས་ནས། སྣང་སྲིད་ཀྱི་ལྷ་འདྲེ་གདུག་པ་ཅན་རྣམས་ཀྱི་སྲོག་འཕྲོག་ཅིང་དྲངས་ནས་ཟིལ་གྱིས་མནན། དབང་དུ་བསྡུས་ཤིང་དམ་ལ་བཙུད་པར་མཛད་པས་མཚོན། ལྷག་པའི་ལྷ་མཆོག་འདི་ཉིད་ཀྱི་སྒོ་ནས་དྲེགས་པ་ཅན་ཐམས་ཅད་བཏུལ་བས་གཉེན་པོ་སྟོབས་ཀྱི་ལྷ་ལ་འདི་ལས་ཆེ་བ་མེད་པར་གྲགས་ཤིང་། ལས་ཅན་རྗེ་འབངས་རྣམས་ལ་གསང་བའི་ཡི་དམ་དུ་བསྩལ་ཅིང་། དེ་ཉིད་ཐུགས་ཉམས་སུ་བཞེས་པས་དངོས་གྲུབ་ཀྱི་མཚན་མ་བརྙེས། སྒྲུབ་སྐོར་རྒྱས་བསྡུས་དུ་མར་ཕྱེས་ཏེ་མ་འོངས་པའི་དོན་དུ་ཟབ་མོའི་གཏེར་རིགས་དུ་མར་རྒྱས་བཏབ་པར་མཛད་པ་ལས། ད་ལམ་གྱི་སྐབས་སུ་བབས་པ་འདི་ནི། བཻ་རོའི་ཐུགས་སྤྲུལ་ཕྲེང་པོ་གཏེར་ཆེན་འགྲོ་འདུལ་ཤེས་རབ་འོད་ཟེར་རམ་སྣ་ཚོགས་རང་གྲོལ་གྱིས། གྲོགས་རི་རིན་ཆེན་སྤུངས་པ་སོགས་ནས་སྤྱན་དྲངས་པའི་ཟབ་ཆོས་གྲོལ་ཏིག་དགོངས་པ་རང་གྲོལ་གྱི་ཆོས་སྡེ་ལས་བྱོན་པའི་རྟ་མགྲིན་དབང་ཆེན་དྲེགས་པ་ཀུན་འདུལ་བསྐྱེད་རྫོགས་འཁྲུལ་མེད་ཙིཏྟ་དམར་པོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལའང་། རྩ་བའི་དབང་བཞི་གསང་བ་གཅིག་གྲུབ་དང་། བསྙེན་དབང་ཟབ་མོ་གཉིས་སུ་བཞུགས་པ་ལས། འདིར་ཕྱི་མ་ཉིད་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ། མ་རིག་པའི་ལིང་ཏོག་གིས་མིག་བཀབ་པ་མཚོན་བྱེད་མིག་རས་ཆིངས། ཨོཾ་ཙཀྵུ་སོགས། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཕྱག་རྟེན་དུ་མེ་ཏོག་དམར་པོའི་ཆུན་པོ་རེ་ཐོགས་པར་མོས། ཨཱ་ཁཾ་སོགས། བླ་མ་རྟ་མཆོག་དཔལ་དང་གཉིས་སུ་མེད་པ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དགའ་ཆེན་ཁྱོད་བདག་སོགས་ལན་གསུམ། བླ་མ་དང་དཀྱིལ་འཁོར་གྱི་དབང་ཕྱུག་ཐ་མི་དད་པར་རྩ་གསུམ་རྒྱ་མཚོའི་སྤྲིན་གྱིས་བསྐོར་བའི་སྤྱན་སྔར། བདུན་རྣམ་དག་ཚུལ་བཞིན་དུ་བགྱིད་པའི་བློས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་སོགས་ལན་གསུམ། ཞིང་མཆོག་དེ་རྣམས་ཀྱང་ཡེ་ནས་དག་མཉམ་རང་བྱུང་གི་རིག་པ་གཉིས་སུ་མེད་པར་རྫོགས་པར་ཤེས་པས་གནས་ལུགས་དོན་གྱི་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས། ན་མོ༔ སྐྱེ་མེད་དོན་གྱི་སོགས་ལན་གསུམ། གདོད་ནས་ཡེ་ཤེས་རང་ལ་རྫོགས་པའི་རིག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གཉིས་རྟོག་གི་སྤྲོས་པ་དང་བྲལ་བའི་ཐིག་ལེ་ཆེན་པོར་ཀུན་ཏུ་བཟླུམས་པའི་དོན་དམ་སེམས་བསྐྱེད་ལ་འདིའི་རྗེས་ཟློས། བདག་དང་མཐའ་ཡས་སོགས། དེ་ནས་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་ཅིང་བྱིན་དབབ་པའི་སླད་དུ་དམིགས་པ་འདི་ལྟར་གསལ་འདེབས་འཚལ། སློབ་མ་བསང་སྦྱང་། ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་ཀྱི་ངང་ལས། ཁྱེད་རང་རྣམས་གང་དུ་གནས་པའི་ས་ཕྱོགས་འདི་ཉིད་དགའ་བ་ཚལ་གྱི་སོགས་ལྷར་བསྐྱེད་ཅིང་བྱིན་དབབ། ཡེ་ཤེས་པའི་རྒྱུན་བྱང་ཆུབ་བར་དུ་མི་ཉམས་ཤིང་བརྟན་པར་མོས། ཨ་དྷི་ཏིཥྛ་སོགས། སྒོ་གསུམ་གྱི་བར་ཆད་བསྲུང་བའི་སླད་དུ་རྩ་སྔགས་ཀྱིས་བྱིན་གྱིས་བརླབས་པའི་སྲུང་སྐུད་རྡོ་རྗེའི་མདུད་པ་ཅན་དཔུང་པར་བཅིངས་པས་མི་མཐུན་པའི་ཕྱོགས་རྣམས་སྲུང་བར་མོས། རྩ་སྔགས་བཟླ་བཞིན་ཕུས་བཏབ་པའི་སྲུང་སྐུད་གདགས་པ་སོགས་བྱ། དེ་ལྟར་སྣོད་བཅུད་ལྷའི་དཀྱིལ་འཁོར་དུ་བསྒོམས་པའི་རིམ་པས་ཐ་མལ་གྱི་ཉོན་རྟོག་སྦྱངས། ཡེ་ཤེས་ཀྱི་བྱིན་དབབ་པས་ལྷ་དང་སྐལ་པ་མཉམ་ཞིང་། མ་མོ་མཁའ་འགྲོའི་རྗེ་བཙན་དུ་དབང་བསྒྱུར་པའི་སླད་དཔལ་གྱི་ཆས་རྣམས་ཀྱིས་གནས་སོ་སོར་བརྒྱན་པར་མོས། ཧཱུྃ༔ རྒྱལ་སྲས་ཁྱོད་ཀྱི་སོགས་ནས། ང་རྒྱལ་བརྟན་པོར་མཛོད། མིག་དར་དང་ལྷན་ཅིག་གཉིས་འཛིན་གྱི་སྒྲིབ་གཡོགས་བསལ་བར་མོས། ཨོཾ་བཛྲ་པྲ་བེ་སོགས། ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པས་རང་སྣང་ལྷའི་དཀྱིལ་འཁོར་གཞི་ལམ་འབྲས་བུའི་ཡོན་ཏན་མ་བཅོས་ལྷུན་གྱིས་རྫོགས་པའི་དཀྱིལ་འཁོར་ཐམས་ཅད་མངོན་སུམ་དུ་མཐོང་བར་མོས་ཤིག །སྔར་བྱིན་པའི་མེ་ཏོག་དེ་ཉིད་ལྷ་ལ་བཟང་ངན་མེད་ཀྱང་ཚེ་རབས་ནས་འབྲེལ་པའི་ལྷ་གང་ཡིན་པ་བསྒྲུབ་ན་འགྲུབ་ཐག་ཉེ་བས། དེའི་ཕྱིར་ལས་ཀྱིས་འབྲེལ་བའི་ལྷག་པའི་ལྷས་བཞེས་སུ་གསོལ་སྙམ་པའི་དམོད་འདོར་བ་དང་བཅས་འདིའི་རྗེས་ཟློས་ཀྱིས་དཀྱིལ་འཁོར་དུ་དོར་ཅིག །སངས་རྒྱས་དངོས་གྲུབ་སོགས་ནས། མེ་ཏོག་གི་ཕྲེང་བ་རིགས་ཀྱི་ལྷས་བཞེས་ཏེ་སླར་ཁྱེད་རང་རྣམས་ཀྱི་སྤྱི་བོར་དབང་རྟགས་སུ་བཅིངས་པར་མོས། པྲ་ཏཱི་གྲྀཧྞ་སོགས། དེས་འཇུག་པའི་ཆོས་རྣམས་གྲུབ། དངོས་གཞིའི་དབང་ལ་བླ་མ་དཀྱིལ་འཁོར་གྱི་བདག་པོའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྗེས་སུ་དྲན་པས་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དཔལ་ལྡན་སྐུ་ཡི་སོགས་བུམ་པ་དང་སྐུ་གསུང་ཐུགས་དབང་བསྐུར། མཐའ་རྟེན་བྱང་ཆུབ་སྒྲུབ་པའི་བར་ཆད་བདུད་བགེགས་བསྒྲལ་བའི་སླད་དུ་བདག་མདུན་གྱི་ཐུགས་ཀའི་འོད་ཀྱིས་དམ་ཅན་རྣམས་བསྐུལ་པས། གནོད་བྱེད་ཐམས་ཅད་བཀུག་སྟེ་གཟུགས་ལ་བསྟིམ་པར་གྱུར། ནྲྀ་ཏྲི་བཛྲ་སོགས། བདག་ཉིད་དཔལ་ཆེན་པོའི་ཕྱག་གི་ཕུར་པ་སྲས་མཆོག་པདྨ་ཀཱི་ལ་ཡར་གསལ་བ། གནོད་བྱེད་ལ་བཏབ་པས་དྭངས་མ་དྲུག་བཅོམ། མ་རིག་པའི་བག་ཆགས་དང་བཅས་པ་སྦྱངས། ཚེ་སྲོག་དྭངས་བཅུད་རང་ལ་བསྟིམ། རྣམ་ཤེས་ཕུར་པའི་ཁོང་སེང་ནས་བརྒྱུད་འོག་མིན་དུ་སྤར། གཟུགས་ཕུང་ཕྱེ་མར་འཐག་པར་མོས། ཧཱུྃ༔ དབང་ཆེན་ཁྲོས་པ་སོགས། དྲག་སྔགས་མཐའི། སརྦ་བྷཱུ་ཏ་ཏྲིག་ནན༔ ཞེས་པའི་མཐར། ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ སྦྱར་དགོས། བཟླས་ལུང་ཕྱིན་སྤྱི་འགྲོའི་མཚམས་སྦྱོར་ཕྲན་བུས་བརྒྱན་ཏེ་བསྐུར་བའི་ལུས་འབུལ་རྗེས། དེ་རྣམས་ཀྱིས་ཡི་དམ་ལྷའི་དབང་བསྐུར་ལེགས་པར་གྲུབ་ནས། སླར་བཀའ་ཡི་སྲུང་མ་རྡོ་རྗེ་གཤོག་རྒོད་མའི་དབང་བསྐུར་བ་ལ་འདུན་པ་འདི་བཞིན་དུ་མཛོད། དེ་ལ་ཐོག་མར་སློབ་བུ་ཁྱེད་རྣམས་དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་དུ་གནས་པར་མོས་པས། ཚེ་རབས་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་རྒྱུད་ལ་ཅི་གནས་པ་སྦྱོང་བའི་དོན་དུ། ཁྱེད་རང་ཐ་མལ་དུ་གནས་པའི་སྤྱི་བོར་བླ་མ་དཔལ་རྡོ་རྗེ་སེམས་དཔའ་བཞུགས་པ་ལ་གསོལ་འདེབས་ཀྱི་ཚུལ་དུ་ཡི་གེ་བརྒྱ་པ་བཟླས་པས། སྐུ་ལས་བདུད་རྩིའི་རྒྱུན་བྱུང་བས་ཉམས་གྲིབ་ཐམས་ཅད་སྦྱངས་པར་མོས་ལ་ཡིག་བརྒྱ་ལྷན་ཅིག་ཏུ་བཟླ། མཐར་རྡོར་སེམས་འོད་དུ་ཞུ་ནས་རང་ལ་ཐིམ་པར་མོས། སླར་ཡང་ཚོགས་གསག་པའི་དོན་དུ་མདུན་གྱི་ནམ་མཁར་རྩ་བ་གསུམ་གྱི་ལྷ་ཚོགས་སྤྲིན་གཏིབས་པ་བཞིན་བཞུགས་པའི་སྤྱན་སྔར་བདུན་རྣམ་དག་གི་ཏིང་འཛིན་གསལ་ཐོབས་ལ་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ཐུན་མོང་གི་སྐྱབས་སེམས་ཚོགས་གསག་བྱ། ཐལ་མོ་མེ་ཏོག་དང་བཅས་པས་དཀྱིལ་འཁོར་གྱི་སྒོ་སྲུང་ལ་སྒོ་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱཻ༔ མཁའ་འགྲོ་ནག་མོ་སོགས། དེ་ལྟར་གསོལ་བས་ལན་དུ་སྒོ་སྲུང་དང་དབྱེར་མེད་པའི་ལས་ཀྱི་རྡོ་རྗེས་འདི་སྐད་གསུང་བར་མོས། ཀྱཻ༔ ཐེག་དམན་ལོག་རྟོག་སོགས། དེ་ལྟར་བསྒྲགས་པའི་ལན་དུ་འདིའི་རྗེས་ཟློས། བདག་ཅག་སོགས། དེས་ན་སྣོད་དུ་རུང་བར་ཤེས་ནས་ཕོ་བྲང་གི་སྒོ་ཕྱེ་ཞིང་ནང་དུ་དྲངས་པ་ན། སྔོན་ཆད་མ་རིག་པའི་དྲི་མས་མིག་ལྡོངས་པའི་མཚོན་བྱེད་མིག་རས་བཅིངས་ཤིང་། ལྷ་དང་མཇལ་བའི་ཕྱག་རྟེན་མེ་ཏོག་གི་ཕྲེང་བ་ཕྱག་ཏུ་ཐོགས་པ་དང་བཅས་འདུད་ཕྱག་སྔོན་དུ་འགྲོ་བས་རང་རང་གི་གྲལ་ལ་འཁོད་པར་མོས་པས་གསན་འཚལ། དེའང་སྤྱིར་རྒྱལ་བའི་ཕྲིན་ལས་ལ་ཚད་གཟུང་མེད་པས་སྲིད་པ་ཇི་སྲིད་བར་འདུལ་ཐབས་ཀྱི་རྣམ་འཕྲུལ་འགོག་པ་མེད་ཅིང་། བསམ་གྱིས་མི་ཁྱབ་པའི་ཕྲིན་ལས་ནམ་མཁའ་ལྟར་ཀུན་ལ་ཁྱབ་ཅིང་ཕྱོགས་ལྷུང་མེད་པའི་བདག་ཉིད་ཅན་དུ་བཞུགས་པ་ལས། གདུལ་བྱ་ཞི་བས་མི་འདུལ་བའི་གཉེན་པོར་ཁྲོ་བོ་དང་ཁྲོ་མོའི་ཚུལ་གྱིས་འགྲོ་བའི་དོན་མཛད་ཅིང་། རྒྱལ་བའི་བསྟན་པ་བསྲུང་བའི་ཚུལ་མཛད་པ་སོགས་དང་པོའི་སངས་རྒྱས་གཅིག་པུའི་གར་གྱི་དུ་མར་རྣམ་པར་འཕྲུལ་པ་འབྱམས་ཀླས་སུ་སྟོན་པ་ལས། སྐབས་སུ་བབས་པ་འདི་ནི། སྲིད་ཞི་ཐམས་ཅད་བསྐྱེད་ཅིང་འབྱུང་བའི་ཡུམ་མཆོག་ཀུན་ཏུ་བཟང་མོ་ཉིད། རྣམ་པ་མ་མོ་ཁྲོས་མའི་ཚུལ་གྱིས་གསང་སྔགས་གཉན་གྱི་བསྟན་པ་བསྲུང་ཞིང་སྒྲུབ་པ་པོའི་ཕྲིན་ལས་སྒྲུབ་པའི་སྐུར་བཞེངས་པ། འདོད་ཁམས་དབང་ཕྱུག་ལྷ་མོ་རྡོ་རྗེ་གཤོག་རྒོད་མའི་སྒྲུབ་ཐབས་འདི་ཉིད་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནཿདང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གཉིས་ཀྱི་དོན་དུ་མཛད་དེ། སླར་ཡང་མ་འོངས་སྙིགས་མའི་སེམས་ཅན་རྣམས་ཀྱི་དོན་དུ་འབྲི་གུང་གྲོགས་ཀྱི་མདའ། རི་རིན་ཆེན་སྤུངས་པའི་རྐེད། ཨོ་རྒྱན་གསང་བའི་ཕུག་པར་གཏེར་དུ་སྦས་པ་ཉིད། ལོ་ཆེན་བཻ་རོ་དངོས་སྣང་སྤྲུལ་པའི་གཏེར་སྟོན་ཆེན་པོ་འགྲོ་འདུལ་ཤེས་རབ་འོད་ཟེར་གྱིས་སྤྱན་དྲངས་ཏེ། ཟ་ཧོར་གྱི་རྒྱལ་རིགས་གཉིས་པར་བྱོན་པའི་ཕོ་བྲང་ཆེན་པོ་ཡུལ་གྱི་དགེ་ལེགས་མཐའ་དག་གི་འདུན་ས་ཆེན་པོ་ཕྱིང་བར་སྟག་རྩེར་ཤོག་སེར་ལས་གཏན་ལ་ཕབ་པའི་ཕྲིན་ལས་ཟབ་མོ་དང་འབྲེལ་བ་སྟེ། གཞུང་ལས། སྔགས་སྲུང་རྡོ་རྗེ་གཤོག་རྒོད་མའི་སྲོག་དབང་སྦྱིན་པ་ནི༔ ཡིད་རྩེ་གཅིག་ཏུ་གཏད་ཅིང་སྡོམ་པ་དམ་ཚིག་ལ་གནས་པའི་སྐྱེས་བུ་སྐལ་ལྡན་དག་ལ་ཡིན་གྱི༔ གཞན་དུ་རང་གཞན་ཐམས་ཅད་ནམ་ཞིག་ཚེའི་བར་ཆད་དུ་འགྱུར་རོ༔ ཞེས་དང་། པདྨ་བདག་གིས་གཏེར་སྲུང་ཉིད་ཀྱི་ཟུངས་ཁྲག་ཕྱུང་པ་ཡིན་ལ༔ དབང་འདི་གཉན་པས་གར་ཐོད་ལ་བསྐུར་ན་བར་ཆད་འོང་བས་ཤིན་ཏུ་ཉེན་ཆེ་བས་སྣོད་ལྡན་གཅིག་བརྒྱུད་མིན་པ་མ་སྤེལ་ཅིག༔ གཏེར་སྲུང་ལས་ཀྱི་རྡོ་རྗེ་གཤོག་རྒོད་མས་བྱ་ར་གྱིས་ཤིག༔ ཅེས་རྗེས་སུ་གདམས་པ་ཉིད་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ། སློབ་དཔོན་པདྨ་དབང་ཆེན་རྣམ་དབྱེར་མེད་པའི་སྤྱན་སྔར་མེ་ཏོག་འབུལ་ཞིང་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་མ་སངས་རྒྱས་སོགས་ལན་གསུམ། བླ་མ་དང་དཔལ་ཧེ་རུ་ཀཿགཉིས་སུ་མེད་པ་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་ཏུ་བཞུགས་པའི་དྲུང་དུ། ཐེག་ཆེན་སྔགས་ཀྱི་ལམ་མཆོག་དང་འབྲེལ་བའི་རྒྱུན་བཤགས་ཡན་ལག་བརྒྱད་པ་འབུལ་བའི་སྒོམ་དོན་གསལ་བཞིན་པས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། དབང་གི་གཞི་འགོད་པའི་སླད་དུ་སློབ་མའི་ལུས་སེམས་ཀྱི་དཀྱིལ་དུ་སྦ་བ་སྟེ། གདོས་བཅས་ཀྱི་ལུས་འདི་འོད་དུ་ཞུ་ནས་སྟོང་པ་ཉིད་ཀྱི་ངང་དུ་མཉམ་པར་ཞོག །དེ་ལས་རིག་པ་བྱང་ཆུབ་སེམས་ཀྱི་རང་རྩལ་ཡི་གེ་བྷྱོཿམཐིང་ནག་སོགས་ནས། ཀློང་དཀྱིལ་ན་བཞུགས་པར་གསལ་ཐོབས། དེ་ལྟར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་གསུམ་དང་། ཐུགས་སྲོག་ཉི་སྟེང་བྷྱོཿམཐིང་ནག་གིས་མཚན་པ་དང་། སློབ་དཔོན་ཉིད་དབང་ཆེན་ཁྲོ་བོའི་རྒྱལ་པོར་གསལ་བའི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བའི་ཞིང་དང་། དུར་ཁྲོད་ཆེན་པོ་བརྒྱད་སོགས་རང་བཞིན་སྤྲུལ་པའི་གནས་ནས་བསྟན་སྐྱོང་ཆེན་མོ་རྡོ་རྗེ་གཤོག་རྒོད་མ་སྤྲུལ་འཁོར་ཞིང་གི་རྡུལ་སྙེད་དང་བཅས་པ་སྤྱན་དྲངས་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་མོས། གུ་གུལ་གྱི་གསུར་དུད་དང་། ཐོད་རྔ་རོལ་མོའི་སྒྲས་གཟི་བྱིན་བསྐྱེད་དེ་སྤྱན་འདྲེན་ནི། བྷྱོ༔ སྔོན་ཚེ་པདྨ་འབྱུང་གནས་སོགས་གསོལ་མཆོད་བཞིན་དང་། གོང་གསལ་ཟུར་འདེབས་གབ་སྤྲད་སྔགས་བཅས། ས་མ་ཡ་ཛཿཛ༔ བར་བརྗོད། དེ་ལྟར་ཕབ་པའི་བྱིན་རླབས་ཀྱི་རྒྱུན་བརྟན་པར་གྱུར་ཅིག །ཏིཥྛ་བཛྲས་མགོ་བོར་རྡོ་རྗེ་རྒྱ་གྲམ་དུ་གཞག །དངོས་གྲུབ་ཀྱི་སྐལ་པ་བརྟག་པའི་སླད་དུ་རིན་པོ་ཆེ་ལས་གྲུབ་པའི་མེ་ཏོག་གི་ཆུན་པོ་རེ་མདུན་དུ་བཞུགས་པའི་བཟང་མོ་ལ་ཕུལ་བའི་མོས་པས་འདིའི་རྗེས་ཟློས་དང་བཅས་འབུལ་འཚལ། འགྲིམ་དཀྱིལ་འདུ་བྱས་ཏེ། ཀྱེ༔ བླ་མ་སངས་རྒྱས་སོགས། དེ་ལྟར་ཕུལ་པའི་མེ་ཏོག་ལྷ་མོའི་ཐུགས་ཀར་ཕོག་པས་དངོས་གྲུབ་མཆོག་གི་སྐལ་པ་དང་ལྡན་པའི་མཚན་མར་བཟུང་ཞིང་། མེ་ཏོག་དེ་ཉིད་དབང་རྟགས་སུ་སླར་ཁྱེད་རང་གི་སྤྱི་བོར་བཅིངས་པར་མོས། པུཥྤེ་བཛྲ་ས་མ་ཡ་སྟྭཾ། དེ་ལྟར་ཡེ་ཤེས་ཀྱི་བྱིན་ཕབ་ཅིང་ལྷ་དང་གཉིས་མེད་དུ་བསྒྲུབས་པས་མ་རིག་པའི་སྒྲིབ་བྲལ་དུ་བྱས་པ་མཚོན་ཕྱིར་གདོང་གཡོགས་སོལ་ཅིག །དེ་དག་གིས་སྔོན་འགྲོའི་རིམ་པ་གྲུབ། དབང་བསྐུར་བ་དངོས་ལ། ཐུན་མོང་སྐུ་གསུང་ཐུགས་ཀྱི་རྗེས་གནང་དང་། ཐུན་མིན་སྲོག་དབང་སྦྱིན་པ་རྣམས་སུ་ཡོད་པས། ཐོག་མར་དེ་དག་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ༔ ཕྱོགས་བཅུར་བཞུགས་པའི་སོགས་ཤློ་ཀ་ལན་གསུམ། དང་པོ་སྐུའི་རྗེས་གནང་གི་སླད་དུ་འདི་ལྟར་གསལ་ཐོབས་ཤིག །མདུན་དུ་བཤམས་པའི་རྟེན་རྣམས་དང་དབྱེར་མེད་པའི་དཀྱིལ་འཁོར་ཕྱི་གངས་རིའི་ཕྲེང་བ་ཆེན་པོས་སོགས་གསོལ་མཆོད་བཞིན་བསྐྱེད་པའི་ས་བོན་དོར་ནས། སྤྲིན་གྱི་ཕུང་པོ་གཏིབས་པ་ལྟ་བུས་བསྐོར་བར་གསལ་བར་གྱུར་པ་ལ། དབང་གཞུང་གི །བླ་མའི་ཐུགས་ཀའི་ས་བོན་སོགས། མཉམ་པར་གྱུར་སྙམ་པའི་མོས་པ་མཛོད། སྤོས་རོལ་བཅས། ཨོཾ་རུ་རུ་ཧེ་དུན༔ ཁ་ཁ་དུ་ན་དྲག་མོ༔ དུ་ར་དུ་ཏི་ཛ༔ དྲག་མོ་ཧེ་ར་དུ་ར་དུ་ཏི་དུ་བྷྱོ༔ དེ་ལྟར་བྱས་པས་ལྷ་མོའི་སྐུའི་བྱིན་རླབས་ཞུགས་ཤིང་། སྐུའི་ནུས་སྟོབས་རྫོགས་པར་གྱུར་པ་ནི་སྐུའི་རྗེས་སུ་གནང་བའོ། །གཉིས་པ་གསུང་གི་རྗེས་སུ་གནང་བའི་སླད་དུ། ཡང་བླ་མའི་ཐུགས་ཀ་སོགས། ཐུགས་རྒྱུད་བསྐུལ༔ མདུན་བསྐྱེད་ཀྱི་ཐུགས་ཀར་ཉི་སྟེང་བྷྱོཿསྔོན་པོའི་མཐར་སྔགས་ཕྲེང་གསལ་བ་ལས་འོད་ཟེར་གྱི་རྣམ་པའི་སྔགས་ཕྲེང་གཉིས་པ་བྱུང་། སློབ་མའི་སྙིང་གར་ཞུགས་སོགས། བསྲེགས་ཤིང་སླར་ཡང་ཁྱེད་རང་གི་ཐུགས་ཀར་འཁོད་པའི་སྔགས་ཕྲེང་ལས་འོད་ཟེར་མཆོད་པའི་ཚུལ་དུ་འཕྲོས། ཕྱོགས་བཅུའི་རྒྱལ་བའི་དཀྱིལ་འཁོར་དང་མདུན་བསྐྱེད་ཀྱི་ལྷ་མཉེས་པར་བྱས། དགྲ་བགེགས་རྣམས་ཚར་བཅད། དྲེགས་པ་ཕོ་མོ་དབང་དུ་བསྡུས། འོད་ཟེར་ཚུར་བྱུང་། བྱིན་རླབས་ནུས་སྟོབས་ཀྱི་རིམ་པ་རྫོགས་པར་མོས་ལ་སྔགས་འདིའི་རྗེས་ཟློས། གོང་གསལ་རྩ་སྔགས་ལན་གསུམ། སླར་ཡང་སློབ་དཔོན་ལ་མེ་ཏོག་འབུལ་ཞིང་འདིའི་རྗེས་ཟློས། བསྟན་སྐྱོང་བདག་ལ་སོགས་ལན་གསུམ། སླར་མེ་ཏོག་དེ་ཉིད་སྤྱི་བོར་བཅིངས་པས་སྔགས་ཀྱི་ནུས་པ་བརྟན་པར་བྱས་པར་མོས། བསྟན་སྐྱོང་འདི་ལ་སོགས་ལན་གསུམ། དེ་ལྟར་བྱས་པས་ལྷ་མོའི་གསུང་གི་བྱིན་རླབས་ཞུགས་ཤིང་། གསུང་གི་ནུས་སྟོབས་རྫོགས་པར་གྱུར་པ་ནི་གསུང་གི་རྗེས་སུ་གནང་བའོ། །གསུམ་པ་ཐུགས་ཀྱི་རྗེས་སུ་གནང་བའི་སླད་དུ། ཡང་བླ་མའི་སོགས། སྔགས་རོལ་བཅས་ཕྱག་མཚན་བྱིན་མཐར། དེ་ལྟར་བྱས་པས་ལྷ་མོའི་ཐུགས་ཀྱི་བྱིན་རླབས་ཞུགས་ཤིང་། ཐུགས་ཀྱི་ནུས་སྟོབས་རྫོགས་པར་གྱུར་པ་ནི་ཐུགས་ཀྱི་རྗེས་སུ་གནང་བའོ། །རྗེས་འབྲེལ་ཕྲིན་ལས་རྒྱས་པར་བྱེད་པ་དམ་རྫས་ཚོགས་ཀྱི་ལོངས་སྤྱོད་མཆོད་གཏོར་སྒྲུབ་རྫས་སྲོག་ཡིག་རྣམས་ཕྱག་ཏུ་གཏད་པས། དཔལ་ལྷ་མོའི་ལས་དང་དངོས་གྲུབ་རྒྱ་མཚོ་བསྒྲུབ་པའི་མཐུ་དང་ལྡན་ཅིང་། མ་མོ་རབ་འབྱམས་ཀྱི་སྲོག་ལ་དབང་ཐོབ་པར་མོས། ཧཱུྃ༔ ཞལ་ཟས་ལོངས་སྤྱོད་སོགས་རིམ་པར་བསྐུར། ཡི་གེ་བྷྱོའི་དབང་བསྐུར་མཐའི་གནོད་བྱེད་ཐམས་ཅད་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད་ཅིག༔བར་བསྐུར། དེ་རྣམས་ཀྱིས་ཐུན་མོང་གི་དབང་རྗེས་འབྲེལ་དང་བཅས་པ་གྲུབ། བརྒྱུད་འཛིན་ཐུན་མོང་མ་ཡིན་པ་ལ་སྲོག་དབང་ཟབ་ཅིང་གཉན་པ་བསྐུར་བ་ཡིན་པས། བདག་གིས་བརྗོད་པའི་ཚིག་རིས་དང་མཐུན་པའི་དམིགས་པ་རྣམས་གསལ་འདེབས་པ་ཞུ། བླ་རྡོ་མདུན་དུ་བཞག་པ་ལ། སློབ་དཔོན་དབང་ཆེན་ཁྲོ་བོའི་རྒྱལ་པོའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་འབར་བའི་དབྱིབས་ཅན་གྲངས་མེད་པ་འཕྲོས་པས། མ་མོ་སྣང་སྲིད་དྲེགས་པ་སྡེ་བརྒྱད་ཀྱི་དཔུང་དང་བཅས་པ། ཨོ་རྒྱན་གསང་བའི་དུར་ཁྲོད། གླིང་བཞིའི་འཇིག་རྟེན་གྱི་གནས་ཡུལ་སོགས་གང་དུ་བཞུགས་ཀྱང་སྐད་ཅིག་གིས་བཀུག་ནས་དམིགས་པའི་རྟེན་དང་དབྱེར་མེད་དུ་གྱུར་པར་མོས། རྩ་སྔགས་མཐར། བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿབཏགས་པ་ལན་བདུན་གྱིས་བཀུག །མཆོད་གཏོར་རཾ་ཡཾ་ཁཾ་གིས་བསྲེག་གཏོར་བཀྲུས། ཨོཾ་ཨཱཿཧཱུྃ་གིས་སྦྱང་སྤེལ་བསྒྱུར། གཏོར་སྣོད་རིན་པོ་ཆེ་དང་ཐོད་སྣོད་ལ་སོགས་པར་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་དགྲ་བགེགས་བསྒྲལ་པའི་ཉེར་སྤྱོད། ཕྱི་ནང་གསང་བའི་དགྱེས་རྫས། སྨན་གཏོར་རཀྟ་ལ་སོགས་ནམ་མཁའ་དང་མཉམ་པ་འདི་ཉིད། བསྟན་སྲུང་ཆེན་མོ་འདོད་ཁམས་དབང་བྱེད་རྡོ་རྗེ་གཤོག་རྒོད་མ༔ ལྷ་མོ་ཧེ་ལེ་སོགས་གསོལ་མཆོད་བཞིན། ཀླུ་རྗེ་རྒྱལ་བ་ཐོད་དཀར༔ སྤྲུལ་འཁོར་སྡེ་བརྒྱད་ཡང་བྲན་གྱི་ཚོགས་འཁོར་དང་བཅས་པའི་ལྗགས་ཧཱུྃ་ལས་སོགས། རྩ་སྔགས་ལ་སྡེ་བརྒྱད་ཤམ་བུ་དང་། ཨ་ཀཱ་རོ་བཏགས་པ་ལན་བདུན་གྱིས་འབུལ། མཆོད་སྦྱིན་གྱི་གཏོར་མ་སོགས་ཀྱིས་འདོད་དོན་གསོལ། ཧཱུྃ༔ ང་ནི་དཔལ་ལྡན་རྡོ་རྗེ་འཛིན༔ སོགས་འོག་གི་རྒྱུན་གཏོར་རམ་ཆད་ཐོ་གཏང་། དེ་ནས་ཁྱེད་རང་རྣམས་དཔལ་ཆེན་པདྨ་ཧེ་རུ་ཀཿརྟ་མཆོག་དབང་གི་རྒྱལ་པོའི་སྐུར་གསལ་བ་ལ། བླ་རྡོ་མ་མོ་སྡེ་བརྒྱད་བྲན་དང་བཅས་པར་གསལ་བ། ཁྱེད་རང་རྣམས་ཀྱི་ཞབས་འོག་ཏུ་དྲངས་ཏེ་བྲན་དང་འབངས་སུ་གཏད་པས་སྣང་སྲིད་མ་མོ་སྡེ་བརྒྱད་དང་བཅས་པའི་སྲོག་ལ་དབང་ཐོབ། དྲེགས་པ་ཅན་རྣམས་ཟིལ་གྱིས་གནོན་ཅིང་ལས་ལ་བཀོལ་བའི་མཐུ་རྩལ་རྫོགས་པར་མོས། བླ་རྡོ་སློབ་བུའི་ཞབས་འོག་ནས་དྲངས་པའི་ཚུལ་བཅས་ལག་ཏུ་གཏད་དེ། ཧཱུྃ༔ སྣང་སྲིད་མ་མོའི་སོགས། དེས་མ་མོ་རབ་འབྱམས་ཀྱི་སྲོག་ལ་དབང་ཐོབ་པ་ཡིན་པས། དེང་ཕྱིན་ཆད་སྣང་སྲིད་ཐམས་ཅད་མ་མོའི་དཀྱིལ་འཁོར་དུ་རྫོགས་པར་ཤེས་དགོས། དེའང་ཟབ་མོ་སྟོང་པ་ཉིད་རྣམ་ཀུན་མཆོག་ལྡན་དབྱིངས་ཀྱི་ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན་མའི་རང་ངོ་ལས་གུད་དུ་མི་བལྟ་ཞིང་། ལྟ་བའི་གྱད་ཆེན་པོའི་ཟབ་ཁྱད་དང་ལྡན་པའི་སྒོ་ནས་ཞི་རྒྱས་དབང་དྲག་གི་ཕྲིན་ལས་རབ་འབྱམས་ལ་བསྐུལ་པ་དང་། རྟེན་རྫས་ཚོགས་ཤིང་མཆོད་གཏོར་རྒྱ་ཆེན་པོས་མཆོད་གསོལ་བསྟོད་ཅིང་བསྐུལ་བ་ལ་སོགས་སྤྱི་དང་། ཁྱད་པར་གསང་བས་བསྡུས་པའི་དམ་ཚིག་རྣམ་པར་དག་པས་བསྙེན་སྒྲུབ་ལ་བརྩོན་པར་མཛད་དགོས་པས། དེ་དག་ཚུལ་བཞིན་བགྱིའོ་སྙམ་པའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དབང་གི་རྗེས་རིམ་སྤྱི་ལྟར་དང་། ཆོ་གའི་རྗེས་རྟ་མགྲིན་གྱི་ཚོགས་ལྷག་མཐར། དམར་གཏོར་ལ་དམིགས་བྱ་དགུག་བསྟིམ་བྱིན་རླབས་བྱས་ལ། བསྟོད་བསྐུལ་ནི། བྷྱོ༔ ཁྲག་ཞག་རྒྱ་མཚོ་འཁྲུགས་པའི་སོགས་ཆ་ཚང་དང་། ཐ་ཚིག་ནི། ཧཱུྃ༔ ང་ནི་དཔལ་ལྡན་སོགས་དང་། ཕྲིན་བཅོལ་ནི། བྷྱོ༔ གཞན་ཡང་ཁྱོད་ལ་སོགས་ནས། དངོས་གྲུབ་བསྩལ་དུ་གསོལ༔ རྟ་མགྲིན་གྱི་ཆད་ཐོ་ཕྱིན་མཐར་དབྱུང་ངོ་།། །། ༈ འཇའ་ཚོན་སྙིང་པོའི་ཟབ་ཆོས་རྟ་ཕག་ཡིད་བཞིན་ནོར་བུའི་དབང་བསྐུར་གྱི་ལས་རིམ་ཁྱེར་བདེར་བཀོད་པ་ཡེ་ཤེས་མཆོག་སྦྱོར་ལྟར་དབང་སྒྲུབ། དབང་དངོས། རྗེས་ཆོག་བཅས་བྱའོ།། །། ༈ གནམ་ཆོས་རྟ་མགྲིན་བར་ཆད་ཀུན་སེལ་གྱི་དབང་སྒྲུབ། དངོས་གཞི་གཟུངས་དབང་། རྗེས་གནམ་ཆོས་སྤྱི་ལྟར་རོ།། །། ༈ སྟག་ཤམ་བསམ་གཏན་གླིང་པའི་ཡི་དམ་དགོངས་འདུས་རྟ་མཆོག་རོལ་པའི་དབང་འགྲེལ་སྤྱི་སྡོམ་རྩ་བའི་དབང་བསྐུར་ཆེན་མོ་བཀླག་ཆོག་ཏུ་བཀོད་པ་པདྨ་རཱ་གའི་བུམ་བཟང་ལྟར་བདག་བསྐྱེད། སྟ་གོན། དབང་སྒྲུབ། སྒོ་ཞུས། དངོས་གཞིའི་དབང་བསྐུར། རྗེས་ཆོག་བཅས་དང་། ༧ རྩ་གསུམ་སྤྱིའི་རྗེས་གནང་གཅིག་ཤེས་ཀུན་གྲོལ་ལྟར་རྟ་མགྲིན་ཡི་གེ་དྲུག་པའི་དབང་སྒྲུབ། བྱིན་རླབས་རྗེས་གནང་དངོས། རྗེས་ཆོག་བཅས་བྱའོ།། །། ༈ པདྨ་འོད་གསལ་མདོ་སྔགས་གླིང་པའི་སྙན་བརྒྱུད་རྟ་མཆོག་རོལ་པའི་སྙིང་ཐིག་གི་ཕྲིན་ལས་དང་དབང་བསྐུར་བཀླག་ཆོག་ཏུ་བསྡེབས་པ་རྟ་མཆོག་དགྱེས་པའི་བཞད་སྒྲ་ལྟར་དབང་སྒྲུབ། དངོས་གཞི་རྩ་དབང་དང་། ཚེ་དབང་། གྲོལ་བྱེད་ཟབ་ཁྲིད་དང་འབྲེལ་བ། རྗེས་ཆོག་བཅས་བྱའོ།། །། ༈ ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པའི་ཟབ་བདུན་ཟངས་བྱང་མའི་རྟ་མགྲིན་དབང་ཟབ་ཡང་ཕྱུང་དམར་པོའི་རྩ་དབང་གི་དབང་སྒྲུབ་ལ། བརྒྱུད་འདེབས་འཕྲོས་ཟབ་བདུན་སྤྱི་འགྲོའི་སྐྱབས་སེམས། ཕྲིན་ལས་སྔོན་འགྲོའི་སྤྱི་ཆིངས། ཏིང་འཛིན་རྣམ་གསུམ་གྱི་ཙིཏྟ་བཛྲ་ཧཱུྃ་ཞེས་པ། ཙིཏྟ་བཛྲ་ཧྲཱིཿཞེས་པར་བསྒྱུར་ནས། དངོས་གཞི་ལྷ་བསྐྱེད་ཕྱིན་ཡང་ཕྱུང་དམར་པོའི་ཕྲིན་ལས་ཀྱི་སྨན་མཆོད་ལ་མཚན་དོན་སྦྱར་ཞིང་། རྟ་སྐད་དགོངས་གླུའི་མཐར། བྷྲཱུྃ་བི་ཤྭ་བི་ཤུདྡྷེ། ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཧྲཱིཿཕཊ༔ ཕཊ་ཛཿ བདག་ཉིད་དམ་ཚིག་དཀྱིལ་འཁོར་ལས༔ ཡེ་ཤེས་དཀྱིལ་འཁོར་གཉིས་པ་དབྱེ༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་རྣམས༔ མདུན་གྱི་ནམ་མཁར་བཞུགས་པར་གྱུར༔ ཧཱུྃ༔ དམར་ནག་གྲུ་གསུམ་དབང་གི་དཀྱིལ་འཁོར་དུ༔ གདུག་པ་ཀླུ་རྒྱལ་བསྣོལ་བའི་གདན་སྟེང་དུ༔ མ་ཆགས་པདྨ་ཐབས་ཤེས་ཉི་ཟླ་ལ༔ བཅོམ་ལྡན་དཔལ་ཆེན་རྟ་མཆོག་རྒྱལ་པོའི་སྐུ༔ གཉིས་མེད་སྦྱོར་ཡུམ་པདྨ་གཟི་ལྡན་མ༔ སྤྲུལ་པའི་ཕྲ་མེན་བྱི་ལ་པུ་ཤུད་མགོ༔ དབང་ཆེན་སྡེ་བཞི་རིགས་ཀྱི་དབྱིངས་ཕྱུག་བཞི༔ ཟིལ་གནོན་ཁྲོ་རྒྱལ་ཡབ་ཡུམ་སྒོ་མ་བཞི༔ པདྨ་གསུང་གི་བཀའ་སྲུང་བཅས་པ་རྣམས༔ སྐུ་ནི་གར་དགུ་དཔལ་དང་དུར་ཁྲོད་ཆས༔ གསུང་དབྱངས་བཅུ་གཉིས་སྔགས་སྒྲ་འབྲུག་ལྟར་སྒྲོག༔ ཐུགས་ནི་བདེ་ཆེན་ཡེ་ཤེས་སྲོག་དང་ལྡན༔ ཡོན་ཏན་བསམ་ལས་འདས་པའི་རྣམ་ཐར་ཅན༔ ཕྲིན་ལས་ཐོགས་མེད་ནམ་མཁའི་མཐའ་དང་མཉམ༔ རང་གི་དབྱིངས་ལས་གཞན་དུ་མི་བཞུགས་པས༔ རང་གསལ་ཐབས་ཀྱིས་སྒྲུབ་པའི་དུས་འདི་ལགས༔ རྣལ་འབྱོར་བདག་གིས་ཏིང་འཛིན་རྩེ་གཅིག་པས༔ སྣང་གྲགས་རིག་གསུམ་དཀྱིལ་འཁོར་གསུམ་དུ་སྒོམ༔ ལུས་ནི་ལྷ་ཡི་སྐུར་གསལ་རྣམ་པར་དག༔ ཆེ་བཙན་འགྲན་ཟླ་བྲལ་བའི་ང་རྒྱལ་ལྡན༔ ངག་ནི་བཟླས་བརྗོད་གྲགས་སྟོང་སྐྱོན་དང་བྲལ༔ རྩ་ཐིག་རླུང་གསུམ་བདེ་ཆེན་ཡི་གེར་གནས༔ ཡིད་ནི་རང་བྱུང་གནས་ལུགས་མ་བཅོས་པ༔ གང་ཤར་རང་གྲོལ་ཀ་དག་ངང་དུ་གནས༔ དཔལ་ཆེན་ཉིད་དང་དབྱེར་མེད་མ་གྱུར་བར༔ སྲོག་གི་ཕྱིར་ཡང་དགོངས་པ་མི་གཏང་ངོ༔ ཧཱུྃ་ཧྲཱི༔ དཔལ་ཆེན་རྟ་མགྲིན་ཐུགས་ཀའི་འོད་ཁྱིམ་དུ༔ ཐབས་ཤེས་ཉི་ཟླར་ཡེ་ཤེས་སེམས་དཔའ་དམར༔ རྡོ་རྗེ་དྲིལ་འཛིན་རང་འོད་ཡུམ་འཁྱུད་པའི༔ སྲོག་གོར་ཉི་མ་ལ་གནས་རྡོ་རྗེའི་སྦུབས༔ འོད་ཀྱི་དཀྱིལ་འཁོར་དབུས་སུ་ཧྲཱིཿཡིག་ལ༔ སྔགས་ཀྱི་ཕྲེང་བ་གཡས་སུ་འཁོར་བ་ལས༔ འོད་འཕྲོས་རྒྱལ་མཆོད་གསང་གསུམ་བྱིན་རླབས་བསྡུས༔ འགྲོ་བའི་སྒྲིབ་སྦྱངས་དཔལ་ཆེན་ས་རུ་བཀོད༔ མཆོག་ཐུན་དངོས་གྲུབ་དཀྱིལ་འཁོར་གསུམ་དུ་བསྡུས༔ མ་མོ་མཁའ་འགྲོ་ཐམས་ཅད་ལས་ལ་བཙུད༔ ཕྲིན་ལས་རྣམ་བཞི་ཐོགས་མེད་འགྲུབ་པར་མཛད༔ ཕྱི་སྣོད་པདྨ་དབང་གི་དཀྱིལ་འཁོར་ལ༔ ནང་བཅུད་ཐམས་ཅད་རྟ་མཆོག་རྒྱལ་པོའི་ལྷ༔ སྒྲ་སྐད་ཐམས་ཅད་ཧྱ་གྲཱི་བའི་སྒྲ༔ རིག་པ་ཀ་དག་བདེ་ཆེན་ངང་དུ་གནས༔ ཞེས་འཕྲོ་འདུའི་ཏིང་འཛིན་དང་ལྡན་པས་རྩ་སྔགས་གཙོ་བོ་དང་། ལས་སྔགས་ཤམ་བུར་སྦྱར་བ་བཅུ་ཆ་ཙམ་བཟླ། བུམ་ལྷ་སྤྱི་ལྟར་བསྐྱེད་བཟླས་བྱ། སྟོང་ཚིགས་ཀྱི་མཆོད་བསྟོད། བུམ་ལྷ་འོད་ཞུ། ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས་འོད་ཞུ་བྱ། ཕྲིན་ལས་མཇུག་ཆིངས་བཞིན་ཚོགས་མཆོད་ལ་སྐོང་བ་དབེན་རྩ་མ་སྦྱར། བསྒྲལ་བསྟབ་མཐར་རིག་མེ་དོར་ཞིང་གནང་བ་ནོད། དབང་བསྐུར་དངོས་ལ་སྒོ་དྲུང་དུ་འཁོད་དེ། ཁྱེད་རང་རྣམས་མ་རིག་པའི་སྒྲིབ་པས་མིག་ལྡོངས་པའི་མཚོན་བྱེད་རས་ཡུག་དམར་པོས་མིག་བཀབ་སྟེ། ཕྱག་རྟེན་རཏྣའི་མེ་ཏོག་ཕྲེང་བ་བཟང་པོ་རེ་ཐོགས་ལ་དཀྱིལ་འཁོར་གྱི་སྒོ་དྲུང་དུ་འཁོད་དེ་སྒོ་སྲུང་རྣམས་ལ་སྒོ་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ རང་རིག་ཡེ་ཤེས་ཕོ་བྲང་སོགས། དེའི་ལན་དུ་སྒོ་སྲུང་རྣམས་ཀྱིས་གནང་བ་བྱིན་ནས་སྒོ་ཕྱེས་ཏེ་ནང་དུ་བཏང་བར་མོས། ཧཱུྃ༔ རང་རིག་ཡེ་ཤེས་སོགས། ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཁང་པའི་ནང་དུ་ཆུད་ནས་བླ་མ་ལ་གུས་འདུད་ཀྱིས་ཕྱག་བཅས་རང་རང་གི་གྲལ་དུ་འཁོད་པར་མོས། ནམ་མཁའ་དང་མཉམ་པའི་འགྲོ་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ཏེ་ཁྱབ་བདག་པདྨ་ཧེ་རུ་ཀའི་གོ་འཕང་ལ་གཞག་པར་བྱ། དེའི་ཆེད་དུ་རྒྱུད་དབང་གིས་སྨིན་པར་བྱས་ནས་ལམ་རིམ་གཉིས་ཀྱི་རྣལ་འབྱོར་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཐུགས་བསྐྱེད་པ་དང་ལྡན་པས་གསན་འཚལ། དེ་ཡང་སྟོན་པ་ཀུན་ཏུ་བཟང་པོའི་ཡེ་ཤེས་རོལ་པའི་རྩལ་ཁ་ཕྱོགས་མེད་དུ་གྲོལ་བའི་ཕྲིན་ལས་ཀྱིས། མཐའ་དང་མུ་མེད་པའི་སེམས་ཅན་སོ་སོའི་ཁམས་དབང་མོས་པ་དང་འཚམ་པར་འདུལ་བྱེད་ཀྱི་ཐེག་པ་བསམ་ཡས་བསྟན་པ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་རྣམ་པར་གྲོལ་བའི་ལམ། གདུལ་བྱ་དམན་འབྲིང་མཆོག་གི་སྐལ་པ་ཅན་གྱི་ངོར་རང་རང་གི་ཐེག་པ་གསུམ་དུ་བསྡུས་ཤིང་། དེ་རེ་རེ་ལའང་སུམ་ཕྲུགས་ཀྱི་དབྱེ་བས་ཐེག་པ་རིམ་པ་དགུར་བསྟན་པ་ལས། འདིར་དབང་པོ་ཡང་རབ་ཀྱི་གང་ཟག་ཕྱི་སྤྲོས་བཅས་ཀྱི་གདམས་པ་ལ་ཞུགས་ཏེ། བསྐྱེད་པ་དབྱིབས་ཀྱི་རྣལ་འབྱོར་གཙོ་བོར་བྱས་པའི་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་རྣལ་འབྱོར་པས་ཉོན་མོངས་པ་ཡེ་ཤེས་སུ་བསྒྱུར་ནས་ལམ་དུ་བྱེད་པ་མ་ཧཱ་ཡོ་གའི་སྐོར། དེ་ལའང་རྒྱ་ཆེ་བ་བཀའ་མ་དང་། ཟབ་པ་གཏེར་གྱི་རིང་ལུགས་གཉིས་སུ་བཞུགས་པ་ལས། འདིར་ཕྱི་མ་ཉིད་ཡིན་ལ། དེའང་ཀུན་བཟང་པདྨ་འབྱུང་གནས་ཀྱི་ཐུགས་རྗེའི་འཇུག་པའི་མཐུས། བོད་འབངས་སྐྱོབ་པའི་སླད་དུ་གཏེར་འབྱིན་གྱི་སྐྱེས་བུ་རྒྱུན་ཆད་མེད་པར་འབྱོན་པར་བྱིན་གྱིས་བརླབས་པ་ལས། དེང་སང་སུམ་ཅུ་ཁ་རལ་ཉི་ཤུར་ཉེ་བའི་དུས་ཀྱི་སྙིགས་མ་བསྟན་པའི་དམར་ཐག་གི་རྒུད་པ་སེལ་བའི་མགོན་དུ་དཔལ་ལྷའི་སྲས་པོ་དམ་འཛིན་མུ་རུབ་བཙན་པོ་ཉིད། སྤྲུལ་པའི་གཏེར་འབྱིན་ཡོངས་ཀྱི་དབང་ཕྱུག་ཨོ་རྒྱན་མཆོག་གྱུར་ཞིག་པོ་གླིང་པ་ཕྲིན་ལས་འགྲོ་འདུལ་རྩལ་དུ་བཞེངས་ཏེ། རིག་པ་འཛིན་པའི་སྡེ་སྣོད་ཀྱི་བཅུད་ཕུར། རྒྱུད་ཀྱི་ལུང་དང་འབྲེལ་བ། དངོས་པོ་སྟོབས་ཞུགས་ཀྱི་རིགས་པས་གྲུབ་པ། མན་ངག་བྱིན་རླབས་ཀྱི་མྱོང་བས་བརྒྱན་པ། ངོ་མཚར་ཡིད་ཆེས་ཀྱི་ངེས་པ་སྦྱིན་པའི་ཟབ་ཆོས། སྔ་འགྱུར་མདོ་དང་སྒྱུ་འཕྲུལ་གྱི་བསྐྱེད་རྫོགས། རྫོགས་པ་ཆེན་པོའི་གྲུབ་མཐའ་སློང་བར་ནུས་པ། ཀུན་དང་མཐུན་ཞིང་ཀུན་ལས་ཁྱད་པར་དུ་འཕགས་པ། སྔོན་ཆད་གཏེར་ཆེན་རྣམས་ལ་མ་གྲགས་པའི་གདམས་ཟབ་རྒྱ་མཚོ་ལྟ་བུར་བཞུགས་པ་ལས། ད་ལམ་གྱི་སྐབས་སུ་བབས་པ་འདི་ནི་གུ་རུའི་ཐུགས་དམ་ཟབ་པ་སྐོར་བདུན་དུ་གྲགས་པའི་ཆོས་གཏེར། རྒྱུད་ལུང་མན་ངག་གི་རྩ་བ་མ་ལུས་པ་འདུས་པའི། རྩ་བ་འོག་མིན་ཀརྨའི་དམ་ཅན་བྲག་དང་། ཡན་ལག་ཡེ་རྒྱལ་ནམ་མཁའ་མཛོད་ནས་བཞེས་པའི་ཟབ་པ་སྐོར་བདུན་རེ་རེ་ལའང་། རྒྱ་ཆེ་བ་ལྕགས་བྱང་མ། ཟབ་པ་ཟངས་བྱང་མ། སྙིང་པོ་དངུལ་བྱང་མ། ཡང་ཟབ་གསེར་བྱང་མ། ཤིན་ཏུ་ཟབ་པ་གཡུ་བྱང་མ། གནད་ཟབ་མཆོང་བྱང་མ། མཐར་ཐུག་སྙིང་པོའི་གནད་བྱང་མ་སྟེ་བྱང་བུ་སྐོར་བདུན་རེ་བཞུགས་པའི་ཆོས་སྡེ་ལས། གསུང་རྡོ་རྗེ་རྟ་མགྲིན་དབང་གི་ཟབ་པའི་སྒྲུབ་སྐོར། ཡེལ་ཕུག་ནམ་མཁའ་མཛོད་ཀྱི་གསང་ཕུག་གོང་མའི་སྒོ་གོང་ནས་སྤྱན་དྲངས་པའི་ཟངས་ཤོག་དམར་པོ། གུ་རུ་རིན་པོ་ཆེའི་ཕྱག་བྲིས་ལས་གཏན་ལ་འབེབ་པར་མཛད་རིམ་བཞིན་དུ་རྒྱལ་བས་ལུང་བསྟན་འཇམ་མགོན་ཆོས་ཀྱི་རྒྱལ་པོ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་དེ་ཝཱི་ཀོ་ཊི་ཙ་འདྲ་རིན་ཆེན་བྲག་གི་མདུན། གདན་ས་ཆེན་པོ་དཔལ་སྤུངས་ཀྱི་གཙུག་ལག་ཁང་དུ་ཡི་གེ་པ་མཛད་ནས་གཏན་ལ་ཕབ་པ། ཟངས་བྱང་མའི་རྟ་མགྲིན་ཡང་ཕྱུང་དམར་པོ་འདི་ཉིད་ཀྱི་གཏེར་གཞུང་རྡོ་རྗེའི་གསུང་ལས། ཨེ་མ་པདྨའི་ཐུགས་བཅུད་འདི༔ ལུས་ནི་ཟབ་པ་སྐོར་དྲུག་ལ༔ སྙིང་ནི་དབང་ཆེན་དབང་གི་ཟབ༔ སྙིང་ཁྲག་སྒྲུབ་ཐབས་འདི་ལ་འདུས༔ སྲོག་གི་དྭངས་མ་དབང་བསྐུར་ཡིན༔ དེ་བས་སྙིང་ལས་ཤིན་ཏུ་གཅེས༔ ཞེས་དང་། བདག་གིས་ལྷ་བསྒོམ་སྔགས་བཟླ་བ༔ ཏིང་འཛིན་སྒོམ་ལ་དབང་བའི་དབང༔ ལུས་ངག་ཡིད་གསུམ་སྨིན་པར་བྱེད༔ བར་ཆད་ཀུན་སེལ་དངོས་གྲུབ་ཐོབ༔ ཡོངས་རྫོགས་དབང་ཆེན་ཁོ་ན་འོ༔ ཞེས་ཡོངས་སུ་བསྔགས་པའི་སྨིན་བྱེད་དབང་ཆེན་འདུས་པའི་དབང་གི་ཕྲེང་བ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཀྱིས་བརྒྱན་པ་ཉིད་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ། བླ་མ་པདྨ་ཧེ་རུ་ཀཿརྟ་མཆོག་རྒྱལ་པོ་དང་ཐ་དད་མེད་པ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ དབང་གི་རྒྱལ་པོ་སོགས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པའི་ལན་དུ་སྤྲོ་བ་བསྐྱེད་ཅིང་གདམས་ངག་སྦྱིན་པ་འདི་ལ་གསན་པས་ཁྱབ་པར་གདའ། དབྱིངས་རིག་གཉིས་སུ་སོགས། དེ་ལྟར་ཡིན་ན་རྒྱུད་སྡོམ་ལྡན་དུ་བསྒྲུབ་དགོས་པས། དེ་ལ་ཐོག་མར་སངས་རྒྱས་པའི་ཐེག་པ་ཐམས་ཅད་ཀྱི་འཇུག་སྒོ། སྡོམ་པ་ཐམས་ཅད་ཀྱི་གཞི་རྟེན་སྐྱབས་སུ་འགྲོ་དགོས་པས། གདོད་ནས་ལྷུན་གྲུབ་ཏུ་བཞུགས་པའི་སྐྱབས་ཡུལ་དཀོན་མཆོག་རྩ་བ་གསུམ་པོ་དང་། རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ་དབྱིངས་དང་ཡེ་ཤེས་ཀྱི་སྒྱུ་འཕྲུལ་རོལ་མོ་ཟུང་འཇུག་ཆེན་པོར་བཞུགས་པའི་སྤྱན་སྔར། སྙིང་པོ་བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་བློས་འདིའི་རྗེས་ཟློས། ན་མོ༔ བདག་སོགས་སེམས་ཅན་སྡུག་བསྔལ་གྲོལ་དོན་དུ༔ བྱང་ཆུབ་བར་དུ་སྐྱབས་སུ་གཟུང་བའི་གནས༔ བླ་མ་པདྨ་དབང་ཆེན་དཀོན་མཆོག་གསུམ༔ ཡི་དམ་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ ལན་གསུམ། ཐེག་པ་ཆེན་པོའི་ལམ་གྱི་ཁྱད་པར་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་བ་དང་། དེའི་བསླབ་པ་རྣམས་སྔོན་གྱི་རྒྱལ་བའི་རྣམ་ཐར་གྱི་རྗེས་སུ་སློབ་པར་ཐུགས་བསྐྱེད་པའི་སྨོན་པ་དང་། ཚད་མེད་པ་བཞིའི་ཕྲིན་ལས་ཀྱིས་མ་གྱུར་སེམས་ཅན་གྱི་དོན་བགྱིད་པའི་འཇུག་པ་སེམས་བསྐྱེད་ཀྱི་འདུན་པ་སྙིང་ནས་བསྐྱེད་དེ་འདིའི་རྗེས་ཟློས། བདག་ནི་སྔོན་གྱི་རྒྱལ་བའི་མཛད་པ་བཞིན༔ སེམས་ཅན་ཀུན་གྱི་དོན་རབ་བརྩོན་པར་བྱ༔ སེམས་ཅན་མ་བརྒལ་བསྒྲལ་དང་མ་གྲོལ་སྒྲོལ༔ སེམས་ཅན་དབུགས་དབྱུང་མྱ་ངན་འདས་འགོད་འཇུག༔ འགྲོ་རྣམས་བདེ་ལྡན་སྡུག་བསྔལ་བྲལ་བ་དང༔ འཕགས་པའི་བདེ་ཐོབ་བཏང་སྙོམས་ལ་གནས་ཤོག༔ ལན་གསུམ། ཁྱད་པར་བླ་མེད་རྡོ་རྗེ་ཐེག་པའི་སྒོར་འཇུག་པའི་ཐོག་མར་རྒྱུད་སྦྱོང་བས་སྣོད་རུང་དུ་བསྒྲུབ་པའི་སླད། ཚོགས་གསག་ཡན་ལག་བཅུ་པའི་ཏིང་ངེ་འཛིན་གསང་སྔགས་རྩེ་མོའི་གཞུང་ནས་འབྱུང་བའི་ཁྱད་པར་གསལ་བཏབ་ནས། འདོན་སྒོམ་ཟུང་དུ་འཇུག་པས་འདིའི་རྗེས་ཟློས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་འདིར་བྱོན་ལ༔ འཕོ་འགྱུར་འབྲལ་མེད་ཀློང་དུ་བཞུགས་སུ་གསོལ༔ ཡེ་ནས་རྣམ་དག་ངང་དུ་ཕྱག་འཚལ་ལོ༔ ཆོས་ཉིད་རྣམ་རོལ་མཆོད་སྤྲིན་རྒྱ་མཚོས་མཆོད༔ མ་རིག་སྡིག་པའི་ལས་བགྱིས་མཐོལ་ལོ་བཤགས༔ དབྱིངས་རིག་འདུ་འབྲལ་མེད་ལ་ཡི་རང་ངོ༔ ཁྱབ་བརྡལ་ཕྱོགས་ལྷུང་བྲལ་བའི་ཆོས་འཁོར་བསྐོར༔ དུས་གསུམ་རྟག་པར་མྱ་ངན་མི་འདའ་བཞུགས༔ དམིགས་མེད་དགེ་ཚོགས་མཁའ་མཉམ་འགྲོ་ལ་བསྔོ༔ རྟ་མཆོག་རྒྱལ་པོའི་གོ་འཕང་ཐོབ་པར་ཤོག༔ ལན་གསུམ། དེ་ནས་ལམ་གྱི་སྙིང་པོ་གསང་བ་སྔགས་ཀྱི་ཐབས་ཆེན་ཟབ་མོའི་སྲོག་རྩ་སྡོམ་པ་དང་དམ་ཚིག་བརྟུལ་ཞུགས་ཀྱི་རིམ་པ། དམ་ཚིག་ཉི་ཤུ་རྩ་བརྒྱད་ལ་སོགས་པ་སྤྱི་དང་ཁྱད་པར་གྱིས་བསྡུས་པ་ཐམས་ཅད་བླ་མ་དཀྱིལ་འཁོར་པའི་ལྷ་ཚོགས་དཔང་པོར་བཀོད་པའི་སྤྱན་སྔར་བླངས་ནས་བསྲུང་སྟེ། ལམ་ཟབ་མོར་འཇུག་པའི་བློ་གྲོས་བརྟན་པོའི་སྒོ་ནས་ནན་ཏན་གྱིས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བདེ་བར་གཤེགས་པ་སོགས་ལན་གསུམ། དེ་ལྟར་ཡིན་ན་བླ་མ་དཀྱིལ་འཁོར་གྱི་ཁྱབ་བདག་དཔལ་ཧེ་རུ་ཀཿདང་ཐ་དད་མེད་པས། དེང་ཕྱིན་ཇི་ལྟར་བསྒོས་པའི་བཀའ་དང་ཁས་བླངས་པའི་དམ་ལས་འདའ་བར་མི་རུང་བས། དམ་ཚིག་གི་དཔང་པོར་རྡོ་རྗེའི་ཆུ་ནན་ལྕེ་སྟེང་དུ་བྱིན་པ་སྙིང་དབུས་སུ་སིམ་པར་མོས། ནང་མཆོད་དང་ལས་ཆུ་བསྲེས་པ་བྱིན་ལ། ང་ནི་ཧེ་རུ་སོགས། དེ་རྣམས་ཀྱིས་སྦྱོར་བའི་ཆོས་རྣམས་གྲུབ་ནས། དབང་དངོས་ལ་གཞི་ལུས་ལྷར་བསྒྲུབ་ཅིང་བུམ་དབང་བརྟན་བྱེད་བཅས་དང་། གསང་བ་ཟབ་མོའི་དབང་གསུམ་རྣམས་རིམ་པར་འབྱུང་བ་ལས། དང་པོ་ཁྱེད་རང་རྣམས་ཀྱི་གཞི་ལུས་ལྷའི་རང་བཞིན་དུ་སྒྲུབ་ནས། ཡེ་ཤེས་པའི་བྱིན་རླབས་རྒྱུད་ལ་འཇུག་ཅིང་བརྟན་པར་བྱ་བ་བུམ་པའི་དབང་རྗེས་འབྲེལ་དང་བཅས་པའི་སླད་དུ་འདི་ལྟར་གསལ་འདེབས་འཚལ། སྔར་བྱིན་པའི་ཆུ་ནན་དེ་ཉིད་སྙིང་གི་དཀྱིལ་དུ་སོགས། དེ་ཉིད་བརྟན་པར་བྱེད་པ་ཅོད་པན་གྱི་དབང་བསྐུར་བ་ལ། ཁྱེད་རང་རྣམས་ཀྱི་ཕྱག་ཏུ་པདྨ་རཱ་གའི་མེ་ཏོག་གི་ཕྲེང་བ་རེ་ཐོགས་པ་དེ་ཉིད་སྔོན་ནས་འབྲེལ་བའི་རིགས་ཀྱི་ལྷར་འབུལ་བའི་བློས་འདིའི་རྗེས་ཟློས་དང་བཅས་དཀྱིལ་འཁོར་དུ་དོར་ཅིག །ཧཱུྃ༔ དགའ་བ་བཞི་ཡི་སོགས། དེ་ལྟར་ཕུལ་པའི་མེ་ཏོག་གང་དུ་བབས་ཀྱང་། ཁྱབ་བདག་པདྨ་ཧེ་རུ་ཀའི་ཡེ་ཤེས་ཀྱི་སྣང་ཆ་ལས་མ་འདས་པས། དེའི་ཕྱིར་ཁྱེད་རྣམས་ཀྱི་ཚེ་རབས་ཀྱི་ལྷ་གཙོ་བོ་རྟ་མཆོག་རྒྱལ་པོ་ཡིན་པས། དེའི་དབང་རྟགས་སུ་སྔར་ཕུལ་པའི་མེ་ཏོག་དེ་ཉིད་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིངས་པ་དང་ལྷན་ཅིག་ལྷ་དང་སློབ་དཔོན་དབྱེར་མེད་པས་གསང་བའི་མཚན་དུ་སྣང་མཛད་པདྨ་རྒྱལ་པོ་རྩལ་ཞེས་བྱ་བ་དང་བཅས་བྱིན་པར་གྱུར་པར་མོས། ཧཱུྃ༔ སྔོན་ནས་འབྲེལ་བའི་སོགས་ཀྱིས་མེ་ཏོག་སྤྱི་བོར་འཇོག །ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞུགས་པའི་དབང་ལྷ་ཡབ་ཡུམ་བདེ་བ་ཆེན་པོར་རོལ་པའི་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་དེ་ཉིད་གྱེན་དུ་འཁྱིལ་པ་རིགས་ལྔ་ཡབ་ཡུམ་གྱི་རང་བཞིན་དུ་གྱུར་པའི་རྒྱས་བཏབ་པའི་མཚོན་བྱེད་རིགས་ལྔའི་པྲོག་ཞུ་སྤྱི་བོར་བསྐོན་པར་མོས། ཧཱུྃ༔ རྒྱལ་བ་ཀུན་གྱི་སོགས། གསོལ་བ་བཏབ་པ་འདིའི་རྗེས་ཟློས། ཧཱུྃ༔ མ་རིག་སྒྲོ་བཏགས་སོགས། མིག་དར་དང་ལྷན་ཅིག་གཉིས་འཛིན་མ་རིག་པའི་སྒྲིབ་གཡོགས་བསལ་བས། གདོད་ནས་བཞུགས་པའི་རང་བྱུང་བདེ་བ་ཆེན་པོའི་རང་ཞལ་མངོན་དུ་གྱུར་པར་མོས། ཧཱུྃ༔ མ་རིག་སྣང་བའི་སོགས། ཐབས་བདེ་བ་ཆེན་པོའི་ཡེ་ཤེས་མཚོན་པའི་རྡོ་རྗེ་དང་། ཤེས་རབ་སྟོང་པ་ཉིད་ཀྱི་རང་བཞིན་དྲིལ་བུ་ཕྱག་ཏུ་གཏད་པས། བདེ་སྟོང་ཟུང་འཇུག་གི་རྣལ་འབྱོར་རྒྱུད་ལ་བརྟན་པར་མོས། ཧཱུྃ༔ ཐབས་ཀྱི་རང་བཞིན་སོགས་ནས། པདྨ་རཱ་ཙ་དྷཱ་ར་ཨ་བྷི་ཥིཉྩ་ཧཱུྃ༔ དེ་རྣམས་ཀྱིས་ཉོན་མོངས་པ་ལྔ་སྦྱངས། ཡེ་ཤེས་ལྔ་མངོན་དུ་བྱས། བསྐྱེད་རིམ་རང་སྣང་ལྷའི་འཁོར་ལོ་སྒོམ་པ་ལ་དབང་བར་བྱས་པ་ཡིན་ནོ། །རྗེས་འབྲེལ་དོན་གཉིས་ལྷུན་གྱིས་གྲུབ་པ་ལ་མངའ་དབང་འབྱོར་བའི་ཕྱིར། རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བའི་སླད་དུ། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་སོགས། དེས་ནི་གསང་བའི་རྒྱུད་དོན་ཐམས་ཅད་རང་གིས་ཉམས་སུ་ལེན་པ་དང་། གཞན་ལ་འཆད་རྩོད་རྩོམ་པ་ལ་སོགས་པའི་ལས་རབ་འབྱམས་སྒྲུབ་པ་ལ་དབང་བ་རྡོ་རྗེ་སློབ་དཔོན་གྱི་གོ་འཕང་ཐོབ་པ་ཡིན་ནོ། །གཉིས་པ་ གསང་བའི་དབང་བསྐུར་བ་ནི༔སོགས། དེ་ལྟར་གསང་བའི་དབང་བསྐུར་པས་རང་བཞིན་བརྒྱད་ཅུའི་རྟོག་པ་འགགས། བདེ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ཡིན་ནོ། །གསུམ་པ་ ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་ཕྱིར༔ མཚན་ཉིད་རྫོགས་པའི་ཕོ་ཉ་མོ་བྱིན་པ་དང་། འདུ་ཤེས་གསུམ་ལྡན་གྱིས་རོལ་པས་སློབ་མ་ཡབ་ཡུམ་བདེ་བ་ཆེན་པོས་སོགས། དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པས་ཁམས་འཕོ་བའི་ཟག་པ་བཅོམ། དཔེ་ཡི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །བཞི་པ་ནི། དབང་བཞི་པ་སོགས། དེ་ལྟར་ཚིག་དབང་རིན་པོ་ཆེ་བསྐུར་པས་ཡུལ་དང་ཡུལ་ཅན་ཡིད་བྱེད་དུ་ལྟ་བའི་དྲི་མ་སྦྱངས། འགྱུར་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །འདི་ལ་བྱིན་རླབས་ཀྱི་གཏོར་དབང་དངུལ་བྱང་མའི་ལུང་ལུགས་རྟ་མགྲིན་སྙིང་པོ་དོན་འདུས་ལྟར་བསྐུར་དགོས་པས། དེ་ལྟར་ན་ཟུར་དུ་བསྒྲུབ་མི་དགོས་ཤིང་། ༼རི༽སྨིན་བྱེད་སྙིང་པོ་གཏོར་དབང་པདྨའི་ཟིལ་ཐིགས་ཀྱི་སྔོན་འགྲོ་རྣམས་དོར་ནས། དེ་རྣམས་ཀྱིས་སྨིན་བྱེད་རྩ་བའི་དབང་བསྐུར་བ་གྲུབ་ནས། མཐའ་རྟེན་གཏོར་མའི་དབང་བསྐུར་བ་ཡིན་པས་འདུན་པ་འདི་བཞིན་དུ་མཛོད། དཔལ་གྱི་གཏོར་མ་ཕྱི་སྣོད་དབང་ཆེན་ཟླ་གམ་འབར་བའི་སོགས་ནས་ཡང་ཕྱུང་འདིའི་བསྒྱུར་སོས་ཤིས་བརྗོད་གྲུབ་ཀྱི་བར་བྱ། དེ་རྣམས་ཀྱིས་གུ་རུའི་ཐུགས་དམ་ཟབ་པ་སྐོར་བདུན་གྱི་རྟ་མགྲིན་དབང་གི་ཟབ་པ་ཟངས་བྱང་མའི་ཆོས་སྡེ། རྟ་མགྲིན་ཡང་ཕྱུང་དམར་པོའི་དབང་བཞིའི་རིམ་པ་གཏོར་དབང་དང་བཅས་པ་ལེགས་པར་ཕུལ་གྲུབ་པ་ཡིན་པས། དེ་དག་གི་སྐབས་སུ་ཐོབ་ཅིང་ཁས་བླངས་པའི་གཡར་དམ་རྣམས་ཚུལ་བཞིན་དུ་བསྲུང་དགོས་པ་ཐུགས་ལ་བཅགས་པ་དང་། དེ་ལྟར་བགྱི་བར་ཁས་བླང་བ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་ལྟར་དང་། འདིའི་ཞོར་དུ་གཞན་ལ་གཏོར་དབང་བསྐུར་དགོས་ནའང་བསྐྱར་བསྒྲུབ་མི་དགོས་ཤིང་ཟུར་དུ་བསྐུར་ཆོག །གཏོར་དབང་སྒེར་ཐུབ་གཞན་དུ་བྱེད་ན་སྒྲུབ་ལུགས་སོགས་རྣམ་དབྱེ་ཕྱེད་པར་བྱ་དགོས་པའང་འཕྲོས་དོན་ནོ། །རྗེས་རིམ་ཚོགས་ལ་རོལ་ཞིང་། ལྷག་མ་ཕྱིན་ཕྲིན་ལས་མཇུག་ཆིངས་བཞིན་ལ། མཆོད་བསྟོད། བརྟན་བཞུགས་སོགས་སྤྱི་འགྲེས་བརྒྱན་ཏེ་བྱའོ།། །། འདིར་འཇམ་མགོན་རིན་པོ་ཆེའི་ཟབ་གཏེར་གསང་ཐིག་སྙིང་པོའི་སྐོར་ལས་བྱུང་བའི་རྟ་ཚེ་འཆི་མེད་དབང་གི་ཚེ་དབང་རིན་ཆེན་གཏེར་བུམ་ཡོད།མཆན། དེ་དག་གིས་པདྨ་རིགས་ཀྱི་དབང་ཆེན་རྟ་མཆོག་རོལ་པ་དམར་པོའི་སྐོར་རྣམས་གྲུབ་བོ།། །། ༄། གཉིས་པ་ཤིན་ཏུ་དྲག་པོར་ཁྲོས་པ་ལས་ཀྱི་ལྷ་མཆོག་རྟ་མགྲིན་ནག་པོའི་སྐོར་ལ། བྱང་སེམས་ཟླ་བ་རྒྱལ་མཚན་ལུགས་ཀྱི་རྟ་མགྲིན་ནག་པོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བགེགས་འདུལ་གནམ་ལྕགས་རལ་གྲི་ལྟར་དབང་སྒྲུབ་སྐབས། དབང་གཏོར་ལ་བསྐྱེད་བསྟིམ་རྗེས་གནང་དཀྱུས་སུ་འབྱུང་བ་ལྟར་བྱ་བ་དང་། རྗེས་གནང་དངོས་ཀྱི་སྐབས་གཏོར་དབང་སླར་བསྒྲུབ་མི་དགོས་ཤིང་། དཀྱུས་ཀྱི་བཀའ་བསྒོ་དེ་ཀས་འཐུས། རྗེས་ཆོག་བཅས་བྱའོ།། །། ༈ མངའ་བདག་ཉང་ཉི་མ་འོད་ཟེར་གྱི་རྟ་མགྲིན་ཡང་ཕྱུང་ནག་པོའི་སྲོག་དབང་བསྐུར་བའི་ཆོ་ག་གནམ་ལྕགས་འབར་བའི་རལ་གྲི་ལྟར་དབང་སྒྲུབ། དབང་དངོས་གཞིར་ཐུན་མིན་སྲོག་དབང་དང་། སྐབས་འདིར་དབང་སྒྲུབ་གོང་འཐུས་ཀྱི་༼འདོད་བུམ། 271༽ལྟར་ཐུན་མོང་རྗེས་གནང་དང་ཁྲོ་བོ་ཆར་འབེབ་ཀྱང་སྦྱར་ནས་བསྐུར་ཞིང་། རྗེས་ཆོག་བཅས་བྱའོ།། །། ༈ གུ་རུ་ཆོས་དབང་གི་རྟ་ནག་ལྕགས་རལ་ཅན་༼འདོད་བུམ། 283༽ལྟར་དབང་སྒྲུབ། དབང་དངོས། རྗེས་ཆོག་བཅས་བྱའོ།། །། ༈ རཏྣ་གླིང་པའི་རྟ་མགྲིན་གསང་འདུས་ཀྱི་ཆ་ལག་རྟ་མགྲིན་ནག་པོའི་དབང་ཆོག་དྲེགས་པ་སྲོག་གི་རྒྱ་ཅན་བསྐུར་བའི་ཆོ་ག་དབང་ཆེན་ཐུགས་ཀྱི་ཚལ་པ་ལྟར་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ གར་དབང་ཞིག་པོ་གླིང་པའི་རྟ་མགྲིན་ནག་པོ་ཡང་གསང་ཐུགས་ཀྱི་སྒྲུབ་པའི་དབང་བཞི་བཀླག་ཆོག་ཏུ་བཀོད་པ་དབང་ཆེན་ཐུགས་ཀྱི་ཡང་ཞུན་ལྟར་དབང་སྒྲུབ་ཀྱི་ལས་བུམ་བྱིན་རླབས་རྗེས་སུ། ༼ཉི༽དཔལ་མགོན་བདུན་ཅུའི་སྲོག་དབང་འདིར་སྦྱར་ན་སྟབས་བདེ་བས། མཆོད་གཏོར་རྣམས་དམ་སྤྱི་བཞིན་བརླབས་ཏེ། དཔལ་མགོན་མ་ཧཱ་ཀཱ་ལ་ལྕམ་དྲལ་བདུན་ཅུའི་ལས་བྱང་གཏེར་གཞུང་ལྟར་མངོན་རྟོགས་ནས་བསྟོད་པའི་མཐའ་བར་གཏང་། དེ་ནས་བྱིན་བསྡུ་དམ་གཞག་འདོད་གསོལ་སྤྱི་དང་ཁྱད་པར་གྱི་དམིགས་པའི་ཏིང་ངེ་འཛིན་གྱིས་ཁྱབ་པས་གསུང་དབང་སྔགས་ལུང་བཞིན་བཟླས་པ་བྱ། ཧཱུྃ༔ སངས་རྒྱས་བསྟན་པ་བསྲུང་བ་ཡི༔ སོགས་ལས་བྱང་མཇུག་གི་གསོལ་ཁ་བསྟོད་བསྐུལ་ཚང་བར་གྱེར་མཐར། རྟ་ནག་གི་རིག་མེ་དོར་ཞིང་གནང་བ་ནོད་ནས། དབང་དངོས་མཐར་ཆགས་སུ་བསྐུར་རྗེས། དེ་དང་རྗེས་འབྲེལ་དཔལ་མགོན་བདུན་ཅུའི་སྲོག་དབང་ནི། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་སྒྲུབ་པའི་ལམ་གྱི་བར་ཆད་དང་། རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡུན་དུ་བསྲུང་བའི་ཕྱིར་དུ་ཆོས་སྐྱོང་བའི་དབང་པོ་རྣམས་ཀྱི་སྲོག་དབང་ཟབ་མོ་གསན་ཅིང་། བསྙེན་སྒྲུབ་མཆོད་བསྟོད་ཀྱི་སྒོ་ནས་ལས་ཀྱི་སྦྱོར་བ་བརྩམ་པར་བགྱིའོ་སྙམ་པའི་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེའང་རྒྱལ་བའི་ཕྲིན་ལས་ཀྱི་འཇུག་པ་བརྟུལ་བ་མེད་པའི་ཆོ་འཕྲུལ་ཅིར་ཡང་འཆར་བ་ལས། མི་བསྲུན་པའི་གདུལ་བྱ་ཞི་བའི་ཐབས་ཀྱིས་འདུལ་བའི་སྐལ་པ་དང་མི་ལྡན་པ་རྣམས་དྲག་པོའི་ཕྲིན་ལས་ཚར་གཅོད་རྗེས་འཛིན་གྱི་སྒོ་ནས་འགྲོ་བ་སྒྲོལ་བའི་མཐུ་སྟོབས་དུས་མཐའི་མེ་ལྟར་འབར་ཞིང་། རྒྱལ་བསྟན་ཡོངས་ཀྱི་སྲུང་མའི་དབང་པོའི་སྐུར་སྣང་བར་མཛད་པའི་རྒྱུད་དང་སྒྲུབ་ཐབས་ཀྱི་བཀའ་སྲོལ་མཐའ་ཡས་པར་བྱོན་པ་ལས། སྐབས་སུ་བབས་པ་འདི་ནི། དུས་གསུམ་ཀུན་མཁྱེན་མ་ཧཱ་གུ་རུ་པདྨ་འབྱུང་གནས་ཀྱིས་བོད་འབངས་རྣམས་ལ་ཐུགས་བརྩེ་བས་ཐུན་མོང་དང་ཁྱད་པར་གྱི་ཆོས་ཀྱི་འཁོར་ལོ་བསམ་ཡས་བསྐོར་བའི་སྐབས། ལྷ་སྲས་རྗེ་འབངས་གྲོགས་བཅས་ཀྱི་ངོར་ཐུགས་རྗེ་ཆེན་པོ་འཁོར་བ་ལས་སྒྲོལ་གྱི་སྨིན་གྲོལ་གདམས་ཟབ་བསྩལ་པའི་ཚེ། བཀའི་སྲུང་མ་དཔལ་མགོན་མ་ཧཱ་ཀཱ་ལ་ལྕམ་དྲལ་བདུན་ཅུ་འཁོར་བཅས་ཀྱི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་བསྩལ་ཅིང་། ཕྱི་རབས་པའི་དོན་ལ་དགོངས་ནས་ཟབ་མོའི་གཏེར་དུ་སྦ་བར་བཀའ་གནང་བ་བཞིན། དབྱིངས་ཕྱུག་ཡེ་ཤེས་མཚོ་རྒྱལ་གྱིས་མཐིང་ཤུན་གྱི་ཤོག་བུའི་ངོས་སུ་བྲིས་ཏེ་ར་ས་འཕྲུལ་སྣང་གི་སྟེང་ཁང་གློ་འབུར་ནུབ་ཏུ་སྦས་པ་ཉིད། ལྷ་སྲས་མུ་རུབ་བཙན་པོའི་རྣམ་པར་འཕྲུལ་པ་གར་གྱི་དབང་ཕྱུག་རྩལ་ལམ། ཞིག་གླིང་འོད་གསལ་སྒྱུ་མ་གཏེར་བཞད་རྩལ་གྱིས་ཟབ་མོའི་གཏད་རྒྱ་བཀྲོལ་ཏེ་སྐལ་ལྡན་གྱི་སྐྱེས་བུ་རྣམས་ལ་སྣང་བར་མཛད་པ་ལས། དཔལ་མགོན་མ་ཧཱ་ཀཱ་ལ་ལྕམ་དྲལ་བཀའ་སྡོད་དཔལ་མགོན་བདུན་ཅུ་དང་བཅས་པའི་སྲོག་དབང་ཟབ་མོ་གསན་པའི་ཡོན་དུ་མཎྜལ། བླ་མ་ཉིད་དྲེགས་པ་ཀུན་གྱི་གཉེན་པོ་དཔལ་རྟ་མཆོག་ཧེ་རུ་ཀའི་ངོ་བོར་བཞུགས་པའི་དྲུང་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱཻ༔ བླ་མ་དཔལ་ཆེན་སོགས་ལན་གསུམ། དེ་ལྟར་གསོལ་བ་གདབ་པ་སྔོན་དུ་སོང་ནས། དངོས་གཞི་སྲོག་དབང་ཟབ་མོ་སྦྱིན་པའི་ཐོག་མར་བྱིན་དབབ་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་དཔལ་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་མཐིང་ནག་དམར་བའི་མདངས་ཅན་ཞལ་གཅིག་ཕྱག་གཉིས་ཁྲོ་གཉེར་རྣམ་པར་གཡོ་བ། གཡས་རལ་གྲི་དང་གཡོན་ལྕགས་ཀྱུ་དང་ཞགས་པས་དྲེགས་པ་ཅན་རྣམས་བཀུག་ཅིང་སྒྲོལ་བ། ལོག་འདྲེན་བདུད་བཞི་ཀླུ་གཉན་ས་བདག་སུམ་བརྩེགས་ཀྱི་ཁྲི་དང་པད་ཉིའི་སྟེང་དུ་ཞབས་དོར་སྟབས་སུ་བགྲད་པ། དཔལ་དང་དུར་ཁྲོད་ཀྱི་ཆས་དང་དར་ནག་གི་བེར་གསོལ་བ། དབུ་གཙུག་ན་རྟ་ཞལ་ལྗང་གུ་འཚེར་བ། ལྕགས་ཀྱི་རལ་པ་སྤྱི་བོར་བཅིངས་ཤིང་ལྷག་མས་སྐུ་རྒྱབ་ཁེབས་པ། དཔལ་ཆེན་རོལ་པའི་ཕྱག་གཡོན་སྡིགས་མཛུབ་ཀྱི་རྩེ་ལས་སྤྲུལ་པའི་ལྕགས་སྡིག་མགོ་དགུ་གྲངས་མེད་འགྱེད་ཅིང་། ཁམས་གསུམ་སྲིད་གསུམ་ཟིལ་གྱིས་གནོན་པའི་སྐུར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་མ་དག་པའི་གཉིས་སྣང་གིས་བསྡུས་པའི་སྣོད་བཅུད་ཐམས་ཅད་མི་དམིགས་པར་ཆོས་ཉིད་དུ་སྦྱངས། དེའི་ངང་ལས་རིག་པ་བྱང་ཆུབ་སེམས་ཀྱི་རང་རྩལ་སྣོད་བཅུད་དག་པ་ལྷའི་འཁོར་ལོ་འདི་ལྟར་དུ་གསལ་བར་སྒོམས་ཤིག །ཧཱུྃ༔ ཆོས་རྣམས་རང་གི་སེམས་ཉིད་སོགས་ལས་བྱང་བཞིན། རང་རང་ཆ་ལུགས་རྫོགས་པར་བསྐྱེད༔ དེ་ལྟར་གསལ་བའི་གནས་གསུམ་དུ་རྒྱལ་བའི་རྡོ་རྗེ་གསུམ་གྱི་རང་བཞིན་ཡིག་འབྲུ་གསུམ་གྱིས་མཚན་པ་དང་། བདག་སློབ་དཔོན་གྱི་ཐུགས་སྲོག་ལས་འཕྲོས་པའི་འོད་རྩེ་ལྕགས་ཀྱུ་ལྟ་བུ་རང་བཞིན་དག་པའི་འོག་མིན་གྱི་ཞིང་དང་གནས་ཡུལ་གྱི་དུར་ཁྲོད། སྣོད་ཀྱི་འཇིག་རྟེན་རྒྱ་བོད་ཀྱི་གཙུག་ལག་སོགས་ནས་དཔལ་མགོན་ལྕམ་དྲལ་འཁོར་དང་བཅས་པའི་ཐུགས་རྒྱུད་རང་དབང་མེད་པར་བསྐུལ་བས། རང་འདྲའི་ཡེ་ཤེས་པའི་ཚོམ་བུ་སྐར་ཆེན་ཐང་ལ་ལྷགས་པ་བཞིན་དུ་བྱོན་ནས་ཁྱེད་རང་རྣམས་ལ་གཉིས་སུ་མེད་པར་ཐིམ་པར་མོས། གུ་གུལ་གཏུལ་ཞིང་རོལ་མོའི་སྒྲས་གཟི་བྱིན་བསྐྱེད་དེ། ཧཱུྃ༔ རང་བཞིན་ལྷུན་གྱིས་སོགས་སྤྱན་འདྲེན་གྱི་ཚིག་དང་། གོང་གི་སྔགས། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཧཱུྃ༔སོགས་ནས། ཌཱ་ཀི་ཛཿཕེཾ་ཕེཾ༔ བཟླས་པས་བྱིན་དབབ། ཛཿཧཱུྃ་བཾ་ཧོཿ བཟླ་ཞིང་མེ་ཏོག་འཐོར་བས་བསྟིམ། དེས་སྦྱོར་བའི་རིམ་པ་རྣམས་སོང་ནས། དངོས་གཞི་སྐུ་གསུང་ཐུགས་ཀྱི་དབང་བསྐུར་རིམ་པར་འབྱུང་བ་ལས། དང་པོ་སྐུ་གཏོར་མ་ལ་བརྟེན་པའི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། མདུན་དུ་བཤམས་པའི་གཏོར་མ་འདི་ཉིད་དཔལ་མ་ཧཱ་ཀཱ་ལ་ལྕམ་དྲལ། འཁོར་ལྷ་ཆེན་བརྒྱད། ཀླུ་ཆེན་བརྒྱད། གཟའ་ཆེན་བརྒྱད། ཕྱོགས་སྐྱོང་བཅུ། རྒྱལ་ཆེན་བཞི། འཇིགས་བྱེད་དགུ། རྒྱུ་སྐར་ཉེར་བརྒྱད་དེ་དཔལ་མགོན་བདུན་ཅུའི་ཚོགས་དང་། གཞན་ཡང་ཡེ་ཤེས་ལས་དང་འཇིག་རྟེན་གྱི་སྟངས་འཛིན་པའི་དམ་ཅན་ཕོ་རྒྱུད་མོ་རྒྱུད་གྲངས་མེད་ཀྱི་འཁོར་དང་བཅས་པའི་ཚོགས་མངོན་སུམ་བཞིན་དུ་གསལ་བ་འདི་ཉིད་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་ཅིང་ཕྱག་ཏུ་གཏད་ནས་བཀའ་བསྒོས་པས། ཕྲིན་ལས་གང་བཅོལ་ཐམས་ཅད་ཡིད་བཞིན་དུ་ཐོགས་པ་མེད་པར་སྒྲུབ་པར་ཞལ་གྱིས་བཞེས་ཤིང་། ལུས་དང་གྲིབ་མ་ལྟར་མི་འབྲལ་བར་འགྲོགས་པའི་ངེས་ཤེས་བསྐྱེད་ལ། སྐུ་བསྐྱེད་པའི་རྣལ་འབྱོར་གྱི་སྒོ་ནས་ཕྲིན་ལས་རབ་འབྱམས་སྒྲུབ་པ་ལ་དབང་བའི་མཐུ་ཐོབ་པར་མོས། ཧཱུྃ་ཧྲཱི༔ སྤྱན་རས་གཟིགས་དབང་སོགས། དཔལ་མ་ཧཱ་ཀཱ་ལ་ཚོགས་ཀྱི་བདག་པོ། ཡུམ་ཆེན་དཔལ་ལྷ་མོ། ལྷ་ཀླུ་གཟའ་ཆེན། ཕྱོགས་སྐྱོང་རྒྱལ་ཆེན། འཇིགས་བྱེད། རྒྱུ་སྐར་ཏེ་དཔལ་མགོན་བདུན་ཅུ། ཡེ་ཤེས་ལས་དང་འཇིག་རྟེན་གྱི་སྲུང་མ་ཕོ་རྒྱུད་མོ་རྒྱུད་འཁོར་དང་བཅས་པ་རྣམས་ཀྱིས་དཔལ་ཧེ་རུ་ཀཿརྡོ་རྗེ་འཛིན་པ་ཆེན་པོ་ནས། བདག་ཅག་གི་རྩ་བའི་བླ་མའི་བར་དུ་བྱོན་པའི་རིག་འཛིན་བརྒྱུད་པའི་བཀའ་དང་དམ་ལས་མ་འདའ་བར། སྐལ་ལྡན་གྱི་སློབ་མ་འདི་རྣམས་ཀྱིས་མཆོད་པའི་ཕུད་བཞེས། བཅོལ་པའི་ལས་གྱིས། དགོས་པའི་དོན་སྒྲུབས། འགལ་བྱེད་ཆམ་ལ་ཕོབ། འཁོར་ནོར་ཡོ་བྱད་སྲུངས། མཐུན་རྐྱེན་ལེགས་ཚོགས་སྤེལ། འདི་ནས་ཕྱི་མའི་མུ་མཐར་ཐུག་གི་བར་དུ་ལུས་དང་གྲིབ་མ་ལྟར་འགྲོགས་ཤིང་། ཅི་བཅོལ་བའི་ཕྲིན་ལས་ཐོགས་པ་མེད་པར་སྒྲུབ་པར་མཛོད་ཅིག །ཅེས་བཀའ་བསྒོའི་གཉེར་གཏད་བྱའོ། །གཉིས་པ་གསུང་གི་ལུང་སྦྱིན་པ་ནི། ངོ་བོ་ཆོས་སྐྱོང་དྲག་པོའི་སྲོག་སྙིང་འདུས་པའི་ཡི་གེ་རྣམ་པ་ཕྲེང་བའི་གཟུགས་སུ་ཤར་བ་འདི་ཉིད་ཁྱེད་རང་རྣམས་ཀྱི་མགྲིན་པར་གཏུགས་ཤིང་ཕྱག་ཏུ་གཏད་པས། དཔལ་མགོན་ལྕམ་དྲལ་འཁོར་བཅས་ཀྱི་བསྙེན་སྒྲུབ་བཟླས་བརྗོད་ཀྱི་སྒོ་ནས་ལས་རབ་འབྱམས་སྒྲུབ་པ་ལ་དབང་བའི་མཐུ་ཐོབ་པར་མོས། ཧཱུྃ༔ སངས་རྒྱས་བསྟན་པ་སོགས། གསུམ་པ་ཐུགས་སྟོང་སྲོག་གཅིག་ཏུ་འདུ་བ་རིག་པའི་རྩལ་དབང་སྦྱིན་པ་ནི། གཏོར་མ་འདི་ཉིད་སྙིང་གར་བཞག་ཅིང་ཕྱག་ཏུ་གཏད་པས། དཔལ་མགོན་ལྕམ་དྲལ་གྱི་ལྷ་ཚོགས་ཐམས་ཅད་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས། སྣང་སྲིད་སྲུང་མའི་དཀྱིལ་འཁོར་རང་གི་སེམས་ཉིད་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་རྫོགས་པས་སྐྱེ་འགག་ཡོད་མེད་གཉིས་འཛིན་གྱི་ཁུངས་སྟོར། འཁོར་འདས་ཐམས་ཅད་སྤྲོས་བྲལ་རང་བྱུང་གི་རིག་པ་བདེ་ཆེན་བྱང་ཆུབ་ཀྱི་སེམས་སུ་འདུ་བར་ཤེས་པས་བྱ་རྩོལ་ལས་འདས་པའི་ཕྲིན་ལས་རྒྱ་མཚོ་ལ་མངའ་དབང་བརྙེས། དཔལ་མགོན་ལྕམ་དྲལ་འཁོར་བཅས་ཀྱི་ཐུགས་ཏིང་འཛིན་དང་འབྲེལ་བའི་ལས་རབ་འབྱམས་སྒྲུབ་པར་དབང་ཐོབ་པར་མོས། ཧཱུྃ༔ འཁོར་འདས་འཕགས་པའི་སོགས། སླར་ཡང་མདུན་གྱི་གཏོར་མ་དཔལ་མགོན་ལྕམ་དྲལ་ལྷའི་དཀྱིལ་འཁོར་བཀྲ་ལམ་མེར་གསལ་བ་ལ་མཆོད་ཅིང་བསྟོད་དེ། ཕྲིན་ལས་བཅོལ་བ་བཞིན་དགྱེས་པའི་བཞད་སྒྲ་དང་བཅས་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་མོས། ལས་བྱང་ལྟར། ཧཱུྃ༔ མ་ཧཱ་ཀཱ་ལ་འཁོར་དང་བཅས་པ་ལ༔ སོགས་མཆོད་བསྟོད་དང་། མཇུག་གི །ཧཱུྃ༔ སངས་རྒྱས་བསྟན་པ་བསྲུང་བ་ཡི༔ དཔལ་ལྡན་མ་ཧཱ་ཀཱ་ལ་ཆེ༔ སོགས་མཐར་ཆགས་སུ་གཏང་བས་ཕྲིན་ལས་བཅོལ། དེ་རྣམས་ཀྱི་སྒོ་ནས་དཔལ་མགོན་ལྕམ་དྲལ་བདུན་ཅུ་དང་བཅས་པའི་སྲོག་དབང་ཟབ་མོ་ལེགས་པར་ཐོབ་པ་ཡིན་ཏེ། འདི་ནི་གང་རུང་ལ་སོགས་ནས། དགོས་པ་ཡོད་པས༔ གསང་བའི་དམ་ཚིག་སྤྱི་དང་། ཁྱད་པར་དཔལ་མགོན་འཁོར་བཅས་གསོལ་མཆོད་བསྟོད་པའི་རིམ་པ་དང་། བསྟན་པ་བསྲུང་ཞིང་ལོག་རྟོག་གཞོམ་པའི་སྦྱོར་བ་ཟབ་མོ་ལ་འཇུག་པ་སོགས། ཚུལ་བཞིན་བརྩོན་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་ལྟར་རོ། །རྗེས་ཆོག་ལ། རྟ་ནག་དང་ཕྱོགས་འཐུས་ཀྱིས་དཔལ་མགོན་གཞུང་གི་ཚོགས་བྱིན་རླབས་ནས། བསྒྲལ་བསྟབ་མཐར་ཚོགས་ལ་རོལ་ཞིང་། ལྷག་མ་བསྔོས་རྗེས། སྲུང་མའི་མཆོད་གཏོར་ཁ་གསོས་ནས། དཔལ་མགོན་ལས་བྱང་མཇུག་གི་གསོལ་ཁ་བསྟོད་བསྐུལ་སླར་ཡང་བསྐྱར། ༼པ༽དྲག་སྒྲུབ་མེ་འཁོར་རམ། ཆོས་དབང་བླ་མ་གསང་འདུས་ལྟ་བུའི་བསྐུལ་ཆད་བརྟན་རྟ་བྲོ་བཅས་སྦྱར། ཡི་དམ་དང་ཆོས་སྐྱོང་ལ་དམིགས་པས་མཆོད་བསྟོད་དང་ནོངས་བཤགས་སྤྱི་ལྟར། ཧཱུྃ༔ འཇིགས་བྱེད་དྲག་པོ་རྟ་མགྲིན་རྒྱལ། །ཞེས་པའི་ཚིག་རྐང་གཅིག་གི་རྗེས། མ་ཧཱ་ཀཱ་ལ་ལྕམ་དྲལ་དང༔ སོགས་དཔལ་མགོན་ལས་བྱང་གི་ཚོགས་མཆོད་བསྒྲལ་བསྟབ་མཐར་འབྱུང་བ་བཞིན་གྱེར་བས་དངོས་གྲུབ་བླངས། བརྟན་བཞུགས། བསྡུ་ལྡང་། དགེ་བསྔོ། བཀྲ་ཤིས་བཅས་བྱ། དེ་དག་གི་ལས་ཀྱི་ལྷ་མཆོག་རྟ་མགྲིན་ནག་པོ་སྟེ་པདྨ་གསུང་ཞི་དྲག་རིགས་བདག་དང་བཅས་པའི་སྐོར་རྣམས་གྲུབ་བོ།། །། ༄༅། །གསུམ་པ་ཡང་དག་ཐུགས་ཀྱི་སྒྲུབ་པའི་སྐོར་ལ། ཞི་བ་རྡོར་སེམས། ཁྲོ་བོ་བཛྲ་ཧེ་རུ་ཀཿ རིགས་མཐུན་ཕྱག་རྡོར་དང་གསུམ་ལས། དང་པོ་ཞི་བ་རྡོ་རྗེ་སེམས་དཔའི་སྐོར་ལ། རོལ་པའི་རྡོ་རྗེའི་བླ་མ་རྒྱལ་བ་འདུས་པའི་གསང་སྒྲུབ། རིགས་འདུས་རྡོ་རྗེ་སེམས་དཔའི་སྨིན་བྱེད་བཀླག་ཆོག་ཏུ་བཀོད་པ་རྣམ་གྲོལ་སྤྲིན་གྱི་མྱུ་གུ་གོང་དུ་རྒྱལ་འདུས་སྐབས་སོང་ངོ་།། །། ༼འདིར་རིག་འཛིན་ཚེ་ནོར་རྡོར་སེམས་སྙན་བརྒྱུད་དང་སྒྲུབ་ཐབས་ཕྱི་ནང་གསང་བ་ཡང་གསང་དེ་ཁོ་ནའི་རྣལ་འབྱོར་ཟབ་ཁྲིད་ཡོད་ཀྱང་འཆད་དགོས་པའི་གསལ་ཁ་མེད།མཆན།༽ ༈ མཆོག་གྱུར་གླིང་པའི་དམ་ཆོས་ཤོག་སྡེ་དྲུག་པའི་རྡོར་སེམས་ཐུགས་ཀྱི་སྙིང་པོ་འདི་ལ་རྩ་བ་ཤོག་སེར་དང་མན་ངག་སྙན་བརྒྱུད་ཀྱི་ལུགས་གཉིས་བཞུགས་པའི། ཕྱི་མའི་དབང་གི་ཆོ་ག་འོད་གསལ་སྙིང་པོ་ལྟར་དབང་སྒྲུབ། དབང་དངོས། རྗེས་ཆོག་བཅས་བྱའོ།། །། ༈ གསང་ཐིག་སྐོར་གསུམ་གྱི་རྡོར་སེམས་ཕྱག་རྒྱ་གཅིག་པའི་བུམ་དབང་གི་ཆོ་ག་ཞི་བའི་ཐིག་ལེ་ལྟར་དབང་སྒྲུབ་ལ། སྐོང་ཆོག་ཚོགས་མཆོད་བཅས་ཕྲིན་ལས་གནས་ལུང་དང་བཅས་པ་ཡེ་ཤེས་བཅུད་ཐིག་བཞིན་ཐོག་མཐར་སྦྱར་བ་དང་། དབང་དངོས། རྗེས་ཆོག་བཅས་བྱ། དེ་དག་གིས་ཞི་བ་རྡོ་རྗེ་སེམས་དཔའི་སྐོར་རྣམས་གྲུབ་བོ།། །། ༄། གཉིས་པ་ཁྲོ་བོ་བཛྲ་ཧེ་རུ་ཀའི་སྒྲུབ་སྐོར་ལ། གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཡང་དག་སྙིང་པོའི་དབང་ཆོག་བདེ་ཆེན་འཇུག་ངོགས་ལྟར་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ བྱང་ཆུབ་གླིང་པ་དཔལ་རྒྱལ་མཚན་གྱི་ཀུན་བཟང་ཐུགས་གཏེར་རྭ་སྐོར་སྒྲོན་དྲུག་གི་ཡང་དག་ཞི་ཁྲོ་ཕུར་གསུམ་ཀུན་གཟིགས་མཁྱེན་བརྩེའི་ཉེ་བརྒྱུད་ཀྱི་དབང་གི་ཆོ་ག་གྲུབ་གཉིས་བདུད་རྩིའི་རྒྱུན་འབེབ་ལྟར་བདག་བསྐྱེད། སྟ་གོན། དབང་སྒྲུབ་སྐབས། གཞུང་ཛཔ྄་མཐའི་མཆོད་བསྟོད་རྗེས། ཟུར་གསལ་ཚེ་སྒྲུབ་གསང་བ་ཡང་ཁོལ་གྱི་མདུན་རྟེན་ལས་སྔགས་ཀྱིས་བསང་། ཤཱུནྱ་ཏཱས་སྦྱང་། མི་དམིགས་ངང་ལས་སྐད་ཅིག་གིས། །སོགས་བསྐྱེད་བཟླས། དབང་ལེན་མཐའ་བར་གཏང་། བཀའ་སྲུང་མ་མགོན་ལྕམ་དྲལ་གཏོར་ཆོག་མདོར་བསྡུས་བཞིན་མགོན་པོར་བྱིན་རླབས་ནས། དམ་བསྲེའི་སྔགས་ཀྱི་མཐའ་བར་དང་། ལྷ་མོར་བྱིན་རླབས་ནས། བསྟོད་བསྐུལ་མཐའ་བར་གཏང་། ཚོགས་མཆོད་སོགས་དབང་གཞུང་དུ་གསུངས་ལྟར་དངོས་གཞི་རྩ་དབང་གི་བཀའ་སྲུང་རཀྴ་མ་ཧཱ་ཀཱ་ལ་དང་། ལྷ་མོ་ནག་མོའི་སྲོག་དབང་རྗེས། དབང་ཆོག་འཆི་མེད་བཅུད་ལྡན་ལྟར་ཚེ་སྒྲུབ་གསང་བ་ཡང་ཁོལ་གྱི་ཚེ་དབང་སྦྱར་བའི་རྒྱས་གདབ་རྗེས། དབང་གཞུང་གི་ཤིས་བརྗོད་དང་། དབང་གི་རྗེས་རིམ། དེ་ལྟར་ན་དེ་དག་རྣམས་ཀྱི་སྒོ་ནས་སོགས་ནས། གཟི་བྱིན་ཆེན་པོ་དང་ལྡན་པ་ཉིད་དང་། ཡན་ལག་བཀའ་སྲུང་མ་མགོན་ལྕམ་དྲལ་གྱི་སྲོག་དབང་དང་། ཚེ་སྒྲུབ་གསང་བ་ཡང་ཁོལ་བཅུད་ལེན་དངོས་གྲུབ་སྦྱིན་པ་དང་རྗེས་སུ་འབྲེལ་བའི་དབང་བསྐུར་བཅས་བླ་མའི་ཕྱག་བཞེས་ལ་ཇི་ལྟར་འབྱུང་བ་བཞིན་ལེགས་པར་གྲུབ་པ་ཡིན་པས་སོགས་དབང་གི་རྗེས་བསྡུ་དང་། ཆོ་གའི་རྗེས་ཕྲིན་ལས་བྱང་བུ་བཞིན་ཚོགས་ལ་རོལ་ཞིང་། ལྷག་ཆོག་གཏང་། སྤྲོ་ན་བཀའ་སྲུང་གཏོར་ཆོག་བསྐྱར། གང་ལྟར་ཡང་དམ་སྤྱིའི་འགུགས་པ་ནས། ཕྲིན་བཅོལ་རྗེས། ཆོས་དབང་ཡང་དག་སྙིང་པོའི་ལས་བྱང་ཉུང་གསལ་བཞིན་བརྟན་མ་སྐྱོང་། དམ་སྤྱིའི་མཆོད་བསྟོད་ནས་ནོངས་བཤགས་རྫོགས་ཀྱི་བར་མ་མགོན་སྤྱིར་བཏང་། དེ་ནས་མགོན་པོར། གཏོར་ཆོག་མདོར་བསྡུས་གཞུང་གི །ཨི་ཨི་ཨཱི༔ སོགས་ནས། བཛྲ་ཧཱུྃ༔ ཞེས་བརྗོད་དེ་རྟེན་རྫས་ལ་ཐིམ་ཞིང་བདག་དང་མི་འབྲལ་བར་བསམ་པ་དང་། སྤྱིར་དམིགས་པས། འདིར་ནི་གཟུགས་དང་སོགས་དམ་སྤྱིའི་མཇུག་བཀྲ་ཤིས་གྲུབ་ཀྱི་བར་མཐར་དབྱུང་། དཀྱིལ་འཁོར་པ་དང་ཚེ་སྒྲུབ་ཕྱོགས་འཐུས་ཀྱིས་གཞུང་གསལ་སྤྱི་ཁྱབ་མཆོད་བསྟོད་སྦྱར། ནོངས་བཤགས་སོགས་ཕྲིན་ལས་བྱང་བུ་བཞིན་མཐར་དབྱུང་བས་གྲུབ་བོ།། །། ༈ ཆོས་རྗེ་གླིང་པ་འཛམ་གླིང་བདེ་བའི་རྡོ་རྗེའི་ཡང་དག་བདེ་ཆེན་སྙིང་པོའི་ཆོག་ཁྲིགས་སྙིང་པོར་དྲིལ་བ་ལྟར་དབང་སྒྲུབ། དབང་དངོས་གཞིར། དེ་ལ་འདིར་གསང་སྔགས་རྡོ་རྗེ་ཐེག་པ་སྔ་འགྱུར་བའི་རིང་ལུགས་ལ་རྒྱ་ཆེ་བ་བཀའ་མ་དང་། ཟབ་པ་གཏེར་མ་ཞེས་གྲགས་པའི་ཕྱི་མ་ལ་བསྐྱེད་སྔགས་རྫོགས་པ་ཆེན་པོའི་སྐོར་མཐའ་ཡས་པར་བཞུགས་པ་ལས། འདིར་བསྐྱེད་པ་མ་ཧཱ་ཡོ་ག་སྒྲུབ་པ་སྡེ་བརྒྱད་བྱེ་བྲག་ཏུ་སྒྲུབ་པའི་ནང་ཚན། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྩོལ་བ་ལ་ཆེས་ཟབ་ཅིང་མྱུར་བའི་ཁྱད་པར་དང་ལྡན་པ། དཔལ་ཧེ་རུ་ཀཿཡང་དག་གྲུབ་པ་གཅིག་པུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ། ད་ལམ་གྱི་སྐབས་སུ་བབས་པ་འདི་ནི། པདྨ་བཀའ་ཐང་ལས། མཛའ་བོ་ནང་འཇུག་ཚེར་མས་མཐའ་མི་འབོད༔ ས་སྟེང་གཡོ་བའི་བདུད་ཀྱི་སྤྲུལ་པ་འབྱུང༔ ཡུམ་བུ་གླ་སྒང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ ཨོ་རྒྱན་རོག་རྗེ་གླིང་པ་ཞེས་བྱ་འབྱུང༔ ཞེས་ལུང་གིས་བསྟན་པ་སྤྲུལ་པའི་གཏེར་སྟོན་ཆེན་པོ། རྒྱལ་སྲས་ལྷ་རྗེའི་སྐྱེ་བ་བཅུ་གཉིས་པ་ཨོ་རྒྱན་རོག་རྗེ་གླིང་པའམ་ཆོས་རྗེ་གླིང་པ་བདེ་བའི་རྡོ་རྗེས། འོན་སྟག་ཚང་། འུ་ཤང་རྡོ། ཡུམ་བུ་གླ་སྒང་། སྲོང་བཙན་བང་སོ། རྨ་ཀུང་ལུང་ཟག་མེད་འཇའ་ཚོན་ཕུག །ཁ་རག་མགོ་དགུའི་དུག་མཚོ། སྤུ་བོ་བྱ་རྒོད་གཤོང་དང་གདུང་ཆུ་ལྷ་ཁང་སོགས་ནས་ཁྱད་པར་དུ་འཕགས་པའི་གཏེར་ཁ་དུ་མ་ཞལ་དབྱེ་བར་མཛད་པའི་ནང་ཚན། བདུད་རི་གནམ་ལྕགས་འབར་བའི་མཚོ་གཏེར་ལས་བྱོན་པ་སྟེ། གཏེར་གཞུང་ལས། བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མཁས་གྲུབ་བླ་མ་དཔག་མེད་བསྙེན༔ ཁྱད་པར་དགའ་རབ་ཤྲཱི་སེང་སོགས༔ གྲུབ་མཆོག་ཉེར་ལྔའི་ཐུགས་མཛོད་རྟོགས༔ རྣལ་འབྱོར་རིག་འཛིན་རྣམ་བརྒྱད་དང༔ གདམས་པ་ཟབ་མོ་བགོ་བཤར་བྱས༔ ཁྱད་པར་ཐུགས་རིག་ཧཱུྃ་ཀཱར་དང༔ ཕྲིན་ལས་གྲུབ་པ་པྲ་ཧསྟིར༔ ཡང་ཕུར་རྒྱུད་དང་མན་ངག་གཙོས༔ ཟབ་དགུ་འདུས་པའི་ཉིང་ཁུ་ལོངས༔ བོད་ཡུལ་ཁ་བའི་རི་ལྗོངས་འདིར༔ རྗེ་འབངས་རྣམས་ལ་རྒྱ་ཆེར་བཤད༔ ཁྱད་པར་ད་ལྟ་རྗེ་སྲས་གྲོགས༔ ཨཱརྻ་ས་ལེ་རྣམ་བཞི་ལ༔ བླ་མ་དྲག་པོ་དང་འབྲེལ་བའི༔ ཡང་ཕུར་སྙིང་ཐིག་ཉུང་ངུ་ནི༔ དོན་བཅུད་ཉམས་སུ་དྲིལ་ཏེ་གདམས༔ སྙིང་གི་དཀྱིལ་དུ་ས་མཱ་དྷི༔ ཞེས་བསྔགས་པར་མཛད་པའི་སྨིན་གྲོལ་གྱི་ཟབ་གནད་རྒྱ་ནག་སྤྲིན་ཤོག་སེར་པོའི་ངོས་གུ་རུའི་ཕྱག་བྲིས་འཕྲུལ་གྱི་པ་ཏྲ་ལས་དག་པར་ཕབ་པ། ཚེ་གཅིག་བྱང་ཆུབ་སྒྲུབ་པའི་གསེང་ལམ་ཡང་དག་བདེ་ཆེན་སྙིང་པོའི་སྨིན་དབང་ཟབ་མོ་འབུལ་བར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ། སྔོན་ཆད་གཟུང་འཛིན་རྟོག་པའི་སྒྲིབ་པས་མིག་ལྡོངས་པའི་མཚོན་བྱེད་མིག་དར་འཆིང་བ་དང་། རང་རིག་གི་ལྷ་དང་མཇལ་བའི་ཕྱག་རྟེན་མེ་ཏོག་གི་ཕྲེང་བ་རེ་ཕྱག་ཏུ་ཐོགས་པར་མོས། སྔགས་གཉིས་ཀྱིས་མིག་དར་མེ་ཏོག་སྦྱིན། སློབ་དཔོན་ཁྱབ་བདག་ཧེ་རུ་ཀའི་ངོ་བོར་བཞུགས་པ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་རྡོ་རྗེ་སོགས་ལན་གསུམ། དེའི་ལན་དུ་སྤྲོ་བ་བསྐྱེད་ཅིང་གནང་བ་སྦྱིན་པ་འདི་ལ་གསན་འཚལ། ཨེ་མ་དུས་གསུམ་སོགས། བར་འདིར་བདག་འཇུག་དངོས་བསྟན་ལ་མི་གསལ་ཡང་རྣམ་པ་ཕྱེད་པའི་སླད། མདུན་མཁར་བླ་མ་དཔལ་ལྡན་བདེ་ཆེན་སྙིང་པོའི་དཀྱིལ་འཁོར་ཚོམ་བུར་བཅས་པ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚིག་དོན་འབྲེལ་བའི་དམིགས་རྣམ་གསལ་བཏབ་སྟེ་འདིའི་རྗེས་ཟློས། ཆོག་ཁྲིགས་སྙིང་པོར་དྲིལ་བ་འདི་ཉིད་ཀྱི་དབུར་འབྱུང་བ། རྡོ་རྗེ་སློབ་དཔོན་སོགས་ལན་གསུམ། དབང་གི་ཡེ་ཤེས་སྐྱེ་བའི་རྟེན་འདུལ་མདོ་སྔགས་ཀྱི་སྡོམ་པ་རྣམས་ངོ་བོ་གནས་འགྱུར། ཡོན་ཏན་ཡར་འཕེལ། དུས་སྐབས་དགོས་པ་གཙོར་བཏོན་ཏེ་འཛིན་སྙམ་པས་འདིའི་རྗེས་ཟློས། ཧོ༔ བདེ་ཆེན་སྙིང་པོའི་སོགས་ལན་གསུམ། ཇི་སྐད་ཁས་བླངས་པའི་དམ་ཚིག་ལས་ནམ་ཡང་འདའ་བར་མི་འོས་པས། དེའི་ཕྱིར་རྡོ་རྗེའི་ཆུ་ནན་སྦྱིན་པ་སྙིང་དབུས་སུ་སིམ་སྟེ་ཁེ་ཉེན་གྱི་དཔང་པོར་བཞུགས་པར་མོས། ཧཱུྃ། ཡང་དག་ཡེ་ཤེས་སོགས། ཁྱེད་རང་རྣམས་ལས་ཀྱི་རྡོ་རྗེས་ཁྲིད་དེ་དཀྱིལ་འཁོར་གྱི་ཡོལ་བའི་ནང་དུ་དྲངས་ཤིང་། སླར་སྒོ་བཞི་ཤག་གིས་ཕྱེ་བའི་སྒོ་འགྲམ་དུ་འཁོད་པར་མོས། ཛཿཧཱུྃ་སོགས། དེ་ནས་ལྷ་ཚོགས་རྣམས་ཀྱི་ཞབས་ལ་སྒོ་གསུམ་གུས་པས་འདུད་ཕྱག་འཚལ་བར་མོས་པས་འདིའི་རྗེས་ཟློས། ཨོཾ་ན་མ་སྟེ་སོགས་ལན་གསུམ། དབང་གི་རྩ་བའམ་སྙིང་པོར་གྱུར་པ་ཡེ་ཤེས་པའི་བྱིན་དབབ་པའི་ཕྱིར་འདི་ལྟར་གསལ་ཐོབས་ཤིག །ཨོཾ་སྭ་བྷཱ་ཝ་སོགས། བདག་གཞན་དུ་སྣང་བའི་ཆོས་ཐམས་ཅད་མི་དམིགས་པ་སྟོང་པར་སྦྱངས། དེའི་ངང་ལས་ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་ཆེན་པོ་བཛྲ་ཧེ་རུ་ཀཿམཐིང་ནག་ཞལ་གཅིག་ཕྱག་གཉིས་པ། དཔལ་དང་དུར་ཁྲོད་ཀྱི་ཆས་ལྡན་རྡོ་རྗེ་དང་དུང་ཁྲག་འཛིན་པ་རང་འདྲའི་ཡུམ་ལ་འཁྱུད་ཅིང་། ཡེ་ཤེས་ཀྱི་མེ་ཀློང་དུ་བཞུགས་པའི་སྐུར་གསལ་བའི་སྤྱི་བོར་ཨོཾ། སོགས་ནས། ཐིམ་པར་གྱུར་པའི་མོས་པ་བརྟན་པོ་མཛོད། ཧཱུྃ། མཁའ་དང་མཉམ་པའི་སོགས་ཆོག་སྒྲིག་སྙིང་པོར་དྲིལ་པའི་བྱིན་འབེབ། དངོས་གྲུབ་སྩོལ། ཞེས་གྱེར་ནས། ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་ཡིག་བདུན་དང་ཐུགས་སྔགས་སྤེལ་བ་ཤམ་ཅན་བཟླས་པས་བྱིན་དབབ་ཅིང་བརྟན་པར་བྱས་མཐར། སྔར་བྱིན་པའི་མེ་ཏོག་དེ་ཉིད་ཚེ་རབས་ནས་འབྲེལ་བའི་ལྷག་པའི་ལྷས་བཞེས་སུ་གསོལ་སྙམས་པས་འདིའི་རྗེས་ཟློས་བཅས་འདོར་འཚལ། ཧོཿ ཡང་དག་མཆོག་གི་སོགས། མེ་ཏོག་གང་དུ་བབས་ཀྱང་དཀྱིལ་འཁོར་བདག་པོའི་དབྱིངས་སུ་རྫོགས་པས། ཁྱེད་རང་རྣམས་ཀྱི་སྤྱི་བོར་བླ་མ་དང་དཔལ་ཆེན་པོ་གཉིས་སུ་མེད་པས་མེ་ཏོག་དེ་ཉིད་དབང་རྟགས་ཅོད་པན་དུ་སྤྱི་བོར་བཀོད་པར་མོས་ལ། དཔལ་ཧེ་རུ་ཀཿཉིད་ལྷག་པའི་ལྷར་ཟུངས་ཤིག །པྲ་ཏཱི་གྲྀཧྣ་སོགས། མ་རིག་པའི་སྒྲིབ་གཡོགས་མིག་རས་ལྷན་ཅིག་བསལ་བར་མོས། ཙཀྵུཿསོགས། མ་རིག་པའི་ལིང་ཏོག་བསལ་ནས་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པ་ལ། ཡང་དག་བདེ་ཆེན་ཧེ་རུ་ཀའི་ཕྱི་ནང་དབྱིངས་གསུམ་གྱི་དཀྱིལ་འཁོར་འཁོར་ལོ་ཐམས་ཅད་མངོན་སུམ་དུ་མཐོང་བར་མོས་ལ་གུས་སྤྲོ་སྐྱེད་ཅིག །དེས་འཇུག་པའི་ཆོས་རྣམས་གྲུབ། ད་དངོས་གཞིའི་དབང་རྣམས་ཞུ་བའི་ཡོན་དུ་མཎྜལ། དད་མོས་གདུང་བས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བྱང་ཆུབ་རྡོ་རྗེས་སོགས། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས་པས་བསྐུལ་བས་གདན་གསུམ་སོགས་བུམ་པ། དབུ་རྒྱན་རིན་པོ་ཆེའི་ཁང་བུ་ཟེ་པྲོག་ལྔ་པར་རིགས་ལྔའི་ལྷ་ཚོགས་བཞུགས་པ་མགོ་བོར་བཅིངས་པས་ཆོས་ཀྱི་རྒྱལ་སྲིད་དམ་པར་དབང་འབྱོར་བར་མོས། སངས་རྒྱས་ཀུན་གྱི་དབུ་རྒྱན་སོགས། བདེ་སྟོང་ཐབས་ཤེས་མཚོན་པའི་རྡོར་དྲིལ་ཕྱག་གཡས་གཡོན་དུ་གཏད་པ་དག་ཐུགས་ཀར་གཏོད་ཅིང་དཀུར་བསྟེན་པས། ཟུང་འཇུག་རྣམ་པར་རོལ་པའི་ཕྲིན་ལས་རྟག་ཅིང་ཁྱབ་པས་དོན་གཉིས་བསྒྲུབ་ནུས་པའི་དབང་ཐོབ་པར་མོས། སངས་རྒྱས་ཀུན་གྱི་རྡོ་རྗེའི་སོགས། དབང་གི་ལྷ་དང་སློབ་དཔོན་ལྷན་ཅིག་པས་རྡོ་རྗེའི་མིང་གིས་དབང་བསྐུར་བ་བཞིན་སངས་རྒྱས་རྒྱ་མཚོའི་ཞིང་ཁམས་རྣམས་སུ་གྲགས་པར་མོས། སངས་རྒྱས་ཀུན་གྱི་མིང་སོགས། བུམ་དབང་གི་དག་པ་བརྗོད་ཅིང་གསང་དབང་བསྐུར་མཐར། དེ་ལྟར་བྱིན་པའི་བདུད་རྩི་མྱང་བ་མགྲིན་པ་ནས་འཕེལ་རྩ་གནས་ཐམས་ཅད་ལ་ཁྱབ་པས་གསལ་སྟོང་ཡེ་ཤེས་ཀྱི་ཉམས་འབར་བར་གྱུར། དེ་ལྟར་ཀུན་རྫོབ་བྱང་ཆུབ་སོགས་དག་པ་བརྗོད། མཚན་ཉིད་དང་སྒྱུ་རྩལ་ལང་ཚོ་རྫོགས་པའི་ཤེས་རབ་མ་ཕོ་ཉའི་དངོས་གྲུབ་ཀྱི་དོན་དུ་སྦྱིན་པར་མོས། ལྷ་མོ་དགའ་སྦྱིན་སོགས་དག་བརྗོད་བཅས་བྱ། མན་ཤེལ་གྱི་བརྡས་མཚོན་ཏེ། དབྱིངས་རིག་ཁ་སྦྱོར་ཀ་དག་བདེ་ཆེན་མཆོག་གི་ངོ་བོར་བཞུགས་ཤིང་། ལྷུན་གྲུབ་སྣང་བའི་ཕྲིན་ལས་མ་བཙལ་སྤྲོས་མེད་རང་ཆས་སུ་རྫོགས་པ། སྨྲ་བསམ་བརྗོད་བྲལ་གྱི་དོན་རྟོགས་པར་གྱིས་ཤིག །ཧཱུྃ། འདི་ལྟར་ཆོས་རྣམས་སོགས་ཀྱིས་ངོ་སྤྲོད་ལ་དག་བརྗོད་བཅས་བྱ། དེ་རྣམས་ཀྱི་སྒོ་ནས་དབང་བཞིའི་རིམ་པ་ལེགས་པར་གྲུབ་པས་དམ་ཚིག་གི་རིམ་པ་རྣམས་མ་ཉམས་པར་བསྲུང་སྡོམ་ཚུལ་བཞིན་བགྱིད་དོ་སྙམས་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་ཀྱི་དབང་དང་། ཆོ་གའི་རྗེས་རིམ་རྣམས་བྱའོ།། །། ༈ པདྨ་འོད་གསལ་མདོ་སྔགས་གླིང་པའི་སྙན་བརྒྱུད་ཡང་དག་ཟབ་ཏིག་གི་སྨིན་གྲོལ་འབོགས་པའི་ལག་ལེན་བདེ་ཆེན་གསང་བའི་བཅུད་འདུས་ལྟར་དབང་སྒྲུབ། དབང་དངོས་ལ་རྩ་དབང་། སྨན་དབང་། ཚེ་དབང་། ཟབ་ཁྲིད། རྗེས་ཆོག་བཅས་བྱའོ།། །། ༈ སྙན་བརྒྱུད་ཡང་ཕུར་སྦྲགས་མའི་ཟབ་ཏིག་གི་དབང་གི་ལག་ལེན་གྲུབ་གཉིས་བཅུད་འབེབ་ལྟར་དབང་སྒྲུབ། རྩ་དབང་། དྲག་པོའི་རྗེས་གནང་། ཚེ་དབང་། རྗེས་ཆོག་བཅས་བྱའོ།། །། ༈ མཆོག་གྱུར་གླིང་པའི་ཟབ་བདུན་ཡང་དག་ཐུགས་ཀྱི་སྙིང་པོའི་སྨིན་བྱེད་བལྟས་ཆོག་ཏུ་བཀོད་པ་ཡེ་ཤེས་མཆོག་སྦྱོར་ལྟར་དབང་སྒྲུབ་སྐབས། བུམ་ལྷ་འོད་ཞུའི་མཐར་འདིའི་ཚེ་སྒྲུབ་དབང་ཁྲིགས་གྲུབ་གཉིས་བདུད་རྩིའི་བཅུད་ལེན་གྱི་སྔོན་འགྲོ་རྣམས་གོང་དུ་སོང་བས་འཐུས་པས། དངོས་གཞི་བདག་མདུན་དབྱེར་མེད་དུ་བསྒྲུབས་ནས། ཚེ་འགུག་མཐར། སྟོང་ཚིགས་ཀྱི་མཆོད་བསྟོད་བྱ། དེ་ནས་བཀའ་སྲུང་ཕྱིན་ལ་འཇུག །དངོས་གཞིར་རྩ་དབང་། སྐོང་ཆོག་དབང་མཐར། སླར་ཡང་བཀྲ་ཤིས་འཆི་མེད་ཚེ་ཡི་དབང་བསྐུར་བགྱིད་པ་སྟེ། དེའང་གཞུང་ཉིད་ལས། མཆོག་གི་དངོས་གྲུབ་སོགས། ལོ་རྒྱུས་ནས་གཟུང་གྲུབ་གཉིས་བདུད་རྩིའི་བཅུད་ལེན་ལྟར་ཚེ་དབང་རྫོགས་པ་དང་། ཤིས་བརྗོད་སོགས་དབང་གི་རྗེས་རིམ་གྱི་ལུས་དབུལ་ཡན་གྲུབ་ནས། དེ་རྣམས་ཀྱིས་དཔལ་ཡང་དག་ཐུགས་ཀྱི་སྙིང་པོའི་དབང་བཞི་ལེགས་པར་གྲུབ་ནས། དེའི་གྲོལ་བྱེད་ཁྲིད་རིམ་ཟབ་མོ་གཏེར་གཞུང་རྡོ་རྗེའི་གསུང་དྲི་མ་མེད་པ་འདུས་ཤིང་གསལ་བ་ཉུང་ངུར་བསྟན་པ་འདི་ལ་ལེགས་པར་གསན་ནས། དོན་ཐུགས་ལ་ངེས་པར་མཛད་འཚལ། དཔལ་ཡང་དག་ཐུགས་ཀྱི་སྙིང་པོ་ལས༔ ཐུགས་ཁྲིད་ཟབ་མོ་བཞུགས༔ དབུའི་བརྡ་ཡིག་ནས་མཇུག་གི་བརྡ་ཡིག་རྫོགས་ཀྱི་བར་བཀླག །དེ་ལྟར་སྐལ་ལྡན་ཚེ་གཅིག་གི་བྱང་ཆུབ་ངེས་པར་འདོད་པ་རྣམས་ཀྱིས་ཤིན་ཏུ་ཁྱད་པར་འཕགས་པའི་གསེང་ལམ། རྒྱ་བོད་གྲུབ་བརྙེས་ཐམས་ཅད་ཀྱི་ཐུགས་དམ་སྙིང་པོར་གྱུར་པ་དཔལ་ཡང་དག་ཐུགས་ཀྱི་སྙིང་པོ་དེ་ཁོ་ན་ཉིད་ཡིན་ལ། འདིར་འཇུག་པ་ན། ཐུན་མོང་གི་སྔོན་འགྲོ་བློ་ལྡོག་རྣམ་པ་བཞི་རྒྱུད་ལ་འབྱོངས་པས་རང་རྒྱུད་ཀྱི་ཞིང་ས་བཏུལ། ཐུན་མིན་གྱི་སྔོན་འགྲོ་རྡོ་རྗེ་ཐེག་པའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་། ཀུན་རྫོབ་སྨོན་འཇུག་གཉིས་ལ་བརྟེན་ནས། དོན་དམ་སྐྱེ་འགགས་གནས་དམིགས་འགྲོ་འོང་མེད་པའི་གནས་ལ་ངེས་པ་ཚུགས་པའི་སེམས་ལྔ་བསྐྱེད་ཅིང་། རྡོར་སེམས་དང་། མཎྜལ། བླ་མའི་རྣལ་འབྱོར་རྣམས་ཀྱིས་དགེ་བའི་ས་བོན་གྲུང་པོར་བཏབ། ཁྱད་པར་སྔོན་འགྲོ་འཁོར་འདས་དང་སྒོ་གསུམ་གྱི་རུ་ཤན་དབྱེ་ཞིང་རྣལ་དབབ་རང་སོར་གཞུག་པ་རྣམས་ཀྱིས། ས་ཆུ་ཡུར་ལས་དང་འདྲ་བས་དོན་བཟང་སྨིན་རུང་གི་གཞི་བཏིང་། བསྐྱེད་རིམ་དང་རྩ་རླུང་གི་གདམས་པས་དབྱིབས་རླུང་ཐིག་ལེའི་རྣལ་འབྱོར་གྱི་ཉམས་ལེན་གྱི་བསྐྱེད་བསྲིང་། དེ་ལྟ་བུའི་ཐབས་ལས་བྱུང་བའི་བདེ་ཆེན་གྱི་ངོ་བོ་ཀ་དག་དང་། རང་བཞིན་ལྷུན་གྲུབ་ཀྱི་དགོངས་པ་གཏན་ལ་ཕབ་པས་འབྲས་བུ་རྫོགས་རིམ་ངེས་པར་བསྒྲུབ། དེ་ལྟ་བུའི་ངང་ནས་ཉམས་ལེན་ཆུ་བོའི་རྒྱུན་ལྟ་བུའི་རྣལ་འབྱོར་གྱི་རྩལ་སྦྱངས་ནས། དབྱེར་མེད་གདོད་མའི་གཏན་སྲིད་ལ་དབང་འབྱོར་བས། འབྲས་བུ་ལག་ཏུ་ལེན་པ་དང་མཚུངས་པར་ཀུན་བཟང་རྒྱལ་བའི་ཡེ་ཤེས་མ་བཙལ་ལྷུན་གྱིས་རྫོགས་ནས། ཐུགས་རྗེའི་འཇུག་པ་དམིགས་མེད་རྒྱུན་གྱི་རྟག་པའི་ཕྲིན་ལས་ཀྱིས་འགྲོ་རྣམས་ཡང་དག་བདེ་ཆེན་ཐུགས་ཀྱི་སྙིང་པོའི་དཀྱིལ་འཁོར་དུ་དབུགས་དབྱུང་ནས། དོན་གཉིས་ལྷུན་འགྲུབ་ཁྱབ་བདག་རྡོ་རྗེ་འཆང་བདེ་བ་མཆོག་གི་གནས་ཐོབ་པ་ཞིག་ཅི་ནས་ཀྱང་མཛོད་ཅིག །དེ་ལྟར་ན་དེ་དག་གི་སྒོ་ནས་གསང་ཆེན་མཆོག་གི་ཉིང་ཁུའི་སྨིན་གྲོལ་ཐོབ་པ་འདིའི་མཚོན། བདག་གཞན་དུས་གསུམ་བྱས་བསགས་ཀྱི་དགེ་ཀུན་འཁོར་གསུམ་ཡོངས་གྲོལ་ཆེན་པོའི་དགོངས་སྤྱོད་ལ་གནས་པས་བསྔོ་བ་སྨོན་ལམ་གྱི་རིམ་པའང་ཆབས་ཅིག་མཛོད། ཅེས་པས་མཚམས་སྦྱར་ལ། དགེ་བསྔོ་བཅས་ཀྱིས་དབང་ཁྲིད་གྲུབ། ཆོ་གའི་རྗེས་རིམ་དབང་གཞུང་བཞིན་གྱིས་ཚེ་དབང་གི་རྗེས་ཆོག་ཀྱང་སྟབས་གཅིག་གྲུབ་པར་བྱ་བ་ལས་ཟུར་དུ་མི་དགོས་སོ།། །། ༈ སྒྲུབ་ཆེན་ལྔ་བཅུ་རྩ་བརྒྱད་དང་འབྲེལ་བའི་དབང་བསྐུར་རྒྱས་པ་བླ་མ་ཧེ་རུ་ཀཿདཔལ་གྱི་ཞལ་ལུང་བདེ་ཆེན་མཆོག་གི་མྱུར་ལམ་ལྟར་དབང་སྒྲུབ། དབང་དངོས་གཞིའི་སྐབས་སྐོང་ཆོག་དང་། ཚེ་དབང་གོང་དུ་སོང་བས་འདིར་སྦྱོར་མི་དགོས། རྗེས་ཆོག་བཅས་བྱའོ།། །། ༈ ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་རིག་འཛིན་འཛམ་གླིང་རྒྱན་གཅིག་གི་དབང་ཆོག་ཨིནྡྲ་ནཱི་ལའི་ཆུན་པོ་ལྟར་དབང་སྒྲུབ། དབང་དངོས་གཞི་གྲུབ་མཚམས་དེར། དེ་ལྟར་རྒྱུད་སྨིན་བྱེད་ཀྱི་རིམ་པ་སྔོན་དུ་སོང་ནས། གྲོལ་བྱེད་བསྐྱེད་རྫོགས་ཀྱི་གདམས་ཁྲིད་ནི། འདིར་དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོའི་ཐུགས་དམ་སོགས་རིམ་གཉིས་རྒྱུན་གྱི་རྣལ་འབྱོར་གྱི་དབུ་ནས་གཟུང་ཡི་གེ་ཆེ་ཆུང་མེད་པར་ནར་མར། འདི་ཁོ་ན་ཉམས་ལེན་སྙིང་པོར་མཛད་འཚལ་ལོ། །དེ་རྣམས་ཀྱིས་སྨིན་གྲོལ་ཆབས་ཅིག་ཏུ་རྫོགས་པའི་དམ་ཚིག་གི་རིམ་པའང་རྡོ་རྗེ་ཐེག་པའི་གཞུང་བཞིན་སྲུང་སྡོམ་མཛད་དགོས་པས། དེ་ཉིད་གཡར་དམ་ལྷུར་བཞེས་ཏེ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དབང་དང་། ཆོ་གའི་རྗེས་མཐར་དབྱུང་ངོ་།། །། ༈ གསང་ཐིག་སྐོར་གསུམ་གྱི་ཡང་དག་ཕྱག་རྒྱ་གཅིག་པའི་གཏོར་དབང་གི་ཆོ་ག་འབར་བའི་ཐིག་ལེ་ལྟར་དབང་སྒྲུབ། དངོས་གཞི་གཏོར་དབང་། རྗེས་ཆོག་བཅས་བྱའོ།། །། འདིར་འཇམ་མགོན་རིན་པོ་ཆེའི་ཟབ་གཏེར་གསང་ཐིག་སྙིང་པོའི་སྐོར་ལས་བྱུང་བའི་དཔལ་ཡང་དག་ཧེ་རུ་ཀའི་དབང་བསྐུར་བདེ་ཆེན་སྙིང་པོ་ཡོད།མཆན། དེ་དག་གིས་ཐུགས་ཀྱི་ལྷ་མཆོག་དཔལ་ཆེན་ཡང་དག་ཧེ་རུ་ཀའི་སྐོར་རྣམས་གྲུབ་བོ།། །། ༄། གསུམ་པ་རྗེས་འབྲེལ་ཐུགས་རིགས་ཕྱག་རྡོར་གྱི་སྐོར་ལ། གྲྭ་མངོན་དབང་ཕྱུག་འབར་གྱི་ཕྱག་རྡོར་ཁང་བུ་བརྩེགས་པ་༼འདོད་བུམ། 319༽ལྟར་གྱི་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ གྲྭ་མངོན་ཕྱག་རྡོར་གཏུམ་པོ་དམར་པོའི་སྒྲུབ་དཀྱིལ་དབང་རྒྱུན་མ་བཞུགས་ཤིང་། གཏུམ་ཆུང་དམར་པོའི་སྒྲུབ་ཐབས་སྒོམ་ལུང་དང་བཅས་པ་ལྟར་བསྐྱེད་བཟླས་མཐར། སྒོམ་ལུང་འབོགས། རྗེས་མི་དམིགས་པར་བཞག་ནས་དགེ་བསྔོ་བཀྲ་ཤིས་བཅས་བྱའོ།། །། ༈ དབུ་རུ་ལྷ་སའི་སྟོན་པ་ཤཱཀྱ་འོད་ཀྱིས་དཔལ་གསང་བའི་བདག་པོ་རྡོ་རྗེ་མེ་འབར་ཀུན་གཟིགས་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཡང་གཏེར་གྱི་ཕྲིན་ལས་དབང་ཆོག་དང་བཅས་པ་རྡོ་རྗེའི་ཞུན་ཐིགས་ལྟར་དབང་སྒྲུབ་སྐབས། བུམ་བཟླས་མཐར། སྟོང་ཚིགས་འོད་ཞུའི་རྗེས། ལས་བུམ་འཁྱིལ་པས་བསྒྲུབས་ལ། རིག་མེ་དོར་ཞིང་གནང་བ་ནོད། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ གུ་རུ་ཆོས་ཀྱི་དབང་ཕྱུག་གི་བླ་མ་གསང་འདུས་ཀྱི་ཆ་ལག་དཔལ་ཕྱག་ན་རྡོ་རྗེ་གཏུམ་པོ་སེང་སྒྲོག་མེ་ལྕེ་ཕྲེང་བའི་དབང་ཆོག་དབང་བཤད་དང་བཅས་པ་ལྟར་ལ་དབང་སྒྲུབ་ཀྱི་ཕྲིན་ལས་གཏེར་གཞུང་བཀླག་ཆོག་ཏུ་སྦྱོར་རྗེས་གུང་བསྡེབས་ཀྱིས་དཀྱུས་གཅིག་བདག་གིས་བཀོད་པ་བཞིན་བཏང་ཞིང་ཚོགས་བསྒྲལ་སྟབས་མཐར། རིག་མེ་དོར་ཞིང་གནང་བ་ནོད། དངོས་གཞི་སྐུ་བུམ་དབང་གི་རྗེས། ཆགས་མེད་བྷནྡྷའི་སྣོད་དུ་རང་བྱུང་བདེ་ཆེན་བྱང་ཆུབ་སེམས་ཀྱི་བདུད་རྩིས་བལྟམས་པ་མགྲིན་པར་བཞག་ཅིང་མྱང་བས་ངག་གི་དྲི་མ་དག །སྔགས་ཀྱི་ནུས་པ་རྒྱུད་ལ་བཞག །གཡོ་རྩོལ་གྱི་རྟོག་པས་མ་བསླད་པའི་ཐ་མལ་གྱི་རླུང་སྔགས་འགྲོ་འོང་མེད་པ་ཡེ་ཤེས་རྡོ་རྗེའི་བཟླས་པ་ཆུ་བོའི་རྒྱུན་གྱི་འཁོར་ལོར་དབང་བསྒྱུར་ནུས་པའི་མཐུ་ཐོབ་པར་མོས། ཨཱ༔ ཐོད་པ་ཆགས་བྲལ་སོགས། མཚན་མའི་རྟོག་པས་མི་ཕྱེད་ཅིང་ཉོན་མོངས་ཀུན་འཇོམས་ཡེ་ཤེས་ལྔ་ལྡན་གྱི་དོན་མཚོན་པའི་རྡོ་རྗེ་སྙིང་གར་བཞག་པས་ཡིད་ཀྱི་དྲི་མ་དག །ལྷན་ཅིག་སྐྱེས་པ་མི་འགྱུར་བའི་དགོངས་པ་མངོན་དུ་བྱས། མཚན་འཛིན་གྱི་སྤྲོས་པ་དང་བྲལ་བའི་རིག་པ་རང་བྱུང་བྱང་ཆུབ་སེམས་ཀྱི་འཁོར་ལོས་འཁྲུལ་རྟོག་གི་རྒྱུན་གཅོད་པར་ནུས་པའི་མཐུ་ཐོབ་པར་མོས། ཧཱུྃ༔ མི་འགྱུར་མི་འཇིག་སོགས། གཏོར་སྣོད་དབྱིངས་ཀྱི་གཞལ་ཡས་ཁང་དུ། གཏོར་མ་རིག་པ་རང་བྱུང་གསང་བའི་བདག་པོའི་ལྷ་ཚོགས་སུ་ཤར་བས་གནས་གསུམ་དུ་དབང་བསྐུར་པས་བསགས་པ་སྙོམས་འཇུག་གི་སྒྲིབ་པ་དག །ལྷ་དང་སྐལ་པ་མཉམ་པའི་ནུས་པ་རྒྱུད་ལ་བཞག །བྲལ་སྨིན་ཡོན་ཏན་གྱི་ཕུང་པོ་ཡོངས་སུ་རྫོགས་པའི་ཕྲིན་ལས་ཀྱི་འཁོར་ལོས་སྲིད་པ་ཇི་སྲིད་བར་འགྲོ་བའི་དོན་ལ་ཐོགས་མེད་དུ་འཇུག་ནུས་པའི་མཐུ་ཐོབ་པར་མོས། ཧཱུྃ༔ གཏོར་མའི་རང་བཞིན་སོགས། གང་འདུལ་དེར་སྟོན་སྣ་ཚོགས་དར་གྱི་ཅོད་པན་འཕུར་བ་ཕྱག་ཏུ་གཏད་པས། ཤེས་བྱ་ལ་རྨོངས་པའི་སྒྲིབ་པ་དག །ཆགས་ཐོགས་མེད་པའི་ཡེ་ཤེས་མངོན་དུ་བྱས། སྨོན་པ་མེད་ཅིང་འགྲོ་འོང་བྲལ་བའི་ཕྲིན་ལས་ཀྱི་འཁོར་ལོས་འགྲོ་བ་སྒྲོལ་བའི་ནུས་དབང་ཐོབ་པར་མོས། ཧཱུྃ༔ དར་ཚོན་ཅོད་པན་སོགས། སླར་ཡང་གསང་བའི་བདག་པོའི་ཡེ་ཤེས་ཀྱི་ཕྱག་རྒྱས་གནས་ལྔར་དབང་བསྐུར་པས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་དང་བྱིན་རླབས་རྒྱུད་ལ་ཞུགས་ནས། དབང་དོན་གྱི་དངོས་གྲུབ་མཆོག་གི་སྐལ་པ་ལས་མི་ཉམས་པར་རབ་ཏུ་བརྟན་པར་བྱས་པར་མོས། ཧཱུྃ༔ གསང་བདག་ཕྱག་ན་སོགས་ཀྱི་གནས་ལྔར་དབང་བསྐུར་སྨོན་ལམ་བཀའ་བསྒོ་མཉམ་གཞག་བཅས་དང་། བཟླས་ལུང་སྦྱིན་མཐར། དེ་ལྟར་བྱས་པས་གསང་བའི་བདག་པོའི་སྔགས་བཟླས་དང་། བསྐྱེད་རྫོགས་བསྙེན་སྒྲུབ་ཀྱི་ལས་རབ་འབྱམས་བསྒྲུབ་པ་ལ་དབང་བ་ཡིན་ནོ། །རྡོ་རྗེའི་མདུད་པ་དང་ལྡན་པའི་དབང་རྟགས་ཀྱི་སྲུང་སྐུད་མགྲིན་པར་བཏགས་པས་བར་ཆད་ཀྱི་རྐྱེན་ལས་སྐྱོབ་པའི་སྲུང་བའི་མཁར་དུ་ཚུད་པར་མོས། ཧཱུྃ༔ གསང་བདག་ཕྱག་ན་སོགས་དང་། རྗེས་ཆོག་ཕྲིན་ལས་བཞིན་བྱའོ།། །། ༈ ལས་འབྲེལ་རྡོར་གླིང་པད་གླིང་སྟེ་གཏེར་ཁ་གསུམ་འདུས་གསང་བདག་དྲེགས་པ་ཀུན་འདུལ་གྱི་དབང་གི་ཆོ་ག་བཀླག་ཆོག་ཏུ་བཀོད་པ་རྡོ་རྗེའི་ཟ་མ་ཏོག་ལྟར་བདག་བསྐྱེད་ལ། རྒྱུན་བཤགས་ཡན་ལག་བརྒྱད་པ་སྔོན་འགྲོས། བསྙེན་ཡིག་ལས། སྟོང་པའི་ངང་ལས་སྐད་ཅིག་གིས༔ ཉི་ཟླ་པདྨའི་སོགས་རྡོ་རྗེ་གཏུམ་པོའི་ནང་སྒྲུབ་མངོན་རྟོགས་ཀྱིས་གསལ་བཏབ་ལ། བཟླས་པ་ཅི་ནུས་བྱས་པའི་མཐར། ཧཱུྃ་གསུམ་དང་། ཕཊ་གསུམ་གྱིས་བསྡུ་ལྡང་བྱས་ནས། ས་ཆོག་ལ་འཇུག །སྟ་གོན་དང་། དངོས་གཞིའི་དབང་སྒྲུབ་སྐབས། བུམ་སྒྲུབ་ཡན་གྲུབ་ནས། འདི་ཉིད་ཀྱི་ནང་སྒྲུབ་ལས་མཐའི་དབང་ལ་བུམ་གཏོར་ཕྱོགས་འཐུས་བྱས་ཀྱང་ཆོག་མོད། འདིར་བརྒྱུད་པའི་ཕྱག་བཞེས་བཞིན་སོ་སོར་བསྒྲུབ་བསྐུར་བྱ་བ་ལ། ༼འདོད་བུམ། 291༽གཏེར་ཁ་གསུམ་འདུས་ཕྱག་རྡོར་དྲེགས་འདུལ་སྨིན་དབང་ལྟར། དབང་བུམ་དང་། དབང་གི་གཏོར་དཀྱིལ་སོ་སོ་ལྟར་བསྒྲུབས་ནས། ཡང་༼འདོད་བུམ། 615༽ལས་འབྲེལ་བཀའ་སྲུང་གཟའ་རྒོད་དུག་གི་སྤུ་གྲིའི་དབང་བསྒྲུབ་བསྐུར་འདིར་བྱས་ན་བདེ་བས། མཆོད་གཏོར་སྤྱི་བཞིན་བརླབས། སྭ་བྷཱ་ཝས་མདུན་རྟེན་སྦྱངས་ནས། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི་སོགས་ནས། བཟླས་པའི་མཐར་གཟའ་དབང་འདི་ཉིད་ཀྱི་བུམ་བཟླས་བྱ། གཏེར་སྲུང་ལྡང་ལྷའི་གསོལ་མཆོད་སོགས་དང་། ཚོགས་བྱིན་རླབས་ནས། བར་བའི་མགོར། ༼ཏི༽དངོས་རོལ་ལྟར་གཟའི་བསྐང་བ་སྦྱར། རིག་མེ་གནང་ཞུ། དབང་དངོས་ཀྱི་ཐོག་མར་རྩ་དབང་གི་དྲུག་པ་ཕྲིན་ལས་དབང་གྲུབ་མཐར། ནང་སྒྲུབ་ལས་མཐའ་འདོད་བུམ་གྱི་བུམ་པའི་དབང་གི་སྐབས་གཞུང་གསལ་གླུད་བསྔོ་དང་། ཁྲུས་སྔོན་འགྲོས། དངོས་གཞིར་བུམ་པའི་སྐུ་གསུང་ཐུགས་དབང་རྫོགས་པའི་མཐར་དམ་ཚིག་ཁས་བླངས་རྗེས། མཎྜལ་ཕྱོགས་འཐུས་ཀྱིས་ནང་སྒྲུབ་ལས་མཐའི་གཏོར་དབང་ལོ་རྒྱུས་གོང་མ་ཁ་བསྒྱུར་ཞིང་། གསོལ་འདེབས་སོགས་གོང་གི་འགྲེས་མཐར། དངོས་གཞིར་གཏོར་མའི་སྐུ་གསུང་ཐུགས་དབང་བསྐུར་བའི་རྗེས་ཀྱི་གཏང་རག་དང་། སླར་ཡང་པདྨ་ལས་འབྲེལ་རྩལ་གྱི་ཟབ་གཏེར་བཀའི་སྲུང་མ་གཟའ་རྒོད་དུག་གི་སྤུ་གྲིའི་སྲོག་དབང་ཞུ་བའི་ཡོན་དུ་མཎྜལ། དེ་ནས་ལོ་རྒྱུས་དང་གསོལ་གདབ་སྦྲེལ་བ་ནས་གཏོར་དབང་བར་དང་། ཡང་གཏོར་དབང་བསྡུས་པ་ནི། སླར་ཡང་ཐུན་མིན་གཏོར་དབང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། འོག་གི །གཏོར་མ་འདི་དྲང་སྲོང་གཟའ་བདུད་སོགས་ནས། རཀྵ་རཀྵ་ཧཱུྃ་ཕཊ༔ ཅེས་སྲུང་བ་བཅས་གྲུབ་ཀྱི་བར་དང་གཏོར་ལྷ་བསྟིམ་པ་བཅས་བཏང་བས། འདིར་གསལ་ཐུན་མིན་ཐུན་མོང་སྤྱི་ཁྱབ་བཅས་ཐམས་ཅད་ཐོབ་གོ་ཆོད་ཅིང་། ཟུར་དུ་སོ་སོར་བསྐུར་ཀྱང་ཆོག །མཐར་སྤྱི་འགྲོའི་ཤིས་བརྗོད་དང་། དམ་ཚིག་ཁས་བླང་ཕྱིན་དབང་གི་རྗེས་རིམ་བྱ། ཆོ་གའི་རྗེས་གཞུང་དང་བུམ་གཏོར་ཆབས་ཅིག་བྱས་པས་འཐུས་ཤིང་། གཞུང་གི་བསྐུལ་བའི་མཐར། དྲང་སྲོང་གི་དབུལ་གཏོར་ལ་དམིགས་ཏེ། འགུགས་བརླབ་བསྔོ་བའི་སྔགས་དྲང་སྲོང་གི་སྔགས་དང་། རྒྱལ་བའི་བཀའ་སྡོད་དྲང་སྲོང་ཆེ། །ལྕམ་དྲལ་འཁོར་དང་བཅས་རྣམས་ཀྱིས། །ཞེས་པ་ཙམ་བསྒྱུར་ལ་དམ་སྤྱིའི་བཀྲ་ཤིས་རྫོགས་ཀྱི་བར་གཏང་། དེ་ནས་གཞུང་གི་ཆད་ཐོ་ཕྱིན་མཐར་དབྱུང་བས་གྲུབ་བོ།། །། ༈ བྱང་ཆུབ་གླིང་པ་དཔལ་རྒྱལ་མཚན་གྱི་ཟབ་གཏེར་༼འདོད་བུམ། 307༽ལྟར་ཕྱག་རྡོར་གཏུམ་པོ་ཆེན་པོའི་དབང་སྒྲུབ། དབང་དངོས་ཀྱི་གཏོར་དབང་གྲུབ་པ་དང་། སློབ་མ་མཆོད་པ་སྔགས་དང་ཤློ་ཀས་བསྟོད་ཅིང་བཀྲ་ཤིས་བརྗོད་དེ། དབང་གི་རྗེས་སྤྱི་བཞིན་དང་། ཆོ་གའི་རྗེས་རིམ་བཅས་བྱའོ།། །། ༈ སངས་རྒྱས་གླིང་པའི་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཁྱུང་གསང་བ་ཡང་ཁོལ་གྱི་ཕྲིན་ལས་དབང་ཆོག་དང་བཅས་པ་གཏུམ་པོ་སྙིང་དྲིལ་ལྟར་བདག་བསྐྱེད། སྟ་གོན། དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ རཏྣ་གླིང་པའི་རྟ་མགྲིན་གསང་བ་འདུས་པའི་ཐུགས་སྒྲུབ་གསང་བདག་རྡོ་རྗེ་གཏུམ་པོའི་དབང་བསྐུར་འགྲིགས་ཆགས་སུ་བཀོད་པ་འཁྲུལ་མེད་གསང་ཐིག་ལྟར་དབང་སྒྲུབ་སྐབས་གཏུམ་པོའི་གསང་སྒྲུབ་སྙིང་དྲིལ་གནམ་ལྕགས་ཚྭ་ཚྭ་བཞིན་ལ་དབང་ཆོག་ནས་གསུང་སྒྱུར་སོ་བཅས་བཏང་བའི་གཞུང་གི་བཟླས་པ་སྟོང་ཚིགས་མཆོད་པ་དང་བསྟོད་པ་གྲུབ་མཐར། ༼ཝི༽རཏྣའི་རྣམ་སྲས་མདུང་དམར་གྱི་ཕྲིན་དབང་ཉི་ཟེར་ཞགས་པ་བཞིན་མཆོད་རླབས་ནས་བཟླས་པའི་མཐའ་བར་དང་། ༼ཉི༽རྟ་གསང་བཀའ་སྲུང་ཤན་དམར་ཕྲིན་ལས་རྗེས་གནང་གློག་ཞགས་འཁྱིལ་པ་ལ། སྤྱི་འགྲོའི་བྱིན་རླབས་བྱས་ཏེ། ལྷ་བསྐྱེད་ནས་བཟླས་པ་རྫོགས་ཀྱི་བར་བཏང་མཐར། དབང་གཞུང་གི་དབང་ལེན་ཕྱིན་བྱ། ལས་བུམ་རྟ་གསང་དབང་ཆེན་གཞུང་གསལ་མ་འགྲུབ་ན། འཁྱིལ་པའི་བསྐྱེད་བཟླས་ཀྱིས་སྤྱི་མཐུན་བསྒྲུབ། དབང་དངོས་ལ་གསང་བདག་དབང་གི་དམ་ཚིག་ཁས་བླངས་གྲུབ་རྗེས། མཎྜལ་ཕྱོགས་འཐུས་བྱས་ཏེ། ལོ་རྒྱུས་ནས་གཟུང་དབང་ཆོག་བཞིན་རྣམ་སྲས་སྲོག་དབང་ཐུན་མིན་བསྐུར་ཞིང་། དམ་ཚིག་ཁས་བླངས་རྗེས། མཎྜལ་ཕྱོགས་འཐུས་ཀྱིས། ལོ་རྒྱུས་ནས་དབང་ཆོག་བཞིན་ཤན་དམར་རྗེས་གནང་མཐར། ལུས་དབུལ་སོགས་དབང་གི་རྗེས་དང་། ཆོ་གའི་རྗེས། རྣམ་སྲས་དང་ཤན་དམར་སྤྱི་གཏོར་ལ་ཡི་གེ་གསུམ་གྱིས་བསང་སྦྱང་། འབྲུ་གསུམ་གྱིས་བརླབས་ཏེ། སོ་སོའི་སྔགས་ལ་གཏོར་སྔགས་བཏགས་པ་ལན་གསུམ་རེས་སོ་སོར་བསྔོས་ལ། མཆོད་སྦྱིན་གཏོར་མ་ལྟ་བུས་ཕྲིན་ལས་བཅོལ། མཆོད་བསྟོད་ཕྱིན་དམ་སྤྱིའི་རྗེས་ཆོག་བཞིན། ཡེ་ཤེས་པ་རྟེན་ལ་བསྟིམ། འཇིག་རྟེན་པ་རང་གནས་སུ་བཏང་རྗེས། གཞུང་གི་རྗེས་རིམ་ནི། ཧཱུྃ། དངོས་སུ་འབྱོར་དང་སོགས་ཤློ་ཀ་དང་། ཨོཾ་བཛྲ་པཱ་ཎི་ས་པ་རི་ཝཱ་ར་ཨརྒྷཾ་པུཥྤེ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧིས་མཆོད། གཞུང་གི་བསྟོད་པ་ཤློ་ཀས་བསྟོད། མ་འབྱོར་པ་སོགས་དང་ཡིག་བརྒྱས་བཟོད་པར་གསོལ་ཞིང་། སྤྱི་ལྟར་ཡེ་ཤེས་པ་བརྟན་བཞུགས་རྗེས། རྒྱུན་ཁྱེར་མཇུག་གི་བསྡུ་ལྡང་དང་། དམ་སྤྱིའི་བསྔོ་སྨོན་བཀྲ་ཤིས་བཅས་བགྱིས་པས་གྲུབ་བོ།། །། ༈ པདྨ་གླིང་པའི་ཕྱག་རྡོར་གཏུམ་པོའི་དབང་ཆོག་ཁྲིགས་སུ་བསྡེབས་པ་བདུད་ལས་རྣམ་པར་རྒྱལ་བའི་རྡོ་རྗེ་ལྟར་དབང་སྒྲུབ། དབང་དངོས། རྗེས་བཅས་བྱའོ།། །། ༈ ཞིག་པོ་གླིང་པའི་དཔལ་ཕྱག་ན་རྡོ་རྗེ་སྟོབས་པོ་ཆེའི་ཕྲིན་ལས་ཀྱི་ཆོ་ག་དབང་བསྐུར་དང་བཅས་པ་བཀླག་ཆོག་ཏུ་བཀོད་པ་རྡོ་རྗེའི་ཞུན་ཐིགས་ལྟར་དབང་སྒྲུབ། དབང་དངོས། རྗེས་ཆོག་བཅས་བྱའོ།། །། ༈ ཟུར་མཁར་འོག་མ་ཟླ་བའི་འོད་ཟེར་གྱི་བླ་མའི་ཐུགས་སྒྲུབ་རིག་འཛིན་བདེ་འདུས་ཀྱི་ཆ་ལག་ཕྱག་རྡོར་དྲག་སྔགས་ཀུན་འདུས་ཀྱི་དབང་སྒྲུབ་ལ། ཐུགས་སྒྲུབ་དྲགས་སྔགས་ཀུན་འདུས་ཀྱི་སྐྱབས་སེམས་ནས་བརྩམ། དངོས་གཞི་ཚིག་རིས་གཅིག་གིས་བདག་མདུན་དབྱེར་མེད་དུ་བསྐྱེད་བཟླས་བྱ། བུམ་པ་བསྐྱེད་བཟླས་སྤྱི་འགྲོའི་རྗེས། བྱིན་རླབས་སྤྱི་འགྲོ་བཅས། བཀའ་སྲུང་སྡེ་ལྔ་ལྕམ་དྲལ་གྱི་གཏོར་ཆོག་རྫོགས་ཀྱི་བར་གཏང་། དེ་ནས་རྣམ་སྲས་མཆོད་གཏོར། རཾ་ཡཾ་ཁཾ་གིས་བསང་སྦྱང་། འབྲུ་གསུམ་དང་། ཧ་ཧོ་ཧྲཱིཿས་བརླབ་ཅིང་སྤེལ། མདུན་དུ་སྐད་ཅིག་གིས་ཡི་གེ་བཻཿསེར་པོ་སོགས་དབང་བསྐུར་དཀྱུས་སུ་འབྱུང་བ་བཞིན། བསྐོར་བར་བསམ༔ བདག་དང་མདུན་བསྐྱེད་མགོན་པོའི་གནས་གསུམ་གྱི་ས་བོན་ལས་སོགས་ནས། ཛཿཧཱུྃ་བཾ་ཧོ༔བར་དང་། ལྷ་སྔགས་ལ། བཛྲ་ཨརྒྷཾ་པུཥྤེ་ནས། ཤབྡ་པཉྩ་ཀཱ་མ་གུ་ཎ་ཨཥྚ་མངྒ་ལཾ་སཔྟ་རཏྣ་པཱུ་ཛ་ཧོས་མཆོད། བཻ། བྱང་ཆུབ་སེམས་དཔའ་རིན་ཆེན་མང་། །འགྲོ་བའི་སྡུག་བསྔལ་སྐྱོབ་དོན་དུ། །ནོར་སྦྱིན་དབང་པོའི་སྐུར་སྟོན་པ། །བཀའ་ཡི་འཁོར་ཚོགས་བཅས་རྣམས་ལ། །མཆོད་ཅིང་བསྟོད་པས་མངའ་དབུལ་ན། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་སོགས་ཀྱིས་ཕྲིན་ལས་བཅོལ། དམིགས་པ་སྤྱི་ཁྱབ་བཅས་དབང་གཞུང་བཟླས་ལུང་གི་དུས་སུ་འབྱུང་བའི་སྔགས་ཚན་བཅུ་པོ་གཙོ་འཁོར་ཕྱེད་པར་བཟླ། དེ་ནས་གཞུང་གི་ཚོགས་བྱིན་བརླབ་ནས་བསྒྲལ་བསྟབ་མཐར། ལས་བུམ་བསྒྲུབ་ཅིང་། རིག་མེ་དོར་ལ་གནང་བ་ནོད། དབང་དངོས་ལ། ལོ་རྒྱུས་ཀྱི་ཁྱད་པར། འདིར་སྐབས་སུ་བབ་པའི་ལོ་རྒྱུས་ཅུང་ཟད་བསྙད་ན། དུས་གསུམ་རྒྱལ་བའི་སྤྱི་དཔལ་ཁྱབ་བདག་པདྨ་སམྦྷ་ཝ་དང་། གནུབས་ཀྱི་རིག་འཛིན་ནམ་མཁའི་སྙིང་པོ་ཟུང་གི་ཐུགས་རྗེའི་སྒྱུ་འཕྲུལ། རྒྱལ་སྲས་ལྷ་རྗེ་མཆོག་གྲུབ་རྒྱལ་པོ་ཉིད། མཉམ་མེད་ཟླ་འོད་གཞོན་ནུ་སོགས་དམ་པའི་སྲིད་པ་ཉེ་བར་བཟུང་ནས་བསྟན་འགྲོར་ཕན་བདེའི་ཕྲིན་ལས་ནམ་ཡང་བརྟུལ་བ་མེད་པ་ལས། སྙིགས་ལྔའི་ཡང་མཐའ་དུ་རུ་ཀ་ལྔ་བདོ་བའི་སྐྱེ་བོ་རྣམས་ལ་བླ་ན་མེད་པའི་ངལ་འཚོ་མཆོག་སྦྱིན་པའི་སླད་དུ། སྤྲུལ་པའི་རིག་འཛིན་ཏིང་འཛིན་རྒྱལ་པོའམ་ཟུར་མཁར་ཟླ་བའི་འོད་ཟེར་ཞེས་གྲགས་པ་དེ་ཉིད་ཀྱིས། རབ་བྱུང་བཅུ་གསུམ་པའི་མེ་སྟག་ཟླ་བ་དྲུག་པའི་ཚེས་བཅོ་ལྔའི་ཉིན། བསམ་ཡས་མཆིམས་ཕུའི་གུར་དཀར་ཕུག་ནས་ཟབ་མོའི་གཏེར་ཞལ་དབྱེ་བར་མཛད་པ། བླ་མའི་ཐུགས་སྒྲུབ་རིག་འཛིན་བདེ་འདུས་ཀྱི་ཆ་ལག །དཔལ་ཕྱག་ན་རྡོ་རྗེའི་ཐུགས་སྒྲུབ་དྲག་སྔགས་ཀུན་འདུས་ཀྱི་དཀྱིལ་འཁོར་དུ་སྨིན་བྱེད་དབང་བསྐུར་བའི་ཆོ་ག་བསྒྲུབ་པ་སྟེ། གཞུང་ལས། ཕྱག་རྡོར་དྲག་སྔགས་ཀུན་འདུས་བསྟན༔ དེ་ནས་ཆོས་རྒྱལ་འདི་སྐད་ཞུས༔ སོགས་ཐུགས་སྒྲུབ་དབུ་ནས་འབྱུང་བ་བཞིན། གསང་བདག་ཉིད་དང་གོ་འཕང་མཉམ༔ ཞེས་དང་། ཨེ་མ་ཡང་གསང་བླ་ན་མེད༔ སོགས་ཐུགས་སྒྲུབ་མཇུག་ནས་འབྱུང་བ་བཞིན། ཆོས་རྒྱལ་བསམ་པ་དེ་ཡིས་རྫོགས༔ ཞེས་དང་། ལྔ་བདོའི་འགྲོ་བ་སྐྱོབ་པའི་ཆེད༔ སོགས། སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྒྱ༔ ཞེས་དང་། ཨེ་མ་ཡིད་བཞིན་བསམ་འཕེལ་རྒྱལ༔ སོགས་དབང་ཆོག་གི་རྗེས་བཞིན། ལས་ཅན་བུ་དང་འཕྲད་པར་ཤོག༔ ཅེས་བསྔགས་ཤིང་གདམས་པར་མཛད་པའི་ཟབ་ཆོས་འདི་ཉིད་ཀྱི་དབང་ཆོག་དུག་གསུམ་གཡུལ་ལས་རྣམ་རྒྱལ་ཕྱག་བཞེས་ཀྱིས་བརྒྱན་ཏེ་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ། བླ་མ་གསང་བའི་བདག་པོའི་ངོ་བོར་བཞུགས་པའི་སྤྱན་སྔར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དབང་ཆོག་ལྟར། བདེ་གཤེགས་ཡོངས་རྫོགས་སོགས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་འདའ་དཀའི་གནས་བསྟན་ཅིང་སྤྲོ་བ་འདྲི་བ་སྟེ། ཧོ༔ རབ་ཁྲོས་ཐུགས་ཀྱི་སོགས། ཇི་སྐད་བཤད་པའི་གཡར་དམ་རྣམས་མི་ཉམས་པར་སྲོག་ལས་གཅེས་པར་འཛིན་ཅིང་། ལུས་སྲོག་ལོངས་སྤྱོད་བླ་མའི་ཕྱིར་དུ་འབུལ་སྙམ་པས་འདིའི་རྗེས་ཟློས། ཀྱེ་ལགས༔ སྔོན་ནས་སོགས་ལན་གསུམ། དེའི་ལན་དུ་གནང་བའི་སྐབས་དབྱེ་ཞིང་སྤྲོ་བ་བསྐྱེད་པ་ནི། ཧོ༔ ཚུར་ཤོག་སྐལ་ལྡན་སོགས། སླར་ཡང་གསང་བའི་གཡར་དམ་ལས་མི་འདའ་བའི་དཔང་པོར་རྡོ་རྗེའི་ཆུ་ནན་སྦྱིན་པ་ཉིད་སྙིང་དབུས་སུ་ཡེ་ཤེས་སེམས་དཔའི་ངོ་བོར་བཞུགས་པར་མོས། ཧོ༔ འདི་ནི་དམ་ཚིག་སོགས། ཁས་བླངས་ཤིང་དབང་དུས་སུ་ཐོབ་པའི་དམ་ཚིག་སྲོག་ལ་བབས་ཀྱང་མི་གཏང་བའི་བློས་རྡོ་རྗེའི་མནའ་འདོར་བ་འདིའི་རྗེས་ཟློས། ས་མ་ཡ་སོགས། དེའང་གསང་ཆེན་བླ་ན་མེད་པའི་གནས་འདིར་ཡིད་ཆེས་ཤིང་མི་ལྡོག་པའི་དད་པ་དང་ལྡན་པས་འཇུག་དགོས་པར་གདམས་པའི་དོན་ངེས་པར་མཛོད། ཧོ༔ གསང་ཆེན་ངེས་པའི་སོགས། དབང་གི་ཡེ་ཤེས་སྐྱེ་བའི་རྟེན་རྒྱུད་སྡོམ་ལྡན་དུ་བསྒྲུབ་ཅིང་ཚོགས་གསག་པའི་སླད་དུ་འདི་ལྟར་གསལ་ཐོབས། འོ༔ ཁྱེད་རང་རྣམ་པའི་སོགས། གཞི་རྟེན་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས། ཧཱུྃ༔ གདོད་ནས་དག་པ་སོགས། རྒྱལ་སྲས་སོགས། ཐུགས་བསྐྱེད་པ་འདིའི་རྗེས་ཟློས། ཧཱུྃ༔ སྲིད་པའི་རང་བཞིན་སོགས། རྒྱུད་དག་པའི་ཕྱིར་ཚོགས་གསག་ཡན་ལག་བརྒྱད་པ་སོ་སོའི་སྒོམ་དོན་གསལ་འདེབས་པ་འདིའི་རྗེས་ཟློས། ཧོ༔ རྡོ་རྗེ་སློབ་དཔོན་སོགས། དབང་གི་གཞི་བསྒྲུབ་པའི་སླད་དུ་དམིགས་པ་འདི་མ་ཡེངས་པར་སྒོམས་ཤིག །ཨོཾ་བཛྲ་ཨ་མྲྀཏ་སོགས་བསྐྱེད་བསྟིམ་བརྟན་རྗེས། དངོས་གཞིའི་དབང་བཞི་མཐའ་རྟེན་དང་བཅས་པ་རིམ་པར་འབྱུང་བ་ལས། དང་པོ་བུམ་པའི་དབང་གི་སླད་དུ་དབང་ལྷ་རིགས་ལྔ་ཡབ་ཡུམ། སེམས་དཔའ། མཆོད་ལྷ། ཕོ་ཉའི་ཚོགས་མཁའ་ཁྱབ་ཏུ་སད་པ་དང་། སློབ་དཔོན་ལྷན་ཅིག་པས་རྣམ་རྒྱལ་གྱི་ཆུས་རྡོ་རྗེའི་གཏོར་བླུགས་མཛད་པས་གཙོ་བོ་སྤྱི་དཔལ་ཆེན་པོ་དང་གཉིས་སུ་མེད་པའི་དབང་ཐོབ་པར་མོས། ཨོཾ༔ ཆོས་དབྱིངས་རྣམ་དག་སོགས། བདུད་འདུལ་ཁྲོ་རྒྱལ་རྣམས་ཀྱི་སྐུའི་ངོ་བོ་ཧཱུྃ་ཡིག་འབྲུ་བཅུས་དབང་བསྐུར་བས་ཕ་རོལ་ཕྱིན་བཅུའི་ཡེ་ཤེས་འབར་བའི་སྟོབས་ནུས་རྫོགས་པར་མོས། ཧཱུྃ༔ དུག་གསུམ་ལས་སྐྱེས་སོགས། དེ་ལྟར་བུམ་པའི་དབང་བསྐུར་པས་ལུས་ཐ་མལ་དུ་འཛིན་པའི་རྟོག་པ་བཅོམ་ནས་སྣང་སྟོང་སྐུའི་ཕྱག་རྒྱར་གྲུབ་པ་ལ། དཔལ་ཆེན་པོའི་ཆས་རྣམས་ཀྱིས་སྐུའི་གནས་སོ་སོར་བརྒྱན་པས་ལྷ་དང་གཉིས་སུ་མེད་པའི་དངོས་གྲུབ་དང་ཡོན་ཏན་ལ་དབང་བར་བྱས་པར་མོས། ཧཱུྃ༔ ཐལ་ཆེན་ཁྲག་ཞག་སོགས། དེ་ལྟར་དབང་བསྐུར་པས་སངས་རྒྱས་སོགས་དམིགས་པ་འབོགས་ཤིང་སྔགས་ཀྱིས་བརྟན། གཉིས་པ་གསང་བའི་དབང་བསྐུར་བ་ནི། བདེ་སྐྱོང་རང་བྱུང་པདྨའི་སྣོད་དུ་ལྷ་ཚོགས་སྦྱོར་བའི་བདེ་རྒྱུན་དཀར་དམར་མཉམ་པའི་བྱང་ཆུབ་ཀྱི་སེམས་ལྕེ་ཐོག་ཏུ་བཞག་པར་མོས། ཨ༔ ཟག་མེད་བདེ་སྐྱོང་སོགས། དེ་ལྟར་རླུང་སྔགས་མི་ཤིགས་པའི་འཁོར་ལོ་སྦར་ནས་གྲགས་སྟོང་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་དང་ལྡན་པས་སྔགས་བཟླ་བ་ལ་དབང་བར་བྱེད་པའི་བཟླས་པའི་ལུང་སྦྱིན་པ་ནི། འོ༔ ཁྱེད་རང་རྣམས་སོགས། དེ་ལྟར་གསང་བའི་དབང་བསྐུར་པས་སོགས། གསུམ་པ་ཤེར་ཡེའི་དབང་བསྐུར་བ་ནི། རིགས་གཟུགས་ལང་ཚོ་བདེ་བའི་སྒྱུ་རྩལ་རྫོགས་པའི་པདྨ་ཅན་གྱི་ཕོ་ཉ་མོ་རིག་མའི་བརྟུལ་ཞུགས་ཀྱི་དངོས་གྲུབ་བསྒྲུབ་པའི་ཕྱིར་བྱིན་པ་དང་འདུ་ཤེས་གསུམ་ལྡན་གྱིས་རོལ་པར་མོས། ཧཱུྃ༔ གསང་བ་བས་ཀྱང་སོགས། དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པས་སོགས། བཞི་པ་རིག་པ་རྩལ་གྱི་དབང་བསྐུར་བ་ནི། རང་བྱུང་རྡོ་རྗེ་སེམས་དཔའི་མེ་ལོང་གི་བརྡས་མཚོན་ཏེ་དབྱིངས་རིག་དབྱེར་མེད་འོད་གསལ་རིག་པ་རང་བྱུང་གི་གནས་ལུགས་དམིགས་པའི་ཡུལ་ལས་འདས་པ་དེ་ཉིད་མངོན་སུམ་རང་ཐོག་ཏུ་ངོ་སྤྲད་པའི་དོན་ལ་མཉམ་པར་འཇོག་མཛོད། ཨ༔ བསྐུར་བྱ་སྐུར་བྱེད་སོགས། དེའི་ཉམས་ལེན་གྱི་ངང་ནས་དབུགས་ཁུག་གཅིག་ལ་ཨ་ཉེར་གཅིག་རེ་འདྲེན་བཞིན་གཙུག་ཏོར་རྣམ་པར་བལྟ་བའི་ལྟ་སྟངས་ཀྱིས་མིག་བར་སྣང་ལ་ལྟོས་ལ་གསལ་རིག་སྟོང་གསུམ་མི་ཕྱེད་པའི་ངང་དུ་ཞོག་ཅིག །ཨ་ཉེར་གཅིག་མཉམ་དུ་བརྗོད། ཕྱི་རོལ་དཔེ་སོགས་དང་། དེ་ལྟར་ཚིག་ལ་བརྟེན་ནས་རིག་པའི་རྩལ་དབང་བསྐུར་པས་སངས་རྒྱས་ཐམས་ཅད་ཀྱི་སོགས། གཏོར་དབང་མཐར་གཏོར་ཟན་བྱིན་ཅིང་ལྷ་བསྟིམ་པ་སྤྱི་ལྟར་བྱ། དེ་རྣམས་ཀྱིས་དངོས་གཞིའི་དབང་བསྐུར་གྲུབ་པ་ལགས། གཞུང་ལས། དེ་ནས་བཀའ་སྡོད་སོགས། ནོར་བུ་སྦྱིན༔ ཞེས་གསུངས་པ་བཞིན། གསང་བའི་བདག་པོའི་བཀའ་སྡོད་མགོན་པོ་ཡིད་བཞིན་ནོར་བུ་རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་སྲོག་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ། བླ་མ་གསང་བའི་བདག་པོ་དངོས་སུ་བཞུགས་པའི་སྤྱན་སྔར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ༔ བླ་མ་དཔལ་ཆེན་སོགས། སྲོག་དབང་དངོས་ལ་སྐུ་གསུང་ཐུགས་ཀྱི་རྗེས་གནང་དང་གཏོར་དབང་བཞི་ལས། དང་པོ་སྐུ་བསྐྱེད་པའི་རྗེས་སུ་གནང་བའི་སླད་དུ་འདི་ལྟར་སྒོམས་ཤིག །སློབ་དཔོན་དྲག་སྔགས་སོགས་ནས། སློབ་བུའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་དང་བཻཿསེར་པོས་མཚན་པར་གསལ་བའི་ས་བོན་ལས་སོགས་ནས། བསྟིམ་པར་མོས། སྤོས་རོལ་བཅས། བཻ༔ མགོན་པོ་ཆེན་པོ་སོགས་སྔགས་བཅས་ཀྱིས་ཡེ་ཤེས་པ་སྤྱན་དྲངས་ཤིང་བསྟིམ། དེ་ལྟར་ལུས་ལ་ལྷའི་བྱིན་དབབ་པ་དེ་ཉིད་བརྟན་པར་བྱ་བའི་སླད་དུ། གཉེན་པོ་སྟོབས་ཀྱི་ཕྱག་རྒྱ་དྲེགས་པ་སྤྱི་འདུལ་གྱི་དབང་བསྐུར་བ་ནི། གསང་བའི་བདག་པོའི་ཕྱག་མཚན་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་ལྔ་པ་སྤྱི་བོར་རྒྱ་གྲམ་དུ་བཀོད་པས་རབ་ཏུ་གནས་ཤིང་བརྟན་པར་མོས། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེས་བརྟན། སླར་ཡང་རྣམ་རྒྱལ་གྱི་ཆུས་མངོན་པར་དབང་བསྐུར་བར་གྱུར་པར་མོས། ཧཱུྃ༔ དབང་བསྐུར་རྡོ་རྗེ་སོགས། རིགས་ཀྱི་བདག་པོས་དབུ་བརྒྱན་པར་གྱུར༔ དེ་ལྟར་དབང་བསྐུར་པས་རྒྱལ་པོ་ཆེན་པོ་འཁོར་བཅས་ཀྱི་སྐུའི་ཕྲིན་ལས་ཀྱི་སྒོ་ནས་ལས་རབ་འབྱམས་སྒྲུབ་པ་ལ་དབང་བ་ཡིན་ནོ། །གཉིས་པ་གསུང་བཟླས་པ་སྔགས་ཀྱི་རྗེས་སུ་གནང་བ་ནི། དཔོན་སློབ་གཉིས་ཀ་སོགས། འཁོད་པར་བསམ་ལ་སྔགས་སོ་སོར་ལན་གསུམ་རེ་རྗེས་ཟློས། ཨོཾ་བཛྲ་པཱ་ཎི་སོགས། མཚམས་སྦྱོར་སྤྱི་འགྲོས། སྔགས་བདག་སོགས་མེ་ཏོག་འབུལ་སྦྱིན་བྱ། དེ་ལྟར་དབང་བསྐུར་པས་རྒྱལ་པོ་ཆེན་པོ་འཁོར་བཅས་ཀྱི་གསུང་གི་ཕྲིན་ལས་ཀྱི་སྒོ་ནས་ལས་རབ་འབྱམས་སྒྲུབ་པ་ལ་དབང་བ་ཡིན་ནོ། །གསུམ་པ་ཐུགས་ཀྱི་རྗེས་སུ་གནང་བ་ནི། སློབ་བུའི་ཕྱག་གཡས་སུ་དགོས་འདོད་ཆར་ལྟར་འབེབ་པའི་རྒྱལ་མཚན་དང་། གཡོན་དུ་འགྲོ་བའི་རེ་བ་སྐོང་བའི་ནེའུ་ལེའི་རྐྱལ་པ་གཏད་པས། རྒྱལ་པོ་ཆེན་པོ་འཁོར་བཅས་ཀྱི་ཐུགས་ཀྱི་ཕྲིན་ལས་ཀྱི་སྒོ་ནས་ལས་རབ་འབྱམས་བསྒྲུབ་པ་ལ་དབང་ཐོབ་པར་མོས། ཧཱུྃ༔ དགོས་འདོད་ཀུན་འབྱུང་སོགས། སླར་ཡང་ཁྱེད་རང་རྣམས་གསང་བདག་དྲག་སྔགས་ཀུན་འདུལ་གྱི་སྐུར་གསལ་བའི་མདུན་དུ་གཏོར་མ་དང་སྲོག་ཡིག་ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་འཁོར་བཅས་སུ་གསལ་བ་ཕྱག་ཏུ་གཏད་ཅིང་བཀའ་བསྒོས་པས། དེ་ཉིད་འོད་དུ་ཞུ་བ་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་ལུས་དང་གྲིབ་མའི་ཚུལ་དུ་མི་འབྲལ་པར་འགྲོགས་ཤིང་། ཕྲིན་ལས་རབ་འབྱམས་བསྒྲུབ་པར་ཡོད་སྙམ་པའི་ངེས་ཤེས་སྐྱེད་ཅིག །ཧོ༔ མགོན་པོ་ཆེན་པོ་སོགས་བཀྲ་ཤིས་མཐར། དེ་ལྟར་དབང་བསྐུར་རྫོགས་པ་ལ་དགེ་ལེགས་བསྐྱེད་པའི་ཕྱིར་དུ། ཤཱཀྱ་སེང་གེས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པའི་རྫས་བརྒྱད་དང་། རྒྱལ་བའི་མཚན་བཟང་གི་དཔལ་ལས་གྲུབ་པའི་རྟགས་བརྒྱད། འཁོར་ལོས་སྒྱུར་བའི་འབྱོར་པའི་སྙིང་པོ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་རྣམས་ཀྱིས་མངའ་གསོལ་བར་མོས། དཱུརྦས་ཚེ་ནི་སོགས་རིམ་པར་སྦྱིན། དམ་ཚིག་ཁས་ལེན་སོགས་དང་། ཚོགས་ལ་རོལ་ཞིང་ལྷག་མ་ཕྱིན་ཐུགས་སྒྲུབ་གཏེར་གཞུང་ལ་སྤྱི་འགྲེའི་ཕྲན་བུས་ཟུར་བརྒྱན་ནས་མཐར་དབྱུང་ངོ་། །དེ་དག་ནི་རྗེས་འབྲེལ་གསང་བདག་ཕྱག་ན་རྡོ་རྗེ་སྟེ་ཡང་དག་ཐུགས་ཞི་དྲག་རྗེས་འབྲེལ་དང་བཅས་པའི་སྐོར་རྣམས་གྲུབ་བོ།། །། ༄༅། །བཞི་པ་བདུད་རྩི་ཡོན་ཏན་སྒྲུབ་པའི་སྐོར་ལ་དངོས་དང་། ཆ་མཐུན་གཉིས་ལས། དང་པོ་བདུད་རྩི་ཡོན་ཏན་སྒྲུབ་པའི་སྐོར་དངོས་ལ། སྨན་རྒྱལ་གཡུ་ཐོག་པ་ཡོན་ཏན་མགོན་པོའི་སྙིང་ཐིག་གི་བླ་མ་སྒྲུབ་པའི་རྩ་དབང་རྒྱས་པ་བཀླག་ཆོག་ཏུ་བཀོད་པ་ཡེ་ཤེས་བདུད་རྩིའི་བུམ་བཟང་ལྟར་དབང་སྒྲུབ་ཀྱི་བཟླས་པའི་སྐབས་འབྲུ་དང་བདུད་རྩི་ལ་ཧས་གདབ། བུམ་བཟླས་རྗེས། ཚེ་ཡི་ཕྲིན་དབང་འཆི་མེད་བདུད་རྩིའི་བུམ་བཟང་ལ་སླར་ཕྲིན་ལས་ཀྱི་མཆོད་རླབས་ནས། ལྷ་བསྐྱེད་མངོན་རྟོགས་ཀྱི། འཁོར་ལོ་རིན་ཆེན་པདྨ་དང་། །སྣ་ཚོགས་རྡོ་རྗེ་ཕྱག་གཡས་བསྣམས། །ཀུན་ཀྱང་ཕྱག་གཡོན་ཚེ་ཡི་བུམ། །རིགས་ཀྱི་ཁ་དོག་གསལ་བ་ནི། །ཚེ་དབང་དངོས་གྲུབ་བཅུད་འབེབ་པ། །ལེགས་འཛིན་ཆ་ལུགས་གཙོ་ལྟར་བསྐྱེད། །ཐུགས་ཀར་སོགས་དཀྱུས་ལ་བསྟོད་པའི་བར་འཇུག་ཅིང་ཚེ་སྒྲུབ་དགོས་ཀྱི་ཁྱད་པར་ཕྱེད་པས་ཚེ་འགུགས་མཐའ་བར་གཏང་། དེ་ནས་རྒྱུན་གསོལ་མཆོད་བརླབ་ནས་བཟླས་པའི་མཐར། ལྷ་སྨན་རྗེས་གནང་སྙན་པའི་གླིང་བུའི་བུམ་པ་བསྐྱེད་སྒྲུབ་དོར་ཏེ། མདུན་བསྐྱེད་ནས་གཏོར་འབུལ་རྫོགས་ཀྱི་བར་དང་། དེ་ནས་སེར་སྐྱའི་རིག་གཏད་མཐོང་གསལ་མེ་ལོང་གི་མངོན་རྟོགས་ནས་འདོད་གསོལ་རྫོགས་ཀྱི་བར་གྲུབ་པ་དང་། གཞུང་གི་རིག་མེ་དོར། དངོས་གཞིར་རྩ་དབང་རྒྱས་པ་ཡོངས་རྫོགས་གྲུབ་ཟིན་པའི་དམ་ཚིག་ཁས་བླངས་རྗེས། གཏང་རག་དང་། སླར་ཡང་དོན་དབང་བྱིན་རླབས་བདུད་རྩིའི་བུམ་བཟང་ཞུ་བའི་ཡོན་དུ་མཎྜལ། དེའང་སོགས་ལོ་རྒྱུས་ཀྱི་བདག་ཉིད་ཀྱིས་བྱ་བའི་འོས་རྣམས་གྲུབ་པ་ལགས་པས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཕྱག་སྙིམ་པ་སོགས་དང་སྦྲེལ་ནས་བསྐུར་པའི། གཏང་རག་དང་། སླར་ཡང་ཚེ་སྒྲུབ་འཆི་བདག་བདུད་འཇོམས་འཆི་མེད་བདུད་རྩིའི་བུམ་བཟང་གི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ། འདིར་བཅོམ་ལྡན་འདས་སོགས་ནས་ཚེ་དབང་སྦྲེལ་མཐར། དེ་ལྟར་ཐོབ་པའི་གཏང་རག་དང་། སླར་ཡང་སྙིང་ཐིག་གི་ཆ་ལག །ཡེ་ཤེས་ཀྱི་ཁྱེའུ་ཆུང་དཀར་པོ་དང་། ལྷ་སྨན་མཆེད་གསུམ་གྱི་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ། ལོ་རྒྱུས་གསོལ་གདབ་སོགས་ནས་བསྐུར་མཐར། དེ་ལྟར་ཐོབ་པའི་གཏང་རག་དང་། སླར་ཡང་དྲང་སྲོང་སེར་སྐྱ་སྤུན་གསུམ་ལ་བསྟེན་ནས། འཚོ་དཔྱད་ཀྱི་མན་ངག་ཐམས་ཅད་སེམས་ལ་ཤུགས་འབྱུང་དུ་འཆར་བྱེད་མངོན་ཤེས་ལུང་སྟོན་གྱི་སྒྲུབ་ཐབས་ཁྱད་པར་ཅན་གྱི་རིག་གཏད་ཞུ་བའི་ཡོན་དུ་མཎྜལ། ལོ་རྒྱུས། གསོལ་འདེབས་ནས་དབང་བསྐུར་མཐར། དབང་རྗེས་རྣམས་དང་། ཆོ་གའི་རྗེས་གཞུང་དང་། ཚེ་སྒྲུབ། ལྷ་སྨན་རྣམས་སྟབས་གཅིག་གིས་འཐུས་ཤིང་། རྟ་བྲོའི་མཐར། སེར་སྐྱ་སྤུན་གསུམ་རྗེས་རིམ་རིག་གཏད་མཇུག་བཞིན། བརྟན་གཤེགས་གང་བྱེད་གྲུབ་ཀྱི་བར་དང་། གཞུང་གི་མཆོད་བསྟོད་སོགས་མཐར་ཆགས་སུ་བཏང་བས་གྲུབ་བོ།། །། ༈ ཟུར་མཁར་མཉམ་ཉིད་རྡོ་རྗེའི་དག་སྣང་ཀུན་གཟིགས་མཁྱེན་བརྩེའི་དབང་པོ་ལ་ཉེ་རིང་གི་བརྒྱུད་པའི་བཀའ་བབས་པ་སྨན་བླ་ལོངས་སྐུའི་སྒྲུབ་ཐབས་དང་འབྲེལ་བའི་དབང་བསྐུར་བླ་མའི་གསུང་བཞིན་བཀོད་པ་དངོས་གྲུབ་སྒོ་འབྱེད་ལྟར་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ མཆོག་གྱུར་གླིང་པའི་དག་སྣང་སློབ་དཔོན་བི་མ་ལ་མི་ཏྲའི་སྒྲུབ་ཐབས་ལམ་ཟབ་སྙིང་པོའི་དབང་བསྐུར་བྱིན་རླབས་གཏེར་མཛོད་ལྟར་དབང་རྣམས་དཀྱུས་གཅིག་ཏུ་བསྐུར་སྐབས་དབང་སྒྲུབ་རྣམས་དང་། དབང་དངོས་ལ་ལོ་རྒྱུས་ཀྱི་སྐབས་སུ་བབས་པ་སྟེ། ཞེས་པའི་རྗེས། དེའང་ལྷ་སྲས་དམ་འཛིན་ཆོས་ཀྱི་བློ་གྲོས་ཀྱི་རྣམ་པར་འཕྲུལ་པ། གཏེར་འབྱིན་རྒྱ་མཚོའི་འཁོར་ལོས་སྒྱུར་བ་༧ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པ་ཉིད་ཀྱིས། ཤར་ཀཿཐོག་རྡོ་རྗེ་གདན་དང་ཉེ་བའི་བྱང་ཤར་གྱི་ཆ་འཆི་མེད་གྲུབ་པའི་སློབ་དཔོན་རྣམ་གཉིས་ཀྱི་སྒྲུབ་གནས། རི་བོ་དབང་ཞུའི་གནས་སྒོ་གསར་དུ་སྐལ་བཟང་གི་གདུལ་བྱ་རྣམས་ཀྱི་དཔལ་དུ་དབྱེ་བར་མཛད་པའི་སྐབས། དག་པའི་སྣང་བར་པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་འཆི་མེད་གྲུབ་པའི་སློབ་དཔོན་བི་མ་ལ་མི་ཏྲའི་སྒྲུབ་ཕུག་དེ་ཉིད་འོད་ཀྱི་གུར་ཁྱིམ་དུ་གྱུར་པའི་ནང་དུ་པཎ་ཆེན་དྲི་མེད་བཤེས་གཉེན་ཉིད་དངོས་སུ་བཞུགས་པ་དང་མཇལ་ཞིང་། རྡོ་རྗེའི་ཡེ་ཤེས་ཐུགས་རྒྱུད་ལ་འཕོས་པའི་དག་སྣང་ཁྱད་པར་ཅན་གྱིས་མཚམས་སྦྱར་ཏེ། ངོ་མཚར་བྱིན་རླབས་ཀྱི་དྲོད་དང་ལྡན་པའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་དགོངས་པའི་ཀློང་ནས་རང་བྱུང་དུ་བརྡོལ་ཞིང་། ཕྱིས་ལས་ཅན་རྣམས་ཀྱི་དོན་དུ་འགྱུར་བའི་དགོས་པ་ཁྱད་པར་ཅན་དང་། ལྷག་པའི་ལྷས་བཀའ་རྒྱ་བཀྲོལ་བར་རུང་བའི་དབུགས་དབྱུང་བསྩལ་པའི་རྟེན་འབྱུང་གི་སྐབས་ཕྱེས་ཏེ་གཏན་ལ་འབེབ་པར་མཛད་པའི་ཆོས་སྡེ་བི་མའི་བླ་སྒྲུབ་ལམ་ཟབ་སྙིང་པོའི་སྨིན་བྱེད་ཟབ་མོ་བསྒྲུབ་པ་ལ། རྩ་བའི་དབང་བཞི། བདུད་རྩི་སྨན་དབང་། བཅུད་ལེན་རིལ་བུའི་དབང་། མཁའ་འགྲོ་གསང་བའི་བཀའ་གཏད། མཐའ་རྟེན་བཀྲ་ཤིས་ཚེའི་དབང་རྣམས་རིམ་པར་བསྐུར་བ་ལ། ངེད་སློབ་དཔོན་སོགས་ནས། སྨན་དབང་བསྐུར་བ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧེ་རུ་ཀཿསོགས་ལན་གསུམ། བགེགས་བསྐྲད་རྗེས། སློབ་མ་ལྷར་བསྐྱེད་པ་དང་སྔགས་ཀྱིས་བྱིན་དབབ་པ་བཅས་སྔ་མ་རྩ་དབང་དུ་གསུངས་པ་བཞིན་འདིར་སྦྱོར། སྨན་དབང་སྐབས་སྔགས་ནི། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ༔ ཞེས་དང་། བཅུད་ལེན་རིལ་བུའི་དབང་གི་སྐབས་སྔགས་ནི། ཨོཾ་ཨཱཿཧཱུྃ་གུ་རུ་བི་མ་ལ་མི་ཏྲ་ཧ་རི་ནི་ས་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ར་སཱ་ཡ་ན་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་ཚན་གཉིས་སྦྲེལ་བ་དང་། སེང་གདོང་མའི་བཀའ་གཏད་ཀྱི་བཟླས་ལུང་རྗེས། བརྒྱུད་འཛིན་ཐུན་མིན་ལ་སྲུང་ཟློག་གསད་གསུམ་གྱི་དབང་བསྐུར་བྱ་ཚུལ་གུད་དུ་ཤེས་སོ། །གང་ལྟར་ཡང་། མཐའ་རྟེན་འཆི་མེད་ཚེའི་དབང་བསྐུར་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྗེ་བཙུན་བི་མ་སོགས་ནས་ཚེ་འགུགས་མཐར། བདག་སློབ་དཔོན་དང་མདུན་བསྐྱེད་ཀྱི་དཀྱིལ་འཁོར་དབང་ལྷ་དང་བཅས་པ་རྣམས་ཀྱི་ཕྱག་ན་འཁོར་འདས་ཚེའི་དྭངས་བཅུད་འདུས་པའི་བུམ་པ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བཟང་འབེབ་བཞིན་པའི་དབང་བསྐུར་བས་བདུད་རྩི་ཚངས་བུག་ནས་ཞུགས། ལུས་ཀྱི་ནང་གང་བས་དུས་མ་ཡིན་པར་འཆི་བས་འཇིགས་པའི་རྒྱུ་འབྲས་བག་ཆགས་བཅས་སྦྱངས། འཆི་མེད་རྡོ་རྗེའི་སྲོག་འགྲུབ། མྱང་བས་ཚེ་མཆོག་འགྲུབ་པའི་བཅུད་ལེན་གྱི་རིལ་བུ་དང་ཚེ་ཆང་ལ་ལོངས་སྤྱོད་པས་དགའ་བཞིའི་ཡེ་ཤེས་འཕེལ་བས་ལུས་ཀྱི་ཟུངས་དང་སྲོག་གི་རྟེན་དུ་སྨིན། བདེན་པའི་ཚིག་གི་དངོས་གྲུབ་དམ་པ་ལས་ནམ་ཡང་མི་འགྱུར་བར་འཕེལ་བརྟན་རྒྱས་པའི་དགེ་ལེགས་ཀྱི་དཔལ་འབྱོར་སྤེལ་བར་མོས། ཧཱུྃ་ཧྲཱི༔ སྙིང་པོའི་བཅུད་བསྡུས་སོགས་བུམ་པ་དང་། ཚེ་རིལ་ཆང་ཟུང་ལ་རྩ་སྔགས་ནི་སྔ་མའི་བུམ་དབང་གི་མཇུག་ཏུ་འབྱུང་བ་དེ་ག་བཅས་མཐར་ཆགས་སུ་བསྐུར། རྗེས་རིམ་རྣམས་བྱའོ།། །། ༈ ཀུན་གཟིགས་འོད་གསལ་སྤྲུལ་པའི་རྡོ་རྗེའི་དག་སྣང་འཆི་མེད་འཕགས་མའི་སྙིང་ཐིག་གི་བླ་སྒྲུབ་བྱིན་རླབས་སྙིང་པོའི་དབང་བསྐུར་བལྟས་ཆོག་ཏུ་བཀོད་པ་བྱིན་རླབས་བཅུད་འབེབ་ལྟར་དབང་སྒྲུབ། དངོས་གཞིར་རྩ་བའི་དབང་བཞི། ཡན་ལག་སྨན་དབང་དང་། ཚེ་དབང་རྣམས་མཐར་ཆགས་སུ་བསྐུར། དེ་རྣམས་ཀྱི་སྒོ་ནས་སྨིན་བྱེད་ཀྱི་དབང་བསྐུར་རྩ་བ་དང་ཡན་ལག་བཅས་པ་ཐམས་ཅད་ལེགས་པར་གྲུབ་ནས། སླར་ཡང་གྲོལ་བྱེད་ཀྱི་གདམས་ཁྲིད་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ། དེ་ཡང་རྒྱུད་དམ་ཚིག་རྣམ་པར་དག་པའི་དད་བརྩོན་དང་ལྡན་པའི་གང་ཟག་གིས་འདུ་འཛིའི་དབེན་པའི་གནས་སུ་སྒོ་གསུམ་རྣམ་གཡེང་གི་འཕྲོ་རྒོད་ཐ་མལ་གྱི་དབང་དུ་མ་སོང་བར་རྣལ་དུ་ཕབ་ནས། སྔོན་འགྲོ་ཐུན་མོང་བ་བཞི་ཡིས་འདིར་སྣང་གི་རྟག་འཛིན་དང་ཕྱི་མ་མེད་པར་ལྟ་བའི་བློ་ལྡོག །སྲིད་ལས་ངེས་པར་འབྱུང་ཕྱིར་སྐྱབས་སུ་འགྲོ་ཞིང་། ཞི་བ་ཕྱོགས་གཅིག་པའི་མཐའ་ལས་གྲོལ་ཕྱིར་བྱང་ཆུབ་མཆོག་གི་སེམས་བསྐྱེད། གཉེན་པོ་སྟོབས་བཞིའི་སྒོ་ནས་སྡིག་ལྟུང་བཤགས་ཤིང་། སྐུ་གསུམ་མཎྜལ་ཕྱི་དང་ཕུང་པོ་མཆོད་སྦྱིན་ནང་གི་ཚོགས་གསག །བླ་མའི་རྣལ་འབྱོར་གྱིས་རྡོ་རྗེའི་ཡེ་ཤེས་སྙིང་ལ་དབབ་པ་བཅས་ཐུན་མོང་མ་ཡིན་པའི་སྔོན་འགྲོ་བཞིས་རྒྱུད་སྦྱངས་ནས། དངོས་གཞི་ལའང་བུམ་དབང་དང་འབྲེལ་བ་བསྐྱེད་རིམ། མ་ཧཱ་ཡོ་གའི་ལམ་གྱི་ཕྱི་དབྱིབས། ནང་ལུས། གསང་བ་རྩ། ཡང་གསང་དེ་ཁོ་ན་ཉིད་ཀྱི་དཀྱིལ་འཁོར་དུ་རླུང་སྔགས་ཡིད་ཀྱི་བཟླས་པ་བསྙེན་པའི་རྣལ་འབྱོར་གྱི་ཁྲིད། གསང་དབང་དང་འབྲེལ་བ་རྫོགས་པ་ཨ་ནུ་ཡོ་གའི་ལམ་ཁྱེར་གྱི་ཕྱི་སྟོང་ར། ནང་རླུང་། གསང་བ་གཏུམ་མོ། དེ་ཁོ་ན་ཉིད་གསལ་སྟོང་བདེ་ཆེན་གྱི་དཀྱིལ་འཁོར་དུ་ཉེ་བར་བསྙེན་པའི་རྣལ་འབྱོར་གྱི་ཁྲིད། ཤེར་དབང་དང་འབྲེལ་བ་གཉིས་མེད་བདེ་སྟོང་ཟུང་འཇུག་གི་ལམ་ལ་རང་ལུས་ཐབས་ལྡན་སྔོན་དུ་འགྲོ་བས་ཕྱི་སྙོམས་འཇུག །ནང་ཡས་བབ་རྒྱུ། གསང་བ་མས་བརྟན་འབྲས་བུ། དེ་ཁོ་ན་ཉིད་བདེ་སྟོང་ལྷན་སྐྱེས་ཀྱི་དཀྱིལ་འཁོར་དུ་དཔེའི་ཡེ་ཤེས་སྒྲུབ་པའི་རྣལ་འབྱོར་གྱི་ཁྲིད། བཞི་པའི་དབང་དང་འབྲེལ་བ་མཐར་ཐུག་རྫོགས་པ་ཆེན་པོའི་ཉམས་ལེན་ལའང་སྔོན་འགྲོ་ཕྱི་ནང་རུ་ཤན་དབྱེ་ཞིང་སྒོ་གསུམ་སྦྱངས་ནས་རྣལ་དབབ་སོར་གཞུག་གིས་ལས་རུང་བྱས་ཏེ། དངོས་གཞི་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་མངོན་སུམ་རིག་ཐོག་ཏུ་འཇོག་པའི་སྒོམ་པ། ཀ་དག་གི་གཤིས་ལས་མི་གཡོ་བའི་སྤྱོད་པ། ལྷུན་གྲུབ་ཐོད་རྒལ་གྱི་འབྲས་བུ་མངོན་དུ་བྱེད་པ་ལའང་མཐའ་རྟེན་ལུས་ངག་ཡིད་དང་སྒོ་ཡི་གནད་བཞིས་ཉམས་སུ་བླངས་པས་སྣང་བ་བཞིའི་ས་མཚམས་ཕྱེད། གདེངས་བཞིའི་གྲོལ་ཚད་ཕྱུངས་ཏེ། འཕོ་བ་ཆེན་པོའི་སྐུར་སྨིན་པའི་སྒྲུབ་པ་ཆེན་པོའི་ཁྲིད་རིམ། དེའི་རྗེས་འབྲེལ་དབང་པོ་གསུམ་གྱི་ཁྱད་པར་གྱིས་ཕྱེས་པའི་ལམ་རིམ་བཅས་པ། བརྩོན་འགྲུས་ཅན་ལོ་ཟླ་ཙམ་གྱིས་འཚང་རྒྱ་བའི་གདམས་ངག་ཟབ་ཁྲིད་ཀྱི་རྒྱབ་ཡིག་གནད་ཆིངས་ཀྱི་སྒྲོམ་དུ་གཞུང་རྩ་བའི་མན་ངག་གི་ནོར་བུ་བཞུགས་སུ་གསོལ་བའི་རྡོ་རྗེའི་གསུང་འདི་ལ་གསན་འཚལ། དེ་ལྟར་དབང་གིས་རྒྱུད་སྨིན་ནས༔ གདམས་ངག་སྒོ་ནས་གྲོལ་བའི་ཕྱིར༔ ཟབ་མོ་ཁྲིད་ཀྱི་རིམ་པ་གདབ༔ དབེན་པར་ཕྱི་ནང་སྤྲོས་པ་གཅད༔ ཚེ་འདིའི་བྱ་བ་ལིང་གིས་གཏང༔ སྒོ་གསུམ་གནད་གཅུན་རྣལ་དུ་དབབ༔ དལ་འབྱོར་རྙེད་དཀའ་འཇིག་སླའི་ཚུལ༔ བསམ་ནས་ཚེ་འདིའི་སྣང་ཤས་ལྡོག༔ ལས་འབྲས་འཁོར་བའི་ཉེས་དམིགས་ལ༔ བློ་སྦྱང་ཕྱི་མའི་སྣང་ཤས་ལྡོག༔ རང་གཞན་འཁོར་བར་ངེས་འབྱུང་སླད༔ དཀོན་མཆོག་རྩ་གསུམ་སྐྱབས་སུ་གཟུང༔ ཞི་བའི་མཐའ་སྤངས་བྱང་ཆུབ་ཕྱིར༔ སེམས་གཉིས་བསྐྱེད་ལ་ནན་ཏན་བྱ༔ སྟོབས་བཞིའི་གནད་ཀྱིས་སྡིག་ལྟུང་སྦྱང༔ ཚོགས་གསག་སྐུ་གསུམ་མཎྜལ་འབུལ༔ ཟབ་མོ་ནང་གི་ཚོགས་གསོག་ནི༔ ཕུང་པོ་མཆོད་སྦྱིན་ཚོགས་སུ་སྤེལ༔ ཁྱད་པར་བླ་མའི་རྣལ་འབྱོར་གྱིས༔ རྡོ་རྗེའི་ཡེ་ཤེས་སྙིང་ལ་དབབ༔ དེ་ཡང་དད་དང་བརྩོན་ལྡན་པས༔ རྒྱུད་སྨིན་དམ་ཚིག་དག་པར་བྱ༔ དབེན་པའི་གནས་སུ་སྤྲོས་པ་བཅད༔ སྒོ་གསུམ་སྦྱངས་ཤིང་རྣལ་དུ་དབབ༔ སྔོན་དངོས་རྗེས་ཀྱིས་ཉམས་སུ་བླང༔ དེ་ལ་དང་པོ་སྔོན་འགྲོ་ལ༔ དལ་དང་འབྱོར་པ་རྙེད་དཀའ་ཞིང༔ མི་རྟག་ནམ་འཆི་ངེས་མེད་བསམ༔ འཁོར་བར་ངེས་འབྱུང་དྲག་ཏུ་བསྐུལ༔ ལས་འབྲས་བླང་དོར་ཚུལ་བཞིན་བྱ༔ ཐར་མཆོག་གོ་འཕང་དོན་གཉེར་བས༔ ཟབ་མོའི་ལམ་བཟང་སྙིང་པོར་སྒོམས༔ དཀོན་མཆོག་རྩ་གསུམ་སྐྱབས་འགྲོ་ཞིང༔ ན་མོ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ དཀོན་མཆོག་རྩ་གསུམ་རབ་འབྱམས་ལ༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ༔ སྨོན་དང་འཇུག་པའི་བྱང་སེམས་བསྐྱེད༔ ཧོ༔ མཁའ་མཉམ་ཕ་མ་སེམས་ཅན་ཀུན༔ རྣམ་གྲོལ་མཆོག་ལ་འགོད་པའི་ཕྱིར༔ བྱམས་དང་སྙིང་རྗེ་བྱང་ཆུབ་སེམས༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ སྡིག་སྦྱོང་རྡོར་སེམས་བཟླས་པ་ནི༔ ཨཱ༔ རང་གི་སྤྱི་བོར་པད་ཟླའི་སྟེང༔ དཔལ་ལྡན་བླ་མ་ཀུན་ཏུ་འཆང༔ རྡོ་རྗེ་སེམས་དཔའ་བདེ་བ་ཆེ༔ དཀར་གསལ་རྡོ་རྗེ་དྲིལ་བུ་བསྣམས༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ རང་འོད་ཡུམ་འཁྱུད་མཚན་དཔེར་འབར༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཐུགས་ཀར་ཟླ་སྟེང་ཧཱུྃ་གི་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ འགྲོ་ཀུན་སྒྲིབ་སྦྱང་སྣོད་དང་བཅུད༔ བདེ་ཆེན་རྡོ་རྗེའི་གོ་འཕང་བཀོད༔ ཚུར་འདུས་སྔགས་ལས་བདུད་རྩིའི་རྒྱུན༔ བྱང་ཆུབ་སེམས་ཀྱི་སྤྲིན་དུ་འཕྲོས༔ རང་གི་ཚངས་པའི་སྒོ་ནས་ཞུགས༔ ལུས་གང་ནད་གདོན་སྡིག་སྒྲིབ་དག༔ དབང་དང་དངོས་གྲུབ་ཐོབ་པར་བསམ༔ སྟོབས་བཞིའི་གནད་དང་ལྡན་པར་བྱ༔ ཡི་གེ་བརྒྱ་པའི་ཛཔ྄་བཟླ་ཞིང༔ གདུང་བའི་ཤུགས་བསྐྱེད་སྨྲེ་བཤགས་བྱ༔ མཐར་ནི་བླ་མ་རང་ལ་བསྟིམ༔ ཚོགས་གསག་ཕྱི་ནང་གསང་བ་ཡི༔ སྐུ་གསུམ་ཞིང་གི་མཎྜལ་འབུལ༔ ཨོཾ་ཨཱཿཧཱུྃ༔ སྟོང་གསུམ་རབ་འབྱམས་མཎྜ་ལར༔ མཆོད་སྤྲིན་རྒྱ་མཚོ་ཚོམ་བུར་བཀོད༔ བླ་མ་སྤྲུལ་པའི་སྐུ་ལ་འབུལ༔ བསོད་ནམས་དམ་པའི་ཚོགས་རྫོགས་ཤོག༔ འོག་མིན་ཞིང་ཁམས་མཎྜ་ལར༔ བདེ་ཆེན་འདོད་ཡོན་ཚོམ་བུར་བཀོད༔ བླ་མ་ལོངས་སྤྱོད་རྫོགས་ལ་འབུལ༔ ཡེ་ཤེས་ཚོགས་ཆེན་རྫོགས་པར་ཤོག༔ ཆོས་དབྱིངས་སྤྲོས་བྲལ་མཎྜ་ལར༔ རིག་པ་རང་ཤར་ཚོམ་བུ་བཀོད༔ བླ་མ་ཆོས་ཀྱི་སྐུ་ལ་འབུལ༔ ཚོགས་གཉིས་ཟུང་འཇུག་མཐར་ཕྱིན་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་མཎྜལ་ཛྙཱ་ན་པཱུ་ཛ་ཧོ༔ ཟབ་མོ་ནང་གི་ཚོགས་གསོག་ནི༔ ཕཊ༔ རང་རིག་རླུང་སེམས་དབྱེར་མེད་པ༔ ཐིག་ལེའི་རྣམ་པས་སྤྱི་བོར་ཐོན༔ དེ་ཉིད་རྡོ་རྗེ་ཁྲོས་མར་གྱུར༔ ཕྱག་གཡས་ཡེ་ཤེས་གྲི་གུག་གིས༔ འབྱུང་འདུས་ལུས་ཀྱི་བྷནྡྷ་བྲེག༔ སྐུ་གསུམ་མཚོན་པའི་སྒྱེད་བུར་བཞག༔ ཕུང་པོ་དུམ་བུར་གཏུབས་ནས་བླུགས༔ གཏུམ་མོའི་མེ་ཡིས་ཐོད་པ་དྲོས༔ མ་དག་རླངས་པའི་རྣམ་པར་ཐོན༔ དག་པ་ཡེ་ཤེས་བདུད་རྩིའི་བཅུད༔ འདོད་ཡོན་རྒྱ་མཚོའི་སྤྲིན་ཆེན་པོ༔ མཁའ་ཁྱབ་རྟག་པའི་རྒྱན་དུ་ཤར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཕཊ༔ མཆོད་ཡུལ་དཀོན་མཆོག་རྩ་བ་གསུམ༔ ཆོས་སྲུང་ནོར་ལྷ་གཏེར་བདག་ཀུན༔ ཟག་མེད་བདུད་རྩིའི་མཆོད་པ་བཞེས༔ ཚོགས་རྫོགས་དངོས་གྲུབ་ཆར་ལྟར་ཕོབ༔ སྦྱིན་ཡུལ་ཁམས་གསུམ་རིགས་དྲུག་འགྲོ༔ སྙིང་རྗེའི་ཡུལ་གྱུར་ཐམས་ཅད་ལ༔ འདོད་ཡོན་ལོངས་སྤྱོད་ཆེན་པོར་བསྔོ༔ སྒྲིབ་དག་བྱང་ཆུབ་མྱུར་ཐོབ་ཤོག༔ ཁྱད་པར་གནོད་ཅིང་འཚེ་བ་ཡི༔ བགེགས་རིགས་ལན་ཆགས་མགྲོན་རྣམས་ཀུན༔ ཤ་ཁྲག་རུས་པ་ཚོགས་སུ་རོལ༔ ཕན་བདེའི་གོ་འཕང་ཐོབ་གྱུར་ཅིག༔ མཆོད་བྱ་མཆོད་བྱེད་མཆོད་སྦྱིན་ཡུལ༔ ཀུན་རྫོབ་སྒྱུ་མ་ལྟ་བུར་སྣང༔ དོན་དམ་རྣམ་ཐར་སྒོ་གསུམ་ཀློང༔ དབྱིངས་རིག་ཟུང་འཇུག་ངང་དུ་ཨ༔ ཕཊ་ཕཊ་ཕཊ༔ ཅེས་བརྗོད་རིག་པ་གཏད་མེད་བཏང༔ ཁྱད་པར་བླ་མའི་རྣལ་འབྱོར་ནི༔ མཆོག་ཐུན་ཕྲིན་ལས་ལྷུན་གྲུབ་ཕྱིར༔ བྱིན་རླབས་ཆེན་པོའི་ཏིང་འཛིན་ནི༔ རང་གི་སྤྱི་བོར་པད་ཟླའི་སྟེང༔ རྩ་བའི་བླ་མ་རྡོ་རྗེ་འཆང༔ བདེ་བ་ཆེན་པོའི་ཡེ་ཤེས་སྐུ༔ མཐིང་གསལ་ནམ་མཁའ་དྭངས་པའི་མདོག༔ རྡོ་རྗེ་དྲིལ་འཛིན་ཡུམ་དང་སྦྱོར༔ དར་དང་རིན་ཆེན་རུས་པས་བརྒྱན༔ ཁྲོ་འཛུམ་མཚན་དཔེའི་འོད་ཕུང་འབར༔ ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་གིས༔ རང་བྱུང་འོད་ལྔའི་ཀློང་ན་བཞུགས༔ ཕུང་ཁམས་སྐྱེ་མཆེད་གདོད་མ་ནས༔ རྩ་གསུམ་ལྷ་ཚོགས་ཕྱག་རྒྱར་སད༔ དམ་ཚིག་ཡེ་ཤེས་དབྱེར་མེད་པ༔ སྐྱབས་ཀུན་འདུས་པའི་ངོ་བོར་བསམ༔ ཡན་ལག་བདུན་གྱིས་གསག་སྦྱང་སྤེལ༔ བླ་མ་དཀོན་མཆོག་ཡི་དམ་ལྷར༔ སྒོ་གསུམ་དད་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་མཆོད་ཚོགས་འབུལ༔ སྡིག་ལྟུང་འགྱོད་པས་སྙིང་ནས་བཤགས༔ དགེ་ལ་ཡི་རངས་ཆོས་འཁོར་བསྐུལ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ བསོད་ནམས་ཆོས་དབྱིངས་ཆེན་པོར་བསྔོ༔ འགྲོ་ཀུན་བྱང་ཆུབ་མྱུར་ཐོབ་ཤོག༔ ཡན་ལག་བདུན་དང་མཎྜལ་འབུལ༔ ཁྱད་པར་གསོལ་བ་སྙིང་ནས་གདབ༔ སྐྱབས་གནས་ཀུན་འདུས་རྡོ་རྗེ་འཆང༔ དཔལ་ལྡན་བླ་མ་རིན་པོ་ཆེར༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་བརྗོད་མོས་གུས་ཤུགས་བསྐྱེད་ལ༔ རྡོ་རྗེའི་ཛཔ྄་ཀྱིས་ཐུགས་དམ་བསྐུལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ བདུད་རྩིའི་རྒྱུན་གྱིས་སྡིག་སྒྲིབ་སྦྱང༔ མཐར་ནི་དབང་བླང་རང་ལ་བསྟིམས༔ བླ་མ་ཆོས་སྐུའི་རང་ཞལ་བལྟ༔ འདིས་ནི་མཆོག་གི་དངོས་གྲུབ་ཀྱང༔ མྱུར་བ་ཉིད་དུ་མངོན་འགྱུར་ན༔ ཐུན་མོང་ཕྲིན་ལས་སྨྲོས་ཅི་དགོས༔ ཡིད་བཞིན་ནོར་བུའི་མན་ངག་གོ༔ མོས་གུས་དྲག་པོས་གནད་དུ་བསྣུན༔ ཐུགས་ཡིད་འདྲེས་པའི་བྱིན་ཞུགས་ན༔ གདོད་མའི་གནས་ལུགས་མངོན་དུ་འགྱུར༔ དེ་ལྟར་ཐུན་མོང་ཐུན་མིན་གྱི༔ སྔོན་འགྲོའི་རིམ་པས་རྒྱུད་འབྱོངས་ནས༔ དངོས་གཞི་དབང་བཞིའི་ལམ་བཞི་ལས༔ དང་པོ་བུམ་པའི་དབང་གི་ལམ༔ ཕྱི་དབྱིབས་ནང་ལུས་གསང་བ་རྩ༔ དེ་ཉིད་སེམས་ཀྱི་དཀྱིལ་འཁོར་བསྒྲུབ༔ ཨ༔ དེ་བཞིན་ཉིད་དབྱིངས་གདོད་མའི་མགོན༔ ཀུན་སྣང་བདེ་ཆེན་རྡོ་རྗེ་སེམས༔ དབྱེར་མེད་སྤྲུལ་པའི་ཡེ་ཤེས་རྒྱུ༔ ཨ་ཡིག་དཀར་པོ་འོད་འབར་བ༔ གཞི་གྲོལ་རིག་པའི་ཀློང་ནས་ཤར༔ གཞི་སྣང་སྒྱུ་འཕྲུལ་དྲྭ་བའི་སྤྲིན༔ སྐུ་དང་ཞིང་ཁམས་འབྱམས་ཀླས་པའི༔ བཀོད་པ་ཆེན་པོའི་དཀྱིལ་འཁོར་དབུས༔ སེང་ཁྲི་པད་ཉི་ཟླ་བའི་སྟེང༔ བདག་ཉིད་སྐད་ཅིག་དྲན་རྫོགས་སུ༔ འཆི་མེད་རིག་འཛིན་བི་མ་ལ༔ དཀར་ལྗང་མཚན་དཔེའི་འོད་ཕུང་འབར༔ གཞོན་ཚུལ་གཟི་བརྗིད་མཚུངས་པ་མེད༔ སྤྱན་ཟུང་ལྟ་སྟངས་དབྱིངས་ལ་གཟིར༔ ཕྱག་གཉིས་མཉམ་གཞག་ཚེ་བུམ་བསྣམས༔ དར་སྔོན་སྟོད་གཡོགས་སྨད་ཤམ་དང༔ ཆོས་གོས་ངུར་སྨྲིག་མཛེས་པར་བཀླུབས༔ དབུ་ལ་པད་ཞྭ་དམར་པོ་གསོལ༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས༔ འཇའ་ཟེར་ཐིག་ལེའི་ཀློང་ན་བཞུགས༔ ཤངས་རྩེར་སྐྱེ་མེད་ཨ་ཡིག་དཀར༔ འོད་ཟེར་ཕུང་པོ་འབར་བ་ལས༔ ཡེ་ཤེས་རླུང་ལྔའི་སྤྲོ་བསྡུ་ཡིས༔ གཟུང་འཛིན་འཁྲུལ་པའི་ཞེན་རྟོག་སྦྱངས༔ སྨིན་མཚམས་བདེ་ཆེན་བྱང་ཆུབ་སེམས༔ ཕྱག་རྒྱའི་གཟུགས་སུ་རང་ཤར་བ༔ ཡེ་ཤེས་ལུས་ཅན་ཤྲཱི་སིཾ༔ དམར་སྨུག་ཁྲོ་འཛུམ་བརྗིད་པའི་ཉམས༔ ཕྱག་གཡས་སྡིགས་མཛུབ་མཁའ་ལ་གཏད༔ གཡོན་པས་ཐོད་པ་བཅུད་བཀང་བསྣམས༔ མེ་ཏོག་ཕྲེང་བས་ཐོད་བཅིངས་ཤིང༔ རུས་པའི་ཕྱག་རྒྱ་དྲུག་གིས་བརྒྱན༔ ཞབས་གཉིས་རྒྱལ་པོ་རོལ་སྟབས་ཀྱིས༔ པད་ཉི་ཟླ་བའི་གདན་ལ་འགྱིང༔ ཐུགས་ཀར་འོད་ལྔའི་དྲྭ་བའི་དབུས༔ ཡེ་ཤེས་སེམས་དཔའ་པདྨ་འབྱུང༔ དཀར་དམར་མདངས་ལྡན་ཞི་མ་ཁྲོ༔ གཅེར་བུ་རིན་ཆེན་རུས་པས་བརྒྱན༔ སྣ་ཚོགས་དར་གྱི་ཅོད་པན་འཕྱང༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་གཏོད༔ གཡོན་པས་མཉམ་གཞག་ཐོད་བུམ་བསྣམས༔ ཞབས་ཟུང་ཕྱེད་སྐྱིལ་པད་ཟླར་རོལ༔ གཞན་ཡང་རྡོ་རྗེ་ལུས་ཀྱི་གྲོང༔ གདོད་ནས་ལྷུན་གྲུབ་དེ་བཞིན་གཤེགས༔ མ་བསྐྱེད་ཡེ་རྫོགས་གཉུག་མའི་ལྷ༔ རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ༔ སྣང་བ་མངོན་སུམ་ཐིག་ལེའི་སྦུབས༔ གོང་འཕེལ་དབྱིངས་ལས་རིག་པའི་ལྷ༔ ཚད་ཕེབས་ཆེན་པོར་འབྱམས་ཀླས་པ༔ ཆོས་ཟད་འཕོ་ཆེན་ཕྱག་རྒྱར་བཞེངས༔ དེ་ལྟར་དབྱིབས་ཀྱི་ལྷ་བསྒོམས་ནས༔ གསལ་བརྟན་དག་པ་དྲན་པ་ཡིས༔ ཐ་མལ་སྣང་ཞེན་སྦྱངས་ནས་ཀྱང༔ ཡན་ལག་བཟླས་པས་ཐུགས་དམ་བསྐུལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་བི་མ་མུ་ཏྲ་སརྦ་སིདྡྷི་ཧཱུྃ༔ ཨོཾ་ནི་མ་བཅོས་ཆོས་ཀྱི་དབྱིངས༔ ཨཱཿཡིག་འོད་གསལ་རྫོགས་པའི་སྐུ༔ ཧཱུྃ་ལས་སྤྲུལ་པའི་ཆོ་འཕྲུལ་ནི༔ བཛྲ་འཇིགས་མེད་ཤྲཱི་སིང༔ མཱ་ཧཱ་གུ་རུ་ཐོད་ཕྲེང་རྩལ༔ བི་མ་མུ་ཏྲ་བྱང་ཆུབ་སེམས༔ ཕྱག་རྒྱ་རྒྱ་ཆེན་རོལ་པར་བཞེངས༔ སརྦ་སིདྡྷི་དངོས་གྲུབ་དབྱིག༔ ཧཱུྃ་ཡིག་མ་བཅོས་ཐིག་ལེར་འཁྱིལ༔ རང་བྱུང་འོད་ལྔའི་འཕྲོ་འདུ་ཡིས༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི༔ ཐུགས་རྗེའི་བྱིན་རླབས་བདག་ལ་ཐིམ༔ ཕྱི་སྣོད་འབྱུང་བའི་ཞེན་རྟོག་སྦྱངས༔ ནང་བཅུད་ལྷ་སྔགས་ཆོས་སྐུར་རྫོགས༔ ཐམས་ཅད་ཀ་དག་གཏིང་གསལ་དབྱིངས༔ རླུང་རིག་དབྱེར་མེད་ངང་ནས་བཟླ༔ བདུན་ཕྲག་གསུམ་གྱིས་བྱིན་རླབས་རྟགས༔ མངོན་སུམ་ཡེ་ཤེས་ལྷུག་པར་འཆར༔ ནང་དུ་ལུས་ཀྱི་གནས་རྣམས་སུ༔ སྤྱི་བོར་རྣམ་སྣང་སྐུ་རྡོ་རྗེ༔ མགྲིན་པར་སྣང་མཐའ་གསུང་རྡོ་རྗེ༔ སྙིང་གར་མི་བསྐྱོད་ཐུགས་རྡོ་རྗེ༔ དེ་ཡི་ཐུགས་ཀར་ཀུན་བཟང་དང༔ ཡེ་ཤེས་སེམས་དཔའ་པདྨ་འབྱུང༔ ལྟེ་བར་རིན་འབྱུང་ཡོན་ཏན་དང༔ གསང་བར་དོན་གྲུབ་ཕྲིན་ལས་ཀྱི༔ རྡོ་རྗེ་སོ་སོའི་ཡུམ་བཅས་གསལ༔ དབང་པོར་ཕྱི་ནང་སེམས་དཔའ་ཡུམ༔ དཔྲལ་བ་ལ་སོགས་གནས་དྲུག་ཏུ༔ རིག་པའི་སྐྱེས་བུ་ཐུབ་པ་དྲུག༔ ཡན་ལག་སྒོ་བ་ཡབ་ཡུམ་དང༔ རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ༔ ཇི་བཞིན་སེམས་བཟུང་བཟླས་པའི་སྐབས༔ ཡེ་ཤེས་སེམས་དཔའི་ཐུགས་དབུས་སུ༔ ཉི་ཟླ་ཁ་སྦྱོར་ལྟེ་བར་ཨ༔ སྔགས་ཀྱི་ཕྲེང་བས་མཚན་པ་ལས༔ འོད་འཕྲོས་ལུས་ཀྱི་ལྷ་ཚོགས་རྣམས༔ ཐུགས་དམ་བསྐུལ་ཞིང་དགྱེས་པ་བསྐྱེད༔ ཐུགས་རྗེའི་འོད་ཟེར་མཁའ་ཁྱབ་འཕྲོས༔ འཕགས་པ་མཆོད་ཅིང་འགྲོ་སྒྲིབ་སྦྱངས༔ ཚུར་འདུས་བྱིན་རླབས་དངོས་གྲུབ་ཐོབ༔ སླར་འཕྲོས་སྣོད་བཅུད་ཐམས་ཅད་ཀུན༔ འཆི་མེད་རིག་འཛིན་བླ་མ་དང༔ རྡོ་རྗེ་དབྱིངས་ཀྱི་ཕྱག་རྒྱར་སད༔ སྔགས་ཀྱི་རང་སྒྲ་སྒྲོག་པར་བསམ༔ སྟོང་གསལ་ངང་ནས་སྔགས་འདི་བཟླ༔ ཨོཾ་ཨཱཿཧཱུྃ་གུ་རུ་བཛྲ་སཏྭ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ འབུམ་ཕྲག་བཟླས་པས་བྱིན་རློབ་འགྱུར༔ གསང་བ་རྩ་དཀྱིལ་བསྒོམ་པ་ནི༔ རང་ཉིད་འཆི་མེད་རིག་འཛིན་གྱི༔ སྣང་སྟོང་ཟུང་འཇུག་སྐུ་ཡི་དབྱིངས༔ རྩ་གསུམ་འཁོར་ལོ་འོད་ཀྱི་སྦུབས༔ སྤྱི་བོ་བདེ་ཆེན་འཁོར་ལོའི་དབུས༔ བུདྡྷ་ཁྲག་འཐུང་གཤིན་རྗེ་གཤེད༔ སེར་ནག་བེ་ཅོན་ཐོད་ཁྲག་བསྣམས༔ མགྲིན་པ་ལོངས་སྤྱོད་འཁོར་ལོའི་དབུས༔ པདྨ་ཁྲག་འཐུང་རྟ་མཆོག་རོལ༔ དམར་སྨུག་པདྨ་བྷནྡྷ་འཛིན༔ ཐུགས་ཀ་ཆོས་ཀྱི་འཁོར་ལོའི་དབུས༔ བཛྲ་ཁྲག་འཐུང་ཡང་དག་དཔལ༔ མཐིང་ནག་རྡོ་རྗེ་དུང་ཁྲག་རོལ༔ ལྟེ་བ་སྤྲུལ་པའི་འཁོར་ལོའི་དབུས༔ རཏྣ་ཁྲག་འཐུང་ཆེ་བའི་མཆོག༔ སྨུག་ནག་རྡོ་རྗེ་བྷན་ཁྲག་བསྣམས༔ གསང་བ་བདེ་སྐྱོང་འཁོར་ལོའི་དབུས༔ ཀརྨ་ཁྲག་འཐུང་ཀཱི་ལ་ཡ༔ ལྗང་ནག་ཕྱག་གཉིས་ཕུར་བུ་འདྲིལ༔ ནོར་བུ་མི་ཕྱེད་འཁོར་ལོའི་དབུས༔ དབྱིངས་ཀྱི་ཁྲག་འཐུང་བླ་མེད་ཆེ༔ མཐིང་དམར་བྱ་ཁྱུང་ཞིང་དབྱུག་འཕྱར༔ བརླ་གཡས་ཐབས་ཀྱི་འཁོར་ལོའི་དབུས༔ ཡེ་ཤེས་ཁྲག་འཐུང་དྲེགས་པ་འདུལ༔ མཐིང་ནག་ཐོ་བ་མདུང་ཐུང་གསོར༔ བརླ་གཡོན་ཤེས་རབ་འཁོར་ལོའི་དབུས༔ རིག་རྩལ་ཁྲག་འཐུང་སྟོབས་ལྡན་ནག༔ དུད་ཀ་ལྕགས་ཀྱུ་སྦྲུལ་ཞགས་འཆིང༔ གཙུག་ཏོར་ནོར་བུའི་འཁོར་ལོའི་དབུས༔ ཁྱབ་བདག་ཁྲག་འཐུང་ཐོད་པ་རྩལ༔ དམར་སྨུག་རྡོ་རྗེ་དྲིལ་བུ་བསྣོལ༔ ཀུན་ཀྱང་རང་རང་ཡུམ་དང་འཁྲིལ༔ རིགས་ཀྱི་ཚོམ་བུ་ཅིར་ཡང་སྤྲོ༔ པད་ཉི་དྲེགས་པའི་གདན་སྟེང་དུ༔ ཡེ་ཤེས་མེ་དཔུང་ཀློང་ན་རོལ༔ གཞན་ཡང་བ་སྤུའི་ཁུང་བུ་ཚུན༔ རྩ་གསུམ་རྒྱ་མཚོའི་སྤྲིན་འཕྲོ་སྒོམ༔ རྩེ་གཅིག་སེམས་བཟུང་གསལ་སྣང་བསྒྲུབ༔ ཡེ་ཤེས་སེམས་དཔའི་ཐུགས་དབུས་སུ༔ ཉི་ཟླ་ཁ་སྦྱོར་ལྟེ་བར་ཧཱུྃ༔ འབར་བའི་སྔགས་ཕྲེང་སྒྲར་བཅས་འཁོར༔ འོད་ཀྱིས་ལུས་དཀྱིལ་ལྷ་རྣམས་བསྐུལ༔ དེ་རྣམས་སྙོམས་ཞུགས་དགྱེས་འོད་ཀྱིས༔ རྩ་གསུམ་མཆོད་ཅིང་བྱིན་རླབས་བསྡུས༔ རིགས་དྲུག་ཉོན་མོངས་དུག་ཆེན་སྦྱངས༔ གཉིས་སྣང་དྲེགས་པ་ཟིལ་གྱིས་མནན༔ གཟུང་འཛིན་དགྲ་བགེགས་ཚར་ཐག་བཅད༔ གང་འདུལ་ཕྲིན་ལས་ལྷུན་གྱིས་གྲུབ༔ སྣང་སྲིད་གཞིར་བཞེངས་ལྷ་སྔགས་དབྱིངས༔ ཁྲག་འཐུང་རོལ་པའི་ཕྱག་རྒྱར་ཤར༔ མཆོག་ཐུན་དངོས་གྲུབ་ཐོབ་པར་བསམ༔ ཨོཾ་བཛྲ་མ་ཧཱ་གུ་རུ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ངག་རླུང་ཡིད་ཀྱི་བཟླས་པས་བསྙེན༔ དེ་ཉིད་སེམས་ཀྱི་དཀྱིལ་འཁོར་ནི༔ ལྷ་ཉིད་རང་གི་སེམས་ཡིན་ལ༔ སེམས་ཉིད་རང་རྩལ་ལྷ་སྐུར་ཤར༔ ལྷ་དང་བདག་ཉིད་དབྱེར་མེད་པར༔ དག་མཉམ་རྟོགས་པའི་གདིང་བསྐྱེད་ལ༔ དུས་གསུམ་སྤྲོས་པས་མ་བསླད་པའི༔ རིག་སྟོང་རྗེན་པའི་ངང་དུ་བཞག༔ རྟོག་ཚོགས་ཤར་གྲོལ་དུས་མཉམ་བསྐྱང༔ དོན་གྱི་ཡེ་ཤེས་ལྷ་སྐུ་འགྲུབ༔ དེ་ནི་བུམ་དབང་གདམས་ངག་སྟེ༔ རྣལ་འབྱོར་ཆེན་པོའི་བསྙེན་པ་འོ༔ གཉིས་པ་གསང་བའི་དབང་གི་ལམ༔ བདེ་དང་གསལ་དང་མི་རྟོག་པའི༔ རང་བྱུང་ཡེ་ཤེས་རྒྱས་བྱའི་ཕྱིར༔ བདག་བྱིན་རློབ་པའི་ཏིང་འཛིན་ནི༔ རང་ཉིད་རིགས་འདུས་བླ་མ་ཡི༔ ཕྱག་རྒྱ་འཇའ་ཚོན་ཤར་བ་ལྟར༔ དྭངས་གསལ་རྙོག་མེད་དབུས་དྲང་པོར༔ རྩ་གསུམ་འཁོར་ལོ་ཨ་ཧཾ་བཅས༔ སྣང་ལ་ཞེན་པ་མེད་པར་བསྒོམ༔ ཕྱི་ལྟར་ལུས་རྩའི་སྟོང་ར་གསལ༔ རླུང་རོ་ལན་གསུམ་བསལ་བ་ཡིས༔ འབྱུང་བའི་རླུང་དུག་སངས་པར་བསམ༔ ལུས་གནད་བསྲང་ཞིང་རྩེ་གཅིག་པའི༔ ཡིད་ནི་ལྟེ་འོག་སོར་བཞིའི་ཐད༔ ཨ་ཤད་མར་མེའི་རྩེ་མོ་ལྟར༔ ཕྲ་ཞིང་འབར་བ་ཉིད་ལ་གཏད༔ འཇམ་རླུང་གཟུང་ཞིང་ཡུན་རིང་བསྐྱང༔ ནང་དུ་རླུང་གི་སྦྱོར་བས་གཅུན༔ དེ་ལས་དྲོད་ཀྱི་ཉམས་སྐྱེས་ན༔ སྟེང་འོག་རླུང་གཉིས་ཁ་སྦྱར་ནས༔ ལྟེ་བའི་གཏུམ་མོར་བསྟིམས་པ་ཡིས༔ མེ་ལྕེ་གློག་གི་ཟེར་མ་བཞིན༔ ཕྲ་ཞིང་རྣོ་མྱུར་རབ་ཚ་བ༔ འཁོར་ལོ་བཞི་རུ་རིམ་གྱིས་འབར༔ སྤྱི་བོའི་ཧཾ་ལ་རེག་པའི་མོད༔ དྲན་པས་བདེ་ཆེན་བསྐྱེད་ནུས་པའི༔ བྱང་ཆུབ་སེམས་ཀྱི་བདུད་རྩིའི་རྒྱུན༔ དངུལ་ཆུ་དྭངས་མ་ལྟ་བུར་བབས༔ སྤྱི་བོ་ལ་སོགས་རྩ་འཁོར་དབུས༔ དགའ་བཞིའི་ཡེ་ཤེས་རིམ་གྱིས་སྐྱེས༔ གཏུམ་མོའི་མེ་ལ་རེག་པ་ལས༔ ཡེ་ཤེས་མེ་ལྕེ་ཤུགས་དྲག་པོས༔ དྭངས་མ་གྱེན་དུ་བཟློགས་པ་དང༔ ཧཾ་ལ་བསྟིམས་མཐར་མི་དམིགས་གཞག༔ སླར་ཡང་བདུད་རྩི་སྔར་བཞིན་དབབ༔ གསང་བ་གཏུམ་མོའི་དྲོད་སྦར་བས༔ བདེ་བ་དབབ་ཅིང་དེ་ཁོ་ན༔ གསལ་སྟོང་མི་རྟོག་ཡེ་ཤེས་འཆར༔ དེ་ལྟར་འབར་འཛག་སྦྱོར་བ་ལ༔ གོམས་པ་བརྟན་པོར་གྱུར་པ་ན༔ སྙིང་གི་དབུས་སུ་མི་ཤིགས་པའི༔ ཐིག་ལེ་དཀར་དམར་ཉུངས་འབྲུ་ཙམ༔ གསལ་ཞིང་འབར་བ་ལ་དམིགས་ནས༔ རླུང་སེམས་བསྡུས་ཏེ་དྭངས་མར་བསྟིམ༔ རླུང་གིས་གཏུམ་མོའི་དྲོད་འབར་བས༔ བདེ་བའི་ཡེ་ཤེས་རྩོལ་མེད་འབྱུང༔ སྐབས་སུ་སྙིང་དབུས་ཨ་ཡིག་ལས༔ འོད་འཕྲོས་དབུ་མའི་ནང་ཀུན་ཁྱབ༔ ཤེལ་ལྟར་དྭངས་པའི་འོད་སྣང་གིས༔ ཕུང་ཁམས་བརྟན་གཡོར་བཅས་པ་ཀུན༔ སྣང་སྟོང་ཆུ་ཟླའི་གཟུགས་སུ་བསམ༔ དེ་ལ་ཉམས་མྱོང་སྐྱེས་པ་ན༔ ལུས་བསྲང་རླུང་རོ་ཕྱིར་བསལ་ལ༔ སྲོག་རྩོལ་འགྲོ་འོང་དལ་བུའི་ངང༔ མིག་གནད་བར་སྣང་ཧ་རེར་གཞག༔ སེམས་གནད་གང་ཤར་རྟོག་པ་ལ༔ རྩིས་གདབ་མི་བྱ་རང་ངོ་བསྐྱང༔ གསལ་སྟོང་ཏིང་འཛིན་ངང་གིས་འཆར༔ སྐབས་སུ་སྙིང་གའི་ཨ་ཡིག་ལས༔ ཨ་ཡིག་གཉིས་པ་རིམ་བཞིན་མཆེད༔ སྨིན་མཚམས་ནམ་མཁར་གཅིག་ཏུ་འདུས༔ གསལ་ཞིང་འོད་ཟེར་འཕྲོ་བ་ལ༔ ཧྲིལ་གྱིས་སེམས་གཟུང་ལྷོད་ཀྱིས་ཀློད༔ ཡུལ་དང་ཡུལ་ཅན་དབྱེར་མེད་པ༔ ཁྱབ་བརྡལ་གཉུག་མའི་ངང་དུ་གཞག༔ མི་རྟོག་སྤྲོས་བྲལ་ཡེ་ཤེས་སྐྱེ༔ དེ་ལྟར་རྩེ་གཅིག་བརྩོན་པ་ལས༔ ཉམས་མྱོང་གང་སྐྱེས་ངོས་བཟུང་ལ༔ རེ་དོགས་དགག་སྒྲུབ་མེད་པར་གཞག༔ གེགས་སེལ་བོགས་འདོན་ཤུགས་ཀྱིས་འཆར༔ ཁམས་གསུམ་འཛིན་པའི་ཞེན་པ་དག༔ བདེ་དང་གསལ་དང་མི་རྟོག་པའི༔ ཡེ་ཤེས་ནམ་མཁའ་གང་བར་འཕེལ༔ གསང་དབང་གདམས་ངག་ཨ་ནུའི་ལམ༔ འཇུག་པའི་སྦྱོར་བ་ཉེ་བསྙེན་ནོ༔ གསུམ་པ་ཤེས་རབ་དབང་གི་ལམ༔ རྩ་དང་རླུང་དང་ཐིག་ལེ་ཡིས༔ རྟོག་པ་དབང་དུ་བསྡུ་བའི་ཕྱིར༔ མྱུར་ལམ་ཟབ་མོའི་ཏིང་འཛིན་ནི༔ རླུང་དང་གཏུམ་མོའི་རྣལ་འབྱོར་ལ༔ གོམས་པ་བརྟན་པོར་གྱུར་པ་ན༔ རང་ཉིད་རིགས་འདུས་བླ་མ་ནི༔ མཐིང་གསལ་ལོངས་སྤྱོད་རྫོགས་སྐུའི་ཆས༔ རྡོ་རྗེ་དྲིལ་བུ་བསྣོལ་བའི་པང༔ རྣལ་འབྱོར་དམར་མོ་གྲི་ཐོད་ཅན༔ བདེ་བའི་ཉམས་ཀྱིས་འཁྱུད་པར་བསྒོམ༔ རྩ་གསུམ་འཁོར་ལོ་ལྔ་ཡི་དབུས༔ རིགས་ལྔ་ཡབ་ཡུམ་མཉམ་སྦྱོར་བ༔ འོད་དང་འོད་ཟེར་འཕྲོ་བ་གསལ༔ མཁའ་གསང་རྡོ་རྗེ་པདྨའི་རྩེར༔ ཧཱུྃ་དང་ཕཊ་ཀྱི་ཡི་གེས་དགག༔ དལ་བུས་བསྲུབ་པའི་སྦྱོར་བ་ཡིས༔ སྤྱི་བོའི་ཧཾ་ལས་བདུད་རྩིའི་རྒྱུན༔ དཀར་དམར་བདེ་བའི་རང་བཞིན་བབས༔ བདེ་ཆེན་འཁོར་ལོའི་དབུས་བཞུགས་པའི༔ བླ་མ་རྣམ་སྣང་ཡབ་ཡུམ་མཆོད༔ རྩ་འཁོར་ཐམས་ཅད་དྭངས་མས་གང༔ བདེ་སྟོང་ཡེ་ཤེས་སྐྱེས་པར་བསམ༔ བུམ་ཅན་གཟུང་ཞིང་དབྱིངས་རིག་བསྲེ༔ དེ་ལྟར་རིམ་གྱིས་ཕབ་པའི་མཐར༔ རྡོ་རྗེ་ནོར་བུའི་རྩེར་སོན་ཚེ༔ རྒྱ་མཚོ་རི་རབ་ལོགས་སུ་སྦྱར༔ དབང་པོའི་མཆོག་ནི་དབྱིངས་ལ་གཟིར༔ ཧཱུྃ་གི་གདངས་ཀྱིས་གྱེན་དུ་དྲངས༔ སྔར་བཞིན་སེམས་གཟུང་རླུང་རིག་བསྲེ༔ རྣམ་རོལ་རྒྱ་ཡིས་ལུས་ལ་དགྲམ༔ དེ་ཡང་རང་ལུས་ཐབས་ལྡན་ལ༔ གོམས་པས་གཞན་ལུས་བདེ་ཆེན་བསྒྲུབ༔ འཛིན་འདྲེན་འཕྲུལ་འཁོར་དབང་ཐོབ་ནས༔ བླ་མ་ལྷ་ཡིས་གནང་བ་འམ༔ མཚན་ལྡན་རྒྱུད་དག་ཕྱག་རྒྱ་དང༔ མཉམ་པར་སྦྱོར་བའི་རྣལ་འབྱོར་གྱིས༔ ཕྱི་རུ་མཚན་ལྡན་གཟུངས་མ་ལ༔ འདུ་ཤེས་གསུམ་གྱིས་སྙོམས་ཞུགས་པས༔ ནང་དུ་ཡས་བབས་རྒྱུ་དང་ནི༔ གསང་བ་མས་བརྟན་དགའ་བཞི་ལས༔ དེ་ཉིད་དཔེ་ཡི་ཡེ་ཤེས་འཆར༔ ཉམས་མྱོང་བརྟན་གཡོ་བརྟག་པའི་ཕྱིར༔ དུར་ཁྲོད་ལ་སོགས་དབེན་པའི་སར༔ འཇིགས་མེད་སེང་གེ་བཞིན་དུ་རྒྱུ༔ ཕྱོགས་དང་ཕྱོགས་བྲལ་ཐམས་ཅད་དུ༔ རྡོ་རྗེའི་ལྟ་བས་གཟིར་ཞིང་བལྟ༔ རྡོ་རྗེའི་གར་དང་བཅས་པའི་གླུས༔ དཔའ་བོ་མཁའ་འགྲོ་གནས་ཉུལ་དང༔ འབྱུང་པོ་ཐམས་ཅད་ཟིལ་གྱིས་གནན༔ རྡོ་རྗེའི་གླུ་གར་བསྒྱུར་བ་ཡིས༔ གནས་ཡུལ་དུར་ཁྲོད་རབ་འབྱམས་ཀྱི༔ དཔའ་བོ་མཁའ་འགྲོ་སྤྲིན་ལྟར་གཏིབས༔ ལྷན་ཅིག་སྤྱོད་པ་སྤྱད་པ་ལས༔ ཅིར་སྣང་ཆོས་སྐུའི་རོལ་པར་ཤར༔ གསང་བའི་སྤྱོད་པས་བོགས་དབྱུང་ངོ༔ དེ་ནི་གསུམ་པའི་དབང་གི་ལམ༔ རྗེས་སུ་རྣལ་འབྱོར་སྒྲུབ་པ་འོ༔ བཞི་པ་དོན་གྱི་དབང་གི་ལམ༔ མཐར་ཐུག་སྒྲུབ་པ་ཆེན་པོ་སྟེ༔ ཁྱད་པར་སྔོན་དུ་འགྲོ་བ་ནི༔ རྒྱས་པར་ཕྱི་ནང་འཁོར་འདས་ཀྱི༔ སྤྱོད་པ་སྤྱད་ནས་རུ་ཤན་དབྱེ༔ ཐོག་མར་རིགས་དྲུག་བག་ཆགས་ཀུན༔ དབྱིངས་སུ་ཞི་བའི་ཏིང་འཛིན་བསྒོམ༔ རང་ཉིད་ཐ་མལ་གནས་པ་ཡི༔ ལུས་ཀྱི་སྟོང་ར་འོད་འབར་དབུས༔ ཡེ་ཤེས་སྙིང་པོ་འོད་ཀྱི་རྩ༔ སྙིང་དཀྱིལ་ཨ་ཝ་དྷཱུ་ཏིའི་སྦུབས༔ ཤེས་བྱའི་སྒྲིབ་པ་ཐིག་ལེ་ནག༔ དེ་སྟེང་སྦྱོང་བྱེད་སྤྲོས་བྲལ་དབྱིངས༔ སྐྱེ་མེད་རང་བྱུང་ཡི་གེ་ཨ༔ དྭངས་གསལ་རྙོགས་བྲལ་འོད་ཟེར་འབར༔ ཕྱི་རོལ་ཚོགས་བརྒྱད་རྟེན་གྱི་རྩལ༔ མདུན་དུ་འོད་རྩ་ཟླུམ་སེར་དབུས༔ སྦྱང་བྱ་ཕྲག་དོག་གཏི་མུག་གི༔ ས་བོན་སུ་ལྗང་ཏྲི་དུད་ཁ༔ དེ་སྟེང་སྦྱོང་བྱེད་སྐུ་རྡོ་རྗེའི༔ ངོ་བོ་ཨོཾ་ཡིག་དཀར་ཞིང་འཚེར༔ གཡས་སུ་མཐིང་ག་གྲུ་བཞིའི་རྩལ༔ སྦྱང་བྱ་ང་རྒྱལ་འདོད་ཆགས་ཀྱི༔ ས་བོན་ཨ་དཀར་ནྲྀ་སྔོ་སྐྱ༔ དེ་སྟེང་སྦྱོང་བྱེད་ཐུགས་རྡོ་རྗེའི༔ ངོ་བོ་ཧཱུྃ་མཐིང་འོད་དུ་འབར༔ གཡོན་དུ་དམར་པོ་ཟླ་གམ་རྩལ༔ སྦྱང་བྱ་སེར་སྣ་ཞེ་སྡང་གི༔ ས་བོན་པྲེ་དམར་དུཿནག་པོ༔ དེ་སྟེང་སྦྱོང་བྱེད་གསུང་རྡོ་རྗེའི༔ ངོ་བོ་ཨཱཿདམར་གསལ་ལ་དྭངས༔ རྒྱབ་ཏུ་ཟླུམ་འཁྱིལ་འོད་ལྔའི་རྩལ༔ སྙོམས་འཇུག་སྒྲིབ་པའི་ས་བོན་ཧཾ༔ དེ་སྟེང་སྦྱོང་བྱེད་ཧོཿལྗང་གུ༔ ཡེ་ཤེས་རྡོ་རྗེའི་བདག་ཉིད་ཅན༔ ཀུན་ཀྱང་རང་སྒྲ་སྒྲོག་པར་བསྒོམ༔ ལུས་གནད་བསྲང་ཞིང་རླུང་རོ་བསལ༔ སྙིང་གའི་ཨ་ལ་སེམས་གཏད་པས༔ འབར་བའི་འོད་ཟེར་ཀུན་ཏུ་ཁྱབ༔ སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི༔ ས་བོན་ཐམས་ཅད་གསལ་བར་བྱས༔ དེ་ལས་ལྔ་ལྡན་འོད་ཀྱི་སྤྲིན༔ མཁའ་ཁྱབ་དག་པའི་ཞིང་དུ་འཕྲོས༔ རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི༔ གསང་གསུམ་བྱིན་རླབས་རོ་གཅིག་ཐིམ༔ དམ་ཚིག་ཡེ་ཤེས་དབྱེར་མེད་པའི༔ རྡོ་རྗེའི་སྔགས་ཀྱི་ཡི་གེ་ལས༔ བདེ་སྟོང་རོལ་པའི་འོད་ཟེར་གྱིས༔ སྦྱང་བྱའི་ས་བོན་མཐའ་དག་བསྲེགས༔ འདབ་བརྒྱད་རྩ་གནས་ཀུན་གང་པས༔ ཉོན་མོངས་ཤེས་བྱ་སྙོམས་འཇུག་གི༔ སྒྲིབ་གཉིས་བག་ཆགས་ཡོངས་སྦྱངས་ཤིང༔ ཚོགས་བརྒྱད་གཉིད་དང་བཅས་པ་ཡི༔ འཁྲུལ་པའི་དྲི་མ་ཀུན་དག་པས༔ དྲི་མེད་གཉུག་མ་བྱང་ཆུབ་སེམས༔ རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུའི༔ འོད་གསལ་ཆེན་པོར་རོ་གཅིག་བསམ༔ བུམ་པ་ཅན་གྱི་སྦྱོར་བ་དང༔ ཨ་ཡིག་ཡིད་ཀྱིས་བཟླས་པའི་མཐར༔ རྡོ་རྗེའི་བཟླས་པར་གནད་དུ་བསྣུན༔ སྐབས་སུ་རྩ་བའི་སྔགས་ཤམ་དུ༔ ཨོཾ་ཨཱཿཧཱུྃ་ཧོཿཨ་ནྲྀ་སུ་ཏྲི་པྲེ་དུ་སརྦ་པཱ་པཾ་ཀླེ་ཤ་བི་ཤྭ་དྷ་ནི་ཨ་ཨ་ཨ༔ ཞེས་བཟླས་བློ་བྲལ་ངང་དུ་ཀློད༔ ནང་དུ་ཚོགས་བརྒྱད་ཉོན་མོངས་དང༔ འཁྲུལ་པའི་བག་ཆགས་དག་པར་བྱ༔ ཡེ་ཤེས་རིག་རྩལ་རྒྱས་པའི་ཕྱིར༔ ལུས་ངག་ཡིད་གསུམ་སྦྱོང་བ་དང༔ རྣལ་དུ་དབབ་ཅིང་སོར་ཡང་གཞུག༔ ལུས་ནི་རྡོ་རྗེའི་འདུག་སྟངས་ལ༔ ངག་ནི་ཧཱུྃ་གི་ཕྱག་རྒྱས་གདབ༔ ཡིད་ནི་སེམས་བྱུང་མདུད་གྲོལ་ཕྱིར༔ བྱུང་གནས་འགྲོ་གསུམ་རྩ་གདར་གཅད༔ བཞི་པ་སྐུ་གསུམ་དོན་དང་འཕྲད༔ རྣལ་དུ་དབབ་པས་རྒོད་པ་སྙོམས༔ སོར་གཞུག་བྱིང་བའི་མལ་ནས་བསླང༔ ཁྱད་པར་སྔོན་འགྲོ་ཤིན་སྦྱངས་པས༔ བསམ་གཏན་དམ་པ་མངོན་གྱུར་ནས༔ དངོས་གཞི་དབང་རབ་ཚེ་འདི་ལ༔ གྲོལ་བྱེད་རྫོགས་ཆེན་སྡེ་གསུམ་བཅུད༔ ཁྲེགས་ཆོད་དང་ནི་ཐོད་རྒལ་གཉིས༔ རྣལ་འབྱོར་མངོན་སུམ་དབྱིངས་ཀྱི་གཤིས༔ སོར་བཞག་ཁྲེགས་ཆོད་དགོངས་པ་བསྐྱང༔ སེམས་ཀྱི་ཁང་བུ་བརྡིབས་པ་ལས༔ སེམས་ཉིད་ལྟ་བ་གཏན་ལ་ཕེབས༔ ཀློང་ཆེན་དགོངས་པའི་ལྷུམས་སུ་ཞུགས༔ དེ་ཡང་ལུས་གནད་དྲང་པོར་བསྲང༔ རི་བོ་བཞིན་དུ་ཅོག་གེར་གཞག༔ མིག་གི་གསང་འབྲས་དབྱིངས་སུ་གཏད༔ རྒྱ་མཚོ་བཞིན་དུ་ཅ་རེ་གཞག༔ ཡིད་ཀྱི་རྙོག་མས་མ་བསླད་པའི༔ རིག་པ་རྗེན་པ་གཅེར་བུར་གཞག༔ མ་བཅོས་མ་བསླད་ཡུལ་སྣང་གི༔ ཞེན་པ་རང་གྲོལ་ལྷུག་པར་གཞག༔ གཞག་ཅེས་བྱ་བའང་བརྡ་ཙམ་སྟེ༔ རང་རིག་མངོན་སུམ་ངོ་འཕྲད་ནས༔ དེ་ཉིད་ཁོ་ནར་ཐག་བཅད་དེ༔ རྟོག་ཚོགས་རང་གྲོལ་གདིང་འཆའ་བའི༔ ངང་ལས་མ་གཡོས་ལྷུམས་སུ་ཞུགས༔ རིག་པ་ཀ་དག་ལྷུག་པར་སྤྱོད༔ དེ་ལྟར་དགོངས་པ་མངོན་གྱུར་པས༔ དབང་པོའི་མངོན་སུམ་རིག་པའི་གདངས༔ རྩལ་སྦྱོང་ཐོད་རྒལ་རྣལ་འབྱོར་ནི༔ སྒོ་གསུམ་ཕྱི་ནང་གསང་བ་ཡི༔ བྱ་བ་རིམ་པ་བཞིན་དུ་གཏང༔ དབེན་ཞིང་དབྱིངས་རིག་མཚོན་ནུས་པར༔ བདེ་བའི་སྟན་ལ་བག་ཕབ་ནས༔ ལུས་གནད་སེང་གེ་གླང་ཆེན་དང༔ དྲང་སྲོང་ཙོག་པུའི་བཞུགས་སྟངས་བྱ༔ ངག་གནད་གནས་བརྟན་ལ་བཟླ་ཞིང༔ ཁ་སྒོའི་རླུང་གི་འགྲོ་དང་འོང༔ དལ་བུས་ཅུང་ཟད་ཕྱིར་འཛིན་བྱ༔ ཡུལ་གནད་ནམ་མཁའ་དྭངས་པའི་དུས༔ སྔ་དགོང་ཤར་ནུབ་ཟེར་གཉིས་ལ༔ མིག་གནད་གྱེན་དུ་ལྡོག་པ་དང༔ ཟུར་དུ་འཁྲིད་དང་མཐུར་དུ་དབབ༔ ཡིད་གནད་དུས་གསུམ་སྤྲོས་པ་བཅད༔ དབྱིངས་རིག་དབྱེར་མེད་ལྷུག་པར་བལྟ༔ དེ་ཚེ་སྙིང་ནས་མིག་གཉིས་ཀྱི༔ གསང་འབྲས་འབྲེལ་བའི་འོད་རྩ་ལས༔ རྒྱང་ཞགས་སྒྲོན་མས་མཚམས་སྦྱར་ནས༔ རྣམ་དག་དབྱིངས་ཀྱི་སྒྲོན་མའི་ཀློང༔ ཐིག་ལེ་སྟོང་སྒྲོན་མུ་ཁྱུད་དབུས༔ རིག་གདངས་རྡོ་རྗེ་ལུ་གུ་རྒྱུད༔ འགུལ་ཞིང་འཕྲིག་པའི་རྣམ་པར་འཆར༔ དེ་ཚེ་དབྱིངས་ཀྱི་ཕྱག་རྒྱ་རུ༔ རིག་པ་གཞུག་ཅིང་འབྲལ་མེད་བསྐྱང༔ ཉིན་མོ་སྣང་སེམས་ཨར་ལ་གཏད༔ ནངས་ནུབ་དབྱིངས་རིག་ཨར་ལ་གཏད༔ མཚན་གུང་འོད་གསལ་ཨར་ལ་གཏད༔ སྲོད་ལ་རླུང་ཐིག་བདེ་ཉམས་བསྐྱང༔ ཐོ་རངས་རང་གསལ་དགོངས་ཉམས་བསྐྱེད༔ རིག་གདངས་ལྷུན་གྲུབ་གསེང་ལམ་ལས༔ ཐོད་རྒལ་ཉིད་དུ་འབྲས་བུར་སྦྱོར༔ དེ་ལྟར་རྩེ་གཅིག་ཉམས་བླངས་པས༔ རིག་གདངས་རྡོ་རྗེ་ལུ་གུ་རྒྱུད༔ མཆེད་ཅིང་ཅུང་ཟད་བརྟན་པ་ནི༔ ཆོས་ཉིད་མངོན་སུམ་སྣང་བ་འོ༔ དབྱིངས་རིག་སྨིན་མཚམས་ལས་འདས་ཏེ༔ གར་བལྟས་ཁྱབ་ཅིང་བཀྲག་བཅས་མཆེད༔ རིག་པ་འབྲིང་དུ་སྡོད་པ་ནི༔ ཉམས་སྣང་གོང་དུ་འཕེལ་བ་འོ༔ ཁྱབ་པའི་དབྱིངས་ལ་ལུ་གུ་རྒྱུད༔ སྐུར་སྨིན་བརྟན་ཅིང་ཞི་དང་ཁྲོ༔ གྲངས་མེད་སྐུ་དང་ཡེ་ཤེས་འཕེལ༔ རིག་པ་ཚད་ལ་ཕེབས་པ་འོ༔ ཆོས་ཅན་ཕྱི་འབྱུང་ནང་ཕུང་པོ༔ གསང་བ་རླུང་སེམས་དབྱིངས་སུ་ཟད༔ ཤེས་དང་ཤེས་བྱ་རོ་གཅིག་འཁྱིལ༔ དེ་ཉིད་ཆོས་ཉིད་ཟད་པར་བཤད༔ སྣང་བཞིའི་ས་མཚམས་ཤེས་བྱས་ཏེ༔ བྱ་བ་ཀུན་བཏང་ཉམས་བླངས་པས༔ དགེ་སྦྱོར་ཉམས་ལེན་སྲང་དུ་བཅུག༔ དེ་དག་རྣམས་དང་རྗེས་འབྲེལ་དུ༔ མཐའ་རྟེན་མན་ངག་རྣམ་པ་བཞི༔ བཞུགས་སྟངས་གཟིགས་སྟངས་ཕྱི་ནང་དབྱིངས༔ རིག་པ་མི་འགུལ་གཞིར་བཟུང་ནས༔ གོང་འཕེལ་དུས་སུ་ཕྱི་དབྱིངས་རིག༔ རླུང་སེམས་སྡོད་པས་ཚད་གཟུང་བྱ༔ ཚད་ལ་ཕེབས་ནས་སྐྱེ་དང་འཇུག༔ རླུང་སེམས་དབང་ཐོབ་རྩལ་རྫོགས་པས༔ འཁོར་འདས་རེ་དོགས་མཐའ་གྲོལ་ནས༔ གདེངས་བཞིས་རྣམ་གྲོལ་མཐར་ཐུག་ཐོབ༔ གཞོན་ནུ་བུམ་པ་སྐུ་ཡི་དབྱིངས༔ ལྷག་བཅས་ལྷག་མ་མེད་པ་ཡི༔ ཡང་དག་མངོན་སངས་རྒྱས་པ་འཐོབ༔ ཀུན་ཏུ་ཁྱབ་ཅིང་འཕོ་མེད་རྟག༔ ལྷུན་གྲུབ་ཕྲིན་ལས་དབང་འབྱོར་པ༔ མཐར་ཐུག་ཤིན་ཏུ་རྣམ་དག་པའི༔ ཟུང་འཇུག་ཆེན་པོའི་གོ་འཕང་འགྲུབ༔ ཚེ་གཅིག་གྲོལ་བའི་ལམ་མཆོག་གོ༔ གལ་ཏེ་ཚེ་འདིར་མ་གྲུབ་ན༔ འཆི་ཁར་འོད་གསལ་སྦུབས་སུ་འཇུག༔ ལུས་གནད་དྲང་སྲོང་ཙོག་པུ་འམ༔ སེང་གེ་ཉལ་སྟབས་གང་རུང་གིས༔ འདིར་སྣང་ཞེན་འཁྲིས་རྦད་ཀྱིས་བཅད༔ ནང་གི་ནམ་མཁའི་རིག་སྟོང་གཤིས༔ བར་དུ་འོད་རྩ་རྒྱང་ཞགས་ཀྱི༔ སྒྲོན་མས་མཚམས་སྦྱར་ཕྱི་ཡི་དབྱིངས༔ ནམ་མཁའ་དྭངས་པར་ལྟ་སྟངས་གཏད༔ ད་ལྟའི་རིག་པ་རྗེན་པའི་ངང༔ རྟོག་པས་མ་བསླད་འཕོས་གྱུར་ན༔ འོད་གསལ་མ་བུ་དབྱེར་མེད་པའི༔ འཆི་བ་ཆོས་སྐུར་གྲོལ་བར་འགྱུར༔ དེ་ཡང་ད་ལྟར་གོམས་པ་གཅེས༔ དེ་འདྲ་ཀློང་དུ་མ་གྱུར་ན༔ རྣམ་ཤེས་རླུང་ཞོན་གདམས་པ་ནི༔ ལུས་གནད་བཅོས་ཏེ་སྟོང་ར་གསལ༔ དབུ་མའི་ཡར་སྣེ་ཚངས་བུག་ཧར༔ མར་སྣ་ལྟེ་འོག་སོར་བཞིར་ཟླུམ༔ སྙིང་ཁར་ཚིགས་ཀྱིས་བཀག་པའི་སྟེང༔ རླུང་སེམས་དབྱེར་མེད་ངོ་བོ་ཨ༔ དཀར་གསལ་དེ་ལས་རིམ་བཞིན་མཆེད༔ ཚངས་བུག་བར་དུ་ཉེར་གཅིག་བསམ༔ སྤྱི་བོར་བླ་མ་ཀུན་ཏུ་བཟང༔ རྡོ་རྗེ་འཆང་གི་རྣམ་པ་ལ༔ རྩ་གསུམ་རྒྱ་མཚོས་བསྐོར་བར་བསྒོམ༔ མོས་གུས་དྲག་པོས་གསོལ་བ་གདབ༔ ཨེ་མ་ཧོ༔ མཁའ་ཁྱབ་རྩ་གསུམ་ཞི་ཁྲོ་རབ་འབྱམས་དང༔ དབྱེར་མེད་ཁྱབ་བདག་དཔལ་ལྡན་བླ་མ་ལ༔ གསོལ་བ་འདེབས་སོ་ཐུགས་རྗེའི་ལྕགས་ཀྱུས་ཟུངས༔ རྣམ་ཤེས་དྭངས་མ་དབུ་མའི་ལམ་ནས་དྲོངས༔ ཐུགས་ཡིད་གཅིག་འདྲེས་དགོངས་པས་བྱིན་གྱིས་རློབས༔ སྒྲིབ་གཉིས་གཟུང་འཛིན་འཆིང་བ་དབྱིངས་སུ་ཞི༔ ཟབ་ལམ་འཕོ་བས་མཁའ་སྤྱོད་བགྲོད་པ་དང༔ འཇའ་ལུས་ཆོས་སྐུ་འགྲུབ་པར་བྱིན་གྱིས་རློབས༔ ཧིཀ྄་ཅེས་ཉེར་གཅིག་བརྗོད་པ་དང༔ རླུང་གནད་འོག་རླུང་དྲག་ཏུ་དྲངས༔ སྟེང་རླུང་སྟེང་དུ་འཕུལ་ཞིང་འཕངས༔ དམིགས་གནད་ཨ་རྣམས་གཅིག་ལ་གཅིག༔ ཐིམ་སྟེ་ཐ་མ་རྒྱངས་ཏེ་འཕོས༔ བླ་མའི་ཐུགས་ཀར་ཐིམ་པར་བསམ༔ སླར་ཡང་ཀ་ཞེས་མར་ཕབ་པས༔ སྔར་བཞིན་སྙིང་གར་འཁོད་པར་མོས༔ དེ་ལྟར་ཡང་དང་ཡང་དུ་བསྐྱར༔ མཐར་ནི་བླ་མ་འཁོར་དང་བཅས༔ འཆི་མེད་བདུད་རྩིའི་རྣམ་པར་ཞུ༔ སྙིང་གའི་ཨ་ལ་སིབ་ཀྱིས་ཐིམ༔ ཚངས་བུག་འོད་ཟེར་དྲྭ་བས་བཀག༔ རྡོ་རྗེའི་སྲོག་རྩ་འགྲུབ་པར་བསམ༔ སྤྱི་བོ་ཟ་ཞིང་སྐྲངས་པ་དང༔ ཆུ་སེར་འཛག་སོགས་རྟགས་བྱུང་ན༔ དམིགས་པ་མ་བརྗེད་རྟག་ཏུ་བསྐྱང༔ ནམ་ཞིག་དུས་ལ་བབས་པའི་ཚེ༔ རླུང་སེམས་བླ་མའི་ཐུགས་ཀར་འཕོ༔ བླ་མ་འོག་མིན་གཤེགས་པར་བསམ༔ བྱ་རྩོལ་སྤྲོ་བསྡུ་མེད་པར་བཞག༔ ངེས་པར་མཁའ་སྤྱོད་ལ་སོགས་ཀྱི༔ གོ་འཕང་མཆོག་ཏུ་དབུགས་འབྱིན་འགྱུར༔ འདའ་ཀའི་རྣལ་འབྱོར་མ་ཐེབས་ན༔ རགས་པ་ཐིམ་དང་ཕྲ་བ་ཐིམ༔ ཐིམ་པའི་རྗེས་སུ་འོད་གསལ་འཆར༔ རྣམ་གྲོལ་ཆོས་སྐུར་རོ་གཅིག་འགྱུར༔ དེ་ལ་བརྟན་པར་མ་གྱུར་ན༔ ལུགས་འབྱུང་སྒྲ་འོད་ཟེར་གསུམ་སོགས༔ ཆོས་ཉིད་གདངས་ཀྱི་བར་དོ་ཤར༔ ཐམས་ཅད་རང་གི་རིག་རྩལ་དུ༔ ངོ་ཤེས་ཐག་ཆོད་བརྟན་པ་ཐོབ༔ དབྱིངས་རིག་དབྱེར་མེད་ཐིག་ལེར་འཁྱིལ༔ དབང་འབྲིང་འཆི་ཁ་ཆོས་ཉིད་ཀྱི༔ བར་དོ་རང་སྣང་ངོ་ཤེས་གྲོལ༔ དེར་ཡང་གཉིས་འཛིན་གཞན་དབང་གིས༔ གོ་འཕང་མངོན་དུ་མ་གྱུར་ན༔ དབང་པོ་ཐ་མའི་གང་ཟག་སྟེ༔ སྲིད་པ་བར་དོའི་སྣང་ཆ་ནི༔ རླུང་སེམས་ཙམ་ལས་གྲུབ་པའི་ལུས༔ རྨི་ལམ་ལྟ་བུར་ཤར་བའི་ཚེ༔ བླ་མར་མོས་གུས་དྲག་པོ་ཡིས༔ དེ་ཡི་གདམས་ངག་རྗེས་དྲན་ནས༔ གང་གོམས་དེ་ལ་མཉམ་བཞག་པས༔ འཁྲུལ་སྣང་གྲོལ་ནས་ལམ་མཆོག་སྦྱོར༔ དེ་ལྟར་མངོན་དུ་མ་གྱུར་ན༔ རིགས་ལྔའི་ཞིང་ཁམས་ཡིད་ལ་བྱ༔ བླ་མར་གསོལ་གདབ་འདུན་པ་སྦྱངས༔ དཔལ་མགོན་བླ་མའི་ཐུགས་རྗེ་དང༔ དད་དང་འདུན་དང་དམ་ཚིག་མཐུས༔ རྨི་ལམ་གནས་སྐབས་སད་པ་ལྟར༔ མངོན་དགའི་ཞིང་དུ་ལྷ་ཞལ་མཐོང༔ དཔལ་ལྡན་བརྩེགས་པར་ལུང་བསྟན་ཅིང༔ པདྨ་བཀོད་པར་དབུགས་རབ་དབྱུང༔ ལས་རབ་རྫོགས་པར་གཟེངས་བསྟོད་དེ༔ དབུས་ཕྱོགས་མེ་རི་འབར་བ་རུ༔ སྟོན་པ་ཁྱབ་བདག་ཧེ་རུ་ཀའི༔ དགྱེས་ཞལ་མཇལ་པའི་སྐད་ཅིག་ལ༔ ཤེས་བྱའི་སྒྲིབ་པ་མཐར་བྱས་ནས༔ ཡེ་ཤེས་དབྱིངས་སུ་རོ་གཅིག་འགྱུར༔ ཐ་མ་སྲིད་པ་བར་མ་དོར༔ དག་པའི་ཞིང་དུ་དབུགས་འབྱིན་ནོ༔ ཤིན་ཏུ་དམན་པའི་གང་ཟག་རྣམས༔ མངལ་སྒོ་ངན་པ་ཞེན་ལོག་དང༔ ངེས་འབྱུང་དྲག་པོས་རབ་བཅད་ནས༔ ལས་འཕྲོ་བཟང་པོས་ཉིང་མཚམས་སྦྱར༔ ལམ་གྱི་འཕྲོ་མཐུད་གྲོལ་བ་ཐོབ༔ དེ་ལྟར་ཁྲིད་དུ་ལེགས་བཏབ་ནས༔ གཡེང་བ་སྤངས་ཏེ་ཉམས་བླངས་ན༔ བརྩོན་འགྲུས་སྐལ་པའི་ཁྱད་པར་བཞིན༔ བྱང་ཆུབ་གོ་འཕང་ཐོབ་བྱེད་པ༔ ཤིན་ཏུ་རྣལ་འབྱོར་རྫོགས་པ་ཆེའི༔ གདམས་ངག་སྒྲུབ་པ་ཆེན་པོ་འོ༔ དེ་ཡང་དབང་རབ་ཅིག་ཅར་བས༔ བཞི་པའི་ལམ་མཆོག་ཁོ་ན་བསྒྲུབ༔ དབང་འབྲིང་ཐོད་རྒལ་གང་ཟག་གིས༔ བསྐྱེད་རིམ་དྲན་པ་གཅིག་པ་ཙམ༔ རྟེན་དུ་བྱས་ནས་རྫོགས་རིམ་གསུམ༔ རིམ་པར་ཉམས་བླངས་དྲོད་རྟགས་དབྱུང༔ ཐ་མ་རིམ་གྱིས་དཀྲི་བ་ནི༔ ཇི་སྐད་བཤད་བཞིན་ཉམས་སུ་བླངས༔ གང་ཡང་ཐུན་མོང་ཐུན་མིན་གྱི༔ སྔོན་འགྲོས་རྒྱུད་འབྱོངས་ཤིན་ཏུ་གཅེས༔ རྗེས་ནི་གནས་སྐབས་ཐམས་ཅད་དུ༔ བསྔོ་སྨོན་བཟང་པོས་མཚམས་སྦྱར་ཞིང༔ ཐུན་མཚམས་དྲན་དང་ཤེས་བཞིན་པས༔ དག་པའི་སྣང་བ་ལམ་དུ་ཁྱེར༔ སྤྱིར་ནི་འཁོར་བར་ངེས་འབྱུང་དང༔ བྱང་ཆུབ་སེམས་གཉིས་དྲག་ཏུ་བསྐྱེད༔ ཅིས་ཀྱང་དགོས་མེད་བློ་སྣ་བསྟུང༔ བླ་མའི་མོས་གུས་སྲོག་ཏུ་བཙའ༔ ལམ་ལ་ཅུང་ཟད་དྲོད་ཐོབ་ནས༔ ཡུལ་གྱི་བདུད་རྩི་བརྟེན་པའི་ཕྱིར༔ ཀུན་སྤངས་སྤྱོད་པ་ཕྱོགས་བྲལ་རྒྱུ༔ དུར་ཁྲོད་ལ་སོགས་གཉན་ས་རུ༔ བརྟུལ་ཞུགས་སྤྱོད་པ་ཡང་དག་སྤྱད༔ གེགས་སེལ་བོགས་འདོན་ཐབས་མཁས་པས༔ གནས་སྐབས་སྔགས་ཀྱི་དྲོད་ཐོབ་ནས༔ ཚོགས་སྦྱོར་མཐོང་བའི་ལམ་དུ་འགྲོ༔ སྒོམ་པའི་ཉམས་མྱོང་མཐར་ཕྱིན་པས༔ མི་སློབ་འོད་གསལ་ཟུང་འཇུག་སྐུས༔ ཤིན་ཏུ་རྣམ་དག་རྡོ་རྗེ་སེམས༔ ཀུན་བཟང་ཡེ་ཤེས་བླ་མ་ཡི༔ གོ་འཕང་བརྩོན་འགྲུས་སྐལ་པ་བཞིན༔ ཟླ་དྲུག་ལོ་གསུམ་བཅུ་གཉིས་ནས༔ མངོན་དུ་འཐོབ་བྱེད་ཐེག་པའི་རྩེ༔ འབྲས་བུའི་ཐུས་ཀ་བླ་མེད་པའི༔ མཆོག་གི་ཕྲིན་ལས་རྨད་བྱུང་ངོ༔ ཁྲིད་ཀྱི་རྒྱབ་ཡིག་གནད་ཆིངས་འདི༔ སྣོད་ལྡན་རྣམས་ཀྱི་སྙིང་ལ་ཕུར༔ དེ་ལྟར་རྒྱུད་ལུང་མན་ངག་གི༔ སྙིང་པོ་ལས་ཀྱང་སྙིང་པོའི་བཅུད༔ ཟབ་ཅིང་ཤིན་ཏུ་འདྲིལ་བ་འདི༔ འཆི་མེད་རིག་འཛིན་རྣམ་གསུམ་གྱི༔ ཡང་ཟབ་བླ་སྒྲུབ་དང་འབྲེལ་བར༔ སྐལ་ལྡན་མཆོག་ལ་གཏད་པ་སྟེ༔ མང་པོར་ཁྱབ་གདལ་སྟོན་སྲིད་ན༔ དབྱིངས་ལ་རྣམ་རྟོག་མི་མངའ་ཡང༔ ཡེ་ཤེས་མཁའ་འགྲོའི་དགོངས་པ་གཡེལ༔ ལས་དང་འཇིག་རྟེན་མཁའ་འགྲོ་འཁྲུགས༔ ཅི་མི་འདོད་པ་འབྱུང་བས་ན༔ དམ་དུ་སྦ་ཞིང་དམ་དུ་སྤེལ༔ བཀའ་རྒྱས་གདབ་ཅིང་སྒྲུབ་ལ་བསྐུལ༔ ཅི་ཕྱིར་ཞེ་ན་གསང་ཆེན་འདི༔ ཡོ་ག་གསུམ་གྱི་སྙིང་པོའི་བཅུད༔ རྒྱུད་ཀྱི་གདམས་པ་ཟབ་ལ་འདྲིལ༔ ལུང་གི་རྫོགས་རིམ་སྙིང་པོ་ཕྱུང༔ ཁྱད་པར་མན་ངག་སྡེ་གསུམ་གྱི༔ དམར་ཁྲིད་ལག་ལེན་ཁོ་ནར་གདམས༔ བྱེ་བྲག་བི་མ་ཐོད་ཕྲེང་རྩལ༔ ཡོན་ཏན་བདུད་རྩིའི་རིག་འཛིན་ཕྱིར༔ འཆི་མེད་སྨན་གྱི་རྒྱུད་ལུང་ཆེའི༔ བབས་གཞུང་རྒྱས་འབྲིང་བསྡུས་གསུམ་གྱི༔ དཔེ་རྒྱུད་རོང་བྷིའི་རྫ་ལ་སྦས༔ ཡང་གཏེར་ཚུལ་དུ་འབྱུང་མོད་ཀྱི༔ སྙིང་པོ་ཞུན་མར་ལྟ་བུ་འདི༔ ཚུལ་བཞིན་སྤྱོད་ཅིང་བསྟན་པ་ན༔ གདམས་ངག་འཆལ་དང་ཉམས་པ་གསོ༔ འཁྲུགས་པ་བསལ་ཞིང་ཚིག་དོན་འབྲེལ༔ དགོངས་པ་རྣལ་མ་སློང་བ་འབྱུང༔ དེ་བས་ཤིན་ཏུ་གཅེས་པར་ཟུངས༔ སློབ་དཔོན་གསུམ་གྱི་བདེན་པ་དང༔ མངའ་བདག་རྒྱལ་པོའི་ཐུགས་བསྐྱེད་མཐུས༔ སྙིང་པོའི་བསྟན་པའི་བཙས་གྱུར་ཏེ༔ གཞན་དོན་རྒྱ་ཆེར་འབྱུང་བར་ཤོག༔ ཅེས་རྡོ་རྗེའི་ལུང་གིས་བསྔགས་པའི་ཟབ་ཆོས་འདི་ཉིད་གསང་དམ་བཀའ་གཙིགས་ཀྱིས་བསྡམས་པ་བཞིན་བབ་ཅོལ་དུ་མ་ཡིན་པར་དད་བརྩོན་ལྡན་པས་ཤིན་ཏུ་གསང་ཞིང་རྩེ་གཅིག་པས་ཉམས་སུ་བླངས་ན་ལོ་ཟླ་ཙམ་གྱིས་མཆོག་གི་ངེས་པ་སྟེར་ནུས་པ་ལགས་པས། ཐམས་ཅད་ཀྱིས་ཐོབ་ལོ་དང་ཉན་ལོ་ཙམ་དུ་མ་གཞག་པར་མི་ལུས་ཐོབ་ཅིང་གདམས་ངག་མཇལ་བའི་སྐལ་བཟང་འདི་ཀོ་དོན་ཡོད་པའི་གཉེར་ཁ་ཅི་ནས་ཀྱང་མཛད་འཚལ། དེ་ལྟར་སྨིན་གྲོལ་ཚངས་སྤྲུགས་སུ་ཕུལ་གྲུབ་པ་འདིའི་མཚོན། ཞེས་པ་ལྟ་བུའི་མཚམས་སྦྱར་ནས་དགེ་བསྔོ་བྱ་ཞིང་སློབ་མ་གྱེས། ཆོ་གའི་རྗེས་རིམ་རྣམས་དབང་གཞུང་བཞིན་བྱའོ།། །། ༈ རྡོར་འབུམ་ཆོས་ཀྱི་གྲགས་པའི་འཆི་མེད་བདུད་རྩི་བུམ་པའི་སྣོད་རུང་བསྡུས་པ་དབང་གི་གྱད་བལྟས་ཆོག་ཏུ་བཀོད་པ་བདུད་རྩིའི་ཆུ་རྒྱུན་ལྟར་དབང་སྒྲུབ། དབང་དངོས། རྗེས་མཆོད་བསྟོད། ནོངས་བཤགས། བརྟན་བཞུགས། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན། ཤིས་བརྗོད་བཅས་སྤྱི་མཐུན་བྱ་དགོས་སོ།། །། ༈ ར་མོ་ཤེལ་སྨན་ཡེ་ཤེས་བཟང་པོའི་དཔལ་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོ་༧པདྨ་འོད་གསལ་མདོ་སྔགས་གླིང་པའི་ཡང་གཏེར་དུ་བྱོན་པའི་བླ་མའི་སྒྲུབ་ཐབས་ཀྱི་དབང་བསྐུར་ཡང་ཟབ་བདུད་རྩིའི་བཅུད་ཐིགས་ལྟར་དབང་སྒྲུབ། དབང་དངོས་ཀྱི་ལུས་འབུལ་གོང་དེར། དེས་སྨིན་པར་བྱེད་པའི་དབང་བསྐུར་གྲུབ་ནས། གྲོལ་བར་བྱེད་པའི་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ལ་བརྟེན་ནས་སྒོ་གསུམ་སྙོམས་འཇུག་དང་བཅས་པ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་དཀྱིལ་འཁོར་ཆེན་པོར་སྦྱོར་བར་བྱེད་པའི་མན་ངག་ཕྱག་རྒྱ་བཞིའི་ཁྲིད་ནི། གཏེར་གཞུང་ལས། དེ་ནས་ཡང་ཟབ་མན་ངག་ནི༔ དཔལ་ལྡན་བླ་མ་སོགས་བླ་སྒྲུབ་གཏེར་གཞུང་བཞིན། མན་ངག་ཀུན་གྱི་སྙིང་པོར་ཟུངས༔ ཞེས་བཀའ་བསྩལ་པ་བཞིན་ཉམས་སུ་བླང་འཚལ། དེ་རྣམས་ཀྱིས་སྨིན་གྲོལ་ལེགས་པར་ཐོབ་པའི་སྐུ་དྲིན་གཞལ་བའི་ཡོན་དུ་ལུས་ལོངས་སྤྱོད་ཐམས་ཅད་འབུལ་བའི་བློས་འདིའི་རྗེས་ཟློས། དེང་ནས་བརྩམ་སྟེ་སོགས་དབང་དང་ཆོ་གའི་རྗེས་རིམ་སྤྱི་མཐུན་གྱིས་ཅུང་ཟད་བརྒྱན་པས་གྲུབ་བོ།། །། ༈ དཔལ་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་རྩ་བ་དང་ཡན་ལག་གི་དབང་བསྐུར་ཡོངས་རྫོགས་དཀྱུས་གཅིག་ཏུ་བཀོད་པ་དྲི་མེད་ཟླ་བའི་བསིལ་ཟེར་ལྟར་བདག་བསྐྱེད། སྟ་གོན། དབང་སྒྲུབ་ལ་ཡན་ལག་བཞི་དང་སྔགས་སྲུང་མ་སྦྱར་བ། དངོས་གཞིར་རྩ་དབང་སོ་སོའི་ཁྲིད་དང་སྦྲགས་པ། དེར་གསལ་བཞིན་ཡན་ལག་ལས་སྒྲུབ་པའི་ལྷ་གསུམ་གྱི་བྱིན་རླབས་བྱ་བའི་ཚུལ་བཀླག་ཆོག་ཏུ་བཀོད་པ་ལྟར་བདུད་རྩི་འཁྱིལ་བའི་ཁྲུས་དབང་། ཧཱུྃ་མཛད་བདུག་པའི་བྱིན་རླབས། དབང་བྱེད་མཱ་མ་ཀཱིའི་བྱིན་རླབས་བཅས་སྦྱར། བདུད་རྩི་རིལ་བུའི་དབང་། འགྲོ་དོན་ལས་སྦྱོར་རྣམ་དྲུག་གི་རྗེས་གནང་། ལས་ཐུན་མོང་དུ་སྒྲུབ་པའི་རྗེས་གནང་གི་རྡོར་དྲིལ་དུང་པུསྟི་གཏད་པའི་རྗེས་དེར། སྐབས་འདིར་འདིའི་ཁྱད་པར་གྱི་བཀའ་སྲུང་སྔགས་བདག་ཨེ་ཀ་ཛཱ་ཊིའི་སྲོག་གཏད་བགྱིད་པ་སྟེ། དེའང་མཚན་ཙམ་སོགས་བཀའ་སྲུང་ཨེ་ཀ་ཛཱ་ཊིའི་སྲོག་གཏད་ཀྱི་ཡི་གེ་སྲོག་གི་ཐིག་ལེ་ལྟར་ཐུན་མོང་དང་ཁྱད་པར་གྱི་སྲོག་གཏད་སྦྱར་ནས། མཐའི། དཔལ་ལྡན་སྔགས་ཀྱི་སྲུང་མའི་རྡོ་རྗེའི་དམ་ཚིག་རྣམས་ཚུལ་བཞིན་བསྲུང་དགོས་པ་ལགས་སོ། །ཞེས་བརྗོད། དེ་ནས་དབང་གཞུང་གི །དེ་ལྟར་ན་དེ་དག་རྣམས་ཀྱི་སྒོ་ནས་སོགས་དབང་གི་རྗེས་རྣམས་དང་། ཆོ་གའི་རྗེས་བཅས་དབང་བསྐུར་གྱི་ཡི་གེའི་དཀྱུས་སུ་འབྱུང་བ་བཞིན་ནོ།། །། ༈ རཏྣའི་ཐུགས་སྒྲུབ་སྨན་དབང་ནི་གོང་དུ་ཐུགས་སྒྲུབ་སྐབས་སུ་སོང་ངོ་།། །། ༈ རིག་འཛིན་ལེགས་ལྡན་རྗེའི་ཚེ་སྒྲུབ་བདུད་རྩི་འཁྱིལ་པའི་སྨིན་བྱེད་བསྙེན་པའི་དབང་རིམ་བལྟས་ཆོག་ཏུ་བཀོད་པ་འཆི་མེད་བདུད་རྩིའི་ཞུན་ཐིགས་ལྟར་དབང་སྒྲུབ། དབང་བསྐུར་དངོས་ཀྱི་དབང་བཞིའི་དང་པོ་བུམ་དབང་སྐབས། བུམ་པ་དང་ཚེ་འབྲང་ཕྱག་མཚན་ལྔ་པོ་སོ་སོར་སུམ་བརྩེགས་མ་བྲལ་བས་དབང་བསྐུར་ཞིང་། བུམ་པ་ལྔའི་ཆུ་ཕྱོགས་བསྡུས་ཀྱིས་བུམ་དབང་མཐར་བླུད། མཇུག་གི་ཚེ་འབྲང་དབང་གི་སྐབས། ཚེ་བུམ་ལྔ་པོ་སྣོད་གཅིག་ཏུ་བསྡུ་བའམ། མི་ནུས་ན་དབུས་མ་རྐྱང་པ་གང་བདེ་བྱ་ཞིང་། སྨོན་ལམ་སྐབས་སྔགས་སོ་སོར་དྲིལ་བུ་གསིལ་ཞིང་མེ་ཏོག་འཐོར་བ་ལས་དབང་རྫས་མི་དགོས། རྗེས་རིམ་དབང་ཆོག་བཞིན་བྱའོ།། །། ༈ པདྨ་འོད་གསལ་མདོ་སྔགས་གླིང་པའི་སྙན་བརྒྱུད་བདུད་རྩི་མཆོག་ཏིག་གི་ཕྲིན་ལས་དང་དབང་བསྐུར་བའི་ཆོ་ག་བལྟས་ཆོག་ཏུ་བཀོད་པ་བདེ་མཆོག་བདུད་རྩིའི་ཡང་ཞུན་ལྟར་དབང་སྒྲུབ། དངོས་གཞིར་ལོ་རྒྱུས་སྐབས། སོ་སོར་བསྩལ་པ་སྟེ། ཞེས་པའི་མཚམས། གཏེར་གཞུང་ལས། ཁྲག་འཐུང་རོལ་པའི་ཏནྟྲའི་བཅུད༔ སོགས་གཏེར་གཞུང་མཇུག་ནས་འབྱུང་བ་བཞིན། མངོན་དུ་འགྱུར༔ ཞེས་གསུངས་པ་ལྟར། འདིར་འཆི་མེད་གྲུབ་པའི་སོགས་སྦྲེལ་བའི་རྩ་དབང་ལ། མཐའ་རྟེན་རྗེས་གནང་རྣམས་གྲུབ་ནས། རྗེས་འབྲེལ་བཀྲ་ཤིས་འཆི་མེད་ཚེའི་དབང་བསྐུར་བ་ལ། ཐོག་མར་ཚེ་བཅུད་འགུགས་པའི་སླད་དུ་དམིགས་འདུན་འདི་བཞིན་མཛོད། བདག་མདུན་བདུད་རྩི་ཚེའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལས་སྤྲུལ་པའི་ཕོ་ཉ་གྲངས་མེད་པ་འཕྲོས་པས། ཁྱེད་རང་རྣམས་ཀྱི་བླ་ཚེ་བྲོས་ཉམས་འཐོར་པ་རིག་སྔགས་ཀྱི་ནུས་པས་ཕྲོགས་པ་རྣམས་དང་། གཞན་ཡང་འཁོར་འདས་བརྟན་གཡོའི་དྭངས་བཅུད་ཐམས་ཅད་གྲུབ་པའི་བདུད་རྩི་འོད་ཟེར་འབར་བའི་ཐིག་ལེ་བཀྲ་ཤིས་པའི་རི་མོ་བཀྲ་བའི་རྣམ་པར་བསྡུས། ཁྱེད་རང་རྣམས་ལ་ཐིམ་པས་རྡོ་རྗེའི་སྲོག་འགྲུབ། སྒྲུབ་རྫས་རྣམས་ལ་ཐིམ་པས་འཆི་མེད་ཀྱི་བཅུད་ལེན་མཆོག་ཏུ་བྱིན་གྱིས་བརླབས་པར་མོས། མདའ་དར་གཡབ་ཅིང་། ཧཱུྃ༔ ཐུགས་དམ་ཆེན་པོའི་སོགས་ཚེ་འགུགས་མཐར་ཚེའི་སྒྲུབ་སྔགས་སྦྱར། ཚེ་འབྲང་ཕྱི་སྣོད་ཟླ་གམ་འབར་བའི་ཕོ་བྲང་དུ་ཚེ་གཏོར་འཆི་མེད་གྲུབ་པའི་ལྷ་ཆེ་མཆོག་བདུད་རྩི་འཁྱིལ་པ་ཡབ་ཡུམ། སྤྲུལ་པ་ཡང་སྤྲུལ་རྩ་གསུམ་རབ་འབྱམས་ཕྲིན་ལས་གྲུབ་པའི་ཚོགས་དང་བཅས་པ་མངོན་སུམ་བཞིན་བཞུགས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་། དེ་རྣམས་ཀྱི་སྐུ་ལས་འཆི་མེད་བདུད་རྩིའི་རྒྱུན་བྱུང་། སྤྱི་བོ་ནས་ཞུགས་ལུས་ཀྱི་ནང་གང་ཞིང་བ་སྤུའི་བུ་གའི་མཐར་ཁྱབ། སྐྱེ་འཆིའི་མཚན་རྟོག་གི་དྲི་མ་སྦྱངས། འགྱུར་མེད་གཉུག་མ་སྐུ་རྡོ་རྗེའི་ཚེ་ཐོབ་པར་མོས། ཨོཾ༔ སྣོད་ནི་ཟླ་གམ་སོགས་གཏེར་གཞུང་བཞིན། རང་བྱུང་པདྨ་བྷཉྫའི་སྣོད་དུ་བརྟན་གཡོའི་དྭངས་བཅུད་འདུས་པའི་བདུད་རྩི་དང་། ལྷ་ཚོགས་མཉམ་སྦྱོར་འཆི་མེད་བདེ་ཆེན་བྱང་ཆུབ་སེམས་ཀྱི་ཐིག་ལེར་འཁྱིལ་པ་མྱང་བས། རྩོལ་བཅས་འགྲོ་འོང་གི་དྲི་མ་སྦྱངས། འགག་མེད་རང་བྱུང་གསུང་རྡོ་རྗེའི་ཚེ་ཐོབ་པར་མོས། ཨཱ༔ སྣོད་ནི་རང་བྱུང་སོགས། ཚེ་གལ་མཐུན་བསྡེབས་འཆི་མེད་གྲུབ་པའི་བཅུད་ལེན་གྱི་རིལ་བུ་མྱང་བས། གཉིས་འཛིན་འཕོ་བཅས་ཀྱི་དྲི་མ་སྦྱངས། རིག་སྟོང་འོད་གསལ་ཐུགས་རྡོ་རྗེའི་ཚེ་ཐོབ་པར་མོས། ཧཱུྃ༔ སྣོད་ནི་འོད་ལྔའི་སོགས། ཚེ་སྦ་ཞིང་རྒྱས་གདབ་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་མ་ཆེ་མཆོག་བདུད་རྩི་འཁྱིལ༔ ལྗང་སེར་ཞལ་གཅིག་ཕྱག་གཉིས་པ༔ ལྕགས་ཀྱུ་དང་ནི་ཐོད་པ་བསྣམས༔ ཁྲོ་ཆགས་སྒེག་པའི་གཟི་བྱིན་འབར༔ དུར་ཁྲོད་ཆས་ལྡན་ཡུམ་དང་སྦྱོར༔ པད་ཉི་དྲེགས་པ་ཕོ་མོའི་སྟེང༔ སྲིད་ཞི་ཀུན་གྱི་སྲོག་ཏུ་བཞེངས༔ དེ་ལྟར་གསལ་བའི་ཐུགས་ཀ་རུ༔ སྣ་ཚོགས་རྡོ་རྗེའི་ལྟེ་བའི་དབུས༔ ཉི་ཟླ་ཁ་སྦྱོར་ཧཱུྃ་གིས་མཚན༔ དེ་ཡི་ཁོག་པར་ནྲྀ་དང་ཨ༔ མཐའ་མར་ཚེ་ཡི་སྔགས་ཀྱིས་བསྐོར༔ འཁོར་འདས་ཚེ་ཡི་དྭངས་བཅུད་ཀུན༔ བདུད་རྩིའི་རྒྱུན་དང་སོགས་ཚེ་འགུགས་རྗེས་སུ་འབྱུང་བ་བཞིན། བརྟན་པར་གྱུར༔ ཨ༔ སྣོད་ནི་དྭངས་མ་སོགས་ཀྱིས་རྒྱས་གདབ། དེ་ལྟར་བགྱིས་པའི་ཕན་ཡོན་ཡང་བསྡུ་ན། གཞུང་ལས། དེས་ནི་ཚེ་དང་བསོད་ནམས་སོགས་ནས། སྐུ་ཐོབ་འགྱུར༔ ཞེས་གསུངས་པ་བཞིན་མི་བསླུ་བའི་ཐ་ཚིག་ངེས་པ་དང་ལྡན་པ་ལགས་པས་ཡིད་ཆེས་ཀྱི་སྤྲོ་བ་བསྐྱེད་འཚལ། ཤིས་བརྗོད་མཐར་རྗེས་ཀྱི་གདམས་ཁྲིད་འབོགས་པ་དབང་ཆོག་གཞུང་བཞིན་དང་། དབང་དང་ཆོ་གའི་རྗེས་རིམ་བཅས་བྱའོ།། །། ༈ སྐབས་འདིར་ཉང་གཏེར་བཀའ་བརྒྱད་བདེ་གཤེགས་འདུས་པ་དང་འབྲེལ་བའི་བདུད་རྩི་སྨན་སྒྲུབ་གསང་ཆེན་མཆོག་གི་མྱུར་ལམ་གྱི་སྨན་དབང་ནི། རིག་འཛིན་བརྒྱུད་པའི་ཕྱག་བཞེས་བཞིན་ཚོགས་སྒྲུབ་ཆེན་མོ་དང་འབྲེལ་བར་སྦྱོར་དངོས་རྗེས་ཀྱི་རིམ་པས་སྨན་སྒྲུབ་ཚུལ་ལྡན་ཕྱག་ཏུ་བསྟར་བའི་རྗེས་ཐོག་ཏུ་མཛད་པ་ལས། ཉི་ཚེ་བའི་སྨན་དབང་ལྟར་ཁོལ་འདོན་མཛད་སྲོལ་མེད་དོ། །དེ་དག་གིས་བདུད་རྩི་ཡོན་ཏན་སྒྲུབ་པ་དངོས་ཀྱི་སྐོར་རྣམས་གྲུབ་བོ།། །། ༄། གཉིས་པ་བདུད་རྩིའི་ཕྱོགས་གཏོགས་ཆ་མཐུན་གྱི་རིགས་ལ། རྒྱ་གར་གྱི་གྲུབ་ཆེན་ཛཱ་ཧ་བཱིར་གྱི་བྷྲཱུར་རླུང་གི་གདམས་ངག་ལས་བྱོན་པ་སྔ་ཕྱིའི་དབང་གིས་བཀའ་བབས་དང་པོ་གཉིས་པ་གསུམ་པ་རྣམས་སུ་གྲགས་པའི་སྔ་བར་གཉིས་ལ་དབང་བསྐུར་མ་བཞུགས་པས། འདིར་བཀའ་བབས་གསུམ་པའམ་ཕྱི་མ་གྲུབ་ཆེན་ཉི་ཟླ་ཀློང་ཡངས་ལ་ཉེ་རིང་གི་བརྒྱུད་པའི་ཆུ་བོ་འདུས་པ་ཟབ་ཆོས་འཇའ་ལུས་འོད་ཕུང་རང་གྲོལ་གྱི་སྨིན་བྱེད་བདེ་ཆེན་བདུད་རྩིའི་ཆུ་རྒྱུན་གྱི་ལག་ལེན་གསལ་བར་བཀོད་པ་པདྨ་རཱ་གའི་བུམ་བཟང་ལྟར་དབང་སྒྲུབ་ལ་མདུན་བསྐྱེད་དང་ཚོགས་མཆོད། ༼ཅི༽རིག་འཛིན་སྲོག་སྒྲུབ་ཀྱི་ཡུམ་བཀའ་ཕག་མོའི་ལས་བྱང་ཟག་མེད་བདེ་ཆེན་བཞིན་སྦྱར། དབང་དངོས་གྲུབ་པའི་ལུས་དབུལ་རྗེས། དེས་སྨིན་བྱེད་དབང་གི་རིམ་པ་བཀའ་བབས་ཕྱི་མ་ལས་བྱོན་པ་སྔོན་དུ་བཏང་ནས། དངོས་གཞིའི་ཁྲིད་རིམ་ལ་བཀའ་བབས་སྔ་ཕྱི་བར་གསུམ་ལས་བྱོན་པ་རྣམས་ཞུ་བའི་ཡོན་དུ་མཎྜལ། བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང་། རྡོ་རྗེའི་རྣལ་འབྱོར་གྱི་ཁྱེར་སོ་གསུམ་གསལ་བཏབ་ནས་གསན་འཚལ། དེ་ལ་འདིར་བྷྲཱུར་རླུང་གི་མན་ངག་ཟབ་མོ་ཞེས་བྱ་བ་འདི་གང་ལས་བྱུང་བའི་ཁུངས་ནི། ཆོས་སྐུའི་སྟོན་པ་འོད་མི་འགྱུར་བས་ལོངས་སྐུའི་སྟོན་པ་ཐུགས་རྗེ་ཆེན་པོ་ལ་དགོངས་པའི་རྩལ་གྱིས་བསྟན། དེས་སྤྲུལ་སྐུའི་བླ་མ་ཀུན་མཁྱེན་པདྨ་འབྱུང་གནས་ལ་བྱིན་རླབས་བརྡ་ཡི་ཚུལ་དུ་བསྟན། དེས་སྐལ་ལྡན་གྱི་སྐྱེས་བུ་རྣམས་ཀྱི་དོན་ཕྱིར། རྒྱ་གར་འཕགས་པའི་ཡུལ་གྱི་གྲུབ་ཐོབ་ཆེན་པོ་ཛཱ་ཧ་བཱིར་ལ་གནང་། དེ་ལ་མཆོག་ཐུན་གྲུབ་པའི་སློབ་མ་མཐའ་ཡས་པ་མཆིས་པའི་གཙོ་བོ་ནཱ་ཐའི་མཚན་ཅན་བརྒྱད་ཡོད་པ་ལས། བཛྲ་ནཱ་ཐ་བོད་དུ་བྱོན་ནས། འབྲི་གུང་པ་སྣ་ཚོགས་རང་གྲོལ་ལམ་རིན་ཆེན་ཕུན་ཚོགས་ལ་དངོས་སུ་གནང་བ་ནས་བཟུང་རིམ་པར་བྱོན་པའི་བཀའ་བབས་དང་པོར་གྲགས་པའི་གདམས་ཁྲིད་ནི། གྲུབ་པའི་དབང་ཕྱུག་ཆེན་པོ་ཛཱ་ཧ་བཱིར་ལས་བརྒྱུད་པའི་གདམས་པ་འདི་ལ་སྦྱོར་དངོས་མཇུག་གསུམ་ལས། དང་པོ་སྦྱོར་བ་ནི། རང་ཉིད་གང་དུ་འདུག་པའི་སོགས་རླུང་ཁྲིད་འཇའ་ལུས་མངོན་གྱུར་བཞིན་ལ། བརྒྱུད་འདེབས་ཀྱི་སྐབས་ཁ་སྐོང་ནི། ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་རྗེས་སུ། རྩ་གསུམ་རྟག་རོལ་དེ་ཝཱི་ཀོ་ཊི་ནས། །འཇམ་མགོན་པདྨ་གར་དབང་ལ་གསོལ་བ་འདེབས། །ཞེས་སྦྱར་ནས་མཇུག་གི །རང་སྲོག་ལ་གཅེས་སྤྲས་གལ་ཆེ་འོ། །ཞེས་བཀའ་གཙིགས་གཏད་རྒྱས་གདམས་པ་ལྷ་བཙུན་ངག་དབང་ཕུན་ཚོགས་ཀྱིས་བཀོད་པའི་ཡིག་ཆའི་སྟེང་ནས་ཁྲིད་ལུང་གྲུབ་པ་ལགས། སླར་བཀའ་བབས་བར་པར་མཚན་གསོལ་བ་ནི། དེ་དང་དུས་མཚུངས་ཙམ་དུ་ཛཱ་ཧ་བཱིར་གྱི་སློབ་མ་ནཱ་ཐའི་མཚན་ཅན་བརྒྱད་ཀྱི་གཙོ་བོ་མ་ཎི་ཀ་ནཱ་ཐ་བོད་དུ་བྱོན་ནས་གནས་གསར་བ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་ལ་དངོས་སུ་གནང་བ་ལ། བཀའ་བབས་བར་པར་གྲགས་པ་རླུང་གི་རྣལ་འབྱོར་ལ་བརྟེན་ནས་ཚེ་སྒྲུབ་པའི་གདམས་ཁྲིད་ནི། ཞེས་མཚམས་སྦྱར་ལ་བརྒྱུད་པ་བར་པའི་ཁྲིད་ཡིག་གི །འདིར་གྲུབ་པའི་དབང་ཕྱུག་ཆེན་པོ་ཛཱ་ཧ་བཱིར་ནས་བརྒྱུད་པའི་ཚེ་སྒྲུབ་ཟབ་མོ་སོགས་ནས། བར་སྐབས་ཀྱི་མཆན་བུ་རྣམས་དཀྱུས་སུ་ཤེས་ན་བཅུག་ནས་བཀླག །མ་ཤེས་ན་འདིར་བསྐྱུར་ཏེ་ལུང་གི་སྐབས་བར་པའི་དུས་ངེས་པར་བཀླག །གང་ལྟར་ཡང་བརྒྱུད་པའི་གསོལ་འདེབས་ལ་ནོར་བར་སྣང་བས་ཆད་འཛུད་ནི། རིག་འཛིན་གྲུབ་པའི་གཙུག་རྒྱན་པདྨའི་མཚན། །ཞེས་པའི་འཕྲོས་སུ། རྨོར་ཆེན་རིག་འཛིན་ཀུན་དགའ་ལྷུན་གྲུབ་ཞབས། །བསྟན་པའི་སྒྲོན་མེ་ལེགས་པའི་འབྱུང་གནས་ལ། །གསོལ་བ༴ སློབ་བཤད་འཛིན་མཁས་སོགས་ཚིག་རྐང་གཉིས་གཞུང་ལྟར་དང་། ཁ་སྐོང་ནི། མཚུངས་མེད་ངག་དབང་བསྟན་འཛིན་སྙན་གྲགས་ལ། །གསོལ་བ༴ ཐམས་ཅད་མཁྱེན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་། །རྡོ་རྗེ་འཆང་དངོས་བློ་གྲོས་མཐའ་ཡས་ཞབས། །བཀའ་དྲིན་མཚུངས་མེད་སོགས་དང་སྦྲེལ། མཇུག་གི །འཆི་མེད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཞེས་གནས་གསར་བ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གི་ཡང་སློབ་དབང་ཕྱུག་རབ་བརྟན་གྱིས་མཛད་པའི་ཡིག་ཆའི་སྟེང་ནས་ཁྲིད་ལུང་སོང་ནས། དེ་ནས་སླར་ཡང་བརྒྱུད་པ་ཕྱི་མ་ནི། ཆོས་རྒྱལ་འབྲི་གུང་པའི་སློབ་བརྒྱུད་ལས་ཉམས་ལེན་སྒྲུབ་པ་བར་མ་ཆད་པའི་རྣལ་འབྱོར་པ་རིམ་པར་བྱོན་པའི་གྲུབ་ཐོབ་ཉི་ཟླ་ཀློང་གསལ་ལ་གྲུབ་ཆེན་ཛཱ་ཧ་བཱིར་དངོས་ཀྱིས་ཞག་བཅུ་གསུམ་གྱི་བར་དུ་སྨིན་གྲོལ་བསྩལ་པའི་སྨིན་བྱེད་ནི། ད་ལྟར་བརྒྱུད་པ་གསུམ་གའི་སྨིན་བྱེད་ཀྱི་དོད་དུ་བསྒྲུབས་ཟིན་པ་དེ་ལགས་ཤིང་། འདིར་གྲོལ་བྱེད་ཀྱི་ཁྲིད་ལུང་འབོགས་པ་སྟེ། དེ་ལའང་ཁུངས་བཙུན་པའི་ཕྱིར་ལོ་རྒྱུས་ཕྱི་ནང་དང་། ཆོས་ཀྱི་སྲང་དུ་འཛུད་བྱེད་སྔོན་འགྲོའི་རིམ་པ་འདི་ཉིད་ཀྱི་གཞུང་ནས་བཤད་པ་རྣམས་སྤྱིར་སྔོན་དུ་གཏང་དགོས་པ་ཐུགས་ལ་བཅངས་ནས། མན་ངག་ཐམས་ཅད་ཀྱི་རྩ་བ་ཐུན་མོང་ཐུན་མིན་གྱི་སྔོན་འགྲོ་དང་བཅས་པའི་དངོས་གཞིའི་ཉམས་ལེན་དམར་ཁྲིད་རླུང་གི་རྣལ་འབྱོར་དང་གཏུམ་མོའི་ཉམས་ལེན། ཞལ་ཤེས་གེགས་སེལ་མན་ངག་ལ་སོགས་པའི་ཁྲིད་ཆེན་བརྒྱད་དུ་གྲགས་པའི་གདམས་པ་ཕྲན་ཚེགས་རྣམས་རིམ་པར་འབྱུང་བ་ལ་སྙན་གཏོད་ཅིག །རྩ་གཞུང་ལྡེབ་བཅོ་བརྒྱད་པའི་མདུན་ངོས། འཇའ་ལུས་འོད་ཕུང་རང་གྲོལ་ལས༔༙ དམར་ཁྲིད་སངས་རྒྱས་ལག་འཆང་སོགས་ཁ་ཡིག་ནས་གཟུང་བཀའ་སྲུང་གཉེར་གཏད་སྔགས་བཅས་དང་། དེའི་མཇུག་གི་གཏུམ་མོའི་ཁྲིད་ཀྱང་དེ་བཞིན་ཚར་ནས། ཤེས་རབ་མའི་ཁྲིད་དེ་དོར་ལ། གེགས་སེལ་འོག་ཏུ་འཆད་དགོས་པས་སྐབས་འདིར་བཞག་སྟེ། ཁྲིད་ཆེན་བརྒྱད་ཟེར་བ་དེ་བཏང་བའི་རྗེས། གོང་གི་གེགས་སེལ་བདུད་རྩིའི་ཆར་འབེབ་འདིར་བླངས། དེ་རྫོགས་པའི་གཉེར་གཏད་སྔགས། ས་མ་ཡ་རཀྵ་རཱ་ཧུ་ལ༔༙ ཞེས་པའི་བར་སྒྲ་དག་པར་བཀླག །དེ་རྣམས་ཀྱིས་སྨིན་བྱེད་དབང་དང་། བྷྲཱུར་རླུང་ལ་བརྟེན་པའི་ཁྲིད་ལུང་གི་རྒྱུན་རྣམས་ལེགས་པར་གྲུབ་པ་ལགས་ཤིང་། འདི་ལྟར་དབང་བསྐུར་བ་དང་ཁྲིད་ལུང་འཆད་ཉན་བགྱིས་པ་ལས་བྱུང་བའི་དགེ་རྩ་འཁོར་གསུམ་ཡོངས་གྲོལ་གྱི་བསྔོ་བའི་དགོངས་སྤྱོད་དང་ལྡན་པས་ཡོངས་སུ་བསྔོ་བ་ཆབས་ཅིག་ཏུ་མཛོད། བསོད་ནམས་འདི་ཡིས་སོགས་ཀྱིས་གྲུབ། ཆོ་གའི་རྗེས་དབང་ཆོག་བཞིན་བྱའོ། །དེ་དག་གིས་བདུད་རྩི་ཡོན་ཏན་སྒྲུབ་པའི་སྐོར་རྩ་བ་དང་ཡན་ལག་བཅས་པ་རྣམས་གྲུབ་པ་ཡིན་ནོ།། །། ༄༅། །ལྔ་པ་ཕུར་པ་ཕྲིན་ལས་ཀྱི་སྒྲུབ་སྐོར་ལ། གུ་རུ་ཆོས་ཀྱི་དབང་ཕྱུག་གི་རྡོ་རྗེ་ཕུར་པ་ཡང་གསང་སྤུ་གྲིའི་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་བཻ་ཌཱུརྱའི་བུམ་བཟང་ལྟར་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ བྱང་གཏེར་ཕུར་པ་སྤུ་གྲིའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་ལག་ལེན་མདོར་བསྡུས་པ་རིག་མཆོག་ལམ་འདྲེན་ལྟར་བདག་བསྐྱེད་ལ་དྲིལ་སྒྲུབ་འདིར་མ་བཞུགས་པས་ལས་བྱང་ཉིད་གཏང་དགོས་ཤིང་། དེ་ལ་ཚོགས་གསག་རྡོ་རྗེ་སློབ་དཔོན་ནས་བདག་བསྐྱེད་རྐྱང་བའི་ལུགས་ལ། ཏིང་འཛིན་རྣམ་གསུམ་ནས། གཙོ་བོ་ཡབ་ཡུམ་བསྐྱེད་པའི་མཇུག །རང་རིག་མ་ཡེངས་ལྷང་ངེར་གནས་པར་བསྐྱེད༔བར་དང་། འོག་གི་ཁྲོ་བཅུ་ལུས་དཀྱིལ་ནི། ཨོཾ་བཛྲ་ཀྲོ་ཏ་ཧཱུྃ་ཀཱ་ར་ཧཱུྃ༔ གརྫ་གརྫ་ཧཱུྃ་ཕཊ༔ སྔགས་དེ་བརྗོད་པ་སོགས་ནས། དེ་ལྟར་ཤིན་ཏུ་གསལ་བར་བསྒོམ༔ བར་གྱིས་ལུས་དཀྱིལ་གསལ་གདབ། དེའི་འཁོར་དུ་གོང་གི །ཡབ་ཡུམ་ཐབས་དང་ཤེས་རབ་རོལ་པ་ལས༔ གཙོ་བོའི་ཐུགས་ལས་སོགས་ནས། རབ་འཇིགས་དུར་ཁྲོད་འབར་བའི་ཀློང་ན་བཞུགས༔ བར་དང་། འོག་གི །ཕོ་བྲང་སྒོ་བཞིར་ཛཿཧཱུྃ་བཾ་ཧོཿལས༔ ཉི་མ་ཞིང་རྐྱང་སོགས་ནས་བསྟོད་པའི་མཐའ་བར་སྤྲོ་ན་ལས་བྱང་ལྟར་དང་། བསྡུ་ན། དབང་བསྐུར་ནས་བསྟོད་པ་གྲུབ་ཀྱི་བར་དབང་ཆོག་སྟ་གོན་སྐབས་བཞིན་བྱ། གང་ལྟར་ཡང་ལས་བྱང་གི་དམིགས་པ་གསལ་བཏབ་ལ། ཀཱི་ལ་ཡ་སུམ་བརྒྱ་ལས་མི་ཉུང་བར་བཟླ། ༧ དེ་ནས་ལྷ་སྟ་གོན་མདོར་བསྡུས་ནི། མདུན་རྟེན་ཚོམ་བུ་ལ་དམིགས་ཏེ། སླར་ལས་བྱང་གི་མཆོད་བརླབ་ནས་བརྩམ། ལྷ་བསྐྱེད་ལ་བདག་མདུན་གྱི་ཁྱད་པར་དེ་ལས་མདུན་སྐྱེད་སོགས་ཁ་བསྒྱུར་ཏེ། བདག་སྐྱེད་སྐབས་ལྟར་དཀྲུག་མི་བྱེད་པར་ཤར་འདོན་གྱིས་ཁྲོ་བཅུའི་མཇུག །རབ་འཇིགས་དུར་ཁྲོད་འབར་བའི་ཀློང་ན་བཞུགས༔ བར་དང་། དེ་མཚམས་འོག་གི །ཧཱུྃ༔ ཐུགས་ཀྱི་སྲས་མཆོག་སོགས་སྲས་བསྐྱེད་ནས་ཤར་གྱིས། གཙོ་འཁོར་གྱི་བཟླས་པ་གྲུབ་པའི་མཐར་མཆོད་བསྟོད་བསྡུས་པ་བྱ། བུམ་པ་སྟ་གོན་ནས་གཟུང་སློབ་མ་སྟ་གོན་སོགས་དབང་ཆོག་བཞིན་ལ། ༧ དབང་དོན་སྒྲུབ་མཆོད་སྐབས་དངོས་སྟ་ཕྱེས་ན། ཕྱིར་ནངས་ཚིག་བདུན་ནས་གཟུང་ལྷ་བསྐྱེད་པ་ལ། ཏིང་འཛིན་རྣམ་གསུམ་ནས། ཕོ་བྲང་གཞལ་ཡས་བསྐྱེད་པ་བཅས་བདག་མདུན་ཆབས་ཅིག་ཏུ་ཚིག་རིས་གཅིག་གིས་བཏང་ནས། ཐོག་མར་བདག་བསྐྱེད་ལ་སྔར་སྟ་གོན་སྐབས་སུ་སྨྲོས་པ་བཞིན་ལས། དེ་ལྟར་གཞལ་ཡས་ལྷ་ཚོགས་གསལ་བར་བསྒོམ༔ ཞེས་པའི་བར་གྱི་མཚམས་ཁྱད་པར་ནི་དབང་བསྐུར་མན་འདིར་མི་སྦྱོར་ཞིང་། མདུན་བསྐྱེད་ལ་དམིགས་ཏེ། ཧཱུྃ༔ དཀྱིལ་འཁོར་དབུས་ཀྱི་གྲུ་གསུམ་ལྟེ་བ་ལ༔ སོགས་བདག་མདུན་གྱི་ཚིག་རིས་ཙམ་སྐབས་ཐོབ་ཁ་བསྒྱུར་བ་ལས་གཞན་གབ་དཀྲུག་མེད་པར་ཤར་གྱིས། རབ་འཇིགས་དུར་ཁྲོད་འབར་བའི་ཀློང་ན་བཞུགས༔ ཞེས་པའི་མཚམས། འོག་གི་སྲས་མཆོག་བསྐྱེད་པ། ཧཱུྃ༔ ཐུགས་ཀྱི་སྲས་མཆོག་སོགས་ནས། དེ་ལྟར་གཞལ་ཡས་ལྷ་ཚོགས་གསལ་བར་བསྒོམ༔ བར་གྱིས་མདུན་བསྐྱེད་གསལ་གདབ། དབང་བསྐུར་རྒྱས་གདབ་ཕྱིན་བདག་མདུན་ཚིག་རིས་གཅིག་པས་བྱ་བ་སོགས་ཀྱི་རྣམ་དབྱེ་ཤེས་ཤིང་སྦྱོར་དགོས། ༧ དངོས་སྟ་སྦྲེལ་ན། ཚོགས་གསག་རྡོ་རྗེ་སློབ་དཔོན་སྔོན་དུ་འགྲོ་བས། བགེགས་གཏོར་སྤྱི་ཁྱབ་བརླབ་འགུགས་བསྔོས་ནས་བསྐྲད། ལས་བྱང་གི་རྒྱལ་ཆེན་ནས་གཟུང་མངོན་རྟོགས་ལྷ་བསྐྱེད་གོང་གི་ལྷ་སྟ་གོན་སྐབས་བཤད་པ་བཞིན་མདུན་བསྐྱེད་གཙོ་བོར་བྱེད་དགོས། གཞན་དབང་ཆོག་བཞིན་གྱིས་འཐུས། དབང་དངོས་ཀྱི་རིག་འཛིན་གཏོར་དབང་སྐབས་ཁ་སྐོང་ནི། པདྨ་ཕྲིན་ལས་རྗེས་སུ། དབང་བཞིའི་བྱིན་རླབས་ཕོ་བྲང་ནས། །བརྒྱུད་འཛིན་བླ་མ་རིམ་བྱོན་རྣམས། །འགྲོ་བའི༴ ཆོས་དབྱིངས༴ རིག་འཛིན༴ འབྲལ་མེད་སྙིང་རྗེའི་སོགས་སྦྲེལ། རྡོ་རྗེ་སློབ་དཔོན་དབང་གི་ལྷ་བསྐྱེད་དཀྱུས་ཡོད་བསྡུས་པས་འཐུས། བསྒྲལ་དབང་གི་གསེར་སྐྱེམས་སྤྱི་འགྲོ་སྦྱོར། དེ་ཕྱིན་དབང་དང་། དེའི་རྗེས་དང་། ཆོ་གའི་མཇུག་གི་བྱ་བ་རྣམས་དབང་ཆོག་བཞིན་གྱིས་འགྲུབ་བོ།། །། ༈ སངས་རྒྱས་གླིང་པའི་ཕུར་སྒྲུབ་ཐུགས་ཀྱི་ཉིང་ཁུའི་སློབ་མ་སྨིན་བྱེད་དབང་གི་ལག་ཁྲིད་གོ་གསལ་དུ་བཀོད་པ་ཕྲིན་ལས་བདུད་རྩིའི་རྒྱུན་འབེབ་ལྟར་བདག་བསྐྱེད། དོན་དབང་ནས་འབྱུང་བའི་སྒོ་ཞུས་མཚམས་ཕུར་གདབ་པ་ཟིན་གྱི་བར་འདིར་བླངས་ལ། སྟ་གོན་བྱ། དབང་སྒྲུབ་ཀྱང་དོན་དབང་དབུར་གསུངས་པ་ལྟར་བདག་མདུན་བུམ་གསུམ་སོ་སོར་བསྒྲུབ་དགོས། དབང་དངོས་གཞིའི་ཡེ་དབབ་རྗེས་ཀྱི་དམ་གཞག་སྐབས་དམ་ཆུ་སྦྱིན་དགོས། དོན་དབང་བལྟས་ཆོག་ཏུ་བཀོད་པ་ཕྲིན་ལས་བཅུད་འཛིན་ལྟར་དངོས་སྟ་སྦྲེལ་བའི་དོན་དབང་ཡང་བསྐུར་ཞིང་། མེ་ཏོག་ཕྱག་ལེན་བདེ་ཕྱིར་སྔགས་ཀྱིས་སྦྱིན། མེ་ཏོག་ཅོད་པན་དབང་གི་སྐབས་མེ་ཏོག་གི་དོད་དུ་ཕུར་ཆུང་ཡུངས་ཐུམ་བཏགས་པ་སློབ་མ་སོ་སོར་བྱིན། རིག་དབང་ནང་གི་བུམ་པ་རྣམ་རྒྱལ་དང་། ཕུར་པ་རཏྣ་ཀཱི་ལ་ཡ་ཡིན། གསང་དབང་ཐོད་པ་རྒྱུན་བཞིན་ཟུར་དུ་བཤམས་པས་ཆོག །རྗེས་རིམ་བཅས་བྱའོ།། །། ༈ རཏྣ་གླིང་པའི་རྡོ་རྗེ་ཕུར་པ་ཡང་གསང་བླ་མེད་དོན་གྱི་སྙིང་པོའི་དབང་བསྐུར་ཆེན་མོ་ཁྱེར་བདེར་བཀོད་པ་ཕྲིན་ལས་རྣམ་པར་རོལ་པ་ལྟར་བདག་ཉིད་ལྷར་གསལ་བས། ས་ཆོག །སྙན་གསན་དབབ་པ། བུམ་པ་བརྒྱན་བཀོད། དབང་སྒྲུབ། སྟ་གོན་དང་སྦྲེལ་བའི་དངོས་གཞིར་ཅོད་པན་བཏགས་པའི་སྐབས་ཕུར་ཆུང་སློབ་མའི་གྲངས་མཉམ་སོ་སོར་གཏད་ཅིང་། རྩ་དབང་རྒྱས་པ་ཟུར་གསལ་ཁྲོ་བཅུ་སྲུང་མ་དང་བཅས་པའི་དབང་ཆོག་མཚོན་ཆའི་འཁོར་ལོ་བརྒྱུད་འཛིན་གྱི་སློབ་བུ་ལ་བསྐུར་སྐབས་སྦྱར་རྒྱུ་རྣམས་ཀྱང་སྦྱོར་དགོས་ཤིང་། འདི་སྐབས་དབང་གཞུང་གི་བསྡུས་པ་དེ་མ་བསྐུར་ཡང་། འདིར་རྒྱས་པ་ཐོབ་པས་བསྡུས་པ་ཐོབ་གོ་ཆོད་ཅིང་གཞན་ལ་བསྐུར་ཆོག །བསྡུས་པ་ཐོབ་པས་རྒྱས་པའི་གོ་མི་ཆོད་པའི་རྣམ་དབྱེ་ཕྱེད་དགོས། དབང་དང་ཆོ་གའི་རྗེས་རིམ་བཅས་དང་། དོན་དབང་བལྟས་ཆོག་ཏུ་བཀོད་པ་རྡོ་རྗེའི་སྒྲོམ་བུ་ལྟར་དབང་སྒྲུབ། སྟ་གོན་དང་དངོས་གཞི་སྦྲེལ་བའི་དོན་དབང་བསྡུས་པ། རྗེས་རིམ་བཅས་བྱའོ།། །། ༈ པདྨ་གླིང་པའི་ཕུར་པ་ཡང་གསང་སྲོག་གི་སྤུ་གྲིའི་དབང་སྒྲུབ་ལ། ལས་བྱང་ནོར་བུའི་ཕྲེང་བའི་ཚོགས་གསག་སྐྱབས་འགྲོ་ནས་བརྩམ་སྔོན་འགྲོའི་ལས་རིམ་བཅུ་དང་། དངོས་གཞི་བདག་དང་མདུན་གྱི་དཀྱིལ་འཁོར་སྒྲུབ་རྫས་རྣམས་དཀྱིལ་འཁོར་རྣམ་གསུམ་རྟེན་དང་བརྟེན་པར་བཅས་ཐ་མི་དད་པའི་ཚུལ་དུ་གྱེར་ཚིག་གཅིག་གིས་བསྒོམས་ནས། སྙན་གསན་དབབ་པ་ནས་གཟུང་བསྟོད་པའི་མཇུག་བར་གྲུབ་རྗེས། ཆོས་དབང་ཕུར་པའི་ལས་བྱང་ཀུན་བཟང་རོལ་མཚོ་ལྟར་ཛཔ྄་དམིགས་གསལ་བཏབ་ལ། ཀཱི་ལ་ཡ་འབྲུ་བཅུ་བདུན་པ་ཅི་འགྲུབ་དང་། གཞི་སྙིང་གཅིག་དྲིལ་དང་། དྲག་སྔགས་ཀྱང་ཅུང་ཟད་རེ་བཟླ། རྣམ་བུམ་སྤྱི་ལྟར་དང་། ལས་བུམ་དུ་འཁྱིལ་པ་དང་། ཐོད་པར་ལྷ་ཚོགས་བཅས་སོ་སོར་བསྐྱེད་བཟླས་རྣམས་ཆོས་དབང་ཕུར་པའི་དབང་ཆོག་བཻ་ཌཱུརྻའི་བུམ་བཟང་དུ་བཤད་པ་བཞིན་བྱ། སྟོང་ཚིགས་ཀྱི་མཆོད་བསྟོད། ཆོས་སྐྱོང་སྤྱི་དང་ཕུར་སྲུང་ལ་གཏོར་མ་འབུལ། ཚོགས་བྱིན་རླབས་ནས་མཆོད་བཤགས་བསྟབ་གསུམ་འབུལ། བདག་དབང་བླང་བའམ་རིག་མེ་དོར་ཞིང་གནང་བ་ནོད་པ་ཆོས་དབང་ཕུར་པའི་དབང་ཆོག་བཞིན་བྱ། དེ་ནས་འདིའི་དབང་ཆོག་ནག་འགྲོས་བདུད་བཞི་ཟིལ་གནོན་ལྟར་དབང་དངོས་གཞིའི་ས་བཅད་བཅུ་པའི་ཕུར་པ་གཙོ་འཁོར་སྦམ་ཕུར་དང་། བཅུ་གཉིས་པའི་མངགས་ཕུར་ཆེན་མོ་ནི་སྲས་མཆོག་ལས་ཕུར་ཡིན། བཅོ་ལྔ་པ་གདབ་པ་ལས་ཀྱི་དབང་ལ་དམིགས་བྱ་འགུགས་བསྟིམ་གསལ་བ་གསུམ་བཅས་ཆོས་དབང་ཕུར་པའི་དབང་ཆོག་བཞིན་སྦྱར་ཞིང་། གཞན་རྣམས་མཐར་ཆགས་སུ་བསྐུར། ཆོ་གའི་རྗེས་ཚོགས་ལ་རོལ་ཞིང་སྨོན་ལམ་གདབ། ལྷག་མ་བསྔོ། བསྐུལ་བ། དབང་རྐྱང་སྐབས་ཟློག་པ་སྒོ་དབྱེ་ཟོར་བཅས་དོར་ལ། ཆད་བརྟན། རྟ་བྲོ། གཏང་རག་གི་མཆོད་བསྟོད། ཛཔ྄་བསྙེན་གྱི་མཇུག་ནས་འབྱུང་བ་བཞིན་དངོས་གྲུབ་བླང་། ནོངས་བཤགས་དང་བརྟན་བཞུགས་སྤྱི་འགྲོ། བསྡུ་ལྡང་། བསྔོ་སྨོན། བཀྲ་ཤིས་བཅས་བྱའོ།། །། ༈ ཁྲག་འཐུང་བདུད་འདུལ་ནུས་ལྡན་རྡོ་རྗེའི་ཡང་གསང་མཁའ་འགྲོའི་སྙིང་ཁྲག་ལས་སྙིང་ཐིག་ཚེ་ཡང་ཕུར་གསུམ་གྱི་རྡོ་རྗེ་ཕུར་པ་གནམ་ལྕགས་སྤུ་གྲིའི་དབང་གི་ཆོ་ག་ལག་ལེན་གྱིས་བརྒྱན་པ་གནམ་ལྕགས་ཞུན་འདྲིལ་ལྟར་དབང་སྒྲུབ་སྐབས། དཔེ་འབྱོར་ན་དབང་ཆོག་བཞིན་དང་། མ་འཛོམ་ན་ཕྲིན་ལས་བཞིན་མཐར་ཆགས་སུ་བཏང་བས་འགྲིགས། སྒོ་ཞུས། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ ཆོས་རྗེ་གླིང་པའི་ཐུགས་དམ་གསང་བའི་ལྷ་མཆོག་རྡོ་རྗེ་ཕུར་པ་ཐུགས་ཀྱི་ཐིག་ལེའི་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་ཡེ་ཤེས་བཅུད་འདྲེན་ལྟར་བདག་བསྐྱེད། སྟ་གོན། དབང་སྒྲུབ། དབང་དངོས་ལ་ཟུར་གསལ་ལྷ་དབང་སྦྱར་ཞིང་། ཟློག་གཏོར་དབང་རྒྱས་བསྡུས་གང་བདེ་སྐབས་དང་སྦྱར་བས་བསྐུར། ཆོ་གའི་རྗེས་རིམ་བཅས་བྱའོ།། །། ༈ ར་ཞི་སྟོན་པ་སྟོབས་ལྡན་རྡོ་རྗེའི་སྟག་ཚང་རྡོ་རྗེ་ཕུར་པའི་སྟོད་ལས་རྡོ་རྗེ་སེམས་དཔའ་རིགས་ལྔ་རྒྱན་གཅིག་གི་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་ལས་རབ་གསང་བ་འཕྲུལ་འབྱེད་ལྟར་དབང་སྒྲུབ། དབང་དངོས་ཀྱི་སྒྲོལ་དབང་སྐབས། འགུགས་པ་སྤྱི་འགྲོའི་རྗེས་ཚིག་རིས་བཞིན་རྒྱ་བཞི་ཡུངས་དཀར་དབྱེ་སྒྲོ་བཅས་འདེབས་དགོས། ཆོ་གའི་རྗེས་རིམ་བཅས་དང་། ༧ ཕུར་པ་ཆེ་མཆོག་གི་ལས་བྱང་དབང་བསྐུར་བསྒྱུར་ཁའི་ཟུར་འདེབས་ཁྱེར་བདེར་བཀོད་པ་ལྟར་དབང་སྒྲུབ། དབང་དངོས། རྗེས་བཅས་བྱའོ།། །། ༈ པདྨ་འོད་གསལ་མདོ་སྔགས་གླིང་པའི་སྙན་བརྒྱུད་ཕྲིན་ལས་ཕུར་པའི་གནད་ཏིག་གི་སྨིན་གྲོལ་འབོགས་པའི་ལག་ལེན་ཕྲིན་ལས་གསང་བའི་བཅུད་འདུས་ལྟར་དབང་སྒྲུབ། དངོས་གཞིར་སྟོད་ལས་མཆོག་སྒྲུབ་ཀྱི་དབང་། སྨད་ལས་དྲག་པོའི་སྒྲོལ་དབང་། ཚེ་དབང་། ཕུར་བཞིའི་དགོངས་པའི་ཟབ་ཁྲིད། རྗེས་རིམ་བཅས་བྱའོ།། །། ༈ མཆོག་གྱུར་གླིང་པའི་ཟབ་པ་སྐོར་བདུན་ལས་ཡང་གསང་ཐུགས་ཀྱི་ཕུར་གཅིག་གི་སྨིན་བྱེད་ཁྱེར་བདེ་རྣམ་གསལ་དུ་བཀོད་པ་རིག་མཆོག་གསང་བའི་བཅུད་འབེབ་ལྟར་དབང་སྒྲུབ་སྐབས། ༼ཉི༽བསྟན་སྲུང་ཤྭ་ན་ཆེན་པོའི་ཡོངས་རྫོགས་གཏོར་མའི་དབང་ཆོག་མཐུ་རྩལ་ནུས་པའི་བཅུད་འབེབ་ནས་གསུངས་པ་ལྟར་གཏོར་དབང་བསྒྲུབ་ཅིང་། བཟླས་པའི་ཐོག་མར་ཁྲོ་རྒྱལ་སྟོབས་འདུས་ཀྱི་སྔགས་ནི། ཨོཾ་རུ་ལུ་རུ་ལུ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཅེས་བརྒྱ་རྩའི་རྗེས། གཞི་སྙིང་གཅིག་དྲིལ་ཉེར་ལྔ་ཙམ་བཟླ། དངོས་གཞིར་ལོ་རྒྱུས་དང་མཎྜལ་ཕུལ་རྗེས། ཁྱེད་རང་རྣམས་སྔོན་ཆད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དུ་མ་ཞུགས་པའམ། བསྐྱར་ནས་འཇུག་པའི་མཚོན་བྱེད་དུ་རས་ཡུག་དམར་པོས་གདོང་དགབ་པའི་མོས་པ་མཛོད། ཨོཾ་ཙཀྵུ་བྷནྡྷ་བཱ་ར་མ་ཎ་ཡ་ཧཱུྃ། ཞེས་མིག་དར་སྦྱིན། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཕྱག་རྟེན་དུ་ཨུ་དུམྦ་རཿལ་སོགས་པའི་མཆོག་གི་མེ་ཏོག་སྣ་ལྔའི་ཕྲེང་བ་རེ་ཐོགས་པར་མོས་ཤིག །ཨཱ་ཁཾ་བཱི་ར་ཧཱུྃ་ཞེས་མེ་ཏོག་གཏད། ཅེས་ཆད་པ་བཙུད་ནས། བླ་མ་དཔལ་ཆེན་སོགས་གསོལ་གདབ་ནས། སྟོད་ལས་མཆོག་སྒྲུབ་ཀྱི་དབང་གི་རྗེས་ཚོགས་ཐེངས་གྲོལ་ནས། སློབ་དཔོན་གྱིས་སྟོད་ལས་ཀྱི་དཀྱིལ་འཁོར་དེ་སྨད་ལས་ཨེ་ཁྲོམ་གྱི་དཀྱིལ་འཁོར་དུ་ཞལ་བསྒྱུར་བ་སོགས་བསྐྱེད་བཟླས་ཀྱིས་དབང་སྒྲུབ་སྟེ་སྨད་ལས་སྒྲོལ་དབང་བསྐུར་ཞིང་། འདིའི་སྐབས་བསྒྲལ་དབང་རྒྱས་པ་མི་དགོས། བསྡུས་པ་གཞུང་གསལ་གྱིས་འཐུས། གཞུང་གསལ་སྒྲོལ་དབང་གི་དམ་ཚིག་ཁས་བླངས་རྗེས། དེ་ལྟར་ཐོབ་པའི་གཏང་རག་དང་། སླར་ཡང་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་ཉིད་མི་བསྲུན་འདུལ་ཕྱིར་ཀརྨ་ཧེ་རུ་ཀཿཕྲིན་ལས་མགོན་པོ་རྡོ་རྗེ་ཕྲ་མེན་ཤྭ་ན་ཆེན་པོའི་སྐུར་བཞེངས་པའི་བྱིན་རླབས་གཏོར་མའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ། ཤྭ་ནའི་ལོ་རྒྱུས་དང་གསོལ་གདབ་སྦྲེལ་ནས་བསྐུར་ཞིང་། དབང་གི་རྗེས་རྣམས་དང་། ཆོ་གའི་རྗེས་ཚོགས་ལ་རོལ་ཞིང་། ལྷག་མ་ཕྲིན་ལས་མཇུག་གི་སྤྱི་ཆིངས་བཞིན་བསྔོས་རྗེས། ཤྭ་ནའི་འབུལ་གཏོར་ལ་དམིགས་ཏེ། དམ་ཅན་སྤྱི་གཏོར་གྱི་འགུགས་བརླབ་གཏོར་སྔགས་ཕྲིན་བཅོལ་བཅས་བྱ་བ་ལ་ཤྭ་ནའི་རང་སྔགས་བསྒྱུར་བ་ཙམ་ཁྱད་པར་རོ། །ཕྲིན་ལས་མཇུག་གི་སྤྱི་ཆིངས་ཀྱི་བསྐུལ་བ། ཆད་བརྟན། རྟ་བྲོའི་མཇུག་ཏུ་ཤྭ་ནའི་རྗེས་རིམ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཤྲཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པུཥྤེ་ནས། ཤབྡ་མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི། ཞེས་པས་མཆོད། ཧཱུྃ། རྡོ་རྗེ་གཞོན་ནུ་ཡབ་ཡུམ་མཁའ་ཀློང་ནས། །ཐུགས་རྗེ་དྲག་གཏུམ་ཁྲོས་པའི་ཆོ་འཕྲུལ་ལས། །མི་བསྲུན་མ་ཧཱ་ཀཱ་ལ་ཤྭ་ན་ཆེ། །ཕྲ་མེན་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། ནོངས་བཤགས་ནས་བཀྲ་ཤིས་བར་དམ་སྤྱི་བཞིན་གཏང་ལ་གཞུང་གི་མཆོད་བསྟོད་སོགས་མཐར་དབྱུང་བས་གྲུབ་བོ།། །། ༈ མཆོག་གླིང་གསང་ཐིག་སྐོར་གསུམ་གྱི་རྡོ་རྗེ་གཞོན་ནུ་ཕྱག་རྒྱ་གཅིག་པའི་གཏོར་དབང་གི་ཆོ་ག་རྡོ་རྗེའི་ཐིག་ལེ་ལྟར་དབང་སྒྲུབ། དབང་དངོས། རྗེས་ཆོག་གཏོར་འབུལ་ཚོགས་མཆོད་བཅས་བྱའོ། །དེ་རྣམས་ཀྱིས་ཕྲིན་ལས་ཀྱི་ལྷ་མཆོག་རྡོ་རྗེ་ཕུར་པའི་སྐོར་གྲུབ་བོ།། །། ༄༅། །དྲུག་པ་འདས་མ་འདས་ཀྱི་དཀྱིལ་འཁོར་ཆ་སྙོམས་སུ་སྟོན་པའམ། བསྐྱེད་རྫོགས་རྩ་རླུང་གི་མན་ངག་ཆ་སྙོམས་སུ་འབྱུང་བས་སོ་མཚམས་པར་གྲགས་པ་མ་མོ་རྦོད་གཏོང་གི་སྐོར་ལ་དངོས་དང་། ཕྱོགས་གཏོགས་གཉིས་ལས། དང་པོ་དངོས་ལ། ར་ཤག་ཆོས་འབར་རམ་བསོད་ནམས་རྡོ་རྗེའི་སྲིད་པ་མ་མོ་སྒང་ཤར་གྱི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བའི་ཆོ་ག་གསལ་བར་བཀོད་པ་བདེ་ཆེན་རོལ་མཚོ་ལྟར་བདག་བསྐྱེད། སྟ་གོན། དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ པདྨ་འོད་གསལ་མདོ་སྔགས་གླིང་པའི་སྙན་བརྒྱུད་སྲིད་པ་མ་མོའི་གནད་ཏིག་གི་ཕྲིན་ལས་དང་དབང་བསྐུར་བའི་ལག་ལེན་བཀླག་ཆོག་ཏུ་བཀོད་པ་མ་མོ་དགྱེས་པའི་དགའ་ཚལ་ལྟར་དབང་སྒྲུབ། དངོས་གཞི་རྩ་དབང་རྗེས་འབྲེལ་དང་བཅས་པ། ཟབ་ཁྲིད། རྗེས་རིམ་བཅས་བྱའོ།། །། ༈ མཆོག་གྱུར་གླིང་པའི་ཟབ་བདུན་གྱི་དཔལ་མངོན་རྫོགས་རྒྱལ་པོའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོག་བསྒྲིག་རིག་འཛིན་རོལ་པའི་དགའ་སྟོན་ལྟར་དབང་སྒྲུབ། དབང་དངོས་ཀྱི་ལྷ་དབང་སྐབས་དཔལ་བརྒྱད་སོ་སོར་ཁ་ཕྲལ་ཏེ་བསྐུར་དགོས། རྗེས་རིམ་བཅས་བྱའོ། །མ་མོ་རྦོད་གཏོང་རྩ་བ་ནི་འདིར་དེ་ཙམ་མོ།། །། ༄། གཉིས་པ་མ་མོ་རྦོད་གཏོང་གི་ཕྱོགས་སུ་གཏོགས་པ་ཡེ་ཤེས་མཁའ་འགྲོ་སེང་གདོང་མའི་སྐོར་ལ། བོ་དོང་པ་ནམ་མཁའ་སངས་རྒྱས་མགོན་པོ་ལ་ཉེ་རིང་གི་བརྒྱུད་པའི་བཀའ་བབས་པ་སེང་གདོང་བཀའ་བཅུའི་རྗེས་གནང་ལ། ཟབ་གསང་སེང་གདོང་སྙན་བརྒྱུད་ཀྱི་སྒྲུབ་ཐབས་བཀའ་བཅུའི་མངོན་རྟོགས་རྗེས་གནང་གི་ཐོ་ཡིག་ཕྲིན་ལས་སྙིང་པོ་ལྟར། དང་པོ་ཕྱི་སྒྲུབ་རྡོ་རྗེ་མཁའ་འགྲོ་སེང་གདོང་མ་སྔོན་མོ་གཙོ་རྐྱང་། གཉིས་པ་ནང་སྒྲུབ་སེང་གདོང་སྔོན་མོ་རིགས་ལྔ། གསུམ་པ་ནང་སྒྲུབ་སེང་གདོང་དམར་མོ་གནོད་སྦྱིན་དབང་སྡུད་རྒྱལ་མོ། བཞི་པ་ནང་སྒྲུབ་དབང་སྡུད་པདྨ་མཁའ་འགྲོ་རིགས་ལྔ་སྟེ་ནང་སྒྲུབ་སྐོར་གསུམ་དང་། ལྔ་པ་གསང་སྒྲུབ་གཅེར་བུ་ཁྲོས་མ་ནག་མོ། དྲུག་པ་གསང་སྒྲུབ་གཅེར་བུ་ཁྲོས་ནག་ཞལ་གསུམ་ཕྱག་དྲུག་ཕུར་ཞབས་ཅན། བདུན་པ་གསང་སྒྲུབ་གཅེར་བུ་ཁྲོས་ནག་ཕུར་ཞབས་ཅན་ཞལ་གཅིག་ཕྱག་གཉིས་མ་སྟེ་གསང་སྒྲུབ་སྐོར་གསུམ་དང་། བརྒྱད་པ་ཡང་གསང་ལས་མཐའ་ཕྱིར་ཟློག་ཆེན་མོ། དགུ་པ་ལས་མཐའ་རྒྱས་སེང་གདོང་དམར་མོ་ཚེ་སྒྲུབ་རྒྱལ་མོ་འཆི་བདག་བདུད་འཇོམས་མ། བཅུ་པ་སེང་གདོང་འབྱུང་བཞི་བཅུད་སྡུད་ཀྱི་ཚེ་སྒྲུབ་རྣམས་རིམ་པ་བཞིན་ལ་སྐྱབས་སེམས་ཚད་མེད་བཞི་སྒོམ་པ་སྔོན་འགྲོ་བཞི་སྦྱོར་ལྟར་དང་། སྦྱོར་དངོས་རྗེས་ཀྱི་ཆོ་གའི་ཆིངས་དང་རྗེས་རྣམས་ནང་སྒྲུབ་སེང་གདོང་རིགས་ལྔའི་སྒྲུབ་ཐབས་རྗེས་གནང་ཕྲིན་ལས་རྣམ་རོལ་བཞིན་ལ། མངོན་རྟོགས་དང་ཐུགས་ཀྱི་རྗེས་གནང་གི་ས་བོན་གྱི་ཁ་དོག་བཅས་སོ་སོའི་སྐབས་ཐོབ་བཞིན་བསྒྱུར་བ་དང་། ཚེ་སྒྲུབ་གཉིས་ལ་ཐུགས་དབང་རྗེས་ཚེ་རིལ་ཆང་སྦྱིན་པ་སོ་སོར་སྦྱོར་བ་བཅས་རྗེས་གནང་བཅུ་པོ་ཆད་ལྷག་མེད་པར་བྱ་དགོས་སོ།། །། ༈ འཇའ་ཚོན་སེང་གདོང་མའི་གཏོར་དབང་གོང་དུ་དཀོན་སྤྱིའི་སྐབས་སུ་སོང་ངོ་།། །། ༈ ཀློང་གསལ་རྡོ་རྗེ་སྙིང་པོའི་ཡན་ལག་གི་སྒྲུབ་སྐོར་བདུད་འདུལ་སེང་ཧ་དམར་མོའི་བཀའ་གཏད་མཚམས་སྦྱོར་གྱིས་བརྒྱན་པ་རྡོ་རྗེའི་ཞུན་ཐིགས་ལྟར་དབང་སྒྲུབ། དངོས་གཞི་བཀའ་གཏད། རྗེས་རིམ་བཅས་བྱའོ།། །། ༈ མཁས་གྲུབ་རཱ་ག་ཨ་སྱའི་དག་སྣང་བཀའ་གཏེར་ཟུང་འཇུག་མཁའ་འགྲོ་སེང་གདོང་མའི་གཏོར་དབང་རྨི་ལམ་མ་ལྟར་དབང་སྒྲུབ། དངོས་གཞིར་གཏོར་དབང་། རྗེས་བཅས་བྱའོ།། །། ༈ མ་ཏི་རཏྣ་དང་སྟག་ཤམ་བསམ་གཏན་གླིང་པ་གཉིས་ཀའི་གཏེར་བྱོན་ཆུ་བོ་གཅིག་འདྲེས་མཁའ་འགྲོ་བདུད་འདུལ་དྲག་མོ་སེང་གེའི་གདོང་པ་ཅན་གྱི་སྲོག་དབང་སྲོག་གི་ཐ་རམས་འགྲོལ་བར་བྱེད་པའི་དབང་ཆོག་ཨིནྡྲ་ནཱི་ལའི་ལྡེའུ་མིག་ལྟར་དབང་སྒྲུབ། དངོས་གཞིར་རྩ་དབང་རྒྱས་པ་སྔགས་ཀྱི་རྗེས་གནང་ཆོས་ཀྱི་བཀའ་གཏད་དང་བཅས་པ་ལ། ཟུར་གསལ་སྲུང་བཟློག་གསད་པའི་རྗེས་གནང་སྦྱར་མིན་སྐབས་དང་བསྟུན། དམ་ཚིག་བསྒྲགས་གཟུང་སོགས་མཐར་དབྱུང་། དབང་སྒྲུབ་གཅིག་འཐུས་ཀྱི་དོན་དབང་ལག་ཁྲིད་གསལ་བར་བཀོད་པ་བྱིན་རླབས་ཡེ་ཤེས་འདྲེན་པའི་ལྕགས་ཀྱུ་ལྟར་སྙིང་པོ་བསྡུས་པའི་དོན་དབང་བསྐུར་ནས། ཆོ་གའི་རྗེས་རིམ་བཅས་བྱའོ།།་་་འདི་ལ་ཆོས་གླིང་གིས་མཛད་ཁྲིད་ཡོད་ཀྱང་འཆད་དགོས་པར་མ་གསུང་།མཆན།། །། ༈ རོལ་པ་རྡོ་རྗེའི་གསང་བདག་དྲེགས་འདུལ་གྱི་ཡུམ་བཀའ་མཁའ་འགྲོ་སེང་གདོང་མའི་རྗེས་གནང་གསལ་བྱེད་དངོས་གྲུབ་ལག་གཏོད་ལྟར་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ མཆོག་གླིང་དག་སྣང་བི་མའི་བླ་སྒྲུབ་ཀྱི་ཡང་གསང་སེང་གདོང་མའི་དབང་ནི་གོང་དུ་བི་མའི་བླ་སྒྲུབ་དབང་ལྷན་སོང་ཟིན། དེ་དག་ཕྱོགས་གཏོགས་ཏེ་མ་མོ་རྦོད་གཏོང་གི་སྐོར་རྣམས་གྲུབ་བོ།། །། ༄༅། །བདུན་པ་འཇིག་རྟེན་མཆོད་བསྟོད་ཀྱི་སྐོར་ལ། མངའ་བདག་ཉང་རལ་གྱི་དྲེགས་པའི་སྡེ་དཔོན་སུམ་ཅུའི་མཐུ་དབང་གོང་གི་བཀའ་བརྒྱད་བདེར་འདུས་སྐབས་སུ་སོང་ངོ་།། །། ༈ རོལ་རྡོར་གཏུམ་པོ་དྲེགས་པ་ཀུན་འདུལ་གྱི་ཕྱི་སྒྲུབ་དང་འབྲེལ་བའི་གཏོར་མའི་དབང་བསྐུར་བགེགས་འདུལ་གནམ་ལྕགས་མྱུ་གུ་ལྟར་དབང་སྒྲུབ་ཀྱི་སྐབས་དཀར་བགེགས། རྒྱལ་འདུས་ལྟར་རམ་མ་ལྕོགས་ན་སྤྱི་འགྲོ་གཏང་། དབང་དངོས། རོལ་རྡོར་༼ཐི༽རྩ་གསུམ་སྤྱིའི་ལས་བྱང་གི་ཚོགས་མཆོད་སོགས་རྗེས་ཆོག་བཅས་བྱའོ།། །། ༈ མཆོག་གླིང་ཟབ་བདུན་གསང་བདག་དྲེགས་པ་ཀུན་འདུལ་གྱི་ཕྲིན་ལས་དབང་བསྐུར་དང་བཅས་པ་རྡོ་རྗེའི་བཅུད་ཀྱི་ཞུན་ཐིགས་ལྟར་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ མཆོག་གླིང་ཟབ་པ་སྐོར་བདུན་ལས། འཇིག་རྟེན་མཆོད་བསྟོད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་ཕྱག་བཞེས་བཞིན་བཀོད་པ་མཐུ་སྟོབས་བཅུད་ཀྱི་ཞུན་ཐིགས་ལྟར། ༼ཐི༽ཕྲིན་ལས་སྔོན་རྗེས་ཀྱི་སྤྱི་ཆིངས་སྦྱར་བའི་དབང་སྒྲུབ། དབང་དངོས་ལ་ཟུར་གསལ་ལྷ་དབང་སྦྱར་བ། རྗེས་རིམ་བཅས་བྱའོ། །དེ་དག་གིས་འཇིག་རྟེན་མཆོད་བསྟོད་ཀྱི་སྐོར་གྲུབ་བོ།། །། ༄༅། །བརྒྱད་པ་དམོད་པ་དྲག་སྔགས་ཀྱི་སྐོར་ལ། མཆོག་གྱུར་གླིང་པའི་ཟབ་བདུན་གྱི་དམོད་པ་དྲག་སྔགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་ཕྱག་བཞེས་བཞིན་བཀོད་པ་དྲག་སྔགས་བཅུད་ཀྱི་ཞུན་ཐིགས་ལྟར། ༼ཐི༽ཕྲིན་ལས་སྔོན་རྗེས་ཀྱི་སྤྱི་ཆིངས་སྦྱར་བའི་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ ངག་གི་རྡོ་རྗེའི་ཕྱག་རྡོར་གཏུམ་པོ་དྲག་སྔགས་མའི་དབང་གི་ཆོ་ག་དྲག་སྔགས་རྡོ་རྗེའི་ཞུན་ཐིགས་ལྟར་དབང་སྒྲུབ་སྐབས་བུམ་བཟླས་རྗེས། ཚེ་སྒྲུབ་ཀྱི་མཆོད་བརླབ་མངོན་རྟོགས་ཕྱིན་གཏང་། བཀའ་སྲུང་བཅས་སྦྱར། དངོས་གཞིར་རྩ་དབང་། སྡེ་བརྒྱད་དང་གཏེར་སྲུང་གཟའ་ཀླུ་ཐ་ར་ནག་པོའི་བཀའ་གཏད་རྗེས། ཚེ་དབང་དྲག་སྔགས་རྡོ་རྗེའི་བཙན་རྫོང་ལྟར་རྩ་དབང་བཀའ་གཏད་དང་བཅས་པ། རྗེས་རིམ་ཚེ་སྒྲུབ་ལའང་ཆབས་ཅིག་གིས་འཐུས་སོ།། །། ༈ ཀུན་གཟིགས་འོད་གསལ་སྤྲུལ་པའི་རྡོ་རྗེའི་དག་སྣང་དྲང་སྲོང་དྲི་མེད་ཀུན་ཏུ་དགེ་བ་ཞི་བའི་སྒོ་ནས་འཆི་མེད་རྡོ་རྗེའི་སྲོག་སྒྲུབ་པའི་མན་ངག་རིག་པ་འཛིན་པའི་སྙིང་ཏིག་ལྟར་དབང་སྒྲུབ་སྐབས། ཚོགས་མཆོད་ཀྱི་མགོར་གཏོར་འབུལ་དང་། མཇུག་ཏུ་འབྱུང་བའི་ཁྱད་པར་གྱི་བཀའ་སྲུང་འཆི་མེད་ཙཎྜི་ཀཱའི་གཏོར་འབུལ་སྦྱར། དབང་དངོས་ལ་མཚམས་སྦྱོར་ལོ་རྒྱུས་སྐབས། མངོན་སུམ་ཡེ་ཤེས་ཆེན་པོའི་ཟུངས་སུ་སྨིན་པར་བྱེད་པ་འདི་ནི། སྔོན་ཚེ་གཏེར་ཆེན་སྤྲུལ་པའི་སྐུ་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་སྤྱན་དྲངས་པ་ཉིད། སླར་ལྡབ་གཏེར་དུ་བསྩལ་པ། བར་དུ་མངའ་རིས་རིག་འཛིན་ཆེན་པོ་ལེགས་ལྡན་བདུད་འཇོམས་རྡོ་རྗེས་ཕྱུང་ནས་ཐུགས་ཉམས་སུ་བཞེས་ཤིང་ཡང་གཏེར་དུ་སྦས་པ། ཕྱིས་འགྲོ་དོན་དུས་ལ་བབས་པའི་སྐལ་བཟང་གི་རྟེན་འབྱུང་ཤར་བ་ན། སྤྲུལ་པའི་གཏེར་འབྱིན་རྒྱ་མཚོའི་འཁོར་ལོས་སྒྱུར་བ་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ཉིད་གྲུབ་པའི་གནས་མཆོག་རྣམས་སུ་ཉེ་རྒྱུའི་སྤྱོད་པའི་ཟློས་གར་གྱི་རྩལ་ཕྱོགས་མེད་དུ་སྤེལ་སླད་བོད་ཡུལ་གྱི་གནས་ཆེན་དང་གནས་ཕྲན་ཐམས་ཅད་དུ་ཕེབས་པའི་སྐབས། བོད་ཀྱི་ཚེ་བྲག་དཔལ་ཆེན་ཆུ་བོ་རིའི་གཡས་ཟུར་དུ་རིག་འཛིན་ཆེན་པོ་ལེགས་ལྡན་རྗེའི་ཟག་མེད་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་ཞིང་། ཡང་གཏེར་སྙན་བརྒྱུད་ཀྱི་ཚུལ་དུ་བསྩལ་པ་ཉིད་ཐུགས་ཉམས་སུ་བཞེས་ཤིང་། སླར་གནས་དུས་ཀྱི་རྟེན་འབྲེལ་ཕུན་སུམ་ཚོགས་པས་མཚམས་སྦྱར་ནས་གཏན་ལ་ཕབ་པའི་སྨིན་བྱེད་དབང་བསྐུར་ཟབ་མོ་སོགས་མཎྜལ། གསོལ་གདབ་རྗེས་ཟློས་ལན་གསུམ། རྒྱུད་སྦྱོང་བའི་སླད་དུ་མདུན་མཁར་དཀོན་མཆོག་རྩ་བ་གསུམ་གྱི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པའི་དབུས་སུ་དྲང་སྲོང་དྲི་མེད་ཞི་བའི་སྐུ་མཚན་དཔེའི་གཟི་བྱིན་འབར་ཞིང་དགྱེས་པའི་འོད་ཟེར་འཕྲོ་བ་ལ། མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་བཞིན་བཞུགས་པའི་སྤྱན་སྔར། ཡན་ལག་བརྒྱད་པ་འབུལ་བའི་ཏིང་འཛིན་གསལ་ཐོབས་ལ་འདིའི་རྗེས་ཟློས། རྒྱུན་བཤགས་ལན་གསུམ། དེ་ནས་ཡེ་ཤེས་ཀྱི་བྱིན་དབབ་ཅིང་ཚེ་བཅུད་བསྟིམ་པའི་སླད་དུ་དམིགས་པ་འདི་ལྟར་མཛོད། ཁྱེད་རང་རྣམས་ཀྱིས་རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གྱི་ཁྱབ་བདག་དང་གཉིས་སུ་མེད་པར་ཤེས་པ་ལ་དད་མོས་ཀྱིས་གསོལ་བ་བཏབ་པས། ཐུགས་དམ་ཐུགས་རྗེའི་དབྱིངས་ལས་འོད་ཟེར་གྱི་ཕོ་ཉ་ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོ་ཁྱབ་པར་འཕྲོས་པའི་མཐུས། དེ་རྣམས་སུ་བཞུགས་པའི་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བྱིན་སྟོབས་ཐམས་ཅད་སྐུ་གསུམ་བླ་མའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་བཞེངས་ཏེ་བྱིན་ཐིབས་སེ་བྱོན་ཅིང་། སློབ་མའི་སྒོ་གསུམ་ལ་དབྱེར་མེད་དུ་ཞུགས་པས་བྱིན་དབང་དངོས་གྲུབ་ཐོབ་པའི་ངེས་ཤེས་སྐྱེད་ཅིག །ཨོཾ། ངོ་བོ་འོད་གསལ་སོགས་བཟླས་པའི་མཐར་འབྱུང་བའི་ཚེ་འགུགས་གྱེར་ཞིང་མདའ་དར་གཡབ། སྔགས་ཤམ་བཅས་བརྗོད་ཅིང་སྤོས་རོལ་གྱིས་བྱིན་དབབ། དེ་ཉིད་བརྟན་པའི་ཕྱིར་དབང་རྣམས་རིམ་པར་འབྱུང་བ་ལས། དང་པོ་སྐུ་ཡི་དབང་བསྐུར་བའི་སླད་དུ་སོགས་ནས། ཕྱི་དབྱིབས་ཀྱི་ལུས་འཆི་མེད་དྲང་སྲོང་གྲུབ་པའི་སྐུར་ལམ་སྟེ་གྱུར་པར་བསམ་ལ། དེ་ཉིད་གསལ་གདབ་པའི་ཕྱིར་རྡོ་རྗེའི་གསུང་འདིའི་དོན་ལ་སྙན་གཏོད་ཅིག །འོད་གསལ་ངང་ལས་སྐད་ཅིག་གིས། །སློབ་མ་དྲང་སྲོང་དྲི་མ་མེད། །ཞལ་གཅིག་ཕྱག་གཉིས་སོགས་སྒྲུབ་ཐབས་ལྟར། མ་ལུས་འདུས་པའི་ངོ་བོར་གསལ། །དེ་ལྟར་བསྐྱེད་པའི་ལྷ་ལ་དབང་གི་ལྷ་དང་སློབ་དཔོན་ལྷན་ཅིག་པས། རྡོ་རྗེའི་གཏོར་བླུགས་ཀྱི་ཆོ་ག་བསྩལ་པར་མོས། ཨོཾ། བཀྲ་ཤིས་བུམ་པའི་སོགས་ནས། ཐུགས་དབང་གི་མཉམ་པར་བཞག་པས་སྟོང་པ་ཉིད་ཀྱི་ངང་དུ་ཚེ་སྦ་བ་ནམ་མཁའི་རྡོ་རྗེའི་ཏིང་ངེ་འཛིན་ལ་མཉམ་པར་ཞོག་ཅིག །ཅུང་ཟད་ཉམས་བསྐྱང་དུ་གཞུག །དེས་ཐུགས་ཀྱི་དབང་ཐོབ། སོགས་ཀྱི་མཐར་ཤིས་བརྗོད་དང་། དམ་ཚིག་ཁས་བླང་། གཏང་རག་མཎྜལ། ལུས་དབུལ། དགེ་བསྔོ་བཅས་སྤྱི་ལྟར་དང་། རྗེས་རིམ་ཚོགས་ལ་རོལ་ཞིང་ལྷག་མ་བསྔོས་རྗེས། མཆོད་བསྟོད་འདོད་གསོལ་བཅས་དང་། མ་རྙེད་ཡོངས་སུ་སོགས་དང་། ཡིག་བརྒྱས་ནོངས་པ་བཤགས། ཚོགས་མགྲོན་བརྟན་བཞུགས་བཅས་སྦྱར། བསྡུ་ལྡང་། སྨོན་ཤིས་རྣམས་ཀྱིས་གྲུབ་བོ།། །། ༈ གུ་རུ་ཆོས་དབང་གི་ལོཀྟྲིའི་དབང་སྒྲུབ་༼འདོད་བུམ། 443༽ལྟར་དངོས་གཞི་རིག་གཏད་ཀྱི་གཏོར་དབང་གྲུབ་པ་དང་། གོས་དྲང་ཚུགས་སུ་གྱོན། རྗེས་བཅས་བྱའོ།། །། ༈ མཆོག་གྱུར་གླིང་པའི་ཟབ་བདུན་དྲང་སྲོང་དྲི་མེད་ཞི་ཁྲོའི་ཕྲིན་ལས་དབང་བསྐུར་དང་བཅས་བཀླག་ཆོག་ཏུ་བཀོད་པ་རིག་སྔགས་བཅུད་ཀྱི་ཞུན་ཐིགས་ལྟར་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ། །དེ་རྣམས་ཀྱིས་དམོད་པ་དྲག་སྔགས་ཏེ། ཡི་དམ་བཀའ་བརྒྱད་སྤྱི་དང་བྱེ་བྲག་གི་སྒྲུབ་སྐོར་རྩ་བ་དང་ཡན་ལག་བཅས་པ་གྲུབ་བོ།། །། ༄༅། །རྩ་བའི་གསུམ་པ་ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོའི་སྒྲུབ་སྐོར་ལ། བླ་མ་མངའ་བདག་ཉང་རལ་ཉི་མ་འོད་ཟེར་གྱི་ཟབ་གཏེར་མཁའ་འགྲོ་ཆེན་མོའི་ཕག་མོ་ཞལ་གཉིས་མ་༼འདོད་བུམ། 327༽ལྟར་ལྷ་དགུའི་དབང་སྒྲུབ། དབང་དངོས་ཀྱི་ལོ་རྒྱུས་སྐབས། ལྷ་དགུ་མའི་ཞེས་པ་དེ་བཅུག །གཞན་གཉིས་དོར། འདི་ཐོབ་པས་ལྷ་ལྔ་དང་ལྷ་གཅིག་གཉིས་ཀ་ཐོབ་གོ་ཆོད་ཅིང་། གཞན་ལ་གཉིས་ཀ་བསྐུར་ཆོག་པ་ཡིན་འདུག །རྗེས་ཆོག་བཅས་བྱའོ།། །། ༈ རྡོ་རྗེ་ཕག་མོ་དོན་གྲུབ་མ་༼འདོད་བུམ། 351༽ལྟར་དབང་སྒྲུབ། དབང་དངོས། རྗེས་བཅས་བྱའོ།། །། ༈ ཕག་མོ་དབུ་བཅད་མ་༼འདོད་བུམ། 361༽ལྟར་དབང་སྒྲུབ། དབང་དངོས། རྗེས་བཅས་བྱའོ།། །། ༈ རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོའི་སྨིན་གྲོལ་ཚང་སྤྲུགས་སུ་བགྱིད་སྐབས། ལས་བྱང་མཁའ་སྤྱོད་དུ་བགྲོད་པའི་བདེ་ལམ་ལྟར་བདག་མདུན་བུམ་གསུམ་བསྒྲུབ་ཅིང་། བུམ་བཟླས་འོད་ཞུ་བཅས་གྲུབ་པ་དང་། གཏུམ་མོའི་མེ་དབང་བཀླག་པས་གྲུབ་པ་བཞིན། མདུན་བསྐྱེད་མེ་དབང་གི་དཀྱིལ་འཁོར་ལ་དམིགས་ཏེ། གཏོར་སྣོད་ཆོས་འབྱུང་དམར་ནག་སོགས་བཟླས་པ་ཅི་འགྲུབ་རྗེས། མཁའ་སྤྱོད་བདེ་ལམ་འཕྲོས་ཀྱི་ཐུན་མཚམས་གཏོར་འབུལ་བཏང་རྗེས། ལས་བུམ་འཁྱིལ་པའི་བསྐྱེད་བཟླས་སྤྱི་ཁྱབ་བྱ། འདིར་༼འདོད་བུམ། 661༽ལྟར་གྱི་དུར་ཁྲོད་ལྷ་མོའི་མཆོད་གཏོར་བརླབ་ཅིང་། མདུན་བསྐྱེད་ནས་བཟླས་པ་གྲུབ་ཀྱི་བར་གཏང་། ༼ཏི༽དུར་ཁྲོད་ལྷ་མོའི་ལས་བྱང་འདོད་པའི་རེ་སྐོང་ལྟར་རམ། དངོས་རོལ་བཞིན་བསྐང་བཤགས་ཀྱང་སྦྱར། བདག་འཇུག་སྤྲོ་ན་འདིར་བླངས། མི་སྤྲོ་ན་རིག་པའི་མེ་ཏོག་དོར། གང་ལྟར་ཡང་གནང་བ་ནོད། དབང་དངོས་ལ། ཁྲུས་བགེགས་བསྐྲད་སྲུང་འཁོར་སྔོན་འགྲོས། ༼འདོད་བུམ། 369༽ལྟར་རྩ་དབང་བསྐུར་པའི་གཏང་རག་དང་། སླར་ཡང་བརྒྱུད་པའི་བླ་མའི་ཕྱག་བཞེས་བཀའ་གཏེར་ཟུང་འཇུག་གི་དབང་རྒྱས་པ་མཁའ་སྤྱོད་ཐེམ་སྐས་ཞུ་བའི་ཡོན་དུ་མཎྜལ། ལོ་རྒྱུས་རྗེས་གསོལ་གདབ་སྦྲེལ་ནས་མཐར་ཆགས་སུ་བསྐུར་ཞིང་། རྗེས་གནང་ལྔ་པོ་གོང་དུ་སོང་བས་འཐུས་པར་བྱས་ནས། གཏང་རག་དང་། སླར་ཡང་ཁྲོས་མ་ནག་མོའི་གཏུམ་མོའི་མེ་དབང་གསན་པའི་ཡོན་དུ་མཎྜལ། དེ་ལ་ཐོག་མར་བདུད་རྩི་ལྔའི་དྲི་ཆུས་ཁྲུས་བྱས་པས། དབང་གི་བྱིན་རླབས་འཇུག་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཉམས་ཆག་བཀྲ་མི་ཤིས་པ་ཐམས་ཅད་བཀྲུས་པར་མོས། ཇི་ལྟར་བལྟམས་པ་སོགས་ཀྱི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་པཉྩ་ཨ་མྲྀཏ་ཨ་བྷི་ཥེ་ཀ་ཏ་སོགས་ཀྱིས་ཁྲུས་བྱ། སློབ་དཔོན་གྱི་ཐུགས་ཀ་སོགས་བགེགས་བསྐྲད་ཕྱིན་མེ་དབང་བཞིན་བསྐུར་མཐའི། གཉུག་མའི་ཡེ་ཤེས་ཀྱི་རོལ་མོར་ཤར་བར་མོས་ཤིག །དེ་ལྟར་ཐོབ་པའི་གཏང་རག་དང་། སླར་ཡང་བཀའ་སྲུང་ཐུན་མོང་མ་ཡིན་པ་ཞིང་སྐྱོང་དུར་ཁྲོད་ལྷ་མོའི་སྲོག་གཏད་རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ། ལོ་རྒྱུས་ནས་བཟུང་འདོད་བུམ་བཞིན་བསྐུར། འདིའི་བཟླས་ལུང་སྐབས་གནད་གཅིག་ཞལ་ལས་ཤེས། ཞེས་གསུངས་པའི་དམིགས་གནད་ལོ་ཆེན་དྲིས་ལན་དུ་ཡོད་པས་སྦྱར་མིན་སྐབས་དང་བསྟུན་དགོས། ལུས་དབུལ་རྗེས། དེས་སྨིན་པར་བྱེད་པའི་དབང་རྣམས་གྲུབ། སླར་ཡང་གྲོལ་བར་བྱེད་པའི་ཟབ་ཁྲིད་སྐུ་གསུམ་ལམ་ཁྱེར་ཟབ་དོན་གསལ་བའི་ཁྲིད་ལུང་གསན་པའི་ཡོན་དུ་མཎྜལ། དེ་ལ་ལམ་གྱི་རྩ་བ་ཐུགས་བསྐྱེད་ཅིང་སྔགས་ཀྱི་རྣལ་འབྱོར་ཟབ་མོའི་ལམ་ཁྱེར་གསལ་བཏབ་ནས། མ་ཡེངས་པར་ཚིག་དོན་སྙན་གྱིས་གསན་ཅིང་ཐུགས་སུ་ཆུབ་པར་མཛད་དགོས་པ་ལགས་པས། འདིར་རྣལ་འབྱོར་གསང་མཐའི་རྒྱུད་ཀྱི་ངེས་གསང། ཟབ་དོན་ཐམས་ཅད་ཀྱི་ཉིང་ཁུ་སོགས་སྐུ་གསུམ་ལམ་ཁྱེར་ཁྲིད་ཡིག་དབུ་ནས་མཇུག་རྫོགས་པའི། ཕྲིན་ལས་དང་བཅས་པ་ཐོབ་པ་ཡིན་ནོ། །དེས་རྩ་བའི་གདམས་ངག་སྐུ་གསུམ་ལམ་ཁྱེར་གྱི་ཁྲིད་ཟབ་དོན་གསལ་བ་ལྟར་སོང་ནས། སླར་ཡང་ཁྲོས་མ་ནག་མོའི་གཏུམ་མོ་ཞག་བདུན་མའི་གདམས་ཁྲིད་འཆད་པ་ནི། འདིར་ཟབ་ལམ་རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོའི་རྩ་རླུང་ལུས་ལ་སོགས་གཏུམ་མོའི་ཁྲིད་ཡིག་ལྟར། འབད་པས་བོགས་ཐོན་པར་འགྱུར་རོ། །ཞེས་གསལ་རྒྱས་སུ་བསྟན་པ་བཞིན་སྦྱོར་དངོས་རྗེས་རིམ་དང་བཅས་པ་ཚང་ལ་མ་འཁྲུལ་པའི་སྒོ་ནས་སྔོན་འགྲོས་རྒྱུད་སྦྱངས། དངོས་གཞི་སྟན་ཐོག་གཅིག་ཏུ་སྐུ་གསུམ་ལམ་ཁྱེར་མཉམ་གཞག་གི་རྣལ་འབྱོར་དང་། རྗེས་རིམ་ཐུན་མཚམས་ཀུན་ཏུ་སྤྱོད་ལམ་ཐམས་ཅད་དང་བསྲེས་ནས་ལམ་དུ་ཁྱེར་བའི་རྗེས་ཐོབ་ཀྱི་རྣལ་འབྱོར་རྣམས་དང་། གཏུམ་མོའི་རྣལ་འབྱོར་ཁྱད་པར་ཅན་ལ་སོགས་པ་རྣམས་ཐོས་ལོ་ཙམ་དུ་མི་བསྐྱུར་བར་ཉམས་ལེན་རྒྱུད་ཐོག་ཏུ་ཁེལ་བར་མཛོད་ཅིག །དེ་ལྟར་སྨིན་གྲོལ་ཆབས་ཅིག་ཏུ་ཐོབ་པ་འདིས་མཚོན་སོགས་ཀྱིས་མཚམས་སྦྱར་ཏེ་དགེ་བསྔོ་བཅས་དང་། ཆོ་གའི་རྗེས་དབང་ཆོག་རྒྱས་པའི་མཇུག་ནས་གསུངས་པ་ལྟར་ལས་བྱང་བཞིན་ཚོགས་མཆོད་ནས། ལྷག་མའི་རྗེས་དུར་ཁྲོད་ལྷ་མོའི་གཏོར་མར་དམིགས་ཏེ། ལས་བྱང་འདོད་པའི་རེ་སྐོང་ལྟར་དམིགས་བྱ་བཀུག་ཅིང་བརླབ་བསྔོ་བྱས་ལ། ཧཱུྃ་བྷྱོ། ལྷོ་ནུབ་མཚམས་ཀྱི་དུར་ཁྲོད་སོགས་ཀྱིས་ཕྲིན་ལས་བཅོལ། ཆད་བརྟན་རྟ་བྲོ་ཟུར་གསལ་སྦྱར། སྲུང་མའི་རྗེས་ཆོག་ལ། ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ། མི་འགྱུར་བདེ་ཆེན་ཆོས་དབྱིངས་སོགས་ཤློ་ཀས་བསྟོད། མ་རྙེད་ཡོངས་སུ་སོགས་དང་ཡིག་བརྒྱས་བཤགས། གཤེགས་བསྟིམ་སོགས་གང་འོས་སྐབས་དང་བསྟུན། ལས་བྱང་གི་མཆོད་བསྟོད་ཕྱིན་མཐར་དབྱུང་ཞིང་ལམ་རིམ་སྨོན་ལམ་གདབ་པ་བཅས་བྱའོ།། །། ༈ ཆོས་དབང་བླ་མ་གསང་འདུས་ཀྱི་ཡུམ་བཀའ་དྷཱ་ཀི་གཙུག་གི་རྒྱན་གཅིག་མའི་ནང་སྒྲུབ་དབང་གི་དང་པོ་སྦྱོར་བ་དབང་སྒྲུབ་ལ། ཚིག་བདུན་རྗེས་མཚམས་གཅོད་ནི། བདག་ཉིད་སྐད་ཅིག་གིས་རྟ་མཆོག་དབང་ཆེན་ཡུམ་དང་བཅས་པའི་སྐུར་གྱུར། བགེགས་གཏོར་ཡི་གེ་གསུམ་གྱིས་བསང་སྦྱང་། འབྲུ་གསུམ་གྱི་བྱིན་གྱིས་བརླབས། སརྦ་བིགྷྣཱན་ཨཱ་ཀརྵཱ་ཡ་ཛཿས་མགྲོན་བཀུག །ཨོཾ་སརྦ་བིགྷྣཱན་ན་མཿསརྦ་སོགས་ནམ་མཁའ་མཛོད་སྔགས་ལ་གྲྀཧྞ་དཾ་བ་ལིཾ་ཏ་ཁཱ་ཧི་བཏགས་པ་ལན་གསུམ་གྱིས་བསྔོས་ལ། ཧཱུྃ༔ བླ་མ་རྣམས་ཀྱི་བྱིན་རླབས་དང༔ ཡི་དམ་ལྷ་ཡི་ཏིང་འཛིན་དང༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ ལོག་པར་འདྲེན་པ་བདུད་ཀྱི་ཚོགས༔ འདི་རུ་མ་འདུག་གཞན་དུ་དེངས༔ ཞེས་དང་། སུམྦྷ་ནིས་བགེགས་བསྐྲད། ཧཱུྃ༔ ང་ནི་ཡེ་ནས་ངང་གིས་ཁྲོ༔ མཚམས་གཅོད་ཁྲོ་མོས་ནམ་མཁའ་གང༔ བགེགས་འདུལ་ཁྲོ་མོའི་རོལ་མཚམས་ལས༔ སུ་ཡང་འདའ་བར་མ་བྱེད་ཅིག༔ ཨོཾ་པདྨ་ཀྲོ་དྷཱི་ཤྭ་རཱི་སོགས་གཏེར་གཞུང་ནང་སྒྲུབ་དབུ་ནས་འབྱུང་བའི་སྔགས་ཅི་མང་བརྗོད་པས་མཚམས་གཅད། སེམས་བསྐྱེད་འོག་ཏུ་འབྱུང་བ་སོགས་འཁྲུགས་སྡེབ་བླ་མ་གོང་མའི་ཕྱག་ལེན་གྱི་རྗེས་སུ་འབྲངས་ཏེ། བཤགས་ཡུལ་གསལ་བཏབ་ཅིང་སྐྱབས་སེམས་བཤགས་པ་བྱ་བ་ནི། ཕོ་བྲང་དབུས་ཀྱི་རྟེན་དེ་ཉིད༔ དུས་གསུམ་སངས་རྒྱས་ཀུན་ངོ་བོ༔ བླ་མ་ཡེ་ཤེས་མཁའ་འགྲོ་མ༔ རྣམ་པ་རྡོ་རྗེ་སེམས་དཔར་གསལ༔ ཞེས་གསལ་བཏབ། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་མཁའ་འགྲོ་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་བ་བསྒྲལ་བར་དམ་བཅའ་འོ༔ ཞེས་སྐྱབས་སེམས་བྱ། བཤགས་པ་ནི། ཧཱུྃ༔ བླ་མ་ཡེ་ཤེས་མཁའ་འགྲོ་དགོངས༔ ཁྱེད་ནི་རྣམ་དག་དྲི་མ་མེད༔ བདག་ནི་ཉོན་མོངས་སྒྲིབ་པས་བསྒྲིབས༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ ཞེས་ལན་གསུམ་མཐར་རྡོར་སེམས་ཡིག་བརྒྱ་དང་ཡང་སྙིང་ཅི་འགྲུབ་བཟླ། དེ་ལྟར་རྩེ་གཅིག་གསོལ་བཏབ་པས། །སྡིག་སྒྲིབ་དག་པའི་གནང་བ་བསྩལ། །དགྱེས་པས་འོད་ཞུ་རང་ལ་ཐིམ། །དེ་ནས་ཕྱི་སྒྲུབ་བླ་མའི་རྣལ་འབྱོར་གྱིས་བསྙེན་ཅིང་དབང་བླང་བ་ནི། ཆོས་ཉིད་རྣམ་དག་སྔགས་ཀྱིས་སྦྱངས། སྟོང་པའི་ངང་ལས་རང་རིག་སེམས༔ སོགས་ཕྱི་སྒྲུབ་བཞིན་ལ། ཡིད་འོང་ཞབས་གཉིས་སྐྱིལ་ཀྲུང་བཞུགས༔ ཐུགས་དཀྱིལ་མཿབསམ་མཿནང་ཧྲཱི༔ ཧྲཱིཿགྱུར་པདྨ་ཐོད་ཕྲེང་རྩལ། །སྤྲུལ་སྐུའི་ཆ་ལུགས་གཟི་བརྗིད་ཅན༔ འོད་ལྡན་སོགས་འོག་ཏུ་འབྱུང་བ་ནས། འཕྲོས་པ་ལས༔ བསྐྱེད་པ་དང་འདྲའི་རང་བཞིན་ལྷ། །ཏིང་འཛིན་འོད་ཀྱིས་སྤྱན་དྲངས་པ། །མདུན་གྱི་ནམ་མཁར་བཞུགས་པར་གྱུར། །ཅེས་དབང་གི་སྐབས་འདི་བཞིན་དང་། དམིགས་བསལ་ཕྱི་སྒྲུབ་བསྙེན་པའི་སྐབས་ཡིན་ན་གོང་གི་བསྐྱེད་རིམ་མདུན་རྟེན་ལ་དམིགས་པའི་མདུན་བསྐྱེད་དང་། དེའི་དཀྱིལ་འཁོར་མདུན་དུ་ཚིག་རིས་གཅིག་གིས་བསྐྱེད་ནས། སྤྱན་འདྲེན་གྱི་ཡེ་ཤེས་པ་མདུན་བསྐྱེད་ལ་བསྟིམ་པ་ལ། བདག་དམ་ཚིག་པས་མཆོད་ཅིང་གསོལ་འདེབས་དབང་ལེན་སོགས་བྱ་བར་གསུངས་པས། དེ་ལྟར་ན། གོང་གི་ཚིག་རྐང་ཐ་མར། མདུན་བསྐྱེད་ལྷ་ལ་དབྱེར་མེད་ཐིམ། །ཞེས་བསྒྱུར་ན་རྣམ་དབྱེ་ཕྱེད་པར་འགྱུར། གང་ལྟར་ཡང་། ཧཱུྃ༔ ཡུལ་གྱི་མིང་ནི་རྔ་ཡབ་གླིང༔ པདྨ་འོད་ཀྱི་གཞལ་ཡས་སུ༔ གྲུབ་པ་མཐར་ཕྱིན་དངོས་གྲུབ་བརྙེས༔ ཡུམ་ཆེན་མཚོ་རྒྱལ་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿམཿཧ་རི་ནི་ས་སརྦ་ས་མ་ཡ་ཧྲིཾ་ཧྲིཾ་ཕེཾ་ཕེཾ༔ ཞེས་པས་སྤྱན་དྲངས། བདུན་རྣམ་དག་ནི། ཉི་ཟླ་པདྨའི་གདན་ལ་བཞུགས༔ ས་མ་ཡ་ཏིཥྛ་ལྷན་གྱིས་བཞུགས་སུ་གསོལ། ཕྱག་འཚལ་བ་ནི། ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ མཆོད་པ་འབུལ་བ་ནི། ཧཱུྃ། དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཡན་ལག་ལྷག་མ་རྣམས་ནི། ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ གསང་སྔགས་བསྒྲུབས་ལ་རྗེས་ཡི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་སྐོར༔ མྱ་ངན་མི་འདར་བཞུགས་གསོལ་འདེབས༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ གསོལ་འདེབས་ཀྱི་བསྙེན་པ་ནི། ཨོཾ་ཨཱཿཧཱུྃ༔ ཨ་མ་ཇོ་མོ༔ ཇོ་མོ་ལ་སོགས་གཞུང་གསལ་གྱེར་རྗེས། ཛཔ྄་དེ་ཉིད་གསོལ་འདེབས་ཀྱི་ཚུལ་དུ་བཟླས་མཐར། མ་ཡེངས་རབ་ཏུ་གུས་པ་ཡིས། །དེ་ལྟར་གསོལ་བ་བཏབ་པའི་མཐུས། །མདུན་བསྐྱེད་རང་གི་སྤྱི་བོར་བྱོན། །སྐུ་གསུང་ཐུགས་ལས་འོད་གསུམ་འཕྲོས༔ སོགས་ཕྱི་སྒྲུབ་ལྷ་བསྐྱེད་དཀྱུས་སུ་ཡོད་པ་བཞིན། དངོས་གྲུབ་ཐོབ༔ བར་གྱི་ཤློ་ཀས་དབང་བླངས། དགྱེས་པས་འོད་ཞུ་རང་ལ་ཐིམ། །འདིར་དབང་སྒྲུབ་སྐབས་དེ་ཙམ་གྱིས་འཐུས། བསྙེན་པ་གཏོང་ན། ཕྱི་སྒྲུབ་སྐབས་ཡིག་བརྒྱས་ལྷག་ཆད་ཁ་བསྐང་ཞིང་། བསྡུ་ལྡང་། འདོད་གསོལ། སྨོན་ལམ་སོགས་སྤྱི་བཞིན་སྦྱོར། ༧ དེ་ནས་ནང་སྒྲུབ་བསྙེན་པ་བྱེད་པའམ། དབང་སྒྲུབ་སྐབས་ནང་སྒྲུབ་ལ་འཇུག་པའི་ཐོག་མར་མཆོད་པ་བྱིན་རླབས་ནི། སྤྲོ་ན་བླ་མ་གསང་འདུས་བཞིན་བྱ། མི་སྤྲོ་ན་སྨན་གཏོར་རཀྟ་མཆོད་རྫས་རྣམས། ཨོཾ་ཨཱཿཧཱུྃ་གིས་དངོས་འཛིན་སྦྱངས། །ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། །ཨོཾ་ཨཱཿཧཱུྃ་གིས་མཁའ་ཁྱབ་སྤེལ། །འདོད་ཡོན་ལྔ་ལྡན་མཆོད་པར་བསམ༔ ཞེས་པས་སྦྱང་རྟོག་སྤར། བསྐྱེད་རིམ་ནི། དངོས་རྣམས་མི་དམིགས་མཁའ་འདྲ་བར༔ ཀུན་ཁྱབ་བརྩེ་བའི་སྙིང་རྗེ་བསྒོམ། །རང་རིག་ཡི་གེ་མཿརུ་བསམ། །དེ་ཡི་འོད་ལས་གཞལ་ཡས་ཁང་། །ཡིད་འོང་པདྨ་འདབ་བཞི་བརྡལ། །ལྟེ་དབུས་པདྨ་ཉི་ཟླའི་སྟེང་། །མཿབབས་མཿལས་འོད་འཕྲོས་པས༔ ཧ་རི་ནི་ས་སོགས་ནང་སྒྲུབ་གཞུང་བཞིན། ཕ་ལ་ཧོ༔ ཞེས་པའི་སྔགས་ཀྱི་སྒྲས་བསྐུལ་བས། །ཡིག་འབྲུ་གནས་གྱུར་དྲན་རྫོགས་སུ། །རང་ཉིད་ཇོ་མོ་རྣལ་འབྱོར་སོགས་ནས། རྟ་སྐད་འཚེར༔ རྣམ་པ་ཡི་དམ་རྟ་མགྲིན་ལ། །ངོ་བོ་ཨོ་རྒྱན་རྡོ་རྗེ་འཆང་། །འདབ་བཞིར་རིགས་བཞིའི་མཁའ་འགྲོ་བཞི། །དམར་གསལ་གཅེར་བུ་རུས་རྒྱན་ཅན། །གསེར་དངུལ་རཏྣའི་ཕྲེང་བས་བརྒྱན། །དར་གྱི་ཅོད་པན་རྣམ་པར་འཕུར། །ཕྱག་གཡས་དབང་སྡུད་ལྕགས་ཀྱུ་ཕྱར། །ཕྱག་གཡོན་ཐོད་ཁྲག་ཐུགས་ཀར་འཛིན། །གར་སྟབས་ཤིགས་ཤིག་སྒྱུར་བར་སྒོམས། །ཕེཾ་ཕེཾ་ཧྲཱིཿཡི་སྒྲ་དང་བཅས༔ དེ་རྣམས་ཀུན་ལས་འོད་འཕྲོས་པའི༔ འོད་ཟེར་སྟོང་གསུམ་གང་བ་ཡིས༔ སྣང་སྲིད་དབང་སྡུད་དངོས་གྲུབ་ཀྱི༔ ཆར་འབེབ་འགྲོ་དྲུག་འདུལ་བར་བསམ༔ ཞེས་སོགས་ནས། གར་སྟབས་ཤིགས་སེ་སྒྱུར་བར་སྒོམས༔ ཞེས་པའི་ཏིང་འཛིན་གསལ་བཏབ་ལ། གཞུང་ལས། སྐྱེད་དང་ཡེ་ཤེས་གཉིས་མེད་པས༔ སྤྱན་དྲངས་བཞུགས་གསོལ་བྱ་མི་དགོས༔ སོགས་ནས། འདི་དུས་ཡེངས་ན་དམ་ཚིག་ཉམས༔ ཞེས་པའི་བར་གསུངས་པ་བཞིན་རྩེ་གཅིག་པའི་ཡིད་ཀྱིས་གོང་གི་བསྐྱེད་སྔགས་ཉིད་དྲག་ཏུ་བཟླ། ཐུན་མཐར། ཨོཾ་ཨཱཿཧཱུྃ་ཧྲཱིཿམཿགུ་རུ་སོགས་ནས། ས་མ་ཡ་ཛ༔ ཧ་རི་ནི་ས། རི་ནི་ས་ཧ། ནི་ས་ཧ་རི། ས་ཧ་རི་ནི། ས་ནི་རི་ཧ། རྣམས་ཀྱི་མཐར། ཧཱུྃ་སིདྡྷི་ཕ་ལ་ཧོ༔ ཞེས་སྦྲེལ་བའམ། རྩ་སྔགས་མཐར་དཀྲུག་ཡིག་ཚན་བཞི་སོ་སོ་ཤམ་བུར་བཏགས་ནས་ཚོ་བཞིར་བཟླ་བ་ལོང་ཁྱབ་དང་བསྟུན་ཆོག །རྣམ་བུམ་ལ་དམིགས་བཟླས་སྤྱི་འགྲོ་བྱ། ཐུན་བསྡུ་བ་ན། ཐོད་རྔ་རྐང་གླིང་གི་སྒྲ་དང་གུལ་ནག་གསུར་དུད་བཅས། ཧཱུྃ༔ བཞེངས་ཤིག་བཞེངས་ཤིག་སོགས་ནས། སིདྡྷི་སརྦ་སིདྡྷི་ཧཱུྃ་ཨཱ༔ བར་གཞུང་གསལ་གྱེར་བས་བྱིན་འབེབ་དང་མཆོད་པ་འབུལ་བར་བྱ། ཚོགས་རྫས་རྣམས་བཤམས་པ་བདུད་རྩིས་བྲན་ལ། ཨོཾ་སརྦ་དྲ་བྱཾ་ཤྭ་དྷ་ནི་ཧཱུྃ་ཕཊ༔ ཅེས་པས་བསང་ནས། ཡི་གེ་གསུམ་གྱིས་སྦྱང་བ། འབྲུ་གསུམ་གྱིས་བརླབ་ཅིང་སྤེལ། སྐབས་འདིར་རྟོག་བསལ་བྱེད་དང་མི་བྱེད་སོ་སོའི་ཕྱག་རྒྱུན་དང་བསྟུན་ཆོག །གང་ལྟར་ཡང་ཚོགས་ཕུད་རིམ་གསུམ་སོགས་འབུལ། བསྙེན་པའི་མཆོད་པ་དོར། སྐོང་བའི་མཆོད་པ་ནི། སྐུ་རྫས་ཀྱི་སྐོང་རྫས་གྱུར་ཚད་བཤམས་ལ། གསུང་བཤགས་ཚིག་ཧཱུྃ༔ དུར་ཁྲོད་གསང་བ་སོགས་དང་། ཐུགས་ལྟ་བའི་སྐོང་བ་ཀུན་གཞི་མ་བཅོས་སོགས། སྨན་གཏོར་རཀྟས་མཆོད་ལ། ཧཱུྃ༔ དམ་རྫས་གཏོར་ཆེན་སོགས་ནས། ཆེན་པོར་རོལ༔ ཞེས་འབུལ་བ་རྣམས་རྫོགས་ཀྱི་བར་བླ་མ་གསང་འདུས་ཀྱི་ལས་བྱང་བཞིན་བྱ། དེ་ནས་བསྟོད་པ་ནི། ཧཱུྃ་ཧྲཱི༔ མ་བཅོས་སྤྲས་བྲལ་སོགས་ཤློ་ཀས་བླ་མ་དང་། ཧྲཱི༔ སྣང་བ་མ་འགག་སོགས་ཚིག་རྐང་གཉིས་ཀྱིས་ཡེ་སེམས། སྐྱེ་མེད་རྣམ་དག་སོགས་ཚིག་རྐང་དྲུག་གིས་གཙོ་འཁོར་རྣམས་ལ་བསྟོད་ནས། ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ མ་གཡེལ་མ་གཡེལ་སོགས་ཚིག་རྐང་བཞིའི་མཚམས། རྗེ་བཙུན་བླ་མ་མཁའ་འགྲོའི་རྗེ། །ཞེས་བསྒྱུར་འཕྲོས། རང་བཞིན་གནས་ནས་སོགས་ནས། དངོས་གྲུབ་སྩོལ༔ བར་གྱིས་བསྐུལ་ནས། གསང་ཐོད་ལ་དམིགས་ཏེ། ཐོད་པའི་བདུད་རྩིའི་སྟེང་དུ་གུ་རུ་ཡབ་ཡུམ་མཉམ་སྦྱོར་དགའ་བའི་ཟིལ་གྱིས་རྩ་གསུམ་ལྷ་ཚོགས་སྤྱན་དྲངས། ཡབ་ཡུམ་གྱི་ཞལ་དུ་ཞུགས་འདོད་ཆགས་ཆེན་པོས་ཞུ་བའི་བྱང་སེམས་ཀྱི་ཆུ་རྒྱུན་བབས། ཐོད་པའི་བདུད་རྩི་དང་འདྲེས། མཐར་ལྷ་ཡང་བདེ་བ་ཟག་མེད་ཀྱི་ངོ་བོར་ཞུ་བར་མོས་ལ། ནང་སྒྲུབ་སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཧྱ་སིདྡྷི་ཨ་བྷི་ཥིཉྩ་ཨཱ༔ ཞེས་བཏགས་པ་ཅི་ནུས་དང་། གཏོར་མ་མཁའ་འགྲོའི་དཀྱིལ་འཁོར་དུ་དམིགས་ཏེ་གཏོར་སྣོད་དབྱིངས་ཀྱི་ཕོ་བྲང་དུ་གཏོར་མ་དཔའ་མོ་ཧེ་རུ་ཀཿརྩ་བ་གསུམ་གྱི་ལྷ་ཚོགས་དང་བཅས་པའི་སྐུ་ལས་འོད་ཟེར་སྤྲོ་བསྡུས་བྱིན་རླབས་ཡེ་ཤེས་ཀྱི་ཕུང་པོར་འབར་བར་གྱུར་པའི་སྤྲོ་བསྡུའི་འཕྲུལ་འཁོར་བཅས་ནང་སྒྲུབ་སྔགས་བརྒྱ་རྩ་སོགས་བཟླ། ལས་བུམ་རྟ་མགྲིན་གྱིས་བསྒྲུབ། བདག་མཇུག་ནི། བླ་མ་མཁའ་འགྲོའི་དཀྱིལ་འཁོར་གསལ་བ་ལ། བྱང་ཆུབ་རྡོ་རྗེས་སོགས་གཏེར་གཞུང་དབང་སྒྲོམ་ལྟར། ཐུགས་དང་མཉམ་པར་སྦྱོར༔ བར་རམ། དགོངས་ཉམས་བསྐྱང་བས་འོད་ཟེར་ཆུ་རྒྱུན་གཅིག་མའི་དབང་དང་གཞུང་གི་དངོས་གྲུབ་ལེན་སྔགས་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་མ་ཧཱ་ཕ་ལ་ཨ་ལ་ལ་ཧོ༔ ཞེས་བཟླ་བཞིན་བླངས། ཡང་ན་རིག་མེ་དོར། གང་ལྟར་ཡང་གནང་བ་ནོད། གཉིས་པ་དབང་དངོས་གཞིར་སློབ་མ་རྣམས་ལ་ཁྲུས་བྱ། བགེགས་གཏོར་བཏང་ཞིང་སྲུང་འཁོར་གོང་བཞིན་བསྒོམ། མེ་ཏོག་བཀྱེ་བསྡུ་ཟིན་ནས། འོ། མར་གྱུར་གྱི་སེམས་ཅན་ཐམས་ཅད་འཕྲལ་ཡུན་གྱི་སྡུག་བསྔལ་དང་འཇིགས་པ་ཐམས་ཅད་ལས་བསྒྲལ་ཏེ། རྒྱལ་བའི་ཡུམ་ཆེན་མོའི་གོ་འཕང་ལ་འགོད་པའི་སླད་དུ་སྨིན་ལམ་ནོད་དེ། གྲོལ་ལམ་རྣམས་ཚུལ་བཞིན་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་གསལ་བཏབ་ནས་གསན་འཚལ། དེའང་ཐོག་མེད་ནས་མ་རིག་ཉིང་འཁྲུལ་གྱི་ཆུ་བོས་ཁྱེར་ཏེ་སྲིད་པའི་ཁོངས་སུ་ཉམས་ཉེས་པའི་འགྲོ་བ་རྣམས་ལ་ཕན་པ་དང་བདེ་བའི་འཇུག་སྒོ། ཀུན་བཟང་རྡོ་རྗེ་འཆང་ཆེན་པོའི་ཐབས་མཁས་ཐུགས་རྗེ་དམིགས་པ་མེད་པའི་ཕྲིན་ལས་གདུལ་བྱའི་སྐལ་པ་དང་མཚུངས་པར། ཕན་དང་བདེ་བ་ཉག་གཅིག་གི་རྒྱུར་འཇུག་པའི་ཐབས་ཚུལ་བསམ་གྱིས་མི་ཁྱབ་པར་བསྟན་པ་ཐམས་ཅད་ཀྱི་ཡང་སྙིང་ནི། བླ་མེད་རྡོ་རྗེ་ཐེག་པའི་ལམ་མཆོག་ཡིན་ལ། དེ་ལའང་རྩ་བ་གསུམ་སྤྱིར་སྒྲུབ་པ་དང་། བྱེ་བྲག་ཏུ་སྒྲུབ་པའི་ཐབས་མཐའ་ཡས་པ་བཀའ་གཏེར་གྱི་ཆུ་བོ་གཉིས་སུ་བྱོན་པའི་ནང་ཚན། ཟབ་མོ་གཏེར་མའི་ཕྱོགས། དེ་ལའང་ས་གནམ་དགོངས་གཏེར་སོགས་བྱོན་ཚུལ་མང་ཞིག་མཆིས་པ་ལས། རིན་པོ་ཆེ་ས་ཡི་གཏེར་ཏེ། ཟབ་གཏེར་གྱི་དབང་ཕྱུག་རིམ་པར་བྱོན་པ་ཐམས་ཅད་ཀྱི་རྒྱལ་པོ། མཆོག་གི་སྤྲུལ་སྐུ་གཉིས་ཀྱི་ཡ་གྱལ། མངའ་བདག་གསུང་གི་སྤྲུལ་པ་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གིས་ཟབ་མོའི་གཏེར་ཁ་རྒྱ་མཚོ་ཞལ་ཕྱེས་པ་ལས། ཐུགས་གཏེར་ཆེན་པོ་ལྔའི་གདམས་བཅུད་གཅིག་ཏུ་དྲིལ་པའི་ཡང་སྙིང་གི་གཏེར་ཁར་བསྔགས་པ། བླ་མའི་ཐུགས་སྒྲུབ་གསང་བ་འདུས་པའི་ཤེས་རབ་ཡུམ་གྱི་སྒྲུབ་པ་སྟེ། དེ་ལའང་ཆོས་དབྱིངས་རྡོ་རྗེ་བཙུན་མོ་ཀུན་ཏུ་བཟང་མོ་ལ་སོགས་པ་དཀྱིལ་འཁོར་གྱི་ཁྱབ་བདག་དང་། རྡོ་རྗེ་དབྱིངས་ཕྱུག་མ་ལ་སོགས་པ་རྒྱུད་ཞུ་ཞིང་སྡུད་པ་མོ། ལས་ཀྱི་དབང་མོ་ཆེ་སོགས་བཀའི་མཛོད་ཀྱི་གཉེར་འཛིན། བདེ་བའི་དངོས་གྲུབ་མ་ལ་སོགས་པ་ཤེས་རབ་ཀྱི་ཕྱག་རྒྱ་མོ། ཁྲག་འཐུང་རལ་གཅིག་མ་ལ་སོགས་པ་ལེགས་ཉེས་ཀྱི་སྤྱན་པ། དུར་ཁྲོད་ཀྱི་མ་མོ་ལ་སོགས་པ་ལས་བྱེད་ཕོ་ཉའི་ཚུལ་དུ་གཅིག་ཉིད་དུ་མར་བཞེངས་པའི་རྣམ་འཕྲུལ་གང་ལ་གང་འདུལ་དུ་སྣང་བ་ལས། སྐབས་སུ་བབས་པ་འདི་ནི། བོད་འབངས་ཡོངས་ལ་བཀའ་དྲིན་ཆེ་བའི་མ་གཅིག །མ་ཧཱ་གུ་རུའི་ཐུགས་ཀྱི་གཟུངས་མ། ཡེ་ཤེས་ཀྱི་མཁའ་འགྲོའི་དབང་ཕྱུག །དྷཱ་ཀི་གཙུག་གི་རྒྱན་གཅིག་ཡེ་ཤེས་མཚོ་རྒྱལ་མའི་སྒྲུབ་ཐབས་ཀྱི་སྨིན་བྱེད་འབོགས་པའི་སྐབས་སུ་བབས་པ་སྟེ། འདིའི་བྱུང་ཁུངས་ལོ་རྒྱུས་མདོར་དྲིལ་བ་ནི། གཏེར་གཞུང་རྡོ་རྗེའི་གསུང་ལས། མ་ཧཱ་གུ་རུ་པདྨ་འབྱུང་གནས་དེ་ཉིད་མངའ་བདག་ཆེན་པོས་བོད་ཀྱི་ཡུལ་དུ་སྤྱན་དྲངས༔ ལྷ་མིའི་མཆོད་སྡོང་བསམ་ཡས་མི་འགྱུར་ལྷུན་གྲུབ་ཀྱི་གཙུག་ལག་ཁང་བཞེངས༔ མདོ་སྔགས་ཀྱི་གཞུང་རྣམས་བསྒྱུར་བཤད་སྤེལ་ཞིང༔ དགེ་འདུན་གྱི་སྡེ་བཙུགས༔ ལས་ཅན་དག་པའི་འཁོར་ལ་ཡང་སྙིང་རྡོ་རྗེ་ཐེག་པའི་སྨིན་གྲོལ་ཚང་སྤྲུགས་སུ་བསྩལ༔ ཟབ་གཏེར་མིང་ཅན་མིང་མེད་གྲངས་ལས་འདས་པ་སྦས་པ་སོགས་འཕྲལ་ཡུན་ཀུན་ཏུ་ཐུགས་རྗེ་ཆེན་པོའི་ཕྲིན་ལས་ཐང་མར་བརྡལ་བའི་སྐབས་ཤིག༔ གུ་རུ་པདྨ་འབྱུང་གནས་ལ༔ ལྷོ་བྲག་ལ་ཡག་མཁར་སྟེང་དུ༔ མོན་མོ་བཀྲ་ཤིས་ཁྱེ་འདྲེན་གྱིས་གསེར་སྐྱོགས་གཡུས་བཀང་བ་སོགས་གཏེར་གཞུང་དབུ་ནས་འབྱུང་བ། ཕྱི་ནང་གསང་བའི་ཚུལ་དུ་བསྒྲུབ༔ ཅེས་གསུངས་ཏེ། ཕྱི་ལྟར་ཐུགས་ཀྱི་དགྱེས་སྡེ་ཡུམ་ཆེན་ཇོ་མོ་མཁར་ཆེན་མཚོ་རྒྱལ། ནང་ལྟར་རྒྱལ་ཀུན་སྐྱེད་ཡུམ་རྡོ་རྗེ་རྣལ་འབྱོར་བླ་མ་མཁའ་འགྲོ་དབྱེར་མེད་བོད་འབངས་ཡོངས་ཀྱི་མ་གཅིག་ཡེ་ཤེས་ཀྱི་མཁའ་འགྲོ་མཚོ་རྒྱལ། གསང་བ་མ་མོ་བདག་མེད་ལྷ་མོ་ཡང་དག་དོན་གྱི་ཀུན་ཏུ་བཟང་མོ་སྟེ། དེ་ལྟར་ཕྱི་ནང་གསང་སྒྲུབ་ཀྱི་ཚུལ་དུ་སྒྲུབ་པའི་ཐབས་སོ་སོར་བསྟན་པ་ཐམས་ཅད་གྱི་རྩ་བ། ནང་སྒྲུབ་རྡོ་རྗེ་བཙུན་མོ་ལྷ་ལྔ་སྣང་བ་དབང་སྡུད་ཀྱི་དཀྱིལ་འཁོར་དུ་མཁའ་འགྲོའི་སྤྱི་ལུང་དབང་གི་སྒྲོམ་གྱི་སྨིན་བྱེད་ཟབ་མོ་བགྱིད་པ་ལ། སློབ་དཔོན་བདག་ཉིད་ཀྱིས་བགྱི་བར་འོས་པའི་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ་བཅུག །བླ་མ་ཡེ་ཤེས་མཁའ་འགྲོའི་ངོ་བོར་བཞུགས་པའི་སྤྱན་སྔར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སློབ་དཔོན་བདག་ལ་དགོངས་སུ་གསོལ༔ སྔོན་ཆད་ལམ་ལོག་འཁོར་བར་འཁྱམས༔ སྲིད་པའི་མཚོ་ལས་བསྒྲལ་སླད་དུ༔ མཁའ་འགྲོའི་དཀྱིལ་འཁོར་བསྟན་དུ་གསོལ༔ ལན་གསུམ། དེ་ལྟར་ན་ཐོག་མར་ལམ་གྱི་རྩ་བ་སྐྱབས་འགྲོ་སེམས་བསྐྱེད་ཚོགས་གསག་རྣམས་སྔོན་དུ་འགྲོ་དགོས་པས། དེའི་སླད་དུ་ཁྱེད་རང་རྣམས་ཀྱིས་མོས་གུས་དྲག་པོས་གསོལ་བ་བཏབ་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་དུས་ཀྱི་བདེ་གཤེགས་རྩ་བ་གསུམ་གྱི་དཀྱིལ་འཁོར་མཁའ་ཁྱབ་ཏུ་བཞུགས་པ་ཐམས་ཅད་སྤྱན་དྲངས། མདུན་གྱི་ནམ་མཁར་དགྱེས་པའི་གཟི་བྱིན་ཐིབས་སེར་བཞུགས་པའི་སྤྱན་སྔར། བདག་གིས་གཙོར་བྱས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱིས་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ན་མོ༔ བླ་མ་བདེ་གཤེགས་སོགས་ལན་གསུམ། ཡུལ་དེ་རྣམས་དཔང་པོར་གསོལ་བའི་སྤྱན་སྔར། འགྲོ་བའི་དོན་དུ་ཡེ་ཤེས་མཁའ་འགྲོའི་གོ་འཕང་བསྒྲུབས་ནས་སེམས་ཅན་རྣམས་བསྒྲལ་བར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། སེམས་བསྐྱེད་འགྲོ་བ་སོགས་ལན་གསུམ། ཟབ་མོའི་ལམ་ཉམས་སུ་ལེན་པའི་མཐུན་རྐྱེན་ཚོགས་གསག་པའི་སླད་དུ་ཚིག་རྗེས་དོན་དྲན་བཞིན་པའི་སྒོ་ནས་ཡན་ལག་བདུན་པ་འབུལ་བའི་བློས་འདིའི་རྗེས་ཟློས། བླ་མ་རྩ་གསུམ་ལྷ་ཚོགས་ལ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་སོགས་གོང་དུ་འབྱུང་བའི་བདུན་རྣམ་དག་ལན་གསུམ། དེ་ནས་ཁྱད་པར་ཅན་གྱི་དོན་ཞུ་བའི་འདུན་པ་དང་བཅས་འདིའི་རྗེས་ཟློས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ༔ སོགས་དབང་གཞུང་བཞིན་ལན་གསུམ། དེའི་ལན་དུ་སྤྲོ་བ་བསྐྱེད་ཅིང་འདའ་དཀའི་དམ་ཚིག་གི་གནད་བསྒྲག་པ་ཡིན་ཏེ། དབྱེར་མེད་ཆེན་པོར་སོགས། གསང་བའི་དམ་ཚིག་ཚུལ་བཞིན་འཛིན་སྙམ་པས་སླར་ཡང་ནན་ཏན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དཀྱིལ་འཁོར་གཙོ་བོ་རྡོ་རྗེ་འཆང༔ བླ་མ་ཡེ་ཤེས་མཁའ་འགྲོ་དགོངས༔ ལུས་དང་སྲོག་ལ་མི་བལྟ་བར༔ དམ་ཚིག་བཀའ་བསྩལ་ཚུལ་བཞིན་བསྒྲུབ༔ ངེས་པར་གནང་ཞིང་བསྩལ་དུ་གསོལ༔ ལན་གསུམ། གཞུང་དུ་མ་གསལ་ཡང་ཡེ་ཤེས་དབབ་པ་སྦྱོར་ན་མི་འགལ་བས། དེ་ལྟར་ན་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པ་སྒོ་གསུམ་ཐ་མལ་པ་ལ་མི་དབང་བས། དེ་ཕྱིར་ལུས་ལྷའི་དཀྱིལ་འཁོར་དུ་བསྐྱེད་ཅིང་། སེམས་ལ་ཡེ་ཤེས་ཀྱི་བྱིན་འབེབ་པའི་ཆོ་ག་བགྱིད་པ་ལ། སློབ་མའི་སྒོ་གསུམ་གྱི་གནད་གཅུན་ཏེ་འདི་ལྟར་གསལ་ཐོབས་མཛོད། དངོས་རྣམས་མི་དམིགས་མཁའ་འདྲ་བར༔ ཀུན་ཁྱབ་བརྩེ་བའི་སྙིང་རྗེ་བསྒོམ། །རང་རིག་ཡི་གེ་མཿརུ་བསམ། །དེ་ཡི་འོད་ལས་གཞལ་ཡས་ཁང་། །ཡིད་འོང་པདྨ་འདབ་བཞི་བརྡལ། །ལྟེ་དབུས་པདྨ་ཉི་ཟླའི་སྟེང་། །མཿབབས་མཿལས་འོད་འཕྲོས་པས༔ ཧ་རི་ནི་ས་དམར་པོ་བཞི༔ པདྨ་འདབ་བཞིར་རིམ་པར་བསམ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿམ་གུ་རུ་རྐྱེན་ཟློག་དྲག་མོ་རྩལ་བཛྲ་ས་མ་ཡ་ཛ༔ ཧ་རི་ནི་ས་ཧཱུྃ་སིདྡྷི་ཕ་ལ་ཧོ༔ ཞེས་པའི་སྔགས་ཀྱི་སྒྲས་བསྐུལ་བས། །ཡིག་འབྲུ་གནས་གྱུར་དྲན་རྫོགས་སུ། །རང་ཉིད་ཇོ་མོ་རྣལ་འབྱོར་མ༔ གཅེར་བུ་ཞལ་གཅིག་ཕྱག་གཉིས་མ༔ གཡས་པ་དབང་སྡུད་ཕྱག་རྒྱ་ཅན༔ གཡོན་པས་ཐོད་ཁྲག་རིན་ཆེན་བསྣམས༔ བཅུ་དྲུག་ན་ཚོད་རུས་རྒྱན་ཅན༔ དབུ་སྐྲ་ཕྱེད་གྲོལ་སྐུ་མདོག་དམར༔ ཞབས་གཉིས་བརྐྱང་བསྐུམ་ཉི་ཟླ་བརྫིས༔ ཞི་མ་ཁྲོ་ཚུལ་ཐུགས་ཀ་ན༔ པདྨ་འདབ་བཞི་དམར་དཀྱིལ་ཧྲཱི༔ རྟ་མགྲིན་ཞལ་གཅིག་ཕྱག་གཉིས་པ༔ རྒྱན་མེད་ཕྱག་གཡས་དབང་སྡུད་ཅན༔ གཡོན་པའི་ཞགས་པས་ཐམས་ཅད་འགུགས༔ དབུ་གཙུག་རྟ་མགོ་རྟ་སྐད་འཚེར༔ རྣམ་པ་ཡི་དམ་རྟ་མགྲིན་ལ། །ངོ་བོ་ཨོ་རྒྱན་རྡོ་རྗེ་འཆང་། །འདབ་བཞིར་རིགས་བཞིའི་མཁའ་འགྲོ་བཞི། །དམར་གསལ་གཅེར་བུ་རུས་རྒྱན་ཅན། །གསེར་དངུལ་རཏྣའི་ཕྲེང་བས་བརྒྱན། །དར་གྱི་ཅོད་པན་རྣམ་པར་འཕུར། །ཕྱག་གཡས་དབང་སྡུད་ལྕགས་ཀྱུ་ཕྱར། །ཕྱག་གཡོན་ཐོད་ཁྲག་ཐུགས་ཀར་འཛིན། །གར་སྟབས་ཤིགས་ཤིག་སྒྱུར་བར་སྒོམས། །ཕེཾ་ཕེཾ་ཧྲཱིཿཡི་སྒྲ་དང་བཅས༔ དེ་རྣམས་ཀུན་ལས་འོད་འཕྲོས་པའི༔ འོད་ཟེར་སྟོང་གསུམ་གང་བ་ཡིས༔ སྣང་སྲིད་དབང་སྡུད་དངོས་གྲུབ་ཀྱི༔ ཆར་འབེབ་འགྲོ་དྲུག་འདུལ་བར་བསམ༔ གཞལ་ཡས་འདབ་བཞིའི་ཡིག་བཞི་ལས༔ མཁའ་འགྲོ་སྡེ་བཞི་དམར་མོར་བསྐྱེད༔ དེ་ཡང་བཅུ་དྲུག་ན་ཚོད་ལ༔ ཞལ་གཅིག་ཕྱག་གཉིས་གཡས་དབང་སྡུད༔ གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན༔ རང་རང་ས་བོན་ཐུགས་ཀར་མཚན༔ རང་འདྲའི་ཌཱ་ཀི་འབུམ་འབུམ་བསྐོར༔ དཔའ་བོ་གིང་གི་ཚོགས་དང་བཅས༔ སྣང་སྲིད་དབང་སྡུད་རང་བཞིན་དུ༔ གར་སྟབས་ཤིགས་སེ་སྒྱུར་བར་སྒོམས༔ དེ་ནས་སློབ་དཔོན་ལ་མོས་གུས་བྱས་པའི་རྐྱེན་གྱིས་དཔོན་སློབ་གཉིས་ཀའི་ཐུགས་སྲོག་འོད་ཟེར་གྱི་ཕོ་ཉས་རྒྱལ་བ་རྩ་གསུམ་ཐམས་ཅད་བསྒོམས་པའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་སྟེང་འོག་ཕྱོགས་བཅུ་ཀུན་ནས་སྤྱན་དྲངས། སློབ་མ་ལ་ཐིམ་པས་བདེ་སྟོང་གི་ཡེ་ཤེས་སྐྱེས་པར་བསམ་ལ་རྩེ་གཅིག་ཏུ་མཉམ་པར་ཞོག་ཅིག །སྤོས་རོལ་དང་བཅས། ཧཱུྃ༔ ཡུལ་གྱི་མིང་ནི་རྔ་ཡབ་གླིང༔ སོགས་གོང་གི་ཕྱི་སྒྲུབ་བླ་མའི་རྣལ་འབྱོར་ནས་འབྱུང་བ། བདག་ལ་ཞེས་པར། རྣམས་ལ་ཞེས་བསྒྱུར། སྔགས་བཅས་ཀྱིས་བྱིན་དབབ། ཏིཥྛ་བཛྲས་བརྟན། དེ་རྣམས་ཀྱིས་སྦྱོར་བའི་ཆོས་རྣམས་གྲུབ་ནས། དངོས་གཞི་ལ་དབང་བཞི་མཐའ་རྟེན་བཅས་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བའི་དང་པོ་སྐུ་བུམ་པའི་དབང་བསྐུར་བའི་སླད་དུ། སློབ་དཔོན་གྱི་ཐུགས་ཀའི་ཡེ་ཤེས་སེམས་དཔའ་དཔའ་བོ་རྟ་མགྲིན་ལས་རིགས་ལྔའི་རྒྱལ་བ་ཡབ་ཡུམ་ལ་སོགས། གདན་གསུམ་ཚང་བའི་དབང་ལྷའི་དཀྱིལ་འཁོར་པ་བྱོན་པའི་ཡུམ་རྣམས་ཀྱིས་བུམ་པ་བཟང་པོའི་དབང་སྤྱི་བོ་ནས་བསྐུར་བ་ལས། བདུད་རྩིའི་རྒྱུན་བྱུང་། ཚངས་བུག་ནས་ཞུགས། ལུས་ཀྱི་སྡིག་སྒྲིབ་དག་པར་གྱུར་པར་མོས། བུམ་པ་ཐོགས་ལ། ནང་སྒྲུབ་ནས་འབྱུང་བའི། ཨོཾ་ སྐུ་ཡིས་བྱིན་གྱིས་བརླབ་ཏུ་གསོལ༔ སོགས་ཚིག་རྐང་གསུམ་གྱི་མཐར། བུམ་དབང་ཡོངས་རྫོགས་ཐོབ་པར་ཤོག །ཨོཾ་ཧྲཱིཿམཿཕེཾ་ཕེཾ་ཀཱ་ཡ་སིདྡྷི་ཧཱུྃ་ཨཱ༔ ཞེས་སྦྱར་བས་དབང་བསྐུར་ཞིང་བུམ་ཆུ་སྦྱིན། དེ་ལྟར་བུམ་དབང་བསྐུར་པས། སློབ་མའི་སྤྱི་བོར་བདུད་རྩིའི་ཆུ་ལྷག་འཁྱིལ་བ་ལས། མགོ་བོའི་གནས་ལྔར་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ལས་དེ་བཞིན་གཤེགས་པ་རིགས་ལྔའི་ཅོད་པན་གྱིས་རྒྱས་བཏབ། ཕུང་པོའི་སྣང་ཞེན་དག་པས་སངས་རྒྱས་མཆོག་གི་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པའོ། །དེས་ནི་བུམ་པའི་དབང་སོགས་དབང་གཞུང་ལྟར་ཚིག་རྐང་གཉིས་བརྗོད། གཉིས་པ་གསུང་གསང་བའི་དབང་བསྐུར་བ་ནི། དཀྱིལ་འཁོར་གྱི་གཙོ་མོའི་ཐུགས་ཀར་ཡེ་ཤེས་དང་ཏིང་འཛིན་སེམས་དཔའ་སུམ་བརྩེགས་ཀྱི་བདག་ཉིད་ཅན། ངོ་བོ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཡབ་ཡུམ་སྦྱོར་བའི་སྒྱུ་རྩལ་གྱིས་བྱང་ཆུབ་ཀྱི་སེམས་རྒྱུན་དཀར་དམར་འདྲེས་པ་ལྗགས་ཐོག་ཏུ་བཞག་པས་ངག་སྒྲིབ་དག་པར་གྱུར་པར་མོས། བྷནྡྷ་ཐོགས་ལ། ནང་སྒྲུབ་ཀྱི་སྔ་མའི་འཕྲོས། ཨཱཿ གསུང་གིས་བྱིན་གྱིས་སོགས་ཚིག་རྐང་གསུམ་དང་། གསུང་དབང་ཡོངས་རྫོགས་ཐོབ་པར་ཤོག །ཨཱཿཧྲཱིཿམཿཕེཾ་ཕེཾ་ཝཱ་ཀ་སིདྡྷི་ཧཱུྃ་ཨཱ༔ ཞེས་པས་ཐོད་པ་མགྲིན་པར་བཞག་ཅིང་གསང་རྫས་བྱིན། བྱང་སེམས་མགྲིན་པ་ནས་བརྒྱུད་ལུས་ཀྱི་རྩ་གནས་ཐམས་ཅད་ལ་ཁྱབ་པས་གསལ་བའི་ཡེ་ཤེས་སྐྱེས། རྩ་རླུང་ཡེ་ཤེས་ཀྱི་ཁམས་སུ་བྱིན་གྱིས་བརླབས་པས་ངག་གི་འགྲོ་འོང་སྔགས་སུ་སྨིན་ཅིང་། ལོངས་སྤྱོད་རྫོགས་སྐུ་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པའོ། །ངག་གི་སྒྲིབ་དག་སོགས་དབང་གཞུང་ལྟར་ཚིག་རྐང་གཉིས་བརྗོད། གསུམ་པ་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། དབང་གཞུང་ལྟར། དེ་ནས་བླ་མའི་ཐུགས་ཀ་སོགས་ནས། འཕྲོས་པས༔ བུ་ཡི་སྙིང་གར་སོགས་ནས། དག་པར་བསམ༔ བར་ཚིག་རྐང་ལྔ་བརྗོད། ཧཱུྃ་ ཐུགས་ཀྱིས་བྱིན་གྱིས་སོགས་ནང་སྒྲུབ་ལྟར་ཚིག་རྐང་གསུམ་དང་། ཤེར་དབང་ཡོངས་རྫོགས་ཐོབ་པར་ཤོག །ཧཱུྃ་ཧྲཱིཿམཿཕེཾ་ཕེཾ་ཙིཏྟ་སིདྡྷི་ཧཱུྃ་ཨཱ༔ ཞེས་བརྗོད་ཅིང་ཉམས་བསྐྱང་། དེ་ལྟར་བྱས་པས་ཐུགས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས། གཟུང་འཛིན་གྱི་རྒྱུན་ལམ་བཅད། ཐིག་ལེ་འཛག་མེད་དུ་བརྟན་པས་བདེ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས། ཆོས་ཀྱི་སྐུ་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པའོ། །ཤེས་རབ་ཡེ་ཤེས་སོགས་དབང་གཞུང་ལྟར་ཚིག་རྐང་གཉིས་བརྗོད། བཞི་པ་ཡོངས་རྫོགས་ཡེ་ཤེས་རྡོ་རྗེའི་དབང་བསྐུར་བ་ནི། སླར་ཡང་སློབ་མས་བླ་མ་ལྷར། །གདུང་བའི་ཤུགས་ཀྱིས་གསོལ་བཏབ་པས། །བླ་མ་མཁའ་འགྲོ་རང་ལ་ཚུར༔ ཐིམ་པས་སོགས་ནས། ངང་ལ་བཞག༔ བར་ཚིག་རྐང་དྲུག་པོ་བརྗོད་ཅིང་། མཉམ་པར་འཇོག་བཞིན་པས། ཧྲཱི༔ སྐུ་གསུང་ཐུགས་ཀྱིས་སོགས་ནང་སྒྲུབ་བཞིན་ཚིག་རྐང་གསུམ་དང་། ཚིག་དབང་ཡོངས་རྫོགས་ཐོབ་པར་ཤོག །ཨོཾ་ཨཱཿཧཱུྃ༔སོགས་སྔགས་ཀྱང་བརྗོད། དེ་ལྟར་བྱས་པས་ཡོངས་རྫོགས་ཡེ་ཤེས་རྡོ་རྗེའི་བྱིན་རླབས་རྒྱུད་ལ་ཞུགས། བདག་ཏུ་འཛིན་པའི་ཡུལ་བུད། གནས་ལུགས་རྗེན་པའི་རྩལ་རྫོགས། སྐུ་བཞི་ལྷུན་གྲུབ་ཡེ་ཤེས་རྒྱལ་པོའི་སྐུ་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པའོ། །རིག་པ་ཡེ་ཤེས་སོགས་དབང་གཞུང་ལྟར་ཚིག་རྐང་གཉིས་བརྗོད། ལྔ་པ་མཐའ་རྟེན་བྱིན་རླབས་གཏོར་མའི་དབང་བསྐུར་བ་ནི། གཏོར་སྣོད་དབྱིངས་ཀྱི་ཕོ་བྲང་དུ་གཏོར་མ་དཔའ་མོ་ཧེ་རུ་ཀཿརྩ་བ་གསུམ་གྱི་ལྷ་ཚོགས་དང་བཅས་པ། གཏོར་རྫས་དངོས་གྲུབ་དམ་ཚིག་གི་རྫས་ཀྱི་རྒྱ་མཚོར་འཁྱིལ་བའི་དཀྱིལ་འཁོར་སྣོད་བཅུད་ཡོངས་རྫོགས་གནས་བཞིར་གཏུགས་ཤིང་དབང་བསྐུར་བས། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་མཆོག་གི་དངོས་གྲུབ་དང་། ཚེ་དབང་བསོད་ནམས་སོགས་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འོད་ཟེར། བདུད་རྩི། ཡིག་འབྲུ། ཕྱག་མཚན་བཀྲ་ཤིས་རྫས་རྟགས་ཀྱི་རྣམ་པར་ཆར་བབས་པ་བཞིན་བྱོན། སློབ་མའི་གནས་བཞིར་ཐིམ་པས་དབང་མཆོག་རྒྱལ་པོ་མ་ལུས་རྩལ་རྫོགས་སུ་ཐོབ་པས་དངོས་གྲུབ་རྣམ་གཉིས་ཐོགས་མེད་དུ་འགྲུབ་པར་མོས། གཏོར་ཆེན་བཏེགས་ལ། ནང་སྒྲུབ་ཀྱི་བྱིན་འབེབ་ནི། ཧཱུྃ༔ བཞེངས་ཤིག་བཞེངས་ཤིག་རྗེ་བཙུན་བཞེངས༔ སོགས་བདག་ལ་ཞེས་པ་གར་ཡོད་སར་འདི་ལ་ཞེས་བསྒྱུར་ཞིང་། ཚན་གསུམ་གྱི་མཐར། ཨོཾ་ཨཱཿཧཱུྃ་ཧྲཱིཿམཿགུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧ་རི་ནི་ས། མ་ཧཱ་སིདྡྷི་ ཨཱ་ཡུར་སིདྡྷི་ ཛྙཱ་ན་སིདྡྷི་ སརྦ་སིདྡྷི་ཧཱུྃ་ཨཱ༔ ཞེས་བཟླ་ཞིང་གནས་བཞིར་གཏུག་ལ་དབང་བསྐུར། མཐར། ལྷ་ཚོགས་ཟག་མེད་བདེ་བའི་ངོ་བོར་ཞུ་བའི་དངོས་གྲུབ་དབྱིག་གི་ནོར་བུ་ལ་ལོངས་སྤྱད་པས་དངོས་གྲུབ་རྣམ་པ་གཉིས་རྩོལ་མེད་དུ་ཐོབ་པའི་ངེས་ཤེས་སྐྱེད་ཅིག །ཨོཾ་ཨཱཿཧཱུྃ་ཧྲཱིཿམཿགུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧ་རི་ནི་ས་སརྦ་སིདྡྷི་མ་ཧཱ་ཕ་ལ་ཨ་ལ་ལ་ཧོ༔ ཞེས་བརྗོད་ཅིང་གཏོར་མ་དངོས་གྲུབ་ཏུ་སྦྱིན། སླར་ཡང་བདེ་གཤེགས་མཁའ་འགྲོ་དམ་ཅན་ནོར་ལྷ་རིག་འཛིན་དྲང་སྲོང་རྣམས་མདུན་གྱི་ནམ་མཁར་བྱོན་ནས། སློབ་དཔོན་དང་མགྲིན་གཅིག་བཀྲ་ཤིས་པའི་གླུ་དབྱངས་ལྡིར་ཞིང་། མེ་ཏོག་གི་ཆར་ཕབ་པས་དབང་གི་ཡེ་ཤེས་བརྟན་ཅིང་འཕེལ་རྒྱས་སུ་བསྒྲུབས་པར་མོས། ཨོཾ། བཀྲ་ཤིས་རི་རབ་གླིང་བཞིའི་བཀོད་པ་ལ། །ཡོན་ཏན་རིན་ཆེན་ཁང་བརྩེགས་དཔལ་འབར་བ། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་སོགས་ཇི་ལྟར་འོས་པ་བརྗོད། གསུམ་པ་རྗེས་ལ། དབང་གི་རྗེས་ནི། དེ་རྣམས་ཀྱི་སྒོ་ནས་ཨ་མ་ཇོ་མོའི་ནང་སྒྲུབ་ཀྱི་དབང་བསྐུར་ཟབ་མོ་ལེགས་པར་ཐོབ་པའི་དབང་སྲོག་དམ་ཚིག་གི་རིམ་པའང་། གཞུང་ལས། དབང་རྫོགས་བླ་མར་དབང་ཡོན་སོགས་ཚིག་རྐང་དྲུག །མཉམ་པར་སྦྱོར༔ ཞེས་གདམས་ཤིང་བསྔགས་པ་བཞིན་ལགས་པས་ན། སྤྱི་དང་ཁྱད་པར་གྱིས་བསྡུས་པའི་གསང་དམ་ཚུལ་བཞིན་འཛིན་པའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། དེ་ལྟར་སྨིན་བྱེད་དབང་གི་རིམ་པ་གྲུབ་པའི་གཏང་རག་དང་། སླར་ཡང་ཟབ་ཁྲིད་ཟབ་མོ་གསན་པའི་དོན་དུ་ཆབས་ཅིག་མཎྜལ་ཕུལ། ཇོ་མོའི་གསང་སྒྲུབ་གདམས་པའི་ཁྲིད་ལ་སེམས་མ་ཡེངས་པར་གསོན་ཅིག །མ་གཅིག་ཇོ་མོ་མཚོ་རྒྱལ་ནི༔ གསང་བར་མ་མོ་བདག་མེད་མ༔ འཁོར་བ་བློས་བཏང་གངས་བྲག་གི༔ རི་ཁྲོད་དབེན་སར་འབོལ་གདན་སྟེང༔ གསང་སྔགས་བླ་མ་བཟང་བསྟེན་ནས༔ གཙུག་གི་རྒྱན་གཅིག་བདག་མེད་མ༔ རང་དང་གཉིས་མེད་བལྟ་འདོད་ན༔ འདི་ལྟར་བདག་ལ་གཞིག་པ་བཏང༔ ཕྱི་ནང་ཡུལ་ལ་བདག་ཚོལ་ཅིག༔ སྣང་ཡུལ་སེམས་ལ་ཕར་བརྟགས་པས༔ སྣང་བའི་ཡུལ་ལ་བདག་མེད་ན༔ མིང་རུས་བདག་ཏུ་འདུག་གམ་ལྟོས༔ མིང་དང་རུས་ནི་བདག་ཡིན་ན༔ མིང་རུས་འཕོ་ཚེ་བདག་མི་འཕོ༔ དེ་ཕྱིར་མིང་རུས་བདག་མ་ཡིན༔ ལུས་འདི་བདག་ཏུ་འདུག་གམ་ལྟོས༔ ལུས་འདི་བདག་ཉིད་ཡིན་གྱུར་ན༔ ལུས་འདི་བསྲེགས་ཚེ་བདག་མི་ཚིག༔ ཕྱི་ཡི་ལུས་ནི་བདག་མ་ཡིན༔ འོ་ན་སེམས་ནི་བདག་ཡིན་ནམ༔ སེམས་འདི་བདག་གཅིག་ཡིན་གྱུར་ན༔ ད་ལྟ་གར་གནས་དང་པོ་གང་ནས་བྱུང༔ རྗེས་ལ་གར་འགྲོ་དབྱིབས་དང་ཁ་དོག་ལྟོས༔ གང་དུ་ཡང་ནི་གྲུབ་པ་མེད༔ སེམས་ནི་སྟོང་པ་སྐྱེ་འགག་མེད༔ དེ་ཕྱིར་སེམས་ལ་ང་བདག་མེད༔ གཞན་ནའང་ཡོད་པ་མ་ཡིན་ཏེ༔ དེ་ལྟར་ལྟ་བྱེད་བདག་མ་ཡིན༔ ཅི་སྟེ་རང་བཞིན་བརྗོད་དང་བྲལ༔ བདག་མེད་པ་ལ་བདག་བཟུང་བས༔ སེམས་ཅན་ཐམས་ཅད་འཁྲུལ་ཅིང་སྡུག༔ ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ཡང༔ རྩ་བ་བདག་ཏུ་རྟོག་ལས་གྱེས༔ བདག་མེད་རང་རིག་དེ་རྟོགས་ན༔ སངས་རྒྱས་བྱང་ཆུབ་བདེ་བ་རྒྱས༔ ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ཡང༔ བདག་མེད་ཟད་སར་སྐྱོལ་ལ་འདུས༔ དེ་ཕྱིར་མ་མོ་བདག་མེད་མ༔ མ་ནི་སྐྱེ་བ་མེད་པའི་དོན༔ མོ་ནི་འགག་པ་མེད་པའི་དོན༔ བདག་མེད་སྐྱེ་འགག་གཉིས་ལས་འདས༔ དེ་ལྟར་རྟོགས་ན་ལྟ་བ་ཡིན༔ རང་རིག་བདག་མེད་གསལ་བ་དེ༔ མ་ཡེངས་རྒྱུན་དུ་བསྒོམ་པ་ཡིན༔ དེ་ལས་མི་འདའ་དམ་ཚིག་ཡིན༔ ཡིད་ལ་མི་བྱེད་གེགས་སེལ་ཡིན༔ དེ་བཞིན་སྤྱད་པ་སྤྱོད་པ་ཡིན༔ དེ་དོན་མངོན་གྱུར་འབྲས་བུ་ཡིན༔ དེ་ནི་ཐེག་པ་ཀུན་གྱི་གཙུག༔ མྱ་ངན་འདས་པའི་རྒྱན་གཅིག་ཡིན༔ བདག་མེད་ཡོངས་གྲོལ་ངོ་མཚར་ཆེ༔ བདག་མེད་དབང་ཐོབ་ཆོས་སྐུ་ཡིན༔ ཇི་ལྟར་ནམ་མཁའ་དྭངས་པ་ལ༔ ཉི་མའི་འོད་ཟེར་འཆར་བ་བཞིན༔ གཟུགས་སྐུ་རྣམ་གཉིས་ཤུགས་ལ་འབྱུང༔ འགྲོ་དོན་ལྷུན་གྲུབ་ཆེན་པོར་སྤྱོད༔ འདི་ལྟ་བུ་ཡི་རིན་ཆེན་འདི༔ བློ་དམན་རྣམས་ལ་གསང་བའི་དོན༔ སྐལ་ལྡན་འདི་སྤྱོད་གསང་སྒྲུབ་ཅེས༔ ཐ་སྙད་ཙམ་དུ་བཏགས་པ་བས༔ དེ་ཕྱིར་གསང་སྒྲུབ་འདི་ལྟར་རྟོགས༔ བཀྲ་ཤིས་འདྲེན་ཁྱོད་སྐལ་ལྡན་ནམ༔ གཙུག་གི་རྒྱན་གཅིག་རྣལ་འབྱོར་མ༔ བདག་མེད་པ་ཡི་དོན་རྟོགས་ཤོག༔ ཇོ་མོའི་གསང་སྒྲུབ་ཡང་དག་དོན་གྱི་ལེའུ་སྟེ་བཞི་པའོ༔ ཞེས་གསུངས་པ་ལྟར་སྔོན་འགྲོ་ཕྱི་སྒྲུབ་ཀྱི་བློ་སྦྱང་། དངོས་གཞི་ནང་སྒྲུབ་ལྷ་ཡི་རྣལ་འབྱོར། བཟླས་པ་སྔགས་ཀྱི་རྣལ་འབྱོར། ཁྱད་པར་གསང་སྒྲུབ་ཟབ་མོའི་དོན་ཁྲིད་ཚུལ་བཞིན་ཉམས་སུ་བླང་བར་མཛད་འཚལ། །དེས་སྨིན་གྲོལ་ཆིག་རྫོགས་སུ་ལེགས་པར་གྲུབ་པའི་སོགས་སྤྱི་བཞིན་བྱ། ཆོ་གའི་རྗེས་རིམ་ནི། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་། ལྷག་མ་གཏང་། སྤྲོ་ན་ཆད་བརྟན་རྟ་བྲོ་དང་། མི་ནུས་ན་གོང་གི་འཕྲོས་སུ་འབྱུང་བའི་སྔགས་ཀྱིས་དངོས་གྲུབ་བླངས་ཤིང་། བསྔོ་སྨོན་བཀྲ་ཤིས་སོགས་བླ་མའི་ལས་བྱང་ལྟར་བགྱིས་པས་གྲུབ་བོ།། །། ༈ ཡང་གཏེར་མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་དབང་གི་ཐོག་མར་ཟུར་འདེབས་རཏྣའི་ཆུན་པོ་ནས་གསུངས་པ་བཞིན་ལ། ཐོག་མར་ཚིག་བདུན་དང་བརྒྱུད་འདེབས། རྒྱུན་ཁྱེར་ལྟར་བདག་གི་རྣལ་འབྱོར་ཉུང་བསྡུས་བཟླས་པ་བསྡུ་ལྡང་བཅས་སྔོན་དུ་འགྲོ་བས། ས་དང་། ལྷ། བུམ་པ། སློབ་མ་སྟ་གོན་བཅས་བྱས་ཏེ། དབང་སྒྲུབ་དངོས་ལ། བརྒྱུད་འདེབས། རྡོ་རྗེ་ཕག་མོའི་ཕྲིན་ལས་ལྟར་ཚོགས་ཞིང་གསལ་ཞིང་། སྐྱབས་སེམས་སྡོམ་གཟུང་བཅས་ལན་གསུམ་རེ། ཚོགས་ཞིང་རང་ལ་བསྡུ། བགེགས་གཏོར་བསང་སྦྱང་བྱིན་རླབས་མགྲོན་འགུགས་བསྔོ་བ་བཅས་སྤྱི་འགྲོ་སྦྱར་ནས། བགེགས་བསྐྲད་ཅིང་མཚམས་གཅད། ཟབ་ཁྲིད་ལྟར་རྡོར་སེམས། མཎྜལ། བླ་མའི་རྣལ་འབྱོར་གྱི་ཐུགས་རྒྱུད་བསྐུལ་བའི་བསྙེན་པ་བཅས་གཏང་། ཕྲིན་ལས་ཀྱི་བཤགས་པ་དང་དམ་བཅའ་གཟུང་། ཟབ་ཁྲིད་ཀྱི་གོང་འཕྲོས། དབང་བླང་། ཕྲིན་ལས་ཀྱི་བྱིན་འབེབ་མཆོད་བརླབ་ནས་ལྷ་བསྐྱེད་ཀྱི་རིགས་བཞི་མཁའ་འགྲོའི་རྗེས། ཟུར་གསལ་དཔའ་བོ་དཔའ་མོའི་བསྐྱེད་རིམ་སྦྱར། ཕྲིན་ལས་ཀྱི་སྒོ་མཚམས་བསྐྱེད་པ་ཕྱིན་ནས་བསྟོད་པའི་མཐར། བཾ་བཛྲ་ཀྲོ་དྷཱི་ཀཱ་ལི་ཛྙཱ་ན་མཎྜལ་ཕཊ་ཛཿསྦྱར་བས་ཛཔ྄་ཁང་ཕྱེ། ཐུགས་རྒྱུད་བསྐུལ་ཞིང་ཡེ་ཤེས་འབེབ་སྔགས་ཅུང་ཟད་དང་ཏིང་འཛིན་བཅས་སྐུ་གསུང་ཐུགས་སྔགས། རིགས་བཞིའི་བསྙེན་པ་རྣམས་རིམ་པས་གྲངས་ཆ་འཕྲི་བའི་བཟླས་པ་གྲུབ་མཚམས། དཔའ་བོ་དང་དཔའ་མོའི་སྒྲུབ་ཐབས་ལྟར་ཏིང་འཛིན་བཅས་འཁོར་ལོ་གསུམ་གྱི་སྔགས་བཟླ་བ་སྦྱར། ཕྲིན་ལས་ལྟར་ཏིང་འཛིན་བཅས་ལས་དམ་མཁའ་འགྲོ་དང་ལས་བཞིའི་བཟླས་པ་རྣམས་ཅུང་ཟད་རེ་བཟླ། དེ་ནས་དོན་གྱི་དགོངས་པ་གསལ་བཏབ་ལ་ཧཱུྃ་དབྱངས་གྱེར། འདིར་སྟ་དངོས་མི་སྦྲེལ་བའམ་སྦྲེལ་ཀྱང་སྤྲོ་ན། རྣམ་རྒྱལ་གསང་བའི་བུམ་སྒྲུབ་སྟ་གོན་སྐབས་བཞིན་སླར་བྱ། ལས་བུམ་དུ་འཁྱིལ་པའི་བསྐྱེད་བཟླས་ཀྱང་བྱ། དབྱངས་གསལ། ཡིག་བརྒྱ། རྟེན་སྙིང་བཟླས་པས་ལྷག་ཆད་བསྐང་ཞིང་བརྟན། གཏོར་འབུལ་ཕྲིན་བཅོལ། མཆོད་བསྟོད་བཅས་གྲུབ་པ་དང་། རིགས་བཞི་མཁའ་འགྲོའི་སྒོས་དབང་ནི་སོ་སོའི་དབུར་འབྱུང་བ་བཞིན་ཟུར་དུ་བསྒྲུབ་ཅིང་བསྐུར་དགོས་པས་དེ་ལྟར་བྱ་བ་ཤིན་ཏུ་གལ་ཆེ་བ་ཡིན་ཞིང་། དེང་སང་བསྐུར་བསྐུར་ཐོབ་ཐོབ་ཀྱི་མིང་བགྲང་བའི་མགྱོགས་དབང་སྐབས་དཀྱུས་གཅིག་ཏུ་བསྒྲུབ་པར་འདོད་ན། ཚེ་སྒྲུབ་ཀྱི་ལྷ་བསྐྱེད་ནས་བཟླས་པ་ཚེ་འགུགས་རྒྱས་གདབ་རྗེས་སྨོན་ཤིས་བརྗོད། ནོར་སྒྲུབ་ཀྱི་ཁྲུས་གསོལ་ནས་བསྙེན་པའི་སྐབས། ཐོད་རྟེན་ཡོད་ན་དེ་ཉིད་ཀྱི་བྱིན་འབེབ་དང་བཟླས་པ་བྱ། གང་ལྟར་ཡང་གཏོར་འབུལ་གཡང་འགུགས་རྗེས་རྩ་ལས་ཀྱི་སྔགས་བཟླས་དང་རྟེན་སྙིང་ཤིས་བརྗོད་བྱ། དབང་སྡུད་ལ་ལྷ་བསྐྱེད་ནས་བཟླས་པའི་ཐུན་མཚམས་ཁྱད་པར་གྱི་མཆོད་པ་འབུལ་ཞིང་སྨོན་ཤིས་བྱ། ཟོར་ལས་ལ་མདུན་དཀྱིལ་བསྐྱེད་བཟླས་སྲུང་ཟློག་གསད་པའི་དམིགས་བཟླས་ཁྱུག་ཙམ་རེ་གཏང་། ཟུར་གསལ་བཀའ་སྲུང་མཁའ་འགྲོ་མཆེད་གསུམ་གྱི་གཏོར་འབུལ་བྱ། དེ་ནས་ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་དང་སྤྱིར་སྐོང་བ་གྲུབ་པའི་མཚམས་དེར། མཆོད་སྐོང་ལྟར་རྡོ་རྗེ་མཁའ་འགྲོའི་ཆུ་སྐོང་ནས་མར་མེའི་སྐོང་བ་གྲུབ་ཀྱི་བར་གཞུང་གསལ་བཞིན་མཐར་ཆགས་སུ་བཏང་ཞིང་། སོ་སོའི་བྱིན་རླབས་བརྡ་དབང་བླངས་ལ། སློབ་མ་ལ་དབང་བསྐུར་སྐབས་སྐད་ཅིག་གིས་གསལ་བཏབ་པས་ཁྱབ། མདོས་རག་གི་བསྐང་བ་ནི་གཏེར་གཞུང་ལས་ཕབ་མ་གྲུབ་པས། ས་བཅད་མི་སྟོང་ཕྱིར་མདོས་རཀ་སྤྱི་འགྲེས་ལ་བརྟེན་ནས་བསྐུར་བར་འཇམ་མགོན་རྡོ་རྗེ་འཆང་ཆེན་པོའི་ཞལ་ལུང་ལྟར་བསྒྲུབ་པ་ལ། བྱིན་རླབས་ནི། ཨོཾ་ཨཱཿཧཱུྃ། སྟོང་པའི་ངང་ལས་མདོས་གཏོར་རྣམས། །ངོ་བོ་ཡེ་ཤེས་རང་བཞིན་ལ། །རྣམ་པ་སྣང་སྲིད་དཀྱིལ་འཁོར་ཀུན། །ཡོངས་རྫོགས་མདོས་གཏོར་ནམ་མཁའ་མཛོད། །བྱེད་ལས་ལྷ་ཚོགས་དགྱེས་སྐོང་གྱུར། །ཅེས་དང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ། ཧཱུྃ། སྐྱེ་མེད་དབྱིངས་ཀྱི་ནམ་མཁའི་ཀློང་། །རིག་གདངས་མ་འགགས་ཆོ་འཕྲུལ་ལས། །སྲིད་ཞིའི་དཀྱིལ་འཁོར་འཁོར་ལོར་ཤར། །དེ་དབུས་རྡོ་རྗེ་ཁྲོས་མ་ནག །རིགས་བཞིའི་དཔའ་བོ་ཡབ་ཡུམ་དང་། །ལས་དང་ཡེ་ཤེས་དྷཱ་ཀི་ནཱི། །འབུམ་ཕྲག་ཡངས་པའི་ཚོགས་དང་བཅས། །དགྱེས་དགུར་སྤྱོད་པའི་མཎྜ་ལ། །བདེ་ཆེན་རྡོ་རྗེའི་ལྷ་ཚོགས་རྣམས། །ཕྱི་ནང་གཞན་གསུམ་མཉམ་སྦྱོར་བའི། །ཡོངས་རྫོགས་མདོས་ཀྱི་ལོངས་སྤྱོད་མཆོག །འདོད་ཡོན་མཆོག་གི་གཏེར་ཆེན་པོས། །རྡོ་རྗེ་ཕག་མོའི་ཐུགས་དམ་བསྐང༔ འཁོར་གྱི་མཁའ་འགྲོའི་སོགས། རྩ་སྔགས་ལ། ཨོཾ་ཨཱཿཧཱུྃ་བཾ་བཛྲ་བྷ་ར་ཧི་ཛྙཱ་ན་བཛྲ་མཎྜ་ལ་སརྦ་པཱུ་ཛ་ས་མ་ཡ་ཧོཿ ཞེས་བཏགས་པ་ཅི་ནུས་བཟླས་པས་མཆོད། དེ་ལྟར་ཕུལ་པས་དཀྱིལ་འཁོར་ལྷ་ཚོགས་ཟག་མེད་ཀྱི་བདེ་བས་དགྱེས་ཤིང་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས། བདག་དང་སློབ་མའི་འགལ་རྐྱེན་བར་ཆད་བསལ་ཞིང་། མཆོག་ཐུན་གྱི་ལས་རབ་འབྱམས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛད་པར་གྱུར་པར་བསམ། བདུད་རྩི་རིལ་བུའི་སྒྲུབ་གཞུང་ནི་གཏན་ལ་འབེབ་མ་གྲུབ་པས། རྩ་དབང་སྒྲུབ་པའི་ཞར་བྱུང་དུ་བདུད་རྩིའི་ཕོ་བྲང་ལ་དམིགས་པས་ཁྱབ་པར་བྱས་པས་ས་བཅད་ཚང་བའི་དབང་དུ་མཛད་པ་ལྟར་གྱིས་འཐུས།་་་ཕྱག་བྲིས་ངོ་མ་ལས་ཞལ་བཤུས་ཞེས་པའི་རིལ་སྒྲུབ་ལྡེབ་གཉིས་ཅན་ཞིག་རྫོང་སར་པར་མར་ཡོད་པ་འདིར་བཙུད་ཡོད།མཆན། དེ་ནས་མཁའ་འགྲོའི་སྨྲེ་བཤགས་དང་། མཆོད་སྐོང་ལྟར་དོན་སྐོང་བྱ། བརྡ་དབང་ཚང་བའམ་འཇུག་པ་མདོར་བསྡུས་སྔོན་དུ་འགྲོ་བས་དབང་བཞིའི་སྙིང་པོ་ཙམ་བླངས་ནས་སློབ་མ་འཇུག་པར་གནང་བ་ཞུ། དབང་དངོས་ལ། སློབ་མ་ལ་ཁྲུས་བྱ། བགེགས་གཏོར་བསྔོ་ཞིང་བཀའ་བསྒོ་སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་གྲུབ་ནས། འོ། མཁའ་མཐས་གཏུགས་པའི་མར་གྱུར་གྱི་འགྲོ་བ་ཐམས་ཅད་འཕགས་བཞིའི་སྐྱེད་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཀུན་ཏུ་བཟང་མོའི་གོ་འཕང་ལ་ཅི་ནས་ཀྱང་བདག་ཁོ་ནས་གཞག་པར་བྱ། དེའི་ཆེད་དུ་མཁའ་འགྲོ་འདུས་པའི་དཀྱིལ་འཁོར་ཆེན་མོར་དབང་བསྐུར་བ་ཟབ་མོ་ནོད་དེ། ལམ་མཆོག་མྱུར་དུ་བགྲོད་པའི་གདམས་པ་ཚུལ་བཞིན་ཉམས་སུ་བླང་བར་བགྱིའོ་སྙམ་པའི་སེམས་བསྐྱེད་གསལ་བཏབ་ནས་གསན་འཚལ། དེ་ལ་སྤྱིར་རྒྱལ་བ་མིའི་སེང་གེའི་བསྟན་པ་ཐམས་ཅད་ཀྱི་མཆོག་གམ་རྩེ་མོར་གྱུར་པ་ནི་གསང་བ་སྔགས་ཀྱི་ཐེག་པ། དེ་ལའང་ནང་གསེས་ཀྱི་དབྱེ་བསྡུ་མཐའ་ཡས་པར་བཞུགས་པ་ལས། འདིར་ནི་གཞིའི་དུས་ན་ཟབ་མོ་སྟོང་པ་ཉིད་ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་ཅིང་། ལམ་དུས་སུ་ཡེ་ཤེས་དམ་ཚིག་ལས་དང་ཆོས་ཀྱི་ཕྱག་རྒྱ་རྣམས་གསང་བའི་དཀྱིལ་འཁོར་ཐམས་ཅད་ཀྱི་སྙིང་པོའམ་ཁྱབ་བྱེད་དུ་བཞུགས་ཤིང་། མཐར་ཐུག་བླ་ན་མེད་པའི་འབྲས་བུ་སྟོང་ཉིད་སྙིང་རྗེ་ཡེ་ཤེས་གྱི་སྙིང་པོ་ཅན་ཆོས་སྐུ་མི་འགྱུར་བའི་མཁའ་ཀློང་། བདེ་སྟོང་གཉིས་སུ་མེད་པའི་གོ་འཕང་ནི་རྣམ་ཀུན་མཆོག་ལྡན་གྱི་ཕྱག་རྒྱ་ཆེན་མོ་ཉིད་རྟོགས་བྱར་གྱུར་པའི་ཕྱིར། གསང་བའི་དཀྱིལ་འཁོར་ཐམས་ཅད་ཀྱི་སྙིང་པོ་རབ་མཆོག །གྲུབ་པའི་རིག་འཛིན་རྣམས་ཀྱི་ཐུགས་ཀྱིས་བརྣག་པའི་མཐར་ཐུག་པ་ནི་བཅོམ་ལྡན་འདས་མའི་དཀྱིལ་འཁོར་བསྒྲུབ་པའི་ཚུལ་ཁོ་ན་ཡིན། དེ་ལའང་གསར་རྙིང་བཀའ་གཏེར་གྱི་ཆུ་ཀླུང་གི་ལམ་སྲོལ་མཐའ་ཡས་པར་བཞུགས་པ་ལས། འདིར་ཟབ་མོ་གཏེར་གྱི་ཕྱོགས་སུ་གཏོགས་པའི་མཁའ་འགྲོའི་སྒྲུབ་སྐོར་ཇི་སྙེད་ཅིག་བྱོན་པ་ཐམས་ཅད་ཀྱི་སྙིང་པོའི་ཡང་བཅུད་དམ་པར་གྱུར་པ་མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་དཀྱིལ་འཁོར་ཆེན་མོར་དབང་བསྐུར་བའི་སྐབས་སུ་བབས་པ་ཡིན་པས། འདི་ཉིད་ཀྱི་བྱུང་བ་བརྗོད་པ་ཉུང་ངུ་ཞིག་ཡིད་ཆེས་ཀྱི་ངེས་པ་རྙེད་ཕྱིར་བརྗོད་ན། གཏེར་གཞུང་རྡོ་རྗེའི་ཚིག་རྐང་ལས། སྔོན་ཚེ་འོག་མིན་གསང་ཆེན་ཞིང༔ སོགས་ཟབ་ཁྲིད་མཇུག་ནས་འབྱུང་བ་ལྟར། དངོས་གྲུབ་དགའ་སྟོན་རྒྱས་པར་འགྱུར༔ ཞེས་བསླུ་བ་མེད་པའི་ལུང་གིས་ངེས་པས་བསྟན་པ་བཞིན། ཡང་དག་དོན་གྱི་འོག་མིན་ན་ཆོས་སྐུ་ཡེ་ཤེས་ཀྱི་དགོངས་པས་རང་སྣང་གི་འཁོར་ལ་བརྗོད་ཚིག་ལས་འདས་པའི་གསང་རྒྱུད་རྣམས་རང་ཤར་བའི་རོལ་རྩལ་འགག་པ་མེད་པར་བསྟན། རང་བྱུང་མཁའ་སྤྱོད་ཀྱི་ཞིང་དུ་ལོངས་སྐུ་བརྡའི་ཕག་མོ་སྟོན་པ་ཉིད་ལས་མི་གཞན་པའི་འཁོར་ལ་རྡོ་རྗེའི་རྒྱུད་ཀྱི་གསང་བ་དུས་བཞི་མཉམ་པ་ཉིད་དུ་བཤད། ཨོ་རྒྱན་གྱི་དུར་ཁྲོད་ཆེན་པོར་སྤྲུལ་སྐུ་རྟགས་ཀྱི་རྡོ་རྗེ་ཕག་མོས་བདག་ཉིད་ཆེན་པོ་པདྨ་ཐོད་ཕྲེང་རྩལ་ལ་གདམས་ཕྱིར། འཇམ་དཔལ་སྤྲུལ་པའི་རྒྱལ་པོའི་ཐུགས་བསྐྱེད་དང་། ཀུན་མཁྱེན་མ་ཧཱ་གུ་རུ་པདྨ་སཾ་བྷ་ཝའི་ཕྲིན་ལས་དུས་སུ་སྨིན་པས་བོད་ཡུལ་མུན་པའི་གླིང་དུ་དམ་པའི་ཆོས་ཀྱི་སྒྲོན་མེ་སྦར་བའི་སྐབས་ཤིག །རྒྱལ་ཀུན་འདུས་ཞལ་མ་ཧཱ་གུ་རུ་རིན་པོ་ཆེས་རྒྱུད་ལུང་མན་ངག་སྙིང་པོར་བསྡུས་པའི་དམར་ཁྲིད་ཟབ་མོ་ཐུགས་ཀྱི་ཉིང་ཁུའི་མནོག་ཆོས། མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་གདམས་སྐོར་འདི་རྣམས་བསམ་ཡས་མཆིམས་ཕུའི་ནགས་ཀྱི་དུར་ཁྲོད་ཆེན་པོར་བཀའ་ཡི་བསྡུ་བ་གཟུངས་མ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་ཐུགས་དམ་གྱི་ཡང་སྙིང་དུ་བསྩལ་པ་བཞིན་ཐུགས་ཉམས་སུ་བཞེས་ཤིང་། གུ་རུའི་བཀའ་བཞིན་མ་འོངས་པའི་དོན་ལ་དགོངས་ནས། ཨེ་ཟར་མོ་ལུང་གི་བྲག་གུ་རུའི་སྒྲུབ་གནས་བདེ་ཆེན་གསང་བ་ཕུག་ཏུ་བརྡ་ཡིག་རིགས་ལྔར་བྲིས་ཏེ། ནམ་ཞིག་ལས་ཅན་མ་དང་འཕྲད་པའི་སྨོན་ལམ་དང་བཅས་གཏེར་དུ་སྦས་ཤིང་། གཏེར་བདག་དུར་ཁྲོད་ཀྱི་མ་མོ་དྲག་ཤུལ་ཅན་སྤྱང་ཞོན་མཆེད་གསུམ་ལ་བཅོལ། ཕྱིས་རབ་བྱུང་བཞི་པའི་ནང་དུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཉིད་ཀྱི་རྣམ་འཕྲུལ་རང་གྲོལ་གྱི་རྣལ་འབྱོར་མ་ཇོ་མོ་སྨན་མོའམ་མཚན་དངོས་པདྨ་མཚོ་སྐྱིད་དུ་གྲགས་པ་ལ་མཁའ་འགྲོ་རྡོ་རྗེ་ཕག་མོས་གཏེར་དཔེ་དངོས་སུ་གཏད་ཅིང་བྱིན་གྱིས་བརླབས། སྦས་ཚུལ་གྱིས་འགྲོ་དོན་ཅི་རིགས་མཛད་པ་ལས་གཞན་ལ་རྒྱ་ཆེར་སྤེལ་བའི་སྐབས་སུ་མ་བབས་ཤིང་། ཐུགས་ཉམས་སུ་རྩེ་གཅིག་བཞེས་པ་ལ་བརྟེན་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་ཀྱི་གོ་འཕང་བརྙེས་པའི་ཟབ་ཆོས་ངོ་མཚར་ཅན་བྱིན་རླབས་ཀྱི་སྤྲིན་ཕུང་འཕྲོ་བ་ཡིན་ཅིང་། རྨད་དུ་བྱུང་བའི་གསང་བ་ཆེན་པོ་འདི་ཉིད་རེ་ཞིག་ཡང་ལྡབ་གཏེར་དུ་སྦས་པས་ཡེ་ཤེས་མཁའ་འགྲོའི་ཕྱག་ཏུ་བཞུགས་ཤིང་ཕལ་པའི་སྤྱོད་ཡུལ་དུ་མ་གྱུར་པ། རྩོད་དུས་ཀྱི་ཐ་མར་འདུལ་བའི་སྐབས་སུ་བབས་པ་ན། ཐུགས་རྗེ་དང་སྨོན་ལམ་གྱི་དབང་ལས་གངས་ཅན་མཁས་གྲུབ་གཏེར་སྟོན་ཐམས་ཅད་ཀྱི་རྒྱལ་པོ། སྤྲུལ་པའི་རིག་འཛིན་ཆེན་པོ་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་བཀའ་བབས་པ་སྟེ། རྗེ་འདི་ཉིད་ནི་ངོ་བོ་སློབ་དཔོན་འཇམ་དཔལ་བཤེས་གཉེན་དང་པཎ་ཆེན་བི་མ་ལ་མི་ཏྲ་དབྱེར་མེད་པའི་ཐུགས་རྗེའི་རང་གཟུགས་སུ་ཤར་བ་ཡིན་ཅིང་། གདུལ་བྱ་སོ་སོའི་བློ་ངོར་འཕགས་པའི་ཡུལ་དུ་གྲུབ་ཆེན་དྲིལ་བུ་པ། པཎྜི་ཏ་སྒོ་མཐའ་ཡས་པའི་བློ་གྲོས། པཎ་ཆེན་ནགས་ཀྱི་རིན་ཆེན་ལ་སོགས་པ་དང་། བོད་ཡུལ་དུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། གུ་རུ་ཆོས་དབང་། རས་ཆུང་རྡོར་གྲགས། ས་སྐྱ་རྗེ་བཙུན་གྲགས་རྒྱལ། གྲུབ་ཆེན་ཐང་རྒྱལ། ལྷ་བཙུན་ནམ་མཁའ་འཇིགས་མེད་ལ་སོགས་གསར་རྙིང་གི་སྐྱེས་ཆེན་དམ་པ་དུ་མའི་རྣམ་པར་འཕྲུལ་པར་བསྟན་པ། རྗེ་ཉིད་ནས་ཀྱང་རྗེས་སུ་དྲན་པ་དང་། ཁྱད་པར་རྒྱལ་སྲས་མཆོག་གྲུབ་རྒྱལ་པོ་ཉིད་གཏེར་འབྱིན་རྐྱང་པའི་སྐྱེ་བ་བཅུ་གསུམ་བྱོན་པར་གསུངས་པའི་ཐོག་མར་སངས་རྒྱས་བླ་མ་ནས། བཅུ་གཉིས་པ་ཆོས་རྗེ་གླིང་པའི་བར་བྱོན་ཟིན་ནས། བཅུ་གསུམ་པ་རྗེ་འདི་ཉིད་ཡིན་པར་རྡོ་རྗེའི་ལུང་གིས་གསལ་བར་མཚོན་པ་དང་། གཏེར་སྟོན་རྒྱལ་པོ་ལྔ་ལ་བྲན་བརྒྱས་བསྐོར༔ ཞེས་གསུངས་པའི་ལྔ་པ་མདོ་སྔགས་གླིང་པ་ནི། མཆོག་ལྡན་མགོན་པོ་ཡིན་པར་གྲགས་ཀྱང་། རྟེན་འབྲེལ་འཆོལ་བས་གཏེར་ཁ་གང་ཡང་ཕྱག་ཏུ་མ་འབྱོར་ཞིང་གློ་བུར་དུ་མཛད་པ་བརྟུལ་བ་ཡིན་པར་ངེས་པས། རྒྱལ་པོ་ལྔ་པ་རྗེ་འདི་ཉིད་ཁོ་ནར་གྲུབ་པས། ཕྱི་དུས་བྱོན་པའི་གཏེར་སྟོན་ཚད་མ་ཐམས་ཅད་འདི་ཉིད་ཀྱི་བྲན་དུ་གྲུབ་པའང་མངོན་སུམ་གྱིས་གསལ་ཞིང་། རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་དམ་པར་གྱུར་པ་བཀའ་བབས་ཀྱི་ཤིང་རྟ་ཆེན་པོ་བདུན་ལྡན་བཞུགས་པ་ལས། གསུམ་པ་ཡང་གཏེར་གྱི་ཆོས་སྐོར་ལས་བྱོན་པ་ཉིད་རྡོ་རྗེ་ལུང་གི་ངེས་པས་ཇི་ལྟར་བསྟན་པ་བཞིན། གསང་བའི་བདག་པོ་རྣམ་སྣང་ལོ་ཙཱ་བའི་ཡེ་ཤེས་ཀྱི་རོལ་མོ་དང་གཉིས་སུ་མེད་ཀྱང་གཉིས་སུ་སྣང་བའི་ཟོལ་ཅན། རིགས་ཐམས་ཅད་ཀྱི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་༧པདྨ་གར་དབང་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་ལ་བཀའ་བབས་ཀྱི་གཉེར་ཁ་བསྩལ་པ་ལས་བརྒྱུད་དེ། བདག་ཅག་གི་སྐལ་པ་བཟང་པོའི་དཔྱིད་དུ་ཐོབ་པ་འདི་ཉིད་ཀྱི་སྒོ་ནས་སློབ་མ་རྗེས་སུ་འཛིན་པའི་ཆོ་ག་སྨིན་གྲོལ་འབོགས་པའི་སྐབས་སུ་བབས་པ་ཡིན། དེ་ལའང་རྩ་བའི་སྨིན་བྱེད་དང་། རྗེས་འབྲེལ་ཡན་ལག་ཉམས་ཆག་སྐོང་དབང་དྲུག །མཆོག་དངོས་གྲུབ་བྱེད་བདུད་རྩིའི་རིལ་དབང་། མཐའ་རྟེན་རྗེས་གནང་དང་རྗེས་འབྲེལ་སྲུང་མའི་བཀའ་གཏད། དམ་ཚིག་འབོགས་པ། གཏང་རག་འབུལ་བ། སླར་ཡང་བྱིན་རླབས་གཏོར་མའི་དབང་དང་། རིགས་བཞི་མཁའ་འགྲོའི་སྒོས་དབང་བཅས་འབྱུང་བ་ལས། འདིར་ནི་རྩ་བ་དང་ཡན་ལག་གི་དབང་དྲུག་སོགས་དང་སྲུང་མའི་བཀའ་གཏད་བཅས་རིམ་པར་བགྱིད་པ་སྟེ། དེའང་གསང་སྔགས་ཀྱི་རིམ་པ་ནི་མ་སྨིན་པ་སྨིན་པར་བྱེད་པའི་དབང་གི་མཐའ་ཅན། དེ་ལྟ་བུའི་དབང་དེ་ཉིད་སྨིན་པ་གྲོལ་བར་བྱེད་པའི་གདམས་ཁྲིད་ཀྱི་མཐའ་ཅན་ཟུང་དུ་འབྲེལ་བའི་ངེས་པ་རིག་འཛིན་བརྒྱུད་པའི་མན་ངག་ཕྱག་བཞེས་ལྟར། ལམ་བཞིའི་རིམ་པ་དང་འབྲེལ་བའི་རྩ་བའི་སྨིན་བྱེད་གྲོལ་ལམ་བཅས་སྟན་ཐོག་གཅིག་ཏུ་ཚངས་སྤྲུགས་སུ་བགྱིད་པ་ལ། བདག་ཉིད་ཀྱི་ཁུར་དུ་བབས་པའི་ཆོ་གའི་རིམ་པ་རྣམས་ཚང་ལ་མ་ནོར་བ་ལེགས་པར་གྲུབ་ཟིན་པ་ལགས། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལའང་དཀྱིལ་འཁོར་དུ་འཇུག་པའི་ཆོས་དང་། ཞུགས་ནས་མངོན་པར་དབང་བསྐུར་ཞུ་བ་གཉིས་སུ་ཡོད་པ་ལས། ཐོག་མར་དཀྱིལ་འཁོར་ཕྱི་ནང་དུ་འཇུག་པའི་སྨིན་གྲོལ་ཟབ་མོའི་བཀའ་དྲིན་ཞུ་བའི་ཡོན་དུ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ། སྔོན་ཆད་ལྷན་སྐྱེས་ཀྱི་མ་རིག་པས་བསྒྲིབས་ཏེ་རང་རིག་གི་ལྷ་ཞལ་མངོན་དུ་མ་གྱུར་པའི་བརྡར་རས་ཡུག་དམར་པོ་ཁ་ཚར་དང་བཅས་པའི་གདོང་གཡོགས་བཅིངས་འཚལ། ཨ་ཁཾ་བཱི་ར་ཧཱུྃ། ཞེས་ཐུང་ངུར་བརྗོད། རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་ཆེན་པོར་ཕྱག་རྟེན་མེད་པར་མཇལ་དུ་མི་རུང་བས། དེའི་དོད་ཨུ་དུམྦ་རའི་མེ་ཏོག་གི་ཕྲེང་བ་རེ་ཕྱག་ཏུ་ཐོགས་པར་མོས་མཛོད། ཨཱ་ཁཾ་བཱི་ར་ཧཱུྃ། ཞེས་རིང་པོར་བརྗོད། བདག་རྡོ་རྗེ་སློབ་དཔོན་ཐ་མལ་དུ་མ་འཛིན་པར་དཀྱིལ་འཁོར་ཐམས་ཅད་ཀྱི་འབྱུང་གནས་རྡོ་རྗེ་བཙུན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དངོས་ཡིན་སྙམ་པའི་དག་སྣང་བསྐྱེད་ལ། ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། གཏེར་གཞུང་གི་ཕག་མོ་འདུས་པའི་དབང་བསྐུར་ལྟར། ཧོ༔ རྡོ་རྗེ་ཕག་མོའི་སོགས་ལན་གསུམ། དེ་ལྟར་གསོལ་བའི་ལན་དུ་སྤྲོ་བ་བསྐྱེད་ཅིང་གདམས་ངག་འབོགས་པ་དང་། གནང་བ་སྦྱིན་པ་རྣམས་སྔོན་དུ་འགྲོ་བས་གསང་བའི་དམ་ཚིག་སྲོག་ལས་གཅེས་པར་བསྲུང་དགོས་པའི་གནད་བསྒྲག་པ་ལགས་ཏེ། རྡོ་རྗེ་མཁའ་འགྲོའི་སོགས་དུང་ཞལ་ཆུ་ལ་ནང་མཆོད་བསྲེས་པ་སྦྱིན། སླར་ཡང་དམ་ཚིག་གི་རྡོ་རྗེའི་མནའ་ཆུ་སྦྱིན་པ་འདི་ཉིད་མྱངས་ནས། ཕྱིན་ཆད་སྲོག་ལ་བབས་ཀྱང་གསང་བ་བླ་མེད་སྤྱི་དང་། ཁྱད་པར་རིགས་ལྔ་མཁའ་འགྲོའི་ཕྱི་ནང་གསང་བ་ཡང་གསང་གི་སྡོམ་པ་དང་བརྟུལ་ཞུགས་ཀྱི་རིམ་པ་ཡལ་བར་མི་འདོར་སྙམ་པའི་དམ་བཅའ་བརྟན་པོར་གཟུང་ཞིང་། དེ་ཉིད་ཡལ་བར་མི་འདོར་བའི་བློས་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ས་མ་ཡ་སོགས། ཐོག་མར་སློབ་བུའི་རྒྱུད་སྣོད་རུང་དུ་སྒྲུབ་པ་ལ་སྐྱབས་འགྲོ། སེམས་བསྐྱེད། སྡོམ་གཟུང་རྣམས་རིམ་པར་འབྱུང་བ་ལས། དང་པོ་སྐྱབས་སུ་འགྲོ་བའི་སྡོམ་པ་ལེན་པའི་ཕྱིར་འདི་ལྟར་གསལ་ཐོབས། བླ་མ་དང་དབྱེར་མེད་པའི་སྐུ་གསུམ་ཡོངས་རྫོགས་རྡོ་རྗེ་ཕག་མོ་ལ་ཕྱོགས་དུས་ཀྱི་དཀོན་མཆོག་རྩ་གསུམ་རྒྱ་མཚོ་སྤྲིན་གཏིབས་པ་ལྟ་བུས་བསྐོར་བ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར། བློ་གཏད་ལིང་བསྐྱུར་ཅི་མཛད་ཁྱེད་ཤེས་ཀྱི་འདུན་པ་དང་བཅས་པས་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས། ཕྲིན་ལས་ལྟར། ན་མོ༔ བདག་དང་ཁམས་གསུམ་སོགས་ལན་གསུམ། དེས་སྐྱབས་སུ་འགྲོ་བའི་སྡོམ་པ་ལེགས་པར་ཐོབ་པས་དགག་སྒྲུབ་ཆ་མཐུན་གྱི་བསླབ་བྱ་རྣམས་ལ་ཚུལ་བཞིན་སློབ་པ་དང་། ཁྱད་པར་དུས་དྲུག་གམ་བཞི་ལ་སོགས་པར་འདི་ལྟར་ཉམས་སུ་ལེན་དགོས་ཏེ། ཟབ་ཁྲིད་ལྟར། ཀྱཻ་སྐལ་ལྡན་རྣམས་ཉོན་ཅིག༔ འཁོར་བ་སོགས་ནས། དེ་ནི་སྐྱབས་སུ་འགྲོ་བའི་དམིགས་འདོན་ཉམས་ལེན་གྱི་རིམ་པའོ། །གཉིས་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། མཁའ་ཁྱབ་ཀྱི་མ་རྒན་སེམས་ཅན་ཐམས་ཅད་ལ་ཚད་མེད་པ་བཞིའི་བློ་གྲོས་ཀྱིས་ཁྱབ་པར་བྱས་ཏེ། དེ་རྣམས་ཀྱི་དོན་དུ་རྡོ་རྗེ་བཙུན་མོའི་གོ་འཕང་མྱུར་དུ་བསྒྲུབ་པར་བྱ། དེའི་སླད་དུ་བསྐྱེད་རྫོགས་གཙོ་བོར་གྱུར་པའི་ཟབ་ལམ་ལ་འཇུག་པར་བགྱིའོ་སྙམ་པའི་སྨོན་འཇུག་སེམས་བསྐྱེད་གཟུང་བའི་འདུན་པ་དང་བཅས་པས་འདིའི་རྗེས་ཟློས། བདག་གིས་སེམས་ཅན་སོགས་ལན་གསུམ། དེས་སྨོན་འཇུག་སེམས་བསྐྱེད་ཀྱི་སྡོམ་པ་ལེགས་པར་ཐོབ་པ་ཡིན་པས། དེ་དག་གི་བསླབ་བྱ་སྤྱི་དང་བྱེ་བྲག་དཀར་ནག་གི་ཆོས་བཞི་བཞིའི་བླང་དོར་དང་སེམས་ཅན་བློས་མི་སྤང་ཞིང་། ཅི་བགྱིས་གཞན་དོན་དུ་བསླབ་པ་ལ་བརྩོན་དགོས་པས། དེའི་ཚུལ་མདོར་དྲིལ་ནས་ཉམས་སུ་ལེན་པའི་གདམས་ངག་འབོགས་པ་ལ་སྙན་གཏོད་ཅིག །ཟབ་ཁྲིད་ལྟར། ཀྱཻ་ སྐལ་པ་དང་ལྡན་པ་རྣམས་ཉོན་ཅིག༔ སྨོན་འཇུག་གི་སོགས་ནས། དེ་ནི་སེམས་བསྐྱེད་པའི་དམིགས་རིམ་དང་བསླབ་བྱའི་ཉམས་ལེན་མདོར་དྲིལ་བའོ། །གསུམ་པ་གསང་བ་རིག་འཛིན་སྔགས་ཀྱི་སྡོམ་པ་གཟུང་བ་ནི། ཞིང་མཆོག་དེ་རྣམས་དཔང་པོར་གསོལ་བའི་སྤྱན་སྔར། དེང་ནས་གཉིས་མེད་བྱང་ཆུབ་ཀྱི་ས་ལ་མ་ཕྱིན་གྱི་བར་དུ་འདུལ་མདོ་སྔགས་ཀྱི་སྡོམ་པའི་གནས་མ་ལུས་པ་ཚུལ་བཞིན་དུ་བཟུང་ནས། ལོངས་སྤྱོད་དང་སྲོག་བསྲུང་བ་ཡོངས་སུ་བཏང་ནས་བསྲུང་བར་བགྱིའོ་སྙམ་པའི་གཡར་དམ་གྱི་རི་མོ་སྙིང་ལ་བཀོད་དེ་འདིའི་རྗེས་ཟློས། ཕྲིན་ལས་ལྟར། ཧོ༔ བླ་མ་མཁའ་འགྲོའི་སོགས་ལན་གསུམ། དེས་འདུལ་མདོ་སྔགས་ཀྱི་སྡོམ་པ་རྣམས་ཆོ་གའི་སྒོ་ནས་ཐོབ་པ་ཡིན་པས། དེང་ཕྱིན་ཕྱི་སོ་ཐར། ནང་བྱང་སེམས། གསང་བ་རིག་འཛིན་གྱི་སྡོམ་པ་རྣམས་ངོ་བོ་མ་འདྲེས་པར་གཟུང་། ཡོན་ཏན་ཡར་ལྡན་དུ་བསྒྲུབ། དུས་སྐབས་དགོས་པ་གཙོ་བོར་བཏོན་པས་སྤྱོད་ཅིང་། ཉེས་པའི་དྲི་མའི་ཆ་ཤས་ཀྱིས་མ་གོས་པར་དྲན་ཤེས་ཀྱིས་བསྲུང་བ་དང་། ཉམས་ཆག་གི་ཉེས་པ་རྣམས་ཕྱིར་བཅོས་ཀྱི་ཆོ་གས་གཙང་བར་བྱེད་དགོས་པའི་ཚུལ་སྙིང་པོར་བསྡུས་ཏེ་ཉམས་སུ་ལེན་བྱའི་གདམས་ངག་འབོགས་པ་ནི། ཟབ་ཁྲིད་ལྟར། ཀྱཻ་ སྐལ་པ་དང་ལྡན་པ་རྣམས་ཉོན་ཅིག༔ རྡོ་རྗེ་ཐེག་པའི་སོགས་ནས། རྒྱུན་དུའང་མ་ཆག་པར་གྱིས་ཤིག༔ དེ་ནི་འགལ་རྐྱེན་སྡིག་སྒྲིབ་སྦྱོང་བྱེད་བླ་མ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཀྱི་ཁྲིད་རིམ་མོ། །དེ་ནས་ཞར་བྱུང་ཚོགས་གསག་པའི་སོགས་ནས། བླང་བ་ལ་བརྩོན་པར་གྱིས་ཤིག༔ དེ་ནི་ཐུན་མོང་གི་ཚོགས་གསོག་པ་མཎྜལ་འབུལ་བའི་དམིགས་ཁྲིད་ཀྱི་རིམ་པའོ། །སླར་ཡང་བདེན་གཉིས་དབྱེར་མེད་ལྷག་པའི་བྱང་ཆུབ་ཀྱི་སེམས་གསང་སྔགས་ནང་གི་མན་ངག་ལྟར་བསྐྱེད་པའི་སླད་དུ། སློབ་མའི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཟླ་བ་དྲི་མ་མེད་པའི་གདན་ལ། དོན་དམ་རིག་པ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་མི་འགྱུར་བའི་རང་བཞིན་མཚོན་པ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཟེར་འཕྲོ་ཞིང་འགྲེང་ཐབས་སུ་གནས་པ། དེ་གཉིས་ཟུང་དུ་འཇུག་པ་བདེན་གཉིས་དབྱེར་མེད་སྤྲོས་པའི་མཚན་མ་དང་བྲལ་བའི་དབྱིངས་སུ་རོ་མཉམ་པ་དོན་དམ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་རྣལ་འབྱོར་དུ་བསྐྱེད་པ་འདིའི་རྗེས་ཟློས། ཨོཾ་བོ་དྷི་ཙིཏྟ་ཨུ་པ་དཱ་ཡཱ་མི། ལན་གསུམ། སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་མེ་ཏོག་དང་བཅས་པ་སྙིང་གར་རེག་པས། སེམས་བསྐྱེད་པ་དེ་ཉིད་ལས་མི་འདའ་བར་བརྟན་པར་བྱས་པར་མོས། ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ། སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། འདི་ལྟ་བུའི་གསང་སྔགས་ཀྱི་ཆོ་ག་ཟབ་མོ་གང་སྒྲུབ་པ་རྣམས་ཀྱི་ཚུལ་སྐལ་མེད་རྣམས་ལ། གནས་ཁང་འདིའི་ཕྱི་རོལ་དུ་རླུང་ཕྱོགས་ཙམ་ཡང་མི་བསྒྲག་པར་གདམས་པ་བཞིན་གསང་བའི་གཡར་དམ་འབད་པས་ཟུངས་ཤིག །དབང་བསྐུར་ལྟར། ཧོ༔ བླ་མེད་གསང་བའི་སོགས། དེ་རྣམས་ཀྱིས་ཕྱི་འཇུག་གི་རིམ་པ་རྣམས་གྲུབ་ནས། གཉིས་པ་ནང་འཇུག་ལ་སྦྱོར་དངོས་རྗེས་འབྲེལ་བཅས་སྒྲུབ་པ་ལ། དང་པོ་སློབ་མ་དཀྱིལ་འཁོར་ཆེན་པོའི་སྒོ་འགྲམ་དུ་འཁོད་པས། སློབ་དཔོན་དང་སྒོ་སྲུང་ལྷ་ཚོགས་བཅས་ལ་སྒོ་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ དཀྱིལ་འཁོར་ཆེན་པོའི་སོགས། དེ་ལྟར་གསོལ་བ་བཏབ་པར། སློབ་དཔོན་གྱི་ཐུགས་ཀ་ནས་ཚད་མེད་པ་བཞིའི་འོད་ཟེར་དཀྱིལ་འཁོར་གྱི་སྒོ་ལ་འཕྲོས་པས་སྒོ་རྣམས་ཕྱེས་པར་མོས། དབྱེ་བའི་རྒྱ་དང་། བྷྲཱུྃ་ཛྙཱ་ན་སོགས་ལན་བཞི། ཞེས་བརྗོད་པས་དཀྱིལ་འཁོར་གྱི་སྒོ་བཞི་ཤག་གིས་ཕྱེས་པའི་ཤར་སྒོའི་ཐད་ནས་གཟུང་གཡོན་སྐོར་གྱིས་བྱང་ལ་སོགས་པའི་སྒོའི་ཕྱི་ནས། སློབ་དཔོན་དང་དཀྱིལ་འཁོར་པའི་ལྷ་ཚོགས་ཀྱི་ཞབས་ལ་སྐུ་གསུང་ཐུགས་ཀྱི་ཕྱག་འཚལ་བའི་མོས་པ་དང་བཅས་ཐལ་མོ་གནས་གསུམ་དུ་སྦྱོར་ལ་འདིའི་རྗེས་ཟློས། ཨོཾ་ཨཱཿཧཱུྃ་ཧོ༔ རྡོ་རྗེ་བཙུན་མོའི་སོགས་སྔགས་བཅས་ལན་བཞིས་ཕྱག་བྱར་གཞུག །སླར་ཡང་ཤར་སྒོའི་ཐད་དུ་ཁྱེད་རང་རྣམས་ཞིང་ཆེན་གྱི་གདན་ལ་ཧེ་རུ་ཀའི་ཆས་ཀྱིས་བརྒྱན་ཏེ་འཁོད་པར་གྱུར་པ་ལ། ནན་ཏན་གྱི་སྒོ་ནས་དམ་ཚིག་གི་གནད་ལ་བཀར་ཞིང་ཁེ་ཉེན་གྱི་དོན་བསྒྲགས་ནས། བསྲུང་འདས་ཀྱི་དཔང་པོར་རྡོ་རྗེ་བཙུན་མོའི་བྱང་ཆུབ་ཀྱི་སེམས་ལྕེ་ཐོག་ཏུ་བཞག་པ་འདི་ཉིད་སྙིང་དབུས་སུ་སིམ་པ་ཡེ་ཤེས་སེམས་དཔའ་དང་རོ་གཅིག་ཏུ་འདྲེས་ནས། དམ་ཚིག་ཉམས་ན་བཀའི་ཆད་པས་དམྱལ་མེས་བསྲེག་ཅིང་། བསྲུངས་ན་བདེ་བ་ཆེན་པོའི་དངོས་གྲུབ་ཀྱི་འབྱུང་གནས་སུ་བཞུགས་པར་མོས། ནང་མཆོད་སྦྱིན་ལ། ཧོ༔ འདི་ནི་དངོས་གྲུབ་སོགས། ཐིབས་སེ་བྱོན་པར་བསམ་ལ་དད་གུས་གདུང་ཤུགས་རྩེ་གཅིག་ཏུ་སྐྱེད་ཅིག །ཧཱུྃ་ཧཱུྃ༔ ཡུལ་གྱི་མིང་ནི་སོགས། ཐོད་ཕྲེང་རྩལ་དང་ཧཱུྃ་གི་གླུ་མང་དུ་གྱེར། གསུམ་པ་ནང་འཇུག་གི་དངོས་གཞི་ཡེ་ཤེས་ཀྱི་བྱིན་དབབ་པ་ནི། དེ་ལྟར་སྤྱན་དྲངས་པའི་རིག་འཛིན་བླ་མའི་ལྷ་ཚོགས་མདུན་གྱི་ནམ་མཁར་བཞུགས་པ་དང་། སློབ་དཔོན་གཉིས་སུ་མེད་པའི་སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་མེ་ལྕེ་ལྟ་བུ་བྱུང་། སློབ་མའི་ཕུང་ཁམས་སོགས་ནས། ཁྲོས་མའི་སྐུ་འདི་ལྟར་དུ་སྒོམས་ཤིག །ཨེ་ཡིག་རྣམ་ཐར་གསུམ་རྫོགས་པའི༔ ཆོས་ཀྱི་འབྱུང་གནས་བསྣོལ་མ་སོགས་ཕྲིན་ལས་ལྟར། སྲིད་ཞིའི་སྤྱི་དཔལ་ཆེན་པོར་བཞེངས༔ དེ་ལྟར་བསྐྱེད་པའི་གནས་གསུམ་དུ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ཡིག་འབྲུས་མཚན་པ་རྣམས་དང་། ཁྱད་པར་སློབ་དཔོན་དང་སློབ་མའི་སྙིང་གའི་འོད་ཟེར་གྱི་སྤྲིན་ཆེན་མཁའ་ཁྱབ་ཏུ་སྤྲོས་པའི་མཐུས། རབ་འབྱམས་རྩ་གསུམ་རྒྱལ་བའི་འཁོར་ལོ་འབྱམས་ཀླས་པ་ཐམས་ཅད་མཁའ་འགྲོ་འདུས་པའི་དཀྱིལ་འཁོར་ལྷ་ཚོགས་ཀྱི་ཕྱག་རྒྱར་བཞེངས་པ་ནམ་མཁའ་གང་བར་སྤྱན་དྲངས་པ་རྣམས། རྒྱ་མཚོ་ཆེན་པོར་ཆར་བབས་པ་ལྟར་སློབ་མ་ལ་སིབ་སིབ་ཐིམ་པས། རྡོ་རྗེ་བཙུན་མོའི་དཀྱིལ་འཁོར་པའི་བྱིན་རླབས་རྒྱུད་ལ་ཞུགས་པའི་ངེས་ཤེས་བརྟན་པོར་སྐྱེད་ལ་མ་བཅོས་པའི་ངང་དུ་མཉམ་པར་ཞོག་ཅིག །རོལ་མོས་བྱིན་བསྐྱེད། འབེབ་རྫས་གཏུལ་ཞིང་། ལས་བྱང་གི་སྤྱན་འདྲེན། ཧཱུྃ་ཧཱུྃ༔ བཞེངས་ཤིག་བླ་མ་སོགས་གྱེར་བའི་ཕེཾ་ཕེཾ༔ མཐར་དབང་ཆོག་གི །ཛྙཱ་ན་ཨཱ་བེ་སོགས་བཏགས་པ་དྲག་ཏུ་བཟླས་པས་བྱིན་དབབ། ཧཱུྃ་གསུམ་བརྗོད་པས། བྱིན་དབབ་པའི་ལྷ་ཚོགས་ཁྱེད་རང་ལ་དབྱེར་མེད་དུ་ཐིམ་པར་མོས་ཤིག །དེ་ལྟར་བྱས་པས་བྱིན་ཕེབས་པའི་རྟགས་ནི། གཞུང་ལས། ལུས་ཀྱི་བ་སྤུ་ཟིང་པ་དང༔ འཇིགས་པའི་ཟིལ་དང༔ བདེ་བའི་ཉམས་དང༔ གནས་དང་རྟེན་རྣམས་བྱིན་ཐིབས་སེ་འོང་བར་འགྱུར་རོ༔ ཞེས་གསུངས་པའི་བྱིན་རླབས་དེ་ཉིད་བརྟན་པར་བྱ་བའི་ཕྱིར། སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་མེ་ཏོག་དང་བཅས་པ་སྤྱི་བོར་བཞག་པས་བྱང་ཆུབ་སྙིང་པོའི་བར་དུ་བརྟན་པར་མོས། ཛྙཱ་ན་བཛྲ་སོགས་བརྗོད། གསུམ་པ་རྗེས་འབྲེལ་རྣམས་རིམ་པར་འབྱུང་བ་ལས། རིགས་ཀྱི་ལྷ་སྐལ་བརྟག་པའི་སླད་དུ་ཕྱག་རྟེན་འབུལ་བ་ནི། སྔར་བྱིན་པའི་མེ་ཏོག་གི་ཕྲེང་བ་དེ་ཉིད་སྔོན་ནས་འབྲེལ་ཞིང་དངོས་གྲུབ་དང་ཕྲིན་ལས་གང་གིས་འགྲུབ་པའི་རིགས་ཀྱི་ལྷས་བཞེས་སུ་གསོལ། ཞེས་པའི་དམོད་འདོར་བ་དང་བཅས་འདིའི་རྗེས་ཟློས་ཀྱིས་ཕྱག་རྒྱའི་དཀྱིལ་འཁོར་དུ་འབུལ་འཚལ། ཧོ༔ གསང་བ་མཆོག་གི་སོགས། དེ་ལྟར་ཕུལ་པའི་མེ་ཏོག་གང་ལ་བབས་ཀྱང་གཙོ་མོ་ལྷན་ཅིག་སྐྱེས་མའི་ཡེ་ཤེས་ཀྱི་རོལ་པ་ལས་གཞན་དུ་མ་གཡོས་པའི་ཕྱིར། ཁྱེད་རང་རྣམས་ཀྱི་ལྷག་པའི་ལྷ་ཁྱབ་བདག་བཅོམ་ལྡན་འདས་མ་ཉིད་དུ་གཟུང་བ་དང་། མེ་ཏོག་དེ་ཉིད་གཙོ་མོའི་ཕྱག་གིས་བླངས་ཏེ་དབང་རྟགས་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིངས་པར་མོས། ཧོ༔ འདི་ནི་ཁྱོད་ཀྱི་སོགས། སློབ་དཔོན་གྱི་ཐུགས་ཀ་ནས་ཐུགས་རྗེའི་འོད་རྣོན་གསེར་གྱི་ཐུར་མ་ལྟ་བུ་བྱུང་བས། མ་རིག་གཉིས་འཛིན་བག་ཆགས་ཀྱི་སྒྲིབ་གཡོགས་མིག་རས་དང་ལྷན་ཅིག་བསལ་བར་མོས། ཧོ༔ མ་རིག་པ་ཡི་སོགས། དེ་ལྟར་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པས་རང་བྱུང་ལྷན་ཅིག་སྐྱེས་པའི་དོན་གྱི་དཀྱིལ་འཁོར་བཞུགས་ཚུལ་ཇི་བཞིན་དུ་མཚོན་བྱེད་དཔེའི་དཀྱིལ་འཁོར་ལ་བརྟེན་ནས་མཐོང་བར་མོས། ཀྱེ་ཧོ་སྐལ་ལྡན་སོགས། དེ་ལྟར་བརྡ་རྟགས་ཀྱིས་དཔེ་མཚོན་བྱེད་དུ་བྱས་ནས། རང་བྱུང་རིག་པ་གཞི་རྫོགས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཆེན་པོ་བལྟ་མཐོང་གི་ཡུལ་ལས་བརྒལ་པ་ཉིད་མངོན་དུ་གྱུར་པ་དེ་ལ་ཆེད་དུ་བརྗོད་པ་འདིའི་རྗེས་ཟློས། ཧོ༔ གསང་བའི་དཀྱིལ་འཁོར་སོགས། དེ་རྣམས་ཀྱིས་དཀྱིལ་འཁོར་ཆེན་པོར་ཞུགས་ནས་རྡོ་རྗེ་བཞིའི་ཡེ་ཤེས་ཀྱི་བྱིན་རླབས་རྒྱུད་ལ་འཇུག་པའི་ཆོ་ག་ཟབ་མོ་ཡང་གསང་རྡོ་རྗེ་ཐེག་པའི་ལམ་གྱི་སྙིང་པོར་གྱུར་པ་དེ་ཉིད་ལེགས་པར་ཐོབ་པ་ཡིན་པས། འདི་ལྟ་བུའི་རིམ་པ་ཉམས་སུ་ལེན་པའི་གདམས་ངག་སྦྱིན་པ་ནི། ཟབ་ཁྲིད་ལྟར། ཀྱཻ་ སྐལ་པ་དང་ལྡན་པ་རྣམས་ཉོན་ཅིག༔ རྡོ་རྗེ་ཐེག་པའི་སོགས་ནས། ཉམས་སུ་ལེན་པར་གྱིས་ཤིག༔ དེ་རྣམས་ཀྱི་སྒོ་ནས་དཀྱིལ་འཁོར་དུ་འཇུག་པའི་ཆོས་འཁོར་དང་བཅས་པ་གྲུབ་ནས། གཉིས་པ་དངོས་གཞིའི་དབང་བསྐུར་བ་ལ། སྦྱང་བྱ་གནས་སྐབས་བཞིའི་རིམ་པ་དང་མཐུན་པར་སྦྱོང་བྱེད་ཕྱི། ནང་། གསང་བ། དེ་ཁོ་ན་ཉིད་དེ་དབང་གི་ཆུ་བོ་ཆེན་པོ་བཞི་རིམ་པར་འབྱུང་བ་ལས། དང་པོ་ཕྱི་བུམ་པའི་དབང་ལའང་ཕུང་པོ་ལྔ་ལ་བདག་ཏུ་ཞེན་པའི་མ་རིག་པ་སྦྱོང་ཞིང་། ཡེ་ཤེས་སྐུ་ལྔའི་རང་བཞིན་དུ་རྟོགས་ཤིང་སྨིན་པར་བྱས་པས་རང་རྒྱུད་ལ་ཕན་འདོགས་པ་ཕན་པའི་དབང་ངམ་སློབ་མའི་དབང་དང་། ཐུགས་གསུང་སྐུའི་དཔའ་བོ་དཔའ་མོའི་འཁོར་ལོས་སྒོ་གསུམ་ལ་བྱིན་གྱིས་བརླབས་པས་བདག་གཞན་གྱི་དོན་སྒྲུབ་ནུས་པར་བྱེད་པ་ནུས་པའི་དབང་ངམ་སློབ་དཔོན་གྱི་དབང་། ལུས་ངག་ཡིད་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོར་དག་པས་ལྷ་དང་སྐལ་པ་མཉམ་པར་བྱེད་པ་ནུས་པ་མཆོག་བཅས་རིམ་པར་འབྱུང་བ་རྣམས་ཞུ་བའི་ཡོན་དུ་མཎྜལ། ཐོག་མར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དབང་བསྐུར་ལྟར། བྱང་ཆུབ་རྡོ་རྗེ་སོགས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་སྔོན་དུ་སོང་ནས། དང་པོ་ཕན་པའི་དབང་གི་སླད་དུ་སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་མོ་གཉིས་སུ་མེད་པའི་ཐུགས་རྗེའི་རླབས་གཡོས་ཏེ། ཐུགས་ཀའི་འོད་ཟེར་གྱིས་སྤྱན་དྲངས་པའི་དབང་གི་ལྷ་རིགས་ལྔ་ཡབ་ཡུམ། སེམས་དཔའ་ལྕམ་དྲལ། མཆོད་ལྷ། སྒོ་སྐྱོང་གི་ཚོགས་དང་བཅས་པ་མདུན་གྱི་ནམ་མཁར་བཞུགས་པ་རྣམས་ལ། སློབ་བུར་དབང་བསྐུར་བའི་དོན་དུ་མཆོད་ཅིང་བསྟོད་དེ་གསོལ་བ་གདབ་པ་ནི་སློབ་དཔོན་གྱིས་བགྱི་བ་ལགས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨརྒྷཾ་པཱ་དྱཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་གཤེགས་འཁོར་དང་བཅས་ལ་བསྟོད། །ཅེས་བསྟོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སློབ་མ་ལ་དབང་བསྐུར་བ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་ལྔས་རང་བྱུང་བདེ་སྐྱོང་གི་བུམ་པ་ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་གང་བས་སྤྱི་བོའི་གནས་ལྔར་དབང་བསྐུར། སེམས་དཔའ་དང་སེམས་མ་རྣམས་ཀྱིས་ཤིས་པ་བརྗོད། མཆོད་ལྷ་རྣམས་ཀྱིས་མཆོད་ཅིང་མངའ་དབུལ། སྒོ་སྲུང་ཁྲོ་བོ་ཁྲོ་མོས་བགེགས་བསྐྲད་པ་དང་བཅས་ཏེ་དབང་རྣམས་རིམ་པར་བསྐུར་བ་མོས། ཨོཾ༔ སྣོད་ནི་ཆོས་དབྱིངས་སོགས་ཀྱིས་དབང་ལྔ་བསྐུར་ལ་བཅུད་ཀྱང་སྦྱིན། དེ་ལྟར་དབང་བསྐུར་པས་སོགས། གཉིས་པ་ནུས་པ་སློབ་དཔོན་གྱི་དབང་གི་སླད་དུ༔ སླར་ཡང་བྷནྡྷ་སྙིང་ག་མགྲིན་པ་སྤྱི་བོ་རྣམས་སུ་བཞག་པས་ལྷ་ཚོགས་རྣམས་ཀྱི་རྡོ་རྗེ་གསུམ་གྱི་བྱིན་རླབས་རྒྱུད་ལ་ཞུགས་པས། ལས་རབ་འབྱམས་སྒྲུབ་ནུས་པའི་རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ་པར་མོས། ཧཱུྃ༔ ཇི་སྙེད་སངས་རྒྱས་སོགས། མགྲིན་པར་བསྐུར་སྐབས་བདུད་རྩི་སྦྱིན། ཞེས་དབང་བསྐུར་པས་སོགས། གསུམ་པ་ནུས་པ་མཆོག་གི་དབང་བསྐུར་བ་ལ་སྐུ་གསུང་ཐུགས་ཀྱི་དབང་གསུམ་ལས། ཐོག་མར་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བ་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་སོགས། སྐུ་གཉིས་པ་རེ་འཕྲོས་པས་གཙོ་མོ་རིགས་ལྔ་མཁའ་འགྲོའི་སྐུ་སྤྱི་བོ། མགྲིན་པ། སྙིང་ག །ལྟེ་བ། གསང་གནས་ཏེ་གནས་ལྔ་དང་། འཁོར་ལོ་གསུམ་གྱི་དཔའ་བོ་དང་དཔའ་མོ་རྣམས་ལུས་ཀྱི་རྩ་གནས་སོ་སོ། ཕྲ་མེན་མ་བཞི་ཡན་ལག་བཞི། དམ་ཚིག་མཁའ་འགྲོ་མ་བཞི་དཔུང་མགོ་གཉིས་དང་པུས་མོ་གཉིས་ཏེ། དཀྱིལ་འཁོར་གྱི་ལྷ་ཚོགས་དེ་རྣམས་སློབ་མ་ལ་ཐིམ་ཞིང་། ལུས་ཀྱི་དཀྱིལ་འཁོར་གྱི་གནས་སོ་སོར་བཞུགས་པར་མོས། ཧཱུྃ༔ བདེ་གཤེགས་རིགས་ཀྱི་སོགས་ནས། ཉམས་སུ་བླང་བར་བྱ་བ་ལ་འབད་པར་གྱིས་ཤིག །གཉིས་པ་གསུང་བཟླས་པ་སྔགས་ཀྱི་ལུང་དབང་བསྐུར་བ་ནི། སློབ་དཔོན་དང་དབྱེར་མེད་པའི་དཀྱིལ་འཁོར་གྱི་གཙོ་མོའི་ཐུགས་ཀ་ནས་སྐུ་གསུང་ཐུགས་ཀྱི་གསང་སྔགས་རྣམས་རིམ་པར་བྱུང་། སློབ་མའི་གནས་ལྔའི་ཁྲོས་མ་རིགས་ལྔའི་ཐུགས་ཀློང་ཉི་ཟླའི་གྭའུའི་སྦུབས་ཐུགས་སྲོག་བཾ་དང་། ཧ་རི་ནི་སའི་ཡི་གེ་མཐིང་དཀར་སེར་དམར་ལྗང་གུ་སོ་སོའི་མཐར་འཁོད་པ་བཟླས་པའི་རྐྱེན་གྱིས་དེ་ལས་འོད་འཕྲོས། ཡེ་ཤེས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པར་སྤྱན་དྲངས་ཤིང་། སྐུ་གསུང་ཐུགས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐམས་ཅད་ཐོབ་པས་ལུས་ལ་གཟི་བརྗིད། ངག་ལ་ནུས་པ། ཡིད་ལ་ཡེ་ཤེས་ཀྱི་རྩལ་ཕྱོགས་མེད་དུ་འབར་བར་མོས་ཏེ། སྐུ་གསུང་ཐུགས་ཀྱི་གསང་སྔགས་འདི་རྣམས་ཀྱི་རྗེས་ཟློས། ཕྲིན་ལས་ལྟར་ཨོཾ་བཾ་བཛྲ་སོགས་སྐུ་གསུང་ཐུགས་སྔགས་སོ་སོར་ལན་གསུམ་རེ་དང་། སླར་ཡང་མདུན་གྱི་མཁའ་འགྲོ་རིགས་བཞིའི་ཐུགས་ཀ་ནས་སྔགས་ཕྲེང་སོ་སོའི་མདོག་མཚུངས་བྱོན། སློབ་མའི་གནས་བཞིའི་མཁའ་འགྲོའི་ཐུགས་སྲོག་གི་མཐར་འཁོད་པ་ལས་འཕྲོས་པའི་འོད་ཀྱིས་མ་རིག་སྡིག་སྒྲིབ་ཞི་བ་དང་། ཡེ་ཤེས་རྒྱས་པ། རླུང་སེམས་དབང་དུ་འདུས་ཤིང་། གཟུང་འཛིན་བསྒྲལ་བ་སོགས་ལས་བཞིའི་དངོས་གྲུབ་དང་། མཆོག་གི་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་མཛད་པར་མོས་པས་འདིའི་རྗེས་ཟློས། ཕྲིན་ལས་ཀྱི། ཨོཾ་ཧ་བཛྲ་སོགས་མཁའ་འགྲོ་རིགས་བཞིའི་སྔགས་ལན་གསུམ་རེ། ཡང་དཀྱིལ་འཁོར་པའི་འཁོར་ལོ་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང་། སློབ་མའི་ལུས་དཀྱིལ་གྱི་དཔའ་བོ་དཔའ་མོ་ཉེར་བཞི་པོའི་ཐུགས་ཀར་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་དབུས་སུ་ཐུགས་ཀྱི་འཁོར་ལོའི་ལྷ་ཚོགས་ཀྱི་ས་བོན་ཧཱུྃ་མཐིང་ག །གསུང་གི་ལྷ་ཚོགས་ལ་ཨཱཿདམར་པོ། སྐུའི་ལྷ་ཚོགས་ལ་ཨོཾ་དཀར་པོས་མཚན་པའི་མཐར་སོ་སོའི་སྔགས་རྣམས་འཁོད་པ། བཟླས་པའི་རྐྱེན་གྱིས་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆག་ཐམས་ཅད་སྦྱངས་ཤིང་། བྱིན་དབང་དངོས་གྲུབ་མ་ལུས་པ་ཐོབ་པར་དམིགས་ལ་འདི་དག་གི་རྗེས་ཟློས། དཔའ་བོ་དཔའ་མོའི་སྒྲུབ་ཐབས་ནས་འབྱུང་བའི་ཨོཾ་ཙིཏྟ་ཙཀྲ་སོགས་འཁོར་ལོ་གསུམ་གྱི་ལྷ་སྔགས་གསུམ་སོ་སོར་ལན་གསུམ་རེ། ཡང་དཀྱིལ་འཁོར་པའི་ལས་དང་དམ་ཚིག་མཁའ་འགྲོ་མ་རྣམས་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་བྱུང་། སློབ་མའི་ལུས་དཀྱིལ་གྱི་མཁའ་འགྲོ་ལས་ཀྱི་ཕྲ་མེན་མ་སོ་སོའི་ཐུགས་ཀར་ཉི་ཟླའི་སྦུབས་སུ་ས་བོན་ཛཿཧཱུྃ་བཾ་ཧོཿབཞི་དང་། དམ་ཚིག་མཁའ་འགྲོའི་ས་བོན་ཧཱུྃ་ཡིག་བཞིའི་མཐར་འཁོད་པ་བཟླས་པའི་མཐུས། དེ་རྣམས་ལས་འོད་ཟེར་སྤྲོ་བསྡུས་ཞི་རྒྱས་དབང་དྲག་ལ་སོགས་པའི་ཐུན་མོང་གི་ཕྲིན་ལས་རྣམས་ལྷུན་གྱིས་གྲུབ་པར་མོས་ལ་འདིའི་རྗེས་ཟློས། ཕྲིན་ལས་ལྟར། ཨོཾ་སརྦ་ཀརྨ་སོགས་ལས་བཞིའི་སྔགས་ཤམ་སྦྲེལ་བ་ལན་གསུམ། དབང་ཆོག་ལྟར། དེས་སྒྲ་སྐད་ཐམས་ཅད་སོགས་ནས། ཉམས་སུ་བླང་བར་བྱ་བ་ལ་འབད་པར་གྱིས་ཤིག །གསུམ་པ་ཐུགས་འོད་གསལ་གྱི་དགོངས་པ་ངོ་སྤྲད་ཅིང་དོན་གྱི་དབང་བསྐུར་བ་ནི། དཔོན་སློབ་གཉིས་ཀས་རང་བྱུང་ཀ་དག་དོན་གྱི་དགོངས་པ་བརྗོད་བྲལ་ཆོས་སྐུའི་རིག་པ་རྗེན་པའི་ངང་དུ་ཡིད་དཔྱོད་ཀྱིས་བསླད་མ་ཞུགས་པར་མཉམ་པར་འཇོག་པས་དགོངས་ཉམས་སྐྱོངས་འཚལ། ཕྲིན་ལས་ལྟར། ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དེ༔ སོགས། ཨ་ཨ་ཨ༔ བར་བརྗོད་ལ་ཆོས་ཉིད་བློ་འདས་ཀྱི་དབྱིངས་སུ་ཅུང་ཟད་མཉམ་པར་གཞག །དབང་ཆོག་ལྟར། དེས་ནི་རྟོག་ཚོགས་སོགས་ནས། ཉམས་སུ་བླང་བར་བྱ་བ་ལ་འབད་པར་གྱིས་ཤིག །དེ་ལྟར་ན་སྐུ་སོགས་ནས། ངེས་ཤེས་སྐྱེད་ཅིག །དེ་ལྟར་བུམ་པའི་དབང་བསྐུར་རྗེས་འབྲེལ་དང་བཅས་པ་ལེགས་པར་ཐོབ་ནས། སྣོད་བཅུད་ཐ་མལ་དུ་འཛིན་པའི་ཞེན་པ་ཟློག་བྱེད་བུམ་པའི་དབང་གི་ལམ་སྐུ་རྡོ་རྗེ་བསྐྱེད་རིམ་སྤྲུལ་པའི་སྐུའི་ཉམས་ལེན་ཇི་ལྟར་བྱ་བའི་གྲོལ་བྱེད་ཀྱི་གདམས་ཁྲིད་ནི། ཟབ་ཁྲིད་ལྟར། ཀྱཻ་ རིགས་ཀྱི་བུ་རྣམས་ཉོན་ཅིག༔ གསང་སྔགས་རྡོ་རྗེ་སོགས་ནས། རྟག་ཏུ་བརྩོན་པར་བྱའོ༔ གཉིས་པ་ནང་གི་དབང་ལུས་ཀྱི་དཀྱིལ་འཁོར་ལ་བསྟེན་ནས་གསང་བའི་དབང་བསྐུར་རྗེས་འབྲེལ་དང་བཅས་པ་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། དབང་ཆོག་ལྟར། བླ་མ་རྡོ་རྗེ་ཕག་མོ་སོགས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་འཁོར་ལོའི་དབང་ཕྱུག་ཉིད་སྐད་ཅིག་གིས་པདྨ་ཧེ་རུ་ཀཿབདེ་མཆོག་གི་རྣམ་པར་གསལ་བ། ཤེས་རབ་རྡོ་རྗེ་ཕག་མོ་དང་སོགས་ནས། འཁོར་ལོ་རྣམས་ཤིན་ཏུ་གསལ་བ་ལ་སེམས་བཟུང་ནས་མ་ཡེངས་པར་མཉམ་པར་ཞོག་ཅིག །ཅུང་ཟད་མཉམ་པར་འཇོག །གཉིས་པ་དེ་དང་རྗེས་སུ་འབྲེལ་བ་ཁྱད་པར་གྱི་བྱིན་རླབས་དྲུག་གི །དང་པོ་གཏུམ་མོ་དྲོད་ཀྱི་ཉམས་ལེན་ལ་བརྟེན་ནས་བདེ་སྟོང་གི་ཡེ་ཤེས་བཙན་ཐབས་སུ་བྱེད་པའི་ལམ་སྒོམ་པར་དབང་བའི་བྱིན་རླབས་བྱ་བ་ནི། སློབ་མའི་ལུས་གནད་བསྲང་། ལུས་ལྷ་སྐུའི་སྟོང་ར་རྩ་གསུམ་འཁོར་ལོ་ལྔ་ལྡན། རྩ་གནས་ཀྱི་ལྷ་དང་བཅས་པ་གསལ་བཏབ་ཅིང་། ལྟེ་བའི་ལྷ་ཚོགས་སོགས་ནས། ཁྱབ་པའི་དམིགས་པ་དང་བཅས་རླུང་བུམ་པ་ཅན་ཟུངས་ཤིག །སློབ་བུས་རླུང་རོ་བསལ་ནས་བུམ་པ་ཅན་དང་དམིགས་པ་གཟུང་བཅུག །སློབ་དཔོན་གྱིས་ཌཱ་དྲིལ་བཅས། ཨོཾ་སརྦ་རཏྣ་སོགས་སྔགས་དྲག་ཏུ་བརྗོད་པས་བྱིན་དབབ། ཌཱ་དྲིལ་བཅས་སོ་སོའི་བྱིན་དབབ་ཚུལ་འདི་འོག་གི་ཆོས་དྲུག་གི་བྱིན་རླབས་ཐམས་ཅད་སྦྱར་དགོས། དེ་ལྟར་དབབ་པའི་བྱིན་རླབས་བརྟན་པར་བྱ་བའི་སླད་དུ་དཔལ་འབར་གྱི་མེ་ལྕེས་ལུས་ལ་བསྐོར་བའི་བརྡ་ཐབས་ཀྱིས་མཚོན་ཏེ་བདེ་སྟོང་གི་ཡེ་ཤེས་ཉམས་སུ་མྱོངས་ཤིག །ཧཱུྃ༔ རིན་ཆེན་མཁའ་འགྲོའི་སོགས་ནས། རཾ་རཾ་རཾ༔ དེ་ལྟར་བྱས་པས་གཟུང་འཛིན་རྟོག་པའི་བག་ཆགས་བསྲེག་ཅིང་། བདེ་དྲོད་ཀྱི་ཡེ་ཤེས་རྩོལ་མེད་དུ་འབར་བའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །གཉིས་པ་སྒྱུ་ལུས་ལ་བསྟེན་ནས་རྩལ་སྦྱོང་བའི་དབང་གི་བྱིན་རླབས་བྱ་བ་ནི། སྤྱི་བོའི་སངས་རྒྱས་མཁའ་འགྲོ་མའི་སོགས། དེ་ལྟར་དབབ་པའི་བྱིན་རླབས་བརྟན་པར་བྱ་བའི་སླད་དུ་ལྷ་སྐུའི་གཟུགས་བརྙན་མེ་ལོང་ལ་ཤར་བའི་བརྡ་ལ་བརྟེན་ནས་འདིའི་དོན་ཐུགས་ལ་ངེས་པར་མཛོད། ཧཱུྃ༔ སངས་རྒྱས་མཁའ་འགྲོའི་སོགས་ནས། ཧཱུྃ་ཧཱུྃ་ཧཱུྃ༔ དེ་ལྟར་བྱས་པས་སྣང་གྲགས་རྟོག་པའི་ཡུལ་སྣང་ཐམས་ཅད་བདེན་མེད་ཀྱི་དཔེ་བཅུ་གཉིས་ཀྱིས་མཚོན་པས་བདེན་འཛིན་གྱི་ཞེན་པ་དང་བྲལ་བའི་སྒྱུ་མ་ལས་ཀྱང་སྒྱུ་མར་ཤེས་པས། གཟུང་འཛིན་སྦྲུལ་མདུད་རང་གྲོལ་གྱི་གདེང་དང་ལྡན་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །གསུམ་པ་འོད་གསལ་གྱི་གདམས་པ་ལ་བརྟེན་ནས་སྙིང་པོའི་གནས་ལུགས་མངོན་དུ་བྱེད་ནུས་པའི་བྱིན་རླབས་བྱ་བ་ནི། སྙིང་གའི་རྡོ་རྗེ་མཁའ་འགྲོ་མའི་སོགས། དེ་ལྟར་དབབ་པའི་བྱིན་རླབས་བརྟན་པར་བྱ་བའི་སླད་དུ་མེ་ལོང་དྲི་མ་མེད་པའི་བརྡས་མཚོན་ཏེ། ཚིག་བརྗོད་པའི་དོན་ཉམས་སུ་ལོངས་ཤིག །ཧཱུྃ༔ རྡོ་རྗེ་མཁའ་འགྲོའི་སོགས་ནས། ཨ་ཨ་ཨ༔ དེ་ལྟར་བྱས་པས་སྣང་གསུམ་འོད་གསལ་གྱི་སྦུབས་སུ་ནུབ་ནས་ཤིན་ཏུ་ཕྲ་བའི་ཡེ་ཤེས་གཞོམ་དུ་མེད་པའི་ཐིག་ལེ་ཆེན་པོ་རང་གསལ་བུམ་ནང་གི་མར་མེ་ལྟ་བུའི་གནས་ལུགས་རྗེན་པར་རྟོགས་ནུས་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །བཞི་པ་རྨི་ལམ་གཟུང་སྦྱང་སྤྲུལ་སྒྱུར་ལ་སོགས་པ་འདོད་རྒུར་སྤྱོད་པས་ལམ་གྱི་ཚོད་འཛིན་པར་དབང་བའི་བྱིན་རླབས་བྱ་བ་ནི། མགྲིན་པའི་པདྨ་སོགས། དེ་ལྟར་དབབ་པའི་བྱིན་རླབས་ཀྱི་རྒྱུན་བརྟན་པར་བྱ་བའི་སླད་དུ། མེ་ལོང་དུ་གཟུགས་བརྙན་སྣ་ཚོགས་ཤར་བའི་བརྡས་མཚོན་ཏེ་དབང་བསྐུར་བཞི་པ་ཐོབ་པར་མོས། ཧཱུྃ༔ པདྨ་མཁའ་འགྲོའི་སོགས་ནས། ཨཾ་ཨཾ་ཨཾ༔ དེ་ལྟར་བྱས་པས་རྨི་ལམ་ཡེངས་འཁྲུལ་རྒྱ་འབྱམས་ཀྱི་སྐྱོན་དང་བྲལ་ནས་རྨི་ལམ་དུ་ངོ་ཤེས་ཀྱི་གོ་རར་ཆུད། སྒྱུ་ལུས་དང་བསྲེས་ཏེ་སྤྲུལ་བསྒྱུར་གྱི་ལྷར་ལྡང་། འོད་གསལ་དང་བསྲེས་ཏེ་མི་རྟོག་པའི་ཡེ་ཤེས་མངོན་དུ་བྱེད་ནུས་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །ལྔ་པ་འཕོ་བ་ལམ་གྱི་སྐྱེལ་མ་ལྟ་བུའི་གདམས་ངག་ཉམས་སུ་ལེན་པར་དབང་བའི་བྱིན་རླབས་བྱ་བ་ནི། ལྟེ་འོག་སོར་བཞིའི་སོགས། དེ་ལྟར་དབབ་པའི་བྱིན་རླབས་བརྟན་པར་བྱ་བའི་སླད་དུ་མདའ་གཞུའི་འཕྲུལ་འཁོར་གྱི་བརྡས་མཚོན་ཏེ་དབང་བསྐུར་བས་ཟབ་ལམ་གྱི་ཉམས་ལེན་ལ་ཐོགས་མེད་ཀྱི་རྩལ་འབྱོང་བའི་ནུས་པ་རྒྱུད་ལ་བཞག་པར་མོས། ཧཱུྃ༔ ལས་ཀྱི་མཁའ་འགྲོའི་སོགས་ནས། ཕཊ་ཕཊ་ཕཊ༔ དེ་ལྟར་བྱས་པས་སྦྱང་རྩོལ་གྱི་རྟགས་ཚད་མྱུར་དུ་ཕེབས་ཤིང་། དུས་སུ་ཕྱིན་ནས་སླར་སངས་རྒྱས་མཁའ་འགྲོའི་ཐུགས་ཀ་ནས་རླུང་སེམས་ཀྱི་ཐིག་ལེ་མར་བྱུང་། ལྟེ་བའི་ཟླ་དཀྱིལ་གྱི་སྟེང་དུ་ལྕི་ཐིང་ངེར་གནས། ཚངས་བུག་རྡོ་རྗེ་ཧྲཱིཿམཚན་གྱིས་བཀག་པའི་ཡིག་འབྲུའི་འོད་ཀྱིས་འཁོར་འདས་ཀྱི་ཚེ་བཅུད་བསྡུས་ཏེ་ཧྲཱིཿར་ཐིམ། དེ་ལས་ཚེ་དབང་བདུད་རྩིའི་རྒྱུན་འཛད་མེད་དུ་འཇོ་བས་རྟག་བརྟན་རྡོ་རྗེའི་ཚེ་ཡི་དཔལ་ལ་སྤྱོད་པའི་དངོས་གྲུབ་ཐོབ་པར་མོས། རིག་པ་དྲི་མེད་ཚངས་པའི་སྒོ་ནས་བརྒྱུད་མཁའ་ལ་སྤྱོད་པའི་གནས་སུ་མདའ་འཕང་བ་ལྟར་གཤེགས་ཏེ། དབྱིངས་རིག་དབྱེར་མེད་ཆོས་དབྱིངས་ཟབ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ཀློང་དུ་མངོན་འཚང་རྒྱ་བའི་ཐབས་མཆོག་ཁྱད་པར་ཅན་ཉམས་སུ་ལེན་པ་ལ་དབང་འབྱོར་བའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །དྲུག་པ་ལམ་གྱི་ཆད་མཐུད་བར་དོའི་གདམས་ངག་ཉམས་སུ་ལེན་པར་ནུས་པ་ལ་དབང་བའི་བྱིན་རླབས་བྱ་བ་ནི། སླར་ཡང་རང་ཉིད་སོགས་ནས། རྩལ་སྦྱོང་བར་གྱིས་ཤིག །ཨོཾ་བཛྲ་སོགས་ཀྱིས་བྱིན་དབབ། དེ་ལྟར་དབབ་པའི་བྱིན་རླབས་ཀྱི་རྒྱུན་བརྟན་པར་བྱ་བའི་སླད་དུ་མར་མེ་རླུང་གིས་མི་བསྐྱོད་པའི་བརྡའི་མཚོན་དཔེ་ལ་བརྟེན་ནས་དབང་བསྐུར་བས། གནས་སྐབས་འདི་ཉིད་དུ་ཡོན་ཏན་གྱི་རྩལ་ཁ་རྫོགས་ཏེ་བར་དོར་ཉམས་ལེན་གྱི་རྣལ་འབྱོར་ལ་བརྟན་པ་ཐོབ་པའི་མཐུ་དབང་རྫོགས་པར་མོས། ཧཱུྃ༔ རྡོ་རྗེ་ཕག་མོའི་སོགས་ནས། བཾ་བཾ་བཾ༔ དེ་ལྟར་བྱས་པས་སྲིད་པ་བར་དོར་ལས་རླུང་གིས་གཡོ་བ་རང་སར་དེངས་པས་རིག་པ་རང་གསལ་གཡོ་མེད་ཀྱི་རང་ཚུགས་ཟིན་ཏེ། སྐུ་གསུམ་གྱི་གོ་འཕང་མངོན་དུ་བྱེད་ནུས་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །དེ་ལྟར་ན་གསུང་བྱང་སེམས་སོགས། ངེས་ཤེས་སྐྱེད་ཅིག །དེ་ལྟར་གསང་བའི་དབང་བསྐུར་རྗེས་འབྲེལ་དང་བཅས་པས་ལེགས་པར་སྨིན་ནས། རླུང་ངག་གི་རྒྱུ་བ་སྐྱེ་འགག་གི་དྲི་མ་སྦྱོང་བྱེད་གསང་དབང་གི་ལམ་དང་འབྲེལ་བའི་གསུང་རྡོ་རྗེ་རྫོགས་རིམ་གྱི་སྔོན་འགྲོ་ཐབས་ལམ་ཆོས་དྲུག་གི་ཉམས་ལེན་ཇི་ལྟར་བྱ་བའི་གྲོལ་བྱེད་ཀྱི་གདམས་པ་ནི། ཟབ་ཁྲིད་ལྟར། ཀྱཻ་ རིགས་ཀྱི་བུ་རྣམས་ཉོན་ཅིག༔ གསང་བའི་དབང་བསྐུར་བ་སོགས་ནས། རྒྱུན་ཆགས་སུ་གྱིས་ཤིག༔ གསུམ་པ་གསང་བ་ཕྱག་རྒྱའི་དམ་ཚིག་གི་བརྟུལ་ཞུགས་ལ་བརྟེན་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། དཔལ་ལྡན་བླ་མའི་སོགས་ལན་གསུམ། སློབ་མ་རྣམས་སྐད་ཅིག་གིས་པདྨ་ཧེ་རུ་ཀཿཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་བསྣམས་པ། རྗེས་སུ་ཆགས་པའི་རང་བཞིན་སྐུ་མདོག་པདྨ་རཱ་ག་ལྟར་དམར་ཞིང་། ཁྲོ་ཆགས་སྒེག་པའི་གཟི་བྱིན་རྒྱས་པ། དར་དང་རིན་ཆེན་རུས་པ་སོགས་ཁྲག་འཐུང་རོལ་པའི་ཆས་ཅན། ཞབས་གཉིས་པད་ཉིའི་གདན་ལ་ཕྱེད་སྐྱིལ་གྱིས་བཞུགས་པར་གསལ་བ་ལ། ཐོག་མར་གསང་སྤྱོད་ཀྱི་བརྟུལ་ཞུགས་ཉམས་སུ་ལེན་པར་དབང་ཕྱིར་སིནྡྷུ་རའི་དཀྱིལ་འཁོར་གྱི་བརྡ་ལ་བརྟེན་ནས། ཕྱག་རྒྱ་བཞིའི་རྣལ་འབྱོར་གྱིས་བདེ་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས་པའི་དབང་བསྐུར་ཞིང་ཐོབ་པར་མོས། ཧཱུྃ༔ ལས་ཀྱི་ཕྱག་རྒྱའི་སོགས། དེ་ལྟར་སྦྱོར་བའི་དབང་གིས་སྣོད་རུང་དུ་བྱས་པ་ལ། དངོས་གཞི་ཕོ་ཉ་མོའི་ལམ་ལ་བརྟེན་ནས་དཔེའི་ཡེ་ཤེས་མངོན་དུ་བྱེད་པའི་སླད་དུ་སིནྡྷུ་རའི་དཀྱིལ་འཁོར་ལས་ཕྱག་རྒྱ་པདྨ་ཅན་གྱི་མཚན་ཉིད་ཡོངས་སུ་རྫོགས་པ་རྡོ་རྗེ་ཕག་མོའི་རྣམ་པ་ཅན་བྱུང་སྟེ། སློབ་མའི་མདུན་དུ་འཁོད་པ་དེས་ནུས་པ་འདྲི་ཞིང་། རྗེས་སུ་ཆགས་པའི་གླུས་བསྐུལ་བར་མོས། ཨེ་མ་གསང་བ་སོགས། དེའི་ལན་གདབ་པར་མོས་པས་འདིའི་རྗེས་ཟློས། ཨེ་མ་ཡིད་འོང་སོགས། སླར་ཡང་ལྷ་མོ་དེས་སྦྱོར་བའི་བརྡའི་གླུས་བསྐུལ་བར་མོས། རྗེས་སུ་ཆགས་པ་སོགས། དེ་ལྟར་གསུངས་པ་ལ་མཆོག་ཏུ་སྤྲོ་ཞིང་གུས་པའི་སྒོ་ནས་ལན་གདབ་པ་འདིའི་རྗེས་ཟློས། ཨེ་མ་ཧོཿབདེ་བའི་སོགས་ནས། བཾ་ཧོ༔ ཞེས་གསུངས་ནས་པང་དུ་བྱོན་པ་དང་། ལྷ་སྔགས་ཆོས་ཀྱི་འདུ་ཤེས་གསུམ་ལྡན་གྱི་རོལ་པས་སྙོམས་པར་ཞུགས་པར་མོས་པས་སྔགས་འདིའི་རྗེས་ཟློས། ཨོཾ་སརྦ་སོགས། དེ་ལྟར་མཉམ་པར་སྦྱར་པ་ལས་བདེ་བའི་རེག་བྱའི་མེས་བཞུས་པའི་སྤྱི་བོའི་ཧཾ་ལས་བྱང་སེམས་ཀྱི་རྒྱུན་བབས་པ་དང་། རྩ་གནས་གཞན་གྱི་དྭངས་མ་ལྷན་ཅིག་འདུས་པས་འཁོར་ལོ་བཞི་རིམ་པར་གང་བས་ཡས་བབས་དང་མས་བརྟན་གྱི་དགའ་བཞིའི་མཐར་སོན་ཏེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས་པའི་བདེ་སྟོང་བློ་འདས་འཛིན་མེད་ཀྱི་ངང་དུ་མཉམ་པར་བཞག་པ་ལས་ནམ་ཡང་མི་འགྱུར་བའི་ང་རྒྱལ་གཟུང་བ་དང་བཅས་འདིའི་རྗེས་ཟློས། ཛྙཱ་ན་སོགས་ནས། ངེས་ཤེས་སྐྱེད་ཅིག །དེ་ལྟར་གསང་བ་ཤེས་རབ་ཡེ་ཤེས་ཀྱི་དབང་གིས་ལེགས་པར་སྨིན་ནས། གསུམ་པ་ཡིད་དང་ཐིག་ལེ་འཕོ་བའི་དྲི་མ་སྦྱོང་བྱེད་ཤེར་དབང་གི་ལམ་ཐུགས་རྡོ་རྗེ་རྫོགས་རིམ་གྱི་དངོས་གཞི་བདེ་བ་ཆེན་པོའི་ཉམས་ལེན་ཇི་ལྟར་བྱ་བའི་གྲོལ་བྱེད་ཀྱི་གདམས་ཁྲིད་ནི། ཟབ་ཁྲིད་ལྟར། ཀྱཻ་ རིགས་ཀྱི་བུ་རྣམས་ཉོན་ཅིག༔ ཤེས་རབ་ཡེ་ཤེས་སོགས་ནས། འདི་ཁོ་ན་ལ་བརྩོན་པར་བྱའོ༔ བཞི་པ་དོན་གྱི་མཐར་ཐུག་དེ་ཁོ་ན་ཉིད་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་ལ་བརྟེན་ནས་ཚིག་དབང་རིན་པོ་ཆེ་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། གཙོ་བོ་ཆེ་ཁྱོད་སོགས་ལན་གསུམ། དེ་ནས་སློབ་བུ་རྣམས་ལུས་གནད་དྲང་པོར་བསྲང་། རླུང་རོ་སངས་ཀྱིས་བུས་ལ་སེམས་མི་རྟོག་པའི་ངང་དུ་དར་ཅིག་མཉམ་པར་འཇོག་མཛོད། སྔར་ཕྱག་རྒྱ་བཞིའི་ཉེ་རྒྱུས་དཔེའི་ཡེ་ཤེས་སྐྱེས་པ་དེ་ཉིད་ཀྱིས་མཚོན་ཏེ། མཚོན་བྱ་དོན་གྱི་ཡེ་ཤེས་ཅར་ཕོག་ཏུ་ངོ་སྤྲོད་པ་ནི། རང་བྱུང་རྡོ་རྗེ་སེམས་དཔའི་མེ་ལོང་གི་བརྡ་ཐབས་ལ་བརྟེན་ནས། སྣང་རིག་བདེ་སྟོང་ཟུང་འཇུག་གི་རང་ངོར་དུས་གསུམ་གྱི་སྤྲོས་པས་མ་བསླད་པར་མཉམ་པར་འཇོག་པའི་ཚེ། ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། རྩལ་འགག་མེད་དུ་འཆར་བ་སྤྲུལ་སྐུ། ཐམས་ཅད་དབྱེར་མེད་སྐུ་གསུམ་རང་ཆས་ཡེ་བཞུགས་སུ་རྫོགས་པའི་ཀ་དག་གི་དབྱིངས་སྤྲོས་པའི་ཡིད་དཔྱོད་ལས་འདས་པ། ཡེ་ཤར་ཡེ་གྲོལ་གྱི་གཤིས་སྣང་སེམས་དབྱེར་མེད་ཕྱི་ནང་ཟང་ཐལ་ཆེན་པོར་ལ་བཟླས་པས། སྣང་བས་ཤེས་པ་ལ་མ་གོས། ཤེས་པས་ངོ་བོ་ལ་མ་བཅིངས། སྤྲོས་བྲལ་བློ་འདས་ཀྱི་རང་བཞིན། ལྷུན་གྲུབ་འོད་གསལ་རྫོགས་པ་ཆེན་པོའི་དགོངས་པའི་མཐིལ་ལ་མཉམ་པར་ཞོག་ཅིག །ཧོ༔ ལྟོས་ཤིག་ལྐལ་ལྡན་སོགས་ནས། ངེས་ཤེས་སྐྱེད་ཅིག །དེ་ལྟར་དེ་ཁོ་ན་ཉིད་ཕྱག་རྒྱ་ཆེན་པོ་ཚིག་ལས་འདས་པའི་དོན་གྱི་གནས་ལུགས་ཀུན་ཏུ་བཟང་པོའི་དགོངས་པ་ཟང་ཐལ་དུ་ངོ་སྤྲད་པའི་དབང་གིས་ལེགས་པར་སྨིན་ནས། བཞི་པ་གཟུང་འཛིན་གཉིས་རྟོག་གི་སྤྲོས་པ་ཤེས་བྱའི་དྲི་མ་སྦྱོང་བྱེད་ཚིག་དབང་གི་ལམ་ཡེ་ཤེས་རྡོ་རྗེ་རྫོགས་རིམ་གྱི་མཐར་ཐུག་ཀ་དག་ཁྲེགས་ཆོད་ཀྱི་ཉམས་ལེན་ཇི་ལྟར་བྱ་བའི་གྲོལ་བྱེད་ཀྱི་གདམས་ཁྲིད་ནི། ཟབ་ཁྲིད་ལྟར། ཀྱཻ་ རིགས་ཀྱི་བུ་རྣམས་ཉོན་ཅིག༔ དབང་བཞི་པ་སོགས་ནས། མངོན་དུ་འགྱུར་བ་ཡིན་ནོ༔ སྐབས་འདིར་སྐོང་ཆེན་དྲུག་གི་དབང་བསྐུར་དགོས་པས་འདི་ལྟར། དེས་རྩ་བའི་སྨིན་བྱེད་རྣམ་བཞི་ཕན་ཡོན་ཟབ་ཁྲིད་དང་བཅས་པ་ཡོངས་སུ་རྫོགས་པ་གྲུབ་ནས། སླར་ཡང་རྗེས་འབྲེལ་རྣལ་འབྱོར་པ་རྣམས་ཀྱི་ཉམས་ཆག་སྐོང་ཞིང་། ཐུན་མོང་གི་ཕྲིན་ལས་རབ་འབྱམས་མྱུར་དུ་འགྲུབ་པར་བྱེད་པ་དམ་སྐོང་གི་ཆོ་གའི་དབང་བསྐུར་བ་ལ་དྲུག་ཡོད་པ་ལས། དེ་རྣམས་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཟུར་འདེབས་རཏྣའི་ཆུན་པོ་ལྟར། ཡེ་ཤེས་མཁའ་འགྲོ་ཁྱོད་ལ་སོགས་ལན་གསུམ། དབང་དངོས་ལ་རྣམ་པ་དྲུག་ལས། དང་པོ་རྡོ་རྗེ་མཁའ་འགྲོ་མའི་ཆུའི་དབང་བསྐུར་བ་ནི། བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོའི་ལྷ་ཚོགས་ཀྱི་ཐུགས་རྗེའི་ཕྲིན་ལས་འདུས་པའི་དབྱིག །རྡོ་རྗེ་མཁའ་འགྲོ་མཱ་མ་ཀཱིའི་ཐུགས་རྗེའི་ཕྲིན་ལས་བདེ་བ་ཆེན་པོའི་རང་བཞིན་དུ་འཁྱིལ་བ། ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས་བཀང་བའི་བུམ་པས་དབང་བསྐུར་བས། བདུད་རྩིའི་རྒྱུན་གྱིས་དྲི་མ་བཀྲུས། ཉོན་མོངས་པ་ཞེ་སྡང་གི་རྟོག་པ་ལས་གྱུར་པའི་ཉམས་ཆག་ཐམས་ཅད་བྱང་ཞིང་དག །རྡོ་རྗེའི་རིགས་ཀྱི་ལས་དང་དངོས་གྲུབ་སྒྲུབ་པ་ལ་དབང་། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས་པར་མོས། ཧཱུྃ༔ བཅོམ་ལྡན་རྡོ་རྗེ་སོགས་ཀྱིས་བུམ་དབང་བསྐུར་ཞིང་བུམ་ཆུ་སྦྱིན། གཉིས་པ་རིན་ཆེན་མཁའ་འགྲོའི་སྐུ་གདུང་སཱཙྪའི་དབང་བསྐུར་བ་ནི། བཅོམ་ལྡན་འདས་རིན་ཆེན་མཁའ་འགྲོའི་ལྷ་ཚོགས་རྣམས་ཀྱི་ཐུགས་རྗེའི་ཕྲིན་ལས་འདུས་པའི་དབྱིག །མཆོད་རྟེན་གྱི་རྡུལ་ཕྲ་རབ་དང་མཉམ་པ་རིན་ཆེན་མཁའ་འགྲོ་སངས་རྒྱས་སྤྱན་མའི་ལྷ་ཚོགས་སུ་གསལ་བ་སློབ་མའི་སྤྱི་བོར་བཞག་པའི་ཚེ། དེ་རྣམས་ཀྱི་སྐུ་ལས་བདུད་རྩིའི་རྒྱུན་བྱུང་། སྤྱི་བོ་ནས་ཞུགས་པས་ལུས་ཀྱི་ནང་ཐམས་ཅད་གང་། ཉོན་མོངས་པ་ང་རྒྱལ་གྱི་སྟོབས་ལས་གྱུར་པའི་ཉམས་ཆག་ཐམས་ཅད་བྱང་ཞིང་དག །རིན་ཆེན་རིགས་ཀྱི་ལས་དང་དངོས་གྲུབ་སྒྲུབ་པ་ལ་དབང་། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས་པར་མོས། ཏྲཱཾ༔ བཅོམ་ལྡན་རིན་ཆེན་སོགས། གསུམ་པ་པདྨ་མཁའ་འགྲོ་མའི་ཡེ་ཤེས་འབར་བའི་མེ་ཐབ་ཀྱི་དབང་བསྐུར་བ་ནི། བཅོམ་ལྡན་འདས་པདྨ་མཁའ་འགྲོའི་ལྷ་ཚོགས་ཀྱི་ཐུགས་རྗེའི་ཕྲིན་ལས་འདུས་པའི་དབྱིག །འབར་བའི་དཀྱིལ་འཁོར་དང་གཉིས་སུ་མེད་པའི་པདྨ་མཁའ་འགྲོ་གོས་དཀར་མོའི་ལྷ་ཚོགས་སུ་གསལ་བ་སློབ་མའི་སྤྱི་བོར་བཞག་པའི་ཚེ། དེ་རྣམས་ཀྱི་སྐུ་ལས་ཡེ་ཤེས་འོད་ཟེར་གྱི་ཕུང་པོ་འཕྲོས་པས། ཉོན་མོངས་པ་འདོད་ཆགས་ཀྱི་སྟོབས་ལས་གྱུར་པའི་ཉམས་ཆག་ཐམས་ཅད་བསྲེག་ཅིང་བྱང་ཞིང་དག །པདྨ་རིགས་ཀྱི་ལས་དང་དངོས་གྲུབ་སྒྲུབ་པ་ལ་དབང་། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས་པར་མོས། ཧྲཱི༔ བཅོམ་ལྡན་པདྨ་སོགས། བཞི་པ་ལས་ཀྱི་མཁའ་འགྲོ་མའི་ཡེ་ཤེས་རླུང་གི་དཀྱིལ་འཁོར་གྱི་དབང་བསྐུར་བ་ནི། བཅོམ་ལྡན་འདས་ཀརྨ་མཁའ་འགྲོའི་ལྷ་ཚོགས་ཀྱི་ཐུགས་རྗེའི་ཕྲིན་ལས་འདུས་པའི་དབྱིག །རླུང་གི་གཡོ་བ་དང་གཉིས་སུ་མེད་པ་ཀརྨ་མཁའ་འགྲོ་དམ་ཚིག་སྒྲོལ་མའི་ལྷ་ཚོགས་ཀྱི་རང་བཞིན་དུ་གསལ་བ་ལས་འོད་ཟེར་འཕྲོས། སྤོས་ཀྱི་སྤྲིན་དང་རོ་གཅིག་ཏུ་གྱུར་པའི་དཀྱིལ་འཁོར་དང་བཅས་པའི་དབང་བསྐུར་བས། ཉོན་མོངས་པ་ཕྲག་དོག་གི་སྟོབས་ལས་གྱུར་པའི་ཉམས་ཆག་རྟོག་སྒྲིབ་ཐམས་ཅད་གཏོར་ཞིང་སྦྱངས་ནས་དག །ཀརྨའི་རིགས་ཀྱི་ལས་དང་དངོས་གྲུབ་སྒྲུབ་པ་ལ་དབང་། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས་པར་མོས། ཨཱ༔ བཅོམ་ལྡན་ལས་ཀྱི་སོགས། ལྔ་པ་རྡོ་རྗེ་ཕག་མོའི་མར་མེའི་དབང་བསྐུར་བ་ནི། བཅོམ་ལྡན་འདས་རྡོ་རྗེ་ཕག་མོའི་ལྷ་ཚོགས་ཀྱི་ཐུགས་རྗེའི་ཕྲིན་ལས་འདུས་པའི་དབྱིག །ཡེ་ཤེས་ཀྱི་མར་མེའི་ཟེར་སྤྲིན་མཁའ་ཁྱབ་ཏུ་འཕྲོས་པས། རྩ་བ་གསུམ་གྱི་དཀྱིལ་འཁོར་ལྷ་ཚོགས་རབ་འབྱམས་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་བསམ་གྱིས་མི་ཁྱབ་པ་བྱུང་། མར་མེ་ལ་ཐིམ། དེ་ལས་འོད་ཟེར་གྱི་སྣང་བ་མཐའ་ཡས་པ་བྱོན་ནས་སློབ་མའི་སྙིང་གར་ཐིམ་པས། ཉོན་མོངས་པ་གཏི་མུག་གི་སྟོབས་ལས་གྱུར་པའི་ཉམས་ཆག་རྟོག་སྒྲིབ་སྦྱང་ཞིང་དག །ཡེ་ཤེས་ཀྱི་ལས་དང་དངོས་གྲུབ་སྒྲུབ་པ་ལ་དབང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས་པར་མོས། བཾ༔ བཅོམ་ལྡན་རྡོ་རྗེ་སོགས། དྲུག་པ་མཁའ་འགྲོའི་དཀྱིལ་འཁོར་ཡོངས་རྫོགས་མདོས་གཏོར་གྱི་དབང་བསྐུར་བ་ནི། མཁའ་འགྲོ་འདུས་པའི་ལྷ་ཚོགས་ཀྱི་ཐུགས་རྗེའི་ཕྲིན་ལས་འདུས་པའི་དབྱིག །སྣང་སྲིད་གཞིར་བཞེངས་སྲིད་ཞིའི་སྣང་བ་གཉིས་མེད་རྣམ་དག་མདོས་གཏོར་ཡེ་ཤེས་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་གྱི་འཁོར་ལོར་རྫོགས་པའི་དབང་བསྐུར་བས། ལྷ་ཚོགས་རྣམས་ཀྱི་སྐུའི་ཆ་ཐམས་ཅད་ནས་བདུད་རྩི་འོད་ཟེར་གྱི་རྒྱུན་དཔག་ཏུ་མེད་པ་བྱོན། སློབ་མའི་སྒོ་གསུམ་ལ་ཐིམ་པས་ཉོན་མོངས་མ་རིག་པའི་སྟོབས་ལས་བྱུང་བའི་གཟུང་འཛིན་གཉིས་སྣང་གི་བག་ཆགས་སྦྱངས། ཐུན་མཆོག་རིགས་ཀྱི་ལས་རབ་འབྱམས་མ་ལུས་པ་སྒྲུབ་པ་ལ་དབང་། འོད་གསལ་བྱ་རྩོལ་བྲལ་བའི་ཡེ་ཤེས་མངོན་དུ་བྱས་པར་མོས། ཨོཾ་ཨཱཿཧཱུྃ༔ ཡེ་ཤེས་མཁའ་འགྲོ་སོགས། བཞག་པ་ཡིན་ནོ་བར། དེ་ལྟར་ཉམས་ཆག་བསྐང་བའི་དབང་བསྐུར་བ་ཐོབ་ནས་མཆོད་སྐོང་བགྱིས་པའི་ཕན་ཡོན་ནི། གཞུང་ལས། མཁའ་འགྲོ་འདུས་པའི་མཆོད་སྐོང་གི་རིམ་པ་འདི་ལ་འབད་པས་དམ་ཚིག་ཉམས་ཆག་བྱང༔ མ་མོ་མཁའ་འགྲོ་འཁྲུགས་པ་ཞི༔ ཚེ་དང་བདེ་ཆེན་གྱི་ཡེ་ཤེས་རྒྱས༔ འབྲེལ་ཚད་མཁའ་འགྲོ་མས་རྗེས་སུ་བཟུང་ནས་མཁའ་སྤྱོད་ཀྱི་གྲོང་དུ་རྡོ་རྗེའི་རིག་པ་འཛིན་པའི་ས་ཐོབ་པར་འགྱུར་བས་དྷཱ་ཀི་འདུ་བའི་དུས་སོགས་སུ་ལྷག་པར་འབད་པ་གལ་ཆེའོ༔ ཞེས་གསུངས་པ་བཞིན་རྗེས་སུ་སྒྲུབ་པ་ལ་བརྩོན་འཚལ། དེ་རྣམས་ཀྱིས་ཐུན་མོང་ཉམས་ཆག་སྐོང་བའི་དབང་བསྐུར་སོང་ནས། མཐར་ཐུག་མཆོག་གི་དངོས་གྲུབ་བདེ་བླག་ཏུ་བྱེད་པ་བདུད་རྩི་རིལ་བུའི་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ། སྒོ་གསུམ་གུས་ཤིང་དྭངས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཁྲག་འཐུང་གཙོ་མོ་སོགས་ལན་གསུམ། དེ་ནས་བདུད་རྩི་ཆེན་པོའི་བྱིན་རླབས་དབང་བཞིའི་ཚུལ་དུ་བསྐུར་བ་ལ། དང་པོ་གསང་བའི་བུམ་པ་ཨོ་རྒྱན་རོལ་པའི་གཞལ་ཡས་ཁང་གི་ནང་དུ་རིལ་བུ་ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་བཞུགས་པའི་བདུད་རྩིའི་རྒྱུན་བྱུང་། སྤྱི་བོ་ནས་ཞུགས་པས་ལུས་ཀྱི་ནང་གང་། སྡིག་སྒྲིབ་བག་ཆགས་དང་བཅས་པ་བྱང་ཞིང་དག །སྐུ་ཡི་རྡོ་རྗེའི་གོ་འཕང་མངོན་དུ་བྱས་པར་མོས། ཨོཾ༔ རང་བྱུང་བྷནྡྷའི་སོགས། རིལ་བུ་རེ་རེ་བཞིན་མཁའ་འགྲོ་འདུས་པའི་ལྷ་ཚོགས་ཀྱི་ཕྱག་རྒྱར་གསལ་བ་མྱངས་པས་ངག་གི་དྲི་མ་བག་ཆགས་དང་བཅས་པ་བྱང་ཞིང་དག །གསུང་གི་རྡོ་རྗེའི་གོ་འཕང་མངོན་དུ་བྱས་པར་མོས། ཨཱ༔ ཤ་ལྔ་བདུད་རྩི་སོགས། རིལ་བུའི་དཀྱིལ་འཁོར་གྱི་ལྷ་ཚོགས་རང་འོད་ཀྱི་ཐབས་དང་མཉམ་སྦྱོར་བྱང་ཆུབ་ཀྱི་སེམས་ཐོད་པའི་བདུད་རྩི་དང་སྦྱར་པ་མྱངས་པས་ཡིད་ཀྱི་དྲི་མ་བག་ཆགས་དང་བཅས་པ་བྱང་ཞིང་དག །ཐུགས་ཀྱི་རྡོ་རྗེའི་གོ་འཕང་མངོན་དུ་བྱས་པར་མོས། ཧཱུྃ༔ ཡེ་ཤེས་མཁའ་འགྲོ་སོགས། བླ་མ་ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་དང་གཉིས་སུ་མེད་པའི་དགོངས་པ་དོན་དམ་གཉུག་མའི་ཡེ་ཤེས་ངོ་སྤྲོད་བསྩལ་པའི་རང་ངོ་ལ་མཉམ་པར་བཞག་པས་ཤེས་བྱ་ལ་སྒྲིབ་པའི་དྲི་མ་བག་ཆགས་དང་བཅས་པ་བྱང་ཞིང་དག །ཡེ་ཤེས་རྡོ་རྗེའི་གོ་འཕང་མངོན་དུ་བྱས་པར་མོས། ཧོ༔ ཐོག་མཐའ་མེད་པ་སོགས། ཉམས་ལེན་གནད་ཀྱི་རིམ་པ་རྗེས་སུ་གདམས་པ་འདི་ལ་སྙན་གཏོད་འཚལ། དབང་འདི་ཐོབ་པའི་སོགས། དེ་དག་གིས་མཆོག་གི་ལས་ཚོགས་བདུད་རྩི་རིལ་བུའི་དབང་བསྐུར་སོང་ནས། མཐའ་རྟེན་མཇུག་གི་བྱ་བ་ལ་རྗེས་སུ་གནང་བ། དམ་ཚིག་འབོགས་པ། གཏང་རག་འབུལ་བ་གསུམ་ལས། དང་པོ་དོན་གཉིས་ལྷུན་གྲུབ་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་བའི་ཕྱིར་རྗེས་སུ་གནང་བ་སྦྱིན་པ་རྣམ་པ་དྲུག་ལས། དང་པོ་བདག་དོན་ཕག་མོའི་བསྐྱེད་བཟླས་ཀྱི་རིམ་པ་དང་འབྲེལ་བའི་དངོས་གྲུབ་རྣམ་གཉིས་བདེ་བླག་ཏུ་ཐོབ་པའི་ཕྱིར་རྗེས་གནང་གི་དོན་དུ། སྐུ་དང་སྔགས་ཕྲེང་ཕྱག་ཏུ་གཏད་པས་སྣང་གྲགས་དབྱེར་མེད་ཀྱི་དོན་སྒོམ་པ་ལ་དབང་བར་མོས། ཧོ༔ དེ་རིང་ཕྱིན་ཆད་སོགས་དབང་བསྐུར་ལྟར། གཉིས་པ་རང་གཞན་གཉིས་ཀའི་དོན་དུ་གསང་བ་ཟབ་མོའི་རྒྱུད་རྣམས་ཉན་ནས་འཆད་ཅིང་སྟོན་པའི་རྗེས་གནང་གི་སླད་དུ། གླེགས་བམ་ཕྱག་ཏུ་གཏད་པས་རང་གི་ནུས་པ་དང་འཚམ་པས་དོན་གཉིས་སྒྲུབ་པ་ལ་དབང་བར་མོས། ཧོ༔ དེ་རིང༴ གསང་སྔགས་སོགས། གསུམ་པ་གཞན་དོན་ཧེ་རུ་ཀཿདང་གཉིས་སུ་མེད་པའི་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ་ནས་དཀྱིལ་འཁོར་གྱི་ལས་རབ་འབྱམས་དང་། སློབ་མ་བསྡུ་བ་ལ་སོགས་པའི་རྗེས་གནང་གི་ཕྱིར། དུར་ཁྲོད་རོལ་པའི་ཆས་གོས་རྣམས་སྐུ་ལ་བརྒྱན་པས་འགྲོ་བ་འདུལ་བའི་ཕྲིན་ལས་ལ་དབང་བར་མོས། ཧོ༔ དེ་རིང༴ ཧེ་རུ་སོགས། བཞི་པ་གསང་སྤྱོད་བརྟུལ་ཞུགས་ཀྱི་དམ་ཚིག་གི་རྗེས་སུ་གནང་བའི་སླད་དུ། ཤ་ལྔ་དང་བདུད་རྩི་ལྔ་སྟེ་མི་འཆི་བཅུ་ཕྱག་ཏུ་གཏད་པས་གཙང་རྨེའི་རྟོག་པ་དང་བྲལ་བའི་སྤྱོད་པ་ལ་དབང་བར་མོས། ཧོ༔ དེ་རིང༴ ཤ་ལྔ་སོགས། ལྔ་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་བརྟུལ་ཞུགས་ཀྱི་དམ་ཚིག་གི་རྗེས་སུ་གནང་བའི་སླད་དུ། མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་མོ་གཏད་པས་དགའ་བཞིའི་བདེ་བ་ཉམས་སུ་མྱང་བ་ལ་དབང་བར་མོས། ཧོ༔ དེ་རིང༴ པདྨ་ཅན་སོགས། དྲུག་པ་གསལ་སྟོང་གཉིས་མེད་ཀྱི་ཡེ་ཤེས་དུས་ཀྱི་སྤྲོས་པའི་ཕྱོགས་རིས་ཐམས་ཅད་དང་བྲལ་བ། མཉམ་རྗེས་དབྱེར་མེད་ཆུ་བོའི་རྒྱུན་གྱི་ཏིང་འཛིན་སྐྱོང་བ་མཉམ་ཉིད་ཆེན་པོའི་བརྟུལ་ཞུགས་ཀྱི་རྗེས་གནང་གི་སླད་དུ། རྡོ་རྗེ་དང་མེ་ལོང་གི་བརྡས་མཚོན་པས་རིག་སྟོང་མཐའ་བྲལ་དོན་གྱི་ཡེ་ཤེས་ཐུགས་ལ་བསྟིམས་ནས་ཉམས་ལེན་རྩེ་གཅིག་བགྱི་བ་ལ་དབང་བར་མོས། ཧོ༔ དེ་རིང༴ རྡོ་རྗེ་སོགས། དེ་ལྟར་གདམས་པའི་རྗེས་སུ་གནང་བ་སོང་ནས། དེ་དང་རྗེས་སུ་འབྲེལ་བའི་ཟབ་ཁྲིད་ཀྱི་གདམས་ངག་ཉམས་སུ་ལེན་པའི་དུས་སུ་ཐུན་སོ་སོ་དང་། ཉམས་ལེན་སྤྱིའི་རྗེས་རིམ། བཀའ་སྲུང་ལ་གཉེར་གཏད་ནས་བཀའ་རྒྱས་གདབ་པ་གསུམ་ལས། དང་པོ་ཐུན་སོ་སོའི་རྗེས་ཀྱི་རིམ་པའི་གདམས་ཁྲིད་འབོགས་པ་ནི། ཟབ་ཁྲིད་ལྟར། ཀྱཻ་ རིགས་ཀྱི་བུ་རྣམས་ཉོན་ཅིག༔ རྡོ་རྗེ་ཐེག་པའི་སོགས་ནས། ཐུན་སོ་སོའི་རྗེས་ཀྱི་རིམ་པའོ༔ གཉིས་པ་ཉམས་ལེན་སྤྱིའི་རྗེས་ཀྱི་རིམ་པ་ནི། དེ་ལྟར་ཉམས་ལེན་ཟབ་མོ་སོགས་ནས། སྤྱིའི་རྗེས་ཀྱི་རིམ་པའོ༔ གསུམ་པ་བཀའ་སྲུང་ལ་གཉེར་དུ་གཏད་ནས་བཀའ་རྒྱས་གདབ་པ་ནི། དེ་ལྟ་བུའི་གསང་ཆེན་ཟབ་མོ་སོགས་ནས། དཔང་པོར་གསོལ་བ་ནི༔ དཔོན་སློབ་གཉིས་ཀ་ཁྲག་འཐུང་པདྨ་ཧེ་རུ་ཀའི་སྐུར་གྱུར་པ་ལ། སློབ་དཔོན་གྱིས་སྲུང་མའི་གཏོར་མ་མ་མོ་མཆེད་གསུམ་འཁོར་དང་བཅས་པ་མངོན་སུམ་དུ་གསལ་བ་སློབ་མར་དངོས་སུ་གཏད་ཅིང་། ཇི་ལྟར་བཀའ་བསྒོས་པའི་ཕྲིན་ལས་རབ་འབྱམས་ཐོགས་པ་མེད་པར་བསྒྲུབ་དགོས་པའི་གཉེར་གཏད་པ་བཞིན་བགྱིད་པར་ཞལ་གྱིས་བཞེས་ནས་ལུས་དང་གྲིབ་མ་ལྟར་འགྲོགས་ཤིང་སྟོངས་གྲོགས་མཛད་པར་མོས། ཧཱུྃ་བྷྱོ༔ རབ་འཇིགས་དུར་ཁྲོད་སོགས་ནས། མཐར་དབྱུང་བར་གྱིས་ཤིག༔ གཉིས་པ་བསྲུང་བྱའི་དམ་ཚིག་གི་གལ་མདོ་སྙིང་པོར་དྲིལ་ཏེ་གདམས་པ་བསྒྲག་པ་འདི་ལ་སྙན་གཏོད་ཅིག །ཧོ༔ དེ་རིང༴ གསང་སྔགས་རྒྱུད་སོགས་དབང་ཆོག་ལྟར་ནས། འགྲུབ་པར་གྱིས༔ ཇི་སྐད་བསྒོས་པའི་བསྲུང་སྡོམ་གྱི་གནད་རྣམས་སྤང་བླང་ཚུལ་བཞིན་བསྒྲུབ་པར་ཁས་བླང་བ་འདིའི་རྗེས་ཟློས། ཇི་སྐད་གསུང་བཞིན་སོགས་ལན་གསུམ། དེ་ལྟ་བུའི་ཚུལ་ལ་སྤྲོ་བ་བསྐྱེད་ཅིང་སྣོད་མིན་ལ་ཤིན་ཏུ་གསང་བའི་བཀའ་གཉེར་གྱིས་གདབ་པ་ནི། དབང་བསྐུར་བ་འདི་སོགས་དང་། ཕྱག་རྒྱས་གདབ་པ་འདི་ཡི་དོན་ལ་གུས་སྤྲོ་རྒྱ་ཆེན་པོ་སྐྱེད་ཅིག །གསུམ་པ་དེ་ལྟར་སྨིན་གྲོལ་གྱི་གདམས་ངག་རྩ་བ་དང་རྗེས་འབྲེལ་མཐའ་རྟེན་བཅས་པ་ཚང་སྤྲུགས་སུ་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ། ལྷ་དང་སློབ་དཔོན་དབྱེར་མེད་པའི་སྤྱན་སྔར་ལུས་ལོངས་སྤྱོད་དང་བཅས་པ་སོགས་བདོག་པའི་དངོས་པོ་ཐམས་ཅད་བློས་བླངས་ཏེ་ལྟོས་མེད་དུ་འབུལ་བར་མོས་པས་མཎྜལ། དེས་སྨིན་བྱེད་རྩ་བའི་དབང་བསྐུར་གདམས་ཁྲིད་རྗེས་འབྲེལ་དང་བཅས་པ་ལེགས་པར་གྲུབ་པ་ལགས། ༈ སླར་ཡང་གཏོར་མ་ལ་བརྟེན་པའི་བྱིན་རླབས་སྙིང་པོར་དྲིལ་བ་དོན་གྱི་གཏོར་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ། བླ་མ་རྡོ་རྗེ་ཁྲོས་མའི་སྤྱན་སྔར་རྩེ་གཅིག་གུས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། གཏོར་དབང་ལྟར། ཧེ་རུ་ཀཿདང་སོགས་ལན་གསུམ། རྒྱུད་སྦྱོང་བའི་སླད་དུ་བླ་མ་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་མཁའ་ཁྱབ་ཀྱི་སྤྲིན་དུ་སད་པའི་སྤྱན་སྔར་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། སྡོམ་པ་གཟུང་བ་རྣམས་ཚིག་རྗེས་སུ་དོན་དྲན་བཞིན་པས་འདིའི་རྗེས་ཟློས། ཕྲིན་ལས་ལྟར་སྐྱབས་སེམས་སྡོམ་གཟུང་བཅས་ལན་གསུམ་རེ། དབང་གི་གཞི་དགོད་པ་ཡེ་ཤེས་ཀྱི་བྱིན་དབབ་པའི་སླད་དུ་སྒོ་གསུམ་ཐ་མལ་དུ་འཛིན་པའི་རྟོག་པས་མ་བསླད་པར་སྣོད་བཅུད་རྡོ་རྗེ་བཙུན་མོའི་དཀྱིལ་འཁོར་འདི་ལྟར་དུ་གསལ་ཐོབས་ཤིག །ཨ༔ གདོད་ནས་རྣམ་དག་རང་རིག་པ༔ སྟོང་ཆེན་དེ་བཞིན་སོགས། ཟབ་ཁྲིད་ལྟར་བསྐྱེད་རིམ་འབོགས་ཤིང་། ཕྱི་གསལ་ནང་གསལ་འོད་ཀྱི་སྐུ༔ བར་དང་། གནས་ལྔར་རིགས་ལྔའི་ཕག་མོ་དང་། །ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཀུན། །རྩ་གསུམ་ལྷ་ཡི་ཕྱག་རྒྱས་གཏམས། །གནས་གསུམ་རྡོ་རྗེའི་ཡི་གེ་དང་། །སློབ་དཔོན་ཐུགས་ཀའི་འོད་ཟེར་གྱིས། །ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས། །སྤྱན་དྲངས་སློབ་མར་ཐིམ་པ་ཡིས། །བདེ་སྟོང་གཟི་བྱིན་འབར་བར་སྒོམས། །སྤོས་རོལ་དང་། ཨོཾ་བཾ་བཛྲ་བྷ་ར་ཧི་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨཱ་བེ་ཤ་ཡ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ ཞེས་བཟླས་པས་བྱིན་དབབ་ཅིང་། སྤྱི་ལྟར་བརྟན་པར་བྱ། གཏོར་དབང་ལྟར། གཏོར་སྣོད་དུར་ཁྲོད་སོགས། གསུང་དབང་བསྐུར་རྗེས་བཟླས་ལུང་ནི། གནས་ལྔའི་ཕག་མོའི་ཐུགས་ཀར་ཉི་ཟླའི་གྭའུའི་དབུས་སུ་རང་རང་གི་ཐུགས་སྲོག་བཾ་ཧ་རི་ནི་ས་རྣམས་ཀྱིས་མཚན་པར་གསལ་ཞིང་། སློབ་དཔོན་ལ་གུས་འདུད་བྱས་པས་སྐུའི་གནས་ལྔའི་ལྷའི་ཐུགས་ཀ་ནས་སྔགས་ཕྲེང་སོ་སོའི་མདོག་མཚུངས་བྱོན། སློབ་མའི་གནས་ལྷ་སོ་སོའི་ཐུགས་སྲོག་གི་མཐར་འཁོད་པ་ལས་བདེ་བ་ཆེན་པོའི་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས། ཐ་མལ་གྱི་སྣོད་བཅུད་སྦྱངས་ནས་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོར་བྱིན་གྱིས་བརླབས། བདེ་བ་ཆེན་པོའི་ཡེ་ཤེས་རྩོལ་མེད་དུ་འབར་བར་མོས་ལ་སྔགས་འདིའི་རྗེས་ཟློས། གོང་གི་བྱིན་དབབ་སྐབས་བཞིན་སྤྱི་དྲིལ་སྔགས་ལན་ལྔ་བྱ། དབང་བཞི་པ་བསྐུར་རྗེས། ལྷ་དང་རང་སེམས་དབྱེར་མེད་སྤྲོས་བྲལ་ཁྱབ་བརྡལ་འཛིན་མེད་ངང་དུ་ཡེངས་པ་མེད་པར་མཉམ་པར་ཞོག་ཅིག །ཅེས་ཉམས་བསྐྱང་། དེ་ལྟར་ན་སོགས་ནས། རྩོལ་མེད་དུ་སྐྱེ་བར་བྱེད་པ། མཁའ་འགྲོ་མ་གསང་བ་སོགས་ནས། རྗེས་སུ་གདམས་ཤིང་གཏད་པ་ཉིད་ལེགས་པར་གྲུབ་པ་ཡིན་པས། དམ་ཚིག་གི་རིམ་པ་སྤྱི་དང་བྱེ་བྲག་གཞུང་ནས་གསུངས་པ་བཞིན་མ་ཉམས་པར་ཚུལ་བཞིན་བསྲུང་དགོས་པས། དེ་ལྟར་བགྱི་བར་ཁས་ལེན་པ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་ལྟར་དང་། ཆོ་གའི་རྗེས་མཆོད་སྐོང་ལྟར་ཚོགས་ལ་རོལ་ནས་རྟ་བྲོའི་བར་མཐར་ཆགས་སུ་གཏང་། ཟུར་གསལ་ལྟར་མཆོད་བསྟོད་ནོངས་བཤགས། ཕྲིན་ལས་ལྟར་དངོས་གྲུབ་བླངས། རིགས་བཞིའི་སྒོས་དབང་ཕྱོགས་གཅིག་ཏུ་གཞུང་གི་ཕྲིན་ལས་ཚར་གཅིག་ལ་སྦྱར་ནས་བསྐུར་པ་ཡིན་ན་སོ་སོའི་དངོས་གྲུབ་བླངས་ཚིག་འདིར་སྦྱར་བ་ཙམ་གྱིས་གྲུབ། གང་ལྟར་ཡང་བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན་བཀྲ་ཤིས་བཅས་ཕྲིན་ལས་ལྟར་བྱ་དགོས་སོ།། ༈ །།འདིའི་ཟུར་བཀའ་རྡོ་རྗེ་མཁའ་འགྲོའི་ཚེ་སྒྲུབ་སོགས་མགྱོགས་དབང་བྱེད་པར། སོ་སོའི་ཕྲིན་ལས་ཚང་བར་མི་སྦྱོར་བར་རྩ་དབང་སྒྲུབ་པའི་གཏོར་འབུལ་གྱི་རྗེས་སུ་རིགས་བཞི་སོ་སོའི་བསྐྱེད་རིམ་ནས་གཟུང་བསྙེན་པ་ཡན་ལག་དང་བཅས་པ་ཙམ་གྲུབ་ཀྱི་བར་བཏང་ནས། ཚོགས་ཕྱིན་རྩ་དབང་སྒྲུབ་པའི་ཕྲིན་ལས་འཕྲོ་མཐུད་བྱེད་ཅིང་། དབང་རྣམས་གཏོར་དབང་གྲུབ་པའི་རྗེས་སུ་མཐུད་ནས་བསྐུར་ཡང་ས་བཅད་ཙམ་བྱེད་པ་ལ་རུང་བར་མངོན། ནུས་ན་རིག་འཛིན་བླ་མའི་ཕྱག་བཞེས་གཞུང་གི་དགོངས་པ་དང་མཐུན་པར་སོ་སོར་སྒོས་སྒྲུབ་ཆ་ཚང་བར་བྱེད་དགོས་པས། དེ་ལྟར་ན། དང་པོ་རྡོ་རྗེ་མཁའ་འགྲོའི་ཚེ་སྒྲུབ་རང་གཞུང་གི་ཕྲིན་ལས་ལ་བགེགས་གཏོར་བྱིན་རླབས་འགུགས་བསྔོ་རྣམས་སྤྱི་ཁྱབ་བཞིན་སྦྱོར་བ་ཙམ་ལས་གཞན་མཐར་ཆགས་སུ་བཏང་ནས། བཟླས་པའི་དབུར་ཛཔ྄་ཁང་དབྱེ། བཟླས་པ། ཚེ་འགུགས། རྒྱས་གདབ། ཚོགས་མཆོད་བཤགས་པའི་མཐར་རིག་མེ་དོར་ཞིང་གནང་བ་ནོད། སློབ་མ་རྣམས་གྲལ་དུ་འཁོད་པར། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་མིན་འཆི་བའི་འཇིགས་པ་ལས་སྐྱོབ་ཕྱིར། དབྱིངས་ཕྱུག་རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་དུ་འཇུག་པའི་ཐོག་མར་སྨིན་བྱེད་དང་གདམས་ངག་ཞུ་སྙམ་པའི་སེམས་བསྐྱེད་ནས་གསན་འཚལ། དེ་ལ་ད་ལམ་གྱི་སྐབས་སུ་བབས་པ་རྡོ་རྗེ་མཁའ་འགྲོ་མའི་ཚེ་སྒྲུབ་ཀྱི་གདམས་པ་སྔོན་ཆད་གཞན་དུ་མ་བསྟན་པ་འདི་ནི། ཨོ་རྒྱན་གྱི་མཁན་པོ་པདྨ་ཐོད་ཕྲེང་རྩལ་གྱིས་མཁའ་འགྲོ་གསང་བའི་རྒྱུད་ལས་བཏུས་ཏེ་བཀའི་སྡུད་པ་མོ་མཁར་ཆེན་མཚོ་རྒྱལ་ལ་གདམས་ཤིང་ཕྱི་མ་ཕྱི་མའི་དོན་དུ་ཟབ་མོའི་གཏེར་རྒྱས་བཏབ་པ་ཉིད། ཡེ་ཤེས་མཁའ་འགྲོའི་རྣམ་འཕྲུལ་ཇོ་མོ་སྨན་མོ་པདྨ་མཚོ་སྐྱིད་ཀྱིས་གཏེར་ཞལ་ཕྱེས་ཤིང་ཐུགས་ཉམས་སུ་བཞེས་ནས་མ་འོངས་འགྲོ་བའི་དོན་དུ་ཡང་གཏེར་དུ་སྦས་པ། ཕྱིས་མཁས་ཤིང་དངོས་གྲུབ་བརྙེས་པའི་རིག་པ་འཛིན་པ་ཆེན་པོ་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཡང་གཏེར་དུ་བཀའ་བབས་པའི་ཆོས་སྡེ། དུས་དེང་སང་གི་སྔགས་ལ་ཞུགས་པར་རློམས་པའི་རྩིང་སྤྱོད་མཁན་རང་རེ་རྣམས་ལ་ཤིན་ཏུ་གཅེས་པའི་གདམས་ཟབ་ནོར་བུའི་མཛོད་ལས་བྱོན་པའི། རིགས་བཞི་མཁའ་འགྲོའི་སྒྲུབ་ཐབས་ཀྱི་སྨིན་གྲོལ་མཐར་རྒྱས་སོ་སོར་བཞུགས་པ་ལས། རྡོ་རྗེ་མཁའ་འགྲོའི་ཚེ་སྒྲུབ་པའི་དབང་བསྐུར་ཟབ་ཁྲིད་དང་འབྲེལ་བ་བགྱིད་པ་ལ། ཐོག་མར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། འདི་ཉིད་ཀྱི་དབང་བསྐུར་ལྟར། རྣལ་འབྱོར་མ་དང་སོགས་ལན་གསུམ། རྒྱུད་སྦྱོང་བའི་སླད་དུ་ཞིང་མཆོག་རྒྱ་མཚོ་མཁའ་ཁྱབ་ཏུ་བཞུགས་པའི་སྤྱན་སྔར། རྡོ་རྗེ་ཐེག་པའི་ཁྱད་པར་གྱི་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་གསལ་བཏབ་ནས་འདིའི་རྗེས་ཟློས། འདི་ཉིད་ཀྱི་ཕྲིན་ལས་ལྟར། ན་མོ༔ ཡེ་ཤེས་མཁའ་འགྲོ་སོགས་ལན་གསུམ། དབང་གི་གཞི་དགོད་པ་ཡེ་ཤེས་ཀྱི་བྱིན་དབབ་པའི་སླད་དུ་སྒོ་གསུམ་གྱི་གནད་གཅུན་ཏེ་འདི་ལྟར་གསལ་ཐོབས་ཤིག །རང་གཞུང་གི་ལྷ་བསྐྱེད། ཧཱུྃ༔ སྟོང་ཉིད་ངང་ལས་སོགས་ནས། བདེ་སྟོང་སྒྱུ་མའི་གར་གྱིས་རོལ༔ དེ་ལྟར་གསལ་བའི་གནས་གསུམ་འབྲུ་གསུམ་དང་། ཐུགས་སྲོག་གིས་མཚན་པའི་འོད་དང་། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་ལུས་ངག་ཡིད་གསུམ་ལ་རྡོ་རྗེའི་བྱིན་ཆེན་འཕོས་པའི་ངེས་ཤེས་སྐྱེད་ཅིག །སྤོས་རོལ་བཅས་རང་གཞུང་གི་སྤྱན་འདྲེན། ཧཱུྃ༔ སངས་རྒྱས་རྣམས་ནི་སོགས་ཀྱི་མཐར། ཨོཾ་ཨཱཿཧཱུྃ་ཧྲཱིཿཧཿབཛྲ་དྷཱ་ཀི་ནཱི་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཞེས་རྩ་སྔགས་ལ། ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་བཏགས་པ་བརྗོད་པས་བྱིན་དབབ་ནས། སྤྱི་ལྟར་བརྟན་པར་བྱ། ཚེ་བཅུད་འགུགས་པའི་སླད་དུ་བདག་མདུན་གྱི་གཙོ་མོའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་སྤྲོས་པའི་རྩེ་ལས། སྤྲུལ་པའི་ལྷ་མོ་ཉི་ཟེར་ལ་རྡུལ་འཁྲིགས་པ་ལྟ་བུར་འཕྲོས་པ་རྣམས་ཀྱིས་འཁོར་འདས་སྣོད་བཅུད་ཀྱི་ཚེ་དཔལ་དང་། བསྒྲུབ་བྱའི་བླ་ཚེ་ལྷ་འདྲེས་བརྐུས་ཕྲོགས་ཡར་ཉམས་རྣམས་འོད་ཟེར་ཐིག་ལེ་གསལ་འཚེར་གྱི་རྣམ་པར་བསྡུས་ནས་སློབ་མར་བསྟིམས་པས་རྡོ་རྗེའི་སྲོག་འགྲུབ། རྫས་ལ་བསྟིམས་པས་རྡོ་རྗེའི་བཅུད་ལེན་མཆོག་ཏུ་གྱུར་པར་སྒོམས་ཤིག །རང་གཞུང་གི་ཕྲིན་ལས་ཀྱི། ཧཱུྃ་ཧྲཱི༔ བཅོམ་ལྡན་མགོན་པོ་སོགས་ཚེ་འགུགས་སྔགས་བཅས་གྱེར། དེ་ནས་དབང་དངོས་ལ་འདུན་པ་འདི་བཞིན་དུ་མཛོད། གཏོར་མ་ལྷར་གསལ་བ་སོགས་སྐུ་གསུང་ཐུགས་དབང་མཐར་ཆགས་སུ་བསྐུར། དེ་ལྟར་བྱས་པའི་ཚེ་དབང་གི་སྐལ་པ་ཕུན་སུམ་ཚོགས་པ་དེ་ཉིད་མི་ཉམས་པར་བརྟན་པའི་སླད་དུ་རྒྱས་གདབ་པའི་ཚིག་རིས་དང་མཐུན་པའི་དམིགས་པ་གསལ་འདེབས་ཤིང་། གདོད་ནས་སྐྱེ་ཤིའི་མཚན་མ་མ་དམིགས་པ་འཆི་མེད་གཉུག་མའི་གཤིས་ཐོག་ཏུ་མཉམ་པར་ཞོག་ཅིག །ཚེ་འགུགས་འཕྲོས། ཨ༔ དྭངས་མ་འོད་ལྔའི་སོགས་ཀྱི་མཐར་བཀྲ་ཤིས་བརྗོད། དེ་ལྟར་སྨིན་བྱེད་ཟབ་མོ་ཚུལ་བཞིན་ཐོབ་པའི་ཕན་ཡོན་ནི། གཞུང་ལས། འདི་ལྟ་བུའི་སོགས་ནས། བསྐྱར་ཏེ་བྱའོ༔ ཞེས་གསུངས་པས། ཚེ་སྒྲུབ་ཟབ་མོ་འདི་ཉིད་ཉམས་ལེན་གཡར་དམ་དུ་བྱ་བར་རིགས་པ་ཡིན་ནོ། །དེ་དག་གིས་སྨིན་བྱེད་དབང་བསྐུར་བ་སོང་ནས། དེའི་ལམ་ཉམས་སུ་ལེན་པའི་རིམ་པ་མཁའ་འགྲོ་མའི་ཚེ་སྒྲུབ་ཀྱི་གྲོལ་བྱེད་གདམས་ཁྲིད་འབོགས་པ་ལ་གསུམ་སྟེ། ཕྱི་ཡི་དམ་གྱི་ལྷ་བསྙེན་སྒྲུབ་ལ་བརྟེན་ནས་སོགས་ནས། ཡེ་ཤེས་ཀྱི་སྲོག་བསྒྲུབ་པའི་རིམ་པའོ༔ ས་མ་ཡ༔ ཞེས་པའི་བར་གཞུང་ཚང་བ་མཐར་ཆགས་སུ་བཀླག །དེ་ལྟར་སྨིན་གྲོལ་གྱི་རིམ་པ་ལེགས་པར་ཐོབ་པའི་རྩ་བ་དང་ཡན་ལག་གི་དམ་ཚིག །སྤྱི་དང་ཁྱད་པར་གྱིས་ཕྱེས་པ་རྣམས་ཚུལ་བཞིན་བཟུང་ནས་བསྲུང་སྡོམ་བགྱིད་པའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་ལྟར་དང་། ཆོ་གའི་རྗེས་རང་གཞུང་ལྟར་ཚོགས་ལ་རོལ་ཞིང་ལྷག་མ་བསྔོ། དངོས་གྲུབ་བླངས། ཟུར་བྱང་བཞིན་མཆོད་བསྟོད་ནོངས་བཤགས་དང་། བརྟན་བཞུགས་སྤྱི་འགྲེ་སྦྱར། བསྡུ་ལྡང་། སྨོན་ཤིས་བཅས་སོ།། ༈ །།གཉིས་པ་རིན་ཆེན་མཁའ་འགྲོའི་ནོར་སྒྲུབ་ལ། ཆོ་གའི་ཁོག་དབུབ་བདག་བསྐྱེད་རྩ་གཞུང་མཁའ་འགྲོ་འདུས་པའི་ཕྲིན་ལས་ཆེན་མོ་བཞིན་བཟླས་པའི་དོན་དགོངས་ཀྱི་མཐའ་བར་གཏང་ཞིང་དེ་སྐབས་ཛཔ྄་ཁང་མི་དགོས། ནོར་སྒྲུབ་ལྟར་མདུན་རྟེན་ལ་ཁྲུས་གསོལ་ཞིང་། བསྐྱེད་རིམ་ནས་བཟླས་པ། ཐོད་རྟེན་བྱིན་འབེབ་དང་བསྙེན་པ། གཏོར་འབུལ་བཅས་གྲུབ་པ་དང་། མཆོད་སྐོང་རྒྱས་བསྡུས་གང་འགྲུབ་བྱ་བའམ། བསྡུ་ན་ཟུར་གསལ་རྒྱུན་གྱི་ཚོགས་སྐོང་མདོར་བསྡུས་ལ་སྤྲོ་ན། རྡོ་རྗེ་ཕག་མོའི་གནས་སུ་རིན་ཆེན་མཁའ་འགྲོ་ལྟ་བུ་སྐབས་སྦྱར་གྱི་འདོར་ལེན་ཤེས་ན་ལེགས། གང་ལྟར་ཡང་ཚོགས་ལ་རོལ་བའི་མགོ་བར་གཏང་། རང་གི་ཐུགས་ཀ་ནས་སོགས་ཐུགས་དམ་བསྐུལ་བ་རྩ་སྔགས་དང་ལས་སྒྲུབ་བསྙེན་པ་བཅས་གྲུབ་པ་དང་། རྟེན་འབྲེལ་སྙིང་པོས་བརྟན་པར་བྱས་ལ་སྟོང་ཚིགས་ཀྱི་མཆོད་བསྟོད་འབུལ་ཞིང་། རིག་མེ་དོར་ལ་གནང་བ་ནོད། དབང་དངོས་ལ། ནམ་མཁའི་མཐའ་མཉམ་གྱི་སེམས་ཅན་ཐམས་ཅད་གནས་སྐབས་དང་མཐར་ཐུག་གི་དབུལ་བའི་འཇིགས་པ་ལས་སྐྱོབ་ཕྱིར། རིན་ཆེན་མཁའ་འགྲོ་མའི་སྨིན་གྲོལ་ཟབ་མོ་ནོད་པར་བགྱིའོ་སྙམ་པའི་ཀུན་སློང་དང་ལྡན་པས་གསན་འཚལ། དེ་ལའང་གསང་བ་རྨད་དུ་བྱུང་བའི་ཁྱད་པར་གྱི་ཟབ་ཆོས་བཀའ་གཏེར་དུ་མར་ཇི་སྙེད་ཅིག་གསུངས་པ་ལས། སྐབས་སུ་བབས་པ་འདི་ནི། མཁའ་འགྲོ་འདུས་པའི་ནོར་སྒྲུབ་ཀྱི་མན་ངག་གཞན་ལས་ཁྱད་པར་དུ་འཕགས་པ། ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱིས་རྒྱུད་དང་མན་ངག་ལས་བཏུས་ཏེ། རྡོ་རྗེའི་གཟུངས་མ་མཁར་ཆེན་བཟའ་ལ་གདམས་པ་མ་འོངས་ཕྱི་མའི་དོན་དུ་གཏེར་རྒྱས་བཏབ་པ་ལས། ཡེ་ཤེས་ཀྱི་མཁའ་འགྲོ་མ་ཇོ་མོ་སྨན་མོས་ཕྱུངས་ཏེ་ཐུགས་ཉམས་སུ་བཞེས་ཤིང་སླར་གཏེར་དུ་སྦས་པ་ཉིད། སྤྲུལ་པའི་གཏེར་ཆེན་༧པདྨ་འོད་གསལ་མདོ་སྔགས་གླིང་པས་བཀའ་བབས་ཆེན་པོ་བདུན་གྱི་ཤིང་རྟ་གསར་དུ་འདྲེན་པར་མཛད་པའི་ནང་ཚན། ཡང་གཏེར་གྱི་ཆོས་སྡེ་ལས་བྱོན་པའི་མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་རིན་ཆེན་མཁའ་འགྲོའི་ནོར་སྒྲུབ་ཀྱི་ཕྲིན་ལས་དང་འབྲེལ་བའི་སྨིན་གྲོལ་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། རང་གཞུང་དབང་བསྐུར་ལྟར། རྣལ་འབྱོར་མ་དང་སོགས་ལན་གསུམ། རྒྱུད་སྦྱོང་བའི་སླད་དུ་སློབ་དཔོན་དཀྱིལ་འཁོར་གྱི་གཙོ་མོ་དང་ཐ་མི་དད་པ་ཞིང་མཆོག་རྒྱ་མཚོའི་ཚོགས་བཅས་བཞུགས་པའི་སྤྱན་སྔར། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པའི་སྒོམ་དོན་ཐུགས་ལ་ངེས་པས་འདིའི་རྗེས་ཟློས། ཧྲཱི༔ བདེ་ཆེན་རྒྱས་མཛད་མཁའ་འགྲོ་མར༔ མི་ཕྱེད་གུས་པས་སྐྱབས་སུ་མཆི༔ གཞན་དོན་བྱང་ཆུབ་མྱུར་འཐོབ་ཕྱིར༔ རབ་འབྱམས་ཕྲིན་ལས་བསྒྲུབ་པར་བགྱི། །ལན་གསུམ། དབང་གི་གཞི་དགོད་ཅིང་བྱིན་དབབ་པའི་སླད་དུ་སྒོ་གསུམ་གྱི་གནད་གཅུན་ཏེ་འདི་ལྟར་གསལ་འདེབས་འཚལ། གཟུང་འཛིན་ཡུལ་ཀུན་སྟོང་པའི་ངང་། །གནས་ཁང་རིན་ཆེན་གཞལ་མེད་ཁང་། །འདོད་ཡོན་སྤྲིན་ལྟར་གཏིབས་པའི་གཞིར། །པད་ཉི་བམ་རོའི་གདན་སྟེང་དུ༔ མཉམ་ཉིད་ཡེ་ཤེས་སོགས་རང་གཞུང་ལྟར་ལྷ་བསྐྱེད་དེ། གར་གྱིས་རོལ༔ གནས་གསུམ་རྡོ་རྗེའི་ཡི་གེ་དང་། །ཐུགས་སྲོག་རིཿཡིག་གསེར་འོད་འབར། །དེ་དང་སློབ་དཔོན་ཐུགས་འོད་ཀྱིས། །རྩ་གསུམ་རྒྱལ་བའི་འཁོར་ལོ་རྣམས། །རིན་ཆེན་མཁའ་འགྲོའི་དཀྱིལ་འཁོར་པའི། །རྣམ་པར་སྤྱན་དྲངས་གཉིས་མེད་ཐིམ། །ཡེ་ཤེས་གཟི་བྱིན་འབར་བར་སྒོམས། །སྤོས་རོལ་དབྱངས་ཀྱིས། ཧཱུྃ༔ སངས་རྒྱས་རྣམས་ནི་སོགས་སྤྱན་འདྲེན་མཐར། ཨོཾ་ཨཱཿཧཱུྃ་རིཿརཏྣ་དྷཱ་ཀི་ནཱི་སརྦ་བཱ་སུ་སིདྡྷི་སྭཱ་ཧཱ༔ ཞེས་རྩ་སྔགས་ལ། བཛྲ་ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱཿ བཏགས་པ་དྲག་ཏུ་བཟླས་པས་བྱིན་དབབ་ཅིང་སྤྱི་ལྟར་བརྟན། སླར་ཡང་འཁོར་འདས་སྣོད་བཅུད་ཀྱི་དཔལ་དང་བྱིན་གཡང་རྣམས་འགུགས་པའི་སླད་དུ་འདི་ལྟར་གསལ་འདེབས་འཚལ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་སོགས་ནས། ལོངས་སྤྱོད་ཐམས་ཅད་བཀུག་སྟེ་སློབ་མ་དང་རྟེན་རྫས་ལ་ཐིམ་པས་སོགས་ནས། མཆོག་ཐུན་བཀྲ་ཤིས་བདེ་ལེགས་བསྩལ་དུ་གསོལ༔ ཞེས་པའི་བར་གྱི་གཡང་འགུགས་རྣམས་ཀྱང་གྱེར། དངོས་གཞི་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ལ། གཏོར་མ་རིན་ཆེན་མཁའ་འགྲོ་མ་སོགས་དབང་རྣམས་བསྐུར། མཚམས་སྦྱོར་སྤྱི་མཐུན་བཅས། ཨོཾ༔ རྩ་གསུམ་ནོར་ལྷ་སོགས་ཀྱིས་ཤིས་པ་བརྗོད་ཅིང་རྟེན་སྙིང་གིས་བརྟན། དེ་ལྟར་བྱས་པས་སོགས་ནས། འགྲུབ་པར་འགྱུར་རོ༔ དེ་ལྟ་བུའི་སྨིན་བྱེད་དབང་བསྐུར་བ་སོང་ནས། ལམ་ཉམས་སུ་ལེན་པའི་རིམ་པ་མཁའ་འགྲོ་འདུས་པའི་གྲོལ་བྱེད་ཀྱི་གདམས་པའི་ཟབ་ཁྲིད་འབོགས་པ་ལ་གསུམ་སྟེ༔ ཕྱི་རྟེན་དང་བསྐྱེད་བཟླས་སོགས་ནས། རིམ་པ་མཐར་ཐུག་པ་འོ༔ ས་མ་ཡ༔ དེ་དག་རྣམས་ཀྱིས་སྨིན་གྲོལ་ཟབ་མོ་ལེགས་པར་ཐོབ་པས་རྡོ་རྗེའི་ལུང་མི་བསླུ་བའི་དད་སྤྲོ་དང་བཅས་དབང་སྲོག་དམ་ཚིག་གི་རིམ་པ་ཚུལ་བཞིན་བསྲུང་དགོས་པས། དེ་ལྟར་བསྲུང་སྡོམ་ཚུལ་བཞིན་བགྱིད་པར་ཁས་བླང་བ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། ཆོ་གའི་རྗེས་རིམ་རྒྱས་པར་རྡོ་རྗེ་ཕག་མོའི་ཕྲིན་ལས་ལྟར་དང་། བསྡུ་ན། རྡོ་རྗེ་མཁའ་འགྲོའི་ཚེ་སྒྲུབ་ཀྱི་འགྲོས་བཞིན་ལ། དངོས་གྲུབ་ལེན་སྐབས། ཧཱུྃ༔ བདེ་མཆོག་མཉམ་ཉིད་སོགས་འདི་ཉིད་ཀྱི་སྒེར་ཆོས་སྦྱར་བ་དང་། སྨོན་ལམ་ནི། ཧོ༔ དགེ་བའི་རྩ་བ་འདི་ཡིས་བདག་གཞན་ཀུན༔ སྣོད་བཅུད་མངའ་ཐང་རྒུད་པའི་གཡུལ་ལས་རྒྱལ། །ཚེ་ཆོས་མོས་དཔལ་དབང་བཅུའི་འབྱོར་པ་རྒྱས། །རིན་ཆེན་མཁའ་འགྲོའི་གོ་འཕང་མྱུར་ཐོབ་ཤོག །བཀྲ་ཤིས་ནི། དབང་བསྐུར་བཞིན། ཨོཾ༔ རྩ་གསུམ་ནོར་ལྷ་སོགས་སྦྱར་བས་གྲུབ་བོ།། ༈ །།གསུམ་པ་པདྨ་མཁའ་འགྲོའི་དབང་སྡུད་ལ། ཕྲིན་ལས་ཀྱི་སྐྱབས་སེམས་ནས་གཟུང་བགེགས་གཏོར་བརླབ་འགུགས་བསྔོ་བ་སྤྱི་འགྲེ་སྦྱར་བ་ཙམ་ལས། དབང་སྡུད་ཆོ་ག་རང་གཞུང་ལྟར་གཏང་ལ་བསྟོད་པའི་མཐར་ཛཔ྄་ཁང་ཕྱེས་ལ་དམིགས་པ་གསལ་ཞིང་གཙོ་མོའི་བཟླས་པ་བུངས་སྐྱེད། ལས་སྔགས་ཤམ་བུར་བཏགས་པ་དང་། མཁའ་འགྲོ་རིགས་བཞིའི་སྔགས་རྣམས་ཅུང་ཟད་རེ་བཟླ། ཐུན་མཐར་བདུད་རྩིའི་ཕུད་དང་མེ་ཏོག་དམར་པོ་འབུལ་བ་དང་། ཚོགས་མཆོད་བསྐང་བཤགས་ཕྱོགས་འཐུས་བཅས་ཕུལ་ནས། རིག་མེ་དོར་ཞིང་གནང་བ་ནོད། དབང་དངོས་ལ། འོ། མཁའ་ཁྱབ་ཡིད་ཅན་ཐམས་ཅད་ཞི་བ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགོད་པར་བྱ། དེའི་ཆེད་དུ་པདྨ་མཁའ་འགྲོའི་དཀྱིལ་འཁོར་དུ་ཞུགས་ནས་གཟུང་འཛིན་ལས་རླུང་གིས་བསྐྱེད་པའི་ཕྱིན་ཅི་ལོག་གི་སྣང་བ། རིག་པ་རང་གནས་ཀྱི་དབྱིངས་སུ་དབང་དུ་སྡུད་པའི་རྣལ་འབྱོར་ཉམས་སུ་བླང་བའི་ཕྱིར། སྨིན་གྲོལ་གྱི་གདམས་པ་ཟབ་མོ་ཞུ་སྙམ་པའི་སེམས་བསྐྱེད་ནས་གསན་འཚལ། དེ་ལྟ་བུའི་ཐབས་ཚུལ་གསང་བ་སྔགས་ཀྱི་ཁྱད་ཆོས་ཇི་སྙེད་ཅིག་བཀའ་གཏེར་དུ་མར་གསུངས་པ་ལས། སྐབས་སུ་བབས་པ་འདི་ནི། ཨོ་རྒྱན་གྱི་མཁན་པོ་པདྨ་ཐོད་ཕྲེང་རྩལ་ལ་དཀྱིལ་འཁོར་གྱི་གཙོ་མོས་རྗེས་སུ་གནང་བ་ལྟར། རྒྱུད་དང་མན་ངག་གི་དགོངས་པ་སྙིང་པོར་དྲིལ་ཏེ་རིགས་ཀྱི་གཟུངས་མ་བཀའི་སྡུད་པ་མོ་མཚོ་རྒྱལ་ལ་གདམས་ཤིང་། མ་འོངས་ཕྱི་མ་ཕྱི་མའི་དོན་དུ་གཏད་དེ་གཏེར་དུ་སྦས་པ། ཡེ་ཤེས་མཁའ་འགྲོའི་རྣམ་འཕྲུལ་ཇོ་མོ་པདྨ་མཚོ་སྐྱིད་ལ་བཀའ་བབས་པ་ཐུགས་ཉམས་སུ་བསྟར་ནས་སླར་ཡང་གཏེར་དུ་སྦས་པ་ཉིད། མཁས་གྲུབ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་སྤྲུལ་པའི་གཏེར་ཆེན་༧པདྨ་འོད་གསལ་མདོ་སྔགས་གླིང་པས་བཀའ་བབས་བདུན་གྱི་ཤིང་རྟ་གསར་དུ་འདྲེན་པར་མཛད་པའི་ཡང་གཏེར་གྱི་ཆོས་སྡེ་ལས་བྱོན་པ། མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་ཆ་ལག་རིགས་བཞིའི་མཁའ་འགྲོའི་སྒོས་སྒྲུབ་ལས། པདྨ་མཁའ་འགྲོའི་དབང་སྡུད་ཀྱི་ཕྲིན་ལས་དང་འབྲེལ་བའི་སྨིན་གྲོལ་ཟབ་མོ་གསན་པའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྣལ་འབྱོར་མ་དང་སོགས་རང་གཞུང་བཞིན་ལན་གསུམ། རྒྱུད་སྦྱོང་བའི་སླད་དུ་སློབ་དཔོན་དཀྱིལ་འཁོར་གྱི་གཙོ་མོ་དང་ཐ་མི་དད་པ་ཞིང་མཆོག་རྒྱ་མཚོའི་ཚོགས་བཅས་བཞུགས་པའི་སྤྱན་སྔར། སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྒོམ་དོན་ཐུགས་ལ་ངེས་པས་འདིའི་རྗེས་ཟློས། ཧྲཱི༔ བདེ་ཆེན་དབང་མཛད་སོགས་སྐྱབས་སེམས་སྒྲུབ་ཐབས་དབུ་ནས་འབྱུང་བ་བཞིན་ལན་གསུམ། དབང་གི་གཞིའམ་རྩ་བར་གྱུར་པ་ཡེ་ཤེས་ཀྱི་བྱིན་དབབ་པའི་སླད་དུ་སྒོ་གསུམ་གྱི་གནད་གཅུན་ནས་རྩེ་གཅིག་པའི་ཡིད་ཀྱིས་འདི་ལྟར་གསལ་ཐོབས། ཧྲཱི༔ སོ་སོར་ཀུན་རྟོག་སོགས་དབང་སྡུད་རང་གཞུང་གི་ལྷ་བསྐྱེད་ནས། བརྐྱང་བསྐུམ་གར་གྱི་བདེ་བས་རོལ༔ ཞེས་གཙོ་མོར་གསལ་ཞིང་། གནས་གསུམ་འབྲུ་གསུམ་ཐུགས་སྲོག་ནི། །དམར་པོའི་འོད་དང་སློབ་དཔོན་གྱི། །ཐུགས་ཀའི་འོད་དམར་ལྕགས་ཀྱུ་ཡིས། །རྩ་བ་གསུམ་དང་ཁྱད་པར་དུ། །པདྨ་མཁའ་འགྲོའི་ཐུགས་རྒྱུད་བསྐུལ། །བྱིན་རླབས་ཕྱག་རྒྱའི་ཚོགས་ཆེན་པོ། །ཆར་ལྟར་བབས་པས་སློབ་མར་ཐིམ། །ཡེ་ཤེས་གཟི་བྱིན་འབར་བར་སྒོམས། །སྤོས་རོལ་དབྱངས་ཀྱིས། ཧྲཱིཿཧྲཱི༔ སོ་སོར་རྟོག་པའི་སོགས་སྤྱན་འདྲེན་གྱི། རབ་འབྱམས་དབང་གི་དངོས་གྲུབ་སྩོལ༔ བར་དང་། ཨོཾ་ནིཿཔདྨ་དྷཱ་ཀི་ནཱི་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ ཞེས་རྩ་སྔགས་ལ། ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱཿཞེས་བཏགས་པས་བྱིན་དབབ། ཏིཥྛ་བཛྲས་སྤྱི་ལྟར་བརྟན། དབང་བསྐུར་བ་དངོས་གཞི་ལ་སྐུ་གསུང་ཐུགས་ཀྱི་དབང་གསུམ་ལས། དང་པོ་སྐུའི་དབང་བསྐུར་བ་ནི། མདུན་བསྐྱེད་པདྨ་མཁའ་འགྲོའི་དཀྱིལ་འཁོར་པ་རྣམས་ལ་མེ་ཏོག་དམར་པོ་དང་སིནྡྷུ་ར་སྦྱར་བའི་བདུད་རྩིའི་མཆོད་སྤྲིན་གྱི་རྒྱ་མཚོ་ཕུལ་པས། མཉེས་རབ་ཀྱི་ཕུལ་དུ་གྱུར་ནས་དབང་གི་དངོས་གྲུབ་སྩོལ་བ་ལ་དགྱེས་བཞིན་དུ་བཞུགས་པར་མོས། ཐུན་མཚམས་བདུད་རྩིའི་མཆོད་པ། ཨོཾ་ཨཱཿཧཱུྃ༔ འཁོར་འདས་བརྟན་གཡོའི་སོགས་ནས། ཀུ་རུ་ཀུ་རུ་ཧོ༔ ཞེས་ཐིགས་གཏོར་འབུལ། སླར་ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སོགས་ཀྱིས་སྐུའི་དབང་བསྐུར། དེ་དང་རྗེས་སུ་འབྲེལ་བ་གསང་སྔགས་ཀྱི་བཟླས་པ་ལ་དབང་བའི་ལུང་སྦྱིན་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། བསྙེན་དམིགས་ལྟར། སློབ་མ་པདྨ་དྷཱ་ཀི་ནཱིའི༔ ཐུགས་ཀར་པད་ཉི་སོགས་ནས། རོལ་པར་ཤར༔ དེ་ལྟ་བུའི་ཏིང་འཛིན་དང་ལྡན་པས་རྩ་བའི་སྔགས་དང་། ལས་སྔགས་ཤམ་མཐར་སྦྱར་བ་སོ་སོའི་རྗེས་ཟློས། སྔགས་ཚན་གཉིས་ལན་གསུམ་རེ། ཕྲིན་ལས་ཀྱི་ནུས་པ་གློག་ལྟར་མྱུར་བ་སྲེག་བླུག་ལ་བརྟེན་ནས་ལས་ཀྱི་སྦྱོར་བའི་རྗེས་སུ་གནང་བ་བསྒྲུབ་པའི་སླད་དུ། བདག་གིས་བརྗོད་པའི་ཚིག་ལས་འབྱུང་བའི་སྒོམ་དོན་ལ་ཐུགས་གཏད་པ་ཞུ། དབང་སྡུད་རང་གཞུང་གི་མེའི་ལས་སྒྲུབ་པའི་སྐབས་ལྟར། རཾ་ཡཾ་ཁཾ༔ སྟོང་པའི་ངང་ལས་བདེ་བ་སོགས་ནས་ལྷ་བསྐྱེད་རྗེས་འབྲེལ་བཅས་དང་། བཟླས་པས་ཐུགས་དམ་བསྐུལ་ཕྱིར། མེ་ལྷ་པདྨ་དྷཱ་ཀི་ནཱིའིཿ ཞེས་བསྒྱུར་བའི་དམིགས་པ་གསལ་ཞིང་། རྩ་སྔགས་ཅི་འགྲུབ། ལས་སྔགས་དང་འཁོར་སྔགས་ཅི་ནུས་བཅས་བཟླས་ནས། ཐབས་ཤེས་ཀྱི་ཕྱག་རྒྱས་མཚོན་པའི་གཟར་བུ་གཉིས་ཀྱིས་སྲེག་རྫས་རྣམས་ཕུལ་བས་དཀྱིལ་འཁོར་ལྷ་ཚོགས་དགྱེས་པ་ཆེན་པོའི་གཟི་བྱིན་འབར་ཞིང་། མཆོག་ཐུན་གྱི་དངོས་གྲུབ་མ་ལུས་པ་ཐོགས་པ་མེད་པར་སྩོལ་བའི་ཕྲིན་ལས་མཛད་པར་མོས། དབང་གཞུང་གི །ཧྲཱི༔ ཤེས་རབ་ཨེ་དབྱིངས་སོགས་ཀྱིས་གཟར་བུ་གཉིས་སློབ་བུའི་ལག་གཡས་གཡོན་དུ་གཏད་དེ། དེས་ཀྱང་གུས་པས་བླངས་ཏེ་རྫས་རིམ་བཞིན་འབུལ་བཅུག་ལ། མེ་མཆོད་ལྟར། ཧྲཱི༔ ཐབས་ཤེས་དབང་གི་སོགས་དགང་བླུག་གིས་མར་ཁུ་དང་། ཡམ་ཤིང་གྲངས་ཇི་ལྟར་འོས་པ་དང་། སླར་མར་ཁུ་ཕུལ་བས་མེ་གསོས་ནས། རྫས་ཀྱི་གཙོ་བོ་གྲངས་བསྐྱེད་ལ་འབུལ། རཱུ་པ་དགང་གཟར་དུ་བཞག་ནས་མདུན་བསྐྱེད་ཀྱི་སོགས་དམིགས་པ་ཕོག་སྟེ། སློབ་དཔོན་གྱིས། རྩ་སྔགས་ལ་ལས་སྔགས་ཤམ་བུར་བཏགས་པ་ལན་བདུན་ཙམ་བཟླ། དེ་ལྟར་རྫས་སྔགས་ཕྱག་རྒྱ་ཏིང་ངེ་འཛིན་གྱིས་གཟིར་བས་བསྒྲུབ་བྱ་ཤིན་ཏུ་ཆགས་པས་སོགས། སླར་གོང་གི་སྔགས་ལན་བདུན་ཙམ་གྱི་རིང་རཱུ་པ་མེ་ལ་མ་ཞུ་ཙམ་དུ་གཟུང་བཅུག་པ་ལས་མེ་ཐབ་ཏུ་འབུལ་མི་དགོས། འདིའི་ཕྲིན་ལས་ཀྱི། ཨོཾ་ཨཱཿཧཱུྃ༔ ཡིད་འཕྲོག་བཀོད་པ་སོགས་མཆོད་བསྟོད། ཨོཾ་ཨཱཿཧཱུྃ༔ འཁོར་འདས་བརྟན་གཡོའི་སོགས་བདུད་རྩིའི་མཆོད་པ། རཾ་ཡཾ་ཁཾ༔ བདེ་བ་ཆེན་པོའི་སོགས་ཚོགས་མཆོད་ལྷག་མ་བཅས་འབུལ། མེ་མཆོད་ལྟར། ཧྲཱི༔ ཐབས་ཤེས་དབང་གི་སོགས་ཀྱིས་དགང་བླུག་དང་སྲེག་རྫས་ལྷག་མ་རྣམས་འབུལ། ཡིག་བརྒྱས་ནོངས་པ་བཤགས། ཧྲཱི༔ བདེ་ཆེན་ཡེ་ཤེས་སོགས་ནས། ཧྲཱིཿཧྲཱིཿཧྲཱི༔ ཐབ་ཀྱི་མེ་ལྷ་སློབ་མའི་ཐུགས་སྲོག་ལ་ཐིམ་པས་ལྷ་བདག་གཉིས་སུ་མེད་པའི་ང་རྒྱལ་བརྟན་པོར་སྐྱེད་ཅིག །ཨོཾ་ནིཿཔདྨ་དྷཱ་ཀི་ནཱི་སོགས། དེ་ལྟར་མྱུར་བ་མེའི་ལས་ཀྱི་རྗེས་གནང་གིས་པདྨ་མཁའ་འགྲོའི་བསྐྱེད་བཟླས་ཀྱི་ཕྲིན་ལས་ལ་བརྟེན་ནས་བརྟན་གཡོའི་དངོས་པོ་ཐམས་ཅད་དབང་དུ་བསྡུ་བའི་མཐུ་ཐོགས་པ་མེད་པ་ལ་དབང་བར་བྱེད་པ་ཡིན་ནོ། །གཉིས་པ་གསུང་རིག་པ་ཆེན་པོའི་ཙཀྲའི་དབང་བསྐུར་བ་ནི། དབང་གཞུང་ལྟར། རྡོ་རྗེའི་སྔགས་ཀྱི་འཁོར་ལོ་སོགས། གསུམ་པ་ཐུགས་རིལ་བུའི་དབང་བསྐུར་བ་ནི། པདྨ་མཁའ་འགྲོ་མའི་སོགས། མཚམས་སྦྱོར་སྤྱི་མཐུན་བཅས་ཆོ་གའི་རྗེས་རིམ་ལྟར། ཧྲཱི༔ རྡོ་རྗེ་བཙུན་མོའི་སོགས་ཀྱིས་ཤིས་པ་བརྗོད། དེ་ལྟར་དབང་བསྐུར་ཟབ་མོ་ནོད་པའི་ཕན་ཡོན་ནི། གཞུང་ལས། དབང་འདི་ཐོབ་པ་སོགས་ནས། ནན་ཏན་དུ་བྱའོ༔ ཞེས་གསུངས་པ་ལྟར་བྱིན་རླབས་ཀྱི་ཚན་ཁ་དང་ལྡན་པའི་སྨིན་བྱེད་ཟབ་མོ་གྲུབ་ནས། དེ་དང་རྗེས་སུ་འབྲེལ་བ་ལམ་ཉམས་སུ་ལེན་པའི་གདམས་ངག་གི་སྙིང་པོའི་ཡང་ཞུན་གྲོལ་བྱེད་ཟབ་ཁྲིད་འབོགས་པའི་རིམ་པ་འདི་ལ་ཐུགས་མ་ཡེངས་པར་རྩེ་གཅིག་ཏུ་གསན་འཚལ། མཁའ་འགྲོ་མ་གསང་བ་ཀུན་འདུས་ཀྱི་དབང་གི་ཕྲིན་ལས་བརྩམ་པའི་ཚུལ་ལ་དོན་གསུམ་སྟེ༔ སོགས་གཞུང་མཐར་ཆགས་སུ་བཀླགས་ནས། དབང་དུ་བསྡུ་བ་མཐར་ཐུག་པའི་རིམ་པའོ༔ ས་མ་ཡ༔ དེ་ལྟ་བུའི་སྨིན་གྲོལ་གྱི་གདམས་ངག་ཟབ་མོ་རྩལ་སྤྲུགས་སུ་ཐོབ་པས། སྤྱི་དང་ཁྱད་པར་གྱིས་བསྡུས་པའི་དམ་ཚིག་མཐའ་དག་བསྲུང་སྡོམ་ཚུལ་བཞིན་བྱ་དགོས་པས། དེ་ལྟར་མཛད་པར་ཡིད་ལ་དམ་བཅའ་བའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་ལྟར་དང་། ཆོ་གའི་རྗེས་ཚོགས་ལ་རོལ་བ་ཕྱིན་གཞུང་གིས་དངོས་བསྟན་ལྟར་ནོངས་བཤགས་རྗེས་བརྟན་བཞུགས་སྤྱི་འགྲོ་སྦྱར། གཞན་རྣམས་མཐར་དབྱུང་བས་གྲུབ་བོ།། ༈ །།བཞི་པ་ལས་ཀྱི་མཁའ་འགྲོའི་ཟོར་ལས་ལ། མཁའ་འགྲོ་འདུས་པའི་ཕྲིན་ལས་ཀྱི་གཞུང་བསྲངས་ནས་བཟླས་པ་གཏོར་འབུལ་ཡན་གྱིས་བདག་བསྐྱེད་བྱས་ནས། རཾ་ཡཾ་ཁཾ༔ སྟོང་པའི་ངང་ལས་མདུན་དུ་སོགས་རང་གཞུང་གི་མདུན་རྟེན་བསྐྱེད་པ་ནས་གཟུང་། སྤྱི་དང་བྱེ་བྲག་གི་བཟླས་པ་ཡོངས་རྫོགས་ཀྱི་མཐར། སྟོང་ཚིགས་ཀྱི་མཆོད་བསྟོད། ཚོགས་མཆོད་རྒྱས་བསྡུས་གང་ནུས་སྐབས་དང་བསྟུན་ལ་བསྐང་བའི་མཐའ་བར་བཏང་ནས། རིག་མེ་དོར་ཞིང་གནང་བ་ནོད། དབང་དངོས་ལ། འོ། མར་གྱུར་གྱི་སེམས་ཅན་ཐམས་ཅད་གཟུང་འཛིན་བདུད་དགྲའི་གོ་རར་ཆུད་པ་ལས་བསྒྲལ་ནས་དཔལ་ཁྲག་འཐུང་ཧེ་རུ་ཀའི་གོ་འཕང་ལ་འགོད་པ་དང་། རྒྱལ་བའི་བསྟན་པ་རིན་པོ་ཆེ་བསྲུང་བའི་སླད་དུ་ལས་ཀྱི་མཁའ་འགྲོའི་ཟོར་ལས་ཀྱི་དབང་བསྐུར་གསན་པར་བྱ་སྙམ་དུ་ཐུགས་བསྐྱེད་པ་དང་བཅས་ཏེ་གསན་འཚལ། དེ་ལའང་གསང་ཆེན་བླ་ན་མེད་པའི་བཀའ་གཏེར་རྣམས་ནས་སྔགས་ཀྱི་ཁྱད་ཆོས་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ལས། སྐབས་སུ་བབས་པ་འདི་ནི། ཨོ་རྒྱན་གྱི་མཁན་པོ་པདྨ་ཐོད་ཕྲེང་གིས་དབྱིངས་ཀྱི་གཙོ་མོས་རྗེས་སུ་གནང་བ་ལྟར་སྙིང་པོར་དྲིལ་ཏེ། མ་འོངས་ཕྱི་མ་ཕྱི་མའི་དོན་དུ་ལས་ཀྱི་གཟུངས་མ་བཀའི་སྡུད་པ་མོ་ཡེ་ཤེས་མཚོ་རྒྱལ་ལ་གདམས་ཤིང་གཏེར་དུ་སྦས་པ། ཡེ་ཤེས་ཀྱི་མཁའ་འགྲོའི་རྣམ་འཕྲུལ་ཇོ་མོ་སྨན་མོ་པདྨ་མཚོ་སྐྱིད་ཀྱིས་གཏེར་ནས་ཕྱུངས་ཤིང་ཐུགས་ཉམས་སུ་བཞེས་ནས་སླར་གཏེར་དུ་སྦས་པ། མཁས་གྲུབ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་སྤྲུལ་པའི་གཏེར་ཆེན་༧པདྨ་འོད་གསལ་མདོ་སྔགས་གླིང་པས་བཀའ་བབས་ཆེན་པོ་བདུན་གྱི་ཤིང་རྟ་གསར་དུ་འདྲེན་པར་མཛད་པའི་ཡང་གཏེར་གྱི་ཆོས་སྡེ་ལས་བྱོན་པ་མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་ཆ་ལག །རིགས་བཞི་མཁའ་འགྲོའི་སྒོས་སྒྲུབ་ལས། ཟབ་གཉན་ཁྱད་པར་དུ་འཕགས་པ་སྔོན་ཆད་གཞན་དུ་མ་བསྟན་པའི་ལས་ཀྱི་མཁའ་འགྲོའི་དྲག་པོའི་ཟོར་ལས་དང་འབྲེལ་བའི་སྨིན་གྲོལ་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། དབང་གཞུང་བཞིན། རྣལ་འབྱོར་མ་དང་སོགས་ལན་གསུམ། རྒྱུད་སྦྱོང་སྐྱབས་སེམས་རྡོ་རྗེ་མཁའ་འགྲོའི་ཚེ་སྒྲུབ་ཀྱི་སྐབས་བཞིན་སྦྱར། དབང་གི་གཞིའམ་རྩ་བར་གྱུར་པ་ཡེ་ཤེས་ཀྱི་བྱིན་དབབ་པ་ལ་ཁྱེད་རང་རྣམས་སྣོད་བཅུད་ཐ་མལ་དུ་འཛིན་པའི་རྟོག་ཚོགས་ཀྱིས་མ་བསླད་པར་ཞིང་དང་ལྷའི་རྣམ་འགྱུར་འདི་ལྟར་དུ་གསལ་ཐོབས་ཤིག །གཟུང་འཛིན་ཆོས་ཀུན་སྟོང་པ་ལས། །གནས་ཡུལ་དུར་ཁྲོད་རོལ་པའི་ཞིང་། །བསམ་ཡས་བཀོད་པ་ལྷུན་གྲུབ་དབུས། །རྣམ་ཐར་ཆོས་འབྱུང་བསྣོལ་མ་དང་། །སྣ་ཚོགས་པད་ཉི་བམ་རོའི་སྟེང་། །སློབ་མའི་རིག་པ་ཡེ་ཤེས་རྩལ། །བཾ་ཡིག་མཐིང་ནག་ཡོངས་གྱུར་ལས༔ རྡོ་རྗེའི་གྲི་གུག་སོགས་མཁའ་འགྲོ་འདུས་པའི་སྒྲུབ་ཐབས་ཕྲིན་ལས་ཀྱི་ལྷ་བསྐྱེད་ལྟར། སྲིད་ཞིའི་སྤྱི་དཔལ་ཆེན་པོར་བཞེངས༔ གནས་གསུམ་འབྲུ་གསུམ་ཐུགས་སྲོག་དང་། །སློབ་དཔོན་ཐུགས་འོད་ཆོས་དབྱིངས་ཁྱབ། །རྩ་གསུམ་ཡེ་ཤེས་མཁའ་འགྲོའི་ཚོགས། །ཆར་ལྟར་སྤྱན་དྲངས་སློབ་མ་ལ། །ཐིམ་པས་ཡེ་ཤེས་གཟི་འབར་བསམ། །སྤོས་རོལ་དབྱངས་ཀྱིས། ཧཱུྃ་ཧཱུྃ༔ བཞེངས་ཤིག་བླ་མ་སོགས་ནས། ཆོས་སྐྱོང་སྲུང་མ་གཤེགས་སུ་གསོལ༔ བར་དང་། མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ སོགས་ནས། མངོན་སུམ་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་དང་། ཨོཾ་བཾ་བཛྲ་བྷ་ར་ཧི་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨཱ་ཝེ་ཤ་ཡ་ཨ་ཨཱཿ ཞེས་བཟླས་པས་བྱིན་དབབ་ཅིང་སྤྱི་ལྟར་བརྟན། ཟོར་དབང་དངོས་ལ། ལས་ཀྱི་མཁའ་འགྲོ་རྡོ་རྗེ་ཕག་མོའི་སྐུ་གསུང་ཐུགས་ཀྱི་དབང་བསྐུར་རྗེས་འབྲེལ་དང་བཅས་པ་རིམ་པར་འབྱུང་བ་ལས། དང་པོ་སྐུ་ཡི་དབང་བསྐུར་བའི་རྗེས་སུ་གནང་བ་ལ་དངོས་དང་། རྗེས་འབྲེལ་གདབ་ལས་ཟློག་གསད་འཕང་བའི་མཇུག་བསྡུ་གཉིས་ལས། དང་པོ་རྗེས་གནང་དངོས་ཀྱི་དོན་དུ་སྔར་བསྐྱེད་ཟིན་པའི་མདུན་རྟེན་ཁྱེད་རང་གི་བློ་ངོར་སླར་ཡང་འདི་ལྟར་གསལ་འདེབས་འཚལ། མདུན་དུ་དུར་ཁྲོད་དྲག་པོའི་གནས་དང་སོགས་ཟོར་ལས་གཞུང་གི་མངོན་རྟོགས་ལྟར་ལ་ས་བོན་དོར་ནས། དགྲ་བགེགས་ཀྱི་སྙིང་གར་ཡེ་ཤེས་ཀྱི་དྷཱ་ཀི་ནཱི་སོགས་སྦྲེལ་ནས། དྲག་ཤུལ་གྱི་འདུན་ས་ཆེན་པོ་ལྟ་བུར་མངོན་སུམ་དུ་བཞུགས་པ་ལ། སློབ་དཔོན་རྡོ་རྗེ་ཁྲོས་མ་ནག་མོར་སོགས་དབང་བསྐུར་བཞིན་གྱི། འགྲན་ཟླ་དང་བྲལ་བར་གྱུར་པ་ལ། ལས་ཀྱི་ཕུར་པ་ཕྱག་ཏུ་གཏད་པས་སྲུང་ཟློག་གསད་སོགས་མངོན་སྤྱོད་ཀྱི་ལས་སྦྱོར་རབ་འབྱམས་ཐོགས་མེད་དུ་བརྩམ་ནུས་པའི་བྱིན་དབང་ཐོབ་པར་མོས། ཧཱུྃ༔ སངས་རྒྱས་ཕྲིན་ལས་སོགས། ཀཱི་ལ་ཡ་ཧཱུྃ་ཕཊ༔ གཉིས་པ་དེ་དང་རྗེས་སུ་འབྲེལ་བ་དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་ཀྱི་གདབ་ཁ། ཕྱིར་ཟློག་ཇི་ལྟར་རིགས་པ། གསད་པའི་ཕྲིན་ལས། འཕང་བས་མཇུག་བསྡུ་བ་དང་རྣམ་པ་བཞི་ལས། དང་པོ་གདབ་ཁ་ལ་བརྟེན་ནས་གསད་པའི་ཕྲིན་ལས་ཀྱི་རྗེས་གནང་སྒྲུབ་པ་ནི། སློབ་དཔོན་གྱིས་ཇི་ལྟར་བརྗོད་པའི་ཚིག་རིས་དང་བསྟུན་པའི་ཏིང་འཛིན་རྩེ་གཅིག་ཏུ་མཛོད། དཔོན་སློབ་གཉིས་ཀ་བཅོམ་ལྡན་འདས་མ་རྡོ་རྗེ་ཁྲོས་མ་ནག་མོར་གསལ་བའི་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་རྣམས་བསྐུལ་བས། ལྷ་ཚོགས་རྣམས་ཆེར་ཁྲོས་ཤིང་འཁྲུགས་པའི་དྲག་ཤུལ་དང་ལྡན་པར་གྱུར་པའི་སྤྱན་སྔར། བདག་མ་ཉེས་པའི་དཔང་གསོལ་བས་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཤིང་། ཐུགས་རྗེའི་སྟོབས་གཡོས་ཏེ། རྡོ་རྗེའི་ཕོ་ཉ་ནམ་མཁའ་གང་བ་སྤྲོས། མ་རུངས་གདུག་ཅིང་གཏུམ་པ་ཐམས་ཅད་བཀུག་གཟིར་བསྒྲལ་བའི་ཕྲིན་ལས་མཛད་པར་གྱུར། གསེར་སྐྱེམས་ཐོགས་ལ། ཨོཾ་ཨཱཿཧཱུྃ༔ རྩ་གསུམ་རྒྱལ་བ་སོགས་འདི་ཉིད་ཀྱི་གདབ་ཁ་ཡོངས་རྫོགས་གཏང་། ལྕགས་ཁང་བསྐྱེད་ཟིན་པ་དང་འགུགས་པ་སྤྱི་ཁྱབ་ཞིག་སྦྱོར་ཞིང་། ཕྱག་ལེན་སློབ་དཔོན་གྱིས་མཛད་ནས་ཞལ་བསྟབ་མཐའི། ངོ་མཐོན་དུ་བཞུགས་པར་བསམ༔ གཉིས་པ་ཕྱིར་ཟློག་ཇི་ལྟར་རིགས་པའི་རྗེས་གནང་གི་སླད་དུ་དམིགས་པའི་འཕྲུལ་འཁོར་འདི་ལྟར་མཛོད། སླར་ཡང་དགྱེས་རྫས་དྲག་པོའི་མཆོད་སྤྲིན་གྱིས་མདུན་གྱི་དཀྱིལ་འཁོར་མཆོད་པས་ཐུགས་དམ་བསྐུལ་བས་ཕྱིར་ཟློག་དྲག་པོའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་མཛད་པར་གྱུར། ཧཱུྃ་བྷྱོ༔ ཞི་བ་ཆེན་པོའི་སོགས་བཞེངས་བསྐུལ་སྔོན་དུ་འགྲོ་བས་ཟློག་པ་ཚན་བཅུ་བཞིའི་རྗེས་སུ། ཟོར་རྫས་རྣམས་རིམ་པ་བཞིན་ཕྱག་ཏུ་གཏད་པའི་ཚེ། དེ་དག་རེ་རེའི་རྡུལ་ཕྲ་རབ་ཀྱི་གྲངས་སྙེད་ཆར་བཞིན་དུ་བབས་པ་མཁའ་འགྲོ་ཁྲོས་མའི་ལྷ་ཚོགས་རྣམས་ཀྱིས་ཐོགས་ཏེ༔ གནོད་བྱེད་དགྲ་བགེགས་ཀྱི་སྟེང་དུ་བསྣུན་པས་མི་མཐུན་པའི་ཕྱོགས་ཐམས་ཅད་སྐད་ཅིག་གིས་ཕྱིར་ཟློག༔ མ་རུངས་གདུག་པ་ཅན་ཐམས་ཅད་ཁ་ཕུང་རྗེས་མེད་དུ་སོང་བར་བསམ་ལ་དགོངས་པའི་གདེངས་སྐྱེད་ཅིག༔ ཧཱུྃ་བྷྱོ༔ རི་རབ་འབར་བ་སྟོབས་ཆེན་སོགས་ཟོར་ཟློག་སྤྱིའི་བྱང་བུ་གྱེར་བ་སྔོན་དུ་འགྲོ་བས། ཡུངས་དཀར་སོགས་ཟོར་ཟློག་གཞན་རྣམས་རིམ་བཞིན་གྱེར། མཐར་སྤྱིར་ཟློག་ཕྲིན་ལས་གསོལ་བ་བྱ། སྤྲོས་བཅས་སྐབས་དཔོན་སློབ་རྣམས་བདུད་ཆས་སུ་ཞུགས་ནས་གདབ་ཁ་སྤྱི་དང་། ཁྱད་པར་ཟོར་རྣམས་ཐོགས་ནས་འཆམ་སྟབས་བཅས་བྱ་བར་གསུངས་པས། དེ་ལྟར་སྤྲོས་ན་སྐབས་འདིར་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་འདོད་ཡོན་དངོས་གྲུབ་ཀྱི་རྣམ་པར་མོས་ཏེ་ཚོགས་འཁོར་དང་། དཔོན་སློབ་ལྷན་ཅིག་པས་རོལ་པའི་ལྷག་མ་དང་། ལིང་རོའི་ལྷག་མ་བཅས་བསྡུས་པ། སློབ་དཔོན་དང་དཀྱིལ་འཁོར་བར་ཚོགས་ཕུད་ཀྱི་ཆ་བཞི་པ་ཡར་གནས་མཆོད་མཐར་གཙང་ལྷག་གི་རས་མ་མང་ལྷག་གི་སྟེང་དུ་བསྣན། བྱིན་རླབས་ཀྱི་ཚིག་ཕྱག་ལེན་བཅས་ལྷག་མ་གཞུང་ལྟར་དང་། གསད་པའི་ལས་མཐའི་མེ་ཧོམ་སྦར་བ་ནས་གཟུང་བར་སྐབས་ཀྱི་མཚམས་སྦྱོར་སྦྱར་བ་ཙམ་ལས་བདག་གིས་བྱས་པའི་འདོན་ཟིན་པདྨ་རྣམ་པར་བཀོད་པའི་དགའ་ཚལ་སྐབས་ཀྱི་འདོན་བྱ་ཕྱག་ལེན་རྒྱས་པར་སྤྲོས་ཏེ་གནན་པ་གྲུབ་ཀྱི་བར་གཏང་། བསྡུ་ན། གོང་གསལ་སྤྱི་ཟློག་གྲུབ་པ་དང་། གསུམ་པ་གསད་པའི་ཕྲིན་ལས་ཀྱི་ལས་མཇུག་མཐའ་སྡུད་སྲེག་པ་ཧོམ་གྱིས་བསྡུ་བའི་རྗེས་གནང་གི་དོན་དུ་འདི་ལྟར་སྒོམས་ཤིག །ཨེ་ཛྭ་ལ་རཾ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ མདུན་དུ་དྲག་པོའི་ཐབ་ཁུང་དྲག་མེ་དམར་ནག་འབར་ཞིང་འཁྲུགས་པའི་དབུས་སུ་དུར་ཁྲོད་དྲག་པོའི་གཞལ་ཡས་རྒྱན་རྫོགས་རྔམ་པའི་ནང་དུ་བདུད་འདུལ་ཀརྨ་ཌཱ་ཀི །རིགས་བཞིའི་མཁའ་འགྲོ། ཕྲ་མེན་མ་བརྒྱད་དང་བཅས་པ་ལ་ཡེ་ཤེས་ལས་དང་འཇིག་རྟེན་གྱི་མཁའ་འགྲོ་ཆོས་སྐྱོང་རྒྱ་མཚོས་བསྐོར་བ་དམ་ཡེ་གཉིས་མེད་ཀྱི་ཚུལ་དུ་བཞུགས་པའི་ཞལ་གནམ་ས་ལྟར་གདངས་པ་ལས། ཡེ་ཤེས་ཀྱི་མེ་ལྕེ་འུར་འུར་འབར་བའི་ཀློང་དུ་གདུག་པ་རྣམས་བསྒྲལ་པའི་ཤ་ཁྲག་བླ་སྲོག་གི་དྭངས་མ་དང་བཅས་པ་ཕུལ་བས། དགྱེས་པའི་རྐན་སྒྲ་དང་བཅས་ལྷག་མེད་དུ་རོལ་བར་མོས། སྲེག་པའི་སྐབས་ལྟར། ཧཱུྃ༔ མཁའ་འགྲོ་འབར་བའི་སོགས་སྔགས་གྲངས་ཇི་ལྟར་རིགས་པས་དྲག་རྫས་ལིང་རོ་དང་སྦྱར་བ་དབུལ། མཐར། མཆོད་བསྟོད་བཟོད་པར་གསོལ༔ བཛྲ་མུཿས། མེ་ལྷ་ཡེ་ཤེས་པ་སོགས། བཞི་པ་ཟློག་པའི་ལས་མཇུག་མཐའ་སྡུད་འཕང་བ་ཟོར་གྱིས་བསྡུ་བ་རྗེས་འབྲེལ་དང་བཅས་པའི་རྗེས་སུ་གནང་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། ཨོཾ་སརྦ་དྷཱ་ཀི་ནཱི་ཛྙཱ་ན་སོགས། ཐམས་ཅད་རྫོགས་པར་བསམ༔ དྲག་པོའི་ཐུན་ཟོར་གྱི་སེར་དྲག་འཚུབས་མ་དམིགས་པའི་འབེན་བསྟན་པ་འཇིག་པའི་དགྲ་བགེགས་ཀྱི་སྟེང་དུ་འཕངས་པས་གང་ལ་དམིགས་པ་རྡུལ་ཕྲན་བཞིན་དུ་བརླགས་པར་གྱུར། འཕང་བའི་སྐབས་ལྟར། ཧཱུྃ་བྷྱོ༔ བཞེངས་ཤིག་དྲག་ཤུལ་སོགས་ནས། བྷྱོ་བྷྱོ་ཟློག་ཟློག༔ ཅེས་བསྐུལ་ནས། བྱང་ཤར་གྱི་ཕུང་སའི་ཟོར་འཕངས་ལ། ཨོཾ་སཿཀརྨ་དྷཱ་ཀི་ནཱི་ཀཱི་ལ་ཡ་སརྦ་དུཥྚཱཾ་བྷྱོ་བྷྱོ་ཟློག་ཟློག༔ ཡཀྨོ་ཁྲེཾ་ཟློག༔ རཀྨོ་ཁྲེཾ་ཟློག༔ ཨེ་ས་བྷྱོ་ཟློག༔ ཅེས་པའི་ཟློག་སྔགས་ཀྱི་ཤམ་བུར། ཟོར་སོ་སོའི་ཟློག་པའི་སྐབས་ལྟར། སརྦ་བིགྷྣཱན་ཀྲོ་དྷཱི་དྷཱ་ཀི་ནཱི་སོགས་དང་། ཚུལ་དེ་བཞིན་དུ་ཟློག་སྔགས་ཀྱི་ཤམ་བུར་ཟོར་སོ་སོའི་ཟོར་སྔགས་བཏགས་པས་ནུབ་བྱང་གི་རླུང་ཟོར་ནས། ཤར་གྱི་ཡུངས་ཟོར་བར་རིམ་བཞིན་མཇུག་ནས་ཡར་དེད་གོ་ལྡོག་གིས་འཕང་། གཏོར་ཆེན་བཏེགས་ལ། ཨོཾ་སརྦ་དྷཱ་ཀི་ནཱི་ས་མ་ཡ་ཨུཥྞི་ཥ་སྟྭཾ༔ ཟོར་ཆེན་གྱི་དམ་ཚིག་གི་འཁོར་ལོ་ནམ་མཁར་བཞུགས་པ་རྣམས་དྲག་ཏུ་བསྐུལ་བས། ལྷ་ཚོགས་རྣམས་ཁྲོས་འཁྲུགས་རྔམས་པས་སོགས་འཕང་བའི་སྐབས་ལྟར། རྒྱས་བཏབ་པར་བསམ་ལ་དགོངས་པའི་གདིང་སྐྱེད་ཅིག །ཧཱུྃ་བྷྱོ༔ མཁའ་འགྲོ་འབར་བའི་ལྷ་ཚོགས་སོགས་དང་། གོང་གསལ་ཟློག་སྔགས་བཟླ་བཞིན་འཕང་ལ་ནང་འབྱུང་འཁྲུགས་དབྱིངས་ལྔས་ཟློག་པ། ཧཱུྃ་ཧཱུྃ༔ འབྱུང་བ་ས་ལས་སོགས་སྔགས་བཅས་བརྗོད་ལ་ཐལ་རྡེབ་བྱ། ནམ་མཁར་བཞུགས་པའི་དམ་ཚིག་འཁོར་ལོ་ཁྲོས་འཁྲུགས་རྔམས་པས་ཟོར་རྫས་ནད་མཚོན་དུག་གི་ཆར་ཆེན་པོ་བབས་པའི་རྗེས་སུ་རྒྱུག༔ དགྲ་དཔུང་བསད༔ བགེགས་དཔུང་བཅོམ༔ མི་ལྡོག་པར་རྒྱས་བཏབ་པར་བསམ་ལ་དགོངས་པའི་གདིང་སྐྱེད༔ དེ་དང་རྗེས་སུ་འབྲེལ་བ་སྲུང་བའི་མཐའ་སྡུད་སླར་ཡང་ལས་མཐའ་གསོར་མི་རུང་བར་གནན་པས་རྒྱས་གདབ་པའི་དམིགས་པ་འདི་ལྟར་མཛོད། གནན་ཆས་ལྕགས་སྣོད་དུ་བཀོད་ལ། ཨེ་ལས་སྲིད་པ་ལས་ཀྱི་ཧོམ་ཁུང་ཐར་མེད་གཤིན་རྗེའི་ལྟོ་བར་དགྲ་བགེགས་དམ་སྲི་གདུག་པ་ཅན་གྱི་རྣམ་ཤེས་བཀུག་ནས་བཙོན་དུ་བཅིངས་པར་མོས་ནས། འགུགས་བསྟིམ་དྲག་པོ་ཡང་ཡང་བྱ་ལ། སྲུང་བའི་མཐའ་སྡུད་བཞིན། ཧཱུྃ་ཧཱུྃ༔ ས་འོག་དགུ་རིམ་སོགས་སྔགས་བཅས་བརྗོད་ཅིང་གཏད་ལ་མེ་ཆུ་དང་རྡོ་རྗེ་རྒྱ་གྲམ་གྱི་ཕྱག་རྒྱས་བཏབ་བོ། །སྟེང་ནས་གཏོར་གཞོང་རི་རབ་འབར་བས་མནན་ཅིང་། སྣང་སྲིད་མཁའ་འགྲོའི་དཀྱིལ་འཁོར་དུ་བཞེངས་ནས་རྡོ་རྗེའི་རྟ་བྲོ་བརྡུངས་པས་ལྡང་བའི་སྐབས་མེད་པར་མོས། རྟ་བྲོ་དང་སྲུང་འཁོར་མཚམས་གཅོད་སྔགས་བཅས་བྱའོ། །དེ་ལྟར་བྱས་པས་ལུས་ལྷའི་ཕྱག་རྒྱར་སད། བསྐྱེད་རིམ་ལ་བརྟེན་པའི་ལས་ཀྱི་མཁའ་འགྲོའི་དྲག་པོ་མངོན་སྤྱོད་ཀྱི་ལས་རབ་འབྱམས་ལ་ཐོགས་མེད་དུ་འཇུག་པར་དབང་བའི་སྐལ་པ་ཅན་དུ་བྱས་པའོ། །གཉིས་པ་གསུང་གི་དབང་བསྐུར་བའི་རྗེས་སུ་གནང་བ་ནི། བླ་མ་དང་མདུན་བསྐྱེད་དབྱེར་མེད་པའི་ཐུགས་ཀ་ནས་གསུང་རྡོ་རྗེ་གསང་སྔགས་ཡིག་འབྲུའི་ཚོགས་རྣམས་བྱོན། རྡོ་རྗེའི་སྔགས་ཀྱི་ཕྲེང་བ་སློབ་བུའི་མགྲིན་པ་ནས་ཞུགས༔སོགས་དབང་བསྐུར་ལ། སླར་ཡང་རྩ་བ་དང་ཡན་ལག་གི་བཟླས་ལུང་གི་རྗེས་སུ་གནང་བ་ནི། སློབ་མའི་སྙིང་གར་ཉི་མའི་གདན་ལ་ཐུགས་སྲོག་ཧཿཡིག་ལྗང་ནག་གིས་མཚན་པར་གསལ་ཐོབས། སླར་སློབ་དཔོན་ལ་གུས་འདུད་བྱས་པའི་རྐྱེན་གྱིས་བླ་མ་དང་མདུན་བསྐྱེད་གཉིས་སུ་མེད་པའི་ཐུགས་ཀའི་སྔགས་ཕྲེང་ལས་གཉིས་པ་མཆེད། ཞལ་ནས་བྱོན། སློབ་མའི་མགྲིན་པར་ཞུགས། སྙིང་གའི་ས་བོན་གྱི་མཐར་འཁོད་པ་རྗེས་སུ་བཟླས་པའི་མཐུས། རང་གི་ཐུགས་ཀ་ནས་འོད་ཟེར་དང་ཞལ་ནས་སྔགས་ཀྱི་སོགས་མདུན་སྐྱེད་བཟླས་པའི་སྐབས་བཞིན། ཐོགས་མེད་དུ་འགྲུབ་པར་མོས་པས་འདིའི་རྗེས་ཟློས། ཨོཾ་སཿཀརྨ་སོགས་གཙོ་འཁོར་སོ་སོར་ལན་གསུམ་རེ། གཉིས་པ་ཡན་ལག་གི་བཟླས་ལུང་ལ་གསུམ་ལས། དང་པོ་སྲུང་བའི་བཟླས་ལུང་གི་རྗེས་གནང་ནི། སླར་ཡང་ཐུགས་ཀ་ནས་འོད་ཟེར་མཚོན་ཆའི་སོགས་ནས། མི་ཤིགས་པར་མོས་ལ་འདིའི་རྗེས་ཟློས། ཨོཾ་སཿཀརྨ་སོགས་སྲུང་སྔགས་ལན་གསུམ། གཉིས་པ་ཟློག་པའི་བཟླས་ལུང་གི་རྗེས་གནང་ནི། ཡང་ཐུགས་ཀ་ནས་སྤྲུལ་པའི་སོགས་ནས། སྲ་ཞིང་བརྟན་པར་མོས་ལ་འདིའི་རྗེས་ཟློས། ཨོཾ་སཿཀརྨ་སོགས་ཟློག་སྔགས་ལན་གསུམ། གསུམ་པ་གསད་པའི་བཟླས་ལུང་གི་རྗེས་གནང་ནི། མདུན་བསྐྱེད་རྣམས་སོགས་ནས། ཚོགས་སུ་བཞེས་པར་མོས་ལ་འདིའི་རྗེས་ཟློས། ཨོཾ་སཿཀརྨ་སོགས་གསད་སྔགས་ལན་གསུམ། དེ་ལྟར་བྱས་པས་ངག་སྔགས་ཀྱི་འཁོར་ལོར་སྨིན། ནང་བསྙེན་སྒྲུབ་སྔགས་ཀྱི་སྦྱོར་བ་མཐའ་དག་ལ་ཐོགས་པ་མེད་པར་འཇུག་ཏུ་རུང་བའི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །གསུམ་པ་ཐུགས་ཕྱག་མཚན་གྱི་དབང་བསྐུར་ཞིང་དེ་ཁོ་ན་ཉིད་ཀྱི་དགོངས་པ་ངོ་སྤྲད་པ་ནི། བླ་མ་དང་མདུན་བསྐྱེད་དབྱེར་མེད་པའི་ཐུགས་ཀ་ནས་མཁའ་འགྲོ་རབ་འབྱམས་སོགས། ཨ་བྷི་ཥིཉྩ་ཨཱ༔ ཞེས་དབང་བསྐུར། སླར་ཡང་འོད་གསལ་དོན་གྱི་དགོངས་པ་ངོ་སྤྲོད་པའི་ཚིག་གི་དོན་ལ་རྩེ་གཅིག་ཏུ་མཉམ་པར་ཞོག་ཅིག །ཧཱུྃ་ཧཱུྃ༔ གཏི་མུག་མུན་ལྟར་འཐིབས་པའི་རྣམ་རྟོག་སོགས་ཡེ་ཤེས་ལྔའི་ཟློག་པ་བཞིན། ནམ་མཁའ་ལྟ་བུའི་ངང༔ ཞེས་པའི་མཐར། ཆོས་ཀུན་ཟད་སར་འཁྱོལ་བའི་གདེངས་འཆོས་ཤིག །ཅེས་བསྒྱུར་བ་བཀླག །འོ། དེ་ལྟ་བུའི་མཐར་ཐུག་གི་ལྟ་བ་བློ་འདས་ཆེན་པོའི་ངང་དུ་འཁོར་གསུམ་གྱི་སྤྲོས་པས་མ་བཅིངས་པའི་ཉམས་ལེན། རིག་སྟོང་དབྱེར་མེད་ཀྱི་ངང་དུ་དགོངས་པའི་སྲོག་གཟུང་ལ་མཉམ་པར་འཇོག་བཞིན་པས་རྡོ་རྗེའི་སྔགས་ཀྱི་རྗེས་ཟློས་བཅས་ཐལ་རྡེབ་ལན་གསུམ་མཛོད། ཨོཾ་ཀྲོ་དྷི་དྷཱ་ཀི་ནཱི་སོགས་ཐལ་རྡེབ་བཅས་ལན་གསུམ། མཐར། དེ་ལྟར་བཟློག་བྱ་ཟློག་བྱེད་ཟློག་མཁན་གསུམ་ཀ་ངང་མཉམ་ཡེ་གྲོལ་ཁྱབ་བརྡལ་ཨ་ཏི་རྫོགས་པ་ཆེན་པོ་ཀ་དག་གི་དགོངས་པར་ལ་ཟློས་ཏེ་ཉམས་སྐྱོངས་ཤིག་བྱས་ལ། ཧཱུྃ་ལྔའི་དབྱངས་གཏུམ་ལ་ལྷོད་ཆགས་པ་བྱ། དེ་ལྟར་བྱས་པས་ཡིད་བདེ་ཆེན་ཡེ་ཤེས་ཀྱི་ངང་དུ་གྲོལ། གསང་བ་ཉོན་མོངས་པའི་དགྲ་དཔུང་འཇོམས་པར་བྱེད་པའི་ཏིང་ངེ་འཛིན་ལ་ཐོགས་པ་མེད་པར་འཇུག་ཏུ་རུང་བའི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །དེ་ལྟར་དབང་བསྐུར་ཟབ་མོ་ལེགས་པར་ཐོབ་པའི་ཡེ་ཤེས་བརྟན་ཅིང་ལམ་གྱི་ཡོན་ཏན་གོང་དུ་འཕེལ་བ་དང་། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་ལྷུན་གྱིས་གྲུབ་པའི་སླད་དུ་བླ་མ་ལྷ་དང་མཁའ་འགྲོའི་ཚོགས་ཀྱིས་ཤིས་པའི་ཚིག་གི་ཕྲེང་བས་མངའ་གསོལ། མེ་ཏོག་མནྡཱ་རཿབའི་ཆར་ཕབ་པས་དགེ་ལེགས་ཀྱི་སྣང་བ་ཕྱོགས་དུས་ཀུན་ཏུ་མཁའ་ཁྱབ་ཆེན་པོར་སྦར་བར་མོས། བཀྲ་ཤིས་ཅི་རིགས་བརྗོད། དེ་ལྟར་དབང་ནོད་པའི་ཕན་ཡོན་ནི། གཞུང་ལས། འདི་ལྟ་བུའི་དབང་བསྐུར་བས་སོགས་ནས། དུ་བྱའོ༔ ཞེས་གསུངས་པའི་དོན་ལ་དགའ་སྤྲོ་དང་བཅས་གདམས་ངག་ཉམས་སུ་ལེན་པ་ལ་བརྩོན་འཚལ། དེས་ནི་སྨིན་བྱེད་དབང་བསྐུར་བ་སོང་ནས། དེ་དང་རྗེས་སུ་འབྲེལ་བ་ལམ་ཉམས་སུ་ལེན་པའི་གདམས་ངག་སྙིང་པོའི་ཡང་ཞུན་གྲོལ་བྱེད་ཀྱི་ཟབ་ཁྲིད་འབོགས་པའི་རིམ་པ་ལ་རྩེ་གཅིག་ཏུ་གསན་འཚལ། མཁའ་འགྲོ་མ་གསང་བ་ཀུན་འདུས་ཀྱི་དྲག་པོ་ཟོར་གྱི་ལས་རིམ་སོགས་གཞུང་གི་དབུ་ནས། ཡེ་ཤེས་ལྔས་ཟློག་པའི་རིམ་པ་མཐར་ཐུག་པའི་གདམས་པའོ༔ ས་མ་ཡ༔ དེ་ལྟ་བུའི་སྨིན་གྲོལ་ཆིག་རྫོགས་སུ་ཐོབ་པའི་དབང་སྲོག་དམ་ཚིག་གི་རིམ་པ་སྤྱི་དང་། ཁྱད་པར་གྱིས་བསྡུས་པ་རྣམས་སྲོག་ལས་ཀྱང་གཅེས་པར་བསྲུང་དགོས་པས། དེ་ལྟར་བགྱི་བར་ཁས་ལེན་པའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་བཞིན་དང་། ཆོ་གའི་རྗེས་ནི། རྡོ་རྗེ་མཁའ་འགྲོའི་ཚེ་སྒྲུབ་སོགས་ཟུར་འདོན་བྱེད་ན་རྗེས་རིམ་སོ་སོའི་གཞུང་བཞིན་རྩ་བ་ཡན་ལག་སོ་སོར་བྱ་ཞིང་། ཁྱད་པར་ལས་ཀྱི་མཁའ་འགྲོའི་ཟོར་ལས་ཀྱི་དབང་སྤྲོས་བཅས་སུ་བྱེད་ན་ཚེ་སྒྲུབ་སྦྱར་མིན་ལོང་ཁྱབ་དང་བསྟུན་པས་ཆོག་ལ། གཞན་འདོན་ཟིན་ལྟར་བྱ། སྤྲོས་པ་བསྡུ་སྐབས། གཏེར་མཛོད་ལྟ་བུར་ཟུར་དུ་སྒྲུབ་བསྐུར་མི་བྱེད་པར་མཁའ་འགྲོའི་ཕྲིན་དབང་དང་དཀྱུས་གཅིག་ཏུ་སྦྲེལ་ནས་བྱེད་པའི་ཚེ་ཆོ་གའི་རྗེས་རིམ་ཚོགས་ལ་རོལ་ཞིང་ལྷག་མ་བསྔོ། ཟུར་གསལ་མཁའ་འགྲོའི་བསྟོད་བསྐུལ་གྱིས་ཆད་ཐོ་དང་ལྷན་ཅིག་མདོས་རཀ་ཀྱང་འབུལ། སྐོང་ཆོག་ལྟར་བརྟན་མ་སྐྱོང་ཞིང་རྟ་བྲོ་བརྡུང་། ཟུར་གསལ་བཞིན་མཆོད་བསྟོད་དང་ནོངས་བཤགས་བསྡུས་པ་བྱ། མཁའ་འགྲོ་འདུས་པའི་སྒྲུབ་ཐབས་ཕྲིན་ལས་བཞིན་དངོས་གྲུབ་བླངས་ཤིང་། ཚོགས་མགྲོན་གྱི་ཡེ་ཤེས་པ་བརྟན་བཞུགས་སྦྱར། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན་བཀྲ་ཤིས་བཅས་ཀྱིས་མཐའ་བརྒྱན་པས་གྲུབ་བོ།། །། ༈ གཡག་ཕྱར་སྔོན་མོ་རིན་ཆེན་རྒྱལ་པོས་སྤྱན་དྲངས་པ་སླར་སྦས་ཤིང་། རོང་པ་བདུད་འདུལ་གླིང་པ་རྡོ་རྗེ་བདུད་འཇོམས་ཀྱིས་བཏོན་ནས་སླར་རྒྱས་བཏབ་པ་༧པདྨ་འོད་གསལ་མདོ་སྔགས་གླིང་པའི་ཡང་གཏེར་དུ་བྱོན་པ་སྒྲོལ་མ་འཇིགས་པ་ཀུན་སྐྱོབ་ཀྱི་ཕྲིན་ལས་དབང་བསྐུར་དང་བཅས་པ་ཀུན་དགའི་ཟླ་ཟེར་ལྟར་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ སངས་རྒྱས་གླིང་པའི་བླ་མ་དགོངས་འདུས་ཀྱི་མཁའ་འགྲོའི་རྒྱབ་ཆོས་བྱིན་རླབས་དབང་གི་ལག་ལེན་སྨིན་བྱེད་བདུད་རྩིའི་ཐིགས་པ་བལྟས་ཆོག་ཏུ་བཀོད་པ་ལྟར་དབང་སྒྲུབ། དབང་དངོས། རྗེས་ཆོག་བཅས་བྱའོ།། །། ༈ རཏྣ་གླིང་པའི་རྟ་མགྲིན་གསང་འདུས་ཆ་ལག །ཡེ་ཤེས་མཁའ་འགྲོའི་སྒྲུབ་ཐབས་མཚོ་རྒྱལ་སྐོར་གསུམ་དུ་གྲགས་པའི་བྱིན་རླབས་དབང་བསྐུར་གྱི་ཡི་གེ་དངོས་གྲུབ་བུམ་བཟང་ལྟར་ཕྱི་ལྟར་རྣལ་འབྱོར་མ་ལཱ་སྱཻའི་དབང་སྒྲུབ། དབང་དངོས། རྗེས་དང་། ༧ ནང་ལྟར་འཕགས་མ་སྒྲོལ་མའི་དབང་སྒྲུབ། དབང་དངོས། རྗེས་དང་། ༧ གསང་བ་ཕག་མོ་ཁྲོས་མ་ནག་མོའི་དབང་སྒྲུབ། དབང་དངོས། རྗེས་ཆོག་བཅས་བྱའོ།། །། ༈ རྒོད་ལྡེམ་པས་སྤྱན་དྲངས་ཤིང་སླར་སྦས་པ། བསྟན་གཉིས་གླིང་པ་པདྨ་ཚེ་དབང་རྒྱལ་པོའི་རྡོ་རྗེ་ཕག་མོའི་ཟབ་ཁྲིད་ཡང་གསང་ཀུན་གྱི་སྙིང་པོ་ལས། ཟབ་རྒྱའི་དབང་ཆོག་བདེ་ཆེན་པདྨའི་མྱུ་གུ་ལྟར་དབང་སྒྲུབ། དབང་དངོས་རྫོགས་པའི་དམ་ཚིག་ཁས་བླངས་རྗེས། དེ་རྣམས་ཀྱིས་སྨིན་བྱེད་དབང་བསྐུར་ཐོབ་པའི་གཏང་རག་དང་། སླར་ཡང་གྲོལ་བྱེད་ཟབ་ཁྲིད་ཉམས་སུ་ལེན་པའི་རིམ་པ་སྙིང་པོར་དྲིལ་བ་ཟུང་འཇུག་ཐེམ་སྐས་ཀྱི་ཁྲིད་ལུང་ཞུ་བའི་ཡོན་དུ་མཎྜལ། དེ་ལ་ཀུན་སློང་བྱང་ཆུབ་ཀྱི་ཐུགས་བསྐྱེད་པ་དང་། ཆོས་ཉན་པའི་ཀུན་སྤྱོད་སྐྱོན་གསུམ་དྲི་མ་དྲུག་དང་བྲལ་ཞིང་། གུས་པའི་ཡིད་རྩེ་གཅིག་དང་ལྡན་པ། ཁྱད་པར་ཟབ་མོ་སྔགས་ཀྱི་ཐེག་པའི་རྣལ་འབྱོར་ལ་གནས་པས་གསན་འཚལ། དེའང་གཏེར་སྟོན་རིག་འཛིན་ཆེན་པོ་སོགས་ཁྲིད་ཡིག་དབུ་ནས། དབང་ཆོག་པདྨའི་ཕྲེང་བ་ལྟར་ཚུལ་བཞིན་ནོས་ལ་དམ་ཚིག་རྣམ་པར་དག་པ་རྩ་བར་གཟུང་ངོ་། །ཞེས་འབྱུང་བ་ནི། ད་ལྟར་བརྒྱུད་པའི་ཕྱག་བཞེས་མ་འཁྲུལ་བར་བསྐུར་ཟིན་པས་ཁྱབ། གཉིས་པ་གྲོལ་གདམས་ལ་གསུམ། རྒྱུད་དག་པར་བྱེད་པ་སྔོན་འགྲོའི་ཆོས་སོགས་ནས། དངོས་གྲུབ་ལ་དབང་ཐོབ་པར་བྱའོ། །ཞེས་གསལ་རྒྱས་སུ་བསྟན་པ་བཞིན། འདིར་སྣང་མཛེས་ཆོས་ཀྱིས་སྐྱེ་བོ་བསླུ་བར་རློམ་སྟེ་མ་ཚོར་བར་རང་ཉིད་ངན་འགྲོ་མཐའ་མེད་དུ་འཕེན་པའི་ཟོལ་ཟོག་སྤངས་ཏེ། དམ་ཚིག་རྣམ་པར་དག་པས་སྦྱོར་དངོས་རྗེས་རིམ་ཡན་ལག་དང་བཅས་པ་ཉམས་སུ་བླངས་འབྲས་རང་ཉིད་ཚེ་འདིར་མཆོག་གི་དངོས་གྲུབ་ཐོབ་ཅིང་། འབྲེལ་ཚད་དག་པ་མཁའ་སྤྱོད་ཀྱི་ཞིང་དུ་འདྲེན་ནུས་པའི་ཉམས་ལེན་བྱས་པ་དོན་ཡོད་ཅིག་ཅི་ནས་ཀྱང་མཛད་འཚལ། དེ་རྣམས་ཀྱིས་སྨིན་གྲོལ་སྟབས་གཅིག་ཏུ་གྲུབ་པའི་བཀའ་དྲིན་གསོབ་པའི་ཕྱིར། རང་རང་གི་ལུས་ལོངས་སྤྱོད་དགེ་བའི་རྩ་བ་དང་བཅས་པ་དཔལ་མགོན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་བའི་བློས་འདིའི་རྗེས་ཟློས། དེང་ནས་བརྩམ་སྟེ་སོགས་ཀྱིས་ལུས་དབུལ་དགེ་བསྔོ་བཅས་དང་། ཆོ་གའི་རྗེས་དབང་ཆོག་ཏུ་གསུངས་པ་བཞིན་བྱའོ།། །། ༈ ཨེ་སྤེལ་ཅོག་གར་དབང་ལས་འཕྲོ་གླིང་པའི་ཕག་མོ་དཀར་མོ་ཀུན་གཟིགས་༧པདྨ་འོད་གསལ་མདོ་སྔགས་གླིང་པའི་ཡང་གཏེར་ཐུགས་ཏིག་ཡེ་ཤེས་འཁོར་ལོའི་དབང་བསྐུར་གྱི་ལག་ལེན་དྲན་ཐོར་བཀོད་པ་ཡེ་ཤེས་གསལ་བའི་རྒྱན་དང་གཏེར་གཞུང་གབ་སྤྲད་པའི་དབང་སྒྲུབ་རྣམས་གྲུབ་ནས། དབང་དངོས་ལ་ཐོག་མར་དེ་ཉིད་ནས་འབྱུང་བ་བཞིན་ལ། ལོ་རྒྱུས་སྐབས། ཆོ་འཕྲུལ་ཟླ་བར་གཏན་ལ་ཕབ་སྟེ། ལོ་ཆེན་བཻ་རོ་དངོས་བྱོན་ཨོ་རྒྱན་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་གཙོ་བོར་གྱུར་པའི་སྐལ་ལྡན་རྣམས་ལ་རིམ་པར་སྨིན་གྲོལ་ཆིག་རྫོགས་སུ་བསྩལ་པ་སྟེ། ཆོས་འདིའི་སོགས་ནས། པདྨ་འོད་གསལ་མདོ་སྔགས་གླིང་པ། དེས་མདོ་སྔགས་སྟོན་མཆོག་ཟུང་གི་ཡོངས་རྫོགས་བསྟན་པའི་བཀའི་སྡུད་པོར་རྡོ་རྗེའི་ལུང་གིས་བསྔགས་པ། གསང་བའི་བདག་པོ་འཇམ་མགོན་རྗེ་བཙུན་རྡོ་རྗེ་འཆང་ཆེན་པོའི་ཞལ་སྔ་ནས་བརྒྱུད་ཅིང་རིམ་པར་བྱོན་པ་སྟེ། དེ་ལྟ་བུའི་སྒོ་ནས་སྨིན་བྱེད་ཀྱི་དབང་བསྐུར་བ་ལ་རྩ་བ་དང་། ཡན་ལག་གཉིས་ལས། ཐོག་མར་རྩ་བའི་དབང་བསྐུར་བསྒྲུབ་པར་བགྱི་བ་ལ། བདག་ཉིད་ཀྱིས་བགྱི་བར་འོས་པ་སོགས་ཀྱིས་མཚམས་སྦྱར་ཏེ་སྤྱི་ལྟར་མཎྜལ་འབུལ་དུ་གཞུག །བླ་མ་དང་ལྷག་པའི་ལྷ་མོ་ཐ་མི་དད་པའི་ངེས་ཤེས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། གཏེར་གཞུང་གི་རིམ་པ་དྲུག་པ་དབང་ལེ་བཞིན། གསང་བ་མཆོག་གི་སོགས་ལན་གསུམ། གཉིས་འཛིན་བློ་ཡི་སྒྲིབ་པས་རང་སྣང་དོན་གྱི་དཀྱིལ་འཁོར་མ་མཇལ་བའི་མཚོན་བྱེད་རས་ཡུག་དམར་པོ་ཁ་ཚར་མ་ཉམས་པ་རེས་གདོང་གཡོགས་འཆིང་མཛོད། ཨོཾ་ཙཀྵུ་བྷནྡྷ་ཝཱ་ར་མ་ཎཱ་ཡ་ཧཱུྃ་གིས་མིག་དར་གཏད། རང་རིག་ཡེ་ཤེས་ཀྱི་དཀྱིལ་འཁོར་པ་དང་མཇལ་བའི་ཕྱག་རྟེན་དུ་རྣམ་བཀྲ་ལྷའི་མེ་ཏོག་གི་ཆུན་པོ་གསར་པ་རེ་ཕྱག་ཏུ་ཐོགས་པར་མོས་མཛོད། ཨཱ་ཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་གཏད། དབང་གི་ཐོག་མར་རྒྱུད་སྦྱོང་ཞིང་རྡོ་རྗེ་ཐེག་པའི་འདུལ་མདོ་སྔགས་ཀྱི་སྡོམ་པ་གཟུང་བའི་སླད་དུ། རྒྱལ་ཀུན་སྐྱེད་ཡུམ་རྡོ་རྗེ་རྣལ་འབྱོར་མ་དང་སློབ་དཔོན་ཉིད་རྣམ་དབྱེར་མེད་པ་ལ་ཚོགས་ཀྱི་ཞིང་མཆོག་རྒྱ་མཚོས་བསྐོར་བའི་སྤྱན་སྔར། ཚིག་རིས་དང་མཐུན་པའི་དོན་གསལ་འདེབས་བཞིན་པས་འདིའི་རྗེས་ཟློས། ན་མོ༔ བདག་དང་མཐའ་ཡས་སོགས་སྒྲུབ་ཐབས་བཞིན་ལན་གསུམ། སླར་ཡང་སྔགས་ཀྱི་ཐབས་ཁྱད་པར་ཅན་བདེན་གཉིས་དབྱེར་མེད་ཀྱི་ངོ་བོར་སེམས་བསྐྱེད་པའི་སླད་དུ། ཁྱེད་རང་རྣམས་ཀྱི་སྙིང་གར་ཀུན་རྫོབ་བྱང་སེམས་ཀྱི་རྩལ་ཡོངས་སུ་རྫོགས་པ་མཚོན་པའི་ཟླ་བ་ཉ་གང་བའི་ལྟེ་བར་དོན་དམ་བྱང་སེམས་མི་འགྱུར་བའི་བདེ་བ་ཆེན་པོའི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་འབར་བས་མཚན་པ། དེ་གཉིས་ཟུང་དུ་འཇུག་པ་རང་བྱུང་གི་ཡེ་ཤེས་བདེ་སྟོང་ཁ་སྦྱོར་གྱི་ཐིག་ལེ་ཆེན་པོ་ལས་ནམ་ཡང་འདའ་བ་མེད་པའི་ཏིང་ངེ་འཛིན་བློ་ལ་ལྷན་ནེར་ཞོག་ལ་འདིའི་རྗེས་ཟློས། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པཱ་ད་ཡཱ་མི། ལན་གསུམ། མེ་ཏོག་དང་བཅས་པའི་རྡོ་རྗེ་སྙིང་གར་རེག་པས་སེམས་བསྐྱེད་པ་དེ་ཉིད་མི་ཉམས་ཤིང་བརྟན་པར་བྱས་པར་མོས། ཨོཾ་སུ་ར་ཏི་ས་མ་ཡ་སྟྭཾ་ཧོཿསིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། དེ་ནས་ཁྱེད་རང་རྣམས་ཀྱིས་སློབ་དཔོན་ལ་གསོལ་བ་བཏབ་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱི་རྩེ་ནས་སྤྲུལ་པའི་ལས་ཀྱི་སློབ་དཔོན་ཀརྨ་ཧེ་རུ་ཀའི་རྣམ་པ་ཅན་བྱོན་ཅིང་། ཕྱག་གི་རྡོ་རྗེས་སློབ་མ་རྣམས་ཁྲིད་དེ་དཀྱིལ་འཁོར་ཆེན་པོའི་སྒོའི་ནང་གི་ཤར་ཁྱམས་སུ་དྲངས་པར་མོས། ཛཿཧཱུྃ་བཾ་ཧོ༔ ཡོལ་བ་བསལ། བླ་མ་དང་ལྷག་པའི་ལྷ་རྡོ་རྗེ་རྣལ་འབྱོར་མ་ཡི་དགྱེས་ཞལ་མངོན་སུམ་དུ་མཐོང་བ་ལ་ལུས་ངག་ཡིད་གསུམ་དད་གུས་སྤྲོ་བ་ཆེན་པོའི་སྒོ་ནས། སྐུ་གསུང་ཐུགས་ཀྱི་ཕྱག་བྱ་བའི་སླད་དུ་ཐལ་མོ་གནས་གསུམ་དུ་སྦྱར་ཏེ་སྔགས་འདིའི་རྗེས་ཟློས་དང་བཅས་ཕྱག་ལན་གསུམ་འཚལ་བར་མོས། ཤྲཱི་གུ་རུ་བཛྲ་སོགས་ལན་གསུམ། བླ་མ་རྣལ་འབྱོར་མའི་སོགས་ནས། ཉམས་ཆག་སྦྱངས་ཤིང་། སྐུ་གསུང་ཐུགས་ཀྱི་བྱིན་རླབས་འཇུག་པའི་སྣོད་དུ་གྱུར་པར་མོས་ཤིག །དེ་རྣམས་ཀྱིས་སྦྱོར་བའི་རིམ་པ་རྣམས་གྲུབ་ནས། དབང་གི་དངོས་གཞི་རྩ་བ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གཞུག་ཕྱིར་བྱིན་རླབས་ཀྱི་གཟི་བྱིན་དབབ་པ་ལ། ཐོག་མར་འདི་ལྟ་བུའི་གསང་བ་གཉན་པོའི་གནས་དབང་མ་ཐོབ་པ་རྣམས་ལ་རླུང་ཕྱོགས་ཙམ་དུའང་མི་བསྒྲག་པར་གསང་བར་གདམས་ཤིང་། འདའ་དཀའི་དམ་ཚིག་རྣམས་ལ་ཚུལ་བཞིན་བསྲུང་སྡོམ་དགོས་པའི་ཕྱིར་ཁེ་ཉེན་གྱི་གནད་ལ་བཀར་ཞིང་། གཉན་པོར་དམ་ཚིག་རྡོ་རྗེའི་ཆུ་ནན་བྱིན་པ་དེ་ཉིད་སྙིང་དབུས་མི་ཤིགས་པའི་ཏི་ལར་ཡེ་ཤེས་སེམས་དཔའ་དང་རོ་གཅིག་ཏུ་ཐིམ་སྟེ། དམ་ཚིག་གི་དཔང་པོར་བཞུགས་པའི་དོན་ཐུགས་ལ་ངེས་པར་མཛོད། འདི་ནི་དམ་ཚིག་སོགས། རྡོ་རྗེ་ཐེག་པའི་དམ་ཚིག་གི་རིམ་པ་སྤྱི་དང་། ཁྱད་པར་དབང་གི་སྐབས་སུ་ཇི་སྐད་བསྒྲགས་ཤིང་ཐོབ་པ་རྣམས་ཚུལ་བཞིན་མ་ཉམས་པར་བསྲུང་སྙམ་པའི་བློ་བསྐྱེད་དེ་རྡོ་རྗེའི་མནའ་འདོར་བ་འདིའི་རྗེས་ཟློས། ས་མ་ཡ་རཀྵ་མི༔ ཡེ་ཤེས་ལྷའི་བྱིན་རླབས་གཟི་བྱིན་དབབ་པ་ཡིན་པས། ཁྱེད་རང་རྣམས་ལུས་གནད་དྲང་པོར་བསྲང་། ངག་གནད་རླུང་རོ་བསལ་ནས་བར་རླུང་གཟུང་། ཡིད་ཀྱི་གནད་གཞན་དུ་མ་ཡེངས་པར་དམིགས་པ་འདི་ལྟར་དུ་གསལ་ཐོབས་ཤིག །སློབ་དཔོན་གྱི་ཧཱུྃ་ཞེས་བརྗོད་པའི་རྐྱེན་གྱིས་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་མི་དམིགས་པ་འོད་གསལ་སྤྲོས་བྲལ་ཆེན་པོའི་དབྱིངས་སུ་ཐིམ། རང་བཞིན་གདོད་ནས་དག་པ་སྟོང་པ་དེ་ཡི་ངང་ལས་རིག་རྩལ་རང་སྣང་འགག་མེད་ཀྱི་སྣང་ཆ། ཕྱི་སྣོད་འབྱུང་བཞི་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་ཆོས་ཀྱི་འབྱུང་གནས་ཡངས་ཤིང་རྒྱ་ཆེ་བའི་ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་ལྟེ་བར་སྣ་ཚོགས་པད་ཉི་འཇིགས་བྱེད་དུས་མཚན་དང་བཅས་པའི་གདན་གྱི་སྟེང་དུ་ ཁྱེད་རང་རྣམས་ཀྱི་སེམས་ཉིད་གཉུག་མ་མི་ཤིགས་པའི་སོགས་སྐུ་བསྐྱེད་རིམ་གྱི་ཕྱག་རྒྱའི་སྒྲུབ་ཐབས་བཞིན། ཡེ་ཤེས་རྡོ་རྗེའི་བདག་ཉིད་ཅན་དུ་གསལ་བར་སྒོམས། དེ་ནས་བླ་མ་ལྷག་པའི་ལྷ་ལ་མོས་གུས་དྲག་པོ་བྱས་པའི་རྐྱེན་གྱིས་བསྐུལ་བས་དཔོན་སློབ་གཉིས་ཀའི་གནས་བཞིའི་ཡི་གེ་ལས་འོད་ཟེར་རྡོ་རྗེའི་ལྕགས་ཀྱུ་ལྟ་བུའི་ཟེར་ཐག་ཆོས་དབྱིངས་གང་བར་འཕྲོས་པས། སྐུ་གསུམ་གྱི་ཞིང་ཁམས་རྒྱ་མཚོ་ནས་བདེ་བར་གཤེགས་པ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ལྷ་ཚོགས་ཐམས་ཅད་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་པའི་རྣམ་པར་བཞེངས་ཏེ་བྱིན་ཐིབས་ཀྱིས་བྱོན། སློབ་མའི་གཞི་ལུས་རྩ་གནས་ཀྱི་ལྷ་དང་བཅས་པའི་གནས་རྣམས་སུ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་ཤིང་བདེ་བ་ཆེན་པོའི་ཡེ་ཤེས་བཟོད་མེད་དུ་འབར་བར་སྒོམས་ཤིག །སྤོས་རོལ་དབྱངས་དང་བཅས། ཨོཾ༔ སྟོང་པ་ཤིན་ཏུ་སོགས་སྒྲུབ་ཐབས་སྔ་མའི་འཕྲོས་སུ་འབྱུང་བའི་སྤྱན་འདྲེན་མཐར། དབང་གཞུང་གི །ཨོཾ་སརྦ་བུདྡྷ་སོགས་འབེབ་སྔགས་དྲག་ཏུ་བཟླས་པས་བྱིན་དབབ། སླར་ཡང་སྤོགས་པའི་ཆོ་ག་ཁྱད་པར་གྱི་བྱིན་དབབ་པའི་སླད་དུ་ཁྱེད་རང་རྣམས་ལུས་ཙོག་པུར་འཁོད་དེ། ལག་གཉིས་སྤྱི་བོར་ཐལ་མོ་སྦྱར། མིག་གཉིས་སྨིན་མཚམས་སུ་གཏད་ཅིང་། ཡུལ་གཞན་དུ་མ་ཡེངས་པར་དམིགས་པ་འདི་ལྟར་སྒོམས་ཤིག །སྨིན་མའི་དབུས་སུ་སོགས་ནས། སྔགས་བཟླ་ཞིང་། རོལ་མོའི་སྒྲ་དང་ཁྱད་པར་གྱི་སྤོས་བདུག་པས་བྱིན་དབབ། དེ་ལྟར་བྱས་པས་ཡེ་ཤེས་ཕེབས་པའི་རྟགས་སྒོ་གསུམ་ལ་ཇི་ལྟར་འཆར་ཡང་དེར་འཛིན་དགག་སྒྲུབ་ཐོངས་ལ་རང་རིག་ཟང་ཀ་མའི་ཉམས་སྐྱོངས་ཤིག །ཅེས་ཉམས་བསྐྱང་དུ་གཞུག །ཡེ་ཤེས་པ་དེ་ཉིད་རྒྱུད་ལ་བརྟན་ཕྱིར་མེ་ཏོག་དང་བཅས་པའི་ཕྱག་གི་རྡོ་རྗེས་རྒྱ་གྲམ་དུ་རྒྱས་བཏབ་པས། ཡེ་ཤེས་ཀྱི་བྱིན་རླབས་སྒོ་གསུམ་ལ་རབ་ཏུ་གནས་ཤིང་བརྟན་པར་བྱས་པར་མོས། ཏིཥྛ་བཛྲ་སོགས། སྔར་བྱིན་པའི་མེ་ཏོག་དེ་ཉིད་བླ་མ་དང་དབྱེར་མེད་ལྷག་པའི་ལྷ་མཆོག་ཚེ་རབས་སྔོན་ནས་འབྲེལ་བ་གང་ཡིན་པ་དེས་བཞེས་སུ་གསོལ་སྙམ་པས། འདིའི་རྗེས་ཟློས་དང་བཅས་ཏེ་ལྟོས་པ་མེད་པར་དཀྱིལ་འཁོར་དུ་ཕུལ་ཅིག །ཨོཾ་པུཥྤེ་མཱ་ལ་སོགས། མེ་ཏོག་གང་དུ་བབས་པའི་ལྷ་ཡི་ཕྱག་གིས་མེ་ཏོག་དེ་ཉིད་སླར་དབང་རྟགས་རིགས་ཀྱི་ཅོད་པན་དུ་བྱིན་གྱིས་བརླབས་ནས་རང་རང་གི་སྤྱི་བོར་བཅིངས་པར་མོས། ཨོཾ་པུཥྤེ་ཛྙཱ་ན་སོགས། ལྷ་དང་སློབ་དཔོན་གཉིས་སུ་མེད་པའི་ཐུགས་ཀ་ནས་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་བྱུང་སྟེ། མིག་རས་དང་ལྷན་ཅིག་མ་རིག་པའི་སྒྲིབ་གཡོགས་བསལ་བར་མོས། རྡོ་རྗེ་བཙུན་མོའི་སོགས། ཡེ་ཤེས་ཀྱི་སྤྱན་ཐོབ་པས་བདག་རྡོ་རྗེ་སློབ་དཔོན་དང་། མདུན་དུ་བཀྲམ་པའི་དཀྱིལ་འཁོར་པ་རྣམས་ཐ་མལ་གྱི་རྣམ་པ་འདི་ལྟ་བུ་མ་ཡིན་པར་གདོད་ནས་རང་བྱུང་ཡེ་ཤེས་ཀྱི་འཁོར་ལོ། གཞི་ལམ་འབྲས་བུའི་ཕྲིན་ལས་ཀྱི་ཡོན་ཏན་རྒྱན་བཀོད་ཞལ་ཕྱག་གི་རྣམ་པར་བཞེངས་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཐོང་བར་མོས་ལ་དད་གུས་དང་སྤྲོ་དགའ་རྒྱ་ཆེན་པོ་སྐྱེད་ཅིག །དེ་རྣམས་ཀྱིས་ཕྱི་ནང་གི་འཇུག་པའི་རིམ་པ་རྣམས་སོང་ནས། དངོས་གཞིའི་དབང་ལ། བུམ་པ་དང་འབྲེལ་བ་ཕན་ནུས་ཀྱི་དབང་དང་། གསང་བ་ཟབ་མོའི་དབང་གསུམ། གྲོལ་བྱེད་ལམ་གྱི་གདམས་ངག་དང་བཅས་པ་རིམ་པར་འབྱུང་བ་རྣམས་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྣལ་འབྱོར་མ་དཔལ་སོགས་ལན་གསུམ། རྒྱུད་ལས༔ སོགས་ནས། བུམ་པ་སྤྱི་བོར་བཞག་པས། མི་བསྐྱོད་པ་ཆུ་ཡི་དབང་བསྐུར་རྫོགས་པར་ཐོབ། རྣམ་ཤེས་ཀྱི་ཕུང་པོ་གཟུང་འཛིན་དུ་བལྟ་བའི་དྲི་མ་བཀྲུས། རང་གསལ་ཡེ་ཤེས་ཆེན་པོ་མངོན་དུ་བྱས་པར་མོས། ཨོཾ༔ ཁྱབ་བདག་རྡོ་རྗེ་སོགས། སླར་ཡང་གསང་བའི་བུམ་པ་མགོ་བོའི་གནས་ལྔར་བཞག་པས། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་གཙོ་བོར་གྱུར་པའི་རིགས་ལྔས་མཚན་པའི་པྲོག་ཞུར་གྱུར་པས་རིན་ཆེན་འབྱུང་ལྡན་ཅོད་པན་གྱི་དབང་ཐོབ། ཚོར་བའི་ཕུང་པོ་མཚན་མར་འཛིན་པའི་དྲི་མ་བཅོམ། རིས་མེད་མཉམ་ཉིད་ཆེན་པོའི་ཡེ་ཤེས་མངོན་དུ་བྱས་པར་མོས། ཨོཾ༔ ཁྱབ་བདག་སོགས། ཚིག་རྐང་གསུམ་པའི་མལ་དུ། ཅོད་པན་དབང་རྟགས་བརྗིད་པ་ཡིས། །ཞེས་བསྒྱུར་བ་དང་། སོ་སོའི་དབང་སྦྱིན་པའི་སྔགས་བརྗོད་པ་འདི་དང་འོག་ཀུན་ལ་འགྲེའོ། །ཐོད་པའི་བདུད་རྩི་མགྲིན་པར་བཞག་ཅིང་ལྗགས་ལ་བྱིན་པ་རྩ་གནས་རྣམས་སུ་ཁྱབ་པས་གཡོ་བྱེད་རླུང་གི་རྒྱུ་བ་བཅད་དེ། འགག་མེད་གསུང་གི་ངོ་བོ་སྣང་བ་མཐའ་ཡས་ཀྱི་རྡོ་རྗེའི་དབང་ཐོབ། གནས་སྣང་འདུ་ཤེས་ཀྱི་ཕུང་པོའི་དྲི་མ་བཅོམ། གཉིས་མེད་སོར་རྟོག་ཆེན་པོའི་ཡེ་ཤེས་མངོན་དུ་བྱས་པར་མོས། ཨོཾ༔ ཁྱབ་བདག་སོགས་ཚིག་རྐང་གསུམ་པར། རང་རིག་ཡེ་ཤེས་རྡོ་རྗེ་ཆེས། ཞེས་བསྒྱུར་ཞིང་། སྔགས་མཐར། ཨ་བྷི་ཥིཉྩ་མི་སྦྱར། ཐོད་པའི་བདུད་རྩི་ཕྱག་ཏུ་གཏད་ཅིང་ཡན་ལག་ལས་དབང་རྣམས་ལ་འཐོར་བས་སྤོང་ལེན་གྱི་རྟོག་པ་བཅོམ་ནས། ལྷུན་གྲུབ་ཕྲིན་ལས་བྱ་བ་གྲུབ་པའི་རང་བཞིན་དོན་ཡོད་གྲུབ་པ་དྲིལ་བུའི་དབང་ཐོབ། འབད་རྩོལ་འདུ་བྱེད་ཀྱི་ཕུང་པོའི་དྲི་མ་བཅོམ། རང་རྩལ་བྱ་བ་ལྷུན་རྫོགས་ཆེན་པོའི་ཡེ་ཤེས་མངོན་དུ་བྱས་པར་མོས། ཨོཾ༔ ཁྱབ་བདག་སོགས་ཚིག་རྐང་གསུམ་པར། ལྷུན་གྲུབ་རྩལ་རྫོགས་དྲིལ་བུ་ཆེ། །ཞེས་བསྒྱུར་ཞིང་། སྔགས་མཐར། ཨ་བྷི་ཥིཉྩ་མི་སྦྱར། དེ་ལྟར་དབང་བསྐུར་སོགས་ནས། དབུ་བརྒྱན་པ་ལ༔ སློབ་དཔོན་དབང་ལྷ་དང་བཅས་པས་མགྲིན་གཅིག་ཏུ་རྡོ་རྗེའི་མིང་བཏགས་པས། ཕྱོགས་ཀྱི་འཁོར་ལོའི་ཞིང་ཁམས་རྒྱ་མཚོར་གྲགས་ཤིང་། རྣམ་པར་སྣང་མཛད་མིང་གི་དབང་ཐོབ། གཟུགས་དང་མིང་གཞིའི་ཕུང་པོ་བདག་ཏུ་ལྟ་བའི་དྲི་མ་བཅོམ། བདག་མེད་མཉམ་ཡངས་ཆོས་དབྱིངས་བརྡལ་བ་ཆེན་པོའི་ཡེ་ཤེས་མངོན་དུ་བྱས་པར་མོས། ཨོཾ༔ ཁྱབ་བདག་སོགས་ཚིག་རྐང་གསུམ་པར། རྣམ་པར་སྣང་མཛད་རྡོ་རྗེའི་མིང་། །ཞེས་བསྒྱུར་མཐར། དཔལ་རྣམ་པར་སོགས་མིང་བཏགས་ཤིང་བདུད་རྩི་སྤྱི་བོར་འཐོར། མཐར། ནམ་མཁའ་གང་བའི་དབང་ལྷ་རྣམས་ཀྱང་བདེ་བ་ཆེན་པོའི་རང་བཞིན་དུ་བྱས་ཏེ་ཁྱེད་རང་རྣམས་ལ་དབྱེར་མེད་དུ་བསྟིམས་ཤིང་། རབ་ཏུ་གནས་པས་བརྟན་པར་བྱས་པར་མོས། མེ་ཏོག་འཐོར་ཞིང་། སུ་པྲ་ཏིཥྛས་བརྟན། དེ་ལྟར་ཕུང་པོ་ལྔ་གདོད་ནས་གྲུབ་པའི་སངས་རྒྱས་ལྔའི་རང་བཞིན་དུ་སད་པར་བྱས་པ་ལ། ཡུལ་དབང་ཤེས་པ་གཉིས་མེད་དག་མཉམ་རྒྱུན་གྱིས་རྟག་པའི་འདོད་ཡོན་དམ་པས་མཆོད་པར་དབང་བའི་ཕྱིར་མེ་ཏོག་ལ་སོགས་པས་མཆོད་པར་མོས། ཨོཾ་བཛྲ་པུཥྤེ་ནས། ཤབྡའི་བར་གྱིས་མཆོད། དེ་ལྟར་དབང་བསྐུར་དམ་པ་ཐོབ་པ་ལ་ལྷ་དང་སློབ་དཔོན་ལྷན་ཅིག་པས་ཤིས་པའི་དབྱངས་དང་མེ་ཏོག་གིས་མངའ་དབུལ་བས་དགེ་ལེགས་སུ་བྱས་པར་མོས། སྤྲོ་ན། ཕུན་སུམ་ཚོགས་པ་སོགས་སམ། བསྡུ་ན། ཆོས་སྐུ་ནམ་མཁའ་སོགས་ལྟ་བུ་རིགས་ལྔའི་བཀྲ་ཤིས་རྒྱས་བསྡུས་ཅི་རིགས་བརྗོད། དེ་རྣམས་ནི་ཕྱི་ཕན་པའི་དབང་ངམ། རྡོ་རྗེ་སློབ་མའི་དབང་གི་བྱ་བ་རྣམས་གྲུབ་ནས། ནང་བསྐྱེད་རྫོགས་ཕྲིན་ལས་ཀྱི་བྱ་བ་ལ་དབང་བར་བྱེད་པ་འཁོར་ལོའི་དབང་ཕྱུག་མའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་ངོ་བོ་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བ་ལ། དང་པོ་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བ་ནི། སློབ་དཔོན་དང་མདུན་བསྐྱེད་གཉིས་སུ་མེད་པའི་དཀྱིལ་འཁོར་གྱི་གཙོ་མོའི་སྐུ་ལས་སྐུ་གཉིས་པ་འོད་ཀྱི་རང་བཞིན་དྭངས་གསལ་སྒྲིབ་མེད་ལུས་དཀྱིལ་རྩ་གནས་ཀྱི་ལྷ་དང་བཅས་པ་བྱོན། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས་ཏེ་ལུས་ལ་ཐིམ་པས། སྐུའི་བྱིན་དབང་མ་ལུས་པ་ཐོབ་པར་མོས། ཨོཾ༔ བཅོམ་ལྡན་རྡོ་རྗེ་སོགས། དེ་ལྟར་དབང་བསྐུར་ཞིང་བསྟིམས་པའི་རྐྱེན་གྱིས་ཁྱེད་རང་རྣམས་ཀྱི་གཞི་ལུས་སྣང་སྟོང་འཇའ་ཚོན་ལྟ་བུའི་རྡོ་རྗེ་བཙུན་མོའི་སྐུར་གྱུར་པའི་ལུས་ཀྱི་ནང་རྩ་གསུམ་འཁོར་ལོ་དང་བཅས་པའི་སྙིང་གའི་དབུས་སུ་རང་འདྲའི་རྡོ་རྗེ་ཕག་མོ། ནང་གི་རྩ་འདབ་བཞི་ལ་སྙིང་པོའི་རྣལ་འབྱོར་མ་བཞི། ཕྱི་སྐོར་བརྒྱད་ལ་སྒོ་མཚམས་མ་བརྒྱད། སྤྱི་བོ་ལ་སོགས་པའི་རྩ་འདབ་རྣམས་སུ་ཡུལ་ཉེར་བཞིའི་རྣལ་འབྱོར་མ་རྣམས་དང་། གཞན་ཡང་རྩ་འཁོར་ཐམས་ཅད་མཁའ་འགྲོའི་ཚོགས་ཀྱིས་ཡོངས་སུ་གང་བའི་གསལ་སྣང་དང་ལྡན་པས། དེང་ཕྱིན་ཆད་སོགས། ལོངས་ཤིག༔ གཉིས་པ་གསུང་བསྙེན་སྒྲུབ་ལས་སྔགས་ཀྱི་བཟླས་ལུང་གི་དབང་བསྐུར་བ་ལ་གསུམ་གྱི། དང་པོ་བསྙེན་སྔགས་ཀྱི་ལུང་ནི། ཁྱེད་རང་རྣམས་ལྷར་གསལ་བའི་སྙིང་གར་ཡེ་ཤེས་སེམས་མའི་ཐུགས་ཀར་སོགས་ལེའུ་གཉིས་པ་བཟླས་པ་སྔགས་ཀྱི་སྒྲུབ་ཐབས་ལྟར། མོས་བཞིན་པས་འདིའི་རྗེས་ཟློས། བསྙེན་སྔགས་ལན་གསུམ། གཉིས་པ་སྒྲུབ་སྔགས་ཀྱི་ལུང་ནི། སླར་ཡང་ཐུགས་ཀའི་སྔགས་ཕྲེང་ལས་སོགས། བརྟན་པར་བསམ་ལ་འདིའི་རྗེས་ཟློས། སྒྲུབ་སྔགས་ལན་གསུམ། གསུམ་པ་ལས་སྔགས་ཀྱི་ལུང་ནི། སླར་ཡང་སྔགས་ཕྲེང་ལས་བདེ་བ་སོགས། གྲུབ་པར་བསམ་ལ་འདིའི་རྗེས་ཟློས། ལས་སྦྱོར་སྔགས་ལན་གསུམ། དེ་རྣམས་ཀྱི་ནུས་པ་ངག་ལ་བརྟན་ཕྱིར་དུང་ཆེན་གྱི་ཕྲེང་བ་ལྷ་སྔགས་ཀྱི་འཁོར་ལོར་ཤར་བ་འདི་མགྲིན་པར་བཞག་པས། རྡོ་རྗེ་བཙུན་མོའི་གསུང་གི་གསང་བ་རབ་འབྱམས་ཀྱི་ནུས་པ་རྒྱུད་ལ་ཞུགས་ཏེ། གསང་སྔགས་ཀྱི་རྒྱལ་མོའི་སྒོ་ནས་དོན་གཉིས་སྒྲུབ་པ་ལ་དབང་ཐོབ་པར་མོས། ཨཱ༔ རིན་ཆེན་ཐོད་པའི་སོགས། ལོངས་ཤིག༔ གསུམ་པ་ཐུགས་ཕྱག་མཚན་གྱི་དབང་བསྐུར་བ་ནི། རྡོ་རྗེ་བཙུན་མོའི་ཐུགས་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཉིད། རྣམ་བཅས་ཐུགས་ཀྱི་བརྡ་རྟགས་ཕྱག་མཚན་རྡོ་རྗེའི་ཁ་ཊྭཱཾ་གའི་རྣམ་པར་སྤྲོས་ཏེ། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་རིག་སྟོང་ཟུང་འཇུག་ཐུགས་ཀྱི་གསང་བ་ཆེན་པོའི་ཏིང་ངེ་འཛིན་ལ་དབང་ཐོབ་པར་མོས། ཧཱུྃ༔ གཉིས་མེད་ཡེ་ཤེས་སོགས། ལོངས་ཤིག༔ བཞི་པ་ཡོན་ཏན་ཡོངས་རྫོགས་གླེགས་བམ་གྱི་དབང་བསྐུར་བ་ནི། རྡོ་རྗེ་བཙུན་མོའི་སྔགས་རྒྱུད་ཡི་གེའི་སྤྲིན་དུ་ཤར་བའི་གླེགས་བམ་སྤྱི་བོར་བཞག་ཅིང་ཕྱག་ཏུ་གཏད་པས་ལྷ་དང་སྐལ་བ་མཉམ་པའི་དངོས་གྲུབ་དམ་པ་ལ་དབང་འབྱོར་ཞིང་། འགྲོ་བའི་རེ་འདོད་ཡིད་བཞིན་དུ་སྐོང་ནུས་པའི་དབང་ཐོབ་པར་མོས། ཧྲཱི༔ མཆོག་ཐུན་དངོས་གྲུབ་སོགས། གྱིས་ཤིག༔ ལྔ་པ་ཕྲིན་ལས་སྣ་ཚོགས་ཀྱི་དབང་བསྐུར་བ་ནི། རྡོ་རྗེ་བཙུན་མོའི་ལྷུན་གྲུབ་ཕྲིན་ལས་ཀྱི་རང་རྩལ་ལས་ཤར་བའི་རྟགས་ཀྱི་ཕྱག་རྒྱ་སྣ་ཚོགས་རྡོ་རྗེ་དང་། ཉོན་མོངས་པའི་བདུད་ལ་ཡེ་ཤེས་ཀྱི་རྩིས་བཏབ་པས་སྣང་སྲིད་དག་མཉམ་བདེ་བ་མཆོག་གི་ཐིག་ལེར་སྦྱོང་བྱེད་བདུད་རྩི་ཕྱག་ཏུ་གཏད་པས། ཐུན་མཆོག་འགྲོ་འདུལ་འཁོར་བ་དོང་སྤྲུགས་ཀྱི་ཕྲིན་ལས་རབ་འབྱམས་ལ་དབང་ཐོབ་པར་མོས། ཧོ༔ ཐུན་མོང་མཆོག་གི་སོགས། དུ་བྱས་པའོ༔ དེ་དག་རྣམས་ཀྱིས་ལུས་སྨིན་པར་བྱེད་པ་བུམ་པའི་དབང་འཁོར་དང་བཅས་པ་གྲུབ་ནས། དེའི་རྗེས་འབྲེལ་དུ་གྲོལ་བྱེད་ཁྲིད་ཀྱི་རིམ་པ་སྟོན་པ་ལ། དང་པོ་སྐུ་བསྐྱེད་རིམ་ཕྱག་རྒྱའི་སྒྲུབ་ཐབས་ནི༔ སོགས་གཏེར་གཞུང་གི་སྐབས་དོན་དང་པོའི་དབུ་ནས་བརྩམ་སྟེ། ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ༔ སྒོ་གསུམ་གྱི་སྡིག་སྒྲིབ་སྦྱོང་བ་བླ་མ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། རང་གི་སྤྱི་བོར་སེང་གེས་བཏེགས་པའི་སོགས་འོག་གི་སྐབས་དོན་གསུམ་པའི་ཐུགས་རྫོགས་རིམ་གྱི་སྐབས་སུ་འབྱུང་བའི་རྡོར་སེམས་དང་། བླ་མའི་རྣལ་འབྱོར་མཐའི། རྟགས་ཐོན་པར་ཉམས་སུ་བླང་ངོ༔ ཞེས་པའི་བར་འདིར་བླངས། དེ་ནས་བགེགས་བསྐྲད་ཅིང་མཚམས་བསྲུང་བ་སོགས་གོང་གི་སྐབས་དོན་དང་པོའི་འཕྲོས་རྣམས་རིམ་པར་གསལ་ཞིང་དག་ལ་གོ་བརྡ་འཕྲོད་ངེས་སུ་སྐབས་དོན་གཉིས་པ་གྲུབ་ཀྱི་བར་བཀླག་པའི། གསུང་བཟླས་པ་ཉེ་བར་བསྙེན་པའི་རྣལ་འབྱོར་རོ༔ བར་གྱི་ཁྲིད་རིམ་ཕོག །དེ་ལྟ་བུའི་ཡེ་ཤེས་སྨིན་པ་དང༔ གྲོལ་བ་དང༔ མཐར་ཕྱིན་པའི་སླད་དུ་གསང་བ་ཟབ་མོ་མཆོག་གི་དབང་གསུམ་བསྐུར་བ་ནི། གཉིས་པ་ཡེ་ཤེས་སྨིན་པར་བྱེད་པ་གསང་བའི་དབང་གི་སླད་དུ༔སོགས། སུ་ཁ༔ ཞེས་ཆེད་དུ་བརྗོད་པ་དང་བཅས་ཏེ་རོལ་པར་ཞུ། དེ་ལྟར་མྱང་བས་སོགས། སྨིན་པར་བསམ་ལ་རླུང་ཁ་སྦྱོར་དུ་ཟུངས་ཤིག །བུམ་ཅན་ཐུན་གཅིག་འཛིན་དུ་གཞུག །དེ་ལྟར་གསང་བའི་སོགས། བྱས་པའོ༔ དེས་ངག་སྨིན་པར་བྱེད་པ་གསང་དབང་གྲུབ་ནས་རྗེས་འབྲེལ་དུ་གྲོལ་བྱེད་ཀྱི་ཁྲིད་ལ། གསུམ་པ་ཐུགས་རྫོགས་རིམ་དེ་ཁོ་ན་ཉིད་ཀྱི་སྒྲུབ་པའི་ཐབས་ལ༔ སྔོན་འགྲོ༔ དངོས་གཞི༔ རྗེས་སོ༔ དང་པོ་སྔོན་དུ་འགྲོ་བ་ནི་གོང་དུ་སོང་། ལེའུ་གསུམ་པའི་བླ་མའི་རྣལ་འབྱོར་འཕྲོས་འབྱུང་བའི། གཉིས་པ་དངོས་གཞི་ལ་བཞི༔ བཀོད་པ་རྩའི་རྣལ་འབྱོར༔སོགས། མི་ཤིགས་པ་ནཱ་དའི་སྒྲ་དབྱངས་ལ་དབང་སྒྱུར་བར་འགྱུར་རོ༔ བར་གྱི་ཁྲིད་ཕོག །གསུམ་པ་སྨིན་པ་གྲོལ་བར་བྱེད་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། མེ་ལོང་སིནྡྷུ་རའི་དཀྱིལ་འཁོར་ལས་རྗེས་ཆགས་བདེ་བའི་ལང་ཚོ་རྫོགས་པའི་རྡོ་རྗེ་རྣལ་འབྱོར་མ་སྤྲོས། ཁྱེད་རང་རྣམས་ཀྱི་ལྟེ་བའི་གཏུམ་མོ་ལ་ཐིམ་པས་བདེ་དྲོད་ལྷག་པར་འཕེལ། ཡས་བབས་དང་མས་བརྟན་གྱི་དགའ་བའི་མཐར་ལྷན་ཅིག་སྐྱེས་དགའ་མི་འགྱུར་བའི་བདེ་ཆེན་མངོན་དུ་བྱས་པར་མོས། ཧཱུྃ༔ རྣམ་ཐར་གསུམ་ལྡན་སོགས། དུ་བྱས་པའོ༔ དེས་ཡིད་སྨིན་པར་བྱེད་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གྲུབ་ནས་རྗེས་འབྲེལ་དུ་གྲོལ་བྱེད་ཀྱི་ཁྲིད་ལ། གསུམ་པ་ཐིག་ལེའི་རྣལ་འབྱོར་ནི༔ སོགས་གོང་འཕྲོས། ལྷན་ཅིག་སྐྱེས་པའི་གནས་ལུགས་ལ་དབང་སྒྱུར་བར་འགྱུར་རོ༔ བར་གྱི་ཁྲིད་ཕོག །བཞི་པ་གྲོལ་བ་མཐར་ཕྱིན་པའི་སླད་དུ་ཚིག་ལས་འདས་པའི་རིག་པ་རྩལ་གྱི་དབང་ཅར་ཕོག་ཏུ་སྦྱིན་པ་ནི། ཤེར་དབང་གི་སྐབས་སུ་མྱོང་བའི་ཞུ་བདེའི་བདེ་བས་དྲངས་པའི་སྟོང་ཉིད་སོགས། ངང་དུ་མ་བཅོས་པར་མཉམ་པར་ཞོག་ཅིག །ཨ༔ བདེ་ཆེན་རྡོ་རྗེ་སོགས། དུ་བྱས་པའོ༔ དེས་སྒོ་གསུམ་སྨིན་པར་བྱེད་པ་དབང་བཞི་པ་གྲུབ་ནས་རྗེས་འབྲེལ་དུ་གྲོལ་བྱེད་ཀྱི་ཁྲིད་ལ། བཞི་པ་ཡེ་ཤེས་ཀྱི་རྣལ་འབྱོར་ནི༔ སོགས་སྔ་མའི་འཕྲོས་ནས། དེ་ཁོ་ན་ཉིད་སྒྲུབ་པའི་རྣལ་འབྱོར་བསྟན་ཟིན་ཏོ༔ བར་གྱིས་གྲུབ། དེ་རྣམས་ཀྱིས་རྩ་བའི་དབང་བསྐུར་ཁྲིད་དང་བཅས་པ་ལེགས་པར་གྲུབ། གཉིས་པ་སྨིན་པར་སློབ་པའི་དབང་དུ་བྱས་ནས་མཐའ་རྟེན་ཡན་ལག་གི་དབང་བསྐུར་བ་ལ་གསུམ་ལས། ཐུན་མོང་དུ་གཅེས་པ་ཉམས་ཆག་སྐོང་བའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ། བླ་མ་དང་ལྷག་པའི་ལྷ་དབྱེར་མེད་པའི་དྲུང་དུ་ཐལ་མོ་མེ་ཏོག་དང་བཅས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སྐབས་དོན་ལྔ་པའི་ལས་ཚོགས་བཅུ་གཉིས་པ་སྐོང་བའི་ལས་རིམ་ལྟར། བདེ་ཆེན་རྡོ་རྗེ་བཙུན་མོ་སོགས་ལན་གསུམ། རྒྱུད་སྦྱོང་བའི་སླད་དུ་བླ་མ་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་གྱི་འཁོར་ལོ་མཁའ་ཁྱབ་ཏུ་བཞུགས་པའི་སྤྱན་སྔར། གསག་སྦྱང་སྤེལ་གསུམ་གྱི་གནད་བསྡུས་པ་རྒྱུན་བཤགས་ཡན་ལག་བརྒྱད་པའི་དོན་གསལ་འདེབས་བཞིན་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སོགས་ལན་གསུམ། དབང་གི་གཞི་འགོད་པའི་སླད་དུ༔སོགས། དབང་བཞིའི་ཡེ་ཤེས་སྨིན་པའི་སླད༔དུ་ལུས་གནས་རྩ་དང་བཅས་པ་འཛིན་རྟོག་གི་ཟག་པ་བྲལ་བ་མཚོན་པའི་ཀོང་བུར་རང་རིག་སྣང་སྟོང་ཟུང་འཇུག་སྐྱེ་བ་མེད་པའི་སྒྲོན་མེ་སྦར་བ་སྤྱི་བོར་བཞག་པས། སྐུ་བུམ་པའི་དབང་ཐོབ་ནས་ཐ་མལ་གྱི་སྣང་ཞེན་ཐམས་ཅད་རང་སར་བཅོམ། ཕྱི་ནང་གི་སྣང་ཡུལ་དག་པ་ལྷའི་སྐུར་འཆར་ནུས་པའི་དབང་མཆོག་ཐོབ་པར་མོས། ཨོཾ༔ ལུས་གནས་རྩ་ཡི་སོགས། སྲོག་རྩོལ་རླུང་གི་གཡོ་བ་རང་སར་དེངས་པ་མཚོན་པའི་ཀོང་བུར་རང་རིག་གསལ་སྟོང་ཟུང་འཇུག་འགག་པ་མེད་པའི་སྒྲོན་མེ་སྦར་བ་མགྲིན་པར་བཞག་པས། གསུང་གསང་བའི་དབང་ཐོབ་ནས་ལས་རླུང་གི་འཕོ་བ་རང་སར་ཐིམ་སྟེ། སྒྲ་གྲགས་དག་པ་སྔགས་ཀྱི་རང་བཞིན་ནཱ་དའི་རང་སྒྲར་འཆར་ནུས་པའི་དབང་མཆོག་ཐོབ་པར་མོས། ཨཱ༔ སྲོག་རྩོལ་རླུང་གི་སོགས། ཁམས་དཀར་དམར་གྱི་བགྲོད་པའི་འཕེལ་འགྲིབ་རང་སར་ཟད་པའི་མི་འགྱུར་ཐིག་ལེའི་ཀོང་བུར་རང་རིག་བདེ་སྟོང་ཟུང་འཇུག་འགྱུར་བ་མེད་པའི་སྒྲོན་མེ་སྦར་བ་སྙིང་གར་བཞག་པས། ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་ནས་འགྱུ་རྟོག་འཕོ་བའི་ཁམས་རང་སར་བརྟན་ཏེ། རིག་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་འཆར་ནུས་པའི་དབང་མཆོག་ཐོབ་པར་མོས། ཧཱུྃ༔ དཀར་དམར་ཐིག་ལེའི་སོགས། ཆོས་ཅན་དུ་སྣང་ཞིང་འཛིན་པའི་རྟོག་པ་གཞི་ལ་ཐིམ་པ་མཚོན་པའི་ཀོང་བུར་རང་རིག་རིག་སྟོང་ཟུང་འཇུག་སྤྲོས་པ་བྲལ་བའི་སྒྲོན་མེ་སྦར་བ་མིག་སྔར་བསྟན་པས། ཡོངས་རྫོགས་ཡེ་ཤེས་རྡོ་རྗེའི་ཚིག་དབང་ཐོབ་ནས་གཉིས་འཛིན་ཤེས་བྱའི་སྒྲིབ་པའི་མུན་པ་གཞི་ལ་དག་སྟེ། དབྱིངས་སྟོང་པ་ཆེན་པོ་དང་རིག་པ་ལྷན་སྐྱེས་ཀྱི་བདེ་བ་དམ་པ་དབྱེར་མེད་མཉམ་པ་ཉིད་ཡེ་ཤེས་ཆེན་པོའི་དགོངས་རྩལ་རྫོགས་ནུས་པའི་དབང་མཆོག་ཐོབ་པར་མོས། ཧོ༔ ཆོས་ཅན་རྟོག་པའི་སོགས། མངོན་གྱུར་བསམ༔ རྗེས་མར་མེའི་སྨོན་ལམ་གདབ་པ་ནི། དཔོན་སློབ་ལྷན་ཅིག་པས་ཚིག་རིས་དང་མཐུན་པའི་ཐུགས་སྨོན་དང་། གཞི་འཁོར་འདས་དབྱེར་མེད་ཀྱི་ལྟ་བ། ལམ་སྟོང་ཉིད་སྙིང་རྗེ་བྱང་ཆུབ་སེམས་ཀྱི་ཀུན་སློང་། འབྲས་བུ་དབྱིངས་རིག་དབྱེར་མེད་ཀྱི་དགོངས་པས་ཕྲིན་ལས་འབད་མེད་ལྷུན་གྲུབ་ཀྱི་གདེང་དང་ལྡན་པས་འདིའི་རྗེས་ཟློས། ཧོ༔ གསང་མཆོག་རྡོ་རྗེ་སོགས་གོང་གི་མར་མེའི་སྨོན་ལམ་བྱ། དེ་ལྟར་ཉམས་ཆག་སྐོང་བའི་དབང་བསྐུར་ཟབ་མོ་ལེགས་པར་ཐོབ་པས་བསྐལ་པར་བསགས་པའི་སྒྲིབ་པ་སངས། ཕྱིན་ཆད་ཉེས་ལྟུང་གི་དྲི་མས་མི་བརྫི་བའི་རིག་རྩལ་ཡོངས་སུ་རྒྱས་པ་ལ་བཀྲ་ཤིས་པའི་གླུ་དང་མེ་ཏོག་གི་ཆར་གྱིས་ཀྱང་མངའ་དབུལ་བས་བདེ་ལེགས་ཕུན་སུམ་ཚོགས་པར་གྱུར། བཀྲ་ཤིས་ནི། ཧཱུྃ། རིག་པ་གཏིང་གསལ་མཐའ་དབུས་མེད་པའི་རྩལ། །འོད་གསལ་སྣང་བའི་ཟེར་སྤྲིན་ཆེས་འབར་བས། །མ་རིག་གཉིས་འཛིན་མུན་པ་རང་སངས་ནས། །ཡེ་ཤེས་སྣང་བ་རྒྱས་པའི་བཀྲ་ཤིས་ཤོག །ཅེས་བརྗོད། དེས་ནི་དབང་བཞིའི་སོགས། སྐལ་བ་ཅན་དུ་འགྱུར་བ་ཡིན་ནོ། །ཞེས་རྟོགས་པ་བརྗོད། མཆོག་གི་དངོས་གྲུབ་ཀྱི་ཉེ་རྒྱུ་བདུད་རྩི་སྨན་གྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ། བླ་མ་ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་གདོད་ནས་གྲུབ་པའི་བདུད་རྩི་མཆོག་གི་དཀྱིལ་འཁོར་པར་གསལ་བ་ལ་མི་ཕྱེད་དད་པས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ལས་ཚོགས་བཅུ་གསུམ་པ་སྨན་སྒྲུབ་ལྟར། བདེ་ཆེན་རྡོ་རྗེ་སོགས་རྒྱུན་བཤགས་གོང་བཞིན་བྱ། དབང་གི་གཞི་དགོད་པ་ཡེ་ཤེས་ཀྱི་བྱིན་དབབ་པའི་སླད་དུ་བདག་དང་སློབ་མ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་སྐུ་མདོག་དཀར་མོ། རྣ་ལྟག་གཡས་སུ་ཕག་ཞལ་ནག་པོ་ངུར་བ། ཕྱག་གཉིས་གྲི་ཐོད་བསྣམས་ཤིང་གྲུ་མོར་ཁ་ཊྭཱཾ་འཆང་བ་དར་དང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་གསལ་བའི་ཐུགས་ཀ་ནས་སྔགས་ཀྱི་སྒྲ་དང་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་བཅོམ་ལྡན་འདས་མ་སོགས་ལྡེ་གུ་སྒྲུབ་པའི་བཟླས་དམིགས་ལྟར། ཆར་དྲག་ཏུ་བབས་པ་ཙམ་དུ་བྱུང༔ སློབ་མ་ལ་ཐིམ་པས་བདེ་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས་པར་སྒོམས་ཤིག །སྤོས་རོལ་དབྱངས་བཅས། ཧཱུྃ༔ འོག་མིན་རྡོ་རྗེ་བཙུན་མོའི་སོགས་གོང་གི་བདུད་རྩིའི་བྱིན་འབེབ་ཀྱི། དམ་ཚིག་སྒྲུབ་པའི་སོགས་ཚིག་རྐང་གཉིས་ཀྱི་མལ་དུ། སློབ་མའི་ལུས་ངག་ཡིད་ལ་སྟིམས། །སྣང་གྲགས་དྲན་རྟོག་དག་པ་ཡི། །ཞེས་བསྒྱུར་ལ། བདེ་ཆེན་རྡོ་རྗེའི་སོགས་སྔགས་བཅས་ཀྱིས་བྱིན་དབབ། དེ་ལྟར་དབབ་པའི་བྱིན་རླབས་ཀྱི་རྒྱུན་བརྟན་པར་གྱུར་ཅིག །ཏིཥྛ་བཛྲས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་བཀོད། དབང་དངོས་ལ་བུམ་གསང་ཤེར་ཚིག་བཞིའི་རིམ་པ་དང་འབྲེལ་བ་ལས། དང་པོ་བུམ་དབང་བསྐུར་བ་ནི། བདུད་རྩིའི་ཕོ་བྲང་སྤྱི་བོར་བཞག་པས་ལྷ་ཚོགས་རྣམས་ཀྱི་སྐུའི་བྱིན་རླབས་ཀྱི་ཐིག་ལེ་འོད་ཟེར་བདུད་རྩིའི་རྒྱུན་གྱི་རྣམ་པར་བྱོན། སློབ་མའི་ཚངས་བུག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་བདག་དང་མཚན་མར་ལྟ་བའི་ཕུང་པོའི་བདུད་བཅོམ། སྣང་བ་ལྷའི་འཁོར་ལོར་དག་པའི་དབང་ཐོབ་པར་མོས། ཨོཾ༔ བདེ་གཤེགས་སྐུ་དང་སོགས། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ༔ ཀཱ་ཡ་སོགས་བཏགས་པ་བརྗོད། བདུད་རྩིའི་ཕུར་མ་མིག་ལམ་དུ་བསྟན་ཅིང་། མཐོང་བས་གྲོལ་བའི་དབང་འདི་བསྐུར་པས་སྣང་བ་ཐམས་ཅད་ལྷའི་རོལ་པར་འཆར་བའི་ནུས་པ་རྒྱུད་ལ་བཞག་ནས། དེང་ཕྱིན་ཆད་ཅིར་སྣང་ཐམས་ཅད་ལྷ་དང་གཞལ་ཡས་ཁང་དུ་ཤེས་པས་ཐ་མལ་གྱི་སྣང་ཞེན་ཐམས་ཅད་ལ་རྒྱས་ཐེབས་པས་རིག་སྟོང་སྐུའི་འཁོར་ལོར་ཤེས་པར་གྱིས་ཤིག །གཉིས་པ་གསང་བའི་དབང་བསྐུར་བ་ནི། བདུད་རྩིའི་ཕོ་བྲང་མགྲིན་པར་བཞག་པས་ལྷ་ཚོགས་རྣམས་ཀྱི་གསུང་གི་བྱིན་རླབས་ཀྱི་དབྱིག་འོད་ཟེར་བདུད་རྩིའི་རྣམ་པར་བྱོན། སློབ་མའི་མགྲིན་པ་ནས་ཞུགས། ལུས་ཀྱི་རྩ་གནས་ཐམས་ཅད་ལ་ཁྱབ་པས་ལས་རླུང་གི་གཡོ་བ་འཁོར་བའི་རྩ་བ་སྐྱེད་བྱེད་ཉོན་མོངས་པའི་བདུད་བཅོམ། སྒྲ་གྲགས་གཞོམ་མེད་སྔགས་ཀྱི་འཁོར་ལོར་དག་པའི་དབང་ཐོབ་པར་མོས། ཨཱ༔ བདེ་གཤེགས་གསུང་དང་སོགས་ནས། ཚོར་བས་རྣམ་པར་གྲོལ་བའི་དངོས་གྲུབ་ཐོབ། རང་རིག་ངོ་བོ་སྟོང་ལ་འོད་གསལ་མ་འགགས་གཞོམ་དུ་མེད་པ་རྡོ་རྗེ་ནཱ་དའི་རང་སྒྲའི་ཕྱག་རྒྱ། གཡོ་རྩོལ་ངག་གི་བྱེད་ལས་ཐམས་ཅད་ལ་ཐེབས་པས་གསལ་སྟོང་ཟུང་འཇུག་གི་ཡེ་ཤེས་སུ་སྨིན་པས་སྒྲ་སྐད་གྲགས་སྟོང་གསུང་གི་འཁོར་ལོར་བལྟ་བར་གྱིས་ཤིག །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། བདུད་རྩིའི་ཕོ་བྲང་སྙིང་གར་བཞག་ཅིང་ལྕེ་ལ་མྱང་བས་ལྷ་ཚོགས་རྣམས་ཀྱི་ཐུགས་ཀྱི་བྱིན་རླབས་ཀྱི་དབྱིག་འོད་ཟེར་བདུད་རྩིའི་རྣམ་པར་བྱོན། སློབ་མའི་སྙིང་གར་ཐིམ་པས་བདག་གཞན་གཉིས་སྣང་འཕོ་བའི་བག་ཆགས་འཆི་བདག་གི་བདུད་བཅོམ། དྲན་རིག་སོ་མ་མི་འགྱུར་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་དགོངས་པ་མངོན་དུ་བྱས་ཏེ། འགྱུ་རྟོག་གཉུག་མ་རང་གྲོལ་ཐུགས་ཀྱི་འཁོར་ལོར་དག་པའི་དབང་ཐོབ་པར་མོས། ཧཱུྃ༔ བདེ་གཤེགས་ཐུགས་དང་སོགས་ནས། ཧྲཱིཿལ་ཐིམ་པའི་རྐྱེན་གྱིས་བདེ་བས་ཐབས་བྱས་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས། དྲན་རྟོག་ཐམས་ཅད་ཤར་གྲོལ་དུས་མཉམ་བློ་ལས་འདས་པ་མི་རྟོག་པའི་བདེ་བ་དང་། རྣམ་ཀུན་མཆོག་ལྡན་མི་འགྱུར་བའི་སྟོང་ཆེན་ཟུང་དུ་འཇུག་པའི་སྤྲོས་བྲལ་བདེ་སྟོང་གི་ཕྱག་རྒྱ། འཁོར་འདས་སུ་སྣང་བའི་ཆོས་སོ་ཅོག་ལ་རྒྱས་ཐེབས་པས་འགྱུར་མེད་གཉུག་མ་ཐུགས་ཀྱི་འཁོར་ལོར་རྫོགས་པ་ཤེས་པར་གྱིས་ཤིག །བཞི་པ་སྤྲོས་མེད་དོན་གྱི་དབང་བསྐུར་བ་ནི། བདུད་རྩིའི་ཕོ་བྲང་ཕྱག་ཏུ་གཏད་ཅིང་སྙིང་གར་ཐིག་ལེས་རེག་པས། ལྷ་ཚོགས་རྣམས་ཀྱི་རྡོ་རྗེ་བཞིའི་བྱིན་རླབས་ཀྱི་དབྱིག་འོད་ཟེར་བདུད་རྩིའི་རྣམ་པར་བྱོན། ཁྱེད་རང་རྣམས་ལ་ཐིམ་པས་གཟུང་འཛིན་ཞེན་ཅིང་ཆགས་པའི་འཛིན་རྟོག་བརྟས་པས་ཤེས་བྱ་ལ་སྒྲིབ་པ་ལྷའི་བུའི་བདུད་བཅོམ། དབྱིངས་ཟབ་མོ་སྟོང་པ་ཉིད་དང་རིག་པ་འགྱུར་མེད་བདེ་ཆེན་བྱང་ཆུབ་ཀྱི་སེམས་གཅིག་དང་དུ་མའི་སྤྲོས་པ་ཐམས་ཅད་དང་བྲལ་བའི་རང་ངོར་ཆོས་ཟད་བློ་འདས་འུབ་ཆུབ་ཆེན་པོའི་དབང་ཐོབ་པར་མོས། ཧོ༔ བདེ་གཤེགས་དབྱིངས་དང་སོགས། འགྲོ་འོང་དང་བྲལ་བ་ཡོད་མེད་ཡིན་མིན་སྤྲོས་པའི་བློ་རྟོག་གིས་མ་རེག་པའི་ཀ་དག་ཀུན་ཏུ་བཟང་པོའི་གཞི་དབྱིངས་ཨ་ཏི་ཁྱབ་བརྡལ་མི་དམིགས་པའི་དམིགས་པ་ཆེན་པོའི་ཕྱག་རྒྱས། བྱ་རྩོལ་གཉིས་རྟོག་ལ་ཐེབས་པས་གཉིས་སུ་མེད་ཅིང་འགྲོ་འོང་སྤང་ཐོབ་དང་བྲལ་བའི་གནས་ལུགས་ཡེ་ཤེས་ཀྱི་འཁོར་ལོའི་རང་ཞལ་མ་བཅོས་པའི་ངང་ནས་བལྟ་བྱ་ལྟ་བྱེད་ལས་འདས་པའི་དབྱིངས་སུ་ལྟོས་ལ་མཉམ་པར་ཞོག་ཅིག །དེ་ལྟར་བདུད་རྩིའི་སོགས་ནས། སྐལ་པ་རྒྱུད་ལ་བཞག་པ་ལ། ཕྱོགས་དུས་ཀྱི་བདེ་གཤེགས་མཁའ་འགྲོ། ལྷ་དང་སློབ་དཔོན་གྲུབ་པ་དང་བཅས་པས་བཀྲ་ཤིས་པའི་མེ་ཏོག་སིལ་མའི་ཆར་གྱིས་གཟེངས་བསྟོད་ཅིང་དགེ་ལེགས་སུ་བྱས་པར་གྱུར། ཨོཾ༔ བཀྲ་ཤིས་གང་ཞིག་སོགས་ནས། ཆེ་ལ་སྦྱོར༔ ཞེས་སོགས་རྒྱ་ཆེར་བསྔགས་པ་དོན་དང་ལྡན་པར་མངོན་སུམ་དང་རྗེས་དཔག་གི་ཚད་མས་གྲུབ་པ་ཡིན་ནོ། །དེ་ལྟ་བུའི་ཕྲིན་ལས་རྨད་དུ་བྱུང་བའི་སྒོ་ནས་བདག་དང་གཞན་གྱི་དོན་རབ་འབྱམས་བསྒྲུབ་པ་ལ་དབང་ཞིང་། གྲུབ་པའི་འབྲས་བུ་མྱུར་དུ་འབྱིན་པའི་ནུས་པ་རྒྱུད་ལ་འཇོག་པའི་ཆོ་ག་ཟབ་མོ་ལེགས་པར་གྲུབ་ནས། མཐའ་རྒྱས་བཀྲ་ཤིས་འཆི་མེད་ཚེའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ། འཆི་མེད་ཚེའི་དབང་བསྐུར་བ་ལ་ཚེ་རྟེན་གསལ་གདབ་པ། ཚེ་བཅུད་བསྡུ་བ། སྒྲུབ་རྫས་ཀྱིས་དབང་བསྐུར་ལ་མི་འགྱུར་བའི་རྒྱས་གདབ་རྣམས་ལས། དང་པོ་ཚེ་རྟེན་གསལ་གདབ་པ་ནི། དཔོན་སློབ་གཉིས་ཀ་འཆི་མེད་རྡོ་རྗེ་ཕག་མོར་གསལ་བའི་སྙིང་དབུས་ཞེས་དང་། ལས་ཚོགས་ལྔ་པ་རྡོ་རྗེའི་ཚེ་སྒྲུབ་པའི་དབུར་འབྱུང་བ་ལྟར།་་་ཡེ་ཤེས་སེམས་མའི་ཐུགས་ཀའི་དབུས་སུ་ཉི་ཟླའི་གྭའུ་སོགས། སྲོག་འགྲུབ་པར་བསམ་པའི་ཏིང་འཛིན་བརྟན་པོ་མཛོད་ཅིག །གཉིས་པ་ཚེ་བཅུད་བསྡུ་བ་ནི། བདག་དང་སློབ་མ་ལྷར་གསལ་བའི་ཐུགས་སྲོག་ལས་སྔགས་ཀྱི་འོད་ཟེར་མཆོད་པའི་སོགས། རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་པར་མོས་ཤིག །མདའ་དར་གཡབ་ཅིང་། ཨོཾ༔ བཅོམ་ལྡན་རྡོ་རྗེ་སོགས་ཚེ་འགུགས་གྱེར་ཞིང་། སྒྲུབ་སྔགས་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་ཛྙཱ་ན་ཧཱུྃ་ཕཊ་སྭཱ་ཧཱའི་ཤམ་དུ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ བཏགས་པ་བཅས་བརྗོད། གསུམ་པ་སྒྲུབ་རྫས་ཀྱིས་དབང་བསྐུར་ཞིང་རྒྱས་གདབ་པ་ནི། སྒྲུབ་རྫས་རིལ་བུའི་ཕོ་བྲང་ཚེ་གཏོར་དང་བཅས་པ་སྣོད་བཅུད་ཡོངས་རྫོགས་འཆི་མེད་ལྷ་མཆོག་རྡོ་རྗེ་བཙུན་མོ། སྙིང་པོའི་རྣལ་འབྱོར་མ་བཞི། སྒོ་མཚམས་མ་བཅུ་གཉིས། ཐུགས་གསུང་སྐུའི་འཁོར་ལོའི་ཡུལ་ཉེར་བཞིའི་རྣལ་འབྱོར་མའི་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་རྟེན་བརྟེན་པར་བཅས་པའི་ཕྱག་རྒྱར་བཞེངས་པ་ལ། ཕྱོགས་དུས་ཀྱི་བདེ་གཤེགས་ལྷ་དང་དྲང་སྲོང་རིག་འཛིན་ཚེའི་དངོས་གྲུབ་བརྙེས་པའི་འཁོར་རབ་འབྱམས་ཞིང་གི་རྡུལ་སྙེད་སྤྲིན་ཕུང་གཏིབས་པས་བསྐོར་བ་རྣམས་ཀྱིས། འཁོར་འདས་བརྟན་གཡོའི་དྭངས་མ་རྣམས་འཆི་མེད་རྡོ་རྗེ་ཚེའི་དངོས་གྲུབ་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་སྦྲང་རྩི་ལྟ་བུའི་ཆར། བཀྲ་ཤིས་པའི་རྟགས་ཀྱི་རི་མོའི་གཟུགས་འོད་ཟེར་དགའ་བ་འཁྱིལ་པའི་ཐིག་ལེར་འཆར་བ་སྟེང་འོག་ཕྱོགས་བཅུ་ཀུན་ནས་བསྙིལ་བ་དང་། སྐུ་གསུང་ཐུགས་ཀྱི་སྒྲོམ་བུ་ལས་མཆོག་གི་དངོས་གྲུབ་བདུད་རྩི་ཨ་མྲྀཏ་དཀར་དམར་མཐིང་གའི་མདངས་འོད་ཆགས་པའི་རྒྱུན་ཆེན་པོ་བབས། སློབ་མའི་གནས་གསུམ་ནས་ཞུགས་ཏེ་སྒོ་གསུམ་ལ་ཐིམ་པས། ཐུན་མོང་ཉི་ཟླ་ལྟ་བུའི་ཚེ། རྡོ་རྗེ་ལྟ་བུའི་ལུས། ནམ་མཁའ་ལྟ་བུའི་སྲོག་རྣམས་དང་། མཆོག་ཏུ་གསང་བ་གདོད་ནས་འཕོ་འགྱུར་གྱི་མཚན་མས་མ་གོས། གོས་པ་མེད་པ་རང་རིག་གཉུག་མ་འགྱུར་མེད་བདེ་ཆེན་ཁྱབ་བརྡལ་ལྷུན་གྲུབ་རིས་མེད་མཉམ་ཡངས་རྟག་བརྟན་རྡོ་རྗེའི་དོན་རྟོགས་པས། སྐྱེ་ཤི་མེད་པ་མཆོག་གི་དངོས་གྲུབ་སྟན་ཐོག་འདི་ཉིད་དུ་ཐོབ་པའི་ངེས་ཤེས་སྐྱེད་ཅིག །ཨོཾ༔ འཆི་མེད་རྡོ་རྗེ་སོགས་སྐུ་གསུང་ཐུགས་དབང་བསྐུར། ཐབས་ཤེས་ཀྱི་རྫས་ཚེའི་བཅུད་ལེན་གྲུབ་པའི་རིལ་བུ་དང་། སྐྱེ་འཆི་གཉིས་རྟོག་གི་བདུད་ལ་གཉིས་མེད་གཉུག་མའི་རྒྱུན་གྱིས་རྩིས་མི་འགྱུར་བའི་སྲོག་འགྲུབ་པར་བྱེད་པ་ཨ་མྲྀཏ་ལ་ལོངས་སྤྱོད་པས། ཐུན་མོང་ཚེ་དང་ཐུན་མིན་མཆོག་གི་དཔལ་ཕུན་སུམ་ཚོགས་པ་དང་ལྡན་པའི་དངོས་གྲུབ་ཐོབ་པར་མོས། ཐོད་པའི་ཚེ་རིལ་དང་ཚེ་ཆང་བྱིན་ལ། ཧོ༔ ཐབས་ཤེས་ཚེ་ཡི་སོགས། དེ་ལྟར་ཚེ་དབང་ཟབ་མོ་བསྐུར་པས་ཚེ་དང་ཡེ་ཤེས་ཀྱི་སོགས། མཉམ་པར་གྱུར་པ་ལས་མི་འདའ་བར་རྒྱས་གདབ་པའི་ཕྱིར་དམིགས་པ་འདི་བཞིན་དུ་མཛོད། གོང་གི་ཚེ་འགུགས་མཐའི། དེ་ལྟར་བསྡུས་པའི་སོགས། གཡོགས་པས་ཉེ་བར་འཚེ་བ་གང་གིས་ཀྱང་གླགས་མི་རྙེད་ཅིང་། ནམ་ཡང་འགྱུར་བ་མེད་པའི་སྲོག་ཐོབ་པར་མོས། ཨ༔ རྟག་པ་རྒྱུན་གྱི་སོགས། ཨ༔ འོག་གི །དེ་ལྟར་བརྩོན་པས་སོགས། བརྟན་པར་འགྱུར་བས། དེ་ལྟ་བུའི་དོན་ལ་ཐེ་ཚོམ་མེད་པའི་ངེས་ཤེས་དང་ལྡན་པས་སྤྲོ་བ་བསྐྱེད་འཚལ། སླར་ཡང་ནམ་མཁའ་གང་བའི་ཚེ་ལྷ་རྩ་གསུམ་རྒྱལ་བའི་ཚོགས་ཀྱིས་རྣམ་བཀྲ་ལྷའི་མེ་ཏོག་མནྡཱ་རཿབའི་ཆར་གྱི་རྒྱུན་དང་། ཤིས་པའི་དབྱངས་ཀྱིས་མངའ་དབུལ་བར་མོས། ཤིས་པ་རྒྱས་པར་བརྗོད། དེ་ལྟར་རྩ་བ་དང་ཡན་ལག་གི་དབང་བསྐུར་བ་རྒྱས་པར་གྲུབ་ནས། སྨིན་གྲོལ་ཐམས་ཅད་ཀྱི་སྲོག་དམ་ཚིག་རྣམ་པར་དག་པའི་ཚུལ་དུ་བསྒྲུབ་དགོས་ཏེ། དེའང་རྒྱུད་ལས༔ རྡོ་རྗེ་ཕག་མོའི་སོགས་སྐབས་དོན་བདུན་པ་ལྟར། འདི་ནི་མཆོག་གི་དམ་ཚིག་ཡིན༔ ཅེས་གསུངས་པས་མཚོན། སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་གིས་བསྡུས་པ་མཐའ་དག་ཅི་ནུས་སུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དབང་གི་རྗེས་རྣམས་སྤྱི་ལྟར་བྱ། ཆོ་གའི་རྗེས་འཇམ་མགོན་རྡོ་རྗེ་འཆང་གི་གསུང་ལག་ལེན་དྲན་ཐོ་ཡེ་ཤེས་གསལ་བའི་རྒྱན་བཞིན་བགྱིས་པས་གྲུབ་བོ།། །། ༈ ཞིག་པོ་གླིང་པའི་གཏེར་བྱོན་རྩ་བ་ལ་བརྟེན་ནས་རིག་འཛིན་ཚེ་དབང་ནོར་བུར་དག་སྣང་བྱུང་བ་ཟུང་འབྲེལ་འཕགས་མ་ཡིད་བཞིན་ཟླ་བ་ཚེ་སྦྱིན་མའི་སྒྲུབ་ཐབས་སྙིང་པོར་དྲིལ་བ་འཆི་མེད་བདུད་རྩིའི་གཏེར་མཛོད་ལྟར་དབང་སྒྲུབ་ལ། གསོལ་འདེབས་སྔོན་འགྲོས་སྐྱབས་སེམས་ཚོགས་གསག་མཆོད་རྫས་བྱིན་གྱིས་བརླབས། དངོས་གཞི་ཚིག་རིས་གཅིག་གིས་བདག་མདུན་དབྱེར་མེད་དུ་གསལ་གདབ་ཅིང་། གཟུངས་ཐག་བླངས་ལ་བཟླས་པ་ཅི་འགྲུབ་མཐར་བུམ་ལྷ་འོད་ཞུ་བྱ། གཏོར་མ་འབུལ་ཞིང་སྒྲུབ་ཐབས་བཞིན་མཆོད་བསྟོད། ཕྱག་འཚལ་ཉེར་གཅིག་དང་འདོད་དོན་གསོལ། ལས་བུམ་རྟ་མགྲིན་དང་འཁྱིལ་བ་གང་རུང་བསྒྲུབ། བདག་འཇུག་ལེན་པའམ། བསྡུ་ན་རིག་མེ་དོར་ཞིང་གནང་བ་ནོད། དབང་དངོས་ལ། དེ་ལ་འདིར་རྒྱ་བོད་རིག་འཛིན་དབང་ཕྱུག་ཀུན་གྱི་ཐུགས་དམ་གསང་བའི་ལྷ་མཆོག་གཅིག་པུར་ངེས་ཤིང་། འཆི་མེད་ཀྱི་དངོས་གྲུབ་སྩོལ་བ་ལ་ལྷག་པའི་ལྷ་གཞན་ལས་དངོས་གྲུབ་མྱུར་བ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་དཀར་མོ་ཡིད་བཞིན་ཟླ་བ་ཚེ་སྦྱིན་མའི་དབང་བསྐུར་བསྒྲུབ་པའི་སྐབས་སུ་བབས་པ་སྟེ། དེའང་ངོ་བོ་ཆོས་ཀྱི་དབྱིངས་ཟབ་མོ་སྟོང་པ་ཉིད་རྣམ་ཀུན་མཆོག་ལྡན་ཆོས་ཐམས་ཅད་སྐྱེད་པའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཉིད། རྣམ་བཅས་གཟུགས་ཀྱི་སྐུར་བཞེངས་ནས་འགྲོ་བ་རྣམས་སྒྲོལ་བའི་ཕྲིན་ལས་དུས་གསུམ་དུ་གཤེགས་པའི་མིའི་སེང་གེ་ཇི་སྙེད་ཅིག་བྱོན་པ་ཐམས་ཅད་ཀྱི་ཕྲིན་ལས་མཛད་པའི་ཚུལ་ནི། ཐམས་ཅད་མཁྱེན་པ་ཁོ་ནའི་སྤྱོད་ཡུལ་དུ་གྱུར་མོད། ཚུར་མཐོང་ཕྱོགས་གཅིག་པའི་བློ་ངོར་ཡང་། བྱང་ཆུབ་སེམས་དཔའ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྤྱན་ཆབ་ལས་འཁྲུངས་པའི་ཚུལ་བསྟན་ནས། ཉིན་རེ་བཞིན་སེམས་ཅན་བྱེ་བ་བརྒྱ་ཕྲག་རེ་ཕྱིར་མི་ལྡོག་པའི་ས་ལ་བཀོད་པ་དང་། ཐུབ་པའི་སྤྱན་སྔར་སྲིང་མོ་གངྒཱའི་ལྷ་མོར་སྤྲུལ་ཏེ་འགྲོ་བ་སྒྲོལ་བར་དམ་བཅས་ཤིང་། བུད་མེད་ཀྱི་ལུས་ཁོ་ནས་འཁོར་བ་མ་སྟོང་གི་བར་དུ་སངས་རྒྱས་ཀུན་གྱི་ཕྲིན་ལས་མཛད་པ་དང་། བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱི་དྲུང་དུ་དེད་དཔོན་གྱི་བུ་མོར་སྤྲུལ་ཏེ། རྟག་ཏུ་ངུ་ལ་སོགས་པའི་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆོས་ཡོངས་སུ་འཚོལ་བའི་གྲོགས་དང་། མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་གྱིས་འཕགས་བོད་ཞང་ཞུང་སོགས་ཡུལ་ཁམས་མི་འདྲ་བ་རྣམས་བཏུལ་བའི་ཚེ་བུ་མོ་མེ་ཏོག་མནྡཱ་རཿབ། མ་གཅིག་ཡེ་ཤེས་མཚོ་རྒྱལ། ཡུམ་འོད་ལྡན་འབར་མ་ལ་སོགས་པར་སྤྲུལ་ནས་ཚེ་ལམ་བསྒྲུབས་པ་དང་། སངས་རྒྱས་ཀྱི་བསྟན་པ་སྤེལ་པའི་གྲོགས་མཛད། གཞན་ཡང་ཇོ་མོ་ལབ་ཀྱི་སྒྲོན་མ་ལ་སོགས་སྐུའི་བཀོད་པ་སྲིད་པ་ཇི་སྲིད་བར་དུ་རྒྱུན་མི་འཆད་ཅིང་། སངས་རྒྱས་བྱང་སེམས་གྲུབ་ཐོབ་རྣལ་འབྱོར་པ་སོགས་རེ་རེའི་དྲུང་ན་དེ་སྙེད་ཀྱི་སྤྲུལ་པའི་ཟློས་གར་མིག་འཕྲུལ་ལྟ་བུས་རྒྱལ་བའི་བསྟན་པ་སྤེལ་ཞིང་། ཆོས་མཛད་རྣམས་ཀྱི་མ་སྲིང་མཛའ་མོའི་ཚུལ་གང་ལ་གང་འདུལ་གྱི་རོལ་པ་མཐའ་ཡས་པར་སྟོན་པ་དང་། མེ་ཆུ་དུག་མཚོན་ཤ་ཟ་ལ་སོགས་པའི་འཇིགས་པ་ཐམས་ཅད་ལས་མཚན་དྲན་པ་ཙམ་གྱིས་ཐ་མལ་པའི་སྐྱེ་བོ་ཕོ་མོ་ཇི་སྙེད་པ་གནས་སྐབས་ཀྱི་འཚེ་བ་ལས་སྐྱོབས་པ་སོགས་མཐའ་ཡས་ལ། གསང་བ་སྔགས་ཀྱི་དཀྱིལ་འཁོར་རྣམས་སུ་རྡོ་རྗེ་རྣལ་འབྱོར་མའམ་རྡོ་རྗེ་བདག་མེད་མ་དང་། སྣ་ཚོགས་ཡུམ། ཡེ་ཤེས་དབྱིངས་ཕྱུག་མ། ཡུམ་ཆེན་འཁོར་ལོ་རྒྱས་འདེབས། སེམས་མ་ལཱ་སྱཻ་དཀར་མོ། རྗེ་བཙུན་སྒྲོལ་མ་ཉེར་གཅིག་དང་། མཚན་བརྒྱ་རྩ་བརྒྱད། ཁྲོ་མོ་རལ་གཅིག་མ་ལ་སོགས་དཀྱིལ་འཁོར་གྱི་གཙོ་མོ་དང་། ཡུམ་དང་ཕྱག་བརྙན་གྱི་ཚུལ་དུ་སྟོན་ཅིང་། ཡེ་ཤེས་ཀྱི་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེའི་སྐུར་བསྟན་ནས་གསང་སྔགས་རྒྱུད་སྡེ་རྒྱ་མཚོའི་གཉེར་ཁ་བཟུང་པ་ལ་སོགས་མེས་པོའི་བློ་དང་ཆུ་ལྷའི་ལྕེས་ཀྱང་བརྗོད་པར་ནུས་པ་མ་ཡིན་ཅིང་། དེ་ལྟ་བུའི་འཕགས་མ་རྡོ་རྗེ་བཙུན་མོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རྣམ་འགྱུར་དང་མཚན་གྱི་ངེས་པ་དེ་སྙེད་ཀྱི་སྒོ་ནས་མཆོག་ཐུན་སྒྲུབ་པའི་ཐབས་གསར་རྙིང་བཀའ་གཏེར་དག་སྣང་གི་ཆོས་སྡེ་རྣམས་སུ་ཇི་སྙེད་ཅིག་བྱོན་པ་ལས། ད་ལམ་གྱི་སྐབས་སུ་བབས་པ་འདི་ནི། མཁས་ཤིང་དངོས་གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་པཎྜི་ཏ་བི་མ་ལ་མི་ཏྲས་ལྷག་པའི་ལྷ་སྒྲོལ་མ་དཀར་མོ་འདི་ཁོ་ན་གསང་བའི་ཡི་དམ་དུ་བསྙེན་ནས་མཆོག་གི་དངོས་གྲུབ་དང་། ཁྱད་པར་འཆི་མེད་དྭངས་མའི་སྐུ་བརྙེས་ཤིང་། ལྷ་མོ་འདི་ཉིད་ཀྱི་སྒྲུབ་ཐབས་ཕྲིན་ལས་ཀྱི་རིགས་དུ་མ་བཀྲལ་པ་ལས། འཕགས་མ་སྒྲོལ་མ་འཆི་བ་མེད་པའི་སྒྲུབ་ཐབས་དང་འབྲེལ་བ་སྟེ། གཞུང་ལས། བདག་འདྲ་བྱེ་མ་མུ་ཏྲ་ཡང༔ ཚེ་ཡི་རིག་འཛིན་འདི་ཡིས་ཐོབ༔ ཤིན་ཏུ་ཟབ་པའི་ཡང་བཅུད་དོ༔ ཞེས་བསྔགས་པར་མཛད་པ་ཉིད་ཉང་གི་བནྡེ་ཏིང་འཛིན་བཟང་པོ་ལ་བསྩལ་པ། དེས་ཀྱང་ཡི་དམ་དུ་མཛད་དེ་བསྒྲུབས་པས་པཎ་ཆེན་དྲི་མེད་བཤེས་གཉེན་དང་མཚུངས་པའི་འཆི་མེད་ཀྱི་རིག་འཛིན་ཐོབ། དཔེ་རྒྱུད་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་ཡང་ཟབ་བསྡུས་པའི་སྙིང་པོར་ཕྱུང་ནས་ཕྱག་བྲིས་སུ་བཏབ་སྟེ། ཕྱི་རབས་ལས་ཅན་གསུང་གི་སྲས་ཀྱི་སྐལ་བར་དབུ་རུ་ཞྭའི་ལྷ་ཁང་དུ་ཟབ་མོའི་གཏེར་དུ་སྦས་ཤིང་ཞྭའི་མགོན་པོ་ལ་གཉེར་དུ་གཏད་པ་ཉིད། ཕྱིས་དུས་བབས་ཟབ་ཆོས་ཀྱི་བདག་པོ་ལྷ་སྲས་འབྲིང་པོ་དམ་འཛིན་མུ་རུབ་བཙན་པོ་ཡེ་ཤེས་རོལ་པ་རྩལ་གྱི་རྣམ་འཕྲུལ། གར་དབང་ཞིག་པོ་གླིང་པ་འོད་གསལ་སྒྱུ་མ་གཏེར་བཞད་རྩལ་གྱིས་སྤྱན་དྲངས་པའི་དོན་བརྒྱུད་བཀའ་གཏེར་གཉིས་ལྡན་ད་ལྟའི་བར་ཆད་མེད་དུ་བཞུགས་པའི་མན་ངག་རྩ་བར་བཟུང་། གནུབས་ཆེན་ནམ་མཁའི་སྙིང་པོའི་ཐུགས་སྤྲུལ། གྲུབ་དབང་པདྨ་ནོར་བུའི་ཡང་སྤྲུལ། མདོ་སྔགས་ཆོས་ཚུལ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ། གྲུབ་པའི་གོ་འཕང་མཐར་ཐུག་གི་རྩེ་མོར་གཤེགས་པའི་རྟགས་རྫུ་འཕྲུལ་ཡ་མ་ཟུང་ཐམས་ཅད་ཀྱི་མཐུན་སྣང་དུ་སྟོན་ནུས་པ་ཀཿཐོག་པ་༧རིག་འཛིན་ཚེ་དབང་ནོར་བུ་རྡོ་རྗེ་སེམས་དཔའ་རྩལ་ལ། གསུང་རྡོ་རྗེ་འོད་དཔག་མེད་མགོན་ཉིད་རྡོ་རྗེ་སློབ་དཔོན་གྱི་སྐུར་བཞེངས་པ་འཆི་མེད་པདྨ་སཾ་བྷ་ཝའི་ཡེ་ཤེས་ཀྱི་སྐུས་ཟབ་མོ་དག་སྣང་གི་ལམ་ནས་སྨིན་གྲོལ་གྱི་གདམས་པ་བསྩལ་པ་དང་། ཡང་ཟབ་དགོངས་པའི་གཏེར་མཛོད་ལས་ཕྱུང་པ་སྟེ། ས་གཏེར། དག་སྣང་། དགོངས་གཏེར་གསུམ་གྱི་ཆུ་བོ་གཅིག་དྲིལ་དུ་བབས་པ་འདི་ཉིད་ཀྱི་སྒོ་ནས་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་བསྒྲུབ་པར་བགྱི་བ་ལ་སོགས་མཎྜལ་འབུལ། བླ་མ་ཚེ་སྦྱིན་སྒྲོལ་མ་དཀར་མོའི་ངོ་བོར་བཞུགས་པ་ལ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བདག་འཇུག་བཞིན། ཨེ་མ་བླ་མ་སོགས། རྒྱུད་དག་པར་བྱ་བའི་སླད་དུ་བླ་མ་དང་དབྱེར་མེད་པའི་འཁོར་ལོའི་བདག་མོ་ལ་ཚོགས་ཀྱི་ཞིང་མཆོག་རྒྱ་མཚོས་བསྐོར་བའི་སྤྱན་སྔར། ལམ་ལོག་པ་ལས་སྐྱབས་སུ་འགྲོ་བ་དང་། ལམ་དམན་པ་ལས་ཁྱད་པར་དུ་འཕགས་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། ལམ་གྱི་མངོན་རྟོགས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བའི་མཐུན་རྐྱེན་ཚོགས་གསག་རྣམས་རྡོ་རྗེ་ཐེག་པའི་མན་ངག་ལས་འབྱུང་བའི་སྒོམ་དོན་གསལ་བཏབ་ནས་འདིའི་རྗེས་ཟློས། ན་མོ་ཧཱུྃ། སྐྱབས་གནས་སོགས་སྒྲུབ་ཐབས་བཞིན་ལན་གསུམ། རྒྱུད་སྡོམ་ལྡན་དུ་བསྒྲུབ་པའི་སླད་སྤྱི་དང་ཁྱད་པར་རིག་པ་འཛིན་པའི་སྡེ་སྣོད་ཀྱིས་བསྡུས་པའི་བསླབ་པ་རྣམས་ཚུལ་བཞིན་བླངས་ནས་བསྲུང་སྙམ་པས་འདིའི་རྗེས་ཟློས། བླ་མ་ལྷ་ཡི་སྤྱན་སྔ་རུ། །བདག་གིས་དེང་གཟུང་བྱང་ཆུབ་བར། །རིག་འཛིན་ནང་གི་སྡོམ་པའི་ཚོགས། །མ་ལུས་ཡོངས་སུ་གཟུང་བར་བགྱི། །སླར་ཡང་དཀྱིལ་འཁོར་དུ་འཇུག་ཅིང་ཁྱད་པར་གྱི་དོན་ཞུ་བའི་ཕྱིར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སློབ་དཔོན་དགོངས་སུ་གསོལ། བདག་ཅག་གི་ལུས་ངག་སོགས། དབང་གི་རྩ་བ་ཡེ་ཤེས་ཀྱི་བྱིན་དབབ་པ་ནི། སྣོད་བཅུད་ཐ་མལ་པ་ལ་བྱིན་རླབས་མི་འཇུག་པས། སྣོད་བཅུད་ལྷའི་ཞིང་དང་སྐུ་འདི་ལྟར་དུ་གསལ་ཐོབས་ཤིག །ལས་ཆུས་བསང་། ཨོཾ་མ་ཧཱ་ཤཱུནྱ་ཏཱས་སྟོང་པར་སྦྱང་། ཆོས་ཀུན་སྤྲོས་བྲལ་སོགས་སྒྲུབ་ཐབས་ལྟར་ལ། བདེ་བ་ཅན་གྱི་དབུས། །དེ་ནས་རང་མདུན་ཞེས་པའི་ཚིག་རྐང་གཉིས་པོ་དོར་ནས། དེའི་མལ་དུ། པད་དཀར་འདབ་སྟོང་རྒྱ་གྲམ་ཟླ་དཀྱིལ་ལ། །རྒྱུ་ཡི་ས་བོན་སོགས་སྦྲེལ། ཧཱུྃ་མཐིང་གསུམ་གྱིས་མཚན། །བར་དང་། དེ་ལྟར་གསལ་བཏབ་པའི་སློབ་མའི་གནས་གསུམ་དང་སོགས་ཀྱིས་བྱིན་དབབ། སླར་ཡང་སློབ་དཔོན་དང་མདུན་གྱི་བཅོམ་ལྡན་འདས་མ་ལ་མོས་གུས་བྱས་པའི་རྐྱེན་གྱིས་བླ་མ་ལྷའི་ཐུགས་ཀ་དང་སྐུའི་ཆ་རྣམས་ནས་འོད་ཟེར་འཕྲོས། འཁོར་འདས་བརྟན་གཡོའི་དྭངས་བཅུད་དང་། ཁྱད་པར་དག་པའི་ཞིང་རབ་འབྱམས་ན་བཞུགས་པའི་འཕགས་མ་མཁའ་འགྲོ་མའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཀྱི་དབྱིག་འོད་ཟེར་ཐིག་ལེ་གྲུབ་པའི་རྫས་ཀྱི་རྣམ་པར་བྱོན། རྒྱ་མཚོ་ཆེན་པོ་ལ་ཆར་བབས་པ་བཞིན་སློབ་མའི་སྙིང་གར་ཐིམ་པས་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་པའི་ངེས་ཤེས་སྐྱེད་ཅིག །མདའ་དར་གཡབ་ཅིང་། གོང་གི་འདོད་གསོལ། བརྩེ་ལྡན་ལྷ་མོ་ཚེ་དབང་མྱུར་སྩོལ་མ། །སོགས་ཤློ་ཀ་གཅིག་པོ་དེ་ལན་གསུམ་དང་། སྙིང་པོ་ཚེ་ཤམ་ཅན་མ་མ་དོར་བ་ཅུང་ཟད་བཟླ། དེ་ལྟར་ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་སྒོ་གསུམ་ལ་རབ་ཏུ་གནས་ཤིང་བརྟན་པར་གྱུར་པར་མོས། ཨོཾ་སུ་པྲ་སོགས། དབང་དངོས་ལ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བདག་ཉིད་ཅན་དུ་བསྒྲུབ་པ་ལས། དང་པོ་སྐུ་བུམ་པའི་དབང་བསྐུར་བ་ནི། སློབ་དཔོན་གྱི་ཐུགས་ཀའི་སོགས། སྤྱན་དྲངས་པ་ལ་མཆོད་པའི་དངོས་པོ་རྣམས་ཀྱིས་མཆོད་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། རྡོ་རྗེའི་སློབ་མ་ལ་དབང་བསྐུར་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་ལྷ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བྱང་ཆུབ་སེམས་ཀྱི་རྒྱུན་འཆི་མེད་ཀྱི་བདུད་རྩིས་བཀང་བས། སློབ་མའི་སྤྱི་མགྲིན་སྙིང་ལྟེ་གསང་གནས་རྣམས་སུ་དབང་བསྐུར་བས་སྒྲིབ་པ་ལྔ་དག །ཡེ་ཤེས་ལྔ་མངོན་དུ་བྱས། འཆི་མེད་རྡོ་རྗེའི་ལུས་འགྲུབ་པའི་ནུས་པ་རྒྱུད་ལ་བཞག་པར་མོས། ཨོཾ། བུམ་པ་བཟང་པོ་སོགས་དང་། དེ་ལྟར་བུམ་པ་གནས་ལྔར་སོགས། ངེས་པ་བསྐྱེད་མཛོད། གཉིས་པ་གསུང་བཟླས་པ་སྔགས་ཀྱི་ལུང་གིས་དབང་བསྐུར་བ་ནི། སློབ་དཔོན་དཀྱིལ་འཁོར་གྱི་ལྷ་དང་སློབ་མའི་སྙིང་གར་པད་དཀར་འདབ་བརྒྱད་ཅུང་ཟད་ཁ་ཟུམ་པའི་དབུས་སུ་ཟླ་བའི་སྟེང་དུ་འཁོར་ལོ་དཀར་པོ་རྩིབས་བརྒྱད་ཀྱི་ལྟེ་བར་ཟླ་གདན་ལ་ཏཱཾཿཡིག་དཀར་པོ་རིང་ཆ་ཚེགས་དྲག་དང་བཅས་པ། རྩིབས་བརྒྱད་ལ་མདུན་ནས། ཏཱ་རེ་ཏུཏ་ཏཱ་རེ་ཏུ་རེ་སྭཱའི་ཡིག་འབྲུ་བརྒྱད། ཕྱིའི་མུ་ཁྱུད་ལ། ཨོཾ་མ་མ་ཨཱ་ཡུརྫྙཱ་ན་པུཎྱེ་པུཥྚིཾ་ཀུ་རུ་ཧཱས་བསྐོར་བར་གསལ་གདབ། སློབ་མ་རྣམས་ཀྱིས་ལྷ་དང་སློབ་དཔོན་ལ་མོས་གུས་བྱས་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་སོགས། ཐིམ་པས་ནད་གདོན་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི། ཚེ་དཔལ་བསོད་ནམས་སྤེལ། འཁོར་འདས་བརྟན་གཡོའི་སྣང་བ་དབང་དུ་བསྡུས། གཉེན་པོས་མི་གཞིག་པའི་རྡོ་རྗེའི་སྐུ་ཐོབ། སྔགས་ཀྱི་གདངས་ལས་གྲུབ་པའི་སྲུང་བའི་གུར་དུ་ཆུད་པའི་དམིགས་པ་དང་བཅས་ཕྱག་གཡོན་མཐེབ་གུང་སྤྲད་པས་ཕྲེང་བ་བཟུང་ནས་འདིའི་རྗེས་ཟློས། རྩ་སྔགས་ཡིག་བཅུ་དང་། ཤམ་ཅན་སོ་སོར་ལན་བདུན་རེ། དབྱངས་གསལ་དང་རྟེན་སྙིང་ལན་གསུམ་རེ། སླར་སྔགས་ཀྱི་ནུས་པ་བརྟན་པའི་ཕྱིར་ཕྲེང་བ་གསང་སྔགས་རྡོ་རྗེའི་ལུ་གུ་རྒྱུད་འོད་དང་རང་སྒྲ་ཀུན་ཏུ་འཕྲོ་བ་མགྲིན་པར་བཞག་པས། གསུང་གི་ཕྲིན་ལས་ལ་དབང་བའི་ནུས་པ་ཐོབ་པར་མོས། ཨཱཿ འགག་མེད་ཚངས་པའི་སོགས། ངེས་པ་སྐྱེད་མཛོད། གསུམ་པ་ཐུགས་ཀྱི་ཡེ་ཤེས་རྒྱུད་ལ་འཇུག་པའི་དབང་བསྐུར་བ་ནི། སློབ་དཔོན་གྱི་སོགས། ངེས་པ་སྐྱེད་མཛོད། བཞི་པ་དེ་ཁོ་ན་ཉིད་ཚིག་གིས་ངོ་སྤྲད་པ་ནི། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་མདུན་བསྐྱེད་འཕགས་མར་སོགས། མཉམ་པར་འཇོག་མཛོད། ཨ་ཨ་ཨཿ ཞེས་དར་ཅིག་ཉམས་བསྐྱང་དུ་གཞུག །དེས་ནི་དེ་ཁོ་ན་ཉིད་སོགས། ངེས་པ་སྐྱེད་མཛོད། ལྔ་པ་ཡོངས་རྫོགས་ཡེ་ཤེས་རྡོ་རྗེ་གཏོར་མའི་དབང་བསྐུར་བ་ནི། གཏོར་སྣོད་ཐར་པ་ཆེན་པོ་བདེ་བ་ཅན་གྱི་ཞིང་གི་བཀོད་པ་རྫོགས་པའི་དབུས་སུ་གཏོར་མ་རྗེ་བཙུན་མ་སྒྲོལ་མ་དཀར་མོ་ལ་རྩ་གསུམ་རྒྱལ་བ་སྲས་བཅས་ཀྱི་འཁོར་གྱིས་བསྐོར་བ། སློབ་མའི་གནས་གསུམ་དུ་སོགས་ནས། ཨོཾ་ཨཱཿཧཱུྃ་ཧོཿ བརྒྱུད་པའི་གསོལ་འདེབས་ནི། ཨོཾ་ཨཱཿཧཱུྃ། གསུང་གི་རྡོ་རྗེ་པདྨ་ཚེ་དཔག་མེད། །འཆི་མེད་མཆོག་སྦྱིན་འཕགས་མ་སྒྲོལ་མ་ཡུམ། །བི་མ་ལ་དང་ཉང་བན་ཏིང་འཛིན་བཟང་། །ཆོས་ཀྱི་བདག་པོ་གར་དབང་ཞིག་པོ་གླིང་། །པདྨ་རྒྱལ་མཚན་པདྨ་མ་ཏིའི་མཚན། ཁྱབ་བརྡལ་ལྷུན་གྲུབ་ཀུན་བཟང་རྣམ་པར་རྒྱལ། །བཀའ་བབས་སྐྱེས་མཆོག་ཚེ་དབང་ནོར་བུའི་སྡེ། །ཚེ་དབང་དཔལ་དང་གཙུག་ལག་ཆོས་ཀྱི་རྒྱལ། །གསང་སྔགས་མགོན་དང་བཀའ་ཡི་སྡུད་པ་པོ། །འཇམ་མགོན་བླ་མ་པདྨ་གར་དབང་ཞབས། །རིམ་བྱོན་རྩ་བརྒྱུད་དཔལ་ལྡན་བླ་མ་ལ། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་མཆོག་ཐུན་དངོས་གྲུབ་དང་། ཁྱད་པར་འཆི་མེད་ཚེ་དབང་བསྩལ་དུ་གསོལ། །ཞེས་བརྗོད་ཅིང་། སླར་ཡང་གཏོར་མ་མགོ་བོར་བཞག །དེས་ནི་དབང་བཞི་སོགས། ཅུང་ཟད་རེ་མྱང་བས་བདེ་ཆེན་མཆོག་གི་དངོས་གྲུབ་ཐོབ་པར་མོས། མཐའ་རྟེན་དངོས་གྲུབ་རྫས་ཀྱིས་ཞལ་བསྲོ་བ་དང་། རྒྱས་གདབ་མངའ་དབུལ་བཅས་འབྱུང་བ་ལས། དང་པོ་དངོས་གྲུབ་རྫས་ཀྱིས་ཞལ་བསྲོ་བ་ནི། སྲིད་ཞིའི་ཚེ་དཔལ་གྱི་དྭངས་མ་དང་། འཕགས་མའི་བྱིན་རླབས་ཀྱི་བཅུད་འདུས་པའི་ཐབས་ཀྱི་ཚེ་རྫས་རིལ་བུ་དང་། ཤེས་རབ་ཀྱི་ཚེ་རྫས་བདུད་རྩི་ལ་ལོངས་སྤྱད་པས་གྲུབ་པ་གཉིས་དང་། ཁྱད་པར་ནམ་མཁའ་ལྟ་བུའི་ཚེ། གཡུང་དྲུང་ལྟ་བུའི་ལུས། རྡོ་རྗེ་ལྟ་བུའི་སྲོག །ཉི་ཟླ་ལྟ་བུའི་དཔལ་ཐོབ་པར་མོས། ཨོཾ། བཀྲ་ཤིས་ཚེ་རྟེན་རིལ་བུ་དང་། །སྙིང་པོ་བསྡུས་པའི་བཅུད་འདིར་རོལ། །འགྱུར་མེད་གཞོམ་གཞིག་བྲལ་བའི་ལུས། །ཐོབ་ནས་དོན་གཉིས་ལྷུན་གྲུབ་ཤོག །ཅེས་དང་། སྙིང་པོ་ཚེ་ཤམ་ཅན་བཟླ་ཞིང་རིལ་ཆང་སྦྱིན། གཉིས་པ་ཚེའི་དངོས་གྲུབ་མི་འགྱུར་བར་རྒྱས་གདབ་པ་ནི། འཕགས་མའི་ཡོན་ཏན་ཕྲིན་ལས་ཀྱི་སྣང་ཆ་ལས་ཤར་བའི་མདའ་དར་བུའི་གནས་ལྔར་རྒྱ་གྲམ་དུ་བཀོད་པས། ཕྱག་མཚན་དང་སྔགས་ཀྱི་འཁོར་ལོར་གྱུར་པ་ལས་འཕྲོས་པའི་རྡུལ་གྱིས་ལུས་གཡོགས་པས་ཉེར་འཚེས་མི་འཇིགས་པའི་སྲུང་བ་ཆེན་པོར་གྱུར་པའི་མོས་པ་དང་། གདོད་ནས་སྐྱེ་འཆིའི་མཚན་མ་མ་དམིགས་པའི་འོད་གསལ་གཉུག་མ་འཆི་བ་མེད་པའི་གནས་ལུགས་ཀྱི་རང་ངོ་ལ་མཉམ་པར་འཇོག་མཛོད། ཨོཾ། འཆི་མེད་དངོས་གྲུབ་མཆོག་སྩོལ་མའི། །ཡེ་ཤེས་ལྔ་ཡི་ཕྱག་རྒྱ་ཡིས། །སློབ་མའི་གནས་ལྔར་རྒྱས་བཏབ་པས། །མི་འགྱུར་བརྟན་པའི་བཀྲ་ཤིས་ཤོག །ཡིག་བཅུ་དང་དབྱངས་གསལ་རྟེན་སྙིང་བརྗོད་བཞིན་མདའ་དར་གནས་ལྔར་རྒྱ་གྲམ་དུ་རེག་ཅིང་མེ་ཏོག་འཐོར། གསུམ་པ་དགེ་ལེགས་བྱེད་པའི་རྫས་རྒྱལ་སྲིད་བདུན་དང་། བཀྲ་ཤིས་པའི་རྫས་བརྒྱད་ཀྱིས་མངའ་དབུལ་བས་ཆོས་ཀྱི་རྒྱལ་སྲིད་ལ་དབང་འབྱོར་ཞིང་། འཇིག་རྟེན་ཀུན་ཏུ་དགེ་ལེགས་ཀྱི་དངོས་པོ་གསུམ་དང་ལྡན་པ་དམ་པའི་ཆོས་སྙན་ནུབ་མེད་སྒྲོག་པའི་བཀྲ་ཤིས་ཀྱི་དཔལ་ལ་རྟག་ཏུ་སྤྱོད་པའི་དབང་དང་ལྡན་པར་གྱུར་ཅིག །ཚིགས་བཅད་ཇི་ལྟར་འོས་པས་སྣ་བདུན་དང་རྫས་བརྒྱད་སྦྱིན། དེ་རྣམས་ཀྱི་སྒོ་ནས་ས་གཏེར་དག་སྣང་དགོངས་གཏེར་ཟུང་འཇུག་སྒྲོལ་དཀར་ཡིད་བཞིན་ཟླ་བ་ཚེ་སྦྱིན་མའི་དབང་བསྐུར་ཟབ་མོ་ལེགས་པར་ཕུལ་གྲུབ་པ་ལགས་པས། དམ་ཚིག་གི་རིམ་པ་གསང་བ་གཉན་པོའི་གཞུང་བཞིན་དུ་སྲུང་སྡོམ་བགྱིད་པའི་གཡར་དམ་ཁས་བླང་བ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་ལྟར་དང་། ཆོ་གའི་རྗེས་མཆོད་བསྟོད་ནོངས་བཤགས་བརྟན་བཞུགས་རྣམས་སྤྱི་ལྟར་སྦྱོར། སྒྲུབ་ཐབས་ལྟར་རྫོགས་རིམ་བསྡུ་ལྡང་། བསྔོ་སྨོན་དང་བཀྲ་ཤིས་ཀྱི་རིམ་པ་རྒྱ་ཆེར་སྤེལ་བས་གྲུབ་བོ།། །། ༈ བདུད་འདུལ་རྡོ་རྗེའི་དམ་ཆོས་སྤྲུལ་སྐུའི་སྙིང་ཐིག་གི་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་གི་ཆོ་ག་བདུད་རྩིའི་ཟིལ་ཐིགས་ལྟར་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་སོ།། །། ༈ ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་དག་སྣང་རྩ་གསུམ་རིག་འཛིན་སྲོག་སྒྲུབ་ཀྱི་ཡུམ་བཀའི་རྩ་བ་ཡན་ལག་མཐའ་རྟེན་དབང་གསུམ་ཁྲིད་བཅས་གོང་དུ་ཡབ་བཀའི་སྐབས་སུ་སོང་ངོ་།། །། ༈ སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེའི་ཐུགས་ཆེན་བདེ་གཤེགས་ཀུན་འདུས་ཀྱི་ཡུམ་བཀའ་གསང་བ་ཡེ་ཤེས་ཀྱི་དབང་ལ། དབང་སྒྲུབ་བསྐུར་གཏེར་གཞུང་དང་དཀྱིལ་འཁོར་གྱི་ཆོ་གའི་ལྷན་ཐབས་མཁའ་སྤྱོད་ལམ་བཟང་གཉིས་གུང་སྤྲོད་ལ་༼ཡ༽ཐུགས་ཆེན་བདེ་གཤེགས་ཀུན་འདུས་ཀྱི་ཆོག་ཁྲིགས་ཀྱིས་ཁ་བསྐངས་ནས་ཚོགས་ཐ་མའི་བར་གཏང་། སྤྲོ་ན་བདག་འཇུག་བླང་བའམ། བསྡུ་ན་རིག་མེ་དོར་ལ་གནང་བ་ནོད། སློབ་མ་རྣམས་འབྲུའམ་ཚོན་གྱིས་དགའ་འཁྱིལ་བྲིས་པའི་གདན་ལ་འཁོད་བཅུག་ལ། བགེགས་གཏོར་བྱིན་རླབས་ནས་བགེགས་བསྐྲད་བར་དབང་ཆོག་བཞིན་བྱ། མེ་ཏོག་བཀྱེ་བསྡུ་ཟིན་ནས། འོ། ནམ་མཁས་གར་ཁྱབ་ཀྱི་ཕ་མར་གྱུར་པའི་སེམས་ཅན་ཐམས་ཅད་ཆོས་དབྱིངས་ཀུན་ཏུ་བཟང་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་རྡོ་རྗེ་བཙུན་མོ་གསང་བ་ཡེ་ཤེས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་བླ་མ་རྗེ་བཙུན་མའི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བ་ཟབ་མོ་ཚུལ་བཞིན་ནོད་དེ། རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་ནས་ཚེ་འདིར་མཆོག་གི་དངོས་གྲུབ་ཐོབ་པར་བགྱིའོ་སྙམ་པའི་ཀུན་སློང་རྒྱ་ཆེན་པོ་བྱང་ཆུབ་སྤྱོད་པའི་རྣམ་པར་གསལ་བཏབ་ནས་གསན་འཚལ། དེ་ལ་འདིར་སྐབས་སུ་བབས་པ་ཟབ་ལམ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ཡུམ་བཀའ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྒྲུབ་པའི་ཐབས་དང་འབྲེལ་བའི་དབང་བསྐུར་བ་ཡིན་ཏེ། དེའི་ལོ་རྒྱུས་ཅུང་ཟད་བསྙད་ན། ཆོས་ཀྱི་དབྱིངས་མཐའ་དབུས་མེད་པ་རང་སྣང་མཉམ་ཡངས་ཁྱབ་བརྡལ་གྱི་ཞིང་ཁམས་ན་ཡེ་ནས་སངས་རྒྱས་པ་ཐོག་མའི་མགོན་པོ་ཆོས་སྐུ་འོད་དཔག་མེད་པ་ཉིད། གཞན་སྣང་ཐུགས་རྗེའི་རང་འོད་ཕྱིར་གསལ་ལྷུན་གྲུབ་ལོངས་སྐུའི་ཞིང་ཁམས་ཡོན་ཏན་དཔག་ཏུ་མེད་པའི་སྟོན་པ་ཚེ་འོད་སྣང་བ་མཐའ་ཡས་ཀྱི་སྐུར་བཞེངས་ཏེ། ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་དབྱིངས་སུ་དུས་བཞི་མཉམ་པ་ཉིད་དུ་བཞུགས་ཤིང་། འགྲོ་འདུལ་ཐུགས་རྗེའི་རྣམ་རོལ་ཚད་མེད་པའི་ཕྲིན་ལས་ཀྱི་རང་རྩལ་དམིགས་པ་མེད་པའི་རྒྱུན་འཁོར་བ་ཇི་སྲིད་པ་དེ་སྲིད་དུ་སྟོན་པ་ལས། ནུབ་ཕྱོགས་པདྨ་བདེ་བ་ཅན་དུ་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེའི་རྣམ་རོལ་གཅིག་ཏུ་བསྡུས་ཤིང་། རྣམ་པ་གསུང་རྡོ་རྗེ་མགོན་པོ་འོད་སྣང་མཐའ་ཡས་ཀྱི་སྐུར་བཞེངས་ཏེ། ནམ་མཁའི་མཐའ་ཀླས་པའི་འགྲོ་བ་ཐམས་ཅད་ཐར་པ་དང་ཐམས་ཅད་མཁྱེན་པའི་ས་ལ་འགོད་པའི་ཕྲིན་ལས་རྒྱ་མཚོ་དུས་གཅིག་ཏུ་སྟོན་པ་ལས། འོ་སྐོལ་ཁ་བ་ཅན་གྱི་ལྗོངས་སུ་འཁོད་པའི་འགྲོ་བ་ཕོ་རྣམས་འདུལ་བའི་དོན་དུ་སྤྱན་རས་གཟིགས་དང༔ མོ་རྣམས་སོགས་གཏེར་གཞུང་གི་ལོ་རྒྱུས་བཞིན། ཕྱི་རབས་ཀྱི་དོན་དུ་གཏེར་དུ་སྦས་པ་ཉིད་ཀྱིས་འདུལ་བའི་ཕྲིན་ལས་དུས་སུ་སོན་པ་ན། ཤ་འུག་ལྟག་སྒོའི་གནས་རང་བྱུང་རྡོ་རྗེ་ཕག་མོའི་སྐུའི་རྣམ་པར་བཞུགས་པའི་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ནས། རྣམ་སྣང་ལོ་ཙཱ་བ་ཆེན་པོའི་ཐུགས་སྤྲུལ་༧ཨོ་རྒྱན་གཏེར་བདག་གླིང་པའམ་པདྨ་གར་དབང་འགྱུར་མེད་རྡོ་རྗེ་རྩལ་གྱིས་སྐལ་ལྡན་གྱི་སྐྱེ་བོ་དུ་མའི་མཐོང་ལམ་དུ་ཟབ་གཏེར་གྱི་རྒྱ་བཀྲོལ་ཏེ། ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ཆོས་བཀའ་རྗེས་འབྲེལ་དང་བཅས་པ་སྤྱན་འདྲེན་པར་མཛད་པའི་ནང་ཚན། ཡུམ་བཀའ་གསང་བ་ཡེ་ཤེས་ཀྱི་ཆོས་སྐོར་འདི་རྣམས་ཟབ་ཅིང་ཤིན་ཏུ་གཉན་པའི་དབང་གིས་མི་ལོ་བཅུ་ཕྲག་གསུམ་ལ་བཞིས་ལྷག་པའི་བར་ཤིན་ཏུ་གསང་ཞིང་སྦ་བར་མཛད་དེ། མཐར་རྩ་བའི་ཆོས་བདག་དབང་ཆེན་རྟ་མཆོག་རོལ་པའི་སྒྱུ་འཕྲུལ་གྱི་རྣམ་རོལ་རིགས་ཀྱི་སྲས་མཆོག་པདྨ་དགྱེས་པ་འགྱུར་མེད་རྒྱ་མཚོ་མི་ཕམ་རྣམ་རྒྱལ་རྡོ་རྗེ་འབུམ་ལ་བཀའ་བབས་གཉེར་དུ་གཏད་དེ་བསྩལ་པ་ནས་བཟུང་། ད་ལྟའི་བར་དུ་གནམ་ལ་རིག་འཛིན་བརྒྱུད་པའི་གྲལ་མ་ཞིག །ས་ལ་དཀྱིལ་འཁོར་གྱི་མདངས་མ་ཉམས། བར་དུ་སྒྲུབ་རྫས་ཀྱི་བྱིན་མ་ཡལ། རྗེས་འཇུག་སྒྲུབ་པ་པོ་ལ་རྡོ་རྗེའི་ཡེ་ཤེས་མངོན་སུམ་དུ་འབེབ་ནུས་པའི་དཀྱིལ་འཁོར་གཉན་པོར་དབང་བསྐུར་བ་ལ། བདག་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་སྔོན་དུ་སོང་གྲུབ། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། དཀྱིལ་འཁོར་དུ་འཇུག་པའི་ཆོས་དང་། ཞུགས་ནས་མངོན་པར་དབང་བསྐུར་བའི་རིམ་པ་གཉིས་སུ་འབྱུང་བ་ལས། ཐོག་མར་བླ་མ་དང་དཀྱིལ་འཁོར་གྱི་དབང་ཕྱུག་ཐ་མི་དད་པ་ལ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ། བླ་མ་དང་དཀྱིལ་འཁོར་གྱི་དབང་མོ་ཐ་མི་དད་པའི་སྤྱན་སྔར་སྒོ་གསུམ་གུས་པས་བཏུད་པའི་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། མགོན་པོ་སངས་རྒྱས་སོགས། དེ་ལྟར་གསོལ་བ་འདེབས་པ་པོའི་རིགས་བརྟག་པའི་ཕྱིར་འདོད་དོན་དྲི་བ་ནི། བུ་ཁྱོད་དཀྱིལ་འཁོར་འདིར་འཇུག་པའི༔ འདོད་པའི་འབྲས་བུ་ཅི་ལ་དགའ༔ ཞེས་དྲིས་པའི་ལན་དུ། གནས་སྐབས་ཀྱི་བདེ་བ་ཉི་ཚེ་ཙམ་དོན་དུ་མི་གཉེར་བར། བླ་ན་མེད་པའི་བདེ་བ་དམ་པ་དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱིས་དགྱེས་རྒུར་སྤྱོད་པའི་གནས་དེ་ཉིད་འདོད་པའི་བློས་འདི་སྐད་གསུང་བར་ཞུ། བདག་ནི་སྐལ་བཟང་བདེ་བ་ཆེ༔ རབ་དགྱེས་དཔལ་ལ་བདག་དགའ་འོ༔ ལན་གཅིག །རྒྱུད་མ་དག་པ་ལ་གསང་བ་ཟབ་མོའི་དབང་བསྐུར་བའི་སྣོད་མ་ཡིན་པས། དེའི་ཕྱིར་མདུན་གྱི་ནམ་མཁར་བླ་མ་དང་དཀྱིལ་འཁོར་གྱི་དབང་མོ་གཉིས་སུ་མེད་པ་ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས། རྡོ་རྗེ་ཐེག་པའི་དཀོན་མཆོག་རྩ་གསུམ་སྲུང་མར་བཅས་པ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར། དུས་འདི་ནས་གཟུང་སྟེ་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་ཐུགས་འདུན་བཅས་འདིའི་རྗེས་ཟློས། ན་མོ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ བླ་མ་སངས་རྒྱས་དམ་པའི་ཆོས༔ ཚོགས་མཆོག་བདེ་གཤེགས་དཀྱིལ་འཁོར་ལྷ༔ མཁའ་འགྲོར་བཅས་ལ་སྐྱབས་སུ་མཆི༔ ལན་གསུམ། མཁའ་མཉམ་གྱི་མ་རྣམས་སྲིད་པའི་མཚོ་ལས་བསྒྲལ་ཏེ་བླ་ན་མེད་པའི་ས་ལ་འགོད་པར་བྱ་བའི་ཕྱིར་དབང་བསྐུར་ནོད་དེ། ལམ་རིམ་པ་གཉིས་བསྒོམ་པར་བགྱིའོ་སྙམ་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། བརྒལ་དཀའ་སྲིད་པའི་རྒྱ་མཚོ་ལས༔ མཁའ་མཉམ་འགྲོ་རྣམས་བསྒྲལ་བའི་ཕྱིར༔ བླ་མེད་རྫོགས་པའི་བྱང་ཆུབ་སེམས༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ ལན་གསུམ། དབང་གི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་ཕྱིར་ཚོགས་གསག་པའི་སླད་དུ་ཞིང་མཆོག་དེ་རྣམས་ཀྱི་སྤྱན་སྔར་ཡན་ལག་བདུན་པའི་ཏིང་འཛིན་གསལ་འདེབས་བཞིན་པས་འདིའི་རྗེས་ཟློས། སྲས་བཅས་རྒྱལ་བ་འཁོར་བཅས་ལ༔ གུས་པས་བཏུད་དེ་ཕྱག་འཚལ་ལོ༔ ཕྱི་ནང་གསང་བ་བླ་མེད་པའི༔ མཆོད་པ་ཀུན་གྱིས་ཡང་དག་མཆོད༔ ཚེ་རབས་ཐོག་མེད་ནས་བྱས་པའི༔ སྡིག་པའི་ལས་རྣམས་མཐོལ་ཞིང་བཤགས༔ སེམས་ཅན་ཀུན་ལ་ཕན་མཛད་པའི༔ དགེ་བ་ཀུན་ལ་ཡི་རང་ངོ༔ སངས་རྒྱས་མྱ་ངན་འདའ་བཞེད་གང༔ བསྐལ་པ་རྒྱ་མཚོར་བཞུགས་སུ་གསོལ༔ གདུལ་བྱའི་བསམ་པ་ཇི་བཞིན་དུ༔ ཆོས་ཀྱི་འཁོར་ལོ་བསྐོར་བར་སྐུལ༔ བསོད་ནམས་གང་ཞིག་བགྱིས་པ་རྣམས༔ ཐམས་ཅད་བྱང་ཆུབ་ཆེན་པོར་བསྔོ༔ ལན་གསུམ། དབང་གི་ཡེ་ཤེས་རྒྱུད་ལ་གནས་པའི་ཕྱིར་རིག་འཛིན་སྔགས་ཀྱི་སྡོམ་པ་བླངས་ནས་ཚུལ་བཞིན་བསྲུང་སྡོམ་བགྱིའོ་སྙམ་པས་འདིའི་རྗེས་ཟློས། བདེ་གཤེགས་རྒྱལ་བ་འཁོར་དང་བཅས༔ བརྩེ་བས་བདག་ལ་དགོངས་སུ་གསོལ༔ བདག་གིས་འདི་གཟུང་བྱང་ཆུབ་བར༔ བདེ་གཤེགས་རིགས་ལྔའི་སྡོམ་པ་དང༔ ཤེས་དང་མི་སྤང་སྤྱད་བྱ་དང༔ དང་དུ་བླང་དང་བསྒྲུབ་བྱ་དང་། ཉི་ཤུ་བརྒྱད་དང་ཁྱད་པར་དུ༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་བའི༔ སྡོམ་པ་མ་ལུས་ཡོངས་བཟུང་སྟེ༔ སྲོག་གི་ཕྱིར་ཡང་མི་གཏོང་ངོ༔ ལན་གསུམ། དབང་གི་ཆོ་ག་སྒྲུབ་པ་ལ་བར་ཆད་མི་འབྱུང་བར་སྲུང་བའི་དོན་དུ། སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་སྤྱི་བོར་བཞག་པའི་ཚེ་དེ་ལས་སྤྲོས་པའི་རྡོ་རྗེའི་རྡུལ་གྱིས་ལུས་གཡོགས་པའི་ཕྱི་རོལ་དུ་རབ་ཏུ་བརྟན་ཅིང་སྲུང་བའི་གུར་ཁང་འཁྲིགས་པས་བར་ཆད་ཀྱི་མཚན་མ་གང་གིས་ཀྱང་གླགས་མི་རྙེད་པར་བསྲུང་བར་མོས། ཨོཾ་བཛྲ་ས་མ་ཡ་རཀྵ་ཧཱུྃ། བདུད་རྩི་ཆེན་པོ་དང་སྦྱར་བའི་ཨ་མྲྀཏ་མྱངས་པས་ནང་གི་སྒོ་གསུམ་གྱི་དྲི་མ་བཅོམ་ནས་ཏིང་ངེ་འཛིན་ལས་སུ་རུང་བའི་ནུས་པ་དང་ལྡན་པར་བྱིན་གྱིས་བརླབས་པར་མོས། ཨོཾ་ཨཱཿཧཱུྃ་བཛྲ་ཨ་མྲྀཏ་ས་མ་ཡ་ཧཱུྃ༔ དབང་གི་གཞི་དགོད་ཅིང་ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་རྣམས་ལུས་ཀྱི་ཆ་རྣམས་བསྲངས། ལག་པའི་གྲུ་མོ་དང་རྐང་པའི་པུས་མོ་ཕྱིར་བསྐྱེད་ཅིང་ཉྭ་བཞི་རྣམས་བསྒྲིམ། མཐིལ་བཞི་ཐལ་མོ་སྦྱར་བ་རྡོ་རྗེ་རྩེ་གསུམ་པའི་འདུག་སྟངས་བྱ། ངག་གནད་རླུང་ཁ་སྦྱོར་དུ་ཆིངས། ཡིད་མ་ཡེངས་པར་དམིགས་པ་འདི་ལྟར་སྒོམས་ཤིག །སློབ་དཔོན་གྱི་ཐུགས་ཀ་ནས་སོགས། རྡོ་རྗེ་རྣལ་འབྱོར་མའི་སྐུར་བསྐྱེད་པ་ནི། སྣོད་ཀྱི་འཇིག་རྟེན་ཆོས་འབྱུང་གྲུ་གསུམ་པའི་གཞལ་ཡས་ཁང་གི་དབུས་སུ་པདྨ་དམར་པོ་དང་བམ་རོ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། སེམས་ཉིད་ཧྲཱིཿདམར་པོ་ཉི་མ་ལྟར་འབར་བ། དེ་ལས་ཁྱེད་རང་རྣམས་རྡོ་རྗེ་མཁའ་འགྲོ་མ་སྐུ་མདོག་དམར་མོ་སོགས་སྒྲུབ་ཐབས་བཞིན། མེའི་དབུས་ན་བཞུགས་པ༔ བར་དང་། དེའི་རྐང་མཐིལ་གཉིས་སུ་སོགས། སློབ་དཔོན་ལྷ་དང་བཅས་པ་དང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལྷ་མོའི་རྣམ་པས་ལྟེ་བའི་ཧྲཱིཿལ་ཐིམ༔ ཧྲཱིཿལྷ་མོའི་སྐུར་གྱུར༔ བདེ་བའི་གར་མཛད་པས་མེའི་འོད་ཀྱིས་ལུས་གང་བར་འབར༔ བྱང་སེམས་ཞུ་བའི་བདེ་བས་ཁྱབ༔ འོད་ཟེར་ལྔ་འབར་བས་ལུས་གང༔ ཆོས་འབྱུང་མི་མངོན་པ་ཙམ་དུ་འཁོར་བ་ལ་སེམས་གཏད་པས༔ བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ཉམས་འབར་བའི་རང་ངོ་ལ་མཉམ་པར་ཞོག་ཅིག །ཁྱད་པར་གྱི་སྤོས་བདུག །རོལ་མོའི་སྒྲ་དང་བཅས་པས། རྩ་སྔགས་ལ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བཏགས་པ་བཟླས་པས་བྱིན་དབབ། སྤྱི་བོར་རྡོ་རྗེ་བཞག་སྟེ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་རབ་ཏུ་བརྟན་པར་གྱུར་ཅིག །ཛྙཱ་ན་བཛྲ་ཏིཥྛ༔ ཞེས་བརྗོད། དེ་རྣམས་ཀྱིས་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། ཞུགས་ནས་མངོན་པར་དབང་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ལྷ་མོ་སྐུ་གསུང་ཐུགས་རྡོ་རྗེ༔ སྒྱུ་འཕྲུལ་རྒྱལ་པོ་ཁྱོད་ལ་འདུད༔ ཁྱོད་ཀྱི་གོ་འཕང་མཉམ་མེད་པ༔ དེ་རིང་བདག་གིས་ཐོབ་པར་མཛོད༔ ལན་གསུམ། དབང་དངོས་ལ་བུམ་གསང་ཤེར་ཡེ་བཞི་པའི་བདག་ཉིད་ཅན་གྱི་དབང་བཞི་རིམ་པར་འབྱུང་བ་ལས། དང་པོ་ལུས་སྨིན་པར་བྱེད་པ་བུམ་དབང་བསྐུར་བ་ནི། བླ་མ་དང་དཀྱིལ་འཁོར་གྱི་སོགས། ལུས་བདེ་བ་དང་ལྡན། གཟུང་བའི་ཡུལ་སྣང་དག་པ་སྣང་སྟོང་དཀྱིལ་འཁོར་གྱི་རང་བཞིན་དུ་གྱུར་པར་མོས། རྩ་སྔགས་དང་། ཀཱ་ཡ་བཛྲ་སོགས། བཅས་པ་ཐམས་ཅད་སྤྱན་དྲངས། ཕཻཾ། ཞེས་བརྗོད་པའི་སྒྲས་བསྐུལ་ཏེ་སྤྲིན་ཕུང་གཏིབས་པ་བཞིན་བྱོན་ནས་མདུན་གྱི་ནམ་མཁར་བཞུགས་པ་ལ་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་ཅིང་གསོལ་བ་འདེབས་པར་གྱུར། ཨོཾ་བཛྲ་དྷཱུ་པེ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། ཨཱ་ལོ་ཀེ །གནྡྷེ། ནཻ་བིདྱཱ། ཤབྡའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་སོགས། དཔའ་བོ་རྣལ་འབྱོར་མ་ཀུན་གྱི༔ གསང་བ་གསུམ་ལས་བྱུང་བ་ཡི༔ ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་འདིས༔ བུ་ཁྱོད་ལ་ནི་དབང་བསྐུར་རོ༔ སྙིང་པོ་དང་། བཛྲ་ཨ་བྷི་སོགས། བཛྲ་ཡ་སྭཱ་ཧཱ། རྗེས་འབྲེལ་བཟླས་པའི་ལུང་སྦྱིན་པ་ནི། ཁྱེད་རང་རྣམས་ལྷར་གསལ་བའི་ཐུགས་ཀར་ཉི་མའི་གདན་ལ་ཧྲཱིཿདམར་པོ་འོད་འབར་བ་གསལ་བཏབ། སློབ་དཔོན་ལ་གུས་འདུད་བྱས་པའི་རྐྱེན་གྱིས་ཐུགས་ཀའི་སྔགས་འཁོར་ལས་ཡིག་འབྲུ་འོད་ཟེར་གྱི་རང་བཞིན་ཅན་བྱུང་། ཞལ་ནས་ཐོན། སློབ་མའི་ཞལ་དུ་བརྒྱུད་ཉི་མའི་ལྟེ་བའི་ཧྲཱིཿམཐར་གཡོན་དུ་སྦྲུལ་འཁྱིལ་བ་ལྟར་འཁོད༔ དེ་ལས་འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས༔ སྣང་སྲིད་མཁའ་འགྲོ་མའི་དཀྱིལ་འཁོར་དུ་བསྒྱུར༔ དེ་རྣམས་ལ་མཆོད་པས་དགྱེས་ཤིང་བྱིན་གྱིས་བརླབས༔ སྔགས་ཀྱི་སྒྲ་བུང་བ་ཚང་ཞིག་པ་བཞིན་དི་རི་རི་སྒྲོག་པར་མོས་པས་འདིའི་རྗེས་ཟློས། རྩ་སྔགས་ཨོཾ་དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ༔ ལན་གསུམ། སླར་ཡང་སྣང་བ་དབང་སྡུད་ཀྱི་ཏིང་འཛིན་ནི། ཁྱེད་རང་རྣམས་ཀྱི་སྙིང་གའི་ཧྲཱིཿདང་སྔགས་ཕྲེང་ལས་འོད་ཟེར་དམར་པོ་འཕྲོས༔ ཞལ་ནས་ཐོན༔ ཁམས་གསུམ་གྱི་འགྲོ་བ་ཐམས་ཅད་དབང་དུ་སྡུས༔ བརྟན་པ་མེད་པར་བྱས༔ འོད་དམར་པོར་ཞུ་བ་རང་གི་པདྨ་ནས་ཞུགས༔ སྙིང་གའི་ཧྲཱིཿལ་ཐིམ་པར་བསམ་ཞིང་འདིའི་རྗེས་ཟློས། རྩ་སྔགས་ལ་པཱ་ཤཾ་ཀུ་རུ་ཧོ༔བཏགས་པ་ལན་གསུམ། སླར་འཁོར་གྱི་དྷཱ་ཀི་བཞི་ལ་བསྟེན་ནས་ལས་བཞིའི་དངོས་གྲུབ་བསྡུ་བ་ནི། བདག་སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐྱེད་ཀྱི་འཁོར་རིགས་བཞིའི་མཁའ་འགྲོ་རྣམས་ལ་ཕོག་པས་ཐུགས་རྒྱུད་བསྐུལ༔ དེ་རྣམས་ཀྱི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཀྱི་འོད་ཟེར་དཀར་སེར་དམར་མཐིང་བྱོན། སློབ་མའི་ཞལ་ནས་ཞུགས། ལུས་ཀྱི་ནང་གང་བས་ཞི་རྒྱས་དབང་དྲག་གི་ཕྲིན་ལས་ཐོགས་མེད་དུ་འགྲུབ་པའི་ནུས་པ་དང་ལྡན་པར་བྱས། སླར་འོད་ཟེར་ཕྱིར་འཕྲོས་པས་ལས་བཞིའི་ཕྲིན་ལས་ཡིད་བཞིན་དུ་སྒྲུབ་པར་མོས་པས་འདིའི་རྗེས་ཟློས། རྩ་སྔགས་ལ། བཛྲ་དྷཱ་ཀི་ནཱི་ཤཱནྟིཾ་ཀུ་རུ་ཧཱུྃ༔ རཏྣ་དྷཱ་ཀི་ནཱི་པུཥྚིཾ་ཀུ་རུ་ཧོ༔ པདྨ་དྷཱ་ཀི་ནཱི་པཱ་ཤཾ་ཀུ་རུ་ཛ༔ ཀརྨ་དྷཱ་ཀི་ནཱི་མཱ་ར་ཡ་ཕཊ༔ སོ་སོར་བཏགས་པ་ལན་གསུམ་རེ་བྱ། དེས་སྐུའི་སོགས། གཉིས་པ་ངག་སྨིན་པར་བྱེད་པ་གསང་བའི་དབང་བསྐུར་བ་ནི། བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོ་སོགས་ནས། ཞིང་སྐྱེས་ཀྱི་ཕོ་ཉའི་ཚོགས་དང་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །གསུམ་པ་ཡིད་སྨིན་པར་བྱེད་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། བླ་མ་དང་སོགས། ཨ་ཨཱ༔ མེ་ལོང་གི་དཀྱིལ་འཁོར་གསང་བ་ཡེ་ཤེས་ཀྱི་རང་བཞིན་གདོད་ནས་སྤྲོས་པའི་མཚན་མས་སྟོང་པའི་ཕྱིར་མེ་ལོང་དྭངས་པ། སྣང་བའི་ཆ་བདེ་བ་ཆེན་པོའི་རྩལ་དུ་ཤར་བའི་བརྡར་སིནྡྷུ་རའི་དཀྱིལ་འཁོར། དེ་གཉིས་ཟུང་དུ་འཇུག་པས་སྟོང་གསལ་རིག་པ་དབྱེར་མེད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་དོན་མཚོན་པས་ངོ་སྤྲད་ཅིང་། སྙིང་གར་བཞག་པའི་རྐྱེན་གྱིས་བདེ་སྟོང་གི་ཡེ་ཤེས་སྐྱེས་པའི་རང་ངོ་ལ་མཉམ་པར་འཇོག་མཛོད། ཧཱུྃ༔ དག་ཅིང་གསལ་ལ་སོགས། ངང་མདངས་སྐྱོང་བཞིན་ཞུ་བདེས་དྲངས་པའི་ཟུང་འཇུག་ཁ་སྦྱོར་བདེ་བ་ཆེན་པོའི་ཕྱག་རྒྱ་དེ་ལས་ནམ་ཡང་མི་འདའ་བའི་ང་རྒྱལ་བཟུང་ཞིང་འཁྱུད་པའི་རྒྱ་དང་བཅས་འདིའི་རྗེས་ཟློས། ཨོཾ་སརྦ་ཏ་ཐཱ་སོགས་ནས། ལྷན་སྐྱེས་ཀྱི་ཕོ་ཉའི་ཚོགས་དང་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །བཞི་པ་ཡེ་ཤེས་རྡོ་རྗེའི་དཀྱིལ་འཁོར་དུ་སྒོ་གསུམ་བག་ཉལ་དང་བཅས་པ་སྨིན་པར་བྱེད་པ་བཞི་པའི་དབང་བསྐུར་བ་ནི། བླ་མ་དང་སོགས་ནས། ཀུན་གྱི་དེ་ཉིད་དོ༔ ཞེས་ངོ་སྤྲད་ཅིང་ཉམས་སྐྱོང་དུ་གཞུག །སླར་ཡང་ཆུ་ལས་ཆུ་བུར་བརྡོལ་བ་ལྟར་སློབ་མ་རྣམས་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྣང་ལ་རང་བཞིན་མེད་པའི་སྐུར་ལངས་པ་ལ། སློབ་དཔོན་དབང་ལྷ་དང་བཅས་པས་བཀྲ་ཤིས་ཀྱི་བདེན་ཚིག་བརྗོད་ཅིང་། མེ་ཏོག་མནྡཱ་རཿབའི་ཆར་ཆེན་པོ་ཕབ་པས་དབང་དོན་གྱི་ཡེ་ཤེས་གོང་དུ་འཕེལ་ཞིང་བརྟན་པར་མོས། བཀྲ་ཤིས་ཅི་རིགས་བརྗོད། དེས་དེ་བཞིན་ཉིད་སོགས། དེ་རྣམས་ཀྱི་སྒོ་ནས་གསང་བ་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ་དབང་བཞིའི་རིམ་པ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཀྱིས་བརྒྱན་པ་རྩལ་སྤྲུགས་སུ་ཐོབ་པ་ཡིན་པས། དེ་དག་གི་སྐབས་སུ་ཐོབ་ཅིང་ཁས་བླངས་པ་སྤྱི་དང་ཁྱད་པར་གྱིས་བསྡུས་པའི་དམ་ཚིག་གི་གནས་རྣམས་རྡོ་རྗེ་ཐེག་པའི་མན་ངག་ལས་འབྱུང་བ་ལྟར་ཚུལ་བཞིན་དུ་བསྲུང་སྡོམ་བགྱིད་དགོས་པས། དེ་ལྟར་བགྱིད་པར་ཞལ་གྱིས་བཞེས་པ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་ལྟར་དང་། ཆོ་གའི་རྗེས་ཚོགས་ལ་རོལ་ཞིང་ལྷག་མ་ཕྱིན་མཁའ་སྤྱོད་ལམ་བཟང་བཞིན་མཐར་དབྱུང་བས་གྲུབ་བོ།། །། ༈ སྟག་ཤམ་བསམ་གཏན་གླིང་པའི་ཟབ་མོ་གསང་བ་ཡོངས་འདུས་ཀྱི་དབང་རྒྱས་པ་རྡོ་རྗེ་སྙིང་པོ་ལས་མཚོ་རྒྱལ་དབང་ཁོལ་དུ་ཕྱུང་པ་ནོར་བུའི་ལྡེའུ་མིག་ལྟར་དབང་སྒྲུབ། དབང་དངོས་བསྐུར་བའི་དམ་ཚིག་ཁས་བླངས་རྗེས། དེ་ལྟར་སྨིན་བྱེད་དབང་བཞི་རྫོགས་པར་ཐོབ་པའི་གཏང་རག་དང་། སླར་ཡང་གྲོལ་བྱེད་ཀྱི་གདམས་ཁྲིད་ཞུ་བའི་ཡོན་དུ་མཎྜལ། དེ་ལ་འདིར། ཟབ་མོ་གསང་བ་ཡོངས་འདུས་ལས༔ མཁའ་འགྲོ་མཚོ་རྒྱལ་གྱི་སྙིང་ཐིག་ཆེན་མོ་མཁའ་སྤྱོད་ཨ་མའི་ཁྲིད་རིམ་སོགས་གཏེར་གཞུང་ཁྲིད་ཡིག་གི་ཁ་བྱང་ནས་གཟུང་མཐར་ཆགས་སུ་བཀླགས་ནས་མཇུག་གི་རྗེས་རིམ་གྱི། ས་མ་ཡ༔ རྒྱ་རྒྱ་རྒྱ༔ བར། དེ་ལྟར་གཏེར་གཞུང་རྡོ་རྗེའི་གསུང་གིས་བསྟན་པ་བཞིན་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་བླ་མའི་རྣལ་འབྱོར་གནད་དུ་བསྣུན་པས་ལམ་གྱི་གཞི་ལེགས་པར་བཏིང་ནས། སྦྱོར་དངོས་རྗེས་ཀྱི་རིམ་པ་རྣམས་མཐར་ཕྱིན་པར་ཉམས་སུ་བླངས་པས། ཡེ་ཤེས་མཁའ་འགྲོའི་གོ་འཕང་མཆོག་གི་དངོས་གྲུབ་དམ་པ་ཐོབ་པར་མཛོད་ཅིག །དེ་རྣམས་ཀྱིས་སྨིན་གྲོལ་ལེགས་པར་གྲུབ་པའི་དགའ་སྟོན་དང་། བླ་མ་ལ་དྲིན་ལན་བསབ་པའི་སླད་དུ་རང་རང་གི་ལུས་ལོངས་སྤྱོད་ཀྱིས་བསྡུས་པའི་བདོག་པ་ཐམས་ཅད་འབུལ་སྙམ་པས་འདིའི་རྗེས་ཟློས། དེང་ནས་བརྩམ་སྟེ་སོགས་དང་དགེ་བ་བསྔོ། ཆོ་གའི་རྗེས་དབང་ཆོག་ནས་གསུངས་པ་བཞིན་བྱའོ།། །། ༈ ཆོས་རྗེ་གླིང་པའི་བླ་མ་དྲག་པོའི་ཆ་ལག །རྗེ་བཙུན་ཁྲོས་མའི་སྒྲུབ་མཆོད་ཆ་ལག་དང་བཅས་པ་མཁའ་སྤྱོད་པདྨ་འོད་དུ་བགྲོད་བྱེད་མཆོག་གི་མྱུར་ལམ་ལྟར་དབང་སྒྲུབ། དབང་དངོས་ལ་མཚམས་སྦྱོར་གྱི་ཁྱད་པར། འོ་ན་མཁའ་ཁྱབ་ཀྱི་འགྲོ་བ་འཁོར་བའི་རྒྱ་མཚོའི་རྦ་ལ་བར་མེད་དུ་འཕྱན་པ་རྣམས་ཞི་བ་རྣམ་པར་གྲོལ་བ་ཐར་པའི་གླིང་དུ་དབུགས་དབྱུང་བར་བྱ། དེའི་སླད་དུ་རྡོ་རྗེ་ཁྲོས་མ་ནག་མོའི་དཀྱིལ་འཁོར་དུ་རྒྱུད་སྨིན་བྱེད་དབང་གི་རིམ་པ་ནོད་དེ། གྲོལ་བྱེད་ཀྱི་མྱུར་ལམ་ཟབ་མོ་ལ་འཇུག་པར་བགྱིའོ་སྙམ་པའི་བསམ་པ་རྒྱ་ཆེན་པོ་བྱང་ཆུབ་སེམས་དཔའི་རྣམ་ཐར་ལ་གཞོལ་བའི་སྒོ་ནས་གསན་འཚལ། དེའང་འཁོར་འདས་ཀུན་ལ་ཁྱབ་པའི་ཆོས་ཀྱི་དབྱིངས་སྤྲོས་པའི་མཚན་མ་ཉེ་བར་ཞི་བའི་ཟབ་མོ་སྟོང་པ་ཉིད་དང་། རྣམ་པ་ཀུན་མཆོག་རང་བྱུང་གི་ཡེ་ཤེས་གཟོད་ནས་མཉམ་སྦྱོར་ཀུན་ཏུ་བཟང་མོའི་དབྱིངས་ལས་ལོངས་སྐུ་བདེ་ཆེན་དབྱིངས་ཀྱི་རྡོ་རྗེ་ཁྲོས་མའི་སྐུར་བཞེངས་ནས། རིགས་ལྔའི་རྒྱལ་བ་རྣམས་དང་ཐབས་ཤེས་གཉིས་སུ་མེད་པའི་ཕྲིན་ལས་ངེས་པ་ལྔ་དང་ལྡན་པའི་སྒྱུ་འཕྲུལ་གྱི་རྩལ་ལས། མ་ངེས་འགྲོ་བ་འདུལ་བའི་དོན་དུ་སྤྲུལ་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་སྣ་ཚོགས་པའི་གཟུགས་འདོད་རྒུར་བསྒྱུར་བའི་རྣམ་འགྱུར་བསམ་ཡས་ཀྱིས། སྐལ་པ་དང་ལྡན་པའི་གང་ཟག་རྣམས་ཀྱི་བློའི་སྤྱོད་ཡུལ་དང་འཚམ་པའི་ཕྲིན་ལས་ཀྱིས་མཆོག་དང་ཐུན་མོང་གི་དངོས་གྲུབ་དམ་པ་ལག་པའི་མཐིལ་དུ་སྩོལ་བ་དང་། གནས་སྐབས་སྒྲུབ་པ་པོ་རྣམས་ཀྱི་ཉེ་བར་འཚེ་བ་ལས་སྐྱོབ་ཅིང་། སྐལ་ལྡན་རྣམས་ལ་ཉམས་རྟོགས་སྤེལ། སྐལ་མེད་རྣམས་གང་འདུལ་གྱི་རོལ་པས་རྗེས་སུ་འཛིན། ཉམས་པ་རྣམས་ཀྱི་གཤེད་མ་མཛད། སྒྲུབ་པ་པོ་ཚེ་གཅིག་ལ་མཆོག་གི་དངོས་གྲུབ་ཉམས་འོག་ཏུ་མ་ཆུད་པའང་འཆི་བའི་ཚེ་ཡེ་ཤེས་མཁའ་འགྲོས། ལག་པའི་མཁྲིག་མ་ནས་གཟུང་སྟེ་མཁའ་ལ་སྤྱོད་པའི་གནས་སུ་ཁྲིད་དེ་རྣམ་པར་གྲོལ་བ་མཆོག་གི་གནས་ལ་དབུགས་འབྱིན་པར་མཛད་པ་སོགས། དངོས་གྲུབ་ཉེ་ལ་རྟགས་ཚད་མྱུར་བ་འདི་ལྟ་བུ་ནི་ཐར་འདོད་རྣམས་ཀྱིས་ཡི་དམ་དུ་ངེས་པར་བསྙེན་པར་བྱ་དགོས་པ་ཡིན་ལ། དེ་ཉིད་སྒྲུབ་པའི་བཀའ་སྲོལ་གསར་རྙིང་བཀའ་གཏེར་གྱི་ཕྱོགས་སུ་ཇི་སྙེད་ཅིག་བྱོན་པ་ལས། ད་ལམ་གྱི་སྐབས་སུ་བབས་པ་འདི་ནི་འཛམ་གླིང་སྤྱི་དང་། ཁྱད་པར་གངས་ཅན་པའི་འགྲོ་བ་ལ་སངས་རྒྱས་ལས་ཀྱང་ཆེས་རྨད་དུ་བྱུང་བའི་བཀའ་དྲིན་ཅན་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་གྱིས། ཆོས་རྒྱལ་ཡབ་སྲས་སོགས་ལས་ཅན་དག་པའི་རྗེ་འབངས་རྣམས་ལ་ཐུགས་ཀྱི་མཛོད་ཁང་ནས་བརྡོལ་པའི་ཉིང་ཁུ། རྩ་བ་གསུམ་གྱི་སྒྲུབ་ཐབས་ཕྲིན་ལས་ཁ་ཚར་དང་བཅས་པ། ཚེ་གཅིག་ལ་བྱང་ཆུབ་རྡོ་རྗེ་སངས་རྒྱས་ཀྱི་གོ་འཕང་ལ་རེག་པར་ནུས་པའི་གདམས་པ་མཐའ་ཡས་པ་བསྩལ་པའི་ནང་ཚན། ཕྱི་ལྟར་དབྱིངས་ཕྱུག་ཡེ་ཤེས་མཚོ་རྒྱལ། ནང་ལྟར་རྡོ་རྗེ་ཕག་མོ། གསང་བ་བདུད་འདུལ་དྲག་མོ་རྡོ་རྗེ་ཁྲོས་མ་ནག་མོའི་ཚུལ་སོགས་གཅིག་ཉིད་དུ་མའི་གར་མཁན། གནས་གསུམ་མཁའ་འགྲོ་ཡོངས་ཀྱི་དབང་མོ་ཆེའི་གདམས་སྐོར་འདི་ནི། གཏེར་གཞུང་རྡོ་རྗེའི་གསུང་ལས། ཇོ་མོའི་སྒྲུབ་ཐབས་བདུད་འདུལ་དྲག་མོ་རྩལ༔ རྡོ་རྗེ་མཁའ་འགྲོ་སེང་གེའི་གདོང་ཅན་མའི༔ སྒྲུབ་པའི་མན་ངག་ཟབ་བཅུད་སྙིང་པོ་འདི༔ ཡང་ཟབ་བླ་མ་དྲག་པོའི་ཆ་ལག་ཏུ༔ བདག་འདྲ་སྤྲུལ་སྐུས་མ་འོངས་དོན་ཕྱིར་བཀོད༔ ད་ལྟ་མ་སྤེལ་བདུད་རི་ནག་པོ་ཡི༔ འགྱུར་མེད་མཚོ་ལ་རྒྱ་བདུན་ཕབ་སྟེ་སྦོས༔ འདི་ནས་རིང་འདས་དུས་ཀྱི་ཐ་མ་ལ༔ སྦྱངས་པའི་འཕྲོ་ཅན་གློ་བུར་ལས་སད་པ༔ བདག་གིས་བྱིན་བརླབས་ལྷ་སྲས་ཨ་ཙརྻའི༔ གཉིས་མེད་སྤྲུལ་སྐུ་ཟུང་གིས་འབྱིན་པར་འགྱུར༔ ཉམས་སུ་བླངས་པས་གཟུགས་ཅན་གཟུགས་མེད་ཀྱི༔ མི་མཐུན་བར་དུ་གཅོད་པ་ཐམས་ཅད་ཟློག༔ ཡེ་ཤེས་མཁའ་འགྲོས་ཉམས་སམ་རྨི་ལམ་དུ༔ བར་མེད་ཞལ་མཐོང་གསང་བའི་གདམས་པ་སྟོན༔ ཚེ་གཅིག་མཁའ་སྤྱོད་གོ་འཕང་ཐོབ་པར་འགྱུར༔ ཞེས་བསྔགས་པ་ཉིད་ཆོས་བདག་ཟུང་ལ་གཉེར་དུ་གཏད་དེ། བོད་ཁམས་གངས་རི་རྩེ་དགུའི་ཤར། སྦས་ཡུལ་པདྨ་གླིང་གི་བྱང་ཕྱོགས་པདྨས་སྦས་པའི་ནང་ཚན། དྲག་པོའི་ཕྲིན་ལས་ཀྱི་གནས་ཀོང་ཡུལ་བདུད་རི་རྔ་འདྲའི་འདབས། འགྱུར་མེད་གཏན་འཁྱིལ་གྱི་ཆུ་བོ་ཁ་རག་མགོ་དགུའི་བདུད་མཚོར། བདུད་འདུལ་བླ་མ་མ་ཧཱ་གུ་རུ་དྲག་པོར་སྒྲུབ་པའི་ཆ་ལག་ཏུ་གཏེར་དུ་སྦས་པ། ཕྱིས་འགྲོ་འདུལ་སྤྲུལ་པའི་གཏེར་འབྱིན་ཨོ་རྒྱན་བླ་མའི་ཐུགས་རྗེའི་ཟློས་གར་གྱི་སྒྱུ་འཕྲུལ། རྒྱལ་སྲས་རྡོ་རྗེ་མཆོག་གྲུབ་རྒྱལ་པོ་ཉིད་གཏེར་སྟོན་རྐྱང་པའི་སྐྱེ་བ་བཞེས་པའི་བཅུ་གཉིས་པ། ཆོས་རྗེ་གླིང་པ་བདེ་བའི་རྡོ་རྗེ་ཡེ་ཤེས་རོལ་པ་རྩལ་གྱིས་གཟུར་གནས་སྐལ་ལྡན་གྱི་ཚོགས་ཆེན་པོའི་དབུས། མ་འགགས་རྫུ་འཕྲུལ་གྱི་རོལ་པས་སྤྱན་དྲངས་པའི་ཤོག་སེར་རྒྱ་ནག་སྤྲིན་ཤོག་སེར་པོའི་ངོས་ལ་གུ་རུའི་ཤངས་མཚལ་གྱིས་བརྡ་ཡིག་འཕྲུལ་གྱི་པ་ཏྲ་གུ་རུ་རིན་པོ་ཆེ་ཉིད་ཀྱི་ཕྱག་བྲིས་སུ་མཛད། རུ་དྲ་བསྒྲལ་པའི་ཙནྡན་ས་མཆོག་གིས་དྲིལ་ཤིང་བྱས། མཚོ་རྒྱལ་གྱི་དབུ་སྐྲས་བཅིངས། རྒྱལ་པོའི་མཐའ་བེར་གྱིས་བསྟུམས་པའི་ལ་རིལ་གུ་རུ་ཉིད་ཀྱིས་རབ་གནས་མཛད་པའི་སྒྲོམ་ལས་ཕྱུང་པའི་ཤོག་སེར་ལས་གཏན་ལ་ཕབ་པའི་གསང་ཆོས་ཐུན་མོང་མ་ཡིན་པ། བྱིན་རླབས་དངོས་གྲུབ་ཀྱི་དྲོད་དང་ལྡན་པའི་དབང་བསྐུར་བགྱི་བ་ལ་སོགས་མཎྜལ། འདིར་རྗེ་བཙུན་ཁྲོས་མ་ནག་མོའི་དབང་གི་ཆོ་ག་བསྒྲུབ་པ་ལ་སྦྱོར་བ། དངོས་གཞི། རྗེས་གསུམ་ལས། དང་པོ་སྦྱོར་བའི་ཆོས་ལའང་རྣམ་གྲངས་དྲུག་ལས། དང་པོ་ཆས་སུ་འཇུག་པ་ནི། སྔོན་ཆད་གཟུང་འཛིན་གྱི་སྒྲིབ་པས་རང་གནས་བདེ་གཤེགས་མཁའ་འགྲོའི་དཀྱིལ་འཁོར་མཐོང་བ་ལ་བསྒྲིབས་པའི་མཚོན་བྱེད་མིག་རས་འཆིང་མཛོད། སྔགས་ཀྱིས་མིག་དར་དང་། ལྷ་དང་མཇལ་བའི་ཕྱག་རྟེན་དུ་ཨུ་དུམྦ་རའི་མེ་ཏོག་གི་ཕྲེང་བ་གསར་པ་རེ་ཐོགས་པར་མོས། སྔགས་ཀྱིས་མེ་ཏོག་སྦྱིན། གཉིས་པ་གསོལ་བ་གདབ་པ་ནི། བླ་མ་མཁའ་སྤྱོད་དབང་ཕྱུག་མའི་ངོ་བོར་བཞུགས་པ་ལ་གུས་པའི་ཐལ་མོ་མེ་ཏོག་དང་བཅས་པས་གསོལ་བ་གདབ་པ་འདིའི་རྗེས་ཟློས། དགའ་ཆེན་ཁྱོད་བདག་སོགས། འདིར་གཞུང་ལས་སྐྱབས་སེམས་ཚོགས་གསག་མ་གསུངས་ཀྱང་སྤྱི་འགྲེ་སྤྲོ་ན། གསུམ་པ་སྡོམ་པའི་གཞི་རྟེན་སྐྱབས་སུ་འགྲོ་ཞིང་། ཐེག་པ་ཆེན་པོའི་ལམ་གྱི་སྲོག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། ལམ་གྱི་མཐུན་རྐྱེན་ཁྱད་པར་ཅན་ཡན་ལག་བདུན་པས་ཚོགས་གསག་པ་རྣམས་བཀའ་གསང་བླ་ན་མེད་པའི་ཐེག་པ་ལས་གསུངས་པའི་སྒོམ་དོན་གསལ་འདེབས་བཞིན་པས་འདིའི་རྗེས་ཟློས། ཆོ་གའི་དབུར་འབྱུང་བའི། བརྒྱུད་པའི་རྩ་བ་སོགས་སྐྱབས་སེམས་ཡན་ལག་བདུན་པ་སོ་སོར་ལན་གསུམ་རེ་སྦྲེལ་མར་བྱ། བཞི་པ་དྲིས་ལན་གྱི་སྒོ་ནས་སྣོད་བརྟག་པའི་ཕྱིར། བུ་ཁྱོད་སུ་ཡིན་སོགས། ཞེས་དྲིས་པའི་ལན་དུ་འདི་སྐད་ཐོབས་ཤིག །སྐལ་བཟང་སོགས། སླར་ཁྱེད་རང་རྣམས་ཀྱི་དོན་དུ་གཉེར་བྱ་དེའི་མཐར་ཐུག་གི་འབྲས་བུ་ཇི་ལྟ་བུ་ཞིག་ཐོབ་པར་འདོད་འདྲི་བ་ནི། དེ་ཡིས་སོགས། ཅེས་དྲིས་པའི་ལན་དུ་འདི་ལྟར་གསུངས་ཤིག །སངས་རྒྱས་སོགས། ལྔ་པ་དལ་དུ་གཞུག་པ་ནི། དེ་ལྟར་ན་ཁྱེད་ཅག་རྣམས་སྣོད་ལྡན་དུ་ངེས་པར་ཤེས་ཏེ། ལས་ཀྱི་རྡོ་རྗེས་ཁྲིད་ནས་དཀྱིལ་འཁོར་ཆེན་པོའི་སྒོ་བཞི་ཕྱེས་པའི་ནང་དུ་ཞུགས་པར་མོས། ཛཿཧཱུྃ་སོགས་ནས། སྙིང་མགྲིན་སྤྱི་བོ་རྣམས་སུ་རེག་སྟེ། ཡིད་ཆེས་ཀྱི་དད་པ། དྭངས་པའི་ངག །གུས་པའི་ལུས་ཀྱིས་ཕྱག་འཚལ་བར་མོས་པས་འདིའི་རྗེས་ཟློས། ཨོཾ་ན་མ་སོགས་ལན་གསུམ། དྲུག་པ་དབང་སྲོག་དམ་ཚིག་གི་མདོ་བཤད་ཅིང་རྡོ་རྗེའི་ཆུ་ནན་སྦྱིན་པ་ནི། སྐལ་པ་བཟང་པོ་ཁྱེད་རྣམས་རྡོ་རྗེ་རྣལ་འབྱོར་མའི་གྲོང་ཁྱེར་དུ་ཞུགས་ནས། བདེ་སྟོང་ལྷན་ཅིག་སྐྱེས་པའི་མཆོག་གི་དངོས་གྲུབ་དམ་པ་གང་ཡིན་པ་དེ་སྦྱིན་པར་བྱའི། དེས་ན་ཁྱེད་རྣམས་ཀྱིས་ཕྱི་ནང་སྒྲུབ་གསང་ཁྱད་པར་གྱིས་བསྡུས་པའི་སྲུང་མཚམས་རྣམས་དང་། བྱེ་བྲག་རྡོ་རྗེ་སློབ་དཔོན་གྱི་སྐུ་གསུང་ཐུགས་ཀྱི་དམ་ཚིག་མིག་འབྲས་བཞིན་བསྲུང་དགོས་པའི་དོན་མ་བརྗེད་པར་གྱིས་ལ། བསྲུང་འདས་ཀྱི་དཔང་པོར་ཆུ་ནན་སྦྱིན་ཞིང་རྡོ་རྗེ་སྙིང་གར་བཞག་པ་གདོད་ནས་བཞུགས་པའི་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་དུ་གྱུར་ནས། ལེགས་ཉེས་ཀྱི་བྱ་ར་བྱེད་པས་ཁེ་ཉེན་གྱི་གནས་ཤེས་པར་གྱིས་ཤིག །ཁྱོད་ཉིད་རྣལ་འབྱོར་སོགས། གཉིས་པ་དངོས་གཞི་ལ་རྩ་བ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པ་དང་། ཞུགས་ནས་མངོན་པར་དབང་བསྐུར་བ་གཉིས་ཀྱི། དང་པོ་ནང་འཇུག་ལའང་དངོས་དང་། རྗེས་འབྲེལ་གཉིས་ལས། དང་པོ་ཡེ་ཤེས་ཀྱི་བྱིན་དབབ་པ་ནི། ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལེགས་པར་གཅུན་ལ་དམིགས་པ་འདི་ལྟར་གསལ་ཐོབས་ཤིག །ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས། རང་བཞིན་སྟོང་པའི་སོགས་ལྷ་བསྐྱེད་བཞིན། རྣམ་འགྱུར་མ་ངེས་ཚུལ་དུ་བཞུགས༔ དེ་ལྟར་ཁྱེད་རང་རྣམས་རྣལ་འབྱོར་མའི་སྐུ་སྟོང་ར་རྩ་གསུམ་འཁོར་ལོ་ལྔ་སོགས་སྤྱན་འདྲེན་སྦྱར་ཞིང་འབེབ་སྔགས་བཟླས་པས་བྱིན་དབབ། དེ་ལྟར་ཕེབས་པའི་ཡེ་ཤེས་པའི་བྱིན་རླབས་སྒོ་གསུམ་ལ་རབ་ཏུ་གནས་པར་གྱུར་ཅིག །སྔགས་ཀྱིས་བརྟན། གཉིས་པ་རྗེས་འབྲེལ་ལའང་གཉིས། དང་པོ་མེ་ཏོག་དོར་ཞིང་ལྷ་སྐལ་སྤྲད་པ་ནི། སྔར་བྱིན་པའི་མེ་ཏོག་ཡངས་ཤིང་མ་ཉམས་པ་དེ་ཕྱག་རྟེན་གྱི་ཚུལ་དུ་འབུལ་བ་དང་ཆབས་ཅིག །ལྷ་ལ་བཟང་ངན་མེད་ཀྱང་སྔོན་ནས་འབྲེལ་པའི་རིགས་ཀྱི་ལྷས་བཞེས་སུ་གསོལ་སྙམ་པ་དང་བཅས་འདིའི་རྗེས་ཟློས་ཀྱིས་ཕུལ་ཅིག །རྣལ་འབྱོར་མ་ཡི་སོགས། མེ་ཏོག་གང་དུ་བབས་ཀྱང་གཙོ་མོ་ཆོས་དབྱིངས་རྡོ་རྗེ་མཁའ་འགྲོ་མའི་ཡེ་ཤེས་རང་སྣང་གི་རོལ་པ་ཡིན་པའི་ཕྱིར། ཁྱེད་རང་རྣམས་ཀྱི་ཡི་དམ་དཀྱིལ་འཁོར་དབང་ཕྱུག་མ་ཉིད་དུ་ཟུངས་ཤིག །སེམས་མ་སྟོབས་ཆེན་སོགས། གཉིས་པ་མིག་དབྱེ་ཞིང་མཐོང་བ་བསྟན་པ་ནི། མ་རིག་པའི་སྒྲིབ་པ་མིག་རས་དང་ལྷན་ཅིག་བསལ་བར་མོས། ཙཀྵུཿསོགས། དྲི་མ་དང་བྲལ་པའི་ཡེ་ཤེས་ཀྱི་མིག་གིས་ཕྱི་གཟུང་ཡུལ་དག་པ་ཆོས་འབྱུང་ཐར་པ་ཆེན་པོའི་གཞལ་ཡས་ཁང་། ཕྱི་རོལ་འདོད་ཆགས་སྤངས་པའི་པདྨ། འཁོར་བ་སྟོང་པའི་དུར་ཁྲོད། བདུད་བཞིས་མི་ཕྱེད་པའི་སྲུང་འཁོར། གཉིས་སྣང་བསྲེགས་པའི་མེ་རི་དང་བཅས་པའི་ནང་དུ། འཛིན་སེམས་རྣམ་པར་དག་ཅིང་བྱང་ཆུབ་ཕྱོགས་ཆོས་གཞི་ལམ་འབྲས་བུའི་ཡོན་ཏན་རྫོགས་པའི་རྡོ་རྗེ་བཙུན་མོ་ལུས་དཀྱིལ་གྱི་ལྷ་དང་བཅས་པ་འདིས་མཚོན། ནང་རང་བྱུང་རྡོ་རྗེའི་ལུས་ཀྱི་ཕུང་ཁམས་ཐམས་ཅད་གདན་གསུམ་ཚང་བའི་འཁོར་ལོ་དང་། གསང་བ་ཀ་ནས་དག་པའི་རང་རིག་བྱང་ཆུབ་ཀྱི་སེམས་ཤེས་རབ་དབྱིངས་ཀྱི་དཀྱིལ་འཁོར་གདོད་ནས་མ་བཙལ་ལྷུན་གྱིས་རྫོགས་པ་སྟེ། རྣལ་འབྱོར་མ་ཡི་སོགས། གཉིས་པ་ཞུགས་ནས་མངོན་པར་དབང་བསྐུར་བ་ལ་སྦྱང་གཞིའི་རིམ་པས་ཕྱེ་བའི། སྦྱོང་བྱེད་དབང་བཞིའི་རིམ་པ་རྣམས་སྟན་ཐོག་གཅིག་ཏུ་རྫོགས་པར་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དཔའ་བོ་དཔའ་མོ་སོགས། དེ་ལྟར་གསོལ་བ་བཏབ་པས། དང་པོ་བུམ་པའི་དབང་ལུས་ལ་བསྐུར་བ་ནི། སློབ་དཔོན་དང་ལྷན་ཅིག་ཏུ་བྲིས་པའི་དཀྱིལ་འཁོར་སོགས། གཉིས་པ་གསང་བའི་དབང་ངག་ལ་བསྐུར་བ་ནི། དཀྱིལ་འཁོར་གྱི་གཙོ་མོ་སོགས། ཀུན་རྫོབ་ཉི་ཟླ་འདྲེས་པའི་བྱང་ཆུབ་སེམས་ཀྱི་ཆུ་དེ་ཉིད་ཐ་མལ་གྱི་རྟོག་པ་སྤངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་དང་རོ་མཉམ་པར་ཤེས་པས་རྣམ་རྟོག་སྤངས་ཏེ་བདུད་རྩིར་མྱངས་ནས་ཆེད་དུ་བརྗོད་པ་འདི་སྐད་གསུངས་ཤིག །ཨ་ཧོ་མ་ཧཱ་སོགས། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་སེམས་ལ་བསྐུར་བ་ནི། མེ་ལོང་སིནྡྷུ་རའི་སོགས། བཞི་པ་དོན་དམ་ལྷུན་གྲུབ་སེམས་ཀྱི་དབང་རང་རིག་ལ་བསྐུར་བ་ནི། དབང་དུས་སུ་སྐྱེས་སོགས། གསུམ་པ་མཐའ་རྟེན་རྗེས་ཀྱི་རིམ་པ་ལ་གསུམ་ལས། དང་པོ་སྤྱོད་པའི་བརྟུལ་ཞུགས་ཀྱི་ཆས་དང་ཕྱག་རྒྱ། བཟའ་བཏུང་གི་དམ་རྫས། རུས་པའི་ཕྱག་རྒྱ་ལྔ། ཅང་ཏེའུ། ཐོད་པ། ཁ་ཊྭཱཾ། ཤ་ལྔ། བདུད་རྩི་ལྔ། དངོས་གྲུབ་ཀྱི་བམ་ཆེན་རྣམས་གཏད་ཅིང་རོལ་པས་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པའི་ཉེ་རྒྱུས་ཕྱིའི་གནས་ཡུལ་དང་མཁའ་འགྲོའི་འདུ་བར་སྤྱད། ནང་གི་རྡོ་རྗེའི་ལམ་བཙན་ཐབས་སུ་བགྲོད་དེ་དཔལ་ཁྲག་འཐུང་རྣལ་འབྱོར་དབང་མོའི་གོ་འཕང་ཚེ་གཅིག་ལ་ཐོབ་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་པས་དེའི་དོན་ཤེས་པར་གྱིས་ཤིག །རྩ་སྔགས་དང་། དེང་ནས་བརྩམ་སྟེ་སོགས། གཉིས་པ་དོན་གཉིས་ཕུན་སུམ་ཚོགས་པར་སྒྲུབ་ནུས་པའི་རྗེས་སུ་གནང་བ་ལྷ་དང་སློབ་དཔོན་མགྲིན་གཅིག་པས་བསྩལ་བར་མོས། རྣལ་འབྱོར་མ་ཡི་སོགས། གསུམ་པ་གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་། རིགས་ལྔ་མཁའ་འགྲོའི་བརྟུལ་ཞུགས་ཀྱི་ཁྱད་པར་དུ་ཕྱེ་བ་རྣམས་ཚུལ་བཞིན་བསྲུང་བར་ཁས་བླང་བ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་དང་། ཆོ་གའི་རྗེས་བཅས་བྱའོ།། །། ༈ རོལ་པ་རྡོ་རྗེའི་བླ་མ་རྒྱལ་འདུས་ཡུམ་བཀའ་རྡོ་རྗེ་ཕག་མོའི་དབང་གོང་དུ་སོང་ངོ་།། །། ༈ རྭ་སྟོན་ཐུགས་མཆོག་རྡོ་རྗེའི་རྗེ་བཙུན་འཕགས་མ་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་དབང་བསྐུར་དང་བཅས་པ་འཆི་མེད་གཏེར་བུམ་ལྟར་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ རིག་འཛིན་འཇིགས་མེད་གླིང་པའི་དགོངས་གཏེར་ཀློང་ཆེན་སྙིང་གི་ཐིག་ལེའི་ཡུམ་བཀའ་བདེ་ཆེན་རྒྱལ་མོའི་དབང་གི་ཆོག་སྒྲིག་བདེ་ཆེན་བཅུད་འབེབ་ལྟར་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ ཀུན་གཟིགས་འོད་གསལ་སྤྲུལ་པའི་རྡོ་རྗེའི་དག་སྣང་འཆི་མེད་འཕགས་མའི་སྙིང་ཐིག་གི་རྩ་བའི་སྨིན་བྱེད་བཀླག་ཆོག་ཏུ་བཀོད་པ་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་ལྟར། བདག་བསྐྱེད་མཐར། ས་ལྷའི་གཏོར་མ་དང་གསེར་སྐྱེམས། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བརླབ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་མགྲོན་བཀུག །སྠཱ་ན་པ་ཏི་ཀྵེ་ཏྲ་པཱ་ལཉྩ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ནས། ཁཾ་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ལན་གསུམ་གྱིས་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །སྔགས་སྤྱོད་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱོད་ཀྱིས་བསྩལ་དུ་གསོལ། །ཞེས་འབུལ་ཞིང་ཕྲིན་ལས་བཅོལ་ནས། གཙྪས་རང་གནས་སུ་གཤེགས་པར་མོས། རིམ་པར་དབང་རྫས་བྱིན་རླབས་རྣམས་དང་། སློབ་མ་བཅས་སྟ་གོན་བྱ། དབང་སྒྲུབ་དངོས་ལ། ཚིག་བདུན་དང་བརྒྱུད་འདེབས་རྗེས། མདུན་གྱི་ནམ་མཁར་སྐྱབས་ཡུལ་བླ་མ་རྗེ་བཙུན་དཀོན་མཆོག་རྒྱ་མཚོའི་སྤྲིན་འཕྲོ་བ་མངོན་སུམ་བཞིན་དུ་གསལ་བར་གྱུར་པར་མོས་ལ། ཕྲིན་ལས་ཡེ་ཤེས་སྣང་བ་ལྟར་སྐྱབས་སེམས་ཡན་ལག་བདུན་པ་སོ་སོར་ལན་གསུམ་རེའི་མཐར། ཛཿཧཱུྃ་བཾ་ཧོཿས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། དེ་ནས་བགེགས་ལ་བཀའ་བསྒོ་བ་ནི། རང་ཉིད་སྐད་ཅིག་གིས་པདྨ་ཧེ་རུ་ཀཿཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་ཅན་དུ་གྱུར། ཅེས་མཚམས་ལྷའི་ང་རྒྱལ་གཟུང་། བགེགས་གཏོར་ལ་ཆབ་བྲན། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རང་རང་གི་ཡིད་དང་མཐུན་པའི་སྣོད་རྣམས་སུ་ཁཾ་ལས་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་སོ་སོའི་སྤྱོད་ཡུལ་བཞིན་དུ་འཆར་བར་གྱུར། ཨོཾ་ཨ་ཀཱ་རོ་སོགས་སྔགས་རྒྱ་ལན་གསུམ་གྱིས་བྱིན་བརླབ། ལྕགས་ཀྱུའི་རྒྱ་དང་། སརྦ་བྷཱུ་ཏ་ཨཱ་ཀརྵཱ་ཡ་ཛཿས་བགེགས་བཀུག །སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ནས། ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོ། ཧཱུྃ༔ གདོད་ནས་འཁོར་འདས་སོགས་ཀྱིས་བཀའ་བསྒོའི་མཐར། ཨོཾ་པདྨཱནྟ་ཀྲྀཏ་ཧྱ་གྲཱི་ཝ་སརྦ་བིགྷྣཱན་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་དང་། དྲག་སྔགས་སུམྦྷ་ནི་བརྗོད། ཡུངས་ཐུན་གཏོར། གུ་གུལ་བདུག །ཧཱུྃ༔ སྣང་སྲིད་སྣོད་བཅུད་སོགས་སྲུང་འཁོར་བསྒོམ། སྣོད་བཅུད་ལ་བྱིན་འབེབ་དང་། མཆོད་རྫས་བྱིན་རླབས་ཀྱི་སྔགས་ལན་གསུམ་བརྗོད། དངོས་གཞི་བདག་མདུན་དབྱེར་མེད་དུ་བསྐྱེད་པ་ནས། མཆོད་ལྷ་སྤྲུལ་པའི་དམིགས་པ་གསལ་བཏབ་རྗེས། ཟུར་གསལ་མཆོད་ཕྲེང་རྒྱས་པ་ལྟར་ཉེར་སྤྱོད་དང་འདོད་ཡོན་ལྔ། སྨན་མཆོད་དང་མཚན་དོན། རཀྟ་གཏོར་མ་རྣམས་སྦྱར་ནས། ཕྲིན་ལས་ཀྱི་དོན་མཆོད་ནས། བསྟོད་པའི་མཐར། ཛཔ྄་ཁང་དབྱེ་བ་རྩ་དབང་ལྟར་རམ། ཅུང་ཟད་སྤྲོ་ན། བྷྲཱུྃ་བི་ཤྭ་བི་ཤུདྡྷེ། ཏཱཾ་ཧྲཱིཿབྷྲཱུྃ། ཏཱཾ་བྷྲཱུྃ་ཧྲཱིཿཧཱུྃ། ཛཿཧཱུྃ་བཾ་ཧོཿ ཕཊ་ཛཿ ཞེས་པས་བདག་བསྐྱེད་ཀྱི་དཀྱིལ་འཁོར་ལས། མདུན་རྟེན་གྱི་གོ་སར་མར་མེ་གཅིག་ལས་གཉིས་མཆེད་ཚུལ་གྱིས་རྟེན་བརྟེན་པའི་དཀྱིལ་འཁོར་གྱེས་ཏེ་མེ་རི་འདབས་འབྱར་ཙམ་དུ་བཞུགས་པར་བསྒོམས་ལ། བདག་མདུན་འཕགས་མའི་ཐུགས་ཀ་རུ༔ ཡེ་ཤེས་སེམས་དཔའ་སོགས་བསྙེན་དམིགས་གསལ་ཞིང་། གཙོ་བོའི་ཡིག་བཅུ་སྟོང་ཕྲག་གཅིག་བཟླ་བའི་དབང་དུ་བྱས་ན། སྐབས་འདིར་གཙོ་སྔགས་ལྔ་བརྒྱ་དང་ལྔ་བཅུ། དྲིལ་སྒྲུབ་ཚེ་ཤམ་ཅན་དང་། ཡེ་སེམས་ཚེ་སྙིང་། སྤྲུལ་པ་རྣམ་རྒྱལ་མའི་སྔགས་གསུམ་པོར་བརྒྱ་དང་ལྔ་བཅུ་རེ། སྒྲུབ་དམིགས་གསལ་བཏབ་ཅིང་། ཡིག་བཅུ་དང་། དྲིལ་སྒྲུབ། ཡེ་སེམས། སྤྲུལ་པའི་སྔགས་བཞི་པོ་གོང་མཚུངས། རིགས་བཞིར་བརྒྱ་ཕྲག་རེ། ལས་སྦྱོར་དམིགས་པ་གསལ་བཏབ་ལ། ལས་བཞིའི་སྔགས་ཉེར་གཅིག་རེས་མཚོན་མང་ཉུང་གང་ལྕོགས་རིགས་འགྲེ། བུམ་པ་བསྐྱེད་བཟླས་སྤྲོ་ན་བུམ་པ་སྟ་གོན་བཞིན་དང་། བསྡུ་ན་བདག་འཇུག་ལྟར་གང་བྱེད་སྐབས་དང་བསྟུན། ཐུན་མཐར་དབྱངས་གསལ་དང་རྟེན་སྙིང་ལན་གསུམ་རེ། ཕྲིན་ལས་གཞུང་ལྟར། ཕྱི་ནང་གསང་གསུམ་སྨན་རཀ་གཏོར་མ་དང་བཅས་པས་མཆོད། བསྟོད་པའི་ཐོག་མའི་ཤློ་ཀ་གཉིས་ཀྱིས་བསྟོད། ཡིག་བརྒྱ་ལན་གསུམ། ཚེ་འགུགས་སོགས་དབང་གཞུང་དུ་གསུངས་པ་ལྟར་ལ། སྲུང་མའི་གཏོར་འབུལ་ལ་དམ་ཅན་སྤྱི་གཏོར་དང་། སྐོང་ཆོག་སྤྲོ་ན། ན་རཀ་སྐོང་བཤགས་སྦྱར་བ་ཕྱག་བཞེས་མཛད། ཕྲིན་ལས་ཀྱི་ཚོགས་བྱིན་རླབས་ནས་གཟུང་དབང་ཆེན་དུ་གསུངས་པ་ལྟར་གྱིས་བསྒྲུབ། དངོས་གཞིར་རྩ་དབང་རྒྱས་པ་ཕན་ནུས་ཟབ་མོའི་དབང་བཞི། རྗེས་ཆོག་གི་ཚོགས་ལ་རོལ་རྗེས། ལྷག་མ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧ་ཧོཿཧྲཱིཿས་བརླབས་ཏེ། ཕྲིན་ལས་བཞིན་བསྔོས་ལ། སྨོན་ལམ་མཐར། སྲུང་མའི་གཏོར་མ་བརྟག་པ་བཞིས་བརླབས། ཤཱ་ས་ནས་བསྔོས་ལ། དམ་ཅན་རྒྱ་མཚོའི་ཚོགས་རྣམས་སོགས་ཀྱིས་ཕྲིན་ལས་བཅོལ་བས་འཐུས། ཆད་བརྟན་མཇུག་ཏུ། ཨེ་ནྲྀ་ཏྲི་སརྦ་ཤ་ཏྲཱུཾ་བིགྷྣཱན་ཛཿཧཱུྃ་བཾ་ཧོཿས་བཀུག་ལ་རྟ་བྲོ་བརྡུང་། ཡེ་དྷར་དང་། བྷྲཱུྃ་པུཥྚིཾ་ཀུ་རུ་སྭཱ་ཧཱས་གཏོར་སྣོད་བརྒྱན་ཅིང་འབྲུ་འཐོར། མཆོད་བསྟོད་རྗེས། དངོས་གྲུབ་བླང་བའི་ཚིགས་བཅད་མཇུག་ཏུ། དྲིལ་སྒྲུབ་སྔགས་མཐར། ཀཱ་ཡ་ཝཱ་ཀ་སོགས་བཏགས་པ་རྣམས་ལས་གཞན་དབང་ཆེན་མཇུག་ཏུ་གསུངས་པ་ལྟར་བྱ། ༧ ཡང་ཟབ་ཚེའི་བྱིན་རླབས་ཀྱི་ཕྱག་ལེན་གསལ་བར་བཀོད་པ་ཡེ་ཤེས་ཐིག་ལེ་ལྟར་དབང་འབྲིང་པོའི་དབང་སྒྲུབ། དངོས་གཞི་ཡང་ཟབ་ཚེའི་བྱིན་རླབས་དང་རྗེས་རིམ་བཅས་བྱ། ༧ ཐུན་མོང་ཚེའི་རྗེས་གནང་བྱ་བའི་ཚུལ་གསལ་བར་བཀོད་པ་ཡེ་ཤེས་སྒོ་འབྱེད་ལྟར་དབང་བསྡུས་པའི་དབང་སྒྲུབ། དངོས་གཞི་ཐུན་མོང་ཚེའི་རྗེས་གནང་། རྗེས་བཅས་བྱའོ།། །། མཁྱེན་བརྩེའི་རྒྱུད་སྡེ་བཞི་འབྲེལ་རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས་དབང་བསྐུར་དང་བཅས་པ་བཀླག་མཆོག་ཏུ་བཀོད་པ་གྲུབ་གཉིས་འདོད་དགུའི་དཔལ་སྦྱིན་དིལ་མཁྱེན་རིན་པོ་ཆེའི་ཆོག་སྒྲིག་འདིར་ཡོད།མཆན། ༈ མཆོག་གྱུར་གླིང་པའི་དམ་ཆོས་སྙིང་པོ་སྐོར་ལྔའི་མཁའ་འགྲོ་དགོངས་འདུས་སྙིང་པོའི་དབང་ཆོག་ཕྲིན་ལས་ཡང་སྙིང་ལྟར་དབང་སྒྲུབ། དངོས་གཞིར་རྩ་དབང་གི་གཏོར་དབང་རྗེས་དེར། གཏོར་དབང་རྒྱས་པའི་སྦྱོར་བ་རྣམས་དོར་ནས། སླར་ཡང་གཏོར་མ་ལ་བརྟེན་ནས་བྱིན་རླབས་དབང་བསྐུར་གྱི་སྙིང་པོ་སྒྲུབ་པ་ལ་སོགས་དེའི་འོག་གི་གཏོར་དབང་རྒྱས་པའི། གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ བར། དེ་ནས་གོང་གི །དེ་དག་གིས་ཟབ་གཉན་སོགས་དང་སྦྲེལ་ནས། མཐའ་རྟེན་གཏོར་དབང་བསྡུས་པ་དང་རྒྱས་པ་བཅས་ལེགས་པར་སོགས་རྗེས་རིམ་སྤྱི་བཞིན་དང་། ཆོ་གའི་རྗེས་རིམ་བཅས་བྱའོ།། །། ༈ ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག །ཕྱིའི་བར་ཆད་སེལ་བ་རྗེ་བཙུན་སྒྲོལ་མ་འཇིགས་པ་ཀུན་སེལ་གྱི་དབང་ཆོག་བྱིན་རླབས་ཆར་འབེབ་ལྟར་འཇིགས་སྐྱོབ་རིགས་བསྡུས་ཀྱི་དབང་སྒྲུབ། དབང་དངོས་གཞིར་སློབ་མ་ལྷ་བསྐྱེད་སྐབས་འཁོར་གྱི་ལྷ་བསྐྱེད་ཟུར་གསལ་དང་། གཏོར་དབང་མགོར་འོག་གི་བསྟོད་པའི་རྒྱུད་ཀྱི་གསོལ་འདེབས་སྦྱར་དགོས། རྗེས་རིམ་ལ་མཎྜལ་ཆོ་ག་ནས་ཁ་བསྐང་བ་བཅས་བྱའོ།། །། ༈ དགོངས་གཏེར་སྒྲོལ་མའི་ཟབ་ཏིག་ལས་ཕྱི་སྒྲུབ་རྒྱས་བསྡུས་རིགས་གཏད་དང་བཅས་པའི་ཆོ་ག་ཚོགས་གཉིས་སྙིང་པོ་ལྟར་དབང་སྒྲུབ། རིག་གཏད་དངོས། རྗེས་དང་། ༧ ནང་སྒྲུབ་དབང་བསྐུར་གྱི་ཆོ་ག་དང་བཅས་པ་དོན་གཉིས་སྙིང་པོ་ལྟར་དབང་སྒྲུབ། དབང་དངོས། རྗེས་དང་། ༧ གསང་སྒྲུབ་བྱིན་རླབས་དང་བཅས་པའི་ཕྲིན་ལས་རིམ་གཉིས་སྙིང་པོ་ལྟར་དབང་སྒྲུབ་རྗེས། སྲུང་མ་རྡོ་རྗེ་གཡུ་སྒྲོན་མའི་བསྐང་གསོལ་ནི། མཆོད་གཏོར་རྣམས་རཾ་ཡཾ་ཁཾ་གིས་བསང་། རྣམ་དག་ཆོས་དབྱིངས་སོགས་ནས། ཤབྡ་ཨཱཿཧཱུྃ། ཞེས་དང་། གཏོར་གཞོང་རཏྣའི་གཞལ་ཡས་སུ། །གཏོར་མ་འདོད་ཡོན་ཕུང་པོར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ་གྱིས་བརླབ། རང་མདུན་སྐྱེད་ཚལ་ཕོ་བྲང་དབུས། །པད་ཟླ་རིན་ཆེན་མཛེས་པའི་ཁྲིར། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔའི། །ཡུམ་གྱུར་རྗེ་བཙུན་རིགས་ལྔ་ཡི། །རྣམ་འཕྲུལ་འཇིག་རྟེན་སྐྱོང་བའི་ཚུལ། །སྨན་བཙུན་ཌཱ་ཀི་གཡུ་སྒྲོན་མ། །བདེ་གཤེགས་རྡོ་རྗེ་རིན་པོ་ཆེ། །པདྨ་ལས་ཀྱི་ཚུལ་འཛིན་མ། །དཀར་སྔོ་སེར་དམར་ལྗང་བའི་མདངས། །མཛེས་འཛུམ་ཞི་སྒེག་ཆགས་པའི་ཉམས། །ཕྱག་གཡས་མདའ་དར་གཡོབ་པ་ཡིས། །སྲིད་དང་ཞི་བའི་ཕྱྭ་གཡང་འགུགས། །གཡོན་པས་གཏེར་བུམ་མེ་ལོང་བསྣམས། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །དར་དང་རཏྣ་ཨུཏྤལ་བརྒྱན། །ཞབས་ཟུང་བརྐྱང་བསྐུམ་གར་སྟབས་ཀྱིས། །སྨན་ཕྲན་འབུམ་གྱི་དབུས་ན་རོལ། །ལྷ་མིའི་དཔལ་འབྱོར་ཕུན་ཚོགས་ལ། །དགྱེས་རྒུར་སྤྱོད་ཅིང་སྒྲུབ་པ་པོའི། །ཕྲིན་ལས་ཐོགས་མེད་སྒྲུབ་མཛད་པའི། །ཐུགས་ཀར་ཟླ་སྟེང་དྭངས་མའི་སྲོག །བཾ་དང་ཧ་རི་ནི་ས་འབར། །གནས་གསུམ་རྡོ་རྗེའི་འབྲུ་གསུམ་མཚན། །བདག་ཐུགས་འོད་ཟེར་གྱིས་བསྐུལ་བས། །རིགས་ལྔ་དག་པའི་ཞིང་ཁམས་དང་། །འཇིག་རྟེན་སྤྲུལ་པའི་གནས་རྣམས་ནས། །ལྷ་མོ་འཁོར་བཅས་བྱོན་པར་གྱུར། །སྤོས་རོལ་དབྱངས་ཀྱིས། ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་སོགས་མཆོད་བྱང་བཞིན་སྤྱན་འདྲེན། བཞུགས་གསོལ། མཆོད་བསྟོད། ཕྲིན་བཅོལ་མཐར་བཟླས་པའི་མགོར། དམིགས་པ་ནི། བདག་ཉིད་རྗེ་བཙུན་སྒྲོལ་མ་ཡི༔ ཐུགས་ནས་འོད་ཟེར་སྣ་ལྔ་འཕྲོས། །སྨན་བཙུན་འཁོར་བཅས་ཐུགས་ཀར་ཕོག༔ སྔོན་གྱི་དམ་ཚིག་རྗེས་དྲན་ནས༔ སྒེག་མཛེས་རྒྱས་པའི་གཟི་བྱིན་འབར༔ འོད་དང་སྤྲུལ་པས་འཇིག་རྟེན་ཁྱབ༔ ཕྲིན་ལས་བཞི་དང་གྲུབ་པ་བརྒྱད། །རྣོ་མཐོང་མོ་དང་སྣང་གསལ་པྲ། །གང་འདོད་ལས་རྣམས་ཡིད་བཞིན་སྒྲུབ། །སྣོད་བཅུད་འབྱུང་བའི་དྭངས་མ་དང༔ དཔལ་འབྱོར་ལོངས་སྤྱོད་མཁོ་རྒུའི་ཚོགས༔ བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན༔ འཇའ་ཟེར་ཐིག་ལེའི་རྣམ་པ་རུ༔ ཆར་སྤྲིན་གཏིབས་ལྟར་དབང་མེད་བཀུག༔ བདག་དང་སྒྲུབ་པའི་རྫས་ལ་ཐིམ༔ ཚེ་དང་བསོད་ནམས་ལེགས་ཚོགས་འཕེལ༔ གང་འདོད་དོན་ཀུན་ལྷུན་འགྲུབ་བསམ། །ཨོཾ་བཛྲ་པྲ་མོ་ཧ་བཾ་ཧ་རི་ནི་ས་ཧྲཱིཾ་ཧྲཱིཾ་སརྦ་སིདྡྷི་སྭཱ་ཧཱ༔ ཞེས་བསྙེན་སྔགས་ཅི་འགྲུབ་བཟླ། ཐུན་མཐར་མཆོད་གཏོར་གསེར་སྐྱེམས་ཡི་གེ་གསུམ་གྱིས་བསང་སྦྱང་། འབྲུ་གསུམ་གྱིས་བྱིན་གྱིས་བརླབས། ཧ་ཧོཿཧྲཱིཿས་མཁའ་ཁྱབ་ཏུ་སྤེལ། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་འབུལ་ཏེ། ཧཱུྃ༔ ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི༔ རྣམ་འཕྲུལ་རིགས་ལྔའི་སྒྲོལ་མ་དང༔ ངོ་བོ་ཆོས་ཀྱི་དབྱིངས་སུ་གཅིག༔ རྣམ་པ་འཇིག་རྟེན་སྨན་མོའི་ཚུལ༔ སྲིང་གཅིག་རྡོ་རྗེ་གཡུ་སྒྲོན་མ༔ མཆེད་ལྔ་སྤྲུལ་པ་ཡང་སྤྲུལ་བཅས༔ རིག་འཛིན་རྩ་བརྒྱུད་བླ་མ་ཡི༔ སྤྱན་སྔར་ཞལ་བཞེས་དམ་བཅས་ལྟར༔ དེ་རིང་མཆོད་པའི་གནས་འདིར་དགོངས། །ཏིང་འཛིན་སྔགས་རྒྱས་བྱིན་བརླབས་པའི། །གཏོར་མ་རོ་བཅུད་ལྷུན་པོར་སྤུངས། །གསེར་སྐྱེམས་བདུད་རྩིའི་རྒྱ་མཚོར་བསྐྱིལ། །འདོད་ཡོན་རྣམ་པ་ཐམས་ཅད་པ། །ནམ་མཁའ་གང་བའི་མཆོད་སྤྲིན་འདིས། །དབང་ཡུལ་བདེ་བ་ཆེན་པོར་སྦྱོར། །ནམ་མཁའ་མཛོད་ཀྱི་འཁོར་ལོར་འབུལ། །དབུ་འཕང་ལྷ་ཞལ་དགུང་དུ་བསྟོད། །བདག་ཅག་མཆེད་ལྕམ་ཡོན་མཆོད་ཀྱིས། །ཆོས་སྐྱོང་གཙོ་བོར་མངའ་གསོལ་ན། །ཐ་ཚིག་གཉན་པོ་རྗེས་དགོངས་ལ། །ལུས་དང་གྲིབ་མ་བཞིན་དུ་འགྲོགས༔ རྗེ་མོར་བསྟེན་ནོ་བྱིན་མ་ཆུང༔ མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབ༔ སྲིང་དུ་བསྟེན་ནོ་གཞུང་མ་ངན༔ འདོད་རྒུའི་འབྱོར་པ་ཡིད་བཞིན་སྤེལ༔ གྲོགས་སུ་བསྟེན་ནོ་སྙིང་མ་རིང༔ བདེ་བ་ཆེན་པོའི་ཡེ་ཤེས་སྐྱེད༔ འབངས་སུ་བསྟེན་ནོ་བང་མ་བུལ༔ ཅི་བཅོལ་ལས་ཀུན་མྱུར་དུ་སྒྲུབས༔ སྲུང་མར་བསྟེན་ནོ་རྩལ་མ་ཞན༔ ཞི་རྒྱས་དབང་དྲག་མངོན་སྤྱོད་སོགས༔ ལས་ཀྱི་འབྲས་བུ་མཆིས་པ་དང༔ བཀྲ་ཤིས་བདེ་ལེགས་གྲུབ་པར་མཛོད༔ དངོས་གཞིར་རྩ་དབང་གི་གཏང་རག་མཎྜལ་གྲུབ་ནས། བཀའ་སྲུང་སྲོག་དབང་ཆིག་བརྒྱུད་མ་སྦྲེལ་ན། བརྒྱུད་འཛིན་གྱི་སྐྱེས་བུ་ཐུན་མོང་མ་ཡིན་པ་ལ་བཀའ་སྲུང་གཡུ་སྒྲོན་མཆེད་ལྔའི་སྲོག་གཏད་ཆིག་བརྒྱུད་མ་བྱ་བར་གསུངས་པ་བཞིན་སྒྲུབ་པ་སྟེ། དེའང་ཆོས་དབྱིངས་འོད་གསལ་སྤྲོས་པ་མེད་པའི་དབྱིངས་ལས་ལོངས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་སྡེ་ལྔའི་སྐུར་བཞེངས་ཏེ། སྤྲུལ་སྐུ་སྨན་མོའི་ཚུལ་གྱིས་གསང་སྔགས་བཀའི་བྱ་ར་མཛད་ཅིང་སྐལ་ལྡན་སྐྱེས་བུའི་ཕྲིན་ལས་སྒྲུབ། སྐལ་མེད་ཀྱི་སྡེ་རིས་ཚར་གཅོད་པའི་ཕྲིན་ལས་རབ་འབྱམས་ནམ་མཁའི་གློག་ལྟར་མྱུར་བའི་རྩལ་དང་ལྡན་པ། བཀྲ་ཤིས་ལ་སྙིང་ཉེ་ཞིང་མཐུ་རྩལ་ལྡན་པའི་བདག་ཉིད་ཆེན་མོའི་སྐུར་བསྟན་པ་སྲུང་མའི་དབང་མོ་མཆེད་ལྔའི་བཀའ་གཏད་ཐུན་མིན་ཟབ་གནད་ཅན་ཞུ་བའི་ཡོན་དུ་མཎྜལ། སྲོག་གཏད་དངོས་ལ་གསུམ་ལས། དང་པོ་སྐུའི་སྲོག་དབང་བསྐུར་བ་ནི། དཔོན་སློབ་གཉིས་ཀ་བཅོམ་ལྡན་འདས་མ་དམ་ཚིག་སྒྲོལ་མ་སྐུ་མདོག་ལྗང་གུ་མརྒད་ཀྱི་ལྷུན་པོ་ལ་ཅུང་ཟད་དམར་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས་ཞི་ཞིང་འཛུམ་ལ་སྒེག་ཅིང་ཆགས་པའི་ཉམས་ཅན། གནག་སྣུམ་དབུ་སྐྲའི་ཟུར་ཕུད་སྤྱི་བོར་བཅིངས་པའི་རྩེ་མོར་ཡིད་བཞིན་གྱི་ནོར་བུས་བརྒྱན་ཅིང་། ལྷག་མ་སིལ་བུ་སྐུ་རྒྱབ་ཏུ་འཕྱང་པ། ཕྱག་གཡས་ཀྱི་མཆོག་སྦྱིན་པུས་མོའི་སྟེང་དུ་བརྐྱང་ཞིང་། གཡོན་པས་ཐུགས་ཀར་སྐྱབས་སྦྱིན་ཕྱག་རྒྱ་མཛད་པའི་མཐེབ་སྲིན་གྱིས་ཨུཏྤལ་སྔོན་པོའི་ཡུ་བ་ནས་འཛིན་པ། ཞབས་ཟུང་གཡས་བརྐྱང་རོལ་པའི་སྟབས་ཀྱིས་པདྨ་དང་ཟླ་བའི་གདན་ལ་འགྱིང་ཞིང་བཞུགས་པ། དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་སྤྲས་ཤིང་འོད་དང་གཟི་བརྗིད་ཀྱི་ཟེར་མདངས་མཐའ་ཡས་པ་འཕྲོ་བར་གསལ་བ་དང་། མདུན་དུ་བཤམས་པའི་གཏོར་མ་སྲུང་མ་མཆེད་ལྔ་དང་དབྱེར་མེད་དུ་བསྒྲུབས་ཟིན་པ་ཉིད། སླར་ཡང་གསལ་གདབ། སྤྱན་འདྲེན། མཆོད་བསྟོད་ཀྱིས་མངའ་གསོལ། ཕྲིན་ལས་བཅོལ་བ་རྣམས་བདག་གིས་བརྗོད་པའི་ཚིག་རིས་དང་མཐུན་པའི་ཏིང་འཛིན་གསལ་ཐོབས་ཤིག །རང་མདུན་སྐྱེད་ཚལ་སོགས་གོང་གསལ་ལྟར། བྱོན་པར་གྱུར། །བར་གྱིས་གསལ་གདབ། སྤོས་རོལ་དབྱངས་དང་བཅས་ཏེ། ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་སོགས་མཆོད་བྱང་བཞིན། སརྦ་སིདྡྷི་སྭཱ་ཧཱ༔ཡི་བར་གྱེར། དེ་ལྟར་གསལ་གདབ་ཅིང་སྤྱན་དྲངས་མཆོད་བསྟོད་བསྐུལ་པས་ལྷ་མོ་མཆེད་ལྔ་འཁོར་བཅས་དགྱེས་པའི་མདངས་དང་དམ་ཚིག་རྗེས་སུ་དྲན་ཏེ་བདག་གི་བཀའ་ཉན་པའི་ཚུལ་དུ་འཁོད་པ་ཉིད། གཏོར་མ་དང་དབྱེར་མེད་པར་ཁྱེད་རང་རྣམས་ཀྱི་ཕྱག་ཏུ་གཏད་ཅིང་བཀའ་བསྒོས་པ་བཞིན་བསྒྲུབ་པར་ཞལ་གྱིས་བཞེས་ནས། སློབ་མའི་ལུས་དང་གྲིབ་མའི་ཚུལ་དུ་མི་འབྲལ་བར་འགྲོགས་ཤིང་། ཕྲིན་ལས་ཐམས་ཅད་སྒྲུབ་ཅིང་ལྷ་མོའི་སྐུའི་སྲོག་དབང་དུ་བྱེད་པའི་མཐུ་ཐོབ་པར་མོས། ཧཱུྃ༔ ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི༔ སོགས་མཆོད་བྱང་མཇུག་བཞིན་སྔགས་བཅས་བརྗོད་པས་བཀའ་གཏད། དེ་ལྟར་བྱས་པས་ལྷ་མོའི་སྐུའི་ཕྲིན་ལས་ཕྱྭ་གཡང་འགུགས་པ་སོགས་སྲིད་ཞིའི་ལེགས་ཚོགས་སྤེལ་བའི་ལས་རབ་འབྱམས་ལ་དབང་ཐོབ་པ་ཡིན་ནོ། །གཉིས་པ་གསུང་གི་སྲོག་དབང་བསྐུར་བ་ནི། མདུན་གྱི་སྨན་བཙུན་དབང་མོའི་ཐུགས་ཀར་ཟླ་བ་ལ་གནས་པའི་སྲོག་ཡིག་བཾ་དཀར་པོའི་མཐར། ཨོཾ་བཾ་བཛྲ་པྲ་མོ་ཧ་ཧྲཱིཾ་ཧྲཱིཾ་སརྦ་སིདྡྷི་སྭཱ་ཧཱ༔ ཞེས་པའི་སྔགས་ཀྱིས་བསྐོར་བ་དང་། འཁོར་རིགས་བཞི་རང་རང་གི་ཐུགས་ཀར་ཧ་རི་ནི་སའི་ཡི་གེ་སོ་སོས་མཚན་པར་གསལ་གདབ། སློབ་མས་སློབ་དཔོན་ལ་མོས་གུས་བྱས་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་སྣ་ལྔ་འཕྲོས། མདུན་གྱི་ལྷ་མོ་ལྔའི་ཐུགས་ཀར་ཕོག །ཐུགས་རྒྱུད་བསྐུལ་བས་སྔོན་གྱི་དམ་ཚིག་རྗེས་སུ་དྲན་ཏེ་ཡི་གེ་རྣམས་ལས་གཉིས་པ་རེ་མཆེད། སློབ་མ་རྗེ་བཙུན་མར་གསལ་བའི་ཐུགས་སྲོག་གི་ཟླ་གདན་ལ་ཐིམ་པས། ལྷ་མོ་ལྔའི་གསུང་གི་སྲོག་ལ་དབང་བའི་མཐུ་ཐོབ་པར་མོས་ལ་སྔགས་འདིའི་རྗེས་ཟློས། ཨོཾ་བཛྲ་པྲ་མོ་ཧ་བཾ་ཧ་རི་ནི་ས་ཧྲཱིཾ་ཧྲཱིཾ་སརྦ་སིདྡྷི་སྭཱ་ཧཱཿ ལན་གསུམ། དེས་ལྷ་མོའི་གསུང་གི་ཕྲིན་ལས་ཀྱི་སྒོ་ནས་དམིགས་བྱ་དགུག་པ་ལ་སོགས་དབང་གི་ལས་རབ་འབྱམས་སྒྲུབ་པ་ལ་དབང་བ་ཡིན་ནོ། །གསུམ་པ་ཐུགས་ཀྱི་སྲོག་དབང་བསྐུར་བ་ནི། དོན་གྱི་དགོངས་པ་ངོ་སྤྲད་པ་བཞིན་མ་བཅོས་གཉུག་མའི་རང་ངོ་ལ་མཉམ་པར་འཇོག་མཛོད། ཧོཿ འདི་ལྟར་ལྷ་སྔགས་རིམ་པ་ཡང་། །རྟེན་འབྲེལ་སྒྱུ་མ་ལྟ་བུ་སྟེ། །དོན་ལ་རྗེ་ཁོལ་གཉིས་སྣང་སེམས། །གདོད་ནས་མ་སྐྱེས་ཡུམ་གྱི་མཁའ། །བདེ་སྟོང་གཉིས་མེད་ཀློང་དུ་གཅིག །དེ་ཡང་རང་རིག་རང་གསལ་བ། །སྤྲོས་མེད་ནམ་མཁའི་དཀྱིལ་ལྟ་བུ། །སྨྲ་བསམ་བློ་ཡི་ཡུལ་ལས་འདས། ཁྱབ་བརྡལ་ལྷུན་འབྱམས་ཆེན་པོའི་ངང་། །བྱ་རྩོལ་མ་བྱེད་ལྷུག་པར་ཞོག །དེ་དོན་རྟོགས་ན་སྣང་སྲིད་ཀྱི། །མ་མོ་རབ་འབྱམས་སྲོག་དབང་ཐོབ། །ཨ་ཨ་ཨཿ ཞེས་ཉམས་བསྐྱང་དུ་བཅུག །དེས་ལྷ་མོའི་ཐུགས་ཕྲིན་ལས་ཀྱི་སྒོ་ནས་རྣོ་མཐོང་གི་པྲ་དང་མངོན་ཤེས་ལ་སོགས་པའི་ལས་རབ་འབྱམས་བསྒྲུབ་པ་ལ་དབང་བ་ཡིན་ནོ། །དེ་རྣམས་ཀྱི་སྒོ་ནས་ལྷ་མོ་མཆེད་ལྔའི་སྲོག་དབང་ཟབ་མོ་ཐོབ་པ་ཡིན་ཏེ། གཞུང་ལས། དེ་ཡིས་སྨན་མོ་གྲིབ་བཞིན་འགོ༔ ཕྲིན་ལས་གང་བཅོལ་འགྲུབ་པར་འགྱུར༔ ཞེས་གསུངས་པས། དེང་ཕྱིན་ཆད་རྡོ་རྗེ་ཐེག་པའི་སྲུང་མཚམས་སྤྱི་དང་། བྱེ་བྲག་ལྷ་མོ་འདི་ཉིད་ཀྱི་མཆོད་གཏོར་ལ་དུས་དང་རྒྱུན་དུ་བརྩོན་ཞིང་། ཕྱི་ནང་གསང་རྟེན་བླ་རྡོ་བཅའ་བ། གཙང་སྦྲ་ལ་འབད་ཅིང་གྲིབ་ལ་འཛེམ་པ་སོགས་དམ་ཚིག་གི་གནད་རྣམས་ཡལ་བར་མི་དོར་བར་སྲུང་སྡོམ་བགྱིད་དོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་ལྟར་གྱི་ལུས་དབུལ་རྗེས། དེས་སྨིན་པར་བྱེད་པའི་དབང་རྣམས་གྲུབ་ནས། སླར་ཡང་གྲོལ་བར་བྱེད་པ་ལེགས་སོ་གསུམ་གྱི་གདམས་ཁྲིད་ཞུ་བའི་ཡོན་དུ་མཎྜལ། དེ་ལ་ཐོག་མར་ངེས་ཤེས་བསྐྱེད་ཕྱིར་ལོ་རྒྱུས་བརྗོད་པ་ནས་གཟུང་དངོས་གཞི་ལེགས་སོ་གསུམ་གྱི་དོན་ཁྲིད་རྣམས་འབྱུང་བ་ལགས་པས་སྙན་གཏོད་ཅིག །དེ་ལ་དང་པོ་ཁྲིད་ཚུལ་འདི་དང་འབྲེལ་བའི་སོགས། ལེགས་སོ་གསུམ་གྱི་དོན་ཁྲིད་དབུ་ནས་བརྩམ། གོ་འཕང་ཚེ་འདི་ཉིད་ལ་འགྲུབ་པར་འགྱུར་བར་གསུངས་སོ༔ ཞེས་རྒྱ་ཆེར་གདམས་པར་མཛད་པ་བཞིན་ལ། འཕྲལ་མཁོའི་ལག་ལྕིབས་ཙམ་མ་ཡིན་པར་མཐར་ཐུག་མཆོག་གི་དངོས་གྲུབ་ངེས་པར་ཐོབ་ནས་རང་གཞན་གྱི་དོན་གཉིས་ཆབས་ཅིག་རྫོགས་པའི་གཡར་དམ་བརྟན་པོའི་སྒོ་ནས་དོན་ལག་ཐོག་ཏུ་ལོན་པར་མཛོད་ཅིག །དེ་ལྟར་སྨིན་གྲོལ་ཆིག་རྫོགས་སུ་བསྐུར་ཞིང་ཐོབ་པའི་དགེ་བ་བྱང་ཆུབ་ཀྱི་རྒྱུར་བསྔོ་བའང་ཆབས་ཅིག་ཏུ་མཛོད། བསོད་ནམས་འདི་ཡིས་སོགས་དང་། ཆོ་གའི་རྗེས་གསང་སྒྲུབ་བཞིན་ཚོགས་བྱིན་རླབས་ནས་གཟུང་། ལྷག་མ་བསྔོས་ལ་སྨོན་ལམ་མཐའ་བར་གཏང་། གཡུ་སྒྲོན་མའི་མཆོད་གཏོར་གསེར་སྐྱེམས་བསང་སྦྱང་། བྱིན་གྱིས་བརླབས་ཏེ། ཧཱུྃ༔ ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོགས་གོང་གསལ་རྣམས་སླར་ཡང་བསྐྱར་བས་འབུལ། མཆོད་བསྟོད་ཕྱིན་གསང་སྒྲུབ་བཞིན་བྱས་པས་གྲུབ་བོ།། །། ༈ ཟུར་བཟའི་ཐུགས་དམ་སྐོར་དྲུག་གི་མཁའ་འགྲོའི་སྒྲུབ་ཐབས་ལྔའི་སྤྱི་དབང་མཚམས་སྦྱོར་གྱིས་བརྒྱན་པ་བདེ་ཆེན་ཡེ་ཤེས་འཁྱིལ་བ་ལྟར། ནང་སྒྲུབ་ཕག་མོ་དམར་མོ་ལྷ་དགུ། ཕྱི་སྒྲུབ་སྒྲོལ་ལྗང་ཁྲོ་གཉེར་ཅན་ལྷ་དགུ། གསང་སྒྲུབ་གསང་བ་ཡེ་ཤེས་དམར་སེར་ལྷ་དགུ། ཡང་གསང་མནྡཱ་རཿབ་དཀར་མོ་ལྷ་དགུ། དེ་ཁོ་ན་ཉིད་ཡེ་ཤེས་མཚོ་རྒྱལ་དཀར་དམར་ལྷ་དགུ་རྣམས་སོ་སོར་དབང་སྒྲུབ། དབང་དངོས་གཞི་ལའང་མཚམས་སྦྱོར་གྱི་ཁྱད་པར་དང་། སློབ་མ་ལྷ་བསྐྱེད་སྐབས་འདམ་ཁ་བཀོད་པ་ལས། ཞལ་ཕྱག་ཡོངས་རྫོགས་གཙོ་རྐྱང་བསྐྱེད་དགོས། རྩ་སྔགས་རྣམས་བསྒྱུར་ཞིང་། དབང་ལྔ་སོ་སོར་བསྐུར་བའི་མཐར། མཐའ་རྟེན་ཚེ་དབང་སྐབས། མནྡཱ་རཿབའི་སྐུར་གྱུར་པའི་ཐུགས་ཀར་སྙིང་པོ་དང་། ལྟེ་བའི་ཧཾ་དང་ཨ་ལས་སྤྲོས་པའི་ཉི་ཟླའི་གྭའུ་ས་བོན་དང་བཅས་པ་ལས། འོད་ཟེར་སྤྲོ་བསྡུའི་སྒོ་ནས་ཚེ་བཅུད་བསྡུ་བའི་ཏིང་འཛིན་འདི་ལྟར་གསལ་ཐོབས་ཤིག །ཨ་ཧཾ་གཉིས་ཀྱི་སོགས་ནས། སྲོག་འགྲུབ་བསམ༔ དེ་ལྟར་གསལ་རྫོགས་འཕྲོ་འདུར་བཅས། །ཚེ་ཡི་སྙིང་པོའི་རྗེས་ཟློས་མཛོད། །བཾ་ཧ་རི་ནི་ས་ཨཱ་ཡུརྫྙཱ་ན་བྷྲཱུྃ་ཨ༔ ལན་བདུན། སླར་ཡང་ཕོ་ཉ་སྤྲོས་ཏེ་ཚེ་བཅུད་བཀུག་པའི་སླད་དུ་དམིགས་པ་འདི་ལྟར་གསལ་ཐོབས་ཤིག །བདག་མདུན་དཀྱིལ་འཁོར་གཙོ་མོ་ཡི། །ཐུགས་ཀའི་འོད་ཀྱིས་འཁོར་རྣམས་བསྐུལ༔ དེ་རྣམས་ལས་སྤྲུལ་ཕོ་ཉ་མོ། །ཚེ་འགུགས་མགྱོགས་མས་སྟོང་ཁམས་གང་། །སྣོད་བཅུད་བརྟན་གཡོའི་ཚེ་དཔལ་དང་། །རྒྱལ་བའི་འཁོར་ལོའི་བྱིན་སྟོབས་རྣམས། །འོད་ཟེར་འཆི་མེད་དབྱིག་ཏུ་བསྡུས། །གཙོ་མོའི་ཕྱག་གི་བུམ་པར་བསྐྱིལ། །བུ་ཡི་སྤྱི་བོར་དབང་བསྐུར་ཞིང་། །སྒྲུབ་པའི་རྫས་དང་སློབ་མ་ལ། །བསྟིམས་པས་འཕོ་འགྱུར་བྲལ་བའི་ཚེ། །རྡོ་རྗེའི་སྲོག་ཏུ་འགྲུབ་པར་མོས། །མདའ་དར་གཡབ་ཅིང་། ཧྲཱི༔ མི་འགྱུར་སྐུ་ཡི་སོགས་ནས། བཅུད་ཀྱི་སྙིང་པོ་བུམ་པར་བསྡུས༔ འདི་ཡན་ལན་གསུམ་གྱིས་ཚེ་འགུགས། ཚེ་གཏོར་ཐོགས་ལ། རྣལ་འབྱོར་ལུས་ལ་སོགས། ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར། བརྟན་གཡོའི་ཁམས་ཀྱི་ཚེ་དཔལ་དྭངས་བཅུད་བསྡུས་པའི་དངོས་གྲུབ་ཀྱི་ཞལ་ཟས་ཚེའི་རིལ་བུ་དང་། ལྷ་ཚོགས་རྣམས་ཀྱི་སྐུའི་ཆ་དང་ཐུགས་ཀ་ནས་འཆི་མེད་ཀྱི་བདེ་རྒྱུན་ཡེ་ཤེས་བདུད་རྩིའི་དབྱིག་ཏུ་བབས་པ་ཐོད་པར་བསྐྱིལ་བའི་ཚེ་ཆང་ལ་ལོངས་སྤྱད་པས་ཐུན་མཆོག་ཚེའི་དངོས་གྲུབ་ཐོབ་པར་མོས། བཾ་ཧ་རི་ནི་ས་ཨཱ་ཡུརྫྙཱ་ན་བྷྲཱུྃ་ཨ༔ ཞེས་ཚེ་ཛཔ྄་བཟླ་ཞིང་རིལ་ཆང་སྦྱིན། དེ་ལྟར་དབང་བསྐུར་པ་དེ་ཉིད་མི་ཉམས་པར་རྒྱས་གདབ་པའི་སླད་དུ་སློབ་མ་ལྷར་གསལ་བའི་ཧཾ་དང་ཨ་ཡིག་གཉིས་ལས་ཧཱུྃ་ཡིག་དཀར་དམར་རེ་མཆེད་པ། ཐུགས་གྭའུའི་ཉི་ཟླའི་འོག་ཏུ་རྡོ་རྗེ་དཀར་དམར་རྒྱ་གྲམ་དུ་གྱུར་པའི་རྭ་བཞི་སྟེང་དུ་མདུད་པའི་ཕྱི་རོལ་དུ་ཧཾ་ལས་སྤྲོས་པའི་ཀཱ་ལི་དང་། ཨ་ལས་སྤྲོས་པའི་ཨཱ་ལིའི་ཕྲེང་བ་ལུ་གུ་རྒྱུད་ཀྱིས་བཅིངས་པས་བར་ཆད་ཀྱི་འཚེ་བས་གླགས་རྙེད་པའི་སྐབས་མེད་པར་བསྲུང་བས་འཆི་མེད་ཀྱི་དངོས་གྲུབ་བརྟན་པར་བྱས་པར་མོས། སླར་ཡང་ཧཱུྃ་ཧཱུྃ་སོགས་ནས། བཅིངས་པར་བསམ༔ མཐར་སྐྱེ་འཆིའི་མཚན་མས་གདོད་ནས་སྟོང་པའི་འོད་གསལ་ཁོར་ཡུག །དུས་གསུམ་གྱི་སྤྲོས་པ་དང་བྲལ་བའི་རིག་པ་བྱང་ཆུབ་ཀྱི་སེམས་གཉུག་མ་བདེ་ཆེན་འཆི་བ་མེད་པའི་དགོངས་དབྱིངས་སུ་མཉམ་པར་འཇོག་མཛོད། དེ་ལྟར་ན་དེ་དག་རྣམས་ཀྱི་སོགས་སྦྲེལ་བའི། གཙོ་བོས་ཇི་ལྟར་སོགས་ཀྱི་རྗེས། དེ་ལྟར་སྨིན་བྱེད་ཐོབ་པའི་གཏང་རག་དང་། སླར་ཡང་གྲོལ་བྱེད་ཀྱི་གདམས་ཁྲིད་ཞུ་བའི་ཡོན་དུ་མཎྜལ། དེ་ལ་འདིར་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ་ཞུགས་ཤིང་། ཐུན་མོང་དང་ཐུན་མིན་ཁྱད་པར་གྱི་སྔོན་འགྲོ། བསྐྱེད་རིམ་གྱི་རྣལ་འབྱོར་ལ་སོགས་པ་སྔོན་དུ་སོང་ཟིན་པའི་གང་ཟག་གིས། ནང་གི་རྫོགས་རིམ་གྲོལ་ལམ་རྩ་རླུང་ཐིག་ལེ། ཐབས་ལམ་གཞན་ལུས་ཕོ་ཉའི་རྣལ་འབྱོར་གྱི་ཉམས་ལེན་མདོར་དྲིལ་བ། གཏེར་གཞུང་རྡོ་རྗེའི་གསུང་འདི་ལ་སྙན་གཏོད་ཅིག །བླ་མ་མཁའ་འགྲོའི་ཚོགས་ལ་འདུད༔ མན་ངག་རྫོགས་རིམ་སྒོམ་པའི་ཐབས༔ སོགས་ནས། ཁྱད་པར་འཕགས༔ ས་མ་ཡ༔ གཞན་ལུས་མཚན་ལྡན་བཙལ་བ་ནི༔ དང་པོ་སྤང་བྱའི་མཚན་ཉིད་ནི༔ བློ་ཆུང་སྡིག་ལ་དགའ་བ་དང༔ ཟས་ནོར་རྣམས་ལ་ཞེན་ཆགས་ཆེ༔ སེར་སྣ་རབ་ལྡན་སྤྱོད་པ་རྩུབ༔ གསང་མི་ཐུབ་ཅིང་གཡོ་སྒྱུ་ངན༔ མཛེས་ཀྱང་བདེ་བ་མི་ཕེབ་པ༔ འགྱུར་ལྡོག་གཞུང་མི་ཐུབ་པ་དང༔ ཕྱི་ཐག་ཐུང་ཞིང་སྙིང་རྗེ་ཆུང༔ ཐབས་ལྡན་རྣམས་ལ་མི་དགའ་ཞིང༔ མིག་སེར་རྒོད་ཅིང་ངན་སྤྱོད་ཅན༔ རྫུན་དང་ཟོལ་ཟོག་མང་བ་དང༔ དམ་མེད་དམེ་ཡུགས་ནལ་མཛེ་ཅན༔ ཕོ་མཚན་ནག་ལ་སོར་དྲུག་ཅན༔ མོ་མཚན་བུག་རྡོལ་ཁ་སུལ་མང༔ སྨེ་བ་ལྡན་ལ་དྲོད་མེད་ཅིང༔ ཕོ་མོ་སྣ་དང་མཆན་སྨེ་ཅན༔ འདི་དག་ཡོངས་སུ་སྤང་བར་བྱ༔ ཕོ་མོ་གང་ཡིན་ལུས་ལྷུན་ཆགས༔ མཛེས་ཤིང་ཡིད་འོང་སྤྱོད་པ་ཞིབ༔ གསང་ཐུབ་སྙིང་ཉེ་བརྩེ་གདུང་ཆེ༔ དཔྲལ་བར་སྨེ་བས་མཚན་པ་དང༔ རིགས་ལྔའི་ཕྱག་མཚན་ཡིག་འབྲུ་བཀྲ༔ སྙིང་སྨེ་ལྡན་པས་སྐྱོན་བརྒྱ་སེལ༔ ཐེག་པ་ཆེ་ལ་མོས་པ་ཡིས༔ སྦྱོར་ཚེ་སྒྱུ་རྩལ་རབ་ཏུ་མཁས༔ ཆགས་པ་ཆེ་ཞིང་སྲེད་པ་ཆུང༔ ངང་རྒྱུད་རིང་ཞིང་སྙིང་རྗེ་ཆེ༔ པདྨས་འཇིབ་ཤེས་དྲོད་ཆེ་བ༔ ཐིག་ལེ་མི་འཕོ་རྩ་སྣ་རིང༔ ཤིན་ཏུ་འཕྲང་འགྱུར་གཡའ་ཞིང་ཟ༔ རྡོ་རྗེ་སྲ་མཁྲེགས་རྒྱུན་དུ་ཟླུམ༔ སོར་བརྒྱད་དག་ལས་མི་ཐུང་བ༔ མགོ་བོ་རྒྱས་ཤིང་དྲོད་ཆེ་བ༔ དེ་ལྟར་མཚན་ལྡན་བཙལ་བྱས་ལ༔ རྗེ་དང་གྲོགས་སམ་བྲན་བཞིན་བསྟེན༔ ཡང་ན་ཕོ་མོ་སྨད་འཚོང་བཞིན༔ དད་ལྡན་ཐུགས་ཕྲད་དམིགས་པའི་དབང༔ བདུད་རྩི་སྦྱིན་ཞིང་དམིགས་པ་སྤོད༔ ཡང་ན་རང་གིས་བསྒོམ་པར་བྱ༔ རབ་རྣམས་ལོ་ཟླར་བསྟེན་པ་ལ༔ དང་པོ་དྲང་ངེས་ཆོས་བཤད་ཅིང༔ དབང་བསྐུར་ཁྲིད་ཀྱི་རིམ་པ་སྦྱིན༔ དེ་ནས་ཤིན་ཏུ་དབེན་པ་རུ༔ བདེ་བའི་མལ་ལ་ཕོ་མོའི་ཚོགས༔ ཤ་ཆང་བདུད་རྩིར་ལོངས་སྤྱོད་ཅིང༔ གདོང་ལ་བལྟ་ཞིང་ལག་པ་བརྐྱང༔ ཆགས་གཏམ་བརྗོད་ཅིང་འོ་འཁྱུད་བྱ༔ རྡོ་རྗེ་པདྨ་ལག་པས་རེག༔ གསང་བ་གཉིས་སྟོན་དེ་ཐམས་ཅད༔ སྣང་སྟོང་སྒྱུ་མ་ལྟ་བུར་བལྟ༔ ཕོ་མོ་བླ་མ་ཡི་དམ་དང༔ མཁའ་འགྲོ་ཡབ་ཡུམ་གང་རུང་བསྒོམ༔ དེ་ཡང་བདེ་བ་དབང་སྡུད་ཕྱིར༔ དམར་པོ་གྲི་ཐོད་འཛིན་པ་ཡི༔ སྤྱི་བོར་བླ་མ་སྐུ་རྡོ་རྗེ༔ དཀར་པོ་འཁོར་ལོ་དྲིལ་བུ་འཛིན༔ མགྲིན་པར་ཡི་དམ་གསུང་རྡོ་རྗེ༔ དམར་པོ་པདྨ་དྲིལ་བུ་འཛིན༔ ཐུགས་ཀར་མཁའ་འགྲོ་ཐུགས་རྡོ་རྗེ༔ མཐིང་གསལ་རྡོ་རྗེ་དྲིལ་བུ་འཛིན༔ ལྟེ་བར་ནོར་ལྷ་ཡོན་ཏན་དང༔ གསང་བར་ཆོས་སྐྱོང་ཕྲིན་ལས་ཀྱི༔ རྡོ་རྗེ་དཔའ་བོ་དཔའ་མོར་བཅས༔ རིན་ཆེན་རལ་གྲི་དྲིལ་བུ་འཛིན༔ གནས་ལྔའི་རྩ་འཁོར་རྩ་འདབ་དང༔ རྐང་མཐིལ་སྤྱི་བོ་ལག་སོར་ཚུན༔ གནས་ཡུལ་དཔའ་བོ་མཁའ་འགྲོའི་ཚོགས༔ ཡབ་ཡུམ་འཁྲིལ་སྦྱོར་བདེ་ཉམས་ཅན༔ ཉི་ཟེར་རྡུལ་ལྟར་འཁྲིགས་པར་བསམ༔ ཡབ་གསང་རྡོ་རྗེ་ཧཱུྃ་གིས་མཚན༔ ནོར་བུ་བཾ་གྱི་རང་བཞིན་དཀར༔ ཡུམ་གསང་པདྨ་འདབ་བཞི་པར༔ ཉི་མར་ཨ་ཡིག་དམར་པོས་མཚན༔ ཡུམ་མཁའ་ཨེ་ཡི་རང་བཞིན་དམར༔ གཉིས་ཀའི་བུ་གར་ཕཊ་ཀྱིས་བཀག༔ ལྷ་དང་མི་དང་ལྷ་མིན་དང༔ དུད་འགྲོ་སོགས་ཀྱི་སྦྱོར་ཚུལ་གྱིས༔ རྡོ་རྗེ་པདྨར་དལ་བུས་བསྐྱོད༔ དབབ་ཅིང་བསྐྱིལ་བའི་སྦྱོར་བ་ཡིས༔ བདེ་ལ་སེམས་བཟུང་སྟོང་པར་བཞག༔ དགའ་བ་བཞི་པོ་ངོས་བཟུང་ལ༔ བསྙེན་སྒྲུབ་ཡན་ལག་བཞི་ལྡན་པས༔ དང་པོ་གསང་བའི་གནས་ནས་ལྡོག༔ འབྲིང་གིས་ནོར་བུའི་རྩེ་རུ་གཟུང༔ རབ་ཀྱིས་ཡུམ་མཁར་རོ་སྙོམས་གཟུང༔ ཚོགས་དྲུག་རྣམ་པར་མི་རྟོག་པ༔ བརྗོད་མེད་སྟོང་ཆེན་འོད་གསལ་བ༔ མཚོན་དུ་མེད་པའི་ཡེ་ཤེས་འཆར༔ རྗེས་དཔག་ལུང་རིགས་ཚད་མས་གྲུབ༔ ཧཱུྃ་རིང་ཧུྃ་ཐུང་རླུང་ཕྱིར་གཟུང༔ ཡང་ན་བསྐྱིལ་ལྡོག་བར་རླུང་བརྟན༔ སྐྲ་རྩེ་ཙམ་ཞིག་མ་ཉམས་པར༔ ལྡོག་ཅིང་བཀྲམ་ལ་དམིགས་མེད་གཞག༔ དགའ་སྟོན་དགེ་བ་བསྔོ་བར་བྱ༔ དོན་དམ་སྐད་ཅིག་རྟོགས་པའི་ཐབས༔ མཁའ་གསང་མཉམ་པར་སྦྱར་བ་ལ༔ ཤིན་ཏུ་བདེ་འཕེལ་སྟོང་པས་ཁྱབ༔ འདི་ནི་གཞི་ལམ་འབྲས་བུ་ཀུན༔ ཞག་དང་ཟླ་བས་འགྲུབ་པ་ཉིད༔ འཁོར་ལོ་རེ་རེར་དགའ་བ་བཞི༔ བཅུ་དྲུག་ཡས་མར་སོ་གཉིས་ལ༔ མཚན་བཟང་སོ་གཉིས་མེ་ཏོག་ལ༔ ཡེ་ཤེས་ལྔ་ཡི་དཔེ་བྱད་འབྲས༔ ཚོགས་དྲུག་སྔོན་འགྲོ་རྗེས་ཀྱི་རིམ༔ གནས་ལྔ་མཁའ་གསང་སྤྲད་དང་དྲུག༔ ལུས་ངག་ཡིད་གསུམ་སྤྱི་དང་བཅས༔ ཡས་མར་དགའ་བ་བརྒྱ་ཉི་ཤུ༔ ཐབས་ཤེས་ཉིས་བརྒྱ་བཞི་བཅུ་འཆར༔ ཡེ་ཤེས་ལྔ་ལྡན་སྟོང་ཉིས་བརྒྱ༔ སྤྱི་བོའི་རྩ་ནི་དྲུག་ཅུ་དང༔ རྩ་མདུད་སུམ་ཅུ་རྩ་གཉིས་པ༔ ཐིག་ལེ་བཅུ་དྲུག་དབུས་དང་བཅས༔ བརྒྱ་དང་དགུ་ཡི་གྲངས་ལྡན་ལྷ༔ ཆིག་འབུམ་སུམ་ཁྲི་བརྒྱད་བརྒྱ་ཡི༔ ཏིང་འཛིན་སྒོ་ལྡན་ཡེ་ཤེས་འཆར༔ གནས་ལྔ་ཡན་ལག་ལ་སོགས་པར༔ དེ་ཡི་གྲངས་ལྡན་ཏིང་འཛིན་སྒོ༔ ཡེ་ཤེས་དེ་ཡི་གྲངས་མཉམ་འཆར༔ བདེ་བ་ཇི་ལྟར་འཕེལ་བ་ལ༔ དེ་གྲངས་ཡེ་ཤེས་འཕེལ་བའི་ཕྱིར༔ རླུང་སྦྱོར་ཟས་སྨན་འཕྲུལ་འཁོར་དང༔ རོལ་རྩེད་བཅུད་ལེན་ལ་སོགས་པ༔ ཐབས་མང་མཛེས་ཁྲིགས་ཟོལ་མེད་དུ༔ བདེ་བ་སྤེལ་ཐབས་རྒྱུད་བཞིན་བྱ༔ དེ་ལྟར་ལས་ཀྱི་ཕྱག་རྒྱ་ལ༔ བསྟེན་པའི་ཕྱག་རྒྱ་ཆེན་པོ་ནི༔ འདོད་པ་བདེ་བའི་སེམས་ཀུན་ལ༔ སྤྱོད་པས་རྣམ་རྟོག་ལྷག་པར་མཐོང༔ འདོད་པའི་རྣམ་རྟོག་རགས་པ་ཞི༔ བདེ་ལ་སེམས་འཛིན་མི་གཡོ་གནས༔ འདོད་པའི་ཉོན་མོངས་བྲལ་བ་ཡིས༔ གསལ་ལ་འཛིན་པའི་སེམས་ཉིད་ཀྱི༔ བསམ་གཏན་བཞི་པའི་ཏིང་འཛིན་རྙེད༔ གསལ་བའི་སྣང་བ་མི་རྟོག་པ༔ ཤིན་ཏུ་ཕྲ་བའི་གཟུགས་མེད་སེམས༔ སྲིད་རྩེའི་བར་གྱི་འཇིག་རྟེན་པའི༔ ལྟ་བ་རྣམས་ནི་ཤེས་པར་འགྱུར༔ འཛིན་མེད་རང་བབས་བཞག་པ་ཡི༔ བདེ་བས་སྣང་བ་གསལ་བས་མཆེད༔ མི་རྟོག་པ་རུ་ཐོབ་པ་ཡིས༔ དུག་གསུམ་རང་བཞིན་བརྒྱད་ཅུ་འགགས༔ གཟུང་འཛིན་སྣང་མེད་གཅིག་པུ་ཉིད༔ ཡེ་ཤེས་སྣང་བ་དུ་མ་འཆར༔ འཛིན་རྟོག་ཀུན་ཞི་མི་གཡོ་གནས༔ དོན་དམ་ལྷག་པའི་ཡེ་ཤེས་མཐོང༔ འཇིག་རྟེན་འདས་པའི་ལྟ་བའི་མཆོག༔ གཡོ་ཐོབ་གོམས་བརྟན་མཐར་ཕྱིན་པ༔ ཡོད་མེད་རྟག་ཆད་སྤྲོས་པ་བྲལ༔ འདི་ནི་འོད་གསལ་ཕྱག་རྒྱ་ཆེ༔ དམྱལ་བ་འོག་མིན་ཉིད་དུ་མཐོང༔ འཁོར་འདས་རོ་གཅིག་འཁྲུལ་རྒྱུན་ཆད༔ སྒོམ་པ་མེད་པའི་ལམ་མཐར་ཕྱིར༔ ཟུང་འཇུག་རྡོ་རྗེའི་སྐུ་འགྲུབ་བོ༔ ས་མ་ཡ༔ ཞེས་འབྱུང་བ་བཞིན་ཉམས་སུ་བླངས་པས། འབྲས་བུ་བདེ་ཆེན་འགྱུར་མེད་ཀྱི་སྐུ་གསུམ་མངོན་དུ་བྱེད་པའི་ཐབས་ལ་བརྩོན་དགོས་པ་ལགས་སོ། །དེ་ལྟར་སྨིན་གྲོལ་ཐོབ་པའི་གཏང་རག་ཏུ་ལུས་ལོངས་སྤྱོད་འབུལ་སྙམ་པས་འདིའི་རྗེས་ཟློས། དེང་ནས་བརྩམ་སྟེ་སོགས་དགེ་བསྔོ་བཅས་དང་། ཚོགས་མཆོད་སོགས་ཆོ་གའི་རྗེས་ཆོག་ལྔ་སོ་སོར་ཞིབ་པར་བྱ་དགོས་སོ།། །། ༈ གདམས་ཟབ་བེ་བུམ་གྱི་དམར་བྱང་མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་ཕྲིན་ལས་འདོད་པ་ཀུན་འགྲུབ་ལྟར་གྱི་དབང་སྒྲུབ་སྐབས་ལས་སྦྱོར་བཟླས་པའི་རྗེས་སུ་ཁྱད་པར་གྱི་ལས་སྦྱོར་སྦྱར་མི་དགོས་ཤིང་། སྐབས་འདིར་ཚེ་སྒྲུབ་དགོས་པས་གཏེར་གཞུང་མཁའ་འགྲོའི་ཚེ་སྒྲུབ་ལྟར། ཧྲཱིཿབྷྲཱུྃ༔ བྱང་ཆུབ་སེམས་ཀྱི་རོལ་པ་ལས༔ འགྱུར་མེད་སོགས་བདག་མདུན་གཉིས་ཚིག་རིས་གཅིག་གིས་གསལ་བཏབ་ནས་བཟླས་པ་ཅི་ནུས་མཐར། ཕྲིན་ལས་འདོད་པ་ཀུན་འགྲུབ་གཞུང་གི་གཏོར་འབུལ་ལ་འཇུག །རྩ་དབང་དངོས་གཞིའི་རྗེས། དེ་ནས་ཚེ་དབང་བསྐུར་བའི་སླད་དུ་དཔོན་སློབ་མདུན་བསྐྱེད་དང་བཅས་པ་འཆི་མེད་གསང་བ་ཡེ་ཤེས་ཙཎྜ་ལཱིའི་དཀྱིལ་འཁོར་བར་བསྐྱེད་ཅིང་། སྤྲོ་བསྡུའི་དམིགས་པ་འདི་ལྟར་སྒོམས་ཤིག །གཏེར་གཞུང་ཚེ་སྒྲུབ་ལྟར། ཧྲཱིཿབྷྲཱུྃ༔ བྱང་ཆུབ་སེམས་ཀྱི་རོལ་པ་སོགས་ནས། ཚེ་བསོད་བསྡུས་ནས་རང་ལ་བསྟིམ༔ དེ་ལྟར་གསལ་བ་ལ་སླར་ཡང་མདུན་གྱི་ལྷ་དང་སློབ་དཔོན་དབྱེར་མེད་པའི་ཕྱག་གི་བུམ་པ་འཁོར་འདས་བརྟན་གཡོའི་ཚེ་དཔལ་འཆི་མེད་ཀྱི་བདུད་རྩིའི་རྒྱ་མཚོར་འཁྱིལ་པའི་དབང་བསྐུར་བས། བདུད་རྩིའི་རྒྱུན་གྱིས་ལུས་གང་། སྐྱེ་འཆིའི་མཚན་རྟོག་གི་དྲི་མ་བཅོམ་ནས་འཆི་མེད་རྡོ་རྗེ་རྟག་པའི་སྐུ་འགྲུབ། ཐབས་ཤེས་བཅུད་ཀྱི་རིལ་བུ་དང་ཚེ་ཆང་ལ་ལོངས་སྤྱད་པས། ཚེ་དཔལ་ཕུན་སུམ་ཚོགས་པའི་ལོངས་སྤྱོད་དགའ་སྟོན་གྱིས་རྟག་ཏུ་འཚོ་བའི་དཔལ་ཐོབ་པར་མོས། གཏེར་གཞུང་འོག་གི །ཨོཾ༔ འཆི་མེད་རྡོ་རྗེའི་ཚེ་ཡི་ལྷ༔ སོགས་ནས། རྒྱས་པར་ཤོག༔ རྩ་སྔགས་ཚེ་ཤམ་ཅན་གྱི་མཐར། ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྦྲེལ་བས་དབང་བསྐུར་ཞིང་། རིལ་ཆང་སྦྱིན། དེ་ལྟར་ཚེའི་དབང་བསྐུར་ནས་སླར་ཡང་ཚེ་སྦ་ཞིང་བསྲུང་བའི་རྒྱས་གདབ་པའི་ཕྱིར་དམིགས་པ་འདི་ལྟར་སྒོམས་ཤིག །གཏེར་གཞུང་གོང་འཕྲོས། འཆི་མེད་བདུད་རྩིས་ལུས་གང་བའི༔ སོགས་ནས། ཚེ་བྷྲཱུྃ་ཧཱུྃ༔ བར་བརྗོད། བཀྲ་ཤིས་སོགས་སྦྲེལ། རྗེས་རིམ་བཅས་བྱའོ།། །། ༈ ཞར་བྱུང་ཉེར་མཁོ་སྨིན་ལུགས་གཅོད་ཀྱི་དབང་ཆོག་འཁོར་འདས་གཞི་གྲོལ་གྱི་དབང་སྒྲུབ་ལ། ཐོག་མར་༼ངི༽ཉང་གཏེར་ཁྲོས་ནག་གི་ལས་བྱང་མཁའ་སྤྱོད་བདེ་ལམ་ལྟར། རང་ཉིད་སྐད་ཅིག་གིས་རྗེ་བཙུན་ཁྲོས་མ་ནག་མོའི་སྐུར་གསལ་སོགས་ཀྱིས་ནང་མཆོད་བྱིན་གྱིས་བརླབས། སླར་སྔོན་གཏོར་བསང་སྦྱང་སོགས་གོང་ལྟར་བརླབས་ནས་བསྔོ་ཞིང་། བཀའ་བསྒོ། བགེགས་བསྐྲད། སྲུང་འཁོར། མཆོད་བརླབ་རྣམས་བཏང་རྗེས། ལོ་ཆེན་གསུང་འདི་ཉིད་ཀྱི་ཁྲིད་ཡིག་ཟབ་དོན་སྙིང་དྲིལ་བཞིན། མདུན་གྱི་ནམ་མཁར་སོགས། བཞུགས་པར་གྱུར། མ་མི་མིན་ཡེ་ཤེས་སོགས་སྐྱབས་འགྲོ་ཚོགས་གསག་སེམས་བསྐྱེད་སྦྲེལ་མ་ལན་གསུམ། སེམས་ཅན་བདེ་དང་སོགས་ཀྱིས་ཚད་མེད་བཞི་ལ་བློ་གཞག །སྐྱབས་ཡུལ་རང་ལ་བསྡུས་ནས། དབང་ཆོག་བཞིན། ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་བདག་མདུན་དབྱེར་མེད་དུ་གསལ་གདབ། སྨན་མཆོད་རྗེས། གཏོར་མ་དང་པོ་མཚན་སྔགས་དེ་ཉིད་ལ་གཏོར་སྔགས་བཏགས་པ་ལན་གསུམ་གྱིས་འབུལ། བླ་མ་ཡི་དམ་ལྷ་ཚོགས་ཀྱིས། །ཐུགས་རྗེ་ཆེན་པོའི་བྱིན་རླབས་མཐུས། །བདག་དང་སློབ་མའི་འགལ་རྐྱེན་ཞི། །ཡུམ་དོན་རྟོགས་པར་མཛད་དུ་གསོལ། །གཏོར་མ་གཉིས་པ། ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨི་དཾ་སོགས་ལན་གསུམ་གྱིས་འབུལ། བསྟན་སྲུང་ལྕམ་དྲལ་འཁོར་བཅས་ཀྱིས། །མཆོད་གཏོར་བཟང་པོ་འདི་བཞེས་ལ། །འགལ་རྐྱེན་བར་ཆད་ཞི་བ་དང་། །བསམ་དོན་འགྲུབ་པའི་ཕྲིན་ལས་མཛོད། །གཏོར་མ་གསུམ་པ། ཨོཾ་སརྦ་ལོ་ཀ་པཱ་ལ་བྷཱུ་མི་པ་ཏི་ས་པ་རི་ཝ་ར་ཨི་དཾ་སོགས་ལན་གསུམ་གྱིས་འབུལ། འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བྱང་ཆུབ་སྒྲུབ་པའི་མཐུན་རྐྱེན་སྤེལ། །དགེ་བའི་སྟོངས་གྲོགས་མཛད་དུ་གསོལ། །ཞེས་སོ་སོར་ཕྲིན་ལས་བཅོལ། དེ་ནས་རང་ཉིད་དབང་ལེན་པ་པོར་གུད་དུ་ཕྱེ་ནས་དབང་ཆོག་བཞིན། བདག་གི་ལུས་དང་སོགས་དང་། འོག་མིན་ཆོས་དབྱིངས་སོགས་ཁྲིད་ཡིག་ནས་འབྱུང་བའི་གསོལ་འདེབས་དབང་ལེན་མཐའི། སྒོ་གསུམ་བླ་མའི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་གྱུར་པར་བསམ་ལ་ཉམས་ལེན་གྱི་ངང་བསྐྱང་། ཚོགས་མཆོད་སྤྲོ་ན་ཉང་གཏེར་ཁྲོས་ནག་བཞིན་བྱ། དབང་དངོས་ལ། ཁྲུས་བགེགས་བཅས། འོ། ཕ་མར་གྱུར་པའི་འགྲོ་བ་སྲིད་མཚོ་མཐའ་མེད་ཀྱི་རུམ་དུ་ཆུད་པ་རྣམས་ཞི་བ་དམ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་གོ་འཕང་ལ་བདག་ཁོ་ནས་དུས་མྱུར་བ་ཉིད་དུ་འགོད་པར་བྱ། དེའི་ཆེད་དུ་ཟབ་ལམ་བདུད་བཞི་དབྱིངས་སུ་གཅོད་པའི་མན་ངག་ཉམས་སུ་ལེན་པའི་ཐོག་མར་སྨིན་བྱེད་ཀྱི་སྒོ་འབྱེད་བྱིན་རླབས་ཀྱི་རིམ་པ་ནོད་པར་བགྱིའོ་སྙམ་པའི་སེམས་བསྐྱེད་དེ་གསན་འཚལ། དེ་ལའང་རྒྱལ་བ་མིའི་སེང་གེས་དཔལ་གྱི་མགུལ་ནས་ཞི་བ་དམ་པའི་བདུད་རྩི་ཇི་སྙེད་ཅིག་བསྩལ་པའི་སྙིང་པོའི་གནད་གསང་གཅིག་ཏུ་དྲིལ་བའི་མན་ངག །རྒྱལ་བ་ཐམས་ཅད་ཀྱི་གཤེགས་ཤུལ། གྲུབ་ཐོབ་ཐམས་ཅད་ཀྱི་ཐུགས་ཀྱི་མནོག་ཆོས། བཀའ་ཕ་རོལ་ཏུ་ཕྱིན་པའི་དགོངས་པ་གསང་སྔགས་དང་རྗེས་སུ་མཐུན་པའི་ཉེ་ལམ། ཟབ་མོ་བདུད་ཀྱི་གཅོད་ཡུལ་འདི་ཉིད་རྒྱ་ཆོས་བོད་ལ་དར་བའི་གཞུང་བཞིའི་ནང་ཚན། ཕ་དམ་པ་སངས་རྒྱས་ནས་བརྒྱུད་པ་ཕོ་གཅོད་མོ་གཅོད་གཉིས་ལས། དེང་སང་ཀུན་ལ་ཁྱབ་པ་ནི་ཕྱི་མ་ཉིད་ཡིན་ལ། འདིའང་གཙོ་བོ་མ་གཅིག་ཉིད་བཀའ་ཐོག་ནས་གྲོལ་བ་ཐོབ་པས་གྲུབ་ཐོབ་ཉམས་ལེན་གྱི་བརྒྱུད་པ། ལྟ་བའི་གཞུང་ཤེར་ཕྱིན་དང་ཐབས་ཀྱི་བྱེ་བྲག་སྔགས་ཀྱི་ཁྱད་པར་དུ་བྱས་པས་མདོ་སྔགས་རྟོགས་པ་བསྲེས་པར་བཞེད་པ་འདིའི་ལམ་གྱི་ཁོག་ཕུབ་ནི། མདོ་སྡུད་པ་ལས། རྒྱུ་རྣམ་བཞི་ཡི་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། །བདུད་བཞིས་ཐུབ་པར་དཀའ་ཞིང་བསྐྱོད་པར་མི་ནུས་ཏེ། །སྟོང་པར་གནས་དང་སེམས་ཅན་ཡོངས་སུ་མི་གཏོང་དང་། །ཇི་སྐད་སྨྲས་བཞིན་བྱེད་དང་བདེ་གཤེགས་བྱིན་རླབས་ཅན། །ཞེས་པའི་བསྟན་དོན་བཞི་པོ་ཉམས་སུ་ལེན་པ་སྟེ། སྟོང་པ་ཉིད་ལ་གནས་པའི་ལྟ་བ། སེམས་ཅན་ཡོངས་སུ་མི་གཏོང་བའི་སྙིང་རྗེ། ཇི་སྐད་གསུངས་པ་བཞིན་བྱེད་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས། བདེ་བར་གཤེགས་པའི་བྱིན་གྱིས་བརླབས་པ་བཞི་ཡིན་ཞིང་། དེ་ལ་མཐུན་ཕྱོགས་ནས་མཚན་དུ་གསོལ་ན་སྤྱོད་ཡུལ་ཞེས་བྱ་སྟེ། བླ་མེད་ཀྱི་རྒྱུད་སྡེ་རྣམས་ནས་གསང་སྤྱོད་རིག་སྤྱོད་སོགས་བོགས་འདོན་སྤྱོད་པའི་རྣམ་གཞག་མང་དུ་གསུངས་པ་དང་། ཡུམ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱད་པ་སྤྱོད་པར་འདོད་པ་དེས་འདི་ལྟར་བསླབ་པར་བྱ་སྟེ། ཞེས་གསུངས་པའི་དོན་ལག་ཏུ་ལེན་པས་སྤྱོད་ཡུལ་ཞེས་བཏགས་པ་དང་། མི་མཐུན་གཉེན་པོའི་ཆ་ནས་མཚན་དུ་གསོལ་ན། རྒྱུ་ཕར་ཕྱིན་གྱི་སྐབས་སུ་བདེན་པ་བཞིའི་སྤང་བླང་གི་འཇུག་ལྡོག་ལས། སྡུག་བསྔལ་དང་ཀུན་འབྱུང་བདེན་པ་ལམ་དུ་ཁྱེར་བའི་ཕྱིར་གཉེན་པོ་ཟློག་སྒོམ་དང་རོ་སྙོམས་ཀྱི་གནད་ཟབ་མོ་ཉམས་སུ་ལེན་པས་བདུད་ཀྱི་གཅོད་ཡུལ་ཞེས་བྱ་སྟེ། དེའང་གཅོ༵ད་ཅེས་པའི་སྒྲ་དོན་བྲམ་ཟེ་ཨཱརྻ་དེ་བའི་གཞུང་ཆུང་ལས། སེམས་ཀྱི་རྩ་བ་གཅོད་པ་དང་། །ཉོན་མོངས་དུག་ལྔ་རྩད་གཅོད་དང་། །ལྟ་སྒོམ་བསྒོམ་པའི་རྒྱུ་བྱེད་དང་། །སྤྱོད་པ་ཉམ་ང་རེ་དོགས་དང་། །སྙེམས་བྱེད་ཐམས་ཅད་གཅོད་པའི་ཕྱིར། །ངེས་པའི་ཚིག་ཏུ་གཅོད་ཅེས་བྱ། །ཞེས་གསུངས་པ་ལྟར་དང་། ཡུལ༵་ཞེས་པའི་དོན་ནི། གཅོད་པར་བྱ་རྒྱུའི་ཉོན་མོངས་ནི་ཚུལ་མ་ཡིན་པའི་ཡུལ་ཡིད་ལ་བྱེད་པ་ལས་སྐྱེ་བའི་ཕྱིར། རྣལ་འབྱོར་པས་ཡུལ་ལ་ཉེར་བཅུག་ནས་བག་ཆགས་བླངས་ཏེ་དེ་ཉིད་ཀྱི་ཐོག་ཏུ་གཅོད་པར་བྱེད་པའོ། །དེ་ལྟ་བུའི་གདམས་ངག་ཉམས་སུ་ལེན་པའི་ཐོག་མར་སྣོད་རུང་གི་དབང་བསྐུར་བྱིན་རླབས་ཀྱི་རིམ་པ་འདི་ནི། ཡུམ་སྲས་ཀྱི་རིང་བརྒྱུད་དང་། མ་གཅིག་གིས་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ལ་དངོས་སུ་གནང་ཞིང་། དེ་ཉིད་ཀྱི་ཡང་སྤྲུལ་རིག་འཛིན་པདྨ་གླིང་པ་ལ་ཉེ་བརྒྱུད་ཀྱི་ཆུ་བོ་གཅིག་འདྲེས་སུ་བཞུགས་པ་ལ། བཻ་རོའི་ཐུགས་སྤྲུལ་རིག་པ་འཛིན་པ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་༧ཨོ་རྒྱན་གཏེར་བདག་གླིང་པ་པདྨ་གར་དབང་འགྱུར་མེད་རྡོ་རྗེ་རྩལ་ཉིད་ཀྱིས་མན་ངག་གིས་བརྒྱན་པར་མཛད་པའི་བཀའ་སྲོལ། བྱིན་རླབས་ཀྱི་དྲོད་ཚད་མ་ཉམས་པར་བྱོན་པ་དེ་ཉིད་ཀྱི་སྨིན་བྱེད་འཁོར་འདས་གཞི་གྲོལ་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ། བླ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དངོས་ཡིན་སྙམ་པའི་ངེས་ཤེས་དང་ལྡན་པའི་སྒོ་ནས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། འགྲོ་བའི་བླ་མ་སོགས། སྐབས་འདིར་སྤྲོ་ན། རྒྱལ་ཐང་ལུགས་བཞིན་དཔོན་སློབ་ཐམས་ཅད་ཀྱིས་ཤེར་སྙིང་བདུད་ཟློག་ཀྱང་བྱ། རྒྱུད་སྦྱོང་བའི་སླད་དུ། མདུན་གྱི་ནམ་མཁར་པདྨ་དང་ཉི་ཟླའི་གདན་མཐོ་ཞིང་ཡངས་པའི་དབུས་སུ་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་མ་གཅིག་ལབ་སྒྲོན་ཡུམ་ཆེན་མོའི་རྣམ་པར་བཞུགས་པ་ལ། བཀའ་བརྒྱུད་ཀྱི་བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་སོགས་སྐྱབས་གནས་ཀུན་འདུས་ཀྱིས་བསྐོར་བ་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པར་གསལ་བཏབ་ལ། བདག་དང་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་སྐྱིད་སྡུག་ལེགས་ཉེས་ཁྱེད་རང་ཤེས་སོ་སྙམ་པའི་བློ་སྙིང་བྲང་གསུམ་ལིང་གིས་བཀལ་ཏེ་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས། བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་དང་། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བདག་ཉིད་གུས་པས་སྐྱབས་སུ་མཆི། །ལན་གསུམ། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་དམིགས་ཡུལ་དུ་བྱས་ཏེ། འདི་དག་ཐམས་ཅད་རང་གི་ཚེ་རབས་གཏན་གྱི་ཕ་མའི་འཁོར་ལོ་ཡིན་ཡང་། ཐམས་ཅད་སྡུག་བསྔལ་གྱི་མེ་དོང་དུ་ཚུད་ནས་ཐོན་པའི་དུས་མེད་པ་འདི་རྣམས་སྙིང་རེ་རྗེ། དེའང་སྙིང་རྗེ་བའི་སར་མི་བཞག་པར་རྣམ་གྲོལ་གཏན་གྱི་བདེ་བ་ལ་འགོད་པར་བྱ། དེའི་ཆེད་དུ་གཅོད་ཡུལ་ཟབ་མོ་ཉམས་སུ་བླང་བར་བྱའོ་སྙམ་པའི་སེམས་བསྐྱེད་ལ་འདིའི་རྗེས་ཟློས། སེམས་ཅན་འཁོར་བའི་རྒྱ་མཚོ་ལས། །བསྒྲལ་ཕྱིར་གཅོད་ཡུལ་ཉམས་བླངས་ཏེ། །ཚད་མེད་བཞི་ཡི་ཕྲིན་ལས་ཀྱིས། །འགྲོ་བ་བསྒྲལ་བར་སེམས་བསྐྱེད་དོ། །ལན་གསུམ། དེས་ཡུལ་ཁྱད་པར་ཅན་ལ་སྐྱབས་སུ་འགྲོ་བ་དང་། བསམ་པ་རྒྱ་ཆེ་བ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྔོན་དུ་སོང་ནས། སྡོམ་པ་གསུམ་གྱི་སྙིང་པོ་འདུས་པ་རྡོ་རྗེ་ཐེག་པའི་ཚུལ་ཁྲིམས་རྣམ་པ་གསུམ་པོ་བླངས་ནས་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། སློབ་དཔོན་བདག་ལ་སོགས། དེས་འཇུག་པའི་རིམ་པ་སོང་ནས། དངོས་གཞི་ལ་ནམ་མཁའ་སྒོ་འབྱེད་ཀྱི་ངོ་སྤྲོད་དང་། ཆོས་དབང་སེམས་ལ་བསྐུར་བ་གཉིས་ལས། དང་པོ་ནམ་མཁའ་སྒོ་འབྱེད་སྤྲོས་བྲལ་དངོས་མེད་ཀྱི་ངོ་སྤྲོད་སེམས་ལ་བསྐུར་བ་ནི། ཁྱེད་རང་རྣམས་ལུས་གནད་སོགས། ས་ལམ་རྫོགས། །ཞེས་གསུངས་པ་བཞིན། དུས་གསུམ་གྱི་སྤྲོས་པ་བཅད་དེ་བློ་འདས་ཀྱི་རང་རིག་ཟང་ཀ་མ་བཙལ་བས་མི་རྙེད། བཟུང་བས་མི་ཟིན། བལྟས་པས་མི་མཐོང་། ཅི་ཡང་མ་ཡིན་ཞིང་ངོས་གཟུང་དང་བྲལ་བའི་གཤིས་ལུགས་དེ་ཀའི་ངང་ལ་ལྷོད་དེ། འབོལ་ལེ། ཤིག་གེ །སལ་ལེ། སང་ངེ་། མ་བཅོས་པར་ཞོག །རྣམ་རྟོག་གི་ཡིད་བྱེད་གང་གིས་ཀྱང་མ་བསླད་པར་ཧད་དེ་ཞོག །ཡུལ་བཟང་ངན་གྱིས་མ་བསྒྱུར་བར་གང་ཤར་གྱི་སྟེང་དུ་རྗེན་ནེ་ཞོག །བསྒོམ་རྒྱུ་རྡུལ་ཙམ་ཡང་མེད་ཅིང་ཡེངས་སུ་སྐད་ཅིག་ཀྱང་མེད་པའི་ངང་ལ་སོ་ཁད་དེ་འཇོག་པའི་ཉམས་ལེན་གྱི་གནད་ཤེས་པར་གྱིས་ཤིག །དེ་ལྟ་བུའི་གནས་ལུགས་སོགས། དབྱིངས་སུ་ཞོག་ཅིག །ཕཊཿ བར། གཉིས་པ་སྤྲོས་བཅས་དངོས་པོ་ལ་བརྟེན་ནས་ནམ་མཁའ་སྒོ་འབྱེད་ཀྱི་གདམས་ངག་འབོགས་ཤིང་ངོ་སྤྲོད་པ་ནི། ༡༽ཁྱེད་རང་རྣམས་ལུས་གནད་རྣམ་སྣང་གི་ཆོས་བདུན་བཅའ། ཉྭ་བཞི་བསྒྲིམ། མིག་གྱེན་དུ་བལྟ། ངག་གནད་རླུང་རང་སོར་བཞག །སེམས་ཀྱི་གནད། དྲན་རིག་ཐམས་ཅད་ཀྱི་སོགས་ནས། ཞོག་ཅིག །ཕཊཿ ༢༽ཡང་ཁྱེད་རང་རྣམས་ཀྱི་ལུས་གནད་ཙོག་པུ། འཕོངས་ས་ལ་མ་རེག་ཙམ། ལག་པ་གཉིས་སྙིང་གར་རྡོ་རྗེ་བསྡམ་པའི་ཕྱག་རྒྱ་དང་བཅས་ཉྭ་བཞི་བསྒྲིམ་སོགས་གོང་ལྟར་ལན་གཅིག་བརྗོད། ༣༽ཡང་ཁྱེད་རང་རྣམས་ཀྱི་ལུས་གནད་ལངས་ཏེ་རྐང་པའི་པུས་བྲང་ས་ལ་བཙུགས། ཐལ་མོ་སྤྱི་བོར་སྦྱར། གྲུ་མོ་དང་པུས་མོ་ཕྱིར་བརྒྱངས། ཉྭ་བཞི་སོགས་གོང་ལྟར་ལན་གཅིག་བསྐྱར། དེ་ལྟར་བྱས་པས་ཁྱེད་རང་རྣམས་ཀྱི་རིག་པ་ནམ་མཁའ་དང་འདྲེས། ནམ་མཁས་གར་ཁྱབ་རིག་པས་ཁྱབ། རིག་པས་གར་ཁྱབ་ཆོས་སྐུས་ཁྱབ། ཁྱབ་གདལ་ཆེན་པོའི་ངང་ལ་མཉམ་པར་ཞོག་ཅིག །འབུམ་ལས། སྤྱི་གཙུག་རྣམ་པར་ལྟ་བའི་ཏིང་ངེ་འཛིན་དང་། ནམ་མཁས་རྣམ་པར་ཁྱབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་། ནམ་མཁས་རྒྱས་པར་འགེངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཞེས་གསུངས་པའི་དོན་ཡིན་པས། དེ་གང་དུའང་ངོས་གཟུང་མེད་པ་བསམ་མེད། བརྗོད་མེད། དམིགས་མེད། ཕྱལ་བ་དེ་ཁའི་ངང་ལ་ཙན་གྱིས་ཞོག །ལྷོད་ཀྱིས་ཀློད། ཁྲེས་སེ་བོར། རྒྱང་གིས་སྐྱུར་ལ་སྒོམ་པའི་བློ་དང་ཕྲོལ་ལ་ཞོག་དང་། འདི་ཀ་གདོད་མའི་གནས་ལུགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱལ་བའི་དགོངས་པ། སྤྲོས་བྲལ་དོན་དམ་པ་ལ་སོགས་པའི་ཐ་སྙད་ཀྱི་སྒོ་ནས་མིང་ཇི་སྙེད་ཅིག་བཏགས་ཀྱང་། དོན་རང་སེམས་སྐད་ཅིག་མ་བསམ་བརྗོད་བྲལ་བ་འདི་ཀ་ལགས་པས། དེ་ཀ་རང་ངོ་ཤེས་ཙམ་གྱི་དྲན་པ་ལ་བརྟེན་ནས་གང་ཤར་གྱི་རང་ངོ་ལ་བསལ་གཞག་མེད་པར་ཀློད་ནས་འཇོག་པ་ཡིན་ཏེ། མ་གཅིག་གིས། གྲིམ་གྱིས་སྒྲིམས་ལ་ལྷོད་ཀྱིས་ཀློད། །སྒོམ་པའི་གནད་ཅིག་དེ་ན་གདའ། །ཞེས་གསུངས་པས། མདོར་ན་སྣང་བ་ཐམས་ཅད་སེམས་ཀྱི་འཁྲུལ་པ་ཙམ་སྟེ། རང་སྣང་རིས་མེད་སེམས་ཉིད་ཅིར་ཡང་མ་གྲུབ་པས་སྟོང་པ་ཉིད། སྟོང་པའི་རང་མདངས་ཅིར་ཡང་སྣང་ཞིང་། སྣང་དུས་ཉིད་ནས་སྟོང་པས་སྣང་སྟོང་ཟུང་འཇུག་དེ་ཀ་རང་གི་ཁ་ནང་དུ་ཕྱོགས་ཏེ་རིག་པར་བྱ་བ་ལས་གཞན་མ་ཡིན་ཏེ། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །ཞེས་གསུངས་པའི་དོན་ཉམས་སུ་ལེན་པ་ནི། ལུས་གནད་དྲང་པོར་བསྲང་། ངག་རླུང་རང་སོར་གཞག །སེམས་དུས་གསུམ་གྱི་རྟོག་པ་བཅད་ནས་སྔ་མ་འགགས། ཕྱི་མ་མ་སྐྱེས་པའི་ད་ལྟར་གྱི་ཤེས་པ་སྐད་ཅིག་མ་དེ་ཀའི་ངོ་བོ་ལ་ཅེ་རེ་བལྟས་པའི་སྣང་བ་ཕྱི་རུ་མ་ལུས། རིག་པ་ནང་དུ་མ་ཆད་པའི་སྣང་བ་སྤྲོས་བྲལ་དེ་ཀ་ལ་རེས་ཧྲིག་གིས་བསྒྲིམ། རེས་ལྷོད་ཀྱིས་ཀློད་ནས་བསྐྱངས་པས་སོ་སོ་རང་རིག་ཏུ་འཆར། དེ་ཀ་ཡེངས་མེད་ཀྱི་ངང་ནས་རང་ངོ་ལ་བལྟས་པས་ཡོད་མེད་རྟག་ཆད། སྐྱེ་འགག་འགྲོ་འོང་སོགས་གང་གིའང་ཕྱོགས་སུ་མ་ལྷུང་པའི་རིག་པ་རྩ་བྲལ་རྗེན་པ། རིག་བྱ་རིག་བྱེད་ཐམས་ཅད་དང་བྲལ་བ་དེ་ཀ་ངོ་ཤེས་ཙམ་ལ་མ་ཡེངས་པར་བསྐྱང་བ་ཡིན་ཏེ། མ་གཅིག་གིས། གང་ཡང་ཡིད་ལ་མ་བྱས་ན། །གོལ་སར་ལྷུང་བ་ཅི་ལ་འབྱུང་། །བསམ་མེད་སྒོམ་པ་མ་ནོར་ན། །ཆོས་སྐུ་བྱང་ཆུབ་ཐེ་ཚོམ་མེད། །སྒོམ་གྱི་ནང་ནས་དེ་ཉིད་མཆོག །འདུ་ཤེས་རྣམ་པར་བཤིག་ལ་ཞོག །ཅེས་དང་། གང་ཡང་ཡིད་ལ་མ་བྱས་ན། །བག་ཆགས་མི་འབྱུང་ས་ལམ་རྫོགས། །ཞེས་གསུངས་པ་བཞིན་སྐྱེ་མེད་ཡུམ་ཆེན་མོའི་དགོངས་དོན་ཟབ་མོ་ཉམས་འོག་ཏུ་ཆུད་པར་གྱིས་ཤིག །གཉིས་པ་བྱིན་རླབས་བརྟན་བྱེད་ཆོས་དབང་སེམས་ལ་བསྐུར་བ་ལ་ཡེ་ཤེས་དབབ་པ་དང་། དབང་བསྐུར་བ་གཉིས་ལས། དང་པོ་ཡེ་ཤེས་ལྷའི་བྱིན་དབབ་པ་ནི། སྣོད་བཅུད་ཐ་མལ་དུ་འཛིན་པས་མ་བསླད་པར་འདི་ལྟར་དུ་གསལ་ཐོབས་ཤིག །སློབ་དཔོན་གྱི་ཐུགས་ཀ་སོགས་སྔགས་དང་བཅས་སྤོས་རོལ་གྱིས་ཡེ་ཤེས་པའི་བྱིན་དབབ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་ཇི་སྲིད་བྱང་ཆུབ་སྙིང་པོའི་བར་དུ་བརྟན་པར་གྱུར་ཅིག །ཏིཥྛ་བཛྲས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཀོད། རྗེས་འབྲེལ་ཕྱག་རྟེན་མེ་ཏོག་འབུལ་བ་ནི། མེ་ཏོག་འདི་ཉིད་ཁྱེད་རང་རྣམ་པའི་ཕྱག་ཐལ་མོ་སྦྱར་བའི་བར་དུ་རིན་པོ་ཆེའི་རྒྱུ་ལས་གྲུབ་པའི་མེ་ཏོག་པུཎྜ་རཱི་ཀའི་ཕྲེང་བར་དམིགས་ཏེ་བཟུང་ནས། མདུན་བསྐྱེད་རྗེ་བཙུན་ཁྲོས་མ་ལྷ་ལྔའི་དཀྱིལ་འཁོར་པར་ལྷའི་མེ་ཏོག་གི་ཕྲེང་བ་རེ་ཕུལ་བར་མོས་པའི་ཕྱག་རྒྱས་ཕོ་བྲང་འདིར་དོར་ལ་འདིའི་རྗེས་ཟློས། པྲ་ཏིྵྩ་པཱུ་ཛ་ཧོཿ མདུན་དུ་བཞུགས་པའི་མཁའ་འགྲོའི་དཀྱིལ་འཁོར་རང་སྣང་རྣམ་པར་དག་པའི་ཡེ་ཤེས་ཀྱི་རྩལ་ལས་ཤར་པའི་ལྷ་ཚོགས། བྱ་རྩོལ་ལས་འདས་པའི་ལྷུན་གྲུབ་ཡེ་གསལ་ཆེན་པོའི་ལྷ་ཞལ་དང་གཉིས་སུ་མེད་པའི་དཀྱིལ་འཁོར་འདི་ལ་དད་སྤྲོ་དང་བཅས་པས་ལྟོས་ཤིག །ཧེ་བཛྲ་སོགས། དེའང་སྣང་སྲིད་དག་པ་ཆོས་ཀྱི་འབྱུང་གནས་སོགས་མངོན་རྟོགས་ཀྱི་བསྐྱེད་སྔགས་རྣམས་དོར་བས། སྤྲིན་ཕུང་གཏིབས་པ་ལྟར་མངོན་སུམ་བཞིན་མཐོང་བར་མོས་ཤིག །གཉིས་པ་དབང་བསྐུར་བ་དངོས་ལ་རྒྱུད་སྣོད་རུང་དུ་བྱེད་པ་བུམ་དབང་རྗེས་འབྲེལ་བཅས་དང་། འབྲས་བུ་ཡེ་ཤེས་སྐྱེ་བའི་མཆོག་དབང་། མཐའ་རྟེན་གཏོར་དབང་རྣམས་རིམ་པར་འབྱུང་བ་ལས། དང་པོ་བུམ་པའི་དབང་བསྐུར་བ་ལ་དངོས་དང་། རྗེས་འབྲེལ་གཉིས། དང་པོ་ནི། ལྷ་དང་སློབ་དཔོན་གཉིས་སུ་མེད་པའི་རིགས་ལྔའི་མཁའ་འགྲོ་སོགས་ནས། ཐུན་མོང་རིག་པའི་དབང་ལྔ་ཐོབ་པས་ལམ་སྣང་བ་ལ་སྟོང་པས་རྒྱས་ཐེབས་པའི་སྣང་སྟོང་གི་རྣལ་འབྱོར་སྒོམ་ནུས་པའི་སྐལ་པ་རྒྱུད་ལ་བཞག་པའོ། །གཉིས་པ་དེ་དང་རྗེས་སུ་འབྲེལ་བ་སློབ་དཔོན་གྱི་དབང་དང་། བརྟུལ་ཞུགས་ཀྱི་རྗེས་གནང་གཉིས་ལས། དང་པོ་དོན་གཉིས་སྒྲུབ་པ་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བ་ནི། བདག་དོན་བསྐྱེད་སྔགས་བཟླས་པའི་རིམ་པ་དང་། གཞན་དོན་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ཀྱི་སྒོ་ནས་འགྲོ་བའི་དོན་སྒྲུབ་པའི་ནུས་པ་རྒྱུད་ལ་འཇོག་པར་བྱེད་པ་བདག་པོའི་དབང་བསྐུར་བ་ལ། རིགས་ལྔ་མཁའ་འགྲོའི་སྐུ་སྤྱི་བོར་བསྟིམ། གླེགས་བམ་མགྲིན་པར་བཞག །མེ་ལོང་སྙིང་གར་གཏད་པས་ལྷག་པའི་ལྷའི་རྡོ་རྗེ་གསུམ་གྱི་བྱིན་ནུས་སློབ་མའི་སྒོ་གསུམ་ལ་ཞུགས་པས། བསྐྱེད་སྔགས་ཏིང་འཛིན་གྱི་སྒོ་ནས་དོན་གཉིས་སྒྲུབ་པའི་ཕྲིན་ལས་ཀྱི་དབང་དང་རྗེས་གནང་ཐོབ། ལྷ་བདག་གཉིས་སུ་མེད་ཅིང་ཡོན་ཏན་ཕྲིན་ལས་མཉམ་པ་ཉིད་ཆེན་པོར་བྱིན་གྱིས་བརླབས་པར་མོས། སངས་རྒྱས་ཀུན་གྱིས་སོགས། གཉིས་པ་བརྟུལ་ཞུགས་སྤྱོད་པའི་རྗེས་སུ་གནང་བ་ནི། དབྱིངས་རིག་དབྱེར་མེད་ཀྱི་ལྟ་བ། སྐྱེ་འགག་གནས་གསུམ་དང་བྲལ་བའི་ཉམས་ལེན། ཁམས་གསུམ་ཟིལ་གནོན་གྱི་དགོངས་པ། བདེན་མེད་རྟོགས་པའི་ཤེས་རབ་རྣམས་ཀྱི་རྩལ་སྦྱོང་ཞིང་། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པས་ཕྱི་ནང་གི་དུར་ཁྲོད་ཉུལ་ནས་རང་བྱུང་གི་ཡེ་ཤེས་བཙན་ཐབས་སུ་སྦར་བས། གཟུགས་ཅན་གཟུགས་མེད་ཀྱི་འགྲོ་བའི་དོན་བྱེད་ནུས་པའི་རྗེས་སུ་གནང་བ་སྦྱིན་པ་ལ། ཐ་མལ་གྱི་ཆས་གོས་སྤངས་ཏེ་མཁའ་འགྲོ་མ་རྣམས་དང་སྐལ་པ་མཉམ་པའི་ཕྱིར་རུས་པའི་འཁོར་ལོ་དང་རྣ་ཆ། མགུལ་ཆུ། གདུ་བུ། སེ་རལ། སྐ་རགས་རྣམས་གནས་སོ་སོར་བགོས་པར་མོས། རྫས་རྣམས་གཏད་ཚིག་བསྡུས་པ། མཁའ་འགྲོ་ཀུན་གྱིས་སོགས། སྟོན་པའི་སྒྲ། རྐང་པ་བཞི་པ་བསྡུས་པ་དེ་དོར་ནས། འདི་ནི་སོགས་དང་སྔགས་ཚན་གཉིས་པོ་བརྗོད། ཁྱེད་རང་རྣམས་དེང་ཕྱིན་ཆད་ཐོག་བཅས་ཡུལ་གྱི་སྣང་བ་ལ་བདེན་ཞེན་དང་བྲལ་བས་མི་ཕོད་བརྫི་ཞིང་། འདྲེར་འཛིན་ཆགས་སྡང་དང་སྐྱོ་འཇིགས་ཀྱི་རྟོག་པ་གང་ཤར་གྱི་རྗེས་སུ་མི་འབྲེང་བར་ཐབས་ཤེས་ཟུང་འབྲེལ་གྱི་ཡི་གེ་ཕཊ་ཅེས་བརྗོད་ཅིང་། ཕྱི་སྣང་བ་ལ་དངོས་པོར་ཞེན་པའི་བདུད་ཀྱི་འཁྲི་བ་བཙན་ཐབས་སུ་བཅད། རིག་གདངས་དབྱིངས་སུ་བསྲེས་ཏེ་ཕུང་པོ་གཟན་དུ་བསྐྱུར། དབྱིངས་རིག་དབྱེར་མེད་སྣང་སྟོང་འཛིན་མེད་ཀྱི་ངང་སྐྱོང་བ་ལ་རྒྱུན་དུ་འབད་འཚལ་ཞིང་། སྐབས་འདིར་ཁྱེད་རང་རྣམས་ཀྱི་རིག་པ་བྱང་ཆུབ་ཀྱི་སེམས་ཐ་མལ་ཤེས་པའི་རང་ངོ་དྲན་བསམ་འཕྲོ་འདུའི་རྟོག་པ་མེད་པའི་ངང་ལས་མ་བཅོས་མ་བསླད་པར་གཞག །རྟོག་པ་འགྱུ་ན་གང་ཤར་བར་ཅེར་གྱིས་བལྟས་པས་རྗེས་མེད་རང་གྲོལ། འགག་མེད་ཀྱི་འཆར་སྒོ་སྐྱེ་མེད་ཟང་ཐལ་གྱི་རྩལ་སྣང་སྒྱུ་མ་ལྟ་བུ་གསལ་སྟོང་འཛིན་མེད་ཀྱི་དོན་ཤེས་པར་མཛོད་ཅིག །ཕཊཿལན་གསུམ་བརྗོད། འདི་ནི་མཁའ༴ དོན་དམ་སོགས། འདི་ལྟར་ཕྱིའི་རྐྱེན་ལ་མ་ལྟོས་པར་རང་གི་རིག་པ་རང་འཚོ་མི་ཐུབ་པར་དགའ་སྡུག་སྐྲག་སྔངས་སོགས་ཐོག་མེད་ཡུལ་དུ། རེ་དོགས་ཀྱི་རྟོག་པ་སྣ་ཚོགས་སུ་འགྱུ་བའི་མཁན་པོ་ནང་འཛིན་པ་སེམས་ཉིད་བདུད་དུ་འཁྲུལ་པའི་གཞི་རྩ་བཅད་ནས། སྟོང་ཉིད་སྙིང་རྗེ་ཟུང་འཇུག་སྐྱེ་མེད་སྤྲོས་བྲལ་གྱི་རང་བཞིན་གསལ་སྟོང་འཛིན་མེད་ཀྱི་ངང་ལ་མཉམ་པར་འཇོག་མཛོད། །ཅེས་ཡུམ་དོན་ཅུང་ཟད་སྐྱོང་བཅུག །ཐབས་ཤེས་ཁ་སྦྱོར་ཟུང་འཇུག་འགག་པ་མེད་པའི་སྒྲ་དབྱངས་སྒྲོག་པའི་ཌཱ་མ་རུ་ཕྱག་གཡས་སུ་གཏད་པས་སྣང་སྲིད་དབང་དུ་སྡུད་པའི་ཕྲིན་ལས་ལྷུན་གྱིས་གྲུབ་པའི་བརྡར་གཟུང་ཞིང་འཁྲོལ་མཛོད། འདི་ནི་མཁའ༴ ཁམས་གསུམ་སོགས། འདི་ལྟར་སྣ་ཚོགས་སུ་སྣང་བའི་དངོས་པོ་བདེན་པར་ཞེན་ཅིང་། བཟང་རྟོག་ལ་ཆགས་སེམས། གཅེས་འཛིན་དགའ་བྲོད་དང་། ཡུལ་སྣང་ལྷ་འདྲེའི་ཆོ་འཕྲུལ་གྱིས་བསླུ་བའི་བདུད། ཡུལ་དང་ཡུལ་ཅན་གཉིས་མེད་འཛིན་བྲལ་རིག་པ་རང་སོ་ཐུབ་པས་དབང་དུ་སྡུད་ཅིང་ཟིལ་གྱིས་གནོན་པའི་ཉམས་ལེན་དུ་ཁྱེར་མཛོད། སྐྱེ་མེད་ཀྱི་བརྡ་སྟོན་པའི་གླིང་བུ་འདི་བུས་ལ་གཉིས་སྣང་གི་ཆོས་ཐམས་ཅད་གཉིས་མེད་གདོད་ནས་མ་སྐྱེས། ཡེ་མཉམ་རང་གྲོལ་དུས་མཉམ་དུ་ཤེས་པའི་བརྟུལ་ཞུགས་ཀྱི་རྒྱས་འདེབས་ལམ་དུ་ལྷོངས་པར་གྱིས་ཤིག །འདི་ནི་མཁའ༴ སྣང་སྲིད་སོགས། འདི་ལྟར་ཆོས་ཐམས་ཅད་གདོད་ནས་སྐྱེ་འགག་དང་བྲལ་བའི་དོན་མ་ཤེས་པས། བདག་གཞན་སྤང་བླང་བདེ་སྡུག་གི་སྣང་ཆར་ཞེན་པའི་རེ་དོགས་སྙེམས་བྱེད་གཉིས་སྣང་འཁྲུལ་པའི་བདུད་ཀྱི་གཞི་རྩ། སྐྱེ་མེད་རྟོགས་པའི་ཤེས་རབ་ཀྱིས་གང་ཤར་འཛིན་མེད་རང་གྲོལ་དུ་བདེན་མེད་སྒྱུ་མ་ལྟ་བུར་རྟོགས་པའི་ངོ་བོར་ལམ་དུ་ཁྱེར་མཛོད། གཉིས་པ་འབྲས་བུ་ཡེ་ཤེས་སྐྱེད་པའི་མཆོག་དབང་ལ་གསུམ་ལས། དང་པོ་གསང་བའི་དབང་ནི། གཙོ་མོ་རྡོ་རྗེ་མཁའ་འགྲོ་སོགས། དེ་ལྟར་གསང་བ་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་བདུད་རྩིས་དབང་བསྐུར་པས། རང་བཞིན་བརྒྱད་ཅུའི་རྟོག་པ་འགག །གསལ་རིག་སྟོང་པ་དབྱེར་མེད་རྫོགས་པའི་རིམ་པ་སྒོམ་པ་ལ་དབང་བའི་སྐལ་པ་རྒྱུད་ལ་བཞག་པའོ། །གཉིས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། ཁྱེད་རང་རྣམས་ཐབས་ཀྱི་དཔའ་བོ་ཧེ་རུ་ཀཿབདེ་བ་མཆོག་གི་རྣམ་པར་གསལ་བ་ལ། དཀྱིལ་འཁོར་པ་ལས་སྤྲུལ་པའི་ཡུམ་རྡོ་རྗེ་མཁའ་འགྲོ་སོགས་ཀྱིས་རིག་ཙཀ་གཏད། དེ་ལྟར་འདུ་ཤེས་གསུམ་ལྡན་གྱིས་བསྲུབ་པ་དང་བསྲུབས་པ་ལས་བྱུང་བའི་དགའ་བ་བཅུ་དྲུག་གི་མཐར་འཕོ་མེད་ལྷན་སྐྱེས་འབྲས་བུའི་དགའ་བ་སྤྱི་བོར་ཐིམ་པས། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མངོན་དུ་བྱེད་ནུས་པའི་སྐལ་པ་རྒྱུད་ལ་བཞག་པའོ། །གསུམ་པ་ཚིག་དབང་ནི། འཁོར་འདས་སུ་སྣང་བའི་ཡུལ་ཐམས་ཅད་ཡུལ་ཅན་རིག་པའི་དབྱིངས་སུ་གདོད་ནས་མ་སྐྱེས་ཡུམ་ཆེན་ཆོས་སྐུའི་དགོངས་པ་རོ་མཉམ་གཉིས་མེད་སྤྲོས་པ་དང་བྲལ་བའི་ངོ་བོ་མ་བཅོས་ལྷུག་པར་འཇོག་འཚལ། འདི་ལྟར་འཁོར་འདས་སོགས། དེ་ལྟར་ཡེ་ཤེས་ཅར་ཕོག་ཏུ་ངོ་སྤྲད་པས་ཤིན་ཏུ་རྣམ་པར་དག་པ་བདེ་སྟོང་ལྷན་སྐྱེས་ཤར་གྲོལ་དུས་མཉམ། བློ་འདས་དབྱིངས་རིག་དབྱེར་མེད་ཆོས་ཀྱི་སྐུ་མངོན་དུ་བྱེད་ནུས་པའི་སྐལ་པ་རྒྱུད་ལ་བཞག་པའོ། །གསུམ་པ་མཐའ་རྟེན་བྱིན་རླབས་འབེབ་པ་གཏོར་མའི་དབང་བསྐུར་བ་ནི། སྐུ་ཉིད་རྣམས་མ་ཡེངས་པར་དམིགས་པ་འདི་ལྟར་དུ་གསལ་ཐོབས་ཤིག །མདུན་དུ་བཤམས་པའི་གཏོར་མ་འདི་ཉིད་ཀྱི་སྣོད་སྣང་སྲིད་དག་པ་ཆོས་ཀྱི་འབྱུང་གནས་སོགས་མངོན་རྟོགས་ཀྱི་བསྐྱེད་སྔགས་རྣམས་དོར་ལ། བདག་ཉིད་ཅན་དུ་བཞུགས་པའི་སྟེང་གི་ཆ་ལ་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་བླ་མ། བར་གྱི་ཆ་ལ་ཡི་དམ་ཞི་ཁྲོ་རབ་འབྱམས། བར་མཚམས་ཁོར་ཡུག་ཀུན་ཏུ་དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མ་ནོར་ལྷ་གཏེར་བདག་གི་ཚོགས་དང་བཅས་པ་ཏིལ་གྱི་གོང་བུ་ཁ་ཕྱེས་པ་ལྟར་བྱིན་ཐིབས་སེ་བཞུགས་པ་ལ། བདག་དང་ལྷན་ཅིག་ཁ་ཙམ་ཚིག་ཙམ་མ་ཡིན་པར་སྙིང་ཁོང་རུས་པའི་གཏིང་ནས་སྒོ་གསུམ་དད་མོས་གདུང་ཤུགས་དྲག་པོ་དང་བཅས་ཏེ་དབྱངས་སྙན་པོས་གསོལ་འདེབས་བྱིན་རླབས་རིང་མོ་མགྲིན་གཅིག་ཏུ་མཛད་པར་ཞུ། འོག་མིན་ཆོས་དབྱིངས་སོགས་ཁྲིད་ཡིག་བཞིན་ཌཱ་དྲིལ་བཅས་གྱེར་ཞིང་། འགྱུར་མེད་རྡོ་རྗེའི་རྗེས་སུ། བརྒྱུད་པའི་ཁ་སྐོང་ནི། སྒྲ་བསྒྱུར་ལུང་གི་ཕོ་བྲང་དུ། །ཆོས་དཔལ་རྒྱ་མཚོ་བྱིན་རླབས་ཅན། །ས་སྤྱོད་འོག་མིན་ཆོས་གྲྭ་རུ། །རིན་ཆེན་རྣམ་རྒྱལ་བྱིན་རླབས་ཅན། །ཟབ་མོ་གསང་སྔགས་ཕོ་བྲང་དུ། །པདྨ་བསྟན་འཛིན་བྱིན་རླབས་ཅན། །ཨོ་རྒྱན་གླིང་གི་གཞལ་ཡས་སུ། །ཕྲིན་ལས་རྣམ་རྒྱལ་བྱིན་རླབས་ཅན། །བདེ་ཆེན་གླིང་གི་རི་ཁྲོད་དུ། །ཕྲིན་ལས་ཆོས་སྒྲོན་བྱིན་རླབས་ཅན། །བཀའ་བབས་བདུན་གྱི་མཛོད་ཁང་དུ། །འཇམ་དབྱངས་མཁྱེན་བརྩེ་བྱིན་རླབས་ཅན། །མཁའ་སྤྱོད་ཀུན་བཟང་བདེ་གླིང་དུ། །བློ་གྲོས་མཐའ་ཡས་བྱིན་རླབས་ཅན། །རང་སྣང་དག་པའི་ཞིང་ཁམས་སུ། །བརྒྱུད་པའི་བླ་མ་བྱིན་རླབས་ཅན། །སྤྱི་གཙུག་ཉི་ཟླའི་སོགས་ཀྱི་མཐར་རོལ་མོ་དང་བཅས་པས་བྱིན་དབབ། གཏོར་མའི་ལྷ་ཚོགས་སོགས་ནས། དབྱེར་མེད་པའི་མོས་གུས་དང་གསལ་སྣང་སྐྱེད་ཅིག །ཧཱུྃ། དུས་གསུམ་སངས་རྒྱས་སོགས། སིདྡྷི་ཕ་ལ་ཧཱུྃ། བར། དེ་ནས་དངོས་གྲུབ་ཀྱི་པྲ་ལྟས་བརྟག་པའི་སླད་དུ་ཁྱེད་རང་རྣམས་ཀྱི་མིག་བཙུམ། རེ་དོགས་ཀྱི་བློས་ཚབ་ཚུབ་མ་བྱེད་པར་གཏོར་མའི་རྫས་ལས་གང་ཐོབ་པ་རེ་ཁྱེར་ཅིག །སློབ་མ་སོ་སོར་ལག་ཏུ་གང་རྙེད་ཚམ་ཚོམ་མེད་པར་ལེན་བཅུག །དེ་ལྟར་བྱས་པས་ཟན་ཐོབ་ན་ཞི་བ་སོགས་ནས། མངོན་སྤྱོད་ཀྱི་དངོས་གྲུབ་རྣམས་འགྲུབ་པར་གསུངས་སོ། །དེ་ལྟར་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་དོན། གཅོད་ཡུལ་ཟབ་མོའི་བྱིན་རླབས་སྒོ་འབྱེད་ཀྱི་དབང་བསྐུར་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཀྱིས་བརྒྱན་པ་ལེགས་པར་ཐོབ་པ་ཡིན་པས། དམ་ཚིག་གི་གནད་གསང་སྤྱི་དང་ཁྱད་པར་གྱིས་ཕྱེས་པ་རྣམས་ཚུལ་བཞིན་དུ་བསྲུང་སྡོམ་མཛད་པར་ཁས་བླང་བ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་ལྟར་བྱ། དེ་རྣམས་ཀྱིས་སྨིན་བྱེད་ཀྱི་དབང་བསྐུར་བ་ཞིབ་རྒྱས་སོང་ནས། སླར་ཡང་གྲོལ་བྱེད་ཀྱི་གདམས་ངག་ཟབ་ཁྲིད་ཞུ་བའི་ཡོན་དུ་མཎྜལ། སེམས་བསྐྱེད་གསལ་བཏབ་ལ། གྲོལ་བྱེད་གཅོད་ཁྲིད་ཟབ་མོའི་རིམ་པའི་ཁྲིད་ལུང་འབོགས་པ་ལའང་། རྩ་བ། རྒྱབ་ཆོས། གསལ་བྱེད་བཅས་བཞུགས་པ་ལས། དང་པོ་རྩ་བ་ལ་དངོས་དང་། ཟུར་གནད་གཉིས་གསུངས་པའི་དང་པོ་ནི། གཅོད་ཡུལ་སྟན་ཐོག་གཅིག་མའི་གདམས་པ་དཔའ་བོའི་གད་རྒྱངས་ཞེས་བྱ་བ་ནི། དེ་ཡང་། རྒྱལ་བའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སོགས་ནས། གོ་འཕང་ལ་གནས་པར་འགྱུར་རོ། །གཉིས་པ་ཞར་བྱུང་ཟུར་གནད་ཟབ་པའི་མན་ངག་ཀེང་རུས་མེ་འབར་ལ་སོགས་པའི་ཞལ་གདམས་དམིགས་སྐོར་གཉིས་ནི། ཟུར་གནད་ཟབ་མོ་ལྷ་འདྲེའི་སོགས་ནས། འདི་ལས་ཟབ་པ་མེད། །ཅེས་བསྔགས་པ་བཞིན་དང་། གཉིས་པ་དེའི་རྒྱབ་ཆོས་ལྟ་བུར་གྱུར་པ་གཅོད་ཡུལ་སྟན་ཐོག་གཅིག་མའི་མན་ངག་འཁོར་འདས་རང་གྲོལ་ཞེས་བྱ་བ་ནི། འདིར་བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཉམས་ལེན་སོགས་དེ་ཉིད་ཀྱི་དབུ་ནས། གོང་མ་རྣམས་ཀྱི་གསུང་ལས་ཤེས་པར་བྱའོ། །ཞེས་པ་འདི་རྣམས་རིག་འཛིན་ཆེན་པོ་འགྱུར་མེད་རྡོ་རྗེའི་གསུང་གསང་ལས་བྱོན་པ་ཁོ་ན་དང་། གསུམ་པ་གསལ་བྱེད་དེ་དག་གི་མན་ངག་རྒྱས་པར་བཀྲོལ་ཏེ་བཤད་པ། གཅོད་ཡུལ་གྱི་ཁྲིད་ཡིག་ཟབ་དོན་སྙིང་པོར་དྲིལ་བ་ནི། འདིར་རྒྱལ་བ་ཐམས་ཅད་ཀྱི་གཤེགས་ཤུལ། གྲུབ་ཐོབ་ཐམས་ཅད་སོགས་ནས། མི་ཉམས་པའི་ཕྱིར་སྤེལ་བ་ལ་འགལ་བ་མེད་དོ། །ཞེས་སྨིན་གླིང་མཁན་ཆེན་ལོ་ཙཱ་བ་ངག་དབང་ཆོས་དཔལ་རྒྱ་མཚོས་སྦྱོར་དངོས་རྗེས་གསུམ་ཚང་ཞིང་། འགལ་སྤང་དང་བཅས་ཤིན་ཏུ་རྒྱས་པར་མཛད་པ་བཞིན། ཐེག་ཆེན་ཐུན་མོང་དང་ཁྱད་པར་སྔགས་ལམ་གྱི་སྙིང་པོ་བླ་མའི་རྣལ་འབྱོར་གྱིས་རྒྱུད་སྦྱངས་ནས། དངོས་གཞི་ལྟ་བས་ཐག་བཅད། སྒོམ་པས་ཉམས་སུ་བླངས། སྤྱོད་པས་བོགས་དབྱུང་སྟེ་སྟན་ཐོག་གཅིག་ཏུ་ཡུམ་དོན་ཕ་རོལ་ཏུ་ཕྱིན་པ་མཆོག་གི་དངོས་གྲུབ་འཐོབ་པར་བྱ་དགོས་པ་ཡིན་ནོ། །དེ་ལྟ་བུ་ལས་བྱུང་བའི་དགེ་ཚོགས་ཡོངས་བསྔོའི་རྒྱས་འདེབས་སོགས་ཀྱིས་མཚམས་སྦྱར་ཏེ་བསྔོ་སྨོན་བྱ། ཆོ་གའི་རྗེས་ཚོགས་མཆོད་ཡོད་ན། ཁྲོས་ནག་བཞིན་ཚོགས་ལ་རོལ་ནས་ལྷག་མ་བསྔོ་ཞིང་སྨོན་ལམ་གདབ། ཆད་ཐོ་མ་སྦྱར་ཡང་མི་འགལ། བརྟན་མ་སྐྱོང་། གང་ལྟར་ཡང་། ཨོཾ། ཆོས་དབྱིངས་ནམ་མཁའི་སོགས་སྔར་ལྟར་ཉེར་སྤྱོད། སྨན་རཀ །གཏོར་སྔགས་དང་བཅས་པས་མཆོད། སྨྲ་བསམ་བརྗོད་མེད་སོགས་ཀྱིས་བསྟོད། ནོངས་པ་བཤགས། མདུན་བསྐྱེད་ཡེ་ཤེས་གཤེགས་བསྟིམ་སྐབས་དང་སྦྱར། དམ་ཚིག་པ་འབྲུ་གསུམ་གྱིས་རང་ལ་བསྡུ། རང་ཡང་ཧཱུྃ་གསུམ་གྱིས་འོད་གསལ་དུ་འཇུག །ཕཊ་གསུམ་གྱིས་ཟུང་འཇུག་གི་སྐུར་ལྡངས་ལ། རྟག་ཆད་ཀྱི་མཐའ་བསལ། དགེ་བ་འདི་ཡིས་མྱུར་དུ་བདག །ཤེས་རབ་ཕར་ཕྱིན་འགྲུབ་གྱུར་ནས། །སོགས་ཀྱིས་དགེ་བ་བསྔོ། བཀྲ་ཤིས་གང་ཞིག་གདོད་ནས་དག་པ་ཤེགས་སྙིང་གི །རང་ཞལ་ལེགས་མཐོང་གཉིས་འཛིན་འཁྲུལ་རྟོག་ཀུན་ཞི་ནས། །བླ་མེད་རྒྱལ་བའི་ཡུམ་གྱི་གོ་སར་བདག་གཞན་ཀུན། །བདེ་བླག་ཉིད་དུ་འགོད་པའི་སྐལ་བཟང་བཀྲ་ཤིས་ཤོག །ཅེས་སོགས་ཤིས་བརྗོད་ཀྱིས་མཐའ་བརྒྱན་པར་བྱའོ། །དེ་རྣམས་ཀྱིས་མཁའ་འགྲོའི་སྐོར་ཞར་བྱུང་བཅས་གྲུབ་བོ།། །། ༄༅། །བཞི་པ་ཕྲིན་ལས་སྒྲུབ་པའི་བཀའ་སྡོད་རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མའི་སྐོར་ལ། གཙོ་བོ་ཡེ་ཤེས་ལས་ཀྱི་མགོན་པོའི་སྐོར་དང་། ལྷ་མོ་སོགས་བསྟན་སྲུང་སྣ་ཚོགས་པའི་སྐོར་གཉིས་ལས། དང་པོ་བསྟན་སྲུང་ཀུན་གྱི་གཙོ་བོ་ཡེ་ཤེས་དང་ལས་ཀྱི་མགོན་པོའི་སྐོར་ལ། མདོ་ལུང་ཨ་ནུ་སྤྱི་མདོ་ཀུན་འདུས་རིག་པ་དང་། རྒྱུད་སྒྱུ་འཕྲུལ་གྱི་བཤད་རྒྱུད་གཉིས་དང་། དགོས་རྒྱུད་མཚོན་ཆ་རོལ་པ་ནས་བསྟན་པའི། བཀའ་མ་ལེགས་ལྡན་ཚོགས་ཀྱི་བདག་པོ་ལྗང་སྔོན་དྲག་པོ་ཞལ་གསུམ་ཕྱག་དྲུག་པའི་རྩ་བའི་དབང་ཆེན་སྟ་གོན་དང་དངོས་གཞི་རྗེས་རིམ་བཅས་གཙང་ཤོད་པའི་ཡིག་ཆ་ལ་མན་ངག་གིས་བརྒྱན་དགོས་པ་བཞིན་ཤེས་པར་བྱའོ།། །། ༈ བཀའ་མ་ལེགས་ལྡན་ཚོགས་ཀྱི་བདག་པོ་ནག་པོ་ཆེན་པོ་ཞལ་གཅིག་ཕྱག་གཉིས་པའི་དབང་འབྲིང་རྗེས་གནང་༼འདོད་བུམ། 469༽ལྟར་དབང་སྒྲུབ། དངོས་གཞིར་གཡུང་སྟོན་ལུགས་ཀྱི་དབང་བསྐུར་ཡོངས་རྫོགས་ལ་ཟུར་གསལ་མཚོན་ཆ་གཏད་པ་སྦྱར་ཞིང་། ལིང་རོ་ཆ་གཉིས་སུ་ཕྱེས་པའི་དང་པོ་དེའི་ཕུད་གཏོར་མར་བསྟབ་ཅིང་ལྷག་མ་སློབ་མར་སྦྱིན། ཆ་གཉིས་པའི་ཕུད་དེ་སློབ་མར་འགྱེད་ནས་དེའི་ལྷག་མ་གཏོར་མར་བླུག་དགོས། དེ་ལྟར་ཟུར་ལུགས་ཀྱི་རྗེས་གནང་འབྲིང་པོ་ཐུན་མིན་དང་བསྡུས་པ་ཐུན་མོང་བ། ཤིན་ཏུ་བསྡུས་པ་གཏོར་དབང་། རྗེས་རིམ་བཅས་བྱའོ།། །། ༈ མཆོག་གླིང་ཟབ་བདུན་བཀའ་སྲུང་ལེགས་ལྡན་ཚོགས་བདག་དང་། སྲས་མགོན་ལས་མགོན་ལྕམ་དྲལ་གཉིས་ཀྱི་དབང་ཐུན་མོང་བ་གོང་གི་སྒྱུ་འཕྲུལ་ཁྲོ་བོའི་སྐབས་སུ་སོང་ངོ་།། །། ༈ མངའ་བདག་ཉང་གི་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་དང་། མགོན་དཀར་ཚེ་དབང་བཅས་བཀའ་བརྒྱད་བདེ་འདུས་སྐབས་སུ་སོང་ངོ་།། །། ༈ མཆོག་གླིང་ཟབ་བདུན་བཀའ་སྲུང་ཡེ་ཤེས་མགོན་པོ་ཕྱག་བཞི་པའི་དབང་བསྐུར་བལྟས་ཆོག་ཏུ་བཀོད་པ་བྱིན་རླབས་སྒོ་འཕར་རབ་འབྱེད་ལྟར་དབང་སྒྲུབ། དངོས་གཞིར་བུམ་དབང་མཐར་ཐུན་མིན་གྱི་སློབ་བུ་ལ་སྲོག་དབང་ཟབ་ཅིང་གཉན་པ་བསྐུར་བའི་ཚུལ་སྦྱར་ན་གུད་དུ་ཤེས་སོ། །རྗེས་ཆོག་བཅས་བྱའོ།། །། ༈ འཁོན་ལུགས་རྙིང་མ་གུར་མགོན་སྲོག་གི་སྤུ་གྲིའི་སྒྲུབ་ཐབས་དབང་བསྐུར་དང་བཅས་པ་བདུད་འཇོམས་སྤུ་གྲི་ལྟར་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ མཆོག་གླིང་ཐུགས་ཆེན་པདྨ་སྒྱུ་འཕྲུལ་དྲྭ་བའི་མགོན་པོ་ཕྱག་དྲུག་པའི་བཀའ་གཏད་གོང་དུ་དེའི་དབང་བཞི་རྡོ་རྗེ་སྤྱི་བླུགས་སྐབས་སུ་སོང་ངོ་།། །། ༈ མཆོག་གླིང་ཆོས་སྐྱོང་ཟབ་མོ་སྐོར་དགུའི་ཕྱི་སྒྲུབ་ཕྱག་དྲུག་པའི་གཏོར་དབང་འོག་གི་ཟབ་བདུན་ལུང་ལུགས་རྟ་མགྲིན་སྙིང་པོ་དོན་འདུས་སྐབས་སུ་འབྱུང་བར་འགྱུར་རོ།། །། ༈ གུ་རུ་ཆོས་དབང་གི་གཏེར་བྱོན་གཙོ་བོ་ལ། རྡོར་གླིང་། རཏ་གླིང་། པད་གླིང་། འཇའ་ཚོན་ལས་འཕྲོ་གླིང་པ་རྣམས་ཀྱི་བརྒྱུད་པའི་བྱིན་རླབས་ཀྱི་ཆུ་བོ་གཅིག་འདྲེས་མ་ནིང་གི་སྲོག་དབང་འདོད་བུམ་ནས་འབྱུང་བ་གོང་དུ་ཆོས་དབང་བཀའ་བརྒྱད་གསང་རྫོགས་སྐབས་སུ་སོང་ངོ་།། །། ༈ རཏ་གླིང་བཀའ་སྲུང་མ་ནིང་གི་སྲོག་དབང་ཐུན་མིན་དང་ཐུན་མོང་གཉིས་ཀ་གོང་དུ་ཐུགས་སྒྲུབ་ཡང་སྙིང་འདུས་པའི་སྐབས་སུ་སོང་ངོ་།། །། ༈ བཀའ་གཏེར་གཉིས་ལྡན་སྐུའི་མགོན་པོ་སྟག་ཞོན་༼འདོད་བུམ། 545༽ལྟར་དབང་སྒྲུབ། དབང་དངོས། རྗེས་ཆོག་བཅས་བྱའོ།། །། ༈ བཀའ་གཏེར་གཉིས་ལྡན་གསུང་གི་མགོན་པོ་བེང་དམར་༼འདོད་བུམ། 555༽ལྟར་དབང་སྒྲུབ། དབང་དངོས། རྗེས་ཆོག་བཅས་བྱའོ།། །། ༈ དཔལ་ལྡན་ཕྲིན་ལས་ཀྱི་མགོན་པོ་ཏྲཀྴད་བཀའ་གཏེར་ལུགས་སྲོལ་བཞིའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་གནམ་ལྕགས་སྤུ་གྲི་ལྟར། བཀའ་གཏེར་གཉིས་ལྡན་དྭགས་པོ་ལུགས་སྤུ་གྲི་ཆིག་ཤུར་གྱི་དབང་སྒྲུབ། རྗེས་གནང་དངོས། རྗེས་རིམ་དང་། ༧ བཀའ་སྲོལ་གསུམ་ལྡན་པད་ལུགས་ཏྲཀྴད་མ་ནིང་མའི་དབང་སྒྲུབ། རྗེས་གནང་དངོས། རྗེས་རིམ་བཅས་དང་། ༧ གཏེར་ཁ་ཟུང་འབྲེལ་ལས་མཁན་འབྲོང་ཞལ་ཅན་གྱི་དབང་སྒྲུབ། གཏོར་དབང་དངོས། རྗེས་རིམ་བཅས་དང་། ༧ བཀའ་གཏེར་ཟུང་འབྲེལ་གསང་སྒྲུབ་ཤྭ་ནའི་ཞལ་ཅན་གྱི་དབང་སྒྲུབ། རྗེས་གནང་དངོས། རྗེས་རིམ་དང་བཅས་པ་རྣམས་སོ་སོར་བསྒྲུབ་བསྐུར་ཞིབ་པར་བྱའོ།། །། ༈ སྨིན་གཏེར་ཞལ་བཞི་པའམ་དྲག་པོ་སྡེ་ལྔ་གོང་དུ་རིག་འཛིན་ཐུགས་ཐིག་གི་སྐབས་སུ་སོང་ངོ་།། །། ༈ བྱང་གཏེར་རྒོད་ལྡེམ་པའི་བསྟན་སྲུང་ཡོངས་རྫོགས་ཀྱི་དབང་ཆོག་ཟབ་དོན་སྣང་བ་བཞིན་བསྐུར་བའི་དབང་དོན་སྒྲུབ་པ་ལ། སྐབས་འདིར་མཚོན་ན། ཐོག་མར་ཉང་གཏེར་བཀའ་བརྒྱད་བདེར་འདུས་ཀྱི་ལས་བྱང་རྒྱུན་ཁྱེར་སྙིང་པོར་དྲིལ་བ་བདེ་བ་ཆེན་པོའི་མྱུར་ལམ་བཞིན་བསྐྱེད་བཟླས་སྟོང་ཚིགས་གྲུབ་པ་དང་། དམ་ཅན་སྤྱི་གཏོར་གཏེར་གཞིའི་མགོ་བར་རྒྱུན་བཞིན་བཏང་བས་འཐུས། དེ་ནས་ཐིག་ཚོན་གྱི་བྱ་བ་རྣམས་མི་དགོས་པས་འདི་ཉིད་ལ་དམིགས་ཏེ། དམ་སྤྱིའི་དབུར་འབྱུང་བའི་མཆོད་རླབས་མཐར། མདུན་བསྐྱེད་དཀྱིལ་འཁོར། དབང་གཏོར། བུམ་པ་སོགས་དབང་རྫས་རྣམས་ལ་དམིགས་ཏེ། བསྟན་སྲུང་ཡོངས་རྫོགས་ཀྱི་ཕྲིན་ལས་གཏེར་གཞུང་བཞིན། ཨེ༔ ཆོས་སྐུ་སྐྱེ་མེད་ནམ་མཁའ་ལྟ་བུ་ལ༔ སོགས་ཀྱིས་བསྐྱེད་ཅིང་དྲང་བསྟིམ། ཕྱག་མཆོད་མཐར། རྩ་སྔགས་བསྡུས་པ་འབྱུང་བ་སྐབས་འདིར་དོར་ནས། བསྟོད་པའི་མཇུག་ཏུ། བུམ་པའི་གཟུངས་ཐག་བླངས་ལ་སྤྱི་འགྲོའི་རྒྱུད་བསྐུལ། དམ་གསོལ། བྱིན་བསྡུ། བདུད་རྩི་འབེབ་བསྐྱིལ། ཕྲིན་ལས་སྤྱི་བྱེ་བྲག་སོགས་ཀྱི་དམིགས་གནད་སྦྱར་བས། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཏི་ཡོ་གཱི་ཤྭ་རཱི་ས་མ་ཡ་ཧཱུྃ་ཛཿཛ༔ ཞེས་གོང་གི་མཆོད་པའི་མཐར་འབྱུང་བའི་གཙོ་སྙིང་ཉིད་ཇི་ལྟར་ནུས་པ་བཟླས་རྗེས། བུམ་ལྷ་འོད་ཞུ་མི་བྱེད་པར། བཀའ་བརྒྱད་ཀྱི་ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་མཐར། སྐོང་རྫས་བྱིན་རླབས་དངོས་རོལ་བཞིན་བྱས་ལ། བསྟན་སྲུང་ཡོངས་རྫོགས་ཀྱི་བསྐང་བཤགས་ནི། ཀྱཻ༔ དགོངས་ཤིག་དཔལ་ལྡན་མགོན་པོའི་སོགས་མཐར་ཆགས་སུ་གཏང་། ལས་བུམ་དུ་རྣམ་འཇོམས་སམ། འཁྱིལ་པའི་བསྐྱེད་བཟླས་བཞུ་བཏུལ་དང་། རིག་མེ་དོར་ཞིང་གནང་བ་ནོད། དབང་བསྐུར་དངོས་ལ་བབས་པ་ན། སྤྱི་ལྟར་ཁྲུས་དང་། བགེགས་བསྐྲད། སྲུང་འཁོར་སྔོན་འགྲོས། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་ཞི་བ་དང་། སངས་རྒྱས་ཀྱི་བསྟན་པ་ཡུན་དུ་བསྲུང་བའི་ཕྱིར། དཔལ་མགོན་གྱི་དཀྱིལ་འཁོར་ཟབ་མོར་འཇུག་ཅིང་། ཕྲིན་ལས་རྣམ་པ་བཞི་པོ་རྣམས་ལ་དབང་འབྱོར་བའི་སླད་དུ་དབང་བསྐུར་དམ་པ་ནོད་པར་བགྱིའོ་སྙམ་པའི་ཀུན་སློང་བྱང་ཆུབ་ཀྱི་སེམས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེ་ལ་དཔལ་ཆེན་པོ་ཀུན་བཟང་ཆེ་མཆོག་ཧེ་རུ་ཀཿཉིད་གདུལ་བྱ་གང་ལ་གང་འདུལ་གྱི་རྣམ་རོལ་འགོག་མེད་དུས་བཞི་མཉམ་བརྡལ་གྱི་དབྱིངས་སུ་རྟག་ཁྱབ་ཆེན་པོར་རང་རྩལ་འགག་མེད་དུ་གདལ་བ་ལས། རྡོ་རྗེ་ཐེག་པའི་བསྟན་པ་བསྲུང་ཞིང་། ལོག་པར་ཞུགས་པའི་འགྲོ་བ་ཞི་བའི་ཕྲིན་ལས་ཀྱིས་འདུལ་བའི་ཡུལ་དུ་མ་གྱུར་པ་རྣམས་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས་ཚར་གཅོད་རྗེས་སུ་འཛིན་པའི་ཕྱིར། ཡེ་ཤེས་ལས་དང་སྤྲུལ་པ་འཇིག་རྟེན་པའི་ཚུལ་དུ་སྟོན་པར་མཛད་པའི་དཀྱིལ་འཁོར་འབྱམས་ཀླས་རྒྱུད་དང་སྒྲུབ་སྡེ་མན་ངག་གི་སྐོར་དང་རྗེས་སུ་འབྲེལ་བ་མཐའ་ཡས་པ་ཞིག་བཀའ་གཏེར་རྣམས་སུ་བྱོན་པ་ལས། སྐབས་སུ་བབས་པ་འདི་ནི། སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་རྣམ་འཕྲུལ་རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུ་ཅན་དངོས་གྲུབ་རྒྱལ་མཚན་ནམ་ཉི་ཟླ་འོད་འབར་རྩལ་གྱིས་བྱང་ཟང་ཟང་ལྷ་བྲག་ནས་བོད་ཁམས་སྐྱོབ་བྱེད་མཛོད་ལྔའི་ཆོས་གཏེར་ཆེན་པོའི་གཏེར་ཞལ་དབྱེ་བར་མཛད་པའི་སྐོར་ལས། བཀའ་བརྒྱད་དྲག་པོ་རང་བྱུང་རང་ཤར་གྱི་ཆ་ལག །དཔལ་ཡེ་ཤེས་ཀྱི་མགོན་པོ་ཁྲག་འཐུང་ཆེ་མཆོག་ཧེ་རུ་ཀཿབསྟན་སྲུང་ཡོངས་རྫོགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ། བདག་གིས་བགྱི་བར་འོས་པའི་ཕྲིན་ལས་ཀྱི་བྱ་བ་རྣམས་སོང་ཟིན་པ་ལགས་པས། ཁྱེད་རང་རྣམ་པའི་ངོ་སྐལ་དུ་གྱུར་པ། ཐོག་མར་དབང་བསྐུར་གྱི་རིམ་པ་རྣམས་ཞུ་བའི་ཡོན་དུ་མཎྜལ། བླ་མ་དང་ཡེ་ཤེས་མགོན་པོ་ཐ་མི་དད་པ་ལ་དབང་བསྐུར་སྩོལ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཀྱེ་བླ་མ་སོགས་དབང་ཆོག་བཞིན་གསོལ་གདབ་ནས། སྐྱབས་སེམས་སྡོམ་གཟུང་སོ་སོའམ་སྦྲེལ་བ་གང་བདེ་གཞུང་གསལ་ལམ་སྤྱི་འགྲོ་རྗེས་ཟློས་བྱར་གཞུག །སྒོ་དབྱེ་མཐར། འདི་ལྟར་སྔགས་ཀྱི་དཀྱིལ་འཁོར་དུ་འཇུག་པ་ལ་རྡོ་རྗེ་སློབ་དཔོན་གྱི་བཀའ་བཞིན་བགྱིད་ཚུལ་གྱི་གནད་བསྒྲགས་ནས་དམ་ལ་གཞག་པ་ཡིན་པས། དོན་ཉམས་སུ་བླང་དགོས་པ་ལགས་ཏེ། ཧཱུྃ༔ དེ་རིང་ཕྱིན་ཆད་སོགས། ན་ར་ཀན༔ སླར་ཡང་སྔགས་ཀྱི་གཡར་དམ་དང་རྩ་བ་ཡན་ལག་གི་བསྲུང་བྱའི་དམ་ཚིག་རྣམས་དབང་དུས་འདིར་ཁས་བླངས་པ་བཞིན་བསྲུང་སྡོམ་བྱ་དགོས་པས། དེའི་དོན་བསྲུང་འདས་ཀྱི་དཔང་པོར་རྡོ་རྗེའི་ཆུ་ནན་བྱིན་པ་སྙིང་དབུས་སུ་ཡེ་ཤེས་སེམས་དཔའི་ངོ་བོར་བཞུགས་པས་ལེགས་ཉེས་ཀྱི་སྟངས་འཛིན་པར་འགྱུར་བས་ཁེ་ཉེན་ཤེས་པར་མཛོད། ཧཱུྃ༔ འདི་ནི་ཁྱོད་ཀྱི་སོགས། དེ་ནས་ཡེ་ཤེས་ཀྱི་བྱིན་འབེབ་པའི་ཆེད་དུ་སྣོད་རྣམ་པར་དག་པ་བསྒྲུབ་པའི་སླད་དུ། ཁྱེད་རང་སློབ་མ་རྣམས་དཔལ་མགོན་པོའི་རྟེན་བརྟེན་པར་བཅས་པ་འདི་ལྟར་གསལ་ཐོབས་ཤིག །ཨེ༔ ཆོས་སྐུ་སྐྱེ་མེད་སོགས་བསྟན་སྲུང་ཡོངས་རྫོགས་ཀྱི་ཕྲིན་ལས་གཏེར་གཞུང་བཞིན། ཆེ་བའི་ཡོན་ཏན་ཐམས་ཅད་སྐུ་ལ་རྫོགས༔ དེ་ལྟར་གསལ་བའི་ངང་ནས་སློབ་མའི་རྒྱུད་ལ་བཅུད་རྨད་དུ་བྱུང་བ་ཡེ་ཤེས་ཀྱི་བྱིན་དབབ་པའི་སླད་དུ་བླ་མ་ལ་གུས་འདུད་བྱས་པའི་སོགས་དབབ་བརྟན་བྱ། མ་རིག་པའི་མིག་དབྱེ་བའི་ཕྱིར། སློབ་དཔོན་གྱི་ཐུགས་འོད་རྡོ་རྗེའི་ཐུར་མས་སློབ་བུའི་མ་རིག་པའི་སྒྲིབ་པ་མིག་རས་ཀྱིས་མཚོན་ཏེ་བསལ་བར་མོས། ཧོ༔ སྔོན་གྱི་མིག་མཁན་སོགས་ནས་ལྷ་ངོ་བསྟན་པའི་མཇུག །དཀྱིལ་འཁོར་མངོན་སུམ་ལྟ་བུར་མཐོང་སྙམ་པར་མོས་མཛོད། བར། དེ་རྣམས་ཀྱིས་འཇུག་པའི་ཆོས་འཁོར་བཅས་གྲུབ་པ་ལགས། ཞུགས་ནས་མངོན་པར་དབང་བསྐུར་བ་དངོས་ལ་དབང་བཞི་མཐའ་རྟེན་དང་བཅས་པ་རིམ་པར་འབྱུང་བ་ལས། དང་པོ་བུམ་དབང་བསྐུར་བ་ནི། སློབ་དཔོན་ཕྱོགས་དུས་ཀྱི་བདེ་གཤེགས་ཞི་ཁྲོའི་དབང་ལྷ་དང་བཅས་པ་རྣམས་ལྷན་ཅིག་པའི་ཕྱག་ཏུ་ཐོགས་པའི་བུམ་པ་འདིའི་ནང་ན་སོགས་བུམ་དབང་བསྐུར། དེ་ལྟར་བུམ་པའི་དབང་བསྐུར་པས། ལུས་རྩའི་དྲི་མ་སྣོད་བཅུད་ཐ་མལ་གདོས་བཅས་སུ་བལྟ་བའི་གཟུང་ཡུལ་གྱི་སྒྲིབ་པ་སྦྱངས། སྣོད་བཅུད་དག་པའི་ཞིང་སྐུར་རྟོགས། ལམ་དུས་ས་བརྒྱད་པའི་མངོན་རྟོགས་རྒྱུད་ལ་བཞག །འབྲས་བུ་གང་འདུལ་གྱི་སྤྲུལ་སྐུ་འབྱུང་བའི་ས་བོན་ཐེབས་པ་ཡིན་ནོ། །གཉིས་པ་གསང་བའི་དབང་བསྐུར་བ་ནི། བྷནྡྷ་བདུད་རྩིས་སོགས་གསང་དབང་བསྐུར། དེ་ལྟར་གསང་བའི་དབང་བསྐུར་པས། ངག་རླུང་གི་དྲི་མ་སྲོག་རྩོལ་སྐྱེ་འཇིག་འགྲོ་འོང་དུ་འཛིན་པའི་ཉོན་སྒྲིབ་རགས་པ་སྦྱངས། སྲོག་རྩོལ་སྔགས་ཀྱི་འཁོར་ལོ་འགྲོ་འོང་མེད་པར་རྟག་པའི་གསུང་དུ་སྨིན། ལམ་དུས་ས་དགུ་པའི་མངོན་རྟོགས་རྒྱུད་ལ་བཞག །འབྲས་བུ་ལོངས་སྤྱོད་རྫོགས་སྐུའི་ས་བོན་ཐེབས་པ་ཡིན་ནོ། །གསུམ་པ་ཤེར་དབང་བསྐུར་བ་ནི། མེ་ལོང་སིནྡྷུ་རའི་སོགས་ཤེར་དབང་བསྐུར་ནས། ལུགས་ལྡོག་གི་ཚུལ་དུ་རྟོགས་ཤིང་རྫོགས་པའི་མཐར། དགའ་ཆེན་ལྷན་སྐྱེས་ཀྱི་ཞལ་མཇལ་བའི་རང་ངོར་མཉམ་པར་ཞོག་ཅིག །ཅེས་ངང་སྐྱོང་དུ་གཞུག །དེ་ལྟར་ཤེར་དབང་བསྐུར་པས། ཐིག་ལེ་འཕོ་འཛག་སྐྱེ་འཆིར་གཡོ་བ་སེམས་ཀྱི་སྒྲིབ་པའི་ཉོན་མོངས་པ་ཕྲ་བ་རྣམས་སྦྱངས། འཆི་མེད་གཉུག་མ་རང་གནས་དཔེའི་ཡེ་ཤེས་རྟོགས། ལམ་དུས་ས་བཅུ་པའི་མངོན་རྟོགས་རྒྱུད་ལ་བཞག །འབྲས་བུ་ཆོས་སྐུ་བདེ་བ་ཆེན་པོའི་ས་བོན་ཐེབས་པ་ཡིན་ནོ། །བཞི་པ་ཚིག་དབང་བསྐུར་བ་ནི། དེ་ནས་ལུས་ལྷ་སོགས་ནས། ལུས་གནད་བཅིངས་ཏེ། ཚིག་དབང་གི་ངོ་སྤྲོད་པ་འདིའི་དོན་ལ་མཉམ་པར་ཞོག་ཅིག །ཧོ༔ ལུས་ནི་གསལ་སྟོང་སོགས་ཚིག་དབང་བསྐུར་ནས། ཐོབ་པར་མོས་མཛོད། དེ་ལྟར་ཚིག་དབང་བསྐུར་པས། དུས་གསུམ་དང་མུ་བཞིའི་མཐར་གོལ་བའི་འཛིན་པ་སེམས་ཀྱི་དྲི་མ་ཤེས་སྒྲིབ་བག་ཆགས་དང་བཅས་པ་སྦྱངས། དུས་མེད་ཕྱོགས་བྲལ་ངོ་བོ་ཀ་ནས་དག་ཅིང་ཡེ་བཞུགས་ལྷུན་གྲུབ་རྫོགས་པ་ཆེན་པོའི་གནས་ལུགས་ཇི་བཞིན་དུ་རྟོགས། ལམ་དུས་ས་རྣམས་མཐར་ཕྱིན་ཡེ་ཤེས་བླ་མའི་མངོན་རྟོགས་རྒྱུད་ལ་བཞག །འབྲས་བུ་སྐུ་བཞི་དབྱེར་མེད་ཀུན་ཏུ་བཟང་པོའི་གོ་འཕང་ལ་སྦྱོར་བའི་ས་བོན་ཐེབས་པ་ཡིན་ནོ། །ལྔ་པ་མཐའ་རྟེན་བྱིན་རླབས་ཡོངས་རྫོགས་གཏོར་མའི་དབང་བསྐུར་བ་ནི། གཏོར་སྣོད་གཞལ་ཡས་ཁང་སོགས་གཞུང་གསལ་བསྐུར་ཚིག་གིས་གཏོར་མ་དང་རྫས་དབང་སོ་སོར་བསྐུར་མཐར། བཀའ་བསྒོ་ནི། སླར་ཡང་གཏོར་མའི་ལྷ་ཚོགས་རྣམས་སྤྱི་བོར་སྤྱན་དྲངས་ནས། འདོད་དོན་ཐ་ཚིག་གསོལ་བ་བཞིན་ཐུགས་ཀྱིས་དགོངས་ཏེ། རྒྱན་འཁོར་རྣམས་མཐུ་བྱིན་བདུད་རྩི་འོད་ཟེར་ཕྱག་རྒྱའི་རྣམ་པར་སློབ་མར་ཐིམ་པས། ཡེ་ཤེས་མགོན་པོའི་མཐུ་དབང་རྩལ་སྤྲུགས་སུ་ཐོབ་པར་མོས་ལ་བཀའ་བསྒོ་དངོས་སྤྱི་འགྲོའི་མཐར། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཏི་ཡོ་གཱི་ཤྭ་རཱི་ས་མ་ཡ་ཧཱུྃ་ཛཿཛ༔ ཞེས་བརྗོད། མཐར་གཏོར་མའི་ལྷ་ཚོགས་སོགས་ནས། ཤིས་བརྗོད་རྗེས། དེ་ལྟར་དབང་ཐོབ་པའི་དམ་ཚིག་སོགས། དབང་གི་རྗེས་རིམ་སྤྱི་བཞིན་དང་། ཆོ་གའི་རྗེས་བཀའ་བརྒྱད་བཞིན་ཚོགས་ལ་རོལ་ཞིང་ལྷག་མ་བསྔོ། འབུལ་གཏོར་ལ་སྨིན་ལུགས་དམ་ཅན་སྤྱི་གཏོར་བཞིན་དམིགས་བྱ་བཀུག་ཅིང་བརླབ་བསྔོ་ཕྲིན་བཅོལ་བཅས་ཀྱི་མཐར། བསྟན་སྲུང་ཡོངས་རྫོགས་ཀྱི་ཕྲིན་ལས་བཞིན། ཧཱུྃ༔ དྲི་མེད་ཡིད་འོང་སོགས་ཀྱིས་མཆོད་པ་དང་། ཨེ་མ་ཧོཿངོ་མཚར་རྨད་དུ་སོགས་ཀྱིས་བསྟོད། མ་རྙེད་ཡོངས་སུ་སོགས་དང་། ཨོཾ་མ་ཧཱ་ཀཱ་ལ་ས་མ་ཡ་སོགས་བཞི་སྤེལ་བཟླས་པས་ནོངས་པ་བཤགས། བརྟན་བཞུགས་ཕྱིན་དམ་སྤྱིའི་རྗེས་ཆོག་མཐར་དབྱུང་བས་གྲུབ་བོ།། །། ༈ བཻ་རོ་ནས་བརྒྱུད་པའི་བཀའ་མ་དང་། ཆུ་ཕོ་རྟོགས་ལྡན་དགེ་འདུན་རྒྱལ་མཚན་གྱི་གཏེར་མ་ཟུང་འབྲེལ་དཔལ་ལྡན་མགོན་པོ་ཚོགས་ཀྱི་བདག་པོ་དྲག་སྔགས་གསང་བ་སྤུ་གྲིའི་སྨིན་བྱེད་ཆུ་འབབས་སུ་བཀོད་པ་མཐུ་སྟོབས་རབ་འབྱེད་ལྟར་དབང་སྒྲུབ། དབང་དངོས་ཀྱི་ལྷ་དབང་རྒྱས་པ་དེ་རྣམས་བསྐུར་ཞིང་། བསྡུས་པ་དེ་རྣམས་བསྐྱུར་བས་འཐུས། ཆོ་གའི་རྗེས་རིམ་བཅས་བྱའོ།། །། ༈ མཆོག་གླིང་ཟབ་བདུན་ཕུར་པའི་བཀའ་སྲུང་ཤྭ་ནའི་གཏོར་དབང་གོང་གི་ཕུར་པའི་སྐབས་སུ་སོང་ངོ་།། །། ༈ མཆོག་གླིང་དམ་ཆོས་སྙིང་པོ་སྐོར་ལྔའི་ཆོས་སྐྱོང་དགོངས་འདུས་སྙིང་པོའི་དབང་ཆོག་གནམ་ལྕགས་ཡང་ཞུན་ལྟར། ཐོག་མར་འོག་གི་དབང་གཞུང་གི་འཇུག་པར་འབྱུང་བའི་སྐྱབས་སེམས་ཚོགས་གསག་སྔོན་དུ་འགྲོ་བས་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ ཞིག་གླིང་ཐུགས་རྗེ་ཆེན་པོ་འཁོར་བ་ལས་སྒྲོལ་གྱི་བཀའ་སྲུང་དཔལ་མགོན་བདུན་ཅུའི་སྲོག་དབང་གོང་གི་རྟ་ནག་སྐབས་སུ་སོང་ངོ་། །དེ་དག་གིས་དཔལ་ཡེ་ཤེས་དང་ལས་ཀྱི་ཆོས་སྐྱོང་མགོན་པོ་མ་ཧཱ་ཀཱ་ལ་གཙོ་བོར་གྱུར་པའི་སྐོར་གྲུབ་བོ།། །། ༄། གཉིས་པ་ལྷ་མོའི་སྐོར་གཙོ་བོར་གྱུར་པའི་བསྟན་སྲུང་སྣ་ཚོགས་པའི་སྡེ་ལ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་གྱི་བཀའ་སྲོལ་ཨེ་ཀ་ཛཱ་ཊི་སྡེ་བདུན་སྦྲགས་སྒྲུབ་༼འདོད་བུམ། 559༽ལྟར་དབང་སྒྲུབ། དབང་དངོས་ཀྱི་སྐབས་རྫས་རྣམས་གཏད་པའི་མཆོད་གཏོར་གཏད་པ་གྲུབ་རྗེས། ལིངྒར་དམིགས་བྱ་འགུགས་གཞུག་བྱ། ཐུན་རྫས་དང་ཕྱག་མཚན་སློབ་དཔོན་གྱིས་དེ་ལ་བརྡེགས་ཤིང་། སློབ་མར་གཏད་ནས་དེ་ལྟར་བྱར་གཞུག །འདིའི་འོག་ཏུ་སྡེ་ལྔའི་དབང་འབྱུང་བ་གོང་གི་སྡེ་བདུན་དབང་གིས་གོ་ཆོད་པས་ཟུར་དུ་བསྐུར་མི་དགོས། ཆོ་གའི་རྗེས་བཅས་བྱའོ།། །། ༈ པདྨ་ལས་འབྲེལ་རྩལ་གྱི་མཁའ་འགྲོ་སྙིང་ཐིག་གི་བཀའ་སྲུང་མ་མོ་ཨེ་ཀ་ཛཱ་ཊི་གཙོ་རྐྱང་༼འདོད་བུམ། 581༽ལྟར་དབང་སྒྲུབ། དབང་དངོས། རྗེས་བཅས་བྱའོ།། །། ༈ རཏ་གླིང་རྟ་གསང་གི་སྔགས་སྲུང་མའི་རྗེས་གནང་གོང་གི་རྟ་གསང་སྐབས་སུ་སོང་ངོ་།། །། ༈ སྨིན་ལུགས་སྔགས་སྲུང་མའི་སྲོག་གཏད་འོག་གི་རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་སྐབས་སུ་འཇོག་གོ། །། ༈ སྤྱི་ལུགས་བཀའ་མ་དང་། ཞང་བཙུན་དར་མ་རིན་ཆེན་གྱི་གཏེར་བྱོན་ཟུང་འབྲེལ་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་ལ་བཀའ་བབས་པའི་ལྷ་མོ་རེ་མ་ཏཱི་རང་བྱུང་རྒྱལ་མོ་༼འདོད་བུམ། 591༽ལྟར་དབང་སྒྲུབ་སྐབས། གོང་ནོན་ཡི་དམ་གཤིན་རྗེ་གཤེད་དམར་གང་ཡང་རུང་བའི་སྒོམ་བཟླས་དགོས་པས། སྤྱི་ཙམ་དུ། རང་ཉིད་སྐད་ཅིག་གིས་སྣ་ཚོགས་པདྨ་ཉི་མ་མ་ཧེའི་ཁྲི་ལ་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་དམར་པོ་ཁྲོ་བོའི་ཆས་ཅན། གཡས་དབྱུག་པ་དཀར་པོ་ཐོད་རློན་སེར་པོས་མཚན་པ་དང་། གཡོན་ཐོད་པ་ཁྲག་གིས་བཀང་བ་འཛིན་པ་ལ། ཡུམ་བཅོམ་ལྡན་འདས་མ་དམར་མོ་གྲི་ཐོད་འཛིན་པ་དང་སྦྱོར་བ་དམ་ཡེ་བཞི་རྫོགས་སུ་གསལ་ཞིང་། ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་དམར་པོ་ལ་རྩ་སྔགས་གཡོན་སྐོར་དུ་གནས་པ། བཟླས་པའི་རྐྱེན་གྱིས་གཡས་སྐོར་དུ་འཁོར་བའི་འོད་ཀྱིས་རྒྱལ་བའི་ཡེ་ཤེས་བསྡུས། དྲེགས་བྱེད་ཚར་བཅད། སྣོད་བཅུད་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་གྱུར་པར་བལྟས་ལ། ཨོཾ་ཨཱ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཅེས་བཟླས་མཐར། མཆོད་པ་བྱིན་རླབས་ལ་འཇུག །དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ ཉང་གཏེར་ལྷ་མོ་རྡོ་རྗེ་གཤོག་རྒོད་མ་༼འདོད་བུམ། 603༽ལྟར་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ ཤེར་འོད་གྲོལ་ཏིག་བཀའ་སྲུང་གཤོག་རྒོད་མའི་སྲོག་གཏད་གོང་གི་རྟ་མགྲིན་སྐབས་སུ་སོང་ངོ་།། །། ༈ གནམ་ཆོས་ཨ་ཕྱི་ཆོས་ཀྱི་སྒྲོན་མེའི་དབང་སྒྲུབ་སྐབས། ༼ཐི༽ལྷ་མོ་སྤྱིའི་ལས་བྱང་སྦྱར་དགོས་ཤིང་། དབང་དངོས་གཞིར་ཆོས་སྐྱོང་སྤྱིའི་བཀའ་གཏད་ལྟར་བཀའ་གཏད་བྱའོ།། །། ༈ གནམ་ཆོས་གཡུ་སྒྲོན་མ་རིགས་དྲུག་གི་བཀའ་གཏད་ཕྱོགས་གཅིག་ཏུ་སྒྲུབ་ཅིང་བསྐུར་བའི་སྐབས། འདི་ཉིད་ཟུར་དུ་བྱེད་ན་རྩ་གསུམ་སྤྱིའི་ལས་བྱང་གི་ཁོངས་སུ་བདག་བསྐྱེད་གནམ་ཆོས་གུ་རུ་ཞི་བ་འགྲོ་དགོས་ཀྱང་། སྐབས་འདིར་བཀའ་བརྒྱད་ལྟ་བུ་རྒྱུན་བྱང་ཞིག་སོང་ན་འཐུས་པར་བྱས་ཏེ། ཐོག་མར་མཆོད་གཏོར་རྣམས་རཾ་ཡཾ་ཁཾ་གིས་བསང་སྦྱང་། ཀ་དག་ཀློང་ནས་སོགས་ཤློ་ཀ་དང་། ཨ་ཀཱ་རོས་བྱིན་གྱིས་བརླབས། མདུན་རྟེན་བསང་སྦྱང་། སྟོང་པའི་ངང་ལས་མདུན་གྱི་གཞིར། །གངས་རི་ནེའུ་སེང་སྐྱེད་ཚལ་ལྗོངས། ཁང་བཟང་ངོ་མཚར་ཕུན་ཚོགས་དབུས། །རིན་ཆེན་ཁྲི་སྟན་བཀོད་མཛེས་སྟེང་། །ཐོག་མར་ཕྱི་སྒྲུབ་ལ་གཏེར་གཞུང་གི་མངོན་རྟོགས་ནི། ལྷ་སྨན་གཡུ་སྒྲོན་སོགས་ནས། སྤྱན་དྲངས་གྱུར༔ བར། གཏེར་གཞུང་གསོལ་ཁ་ལྟར། ཧཱུྃ༔ རྡོ་རྗེ་བརྟན་མ་གཡུ་སྒྲོན་སོགས་ནས། ཏིཥྛ་ལྷན༔ བར། ཧཱུྃ། སྨན་བཙུན་རྡོ་རྗེ་གཡུ་སྒྲོན་མ། །དོན་དམ་དབྱིངས་ཀྱི་དཔལ་ལྷ་མོ། །རྣམ་འགྱུར་མ་ངེས་སྣ་ཚོགས་ཚུལ། །གང་འདུལ་དེར་སྣང་རྫུ་འཕྲུལ་བདག །དཀར་སེར་དམར་ལྗང་སྣ་ཚོགས་མདོག །དེ་བཞིན་སྐུ་དང་ཕྱག་མཚན་རྒྱན། ཁྲི་སྟན་ཞོན་པ་སྣ་ཚོགས་སྟོན། །རིན་ཆེན་རྒྱན་ཆ་སི་ལི་ལི༔ སོགས་གཏེར་གཞུང་གསོལ་ཁ་ལྟར། འགྲུབ་པར་མཛོད༔ བར་གཏང་། ཐུགས་ཀར་འོད་ལྔའི་ཐིག་ལེའི་ཀློང་། །སྲོག་ཧྲཱིཿརང་མདོག་སྔགས་ཀྱིས་བསྐོར། །བདག་ཐུགས་འོད་ཀྱིས་རྒྱུད་བསྐུལ་བས། །ཐ་ཚིག་དྲན་ཏེ་ཅི་དགོས་པའི། །ཕྲིན་ལས་ཐམས་ཅད་མཛད་པར་བསམ། །གཏེར་གཞུང་མངོན་རྟོགས་འཕྲོས་ཀྱི་རྩ་སྔགས་ཅི་ནུས་བཟླ། དེ་བཞིན་དུ། མཆོད་པ་བྱིན་རླབས་དང་གནས་ཁང་གདན་ཁྲི་བསྐྱེད་པ་གྲུབ་རྗེས། སོ་སོའི་མངོན་རྟོགས་གཏེར་གཞུང་ལྟར་བསྒྱུར་ཞིང་། སྤྱན་འདྲེན་ནས་བཟླས་དམིགས་མཐར། བཟླས་པ་སྐབས་ཐོབ་བསྒྱུར་བ་བཅས་གོང་གསལ་ཕྱི་སྒྲུབ་བཞིན། ནང་སྒྲུབ། གསང་སྒྲུབ། ཡང་གསང་། དཀར་སྒྲུབ། ནག་སྒྲུབ་རྣམས་རིམ་པར་བྱས་མཐར། གཡུ་སྒྲོན་མའི་གསོལ་མཆོད་ཆགས་མེད་ཆོག་སྒྲིག་མཇུག་གི །ཧྲཱི༔ སྟེང་ཕྱོགས་དག་པ་འཕྲུལ་གྱི་སོགས་གཏོར་འབུལ་མཐར། གཏོར་སྔགས་དེ་ཉིད་ལན་བདུན་གྱིས་གཡུ་སྒྲོན་རིགས་དྲུག་སྤྱིར་བསྔོས་ནས། སླར་ཡང་སྐོང་རྫས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས་ལ། དེའི་གོང་གི །ཧྲཱི༔ སྲིང་གཅིག་རྡོ་རྗེ་གཡུ་སྒྲོན་མའི༔ ཐུགས་དམ་སོགས་སྐོང་བཤགས་གྱེར་ནས། དངོས་གཞིའི་བཀའ་གཏད་ཀྱི་ཆིངས་གནམ་ཆོས་ཆོས་སྐྱོང་སྤྱིའི་བཀའ་གཏད་སྦྱར་ནས་དྲུག་ཀ་སོ་སོར་བསྐུར། རྗེས་རིམ་སྤྱིར་དམིགས་ནས་གོང་བཞིན་གཏོར་འབུལ་དང་སྐོང་བཤགས་བསྐྱར། མཐར། མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་པ་བཤགས། ལྷ་རྣམས་བསྟིམ་གཤེགས་རྟེན་ཡོད་མེད་དང་སྦྱར། དགེ་བ་འདི་ཡིས་མྱུར་དུ་བདག །བླ་མ་ཧེ་རུ་ཀཿའགྲུབ་ནས། །སོགས་ཀྱིས་བསྔོ་སྨོན་དང་། ཤིས་པ་ཅི་རིགས་བརྗོད་པས་གྲུབ་བོ།། །། ༈ པདྨ་ལས་འབྲེལ་རྩལ་གྱི་མཁའ་འགྲོ་སྙིང་ཐིག་གི་བཀའ་སྲུང་སྲོག་སྒྲུབ་མའི་སྲོག་དབང་འདོད་བུམ་ཅན་འོག་གི་རྫོགས་ཆེན་མཁའ་འགྲོ་ཡང་ཏིག་གི་སྐབས་སུ་འབྱུང་ངོ་།། །། ༈ ལས་འབྲེལ་མཁའ་འགྲོ་སྙིང་ཐིག་གི་བཀའ་སྲུང་། ཀརྨ་སྙན་བརྒྱུད་ཀྱི་ཕྲིན་ལས་འཁོར་ལོ་ནས་འབྱུང་བའི་ཤན་མ་སྲོག་སྒྲུབ་མའི་བཀའ་གཏད་ཀྱི་དབང་སྒྲུབ་ལ། འདི་ཉིད་སྒེར་དུ་བྱེད་ན་ཧེ་རུ་ཀའི་བདག་བསྐྱེད་གསར་རྙིང་སྐབས་སུ་གང་བབས་དང་། འདིའི་དཀྱུས་སུ་བཀའ་བརྒྱད་ཕྱག་རྒྱ་གཅིག་པ་སོང་ན་འཐུས་པར་བྱས་ནས། མཆོད་གཏོར་རྣམས་དམ་ཅན་སྤྱི་གཏོར་བཞིན་བྱིན་གྱིས་བརླབས། མངོན་རྟོགས་མཆོད་འགྲིགས་སྤུ་གྲི་རེག་གཅོད་ཀྱི་མདུན་རྟེན་བསྐྱེད་པ་ནས་གཟུང་བཟླས་པ་རྫོགས་ཀྱི་བར་བཏང་། དེ་ནས་བཀའ་གཏད་དངོས་ལ། ཁྲུས། བགེགས་བསྐྲད། སྲུང་འཁོར་སོགས་སྤྱི་བཞིན་དང་། འོ། སེམས་ཅན་གྱི་དོན་དང་སངས་རྒྱས་ཀྱི་བསྟན་པའི་དོན་དུ་ཐུགས་བསྐྱེད་ནས་གསན་འཚལ། གང་གསན་པར་བྱ་བ་ནི། དམ་པའི་དོན་དུ་ཀུན་བཟང་དབྱིངས་ཀྱི་ཡུམ་ཆེན་ཉིད་རྣམ་པར་རྒྱལ་བའི་བསྟན་སྲུང་དབང་མོ་དྲག་རྩལ་མྱུར་མགྱོགས་སྔགས་སྲུང་དུར་ཁྲོད་ཀྱི་མ་མོ་ཤན་མ་སྲོག་སྒྲུབ་ཀྱི་ཚུལ་དུ་སྟོན་པའི་སྒྲུབ་ཐབས། པདྨ་ལས་འབྲེལ་རྩལ་ལམ་སྤྲུལ་སྐུ་རིན་ཆེན་ཚུལ་རྡོར་གྱིས་དྭགས་ལུང་ཁྲ་མོ་བྲག་ནས་སྤྱན་དྲངས་པའི་ཟབ་ཆོས། རིག་འཛིན་པདྨཱཀ་རའི་བཀའ་སྲོལ་མཁའ་འགྲོའི་སྙིང་ཐིག་ཆེན་མོའི་བཀའ་སྲུང་། འཇིག་རྟེན་དབང་ཕྱུག་རྒྱལ་དབང་ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗེ་ལ་བཀའ་བབས་ཤིང་། ཀཾ་ཚང་སྙན་བརྒྱུད་ཆེན་མོའི་ཕྲིན་ལས་ཀྱི་འཁོར་ལོའི་བསྟན་སྲུང་གི་སྐོར་དུ་བཞུགས་པའི་བཀའ་གཏད་ཟབ་མོ་བགྱི་བ་ལ། སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་གྲུབ། ད་ཁྱེད་རང་རྣམས་ཀྱི་སྐལ་པར་བབས་པ་བཀའ་གཏད་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། སངས་རྒྱས་ཀུན་དངོས་སློབ་དཔོན་དགོངས། །རྒྱལ་བའི་བསྟན་པ་བསྲུང་བ་དང་། །ལྷ་མོ་མི་འབྲལ་འགྲོགས་པའི་ཕྱིར། །ཤན་མ་སྲོག་སྒྲུབ་ལྷ་མོ་ཡི། །བཀའ་གཏད་རྗེས་གནང་བསྩལ་དུ་གསོལ། །ལན་གསུམ། རྒྱུད་སྦྱོང་བའི་སླད་དུ་བླ་མ་རྒྱལ་བའི་འཁོར་ལོ་སྲས་བཅས་ཀྱི་སྤྱན་སྔར་རྒྱུན་བཤགས་ཡན་ལག་བརྒྱད་པ་བྱ་བའི་སྒོམ་རིམ་གསལ་ཐོབས་ལ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སོགས་ལན་གསུམ། བཀའ་གཏད་རྗེས་གནང་དངོས་ཀྱི་དོན་དུ་རང་རེ་རྣམས་འདུག་པའི་ས་ཕྱོགས་འདི་དག་འོག་མིན་གསང་ཆེན་རོལ་པའི་གནས་རྔམ་དྲག་བརྗིད་པའི་རྒྱན་བཀོད་རྫོགས་པའི་ཞིང་དང་གཞལ་ཡས་ཁང་གི་དབུས་སུ། སློབ་དཔོན་ཉིད་དྲེགས་པ་ཕོ་མོའི་ཁྲི་ལ་དཔལ་ཆེན་པོ་སྣང་སྲིད་ཡོངས་ཀྱི་རྗེ་བཙན་ཧེ་རུ་ཀཿཆེ་མཆོག་དྲག་པོ་རང་སྣང་གི་ཡུམ་དང་བཅས་པའི་སྐུར་གསལ་བའི་ཐུགས་སྲོག་གི་འོད་ཟེར་གྱིས་བསྐུལ་བས། སྐུ་གསུམ་གྱི་ཞིང་རབ་འབྱམས་ན་བཞུགས་པའི་འབར་བ་ཧེ་རུ་ཀའི་སྤྲིན་ཆེན་སྤྱན་དྲངས་པའི་དཀྱིལ་འཁོར་པ་རྣམས་མཁའ་ཁྱབ་ཀྱི་དབྱིངས་ན་བཞུགས་པར་གྱུར། སློབ་མ་ཁྱེད་རང་རྣམས་ཀྱང་དཔལ་ཆེན་ཧེ་རུ་ཀཿཆེ་མཆོག་མཐིང་ནག་རྡོ་རྗེ་དང་དུང་ཁྲག་འཛིན་པ། སྐུ་གསུང་ཐུགས་འབར་བའི་ཡེ་ཤེས་ཀྱི་སྲོག་དང་ལྡན་པར་སྐྱེད། མདུན་དུ་བཤམས་པའི་རྟེན་གཏོར་སྔར་བསྐྱེད་བསྟིམ་ཕྲིན་ལས་ཀྱི་བྱ་བ་དང་བཅས་པ་ལེགས་པར་གྲུབ་ཟིན་པ་ཉིད། སླར་ཡང་ཁྱེད་རང་རྣམ་པའི་བློ་ངོར་བསྐྱེད་ཅིང་སྤྱན་དྲངས་པ་དང་། ཡེ་ཤེས་པ་ལ་མཆོད་བསྟོད། དམ་ཡེ་གཉིས་མེད་དུ་བསྟིམས་ནས། སླར་ཡང་མཆོད་བསྟོད་སོགས་བདག་གིས་བརྗོད་ཚིག་དང་མཐུན་པར་གསལ་ཐོབས་ཤིག །མདུན་དུ་ཁཾ་ཡོངས་སུ་གྱུར་པ་ལས་སོགས་མངོན་རྟོགས་མཆོད་འགྲིགས་སྤུ་གྲི་རེག་གཅོད་བཞིན་ལྷ་བསྐྱེད་ནས། བདུད་མོ་སྒྲོལ་བྱེད་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་པའི་བར་བརྗོད། དེ་ལྟར་བྱས་པས་དགྱེས་མཉེས་གུས་པའི་མདངས་ཕྱུང་སྟེ་གནས་པའི་གཙོ་འཁོར་རྣམས་རིམ་པ་བཞིན་དུ་ཁྱེད་རང་རྣམས་ལ་གཏད་ཅིང་བཀའ་བསྒོས་པ་བཞིན་མཛད་པར་ཞལ་གྱིས་བཞེས་པར་མོས། གཞུང་ལས་གཏོར་མ་མགོ་བོར་བཞག་པར་གསུངས་ཀྱང་། རྣམ་པ་བདེ་བའི་ཆེད་གཏོར་མ་རྣམས་རིམ་པར་ལག་ཏུ་གཏད་ལ། བྷྱོ། མཁའ་འགྲོ་ནག་མོ་སོགས་མཐར་ཆགས་སུ་བསྐུར་ནས། སླར་ཡང་སློབ་དཔོན་ལ་མོས་འདུན་བྱས་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་བསྐུལ་བས། ལྷ་མོའི་ཐུགས་ཀ་ནས་སྲོག་སྔགས་ཕྲེང་བ་གཉིས་པ་བཀུག །སློབ་མ་ཧེ་རུ་ཀར་གསལ་བའི་ཐུགས་སྲོག་གི་གདན་ལ་ཐིམ་པས། ལྷ་མོ་འཁོར་བཅས་ཀྱི་སྲོག་དབང་དུ་འདུས་པར་བསམ་པས་སྔགས་འདིའི་རྗེས་ཟློས། ཨོཾ་ཁྱི་ཁ་ལེ་སོགས་མངོན་རྟོགས་མཆོད་འགྲིགས་ཀྱི་བཟླས་པ་ལན་གསུམ་མཐར། ལྷ་མོ་བདག་ལ་སོགས་དང་། ལྷ་མོ་འདི་ལ་སོགས་ཀྱིས་མེ་ཏོག་འབུལ་སྦྱིན་སྤྱི་བཞིན་བྱ། དེ་ལྟར་བྱས་པས་ལྷ་མོ་འཁོར་བཅས་མི་འབྲལ་བར་འགྲོགས་ཤིང་ཕྲིན་ལས་སྒྲུབ་པ་ཡིན་པས། ཁྱེད་རྣམས་ཀྱིས་གསང་བའི་དམ་ཚིག་སྤྱི་དང་། ཁྱད་པར་ལྷ་མོའི་ཕྱི་ནང་གསང་བའི་དམ་ཚིག་རྣམས་དང་། དུས་དང་རྒྱུན་གྱི་གཏོར་མ་མ་ཆག་པར་མཛད་དགོས་པས། དེ་ལྟར་བགྱི་བར་ཁས་བླང་བ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དབང་རྗེས་སྤྱི་བཞིན་དང་། ཆོ་གའི་རྗེས། དམ་སྤྱིའི་འགུགས་པའི་མཐར་རྩ་སྔགས་བཏགས་པས་བཀུག །སྔགས་ཀྱིས་བརླབས། རྩ་སྔགས་ལ་གཏོར་སྔགས་བཏགས་པ་ལན་གསུམ་གྱིས་བསྔོས་ལ། ཨོཾ་བཛྲ་པུཥྤེ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་ཉེར་སྤྱོད་དང་། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧིས་སྨན། མ་ཧཱ་རཀྟ་ཁཱ་ཧིས་རཀྟ་དང་བཅས་པས་མཆོད། བྷྱོ། སྲོག་གི་བདག་མོ་དཔོན་གཡོག་འཁོར་བཅས་རྣམས། །སོགས་ཀྱི་མཐར། སྲུང་མ་འཁོར་དང་བཅས་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་བསྟོད་ཅིང་ཕྲིན་ལས་བཅོལ། མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་པ་བཤགས། གཤེགས་བསྟིམ་གང་འོས་སྐབས་དང་བསྟུན། བསྔོ་སྨོན་ཤིས་བརྗོད་རྣམས་ཀྱིས་མཐའ་བརྒྱན་པས་གྲུབ་བོ།། །། ༈ ལས་འབྲེལ་གཟའ་རྒོད་འདོད་བུམ་ལྟར་གོང་དུ་དྲེགས་འདུལ་སྐབས་སུ་སོང་ངོ་།། །། ༈ པདྨ་ལས་འབྲེལ་རྩལ་དང་རཏ་གླིང་ཟུང་འབྲེལ་གྱི་གནོད་སྦྱིན་ཤན་པ་དམར་ནག་༼འདོད་བུམ། 633༽ལྟར་དབང་སྒྲུབ། སྲོག་དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ རཏ་གླིང་རྟ་གསང་སྒོས་སྲུང་གནོད་སྦྱིན་ཤན་དམར་རྗེས་གནང་ཕྱག་རྡོར་སྐབས་སུ་སོང་ངོ་།། །། ༈ འཁོན་ལུགས་དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ལས་བྱེད་པུ་ཏྲ་མིང་སྲིང་གསུམ་གྱི་གཏོར་ཆོག་རྗེས་གནང་དང་བཅས་པ་གློག་གི་སྤུ་གྲི་ལྟར་དབང་སྒྲུབ། ༼ཏི༽འདིར་དངོས་རོལ་ལྟར་བཀའ་བརྒྱད་ཕྱག་རྒྱ་རྐྱང་སྒྲུབ་སྔོན་དུ་འགྲོ་བས། གཞུང་གསལ་མཆོད་པ་བྱིན་གྱིས་བརླབས་ནས། དངོས་གྲུབ་རོལ་མཚོའི་རྩ་གསུམ་གཏོར་འབུལ་སྦྱར་ལ། དེ་ནས་མཐར་ཆགས་སུ་གཏང་། རྗེས་གནང་དངོས། ཆོ་གའི་རྗེས་བཅས་བྱའོ།། །། ༈ དཔལ་ས་སྐྱ་པའི་ཡང་ཕུར་ཐུན་མོང་གི་བཀའ་སྲུང་དཀར་བདུད་ལྕམ་དྲལ་གྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་ལྟར། མཆོད་བརླབ་ནས་གཟུང་བའི་དབང་སྒྲུབ། རྗེས་གནང་དངོས་ཀྱི་གོང་དེར་བགེགས་བསྐྲད་དགོས་བྱུང་ན། རང་ཡི་དམ་སྐད་ཅིག་གློག་འགྱུའི་འཕྲུལ་གྱིས་རྡོ་རྗེ་ཕུར་པར་གསལ་བས་ཆོག །རྗེས་གནང་དངོས། ཆོ་གའི་རྗེས་བཅས་བྱའོ།། །། ༈ ཨོ་རྒྱན་གཏེར་བདག་གླིང་པའི་དྲེགས་འཇོམས་བཀའ་སྲུང་ལས་གཤིན་རྗེས་གནང་གོང་དུ་དྲེགས་འཇོམས་སྐབས་སུ་སོང་ངོ་།། །། ༈ རཏྣའི་ཐུགས་གསང་བཀའ་སྲུང་དམ་ཅན་མགར་དམར་སྲོག་དབང་རྗེས་གནང་༼འདོད་བུམ། 643༽ནས་འབྱུང་བ་བཞིན་བསྒྲུབ་ཅིང་། བསྐུར་བའི་བླ་རྡོ་གཏད་པའི་སྐབས་བླ་རྡོ་དང་སྒྲུབ་ཡིག་མཉམ་པོར་གཏད་དགོས་ཤིང་། དབང་དང་ཆོ་གའི་རྗེས་རིམ་བཅས་བྱའོ།། །། ༈ ཉེ་རིང་གི་བརྒྱུད་པའི་ཆུ་བོ་གཅིག་འདྲེས་གྲུབ་ཆེན་ཀརྨ་པཀྴི་ལ་བཀའ་བབས་པ་ཀཾ་ཚང་ལུགས། དམ་ཅན་མགར་བ་ནག་པོའི་ཕྲིན་ལས་རྗེས་གནང་དང་བཅས་པ་དམ་ལྡན་རེ་སྐོང་ལྟར་དབང་སྒྲུབ། རྗེས་གནང་དངོས། རྗེས་རིམ་བཅས་བྱའོ།། །། ༈ འགྲོ་འདུལ་ལས་འཕྲོ་གླིང་པའི་ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེའི་རྡོ་རྗེ་ལེགས་པའི་རྗེས་གནང་གོང་དུ་སོང་ངོ་།། །། ༈ མཆོག་གླིང་ཐུགས་ཆེན་པདྨ་སྒྱུ་འཕྲུལ་དྲྭ་བའི་བཀའ་སྲུང་དམ་ཅན་ལྕམ་དྲལ་བཀའ་གཏད་གོང་དུ་སོང་ངོ་།། །། ༈ གུ་རུ་ཆོས་དབང་དང་། རྒྱལ་སྲས་ལེགས་པ། རིན་ཆེན་གླིང་པ་སོགས་ཀྱི་གཏེར་མ་དང་། གྲུབ་ཆེན་ཀརྨ་པའི་མན་ངག་གི་བརྒྱུད་ཀཾ་ཚང་ལུགས་སུ་གྲགས་པའི་ཞིང་སྐྱོང་རྗེས་གནང་གི་ཐོག་མར་དབང་དོན་སྒྲུབ་པ་ལ། ཚིག་བདུན་གསོལ་འདེབས་སྔོན་འགྲོས། སངས་རྒྱས་ཆོས་དང་སོགས་ཀྱིས་སྐྱབས་སེམས་དང་། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བྱང་ཆུབ་སེམས་སུ་འདི་བགྱིད་དེ། །བདག་དང་གཞན་དོན་རབ་བསྒྲུབ་ཕྱིར། །བདག་གིས་བྱང་ཆུབ་སེམས་མཆོག་བསྐྱེད། །ཨེ་མ་ཧོ་སེམས་ཅན་ཀུན་མགྲོན་གཉེར། །བྱང་ཆུབ་སྤྱོད་མཆོག་མཛད་བཞིན་སྤྱོད། །འགྲོ་ལ་ཕན་ཕྱིར་སངས་རྒྱས་ཤོག །ཅེས་ལྔ་རྣམ་དག་བྱས་ཏེ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞིའི་རྗེས་སུ། སྭ་བྷཱ་ཝས་སྦྱངས་ནས། ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་སྣ་ཚོགས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་སོགས་རྩ་གཞུང་རྗེས་གནང་གི་སློབ་མ་ལྷ་བསྐྱེད་ལྟར། ཡེ་ཤེས་ཀྱི་མེ་འབར་བའི་དབུས་སུ་བཞུགས་པའི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་མཐིང་གའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ། བཟླས་པའི་རྐྱེན་གྱིས་བསྐུལ་བས་དེ་ལས་འོད་ཟེར་འཕྲོས། རྒྱལ་བའི་བྱིན་རླབས་བསྡུས། སླར་འཕྲོས་པས་དོན་གཉིས་བྱས་ཤིང་དྲེགས་པ་ལས་མགོན་ཐམས་ཅད་ཟིལ་གྱིས་མནན་ཅིང་དབང་དུ་བསྡུས། སྣང་གྲགས་རིག་པ་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོར་གྱུར་པར་བསམ་ལ། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་བཟླས་པས་བདག་བསྐྱེད་བསྒྲུབ། དེ་ནས་མཆོད་གཏོར་བསང་སྦྱང་། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་རྣམས་སུ་ཧཱུྃ་ལས་བྱུང་བའི་དྲག་པོའི་ཉེར་སྤྱོད། སྨན་གཏོར་རཀྟ་ལ་སོགས་པའི་མཆོད་པའི་སྤྲིན་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿས་བྱིན་གྱིས་བརླབ། མདུན་རྟེན་བསང་སྦྱང་། སྟོང་པའི་ངང་ལས་རང་ཉིད་ཀྱི་མདུན་དུ་མེ་རླུང་དམར་ནག་འཚུབས་པའི་དབུས་སུ་པདྨ་ཉི་མའི་གདན་ལ་དགྲ་བོ་ཕོ་མོ་བསྣོལ་བའི་སྟེང་དུ་ཧཱུྃ་ནག་པོ་ལས་འོད་འཕྲོས། དགྲ་བགེགས་ཐམས་ཅད་ཚར་བཅད། ལས་མགོན་རྣམས་ཀྱི་མཐུ་སྟོབས་བསྡུས། ཡོངས་སུ་གྱུར་པ་ལས་བདུད་མགོན་ཤ་ཟ་ནག་པོ་སེང་གེའི་གདོང་པ་ཅན་སྐུ་མདོག་མཐིང་ནག་རབ་ཏུ་ཁྲོས་ཤིང་ཞལ་གདངས་པ། མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། སྤྱན་གསུམ་དམར་ལ་འཁྲུགས་པ། གཡུ་རལ་གྱེན་དུ་འབར་བའི་གསེབ་ནས་སེང་ཆུང་མང་པོ་འཕྲོ་བ། དར་ནག་གི་འཇོལ་བེར་གསོལ་བའི་སྟེང་ན་སྟག་དོང་གཟིག་ཤུབས་རྐེད་ལ་བཏགས་ཤིང་། གཡས་ན་མདུང་དར་ནག་པོ་ཕྱར་བ། གཡོན་ན་དམར་གཏོར་བསྣམས་པ། བདུད་རྟ་ནག་པོ་རླུང་གི་གཤོག་པ་ཅན་ལ་འཆིབས་པ། སྤྲུལ་པ་མང་པོ་འགྱེད་པ། ཤིན་ཏུ་མི་བསྲུན་ཅིང་གུང་གཉིས་ལ་གླིང་བཞིར་ཁྱབ་པར་རྒྱུག་པ། དེའི་གཡོན་དུ་ཏྲི་དམར་ནག་ལས་ཡུམ་བདུད་མོ་སྲོག་གཅོད་མ་སྐུ་མདོག་དམར་ནག་སེང་གེའི་གདོང་པ་ཅན་ཞལ་བགྲད་ཅིང་མཆེ་བ་གཙིགས་པ། སྤྱན་གསུམ་པ། ཁྲག་གི་རལ་པ་འཁྱིལ་པའི་གསེབ་ནས་ཁྲོ་ཆུང་མང་པོ་འགྱེད་པ། དར་དམར་གྱི་འཇོལ་བེར་གསོལ་ཞིང་། གཡས་ན་ཁ་ཊྭཱཾ་ག་རྩེ་གསུམ། གཡོན་ན་དགྲ་བོའི་སྙིང་ཁྲག་བསྣམས་པ། བདུད་རྟ་དམར་ནག་རླུང་གི་གཤོག་པ་ཅན་ལ་འཆིབས་པ། མདུན་དུ་ལས་མཁན་བམ་རོ་མདོག་སེར་སྤྲེའུའི་མགོ་ཅན། དུས་མཚན་མོ་ལྕགས་མགོ་ནག་མོ་སྐྲ་མེད་པ། གཉིས་ཀའང་མི་སྡུག་པའི་གཟུགས་ཅན་གཅེར་བུ་གསེར་མིག་འཁྱིལ་བ་ལག་གཉིས་ས་ལ་བཙུགས་ནས་རྒྱུག་ཅིང་། ལྕགས་ཀྱི་སྡེར་མོ་རྣོན་པོས་དགྲ་སྙིང་འདྲེན་པ། རྐང་པས་དམར་གཏོར་དགྲ་ལ་འཕེན་པ། མི་མགོའི་དོ་ཤལ་དང་མི་ལྤགས་རྐེད་ལ་དཀྲིས་པ། གཞན་ཡང་སྤྲུལ་པ་ལས་མཁན་ཤ་ཟ་ཁྲོ་མོ་བདུད་ཀྱི་འཁོར་ཚོགས་དུ་མས་བསྐོར་བའོ། །དེའི་ཐུགས་ཀའི་ཧཱུྃ་དང་ཏྲི་ལས་འོད་འཕྲོས། དཔལ་གྱི་ཙ་རི་ཏྲ་ནས་བདུད་མགོན་ཡབ་ཡུམ་འཁོར་དང་བཅས་པ་སྤྱན་དྲངས། རྔ་བརྡུང་ཞིང་དབྱངས་དང་བཅས་པས་སྤྱན་འདྲེན་པ་ནི། བྷྱོ། འཇིག་རྟེན་དབང་བསྒྱུར་དྲེགས་བྱེད་ཀུན་གྱི་རྒྱལ། །ལོག་འདྲེན་དགྲ་བགེགས་འདུལ་བ་རྣམས་ཀྱི་གཙོ། །ལས་ཀྱི་མཁའ་འགྲོ་རྒྱ་མཚོའི་མངའ་དབང་ཕྱུག །སྲོག་བདུད་ཤ་ཟ་ནག་པོ་སེང་གེའི་གདོང་། །སྔོན་གྱི་དམ་ཚིག་གཉན་པོ་དྲན་མཛོད་ལ། །སྟོན་པའི་དམ་ཆོས་བསྲུང་ཞིང་རྒྱས་པ་དང་། །མ་རུངས་བློ་ལྡན་དགྲ་ཡི་དཔུང་གཞོམ་ཕྱིར། །བསྟན་སྲུང་རྒྱལ་པོ་ཁྱོད་ནི་འདིར་གཤེགས་ཤིག །སྟོབས་ལྡན་སྲིན་པོའི་དབང་པོ་གཤེགས་སུ་གསོལ། །བདུད་ཀྱི་དམག་དཔོན་ཆེན་པོ་གཤེགས་སུ་གསོལ། །དྲེགས་ལྡན་ཞིང་སྐྱོང་ཆེན་པོ་གཤེགས་སུ་གསོལ། །གཏུམ་ཆེན་རྔམས་པའི་སྐུར་སྟོན་གཤེགས་སུ་གསོལ། །བཞུགས་གསོལ་ནི། བྷྱོ། བསྐལ་མེ་འཐོར་རླུང་འཁྲུགས་པའི་དཀྱིལ་འཁོར་དུ། །དབུགས་བྲལ་བསྣོལ་མར་བརྩེགས་པའི་གདན་སྟེང་ན། །བདུད་མགོན་ནག་པོ་ཆེན་པོ་དྲག་ཤུལ་ཅན། །འཁོར་དང་བཅས་རྣམས་བརྟན་པར་བཞུགས་སུ་གསོལ། །ཨོཾ་མ་ཧཱ་ཀཱ་ལ་སིཾ་ཧ་མུ་ཁ་ཧཱུྃ་ཕཊ། ཏྲི་ཧྲིཾ་ཛཿ ཌཱ་ཀི་ནཱི་སི་ན་ར་མ་ཧཱུྃ་ཕཊ། ཏྲི་ཧྲིང་ཛཿ ཡ་མ་ར་ཙ་དུ་ཏྲི་ཕུ་ཏྲི་ཧཱུྃ་ཕཊ། ཅེས་ལན་གསུམ། གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་དམ་ཉམས་དགྲ་བགེགས་ཀྱི་ཤ་ཁྲག་ལས་གྲུབ་པའི་གཏོར་མ་འདོད་པའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པར་གྱུར། ཨ་ཀཱ་རོ་སོགས་ལན་གསུམ་གྱིས་བསྔོས་ལ། བྷྱོ། བདུད་ཀྱི་དམག་དཔོན་ཡབ་ཡུམ་འཁོར་བཅས་ལ། །བསྟན་ལ་སྡང་བའི་དགྲ་དང་བགེགས་རྣམས་ཀྱི། །དམར་ཆེན་ཁྲག་གི་རྒྱ་མཚོའི་ཡོན་ཆབ་དང་། །ཤ་ཁྲག་ཚིལ་བུ་རྐང་དང་ནང་ཁྲོལ་དང་། །དོན་སྙིང་ལྔ་དང་དབང་པོ་རྣམ་པ་ལྔ། །ཤ་ཁྲག་དམར་གྱིས་བརྒྱན་པའི་གཏོར་མ་དང་། །ཚིལ་ཆེན་དུད་པ་ཞུན་ཆེན་མར་མེ་དང་། །རྩ་བརྒྱད་སྟོང་སྦྱར་པཉྩ་ཨ་མྲྀཏ། །ཞལ་ཟས་འདོད་ཡོན་ཚོགས་ཀྱི་ལོངས་སྤྱོད་དང་། །དཀར་གསུམ་མངར་གསུམ་འབྲུ་སྨན་རྩི་བཅུད་དང་། །ཆང་དང་ཤིང་ཏོག་དར་ཚོན་སྣ་ཚོགས་དང་། །ཐོད་པའི་རྔ་ཆུང་རྐང་གླིང་རོལ་མོའི་སྒྲ། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་བྱས་ནས། །འབུལ་གྱི་དམ་ཚིག་དབང་གིས་བཞེས་སུ་གསོལ། །དམ་རྫས་རྒྱན་གྱི་མཆོད་གཏོར་འདི་བཞེས་ལ། །བདག་གི་ལས་རྣམས་ཐམས་ཅད་སྒྲུབ་ཏུ་གསོལ། །རྦོད་གཏོང་ཕུར་ཁ་ཟློག་པའི་ཕྲིན་ལས་མཛོད། །ཡིད་ལ་གནག་པའི་དགྲ་བོ་ད་སྒྲོལ་ཅིག །ཅེས་གཏོར་མ་དང་ཉེར་སྤྱོད་ཕུལ་ཞིང་ཕྲིན་ལས་བཅོལ། ཧཱུྃ་བྷྱོ། ཉི་ཤུ་རྩ་བཞིའི་ཡུལ་རྣམས་ཀུན་གྱི་གཙོ། །ཉེ་བའི་འཐུང་སྤྱོད་དཔལ་གྱི་ཙ་རི་ཏྲ། །རབ་འཇིགས་དུར་ཁྲོད་ཆེན་པོར་རྟག་ཏུ་རོལ། །ག་ཡ་དྷ་ར་ཁྱོད་ལ་བདག་བསྟོད་དོ། །རྒྱལ་བས་དབང་བསྐུར་ཀུན་དགའ་གཞོན་ནུ་སྟེ། །ཞིང་སྐྱོང་ཆེན་པོ་ཨ་མྲ་གཙིགས་པའི་ཞལ། །ཤ་ཟ་ཁྲག་འཐུང་ཟ་བྱེད་སེང་གེའི་གདོང་། །སྲོག་བདུད་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །བདུད་ཀྱི་དམག་དཔོན་སྲིན་པོ་ཁྲོས་པའི་གཟུགས། །མཐུ་རྩལ་དྲག་ཤུལ་མྱུར་མགྱོགས་སྟོབས་དང་ལྡན། །བསྟན་པ་སྲུང་དང་རྣལ་འབྱོར་སྐྱོང་ལ་བརྩོན། །ནག་པོ་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །ཡུམ་ཆེན་བདུད་མོ་བམ་རོ་ཕོ་མོ་སོགས། །ཚར་གཅོད་ཕན་འདོགས་ལས་བྱེད་དྲག་པོའི་འཁོར། །བཀའ་ཉན་བྱེ་བ་སྟོང་ཕྲག་འབུམ་དང་བཅས། །བསྟན་སྐྱོང་འཁོར་དང་བཅས་ལ་བདག་བསྟོད་དོ། །ཅེས་བསྟོད། ཞིང་སྐྱོང་གི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་གི་མཐར་སྙིང་པོས་བསྐོར་བ་ལ། རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ས་བོན་གྱིས་བསྐུལ་བས་དེ་ལས་འོད་ཟེར་འཕྲོས། ཡུམ་དང་འཁོར་རྣམས་ལ་ཕོག་པས་སྤྲུལ་པ་ཡང་སྤྲུལ་དཔག་ཏུ་མེད་པ་སྤྲོས་ཏེ་དགྲ་བགེགས་བཅོམ་ཞིང་། དངོས་གྲུབ་ཅི་འདོད་པ་སྩོལ་བར་གྱུར། ཅེས་དམིགས་ཏེ། ཨོཾ་མ་ཧཱ་ཀཱ་ལ་སིཾ་ཧ་མུ་ཁ་ཧཱུྃ་ཕཊ། ཏྲི་ཧྲིཾ་ཛཿ ཌཱ་ཀི་ནཱི་སི་ན་ར་མ་ཧཱུྃ་ཕཊ། ཏྲི་ཧྲིཾ་ཛཿ ཡ་མ་ར་ཙ་དུ་ཏྲི་ཕུ་ཏྲི་ཧཱུྃ་ཕཊ། ཅེས་ཅི་འགྲུབ་བཟླས་མཐར། སྐོང་གསོལ་གྱི་མཆོད་གཏོར་ཁ་གསོས་ལ། བསང་སྦྱང་། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བར་གདུག་པ་ཅན་མཐའ་དག་བསྒྲལ་པ་ལས་བྱུང་བའི་ཤའི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་ཕུང་པོ། གཞན་ཡང་བཟའ་བཏུང་གི་བྱེ་བྲག་སྣ་ཚོགས་པ་གཙང་ཞིང་བསོས་པ་དང་ཡིད་དུ་འོང་བས་ཡོངས་སུ་གང་བར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ཞེས་ལན་གསུམ་གྱིས་བརླབས་ཏེ། དྲག་ཤུལ་ཆེན་པོས་དགྲ་བགེགས་ཀུན་འཇོམས་ཤིང་། །སྒྲུབ་པ་པོ་ལ་བུ་ལྟར་བརྩེ་བ་ཅན། །འཇིགས་བྱེད་ཞིང་སྐྱོང་ཆེན་པོ་ཁྱོད་ཉིད་ལ། །མཆོག་ཏུ་གདུང་ཤུགས་ལྡན་པས་རབ་བསྟེན་ནས། །དང་དུ་བླང་དང་སྤང་བར་བྱ་བ་དང་། །ཚུལ་བཞིན་བསྒྲུབ་པའི་དམ་ཚིག་རྨད་བྱུང་བ། །ཉམས་ན་བཤགས་ཤིང་ལེགས་པར་བསྲུངས་པ་ཡིས། ཁྱེད་ཀྱི་ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ཡི། །ཉེར་སྤྱད་འོས་པ་ཕུན་སུམ་ཚོགས་པ་རྣམས། །མ་ཚང་མེད་པར་རྒྱ་ཆེར་སྤེལ་བ་ཡིས། །ལྷ་ཆེན་ཀུན་དགའ་གཞོན་ནུའི་ཐུགས་དམ་བསྐང་། །རླུང་ལྟར་མགྱོགས་པའི་རྟ་ནག་རྟིང་དཀར་དང་། །གཡག་ནག་རྭ་རྣོན་སྤུ་ཞོལ་བརྗིད་ཅིང་ཆེ། ཁྱི་ནག་དོམ་བུ་གཏུམ་ཞིང་འཇིགས་པའི་གཟུགས། །ལུག་ནག་རྒྱན་ལྡན་རྣམས་ཀྱིས་ཐུགས་དམ་བསྐང་། །བཙོས་པའི་ཤ་དང་འབྲས་ཆན་བསྲེགས་པའི་གསུར། ཁུ་ཁྲག་ལྷ་བ་རྐང་མར་རུས་པའི་ཚོགས། །དབང་པོ་གློ་སྙིང་ནང་ཁྲོལ་རྒྱུ་མ་བཅས། །དམར་ཆེན་བརྒྱན་པའི་གཏོར་མས་ཐུགས་དམ་བསྐང་། །དཔའ་བོ་དོམ་ནག་ཙིཏྟ་མ་ཉམས་པ། །སྲོག་གི་ས་བོན་དམ་པ་ལེགས་པར་བཅུག །ཆོ་ག་བཞིན་དུ་བྲིས་པའི་འཁོར་ལོ་སོགས། །མི་འབྲལ་བརྟེན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །རྟག་ཏུ་དགྱེས་བཞིན་འཁོར་གྱིས་ལས་མཛད་པར། །གནད་དུ་བསྐུལ་ནས་ཕྲིན་ལས་བཅོལ་བ་ཡི། །ལྷ་ཁྱོད་ཉེ་བར་བསྟེན་པའི་ཚུལ་རྣམས་ཀྱི། །ཏིང་ངེ་འཛིན་དང་བཟླས་པས་ཐུགས་དམ་བསྐང་། །སྤྲིན་གྱི་ཤུགས་ལྡན་རྟ་དམར་རྟིང་དཀར་དང་། །དགྲ་བགེགས་བསྒྲལ་པའི་ཤ་ཁྲག་དོན་སྙིང་བཅས། །མཁོ་རྒུའི་ཉེར་སྤྱད་མ་ཚང་མེད་པ་ཡིས། །བདུད་མོ་སེང་གདོང་མ་ཡི་ཐུགས་དམ་བསྐང་། །སྣ་ཚོགས་ཤ་ཡི་ཚོགས་ནི་རྫ་ལྟར་སྤུངས། །མྱོས་བྱེད་དམར་ཆེན་བཏུང་བ་མཚོ་རུ་བསྐྱིལ། །མཐུན་རྫས་དུ་མ་སྦྱར་བའི་གཏོར་མ་འདིས། །དཔའ་བོ་ལས་མཁན་བཅས་པའི་ཐུགས་དམ་བསྐང་། །ར་ཡི་རྣམ་ལྔ་ཤ་ཆང་ཁྲག་དང་ཞག །བཤོས་བུ་དམར་པོ་ཤ་ཆེན་དཀར་གཏོར་ཆང་། །བཟའ་བཏུང་བྱེ་བྲག་རྣམ་པ་མང་པོ་བཅས། །སོ་སོའི་ཡིད་བཞིན་རྒྱས་པར་སྤྲུལ་ནས་ཀྱང་། །དམ་ཅན་བཛྲ་སཱ་དྷུའི་ཐུགས་དམ་བསྐང་། །གཤིན་རྗེའི་རྒྱལ་པོ་ཆེན་པོའི་ཐུགས༴ ཀླུ་བདུད་ནག་པོ་མགོ་དགུའི་ཐུགས༴ བདུད་པོ་བྱེ་བ་གུང་རིང་ཐུགས༴ བཙན་རྒོད་ཡམ་ཤུད་དམར་པོའི་ཐུགས༴ སྲིན་པོ་ན་ར་སིཾ་ཧའི་ཐུགས༴ སྲོག་བདག་ཚངས་པ་དཀར་པོའི་ཐུགས༴ མ་མོ་རྡོ་རྗེ་ཕ་ལམ་ཐུགས༴ བདུད་ཀྱི་དམག་ཚོགས་རྒྱ་མཚོའི་ཐུགས༴ སྤྲུལ་པ་ཡང་སྤྲུལ་ཚོགས་ཀྱི་ཐུགས་དམ་བསྐང་། ཁྱེད་ཀྱི་ཐུགས་དམ་གཉན་པོ་བསྐངས་གྱུར་ནས། །དངོས་གྲུབ་མ་ལུས་དགྱེས་བཞིན་བསྩལ་དུ་གསོལ། །ཞེས་མཆོད་སྐོང་དང་། ཧཱུྃ། དཔལ་ཆེན་འཁོར་བཅས་བདག་ལ་དགོངས་སུ་གསོལ། ཁྱོད་ནི་ཡེ་ཤེས་ཆེན་པོའི་སྤྱན་དང་ལྡན། །བདག་ནི་མ་རིག་དབང་གྱུར་ལུས་ངག་སེམས། །ནོངས་པའི་ཚོགས་ནི་ཅི་མཆིས་བཟོད་པར་གསོལ། །རྒྱུ་ཆུང་ཕུད་ཉམས་ལྷག་མ་འདྲེས་པ་དང་། །དམ་རྫས་མ་ཚང་བསྙེན་སྒྲུབ་གཡེལ་བ་སོགས། །ཡབ་ཡུམ་འཁོར་བཅས་ཐུགས་དང་འགལ་བ་རྣམས། །མཐོལ་ལོ་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ། །ཞེས་བཤགས་པ་བྱ། ལས་བུམ་བགེགས་མཐར་བྱེད་སྔགས་ཀྱིས་བརླབ། སློབ་མ་རྣམས་ཁྲུས་དང་བགེགས་ཕྲལ། བསྲུང་ཞིང་གྲལ་དུ་འཁོད་པར་མེ་ཏོག་བཀྱེ་བསྡུ་ཟིན་ནས། འོ། མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྒྱལ་བའི་བསྟན་པ་ཡུན་དུ་བསྲུང་བ་དང་། རྣལ་འབྱོར་པའི་བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་མཐའ་དག་ཟློག་ཅིང་། ས་ལམ་བགྲོད་པའི་བར་ཆད་སེལ་བའི་སླད་དུ་བསྟན་སྲུང་དབང་པོའི་རྗེས་གནང་ནོད་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་དེ་གསན་འཚལ། དགོས་པ་དེ་ལྟ་བུ་དང་ལྡན་པའི་བསྟན་སྲུང་ཆོས་སྐྱོང་གི་སྐོར་ལའང་། དབྱིངས་དང་ཡེ་ཤེས། ལས་དང་འཇིག་རྟེན་གྱི་མགོན་པོ་སྟེ་བཞི་ལས། ཕྱི་མ་གསུམ་ལའང་སྤྲུལ་པ་དང་རང་རྒྱུད་པའི་ཚུལ་གཉིས། དེ་རེ་རེ་ལའང་རྒྱུད་གསུམ། རིགས་དྲུག །སྡེ་བརྒྱད། སྡེ་བཅུ་ལ་སོགས་པའི་དབྱེ་བ་དང་རྣམ་གྲངས་མཐའ་ཡས་པར་འགྱུར་བ་ལས། ད་ལམ་གྱི་སྐབས་སུ་བབས་པ་འདི་ནི། དཀྱིལ་འཁོར་གྱི་ཁྱབ་བདག་ཧེ་རུ་ཀཿཉིད་ཐུགས་རྗེ་ཞི་བས་མི་འདུལ་བའི་ལོག་པར་ཞུགས་པ་ཐམས་ཅད་མངོན་སྤྱོད་རོལ་པའི་ཕྲིན་ལས་ཀྱིས་ཚར་གཅོད་རྗེས་སུ་འཛིན་ཅིང་། ཉིད་ཀྱི་བསྟན་པ་བསྲུང་བའི་དོན་དུ་ཡེ་ཤེས་ཀྱི་མགོན་པོ་དཀར་པོ་སེང་གེའི་གདོང་པ་ཅན་དང་། དཔལ་ཆེན་ཐུགས་སྤྲུལ་ཡེ་ཤེས་མགོན་པོ་ཕྱག་བཞི་པའི་ཕྲིན་ལས་ཀྱི་སྤྲུལ་པའི་ལས་མགོན་ནག་པོ་སེང་གེའི་གདོང་པ་ཅན་དུ་གྲགས། གཞན་དུ་སྔོན་དྲག་པོ་འཇིགས་བྱེད་ཤ་ཟའི་སྡེ་དཔོན་མི་བསྲུན་སེང་གེའི་གདོང་པ་ཅན། སྐྱེ་འགྲོ་ཐམས་ཅད་ཀྱི་སྲོག་དབུགས་ལ་དབང་བྱེད་ཅིང་ཁམས་གསུམ་ན་ཤིན་ཏུ་མ་རུངས་པའི་གཏུམ་དྲག་ཅན་ཞིག་བྱུང་བ་དེ་ཉིད་འདུལ་བའི་སླད་དུ། དཔལ་ཆེན་པོ་གསང་བའི་བདག་པོས་ནམ་མཁའ་དང་མཉམ་པའི་ཁྲོ་བོའི་དཀྱིལ་འཁོར་ཆེན་པོ་འདུ་བ་དང་འགྱེད་པའི་ཕྲིན་ལས་ཀྱི་མཐུ་ཆེན་པོས། དྲེགས་པ་ཅན་དེ་ཉིད་སྡེ་དང་བཅས་པ་ཐམས་ཅད་བཏུལ་ནས་དམ་ཚིག་གི་གནས་སུ་བཀོད་ཅིང་། གསང་བའི་དཀྱིལ་འཁོར་ཡུལ་ཉེར་བཞིའི་ཞིང་རྣམས་སྐྱོང་བའི་དབང་ཕྱུག་ཆེན་པོར་བསྐོས། བར་དུ་གྲུབ་པའི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝས་དམ་ལ་བཏགས་ཤིང་ཟབ་གཏེར་གཉེར་གྱི་སྲུང་མར་བསྐོས། ཐ་མར་གྲུབ་ཐོབ་ཆེན་པོ་ཀརྨ་པཀྴིས་སྟོད་ལུང་མཚུར་ཕུའི་དགོན་པ་ན་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་བཞུགས་པའི་ཟིལ་འོག་ཏུ་འདུས་ཏེ། རང་རྟགས་སྲོག་གི་སྙིང་པོ་ཕུལ་ཞིང་བཀའི་བསྟན་པ་བསྲུང་བར་ཁས་བླངས་པའི་ལས་དང་འཇིག་རྟེན་གྱི་མགོན་པོ་སྟེ། དེ་ལྟ་བུའི་རྣམ་འགྱུར་རྒྱ་མཚོ་འཛིན་པའི་ཆོས་སྐྱོང་ཁྱད་པར་ཅན་གྱི་གྲལ་དུ་བཞུགས་པའི་སྐོར། སྤྱི་རྒྱུད་མགོན་པོ་མངོན་པར་འབྱུང་བ་དང་། སྒོས་རྒྱུད་སྔགས་རྒྱུད་རབ་འབྱམས་དང་འབྲེལ་བའི་བཀའ་མ་དང་། གུ་རུ་ཆོས་ཀྱི་དབང་ཕྱུག །ཤྭའི་རྒྱལ་སྲས་ལེགས་པ། ཆོས་རྒྱལ་རིན་ཆེན་གླིང་པ། རིག་འཛིན་བདུད་འདུལ་རྡོ་རྗེ་ལ་སོགས་པའི་གཏེར་བྱོན་དང་། གྲུབ་ཐོབ་ཀརྨ་པ་ཆེན་པོར་མགོན་པོ་དངོས་ཀྱིས་ཕུལ་བའི་མན་ངག་ཐམས་ཅད་ཀྱི་བྱིན་རླབས་ཀྱི་རྒྱུན་རྣམས་གཅིག་ཏུ་འདུས་པ་ལའང་། ཐུན་མོང་། ཐུན་མིན། ཁྱད་པར་གྱི་རིམ་པ་འགའ་ཞིག་མཆིས་པ་ལས། ཐུན་མོང་གི་རྗེས་གནང་ཟབ་མོ་བསྒྲུབ་པ་ལ། སློབ་དཔོན་གྱིས་བགྱི་བར་འོས་པའི་བྱ་བ་རྣམས་གྲུབ་ཟིན་པས། ཁྱེད་རང་རྣམ་པའི་ངོ་སྐལ་དུ་གྱུར་པ་རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་ཐལ་མོ་མེ་ཏོག་དང་བཅས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སངས་རྒྱས་བསྟན་པ་བསྲུང་བ་དང་། །སོགས་རྩ་གཞུང་གི་ཐོག་མར་འབྱུང་བ་བཞིན་ལན་གསུམ། རྒྱུད་སྦྱོང་བའི་སླད་དུ་བླ་མ་དཀྱིལ་འཁོར་གྱི་ཁྱབ་བདག་རྡོ་རྗེ་ཅན་དཀོན་མཆོག་རྒྱ་མཚོའི་ཚོགས་དང་བཅས་པའི་སྤྱན་སྔར། སྐྱབས་སུ་འགྲོ་བ་དང་། སྡིག་པ་བཤགས་པ་དང་། འཕགས་སྐྱེའི་དགེ་བ་ལ་ཡི་རང་བ་དང་། སྡོམ་པའི་སྙིང་པོ་གཟུང་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་སྟེ། ལྔ་རྣམ་དག་གི་དོན་གསལ་ཐོབས་ལ་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་གོང་གསལ་ལྟར་ལན་གསུམ། དེ་ནས་རྗེས་གནང་གི་ཐོག་མར་སློབ་མ་རྣམས་གཉེན་པོ་སྟོབས་ཀྱི་ལྷའི་དབང་བསྐུར་བའི་དོན་དུ་འདི་ལྟར་གསལ་ཐོབས་ཤིག །ལས་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ། སྟོང་པའི་སོགས་ནས། གྱུར་པ་ལས། ཁྱེད་རང་རྣམས་བཅོམ་ལྡན་འདས་གསང་བའི་སོགས་ནས། ཡེ་ཤེས་ཀྱི་མེ་འབར་བའི་དབུས་སུ་བཞུགས་པའི་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་ཡི་གེ་དང་། ཐུགས་དབུས་ཉི་མ་ལ་གནས་པའི་དྭངས་སྲོག་འབར་བའི་ཧཱུྃ་སྔོན་གྱི་མཐར། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅེས་པས་བསྐོར་བ་གསལ་བཏབ་ནས། སློབ་དཔོན་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་གསང་བའི་བདག་པོ་དངོས་སུ་བཞུགས་པ་ལ། བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པའི་གསོལ་བ་བཏབ་པའི་རྐྱེན་གྱིས། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱི་དྲྭ་བ་མཁའ་ཁྱབ་ཏུ་འཕྲོས་པས་ཕྱོགས་དུས་ཀྱི་རྒྱལ་བ་ཧེ་རུ་ཀཿདང་དཔའ་བོ་རྣལ་འབྱོར་མའི་འཁོར་ལོའི་དཀྱིལ་འཁོར་ཐམས་ཅད་གསང་བའི་བདག་པོའི་རྡོ་རྗེ་གསུམ་གྱི་ཕྱག་རྒྱར་བཞེངས་པ། ཕྱོགས་བཅུ་ཀུན་ནས་ཆར་དྲག་གཡོ་བ་བཞིན་སྤྱན་དྲངས། སློབ་མ་རྣམས་ལ་ཐིམ་པས་རྒྱུད་ལ་ཡེ་ཤེས་ཆེན་པོའི་བྱིན་ཕེབས། དྲེགས་པའི་གཉེན་པོ་མཐུ་སྟོབས་འབར་བའི་དངོས་གྲུབ་ཐོབ། ལྷ་དང་རང་སེམས་གཉིས་མེད་ཆེན་པོའི་དགོངས་ཉམས་སྐྱེད་ལ་རྩེ་གཅིག་མཉམ་པར་ཞོག་ཅིག །སྤོས་རོལ་བཅས་ཡི་དམ་གྱི་རྩ་སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་བཛྲ་ས་མ་ཡ་ཨ་དྷིཥྛཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨ་ཨཱཿ ཞེས་དྲག་ཏུ་བཟླས་པས་བྱིན་དབབ། དེ་ལྟ་བུའི་བྱིན་རླབས་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ། ཞེས་མེ་ཏོག་འཐོར། དེས་གཉེན་པོ་སྟོབས་ཀྱི་བྱིན་བསྡུ་བ་སོང་། ཆོས་སྐྱོང་གི་རྗེས་གནང་དངོས་ལ་རྣམ་གྲངས་དྲུག་ལས། དང་པོ་སྐུ་ཡི་རྗེས་གནང་གི་སླད་དུ་འདི་ལྟར་གསལ་ཐོབས། སྔར་བསྒྲུབས་ཟིན་པའི་གཏོར་མ་སླར་ཡང་ཁྱེད་རང་རྣམས་ཀྱི་བློ་ངོར་བསྐྱར་ནས་གསལ་འདེབས་པ་དང་། སྤྱན་འདྲེན་པ་བཞུགས་སུ་གསོལ་ཞིང་། སྲོག་སྙིང་བཟླས་པས་དམ་བསྒྲག །གཏོར་མ་འབུལ་ཞིང་ཕྲིན་ལས་བཅོལ་བ་རྣམས་འདོན་ཚིག་དང་མཐུན་པར་གསལ་ཐོབས་ཤིག །མདུན་དུ་བཤམས་པའི་གཏོར་མ་འདི་ཉིད་མེ་རླུང་དམར་ནག་འཚུབས་པའི་དབུས་སུ་སོགས་གོང་གི་དབང་སྒྲུབ་སྐབས་བཞིན་ནས། ཡིད་ལ་གནག་པའི་དགྲ་བོ་ད་སྒྲོལ་ཅིག །བར་བརྗོད། དེ་ལྟར་གསལ་བའི་གཙོ་བོ་ཡབ་ཡུམ་གྱི་ཐུགས་ཀར་ཉི་མ་ལ་གནས་པའི་རང་སྲོག་ཧཱུྃ་ཡིག་མཐིང་ནག་དང་ཏྲི་དམར་ནག་གིས་མཚན་པར་གསལ་བ་ལ། སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ཁ་དོག་སྣ་ཚོགས་སོགས་རྩ་གཞུང་ལྟར། ཇི་ལྟར་བསྒོ་བ་བཞིན་བསྒྲུབས་ནས་ཚུར་འདུས། འབར་བའི་ཧཱུྃ་ཡིག་ཤ་སྟག་ཏུ་གྱུར་ནས་སློབ་མའི་ཐུགས་སྲོག་གི་ཞབས་ཀྱུ་ལ་ཐིམ་པས་སྐུའི་སྟོབས་དབང་དུ་གྱུར་པའི་མོས་པ་མཛོད། གསང་བདག་གི་སྔགས་མཐར། ཞིང་སྐྱོང་ཡབ་ཡུམ་ལས་མཁན་སྡེ་བརྒྱད་སྦྲེལ་མའི་སྔགས་བཟླ་ཞིང་། གུ་གུལ། ཚིལ་དུད། རོལ་མོའི་སྒྲ་དང་བཅས་པ་བྱ། དེ་ནི་སྐུའི་རྗེས་སུ་གནང་བའོ། །གཉིས་པ་གསུང་གི་རྗེས་གནང་ནི། ཡང་སློབ་དཔོན་གསང་བདག་ཏུ་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་མདུན་གྱི་ཆོས་སྐྱོང་འཁོར་བཅས་བསྐུལ། དེ་རྣམས་ཀྱི་ཐུགས་ཀའི་སྲོག་སྙིང་གི་ཕྲེང་བ་ལས་སྔགས་ཀྱི་སྒྲ་དང་ཡིག་འབྲུ་འོད་ཟེར་གྱི་ཚོགས་འཕྲོས་པས་བྱད་མ་དགྲ་བགེགས་ཀྱི་ངག་གི་ནུས་པ་ཐམས་ཅད་ཚར་བཅད། དཔལ་མགོན་དྲེགས་པའི་དྲག་སྔགས་ཀྱི་ནུས་པ་བསྡུས་ནས་ཡི་གེའི་ཕྲེང་བའི་ཚོགས་རྣམས་སློབ་མ་གསང་བདག་ཏུ་གསལ་བའི་ཐུགས་སྲོག་ལ་ཐིམ་པས། གསུང་གི་ནུས་པ་དབང་དུ་གྱུར་པར་མོས་པས་ཕྲེང་བ་ལ་བཟུང་ནས་སྔགས་འདིའི་རྗེས་ཟློས། ཞིང་སྐྱོང་ཡབ་ཡུམ་ལས་མཁན་སྡེ་བརྒྱད་སྦྲེལ་མའི་སྔགས་ལན་གསུམ། དེ་ནས་ཁྱེད་རང་རྣམས་ཀྱིས་སློབ་དཔོན་ལ་མེ་ཏོག་གི་ཕྲེང་བ་ཕུལ་བར་མོས་ལ་འདིའི་རྗེས་ཟློས། བཅོམ་ལྡན་བདག་ལ་སོགས་རྩ་གཞུང་རྗེས་གནང་གི་འོག་ནས་འབྱུང་བ་ལྟར་ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་གྱི་ཐུགས་ཀའི་སྔགས་ཀྱི་ཕྲེང་བ་དེ་ཉིད་མེ་ཏོག་གི་ཕྲེང་བར་བྱས་ནས། ཁྱེད་རང་རྣམས་ཀྱི་མགོ་ལ་བཅིངས་པར་མོས། བཅོམ་ལྡན་འདི་ལ་སོགས་ལན་གསུམ། དེ་ནི་གསུང་གི་རྗེས་སུ་གནང་བའོ། །གསུམ་པ་ཐུགས་ཀྱི་རྗེས་གནང་ནི། སླར་ཡང་སློབ་དཔོན་གསང་བདག་ཏུ་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས། མདུན་བསྐྱེད་ཞིང་སྐྱོང་འཁོར་བཅས་ཀྱི་སྙིང་གའི་སྲོག་ཡིག་ལ་ཕོག་པས་ཐུགས་རྒྱུད་བསྐུལ་ནས། ས་བོན་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་བཞིན་དུ་བྱུང་། སློབ་མ་གསང་བདག་ཏུ་གསལ་བའི་ཐུགས་ཀའི་ས་བོན་ཧཱུྃ་ལ་ཐིམ་པས། ཞིང་སྐྱོང་འཁོར་བཅས་ཀྱི་ཐུགས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་ཅིང་། དཔལ་མགོན་དྲེགས་པ་འཁོར་བཅས་ཁྱེད་རང་རྣམས་ལ་གུས་ཤིང་འདུད་པའི་ཚུལ་གྱིས་ཇི་ལྟར་བཅོལ་བའི་ཕྲིན་ལས་མཐའ་དག་བསྒྲུབ་པར་ཁས་བླངས་ཤིང་དམ་བཅས་ནས། ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་བར་འགྲོགས་པར་ཡོད་སྙམ་པའི་ངང་ལ་ཅུང་ཟད་མཉམ་པར་འཇོག་མཛོད། ཞིང་སྐྱོང་ཡབ་ཡུམ་ལས་མཁན་སྡེ་བརྒྱད་སྦྲེལ་མའི་སྔགས་བཟླ་ཞིང་སྤོས་རོལ་བྱ། དེ་ནི་ཐུགས་ཀྱི་རྗེས་སུ་གནང་བའོ། །བཞི་པ་ཡོན་ཏན་གྱི་རྗེས་གནང་ནི། སླར་ཡང་སློབ་དཔོན་གསང་བདག་ཏུ་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། མདུན་གྱི་ཆོས་སྐྱོང་འཁོར་བཅས་ལ་ཕོག་པས་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་ཐུགས་ཀ་ནས་ཐོད་སྐམ་གྱི་པྲོག་ཞུ་རིན་པོ་ཆེའི་རྩེ་བྲན་ཅན། རིན་པོ་ཆེའི་རྒྱན་དང་སྦྲུལ་རིགས་ལྔའི་ཆུན་པོ། དར་བེར་ནག་པོ། མཛེས་པའི་གསེར་སྐད། རུ་མཚོན་དམར་ནག །བྷནྡྷ་དམར་གྱིས་བཀང་བ་སོགས་རྒྱན་དང་ཆས་གོས་ཕྱག་མཚན་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་བྱུང་། ཁྱེད་རང་རྣམས་གསང་བདག་ཏུ་གསལ་བའི་ཕྱག་ཏུ་གཏད་པས་ཆེ་བའི་ཡོན་ཏན་ཐམས་ཅད་རྫོགས་པར་མངའ་དབང་ཐོབ་པར་མོས། དཔལ་ལྡན་ཁྲག་འཐུང་སོགས་རྩ་གཞུང་སྔ་མའི་འོག་ནས་འབྱུང་བའི་མཐར་སྔགས་སྦྲེལ་མ་བཟླ་ཞིང་ལག་ཏུ་གཏད། དེ་ནི་ཡོན་ཏན་གྱི་རྗེས་སུ་གནང་བའོ། །ལྔ་པ་ཕྲིན་ལས་ཀྱི་རྗེས་གནང་ནི། སླར་ཡང་སློབ་དཔོན་གསང་བདག་ཏུ་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། མདུན་གྱི་ཞིང་སྐྱོང་འཁོར་བཅས་ལ་ཕོག་པས་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་གནས་ལྔ་ནས་འོད་ཟེར་ཁ་དོག་སྣ་ཚོགས་ལས་བཞིའི་དབྱིབས་ཅན་དང་། ཁྱད་པར་ཐུགས་ཀ་ནས་སྤྲུལ་པའི་ཕོ་ཉ་གྲངས་མེད་པ་རྣམས་འཕྲོས། དགྲ་བགེགས་གདུག་པ་ཅན་རྣམས་བཀུག་ཅིང་སྒྲོལ་བས་ཚར་བཅད་པ་སོགས་རྣམ་བཞིའི་ལས་སྤྱི་དང་། ཁྱད་པར་དྲག་པོ་མངོན་སྤྱོད་ཀྱི་ལས་མཐའ་དག་ལ་མངའ་དབང་བསྒྱུར་བའི་ནུས་མཐུ་ཐོབ་པར་མོས། ཞི་དང་རྒྱས་དང་སོགས་ཀྱི་མཐར་སྔགས་སྦྲེལ་མས་ལས་བཞིའི་གཟུགས་ལག་ཏུ་གཏད། དེ་ནི་ཕྲིན་ལས་ཀྱི་རྗེས་སུ་གནང་བའོ། །དྲུག་པ་གཏོར་མ་ལ་བརྟེན་ནས་སྲུང་མར་གཏད་པའི་རྗེས་གནང་ནི། སློབ་དཔོན་གསང་བདག་ཏུ་གསལ་བ་དང་། མདུན་གྱི་གཏོར་མ་དཔལ་ལྡན་ཞིང་སྐྱོང་དབང་པོ་འཁོར་བཅས་དངོས་སུ་བཞུགས་པ། ཁྱེད་རང་རྣམས་ཕྱག་ན་རྡོ་རྗེར་གསལ་བ་ལ་བཀའ་སྡོད་ཀྱི་ལས་མཁན་དུ་གཏད་དེ་བཀའ་བསྒོས། བླ་མ་བརྒྱུད་པའི་མཚན་ནས་སྨྲོས་ཏེ་དམ་ཚིག་གཉན་པོ་བསྒྲགས་པས། སློབ་དཔོན་གྱིས་ཇི་ལྟར་བཀའ་བསྒོས་པ་བཞིན་ཁྱེད་རང་རྣམས་ཀྱི་ཕྲིན་ལས་ཐམས་ཅད་བསྒྲུབ་པར་ཡོད་སྙམ་པས་སེམས་མ་ཡེངས་པར་གྱིས་ཤིག །གཏོར་མ་དཔལ་འབར་བཙུགས་པ་སློབ་མའི་ལག་ཏུ་གཏད་དེ། དཔལ་ལྡན་ཞིང་སྐྱོང་དབང་པོ་སོགས་རྩ་གཞུང་ལྟར་མཐར་ཆགས་སུ་བྱ་བའམ། ཅུང་ཟད་སྤྲོ་ན། གྲུབ་ཆེན་ཀརྨ་པ་ཆོས་ཀྱི་བླ་མ། གཉན་རས་དགེ་འདུན་འབུམ་སོགས་བརྒྱུད་པའི་གཤར་འདེབས་མཐར། བདག་ཅག་གི་འཁོར་ལོའི་མགོན་པོ་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོའི་བར་དུ་བྱོན་པའི་བཀའ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱིས་བཀའ་བསྒོས་ཤིང་གཉེར་དུ་གཏད་དེ། ཆོས་ཀྱི་སྲུང་མ་དང་། ཅི་ལྟར་ཕྲིན་ལས་བཅོལ་བ་བཞིན་བསྒྲུབ་པའི་ཐ་ཚིག་གཉན་པོ་དྲན་པར་མཛོད་ཅིག །དཔལ་ལྡན་ཞིང་སྐྱོང་དབང་པོ་འཁོར་དང་བཅས་པ་ཁྱེད་རྣམས་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་སྲུང་མར་གཏད་པ་ཡིན་པས། བརྒྱུད་པའི་བླ་མ་དེ་རྣམས་ཀྱི་བཀའ་དང་དམ་ལས་མི་འདའ་བ་བཞིན་དུ། རྣལ་འབྱོར་པ་བདག་ཅག་གི་ཡང་བཀའ་ལས་མ་འདའ་བར་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་བར་འགྲོགས། དུས་ད་ནས་གཟུང་སྟེ་བྱང་ཆུབ་མ་འཐོབ་ཀྱི་བར་དུ་འགལ་རྐྱེན་སོལ། མཐུན་རྐྱེན་སྦྱོར། བསམ་པ་སྒྲུབས། རེ་བ་སྐོངས། འགྲོ་ན་ལམ་འཆོས། སྡོད་ན་བརྟེན་ས་གྱིས། ཉིན་གྱི་བྱ་ར་དང་མཚན་གྱི་མེལ་ཚེ་མཛོད། སྔོན་ནས་བསུ་མ་དང་ཕྱི་ནས་སྐྱེལ་མ་མཛོད། དམ་ཚིག་གི་གྲོགས་པོ་དང་རྡོ་རྗེའི་བཀའ་སྡོད་མཛོད། འདི་རྣམས་ཀྱིས་བྱིན་པའི་ཕུད་བཞེས། བཅོལ་བའི་ལས་མཛོད། གདམས་པའི་ངག་ཉོན། དགོས་པའི་དོན་སྒྲུབས། སྡང་བའི་དགྲ་སོད། གནོད་པའི་བགེགས་ཐུལ། བར་ཆད་ཀྱི་རྐྱེན་ཟློགས། སྡོད་སའི་གནས་མལ་སྲུངས། མཁོ་བའི་ཡོ་བྱད་སྲུངས། བརྒྱུད་འཛིན་གྱི་སློབ་མ་སྲུངས། རིགས་རྒྱུད་ཀྱི་བུ་ཚ་སྐྱོངས། ནད་གདོན་བར་དུ་སོགས་རྩ་གཞུང་ལྟར། ཐོགས་པ་མེད་པར་བསྒྲུབ་པ་དང་། མདོར་ན་ཚེ་འདིའི་འགལ་རྐྱེན་སོལ་ལ་མཐུན་རྐྱེན་སྦྱོར། ཕྱི་མ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སར་སྦྱོར་བའི་ཕྲིན་ལས་མཛོད་ཅིག །སྔགས་སྦྲེལ་མ་གོང་ལྟར་གྱི་མཐར། བཛྲ་ས་མ་ཡ་སྟྭཾ། ཞེས་བཏགས་པས་གཏད། དེ་ལྟར་བྱས་པས་སློབ་དཔོན་གྱིས་ཇི་ལྟར་བསྒོས་པ་བཞིན་དུ་ཁས་བླངས་ནས། ཁྱེད་རང་རྣམས་ཀྱི་རྗེས་སུ་འབྲང་སྟེ་ཕྲིན་ལས་མཐའ་དག་བསྒྲུབ་པར་ཡོད་སྙམ་པའི་ངེས་ཤེས་བསྐྱེད་མཛོད། གཏོར་མའི་ཆ་ཤས་དངོས་གྲུབ་ཀྱི་ཆེད་དུ་ཅུང་ཟད་རེ་སྦྱིན་ལ་ལོངས་སྤྱོད་དུ་བཅུག །དེ་ནི་གཏོར་མ་ལ་བརྟེན་ནས་སྲུང་མར་གཏད་པའི་རྗེས་སུ་གནང་བའོ། །དེ་དག་གིས་དཔལ་མགོན་ཞིང་སྐྱོང་དབང་པོ་འཁོར་དང་བཅས་པའི་རྗེས་སུ་གནང་བ་ལེགས་པར་གྲུབ་པ་ལགས་པས། བླ་མེད་ཀྱི་རྒྱུད་སྡེ་ནས་གསུངས་པའི་དམ་ཚིག་སྤྱི་དང་། བྱེ་བྲག་རྩ་གཞུང་ལས། དེང་ཕྱིན་ཆད་བླ་མ་ལ་མི་སྨོད་པ་དང་། སོགས་ནས། ལེགས་པར་བསྲུང་མཛོད། ཅེས་རྗེས་སུ་གདམས་པར་མཛད་པ་རྣམས་ཀྱི་སྒོ་ནས་ཞིང་སྐྱོང་འཁོར་བཅས་ཆོས་སྐྱོང་དུ་འཛིན་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་ལན་གསུམ། གཏང་རག་མཎྜལ། ལུས་དབུལ། དགེ་བསྔོ་རྣམས་སྤྱི་ལྟར་བྱ། ཆོ་གའི་རྗེས་རིམ་ལ་སློབ་དཔོན་གྱིས་སླར་ཡང་གཏོར་མཆོད་ཁ་གསོས་ལ་གོང་ལྟར་བྱིན་གྱིས་བརླབ། སྤྲོ་ན་བསྐང་བཤགས་སྔར་ལྟར་རོ། །བསྡུ་ན། དྲག་ཤུལ་ཆེན་པོས་སོགས་ཤློ་ཀ་གསུམ་དང་། སྣ་ཚོགས་ཤ་ཡི་སོགས་ཤློ་ཀ་གཅིག་བཅས་ཀྱི་མཐར། ཁྱེད་ཀྱི་ཐུགས་དམ་སོགས་མཇུག་གི་ཚིག་གཉིས་པོ་སྦྱར་བ་ཙམ་གྱིས་ཀྱང་འཐུས། འབུལ་གཏོར་བསང་སྦྱང་བྱིན་གྱིས་བརླབ་པ་བསྐང་བ་ལྟར་བྱ། ཡབ་ཡུམ་ལས་མཁན་སྡེ་བརྒྱད་ཀྱི་སྔགས་སྦྲེལ་མའི་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་མམ་མདུན་གྱིས་ཕུལ་ནས། འཁོར་བཅས་དགྱེས་པའི་རྐན་སྒྲ་དང་བཅས་ཏེ་གསོལ་བས་ཚིམ་པར་མོས་ལ། དཔལ་ལྡན་ཞིང་སྐྱོང་དབང་པོ་ཤ་ཟ་ནག་པོ་སེང་གེའི་གདོང་པ་ཅན། ཡུམ་མཆོག་སི་ན་ར་མ། མྱུར་མགྱོགས་ལས་བྱེད་ཕོ་མོ། སྟོབས་ལྡན་ཕོ་ཉ་སྡེ་བརྒྱད། སྲོག་འཕྲོག་བདུད་དམག་སྟོང་སྡེའི་ཚོགས་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་ཚིམ་ཞིང་དགྱེས་པར་བཞེས་ལ་བསྟན་པ་རིན་པོ་ཆེ་ཕྱོགས་བཅུར་འཕེལ་ཞིང་རྒྱས་པ་དང་། བླ་མ་དམ་པ་འཚོ་ཞིང་གཞེས་པ་རྣམས་ཡུན་རིང་དུ་ཞབས་པད་བརྟན་པ་དང་། བདག་ཅག་སློབ་འབངས་འཁོར་དང་བཅས་པ་ཆོས་སྒྲུབ་པའི་ཕྱི་ནང་གི་འགལ་རྐྱེན་མི་དང་མི་མ་ཡིན་གྱི་འཚེ་བ་ལས་བསྲུང་བ་དང་། བསྐྱབ་པ་དང་། སྦ་བ་དང་། ནད་དང་གདོན་རྣམས་ལས་ཐར་བར་མཛད་དུ་གསོལ། རྦོད་གཏོང་ངན་པ་ཐམས་ཅད་ཕྱིར་ཟློག་པ་དང་། གནོད་པར་བྱེད་པའི་དགྲ་བོ་ཐམས་ཅད་དབང་དུ་སྡུད་པ་དང་ཚར་གཅོད་པའི་ཕྲིན་ལས་ཐོགས་པ་མེད་པ་ཡིད་བཞིན་དུ་སྒྲུབ་ཏུ་གསོལ། ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཐམས་ཅད་ཟླ་བ་ཡར་གྱི་ངོ་ལྟར་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཞེས་དང་། བྷྱོ། བདུད་ཀྱི་དམག་དཔོན་སོགས་ཀྱིས་གཏོར་མ་ཉེར་སྤྱོད་དང་བཅས་པས་མཆོད་ཅིང་ཕྲིན་ལས་བཅོལ། ཧཱུྃ་བྷྱོ། ཉི་ཤུ་རྩ་བཞིའི་སོགས་ཤློ་ཀ་གཅིག་དང་། ཡུམ་ཆེན་བདུད་མོ་སོགས་ཤློ་ཀ་བཅས་ཀྱིས་བསྟོད། མ་འབྱོར་པ་སོགས་དང་ཡིག་བརྒྱས་བཟོད་པར་གསོལ། སྐུ་རྟེན་སོགས་ལ། བདག་དང་འགྲོ་ལ་སོགས་ཀྱིས་བརྟན་བཞུགས་སམ། རྟེན་མེད་ན་གཤེགས་སུ་གསོལ། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན། བཀྲ་ཤིས་རྣམས་ཀྱིས་མཐའ་བརྒྱན་པས་གྲུབ་བོ།། །། ༈ ལས་འབྲེལ་དང་རྒྱལ་སྲས་ལེགས་པའི་གཏེར་ཁ་ཟུང་འབྲེལ་ཞིང་སྐྱོང་སེང་གདོང་ཅན་༼འདོད་བུམ། 651༽ལྟར་དབང་སྒྲུབ། རྗེས་གནང་དངོས་ཀྱི་ཕྲིན་ལས་རྗེས་གནང་སྐབས། ཐོག་མར་ཉ་བོ་གསུམ་པོར་འགུགས་པ་སྤྱི་འགྲོ་བྱས་མཐར། རྩ་སྔགས་ཤམ་བུར་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཕཊ་ཕཊ། ཅེས་བཏགས་པ་བཟླ་བཞིན། ཉ་བོ་གསུམ་པོར་ཕུར་བུས་བཏབ་ནས་བསྒྲལ་པ་གཉིས་སོ་སོར་ཆོས་སྐྱོང་དང་སློབ་མར་བསྟབ། གཅིག་ཤོས་གདན་གྱི་དོད་དུ་གཏད་དགོས། ༼ཡང་འབྲིང་པོ་ཡང་གཞུང་གསལ་ལྟར་སླར་བྱས་ལ།མཆན།༽ རྗེས་བཅས་བྱའོ།། །། ༈ བདུད་འདུལ་དམ་ཆོས་སྤྲུལ་སྐུའི་སྙིང་ཐིག་གི་ཞིང་སྐྱོང་ཀུན་དགའ་གཞོན་ནུའི་རྗེས་གནང་གོང་དུ་གྲོ་ལོད་སྐབས་དང་།། །། ༈ ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་དག་སྣང་རིག་འཛིན་སྲོག་སྒྲུབ་ཀྱི་དྲག་པོ་སྡེ་བཞིའི་སྲོག་དབང་གོང་དུ་རིག་འཛིན་སྲོག་སྒྲུབ་རྩ་དབང་སྐབས་དང་།། །། ༈ མངའ་བདག་ཉང་གི་ཞིང་སྐྱོང་དུར་ཁྲོད་ལྷ་མོ་ངན་ནེ་མའི་སྲོག་དབང་འདོད་བུམ་ལྟར་གོང་དུ་ཁྲོས་ནག་སྐབས་དང་།། །། ༈ ཞིག་པོ་གླིང་པའི་དགོངས་འདུས་ནོར་བུ་པད་ཕྲེང་གི་བཀའ་སྲུང་ཤ་ཟ་ཁ་མོ་ཆེའི་སྲོག་དབང་གོང་དུ་སངས་གླིང་བླ་མ་དགོངས་འདུས་ཀྱི་དོན་དབང་བཅས་ཀྱི་སྐབས་སོ་སོར་སོང་ངོ་།། །། ༈ གུ་རུ་ཆོས་དབང་གི་བོད་ཁམས་བརྟན་མ་བཅུ་གཉིས་༼འདོད་བུམ། 671༽ལྟར་དབང་སྒྲུབ་ལ། འདིར་བདག་བསྐྱེད་བཀའ་བརྒྱད་རྒྱུན་བྱང་ལྟ་བུ་བཏང་ནས། མདུན་རྟེན་གུ་རུ་ཞི་བའི་གཏོར་མ་སྐུ་ཙཀ་དར་གདུགས་ཀྱིས་བརྒྱན་པ་ལ་དམིགས་ཏེ། གསོལ་མཆོད་ཉུང་ངུར་བསྡུས་པ་འདོད་འཇོའི་སྙེ་མའི་དབུར་འབྱུང་བ། ཀ་དག་ཆོས་སྐུའི་སོགས་ཀྱིས་གསལ་བཏབ་ལ། བཛྲ་གུ་རུ་ཅུང་ཟད་བཟླས་མཐར། བརྟན་མའི་མཆོད་གཏོར་བྱིན་རླབས་ཕྱིན་གཏང་། སྲོག་གཏད་དངོས། རྗེས་བཅས་བྱའོ།། །། ༈ མངའ་བདག་ཉང་གི་དཀོར་བདག་རྒྱལ་ཆེན་པེ་ཧར་༼འདོད་བུམ། 687༽ལྟར་དབང་སྒྲུབ་ལ། སྐབས་འདིར་བཀའ་བརྒྱད་བདག་བསྐྱེད་སྔོན་དུ་འགྲོ་བས། སླར་ཡང་། རང་ཉིད་སྐད་ཅིག་གུ་རུ་པདྨ་འབྱུང་། །གསང་བའི་བདག་པོ་དབྱེར་མེད་སྐུ་མདོག་མཐིང་། །རྡོ་རྗེ་སྡིགས་མཛུབ་ཁྲོ་བོའི་ཆས་ལྡན་པ། །སྣང་གྲགས་ལྷ་སྔགས་བདེ་ཆེན་རང་བཞིན་གྱུར། །ཅེས་གསལ་གདབ་ཅིང་། ཨོཾ་བཛྲ་གུ་རུ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་བཟླས་ནས་མདུན་བསྐྱེད་ཕྱིན་གཏང་། སྲོག་གཏད་དངོས་ཀྱི་བཟླས་ལུང་སྐབས། བཛྲ་གུ་རུ་དང་། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀཿཧཱུྃ་ཕཊ། ཅེས་སྦྲེལ་མའི་རྗེས་ཟློས་ལན་གསུམ་མཐར་སྲོག་སྔགས་རྣམས་སྦྱར་དགོས། རྗེས་བཅས་བྱའོ།། །། ༈ མངའ་རིས་པཎ་ཆེན་པདྨ་དབང་གི་རྒྱལ་པོའི་གནོད་སྦྱིན་ཡ་བ་རྐྱ་བདུན་གྱི་སྒྲུབ་ཐབས་སྲོག་གཏད་འདོད་པའི་རེ་སྐོང་ལྟར་དབང་སྒྲུབ་ལ། སྐབས་འདིར་བཀའ་བརྒྱད་བདག་བསྐྱེད་སྔོན་དུ་བཏང་ནས། སླར་ཡང་། བདག་དང་མདུན་གྱི་དཔལ་གཏོར་སྐད་ཅིག་གིས་རྟ་མགྲིན་སྐུ་མདོག་དམར་ནག་སོགས་སྲོག་གཏད་ཀྱི་ཚོགས་ཞིང་གསལ་གདབ་བཞིན། ལྟར་གསལ་བར་གྱུར། བར་གྱིས་གཉེན་པོའི་ལྷར་བསྐྱེད་དེ། ཕྲིན་ལས་ཆེ་བཙན་དགྱེས་པའི་རྔམ་གླུའི་དབུ་ནས་འབྱུང་བའི་རྟ་མགྲིན་བཟླས་པ་བྱ་ཞིང་། གསུང་བྱིན་ཕྱིར་དཀྱིལ་འཁོར་གྱི་མདུན་དུ་བཀོད་པའི་མེ་ཏོག་ལ་རང་ཧས་གདབ་དགོས། ཧྲཱི༔ རྒྱལ་བ་ཀུན་གྱི་སོགས་བསྟོད་ཅིང་བསྐུལ་བའི་མཐའ་བར་སྦྱར། དེ་ནས་མདུན་བསྐྱེད་རྒྱས་བསྡུས་གང་མོས་གཏང་། སྲོག་གཏད་དངོས། ཆོ་གའི་རྗེས་བཅས་བྱའོ།། །། ༈ བྱང་གཏེར་རིག་འཛིན་རྒོད་ལྡེམ་ཅན་གྱི་ལྷ་ཆེན་ཐང་ལྷ་རྡོ་རྗེ་འབར་བ་རྩལ་གྱི་སྲོག་གཏད་གོང་དུ་རྟ་མགྲིན་དྲེགས་པ་དབང་སྡུད་ཀྱི་སྐབས་སུ་སོང་ངོ་།། །། ༈ གནམ་ཆོས་ཞི་བའི་གཏེར་སྲུང་རྨ་རྒྱལ་སྤོམ་རའི་དབང་སྒྲུབ་ཆོས་སྐྱོང་སྤྱིའི་བཀའ་གཏད་ལྟར་བཀའ་གཏད་བྱའོ།། །། ༈ མཆོག་གྱུར་གླིང་པའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བཀའ་སྲུང་ཚེ་རིང་མཆེད་ལྔའི་ཐུན་མོང་གཏོར་དབང་གོང་དུ་ཐུགས་སྒྲུབ་སྐབས་སུ་སོང་ངོ་། །དེ་དག་ནི་ལྷ་མོ་གཙོར་གྱུར་བསྟན་སྲུང་སྣ་ཚོགས་པ་སྟེ། ཆོས་སྐྱོང་གི་སྐོར་ཐམས་ཅད་གྲུབ་པ་ཡིན་ནོ།། །། ༄། རྗེས་འབྲེལ་སྐབས་འདིར་དགོས་དབང་ཁྱད་པར་ཅན་དང་འབྲེལ་བས་བཞག་པ་ལ། བོན་ཞིག་མི་ཤིགས་གཡུང་དྲུང་རྡོ་རྗེ་གླིང་པའི་བླ་ཆེན་དྲན་པ་ཡབ་སྲས་ཀྱི་དབང་དོན་སྒྲུབ་པ་ལ། ལས་བྱང་ཆོག་ཁྲིགས་བྱིན་རླབས་སྤྲིན་ཕུང་བཞིན་རྙིང་མ་སྤྱི་ལུགས་བདག་མདུན་ཚིག་རིས་གཅིག་གིས་དབྱེར་མེད་དུ་བསྐྱེད་བཟླས་མཐར། བུམ་པ་བསྐྱེད་བཟླས་སྤྱི་འགྲོ་སྦྱར། ཟུར་གསལ་ཚོགས་མཆོད་དགྱེས་པའི་རོལ་མོ་མཐར་ཆགས་སུ་གཏང་། སྐུ་བསྟོད་དང་དངོས་གྲུབ་བླང་བའི་རྗེས། དབང་ཁྲིགས་དངོས་གྲུབ་ཆར་འབེབ་ལྟར་དབང་དངོས་གཞི་བསྐུར་མཐར། བསྔོ་བ་ནི། སྔ་རབས་འདས་པའི་གཤེན་རབ་ཐམས་ཅད་ཀྱིས་དམིགས་པ་མེད་པར་བསྔོས་པ་ཇི་བཞིན་དུ། བདག་གཞན་དགེ་རྩ་བསོད་ནམས་ཅི་བསགས་པ། བདག་ཀྱང་དེ་བཞིན་དུ་དམིགས་པ་མེད་པར་ཡོངས་སུ་བསྔོ་བར་བགྱིའོ། །ཞེས་དང་། དེ་ལྟར་སྔོན་འགྲོ་དངོས་གཞི་རྗེས་ཀྱི་བྱ་བ་བཅས་ས་བཅད་རྣམ་པ་གསུམ་གྱིས་བླ་ཆེན་ཡབ་སྲས་བཅུད་དྲིལ་གྱི་དབང་བསྐུར་རྫོགས་པར་ཐོབ་པ་ཡིན་ནོ། །ཞེས་པས་མཚམས་སྦྱར། ཆོ་གའི་རྗེས་ལས་བྱང་ཆོག་ཁྲིགས་བཞིན་དམར་ལམ་སྐྱོང་བ་ཕྱིན་མཐར་དབྱུང་བས་གྲུབ་བོ།། །། ༈ ཀུན་གྲོལ་ལས་འཕྲོ་གླིང་པའི་རྩ་རླུང་མཁའ་འགྲོའི་གསང་མཛོད་ཀྱི་རྡོ་རྗེ་ཕག་མོའི་དབང་སྒྲུབ་ལ། ཚིག་བདུན་དང་། འདིར་བཻ་རོའི་ཐུགས་ཏིག་དྲན་པ་ཚེ་སྒྲུབ་ཀྱི་དབང་ཆོག་ཚེ་དབང་གཡུང་དྲུང་འཁྱིལ་བ་བཞིན་ལ། ཨ། ནགས་ཚལ་བཅུད་ཕྱུངས་སོགས་ཀྱིས་བསང་དང་། ཨཱོྃ། གཙང་མའི་ཚན་ཆབ་སོགས་ཀྱིས་ཁྲུས་བྱ། དེ་ནས་སྔོན་འགྲོ་རྗེས་ཀྱི་ཚིགས་བཤད་ལས་འབྱུང་བའི། ཧཱུྃ༔ སྣང་སྲིད་རྒྱལ་བའི་སོགས་བགེགས་བསྐྲད་ནས། རྒྱུད་ལ་འཆར་བར་གྱུར༔ བར་གཏང་། གཏེར་གཞུང་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་དགའ་དབང་འཁྱིལ་བ་ལྟར། རླུང་རོ་བསལ་ཞིང་བར་རླུང་བུམ་ཅན་ལ་བརྟེན་ནས། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པདྨ་ཉི་མའི་སྟེང༔ རིག་པ་ཡི་དམ་སོགས་སྐུ་དང་གསུང་སྔགས་ཀྱི་འཁོར་ལོ་བདག་མདུན་དབྱེར་མེད་དུ་བསྐྱེད་ཅིང་ཡེ་ཤེས་པ་དྲངས་བསྟིམ་བར་གཏང་། མཆོད་བསྟོད་གཏེར་གཞུང་དུ་མ་གསུངས་པས་མ་བྱས་ཀྱང་ཆོག་མོད། སྤྲོ་ན། ཧཱུྃ༔ སྐྱེ་མེད་ངང་ནས་ཐུགས་རྗེའི་རྩལ༔ རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མར༔ མེ་ཏོག་ལ་སོགས་ཕྱི་མཆོད་ཀུན༔ མཛེས་ཤིང་གཙང་མའི་ཚུལ་གྱིས་འབུལ༔ སྨན་རཀ་བདུད་རྩི་ནང་མཆོད་ཀུན༔ རྒྱ་ཆེན་གཏིང་ཟབ་ཚུལ་གྱིས་འབུལ༔ བདེ་སྟོང་ཡབ་ཡུམ་གསང་མཆོད་ཀུན༔ གཉིས་མེད་རོ་སྙོམ་ཚུལ་གྱིས་འབུལ༔ སྤྲོས་བྲལ་གཞི་ཡི་མཆོད་པ་འདི༔ སྐྱེ་བ་མེད་པའི་ངང་དུ་འབུལ༔ འགག་མེད་ལམ་གྱི་མཆོད་པ་འདི༔ འགྱུ་འཛིན་རང་གྲོལ་ཆེན་པོར་འབུལ༔ འབྲས་བུ་སྐུ་གསུམ་ལྷུན་གྲུབ་འདི༔ བྲི་གང་མེད་པའི་ངང་དུ་འབུལ༔ སྣ་ཚོགས་འབྱོར་ལྡན་ཚོགས་མཆོད་འདི༔ བདག་གཞན་ཚོགས་གཉིས་རྫོགས་ཕྱིར་འབུལ༔ འཛབ་བཟླས་སྔགས་ཀྱི་མཆོད་པ་འདི༔ ཏིང་འཛིན་ཐུགས་རྒྱུད་བསྐུལ་ཕྱིར་འབུལ༔ འོད་ཟེར་སྤྲོ་བསྡུའི་མཆོད་པ་འདི༔ ཕྲིན་ལས་མཐའ་རུ་ཕྱིན་ཕྱིར་འབུལ༔ དགྱེས་པའི་མཆོད་པ་འདི་བཞེས་ལ༔ དབང་དང་དངོས་གྲུབ་བསྩལ་དུ་གསོལ། །ཞེས་མཆོད། ཛཔ྄་ཁང་སྤྱི་ལྟར་ཕྱེས་ནས། བཟླས་དམིགས་ནི། བདག་མདུན་རྡོ་རྗེ་རྣལ་འབྱོར་མའི་ཐུགས་ཀར་ཟླ་བའི་ལྟེ་བར་བཾ་དམར་པོའི་མཐར་སྔགས་ཀྱི་ཕྲེང་བ་གཡོན་དུ་འཁོར་བ་ལས་འོད་ཟེར་དམར་པོའི་ཚོགས་འཕྲོས། མདུན་བསྐྱེད་དང་མཁའ་ཁྱབ་ཀྱི་དབྱིངས་ན་བཞུགས་པའི་རྩ་གསུམ་རྣམས་མཆོད། བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཚུར་བསྡུས། བདག་དང་སྒྲུབ་པའི་རྫས་ལ་ཐིམ། སླར་ཡང་འོད་ཟེར་འཕྲོས། སྣང་སྲིད་ཐམས་ཅད་ལ་ཁྱབ་པས་སྣང་གྲགས་རྟོག་ཚོགས་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོའི་རང་བཞིན་དུ་བྱིན་གྱིས་བརླབས། ཕྲིན་ལས་རྣམ་བཞི་ཐོགས་མེད་དུ་འགྲུབ་པར་མོས་ལ། བསྙེན་སྔགས་ཇི་ལྟར་རིགས་པ་བཟླ། མཐར་ཛཔ྄་མཆོད་ནི། རིན་ཆེན་འབར་བའི་གཞལ་ཡས་སུ༔ རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མར༔ སྙིང་པོ་འཛབ་ཀྱི་མཆོད་པ་འབུལ༔ ལྷུན་གྲུབ་བདེ་ཆེན་དངོས་གྲུབ་སྩོལ༔ ཅེས་འབུལ། བསྟོད་པ་ནི། བཾ། མཁའ་ཀློང་བོན་སྐུའི་གཞལ་ཡས་ནས། །སྟོང་ཉིད་རྡོ་རྗེ་རྣལ་འབྱོར་མ། །བདེ་ཆེན་ཞལ་ཕྱག་རྒྱན་དུ་བཞེངས། །འགྱུར་མེད་གཡུང་དྲུང་སྐུ་ལ་བསྟོད། །རླུང་སེམས་དབུ་མར་ཐིམ་པ་སོགས། །མཆོག་དང་ལས་བཞི་གྲུབ་པ་བརྒྱད། །འགྲོ་འདུལ་ཕྲིན་ལས་རབ་འབྱམས་ཀུན། །ཐོགས་མེད་འགྲུབ་པའི་དངོས་གྲུབ་སྩོལ། །ཨཱོྃ་བཛྲ་ཡོ་གི་ནི་མ་ཧཱ་སུ་ཁ་སིདྡྷི་ཧཱུྃ༔ འདིར་ཁྲུས་བུམ་སྒྲུབ་པ་མ་གསལ་ཡང་སྤྱི་ལུགས་བཞིན་སྒྲུབ་ཀྱང་མི་འགལ་ལམ་སྙམ་པས། རིན་ཆེན་བུམ་པའི་གསས་མཁར་དུ། །རྡོ་རྗེ་ཕག་མོ་དུང་གི་མདོག །ཐུགས་ཀའི་བཾ་ལ་སྔགས་ཀྱིས་བསྐོར། །འོད་ཀྱིས་རྒྱུད་བསྐུལ་བདུད་རྩིའི་རྒྱུན། །བབས་པས་ཉམས་གྲིབ་ཀུན་སྦྱོང་བའི། །ནོར་བུའི་ཆུ་རྒྱུན་འཁྱིལ་བར་གྱུར། །ཅེས་དང་། ཨོཾ་བཛྲ་ཡོ་གི་ནི་མ་ཧཱ་སུ་ཁ་སིདྡྷི་ཧཱུྃ༔ ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ༔ ཞེས་བཟླས་པས་བསྒྲུབ། ཚོགས་མཆོད་ནི། རཾ་ཡཾ་ཁཾ། བདག་ཉིད་ལྷ་ཡི་ཐུགས་ཀ་ནས། །རཾ་ཡཾ་ཁཾ་སྤྲོས་བསྲེག་གཏོར་བཀྲུས། །ཨོཾ་གྱིས་སྣོད་ནི་རིན་པོ་ཆེར༔ ཨཱཿཡིས་ཞལ་ཟས་དཔག་མེད་སྤེལ༔ ཧཱུྃ་གིས་ལྷ་ལ་ཕུལ་བས་མཉེས༔ ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། ཚོགས་མགྲོན་སྤྱན་དྲང་བར་དམིགས་ལ། ཧཱུྃ། བཞེངས་ཤིག་རྡོ་རྗེ་རྣལ་འབྱོར་མ། །འཁོར་དུ་མཁའ་འགྲོ་འབུམ་གྱིས་བསྐོར། །བཞད་དང་འཛུམ་མདངས་ཡ་ལ་ལ༔ ཕྱག་རྒྱ་གར་སྟབས་ཤིགས་སེ་ཤིག༔ གྲགས་སྟོང་སྒྲ་དབྱངས་འུ་རུ་རུ༔ འཁོར་འདས་དབྱེར་མེད་ཕྱ་ལ་ལ༔ རྩ་བརྒྱུད་བླ་མ་སྤྲིན་ལྟར་གཏིབས། །ཡི་དམ་ལྷ་ཚོགས་སྐར་ལྟར་བཀྲ། །བཀའ་སྐྱོང་དམ་ཅན་རླུང་ལྟར་འཚུབས། །བདེ་སྟོང་རོལ་པའི་འཁོར་ལོ་རྣམས། །ཞལ་ཟས་ཚོགས་ལ་སྤྱན་འདྲེན་གྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཞེས་སྤྱན་དྲངས། བསྭོ། དབྱིངས་དང་ཡེ་ཤེས་སྦྱར་བའི་ཚོགས༔ མཁའ་དང་ཀློང་དུ་གྲུབ་པའི་གཏེར༔ ཐབས་ཤེས་དཀར་དམར་རོལ་པའི་བཅུད༔ འདོད་ཡོན་རྒྱ་མཚོའི་མཆོད་སྤྲིན་འདི། །བླ་མ་མཁའ་འགྲོའི་ཚོགས་ལ་འབུལ། །འབགས་བཙོག་འགལ་འཁྲུལ་ཉམས་ཆག་བཤགས། །མ་རིག་སྐྱེ་མེད་དབྱིངས་སུ་བསྒྲལ། །འགག་མེད་རོལ་པའི་ཀློང་དུ་བསྟིམ། །བཞེས་ནས་བདག་ལ་དངོས་གྲུབ་སྩོལ། །ཅེས་ཚོགས་ཕུད་འབུལ། ཐུགས་དམ་བརྒྱུད་བསྐང་ནི། ན་མོ། སྔོན་རབས་བར་དང་ད་ལྟའི་རྒྱུ། །གཡུང་དྲུང་གསང་བའི་གནས་རྣམས་སུ། །རིག་འཛིན་བརྒྱུད་པའི་བླ་མ་ཡིས། །ལོངས་སྤྱོད་ཚོགས་ཀྱི་ཕུད་བཤམས་ཏེ། །མཁའ་དབྱིངས་ཀློང་ན་བཞུགས་པ་ཡི། །ཞི་ཁྲོའི་ལྷ་དང་སྲུང་མ་རྣམས། །ཐུགས་དམ་དབྱིངས་སུ་བསྐངས་པ་བཞིན། །དེང་གི་གནས་མཆོག་དམ་པ་འདིར། །ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང་། །མཆོག་ཐུན་ལས་བཞིའི་ཕྲིན་ལས་གང་། །འབད་མེད་ལྷུན་གྲུབ་དངོས་གྲུབ་སྩོལ། །དེ་ནས་སློབ་བུ་རྣམས་འདུས་ནས་གྲལ་དུ་འཁོད་པ་ལ། འོ། མར་གྱུར་གྱི་སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་རྡོ་རྗེ་བཙུན་མོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཟབ་མོ་ནོད་ནས་གྲོལ་བྱེད་ཀྱི་ལམ་ལ་འཇུག་པར་བགྱིའོ་སྙམ་དུ་བླ་ན་མེད་པའི་གཡུང་དྲུང་སྙིང་པོ་མཆོག་གི་སེམས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེའང་རྒྱལ་བ་ཐབས་མཁས་ལ་ཐུགས་རྗེའི་ཕྲིན་ལས་ཕྱོགས་དང་རིས་སུ་མ་ཆད་པར་ནམ་མཁའི་མཐའ་དང་སེམས་ཅན་གྱི་ཁམས་ཇི་སྲིད་པར་ཁྱབ་པའི་གང་འདུལ་གྱི་ཕྲིན་ལས། གདུལ་བྱ་སོ་སོའི་བློའི་སྣོད་དང་འཚམ་པར་རྒྱན་འཁོར་ལྔའི་བཀོད་པ་འབྱམས་ཀླས་པས་ཡིད་ཅན་རྣམས་མཐར་ཐུག་རྣམ་གྲོལ་མཆོག་གི་ལམ་བཟང་ལ་དཀྲི་བའི། ཐབས་མཁས་ཀྱི་མཛད་པའི་ཆོ་འཕྲུལ་མིག་འཕྲུལ་ལྟར་སྟོན་པའི་གསང་བ་ཆེན་པོ་དང་རྗེས་སུ་མཐུན་པ། རྣམ་པར་གྲོལ་བའི་གདམས་ངག་མཐའ་ཡས་པ་ཕྱི་རབས་པའི་འགྲོ་དོན་དུ་སྣང་བར་མཛད་པ་ལས། སྐབས་སུ་བབས་པ་འདི་ནི་འཕགས་ཡུལ་རིག་འཛིན་མཁའ་འགྲོ་རྒྱ་མཚོའི་ཐུགས་བཅུད་རྨད་དུ་བྱུང་བ། བླ་མེད་རྡོ་རྗེ་ཐེག་པའི་མྱུར་ལམ་རྩ་རླུང་མཁའ་འགྲོའི་གསང་མཛོད་ཀྱི་སྨིན་བྱེད་དབང་གི་རིམ་པ་སྟེ་འདི་ཉིད་ཀྱི་ལོ་རྒྱུས་ཅུང་ཟད་ཅིག་བསྙད་ན། གཏེར་གཞུང་རྡོ་རྗེའི་ཚིག་ཡིད་ཆེས་ལུང་གི་ཆེ་བ་ལས། དེ་ཡང་བསམ་ཡས་མཆིམས་ཕུའི་ཀེའུ་ཚང་དུ༔ ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་དེས༔ སོགས་གཏེར་གཞུང་ཡིད་ཆེས་ལུང་གི་ཆེ་བ་ཉིད་མཐར་ཆགས་སུ་བཀླག །དེ་དང་མ་འཛོལ་སྒྲུབ་བརྒྱུད་རྒྱས་པར་ཤོག༔ ཅེས་བསྔགས་ཤིང་སྨོན་ལམ་གྱིས་མཚམས་སྦྱར་ནས་ཟབ་མོའི་གཏེར་དུ་སྦས་པ་ཉིད། ཕྱིས་འགྲོ་དོན་དུས་ལ་བབས་པ་ན། རྣམ་སྣང་ལོ་ཙཱ་བ་གན་ཇག་ཐང་ཏའི་རྣམ་འཕྲུལ་སྤྲུལ་པའི་གཏེར་སྟོན་ཆེན་པོ་ཨོ་རྒྱན་ལས་འཕྲོ་གླིང་པ་འཇའ་ཚོན་སྙིང་པོའམ། རིག་འཛིན་ཀུན་གྲོལ་གྲགས་པས་རིགས་མཐུན་གྱི་གཏེར་གྲོགས་པདྨ་མཁའ་འགྲོ་དང་བཅས་ཏེ། གཟི་ཤོང་གཡུ་མོ་ལུང་གི་རུ་ལག །གནས་ཆེན་རྡོ་རྗེ་ཡོངས་རྫོང་མཁའ་འགྲོ་གསང་ཕུག་གི་ནང་། རྡོ་རྗེ་ཕག་མོའི་བྷ་གའི་བྱ་རོག་གདོང་གི་སྦུབས་ནས་རབ་བྱུང་བཅུ་གསུམ་པའི་ནང་ཚན། ལྕགས་བྱ་ཟླ་བ་གསུམ་པའི་ཚེས་བཅུའི་ཉིན་ཟབ་མོའི་གཏེར་རྒྱ་བཀྲོལ་ཏེ་སྤྱན་དྲངས་ཤིང་རེ་ཞིག་གསང་བའི་རྒྱས་བཏབ། སླར་ཆུ་མོ་ཕག་གི་ལོར་ཏྲེ་ཤོད་པདྨ་བརྩེགས་པའི་བྱང་ཕྱོགས་རྡོ་རྗེ་གླིང་གི་གདན་སར་ཤོག་སེར་ལས་ཞལ་བཤུས་ནས་ལས་ཅན་ཆོས་ཀྱི་བདག་པོ་རྣམས་ལ་རིམ་པར་སྤེལ་བའི་ཟབ་ཆོས་ངོ་མཚར་གྱི་ཁྱད་པར་མཆོག་དང་ལྡན་པ་འདི་ཉིད་ཀྱི་དབང་བསྐུར་ཟབ་མོ་སྒྲུབ་པའི་སྐབས་སུ་བབས་པ་ལའང་། བདག་སློབ་དཔོན་གྱི་བྱ་བར་འོས་པ་རྣམས་གྲུབ། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་བླ་མ་དང་རྡོ་རྗེ་ཕག་མོ་ཐ་མི་དད་པའི་དྲུང་དུ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དབང་ཆོག་ཡེ་ཤེས་རང་ཤར་ལྟར། བླ་མ་སངས་རྒྱས་སོགས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་སྣོད་དང་ལྡན་པར་རིག་ནས་སྤྲོ་བའི་ཚིག་གིས་དབུགས་དབྱུང་བ་འདི་ལ་གསན་མཛོད། སྐལ་བ་ལྡན་པའི་སོགས་བརྗོད། འོ། གསང་བའི་དཀྱིལ་འཁོར་འདིར་འཇུག་པ་ལ་བར་དུ་གཅོད་པའི་བགེགས་བསལ་བའི་སླད་དུ། སློབ་དཔོན་གྱི་ཐུགས་ཀ་ནས་སྤྲོས་པའི་ཕོ་ཉའི་སྤྲིན་དང་རྡོ་རྗེའི་སེར་བས་གདོན་བགེགས་རྣམས་ལྕགས་རི་ནག་པོའི་ཕྱིར་བསྐྲད། ཡེ་མཉམ་ཀ་དག་གི་དགོངས་པས་ཟིལ་གྱིས་མནན་པས་བར་ཆད་ཀྱི་མཚན་མས་གླགས་བལྟ་བའི་སྐབས་མེད་པར་མོས། ཧཱུྃ༔ སྣང་སྲིད་རྒྱལ་བའི་སོགས་རྔ་དྲིལ་གུལ་ཡུངས་ཐུན་གྱིས་བསྐྲད། དྲི་མ་བཀྲུ་བའི་སླད་དུ་བུམ་པ་རང་བྱུང་གི་གཞལ་ཡས་ཁང་གི་ནང་དུ་རྡོ་རྗེ་ཕག་མོ་དུང་གི་མདོག་ཅན་གསལ་བའི་སྐུ་ལས་ཡེ་ཤེས་བདུད་རྩིའི་རྒྱུན་བྱུང་བས། ཁྱེད་རང་རྣམས་ཀྱི་ཚེ་རབས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བཀྲུས་པར་མོས། ཀུན་རྫོབ་དྲི་མ་སོགས་ལས་བུམ་ཆུས་ཁྲུས་བྱ། རྒྱུད་སྦྱོང་བའི་སླད་དུ་སྐྱབས་སུ་འགྲོ་བ་ནི། སྐྱབས་ཡུལ་དཀོན་མཆོག་རྒྱ་མཚོ་མཁའ་ཁྱབ་ཀྱི་འཁོར་ལོར་སད་པའི་སྤྱན་སྔར། ཅི་མཛད་ཁྱེད་ཤེས་བློ་གཏད་ལིང་བསྐྱུར་གྱི་འདུན་པ་དྲག་པོས་སྐུ་གསུམ་དབྱེར་མེད་ཀྱི་ངོ་བོར་ཤེས་པས་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས། སྐྱེ་མེད་སྟོང་པ་སོགས། སྐྱབས་ཡུལ་རྣམས་དཔང་པོར་གསོལ་བའི་སྤྱན་སྔར། མཐའ་ཡས་པའི་མ་རྒན་གྱི་འགྲོ་བ་རྣམས་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་པའི་ཆེད་དུ་སྨིན་གྲོལ་གྱི་ལམ་ཉམས་སུ་ལེན་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། མཐའ་ཡས་འགྲོ་བ་སོགས། ཐེག་པ་སྤྱི་དང་ཁྱད་པར་གསང་བ་མཆོག་གི་དམ་ཚིག་དང་སྡོམ་པ་རྣམས་བླངས་ནས་ཚུལ་བཞིན་དུ་བསྲུང་སྙམ་པའི་དམ་འཆའ་བ་འདིའི་རྗེས་ཟློས། ཡང་དག་དོན་གྱི་སོགས། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི་སྤྱན་སྔར་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་ཕྱི་ནང་གསང་བའི་མཎྜལ་ཚུལ་བཞིན་བཤམས་ནས་འབུལ་བའི་བློས་འདིའི་རྗེས་ཟློས། ཕྱི་སྣོད་རྩ་ཡི་མཎྜལ་ལ༔ ནང་བཅུད་སོགས། དབང་སྲོག་དམ་ཚིག་ལ་རག་ལས་པས་དབང་དུས་འདིར་ཐོབ་པའི་སྡོམ་པ་དང་དམ་ཚིག་གི་རིམ་པ་ལས་འདའ་བར་མི་རུང་བས། དེའི་དཔང་པོར་དམ་ཆུ་ལྕེ་ལ་བཞག །རྡོ་རྗེ་སྙིང་གར་བཀོད་པ་ཡེ་ཤེས་སེམས་དཔར་གྱུར་ཏེ་ཁེ་ཉེན་གྱི་སྟངས་འཛིན་དུ་བཞུགས་པར་མོས། བདག་ནི་ཁྱོད་ཀྱི་སོགས། བཞིན་སྲུངས༔ དེང་ཕྱིན་ཆད་གསང་སྔགས་བླ་མེད་ཀྱི་དམ་ཚིག་རྣམས་ཚུལ་བཞིན་བསྲུང་བ་དང་། ཁྱད་པར་རྩ་རླུང་མཁའ་འགྲོའི་གསང་མཛོད་ཀྱི་དབང་འདི་ཐོབ་ཕྱིན་ཆད་རླུང་སེམས་ཟུང་འཇུག་གི་ཉམས་ལེན་ལོ་བཅུ་གཉིས་སོགས་ཇི་ལྟར་ནུས་པར་འཇུག་དགོས་པས། དེ་ལྟར་མཛད་པའི་གཡར་དམ་ཐུགས་ལ་འཆའ་ཞིང་འདིའི་རྗེས་ཟློས། ས་མ་ཡ་སོགས། དབང་གི་གཞི་དགོད་ཅིང་ཡེ་ཤེས་ཀྱི་བྱིན་དབབ་པའི་སླད་དུ་ཁྱེད་རང་རྣམས་ལུས་གནད་དྲང་པོར་བསྲང་། རླུང་རོ་ལན་གསུམ་བསལ་རྗེས་བུམ་པ་ཅན་གྱི་འཇམ་རླུང་འཇམ་པོར་བཟུང་སྟེ། ཀ་དག་དོན་གྱི་དགོངས་པ་གསལ་བཏབ་ནས་དེའི་ངང་ལ་དར་ཅིག་མཉམ་པར་ཞོག་ཅིག །རླུང་རོ་མཉམ་པར་ལན་གསུམ་བུས་ལ་བུམ་ཅན་གཟུང་བཅུག་སྟེ། ཀ་དག་སྤྲོས་དང་སོགས་ཀྱི་མཐར་ཉམས་བསྐྱང་། བྱིན་དབབ་པ་དངོས་ལ་དམིགས་པ་འདི་ལྟར་དུ་གསལ་ཐོབས་ཤིག །སྭ་བྷཱ་ཝས་སྦྱང་། གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པཾ་ལས་པདྨ་དང་རཾ་ལས་སོགས་གཏེར་གཞུང་ཕྱི་བསྐྱེད་རིམ་ལྷ་ཡི་རྣལ་འབྱོར་ལྟར་ལ། དབུས་སུ༔ ཁྱེད་རང་རྣམས་དཔལ་རྟ་མགྲིན་དམར་པོ་ཅེས་བསྒྱུར་ནས། སྣང་ལ་རང་བཞིན་མེད་པ༔ གསལ་ལ་དངོས་པོ་མེད་པའི་སྐུར་གསལ་ཐོབས་ཤིག །དབང་ཆོག་གི །བདག་རྡོ་རྗེ་སློབ་དཔོན་ཡང་རྟ་ཕག་ཡབ་ཡུམ་དུ་སོགས། ཆར་བཞིན་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་ཡེ་ཤེས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས། ལྷ་དང་བདག་གཉིས་སུ་མེད་པའི་ངེས་ཤེས་བསྐྱེད་ལ་མཉམ་པར་ཞོག་ཅིག །སྤོས་རོལ་དབྱངས་ཀྱིས། ཧཱུྃ༔ མ་བཅོས་གཉུག་མ་སོགས་ཀྱིས་བྱིན་དབབ། དེས་སྦྱོར་བ་འཇུག་པའི་ཆོས་རྣམས་གྲུབ། དེ་ནས་དངོས་གཞིའི་དབང་བསྐུར་བ་ལ་ཐོག་མར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སྔོན་གྱི་གྲུབ་ཆེན་སོགས་ལན་གསུམ། དབང་དངོས་གཞི་ལ་དབང་བཞི་རིམ་པར་འབྱུང་བའི། དང་པོ་ཕྱི་བུམ་པའི་དབང་བསྐུར་བ་ནི། བདེ་སྐྱོང་གི་བུམ་པ་གཞལ་ཡས་ཁང་གི་དབུས་སུ་ནང་བཅུད་ལྷའི་དཀྱིལ་འཁོར་དུ་བཞེངས་པས་སྤྱི་བོ་ནས་དབང་བསྐུར་བས་གཏོར་བླུགས་ཀྱི་བྱ་བ་རྫོགས་པར་མོས། མཚན་ལྡན་བཀྲ་ཤིས་སོགས། དེས་ནི་ཕྱི་རས་བྲིས་ཀྱི་དཀྱིལ་འཁོར་ལ་སོགས། གཉིས་པ་ནང་བདུད་རྩིའི་དབང་བསྐུར་བ་ནི། བླ་མ་དཀྱིལ་འཁོར་པའི་ལྷ་ཚོགས་མཉམ་པར་སྦྱོར་བའི་བྱང་ཆུབ་སེམས་ཀྱི་རྒྱུན་ཐོད་པའི་བདུད་རྩི་དང་སྦྱར་པ་ལྕེ་ཐོག་ཏུ་བྱིན་པ་ངག་སྔགས་ཀྱི་འཁོར་ལོར་བྱིན་གྱིས་བརླབས་པར་མོས། དབང་ཆེན་ཡབ་ཡུམ་སོགས། དེས་ནི་ནང་ཏིང་ངེ་འཛིན་སོགས། གསུམ་པ་གསང་བ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། གཟུགས་དང་ལང་ཚོ་རྫོགས་པའི་རིག་མ་བྱིན་པ་དང་འདུ་ཤེས་གསུམ་ལྡན་གྱིས་རོལ་པའི་དགའ་བཞིའི་ཡེ་ཤེས་རྫོགས་པར་མོས། ཡེ་ཤེས་མཁའ་འགྲོ་སོགས། དེས་ནི་གསང་བ་བྷ་གའི་སོགས། བཞི་པ་ཡང་གསང་རྡོ་རྗེའི་ཚིག་གི་དབང་བསྐུར་བ་ནི། མེ་ལོང་དྭངས་པ་ལ་གཟུགས་བརྙན་སྣ་ཚོགས་སུ་སྣང་ཡང་སྣང་བས་མེ་ལོང་ལ་མ་གོས་ཤིང་། མེ་ལོང་གི་ནང་དུ་སྣང་བའི་དངོས་པོ་ཐམས་ཅད་རྫོགས་པ་བཞིན། གཉུག་མ་དེ་བཞིན་ཉིད་ཀྱི་རིག་པ་ཀ་དག་ཉག་གཅིག་མའི་ངོ་བོར་སྣང་སེམས་དབྱེར་མེད་སྤྲོས་བྲལ་ཟུང་འཇུག་བློ་འདས་ཀྱི་དབྱིངས་སུ་མཉམ་པར་བཞག་པས། ཚིག་དབང་བསྐུར་ཐོབ་ལས་འདས་པ་ཐོབ་པར་མོས། བུམ་དབང་ལ་སོགས་སོགས། དེས་ནི་ཡང་གསང་སོགས། དེས་དངོས་གཞིའི་དབང་རྣམས་གྲུབ། རྗེས་འབྲེལ་བརྟུལ་ཞུགས་ཀྱི་ཆས་ཕྱག་ཏུ་ཕུལ་བ་རྣམས་བགོས་ཏེ། རྩ་རླུང་ཐིག་ལེའི་རྣལ་འབྱོར་གྱིས་དོན་གཉིས་སྒྲུབ་པ་རྗེས་སུ་གནང་བ་བཞིན། ཡེ་སྲུང་ཆེན་པོའི་དམ་ཚིག་ལས་མི་འདའ་བར་གདམས་པའི་དོན་ཐུགས་ལ་ངེས་འཚལ། རྩ་རླུང་ཐིག་ལེ་སོགས། དེ་ལྟར་དབང་བསྐུར་རྫོགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་ལུས་ལོངས་སྤྱོད་ཀྱིས་བསྡུས་པའི་བདག་གི་དངོས་པོ་ཐམས་ཅད་མཎྜལ་དུ་འབུལ་བའི་བློས་འདིའི་རྗེས་ཟློས། བླ་མ་རྡོ་རྗེ་སོགས། སླར་ཡང་རྩ་བ་གསུམ་དང་ཕྱོགས་བཅུའི་རྒྱལ་སྲས་རྣམས་ཀྱིས་ཤིས་པའི་ཚིག་གི་མངའ་དབུལ་ཞིང་དགེ་ལེགས་ཀྱི་མེ་ཏོག་ཆར་དུ་བསྙིལ་བར་མོས། ཀ་དག་གདོད་མའི་སོགས། དེ་རྣམས་ཀྱི་སྒོ་ནས་རྩ་རླུང་མཁའ་འགྲོའི་གསང་མཛོད་ཀྱི་དབང་བསྐུར་ཟབ་མོ་ལེགས་པར་ཕུལ་གྲུབ་པ་ལགས་པས་སོགས་ཀྱིས་མཚམས་སྦྱར་ལ་དགེ་བསྔོ་བཅས་སློབ་མ་གྱེས། རྗེས་ཆོག་ནི། བརྡའི་འབུལ་ལེན་གྱིས་ཚོགས་ལ་རོལ། ལྷག་མ་ཨཱཿཨཱོྃ་ཧཱུྃ་གིས་བརླབས། ཨཱོྃ། འདོད་ཡོན་ལྔ་ལྡན་ལྷག་མ་འདི། །ཀུན་བཟང་དགོངས་པས་བྱིན་བརླབས་ནས། །ཚོགས་ཀྱི་ཕུད་ལ་མི་དབང་བའི། །ཡི་དྭགས་འབྱུང་པོ་རྣམས་ལ་བསྔོ། །ཞལ་ཟས་ཚོགས་ཀྱི་ལྷག་མ་ལོངས། །སྡུག་བསྔལ་ཀུན་ཞི་བདེ་ཐོབ་ཤོག །ཐེར་ཐེར་ཐིམ་ཐིམ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སྨོན་ལམ་ནི། རྡོ་རྗེ་བཙུན་མོའི་དཀྱིལ་འཁོར་པར། །ཚོགས་མཆོད་དམ་པ་ཕུལ་པའི་མཐུས། །སྒྲིབ་བྱང་ཚོགས་གཉིས་གོང་དུ་འཕེལ། །བདེ་སྟོང་འོད་སྐུར་གྲོལ་བར་ཤོག །དངོས་གྲུབ་བླང་བ་ནི། ཧོཿ རྡོ་རྗེ་བཙུན་མོ་དགོངས་སུ་གསོལ། །བདག་གིས་བསྙེན་སྒྲུབ་ཟབ་མོ་ཐེམས། །དངོས་གྲུབ་སྩོལ་བའི་དུས་ལགས་ན། །བཀྲ་ཤིས་རྫས་མཆོག་ལ་བརྟེན་ནས། །ཐུན་མཆོག་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་ཨཱཿཧཱུྃ་རཏྣ་སིདྡྷི་འདུ། གཏོར་མ་བསྐྱང་ཞིང་ཕྲིན་ལས་བཅོལ་བ་ནི། སྒྲུབ་ཐབས་དགའ་དབང་འཁྱིལ་བ་ལྟར། ཧཱུྃ༔ བཞེངས་ཤིག་བཞེངས་ཤིག་མཁའ་འགྲོ་རྒྱ་མཚོའི་གཙོ༔ སོགས་ནས། སྒྲུབས་ཤིག་རྗེ་བཙུན་རྣལ་འབྱོར་མ༔ ཞེས་གཙོ་མོ་དང་། ཧོ༔ དགོངས་སུ་གསོལ་སོགས་ཀྱིས་འཁོར་དང་སྲུང་མ་རྣམས་ལ་གཏོར་མ་བསྔོ། གཏོར་གནན་ནི། བསྭོ། མ་རྟོགས་ངར་འཛིན་ཕུང་པོ་ལ། །གཟུང་འཛིན་འཁོར་བའི་བདུད་བགེགས་རྣམས། །རང་གྲོལ་གཉུག་མའི་ཀློང་དུ་གནན། །ཁ་སྐོང་ནི། བདག་ཅག་མ་ཤེས་འཁྲུལ་པ་ཡིས། །མ་འབྱོར་མ་ཚང་བུག་ཟག་རལ། །ལྟ་སྒོམ་ཆོ་ག་ཉམས་པ་རྣམས། །བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ། །ས་མ་ཡ་བཛྲ་བྷནྡྷ་བ་ན་ཧོཿ བཀྲ་ཤིས་གསོལ་བ་ནི། དབང་ཆོག་མཇུག་ལྟར། ཀ་དག་གདོད་མའི་གཤིས་ལུགས་ལ༔ སོགས། བསྡུ་ཚིག་ནི། དང་པོ་དབྱིངས་ཉིད་སོགས་ཀྱིས་མདུན་བསྐྱེད་རང་ལ་བསྡུ་བའམ། རྟེན་ལ་བསྟིམ། བདག་བསྐྱེད་ཉེར་བསྡུ་ནི། སྙིང་གའི་ཟླ་གདན་བཾ་ཡིག་སྔགས་ཕྲེང་བཅས། །གསང་བར་བབས་པས་བདེ་སྟོང་ཡེ་ཤེས་སྐྱེས། །ལྟེ་བར་ལྡོག་པས་མི་རྟོག་ཉམས་རྩལ་འབར། །སླར་ཡང་སྙིང་གར་ལྷན་ནེར་འཁོད་པར་བསམ། །བུམ་ཅན་བཟུང་ནས་བསྙེན་སྔགས་ཡིད་བཟླས་ལན་བདུན་བྱ། དེ་ལྟར་བཟླས་པའི་རྐྱེན་གྱིས་སྣོད་བཅུད་ཀུན༔ འོད་དུ་ཞུ་ནས་སོགས་སྒྲུབ་ཐབས་དགའ་དབང་འཁྱིལ་བ་ལྟར། སྟོང་པའི་ངང་ལ་གཞག༔ ཅེས་ཉེར་བསྡུ་དང་། སླར་ཡང་ཟུང་འཇུག་གཉུག་མའི་ལྷ་སྐུར་ལྡང་། །སྔོན་རྗེས་ཚིག་བཤད་ལྟར། བདེ་ཆེན་ལྷུན་གྱིས་གྲུབ་པའི་སོགས་བསྔོ་སྨོན་གྱིས་གྲུབ་བོ།། །། ༈ ཀུན་གཟིགས་མཁྱེན་བརྩེའི་དབང་པོའམ་མི་ཤིགས་གཡུང་དྲུང་འབྱུང་གནས་རྩལ་གྱི་རྗེས་དྲན་བཻ་རོའི་ཐུགས་ཏིག་དྲན་པ་ཚེ་སྒྲུབ་ཀྱི་ཕྲིན་ལས་དབང་བསྐུར་གྱི་ཆོ་ག་བཀླག་ཆོག་ཏུ་བཀོད་པ་ཚེ་དབང་གཡུང་དྲུང་འཁྱིལ་བ་ལྟར་དབང་སྒྲུབ་སྐབས། བརྒྱུད་འདེབས་ཀྱི་མི་ཤིགས་གཡུང་དྲུང་འབྱུང་གནས་རྗེས་སུ། འགྱུར་མེད་ཀུན་བཟང་དབྱིངས་ཀྱི་བསྟན་པའི་བདག །འཆི་མེད་གཡུང་དྲུང་གླིང་པར་གསོལ་བ་འདེབས། །ཞེས་འཛུད། གཞུང་གི་བདག་མདུན་བཟླས་པའི་མཐར། ཁྲུས་བུམ་བསྒྲུབ་པ་ནི། བུམ་པ་ལྷ་ཡི་ཕོ་བྲང་དུ། །བླ་ཆེན་ཐུགས་ཀར་འབྲུ་གསུམ་གསལ། །འོད་ཀྱིས་བསྐུལ་བས་བདུད་རྩི་བབས། །གྲིབ་སེལ་སྨན་ཆབ་དམ་པར་གྱུར། །ཅེས་གསལ་བཏབ་ནས། ཨོཾ་ཨཱཿཧཱུྃ། ཞེས་བཟླ་བ་སྦྱར། དབང་དངོས་ཀྱི་ཚེ་རིལ་སྦྱིན་སྐབས་བཟའ་བཏུང་བཤམས་པ་རྣམས་སྤྲད་དགོས། ཚོགས་མཆོད་སོགས་རྗེས་ཆོག་བཅས་བྱའོ།། །། ༈ མཆོག་གྱུར་བདེ་ཆེན་གླིང་པའི་བོན་གསས་དབང་དྲག་འབར་བ་དང་། རྨ་རྒྱལ་སྤོམ་ར་ཟུང་གི་བརྒྱུད་འདེབས་སྔོན་འགྲོའི། གསལ་བྱེད་མདོར་བསྡུས་ལྟར་དབང་སྒྲུབ་ཟུང་གི་རྗེས། འདིར་སྤྱི་ཁྱབ་མཛད་པས་ལས་བུམ་འཁྱིལ་པས་བསྒྲུབ་ཅིང་། དངོས་གཞིར་གཏོར་དབང་དང་། བཀའ་གཏད། རྗེས་བཅས་སྟབས་གཅིག་ཏུ་བྱའོ། །དེ་རྣམས་ཀྱིས་རྗེས་འབྲེལ་མ་ཧཱ་གུ་རུའི་གསུང་གསང་ལས་བྱོན་པའི་བོན་སྐོར་ཏེ། རྩ་གསུམ་ཆོས་སྐྱོང་རྗེས་འབྲེལ་དང་བཅས་པའི་རྩ་བ་སྒྲུབ་པའི་ཐབས་གཙོ་བོར་གྱུར་པ་རྣམས་གྲུབ་པའོ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།

[edit]
[edit]

Footnotes

Other Information

Tibetan Text

Tsagli (0)

Mandalas (0)

རྫོགས་པ་ཆེན་པོ་ཡང་ཏི་སངས་རྒྱས་མཉམ་སྦྱོར་གྱི་རིག་པའི་རྩལ་དབང་དང་། སྤྱི་ཏི་དང་ཐུན་མོང་བའི་རིག་པའི་རྩལ་དབང་རྒྱས་པར་བསྐུར་བའི་ཡི་གེ་ཡེ་ཤེས་སྒོ་འབྱེད་ (Volume 59, Text 1)

༄༅། །རྫོགས་པ་ཆེན་པོ་ཡང་ཏི་སངས་རྒྱས་མཉམ་སྦྱོར་གྱི་རིག་པའི་རྩལ་དབང་དང་། སྤྱི་ཏི་དང་ཐུན་མོང་བའི་རིག་པའི་རྩལ་དབང་རྒྱས་པར་བསྐུར་བའི་ཡི་གེ་ཡེ་ཤེས་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ས་མནྟ་བྷ་དྲ་ཡ། ཀུན་ཁྱབ་འགྱུར་མེད་ནམ་མཁའི་ངོ་བོ་ཉིད། །ཡེ་ཤེས་ཉི་ཟླ་བྱེ་བས་གནས་ལུགས་ཀྱི། །སྣང་བ་རབ་གསལ་བླ་མ་གདོད་མའི་མགོན། །སྒོ་གསུམ་དྭངས་མའི་ཐིག་ལེར་རྟག་བཞུགས་གསོལ། །གུ་རུ་ཡབ་སྲས་ཡི་དམ་ཌཱ་ཀི་མར། །རང་འདོད་མེད་པའི་བགྱི་བར་གསོལ་འདེབས་ཀྱིས། །གནང་བའི་སྐབས་སྩོལ་འབྲི་འཆད་ཉམས་ལེན་ལ། །གེགས་མེད་གྲུབ་གཉིས་འདོད་པ་འཇོ་བར་མཛོད། །སྨིན་བྱེད་བདུད་རྩིའི་ཐིག་ལེ་ནི། །སྣོད་བཅུད་རབ་མཐར་སོན་པའི་བཅུད། །ཡོངས་སུ་གྲགས་ཀྱང་ཆེས་དཀོན་པ། །སྐལ་བཟང་སྙིང་གི་དཔྱིད་དུ་ཤར། །ཡང་ཏི་རྫོགས་པ་ཆེན་པོ་སངས་རྒྱས་མཉམ་སྦྱོར་གྱི་སྨིན་བྱེད་ཁྲིད་དང་སྦྲེལ་ཏེ་རྒྱས་པར་བསྐུར་བའི་རིམ་པ་ལ། ཐོག་མར་གཏོང་ཐུན་དང་སྔོན་འགྲོ་ སོང་ནས། བླ་མའི་དོན་ཁྲིད་ཀྱི་སྔོན་དུ་གསང་འདུས་གཏོར་དབང་གནད་ཀྱི་ཤོག་གཅིག་མ། ངོ་སྤྲོད་ཀྱི་སྔོན་དུ་བླ་མ་གསང་བ་འདུས་པའི་དབང་ཆེན། རྩལ་སྦྱོང་གི་སྔོན་རྗེས་གང་རིགས་སུ་གསུངས་ནའང་སྔོན་དུ་འབྲེལ་ཆགས་པས་སྐབས་དེར་ཟླུམ་པོ་བཞི་དབང་གིས་ཆོས་སྒོ་དབྱེ་ནས། ཡང་ཏིའི་ཐེམ་ཡོད་ཀྱི་ཆོས་སྡེ་རིག་པའི་རྩལ་དབང་བོགས་འབྱིན་དང་བཅས་པའི་སྟེང་ནས་ཡང་ཏི་རང་གི་རྩལ་དབང་མདོར་བསྡུས་སུ་བསྐུར་བ་དང་། སྤྱི་ཏིའི་ཆོས་སྡེ་དབང་ངེས་པར་འབྱེད་པ་ཀ་དག་གི་སྒྲོན་མེའི་སྟེང་ནས་ཡང་ཏི་དང་སྤྱི་ཏི་ཐུན་མོང་གི་རྩལ་དབང་རྒྱས་པར་བསྐུར་བར་གསུངས་པ་ལས། འདིར་སྐབས་སུ་བབས་པ་ཕྱི་མ་གསུམ་པོ་ཆབས་ཅིག་ཏུ་སྐུར་བའི་ཚུལ་ལ་གསུམ། བཅའ་གཞི་དབང་རྫས་འགོད་ཚུལ། དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ། བཀའ་རབ་འབྱམས་ཀྱི་རིག་པའི་རྩལ་དབང་བསྐུར་བ་དངོས་སོ། །དང་པོ་ནི་དབེན་པའི་གནས་སུ་བླ་མ་ཡི་དམ་མཁའ་འགྲོའི་རྟེན་བཀྲམ་པའི་སྤྱན་སྔར་རྡུལ་ཚོན་རས་བྲིས་གང་ཡང་རུང་བའི་དཀྱིལ་འཁོར་དབུས་མཐིང་ག་ཟླུམ་པོ། དེ་རྒྱབ་པདྨ་འདབ་བརྒྱད་མཛེས་ཚོན། གྲུ་ཆད་ལྗང་གུ། ཁྱམས་དང་སྒོ་བཞི་ཕྱོགས་མདོག་དཀར་སེར་དམར་ལྗང་། གྲུ་བཞི་སྒོ་བཞི་རྟ་བབས་དཀྱིལ་འཁོར་སྤྱི་ལྟར་ལ་འཁོར་ལོ་གདུགས་རི་དྭགས། ཀ་བ་བརྒྱད་ལ་ཉི་ཟླ་དང་། གདུགས་ཀྱི་ཏོག་ནོར་བུ་འབར་བས་བརྒྱན་པ། རྡོ་རྗེའི་ར་བ་ཕྱི་ནང་གཉིས་ཀྱི་བར་དུ་ཁོར་ཡུག་མཐིང་ནག །རྡོར་ར་ཕྱི་མའི་རྒྱབ་མེ་རི། དེ་རྒྱབ་ཤིང་ལོ་པ་ཏྲས་བསྐོར་བ། ལྟེ་དབུས་སུ་བུམ་མཐིང་སྟེང་གསེར་རྡོར་མཚན་པ། འདབ་མ་བརྒྱད་ཀྱི་ཤར་དུ་ཉི་ཟླ། ལྷོར་བྱ་ཁྱུང་། ནུབ་ཏུ་རྒྱ་མཚོ། བྱང་དུ་རླུང་། ཤར་སྒོར་སྤྲིན། ལྷོ་སྒོར་འཇའ། ནུབ་སྒོར་སྨིག་རྒྱུ། བྱང་དུ་ན་བུན་རྣམས་བྲིས་པ་བཀོད་པའི་དཀྱིལ་འཁོར་གྱི་ལྟེ་བར་བུམ་པ་སྔོན་པོ་ཁ་རྒྱན་རྡོ་རྗེ་དང་བཅས། འདབ་བརྒྱད་ཤར་གྱི་སྟེང་དུ་མེ་ལོང་། ལྷོར་མི་རོ། ནུབ་ཏུ་སྣོད་གང་ཡང་རུང་བར་ཆུ་ཚྭ་འོ་མ། བྱང་དུ་འཇའ་ཚོན། ཤར་ལྷོར་སྤོས་དང་མར་མེ། ལྷོ་ནུབ་དར་སྣ་དང་དངུལ་དཀར་མེ་ལོང་། ནུབ་བྱང་དུ་པི་ཝཾ་དང་ཐོད་པ་ཛ་གད་ཀྱིས་བཀང་བ། བྱང་ཤར་དུ་མངར་གསུམ་གྱི་ལྡེ་གུ་དང་ཆོས་འབྱུང་མཐིང་ཁ། ཤར་སྒོར་ཉི་མ། ལྷོ་སྒོར་ཤེལ་གོང་། ནུབ་སྒོར་རླུང་གི་འཁོར་ལོ། བྱང་སྒོར་ཆུ་གཙང་རྣམས་དངོས་དང་རི་མོར་བྲིས་པ་དགོད། དེའི་སྟེང་འཕྲུལ་སྟེགས་སམ་རྒྱབ་ཕྱོགས་སུ་ཟླུམ་པོ་བཞི་དབང་གི་ཆས་བུམ་ཐོད་མེ་ལོང་གུ་རུའི་སྐུ་འབག་རྣམས་དང་བླ་མའི་གཏོར་མ་བཤམ། དཀྱིལ་འཁོར་མདུན་ངོས་རིན་པོ་ཆེའི་སྣོད་དུ་དཔལ་གྱི་གཏོར་ཆེན་རྒྱན་ལྡན་ལ་རི་རབ་གླིང་བཞི་འདོད་ཡོན་བཀོད་པ་སྣ་ཚོགས་ཀྱི་ཙཀླི་གཟུག་པའི་གཡས་གཡོན་ ཐོད་སྣོད་ལ་སྨན་རཀ་གིས་གཏམས་པ་དང་། ཆུ་གཉིས་ཉེར་སྤྱོད་གཡས་སྐོར། གཞན་ཡང་དབང་རྫས་དབུ་རྒྱན། རྡོ་རྗེ། དྲིལ་བུ། ཚོགས་ཀྱི་ཡོ་བྱད། སྔོན་གཏོར་དང་སྲུང་མའི་གཏོར་འབུལ་སོགས་ཅི་བདེ་བར་བཤམ་མོ། །གཉིས་པ་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་ནི། གཞུང་དངོས་ཀྱི་དགོངས་པ་ལྟར་ན་རྩལ་དབང་རྒྱས་པའི་འཇུག་པ་སྔོན་དུ་སོང་ནས་དཔོན་སློབ་གཉིས་ཀས་ནང་ཆིག་ཆོད་དོན་གྱི་ལྷ་ཚོགས་ལ་ཀ་དག་གི་བསྙེན་པ་བྱ་བའི་ཕྲིན་ལས་ཐུན་བཞིའམ་དྲུག་ཏུ་བཅད་དེ་ཞག་གཅིག་གམ་བདུན་དུ་ཉམས་སུ་བླངས། དེ་ནས་དབང་གི་དངོས་གཞི་རྫོགས་པར་བྱ་བར་གསུངས་ཤིང་། དེ་ལྟ་ན་ཀུན་བཟང་དོན་གྱི་ཕྲིན་ལས་ཆེན་མོའི་བསྙེན་སྒྲུབ་ལ་འཇུག་པ་ནི་རྩལ་དབང་རྩ་བ་ལེའུ་གསུམ་པ་དང་དབང་གཞུང་གཉིས་ཀའི་དགོངས་པར་སྣང་ཡང་། བརྒྱུད་པ་ཕྱི་མའི་ཕྱག་བཞེས་མགྱོགས་དབང་གཙོ་བོར་མཛད་པ་ལྟར་ན། སྐབས་འདིར་བླ་མ་གསང་འདུས་ཀྱི་ཕྲིན་ལས་རྒྱས་བསྡུས་གང་ཡང་རུང་བ་དང་འབྲེལ་བའི་བཟླས་པ། བཀའ་སྲུང་གཏོར་འབུལ། ཚོགས་མཆོད་ཀྱི་བར་དུ་བཏང་ནས། ལས་བུམ་དུ་རྡོ་རྗེ་སེམས་དཔའ་བསྐྱེད་བཟླས་བྱ། གནས་ལུགས་དོན་གྱི་དཀྱིལ་འཁོར་རང་གསལ་གདབ་པ་ཉིད་དོན་གྱི་དཀྱིལ་འཁོར་ཆེན་པོར་ཞུགས་པ་ཡིན་པས་བདག་འཇུག་དང་རིག་པའི་མེ་ཏོག་དོར་བ་སོགས་ཀྱི་སྤྲོས་པ་འདིར་མི་དགོས་སོ། །གསུམ་པ་བཀའ་རབ་འབྱམས་ཀྱི་རིག་པའི་རྩལ་དབང་བསྐུར་བ་དངོས་ལ་གསུམ། སྒོ་འབྱེད་བླ་མའི་བྱིན་རླབས། ཡང་ཏི་རང་ལུགས་ཀྱི་རྩལ་དབང་བསྡུས་པ། ཡང་ཏི་སྤྱི་ཏི་ཐུན་མོང་བའི་རྩལ་དབང་རྒྱས་པར་བསྐུར་བའོ། །དང་པོ་ནི། ཁྲུས་དང་སྔོན་གཏོར་གཏང་བ་ནས་བརྩམ་ཟླུམ་པོ་བཞི་དབང་གི་དམ་ཚིག་བསྒོ་བའི་བར་རྫོགས་པར་བསྐུར་རོ།། །། ༈ གཉིས་པ་ཡང་ཏི་རང་ལུགས་ཀྱི་རྩལ་དབང་བསྡུས་པ་ནི། གོང་གི་འཕྲོས་དེ་མ་ཐག་པར། དེས་བྱིན་རླབས་བླ་མའི་དབང་གིས་ཆོས་སྒོ་དབྱེ་བ་སྔོན་དུ་སོང་ནས། དངོས་གཞི་རྫོགས་པ་ཆེན་པོ་ཡང་ཏི་སངས་རྒྱས་མཉམ་སྦྱོར་གྱི་རིག་པའི་རྩལ་དབང་བསྐུར་བའི་ཐོག་མར་ལོ་རྒྱུས་ཅུང་ཟད་བརྗོད་ན། སྤྱིར་རྩལ་དབང་གི་ངོ་བོ་རང་བྱུང་ཡེ་ཤེས་གཞན་གྱི་དབང་དུ་མ་གྱུར་པ། ངེས་ཚིག་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་དབང་སྒྱུར་བ། དབྱེ་བ་ཐུན་མོང་དང་ཁྱད་པར་གྱི་རྩལ་དབང་། མཐུན་པའི་དཔེ་རྒྱལ་བུ་ལ་བློན་པོས་རྒྱལ་སར་དབང་བསྐུར་པས་རང་དབང་ཐོབ་ནས་གཞན་དབང་བསྒྱུར་པ་ལྟ་བུ་སྟེ། དེ་ལ་ཨ་ཏི་སྐོར་གསུམ་གཞན་ལས་ཁྱད་པར་དུ་གྱུར་པའི་རྩལ་དབང་སྐབས་སུ་བབས་པ་འདི་ནི་གངས་ཅན་གྱི་ལྗོངས་སུ་ཉི་ཟླ་ལྟ་བུར་གྲགས་པའི་གཏེར་ཁ་གོང་འོག་གཉིས་ལས་གཏེར་ཁ་འོག་མའི་ཆོས་སྡེ་ཆེན་པོ་བཅོ་བརྒྱད་ཀྱི་གཙོ་བོ། བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་མ་ཐུགས་གཏེར་ཆེན་པོ་ལྔ་ལས་ཀྱང་ཡང་གཏེར་གྱིས་ཁྱད་པར་དུ་བྱས་པ། ལྷོ་བྲག་གནམ་སྐས་ཅན་ནས་གཏེར་སྟོན་གྲུབ་ཐོབ་ཐམས་ཅད་ཀྱི་ཕྱི་མོ་༧གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གིས་སྤྱན་དྲངས་པ་སྟེ། དེ་ལའང་སྤྱིར། ཐུགས་གཏེར་གཅིག་ལ་གཏེར་ཚན་རྣམ་བཞིར་སྦས༔ ཐུགས་གཏེར་ཡང་གཏེར་གཉན་གཏེར་ཐེམ་ཡིག་མེད༔ ཅེས་དང་། དེའི་རྒྱུ་མཚན་ཡང་། ཐམས་ཅད་ཐུགས་དམ་ཡིན་ཕྱིར་ཐུགས་གཏེར་དང༔ ཨ་ཏིའི་ཡང་བཅུད་ཡིན་ཕྱིར་ཡང་གཏེར་དང༔ བླ་མེད་བརྗོད་པ་དཀའ་ཕྱིར་ཐེམ་མེད་སྐོར༔ ཞེས་གསུངས་པའི་ཐུགས་གཏེར་གྱི་ཆོས་སྡེ་བཞི་ལས་ཀྱང་གཏེར་སྣོད་ཁྲོ་ཆུའི་ཀླུ་བདུད་ཀྱི་དབུའི་ནང་ནས་བྱོན་པ་མཉམ་སྦྱོར་ཐུགས་ཀྱི་ཡང་གཏེར། སྒྲུབ་ཐབས་ཐུགས་ཀྱི་ཡང་གཏེར། འགྲོ་འདུལ་ཕྲིན་ལས་ཐུགས་ཀྱི་ཡང་གཏེར་ཏེ་ཁྱད་པར་འཕགས་པའི་གདམས་སྐོར་གསུམ་ཡོད་པ་ལས། ཇི་སྐད་དུ། རིམ་གྱིས་བྱང་ཆུབ་ཐོབ་ཐབས་ཆེས་མང་གི༔ ཅིག་ཅར་བྱང་ཆུབ་ཐོབ་ཆོས་འདི་ན་མཆིས༔ དེ་གང་ཞེ་ན་སངས་རྒྱས་མཉམ་སྦྱོར་སྐོར༔ མཐར་ཐུག་ཡིན་ནོ་སྙིང་གི་དཀྱིལ་དུ་ཆོངས༔ ཞེས་བཀའ་རྩིས་སུ་གདམས་པའི་སངས་རྒྱས་མཉམ་སྦྱོར་ལའང་ཨ་ཏི། སྤྱི་ཏི། ཡང་ཏི་གསུམ་དུ་བཞུགས་པར་གྲགས་པ་ལས། ད་ལྟ་དངོས་སུ་བཞུགས་པ་ཡང་ཏི་རྫོགས་པ་ཆེན་པོ་སངས་རྒྱས་མཉམ་སྦྱོར་གྱི་ཆོས་སྡེ་ཆེན་པོའི་སྨིན་བྱེད་ཀྱི་རིམ་པ་བགྱི་བ་སྐབས་སུ་བབས་པ་ཡིན། དེ་ལའང་རྒྱས་བསྡུས་གཉིས་ལས། ཐོག་མར་ཡང་ཏི་ཐུན་མོང་མ་ཡིན་པའི་སངས་རྒྱས་དགོངས་པ་འདུས་པ་བཀའ་རབ་འབྱམས་རིག་པའི་རྩལ་དབང་བསྐུར་བ་ལ། གཞུང་ལས་བསྟན་པའི་སྦྱོར་བའི་ཆོས་རྣམས་གྲུབ་པའི་དབང་དུ་བྱས་ནས། དངོས་གཞིའི་ཐོག་མར་བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་དེ། གཞི་སྙིང་པོའི་དོན་རྟོགས་པའི་ཕྱིར་དུ་གསེར་གྱི་མཎྜལ་ལན་བདུན་དུ་འབུལ་བ་ཞུ། ཞེས་མཚམས་སྦྱར་ལ་གསེར་གྱི་མེ་ཏོག་དངོས་སམ་དེར་མོས་པས་སོ་བདུན་མ་ལྟ་བུའི་རྒྱས་པ་ཚར་གཅིག་སྔོན་དུ་འགྲོ་བའི་སྔགས་སམ་ཚིགས་བཅད་སླར་ལན་བདུན་དུ་ཕུལ། དེ་ནས་སྐུ་ལྔ་ཡེ་ཤེས་ལྔ་རྟོགས་པའི་ཕྱིར་དུ་རིན་པོ་ཆེ་ལྔའི་མཎྜལ་ལན་བདུན་དུ་ཕུལ་མཛོད། གོང་མ་ལྟར་འབུལ། སླར་ཡང་ཉོན་མོངས་པ་དུག་ལྔ་དང་བྲལ་བའི་ཕྱིར་དུ་སྨན་གྱི་མཎྜལ་ལན་བདུན་འབུལ་མཛོད། གོང་ལྟར་འབུལ། མཐར་ཐུག་འབྲས་བུ་སངས་རྒྱས་འཐོབ་པའི་ཕྱིར་དུ་འབྲུ་སྣ་ལྔའི་མཎྜལ་ལན་བདུན་འབུལ་མཛོད། གོང་ལྟར་འབུལ། དེ་ནས་བླ་མའི་དབུ་གཙུག་ནས་ཡར་ལ་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་སུ་བཞུགས་པ་ལ་རྩ་གསུམ་རབ་འབྱམས་རྒྱ་མཚོས་སྤྲིན་གཏིབས་པ་ལྟར་བསྐོར་ཏེ་བཞུགས་པར་མོས་ལ། ཐལ་མོ་སྦྱར་ཏེ་མི་ཕྱེད་དད་པའི་གདུང་ཤུགས་དྲགས་པོས་གསོལ་བ་འདི་ལྟར་དུ་ཐོབས་ཤིག །ཅེས་བརྡ་སྦྱར་ལ་ཤེས་ན་སློབ་མ་རྣམས་ལྷན་ཅིག་པས་འདོན་ཅིང་། མི་ཤེས་ན་བླ་མའི་རྗེས་སུ་ཟློས་ཏེ། ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཀུན་ཏུ་བཟང་པོ་ན་མོ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་རྡོ་རྗེ་སེམས་དཔའ་ན་མོ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་དགའ་རབ་རྡོ་རྗེ་ན་མོ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཤྲཱི་སིཾ་ཧ་ན་མོ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་པདྨ་འབྱུང་གནས་ན་མོ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཆོས་ཀྱི་དབང་ཕྱུག་ན་མོ་ཧཱུྃ༔ ཐོག་མཐའ་དེས་འགྲེས་ཏེ། མྱང་སྟོན་དབོན་པོ། མི་བསྐྱོད་རྡོ་རྗེ། དབང་ཕྱུག་རྡོ་རྗེ། ཡེ་ཤེས་རྡོ་རྗེ། སངས་རྒྱས་དཔལ་བ། ཡོན་ཏན་བཟང་པོ། ཆོས་སྐུ་འོད་ཟེར། དཔལ་འབྱོར་དབང་ཕྱུག །ཆོས་ཀྱི་དབང་པོ། ཀརྨ་གུ་རུ། ཀརྨ་དབང་འབྱོར། བློ་མཆོག་རྡོ་རྗེ། ལེགས་བཤད་རྒྱ་མཚོ། པདྨ་རང་ཤར། གསང་བདག་རྡོ་རྗེ། ཡེ་ཤེས་ལྷུན་གྲུབ། པདྨ་ཚེ་དབང་། བསྟན་འཛིན་ཤེས་རབ། ནམ་མཁའི་རྡོ་རྗེ། ཐུབ་བསྟན་རྒྱལ་མཚན། རྡོ་རྗེ་གཟི་བརྗིད། ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་རྩ་བའི་བླ་མ་ན་མོ་ཧཱུྃ༔ མ་ཧཱ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ་ཨཱ༔ བོ་དྷི་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཀྱེ་ཀྱེ་ཀྱེ༔ བླ་མ་དམ་པ་རྗེ་བཙུན་པ་རྣམས་ཀྱིས་བདག་སྨིན་པར་མཛད་དུ་གསོལ༔ མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་བསྩལ་དུ་གསོལ༔ ཞེས་གསོལ་བ་དྲག་ཏུ་གདབ་བོ། །རྩལ་དབང་དངོས་ལ་བཞི། ལུས་ཀྱི་འདུག་ཚུལ། སྟོབས་བསྡུ་བ། སྟོབས་སྐྱེད་པ། ངང་བསྐྱང་བའོ། །དང་པོ་འདུག་ཚུལ་ཁྱེད་རང་རྣམས་ལུས་གནད་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་སྒོ་གསུམ་གྱི་བྱ་བ་གཞན་སྤོངས་ལ། གཉིས་པ་སྟོབས་བསྡུ་བའི་དམིགས་པ་འདི་བཞིན་དུ་མཛོད་ཅིག །ཁྱེད་རང་རྣམས་སྐད་ཅིག་གིས་ཡི་དམ་གྱི་ལྷ་དབང་ཆེན་རྟ་མགྲིན་གྱི་སྐུར་ལམ་སྟེ་གསལ་ཐོབས། ཨ་ཨ་ཨ༔ ཞེས་བརྗོད་པས་ཁྱེད་རང་རྣམས་ཀྱི་སྙིང་དབུས་འོད་ཀྱི་ཐིག་ལེ་སྟོང་པའི་ནང་དུ་ཨ་ཡིག་དཀར་པོ། དེ་ལས་ཤིན་ཏུ་ཕྲ་ཞིང་འཚེར་བའི་འོད་ཕྲ་མོ་བྱུང་བ་ཨ་ཡིག་ཏུ་གྱུར། ཨ་ལས་ཨ་རིམ་གྱིས་སྤྲོས་པས་ནམ་མཁའི་ཁམས་གང་། ཕྱོགས་དུས་ཀྱི་བླ་མ་རྒྱལ་བ་ཞི་ཁྲོ་རྣམས་ཀྱི་སྐུ་གསུང་ཐུགས་ལ་མཆོད་པའི་སྤྲིན་ཚད་མེད་པར་གྱུར་ཏེ་མཉེས་ནས་ཐམས་ཅད་འོད་དུ་ཞུ་སྟེ་ཁྱེད་རང་རྣམས་ལ་ཐིམ། འཁོར་འདས་སྣོད་བཅུད་ཐམས་ཅད་ཨ་ཡིག་གི་རྣམ་པར་ཞུ་སྟེ་རིམ་གྱིས་འདུས་ནས་ཐིམ་པས་སྣང་སྲིད་འཁོར་འདས་ཐམས་ཅད་ལ་དབང་སྒྱུར་པར་མོས་ལ་ཨའི་དོན་ངོ་སྤྲད་པ་འདི་ལ་གསན་པར་ཞུ། ཨ་ རྫོགས་པའི་སངས་རྒྱས་ཨ་ལས་བྱུང༔ ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག༔ ཨ་ནི་འཁོར་འདས་ཀུན་ལས་རྒྱལ༔ ཨ་ནི་ཐམས་ཅད་སྐྱེད་པའི་ཡུམ༔ ཨ་ནི་ཀུན་བྱེད་སྤྲུལ་པའི་ཡབ༔ ཨ་ནི་ཨ་ཏི་ཡོ་གའི་རྒྱུད༔ ཨ་ནི་སྤྱི་ཏི་ཡོ་གའི་རྒྱུད༔ ཨ་ནི་ཡང་ཏི་ཡང་དག་མཚན༔ ཁོང་ནས་འབྱུང་བ་སྐྱེ་མེད་ཨ༔ བརྗོད་པ་ཀུན་གྱི་ཕྱི་མོ་ཨ༔ སྐྱེ་བ་མེད་པའི་རང་བྱུང་ཨ༔ གཅིག་ཤེས་ཀུན་ཏུ་གྲོལ་བྱེད་ཨ༔ ཆོས་ཀུན་མ་ལུས་ཡོངས་རྫོགས་ཨ༔ ཅང་མེད་ཅིར་སྣང་རང་བྱུང་ཨ༔ འཁོར་འདས་ལམ་གསུམ་དབང་སྒྱུར་ཨ༔ གསུམ་པ་སྟོབས་བསྐྱེད་པ་ནི། ལུས་ཡི་དམ་དུ་གསལ་བ་དེའང་འོད་དུ་ཞུ་ནས་སྙིང་གར་ཐིམ། སྙིང་གི་ཐིག་ལེ་སྟོང་གསལ་དེ་ཉིད་ཀྱང་རྫིང་གི་ཆུ་ལ་རྡེའུ་བོར་བའི་རི་མོ་ལྟར་དབུས་ནས་མཐར་ཝ་ལ་ལ་ཡལ་ཏེ་ནམ་མཁའི་མཐའ་མཉམ་དུ་ངང་དྭངས་སུ་གྱུར་པར་མོས་ཤིག །བཞི་པ་ངང་བསྐྱང་བ་ནི། དེའི་ཉམས་ཧད་དེ་ས་ལེ་འཛིན་མེད་དུ་གནས་པའི་ངང་ལས་རྣམ་རྟོག་ཆེད་དུ་མི་སྤྲོ། ཆེད་དུ་མི་བསྡུ། རང་བབ་ལྷུག་པར་ཅི་གནས་སུ་མཉམ་པར་ཞོག་ཅིག །ཅེས་བརྡ་སྤྲད་ལ་མཉམ་པར་འཇོག་ཏུ་བཅུག །དེ་ལྟར་མཚོན་བྱེད་བརྡའི་དབང་བསྐུར་ནས། དེས་མཚོན་པའི་དོན་ངོ་སྤྲད་པ་ནི། ཀྱེ་རིགས་ཀྱི་བུ་ཉོན་ཅིག༔ རྩལ་དབང་སྐུར་བའི་གནས་ནི༔ རང་ལུས་ཕུང་པོ་ཁམས་དང་སྐྱེ་མཆེད་དུ་བཅས་པ་ཡེ་ཤེས་ཀྱི་འཆར་སྒོ་གཉིས་དང་ལྡན་པ་འདི་ཡིན༔ དབང་གི་དཀྱིལ་འཁོར་ནི༔ སྙིང་དྭངས་མ་ལྔའི་དབུས་ན་རང་རིག་པ་བྱང་ཆུབ་ཀྱི་སེམས༔ དང་པོ་རྒྱུས་མ་བསྐྱེད༔ བར་དུ་རྐྱེན་གྱིས་མི་ཤིགས༔ མཐར་གར་ཡང་མི་འགྲོ༔ རྒྱུན་ཆད་མེད་པར་རང་ལ་གནས་ཤིང་རང་བྱུང་རང་གསལ་འདི་དཀྱིལ་འཁོར་རང་བྱུང་རང་གསལ་ཡིན༔ རང་རིག་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཀྱི་དགོངས་པ་མཐོང་བར་འདོད་པ་དེ་གདོང་གཡོགས་བཀྲོལ་བ་ཡིན་ནོ༔ རིག་པ་རང་གསལ་རང་བྱུང་དུ་ངོ་ཤེས་པ་ནི་མིག་ཕྱེ་བ་ཡིན་ནོ༔ རིག་པ་རང་ལ་རང་ཡིད་ཆེས་ཤིང་ཉམས་སུ་མྱོང་བ་དེ་དཀྱིལ་འཁོར་མཐོང་བ་ཡིན་ནོ༔ རང་རིག་མིག་ལ་གཏད༔ མིག་བར་སྣང་ལ་གཏད་པས་དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད་མཐོང་བ་ནི་བརྡ་སྒོ་ཕྱེ་བ་ཡིན་ནོ༔ སེམས་དང་ཆོས་ཉིད་རང་བྱུང་གི་ཡེ་ཤེས་དབྱེར་མེད་དུ་མཐོང་བ་ནི་ལྷ་ངོ་མཐོང་བ་ཡིན་ནོ༔ དུག་ལྔ་སྤང་དུ་མེད༔ ཡེ་ཤེས་སྒྲུབ་ཏུ་མེད༔ རྣམ་རྟོག་ཅེས་མི་ངན༔ ཡེ་ཤེས་མི་བཟང༔ དེ་ལྟར་གཉིས་སྣང་དུ་སྤོང་ལེན་མེད་པར་རོལ་པས་དངོས་གྲུབ་ཐོབ་པ་ཡིན་ནོ༔ དེ་ལྟར་རིག་པའི་རྩལ་གྱི་དབང་མ་འཐོབ་ན༔ གང་ཟག་དེ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་མང་པོ་བསྟན་ནས༔ བུམ་ཁྲུས་ཀྱི་ཤྭ་ལ་སྐུར༔ ཅོད་པན་གྱི་སྦུབས་སུ་གཞུག༔ ཚོགས་འཁོར་གྱི་འདམ་དུ་བཅུག་ཀྱང༔ རིག་པ་རྩལ་གྱི་དབང་མ་ཐོབ་ན༔ སངས་རྒྱས་ལ་སྔ་འདྲིས་གང་གིས་ཀྱང་ཉེར་མ་སོང་ལ༔ གཞན་སྨིན་ཅིང་གྲོལ་བར་ཡང་མི་ནུས་སོ༔ དེ་ཅིའི་ཕྱིར་ཞེ་ན༔ རྒྱུད་ལས༔ བདག་མ་སྨིན་པར་གཞན་མི་གྲོལ༔ ཅེས་སོ༔ དེ་ལྟར་རྩལ་དབང་མཆོག་ཐོབ་ནས༔ བོགས་རྣམས་དབང་གིས་འབྱིན་པར་བྱེད༔ ཅེས་གསུངས་སོ༔ དེའང་སློབ་དཔོན་གང་གིས་བསྐུར་ན༔ སློབ་དཔོན་སངས་རྒྱས་ཀྱི་ཆ་ལ་བཏགས༔ སློབ་མ་སེམས་ཅན་གྱི་ཆ་ལ་བཏགས༔ སངས་རྒྱས་ཀྱང་རིག་པ་བྱང་ཆུབ་ཀྱི་སེམས་སུ་སངས་རྒྱས་ལ༔ སེམས་ཅན་ཡང་རིག་པ་བྱང་ཆུབ་ཀྱི་སེམས་རྟོགས་ན་སངས་རྒྱ་བས༔ རང་གི་རིག་པས་རང་གསལ་བར་ངོ་ཤེས་ཙ་ན༔ བདེ་སྡུག་སྣ་ཚོགས་བྱུང་ཡང་ཁོ་རང་ལས་བྱུང༔ ཞི་ཡང་ཁོ་རང་ས་རུ་ཞི༔ སྣང་སྲིད་གཡོ་འགུལ་ཐམས་ཅད་རིག་པའི་རྩལ་དུ་ངོ་ཤེས༔ རང་རིག་པས་རང་ལ་དབང་ཐོབ་ཙ་ན༔ ཀུན་ཀྱང་བདག་གི་དབང་དུ་མ་གྱུར་མེད༔ སངས་རྒྱས་ལ་རེ་བ་མེད་དེ་རིག་པ་རང་སངས༔ ཡེ་ནས་གནས་པའི་དོན་རང་ཤེས༔ མ་ཁྱབ་པ་མེད་དེ་མཐར་རྒྱས༔ འཁོར་བ་ལ་དོགས་པ་མེད་དེ་རིག་པ་རང་དག༔ འཁོར་བ་རིག་པའི་རྩལ་དུ་གྲོལ༔ བཟང་ངན་རྟོག་ཚོགས་རིག་པའི་རྩལ༔ རང་དུ་དག་ཅིང་རང་དུ་གྲོལ་བ་དེ་ཉིད༔ ནངས་རྟོགས་ན་ནངས་སངས་རྒྱས་ལ༔ ནུབ་རྟོགས་ན་ནུབ་སངས་རྒྱས་པ་ཡིན་ནོ༔ དེ་ལྟར་རྟོགས་ཤིང་ཁོང་དུ་ཆུད་ན༔ རིག་པ་རྩལ་གྱི་དབང་རང་དབང་རང་གིས་ཐོབ་པ་ཡིན་ལ༔ དེ་ཙ་ན་ཅིར་སྣང་ཅིར་སྲིད་ཅིར་གྲགས་ཅི་དྲན་ཐམས་ཅད་རང་རིག་པའི་ངོ་བོའི་རྩལ་དུ་ཤར་བས༔ རིག་པ་རྩལ་གྱི་དབང་ཐོབ་པ་ཡིན་ནོ༔ དེ་ཙ་ན་རང་བཞིན་བདག་ཉིད་ཆེན་པོར་ལྷུན་གྱིས་གྲུབ་པའི༔ དབང་ཆེན་རབ་འབྱམས་ཐོབ་པ་ཡིན་ནོ༔ རང་རིག་པའི་ངང་དུ་ཀུན་ལ་དབང་བསྒྱུར༔ རང་བཞིན་ནི་ཀུན་གྱི་རང་བཞིན་རང་རིག་ཡིན༔ བདག་ཉིད་ཆེན་པོ་ནི་བདག་ལས་གཞན་པའམ་བདག་ཉིད་དབང་དུ་མ་གྱུར་པ་སྐྲའི་རྩེ་མོ་ཙམ་ཡང་མི་འདུག་པས༔ ཀུན་ཏུ་བཟང་པོར་བདག་ཉིད་སངས་རྒྱས་པ་ཡིན་པས་ན༔ དབང་ཆེན་རབ་འབྱམས་ཐོབ་པ་ཡིན་ནོ༔ ཞེས་བརྗོད་དོ།། ༈ །།གསུམ་པ་ཡང་ཏི་སྤྱི་ཏི་ཐུན་མོང་གི་རྩལ་དབང་རྒྱས་པར་བསྐུར་བ་ནི། དེས་ཡང་ཏི་ཐུན་མོང་མ་ཡིན་པའི་དབང་མདོར་བསྡུས་ཏེ་བསྐུར་བ་གྲུབ་ནས། ཡང་ཏི་དང་སྤྱི་ཏི་ཐུན་མོང་བའི་རྩལ་དབང་ཆེན་མོ་དགུ་རྩེའི་དབང་ངེས་པར་འབྱེད་པ་ཀ་དག་སྒྲོན་མ་ལྟར་བསྐུར་བ་ལ་གསུམ། སྔོན་འགྲོ། དངོས་གཞི། མཇུག་གི་བྱ་བའོ། །དང་པོ་ལའང་གསུམ་གསུམ་དགུ་རུ་བསྟན་ཏེ། སྒོ་གསུམ་འཇིག་རྟེན་གྱི་བྱ་བ་ལས་ལྡོག་སྟེ་སྣོད་ངན་གྱི་དྲི་མ་བསལ་བ། ཐེག་པ་ཐུན་མོང་གི་ལམ་ལ་རིམ་པར་ཞུགས་ནས་ལོག་པའི་དྲི་མ་བསལ་བ། རྒྱུའི་ཐེག་པ་ཆེན་པོའི་ལམ་རྫོགས་པར་བསྟན་ནས་དམན་པའི་དྲི་མ་བསལ་བ་སྟེ་སྣོད་ངན་དྲི་མ་བསལ་བའི་ཆོས་གསུམ། སྤྱིར་ཕྱི་ནང་གི་ཐེག་པའི་སྤྲོས་པ་བཅད་པ། བྱེ་བྲག་ཀྲི་ཡ་ནས་རྫོགས་ཆེན་མན་ཆད་ཀྱི་སྤྲོས་པ་བཅད་པ། ཁྱད་པར་ཨ་ཏི་སེམས་ཀློང་གི་སྨིན་གྲོལ་རྫོགས་པས་སྤྲོས་པའི་འཆིང་བ་བཅད་པས་སྣོད་དུ་རུང་བའི་དབང་དུ་བྱས་ཏེ་བླ་མེད་ཀྱི་དོན་ལ་སྦྱར་བ་ལའང་གསུམ། དང་པོ་སྣོད་རུང་གི་སློབ་མ་ལ་འཁོར་གསུམ་ཡོངས་སུ་དག་པར་བྱས་ཏེ་ཆོས་འདས་ཀྱི་དོན་བསྟན་པའི་ཞུ་བ་འབུལ་བ་ནི་སྔོན་དུ་སོང་གྲུབ། གཉིས་པ་སྣོད་དང་ལྡན་ནམ་དྲི་བ་ནི་འདི་ལ་གསན་འཚལ། ཀྱེ༔ སྐལ་ལྡན་རྣལ་འབྱོར་ཁྱོད་ཉོན་དང༔ ཐེག་པའི་རྒྱལ་པོ་སྤྱི་ཏི་ཡང་ཏི་འདི༔ ཐ་མལ་འཁྲུལ་སྣང་འཛིན་པའི་སྤྱོད་ཡུལ་མིན༔ རྟག་ཆད་ལོག་པར་ལྟ་བའི་སྤྱོད་ཡུལ་མིན༔ ཐེག་དམན་རང་དོན་སྒྲུབ་པའི་སྤྱོད་ཡུལ་མིན༔ ས་ལམ་རིམ་པར་བགྲོད་པའི་སྤྱོད་ཡུལ་མིན༔ བློས་བཏགས་གྲུབ་མཐའ་འཛིན་པའི་སྤྱོད་ཡུལ་མིན༔ གཉིས་འཛིན་བླང་དོར་སྤྱོད་པའི་སྤྱོད་ཡུལ་མིན༔ ཡིད་གཟུགས་དམིགས་པ་སྒོམ་པའི་སྤྱོད་ཡུལ་མིན༔ བསྙེན་སྒྲུབ་གཟུང་འཛིན་སྤྱོད་པའི་སྤྱོད་ཡུལ་མིན༔ ནན་བརྟགས་ཚིག་ལ་འཆེལ་བའི་སྤྱོད་ཡུལ་མིན༔ སྨྱོན་སྤྱོད་བབ་ཅོལ་སྤྱོད་པའི་སྤྱོད་ཡུལ་མིན༔ སྐུ་གསུམ་འབྲས་བུ་འདོད་པའི་སྤྱོད་ཡུལ་མིན༔ ཤེས་རབ་སྙིང་རྗེ་ཐོད་རྒལ་བློ་ལྡན་པའི༔ ཆིག་ཆོད་སྣོད་དང་ལྡན་ན་བསྟན་པར་བྱ༔ ཞེས་དྲིས་པས་སྐྱོན་དེ་དག་ལས་ལྡོག་པའི་ཡོན་ཏན་གྱི་སྣོད་མཆོག་དང་ལྡན་པར་གྲུབ་ནས། གསུམ་པ་དོན་ལ་དགོངས་པའི་སྦྱོར་བ་ལ་བདུན་ཏེ། མཐུན་རྐྱེན་རྫས་དང་ཡོ་བྱད་གསག་པ། ཕྱོགས་རིས་སྤངས་པའི་དབེན་གནས་སུ་འགྲོ་བ། མཁའ་ཀློང་ཡངས་པའི་མཆོད་ཁང་གཟུང་བ། འགྱུར་མེད་དོན་གྱི་དཀྱིལ་འཁོར་བཞེངས་པ། མ་བསྐྱེད་ཡོངས་རྫོགས་ཀྱི་ལྷ་ཚོགས་དགོད་པ། རྒྱ་ཆད་མེད་པའི་ཚོགས་མཆོད་བཤམས་པ། ཕྱོགས་མེད་ཡོངས་རྫོགས་ཀྱི་ཚོགས་མཆོད་གསག་པ། དེ་རེ་རེ་ལའང་ཕྱི་ནང་གསང་བ་གསུམ་གསུམ་དུ་དབྱེ་བ་རྣམས་ལེགས་པར་ཚོགས་ནས།། །།སྤྱི་དོན་གཉིས་པ་དངོས་གཞི་ལ་གཉིས། འགྱུར་མེད་དབྱིངས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་དང་། རྩོལ་བྲལ་རང་གནས་ཀྱི་རང་ངོ་སྤྲོད་པའོ། །དང་པོ་ལ་བཅུ་བཞི་རུ་གསུངས་པའི་ཐོག་མར་སྐྱབས་སུ་འགྲོ་བ་ལ། ཁྱེད་རང་རྣམས་སྐྱེ་མེད་ཀྱི་དོན་མ་རྟོགས་ན་ཅིས་ཀྱང་དགོས་པ་མེད་སྙམ་པ་རྒྱུད་ལ་བསྟེན་མཛོད། ཀྱེ་ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ རང་སེམས་ཡེ་ནས་ཀ་དག་སངས་རྒྱས་ཏེ༔ བློས་བཏགས་གཉིས་འཛིན་མཐའ་སྟོང་དམ་པའི་ཆོས༔ བདག་འཛིན་རང་དག་རང་གྲོལ་དགེ་འདུན་ཏེ༔ དགུ་རྩེའི་བླ་མེད་འདི་ལ་འཇུག་འདོད་ན༔ མཆོག་གི་སྐྱབས་འགྲོ་རྟག་ཏུ་ཤེས་པར་གྱིས༔ རང་གི་སེམས་ཉིད་ཀ་དག་གི་ངོ་བོ་སངས་རྒྱས། གཉིས་ཆོས་ཀྱི་སྤྲོས་པ་བྲལ་བ་དམ་ཆོས། བདག་འཛིན་རང་སར་གྲོལ་བ་དགེ་འདུན་ཏེ། དོན་དམ་པའི་དཀོན་མཆོག་གསུམ་པོ་མ་བཙལ་རང་ལ་རྫོགས་པ་ལ་ཤེས་བཞིན་གྱི་བློས་འདུད་པའི་མོས་པས་འདིའི་རྗེས་ཟློས། ཨ་ཧོཿདེང་སང་དུས་ནས་སྐལ་ལྡན་བདག༔ མཆོག་གི་སྐྱབས་འགྲོ་བླ་མེད་དཀོན་མཆོག་གསུམ༔ མ་བཙལ་རང་ལ་རྫོགས་པ་འདིར་འདུད་པས༔ དཔའ་བོ་ཆེན་པོའི་ཐུགས་རྗེས་གཟུང་དུ་གསོལ༔ ཞེས་ལན་གསུམ་གྱིས་ཁས་བླང་། དེ་ལྟར་ནམ་ཡང་འབྲལ་མེད་དུ་ཤེས་པ་ནི་སྐྱབས་སུ་འགྲོ་བའི་བསླབ་བྱའོ། །སེམས་བསྐྱེད་པ་ནི། བརྟགས་སྣང་ཞེན་གསུམ་གྱི་ཆོས་ལས་མ་གྲོལ་ན། རང་གཞན་ཐམས་ཅད་སྡུག་བསྔལ་ལས་མ་འདས་པར་འདུག་ཨང་སྙམ་པ་རྒྱུད་ལ་བསྟེན་ཅིག །ཀྱེ་ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ སྐྱེ་མེད་མཚོན་འདས་མ་གོ་སེམས་ཅན་རྣམས༔ དངོས་པོ་མེད་ལ་དངོས་པོ་མཚན་མར་བཟུང༔ ཕྱོགས་མེད་དོན་ལ་ཀུན་བརྟགས་གྲུབ་མཐར་ཞེན༔ གཉིས་མེད་ཆོས་ལ་བླང་དོར་མཚན་མར་སྤྱོད༔ བདག་ཏུ་འཛིན་པས་འཁོར་བར་ཀུན་མནར་པས༔ མིང་མེད་མཐའ་སྟོང་དོན་འདི་རྟོགས་པར་གྱིས༔ ཚིག་རྗེས་སུ་དོན་དྲན་པས་སེམས་བསྐྱེད་པར་དམ་བཅའ་བ་འདིའི་རྗེས་ཟློས། ཨ་ཧོ༔ དེང་ནས་གཟུང་སྟེ་འཁོར་བ་མ་སྟོངས་བར༔ ཐོད་རྒལ་བླ་མེད་དོན་ལས་མ་གཡོས་ཀྱང༔ ཕྱོགས་འཛིན་མཚན་མར་བཅིངས་པའི་འགྲོ་བ་རྣམས༔ བླ་མེད་ཆོས་འདས་དོན་ལ་འགོད་པར་བྱའོ༔ ལན་གསུམ། འབྲས་བུ་ལ་སྨོན་ཞིང་ལམ་གྱི་བསླབ་པ་ལ་འཇུག་པ་དང་། དེ་ཐམས་ཅད་རང་བྱུང་མཐའ་བྲལ་གྱི་ལྟ་བས་ཟིན་པར་བྱེད་པའི་བསླབ་པ་ལ་བརྩོན་པར་བྱ་དགོས་སོ། །གཉིས་པ་དོན་བྱང་ཆུབ་ཆེན་པོའི་ཆུས་སེམས་ཀྱི་དྲི་མ་བཀྲུ་བ་ནི། བརྡའི་བུམ་པའི་ཆུས་བཀྲུ་བ་ཡིན་ཏེ། ཨེ་མ་སྐལ་ལྡན་རྣལ་འབྱོར་པ༔ སེམས་ཉིད་ཀ་དག་རྣལ་མ་ཟང་ཀ་ལ༔ སེམས་ཀྱི་སྣང་ཚུལ་གཟུང་འཛིན་བརྟགས་པ་ཡིས༔ མེད་ལས་དངོས་པོར་སྣང་བའི་འཁྲུལ་པར་ཤར༔ སྐུ་གསུམ་རང་གནས་ལྷུན་གྲུབ་ཆུ་རྒྱུན་གྱིས༔ རྣམ་རྟོག་གཉིས་འཛིན་རང་སར་དག་པར་གྱིས༔ དྷརྨ་ཀཱ་ཡ་ཨ་ཧོ་སུ་ཁ་ཤུདྡྷ་ཨ་ཨ༔ ལན་གསུམ། སེམས་ཉིད་ཀ་དག་གི་ངོ་བོ་གློ་བུར་འཁྲུལ་པའི་དྲི་མས་བསྒྲིབས་པ་ལ་སྐུ་གསུམ་རང་གནས་ལྷུན་གྲུབ་ཀྱི་ཆུས་བཀྲུས་པས་གཉིས་རྟོག་རང་སར་དག་པའི་དོན་ཡིན་ནོ། །གསུམ་པ་ཕྱོགས་འཛིན་བློས་བྱས་ཀྱི་སྡིག་པ་བཤགས་པ་ནི། ཁྱེད་རང་རྣམས་དེ་སྔ་ཕན་ཆད་ཕྱོགས་འཛིན་བློས་བརྟགས་ཀྱི་གྲུབ་མཐའ་ལ་ཞུགས་ཏེ། རྩོལ་སྒྲུབ་ཀྱི་མཚན་མ་ལ་སྤྱོད་པ་དེ་རེ་མ་ལེགས། ད་ནི་རེ་འགྱོད་ན་སྙམ་དུ་སོམས་ཤིག །ཉོན་ཅིག་ཐེག་ཆེན་སྐལ་ལྡན་རིགས་ཀྱི་བུ༔ སེམས་ཉིད་ངེས་པ་དོན་གྱི་གནས་ལུགས་ནི༔ ཕྱོགས་མེད་ཀུན་གྲོལ་བློ་ལས་འདས་པ་ལ༔ དམན་པའི་བྱིས་པ་མཐར་འཛིན་ལམ་ལ་བཀོད༔ གཉིས་འཛིན་སྡིག་པས་སངས་རྒྱས་རྒྱང་དུ་འཕངས༔ དེ་ཡི་ཉེས་པ་དུས་འདིར་བཤགས་པར་བྱ༔ མ་རིག་འཁྲུལ་པའི་བློ་རྟོག་གི་ཉེས་པ་སྙིང་ཐག་པ་ནས་འགྱོད་པས་བཤགས་པར་མོས་ལ་འདིའི་རྗེས་ཟློས། ཨ་ཧོ་བསྐལ་པར་ལམ་ལ་ཞུགས་ནས་འབད་བཙལ་ཡང༔ ཆོས་འདས་བླ་མེད་དགོངས་པ་མ་མཐོང་བས༔ བློས་བརྟགས་ལྟ་བ་ཡིད་གཟུང་སྒོམ་པ་དང༔ ཆེད་བྱས་སྤྱོད་པ་ཡིད་སྨོན་འབྲས་བུ་ཡིས༔ ཡང་དག་དོན་ལས་གོལ་བའི་ཉེས་པ་རྣམས༔ རབ་ཏུ་གནོང་འགྱོད་གཏིང་ཡངས་ཀློང་དུ་བཤགས༔ ལན་གསུམ། དེང་ཕྱིན་ཆད་སྡོམ་པ་ཕྱོགས་མེད་ཀུན་གྲོལ་ཆེན་པོ་ལས་མི་འདའ་བར་བྱ་དགོས་སོ། །བཞི་པ་ཆགས་མེད་ཞེན་མེད་ཀྱི་ཡོན་དབུལ་བ་ནི། ཁྱེད་རང་རྣམས་ཀྱིས་རང་དང་གཞན་གྱིས་བསྡུས་པའི་ལུས་དང་ལོངས་སྤྱོད་ཐམས་ཅད་དངོས་དང་ཡིད་ཀྱིས་བླ་མ་ལ་ཕུལ་བར་མོས་པས་འདིའི་རྗེས་ཟློས། ཀྱེ་མ་དཔལ་ལྡན་འགྲོ་བའི་མགོན༔ ཐོག་མེད་དུས་ནས་ད་ལྟའི་བར༔ འཛིན་པའི་ཕུར་པ་ངོས་མེད་འདོད་པ་དང༔ དུག་དང་འདྲ་བའི་ཆགས་སྡང་གཟུང་འཛིན་གྱིས༔ ད་ལྟའི་བར་དུ་འཁོར་བའི་འདམ་དུ་མནར༔ ང་བདག་དབང་གིས་གཉིས་འཛིན་མ་ལུས་པ༔ དུས་འདིར་ཆགས་པ་མེད་པར་འབུལ་ལགས་ཀྱིས༔ ཀུན་འབྱུང་སེམས་ཉིད་ནོར་བུ་བདག་ལ་སྩོལ༔ ཅེས་དབུལ་ལོ། །ལྔ་པ་ས་ཆིག་ཆོད་ཀྱིས་དཀྱིལ་འཁོར་དུ་འཇུག་པར་གསོལ་བ་གདབ་པ་ནི། ཕྱག་དང་བསྐོར་བ་གྲངས་མེད་པར་བྱས་པར་མོས་ལ་འདིའི་རྗེས་ཟློས། ཨེ་མ་དཔལ་ལྡན་འགྲོ་བའི་གཙོ༔ ཡེ་ནས་བདེ་གཤེགས་སྙིང་པོ་ལ༔ ཉོན་མོངས་མ་རིག་ལས་དབང་གིས༔ རང་གི་དེ་ཉིད་ངོ་མ་ཤེས༔ བསྐལ་པར་བཙལ་ཡང་དེ་མ་རྙེད༔ ལྷན་ཅིག་གནས་ཀྱང་ཞལ་མ་མཇལ༔ ཉོན་མོངས་དུག་ལྔའི་དབང་གྱུར་ནས༔ ཁམས་གསུམ་འཁོར་བར་འཁྱམས་པ་འདི༔ ཐོག་མའི་སངས་རྒྱས་རྣམས་དང་སྤྲོད༔ ཆོས་ཉིད་མ་བུ་ངོ་སྤྲོད་ཕྱིར༔ མི་འགྱུར་ཆིག་ཆོད་དཀྱིལ་འཁོར་སྟོན༔ འཁོར་བའི་འདམ་ནས་འདོན་དུ་གསོལ༔ བླ་མ་ཁྱེད་ཀྱིས་བྱིན་གྱིས་རློབས༔ ཀ་དག་འོད་ཀྱི་གྲོང་མཆོག་ཏུ༔ སྐྱབས་མེད་བདག་ནི་གཞུག་པར་འཚལ༔ ལན་གསུམ། དྲུག་པ་ཡང་དག་དོན་ལ་འཇུག་པའི་བར་ཆད་འདྲི་བ་ནི་འདི་ལ་གསན་པས་ཁྱབ་སྟེ། ཨེ་མ་སྐལ་ལྡན་དེ་སྐད་ཞུ་བ་ལེགས༔ ཡ་ཐོག་བླ་མེད་དོན་གྱི་དཀྱིལ་འཁོར་འདིར༔ འཇུག་པའི་གང་ཟག་རབ་ཏུ་དཀའ་བ་ཡིན༔ རྟག་ཆད་གཟུང་འཛིན་སྤྱོད་པས་འདི་མི་མཐོང༔ ཐེག་དམན་བྱིས་པའི་བློ་ཡིས་འདི་མི་མཐོང༔ ཡུལ་སེམས་གཉིས་སུ་ལྟ་བས་འདི་མི་མཐོང༔ བདེན་པ་གཉིས་སུ་ལྟ་བས་འདི་མི་མཐོང༔ ལྟ་སྤྱོད་ཟུང་འབྲེལ་སྤྱོད་པས་འདི་མི་མཐོང༔ སྐྱེ་འགག་གཉིས་སུ་ལྟ་བས་འདི་མི་མཐོང༔ ཐབས་དང་ཤེས་རབ་ལྟ་བས་འདི་མི་མཐོང༔ དབྱིངས་དང་ཡེ་ཤེས་ལྟ་བས་འདི་མི་མཐོང༔ ཐམས་ཅད་ཆོས་སྐུར་འདོད་པས་འདི་མི་མཐོང༔ གཞན་ལྟ་རྒྱབ་ཀྱིས་ཕྱོགས་པས་འདི་མི་མཐོང༔ རང་ལྟ་མངོན་པར་ཞེན་པས་འདི་མི་མཐོང༔ དགག་སྒྲུབ་བླང་དོར་ཅན་གྱིས་འདི་མི་མཐོང༔ འགྱུར་མེད་དཀྱིལ་འཁོར་ཆེན་པོར་འཇུག་འདོད་ན༔ གཟུང་འཛིན་སྒྲོག་ཁྲོལ་སེམས་ཀྱི་དྲི་མ་སོལ༔ ཞེ་འདོད་རྩིས་གདབ་བླང་དོར་མ་བྱེད་པར༔ ཆགས་ཞེན་གཡོ་རྩོལ་བྲལ་བས་འཇུག་པར་གྱིས༔ ཐེག་བརྒྱད་བླང་དོར་དུ་ལྟ་བ་དང་། དགུ་པ་བསྒྲུབ་སྩོལ་ཞེ་འདོད་དང་བཅས་པའི་བློ་ཅན་ཡང་རྩེའི་དཀྱིལ་འཁོར་འདིར་འཇུག་པའི་བར་ཆད་དུ་གྱུར་པས། ཞེ་འདོད་བླང་དོར་གྱི་ཡིད་བྱེད་དང་བྲལ་བས་འགྱུར་མེད་དཀྱིལ་འཁོར་ཆེན་པོར་འཇུག་དགོས་པར་ཤེས་པར་གྱིས་ཤིག །བདུན་པ་སྒྲོག་མེད་རྣམ་གྲོལ་གྱི་ལམ་དུ་འཁྲིད་པ་ནི། མ་རིག་པས་ལྡོངས་པར་མཚོན་པའི་དར་རས་ནག་པོས་གདོང་འཆིང་བ་དང་། རིན་ཆེན་མེ་ཏོག་ཆུན་པོ་ཕྱག་ཏུ་ཐོགས་པར་ཞུ། ཞེས་མིག་དར་མེ་ཏོག་སྦྱིན་ཅིང་། དར་ལམ་དཀར་པོས་ཡོལ་བའི་ནང་དུ་དྲངས་ལ། དྲི་མེད་ཀ་དག་གི་བརྡར་དར་དཀར་པོའི་ལམ་ལ་འཇུས་ཏེ་དཀྱིལ་འཁོར་དུ་ཞུགས་པར་མོས་ཤིག །ཀྱེ་མ་འཁོར་བའི་སེམས་ཅན་ཁྱོད༔ མ་རིག་སྲིད་པའི་དྲི་མ་ཡིས༔ ཡང་དག་ལམ་སྟོར་ལོག་པར་འཁྱམས༔ སྒྲོག་མེད་རྣམ་གྲོལ་ལམ་བསྟན་གྱིས༔ ངེས་དོན་ཡང་དག་བླ་མ་ཡི༔ སྐུ་གསུང་ཐུགས་ཀྱི་རྗེས་སུ་ཤོག༔ ༔བརྒྱད་པ་རྟོག་ཚོགས་ཕུང་པོའི་བགེགས་བསྐྲད་པར་བྱ་བ་ཡིན་ཏེ། ཧཱུྃ༔ གནས་ལུགས་ཡང་དག་དགོངས་པ་ལ༔ བར་དུ་གཅོད་པའི་བདུད་དང་བགེགས༔ འདྲེ་གདོན་རྟོག་ཚོགས་ཕྱི་ཡི་བགེགས༔ ཕུང་པོ་ངར་འཛིན་ནང་གི་བགེགས༔ བདག་ལྟའི་འགོང་པོ་གསང་བའི་བགེགས༔ རང་དག་རང་སར་ཀློང་དུ་དེངས༔ ཞེས་ལན་གསུམ་བརྗོད་ལ་གུ་གུལ་གྱིས་བདུག །དེ་ལྟར་གཟུང་འཛིན་རྟོག་ཚོགས་ཀྱི་རྩ་བ་ངར་འཛིན་དང་བཅས་པ་ཀ་དག་གི་ཀློང་དུ་རང་སང་དུ་དེངས་པ་ནི་བགེགས་བསྐྲད་པའི་དོན་ཏོ། །དགུ་པ་སྙིང་པོ་ཀ་དག་དོན་གྱི་ལྷ་གསལ་གདབ་པ་ནི། གཞི་གནས་ལུགས་རྣམ་དག་ཆེན་པོའི་གཞལ་ཡས་སུ། ཡང་དག་དོན་གྱི་ལྷ་ལྔ། རང་རིག་ཡེ་ཤེས་ཀྱི་ལྷ་མོ་བཞི། མ་བསྐྱེད་བདུད་འདུལ་གྱི་སྒོ་བཞིའི་དོན་གསལ་གདབ་པ་ནི་སློབ་དཔོན་གྱིས་བགྱི་བར་གདའ་སྟེ། ཨ་ ཀུན་གཞི་མཁའ་དབྱིངས་ཀློང་དཀྱིལ་དུ༔ ཞེས་པ་ནས། མ་ཧཱ་སུ་ཁ་ཨ་ཨ༔ ཞེས་པའི་བར་འོག་ནས་འབྱུང་བ་ལྟར་བརྗོད་ལ་དོན་གསལ་གདབ། བཅུ་པ་བློ་དམན་གྱི་རང་རྒྱུད་སྦྱོང་བ་ནི། ཐེག་པའི་རིམ་པ་རྣམས་ཀྱི་སོ་སོའི་མཚན་ཉིད་དང་། གོང་འོག་གི་ཁྱད་པར་ཤེས་པས་འོག་མ་ལ་མངོན་ཞེན་དགྲོལ་བར་གྱིས་ཤིག །ཀྱེ་མ་ཉོན་དང་སྐལ་ལྡན་རིགས་ཀྱི་བུ༔ གནས་ལུགས་གཞི་ཡི་ངང་ལ་གཉིས་མེད་དེ༔ ང་བདག་མ་རིག་དབང་གིས་འཁྲུལ་པར་སྣང༔ རང་རྒྱུད་བཅིངས་པའི་འགྲོ་བ་དྲང་བའི་ཕྱིར༔ བློ་ཡི་རིམ་སྦྱར་ཐེག་པའི་རིམ་པ་གསུངས༔ དད་དང་བརྩོན་པས་ལམ་དེར་ལེགས་ཞུགས་ཀྱང༔ ཀུན་བརྟགས་གྲུབ་མཐར་དངོས་འཛིན་མ་ལོག་པས༔ གྲོལ་འདོད་ཆོས་ཀྱིས་རང་རྒྱུད་སླར་ལ་བཅིངས༔ དེར་འཛིན་གཉིས་འཛིན་མདུད་པ་འགྲོལ་བའི་ཕྱིར༔ ང་བདེན་རང་འདོད་ཞེན་པ་མེད་པར་གྱིས༔ ལན་གསུམ། བཅུ་གཅིག་པ་རིན་ཆེན་གྱི་ཡོན་དབུལ་བ་ནི། སྣང་ཚུལ་རྫས་ཀྱི་རིན་ཆེན་ལྔའི་བུམ་པ། རང་སྣང་དོན་གྱི་རིན་ཆེན་ལྔའི་བུམ་པ། གཉིས་མེད་རང་གྲོལ་སྐུའི་བུམ་པ་སྟེ། ཐིག་ལེ་ཉག་གཅིག་ཏུ་རྟོགས་པར་བྱས་ལ་བླ་མ་ལ་དབུལ་བར་མོས་པས་འདིའི་རྗེས་ཟློས། ཧོ་ ཕྱི་ནང་གསང་བ་དོན་གྱི་རཏྣ་ལྔ༔ གཉིས་མེད་ཐིག་ལེ་གཅིག་ཏུ་རབ་རྟོགས་པས༔ མིང་མེད་མཐའ་སྟོང་གཏིང་ཡངས་ངང་དུ་འབུལ༔ དོན་གྱི་ལྷ་ངོ་བསྟན་ཕྱིར་བཞེས་སུ་གསོལ༔ ཞེས་འབུལ་ལོ། །བཅུ་གཉིས་པ་འགྱུར་མེད་ཀྱི་དཀྱིལ་འཁོར་བསྟན་པར་ཞུ་བ་འདིའི་རྗེས་ཟློས། ཀྱེ་ཧོ་དཔལ་ལྡན་སྙིང་པོའི་བདག༔ འཁོར་བར་མནར་པའི་སེམས་ཅན་རྣམས༔ མ་རིག་ལྡོངས་པའི་མིག་ཕྱེས་ལ༔ འགྱུར་མེད་དོན་གྱི་དཀྱིལ་འཁོར་དང༔ མ་བསྐྱེད་དོན་གྱི་ལྷ་ཚོགས་རྣམས༔ སྐལ་ལྡན་བདག་ལ་དུས་འདིར་སྟོན༔ ལན་གསུམ། བཅུ་གསུམ་པ་མིག་དབྱེ་ཞིང་དོན་གྱི་དཀྱིལ་འཁོར་བསྟན་པ་ནི། ཡེ་ཤེས་ཀྱི་འཆར་སྒོ་དབྱེ་བའི་བརྡར་གདོང་གཡོགས་བསལ་བར་མོས་ཤིག །ཀྱེ་ ཁྱོད་ནི་སྐལ་ལྡན་རིགས་ཀྱི་བུ༔ ཐོག་མ་མེད་པའི་དུས་ཉིད་ནས༔ གནད་དོན་མ་ཤེས་དོན་མ་མཐོང༔ མ་རིག་མུན་པས་མིག་ལོང་པ༔ དེང་འདིར་ཤེས་རབ་འོད་གསལ་གྱིས༔ མ་རིག་ལྡོངས་པའི་མིག་དབྱེ་ཡིས༔ མི་འགྱུར་ལྷ་ཚོགས་བལྟ་བར་གྱིས༔ རང་རིག་ཡེ་ཤེས་འོད་གསལ་བསྟན༔ ཐོག་མའི་སངས་རྒྱས་ངོ་སྤྲད་དོ༔ ཞེས་མིག་དར་བསལ་ལ། དྲི་མེད་ཡེ་ཤེས་ཀྱི་མཐོང་བ་ཐོབ་པ་ལ་ཡང་དག་དོན་གྱི་དཀྱིལ་འཁོར་བརྡ་སྤྲད་པ་ནི་འདི་ལ་གསན་པར་ཞུ། ཀྱེ་ སྐལ་ལྡན་བུ་ཁྱོད་ཚུར་ཉོན་ཅིག༔ སེམས་ཉིད་གནས་ལུགས་གཅིག་གི་རང་ངོ་ལ༔ དོན་གྱི་དཀྱིལ་འཁོར་རྫོགས་པར་ངས་བསྟན་གྱིས༔ བུ་ཁྱོད་རང་གིས་རང་ལ་ཅེར་རེ་ལྟོས༔ མ་དྷལ་བྱིལ་བྱིལ་ཆོས་རྣམས་མཉམ་པའི་བརྡ༔ འགྱུར་མེད་ཐིག་ལེ་འགག་མེད་ཡེ་ཤེས་མཚོན༔ དབུས་ཀྱི་ཟླུམ་པོ་ཐིག་ལེ་སྤྲོས་མེད་དེ༔ ཚོགས་བརྒྱད་སྐྱོན་མེད་རང་ཤར་པདྨ་བརྒྱད༔ བླ་མེད་ཡེ་ཤེས་ལྔ་ལྡན་ཕྱོགས་བཞི་དབུས༔ ཚད་མེད་གྲྭ་བཞི་གཏན་ཚིགས་བཞི་སྒོ་བཞི༔ རིགས་བཞིའི་རྟགས་སུ་ཟུར་བཞི་པ༔ དཀར་སེར་སྔོ་ནག་ལྗང་དང་ཁ་དོག་ལྔ༔ མི་གཡོ་རྒྱ་ཆད་མེད་དང་ཕྱོགས་ལྷུང་མེད༔ བརྟན་དང་འགྱུར་བ་མེད་པ་ལྔ་ཡི་རྟགས༔ མ་འགགས་རོལ་པའི་འདོད་ཡོན་ལྷ་མོ་ལྔ༔ ཆོས་དང་ཆིག་ཆོད་དབྱེར་མེད་དྲྭ་ཕྱེད་པར༔ སྒོ་རྒྱན་ཆིག་ཆོད་རང་གསལ་རང་སྣང་སྟེ༔ རྟ་བབས་རིམ་དགུ་མ་སྤང་རྫོགས་པའི་རྟགས༔ མཐའ་བཞིའི་སྤྲོས་པ་གཅོད་པའི་འཁོར་ལོ་བཞི༔ དགུ་རྩེའི་ཆོས་འཁོར་བསྐོར་ཕྱིར་གདུགས་ཀྱིས་སྤྲས༔ འགྱུར་མེད་ཀ་བ་མཁའ་གསལ་ཉི་ཟླས་མཚན༔ བླ་མ་དགོས་འདོད་ཀུན་འབྱུང་རིན་ཆེན་ཏོག༔ མཚན་མ་ཟིལ་གྱིས་གནོན་པ་རྡོ་རྗེའི་རྭ༔ བློས་བརྟགས་མཚན་མ་སྲེག་པས་མེ་རི་འོ༔ ཡང་དག་དོན་གྱི་དཀྱིལ་འཁོར་ལྷ་ཚོགས་ངོ་སྤྲོད་པའང་འདི་ལྟ་སྟེ། དབུས་སུ་གཟུགས་ཕུང་དག་པ་བུམ་པ་ཆིག་ཆོད་ནམ་མཁའི་རང་བཞིན་གྱི་སྟེང་དུ་གསེར་གྱི་རྡོ་རྗེ་གཏི་མུག་རྣམ་དག་ཆོས་སྐུ་སྐྱེ་བ་མེད་པ། ཤར་དུ་རྣམ་ཤེས་དག་པ་ཉི་ཟླའི་སྟེང་དུ་ཞེ་སྡང་རྣམ་དག་མེ་ལོང་ཡེ་ཤེས་རང་བྱུང་ལོངས་སྤྱོད་རྫོགས་སྐུ། ལྷོ་རུ་ཚོར་བ་དག་པ་མཁའ་ལྡིང་གི་སྟེང་དུ་ང་རྒྱལ་རྣམ་དག་བམ་རོ་ཡིད་ལ་མི་བྱེད་པ་སྤྲུལ་སྐུ། ནུབ་ཏུ་འདུ་ཤེས་དག་པ་རྒྱ་མཚོའི་སྟེང་དུ་འདོད་ཆགས་རྣམ་དག་ཆུ་ཚྭ་འོ་མ་དབྱེར་མེད་ངོ་བོ་ཉིད་སྐུ། བྱང་དུ་འདུ་བྱེད་དག་པ་རླུང་གི་སྟེང་དུ་ཕྲག་དོག་རྣམ་དག་འཇའ་ཚོན་བྱ་བ་མཐར་ཕྱིན་མངོན་པར་བྱང་ཆུབ་པའི་སྐུ། མཚམས་བཞིར་དྲན་རིག་འགྱུ་བྱེད་རང་དག་པདྨའི་སྟེང་དུ་དྲི་དང་རེག་བྱ་སྒྲ་དང་རོའི་ཚོར་བ་རྣམ་པར་དག་པར་མཚོན་པ་དྲི་ཞིམ་གྱི་སྤོས་སོགས་གསལ་རིག་བདེ་སྟོང་གི་ལྷ་མོ་ཆེན་མོ་བཞི། སྒོ་བཞིར་སྐྱེ་རྒ་ན་འཆི་སྒྱུ་མའི་འཁྲུལ་འཁོར་བཞི་པོར་མཚོན་པའི་གདན་སྤྲིན་དང་འཇའ་ཆེན་པོ་སྨིག་རྒྱུ་ན་བུན་གྱི་སྟེང་ཞེན་ཆགས་འཁྲུལ་འཛིན་གྱི་བདུད་བཞི་ཆོམས་པའི་སྒོ་སྲུང་སྐྱེ་མེད་མཁའ་གསལ་ལ་སོགས་པ་བཞི་སྟེ། མདོར་ན་སེམས་ཉིད་འགྱུར་བ་མེད་པའི་གཙོ་ལ། རིག་རྩལ་འགག་པ་མེད་པའི་འཁོར་གྱིས་བསྐོར་བ་མ་བྲིས་ཡོངས་རྫོགས་ཀྱི་རྟེན་དང་མ་བསྐྱེད་ཡོངས་རྫོགས་ཀྱི་བརྟེན་པར་བཅས་པའི་རང་ངོ་མངོན་སུམ་དུ་མཐོང་བར་མོས་ཤིག །བཅུ་བཞི་པ་རིག་པའི་མེ་ཏོག་དོར་ཞིང་གསང་མཚན་གདགས་པ་ནི། ཁྱེད་རང་རྣམས་ཀྱི་རིག་པའི་ངོ་བོ་ཨའི་རྣམ་པར་སྙིང་ག་ནས་ཕྱུང་ལ་དོན་གྱི་ལྷ་དགུ་གང་ལ་བབས་པ་དེ་ལྷ་དགུ་གང་དང་འབྲེལ་པ་དེར་བབས་པར་གྱུར་ཅིག་སྙམ་དུ་མིག་དང་རིག་པ་དུས་གཅིག་ལ་གཏད་དེ་འདིའི་རྗེས་ཟློས། ཧཱུྃ༔ གནས་ལུགས་འགྱུར་མེད་དོན་གྱི་དཀྱིལ་འཁོར་འདིར༔ མ་བསྐྱེད་ཡོངས་རྫོགས་དོན་གྱི་ལྷ་ཚོགས་ལ༔ སྣང་ཚུལ་འགག་མེད་རིག་པའི་མེ་ཏོག་འབུལ༔ གཉིས་མེད་བླང་དོར་མེད་པར་བབ་གྱུར་ཅིག༔ ཅེས་རིག་པ་རྒྱང་གིས་འཕེན་པ་དང་མཉམ་དུ་མེ་ཏོག་དོར། དབུས་སུ་བབས་ན། མཁའ་ཀློང་ཡངས་པ་སོགས་གང་ལ་བབས་པ་དེའི་རིགས་དང་མཐུན་པའི་གསང་མཚན་སྤྱི་ལྟར་གདགས་ལ། དེང་ཕྱིན་ཆད་མིང་དེའི་དོན་ཁོ་ན་ལྟར་ཤེས་པར་བྱས་ལ། ཐ་མལ་གྱི་མིང་ལ་འཛིན་པ་བོར་བ་གཅེས་སོ། །དེ་དག་གིས་འགྱུར་མེད་དབྱིངས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་ལེགས་པར་གྲུབ་པ་ཡིན་ནོ།། །།གཉིས་པ་རྩོལ་བྲལ་རང་གནས་ཀྱི་རང་ངོ་སྤྲོད་པ་དངོས་ལ་བཞི་སྟེ། ཀ་དག་རྣལ་མའི་ལྷ་ལ་འགག་མེད་ཀྱི་བསྙེན་པ་བྱ་བ། ཆ་མཐུན་ཁྱད་འཕགས་ཀྱི་བརྡ་དབང་གིས་མ་རིག་པའི་མུན་ཁང་གཏིབས་པ། རིག་པ་སྤྱི་བླུག་གི་དབང་གིས་ཆོས་སྐུ་གཅེར་མཐོང་དུ་ངོ་སྤྲད་པ། མ་བཙལ་ཡེ་རྫོགས་ཀྱི་དབང་གིས་བསྐུར་ཐོབ་མཐའ་གྲོལ་དུ་ལ་བཟླ་བའོ། །དང་པོ་ལ་གཉིས་ཏེ། ཕྱི་འགག་མེད་རྩལ་སྣང་གི་ལྷ་ལ་མཆོད་བསྟོད་བྱ་བ་ནི་གོང་དུ་ལེགས་པར་བགྱིས་པས་ཁྱབ། ནང་གཅིག་ཆོད་དོན་གྱི་ལྷ་ཚོགས་ལ་ཀ་དག་ཏུ་བསྙེན་པ་བྱ་བ་ནི། སྔགས་འོག་མ་བ་དང་མ་འདྲེས་ལ་ཡོངས་སུ་རྫོགས་པར་བསྟན་པའི་ཕྱིར་སྒོ་བསྟུན་པ་སྟེ། དེའང་མིང་ཙམ་ཆ་མཐུན་པ་ལས་དོན་གྱི་ཁྱད་པར་འཕགས་པའི་ཕྲིན་ལས་རྒྱས་བསྡུས་གཉིས་ཡོད་པ་ལས། སྐབས་འདིར་སྙིང་པོ་བསྡུས་པ་ས་བཅད་དགུ་པའི་ཕྲིན་ལས་ཀྱི་གཞུང་བསྲང་བ་ལ་དཔོན་སློབ་གཉིས་ཀས་ཉམས་སུ་བླང་བར་གསུངས་པས། རྡོ་རྗེའི་ཚིག་དོན་ལ་རྗེས་སུ་རྟོག་སྟེ་ཤེས་པ་མ་ཡེངས་པར་ཕྲིན་ལས་ལ་འཇུག་པ་ཞུ། དེ་ལ་དང་པོ་ཡང་དག་དོན་གྱི་ལྷ་ཚོགས་གནས་ལུགས་ཀྱི་དཀྱིལ་འཁོར་དུ་རང་གསལ་གདབ་པ་ནི། ཨ་ ཀུན་གཞི་མཁའ་དབྱིངས་ཀློང་དཀྱིལ་དུ༔ མ་བྲིས་རང་གསལ་དཀྱིལ་འཁོར་འདིར༔ སེམས་ཉིད་འགྱུར་མེད་གཙོ་མཆོག་ལ༔ རིག་རྩལ་འགག་མེད་འཁོར་གྱིས་བསྐོར༔ མ་བསྐྱེད་ཡོངས་རྫོགས་ལྷ་ཚོགས་ནི༔ དབུས་ཕྱོགས་ནམ་མཁའི་གདན་སྟེང་ན༔ གཏི་མུག་རྣམ་དག་བློ་ལས་འདས༔ བསམ་མེད་སྐྱེ་མེད་ཆོས་སྐུ་བཞུགས༔ ཤར་ཕྱོགས་ཉི་ཟླའི་གདན་སྟེང་ན༔ ཞེ་སྡང་རྣམ་དག་སྐྱེ་འགག་མེད༔ རང་བྱུང་ལོངས་སྤྱོད་རྫོགས་སྐུ་བཞུགས༔ ལྷོ་ཕྱོགས་ཁྱུང་གི་གདན་སྟེང་ན༔ ང་རྒྱལ་རྣམ་དག་དྲན་པ་མེད༔ ཡིད་ལ་མི་བྱེད་སྤྲུལ་སྐུ་བཞུགས༔ ནུབ་ཕྱོགས་རྒྱ་མཚོའི་གདན་སྟེང་ན༔ འདོད་ཆགས་རྣམ་དག་སྐུ་གསུང་ཐུགས༔ དབྱེར་མེད་ངོ་བོ་ཉིད་སྐུ་བཞུགས༔ བྱང་ཕྱོགས་རླུང་གི་གདན་སྟེང་ན༔ ཕྲག་དོག་རྣམ་དག་སྐུ་བཞི་རྫོགས༔ མངོན་པར་བྱང་ཆུབ་སྐུ་བཞུགས་སོ༔ བསྐྱེད་ནས་བཞུགས་པ་མ་ཡིན་ཏེ༔ རྩོལ་སྒྲུབ་ལས་འདས་རང་སར་བཞུགས༔ རིགས་ལྔའི་ཆ་མཐུན་ཁྱད་པར་འཕགས༔ མཚམས་བཞིར་མ་བསྐྱེད་ལྷ་མོ་བཞུགས༔ ཤར་ལྷོར་པདྨའི་གདན་སྟེང་ན༔ འཁྲུལ་ཡིད་བྱང་ཆུབ་སེམས་སུ་རིག༔ དྲི་ཡི་རྟག་ཞེན་རྣམ་དག་པ༔ ལྷ་མོ་ཆེན་མོ་རིག་ལྕམ་བཞུགས༔ ལྷོ་ནུབ་པདྨའི་གདན་སྟེང་ན༔ རིག་པ་འཛིན་མེད་གསལ་ལ་དྭངས༔ རེག་བྱའི་རང་བཞིན་རྣམ་དག་པའི༔ ལྷ་མོ་ཆེན་མོ་གསལ་ལྕམ་བཞུགས༔ ནུབ་བྱང་པདྨའི་གདན་སྟེང་ན༔ དྲན་པ་ཡིད་ལ་བྱར་མེད་པའི༔ སྒྲ་ཡི་རང་བཞིན་རྣམ་དག་པ༔ ལྷ་མོ་ཆེན་མོ་བདེ་ལྕམ་བཞུགས༔ བྱང་ཤར་པདྨའི་གདན་སྟེང་ན༔ ཡིད་ལ་འགྱུ་བྱེད་རང་དྭངས་པ༔ རོ་ཡི་ཚོར་བ་ཀུན་སངས་པ༔ གཉིས་མེད་ལྷ་མོ་སྟོང་ལྕམ་བཞུགས༔ ལྷ་མོ་ཆ་མཐུན་ཁྱད་པར་འཕགས༔ མ་བསྐྱེད་སྒོ་བའི་གནས་ཚུལ་ནི༔ ཤར་སྒོ་སྤྲིན་གྱི་གདན་སྟེང་ན༔ སྐྱེ་བའི་ཆོ་འཕྲུལ་རྩད་བཅད་པ༔ སྒོ་སྲུང་སྐྱེ་མེད་མཁའ་གསལ་བཞུགས༔ ཕུང་པོར་ཞེན་པའི་བདུད་རྣམས་བཏུལ༔ ལྷོ་སྒོར་འཇའ་ཚོན་གདན་སྟེང་ན༔ ན་བའི་དུཿཁ་རྩད་བཅད་པ༔ སྒོ་སྲུང་ངང་དྭངས་ཆེན་པོ་བཞུགས༔ ཉོན་མོངས་དུག་ལྔའི་བདུད་རྣམས་བཏུལ༔ ནུབ་ཕྱོགས་སྨིག་རྒྱུའི་གདན་སྟེང་ན༔ རྒས་པའི་དུཿཁ་རྩད་བཅད་པ༔ སྒོ་སྲུང་རང་སངས་ཆེན་པོ་བཞུགས༔ ལྷ་ཡི་བུ་ཡི་བདུད་རྣམས་བཏུལ༔ བྱང་སྒོར་ན་བུན་གདན་སྟེང་ན༔ འཆི་བའི་དུཿཁ་རྩད་བཅད་པ༔ སྒོ་སྲུང་ཆོས་ཉིད་གཏིང་གསལ་བཞུགས༔ འཆི་བདག་བདུད་རྣམས་ཀུན་བཅོམ་ནས༔ སྐྱེ་འཆི་མེད་པའི་ངང་ལ་གནས༔ ཡེ་ནས་སྒོ་སྲུང་རྣམ་བཞི་ཡིས༔ བདུད་རྣམས་བཅོམ་ནས་མཐའ་བརྒྱད་བྲལ༔ ཆགས་འཛིན་ཞེན་པའི་མཚོ་ནས་ཐོན༔ གཟུང་འཛིན་གཉིས་ཀྱི་སྒྲོག་རྣམས་ཁྲོལ༔ དགག་སྒྲུབ་སྤང་ལེན་འདམ་ནས་ཐར༔ དྷརྨ་དྷཱ་ཏུ་མ་ཧཱ་སུ་ཁ་ཨ་ཨ༔ ཞེས་དོན་གྱི་ལྷ་དགུ་གསལ་བཏབ་ལ། སྒོ་བ་བཞིས་བདུད་བཞི་གང་བྱུང་ཡེངས་མེད་དུ་བསྲུང་ངོ་། །གཉིས་པ་རྟོག་མེད་དོན་གྱི་རང་མཚམས་གཅད་པ་ནི། ཧཱུྃ༔ མཚམས་ནི་རང་སེམས་ངང་ལ་གཅད༔ མི་རྟོག་ཡེ་ཤེས་མཚམས་རྒྱལ་གྱིས༔ རང་རྟོག་བགེགས་ཀྱི་རྒྱལ་པོ་བསལ༔ བྱ་བ་མེད་པའི་ལས་རྒྱལ་འདིས༔ གཟུང་འཛིན་ང་བདག་བགེགས་རྣམས་བསྐྲད༔ ཁྲོ་རྒྱལ་ངང་དྭངས་འགྱུར་མེད་ཀྱིས༔ འཁྲུལ་རྟོག་རྟག་ཞེན་བདུད་རྣམས་བསྐྲད༔ དབྱེར་མེད་ཡེ་གསལ་ཡེ་ཤེས་ཀྱིས༔ ཕྱོགས་རིས་བགེགས་བསལ་མཉམ་ཉིད་ཀློང༔ མ་འདྲེས་ཀུན་རྫོགས་ཡེ་ཤེས་ཀྱིས༔ རྩིས་གདབ་བགེགས་བསལ་རྩིས་མེད་གནས༔ དོན་གྲུབ་རང་གསལ་ཡེ་ཤེས་ཀྱིས༔ མཚན་རྟོག་འདོད་པའི་བགེགས་བསལ་ནས༔ འགྱུར་མེད་མཐར་ཕྱིན་དགོངས་པར་གནས༔ སཾ་མྱག་ཨ་རུ་སརྦ་མཱ་ར་ཨུ་ཙ་ཏ་ཡ་ཕཊ༔ ཅེས་སྒོ་བའི་རྒྱབ་རྟེན་དུ་སྤྱོད་ལམ་ཐམས་ཅད་མཚམས་གཅོད་དུ་རྟོགས་པར་བྱའོ། །གསུམ་པ་རྩལ་སྣང་རོལ་པའི་སྤྱན་འདྲེན་གདབ་པ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ སྙིང་པོ་དོན་དམ་ཆོས་སྐུ་ཡང༔ མི་དམིགས་དབྱིངས་ནས་གཤེགས་སུ་གསོལ༔ འོད་གསལ་རྣམ་དག་ཀློང་ཡངས་ནས༔ སྐྱེ་འགག་མེད་པའི་ལོངས་སྐུ་ཡང༔ འོག་མིན་གནས་ནས་གཤེགས་སུ་གསོལ༔ སྣང་སྲིད་མཁའ་ཀློང་བརྡལ་བ་ནས༔ ཀུན་ཁྱབ་དྲན་མེད་སྤྲུལ་སྐུ་ཡང༔ འགྲོ་བའི་དོན་ཕྱིར་གཤེགས་སུ་གསོལ༔ རང་བྱུང་ཀ་དག་ཀུན་གཞི་ནས༔ སེམས་ཀྱི་རྟགས་སྣང་སྣ་ཚོགས་རྣམས༔ སྐྱེ་མེད་བསྟན་ཕྱིར་བཞུགས་སུ་གསོལ༔ མ་ཧཱ་ས་མེ་ཨ་ནུཏྟ་ར་ཨ་བྷི་མུ་ཁེ་མ་ཏ་ཨ༔ ཞེས་འགྲོ་འོང་གཉིས་མེད་བློ་འདས་སུ་རྟོགས་པར་བྱའོ། །བཞི་པ་རྟོགས་པ་དོན་གྱི་ཕྱག་ཆེན་དུ་འབུལ་བ། ཨོཾ་ཨོཾ་ཨོཾ༔ ཀ་དག་སྙིང་པོའི་ལྷ་ཚོགས་ལ༔ རྣམ་རྟོག་གཟུང་འཛིན་ཀུན་ཕྱག་ནས༔ དོན་དམ་འགྱུར་བ་མེད་པར་འཚལ༔ གཉིས་མེད་མཐའ་སྟོང་ཀློང་དུ་བཞེས༔ ཨན་ཏ་བི་མུག་ཏ་ཨུཏྟ་ར་ཏིཥྛ་ཡ་ན་མོ༔ ཞེས་མཐའ་སྟོང་གི་ཀློང་དུ་བསྟིམ་མོ། །ལྔ་པ་མཉམ་ཉིད་ཕྱོགས་བྲལ་དུ་བཞུགས་སུ་གསོལ་བ། ཨ་ཨ་ཨ༔ མཁའ་ཀློང་ཡངས་པའི་གཞལ་ཡས་སུ༔ མཉམ་ཉིད་ཟང་ཀའི་གདན་ཁྲི་ལ༔ ཀ་དག་སྙིང་པོའི་ལྷ་ཚོགས་རྣམས༔ མཚོན་མེད་རང་སར་བརྟན་པར་བཞུགས༔ སཏྭ་ས་མཱ་དྷི༔ བི་མུག་ཏ༔ ཏིཥྛ་ཧཱུྃ༔ ཞེས་གཡོ་རྩོལ་བསམ་བརྗོད་ལས་གྲོལ་བར་ལྷན་གྱིས་བཞག་གོ །དྲུག་པ་འཛིན་མེད་གཞི་བཞེངས་ཀྱི་རང་མཆོད་འབུལ་བ། ཧོ་ཧོ་ཧོ༔ ཡེ་གནས་དོན་གྱི་ལྷ་ཚོགས་ལ༔ སྣང་སྲིད་གཞི་བཞེངས་མཆོད་པ་ནི༔ རང་སྣང་ཡུལ་གྱི་བྱེ་བྲག་ཀུན༔ དགག་སྒྲུབ་མེད་པར་མཆོད་པར་འབུལ༔ འཛིན་པ་སེམས་ཀྱི་དྲན་རྟོག་རྣམས༔ དངོས་པོ་མེད་པར་མཆོད་པར་འབུལ༔ ཕྱི་ནང་གཉིས་སྣང་མ་ལུས་པ༔ དབྱེ་བསལ་མེད་པར་མཆོད་པར་འབུལ༔ ཡུལ་དུ་སྣང་བ་དཀར་དམར་རྣམས༔ སོར་བཞག་ཆེན་པོར་མཆོད་པར་འབུལ༔ སེམས་ལས་བྱུང་བའི་རང་རྩལ་རྣམས༔ རྩིས་གདབ་མེད་པར་མཆོད་པར་འབུལ༔ གཟུང་འཛིན་གཉིས་ཀྱིས་བཅིངས་པ་རྣམས༔ སྤྲོས་ཐག་ཆོད་པར་མཆོད་པར་འབུལ༔ ཕྱི་རོལ་རྟག་ཆད་ཞེན་སྣང་ཀུན༔ རང་གྲོལ་ཆེན་པོར་མཆོད་པར་འབུལ༔ ནང་ན་གསལ་བའི་སེམས་འཛིན་འདི༔ མཐོང་སྣང་མེད་པར་མཆོད་པར་འབུལ༔ སྣང་སྲིད་འཁོར་འདས་མ་ལུས་པ༔ ཆགས་འཛིན་མེད་པར་མཆོད་པར་འབུལ༔ རྒྱ་ནས་འདེགས་ཀྱིས་བཞེས་སུ་གསོལ༔ འཛིན་པ་སེམས་ཀྱི་དྲན་པ་རྣམས༔ ངང་ཡངས་ཆེན་པོར་མཆོད་པར་འབུལ༔ དམིགས་མེད་དབྱིངས་སུ་བཞེས་སུ་གསོལ༔ མ་ཧཱ་པཱུ་ཙ་མེ་ཙི་ཏ་ཨ་ས་མ་ས་དྷརྨ་དྷཱ་ཏུ་བི་ཤུདྡྷ་ཨ་ན་དྷི་པྲ་མུ་ཏི་ཏ་ཨེ་མ་ཧོ༔ སྭསྟི་མཱཾ་ནིར་ཡཱ་ཏ་ཡཱ་མི༔ ཞེས་རང་ལ་རང་གིས་དབུལ་ལོ། །བདུན་པ་བདུད་རྩི་རྣམ་དག་གི་སྨན་མཆོད་འབུལ་བ། ཧཱུྃ༔ རང་བྱུང་ངོ་བོ་སྐྱེ་འཇིག་མེད༔ གཞི་ལ་གདོད་ནས་འཁྲུལ་སྣང་དག༔ རྩ་བ་བྱང་སེམས་རྣམ་ཤེས་བརྒྱད༔ ཐེག་པ་བརྒྱད་ཁྲི་བཞི་སྟོང་རྣམས༔ མཉམ་ཉིད་ཀློང་སྦྱར་ཉོན་མོངས་སྨན༔ རྩ་བ་ཐིག་ལེ་འབུམ་ཕྲག་རྩལ༔ ཡངས་པ་རོལ་པ་བཅུད་སྙིང་པོ༔ དུག་ལྔའི་བདུད་ལ་ཡེ་ཤེས་རྩི༔ རེ་མེད་རང་གནས་འཆི་བ་མེད༔ ར་ནི་ང་བདག་ས་ཆོས་ཉིད༔ ཡཱ་ན་ཐེག་བརྒྱད་ཐམས་ཅད་རྫོགས༔ འདུས་པའི་སྙིང་པོ་སྤྱི་ཏི་ཡིན༔ ཐོག་མཐའ་གཉིས་ཀྱི་གདམས་ངག་གིས༔ འགྲོ་བའི་འཁྲུལ་གཅོད་དབྱིངས་སུ་གྲོལ༔ དུག་ལྔའི་དོན་རྟོགས་རྟག་ཞེན་སེལ༔ བདུད་ནི་རྣམ་རྟོག་ཞེན་མེད་རྩི༔ རིན་ཆེན་འོད་གསལ་ཤེས་པའི་མཆོག༔ ཅེས་ཆེ་བ་རྟོགས་པར་བྱས་ལ༔ དེ་ནས་མཆོད་པ༔ ཧཱུྃ༔ རང་བྱུང་གདོད་ནས་རྣམ་པར་དག༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ རྩ་བ་འབུམ་ཕྲག་ཡངས་པའི་བཅུད༔ འཆི་མེད་བདུད་རྩི་ར་ས་ཡཱན༔ ཐམས་ཅད་འདུས་པའི་སྙིང་པོ་སྟེ༔ འགྲོ་དྲུག་སེམས་ཅན་ཀུན་སྒྲོལ་བའི༔ དུག་ལྔ་སེལ་བའི་བདུད་རྩི་མཆོག༔ ཡོངས་རྫོགས་སྙིང་པོའི་ལྷ་ཚོགས་ལ༔ དམིགས་མེད་དབྱིངས་སུ་མཆོད་པར་འབུལ༔ སྐྱེ་མེད་བདེ་ཆེན་དངོས་གྲུབ་སྩོལ༔ ཨ་ཛ་ཏ་བྷ་ཤི་ཏ་ཤུདྡྷི་མ་ཧཱ་ཨ་མྲྀཏ་སིདྡྷི་ཧྲི་སྟི་སྟ་ཧོ༔ ཞེས་གཉིས་མེད་རྣམ་དག་ཆེན་པོར་མཆོད་དོ། །བརྒྱད་པ་ཡོན་ཏན་གཞི་རྫོགས་ཀྱི་བསྟོད་པ་བྱ་བ་ནི། ཨེ་མ་ཧོ༔ ཀ་དག་ཆོས་དབྱིངས་གཞལ་ཡས་ན༔ ཐིག་ལེ་གཅིག་པུར་བཞུགས་པའི་ལྷ༔ ལྷ་རྣམས་ཀུན་གྱི་གཙོ་བོ་མཆོག༔ བྱང་ཆུབ་སེམས་ལ་ཕྱག་འཚལ་བསྟོད༔ འགྱུར་མེད་ཀུན་ཁྱབ་མཁའ་འདྲའི་སྐུ༔ མ་རིག་མུན་སེལ་ཉི་ཟླའི་སྤྱན༔ འདོད་པ་ཀུན་བྲལ་ཡིད་བཞིན་ཐུགས༔ ལོངས་སྤྱོད་རྫོགས་པའི་སྐུ་ལ་བསྟོད༔ དངོས་པོ་མེད་པ་ཀུན་ཁྱབ་པས༔ སྤྲོས་པ་མཐའ་དག་གཅོད་པར་བྱེད༔ ཐུགས་རྗེས་ཀུན་ཁྱབ་འགྲོ་བའི་མགོན༔ གཉིས་མེད་སྤྲུལ་པའི་སྐུ་ལ་བསྟོད༔ སྐུ་གསུམ་དབྱེར་མེད་མཐའ་ལས་གྲོལ༔ མཐའ་ཡས་བསམ་འདས་ཆོས་རྣམས་ཀུན༔ ཆོས་ཉིད་ངང་དུ་སྡུད་མཛད་པ༔ ངོ་བོ་ཉིད་ཀྱི་སྐུ་ལ་བསྟོད༔ བྱིས་པ་རྣམས་ཀྱིས་རྣམ་བརྟགས་པའི༔ རྩོལ་སྒྲུབ་བྱ་བའི་ལས་རྣམས་ཀུན༔ བྱར་མེད་སྤྲོས་བྲལ་ལྷུན་གྲུབ་པ༔ མངོན་པར་བྱང་ཆུབ་སྐུ་ལ་བསྟོད༔ ཆགས་འཛིན་སྤྲོས་པ་ཀུན་ཆོད་ནས༔ བྱམས་པ་ཆེན་པོས་ཀུན་ལ་ཁྱབ༔ དྲི་ཡི་ཚོགས་ཀུན་རང་སར་སེལ༔ རིག་ལྕམ་སྐུ་ལ་ཕྱག་འཚལ་བསྟོད༔ དགག་སྒྲུབ་སྤང་ལེན་ཀུན་བྲལ་ནས༔ སྙིང་རྗེ་ཆེན་པོས་འགྲོ་བ་འདྲེན༔ རེག་བྱ་ཡུལ་ལ་དབྱེ་བ་མེད༔ གསལ་ལྕམ་སྐུ་ལ་ཕྱག་འཚལ་བསྟོད༔ ཕྱི་ནང་གཉིས་མེད་གཅིག་ཆོད་དང༔ དགའ་བའི་ལས་རྣམས་ཡོངས་སུ་རྫོགས༔ སྒྲ་ཡི་རང་བཞིན་སྤྲོས་མཐའ་གྲོལ༔ བདེ་ལྕམ་སྐུ་ལ་ཕྱག་འཚལ་བསྟོད༔ གཉིས་འཛིན་མཐའ་བརྒྱད་ཀུན་དང་བྲལ༔ རོ་ཡི་རྟག་ཞེན་རྣམ་པར་དག༔ མཉམ་ཉིད་བཏང་སྙོམས་ཡོངས་སུ་རྫོགས༔ སྟོང་ལྕམ་སྐུ་ལ་ཕྱག་འཚལ་བསྟོད༔ རྒྱུ་རྐྱེན་སྐྱེ་འགག་སྤྲོས་དང་བྲལ༔ མཁའ་གསལ་རང་དྭངས་ངོ་བོ་ཉིད༔ འཁོར་བའི་རྟོག་ཚོགས་རང་གྲོལ་བ༔ ཤར་སྒོ་སྲུང་ལ་ཕྱག་འཚལ་བསྟོད༔ ཆོས་རྣམས་མཉམ་ཉིད་ངང་དུ་རྫོགས༔ ཚོར་རིག་འགྱུ་བ་མ་ལུས་པ༔ རང་བྱུང་ངང་ལ་དྭངས་པ་ཉིད༔ ལྷོ་སྒོ་སྲུང་ལ་ཕྱག་འཚལ་བསྟོད༔ འཁྲུལ་པའི་སྣང་བ་མ་ལུས་ཀུན༔ རང་ལས་བྱུང་ནས་རང་དུ་དག༔ མ་བསལ་རང་སར་སངས་པ་ཉིད༔ ནུབ་སྒོ་སྲུང་ལ་ཕྱག་འཚལ་བསྟོད༔ རྟག་དང་ཞེན་པའི་མཚན་མ་རྣམས༔ རང་གྲོལ་གྲོལ་བ་རང་སར་དག༔ གསལ་ལ་དྭངས་པ་ངོ་བོ་ཉིད༔ བྱང་སྒོ་སྲུང་ལ་ཕྱག་འཚལ་བསྟོད༔ ཀཱ་ཡ་ཝཱ་ཀ་མ་ནོ་བི་ཛུ་ཤེ་ཏ་ཨི་ཏི༔ དྷརྨ་ཀཱ་ཡ༔ སཾ་བྷོ་ཀཱ་ཡ༔ ནིརྨ་ཀཱ་ཡ༔ ཨ་ན་དི་ཨ་ཏི༔ ས་མན་ཏ་སརྦ་མ་ཧཱ༔ ཨ་ཛ་ཏ་བྷི་ཤི་ཏ་ཤུདྡྷ༔ མུ་དྷ་ཀ་ཏྲ་ཨ་ཧོ༔ ཞེས་ཆེ་བ་ཡོན་ཏན་མ་བཙལ་ཡེ་ནས་གཞི་རྫོགས་སུ་རྟོགས་པར་བྱའོ། །དགུ་པ་ཡོངས་གྲོལ་ཆོས་འདས་ཀྱི་གཏོར་ཆེན་དབུལ་བ་ནི། དང་པོ་གཏོར་མ་བཤམ་ཞིང་བྱིན་བརླབ་པ་ནི། ཨ་ཧོ་སྣོད་ཀྱི་འཇིག་རྟེན་རིན་ཆེན་སྣོད༔ བཅུད་ཀྱི་འཇིག་རྟེན་གཏོར་མའི་རྫས༔ སྐྱེ་འགྲོ་གཟུགས་སོགས་གཏོར་མའི་རྒྱན༔ རང་ལས་བྱུང་བའི་བདུད་རྩི་ལྔ༔ དུག་ལྔ་ཀ་དག་ཡེ་ཤེས་ལྔ༔ དུག་གསུམ་ཀ་དག་སྐུ་གསུང་ཐུགས༔ རྣམ་ཤེས་རྣམ་ལྔ་གཏོར་མའི་རྒྱན༔ དབང་པོ་ཡུལ་ལྔ་གཏོར་མའི་རྟེན༔ རང་དག་རྒྱལ་བའི་དགོངས་པའི་བཅུད༔ ཨོཾ་ཨཱཿཧཱུྃ་གསུམ་གྱིས་བྱིན་གྱིས་བརླབས༔ ཕྱི་ནང་སྣོད་བཅུད་མ་ལུས་པ༔ མཉམ་ཉིད་བདུད་རྩིའི་རྒྱ་མཚོར་གྱུར༔ སྐྱེ་འགག་མེད་པར་བྱིན་གྱིས་བརླབས༔ ཞེས་པའི་དོན་གྱིས་བརླབས་ལ་དབུལ་བ་ནི། ཨེ་མ་ཧོ༔ སྣང་སྲིད་བསྡུས་པའི་ཆོས་རྣམས་ཀུན༔ སྐྱེ་མེད་དབྱིངས་སུ་མཆོད་པར་འབུལ༔ སྐྱེ་ཤི་རྩད་གཅོད་བྱིན་གྱིས་རློབས༔ བླ་མེད་དཀོན་མཆོག་གསུམ་པོ་ལ༔ སེམས་ཀྱི་རྟག་སྣང་མཆོད་པར་འབུལ༔ བསམ་བརྗོད་མེད་པར་བཞེས་སུ་གསོལ༔ རྟག་སྣང་གྲོལ་བར་བྱིན་གྱིས་རློབས༔ དུས་གསུམ་བདེ་གཤེགས་བསམ་འདས་ལ༔ སྣང་སྲིད་རྒྱས་འདེབས་མཆོད་པར་འབུལ༔ སྐྱེ་བ་མེད་པར་བཞེས་སུ་གསོལ༔ འགྱུར་བ་མེད་པར་བྱིན་གྱིས་རློབས༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ ཉོན་མོངས་བརྒྱད་ཁྲི་གཏོར་མར་འབུལ༔ རང་སར་དྭངས་པར་བཞེས་སུ་གསོལ༔ དུཿཁ་རྣམ་དག་བྱིན་གྱིས་རློབས༔ བཀའ་སྲུང་ཆོས་སྐྱོང་མཁའ་འགྲོ་ལ༔ སེམས་ཀྱི་དྲན་རྟོག་གཏོར་མར་འབུལ༔ འགྱུར་མེད་ཀློང་དུ་བཞེས་སུ་གསོལ༔ སྐྱེ་བ་མེད་པར་བྱིན་གྱིས་རློབས༔ སྙིང་པོ་དོན་གྱི་ལྷ་ཚོགས་ལ༔ བྱུང་ཚོར་ཐམས་ཅད་གཏོར་མར་འབུལ༔ སྤྲོས་ཐག་ཆོད་པར་བཞེས་སུ་གསོལ༔ རྩིས་གདབ་མེད་པར་བྱིན་གྱིས་རློབས༔ སྐུ་ལྔ་རིགས་ལྔ་ཡབ་ཡུམ་ལ༔ ཕྱི་ནང་གཉིས་གཟུང་གཏོར་མར་འབུལ༔ དབྱེ་བསལ་མེད་པར་བཞེས་སུ་གསོལ༔ བཀོལ་བ་མེད་པར་བྱིན་གྱིས་རློབས༔ བདེ་ལྕམ་ལ་སོགས་ལྷ་མོ་ལ༔ ཡིད་རིག་དྲན་སེམས་གཏོར་མར་འབུལ༔ རིག་འགྱུར་སེམས་པ་མེད་པར་བཞེས༔ གཡོ་བ་མེད་པར་བྱིན་གྱིས་རློབས༔ ཤར་གྱི་སྒོ་སྲུང་མཁའ་གསལ་ལ༔ གཟུང་འཛིན་ཞེན་ཆགས་གཏོར་མར་འབུལ༔ དབྱེ་བ་མེད་པར་བཞེས་སུ་གསོལ༔ ཤུགས་གྲོལ་ཆེན་པོར་བྱིན་གྱིས་རློབས༔ ལྷོ་ཡི་སྒོ་སྲུང་ངང་དྭངས་ལ༔ ཡུལ་སེམས་གཉིས་མེད་མཆོད་པར་འབུལ༔ འགག་པ་མེད་པར་བཞེས་སུ་གསོལ༔ གཉིས་སུ་མེད་པར་བྱིན་གྱིས་རློབས༔ ནུབ་ཀྱི་སྒོ་སྲུང་རང་སངས་ལ༔ མ་རིག་གཉིས་འཛིན་གཏོར་མར་འབུལ༔ གསལ་བ་ཆེན་པོའི་ཀློང་དུ་བཞེས༔ ཡེ་ཤེས་རང་ཤར་བྱིན་གྱིས་རློབས༔ བྱང་གི་སྒོ་སྲུང་གཏིང་གསལ་ལ༔ ལྟ་སྒོམ་སྤྱོད་འབྲས་གཏོར་མར་འབུལ༔ ཞེ་འདོད་མེད་པར་བཞེས་སུ་གསོལ༔ ཀ་དག་ཆེན་པོར་བྱིན་གྱིས་རློབས༔ མིང་འདོགས་ཐམས་ཅད་གཏོར་མར་འབུལ༔ རྟག་སྣང་མེད་པར་བྱིན་གྱིས་རློབས༔ བྱ་བཙལ་ཐམས་ཅད་གཏོར་མར་འབུལ༔ བྱར་མེད་ཆེན་པོར་བཞེས་སུ་གསོལ༔ བཟང་ངན་ཐམས་ཅད་གཏོར་མར་འབུལ༔ སྤོང་ལེན་མེད་པར་བྱིན་གྱིས་རློབས༔ གཞི་དང་རྩལ་སྣང་གཏོར་མར་འབུལ༔ མ་བུ་དབྱེར་མེད་བྱིན་གྱིས་རློབས༔ སརྦ་དྷརྨ་སརྦ་སྭ་ད་ཏན༔ སརྦ་ཨ་ས་ཡ་གྷ་ཏེ་བྷྱོ༔ སརྦ་ཀླེ་ཤ༔ དྷ་སརྦ་ཨན་ཏ༔ དྷརྨ་ཀཱ་ཡ༔ བྷིན་དུ་མ་ཧཱ་ཨུད་དྷ་ར་མ་ཧཱ་པཱུ་ཙ་བི་མ་ལ་ཊ་ཏེ༔ ནིརྻཱ་ཏ་ཡཱ་མི་སྭཱ་ཧཱ༔ ཞེས་གཏོང་བྱ་གཏོང་བྱེད་རྩིས་གདབ་མཐའ་སྟོང་དུ་དབུལ་ལོ། །དངོས་སུ་བཤམས་པའི་གཏོར་ཆེན་ཀྱང་གཏང་། དེ་ལྟ་བུའི་ཕྲིན་ལས་ཀྱི་རིམ་པ་འདིས་ནི་གཉིས་སྣང་གི་མཚན་མ་སྣ་ཚོགས་སུ་མངའ་བ་ཞེས་བྱ་བ་འགྱུར་ཏེ། ཚོགས་བསམ་གྱིས་མི་ཁྱབ་པ་རྫོགས་ཤིང་། བླ་མེད་ཀ་དག་གི་དོན་མཐོང་བ་ལ་ཐེ་ཚོམ་མེད་དོ།། །།གཉིས་པ་ཆ་མཐུན་ཁྱད་འཕགས་ཀྱི་བརྡ་དབང་གིས་མ་རིག་པའི་མུན་ཁང་གཏིབས་པ་ལའང་། ཐུན་མོང་སྤྱིའི་དབང་གི་རྣམ་པར་གཞག་པ་ཕྱི་ནང་གསང་བ་གསུམ་དེ་ཁོ་ན་ཉིད་བཞིའམ། དབང་ཆེན་བཅོ་བརྒྱད་སོགས་འདོད་ཚུལ་མང་ཡང་། ཕལ་ཆེར་བུམ་གསང་ཤེར་ཡེ་ཚིག་དབང་བཞིར་འདུས་པར་བཞེད་ཅིང་སྤྲོས་པའི་མཚན་མ་ལ་བརྟེན་ནས་བསྐུར་པས་སྒོ་གསུམ་གྱི་དྲི་མ་དག་ཅིང་འབྲས་བུ་སྐུ་གསུམ་ཐོབ་པའི་ནུས་པ་མཐུ་ཅན་དུ་བྱེད་པ་སྟེ་བློ་དམན་དྲང་བའི་དོན་དུ་བསྟན་པའོ། །འདིར་ཁྱད་པར་གོང་ན་མེད་པའི་དབང་བསྐུར་བ་ལ། ངོ་བོ་སེམས་ཉིད་ཡེ་ནས་སྐྱེ་བ་མེད་པ། ངེས་ཚིག་སྙིང་པོ་ཀ་དག་མཐའ་སྟོང་གི་དོན་དེ་མ་བཙལ་ཡེ་རྫོགས་སུ་རང་དབང་རང་གིས་ཐོབ་པ། སྐུར་ཐབས་བསྐུར་བྱ་སྐུར་བྱེད་ཀྱི་རྩིས་གདབ་མེད་པར་བསྐུར་བ། འཇུག་ཚུལ་གནས་ལུགས་ལས་གཡོ་རྩོལ་མེད་པའི་ཚུལ་དུ་འཇུག་པ། དབྱེ་བ་ཡང་དག་དོན་གྱི་དབང་གཅིག་ངོ་སྤྲོད་པའི་ཚུལ་རྣམ་པ་བཞི་སྟེ། དང་པོ་བུམ་པའི་དབང་ཤེས་མེད་མཐའ་སྟོང་དུ་ངོ་སྤྲད་པ། གསང་བའི་དབང་མཚོན་བྱེད་བརྗོད་བསྟན་མེད་པར་ངོ་སྤྲད་པ། ཤེས་རབ་ཡེ་ཤེས་ཀྱི་དབང་ཀུན་འབྱུང་རང་གྲོལ་མིང་མེད་གཏིང་ཡངས་སུ་ངོ་སྤྲད་པ། ཚིག་དབང་རིན་པོ་ཆེ་ཞེ་འདོད་བློས་བརྟགས་ཀྱི་རྒྱ་ཆད་མེད་པར་ངོ་སྤྲད་པའོ། །དང་པོ་བུམ་དབང་ལའང་ནང་གསེས་སུ་དབྱེ་བས་བརྒྱད་དེ། དང་པོ་བུམ་པས་ཐིག་ལེ་འགག་མེད་ཕྱོགས་བྲལ་དུ་ངོ་སྤྲད་པའི་དོན་ཤེས་པར་གྱིས་ཤིག །བུམ་པ་སྤྱི་བོར་བཞག་ལ། ཧཱུྃ༔ ཆོས་དབྱིངས་རྣམ་དག་བུམ་པ་འདི༔ མགོར་བཞག་ཡེ་ཤེས་དབང་བསྐུར་པས༔ སྣང་སྲིད་མ་བཀག་ཆོས་སྐུ་རུ༔ ཕྱོགས་རིས་བྲལ་བར་རྟོགས་པར་གྱིས༔ གཉིས་པ་དབུ་རྒྱན་གྱིས་རང་གནས་བླ་མེད་ཀྱི་རིགས་ལྔ་ངོ་སྤྲད་པའི་དོན་ཤེས་པར་གྱིས་ཤིག །དབུ་རྒྱན་མགོར་བསྐོན་ལ། ཧཱུྃ༔ རྒྱལ་བ་རིགས་ལྔས་དབང་བསྐུར་པས༔ ཡེ་ཤེས་རྣམ་ལྔར་རང་གསལ་དྭངས༔ བླ་མེད་རིགས་ལྔ་རྟོགས་པར་གྱིས༔ གསུམ་པ་རྡོ་རྗེས་མ་བཅོས་འགྱུར་མེད་ཀྱི་རང་ངོ་སྤྲད་པའི་དོན་ཤེས་པར་གྱིས་ཤིག །རྡོ་རྗེ་གཏད་ལ། ཧཱུྃ༔ ཡེ་ཤེས་རྡོ་རྗེ་འདི་གཏད་པས༔ མ་ནོར་མ་བཅོས་བྱར་མེད་པའི༔ མི་འགྱུར་བརྟན་པའི་རྡོ་རྗེ་ཡིས༔ འཁོར་འདས་ཆོས་ཀུན་རྒྱས་ཐོབས་ཤིག༔ བཞི་པ་དྲིལ་བུས་གྲགས་སྟོང་རང་དྭངས་སུ་ངོ་སྤྲད་པའི་དོན་ཤེས་པར་གྱིས་ཤིག །དྲིལ་བུ་གཏད་ལ། ཧཱུྃ༔ སྟོང་ཉིད་དྲིལ་བུ་འདི་བྱིན་པས༔ དངོས་མེད་ཡེ་སྟོང་རང་བཞིན་ལས༔ འགག་པ་མེད་པའི་རང་སྒྲ་ཡིན༔ ཆོས་རྣམས་རང་སར་དྭངས་པར་གྱིས༔ ལྔ་པ་བདུད་རྩིས་སྐྱེ་མེད་རྣམ་དག་ཏུ་རང་ངོ་སྤྲད་པའི་དོན་ཤེས་པར་གྱིས་ཤིག །བདུད་རྩི་ལྕེར་བྱིན་ལ། ཧཱུྃ༔ སྙིང་པོ་གདོད་ནས་རྒྱུ་རྐྱེན་བྲལ༔ རང་བྱུང་རྣམ་གྲོལ་རང་དག་པའི༔ ཀུན་བཟང་གསུང་གི་བདུད་རྩི་འདིས༔ སྐྱེ་ཤི་རྩ་བ་དག་པར་གྱིས༔ དྲུག་པ་གཏོར་མས་འཛིན་མེད་ཡོངས་གྲོལ་དུ་གཏན་ལ་དབབ་པའི་དོན་ཤེས་པར་གྱིས་ཤིག །གཏོར་མ་ལག་ཏུ་གཏད་ལ། སྣང་སྲིད་སྣོད་བཅུད་མ་ལུས་པ༔ འཛིན་མེད་རྒྱས་འདེབས་རོལ་པ་ཡིས༔ ཡོངས་གྲོལ་དོན་གྱི་གཏོར་ཆེན་འདིས༔ འཁོར་འདས་ཆོས་འདས་ཀློང་དུ་འབུལ༔ བདུན་པ་བརྡ་དབང་གིས་དཔེ་དོན་ངོ་སྤྲད་དེ་འཁོར་འདས་ཀྱི་སྤྲོས་པ་རང་ཐོག་ཏུ་གཅོད་པ་ནི། སྣང་སྲིད་ཁ་སྦྱོར་གྱི་རྒྱུད་ཀྱི་ལེའུ་སོ་བརྒྱད་པ་ནས་གསུངས་པའི་དོན་འདི་བཞིན་སེམས་རྣམ་པར་མི་གཡེངས་ཤིང་། བྱིང་རྨུགས་མེད་པར་རྩེ་གཅིག་ཏུ་གསན་པ་ཞུ། སྙིང་པོ་དོན་གྱི་གནས་ལུགས་དེ༔ མཚོན་པའི་ཡུལ་དུ་མ་གྱུར་ཀྱང༔ རེ་ཞིག་དཔེ་ཡི་སྒོ་ནས་མཚོན༔ དེ་ལ་རྒྱ་མཚོ་དང་བང་མཛོད་ས་གཞི་གསུམ་ནི་མཉམ་པ་ཉིད་དང་ཐམས་ཅད་འབྱུང་བ་དང་ཀུན་གྱི་གཞིར་གྱུར་པས་རྒྱུ་རྒྱུད་ཀུན་གཞི་མཚོན་པའི་དཔེར་ཤེས་པར་བྱའོ། །ཆུ་དང་འཁྱག་པ་ཏིལ་འབྲུ་གསུམ་ནི་རླན་དང་ཆུ་དང་སྣུམ་གྱིས་ཁྱབ་པས་གནས་ལུགས་ཀུན་ལ་ཁྱབ་པའི་དཔེར་ཤེས་པར་བྱའོ། །ཐོ་ཡོར་ཐག་པ་སྨིག་རྒྱུ་གསུམ་ནི་མི་དང་སྦྲུལ་དང་ཆུར་དེ་མ་ཡིན་པ་ལ་དེར་འཛིན་པས་འཁྲུལ་པ་མཚོན་པའི་དཔེར་ཤེས་པར་བྱའོ། །ཉི་ཟེར་ནི་ངོ་བོ་དང་འབྲེལ་བའི་རྩལ་སྣང་མ་འགགས་པར་འཆར་བར་མཚོན་པའི་དཔེར་ཤེས་པར་བྱའོ། །ཕུག་རོན་ཤེལ་གོང་ག་པུར་གསུམ་ནི་མདོག་མ་ངེས་པ་དང་ཅི་ཤར་འགྱུར་བ་དང་སྨན་དུག་མ་ངེས་པས་ངོ་བོ་གཅིག་ལ་སྣ་ཚོགས་སུ་ཤར་བ་སྣང་ཚུལ་མཚོན་པའི་དཔེར་ཤེས་པར་བྱའོ། །ཙནྡན་གླ་རྩི་སྒོག་པ་གསུམ་ནི་དྲི་རང་བྱུང་དུ་གནས་པས་སྙིང་པོ་ལས་ཡན་ལག་ཤུགས་འབྱུང་གནས་མེད་མཚོན་པའི་དཔེར་ཤེས་པར་བྱའོ། །རལ་གྲི་སྤུ་གྲི་གཟོང་དང་གསུམ་ནི་གཅོད་རྣོ་འབིགས་པས་ཟབ་མྱུར་ཡངས་པའི་དཔེར་ཤེས་པར་བྱའོ། །བྱིས་པ་མཛུབ་མོ་འོ་མ་གསུམ་ནི་རིམ་གྱིས་བསྐྱེད་ཅིང་སྔར་མི་ཤེས་པ་མཚོན་ལ་བཅུད་བསྲིང་བས་གདམས་ངག་མཚོན་པའི་དཔེར་ཤེས་པར་བྱའོ། །ནམ་ལངས་མིག་དང་ཉི་མ་གསུམ་ནི་མ་མཐོང་བ་མཐོང་བས་རྟོགས་པ་མཚོན་པའི་དཔེར་ཤེས་པར་བྱའོ། །སྤྲིན་དང་ལིང་ཏོག་མུན་པ་གསུམ་ནི་རང་བཞིན་གྱིས་དག་ཀྱང་སྣང་ཚུལ་བསྒྲིབས་པས་སྒྲིབ་གཡོགས་མཚོན་པའི་དཔེར་ཤེས་པར་བྱའོ། །ལམ་ནོར་བྱ་མིག་སྟོད་འཛེར་གསུམ་ནི་དོན་མི་འགྲུབ་ཅིང་མས་ཀྱིས་འགེབས་ལ་གྲངས་མི་ཆོད་པས་ལམ་འོག་མའི་གོལ་ས་མཚོན་པའི་དཔེར་ཤེས་པར་བྱའོ། །ཚེར་མ་མདུང་རྩེ་མདེལ་རྩེ་གསུམ་ནི་ཐམས་ཅད་འབིགས་ཤིང་གཅོད་པས་སྐྱེས་སྦྱངས་ཀྱི་རིག་པ་མཚོན་པའི་དཔེར་ཤེས་པར་བྱའོ། །བྱ་རྒོད་ནམ་མཁའ་ཁྱུང་དང་གསུམ་ནི་མཐོ་ཞིང་ཀུན་ཁྱབ་རྩོལ་བ་མེད་པས་ལྟ་བ་མཚོན་པའི་དཔེར་ཤེས་པར་བྱའོ། །མེ་ལོང་འཇའ་ཚོན་སྒྲོན་མེ་གསུམ་ནི་གསལ་ལ་མ་འདྲེས་མ་མཐོང་བས་སྒོམ་པའི་དཔེར་ཤེས་པར་བྱའོ། །བུང་བ་གླང་ཆེན་སྨྱོན་པ་གསུམ་ནི་ཆགས་མེད་ཉམ་ང་གཟའ་གཏད་མེད་པས་སྤྱོད་པ་མཚོན་པའི་དཔེར་ཤེས་པར་བྱའོ། །སེང་ཆེན་གནམ་ཐོག་རྦབ་རྒོད་གསུམ་ནི་རྩལ་རྫོགས་ཐོགས་མེད་བགྲོད་རྩོལ་མེད་པས་ཕྲིན་ལས་མཚོན་པའི་དཔེར་ཤེས་པར་བྱའོ། །ན་བུན་ཆུ་བུར་གཏིང་བརྡོལ་གསུམ་ནི་ཤུགས་ལས་འབྱུང་བའི་ཉམས་མཚོན་པའི་དཔེར་ཤེས་པར་བྱའོ། །ལྷ་ཁང་གི་སྐུ་གཟུགས། བུམ་ནང་གི་མར་མེ། མེ་ལོང་གཟུགས་བརྙན་གསུམ་ནི་མ་འདྲེས་གསལ་ལ་རྟོག་པ་མེད་པས་སེམས་ཉིད་ནང་གསལ་མཚོན་པའི་དཔེར་ཤེས་པར་བྱའོ། །སྟག་ལྤགས་གཟིག་ལྤགས་རྨ་བྱའི་མདོངས་གསུམ་ནི་མ་འདྲེས་སྣ་ཚོགས་སུ་གསལ་བས་སེམས་ཉིད་ཕྱིར་གསལ་མཚོན་པའི་དཔེར་ཤེས་པར་བྱའོ། །ཤེལ་གོང་གཟི་བཀྲ་ཆུ་གཙང་གསུམ་ནི་ཕྱི་ནང་ཟང་ཐལ་ཁ་གཏིང་མེད་པས་ཡུལ་སེམས་དབྱེར་མེད་མཚོན་པའི་དཔེར་ཤེས་པར་བྱའོ། །སོལ་ནག་དར་ནག་བལ་ནག་གསུམ་ནི་ཁ་དོག་གཞན་དུ་མི་འགྱུར་བས་ཆོས་ཉིད་འགྱུར་མེད་མཚོན་པའི་དཔེར་ཤེས་པར་བྱའོ། །རླུང་དང་སྤྲིན་དང་ཁུ་རླངས་གསུམ་ནི་ངོས་གཟུང་མེད་ལ་དབྱིངས་སུ་དྭངས་པས་རང་བྱུང་རང་དྭངས་ཀྱི་ཉམས་ལེན་མཚོན་པའི་དཔེར་ཤེས་པར་བྱའོ། །ལོ་ཏོག་མེ་ཏོག་ཟིལ་པ་གསུམ་ནི་མི་བརྟན་མི་རྟག་མི་གནས་པས་འདུས་བྱས་མི་རྟག་མཚོན་པའི་དཔེར་ཤེས་པར་བྱའོ། །ཆུ་དང་རྙོགས་མ་འདྲེས་པ་དང་ཆུ་རླབས་ཆུ་ལ་ཐིམ་པ་དང་འཇའ་ཚོན་མཁའ་ལ་ཡལ་བ་གསུམ་ནི་སྙིང་པོའི་ཆོས་ཉིད་དང་དབྱེར་མེད་པའི་རྩལ་སྣང་དབྱིངས་སུ་ཐིམ་པར་མཚོན་པའི་དཔེར་ཤེས་པར་བྱའོ། །དུག་ལ་སྔགས་ཀྱིས་ཐེབས་པ་དང་ཡུར་ཆུ་རྒྱ་མཚོར་འདྲེས་པ་དང་ལན་ཚྭ་ཆུ་ལ་ཐིམ་པ་གསུམ་ནི་ཆོས་ཉིད་མ་བུ་འཕྲད་པས་འཁྲུལ་པ་ཕྱིར་མི་ལྡོག་པ་མཚོན་པའི་དཔེར་ཤེས་པར་བྱའོ། །པདྨ་རྨ་བྱ་དུང་དཀར་གསུམ་ནི་སྐྱོན་གྱིས་མ་གོས་ཤིང་དུག་སྨན་དུ་འགྱུར་བ་དང་དྲི་མ་མེད་པས་རང་སེམས་ཀ་དག་གི་དམ་ཚིག་མཚོན་པའི་དཔེར་ཤེས་པར་བྱའོ། །ཟླ་བ་འོད་དང་སྐར་ཆེན་གསུམ་ནི་རང་བཞིན་དག་ཅིང་གསལ་བས་གློ་བུར་བསལ་གཞག་མེད་པའི་ཡེ་ཤེས་མཚོན་པའི་དཔེར་ཤེས་པར་བྱའོ། །མི་རྒྱུད་ཆུ་རྒྱུན་གཞུ་རྒྱུད་གསུམ་ནི་ཡེ་ཤེས་དེ་ཉིད་གདོད་ནས་རྒྱུན་ཆད་མེད་པ་མཚོན་པའི་དཔེར་ཤེས་པར་བྱའོ། །གློག་དང་སྐར་མདའ་མདའ་འཕང་པ་གསུམ་ནི། མྱུར་ལ་གསལ་ལམ་སྟེ་གང་འདོད་དུ་འགྲོ་བས་བར་དོའི་སྣང་བ་མཚོན་པའི་དཔེར་ཤེས་པར་བྱའོ། །གསེར་དང་རི་བོ་ནོར་བུ་གསུམ་ནི་མི་འགྱུར་བརྟན་ལ་དགོས་འདོད་འབྱུང་བས་མཐར་ཐུག་འབྲས་བུ་མཚོན་པའི་དཔེར་ཤེས་པར་བྱའོ། །བརྒྱད་པ་དབང་ཐོབ་པའི་ཚད་ནི། ཤེས་མེད་མཐའ་སྟོང་དུ་གྲོལ་བ་སྟེ། སྣང་སྲིད་ཁ་སྦྱོར་ལས། བུམ་པའི་དབང་ཡང་སེམས་ལ་རྫོགས༔ བུམ་ནི་སྙིང་པོ་འོད་ཀྱི་བུམ༔ པ་ནི་ཆོས་སྐུ་མ་འགགས་པ༔ དབང་ནི་སྐྱེ་མེད་དོན་ལ་དབང༔ བསྐུར་བ་གཉིས་སུ་མེད་པར་བསྐུར༔ ཐོབ་ནི་སྙིང་པོ་ཆོས་སྐུ་ཐོབ༔ ཅེས་གསུངས་པ་ལྟར་རྟོགས་པའོ།། །།གཉིས་པ་གསང་བའི་དབང་མཚོན་བྱེད་བརྗོད་བསྟན་མེད་པར་ངོ་སྤྲད་པ་ལ་གཉིས་ལས། དང་པོ་མཚོན་བརྗོད་བསྟན་དུ་མེད་པར་ངོ་སྤྲད་པའི་དོན་ཤེས་པར་གྱིས་ཤིག །ཨེ་མ་ཧོ༔ རྟག་ཆད་སྣང་བྲལ་ཐབས་ཡིན་ཏེ༔ རང་བཞིན་སྔོན་མེད་ཤེས་རབ་ཡུམ༔ གཉིས་སུ་མེད་པར་རབ་སྦྱར་བས༔ དབྱེ་བསལ་མེད་པར་རྟོགས་པར་གྱིས༔ གཉིས་པ་ཐོབ་པའི་ཚད་ནི། དེ་ཉིད་ལས། གསང་བ་བློ་ཡི་ཡུལ་མ་གྱུར༔ སྨྲ་བསམ་བརྗོད་ལས་འདས་པ་ཡིན༔ དབང་ནི་བརྗོད་མེད་དོན་ལ་དབང༔ བསྐུར་བ་མཚོན་དུ་མེད་པར་བསྐུར༔ ཐོབ་ནི་བརྗོད་དུ་མེད་པར་ཐོབ༔ ཅེས་གསུངས་པ་ལྟར་རྟོགས་པའོ།། །།གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ཀུན་འབྱུང་རང་གྲོལ་མིང་མེད་གཏིང་ཡངས་སུ་ངོ་སྤྲད་པ་ལའང་གཉིས་ལས། དང་པོ་མིང་མེད་གཏིང་ཡངས་སུ་ངོ་སྤྲད་པའི་དོན་ཤེས་པར་གྱིས་ཤིག །ཨེ་མ་ཧོ༔ ཡུལ་ལ་མ་ཕྱེ་ཆོས་ཀྱི་དབྱིངས༔ སེམས་ཀྱི་མ་བསམ་ཆོས་ཀྱི་སྐུ༔ ཆོས་སྐུ་ཆོས་དབྱིངས་བརྗོད་མེད་ཀློང༔ རང་གྲོལ་མིང་མེད་རྟོགས་པར་གྱིས༔ གཉིས་པ་ཐོབ་པའི་ཚད་ནི། དོན་རྟོགས་པས་ཏེ། ཤེས་ནི་གཞི་མའི་དོན་ལ་ཤེས༔ རབ་ནི་མ་བུ་རང་ངོ་སྤྲད༔ ཡེ་ནི་ཐོག་མ་མེད་པ་སྟེ༔ ཤེས་ནི་ཀུན་བྱུང་རང་གྲོལ་ཤེས༔ དབང་ནི་ཆོས་ཀྱི་སྐུ་ལ་དབང༔ བསྐུར་ནི་དམིགས་དང་བྲལ་བར་བསྐུར༔ ཐོབ་ནི་ཆོས་ཉིད་འགྱུར་མེད་ཐོབ༔ ཅེས་གསུངས་པ་ལྟར་རྟོགས་པའོ།། །།བཞི་པ་ཚིག་དབང་རིན་པོ་ཆེ་ཞེ་འདོད་བློས་བརྟགས་ཀྱི་རྒྱ་ཆད་མེད་པར་ངོ་སྤྲད་པ་ལའང་གཉིས་ལས། དང་པོ་ཐིག་ལེ་འགག་མེད་ཕྱོགས་བྲལ་རང་ངོ་སྤྲད་པའི་དོན་ཤེས་པར་གྱིས་ཤིག །ཀྱེ་མ་ སེམས་ཉིད་ངང་དྭངས་རིན་ཆེན་དེ༔ རྣམ་རྟོག་མཚན་མའི་ཚོགས་ལས་བྱུང༔ ཆིག་ཆོད་རང་གསལ་འགག་མེད་ལ༔ ཕྱོགས་བྲལ་རང་དབང་ཐོབ་པར་གྱིས༔ གཉིས་པ་ཐོབ་པའི་ཚད་ནི། དེ་ཉིད་ལས། རིན་ནི་སེམས་ཉིད་རིན་པོ་ཆེ༔ ཆེ་ནི་ཆེ་བ་ལྔ་ཡིས་དཔགས༔ ཚིག་ནི་བརྗོད་དུ་མེད་པའི་ཚིག༔ དབང་ནི་འོད་གསལ་ཆོས་ཀྱི་དབང༔ བསྐུར་ནི་འགྱུར་མེད་དབྱིངས་སུ་བསྐུར༔ ཐོབ་ནི་སངས་རྒྱས་ལྔ་རྣམས་ཐོབ༔ ཅེས་གསུངས་པ་ལྟར་རྟོགས་པར་བྱའོ།། །།གསུམ་པ་རིག་པ་སྤྱི་བླུག་གི་དབང་གིས་ཆོས་སྐུ་གཅེར་མཐོང་དུ་ངོ་སྤྲད་པ་ལ་གཉིས་ཏེ། དཔེ་རྟགས་དོན་དང་གསུམ་གྱིས་ངོ་སྤྲད་པ་དང་ཐོབ་པའི་ཚད། དེ་གཞན་ལས་ཁྱད་པར་དུ་འཕགས་པ་བསྟན་པའོ། །དང་པོ་ལ་བཞི་ལས། དང་པོ་དཔེ་ནམ་མཁའི་མཚན་ཉིད་བསྟན་པ་ནི། ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་དྲང་པོར། ལྟ་སྟངས་མིག་ནས་མཐོ་གང་དཔགས་པའི་ནམ་མཁའ་ལ་གཏོད་ཅིག །ཨེ་མ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ སེམས་ཉིད་དཔེ་ནི་ནམ་མཁའ་སྟེ༔ མཐའ་དབུས་དངོས་མེད་ཕྱོགས་དང་བྲལ༔ ཐ་སྙད་ཀུན་ལས་གྲོལ་བར་གནས༔ གཉིས་པ་རྟགས་སེམས་ཀྱིས་སེམས་ཉིད་མཚོན་པ། ཨེ་མ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ རྟགས་ནི་རང་སེམས་འགག་མེད་དེ༔ སྣ་ཚོགས་ཅིར་ཡང་རྫོགས་པ་ལ༔ མ་སྤང་མ་བསྒྲུབ་མཐོང་ཡུལ་འདས༔ གསུམ་པ་དོན་ཆོས་ཉིད་ཅིག་ཆོད་དུ་གྲོལ་བ་ནི། ཨེ་མ་ཧོ༔ དོན་ནི་ཆིག་ཆོད་སྐྱེ་བ་མེད༔ དངོས་མེད་བརྗོད་མེད་དམིགས་པ་མེད༔ སྙིང་པོ་གསལ་དག་ཀློང་དུ་ཞོག༔ ཅེས་པའི་དོན་ལ་གཡོ་འགུལ་དང་བྲལ་བར་ཅི་གནས་སུ་མཉམ་པར་འཇོག་པ་ཞུ། བཞི་པ་དབང་ཐོབ་པའི་ཚད་ལའང་བཞི་ལས། དང་པོ་སྣང་སྲིད་རང་དྭངས་སུ་རྟོགས་པ་ནི། སྣང་སྲིད་ཁ་སྦྱོར་ལས། སྣང་ཞིང་སྲིད་པས་བསྡུས་པ་རྣམས༔ དགག་སྒྲུབ་མེད་པར་དབང་བསྐུར་པས༔ ངང་དྭངས་ཆོས་ཉིད་གསལ་དག་ཐོབ༔ ཅེས་གསུངས་སོ། །གཉིས་པ་གཉིས་སྣང་རང་དྭངས་སུ་ཆོད་པ་ནི། གཟུང་འཛིན་གཉིས་སྣང་བདེན་གཉིས་རྣམས༔ འཁྲུལ་སྣང་རྩད་བཅད་དབང་བསྐུར་པས༔ རང་སངས་ཆེན་པོར་རང་དབང་ཐོབ༔ ཅེས་སོ། །གསུམ་པ་མ་བུ་དབྱེར་མེད་དུ་ཐིམ་པ་ནི། སྣང་སྲིད་རྣམ་དག་མཁའ་ཀློང་དུ༔ གཅེར་སྤྱོད་ཆིག་ཆོད་རོལ་པའི་རྒྱན༔ ཆོས་ཅན་ཆོས་ཉིད་མ་དང་འཕྲད༔ མ་བུ་དབྱེར་མེད་རང་དབང་ཐོབ༔ ཅེས་སོ། །བཞི་པ་འགྱུར་མེད་རྒྱས་འདེབས་སུ་གྲོལ་བ་ནི། སངས་རྒྱས་རང་གི་སེམས་ལ་དབང༔ སྣང་སྲིད་རྒྱས་འདེབས་འཁྲུལ་རྩད་བཅད༔ རང་དབང་རང་ཐོབ་བརྗོད་མེད་ཀློང༔ འགྱུར་མེད་ངང་གནས་དབང་གི་རྒྱལ༔ ཞེས་གསུངས་སོ། །གཉིས་པ་དེ་དག་གཞན་ལས་ཁྱད་པར་དུ་འཕགས་པའི་དོན་གྱི་དབང་སྟེ། བྱང་ཆུབ་སེམས་ཀྱི་དབང་བསྐུར་འདི༔ རྩོལ་བའི་ཐེག་པ་གཞན་དག་ལས༔ མ་བྱུང་འབྱུང་བ་ག་ལ་སྲིད༔ སྤྱི་ཏིའི་དབང་བསྐུར་གཞན་ལས་འཕགས༔ ཞེས་འབྱུང་ངོ་།། །།བཞི་པ་མ་བཙལ་ཡེ་རྫོགས་ཀྱི་དབང་གིས་བསྐུར་ཐོབ་མཐའ་གྲོལ་དུ་ལ་བཟླ་བ་ལ་གསུམ་ལས། དང་པོ་བསྐུར་ཐོབ་ཀྱིས་མཚོན་པ་མཐའ་བཞི་རྒྱ་གྲོལ་དུ་ལ་བཟླ་བ་ནི། ལྟ་བ་ལ་ཤན་གྱི་རྒྱུད་ལས། དབང་བཞི་བསྐུར་པས་དྲི་བཞི་རྣམ་པར་དག༔ ལྷན་ཅིག་སྐྱེས་དང་ཀུན་ཏུ་བརྟགས་པ་དང༔ བསམ་བརྗོད་རྟོག་ཚོགས་ཞེན་པའི་མཐའ་ལས་གྲོལ༔ འབྲས་བུ་བློ་དངོས་མུ་མཐའ་རང་གྲོལ་ནས༔ གྲོལ་དང་མ་གྲོལ་ཉིད་ཀྱང་མཐའ་སྟོང་སྟེ༔ བསྐུར་ཐོབ་རང་སར་དག་པ་ངོ་མཚར་ཆེ༔ ཞེས་གསུངས་པ་ལྟར་ལ་བཟླ་བའོ། །གཉིས་པ་དཀྱིལ་འཁོར་གྱིས་མཚོན་པ་འཁོར་བ་དོང་སྤྲུགས་སུ་ལ་བཟླ་བ་ནི། ཉི་ཟླ་སྙིང་པོ་ལས། ཆོས་ཉིད་གཏིང་མཐའ་ཡངས་པའི་དཀྱིལ་འཁོར་ན༔ རང་བྱུང་འོད་གསལ་ཆེན་པོའི་ལྷ་ཚོགས་བཞུགས༔ ཆོས་ཅན་སྣང་སྲིད་འཁོར་བའི་སེམས་ཅན་ལ༔ རིག་པ་མུ་མཐའ་ཡོངས་གྲོལ་དབང་བསྐུར་པས༔ དངོས་གྲུབ་འབྲས་བུ་སྙིང་པོ་ཆོས་སྐུ་ཐོབ༔ ཅེས་གསུངས་པ་ལྟར་ལ་བཟླ་བའོ། །གསུམ་པ་དབང་གི་རྒྱལ་པོ་འདིའི་ནང་དུ་དབང་ཐམས་ཅད་ཡོངས་རྫོགས་སུ་ལ་བཟླ་བ་ནི། ད་ལ་རྣམས་ཀྱི་རྩེ་རྒྱལ་གང་ཡིན་ལྟོས༔ འཇུག་སྒོ་རྒྱལ་པོ་གང་འདུག་ཤེས་པར་གྱིས༔ དབང་རྣམས་ཀུན་གྱི་རྩེ་རྒྱལ་སྤྱི་ཕུད་ལྟོས༔ སྤྱོད་པ་དམ་ཚིག་གར་འདུས་ཤེས་པར་གྱིས༔ ལུང་རྣམས་ཀུན་གྱི་སྤྱི་རྗེ་གང་ཡིན་ལྟོས༔ དབང་བསྐུར་སྣ་ཚོགས་གར་འདུས་ཤེས་པར་གྱིས༔ ཞེས་གསུངས་པ་ལྟར་ཤེས་པར་བྱའོ།། ༈ །།སྤྱི་དོན་གསུམ་པ་མཇུག་གི་བྱ་བ་ནི། དེ་ལྟ་བུའི་དབང་ཐོབ་ནས་མཚན་མའི་དཀྱིལ་འཁོར་དུ་འཇུག་མི་དགོས་པར་སྤྲོས་པ་བཅད་དོ། །དེ་སྐད་དུ་སྤྲོས་གཅོད་རྩ་བའི་རྒྱུད་ལས། ཀུན་གྱི་སྤྱི་བསྡུས་སེམས་ཉིད་དབང༔ དབང་སེམས་གཉིས་སུ་མེད་པར་འབྲེལ༔ གཉིས་མེད་གཅིག་ཏུ་འདྲེས་ཙ་ན༔ དབང་ནི་ཆོས་སྐུ་སྐྱེ་འཇིག་མེད༔ བསྐུར་ནི་འཕོ་འགྱུར་མེད་པར་བསྐུར༔ ཐོབ་ནི་འགྱུར་མེད་སྙིང་པོ་ཐོབ༔ ཅེས་པ་དང༔ དེ་སོགས་དབང་གི་སྡེ་ཚན་རྣམས༔ ཡིད་ལ་བྱར་མེད་སྤྲོས་པ་ཆོད༔ ཅེས་གསུངས་སོ༔ གཞན་ཡང་རྒྱུད་ལས༔ རང་རིག་རྩལ་དབང་ཐོབ་པའི་ཚེ༔ ཆོས་རྣམས་སེམས་ལ་རྫོགས་པའི་ཕྱིར༔ རབ་འབྱམས་བཀའ་ཡི་དབང་ཐོབ་བོ༔ སངས་རྒྱས་རྗེ་བཙུན་དམ་པ་ནི༔ རང་རིག་རྩལ་དབང་ཐོབ་པས་ཏེ༔ རྒྱལ་ཐབས་སྤྱི་བླུག་དབང་ཐོབ་བོ༔ ཐམས་ཅད་ཆོས་ཉིད་རོལ་པར་ཤེས༔ རིག་པའི་རྩལ་དབང་ཐོབ་པ་འོ༔ ཅེས་གསུངས་པས་སྨིན་བྱེད་ཐམས་ཅད་ཀྱི་གོང་ན་མེད་པ་དབང་བསྐུར་ཐམས་ཅད་ཀྱི་སྤྱི་ཕུད། རྫོགས་ཆེན་ཡང་ཏི་སངས་རྒྱས་མཉམ་སྦྱོར་གྱི་རིག་པའི་རྩལ་དབང་ཆེན་མོ་བརྒྱུད་པའི་ཕྱག་བཞེས་བཞིན་ལེགས་པར་ཕུལ་གྲུབ་པ་ཡིན་པས། མཉམ་ཉིད་ངེས་པའི་དོན་ལ་བླང་དོར་བསྲུང་མཚམས་ལས་འདས་ཀྱང་། སྤང་ཐོབ་མེད་པའི་འབྲས་བུ་མངོན་དུ་མ་གྱུར་གྱི་བར་དུ་དྲང་དོན་གནང་བཀག་གི་མཚམས་ཕྱེད་པས། ཁྱད་པར་གྱི་དམ་ཚིག་ཆེན་པོ་ལས་ཉམས་འདས་ཀྱི་དྲི་མས་མ་གོས་པར་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་གསུམ། དེ་ལྟར་དབང་རྫོགས་པ་དང་། བླ་མ་ཉིད་ལ་བཞེད་པ་མེད་ཀྱང་། བདག་རྣམ་པར་དག་པར་བྱ་བའི་ཕྱིར་དབང་ཡོན་དབུལ་དགོས་ཏེ། སྙིང་པོའི་རྒྱུད་ལས། བུ་དང་ཆུང་མ་ནོར་གྱི་དབྱིག༔ རབ་ཏུ་གཅེས་དང་ཡིད་འཐད་དབུལ༔ ཅེས་གསུངས་པས། དེ་ཡང་བུ་ནི། གཅེས་འཛིན་བློས་གཏང་བའི་ཕྱིར་རང་གི་བུ་དབུལ། དེའི་ཡོན་ཏན་ནི་རང་གི་རྒྱུད་ལ་སངས་རྒྱས་ཀྱི་རིགས་འཛིན་འབྱུང་། སེམས་ཅན་ལ་བརྩེ་བའི་སྒོ་ནས་གཞན་གྱི་བུ་སྣོད་ལྡན་བླ་མ་ལ་དབུལ། ཡོན་ཏན་ནི། མི་མཆོག་ཕུལ་བས་དོན་མཆོག་འགྲུབ༔ ཅེས་གསུངས་སོ། །ཆུང་མ་གང་ཞེ་ན། ཆགས་སྲེད་འཛིན་བློས་གཏང་ཕྱིར་རང་གི་ཆུང་མ་དབུལ། ཡོན་ཏན་ནི། ཆོས་ཉིད་བདེ་བ་ཆེན་པོའི་དངོས་གྲུབ་འབྱུང༔ ཞེས་གསུངས། ཚོགས་གཉིས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། གཞན་གྱི་ཆུང་མ་དང་བུ་མོ་རང་གི་ཡིད་དང་འཐད་པ་གསེར་གཡུས་བརྒྱན། དར་ཟབ་ཀྱིས་སྤྲས་ཏེ་བླ་མའི་ལས་རྒྱར་དབུལ། ཡོན་ཏན་ནི། གསུམ་རིག་གཙང་མ་དག་པ་སྟེ༔ ཆོས་ཉིད་བདེ་བ་ཆེན་པོ་འགྲུབ༔ ཅེས་གསུངས་སོ། །རབ་ཏུ་གཅེས་དང་ཞེས་པས། དེ་མ་ཡིན་པའི་རང་གི་གྲོགས་དང་། འཁོར་ནོར་ལ་སོགས་པ་ཡིད་ལ་འཐད་པ་ཐམས་ཅད་ནོར་གྱིས་བླུས་ཏེ་བླ་མ་ལ་དབུལ་ལོ། །དེ་ཡང་དུས་ཚོད་མཉམ་པས་འགྲུབ༔ ཅེས་པས། དབང་ཚར་བ་དང་ཡོན་དབུལ་བ་དུས་མཉམ་དུ་བྱ་བ་གཅེས་པར་གསུངས་པས། དབང་བསྐུར་རྫོགས་པར་ཐོབ་པའི་གཏང་རག་གི་ཡོན་དུ་དམིགས་ཏེ་ཞིང་ཁམས་འབུལ་བ་ཞུ། ཞེས་གཏང་རག་མཎྜལ་འབུལ་དུ་གཞུག །ལུས་ལོངས་སྤྱོད་འབུལ་བ་དང་། དགེ་བསྔོ་སྤྱི་ལྟར་བྱས། ཚོགས་ལ་རོལ་ཏེ་སློབ་མ་རྣམས་གྱེས་སོ། །སློབ་དཔོན་གྱིས་ལྷག་མ་གཏང་བ་ནས་བཀྲ་ཤིས་ཀྱི་བར་བླ་མའི་ཕྲིན་ལས་རྒྱས་བསྡུས་གང་ལ་བརྟེན་པའི་གཞུང་ལྟར་མཐར་ཆགས་སུ་གཏང་བར་བྱའོ། །དབང་གི་རྒྱལ་པོ་རྒྱལ་ཐབས་སྤྱི་བླུགས་ཀྱིས། །རང་རིག་རྩལ་ལ་རང་དབང་མཆོག་ཐོབ་ནས། །ལྟ་བའི་རྒྱལ་པོ་བློ་བྲལ་རྫོགས་པ་ཆེ། །རྟོགས་གྲོལ་དུས་མཉམ་སྲིད་ཞི་ཡོངས་སྒྲོལ་ཤོག །འདི་བགྱིས་རྟོག་འཁྲུལ་ནོངས་པའི་རྙོགས་མ་ཀུན། །སྤྱན་ལྡན་ཐུགས་རྗེའི་ནོར་བུས་ལེགས་བགྲུངས་ནས། །གློ་བུར་ཉེས་པའི་དག་བྱེད་སྔ་འགྱུར་གྱི། །རྒྱ་མཚོ་ཇི་སྲིད་འཁོར་ཞིང་འབབ་གྱུར་ཅིག །ཅེས་པ་འདིའང་རྩ་བའི་གཏེར་གཞུང་ལ་ཀུན་བཟང་བླ་མ་ཆོས་ཐམས་ཅད་ཀྱི་དབང་ཕྱུག་མཆོག་གི་ཞལ་ལུང་དྲི་མ་དང་བྲལ་བས་སྤྲས་ཏེ། རང་འདྲའི་དུས་ཞབས་ཀྱི་སྨིན་བྱེད་མཁན་པོའི་བཀླག་ཆོག་ཏུ་ཐེག་དགུའི་ཡང་རྩེ་ལ་མོས་པ་ལམ་དུ་བྱེད་པའི་ཛོ་ཀི་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྦྱར་པ་དགེ་ལེགས་འཕེལ།། །།

ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་དངོས་གྲུབ་ཀུན་འདུས་ལས༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་དངོས་གྲུབ་སྙིང་པོ་ (Volume 16, Text 1)

༁ྃ༔ ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་དངོས་གྲུབ་ཀུན་འདུས་ལས༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་དངོས་གྲུབ་སྙིང་པོ་ཞེས་བྱ་བ་བཞུགས་སོ༔ ༔ ྈྈྈྈྈྈྈྈྈྈྈ ཨེ་མ་ཧོ༔ བདེ་གཤེགས་འདུས་པའི་ལྷ་ལ་ཕྱག་འཚལ་ལོ༔ མདོ་རྒྱུད་མན་ངག་ཐམས་ཅད་ཀྱི་སྙིང་པོ་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཅེས་བྱ་བ༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ༔ སྟོན་པ་ཀུན་ཏུ་བཟང་པོས་གསུངས་ཤིང༔ རིག་གདངས་ཀྱི་འཁོར་རྣམས་ལ་དགོངས་བརྒྱུད་མཛད༔ ལྷ་གནས་གསུམ་དུ་གྲགས་པའི་ཞིང་དུ་རིག་འཛིན་བརྡ་བརྒྱུད་ཀྱིས་ཡི་གེའི་ཚུལ་བསྟན༔ འཕགས་ཡུལ་མཆོད་རྟེན་བདེ་བྱེད་བརྩེགས་པར་མཁའ་འགྲོ་ལས་ཀྱི་དབང་མོ་ཆེ་ལ་གཉེར་གཏད་མཛད༔ སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་མངའ་གསོལ་ཞིང༔ རིག་འཛིན་ཆེན་པོ་བརྒྱད་ཀྱིས་སྟོན་པའི་ཚུལ་བཟུང༔ རང་བྱུང་ལྷུན་གྲུབ་པདྨ་འབྱུང་གནས་ཀྱིས་གྲུབ་པ་ཐོབ་ནས༔ བོད་ཡུལ་མུན་པའི་གླིང་དུ་ཆོས་ཀྱི་སྒྲོན་མེ་སྦར་བར་དགོངས་ནས༔ ལྷ་སྲིན་དྲེགས་པ་ཐམས་ཅད་དམ་ལ་བཏགས༔ བསམ་ཡས་ལྷུན་གྱིས་གྲུབ་པའི་ཕོ་བྲང་བཀོད༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་སོགས་སྐལ་ལྡན་གྱི་སྐྱེས་བུ་རྣམས་སྨིན་གྲོལ་བྱང་ཆུབ་ཀྱི་ལམ་ལ་བཀོད༔ དུས་མ་འོངས་པའི་སེམས་ཅན་དུག་ལྔའི་དབང་དུ་འགྲོ་བ་ལ་དགོངས་ནས་ཟབ་གཏེར་གྱིས་རི་ལུང་ཐམས་ཅད་བཀང༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་ཆོས་ཚན་བརྒྱ་དང་སུམ་ཅུ་རྩ་ལྔ་རྣམས་གང་ལ་གང་འདུལ་དུ་སིལ་བུར་བཀྲམས་ཏེ༔ སྒྲུབ་ཐབས་ཆེ་འབྲིང་ཆུང་གསུམ་ཐམས་ཅད་ཁ་ཚང་དོན་འདྲིལ་བ༔ ཐ་ནའང་ཚིག་ཤོ་ལོ་ཀ་རེ་རེ་ལ་ཡང་ཟབ་གནད་ཁྱད་དུ་ཐོན་པ་རེ་རེ་བྱས་ནས་གཏེར་ཁ་ཤིན་ཏུ་མང་བར་སྦས༔ མ་འོངས་པ་ན་སེམས་ཅན་གྱི་དོན་རྒྱ་ཆེན་པོ་ཡོང་བར་ལུང་བསྟན་དང་བཅས་ཏེ་གསུངས་པ་རྣམས༔ བདག་མཁར་ཆེན་བཟས་མི་བརྗེད་པའི་གཟུངས་ཐོབ་པས་ཡི་གེར་བཀོད༔ ཁྱད་པར་དུ་ཚེ་སྒྲུབ་ཟབ་མོ་གནམ་ལྕགས་རྡོ་རྗེ་དངོས་གྲུབ་ཀུན་འདུས་ཀྱི་ཆ་ལག་ཏུ༔ བི་མ་ལའི་ཆོས་སྤྱོད་རབ་གསལ་དང༔ བཀའ་བརྒྱད་དངོས་གྲུབ་སྙིང་པོ་ཞེས་བྱ་བ་ཉང་བན་ཏིང་འཛིན་བཟང་པོའི་ཐུགས་དམ་ཡང་དག་པའོ༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་ཆོས་སྐོར་རྣམས་ནི་གཞན་ལས་ཀྱང་ཁྱད་པར་དུ་འཕགས་པའོ༔ ཅིའི་ཕྱིར་ན༔ སློབ་དཔོན་ཆེན་པོ་པདྨའི་ཐུགས་དམ་གྱི་ལྷ་རྩོད་མེད་དུ་གྲགས་པ་ཡིན་ཅིང༔ མ་འོངས་པ་ནའང་རྗེས་འཇུག་ཐམས་ཅད་འདི་ལས་གྲུབ་པ་ཐོབ་པ་མང་བར་གསུངས༔ དེས་ན་ཐེ་ཚོམ་ཡིད་གཉིས་མ་བྱེད་པར༔ སྒྲུབས་ཤིག༔ ཤོད་ཅིག༔ སྟོན་ཅིག༔ སྒོམས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྒྱལ་བ་ཁྲོ་བོའི་ལྷ་ལ་ཕྱག་འཚལ་ལོ༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་བསྙེན་སྒྲུབ་ཀྱི་རྣལ་འབྱོར་བསྒོམ་པ་ལ༔ དང་པོ་ལྟ་བས་མཚམས་བཅད་པ༔ གཉིས་པ་འབྱུང་བ་རིམ་བརྩེགས་ནས་གཞལ་ཡས་ཁང་བསྐྱེད་པ༔ གསུམ་པ་ལྷ་ཚོགས་གསལ་གདབ་པ༔ བཞི་པ་སྤྱན་འདྲེན་བྱིན་འབེབ་པ༔ ལྔ་པ་བདག་ཉིད་མཆོད་བསྟོད་དབུལ་བ༔ དྲུག་པ་ཕྱི་ནང་དབྱེར་མེད་བསྲེ་བ༔ བདུན་པ་དྲག་སྔགས་ཏིང་འཛིན་བཟླས་པ༔ བརྒྱད་པ་བསྐུལ་ཞིང་ཕྲིན་ལས་བཅོལ་བའོ༔ དེ་ལ་དང་པོ་ལྟ་བས་མཚམས་གཅོད་པ་ནི༔ ཧཱུྃ༔ ཡེ་ནས་ཁྲོ་རོལ་རྒྱལ་བའི་དཀྱིལ་འཁོར་འདིར༔ སྣོད་བཅུད་སྣང་གྲགས་གསལ་སྟོང་ཡེ་ཤེས་ངང༔ རུ་ཏྲ་དགྲ་བགེགས་གཉིས་འཛིན་ཀ་ནས་དག༔ ལྷ་དང་འདྲེ་གཉིས་མ་གྲུབ་རང་གི་སེམས༔ ཧཱུྃ༔ འདི་ལྟར་མ་རྟོགས་འཁྲུལ་པའི་རང་གཟུགས་ལས༔ སྡུག་བསྔལ་གྲོང་ཁྱེར་འཁོར་བའི་སེམས་ཅན་བྱུང༔ ཀུན་ཀྱང་མ་བཅོས་ལྷུག་པའི་སེམས་ཉིད་འདི༔ སྐད་ཅིག་དྲན་རྫོགས་སྒྱུ་ལུས་ཧེ་རུ་ཀའི༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་དཔག་མེད་ནི༔ ཕྱག་མཚན་ཡིག་འབྲུ་སྐུ་གཟུགས་མེ་འོད་འཕྲོས༔ བར་ཆད་འབྱུང་པོ་བརླག་ཅིང་སྲུང་འཁོར་གྱུར༔ ཕྱི་དང་ནང་མེད་རོལ་པ་ཆེན་པོའི་ཀློང༔ ཨོཾ་ཧཱུྃ་ཨཱཿཛཿཕཊ༔ ཨོཾ་བཛྲ་ཀྲོ་དྷ་སརྦ་ས་མ་ཡ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཧཱུྃ༔ ཡེ་ནས་ཐམས་ཅད་ཞི་ཁྲོའི་ལྷ་ཚོགས་ལ༔ ཕྱག་འཚལ་ཀུན་རྫོབ་དོན་དམ་བརྡ་དང་གར༔ ཕྱི་ནང་གསང་བ་གཉིས་མེད་དོན་གྱིས་མཆོད༔ སྲོག་གི་ཕྱིར་ཡང་མི་སྤང་བསྒྲུབ་པར་བྱའོ༔ བཛྲ་ས་མ་ཡ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཡ་མི་ན་མོ༔ ཧཱུྃ༔ ཀུན་ནས་ཐམས་ཅད་རང་སེམས་ཞི་ཁྲོའི་ལྷ༔ བཤགས་དང་བཤགས་བྱ་མི་དམིགས་བཏང་སྙོམས་ངང༔ ཉམས་ཆག་ཉེས་ལྟུང་དྲི་མ་ཀློང་དུ་གྲོལ༔ ཀུན་ཀྱང་དབྱེར་མེད་ཁྱབ་བརྡལ་དཀྱིལ་འཁོར་ཆེ༔ སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ་སྭཱ་ཧཱ༔ ཧཱུྃ༔ ཀུན་ཁྱབ་ཀུན་བྱེད་དབྱིངས་རིག་ཀློང་ཡངས་ལས༔ འགག་མེད་གསལ་དག་རང་རིག་ཡི་གེ་ཧཱུྃ༔ དེ་ལས་ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུྃ༔ རིམ་བཞིན་ནམ་མཁའ་རླུང་ཁྲག་ས་གཞི་དང༔ རུས་པའི་རི་རབ་མེ་འོད་བྷནྡྷའི་མཁར༔ མ་བཅོས་ལྷུན་གྲུབ་འོད་ཀྱི་དཀྱིལ་འཁོར་གསལ༔ ཕྱོགས་མཚམས་རིས་མེད་སྟོང་གསལ་མཐའ་དབུས་བྲལ༔ ཨ་འཐས་མ་ཡིན་སྒྱུ་ལུས་ཕོ་བྲང་ཆེ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བྷྲཱུྃ༔ ཧཱུྃ༔ རང་རིག་ཡི་གེ་ཧཱུྃ་གི་འཕྲོ་འདུ་ལས༔ འོད་ཟེར་དཔག་ཡས་མཆོད་འབུལ་འགྲོ་དོན་གྲུབ༔ མ་བཅོས་རང་ཤར་དཔལ་ཆེན་ཧེ་རུ་ཀ༔ སྐུ་མདོག་སྨུག་ནག་གཟི་བརྗིད་འོད་ཟེར་འབར༔ ཉི་ཤུ་རྩ་གཅིག་ཞལ་རྣམས་ཁྲོ་ཞིང་རྔམ༔ ལྗགས་འདྲིལ་རྣོ་ངར་མཆེ་བ་དཀར་ལ་གཙིགས༔ ཡ་སོ་ཁྲོ་བོ་མ་སོ་ཁྲོ་མོའི་གཟུགས༔ ཁ་རླངས་ཐམས་ཅད་དུག་དུད་སྤྲིན་ལྟར་འཐུལ༔ ཉི་ཟླ་ལྟ་བུའི་སྤྱན་རྣམས་སྡང་མིག་བགྲད༔ སྨིན་མ་གློག་ལྟར་འོད་འཁྱུགས་གཟའ་སྐར་སྦྲེང༔ དབུ་སྐྲ་དམར་སེར་གྱེན་འཁྱིལ་མེ་སྟག་འཕྲོ༔ ཤངས་ནས་བསྐལ་པའི་རླུང་འཚུབས་སྤྲུལ་པ་འགྱེད༔ སྨ་ར་མེ་ལྕེ་འབར་བས་ཧཱུྃ་སྒྲ་སྒྲོག༔ ཞལ་ནས་ཆུ་ཚན་ཁོལ་མའི་རྦ་ཀློང་འཁྲུག༔ སྙན་ནས་སྟོང་གསུམ་འཆིང་བའི་དུད་སྤྲིན་འཐིབས༔ ཡུམ་ཆེན་ཀུན་ཏུ་བཟང་མོ་སྐུ་ལ་འཁྲིལ༔ ཧཱུྃ༔ ཕྱག་གི་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་ལ༔ རྒྱལ་བ་བཞི་བཅུ་ཡབ་རྣམས་གཡས་ན་བཞུགས༔ ཡུམ་རྣམས་གཡོན་བཞུགས་ཐུབ་དྲུག་གཡས་གཡོན་བཞེངས༔ ཞབས་བརྒྱད་བརྐྱང་བསྐུམ་བྱོལ་སོང་གཙོ་བརྒྱད་སྟེང༔ འགྱིང་བག་སྟོབས་ལྡན་མེ་དཔུང་ཀློང་དུ་གསལ༔ དེ་ཡི་ཐུགས་ཀར་དབུ་དགུ་ཕྱག་བཅོ་བརྒྱད༔ སྐུ་མདོག་སྨུག་ནག་ཞབས་བརྒྱད་དྲེགས་པ་བརྫིས༔ ཕྱག་གཡས་རྡོ་རྗེ་ཁ་ཊཱཾ་རྔེའུ་ཆུང་དང༔ འཁོར་ལོ་རིན་ཆེན་པདྨ་རལ་གྲི་དང༔ དགྲ་སཏྭ་ཞགས་པ་དགུ་ནི་གཡས་སུ་ཐོགས༔ ཕྱག་གཡོན་བྷན་དམར་ཞིང་དབྱུག་ཐོང་གཤོལ་དང༔ ཉི་ཟླ་རི་རབ་ཁྲག་མཚོ་མེ་རླུང་དགུ༔ རབ་འཇིགས་ཁྲོ་ཚུལ་ཡུམ་དང་གཉིས་མེད་འཁྲིལ༔ དེ་ཡི་ཐུགས་ཀར་དབུ་གསུམ་ཕྱག་དྲུག་པ༔ མཐིང་དཀར་དམར་ཞལ་ཕྱག་གཡས་རྡོ་རྗེ་གསུམ༔ གཡོན་གསུམ་བྷནྡྷ་རྣམ་གསུམ་ཞབས་བཞི་བགྲད༔ ཡུམ་མཆོག་གནམ་ཞལ་དབྱིངས་ཕྱུག་གཉིས་མེད་འཁྲིལ༔ དེ་ཡི་ཐུགས་ཀར་དོན་གྱི་ཧེ་རུ་ཀ༔ སྨུག་ནག་ཞལ་གཅིག་ཕྱག་གཉིས་དོར་སྟབས་བགྲད༔ རྡོ་རྗེ་བྷན་དམར་འཛིན་ཅིང་ཁྲོ་ཚུལ་ཙམ༔ ཏིང་འཛིན་མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ཧཱུྃ༔ མདུན་དུ་མཐིང་ནག་གྲུ་གསུམ་དཀྱིིལ་འཁོར་དུ༔ ཐུགས་ཀྱི་ལྷ་མཆོག་བཛྲ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་མཐིང་ནག་དཀར་དམར་ཞལ༔ རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་གཡས་ན་བསྣམས༔ བྷན་དམར་དྲིལ་བུ་རྒྱུ་ཞགས་ཡུམ་དང་འཁྲིལ༔ ཧཱུྃ༔ གཡས་སུ་སེར་ནག་གྲུ་གསུམ་དཀྱིལ་འཁོར་དུ༔ འཇམ་དཔལ་གཤིན་རྗེ་སེར་ནག་དཀར་དམར་ཞལ༔ ཕྱག་དྲུག་བེ་ཅོན་རལ་གྲི་དགྲ་སཏྭ་གཡས༔ བྷན་དམར་སྡིགས་མཛུབ་མདུང་ཐུང་གཡོན་ན་བསྣམས༔ ཡུམ་མཆོག་བེ་ཏ་ཟ་བྱེད་སྐུ་ལ་འཁྲིལ༔ ཧཱུྃ༔ རྒྱབ་ཏུ་དམར་ནག་གྲུ་གསུམ་དཀྱིལ་འཁོར་དུ༔ པདྨ་གསུང་མཆོག་རྟ་མགྲིན་དམར་སྨུག་ནི༔ དམར་དཀར་སྔོ་བའི་ཞལ་གསུམ་ཕྱག་དྲུག་པ༔ རྡོ་རྗེ་ཁ་ཊྭཱཾ་སྦྲུལ་ཞགས་གཡས་སུ་བསྣམས༔ དྲིལ་བུ་བྷན་དམར་ལྕགས་སྒྲོག་ཡུམ་དང་འཁྲིལ༔ ཧཱུྃ༔ གཡོན་དུ་ལྗང་ནག་གྲུ་གསུམ་དཀྱིལ་འཁོར་དུ༔ ཕྲིན་ལས་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ནི༔ ལྗང་ནག་དཀར་དམར་ཞལ་གསུམ་ཕྱག་དྲུག་པ༔ རྡོ་རྗེ་རྩེ་དགུ་རྩེ་ལྔ་ཁ་ཊྭཱཾ་མེ༔ ཕྱག་གི་མཐའ་གཉིས་ཕུར་པ་ཐུགས་ཀར་འདྲིལ༔ འཁོར་ལོ་རྒྱས་འདེབས་ཡུམ་དང་གཉིས་མེད་འཁྲིལ༔ ཧཱུྃ༔ ཤར་ལྷོ་བླ་མེད་ཧེ་རུ་ཡབ་ཡུམ་ནི༔ མཐིང་ནག་དཀར་དམར་ཞལ་གསུམ་ཕྱག་དྲུག་པ༔ རྡོ་རྗེ་ཁྱུང་ཆེན་སྦྲུལ་ཞགས་གཡས་ན་བསྣམས༔ ཕྱག་གཡོན་བྷནྡྷ་ཞིང་དབྱུག་ག་འུ་འཛིན༔ ཉིད་བཞི་མུ་ཁ་ལེ་དང་གཉིས་མེད་འཁྲིལ༔ ཧཱུྃ༔ ལྷོ་ནུབ་རིག་འཛིན་སློབ་དཔོན་རྡོར་དྲིལ་བསྣམས༔ རྡོ་རྗེ་ཕག་མོ་ཡུམ་དང་གཉིས་མེད་འཁྲིལ༔ རིན་ཆེན་རུས་པའི་རྒྱན་ཆ་ཁྲོ་ལོོ་ལོོ༔ ལྷབ་ལྷུབ་དར་གྱི་ན་བཟའ་སྐུ་ལ་གསོལ༔ འཁོར་དུ་དཔའ་བོ་མཁའ་འགྲོ་རྒྱ་མཚོས་བསྐོར༔ ཧཱུྃ༔ ནུབ་བྱང་དྲེགས་འདུལ་ཁམ་ནག་སྨུག་མཐིང་ཞལ༔ རྡོ་རྗེ་ལྷ་བརྒྱད་མགོ་བོ་གཡས་སུ་ཐོགས༔ བྷན་དམར་ཀླུ་བརྒྱད་མགོ་བོ་གཡོན་དུ་ཐོགས༔ ཞབས་གཉིས་བརྐྱང་བསྐུམ་འགྱིང་བག་གཟི་བརྗིད་ཅན༔ ཁམས་གསུམ་སྤྱི་འདུལ་ཡུམ་དང་གཉིས་མེད་འཁྲིལ༔ ཧཱུྃ༔ བྱང་ཤར་སྟོབས་ལྡན་ཞལ་གསུམ་མཐིང་ནག་ལ༔ ཕྱག་དྲུག་རྡོ་རྗེ་ལྷ་བརྒྱད་ཙིཏྟ་གཡས༔ བྷན་དམར་ཀླུ་བརྒྱད་ཙིཏྟ་གཡོན་དུ་བསྣམས༔ ཞབས་གཉིས་དོར་སྟབས་ཁྲོ་ཚུལ་འགྱིང་བག་ལྡན༔ འབྱུང་ལྔའི་བདག་མོ་ཡུམ་དང་གཉིས་མེད་འཁྲིལ༔ ཧཱུྃ༔ དེ་ལྟར་ཚོམ་བུ་དགུ་ཡི་ལྷ་ཚོགས་རྣམས༔ ཡབ་ཡུམ་སྲས་དང་སྤྲུལ་པ་འཁོར་དང་བཅས༔ བཀའ་བརྒྱད་ལྷ་ཚོགས་བདུན་བརྒྱ་ཉི་ཤུ་རྣམས༔ ཕྱོགས་མཚམས་མེད་པར་འོད་ཟེར་མཐའ་ཡས་ཁེངས༔ རང་རང་གནས་གསུམ་འོད་ཀྱིས་སྤྱན་དྲངས་བསྟིམ༔ ཧཱུྃ༔ ཆོས་དབྱིངས་མཉམ་ཉིད་རིག་པའི་ཡེ་ཤེས་ལྷ༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་རྣམས༔ མ་བཅོས་ལྷུན་གྲུབ་ཛཿཧཱུྃ་བཾ་ཧོཿཨཱ༔ ས་མ་ཡ་ཨཱ་བེ་ཤ་ཡ་ཏིཥྛ་ལྷན༔ རང་རིག་ཡེ་ཤེས་ལྷ་ལ་ཕྱག་འཚལ་ལོ༔ ཧཱུྃ༔ རང་བྱུང་ཐབས་ཤེས་དབྱེར་མེད་སྨན་གྱིས་མཆོད༔ རྒྱུ་རྐྱེན་རྣམ་དག་བདུད་རྩི་གཏོར་མས་མཆོད༔ ཆགས་བྲལ་རཀྟ་དམར་ཆེན་རྫས་ཀྱིས་མཆོད༔ ཕྱི་ནང་གསང་བ་དེ་བཞིན་ཉིད་ཀྱིས་མཆོད༔ གཉིས་མེད་བླང་དོར་མེད་པའི་ངང་དུ་མཆོད༔ སརྦ་པཉྩ་ཨ་མྲྀཏ་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ལ་ཁཱ་ཧི༔ མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ ཧཱུྃ༔ འཇམ་དཔལ་སྐུ་ཡི་ལྷ་ལ་ཕྱག་འཚལ་བསྟོད༔ པདྨ་གསུང་གི་ལྷ་ལ་ཕྱག་འཚལ་བསྟོད༔ ཡང་དག་ཐུགས་ཀྱི་ལྷ་ལ་ཕྱག་འཚལ་བསྟོད༔ ཆེ་མཆོག་ཡོན་ཏན་ལྷ་ལ་ཕྱག་འཚལ་བསྟོད༔ ཕུར་པ་ཕྲིན་ལས་ལྷ་ལ་ཕྱག་འཚལ་བསྟོད༔ མ་མོ་རྦོད་གཏོང་ལྷ་ལ་ཕྱག་འཚལ་བསྟོད༔ རིག་འཛིན་སློབ་དཔོན་ལྷ་ལ་ཕྱག་འཚལ་བསྟོད༔ འཇིག་རྟེན་མཆོད་བསྟོད་ལྷ་ལ་ཕྱག་འཚལ་བསྟོད༔ དམོད་པ་དྲག་སྔགས་ལྷ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་འོད་ཟེར་འཕྲོ༔ མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཞི་བའི་སྐུ༔ མཚན་དང་དཔེ་བྱད་རྒྱན་རྣམས་མཛེས་ཚུལ་ལྡན༔ ཞི་བའི་ཚུལ་དགུ་རྫོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང༔ རྒོད་དང་གཤེ་དང་རྔམ་པར་སྟོན་པ་དང༔ སྙིང་བརྩེས་ཁྲོ་དང་ངོ་མཚར་གར་དགུ་ལྡན༔ ཁྲོ་བོའི་གར་དགུ་རྫོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཐལ་ཆེན་རཀྟ་ཞག་གི་ཟོ་རིས་དང༔ ཀོ་རློན་གཡང་གཞི་སྟག་གི་ཤམ་ཐབས་དང༔ ཐོད་ཕྲེང་སྦྲུལ་ཆུན་མེ་དཔུང་ཆས་དགུས་བརྒྱན༔ དུར་ཁྲོད་ཆས་རྣམས་རྫོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་ཀུན་བཟང་རིགས་ལྔ་ཡབ༔ བཟང་མོ་ལ་སོགས་ཀྲོ་དྷཱི་ཡུམ་རྣམས་སྦྱོར༔ སེམས་དཔའ་ལྕམ་སྲས་ཐུབ་དྲུག་སྒོ་བ་དང༔ ཞི་ཁྲོ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཀུན་བཟང་ཐུགས་ཀྱི་འོད་ཟེར་ཆོ་འཕྲུལ་ལས༔ ལྷ་ཚོགས་བདུན་བརྒྱ་ཉི་ཤུའི་དཀྱིལ་འཁོར་ཤར༔ མཐའ་ཡས་དཔག་མེད་ཡེ་ཤེས་མེ་འོད་འབར༔ བར་ཆད་སྡིག་སྒྲིབ་བསྲེགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཡང་དག་ཐུགས་ཀྱི་དཀྱིལ་འཁོར་རོལ་པ་ལས༔ ཐམས་ཅད་མཉམ་ཉིད་བྱང་ཆུབ་སེམས་ཀྱི་ངང༔ སྤྲོས་པས་མཐའ་འདས་བསྡུས་པས་རང་བཞིན་ཀློང༔ ལྷུན་གྲུབ་ཞི་ཁྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ དེ་ནས་སྙིང་པོ་བཟླས་པ་ནི༔ གཙོ་འཁོར་ཐམས་ཅད་ཀྱི་ཐུགས་ཀའི་འོད་ཟེར་འཕྲོ་འདུ་ལ་དམིགས་ཏེ་བཟླའོ༔ ཆེ་མཆོག་གི་སྙིང་པོ་ནི༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཡང་དག་ཐུགས་ཀྱི་སྙིང་པོ་ནི༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ འཇམ་དཔལ་སྐུའི་སྙིང་པོ་ནི༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ པདྨ་གསུང་གི་སྙིང་པོ་ནི༔ ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཕུར་པ་ཕྲིན་ལས་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཱན་བཾ་ཧཱུྃ་ཕཊ༔ མ་མོ་རྦོད་གཏོང་གི་སྙིང་པོ་ནི༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་ཀྲོ་དྷཱི་ཤྭ་རཱི་སཏྭཾ་མ་ཡོ་གི་ནཱི་ཧཱུྃ་ཕཊ༔ རིག་འཛིན་སྙིང་པོ་ནི༔ ཨོཾ་བཛྲ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ འཇིག་རྟེན་མཆོད་བསྟོད་ཀྱི་སྙིང་པོ་ནི༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱཾ་ཧཱུྃ་ཕཊ༔ དམོད་པ་དྲག་སྔགས་ལ༔ ཨོཾ་བཛྲ་སརྦ་དུཥྚཱཾ་ཨེ་ཛཿབྷྱོ་ཧཱུྃ་ཕཊ༔ དཔལ་གྱི་བཀའ་སྡོད་ལ༔ ཨོཾ་བཛྲ་སརྦ་ཡཀྴ་ས་མ་ཡ་ཧཱུྃ་ཕཊ༔ ཁྱུང་སྤྱི་གཙུག་ཏུ་བཞུགས་པ་ལ༔ ཁྲོཾ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ སྤྱི་འདུས་དྲག་སྔགས་མེ་དཔུང་ནི། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨཱ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ དམོད་བཅོལ་ནི༔ གནོད་བྱེད་གདོན་བགེགས་འབྱུང་པོའི་སྙིང་ལ་དུཥྚཱཾ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ བཟླ་བར་བྱའོ༔ གང་ཟག་དབང་པོ་རབ་འབྲིང་ཐ་དང་བསྟུན་ཏེ༔ ཆེ་མཆོག་སྐུ་གང་མོས་སུ་བསྒོམ་ཡང་རུང༔ སྙིང་པོ་ཡང་དེ་དང་མཚུངས༔ ཚོགས་དང་སྐོང་བ་ཚར་བ་དང༔ དེ་ནས་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ༔ མ་གཡེལ་སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་རྣམས༔ མི་མངོན་དབྱིངས་ནས་ཡེ་ཤེས་སྤྱན་གྱིས་གཟིགས༔ བཀའ་སྡོད་དམ་ཅན་སྲུང་མས་བྱ་ར་མཛོད༔ ཀུན་མཁྱེན་མགོན་པོས་གཟུ་དང་དཔང་མཛོད་ཅིག༔ ཧཱུྃ༔ ད་ལྟ་དུས་ངན་སྙིགས་མའི་སེམས་ཅན་རྣམས༔ ཐར་པ་བསྒྲུབ་ཀྱང་བར་ཆད་དབང་བཙན་ན༔ ཐུགས་རྗེའི་མྱུར་མགྱོགས་བྱིན་རླབས་དུས་ལ་བབ༔ འཕྲལ་རྐྱེན་ངན་པའི་བར་ཆད་ཐམས་ཅད་ཟློག༔ དུས་མིན་འཆི་བའི་དབང་དུ་མི་གཏང་བར༔ ཚེ་སྲོག་དབང་ཐང་ཉམས་པ་གསོ་རུ་གསོལ༔ སྒྲུབ་མཆོག་བདག་ལ་དངོས་གྲུབ་རྣམ་གཉིས་སྩོལ༔ ཁྱད་པར་དྲག་པོ་མཐུ་ཡི་དངོས་གྲུབ་ཞུ༔ ཧཱུྃ༔ མ་རིག་གཏི་མུག་རྨོངས་པས་འཁོར་བར་འཁྱམས༔ རྒྱུ་རྐྱེན་ལས་ངན་དགྲ་བགེགས་ངར་འཛིན་འདི༔ ཐོག་མེད་དུས་ནས་གཟུང་འཛིན་འཁྲུལ་པ་ལས༔ རིག་པའི་རྒྱལ་པོ་ཁྲོ་ཆེན་ལྷ་ཚོགས་བསྐུལ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་སྤྱི་མེས་ཀུན་བཟང་ཡབ༔ སྐྱེ་འགྲོ་ཡོངས་ཀྱི་མ་མོ་ཀུན་བཟང་ཡུམ༔ སྲས་འཁོར་བཀའ་སྡོད་ལྷ་ཚོགས་སྐུ་བཞེངས་ཤིག༔ དཀོན་མཆོག་ཐུགས་རྗེ་རྟེན་འབྲེལ་བསླུ་མེད་མཐུས༔ ཧཱུྃ༔ ཕྱོགས་བཞི་མཚམས་བརྒྱད་རུ་ཏྲ་མ་ལུས་ཀུན༔ དམིགས་ཡུལ་གཟུགས་ཕུང་ལིངྒ་འདི་ཉིད་ལ༔ སྐད་ཅིག་ཉིད་ལ་ཁུག་ཅིག་ས་མ་ཡ༔ འཁོར་འདས་ལྷ་དང་ཕྲོལ་ཅིག་ཁྲོ་བོའི་ཚོགས༔ ཧཱུྃ༔ དྲག་པོའི་ཐུན་གྱིས་བྲབས་པས་མྱོས་པར་འགྱུར༔ གཙང་མའི་ཁྲུས་ཀྱིས་དུག་ལྔའི་བག་ཆགས་ཞི༔ ཐུགས་ཀའི་འོད་ཀྱིས་ཚེ་རྟེན་རང་ལ་བསྟིམ༔ ཕཊ་ཀྱི་རང་སྒྲས་རྣམ་ཤེས་དབྱིངས་རིག་བསྲེ༔ ཧཱུྃ༔ སྣང་སྲིད་ཁྲོ་རོལ་དགྲ་བགེགས་དུམ་བུར་གཏུབ༔ལྕགས་ཀྱུ་ཕུར་པས་གར་ཉམས་གློག་ལྟར་འཁྱུག༔ ལྔ་ཕུང་གཟུགས་ཀྱིས་རབ་འབྱམས་དཀྱིལ་འཁོར་མཆོད༔ བདག་འཛིན་རྩད་ནས་ཆོད་ཅིག་མཱ་ར་ཡ༔ ཧཱུྃ༔ རྒྱལ་བ་རྒྱ་མཚོ་བདུད་རྩི་མཆོད་པས་མཉེས༔ ཡི་དམ་ཁྲོ་རོལ་ཤ་ཁྲག་དམར་གྱིས་ཚིམ༔མཁའ་འགྲོ་ཆོས་སྐྱོང་ནང་རོལ་ཞག་གིས་དགྱེས༔ ཀུན་ནས་ཀུན་ཏུ་ལོངས་སྤྱོད་ཐོགས་མེད་ཤོག༔ ཧཱུྃ༔ ཀ་དག་ཆོས་ཉིད་ཡངས་པའི་དཀྱིལ་འཁོར་འདིར༔ རང་བྱུང་རང་ཤར་ཁྲོ་བོ་རོལ་པའི་ཚོགས༔བསྐྱེད་རྫོགས་མ་བཅོས་ལྷུན་གྲུབ་ཡེ་ནས་དག༔ ངར་འཛིན་རུ་ཏྲ་གཉིས་མེད་ཀློང་དུ་ཧོ༔ ཆེ་མཆོག་ཁྲོ་བོ་རོལ་པའི་ཉམས་ལེན་སྙིང་པོར་དྲིལ་བའི་མན་ངག་གནད་ཀྱི་གཟེར་ཐེམས་གཅིག་པུ༔ བདག་མདུན་ཐ་མི་དད་ཀྱི་དཀྱིལ་འཁོར་རྒྱུན་ཁྱེར་དངོས་གྲུབ་སྙིང་པོ་ཞེས་བྱ་བ༔ བདག་འདྲ་མཁར་ཆེན་བཟས་བྲིས་པ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་གུ་རུ་པདྨའི་ཐུགས་ཀྱི་འོད་ཟེར་ལས་སྤྲུལ་པ་སྔགས་འཆང་ཧཱུྃ་ནག་མེ་འབར་གྱིས་ཤར་ལྗོན་པ་ལུང་གི་གནས་སྒོ་ནས་གདན་དྲངས་པའོ།།།།

བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། དཔལ་ཡང་དག་ཧེ་རུ་ཀའི་རིམ་གཉིས་རྒྱུན་གྱི་རྣལ་འབྱོར་ (Volume 28, Text 1)

༄༅། །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། དཔལ་ཡང་དག་ཧེ་རུ་ཀའི་རིམ་གཉིས་རྒྱུན་གྱི་རྣལ་འབྱོར་བཞུགས་སོ། ། ན་མོ་གུ་རུ་བཛྲ་ཤྲཱི་ཧེ་རུ་ཀཱ་ཡ། འདིར་དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོའི་ཐུགས་དམ་མཐར་ཐུག་པ་དཔལ་ཡང་དག་ཧེ་རུ་ཀའི་རིམ་གཉིས་ཀྱི་ལམ་ཟབ་མོ་རྒྱུན་གྱི་རྣལ་འབྱོར་དུ་མདོར་བསྡུས་ཏེ་བསྒོམ་པར་འདོད་པས། གནས་དབེན་པར་བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་སྔོན་འགྲོའི་རིམ་པ་རྒྱས་པར་བྱ་བའམ། ངེས་འབྱུང་དང་། སྙིང་རྗེའི་ཤུགས་དྲག་ཏུ་བསྐྱེད་ལ་ཚོགས་ཞིང་ནམ་མཁའ་གང་བར་སད་པའི་སྤྱན་སྔར། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ལན་གསུམ་གྱིས་རྒྱུད་སྦྱང་། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ཚད་མེད་བཞི་བསྒོམ་པ་སྔོན་དུ་འགྲོ་བས། དངོས་གཞིའི་ཐོག་མར་རྣལ་འབྱོར་བསྐྱེད་པའི་རིམ་པ་ལ། དངོས་གཞི་ཞི་བར་བསྙེན་པ་ནི། ཨ༔ རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ༔ བཟུང་བས་མི་ཟིན་ཆུ་ཟླ་འདྲ༔ ཀུན་ཏུ་བཟང་པོའི་རོལ་པ་ལས༔ ཐབས་ཤེས་ཟུང་འཇུག་རྩ་བའི་ལྷ༔ སེམས་དཔའ་དཀར་པོ་རྡོར་དྲིལ་བསྣམས༔ རང་འོད་ཡུམ་འཁྱུད་བདེ་སྟོང་སྦྱོར༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ མ་བཅོས་ལྷུག་པའི་ངང་དུ་གསལ༔ ཨོཾ་བཛྲ་སཏྭ་ཨཱ༔ ཞེས་ཅི་ནུས་བཟླ། དེ་ནས་ཁྲོ་བོར་བསྒྲུབ་པ་ནི། དེ་ཉིད་ཡོངས་གྱུར་སྐད་ཅིག་གིས༔ བདག་ཉིད་རིག་འཛིན་འཛམ་གླིང་རྒྱན༔ རྣམ་པ་ཡང་དག་ཧེ་རུ་ཀ༔ མཐིང་དཀར་དམར་བའི་ཞལ་གསུམ་འབར༔ ཕྱག་དྲུག་ཡེ་ཤེས་རྟགས་ཀྱི་རྒྱ༔ རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་གཡས༔ དྲིལ་བུ་བྷན་དམར་རྒྱུ་ཞགས་གཡོན༔ བཛྲ་ཀྲོ་དྷཱི་ཤྭ་རཱི་མ༔ རྡོ་རྗེ་དུང་ཁྲག་བསྣམས་པས་འཁྲིལ༔ གར་དགུའི་ཉམས་ལྡན་ཁྲོ་བོའི་ཆས༔ ཡེ་ཤེས་མེ་དཔུང་ཆེར་འབར་དབུས༔ ཞབས་བཞི་གྱད་ཀྱི་དོར་སྟབས་ཀྱིས༔ པད་ཉི་བདུད་བཞིའི་གདན་ལ་འགྱིང༔ གཡས་གཡོན་ཞལ་དང་ཕྱག་དྲུག་ནི༔ གཽ་རཱི་ལ་སོགས་ངོ་བོར་རྫོགས༔ རྡོ་རྗེ་ཕུང་པོའི་གྲོང་ཁྱེར་ཀུན༔ མ་བསྐྱེད་རང་བྱུང་རོལ་པའི་རྒྱན༔ ཁྲག་འཐུང་ལྷ་ཚོགས་ཕྱག་རྒྱར་བཞེངས༔ ཞེས་རྩེ་གཅིག་ཏུ་བསྒོམས་ལ། ལྷར་སྣང་སྒྱུ་མ་ལྟ་བུར་སེམས་འཛིན་ཅིང་ང་རྒྱལ་དང་། གཞི་འབྲས་སྦྲེལ་བའི་དག་དྲན་ལ་བསླབ། ཞར་བྱུང་བཟླས་པའི་རྣལ་འབྱོར་ནི། ཐུགས་ནི་དཔལ་བེའུ་ཟུར་བརྒྱད་ཀློང༔ རུ་ལུ་འབྲུ་བརྒྱད་འཕྲོ་ཞིང་འདུ༔ མགལ་མེ་ལྟ་བུར་འཁོར་བ་ཡིས༔ བདེ་ཆེན་ཡེ་ཤེས་བརྟན་པར་གྱུར༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་ཅི་ནུས་དང་། རྫོགས་རིམ་བསྒོམ་པར་སྤྲོ་ན་ཇི་ལྟར་རིགས་པ་བསྒོམ་ཞིང་། ཐུན་བསྡུ་བ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་པས་སྣང་ཆའི་ལྷ་སྐུ་འོད་གསལ་གྱི་དབྱིངས་སུ་ཐིམ་པར་བསམ་ཞིང་མཉམ་པར་བཞག །ལྡང་བའི་ཚེ། ཕཊ་ཕཊ་ཕཊ༔ རང་དང་སྣང་བ་ཐམས་ཅད་དཔལ་ཧེ་རུ་ཀའི་སྐུ་གསུང་ཐུགས་སུ་གྱུར་པར་མོས་ལ། དགེ་བ་འདི་ཡིས་མྱུར་དུ་བདག༔ ཧེ་རུ་ཀ་དཔལ་འགྲུབ་གྱུར་ནས༔ ཞེས་སོགས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ །གཉིས་པ་མན་ངག་རྫོགས་པའི་རིམ་པ་ལ་དྲུག །གཏུམ་མོ། སྒྱུ་ལུས། འོད་གསལ། རྨི་ལམ། འཕོ་བ། བར་དོ་འོ། །དང་པོ་ལམ་གྱི་རྩ་བ་གཏུམ་མོའི་རྣལ་འབྱོར་ནི། རང་ཉིད་དཔལ་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའམ་ཞལ་ཕྱག་རྫོགས་པར་གསལ་བའི་ལུས་ཀྱི་ནང་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བའི་དབུས་སུ་རྩ་གསུམ་འཁོར་ལོ་བཞི་སྤྱི་ལྟར་གསལ་ནས་རླུང་རོ་བསལ། ཆེད་དུ་དམིགས་པ་ཐུགས་ཀར་ཆོས་ཀྱི་འཁོར་ལོའི་དབུ་མའི་ནང་དུ་ཧཱུྃ་མཐིང་གསལ་མར་མེ་ལྟར་འབར་བའི་ནཱ་ད་ལས་རུ་ལུ་འབྲུ་བརྒྱད་འཕྲོ་ཞིང་འདུ་བར་གསལ་བཏབ་ལ་སེམས་བཟུང་། ཟིན་པ་ན་རླུང་བུམ་པ་ཅན་སྙིང་གར་ཁ་སྦྱོར་དུ་བཟུང་ཞིང་ཧཱུྃ་ལ་བསྟིམ་པའམ། ལས་དང་པོ་པས་ལྟེ་བའི་བུམ་པ་ཅན་གཙོ་བོར་བྱ། རྒྱུན་གྱི་རྣལ་འབྱོར་ལ་འདི་ཙམ་གྱིས་འཐུས། སྤྲོ་ན་རླུང་ནང་དུ་འཇུག་པ་ཨོཾ། གནས་པ་རུ་ལུ་རུ་ལུ། ལྡང་བ་ཧཱུྃ་བྷྱོ་ཧཱུྃ་ཞེས་པའི་གདངས་སུ་མོས་པའི་རྡོ་རྗེའི་བཟླས་པ་བྱ་ཞིང་། དེ་ནས་དབུ་མའི་མས་སྣ་རྩ་གསུམ་འདུས་མདོར་ཨ་ཤད་མེ་འབར་ལ་ཁད་པ་དང་། ཡས་སྣ་ཧྃ་མགོ་ཐུར་བསྟན་གསལ་བཏབ། བུམ་ཅན་གྱི་སྦྱོར་བས་ལྟེ་བའི་ཨ་ཤད་ལས་མེ་འབར། ཁམས་སྙིགས་མ་ཐམས་ཅད་བསྲེགས། མཐར་སྤྱི་བོའི་ཧྃ་ལ་རེག་པས་བདུད་རྩི་བབས། འཁོར་ལོ་བཞི་གང་ཞིང་། དྭངས་མ་སྙིང་གའི་ཧཱུྃ་ལ་འདུས་པས་དྲོད་དང་བདེ་བའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་སྐྱེས་པར་བསམ་ལ་གསལ་རིག་འཛིན་པ་མེད་པའི་ངང་དུ་མཉམ་པར་བཞག །གཉིས་པ་ལམ་གྱི་གཞི་མ་སྒྱུ་ལུས་ནི། སྤྱིར་འཁོར་འདས་ཀྱི་ཆོས་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་ཀྱིས་མཚོན་པར་གཏན་ལ་དབབ། བྱེ་བྲག་ཏུ་བསྟོད་སྨད་ཆགས་སྡང་སོགས་མེ་ལོང་གི་གཟུགས་བརྙན་ལྟ་བུར་དཔྱད་ཅིང་། ཁྱད་པར་མཉམ་རྗེས་ཀུན་ཏུ་སྣང་བ་ཐམས་ཅད་ལྷ་སྐུ་འཇའ་ཚོན་དང་ཆུ་ཟླ་ལྟ་བུའི་ཏིང་ངེ་འཛིན་ལ་རྩལ་སྦྱང་། ལམ་སྔ་མ་གོམས་པ་བརྟན་པས་རླུང་སེམས་སྒྱུ་མའི་ལྷ་སྐུར་ལྡང་ཞིང་། སྐབས་ཅི་རིགས་པར་སྙིང་གའི་ཧཱུྃ་ལས་ཧཱུྃ་ཡིག་ནམ་མཁའ་ཁྱབ་པར་འཕྲོས་པས་སྣོད་བཅུད་ཀྱི་དངོས་འཛིན་ཞིག་སྟེ་སྒྱུ་མ་ལྟ་བུའི་ཡེ་ཤེས་ལྷ་ཡི་ཕྱག་རྒྱར་ཤར་བ་ལ་སེམས་འཛིན་པར་བྱའོ། །གསུམ་པ་ལམ་གྱི་སྙིང་པོ་འོད་གསལ་ནི། ཉིན་པར་གང་ཤར་གྱི་རྟོག་པའི་རྗེས་སུ་མི་འབྲང་བར་འོད་གསལ་གཉུག་མའི་ངང་དུ་མཉམ་པར་བཞག་ཅིང་། བསྐྱེད་རིམ་དང་འབྲེལ་ན་ཐུན་གྱི་མཇུག་ཏུ་ལྷ་སྐུ་འོད་གསལ་དུ་སྦྱངས་པ་དང་། ཟུང་འཇུག་གི་སྐུར་ལྡང་བའི་ཏིང་ངེ་འཛིན་ལ་ཡང་ནས་ཡང་དུ་རྩལ་སྦྱང་། ནུབ་མོ་ལུས་ཙོག་པུར་འཁོད། རང་ཧེ་རུ་ཀར་གསལ་བའི་སྙིང་འོད་ལྔའི་གོང་བུའི་དབུས་སུ་པདྨ་འདབ་མ་བཞི་པའི་ལྟེ་བར་ཧཱུྃ་དང་། འདབ་མ་རྣམས་ལ་ཨ་ནུ་ཏ་ར་མཐིང་གསལ་བཀོད་པ་ལ་རིམ་བཞིན་དུ་སེམས་བཟུང་ཞིང་། རིམ་པར་ཧཱུྃ་ལ་བསྟིམ། དེའང་མི་དམིགས་པའི་དབྱིངས་སུ་སྦྱངས་ཏེ་གནས་ལུགས་མ་བཅོས་པའི་ངང་དུ་མཉམ་པར་བཞག་པས་གཉིད་ཀྱི་འོད་གསལ་འཆར་བར་འགྱུར་རོ། །བཞི་པ་ལམ་གྱི་ཚོད་འཛིན་རྨི་ལམ་ལ། ཐོག་མར་སྦྱོང་བ་ནི། ཉིན་པར་སྣང་གྲགས་རྟོག་གསུམ་ཐམས་ཅད་རྨི་ལམ་དུ་ངོས་བཟུང་ཞིང་ངེས་ཤེས་བསྐྱེད། ཉལ་ཁར་མགྲིན་པར་པདྨ་དམར་པོ་འདབ་མ་བཞི་པའི་དབུས་སུ་ཧཱུྃ་དང་། འདབ་བཞིར་ཨ་ནུ་ཏ་ར་དམར་པོ་ལ་སེམས་བཟུང་ཞིང་རྨི་ལམ་རྨི་བ་ཡིན་འདུག་སྙམ་པའི་འདུན་པས་མཚམས་སྦྱར་ཏེ་རིམ་གྱིས་ཧཱུྃ་གི་བར་དུ་བསྡུ། དེ་ཐིག་ལེ་དམར་པོ་བདེ་གསལ་འོད་ཀྱི་རང་བཞིན་དུ་གྱུར་པ་ལ་སེམས་བཟུང་ནས་མ་ཡེངས་པའི་ངང་དུ་གཉིད་ལོག་པས་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པ་འབྱུང་ཞིང་། དེ་ལ་གོམས་ནས་སྦྱང་སྤེལ་སྤྲུལ་བསྒྱུར་སོགས་ལ་བསླབ་པར་བྱའོ། །ལྔ་པ་ལམ་གྱི་བསུན་མ་འཕོ་བ་ནི། རང་ཧེ་རུ་ཀར་གསལ་བའི་སྙིང་གའི་ཧཱུྃ་ལས་ཧཱུྃ་མང་དུ་སྤྲོས་ཏེ་དབང་པོའི་སྒོ་དགུ་དང་བ་སྤུའི་བུ་ག་ཚུན་ཧཱུྃ་གིས་དགག །ལུས་ཀྱི་དབུས་དྲང་པོར་རྩ་དབུ་མ་ཡར་སྣ་ཚངས་བུག་ཏུ་ཟང་ཐ་ལེར་ཟུག་ཅིང་། མར་སྣ་ལྟེ་འོག་སོར་བཞིར་ཕུག་རྡུགས་ཀྱི་རྣམ་པར་གྱུར་པའི་སྙིང་གའི་ནང་དུ་རླུང་སེམས་དབྱེར་མེད་ཀྱི་ངོ་བོ་ཧཱུྃ་ཡིག་འོད་ཟེར་ལྔ་འཕྲོ་བ་ལ་སེམས་བཟུང་རླུང་ཁ་སྦྱོར་དུ་འཆིང་། ཟིན་པ་ན་མདུན་གྱི་ནམ་མཁར་དུར་ཁྲོད་ཆེན་པོ་མེ་རི་འབར་བ་ཞིང་གི་བཀོད་པ་འབྱམས་ཀླས་པའི་དབུས་སུ། བླ་མ་ཧེ་རུ་ཀ་འཁོར་དང་བཅས་པ་མངོན་སུམ་བཞིན་དུ་གསལ་བའི་ཐུགས་ཀར་འཕོ་བའི་འདུན་པ་དྲག་པོས་རླུང་ཕྱིར་བཏང་བ་དང་ཧིཀ་ཅེས་དྲག་ཏུ་བརྗོད་པས། སྙིང་གའི་ཧཱུྃ་གློག་འཁྱུག་པ་ལྟར་ཁྲག་འཐུང་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཞུགས་ཏེ་ཐུགས་ཀར་འཕོས་པར་བསམ། རླུང་ནང་དུ་འཇུག་པ་ན་ཀ་ཞེས་བརྗོད་ཅིང་མར་དབབ། ཐུན་བསྡུ་བའི་ཚེ་མདུན་གྱི་ཞིང་ཁམས་རྟེན་དང་བརྟེན་པར་བཅས་པ་མི་དམིགས་པར་བཞག་ཅིང་། ཚངས་བུག་སྣ་ཚོགས་རྡོ་རྗེས་བཀག་པར་བསམས་ནས་རྡོ་རྗེའི་བཟླས་པ་ཅི་ནུས་བྱ། ལས་ལ་སྦྱར་བའི་ཚེ་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་པར་འདྲེས་པའི་ངང་དུ་མཉམ་པར་བཞག་གོ །དྲུག་པ་ལམ་གྱི་མཚམས་སྦྱོར་བར་དོ་ནི། ད་ལྟ་ནས་སྣང་བ་ཐམས་ཅད་སྲིད་པ་བར་དོའི་གནས་སྐབས་སུ་ཤེས་པ་དང་། ཁྱད་པར་དུ་ཆགས་སྡང་དགའ་སྡུག་སོགས་རྟོག་པ་རགས་པ་ནམ་འཆར་ན་དྲན་པས་ཟིན་པར་བྱས་ཏེ་བར་དོ་དང་བསྲེ། དེ་ཐམས་ཅད་ཧེ་རུ་ཀའི་སྐུ་གསུང་ཐུགས་ཀྱི་ངོ་བོར་བསྲེ་བ་མཚམས་སྦྱར་བ་ལ་བསླབ་པས་བར་དོར་ཡང་དྲན་པ་ཟིན་ནས་ལམ་གྱི་འཕྲོ་མཐུད་དེ་གྲོལ་བར་འགྱུར་རོ། །དེ་ལྟ་བུའི་ལམ་འདི་རྣམས་རྒྱུན་གྱི་རྣལ་འབྱོར་ལ་སྦྱར་བའི་ཚེ། མཉམ་གཞག་ཏུ་བསྐྱེད་རིམ་དང་གཏུམ་མོ་གཙོ་བོར་བཏོན། ཐུན་བསྡུ་བ་ན་འོད་གསལ་བསྒོམ། ཐུན་མཚམས་ཐམས་ཅད་དུ་སྒྱུ་མ་ལྟ་བུར་བསླབ་པ་དང་། རྨི་ལམ་དང་བར་དོའི་ཉམས་ལེན་སྤེལ། ཉལ་བའི་ཚེ་འོད་གསལ་དང་རྨི་ལམ་གྱི་དམིགས་པ་གང་རུང་གསལ་ངེས་པ་རེ་བྱ། སྐབས་ཅི་རིགས་པའམ། ཐུན་རེའི་མཐར་འཕོ་བའི་དམིགས་པའང་མ་བརྗེད་ཙམ་རེ་བྱ་ཞིང་། རྣམ་པ་ཀུན་ཏུ་སྣང་གྲགས་རྟོག་གསུམ་དཔལ་ཆེན་པོའི་སྐུ་གསུང་ཐུགས་སུ་ཤེས་ཤིང་གོམས་པར་བྱ་བ་ནི་ལམ་གྱི་མདོ་ཆིང་བླ་ན་མེད་པ་སྟེ། དེ་ལྟར་བརྩོན་པས་དངོས་གྲུབ་རྣམ་གཉིས་མྱུར་དུ་ཐོབ་པར་འགྱུར་བའི་ཚུལ་སོགས་རྒྱས་པར་གཞུང་རྡོ་རྗེའི་ཚིག་རྐང་བླ་མའི་མན་ངག་གིས་ཕྱེ་བའི་རྗེས་སུ་འབྲངས་ནས་ཤེས་པར་བྱ་ཞིང་། ལས་དང་པོ་པ་ལ་དམིགས་པའི་རིམ་པ་འདི་ཙམ་གྱིས་ཀྱང་དོན་འགྲུབ་པར་འགྱུར་བ་ཡིན་ནོ། །མདོར་ན་གཞུང་རྩ་བ་ལས། དེ་ལྟར་ཤིན་ཏུ་ཟབ་པའི་བཅུད༔ ཁྲག་འཐུང་བདེ་ཆེན་རྣམ་རོལ་པའི༔ ལུང་དང་ཏནྟྲ་མང་པོའི་དོན༔ བསྒོམས་པས་མྱུར་དུ་འཚང་རྒྱ་བའི༔ མན་ངག་གནད་ཀྱི་སྙིང་པོ་འདི༔ ཨོ་རྒྱན་བདག་གི་ཐུགས་ཁྲག་སྟེ༔ བརྗོད་པར་དཀའ་བ་ཉིད་ཡིན་ཀྱང༔ མངའ་བདག་ཡབ་སྲས་སྐུ་ཆེ་ཞིང༔ མཚོ་རྒྱལ་ཞབས་ཏོག་ཆེ་བ་དང༔ རྗེ་འབངས་གྲོགས་རྣམས་དམ་ཚིག་ཆེ༔ དེ་ཕྱིར་ཐུགས་དམ་སྙིང་པོར་གདམས༔ ཞེས་གསུངས་པ་ལྟར་བདག་ལེགས་སུ་འདོད་པའི་སྐལ་བཟང་རྣམ་དཔྱོད་ཅན་རྣམས་ཀྱིས་འདི་ཁོ་ན་ཉམས་ལེན་སྙིང་པོར་མཛད་འཚལ་ལོ། །ཞེས་པའང་གྲུབ་མཐའ་རིས་མེད་པའི་སྐྱེས་ཆེན་དམ་པ་མང་དུ་འདུས་པ་ལ་ལམ་འདིའི་དམིགས་ཁྲིད་རྫོགས་པར་ཕུལ་བའི་སྐབས། མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་རང་འདྲའི་བློ་གྲོས་ཤིན་ཏུ་དམན་པ་རྣམས་ལ་ཕན་པའི་བསམ་པས་བྲིས་པ་སྟེ། དགེ་བས་གྲོང་ཁྱེར་གསུམ་གྱི་འགྲོ་བ་ཐམས་ཅད་ཤྲཱི་ཧེ་རུ་ཀའི་གོ་འཕང་ལ་མྱུར་དུ་འགོད་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།

སྲིན་པོ་ནཱ་ག་རཀྴ་ཏི་པ་ཙ་ཤིན་ཏུ་དྲག་པོའི་སྒྲུབ་པ་ (Volume 19, Text 1)

༄༅༔ སྲིན་པོ་ནཱ་ག་རཀྴ་ཏི་པ་ཙ་ཤིན་ཏུ་དྲག་པོའི་སྒྲུབ་པ་བཞུགས་སོ༔ འདི་ཉང་གཏེར་ཡིན་འདུག ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ༔ བསྐལ་པ་དུས་ཀྱི་སྙིགས་མ་ལ༔ སེམས་ཅན་མཛེ་ནད་ཀྱིས་ཐེབས་པ་རྣམས་ལ༔ སློབ་དཔོན་པདྨས་འགྲོ་བ་རྣམས་ལ་མན་ངག་འདི་མཛད་དོ༔ དྲག་སྔགས་འདི་ནི་མེ་འདྲ་སྟེ༔ མཛེ་རིགས་བཅོ་བརྒྱད་སྐད་ཅིག་འཇོམས༔ ཐུགས་རྗེ་ཆེན་པོ་ཉིད་ཁྲོས་པས༔ ཀླུའི་གཉེན་པོ་སྲིན་པོ་ནཱ་ག་རཀྴ་ཏི་པ་ཙ་བྱ་བ་ཡིན་ནོ༔ ཞག་བདུན་གྱིས་མཛེ་རིགས་ཐམས་ཅད་འབྱིན་ནོ༔ འདི་སྒྲུབ་པར་འདོད་ན་དང་པོ་ཚོགས་བསགས༔ དེ་ནས་འདིའི་ལུང་ནོད་ལ༔ དབེན་པར་མཚམས་དམ་དུ་བྱ༔ སྟོང་པའི་ངང་ལས་རྒྱ་མཚོ་ཆེན་པོའི་ནང་དུ༔ རཀྴ་ཏི་པ་ཙ་ཞེས་འཕྲོས་པས༔ ཀླུ་དང་ས་བདག་བསྣོལ་བའི་གདན་གྱི་སྟེང་དུ༔ སྲིན་པོ་ནཱ་ག་རཀྴ་ཏི་པ་ཙ་སྐུ་མདོག་སྔོ་སྐྱ་ཟར་མའི་མེ་ཏོག་ལྟ་བུ༔ རྩ་བའི་ཞལ་བཞི་ཆུ་སྲིན་གྱི་གདོང་པ་ཅན་ཕྱོགས་བཞིར་གཟིགས་པ༔ ཞལ་རེ་རེའི་དབུ་ལ་སྦྲུལ་གྱི་གདེངས་ཀ་བརྒྱད་བརྒྱད་ཡོད་པ༔ སྐུ་སྟོད་སྲིན་པོ་ལ་སྐུ་སྨད་སྦྲུལ་དུ་འཁྱིལ་བ༔ ཕྱག་གཡས་བཞི་ན་གྲི་གུག་བསྣམས་པ༔ གཡོན་བཞི་ན་སྦྲུལ་ཞགས་བསྣམས་པ༔ རྒྱབ་ཀྱི་བཞི་དང་མདུན་གྱི་བཞི་ན༔ གོང་དང་འདྲ་བ་བསྣམས་པ༔ ཞལ་ཡང་ཕྱོགས་བཞིར་གཟིགས་པས་ས་བདག་ཀླུ་གཉན་ཐམས་ཅད་ཟས་སུ་ཟ་བ༔ སྐུ་ལ་མེ་འབར་བ་ཞིག་ཏུ་བསྐྱེད༔ དེའི་ཐུགས་ཀ་ནས་ཡི་གེ་ཕེ་ནག་པོ་གཅིག་འཕྲོས་པས༔ ཐུགས་རྗེ་ཆེན་པོའི་སྐུ་ལ་ཕོག༔ དེ་ལས་འོད་ཀྱི་ཚུལ་དུ་ཐུགས་རྗེ་ཆེན་པོ་ཉིད་བྱོན་ནས་རང་ལ་ཐིམ་པར་བསམ་ཞིང༔ བསྙེན་པའི་སྔགས་འདི་ཞག་བདུན་དུ་དྲག་པོར་བཟླ༔ ཨོཾ་ཕེ་ལཾ་ཧཱུྃ༔ ཅེས་བཟླས་པས༔ རྨི་ལམ་དུ་ཀླུ་དང་ས་བདག་གི་ཆོ་འཕྲུལ་མང་དུ་འོང་ངོ༔ དེ་ལས་ལུས་ན་ཀར་ཀར་བ་དང་ཚ་ཙག་ཙག་པ་དང༔ ཤུ་ཐོར་བས་ལྡག་ལ་སོགས་པ་འབྱུང༔ དེ་ནས་ཞག་བདུན་དུ་སྒྲུབ་པའི་སྔགས་འདི་བཟླའོ༔ ན་ག་པོ་ཏི་པ་ཙ་ཡཱ་ནཱ་ག་རཀྴ་ཨོཾ་ཕེ་ལཾ་ཧཱུྃ༔ ཞེས་བཟླས་པས༔ ཀླུའི་རིགས་ཀྱི་སེམས་ཅན་བསད་པ་དང༔ མི་བསད་པ་ལ་སོགས་པའི་རྨི་ལྟས་འབྱུང་བར་འགྱུར་རོ༔ དེ་ནས་ཞག་བདུན་ལས་སྦྱོར་གྱི་སྔགས་འདི་དྲག་པོར་བཟླའོ༔ ཨོཾ་ནག་པོ་ཏི་པ་ཙ་ཡཱ་ནཱ་ག་མཱ་ར་ཡ་སོད་སོད༔ ཕྱུང་ཕྱུང༔ རྦད་རྦད༔ སྙིང་ལ་ས་མ་ཡཱ༔ ཧུར་ཧུར༔ སྲོག་ལ་མ་མ་རྦུད་རྦུད༔ ནཱ་ག་རྦུད་ནན་སོད་ཕྱུང༔ ནཱ་ག་རཀྴ་ཏི་པ་ཙ་ཡ༔ ཀླུ་གཉན་ས་བདག་མཱ་ར་ཡ་སོད་སོད༔ ཅེས་དྲག་ཏུ་བཟླས་པས༔ ཞག་བདུན་ཚུན་ཆད་ཁྱད་པར་དུའང་སེམས་མི་བདེ་བ་དང༔ སྙིང་འཕྱོ་བ་དང༔ དེ་ནས་ཞག་བདུན་ན་བདེ་བ་སྙམ་བྱེད་པའོ༔ དེ་ནས་ཞག་བདུན་ན་བདེ་སངས་ཀྱིས་འགྲོ༔ འདི་ལ་སྒྲུབ་པ་བྱེད་པའི་མི་དེ་ལ༔ ཀླུའི་ཕྱོགས་ཀྱི་གདོན་ཐམས་ཅད་ཉེ་མི་ནུས་སོ༔ གཏད་དང་ཀླུ་ལ་ལས་བཅོལ་བ་ཐམས་ཅད་ཀྱང་འབངས་བཞིན་ཉན་པས་འགྲུབ་པར་འགྱུར་རོ༔ ཐུགས་རྗེ་ཆེན་པོ་ཁྲོས་པའི་སྤྲུལ་པ༔ ཀླུ་བདུད་ནག་པོ་མགོ་དགུ་པའི་སྒྲུབ་ཐབས་འདི༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཆུ་སྲིན་བ་རུ་ནག་པོའི་རྒྱུད་ནས་བཏུས་ཏེ་ཡི་གེར་བཀོད༔ བྲག་སྲིན་པོ་སྦར་རྗེས་ཅན་དུ་གཏེར་དུ་སྦས༔ ཕྱི་རབས་སྐལ་ལྡན་གཅིག་དང་ཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདིའི་བརྒྱུད་པ་ནི༔ ཨོ་རྒྱན་པདྨ༔ མངའ་བདག་ཁྲི་སྲོང་ལྡེ་བཙན༔ ཇོ་མོ་མཚོ་རྒྱལ། མངའ་བདག་མྱང་རལ་པ་ཅན། མངའ་བདག་འགྲོ་མགོན། ཡར་ལུང་སྤྲུལ་སྐུ །སློབ་དཔོན་གནས་ལུགས། སྤྲུལ་སྐུ་ལས་འབྲེལ་རྩལ། བསོད་ནམས་སེངྒེ། སརྦ་མངྒ་ལཾ།། །།

རིན་ཆེན་གཏེར་མཛོད་ཆེན་པོའི་སྨིན་གྲོལ་འབོགས་པའི་སྐབས་ཀྱི་ཕྱག་ལེན་ཉེར་མཁོའི་ཟུར་འདེབས་མཚམས་སྦྱོར་རིགས་བཅས་ཉུང་གསལ་དུ་བཀོད་པ་འདོད་རྒུ་འཇོ་བའི་གཏེར་བུམ་པོད་གསུམ་པ་ (Volume 70, Text 1)

༄༅། །ར ཏྣ ནི དྷི མ ཧཱ པཱ ཀ མུ ཀྟ རྣ ཀ བྷུ སྱ པཱ ཎཱི ད ནྜ ཀེ ས ཙ རཾ ཀ ཎྜ ནུ སི ནྡྷ ཀུ ལ ས དཱ ལྤ ཏུ ཙི ན ཡཱ ཀཱ མ དྷེ ནུ ནི དྷི ཀུ མྦྷ ཏྲི པུ སྟ ཀ བི ཧ ར ཏི སྨ།། །། ༄༅། །རིན་ཆེན་གཏེར་མཛོད་ཆེན་པོའི་སྨིན་གྲོལ་འབོགས་པའི་སྐབས་ཀྱི་ཕྱག་ལེན་ཉེར་མཁོའི་ཟུར་འདེབས་མཚམས་སྦྱོར་རིགས་བཅས་ཉུང་གསལ་དུ་བཀོད་པ་འདོད་རྒུ་འཇོ་བའི་གཏེར་བུམ་པོད་གསུམ་པ་བཞུགས་སོ། ། སྡེབ་སྦྱོར་མཉམ་པའི་བྲྀསྟ་ཡི་གེ་བཅུ་གཅིག་པ་སུམ་བརྟན་པ་སྤྱིར་རྣམ་གྲངས། ༢༠༤༨ ཡེ་གེ་བསྡོམས་པ་ ༢༢༥༢༨ ལྕི་ཡང་ཐུན་མོང་ ༡༡༢༦༤ ཕྱི་མོ་ ༣༣༧༩༣ རྣམས་ཡོད་པ་ལས། འདིར་ཤྭ་ལོ་ཀ་གཅིག་ལ་ལྕི་བ་ ༨༤ ཡང་བ་ ༢༠ ཡེ་གེ་བསྡོམས་པ་ ༤༤ ཕྱི་མོ་ ༦༨ རྣམས་ཡོད་པ། ༄༅། །ཛྙཏབྱཡཱབངྒགནསྱནེམོ། །ཡཐཱསདརྠཾདྲིཤརསྨིཙོདཻཿ ༄༅། །ཤེས་བྱ་ཇི་སྙེད་ནམ་མཁའི་མུ་ཁྱུད་དུ། །དོན་དམ་ཇི་བཞིན་གཟིགས་པའི་འོད་སྟོང་སྤྲོ། ། ༆ ཡང་བའི་བྱ་བ་ལྔ་ཡང་བ་ ༤༦༢ པའི་ནང་གསེས་ནཥྚ་ཛ་ཏ་ཛ་ག་ག་སྟེ་ཐོག་མ་ཡང་བ་མཉམ་པའི་གྲངས་ཅན། ཨུདྷ་ཕྲེད་དུ། ༢༡ དང་། སྟེང་འོག་ཏུ ༤༠༩༥ མཆིས་པ་ལས། ཨུདྷིཥྚ་ ༣༥༨ ནས་ཟིན་པ་ཉེ་དབང་རྡོ་རྗེའི་པྲསྟཱ་རས་མཛེས་པའོ། ། ༄༅། །ཨབིཏྟམོདུདེམཧཱརབདྡྷུ། ནམཱམིཤཱསྟྲོཏྟམསརྦཐཱཛྙཾ། ༄༅། །གདུལ་དཀའི་མ་རིག་མུན་པ་སེལ་བའི་གཉེན། །རྣམ་པ་ཀུན་མཁྱེན་སྟོན་པ་མཆོག་ལ་འདུད། ། སྒྲུབ་སྡེའི་སྤྱི་དོན་གཉིས་པ་བསྙེན་སྒྲུབ་སྤྱིར་གཅེས་པའི་ཡན་ལག་ལས་ཀྱི་ཆོ་ག་གཙོ་བོར་གྱུར་པའི་སྐོར་ལ། བསྙེན་སྒྲུབ་ཀྱི་ཆོ་ག་སྤྱིའི་ཡན་ལག་ཏུ་ཉེ་བར་མཁོ་བ་དང་། བྱེ་བྲག་ཕྲིན་ལས་བཞི་དང་འབྲེལ་བའི་ལས་ཀྱི་ཚོགས་རབ་འབྱམས་གཉིས། དང་པོ་བསྙེན་སྒྲུབ་ཀྱི་ཆོ་ག་སྤྱིའི་ཡན་ལག་ཏུ་ཉེ་བར་མཁོ་བའི་སྐོར་ལའང་སྨིན་བྱེད་དབང་། བསྙེན་སྒྲུབ། གཏོར་འབུལ། ཚོགས་སྐོང་། རབ་གནས། གཤིན་དོན། སྦྱིན་སྲེག་དང་བདུན་ལས། ༄། དང་པོ་ལམ་གྱི་རྩ་བ་སྨིན་བྱེད་དབང་གི་སྐོར་རྣམས་སོ་སོའི་སྐབས་དང་། ཞར་བྱུང་ཐུན་མོང་སྔོན་འགྲོའི་ཆོས་བཤད་རིན་ཆེན་ཐེམ་སྐས་རིགས་ཐམས་ཅད་ཀྱི་ཁྱབ་བདག་རྡོར་སེམས་ཁྲིད་ཀྱི་སྐབས་བཅས་སུ་སོང་ཟིན། ༄། གཉིས་པ་ལམ་གྱི་ངོ་བོ་བསྙེན་སྒྲུབ་སྤྱིར་གཅེས་པའི་སྐོར་ལ། ཀློང་གསལ་རྡོ་རྗེ་སྙིང་པོའི་ཆོས་སྡེ་བདུད་རྩི་འཁྱིལ་པའི་དབང་གི་ཐོག་མར། དབང་དོན་སྒྲུབ་པ་ལ། སྐྱབས་སེམས་ནི། ན་མོ། སྐྱབས་གནས་རྒྱ་མཚོའི་ཚོགས་ལ་སྐྱབས་སུ་མཆི། །འགྲོ་བའི་དོན་དུ་ཁྲོ་རྒྱལ་བསྒྲུབ་པར་བགྱི། །ལན་གསུམ། བདག་བསྐྱེད་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས་སྒྲུབ་ཐབས་ལྟར། འབར་བའི་གར་སོགས་དུར་ཁྲོད་དཔལ་ཆས་ལྡན༔ བར། དེ་ལྟར་གསལ་བའི་གནས་གསུམ་ལས། །འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། །འོག་མིན་དབྱིངས་ཀྱི་གནས་མཆོག་ནས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ། །ཐུགས་ཀར་ཉི་སྟེང་ཧཱུྃ་ལྗང་ནག །མཐའ་སྐོར་གསང་བའི་སྔགས་ཀྱིས་བསྐོར། །བཟླས་པས་བསྐུལ་བའི་འོད་ཟེར་གྱིས། །མཁའ་ཁྱབ་རྒྱལ་བའི་ཐུགས་རྗེ་དང་། །གསང་སྔགས་དཀྱིལ་འཁོར་ནུས་བཅུད་བསྡུས། །བདག་དང་ཐུགས་སྲོག་སྔགས་ཕྲེང་ལ། །ཐིམ་པས་དབྱེར་མེད་བྱིན་བརླབ་བསམ། །ཞེས་པའི་དམིགས་གནད་དང་བཅས་སྙིང་པོ་ཅི་འགྲུབ་བཟླ། མདུན་བསྐྱེད་ལ་མཆོད་རྫས་རྣམས་རཾ་ཡཾ་ཁཾ་གིས་བསང་སྦྱང་། ཧཱུྃ། སྣང་སྲིད་དག་པ་ཆེན་པོའི་མཆོད་པའི་སྤྲིན། །དངོས་འཛིན་མཚན་བྲལ་ལྷ་ཡི་བདུད་རྩིར་གྱུར། །ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་སརྦ་པཱུ་ཛ་ཨཱཿཧཱུྃ། བར་གྱིས་བརླབས། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས་བསྐྱེད་ཅིང་ཡེ་ཤེས་པ་དྲང་བསྟིམ་བར་གོང་བཞིན་དང་། ཧཱུྃ༔ རྒྱལ་བ་རྣམས་ནི་གང་ལ་སོགས་གཏེར་གཞུང་བཞིན་སྤྱན་འདྲེན་ནས། སྨན་རཀ་གཏོར་མཆོད་རྗེས། ཧཱུྃ། ཡེ་ཤེས་འབར་བའི་ཐིག་ལེ་ཧཱུྃ་ཆེན་ལས། །བགེགས་འཇོམས་དྲག་པོ་རྔམ་པའི་སོགས་ཀྱིས་བསྟོད་པའི་མཐའ་བར་བྱ། བསྙེན་པ་ནི། མདུན་བསྐྱེད་ཐུགས་ཀར་ཉི་སྟེང་ཧཱུྃ་ལ་སྔགས། །བསྐོར་བའི་འོད་ཀྱིས་འཕགས་མཆོད་འགྲོ་སྒྲིབ་སྦྱངས། །བྱིན་རླབས་ཚུར་འདུས་ལྷར་ཐིམ་ནུས་བྱིན་འབར། །སྣང་གྲགས་རྟོག་ཚོགས་དཀྱིལ་འཁོར་གསུམ་དུ་གྱུར། །ཅེས་པའི་དམིགས་གནད་དང་ལྡན་པས་བཟླས་པ་བྱ། བུམ་བསྐྱེད་ནི། ཧཱུྃ༔ མཚན་རྫོགས་བུམ་དབུས་བདུད་རྩི་འཁྱིལ་པ་གསལ། ཁྲོ་རྒྱལ་སྐུ་ཡི་ཐུགས་ཀའི་སོགས་ཀྱིས་དམིགས་པ་གསལ་བཏབ་ནས། བསྙེན་པ་ཤམ་ཅན་ཅི་ནུས་བཟླས་མཐར་འོད་ཞུ་བྱ། རིག་མེ་དོར་ལ་གནང་བ་ནོད། དབང་དངོས་གཞིར་སློབ་མ་རྣམས་འདུས་པ་ལ་ཁྲུས་ཀྱི་ལུང་། རྒྱས་པར་བཀྲུ་བྱབས་བསྲུང་བའི་ཆོ་ག་སྤྱི་ལྟར་བྱ་བ་ཡིན་མོད། འདིར་སྙིང་པོ་ས་བཅད་ཙམ་དུ་ལས་ཀྱི་བུམ་པ་ལྟ་བུའི་བུམ་པ་གཞན་ཞིག་ལ་རྣམ་རྒྱལ་གྱི་བུམ་པའི་ཆུ་བསྲེས་པ་ཐོགས་ཏེ། འོ་ན། ད་ལམ་གྱི་སྐབས་སུ་ཀློང་གསལ་རྡོ་རྗེ་སྙིང་པོའི་ཆོས་སྡེ་ལས་བྱོན་པ་ཁྲོ་རྒྱལ་བདུད་རྩི་འཁྱིལ་པའི་དབང་བསྐུར་བའི་ཐོག་མར་བཀྲུ་བྱབས་སྲུང་བའི་ཆོ་ག་སྙིང་པོར་དྲིལ་ཏེ་བགྱིད་པ་ལ་འདུན་པ་འདི་བཞིན་དུ་མཛོད། སློབ་དཔོན་ཁྲོ་བོའི་དབང་པོར་གསལ་བའི་ཕྱག་གི་བུམ་པ་འདིའི་ནང་དུ་ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ་པ་བཞུགས་པའི་སྐུ་ལས་དག་བྱེད་བདུད་རྩིའི་རྒྱུན་བྱུང་བས། ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་བཀྲུས། འོད་ཀྱི་ཟེར་མའི་རླུང་གིས་མ་དག་པའི་དངོས་པོ་རྣམས་ལྷག་མེད་དུ་སྦྱངས་ནས་ཁྲུས་ཆུར་ཤར་བའི་གཟུགས་བརྙན་ལ་བསྟིམ། བུམ་ཆུའི་རྡུལ་ལས་གྲུབ་པའི་སྣ་ཚོགས་རྡོ་རྗེས་བ་སྤུའི་མཐར་ཁྱབ་པས་བསྲུང་བར་བྱས་པར་མོས། ཧཱུྃ༔ ཁྲོ་བོ་ཀུན་གྱི་སོགས་བརྗོད་མཐར། རྩ་སྔགས་ལ་གཞུང་གསལ་ཁྲུས་ཤམ་དང་། སརྦ་ཨ་པ་ན་ཡེ་སྭཱ་ཧཱ། ཞེས་བྱབ་སྔགས་དང་། བཛྲ་རཀྵ་རཀྵ། ཞེས་སྲུང་སྔགས་བཏགས་པ་རྣམས་སུམ་སྦྲེལ་དུ་བྱས་ཏེ་ཁྲུས་བྱས་མཐར། མེ་ཏོག་བཀྱེ་བསྡུ་ཟིན་ནས། མར་གྱུར་གྱི་འགྲོ་བ་ཐམས་ཅད་ཀུན་མཁྱེན་གྱི་གོ་འཕང་ལ་སྦྱོར་བའི་སླད་དུ་རྡོ་རྗེ་ཐེག་པའི་མྱུར་ལམ་ཟབ་མོར་འཇུག་པར་བྱེད་པ་ལ། ཐོག་མར་མི་མཐུན་བར་ཆད་ཀྱི་གཡུལ་ཀུན་འཇོམས་པར་མཛད་པ་ལས་ཀྱི་ལྷ་མཆོག་ཁྲོ་བོ་བདུད་རྩི་འཁྱིལ་པའི་དབང་བསྐུར་ཞུ་བར་བགྱིའོ་སྙམ་པའི་ཀུན་སློང་དང་ལྡན་པས་གསན་འཚལ། དེ་ཡང་ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེའི་ནུས་རྩལ་གཅིག་ཏུ་འདུས་ཤིང་། གདུལ་བྱའི་ཡུལ་ལ་འཇུག་པའི་ཐུགས་རྗེ་དམིགས་པ་མེད་པའི་ཕྲིན་ལས་རྫོགས་པའི་ཕྱག་རྒྱར་བཞེངས་པ་དོན་ཡོད་གྲུབ་པ་ཀརྨ་ཧེ་རུ་ཀཿབདུད་རྩི་འཁྱིལ་པ་འདི་ནི། རྣལ་འབྱོར་པ་རྣམས་ཀྱིས་བྱང་ཆུབ་བསྒྲུབ་པའི་འགལ་རྐྱེན་སེལ་བ་ལ་ཆེད་དུ་བསྔགས་པ་སྟེ། གཏེར་གཞུང་ལས། སེམས་བསྐྱེད་བརྩོན་པའི་རྣལ་འབྱོར་ཞིག༔ འཇུག་པ་གང་ལ་བརྩོན་གྱུར་ཀྱང༔ ཁྲོ་བོ་བདུད་རྩི་འཁྱིལ་བ་བསྒྲུབ༔ གཅེས་པ་མཆོག་གི་ལམ་ཡིན་ནོ༔ ཞེས་བསྔགས་ཤིང་གདམས་པར་མཛད་པའི་སྒྲུབ་ཐབས་ཟབ་མོ་འདི་ནི་ལང་གྲོ་ལོ་ཙཱ་བའི་ཡེ་ཤེས་ཀྱི་སྒྱུ་འཕྲུལ་དྲྭ་བའི་རོལ་གར། རིག་འཛིན་ཆེན་པོ་ཀློང་གསལ་སྙིང་པོ་མདོ་སྔགས་གླིང་པས་ཁེ་མི་འགྱུར་རྡོ་རྗེའི་སྒྲོམ་ནས་སྤྱན་དྲངས་པ། ཀློང་གསལ་རྡོ་རྗེ་སྙིང་པོའི་ཡན་ལག་གི་ཆོས་སྡེ་ལས་བྱོན་པ། བདག་དོན་བསྙེན་སྒྲུབ། གཞན་དོན་དབང་བསྐུར། རབ་གནས་ལ་སོགས་པའི་ཆོ་ག་གང་དང་གང་བརྩམ་པ་ཐམས་ཅད་ཀྱི་བར་ཆད་བསྲུང་བའི་ལས་ཀྱི་ལྷར་གསར་རྙིང་ཐམས་ཅད་ནས་བསྔགས་ཤིང་གདམས་པར་མཛད་པ། ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ་པའི་སྨིན་བྱེད་སྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ་བཅུག །ལྷ་དང་སློབ་དཔོན་གཉིས་སུ་མེད་པའི་སྤྱན་སྔར་ཁྱད་པར་གྱི་དོན་ཞུ་ཞིང་གསོལ་བ་གདབ་པར་མོས་པས་འདིའི་རྗེས་ཟློས། ཨེ་མ་བླ་མ་སོགས་ལན་གསུམ། དེའི་ལན་དུ་རྗེས་སུ་གདམས་ཤིང་གནང་བ་བསྩལ་བ་འདི་ལ་གསན་པས་ཁྱབ། ཧོ༔ རྡོ་རྗེ་སློབ་དཔོན་སོགས། དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཞུགས་ཤིང་བྱིན་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས་ཀྱིས་སྦྱང་། ཆོས་ཐམས་ཅད་སྣང་དམིགས་ཀྱི་མཚན་མ་ལས་འདས་པའི་སྟོང་པ་ཉིད་སྤྲོས་མཐས་མི་ཕྱེད་པའི་རྡོ་རྗེ་དེ་བཞིན་ཉིད་ཀྱི་དབྱིངས་སུ་མཉམ་པར་འཇོག་པ་ལས་མ་གཡོས་པར། རང་གདངས་ཡེ་ཤར་གྱི་ཐིག་ལེ་གནས་ཁང་ཐར་པ་ཆེན་པོའི་ཕོ་བྲང་མཚན་ཉིད་རྫོགས་པའི་དབུས་སུ་སློབ་མ་རྣམས་གང་དུ་གནས་པའི་གོ་སར་པད་ཟླའི་སྟེང་དུ་རིག་པ་ཧཱུྃ་ཡིག་ལྗང་གུ་ལས་སྐྱེས་པའི་ཁྲོ་རྒྱལ་བདུད་རྩི་འཁྱིལ་པ་ལྗང་ནག །ཞལ་གཅིག་ཕྱག་གཉིས་གཡས་རལ་གྲི་ཡེ་ཤེས་ཀྱི་མེ་དཔུང་འབར་བ་གདེངས་ཤིང་། གཡོན་སྣ་ཚོགས་རྡོ་རྗེ་ཐུགས་ཀར་འཛིན་པ། གར་གྱི་ཉམས་དགུས་དཔའ་བ། དར་དང་རིན་ཆེན་དུར་ཁྲོད་ཆས་ཀྱིས་བརྗིད་པའི་སྐུར་གསལ་བའི་གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་དང་། བདག་སློབ་དཔོན་ཁྲོ་བོ་ཆེན་པོ་དངོས་སུ་གསལ་བའི་ཐུགས་སྲོག་འོད་ཟེར་གྱི་ཕོ་ཉས་རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་བདུད་རྩི་འཁྱིལ་པའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་བཞེངས་པ། རྒྱ་མཚོ་ཆེན་པོ་ལ་ཆར་དྲག་བབས་པ་ལྟར་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་རྒྱུད་ལ་ཡེ་ཤེས་ཕེབས་པར་མོས། རྩ་སྔགས་ཤམ་བུར། ཛྙཱ་ན་བཛྲ་ཨཱ་བེ་ཤ་ཡ་ཨཱཿ ཞེས་བཏགས་པ་བརྗོད་པས་བྱིན་དབབ། རྡོ་རྗེ་གསུམ་གྱི་བྱིན་རླབས་སློབ་མའི་རྒྱུད་ལ་བརྟན་པར་གྱུར་ཅིག །ཏིཥྛ་བཛྲས་རབ་ཏུ་གནས། དབང་དངོས་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་ལྔ་རིམ་པར་འབྱུང་བ་ལས། དང་པོ་སྐུ་བུམ་པའི་དབང་བསྐུར་བ་ནི། བདག་སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་སྤྱན་དྲངས་པའི་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་རྣམས་དང་། སློབ་དཔོན་ལྷན་ཅིག་པས་རྣམ་རྒྱལ་བུམ་པས་དབང་བསྐུར་བས། ཤེས་རྒྱུད་ལ་ཉལ་བའི་དྲི་མ་བག་ཆགས་དང་བཅས་པ་གཏོར་ཞིང་བཀྲུས། བྱིན་དབང་དངོས་གྲུབ་ཀྱི་སྐལ་པ་རྒྱུད་ལ་བླུགས། སྣང་བ་ལྷའི་འཁོར་ལོར་ཤར་བ་བསྐྱེད་རིམ་སྒོམ་པར་ནུས་པའི་དབང་ཆེན་ཐོབ། གང་འདུལ་སྤྲུལ་སྐུ་རབ་འབྱམས་ཀྱི་འགྲོ་དོན་སྤྱོད་པའི་ནུས་སྐལ་རྒྱུད་ལ་བཞག་པར་མོས། བུམ་པ་ཐོགས་ལ། ཧཱུྃ་ཧྲཱི༔ བུམ་པའི་སྣོད་དུ་སོགས་ཀྱིས་དབང་བསྐུར་ཞིང་བུམ་ཆུ་སྦྱིན། གཉིས་པ་གསུང་བཟླས་པའི་ལུང་སྦྱིན་པའི་དབང་བསྐུར་བ་ནི། སློབ་མ་ཁྲོ་རྒྱལ་ཆེན་པོར་གསལ་བའི་ཐུགས་ཀར་ཉི་སྟེང་ཧཱུྃ་ལྗང་གི་མཐར་གསང་སྔགས་ཀྱི་ཡི་གེའི་ཕྲེང་བས་གཡས་སུ་བསྐོར་བ་དམ་ཚིག་པའི་འཁོར་ལོ་ལ། སློབ་དཔོན་གྱི་ཐུགས་སྲོག་སྔགས་ཕྲེང་ཡེ་ཤེས་པའི་འཁོར་ལོ་གཉིས་པ་རེ་མཆེད་དེ་དབང་རྫས་དང་ཐ་དད་མེད་པར་སློབ་མའི་མགྲིན་པ་ནས་བྱོན། ཐུགས་སྲོག་སྔགས་འཁོར་ལ་ཐིམ་པས་བྱིན་རླབས་ཞུགས་ཤིང་། བརྗོད་པ་རླུང་གི་འགྲོ་འོང་ཐམས་ཅད་གསང་སྔགས་རྒྱལ་པོའི་རང་སྒྲར་འཆར་བ་བཟླས་པ་ལུང་གི་དབང་ཆེན་ཐོབ། ལོངས་སྐུ་རྟག་པ་རྒྱུན་གྱི་རོལ་པའི་མཆོག་ཐོབ་པའི་ནུས་སྐལ་རྒྱུད་ལ་བཞག་པར་མོས། སྔགས་བྱང་ངམ་ཕྲེང་བ་མགྲིན་པར་བཞག་ལ། ཧཱུྃ། མཆོག་གི་ལམ་ནས་སོགས་བརྗོད། གསུམ་པ་ཐུགས་ཀྱི་དབང་བསྐུར་བ་ནི། ཤེལ་དང་མེ་ལོང་གི་བརྡ་གསལ་ལ་མ་འགགས་རང་ཤར་བའི་དཔེས་མཚོན་ཏེ། མི་རྟོག་ནམ་མཁའ་ལྟ་བུའི་ཡེ་ཤེས་ཀྱི་དོན་ཡེ་མཉམ་ཁྱབ་གདལ་ཆེན་པོའི་དགོངས་སྤྱོད་ལ་མཉམ་པར་བཞག་པས་རྟོགས་གྲོལ་དུས་མཉམ་གྱི་མན་ངག་ཉམས་སུ་ལེན་པའི་དབང་ཆེན་ཐོབ། ཆོས་སྐུ་མཐའ་བྲལ་ཀློང་ཡངས་ཆེན་པོའི་ནུས་སྐལ་རྒྱུད་ལ་བཞག་པར་མོས། མེ་ལོང་དང་ཤེལ་རྡོ་བསྟན་ལ། ཧཱུྃ། དབང་པོའི་ཡུལ་དུ་སོགས་བརྗོད། བཞི་པ་ཡོན་ཏན་གྱི་དབང་བསྐུར་བ་ནི། དཀྱིལ་འཁོར་པའི་སྐུ་ལས་གཉིས་པ་ཞིག་འཕྲོས། སློབ་མར་ཐིམ་པས་གཞི་ལམ་གྱི་ཡོན་ཏན་འབྲས་ཆོས་ཀྱི་གཟུགས་སུ་ཤར་བའི་ཡོན་ཏན་རྒྱལ་བ་རྣམས་དང་མཉམ་པར་སྦྱོར་བའི་དབང་ཆེན་ཐོབ། ལྷུན་གྲུབ་ཡེ་ཤེས་རྡོ་རྗེའི་ནུས་སྐལ་རྒྱུད་ལ་བཞག་པར་མོས། སྐུ་མགོར་བཞག་ལ། ཧཱུྃ༔ ཁྲོ་བོའི་རྒྱལ་པོ་སོགས། ལྔ་པ་ཕྲིན་ལས་ཀྱི་དབང་བསྐུར་བ་ནི། གཏོར་སྣོད་དཔལ་ཆེན་རོལ་པའི་གཞལ་ཡས་ཁང་དུ་གཏོར་མ་ཁྲོ་བོའི་རྒྱལ་པོ་ལ་རྩ་བ་གསུམ་གྱི་ལྷ་ཚོགས་ཀྱིས་བསྐོར་བའི་དབང་བསྐུར་ཞིང་བསྟིམས་པས། ལས་བཞི་རྣམ་པར་རོལ་པའི་ཕྲིན་ལས་རབ་འབྱམས་སྒྲུབ་ནུས་པའི་དབང་ཆེན་ཐོབ། རྟག་པ་རྒྱུན་དུ་ཤུགས་ཀྱི་ཕྲིན་ལས་ཆེན་པོས་རྒྱལ་བའི་མཛད་པ་མཐའ་དག་སྒྲུབ་པའི་ནུས་སྐལ་རྒྱུད་ལ་བཞག་པར་མོས། གཏོར་མ་མགོར་བཞག་ཅིང་། ཧཱུྃ༔ ཁྲོ་རྒྱལ་བདུད་རྩི་སོགས་ཀྱིས་ལག་ཏུ་གཏད། དེ་ལྟ་བུའི་དབང་ཆེན་བླ་ན་མེད་པ་ཐོབ་པ་ལ་ཕྱོགས་བཅུའི་རྒྱལ་བ་ལྷ་མོར་བཅས་པས་བཀྲ་ཤིས་པའི་དབྱངས་དང་། མེ་ཏོག་སིལ་མའི་ཆར་གྱིས་དགེ་ལེགས་སུ་བྱས་པར་མོས། ཤིས་པ་བརྗོད། དེ་རྣམས་ཀྱིས་ཀློང་གསལ་རྡོ་རྗེ་སྙིང་པོའི་ཆོས་སྡེ་ལས་བྱུང་བ་བདུད་རྩི་འཁྱིལ་པའི་བཀྲུ་བྱབ་སྔོན་འགྲོས་དབང་བསྐུར་བ་ཡོངས་རྫོགས་ལེགས་པར་ཐོབ་པ་ལ་བརྟེན་ནས། གསང་བ་ཟབ་མོའི་དམ་ཚིག་གི་རིམ་པ་ལས་ནམ་ཡང་འདའ་བར་བྱ་བ་མ་ཡིན་པས། ཇི་སྐད་བསྒྲགས་པ་བཞིན་བསྲུང་བའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དབང་གི་རྗེས་རིམ་སྤྱི་ལྟར་དང་། ཆོ་གའི་རྗེས་ཆོག་གོང་བཞིན་མཆོད་བསྟོད་མཐར། ཡིག་བརྒྱས་ནོངས་པ་བཤགས། སུ་པྲ་ཏིཥྛས་བརྟན་བཞུགས་བྱ། ཧཱུྃ་གསུམ་གྱིས་བསྡུ་ཞིང་། ཕཊ་གསུམ་ཀྱིས་ལྷར་ལྡང་། དགེ་བ་འདི་ཡིས་མྱུར་དུ་བདག །བདུད་རྩི་འཁྱིལ་པ་འགྲུབ་གྱུར་ནས། །སོགས་ཀྱིས་བསྔོ་སྨོན་དང་བཀྲ་ཤིས་ཅི་རིགས་པ་བཅས་ཀྱིས་གྲུབ་བོ།། །། ༈ གནམ་ཆོས་ཐུགས་གཏེར་བདུད་རྩི་འཁྱིལ་པའི་དབང་སྒྲུབ། དངོས་གཞིར་གཟུངས་དབང་། རྗེས་གནམ་ཆོས་སྤྱི་བཞིན་བྱའོ།། །། ༈ གནམ་ཆོས་ཐུགས་གཏེར་སྟོབས་ཆེན་མ་ཧཱ་བཱ་ལའི་དབང་སྒྲུབ། དངོས་གཞིར་ཆོས་སྐྱོང་སྤྱིའི་བཀའ་གཏད་ལྟར་བསྐུར། རྗེས་གནམ་ཆོས་སྤྱི་བཞིན་བྱའོ།། །། ༈ གནམ་ཆོས་ཐུགས་གཏེར་གྱི་ཀུན་ཐུབ་རྒྱལ་མོའི་དབང་སྒྲུབ། དངོས་གཞིར་གཟུངས་དབང་། རྗེས་གནམ་ཆོས་སྤྱི་བཞིན་བྱའོ།། །། ༄། གསུམ་པ་ཐུན་མཚམས་སུ་བྱ་བ་གཏོར་མའི་ཆོ་གའི་སྐོར་དང་། ༄། བཞི་པ་གསང་སྔགས་ཀྱི་ཀུན་ཏུ་སྤྱོད་པ་དང་འབྲེལ་བའི་གཙོ་བོ་ཚོགས་ཀྱི་འཁོར་ལོའི་སྐོར་དང་། ༄། ལྔ་པ་གསོན་པོའི་དོན་དུ་རྟེན་གསུམ་རབ་ཏུ་གནས་པའི་སྐོར་དང་། ༄། དྲུག་པ་གཤིན་པོའི་དོན་དུ་གནས་ལུང་དཔྱང་ཐག་གི་མན་ངག་སྐོར་ལ་དབང་མི་བཞུགས་སོ།། །། ༄། བདུན་པ་ལས་རབ་འབྱམས་མཐར་ཕྱིན་པར་བྱེད་པ་སྲེག་བླུག་གི་སྐོར་ལ། འབར་བ་མེའི་ལས་འགྲུབ་ཅིང་མཐར་ཕྱིན་པའི་ཕྱིར། གནམ་ཆོས་དགོངས་གཏེར་མེ་ལྷའི་བཀའ་གཏད་ཀྱི་དབང་དོན་སྒྲུབ་པའི་སྐབས། འདིར་བསྡུས་པའི་ལུགས་ཡིན་པས། ཐོག་མར་ཚིག་བདུན་རྗེས། ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སོགས་ཀྱིས་སྐྱབས་སེམས་ལན་གསུམ་དང་། སྔོན་གཏོར་སྤྲོ་ན། རིན་ཆེན་སྣོད་དུ་སོགས་ཀྱིས་བསྔོ་ཞིང་བགེགས་བསྐྲད་དེ་མཚམས་གཅད། གང་ལྟར་ཡང་། ཀ་དག་ཀློང་ནས་སོགས་ཀྱིས་མཆོད་རྫས་བྱིན་གྱིས་བརླབས། བདག་ཉིད་ཡི་དམ་གུ་རུ་ཞི་བའམ། བདུད་རྩི་འཁྱིལ་པ་ལྟ་བུ་ཞིག་གི་ང་རྒྱལ་འཛིན་པས། རང་གི་མདུན་དུ་སོགས་མེ་ལྷའི་བཀའ་གཏད་ཕྱག་ལེན་གྱིས་བརྒྱན་པ་ཆོག་ཁྲིགས་མ་ནས་འབྱུང་བ་བཞིན་བྱ། དངོས་གཞིའི་ཐབ་བསྐྱེད་མགོར། ཨ་མྲྀཏས་བསང་ཞིང་། སྭ་བྷཱ་ཝས་སྦྱང་བ་སྔོན་དུ་འགྲོ་བས། ཐབ་བསྐྱེད་ནས། ལས་ཀུན་སྒྲུབས། །ཞེས་པའི་མཚམས་སུ། ཐབ་ཁུང་ལས་བཞི་ལྷུན་གྲུབ་ཀྱི་གཞལ་ཡས་ཁང་དུ་མེ་ལྷ་ལས་ཀུན་མཛད་པའི་ཉམས་ལྡན། འཁོར་དྲང་སྲོང་མེ་ལྷ་ཕོ་མོའི་ཚོགས་ཀྱིས་བསྐོར་བའི་ལྗགས་ལ་རཾ་དང་། གཟར་བུའི་རྩེ་མོར་ཧཱུྃ་ཡིག་ལས་བཞིའི་འོད་ཟེར་འཕྲོ་བར་གསལ། སྲེག་རྫས་ཞི་རྒྱས་དབང་དང་མངོན་སྤྱོད་མཆོག་གི་ལས་འགྲུབ་པའི་རྫས་ཐམས་ཅད་ཀྱི་རྣམ་འགྱུར་གྲངས་མེད་འཕྲོས། ངོ་བོ་ཡེ་ཤེས་ཟག་པ་མེད་པའི་བདུད་རྩི། བྱེད་ལས་ལྷ་ཚོགས་གང་འདོད་པའི་ལས་ལ་བསྐུལ་བའི་མཐུ་ལྡན་གྱི་རྒྱུན་ཕུལ་བས། མེ་ལྷ་འཁོར་བཅས་དགྱེས་མཉེས་རབ་ཏུ་ཚིམས་ཤིང་མགུ་ནས་ལས་རྣམས་འགྲུབ་པའི་ཕྲིན་ལས་དང་སྟོངས་གྲོགས་མཛད་པར་ཞལ་གྱིས་བཞེས་པའི་མོས་པ་དང་བཅས་པས་སྔགས་འདིའི་རྗེས་ཟློས་དང་བཅས། སློབ་མ་སོ་སོས་མེ་ཐབ་ཏུ་བྱང་ཆུབ་མཆོག་གི་ཕྱག་རྒྱས་བཟུང་སྟེ་རྫས་སྔགས་དམིགས་པ་རྣམས་སྦྲགས་པས་འབུལ་འཚལ། ཞེས་དམིགས་པ་ཕོག་ནས་སྔགས་དང་རྫས་སྔགས་མི་དུ་ཡོད་སོ་སོས་ལན་བདུན་རེ་རྗེས་ཟློས་ཀྱིས་འབུལ་བཅུག །མཐར་སློབ་དཔོན་གྱིས་ཕྲིན་ལས་བཅོལ་བ་བརྗོད་ཅིང་མེ་ཏོག་འཐོར། མེ་ལྷ་གཤེགས་རྗེས། དེ་ལྟར་སྦྱིན་སྲེག་མེ་ཡི་ལས་ལ་འཇུག་པའི་མཐུ་སྟོབས་སྐྱེད་བྱེད་མེ་ལྷའི་བཀའ་གཏད་ཐོབ་པའི་དམ་ཚིག་གི་རིམ་པ་སྤྱི་དང་། བྱེ་བྲག་སྦྱིན་སྲེག་གི་བྱ་བ་ཐམས་ཅད་རྡོ་རྗེ་འཆང་གིས་སྔགས་རྒྱུད་མཐའ་དག་ཏུ་གསུངས་པ་བཞིན་ཚད་ལྡན་ལག་ཏུ་ལོན་པར་མཛད་དགོས་པས། དེ་ལྟར་བགྱིད་པར་ཁས་བླང་བ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་བཞིན་དང་། རྗེས་མི་དམིགས་པར་བཞག་པས་འཐུས་སོ། །དེ་དག་གིས་བསྙེན་སྒྲུབ་ཀྱི་ཆོ་ག་སྤྱིའི་ཡན་ལག་ཉེར་མཁོའི་ལས་ཚོགས་ཀྱི་སྐོར་རྣམས་གྲུབ་བོ།། །། ༄༅། །གཉིས་པ་བྱེ་བྲག་ཕྲིན་ལས་བཞི་དང་འབྲེལ་བའི་ལས་ཀྱི་ཚོགས་རབ་འབྱམས་ལ་མཆོག་དང་ཐུན་མོང་གི་ཕྲིན་ལས་གཉིས་ལས། དང་པོ་མཆོག་གི་ཕྲིན་ལས་ལ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་གྱི་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་བཏགས་གྲོལ་གྱི་རྒྱབ་ཡིག་ཡིད་བཞིན་ལྷུན་གྲུབ་ཀྱི་དབང་ལ། ཐོག་མར་བཤམ་བཀོད་ནི་འདིའི་རབ་གནས་སྐབས་ནས་སམ་འཇམ་མགོན་ལག་ལེན་ནས་གསུངས་པ་ལྟར་བཀོད་ནས། སློབ་དཔོན་གྱིས་དབང་སྒྲུབ་བྱ་བ་ནི། བཏགས་གྲོལ་སྤྱིའི་ལག་ལེན་དབང་བསྐུར་དང་བཅས་པ་གསེར་གྱི་ཉི་མ་ནས་གསུངས་པའི་ནང་ཚན། སྤྱི་དང་བྱེ་བྲག་གི་སྒྲུབ་ཚུལ་གཉིས་འབྱུང་བ་ལས། སྐབས་འདིར་འོག་གི་བསྡུས་པ་ལྟར་སྤྱི་ཁྱབ་ཀྱི་ལུགས་སུ་བསྒྲུབ་ཅིང་། མདུན་བསྐྱེད་བཟླས་པའི་སྐབས། བཟླས་དམིགས་གོང་གི་རྒྱས་པ་བཞིན་བྱ་བར་གསུངས་ཀྱང་། རྣམ་པ་འཛིན་བདེ་ཆེད་འདི་ལྟར་བགྱིས་ཀྱང་མི་འགལ་བས། བདག་ཉིད་ཀྱི་ཐུགས་ཀར་འོད་ལྔའི་ཐིག་ལེའི་ཀློང་དུ་ཨོཾ་ཨཱཿཧཱུྃ་དང་། ལྗགས་རྩེར་ཨ་ཡིག་དཀར་པོ་འོད་འབར་བ་དང་། མདུན་བསྐྱེད་བདེར་གཤེགས་རིགས་ལྔའི་ཐུགས་ཀར་པད་ཟླ་ལ་གནས་པའི་རང་རང་གི་ཕྱག་མཚན་འཁོར་ལོ། རྡོ་རྗེ། རིན་ཆེན། པདྨ། རྒྱ་གྲམ་རྣམས་སོ་སོའི་ལྟེ་བར་འོད་ལྔའི་ཀློང་དུ་ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ་རྣམས་དང་། རིགས་ལྔའི་ལྗགས་སོ་སོའི་དབྱིབས་ཅན་གྱི་རྩེ་མོར་རང་སྲོག་གིས་མཚན་པར། བདག་གིས་རྡོ་རྗེའི་སྔགས་རྣམས་བཟླས་པའི་རྐྱེན་གྱིས་ཐུགས་ཀ་དང་། ལྗགས་ཀྱི་རྩེ་མོ་ལས་འོད་ཟེར་ལྔ་ལྡན་སྔགས་ཀྱི་རང་སྒྲ་སྒྲོག་པ་འཕྲོས། མདུན་བསྐྱེད་ཀྱི་ལྷའི་ཐུགས་ཀར་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ་བས། དེ་རྣམས་ཀྱི་ཐུགས་ཀའི་འོད་དང་། ལྗགས་ཀྱི་ཟེར་ཕྲེང་ཛཔ྄་ཀྱི་སྒྲ་གདངས་ཅན་མཁའ་ཁྱབ་ཏུ་འཕྲོས་པས། དབྱིངས་ན་བཞུགས་པའི་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ཚོགས་རྣམས་སྤྱན་དྲངས། བདག་དང་མདུན་བསྐྱེད་ལ་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡེ་ཤེས་ཆེན་པོའི་བྱིན་རླབས་ཞུགས། སླར་ཡང་བདག་མདུན་གྱི་ཐུགས་ཀ་དང་ལྗགས་ཀྱི་རྩེ་མོ། སྐུ་ཡི་དཀྱིལ་འཁོར་རྣམས་ལས་རྒྱལ་བ་ཞི་ཁྲོ་རབ་འབྱམས་མཐའ་ཡས་པ་སྔགས་ཀྱི་ཛཔ྄་སྒྲ་སྒྲོག་པ་མཁའ་ཁྱབ་ཏུ་སྤྲོས་པ་རྣམས་ཀྱིས་འགྲོ་དྲུག་གི་སྣོད་བཅུད་ཐམས་ཅད་སྦྱངས་ནས་ཞིང་སྐུར་བསྒྱུར་ཏེ། སྣང་སྲིད་ཐམས་ཅད་ཞི་ཁྲོའི་དཀྱིལ་འཁོར་དུ་བཞེངས་ནས། སྐུ་ཡིས་གར་བསྒྱུར། གསུང་གིས་སྔགས་སྒྲ་འུར། ཐུགས་འགྱུར་མེད་ཀ་དག་གཏིང་གསལ་ཆེན་པོའི་དབྱིངས་སུ་འབྱམས་ཀླས་པར་གྱུར་པར་མོས་པས། འདི་ཉིད་ཀྱི་བཏགས་གྲོལ་འཁོར་ལོའི་སྔགས་རྣམས་བཀླག །ཐུན་མཐར་བབ་དྲུག་གི་བྱིན་འབེབ་དང་། མཐོང་བ་དང་ཐོས་པ་དང་རེག་པ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་མཛད་དུ་གསོལ། ཞེས་པ་ལ་སོགས་པའི་གསོལ་བ་བཏབ་ནས། རྟེན་སྙིང་དང་ཤིས་བརྗོད་མེ་ཏོག་འཐོར། སྤྱི་འགྲོའི་ཚོགས་མཆོད་བསྡུས་པ་ཙམ་མམ། སྤྲོ་ན་བླ་མ་ཡང་ཏིག་གི་ཚོགས་མཆོད་ཡིད་བཞིན་རྒྱ་མཚོ་གཏང་། དཔེ་མ་འཛོམ་ན་ཞི་ཁྲོ་གང་རུང་གི་ཚོགས་དང་སྐོང་ཆོག་བྱ། དབང་དངོས་གཞིར་སློབ་མ་རྣམས་ཁྲུས་ནས་དབྱུང་སྟེ་གྲལ་དུ་འཁོད་པ་དང་། བགེགས་གཏོར་བརླབ་བསྔོ་སྤྱི་ལྟར་དང་། ཧཱུྃ་ཧྲཱི༔ བླ་མ་རྣམས་ཀྱི་བྱིན་རླབས་དང༔ སོགས་ཀྱིས་བཀའ་བསྒོ། ཧཱུྃ༔ ང་ནི་ཡེ་ནས་སོགས་མཚམས་གཅད། མེ་ཏོག་བཀྱེ་བསྡུ་ཟིན་ནས། འོ། མཁའ་ཁྱབ་ཀྱི་མར་གྱུར་འགྲོ་བ་ཐམས་ཅད་གདོད་མའི་མགོན་པོའི་གོ་འཕང་ལ་བདེ་བླག་ཏུ་འགོད་པར་བྱ། དེའི་ཆེད་དུ་རྒྱལ་བ་ཀུན་ཏུ་བཟང་པོའི་ཐུགས་རྗེ་རྩལ་སྤྲུགས་སུ་བྱོན་པ་བཏགས་པ་ཙམ་གྱིས་གདོད་མའི་ས་ལ་དབུགས་ཆེན་འབྱིན་པའི་ཐབས་ཀྱི་དབང་བསྐུར་ཟབ་མོ་གསན་ནས་འགྲོ་བའི་དོན་རྒྱ་ཆེན་པོ་མཛད་སྙམ་པའི་ཐུགས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེའང་ཚད་མེད་ཐུགས་རྗེའི་ཕྲིན་ལས་ཀྱི་བདག་ཉིད་རྒྱལ་བ་རྡོ་རྗེ་འཆང་ཆེན་པོས་གདུལ་བྱའི་ཁམས་དབང་མོས་པའི་ཁྱད་པར་དང་འཚམ་པར། ཐབས་ལ་མཁས་པའི་ཕྲིན་ལས་ཀྱི་འཇུག་པ་ཐེག་པ་རིམ་དགུའི་ལམ་ལས་སྐལ་བ་དང་ལྡན་པའི་གང་ཟག་རྣམས་རང་རང་གི་བྱང་ཆུབ་མངོན་དུ་བྱེད་པ་དང་། ཟབ་ལམ་མཆོག་གི་སྤྱོད་ཡུལ་ད་ལྟ་ཉམས་སུ་ལེན་པའི་བློ་ནུས་མི་ལྡན་པའི་སྐྱེ་བོ་ཕལ་པ་དང་། ལྟ་ལོག་གི་ནགས་འཐིབས་པོར་ཞུགས་པ་ཕྱི་རོལ་པའི་གང་ཟག་སོགས་རྗེས་སུ་འཛིན་པའི་ཕྱིར་རང་རང་གི་མགོན་དང་གཉེན་པོའི་སྐུར་བཞེངས་ཏེ། དངོས་དང་བརྒྱུད་ནས་ཐར་པ་ལ་འགོད་པ་དང་། གཞན་ཡང་གླིང་དང་གྲུ་ཟམ། སྨན་དང་རིན་པོ་ཆེ། སྒྲོན་མེ་ལ་སོགས་པའི་གཟུགས་སུ་སྣང་བས་ཕན་བདེའི་རྩ་ལག་ཏུ་མཛད་པ་སོགས། ཚད་མེད་པའི་ཕྲིན་ལས་ཀྱིས་ཡིད་ཅན་ཐམས་ཅད་གནས་སྐབས་དང་མཐར་ཐུག་གི་འཇིགས་པ་དང་སྡུག་བསྔལ་ཐམས་ཅད་ལས་གྲོལ་བར་མཛད་པ་ཉིད་ཡིན་ལ། ཁྱད་པར་གྲོལ་བ་དྲུག་གི་ཕྲིན་ལས་བླ་ན་མེད་པས་དུད་འགྲོ་ཕྲ་མོ་ཡན་ཆད་ཀྱི་རྒྱུད་ལ་ཐར་པའི་ས་བོན་ཐེབས་ནས་མྱུར་དུ་བྱང་ཆུབ་ཆེན་པོར་གྲོལ་བ་རྨད་དུ་བྱུང་བའི་ཕྲིན་ལས་ཀྱི་ནང་ཚན། དད་པ་དང་ལྡན་པས་བཅངས་པ་ཙམ་གྱིས་དེ་ཉིད་ཀྱི་ལུས་ལ་རེག་པའི་རྡུལ་དང་། བསིལ་བུའི་ཆ་ཤས་ཕོག་པའང་འཁོར་བ་ལས་དྲུངས་ནས་འབྱིན་པའི་བཏགས་གྲོལ་གླེགས་བམ་གྱི་དབང་བསྐུར་བ་འདི་ནི། པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་འཕོ་ཆེན་དྭངས་མའི་སྐུར་གཤེགས་པ་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲའི་མན་ངག །འོད་གསལ་རྫོགས་པ་ཆེན་པོའི་སྐོར་རྣམས་ཉང་བན་ཏིང་འཛིན་བཟང་པོ་ལ་གདམས་ཏེ། དབུ་རུ་ཞྭའི་ལྷ་ཁང་དུ་ཟབ་མོའི་གཏེར་དུ་རྒྱས་བཏབ་པ། ཕྱིས་འདོན་པའི་དུས་སུ་སོན་པ་ན། གནས་བརྟན་ལྡང་མ་ལྷུན་རྒྱལ་གྱིས་སྤྱན་དྲངས་པའི་བི་མ་སྙིང་ཐིག་ཏུ་གྲགས་པ་ལ་ཟབ་པ་པོད་བཞི། མན་ངག་བརྒྱ་རྩར་བཞུགས་པའི་ནང་ཚན། གསེར་ཡིག་ཅན་ལས་བྱུང་བའི་བཏགས་གྲོལ་དང་རྗེས་སུ་འབྲེལ་བ་སྟེ། དེའང་ཀུན་ཏུ་བཟང་པོ་མིའི་རྣམ་པར་རོལ་པ་པཎ་ཆེན་དྲི་མེད་བཤེས་གཉེན་ཉིད་སླར་ཡང་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་བསྒྱུར་བ། གངས་རིའི་ལྗོངས་འདིར་འགྲན་ཟླ་ཐམས་ཅད་དང་བྲལ་བ། མཁས་པའི་རྣ་བ་དང་གྲུབ་པའི་གཙུག་གི་རྒྱན་གཅིག་༧ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་དཔལ་བཟང་པོའམ། དྲི་མེད་འོད་ཟེར་གྱི་ཐུགས་རྗེའི་ཀློང་ནས་རྫོགས་པར་བཀྲལ་བའི་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་ཆོས་སྡེ་ལས་བྱོན་པ་བཏགས་གྲོལ་རིན་པོ་ཆེ་ཡིད་བཞིན་ལྷུན་གྲུབ་ཀྱི་དབང་བསྐུར་བའི་སྐབས་སུ་བབས་པ་སྟེ། འདི་ནི་ཐོག་མའི་མགོན་པོས་ཆོས་ཉིད་རང་སྒྲར་བསྟན་པའི་སྙིང་པོ་རང་བྱུང་གི་ཡི་གེ་ཆེན་པོ་ཡེ་ཤར་དུ་གནས་པ་སྟེ། རྒྱུད་ལས། སྟོན་པ་ཀུན་ཏུ་བཟང་པོ་ཡིས༔ སྟོན་པ་རྡོ་རྗེ་སེམས་དཔའ་ལ༔ ཡབ་ཡུམ་གཉིས་སུ་མེད་པ་ཡི༔ དགོངས་པའི་དབྱིངས་ནས་བཀའ་བསྩལ་པ༔ རང་བྱུང་ཉག་གཅིག་རྒྱུད་འདི་ནི༔ མཐོང་ཐོས་བཅངས་པས་འཚང་རྒྱ་འོ༔ ཞེས་དང་། གཞུང་ལས། བཏགས་གྲོལ་ལུས་ལ་བཅངས་པ་ཙམ་གྱིས་དགེ་བ་བྱེ་བ་འབུམ་འགྱུར་དུ་འཕེལ་ཞིང་སོགས་རང་གཞུང་གི་མཇུག་ཕན་ཡོན་སྐབས་བཞིན། གྲོལ་བར་ངེས་པ་ཡིན་ནོ། །བར་དང་། དེ་ལྟ་བུའི་མཆོག་གི་ཕྲིན་ལས་ལ་ཅི་དགར་འཇུག་ཏུ་རུང་བར་བྱེད་པའི་དབང་བསྐུར་ཟབ་མོ་སྒྲུབ་པར་བྱེད་པ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ། སྐྱབས་སེམས་གཞུང་དུ་མ་གསུངས་ཀྱང་སྤྱི་ལྟར་སྦྱོར་བ་ལེགས་པའི་ཡན་ལག་ཏུ་འགྱུར་བས། རྒྱུད་དག་པར་བྱ་བའི་སླད་དུ་གཉིས་སྣང་གི་རྟོག་པས་མ་བསླད་པར། ཐམས་ཅད་ཆོས་དབྱིངས་རྒྱལ་བའི་དཀྱིལ་འཁོར་ཡེ་ནས་ཡིན་པ་ལ་ཡིན་པར་ཤེས་པའི་ངང་ལས་མི་འདའ་བའི་བློ་བཞག་སྟེ་དོན་གྱི་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས། ན་མོ། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སྐྱབས་སུ་མཆི། །ལན་གསུམ། རྟོག་འཁྲུལ་གྱིས་བསླད་པའི་འགྲོ་བ་ཐམས་ཅད་རང་རིག་གི་རྩལ་ལས་གང་དུའང་མ་གཡོས་ཤིང་གྲུབ་པ་མེད་པའི་དོན་རིག་པས་ཁྱབ་བརྡལ་རང་གྲོལ་ཆེན་པོར་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཨེ་མ་ཧོ། བདག་དང་མཐའ་ཡས་སོགས་ཚིག་རྐང་གསུམ་གོང་བཞིན་དང་། བཞི་པར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་བསྒྱུར་པ་ལན་གསུམ། བླ་མ་ཡང་ཏིག་གི་སྤྲོས་མེད་དབང་ནས་གསུངས་པའི་སྡོམ་གཟུང་བྱ་བར་གསུངས་པས་སྤྲོ་ན་དེ་ལྟར་བྱ། མི་ནུས་ན། དབང་གི་སྲོག་དམ་ཚིག་གི་མདོ་བསྒྲག་པ་འདི་ལ་གསན་མཛོད། ཨཱོྃ་ཨཱཿཧཱུྃ་ཧྲཱིཿམ༔ བསྲུང་དུ་མེད་དོ་དམ་ཚིག་འདི༔ ཐམས་ཅད་རོ་མཉམ་ཆོས་ཉིད་ངང༔ འཁོར་འདས་སྤང་བླང་བྲལ་བ་ཡི༔ གང་ཤར་ཆོས་ཉིད་རོལ་པ་ལས༔ མ་རིག་འཛིན་པས་མ་བསླད་སྲུངས༔ འདས་ན་འཁོར་བཟློག་ན་ར་ཀན༔ ཇི་སྐད་བསྒོས་བཞིན་གཉིས་མེད་རང་བྱུང་གི་ཡེ་ཤེས་ཉག་གཅིག་མའི་ཉམས་ལེན་ལས་མི་འདའ་བར་དམ་བཅའ་བའི་བློས་འདིའི་རྗེས་ཟློས། འདི་ལྟར་དམ་ཚིག་ཕོག་པ་ལས༔ དུས་རྣམས་ཀུན་ཏུ་འདའ་རེ་ཀན༔ དེ་རྣམས་ཀྱིས་རྒྱུད་དག་ཅིང་སྡོམ་པ་དང་ལྡན་པ་ལ་དབང་དངོས་བསྐུར་བའི་དོན་དུ་མོས་པ་འདི་བཞིན་མཛོད། རྒྱུད་ཀྱི་གླེགས་བམ་གྱི་ངོ་བོ་རང་བྱུང་རྡོ་རྗེའི་སྔགས་རྒྱུད་གདོད་མའི་མགོན་པོའི་ཐུགས་བཅུད། རྣམ་པ་ཞི་ཁྲོ་རྒྱལ་བའི་སྲོག་སྙིང་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ཕྲིན་ལས་མ་ལུས་པའི་སྟོན་པ་རྒྱལ་བ་རིགས་ལྔ། རང་རྩལ་ཞི་ཁྲོ་རྩ་གསུམ་རྒྱལ་བའི་འཕྲོ་འདུ་བསམ་ཡས་ཀྱི་བདག་ཉིད་ཅན་དང་། སློབ་དཔོན་བདག་ཀྱང་དཀྱིལ་འཁོར་ཐམས་ཅད་ཀྱི་བྱེད་པོ་ཀུན་བཟང་ཡབ་ཡུམ་དངོས་སུ་གསལ་བ་ལ་མི་ཕྱེད་གུས་པའི་ཡིད་ཀྱིས་ཕྱག་བརྒྱ་རྩ་བརྒྱད་འཚལ་ཞིང་འདིའི་རྗེས་ཟློས། བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རང་བཞིན་བྱིན་རླབས་ཅན། །བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །གདོད་མའི་རྒྱལ་བ་ཀུན་བཟང་དགོངས་པའི་ཀློང་། །བསྟན་པ་རྒྱ་མཚོའི་སྙིང་པོ་དམ་པའི་རྒྱུད། །གཞི་ལམ་འབྲས་བུའི་ཆོས་ཀུན་ཏི་ལར་རྫོགས། །རང་བྱུང་རྒྱལ་པོ་བརྗོད་མེད་རྡོ་རྗེའི་ཚིག །ཡེ་ནས་ལྷུན་གྲུབ་ཡི་གེའི་འཁོར་ལོར་ཤར། །སྐུ་གསུམ་ཞི་ཁྲོ་བསམ་ཡས་རྫོགས་པའི་དཔལ། །ཀུན་བཟང་ཐུགས་ཀྱི་བསྟན་པའི་བཙས་གཅིག་ལ། །བདག་ཅག་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །གདོད་མའི་གཞི་ཐོག་གྲོལ་བར་བྱིན་གྱིས་རློབས། །ལན་གསུམ། ཁྱད་པར་གྱི་དོན་ཞུ་བའི་སླད་དུ་རིན་པོ་ཆེ་དང་། འབྲུ་དང་། དྲི་དང་། སྨན་དང་། མེ་ཏོག་གི་མཎྜལ་རྣམས་རྒྱལ་བ་ལོངས་སྤྱོད་རྫོགས་པ་རིགས་ལྔ་གངས་ཆེན་མཚོའི་ཞིང་གི་རྒྱན་དང་བཀོད་པ་ཡོངས་སུ་རྫོགས་པར་དམིགས་པའི་བློས་ལྔ་ཚན་ལྔའི་མཎྜལ་འབུལ་འཚལ། ཞེས་སོ་སོར་འབུལ་བཅུག་པའམ་རྗེས་ཟློས་གང་བདེ་སྐབས་དང་སྦྱར། དབང་དངོས་བསྐུར་བ་ལ། ཁྱེད་རང་རྣམས་ཀྱང་གཞི་གདོད་མའི་སངས་རྒྱས་ཀུན་ཏུ་བཟང་པོའི་སྐུར་གསལ་བ་དང་། སློབ་དཔོན་བདག་ཀྱང་ཆོས་སྐུའི་སངས་རྒྱས་གདོད་མའི་མགོན་པོ་ཡབ་ཡུམ་གྱི་ངོ་བོར་མངོན་སུམ་དུ་བཞུགས་པ་དང་ལྷན་ཅིག །ཕྱོགས་དུས་ཀྱི་བདེ་བར་གཤེགས་པ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱིས། བཏགས་གྲོལ་གྱི་གླེགས་བམ་རིགས་ལྔ་རྒྱལ་བའི་དཀྱིལ་འཁོར་གྱི་འཁོར་ལོ་རྩ་གསུམ་ཞི་ཁྲོའི་སྤྲིན་མཁའ་ཁྱབ་ཏུ་སྤྲོ་བའི་བདག་ཉིད་ཅན་གྱིས་སློབ་མའི་སྤྱི་བོར་དབང་བསྐུར་བའི་ཚེ་རང་བྱུང་རྡོ་རྗེའི་སྔགས་རྒྱུད་ཀྱི་སྒྲ་དང་འོད་ཟེར་མུ་མེད་པ་འཕྲོས། སྣང་སྲིད་ཐམས་ཅད་ལ་ཁྱབ། བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཉེས་པའི་ཚོགས་ཐམས་ཅད་བ་མོར་མེ་ལྕེས་རེག་པ་བཞིན་དུ་བཅོམ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེ་དང་གཉིས་སུ་མེད་པར་འཇའ་ལུས་རྡོ་རྗེའི་སྐུ་འདི་ཉིད་དུ་མངོན་དུ་བྱས་པའི་ངེས་ཤེས་སྐྱེད་ཅིག །བཏགས་གྲོལ་སྤྱི་བོར་བཞག་སྟེ། གཞུང་གི་འཁོར་ལོ་བྲི་ཐབས་ནས་འབྱུང་བའི་སྔགས། ཨཱོྃ་ཨཱཿཧཱུྃ༔ ཀུན་ཏུ་བཟང་པོ་ཡབ་ཀྱི་དགོངས་པ་ནི༔ ཨེ་མ་ཀི་རི་ཀི་རི་སོགས་ནས། མཱ་ར་ཡ་ཕཊཿ བར་དང་། གཞུང་གི་དབང་སྐུར་སྐབས་ཀྱི་སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོས་སོགས་ལན་གསུམ་བརྗོད། སླར་ཡང་བཏགས་གྲོལ་གྱི་གླེགས་བམ་སོགས་སྔར་ལྟར་ལ། མགྲིན་པར་དང་། ངག་གི །གསུང་། ཚངས་དབྱངས་རྡོ་རྗེའི་གསུང་། ཞེས་པ་དང་། སྙིང་གར། ཡིད་ཀྱི། ཐུགས། གཞོམ་མེད་རྡོ་རྗེའི་ཐུགས། ཞེས་དང་། ལྟེ་བར། ལུས་ངག་ཡིད་གསུམ་ཐམས་ཅད་ཀྱི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྡོ་རྗེ་ཐམས་ཅད་དང་གཉིས་སུ་མེད་པར་བྱིན་གྱིས་བརླབས་པའི་ངེས་ཤེས་སྐྱེད་ཅིག །ཞེས་སོ་སོར་བསྒྱུར་ཞིང་སྔགས་འདོད་གསོལ་དང་བཅས་པས་བསྐུར། སྨོན་ལམ་གདབ་པ་ནི། སློབ་བུའི་ཐལ་མོ་གྱེན་དུ་བཀན་པའི་སྟེང་དུ་རང་བྱུང་རྡོ་རྗེའི་སྒྲ་དབྱངས་བཏགས་གྲོལ་རྒྱུད་གྱི་གླེགས་བམ་དར་ཚོན་སྣ་ལྔས་སྤྲས་པ་བཟུང་ནས། དད་མོས་གུས་པའི་ཡིད་རྩེ་གཅིག་པས་ཚིག་འདིའི་རྗེས་ཟློས་དང་བཅས། ཇི་སྐད་བཏབ་པའི་སྨོན་ལམ་འགྲུབ་པར་རྒྱལ་བ་རྣམས་དང་། གསང་སྔགས་རྒྱུད་ཀྱི་བྱིན་མཐུས་འགྲུབ་ངེས་པ་ཡིན་ནོ་སྙམ་པའི་འདུན་པ་དྲག་པོས་འདིའི་རྗེས་ཟློས། ཕྱོགས་བཅུའི་བླ་མ་སོགས་ལན་གསུམ། དེ་ལྟར་དབང་བསྐུར་ཟབ་མོ་ཐོབ་པས་དེང་ཕྱིན་ཚུལ་བཞིན་བྲིས་ཤིང་རབ་ཏུ་གནས་པའི་བཏགས་གྲོལ་གྱི་གླེགས་བམ་རིན་པོ་ཆེའི་གྭའུར་བཅུག་སྟེ། སྤྱི་བོའམ། མགུལ་ལམ། མཆན་ཁུང་གཡོན་པར་གདགས་པ་དང་། བཀླག་པ་ལ་སོགས་པ་རྣམས་གཞུང་ནས་གསུངས་པ་ལྟར་དུས་གནད་ཆོ་ག་མ་འཁྲུལ་པའི་སྒོ་ནས་ཚེགས་ཆུང་ལ་དོན་ཁྱད་པར་འཕགས་པ། འདི་ལྟ་བུའི་མཆོག་གི་ཕྲིན་ལས་ཀྱི་སྒོ་ནས་རང་གཞན་གྱི་དོན་གཉིས་རླབས་པོ་ཆེར་འབད་བརྩོན་བགྱིད་པ་གཡར་དམ་དུ་བཞེས་པར་འཚལ། ཇི་སྐད་བསྒོས་པ་བཞིན་མཛད་པར་ཁས་བླང་བར་མོས་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་ཕྱིན་དབང་གི་རྗེས་རིམ་སྤྱི་ལྟར་དང་། ཆོ་གའི་རྗེས་ཚོགས་ལ་རོལ་ཞིང་ལྷག་མ་བསྔོ། མཆོད་བསྟོད་སོགས་བཏགས་གྲོལ་སྤྱིའི་ལག་ལེན་དུ་གསུངས་པ་བཞིན་མཐར་དབྱུང་བས་གྲུབ་བོ།། །། ༈ མཁའ་འགྲོ་ཡང་ཏིག་གི་བཏགས་གྲོལ་དབང་ལ། ཐོག་མར་བཤམ་བཀོད་ནི་འདིའི་རབ་གནས་སྐབས་ནས་སམ་འཇམ་མགོན་ལག་ལེན་ནས་གསུངས་པ་ལྟར་བཀོད་ནས། དབང་སྒྲུབ་འཇམ་མགོན་རིན་པོ་ཆེའི་བཏགས་གྲོལ་སྤྱིའི་ལག་ལེན་གསེར་གྱི་ཉི་མ་རབ་སྣང་ནས་གསུངས་པ་བཞིན་ལ། བཟླས་པའི་སྐབས་སུ་དམིགས་པ་གོང་གསལ་བླ་མ་ཡང་ཏིག་སྐབས་ལྟར་བཅས། མཁའ་འགྲོ་སྙིང་ཐིག་གི་བཏགས་གྲོལ་རྒྱུད་དྲུག་བཀླག །གཞན་བཟླས་པ། བྱིན་འབེབ། ཚོགས་མཆོད་རྒྱས་པར་སྤྲོ་ན་རྫོགས་ཆེན་མཁའ་འགྲོ་ཡང་ཏིག་ནས་འབྱུང་བ་རྒྱ་མཚོའི་སྤྲིན་ནམ། བསྡུ་ན་སྤྱི་འགྲོའི་ཚོགས་སྐོང་བསྡུས་པ་རྣམས་གྲུབ་རྗེས། མན་ངག་རིན་ཆེན་སྙིང་པོའི་གཞུང་ནས་གསུངས་པའི་དབང་གི་འབྲུ་སྨན་རིན་པོ་ཆེ་གསུམ་གྱི་མཎྜལ་ཕྱིན་གྱིས་བདག་འཇུག་བླངས་ཤིང་། བརྟན་པར་བྱས་མཐར། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོས་བདག་དང་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་ཏུ་གསོལ། སྨིན་པར་མཛད་དུ་གསོལ། གྲོལ་བར་མཛད་དུ་གསོལ། གང་བར་མཛད་དུ་གསོལ། རྒྱས་པར་མཛད་དུ་གསོལ། ཆེར་འཕེལ་བར་མཛད་དུ་གསོལ། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་དང་གཉིས་སུ་མེད་པར་བྱིན་གྱིས་བརླབ་ཏུ་གསོལ། མཐོང་ཐོས་དྲན་རེག་གི་སེམས་ཅན་ཐམས་ཅད་གདོད་མའི་གཞི་དབྱིངས་སུ་འགོད་པའི་དེད་དཔོན་ཆེན་པོར་འགྱུར་བར་མཛད་དུ་གསོལ། ཅེས་སྨོན་ལམ་གདབ། དབང་དངོས་ལ། ཁྲུས་ནས་སེམས་བསྐྱེད་གསལ་གདབ་བར་སྔར་བླ་མ་ཡང་ཏིག་གི་བཏགས་གྲོལ་དབང་གི་དུས་སུ་བཤད་པ་ལྟར་ལས། ཁྱད་པར། དེའང་ཐོག་མའི་རྒྱལ་བ་ཀུན་ཏུ་བཟང་པོའི་ཐུགས་རྗེའི་རྩལ་ལས་རང་བྱུང་དུ་ཤར་བ་བདེ་གཤེགས་རྒྱལ་བ་ཞི་ཁྲོ་ཐམས་ཅད་ཀྱི་ཕྲིན་ལས་གཅིག་ཏུ་བསྡུས་ཤིང་། རིག་འཛིན་མཁའ་འགྲོ་ཡོངས་ཀྱི་ཐུགས་ཁྲག་གི་དྭངས་མ། མ་བསྒོམ་པར་སངས་རྒྱས་པའི་ཟབ་ཆོས་ངོ་མཚར་རྨད་དུ་བྱུང་བ། ཐུན་མོང་གི་དངོས་གྲུབ་ཉི་ཚེ་བ་མ་ཡིན་པར་མཆོག་གི་དངོས་གྲུབ་སྐད་ཅིག་གཅིག་གིས་གདོད་མའི་རྒྱལ་སར་དབུགས་ཆེན་འབྱིན་པར་ནུས་པ། རང་བྱུང་རྡོ་རྗེའི་རྒྱུད་ཀྱི་གླེགས་བམ་བཏགས་པ་ཙམ་གྱིས་གྲོལ་བར་བྱེད་པའི་མན་ངག་དང་འབྲེལ་བའི་དབང་བསྐུར་གྱི་རིམ་པ་དུ་མ་བྱོན་པ་ལས། ད་ལམ་གྱི་སྐབས་སུ་བབས་པ་ནི། ལྷ་ལྕམ་པདྨ་གསལ་གྱི་སྐྱེ་མཐའ་གཏེར་ཆེན་རིན་ཆེན་ཚུལ་ཁྲིམས་རྡོ་རྗེ་འམ་པདྨ་ལས་འབྲེལ་རྩལ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱིས་དྭགས་ལུང་ཁྲ་མོ་བྲག་ནས་སྤྱན་དྲངས་པ་མཁའ་འགྲོ་སྙིང་ཐིག་གི་བཏགས་གྲོལ་རྒྱུད་དྲུག་དང་། དེ་ཉིད་ཀྱི་སྐུའི་སྐྱེ་བ་དེ་མ་ཐག་པ་ཀུན་མཁྱེན་ཚུལ་ཁྲིམས་བློ་གྲོས་སམ། གསང་མཚན་པདྨ་ལས་འབྲེལ་རྩལ་ཏེ་ཀློང་ཆེན་རབ་འབྱམས་ཞེས་ཡོངས་སུ་གྲགས་པས་ཟབ་མོའི་ཐུགས་ཀྱི་ཀློང་སྒྲོམ་ལས་ཕྱུང་པའི་མཁའ་འགྲོ་ཡང་ཏིག་ཡིད་བཞིན་ནོར་བུའི་ཆོས་སྡེ་རིན་ཆེན་ཤོག་འདྲའི་སྐོར་ལས་བྱོན་པ་ཟུང་འཇུག་གི་བཏགས་གྲོལ་རྒྱུད་ཀྱི་མན་ངག་རིན་ཆེན་སྙིང་པོའི་སྨིན་བྱེད་ཀྱི་དབང་བསྐུར་བགྱི་བ་ཡིན་ཏེ། འདི་ལྟ་བུའི་དབང་ཐོབ་ནས་བཅངས་པ་དང་བཀླག་པ་ལ་སོགས་པའི་ཕན་ཡོན་དང་དགོས་པ་རྒྱུད་དང་མན་ངག་རྣམས་ལས་རྒྱ་ཆེར་འབྱུང་བ་སྙིང་པོ་བསྡུས་ཏེ་མདོར་དྲིལ་བ་ནི། གཞུང་ལས། ཨེ་མ་རང་བྱུང་ཡི་གེ་འདིས། །སེམས་ཅན་རྣམས་ཀྱི་དོན་བྱེད་ན། །མཚམས་མེད་ལྔ་པོ་སྤྱད་པ་ཡང་། །ཉན་ཐོས་རྣམས་དང་སྐལ་བ་མཉམ། །ལུང་དུ་མ་བསྟན་སྐྱེ་བོ་རྣམས། །བྱང་ཆུབ་སེམས་དཔའི་ས་དང་མཉམ། །ཡིད་དཔྱོད་འཛིན་པའི་གྲུབ་མཐའ་ཡང་། །རྡོ་རྗེ་འཆང་དང་མཉམ་པར་ངེས། །འདི་ཉིད་བཅངས་པའི་སྐྱེས་བུ་དེ། །གང་ན་འདུག་པའི་ཡུལ་ཕྱོགས་ཙམ། །ངན་སོང་དག་ནས་གྲོལ་བར་འགྱུར། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ། །ཅེས་བསྔགས་པའི་ངེས་པ་དང་ལྡན་པའི་མཆོག་གི་ཕྲིན་ལས་ཀྱི་དབང་བསྐུར་ཟབ་མོ་བགྱི་བ་ལ་སོགས་མཎྜལ། སྐྱབས་སེམས་ནས། སྐུ་གསུམ་མཎྜལ་དང་། ཁྱད་པར་གྱི་གསོལ་གདབ་ཀྱི་མཐའ་བུ་ལ་བསྩལ་དུ་གསོལ༔ བར་བཏགས་གྲོལ་སྤྱིའི་ལག་ལེན་གསེར་གྱི་ཉི་མ་ནས་གསུངས་པ་བཞིན་ལ། དེ་ལྟར་གསོལ་བ་བཏབ་པ་སྔོན་དུ་སོང་ནས། དབང་དངོས་གཞི་ལ་གཉིས་ལས། དང་པོ་རབ་འབྱམས་རིག་པའི་རྩལ་དབང་བསྐུར་བའི་སླད་དུ་དམིགས་པ་འདི་ལྟར་གསལ་ཐོབས་ཤིག །བདག་རྡོ་རྗེ་སློབ་དཔོན་ཐ་མལ་པ་འདི་ལྟ་བུ་མ་ཡིན་པར། རིགས་ཐམས་ཅད་ཀྱི་ཁྱབ་བདག་ཀ་དག་གདོད་མའི་མགོན་པོ་རྒྱལ་བ་ཀུན་ཏུ་བཟང་པོ་ཡབ་ཡུམ་དངོས་ཡིན་སྙམ་པའི་མོས་པ་རྩེ་གཅིག་ཏུ་མཛད་པ་དང་། ཁྱེད་རང་རྣམས་ཀྱང་གདོས་བཅས་རང་ག་མའི་སྣང་འཛིན་བཤིག་སྟེ། གཞིའི་ཀུན་ཏུ་བཟང་པོ་མཐིང་གསལ་ཟང་ཐལ་འོད་ཀྱི་སྐུ་ཅན་དུ་གསལ་བའི་དཔྲལ་མགྲིན་ལ་སོགས་པའི་གནས་ལྔར། ཨཱོྃ་ཨཱཿཧཱུྃ་ཏྲཱཾ་ཧྲཱིཿརྣམས་དཀར་དམར་མཐིང་སེར་ལྗང་བའི་མདོག་ལྡན་གསལ་འཚེར་འོད་ཟེར་འབར་བའི་རང་བཞིན་ཅན་གྱིས་མཚན་པར་གསལ་ཞིང་། དཔྲལ་བའི་ཨཱོྃ་ལས་ཨཱོྃ་ཡིག་དཀར་པོའི་ཚོགས་སྤྲོས་པས། བདག་དང་སྣང་སྲིད་ཐམས་ཅད་ཡི་གེ་ཨཱོྃ་དཀར་པོའི་རྣམ་པར་རང་སྒྲ་དི་རི་རི་མེར་མེར་ཤིག་ཤིག་ཏུ་གང་བས་མ་དག་པའི་སྣང་བ་བཅོམ་ནས་དག་པ་ལོངས་སྐུ་རྣམ་པར་སྣང་མཛད་ཀྱི་ཞིང་དུ་སྦྱངས་པའི་མོས་པ་དང་བཅས་ཨཱོྃ་བརྒྱ་རྩ་བརྒྱད་ཟློས་ཤིག །ཅེས་དཔོན་སློབ་ཆབས་ཅིག་ཏུ། ཨཱོྃ་བརྒྱ་རྩ་བརྗོད། དེ་བཞིན་དུ། ཁྱེད་རང་རྣམས་ཀྱི་ མགྲིན་པའི་ཨཱཿལས་ཨཱཿཡིག་དམར་པོའི་ཚོགས་སོགས། འོད་དཔག་མེད་པའི་ཞིང་སོགས་དང་། ཨཱཿབརྒྱ་རྩ་བཟླ་བས་མཚོན་སོ་སོར་འབྱིན་འཇུག་བྱེད་པ་རིགས་འགྲེས་ཀྱིས། སྙིང་གའི་ཧཱུྃ་ལས་ཧཱུྃ་ཡིག་སྔོན་པོའི་ཚོགས་དང་། མི་བསྐྱོད་རྡོ་རྗེའི་ཞིང་སོགས། ལྟེ་བའི་ཏྲཱཾ་ལས་ཏྲཱཾ་ཡིག་སེར་པོའི་ཚོགས་དང་། རིན་ཆེན་འབྱུང་ལྡན་གྱི་ཞིང་སོགས། གསང་བའི་ཧྲཱིཿལས་ཧྲཱིཿཡིག་ལྗང་གུའི་ཚོགས་དང་། དོན་ཡོད་གྲུབ་པའི་ཞིང་སོགས་སོ་སོའི་བསྒྱུར་ཁའི་འབྱིན་འཇུག་ཤེས་པར་བྱ། དེ་ལྟར་བྱས་པས་སྣང་བ་ཐམས་ཅད་རིགས་ལྔའི་ཞིང་དུ་དག་པ་དེ་ཐམས་ཅད་ཀྱང་རང་བྱུང་གི་རིག་པ་ཉག་གཅིག་ཆོས་སྐུའི་ངང་དུ། འདི་ཡིན་འདི་མིན་གྱི་རྩིས་གདབ་མེད་པར་ཀ་དག་ཁྲེགས་ཆོད་ཀྱི་དགོངས་དབྱིངས་སུ་མཉམ་པར་བཞག་སྟེ། དེའི་དོན་རྡོ་རྗེའི་ཚིག་གིས་ངོ་སྤྲོད་པ་འདི་ལ་གསན་འཚལ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །སོགས་ནས། ཤེས་པར་གྱིས། དེ་ལྟ་བུའི་ཁྲེགས་ཆོད་ཀྱི་ཉམས་ལེན་དང་ལྡན་པས་འོད་གསལ་ཐོད་རྒལ་ཟུང་འཇུག་གི་ལམ་ནས་ཚེ་གཅིག་ལ་སྣང་བཞི་མཐར་ཕྱིན་ནས་གདོད་མའི་གཞི་དབྱིངས་སུ་མངོན་འཚང་རྒྱ་བའི་ཕྱིར། ཁྱེད་རང་རྣམས་ལུས་གནད་བསམ་གཏན་གྱི་ཆོས་བདུན་དང་ལྡན་པས་ལྟ་སྟངས་དབྱིངས་སུ་གཏད་པའི་འཆར་སྒོ། རིག་པའི་རང་རྩལ་མ་འགགས་པ་ལ་ཡུལ་འཛིན་ཤེས་པས་མ་བཅིངས་པ། སྣང་སེམས་དབྱིངས་རིག་དབྱེར་མེད་བློ་འདས་བྱར་མེད་བལྟ་བྱ་ལྟ་བྱེད་དང་བྲལ་བ་སོ་མ་ལྷུག་པར་མཉམ་པར་འཇོག་མཛོད། ཨེ་མ་སྐལ་ལྡན་སྙིང་གི་བུ། །སོགས་ནས། འདི་ཉིད་དོ། །དེ་ལྟར་རིག་པ་རྩལ་གྱི་དབང་བསྐུར་པས་གཞི་རྒྱུད་སྨིན་པར་བྱས་ནས། སླར་མཆོག་གི་ལས་སྦྱོར་གསང་སྔགས་བཏགས་གྲོལ་འཁོར་ལོའི་དབང་བསྐུར་ཞུ་བའི་དོན་དུ། བླ་མ་དཀྱིལ་འཁོར་ཐམས་ཅད་ཀྱི་འཆར་གཞི་གདོད་མའི་མགོན་པོ་ཀུན་བཟང་ཡབ་ཡུམ་དང་། རྒྱུད་ཀྱི་གླེགས་བམ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རང་བྱུང་རྡོ་རྗེའི་སྔགས་ཀྱི་སྒྲ་སྒྲོག་བཞིན་པར་བཞུགས་པའི་སྤྱན་སྔར། སྐུ་གསུམ་གྱི་ཞིང་གི་བཀོད་པ་མཐའ་དག་བློ་ཡིས་བླངས་ཏེ་འབུལ་བའི་མོས་པ་དང་བཅས་མཎྜལ། སྐུ་གསུམ་མཎྜལ་འབུལ། དེ་ནས་དབང་གི་ལྷ་རིགས་ལྔ་བདེ་བར་གཤེགས་པ་སྲས་དང་བཅས་པ་གདན་གསུམ་ཚང་བའི་འཁོར་ལོ་མཁའ་ཁྱབ་ཏུ་སད་པ་དང་སློབ་དཔོན་ལྷན་ཅིག་པས། སློབ་བུའི་སྤྱི་བོར་རྒྱུད་དྲུག་གི་གླེགས་བམ་བཞག་པའི་ཚེ་ཀུན་བཟང་ཞི་ཁྲོའི་ལྷའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་དཀྱིལ་འཁོར་གྱི་ཕུང་པོ་ཡོངས་སུ་རྫོགས་པར་གསལ་བ་ལས། འོད་ཟེར་དཀར་པོའི་ཚོགས་མཐའ་ཡས་པ་འཕྲོས། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུའི་དབང་དང་བྱིན་རླབས་ཐམས་ཅད་བསྡུས། སློབ་མ་ལྷར་གསལ་བའི་དཔྲལ་བའི་ཨཱོྃ་ལ་ཐིམ་པས། ལུས་ཀྱི་འབྱུང་བ་རང་སར་དེངས་ནས་འཕོ་ཆེན་འཇའ་ལུས་རྡོ་རྗེའི་སྐུར་གྲུབ་པར་མོས། སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་སོགས་ཀྱིས་དབང་བསྐུར། དེ་བཞིན་དུ། ཡང་དབང་གི་ལྷ་རིགས་ལྔ་སོགས། སློབ་བུའི་མགྲིན་པར་དང་། འོད་ཟེར་དམར་པོའི་སོགས་དང་། གསུང་གི་དབང་དང་བྱིན་རླབས་ཐམས་ཅད་བསྡུས། སློབ་མ་ལྷར་གསལ་བའི་མགྲིན་པའི་ཨཱཿལ་ཐིམ་པས། ངག་རླུང་ཡེ་ཤེས་སུ་དྭངས་ནས་གྲགས་སྟོང་གཞོམ་མེད་རྡོ་རྗེ་ནཱ་དའི་གསུང་དུ་གྲུབ་པར་མོས། སངས་རྒྱས་ཐམས་ཅད་ཀྱི་སྲས་སོགས་ལ། གསུང་རྡོ་རྗེ་སོགས་དང་གསུང་སྔགས་སྦྱར། སྙིང་གར་དང་། འོད་ཟེར་སྔོན་པོའི་དང་། ཐུགས་ཀྱི་དབང་དང་བྱིན་རླབས་ཐམས་ཅད་བསྡུས། སློབ་མ་ལྷར་གསལ་བའི་སྙིང་གའི་ཧཱུྃ་ལ་ཐིམ་པས། ཡིད་ཀྱི་རྟོག་ཚོགས་རང་སར་གྲོལ་ནས་ཁྱབ་བརྡལ་ནམ་མཁའི་རྡོ་རྗེ་འཁྲུལ་མེད་ཐུགས་ཀྱི་དབྱིངས་སུ་འུབ་ཆུབ་པར་མོས། སངས་རྒྱས་ཐམས་ཅད་ཀྱི་སྲས་སོགས་ལ། ཐུགས་རྡོ་རྗེ་སོགས་དང་ཐུགས་སྔགས་སྦྱར། དེ་ལྟར་སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོ་ཟབ་ལམ་རྨད་དུ་བྱུང་བ་བཏགས་པས་གྲོལ་བའི་དབང་བསྐུར་ལེགས་པར་ཐོབ་ནས་དོན་གཉིས་སྒྲུབ་པའི་མཐུ་བྱིན་ཕུན་སུམ་ཚོགས་པར་གྱུར་པ་ལ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང་མེ་ཏོག་གི་ཆར་གྱིས་མངའ་དབུལ་བར་མོས། བདེ་གཤེགས་མི་འགྱུར་སྐུ་ལྔ་སོགས་རབ་གནས་སྐབས་བཞིན་བཀྲ་ཤིས་བརྗོད། དེ་ལྟ་བུའི་གསང་ཆེན་བླ་ན་མེད་པའི་ཉེ་ལམ་མཆོག་གི་ཕྲིན་ལས་ཟབ་མོ་ལ་མངའ་དབང་འབྱོར་པ་ཡིན་པས། དེང་ཕྱིན་ཆད་རྒྱུད་ཀྱི་གླེགས་བམ་རང་གིས་བཅངས་ཤིང་དུས་སྐབས་རྣམས་སུ་ཚུལ་བཞིན་ཀློག་པ་དང་། གཞན་གྱི་ལུས་ལ་བཏགས་ཤིང་རྣ་བར་སྒྲོག་པ་ལ་སོགས་པ་རྒྱུད་ནས་གསུངས་པའི་ཆོ་ག་དང་ལྡན་པས་གྲོལ་བ་ཆེན་པོའི་ཕྲིན་ལས་ཀྱི་སྒོ་ཡངས་པོར་ཕྱེས་ཏེ། ཡིད་ཅན་འབྲེལ་ལོ་ཅོག་རྣམས་བྱང་ཆུབ་དམ་པའི་གནས་ལ་སྦྱོར་འཚལ། ཇི་སྐད་བསྒོས་པ་བཞིན་མཛད་པའི་གཡར་དམ་འཆའ་བ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་ལྟར་དང་། ཆོ་གའི་རྗེས་ཚོགས་ལ་རོལ་ཞིང་ལྷག་མ་བསྔོ། མཆོད་བསྟོད་སོགས་བཏགས་གྲོལ་སྤྱིའི་ལག་ལེན་གསེར་གྱི་ཉི་མ་བཞིན་བྱའོ།། །། ༈ སངས་རྒྱས་གླིང་པའི་བླ་མ་དགོངས་པ་འདུས་པའི་རྫོགས་ཆེན་གསེར་ཞུན་ཆ་ལག་ཏུ་འབྱུང་བ་གཙོར་བྱས་པའི་བཏགས་གྲོལ་སྤྱིའི་ལག་ལེན་དབང་བསྐུར་དང་བཅས་པ་གསེར་གྱི་ཉི་མ་རབ་ཏུ་སྣང་བྱེད་ལྟར་དབང་སྒྲུབ་སྐབས། རྒྱས་པ་མི་ལྕོགས་ན་བསྡུས་པ་སྤྱི་ལྟར་དང་བྱེ་བྲག་ལ་དེའི་འོག་ནས་འབྱུང་བའི་དགོངས་འདུས་ཀྱི་སྒེར་ཆོས། བདག་བསྐྱེད་ལ། ༼ཇ༽ལུས་དཀྱིལ་ཞི་ཁྲོ་བསྐྱེད་ཚུལ་རྣམས་སྦྱར་བ་དང་། དབང་དངོས་གཞུང་གསལ་ནར་འདེད་ཀྱིས་བསྐུར་ཞིང་། དེར་གསལ་ཆོ་གའི་རྗེས་རིམ་བཅས་བྱའོ།། །། ༈ མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བླ་མ་ལོངས་སྐུ་འགྲོ་འདུལ་གྱི་ལས་རིམ་གྲོལ་བ་བཅུ་གཅིག་གི་ནང་ཚན། ལས་ཀྱི་སེམས་དཔའ་འཁོར་བ་དོང་སྤྲུགས་ཀྱི་དམ་རྫས་མྱང་གྲོལ་རིལ་བུའི་དབང་འགྲོ་འདུལ་སྐབས་དང་། ༈ པད་འབྱུང་ངོ་མཚར་ཆོས་དྲུག་གི་དབང་པད་འབྱུང་སྐབས་བཅས་འོག་ཏུ་རིམ་པར་འབྱུང་བ་ཡིན་ནོ། །དེས་མཆོག་གི་ཕྲིན་ལས་ཀྱི་དབང་རྣམས་གྲུབ་བོ།། །། ༄༅། །གཉིས་པ་ཐུན་མོང་གི་ཕྲིན་ལས་ལ་ལས་སྣ་ཚོགས་པ་དང་། བྱེ་བྲག་སོ་སོར་བསྒྲུབ་པ་གཉིས་ལས། དང་པོ་ལས་སྣ་ཚོགས་པ་ལའང་། འཁོར་ལོ་ཟ་ཡིག་སྔགས་འབུམ་རྟེན་འབྲེལ། ལེགས་ཉེས་མཚན་བརྟག །ཕན་གནོད་ཀྱི་ལས། གནས་ཆེན་བྱིན་འབེབ། བསང་གསུར་ཕུད་མཆོད། རྐྱེན་སེལ་མདོས་གླུད་དང་དྲུག་ལས། དང་པོ་འཁོར་ལོ་ཟ་ཡིག་སྔགས་འབུམ་རྟེན་འབྲེལ་གྱི་སྐོར་དང་། ༄། གཉིས་པ་བཟང་ངན་ལེགས་ཉེས་ལྟས་མཚན་བརྟག་པའི་སྐོར་བཅས་ལ་དམིགས་བསལ་གྱི་དབང་བསྐུར་བ་མི་བཞུགས་སོ།། །། ༄། གསུམ་པ་ཀུན་ལ་མཁོ་བ་ཕན་གནོད་ཀྱི་ལས་སྣ་ཚོགས་པའི་སྐོར་ལ། ཀློང་གསལ་རྡོ་རྗེ་སྙིང་པོའི་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་ཕྲིན་ལས་དབང་བསྐུར་དང་བཅས་པ་ཁྲིགས་བཀོད་གནམ་ལྕགས་རལ་གྲི་ལྟར་དབང་སྒྲུབ། དབང་དངོས། ཆོ་གའི་རྗེས་རིམ་བཅས་ཏེ་དབང་བསྐུར་བ་དེ་ཙམ་མོ།། །། ༄། བཞི་པ་གནས་ཆེན་བྱིན་འབེབ་དང་འབྲེལ་བའི་སྐོར་ལ། མཆོག་གླིང་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཞལ་གདམས་སྙིང་བྱང་གི་ལེའུ་བཅུ་གཅིག་པར་གསུངས་པ། འགྲོ་མགོན་ཁྱད་པར་འཕགས་པའི་རིག་འཛིན་གུ་རུ་ཉི་མ་འོད་ཟེར་གྱི་དབང་དང་འབྲེལ་བར་གནས་ཆེན་བྱིན་འབེབ་ཀྱི་དབང་དང་། བཀའ་ནན་རབ་བརྗིད་ཀྱི་དྲེགས་པའི་སྲོག་དབང་། འོག་གི་དྲུག་པ་མདོས་གླུད་ཀྱི་སྐོར་དུ་འབྱུང་བ་སྡེ་བརྒྱད་ཁེངས་མདོས་ཀྱི་བཀའ་གཏད་རྣམས་དཀྱུས་གཅིག་ཏུ་བསྐུར་ན་སྟབས་བདེ་ཞིང་། དབང་བསྐུར་གྱི་ཆིངས་རྒྱས་པར་གཏེར་ཆེན་དེ་ཉིད་ཀྱི་གདུང་སྲས་ཚེ་དབང་ནོར་བུའི་ཆོག་སྒྲིག་མཆིས་ཀྱང་། འདིར་ཉུང་ངུར་བསྡུས་ཏེ་འགོད་པ་ལ། དབང་སྒྲུབ་རིམ་པར་བྱེད་དགོས་པས། ༼ཐ༽ཐུགས་སྒྲུབ་ཀྱི་བརྒྱུད་འདེབས་དངོས་གྲུབ་དཔལ་སྟེར་སྔོན་དུ་འགྲོ་བས། ཕྲིན་ལས་སྙིང་པོའི་སྐྱབས་སེམས་ནས་མཆོད་བརླབ་མཐའ་བར་བཏང་ནས། བཀའ་ནན་རབ་བརྗིད་རྡོ་རྗེའི་རི་དབང་དང་། སྡེ་བརྒྱད་སྤྱི་མདོས་ཟུང་གི་དབུར་འབྱུང་བ། ཧྲཱི༔ སྐྱེ་བ་མེད་པའི་སོགས་ཀྱིས་བདག་མདུན་དབྱེར་མེད་ཁྱད་པར་འཕགས་པ་བསྐྱེད་དེ། ཕྱག་རྒྱས་འདེབས་པའི་སྐུ་རུ་གསལ༔ ཞེས་པའི་མཚམས་དེར། ཕྲིན་ལས་སྙིང་པོའི། རྡོ་རྗེ་གསུམ་གྱི་ངོ་བོར་སོགས་གནས་གསུམ་བྱིན་བརླབ་ནས། སྤྱན་འདྲེན་སྐབས། སྐུ་གསུམ་དབྱེར་མེད་རིག་འཛིན་ཁྱད་པར་འཕགས༔ རབ་འབྱམས་སོགས་དང་། སྔགས་ཐོད་ཕྲེང་རྩལ་གྱི་མལ་དུ། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཞེས་བསྒྱུར་ཏེ། བཛྲ་ས་མ་ཡ་སོགས་སྦྲེལ་ནས། བསྟོད་པའི་མཐར་ཛཔ྄་ཁང་ཕྱེས་ཏེ། ཛཔ྄་བསྐུལ་ཕྲིན་ལས་སྙིང་པོ་ལྟར་གཏང་། ཏིང་འཛིན་ནི། རིག་འཛིན་ཁྱད་པར་འཕགས་པའི་ཐུགས་ཀ་རུ༔ ཟླ་སྟེང་ཧྲཱིཿམཐར་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་ཟེར་གཟི་མདངས་དཔག་ཡས་ཕྱོགས་བཅུར་འཕྲོས༔ བླ་མ་ཡི་དམ་མཁའ་འགྲོའི་ཐུགས་རྒྱུད་བསྐུལ༔ ཆོས་སྐྱོང་སྲུང་མའི་ཚོགས་ཀུན་ལས་ལ་བཀོལ༔ སྣང་སྲིད་འབྱུང་པོའི་དམག་དཔུང་གཟིར་ཞིང་བརླག༔ ཚུར་འདུས་བདག་ཐིམ་ནུས་སྟོབས་འབར་བར་བསམ༔ ཞེས་གསལ་བཏབ་ནས། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཅེས་པའི་རྩ་སྔགས་ཁོ་ན་བཟླས་མཐར། རྣམ་བུམ་ལ་དམིགས་ཏེ། བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང༔ མཚན་ཉིད་ཐམས་ཅད་རྫོགས་པའི་དབུས༔ གུ་རུ་ཁྱད་པར་འཕགས་པའི་སྐུ༔ སྣང་སྟོང་ཆུ་ཟླ་ལྟ་བུར་གསལ༔ རང་གི་ཐུགས་སྲོག་སྔགས་ཕྲེང་ལས༔ འོད་ཟེར་མཆོད་པའི་ཚུལ་དུ་འཕྲོས༔ སྙོམས་འཇུག་བྱང་སེམས་བདུད་རྩི་ཡིས༔ བུམ་པ་ཡོངས་སུ་གང་བར་གྱུར༔ ཅེས་མོས་ལ། གཟུངས་ཐག་བླངས་ཏེ་རྩ་སྔགས་བརྒྱ་རྩ་ལས་མི་ཉུང་བ་དང་། ལས་སྦྱོར་གྱི་ཤམ་བུ་བཏགས་པ་ཉེར་གཅིག་ཙམ་བཟླ། ལས་བུམ་དུ་སྐད་ཅིག་གིས་ཁྲོ་བོ་རྟ་མགྲིན་དམར་པོ་གཡས་པདྨའི་དབྱུག་ཏོ་དང་། གཡོན་མེའི་ཞགས་པ་ཐོགས་པར་གསལ་བའི་སྐུ་ལས་རྡོ་རྗེ་བདུད་རྩིའི་རྡུལ་ཕྲ་རབ་བབས་པས་བུམ་པ་གང་བར་བསམ་ལ། ཨོཾ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ ཅེས་བརྒྱ་རྩ་བཟླས་མཐར། དབྱངས་གསལ་དང་རྟེན་སྙིང་གིས་ལྷག་ཆད་ཁ་བསྐང་ཞིང་བརྟན་པར་བྱས་ལ། སྟོང་ཚིགས་ཀྱི་མཆོད་བསྟོད་འབུལ། ཡིག་བརྒྱས་ནོངས་པ་བཤགས། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་པས་བུམ་ལྷ་རྗེས་ཆགས་བདེ་ཆེན་བདུད་རྩིར་ཞུ། །ལས་བུམ་ཁྲོ་བོས་བགེགས་ཟློག་ཕྲིན་ལས་མཛོད། །ཅེས་བརྗོད། དེ་ནས་གནས་ཆེན་བྱིན་འབེབ་ཀྱི་གཏེར་བུམ་བསྡུས་པ་གསར་བཅའི་སྐབས། གོང་དུ་སྦྱོང་ཁྲུས་མ་སོང་ན། འདིར་བགེགས་བསྐྲད། སྲུང་འཁོར། ཁྲུས་གསོལ། གསེར་སྐྱེམས་བཅས་གཏང་། གང་ལྟར་ཡང་། བུམ་པའི་དཀྱིལ་འཁོར་ལ་དམིགས་ཏེ། ཕྲིན་ལས་སྙིང་པོའི་མཆོད་བརླབ་ནས་གཟུང་། བདག་མདུན་དབྱེར་མེད་དུ་བསྐྱེད་ཅིང་བསྟོད་པའི་མཐར་ཛཔ྄་ཁང་ཕྱེས་ཏེ། ཛཔ྄་བསྐུལ་དང་ཏིང་འཛིན་བཅས། སྐུ་གསུམ་དང་། སྤྱི་དྲིལ་ཐོད་ཕྲེང་རྩལ་གྱི་རྗེས། བདག་ཐུགས་འོད་ཀྱིས་མདུན་བསྐྱེད་བསྐུལ། །གསང་བ་གསུམ་གྱི་འོད་ཟེར་སྤྲིན། །མཁའ་ཁྱབ་འཁོར་ལོར་འཕྲོས་པ་ཡིས། །དེར་བཞུགས་རྒྱལ་བའི་ཞིང་ཁམས་ནི། །སྣོད་བཅུད་ཡོངས་རྫོགས་སྤྱན་དྲངས་ཏེ། །རྟེན་དང་གནས་ལ་ཐིམ་པ་ཡིས། །གནས་ཀྱི་རྡུལ་ཕྲན་རེ་རེ་བཞིན༔ རྔ་ཡབ་དཔལ་རིའི་གྲོང་ཁྱེར་དང༔ རྡུལ་སྙེད་རྩ་གསུམ་ཞི་ཁྲོའི་ལྷ༔ ཏིལ་གྱི་གོང་བུ་ལྟར་བཞུགས་ནས༔ འཁོར་བ་ཇི་སྲིད་གནས་ཀྱི་བར༔ མཐོང་ཐོས་དྲན་རེག་འགྲོ་བ་ཀུན༔ བྱང་ཆུབ་ལམ་ལ་བཀོད་པར་བསམ༔ ཐོད་ཕྲེང་རྩལ་གྱི་ཤམ་བུར། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་ས་མ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཛྙཱ་ན་ས་མ་ཡ་ཏིཥྛནྟུ༔ ཞེས་བཟླས་པའི་དངོས་གཞིར་བྱ། ཕྲིན་ལས་སྙིང་པོ་ལྟར་ཏིང་འཛིན་དང་ལྡན་པས་ལས་སྦྱོར་བཟླས་པ་ཁྱུགས་ཙམ་གྲུབ་པའི་མཐར། སྤྲོ་ན་སྤོས་རོལ་དབྱངས་བཅས་བྱིན་འབེབ་དང་སྔགས་སྔ་མ་བཅས་གྱེར། གང་ལྟར་ཡང་། ཡེ་ཤེས་ལྷ་ཚོགས་སོགས་ཀྱིས་སྟོང་ཚིགས་ཕུལ་མཐར། ཛཔ྄་ཁང་མི་བསྡུ་བར། སླར་རང་ཉིད་ཁྱད་པར་འཕགས་པའི་ཏིང་འཛིན་ལ་གནས་པས། གོང་གི་ཁྱད་པར་འཕགས་པའི་བསྐྱེད་རིམ་འཕྲོས་སུ་ཡོད་པའི། ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་གི་སྔགས་ཀྱི་སོགས་ནས། བཱ་ཤཾ་ཀུ་རུ་ཧོ༔ བར་གྱི་དམིགས་བཟླས་གསུམ་པོ་སོ་སོར་བྱས་པས། བཀའ་ནན་རབ་བརྗིད་དང་སྤྱི་མདོས་ཟུང་གི་སྲོག་དབང་བཀའ་གཏད་ཀྱི་གཞི་བསྒྲུབས་མཐར། དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་བཟླས་པས་ནུས་པ་བརྟན་རྗེས། སྲུང་མ་སྤྱི་བྱེ་བྲག །ཡང་སྒོས་སྡེ་བརྒྱད་དང་བཅས་པའི་གཏོར་འབུལ། ཕྲིན་ལས་སྙིང་པོའི་ཚོགས་བྱིན་རླབས་ནས་བཤགས་པའི་མགོར་བསྐང་བ་གཡུ་ཞལ་མ་སྦྱར་ཞིང་། ལྷག་མའི་མཐའ་བར་གཏང་། རིག་མེ་དོར་བས་ཁྱད་འཕགས་དང་། གནས་ཆེན་བྱིན་འབེབ་བུམ་པའི་དབང་ལེན་གནང་ཞུ་བཅས་བྱ། དབང་དངོས་ལ། སློབ་མར་ཁྲུས་དང་བགེགས་བསྐྲད། སྲུང་འཁོར་བསྒོམས་ནས་སེམས་བསྐྱེད་གསལ་བཏབ་ལ། དེ་ལ་འདིར་སྤྲུལ་པའི་གཏེར་སྟོན་ཆེན་པོ་ཨོ་རྒྱན་མཆོག་གྱུར་གླིང་པའི་ཁྱད་ཆོས། བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཞལ་གདམས་སྙིང་བྱང་གི་ལེའུ་བཅུ་གཅིག་པར་བསྟན་པ། ཁྱད་པར་འཕགས་པའི་རིག་འཛིན་གུ་རུ་ཉི་མ་འོད་ཟེར་གྱི་དབང་བསྐུར་བ་སྟེ། དེའང་གཞུང་ལས། དེ་ལྟར་མི་དང་མི་མིན་གྱི༔ འགྲོ་འདུལ་ཕྲིན་ལས་མཐའ་རྒྱས་བཅས༔ ཟབ་ཅིང་འདྲིལ་བར་བསྟན་པ་འདི༔ འཇིག་རྟེན་འཇིག་རྟེན་འདས་པ་ཡི༔ ལུང་དང་ཏནྟྲ་མང་པོའི་དོན༔ ད་ལྟའི་མངའ་བདག་རྗེ་འབངས་ཀྱི༔ འགལ་རྐྱེན་བར་ཆད་སེལ་བ་དང༔ མཐུན་རྐྱེན་ལེགས་ཚོགས་སྤེལ་བའི་ཕྱིར༔ མང་དུ་བཤད་པའི་སྙིང་པོར་དྲིལ༔ མ་འོངས་སུམ་ཅུ་ཁ་རལ་དུས༔ ལྷ་རྒྱུད་ཆད་ཅིང་སྔགས་རྒྱུད་ཉམས༔ གྲུབ་མཐའ་འཆོལ་ཞིང་ཆ་ལུགས་འགྱུར༔ སྤྱོད་ལམ་ལོག་ཅིང་མཐའ་དབུས་འདྲེས༔ བོད་ཁམས་སིལ་བུར་འཐོར་བ་དང༔ སྡུག་བསྔལ་མཚོ་ཆེན་བརྡོལ་བའི་དུས༔ ཕན་པའི་རྟེན་འབྲེལ་བླ་མེད་འགྱུར༔ ཞེས་བསྔགས་པ་ལྟར། སྣོད་བཅུད་ཐམས་ཅད་པདྨ་འོད་ཀྱི་ཞིང་སྐུར་བྱིན་གྱིས་བརླབས་པ། གནས་ཡུལ་ཐམས་ཅད་གྲོལ་བ་བཞི་ལྡན་གྱི་གནས་ཆེན་དུ་བསྒྲུབས་པས་ཕན་བདེའི་ལེགས་ཚོགས་སྤེལ་བ་དང་། ནག་ཕྱོགས་འབྱུང་པོ་མ་རུངས་པ་ཐམས་ཅད་ཚར་བཅད་ཅིང་། དྲེགས་པ་མཐུ་ཆེན་པོ་རྣམས་བཀའ་རྟགས་ཕྱག་རྒྱ་གཉན་པོའི་ཟིལ་འོག་ཏུ་འཇུག་པ་དང་། དཀར་ཕྱོགས་གཞི་གནས་ཀྱི་བདག་པོའི་ལྷ་ཀླུ་རྣམས་རྟེན་ལ་བཀོལ་ཞིང་དབུ་འཕང་བསྟོད་པ་ལས། བོད་ཡུལ་བདེ་སྐྱིད་གསར་པའི་དགའ་སྟོན་ལ་སྤྱོད་པའི་ཐབས་སུ་འགྲོ་འདུལ་ལས་རབ་འབྱམས་ཀྱི་རྗེས་གནང་བཀའ་གཏད་བཅས་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ། བླ་མ་ཁྱད་པར་འཕགས་པའི་རིག་འཛིན་དང་གཉིས་སུ་མེད་པ་ལ་གསོལ་བ་གདབ་པ་འདིའི་རྗེས་ཟློས། ཨེ་མ་ཧོ༔ ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས༔ སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་ཐུགས་རྗེའི་སྐབས་ཕྱེས་ཏེ་གནང་བ་སྦྱིན་པར་མོས། བདག་གི་བླ་མ་ངོ་མཚར་སྤྲུལ་པའི་སྐུ༔ རྒྱ་གར་ཡུལ་དུ་སྐུ་འཁྲུངས་ཐོས་བསམ་མཛད༔ བོད་ཡུལ་དབུས་སུ་ཞལ་བྱོན་དྲེགས་པ་བཏུལ༔ ཨོ་རྒྱན་ཡུལ་དུ་སྐུ་བཞུགས་འགྲོ་དོན་མཛད༔ སྐུ་གསུམ་དབྱེར་མེད་ཁྱད་པར་འཕགས་པ་ཡི༔ དབང་བསྐུར་དམ་པ་ཁྱོད་ལ་སྦྱིན་པར་བྱ༔ རྒྱུད་སྦྱོང་བའི་སླད་དུ་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་དཀོན་མཆོག་རྩ་གསུམ་འདུས་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་དང་། སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བློས་འདིའི་རྗེས་ཟློས། ན་མོ༔ བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ སྐྱབས་ཀྱི་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆི༔ སྨོན་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་ནས༔ ཁྱད་པར་འཕགས་པའི་གོ་འཕང་བསྒྲུབ་པར་བགྱི༔ ལན་གསུམ། དབང་སྲོག་དམ་ཚིག་གི་སྙིང་པོ་རིག་པ་འཛིན་པའི་སྡེ་སྣོད་ཀྱི་གཞུང་ནས་གསུངས་པ་རྣམས་ཚུལ་བཞིན་བླངས་ཏེ་བསྲུང་སྙམ་པས་འདིའི་རྗེས་ཟློས། ཨོ་རྒྱན་གདུང་འཛིན་རྒྱལ་བའི་སྲས༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་གིས་དེང་གཟུང་བྱང་ཆུབ་བར༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་དམ་ཚིག་རྣམས༔ ཡང་དག་ཉིད་དུ་བཟུང་བྱས་ཏེ༔ སྲོག་གི་ཕྱིར་ཡང་མི་གཏང་ན༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ། སློབ་དཔོན་གྱི་སྤྱན་སྔར་ཁས་བླངས་པའི་དམ་ཚིག་སྤྱི་དང་། རྡོ་རྗེ་སློབ་དཔོན་གྱི་ངག་བཞིན་བསྒྲུབ་པར་གདམས་ཏེ། སློབ་དཔོན་བཀའ་གཉན་པའི་སྒོ་ནས་དམ་ལ་གཞག་པ་འདི་ལ་སྙན་གཏོད་ཅིག །ང་ནི་འཆི་མེད་པདྨའི་རིག་འཛིན་ཏེ༔ ང་ཡི་བཀའ་ལས་འདའ་ཞིང་བརྙས་གྱུར་ན༔ མནར་མེད་དམྱལ་བ་ཆེན་པོར་ལྟུང་བར་འགྱུར༔ དེ་བས་བདག་གི་བཀའ་ལས་མ་འདའ་ཞིག༔ བཛྲ་ས་མ་ཡ་རཀྵནྟུ༔ དབང་གི་གཞི་འགོད་པའི་སླད་དུ་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་དམིགས་པ་འདི་དག་མ་ཡེངས་པར་རྩེ་གཅིག་ཏུ་གཏོད་ཅིག །མ་ཧཱ་ཤཱུནྱ་ཏཱས་སྟོང་པར་སྦྱང་། གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་བློ་འདས་ཀྱི་སྟོང་པ་ཉིད་དུ་སྦྱངས། དེའི་ངང་ལས་ས་ཕྱོགས་པདྨ་འོད་ཀྱི་ཞིང་ཁམས་དང་ཕོ་བྲང་གི་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ། ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པད་ཉི་ཟླ་བའི་གདན་ལ་སློབ་མ་ཁྱད་པར་འཕགས་པའི་རིག་འཛིན་དཀར་གསལ་ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་གདེངས་སྟབས་ལམ་སྟོན་གྱི་ཚུལ་དང་། གཡོན་པས་ཁ་ཊྭཱཾ་རྩེ་གསུམ་གྱི་འཁར་བ་དཀུ་ལ་བརྟེན་པ། པད་ཞྭ་ཕོད་མཐིང་དང་ཆོས་གོས་རྣམ་གསུམ་གྱིས་བཀླུབས་ཤིང་། ཞབས་ལ་ནོར་བུའི་པ་ཏྲས་མཛེས་པའི་མཆིལ་ལྷྭམ་དང་བཅས་བཞེངས་སྟབས་སུ་རོལ་ཞིང་། སྣང་སྲིད་བདེ་ཆེན་ཡེ་ཤེས་ཀྱི་ཕྱག་རྒྱས་འདེབས་པའི་སྐུར་གསལ་བའི་གནས་གསུམ་དུ་སྐུ་གསུང་ཐུགས་ཀྱི་ངོ་བོ་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གིས་མཚན་པར་གསལ་བ་དང་། བླ་མ་མདུན་བསྐྱེད་དང་བཅས་པའི་ཐུགས་ཀ་ནས་འོད་ཟེར་གྱི་རྡུལ་ལྕགས་ཀྱུ་ལྟ་བུ་ཤར་གྱིས་འཕྲོས་པས། ཆོས་དབྱིངས་རྒྱས་པར་གང་བའི་རྩ་གསུམ་རབ་འབྱམས་རྒྱ་མཚོའི་ཐུགས་རྒྱུད་བསྐུལ། དེ་དག་གི་གསང་བ་གསུམ་གྱི་བྱིན་རླབས་ནུས་པ་མཐུ་སྟོབས་ཐམས་ཅད་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཆར་ཆེན་དྲག་ཏུ་བབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས། སྒོ་གསུམ་རྡོ་རྗེ་གསུམ་གྱི་ནུས་རྩལ་རྫོགས་པར་སྒོམས་ཤིག །སྤོས་རོལ་དབྱངས་བཅས་ཕྲིན་ལས་སྙིང་པོའི་སྤྱན་འདྲེན་དང་། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་བྱིན་དབབ། དེ་ལྟར་དབབ་པའི་ཡེ་ཤེས་པའི་གསང་བ་གསུམ་གྱི་བྱིན་རླབས་ཐམས་ཅད་ཁྱེད་རང་རྣམས་ཀྱི་གཉུག་མ་མི་ཤིགས་པའི་སྒོ་གསུམ་དང་དབྱེར་མེད་དུ་བརྟན་པར་མོས། ཏིཥྛ་བཛྲས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་པས་བརྟན་པར་བྱ། དེ་ནས་དབང་བསྐུར་བ་དངོས་ལ། སྦྱོར་བ་བུམ་པའི་དབང་གིས་སྒྲིབ་གཉིས་ཀྱི་དྲི་མ་གཏོར་ཞིང་བཀྲུ་བ་དང་། དངོས་གཞི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་བླུག་པའི་ཆོ་ག །རྗེས་འབྲེལ་ཁྱད་པར་བའི་ལས་རྣམས་ཀྱི་བྱིན་རླབས་བཀའ་གཏད་ཀྱི་རིམ་པ་བཅས་འབྱུང་བའི། ཐོག་མར་བུམ་པ་ལ་བརྟེན་པའི་གཏོར་བླུག་གི་ཆོ་ག་སྒྲུབ་པ་ལ་འདུན་པ་འདི་ལྟར་དུ་མཛོད། ལྷ་དང་སློབ་དཔོན་དབྱེར་མེད་པའི་བུམ་པ་བདེ་ཆེན་བྱང་ཆུབ་སེམས་ཀྱི་བདུད་རྩིས་གང་བས་དབང་བསྐུར་ཞིང་ཁྲུས་བྱས་པས་སློབ་མའི་ཤེས་རྒྱུད་ལ་ཆགས་པའི་དྲི་མ་ཐམས་ཅད་གཏོར་ཞིང་བཀྲུས། སྐུ་དང་ཡེ་ཤེས་ཀྱི་བྱིན་རླབས་རྒྱུད་ལ་བླུག་ཅིང་བསྟིམ་པས་རྒྱལ་བའི་རྡོ་རྗེ་གསུམ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པར་མོས། ཨོཾ༔ ཏིལ་གྱི་གོང་བུ་བཞིན་གང་བའི༔ རྒྱལ་བས་བུམ་པ་བཟུང་ནས་ནི༔ སངས་རྒྱས་རྡོ་རྗེའི་སྐུ་འགྲུབ་ཕྱིར༔ བཀྲ་ཤིས་བུམ་པའི་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་ཅིང་བུམ་ཆུ་སྦྱིན། ཁྱད་པར་སྐུའི་དབང་བསྐུར་བ་ལ། སློབ་དཔོན་དཀྱིལ་འཁོར་གྱི་བདག་པོའི་སྐུ་ལས་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་པ་ཞིག་འཕྲོས། སློབ་མའི་སྤྱི་བོར་ཐིམ་པས་བསྐྱེད་པའི་ལམ་ལ་དབང་ཞིང་། འབྲས་བུའི་ལུས་རྡོ་རྗེའི་སྐུར་འགྲུབ་པའི་སྐལ་པ་ཅན་དུ་བྱས་པར་མོས། ཧཱུྃ༔ རང་བྱུང་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་དུ༔ རིག་འཛིན་བླ་མ་སྒོམ་པའི་དབང་བསྐུར་བས༔ གཟུང་དང་འཛིན་པའི་རྟོག་ཚོགས་རང་གྲོལ་ནས༔ ཅིར་སྣང་ལྷ་སྐུར་འཆར་བའི་དབང་ཐོབ་ཤོག༔ གོང་བཞིན་རྩ་སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་ཅིང་སྐུ་སྤྱི་བོར་གཞག །དེ་ལྟ་བུའི་དབང་ཐོབ་པས་འདི་ལྟར་སྣང་བའི་ཆོས་ཐམས་ཅད་སྐུ་རྡོ་རྗེ་སྣང་སྟོང་ལྷའི་འཁོར་ལོའི་རྣལ་འབྱོར་ལ་བརྩོན་པར་གྱིས་ཤིག །གསུང་རྡོ་རྗེའི་སྔགས་ཀྱི་དབང་བསྐུར་བ་ལ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག །དེའི་ཐུགས་ཀའི་སྔགས་ཕྲེང་ལས་གཉིས་པ་འཕྲོས། སློབ་མའི་སྙིང་གར་ཞུགས་པར་མོས་ལ་སྔགས་འདིའི་རྗེས་ཟློས། རྩ་སྔགས་ལན་གསུམ། ལྷ་སྔགས་དབྱེར་མེད་པའི་ངོ་བོར་བྱིན་གྱིས་བརླབ་པའི་ཕྱིར་སྔགས་ཕྲེང་མགྲིན་པར་བཞག་སྟེ་དེ་ཉིད་བརྟན་པར་མོས། ཨཱ༔ ཇི་སྙེད་བརྗོད་པ་ཀུན་གྱི་རྒྱུར་གྱུར་པའི༔ ངག་ལ་རྡོ་རྗེའི་སྔགས་ཀྱི་དབང་བསྐུར་བས༔ བརྟན་དང་གཡོ་བའི་སྒྲ་སྐད་ཐམས་ཅད་ཀུན༔ གྲགས་སྟོང་རྒྱལ་བའི་གསུང་དུ་རྟོགས་པར་ཤོག༔ སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ས་སྔགས་ཕྲེང་མགྲིན་པར་གཞག །དེས་གསུང་གི་དབང་ཐོབ་པས་བརྟན་གཡོའི་སྒྲ་སྐད་ཐམས་ཅད་གྲགས་སྟོང་གཞོམ་མེད་གསུང་རྡོ་རྗེའི་རང་བཞིན་དུ་ཤེས་པའི་བཟླས་བརྗོད་ཀྱི་རྣལ་འབྱོར་ལ་བརྩོན་པར་གྱིས་ཤིག །ཐུགས་རྡོ་རྗེ་རང་བྱུང་གི་དགོངས་པ་ངོ་སྤྲད་པ་ནི། སེམས་ཀྱི་གཤིས་སྟོང་ཉིད། གདངས་རིག་རྩལ། དེ་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོའི་དབྱིངས་སུ་མཉམ་པར་འཇོག་མཛོད། ཅུང་ཟད་མཉམ་པར་གཞག །དེ་མཚོན་པར་བྱ་བའི་ཕྱིར་མེ་ལོང་དྭངས་པ་སྙིང་གར་བཞག་ཅིང་རྡོ་རྗེའི་ཚིག་གིས་ངོ་སྤྲོད་པ་ནི། ཧཱུྃ༔ མེ་ལོང་ནང་དུ་གཟུགས་བརྙན་ཤར་པ་བཞིན༔ དམིགས་སུ་མེད་ཀྱང་མངོན་སུམ་ས་ལེ་བ༔ ཡིད་ལ་རྒྱལ་བའི་ཐུགས་ཀྱི་དབང་བསྐུར་བས༔ དྲན་རྟོག་ཐམས་ཅད་རང་ཤར་རང་གྲོལ་ཤོག༔ སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཐུགས་ཀྱི་དབང་ཐོབ་པས་ཁམས་གསུམ་གྱི་རྣམ་པར་རྟོག་པའི་འཇུག་ལྡང་ཐམས་ཅད་རིག་སྟོང་དབྱེར་མེད་བསམ་གྱིས་མི་ཁྱབ་པ་རྡོ་རྗེའི་རྣལ་འབྱོར་གྱི་ཀློང་དུ་ཆུབ་པ་ལ་བརྩོན་པར་གྱིས་ཤིག །ཡོན་ཏན་དང་ཕྲིན་ལས་ཡོངས་རྫོགས་ཡེ་ཤེས་རྡོ་རྗེ་སྤྱི་བླུགས་ཀྱི་དབང་ཆེན་གཏོར་མ་ལ་བརྟེན་ནས་བསྐུར་བ་ལ། གཏོར་མ་སྣོད་བཅུད་ཡོངས་རྫོགས་རིག་འཛིན་བླ་མ་ཁྱད་པར་འཕགས་པའི་དཀྱིལ་འཁོར་དུ་གསལ་བ་སྤྱི་བོར་སྤྱན་དྲངས་པའི་སྐུའི་ཆ་ཐམས་ཅད་ནས་འོད་ཟེར་བདུད་རྩིའི་རྒྱུན་བབས། སློབ་མའི་སྒོ་གསུམ་ལ་ཞུགས་པས་ཡིད་བཞིན་ནོར་བུ་ལྟ་བུའི་ཡོན་ཏན་ཕྲིན་ལས་ཀྱི་མཛོད་ལ་དབང་ཐོབ་པར་མོས། གཏོར་མ་བཏེགས་ལ། ཧཱུྃ༔ རྒྱལ་བའི་རྣམ་འཕྲུལ་པདྨ་འབྱུང་གནས་ཀྱིས༔ བོད་འབངས་རྣམས་ལ་ཐུགས་རྗེས་བརྩེར་དགོངས་ཏེ༔ སྐུ་ཚབ་ལུང་བསྟན་གསུང་ཚབ་གཏེར་དུ་སྦས༔ ཐུགས་ཀྱི་དགོངས་པ་ལས་ཅན་བུ་ལ་གཏད༔ སྡུག་བསྔལ་སྐྱོབ་ཕྱིར་གུ་རུའི་དབང་བསྐུར་བས༔ སྐལ་ལྡན་རྣམས་ལ་བྱིན་གྱིས་བརླབ་ཏུ་གསོལ༔ གུ་རུའི་ཐུགས་རྗེས་འདི་ལ་བྱིན་གྱིས་རློབས༔ གུ་རུའི་བརྩེ་བས་འདི་ཡི་ལམ་སྣ་དྲོངས༔ གུ་རུའི་དགོངས་པས་འདི་ལ་བྱིན་གྱིས་རློབས༔ གུ་རུའི་ནུས་པས་འདི་ཡི་བར་ཆད་སོལ༔ འབྱུང་བཞི་ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ རྩ་རླུང་ནང་གི་བར་ཆད་ནང་དུ་སོལ༔ གཟུང་འཛིན་གསང་བའི་བར་ཆད་དབྱིངས་སུ་སོལ༔ སྐལ་ལྡན་སློབ་མ་རྣམས་ལ་བསྐྱབ་ཏུ་གསོལ༔ དབང་དང་བྱིན་རླབས་དངོས་གྲུབ་དེང་འདིར་སྩོལ༔ སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ གནས་བཞིར་གཞག །དེས་ཡོན་ཏན་རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ནུས་སྟོབས་རྫོགས་ཤིང་། ཕྲིན་ལས་ལྷ་འདྲེ་མི་གསུམ་ཟིལ་གྱིས་གནོན་པའི་སྐལ་ལྡན་དུ་བྱས་པ་ཡིན་ནོ། །རྗེས་འབྲེལ་ཁྱད་པར་བའི་ལས་བསྒྲུབ་པའི་དབང་གསུམ་རིམ་པར་འབྱུང་བ་ལས། ཐོག་མར་གཞུང་ལས། མི་ཡི་འགྲོ་བ་གཙོར་གྱུར་པ༔ རང་བྱུང་ཐུགས་རྗེས་བྱིན་བརླབ་ཕྱིར༔ གནས་ཆེན་བྱིན་འབེབ་ཆོ་ག་ནི༔ ཨེ་མ་ངོ་མཚར་རྨད་ཀྱི་ཕུལ༔ བྱིན་རླབས་ལྡན་པ་གོང་དུ་འཕེལ༔ དམ་སྲི་འབྱུང་པོས་ཉེ་མི་ནུས༔ བཀྲ་ཤིས་བྱིན་ཆགས་ཉམས་དགར་འགྱུར༔ གནས་ཀྱི་གང་ཟག་བྱིན་བརླབས་པས༔ གནས་དེའི་ཉེ་སྐོར་ཚུན་ཆད་དུ༔ རང་བཞིན་གནས་པའི་དུད་འགྲོ་ཡན༔ ཐམས་ཅད་རྩ་གསུམ་ལྷ་ཚོགས་ཀྱི༔ ཡེ་ཤེས་ཆེན་པོས་རྗེས་འཛིན་ན༔ རྩེ་གཅིག་བསྒོམས་དང་སྒྲུབ་པ་ཀུན༔ མྱུར་དུ་མཆོག་དང་ཐུན་མོང་གི༔ དངོས་གྲུབ་འགྲུབ་པ་སྨྲོས་ཅི་འཚལ༔ བར་ཆད་གེགས་ཞི་བསམ་རྒུ་འགྲུབ༔ མདོར་ན་མང་དུ་སྨྲོས་ཅི་དགོས༔ པདྨ་འོད་དང་དབྱེར་མེད་པའི༔ སྣོད་བཅུད་དག་པའི་ཞིང་དུ་འགྱུར༔ མཐོང་ཐོས་དྲན་རེག་གྲོལ་བའི་ཕྱིར༔ གཞན་དོན་ཕྲིན་ལས་རླབས་པོ་ཆེ༔ སྒྲུབ་པའི་གདམས་པ་མཐར་ཐུག་གོ༔ ཅེས་བསྔགས་ཤིང་གདམས་པར་མཛད་པ་ལྟར། སྙིགས་མའི་ཡང་མཐའ་འདི་ལྟ་བུར་མེད་དུ་མི་རུང་བའི་མན་ངག་ཟབ་མོ། གནས་ཆེན་བྱིན་འབེབ་ཀྱི་ལས་སྦྱོར་ཆེན་པོ་བརྩམ་དུ་རུང་བའི་སྨིན་དབང་བསྐུར་བ་ལ། བུམ་པ་འདི་ཉིད་སྣོད་རྣམ་པར་དག་པ་འོག་མིན་པདྨ་འོད་ཀྱི་ཞིང་དང་ཕོ་བྲང་གསལ་ལ་རྫོགས་པའི་དབུས་སུ། བཅུད་བདེ་ཆེན་ཡེ་ཤེས་ཀྱི་ཕྱག་རྒྱ་སྐུ་གསུམ་བླ་མ་རྣམ་འཕྲུལ་བཅུ་གཉིས་བཀའ་སྡོད་མཁའ་འགྲོ་གིང་ཆེན་ལ་སོགས་པ། རབ་འབྱམས་རྩ་བ་གསུམ་གྱི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པས་བསྐོར་བའི་མཆོད་སྡོང་ཆེན་པོ་འདི་ཉིད། སློབ་མའི་སྤྱི་བོར་སྤྱན་དྲངས་པ་ཙམ་གྱིས་དེ་རྣམས་ཀྱི་གནས་ལྔ་དང་སྐུའི་ཆ། ཞིང་དང་ཕོ་བྲང་ལ་སོགས་པ་ཐམས་ཅད་ནས་རྡོ་རྗེའི་ཡེ་ཤེས་ཀྱི་བྱིན་རླབས་བདུད་རྩི་འོད་ཟེར་གྱི་སྤྲིན་ཆེན་གཡོ་བཞིན་པར་བྱོན་ནས། སྒོ་གསུམ་བྱ་བྱེད་དང་བཅས་པ་ལ་ཐིམ་པས་རྩ་བ་གསུམ་དང་གཉིས་སུ་མེད་པའི་སྐུ་དང་ཡེ་ཤེས་ལ་དབང་འབྱོར། བྱ་བྱེད་ཐམས་ཅད་རྒྱལ་བའི་ཐུགས་རྗེ་རྩོལ་མེད་དེར་སྣང་གི་རོལ་པར་བྱིན་གྱིས་བརླབས་པའི་རྐྱེན་གྱིས། སློབ་མ་སྐུ་གསུམ་ལྷ་ཚོགས་དང་དབྱེར་མེད་གཅིག་ཏུ་འདྲེས་པའི་གནས་རྣམས་ལས་ཀྱང་འོད་འཕྲོས། འཇིག་རྟེན་རབ་འབྱམས་ཀྱི་སྣོད་བཅུད་ཐམས་ཅད་ལ་ཕོག་པས་ཉེས་པའི་དྲི་མ་དང་རྒུད་པ་ཞི་ཞིང་སྦྱངས་ནས་དགེ་ལེགས་ཐམས་ཅད་ཅིག་ཅར་དུ་སྤེལ། དབྱིངས་ན་བཞུགས་པའི་རྒྱལ་བའི་དཀྱིལ་འཁོར་སྤྱན་དྲངས་ཤིང་བསྟིམས་པས་མ་དག་པའི་སྣང་ཆ་ཐམས་ཅད་དག་མཉམ་ཆེན་པོར་བྱིན་གྱིས་བརླབས་པས། མཐོང་ཐོས་དྲན་རེག་གི་འགྲོ་བ་ཐམས་ཅད་བྱང་ཆུབ་ཆེན་པོའི་ལམ་ལ་བཀོད་པའི་ནུས་མཐུ་ཅན་དུ་བྱས་པར་མོས། གནས་ཆེན་བྱིན་འབེབ་ཀྱི་བུམ་པ་བཏེགས་ལ། ཧཱུྃ༔ ཡུལ་གྱི་མིང་ནི་ལྷོ་ནུབ་རྔ་ཡབ་གླིང༔ སྤྲུལ་པའི་ཞིང་མཆོག་པདྨ་དྲྭ་བ་ནས༔ སྐུ་གསུམ་དབྱེར་མེད་རིག་འཛིན་ཐོད་ཕྲེང་རྩལ༔ རབ་འབྱམས་རྩ་གསུམ་རྒྱ་མཚོའི་ཚོགས་དང་བཅས༔ སྣོད་བཅུད་ཡོངས་རྫོགས་རྡོ་རྗེའི་མཎྜལ་ལ༔ མོས་པའི་གདུང་བས་ཐུགས་དམ་དེང་བསྐུལ་ཏེ། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །བྱིན་རླབས་བརྟན་ཅིང་ཡེ་ཤེས་རྒྱས་པ་དང་། །འགྲོ་འདུལ་མཆོག་གི་ཕྲིན་ལས་རླབས་པོ་ཆེའི། །མཐུ་དབང་མ་ལུས་རྫོགས་ཤིང་བརྟན་པར་མཛོད། །ཅེས་དབྱངས་ཀྱིས་གྱེར་མཐར། སྤྱི་དྲིལ་ཐོད་ཕྲེང་རྩལ་གྱི་ཤམ་བུར། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་ས་མ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཛྙཱ་ན་ས་མ་ཡ་ཏིཥྛནྟུ༔ ཞེས་བཏགས་པ་བརྗོད་ཅིང་གནས་གསུམ་དུ་གཏུགས་ཏེ་ལག་པར་གཏད། ཡེ་དྷརྨཱ་སོགས་བརྗོད་ཅིང་བརྟན་བྱེད་མེ་ཏོག་འཐོར། དེ་ལྟར་དབང་ཐོབ་པས་དེང་ཕྱིན་ཆད་རྩ་གསུམ་ལྷ་ཚོགས་རྣམས་དང་སྐལ་པ་མཉམ་པས་གང་ལ་གང་འདུལ་གྱི་ཕྲིན་ལས་རབ་འབྱམས་སྤྱི་དང་། ཁྱད་པར་གནས་ཆེན་གནས་ཕྲན་ཐམས་ཅད་ལ་རྡོ་རྗེའི་ཡེ་ཤེས་འབེབ་པའི་སྦྱོར་བ་ལག་ཏུ་ལེན་པ་ལ་དབང་ཞིང་། སྣོད་བཅུད་ཡེ་ཤེས་ཀྱི་ཕྱག་རྒྱར་བྱིན་གྱིས་རློབས་ནུས་པའི་མཐུ་ཅན་དུ་བྱེད་ནུས་པའི་དབང་ཐོབ་པའོ། །སྡེ་བརྒྱད་ཀྱི་སྲོག་ཡིག་རྣམས་དང་གཏོར་མ་མདུན་དུ་བཞག་ལ། གཉིས་པ་མ་རུངས་འབྱུང་པོ་རྣམས་ཕྱག་རྒྱ་གཉན་པོའི་ཟིལ་འོག་ཏུ་བཅུག་པའི་ཕྱིར། སྡེ་བརྒྱད་དྲེགས་པའི་སྲོག་དབང་སྦྱིན་པ་སྟེ། གཞུང་ལས། དེ་ནས་མི་མ་ཡིན་པ་ཡི༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ལ༔ རྡོ་རྗེའི་ཐ་ཚིག་བསྒྲགས་པ་ཡི༔ བཀའ་ནན་རབ་བརྗིད་ཆོ་ག་ནི༔ ནུས་ལྡན་གང་གིས་བརྩམས་པ་ན༔ བོད་ཁམས་སྤྱི་དང་བྱེ་བྲག་ལ༔ ཕན་པའི་རྟེན་འབྲེལ་བླ་ན་མེད༔ ནད་ཡམས་འཁྲུགས་རྩོད་ཐམས་ཅད་ཞི༔ ཆར་ཆུ་ལོ་ཕྱུགས་དཔལ་གཡང་རྒྱས༔ བསམ་པ་འགྲུབ་ཅིང་འདོད་རྒུ་འདུ༔ ནག་ཕྱོགས་འབྱུང་པོ་ཚར་གཅོད་ཅིང༔ སངས་རྒྱས་བསྟན་པ་ཡུན་དུ་གནས༔ དེ་ཕྱིར་སྙིང་རྗེ་དམ་ཚིག་ཅན༔ པདྨ་བདག་གི་བརྒྱུད་འཛིན་རྣམས༔ གཞན་དོན་འགྲོ་འདུལ་ཐབས་ཆེན་པོ༔ འདི་ཉིད་ཁོ་ནར་བརྩོན་པར་བྱ༔ ཞེས་བསྔགས་པར་མཛད་པའི་ལས་སྦྱོར་ཆེན་པོ་ལ་ཇི་དགར་འཇུག་ཏུ་རུང་བའི་དྲེགས་པའི་སྲོག་དབང་དུ་བྱེད་ཅིང་། བཀའི་ནན་འོག་ཏུ་འཛུད་པའི་རྗེས་གནང་སྦྱིན་པ་ལ་དམིགས་པ་འདི་བཞིན་དུ་མཛོད། ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཅེས་པའི་སྒྲ་འབྲུག་ལྟར་ལྡིར་བའི་རྐྱེན་གྱིས་དཔོན་སློབ་གཉིས་ཀ་འཁོར་འདས་ཡོངས་ཀྱི་རྗེ་བཙན་མ་ཧཱ་གུ་རུ་ཁྱད་པར་འཕགས་པའི་རིགས་འཛིན་སྐུས་སྲིད་གསུམ་ཁྱབ་པས་ཁམས་གསུམ་ཟིལ་གྱིས་གནོན་པ། གསུང་གི་དྲག་སྔགས་ལྡིར་བས་དྲེགས་པའི་སྲོག་སྙིང་འདྲེན་པ། ཐུགས་མི་གཡོ་བ་མཁའ་ཁྱབ་ཀྱི་དགོངས་རྩལ་རྫོགས་པས་དྲེགས་བྱེད་ཨར་ལ་གཏོད་པའི་སྐུ། ཞི་ཁྲོ་སྤྲུལ་པའི་འཁོར་ལོ་ཉི་ཟེར་ལ་རྡུལ་འཁྲིགས་པ་ལྟ་བུའི་འཕྲོ་འདུ་གློག་ལྟར་འགྱེད་པའི་ཐུགས་སྲོག་ལས་འོད་ཟེར་ལྕགས་ཀྱུ་དང་། ལས་བྱེད་ལས་བཞིའི་གིང་ཆེན་གྱི་ཚོགས་ཕྱོགས་བཅུར་རྡོ་རྗེའི་སེར་དྲག་འབེབ་པ་བཞིན་འཕྲོས་པས། སྲིད་པ་གསུམ་གྱི་སྡེ་བརྒྱད་འབྱུང་པོ་མཐུ་ཆེན་ཕོ་མོ་རྣམས་རང་དབང་མེད་པར་ཕྱག་རྒྱ་བཞིས་བཏབ་སྟེ་བཀུག །དྲེགས་པའི་སྲོག་ཡིག་རྣམས་སྡེ་བརྒྱད་དངོས་སུ་གསལ་བ་ལ་བྱེ་ཚན་ལ་མར་ཁུ་ཐིམ་པ་ལྟར་དབྱེར་མེད་དུ་གྱུར་པར་སྒོམས་ཤིག །གཡབ་དྲིལ་དང་བཅས་ལྕགས་ཀྱུའི་ཕྱག་རྒྱས། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། རིག་འཛིན་སྒྱུ་འཕྲུལ་དྲྭ་བ་ཞི་ཁྲོ་རྣམ་པར་རོལ་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་སྲིད་པ་གསུམ་གྱི་སྡེ་བརྒྱད་འབྱུང་པོ་མཐུ་བོ་ཆེ་རྣམས་དཔལ་ཆེན་པོའི་བཀའི་མདུན་ས་གཉན་པོ་འདིར་སྐད་ཅིག་ཉིད་ལ་མཆིས་པར་གྱུར་ཅིག །དྲག་སྔགས་སོ་ལྔའི་མཐར། ཨ་ཡ་མ་དུ་རུ་ཙ་ཤ་ན་སརྦ་བྷཱུཏ་ས་མ་ཡ་ཙིཏྟ་དུང་དུང་ཧྲིཾ་ཧྲིཾ་ཕེཾ་ཕེཾ་ཛཿཛ༔ ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ ཞེས་བཀུག་ཅིང་བསྟིམ། དེ་ལྟར་བྱས་པས་དྲེགས་པ་ཅན་གཡོག་དང་བཅས་པ་མདུན་དུ་བཀུག་པ་ཐམས་ཅད་བརྟན་པ་དང་བྲལ་ནས་འདར་ཡེད་ཡེད་དུ་གནས་པར་མོས། སློབ་དཔོན་ཐུགས་ནས་ཡེ་ཤེས་སྐུ༔ དཔག་མེད་ཉི་ཟེར་རྡུལ་ལྟར་འཕྲོས༔ ལྷ་འདྲེ་མི་གསུམ་སྙིང་ལ་ཐིམ༔ ལྕགས་ལ་གསེར་འགྱུར་རྩིས་ཐེབས་ལྟར༔ ཀུན་གྱི་ཤེས་རྒྱུད་དབང་མེད་དུ༔ བྱང་ཆུབ་སེམས་གཉིས་ངོ་བོར་བསྒྱུར༔ བདག་ལ་འདུན་ཅིང་རབ་དད་པས༔ ཐར་པའི་ལམ་ལ་ཞུགས་པར་བསམ༔ དེ་ལྟ་བུའི་ཏིང་འཛིན་གསལ་ཐོབས་ལ་འདིའི་རྗེས་ཟློས། རྩ་སྔགས་མཐར། སརྦ་ཨ་ནྲྀ་ཏྲི་ཙིཏྟ་ཧྲིང་ཧྲིང་ཛཿཛ༔ སྡུས་སྡུས་སརྦ་ལོ་ཀ་བཱ་ཤཾ་ཀུ་རུ་ཧོ༔ ཞེས་ལན་བདུན་བརྗོད། སླར་ཡང་ཞི་བ་བྱང་ཆུབ་སེམས་ཀྱི་ཕྲིན་ལས་ཀྱི་ཡུལ་དུ་མ་གྱུར་པ་རྣམས་དབང་དྲག་རོལ་པའི་བརྟུལ་ཞུགས་ཆེན་པོས་ཚར་གཅོད་པའི་ཕྱིར། དཔོན་སློབ་གཉིས་ཀའི་ཐུགས་སྲོག་ལས་རྡོ་རྗེ་ཁྲོ་བོའི་སྤྲིན་ཆར་དྲག་ཏུ་ཕབ་པས། བཀའ་ལ་མི་ཉན་པའི་དྲེགས་པ་ཅན་ཐམས་ཅད་ཀྱི་གནས་ལྔར་རྡོ་རྗེའི་ཀཱི་ལ་ཡ་དང་མེ་མཚོན་འབར་བའི་ཆར་གྱིས་གཟིར་ལ་མཐུ་སྟོབས་རྫུ་འཕྲུལ་ཉམས་ཤིང་། ཅི་བྱ་ལྟོས་བྲལ་སྲོག་གི་ལྷག་མ་ཙམ་དུ་གྱུར་པས་ཅི་བགྱིས་བཀའ་ཉན་པར་སྙིང་ནས་ཁས་བླངས་ཤིང་ཐ་ཚིག་གི་བྲོ་བོར་བར་མོས་ལ་སྔགས་ཀྱི་རྗེས་ཟློས། ཡང་སྔགས་ལན་གསུམ། སློབ་དཔོན་གྱིས་ལས་ཕུར་བླངས་པ་འདྲིལ་ཞིང་སྲོག་ཡིག་རྣམས་ལ་བཏབ། སློབ་མར་ཕུར་པ་གཏད་པ་འདྲིལ་དུ་བཅུག་ལ། དྲག་སྔགས་སོ་ལྔའི་མཐར། ཨ་ཡ་མ་དུ་རུ་ཙ་ཤ་ན་ས་པ་རི་ཝཱ་ར་སརྦ་དུཥྚཱན་བིགྷྣཱན་ཤ་ཏྲཱུཾ་མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སརྦ་དུཥྚཱན་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བཏགས་པ་ལན་གསུམ། སླར་ཡང་དམ་ཚིག་གི་དཔང་པོར་རྡོ་རྗེའི་མནའ་ཆུ་སྡེ་བརྒྱད་རྣམས་ཀྱི་སྙིང་ལ་བསྟིམ་པས། ནམ་ཡང་དམ་ལས་འདའ་བའི་དབང་མེད་པར་སློབ་མའི་འབངས་དང་ཁོལ་པོར་གྱུར་པར་མོས་ལ་སྔགས་འདིའི་རྗེས་ཟློས། སློབ་དཔོན་གྱིས་ནང་མཆོད་ཀྱི་བདུད་རྩི་སྡེ་བརྒྱད་རྣམས་ལ་འཐོར་བཞིན། དྲག་སྔགས་སོ་ལྔ་པའི་ཤམ་བུར། ཨ་ཡ་མ་དུ་རུ་ཙ་ཤ་ན་སརྦ་བྷཱུཏ་མ་ཧཱ་པཉྩ་ཨ་མྲྀཏ་བཛྲ་ས་མ་ཡ་ཨུ་ད་ཀ་ཋ་ཋ་ཋ༔ ས་མ་ཡ་སྨ་ར༔ ས་མ་ཡ་མ་ཏི་ཀྲ་མ༔ ས་མ་ཡ་རཀྵནྟུ༔ ཞེས་བརྗོད། དེ་ལྟར་བྱས་པས་དྲེགས་པ་ཐམས་ཅད་མངའ་འབངས་སུ་ཆུད་པ་ལ་འདོད་ཡོན་གྱི་སྤྲིན་སོ་སོའི་མོས་པ་བཞིན་འཆར་བས་བརྔན། དམ་ཚིག་རྡོ་རྗེ་སྤྱི་བོར་བཞག་ནས་རིག་འཛིན་བརྒྱུད་པའི་སྤྱན་སྔར་ཁས་བླངས་པའི་ཐ་ཚིག་བསྒྲག་ཅིང་། ཕྲིན་ལས་བཅོལ་བས་དགའ་བའི་འཛུམ་མདངས་བཅས་གུས་པས་ལས་གང་བཅོལ་ཐམས་ཅད་བགྱིད་པར་ཁས་ལེན་པར་མོས། གཏོར་མ་ཡི་གེ་གསུམ་གྱིས་སྦྱང་། འབྲུ་གསུམ་དང་ཧ་ཧོ་ཧྲཱིཿས་སྤེལ། ཨ་ཡ་མ་དུ་རུ་ཙ་ཤ་ན་སརྦ་བྷཱུཏ་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བསྔོས་ལ། ལས་རྡོར་གྱིས་གསེར་སྐྱེམས་དང་ཁྲག་ཆང་གཏོར་མར་སྦྲེང་། སློབ་དཔོན་གྱིས་ཕྱག་མཚན་རྡོ་རྗེ་གདེངས་ཤིང་རིག་རྩལ་སྦར་ལ། ཧཱུྃ་བྷྱོ༔ ཉོན་ཅིག་སྣང་སྲིད་ལྷ་འདྲེའི་ཚོགས༔ ང་ནི་པདྨ་ཧེ་རུ་ཀ༔ སྲིད་ཞི་ཡོངས་ཀྱི་སྤྱི་དཔལ་ཆེ༔ ཁྱེད་རྣམས་ང་ཡི་བྲན་དང་གཡོག༔ འབངས་དང་ཁོལ་པོ་ཡང་གཡོག་ཡིན༔ སྔོན་ཆད་ཇི་ལྟར་ཁས་བླངས་བཞིན༔ དེང་འདིར་དྲན་ཞིང་བསྐུལ་བའི་ཕྱིར༔ དམ་ཚིག་རྡོ་རྗེ་སྤྱི་བོར་བཞག༔ དམ་རྫས་བདུད་རྩི་ལྕེ་ལ་བསྟིམ༔ འཁོར་འདས་གཞིར་བཞེངས་གཏོར་མས་བསྐང༔ ཐ་ཚིག་གཉན་པོ་རྣ་བར་བསྒྲགས༔ རྡོ་རྗེའི་སྔགས་ཀྱིས་གནད་ལ་ཕབ༔ རིག་འཛིན་སློབ་མའི་འབངས་སུ་བསྐོས། །ཅི་བཅོལ་སྒྲུབ་པའི་བཀའ་གཙིགས་བསྡམས། །གངས་ཅན་འགྲོ་ཀུན་བདེ་བ་དང༔ བསྟན་པ་སྤེལ་བའི་གཉེར་གཏད་པའི༔ ཡལ་གམ་འདི་ལས་ཁྱོད་མ་འདའ༔ གཡར་དམ་འདི་ལས་ཁྱེད་འདས་ན༔ སྙིང་གི་དཀྱིལ་ན་གནས་པ་ཡི༔ དམ་ཚིག་བདུད་རྩི་སེམས་དཔའ་ཆེ༔ ཡཀྴ་ཀྲོ་དྷའི་སྐུར་བཞེངས་ནས༔ སྙིང་ཁྲག་འཇིབ་ཅིང་མྱུར་དུ་གསོད༔ རྡོ་རྗེའི་དམྱལ་བར་འཕེན་ཏ་རེ༔ དེ་བས་དམ་ལས་མ་འདའ་བར༔ གང་བཅོལ་ཕྲིན་ལས་མ་ལུས་སྒྲུབས། །དྲག་སྔགས་སོ་ལྔའི་མཐར། ཨ་ཡ་མ་དུ་རུ་ཙ་ཤ་ན་སརྦ་བྷཱུཏ་བཛྲ་ས་མ་ཡ་སྨ་ར༔ ས་མ་ཡ་མ་ཏི་ཀྲ་མ༔ ས་མ་ཡ་རཀྵནྟུ༔ ཞེས་བརྗོད་མཐར། གཏོར་མ་གཙང་སར་གཤེགས་ཤིང་། ཨ་ཡ་མ་དུ་རུ་ཙ་ཤ་ན་ས་པ་རི་ཝཱ་ར་གཙྪ། ཞེས་བརྗོད་པས། དྲེགས་པ་ཅན་རྣམས་རང་གནས་སུ་སོང་བར་མོས། དེ་ལྟར་བྱས་པས་རྡོ་རྗེ་སློབ་དཔོན་གྱི་མཐུས། དེང་ཕྱིན་ཆད་ཁྱེད་རྣམས་དྲེགས་པ་ཡོངས་ཀྱི་རྗེ་བོར་གྱུར་ཅིང་གཉེན་པོའི་མཐུ་སྟོབས་རྫོགས་པས་བཀའ་ལས་ནམ་ཡང་འདའ་མི་ནུས་ཤིང་། ཇི་ལྟར་བསྒོ་བའི་ལས་བྱེད་པས་ན་དྲེགས་པ་ཅན་ཐམས་ཅད་ལ་རྡོ་རྗེའི་བཀའ་ནན་རབ་བརྗིད་བསྒྲག་པར་ནུས་པའི་དབང་ཐོབ་པ་ཡིན་ནོ། །གསུམ་པ་སྣང་སྲིད་མདོས་ཀྱི་ཕྲིན་ལས་ཀྱིས་ལྷ་མི་མཁོན་པའི་ཁྲོས་འཁྲུགས་ཞི་བདེར་མདོས་པར་བྱེད་པའི་ལས་ཀྱི་བཀའ་གཏད་པ་ནི། གཞུང་ལས། སྙིགས་དུས་སྡེ་བརྒྱད་ཁེངས་ལོག་པས༔ སྣོད་བཅུད་ཀུན་ལ་འཚེ་བ་འབྱུང༔ དེ་དག་མདོས་ཀྱིས་བཅོས་པའི་ཕྱིར༔ སྣང་སྲིད་གཞིར་བཞེངས་ཕྱག་རྒྱའི་མདོས༔ འདིས་ནི་ནད་གདོན་བར་ཆད་ཞི༔ ཚེ་རིང་བསམ་པ་ཐམས་ཅད་འགྲུབ༔ ཁྱད་པར་རྒྱལ་ཁམས་བདེ་བ་དང༔ ནད་རིམས་ཆད་ཅིང་དམག་འཁྲུགས་བཟློག༔ གང་བརྩམ་ལས་ཀུན་མྱུར་འགྲུབ་ཕྱིར༔ རྣལ་འབྱོར་ལྡན་པས་རྟག་ཏུ་སྤྱད༔ ཅེས་ཞལ་གདམས་སུ་བསྩལ་པ་ཉིད་ལ་འཇུག་རུང་གི་བཀའ་གཏད་པ་ལ་འདུན་པ་འདི་བཞིན་དུ་མཛོད། མདོས་གཏོར་ལ་བསང་ཆུ་འཐོར་ཞིང་། ཡི་གེ་གསུམ་བརྗོད་པས་བསང་། སྭ་བྷཱ་ཝས་སྦྱང་། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། ནམ་མཁའ་མཛོད་ཀྱི་སྔགས་དང་། ཨོཾ་བཛྲ་སྥ་ར་ཎ་ཁཾ་གིས་སྤེལ་ལ། དཔོན་སློབ་གཉིས་ཀ་རིག་འཛིན་ཁྱད་པར་འཕགས་པ་ནམ་མཁའ་དང་མཉམ་པའི་སྐུ་གཟི་བྱིན་མཚུངས་མེད་དུ་གསལ་བའི་ཐུགས་ཀའི་འོད་ཟེར་གྱི་ལྕགས་ཀྱུས། སྣང་སྲིད་སྡེ་བརྒྱད་ཀྱི་མགྲོན་ཐམས་ཅད་བཀུག་པ་མདུན་དུ་བཀའ་ཉན་གསུང་སྡོད་གུས་པའི་རྣམ་འགྱུར་གྱིས་འཁོད་པར་མོས། ཀྱཻ༔ སྣང་ཞིང་སྲིད་པའི་སྡེ་བརྒྱད་ཀུན༔ དཀོན་མཆོག་བདེན་པའི་བཀའ་མ་བཅག༔ རྩ་གསུམ་ལྷ་ཚོགས་དམ་མ་དྲལ༔ རྣལ་འབྱོར་དགོངས་པའི་རྩལ་མ་འགྲན༔ ཚུར་བྱོན་ཚུར་བྱོན་དམ་ལ་འདུས༔ སྣང་སྲིད་མདོས་ཀྱིས་བསྐང་བའི་ཕྱིར༔ ཞི་དང་ཕན་པའི་སེམས་བསྐྱེད་ནས༔ ད་ལྟ་ཉིད་དུ་འདིར་གཤེགས་ཤིག༔ ཨ་ཡ་མ་དུ་རུ་ཙ་ཤ་ན་སརྦ་ས་མ་ཡ་ཛཿཛ༔ ས་མ་ཡ་ཏིཥྛ་ལྷན༔ སླར་དམ་ཚིག་གི་རྡོ་རྗེ་སྡེ་བརྒྱད་རྣམས་ཀྱི་སྤྱི་བོར་བཀོད། རྡོ་རྗེའི་ཆུ་ནན་ལྕེ་ལ་བསྟིམ་སྟེ་དམ་ལ་བཞག་ཅིང་ཁས་བླངས་པའི་ཐ་ཚིག་གནད་ནས་བསྐུལ་བར་མོས་ཤིག །ཨོཾ་བཛྲ་ས་མ་ཡ་ཧཱུྃ་ཕཊ༔ བདུད་རྩི་འཐོར་ལ། བཛྲ་ས་མ་ཡ་ཨ་མྲྀཏ་ཨུ་ད་ཀ་ཋ་ཋ་ཋ༔ རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བསྟན་ཅིང་། ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་སྨ་ར༔ ས་མ་ཡ་མ་ཏི་ཀྲ་མ༔ ས་མ་ཡ་རཀྵནྟུ༔ ཞེས་བརྗོད། དེ་ནས་མདོས་སླར་ཡང་བཏེགས་བཅུག །དཀར་སྔོ་དམར་སྐྱེམས་མདུན་དུ་བཤམས་ལ། མདོས་གཞི་ནམ་མཁའ་ཡངས་པའི་སྣོད་དུ་སྲིད་གསུམ་གླིང་ཡུལ། སྐྱེ་འགྲོ་སྲོག་ཆགས། ནམ་རྒྱང་། མདའ་འཕང་། ཕོ་ཏང་། མོ་ཏང་། སྐུ་གླུད། དཀོར་ནོར། བཟའ་བཅའ་བཏུང་བའི་ཚོགས་སོ་སོའི་སྤྱོད་ཡུལ་བཞིན་འཛད་མེད་འདོད་ཡོན་ལྔ་ལྡན་གྱི་གཏེར་ཆེན་པོར་གྱུར་པ། སློབ་མ་རྣམས་ཀྱིས་བཏེགས་ལ་བརྗོད་ཚིག་དང་མཐུན་པར་བསྔོས་པས་ཐམས་ཅད་ལ་མཉམ་པར་ཐོབ་པས། དགའ་མགུ་བདེ་བའི་ཕུལ་དུ་གྱུར། ཅི་བཅོལ་བའི་ཕྲིན་ལས་སྒྲུབ་པར་ཁས་བླངས། ཁྲོས་འཁྲུགས་མཁོན་པའི་དལ་ཁ་སྡུས། སྣོད་བཅུད་བདེ་ལེགས་ཀྱི་འབྱོར་པ་མཐའ་དག་སྤེལ་ཏེ། རང་རང་གི་གནས་སུ་ལོངས་སྤྱོད་རྒྱ་ཆེན་པོའི་དཔལ་འབྱོར་དང་བཅས་དེངས་པར་སྒོམ་མཛོད། ཀྱཻ༔ སྣང་ཞིང་སྲིད་པས་བསྡུས་པ་ཡི༔ སྡེ་བརྒྱད་འབྱུང་པོའི་ཚོགས་རྣམས་ཀུན༔ དེ་རིང་མགྲོན་དུ་འབོད་པའི་དོན༔ སྲིད་པ་མདོས་ཀྱི་ལོངས་སྤྱོད་ཀྱིས༔ ཐུགས་དམ་གཉན་པོ་བསྐང་ཕྱིར་ཡིན༔ མདོས་ཀྱི་རྒྱུ་ནི་སྟོང་པ་ཉིད༔ སྟོང་ཉིད་རྒྱུ་རུ་མ་གྲུབ་ཀྱང༔ འགག་མེད་གསལ་བའི་ཆོ་འཕྲུལ་ལས༔ མདོས་ཀྱི་རྐྱེན་ནི་སྣང་བར་ཤར༔ སྣང་བ་ཁོ་ན་རྐྱེན་མིན་ཀྱང༔ སྣང་དང་སྟོང་པ་ཟུང་འཇུག་པའི༔ རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལས༔ མདོས་ཀྱི་རྣམ་པ་ཅིར་ཡང་སྲིད༔ ངོ་བོ་སྣང་སྟོང་གཉིས་སུ་མེད༔ ངེས་ཚིག་སྣང་སྲིད་མདོས་སུ་བཤམས༔ དབྱེ་བ་ཞི་རྒྱས་དབང་དྲག་ལས༔ ནད་དང་གནོད་པ་ཞི་བའི་མདོས༔ ཚེ་དང་བསོད་ནམས་རྒྱས་པའི་མདོས༔ སྣོད་བཅུད་དབང་དུ་བསྡུ་བའི་མདོས༔ ཕྱི་ནང་བར་ཆད་སྲུང་བའི་མདོས༔ ཆག་ཆེ་ཉམ་ང་ཟློག་པའི་མདོས༔ ཞིང་བཅུའི་དགྲ་བགེགས་གསོད་པའི་མདོས༔ སྐོང་བའི་མདོས་དང་བཤགས་པའི་མདོས༔ སྤྱི་ཡི་མདོས་དང་སྒོས་ཀྱི་མདོས༔ ཕོ་མོ་དང་ནི་མ་ནིང་མདོས༔ དེ་ལ་བྱེ་བྲག་བསམ་མི་ཁྱབ༔ བསྡུ་ན་ཐམས་ཅད་སེམས་ཡིན་ཏེ༔ སེམས་ཉིད་དབྱིངས་ཀྱི་ཆོ་འཕྲུལ་ལས༔ སྣོད་བཅུད་དག་དང་མ་དག་གི༔ རིག་པ་ཡེ་ཤེས་ཅིར་ཡང་བྱུང༔ སྣང་སྲིད་མདོས་བཤམས་དེ་ནས་སྲིད༔ ངོ་མཚར་གླེང་གཞི་མང་ལྡན་པའི༔ བསམ་གྱིས་མི་ཁྱབ་ལོངས་སྤྱོད་ཆེ༔ རྟག་པ་རྒྱུན་གྱི་འདོད་ཡོན་འདིས༔ སྟོང་གསུམ་སྟོང་གི་འཇིག་རྟེན་གྱི༔ ཕྱོགས་མཚམས་སྟོང་གི་འཇིག་རྟེན་ན། །འབྱུང་པོ་ཀུན་ལ་དབང་བསྒྱུར་བའི། །ལྷ་དང་གཤིན་རྗེ་མ་མོ་བདུད། །བཙན་རྒྱལ་གནོད་སྦྱིན་ཀླུ་བདུད་གཟའ། །རང་རང་སྡེ་དཔུང་འབུམ་གྱིས་བསྐོར། །དྲེགས་པ་མཐུ་ཆེན་ཁྱེད་རྣམས་ཀྱི༔ ཐུགས་དམ་གཉན་པོ་བསྐང་བ་དང༔ འཇིག་རྟེན་ཁམས་ནི་ཐམས་ཅད་དུ༔ ཁེངས་ལོག་གནོད་པ་ཞི་བའི་ཕྱིར༔ བརྒྱུད་འཛིན་རྡོ་རྗེའི་སློབ་མ་ཡིས། །ལས་ཀྱི་སྦྱོར་བ་བརྩམ་པའི་ཚེ། །དམ་ཚིག་བཞིན་དུ་འདུ་བ་དང་། ཁས་བླངས་བཞིན་དུ་བསྒྲུབ་པའི་ཕྱིར། །སྣང་སྲིད་གཞིར་བཞེངས་མདོས་ཆེན་བཤམས༔ དམིགས་པའི་རྒྱུ་ལ་བརྟེན་ནས་ཀྱང༔ ཏིང་ངེ་འཛིན་གྱི་རྐྱེན་སྦྱར་བས༔ རྒྱུ་རྐྱེན་རྟེན་འབྲེལ་རྨད་བྱུང་བའི༔ ངོ་མཚར་འབྱོར་པ་ཟད་མི་ཤེས༔ ནམ་ཡང་འགྲིབ་པ་མ་མཆིས་པའི༔ སྣང་སྲིད་ཡོངས་རྫོགས་མདོས་ཆེན་འདི༔ སྔགས་འཆང་རྒྱལ་པོ་བདག་གིས་འབུལ༔ འབུལ་བ་བདག་གིས་མ་ནོར་རོ༔ བཞེས་པ་ཁྱོད་ཀྱིས་མ་ནོར་ཅིག༔ འབུལ་དང་བཞེས་པ་མ་ནོར་བས༔ ཕན་ཚུན་ཡིད་ཀྱི་རེ་བ་གང༔ དགྱེས་ཤིང་མཉེས་ནས་རབ་ཚིམས་ཏེ༔ དུས་སུ་གང་བཅོལ་ཕྲིན་ལས་སྒྲུབས། །ཆག་ཆེ་ཉམ་ང་བྱད་ཕུར་ཀུན༔ ཞིང་བཅུ་ཚང་བའི་དགྲ་ལ་ཟློག༔ ནག་ཕྱོགས་གློ་བུར་བགེགས་ལ་སྒྱུར༔ ཟློག་སྒྱུར་བཅོལ་བའི་ཕྲིན་ལས་མཛོད༔ རང་རང་ཕོ་བྲང་གནས་ཡུལ་དུ། །ད་ནི་གཤེགས་ཤིག་ཤ་ར་ར༔ ད་ནི་བཞུད་དོ་སི་ལི་ལི༔ དཀོན་མཆོག་བདེན་པའི་བཀའ་ལ་ཉོན༔ སྔགས་འཆང་བདག་གི་དམ་ལ་སྡོད༔ རྡོ་རྗེ་སློབ་མའི་ཁོལ་པོ་གྱིས། །མདོས་ཀྱིས་བརྔན་པའི་ངོ་སོ་ཁྱེར༔ རྒྱུ་འབྲས་བསླུ་མེད་ཚུལ་ལ་སོམས༔ འདི་རུ་མ་འཁོར་མ་གནོད་པར༔ ཕན་པའི་སེམས་ཀྱིས་གཞན་དུ་དེངས༔ དུས་སུ་བཅོལ་བའི་ལས་མཛོད་ཅིག །ཨ་ཡ་མ་དུ་རུ་ཙ་ཤ་ན་བཛྲ་ས་མ་ཡ་ཧཱུྃ་ཕཊཿ སརྦ་ཀརྨ་ཀུ་རུ་ཧོཿ ཞེས་པས་བསྔོ་ཞིང་བཀའ་གཏད། ཨ་ཡ་མ་དུ་རུ་ཙ་ཤ་ན་སརྦ་བྷཱུཏ་ས་པ་རི་ཝཱ་ར་གཙྪས་རང་གནས་སུ་གཏང་། འོ་དེ་ནི་ལས་བཞི་སྤྱིར་བཏང་གི་མདོས་ཀྱི་བཀའ་གཏད་པ་ཡིན་ལ། ད་ནི་འཕང་བ་དྲག་པོའི་མདོས་ཀྱི་རྗེས་གནང་གི་སླད་དུ། དཔོན་སློབ་གཉིས་ཀ་རིག་འཛིན་དྲག་པོའི་སྐུ་ལས་བྱེད་ཕོ་ཉ་དང་སྲུང་མས་བསྐོར་བ་དང་། སྣང་སྲིད་དྲེགས་པ་རྣམས་ཀྱི་དཔལ་གྱི་མཐུ་ལ་འདུད་ཅིང་དྲག་པོའི་ལས་ལ་རྔམས་པར་གསལ་བའི་ངང་ནས། དཀོན་མཆོག་རྩ་བ་གསུམ་ལ་མཆོད་པའི་སྤྲིན་དུ་ཕུལ་བས་རྒྱབ་རྟེན་ཞུ་བ་དང་། བཀའ་སྲུང་ལྷ་སྲིན་སྡེ་བརྒྱད་ལ་བསྔོས་ཤིང་ཕྲིན་ལས་བཅོལ། ས་བདག་གཞི་གནས་ཀྱི་བདག་པོར་བརྔན་དུ་བྱིན་ནས། མདོས་ལམ་དགྲ་བགེགས་ཀྱི་སྟེང་དུ་ཕྱེ་བའི་གྲོགས་བཅོལ་བར་མོས། གསེར་སྐྱེམས་སློབ་མའི་གཙོ་བོས་བཏེགས་ལ། ཧཱུྃ་བྷྱོ༔ དཀོན་མཆོག་རྩ་གསུམ་ཆོས་སྲུང་ཚོགས༔ འདོད་ཡོན་གཏོར་མ་འདི་བཞེས་ལ༔ མ་གཡེལ་ཐུགས་དམ་དབྱིངས་ནས་སྐྱེད༔ མི་མཐུན་རྐྱེན་དང་བར་ཆད་ཟློགས༔ སྣང་སྲིད་ལྷ་འདྲེའི་དཔུང་ཚོགས་ཀུན༔ མདོས་གླུད་བཟང་པོ་འདི་ཁྱེར་ལ༔ ཟ་ལམ་དགྲ་བགེགས་སྟེང་དུ་ཕྱེས༔ དྲག་པོའི་ཕྲིན་ལས་མྱུར་དུ་སྒྲུབས། །ཞེས་བརྗོད། གསེར་སྐྱེམས་སོགས་ཕྱིར་འབུལ། མདོས་ལ་མེ་རུ་བཙུགས་པ་སློབ་མའི་ལག་ཏུ་བཞག་ནས། མདོས་གཏོར་ནད་མཚོན་དུག་སྤྲིན་གྱི་ཟེར་མདའ་འཕྲོ་བའི་རྡོ་རྗེའི་སྒྱོགས་ཆེན་འབར་བར་གྱུར་པ། བསྟན་པ་འཇིག་པའི་དགྲ་དང་རྒྱལ་ཁམས་ཕུང་བའི་བགེགས་ལ་བརྒྱབས་པས་རྡུལ་ཕྲན་བཞིན་དུ་བརླགས། སྡེ་བརྒྱད་རྣམས་ཀྱིས་ཤ་ཁྲག་བླ་ཚེ་ཧབ་དིར་གྱིས་ཟོས་ཤིང་ཁྱེར་ནས་རྗེས་ཤུལ་མེད་པར་བྱས་པར་མོས། བྷྱོ་བྷྱོ༔ མདོས་དང་གཏོར་མའི་ལྷག་མ་ཀུན༔ ནད་མཚོན་དུག་གི་ཟོར་དུ་སྒྱུར༔ ཟོར་འཕེན་སྡང་བའི་དགྲ་ལ་འཕེན༔ བསྟན་འགྲོར་འཚེ་བའི་དགྲ་ལ་འཕེན༔ ཟོར་འཕེན་གནོད་པའི་བགེགས་ལ་འཕེན༔ ནག་ཕྱོགས་གདུག་པའི་བགེགས་ལ་འཕེན༔ ཟོར་འཕེན་བར་ཆད་ཟློག་ཕྱིར་འཕེན༔ ཆག་ཆེ་ཉམ་ང་ཕྱིར་ལ་སྒྱུར༔ རྦད་འདྲེ་རྦོད་གཏོང་དགྲ་ལ་བྷྱོ༔ སྡེ་བརྒྱད་ཟ་ཁ་བགེགས་ལ་ཡ༔ དགྲ་བགེགས་འབྱུང་པོ་དཔུང་དང་བཅས༔ ཐལ་བའི་རྡུལ་བཞིན་བརླག་པར་མཛོད༔ དྲག་སྔགས་སོ་ལྔ་པའི་མཐར། ཨ་ཡ་མ་དུ་རུ་ཙ་ཤ་ན་དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཕཊ༔ ཆག་ཆེ་ཉམ་ང་ཐམས་ཅད་མ་ཧཱ་ཤ་རི་བྷྱོ་བྷྱོ་ཟློག་ཟློག༔ ཅེས་དྲག་ཏུ་གྱེར་ཞིང་། ཚམ་རྔམ་རོལ་མོའི་སྒྲ་དང་བཅས་པས་ཐེབས་སམ་གནོད་པའི་ཕྱོགས་སུ་མདོས་བཏེགས། དེ་ནས་སླར་ལས་ཀྱི་སྦྱོར་བ་ཚུར་མི་ལྡོག་པའི་ཕྱིར། རྡོ་རྗེའི་ཁྱུང་ཆེན་འབར་བས་སྤྲུལ་པ་བུ་ཡུག་ལྟར་འགྱེད་ནས་ཕྱི་ལམ་བཅད་པར་སྒོམས་ཤིག །ཨོཾ་ཁྲོཾ་ག་རུ་ཌཿཙ་ལེ་ཙ་ལེ་ཧཱུྃ་ཕཊ། རྡོ་རྗེ་སྲུང་བའི་གུར་ཁང་མེ་དཔུང་འབར་བས་བར་ཆད་བསྲུང་བར་གྱུར་པར་མོས། ཨོཾ་བཛྲ་རཀྵ་ཀུ་རུ་བྷྲཱུྃ། ལས་མཇུག་རྡོ་རྗེའི་རྟ་བྲོ་བརྡུང་བས་བྱུར་བགེགས་ལྡང་མེད་དུ་རྒྱས་བཏབ་པར་མོས། མདོས་གཞོང་སྦུབས་པར་རྡོ་རྗེས་རྒྱ་གྲམ་བཏབ་ཅིང་། ཨོཾ་ཨཱཿཧཱུྃ་སྟྭཾ་བྷ་ཡ་ལཾ་ནན། ཞེས་པ་རྣམས་བརྗོད། འོ། དེ་རྣམས་ཀྱིས་རང་གཞན་གྱི་དོན་དུ་སྡེ་བརྒྱད་སྤྱིར་བརྔན་ཞིང་བཅོས་པ་དང་། བྱེ་བྲག་མདོས་ཀྱི་སྒོ་ནས་ཕྲིན་ལས་བཞི་དང་མངོན་སྤྱོད་ཀྱི་ལས་སྦྱོར་གང་དང་གང་བརྩམ་ཡང་འཁུ་ལྡོག་མི་བྱེད་ཅིང་། ལས་ལ་མྱུར་བའི་དགོས་པ་དང་ལྡན་པའི་བཀའ་གཏད་ལེགས་པར་ཐོབ་པ་ཡིན་ནོ། །སླར་ཕྱོགས་དུས་ཀྱི་རྒྱལ་བ་ལྷ་དང་མཁའ་འགྲོའི་ཚོགས་མདུན་གྱི་ནམ་མཁར་བྱོན་པ་རྣམས་དང་སློབ་དཔོན་ལྷན་ཅིག་པས་རབ་ཏུ་གནས་པའི་མེ་ཏོག་འཐོར་ཞིང་། བདེན་སྟོབས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་རྣམ་པ་ཀུན་ཏུ་བདེ་ལེགས་ཀྱི་དཔལ་ལ་སྤྱོད་པའི་རྟེན་འབྲེལ་སྒྲིག་པར་མོས། བཀྲ་ཤིས་བརྗོད། དེ་རྣམས་ཀྱི་སྒོ་ནས་རིག་འཛིན་བླ་མ་ཁྱད་པར་འཕགས་པའི་སྒོས་སྒྲུབ་ཀྱི་དབང་དང་། རྗེས་འབྲེལ་གནས་ཆེན་བྱིན་འབེབ་ཀྱི་ཆོ་ག་གཙོ་བོར་གྱུར་པའི་ལས་ཚོགས་བསྒྲུབ་པར་དབང་བའི་དབང་དང་བཀའ་གཏད་ལེགས་པར་ཐོབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ། དམ་ཚིག་ཁས་བླང་ཕྱིན་དབང་གི་རྗེས་སྤྱི་ལྟར་དང་། ཆོ་གའི་རྗེས་རིམ་མཆོད་བསྟོད་ཕྱིན་ཕྲིན་ལས་སྙིང་པོ་ལྟར་བཏང་བས་གྲུབ་པ་དེ་ཙམ་མོ།། །། ༄། ལྔ་པ་སྣང་སྲིད་ཞི་བདེར་སྒྲུབ་པ་བསང་གསུར་ཕུད་མཆོད་ཀྱི་སྐོར་ལ་དབང་བསྐུར་མི་བཞུགས་སོ།། །།༄། དྲུག་པ་འཕྲལ་རྐྱེན་བར་ཆད་སེལ་བ་མདོས་གླུད་ཀྱི་སྐོར་ལ། གནམ་ཆོས་ཐུགས་གཏེར་རིགས་གསུམ་མགོན་པོའི་དྲིལ་སྒྲུབ་ཀྱི་དབང་སྒྲུབ་དང་། འོག་གི་ཧ་ས་གརྦྷའི་བཀའ་གཏད་གཉིས་སྦྲེལ་ན་སྟབས་བདེ་བས། འོག་ཏུ་ཡོད་པའི་ཧ་ས་གརྦྷའི་བཀའ་གཏད་ལག་ལེན་གྱི་དབུར་འབྱུང་བའི་རིགས་གསུམ་དྲིལ་སྒྲུབ་ཀྱིས་བདག་མདུན་ཆབས་ཅིག་ཏུ་བསྐྱེད་དེ་གཟུངས་དབང་གིས་དབང་སྒྲུབ་གོ་བཅད། དེ་མཚམས་ཧ་གར་གྱི་མདུན་བསྐྱེད་ཀྱིས་ཧ་གར་གྱི་བཀའ་གཏད་བསྒྲུབས་ཟིན་མཚམས། ཐོག་མར་རིགས་གསུམ་མགོན་པོའི་དྲིལ་སྒྲུབ་ཀྱི་དབང་གཟུངས་དབང་བཞིན་བསྐུར་གྲུབ་པ་དང་། དེས་སྣང་སྲིད་དྲེགས་པ་ཐམས་ཅད་ཀྱི་གོང་གནོན་གཉེན་པོ་སྟོབས་ཀྱི་ལྷ་རྒྱལ་བ་རིགས་གསུམ་མགོན་པོ་དྲིལ་སྒྲུབ་ཀྱི་དབང་བསྐུར་བ་གྲུབ་ནས། སླར་ཡང་མི་རུང་ཐན་ལྟས་མི་ཁ་དགྲ་གྱོད་སོགས་ཟློག་པ་ལ་ཆེ་ཐང་དུ་བསྔགས་པ། གནམ་ཆོས་སྐོར་ལས་བྱོན་པའི་རིགས་གསུམ་ཁྲོས་པ་ནག་པོ་ཆེན་པོ་མགོ་གསུམ་མམ་ཧ་ས་གརྦྷའི་བཀའ་གཏད་བྱ་བའི་སྐབས་སུ་བབས་པ་སྟེ། དེ་ལ་སེམས་ཅན་ཐམས་ཅད་སངས་རྒྱས་སོགས་ཧ་གར་བཀའ་གཏད་བྱ་ཞིང་། རིགས་གསུམ་ཆོ་གའི་རྗེས་གནམ་ཆོས་སྤྱི་ལྟར་དང་། མགོ་གསུམ་ཆོ་གའི་རྗེས་རིམ་བཀའ་གཏད་གཞུང་བཞིན་བྱའོ།། །། ༈ གནམ་ཆོས་ལས་ཧུར་དྲག་མོ་ཀག་ཟློག་རྣམ་དགུ་དང་བཅས་པའི་དབང་བསྐུར་བཀའ་གཏད་ཀྱི་ལག་ལེན་གཏོ་མཁན་གསོ་ཐིག་ལྟར་རྩ་བ་ལས་ཧུར་དྲག་མོ་ལ། ༼ཐི༽རྩ་གསུམ་སྤྱིའི་ལས་བྱང་སྦྱར་བ་དང་། ཆ་ལག་ལ་ཤིང་། རླུང་། མེ། དགྲ། ས། ལྕགས། ནམ་མཁའ། ཆུ། ཕྱོགས་ཏེ་ཀག་ཟློག་རྣམ་དགུ་བཅས་སོ་སོར་དབང་སྒྲུབ། དངོས་གཞིར་དབང་བཀའ་གཏད་ལ་རྩ་བ་མཁའ་འགྲོ་ལས་ཧུར་དྲག་མོའི་དབང་དང་། ཡན་ལག་ཀག་ཟློག་རྣམ་དགུ་བཅས་ཀྱི་བཀའ་གཏད་རྣམ་གྲངས་བཅུ་པོ་ལས། ཀག་ཟློག་དགུ་ལ་ཆགས་མེད་གསུང་ཟློག་པའི་ལེའུ་སོ་སོར་རིམ་པར་སྦྱར་བ་དང་། ཆོ་གའི་རྗེས་ཀག་ཟློག་དགུ་སོ་སོར་མདོས་མཁན་གསོ་ཐིག་ཏུ་གསུངས་པ་བཞིན། ཆགས་མེད་གསུང་ཟློག་པའི་མཇུག་ཆོག་གྱེར་ཞིང་། རིམ་པར་གཏོར་མ་རྣམས་གཙང་སར་གཤེགས། ལས་ཧུར་དྲག་མོར་གནམ་ཆོས་སྤྱི་བཞིན་བྱའོ།། །། ༈ གནམ་ཆོས་ས་བདག་ཧ་ས་གརྦྷའི་བཀའ་གཏད་གོང་གི་རིགས་གསུམ་དྲིལ་སྒྲུབ་སྐབས་སུ་སོང་ངོ་།། །། ༈ གནམ་ཆོས་དབང་ཕྱུག་ཟོར་མདོས་ཀྱི་བཀའ་གཏད་སྐབས། བཀའ་གཏད་བྱ་ཐབས་ལྟར་ཐོག་མར། ན་མོ༔ དཀོན་མཆོག་གསུམ་དང་སོགས་གནམ་ཆོས་སྐྱབས་སེམས་ལན་གསུམ་རྗེས། རང་ཉིད་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་སོགས་བཀའ་གཏད་དབུར་འབྱུང་བའི་བདག་བསྐྱེད་བསྙེན་པ་བྱས་རྗེས། ལས་བུམ་འཁྱིལ་པས་བསྒྲུབ། དེ་ནས་སློབ་མ་རྣམས་ཁྲུས་བྱས་ལ། འོ། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་གནས་སྐབས་འགོ་ཡམས་རིམས་ནད་བན་བོན་མུ་སྟེགས་པའི་བྱད་ཕུར་རྦོད་གཏོང་ཐམས་ཅད་ཞི་བ་དང་། མཐར་ཐུག་གཟུང་འཛིན་ལས་ཉོན་གྱི་དྲི་མ་བག་ཆགས་དང་བཅས་པ་རང་སར་ཞི་ནས། ཀུན་མཁྱེན་རྡོ་རྗེ་འཆང་གི་གོ་འཕང་ལ་དབུགས་དབྱུང་བའི་སླད་དུ་བཀའ་གཏད་ཞུའོ་སྙམ་པའི་སེམས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེ་ལ་སྐབས་སུ་བབས་པ་འདི་ནི། ཤུད་བུ་དཔལ་གྱི་སེངྒེའི་སྤྲུལ་སྐུ་གནམ་ཆོས་མི་འགྱུར་རྡོ་རྗེའི་དགོངས་གཏེར་ཐུགས་ཀྱི་ཀློང་གསལ་གྱི་སྐོར་ལས་བྱོན་པའི། བྱད་ཟློག་ལྷ་མོ་མཆེད་ལྔ་དབང་ཕྱུག་མ་ཉེར་བརྒྱད་ཀྱིས་བསྐོར་བའི་སྒྲུབ་ཐབས་ལས་སྦྱོར་དང་འབྲེལ་བའི་བཀའ་གཏད་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། དུས་གསུམ་སངས་རྒྱས་ཐམས་ཅད་དང༔ ཁྱད་པར་དབང་ཕྱུག་ལྷ་མོ་ལ༔ གསོལ་བ་འདེབས་སོ་བཀའ་གཏད་སྩོལ༔ ལན་གསུམ། རྒྱུད་སྦྱོང་བའི་སླད་དུ་བླ་མ་ཡེ་ཤེས་ཀྱི་མཁའ་འགྲོ་སྐྱབས་ཡུལ་རྒྱ་མཚོས་བསྐོར་བའི་སྤྱན་སྔར་བདུན་རྣམ་དག་འབུལ་བའི་བློས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ སོགས་ལན་གསུམ། དེ་ནས་དཔོན་སློབ་གཉིས་ཀ་གཉེན་པོ་སྟོབས་ཀྱི་ལྷ་ཡི་ཕྱག་རྒྱ་མཁའ་འགྲོ་མ་སེང་གེའི་གདོང་ཅན་མའི་སྐུ་འདི་ལྟར་གསལ་ཐོབས། སློབ་དཔོན་དང་ཁྱེད་རང་རྣམས་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་སོགས་བཀའ་གཏད་བཞིན། བསྒྲུབ་པར་གྱུར༔ དེ་ལྟར་གསལ་བའི་ཐུགས་ཀར་ཉི་དཀྱིལ་ཧཱུྃ་ཡིག་མཐིང་གའི་མཐར་ཡི་གེ་བཅུ་བཞི་པའི་སྔགས་ཕྲེང་ལྕགས་སྲེག་གི་རང་བཞིན་ཅན་འཁོད་པ་ལ། སློབ་དཔོན་གྱི་ཐུགས་ཀའི་སྔགས་ཕྲེང་ལས་གཉིས་པ་འཕྲོས། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་སྲོག་གི་མཐར་ཡིག་ངོ་ཕྱིར་བསྟན་གཡོན་སྐོར་དུ་འཁོད་པའི་འོད་ཟེར་རྣོ་མྱུར་ཕྱོགས་ཀུན་ཏུ་འཕྲོས། རྒྱལ་བ་རྩ་གསུམ་ཡེ་ཤེས་དང་འཇིག་རྟེན་མཁའ་འགྲོའི་མཐུ་སྟོབས་བསྡུས་ཤིང་། དྲེགས་པ་སྤྱི་དང་ཁྱད་པར་སྲིད་པ་མོ་རྒྱུད་ཟིལ་གྱིས་མནན་ནས་དབང་དུ་བསྡུས་ཤིང་འབངས་སུ་བཀོལ། བྱད་ཕུར་རྦོད་གཏོང་དགྲ་འདྲེ་འབྱུང་གདོན་ཚར་བཅད་པར་མོས་ལ་གསང་སྔགས་བརྒྱ་རྩ་བརྒྱད་བཟླ་འཚལ། ཨཿཀཿསཿམཿསོགས་བསྙེན། དེ་ནས་མདུན་གྱི་མཆོད་གཏོར་དུར་ཁྲོད་དྲག་པོའི་རྫས་སུ་བྱིན་གྱིས་བརླབ་པ་དང་། རྟེན་དང་དཔོན་སློབ་རྣམས་བྱད་ཟློག་ལྷ་མོ་གཙོ་འཁོར་གྱི་སྐུར་སྒོམ་པ་ལ། ཡེ་ཤེས་པ་དྲངས་བསྟིམ། མཆོད་བསྟོད། ཕྲིན་ལས་བཅོལ་བའི་ལས་རིམ་སློབ་དཔོན་གྱི་བརྗོད་ཚིག་དང་མཐུན་པར་གསལ་འདེབས་མཛོད། གོང་གི །ཀ་དག་ཀློང་ནས་སོགས་ཀྱི་མཆོད་བརླབ་མཐར། སྐད་ཅིག་གིས་དཔོན་སློབ་གཉིས་ཀ་གནས་འགྱུར་གྱི་ཚུལ་དང་། མདུན་བསྐྱེད་ཀྱི་རྟེན་གཏོར་མ་ཟོར་རྩང་དང་བཅས་པ་རྣམས་སོ་སོར་མཁའ་འགྲོ་བྱད་ཟློག་མ་སྐུ་མདོག་སོགས་ནས་དེའི་འོག་ནས་འབྱུང་བའི་བཟླས་དམིགས་མཐའི། སྒོ་གསུམ་ནུས་པ་བཅོམ་པར་གྱུར༔ དེ་ལྟར་དམིགས་པས་སྔགས་འདི་ཟློས། སྒྲུབ་སྔགས་རྗེས་ཟློས་ལན་དགུ་དང་། ལས་སྦྱོར་སྔགས་ལན་བདུན། དེ་ལྟར་བྱས་པས་མདུན་བསྐྱེད་ལྷ་ཚོགས་རྣམས་མཆོད་ཅིང་བསྟོད་པས་དགྱེས། ཕྲིན་ལས་བཅོལ་པ་བཞིན་མཛད་པར་ཞལ་གྱིས་བཞེས། ཐུགས་དམ་བསྐུལ་བ་བཞིན་ལས་མཛད་ནས་བྱད་མ་གནོད་བྱེད་ཀྱི་སྟེང་དུ་ཁྲོས་འཁྲུགས་རྔམས་པར་གྱུར་ཏེ། དམ་ཡེ་གཉིས་མེད་མདུན་གྱི་ནམ་མཁར་བཞུགས་ནས་དམོད་པའི་དྲག་སྔགས་འུར་ཞིང་། མཚོན་ཐུན་ཕོ་ཉའི་དམག་དཔུང་འགྱེད། ཟོར་རྣམས་ཟློག་མེད་ལས་ཀྱི་མཚོན་ཆའི་རི་རབ་རང་འདྲའི་ཐོག་ཆར་གྲངས་མེད་བུ་ཡུག་འཚུབས་པ་གནོད་བྱེད་ཀྱི་སྟེང་དུ་འཕངས་པས་མིང་དང་རྗེས་ཤུལ་མེད་པར། ཁོ་ཡིས་བྱས་པའི་མཐུ་གཏད་ཟོར་སྔགས་ཀྱི་སྦྱོར་བའི་ནུས་པ་དང་བཅས་པ་ཐམས་ཅད་གཏིང་ནས་བརླགས་པར་མོས་ཏེ། ཟོར་རྣམས་དམིགས་བྱའི་ཕྱོགས་སུ་འཕངས་པའི་རྗེས་སུ་སྤྲུལ་པའི་ལས་མཁན་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱི་དཔུང་དང་བཅས་པ་བརྒྱུགས་ནས་སྲོག་བཅད། དབུགས་བླངས། རྣམ་ཤེས་བཙོན་དུ་བཟུང་ཞིང་གཟིར། ཤ་རུས་ཁྲག་རྣམས་རྔམ་ཟས་སུ་བྱས་པར་མོས། ཧཱུྃ༔ བྱད་ཟློག་ལྷ་མོའི་ནུས་མཐུ་སོགས་ཀྱི་མཐར་ཤེས་ན་དཔོན་སློབ་ཐམས་ཅད་དང་། མ་ཤེས་ན་སློབ་དཔོན་གྱི་སྔགས་བཟླ་ཞིང་ཟོར་རྣམས་སློབ་མ་ལ་རིམ་བཞིན་འགྲིམ་ནས། གཙོ་བོའམ་ལས་རྡོར་གྱིས་ཐེབས་སམ་གནོད་ཕྱོགས་སུ་འཕེན་བཅུག་ལ། རོལ་ཆ་ཡོད་ན་ལྡིར། དར་ནག་རྡེབ་ཐབས་སུ་གཡབ་བོ། །བྱད་ཟློག་ལྷ་མོ་མཆེད་ལྔ་སོགས་ནས། བཛྲ་མུ༔ གཤེགས་ལ། སླར་ལྷ་སྲིན་དྲེགས་པའི་དམག་ཚོགས་རྣམས་ཀྱིས་བྱད་མའི་རྣམ་ཤེས་བླ་དང་བཅས་པ་བཟུང་སྟེ་ཚུར་ཁྱེར་ནས་བྲུབ་ཁུང་ཐར་མེད་དུ་བཅུག །དགྱེས་པའི་གད་མོའི་སྒྲ་དང་བཅས་ནས་རང་གནས་སུ་དམ་ཡེ་གཉིས་མེད་གཤེགས་པར་མོས། བྲུབ་ཁུང་ལས་ཀྱི་གཤིན་རྗེའི་ལྟོ་བའི་བཙོན་ཁང་དུ་བྱད་མ་རྦོད་གཏོང་། དགྲ་འདྲེའི་རྣམ་ཤེས་བླ་དང་བཅས་པ་ཚུད་ཅིང་བྱང་སེམས་མ་སྐྱེས་ཀྱི་བར་མི་ལྡང་བར་གཏོར་གཞོང་རི་རབ་འབར་བས་མནན་པའི་ཁར། བྱད་ཟློག་ལྷ་མོ་མཆེད་ལྔ་སོགས་རྡོ་རྗེའི་ཕྱག་རྒྱས་བཏབ་པ་རྒྱལ་བ་ཞི་ཁྲོའི་ཕོ་བྲང་དུ་གྱུར། ཆོས་སྐྱོང་ལས་མཁན་རྣམས་ཀྱིས་བསྲུང་། དཔོན་སློབ་རྣམས་སྐད་ཅིག་གིས་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གདོང་མའི་སྐུར་གྱུར་པ་དང་། འཁོར་འདས་སྣང་སྲིད་ཐམས་ཅད་ཁྲོ་བོ་ཁྲོ་མོའི་སྤྲིན་དུ་གྱུར་པས། རྡོ་རྗེའི་སྲོག་ལས་མཇུག་གསོར་མེད་པར་བྱས་པར་མོས། ཨཿཀཿསཿམཿསོགས། སྟྭམྦྷ་ཡ་ནན༔ བར། གཏོར་གཞོང་ཁ་གྱེན་དུ་བསྟན་ཅིང་འབྲུ་འཐོར་བས། དབྱིངས་ན་བཞུགས་པའི་རྒྱལ་བ་རྣམས་ཀྱིས་བཀྲ་ཤིས་པའི་མེ་ཏོག་གི་རབ་ཏུ་གནས་པས་ལས་ཀྱི་ནུས་པ་བསྐྱེད་ཅིང་བརྟན། དཔོན་སློབ་ཡོན་མཆོད་ཐམས་ཅད་གནས་སྐབས་ཀུན་ཏུ་བཀྲ་ཤིས་བདེ་ལེགས་ཀྱི་དཔལ་དང་ལྡན་པར་མཛད་པར་མོས། ཡེ་དྷཱར་དང་ཤིས་བརྗོད། གཏང་རག་མཎྜལ། དགེ་བསྔོ་བཅས་དམིགས་མེད་ཀྱི་རྒྱས་གདབ་པས་གྲུབ་བོ།། །། ༈ གནམ་ཆོས་མ་མོའི་ཁྲག་མདོས་ཀྱི་བཀའ་གཏད་ལ། ཐོག་མར་སློབ་དཔོན་གྱིས། ན་མོ༔ དཀོན་མཆོག་གསུམ་དང་སོགས་གནམ་ཆོས་སྐྱབས་སེམས་ལན་གསུམ། ཀ་དག་ཀློང་ནས་སོགས་ཀྱིས་མཆོད་གཏོར་བྱིན་གྱིས་བརླབ། བདག་བསྐྱེད་གཤེད་དམར་དང་ཕྱག་རྡོར་གང་རུང་གསུངས་པས། སྤྲོ་ན་རིགས་མཐུན་གྱི་སྒོམ་བཟླས་བྱ་དགོས་ཤིང་། བསྡུ་ན་འདི་ཡི་གོང་དུ་སོང་བའི་རིགས་གསུམ་སྤྱི་དྲིལ་བྱས་ཀྱང་མི་འགལ་སྙམ་པས། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པད་ཟླ་ཉི་མའི་སྟེང༔ སོགས་རིགས་གསུམ་མགོན་པོའི་དྲིལ་སྒྲུབ་ཧ་གར་བཀའ་གཏད་དབུར་འབྱུང་བ་བཞིན་ལྷ་བསྐྱེད་ནས་བཟླས་པ། མཆོད་བསྟོད་གྲུབ་ཀྱི་བར་གཏང་། ལས་བུམ་འཁྱིལ་པས་བསྒྲུབ། སློབ་མར་ཁྲུས་བྱ། འོ། ནམ་མཁའི་མཐས་གཏུགས་ཀྱི་མ་རྣམས་གནས་སྐབས་ནད་ཡམས་རིམས་ནད་ལས་བསྲུང་ཞིང་སྐྱོབ་པ་དང་། མཐར་ཐུག་ཉོན་མོངས་པའི་ནད་ཆེན་ལས་ཐར་ཏེ་ཀུན་མཁྱེན་ཡེ་ཤེས་རྡོ་རྗེའི་གོ་འཕང་ལ་སྦྱོར་བའི་ཕྱིར། མ་མོའི་ཁྲག་མདོས་ཀྱི་བཀའ་གཏད་ཞུའོ་སྙམ་པའི་སེམས་བསྐྱེད་ནས་གསན་འཚལ། དེ་ལ་ད་ལམ་གྱི་སྐབས་སུ་བབས་པ་འདི་ནི་སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་གནམ་ཆོས་དགོངས་གཏེར་ཐུགས་ཀྱི་ཀློང་གསལ་སྐོར་ལས་བྱུང་བ། མ་མོའི་ཁྲག་མདོས་ལ་བརྟེན་ནས་མ་མོ་འཁྲུགས་པའི་རྩུབ་འགྱུར་དལ་ཡམས་རིམས་ནད་ཐམས་ཅད་ཞི་ཞིང་ཟློག་པའི་མདོས་ཆོག་ལ་འཇུག་པར་དབང་ཞིང་། དེའི་ནུས་སྟོབས་འབྱིན་པར་བྱེད་པའི་བཀའ་གཏད་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །དབྱེར་མེད་རྡོ་རྗེ་སློབ་དཔོན་གྱིས། །མ་མོའི་རིམས་ནད་གཅོད་པའི་ཕྱིར། །བཀའ་གཏད་བྱིན་རླབས་བསྩལ་དུ་གསོལ། །ལན་གསུམ། བླ་མ་རྩ་གསུམ་སྐྱབས་ཡུལ་རྒྱ་མཚོས་བསྐོར་བའི་སྤྱན་སྔར་བདུན་རྣམ་དག་འབུལ་བའི་བློས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་སོགས་ལན་གསུམ། དེ་ནས་ཐོག་མར་ཁྱེད་རང་རྣམས་གཉེན་པོ་སྟོབས་ཀྱི་ལྷའི་ཕྱག་རྒྱའི་བསྐྱེད་བཟླས་འདི་ལྟར་དུ་མཛོད། ཡི་དམ་གཞན་ཡིན་ན་བསྐྱེད་བཟླས་འབོགས། རིགས་གསུམ་སྤྱི་དྲིལ་ཡིན་ན་ལས་སྔགས་དང་ཆུས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པད་ཟླ་སོགས་ནས། ཨ་བྷི་ཥིཉྩ་ཧཱུྃ༔ བར་གྱིས་གསལ་གདབ། དེ་ལྟར་གསལ་བའི་ཐུགས་ཀར་ཟླ་སྟེང་འབྲུ་གསུམ་གྲལ་ཐབས་སུ་གནས་པ་བཟླས་པའི་འོད་ཀྱིས་སྒོ་གསུམ་གྱི་དྲི་མ་སྒྲིབ་པ་དང་བཅས་པ་སྦྱངས། རྒྱལ་བ་རྣམས་མཆོད་ཅིང་བསྐུལ། བྱིན་རླབས་ཚུར་འདུས་པས་སྣང་བ་དབང་དུ་འདུས་ཤིང་ཟིལ་གནོན་གྱི་མཐུ་ཐོབ་པས་སྙིང་པོ་འདི་བཟླ་འཚལ། ཨ་ཧྲཱིཿཧཱུྃ༔ ཞེས་བརྒྱ་རྩ་བཟླ། སློབ་དཔོན་ལྷར་གསལ་བའི་མདུན་རྟེན་མདོས་དཀྱིལ་གསལ་བཏབ་ཅིང་། བྱིན་གྱིས་བརླབ་པ། ཡེ་ཤེས་མ་མོ་དྲངས་བསྟིམ། མཆོད་བསྐང་། བསྟོད་དེ་ཕྲིན་ལས་བཅོལ་བས་ཁྲོས་འཁྲུགས་ཞི་ནས་བྱམས་པའི་ཐུགས་ཀྱིས་བུ་ལྟར་དགོངས་ཤིང་། ཕྲིན་ལས་གང་བཅོལ་ཐོགས་མེད་བསྒྲུབ་པར་ཞལ་གྱིས་བཞེས་པ་དང་། བཟླས་པའི་ཏིང་འཛིན་འཕྲུལ་འཁོར་གྱིས་བསྐུལ་བ་བཞིན་ཕྲིན་ལས་མཛད་པའི་དམིགས་པ་རྣམས་བརྟན་པོར་གནང་འཚལ། དཔོན་སློབ་གཉིས་ཀ་ཡི་དམ་ལྷར་གསལ་བའི་ཐུགས་ཀ་ནས་སོགས་ནས་བཟླས་པ་བརྒྱ་རྩ་རྫོགས་པ་དང་། སློབ་དཔོན་རིགས་གསུམ་གཅིག་དྲིལ་གྱི་ང་རྒྱལ་གྱིས་མ་མོ་འཁོར་བཅས་ལ་བཀའ་བསྒོས་ཤིང་། སློབ་མ་ལྷར་གསལ་བ་ལ་སྲུང་མ་བྲན་ཁོལ་དུ་གཏད་པ་བཞིན། སྔོན་དཔལ་ཆེན་པོའི་སྤྱན་སྔར་རང་དམ་བཅས་པ་རྗེས་སུ་དྲན་པས་ཅི་བགྱིའི་བཀའ་ཉན་ཅིང་། ཕྲིན་ལས་ཐམས་ཅད་བསྒྲུབ་པར་ཁས་བླངས་ཏེ་དགྱེས་པས་འཁོད་པར་མོས། ལྷ་མོ་འདི་ལ་སོགས་ཀྱི་མཐར། ཤིས་པར་བྱ་བའི་སླད་དུ་དབྱིངས་ན་བཞུགས་པའི་རྒྱལ་བ་རྣམས་མདུན་མཁར་བྱོན་ནས། སློབ་དཔོན་དང་ཆབས་ཅིག་པར་བཀྲ་ཤིས་མཛད་པས་དབང་གི་ནུས་པ་བསྐྱེད་ཅིང་། མཆོད་ཡོན་ཐམས་ཅད་ལ་རྣམ་ཀུན་དགེ་ཞིང་ཞལ་དྲོ། བཀྲ་ཤིས་ཕུན་ཚོགས་འབྱུང་བའི་རྟེན་འབྲེལ་བསྒྲིགས་ཤིང་བྱིན་གྱིས་བརླབ་པར་མོས། བཀྲ་ཤིས་ཅི་རིགས་བརྗོད། དེ་ལྟར་བྱས་པའི་དམ་ཚིག་གི་རིམ་པ་རྡོ་རྗེ་ཐེག་པའི་ཕྱི་ནང་གསང་བས་བསྡུས་པ་སྤྱི་དང་། ཁྱད་པར་ལྷ་མོ་དཔོན་གཡོག་གི་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་དགོས་པས། ཇི་ལྟར་བསླབ་པ་བཞིན་བགྱིད་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ། ལུས་དབུལ། དགེ་བསྔོ་བཅས་དང་། ཆོ་གའི་རྗེས་གོང་བཞིན་མཆོད་བསྟོད་ཕྲིན་བཅོལ་བསྐྱར་མཐར། བྷྱོ༔ མ་གཅིག་ལྷ་མོ་སོགས་ལྷ་མོ་རང་གནས་དང་། མདོས་གཙང་སར་གཤེགས། བདག་བསྐྱེད་རྗེས་གནམ་ཆོས་སྤྱི་བཞིན་དང་། དགེ་བསྔོ་སྨོན་ཤིས་བཅས་བྱའོ།། །། ༈ མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཞལ་གདམས་སྙིང་བྱང་ལེའུ་བཅུ་གཅིག་པར་གསུངས་པའི་སྡེ་བརྒྱད་ཁེངས་མདོས་ཀྱི་བཀའ་གཏད་གོང་དུ་གནས་ཆེན་བྱིན་འབེབས་ཀྱི་ཞར་བྱུང་དུ་སོང་ངོ་། །དེ་དག་ནི་རྐྱེན་སེལ་མདོས་གླུད་ཀྱི་སྐོར་ལས་འབྱུང་བའི་རྗེས་གནང་སྟེ། ཐུན་མོང་གི་ཕྲིན་ལས་སྣ་ཚོགས་པའི་སྐོར་རྣམས་གྲུབ་བོ།། །། ༄༅། །གཉིས་པ་བྱེ་བྲག་ལས་སོ་སོར་བསྒྲུབ་པ་ལ་སྲུང་བ། ཞི་བ། རྒྱས་པ། དབང་། དྲག་པོ་དང་ལྔ་ལས། དང་པོ་སྲུང་བའི་ལས་ཀྱི་སྐོར་ལ། བར་ཆད་སྤྱི་དང་། བྱེ་བྲག་འབྱུང་བཞིའི་འཇིགས་པ། ཡུལ་འཁོར། སེར་བ། སད། མི་ཕྱུགས་དལ་ཡམས། དུག །ཆོམ་རྐུན། མཚོན་ཆ། བཀའ་བསྒོ། སྤྲིང་ཡིག་དང་བཅུ་གཅིག་ལས། དང་པོ་ནད་གདོན་བར་ཆད་སྤྱིར་སྲུང་བའི་སྐོར་ལ། རྒྱ་ཕུར་བུའི་ཟབ་གཏེར་གསང་བའི་རྫས་རྒོད་རྭ་སྲུང་བུམ་ལྕགས་ཐུན་མོང་གི་རྗེས་གནང་སྐབས་དབང་དོན་བསྒྲུབ་པ་དང་། རྗེས་གནང་དངོས། མཇུག་གི་བྱ་བའོ། །དང་པོ་ནི། སྐྱབས་ཡུལ་གསལ་བཏབ་ལ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ཡན་ལག་བརྒྱད་པས་ཚོགས་གསག །སེམས་ཅན་བདེ་དང་ལྡན་གྱུར་ཅིག །སོགས་ཀྱིས་ཚད་མེད་བཞི་བསྒོམ། བདག་བསྐྱེད་ནི། སྭ་བྷཱ་ཝས་སྟོང་པར་སྦྱང་། ཆོས་ཐམས་ཅད་མི་དམིགས་པ་སྤྲོས་བྲལ་སྟོང་པ་ཉིད་ནམ་མཁའ་ལྟ་བུ་ཀུན་ཁྱབ་གཞོམ་གཞིག་བྲལ་བའི་དབྱིངས་སུ་རྣམ་པར་དག་པའི་ལྟ་བ་གྱད་ཀྱི་ལྷ་དེ་བཞིན་ཉིད་ཀྱི་ངང་ལས་མ་གཡོས་བཞིན། དམིགས་མཚན་བྲལ་བའི་སྙིང་རྗེ་ཆེན་པོའི་རང་གདངས་འགག་པ་མེད་པའི་རྩལ་ལས། སྐད་ཅིག་གིས་པདྨ་དང་ཉི་མའི་སྟེང་དུ་རང་སེམས་ཧཱུྃ་ཡིག་མཐིང་ནག་ཡོངས་སུ་གྱུར་པ་ལས། གསང་བདག་རྡོ་རྗེ་གཏུམ་པོ་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། དབུ་སྐྲ་དང་སྨ་ར་སྨིན་མ་འབར་ཞིང་མཆེ་བ་གཙིགས་པ། ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་གསོར་བ། གཡོན་པས་སྡིགས་མཛུབ་ཀྱི་རྩེ་ལ་ཁྱུང་ཁྲ་འགྱེད་པ། གར་དགུའི་ཉམས་ཅན། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱིས་འགྱིང་བ། ཐོད་སྐམ་ལྔའི་དབུ་རྒྱན་དང་ཐོད་རློན་ལྔ་བཅུའི་དོ་ཤལ་ཅན། ཞིང་གླང་གི་པགས་པས་སྟོད་གཡོགས་ཤིང་སྟག་ལྤགས་ཀྱི་ཤམ་ཐབས་འཕྱང་བ། ཀླུ་རིགས་ལྔའི་སྦྲུལ་ཆུན་དང་ཁྲག་ཞག་ཐལ་བས་མཚན་པ། བསྐལ་པའི་མེ་ཕུང་འབར་བའི་ཀློང་ན་བཞུགས་པ། སྲིད་པ་དང་ཞི་བའི་ཁམས་ཀུན་ན་ཆེ་བཙན་འགྲན་ཟླ་དང་བྲལ་བ། སྣང་སྲིད་ཀྱི་དྲེགས་པ་སྡེ་བརྒྱད་ཀྱི་གཙོ་བོ་འབངས་དང་བཅས་པ་ཐམས་ཅད་དབང་དུ་སྡུད་ཅིང་ཟིལ་གྱིས་གནོན་པ། ཅི་བགྱིའི་བྲན་དུ་ཁོལ་ཞིང་འབངས་སུ་བཙུད་པས་སྒོ་གསུམ་འདའ་བའི་དབང་མེད་པར་ཅི་བགྱིས་བཀའ་ཉན་པའི་སྐུར་གསལ་བར་གྱུར། དེའི་གནས་གསུམ་རྡོ་རྗེའི་ཡི་གེ་གསུམ་གྱིས་མཚན་པའི་འོད་ཀྱིས་བླ་མ་དཀོན་མཆོག་རྩ་བ་གསུམ་གྱི་ལྷ་ཚོགས་རྡོ་རྗེ་གཏུམ་པོའི་སྐུར་བཞེངས་ཏེ། སྐུ་གསུམ་གྱི་ཞིང་རབ་འབྱམས་གཡོ་བའི་ཆོ་འཕྲུལ་དང་བཅས་བྱོན་པར་གྱུར། བཛྲ་ས་མཱ་ཛཿསྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་ཐིམ་པ་ལ་མཆོད་ཅིང་བསྟོད་པར་མོས་པས། ཨོཾ། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་མཆོད་པའི་སྤྲིན། །ཕྱི་ནང་གསང་མཆོད་དགྱེས་བསྐྱེད་རྫས། །གསང་བདག་དཀྱིལ་འཁོར་ལྷ་ལ་འབུལ། །ཨོཾ་བཛྲ་པཱ་ཎི་ས་པ་རི་ཝཱ་ར་ཨརྒྷཾ་པཱ་དྱཾ་པུཥྤེ་ནས། ཤབྡ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད། ཧཱུྃ། བདུད་འདུལ་ཁྲོ་རྒྱལ་རབ་ཏུ་འཇིགས། །མཐིང་ནག་ནམ་མཁའི་གློག་ལྟར་གསལ། །དྲེགས་པའི་སྙིང་འདྲེན་བྲན་དུ་ཁོལ། །གདུལ་དཀའ་འདུལ་ལ་བསྟོད་པར་བགྱི། །ཞེས་བསྟོད། བཟླས་པ་ནི། ཐུགས་ཀར་ཉི་མ་ལ་གནས་པའི་རྡོ་རྗེའི་ལྟེ་བར་ཧཱུྃ་ཡིག་མཐིང་གའི་མཐར་སྔགས་ཀྱི་ཕྲེང་བས་གཡས་སུ་བསྐོར་བ། དེ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་ཐམས་ཅད་མཆོད་ཅིང་བྱིན་རླབས་བསྡུས། སེམས་ཅན་གྱི་དོན་བྱས། སྣང་གྲགས་དག་པ་ལྷ་དང་སྔགས་སུ་སྦྱངས། སླར་རྡོ་རྗེའི་སེར་བ་མེ་དཔུང་འཐོར་རླུང་གི་ཚོགས་འཕྲོས། མ་རུངས་པའི་སྡེ་བརྒྱད་ཐམས་ཅད་བསྐྲད་གཟིར་བརྡེག་ཅིང་སྲོག་ནས་དྲངས་ཏེ་རྡུལ་དུ་བརླགས་པས་ཅི་བསྒོ་བའི་ལས་བྱེད་པར་བསམ་ལ། ཨོཾ་ན་མོ་བུདྡྷ་ཡ༔ བཛྲ་ཀཱི་ལི་ཀཱི་ལ་ཡ༔ ནཱ་ག་དུ་ཙནྡྷེ་ཙནྡྷེ༔ མི་ལི་མི་ལི༔ བྷནྡྷ་བྷནྡྷ༔ ནཱ་ག་ནི་སྭཱ་ཧཱ༔ ཞེས་ཡིག་འབྲུ་སོ་གཉིས་པ་ཅི་ནུས་བཟླ་ཞིང་། བསྙེན་ཚད་འབུམ་ཕྲག་གཅིག་གིས་འགྲུབ། ཐུན་དོང་ལ་དམིགས་ཏེ། ཐུན་སྣོད་གནམ་ལྕགས་ཀྱི་སྒྲོམ་བུ་སྲིད་པ་གསུམ་གྱི་གཏོས་དང་མཉམ་པའི་ནང་དུ་དྲག་པོའི་རྫས་རྒོད་ཀྱི་རྡུལ་རེ་རེ་བཞིན་བདུད་དགྲ་འཇིགས་བྱེད་གསང་བདག་ཁྲོ་བོའི་རྒྱལ་པོའི་སྐུར་གྱུར་པ་ལས། བསྐལ་པའི་མེ་དཔུང་འབར་ཞིང་དྲག་རྩལ་གྱི་ཆོ་འཕྲུལ་རྡོ་རྗེའི་མེའི་ཚྭ་ཚྭ་དྲག་ཏུ་འཁྲུགས་པས། གནོད་བྱེད་ཐམས་ཅད་རྩྭ་སྦུར་མེ་ལྕེ་དང་འཕྲད་པ་བཞིན་བརླག་པར་བྱེད་པ་ལ་དྲག་པོའི་སྔགས་ཀྱིས་ངར་བཏབ་པས། མེ་ལ་སྦུད་པ་བུས་པ་ལྟ་བུར་རབ་ཏུ་འབར་བས་སྣང་སྲིད་ཐམས་ཅད་སྲེག་པའི་ནུས་ལྡན་དུ་གྱུར་པར་མོས་ལ། བསྙེན་པ་བརྒྱ་རྩ་དང་། དམིགས་བསལ་སྒྲུབ་པའི་སྐབས་སུ་འབུམ་ཕྲག་གམ་རྟགས་མ་བྱུང་གི་བར་དུ་བཟླ། ཐུན་མཐར་དབྱངས་གསལ་རྟེན་སྙིང་ལན་གསུམ་གྱིས་ནུས་པ་བརྟན་པར་བྱའོ། །ལས་བུམ་འཁྱིལ་པས་བསྒྲུབ། གཉིས་པ་རྗེས་གནང་དངོས་ལ། སློབ་མ་རྣམས་ལ་ཁྲུས་བྱས་ནས་གྲལ་དུ་འཁོད། མཎྜལ་བཀྱེ་བསྡུ་ཟིན་ནས། ནམ་མཁའི་མཐའ་དང་མཉམ་པའི་མ་རྒན་སེམས་ཅན་ཐམས་ཅད་གནས་སྐབས་སྡེ་བརྒྱད་གདུག་པའི་ཆོ་འཕྲུལ་ནད་གདོན་གདུག་པའི་གཡུལ་ལས་སྐྱོབ་པ་དང་། མཐར་བླ་ན་མེད་པ་ཁྱབ་བདག་དང་པོའི་མགོན་པོ་མཆོག་གི་གོ་འཕང་ལ་སྦྱོར་བའི་སླད་དུ་སྲུང་བའི་རྒྱལ་པོའི་རྗེས་གནང་ཟབ་མོ་ཞུའོ་སྙམ་པའི་སེམས་བསྐྱེད་གསལ་བཏབ་ནས་གསན་འཚལ། དེའང་ཐུགས་རྗེའི་མཐའ་ལ་གཏུགས་པ་མེད་པའི་ཐབས་མཁས་ཀྱི་ཚུལ་བསམ་གྱིས་མི་ཁྱབ་པས་སྐྱེ་རྒུ་རྣམས་ལ་ཕན་བདེའི་ཕྲིན་ལས་རྒྱུན་གྱིས་རྟག་པའི་བདག་ཉིད། ཀུན་བཟང་རྡོ་རྗེ་འཆང་ཆེན་པོས་བླ་ན་མེད་པའི་སྔགས་རྒྱུད་མཆོག་ཐུན་སྒྲུབ་པའི་ཕྲིན་ལས་མཐའ་རྒྱས་དང་བཅས་གསུངས་པའི་ནང་ཚན། སྲུང་བ་ཀུན་གྱི་རྒྱལ་པོའམ་བླ་མར་གྱུར་པ་འདི་ཉིད་ལ་སྤྱིར་སྒྲུབ་པ་བཀའ་བརྒྱད་དང་། བྱེ་བྲག་ཏུ་གུ་རུ་དྲག་སྒྲུབ། གཤིན་རྗེ། རྟ་མགྲིན། ཕྱག་རྡོར། ཕུར་པ། གཉེན་པོ་ལྷ་གསུམ་སོགས་བཀའ་གཏེར་གྱི་སྒོ་དུ་མ་ནས་དུག་ཁྲག་གི་སྲུང་བ་ཇི་སྙེད་ཅིག་བསྩལ་པ་ལས། དེ་ཐམས་ཅད་ཀྱི་ཟབ་པའི་མཐར་ཐུག་པ་འདི་ཉིད་ནི། གནམ་ལྕགས་ཀླུ་འདུལ་གྱི་རྒྱུད་དང་། གཏུམ་པོ་ཐུགས་ཀྱི་རྒྱུད་ནས་འགྱུར་མེད་རྡོ་རྗེའི་སྐུ་བརྙེས་བཀའ་དྲིན་ཟླ་མེད་ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོས་ཕྱུང་སྟེ། བྲག་དམར་འོམ་བུའི་ཚལ་དུ་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་སྲུང་དུ་བསྩལ་པ་འདིའི་ལོ་རྒྱུས་མདོ་ཙམ་ནི། རང་གཏེར་གྱི་གཞུང་ལས། སློབ་དཔོན་པདྨ་འབྱུང་གནས་ལ༔ མངའ་བདག་རྒྱལ་པོས་སོགས་བུམ་ཐང་མའི་དབུར་འབྱུང་བ་བཞིན། གཏུམ་པོ་ཐུགས་ཀྱི་རྒྱུད་ནས་བཏུས༔ བར། ཞེས་དང་། སྲུང་བའི་མཆོག་ཏུ་གྱུར་པ་ནི༔ སོགས་གཏེར་གཞུང་ཞལ་གདམས་ནང་འབྱུང་བ་བཞིན། རང་དོན་གྱིས་ལ་གཏེར་དུ་སྦོས༔ བར། ཞེས་བཀའ་བསྩལ་པ་བཞིན་སློབ་དཔོན་ཆེན་པོ་དང་མངའ་བདག་རྒྱལ་པོ་ཕྱག་སྦྲེལ་ནས་ཟབ་མོའི་གཏེར་དུ་རྒྱས་བཏབ་པ་འདོན་པའི་དུས་ལ་བབས་པ་ན། རིག་སྔགས་འཆང་བ་ཆེན་པོ་རྒྱ་ཕུར་བུ་མགོན་གྱིས་མོན་བུམ་ཐང་གི་གནས་དང་། སྤ་གྲོ་སྐྱེར་ཆུ་ལྷ་ཁང་ནས་སྤྱན་འདྲེན་པར་མཛད་པ་ནས་བཟུང་རིམ་པར་བརྒྱུད་དེ། རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུ་ཅན་དངོས་གྲུབ་རྒྱལ་མཚན་ལ་བཀའ་བབས་ཤིང་། བདག་ཅག་གི་འདྲེན་མཆོག་འཁོར་ལོའི་མགོན་པོའི་བར་དུ་བྱོན་པའི། སྔ་མ་ལ་གཏེར་གནས་ལས་གྲས་ཏེ་མཚན་བཏགས་པ་དུག་ཁྲག་བུམ་ཐང་མ་དང་། ཕྱི་མར་ནུས་སྟོབས་ལ་བསྔགས་པའི་མཚན་བཏགས་པ་ལྕགས་སྡོང་མ་སྟེ། གཏེར་ཁ་གཉིས་ཀ་ཕྱོགས་གཅིག་ཏུ་དྲིལ་པའི་རྗེས་གནང་བུམ་ལྕགས་ལྷན་དྲིལ་དུ་གྲགས་པའི་རྗེས་གནང་ཟབ་མོ་བསྒྲུབ་པ་ལ། ཐོག་མར་གསན་པའི་ཡོན་དུ་དམིགས་ཏེ་མཎྜལ། བླ་མ་གསང་བདག་རྡོ་རྗེ་གཏུམ་པོ་དངོས་ཡིན་སྙམ་པའི་ངེས་ཤེས་དྲག་པོ་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྭ་སྲུང་གི་རྗེས་གནང་གཏེར་གཞུང་ལྟར། ན་མོ་སློབ་དཔོན་སོགས། བསྟན་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པའི་ལན་དུ་གནང་བ་སྦྱིན་ཅིང་གསང་བར་གདམས་པ་ལགས་ཏེ། ཨེ་མ་སྲུང་བ་ཀུན་གྱི་མཆོག༔ དུག་ཁྲག་རྫས་ཀྱི་སྲུང་བ་འདི༔ སྣོད་ལྡན་སློབ་མ་ཁྱོད་ལ་བསྟན༔ སློབ་མ་དམ་ལྡན་རེ་ཙམ་ལས༔ གཞན་ལ་མ་བསྟན་སྙིང་ལ་ཕུར༔ ཀུན་ལ་མ་བསྟན་དམ་ཚིག་ཉམས༔ དེ་བས་གསང་བ་ཐུབ་པར་གྱིས༔ དེས་སྔོན་དུ་འགྲོ་བའི་རིམ་པ་སོང་ནས། རྗེས་སུ་གནང་བ་དངོས་ལ་ལྷ་སྒོམ་པ་དང་། བཟླས་ལུང་། ཕྲིན་ལས་རྫས་སྲུང་གི་རྗེས་གནང་རྣམས་རིམ་པར་འབྱུང་བ་ལས། དང་པོ་ལྷ་སྒོམ་པའི་རྗེས་སུ་གནང་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། སྭ་བྷཱ་ཝ་སོགས་བདག་བསྐྱེད་ལྟར་ལ། རང་སེམས་ཞེས་པར། སློབ་མའི་སེམས་ཉིད་ཅེས་བསྒྱུར་ནས། ཆོ་འཕྲུལ་དང་བཅས་བྱོན་ནས་སློབ་མའི་ལུས་ལ་ཞུགས་པའི་མོས་པ་སྐྱེད་ཅིག །ཨོཾ་ན་མོ་སོགས་བསྙེན་སྔགས་ལ། ཛྙཱ་ན་བཛྲ་ཨཱ་ཝེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་བཟླ་ཞིང་སྤོས་རོལ་གྱིས་བྱིན་དབབ། དེ་ལྟར་བྱས་པས་ལུས་ཐ་མལ་དུ་འཛིན་པའི་མཚན་རྟོག་འགགས། གསང་བའི་བདག་པོའི་སྐུ་དང་གཉིས་སུ་མེད་པའི་དངོས་གྲུབ་ཐོབ། ཁྲོ་བོའི་དབང་པོའི་སྐུ་སྒོམ་པ་ལ་སོགས་པའི་སྒོ་ནས་ཕྲིན་ལས་རབ་འབྱམས་བསྒྲུབ་པ་ལ་དབང་བ་ཡིན་ནོ། །གཉིས་པ་གསུང་གི་རྗེས་སུ་གནང་བ་བསྒྲུབ་པ་ལ་གཉིས་ལས། དང་པོ་གསུང་རྗེས་སུ་བཟླས་པའི་ལུང་བླང་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། དཔོན་སློབ་གཉིས་ཀ་གཏུམ་ཆེན་གསང་བའི་བདག་པོར་གསལ་བའི་སློབ་དཔོན་གྱི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་ཞིག་མཆེད། ཁྱེད་རང་རྣམས་ཀྱི་ཞལ་ནས་ཞུགས། ཐུགས་ཀར་ཉི་མ་ལ་གནས་པའི་སོགས་བདག་བསྐྱེད་ཀྱི་བསྙེན་དམིགས་བཞིན། ལས་བྱེད་པར་མོས་ལ་སྔགས་ཀྱི་རྒྱལ་པོའི་རྗེས་ཟློས། ཨོཾ་ན་མོ་བུདྡྷ་སོགས་ལན་གསུམ། གཉིས་པ་བྱིན་གྱིས་རློབ་པའི་ལུང་སྦྱིན་པ་ནི། ཁྱེད་རང་རྣམས་ཀྱིས་སློབ་དཔོན་ལ་མེ་ཏོག་གི་ཕྲེང་བ་རེ་ཕུལ་བར་མོས་པས་འདིའི་རྗེས་ཟློས། གསང་སྔགས་བདག་ལ་བསྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། དེ་ལྟར་ཕུལ་པའི་མེ་ཏོག་དེ་ཉིད་སྔགས་ཀྱི་ངོ་བོར་བྱིན་གྱིས་བརླབས་ཏེ་སློབ་མའི་སྤྱི་བོར་བཅིངས་པས་སྔགས་ཀྱི་ནུས་པ་རྒྱུད་ལ་བརྟན་ཅིང་མཐུ་སྟོབས་རྒྱས་པར་མོས། མེ་ཏོག་སྔགས་ཀྱིས་བྱིན་གྱིས་བརླབས་པ་སྤྱི་བོར་ལན་གསུམ་གྱིས་དཀྲིས་ལ། གསང་སྔགས་འདི་ལ་བསྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། དེ་ལྟར་བྱས་པས་ངག་གི་བརྗོད་པ་ཐ་མལ་པའི་སྒྲ་སྐད་སྐྱེ་འགག་ཏུ་འཛིན་པའི་བག་ཆགས་བཅོམ། གསང་བའི་བདག་པོའི་གསུང་དང་གཉིས་སུ་མེད་པའི་དངོས་གྲུབ་ཐོབ། གྲགས་སྟོང་སྔགས་ཀྱི་བཟླས་བརྗོད་ཆུ་བོའི་རྒྱུན་གྱི་སྒོ་ནས་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་པ་ལ་དབང་བ་ཡིན་ནོ། །གསུམ་པ་ཐུགས་རྗེའི་ཕྲིན་ལས་འདུས་པ་ཀུན་ཐུབ་རྫས་ཀྱི་རྒྱལ་པོའི་རྗེས་གནང་གི་སླད་དུ་དམིགས་པ་འདི་བཞིན་གསལ་འདེབས་མཛོད། ཐུན་སྣོད་གནམ་ལྕགས་ཀྱི་སྒྲོམ་བུ་སོགས་གོང་གི་རྫས་སྒྲུབ་དམིགས་པ་འདིར་བླངས་ནས། སྣང་སྲིད་ཐམས་ཅད་སྲེག་ཅིང་དྲི་ཙམ་ཕོག་པས་ལྷ་སྲིན་སྡེ་བརྒྱད་བན་བྱད་བོན་བྱད་ནད་གདོན་བར་ཆད་ཀྱི་ཚོགས་རྣམས་རྡུལ་དུ་བརླག་པའི་ནུས་མཐུ་དང་ལྡན་པ། སྲུང་བའི་རྒྱལ་པོ་རྫས་རྒོད་འདི་ཉིད་ཀྱིས་སློབ་བུའི་གནས་གསུམ་དུ་དབང་བསྐུར་བས། རྡོ་རྗེ་ཁྲོ་བོའི་སྐུ་གསུང་ཐུགས་ཀྱི་བྱིན་དབང་དངོས་གྲུབ་མ་ལུས་པ་ཐོབ་པར་མོས། རྭ་སྲུང་དྲག་པོའི་རྡོ་རྗེ་རྩེ་ལྔ་པའི་རྒྱས་བཟུང་ལ། ཨོཾ་ན་མོ་བུདྡྷ་སོགས་རྩ་སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། དེ་བཞིན་དུ་རྩ་སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿདང་། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་སོ་སོར་བཏགས་པ་བརྗོད་བཞིན་དབང་བསྐུར། སླར་ཡང་ཕྱག་ཏུ་གཏད་པས་འདི་ཉིད་ཀྱི་སྒོ་ནས་ཕྲིན་ལས་བསྒྲུབ་པར་རྗེས་སུ་གདམས་ཤིང་གསང་སྒོ་བསྡམ་པ་ནི། དུག་ཁྲག་རྫས་ཀྱི་སྲུང་མ་ཡི། །གཞུང་བཞིན་ལག་ལེན་མཁས་པར་སྤྱོད༔ སྙིང་ལ་སྦོས་ལ་ཀུན་ལ་གསང༔ དམ་མེད་རྣམས་ལ་བསྟན་པ་ན༔ བྱིན་རླབས་དམ་ཚིག་ཉམས་པར་འགྱུར༔ དེ་ཕྱིར་གསང་བ་དམ་ཚིག་གོ༔ དེ་ལྟར་བྱས་པས་ཡིད་ཀྱི་གཉིས་རྟོག་དག་ནས་གསང་བའི་བདག་པོའི་ཐུགས་ཀྱི་དབང་དང་དངོས་གྲུབ་ཐོབ། ཀ་དག་སྤྲོས་བྲལ་ཟབ་མོ་སྟོང་པ་ཉིད་ཀྱི་ལྟ་བ་ལ་གདེང་ཆུབ། སྲུང་ཟློག་གཏད་གཟིར་གྱི་སྒོ་ནས་བསྟན་པ་སྲུང་བ་ལ་སོགས་པའི་ཕྲིན་ལས་རབ་འབྱམས་སྒྲུབ་པ་ལ་དབང་བའི་མཐུ་ཐོབ་པ་ཡིན་ནོ། །རྗེས་གདམས་པ་བསྟན་ཅིང་བཀའ་རྒྱས་བཏབ་པ་ནི། དེ་ལྟར་ཨོ་རྒྱན་ཆེན་པོས་མངའ་བདག་གི་སྐུའི་སྲུང་བར་གནང་ཞིང་། ཕྱི་རབས་འགྲོ་བའི་དོན་དུ་གཏེར་ཁ་སོ་སོར་སྦས་པའི་སྐོར་འདི་ལ་གཞུང་རྩ་བ་ལོ་རྒྱུས་དང་བཅས་པ་དང་། ཞལ་གདམས་སྐོར་དྲུག །ལས་ཀྱི་མཐའ་བསྒྱུར་བསྟན་པའི་མཚམས་ནས་ལྷ་ལྔ་མ་དགྱེས་པ་དགྱེས་པར་བྱེད་པ། དུག་ཁྲག་མཚོ་དང་གཉིས་སྦྱར་མཚོའི་ལག་ལེན་རྫས་ཀྱིས་ངར་བཏགས་པ་སྟེ། གནད་བཞི་ཟུར་བཀོལ་དང་བཅས་པ་ལ་བུམ་ཐང་མའི་སྐོར་ཚང་། ཡང་མན་ངག་རྭ་སྲུང་གི་རྫས་གསག་ཐབས་ལས་མཐའ་དང་བཅས་པ། གནམ་ལྕགས་ཨུར་མོ་བཞི་སྦྱོར། གནམ་ལྕགས་ཨུརྨོ་ཁྲག་དུག་མཚོ་གསུམ་གྲོགས་སྐྱོབས་ཁ་སྒྱུར་སྲུང་ཟློག་དང་བཅས་པ་ལ་ལྕགས་སྡོང་མའི་སྐོར་ཆ་ཚང་ཞིང་། འདི་གཉིས་ཀྱི་རྫས་དབྱེ་བའི་ཁྱད་པར་གྱིས་བསྲེ་བར་མི་རུང་བའི་གནད་དང་། སྣོད་ཀྱི་དབྱེ་བ་སོགས་དམིགས་ཀྱིས་བསལ་བར་བསྟན་པ་བཞིན་ཁོང་དུ་ཆུད་པའི་སྒོ་ནས་བསྒྲུབ་ཅིང་། ལས་ལ་སྦྱར་ནས་དམ་ཚིག་གི་རིམ་པའང་གསང་བ་སྤྱི་ནས་འབྱུང་བ་བཞིན་དང་། ཁྱད་པར་བ་ནི། དོང་བུ་རྟག་ཏུ་ལུས་ལ་འགྲོགས༔ སོགས་རྗེས་གནང་བྱང་བདག་ཆོག་ཁྲིགས་མ་ལྟར། ཐོ་ཅོས་ས་ལ་བརྡབ་མི་བྱ༔ ཞེས་དང་། ཕན་ཡོན་དང་བཀའ་རྒྱས་གདམས་པ་ནི། དེ་རྗེས། དབྱར་མི་རུལ་ལ་སོགས་ནས། སྟེར་ཐེབས་གཅིག་ལས་མང་ཏ་རེ༔ ཆུ་སྲིན་ཁར་ཚུད་ནོར་བུ་བཞིན། །འཆོར་བ་མེད་པར་བསྡམ་པར་བྱ། །འདའ་དཀའ་རྡོ་རྗེའི་དམ་ཚིག་རྒྱ། །ཞེས་བསྒྲགས་པའི་དོན་རྣམས་ཐུགས་ལ་ངེས་པས། དེ་ལྟར་བགྱི་བར་ཁས་བླངས་པ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ་ཕྱིན་སྤྱི་བཞིན་དང་། ཆོ་གའི་རྗེས་བསྙེན་སྒྲུབ་ཀྱི་སྐབས་དང་། དབང་བསྐུར་དུས་ཀྱང་སྤྲོ་ན། མཆོད་གཏོར་བསང་སྦྱང་ནས། བྱིན་རླབས་སྤྱི་འགྲོ་བྱས་ལ། གཏོར་མགྲོན་དཔལ་ཕྱག་ན་རྡོ་རྗེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་བཅས་པས་བསྐོར་བ། ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས་པར་གྱུར་པ་ལ། ཨ་ཀཱ་རོ་ལན་བདུན་གྱིས་འབུལ། གོང་བཞིན་མཆོད་ཅིང་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་འདོད་དོན་གསོལ། ཡིག་བརྒྱས་ལྷག་ཆད་བསྐང་ཞིང་། ཡེ་ཤེས་པ་རྟེན་ལ་བསྟིམ། གང་ལྟར་ཡང་བདག་བསྐྱེད་ཧཱུྃ་གསུམ་གྱིས་འོད་གསལ་དུ་བསྡུ་ཞིང་། ཕཊ་གསུམ་གྱིས་གཉུག་མའི་ལྷར་ལྡང་། དགེ་བ་འདི་ཡིས་མྱུར་དུ་བདག །གསང་བའི་བདག་པོ་འགྲུབ་གྱུར་ནས། །སོགས་ཀྱིས་དགེ་བ་བསྔོ། བཀྲ་ཤིས་ཇི་ལྟར་འོས་པ་བརྗོད་པས་གྲུབ་བོ། །འདི་ནི་འཇུག་པ་བདེ་བའི་ཕྱིར་དུ་བགྱིས་པ་ཡིན་ལ། དབང་སྒྲུབ་ཀྱི་ཚེ་བདག་བསྐྱེད་ཚེ་བདག་དང་། བཟླས་པ་ཨྱཻ་རིང་། དབང་བསྐུར་སྐབས་བགེགས་གཏོར་སྲུང་འཁོར་སྔོན་དུ་གཏང་། སློབ་མ་ལོཀྟྲིར་བསྐྱེད་པ་བཅས་ཐུན་མིན་གྱི་མན་ངག་སྨིན་གླིང་ཁྲི་ཆེན་འགྱུར་མེད་ཡིད་བཞིན་དབང་རྒྱལ་གྱི་ཕྱག་བཞེས་ཁུངས་བཙུན་ཡིན་པར་རིག་པ་འཛིན་པའི་ཞལ་རྒྱུན་ལས་འབྱུང་བ་བཞིན་ལྕོགས་ན་ལེགས་པར་འགྱུར་རོ།། །། ༈ གནམ་ཆོས་འཇིགས་མེད་རྡོ་རྗེའི་གནོད་ལྔ་སྲུང་བའི་དབང་སྒྲུབ་སྐབས། གནམ་ཆོས་ཀྱི་སྐྱབས་སེམས་མཆོད་བརླབ་སྔོན་འགྲོས། བདག་མདུན་བུམ་པ་གཏོར་མ་རྣམས། །སྐད་ཅིག་འཇིགས་མེད་རྡོ་རྗེ་དཀར༔ སོགས་གནོད་ལྔ་སྲུང་བའི་དབུར་འབྱུང་བ་བཞིན། བརྐྱང་སྟེ་བསྐོར༔ བར། བཟླས་དམིགས་ནི། ཐུགས་ཀར་ཉི་སྟེང་ཧྲཱིཿམཐར་སྔགས་བཀོད་པའི་འོད་ཟེར་སྤྲོ་བསྡུའི་བྱིན་བསྡུ་ཟིལ་གནོན་སྣང་སྲིད་དག་རྫོགས་ཀྱི་དགོངས་པ་དང་། བུམ་པར་སྤྱི་བཞིན་གྱི་ཏིང་འཛིན་ལྡན་པས་སྔགས་ཅི་འགྲུབ་དང་། བདག་མདུན་འཇིགས་མེད་རྡོ་རྗེར་གསལ་བའི་ཐུགས་ཀ་དང་། སྐུ་ལས་མེ་དཔུང་ལས་འོད་ཟེར་དམར་ནག་སོགས་ཀྱི་དམིགས་པ་གསལ་ཞིང་། སྔགས་ཤམ་ཅན་གོང་མ་ལས་ཉུང་བའི་བརྒྱ་རྩ་ཙམ་བཟླ། དེ་ཕྱིན་གྱི་དམིགས་བཟླས་རྣམས་དབང་གི་སྐབས་སྦྱོར་མི་དགོས་པས། ཐུན་མཐར། ཨོཾ་བཛྲ་ཨརྒྷཾ་པུཥྤེ་ནས། ཤབྡ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧིས་མཆོད། རྡོ་རྗེ་བདེ་བར་གཤེགས་པའི་གདུང་། །རྡོ་རྗེ་མི་བཟད་འབར་བའི་སྤྲིན། །རྡོ་རྗེ་མི་ཕྱེད་འཇིགས་པ་མེད། །རྡོ་རྗེ་ཁྲོ་བོའི་རྒྱལ་པོར་བསྟོད། །ཅེས་བསྟོད། རྡོར་སེམས་ཀྱིས་ལས་བུམ་བསྒྲུབ། དབང་དངོས་གཞི་གཟུངས་དབང་གིས་བསྐུར། ཆོ་གའི་རྗེས་གནམ་ཆོས་སྤྱི་བཞིན་ནོ།། །། ༄། གཉིས་པ་འབྱུང་བཞིའི་འཇིགས་པ་སྲུང་བའི་སྐོར་ལ་དབང་མི་བཞུགས་སོ།། །། ༄། གསུམ་པ་ཡུལ་འཁོར་སྲུང་བའི་སྐོར་ལ། གར་དབང་ཞིག་པོ་གླིང་པའི་དམག་ཟློག་ཉེར་ལྔའི་རྒྱལ་ཆེན་སྡེ་བཞིའི་སྲོག་དབང་བཀའ་རྒྱ་ཅན་བསྐུར་བའི་ལག་ལེན་གསལ་བར་བཀོད་པ་བོད་ཁམས་བདེ་བའི་ལས་འཇུག་ལྟར་བསྐུར་བའི་དབང་སྒྲུབ་སྐབས། འདི་ཉིད་སྒེར་དུ་བྱེད་ན། བདག་བསྐྱེད་ཕྱག་རྡོར་སྟོབས་ཆེན་ལ་བྱེད་དགོས་པར་མ་ཟད། དེའི་དབང་བསྐུར་ཡང་སྔོན་དུ་ངེས་པར་འགྲོ་དགོས་ཤིང་། དཀྱུས་འདིར་ཕྱག་རྡོར་དབང་གོང་དུ་སོང་སྟབས། དབང་སྒྲུབ་བསྡུ་ན། རྡོ་རྗེ་སློབ་དཔོན་སོགས་ཀྱི་རྒྱུན་བཤགས་མཐར། སྤྱི་ཁྱབ་ཀྱི་དཀར་གཏོར་བརླབ་བསྔོ་བྱས་རྗེས། བདག་བསྐྱེད་ནི། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རིན་ཆེན་ཟུར་བརྒྱད་པ་སོགས་སྲོག་དབང་གི་མདུན་བསྐྱེད་དབུར་འབྱུང་བ་བཞིན། སྣང་སྟོང་སྒྱུ་མ་ལྟ་བུའི་སྐུར་གསལ་བ༔ དེའི་ཐུགས་ཀར་ཉི་སྟེང་ཧཱུྃ་མཐིང་མཐར་སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས་རྒྱལ་བའི་བྱིན་སྟོབས་བསྡུས། དྲེགས་པ་ཅན་རྣམས་ལས་ལ་བཙུད། སྣང་གྲགས་རིགས་གསུམ་ལྷ་སྔགས་ཆོས་སྐུའི་རོལ་པར་བལྟས་ལ། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཅེས་བཟླས་མཐར་སྲོག་དབང་གི་མཆོད་བརླབ་ནས་གཟུང་། བུམ་པ་དང་མདུན་བསྐྱེད་སོགས་བསྒྲུབ་ཅིང་། སྲོག་དབང་དངོས་གཞི་བསྐུར། ཆོ་གའི་རྗེས་དབང་སྒྲུབ་རྒྱས་པའི་སྐབས་གཞུང་གསལ་ལྟར་དང་། བསྡུས་པའི་སྐབས་འདིར་མདུན་བསྐྱེད་ལ་དམིགས་ཏེ་བསྐང་བཤགས་བསྐྱར་ཞིང་། མཆོད་གཏོར་ཨོཾ་ཨཱཿཧཱུྃ་གིས་བརླབ། ཨ་ཀཱ་རོ་ལན་བཞིས་གཏོར་མ་དང་། ཨོཾ་བཛྲ་ཨརྒྷཾ་པུཥྤེ་ནས། ཤབྡ་ཨ་མྲྀཏ་རཀྟ་པཱུ་ཛ་ཁཱ་ཧིས་མཆོད། བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །སོགས་ཀྱིས་བསྟོད། རྒྱལ་ཆེན་སྡེ་བཞི་འཁོར་བཅས་ཀྱིས། །མཆོད་སྦྱིན་གཏོར་མ་སོགས་ཀྱིས་ཕྲིན་ལས་བཅོལ། མ་འབྱོར་པ་དང་སོགས་ཀྱིས་བཤགས། བསྟིམ་གཤེགས་གང་འོས་སྐབས་དང་བསྟུན། བདག་བསྐྱེད་ཧཱུྃ་གསུམ་དང་། ཕཊ་གསུམ་གྱིས་བསྡུ་ལྡང་དང་། དགེ་བསྔོ་སྨོན་ཤིས་ཀྱིས་བརྒྱན་པས་གྲུབ་བོ།། །། ༄། བཞི་པ་སྡེ་བརྒྱད་འཁྲུགས་པའི་ཆོ་འཕྲུལ་སེར་བ་སྲུང་བའི་སྐོར་ལ། གནམ་ཆོས་ཁྲོ་རྒྱལ་རྡོ་རྗེ་མཆུ་ཡི་ལས་བྱང་རྡོ་རྗེའི་གུར་ཆེན་བཞིན་ཆོ་ག་ཚང་བར་བཏང་ནས། ཚོགས་ཀྱི་དྲངས་བའི་མགོར་གཟུངས་དབང་བསྐུར་བ་དབང་སྒྲུབ་རྒྱས་པའམ། བསྡུ་ན། གནམ་ཆོས་སྐྱབས་སེམས་མཆོད་བརླབ་རྗེས། བདག་མདུན་ཁྲོ་བོ་རྡོ་རྗེ་མཆུ༔ སོགས་ལས་བྱང་གི་མངོན་རྟོགས་ནས་བསྟོད་པའི་མཐར། བདག་མདུན་ཐུགས་ཀར་སོགས་ཀྱི་ཏིང་འཛིན་གསལ་བཏབ་ནས། བུམ་པར་ཡང་སྤྱི་མཐུན་གྱི་དམིགས་པས་ཁྱབ་པར་བྱས་ཏེ། བཟླས་པ་གྲུབ་མཐར་འོད་ཟེར་ཆུ་རྒྱུན་གཅིག་མའི་དབང་བླངས་ཤིང་གནང་བ་ནོད་ལ། དབང་དངོས་གཟུངས་དབང་གིས་བཅིངས་ནས་བསྐུར། ཆོ་གའི་རྗེས་རྒྱས་པའི་སྐབས་ཚོགས་དྲངས་ལྷག་ཕྱིན་དེར་གསལ་དང་། བསྡུ་སྐབས་གནམ་ཆོས་སྤྱི་བཞིན་བགྱིས་པས་སེར་སྲུང་སྐོར་གྱི་དབང་སོང་ངོ་།། །། ༄། ལྔ་པ་ལོ་ཏོག་འཇོམས་བྱེད་སད་སྲུང་སྐོར་དང་། ༄། དྲུག་པ་མ་མོ་འཁྲུགས་པའི་ཆོ་འཕྲུལ་མི་ཕྱུགས་ནད་ཡམས་སྲུང་བའི་སྐོར་བཅས་ལ་དབང་དམིགས་བསལ་བ་མི་བཞུགས་སོ།། །། ༄། བདུན་པ་བྱེ་བྲག་དུག་ནད་སྲུང་བའི་སྐོར་ལ། བྱང་གཏེར་དུག་དབང་རྡོ་རྗེ་ཕ་ལམ་ལ་དབང་དོན་སྒྲུབ་པ་ནི། སློབ་དཔོན་ཁ་ལྷོར་བལྟ་བས། ཚིག་བདུན་གསོལ་འདེབས་རྗེས། རང་ཉིད་སྐད་ཅིག་གིས་མུ་སྟེགས་དབང་ཕྱུག་ཆེན་པོ་སྔོ་སྐྱ་རལ་པ་ནག་པོ་གཡེངས་པ། གཅེར་བུ་ལིངྒ་གྱེན་དུ་འགྲེང་བ། ཕྱག་གཉིས་ཀྱིས་ཁྲོ་ཆུ་ལས་གྲུབ་པའི་ཏྲི་ཤཱུ་ལ་བསྣུན་ཐབས་ཀྱིས་འགེངས་ཤིང་། ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་དོར་སྟབས་ཀྱིས་བཞེངས་པ། ཞལ་ནས་སྔགས་ཀྱི་སྒྲ་འུ་རུ་རུ་སྒྲོག་པས་འཇིག་རྟེན་ཁམས་ཀྱི་དུག་གི་ནུས་བཅུད་ཐམས་ཅད་བསྡུས་ནས་བུམ་པའི་བཅུད་དང་དབང་རྫས་རྣམས་ལ་བསྟིམས་ཤིང་། སྔགས་ཀྱི་ནུས་པས་བཅུད་རྣམས་བརྟན་གཡོའི་དུག་ཐམས་ཅད་འཇོམས་པར་ནུས་པའི་བདུད་རྩིའི་རྒྱུན་དུ་གྱུར་པར་བསམ་ལ། གཟུངས་ཐག་བཟུང་ནས། ཧ་ས་ཧ་ས༔སོགས་ལུང་ཐང་གི་ཕྲེང་བ་བགྲང་བཞིན་བརྒྱ་རྩ་བཟླ། མདུན་གྱི་མུ་སྟེགས་གསུམ་གྱི་གཟུགས་རྣམས་དངོས་སུ་གསལ་བའི་དབང་ཕྱུག་གི་ཏྲི་ཤཱུ་ལས་བུམ་པ་བཅགས་ཏེ་བདུད་རྩི་ཁོ་རང་གིས་འཐུང་འདོད་པ་དང་། དེ་བཞིན་དུ་ཤྲཱི་རལ་པ་ཅན་གྱིས་མདའ་བུམ་པའི་ཕྱེད་དེར་བརྒྱབས་ནས་བདུད་རྩི་འདོད་པ་དང་། གུ་ལང་ནག་པོས་ལྕགས་ཀྱི་རྭ་རྩེས་བུམ་པ་ཕུག་ནས་བདུད་རྩི་འདོད་པ། སློབ་དཔོན་གྱིས་བུམ་པ་ཡོངས་རྫོགས་བླངས་ནས་སློབ་བུར་སྦྱིན་འདོད་པའི་བློ་གྲོས་སོ་སོར་ཧབ་ཤའི་ཚུལ་དུ་ཡོད་པར་དམིགས་བཞིན་པའི་ངང་ནས། སློབ་བུས་ཕྱག་གསུམ་འཚལ་ཞིང་ཁ་བྱང་དུ་བལྟ་བས་འདུག་བཅུག །དེ་ཉིན་ཕྱག་དེ་ལས་མི་འབུལ་བའི་དམ་ཚིག་གི་ཕྱག་ལེན་ཁྲུས་སོགས་མི་དགོས། འོ། བདག་ཉིད་གཙོ་བོར་བྱས་པའི་འགྲོ་བ་ཐམས་ཅད་བརྟན་གཡོའི་དུག་གི་གནོད་པ་ལས་སྲུང་བའི་དོན་དུ་དུག་དབང་རྡོ་རྗེ་ཕ་ལམ་ཞུ་སྙམ་པའི་འདུན་པ་དང་བཅས་ཏེ་གསན་འཚལ། དེའང་གདམས་ངག་འདིའི་འབྱུང་ཁུངས་ལོ་རྒྱུས་ཅུང་ཟད་ཅིག་བསྙད་ན། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་གཅིག་ཏུ་བསྡུས་པའི་ཟློས་གར་བཀའ་དྲིན་མཚུངས་མེད་མ་ཧཱ་གུ་རུ་པདྨ་སཾ་བྷ་ཝས་འགྲོ་བ་མཐའ་དག་བི་ཥའི་གནོད་པ་ལས་བསྐྱབ་པའི་ཕྱིར། མུ་སྟེགས་ཤྲཱི་རལ་པ་ཅན་གྱི་སྤྱན་སྔར་རྫུ་འཕྲུལ་གྱིས་བྱོན་ནས་སོགས་ཕྱག་ལེན་ཉེར་བསྡུས་གོ་བདེར་བཀོད་པ་བྱང་བདག་ཆོག་ཁྲིགས་མ་བཞིན། སྙན་བརྒྱུད་དུ་གནང་བ་ནས་རིམ་པར་བདག་ཅག་གི་རྩ་བའི་བླ་མའི་བར་དུ་བྱོན་པའི་བཀའ་སྲོལ་ཟབ་མོ་ཕྱག་ལེན་གྱིས་བརྒྱན་པ་ལའང་དབང་དང་བཅུད་ལེན་དུ་བརྟེན་པའི་གདམས་སྐོར་གཉིས་ལས། འདིར་དབང་བསྐུར་བའི་སྐབས་སུ་བབས་པ་ལགས་ཤིང་། དེ་ལའང་གཞུང་ལས། ཆོས་བདག་མཉེས་ན་བྱིན་རླབས་འབྱུང༔ སློབ་དཔོན་མཉེས་པར་མ་བྱས་ན༔ བྱིན་རླབས་རི་བོང་རྭ་དང་འདྲ༔ ཡོན་མེད་ན་ནི་མགོ་འགས་འགྱུར༔ དེ་ཕྱིར་ཡོན་ལ་འབད་པར་བྱ༔ ཞེས་འབྱུང་བས། ཐོག་མར་ཞུ་བའི་ཡོན་དུ་མཎྜལ། སློབ་དཔོན་མུ་སྟེགས་དབང་ཕྱུག་ཆེན་པོ་དངོས་ཡིན་སྙམ་པའི་ངེས་ཤེས་དང་གདམས་ངག་དབང་གི་རིམ་པ་འདོད་པའི་ཡིད་གདུང་བཅས་དབང་བསྐུར་སྩོལ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། གཙོ་བོ་ཁྱོད་ཀྱི་སོགས་ལན་གསུམ། དེ་ནས་ཐུགས་གཞན་དུ་མ་ཡེངས་པར་འདུན་པ་འདི་བཞིན་མཛོད། མདུན་གྱི་སྐུ་གཟུགས་འདི་རྣམས་སྲིད་པའི་མེས་པོ་མུ་སྟེགས་དབང་ཕྱུག་ཆེན་པོས་ཁྲོ་ཆུ་ལས་གྲུབ་པའི་ཏྲི་ཤཱུ་ལ་འཛིན་པ། མུ་སྟེགས་ཤྲཱི་རལ་པ་ཅན་ལྕགས་ཀྱི་མདའ་གཞུ་འགེངས་པ། མུ་སྟེགས་གུ་ལང་ནག་པོ་ལྕགས་ལས་གྲུབ་པའི་རྭ་ཅོ་འཛིན་པ། གསུམ་ཀའང་གཅེར་བུ་ལིངྒ་གྱེན་དུ་ལངས་པ། ཞབས་གཉིས་བརྐྱང་བསྐུམ། སྐུ་མདོག་ནག་པོ་ཐལ་བས་བྱུག་པ། རལ་པ་དང་བཅས་པའི་སྐུར་དངོས་སུ་གསལ་བ་ལ། དབང་བསྐུར་བའི་དོན་དུ་བདག་སློབ་དཔོན་གྱིས་གཏོར་མ་འབུལ་བ་ནི། རཾ་ཡཾ་ཁཾ་སོགས་ནས། མཛད་དུ་གསོལ། སྐལ་ལྡན་རིགས་ཀྱི་བུ་ཁྱེད་ལ་བི་ཥའི་གནོད་པ་ལས་བསྲུང་བའི་ཕྱིར་འཆི་མེད་གྲུབ་པའི་དབང་ཟབ་མོ་འདི་སྦྱིན་པ་ལགས་ན། ཚུལ་འདི་ཉིད་གཞན་དག་ལ་མི་སྨྲ་ཞིང་གསང་བར་གྱིས་ལ་དམ་ཚིག་གི་མནའ་ཆུ་དཔང་པོའི་ཚུལ་དུ་ལུས་ལ་བསྟིམ་པར་མོས། སློབ་བུར་ནང་མཆོད་འཐོར་ནས། རིགས་མཆོག་རིགས་ལས་སོགས་ཀྱི་མཐར། ཧ་ས་སོགས་སྔགས་ལན་གསུམ་བརྗོད། སྔགས་ཀྱི་ལུང་སྦྱིན་པ་ནི། བུམ་པའི་སྟེང་གི་ཆར་སོགས་ནས། འགྲིག་པར་ཉེར་གཅིག་བཟླ། གལ་ཏེ་མ་འགྲིག་ན་སླར་བསྐྱར་དགོས་པར་གསུངས་པས། དཔོན་སློབ་དང་དུས་མཉམ་པར་སྒྲིག་ནས་རྗེས་ཟློས་མཛད་ཅིང་། མཐར་ཕྲེང་བ་ལ་དཔོན་སློབ་ཐོབ་ཤའི་ཚུལ་བྱེད་པ་ཕྱག་བཞེས་ལགས་པས་དེ་བཞིན་མཛད་འཚལ། ཧ་ས་སོགས་མཉམ་དུ་ལན་ཉེར་གཅིག་བཟླས་ནས། སློབ་དཔོན་གྱིས་བུམ་པ་དང་སྨན་ཆེན་ལ་ཧས་གདབ། དབང་དངོས་ལ་རྣམ་གྲངས་བཞི་ལས། དང་པོ་བུམ་པའི་དབང་བསྐུར་བ་ནི། བུམ་པ་འདིའི་ནང་དུ་བརྟན་གཡོའི་དུག་གི་ནུས་པ་འཇོམས་པའི་བདུད་རྩིའི་རྒྱུན་གྱིས་གང་བ་སློབ་བུའི་སྤྱི་བོར་བཞག་ཅིང་བཅུད་མྱང་བས་རྒྱུད་བྱིན་གྱིས་བརླབས་ནས་དུག་གི་གནོད་པས་མི་ཚུགས་པར་གྱུར་པར་མོས། མིའུ་ཐུང་མེས་པོ་སོགས་ཀྱི་མཐར། ཨོཾ་ཧ་ས་ཧ་ས༔ སོགས་སྔགས་དང་། ཨོཾ་མ་ཧཱ་བྷིས༔ ཨོཾ་ཀ་རོ་ཙ་ན་བྷིས༔ ཏི་ཀུ་ལུ་ན་བྷིས༔ ཞེས་ལས་སྔགས་སྦྲེལ་བའི་སྔགས་ལན་གསུམ་རེ་བརྗོད་པས་སློབ་མར་དབང་བསྐུར་ཞིང་བུམ་ཆུ་སྦྱིན་ནོ། །དབང་གཉིས་པ་སྨན་ཆེན་གྱི་དབང་བསྐུར་བ་ནི། རིན་པོ་ཆེའི་སྣོད་དུ་བརྟན་གཡོའི་དུག་གི་བཅུད་རྣམས་བསྡུས་ཤིང་བདུད་རྩིར་བྱིན་གྱིས་བརླབས་པའི་བཅུད་ལེན་གྱི་རྫས་འདི་མྱང་བས། རང་ལུས་རྡོ་རྗེ་ཕ་ལམ་ལྟར་གྱུར་ཏེ་དུག་གི་དངོས་པོ་གང་གིས་ཀྱང་གླགས་མི་རྙེད་པའི་ཁར། དུག་དེ་དག་བཅུད་ལེན་གྱི་རྫས་སུ་འགྱུར་བའི་རྩི་སྨན་གྱི་ནོར་བུར་མོས་ལ་གྱུར་མིད་དུ་བཞེས་འཚལ། མིའུ་ཐུང་མེས་པོ་སོགས་དང་། སྔགས་ལན་གསུམ་བརྗོད་པས་སློབ་བུར་སྨན་ཆེན་ནས་ཕྱེད་ཙམ་རེ་སྦྱིན་ནོ། །དབང་གསུམ་པ་བསྐུར་བ་ནི། སྲིད་པའི་ཁམས་ཀྱི་བརྟན་གཡོའི་སྣང་བ་ཐམས་ཅད་སྐྱེད་བྱེད་རྒྱུ་ཡི་ཁམས་དཀར་དམར་བདུད་རྩིའི་རང་བཞིན་དུ་བྱིན་གྱིས་བརླབས་པ་འདི་མྱང་བས་དུག་གི་གནོད་པས་མི་ཚུགས་ཤིང་། རྟེན་འབྱུང་གི་མཐུས་དུག་ཐམས་ཅད་ལུས་སྟོབས་བསྐྱེད་པའི་གྲོགས་སུ་འགྱུར་བ་རྨ་བྱ་ལྟ་བུར་གྱུར་པར་མོས། མིའུ་ཐུང་མེས་པོ་སོགས་སྔགས་ལན་གསུམ་བཅས་ཀྱིས་དཀར་དམར་སྦྱར་བའི་ཆུ་སྦྱིན། དབང་བཞི་པ་བསྐུར་བ་ནི། ཆོས་འབྱུང་གཏོར་མ་འདི་ཉིད་རྩ་བརྒྱུད་བླ་མའི་ཚོགས་ཀྱི་ངོ་བོར་གསལ་བ་སློབ་མའི་སྤྱི་བོར་བཞག་པས། དེ་རྣམས་ཀྱི་རིགས་སྔགས་གྲུབ་པའི་བྱིན་ནུས་ཀྱི་སྟོབས་སློབ་བུའི་རྒྱུད་ལ་འཕོས་ཏེ། ཕྱིན་ཆད་དུག་གི་གནོད་པས་ཅིས་ཀྱང་ཚུགས་པ་མེད་པ་སེངྒེ་ལྟ་བུའི་ལུས་སུ་གྱུར་པའི་ངེས་ཤེས་སྐྱེད་ཅིག །མིའུ་ཐུང་མེས་པོ་སོགས་སྔགས་ལན་གསུམ་བརྗོད་ཅིང་ཆོས་འབྱུང་གཏོར་མའི་དབང་བསྐུར། དེ་ནས་བརྒྱུད་འཛིན་གྱི་སློབ་མ་ཐུན་མིན་གཞན་ལ་འཆད་སྤེལ་ནུས་པ་ཡིན་ན། གཞུང་ལས། རང་གིས་དུག་དབང་ཐེངས་གསུམ་ཐོབ༔ དེ་ཡིས་གཞན་ལ་སྦྱིན་ན་ཐུབ༔ ཐེངས་གཅིག་རང་ཉིད་སྲུང་བ་ལས༔ གཞན་ལ་བྱིན་པ་ནུས་པ་མེད༔ ཅེས་འབྱུང་བས་དབང་ལན་གསུམ་གྱི་བར་དུ་བསྐྱར་དགོས་པར་གསུངས་པས། སླར་ཡང་གསན་པའི་ཡོན་དུ་མཎྜལ། གསོལ་གདབ་ཕྱིན་སྔར་བཞིན་ལན་གཉིས་ཀྱི་བར་བསྐྱར་རོ། །ཡང་འཆད་སྤེལ་མི་ནུས་པའི་རིགས་ཡིན་ན་བསྐྱར་མི་དགོས་ཤིང་ཚར་གཅིག་གིས་འཐུས་པས་དབྱེ་བ་ཕྱེད་པར་བྱ། ཤ་སྣ་རྣམས་དང་ཟས་སྣ་ཚང་བ་རེ་དཔོན་སློབ་ཀུན་གྱིས་ལོངས་སྤྱད་དོ། །གང་ལྟར་ཡང་མཐར། དེ་ལྟར་དུག་དབང་རྡོ་རྗེ་ཕ་ལམ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་བཞིན་གཙང་ལ་མ་ནོར་བར་གྲུབ་པའི་ཕན་ཡོན་ནི། གཞུང་ལས། ཕ་ལམ་འདྲ་བའི་དབང་ཐོབ་ནས༔ སོགས་ནས། འགྲོ་དོན་གྱིས༔ ཞེས་བསྔགས་པར་མཛད་པ་བཞིན་ནུས་པ་ཁྱད་པར་ཅན་དང་ལྡན་པ་འདིའི་དབང་ཐོབ་པའི་བསྲུང་བྱའི་རིམ་པའང་། གཏེར་གཞུང་ལས། འདིའི་དབང་བསྐུར་ཐོབ་ནས་ནི༔ སོགས། དེ་ཡིས་ཤ་ཡི་བི་ཥ་ཐུབ༔ ཅེས་གསུངས་པས་མཚོན་ཟས་སོགས་གཞན་ལའང་སྦྱར་བར་བྱ་ཞིང་། ཨོཾ་ཧ་ས་ཧ་ས༔ ཀི་ལི་ཧ་ས༔ ཤོ་ཏྲི་ཕོ་ཕེང༔ ཙེ་ན་ཙ་ད་ཧ་ས་ཧ་ས་ཧཱུྃ༔ ཞེས་པའི་སྔགས་རྒྱུན་དུ་མི་བརྗེད་པར་ཟས་ཟ་བའི་དུས་སུ་དྲན་དགོས་པ་དང་། ལམ་འཕྲང་ཆེ་སར་མི་སྡོད། རོག་པོ་ཆོས་ལེགས་ཏེ་པེ་ཏ་རུས་ཁྱི་ལ་མི་སྟེར། བྱའི་ཉི་མར་དུག་གི་ལས་མི་བྱ། ཧ་ལའི་ཁོག་ཏུ་རྟ་རྔ་འདྲ་བའི་ནག་པོ་ཡོང་བ་དེ་སྤང་བ་དང་། འདི་ལྟ་བུའི་ཚུལ་གཞན་ལ་མི་སྨྲ་བར་གསང་བ་རྣམས་ཚུལ་བཞིན་དུ་བསྲུང་དགོས་པ་བཅས་ཐུགས་ལ་བཅང་ནས་རང་དང་གཞན་ལ་ཕན་པའི་ཕྲིན་ལས་རྒྱ་ཆེན་པོ་མཛད་འཚལ། ཞེས་བརྗོད་ཅིང་སློབ་མ་རྣམས་གྱེས། སློབ་དཔོན་གྱིས་དམིགས་མེད་ངང་ལ་བཞག་པས་འགྲུབ་ཅིང་འདི་ལས་གཞན་པའི་དབང་སྐོར་འདིར་མེད་དོ།། །། ༄། བརྒྱད་པ་དགྲ་ཇག་ཆོམ་རྐུན་སྲུང་བ་ལ། གནམ་ཆོས་དགོངས་གཏེར་ལས་འོད་ཟེར་ཅན་མ་ཆགས་མེད་ཀྱིས་རྒྱས་པར་བཀྲལ་པ་ལྟར་དབང་སྒྲུབ། དབང་དངོས། རྗེས་གནམ་ཆོས་སྤྱི་བཞིན་ནོ།། །། ༄། དགུ་པ་མཚོན་ཆ་སྲུང་བ་ལ། གུ་རུ་ཚེ་བརྟན་རྒྱལ་མཚན་གྱི་མཚོན་སྲུང་ལ་དབང་ཞིག་སྣང་བ་འདིར་དབང་རྒྱུན་མི་བཞུགས་ཤིང་དེ་ལས་གཞན་པའི་དབང་མེད་དོ།། །། ༄། བཅུ་པ་བདེན་ཚིག་བཀའ་བསྒོས་སྲུང་བ་དང་། བཅུ་གཅིག་པ་དམོད་ཚིག་སྤྲིང་ཡིག་གིས་སྲུང་བ་གཉིས་ལ་དབང་བསྐུར་གྱི་བྱ་བ་བགྱིད་དུ་མེད་དོ།། །། ༄༅། །གཉིས་པ་ཞི་བའི་ལས་ཀྱི་སྐོར་ལ། བར་ཆད་སྤྱི་དང་། ནད། གདོན། གྲིབ། བྱད་ཕུར། སྣོད་བཅུད་ཀྱི་ཉེས་པ། སྡིག་སྒྲིབ་ཞི་བ་དང་བདུན་གྱི། དང་པོ་བགེགས་དང་བར་གཅོད་ནད་གདོན་སྤྱིར་ཞི་བ་ལ། ཆོས་རྗེ་གླིང་པའི་ཆོས་བདག་བར་ཆད་སེལ་བའི་ཆོས་བཀའ་བཞིའི། རྡོ་རྗེ་རྣམ་པར་འཇོམས་པ་དཀར་པོའི་སྒྲུབ་ཐབས་བུམ་ཆོག་བཀྲུ་བྱབ་དང་བཅས་པ་ལྷན་ཐབས་སུ་བསྡེབས་པའི་བུམ་སྒྲུབ་ཆོ་ག་ལྟར། སྔོན་གཏོར་ནས་བདག་བུམ་སྒྲུབ་པ་འོད་ཞུ་བཅས་བཏང་མཐར། སློབ་མ་འཚོགས་ནས། འོ་ན། ད་ལམ་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ། ལྷ་སྲས་ཡེ་ཤེས་རོལ་པ་རྩལ་གྱི་སྐྱེ་མཐའ། རིག་འཛིན་ཆེན་པོ་གཏེར་འབྱིན་ཡོངས་ཀྱི་དབང་ཕྱུག་ཆོས་རྗེ་གླིང་པ་བདེ་བའི་རྡོ་རྗེའི་ཟབ་གཏེར་གྱི་ཆ་ལག །གདུང་ཆུ་རླུང་གི་འཁོར་ལོ་བྱམས་པའི་སྙིང་མཛོད་ནས་སྤྱན་དྲངས་པ། ཆོས་བདག་བར་ཆད་སེལ་བའི་ཆོས་བཀའ་བཞིའི་ནང་ཚན། རྡོ་རྗེ་རྣམ་པར་འཇོམས་པ་དཀར་པོ་ལ་བསྟེན་ནས་ལས་ཉོན་དམ་སྡོམ་ཆག་ཉམས་དང་། དམ་གྲིབ་མི་གཙང་བ་སེལ་བའི་བཀྲུ་བྱབ་སྲུང་གསུམ་གྱི་ཆོ་ག་བགྱིད་པ་སྐབས་སུ་བབ་པ་སྟེ། གཏེར་གཞུང་ལས། མ་འོངས་བསྐལ་པ་དུས་ཀྱི་ཐ་མ་ལ༔ སོགས་གཏེར་གཞུང་སྒྲུབ་ཐབས་ཀྱི་དབུར་འབྱུང་བ་བཞིན། སྙིང་ལ་རྒྱ༔ ཞེས་གདམས་ཤིང་། འདིས་ནི་བདག་གཞན་སྡིག་སྒྲིབ་མི་གཙང་བ༔ ནད་གདོན་བགེགས་སོགས་གནོད་པ་ཐམས་ཅད་དང༔ མཆོག་ལ་སྒྲིབ་པ་ཀུན་ལས་ཐར་བར་འགྱུར༔ ཞེས་བསྔགས་པ་ཉིད་བསྒྲུབ་པའི་སྐབས་སུ་བབ་པ་ལ་དམིགས་འདུན་འདི་ལྟར་མཛོད་ཅིག །བསྒྲུབ་བྱའི་སྤྱི་བོར་སོགས་བཀྲུ་བྱབ་ཀྱི་རྗེས་སུ། འདྲ་གླུད་ཁྲུས་ཁུའི་ནང་དུ་བཤམས་པ་དང་། ཟུར་དུ་ཆངས་བུ་སོགས་གྲངས་ཇི་ལྟར་འོས་པ་རྣམས་འདུ་བྱས་ལ། གླུད་གཏོར་གྱི་ཉེས་པ་ཐམས་ཅད་རཾ་ཡཾ་ཁཾ་གིས་བསང་། སྭ་བྷཱ་ཝས་སྦྱངས། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། སརྦ་བིགྷྣཱཾ་ཨཱ་ཀརྵཱ་ཡ་ཛཿས་མགྲོན་བཀུག །སམྦྷ་རས་བསྔོ་བ་ནས། བསྐྲད་པའི་མཐའ་བར་གྲུབ་ནས། དེ་ལྟར་བྱས་པས་བསྒྲུབ་བྱའི་སྒོ་གསུམ་ཉེས་སྐྱོན་ཐམས་ཅད་ལས་གྲོལ་ཏེ། སྐད་ཅིག་གིས་རྡོ་རྗེ་རྣམ་པར་འཇོམས་པའི་སྐུར་གསལ་བར་གྱུར་པ་ནི། བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་ཤེལ་དཀར་ཞུན་མའི་ཕུང་པོར་སོགས་བུམ་སྒྲུབ་ལྟར། ལྷམ་མེར་བཞུགས་པའི་གནས་རྣམས་སུ། སློབ་དཔོན་གྱི་ཕྱག་གི་རྡོ་རྗེས་རྒྱས་བཏབ་པར་མོས་ཤིག །སྔགས་ཤམ་བཅས་བརྗོད་པ་ནས། བཀྲ་ཤིས་ཀྱི་བར་བཏང་བས་གྲུབ། རྗེས་ནི་མདུན་བསྐྱེད་འོད་ཞུ་ཟིན་པས་ཁྱབ། བདག་བསྐྱེད་བསྡུ་ལྡང་གོང་དུ་མ་བགྱིས་ན་འདིར་བྱ་ཞིང་། གང་ལྟར་ཡང་བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བརྒྱན་པས་གྲུབ་བོ།། །། ༈ འདིར་འབྱུང་བཞི་དང་ཁ་རླངས་བསམ་སྦྱོར་སོགས་ཀྱིས་བི་ཥ་ལས་སྲུང་སྐྱོབ་འཕགས་མ་དུག་སེལ་མ་ལྗང་གུ་ལ་བསྟེན་ནས་དབང་། ཁྲུས། དུག་དབང་བཅས་བཞུགས་ཀྱང་། ད་ལྟ་ལུང་རྒྱུན་ཙམ་ལས། དེ་རྣམས་ཀྱི་རྒྱུན་མ་བཞུགས་པས། སླད་ནས་ཁུངས་བཙུན་རྙེད་ན་འདིར་བརྒྱུད་ཡིག་དང་བཅས་བཞུགས་སུ་གསོལ་དགོས་པར་སྣང་ངོ་།། །། ༈ མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་རིག་འཛིན་རཀྴ་ཐོད་ཕྲེང་གི་ཕྲིན་ལས་དང་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་བདུད་འཇོམས་ཞུན་ཐིགས་ཀྱི་དབང་བསྐུར་བའི་ཆོ་ག་ལྟར་དབང་སྒྲུབ། དབང་དངོས། རྗེས་ཆོག་བཅས་དང་།། །། ༈ བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་ནང་བདུད་བཞིའི་བར་ཆད་སེལ་བ། མི་གཡོ་བ་བདུད་བཞི་ཟིལ་གནོན་གྱི་དབང་ཆོག་བཻ་ཌཱུརྻའི་ཆུ་རྒྱུན་ལྟར་གྱི་རྩ་བ་འཆི་བདག་འཇོམས་པ་མི་གཡོ་བ་དཀར་པོའི་དབང་སྒྲུབ། དབང་དངོས། རྗེས་དང་། ༧ ནང་ཕུང་པོའི་བདུད་འཇོམས་པ་མི་གཡོ་བ་སེར་པོའི་དབང་སྒྲུབ། དབང་དངོས། རྗེས་དང་། ༧ གསང་བ་ཉོན་མོངས་བདུད་འཇོམས་མི་གཡོ་བ་དམར་པོའི་དབང་སྒྲུབ། དབང་དངོས། རྗེས་དང་། ༧ ཡང་གསང་ལྷ་བུའི་བདུད་འཇོམས་མི་གཡོ་བ་མཐིང་གའི་དབང་སྒྲུབ་སྐབས། བཀའ་སྲུང་མགོན་དཀར་ཡབ་ཡུམ་སྦྱར་ལ། དབང་དངོས་ཀྱི་མཐར། བཀའ་སྲུང་མགོན་དཀར་ཡབ་ཡུམ་གྱི་སྲོག་གཏད། རྗེས་རིམ་བཅས་བྱའོ།། །། ༈ ལྷ་བཙུན་སྔོན་མོས་རོལ་པོ་བྲག་ནས་སྤྱན་དྲངས་ཏེ་ཡང་རྫོང་ན་ལྡབ་གཏེར་སྦས་པ། མཆོག་གྱུར་གླིང་པས་གསང་གཏེར་བཞེས་པའི་ཤོག་སེར་ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེ་ལ་ཕུལ་ནས་གཏན་ལ་ཕབ་པ། ཞི་བྱེད་ལྷ་མོ་བདུན་གྱི་དབང་བསྐུར་བའི་ཆོ་གའི་གསལ་བྱེད་ཡིད་འོང་ཟླ་བའི་བདུད་རྩི་ལྟར། སངས་རྒྱས་སྤྱན་མ། ལོ་མ་ཅན། འོད་ཟེར་ཅན་མ། གཙུག་གཏོར་གདུགས་དཀར། ཤེར་ཕྱིན་དཀར་མོ། སྒྲོལ་མ་དཀར་མོ། རྨ་བྱ་ཆེན་མོ་དང་བདུན་སོ་སོར་དབང་སྒྲུབ། དབང་དངོས་གཞི་ལ་འཇུག་པ་དང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ། སྒོས་ཆོས་ཁྱད་པར་གྱི་རྗེས་གནང་ལྔ་སོ་སོའི་སྐབས་ཐོབ་དང་། སངས་རྒྱས་སྤྱན་མར་བཀྲུ་བྱབ་སྲུང་གསུམ། གདུགས་དཀར་ལ་བྱད་བཀྲོལ། བཀྲུ་བྱབ། གླུད་བསྔོ། སྲུང་བ། རྨ་བྱ་ཆེན་མོར་ཚེ་དབང་། བཀྲུ་བྱབ། འཆི་བླུའི་གླུད་དང་ཁྲུས་ཆུ་ལྷན་ཅིག་བྱིན་བརླབས་ནས་གྲངས་གསོག་བཀའ་བསྒོ་བཅས་ཕྱིར་བཏང་། རྗེས་སྲུང་བ་བཅས་སྦྱར་ཞིང་དབང་གི་རྗེས་རྣམས་གྲུབ་མཐར། མན་ངག་གི་རྣལ་འབྱོར་ཟབ་མོའི་ཁྲིད་རིམ་གྱི་གདམས་པ་སྤེལ་བ་དང་། ཆོ་གའི་རྗེས་རིམ་བཅས་ཞིབ་པར་བྱའོ།། །། ༄། གཉིས་པ་ནད་ཞི་བའི་སྐོར་ལ། ཀློང་གསལ་རྡོ་རྗེ་སྙིང་པོའི་བཅོམ་ལྡན་འདས་སྨན་གྱི་བླ་མའི་ཆོ་ག་དབང་བསྐུར་དང་བཅས་པ་བཻ་ཌཱུརྻའི་ཕྲ་ཚོམ་ལྟར་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ གནམ་ཆོས་དགོངས་གཏེར་གཙོ་བོར་བྱས་པའི་སྨན་བླའི་གཏོར་དབང་གསར་རྙིང་ཐུན་མོང་བ་ལྟར། གནམ་ཆོས་སྤྱི་འགྲོས་ཀྱིས་ཟུར་བརྒྱན་པའི་དབང་སྒྲུབ། དབང་དངོས་ཀྱི་ཐོག་མར། ནད་པ་བྱིན་རླབས་ཤོག་བཀྲ་མ་སྦྱར་དགོས་པས། སློབ་མ་རྣམས་ཁྲུས་བྱས་ནང་དུ་ཚོགས་ལ། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྒྱུ་དང་འབྲས་བུའི་ནད་དང་སྡུག་བསྔལ་ཉམ་ང་བའི་གནོད་པ་ཐམས་ཅད་ལས་བསྐྱབ་ནས། ཀུན་མཁྱེན་རྒྱལ་བ་སྨན་གྱི་བླ་བཻ་ཌཱུརྻ་འོད་ཀྱི་རྒྱལ་པོའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་བྱིན་རླབས་གཏོར་དབང་ཟབ་མོ་ནོད་དེ་དོན་གཉིས་སྒྲུབ་པའི་ཐབས་ཉམས་སུ་ལེན་པར་བྱའོ་སྙམ་པའི་ཐུགས་བསྐྱེད་པ་གསལ་བཏབ་ནས་མ་ཡེངས་པར་གསན་འཚལ། དེ་ལ་ཐོག་མར་ནད་གདོན་ཞི་བར་བྱེད་པའི་ནད་པ་བྱིན་རླབས་ཤོག་བཀྲ་མའི་ཆོ་ག་བསྒྲུབ་པ་ལ། དམིགས་པ་འདི་བཞིན་དུ་མཛོད། དེ་ཡང་ཟླ་བ་སྒྲོན་མའི་མདོ་ལས། སོགས་བྱིན་རླབས་ཤོག་བཀྲའི་མཚམས་སྦྱོར་སྔོན་འགྲོ་ཆགས་མེད་གསུང་ལྟར། ཁས་བླངས་པར་སྒོམས་ཤིག །ཅེས་པའི་མཇུག་དེར། སློབ་མའམ། ནད་པའི་དྲིལ་ཟན་ལ་ངར་མི་སྐྱེ་མཆེད་དོད་པ་དང་ཆངས་བུ་ལམ་སྒྲོན་བཅས་སྣོད་གཅིག་ཏུ་བཤམས་པ་དང་། ཤོག་བཀྲ་རྣམས་ལ། ལས་ཆུས་བྲན་ཏེ། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། རིན་ཆེན་སྣོད་དུ་གླུད་གཏོར་དང༔ ལྷ་མིའི་ལོངས་སྤྱོད་ནམ་མཁའི་མཛོད། །བདུད་རྩིར་གྱུར་ཅིག་ཨོཾ་ཨཱཿཧཱུྃ༔ ཞེས་པས་བྱིན་གྱིས་བརླབས་ནས། ནད་ཀྱིས་ཟིན་པའི་ནད་པ་ལ༔ སོགས། བྱིན་བརླབ་ཤོག་བཀྲ་མ་ཚང་བར་འདོན་ཞིང་ཤོག་བཀྲ་རྣམས་བསྔོ་བའི་ཚུལ་བྱས་ལ། མཐར། འབྱུང་པོ་མཐུ་ཆེན་ཁྱེད་ཅག་རྣམས། །འདོད་ཡོན་མཆོད་སྦྱིན་རྒྱ་ཆེན་དང་། །ཡིད་མཐུན་གླུད་དང་ཆངས་བུ་ལོངས། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བུ་ལོན་ཤ་འཁོན་ལན་ཆགས་ཁྱེར། །བསྲུང་བྱ་འདི་ལ་མ་གནོད་པར། །བགེགས་རིགས་འབྱུང་ཚོགས་གཞན་དུ་དེངས། །གལ་ཏེ་མི་ཉན་འཚེ་བྱེད་ན༔ ཡེ་ཤེས་ཁྲོ་བོས་བརླག་པར་འགྱུར༔ དེ་བས་བསྒོ་བའི་བཀའ་ལ་ཉོན༔ ཞེས་བཀའ་བསྒོས་ལ། སླར་ཡང་མཚམས་སྦྱོར་ལྟར། འོ་ད་ནི་འདོད་ཡོན་སོགས་བརྗོད་མཐར། སརྦ་བྷཱུཏ་བིགྷྣཱན་གཙྪ་གཙྪས་གླུད་ཡས་རྣམས་བཞི་མདོ་འམ། ལོ་བདུད་ཕྱོགས་སུ་གཏང་། གདོན་བགེགས་རྣམས་དགའ་ཞིང་མགུ་བས་མཆོད་སྦྱིན་རྣམས་ཁྱེར་ཏེ་རང་གནས་སུ་སོང་བར་བསམ། མཆོད་སྦྱིན་ཐོབ་ཀྱང་མི་འགྲོ་བ་རྣམས་བསྐྲད་པའི་ཕྱིར་ཐུན་བྲབ་གུ་གུལ་བསྲེག་རོལ་མོའི་སྒྲ་དང་བཅས། སུམྦྷ་ནི་དྲག་ཏུ་བརྗོད། སྲུང་འཁོར་ནི། སྐུ་ལས་མེ་དཔུང་ཁྲོ་ཚོགས་འཕྲོས༔ གདོན་བགེགས་ཐམས་ཅད་ཚར་བཅད་ནས༔ ཕྱི་རོལ་རྡོ་རྗེའི་གུར་ཁང་ལ༔ ཡེ་ཤེས་ལྔ་ལྡན་མེ་དཔུང་འབར༔ བཛྲ་རཀྵ་རཀྵ་བྷྲཱུྃ༔ དེ་ལྟར་རྡོ་རྗེ་སྲུང་བའི་འཁོར་ལོ་མེ་རི་དང་བཅས་པས་ཕྱོགས་བཅུར་བར་མེད་དུ་གཏམས་པས་བགེགས་དང་བར་ཆད་ཀྱིས་གླགས་མི་རྙེད་པའི་མོས་པ་མཛོད། དེ་རྣམས་ཀྱིས་བྱིན་རླབས་ཤོག་བཀྲ་མའི་རིམ་པ་གྲུབ་ནས། སླར་ཡང་བཀའ་གཏེར་ཟུང་འཇུག་གཏོར་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ། འོ་ན་ད་ལམ་སྨན་བླའི་གཏོར་དབང་ཞིག་སོགས་ནས་དབང་རྒྱས་པ་གྲུབ་ཀྱི་བར་མཐར་ཆགས་སུ་བསྐུར་པས། བསྡུས་པ་གྲངས་གསོག་དེའང་ཐོབ་པར་བརྩི་བས་ཟུར་དུ་བསྐུར་མི་དགོས་ཤིང་། གྲངས་གསོག་སྐབས། རྒྱས་པ་ཚར་གཅིག་བསྐུར་བའི་གཏོར་མའི་བཀའ་བསྒོ་ཤིས་བརྗོད་བཅས་གྲུབ་རྗེས། དབང་བསྡུས་པ་ལ་འཇུག །གྲངས་རྫོགས་པ་ན། བཟླས་ལུང་ཕྱིན་དབང་རྒྱས་པའི་མཇུག་མཐར་དབྱུང་བ་ཕྱག་བཞེས་ཡིན། ཆོ་གའི་རྗེས་གནམ་ཆོས་སྤྱི་བཞིན་ནོ།། །། ༈ བདུད་འདུལ་དམ་ཆོས་སྤྲུལ་སྐུ་སྙིང་ཐིག་གི་རི་ཁྲོད་ལོ་མ་གྱོན་མའི་དབང་ཆོག་བདུད་རྩིའི་ཆུ་རྒྱུན་མཚམས་སྦྱོར་གྱིས་བརྒྱན་པ་ལྟར་དབང་སྒྲུབ་ལ་བརྒྱུད་འདེབས་རྗེས། གཏེར་གཞུང་སྐྱབས་སེམས་ནས། བསྐལ་པའི་མེ་དཔུང་ཀློང་དུ་བཞུགས༔ ཞེས་པའི་བར་གྱིས་གསལ་བཏབ། དེ་ནས་སྤྱི་ཙམ་དུ་མདུན་བུམ་གཉིས་ཚིག་རིགས་གཅིག་གིས་བསྐྱེད་པར་གསུངས་པས། དེ་ལྟར་ན། དམིགས་རྟེན་རྣམས། སྭ་བྷཱ་ཝས་སྟོང་པར་སྦྱངས། མདུན་གྱི་དལ་མི་དམིགས་པ་སྟོང་པའི་ངང་ལས༔ རིན་པོ་ཆེའི་ཕོ་བྲང་གཞལ་ཡས་ཁང་དང་། བུམ་པ་མི་དམིགས་པའི་ངང་ལས། བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ༔ ཞབས་ཞུམ་པ་ལྟོ་བ་ལྡིར་བ༔ མགྲིན་པ་ཕྲ་བ་ཁ་གཡེལ་བ༔ ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་གང་བར་གྱུར་པ་སྟེ༔ སོ་སོའི་དབུས་སུ་པདྨའི་གདན་ལ། པཾ་ཡིག་ལྗང་གུའི་འཕྲོ་འདུ་ལས༔ དོན་གཉིས་བྱས༔ སོགས་ནས། མེ་རི་མེ་ཕུང་འབར་བའི་ཀློང་དུ་བཞུགས་པའོ༔ བར་དང་། བདག་མདུན་བུམ་པའི་ལྷ་ཚོགས་རྣམས། །དེ་ལྟར་གསལ་བའི་གནས་གསུམ་སོགས་སྒྲུབ་ཐབས་ལྟར་སྤྱན་འདྲེན་ནས་བསྟོད་པའི་མཐའ་བར་གཏང་། བཟླས་དམིགས་དམིགས་འབྱེད་གསལ་མེ་ལས་གསུངས་པ་ལྟར་སྦྱོར་བ་ལ། དམིགས་འདོན་ཟིན་སླ་བའི་ཆེད་ཅུང་ཟད་གསལ་ཁ་བགྱིས་པ་ནི། བདག་མདུན་བུམ་ལྷ་རི་ཁྲོད་མར་གསལ་བའི། །སྙིང་གར་པད་ཟླ་ཉི་སྟེང་ཡེ་ཤེས་སེམས། །རང་འདྲའི་ཐུགས་ཀར་སྐྱེ་མེད་ཉི་མའི་སྟེང་། །འགག་མེད་རིག་པ་པཾ་ཡིག་ལྗང་གུའི་མཐར། །རང་རྩལ་སྔགས་ཕྲེང་ཁ་དོག་མདོག་མཚུངས་ལས། །འོད་ཟེར་དམར་པོ་མགལ་མེ་ལྟ་བུར་འཁོར། །མདུན་བུམ་རང་འདྲའི་སེམས་དཔའི་ཐུགས་ཀར་ཕོག །རྒྱུད་བསྐུལ་སྔགས་ལས་འོད་འཕྲོས་ཕྱོགས་དུས་ཀྱི། །རྒྱལ་མཆོད་བྱིན་རླབས་ནུས་སྟོབས་འོད་ཟེར་རྒྱུན། །ཚུར་འདུས་མདུན་བུམ་སེམས་དཔའི་སྐུ་ལ་ཐིམ། །མདུན་བསྐྱེད་སྔགས་ལས་འོད་ཟེར་ཕྲེང་བ་བྱོན། །འཇུག་པའི་རླུང་གིས་དྲངས་ཏེ་བདག་ལ་ཐིམ། །བྱིན་ཐོབ་དབྱུང་བའི་རླུང་འོད་མདུན་བསྐྱེད་མཆོད། །རྒྱུད་བསྐུལ་ཚུར་རྔུབས་དངོས་གྲུབ་རང་ལ་བསྡུ། །འཕྲོ་འདུའི་འཁོར་ལོ་མགལ་མེ་ལྟ་བུ་འོ། །བུམ་པའི་ལྷ་ཚོགས་བ་སྤུའི་བུ་ག་ནས། །བདུད་རྩིའི་རྒྱུན་བྱུང་བུམ་པ་གང་བར་གྱུར། །ཅེས་པའི་དམིགས་པ་གསལ་ལ་རྩ་སྔགས་ཅི་འགྲུབ་བཟླ། ཐུན་མཐར་མཆོད་པ་སྤྱི་འགྲོ། དམིགས་འབྱེད་ལྟར་བུམ་ལྷ་འོད་ཞུ་སླར་ཡང་བུམ་པའི་ལྷ་ཚོགས་སོགས། དངོས་གཞི་དབང་བསྐུར་གྱི་བྱ་བ་གྲུབ་གྱི་བར་དབང་ཆོག་མཚམས་སྦྱོར་གྱིས་བརྒྱན་པ་བཞིན་བྱ། ཆོ་གའི་རྗེས་རིམ་ལ། གཏང་རག་མཆོད་བསྟོད་སྒྲུབ་ཐབས་ཀྱི་དཀྱུས་སུ་འབྱུང་བ་བཞིན་དང་། སྤྱི་འགྲོའི་ནོངས་བཤགས་མཐར། ཨཱ་ལི་ཀཱ་ལི་བརྗོད། གཞུང་འདིར་གཤེགས་གསོལ་གསུངས་ཀྱང་སྤྱི་བཞིན་སྐུ་ཙཀ་སོགས་ལ་དམིགས་ཏེ་བརྟན་པར་གསོལ་བ་ནི། རྗེ་བཙུན་པར་ཎ་ཤ་ཝ་རིའི་དཀྱིལ་འཁོར་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་རྣམས་ཇི་སྲིད་ཀྱི་བར་དུ་རྟེན་རྣམས་ལ་བརྟན་པར་བཞུགས་སུ་གསོལ། བཞུགས་ནས་སེམས་ཅན་ཐམས་ཅད་ལ་མགོན་སྐྱབས་དང་དཔུང་གཉེན་དམ་པ་མཛད་དུ་གསོལ། ཡེ་དྷརྨཱ་བརྗོད་པས་ཡེ་ཤེས་པ་རྟེན་ལ་བསྟིམ། འབྲུ་གསུམ་གྱིས་དམ་ཚིག་པ་རང་ལ་བསྡུའོ། །བསྔོ་བ་སྨོན་ལམ་ནི། ན་མོ། བདག་གིས་རྗེ་བཙུན་སོགས་ནས། དོང་སྤྲུགས་ཤོག །བར་དམིགས་འབྱེད་ལྟར་དང་། བསྡུ་ལྡང་སོགས་བྱ་བར་གསུངས་ཀྱང་། དམིགས་འབྱེད་ཀྱི་དགོངས་པ་དང་བསྟུན་ན་འཇུག་པ་བདེ་བར་སྣང་བས། བདག་བསྐྱེད་བསྡུས་ཏེ་ལྟ་བའི་ངང་དུ་བཞག་པ་ནི། ལྷར་སྣང་འོད་ཕུང་འཇའ་ལྟར་ཡལ། །བརྗོད་བྲལ་དབྱིངས་རིག་མ་བུ་འདྲེས། །གདོད་མའི་ཁྱབ་བརྡལ་དེ་ངང་གཞག །ཅེས་ལྟ་བའི་ཉམས་ལེན་ལམ་དུ་ཁྱེར་བས་གྲུབ་བོ།། །། ༈ གནམ་ཆོས་གཙོས་བཀའ་གཏེར་ཟུང་འཇུག་ལོ་མ་ཅན་གྱི་དབང་བྱིན་རླབས་ཅན་ཞེས་བྱ་བ་ཆགས་མེད་གསུང་ལྟར། གནམ་ཆོས་སྤྱི་བཞིན་དབང་སྒྲུབ་བསྡུས་པ་བྱ་ཆོག །རྒྱས་པ་དེ་མ་གྲུབ་ཀྱང་འགྲིགས། ཤིང་ལོ་མ་ནད་ཡམས་གཅོད་པའི་ལས་སྦྱོར་སྐབས་ཀྱི་ལྷ་ཡིན་པས་དབང་བསྐུར་དུས་འདིར་མི་འབྱུང་། དེ་ལྟར་བསྒྲུབས་ཟིན་ནས། དབང་དངོས་གཞི་བསྐུར་ལ། རྗེས་རིམ་གནམ་ཆོས་སྤྱི་བཞིན་བྱའོ།། །། ༈ སྟག་ཤམ་གུ་རུ་ཞི་བའི་ཆ་ལག་རི་ཁྲོད་ལོ་མ་གྱོན་མའི་དབང་དོན་སྒྲུབ་པ་ལ། སྐྱབས་སེམས་ནི། སངས་རྒྱས་ཆོས་དང་སོགས་ལན་གསུམ། གཞི་བགེགས་ཀྱི་གཏོར་མ་སྟག་ཤམ་རང་ལུགས་སམ། སྤྱི་འགྲོས་ཙམ་ལ་ཐུན་མོང་དུ། རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་གིས་བརླབ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་མགྲོན་བཀུག །ཨ་ཀཱ་རོས་བསྔོས་ལ། མཆོད་སྦྱིན་གཏོར་མས་ཕྲིན་ལས་བཅོལ། གཙྪས་གཤེགས། སརྦ་བྷཱུཏ་ཨཱ་ཀརྵཱ་ཡ་ཛཿས་བགེགས་བཀུག །སརྦ་བྷཱུཏ་བ་ལིཾ་ཏ་ཁཱ་ཧིས་བསྔོ། ཧཱུྃ༔ བླ་མ་རྣམས་ཀྱི་བྱིན་རླབས་དང༔ སོགས་ཀྱིས་བཀའ་བསྒོ་ཞིང་བསྐྲད། ཧཱུྃ༔ ང་ནི་ཡེ་ནས་སོགས་ཀྱི་མཚམས་གཅོད་ལྟ་བུ་སྤྱིར་བཏང་བྱ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཀྱི་ཚད་མེད་བཞི་བསྒོམ། ཚོགས་གསག་ནི། མ་ནམ་མཁའ་དང་སོགས་གཞུང་ལྟར། གཉིས་མེད་གྱུར༔ བདག་བསྐྱེད་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས་ཀྱིས་སྦྱང་། བདག་གཞན་ཕྱི་ནང་མི་དམིགས་སྟོང་པའི་ངང༔ པདྨ་ཟླ་བ་རྒྱས་པའི་གདན་སྟེང་དུ༔ སོགས་བསྐྱེད་བསྟིམ་བཟླས་པའི་མཐར་ཐུག་པའི་བར་གཏང་། མཆོད་རྫས་རྣམས་རཾ་ཡཾ་ཁཾ་གིས་བསང་སྦྱང་། རྣམ་དག་ཆོས་དབྱིངས་སོགས་ཀྱིས་བརླབ། བུམ་བསྐྱེད་ནི། ཤཱུནྱ་ཏཱས་སྦྱང་། དངོས་འཛིན་ཆོས་རྣམས་མི་དམིགས་སྟོང་པའི་ངང༔ བྷྲཱུྃ་ལས་བུམ་པ་གཞལ་ཡས་ཁང་པའི་དབུས༔ པདྨ་ཟླ་བ་རྒྱས་པའི་གདན་སྟེང་དུ༔ ཡི་གེ་པཾ་ལྗང་སོགས་ཀྱིས་སྔར་བཞིན་བསྐྱེད་ནས། གཉིས་མེད་བསྟིམ༔ འོག་གི །ཧྲཱི༔ བཅོམ་ལྡན་འདས་མ་ལོ་མ་ཅན༔ སོགས་སྤྱན་འདྲེན་ནས་བསྟོད་པའི་མཐའ་བར་གཏང་། བཟླས་དམིགས་ནི། གོང་གི །བདག་མདུན་ཐ་མི་དད་པ་སོགས་ནས། འཁོར་འདས་བཅུད་ཀུན་སྡུད༔ བདག་མདུན་སྒྲུབ་པའི་རྫས་ལ་ཐིམ། །ནད་སེལ་སྨན་གྱི་ནོར་བུར་གྱུར། །ཅེས་གསལ་གདབ་ཅིང་། གཟུངས་ཐག་དྲངས་ནས་སྔགས་བརྒྱ་རྩ་སོགས་ཅི་ནུས་བསྙེན་མཐར། འོག་གི །བུམ་པའི་ལྷ་ཚོགས་སོགས་ཀྱིས་འོད་ཞུ་བྱ། རིག་མེ་དོར་ལ་གནང་བ་ནོད། དབང་དངོས་ལ། མར་གྱུར་གྱི་ཡིད་ཅན་རྣམས་ཀྱི་དོན་དུ་དཔལ་ལྷ་མོ་རི་ཁྲོད་ལོ་མ་ཅན་གྱི་དབང་བསྐུར་ཞུ་བར་བྱ་སྙམ་པའི་ཐུགས་ལེགས་པར་བསྐྱེད་དེ་གསན་འཚལ། དེ་ལ་རྒྱལ་བ་ཐུགས་རྗེའི་བདག་ཉིད་ཀྱིས་འགྲོ་ཁམས་རྣམས་ལ་བུ་གཅིག་པའི་མ་བཞིན་དམིགས་པ་མེད་པའི་ཐུགས་རྗེའི་བརྩེ་བས། ཕན་བདེའི་ལམ་བཟང་ཇི་སྙེད་ཅིག་གསལ་བར་མཛད་པ་ལས། ཉེས་གསུམ་རྒྱུ་ལས་བྱུང་བའི་ནད་སྤྱི་དང་། ཁྱད་པར་སྙིགས་དུས་གསོ་བར་དཀའ་བའི་འགོ་ཡམས་རིམས་ནད་ཀྱི་གཉེན་པོར་མཆོག་ཏུ་ཟབ་པའི་མཚན་དང་རིགས་སྔགས་དྲན་པ་ཙམ་གྱིས་སེལ་ཞིང་མི་འབྱུང་བར་བྱེད་པའི་ལྷ་མོ་འདི་ཉིད་ཀྱི་སྒྲུབ་སྐོར་གསར་རྙིང་རྣམས་སུ་རྒྱ་ཆེར་བྱོན་པ་ལས། འདིར་བརྒྱུད་ཐག་ཉེ་ཞིང་བྱིན་རླབས་ཀྱི་དྲོད་མ་ཡལ་བའི་ངེས་པས་ཁྱད་པར་དུ་འཕགས་པ་ཟབ་མོ་གཏེར་གྱི་ཕྱོགས་ལས་བྱོན་པ་སྟེ། དེ་ཡང་ཆོས་བློ་མགོན་དང་ཨརྻ་ས་ལེ་ཟུང་འཇུག་གི་རོལ་གར་ཨོ་རྒྱན་བསམ་གཏན་གླིང་པའམ། སྟག་ཤམ་ནུས་ལྡན་རྡོ་རྗེས་བླ་མ་ཞི་དྲག་གི་ཆོས་སྐོར་བོད་འབངས་སྐྱོབ་པའི་མགོན་དུ་གཏེར་ཞལ་དབྱེ་བར་མཛད་པའི་ཆོས་སྡེ་ལས་བྱོན་པ་ཡིན་ཏེ། གཞུང་ལས། འདི་ལ་བརྩོན་པའི་རྣལ་འབྱོར་གང༔ ནད་ཀྱི་སྟེང་དུ་ཐོགས་པ་མེད༔ ཕར་འཇོམས་ནུས་པས་ཕ་ལམ་འདྲ༔ ཤིན་ཏུ་ཟབ་བོ་ས་མ་ཡ༔ ཞེས་བསྔགས་པར་མཛད་པ་བཅོམ་ལྡན་འདས་མ་རི་ཁྲོད་ལོ་མ་གྱོན་མའི་སྒྲུབ་ཐབས་ནད་འཇོམས་སྟོབས་སྒྲོན་མའི་དབང་བསྐུར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། དུས་གསུམ་བདེ་གཤེགས་འདུས་པའི་མགོན། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བཅོམ་ལྡན་ལྷ་མོ་ཤ་ཝ་རཱིའི། །དབང་བསྐུར་དམ་པ་བསྩལ་དུ་གསོལ། །ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ་ཚོགས་ཞིང་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་བདུན་རྣམ་དག་མཛད་པའི་བློས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་སོགས། དབང་གི་གཞི་འགོད་པའི་སླད་དུ་འདི་ལྟར་གསལ་ཐོབས། ཤཱུནྱ་ཏཱ་སོགས་བདག་བསྐྱེད་ལྟར་ལ། སློབ་མའི་ཞེས་བསྒྱུར་ནས། གསལ་བར་བསྐྱེད༔ དེ་ལྟར་བསྒོམས་པའི་གནས་གསུམ་ཡི་གེའི་འོད་དང་། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་རྩ་གསུམ་རྒྱལ་བ་རབ་འབྱམས་དང་དཔལ་ལྡན་མའི་ཐུགས་རྒྱུད་བསྐུལ་བས། སྐུ་གསུང་ཐུགས་ཀྱི་བྱིན་རླབས་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་ཚོགས་ཆར་དྲག་འབབ་པ་བཞིན་བྱོན་ནས་སློབ་མར་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས། སྤོས་རོལ་བཅས་རྩ་སྔགས་མཐར། ཨཱ་ཝེ་ཤ་ཡ་ཨཱཿ ཞེས་བཏགས་པས་བྱིན་དབབ། ཏིཥྛ་བཛྲས་བརྟན། དབང་དངོས་གཞིར། བུམ་པ་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ། བུམ་བཅུད་བདུད་རྩི་ནད་འཇོམས་ཀྱི་ནོར་བུའི་རྒྱུན་གྱིས་བཀང་བས་དབང་བསྐུར་བ་ལས་བུམ་ཆུའི་རྒྱུན་བྱུང་ནས་ལུས་ཀྱི་ནང་ཐམས་ཅད་གང་། ནད་གདོན་གྱི་རྒྱུ་འབྲས་རྣམས་དྲུངས་ནས་ཕྱུང་། གདོས་བཅས་ཀྱི་སྣང་བ་དག །ལྷག་པའི་ལྷ་མོ་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུར་གྱུར་པར་མོས། ཧྲཱི༔ བཀྲ་ཤིས་རིན་ཆེན་སོགས་ཀྱིས་དབང་བསྐུར་ཞིང་བུམ་ཆུ་སྦྱིན། སངས་རྒྱས་བྱང་སེམས་རྣམས་ཀྱི་ཐུགས་རྗེའི་མཐུ་དང་ལྷ་མོའི་རིག་སྔགས་སྨོན་ལམ་གྱི་སྟོབས་ལས་འཁྲུངས་པའི་སྨན་མཆོག་རྣམས་ཕྱག་ཏུ་གཏད་པས། སྨན་གྱི་སྦྱོར་བའི་ཕྲིན་ལས་ཀྱིས་འགྲོ་ལ་ཐོགས་མེད་དུ་འཇུག་ནུས་པའི་མཐུ་ཐོབ་པར་མོས། ཧྲཱི༔ ནད་འཇོམས་ཡེ་ཤེས་སོགས། སླར་ཡང་སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་རང་བཞིན་གྱི་གནས་དང་དཔག་བསམ་ཤིང་གི་ལྗོན་པའི་གྲིབ་ནས། བཅོམ་ལྡན་འདས་ལྷ་མོ་རི་ཁྲོད་ལོ་མ་ཅན་ཡེ་ཤེས་སེམས་མའི་སྐུ་དངོས་སུ་སྤྱན་དྲངས། སློབ་མའི་སྙིང་དབུས་སུ་ཐིམ་པས་ལྷ་མོའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་དང་གཉིས་སུ་མེད་པར་གྱུར་པ་ཡིན་སྙམ་པའི་ང་རྒྱལ་དང་། དེང་ཕྱིན་ཆད་ནད་རིམས་གདོན་ལ་སོགས་པའི་འཇིགས་པ་གང་གིས་ཀྱང་མི་ཚུགས་པའི་རྡོ་རྗེའི་ལུས་དང་སྲོག་འགྲུབ་པར་མོས། ཧཱུྃ༔ རྟེན་འབྲེལ་ཐུགས་རྗེའི་སོགས་བརྗོད། དེ་རྣམས་ཀྱིས་ལོ་མ་གྱོན་མའི་དབང་ཐོབ་པ་ཡིན་པས་དམ་ཚིག་གི་རིམ་པ་ཚུལ་བཞིན་བསྲུང་ཞིང་། འདི་ཉིད་ཡི་དམ་གྱི་ལྷར་འཛིན་དགོས་པས་དེ་ལྟར་བགྱི་བའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་ལྟར་རོ། །ཆོ་གའི་རྗེས་བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་བཅས་སྤྱི་འགྲོ་བགྱིས་པས་གྲུབ་བོ།། །། ༈ རིག་འཛིན་ཐུགས་ཀྱི་རྡོ་རྗེའི་དགོངས་གཏེར་མིག་འབྱེད་ཐུགས་རྗེ་ཆེན་པོའི་དབང་གི་ཆོ་ག་རཏྣའི་ཐུར་མ་ལྟར་དབང་སྒྲུབ། དབང་དངོས་བསྐུར་ཞིང་ཆོ་གའི་རྗེས་བཅས་བྱའོ།། །། ༈ གྲུབ་ཐོབ་རིལ་དཀར་གྱི་སྒོམ་ལུང་དང་ཕྱག་ལེན་འབོགས་ཚུལ་ཐང་སྟོང་དགོངས་རྒྱན་ལྟར་ལོ་རྒྱུས་སྔོན་འགྲོས། སྒོམ་ལུང་དངོས་རང་གཞུང་ཚིགས་བཅད་མའི་ལུང་གཏང་བ་དང་། ཕྱག་ལེན་བསྟན་པ། དབང་རྗེས་བཅས་བྱའོ།། །། ༄། གསུམ་པ་གདོན་ཞི་བའི་སྐོར་ལ། མངའ་བདག་ཉང་གཏེར་ཡེ་ཤེས་ཀྱི་བྱ་ཁྱུང་དམར་པོའི་སྒྲུབ་ཐབས་ལས་ཚོགས་རྗེས་གནང་དང་བཅས་པ་ལྟར་དབང་སྒྲུབ། དངོས་གཞིར་རྗེས་གནང་མཐར། གཏོར་མའི་དབང་བསྐུར་སྤྱི་ཁྱབ་ལྟར་བྱ་གསུངས་པ་ནི། གཏོར་སྣོད་སྣང་བ་རྣམ་པར་དག་པའི་དཀྱིལ་འཁོར་གྱི་དབུས་སུ། གཏོར་མ་རིག་པ་རང་བྱུང་ཡེ་ཤེས་ཀྱི་བྱ་ཁྱུང་དམར་པོ། སྐུའི་གནས་དང་རྡོ་རྗེའི་འདབ་གཤོག་མཇུག་སྒྲོ་ཐེའུ་ཕྲན་བ་སྤུ་ཐམས་ཅད་ལས་ཡེ་ཤེས་ཀྱི་མེ་དང་། སྤྲུལ་པའི་བྱ་ཁྱུང་གི་ཚོགས་རླུང་ལྟར་འཚུབས་ཤིང་། སེར་ལྟར་འགྲིལ་བ། སྐར་མདའ་ལྟར་འཕྱོ་བས་སློབ་མའི་སྒོ་གསུམ་ལ་གནོད་པའི་ཉེར་འཚེ་ཐམས་ཅད་རྩ་སྦུར་མེ་དང་འཕྲད་པ་བཞིན་འཇོམས་པར་བྱེད་པའི་སྟེང་གི་ནམ་མཁར་བླ་མ་རིག་འཛིན། བར་གྱི་ཆ་ལ་ཡི་དམ་ཞི་ཁྲོ་རབ་འབྱམས། མཐའ་སྐོར་མཁའ་འགྲོ་དམ་ཅན་ཡེ་ཤེས་ཀྱི་སྤྱན་ལྡན་གྱི་ཚོགས་མངོན་སུམ་དུ་བཞུགས་པ་འདི་ཉིད་སྤྱི་བོར་སྤྱན་དྲངས་ཤིང་གསོལ་བ་བཏབ་པས། ཐུན་མཆོག་གི་དངོས་གྲུབ་མཐའ་དག་ཡིད་བཞིན་དུ་བསྩལ་ཞིང་ཐོབ་པར་མོས། ཞེས་བརྡ་སྦྱར་ལ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་རིག་འཛིན་བརྒྱུད་པའི་དཔལ་ལྡན་བླ་མ་རྣམས་དང་། ཡི་དམ་རྒྱལ་བ་ཞི་ཁྲོ་རབ་འབྱམས། ཁྱད་པར་ཡེ་ཤེས་ཀྱི་ག་རུ་ཌཿདམར་པོ་སྤྲུལ་དང་ཡང་སྤྲུལ་གྱི་ཚོགས། མཁའ་འགྲོ་དམ་ཅན་ཆོས་སྐྱོང་བའི་སྲུང་མ་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ཡེ་ཤེས་ཀྱི་བྱིན་དབང་དངོས་གྲུབ་ནུས་རྩལ་མ་ལུས་པ། རྡོ་རྗེའི་སློབ་མའི་རྒྱུད་ལ་འཇུག་པར་མཛད་དུ་གསོལ། ནད་གདོན་བར་ཆད་སྔོན་གྱི་ལས་དང་། འཕྲལ་གྱི་རྐྱེན་ལས་གྱུར་པ་སྤྱི་དང་། ཁྱད་པར་ས་བདག་ཀླུ་གཉན་མ་རུངས་པའི་བསམ་སྦྱོར་མཐོང་རེག་ཁ་རླངས་ལས་གྱུར་པའི་དུག་དང་། བྱད་ཕུར་རྦོད་གཏོང་གི་སྦྱོར་བས་གཏད་པ་དང་བཅིངས་པ་དང་བརླག་པ་ལ་སོགས་པའི་ལས་ཀྱི་སྦྱོར་བ་ལ་བརྟེན་པའི་གདུག་རྩུབ་མི་མཐུན་པའི་རྐྱེན་ཐམས་ཅད་ཞི་ཞིང་མེད་པར་མཛོད་ཅིག །ཚེ་དཔལ་མངའ་ཐང་ལེགས་ཚོགས་ཐམས་ཅད་རྒྱས་པར་མཛོད་ཅིག །རླུང་སེམས་སྣང་བ་ཐམས་ཅད་དབང་དུ་བསྡུ་བར་མཛོད་ཅིག །དགྲ་བགེགས་ཀླུ་གདོན་ས་བདག་རྒྱལ་བསེན་ཐམས་ཅད་གཏན་ནས་བརླག་པར་མཛོད་ཅིག །འདི་ནས་བྱང་ཆུབ་ཀྱི་བར་དུ་སྲུང་བ་དང་། སྐྱོབ་པ་དང་། སྦེད་པ་ལ་སོགས་པའི་འདོད་རྒུའི་དངོས་གྲུབ་དང་། ལས་ཀྱི་ནུས་པ་མཐུ་སྟོབས་དཔལ་ཡོན་ཐམས་ཅད་རྒྱས་ཤིང་བརྟན་པར་མཛད་དུ་གསོལ། རྩ་སྔགས་ལས་ཀྱི་ཤམ་ཅན་གྱི་སྭཱ་ཧཱའི་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་བ་ལིཾ་ཏ་ཨ་དྷིཥྛཱ་ན་ཤཱནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བཏགས་པ་བརྗོད་ཅིང་གནས་གསུམ་དུ་གཞག །མཐར། གཏོར་མའི་ལྷ་འོད་དུ་ཞུ་བ་སློབ་མ་ལ་ཐིམ་པས། ལྷ་དང་གཉིས་སུ་མེད་པའི་མཐུ་སྟོབས་ཡོན་ཏན་གྱི་ནུས་རྩལ་ཡོངས་སུ་རྫོགས་ཤིང་རྒྱས་པར་མོས་མཛོད། དབང་གི་རྗེས་སྤྱི་ལྟར་དང་། ཆོ་གའི་རྗེས་རིམ་ནི། བདག་མདུན་ལ་དམིགས་པའི་མཆོད་བསྟོད་མདུན་བསྐྱེད་སྐབས་ལྟར་དང་། ཡིག་བརྒྱས་ནོངས་པ་བཤགས། ཡེ་ཤེས་པ་རྟེན་ལ་བསྟིམ་པའམ། བཛྲ་མུཿས་ཡེ་ཤེས་པ་གཤེགས། དམ་ཚིག་པ་འབྲུ་གསུམ་གྱིས་རང་ལ་བསྡུ། །བདག་བསྐྱེད། ཧཱུྃ་གསུམ་དང་། ཕཊ་གསུམ་གྱིས་བསྡུ་ལྡང་དང་། དགེ་བ་འདི་ཡིས་མྱུར་དུ་བདག །ཡེ་ཤེས་ཁྱུང་དམར་འགྲུབ་གྱུར་ནས། །སོགས་ཀྱིས་བསྔོ་སྨོན་དང་། བཀྲ་ཤིས་ཇི་ལྟར་རིགས་པས་མཐའ་བརྒྱན་པས་འགྲུབ་བོ།། །། ༈ བྱང་གཏེར་ཁྱུང་ཆེན་ཡོངས་རྫོགས་ཀྱི་དབང་ལ། ཁྱུང་ཆེན་ཡོངས་རྫོགས་ཀྱི་དབང་བསྐུར་བའི་ཆོ་ག་རྡོ་རྗེའི་རྒྱན་ཕྲེང་བཞིན་སྒྲུབ་པའི་ཐོག་མར་བདག་བསྐྱེད་ཉང་གཏེར་ཧཱུྃ་སྒྲུབ་བཟླས་པ་རྫོགས་བར་གཏང་། དེ་ནས་འདིའི་དབང་ཆོག་ཏུ་བསྟན་པ་བཞིན། མཆོད་པ་བྱིན་རླབས་ནས་གཟུང་མཐར་ཆགས་སུ་བསྒྲུབས་ནས་དབང་བསྐུར་ཞིང་། དབང་དང་ཆོ་གའི་རྗེས་རིམ་བཅས་བྱའོ།། །། ༈ བྱང་གཏེར་ཐུགས་སྒྲུབ་ཆོས་ཚན་བཅུ་གསུམ་པ་ལས་ཀྱི་བྱ་ཁྱུང་ནག་པོའི་ཕྲིན་ལས་གནམ་ལྕགས་རྡོ་རྗེའི་ཐོག་མདའ་ལྟར་དབང་སྒྲུབ་བདག་མདུན་དབྱེར་མེད་དུ་བསྒོམ་ཞིང་། བཟླས་པའི་དབུར་ཛཔ྄་ཁང་ཕྱེས་ལ། ཐུགས་ཀར་གདན་ས་བོན་སྔགས་ཕྲེང་དང་སྤྲོ་བསྡུ་བཅས་སྤྱི་འགྲོ་གསལ་བཏབ་ནས། ཨོཾ་དྲུང་དྲུང་དུར་དུར༔ ཆེམ་ཆེམ༔ ཁཾ་ཁཾ༔ སོད་སོད༔ རྦད་རྦད་སྭཱ་ཧཱ༔ ཞེས་བཟླ། བསྐུལ་བའི་མཐར། རིག་མེ་དོར་ཞིང་སྙན་གསན་དབབ། བྱིན་རླབས་ཀྱི་ཆོ་ག་བར་ཆད་ཀུན་སེལ་ལྟར་དབང་དངོས། རྗེས་ཆོག་སྤྲོ་ན། ༼ན༽ཐུགས་སྒྲུབ་དྲག་མཐིང་གི་ཚོགས་མཆོད། རཾ་ཡཾ་ཁཾ༔ ཏྲཱཾ་ཧཱུྃ་སོགས་བྱིན་རླབས་དང་། ཧཱུྃ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ མཁའ་འགྲོའི་ཚོགས་དང་བཅས་པ་དང༔ ལས་ཀྱི་བྱ་ཁྱུང་ག་རུ་ཌ༔ གདུང་བ་དྲག་པོས་བདག་གདུངས་ཤིང༔ འདོད་ཡོན་ལྔ་ལྡན་སོགས་དང་། ཨོཾ་བཛྲ་གུ་རུ་དྷེ་ཝཱ་དྷཱ་ཀི་ནཱི་ག་རུ་ཌཿས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ སོགས་སྦྱར་ནས་ལྷག་མའི་མཐའ་བར་གཏང་། གང་ལྟར་ཡང་། ཕྲིན་ལས་བཞིན་མཆོད་བསྟོད། བཟོད་གསོལ་སོགས་མཐར་དབྱུང་བས་གྲུབ་བོ།། །། ༈ པདྨ་ལས་འབྲེལ་རྩལ་གྱི་གཏེར་བྱོན། རྟ་མགྲིན་གཉེན་པོ་ལྷ་གསུམ་གྱི་དབང་དངོས་སྟ་སྦྲེལ་སྐབས་སྒྲུབ་པ་ལ། ལས་བྱང་དོན་གཉིས་ལྷུན་གྲུབ་ལྟར། ཚོགས་གསག་ནས། ཚོགས་བསྒྲལ་བསྟབ་བར་མཐར་ཆགས་སུ་བཏང་བས་འགྲུབ་ཅིང་། དེ་ལ་བཟླས་པ་གྲུབ་རྗེས་བུམ་པ་སྤྱི་ཁྱབ་མདོར་བསྡུས་དང་། ལས་བུམ་འཁྱིལ་པས་བསྒྲུབ། དབང་བསྐུར་བའི་དོན་དུ་རིག་མེ་དོར་བ་དང་། སློབ་མ་གཞུག་པའི་ཕྱིར་སྙན་གསན་དབབ་ཅིང་གནང་བ་ནོད་པ་སོགས་སྤྱི་ལྟར་བྱ་བ་དང་། དབང་ཆོག་མུ་ཐི་ལའི་ཕྲེང་བ་ལྟར་སྟ་གོན་དང་དབང་དངོས་བསྐུར། རྗེས་རིམ་ཕྲིན་ལས་ལྟར་ཚོགས་དྲངས་ལྷག་ཕྱིན་མཐར་དབྱུང་བས་གྲུབ་བོ།། །། ༼འདིར་རྒྱལ་བ་ལྔ་པ་ཆེན་པོའི་རྒྱ་ཅན་གྱི་རྟ་མགྲིན་གཉེན་པོ་ལྷ་བཞིའི་དོན་དབང་མཁྱེན་བརྩེ་དབང་པོའི་གསུང་ཡོད།མཆན།༽ ༈ ཨོ་རྒྱན་ཆེན་པོས་བཻ་རོའི་ཐུགས་སྤྲུལ་མཆོག་ལྡན་མགོན་པོ་ལ་བསྩལ་ཅིང་དེ་ཉིད་ཀྱིས་ཀུན་གཟིགས་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་གདམས་པའི་སྙན་བརྒྱུད་གཉེན་པོ་ལྷ་ལྔའི་ཕྲིན་ལས་དབང་བསྐུར་དང་བཅས་པ་གདུག་པ་ཀུན་འཇོམ་ལྟར་དབང་སྒྲུབ། དབང་དངོས། གྲོལ་བྱེད་རྫོགས་རིམ་ཁྲིད་དང་འབྲེལ། རྗེས་ཆོག་བཅས་བྱའོ།། །། ༈ མཁར་ཆེན་དཔལ་གྱི་དབང་ཕྱུག་གི་རྣམ་འཕྲུལ་མ་ཏི་རཏྣའི་མཁའ་འགྲོ་བདུད་འདུལ་དྲག་མོའི་ཆ་ལག་ཁྱུང་སྒྲུབ་བདུད་འདུལ་ནག་མོའི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་གདུག་པ་ཀུན་འཇོམས་ལྟར་དབང་སྒྲུབ། དབང་དངོས། རྗེས་བཅས་བྱའོ།། །། ༈ ལྷ་ལྕམ་པདྨ་གསལ་གྱི་སྐྱེ་མཐའ་ར་ཞི་པདྨ་རིག་འཛིན་གྱི་བླ་སྒྲུབ་ནོར་བུ་པད་ཕྲེང་ཞི་དྲག་གི་ཆ་ལག་རིགས་ལྔའི་ཁྱུང་སྒྲུབ་གདུག་པ་ཀུན་འདུལ་གྱི་དབང་ཆོག་དུག་ལྔའི་སྟོབས་འཇོམས་ལྟར་དབང་སྒྲུབ། དབང་དངོས། རྗེས་བཅས་བྱའོ།། །། ༈ སྟག་ཤམ་ཡི་དམ་དགོངས་འདུས་རྟ་མཆོག་རོལ་པའི་ཁྲོ་རྒྱལ་ཁྱུང་གི་ལས་བྱང་དབང་བསྐུར་དང་བཅས་པ་བཀླག་ཆོག་ཏུ་བསྡེབས་པ་གདོན་འཇོམས་སྤུ་གྲི་ལྟར་དབང་སྒྲུབ། དབང་དངོས། རྗེས་ཆོག་བཅས་བྱའོ།། །། ༈ རོལ་རྡོར་ཟབ་གཏེར་གཏུམ་པོ་དྲེགས་པ་ཀུན་འདུལ་གྱི་ཁྱུང་སྒྲུབ་གདུག་པ་ཀུན་འཇོམས་ཀྱི་དབང་བསྐུར་གདོན་གདུལ་གློག་གི་མེ་ལྕེ་ལྟར་༼ཐི༽རྩ་གསུམ་སྤྱིའི་ལས་བྱང་སྦྱར་བས་དབང་སྒྲུབ། དབང་དངོས། རྗེས་ཆོག་བཅས་བྱའོ།། །། ༈ པདྨ་བདེ་ཆེན་གླིང་པའི་ཀློང་གསལ་མཁའ་འགྲོ་སྙིང་ཐིག་གི་ཆ་ལག་དྲག་པོ་ལྷ་གསུམ་གྱི་དབང་བསྐུར་སྙིང་པོར་དྲིལ་བ་གདོན་བགེགས་དཔུང་འཇོམས་ལྟར་དབང་སྒྲུབ། དབང་དངོས་དབང་ཆོག་བཞིན་བསྐུར་ཞིང་བཀའ་གཏད་ཆོས་བཀའ་སྤྱི་ལས་དམིགས་གསལ་ཟུར་བཀའ་འདིར་མི་སྦྱོར་བས་མི་བཞུགས། རྗེས་རིམ་བཅས་བྱའོ།། །། ༈ བདུད་འཇོམས་རོལ་པ་རྩལ་གྱི་གཏེར་བྱོན་གཙོ་བོར་བྱས་པའི་མ་ཏི་དང་སྟག་ཤམ་གསུམ་འདུས་ཁྱུང་དམར་མེའི་གཤོག་པ་ཅན་གྱི་དབང་བསྐུར་བལྟས་ཆོག་ཏུ་བཀོད་པ་ལྟར་དབང་སྒྲུབ། དབང་དངོས། རྗེས་མཆོད་བསྟོད། ནོངས་བཤགས། བསྡུ་ལྡང་། བསྔོ་སྨོན། ཤིས་བརྗོད་བཅས་སྤྱི་བཞིན་བྱ་དགོས་སོ།། །། ༈ འཇིགས་མེད་གླིང་པའི་དགོངས་གཏེར་ཀློང་ཆེན་སྙིང་ཐིག་གི་བླ་མ་དྲག་པོ་རྟ་ཁྱུང་འབར་བའི་བྱིན་རླབས་ཀྱི་ཆོ་ག་རྡོ་རྗེའི་དོ་ཤལ་ལྟར་ལ་ཕྲིན་ལས་བཀླག་ཆོག་ཏུ་བསྡེབས་པའི་དབང་སྒྲུབ། དབང་དངོས། རྗེས་ཆོག་བཅས་བྱའོ།། །། ༈ ཐུགས་ཀྱི་རྡོ་རྗེའི་དགོངས་གཏེར་གསང་བདག་ཉི་མ་མདུང་གང་མའི་དབང་ཆོག་བལྟ་བདེར་བཀོད་པ་ལྟར་དབང་སྒྲུབ། དབང་དངོས། རྗེས་བཅས་བྱའོ།། །། ༈ མཆོག་གྱུར་གླིང་པའི་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་གསང་བདག་རྡོ་རྗེ་བེ་ཅོན་གྱི་དབང་ཆོག་ཨིནྡྲ་ནཱི་ལའི་ཆུ་རྒྱུན་ལྟར་དབང་སྒྲུབ། དབང་དངོས། རྗེས་བཅས་བྱའོ།། །། ༈ འབྲི་གུང་ཆོས་ཀྱི་གྲགས་པའི་དག་སྣང་གཟའ་ཡུམ་གྱི་དབང་ཁྲུས་ཟབ་མོའི་གཞུང་ལྟར་དབང་སྒྲུབ། རྗེས་གནང་དངོས་ལ་ཁྲུས་དང་བགེགས་བསྐྲད་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་གནས་སྐབས་ཉེ་བར་འཚེ་བ་སྤྱི་དང་། བྱེ་བྲག་དྲང་སྲོང་གི་དུག་གི་འཇིགས་པས་ཟིན་པ་ལས་སྐྱོབ་པའི་ཕྱིར་གཟའ་ཡུམ་དབྱིངས་ཕྱུག་མའི་དབང་གསན་སྙམ་པའི་ཐུགས་བསྐྱེད་གསལ་བཏབ་ནས་གསན་འཚལ། དེ་ལ་འདིར། རྒྱལ་བ་ཐུགས་རྗེའི་དབང་ཕྱུག་མཆོག་གིས་འགྲོ་བ་རྣམས་ལ་ཕན་བདེ་འབའ་ཞིག་གི་ཕྲིན་ལས་རྒྱུན་གྱི་རྟག་པར་གྲུབ་པ་ལས། འཇིག་རྟེན་གྱི་ཁམས་འདིར་ཤིན་ཏུ་མཐུ་ཆེ་ཞིང་དྲག་ཤུལ་དང་ལྡན་པ་དྲང་སྲོང་གི་གནོད་པས་འགྲོ་བ་རྣམས་ཉམ་ཐག་པའི་འཇིགས་པ་ལས་སྐྱོབ་པའི་ཐབས་དང་གདམ་ངག་སྲུང་གསོའི་སྐོར་རྒྱ་ཆེར་བསྟན་པ། གསར་རྙིང་ཀུན་ལ་ཡོངས་སུ་གྲགས་ཤིང་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པར་བཞུགས་པ་ལས། ད་ལམ་གྱི་སྐབས་སུ་བབས་པ་འདི་ནི། དཔལ་འབྲི་གུང་པ་ཆེན་པོ་རིག་འཛིན་ཆོས་ཀྱི་གྲགས་པས་བསྩལ་པའི་ཟབ་མོའི་གདམས་ངག །འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཉིད། དུག་སེལ་ལྷ་མོ་དབྱིངས་ཕྱུག་མའི་སྣང་ཆར་བཞེངས་པའི་སྒྲུབ་ཐབས་དང་འབྲེལ་བའི་གདམས་ངག་ཟབ་མོ་འདི་ཉིད་ཉམས་སུ་བླངས་པས་སྟེང་གདོན་ལ་སོགས་པའི་གནོད་པ་མ་ལུས་པ་སྲུང་བའི་མཆོག་ཏུ་འགྱུར་ཞིང་། འདིའི་དབང་ཁྲུས་དྲང་སྲོང་གི་ནད་ཀྱིས་ཟིན་པའི་མི་ལ་བགྱིས་ན་གཟའ་རྒོད་གདོང་ཐུག་གི་ནད་ཀྱང་བྱང་བར་བྱེད་ཅིང་། སླར་འཇུག་མི་སྲིད་པའི་ངེས་པ་སྟེར་བར་བྱེད་པའི་དབང་བསྐུར་ཟབ་མོ་སྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ། གསོལ་གདབ་རྒྱུད་སྦྱོང་རྣམས་གཞུང་བཞིན་བྱ། དེ་ནས་དཔོན་སློབ་ལྷར་བསྐྱེད་ཅིང་སློབ་མ་ལ་ཡེ་ཤེས་པ་གཞུག་པའི་སླད་ཁྱེད་རང་རྣམས་གཟའ་ཡུམ་དབྱིངས་ཕྱུག་མུ་ཁ་ལེའི་སྐུ་འདི་ལྟར་དུ་གསལ་ཐོབས། ཨོཾ་བཛྲ་ཨ་མྲྀཏ་སོགས་ལྷ་བསྐྱེད། ཡེ་ཤེས་དབབ་པ། བརྟན་པར་བྱས་ནས། དབང་དངོས་ལ་སྐུ་གསུང་ཐུགས་དབང་། རྗེས་འབྲེལ་བཟླས་ལུང་། མཐའ་རྟེན་གཏོར་དབང་རྣམས་ལས། དང་པོ་སྐུ་བུམ་པའི་དབང་བསྐུར་བ་ནི། བུམ་པ་མཚན་ཉིད་རྫོགས་པའི་ནང་བཅུད་དབྱིངས་ཀྱི་རྒྱལ་མོའི་སྐུའི་བྱིན་རླབས་དབྱིག་གི་རྒྱུན་གྱིས་བཀང་བ་སྤྱི་བོར་བཞག་ཅིང་ཁྲུས་བྱས་པས་ལུས་ཀྱི་དྲི་མ་སྤྱི་དང་། ཁྱད་པར་དྲང་སྲོང་གི་ནད་རེངས་འཁུམས་ལ་སོགས་པ་འབྱུང་བའི་རྒྱུ་རྐྱེན་འབྲས་བུ་དང་བཅས་པ་ཐམས་ཅད་ལྷག་མེད་དུ་བཀྲུས་ཤིང་སྦྱངས། ཤུལ་ཐམས་ཅད་ཡེ་ཤེས་བདུད་རྩིས་གང་། ལུས་སྣང་སྟོང་རྡོ་རྗེའི་སྐུར་འགྲུབ་པར་མོས། ཨེ། སྲིད་པ་ཀུན་ཡུམ་སོགས་ཀྱིས་དབང་བསྐུར་ཞིང་ཁྲུས་བྱས་ལ་བུམ་ཆུ་བླུད། གཉིས་པ་གསུང་བདུད་རྩིའི་དབང་བསྐུར་བ་ནི། བྷནྡྷ་འབར་བའི་མཁའ་དབྱིངས་སུ་རིག་པའི་ལྷ་མོའི་གསུང་གི་བྱིན་རླབས་སྔགས་ཕྲེང་བདུད་རྩི་འཆི་གསོས་ཀྱི་སྨན་དུ་འཁྱིལ་པ་མགྲིན་པར་བཞག་ཅིང་མྱང་བས་ངག་གི་དྲི་མ་སྤྱི་དང་། ཁྱད་པར་དྲང་སྲོང་གི་ནད་ངག་དིག་ལྐུགས་འབྱུང་བའི་རྒྱུ་རྐྱེན་འབྲས་བུ་དང་བཅས་པ་ལྷག་མེད་དུ་སྦྱངས། རྩ་གནས་ཐམས་ཅད་བདུད་རྩིས་གང་། ངག་གྲགས་སྟོང་རྡོ་རྗེའི་གསུང་དུ་འགྲུབ་པར་མོས། ཨེ། སྲིད་པ་ཀུན་ཡུམ་སོགས་ཀྱིས་མགྲིན་པར་བཞག་ཅིང་བླུད། གསུམ་པ་ཐུགས་རྡོ་རྗེའི་དབང་བསྐུར་བ་ནི། ལྷ་དང་སློབ་དཔོན་དབྱེར་མེད་པའི་ཐུགས་ཀ་ནས་རིག་སྟོང་ཐུགས་ཀྱི་ཕྱག་རྟགས་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་འོད་འབར་བ་འཕྲོས། སློབ་མའི་སྙིང་གར་ཐིམ་པས་ཡིད་ཀྱི་དྲི་མ་སྤྱི་དང་། ཁྱད་པར་དྲང་སྲོང་གི་ནད་ཡམས་སྨྱོ་འབོག་བརྒྱལ་སྔངས་ལ་སོགས་པ་འབྱུང་བའི་རྒྱུ་རྐྱེན་འབྲས་བུ་དང་བཅས་པ་ལྷག་མེད་དུ་སྦྱངས། འཁྲུལ་རྟོག་ཡེ་ཤེས་སུ་སྨིན། ཁྱབ་བརྡལ་ཡེ་ཤེས་རྡོ་རྗེའི་ཐུགས་སུ་འགྲུབ་པར་མོས། ཨེ། སྲིད་པ་ཀུན་ཡུམ་སོགས་ཀྱིས་རྡོ་རྗེ་སྙིང་གར་བཞག །བཞི་པ་རྗེས་འབྲེལ་བཟླས་པའི་ལུང་སྦྱིན་པ་ནི། དཔོན་སློབ་གཉིས་ཀ་དབྱིངས་ཕྱུག་མར་གསལ་བ་ལས། སློབ་དཔོན་གྱི་ཐུགས་ཀའི་སྔགས་ཕྲེང་ལས་གཉིས་པ་ཞིག་མཆེད་ནས་ཐོན། སློབ་མའི་ཞལ་དུ་ཞུགས། ཐུགས་ཀར་ཟླ་དཀྱིལ་ཨེ་ཡིག་དམར་སེར་གྱིས་མཚན་པའི་མཐར་ཉིས་རིམ་དུ་འཁོད་པའི་འོད་ཀྱིས་དོན་གཉིས་བྱས་ཤིང་རྒྱལ་བའི་བྱིན་རླབས་བསྡུས། ཚུར་འདུས་ཐུགས་སྲོག་སྔགས་འཁོར་ལ་ཞུགས་པས་ནུས་མཐུ་མཆོག་ཏུ་འབར་བར་མོས་ལ་འདིའི་རྗེས་ཟློས། སྔགས་གཉིས་ཀ་སོ་སོར་ལན་གསུམ་རེ་བརྗོད། ལྔ་པ་མཐའ་རྟེན་གཏོར་མའི་དབང་བསྐུར་བ་ནི། གཏོར་མ་དབྱིངས་ཀྱི་རྒྱལ་མོ་མུ་ཁ་ལེ་དངོས་དང་། དེའི་སྤྱི་བོར་རྩ་བའི་བླ་མ། གཞན་ཡང་རྩ་གསུམ་རབ་འབྱམས་སྤྲིན་ཕུང་གཏིབས་པ་བཞིན་བཞུགས་པར་གསལ་བས་དབང་བསྐུར་བས། ལྷ་ཚོགས་རྣམས་ཀྱི་སྐུའི་གནས་རྣམས་ནས་འོད་ཟེར་བདུད་རྩིའི་རང་བཞིན་དུ་བྱོན། སློབ་བུའི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་གང་བས་ནད་གདོན་སྡིག་སྒྲིབ་ཞི་ཞིང་ཚེ་དཔལ་ཡེ་ཤེས་རྒྱས་པ་ལ་སོགས་པའི་ཐུན་མཆོག་གི་དངོས་གྲུབ་མ་ལུས་པ་ཐོབ། སྒོ་གསུམ་ལྷག་པའི་ལྷའི་སྐུ་གསུང་ཐུགས་དང་གཉིས་མེད་དུ་གྱུར་པའི་ངེས་ཤེས་བརྟན་པོ་སྐྱེད་ཅིག །ཨེ། སྲིད་གསུམ་བདག་མོ་སོགས་བཀའ་བསྒོ་དང་བཅས་པས་གཏོར་མ་གནས་གསུམ་དུ་གཏུགས་མཐར། ལྷ་ཚོགས་འོད་དུ་ཞུ་ནས་སློབ་མར་བསྟིམ། དེ་ལྟར་དབང་བསྐུར་ཟབ་མོ་ཐོབ་པའི་དམ་ཚིག་སྤྱི་དང་། ཁྱད་པར་འདི་ཉིད་ཀྱི་སྒོམ་བཟླས་མ་ཆག་པར་བརྩོན་པར་བྱེད་དགོས་པས། དེ་ལྟར་མཛད་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་ལྟར་དང་། ཆོ་གའི་རྗེས་ཁྲུས་ཆོག་གི་མཇུག་ཏུ་བཤད་པ་བཞིན་བྱའོ།། །། ༈ ཀློང་གསལ་རྡོ་རྗེ་སྙིང་པོའི་འཇིག་རྟེན་དབང་ཕྱུག་སེངྒེ་སྒྲའི་སྒྲུབ་ཐབས་དང་དབང་ཆོག་ཀླུ་ཆོག་གདོན་ཁྲོལ་དང་བཅས་པ་བདུད་རྩིའི་ཟིལ་ཐིགས་ལྟར་དབང་སྒྲུབ། དབང་དངོས། རྗེས་བཅས་བྱའོ།། །། ༈ ཆོས་རྗེ་གླིང་པའི་ཕྱག་རྡོར་གཏུམ་པོ་སེང་སྒྲོག་གི་དབང་དང་བྱབ་ཁྲུས་གདོན་འགྲོལ་གྱི་རིམ་པ་ལྟར་དབང་སྒྲུབ། དབང་དངོས་ཙམ་བསྐུར་བ་ལས་ཁྲུས་སོགས་བྱ་མི་དགོས། རྗེས་ཆོག་བཅས་ཀྱིས། གདོན་ཞི་བའི་སྐོར་གྲུབ་བོ།། །། ༄། བཞི་པ་གྲིབ་དང་མི་གཙང་བ་གཙོར་གྱུར་ཞི་བའི་སྐོར་ལ། སྔ་འགྱུར་བཀའ་མའི་རྣམ་འཇོམས་དཀར་པོ་བི་མའི་ལུགས་༧དཔལ་ཀརྨ་པ་རང་བྱུང་རྡོ་རྗེ་ལ་བཀའ་བབས་པའི་གཟུངས་ཆོག་རིག་གཏད་བུམ་ཁྲུས་དང་བཅས་པ་ཟླ་བའི་འོད་ཟེར་ལྟར་དབང་སྒྲུབ། དངོས་གཞི་ལ་རིག་གཏད་དང་འབྲེལ་བའི་ལྷ་ཁྲུས་དང་། སློབ་མའི་ཁྲུས་གཉིས་བྱ་ཞིང་། ཁྲུས་ཁོལ་འདོན་དེ་མི་དགོས། གོང་མ་ཐོབ་ནས་འོག་མ་འདི་གཞན་ལ་བྱ་ཆོག །དབང་དང་ཆོ་གའི་རྗེས་བཅས་བྱ་ཞིང་། བཀའ་སྲོལ་འདིའི་རྗེས་གནང་བྱིན་རླབས་དབང་བསྐུར་དང་འབྲེལ་བ་ནི། རྗེ་ཐམས་ཅད་མཁྱེན་པ་དགུ་པ་དབང་ཕྱུག་རྡོ་རྗེའི་གསུང་རབ་ཡོངས་སུ་གྲགས་པའི་ནང་དུ་བཞུགས་ཀྱང་། སྐབས་འདིར་གོང་གི་འདི་ཀས་འཐུས་པར་མཛད་དོ།། །། ༈ རྣམ་འཇོམས་སློབ་དཔོན་སངས་རྒྱས་གསང་བའི་ལུགས་ཀྱི་རྗེས་གནང་གི་ཐོག་མར་དབང་དོན་སྒྲུབ་པ་ལ། ༼འདོད་བུམ། 417༽གཞུང་གསལ་བཞིན། སྔོན་འགྲོ། ཚོགས་གསག་སོགས་ནས། བདག་བསྐྱེད་གཟུགས་ཀྱི་ལྷ་བསྒོམ། ཕྱག་རྒྱའི་ལྷས་བྱིན་གྱིས་བརླབ། མཚན་མའི་ལྷའི་གསལ་སྣང་ལ་སེམས་བཟུང་ཞིང་། གསང་སྔགས་ཀྱི་ཚུལ་དང་ཆེ་བ་དྲན་པས། རྡོ་རྗེ་རྣམ་འཇོམས་ཀྱི་གཟུངས་མདོ་ཚར་གཅིག་བཀླག །དེ་ནས། ཤཱུནྱ་ཏཱས་སྟོང་པའི་ལྷར་སྦྱངས་ནས། དེ་འོག་བུམ་བསྐྱེད་བསྙེན་པའི་མགོར་བྱུང་བའི་ཕྲེང་བ་བྱིན་གྱིས་བརླབ། རང་གི་ཐུགས་ཀའི་ཟླ་བ་ལ་གནས་པའི་རྡོ་རྗེའི་ལྟེ་བར་ཧཱུྃ་ཡིག་སོགས། བུམ་བསྐྱེད་བཟླས་དམིགས་བཞིན། ཐུགས་ཀའི་ཡིག་འབྲུ་ལ་ཐིམ། དེ་ལས་འོད་ཟེར་འཕྲོས། སྡིག་སྒྲིབ་ནད་གདོན་ཐམས་ཅད་སྦྱང་པར་གྱུར་པར་མོས་པས། གཟུངས་མདོ་ལན་གཅིག །དེ་ནས་རྩ་སྔགས་ལན་གསུམ། སྙིང་པོ་ཉེར་ལྔ། ཉེ་སྙིང་བརྒྱ་རྩ་རྣམས་བཟླས་པའི་མཐར། རང་གི་ལུས་ལས་ཡེ་ཤེས་པ་ཕྱུང་སྟེ་མདུན་མཁར་བཞུགས་པར་གྱུར་པ་ལ། བུམ་བསྐྱེད་ནས་འབྱུང་བའི་མཆོད་བསྟོད་ཕུལ། ཡིག་བརྒྱས་བཟོད་པར་གསོལ། བཛྲ་མུཿས་ཡེ་ཤེས་པ་གཤེགས། རང་ཉིད་ལས་ཀྱི་ཁྲོ་བོའི་ང་རྒྱལ་བཟུང་བས་བདག་བསྐྱེད་གྲུབ། མདུན་བསྐྱེད་ལ། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཚང་བའི་དབུས་སུ་བཻ་ཌཱུརྻའི་བྲག་དང་། རྡོ་རྗེའི་གདན་གྱི་སྟེང་དུ། པད་ཟླའི་གདན་ལ་ཧཱུྃ་ལས་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་སོགས་བུམ་བསྐྱེད་ལྟར་བསྐྱེད་མཐར། བདག་མདུན་བུམ་པའི་ལྷའི་གཙོ་བོའི་སོགས་བསྒྱུར་བའི་སྤྱན་འདྲེན་ནས་བསྟོད་པའི་མཐའ་བར་བྱ། མདུན་སྐྱེད་ཀྱི་ཐུགས་ཀའི་ཟླ་བ་ལ་སོགས་བསྒྱུར་བའི་བདག་བསྐྱེད་བཞིན་བཟླས་དམིགས་གསལ་བཏབ་ནས་བཟླས་པ་བྱ། བུམ་སྐྱེད་གཞུང་གསལ་བཞིན་ལ་མཆོད་བསྟོད་མཐར། དམིགས་པ་གོང་མ་གསལ་བཏབ་སྟེ། གཟུངས་ཐག་བླངས་ནས། གཟུངས་མདོ་ལན་གསུམ་མམ་གཅིག །དམིགས་པ་འོག་མ་གསལ་བཏབ་ནས། རྩ་སྔགས་དང་སྙིང་པོ་བརྒྱ་རྩ་རེ། ཉེ་སྙིང་སུམ་བརྒྱ་བཟླས་མཐར། གཟུངས་ཐག་བསྡུས་ནས་ཡིག་བརྒྱ་བཟླ། མདུན་བུམ་ཆབས་ཅིག་པར་གཏོར་མ་འབུལ། འཇིག་རྟེན་པར་ཆ་གསུམ་བཏང་མཐར། ཡེ་ཤེས་པ་གཤེགས་བསྟིམ་གཞུང་གསལ་བྱས་པས་དབང་སྒྲུབ་གྲུབ། ཁྲུས་དབང་དངོས་ལ། སློབ་མ་རྣམས་ཕྱི་རོལ་དུ་ཆུ་གཙང་གིས་ཡན་ལག་ལྔ་ཁྲུས་བྱ། ཐོག་མར་སེམས་བསྐྱེད་གསལ་བཏབ། ༼འདོད་བུམ། 438༽རྗེས་གནང་ཆོ་ག་ལྟར། སློབ་དཔོན་སངས་རྒྱས་གསང་བས། མཚན་མ་ཕྱིས་ལ་སོགས། འབྲེལ་བའི་དབང་དུ་གསུངས་པ་བཞིན་བསྒྲུབ་པ་ལ་མཎྜལ། དེར་གསལ། རིག་སྔགས་འཆང་ཆེན་སོགས་གསོལ་གདབ་ལན་གསུམ་རྗེས། ཁྲུས་ཀྱི་དོན་དུ་མདུན་གྱི་ནམ་མཁར་སེང་གེའི་ཁྲི་རྡོ་རྗེའི་གདན་སོགས། སངས་རྒྱས་གསང་བའི་ལུགས་ཀྱི་བདག་བསྐྱེད་ཐོག་མར་འབྱུང་བའི་ཐུབ་པའི་བསྐྱེད་ཆོག །བཞུགས་པར་གྱུར་པ་ལ་ཉེར་སྤྱོད་ཀྱིས་མཆོད། མཚན་མཆོག་ལྡན་པ་སོགས་ཤྭ་ལོ་ཀས་བསྟོད་མཐར། བཅོམ་ལྡན་འདས་ཀྱིས་བདག་དང་སློབ་མ་ལ་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། སླར་ཡང་སངས་རྒྱས་ཀྱི་མཐུས། སློབ་དཔོན་ཕྱག་ན་རྡོ་རྗེ་མཐིང་ནག་ཞལ་གཅིག་ཕྱག་གཉིས་སོགས་བདག་བསྐྱེད་བཞིན། གཡོན་བརྐྱང་བའི་སྟབས་ཀྱིས་རྡོ་རྗེའི་གདན་ལ་གནས་པར་བསམ་སྟེ། སྦྱོང་བ་གསུམ་ལས་ཞི་དྲག་གི་སྦྱོང་བ་སྤྱི་ལྟར་བྱ། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་རྡོ་རྗེ་རྣམ་པར་འཇོམས་པ་ལ་སོགས་པའི་ཁྲོ་བོའི་རྒྱལ་པོ་རྣམས་སྤྱན་དྲངས་པ་ལ། ཉེར་སྤྱོད་ཀྱིས་མཆོད། འཇིགས་པའི་ཧཱུྃ་སྒྲ་སོགས་ཤྭ་ལོ་ཀས་བསྟོད། མཐར། ཇི་ལྟར་སྔོན་ཚེ་བདེ་གཤེགས་ཕོ་བྲང་སོགས་གོང་འཕྲོས་ནས་འབྱུང་བས་ཐུགས་དམ་བསྐུལ་བས། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་པར་མོས་ལ། བདེན་བརྗོད་ཚིག་ལྷུག་སྤྱི་འགྲོ་འམ། སངས་རྒྱས་གསང་བའི་ལུགས་ཀྱི་ཁྲུས་ཆོག་མགོར་འབྱུང་བ་ལྟར་བརྗོད། དྲག་སྔགས་གུལ་ཡུངས་ཐུན་གྱིས་དྲག་སྦྱོང་མཐར། སྡིག་སྦྱོང་རྗེས། ཁྲུས་དངོས་ལ། རང་གི་སྙིང་ག་ནས་སོགས་ནས། མཆོད་ཅིང་བསྟོད་ནས་གསོལ་བ་གདབ་པར་མོས་པས། སྔགས་ཀྱིས་མཆོད། དེ་བཞིན་གཤེགས་པ་སོགས་ཀྱིས་བསྟོད། སྔར་སོང་ཐུགས་དམ་སྐུལ་ཚིག་ལས་ཡང་སྐྱར་འགྲོ་བ་ཉམ་ཐག་འདི་ནི་གཟུང་བའི་སོགས་གོང་སོང་བསྐུལ་རྗེས་ཀྱི་ཚིགས་རྐང་གསུམ་གྱིས་སླར་ཡང་གསོལ་བ་གདབ། སངས་རྒྱས་གསང་བའི་ལུགས་ལྟར། སྤྱན་དྲངས་པའི་ལྷ་རྣམས་ཀྱི་བདུད་རྩིའི་ཆུས་ཁྲུས་མཛད་སོགས། བཀྲུ། བྱབ། སྲུང་བ། ཛ་ཡནྟུ་སྭཱ་ཧཱ་བར། དེས་ཁྲུས་ཆོག་སོང་། རྗེས་གནང་དངོས་ཀྱི་དོན་དུ་མཎྜལ། རྗེས་གནང་ཆོ་ག་གོང་མ་ལྟར། དུས་གསུམ་སངས་རྒྱས་སོགས་ཐོག་མའི་གསོལ་གདབ་རྗེས། འོག་ནས་འབྱུང་བ་སངས་གསང་རང་གི་རྗེས་གནང་བཞིན། ཇི་སྲིད་སྙིང་པོ་སོགས་སྐྱབས་སེམས། སློབ་མ་ལྷར་བསྐྱེད་ནས། དབང་མཐར་ཆགས་སུ་བསྐུར་ཞིང་། གཏང་རག་གི་མཎྜལ། ལུས་འབུལ། དགེ་བསྔོ་བཅས་བྱ། རྗེས་ཆོག་སངས་རྒྱས་གསང་བའི་ལུགས་བཞིན་ལ། བུམ་ལྷ་གཤེགས་ཟིན་པས་རྗེས་ཆོག་མི་དགོས། མདུན་བསྐྱེད་ལ། མཆོད་བསྟོད། ནོངས་བཤགས། ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། བདག་བསྐྱེད་ལས་ཀྱི་ཁྲོ་བོའི་ང་རྒྱལ་སྔར་ནས་བཟུང་བཞིན་པ་ལྟར་སྦྱང་། སྨོན་ཤིས་ཀྱིས་གྲུབ་བོ།། །། ༄། བ་རི་ལུགས་ཀྱི་རྣམ་འཇོམས་རྗེས་གནང་ལ། ༼འདོད་བུམ། 429༽ལྟར། ཐོག་མར་དབང་དོན་སྒྲུབ་པར། སྐྱབས་སེམས་ནས། བཟླས་པའི་མཐའ་ཕན་ཡོན་བརྗོད་པ་ཡན་གསུངས་ཀྱང་། བདག་བསྐྱེད་ཀྱི་ཡེ་ཤེས་པ་གཤེགས། དམ་ཚིག་པའི་གནས་གསུམ་རྒྱས་གདབ་མཐའ་བར་བཏང་ན་བདེ་བས། དེ་ལྟར། དེ་ནས་བདུན་བསྐྱེད་ལ། སླར་ཡང་བདག་བསྐྱེད་བཞིན་སྟོང་པར་སྦྱང་བ་ནས། ཡོངས་སུ་གྱུར་པ་ལས། མདུན་བསྐྱེད་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་དང་། མདུན་བསྐྱེད་ཀྱི་ཐུགས་ཀར་རྡོ་རྗེའི་ལྟེ་བར་ཞེས་པ་ཙམ་བསྒྱུར་ནས། བཟླས་པ་ཕན་ཡོན་རྫོགས་ཀྱི་བར་གཏང་། དེ་ནས་མཆོད་རླབས་ནས། བུམ་བསྐྱེད་ཀྱི་བཟླས་པའི་སྐབས་དམིགས་པ་དང་སྔགས་སྔ་མ་བཞིན་བྱ་དགོས། བཟླས་པ་ཚར་ནས། མདུན་བུམ་གྱི་ལྷ་ལ་གཏོར་འབུལ་སངས་རྒྱས་གསང་བའི་ལུགས་ནས་འབྱུང་བ་བཞིན་བྱ། འཇིག་རྟེན་པར་ཆ་གསུམ་གཏོར་མའང་འབུལ། བུམ་ལྷར་བཟོད་གསོལ། ཡེ་ཤེས་པ་གཤེགས། དམ་ཚིག་པ་འོད་ཞུ་བཅས་བྱ། དེ་ནས་རྗེས་གནང་གི་ཆོ་ག་བརྒྱུད་པའི་ཁྱད་པར་གཉིས་ཀྱི་བཀའ་སྲོལ། ༼འདོད་བུམ། 435༽བཞིན། ཁྲུས་དང་། ལོ་རྒྱུས་ཀྱི་མཚམས་སྦྱར་ཞིང་མཎྜལ་ནས། རྗེས་བྱིན་གྱིས་བརླབ་པ་ཐུགས་རིག་གཏད་ཀྱི་རྗེས། བ་རི་རང་ལུགས་ཀྱི་གཞུང་བཞིན། སྦྱོར་བ་དོར་བས། མཐའ་རྟེན་བཀྲུ་བྱབ་སྲུང་གསུམ། ཕན་ཡོན་ཤིས་བརྗོད་བཅས་བྱས་མཐར། དམ་ཚིག་ཁས་བླང་ཕྱིན་དབང་གི་རྗེས་དང་། ཆོ་གའི་རྗེས་ཀྱང་བ་རི་ལུགས་བཞིན་བཏང་བས་འགྲུབ་ཅིང་། རྣམ་འཇོམས་ལྗང་སྔོན་གྱི་རྗེས་གནང་སྐོར་འདིར་མི་མཛད་དོ།། །། ༈ གནམ་ཆོས་རྣམ་འཇོམས་ལྗང་སྔོན་གྱི་དབང་སྒྲུབ། དངོས་གཞི་གཟུངས་དབང་། རྗེས་གནམ་ཆོས་སྤྱི་ལྟར་བྱའོ།། །། ༈ བདུད་འདུལ་དམ་ཆོས་སྤྲུལ་སྐུ་སྙིང་ཐིག་གི་རྣམ་འཇོམས་གསང་སྒྲུབ་ཁྲོ་ནག་གི་དབང་ཆོག་རྡོ་རྗེའི་ཆུ་རྒྱུན་ལྟར་དབང་སྒྲུབ། དབང་དངོས་ཀྱི་ལས་བུམ་དབང་ཕྱིན་གྱི་དབང་བསྐུར་སོ་སོའི་རྗེས་སྨོན་ལམ་ལ་སློབ་མས་མཐུན་འགྱུར་བྱ་དགོས་པས་ལས་བུམ་དབང་དངོས་བསྐུར་ཟིན་མ་ཐག་དེར། འདིར་བརྒྱུད་པའི་ཕྱག་བཞེས་ཀྱི་ཁྱད་པར་དབང་གི་སྨོན་ལམ་སློབ་དཔོན་གྱིས་བརྗོད་པ་རྣམས་ལ་ཉིད་རྣམ་པས་མཐུན་འགྱུར་རིམ་པ་བཞིན་དུ་མཛད་དགོས་པ་ཐུགས་ལ་གཞག་འཚལ། ཞེས་བརྡ་སྦྱར་ནས་སྨོན་ལམ་བརྗོད་པའི་རྗེས་སུ་མཐུན་འགྱུར་སྤྱི་བཞིན་བྱེད་དུ་བཅུག་དགོས་ཤིང་། ཆོ་གའི་རྗེས་རིམ་བཅས་དབང་ཆོག་བཞིན་བྱའོ།། །། ༈ ཀློང་གསལ་བི་མའི་ཆོས་སྡེ་ལས་རྣམ་འཇོམས་དཀར་པོའི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་ནོར་བུ་ཀེ་ཏ་ཀའི་ཆུ་རྒྱུན་ལྟར་དབང་སྒྲུབ། དངོས་གཞིར་སློབ་མ་རྣམས་འདུས་ཤིང་གྲལ་དུ་འཁོད་ཟིན་པ་ལ། ལྷ་ཁྲུས་ནས། བཀྲུ་བྱབ་དང་། དབང་གི་རྗེས་སྤྱི་འགྲོའི་རྟགས་བརྒྱད་རྒྱས་བསྡུས་གང་འོས་སྦྱར་ཞིང་། དབང་ཆོག་གི་རྗེས་རིམ་བཅས་བྱའོ།། །། ༈ བོ་དོང་པདྨ་གར་དབང་གི་ཐུགས་དམ་གཏོར་རྒྱུན་རྒྱ་མཚོ་ལས་འབྱུང་བ་ཉང་ལུགས་ཁྲོ་མོ་སྨེ་བརྩེགས་མའི་སྒྲུབ་ཐབས་དབང་བསྐུར་ཁྲུས་ཆོག་དང་བཅས་པ་ལྟར་དབང་སྒྲུབ། དངོས་གཞིའི་ཡེ་ཤེས་དབབ་པའི་ཐོག་མར་འོག་གི་བཀྲུ་བྱབ་སྲུང་བ་བཀྲ་ཤིས་བཅས་སྔོན་དུ་བཏང་ནས། གོང་གི་དབབ་པ་དང་དབང་བསྐུར་དངོས་དང་ཆོ་གའི་རྗེས་རིམ་བཅས་བྱའོ།། །། ༈ ཀློང་གསལ་རྡོ་རྗེ་སྙིང་པོའི་ཁྲོ་བོ་སྨེ་བ་བརྩེགས་པའི་དབང་དོན་སྒྲུབ་པ་ལ། སྐྱབས་སེམས་ནི། ན་མོ། སྐྱབས་ཀྱི་མཆོག་གྱུར་དཀོན་མཆོག་དང་། །ཡི་དམ་ལྷ་ལ་སྐྱབས་སུ་མཆི། །ནམ་མཁའ་དང་མཉམ་འགྲོ་བའི་ཕྱིར། །རྡོ་རྗེའི་རྣལ་འབྱོར་བསྒོམ་པར་བགྱི། །བདག་བསྐྱེད་ནི། གཞུང་ལས། ཧཱུྃ༔ པད་ཉིའི་སྟེང་དུ་སོགས་ནས། སྐུར་གྱུར་ཏོ༔ བཟླས་དམིགས་ནི། འོག་གི །ཐུགས་ཀར་ཉི་སྟེང་སོགས་ཀྱིས་གསལ་བཏབ་ལ། ཨོཾ་བྷུར་ཀུཾ་མ་ཧཱ་སོགས་སྔ་མ་རྩ་སྔགས་ཅི་ནུས་དང་། ཕྱི་མ་ལས་སྔགས་དེའི་ཕྱེད་དམ་བཅུ་ཆ་བཟླ། མདུན་བསྐྱེད་ལ། མཆོད་རྫས་རཾ་ཡཾ་ཁཾ་གིས་བསང་སྦྱང་། རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །རང་བྱུང་མཆོད་པའི་ཕུང་པོ་ནི། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུ། །དཔག་ཡས་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ་གིས་བརླབ། ལྷ་བསྐྱེད་བདག་སྒོམ་སྐབས་བཞིན་ལ། སྐུར་གྱུར་པའི༔ གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་ལས། །འོད་འཕྲོས་ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་བསྟིམ། །ཧཱུྃ༔ ཁྲོ་རྒྱལ་ཡོངས་ཀྱི་སོགས་སྤྱན་འདྲེན། བཞུགས་ཕྱག །མཆོད་བསྟོད་བཅས་གཏང་། བཟླས་དམིགས་ནི། ཐུགས་ཀར་ཉི་སྟེང་ཧཱུྃ་ཡིག་མཐར། །སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས། །རྒྱལ་བ་ཞི་ཁྲོའི་བྱིན་སྟོབས་བསྡུས། །སླར་འཕྲོས་ཉམས་གྲིབ་བག་ཆགས་བསྲེག །སྣང་གྲགས་ལྷ་སྔགས་རོལ་པར་གྱུར། །སྔགས་བཟླ། བུམ་བསྐྱེད་ནི། ཧཱུྃ༔ བུམ་པ་གཞལ་ཡས་རྒྱན་བཀོད་རྫོགས་པའི་དབུས། །པད་ཉིའི་སྟེང་དུ་སྐད་ཅིག་སོགས་ནས་བསྟོད་པའི་བར་མདུན་བསྐྱེད་བཞིན་བྱ། གཟུངས་ཐག་བཟུང་ལ། རང་སྲོག་སྔགས་ཀྱི་ཕྲེང་བ་ལ། །འཁྲིལ་ཏེ་བུམ་ལྷའི་ཐུགས་རྒྱུད་བསྐུལ། །སྐུ་དང་སྔགས་ལས་བདུད་རྩིའི་རྒྱུན། །བབ་པས་བུམ་པ་གང་བར་གྱུར། །བཟླས་པ་ཅི་ནུས་རྗེས་འོད་ཞུ་བྱ། ལས་བུམ་འཁྱིལ་པས་བསྒྲུབ། ཧཱུྃ༔ རིན་ཆེན་བུམ་པའི་སོགས་ཀྱིས་ལས་བུམ་དུ་རྣམ་བུམ་ཆུ་བསྲེས་པའི་ཁྲུས་བྱ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པའི་འགལ་རྐྱེན་སྤྱི་དང་། ཁྱད་པར་ཉམས་གྲིབ་མི་གཙང་བའི་དངོས་པོ་རྣམས་འཇོམས་པར་བྱེད་པ་རྡོ་རྗེ་ཁྲོ་བོའི་རྒྱལ་པོ་སྨེ་བ་བརྩེགས་པའི་སྨིན་བྱེད་ཟབ་མོ་གསན་ནས་གདམས་ངག་ཉམས་སུ་བླང་བར་བགྱིའོ་སྙམ་པའི་སེམས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། འདིར་བདེ་གཤེགས་རྒྱལ་བ་མ་ལུས་པའི་ཐུགས་རྗེའི་ཆོ་འཕྲུལ་ལས་ཤར་བ་ཁྲོ་རྒྱལ་སྨེ་བ་བརྩེགས་པའི་སྒྲུབ་ཐབས། སྤྲུལ་པའི་གཏེར་འབྱིན་རིག་འཛིན་ཀློང་གསལ་སྙིང་པོའི་ཟབ་གཏེར་གྱི་ཆོས་མཛོད་ཀློང་གསལ་རྡོ་རྗེ་སྙིང་པོའི་ཆོས་སྡེ་ལས་བྱོན་པའི་དབང་བསྐུར་ཟབ་མོ་བགྱི་བ་ལ། ཐོག་མར་ཞུ་བའི་ཡོན་དུ་མཎྜལ། བླ་མ་དང་སྨེ་བ་བརྩེགས་པ་དབྱེར་མེད་པ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་འདྲེན་པ་སོགས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པའི་ངོར་གནང་བ་སྦྱིན་པ་ནི། ཧོ༔ མ་རིག་རྒྱུ་ལས་སོགས། རྒྱུད་དག་པར་བྱ་བའི་སླད་དུ་ཚོགས་ཀྱི་ཞིང་མཆོག་རྣམས་ཀྱི་སྤྱན་སྔར་སྐྱབས་སུ་འགྲོ་ཞིང་། སྡིག་པ་བཤགས་པ། དགེ་བ་ལ་ཡི་རང་བ། བྱང་ཆུབ་ཏུ་སེམས་བསྐྱེད་པ། ཡོངས་སུ་བསྔོ་བ་སྟེ་ལྔ་རྣམ་དག་མཛད་པའི་བློས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། དབང་གི་གཞི་འགོད་པའི་སླད་དུ་འདི་ལྟར་སྒོམས་ཤིག །གཟུང་འཛིན་དག་པའི་ངང་ལས་སློབ་མ་རྣམས། །པད་ཉིའི་སྟེང་དུ་སྐད་ཅིག་དྲན་རྫོགས་ཀྱིས༔ སོགས་ཀྱིས་ལྷར་བསྐྱེད། ཐུལ་པའི་སྐུ་རུ་གྱུར༔ དེ་ལྟར་གསལ་བའི་གནས་གསུམ་སྐུ་གསུང་ཐུགས་རྡོ་རྗེའི་ཡི་གེས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀའི་ས་བོན་ལས་འཕྲོས་པའི་འོད་ཟེར་མཁའ་ཁྱབ་ཀྱི་ཞིང་གང་བ་འཕྲོས། རྒྱལ་བ་ཐམས་ཅད་དཔལ་ཁྲོ་བོའི་དབང་པོའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་བཞེངས་ཏེ་ཆར་བབ་པ་བཞིན་དུ་བྱོན་ནས་དབྱེར་མེད་དུ་ཐིམ་པས་བྱིན་གྱིས་བརླབ་པར་མོས་ཤིག །སྤོས་རོལ་བཅས་རྩ་སྔགས་ལ། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་བརྗོད་པས་བྱིན་དབབ། ཏིཥྛ་བཛྲས་བརྟན། དེས་འཇུག་པའི་བྱ་བ་རྣམས་གྲུབ། དངོས་གཞིའི་དབང་བསྐུར་བ་ལ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་ལྔ་ལས། དང་པོ་སྐུ་བུམ་པའི་དབང་བསྐུར་བ་ནི། བུམ་པ་གཞལ་ཡས་ཁང་གི་ནང་དུ་ཁྲོ་བོའི་རྒྱལ་པོའི་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་བདུད་རྩིའི་བཅུད་ཀྱིས་གང་བས་དབང་བསྐུར་བས། བདུད་རྩིའི་རྒྱུན་གྱིས་ལུས་ཀྱི་ནང་མེར་གྱིས་གང་། ལས་ཉོན་གྱི་དྲི་མ་བག་ཆགས་དང་བཅས་པ་བཀྲུས། ལུས་ལྷ་སྐུ་སྣང་སྟོང་སྒྱུ་མའི་སྐུར་ལམ་ཏེ་གྱུར་པར་མོས། ཧཱུྃ༔ བུམ་པའི་ཞིང་ན་སོགས་ཀྱིས་དབང་བསྐུར་ཞིང་བུམ་ཆུ་སྦྱིན། གཉིས་པ་གསུང་བཟླས་པའི་ལུང་གི་དབང་ནི། དཔོན་སློབ་གཉིས་ཀ་ཁྲོ་བོའི་རྒྱལ་པོ་སྨེ་བ་བརྩེགས་པར་གསལ་བའི་སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་གཉིས་པ་ཞིག་བྱུང་། སློབ་མའི་ཁ་སྒོ་ནས་ཞུགས། སྙིང་གར་ཉི་སྟེང་ཧཱུྃ་ཡིག་གི་མཐར་འཁོད་པའི་འོད་ཀྱིས་ལུས་ཀྱི་ནང་གང་བས་ཉེས་ཚོགས་གྲིབ་དང་མི་གཙང་བའི་དངོས་པོ་རྣམས་བསྲེགས། སླར་ཡང་འཕྲོ་འདུས་དོན་གཉིས་བསྒྲུབས་པར་མོས་ལ་འདིའི་རྗེས་ཟློས། རྩ་སྔགས་ལས་སྔགས་སོ་སོར་ལན་གསུམ་རེ། དེའི་ནུས་པ་རྒྱུད་ལ་བརྟན་ཕྱིར་བགྲང་ཕྲེང་ཡི་གེའི་འཁོར་ལོ་མགྲིན་པར་བཞག་པས། ངག་གྲགས་སྟོང་སྔགས་ཀྱི་རང་བཞིན་དུ་བྱིན་གྱིས་བརླབས་པར་མོས། ཧཱུྃ༔ སློབ་དཔོན་སྨེ་བ་སོགས་ཀྱིས་ཕྲེང་བ་དང་སྔགས་བྱང་མགྲིན་པར་གཞག །གསུམ་པ་ཐུགས་ཀྱི་དབང་བསྐུར་བ་ནི། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཆེན་པོའི་རང་རྩལ་ཕྱག་མཚན་རྒྱ་གྲམ་འབར་བས་མཚན་པ་བྱུང་། སློབ་མའི་སྙིང་གར་ཐིམ་པས་མཚན་རྟོག་བཅོམ་ནས་ཀ་དག་གི་དགོངས་ཉམས་སུ་འབྱམས་ཀླས་པར་གྱུར་པར་མོས། ཧཱུྃ༔ ཁྲོ་རྒྱལ་སྨེ་བ་སོགས་ཀྱིས་རྒྱ་གྲམ་སྙིང་གར་གཞག །བཞི་པ་ཡོན་ཏན་གྱི་དབང་བསྐུར་བ་ནི། བདེ་གཤེགས་རྒྱལ་བའི་ཐུགས་རྗེ་གཞི་ལམ་འབྲས་བུའི་ཆོས་རྣམས་ཞལ་ཕྱག་གི་རྣམ་པར་ཤར་པ་ཁྲོ་བོའི་རྒྱལ་པོའི་སྐུ་སློབ་མའི་ལྟེ་བར་ཐིམ་པས་ལྷག་པའི་ལྷའི་ཡེ་ཤེས་ཡོན་ཏན་ཐམས་ཅད་རྒྱུད་ལ་འཕོས་པར་མོས། ཧཱུྃ༔ ཁྲོ་རྒྱལ་སོགས་ཀྱི་སྤྱི་བོ་དང་ལྟེ་བར་གཞག །ལྔ་པ་ཕྲིན་ལས་ཀྱི་དབང་བསྐུར་བ་ནི། ཕྱག་མཚན་རྣམས་ལག་ཏུ་གཏད་པས་གང་འདུལ་ཕྲིན་ལས་རབ་འབྱམས་ཐོགས་པ་མེད་པས་འགྲོ་བ་སྒྲོལ་བའི་མཐུ་དབང་རྫོགས་པར་མོས། ཧཱུྃ༔ རྡོ་རྗེ་རྒྱ་གྲམ་སོགས་ཀྱིས་སྣ་ཚོགས་རྡོ་རྗེ་སོགས་གསང་བར་བཞག་ཅིང་ལག་ཏུ་གཏད། དེ་ལྟར་དབང་བསྐུར་པ་ལེགས་པར་གྲུབ་པའི་བསྲུང་བྱའི་དམ་ཚིག་གི་རིམ་པ་རྣམས་རྡོ་རྗེ་ཐེག་པའི་གཞུང་ནས་གསུངས་པ་རྣམས་མ་ཉམས་པར་སྲུང་སྡོམ་འཛིན་པར་བགྱི་བའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་ལྟར་དང་། ཆོ་གའི་རྗེས་རིམ། གོང་བཞིན་མཆོད་བསྟོད་བྱ། ཡིག་བརྒྱས་ནོངས་པ་བཤགས། ཡེ་ཤེས་པ་རྟེན་ལ་བསྟིམ་ཞིང་དམ་ཚིག་པ་རང་ལ་བསྡུ། ཐུགས་ཀར་ཉི་སྟེང་ཧཱུྃ་ཡིག་ལས༔ ཡེ་ཤེས་མེ་ཡིས་སོགས་ཀྱིས་བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན་བཀྲ་ཤིས་ཀྱིས་གྲུབ་བོ།། །། ༈ ཀློང་གསལ་རྡོ་རྗེ་སྙིང་པོའི་མཁའ་འགྲོ་སྨེ་བ་བརྩེགས་མའི་དབང་དོན་སྒྲུབ་པ་ནི། སྐྱབས་སེམས་གོང་གི་ཁྲོ་བོ་སྨེ་བརྩེགས་བཞིན་བྱ། བདག་བསྐྱེད་ནི། སྭ་བྷཱ་ཝས་སྟོང་པར་སྦྱང་། སྟོང་པའི་ངང་ལས་རང་སེམས་ཧཱུྃ་མཐིང་ལས༔ སོགས་གཞུང་ལྟར། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ དེ་ཡི་འོད་ཀྱིས་ལུས་གང་གྲིབ་གདོན་བསྲེགས། །སླར་ཡང་འཕྲོ་འདུས་བྱིན་བརླབ་དོན་བྱས་བསམ། །རྩ་སྔགས་དེ་ཉིད་བཟླ། མདུན་བུམ་བསྐྱེད་པ་ལ། མཆོད་རྫས་རཾ་ཡཾ་ཁཾ་གིས་བསང་སྦྱང་། རྣམ་དག་ཆོས་དབྱིངས་སོགས་ཀྱིས་བརླབ། སྟོང་པའི་ངང་ལས་རིན་ཆེན་བུམ་པ་མཆོག །བྷྲཱུྃ་ལས་གཞལ་ཡས་མཚན་ཉིད་རྫོགས་པའི་དབུས༔ པད་ཟླའི་གདན་ལ་ཧཱུྃ་མཐིང་འོད་ཟེར་འབར། །དོན་བྱས་ཚུར་འདུས་མཁའ་འགྲོ་སྨེ་བརྩེགས་ནི༔ སྐུ་མདོག་མཐིང་ག་སོགས་ནས། རོལ་པས་འགྱིང༔ དེ་ཡི་མཐའ་སྐོར་འབྱུང་ལྔའི་དཀྱིལ་འཁོར་ལ། །གནས་པའི་འབྱུང་ལྔའི་ལྷ་མོ་རང་རང་མདོག །ཕྱག་ན་བདུད་རྩིའི་ཁྲུས་ཀྱི་བུམ་པ་བསྣམས། །རང་འདྲའི་སྤྲུལ་འཁོར་ཉི་ཟེར་རྡུལ་ལྟར་འཚུབས། །གཙོ་འཁོར་གནས་གསུམ་ཡི་གེའི་འོད་ཟེར་གྱིས། །ཡེ་ཤེས་སེམས་དཔའ་མཁའ་ཁྱབ་སྤྱན་དྲངས་བསྟིམ། །ཧཱུྃ༔ ཕྱོགས་དུས་ཞིང་གི་སོགས་སྤྱན་འདྲེན་ནས་བསྟོད་པའི་བར་གཞུང་བཞིན་དང་། བཟླས་དམིགས་ནི། རང་སྲོག་སྔགས་ཕྲེང་གཟུངས་ཐག་བརྒྱུད། །བུམ་ལྷའི་ཐུགས་ཀའི་སྔགས་ཕྲེང་ལ། །ཕོག་པས་དེ་ལས་བདུད་རྩིའི་རྒྱུན། །བབས་པས་བུམ་པར་དབྱེར་མེད་འདྲེས། །འབྱུང་ལྔའི་ལྷ་མོས་འབྱུང་བཅུད་བསྡུས། །བུམ་པར་བསྟིམས་པས་ནུས་ལྡན་གྱུར། །རྩ་སྔགས་ཅི་ནུས་དང་། ཁྲུས་བདུན་ཅི་རིགས་པ་བཏགས་པ་བརྒྱ་རྩ་བཟླས་མཐར་འོད་ཞུ་མི་བྱ། སྐབས་འདིར་ལས་བུམ་འཁྱིལ་པས་བསྒྲུབ། དབང་དངོས་ལ། ལས་བུམ་དུ་ལྷ་བུམ་གྱི་ཆུ་བསྲེས་པས་སློབ་བུར། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་ནས་དབྱུང་། མར་གྱུར་གྱི་འགྲོ་བ་ནམ་མཁའ་དང་མཉམ་པའི་དོན་དུ་ཟབ་ལམ་ལ་འཇུག་པའི་རྣལ་འབྱོར་པ་རྣམས་གྲིབ་དང་མི་གཙང་བ་དང་། དེས་བསྐྱེད་པའི་ནད་གདོན་བར་ཆད་ཞི་བའི་གཉེན་པོར་མཁའ་འགྲོའི་དབང་ཕྱུག་སྨེ་བ་བརྩེགས་མའི་སྨིན་བྱེད་ནོད་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་པ་དང་བཅས་གསན་འཚལ། འདིར་རིག་འཛིན་མདོ་སྔགས་གླིང་པ་ཀློང་གསལ་སྙིང་པོའི་ཟབ་གཏེར་གྱི་ཆོས་མཛོད་ཀློང་གསལ་རྡོ་རྗེ་སྙིང་པོའི་སྐོར་ལས་བྱོན་པའི་མཁའ་འགྲོའི་དབང་མོ་སྨེ་བ་བརྩེགས་མའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱཻ༔ བླ་མ་གསང་བདག་སོགས་ལན་གསུམ། རྒྱུད་སྦྱོང་བའི་ཕྱིར་བླ་ན་མེད་པའི་ཞིང་མཆོག་རྒྱ་མཚོ་ཁྲོ་མོའི་དབང་པོ་དང་བཅས་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་དང་། སྡིག་པ་བཤགས་པ། འཇིག་རྟེན་ལས་འདས་པའི་དགེ་བ་ལ་ཡི་རང་བ། ཐེག་པ་གསུམ་གྱི་སྡོམ་པ་གཟུང་བ། སྨོན་འཇུག་གི་སེམས་གཉིས་བསྐྱེད་པ། ཡོངས་སུ་བསྔོ་བ་སྟེ་བདུན་རྣམ་དག་ཚུལ་བཞིན་དུ་མཛད་པའི་དོན་ལ་བློ་བཞག་སྟེ་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། དབང་གི་གཞི་འགོད་པ་ལ་སློབ་མ་མཁའ་འགྲོའི་རྒྱལ་མོ་སྨེ་བ་བརྩེགས་མའི་སྐུ་འདི་ལྟར་སྒོམས་ཤིག །སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་སེམས་ཉིད་ཧཱུྃ་མཐིང་ལས༔ མེ་འབར་སོགས་ཀྱི་བསྐྱེད་རིམ་ཕོག་ལ། རོལ་པས་འགྱིང༔ གནས་གསུམ་རྡོ་རྗེ་གསུམ་ཡིག་མཚན་པ་དང་། །སློབ་དཔོན་ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ཡིས། །རྒྱལ་བའི་འཁོར་ལོ་ལྷ་ཡི་ཕྱག་རྒྱར་སད། །ནམ་མཁའ་གང་བྱོན་སློབ་མར་ཐིམ་པ་ཡིས། །ཡེ་ཤེས་བྱིན་ནུས་རྒྱུད་ལ་ཞུགས་པར་མོས། །སྤོས་རོལ་དང་རྩ་སྔགས་ལ། ཨཱ་ཝེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་བཟླས་པས་བྱིན་དབབ། ཏིཥྛ་བཛྲ་ཧཱུྃ༔གིས་བརྟན། དེས་སྦྱོར་བའི་ཆོས་རྣམས་སོང་ནས། དབང་དངོས་ལ་སྐུ་གསུང་ཐུགས་གསུམ་ལས། དང་པོ་སྐུའི་དབང་ནི། ནམ་མཁའི་དབྱིངས་ཁྱབ་པའི་དབང་གི་ལྷ་དང་སློབ་དཔོན་ལྷན་གཅིག་པས་རྣམ་རྒྱལ་བུམ་པའི་དབང་བསྐུར་བས་བདུད་རྩིའི་རྒྱུན་གྱིས་ཉམས་གྲིབ་ནད་གདོན་གྱི་དྲི་མ་གཏོར། སྐུའི་དབང་དང་བྱིན་རླབས་རྒྱུད་ལ་ཞུགས་པར་མོས། ཧཱུྃ༔ རིན་ཆེན་མཛེས་པའི་སོགས། གཉིས་པ་གསུང་དབང་ནི། སློབ་དཔོན་ཡང་སོགས། མོས་པ་གྱིས་ལ་འདིའི་རྗེས་ཟློས། རྩ་སྔགས་དང་འབྱུང་ལྔའི་སྔགས་ཤམ་བཏགས་པ་ལན་གསུམ་རེ། སླར་ཡང་སློབ་དཔོན་ལ་མེ་ཏོག་འབུལ་ཞིང་འདིའི་རྗེས་ཟློས། བཅོམ་ལྡན་བདག་ལ་བསྩལ་སོགས་ལན་གསུམ། མེ་ཏོག་དེ་ཉིད་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་པ་སློབ་མའི་སྤྱི་བོར་བཅིངས་པས་སྔགས་ཀྱི་ནུས་པ་རྒྱུད་ལ་བརྟན་པར་མོས། བཅོམ་ལྡན་འདི་ལ་སོགས་ལན་གསུམ་གྱིས་མེ་ཏོག་སློབ་མའི་མགོར་བསྩལ། གསུམ་པ་ཐུགས་ཀྱི་དབང་ནི། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་རིག་སྟོང་གཞོམ་དུ་མེད་པའི་སྙིང་པོ་མཚོན་བྱེད་རྡོ་རྗེ་རྩེ་ལྔ་པ་འཕྲོས། སློབ་བུའི་སྙིང་གར་ཐིམ་པས་ཐུགས་རིག་པ་རྩལ་གྱི་དབང་བསྐུར་ཐོབ་པར་མོས། ཧཱུྃ༔ འགྱུར་མེད་རིག་པའི་སོགས། སླར་ཡང་ཉམས་གྲིབ་སྲེག་བྱེད་ཡེ་ཤེས་ཀྱི་མེ་དང་འཁྲུད་བྱེད་བདུད་རྩིའི་ཆུ་རྒྱུན་ཕྱག་གཡས་གཡོན་དུ་གཏད་པས། གཙང་སྨེའི་གཉིས་འཛིན་བསྲེག་ཅིང་ཉམས་གྲིབ་ཀྱི་དྲི་མ་བཀྲུ་བ་སོགས་ཕྲིན་ལས་རབ་འབྱམས་བསྒྲུབ་ནུས་པའི་མཐུ་རྩལ་རྫོགས་པར་མོས། ཧཱུྃ༔ ཁྲོ་རྒྱལ་ཐུགས་ལས་སོགས། དེ་རྣམས་ཀྱི་སྒོ་ནས་སྨིན་དབང་ལེགས་པར་གྲུབ་པ་ལགས་པས་བཀའ་དྲིན་བསབ་ཕྱིར་གཏང་རག་གི་མཎྜལ་ཞིག་འབུལ་འཚལ། དེར་མ་ཟད་ལུས་དང་ལོངས་སྤྱོད་ཐམས་ཅད་ལྟོས་པ་མེད་པར་འབུལ་བར་མོས་པས་འདིའི་རྗེས་ཟློས། དེང་ནས་བརྩམ་སྟེ་སོགས། རྡོ་རྗེ་ཐེག་པའི་གཡར་དམ་གཉན་པོ་ཚུལ་བཞིན་གཟུང་བ་དང་། བླ་མའི་བཀའ་ལས་ནམ་ཡང་འགོང་བར་མི་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དགེ་བསྔོ་བཅས་བྱ། ཆོ་གའི་རྗེས། བུམ་ལྷར་མཆོད་བསྟོད་དང་། སྒྲུབ་ཐབས་མཇུག་གི །གང་ཞིག་བདག་སོགས་རྣམ་གཡེང་སོགས་ཀྱིས་ནོངས་པ་བཤགས། ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། རང་ཡང་བསྡུ་ལྡང་། བསྔོ་སྨོན། ཤིས་བརྗོད་བཅས་ཀྱིས་མཐའ་བརྒྱན་པས་གྲུབ་བོ།། །། ༈ ཨེ་ནེ་རིང་ནུབ་དགོན་པ་ངག་དབང་རྡོ་རྗེའི་གཏེར་མ་སྨེ་བ་བརྩེགས་པའི་སྒྲུབ་ཐབས་དམ་གྲིབ་ཀུན་སེལ་གྱི་དབང་དོན་བསྒྲུབ་པ་ལ། སྐྱབས་སེམས་ནི། ན་མོ། བླ་མ་མཆོག་གསུམ་ཡི་དམ་ལྷར། །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ། །བླ་མེད་བྱང་ཆུབ་མཆོག་འཐོབ་ཕྱིར། །སྨེ་བ་བརྩེགས་པ་བསྒོམ་པར་བགྱི། །ལན་གསུམ། སེམས་ཅན་བདེ་དང་ལྡན་གྱུར་སོགས་ཀྱིས་ཚད་མེད་བཞི་བསྒོམ། མཆོད་གཏོར་རཾ་ཡཾ་ཁཾ་གིས་བསང་སྦྱང་། རྣམ་དག་ཆོས་དབྱིངས་སོགས་ཀྱིས་བརླབ། གཏེར་གཞུང་གི་བདག་བསྐྱེད་ནི། ཧཱུྃ༔ སྣང་སྲིད་ཆོས་ཀུན་སོགས་ནས་བཟླས་པ་ཅི་ནུས་དང་། བུམ་པ་བསྐྱེད་བཟླས་རྗེས། སྟོང་ཚིགས་ཀྱི་མཆོད་བསྟོད། བུམ་ལྷ་འོད་ཞུ་བཅས་བྱ། དབང་དངོས་ལ། ནམ་མཁའ་དང་མཉམ་པའི་འགྲོ་བའི་དོན་དང་། ཁྱད་པར་དམ་གྲིབ་སོགས་མི་གཙང་བའི་ཉེས་པ་ཐམས་ཅད་སེལ་བའི་ཆོ་ག་བྱང་ཆུབ་སྒྲུབ་པའི་ལམ་གྱི་ཆ་རྐྱེན་དུ་ཉམས་སུ་ལེན་པ་ལ་དབང་བའི་ཆོ་ག་ཞུ་སྙམ་པའི་སེམས་བསྐྱེད་དང་བཅས་ཏེ་གསན་འཚལ། དེ་ལ་འདིར་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀས་དྲེགས་པ་རུ་ཏྲའི་སྡེ་དཔོན་བཏུལ་བའི་ཚེ་སྲས་མཆོག་སྨེ་བ་བརྩེགས་པ་བསྐྲུན་ནས། དེར་འདུས་པའི་ལྷ་དང་མཁའ་འགྲོའི་ཚོགས་དམ་གྲིབ་མི་གཙང་བའི་གྲིབ་ཀྱིས་མནོལ་པ་ཞི་བར་མཛད་ཅིང་། སླད་ནས་ཕྱི་རབས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཉམས་གྲིབ་སེལ་བའི་ལྷར་བསྔགས་པ་འདིའི་རྒྱུད་དང་སྒྲུབ་ཐབས་སྨིན་གྲོལ་ལས་ཚོགས་དང་བཅས་པའི་སྐོར་བཀའ་གཏེར་རྣམས་སུ་བྱོན་པ་ལས། སྐབས་སུ་བབ་པ་འདི་ནི། ཨེ་ནེ་རིང་ནུབ་དགོན་པ་མཁས་གྲུབ་རིག་འཛིན་ངག་དབང་རྡོ་རྗེའི་ཟབ་མོའི་གཏེར་ལས་སྣང་བར་མཛད་པ་ཡང་ཟབ་རྩ་གསུམ་ཀུན་འདུས་ཀྱི་ཆ་ལག་ཁྲོ་བོ་སྨེ་བ་བརྩེགས་པའི་སྒྲུབ་ཐབས་དམ་གྲིབ་ཀུན་སེལ་དང་འབྲེལ་བ་སྟེ། གཞུང་ལས། མ་འོངས་ནད་གདོན་བགེགས་རིགས་དང༔ ཁྱད་པར་དམ་གྲིབ་མི་གཙང་བས༔ རྣལ་འབྱོར་ཀུན་ལ་འཚེ་བའི་ཚེ༔ གདམས་པ་འདིས་ཀྱང་དོན་ཆེན་འགྲུབ༔ པདྨ་ཐོད་ཕྲེང་ཁྱད་ཆོས་ཏེ༔ སྙིང་གི་བུ་ལ་གཏད་དོ་རྒྱ༔ ཞེས་ཡོངས་སུ་བསྔགས་པར་མཛད་པའི་དབང་བསྐུར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྡོ་རྗེ་ཁྲོ་བོའི་དབང་པོ་དང་། །དབྱེར་མེད་དཔལ་ལྡན་རྡོ་རྗེ་ཅན། ཁྱོད་ཞབས་པདྨོར་སྐྱབས་མཆི་ཞིང་། །གསོལ་བ་འདེབས་སོ་དབང་བསྐུར་སྩོལ། །ལན་གསུམ། རྒྱུད་སྦྱང་བའི་སླད་དུ་ཚོགས་ཞིང་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་རྒྱུན་བཤགས་ཡན་ལག་བརྒྱད་པའི་དོན་གསལ་འདེབས་བཞིན་པས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སོགས། དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་ཐུགས་གཞན་དུ་མ་ཡེངས་པར་དམིགས་པ་འདི་ལྟར་རྩེ་གཅིག་གསལ་འདེབས་འཚལ། ཧཱུྃ༔ སྣང་སྲིད་ཆོས་ཀུན་སོགས་ཀྱིས་ལྷར་བསྐྱེད་ཅིང་། སྤོས་རོལ་དབྱངས་ཀྱིས་སྤྱན་འདྲེན་སྔགས་བཅས་དང་། ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པས་བྱིན་དབབ། ཏིཥྛ་བཛྲས་བརྟན། དེས་སྦྱོར་བའི་ཆོས་རྣམས་གྲུབ། དབང་དངོས་གཞིར་བུམ་པ་ལ་བརྟེན་ནས་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ནི་རིམ་པར་འབྱུང་བས། དང་པོ་སྐུ་ཡི་དབང་བསྐུར་བའི་སླད་དུ། བུམ་པ་འདི་ཉིད་ཕྱི་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་སྲིད་པ་གསུམ་གྱི་ལྟོས་དང་མཉམ་པ། ནང་ཐར་པ་ཆེན་པོའི་ཕོ་བྲང་གི་དབུས་སུ་ཁྲོ་རྒྱལ་སྨེ་བ་བརྩེགས་པའི་ལྷ་ཚོགས་བཞུགས་པ་སློབ་བུའི་སྤྱི་བོར་བཞག་ཅིང་ཁྲུས་བྱས་པས་སྐུའི་བྱིན་རླབས་ཐམས་ཅད་བདུད་རྩི་དཀར་པོའི་རྣམ་པར་བྱོན། སློབ་བུའི་སྤྱི་བོར་ཐིམ་པས་ལུས་ཀྱི་སྒོ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་སྤྱི་དང་། བྱེ་བྲག་རེངས་ཤིང་འཁུམས་པ་ལ་སོགས་པའི་གྲིབ་རིགས་རྒྱུ་འབྲས་དང་བཅས་པ་ལྷག་མེད་དུ་དག །སྣང་སྟོང་སྐུ་རྡོ་རྗེའི་བྱིན་དབང་དངོས་གྲུབ་མ་ལུས་པ་ཐོབ། ལྷག་པའི་ལྷའི་སྐུ་དང་དབྱེར་མེད་དུ་གྱུར་པར་མོས། ཧཱུྃ༔ བུམ་པ་བཟང་པོ་སོགས་རིག་གཏད་དབང་བསྐུར་གྱི་ཚིག་དེས་སྤྱི་བོར་བཞག་ཅིང་ཁྲུས་བྱ། གཉིས་པ་གསུང་དབང་ནི། ཕྱི་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་སྲིད་པ་གསུམ་གྱི་ལྟོས་དང་མཉམ་པ། ནང་ཐར་པ་ཆེན་པོའི་ཕོ་བྲང་གི་དབུས་སུ་ཁྲོ་རྒྱལ་སྨེ་བ་བརྩེགས་པའི་ལྷ་ཚོགས་བཞུགས་པ། སློབ་བུའི་མགྲིན་པར་བཞག་ཅིང་བུམ་བཅུད་ངག་ཏུ་བླུད་པས་གསུང་གི་བྱིན་རླབས་ཐམས་ཅད་བདུད་རྩི་དམར་པོའི་རྣམ་པར་བྱོན། སློབ་བུའི་མགྲིན་པར་ཐིམ་པས་ངག་གི་སྒོ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་སྤྱི་དང་། བྱེ་བྲག་དིག་ཅིང་ལྐུགས་པ་ལ་སོགས་པའི་གྲིབ་རིགས་རྒྱུ་འབྲས་དང་བཅས་པ་ལྷག་མེད་དུ་དག །གྲགས་སྟོང་གསུང་རྡོ་རྗེའི་བྱིན་དབང་དངོས་གྲུབ་མ་ལུས་པ་ཐོབ། ལྷག་པའི་ལྷའི་གསུང་དང་དབྱེར་མེད་དུ་གྱུར་པར་མོས། ཧཱུྃ༔ བུམ་པ་བཟང་པོ་སོགས་གཞུང་གསལ་བསྒྱུར་བས་མགྲིན་པར་གཞག་ཅིང་བུམ་ཆུ་བླུད། དེ་ཡི་རྗེས་འབྲེལ་བཟླས་ལུང་སྦྱིན་པ་ནི། སློབ་དཔོན་ལྷར་གསལ་ཞལ་ནས་སྔགས་ཕྲེང་བྱུང་། །སློབ་མ་ལྷ་ཡི་ཞལ་ཞུགས་ཐུགས་ཀར་འཁོད། །འཕྲོ་འདུས་དོན་བྱས་བྱིན་དབང་དངོས་གྲུབ་བསྡུས། །དེ་ལྟར་དམིགས་ལ་སྔགས་ཀྱི་རྗེས་ཟློས་མཛོད། སྔགས་ལན་གསུམ། གསུམ་པ་ཐུགས་དབང་ནི། ཕྱི་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་སྲིད་པ་གསུམ་གྱི་ལྟོས་དང་མཉམ་པ། ནང་ཐར་པ་ཆེན་པོའི་ཕོ་བྲང་གི་དབུས་སུ་ཁྲོ་རྒྱལ་སྨེ་བ་བརྩེགས་པའི་ལྷ་ཚོགས་བཞུགས་པ། སློབ་བུའི་སྙིང་གར་བཞག་ཅིང་བུམ་བཅུད་བདུད་རྩི་གཏོར་བས། ཐུགས་ཀྱི་བྱིན་རླབས་ཐམས་ཅད་བདུད་རྩི་མཐིང་གའི་རྣམ་པར་བྱོན། སློབ་བུའི་སྙིང་གར་ཐིམ་པས་སེམས་ཀྱི་སྒོ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་སྤྱི་དང་། བྱེ་བྲག་སྨྱོ་འབོག་བརྒྱལ་བ་ལ་སོགས་པའི་གྲིབ་རིགས་རྒྱུ་འབྲས་དང་བཅས་པ་ལྷག་མེད་དུ་དག །རིག་སྟོང་ཐུགས་རྡོ་རྗེའི་བྱིན་དབང་དངོས་གྲུབ་མ་ལུས་པ་ཐོབ། ལྷག་པའི་ལྷའི་ཐུགས་དང་དབྱེར་མེད་དུ་གྱུར་པར་མོས། ཧཱུྃ༔ བུམ་པ་བཟང་པོ་སོགས་གཞུང་གསལ་ལྟར་བསྒྱུར་བས་སྙིང་ཁར་བཞག་ཅིང་བུམ་ཆུ་འཐོར། དེ་ལྟར་སྒོ་གསུམ་རྡོ་རྗེ་གསུམ་དང་དབྱེར་མི་ཕྱེད་པ་ལྷག་པའི་ལྷ་དང་སྐལ་པ་མཉམ་པར་གྱུར་པ་ལ། སློབ་དཔོན་དང་དབང་ལྷ་ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པས་ཤིས་པ་བརྗོད་པའི་ཚིག་གིས་མངའ་གསོལ་ཞིང་མེ་ཏོག་གི་ཆར་བསྙིལ་བས་དབང་དོན་གྱི་ཡེ་ཤེས་པ་བརྟན་པར་བྱས་པར་མོས། ཤིས་པའི་ཚིག་ཅི་རིགས་བརྗོད། དེ་དག་གིས་ཁྲོ་རྒྱལ་སྨེ་བ་བརྩེགས་པའི་དབང་བསྐུར་ཟབ་མོ་ལེགས་པར་ཐོབ་པས། དམ་ཚིག་གི་རིམ་པ་སྤྱི་དང་བྱེ་བྲག་པ་རྣམས་བསྲུང་སྡོམ་ཚུལ་བཞིན་བགྱི་བའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་ལྟར་དང་། ཆོ་གའི་རྗེས་བདག་བསྐྱེད་ལ་དམིགས་ནས་མཆོད་ཅིང་བསྟོད། ཡི་གེ་བརྒྱ་པས་ནོངས་པ་བཤགས། བསྡུ་ལྡང་ནི། སྣོད་བཅུད་འོད་ཞུ་རང་ཉིད་དང་། །དེ་ཡང་མི་དམིགས་འོད་གསལ་ངང་། ཁྲོ་རྒྱལ་སྣང་སྟོང་ཆེན་པོར་ཤར། །མི་མཐུན་ཕྱོགས་ཀུན་བསྲུང་བར་གྱུར། །བཛྲ་རཀྵ་རཀྵ་ཧཱུྃ། དགེ་བ་འདི་ཡིས་མྱུར་དུ་བདག །སྨེ་བ་བརྩེགས་པ་འགྲུབ་གྱུར་ནས། །སོགས་བསྔོ་སྨོན་ཤིས་བརྗོད་ཀྱིས་གྲུབ་བོ།། །། ༈ མཆོག་གྱུར་གླིང་པའི་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་སྨེ་བརྩེགས་ཉམས་གྲིབ་ཀུན་སེལ་གྱི་སྒྲུབ་ཐབས་དང་དབང་ཆོག་ཟླ་ཤེལ་བདུད་རྩིའི་ཆུ་རྒྱུན་ལྟར་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བགྱིས་པ་རྣམས་ཀྱིས། ཉམས་གྲིབ་ཞི་བྱེད་སྐོར་གྱི་དབང་རྣམས་སོང་ངོ་།། །། ༄། ལྔ་པ་བྱད་ཕུར་རྦོད་གཏོང་ཞི་བའི་སྐོར་ལ། སྔ་འགྱུར་བཀའ་མ་བི་མའི་ལུགས་ཀྱི་གཙུག་གཏོར་གདུགས་དཀར་མོ་དཔལ་ཀརྨ་པ་རང་བྱུང་རྡོ་རྗེ་ལ་བཀའ་བབ་པའི་རིག་པ་གཏད་པའི་ཆོ་ག་ཡོན་ཏན་བཅུད་སྐྱེད་ལྟར་དབང་སྒྲུབ་ཀྱི་མདུན་བསྐྱེད་བཟླས་པའི་མཇུག་གི་འདོད་གསོལ་གྱི་སོགས་ཁང་། གཞན་གྱིས་མི་ཐུབ་སོགས་སྔར་གྱི་བསྟོད་པའི་མཇུག་ཏུ་འབྱུང་བའི་མཐར། ཕྱག་རྒྱའི་ཚོགས་དེ་ཐམས་ཅད་ཀྱིས། །ཞེས་པའི་ཚིག་མཐའ་བསྒྱུར་ནས། བདག་ལ་བསྲུང་བར་མཛད་དུ་གསོལ། །ཞེས་སྦྱར་པ་ཡིན། རིག་གཏད་དངོས་དང་། རྗེས་རིམ་བཅས་བྱ། འདིའི་རྩ་གཞུང་བུམ་བསྐྱེད་མངོན་རྟོགས་ལ་དཔེ་དག་པ་ཞིག་རྙེད་ན་ངེས་པར་ཞུ་དག་དགོས།མཆན།། །། ༈ དུམ་རྒྱ་ཞང་ཁྲོམ་རྡོ་རྗེ་འབར་གྱི་འཇམ་དཔལ་གཤིན་རྗེའི་གཤེད་ཚེ་བདག་གི་ཆོས་སྡེའི་བྱད་འགྲོལ་གསེར་གྱི་ལྡེའུ་མིག་གི་བྱིན་རླབས་དབང་ཆོག་སྙིང་པོ་བསྡུས་པ་ལྟར་དབང་སྒྲུབ། དབང་དངོས།་་་བགེགས་གཏོར་བསྔོ་ཚིག་ལག་ལེན་ནས་ལེན།མཆན། རྗེས་རིམ་བཅས། བྱད་བཀྲོལ་དངོས་ནི་དབང་བསྐུར་ཐོབ་ཅིང་བསྙེན་པ་སོང་བས་གཞན་ལ་རིམ་པར་སྤེལ་མཁས་བྱ་བ་ལས་ཁྱབ་བརྡལ་དུ་མི་བྱའོ།། །། ༈ ཀློང་གསལ་རྡོ་རྗེ་སྙིང་པོའི་འཕགས་མ་གདུགས་དཀར་མོ་གཙོ་རྐྱང་གི་སྒྲུབ་ཕྲིན་དབང་བསྐུར་དང་བཅས་པ་རབ་བརྟན་རྡོ་རྗེའི་གོ་ཆ་ལྟར་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་དང་།། །། ༈ ཨོ་རྒྱན་མཆོག་གྱུར་གླིང་པའི་ཟབ་བདུན་རྩ་གསུམ་ཚེའི་ཟབ་པའི་ཆ་ལག་རྡོ་རྗེ་མཁའ་འགྲོ་གདུགས་དཀར་གྱི་དབང་ཆོག་གསལ་བར་བཀོད་པ་ཆུ་ཤེལ་བུམ་བཟང་ལྟར་དབང་སྒྲུབ། དབང་དངོས། རྗེས་ཆོག་བཅས་དང་།། །། ༈ བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་འཇམ་དཔལ་སྨྲ་སེང་ཁྲོས་པ་ཕ་རོལ་རྒོལ་བ་འཇོམས་པའི་ལས་ཀྱི་གཟེར་ཁ་རྡོ་རྗེ་གཙུག་གཏོར་གྱི་བྱད་འགྲོལ་སྲུང་བ་བཅས་ཁྱེར་བདེར་ཕྱུང་པ་གདེངས་ཆོག་རལ་གྲི་ལྟར། ༼འི༽ཐུགས་སྒྲུབ་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་བདག་བསྐྱེད་སྔོན་དུ་འགྲོ་བས། ཆོག་ཁྲིགས་ལྟར་མདུན་བུམ་བསྒྲུབ། བྱད་བཀྲོལ་དངོས། རྗེས་རིམ་བཅས་བགྱིས་པས། བྱད་ཕུར་རྦོད་གཏོང་ཞི་བའི་སྐོར་གྱི་དབང་རྣམས་གྲུབ་བོ།། །། ༄། དྲུག་པ་སྣོད་བཅུད་ཀྱི་ཉེས་པ་ཞི་བའི་སྐོར་ལ་དབང་སྐུར་བའི་རིགས་དམིགས་བསལ་བ་མི་བཞུགས་སོ།། །། ༄། བདུན་པ་མཐར་ཐུག་སྡིག་སྒྲིབ་ཞི་བའི་སྐོར་ལ། གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་དབང་བསྐུར་བལྟས་ཆོག་ཏུ་བཀོད་པ་ཉི་མའི་འཛུམ་ཟེར་ལྟར་དབང་སྒྲུབ། དབང་དངོས། རྗེས་ཆོག་དང་། ༧ ལམ་དུས་ཀྱི་དབང་ཆོག་རྒྱུན་ཁྱེར་ཨོ་རྒྱན་བླ་མའི་ཞལ་ལུང་བདུད་རྩིའི་ཆར་འབེབ་ཀྱི་སྒོམ་ལུང་དབང་དོན་དུ། སློབ་དཔོན་རང་གིས་ལམ་དུས་ཚར་གཅིག་ཉམས་ལེན་བྱ་ཞིང་། མདུན་བསྐྱེད་དབང་ལེན་ཡུལ་དང་གཏོར་མ་དབྱེར་མེད་དུ་བསྒོམས་ནས། ཡིག་དྲུག་ཅི་ནུས་བཟླ། མཐར་མཆོད་བསྟོད་ཕུལ། སློབ་མ་འདུས་པར་ཁྲུས་མི་དགོས། འོ། ནམ་མཁའི་མཐའ་ཁྱབ་ཀྱི་འགྲོ་བ་མཐའ་དག་གི་དོན་དུ་འཕགས་མཆོག་ཐུགས་རྗེ་ཆེན་པོའི་སྒོམ་ལུང་དང་། གཏོར་མའི་བྱིན་བརླབ་ཟབ་མོ་གསན་ཞིང་ཚུལ་བཞིན་ཉམས་ལེན་ལ་བརྩོན་པར་བགྱི་བའི་བློས་གསན་འཚལ། དེ་ཡང་མཁའ་མཉམ་གྱི་སེམས་ཅན་རྣམས་འདུལ་ཕྱིར་རྒྱལ་ཀུན་སྙིང་རྗེའི་འདུས་གཟུགས་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་ཀྱི་སྐུའི་བཀོད་པ་དང་། མཚན་གྱི་རྣམ་གྲངས་བསམ་ལས་འདས་པར་སྤྲུལ་ནས་འགྲོ་བའི་དོན་ཚད་ལས་འདས་པར་མཛད་དེ་གངས་ཅན་བོད་ཀྱི་ལྷ་སྐལ་གཅིག་ཆོག་མར་ཡོངས་སུ་གྲགས་ཤིང་། བཀའ་གཏེར་གསར་རྙིང་ཀུན་ནས་སྒྲུབ་ཐབས་སྨིན་གྲོལ་གྱི་གདམས་ངག་ལས་ཚོགས་དང་བཅས་པ་ཇི་སྙེད་ཅིག་གསུངས་པ་ལས། འདི་ནི་འཕགས་པ་ཉིད་ཀྱི་རྣམ་རོལ་མངའ་བདག་གསུང་སྤྲུལ་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གིས་ལྷོ་བྲག་གནམ་སྐས་ཅན་ནས་ཁྲོ་ཆུའི་ཀླུ་བདུད་ཀྱི་གཟུགས་ཁྲུ་གང་བ་སྤྱན་དྲངས་པའི་སྐུ་རྐེད་ནས་བྱོན་པའི་ཟབ་གཏེར། སློབ་དཔོན་ཆེན་པོ་པདྨའི་ཐུགས་དམ། མཁའ་འགྲོ་མ་རྣམས་ཀྱི་སྙིང་ཐིག་གཞན་ལ་མེད་པའི་ཁྱད་ཆོས། སྐལ་མེད་རྣམས་ཀྱི་སྤྱོད་ཡུལ་དུ་མ་གྱུར་ཅིང་། སྐལ་ལྡན་རྣམས་ཀྱི་སྙིང་དཀྱིལ་དུ་བཅང་བར་འོས་པའི་ཟབ་ཆོས། འགྲོ་བ་རྣམས་འདྲེན་པའི་ལྕགས་ཀྱུ། འབྲེལ་ཚད་དོན་ལྡན་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཀུན་གྱི་ཡང་སྙིང་། སྤྱན་རས་གཟིགས་འཁོར་བ་དོང་སྤྲུག་གི་ལམ་དུས་ཀྱི་དབང་ཆོག་རྒྱུན་ཁྱེར་ཨོ་རྒྱན་བླ་མའི་ཞལ་ལུང་ཞེས་བྱ་བ། མངའ་བདག་དང་ལང་གྲོ་ལོ་ཙཱ་ཟུང་གི་རྣམ་འཕྲུལ་གནས་གསར་བ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་བསྩལ་པའི་ཕྱག་རྒྱུན་ལས་འབྱུང་བ་ཉིད་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ། འདིར་སྒོམ་ལུང་དང་འབྲེལ་བའི་ལམ་དུས་ཀྱི་དབང་བཞི་བྱིན་བརླབ་བཅས་བགྱི་བ་ལ་སྦྱོར་དངོས་རྗེས་གསུམ་གྱི། དང་པོ་སྦྱོར་བ་རྒྱུད་སྦྱོར་བ་ལ། ཐོག་མར་སྐྱབས་སུ་འགྲོ་བའི་སླད་དུ། མདུན་གྱི་ནམ་མཁར་འཇའ་སྤྲིན་གྱི་ཀློང་ན་བླ་མ་ཐུགས་རྗེ་ཆེན་པོ་ལ་ཕྱོགས་དུས་ཀྱི་སྐྱབས་གནས་དཀོན་མཆོག་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་ཞིང་། དགྱེས་འཛུམ་ལྷམ་མེར་བདག་སོགས་འགྲོ་དྲུག་རྣམས་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས་པའི་དྲུང་དུ། ཁྱེད་རང་རྣམས་ཀྱི་གཙོར་བྱས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་སྒོ་གསུམ་འདུན་པ་གཅིག་ཏུ་དྲིལ་ནས་འདི་ནས་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་གནས་གཞན་དུ་མི་འཚོལ་ཞིང་། ཅི་མཛད་ཁྱེད་ཤེས་བློ་གཏད་ལིང་བསྐྱུར་གྱིས་འདིའི་རྗེས་ཟློས། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ན་མོ༔ སྐུ་གསུམ་ཐུགས་རྗེར་སོགས་ལན་གསུམ། ཚོགས་ཞིང་དེ་རྣམས་དཔང་པོར་གསོལ་བའི་སྤྱན་སྔར་མ་རིག་པའི་དབང་དུ་སོང་བའི་འགྲོ་བ་རྣམས་ཀྱི་ཆེད་དུ་བདག་གིས་ཐུགས་རྗེ་ཆེན་པོ་བསྒྲུབ་ཅིང་། སྒོམ་བཟླས་ཟབ་མོ་ཉམས་སུ་བླངས་ནས་བླ་ན་མེད་པའི་མཆོག་ཐོབ་པར་བྱས་ཏེ། ཁམས་གསུམ་འཁོར་བའི་རྒྱ་མཚོ་ཆེན་པོ་དོང་ནས་སྤྲུག་པའི་ཕྲིན་ལས་ལ་གཞོལ་བར་བགྱི་སྙམ་པའི་ཐབས་སྙིང་རྗེ་ཆེན་པོ་དང་། འཁོར་གསུམ་གྱི་མཚན་མར་མ་དམིགས་པའི་ཤེས་རབ་སྟོང་པ་ཉིད་ཆེན་པོ་ལ་བློ་ཉེ་བར་བཞག་པས་འདིའི་རྗེས་ཟློས། ཀྱེ་མ༔ རྟོག་འཁྲུལ་ངན་པའི་སོགས་ལན་གསུམ། གཉིས་སྣང་གི་རྟོག་པས་བསླད་པའི་བློའི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངང་ནས། རང་ཤར་རིག་པ་སྣང་སྟོང་སྒྱུ་མ་ལྟ་བུའི་འཕགས་པའི་སྐུ་འདི་ལྟར་དུ་སྒོམས་ཤིག །རྟོག་མེད་ངང་ལས་སོགས་ནས། ཚུལ་དུ་བསྒོམ༔ གཉིས་པ་དངོས་གཞི་ལ། ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་རིན་པོ་ཆེའི་སྤྲིན་གྱི་ལྡིང་ཁང་ཀུན་བཟང་སྨོན་ལམ་ལྟ་བུའི་མཆོད་པའི་བཀོད་པ་དང་བཅས་པའི་དབུས་སུ། གདན་པདྨ་ཉི་ཟླའི་སྟེང་དུ་སྐྱབས་གནས་ཐམས་ཅད་འདུས་པའི་སྤྱི་གཟུགས་དྲིན་ཅན་རྩ་བའི་བླ་མ་དང་དབྱེར་མེད་པའི་འཕགས་མཆོག་ཐུགས་རྗེ་ཆེན་པོ། སྐུ་མདོག་པདྨ་རཱ་གའི་ཕུང་པོ་ལྟར་དམར་ལ་འཚེར་བ་ཞི་འཛུམ་མཛེས་པའི་ཞལ་གཅིག་ཕྱག་གཉིས་པ། གཡས་པདྨའི་ཕྲེང་བ་འདྲེན་ཅིང་གཡོན་བདུད་རྩིས་བཀང་བའི་བུམ་པ་འཛིན་པ། གཅེར་བུ་དར་གྱི་ཨང་རག་གསོལ་ཞིང་། དབུ་སྐྲ་མཐོན་མཐིང་རལ་པ་ཐོར་ཚུགས་སུ་བཅིངས་པའི་གསེབ་ཏུ་བླ་མ་འོད་དཔག་མེད་རིགས་ཀྱི་བདག་པོར་བཞུགས་པ། ཞབས་གཉིས་བཞེངས་པའི་སྟབས་ཅན། སྐུ་ལས་ཐུགས་རྗེའི་འོད་ཟེར་མུ་མེད་དུ་འཕྲོ་བར་གསལ། དེའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཨོ་རྒྱན་གྱི་སོགས་ནས། ལྟེ་བར་ཧྲཱིཿརྣམས་དཀར་དམར་མཐིང་སེར་གྱི་ཁ་དོག་འབར་བས་མཚན་པར་གྱུར་པའི་སྤྱན་སྔར། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་ལོངས་སྤྱོད་དགེ་བའི་རྩ་བ་དང་བཅས་པ་ཀུན་ཏུ་བཟང་པོའི་སྤྲིན་གྱི་མཎྜལ་དུ་དམིགས་ནས་འབུལ་བའི་བློས་འདིའི་རྗེས་ཟློས། ན་མོ༔ བཀོད་པ་མཛེས་ལྡན་སོགས་དང་། སྒོ་གསུམ་གུས་ཤིང་དང་བ་ཆེན་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ན་མོ༔ ཐུགས་རྗེའི་བདག་པོ་སོགས་ལན་གསུམ། དེ་ལྟར་གདུང་ཤུགས་དྲག་པོས་གསོལ་བ་རྩེ་གཅིག་ཏུ་བཏབ་པས། མདུན་བསྐྱེད་ཀྱི་སོགས། བདག་གི་ཞེས་པའི་ཚིག་རྣམས་ལ། སློབ་མའི་ཞེས་བསྒྱུར་ནས། སྔོ་ལམ་གྱིས་གང་བར་བསམ། སླར་ཡང་མདུན་བསྐྱེད་དང་སློབ་དཔོན་གཉིས་སུ་མེད་པའི་ཞལ་ནས། དབང་བསྐུར་བྱ་སྐུར་བྱེད་སོགས་ནས། ངོ་སྤྲོད་གསུང་བར་བསམ། དེས་ལུས་ངག་ཡིད་སོགས་ནས། ངོ་བོ་ཉིད་སྐུ་ཐོབ་པའི་ངེས་ཤེས་བརྟན་པོར་སྐྱེད་ཅིག །བྱིན་རླབས་ཡོངས་རྫོགས་རྩལ་སྤྲུགས་སུ་འཕོ་བ་དོན་གྱི་དབང་བསྐུར་བ་ནི། མདུན་གྱི་ཨོ་རྒྱན་རིན་པོ་ཆེ་སོགས། ཁྱེད་རང་རྣམས་ལ་སོགས། ཅི་གནས་སུ་འཇོག་ཅིང་དར་ཅིག་ཉམས་སྐྱོང་འཚལ། ཅུང་ཟད་འཇོག་བཅུག །སླར་ཡར་དེའི་ངང་ལས་ཁྱེད་རང་རྣམས་ཐུགས་རྗེ་ཆེན་པོའི་སྐུ་སོགས། སྐུར་བཞེངས་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། མདུན་བསྐྱེད་ཐུགས་རྗེ་ཆེན་པོའི་ཞལ་ནས། ཁྱེད་རྣམས་ཀྱིས་དེང་ཕྱིན་ཆད་སེམས་ཅན་གྱི་སོགས། གྱིས་ཤིག །ཅེས་རྗེས་སུ་གདམས་པས་འགྲོ་དོན་ལ་དབང་བའི་གནང་བ་བསྩལ་ཞིང་དབུགས་དབྱུང་ཐོབ་པ་ཡིན་ནོ། །བྱིན་རླབས་བརྟན་བྱེད་ཡོངས་རྫོགས་གཏོར་མའི་དབང་བསྐུར་བ་ནི། མདུན་བསྐྱེད་འཕགས་པའི་ལྷ་ཚོགས་དང་རྣམ་དབྱེར་མེད་པའི་གཏོར་ཆེན་སློབ་བུའི་སྤྱི་བོར་བཞག་པའི་ཚེ། ལྷ་ཚོགས་རྣམས་འོད་ཀྱི་ཕུང་པོར་གྱུར་ཏེ་སྒོ་གསུམ་ལ་ཐིམ་པས། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་དཀྱིལ་འཁོར་དང་གཉིས་སུ་མེད་པར་བྱིན་གྱིས་བརླབ་ཅིང་འཕགས་མཆོག་ཐུགས་རྗེ་ཆེན་པོ་དང་ནུས་མཐུ་མཉམ་པའི་ཕྲིན་ལས་ཀྱི་རྒྱུན་བརྟན་པར་བྱས་པར་མོས་ཤིག །གཏོར་དབང་བསྐུར་ཞིང་ཡིག་བདུན་ཤམ་ཅན་གྱེར། དེ་ལྟར་སྐུ་བསྒོམ་ཞིང་ལམ་གྱི་དབང་བརྟན་བྱེད་དང་བཅས་པ་ལེགས་པར་གྲུབ་པའི་གཏང་རག་དང་། གསུང་སྙིང་པོ་བཟླས་པའི་ལུང་ཞུ་བའི་ཡོན་དུ་མཎྜལ། གསུང་སྔགས་ཀྱི་རྒྱལ་པོ་ཡི་གེ་བདུན་པའི་བཟླས་ལུང་སྦྱིན་པ་ནི། སློབ་མ་ཐུགས་རྗེ་ཆེན་པོའི་སྐུར་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདམར་པོ་རང་སྒྲ་སྒྲོག་པའི་མཐར་གསང་སྔགས་ཡི་གེ་དྲུག་མས་བསྐོར་བར་གསལ། སྔགས་ཕྲེང་དམར་པོ་གཡས་སྐོར་དུ་འཁོར་བ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་ཕྱི་ནང་གསང་བའི་མཆོད་པ་ཕུལ་བས་ཚོགས་རྫོགས། གནས་གསུམ་ནས་ཨོཾ་ཨཱཿཧཱུྃ་འོད་ཟེར་གྱི་ཚུལ་དུ་བྱོན། ཁྱེད་རང་རྣམས་ལ་ཐིམ་པས་སྒོ་གསུམ་གྱི་སྒྲིབ་པ་སྦྱང་། སླར་ཡང་སངས་རྒྱས་ཐམས་ཅད་ཀྱི་སྐུ་ཐུགས་རྗེ་ཆེན་པོ། གསུང་ཡི་གེ་བདུན་པ། ཐུགས་ཕྱག་མཚན་གྱི་རྣམ་པར་བྱིན་རླབས་ཐམས་ཅད་བསྡུས་ཏེ་སློབ་བུའི་གནས་གསུམ་དུ་ཐིམ་ནས་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཐོབ། ཡང་འོད་ཟེར་འཕྲོས། འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱང་། ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དང་། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུ་སྣང་ལ་རང་བཞིན་མེད་པར་གྱུར་ནས། དེ་ཐམས་ཅད་ཀྱི་སྔགས་ཀྱི་སྒྲ་དབྱངས་བུང་བ་ཚང་ཞིག་པ་ལྟར་འུར་དི་རི་རི་སྒྲོག་པའི་དམིགས་གནད་དང་ལྡན་པས། ཡིག་བདུན་བརྒྱ་རྩ་བརྒྱད་གསུང་འཚལ། ཞེས་བཟླ། མཐར་ཁམས་གསུམ་གྱི་སྣང་བ་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གསལ་བ་ལ། ཅིར་སྣང་བདེ་ཆེན་རྒྱན་གྱི་རོལ་མོས་མཆོད་ཅིང་བསྟོད་པ་འབུལ་བར་མོས་པས་འདིའི་རྗེས་ཟློས། ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨཱརྱ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་པུཥྤེ་སོགས་དང་། རྣམ་པར་མི་རྟོག་སོགས། མཐར། བདག་དང་སྣང་བ་ཐམས་ཅད་མི་དམིགས་པ་འཁོར་གསུམ་གྱི་མཚན་མ་ལས་འདས་པའི་རིག་སྟོང་འོད་གསལ་སྟོང་ཉིད་ཆེན་པོའི་ངང་སྐྱོངས་ལ་ཅུང་ཟད་མཉམ་པར་འཇོག་མཛོད། དེས་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་ལམ་དུས་ཀྱི་དབང་བསྐུར་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཀྱིས་བརྒྱན་པ་ཉིད་ཐོབ་པ་ཡིན་པས། རྟག་ཏུ་གངས་ཅན་བོད་ཀྱི་ལྷ་སྐལ་ཐུགས་རྗེ་ཆེན་པོའི་སྒོམ་བཟླས་ལ་བརྩོན་ན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་འཐོབ་པའི་ཚུལ་ནི། རྩ་རྒྱུད་པདྨ་དྲྭ་བ་ལས། སྐུ་ཡི་དཀྱིལ་འཁོར་གཅིག་བསྒོམས་པས། །སངས་རྒྱས་ཐམས་ཅད་འདུས་པ་ནི། །མགོན་པོ་སྤྱན་རས་གཟིགས་སྐུ་ཡིན། །སྒོམ་དང་ཡིད་ལ་དྲན་པས་ཀྱང་། །མཚམས་མེད་སྡིག་པ་འདག་པར་བྱེད། །ཅེས་དང་། རྒྱུད་ལས། རྒྱལ་བ་རྒྱ་མཚོ་ཐམས་ཅད་ཀྱི༔ སྙིང་རྗེ་ཆེན་པོ་གཅིག་བསྡུས་པ༔ འཕགས་པའི་རིག་སྔགས་བཟླས་ནས་ཀྱང༔ འཁོར་བ་དོང་སྤྲུག་ཏིང་འཛིན་བསྒྲུབ༔ འདིས་ནི་ནད་ཞི་གདོན་ལས་གྲོལ༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་རྒྱས༔ འབྲེལ་ཚད་འཁོར་བ་དོང་སྤྲུགས་ནས༔ ཐུགས་རྗེ་ཆེན་པོའི་རིགས་སུ་འགྱུར༔ སྟོང་གསུམ་འཇིག་རྟེན་ཐམས་ཅད་ཀྱི༔ རྡུལ་ཕྲན་གྲངས་ཀྱང་བརྗོད་ནུས་ཀྱི༔ རིག་སྔགས་འདི་བཟླས་ཡོན་ཏན་མཐའ༔ སུས་ཀྱང་བརྗོད་པར་མི་ནུས་སོ༔ ཞེས་པ་ལ་སོགས་བཀའ་གཏེར་གསར་རྙིང་ཀུན་ནས་བརྗོད་ཀྱིས་མི་ལང་བར་གསུངས་པས། ཁྱེར་སོ་གསུམ་གྱི་རྣལ་འབྱོར་དང་ལྡན་པའི་སྒོ་ནས་རང་དང་གཞན་གྱི་དོན་རླབས་པོ་ཆེ་སྒྲུབས་ཤིག །དགེ་བསྔོ་བྱས་ལ་སློབ་མ་གྱེས། སློབ་དཔོན་གྱིས་རྗེས་བསྡུ་ལྡང་། བསྔོ་སྨོན། ཤིས་བརྗོད་ཀྱིས་མཐའ་བརྒྱན་པས་གྲུབ་བོ།། །། ༈ འཇའ་ཚོན་རྟ་ཕག་ཡིད་བཞིན་ནོར་བུའི་ཕྱི་སྒྲུབ་ལྟུང་བཤགས་ཆོ་གའི་ཟིན་བྲིས་འདོན་འགྲིགས་བལྟས་ཆོག་ཏུ་བཀོད་པ་ལྟར་དབང་དོན་སྐྱབས་སེམས་ནས་བརྩམ་བདག་བསྐྱེད་ཐུགས་རྗེ་ཆེན་པོ་དང་། མདུན་བསྐྱེད་བུམ་བསྐྱེད་ཚིག་རིས་གཅིག་གིས་སོ་སོར་གསལ་བཏབ་ནས་ལས་བུམ་བཟླས་པ་ཡན་གྱིས་བསྒྲུབ་ཅིང་། སྤྲོ་ན་ལྟུང་བཤགས་ཚར་བདུན་སོགས་ཅི་ནུས་བསྐྱར། བདག་འཇུག་གམ་རིག་མེ་དོར་ཞིང་གནང་བ་ནོད། དབང་དངོས་ལ། སློབ་མ་རྣམས་ཁྲུས་ནས་དབྱུང་། གྲལ་དུ་འཁོད་པར་མེ་ཏོག་བཀྱེ་བསྡུ་དང་། སེམས་བསྐྱེད་གསལ་གདབ་འཕྲོས། དེ་ལ་འདིར་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་མིའི་ཟོལ་དུ་བྱོན་པ། ཉང་བན་ཏིང་འཛིན་བཟང་པོའི་སྐྱེ་མཐའ་རིག་འཛིན་འཇའ་ཚོན་སྙིང་པོ་དང་ཨོ་རྒྱན་ལས་འཕྲོ་གླིང་པའམ། གསང་མཚན་ཧཱུྃ་ནག་མེ་འབར་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་ཟབ་གཏེར་རྟ་ཕག་ཡིད་བཞིན་ནོར་བུའི་ཕྱི་མདོ་ལུགས་ཀྱི་སྔོན་འགྲོ། སངས་རྒྱས་སུམ་ཅུ་རྩ་ལྔ་ལ་མཆོད་ཅིང་གསོལ་བ་བཏབ་པའི་ཆོ་ག་དང་འབྲེལ་བའི་སྒོ་ནས་སྨིན་ལམ་དབང་གི་ཆོ་ག་བགྱིད་པའི་སྐབས་སུ་བབ་པ་སྟེ། རྒྱལ་ཡུམ་མཁའ་འགྲོའི་དབང་ཕྱུག་ཡེ་ཤེས་མཚོ་རྒྱལ་གྱི་ཞལ་ནས། བྱང་སེམས་ནམ་སྙིང་སྤྲུལ་པ་ཏིང་འཛིན་བཟང༔ རྟེན་འབྲེལ་སྨོན་ལམ་མཐུ་ཡིས་མ་འོངས་འདུལ༔ སྐྱེས་བུ་དེ་ལ་དགོངས་ནས་ཟབ་གཏེར་སྦས༔ རྟ་ཕག་ཡིད་བཞིན་ནོར་བུའི་ཟབ་ཆོས་ལ༔ སྒྲུབ་ཐབས་ཕྱི་ནང་གསང་བ་དེ་བཞིན་ཉིད༔ ཀུན་གྱི་སྔོན་འགྲོ་མདོ་དང་བསྟུན་པ་ནི༔ མདུན་བསྐྱེད་གཙོར་བསྟན་སངས་རྒྱས་སུམ་ཅུ་ལྔ༔ ཞེས་སོགས་བསྔགས་པར་མཛད་པ་ལྟུང་བ་བཤགས་པའི་ཆོ་ག་འདི་ཉིད། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པས་ཉ་པ་ལྔ་བརྒྱའི་དོན་དུ་གསུངས་ནས་ཉ་དང་མི་རྣམས་གཏན་གྱི་བདེ་བ་ལ་དབུགས་འབྱིན་པར་མཛད་ཅིང་། སངས་རྒྱས་སུམ་ཅུ་རྩ་ལྔ་འདི་དག་གི་མཚན་རེ་རེ་ཙམ་རྣ་བར་ཐོས་པས་ཀྱང་ལས་ངན་གྱི་སྡིག་སྒྲིབ་མ་ལུས་དག་ནས། ཕྱི་མ་ཕྱིར་མི་ལྡོག་པའི་སར་སྐྱེ་བར་གསུངས་པ་སོགས་ཕན་ཡོན་དང་བྱིན་རླབས་ཀྱི་ཚན་ཁ་མཆོག་དང་ལྡན་པའི་དབང་བསྐུར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ། སྒོ་གསུམ་གུས་པ་ཆེན་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་བླ་མ་སོགས་ལན་གསུམ། དེ་ལྟར་གསོལ་པའི་ལན་དུ་ནུས་པ་འདྲི་བ་ལགས་ཏེ། ཧོ༔ བུ་ཁྱོད་སུ་ཡིན་སོགས། ཞེས་དྲིས་པའི་ལན་དུ་དམ་ཚིག་བསྲུང་བར་ནུས་པར་ཁས་བླང་ཞིང་སླར་ཡང་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བདག་ནི་རིགས་ཀྱི་སོགས་ལན་གསུམ། རྒྱུད་སྦྱོང་བའི་ཕྱིར། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་སུམ་ཅུ་རྩ་ལྔ་ཐ་མི་དད་པར་བཞུགས་པའི་སྤྱན་སྔར། ཕྱག་འཚལ་བ་སོགས་ཡན་ལག་བདུན་པ་འབུལ་བར་མོས་པས་འདིའི་རྗེས་ཟློས། བདག་དང་སེམས་ཅན་ཐམས་ཅད་ དུས་རྟག་པར་བླ་མ་ལ་ཕྱག་འཚལ་ལོ༔ སོགས་གཞུང་གི་ཕྱག་འཚལ་གྱི་སྐབས་སུ་འབྱུང་བ་བཞིན། ཡོངས་སུ་བསྔོ་བར་བགྱི་འོ༔ བར་བརྗོད། སྔོན་ཆད་མ་རིག་པའི་སྒྲིབ་པས་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡར་མིག་དར་འཆིང་འཚལ། ཕྱག་ཐལ་སྦྱར་གྱི་བར་དུ་ལྷའི་མེ་ཏོག་གསར་པ་རེ་ཐོགས་ནས་རིགས་ཀྱི་ལྷ་སྐལ་བརྟག་པའི་ཕྱིར། མདུན་དུ་བཞུགས་པའི་ལྷ་ཚོགས་རྣམས་ཀྱི་དབུ་ལ་འབུལ་བའི་མོས་པས་འདིའི་རྗེས་ཟློས་བཅས་འབུལ་འཚལ། ཧོ༔ རྩ་གསུམ་བླ་མའི་སོགས། དེ་ལྟར་ཕུལ་པའི་མེ་ཏོག་ལྷ་ཚོགས་རྣམས་དང་སློབ་དཔོན་ལྷན་ཅིག་པས་སློབ་མའི་སྤྱི་བོར་དབང་རྟགས་ཅོད་པཎ་གྱི་ཚུལ་དུ་བཅིངས་ཤིང་། རིགས་ཀྱི་གསང་མཚན་བཏགས་པར་མོས། ཁྱོད་ཀྱི་སོགས། དེ་ནས་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གཞུག་པའི་ཕྱིར། ཁྱེད་རང་རྣམས་ལུས་གནད་རྣམ་སྣང་ཆོས་བདུན་དང་། ངག་གནད་རླུང་རང་སོར་བཞག །སེམས་གནད་གཞན་དུ་མ་ཡེངས་པར་དམིགས་པ་འདི་ལྟར་རྩེ་གཅིག་ཏུ་གསལ་འདེབས་འཚལ། ཨ་མྲྀཏས་བསང་། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་སློབ་མ་རྣམས༔ བཅོམ་ལྡན་ཤཱཀྱའི་སོགས། སྤོས་རོལ་སྔགས་བཅས་ཀྱིས་བྱིན་དབབ་ཅིང་བརྟན། དེ་ལྟར་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཞུགས་པས་གནས་ལུགས་དོན་གྱི་ལྷ་ཞལ་སྒྲིབ་མེད་དུ་མཐོང་བའི་བརྡར་གདོང་གཡོགས་སོལ་ཅིག །ཧོ༔ ཇི་ལྟར་མིག་མཁན་སོགས། རང་སྣང་བདེ་བར་གཤེགས་པའི་དཀྱིལ་འཁོར་གྱི་ལྷ་ཞལ་མཐོང་བ་མེད་པའི་ཚུལ་གྱིས་མཐོང་བར་མོས་ཤིག །དེས་འཇུག་པའི་ཆོས་རྣམས་སོང་། ད་དབང་བསྐུར་བ་དངོས་ལ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་མཐའ་རྟེན་བཅས་འབྱུང་བ་ལས། དང་པོ་སྐུ་བུམ་པའི་དབང་བསྐུར་བ་ནི། དབང་ལྷ་ནམ་མཁའ་གང་བའི་ཚོགས་དང་ལྷན་ཅིག་བདག་སློབ་དཔོན་གྱིས་ཐུན་མོང་རིག་པའི་དབང་ལྔ་རིམ་པར་བསྩལ་བས་མ་རིག་པ་ལྔ་དག །ཡེ་ཤེས་ལྔའི་དབང་ཐོབ། ཕུང་པོ་ལྔ་སངས་རྒྱས་ལྔར་གནས་གྱུར་པས་སྐུ་བུམ་པའི་དབང་ཡོངས་སུ་རྫོགས་པར་ཐོབ་པར་མོས། ཧཱུྃ༔ རིན་ཆེན་བུམ་པ་སོགས་རིགས་དབང་རྗེས་ཀྱི། འབྱུང་བར་གྱུར་ཅིག༔ བར། གཉིས་པ་གསུང་ཡིག་འབྲུའི་དབང་བསྐུར་བ་ནི། དབང་ལྷ་སློབ་དཔོན་དང་བཅས་པའི་མགྲིན་པ་ནས་གསུང་ཡིག་འབྲུ་ཨཱ་ལི་ཀཱ་ལི་རྒྱ་ཡིག་དང་བོད་ཡིག་གི་གཟུགས་ཁ་དོག་ལྔ་པའི་ཚོགས་ཆར་བབ་པ་བཞིན་བྱོན། སློབ་མའི་མགྲིན་པར་ཐིམ་པས། ངག་བྱེད་རྩོལ་གཡོ་བའི་དྲི་མ་སྦྱངས། སྒྲ་གྲགས་སྔགས་ཀྱི་རང་བཞིན་དུ་དག་པ་གསུང་ཡིག་འབྲུའི་དབང་ཡོངས་སུ་རྫོགས་པ་ཐོབ་པར་མོས། ཧཱུྃ༔ དུས་གསུམ་རྒྱལ་བའི་སྒྲ་སོགས། གསུམ་པ་ཐུགས་ཕྱག་མཚན་གྱི་དབང་བསྐུར་བ་ནི། ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས། རྡོ་རྗེ། རིན་པོ་ཆེ། པདྨ། རལ་གྲི། འཁོར་ལོ་ལ་སོགས་པའི་ཕྱག་མཚན་གྱི་ཚོགས་དཔག་ཏུ་མེད་པར་བྱོན། སློབ་མའི་སྙིང་གར་ཐིམ་པས་བདག་དང་མཚན་མར་དམིགས་པའི་འཛིན་རྟོག་གི་དྲི་མ་སྦྱངས། འདུས་མ་བྱས་ཤིང་ལྷུན་གྲུབ་ཡེ་ཁྱབ་སྤྲོས་བྲལ་གྱི་རང་ཞལ་མངོན་དུ་བྱེད་པ་ཐུགས་ཕྱག་མཚན་གྱི་དབང་ཡོངས་སུ་རྫོགས་པ་ཐོབ་པར་མོས། ཧཱུྃ༔ དུས་གསུམ་རྒྱལ་བའི་དཀྱིལ་སོགས། བཞི་པ་ཡོན་ཏན་ཐིག་ལེའི་དབང་བསྐུར་བ་ནི། ལྷ་ཚོགས་རྣམས་ཀྱི་ལྟེ་བ་ནས་ཡེ་ཤེས་ཆེན་པོའི་འོད་ཟེར་དཀར་སེར་དམར་ལྗང་སྔོ་བ་སྟེ། ཁ་དོག་རྣམ་པ་ལྔར་འཚེར་བའི་ཐིག་ལེའི་ཚོགས་དུ་མ་བྱོན། སློབ་མའི་ལྟེ་བར་ཐིམ་པས་གཟུང་འཛིན་གྱི་བག་ཆགས་ཤེས་བྱའི་སྒྲིབ་པ་སྦྱངས། བྲལ་སྨིན་གྱི་ཡོན་ཏན་མ་ལུས་པ་སྟོབས་སུ་གྱུར་པས་ཡོན་ཏན་ཐིག་ལེའི་དབང་ཡོངས་སུ་རྫོགས་པ་ཐོབ་པར་མོས། ཧཱུྃ༔ སྲིད་པ་ཆགས་བྱེད་སོགས། ལྔ་པ་ཕྲིན་ལས་འབྱུང་ལྔའི་དཀྱིལ་འཁོར་གྱི་དབང་བསྐུར་བ་ནི། ལྷ་ཚོགས་རྣམས་ཀྱི་གསང་བ་ནས་བདེ་བར་གཤེགས་པའི་ཕྲིན་ལས་ས་ཆུ་མེ་རླུང་ནམ་མཁའ་སྟེ། འབྱུང་བ་ལྔས་གར་ཁྱབ་ཐུགས་རྗེའི་ཕྲིན་ལས་ཁྱབ་གདལ་དུ་འཇུག་པར་མཚོན་པའི་དཀྱིལ་འཁོར་ལྔ་པོ་འཕྲོས། སློབ་མའི་གསང་བར་ཐིམ་པས་བྱ་རྩོལ་གྱི་སྤྲོས་པ་ལས་འདས་པ་རང་བྱུང་ལྷུན་གྲུབ་ཀྱི་ཕྲིན་ལས་འབྱུང་ལྔས་གར་ཁྱབ་ཏུ་འགྱེད་ཅིང་འགྲོ་དོན་བྱེད་པ་ལ་དབང་བའི་ཕྲིན་ལས་རབ་འབྱམས་ཀྱི་དབང་ཡོངས་སུ་རྫོགས་པ་ཐོབ་པར་མོས། ཧཱུྃ༔ ཕྱི་ནང་དབྱེར་མེད་སོགས། དེ་ལྟར་གཞི་རྒྱུད་ལ་ཡེ་གདོད་མ་ནས་བཞུགས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་རྣམས་ལ། དབང་གི་ཚོགས་གསོས་བཏབ་པས་དག་རྫོགས་སྨིན་ཏེ་ཆོས་ཀྱི་རྒྱལ་པོར་གྱུར་པ་ལ། བཀྲ་ཤིས་པའི་རྟགས་རྫས་བརྒྱད་དང་། འཁོར་ལོས་བསྒྱུར་པའི་འབྱོར་པའི་དཔལ་བདུན་པོས་མངའ་དབུལ་ཞིང་བཀྲ་ཤིས་བདེ་ལེགས་སུ་བྱས་པར་མོས། ཧཱུྃ༔ སྐྱོབ་བྱེད་གསེར་གདུགས་སོགས་ཀྱིས་རིམ་པར་ཕྱག་ཏུ་གཏད། དེ་ལྟར་སྨིན་ལམ་དབང་གི་རིམ་པ་ཟབ་མོ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཀྱིས་བརྒྱན་པ་ལེགས་པར་ཐོབ་པས། དམ་ཚིག་གི་གནས་རྣམས་བསྲུང་སྡོམ་ཚུལ་བཞིན་དུ་མཛད་དགོས་པས། དེ་ལྟར་བགྱི་བའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་ལྟར་དང་། ཆོ་གའི་རྗེས་གཞུང་ལས་འབྱུང་བ་བཞིན་བགྱིས་པས་གྲུབ་བོ།། །། ༈ གནམ་ཆོས་དགོངས་གཏེར་ཐུགས་ཀྱི་ཀློང་རྡོལ་ལས་བྱུང་བ་བཅོམ་ལྡན་འདས་ཀུན་རིག་གི་དབང་གི་ཟིན་བྲིས་གོ་བདེ་བར་བཀོད་པ་ལྟར་དབང་སྒྲུབ། ཁྲུས་ཀྱི་རྗེས་སེམས་བསྐྱེད་གསལ་གདབ་བཅས་མཎྜལ་སྔོན་དུ་འགྲོ་བས། ལོ་རྒྱུས་སོགས་དབང་དངོས་ཀྱི་མཐའ་རྟེན་སྣ་བདུན་རྒྱས་པ་དེ་བསྐུར། བསྡུས་པ་དང་ཁ་འཕངས་ཀྱི་རྟགས་རྫས་བཅས་ཀྱི་དབང་བསྐུར་བྱ་མི་དགོས། ཆོ་གའི་རྗེས་གནམ་ཆོས་སྤྱི་བཞིན་བྱའོ།། །། ༈ ཀློང་གསལ་རྡོ་རྗེ་སྙིང་པོའི་བཅོམ་ལྡན་འདས་མགོན་པོ་མི་འཁྲུགས་པའི་ཆོ་ག་དང་དབང་བསྐུར་གནས་ལུང་དང་བཅས་པ་མུན་འཇོམས་ཟླ་བའི་འོད་ཟེར་ལྟར་དབང་སྒྲུབ། དབང་དངོས་ཀྱི་རྗེས་མཐའ་རྟེན་བཀྲ་ཤིས་རྟགས་རྫས་རྒྱལ་སྲིད་བཅས་རྒྱས་བསྡུས་གང་མོས་ཤིག་ངེས་པར་འགྲོ་དགོས་ཤིང་། ཆོ་གའི་རྗེས་རིམ་བཅས་བྱའོ།། །། ༈ མཆོག་གྱུར་གླིང་པའི་ཟུར་བཟའི་ཐུགས་དམ་སྐོར་དྲུག་གི་རྡོར་སེམས་སྒྲིབ་སྦྱོང་ཡེ་ཤེས་ཆུ་རྒྱུན་གྱི་དབང་བསྐུར་ཟུར་འདེབས་ཟླ་ཤེལ་མེ་ལོང་ལྟར་དབང་སྒྲུབ་ཀྱི་བཟླས་པའི་སྐབས་བྱེ་མ་བསྔགས། ཁྲུས་བུམ་དུ་རྡོར་སེམས་སྐད་ཅིག་གིས་བསྐྱེད་ནས། ཡིག་བརྒྱའི་མཐར། སརྦ་པཱ་པཾ་ད་ཧ་ན་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བཏགས་པ་བཟླས་པས་བསྒྲུབ་ཅིང་། རྣམ་བུམ་དང་ཆབས་ཅིག་འོད་ཞུ་བྱ། དངོས་གཞིར་སྡིག་སྒྲིབ་དག་བྱེད་དང་། ཡོན་ཏན་ཡར་འཕེལ་གྱི་བུམ་དབང་གི་རྗེས་སུ་མྱོང་གྲོལ་རིལ་བུའི་དབང་སྦྱར་བ་བསྐུར་ཞིང་། རྗེས་ཆོག་བཅས་བྱའོ།། །། ༈ ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བླ་མ་ལོངས་སྐུ་འགྲོ་འདུལ་ངན་སོང་དོང་སྤྲུག་གི་ཕྲིན་ལས་དབང་བསྐུར་གནས་ལུང་དང་བཅས་པ་གཞན་ཕན་ཤིང་རྟ་ལྟར་དབང་སྒྲུབ་ཀྱི་བཟླས་པའི་སྐབས་བྱེ་མ་བསྔགས་ལ་ཧས་གདབ། བུམ་སྒྲུབ་རྗེས། ༼ནི༽གྲོལ་བ་བཅུ་གཅིག་གི་ལག་ལེན་གསལ་བྱེད་ངོ་མཚར་རྒྱ་མཚོའི་ས་བཅད་གསུམ་པ་ལྟར་རིལ་སྒྲུབ་སྦྱར། རིག་མེ་དོར་ལ་གནང་བ་ནོད། དབང་དངོས་གཞི་རྒྱས་པའི་ལུགས་བཞིན་བསྐུར་བའི་བུམ་དབང་གི་རྗེས་སམ། སྐུ་གསུང་ཐུགས་དབང་གི་འཕྲོས་སུ། དེ་ནས་རྗེས་འབྲེལ་མྱོང་གྲོལ་རིལ་བུ་ལ་བརྟེན་པའི་འཁོར་བ་དོང་ནས་སྤྲུག་པའི་ཕྲིན་ལས་ཀྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་གདབ་པ་འདིའི་རྗེས་ཟློས། དཔལ་ལྡན་ངན་སོང་དོང་སྤྲུགས་ཀྱི༔ སོགས་གྲོལ་བ་བཅུ་གཅིག་གི་ལག་ལེན་ལྟར་མྱོང་གྲོལ་རིལ་བུའི་དབང་། དེའི་ཡན་ལག་རྣམས་དང་། སྨོན་ལམ་གྲུབ་ཀྱི་བར་བཏང་། དེ་ནས་སྔ་མའི་འཕྲོས་རྣམས་མཐར་ཆགས་སུ་བསྐུར། རྗེས་རིམ་བཅས་བྱ་ཞིང་། འདི་ལྟར་དབང་རྒྱས་པ་ཐོབ་པས་གཞུང་གསལ་བསྡུས་པའི་ལུགས་ཟུར་དུ་རང་གིས་ཞུ་མི་དགོས་ཤིང་གཞན་ལ་བསྐུར་ཆོག་པར་སྣང་ངོ་།། །། ༼འདིར་མཆོག་གླིང་ཐུགས་སྒྲུབ་བདེ་ཆེན་ཞིང་སྦྱོང་སྐོར་དབང་བཅས་མཁྱེན་བརྩེའི་གསུང་ཡོད།མཆན།༽ ༈ འབུམ་རྫོང་གཏེར་བྱོན་གུ་རུའི་ཐུགས་དམ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་འཁོར་བ་དོང་སྤྲུག་གི་དབང་རྒྱས་པ་བསྐུར་ཐབས་འགྲོ་དོན་ཀུན་ཁྱབ་ལྟར་དབང་སྒྲུབ་སྐབས། བུམ་སྒྲུབ་ཟིན་མཚམས་སུ། འདིའི་གཏེར་གཞུང་འགྲོ་དོན་ཆོས་དྲུག་གི་དང་པོ་མྱང་གྲོལ་རིལ་སྒྲུབ་སྦྱར། འདི་རྒྱུད་སྡེ་གོང་མ་ཡིན་ཅིང་། མཆོད་པའི་སྐབས་སྨན་རཀ་གཏོར་གསུམ་འབུལ་སྔགས་སརྦ་པཱུ་ཛའི་སྔགས་ཀྱི་མགོར་སྦྱར། ཚོགས་སྤྲོ་ན། ༼ཐ༽ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཕྲིན་ལས་སྙིང་པོ་བཞིན་གཏང་། འདི་ལ་དེང་སང་མགྱོགས་དབང་བཤམ་བཀོད་ཀྱིས་རྒྱས་བཏབ་པས་གཞུང་གི་དགོངས་པ་དང་འགལ་བའི་དོགས་པ་བྱུང་བར་སྣང་ངོ་། །དངོས་གཞི་དབང་རྒྱས་པ་མྱོང་གྲོལ་རིལ་བུའི་དབང་དང་བཅས་པ་བསྐུར་བའི་དམ་ཚིག་ཁས་བླངས་རྗེས། འདིའི་མགྱོགས་དབང་གི་དབང་སྒྲུབ་གོང་གི་འཐུས་ཤིང་ཟུར་དུ་བསྒྲུབ་མི་དགོས་པས། དེ་ལྟར་ཐོབ་པའི་བཀའ་དྲིན་གཏང་རག་དང་། སླར་ཡང་མགྱོགས་དབང་མདོར་བསྡུས་གསན་པའི་ཡོན་དུ་མཎྜལ། ཟུར་གསལ་མགྱོགས་དབང་གི་སེམས་བསྐྱེད་གསལ་གདབ་ནས། མཚམས་སྦྱོར་སྦྲེལ་ཏེ་མཐར་ཆགས་སུ་བསྐུར་ཞིང་། བཀྲ་ཤིས་ནི། ཧཱུྃ་ཧྲཱི༔ བྱིན་རླབས་སྤྲིན་འཁྲིགས་བླ་མ་རྗེ༔ དངོས་གྲུབ་ཆར་འབེབ་ཞི་དང་ཁྲོ༔ དགོས་འདོད་སྩོལ་མཛད་མཁའ་འགྲོའི་ཚོགས༔ རྩ་གསུམ་ལྷ་ཡི་བཀྲ་ཤིས་ཤོག །ཅེས་སོགས་དབང་གི་རྗེས་དང་། ཆོ་གའི་རྗེས་ཚོགས་ཡོད་ན། དྲང་ལྷག་གཏང་། གང་ལྟར་ཡང་མཆོད་བསྟོད་ཕྱིན་བྱང་ཆོག་གི་མཇུག་ནས་འབྱུང་བ་བཞིན་མཐར་དབྱུང་བས་གྲུབ་བོ།། །། ༈ རིགས་གསུམ་སྙིང་ཐིག་གི་པདྨ་གར་དབང་ཡོ་ག་དང་འབྲེལ་བ་ལྷ་ཉེར་གཅིག་པ་འཕགས་པ་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་བསྙེན་སྒྲུབ་ཕྲིན་ལས་དང་བཅས་པ་གཞན་ཕན་མཁའ་ཁྱབ་ལྟར་དབང་སྒྲུབ་ཀྱི་བུམ་བཟླས་རྫོགས་པ་དང་། འོག་གི་རིལ་བུ་བསྒྲུབ་པ་སྦྱར་དགོས། དངོས་གཞིའི་དབང་བསྐུར་གྱི་ཐུགས་དབང་རྗེས། མྱང་གྲོལ་རིལ་བུའི་དབང་སྦྱར་ནས། དབང་དང་། ཆོ་གའི་རྗེས་བཅས་བྱའོ། །དེ་རྣམས་ཀྱིས་སྡིག་སྒྲིབ་ཞི་བའི་སྐོར་གྱི་དབང་དང་། སྤྱི་སྡོམ་ས་བཅད་ཆེན་མོའི་ཞི་བའི་ཕྲིན་ལས་ཀྱི་སྐོར་དུ་བཞུགས་པའི་དབང་བསྐུར་རྣམས་གྲུབ་པ་ཡིན་ནོ།། །། ༄༅། །གསུམ་པ་རྒྱས་པའི་ལས་ཀྱི་སྐོར་ལ། ཚེ་དང་། ཤེས་རབ། བསོད་ནམས། ལོ་ཏོག །རིགས་རྒྱུད། བསྟན་པ་རྒྱས་པ་དང་དྲུག་ལས། དང་པོ་ཡོན་ཏན་ཐམས་ཅད་ཀྱི་ཕྱི་མོ་ཚེ་རྒྱས་པར་བྱེད་པའི་སྐོར་ལ། འཇའ་ལུས་རྡོ་རྗེའི་སྐུ་བརྙེས་གྲུབ་ཆེན་དཔལ་ལྡན་རྡོ་རྗེའི་ཚེ་ཁྲིད་འཆི་མེད་རྡོ་རྗེའི་སྲོག་ཤིང་གི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་འཆི་མེད་རྡོ་རྗེའི་བཅུད་ལེན་ལྟར་དབང་སྒྲུབ། དངོས་གཞིར་དབང་རྒྱས་པ་དང་། བསྡུས་པ། རྗེས་རིམ་བཅས་བྱའོ།། །། ༈ གྲུབ་ཆེན་ཟླ་བ་པའི་ལུགས་ཀྱི་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་སྒྲུབ་ཐབས་རྗེས་གནད་དང་བཅས་པ་ཚེ་མཆོག་མཐར་ཕྱིན་ལྟར་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ འབྲི་གུང་པ་ཆོས་ཀྱི་གྲགས་པའི་དག་སྣང་སྒྲ་མི་སྙན་གྱི་ཚེ་སྒྲུབ་ཀྱི་དབང་དོན་སྒྲུབ་པ་ནི། བརྒྱུད་འདེབས་འཆི་མེད་གྲུབ་པ་སྔོན་དུ་འགྲོ་བས། སངས་རྒྱས་ཆོས་དང་སོགས་ཀྱི་སྐྱབས་སེམས་ལན་གསུམ་དང་། བགེགས་གཏོར་བཏང་ཞིང་སྲུང་འཁོར་བསྒོམ། རཾ་ཡཾ་ཁཾ། རྣམ་དག་ཆོས་དབྱིངས་སོགས་ཀྱིས་མཆོད་རྫས་བརླབས། གཞུང་གསལ་ལྟར་བདག་ཉིད་བསྐྱེད་བཟླས་ཀྱི་རྣལ་འབྱོར་དང་། མདུན་གྱི་དཀྱིལ་འཁོར་བསྐྱེད་པའི་སྐབས། བདག་ཉིད་ཅེས་པ་དོར་ནས། བཟླས་པའི་སྟོང་ཚིགས་ཀྱི་མཆོད་བསྟོད། ལས་བུམ་དུ་འཁྱིལ་པ་བསྐྱེད་བཟླས་འོད་ཞུ་བཅས་བྱ། རིག་མེ་དོར་ནས་གནང་བ་ནོད། དབང་དངོས་ལ། མཁའ་ཁྱབ་ཀྱི་ཡིད་ཅན་ཐམས་ཅད་གནས་སྐབས་དུས་མ་ཡིན་པའི་འཆི་བ་འཇོམས་ཤིང་། མཐར་ཐུག་མགོན་པོ་ཚེ་དཔག་མེད་ཀྱི་གོ་འཕང་ལ་འགོད་པའི་སླད་དུ་དབང་བསྐུར་བ་ནོད་ནས་གདམས་ངག་ཉམས་སུ་བླང་བར་བྱ་སྙམ་པའི་སེམས་བསྐྱེད་པ་འདུ་མཛད་དེ་གསན་འཚལ། དེ་ལ་སྐབས་སུ་བབ་པ་འདིའི་ལོ་རྒྱུས་ཅུང་ཟད་ཅིག་ཞུ་ན། རྒྱ་གར་འཕགས་པའི་ཡུལ་དུ་དགྲ་བཅོམ་པ་བློ་གྲོས་དཔལ་ལ་ལྷའི་དགེ་བསྙེན་གྱིས་དངོས་སུ་ཕུལ་བ་སྒྲ་མི་སྙན་གྱི་ཚེ་གཟུངས་དང་འབྲེལ་བའི་གདམས་པ། རྗེ་འབྲི་གུང་བ་རིན་ཆེན་ཕུན་ཚོགས་ཀྱི་ཡང་སྤྲུལ་མཁས་ཤིང་གྲུབ་པའི་དབང་ཕྱུག་ཆེན་པོ་རིག་པ་འཛིན་པ་དཔལ་ཆོས་ཀྱི་གྲགས་པ་ལ། འཕགས་ཡུལ་གྱི་སློབ་དཔོན་དྷ་ན་ཤྲཱིས་དངོས་སུ་གནང་ཞིང་། ཕྱིས་བོད་ཁམས་སྐྱོང་བའི་ཞིང་སྐྱོང་ཆེན་མོ་རྡོ་རྗེ་ཀུན་གྲགས་མའི་མཚོ་འགྲམ་དུ་བཞུགས་པའི་སྐབས། དག་པའི་སྣང་བར་ཨོ་རྒྱན་ཆེན་པོས་དེའི་གདམས་ངག་རྒྱས་པར་བསྩལ་བའི་ཚུལ་གང་གི་གསུང་ལས་འབྱུང་བ་ནི། དེ་ཡང་ཆུ་མོ་གླང་ལོ་སོགས་གཞུང་གི་དབུ་ནས་འབྱུང་བ་ཉིད། བྱུང་བ་དང་ནམ་ལངས་འདུག་པ་དང་འགྲིགས་པས། རྟེན་འབྲེལ་གྱི་དགེ་མཚན་རྨད་དུ་བྱུང་བ་སྒྲ་མི་སྙན་གྱི་ཚེ་སྒྲུབ་ཟབ་མོ་འདི་ཉིད་ཐུགས་ཉམས་སུ་བཞེས་པས་སྐུ་ཚེ་མཐར་ཕྱིན་ཅིང་། སྐལ་ལྡན་རྣམས་ལ་རིམ་པར་སྤེལ་བ་བྱིན་རླབས་ཀྱི་ཚན་ཁ་མཆོག་དང་ལྡན་པ་འདི་ཉིད་ཀྱི་དབང་བསྐུར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ། དད་མོས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དགའ་ཆེན་ཁྱོད་བདག་སོགས་ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ་ཞིང་མཆོག་རྒྱ་མཚོ་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་ཚིག་རྗེས་སུ་དོན་གཞོལ་བས་ཚོགས་གསག་ཡན་ལག་བདུན་པ་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་སོགས་ལན་གསུམ། བླ་མའི་ཐུགས་ཀ་ནས་སྤྲོས་པའི་ལས་ཀྱི་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་བྱང་སྒོའི་བུམ་པས་ཁྲུས་བྱས་པས། དབང་གི་ཡེ་ཤེས་སྐྱེ་བ་ལ་བར་དུ་གཅོད་པའི་ཉེས་ལྟུང་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་བཀྲུས་ཤིང་། ལུས་ཤེལ་སྒོང་ལྟར་དྲི་མ་མེད་པར་གྱུར་པར་སྒོམས་ཤིག །ཧཱུྃ། དྲི་མ་རྣམ་དྲུག་སོགས་དབང་གཞུང་བཞིན་ཁྲུས་བྱ། དབང་གི་གཞི་དགོད་ཅིང་ཡེ་ཤེས་ཀྱི་བྱིན་དབབ་པའི་ཕྱིར། སློབ་བུ་རྣམས་མ་ཡེངས་པར་ཏིང་འཛིན་གྱི་རིམ་པ་འདི་ལྟར་རྩེ་གཅིག་ཏུ་སྒོམས་འཚལ། སྭ་བྷཱ་ཝ་སོགས། བདག་གི་རྣལ་འབྱོར་ལྟར་ལ། བདག་ཉིད་ཅེས་པའི་མལ་དུ། སློབ་མ་ཞེས་བསྒྱུར་ནས། འོག་མིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས་ནས་སློབ་མ་ལ་སིབ་སིབ་ཐིམ་པས་སྒོ་གསུམ་བྱིན་གྱིས་བརླབས་པར་མོས། སྤོས་རོལ་བཅས་གཟུངས་མཐར། ཨཱ་ཝེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་བཟླས་པས་བྱིན་དབབ། དེ་ཉིད་མི་ཉམས་ཤིང་བརྟན་པར་བྱ་བའི་ཕྱིར་ནུབ་སྒོའི་དྲིའི་ཆུས་ཨོཾ་ཨཱཿཧཱུྃ་བརྗོད་བཞིན། སློབ་མའི་གནས་གསུམ་དུ་ཐིག་ལེ་བཀོད་པ་རྡོ་རྗེ་གསུམ་གྱི་ཡི་གེར་གྱུར་པས་བརྟན་པར་མོས། འབྲུ་གསུམ་བརྗོད། དེ་ནས་དངོས་གཞིའི་དབང་བསྐུར་སྩོལ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྡོ་རྗེ་འཛིན་པ་སོགས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་དབང་གི་ལྷ་དང་སློབ་དཔོན་ལྷན་ཅིག་པས། ལྷོ་སྒོའི་བུམ་པས་བཅོམ་ལྡན་འདས་ཚེ་དཔག་མེད་མགོན་ལ་སོགས་པ་རྒྱལ་བ་རྣམས་ཀྱི་སྐུའི་བྱིན་རླབས་འདུས་པའི་དབང་བསྐུར་བར་མོས། དབང་བསྐུར་རྡོ་རྗེ་སོགས་ཀྱིས་བུམ་དབང་བསྐུར་ཞིང་བུམ་ཆུ་བླུད། ནུབ་སྒོའི་བདུད་རྩི་མགྲིན་པར་བཞག་ཅིང་མྱང་བས་ཚེ་ལྷ་རྒྱལ་བ་རབ་འབྱམས་ཀྱི་གསུང་གི་བྱིན་རླབས་འདུས་པའི་དབང་བསྐུར་བར་མོས། དུས་གསུམ་སངས་རྒྱས་སོགས། ཤར་སྒོའི་ཤེལ་རྡོ་སྙིང་གར་བཞག་པས་ཚེ་ལྷ་རྒྱལ་བ་རབ་འབྱམས་ཀྱི་ཐུགས་ཀྱི་བྱིན་རླབས་འདུས་པའི་དབང་བསྐུར་བར་མོས། སངས་རྒྱས་ཀུན་གྱི་སོགས། སླར་ཤར་སྒོའི་ཚེ་གཏོར་སྤྱི་བོར་བཞག་པས་ཚེ་ལྷ་རྒྱལ་བ་རབ་འབྱམས་ཀྱི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པ་ཡེ་ཤེས་རྡོ་རྗེའི་བྱིན་རླབས་འདུས་པའི་དབང་བསྐུར་བར་མོས། བྷྲཱུྃ། ཚེ་ཟན་དངོས་གྲུབ་སོགས། དེས་དུས་མིན་འཆི་བའི་བར་ཆད་ཞི་ནས་ཚེ་དབང་ཕུན་སུམ་ཚོགས་པའི་སྐལ་པ་དང་ལྡན་པར་བྱས་པ་ཡིན་ནོ། །དེ་ནས་ཚེ་བསྲིང་གི་དབང་དངོས་ཞུ་བ་ནི། སློབ་མ་རྣམས་ཀྱིས་སློབ་དཔོན་དང་སོགས། འཚལ་བའི་མོས་པ་དང་བཅས་སྔགས་ཀྱིས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ན་མོ་བུདྡྷ་སོགས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པའི་མཐུས། སློབ་དཔོན་ཚེ་དཔག་མེད་དུ་སོགས། སྒྲ་མི་སྙན་གྱི་ཚེ་གཟུངས་བཟླ་བཞིན་རིལ་ཆང་སྦྱིན། ཐལ་མོ་མེ་ཏོག་དང་བཅས་ཏེ་སྨོན་ལམ་གདབ་པ་འདིའི་རྗེས་ཟློས། རྒྱ་གར་ནས་བྱོན་པའི་སོགས་ལན་གསུམ། དེ་ལྟར་བསྐུར་ཞིང་ཐོབ་པའི་འཆི་མེད་ཚེའི་དབང་དང་དངོས་གྲུབ་དེ་དག་མི་ཉམས་ཤིང་བརྟན་པའི་ཕྱིར། ལྷོ་སྒོའི་ཚེའི་མདའ་དར་གྱིས་སྤྱི་བོར་རྒྱ་གྲམ་དུ་རྒྱས་གདབ་པའི་ཚེ། དེ་ལས་འཕྲོས་པའི་སྣ་ཚོགས་རྡོ་རྗེའི་རྡུལ་གྱིས་ལུས་ཀྱི་བ་སྤུའི་མཐར་ཁྱབ་པའི་གོ་ཁྲབ་ཀྱིས་བསྲུང་ཞིང་བརྟན་པར་བྱས་པར་མོས། བྷྲཱུྃ། ཨཱ་ཡུཿའཆི་མེད་སོགས་ནས། བསྲུང་སྙམ་དུ་བསམ་པས་འདིའི་རྗེས་ཟློས། གཙོ་བོས་སོགས། རྗེས་མཆོད་བསྟོད། ནོངས་བཤགས། གཤེགས་གསོལ་གསུངས་ཀྱང་རྟེན་འབྲེལ་ཆེད་བརྟན་བཞུགས་བྱ་ཞིང་དམ་ཚིག་པ་རང་ལ་བསྡུ། བདག་བསྐྱེད་བསྡུ་ལྡང་སོགས་གཞུང་བཞིན་བགྱིས་པས་འགྲུབ་བོ།། །། ༈ ཀློང་གསལ་རྡོ་རྗེ་སྙིང་པོའི་རྒྱལ་ཡུམ་རྣམ་པར་རྒྱལ་མའི་ཕྲིན་ལས་དང་རྗེས་གནང་ཚེ་དབང་དང་བཅས་པ་ཁྲིགས་བཀོད་འཆི་བདག་གཡུལ་རྒྱལ་ལྟར་དབང་སྒྲུབ། དངོས་གཞིར་རྗེས་གནང་དང་ཚེ་དབང་སྦྲེལ་མའི་ལུགས་སུ་བསྐུར་ཞིང་། མཐའ་རྟེན་རྫས་རྟགས་སྣ་བདུན་བསྡུས་པ་བྱ་ཞིང་། དབང་དང་ཆོ་གའི་རྗེས་ཀྱི་རིམ་པ་དང་བཅས་བྱའོ།། །། ༈ ཀློང་གསལ་རྡོ་རྗེ་སྙིང་པོའི་དབང་ཆེན་ཚེ་སྒྲུབ་ཉི་ཟླའི་གྭའུ་རྗེས་གནང་དང་བཅས་པའི་ཁྲིགས་བསྡེབས་ཉི་ཟླའི་ཟེར་ཐིགས་ལྟར་དབང་སྒྲུབ། དབང་དངོས། མཐར་རྫས་རྟགས་སྣ་བདུན་གོང་མཚུངས་སྦྱར་བས་བསྐུར་ཞིང་ཆོ་གའི་རྗེས་རིམ་དང་བཅས་བྱའོ།། །། ༼འདིར་སྟག་ཤམ་ཐུགས་སྒྲུབ་རྣམ་གསུམ་ལས་གུ་རུ་ཞི་བའི་ཚེ་དབང་ཟིན་བྲིས་ཅན་ཆོས་གླིང་གསུང་དཔལ་སྤུངས་དཀར་ཆག་ལས་འབྱུང་བ་ལྟར་བཞག་ཡོད།མཆན།༽ ༈ ཆོས་རྗེ་གླིང་པའི་བཀའ་གཏེར་དག་སྣང་ཟུང་འཇུག་གི་ཚེ་སྒྲུབ་ཚེ་དབང་དང་བཅས་པ་ཉེ་བརྒྱུད་འཆི་མེད་དཔལ་སྟེར་གསར་པ་ལྟར་དབང་སྒྲུབ། དབང་དངོས་བསྐུར་ཞིང་། རྗེས་རིམ་བཅས་བྱའོ།། །། ༈ ལོང་པོ་བཀྲ་ཤིས་ཚེ་བརྟན་གྱི་ལམ་ཟབ་བླ་མ་སྒྲུབ་པའི་ཆ་ལག་ཚེ་སྒྲུབ་རྡོ་རྗེ་སྙིང་པོའི་དབང་གི་ཆོ་ག་བདུད་རྩིའི་སྙིང་པོ་ལྟར་དབང་སྒྲུབ། ༼ཇ༽སངས་གླིང་བླ་མ་དགོངས་འདུས་ལས་བྱང་མེ་ཕྲེང་གི་སྔོན་རྗེས་སྦྱར། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ ཟུར་མཁར་དྲི་མེད་གླིང་པའི་འཆི་མེད་ཀློང་གསལ་རྡོ་རྗེའི་སྲོག་སྒྲུབ་ཀྱི་ཚེ་དབང་འཆི་མེད་སྙིང་པོ་བཀླག་ཆོག་ཏུ་བཀོད་པ་འཆི་མེད་བཅུད་འཛིན་ལྟར་དབང་སྒྲུབ། དབང་དངོས། རྗེས་ཆོག་བཅས་བཏང་ངོ་།། །། ༈ བྲག་གསུམ་བསྟན་འཛིན་ཟླ་འོད་རྡོ་རྗེའི་ཚེ་སྒྲུབ་འོད་ཀྱི་སྙིང་པོའི་དབང་དོན་སྒྲུབ་པ་ནི། གཏེར་གཞུང་གི་སྔོན་འགྲོའི་ཕྲིན་ལས་ལྟར་སྐྱབས་སེམས་རྗེས། བགེགས་གཏོར་བརླབ་ཅིང་འགུགས་བསྔོ་སྤྱི་ལྟར་སྦྱར། མཚམས་གཅོད་ནས་མཆོད་རླབས་གྲུབ་རྗེས་བྱིན་དབབ། དངོས་གཞིའི་ཕྲིན་ལས་བཞིན་བདག་མདུན་བུམ་པ་དབྱེར་མེད་དུ་གསལ་གདབ་ཅིང་སྤྱན་འདྲེན་ནས་བསྟོད་པའི་བར་གཏང་། ཛཔ྄་ཁང་ཕྱེས་ལ། ཛཔ྄་དགོངས་ལེའུ་བཏང་ནས་བཟླས་པ་ཅི་ནུས་བྱ། མཐར་ཐུགས་དམ་བསྐུལ་ཆོག་གི་ཚེ་བཅུད་འགུག་ཅིང་རྒྱས་གདབ། སྟོང་ཚིགས་ཀྱི་མཆོད་བསྟོད་བྱ། ལས་བུམ་རྟ་སྔགས་ཀྱིས་བརླབས། རྗེས་ཀྱི་ལས་རིམ་ལྟར་ཚོགས་མཆོད་བསྟབ་པའི་རྗེས། རིག་མེ་དོར་ཞིང་གནང་བ་ནོད། དབང་དངོས་ལ། མར་གྱུར་འགྲོ་བ་རྣམས་ཀྱི་དོན་དུ་ཚེ་བདག་པདྨ་འོད་དཔག་མེད་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་དེ་ཉིད་ཀྱི་རྣལ་འབྱོར་ཉམས་སུ་ལེན་པའི་ཕྱིར་སྨིན་བྱེད་དབང་བསྐུར་བ་ནོད་པར་བགྱི་སྙམ་པའི་ཐུགས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེ་ཡང་རྒྱལ་བ་ཐུགས་རྗེའི་གཏེར་ཆེན་དེ་ཉིད་ཀྱིས་ལུས་ཅན་མཐའ་དག་ལ་རྣམ་པར་གྲོལ་བའི་ལམ་དང་། ཕན་བདེའི་སྲོག་སྦྱིན་པའི་ཆོས་སྒོ་གྲངས་མེད་པ་དབྱེ་བར་མཛད་པ་ལས། གནས་སྐབས་དུས་མིན་གྱི་འཆི་བ་ལས་སྐྱོབ་ཅིང་། མཐར་ཐུག་མགོན་པོ་འོད་མི་འགྱུར་བའི་གོ་འཕང་ལ་དབུགས་འབྱིན་པར་བྱེད་པ་པདྨ་གསུང་གི་སྐོར་གྱི་མན་ངག་མཐའ་ཡས་པར་བསྟན་པ་ལས། སྐབས་སུ་བབ་པ་འདི་ནི། རང་གཞུང་ལས། བདག་འདྲ་ཨོ་རྒྱན་མཁན་པོ་པདྨ་ནི༔ སོགས་ཚེའི་སྒྲུབ་ཐབས་ཀྱི་མགོར་འབྱུང་བ་བཞིན། མ་འོངས་སྐལ་ལྡན་དོན་དུ་བསྡུས་ཏེ་བསྟན༔ ཞེས་དང་། ཚེ་དཔག་མེད་དངོས་ཨོ་རྒྱན་བླ་མ་ཡིས༔ སོགས་སྒྲུབ་ཐབས་དེ་གའི་མཇུག་ཏུ་འབྱུང་བ་བཞིན། ལས་འཕྲོ་སད་པའི་བུ་ལ་གཏོད་ཅིག་རྒྱ༔ ཞེས་གསུངས་པ་བཞིན་ཟབ་མོའི་གཏེར་དུ་གཏམས་པ་ཉིད་ཕྱིས་གཡུ་སྒྲའི་རྣམ་འཕྲུལ་རིག་འཛིན་བསྟན་འཛིན་ཟླ་འོད་རྡོ་རྗེའམ། ཨོ་རྒྱན་རྡོ་རྗེ་ཐོགས་མེད་རྩལ་གྱིས་སྤུ་བོ་ཕུ་ལུང་བཙན་དམར་སྲོག་གི་སྤུ་གྲིའི་བྲག་ནས་ཚེ་སྒྲུབ་འོད་ཀྱི་དྲྭ་བའི་ཆོས་སྐོར་དང་ལྷན་ཅིག་ཏུ་སྤྱན་དྲངས། ལུང་བྱང་ལྟར་གཏེར་ཞལ་ཕྱེས་ཤིང་གཏན་ལ་ཕབ་ནས་ཤིན་ཏུ་གསང་བའི་ཐུགས་ཉམས་སུ་བཞེས་མཐར་གསང་བའི་གྲོགས་གྲུབ་ཆེན་ཟླ་འོད་དབང་མོ་ལ་ཆིག་བརྒྱུད་དུ་སྤེལ་བ་ལས་རིམ་པར་བྱུང་བ། ཚེ་སྒྲུབ་འོད་ཀྱི་སྙིང་པོའི་སྨིན་བྱེད་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ། བླ་མ་ཚེ་དཔག་མེད་མགོན་དངོས་སུ་བཞུགས་པའི་སྤྱན་སྔར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། གཏེར་གཞུང་དབང་ཆོག་བཞིན། དགའ་ཆེན་ཁྱོད་བདག་སོགས་ལན་གསུམ། རྒྱུད་སྦྱོང་བའི་སླད་དུ། སྐྱབས་ཀྱི་ཞིང་མཆོག་རྒྱ་མཚོའི་སྤྱན་སྔར་སྒོ་གསུམ་གུས་པའི་ཡིད་ཀྱིས་བྱང་ཆུབ་སྙིང་པོའི་བར་སྐྱབས་སུ་འགྲོ་བའི་བློས་འདིའི་རྗེས་ཟློས། ན་མོ༔ འཆི་མེད་ཚེ་བདག་སོགས་སྔོན་འགྲོའི་ལས་རིམ་ལྟར་ལན་གསུམ། མཁའ་མཉམ་འགྲོ་བ་རྣམས་ཀྱི་དོན་དུ་འཆི་མེད་ཚེའི་མཆོག་བསྒྲུབ་སྙམ་པའི་སེམས་བསྐྱེད་ལ་འདིའི་རྗེས་ཟློས། སེམས་བསྐྱེད་འགྲོ་བ་སོགས་ལན་གསུམ། སྒོ་གསུམ་གུས་པས་ཕྱག་འཚལ་བ་ལ་སོགས་རྒྱུན་བཤགས་ཡན་ལག་བརྒྱད་པའི་དོན་ཡིད་ལ་དྲན་བཞིན་པས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སོགས། དབང་གི་གཞི་དགོད་ཅིང་ཡེ་ཤེས་ཀྱི་བྱིན་དབབ་པའི་སླད་དུ་སྒོ་གསུམ་གྱི་གནད་གཅུན་ཏེ་དམིགས་པ་འདི་ལྟར་གསལ་ཐོབས། ཆོས་རྣམས་ཐམས་ཅད་སོགས་དངོས་གཞིའི་ཕྲིན་ལས་ནང་ལྟར། རང་སེམས་ཞེས་པར། སློབ་མ་ཞེས་བསྒྱུར་པས་ལྷར་བསྐྱེད་ནས། དེ་ལས་ལྕགས་ཀྱུ་ལྟ་བུ་ཡི༔ འོད་འཕྲོས་ཞིང་ཁམས་རབ་འབྱམས་ནས། །ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་ཏེ། །སློབ་མར་སིབ་སིབ་ཐིམ་པར་གྱུར། །སྤོས་རོལ་དབྱངས་ཀྱིས་སྤྱན་འདྲེན་དང་། རྩ་སྔགས་ལ། ཨཱ་ཝེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་བཟླས་པས་བྱིན་དབབ། སྤྱི་ལྟར་བརྟན། ཚེ་འགུགས་པ་ལ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་པདྨ་ཚེ་དཔག་ཏུ་མེད་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ལྷ་ཚོགས་ལ་ཕོག་པས་ཐུགས་རྒྱུད་བསྐུལ་བས། སྐུ་གསུམ་གྱི་ངོ་བོ་ཞལ་གསུམ་དང༔ སོགས་ཛཔ྄་དམིགས་བཞིན། རྡོ་རྗེའི་སྲོག་ཐོབ་པར་མོས། མདའ་དར་གཡབ་ཅིང་། ཧཱུྃ་ཧྲཱི༔ བྱང་ཆུབ་མཆོག་ཏུ་སོགས་ཐུགས་དམ་བསྐུལ་ཞིང་ཚེ་འགུགས་སྔགས་བཅས་གྱེར། དབང་དངོས་གཞིར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་ལྔ་ལས། དང་པོ་སྐུ་བུམ་པའི་དབང་བསྐུར་བ་ནི། བུམ་པ་རང་བྱུང་གི་གཞལ་ཡས་ཁང་གི་ནང་དུ་བུམ་བཅུད་སྐུ་ལྔ་ཚེ་ཡི་བདག་པོ་རིགས་ལྔའི་རང་བཞིན་དུ་བཞུགས་པས། སློབ་མའི་མགོ་བོའི་གནས་ལྔར་དབང་བསྐུར་བས་ཉོན་མོངས་པ་ལྔ་བཅོམ། ཕུང་པོ་ལྔ་ཡེ་ཤེས་ལྔར་གནས་འགྱུར། དབང་རྟགས་སུ་བཅོམ་ལྡན་འདས་ཚེ་ལྷ་རིགས་ལྔས་རྒྱས་གདབ་པས་སྐུ་ལྔའི་ཚེ་དབང་དམ་པ་ཐོབ་པར་མོས། ཧྲཱི༔ ཇི་སྙེད་སངས་རྒྱས་སོགས་བུམ་དབང་ལྔ་བསྐུར་ཞིང་སོ་སོར་བུམ་ཆུ་སྦྱིན་ལ། དེས་ཉོན་མོངས་པ་སོགས་བརྗོད། རྗེས་འབྲེལ་ཚེ་འབྲང་རིགས་འདུས་འཆི་མེད་སྤྲུལ་སྐུ་པདྨ་འབྱུང་གནས་ཀྱི་ངོ་བོར་གསལ་བ་སྤྱི་བོར་བཞག་ཅིང་དབང་བསྐུར་བས། འགྱུར་མེད་སྐུའི་ཚེ་དབང་དམ་པ་ཐོབ། ལུས་སྣང་སྟོང་འཇའ་འོད་ཀྱི་སྐུར་སྨིན་པར་མོས། ཨོཾ༔ སྤྲུལ་སྐུ་འཆི་མེད་སོགས། གཉིས་པ་གསུང་བདུད་རྩིའི་དབང་བསྐུར་བ་ནི། ལོངས་སྐུ་ཚེ་བདག་ཡབ་ཡུམ་གྱི་བྱང་སེམས་ཚེ་ཆང་བདུད་རྩིར་སྦྱར་བའི་བཅུད་ཀྱིས་བཀང་བའི་ཀཱ་པ་ལ་མགྲིན་པར་བཞག་ཅིང་མྱང་བས། རྩ་ཁམས་རླུང་གི་དྲི་མ་སྦྱང་། འགག་མེད་གསུང་གི་ཚེ་དབང་ཐོབ། ངག་འཆི་མེད་རྡོ་རྗེའི་གསུང་དུ་གྲུབ་པར་མོས། ཨཱ༔ ལོངས་སྐུ་ཚེ་དཔག་སོགས། གསུམ་པ་ཐུགས་རིལ་བུའི་དབང་བསྐུར་བ་ནི། ཆོས་སྐུའི་བླ་མ་སྣང་བ་མཐའ་ཡས་ཀྱི་རང་བཞིན་ཐིག་ལེའི་གཟུགས་སུ་ཤར་བ་འཆི་བ་མེད་པའི་རིལ་བུས་སྙིང་གར་དབང་བསྐུར་བས། གཉིས་སྣང་འཕོ་བའི་བག་ཆགས་སྦྱང་། འཁྲུལ་མེད་ཐུགས་ཀྱི་ཚེ་དབང་ཐོབ། ཡིད་མི་འགྱུར་རྡོ་རྗེའི་ཐུགས་སུ་གྲུབ་པར་མོས། ཧཱུྃ༔ ཆོས་སྐུ་ཀུན་བཟང་སོགས། བཞི་པ་ཡོན་ཏན་དཱུརྦའི་རྫས་མཆོག་གི་དབང་བསྐུར་བ་ནི། ཚེ་ལྷ་རྒྱལ་བའི་ཡོན་ཏན་གྱི་རྩལ་ལས་བྱུང་བ་ཡོན་ཏན་བཀྲ་ཤིས་ཚེ་འཕེལ་གྱི་རྫས་མཆོག་དཱུརྦའི་ཆུན་པོའི་དབང་ལྟེ་བར་བསྐུར་བས། ཤེས་བྱ་སྙོམས་འཇུག་གི་དྲི་མ་སྦྱང་། འདོད་འབྱུང་ཡོན་ཏན་གྱི་ཚེ་དབང་ཐོབ། ཡེ་ཤེས་རྡོ་རྗེའི་སྐུ་གྲུབ་པར་མོས། ཧྲཱི༔ འཆི་མེད་མྱ་ངན་སོགས། ལྔ་པ་ཕྲིན་ལས་མདའ་དར་གྱི་དབང་བསྐུར་བ་ནི། ཚེ་དཔག་མེད་ཀྱི་ཕྲིན་ལས་ཀྱི་རང་མདངས་ལས་ཤར་བ་ཁ་དོག་ལྔ་དང་ལྡན་པའི་མདའ་དར་གྱི་དབང་གསང་བར་བསྐུར་བས། བྱ་རྩོལ་གྱི་དྲི་མ་སྦྱང་། ཕྲིན་ལས་རབ་འབྱམས་ཀྱི་ཚེ་དབང་ཐོབ། རྩོལ་མེད་དོན་གྲུབ་རྡོ་རྗེའི་སྐུ་གྲུབ་པར་མོས། ཧཱ༔ མདའ་ནི་མི་འགྱུར་སོགས། མཐའ་རྟེན་ཚེ་སྦ་བསྟིམ་རྒྱས་གདབ་པ་ནི། ཁྱེད་རང་རྣམ་པའི་སྙིང་གར་ཕ་ལམ་ལས་གྲུབ་པའི་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པའི་ལྟེ་བར་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་དབུས་སུ། དྭངས་སྲོག་ཧྲཱིཿདམར་འོད་ལྔ་འཕྲོ་བའི་ཁོག་པར་ཚེ་རྟེན་ནྲྀ་ལྗང་གུ་ཐིག་ལེ་དཀར་དམར་དང་ལྡན་པས་མཚན་པ། ཚེ་བཅུད་དྭངས་མ་ཐམས་ཅད་སྲོག་རྟེན་ལ་ཐིམ་པས་ཚེའི་སྲོག་ཕུར་ཐེབས། ཉི་ཟླ་ཁ་སྦྱོར་ཤིན་ཏུ་མཁྲེགས་པ་སྲུབས་མེད་པའི་ཕྱི་རོལ་སྣ་ཚོགས་རྡོ་རྗེའི་རྭ་རྣམས་སྟེང་དུ་མདུད་པ་རྡོ་རྗེ་ཕྱེད་པས་གཟེར་གྱིས་བཏབ་པས་ཅིས་ཀྱང་མི་ཤིགས་པར་མོས་ལ། སྐྱེ་ཤི་དང་བསྐུར་ཐོབ་ཀྱི་སྤྲོས་པས་མ་བསླད་པ་རང་བྱུང་གཉུག་མའི་དབྱིངས་སུ་མཉམ་པར་བཞག་པའི་ཏིང་འཛིན་གྱིས་ཆོས་དབྱིངས་སྐྱེ་འགགས་བྲལ་བའི་དབྱིངས་སུ་ཚེ་སྦས་པས་གཉུག་མ་རྡོ་རྗེའི་སྲོག་འགྲུབ་པའི་ངེས་ཤེས་སྐྱེད་ཅིག །ཧྲཱི༔ སྙིང་པོ་ཅིས་ཀྱང་སོགས་ཚེ་འགུགས་མཇུག་ཏུ་འབྱུང་བ་བརྗོད། བཀྲ་ཤིས་ཀྱིས་མངའ་དབུལ། དེ་ལྟར་སྨིན་བྱེད་ཚེ་དབང་ཟབ་མོ་ཐོབ་ནས་ཉམས་ལེན་ཚུལ་བཞིན་བགྱིས་པའི་ཡོན་ཏན་ནི། རང་གཞུང་ལས། འདི་སྒྲུབ་ཡོན་ཏན་བརྗོད་མི་ལངས༔ སོགས་ཚེའི་སྒྲུབ་ཐབས་ཀྱི་གཞུང་ནས་འབྱུང་བ་བཞིན། སྐལ་མཉམ་འཆི་མེད་རིག་འཛིན་འགྲུབ༔ ཅེས་བསྔགས་པ་སོགས་ཕན་ཡོན་ཁྱད་པར་ཅན་དང་ལྡན་པ་འབྱུང་ཡང་། དེའི་རྩ་བ་དམ་ཚིག་ལ་རག་ལས་པས། དེའི་བསྲུང་ཚུལ་ནི། གཞུང་ལས། དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱི༔ སོགས་ནས། སྒྲུབ་པར་གྱིས༔ ཞེས་འབྱུང་བ་བཞིན་རྩ་བ་དང་ཡན་ལག་གི་དམ་ཚིག་གསང་སྔགས་བླ་ན་མེད་པའི་དམ་སྡོམ་སྤྱི་དང་། བྱེ་བྲག་ཉམས་ལེན། རྟེན་བཞེངས། སྲོག་བསླུ་སོགས་མཐུན་ཕྱོགས་ཀྱི་དགེ་བ་ལ་བརྩོན་པ་གལ་ཆེ་བས། དེ་དག་ཚུལ་བཞིན་བརྩོན་པའི་དམ་བཅའ་དང་བཅས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་བཞིན་དང་། རྗེས་རིམ། ཚོགས་ལ་རོལ་ཞིང་ལྷག་མ་བསྔོ་བ་ནས། བརྟན་བཞུགས་སྦྱར་བ་ཙམ་མ་གཏོགས་གཞུང་བཞིན་བགྱིས་པས་འགྲུབ་བོ།། །། ༼འདིར་དཔལ་སྤྲུལ་པད་ཆོས་དག་སྣང་ཙཎྜ་ལཱིའི་སྐོར་ལས། རྩ་བསྙེན་འཆི་མེད་བཅུད་དྲིལ་རྩ་གཞུང་སྒྲུབ་ཐབས་དང་དབང་ཆོག་བཅས་དཔེ་དངོས་སྔར་ནས་ཡོད་ཀྱང་། དབང་བསྐུར་དགོས་མིན་གྱི་གསལ་ཁ་གང་ཡང་དེ་སྔ་མ་མཐོང་ཞིང་། ཟུར་རྒྱན་ཞིབ་ཆ་ཅན་འདིའི་ནང་ཡང་མེད་པ་འདིའོ།མཆན།་་་་༈ དཔལ་རི་སྤྲུལ་སྐུ་པདྨ་ཆོས་འབྱོར་རྒྱ་མཚོའི་དག་སྣང་ཚེ་ཡུམ་ཙཎྜ་ལཱིའི་དབང་དོན་སྒྲུབ་པ་ལ། བརྒྱུད་འདེབས་མཐར། སྒྲུབ་ཐབས་ཚ་ཟེར་འོད་བརྒྱ་འཆི་བདག་གཡུལ་འཇོམས་ཀྱི་སྐྱབས་ཡུལ་གསལ་བཏབ་ནས། སྐྱབས་སེམས་ཡན་ལག་བདུན་པའི་རྗེས། བགེགས་གཏོར་བྱིན་རླབས་འགུགས་བསྔོ་སྦྱར། བཀའ་བསྒོ་ནས་གཟུང་། དངོས་གཞི་བདག་མདུན་དབྱེར་མེད་དུ་བསྐྱེད་ཅིང་། བཟླས་པའི་དབུར་ཛཔ྄་ཁང་དབྱེ་ལ། དམིགས་པ་གསལ་བཏབ་སྟེ་བཟླས་པ་ཅི་ནུས་དང་། བུམ་བཟླས་སྤྱི་ལྟར་བྱ། སྟོང་ཚིགས་མཆོད་བསྟོད་ནས་ཚེ་འགུག་རྒྱས་གདབ་ཚོགས་མཆོད་ཀྱི་བསྒྲལ་བསྟབ་མཐའ་བར་གཏང་། ལས་བུམ་དུ་འཁྱིལ་པའམ་རྟ་མགྲིན་གང་རུང་གི་བསྐྱེད་བཟླས་འོད་ཞུ་བྱ། རིག་མེ་དོར་ཞིང་གནང་བ་ནོད། སློབ་མ་ཁྲུས་བྱས་འཚོགས་ནས། བགེགས་བསྐྲད། མཚམས་གཅོད། མེ་ཏོག་བཀྱེ་བསྡུ་ཟིན་ནས། འོ། མཐའ་མེད་པའི་སྲིད་འགྲོ་ཐམས་ཅད་གནས་སྐབས་དུས་མིན་གྱི་འཆི་བའི་འཇིགས་པ་ལས་སྐྱོབ་ཅིང་། མཐར་ཐུག་འཆི་མེད་ཀུན་ཏུ་བཟང་མོའི་གོ་འཕང་རིན་པོ་ཆེར་དབུགས་དབྱུང་བའི་སླད་དུ། སྨིན་ལམ་ཟམ་མོ་ནོད་དེ་ལམ་མཐར་ཕྱིན་གྱི་རྣལ་འབྱོར་ལ་འཇུག་པར་བྱའོ་སྙམ་པའི་ཐུགས་བསྐྱེད་པ་གསལ་བཏབ་སྟེ་གསན་འཚལ། དེ་ལའང་ཐུགས་རྗེའི་དབང་ཕྱུག་སྟོན་པ་རྡོ་རྗེ་འཆང་ཆེན་པོས། གདུལ་བྱའི་མོས་པ་ཐ་དད་པ་རྣམས་ལ་རང་སྐལ་དང་མཚུངས་པའི་ཆོས་ཕུང་ཇི་སྙེད་པ་སྣང་བར་མཛད་པ་ཐམས་ཅད། ཐེག་པ་རིན་པོ་ཆེ་གསུམ་དུ་འདུས་པའི་རྩེ་མོ་བླ་མེད་གསང་བའི་ཐེག་པ་ལའང་དབྱེ་བ་དང་རྣམ་གྲངས་མཐའ་ཡས་སུ་བཞུགས་པ་ལས། འདིར་རྒྱལ་བ་ཀུན་གྱི་བསྐྱེད་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཉིད། བརྡ་དོན་རྟགས་ཀྱི་ཕྱག་རྒྱའི་རྣམ་རོལ་དུ་བཞེངས་ནས་གང་འདུལ་གྱི་ཕྲིན་ལས་སྲིད་པ་ཇི་སྲིད་བར་འཆར་བ་ལས། འདིར་རྣལ་འབྱོར་པ་རྣམས་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ལས་གྲོལ་ཏེ་ཚེ་ལ་དབང་བའི་དངོས་གྲུབ་གཙོ་བོར་གྱུར་པའི་ལས་རབ་འབྱམས་དང་། ཁྱད་པར་ནང་གི་ལམ་ལས་འཆི་མེད་རྡོ་རྗེའི་གོ་འཕང་སྩོལ་བ་ལ་ལྷག་པའི་ལྷ་མོ་གཞན་ལས་ཀྱང་ཆེས་རྨད་དུ་བྱུང་བའི་ངོ་མཚར་མངའ་བ་འཆི་མེད་ལྷ་མོ་ཙཎྜ་ལཱིའི་གདམས་སྐོར་འདི་ནི། དབྱིངས་ཕྱུག་ཡེ་ཤེས་ཀྱི་མཁའ་འགྲོ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་གཅིག་ཏུ་འདུས་པའི་རང་གཟུགས། བཀའ་དྲིན་མཚུངས་མེད་དབྱིངས་ཀྱི་ཡུམ་ཆེན་དཔལ་མོ་ཧེ་རུ་ཀཿབླ་མ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་འཕྲུལ། དཔལ་རི་སྤྲུལ་སྐུ་པདྨ་ཆོས་འབྱོར་རྒྱ་མཚོ་ཞེས་སྐྱེས་བུ་ཆེན་པོའི་རྣམ་ཐར་མཐའ་ཡས་པའི་མངའ་བདག་དེ་ཉིད། དཔལ་བསམ་ཡས་མཆིམས་ཕུར་ཟབ་མོའི་རྣལ་འབྱོར་ཐུགས་ཉམས་སུ་བསྟར་བའི་སྐབས། འབྲུག་ལོ་ཧོར་ཟླ་བཞི་པའི་ཡར་ཚེས་བཅོ་ལྔའི་ཐོ་རེངས་འོད་གསལ་གྱི་འཁོར་ལོར་འབྱམས་ཀླས་པའི་གཟིགས་ངོར། མངོན་རྟོགས་དང་མཐུན་པའི་ལྷ་མོ་ཙཎྜ་ལཱི་རིགས་བདག་ཨོ་རྒྱན་བླ་མ་ཧེ་རུ་ཀཿཡི་རྣམ་པར་བཞུགས་པ་མཇལ་ཞིང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་ཆེན་བརྡའི་སྒོ་ནས་བསྩལ་ཅིང་། སླར་བྱིན་གྱིས་བརླབས་པའི་མཐུ་ཆེན་པོས་གདམས་སྐོར་རྣམས་ཐུགས་ཀྱི་མེ་ལོང་གི་ངོགས་སུ་ལམ་མེར་ཤར་བ་ཉིད། ཕྱིས་སྤེལ་བའི་དུས་སུ་སོན་པ་ན་ཡི་གེའི་གཟུགས་སུ་གཏན་ལ་འབེབ་པར་མཛད་ཅིང་། རང་ཉམས་སུ་བཞེས་ནས་སྐལ་ལྡན་གྱི་སྐྱེས་བུ་རྣམས་ལ་སྤེལ་བར་མཛད་པ། པདྨའི་རིགས་ཀྱི་ལྷ་མོ་སོགས་སྨིན་བྱེད་བདུད་རྩིའི་སྙིང་པོ་ལྟར་མཐར་ཆགས་སུ་བསྐུར། རྗེས་རིམ་ཚོགས་ལ་རོལ་ཞིང་། ལྷག་མ་བསྔོ་བ་སོགས་སྒྲུབ་ཐབས་འཆི་བདག་གཡུལ་འཇོམས་བཞིན་མཐར་དབྱུང་བས་འགྲུབ་བོ།། །། ༈ རྡོར་བྲག་རིག་འཛིན་ལྔ་པ་སྐལ་བཟང་པདྨ་དབང་ཕྱུག་གི་དག་སྣང་ཚེ་སྒྲུབ་རྡོ་རྗེའི་རྒྱ་མདུད་ཀྱི་དབང་དོན་སྒྲུབ་པ་ལ། རྩ་གཞུང་ལྟར་བདག་མདུན་དབྱེར་མེད་ཀྱི་བསྐྱེད་བཟླས་ཚེ་འགུགས་གྲུབ་ཀྱི་བར་བྱས་ལ། ལས་བུམ་རྟ་སྔགས་ཀྱིས་བརླབས་ནས། རིག་མེ་དོར། དབང་དངོས་ལ། སེམས་བསྐྱེད་གསལ་བཏབ་ནས། འདིར་བོད་ཡུལ་ཕུར་ཐོགས་ཡོངས་ཀྱི་རྗེ་བོ་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་ཟློས་གར། རྡོར་བྲག་རིག་འཛིན་ལྔ་པ་སྐལ་བཟང་པདྨ་དབང་ཕྱུག་གམ་རྡོ་རྗེ་ཐོགས་མེད་རྩལ་གྱི་དག་པ་རབ་འབྱམས་ཀྱི་ཀློང་ནས་ཤར་པའི་ཟབ་མོ་དག་སྣང་གི་ཆོས་སྡེ་དང་། ཡང་ཟབ་དགོངས་པའི་གཏེར་ཁ་ཟུང་དུ་འཇུག་པའི་ཚེ་སྒྲུབ་རྡོ་རྗེའི་རྒྱ་མདུད་ཀྱི་སྨིན་དབང་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ། བླ་མ་ཚེ་དཔག་མེད་དང་རྣམ་དབྱེར་མེད་པའི་དྲུང་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀུན་མཁྱེན་ཡེ་ཤེས་སོགས་ལན་གསུམ། རྒྱུད་སྦྱོང་བའི་སླད་དུ་བླ་མ་ཚེ་དཔག་མེད་གཙོ་བོར་གྱུར་པའི་སྐྱབས་ཀྱི་ཞིང་མཆོག་རྣམས་མངོན་སུམ་དུ་བཞུགས་པའི་སྤྱན་སྔར་སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་འགྲོ་བ་དང་། མཁའ་ཁྱབ་འགྲོ་བའི་དོན་ལ་དམིགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཐུགས་འདུན་བཅས་འདིའི་རྗེས་ཟློས། གཞུང་གི་ཡིག་ཆུང་ནས་བཤད་པ་བཞིན་སྐྱབས་སེམས་ཚིག་སྒྱུར་ཅན་ལན་གསུམ་རེ་དང་། གསག་སྦྱང་སྤེལ་གསུམ་གྱི་གནད་བསྡུས་པ་རྒྱུན་བཤགས་ཡན་ལག་བརྒྱད་པའི་དོན་དྲན་བཞིན་པས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སོགས། དབང་གི་གཞི་དགོད་ཅིང་ཡེ་ཤེས་པ་དབབ་པའི་སླད་སློབ་མ་རྣམས་ཐ་མལ་གྱི་རྟོག་ཚོགས་སྤངས་ནས་འདི་ལྟར་སྒོམ་འཚལ། སྭ་བྷཱ་ཝས་སྟོང་པར་སྦྱང་། ཧྲཱི༔ དེ་བཞིན་དངོས་མེད་སོགས། བདག་མདུན་དབྱེར་མེད་ཅེས་པར། སྐལ་ལྡན་སློབ་མ་ཞེས་བསྒྱུར་ནས། དགྱེས་པར་བཞུགས༔ དེ་ལྟར་གསལ་བའི་གནས་གསུམ་རྡོ་རྗེའི་ཡིག་འབྲུ་དང་། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་ཆོས་ཀྱི་དབྱིངས་ན་བཞུགས་པའི་ཚེ་ལྷའི་དཀྱིལ་འཁོར་པ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བས། དེ་ཐམས་ཅད་ཚེ་དཔག་ཏུ་མེད་པའི་སྐུར་བཞེངས་ཏེ་ཁ་བ་བུ་ཡུག་འཚུབས་པ་བཞིན་བྱོན་ནས། སློབ་མའི་ལུས་ལ་སིབ་སིབ་ཐིམ་པར་མོས། སྤོས་རོལ་དབྱངས་ཀྱིས་སྤྱན་འདྲེན་གྱེར། རྩ་སྔགས་ལ། ཨཱ་ཝེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པས་བྱིན་དབབ། ཏིཥྛ་བཛྲས་བརྟན། ཚེ་བཅུད་འགུགས་པ་ནི། གཙོ་བོའི་ཐུགས་ཀའི་འོད་ཀྱིས་རྩེ་མོ་ལས་སྤྲུལ་པའི་མཁའ་འགྲོ་མགྱོགས་མའི་ཚོགས་སྤྲོས། སློབ་མའི་བླ་ཚེ་ཡར་ཞིང་ཉམས་པ་རྣམས་དང་། འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་བསྡུས་ནས་སྒྲུབ་པའི་རྫས་དང་། སློབ་མ་ལ་བསྟིམ་པས་བླ་ཚེ་ཉམས་པ་སོར་ཆུད་ཅིང་འཆི་མེད་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པར་མོས། ཧཱུྃ༔ བཅོམ་ལྡན་མགོན་པོ་ཡེ་ཤེས་སོགས་ཚེ་འགུགས་གྱེར། བླ་མ་ཚེ་དཔག་མེད་ཀྱིས་བུམ་པའི་ཆུས་དབང་བསྐུར་བས་ལས་ཉོན་གྱིས་བསྐྱེད་པའི་ཚེའི་མི་མཐུན་པའི་ཕྱོགས་ཀུན་བཀྲུས། ཚེ་དབང་ཡེ་ཤེས་ཀྱི་དྭངས་བཅུད་དང་ནུས་པ་རྒྱུད་ལ་བླུག་པར་མོས། ཧྲཱི༔ ཕྱི་ནི་བུམ་པ་སོགས་ཀྱིས་བུམ་དབང་བསྐུར་ཞིང་བུམ་ཆུ་སྦྱིན། ཚེ་འབྲང་པདྨ་ཚེ་དཔག་མེད་དུ་གསལ་བ་སློབ་བུའི་སྤྱི་བོར་བཞག་པ་ལས་བདུད་རྩིའི་རྒྱུན་བབ། སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་ནས་མགོན་པོ་ཚེ་དཔག་མེད་དང་དབྱེར་མེད་པའི་འཆི་མེད་རྡོ་རྗེའི་སྲོག་གྲུབ་པར་མོས། ཧྲཱི༔ སྣང་བ་མཐའ་ཡས་སོགས། ཐབས་བདེ་བ་ཆེན་པོའི་དྭངས་བཅུད་ཀྱི་རིལ་བུ་ཕྱག་གཡས་སུ་བྱིན་པ་མྱང་བས་སྐྱེ་འཆི་མེད་པ་ཚེའི་དངོས་གྲུབ་ཐོབ་པར་མོས། འཆི་མེད་ཚེ་ཡི༴ དེ་ཀུན་ལྷུན་གྲུབ་ཚེ་དབང་ཐོབ་པར་ཤོག །རྩ་སྔགས་བརྗོད། ཤེས་རབ་སྟོང་པ་ཉིད་ཀྱི་དྭངས་བཅུད་ཚེའི་བདུད་རྩི་ཕྱག་གཡོན་དུ་བྱིན་པ་མྱང་བས་གཞོམ་གཞིག་དང་བྲལ་བ་ཚེའི་དངོས་གྲུབ་ཐོབ་པར་མོས། དཔོན་སློབ་མི་འབྲལ་སོགས་དང་རྩ་སྔགས་བརྗོད། ཚེ་མདའ་སློབ་བུའི་སྤྱི་བོར་རྒྱ་གྲམ་གྱི་ཚུལ་དུ་རེག་པས་ཚེ་དབང་ཕུན་སུམ་ཚོགས་པའི་དངོས་གྲུབ་དམ་པ་ལས་ནམ་ཡང་མི་འགྱུར་བའི་ཕྱག་རྒྱས་བཏབ་པར་མོས། རྩ་སྔགས་དང་། ཏིཥྛ་བཛྲ། བརྗོད། ཚེའི་ལྷ་ཚོགས་སློབ་དཔོན་དང་བཅས་པས་རབ་ཏུ་གནས་པའི་མེ་ཏོག་འཐོར་ཞིང་བཀྲ་ཤིས་བརྗོད་པར་གྱུར། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་སོགས་ཀྱི་ཚིག་བཅད་དང་། འཇིག་རྟེན་འདྲེན་པའི་གཙོ་བོ་སོགས་བརྗོད། དམ་ཚིག་ཁས་བླངས་སོགས་དབང་དང་ཆོ་གའི་རྗེས་རྣམས་གཞུང་གསལ་ལ་སྤྱིའི་ལུགས་ཀྱིས་བརྒྱན་པས་གྲུབ་བོ།། །། ༈ རིག་འཛིན་དྲུག་པ་ཁམས་གསུམ་ཟིལ་གནོན་གྱི་དག་སྣང་ཚེ་སྒྲུབ་ཉི་མའི་སྙིང་པོའི་ཚེ་དབང་ལྟར་དབང་སྒྲུབ། དབང་དངོས་གཞིའི་སྐབས། དབང་ཆོག་གི་ལོ་རྒྱུས་ནས་མཎྜལ་རྗེས། དེ་ནས་གསོལ་བ་འདེབས་པའི་སླད་དུ། ས་ཕྱོགས་དག་པ་ཡེ་ཤེས་རང་སྣང་རྒྱན་གྱི་ཞིང་དང་གཞལ་ཡས་ཁང་གི་སྙིང་པོར། བདག་རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གྱི་ཁྱབ་བདག་གུ་རུ་ཚེ་དཔག་མེད་པའི་ངོ་བོར་བཞུགས་པའི་སྤྱན་སྔར། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གུས་པའི་ཡིད་ཀྱིས་བདག་ཅག་ཐེག་པ་ཆེན་པོ་གསང་བ་སྔགས་ཀྱི་ལམ་ལ་བཅུག་ནས། འཆི་མེད་རྡོ་རྗེའི་གྲོང་ཁྱེར་ཆེན་པོར་གཞུག་ཏུ་གསོལ་སྙམ་པའི་ཡིད་ཀྱིས་འདིའི་རྗེས་ཟློས། དགའ་ཆེན་ཁྱོད་བདག་སོགས་ལན་གསུམ། རྒྱུད་དབང་གིས་སྨིན་པར་བྱེད་པ་ལ། ལམ་གྱི་རྨིང་རྡོ་སྐྱབས་སུ་འགྲོ་དགོས་པས། མདུན་གྱི་ནམ་མཁར་རིན་པོ་ཆེའི་སྤྲིན་དང་འཇའ་ཚོན་འོད་ཀྱི་ཀློང་མཆོད་པའི་བཀོད་པ་བསམ་ཡས་ཀྱིས་བརྒྱན་པའི་ཞིང་གི་དབུས་ན། ཐེག་ཆེན་བླ་ན་མེད་པ་རྡོ་རྗེ་ཐེག་པའི་དཀོན་མཆོག་རྣམས་མངོན་སུམ་དུ་བཞུགས་པའི་སྤྱན་སྔར། དེང་ནས་བྱང་ཆུབ་རྡོ་རྗེ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་བློས་འདིའི་རྗེས་ཟློས། ཐུགས་རྗེའི་དབང་གིས་སོགས་ལན་གསུམ། ཞིང་མཆོག་དེ་རྣམས་དཔང་པོར་གསོལ་པའི་སྤྱན་སྔར། བྱང་ཆུབ་ལམ་གྱི་གེགས་ཚེ་རབས་སྔོན་ནས་ད་ལྟར་ཐུག་གི་བར་དུ་བསགས་པའི་ཉེས་ལྟུང་ཉམས་ཆག་ཐམས་ཅད་བཤགས་ནས། ལམ་གྱི་རྩ་བ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་བསྐྱེད་ཅིང་ཟབ་མོའི་ཆོ་ག་ཉམས་སུ་བླངས་ཏེ། འཁོར་བར་འཁོར་བའི་འགྲོ་བ་ཐམས་ཅད་མི་གནས་པའི་མྱང་འདས་དམ་པར་བདག་ཁོ་ནས་དྲང་བར་བྱའོ་སྙམ་པའི་དམ་བཅའ་ཡིད་ལ་བཀོད་དེ་འདིའི་རྗེས་ཟློས། སྔོན་ནས་བསགས་པའི་སོགས་ལན་གསུམ། ལམ་གྱི་མཐུན་རྐྱེན་བསོད་ནམས་ཀྱི་ཚོགས་གསག་པའི་སླད་དུ་ཞིང་མཆོག་དེ་རྣམས་ཀྱི་སྤྱན་སྔར། ཚོགས་གསག་གི་གནད་བསྡུས་པ་ཡན་ལག་བརྒྱད་པ་འབུལ་བའི་ཏིང་འཛིན་ལ་བློ་ཉེ་བར་བཞག་སྟེ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སོགས་ལན་གསུམ། དབང་གི་གཞི་སྒྲུབ་པ་ཡེ་ཤེས་པ་དབབ་པའི་སླད་དུ། སྒོ་གསུམ་གྱི་གནད་ལེགས་པར་གཅུན་ཏེ་བདག་གིས་བརྗོད་པ་དང་མཐུན་པའི་དམིགས་པ་འདི་རྣམས་གསལ་འདེབས་པ་ཞུ། ཨོཾ་སྭ་བྷཱ་ཝ་སོགས་ནས་བྱིན་ཕབ་རྗེས། དེ་ལྟར་དབབ་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་སྙིང་པོ་མངོན་དུ་མ་བྱས་ཀྱི་བར་དུ་རབ་ཏུ་བརྟན་པར་བྱས་པར་མོས། ཏིཥྛ་བཛྲས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་རྒྱས་གདབ། དེ་ནས་ཚེའི་དབང་བསྐུར་བ་དངོས་ཀྱི། ཐོག་མར་ཚེ་འགུགས་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། བདག་མདུན་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་སྲོག་འོད་ཀྱི་ལྕགས་ཀྱུ་དང་། སྐུའི་ཆ་དང་འོད་ཟེར་གྱི་རྩེ་མོ་ལས་ཕོ་ཉ་མགྱོགས་མའི་ཚོགས་ཉི་ཟེར་ལ་རྡུལ་འཚུབས་པ་ལྟ་བུ་ཕྱོགས་བཅུ་ནམ་མཁའི་མཐར་ཁྱབ་པར་སྤྲོས་པ་རྣམས་ཀྱིས། བརྟན་གཡོའི་ཁམས་ཀྱིས་བསྡུས་པའི་འཁོར་འདས་ལམ་གསུམ་གྱི་ཚེ་བཅུད་ཐམས་ཅད་བདུད་རྩི་འོད་ཟེར། ཐིག་ལེ། ཡིག་འབྲུ། བཀྲ་ཤིས་རྟགས་ཀྱི་ཕྱག་རྒྱའི་རྣམ་པར་བཀུག་ཅིང་། མདུན་གྱི་རྫས་དང་། སློབ་མའི་སྤྱི་བོ་ལ་སོགས་པའི་གནས་དང་བ་སྤུའི་བུ་ག་ནས་ཞུགས་ཤིང་ཐིམ་པས། འཆི་བ་མེད་པའི་བཅུད་ལེན་དང་། འོད་ལུས་དྭངས་མའི་སྐུར་སྨིན་ཏེ་ཚེ་ལ་དབང་བའི་མཆོག་ཐོབ་པར་མོས། ཚེ་འགུགས་གཏང་། ཚེའི་བུམ་པ་གཞལ་ཡས་ཁང་རྒྱན་རྫོགས་བདུད་རྩིའི་བཅུད་ཀྱིས་བལྟམས་པའི་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་ཚེ་དཔག་མེད་ཚེ་ལྷ་རྒྱལ་བ་རབ་འབྱམས་སྤྲིན་ལྟར་གཏིབས་པས་བསྐོར་བའི་ཕོ་བྲང་། སྣོད་བཅུད་ཡོངས་རྫོགས་ཀྱི་དཀྱིལ་འཁོར་གྱིས་སྤྱི་བོ་ནས་དབང་བསྐུར་ཞིང་དངོས་གྲུབ་བསྐུལ་བའི་གསོལ་བ་བཏབ་པས། སྐུའི་ཆ་དང་ཕྱག་གི་བུམ་པ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཚེའི་དངོས་གྲུབ་ཐམས་ཅད་འོད་ཟེར་བདུད་རྩིའི་རྣམ་པར་ཁོལ་ཞིང་ལུད་པ་ཚངས་བུག་ནས་ཞུགས། ལུས་གང་བས་སྔོན་གྱི་ལས་དང་འཕྲལ་བྱུང་རྐྱེན་ལས་གྱུར་པའི་ཚེ་གེགས་བར་ཆད་ཉེས་པའི་ཚོགས་ཐམས་ཅད་མུན་པར་ཉི་མ་ཤར་བ་ལྟར་ལྷག་མེད་དུ་སྦྱངས། ལྷ་དང་གཉིས་སུ་མེད་པའི་དངོས་གྲུབ་མཆོག་ལ་དབང་འབྱོར་པས་སྐྱེ་ཤི་བསྒྲེས་རྒུད་དང་བྲལ་བ་ཚེ་ལ་དབང་བའི་རིག་འཛིན་མཆོག་གི་སྐུར་གྱུར་པར་མོས། ཧྲཱི༔ རིན་ཆེན་བུམ་པ་སོགས། ཚེ་འབྲང་མགོན་པོ་ཚེ་དཔག་ཏུ་མེད་པ་དངོས་སུ་གསལ་བས་དབང་བསྐུར་ཞིང་ཚིགས་སུ་བཅད་པ་དང་རྩ་བའི་སྔགས་ཀྱིས་ཐུགས་དམ་བསྐུལ་བས། ཐུགས་རྗེ་ཆེན་པོའི་རྩལ་གཡོས་ཏེ་ཐུགས་སྲོག་དྭངས་མའི་འོད་ཀྱིས་ཚེ་ལྷ་རྩ་གསུམ་རྒྱལ་བའི་ལྷ་ཚོགས་མ་ལུས་པ་སྤྱན་དྲངས། སྐུ་ལ་བསྡུས་ཤིང་། སླར་བྱིན་རླབས་ཚེའི་དངོས་གྲུབ་བདུད་རྩི་འོད་ཟེར་ལྔ་ལྡན་གྱི་རྣམ་པར་བྱོན་པ་གནས་ལྔར་ཐིམ་པས། ཡེ་ཤེས་ལྔ་རྫོགས་མི་འགྱུར་སྐུ་ལྔའི་ཚེ་དབང་ཐོབ་པས་རྒྱལ་བ་ཚེ་དཔག་མེད་དང་གཉིས་སུ་མེད་པའི་འཆི་མེད་མཆོག་གི་དངོས་གྲུབ་དང་། ཕྱི་ནང་འབྱུང་ལྔའི་རྟེན་འབྲེལ་གྱི་སྒོ་ནས་འགྲོ་བ་ཐམས་ཅད་ལ་འཆི་བ་མེད་པའི་ཚེ་སོགས་ཐུན་མོང་དང་། བླ་ན་མེད་པ་མཆོག་གི་དངོས་གྲུབ་འབད་མེད་དུ་སྦྱིན་ནུས་པའི་མཐུ་ཐོབ་པར་མོས། ཧཱུྃ༔ སྐྱེ་ཤི་གཉིས་མེད་སོགས། སྲིད་ཞིའི་ཚེ་བཅུད་གཅིག་ཏུ་བསྡུས་པ་ཚེ་ཟན་བཅུད་ལེན་གྱི་རིལ་བུ་ལ་ལོངས་སྤྱོད་པས། རགས་ལུས་དྭངས་མའི་སྐུར་སྨིན་ནས་འཆི་བདག་གི་བདུད་བཅོམ། རང་རིག་དོན་གྱི་མགོན་པོ་ཚེ་དཔག་མེད་པའི་རང་ཞལ་སྒྲིབ་མེད་དུ་མཐོང་བའི་མཐུ་ཐོབ་པར་མོས། ཚེ་ཟན་བཅུད་དང་སོགས། རྩི་སྨན་ཤིང་དང་མེ་ཏོག་འབྲས་བུར་བཅས་པའི་བཅུད་ཀྱི་ཉིང་ཁུར་ཚེ་ལྷའི་གསང་བ་བྱང་ཆུབ་སེམས་ཀྱི་བདུད་རྩིས་གསོས་བཏབ་པའི། འཆི་མེད་ཚེའི་ཛ་གད་མྱང་བ་ཙམ་གྱིས་ཚེ་དང་ཡེ་ཤེས་མཆོག་གི་དངོས་གྲུབ་ཀྱི་བཅུད་མ་ལུས་ཤིང་ལུས་པ་མེད་པ་རང་དབང་དུ་གྱུར་པར་མོས། འབྲུ་བཅུད་སྟོང་ལ་སོགས། སླར་ཡང་བླ་མ་དང་གཉིས་སུ་མེད་པའི་ཚེ་བདག་རྩ་གསུམ་སྲུང་མའི་ཚོགས་དང་བཅས་པས། བདེན་ཚིག་གི་དབྱངས་ལྡིར་ཞིང་རབ་ཏུ་གནས་པའི་མེ་ཏོག་གི་ཆར་དབབ་པས། དབང་གི་དངོས་གྲུབ་དང་ཡེ་ཤེས་བསྐྱེད་བརྟན་གོང་ནས་གོང་དུ་འཕེལ་བའི་ཆོ་ག་མཛད་པར་མོས། ཚེ་མི་ཤིགས་པ་སོགས། དེ་ལྟར་ཚེ་དབང་ཟབ་མོ་ཡོངས་སུ་རྫོགས་པས་མགོན་པོ་ཚེ་དཔག་མེད་དང་གཉིས་སུ་མེད་པར་གྱུར་པ་ལ། ཆོས་ཀྱི་རྒྱལ་སྲིད་ཆེན་པོར་མངའ་གསོལ་བའི་ཆེད་དུ། འཁོར་ལོ་ལ་སོགས་པའི་རིན་ཆེན་སྣ་བདུན་དང་། རྒྱལ་བའི་མཚན་དཔེའི་དཔལ་ལས་གྲུབ་པའི་རྟགས་མཆོག་བརྒྱད། བྱིན་གྱིས་བརླབས་པའི་རྫས་བརྒྱད་ཀྱིས་གནས་སྐབས་མཐར་ཐུག་ཀུན་ཏུ་བཀྲ་ཤིས་པའི་སྣང་བ་རྒྱས་པའི་རྟེན་འབྲེལ་སྒྲིག་པར་མོས། སྤྱི་འགྲོའི་ཚིག་གིས་སོ་སོར་སྦྱིན། མཚམས་སྦྱོར་བཅས་བཀྲ་ཤིས་དང་། དམ་ཚིག་ཁས་བླང་ཕྱིན་དབང་གི་རྗེས་སྤྱི་བཞིན་དང་། ཆོ་གའི་རྗེས། ༼ན༽བྱང་གཏེར་ཐུགས་སྒྲུབ་བཞིན་བྱའོ།། །། ༈ རིག་འཛིན་བདུན་པ་ཀུན་བཟང་འགྱུར་མེད་ལྷུན་འགྲུབ་ཀྱི་དག་སྣང་གསང་སྐོར་རིགས་འདུས་ཚེ་སྒྲུབ་པདྨའི་རྒྱ་ཅན་གྱི་དབང་དོན་སྒྲུབ་པ་ནི། སྐྱབས་འགྲོ། ཐུགས་རྗེའི་དབང་གིས་སོགས་དང་། སེམས་བསྐྱེད། སྔོན་ནས་བསགས་པའི་སོགས་ལན་གསུམ་རེ་དང་། མཆོད་རྫས་རཾ་ཡཾ་ཁཾ་གིས་བསང་སྦྱང་། རྣམ་དག་ཆོས་དབྱིངས་སོགས་ཀྱིས་བརླབ། བདག་མདུན་དབྱེར་མེད་ཀྱི་ས་མཱ་དྷིས། ཨ༔ རང་བྱུང་ཡེ་ཤེས་སོགས་ནས་བཟླས་པ་ཅི་འགྲུབ་རྗེས། འདི་འོག་དབང་གི་སྐབས་སུ་འབྱུང་བའི་དམིགས་པ་བཅས། ཚེ་འགུགས་ནི། ཧྲཱི༔ བཅོམ་ལྡན་མགོན་པོ་ཡེ་ཤེས་སོགས་ལྕགས་སྡོང་མ་བཞིན་གྱེར། སྟོང་ཚིགས་འབུལ་ཞིང་ལས་བུམ་རྟ་སྔགས་ཀྱིས་བརླབ། རིག་མེ་དོར། དབང་དངོས་ལ། སེམས་བསྐྱེད་གསལ་བཏབ་སྟེ། དེ་ལ་འདིར་གསང་ཆེན་བསྟན་པའི་སྲོག་རྩ་རྡོར་བྲག་རིག་འཛིན་ཆེན་པོའི་སྐུ་ཕྲེང་བདུན་པ་ཀུན་བཟང་འགྱུར་མེད་ལྷུན་འགྲུབ་ཀྱི་དགོངས་ཉམས་ཟབ་མོ་དག་སྣང་གསང་བའི་ཆོས་སྡེ་ལས་བྱོན་པ། རིགས་འདུས་ཚེ་སྒྲུབ་པདྨའི་རྒྱ་ཅན་གྱི་དཀྱིལ་འཁོར་དུ་སྨིན་པར་བྱེད་པ་ལ། ངེས་ཤེས་བསྐྱེད་ཕྱིར་ལོ་རྒྱུས་མདོ་ཙམ་བསྙད་ན། རིག་འཛིན་ཆེན་པོ་དེ་ཉིད་འཆི་མེད་སྐུ་གསུམ་རིགས་འདུས་ཀྱི་ལྗགས་བསྙེན་མཛད་པའི་ཐུན་གྱི་སྐབས། ཤིང་གླང་ས་ག་ཟླ་བའི་ཚེས་བཅུའི་སྔ་ཆར་ནམ་མཁའ་ནས་སྔགས་ཀྱི་རང་སྒྲ་གྲགས་པའི་རྐྱེན་གྱིས་ཐུགས་ཉམས་གཏད་མེད་ཟི་བུན་དུ་སོང་བའི་ངང་། མདུན་གྱི་ནམ་མཁར་ཨོ་རྒྱན་ཚེ་དཔག་མེད་མངོན་རྟོགས་དང་མཐུན་པ་མདུན་མཁར་མངོན་སུམ་བྱོན་ཏེ་དབང་བསྐུར་ཡོངས་སུ་རྫོགས་པར་གནང་བའི་རྗེས་ཐོག །མཚོ་རྒྱལ་བོད་མོའི་རྣམ་པ་ཅན་གྱི་ཕྱག་ན་པི་ཝཾ་བསྣམས་པ་བརྡུངས་པའི་སྒྲ་དང་ལྷན་ཅིག་ཞལ་གདམས་བསྩལ་བ་ནི། ཀྱེ་ཧོ་མཁའ་འགྲོའི་བུ་ཁྱོད་སོགས་གཞུང་གི་མགོར་འབྱུང་བ། འདི་ལྟར་སྒོམས༔ ཞེས་དང་། གདམས་པ་ཟབ་མོ་འདི་ཉིད་ཀྱང༔ ཤིན་ཏུ་གསང་ཞིང་རང་ཉམས་ལོངས༔ རང་གཞན་ཚེ་ཡི་གསོས་སུ་འགྱུར༔ ཁོ་མོའི་ཐ་ཚིག་ཡལ་མ་འདོར༔ སྙིང་ལ་ཕུར་ཅིག་ས་མ་ཡ༔ ཞེས་གསུངས་ནས་གུ་རུ་ཡབ་ཡུམ་ཐུགས་ཀར་ཐིམ་པའི་མོད་དགོངས་ཉམས་དེ་ལས་བཞེངས་འཕྲལ་ཟིན་བྲིས་སུ་བཏབ་པའི་ཚེ་དབང་ཟབ་མོ་བརྒྱུད་པའི་ཕྱག་བཞེས་ཀྱིས་བརྒྱན་པ་བསྐུར་བ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ། བླ་མ་ཨོ་རྒྱན་ཚེ་དཔག་མེད་པར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀུན་མཁྱེན་ཡེ་ཤེས་སོགས་ལན་གསུམ། བླ་མ་ཨོ་རྒྱན་ཚེ་དཔག་མེད་ཡབ་ཡུམ་ལ་ཚེ་ལྷ་རྒྱལ་བ་ཞི་ཁྲོས་བསྐོར་བའི་སྤྱན་སྔར་དེང་ནས་སྙིང་པོ་བྱང་ཆུབ་ཀྱི་བར་སྐྱབས་སུ་འགྲོ་བའི་བློས་འདིའི་རྗེས་ཟློས། ཐུགས་རྗེའི་དབང་གིས་སོགས་ལན་གསུམ། འགྲོ་བ་རྣམས་གནས་སྐབས་དུས་མ་ཡིན་པའི་འཆི་བ་ལས་སྐྱོབ་ཅིང་མཐར་ཐུག་འཆི་མེད་མགོན་པོའི་རྒྱལ་སར་འགོད་པའི་བློས་འདིའི་རྗེས་ཟློས། སྔོན་ནས་བསགས་པའི་སོགས་ལན་གསུམ། ཞིང་མཆོག་དེ་རྣམས་ཀྱི་སྤྱན་སྔར་རྒྱུད་སྦྱོང་བའི་ཕྱིར་རྒྱུན་བཤགས་ཡན་ལག་བརྒྱད་པའི་ཏིང་ངེ་འཛིན་གསལ་བཏབ་ནས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སོགས། ཡེ་ཤེས་ཀྱི་བྱིན་དབབ་པའི་སླད་དུ། སློབ་མ་རྣམས་འཆི་མེད་རིག་འཛིན་མ་ཧཱ་གུ་རུའི་སྐུ་འདི་ལྟར་དུ་གསལ་ཐོབས་ཤིག །ཨ༔ རང་བྱུང་ཡེ་ཤེས་སོགས་མངོན་རྟོགས་བཞིན་བསྐྱེད་ནས། འོད་ཀྱིས་ཡེ་ཤེས་སྤྱན་དྲངས་ནས༔ སློབ་མར་སིབ་སིབ་ཐིམ་པར་གྱུར། སྤོས་རོལ་དབྱངས་ཀྱིས་སྤྱན་འདྲེན་བརྗོད། ས་མཱ་ཛ༔ རྩ་སྔགས་དང་། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་བཟླས་པས་བྱིན་དབབ། མེ་ཏོག་འཐོར་ཞིང་སྔགས་ཀྱིས་བརྟན། ཚེ་བཅུད་འགུགས་ཤིང་བསྡུ་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། བདག་མདུན་བླ་མ་ཚེ་དཔག་མེད་མགོན་གནས་ལྷ་རིགས་བདག་དང་བཅས་པར་གསལ་བའི་སྐུ་ལས་ལྷ་མོ་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་འཁྲིགས་པ་ལྟར་འཕྲོས། སློབ་མའི་བླ་ཚེ་ཆད་ཉམས་ཡར་པ་ཐམས་ཅད་དང་། འཁོར་འདས་བརྟན་གཡོ་རྩི་སྨན་གྱི་དྭངས་མའི་ནུས་བཅུད་མ་ལུས་པ་བསྡུས་ནས་རང་རང་གི་བུམ་པར་བསྐྱིལ་བ་སྒྲུབ་པའི་རྫས་དང་། སློབ་མར་བསྟིམ་པས་ཁམས་ལྔའི་ཚེ་བཅུད་ཉམས་པ་གསོས། ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བའི་ཚེའི་དངོས་གྲུབ་ཐོགས་མེད་དུ་ཐོབ་པར་མོས། མདའ་དར་གཡབ་ཅིང་། ཧྲཱི༔ བཅོམ་ལྡན་མགོན་པོ་ཡེ་ཤེས་སོགས་ཚེ་འགུགས་བརྗོད། མདུན་བསྐྱེད་མ་ཧཱ་གུ་རུ་ཚེ་དབང་རྩལ་གྱི་ཕྱག་གི་ཚེ་བུམ་གྱིས་སློབ་མའི་སྤྱི་བོར་དབང་བསྐུར་བསྩལ་བས་བདུད་རྩི་བུམ་པའི་ཁ་ནས་ལུད་པ་སྤྱི་བོ་ནས་ཞུགས། ལུས་ཁེངས། སྙིགས་མའི་ཕུང་ཁམས་ཡེ་ཤེས་སུ་སྨིན་ཅིང་འཆི་མེད་ནམ་མཁའ་ལྟ་བུའི་ལུས་དང་ཚེ་མཆོག་ཐོབ་པར་མོས། ཧྲཱི༔ མགོན་པོ་ཚེ་དཔག་མེད་པའི་དགོངས་པ་ཡིས༔ ལྷ་མོ་ཙཎྜ་ལཱི་ལ་ཐུགས་བརྒྱུད་ནས༔ འཆི་མེད་པདྨ་འབྱུང་གནས་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ ཚེ་ཡི་རིག་འཛིན་རྣམས་ལ་གསོལ་བ་འདེབས༔ ཚེ་དང་ཡེ་ཤེས་སོགས་ཀྱིས་བུམ་དབང་བསྐུར། འཆི་མེད་གྲུབ་པའི་བཅུད་ལེན་གྱི་རིལ་བུ་དང་། འཆི་མེད་ཡབ་ཡུམ་གྱི་བྱང་སེམས་བདུད་རྩིར་སྦྱར་པ་མྱང་བས། བགྲེས་རྒུད་བྲལ་བའི་ལང་ཚོ་དང་སྐྱེ་འཆི་མེད་པའི་སྲོག་གྲུབ་པར་མོས། ཧྲཱི༔ རྡོ་རྗེ་ཚེ་ཡི་སོགས། ཚེ་བཅུད་བསྟིམ་ཞིང་རྒྱས་གདབ་པ་ནི། སློབ་མ་ལྷར་གསལ་བའི་འོད་ཀྱིས་འཁོར་འདས་ཞིང་རྣམས་གང་བས་ཚེ་བཅུད་ཐམས་ཅད་བསྡུས་ནས་ཐུགས་སྲོག་ཧྲཱིཿལ་བསྡུས། སླར་ཧྲཱིཿཡི་འོད་ཟེར་གྱིས་རང་ལུས་འོད་ཀྱི་གོང་བུར་གྱུར། དེ་ཡང་མི་དམིགས་པ་ཀ་དག་གཉུག་མའི་གཤིས་ལུགས་ཀྱི་ངང་དུ་མཉམ་པར་འཇོག་མཛོད། ཨ༔ སྟོང་པའི་གོ་ཆ་སོགས། སླར་ཡང་ཆུ་ལས་ཉ་ལྡང་བ་བཞིན་བླ་མ་ཚེ་དཔག་མེད་ཀྱི་སྐུར་ལྡང་བ་ལ། ལྷ་ཚོགས་རྣམས་ཀྱིས་མེ་ཏོག་གི་ཆར་དང་ཤིས་པའི་ཚིག་གིས་མངའ་གསོལ་བར་གྱུར། ཤིས་པ་བརྗོད། དེ་ལྟར་དབང་ཐོབ་པའི་དམ་ཚིག་རྡོ་རྗེ་ཐེག་པའི་འདུལ་བ་ནས་བཤད་པ་སྤྱི་དང་། བྱེ་བྲག་པ་ནི། གཞུང་ལས། གཞན་ཡང་ཕྱི་ནང་བཅུད་ལེན་སོགས་ནས། ལམ་འཕྲང་བཅོས༔ ཞེས་གསུངས་པ་སོགས་ལ་འབད་དགོས་པས། དེ་ལྟར་མཛད་པའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དབང་དང་། ཆོ་གའི་རྗེས་མཆོད་བསྟོད། ནོངས་བཤགས། བརྟན་བཞུགས། བསྡུ་ལྡང་། བསྔོ་སྨོན། ཤིས་བརྗོད་བཅས་སྤྱི་ལྟར་བྱས་པས་གྲུབ་བོ།། །། ༈ ལྷུན་གྲུབ་རབ་བརྟན་ནམ་འབའ་ལག་གཏེར་སྟོན་རྣམ་རྒྱལ་རྡོ་རྗེའི་ཚེ་སྒྲུབ་འཆི་བདག་དཔུང་འཇོམས་ཀྱི་དབང་བསྐུར་གསལ་བྱེད་འཆི་མེད་བཅུད་སྟེར་ལྟར་དབང་སྒྲུབ། དབང་དངོས་གཞིའི་ཚེ་འགུགས་སྔགས་བཅས་མཐར། དེ་ནས་དངོས་གཞིའི་དབང་རྣམས་རིམ་པར་འབྱུང་བ་ལ། ཐོག་མར་བུམ་པ་འདི་ཉིད་ཕྱི་རིན་པོ་ཆེའི་གཞལ་ཡས་ཁང་རྒྱན་རྫོགས་འོད་ཟེར་འབར་བའི་ནང་དུ་རྡོ་རྗེ་ཚེའི་ལྷ་ཚོགས་བཞུགས་པ། སློབ་མའི་སྤྱི་བོར་སྤྱན་དྲངས་ཤིང་སྔགས་ཀྱིས་བསྐུལ་བའི་མཐུས། དེ་རྣམས་ཀྱི་སྐུ་ལས་ཡེ་ཤེས་བདུད་རྩིའི་རྒྱུན་བྱུང་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་ལ་ཁྱབ་པས་ལུས་ཀྱི་སྒྲིབ་པ་བག་ཆགས་དང་བཅས་པ་སྦྱངས། སྐུ་མི་ཤིགས་རྡོ་རྗེའི་དབང་ཐོབ་པར་མོས། ཧཱུྃ༔ རིན་ཆེན་སྣ་ལྔའི་སོགས། དུང་ཆེན་བྷཉྫ་འབར་བའི་སྣོད་དུ་བྱང་སེམས་འཆི་མེད་སྨན་དང་སྦྱར་བའི་བཅུད་ཆེན་འདི་ཉིད་མྱང་བས། ལུས་ཀྱི་རྩ་ཁམས་ཐམས་ཅད་ལ་ཁྱབ་ངག་གི་སྒྲིབ་པ་བག་ཆགས་དང་བཅས་པ་སྦྱངས། གསུང་འགག་མེད་རྡོ་རྗེའི་ཚེ་དབང་ཐོབ་པར་མོས། ཧཱུྃ༔ དུང་ཆེན་བདེ་བ་སོགས། དབྱིངས་རྣམ་པར་དག་པའི་མེ་ལོང་ཡངས་པའི་མཁར་རིག་པ་རྡོ་རྗེ་ཚེའི་ལྷ་ཚོགས་བཞུགས་པ། ཁྱེད་རང་རྣམས་ཀྱི་སྙིང་གར་བཞག་པས་ཡིད་ཀྱི་སྒྲིབ་པ་བག་ཆགས་དང་བཅས་པ་སྦྱངས། སྣང་རིག་སྟོང་པ་དབྱེར་མེད་ཐུགས་རྡོ་རྗེའི་ཚེ་དབང་ཐོབ་པར་མོས། ཧཱུྃ༔ མེ་ལོང་ཡེ་ཤེས་སོགས། དྭངས་པའི་མན་ཤེལ་ཀ་ནས་དག་པའི་དབྱིངས་དང་ལྷུན་གྱི་གྲུབ་པའི་ཡེ་ཤེས་ཀྱི་རོལ་པ་ཟུང་དུ་འཇུག་པའི་ཐིག་ལེ་ཁྱེད་རང་རྣམས་ཀྱི་ལྟེ་བར་བཞག་པས། ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་སྦྱངས། འབྲས་བུའི་ཡོན་ཏན་གཞི་ལ་རྫོགས་པའི་ཡེ་ཤེས་རྡོ་རྗེའི་སྐུར་སྨིན། རྟག་ཁྱབ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ལ་དབང་ཐོབ་པར་མོས། ཧཱུྃ༔ ཡེ་ཤེས་ལྔ་ལྡན་སོགས། ཚེའི་མདའ་དར་རིགས་ལྔ་ལོངས་སྤྱོད་རྫོགས་པ་ཡབ་ཡུམ་གྱི་ཡེ་ཤེས་ཡོངས་རྫོགས་ཆེན་པོའི་བཀའ་རྟགས་གསང་བར་བཞག་པས། དུག་ལྔའི་རྟོག་སྒྲིབ་ལྷག་མེད་དུ་སྦྱངས། སྐུ་ལྔ་ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱས་པར་མོས། ཧཱུྃ༔ ཚེ་བདག་རིགས་ལྔའི་སོགས། ཚེའི་འབྲང་རྒྱས་རྩ་གསུམ་ཚེ་ལྷའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ལ། ཕྱོགས་དུས་རྒྱལ་བ་སྲས་དང་དྲང་སྲོང་རིག་འཛིན་འཆི་མེད་གྲུབ་པའི་ཚོགས་ཀྱིས་བསྐོར་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་དབང་བསྐུར་བས། ལས་དང་རྐྱེན་ལས་གྱུར་པའི་ཚེའི་བར་ཆད་ཐམས་ཅད་ཐུགས་རྗེའི་འོད་ཟེར་གྱིས་སྦྱངས། རྒྱན་འཁོར་རྒྱ་མཚོའི་ཚེ་དབང་བྱིན་རླབས་རྣམས་བཀྲ་ཤིས་རྟགས་ཀྱི་རི་མོ་གསལ་བའི་བདུད་རྩིའི་རྒྱུན་གྱིས་ལུས་ཀྱི་ནང་གང་བས། ཚེ་དང་ཡེ་ཤེས་ཀྱི་སྟོབས་འཕེལ་ཞིང་མི་ཤིགས་རྡོ་རྗེའི་སྐུ་ཐོབ་པར་མོས། ཧྲཱི༔ ངོ་མཚར་ཚེ་གཏོར་སོགས། སྲིད་ཞིའི་དྭངས་བཅུད་འདུས་པའི་ཚེའི་རིལ་བུ་དང་འཆི་མེད་བྱང་ཆུབ་སེམས་ཀྱི་བདེ་རྒྱུན་བདུད་རྩིའི་བཅུད་མཆོག་མྱང་བས། འཆི་བ་མེད་པའི་ཚེ་དང་རྒུད་པ་མེད་པའི་དཔལ་ལ་རྟག་ཏུ་སྤྱོད་པའི་སྐལ་བ་དང་ལྡན་པར་མོས། སྙིང་པོའི་སྔགས་བཟླ་བཞིན་ཚེའི་རིལ་ཆང་སྦྱིན། དེ་ལྟ་བུའི་ཚེ་དབང་མི་འགྱུར་བརྟན་པའི་ཕྱིར། རྒྱལ་བ་ཚེ་ལྷའི་ཕྲིན་ལས་ཀྱི་བཀའ་རྟགས་ཚེའི་མདའ་དར་སློབ་མའི་གནས་གསུམ་དང་། མདུན་རྒྱབ། དཔུང་པ་གཉིས་ཏེ། གནས་བདུན་པོར་རྒྱ་གྲམ་ཚུལ་དུ་བཞག་ནས། དོན་དམ་དཀོར་བདུན་ཡེ་རྫོགས་ཀློང་ཡངས་ཆེན་པོའི་དགོངས་པའི་རྒྱས་བཏབ་པས། ཕྱིན་ཆད་ཉེར་འཚེ་གང་གིས་ཀྱང་གླགས་མི་རྙེད་པའི་སྲུང་བ་ཆེན་པོའི་མཁར་དུ་ཚུད་པར་མོས། དང་པོ་ཆོས་ཀྱི་སོགས། མཐའ་རྟེན་ཤིས་པར་བྱ་བའི་སླད་དུ། བྱང་ཆུབ་ཡན་ལག་བདུན་གྱི་རང་བཞིན་རྒྱལ་སྲིད་བདུན་དང་། མཚན་བཟང་རྟགས་ཀྱི་ཕྱག་རྒྱ་རྣམ་པ་བརྒྱད། བྱིན་གྱིས་བརླབ་པའི་རྫས་རྣམས་ཀྱིས་མངའ་དབུལ་བས། ཐེག་ཆེན་ཆོས་ཀྱི་རྒྱལ་པོར་གྱུར་ནས། རྒྱལ་བའི་ཕྲིན་ལས་རབ་འབྱམས་ཀྱི་མཐུ་དཔལ་ལ་ལོངས་སྤྱོད་པའི་སྐལ་བ་ཕུན་སུམ་ཚོགས་པར་བྱས་པར་མོས། མཚམས་སྦྱོར་སྤྱི་མཐུན་བཅས་ཤིས་བརྗོད་སོགས་དང་། དབང་དང་ཆོ་གའི་རྗེས་རིམ་བཅས་བྱའོ།། །། ༼འདིར་མཁྱེན་བརྩེའི་དགོངས་གཏེར་མཚོ་སྐྱེས་སྙིང་ཐིག་གི་ཡུམ་བཀའ་མཁའ་འགྲོ་འཆི་མེད་མནྡཱ་རཿབའི་ཆོས་སྐོར་ཟབ་མོ་དང་། དབང་ཆོག་དིལ་མཁྱེན་རིན་པོ་ཆེས་ཆོག་ཁྲིགས་བཅས་ཡོད།མཆན།༽ ༈ ཀུན་གཟིགས་པདྨ་འོད་གསལ་མདོ་སྔགས་གླིང་པའི་དག་སྣང་པདྨ་ཚེའི་སྙིང་ཐིག་གི་ཚེ་ཡུམ་ཙཎྜ་ལཱའི་དབང་གི་ཆོ་ག་བདུད་རྩིའི་ཟིལ་ཐིགས་ལྟར་དབང་སྒྲུབ། དབང་དངོས། རྗེས་ཆོག་བཅས་བྱའོ།། །། ༼འདིར་མཁྱེན་བརྩེའི་དག་སྣང་མི་ཏྲའི་སྙིང་ཐིག་ཚེ་སྒྲུབ་ཕྱི་ནང་གསང་བ་ཡང་གསང་མཆོག་སྒྲུབ་གཞུང་དང་། དབང་སྒྲིག་དིལ་མཁྱེན་རིན་པོ་ཆེའི་གསུང་ཡིན་ངེས་པ། མཇུག་མཛད་འཕྲོ་ལུས་པ་ལས་བོར་ཟག་ཏུ་སོང་ཉམས་ཆེ་བ་ཅན་བཅས་ཡོད།མཆན།༽ ༈ མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བླ་མ་སྨྲ་བའི་སེང་གེ་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་འཆི་བླུའི་ཆ་རྐྱེན་ལས་གཤིན་བཀའ་གཏད་འོག་ཏུ་མངོན་སྤྱོད་ཟློག་པའི་སྐབས་སུ་འབྱུང་བས། ཚེ་རྒྱས་པའི་སྐོར་གྱི་དབང་བསྐུར་རྣམས་གྲུབ་བོ།། །། ༄། གཉིས་པ་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ཤེས་རབ་རྒྱས་པར་བྱེད་པའི་སྐོར་ལ། སངས་རྒྱས་གླིང་པའི་བླ་མ་དགོངས་འདུས་ཀྱི་རྣོ་སོ་ངར་འདོགས་ཀྱི་ཡིག་ཆུང་དྲུག་གི་ནང་ཚན། བློ་འཕེལ་ཤེས་རབ་རལ་གྲིའི་རྗེས་གནང་གི་ཡི་གེ་ཡེ་ཤེས་རལ་གྲི་ལྟར་དབང་སྒྲུབ་ཀྱི་གསལ་བྱེད་ལ། ཚིག་བདུན་སོགས་གསོལ་འདེབས་རྗེས། ཐོག་མར་དག་བྱེད་ཀྱི་ཁྲུས་ཆོག་བྱ་བ་ནི། ཆུ་གཙང་རྫས་ལྡན་སློབ་དཔོན་གྱི་མདུན་དུ་བཞག་པ། དག་བྱེད་ཁྲུས་ཆབ་ཀྱི་སྟེང་དུ་ཟླ་བའི་གདན་ལ་ཨཱོྃ་དཀར་པོ་འོད་འཕྲོ་བ་གཅིག་གསལ་བའི་འོད་ཀྱིས༔ རང་བཞིན་གྱི་གནས་ནས་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་སྤྱན་དྲངས་ནས་མདུན་གྱི་ནམ་མཁར་བཞུགས་པར་གྱུར༔ ཅེས་གསལ་བཏབ་ལ། ཚོགས་གསག་སྐྱབས་སེམས་ནི། ཀྱཻ༔ ཕྱོགས་བཅུའི་སྐྱབས་གནས་དཀོན་མཆོག་བདག་ལ་དགོངས༔སོགས།༼ཇ༽ལས་བྱང་མེ་ཕྲེང་བཞིན་གཏང་། རང་གི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་མཆོད་རྫས་འཛིན་པ་རྣམས་ཀྱིས་སླར་ཡང་མཆོད་པར་བསམ་ལ། ཨཱོྃ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌ་ཀི་ནཱི་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་སྦྱར་བའི་པུཥྤེ་ནས་ཤབྡའི་བར་གྱིས་མཆོད། ཨཱོྃ་ཨཱཿཧཱུྃ་གུ་རུ་དྷེ་ཝ་སོགས་གཞུང་བཞིན། བཾ་ཧོ༔ ཞེས་བསྡུ་རྒྱ་སེ་གོལ་དང་བཅས་པས། སྤྱན་དྲངས་པའི་ལྷ་ཚོགས་རྣམས་འོད་ཟེར་གྱི་རང་བཞིན་དུ་གྱུར་ནས་མདུན་གྱི་ཁྲུས་ཆབ་ལ་ཐིམ་པས། མི་གཙང་བའི་ཉེས་བྱས་ཐམས་ཅད་འཇོམས་པའི་དག་བྱེད་མཆོག་ཏུ་གྱུར་པར་བསམ་ལ། ཨཱོྃ་ཨཱཿཧཱུྃ་ཧྲཱིཿསོགས་ནས། སྭཱ་ཧཱ༔ ཞེས་བཟླས་པ་བརྒྱ་རྩའི་མཐར། འཐོར་གཡབ་ཀྱིས་སྒྲུབ་པོ་དཔོན་སློབ་ཐམས་ཅད་ལ་འཐོར་ཞིང་ཡན་ལག་ལྔ་ཁྲུས་ཀྱི་མཚོན་བྱེད་དང་བཅས། ཁ་བཤལ། གོས་གདན་ལའང་འཐོར། བཟང་ཤིང་དྲི་ཞིམ་པོའི་བསང་དུད་ཀྱང་བདུག །དེ་ནས་བདག་བསྐྱེད་བསྒྲུབ་པ་ནི། བདག་གཞན་སེམས་ཅན་ཐམས་ཅད་ཀྱི། །མ་རིག་རྨོངས་པའི་མུན་བསལ་ནས། །ཐམས་ཅད་མཁྱེན་པའི་ཤེས་རབ་མཆོག །འཐོབ་ཕྱིར་འཇམ་དབྱངས་མགོན་པོ་བསྒྲུབ། །ཅེས་སླར་ཡང་ཀུན་སློང་གསལ་བཏབ་ལ། སརྦ་དྷརྨཱཿསོགས་གཞུང་བཞིན། ཧྲཱིཿསྔོན་པོས་མཚན་པ་ལ། ཨཱོྃ་ཧྲཱིཿདྷཱིཿམ་མེ་དཱི་པཾ་མཉྫུ་ཤྲཱི་མུཾ་ཧྲཱིཿཔྲ་ཛྙཱ་བརྡྷ་ནི་ཧྲཱིཿདྷཱིཿསྭཱ་ཧཱ། གཏེར་གཞུང་དུ་འདི་ལས་མ་བྱུང་བས་རྗེས་སུ་མཁྱེན་ལྡན་རྣམས་ཀྱིས་དཔྱོད།མཆན། ཞེས་པའི་སྔགས་ཀྱིས་བསྐོར་བ༔ དེ་ལས་འོད་ཟེར་སྔོན་པོ་ལྕགས་ཀྱུའི་རྣམ་པ་ཅན་འཕྲོས་པས༔ རང་འདྲ་བའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་གཉིས་སུ་མེད་པར་བསྟིམ༔ བདག་གི་ཐུགས་ཀའི་སྔགས་ལས་འོད་ཟེར་འཕྲོས་པས་སོགས་ནས། ཡེ་ཤེས་དང་ལྡན་པར་བསམ་པའི་ངང་ནས༔ གོང་སྔགས། ཨཱོྃ་ཧྲཱིཿདྷཱིཿམ་མེ་དཱི་པཾ་སོགས་སྔགས་འདི་བར་མཚམས་གསུམ་སོ་སོར་ཅི་ནུས་རེ་བཟླའོ། །མདུན་བསྐྱེད་བསྒྲུབ་པའི་གོང་དུ་མཆོད་པ་བྱིན་གྱིས་བརླབ་པ་མཆོད་ཕྲིན་མེ་ཏོག་ཆར་རྒྱུན་ལས་འབྱུང་བ་ནི། དུང་ཞལ་ལ་སོགས་པ་ནས་བསང་ཆུ་ཀུ་ཤའི་ཆུན་པོས་བླངས་ཏེ༔ མཆོད་རྫས་རྣམས་ལ་གཏོར་ཞིང༔ ཨཱོྃ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་བྷི་ཤུདྡྷེ་སྭཱ་ཧཱ༔ ཞེས་པས། དངོས་པོ་དང་མཚན་མར་འཛིན་པའི་དྲི་མ་དང་འབགས་བཙོག་ཏུ་གྱུར་པའི་ཉེས་པ་ཐམས་ཅད་བསལ་བར་བསམ་སྟེ། དེ་ནས། བྷྲཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་སྣོད་རྣམ་པར་དག་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨཱོྃ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་རྫས་ཡང་དག་པའི་དངོས་པོ་སྟོང་པ་ལ༔ རྣམ་པ་སྒྱུ་མ་ལྟ་བུ་མང་ཞིང་རྒྱ་ཆེ་བར་བསམ་ལ༔ ཨཱོྃ་ཨཱཿབཛྲ་པུཥྤེ་ཧཱུྃ༔ ཨཱོྃ་ཨཱཿབཛྲ་དྷཱུ་པེ་ཧཱུྃ༔སོགས་ནས། ཤབྡ་ཧཱུྃ༔ ཞེས་པའི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་མཆོད་པའི་ཡོ་བྱད་ཐམས་ཅད་དངོས་ཉིད་དཔག་ཏུ་མེད་པ་རྣམས༔ མཆོད་པའི་ལྷ་མོ་རྣམས་ཀྱིས་མཛེས་ཤིང་ཡིད་དུ་འོང་བའི་རྒྱན་གྱིས་སྤྲས་ནས༔ ཕྱག་ན་མཆོད་པའི་རྫས་ཐམས་ཅད་བསྣམས་པ་ཅན་ལ་སོགས་པ་བསྐྱེད་པར་བྱའོ༔ མདུན་རྟེན་བཤོས་བུ་དང་མར་མེ་ཨ་མྲྀཏས་བསང་། སྭཱ་བྷཱ་ཝས་སྦྱང་། ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་པའི་ངང་ལས༔ མདུན་བསྐྱེད་བཤོས་བུ་སྐད་ཅིག་གི་སེཾ་ལས་སེངྒེ་སྔོན་པོ་གཉིས་བསྣོལ་བའི་སྟེང་དུ༔ སོགས་གཏེར་གཞུང་དབུའི་བདག་བསྐྱེད་ལྟར་ལ། བདག་ཉིད་ཅེས་པའི་མལ་དུ། བཅོམ་ལྡན་འདས་ཞེས་དང་། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་གཉིས་སུ་མེད་པར་ཐིམ༔ སྣང་གསལ་མར་མེ་སྐད་ཅིག་གིས་པདྨ་དང་ཟླ་བའི་སྟེང་དུ་ཧྲཱིཿལས་སོགས། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་གཉིས་སུ་མེད་པར་ཐིམ༔ ཞེས་ཁ་བསྒྱུར། དེ་ནས་བདག་མདུན་གྱི་ཐུགས་ཀའི་སོགས། གྱུར་ཅིང༔ འཇམ་དཔལ་གྱི་སོགས་འཕྲོ་འདུས་དམིགས་གནད་དང་ལྡན་པས། བསྙེན་པ་ཅི་ཙམ་ནུས་པ་བཟླས་རྗེས། གཏོར་མ་ཆུ་གཙང་ངམ། འོ་མས་བྲན་ཞིང་གོང་བཞིན་བསང་སྦྱང་། གཏེར་གཞུང་འོག་གི་རིལ་སྒྲུབ་སྐབས་ནས་འབྱུང་བའི་གཏོར་འབུལ་ནི། སྟོང་པའི་ངང་ལས་སྐད་ཅིག་གིས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་སོགས་ནས། ཧཱུྃ་སྔོན་པོ་གསལ་བར་གྱུར། ཨཱོྃ་ཨཱཿཧཱུྃ༔ ཞེས་བརྗོད་པས། ཧཱུྃ་ལས་མེ་འབར་སོགས་ནས། བདུད་རྩིར་གྱུར༔ ཨཱོྃ་ཨཱཿཧཱུྃ༔ ཞེས་བརྗོད་པས། ཨཱཿལས་འོད་འཕྲོས་སོགས་ནས། ཆེན་པོར་གྱུར༔ ཨཱོྃ་ཨཱཿཧཱུྃ༔ ཞེས་བརྗོད་པས། ཨཱོྃ་ལས་འོད་འཕྲོས་ཏེ་སོགས་ནས། སྤྱན་དྲངས་པ་རྣམས་མདུན་བསྐྱེད་དང་གཉིས་སུ་མེད་པར་བཞུགས་པའི་ལྗགས་འོད་ཟེར་གྱི་སྦུ་གུ་གཏོར་མ་ལ་ཟུག་ནས་གསོལ་བས་དགྱེས་པར་གྱུར་པར་དམིགས་ལ༔ གཏོར་མ་དང་པོ། བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་དང་། ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་གཏོར་མ་ཡེ་ཤེས་ཀྱི་བདུད་རྩི་དམ་པ་འབུལ་ལོ། །ཨཱོྃ་གུ་རུ་སརྦ་བུདྡྷ་བོ་དྷི་སཏྭ་དེ་ཝ་མཎྜལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་དཀོན་མཆོག་སྤྱི་དང་། གཏོར་མ་གཉིས་པ། རྗེ་བཙུན་བཅོམ་ལྡན་འདས་འཇམ་དཔལ་མགོན་པོ་དང་། འཕགས་མ་ལྷ་མོ་དབྱངས་ཅན་མ་ལ་གཏོར་མ་ཡེ་ཤེས་ཀྱི་བདུད་རྩི་དམ་པ་འབུལ་ལོ། །འཇམ་དཔལ་གྱི་རྩ་སྔགས་གོང་གསལ་ལ། ས་པ་རི་སོགས་ཤམ་བུ་བཏགས་པས་འཇམ་དཔལ་ཡབ་ཡུམ་དང་། གཏོར་མ་གསུམ་པ། དཔའ་བོ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་སྲུང་མ་དང་བཅས་པ་རྣམས་ལ་གཏོར་མ་ཡེ་ཤེས་ཀྱི་བདུད་རྩི་དམ་པ་འབུལ་ལོ། །ཨཱོྃ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་དཔའ་བོ་མཁའ་འགྲོ་དམ་ཅན་ཆོས་སྲུང་རྣམས་སོ་སོར་ཕུལ། ཨཱོྃ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པུཥྤེ་ནས་ཤབྡའི་བར་གྱིས་མཆོད། ཨཱོྃ༔ རང་བཞིན་དག་པའི་གཞལ་ཡས་ནས༔ སོགས་ནས། དངོས་གྲུབ་མྱུར་དུ་བསྩལ་དུ་གསོལ༔ བར་གྱིས་བསྟོད་ཅིང་འདོད་དོན་གསོལ། རྟ་ཤ་བཙན་གསུམ་ལ་གཏོར་མ་འབུལ་ཞིང་ཕྲིན་ལས་བཅོལ། ལས་བུམ་དུ་འཁྱིལ་པའི་བསྐྱེད་བཟླས་ཀྱིས་བརླབ། གཞུང་བཞིན་བདག་ཉིད་འཇུག་པ་འམ། འོད་ཟེར་ཆུ་རྒྱུན་གཅིག་མའི་དབང་བླངས་ཤིང་། སློབ་མ་གཞུག་པར་གནང་བ་ནོད། རྗེས་གནང་གི་ཡི་གེ་ཡེ་ཤེས་རལ་གྲི་ལྟར་རྗེས་གནང་དངོས་ཀྱི་མཐར། དམ་ཚིག་སྤྱི་དང་། བྱེ་བྲག་འདི་ཉིད་ཀྱི་གཞུང་ལས། ཞར་ལ་དམ་ཚིག་བསྟན་པ་ནི༔ སོགས་གཏེར་གཞུང་ནས་མདུན་བསྐྱེད་རྟགས་ཚད་གསུངས་པའི་མཇུག་ཏུ་ཡོད་པ། མ་ཉམས་བསྲུང་བ་ཤིན་ཏུ་གཅེས༔ ཞེས་པའི་བར་སྦྱར། ཞེས་གསུངས་པའི་ཁྱད་པར་གྱི་དམ་ཚིག་སོགས་སྦྱར་བས་བསྐུར། རྗེས་ཀྱི་བྱ་བ་མདུན་བསྐྱེད་སློབ་མ་ལ་བསྟིམས་ཟིན་པས་འཐུས། མ་འབྱོར་པ་དང་སོགས་དང་ཡི་གེ་བརྒྱ་པས་ནོངས་པ་བཤགས། སྒྲུབ་པའི་མཇུག་ནས་འབྱུང་བའི་རྫོགས་རིམ་གྱི་རྣལ་འབྱོར་ནི། རང་ཉིད་འཇམ་དཔལ་དུ་བསྒོམས་པའི་ཐུགས་ཀ་ནས༔ འཁོར་ལོ་རྩིབས་བཞི་སོགས་ནས། ཐིག་ལེ་དམར་པོ་གཅིག་ཏུ་གྱུར་པ་ལ་ཐིམ༔ དེ་ལ་སེམས་མ་ཡེངས་པར་དར་ཅིག་མཉམ་པར་གཞག༔ སླར་ཡང་ཐིག་ལེ་དེ་ཉིད་མར་མེ་ལས་མར་མེ་མཆེད་པ་བཞིན། ཐིག་ལེ་དམར་པོ་དེ་ལས་ཐིག་ལེ་སྔོན་པོ་གཉིས་པ་ཞིག་སྤྲོས་ནས། གཉིས་ཀ་འོད་ཟེར་འབར་བར་གྱུར་པ་ལ་ཤེས་པ་གཏད་དེ་མཉམ་པར་གཞག །སླར་ཡང་ཐིག་ལེ་དེ་གཉིས་ཅུང་ཟད་ཕན་ཚུན་དུ་གཡོ་ཞིང་འགུལ་བ་འོད་ཟེར་ཆེར་འབར་བར་གྱུར་པར་བསམ་ལ། ཧྲཱིཿདྷཱིཿལན་བདུན་བཟླ། སླར་ཡང་ཐིག་ལེ་དེ་གཉིས་སྐར་མདའ་གཡོ་བ་ལྟར་ནམ་མཁར་ཡར་གྱེན་དུ་འཕར་བ་དང་། ཐུར་དུ་འགྲོ་བ་རེས་མོས་ཀྱི་ཚུལ་དུ་འཁོར་ཞིང་། ཧྲཱིཿདྷཱིཿའི་རང་སྒྲ་དང་བཅས་པའི་འོད་ཟེར་གྱིས་སྟོང་ཁམས་གང་བར་གྱུར་པ་ལ་སེམས་གཏད་དེ། ཧྲཱིཿདྷཱིཿའི་བཟླས་པ་བརྒྱ་རྩ་བརྒྱད་དམ། ཉེར་གཅིག་བརྗོད། མཐར་ཐིག་ལེ་དེ་གཉིས་ཀྱང་འོད་དུ་ཡལ་ནས། སྣང་བ་ཐམས་ཅད་ཐུན་མཚམས་ཀྱི་ནམ་མཁའ་ལྟར་དམར་ལམ་གྱིས་གྱུར་པའི་ངང་དུ། ཆོས་ཐམས་ཅད་ཤིན་ཏུ་སྟོང་པ་ཉིད་འོད་གསལ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་གྱུར་པའི་ངང་དུ་མཉམ་པར་གཞག །ཅེས་བསྡུ། སླར་ཡང་ཧྲཱིཿདྷཱིཿའི་སྒྲ་བསྒྲགས་པས་བསྐུལ་ཏེ། སྐད་ཅིག་གིས་ཆུ་ལས་ཉ་ལྡང་བ་བཞིན། རང་ཉིད་བཅོམ་ལྡན་འདས་འཇམ་དཔལ་གྱི་སྐུར་ལམ་གྱིས་གསལ་བར་གྱུར། ཞེས་པས་ལྷར་ལྡང་། འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བ་བདག་གིས་གང་ཐོབ་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀུན། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །ཅེས་དགེ་བ་བསྔོ། མཁྱེན་རབ་ཡེ་ཤེས་ཉིན་བྱེད་འབུམ་གྱི་གཟིས། །བློ་གྲོས་ནམ་མཁའི་ཕ་མཐའི་གོ་འབྱེད་པ། །སྨྲ་བའི་གཏེར་ཆེན་འཇམ་དཔལ་ཡབ་ཡུམ་གྱིས། །རྟག་ཏུ་སྐྱོང་བའི་བཀྲ་ཤིས་དཔལ་འབར་ཤོག །ཅེས་སོགས་བཀྲ་ཤིས་ཀྱིས་མཐའ་བརྒྱན་པས་གྲུབ་བོ།། །། ༈ མཆོག་གྱུར་གླིང་པའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བླ་མ་སྨྲ་བའི་སེང་གེའི་ཕྲིན་ལས་དབང་བསྐུར་ལས་ཚོགས་དང་བཅས་པའི་གསལ་བྱེད་བློ་གྲོས་ཁ་འབྱེད་ལྟར་དབང་སྒྲུབ། དབང་དངོས་གཞིར་སྐུ་ཕྱག་རྒྱའི་དབང་གི་སྐབས། གཏེར་གཞུང་གི་དགོངས་པ་ལྷ་དབང་རྒྱས་པ་བསྐུར་བའི་ཕྱག་སྲོལ་ལ། ཐུན་མོང་འཇམ་མགོན་རྡོ་རྗེ་འཆང་གི་ཕྱག་བཞེས་རང་གཞུང་དུ་གསལ་བ་ལྟར་ཡིན་ཞིང་། ཡང་ཐུན་མིན་གུད་བྱང་ལུགས་རྗེ་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཕྱག་བཞེས་ལྟར་ན། དབང་རྩ་བ་གཙོ་བོའི་སྐུ་དབང་སོང་བའི་རྗེས་སུ། བཅོམ་ལྡན་འཇམ་དཔལ་དཔའ་བོ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ མཁྱེན་རབ་ཡེ་ཤེས་སྣང་བ་རྒྱས༔ རྩོམ་པའི་ཤེས་རབ་གྲུབ་པར་ཤོག༔ ཨོཾ་ཝཱ་ཀྱཻ་དཾ་ན་མ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བཅོམ་ལྡན་ངག་གི་དབང་ཕྱུག་གིས༔ རིགས་ཀྱི་བུ་ལ་དབང༴ མཁྱེན་རབ་ཡེ་ཤེས་སྣང༴ གཟུངས་ཀྱི་ཤེས་རབ་གྲུབ་པར་ཤོག༔ ཨོཾ་ཝཱ་གཱི་ཤྭ་རཿམུཾ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བཅོམ་ལྡན་གསུང་གི་མངའ་བདག་གིས༔ རིགས་ཀྱི་བུ་ལ་དབང༴ མཁྱེན་རབ་ཡེ་ཤེས༴ འཆད་པའི་ཤེས་རབ་གྲུབ་པར་ཤོག༔ ཨོཾ་ཧྲཱིཿདྷཱིཿམཱ་མེ་དཱི་པཾ་མཉྫུ་ཤྲཱི་མུཾ་ཧྲཱིཿཔྲ་ཛྙཱ་བརྡྷ་ནི་ཧྲཱིཿདྷཱིཿསྭཱ་ཧཱཿ ཀ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བཅོམ་ལྡན་རྡོ་རྗེ་རྣོན་པོ་ཡིས༔ རིགས་ཀྱི་བུ་ལ་དབང༴ མཁྱེན་རབ་ཡེ་ཤེས༴ རྩོད་པའི་ཤེས་རབ་གྲུབ་པར་ཤོག༔ ཨོཾ་མཉྫུ་ཤྲཱི་བཛྲ་ཏཱིཀྵྞ་ཧ་ར་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བཅོམ་ལྡན་རྡོ་རྗེ་དབྱངས་ཅན་མས༔ རིགས་ཀྱི་བུ་ལ་དབང༴ མཁྱེན་རབ་ཡེ་ཤེས༴ རྣོ་བའི་ཤེས་རབ་གྲུབ་པར་ཤོག༔ ཧྲཱིཾ་ཧྲཱིཾ་ཧྲཱིཾ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བཅོམ་ལྡན་རིན་ཆེན་དབྱངས་ཅན་མས༔ རིགས་ཀྱི་བུ་ལ་དབང༴ མཁྱེན་རབ་ཡེ་ཤེས༴ བརྟན་པའི་ཤེས་རབ་གྲུབ་པར་ཤོག༔ ཨོཾ་ས་ར་སྭ་ཏྱཻ་མ་ཧཱ་མེ་དྷི་ཏིཥྛ་ཀུ་རུ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བཅོམ་ལྡན་པདྨའི་དབྱངས་ཅན་མས༔ རིགས་ཀྱི་བུ་ལ་དབང༴ མཁྱེན་རབ་ཡེ་ཤེས༴ ཟབ་མོའི་ཤེས་རབ་གྲུབ་པར་ཤོག༔ ཨོཾ་ས་ར་སྭ་ཏྱཻ་ཧྲཱིཾ་ཧྲཱིཾ་ཧྲཱིཾ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བཅོམ་ལྡན་ལས་ཀྱི་དབྱངས་ཅན་མས༔ རིགས་ཀྱི་བུ་ལ་དབང༴ མཁྱེན་རབ་ཡེ་ཤེས༴ རྒྱ་ཆེའི་ཤེས་རབ་གྲུབ་པར་ཤོག༔ ཨོཾ་པི་ཙུ་པི་ཙུ་པྲ་ཛྙཱ་བརྡྷ་ནི༔ ཛྭ་ལ་ཛྭ་ལ་མེ་དྷི་བརྡྷ་ནི༔ དྷི་རི་དྷི་རི་བུདྡྷི་བརྡྷ་ནི་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་འཇམ་མགོན་རྡོ་རྗེ་འཆང་རྣམ་གཉིས་ཀྱི་ཕྱག་བཞེས་གང་རུང་བྱས་ནས། དེས་སྐུ་ཕྱག་རྒྱའི་སོགས་བརྗོད་ཕྱིན་མཐར་ཆགས་སུ་བསྐུར་ཞིང་། རྗེས་རིམ་བཅས་བྱའོ།། །། ༈ ཀློང་གསལ་རྡོ་རྗེ་སྙིང་པོའི་ཕག་དཀར་ཤེས་རབ་གསལ་བྱེད་ཀྱི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་ཡེ་ཤེས་སྟོབས་འབར་ལྟར་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ ཀུན་གཟིགས་འོད་གསལ་སྤྲུལ་པའི་རྡོ་རྗེའི་དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག་གི་ཕག་དཀར་ཡེ་ཤེས་གསལ་བྱེད་ཀྱི་སྨིན་བྱེད་ཆོ་ག་བྱིན་རླབས་སྣང་བའི་རྒྱན་ལྟར་དབང་སྒྲུབ། དབང་དངོས། རྗེས་ཆོག་བཅས་ཀྱིས་བསྐུར་རོ།། །། ༼འདིར་མཁྱེན་བརྩེའི་དགོངས་གཏེར་རྩ་གསུམ་འོད་སྙིང་གི་ཆོས་སྡེ་ཕག་དཀར་ཚེ་སྒྲུབ་དང་། དེའི་དབང་སྒྲིག་དིལ་མཁྱེན་རིན་པོ་ཆེའི་གསུང་བཅས་ཡོད།མཆན།༽ ༈ ཕྱི་འགྱུར་པཎྜི་ཏ་མ་ཏིའི་ལུགས་ཀྱི་འཇམ་དཀར་༼འདོད་བུམ། 383༽ལྟར་དབང་སྒྲུབ་དང་། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ རྗེ་བཙུན་དམ་པ་རྒྱ་གར་ལུགས་ཀྱི་འཇམ་དཔལ་སྨྲ་བའི་སེང་གེ༼འདོད་བུམ། 395༽ལྟར་གྱི་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ བྲམ་ཟེ་ཕུར་བུའི་ལུགས་ཀྱི་དབྱངས་ཅན་མ་དཀར་མོ་༼འདོད་བུམ། 405༽ལྟར་དབང་སྒྲུབ། དབང་དངོས་གཞིའི། ཡོན་ཏན་ཕྲིན་ལས་ཀྱི་རྗེས་གནང་ངོ་། །ཞེས་པའི་མཚམས། དེ་ལྟར་བྱས་པས་ཡེ་ཤེས་པའི་བྱིན་ལུས་ངག་ཡིད་གསུམ་བྱ་བྱེད་དང་བཅས་པ་ལ་འཇུག་ཅིང་ཕེབས་པར་འགྱུར་རོ། །གལ་ཏེ་མ་ཕེབ་ན་སྤོག་ཆོག་གི་སླད་དུ། རླུང་རོ་བསལ་ཏེ་བུམ་པ་ཅན་ཁ་སྦྱོར་དུ་བཟུང་ནས་དམིགས་པ་འདི་ལྟར་གསལ་ཐོབ་མཛོད། ཁྱེད་རང་རྣམས་དབྱངས་ཅན་ལྷ་མོར་གསལ་བའི་སྙིང་གར་ས་བོན་ཨོཾ་ཡིག་དེ་ཡོངས་སུ་གྱུར་པ་ལས་དབྱངས་ཅན་གྱི་འཁོར་ལོ་པདྨ་འདབ་བརྒྱད་དཀར་ཞིང་འཚེར་བའི་ལྟེ་བར་ཟླ་བ་ལ་ཧྲཱིཾཿ འདབ་མ་བརྒྱད་ལ་མདུན་ནས་གཡས་སྐོར་དུ་དབྱངས་ཀྱི་ཡི་གེ་གཉིས་གཉིས་འཁོར་བ་མར་མེའི་ཕྲེང་བ་ལྟར་འབར་བ་ལ། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་ཕོག་པའི་རྐྱེན་གྱིས། ཡི་གེ་རྣམས་གདན་ལས་འཕགས་ཏེ་མགོ་མཇུག་ལྡོག་ཅིང་འཕར་བ་རྣམས་ཤིན་ཏུ་གཡོ་ཞིང་འདར་བ་ལ་སེམས་རྩེ་གཅིག་ཏུ་གཏོད་ཅིག །ཅེས་བརྡ་སྦྱར་ལ། རླུང་རོ་བསལ་ཞིང་རླུང་ཁུག་གཅིག་འཛིན། སླར་རླུང་ལན་གཅིག་གཟུང་བའི་ཚེ། ཡི་གེ་དེ་རྣམས་ལས་འཕྲོས་པའི་འོད་ཀྱིས་ལུས་ཀྱི་ནང་ཐམས་ཅད་ཁྱབ་པས་མི་ཤེས་པའི་མུན་པ་བསལ། འོད་ཟེར་གྱི་རྩེ་མོ་བ་སྤུའི་བུ་ག་ནས་ཕྱིར་འཕྲོས་པས། འཁོར་འདས་ཀྱི་ཤེས་རབ་ནུས་བཅུད་ཐམས་ཅད་བསྡུས་ཏེ་སྙིང་གའི་ཡི་གེའི་འཁོར་ལོར་ཞུགས་པས། ཡི་གེ་རྣམས་སླར་ལྡོག་པ་ལས་གྲོལ་ཏེ་ལུགས་བཞིན་འཁོད་པ་ལས་ཆེས་ཆེར་འབར་བའི་འོད་ཟེར་གྱིས་ལུས་ཐམས་ཅད་ཁྱབ་པས། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་བློ་གྲོས་ཀྱི་རྩལ་ཁ་རྒྱས་པར་བསམ་ལ་རྩེ་གཅིག་ཏུ་མཉམ་པར་ཞོག་ཅིག །ཅུང་ཟད་མཉམ་པར་འཇོག །དེ་ལྟར་བྱས་པས་རྟགས་ནི། ལུས་བདེ་ཞིང་སོགས་ཕེབས་རྟགས་བརྗོད་ཅིང་། དབང་དང་། ཆོ་གའི་རྗེས་བཅས་བྱའོ། །དེ་དག་གིས་ཤེས་རབ་རྒྱས་བྱེད་ཀྱི་སྐོར་དུ་བཞུགས་པའི་དབང་བསྐུར་བ་རྣམས་གྲུབ་བོ།། །། ༄། གསུམ་པ་ཡོན་ཏན་ཐམས་ཅད་ཀྱི་གཞི་བསོད་ནམས་དང་དཔལ་འབྱོར་ལོངས་སྤྱོད་སྙན་གྲགས་རྒྱས་པར་བྱེད་པའི་སྐོར་ལ། ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་དགོངས་གཏེར་རིག་འཛིན་སྲོག་སྒྲུབ་ཀྱི་ཚེ་གཡང་འགུགས་པའི་ཁུངས་ལ་བརྟེན་ནས་༧འཇམ་མགོན་བླ་མ་རྡོ་རྗེ་གཟི་བརྗིད་རྩལ་གྱིས་མན་ངག་གནད་ཀྱིས་གསལ་བར་མཛད་པ། གུ་རུ་རཏྣ་ཐོད་ཕྲེང་རྩལ་ལ་བསྟེན་པའི་ཚེ་གཡང་འགུགས་པའི་ཕྲིན་ལས་ཚེ་བསོད་འདོད་རྒུའི་དཔལ་སྟེར་གྱི་ཚེའི་རྗེས་གནང་གཡང་གཏད་བཅས་བགྱིད་པ་ལ་གསུམ་གྱི། དང་པོ་དབང་དོན་སྒྲུབ་པ་ནི། སངས་རྒྱས་བླ་མའི་རྩ་གསུམ་དྲིལ་སྒྲུབ་ཡང་གཏེར་རམ། ཐུགས་སྒྲུབ་ཡིད་བཞིན་ནོར་བུ་བསམ་པ་ལྷུན་གྲུབ་མ་གང་རུང་གི་དབང་གི་རྗེས་འབྲེལ་དུ་བསྐུར་བའམ། ཟུར་དུ་བྱེད་པ་གང་ལྟར་ཡང་། ༼ང༽རྩ་གསུམ་དྲིལ་སྒྲུབ་བཟླ། ༼ཐ༽བསམ་ལྷུན་ཕྲིན་ལས་རྒྱས་འབྲིང་གང་ཡིན་གྱི་བཟླས་པ་ཡན་ལག་དང་བཅས་པ་གྲུབ་མཚམས། ཕྲིན་ལས་ཚེ་བསོད་འདོད་རྒུའི་དཔལ་སྟེར་གྱི་བྱིན་རླབས་དང་མདུན་རྟེན་བསྐྱེད་པ་དང་བཟླས་པ་གྲུབ་ཀྱི་བར་གཞུང་གསལ་མཐར་ཆགས་སུ་གཏང་། བཟླས་པའི་སྐབས་རྩ་བསྙེན་དང་ཚེ་བསྙེན་བུངས་བསྐྱེད་པ་ཆ་སྙོམས་དང་། རྣམ་སྲས། ཛམ་ལྷ། ནོར་རྒྱུན་མ་རྣམས་ཀྱི་སྔགས་གང་ནུས་ལ། ནོར་ལྷ་སྤྱིའི་གཟུངས་ཉེར་གཅིག་སོགས་ཅི་འགྲུབ་མཐར། བཟླས་པའི་ཁ་སྐོང་དང་། གཏོར་འབུལ་རྗེས། བཀའ་སྲུང་གཏོར་བསྔོས། ཚོགས་བསྒྲལ་བསྟབ་ཀྱི་མཐའ་བར་གཏང་། དེ་ནས་གཞུང་གསལ་སོ་སོའི་དམིགས་གནད་བཅས་ཚེ་འགུགས་ཚེ་གཏའ་སྡོམ་པ་དང་། གཡང་འགུགས་བཅས་བཏང་མཐར། སྤྲོ་ན་བདག་འཇུག་དང་གཡང་གི་དངོས་གྲུབ་ལེན་ཆོག་བཞིན་བདག་དབང་བླངས་པའམ། སྤྱི་ཙམ་དུ་རིག་མེ་དོར། གང་ལྟར་ཡང་མཐར་གནང་བ་ཞུ། གཉིས་པ་དབང་དངོས་ལ། རྩ་གསུམ་དྲིལ་སྒྲུབ་དང་། བསམ་ལྷུན་རྒྱས་འབྲིང་བསྡུས་པ་ཚེ་དབང་སོགས་གང་རུང་བསྐུར་བ་དང་འབྲེལ་ན། མཐའི་ཤིས་བརྗོད་ཀྱི་གོང་དུ་སེམས་བསྐྱེད་གསལ་བཏབ་ནས་འཇུག །སྒེར་ཐུབ་བྱེད་ན། ལས་བུམ་འཁྱིལ་པའི་སྔགས་ཀྱིས་བསྒྲུབས་ནས་སློབ་མ་རྣམས་ལ་ཁྲུས་ཆབ་གཏང་། རྩ་གསུམ་དྲིལ་སྒྲུབ་བམ། ཡིད་བཞིན་ནོར་བུ་གང་རུང་ལྟར་ང་རྒྱལ་གཟུང་བ་ནས་མཚམས་གཅོད་གྲུབ་པའི་བར་གྱིས་བྱུར་བསལ་ཞིང་བཀའ་བསྒོ་སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་ཟིན་ནས། འོ་ན། སྤྱིར་ནམ་མཁའི་མཐའ་མཉམ་གྱི་འགྲོ་བ་རྣམས་དང་། ཁྱད་པར་ཛམ་བུ་གླིང་པ་རྣམས་སྙིགས་ལྔའི་རྒུད་པས་གཙེས་ཏེ་ཚེ་ཐུང་ཞིང་ལོངས་སྤྱོད་ཉམས་པའི་དུཿཁ་ལས་སྐྱོབ་པའི་ཕྱིར། ཚེ་གཡང་སྤེལ་བའི་ཕྲིན་ལས་ལ་འཇུག་རུང་དངོས་གྲུབ་ཟབ་མོའི་དབང་བསྐུར་ནོད་པར་བགྱིའོ་སྙམ་པའི་ཐུགས་རིན་པོ་ཆེ་ལེགས་པར་བསྐྱེད་ནས་གསན་འཚལ། དེའང་ཐབས་ལ་མཁས་ཤིང་ཐུགས་རྗེ་ཕྲིན་ལས་ཚད་མེད་པའི་བདག་ཉིད། རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱིས་སྐྱེ་རྒུ་རྣམས་ལ་གནས་སྐབས་དང་མཐར་ཐུག་གི་ཉེར་འཚོའི་དཔྱིད་དུ་ཕྲིན་ལས་དུས་ལས་མི་ཡོལ་བས། ཉི་ཟླ་སྒྲོན་མེའི་སྣང་བ། གྲུ་ཟམ། འབབ་སྟེགས། ཐེམ་སྐས་ལ་སོགས་པ་ཚུན་གྱི་ཕན་དང་བདེ་བའི་རྒྱུར་མཆིས་སོ་ཅོག་ཀྱང་བདེ་བར་གཤེགས་པའི་ཐུགས་རྗེའི་ཆ་ཤས་ཁོ་ན་ལས་གཞན་མ་ཡིན་ཞིང་། ཁྱད་པར་སྐལ་བ་མཆོག་ལྡན་རྣམས་ཐམས་ཅད་མཁྱེན་པའི་སར་དཀྲི་བའི་ཐེག་པ་ཆེན་པོའི་ཆོས་ཚུལ་ཟབ་མོས། འཆི་བ་མེད་པའི་གནས་དང་ཀུན་ཏུ་བཟང་པོའི་རྒྱལ་སྲིད་ལ་འགོད་པར་མཛད་ཅིང་། དེ་ལས་བར་མར་གྱུར་པ་རྣམས་བསྐལ་པ་དུ་མའི་བར་དུ་བདེ་ལེགས་ཀྱི་ཚེ་དང་བདེ་འབྱོར་ལ་ངལ་འཚོ་བཞིན་པ་ནས་རིམ་གྱིས་བླ་ན་མེད་པའི་སར་དབུགས་འབྱིན་པའི་ཐུན་མོང་གི་ཐེག་པའི་སྒོ་དང་། ཤིན་ཏུ་དམན་པའི་རིས་ཅན་རྣམས་ཀྱང་གནས་སྐབས་ཕྲལ་རྐྱེན་ཉེར་འཚེའི་ཕྱོགས་ལས་སྐྱོབ་ཅིང་དུས་མིན་གྱི་འཆི་བའི་བར་ཆད་དང་། ལོངས་སྤྱོད་དབུལ་བའི་སྡུག་བསྔལ་ལས་འདོན་པའི་ཕྲིན་ལས་རྟག་ཁྱབ་ལྷུན་གྲུབ་ཏུ་སྣང་བཞིན་པ་ལས། ད་ལམ་གྱི་སྐབས་སུ་བབ་པ་འདི་ནི། པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་སློབ་དཔོན་ཆེན་པོ་བི་མ་ལའི་རྣམ་རོལ། བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག །རིག་འཛིན་གྲུབ་ཐོབ་གཏེར་འབྱིན་ཐམས་ཅད་ཀྱི་རྒྱལ་པོ། འཇམ་དཔལ་དབྱངས་དངོས་༧མཁྱེན་བརྩེའི་དབང་པོའམ་པདྨ་འོད་གསལ་མདོ་སྔགས་གླིང་པས། ཁྲག་འཐུང་ནམ་མཁའ་འཇིགས་མེད་ཀྱི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱོན་པ་རིག་འཛིན་སྲོག་སྒྲུབ་ཀྱི་ཚེ་འགུགས་འོད་ཀྱི་དྲྭ་བ་དང་། གཡང་འགུགས་མེ་ཏོག་ཆར་བསིལ་གཉིས་ཀྱི་མན་ངག་ལ་བརྟེན་པར་ཞལ་གྱིས་འཆེས་ནས། དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་བསྩལ་པ། ཨོ་རྒྱན་བླ་མ་ཡིད་བཞིན་ནོར་བུ་རཏྣ་ཐོད་ཕྲེང་རྩལ་གྱི་སྒོས་སྒྲུབ་ལ་བརྟེན་ནས། མཐོ་རིས་སུ་སྐྱེས་པ་ཀུན་ལ་གཅེས་པའི་རིང་པོར་འཚོ་བའི་ཚེ་དང་། བདེ་སྐྱིད་ཀྱི་གཞི་མ་ལོངས་སྤྱོད་སྤེལ་བའི་ཆོ་ག་ཚེ་བསོད་འདོད་རྒུའི་དཔལ་སྟེར་དང་འབྲེལ་བའི་ཚེ་དང་གཡང་གི་དངོས་གྲུབ་ཀྱི་རྗེས་གནང་དམ་པ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་བཞིན་བགྱིད་པ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་ཕུལ་དུ་བཅུག །བླ་མ་དང་གུ་རུ་རཏྣ་ཐོད་ཕྲེང་གཉིས་སུ་མེད་པའི་སྤྱན་སྔར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱཻ། དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །འགྲོ་རྣམས་མ་ལུས་སྐྱོབ་པའི་མགོན་པོ་མཆོག །ཨོ་རྒྱན་བླ་མ་རཏྣ་ཐོང་ཕྲེང་རྩལ། །བདག་གི་ལུས་ངག་ཡིད་གསུམ་བྱིན་རློབས་ལ། །ཚེ་གཡང་འདོད་རྒུའི་དངོས་གྲུབ་བསྩལ་དུ་གསོལ། །ལན་གསུམ། དེ་ལྟར་གསོལ་བ་བཏབ་པའི་ངོར། ཆོས་ལྡན་གྱི་སྐྱེས་བུའི་འཚོ་བ་དུས་རིང་དུ་བསྲིང་བའི་སླད། ཐོག་མར་ཚེའི་དངོས་གྲུབ་སྦྱིན་པའི་སྦྱོར་བ་ཚེ་བཅུད་བསྡུ་བ་ལ་དམིགས་པ་འདི་བཞིན་དུ་མཛོད། བདག་རྡོ་རྗེ་སློབ་དཔོན་དང་མདུན་རྟེན་རྣམས་ཡོངས་གྲུབ་གུ་རུ་རྒྱས་པའི་ལས་མཛད་ཚེ་དབང་རཏྣ་ཐོད་ཕྲེང་རྩལ་རིག་པ་གཞི་རྫོགས་ཡེ་ཤེས་ཀྱི་ཕྱག་རྒྱ་ཡེ་ཤར་དུ་བཞུགས་པ་དང་། ཁྱེད་རང་སློབ་མ་རྣམས་ཀྱང་ཨ་འཐས་གཟུང་འཛིན་གྱི་འཆིང་བ་བཅད་དེ། གཞིར་གནས་ཡེ་ཤེས་ཀྱི་ཕྱག་རྒྱ་གཞལ་ཡས་ཁང་དང་བཅས་པ་འདི་ལྟར་གསལ་ཐོབས་ཤིག །ཕྲིན་ལས་ཀྱི། ཨོཾ་མ་ཧཱ་ཤཱུནྱ་ཏཱ༴ སྟོང་གསལ་རང་རིག་འདུས་མ་བྱས་པའི་དབྱིངས། །འགག་མེད་སོགས་ནས། མ་ལུས་ལུས་པ་མེད་པས་ཡོངས་བསྐོར་བའི། །རྡོ་རྗེ་གསང་བའི་མཎྜལ་ཆེན་པོར་ཤར། །བར་གྱིས་གསལ་བཏབ། དེ་ལྟར་གསལ་བའི་ངང་ནས་ཉིད་རྣམ་པས་སློབ་དཔོན་ལ་གུས་འདུད་བྱས་པའི་རྐྱེན་གྱིས་བསྐུལ་པས། བདག་མདུན་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་སོགས་དམིགས་རིམ་ཕོག །ཚེ་མདའ་གཡབ་ལ་སྤོས་རོལ་བཅས་ཚེ་འགུགས་གྱེར་བའི། སྙིང་པོའི་ཚེ་མཆོག་བདག་ལ་ཞེས་པའི་མལ་དུ། འདི་ལ་ཞེས་བསྒྱུར། མཐར་སྔགས་བརྗོད་ཅིང་རོལ་མོ་བྱ། དེ་ལྟར་བྱས་པས་རྩ་གསུམ་རྒྱལ་བའི་བྱིན་རླབས་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་ཞུགས་པའི་མཐུས། ལས་དང་རྐྱེན་ལས་གྱུར་པའི་ཚེ་ཡི་འགལ་རྐྱེན་སྦྱངས། ཟག་བཅས་ཀྱི་སྒོ་གསུམ་ཟག་བྲལ་རྡོ་རྗེ་གསུམ་ལྡན་གྱི་ཕྱག་རྒྱས་ཐེབས། ཨོ་རྒྱན་ཚེ་དཔག་མེད་རཏྣ་ཐོད་ཕྲེང་རྩལ་གྱི་གསང་བ་གསུམ་གྱི་རྣམ་པར་ལམ་གྱིས་གྱུར་པ་དེ་ཉིད་ལས་ནམ་ཡང་མི་འདའ་བར་བརྟན་པའི་སླད་དུ། དངོས་གཞི་ཚེའི་དངོས་གྲུབ་ཀྱི་དབང་རྣམས་བསྐུར་བའི་ཐོག་མར། ཚེའི་འབྲང་རྒྱས་འདི་ཉིད་ཕོ་བྲང་པདྨ་འོད་སྣོད་བཅུད་ཡོངས་རྫོགས་ཡེ་ཤེས་རྒྱན་གྱི་དཀྱིལ་འཁོར་དུ་གསལ་བས་སྤྱི་བོར་དབང་བསྐུར་བས། འགྱུར་མེད་སྐུ་ཡི་རྡོ་རྗེ་བུམ་པའི་དབང་དང་དངོས་གྲུབ་ཐོབ་པར་མོས། །ཚེའི་བདག་འཇུག་བཞིན། ཨ༔ སྐྱེ་འཆི་མེད་པ་སོགས་སྔགས་བཅས་ཀྱིས་ཚེ་འབྲང་སྤྱི་བོར་གཞག །ཤེས་རབ་དབྱིངས་ཀྱི་བྷནྡྷ་ཐབས་ཆེན་འཆི་མེད་ཀྱི་བདེ་རྒྱུན་ཐིག་ལེར་འཁྱིལ་པས་མགྲིན་པར་དབང་བསྐུར་ཞིང་བདུད་རྩི་མྱང་བས། འགག་མེད་གསུང་གི་རྡོ་རྗེ་གསང་བའི་དབང་དང་དངོས་གྲུབ་ཐོབ་པར་མོས། ཨ༔ སྟོང་པའི་དབྱིངས་ལས་སོགས་ཀྱིས་དབང་བསྐུར་ཞིང་ཚེ་ཆང་སྦྱིན། ཐབས་ཤེས་མཉམ་སྦྱོར་དྭངས་མའི་ཕུང་པོར་འབར་བའི་ཚེའི་རིལ་བུས་སྙིང་གར་དབང་བསྐུར་ཞིང་། ཚེ་ལྷའི་ངོ་བོར་གསལ་བ་ཁ་སྒོ་ནས་བྱོན་སྙིང་དབུས་མི་ཤིགས་པའི་ཐིག་ལེར་རོ་གཅིག་ཏུ་བཞུགས་པས། འཕོ་མེད་ཐུགས་ཀྱི་རྡོ་རྗེ་ཤེར་ཡེའི་དབང་དང་དངོས་གྲུབ་ཐོབ་པར་མོས། ཨ༔ མི་ཤིགས་ཐུགས་ཀྱི་སོགས་བརྗོད་བཞིན་ཚེ་རིལ་གྱི་དབང་བསྐུར་ཞིང་སྦྱིན། ཡོངས་རྫོགས་ཡེ་ཤེས་རྡོ་རྗེའི་རང་བཞིན་དཔལ་གྱི་གཏོར་མ་རང་སྣང་དག་པའི་དབྱིངས་ཀྱི་གཏོར་སྣོད་འཇའ་ཟེར་ཐིག་ལེའི་དྲྭ་གུར་པདྨོ་བཀོད་པའི་ཞིང་དུ། རིག་པ་རང་ཤར་ལྷུན་གྲུབ་ཨོ་རྒྱན་ཚེ་དབང་རཏྣ་ཐོད་ཕྲེང་རྩལ་རྩ་གསུམ་རྒྱ་མཚོའི་ཚོམ་བུ་དང་བཅས་པས་གནས་བཞིར་དབང་བསྐུར་བས། མཚན་རྟོག་གི་ཡུལ་ལས་འདས་པའི་འཆི་མེད་རྡོ་རྗེ་རིག་པ་རྩལ་གྱི་དབང་དང་དངོས་གྲུབ་མ་ལུས་པ་ཐོབ་པར་མོས། ཨ༔ བདེ་ཆེན་རྣམ་ཀུན་སོགས་བརྗོད་ཅིང་གཏོར་མ་རིན་ཆེན་འབར་བ་གནས་བཞིར་གཏུགས། དེ་ལྟར་ཚེ་དབང་གི་དངོས་གྲུབ་དམ་པ་བསྐུར་པས་ཟག་བཅས་ཀྱི་ལུས་ངག་ཡིད་གསུམ་ཆ་སྙོམས་དང་བཅས་པ་འཆི་མེད་རྡོ་རྗེའི་སྐུ་གསུང་ཐུགས་ཡེ་ཤེས་བདེ་བ་ཆེན་པོའི་དཔྱིད་དུ་སྨིན་པ། དེ་ཉིད་ལས་མི་འདའ་བའི་ཕྱིར་ཚེ་གཏའ་བསྡམ་པའམ་ཚེ་སྦ་ཞིང་རྒྱས་གདབ་པ་ནི། ཚེའི་མདའ་དར་གནས་བཞིར་རྒྱ་གྲམ་འབར་བའི་ཕྱག་རྒྱས་རེག་པས། རྡུལ་བྲལ་གཞོན་ནུ་བུམ་པ་སྐུ་རུ་རྒྱས་གདབ་པས་གཉུག་མའི་བཙན་ས་ཟིན་སྟེ། ཉེས་པའི་ཕྱོགས་གང་གིས་ཀྱང་མི་ཕྱེད་པར་རབ་ཏུ་བརྟན་པར་བསྒྲུབས་པའི་ངེས་ཤེས་སྐྱེད་མཛོད། ཧཱུྃ་ཧྲཱི༔ ཆོས་སྐུ་མི་འགྱུར་སོགས་ཚེ་འགུགས་མཐར་འབྱུང་བ་གྱེར་ཞིང་ཚེ་མདའ་གནས་བཞིར་རྒྱ་གྲམ་གྱི་ཚུལ་དུ་འཇོག །དེ་རྣམས་ཀྱིས་བྱང་ཆུབ་སྒྲུབ་ཅིང་ཆོས་ལྡན་གྱི་བྱ་བ་ལ་འཇུག་པའི་འགལ་རྐྱེན་ཚེའི་བར་ཆད་བསྲུང་ཞིང་། རིང་པོར་འཚོ་བའི་མཆོག་སྦྱིན་པའི་དངོས་གྲུབ་དམ་པའི་དབང་བསྐུར་གྲུབ་ནས། མཐུན་རྐྱེན་དཔལ་གྱི་འབྱོར་པ་སྤེལ་ཕྱིར་སྲིད་ཞིའི་ཕྱྭ་གཡང་འགུགས་པའི་ཆོ་ག་དང་འབྲེལ་བའི་དཔལ་གྱི་དངོས་གྲུབ་སྦྱིན་པའི་དབང་གི་སྦྱོར་བ་བཅུད་གཡང་འགུགས་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སླར་ཡང་བདག་མདུན་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ཉི་མ་བྱེ་བའི་སོགས་གཡང་འགུགས་དམིགས་པ་ཕོག་ནས། གཡང་མདའ་གཡབ་ལ་གཡང་འགུགས་སྔགས་བཅས་གྱེར། མཐར་མེ་ཏོག་འཐོར་ཞིང་། ཡེ་དྷར་གྱིས་རབ་གནས་བྱ། དེ་ལྟར་བྱས་པས་སྲིད་ཞིའི་ཕྱྭ་གཡང་དྭངས་བཅུད་འུབ་ཀྱིས་བསྡུས་པ། སྒྲུབ་རྫས་དང་ཁྱེད་རང་རྣམས་ལ་བསྟིམས་ཤིང་། མི་འགྱུར་བར་རབ་ཏུ་གནས་པས་བརྟན་པར་བསྒྲུབས་ནས། དངོས་གཞིའི་དངོས་གྲུབ་གཡང་གི་ནོར་བུ་གཏད་ཅིང་དབང་སྦྱིན་པ་ནི། གཏེར་གྱི་བུམ་པ་སྣོད་བཅུད་ཡོངས་རྫོགས་དཔལ་ལྡན་ནོར་བུ་པདྨོ་དྲྭ་བ་བཀོད་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ། བདེ་བར་གཤེགས་པའི་བྱིན་རླབས་རྡོ་རྗེ་ནོར་བུ་རིན་ཆེན་དགོས་འདོད་དབྱིག་གི་འོད་ཟེར་བདུད་རྩིའི་ཆར་ཆེན་འབེབ་བཞིན་པ་འདི་ཉིད། སྤྱི་བོ་ལ་སོགས་པའི་གནས་གསུམ་དུ་སྤྱན་དྲངས་ཤིང་དབང་བསྐུར་བས། སངས་རྒྱས་བསོད་ནམས་ཆེན་པོའི་ཕྲིན་ལས་ཀྱིས། ཁྱེད་རང་རྣམས་ཀྱི་ཚེ་རབས་སྔོན་དང་ད་ལྟར་བསགས་པའི་དབུལ་ཕོངས་ཀྱི་སྡུག་བསྔལ་རྒྱུ་འབྲས་བག་ཆགས་དང་བཅས་པ་སྦྱངས། འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པ་བུམ་བཟང་དཔག་བསམ་དབང་པོ་དང་། འཛད་པ་མེད་པ་ནམ་མཁའི་མཛོད། འགྱུར་བ་མེད་པ་བདེ་བར་གཤེགས་པའི་བསོད་ནམས་ཆེན་པོའི་མཐུ་དཔལ་རྣམས་བསྩལ་ཞིང་ཐོབ་པས། ལྷ་དང་གཉིས་སུ་མེད་པའི་རྡོ་རྗེ་གསུམ་དུ་གྲུབ། སྲིད་ཞིའི་དཔལ་གཡང་ལོངས་སྤྱོད་ཐམས་ཅད་ཀྱི་དབང་ཕྱུག་རྫོགས་པའི་སངས་རྒྱས་ཀྱི་ཡོན་ཏན་ཕྲིན་ལས་རྒྱ་མཚོ་ལ་དབང་འབྱོར་བའི་དངོས་གྲུབ་དང་བྱིན་དབང་མ་ལུས་པ་རྩལ་སྤྲུགས་སུ་ཐོབ་པར་མོས། གཏེར་བུམ་མམ་གཡང་བཤོས་ཀྱིས་གནས་གསུམ་དུ་གཏུགས་ཤིང་། ཧཱུྃ། བདེ་མཆོག་བདེ་སྤྱོད་སོགས་གཡང་གི་དངོས་གྲུབ་ལེན་ཆོག་སྔགས་བཅས་གྱེར། དེ་ལྟར་བྱས་པས་གུ་རུ་བདེ་བ་ཆེན་པོ་རཏྣ་ཐོད་ཕྲེང་རྩལ་རྩ་གསུམ་ནོར་ལྷ་རབ་འབྱམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སྐྱེ་རྒུའི་རེ་བ་སྐོང་བའི་དབང་དང་དངོས་གྲུབ་རྫོགས་པར་ཐོབ་པ་དེ་ཉིད་འཕེལ་རྒྱས་བརྟན་པའི་སླད་དུ། གཡང་གི་བདུད་རྩི་དང་བཀྲ་ཤིས་དཔལ་གྱི་ཕྱེ་མར་གྱིས་ཞལ་སྲོས། ཕྱོགས་བཅུའི་དཀོན་མཆོག་རྩ་གསུམ་ནོར་ལྷ་རབ་འབྱམས་རྣམས་མདུན་གྱི་ནམ་མཁར་བྱོན་པ་དང་། སློབ་དཔོན་དགོངས་པ་གཅིག་དང་དབྱངས་གཅིག་པས་བཀྲ་ཤིས་རྟགས་ཀྱི་མེ་ཏོག་ཆར་དུ་བསྙིལ་ཞིང་། བདེན་ཚིག་རྡོ་རྗེའི་སྒྲ་དབྱངས་ལྡིར་བས། ཚེ་གཡང་དགེ་ལེགས་ཀྱི་འབྱོར་པ་འཕེལ་རྒྱས་བརྟན་པར་བསྒྲུབས་པར་མོས། ཕུན་སུམ་ཚོགས་པ་སོགས་ཞལ་ནས་གསུངས་པ་དང་། ལས་གཞུང་གི་བཀྲ་ཤིས། འབད་དང་རྩོལ་བས་སོགས། འཆི་མེད་ཚེ་ཡི་དཔལ་སོགས། ཉིན་མོ་བདེ་ལེགས་སོགས་བརྗོད་ཅིང་ཕྱེ་མར་སོགས་སྦྱིན། མེ་ཏོག་ཆར་བསྙིལ་རོལ་མོ་བསྒྲག །འོ། དེ་རྣམས་ཀྱི་ཚེ་གཡང་ཁ་སྤྲོད་དང་འབྲེལ་བའི་ཚེའི་དབང་དང་། དཔལ་གྱི་ཕྱྭ་གཡང་འགུགས་ཤིང་སྤེལ་བའི་དངོས་གྲུབ་སྒྲུབ་པ་ལ་དབང་བ་ཡིན་པས། དེའི་དམ་ཚིག་རྡོ་རྗེ་ཐེག་པའི་གཞུང་ནས་འབྱུང་བའི་སྤང་བླང་སྤྱི་དང་། ཚེ་དང་ལོངས་སྤྱོད་སྤེལ་བའི་མི་མཐུན་ཕྱོགས་སྤང་ཞིང་། མཐུན་ཕྱོགས་ཀྱི་ཚོགས་གཉིས་སྤེལ་བ་ལ་བརྩོན་པར་མཛོད་ཅིག །རྩ་དབང་དང་འབྲེལ་ན་དེའི་དབང་རྗེས་རྣམས་འདི་ན་བྱ། མི་འབྲེལ་ན། དེ་ལས་བྱུང་བའི་ལེགས་བྱས་ཀྱི་དགེ་བ་ཅི་མཆིས་པ་རྣམས་ཡོངས་བསྔོའི་རྒྱས་འདེབས་ཀྱང་ཆབས་ཅིག་ཏུ་མཛོད། བསོད་ནམས་འདི་ཡིས་སོགས་བརྗོད་པས་གྲུབ། གསུམ་པ་རྗེས་རིམ་ནི། ཆོ་གའི་གཞུང་གང་ཡིན་གྱི་ཚོགས་ལ་རོལ། ལྷག་མ་ནས་གཟུང་མཐར་ཆགས་སུ་གཏང་ཞིང་། རྗེས་ཀྱི་མཆོད་བསྟོད་མཐར། ཧཱུྃ། བདེ་མཆོག་བདེ་སྤྱོད་སོགས་ཀྱིས་ཚེ་གཡང་གཉིས་ཀའི་དངོས་གྲུབ་སྟབས་གཅིག་ཏུ་སོ་སོའི་རྫས་ཀྱི་དབང་བླང་། ནོངས་བཤགས། བརྟན་བཞུགས། བསྡུ་ལྡང་། བསྔོ་སྨོན། བཀྲ་ཤིས་བཅས་མཐའ་རྒྱས་སུ་སྤེལ་བས་གྲུབ་བོ།། །། ༈ ཟུར་མཁར་དྲི་མེད་གླིང་པའི་ཐུགས་སྒྲུབ་ཡོན་ཏན་ཀུན་འབྱུང་གི་གསང་སྒྲུབ་པདྨ་རྒྱལ་པོ་ཛམ་བྷ་ལའི་དབང་གི་ཆོག་སྒྲིག་འདོད་རྒུའི་གཏེར་བུམ་ལྟར་དབང་སྒྲུབ་སྐབས། ཐོག་མར་བརྒྱུད་འདེབས་སྦྱར་ཞིང་། ལས་བྱང་གི་ཛཔ྄་བསྐུལ་རྗེས། བཟླས་དམིགས་ནི། བསྙེན་ཡིག་ཡིད་བཞིན་དབང་རྒྱལ་ལས། བདག་མདུན་ཛཾ་ལ་གཙོ་བོའི་སོགས་ནས། ཀྱི་ལི་ལི་འཁོར་བར་གྱུར། ཅེས་གཞི་བསྒྲུབས་ལ། བདག་གི་ཐུགས་ཀའི་སོགས་གཟི་བྱིན་བསྐྱེད་པའི་དམིགས་གནད་བཅས་བསྙེན་སྔགས་བརྒྱ་རྩ་ལས་མི་ཉུང་བ་བཟླ། བདག་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་སོགས་ཕྱྭ་གཡང་སྡུད་པའི་དམིགས་པ་གསལ་བཏབ་ནས་སྒྲུབ་སྔགས་ལྔ་བཅུ་ཉུང་མཐའ་བྱས་པ་བཟླ། ཡང་འོད་ཟེར་སྦུབས་ཅན་སྨྱུག་མ་ལྟ་བུ་སོགས་ལས་སྦྱོར་དམིགས་པ་གསལ་ཞིང་ལས་སྔགས་དང་འཁོར་སྔགས་ཉེར་གཅིག་ལས་མི་དམན་པས་མཚོན། བསྙེན་སྒྲུབ་ལས་གསུམ་གྱི་སྔགས་ཅི་འགྲུབ་བཟླས་མཐར། སྟོང་ཚིགས་སོགས་གཞུང་གསལ་དང་། བསམ་ལྷུན་གསོལ་འདེབས་རྗེས། ཟུར་གསལ་ལྟར་བསེ་རག་བརྫངས་ནས་སྲུང་འཁོར་བསྒོམ། གཡང་འགུགས་དམིགས་པ་ནི། བདག་བསྐྱེད་ཐུགས་རྗེའི་འོད་ཟེར་གྱིས༔ མདུན་བསྐྱེད་སོགས་བསྙེན་ཡིག་ལྟར་གསལ་ལ། ལས་བྱང་འོག་གི་གཡང་འགུགས་གྱེར། ཁྲུས་སྒྲུབ་མ་རིག་མུན་སེལ་བཞིན་ལས་བུམ་བསྒྲུབ་པར་བཤད་ཀྱང་། འདིར་དཔེ་མ་བཞུགས་པས། སྤྱི་འགྲོའི་འཁྱིལ་པས་བསྒྲུབ། བཀའ་གཏེར་སྲུང་མ་སྤྱི་དང་། བྱེ་བྲག་གཏེར་སྲུང་སྤུ་གྲི་མཆེད་གསུམ་གྱི་རྒྱུན་གྱི་ཕྲིན་ལས་ཟུར་གསལ་སྦྱར། ལས་བྱང་གི་ཚོགས་བྱིན་བརླབ་ནས་བསྐང་བཤགས་མཐའ་བར་གཏང་། ལས་བྱང་འོག་གི་ཐུགས་དམ་བསྐུལ་བའང་གྱེར། བདག་འཇུག་ལེན་པའམ། མི་ནུས་ན་རིག་པའི་མེ་ཏོག་དོར། གང་ལྟར་ཡང་གནང་བ་ནོད། དབང་དངོས་མཐར་ཆགས་སུ་བསྐུར་ནས། ཆོ་གའི་རྗེས་ཚོགས་ལ་རོལ་ནས། ལྷག་མ་ཕྱིན་བཏང་ལ། ནོངས་བཤགས་རྗེས། རྟེན་འཛུག་དང་གཡང་གཏའ་བསྡམ་པ་དགོས་མིན་གང་ལྟར་ཡང་། བརྟན་བཞུགས་བྱ། བདག་བསྐྱེད་བསྡུ་ལྡང་སོགས་མཐར་ཆགས་སུ་བྱའོ།། །། ༈ མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བླ་མ་ནོར་ལྷ་སྐྱེས་མཆོག་ཚུལ་བཟང་གི་དབང་ཆོག་ནོར་བུའི་ཆུན་པོ་ལྟར་དབང་སྒྲུབ། བསེ་རག་བཀར་བ་སྔོན་འགྲོས་དབང་དངོས་གཞི། རྗེས་རིམ་བཅས་བྱའོ།། །། ༈ རིག་འཛིན་ཆོས་རྒྱལ་རྡོ་རྗེའི་ས་གནམ་དགོངས་གཏེར་ཟུང་འཇུག་ཨོ་རྒྱན་ཛཾ་དཀར་མཁའ་འགྲོ་ནོར་ལྷའི་དབང་དོན་སྒྲུབ་པ་ནི། ཚིག་བདུན་སོགས་གསོལ་འདེབས་སྔོན་འགྲོས། ཟུར་རྒྱན་ལྡེབ་བྱང་ལྟར་སྐྱབས་ཡུལ་གསལ་བཏབ་ནས། སྐྱབས་ཡུལ་རྣམས་རང་ལ་ཐིམ་པར་མོས། གཏེར་གཞུང་སྒྲུབ་ཐབས་འདོད་རྒུའི་དངོས་གྲུབ་ཆར་འབེབ་བཞིན། གཞི་བགེགས་ལ་གཏོར་མ་བསྔོ་བ་ནས་བརྩམ། བསང་གི་མཐར། མཆོད་རྫས་རྣམས། རཾ་ཡཾ་ཁཾ་གིས་བསང་སྦྱང་། རྣམ་དག་ཆོས་དབྱིངས་སོགས་ཀྱིས་བརླབས། ཨོཾ་ཤཱུནྱ་ཏཱ་སོགས་བདག་དང་མདུན་གྱི་དཀྱིལ་འཁོར་བསྐྱེད་པ་ནས། བསྟོད་པའི་རྗེས། བདག་མདུན་གྱི་བསྙེན་བཟླས་སོ་སོར་གཙོ་འཁོར་རྣམ་པ་ཕྱེད་པར་བཟླས་ནས་སྟོང་ཚིགས་ཀྱི་མཆོད་བསྟོད་འབུལ། གཡང་འགུགས་གྱེར། འདོད་རྒུ་ཀུན་འབྱུང་འགྲོ་ཕན་རྒྱ་མཚོ་བཞིན་ཚོགས་བྱིན་བརླབ་ནས་བསྟབ་པའི་མཐའ་བར་འབུལ། གཏེར་གཞུང་གི་དབང་ལེན་བྱས་མཐར་གནང་བ་ནོད། དབང་དངོས་ལ། འོ། མ་གྱུར་ནམ་མཁའི་མཐས་གཏུག་པའི་སེམས་ཅན་ཐམས་ཅད་རྒྱུ་འདོད་ཆགས་ལ་བརྟེན་པའི་ཕྱིན་ཅི་ལོག་གི་ལྟ་སྤྱོད་ཀྱིས་བསྐྱེད་པའི་འབྲས་བུ་དབུལ་བའི་དུཿཁ་ལས་བསྒྲལ་བའི་ཕྱིར། ནོར་གྱི་བདག་པོ་བསྒྲུབ་པའི་ཐོག་མར་སྨིན་དབང་ཞུ་བར་བགྱིའོ་སྙམ་པའི་སེམས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེའང་ཕྱོགས་དུས་ཀྱི་རྒྱལ་བ་ཀུན་ལས་ལྷག་པའི་བཀའ་དྲིན་ཅན་རིགས་འདུས་མ་ཧཱ་གུ་རུ་པདྨ་སམྦྷ་ཝས་འཛམ་གླིང་སྤྱི་དང་། ཁྱད་པར་གངས་ཅན་ལྗོངས་ཀྱི་སྐྱེ་རྒུ་ཡོངས་ལ་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་རླབས་པོ་ཆེ་སྤེལ་བའི་ཐབས་མཐའ་ཡས་པར་བསྩལ་པ་རྣམས། ཕྱི་རབས་ཀྱི་དོན་ལ་དགོངས་ཏེ་ཕལ་ཆེར་ཟབ་མོའི་གཏེར་དུ་སྦས་ཤིང་། དུས་བབ་འགྲོ་འདུལ་གྱི་སྐྱེས་མཆོག་རིམ་པས་གཏེར་ཞལ་དབྱེ་བར་མཛད་པ་ལས། འདིར་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་འགྲོ་བ་དབུལ་བའི་སྡུག་བསྔལ་གྱིས་མནར་པ་རྣམས་ལ་ཚད་མེད་པའི་ཐུགས་རྗེའི་སྒྱུ་འཕྲུལ་ལས་བཞེངས་པ། འཕགས་པ་ཛམྦྷ་ལ་དཀར་པོ་དང་ཨོ་རྒྱན་བླ་མ་དབྱེར་མེད་དུ་བསྒྲུབ་པའི་མན་ངག །ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་སྒོ་ནས་ཚེ་གཡང་སྒྲུབ་པའི་ཐབས་དང་འབྲེལ་བ་སྟེ། འདི་ནི་ལྷ་སྲས་ཐ་ཆུང་མུ་ཁྲི་བཙན་པོའི་རྣམ་འཕྲུལ་རིག་འཛིན་ཆོས་རྒྱལ་རྡོ་རྗེ་དེ་ཉིད་གཉན་རྫོང་རྡོ་རྗེ་ཁྱུང་ཕུག་ཏུ་ཐུགས་དམ་ལ་བཞུགས་པའི་སྐབས་ཤིག་ཏུ། མཁའ་འགྲོ་བདེ་ཆེན་རྒྱལ་མོས་དེའི་བྲག་ནས་གཏེར་སྒྲོམ་ལས་ཤོག་སེར་ཕྱུང་སྟེ། སྤྱན་ལམ་དུ་བསྟན་ཅིང་ཤོག་སེར་གྱི་བརྡ་འགྲོལ་བར་མཛད་པ་དུས་བབས་ལུང་བྱང་དང་བསྟུན་ནས་གཏན་ལ་ཕབ་པ། ས་གནམ་དགོངས་གཏེར་ཟུང་འཇུག་གི་ཚུལ་དུ་བྱོན་པ་སྟེ། གཞུང་ལས། བཅོམ་ལྡན་སྙིང་རྗེའི་གཏེར་ཆེན་སྤྱན་རས་གཟིགས༔ སོགས་གཏེར་གཞུང་དབུ་ནས་འབྱུང་བ་བཞིན། གནས་དུས་རྟེན་འབྲེལ་འཛོམས་དུས་ཡི་གེར་ཐོབས༔ ཞེས་དང་། གཏེར་ཤོག་མ་ཕྱི་མཁའ་འགྲོས་དངོས་སུ་སྟོན༔ སོགས་གཏེར་གཞུང་མཇུག་ཏུ་འབྱུང་བ་བཞིན། དེས་ན་བརྒྱུད་པ་གསུམ་ལྡན་བྱིན་རླབས་ཆེ༔ ཞེས་སོགས་བསྔགས་པར་མཛད་པ་དེ་ཉིད་ཀྱི་བྱིན་རླབས་གཏོར་མའི་དབང་བསྐུར་བརྒྱུད་པའི་ཕྱག་བཞེས་ཀྱིས་བརྒྱན་པ་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བདེ་གཤེགས་ཀུན་འདུས་རིག་འཛིན་དགོངས། །སྐུ་གསུམ་བླ་མ་ཚེ་ཡི་བདག །ཨོ་རྒྱན་མཁའ་འགྲོ་ནོར་ལྷ་ཡི། །དངོས་གྲུབ་དབང་བསྐུར་བསྩལ་དུ་གསོལ། །ལན་གསུམ། རྒྱུད་སྦྱོང་བའི་སླད་དུ། ཨོ་རྒྱན་མཁའ་འགྲོ་ནོར་ལྷ་ཛཾ་བྷ་ལ་དཀར་པོ་གཙོ་བོར་གྱུར་པའི་ཞིང་མཆོག་མཁའ་ཁྱབ་ཏུ་བཞུགས་པའི་སྤྱན་སྔར། སྐྱབས་སུ་འགྲོ་བ་སོགས་བདུན་རྣམ་དག་གི་དོན་དྲན་པས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་སོགས་ལན་གསུམ། དབང་གི་གཞི་དགོད་པའི་ཐོག་མར་བདག་རྡོ་རྗེ་སློབ་དཔོན་ཡང་ཐ་མལ་པ་འདི་ལྟ་བུ་མ་ཡིན་པར། ཨོ་རྒྱན་བླ་མ་གཙོ་འཁོར་གྱི་སྐུ་འདི་ལྟར་དུ་བཞུགས་ཡོད་སྙམ་པའི་ངེས་ཤེས་བསྐྱེད་ཅིང་། ཁྱེད་རང་སློབ་མ་རྣམས་ཀྱང་མ་ཧཱ་གུ་རུའི་གསལ་སྣང་བརྗོད་ཚིག་དང་མཐུན་པར་བསྒོམ་འཚལ། བདག་ཉིད་པདྨ་འབྱུང་གནས་སྐུ༔ སོགས་བདག་བསྐྱེད་བཞིན། སྣང་སྟོང་གཟི་བྱིན་འབར་བར་བསྐྱེད༔ དེ་ནས་མདུན་དུ་བསྐྱེད་པའི་དཀྱིལ་འཁོར་པ་ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་སྐུ་རྟེན་དང་བརྟེན་པར་བཅས་པ་འདི་ལྟར་གསལ་ཐོབས་ཤིག །ཧཱུྃ་ཧྲཱི༔ རང་མདུན་གསེར་གྱི་སོགས་མདུན་བསྐྱེད་བཞིན། ཕྱོགས་བཞིར་ཛམ་ལྷ་རིགས་བཞི་གསལ༔ བར་གྱིས་གསལ་བཏབ། དེ་ལྟར་བསྐྱེད་པའི་དཔོན་སློབ་མདུན་བསྐྱེད་དང་བཅས་པའི་གནས་གསུམ་སྐུ་གསུང་ཐུགས་རྡོ་རྗེའི་ཡི་གེ་གསལ་བ་ལས་འོད་འཕྲོས། མཁའ་ཁྱབ་ཀྱི་ཞིང་ན་བཞུགས་པའི་རྩ་གསུམ་ཐམས་ཅད་ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་རྒྱན་འཁོར་རྣམ་ལྔའི་ཕྱག་རྒྱར་སད་པ་སྤྲིན་ཕུང་གཏིབས་པ་བཞིན་དུ་བྱོན། ཁྱེད་རང་རྣམས་ལ་ཐིམ་པས་ལྷ་དང་གཉིས་སུ་མེད་པར་བྱིན་བརླབ། མདུན་བསྐྱེད་ལ་ཐིམ་པས་ཐུགས་རྗེའི་གཟི་བྱིན་ལྷག་པར་འབར་བར་སྒོམས། བྱས་ལ་སྤོས་རོལ་དབྱངས་ཀྱིས་ཡེ་ཤེས་པ་སྤྱན་འདྲེན་ལ་བསྟིམ། སྤྱི་ལྟར་བརྟན། དངོས་གཞིའི་དབང་གི་ཐོག་མར་འཁོར་འདས་ཀྱི་ཕྱྭ་གཡང་འགུགས་ཤིང་རྒྱལ་བའི་བྱིན་ནུས་བསྡུ་བ་ནི། བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་ཕོ་ཉའི་ཚོགས་གྲངས་མེད་པ་འཕྲོས། སྲིད་ཞིའི་ཚེ་གཡང་ལེགས་པའི་དཔལ་འབྱོར་དང་རྒྱལ་བ་རབ་འབྱམས་ཀྱི་བྱིན་རླབས་ནུས་སྟོབས་ཐམས་ཅད་འོད་ཟེར་ཐིག་ལེ། བཀྲ་ཤིས་རྫས་རྟགས། ལྷ་ཀླུ་མིའི་ནོར་བུ། འཆི་མེད་གྲུབ་པའི་རྫས་ལ་སོགས་པའི་རྣམ་པར་བསྡུས་ནས། སྒྲུབ་རྫས་དང་སློབ་མ་ལ་ཐིམ་པས་འདོད་རྒུའི་དཔལ་འབྱོར་ཕུན་སུམ་ཚོགས་པ་རབ་ཏུ་རྒྱས་པར་མོས། མདའ་དར་གཡབ་ཅིང་། ཧཱུྃ་ཧྲཱི༔ བདེ་བ་ཅན་གྱི་ཞིང་ཁམས་ན༔ སྡུག་བསྔལ་སྒྲ་ཡང་སོགས་གཡང་འགུགས་གྱེར། བྱིན་རླབས་ཡོངས་རྫོགས་གཏོར་མ་ལ་བརྟེན་པའི་དོན་དབང་ནོར་བུའི་ལུགས་སུ་བསྐུར་བ་ནི། གཏོར་སྣོད་འོག་མིན་དཔལ་ལྡན་བཀོད་པའི་ཞིང་གི་བཀོད་པ་འབྱམས་ཀླས་པའི་དབུས་སུ་གཏོར་མ་ཨོ་རྒྱན་མཁའ་འགྲོ་ནོར་ལྷ་རྩ་གསུམ་རབ་འབྱམས་གཏེར་བདག་དང་བཅས་པའི་ལྷ་ཚོགས། མཆོག་ཐུན་དངོས་གྲུབ་སྩོལ་བ་ལ་དགྱེས་པའི་མདངས་དང་གཟི་བྱིན་འབར་བཞིན་བཞུགས་པ་སློབ་བུའི་སྤྱི་བོར་སྤྱན་དྲངས་པ་དང་ལྷན་ཅིག །ལྷ་ཚོགས་རྣམས་ཀྱི་གནས་བཞི་ནས་བདུད་རྩིའི་ཆུ་རྒྱུན་དཀར་དམར་མཐིང་ག་སྣ་ཚོགས་པའི་མདངས་ཅན་དང་བཅས། བ་སྤུའི་བུ་གའི་མཐར་ཐུག་པའི་སྐུའི་ཆ་རྣམས་ནས་དངོས་གྲུབ་ཚེ་གཡང་དཔལ་འབྱོར་ནོར་བུའི་གྲུ་ཆར་བབས་པ། ཁྱེད་རང་རྣམས་ཀྱི་གནས་བཞིར་ཐིམ་པས་སྐུ་གསུང་ཐུགས་མཆོག་གི་ཚེ་དབང་དངོས་གྲུབ་མ་ལུས་པ་ཡོངས་སུ་རྫོགས་པ་རྩལ་སྤྲུགས་སུ་ཐོབ་པར་མོས། ཨོཾ་ཨཱཿཧཱུྃ༔ སྐུ་གསུམ་བླ་མ་སོགས་གཞུང་གསལ་དངོས་གྲུབ་བླང་དབང་དང་། རྩ་སྔགས་ལ། ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། སརྦ་སིདྡྷི་ཧྲཱིཿ ཞེས་གནས་བཞིར་བསྐུར། འཆི་མེད་ཀྱི་དྭངས་བཅུད་འདུས་པའི་ཐབས་ཤེས་ཀྱི་རྫས་དང་གཡང་རྫས་རྣམས་ཕྱག་ཏུ་གཏད་པས། སྐུ་གསུམ་བླ་མ་ནོར་ལྷའི་བྱིན་རླབས་ཚེ་དབང་མཆོག་གི་དཔལ་དང་འབྱོར་པའི་དངོས་གྲུབ་ཆུ་ལ་ཆུ་བཞག་པ་ལྟར་དབྱེར་མེད་དུ་ཐོབ་ཅིང་། རྒྱས་པའི་ཕྲིན་ལས་རྒྱ་མཚོ་ཐོགས་མེད་དུ་མ་བྱས་ཡེ་རྫོགས་ལྷུན་གྱིས་གྲུབ་པའི་ཁྱབ་གདལ་ཀློང་ཡངས་ཆེན་པོའི་དགོངས་པའི་ནུས་པ་དང་ལྡན་པར་མོས། ཧཱུྃ་ཧྲཱི༔ སྐུ་གསུམ་བླ་མ་ཚེ་ཡི་སོགས། སླར་ནམ་མཁའ་གང་བའི་རྩ་གསུམ་ནོར་ལྷའི་ཚོགས་ཀྱིས་བཀྲ་ཤིས་ཀྱི་དབྱངས་སུ་ལྡིར་ཞིང་། དགེ་ལེགས་ནོར་བུའི་གྲུ་ཆར་བསྙིལ་བར་མོས། ཨོཾ་ཨཱཿཧཱུྃ༔ སྐྱེ་འགག་གནས་གསུམ་སོགས་ཤིས་པ་བརྗོད། དེ་ལྟར་དབང་བསྐུར་ཐོབ་པའི་དམ་ཚིག་གི་རིམ་པ་སྤྱི་དང་། བྱེ་བྲག་འཁོར་འདས་གཉིས་འཛིན་ཐེ་ཚོམ་གྱི་རྟོག་པས་མ་བཅིངས་པར་ཡེ་མཉམ་གདལ་བ་ཆེན་པོར་ལྷུན་གྱིས་རྫོགས་པའི་ལྟ་བའི་རྩིས་ཟིན་པས་དཀོན་མཆོག་མཆོད་ཅིང་། གཏན་པ་མེད་པའི་མཆོད་སྦྱིན་ལ་སོགས་ཚོགས་གཉིས་སྤེལ་པའི་ཐབས་ལ་བརྩོན་དགོས་པས། དེ་བཞིན་བགྱི་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་བྱའོ། །ཆོ་གའི་རྗེས། ཚོགས་ལ་རོལ་ཞིང་ལྷག་མ་ནས་རྟ་བྲོ་བར་དང་། མཆོད་བསྟོད། ནོངས་བཤགས། བརྟན་བཞུགས། བསྡུ་ལྡང་། བཀྲ་ཤིས་བསྔོ་སྨོན་བཅས་གཏེར་གཞུང་དང་སྤྱི་ཁྱབ་ལྟར་སྦྱར་བས་གྲུབ་བོ།། །། ༈ གྲྭ་པ་མངོན་ཤེས་དབང་ཕྱུག་འབར་གྱི་ཛམ་དམར་༼འདོད་བུམ། 751༽ལྟར་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ བལ་པོ་ཨ་ཧཱུྃ་འབར་གྱི་ཟབ་གཏེར་སླར་༧ཀུན་གཟིགས་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཡང་གཏེར་དུ་བྱོན་པ་རྡོ་རྗེའི་ནོར་ལྷ་ཡཀྵ་ཛཾ་བྷ་ལ་ཆེན་པོའི་སྲོག་དབང་བསྐུར་བའི་ཆོ་ག་རིན་ཆེན་ཆུ་འཛིན་ལྟར་དབང་སྒྲུབ། དབང་དངོས་དམ་ཚིག་རྒྱས་བཤད་དང་འབྲེལ་བ། རྗེས་རིམ་བཅས་བྱའོ།། །། ༼འདིར་མཁྱེན་བརྩེའི་ས་གཏེར་རྩ་གསུམ་སྒྱུ་དྲྭའི་བཅོམ་ལྡན་འདས་མ་ནོར་རྒྱུན་ཡབ་ཡུམ་གྱི་ཆོས་སྐོར་དང་། དབང་སོགས་ཆོག་སྒྲིག་རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་གསུང་ཅན་ཡོད།མཆན།༽ ༈ བྱང་གཏེར་ནོར་ལྷ་ཡོངས་རྫོགས་ཀྱི་དབང་དང་རྗེས་གནང་གི་ཆོ་ག་རཏྣའི་རྒྱན་ཕྲེང་གི་དབང་སྒྲུབ་ཀྱི་བདག་བསྐྱེད་༼བ༽རང་ཤར་སྔགས་ཕྲིན་བཏང་ནས་མདུན་བསྐྱེད་དབང་ཆོག་བཞིན་སྒྲུབ། དངོས་གཞིའི་དབང་དང་རྗེས་གནང་གཉིས་སྦྲེལ་ཏེ་བསྐུར་བའི་ལུགས་དབང་ཆོག་གི་རྗེས་གནང་གྲུབ་སྐབས་གསུངས་པ་བཞིན་བྱ་ཞིང་། ཆོ་གའི་རྗེས་དབང་ཆོག་བཞིན་ནོ།། །། ༈ ཀློང་གསལ་རྡོ་རྗེ་སྙིང་པོའི་ཆོས་སྡེའི་ཛམ་སེར་གྱི་དབང་དོན་སྒྲུབ་པ་ལ། བསྙེན་སྒྲུབ་ཀྱི་ཆོ་ག་འདོད་འཇོའི་སྙིང་པོ་བཞིན་བདག་མདུན་སོ་སོར་བསྐྱེད་བཟླས་དང་། བུམ་པ་སྤྱི་ལྟར་གསལ་བཏབ་སྟེ་བསྙེན་བཟླས་བརྒྱ་རྩ་འོད་ཞུ་བཅས་བྱ། མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་གིས་ལྷག་ཆད་ཁ་བསྐང་ཞིང་སྟོང་ཚིགས་ཀྱི་མཆོད་བསྟོད་འབུལ། དབང་དངོས་ལ། ནམ་མཁའ་དང་མཉམ་པའི་ཡིད་ཅན་ཐམས་ཅད་འདི་དང་གཏན་གྱི་དབུལ་བ་སེལ་ཕྱིར་འཕགས་པ་ཛཾ་བྷ་ལ་བསྒྲུབ་པའི་ཐོག་མར་སྣོད་རུང་གི་དབང་བསྐུར་ཞུ་སྙམ་པའི་ཐུགས་བསྐྱེད་ནས་གསན་འཚལ། དེ་ལྟ་བུའི་ཐབས་ཚུལ་ལའང་རྒྱལ་བས་གསར་རྙིང་རྒྱུད་སྡེ་གོང་འོག་རྣམས་སུ་རྒྱ་ཆེར་གསུངས་པ་ལས། སྐབས་སུ་བབ་པ་འདི་ནི་རིག་འཛིན་ཆེན་པོ་ཀློང་གསལ་སྙིང་པོས་ཁེ་མི་འགྱུར་རྡོ་རྗེའི་སྒྲོམ་ནས་སྤྱན་དྲངས་པའི་ཟབ་གཏེར་རྩ་གསུམ་རྡོ་རྗེ་སྙིང་པོའི་ཆོས་སྡེ་ལས་བྱོན་པ། འཕགས་པ་ཛམྦྷ་ལ་སེར་པོའི་རྣལ་འབྱོར་ལ་བརྟེན་ནས་འདོད་རྒུའི་འབྱོར་པ་ཡིད་བཞིན་དུ་འཇོ་བར་བྱེད་པའི་དབང་བསྐུར་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ། ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་བླ་མ་སོགས་དབང་གཞུང་བཞིན་ལན་གསུམ། དེ་ལྟར་གསོལ་བ་བཏབ་པའི་ལན་དུ་གནང་བ་སྦྱིན་ཅིང་སྤྲོ་བ་བསྐྱེད་པ་ནི། ཛཾ༔ རྒྱལ་བ་རྣམས་ཀྱི་སོགས། རྒྱུད་དག་པར་བྱ་བའི་སླད་དུ་ཚོགས་ཞིང་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་རྒྱུན་བཤགས་ཡན་ལག་བརྒྱད་པའི་དོན་གསལ་འདེབས་བཞིན་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སོགས། དབང་གི་གཞི་འགོད་པའི་སླད་དུ་ཁྱེད་རང་གིས་ཐ་མལ་དུ་འཛིན་པའི་རྟོག་ཚོགས་རྣམས་མི་དམིགས་པའི་ངང་ནས་ལྷག་པའི་ལྷའི་སྐུ་འདི་ལྟར་དུ་གསལ་འདེབས་འཚལ། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་དཔལ་ལྡན་ཞིང་གི་དབུས། །སློབ་མའི་རིག་པའི་རང་རྩལ་མ་འགགས་པ། །པད་ཉིའི་སྟེང་དུ་ཛཾ་ཡིག་སོགས་ཆོ་གའི་མདུན་བསྐྱེད་བཞིན་བསྐྱེད་པའི། དེ་ལས་འོད་འཕྲོས་ཡེ་ཤེས་སྤྱན་དྲང་ནས། །སློབ་བུ་ལ་ཐིམ་གཉིས་སུ་མེད་པར་གྱུར། །སྤོས་རོལ་དབྱངས་ཀྱིས་སྤྱན་འདྲེན་ཚིགས་བཅད་མཐའི། འདིར་གཤེགས་བྱིན་ཆེན་ཕོབ། །རྩ་སྔགས་ལ། ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་བརྗོད་པས་བྱིན་དབབ། སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ༔ སྤྱི་ལྟར་བརྟན། དངོས་གཞིའི་དབང་བསྐུར་བ་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་རྣམས་རིམ་པར་འབྱུང་བ་ལས། དང་པོ་སྐུ་བུམ་པའི་དབང་བསྐུར་བ་ནི། བུམ་པ་གཞལ་ཡས་ཁང་དུ་བཅོམ་ལྡན་འདས་མགོན་པོ་ཛམྦྷ་ལ་རྩ་གསུམ་རྒྱལ་བའི་ཚོགས་དང་བཅས་པ་བཞུགས་པས། དེ་རྣམས་ཀྱི་སྐུ་ལས་བདུད་རྩིའི་རྒྱུན་བབ་པ་སློབ་བུའི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས། ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་བར་ཆད་ཐམས་ཅད་ཞི། སྐུའི་དབང་དང་དངོས་གྲུབ་མ་ལུས་པ་ཐོབ་པར་མོས། ཛཾ༔ ཛམ་ལྷའི་གཏེར་གྱི་སོགས་བུམ་དབང་བསྐུར་ཞིང་བུམ་ཆུ་སྦྱིན། གཉིས་པ་གསུང་བདུད་རྩི་དང་ཕྲེང་བའི་དབང་བསྐུར་བ་ནི། བདེ་སྐྱོང་གི་སྣོད་དུ་རྒྱལ་བའི་གསུང་གི་དྭངས་བཅུད་བྱང་སེམས་བདུད་རྩིའི་ཐིག་ལེར་འཁྱིལ་པ་མྱོང་ཞིང་། འཕགས་པའི་གསུང་སྔགས་ཀྱི་རྣམ་པར་ཤར་བའི་ཕྲེང་བ་མགྲིན་པར་བཞག་པས་དབང་བསྐུར་བས། ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་བར་ཆད་ཐམས་ཅད་ཞི། གསུང་གི་དབང་དང་དངོས་གྲུབ་མ་ལུས་པ་ཐོབ་པར་མོས། ཛཾ༔ ཛམ་ལྷའི་སྔགས་ཀྱི་སོགས། གསུམ་པ་ཐུགས་རྡོ་རྗེའི་དབང་བསྐུར་བ་ནི། འཕགས་པའི་ཐུགས་སྟོང་ཉིད་ཡེ་ཤེས་ཀྱི་སྙིང་པོའི་རྩལ་ལས་ཤར་པའི་རྡོ་རྗེ་སྙིང་གར་བཞག་པས། ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་བར་ཆད་ཐམས་ཅད་ཞི། ཐུགས་ཀྱི་དབང་དང་དངོས་གྲུབ་མ་ལུས་པ་ཐོབ་པར་མོས། ཛཾ༔ སྒྲུབ་པའི་ཏིང་ངེ་སོགས། བཞི་པ་ཡོན་ཏན་སྐུ་བརྙན་གྱི་དབང་བསྐུར་བ་ནི། བྲལ་སྨིན་གྱི་ཡོན་ཏན་མཚན་དཔེའི་རྣམ་པར་བཞེངས་པའི་གཟུགས་སྐུ་ལྟེ་བར་བཞག་པའི་ཚེ། དེ་ལས་གཉིས་པ་ཞིག་མཆེད་པ་ཁྱེད་རང་ལ་ཐིམ་པས། བསགས་པ་སྙོམས་འཇུག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་ཐམས་ཅད་ཞི། ཡོན་ཏན་གྱི་དབང་ཐོབ་པར་མོས། སངས་རྒྱས་ཐུགས་རྗེས་སོགས། ལྔ་པ་ཕྲིན་ལས་གཏོར་མའི་དབང་བསྐུར་བ་ནི། དཔལ་གྱི་གཏོར་མ་སྣོད་བཅུད་ཡོངས་རྫོགས་སྐུ་དང་ཞིང་ཁམས་སུ་བཞེངས་པ་གསང་བར་བཞག་པས། གཟུང་འཛིན་གཡོ་བ་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་དག །ཕྲིན་ལས་ཀྱི་དབང་ཐོབ་པར་མོས། བཅོམ་ལྡན་མགོན་པོ་སོགས། དེ་དག་གིས་འཕགས་པ་ཛཾ་བྷ་ལ་གཏེར་གྱི་འདོད་འཇོའི་དབང་བསྐུར་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཀྱིས་བརྒྱན་པ་ལེགས་པ་ཐོབ་པས། གསང་བ་བླ་ན་མེད་པའི་དམ་ཚིག་སྤྱི་དང་བྱེ་བྲག་འདོད་ཡོན་ལ་ཆགས་པ་མེད་པའི་བློས་ཡར་མགྲོན་དཀོན་མཆོག་ལ་མཆོད་པ་དང་། མར་མགྲོན་ལ་སྦྱིན་པ་ལ་སོགས་པའི་སྤང་བླང་གནས་རྣམས་བསྲུང་སྡོམ་ཚུལ་བཞིན་བགྱི་བའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། ཆོ་གའི་རྗེས་ཆོག་འདོད་འཇོའི་སྙིང་པོ་བཞིན་ནོ།། །། ༈ གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལ་ཛམ་ལྷ་རིགས་དགུ་སོ་སོ། རིགས་དགུ་འཁོར་མང་གཅིག་བསྡུས། ཛམ་སེར། ཛམ་དམར་དང་། ཛམ་ནག་བཀའ་རྒྱ་ཅན་སྟེ་ཛམ་ལྷ་ཉེར་གཅིག་ཏུ་གྲགས་པ་རྣམས་ཀྱི་དབང་སྒྲུབ་ལ། སྐྱབས་སེམས་ནི། ན་མོ༔ དཀོན་མཆོག་གསུམ་དང་སོགས་ལན་གསུམ། མཆོད་གཏོར་རྣམས་ཀ་དག་ཀློང་ནས་སོགས་ཀྱིས་བྱིན་གྱིས་བརླབ། བདག་བསྐྱེད་ནི། རང་ཉིད་སྐད་ཅིག་གུ་རུ་པདྨ་འབྱུང་། །གསང་བའི་བདག་པོ་དབྱེར་མེད་སྐུ་མདོག་མཐིང་། །རྡོ་རྗེ་སྡིགས་མཛུབ་ཁྲོ་བོའི་ཆས་ཀུན་རྫོགས། །སྣང་གྲགས་ལྷ་སྔགས་བདེ་ཆེན་རོལ་པར་གྱུར། །ཅེས་གསལ་བཏབ་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊཿ ཅེས་ཅི་ནུས་བཟླ། མདུན་རྟེན་ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་མདུན་གྱི་གཞིར། །རིན་ཆེན་ལས་གྲུབ་སྐྱེད་ཚལ་དང་། ཁང་བརྩེགས་ཡིད་འོང་བཀོད་མཛེས་དབུས། །སྣ་ཚོགས་པདྨ་ཟླ་གདན་ལ། །ཞེས་པའི་མཚམས་སུ། སྐུའི་ཛམ་ལྷ་དཀར་པོ་ལ་མཚོན་ན། ནོར་བདག་ཛཾ་དཀར་ཞལ་གསུམ་པ༔ སོགས་དང་། དེ་བཞིན་དུ། གསུང་གི་ཛཾ་ལྷ་དམར་པོ། ཐུགས་ཀྱི་ཛཾ་ལྷ་སྔོན་པོ། ཡོན་ཏན་ཛཾ་ལྷ་སེར་པོ་ལ། འཕགས་པ་ནོར་བདག་ཛཾ་སེར་ནི༔ སོགས་དང་། ཕྲིན་ལས་ཛཾ་ལྗང་། རིགས་འདུས་ཛཾ་ནག །ཛཾ་ཁྲ་འདྲ་མིན་གསུམ་སྟེ་རིགས་དགུ་སོ་སོ་བ་རྣམས་དང་། ཛཾ་ལྷ་རིགས་དགུ་འཁོར་མང་གཅིག་བསྡུས་ལ། བཀོད་མཛེས་ཀྱི། །དབུས་དང་ཕྱོགས་མཚམས་པདྨའི་གདན། །འདབ་བརྒྱད་ལ་གནས་ཟླ་གདན་སྟེང་། །དབུས་སུ་ཛཾ་ལྷ་སོགས། སོ་སོར་འབྱིན་འཇུག་གིས་མངོན་རྟོགས་གཏེར་གཞུང་སྦྱར། ཐུགས་རྗེ་ཆེན་པོ་རིགས་ལྔའི་ཆ་ལག་ཛཾ་སེར་དམིགས་བཟླས་འོག་ཏུ་འབྱུང་བ་བཞིན་དང་། ཛཾ་ལྷ་ཉེར་གཅིག་གཞུང་ནས་གབ་པའི་ཛཾ་དམར་མི་ཞོན་དང་། ཛཾ་ནག་གཉིས་བཀའ་རྒྱ་ཅན་སྟེ།་་་ཕྱི་མ་གཉིས་ཀྱི་མངོན་རྟོགས་དང་བཟླས་པ་བཅས་འོག་ཏུ་འབྱུང་།མཆན། བཅུ་གསུམ་སོ་སོར་སྐབས་ཐོབ་གང་ལྟར་ཡང་། བདག་ཐུགས་འོད་ཟེར་ལྕགས་ཀྱུ་ཡིས། །ཆོས་དབྱིངས་ཁྱབ་པའི་ཞིང་ཁམས་དང་། །ལྕང་ལོ་ཅན་གྱི་ཕོ་བྲང་ནས། །ནོར་བདག་འཁོར་བཅས་སྤྱན་དྲངས་བསྟིམ། །ཛཾ་ལྷ་སྤྱིའི་ལས་བྱང་འདོད་རྒུའི་ཆར་འབེབ་བཞིན། ཧཱུྃ༔ བྱང་ཕྱོགས་གཏེར་གྱི་སོགས། སྤྱན་འདྲེན་བཞུགས་མཆོད་གཏོར་འབུལ་བསྟོད་བཤགས་ཕྲིན་བཅོལ་རྣམས་སྦྱར། བཟླས་དམིགས་དམིགས་བསལ་ཡོད་པ་རྣམས་སོ་སོའི་གཞུང་བཞིན་དུ་གྲུབ་ན་ལེགས། འདིར་སྤྱིར་བཏང་ཙམ་དུ་འཇུག་བདེའི་སླད། ཛཾ་ལྷའི་ཐུགས་ཀར་ཟླ་གདན་ལ། །ཐུགས་སྲོག་ས་བོན་སྔགས་ཕྲེང་བཅས། །རང་མདོག་གཡས་སྐོར་འཁོད་པར་བསམ། །བདག་ཐུགས་འོད་ཀྱིས་མཆོད་པས་མཉེས། །ཐུགས་བསྐྱེད་དམ་བཅའ་རྗེས་དྲན་ཏེ། །འོད་ཟེར་སྤྲུལ་ཚོགས་འཇིག་རྟེན་ཁྱབ། །མཁོ་རྒུའི་དཔལ་འབྱོར་ལོངས་སྤྱོད་བསྡུས། །ཅི་འདོད་དངོས་གྲུབ་སྩོལ་བར་གྱུར། །ཅེས་གསལ་གདབ་ཅིང་སོ་སོའི་སྐབས་སྦྱར་གྱི་བསྙེན་སྔགས་ཅི་ནུས་བཟླ། མཐར། ཛཾ་ལྷ་སྤྱིའི་ལས་བྱང་འདོད་རྒུའི་ཆར་འབེབ་ཀྱི་མཆོད་པ། གཏོར་དབུལ། བསྟོད་བཤགས་ཕྲིན་བཅོལ་བཅས་སྐབས་ཐོབ་བསྒྱུར་བ་སྦྱར། ༧ ཐུགས་ཆེན་རིགས་ལྔའི་ཛཾ་སེར་སྐབས། གཞན་རྣམས་གོང་བཞིན་ལ། མདུན་རྟེན་བསང་སྦྱང་། སྟོང་པའི་ངང་ལས་མདུན་དུ་ལྕང་ལོ་ཅན་གྱི་ཕོ་བྲང་བཀོད་པས་མཛེས་པའི་དབུས་སུ་པད་ཟླའི་གདན་ལ། སྐད་ཅིག་གིས་ཛཾ་བྷ་ལ་སེར་པོ་སོགས་ནས། བྱིན་པར་གྱུར༔ ཅེས་བསྐྱེད་ཅིང་། ཛཾ་ལྷ་སྤྱིའི་ལས་བྱང་བཞིན་སྤྱན་འདྲེན་ནས་བཤག་པ་ཕྲིན་བཅོལ་བར་མཐར་ཆགས་སུ་བཏང་ལ་བཟླས་དམིགས་བཅས་བསྙེན་པ་ཅི་ནུས་སུ་བྱ་བ་ཁྱད་པར་རོ། །དབང་དངོས་གཞི་ལ་སྒྲུབ་ཐབས་བཅུ་གསུམ་པོ་སོ་སོར་གཟུངས་དབང་དེ་མཚུངས་བསྐུར། རྗེས་རིམ་ནི། སོ་སོར་ཛཾ་ལྷ་སྤྱིའི་ལས་བྱང་བཞིན། སླར་ཡང་། སྟོང་གསུམ་འདི་འམ་སོགས་མཆོད་པ། གཏོར་འབུལ། བཤགས་པ། ཕྲིན་བཅོལ་བཅས་དང་། བརྟན་བཞུགས། དགེ་བ་འདི་ཡིས་མྱུར་དུ་བདག །ནོར་གྱི་བདག་པོ་འགྲུབ་གྱུར་ནས། །སོགས་དགེ་བསྔོ། བཀྲ་ཤིས་སྤྱི་འགྲེས་ཀྱིས་མཐའ་བརྒྱན་ཅིང་བདག་བསྐྱེད་དམིགས་མེད་དུ་བཞག་པས་གྲུབ་བོ། ༧ །གནམ་ཆོས་ཛམ་ལྷ་ཉེར་གཅིག་གི་ཛཾ་དམར་བཀའ་རྒྱ་ཅན་གྱི་མངོན་རྟོགས་ནི། ནོར་ལྷ་འཕགས་པ་སྨུག་འཛིན་ནི༔ སྐུ་མདོག་དམར་པོ་གཡས་ལྕགས་ཀྱུ༔ གཡོན་པས་ནེའུ་ལེ་འཛིན་ནས་ནི༔ ནོར་བདག་པོ་ལ་འཆིབས་ནས་རྒྱུག༔ བསྙེན་པ་ནི། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་ཧྲཱིཿདྷ་ན་མེ་དྷི་ཧཱུྃ་སྭཱ་ཧཱ༔ ཞེས་བཟླའོ། །ཞེས་དང་། ཛམ་ནག་བཀའ་རྒྱ་ཅན་གྱི་མངོན་རྟོགས་ནི། ཧཱུྃ་ལས་ཛཾ་བྷ་ལ་ནག་པོ༔ ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས༔ ཁྲག་གིས་བཀང་བའི་ཐོད་པ་དང༔ གཡོན་པས་ནེའུ་ལེ་རབ་ཏུ་འཛིན༔ སྤྱན་གསུམ་དམར་ཟླུམ་ཅུང་ཟད་ཁྲོ༔ ཞབས་གཉིས་བརྐྱང་བསྐུམ་འདོར་ཐབས་བཞེངས༔ སྐུ་ལ་རིན་ཆེན་རྒྱན་ཆ་གསོལ༔ གནོད་སྦྱིན་བྱེ་བ་འབུམ་གྱིས་བསྐོར༔ བསྙེན་པ་ནི། ཨོཾ་ཛཾ་ལུཾ་སྭཱ་ཧཱ༔ ཞེས་བཟླ། འདི་དག་གི་གཏེར་གཞུང་ཡིག་ཆུང་ཡོད་པ་སླད་ནས་དཔེ་འབྱོར་ན་ཛཾ་ལྷ་ཉེར་གཅིག་གི་གཞུང་གི་གྲལ་དུ་གསར་གཞག་དང་འདི་ཉིད་དབྱུང་བ་བཅས་བྱ་དགོས་པ་ཕྱིས་འབྱོན་རྣམས་ཀྱི་ཐུགས་ལ་བཅང་འཚལ། ཛཾ་ནག་གི་ཕྲིན་བཅོལ་རྗེས། ཆགས་མེད་ཆོག་སྒྲིག་གི་ལས་བྱང་གཡང་འགུགས་སྦྲགས་མ་གཡང་སྐྱབས་ཡིད་བཞིན་ནོར་བུ་ལན་གསུམ་སོགས་སྦྱར་ནུས་ན་མཆོག་ཏུ་འགྱུར་རོ།། །། ༈ གཉལ་པ་ཉི་མ་ཤེས་རབ་ཀྱི་གཏེར་བྱོན་རྣམ་སྲས་ཕྱི་སྒྲུབ་སེར་ཆེན་ལྷ་དགུ་སྤྲིན་གསེབ་མ་༼འདོད་བུམ། 699༽ལྟར་དབང་སྒྲུབ། རྗེས་གནང་དངོས། རྗེས་རིམ་བཅས་དང་། ༈ །ནང་སྒྲུབ་མདུང་དམར་ཅན་རྩ་སྒྲུབ་རྟ་སྔོན་མ་༼འདོད་བུམ། 711༽ལྟར་དབང་སྒྲུབ། རྗེས་གནང་དངོས། རྗེས་རིམ་བཅས་དང་། ༈ །གནུབ་ལུགས་བཀའ་མ་དང་གཉལ་གཏེར་ཟུང་འཇུག་གསང་སྒྲུབ་དྲག་པོ་རྟ་སྔོན་ཅན་མ་༼འདོད་བུམ། 719༽ལྟར་དབང་སྒྲུབ། རྗེས་གནང་དངོས། རྗེས་རིམ་བཅས་དང་། ༈ །ཡང་གསང་མདུང་དམར་ཅན་ཕྱག་མཚན་བཞི་པ་༼འདོད་བུམ། 729༽ལྟར་དབང་སྒྲུབ། རྗེས་གནང་དངོས། རྗེས་རིམ་བཅས་བྱའོ།། །། ༈ རཏྣའི་རྣམ་སྲས་མདུང་དམར་ཅན། རཏྣའི་རྟ་གསང་གི་གསང་བདག་གཏུམ་པོའི་སྐབས་དང་། ༈ །པད་གླིང་རྣམ་སྲས་མདུང་དམར་བླ་མ་ནོར་རྒྱམ་སྐབས་བཅས་གོང་དུ་སོ་སོའི་རྗེས་འབྲེལ་སོང་གྲུབ་པ་ཡིན་ནོ།། །། ༈ མཆོག་གྱུར་གླིང་པའི་བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་བཀའ་སྲུང་རྣམ་སྲས་རིགས་གསུམ་གྱི་སྲོག་དབང་བསྐུར་བའི་སྐབས། དབང་དོན་སྒྲུབ་པ་ལ། ཐོག་མར་སྐྱབས་སེམས་ནི། ན་མོ༔ བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ སྐྱབས་ཀྱི་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆི༔ སྨོན་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་ནས༔ གསང་བའི་བདག་པོའི་གོ་འཕང་བསྒྲུབ་པར་བགྱི༔ ལན་གསུམ། བདག་བསྐྱེད་ནི། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རང་རིག་ཧཱུྃ༔ ཡོངས་གྱུར་རྡོ་རྗེ་བེ་ཅོན་ཆེ༔ མཐིང་ནག་རབ་ཁྲོས་འཇིགས་པའི་ཚུལ༔ སྤྱན་གསུམ་ཞལ་བསྒྲད་མཆེ་བ་གཙིགས༔ དབུ་སྐྲ་དམར་སེར་མེ་ལྟར་འབར༔ དར་སྔོན་སྟོད་གཡོགས་སྟག་ཤམ་དང༔ ཀླུ་བརྒྱད་སྦྲུལ་གྱི་རྣམ་པས་བརྒྱན༔ ཐོད་སྐམ་ལྔ་ཡི་དབུ་རྒྱན་དང༔ ཐོད་རློན་ལྔ་བཅུའི་དོ་ཤལ་འཕྱང༔ ཕྱག་གཡས་རྡོ་རྗེ་ནམ་མཁར་གསོར༔ གཡོན་པས་སྡིགས་མཛུབ་ཐུགས་ཀར་གཏོད༔ རྩེ་ལ་སྤྲུལ་པའི་ཁྱུང་ཆེན་ནི༔ ཀྲང་ཀྲིང་སྒྲ་སྒྲོག་མཐིང་ནག་འབར༔ གནམ་ལྕགས་རྭ་དང་མཆུ་སྡེར་ཅན༔ ཀླུ་གདོན་གདུག་པ་ཞལ་དུ་གསོལ༔ མེ་དཔུང་འབར་བའི་གཤོག་པ་རྡེབ༔ གྲངས་མེད་ཉི་ཟེར་རྡུལ་ལྟར་འཕྲོ༔ ཞབས་གཉིས་དོར་སྟབས་པད་ཉི་དང༔ བདུད་བཞི་བསྣོལ་བའི་གདན་གྱི་སྟེང༔ ཡེ་ཤེས་མེ་དཔུང་དབུས་ན་འགྱིང༔ དམ་ཡེ་གཉིས་མེད་ཆེན་པོར་གསལ༔ དེ་ཡི་ཐུགས་ཀར་པད་ཉིའི་སྟེང༔ ཧཱུྃ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་སྔགས་ཕྲེང་མེ་འོད་བཅས༔ རང་སྒྲ་སྒྲོག་བཞིན་ཞལ་ནས་ཐོན༔ ཕྱོགས་བཅུའི་བདེ་གཤེགས་མཆོད་པས་མཉེས༔ ཁམས་གསུམ་འགྲོ་བའི་སྒྲིབ་པ་སྦྱང༔ སྡེ་བརྒྱད་འབྱུང་པོ་གཟིར་ཞིང་བརླག༔ ཕྱི་སྣོད་དྲག་པོའི་གཞལ་ཡས་ཁང༔ ནང་བཅུད་ལྷ་དང་སྔགས་ཀྱི་སྒྲ༔ གཉིས་མེད་ཡེ་ཤེས་འཁོར་ལོར་གྱུར༔ ཅེས་གསལ་བཏབ་ལ། ཨོཾ་ནཱི་ལཱཾ་བྷ་ར་དྷ་ར་བཛྲ་པཱ་ཎི་ཧཱུྃ་ཧཱུྃ་ཕཊ༔ ཅེས་བཟླ། གསང་བདག་གི་བུམ་པར་དམིགས་ཏེ། བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང༔ མཚན་ཉིད་ཐམས་ཅད་ཡོངས་རྫོགས་དབུས། །རྡོ་རྗེ་འཛིན་རྒྱལ་གསང་བའི་བདག །ཁྲོ་བརྗིད་རྒྱན་རྫོགས་རྡོ་རྗེ་ཕྱར། །སྡིགས་མཛུབ་མེ་འོད་ཕོ་ཉ་འགྱེད། །འཁོར་འདས་ཟིལ་གནོན་ཐུགས་ཀར་ནི། །ཧཱུྃ་སྔོན་གསང་བའི་སྔགས་ཀྱིས་བསྐོར། །བདག་ཐུགས་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་ལྷའི་ཐུགས་རྒྱུད་བསྐུལ། །སྔགས་ལས་བདུད་རྩིའི་ཆུ་རྒྱུན་བབས། །བུམ་ཆུར་དབྱེར་མེད་རོ་གཅིག་པས། །རྡོ་རྗེ་གསུམ་གྱི་བདེ་བའི་རྒྱུན། །བྱིན་རླབས་སྙིང་པོར་འཁྱིལ་བར་བསམ། །སྔགས་གོང་བཞིན་བཟླས་མཐར་དུང་ཆུ་མཆོད་རྒྱ་འབྲུ་གསུམ་གྱིས་ཕུལ་ཞིང་བུམ་ལྷ་འོད་ཞུ་བྱ། མདུན་གྱི་མཆོད་གཏོར་རྣམས། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་ལ་གནས་པའི་ཨཱཿཡིག་ལས་བྱུང་བའི་ཐོད་པའི་སྣོད་དུ་བཅུད་ཐམས་ཅད་ཧཱུྃ་ཨོཾ་སྭཱ་ཨཾ་ཧཱ། མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ལས་ལྕགས་ཀྱུ་ལྔ་དང་སྒྲོན་མ་ལྔར་གྱུར་པ། སོ་སོའི་ས་བོན་གྱི་མཚན་པ་དང་བཅས་པའི་འོག་གི་རླུང་གཡོས་མེ་སྦར། རྫས་ཐམས་ཅད་ཞུ་ཞིང་འདྲེས་པའི་སྟེང་གི་ནམ་མཁའ་ལ་ཨོཾ་ཨཱཿཧཱུྃ་གི་ཡི་གེ་གསུམ་གནས་པ་ལས་འཕྲོས་པའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག །ཡི་གེ་གསུམ་ལ་ཐིམ་སྟེ་རིམ་པར་ཞུ་བ་ལས་དམ་ཚིག་གི་རྫས་དང་རོ་གཅིག་ཏུ་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུྃ་ཧོཿས་བྱིན་གྱིས་བརླབ། མདུན་གྱི་དཀྱིལ་འཁོར་བསྐྱེད་པ་ནི། ཧཱུྃ༔ ཆོས་དབྱིངས་རྣམ་པར་དག་པའི་སོགས་ཕྲིན་ལས་འདོད་རྒུའི་ཆར་འབེབ་གྱེར་བསྒོམ་བཟླས་པའི་མཐའ་བར་བྱ། བསྟོད་གསོལ་བཞིན། གཏོར་མ་ཡི་གེ་གསུམ་གྱིས་བསང་སྦྱང་དང་། འབྲུ་གསུམ་གྱིས་བརླབ། རྩ་སྔགས་སོ་སོར་གཏོར་སྔགས་བཏགས་པ་ལན་བདུན་རེས་འབུལ་ཞིང་། བཻ༔ བྱང་ཕྱོགས་སྐྱོང་མཛད་སོགས་ཕྲིན་བཅོལ་དང་བསྟོད་པ་བཅས་དང་། བསྐང་བཤགས་ནི། ཆོས་ཉིད་རྣམ་པར་དག་པའི་སྔགས་སྭ་བྷཱ་ཝས་སྟོང་པར་སྦྱང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབ། ཨོཾ་བཛྲ་སྥ་ར་ཎ་ཁཾ་གིས་མཁའ་ཁྱབ་ཏུ་སྤེལ་ནས། ཧཱུྃ༔ ཆོས་དབྱིངས་འགྱུར་མེད་སོགས་མཐར་ཆགས་སུ་གཏང་ངོ་། །གཉིས་པ་དབང་དངོས་ལ། འོ་ན། ནམ་མཁའ་རབ་འབྱམས་ཀྱི་མཐས་གཏུགས་པའི་སེམས་ཅན་ཐམས་ཅད་གནས་སྐབས་ལོངས་སྤྱོད་དང་། མཐར་ཐུག་གཏན་གྱི་བདེ་བ་མཆོག་གིས་དབུལ་བའི་འཇིགས་པ་ལས་སྐྱོབ་ཅིང་སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་ཕྱིར། ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་རིགས་གསུམ་འདུས་པའི་སྲོག་དབང་ཟབ་མོ་ནོད་པར་བགྱིའོ་སྙམ་པའི་ཀུན་སློང་བཟང་པོ་དང་ལྡན་པས་གསན་འཚལ། དེ་ལྟ་བུའི་ཐབས་ཚུལ་ལའང་གསར་རྙིང་བཀའ་གཏེར་རྣམས་ཀྱི་ཁོངས་སུ་མཐའ་ཡས་པར་བྱོན་པ་ལས། སྐབས་སུ་བབ་པ་འདི་ནི་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོས་མངའ་བདག་གི་སྲས་ཀྱིས་མཐའི་སོ་ཁ་བསྲུང་བའི་སྲུང་མར་གནང་ནས་མ་འོངས་པའི་དོན་ལ་གཏེར་དུ་སྦ་བའི་ཞལ་གདམས་བཅས་བསྩལ་པ་ལ་བརྟེན་ནས་མཐའ་བཞིའི་རྒྱལ་པོ་རྣམས་འབངས་སུ་ཚུད། མངའ་ཐང་ལྷ་ཀླུའི་དབང་པོ་དང་མཉམ་པའི་ཕྲིན་ལས་ཀྱི་ནུས་རྩལ་མངོན་དུ་གྱུར་ནས། མ་ཧཱ་གུ་རུའི་བཀའ་བཞིན་མ་སྤེལ་བར་ཟབ་མོའི་གཏེར་དུ་རྒྱས་བཏབ་པ་ཉིད། ཕྱིས་ལྷ་སྲས་འབྲིང་པོ་ས་བཅུའི་དབང་ཕྱུག་དམ་འཛིན་མུ་རུབ་བཙན་པོ་ཆོས་ཀྱི་བློ་གྲོས་ཀྱི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར། ༧སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པ་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་གོ་སྟོད་འོད་འབར་བྲག་ནས་སྤྱན་དྲངས་པའི་བདུད་རྩི་ལྔའི་ཤོག་བུའི་ངོས་ནས་ཕབ་རིམ་བཞིན་དུ་མངའ་བདག་ཆོས་རྒྱལ་ཁྲི་སྲོང་གི་ཟློས་གར་གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་རྒྱལ་པོ་བཀའ་བབས་བདུན་གྱི་འཁོར་ལོས་བསྒྱུར་བ། ༧པདྨ་འོད་གསལ་མདོ་སྔགས་གླིང་པས་ཡི་གེར་བཀོད་པར་མཛད་དེ་གཏན་ལ་ཕབ་པ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་རིགས་གསུམ་གཅིག་དྲིལ་གྱི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་ལས་ཚོགས་དང་བཅས་པ་སྔོན་ཆད་ས་སྟེང་དུ་མ་གྲགས་པའི་གདམས་ཟབ་རྨད་དུ་བྱུང་བ་འདི་ཉིད་ཀྱང་། གཏེར་གཞུང་ལས། གསང་བདག་གོས་སྔོན་ཅན་ལ་འདུད༔ སོགས་ལས་སྦྱོར་ཕྲིན་ལས་མྱུར་འགྲུབ་ཀྱི་དབུ་ནས་འབྱུང་བ་བཞིན། ཤིན་ཏུ་ཟབ་ཅིང་འདྲིལ་བར་བསྟན༔ ཞེས་དང་། བདག་ཉིད་པདྨ་འབྱུང་གནས་ཀྱིས༔ སོགས་བླ་རྡོ་སྲོག་འཁོར་གྱི་ཡིག་ཆུང་མགོར་འབྱུང་བ་བཞིན། བསྟན་པ་རབ་ཏུ་རྒྱས་པར་བྱེད༔ ཅེས་དང་། འདི་ལྟར་སྒྲུབ་པའི་གང་ཟག་དེ༔ སོགས་སྲོག་གཏད་རྗེས་གནང་གི་མཇུག་ཏུ་འབྱུང་བ་བཞིན། འདོད་དགུའི་བསམ་པ་འགྲུབ་པར་འགྱུར༔ ཞེས་བསྔགས་པར་མཛད་པའི་སྲོག་གཏད་རྗེས་གནང་སྙིང་གི་དྭངས་མ་ཟབ་ཁྱད་ཅན་རིག་འཛིན་བླ་མའི་ཕྱག་བཞེས་ཀྱིས་བརྒྱན་པ་བསྐུར་བ་ལ་སོགས་མཎྜལ། སློབ་དཔོན་ཉིད་གསང་བདག་རྡོ་རྗེ་འཛིན་པ་དངོས་ཡིན་སྙམ་པའི་ངེས་ཤེས་ཀྱི་དད་པ་དང་ལྡན་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སྲོག་དབང་གཞུང་ལྟར། ཧོ༔ གསང་བའི་བདག་པོ་སོགས་ལན་གསུམ། སྣོད་རུང་དུ་བྱ་བ་རྒྱུད་སྦྱོང་བའི་སླད་དུ། བླ་མ་དཀོན་མཆོག་རྩ་གསུམ་སྲུང་མ་དང་བཅས་པའི་ཚོགས་ཀྱི་ཞིང་མཆོག་མཁའ་ཁྱབ་ཀྱི་འཁོར་ལོར་བཞུགས་པའི་སྤྱན་སྔར་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། གོང་བཞིན་སྐྱབས་སེམས་སྦྲེལ་བ་ལན་གསུམ། རྒྱུན་བཤགས་ཡན་ལག་བརྒྱད་པའི་སྒོ་ནས་ཚོགས་གསག་པའི་སྒོམ་དོན་གསལ་འདེབས་བཞིན་པས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སོགས། འདི་ལྟར་ཆོས་སྐྱོང་ཆེན་པོའི་སྲོག་དབང་ཐོབ་ཕྱིན་ཆད་རྡོ་རྗེ་ཐེག་པའི་འདའ་དཀའ་སྤྱི་དང་། ཁྱད་པར་གནོད་སྦྱིན་དབང་པོའི་མདོ་རྒྱུད་ནས་འབྱུང་བའི་དམ་ཚིག་གི་རིམ་པ་རྣམས་ཚུལ་བཞིན་བསྲུང་དགོས་པར་གདམས་པ་ལགས་པས་དེ་དོན་ཐུགས་ལ་བཅང་འཚལ། ཧོ༔ བསོད་ནམས་ཡེ་ཤེས་སོགས། དེས་འཇུག་པའི་རིམ་པ་གྲུབ། སྲོག་དབང་དངོས་བསྐུར་བ་ལ། ཐོག་མར་སློབ་མ་གཉེན་པོ་སྟོབས་ཀྱི་ལྷའི་སྐུ་འདི་ལྟར་དུ་གསལ་ཐོབས་ཤིག །སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་སོགས་གོང་གི་བདག་བསྐྱེད་བཞིན། དམ་ཡེ་གཉིས་མེད་ཆེན་པོར་གསལ༔ དེ་ལྟར་བསྒོམས་པའི་མདུན་དུ་སྒྲུབ་པའི་རྟེན་རྣམས་དང་དབྱེར་མེད་པ་རྒྱལ་ཆེན་གཙོ་འཁོར་བསྐྱེད་ཅིང་མཆོད་བསྟོད་བཟླས་པ་བཅས་ལེགས་པར་གྲུབ་ཟིན་པ་ཉིད། ཁྱེད་རང་གི་བློ་ངོར་སླར་ཡང་འདི་ལྟར་གསལ་འདེབས་འཚལ། ཕྲིན་ལས་ལྟར། ཧཱུྃ༔ ཆོས་དབྱིངས་རྣམ་པར་དག་པའི་སོགས་ནས། མི་འགྱུར་སྐུ་ཡི་འཁོར་ལོ་རྩིབས་བཞིའི་དབུས༔ བར་དང་། འོག་གི །གནོད་སྦྱིན་དབང་པོ་གསེར་མདོག་བརྗིད་ཆགས་པ༔ སོགས་ནས། གཞན་ཡང་ལྷ་སྲིན་སྡེ་བརྒྱད་བསམ་མི་ཁྱབ༔ རྒྱལ་པོའི་བཀའ་ཉན་ཕྲིན་ལས་སྒྲུབ་པར་གསལ། །དེ་ལྟར་བསྐྱེད་ནས་སྲོག་སྙིང་གཏད་པ་དངོས་གཞིར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས། བརྟན་བྱེད། ཡོངས་རྫོགས་སྙིང་པོའི་སྲོག་དབང་བཅས་རིམ་པར་འབྱུང་བ་ལས། དང་པོ་སྐུའི་དབང་བསྐུར་བ་ནི། སློབ་དཔོན་གསང་བའི་བདག་པོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། མདུན་དུ་བཞུགས་པའི་རྒྱལ་པོ་ཆེན་པོ་འཁོར་དང་བཅས་པའི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་སྐུ་ལས་སྐུ་གཉིས་པ་རེ་མཆེད་དེ། ཁྱེད་རང་གསང་བདག་ཏུ་གསལ་བ་ལ་གཡས་སུ་ལན་གསུམ་བསྐོར་ནས་སླར་ཁྱེད་རང་གི་དཔྲལ་བར་ཐིམ་པས་རྒྱལ་ཆེན་འཁོར་བཅས་ཀྱི་སྐུའི་སྲོག་དབང་དུ་གྱུར་པར་མོས། བཻ༔ ཆོས་སྐྱོང་རྒྱལ་པོ་སོགས་ཀྱིས་གཙོ་བོ་གསུམ་གྱི་སྐུ་རིམ་བཞིན་དཔྲལ་བར་གཞག །དེས་རྒྱལ་ཆེན་འཁོར་དང་བཅས་པའི་སྐུ་སྒོམ་པ་ལ་དབང་བར་བྱས་པ་ཡིན་ནོ། །གཉིས་པ་གསུང་གི་དབང་བསྐུར་བ་ནི། སླར་ཡང་སློབ་དཔོན་གསང་བའི་བདག་པོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། མདུན་དུ་བཞུགས་པའི་རྒྱལ་ཆེན་འཁོར་དང་བཅས་པའི་ཐུགས་རྒྱུད་བསྐུལ། དེ་རྣམས་སོ་སོའི་མགྲིན་པ་ནས་རང་རང་གི་སྲོག་སྔགས་རང་མདོག་འོད་ཟེར་འབར་བ་བྱུང་། སློབ་མ་གསང་བདག་ཏུ་གསལ་བའི་མགྲིན་པར་ཐིམ་པས། རྒྱལ་ཆེན་འཁོར་བཅས་ཀྱི་གསུང་གི་སྲོག་དབང་དུ་གྱུར་པར་མོས། བཻ༔ ཞི་རྒྱས་ཕྲིན་ལས་སོགས་སྔགས་གོང་བཞིན་སོ་སོར་མ་འཁྲུལ་བར་སྦྱར་ཞིང་སྔགས་བྱང་མགྲིན་པར་གཞག །དེས་རྒྱལ་ཆེན་འཁོར་དང་བཅས་པའི་གསུང་སྔགས་བཟླ་བ་ལ་དབང་བར་བྱས་པ་ཡིན་ནོ། །གསུམ་པ་ཐུགས་ཀྱི་དབང་བསྐུར་བ་ནི། ཡང་སློབ་དཔོན་གསང་བའི་བདག་པོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། མདུན་དུ་བཞུགས་པའི་རྒྱལ་ཆེན་འཁོར་དང་བཅས་པའི་ཐུགས་རྒྱུད་བསྐུལ། དེ་རྣམས་སོ་སོའི་སྙིང་ག་ནས་ཐུགས་རྟགས་རང་རང་གི་ཕྱག་མཚན་གཟི་འོད་འབར་བའི་ཚོགས་བྱུང་། སློབ་མ་གསང་བདག་ཏུ་གསལ་བའི་སྙིང་གར་ཐིམ་པས། རྒྱལ་ཆེན་འཁོར་བཅས་ཀྱི་ཐུགས་ཀྱི་སྲོག་དབང་དུ་གྱུར་པར་མོས། བཻ༔ ཁམས་གསུམ་རྣམ་པར་སོགས་ཀྱིས་རིམ་བཞིན་ཕྱག་མཚན་སྙིང་གར་གཞག །དེས་རྒྱལ་ཆེན་འཁོར་དང་བཅས་པའི་ཐུགས་ཏིང་ངེ་འཛིན་སྒོམ་པ་ལ་དབང་བར་བྱས་པ་ཡིན་ནོ། །བཞི་པ་ཡོན་ཏན་གྱི་དབང་བསྐུར་བ་ནི། རྒྱལ་པོ་ཆེན་པོ་རིགས་གསུམ་འཁོར་དང་བཅས་པའི་བླ་རྡོ་སྲོག་གི་འཁོར་ལོ་སློབ་བུའི་ཕྱག་ཏུ་གཏད་པས། རྒྱལ་ཆེན་འཁོར་བཅས་བསྙེན་ཅིང་སྒྲུབ་པའི་རྣལ་འབྱོར་ལ་དབང་ཞིང་། ཡོན་ཏན་གྱི་མཐུ་དབང་དུ་གྱུར་པར་མོས། བཻ༔ རྣལ་འབྱོར་ལུས་དང་སོགས་ཀྱིས་རིམ་བཞིན་གཏད། དེས་རྒྱལ་ཆེན་འཁོར་དང་བཅས་པའི་ཡོན་ཏན་བསྙེན་ཅིང་སྒྲུབ་པའི་རྣལ་འབྱོར་ལ་འཇུག་པར་དབང་བར་བྱས་པ་ཡིན་ནོ། །ལྔ་པ་ཕྲིན་ལས་ཀྱི་དབང་བསྐུར་བ་ནི། ཕྲིན་ལས་འཛད་མེད་གཏེར་གྱི་ལོངས་སྤྱོད་ལྷ་ཀླུ་མིའི་རིན་པོ་ཆེ་ལ་སོགས་པའི་དཔལ་འབྱོར་གྱི་ཟས་གོས་ནོར་དབྱིག་རིན་ཆེན་རྣམས་ཕྱག་ཏུ་གཏད་པས། སྣོད་བཅུད་ཀྱི་དཔལ་འབྱོར་སྤེལ་བ་ལ་སོགས་པ་རྒྱལ་ཆེན་འཁོར་དང་བཅས་པའི་ཕྲིན་ལས་ཀྱི་སྲོག་ལ་མངའ་དབང་བསྒྱུར་བའི་མཐུ་ཐོབ་པར་མོས། བཻ༔ ཞལ་ཟས་རྣམས་ལ་སོགས། དེས་རྒྱལ་ཆེན་འཁོར་དང་བཅས་པའི་ཕྲིན་ལས་ཀྱི་སྦྱོར་བ་རབ་འབྱམས་གང་བརྩམ་འབད་མེད་དུ་འགྲུབ་པ་ལ་དབང་བར་བྱས་པ་ཡིན་ནོ། །དྲུག་པ་དེ་ཉིད་ཀྱི་ནུས་སྟོབས་རྒྱུད་ལ་བརྟན་ཅིང་རབ་ཏུ་གནས་པར་བྱ་བ་གསང་བདག་གི་བུམ་དབང་བསྐུར་བ་ནི། བཅོམ་ལྡན་འདས་དཔལ་གསང་བའི་བདག་པོའི་ལྷ་ཚོགས་བཞུགས་པའི་རྣམ་རྒྱལ་གྱི་བུམ་པ་སློབ་བུའི་སྤྱི་བོར་བཞག་ཅིང་བུམ་ཆུ་མྱང་བས། ཡི་དམ་ལྷག་པའི་ལྷའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་གཉིས་སུ་མེད་པའི་དབང་ཐོབ་པས། ཆོས་སྐྱོང་བའི་རྒྱལ་པོ་འཁོར་བཅས་ཟིལ་གྱིས་གནོན་ཅིང་བདག་གི་བཀའ་ལས་འདའ་བའི་དབང་མེད་པ་གཉེན་པོ་སྟོབས་ཀྱི་མཐུ་རྩལ་ནུས་པ་ཡོངས་སུ་རྫོགས་པའི་དབང་ཐོབ་པར་མོས། ཧཱུྃ༔ རྒྱལ་བ་ཀུན་གྱི་སོགས། བདུན་པ་གཏོར་དབང་བསྐུར་ཞིང་ཡོངས་རྫོགས་སྙིང་པོའི་སྲོག་གི་ངོ་སྤྲོད་གདབ་པ་ནི། སྣོད་བཅུད་ཡོངས་སུ་རྫོགས་པ་གཏོར་མ་ལ་བརྟེན་ནས་གནས་སྐབས་དངོས་གྲུབ་རྣམ་གཉིས་འབད་མེད་ལྷུན་གྲུབ་ཏུ་ཐོབ་པ་དང་། མཐར་ཐུག་གནས་ལུགས་དོན་གྱི་ངོ་སྤྲོད་གདབ་པས་དྲེགས་པ་རྒྱ་མཚོའི་སྟོང་སྲོག་ཅིག་ཅར་དུ་ཆོད་པའི་མཐུ་དབང་རྩལ་སྤྲུགས་སུ་ཐོབ་པའི་ངེས་ཤེས་སྐྱེད་ཅིག །གཏོར་མ་རྣམས་སྣོད་གཅིག་ཏུ་བསྡུས་པ་ཐོགས་ལ། ཧཱུྃ༔ བཅོམ་ལྡན་གསང་བའི་སོགས། དེ་ལྟར་སྲོག་དབང་ཆིག་དྲིལ་དུ་བསྐུར་པས། དྲེགས་པའི་སྟོང་སྲོག་གཅིག་ཏུ་འདུས་ཤིང་། འཁོར་འདས་ཀུན་གྱི་སྲོག་ལ་མངའ་དབང་སྒྱུར་བའི་དབང་མཆོག་རྫོགས་པ་ཡིན་ནོ། །དེ་དང་རྗེས་སུ་འབྲེལ་བ་ཐུན་མིན་གྱི་གང་ཟག་མཚན་ཉིད་དང་ལྡན་པ་ལ། ཤིན་ཏུ་ཡང་གསང་མཆོག་གི་རྟེན༔ དེ་ཁོ་ན་ཉིད་ཀྱི་བློ་རྡོ་རྡོ་རྗེའི་ལུས་ལ་བཅའ་བའི་མན་ངག་གི་གནད་འདི་རྣམས་རྩེ་གཅིག་ཏུ་སྒོམ་མཛོད། གཏེར་གཞུང་བླ་རྡོ་སྲོག་འཁོར་གྱི་ཡིག་ཆུང་སྲོག་གི་སྙིང་པོའི་མཇུག་གི །ཁྱོད་རང་གསང་བའི་བདག་པོའི་སྐུ༔ དྭངས་གསལ་འཇའ་ཚོན་ལྟ་བུར་སོགས་ནས། དབྱེར་མེད་ལྟ་བའི་གདེངས་བསྐྱེད་ནས༔ རླུང་རོ་བསལ་ཞིང་བུམ་ཅན་ཟུངས༔ རླུང་རོ་བསལ་ནས་བུམ་ཅན་གཟུང་བཅུག །བུམ་ཅན་རླུང་བཟུང་སྦྱོར་བ་ཡིས། །གཏུམ་མོའི་མེ་སྦར་སོགས་ནས། འབད་མེད་བསྒྲུབས༔ གསང་གསུམ་དངོས་གྲུབ་ཐོབ་པར་མོས། །རླུང་བུམ་པ་ཅན་གཟུང་། མཐར་ནི་སྤྱི་བོའི་སོགས། བདག་གི་ཅེས་པར་སློབ་མའི་ཞེས་བསྒྱུར་ནས། བར་དུ་མི་འབྲལ་བསམ༔ དམིགས་གནད་ལྡན་པས་རླུང་གཟུང་འཚལ། །བར་རླུང་གཟུང་ཞིང་། སླར་ཡང་བུམ་ཅན་རླུང་སྦྱོར་གྱིས། །མགྲིན་པའི་ལྷ་ཚོགས་བསྐུལ་བ་ཡིས། །དེ་བཞིན་མགྲིན་པའི་སོགས། བདག་གི་ཅེས་པར། སློབ་མའི་ཞེས་བསྒྱུར་ནས་ཚིག་རྐང་གསུམ་གྱི་མཐར་རླུང་གཟུང་བཅུག །སླར་ཡང་བུམ་ཅན་རླུང་སྦྱོར་གྱིས། །སྙིང་གའི་ལྷ་ཚོགས་བསྐུལ་བ་ཡིས། །སྙིང་གའི་ལྷ་ཚོགས་སོགས། བདག་གི་ཅེས་པར་སློབ་མའི་ཞེས་བསྒྱུར་ནས་ཚིག་རྐང་གསུམ་གྱི་མཐར་རླུང་གཟུང་། སླར་ཡང་བུམ་ཅན་རླུང་སྦྱོར་གྱིས། །ལྟེ་བའི་ལྷ་ཚོགས་བསྐུལ་བ་ཡིས། །ལྟེ་བའི་ལྷ་ཚོགས་སོགས། བདག་གི་ཅེས་པར་སློབ་མའི་ཞེས་བསྒྱུར་ནས་ཚིག་རྐང་བཞིའི་མཐར་རླུང་གཟུང་། འཇམ་རླུང་བཟུང་ཞིང་སོགས་ནས། གཞན་དུ་ནམ་ཡང་མ་ཡིན་ནོ༔ དེ་ལྟར་ངེས་པས་འཇམ་རླུང་བཅས། །རང་ངོ་སྐྱོངས་ལ་མཉམ་པར་ཞོག །འཇམ་རླུང་བཟུང་ལ་ཅུང་ཟད་མཉམ་པར་འཇོག་བཅུག །དེ་ལྟ་བུའི་སྲོག་གཏད་མན་ངག་ཁྱད་པར་ཅན་ཐོབ་པའི་དགོས་ཆེད་དང་། ཕན་ཡོན་བསྟན་པ་ནི། གཏེར་གཞུང་ལས། འདི་ལྟ་བུ་ཡི་གདམས་པ་སོགས་ནས། མཐར་ཐུག་གོ༔ ཞེས་དང་། རྒྱུན་དུ་མཆོད་དང་བསྟོད་ལ་བརྩོན༔ སོགས་བླ་རྡོ་སྲོག་འཁོར་གྱི་ཡིག་ཆུང་དེ་གའི་གོང་དུ་འབྱུང་བ་བཞིན། བརྟེན་ན་ལོངས་སྤྱོད་ངེས་པར་འཕེལ༔ ཞེས་སོགས་གསུངས་པ་ལྟར་འབྱུང་བར་འགྱུར་རོ། །ཞེས་དེ་ཁོ་ན་ཉིད་ཀྱི་བླ་རྡོ་རྡོ་རྗེའི་ལུས་ལ་བཅའ་བའི་སྲོག་གཏད་ནི་ཤིན་ཏུ་ཟབ་པས་བཀའ་དམ་པར་བྱ། ཐུན་མོང་སྣོད་རུང་ཙམ་ལ་བུམ་དབང་དང་། གཏོར་དབང་ཁོ་ནས་ཀྱང་ཆོག་གོ །དེ་ལྟར་སྲོག་དབང་ཟབ་མོ་ལེགས་པར་ཐོབ་པས། དེང་ཕྱིན་ཆད་བླ་ན་མེད་པའི་རྒྱུད་སྡེ་ནས་གསུང་པའི་དམ་ཚིག་སྤྱི་དང་། བྱེ་བྲག་འདི་ཉིད་ཀྱི་གཞུང་ལས། དེ་ལྟར་ཐོབ་པའི་རྣལ་འབྱོར་པས༔ སོགས་སྲོག་གཏད་རྗེས་གནང་སྙིང་གི་དྭངས་མའི་མཇུག་བཞིན། བསོད་ནམས་ཚོགས་ཆེན་གོང་དུ་སྤེལ༔ ཞེས་གསུངས་པས་མཚོན། རྟེན་སྒྲུབ་སྐོང་བའི་རྫས་རྣམས་ཚོགས་པས་རྟག་ཏུ་མཆོད་སྐོང་ལ་བརྩོན་པ་དང་། རང་འདོད་འཁྲི་བས་མ་བསླད་པར་སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་ཆེད་དུ་ལས་ཀྱི་སྦྱོར་བ་ལ་འབད་པ་སོགས། དམ་སྡོམ་གྱི་གནས་ལ་ཚུལ་བཞིན་དུ་བགྱི་བར་ཞལ་གྱིས་བཞེས་པ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་འགྲེས་དང་། ཆོ་གའི་རྗེས། སླར་ཡང་གཏོར་མ་ཁ་གསོས་ལ་བྱིན་བརླབ་ནས། བསྟོད་གསོལ། བསྐང་བཤགས་བཅས་བསྐྱར་མཐར། དམ་སྤྱི་བཞིན། ན་མོ། རིག་འཛིན་སོགས་འགུགས་པའི་མཐར། རྣམ་སྲས་རིགས་གསུམ་སྔགས་ཤམ་དུ། ནྲྀ་ཏྲི་བཛྲ་སོགས་ཀྱིས་འགུག་འཆིང་སྡོམ་མྱོས་བྱས་ལ། ཨོཾ་ཨཱཿཧཱུྃ་ཧོཿས་བརླབ་སྟེ། རྩ་སྔགས་སོ་སོར་གཏོར་སྔགས་བཏགས་པ་ལན་གསུམ་གྱིས་འབུལ་ཞིང་། ཧཱུྃ། ཆོས་ཀྱི་དབྱིངས་ནས་སོགས་ལ། མཐུ་སྟོབས་དབང་ཕྱུག་རྒྱལ་ཆེན་རྣམ་ཐོས་སྲས། །ལྕམ་དྲལ་སོགས་དང་། བ་ལིཾ་ཏ། །དཀར་མངར་ཤིང་ཏོག་ལ་སོགས་མཁོ་རྒུའི་རྫས། །སོ་སོའི་སོགས་སྦྲེལ་བའི་ཚིག་རྐང་གཉིས་པོ་བསྒྱུར་བས་གཏོར་མ་སྟོབ་ཅིང་འདོད་དོན་གསོལ། ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་མ་ཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་པུཥྤེ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི། སརྦ་པཱུ་ཛ་མེ་གྷ་ཧོཿ ཞེས་ཉེར་སྤྱོད་སྨན་རཀ་གཏོར་མ་དང་བཅས་པས་མཆོད། ཧཱུྃ། སྐུ་གསུམ་ཀུན་འདུས་བཅོམ་ལྡན་གསང་བའི་བདག །ཆོས་སྐྱོང་རྒྱལ་པོ་ཡབ་གཅིག་རྣམ་ཐོས་སྲས། །ཡེ་ཤེས་རྣམ་རོལ་ངོ་མཚར་རྨད་བྱུང་བས། །རྒྱལ་བའི་བསྟན་སྲུང་མཛད་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། མ་རྙེད་ཡོངས་སུ་སོགས་དང་། ཡིག་བརྒྱས་ནོངས་པ་བཤགས། འདིར་ནི་གཟུགས་དང་སོགས་ཀྱིས་ཡེ་ཤེས་པ་རྟེན་ལ་བསྟིམ། ཨོཾ་ཨཱཿཧཱུྃ་གིས་དམ་ཚིག་པ་རང་ལ་བསྟིམ། གཙྪ་གཙྪ་སྭ་བྷཱ་བཱ་ནཱཾ་གྱིས་འཇིག་རྟེན་པ་རྣམས་རང་གནས་སུ་གཏང་། ཧཱུྃ་གསུམ་གྱིས་བདག་བསྐྱེད་འོད་གསལ་དུ་བསྡུ་ཞིང་། ཕཊ་གསུམ་གྱིས་སླར་གཉུག་མའི་ལྷའི་སྐུར་ལྡང་། དགེ་བ་འདི་ཡིས་མྱུར་དུ་བདག །གསང་བའི་བདག་པོ་འགྲུབ་གྱུར་ནས། །སོགས་བསྔོ་སྨོན། རབ་འབྱམས་དཀྱིལ་འཁོར་སོགས་བཀྲ་ཤིས་ཅི་རིགས་པས་མཐའ་བརྒྱན་པས་གྲུབ་བོ།། །། ༈ གྲྭ་པ་མངོན་ཤེས་དབང་ཕྱུག་འབར་གྱི་ཞང་བློན་རྡོ་རྗེ་བདུད་འདུལ་༼འདོད་བུམ། 733༽བཞིན་བསྒྲུབ་ཅིང་དབང་བསྐུར་བའི་སྐབས། གཞུང་གི་མཇུག་ཏུ་གསལ་བཞིན། གཙོ་བོ་གསུམ་དྲིལ་སྒྲུབ་གཅིག་བསྡུས་ཀྱི་དབང་བསྒྲུབ་ཅིང་བསྐུར་སྐབས།མངོན་རྟོགས་ཀྱི་གདན་བསྐྱེད་པར། འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར། ཞེས་དང་། དཀྱིལ་འཁོར་གྱི་དབུས་སུ་ཕྱི་སྒྲུབ། གཡས་སུ་ནང་སྒྲུབ། གཡོན་དུ་གསང་སྒྲུབ། ༼འདོད་བུམ་ནང་ཕྱོགས་མཚམས་འཁོར་འགོད་ཚུལ་ནང་སྒྲུབ་གཙོ་འཁོར་དགུ་པ་ལྟར་ལས་འདི་ལྟའི་གསལ་ཁ་མེད་ཀྱང་ཡིག་ཆ་གཞན་གྱི་དགོངས་པ་ཡིན་རྒྱུའི་མ་བཅོས་པར་བཞག།མཆན།་་་་དེ་རྒྱབ་མདུན་དུ་ཡུམ། གཡས་སུ་རྣོན་པོ། གཡོན་དུ་འཇིགས་བྱེད། རྒྱབ་ཏུ་ཉི་མིག །དེའི་མཚམས་བཞིར་ཤར་ལྷོ་ནས་ཛཾ་བྷ་ལ་དཀར་པོ་སོགས་གཡས་སྐོར་གྱིས་བཞི་བསྐྱེད། བཟླས་པའི་སྐབས། གཙོ་འཁོར་བཅུ་གཅིག་གི་གཙོ་བོ་གསུམ་ཕྱོགས་གཅིག་གིས་འཐུས། འཁོར་ཡུམ་སོགས་བཞི། ཛཾ་ལྷ་སོགས་བཞི་སྟེ། འཁོར་མང་གི་ལུགས་ཀྱི་གོ་རིམ་འདི་བཞིན་ལ། ཐོག་མར་ཡི་དམ་གྱི་སྔགས་དང་། དེ་ནས་གཙོ་འཁོར་རྣམས་ཀྱི་སྔགས་སོ་སོར་བཟླ། དབང་དངོས་ཀྱི་ལོ་རྒྱུས་སྐབས་སུ། ཕྱི་གནོད་སྦྱིན་ལྟར་སྒྲུབ་པ་གཙོ་འཁོར་དྲུག་པ། ནང་མགོན་པོ་ལྟར་སྒྲུབ་པ་གཙོ་འཁོར་དགུ་པ། གསང་བ་བདུད་ལྟར་སྒྲུབ་པ་གཙོ་འཁོར་ལྔ་པ། དེ་རྣམས་དྲིལ་སྒྲུབ་ལུགས་གཙོ་འཁོར་བཅུ་གཅིག་པ་རྣམས་སུ་ཡོད་པ་ལས། ད་ལམ་གྱི་སྐབས་འདིར་ཐམས་ཅད་ཀྱི་གནད་འདུས་དྲིལ་སྒྲུབ་ལྟར་བསྐུར་བས། ཕྱི་ནང་གསང་བ་ཐམས་ཅད་ཀྱི་དབང་བསྐུར་རྫོགས་ཤིང་། དོན་དུ་གཉེར་བ་པོ་ལ་ཕྱི་ནང་གསང་གསུམ་སོ་སོར་བསྐུར་ཞིང་བསྒྲུབ་པ་ལ་དབང་བའི་ནུས་པ་འཇོག་པར་བྱེད་པ། དྲིལ་སྒྲུབ་ཀྱི་རྗེས་སུ་གནང་བ། ཞེས་དང་། སློབ་མ་དྲིལ་སྒྲུབ་ཀྱི་གཙོ་བོ་གསུམ་དང་། མདུན་རྟེན་ལྷ་བཅུ་གཅིག་པར་གོང་བཞིན་བསྐྱེད། སྔགས་ཀྱི་རྗེས་ཟློས་ཀྱང་ལུགས་གོང་བཞིན་བྱས་པ་བཅུག་པས་འགྲུབ། ༧ ཡང་སྤྲོས་བཅས་ཀྱིས་སོ་སོར་བསྐུར་བར་འདོད་ན། ཕྱི་སྒྲུབ་མངོན་རྟོགས་བཟླས་སྔགས་བཅས་པ་བསྒྱུར་ཁ་མི་དགོས། ནང་སྒྲུབ་སྐབས་ཀྱང་ཕྱི་སྒྲུབ་བསྙེན་པའི་མཇུག་ཏུ་ནང་སྒྲུབ་མངོན་རྟོགས་གསུངས་པ་ཉིད་ལ། བྱང་ཤར་གྱི་རྩིབས་ལ་ཡུམ་བསྣན། བཟླས་པའི་སྐབས་ཀྱང་སྔགས་གསུམ་དང་ཡུམ་སྔགས་བསྣན། གསང་སྒྲུབ་ལ་འཁོར་ལོ་རྩིབས་བཞིའི་ཤར་དུ་ཡུམ། ལྷོར་རྣོན་པོ། ནུབ་ཏུ་ཉི་མིག །བྱང་དུ་འཇིགས་བྱེད་རྣམས་བསྐྱེད་དེ། སྔགས་བཟླ་སྐབས་དེ་བཞིན་སོ་སོའི་སྔགས་བཟླ། དབང་གི་ལོ་རྒྱུས་འཁྱོགས་མཚམས་ལ། ཕྱི་གནོད་སྦྱིན་ལྟར་སྒྲུབ་པ་གཙོ་འཁོར་དྲུག་པ་སོགས་སོ་སོ་དང་། བསྐྱེད་པ་དང་། བཟླས་ལུང་དང་། ཕྱག་མཚན་དུས་ཀྱང་དེ་བཞིན་སོ་སོར་བསྒྱུར་དགོས་ཤིང་། འདིར་ནི་ཕྱག་བཞེས་བཞིན་དྲིལ་སྒྲུབ་ཉིད་བསྐུར་པས་ལུགས་གསུམ་ཀའི་གོ་ཆོད་བཞིན་མཛད་པ་ཡིན་ནོ།། །། ༈ གནམ་ཆོས་ནོར་བདག་ཨ་པ་ར་ཙིཏྟའི་དབང་དོན་སྒྲུབ་པ་ལ། སྐྱབས་སེམས་ནི། ན་མོ༔ དཀོན་མཆོག་གསུམ་དང་སོགས་ལན་གསུམ། མཆོད་རྫས། ཀ་དག་ཀློང་ནས་སོགས་ཀྱིས་བརླབ། བདག་བསྐྱེད་ནི། རང་ཉིད་པདྨ་འབྱུང་གནས་དཀར༔ རྡོ་རྗེ་གཡས་ལ་བྷནྡྷ་གཡོན༔ ཁ་ཊྭཱཾ་གྲུ་མོར་བརྟེན་པ་བསྐྱེད༔ སྤྲུལ་སྐུའི་ཆ་ལུགས་ཡོངས་སུ་རྫོགས༔ དེ་ཡི་ངང་ལ་སྔགས་འདི་བཟླ༔ ཞེས་པས་གུ་རུ་ཞི་བར་བསྒོམས་ལ། བཛྲ་གུ་རུ་ཅུང་ཟད་བཟླ། གཏེར་གཞུང་སྒྲུབ་ཐབས་བཞིན། རང་ཉིད་རྣམ་ཐོས་སྲས་སོགས་ནས། ནེའུ་ལེ་འཛིན༔ བདག་ཐུགས་འོད་ཟེར་ཕོ་ཉ་ཡིས། །རང་རང་གནས་ནས་ཐུགས་དམ་བསྐུལ། །སྤྱན་དྲངས་བསྐྱེད་པ་ལ་ཐིམ་གྱུར། །ཨོཾ་བཛྲ་ཨ་པ་ར་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ་ཛ༔ ༼ཝི༽ནོར་ལྷ་སྤྱིའི་ལས་བྱང་འདོད་རྒུ་ཆར་འབེབ་ལྟར་སྤྱན་འདྲེན་ནས་མཆོད་པའི་མཐའ་བར་གཏང་། བསྟོད་པ་ནི། གཏེར་གཞུང་གི །ཧཱུྃ༔ དཔག་ཏུ་མེད་པའི་སོགས་ཀྱིས་བསྟོད། བཟླས་དམིགས་གསལ་གདབ་པ་ནི། བདག་ཐུགས་འོད་ཀྱིས་མདུན་བསྐྱེད་བསྐུལ། །དེ་ལས་འོད་འཕྲོས་འཁོར་འདས་ཀྱི། །ལེགས་ཚོགས་ཐམས་ཅད་བསྡུས་ཤིང་བསྟིམ། །གང་འདོད་ལས་ཀུན་སྒྲུབ་པར་བསམ། །སྔགས་གོང་མ་བསྙེན་པའི་དོན་དུ་བརྒྱ་རྩ་སོགས་དང་། འོག་མ་སྒྲུབ་པ་ལས་སྦྱོར་གྱི་ཚུལ་དུ་ཕྱེད་ཆ་བཟླ། དངོས་གཞི་གཟུངས་དབང་ལྟར་བསྐུར། རྗེས་མཆོད་བསྟོད་གོང་བཞིན་དང་། ནོར་ལྷ་སྤྱིའི་ལས་བྱང་བཞིན་ཉེས་བྱས་བཤགས་ཤིང་ཕྲིན་ལས་བཅོལ། བརྟན་བཞུགས། བདག་བསྐྱེད་བསྡུ་ལྡང་། སྨོན་ཤིས་བཅས་གསང་བ་སྤྱི་ལྟར་བྱ་བ་འམ། གནམ་ཆོས་སྒེར་ལུགས་ཤིན་ཏུ་སྤྲོས་མེད་གང་བྱེད་སྐབས་དང་བསྟུན་པས་གྲུབ།། །། ༈ གནམ་ཆོས་ཇོ་བོ་ཚོགས་བདག་བཀའ་གཏད་ཀྱི་དབང་སྒྲུབ་ལ། སྐྱབས་སེམས་ནས། བཛྲ་གུ་རུའི་བཟླས་པ་གྲུབ་ཀྱི་བར་ཨ་པར་ཙིཏྟ་བཞིན་དང་། མདུན་རྟེན་ལ་དམིགས་ཏེ། མདུན་དུ་ཚོགས་བདག་སྐུ་མདོག་དམར༔ ཞལ་གཅིག་ཕྱག་བཞི་གླང་ཆེན་དབུ༔ གཡས་གཉིས་ནོར་བུ་ལྕགས་ཀྱུ་སྟེ༔ གཡོན་གཉིས་ཞགས་པ་ནཻའུ་ལེ་འཛིན༔ ནེའུ་ལེ་བྱི་བའི་གདན་སྟེང་དུ༔ ཞབས་གཉིས་ཕྱེད་པའི་སྐྱིལ་མོས་བཞུགས༔ བདག་ཐུགས་འོད་ཀྱིས་ལྷ་གནས་ནས། །བསྐྱེད་པ་དང་འདྲ་སྤྱན་དྲངས་གྱུར། །གཏེར་གཞུང་གསོལ་ཁ་བཞིན། ཧཱུྃ༔ ཇོ་བོ་ཚོགས་ཀྱི་བདག་པོ་སོགས་ནས། ཕྲིན་ལས་གྲུབ་པར་མཛོད༔ བསྙེན་དམིགས་ཨ་པར་ཙིཏྟའི་སྐབས་བཞིན་གསལ་ནས། ཨོཾ་བྷཻ་རུ་ཙ་ན་པ་ཏྲ་ཏྲིང་ཀ་ལ་སོགས་རྩ་བསྙེན་དང་། སྤེལ་ཚིག་སྦྱར་བའང་ཅུང་ཟད་བཟླ། གཏོར་མ་ཨ་ཀཱ་རོས་བརླབས་ལ། ཧཱུྃ༔ སྐྱེས་པ་ས་ཡི་སོགས་གཏེར་གཞུང་བཞིན་གྱིས་བསྔོས་ལ་ཕྲིན་ལས་བཅོལ། དངོས་གཞི་ཆོས་སྐྱོང་སྤྱིའི་བཀའ་གཏན་བཞིན་བསྐུར། རྗེས་ཨ་པར་ཙིཏྟ་བཞིན་ལ་རིགས་པས་འཕྲུལ་པས་གྲུབ།། །། ༈ གནམ་ཆོས་རྟ་ལྷ་ཨཱརྱ་རེ་མནྟའི་བཀའ་གཏད་ཀྱི་དབང་སྒྲུབ་ལ། སྐྱབས་སེམས་ནས་གུ་རུ་ཞི་བའི་བསྙེན་པ་གྲུབ་ཀྱི་བར་ཨ་པར་ཙིཏྟ་དང་འདྲ། མདུན་བསྐྱེད་ནི། རང་གི་མདུན་དུ་སོགས་གཏེར་གཞུང་བཞིན། ཚ་ཞང་བྱས་ནའང་དེ་རང་ཡིན༔ བདག་ཐུགས་འོད་ཀྱིས་རང་འདྲའི་ཚོགས། །སྤྱན་དྲངས་གཉིས་སུ་མེད་པར་བསྟིམ།། ༼ཝི༽ནོར་ལྷ་སྤྱིའི་ལས་བྱང་འདོད་རྒུ་ཆར་འབེབ་བཞིན་སྤྱན་འདྲེན་ཕྱིན་རེ་མནྟའི་བསྒྱུར་ཁ་བཅས་གཏང་། བསྙེན་དམིགས་ཨ་པར་ཙིཏྟ་བཞིན་སྦྱར་ནས་སྔགས་སྔ་མ་བུངས་བསྐྱེད་ཅིང་། ཕྱི་མའང་ཅུང་ཟད་བཟླ། མཆོད་གཏོར་ཨ་ཀཱ་རོས་བརླབ་སྟེ། ཧཱུྃ༔ རྟ་ལྷ་ཨཱརྱ་རེ་མནྟ༔ སོགས་གསོལ་ཀ་གཏེར་གཞུང་མཐར་ཆགས་བཏང་བས་འབུལ། དངོས་གཞིར་ཆོས་སྐྱོང་སྤྱིའི་བཀའ་གཏད་བཞིན་བསྐུར། རྗེས་ཨ་པར་ཙིཏྟ་བཞིན་ལ་རིག་པས་འཕྲུལ་བས་གྲུབ།། །། ༈ གནམ་ཆོས་ཀུ་བེ་རའི་བཀའ་གཏད་ཀྱི་དབང་དོན་སྒྲུབ་པ་ལ། སྐྱབས་སེམས་མཆོད་བརླབ་ཨ་པར་ཙིཏྟ་ལྟར་ལ། བདག་བསྐྱེད་ནི། ཧྲཱིཿ སྐད་ཅིག་དྲན་རྫོགས་པདྨ་ཧེ་རུ་ཀཿ ཁྲོ་ཆགས་ཉམས་རྒྱས་ཐོད་དབྱུག་སྡིགས་མཛུབ་སྒྲེང་། །རྟ་སྐད་བཞད་པས་ཁམས་གསུམ་དབང་སྡུད་སྐུ། །ཡེ་ཤེས་མེ་ཀློང་པད་ཉིའི་གདན་ལ་འགྱིངས། །དྭངས་སྲོག་ཧྲཱིཿཡིས་འོད་དང་སྒྲ་གདངས་ཀྱིས། །རྩ་གསུམ་བྱིན་བསྡུས་དྲེགས་པ་ཟིལ་གནོན་གྱུར། །ཅེས་གསལ་བཏབ་ནས། སྙིང་པོ་ཧྲཱིཿགཅིག་ཅི་ཙམ་ནུས་པ་བགྲང་། མདུན་རྟེན་རཾ་ཡཾ་ཁཾ་གིས་བསང་། སྭ་བྷཱ་ཝས་སྦྱང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས་ཏེ། ཧཱུྃ། མདུན་དུ་ནོར་ལྷ་ཀུ་བེ་ར༔ སོགས་སྒྲུབ་ཐབས་ཆགས་མེད་ཀྱི་ཆོག་སྒྲིག་ལྟར་བསྐྱེད་པ་ནས་གཟུང་བཟླས་པ་དང་པོ་ཅི་ཙམ་ནུས་པ་བྱ། གཞན་རྣམས་ཞར་བྱུང་དུ་ཆེད་ཀྱིས་སྤྲོ་ན་ལས་དབང་སྒྲུབ་སྐབས་དོར་བས་འཐུས། དངོས་གཞི་ཆོས་སྐྱོང་སྤྱིའི་བཀའ་གཏད་ལྟར་བསྐུར། རྗེས་ལ། འབྲུ་གསུམ་གྱིས་མཆོད་གཏོར་བརླབ། བསྙེན་སྔགས་ལ་གཏོར་སྔགས་སྤྱི་འགྲོ་བཏགས་པ་ལན་གསུམ་གྱིས་གཏོར་མ་འབུལ། བསྙེན་སྔགས་ལ། ཨརྒྷཾ་པུཥྤེ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ་བཏགས་པས་མཆོད། ཧཱུྃ། སྔོན་ཚེ་དཔལ་ཆེན་ཧེ་རུ་ཀའི། །དམ་ལ་གནས་པའི་མཐུ་བོ་ཆེ། །འཇིག་རྟེན་བྱང་ཕྱོགས་སྐྱོང་མཛད་པའི། །དཔལ་མགོན་ཀུ་བེ་ར་ལ་བསྟོད། །ཅེས་པས་བསྟོད། རྟ་བདག་འཁོར་དང་བཅས་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། གཤེགས་བསྟིམ་སྐབས་དང་བསྟུན། སྨོན་ཤིས་མདོར་བསྡུས་པས་གྲུབ་བོ།། །། ༈ ཆགས་མེད་བཞི་པ་ཀརྨ་བསྟན་འཛིན་ཕྲིན་ལས་ལ་བཀའ་བབས་པའི་བཀའ་གཏེར་ཟུང་འཇུག་ཤ་ཟ་མཁའ་འགྲོ་མཆེད་གསུམ་གྱི་སྲོག་གཏད་ཐུན་མོང་མ་ཡིན་པ་ཌཱ་ཀིའི་ཐུགས་བཅུད་ལྟར་དབང་སྒྲུབ་སྐབས། དབུས་སུ་རྡོ་རྗེ་མཁའ་འགྲོ་ནོར་སྟེར་མ་མཐིང་། གཡས་སུ་རིན་ཆེན་མཁའ་འགྲོ་གོས་སྟེར་མ་ལྗང་སེར། གཡོན་དུ་པདྨ་མཁའ་འགྲོ་ཟས་སྟེར་མ་དམར་མོ་བསྐྱེད་དགོས། སྲོག་དབང་དངོས། རྗེས་རིམ། གཏོར་འབུལ་སོགས་རྒྱས་བསྡུས་སྐབས་དང་བསྟུན་ནོ།། །། ༈ མཆོག་གླིང་ཟབ་བདུན་ཀུན་འཁྱིལ་མཆེད་གསུམ་གྱི་རྗེས་གནང་གོང་དུ་རྩ་གསུམ་ཚེ་ཟབ་སྐབས་སུ་སོང་ངོ་།། །། ༈ བྱང་གཏེར་མངའ་དབང་རིན་ཆེན་འབར་བ་འོག་ཏུ་འབྱུང་བ་རྣམས་ཀྱིས། བསོད་ནམས་ལོངས་སྤྱོད་རྒྱས་བྱེད་སྐོར་དུ་བཞུགས་པའི་དབང་དང་རྗེས་གནང་རྣམས་སོང་གྲུབ་པ་ཡིན་ནོ།། །། ༄། བཞི་པ་ལོ་ཏོག་འབྲས་བུ་རྒྱས་བྱེད་ཀྱི་སྐོར་ལ། གནམ་ཆོས་ལས་བྱང་ཆུབ་སེམས་དཔའ་སའི་སྙིང་པོའི་དབང་སྒྲུབ། དངོས་གཞི་གཟུངས་དབང་། རྗེས་གནམ་ཆོས་སྤྱི་བཞིན་བྱའོ།། །། ༈ གནམ་ཆོས་ཀླུ་རྒྱལ་དགའ་བོའི་བཀའ་གཏད་ཀྱི་དབང་དོན་སྒྲུབ་པ་ནི། ན་མོ༔ དཀོན་མཆོག་གསུམ་དང་སོགས་ཀྱི་སྐྱབས་སེམས་ལན་གསུམ་དང་། ཀ་དག་ཀློང་ནས་སོགས་ཀྱིས་མཆོད་རྫས་བརླབ། བདག་བསྐྱེད་ནི། རང་ཉིད་སྐད་ཅིག་གསང་བའི་བདག །མཐིང་ནག་རྡོ་རྗེ་སྡིགས་མཛུབ་སྒྲེང་། ཁྲོ་བོའི་ཆས་རྫོགས་འབར་བའི་ཀློང་། །པད་ཉིའི་གདན་ལ་དོར་སྟབས་འགྱིང་། །དམ་ཡེ་དབྱེར་མེད་ཆེན་པོར་རྫོགས། །ཐུགས་ཀར་ཉི་སྟེང་ཐུགས་སྲོག་ཧཱུྃ། །མཐའ་མར་སྔགས་ཀྱི་ཕྲེང་བ་ཡི། །འོད་ཀྱིས་འཕགས་མཆོད་འགྲོ་སྒྲིབ་སྦྱང་། །རྡོ་རྗེ་གསུམ་གྱི་བྱིན་རླབས་བསྡུས། །དྲེགས་པ་ཟིལ་མནན་ཐལ་བར་བརླག །སྣང་གྲགས་ལྷ་སྔགས་རོལ་པར་གྱུར། །ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅེས་བཟླ། མདུན་བསྐྱེད་ནི། རང་གི་མདུན་དུ་ཀླུའི་རྒྱལ་པོ་དགའ་བོ་སོགས་ཀླུ་མཆོད་གཞུང་བཞིན་མཆོད་པའི་མཐའ་བར་བཏང་། ཧཱུྃ། འོག་ཕྱོགས་རྒྱ་མཚོ་ཀླུ་ཡི་ཡུལ། །བཀྲ་ཤིས་འོ་མའི་རྒྱ་མཚོ་ནས། །ཀླུ་གཡང་དངོས་གྲུབ་ཀུན་གྱི་བདག །ཀླུ་རྒྱལ་ཆེན་པོ་ཁྱེད་ལ་བསྟོད། །ཅེས་བསྟོད། བཟླས་དམིགས་ནི། ཀླུ་རྒྱལ་ཐུགས་ཀར་ཟླ་སྟེང་ཕུཿ སྔགས་ཀྱིས་བསྐོར་བ་བཟླས་པས་བསྐུལ། །ཀླུ་ནད་ས་བདག་གདུག་རྩུབ་ཞི། །ཀླུ་གཡང་སྤྲིན་ལྟར་གཏིབས་པར་བསམ། སྔགས་བཟླ། བཀའ་གཏད་དངོས་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཀླུ་རྒྱལ་དགའ་བོའི་དཀའ་གཏད་ཞུ་སྙམ་པའི་སེམས་བསྐྱེད་ནས་གསན་འཚལ། དེའང་རྒྱལ་བ་ཚད་མེད་པའི་ཐུགས་རྗེའི་བདག་ཉིད་ཀྱིས་གདུལ་བྱ་གང་འདུལ་དེར་སྣང་གི་མཛད་པའི་ཕྲིན་ལས་རྨད་དུ་བྱུང་བའི་ཆ་ཤས་ལས། ཀླུའི་རིགས་སུ་གྱུར་པའི་འགྲོ་བ་རྣམས་ཀྱི་མགོན་དང་། སངས་རྒྱས་ཀྱི་བསྟན་པ་སྲུང་བའི་དཔལ་དུ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཀླུའི་རྒྱལ་པོའི་ཚུལ་དུ་བཞེངས་པ་ཀླུ་རྒྱལ་དགའ་བོའི་སྒྲུབ་ཐབས་དང་འབྲེལ་བའི་བཀའ་གཏད་འདི་ནི། སྤྲུལ་སྐུ་མི་འགྱུར་རྡོ་རྗེས་སྟོབས་ཆེན་གླང་གི་ལོ་ལ་དགོངས་པའི་གཏེར་ལས་ཕྱུང་སྟེ་གཏན་ལ་ཕབ་པ་དང་རྗེས་སུ་འབྲེལ་བའི་བཀའ་གཏད་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །རྡོ་རྗེ་འཛིན་པའི་བཀའ་དྲིན་གྱིས། །བདག་ལ་ཀླུ་རྒྱལ་དགའ་བོ་ཡི། །བཀའ་གཏད་ཟབ་མོ་བསྩལ་དུ་གསོལ། །ལན་གསུམ། རྒྱུད་སྦྱོང་བའི་སླད་དུ་བདུན་རྣམ་དག་གི་སྒོམ་དོན་གསལ་འདེབས་བཞིན་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་སོགས་ལན་གསུམ། བཀའ་གཏད་དངོས་གཞིའི་ཐོག་མར་སློབ་དཔོན་ཉིད་གོང་གནོན་གྱི་ལྷ་བཅོམ་ལྡན་འདས་དཔལ་གསང་བའི་བདག་པོ་དངོས་སུ་བཞུགས་པའི་མདུན་དུ་སློབ་མ་རྣམས་གཉེན་པོ་སྟོབས་ཀྱི་ལྷ་གསང་བདག་ཁྲོ་བོའི་ཏིང་འཛིན་འདི་ལྟར་དུ་གསལ་ཐོབས་ཤིག །སློབ་མ་སྐད་ཅིག་གསང་བའི་བདག །སོགས་བདག་བསྐྱེད་བཞིན། དམ་ཡེ་དབྱེར་མེད་ཆེན་པོར་རྫོགས། །དེ་ལྟར་གསལ་བའི་ངང་ནས་གསང་སྔགས་འདིའི་རྗེས་ཟློས། གོང་གི་ཕྱག་རྡོར་སྔགས་ལན་གསུམ། མདུན་དུ་གནས་པའི་ཀླུ་གཟུགས་སྔར་བསྐྱེད་ཅིང་མཆོད་བསྟོད་བགྱིས་ཟིན་པ་ཉིད། སླར་ཡང་སྐུ་ཉིད་རྣམས་ཀྱི་བློ་ངོར་བདག་གིས་བརྗོད་པའི་ཚིག་རིས་དང་མཐུན་པའི་ཏིང་འཛིན་རིམ་པར་གསལ་འདེབས་པ་ཞུ། རང་གི་མདུན་དུ་སོགས་ཀླུ་མཆོད་བཞིན་ལ། ཀླུ་སྲིན་བཀར་བ་དོར་ནས། མཆོད་པའི་མཐར་གོང་གི་བསྟོད་པ་བཅས་བརྗོད། དེ་ལྟར་བསྐྱེད་བསྟིམ་མཆོད་བསྟོད་ཀྱིས་བསྐུལ་པས་དགྱེས་ཤིང་མཉེས་ནས། ཅི་བཅོལ་བའི་ལས་མཛད་པ་ལ་རིངས་ཤིང་ངོ་ཐོན་གྱི་ཚུལ་དུ་བཞུགས་པ་ཉིད། ཁྱེད་རང་རྣམས་ཀྱི་སྲུང་མར་གཏད་ཅིང་བཀའ་བསྒོས་པ་བཞིན་བསྒྲུབ་པར་ཞལ་གྱིས་བཞེས་ཤིང་། ཅི་བཅོལ་བའི་ཕྲིན་ལས་མཛད་པར་ཡོད་སྙམ་པའི་ངེས་ཤེས་སྐྱེད་ཅིག །ཀླུ་གཟུགས་ལག་ཏུ་གཏད་ལ། ཀླུའི་རྒྱལ་པོ་དགའ་བོ་འཁོར་དང་སོགས་བརྗོད། དེ་རྣམས་ཀྱིས་དགོངས་གཏེར་ཐུགས་ཀྱི་ཀློང་གསལ་ལས་བྱུང་བའི་ཀླུ་རྒྱལ་དགའ་བོའི་བཀའ་གཏད་ལེགས་པར་ཐོབ་པ་ཡིན་པས། དེང་ཕྱིན་ཆད་དམ་ཚིག་སྤྱི་དང་ཁྱད་པར་དུས་དུས་སུ་མཆོད་གཏོར་ལ་འབད་ཅིང་། ཐབ་གཞོབ། དམེ་མནོལ། ཀླུ་ནོར་ལ་འཚེ་བ། རང་དོན་ཉི་ཚེ་བར་དྲག་པོའི་ལས་བྱེད་པ་རྣམས་སྤང་དགོས་པས་དེ་ལྟར་བགྱི་བའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ། ཆོ་གའི་རྗེས། མཆོད་བསྟོད་མདོར་བསྡུས། གཞུང་གསལ་བཤགས་པ། གཤེགས་གསོལ་བྱ། བདག་བསྐྱེད་བསྡུ་ལྡང་། སྨོན་ཤིས་རྣམས་སྤྱི་ལྟར་བགྱིས་པས་གྲུབ་བོ།། །། ༈ གནམ་ཆོས་ཀླུ་རྒྱལ་མི་མགོན་དཀར་པོའི་བཀའ་གཏད་ཀྱི་དབང་དོན་སྒྲུབ་པ་ནི། སྐྱབས་སེམས་ནས། བདག་བསྐྱེད་བཟླས་པ་གྲུབ་ཀྱི་བར་ཀླུ་དགའ་བོ་བཞིན་དང་། མདུན་བསྐྱེད་ནི། སྒྲུབ་རྫས་མི་དམིགས་སྟོང་པའི་ངང་། །སོགས་གསོལ་ཁའི་ནང་གི །འོད་དུ་ཞུ་བས་ཀླུ་རྒྱལ་ནི། །ཞེས་པའི་མཚམས་སུ། མི་མགོན་དཀར་པོ་གཏེར་གྱི་བདག །སོགས་འོག་གི་བསྐང་གསོལ་གཡང་སྐྱབས་སྦྲགས་མའི་གཏོར་འབུལ་ལྟར། རྨ་གཡང་དངོས་གྲུབ་སྤྲིན་ལྟར་འཐིབས། །བར་འདིར་བླངས། གོང་འཕྲོས། རང་ཉིད་ཡི་དམ་ཐུགས་ཀ་སོགས་ནས། མདུན་བསྐྱེད་ཉིད་ལ་ཐིམ། བར། ཧཱུྃ༔ ཀླུ་རྒྱལ་མི་མགོན་དཀར་པོ་ནི༔ སོགས་དབུའི་གཏེར་གཞུང་གསོལ་མཆོད་ཀྱི་སྤྱན་འདྲེན་ནས་གཟུང་ཚང་བར་གཏང་། སྔ་མའི་འཕྲོས། ཀླུ་རྒྱལ་ཐུགས་ཀར་ཟླ་བའི་སྟེང་། །སོགས་ཀྱི་དམིགས་པ་གསལ་བཏབ་ནས། སྔགས་གོང་མ་བཟླ། སརྦ་སིདྡྷི་ཧཱུྃ་ཅན་ཅུང་ཟད་བཟླ། གཏོར་མ་རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་དང་། ཨ་ཀཱ་རོས་བྱིན་གྱིས་བརླབ། རིན་ཆེན་སྣོད་མཆོག་རྒྱ་ཆེ་བར། །གཏོར་མ་ཟག་མེད་སོགས་བསྐང་གསོལ་གཡང་སྐྱབས་སྦྲགས་མའི་དཀྱུས་སུ་འབྱུང་བ་ལྟར་བསྔོ་ཞིང་། ཉེར་སྤྱོད་ཀྱིས་མཆོད། ཧཱུྃ། བཅོམ་ལྡན་མགོན་པོ་སོགས། དབྱར་གྱི་ཆུ་བཞིན་འཕེལ་བར་མཛོད། །ཅེས་ལེ་ཚན་དང་པོ་ཁོ་ན་བཏང་བས་ཕྲིན་ལས་བཅོལ། དངོས་གཞི་ཆོས་སྐྱོང་སྤྱིའི་བཀའ་གཏད་ལྟར་བསྐུར། རྗེས་རིམ་ནི། མཆོད་གཏོར་ཨ་ཀཱ་རོས་བྱིན་གྱིས་བརླབས་ཏེ། ཧཱུྃ༔ ཀླུ་རྒྱལ་མི་མགོན་དཀར་པོ་ནི༔ སོགས་གཏེར་གཞུང་གསོལ་མཆོད། མ་ཐོགས་བཅོལ་པའི་ཕྲིན་ལས་མཛོད༔ བར་ཚར་གཅིག་བསྐྱར་བ་དང་། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། གཤེགས་བསྟིམ་གང་འོས་སྐབས་དང་བསྟུན། བདག་བསྐྱེད་བསྡུ་ལྡང་། སྨོན་ཤིས་བཅས་སྤྱི་མཐུན་གྱིས་བརྒྱན་པས་གྲུབ་བོ།། །། ༈ རིག་འཛིན་ཐུགས་ཀྱི་རྡོ་རྗེའི་དགོངས་གཏེར་འཕགས་མཆོག་སེངྒེ་སྒྲའི་དབང་དོན་སྒྲུབ་པ་ནི། སྒྲུབ་ཐབས་རྩ་གཞུང་བཞིན། སྐྱབས་སེམས་ནས་བརྩམ་བདག་མདུན་སོ་སོར་བསྐྱེད་བཟླས་མཐར། བུམ་པ་རང་བྱུང་གི་སོགས་སྤྱི་འགྲོའི་བུམ་བསྐྱེད་གསལ་བཏབ་ནས། སྙིང་པོ་བརྒྱ་རྩ་དང་། གཟུངས་ཅི་འགྲུབ་བཟླས་ནས་འོད་ཞུ་བྱ། དེ་ནས་གཏོར་འབུལ་གྲུབ་ནས། རིག་མེ་དོར་ཞིང་གནང་བ་ནོད། དབང་དངོས་ལ། འོ། མར་གྱུར་གྱི་སེམས་ཅན་ཐམས་ཅད་ཀྱི་གནས་སྐབས་ཀླུ་གདོན་ལ་སོགས་པའི་གནོད་པ་དང་། ས་འཚིག་ཐན་པ་ལ་སོགས་པའི་ཉེས་པ་ལས་སྐྱོབ་ཅིང་། མཐར་ཐུག་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གོ་འཕང་ལ་འགོད་པའི་ཕྱིར་སྨིན་བྱེད་ཟབ་མོ་ནོད་ནས་གདམས་ངག་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཐུགས་བསྐྱེད་དང་བཅས་གསན་འཚལ། དེ་ལྟ་བུའི་སྒྲུབ་ཐབས་ཀྱང་གསར་རྙིང་གི་གཞུང་རྣམས་སུ་དུ་མ་ཞིག་གསུངས་པ་ལས། འདིར་འཕགས་མཆོག་སེངྒེ་སྒྲའི་སྒྲུབ་ཐབས་བཀའ་མ་དང་། རིག་འཛིན་ཐུགས་ཀྱི་རྡོ་རྗེ་འམ་ཀརྨ་བཀའ་བརྒྱུད་ཕྲིན་ལས་རྣམ་པར་རྒྱལ་བའི་སྡེའི་ཟབ་མོ་དགོངས་པའི་གཏེར་ལས་བྱུང་བ་ཟུང་འཇུག་སྟེ། བཀའ་གཏེར་བརྒྱུད་པའི་ཆུ་བོ་གཅིག་དྲིལ་དུ་མཛད་པའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ། བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བར་མྱོང་བས་གྲུབ་པ་འདི་ཉིད་ཀྱི་སྨིན་དབང་བྱིན་རླབས་གཏེར་ཆེན་མཚམས་སྦྱོར་གྱིས་བརྒྱན་པ་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱོར་ལ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྗེས་གནང་གི་གཞུང་བཞིན། ཀུན་མཁྱེན་ཡེ་ཤེས་སོགས་ལན་གསུམ། རྒྱུད་སྦྱོང་བའི་སླད་དུ་འཕགས་པ་གཙོ་བོར་གྱུར་པའི་ཞིང་མཆོག་རྒྱ་མཚོ་མདུན་མཁར་བཞུགས་པའི་སྤྱན་སྔར་ལྔ་རྣམ་དག་ཚུལ་བཞིན་མཛད་པའི་བློས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་སོགས་ལན་གསུམ། དབང་དངོས་གཞིར་སྐུ་གསུང་ཐུགས་དང་། གཏོར་མའི་བྱིན་རླབས་བཅས་རྣམ་པ་བཞིར་འབྱུང་བ་ལས། དང་པོ་སྐུའི་དབང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སངས་རྒྱས་ཀུན་གྱི་སོགས་ལན་གསུམ། ཁྱེད་རང་རྣམས་ཡིད་གཞན་དུ་མ་ཡེངས་པར་ལྷའི་སྐུ་འདི་ལྟར་གསལ་འདེབས་འཚལ། ཨོཾ་ཤཱུནྱ་ཏཱ་སོགས། སློབ་མ་འཛིན་མེད་སྣང་བའི་ཆ༔སོགས་བདག་བསྐྱེད་ལྟར། འོད་འཕྲོས་ཡེ་ཤེས་ཚོགས་སྤྱན་དྲངས། སློབ་མར་སིབ་སིབ་ཐིམ་པར་གྱུར། སྤོས་རོལ་བཅས་སྤྱན་འདྲེན་ཚིགས་བཅད་དང་། རྩ་སྔགས་ལ་ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱཿབཏགས་པ་བཟླས་པས་བྱིན་དབབ། དེ་བརྟན་པར་བྱ་བའི་ཕྱིར་ལྷ་དང་སློབ་དཔོན་དབྱེར་མེད་པས་རྣམ་རྒྱལ་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས་ལུས་ཀྱི་དྲི་མ་དག །སྣང་བ་ལྷའི་འཁོར་ལོར་འཆར་བའི་ནུས་པ་རྒྱུད་ལ་བཞག་པར་མོས། བཀྲ་ཤིས་བུམ་པའི་སོགས། གཉིས་པ་གསུང་གི་དབང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སངས་རྒྱས་ཀུན་གྱི་སོགས་ལན་གསུམ། ལྷ་དང་སློབ་དཔོན་དབྱེར་མེད་པའི་མགྲིན་པ་ནས་རྒྱལ་ཀུན་གསུང་གི་རང་གཟུགས་ཡི་གེ་འཁོར་ལོའི་རྣམ་པར་ཤར་བའི་ཚོགས་འཕྲོས། སློབ་མའི་མགྲིན་པར་ཐིམ་པས་ངག་གི་སྒྲིབ་པ་དག །སྒྲ་གྲགས་སྔགས་རྡོ་རྗེའི་རང་བཞིན་དུ་དག་པའི་ནུས་པ་རྒྱུད་ལ་བཞག་པར་མོས། རྒྱལ་ཀུན་གྱི་ནི་སོགས་ཀྱིས་སྔགས་བྱང་མགྲིན་པར་གཞག །རྗེས་འབྲེལ་སྔགས་ཀྱི་བཟླས་ལུང་སྦྱིན་པ་ནི། སློབ་དཔོན་འཕགས་མཆོག་སེངྒེ་སྒྲར་གསལ་བའི་ཐུགས་ཀའི་སྔགས་ཕྲེང་ལས་གཉིས་པ་འཕྲོས། ཞལ་ནས་ཐོན། སློབ་མ་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་སྲོག་གི་མཐར་འཁོད་པ་ལས་འོད་ཟེར་འཕྲོ་འདུས་དོན་གཉིས་བྱས་པར་མོས་ལ་འདིའི་རྗེས་ཟློས། སྙིང་པོ་ལན་གསུམ་དང་གཟུངས་རིང་བརྗོད། དེ་བརྟན་པར་བྱ་བའི་ཕྱིར་ཕྲེང་བ་མགྲིན་པར་བཞག་སྟེ། རིན་ཆེན་ཤེལ་གྱི་སོགས། གསུམ་པ་ཐུགས་ཀྱི་དབང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སངས་རྒྱས་ཀུན་གྱི་སོགས་ལན་གསུམ། ལྷ་དང་སློབ་དཔོན་དབྱེར་མེད་པའི་ཐུགས་ཀ་ནས་ཡེ་ཤེས་སེམས་དཔའི་སྐུ་གསལ་ལ་རྫོགས་པ་བྱོན་ནས་སློབ་མའི་སྙིང་གར་ཐིམ་པས་ཡིད་ཀྱི་སྒྲིབ་པ་དག །དྲན་རྟོག་ཆོས་ཉིད་ཀྱི་རོལ་པར་རྟོགས་པའི་ནུས་པ་རྒྱུད་ལ་བཞག་པར་མོས། འགྲོ་འདུལ་རྗེ་བཙུན་སོགས་ཀྱིས་སྐུ་སྤྱི་བོར་གཞག །དེ་བརྟན་པར་བྱ་བའི་ཕྱིར་རང་བྱུང་རྡོ་རྗེ་སེམས་དཔའི་མེ་ལོང་གི་བརྡས་མཚོན་ཏེ། སེམས་ཀྱི་ངོ་བོ་ཀ་དག་གཏིང་གསལ་སྟོང་པ་ཉིད་ལས་མ་གཡོས་བཞིན་དུ། རང་རྩལ་གྱི་སྣང་ཆ་མ་འགགས་པའི་སྣང་སྟོང་ཟུང་འཇུག་གི་དགོངས་པ་མངོན་དུ་གྱུར་པར་མོས། དྲི་མེད་ཤེལ་ལྟར་སོགས། བཞི་པ་བྱིན་རླབས་ཡོངས་རྫོགས་གཏོར་མའི་དབང་བསྐུར་བ་ནི། གཏོར་མ་སྣོད་བཅུད་འཕགས་པའི་དཀྱིལ་འཁོར་རྩ་གསུམ་ལྷ་ཚོགས་ཏིལ་གྱི་གོང་བུ་བཞིན་བཞུགས་པ། སློབ་མའི་གནས་ལྔར་བཞག་པས་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་དབང་དངོས་གྲུབ་མ་ལུས་པ་རྩལ་སྤྲུགས་སུ་ཐོབ་པར་མོས། གཏོར་མ་ལྷ་དང་སོགས། དེ་ལྟར་དབང་བསྐུར་ཐོབ་པའི་དམ་ཚིག་གི་རིམ་པ་རྡོ་རྗེ་ཐེག་པའི་རྒྱུད་གཞུང་རྣམས་ནས་གསུངས་པ་བཞིན་སྲུང་སྡོམ་ཚུལ་བཞིན་མཛད་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། ཆོ་གའི་རྗེས་མདུན་བསྐྱེད་ལ་མཆོད་བསྟོད། ནོངས་བཤགས། བརྟན་བཞུགས། སརྦ་བྷཱུ་ཏ་གཙྪས་ཀླུ་བརྒྱད་ཕྱོགས་སྐྱོང་ཡུལ་ལྷ་སོགས་རང་གནས་སུ་གཤེགས། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན། ཤིས་པའི་ཚིག་གིས་མཐའ་བརྒྱན་པས། ལོ་ཏོག་རྒྱས་བྱེད་སྐོར་ལས་འབྱུང་བའི་དབང་བསྐུར་གྱི་སྐོར་རྣམས་གྲུབ་བོ།། །། ༄། ལྔ་པ་ཡོན་ཏན་གྱི་སྣོད་དུ་གྱུར་པ་རིགས་རྒྱུད་རྒྱས་པར་བྱེད་པའི་སྐོར་ལ། མཆོག་གྱུར་གླིང་པའི་ཟབ་བདུན་རྩ་གསུམ་ཚེ་ཟབ་ཀྱི་ཆ་ལག་རིན་ཆེན་མཁའ་འགྲོ་སོ་སོར་འབྲང་མའི་དབང་ཆོག་གསལ་བར་བཀོད་པ་གསེར་གྱི་བུམ་བཟང་ལྟར་དབང་སྒྲུབ། དབང་དངོས། རྗེས་ཆོག་བཅས་བགྱིས་ལ། ས་འདིར་བཞུགས་པ་ནི་དེ་ཙམ་མོ།། །། ༄། དྲུག་པ་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་རྒྱས་པར་བྱེད་པའི་སྐོར་ལ། སངས་རྒྱས་གླིང་པའི་གཏེར་བྱོན་ཐུབ་དབང་གནས་བརྟན་བཅུ་དྲུག་གི་རྗེས་གནང་དབང་དོན་སྒྲུབ་པའི་ཐོག་མར་ཡན་ལག་ལྔ་ཁྲུས་སོགས་རྒྱས་པར་མ་གྲུབ་ནའང། དུང་ཞལ་དུ་དྲི་བཟང་སྦྱར་བའི་ཆུས་སྒོ་དྲུང་དུ་ཡན་ལག་ལྔ་ཁྲུས་ལམ་ཙམ་བྱ་ཞིང་། ཁ་བཤལ། འདོན་ཚིག་བརྗོད་མི་དགོས། དེ་ནས་ཞིག་གླིང་གི་མཆོད་པའི་སྤྲིན་ཕུང་ངམ། ཀུན་གཟིགས་མཁྱེན་བརྩེའི་དབང་པོའི་ཕན་བདེའི་འབྱུང་གནས་གང་རུང་གི་གནས་ཆོག་འདོད་གསོལ་མཐའ་བར་གཏང་ཞིང་།་་་མཁྱེན་བརྩེའི་གསུང་ལྟར་ན་རྗེས་ཆོག་གི་གཏོར་འབུལ་གྲུབ་ཀྱི་བར་བྱ།མཆན། སྔ་མའི་སྐབས་སྐྱབས་སེམས་རྗེས། ཐུགས་རྗེ་ཆེན་པོའི་བདག་བསྐྱེད་རྒྱས་བསྡུས་གང་རུང་ངམ། ཤིན་ཏུ་བསྡུ་ན། རང་ཉིད་སྐད་ཅིག་གིས་འཕགས་པ་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་གཉིས་པའི་སྐུར་གྱུར་པར་བསམ་ལ། མཆོད་བརླབ་ལ་འཇུག །རྗེས་གནང་ཆོ་གར་ལྷ་ལ་དབང་བསྐུར་ཡི་གེ་གསུམ་གྱི་རྒྱས་གདབ་གསུངས་པའང་། སྤྲོ་ན་ལུགས་གཉིས་ཀར་ཁྲུས་གསོལ་རྗེས་བྱ། མ་ནུས་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར་བར་སེམས། ཕྱི་མར་གསུངས་པའི་གཟུངས་བཟླ་བ་གྲུབ་ན་ལེགས་ཤིང་། གཟུངས་བུམ་བསྒྲུབ་པ་དགོས་གནད་དང་བསྟུན་པ་ལས་དབང་རྐྱང་ལ་ངེས་པར་མི་དགོས། གང་ལྟར་ཡང་། རྗེས་གནང་གི་ཆོ་ག་ལྟར་མདོར་བསྡུས་པའི་ཚུལ་གྱིས་བདག་ཉིད་འཇུག་པའམ། ཏིང་འཛིན་གྱི་དབང་བླངས་ནས། རྗེས་གནང་དངོས་ལ། འོ་ན། མཁའ་ཁྱབ་ཀྱི་སེམས་ཅན་ཕ་མར་གྱུར་པ་འདི་དག་འཁོར་མཚོ་ཉམ་ང་བའི་རུམ་ནས་བསྒྲལ་ཏེ། ཞི་བ་བླ་ན་མེད་པའི་གྲོང་ཁྱེར་དུ་དབུགས་དབྱུང་བ་དང་། གནས་སྐབས་དང་མཐར་ཐུག་ཀུན་ཏུ་འཇིག་རྟེན་གསུམ་གྱི་ཕན་བདེའི་འབྱུང་གནས་ཉག་གཅིག་ཏུ་གྲུབ་པའི་ལྷ་མིའི་མཆོད་སྡོང་གཅིག་པུར་གྱུར་པ། མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་པོར་འཚོ་གཞེས་བརྟན་པར་བྱེད་པའི་སླད་དུ། ཐུབ་དབང་གནས་བརྟན་བཅུ་དྲུག་གིས་བསྐོར་བའི་ཆོ་ག་ཉམས་སུ་བླང་བར་བྱེད་པ་ལ་དབང་བའི་རྗེས་གནང་ཟབ་མོ་གསན་པར་བྱ་སྙམ་པའི་ཀུན་སློང་བཟང་པོ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་རིན་པོ་ཆེ་གསལ་བཏབ་སྟེ་གསན་འཚལ། དེ་ལྟ་བུའི་ཆོས་ཚུལ་མདོ་སྔགས་ཀྱི་བཀའ་སྲོལ་ཐ་དད་པར་བྱོན་པ་ལས། སྐབས་སུ་བབ་པ་འདི་ནི། ལྷ་སྲས་དམ་འཛིན་ཆོས་ཀྱི་བློ་གྲོས་ཀྱི་རྣམ་འཕྲུལ། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཨོ་རྒྱན་སངས་རྒྱས་གླིང་པས་དབང་ཆེན་གསུང་གི་དབེན་གནས་བསམ་ཡས་མཆིམས་ཕུའི་ལམ་ཁ་བྲག་སྣ་སེངྒེའི་གདོང་འདྲ་བ་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་རྒྱལ་པོ་བཀའ་འབུམ་གྱི་ཆ་ལག་ཏུ་བྱོན་པ། སྟོན་མཆོག་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་མཉམ་མེད་ཐུབ་པའི་དབང་པོ་འཕགས་པ་གནས་བརྟན་བཅུ་དྲུག་འཁོར་དང་བཅས་པའི་སྒྲུབ་ཐབས་ངོ་མཚར་རྨད་དུ་བྱུང་བ་འདི་ཉིད་ཀྱི་ཆོ་ག་ལ་དུས་དང་རྒྱུན་དུ་འབད་པས་བརྩོན་ན། དཀོན་མཆོག་གསུམ་གྱི་རྟེན་ཡུན་རིང་དུ་གནས་པ་དང་། དམ་པའི་ཆོས་ཀྱི་བཤད་སྒྲུབ་དར་བ་དང་། འཕགས་པའི་དགེ་འདུན་གྱི་སྡེ་འཕེལ་བ་དང་། རང་རང་གི་ཚུལ་ཁྲིམས་རྣམ་པར་དག་ཅིང་ཐོས་བསམ་སྒོམ་སྒྲུབ་འཕེལ་བ་དང་། ནད་གདོན་སོགས་ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང་། ཚེ་དང་བསོད་ནམས་ལུང་རྟོགས་ཀྱི་ཡོན་ཏན་རྒྱས་པ་དང་། འགྲོ་བ་རྣམས་དད་ཅིང་འདུན་པ་དང་། འཇིག་རྟེན་དུ་དགེ་ལེགས་རྒྱ་ཆེན་པོ་འབྱུང་བ་སྟེ། མདོར་ན་ཆོས་དང་མཐུན་པའི་བསམ་སྦྱོར་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་འགྱུར་བ་ལ་སོགས་པ་དགོས་པ་དང་ཕན་ཡོན་བསམ་གྱིས་མི་ཁྱབ་པ་དང་ལྡན་ཞིང་། ཕན་བདེ་ཡོངས་ཀྱི་སྨན་ཡོན་གཅིག་པུར་ངེས་པའི་གདམས་ངག་དང་འབྲེལ་བའི་རྗེས་གནང་ཁྱད་པར་ཅན་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ། དེ་ནས་མཚམས་སྦྱོར་སྤྱི་འགྲོའི་མཆོད་ཆོག་གང་ཡིན་གྱི་སྐྱབས་འགྲོ་དང་། སེམས་བསྐྱེད་བྱས་ལ། གསོལ་གདབ་སོགས་ནས་མཐར་ཆགས་སུ་བསྐུར། རྗེས་རིམ་ལ། ཆོ་ག་སྔ་མ་ལྟར་ན། གཏང་རག་གི་མཆོད་པ་དམིགས་བསལ་གཞུང་དུ་མ་གསུང་ནའང་། མཆོད་བསྟོད་སོགས་ཕུལ་ན་ལེགས་པའི་ཡན་ལག་ཏུ་འགྱུར་ཞིང་དགག་བྱ་མེད་པས། དེ་ལྟར་ན། མཆོད་པའི་སྤྲིན་གཟུངས་ཀྱིས་སྤེལ་ཏེ། ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པས་མཉེས་པར་བྱ། མ་འབྱོར་པ་དང་སོགས་ཤྭ་ལོ་ཀས་ནོངས་པ་བཤགས་ཤིང་། བརྟན་བཞུགས་བྱ། འཇིག་རྟེན་པ་རྣམས། ལོ་ཀ་སརྦ་གཙྪས་གཤེགས། བསྟན་པ་རྒྱས་པའི་སྨོན་ལམ་དང་། དགེ་བསྔོ། བཀྲ་ཤིས་ཀྱིས་བརྒྱན་པའམ། ཡང་ན་གཏོར་འབུལ་གོང་དུ་སོང་བས་འདིར་དོར་ནས། མཆོད་པའི་སྤྲིན་གཟུངས་ཀྱིས་སྤེལ་ཞིང་ཡན་ལག་བདུན་པ་ནས། བཀྲ་ཤིས་རྫོགས་ཀྱི་བར་ཀུན་གཟིགས་མཁྱེན་བརྩེའི་གསུང་ཆོ་ག་ཕྱི་མར་འབྱུང་བ་ལྟར་གཏང་ན་སྟབས་བདེ་བའང་ཤེས་པར་མཛོད་ཅིག་གུ།། །། ༈ ཀློང་གསལ་རྡོ་རྗེ་སྙིང་པོའི་རྗེ་བཙུན་བྱམས་པ་མགོན་པོའི་ཆོ་ག་དབང་བསྐུར་དང་བཅས་པ་ལུང་རྟོགས་བཅུད་སྤེལ་ལྟར་དབང་སྒྲུབ། དབང་དངོས། གཏོར་འབུལ་མཆོད་བསྟོད་སོགས་རྗེས་རིམ་བཅས་བྱའོ།། །། ༈ གནམ་ཆོས་ཐུགས་གཏེར་ལས་བྱུང་བའི་ཐུབ་པ་གནས་བཅུའི་དབང་སྒྲུབ་བསྡུས་པས་དབང་དོན་སྒྲུབ་པ་དང་། དབང་བཤད་ལོ་རྒྱུས་ཆགས་མེད་གསུང་བཞིན་ལ། ཤིན་ཏུ་གལ་ཆེ་བ་ཡིན། དེ་ལྟ་བུའི་དབང་བསྐུར་ཟབ་མོ་བགྱི་བ་ལ་ཐོག་མར། བླ་མ་ཐུབ་དབང་གནས་བརྟན་འཁོར་ཚོགས་དང་བཅས་པའི་སྤྱན་སྔར་སྟོང་གསུམ་རབ་འབྱམས་ཀྱི་དཔལ་འབྱོར་ལོངས་སྤྱོད་ཐམས་ཅད་བློས་བླངས་ཏེ་ལྟོས་པ་མེད་པར་མཎྜལ་དུ་འབུལ་བར་མོས་པས་འདིའི་རྗེས་ཟློས། དབང་གཞུང་བཞིན། ཀྱཻ༔ བླ་མ་ཐུབ་དབང་སོགས། བླ་མ་ཉིད་བསྟན་པའི་བདག་པོ་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་དངོས་ཡིན་སྙམ་པའི་ངེས་ཤེས་དང་། དད་མོས་རྩེ་གཅིག་ཏུ་བསྐྱེད་དེ་ཐལ་མོ་མེ་ཏོག་དང་བཅས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨོཾ༔ བླ་མ་ཐུབ་དབང་སོགས་ལན་གསུམ། རྒྱུད་སྦྱོང་བའི་སླད་དུ། མདུན་གྱི་ནམ་མཁར་རིན་པོ་ཆེའི་སྤྲིན་ལ་བརྟེན་པའི་སེང་གེ་ཆེན་པོ་བརྒྱད་པའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ། པདྨ་དང་ཟླ་བའི་གདན་ལ་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོན་མཆོག་ཤཱཀྱའི་དབང་པོ་ལ། འཕགས་པའི་གནས་བརྟན་ཆེན་པོ་བཅུ་དྲུག་གཙོ་བོར་གྱུར་པའི་ཞིང་མཆོག་རྒྱ་མཚོ་རང་རང་གི་ཞབས་འབྲིང་བཀའ་སྡོད་དང་བཅས་པས་བསྐོར་བ་གཟི་བྱིན་ལམ་མེར་བཞུགས་པའི་དྲུང་དུ། གསག་སྦྱོང་སྤེལ་བའི་སྙིང་པོ་ཡན་ལག་བདུན་པའི་དོན་རེ་རེ་ནས་གསལ་འདེབས་བཞིན་པས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་སོགས་ལན་གསུམ། སྔོན་ཆད་མ་རིག་གཉིས་འཛིན་གྱིས་སྒྲིབ་པས་རང་རིག་གི་ལྷ་ཞལ་མ་མཐོང་བའི་མཚོན་བྱེད་མིག་དར་འཆིང་འཚལ། འབྲུ་གསུམ་བརྗོད། སྟོན་མཆོག་རིན་པོ་ཆེ་འཁོར་བཅས་མཇལ་བའི་ཕྱག་རྟེན་ལྷའི་མེ་ཏོག་རིན་པོ་ཆེའི་ཕྲེང་བ་མཛེས་ཤིང་མ་ཉམས་པ་རེ་ཕྱག་ཏུ་ཐོགས་པར་མོས། པུཥྤེ་མ་ལ་ཧོཿ འདི་ལྟ་བུའི་དབང་ཞུ་བ་ལ་དབང་སྲོག་དམ་ཚིག་གི་རིམ་པ་སྤྱི་དང་། ཁྱད་པར་སྐུ་གསུང་ཐུགས་ཀྱིས་ཕྱེ་བ་འདི་རྣམས་ཚུལ་བཞིན་དུ་བསྲུང་དགོས་པས། དེ་ལྟར་མཛད་སྙམ་པར་དམ་འཆའ་བ་དང་། ལུས་ངག་ཡིད་དམ་ཚིག་གི་དཔང་པོར་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱས་འདེབས་པ་ཡིན་པས། ཁེ་ཉེན་གྱི་དོན་དྲན་པས་སྲུང་སྡོམ་ཚུལ་བཞིན་དགོས་པ་མཁྱེན་འཚལ། ཧཱུྃ༔ འདི་ནི་སྐུ་ཡི་སོགས། དེ་སྐད་བསྒྲགས་པ་རྣམས་བསྲུང་བར་ཁས་བླང་ཞིང་ཐ་ཚིག་གི་བྲོ་བོར་བ་འདིའི་རྗེས་ཟློས། ཀྱཻ༔ བླ་མའི་བཀའ་བཞིན་སོགས། དེས་ན་སྤྲོ་བ་བསྐྱེད་ཅིང་རྗེས་སུ་འཛིན་པ་སློབ་དཔོན་གྱིས་སྦྱིན་པ་ལགས་ཏེ། དེ་བས་དམ་ཚིག་སོགས། ཁྱེད་རང་དཀྱིལ་འཁོར་ཆེན་པོའི་མཐའ་ནས་གཡས་སྐོར་གྱིས་རིམ་པར་ཕྱོགས་བཞི་སོ་སོ་ནས་ལྷ་ཚོགས་རྣམས་ཀྱི་ཞབས་ལ་ཕྱག་བྱ་བའི་བློས་འདིའི་རྗེས་ཟློས། ཤར་ནས་ཞི་བའི་སོགས། སླར་ཤར་གྱི་སྒོ་དྲུང་དུ་འཁོད་ནས་ལྷ་ཚོགས་རྣམས་ཞལ་མཇལ་བའི་ཕྱག་རྟེན་དུ། ལྷའི་མེ་ཏོག་རིན་པོ་ཆེའི་ཕྲེང་བ་གསར་པ་རེ་ཕྱག་ཏུ་ཐོགས་པ་དེ་ཉིད། སྔོན་ནས་འབྲེལ་བའི་ལྷག་པའི་ལྷ་ཡིས་བཞེས་སུ་གསོལ་སྙམ་པའི་འདུན་པ་རྩེ་གཅིག་པས་འདིའི་རྗེས་ཟློས་ལན་གསུམ་གྱི་མཐར་སྔགས་དང་བཅས་ཏེ་དཀྱིལ་འཁོར་དུ་ཕུལ་ཅིག །བདག་གི་མེ་ཏོག་སོགས་ལན་གསུམ་དང་། སྔགས་བཅས། དེས་ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པ་གྲུབ། དེ་ནས་ནང་དུ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་བཅུག་པའི་ཕྱིར་བྱིན་དབབ་པ་ནི། དེའང་སྒོ་གསུམ་ཐ་མལ་པ་ལ་བཅུད་མི་ཆགས་པས། དེའི་ཕྱིར་སློབ་མ་རྣམས་ཀྱིས་སྣང་བ་གཟུང་འཛིན་གྱི་ཞེན་པས་མ་བཅིངས་པར། སྣང་དམིགས་སྤྲོས་པ་དང་བྲལ་བའི་ཡེ་ནས་མཉམ་རྫོགས་རང་བྱུང་རང་ཤར་གྱི་དཀྱིལ་འཁོར་བར་གསལ་འདེབས་དང་། ཡེ་ཤེས་ཀྱི་བྱིན་བསྡུ་བའི་དམིགས་པ་འདི་ཉིད་བརྟན་པོར་སྒོམས་ཤིག །ཁྱོད་ནི་ཐུབ་དབང་སོགས་སྤོས་རོལ་བཅས། རྩ་སྔགས་ལ། བཛྲ་ཨཱ་ཝེ་སོགས་བཏགས་པ་བཟླས་པས་བྱིན་དབབ། གཞུང་བཞིན་བརྟན་པར་བྱ། མིག་དབྱེ་བ་ནི། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་འཕྲོས། མ་རིག་པས་བསྒྲིབས་པའི་ལིང་ཏོག་མིག་རས་དང་ལྷན་ཅིག་བསལ་བར་མོས། ཧཱུྃ༔ འདི་ནི་རྡོ་རྗེའི་སོགས། དེ་ལྟར་ཕྱེས་པ་རང་བྱུང་ཡེ་ཤེས་ཀྱི་མིག་གིས་དོན་དམ་རྒྱལ་བའི་དཀྱིལ་འཁོར་པ་ཐམས་ཅད་མཐོང་བ་མེད་པའི་ཚུལ་གྱིས། མངོན་སུམ་རང་བབ་ཀྱི་སྤྱོད་ཡུལ་དུ་བཀྲ་ལམ་གྱིས་མཐོང་བར་མོས་ལ་སྤྲོ་བ་སྐྱེད་ཅིག །ཧཱུྃ༔ འདི་ནི་ཐུབ་དབང་སོགས། དེ་དག་གིས་སྦྱོར་བའི་ཆོས་རྣམས་གྲུབ་ནས། དངོས་གཞི་ལ་དབང་རྣམ་པ་ལྔ་རིམ་པར་འབྱུང་བ་ལས། དང་པོ་བུམ་པའི་དབང་བསྐུར་བ་ནི། རིན་པོ་ཆེའི་བུམ་པ་གཞལ་ཡས་ཁང་ཐར་པ་ཆེན་པོའི་ཕོ་བྲང་བྱང་ཆུབ་མཆོག་གི་རྒྱན་དུ་ཤར་བའི་བཀོད་པ་ཚད་མེད་པ་དང་ལྡན་པའི་ནང་དུ་རྒྱལ་མཆོག་ཤཱཀྱ་སེང་གེ་ལ། རྒྱལ་ཚབ་འཕགས་པའི་གནས་བརྟན་བཅུ་དྲུག་ཞབས་འབྲིང་བ་བཀའ་སྡོད་དང་བཅས་པ་ཏིལ་གོང་ཁ་བྱེ་བ་ལྟར་བཞུགས་པ་སློབ་བུའི་སྤྱི་བོར་བཞག་པས། དེ་རྣམས་ཀྱི་སྐུ་ལས་བདུད་རྩིའི་རྒྱུན་བབ་པ་སྤྱི་བོ་ནས་ཞུགས་པས་ལུས་ཀྱི་ནང་གང་ནས་ལས་ཉོན་བག་ཆགས་ཀྱི་དྲི་མ་ལྷག་མ་དང་བཅས་པ་བཀྲུས། ལུས་ནང་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་གང་བར་གྱུར་པར་མོས། ཧཱུྃ༔ འདི་ནི་ཕྱི་ལྟར་སོགས་ཀྱིས་དབང་བསྐུར་ཞིང་བུམ་ཆུ་སྦྱིན། གཉིས་པ་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བ་ནི། སློབ་དཔོན་ལ་གུས་འདུད་མཛད་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ་བས། ཐུབ་དབང་གཙོ་འཁོར་སོ་སོའི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་འཕྲོས། སློབ་བུའི་དཔྲལ་བ་ནས་ཞུགས་ཤིང་ཐིམ་པས་ལུས་ཀྱི་སྒོ་ནས་ཚུལ་ཁྲིམས་འཆལ་བ་གཙོ་བོར་གྱུར་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག་ནས་སྐུའི་དབང་ཐོབ། ལུས་ཀྱི་མཚན་མར་འཛིན་པ་གཏོར། མཚན་དཔེས་བརྒྱན་པའི་འགྱུར་མེད་རྡོ་རྗེའི་སྐུ་འགྲུབ་པར་མོས། ཧཱུྃ༔ འདི་ནི་ཐུབ་དབང་སོགས་སྐུ་དབང་ཡོངས་རྫོགས་བསྐུར། བཟླས་ལུང་གཏེར་གཞུང་ནང་འོག་ཏུ་འབྱུང་བ་བཞིན་དེར་བགྱིས་ཀྱང་རུང་མོད་དེ། འདིར་སྤྱི་འགྲོའི་ཁུལ་དུ་བྱས་ན། གསུམ་པ་གསུང་བཟླས་པ་སྔགས་ཀྱི་ལུང་སྦྱིན་པ་ནི། སླར་ཡང་སློབ་མས་གུས་འདུད་བྱས་པའི་རྐྱེན་གྱིས་སློབ་དཔོན་དང་མདུན་བསྐྱེད་དབྱེར་མེད་པའི་ཐུགས་ཀའི་སྔགས་འཁོར་ལས་སྔགས་ཕྲེང་གསེར་བཙོ་མའི་ཕྲེང་བ་ལྟ་བུ་མཐའ་ཡས་པའི་འོད་ཕྲེང་འཕྲོ་བཞིན་པ་བྱོན། ཞལ་ནས་ཐོན། སློབ་མའི་མགྲིན་པ་ནས་ཞུགས། ཐུགས་ཀར་ཟླ་གདན་ལ་གནས་པའི་ཧཱུྃ་ཡིག་སེར་པོའི་མཐར་གཡས་སྐོར་གྱིས་འཁོད་པ་ལས་འོད་ཟེར་འཕྲོ་འདུས་དོན་གཉིས་བྱས། ངག་གི་སྒོ་ནས་ཚུལ་ཁྲིམས་འཆལ་པ་གཙོ་བོར་གྱུར་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག་ནས་གསུང་གི་དབང་ཐོབ། ངག་གི་མཚན་མར་འཛིན་པ་ཞི་ནས། ཡན་ལག་བཅུ་གཉིས་ཀྱི་ཆོས་སྒྲ་སྒྲོག་པའི་འགག་མེད་རྡོ་རྗེའི་གསུང་འགྲུབ་པར་མོས་པས་འདིའི་རྗེས་ཟློས། སྔགས་ལན་གསུམ། བཞི་པ་ཐུགས་ཕྱག་མཚན་གྱི་དབང་བསྐུར་བ་ནི། སླར་ཡང་སློབ་དཔོན་ལ་གུས་འདུད་མཛད་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་བསྐུལ་བས། ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཐུགས་ཀྱི་ཡེ་ཤེས་ཕྱག་མཚན་གྱི་རྣམ་པར་ཤར་བ་རིམ་པར་བྱོན། སློབ་བུའི་སྙིང་ག་ནས་ཞུགས། ཡིད་ཀྱི་སྒོ་ནས་ཚུལ་ཁྲིམས་འཆལ་བ་གཙོ་བོར་གྱུར་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག་ནས་ཐུགས་ཀྱི་དབང་ཐོབ། ཡིད་ཀྱི་མཚན་མར་འཛིན་པ་ཞི་ནས། ཟག་མེད་ཏིང་འཛིན་གྱི་རྒྱ་མཚོ་སྒོམ་པར་ནུས་པ་འཁྲུལ་མེད་རྡོ་རྗེའི་ཐུགས་འགྲུབ་པར་མོས། ཧཱུྃ༔ འདི་ནི་ཐུབ་དབང་གསེག་ཤང་སོགས་ཀྱིས་ཕྱག་མཚན་རྣམས་སྙིང་གར་གཞག །ལྔ་པ་མཐའ་རྟེན་བྱིན་རླབས་གཏོར་མའི་དབང་བསྐུར་བ་ནི། གཏོར་སྣོད་ཐར་པ་ཆེན་པོའི་ཕོ་བྲང་ཆོས་ཀྱི་དབྱིངས་དང་མཉམ་པའི་དབུས་སུ། གཏོར་མ་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱའི་དབང་པོ། རྒྱལ་ཚབ་འཕགས་པ་གནས་བརྟན་ཆེན་པོ་བཅུ་དྲུག་ཞབས་འབྲིང་བཀའ་སྡོད་དང་བཅས་པའི་སྟེང་འོག་ཕྱོགས་མཚམས་རྣམས་སུ། བསྐལ་བཟང་གི་སངས་རྒྱས་བྱང་སེམས་ཉན་རང་འཕགས་ཚོགས་རྒྱ་མཚོ་བླ་མ་བརྒྱུད་པའི་ཚོགས་ཀྱིས་བསྐོར་བ། བཀྲག་མེར་རེ། འོད་ཀྱི་ལེ། བྱིན་ཐིབས་སེ་བཞུགས་པ། སློབ་བུའི་སྤྱི་བོར་སྤྱན་དྲངས་ཤིང་གསོལ་བ་བཏབ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་ཐོབ་པས། ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི། ཚེ་དཔལ་ལེགས་ཚོགས་རྒྱས། སྣང་སེམས་དབང་དུ་འདུས། མི་མཐུན་པའི་ཕྱོགས་ཚར་བཅད། ཉོན་ཤེས་ཀྱི་དྲི་མ་བག་ཉལ་དང་བཅས་པ་དྲུངས་ནས་ཕྱུང་སྟེ། རྟོགས་གྲོལ་དུས་མཉམ་གྱི་དགོངས་པ་ཀློང་དུ་གྱུར་ནས། བསྟན་དང་འགྲོ་བའི་དོན་ཀུན་བདེ་བླག་ཏུ་སྒྲུབ་ནུས་པའི་མཐུ་དབང་དམ་པ་ཐོབ་པར་མོས། ཧཱུྃ༔ འདི་ནི་ཐུབ་པ་སོགས་ཀྱིས་གཏོར་མ་སྤྱི་བོར་གཞག །སླར་ཡང་ནམ་མཁའི་དབྱིངས་ཁྱབ་པའི་རྒྱལ་བ་སྲས་བཅས་ལྷ་དང་དྲང་སྲོང་རྣམས་ཀྱིས་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཚིགས་སུ་བཅད་པའི་གླུ་དབྱངས་དང་བཅས་མེ་ཏོག་གི་ཆར་བསྙིལ་བས། ཕྱོགས་དུས་ཀུན་ཏུ་དགེ་ལེགས་ཀྱི་སྣང་བས་ཁྱབ་ཅིང་བརྟན་པར་བྱས་པར་མོས། ཕུན་སུམ་ཚོགས་པ་སོགས་ཞལ་ནས་གསུངས་པའི་བཀྲ་ཤིས་བརྗོད། དེ་རྣམས་ཀྱི་སྒོ་ནས་ཐུབ་དབང་གནས་བརྟན་བཅུ་དྲུག་གི་དབང་བསྐུར་ཟབ་མོ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཀྱིས་བརྒྱན་པ་རྫོགས་པར་གྲུབ་པ་ལགས་པས། གནས་སྐབས་དེ་དག་ཏུ་ཐོབ་ཅིང་ཁས་བླང་བའི་དམ་ཚིག་གི་རིམ་པ་རྣམས་ཚུལ་བཞིན་དུ་བསྲུང་བ་དང་། འདི་ཉིད་ཀྱི་སྒོ་ནས་རྒྱལ་བསྟན་རིན་པོ་ཆེ་ཡུན་དུ་གནས་པའི་བྱ་བ་གཙོ་བོར་བཏོན་པའི་དོན་གཉིས་རླབས་པོ་ཆེ་སྒྲུབ་པ་གལ་ཤིན་ཏུ་ཆེ་བས། དེ་ལྟར་འབད་པར་བགྱི་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། གཏང་རག་གི་མཎྜལ་ནི། ཀྱཻ༔ བླ་མ་ཐུབ་དབང་གནས་བཅུ་ལ༔ དབང་བསྩལ་སྐུ་དྲིན་གཏང་རག་ཏུ། །གླིང་བཞི་སྲིད་པའི་དགེ་ཚོགས་ནི༔ ཅི་མཆིས་བསྡུས་ཏེ་མཎྜལ་འབུལ༔ ཞེས་རྗེས་ཟློས་ཀྱིས་འབུལ་བཅུག །ལུས་འབུལ། དགེ་བསྔོ་དང་། ཆོ་གའི་རྗེས། ཀུན་གཟིགས་མཁྱེན་བརྩེའི་དབང་པོའི་ཆོག་སྒྲིག་གནས་ཆོག་མཇུག་གི་རྗེས་རིམ་ཡན་ལག་བདུན་པ་ཕྱིན་མཐར་དབྱུང་བ་ལྟ་བུ་སྤྱི་ལྟར་ལ། བསྟན་པ་རྒྱས་པའི་སྨོན་ལམ་སྤྱི་དང་བྱེ་བྲག་པ་གདབ་བོ། །དེ་རྣམས་ཀྱིས་བསྟན་པ་རྒྱས་བྱེད་ཀྱི་ཆོ་ག་དང་འབྲེལ་བའི་དབང་བསྐུར་གྱི་རིམ་པ་སྟེ། སྤྱི་སྡོམ་རྒྱས་པའི་ཕྲིན་ལས་ཀྱི་སྐོར་དུ་བཞུགས་པའི་དབང་བསྐུར་རྣམས་གྲུབ་པ་ལགས་སོ།། །། ༄༅། །བཞི་པ་དབང་གི་ལས་ཀྱི་སྐོར་ལ། རོང་ཟོམ་པཎྜི་ཏ་ཆོས་ཀྱི་བཟང་པོའི་ཟབ་གཏེར་ཀུན་གཟིགས་འཇམ་པའི་རྡོ་རྗེ་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་སླད་ནས་ཡང་གཏེར་དུ་བཀའ་བབ་པ། པདྨ་མཁའ་འགྲོ་རིགས་བྱེད་རྩལ་གྱི་བསྙེན་སྒྲུབ་ཕྲིན་ལས་ཀྱི་བྱང་བུ་དབང་བསྐུར་དང་བཅས་པ་བདེ་ཆེན་དགྱེས་པའི་དབྱངས་སྙན་ལྟར་དབང་སྒྲུབ། དབང་དངོས། གྲོལ་བྱེད་ཟབ་ཁྲིད་དང་བཅས་པ་འཆད། ཆོ་གའི་རྗེས་རིམ་བཅས་སོ།། །། ༈ ཞིག་པོ་གླིང་པའི་བདེ་མཆོག་མཁའ་འགྲོ་གསང་སྒྲུབ་ཀྱི་སྨིན་བྱེད་ཆོག་ཟིན་བལྟས་ཆོག་ཏུ་བཀོད་པ་དབང་ཆེན་འཕྲུལ་གྱི་བཅུད་འབེབ་ལྟར་དབང་སྒྲུབ་སྐབས། བཀའ་གཏེར་སྲུང་མའི་གཏོར་འབུལ་སྤྱི་དང་། བྱེ་བྲག་རྒྱལ་པོ་གཡུ་ཕྲེང་ཅན་གྱི་མཆོད་གཏོར་ཡི་གེ་གསུམ་གྱིས་བསང་སྦྱང་། འབྲུ་གསུམ་གྱིས་བརླབ་སྟེ། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས། སྲུང་མ་རྒྱལ་པོ་གཡུ་ཕྲེང་ཅན་འཁོར་དང་བཅས་པ་སྤྱན་དྲངས་པར་གྱུར། གཏེར་གཞུང་རྒྱལ་པོ་གཡུ་ཕྲེང་ཅན་གྱི་སྒྲུབ་ཐབས་ལྟར། འབོད་སྔགས་ཤམ་དུ། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་པ་ལན་གསུམ་གྱིས་གཏོར་མ་བསྔོས་ལ། ཧཱུྃ༔ མ་གཡེལ་དགྲ་བླ་སོགས་ནས། མཐུ་མ་ཆུང༔ ཞེས་པའི་མཚམས། དམ་རྫས་ཕུད་གཏོར་འདི་བཞེས་ལ། །རྐྱེན་དང་བར་ཆད་ཞི་བར་མཛོད། །ཟས་ནོར་ལོངས་སྤྱོད་ཆར་ལྟར་ཕོབ། ཁམས་གསུམ་སྲིད་གསུམ་དབང་དུ་སྡུས། །བཅོལ་པའི་སོགས་སྦྲེལ་བའི་ཕྲིན་བཅོལ་བཅས་སྦྱར། དབང་དངོས། རྗེས་ཆོག་སྐབས། ཚོགས་ལ་རོལ་རྗེས། སྤྲོ་ན་ཞིག་གླིང་རྒྱལ་འདུས་བཞིན་དང་། སྐབས་འདིར་བསྡུས་པའི་ལུགས། ༼ཉ༽འཇའ་ཚོན་དཀོན་སྤྱི་བཞིན་ལྷག་མ་བཏང་མཐར། འདི་ཉིད་ཀྱི་ལས་བྱང་མཇུག་གི །ཧཱུྃ༔ མི་མངོན་དབྱིངས་ནས་སོགས་ཀྱིས་ཐུགས་དམ་བསྐུལ། དཀོན་སྤྱིའི་ཆད་བརྟན་རྟ་བྲོ་གྲུབ་ནས། ལས་བྱང་ལྟར་མཆོད་ཅིང་བསྟོད་ལ། དངོས་གྲུབ་བླང་བ་ནི། ཧཱུྃ། བདེ་མཆོག་བདེ་སྤྱོད་ནམ་མཁའི་དཀྱིལ་ཡངས་ནས། །འགྲོ་ལ་རྩེ་གཅིག་དགོངས་པའི་ཐུགས་དམ་ཅན། །བླ་མ་བདེ་མཆོག་ཡི་དམ་དཀྱིལ་འཁོར་ལྷ། །འཁོར་བཅས་མཁྱེན་བརྩེ་ཡེ་ཤེས་སྒོ་ཕྱེས་ལ། །དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ། །སྒྲུབ་མཆོག་བདག་ལ་དུས་འདིར་བསྩལ་དུ་གསོལ། །འཇིག་རྟེན་འདས་པའི་བྱིན་རླབས་དངོས་གྲུབ་དང་། །བརྟན་གཡོའི་དྭངས་མ་ཁྱད་པར་འདོད་པའི་དོན། །ད་ལྟ་ཉིད་ལ་དབང་དུ་འདུས་ནས་ཀྱང་། །རང་སྣང་དབང་འདུས་གཞན་སྣང་ཟིལ་གྱིས་གནོན། །བསམ་དོན་ཡིད་བཞིན་འགྲུབ་པའི་དངོས་གྲུབ་སྩོལ། །ཨཱོྃ་ཨཱཿཧཱུྃ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨ་ཏྲི་ནྲྀ་ཛ་སིདྡྷི་ཀུ་རུ་སྡུས་པཱ་ཤཾ་ཀུ་རུ་ཧཱུྃ་ཛ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ནོངས་བཤགས་ནི། ཧཱུྃ༔ བླ་མ་ཡི་དམ་སོགས་ལས་བྱང་གི་མཆོད་རླབས་འཕྲོས་སུ་འབྱུང་བ་ཡིག་བརྒྱ་བཅས་བརྗོད། མདུན་བསྐྱེད་བརྟན་བཞུགས་དང་། བདག་བསྐྱེད་བསྡུ་ལྡང་ནི། བདག་གི་སྙིང་ག་ནས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་འོད་དམར་པོའི་རྣམ་པར་ཞུ་སྟེ་རང་ལྷར་གསལ་བའི་ཐུགས་སྲོག་ཧྲཱིཿདང་དབྱེར་མེད་དུ་འདྲེས། དེའང་མི་དམིགས་པ་འོད་གསལ་བདེ་བ་ཆེན་པོའི་ངང་དུ་ཐིམ་པར་གྱུར་པར་མོས་ལ་མཉམ་པར་གཞག །སླར་ཡང་རང་ཉིད་བདེ་མཆོག་འཁོར་ལོ་ཡབ་ཡུམ་གྱི་སྐུར་གྱུར་པའི་གནས་གསུམ་དུ་ཨཱོྃ་ཨཱཿཧཱུྃ་གིས་མཚན་པར་གྱུར། ཞེས་ཐུན་མཚམས་ཀྱི་ལྷར་ལྡང་། སྨོན་ལམ་ནི། བདག་གཞན་དུས་གསུམ་བསགས་པའི་དགེ་བ་ཡིས། །རླུང་སེམས་སྣང་བ་དབང་དུ་འདུས་ནས་ཀྱང་། །འཁོར་འདས་ཀུན་གྱི་ཁྱབ་བདག་བདེ་བ་ཆེ། །བདེ་མཆོག་ཡབ་ཡུམ་གོ་འཕང་མྱུར་ཐོབ་ཤོག །བཀྲ་ཤིས་ནི། ཧྲཱིཿ དུས་གསུམ་བདེ་གཤེགས་ཀུན་རྣམས་འདུས་པའི་བདག༔ སྤྲུལ་སྒྱུར་སྣ་ཚོགས་འགྲོ་དོན་གར་ཐབས་སྒྱུར༔ སྣང་སྲིད་ཟིལ་གནོན་དྲེགས་པ་དབང་དུ་སྡུད༔ བདེ་མཆོག་འཁོར་ལོའི་ལྷ་ཚོགས་བཀྲ་ཤིས་ཤོག༔ ཕྱི་རོལ་ཡུལ་སྣང་མཐའ་དག་དབང་དུ་འདུས། །རླུང་སེམས་འཁྲུལ་རྟོག་ནང་གི་དབུ་མར་ཞུགས། །འགྱུར་མེད་བདེ་ཆེན་རྡོ་རྗེ་དྲྭ་བ་སྡོམ། །ཆོས་དབྱིངས་ཀུན་ཁྱབ་ཆེན་པོའི་བཀྲ་ཤིས་ཤོག །ཅེས་པ་རྣམས་སྦྱར་བས་གྲུབ་བོ།། །། ༈ ཐུགས་ཀྱི་རྡོ་རྗེའི་དགོངས་གཏེར་སྒྲོལ་མ་དམར་མོ་གསང་སྒྲུབ་ཀྱི་དབང་ཆོག་ཀུན་ཕན་སྙིང་གི་བདུད་རྩི་ལྟར་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ མཆོག་གྱུར་གླིང་པའི་རྩ་གསུམ་ཚེའི་ཟབ་པའི་པདྨ་མཁའ་འགྲོ་དབང་གི་ལྷ་མོའི་དབང་བསྐུར་བའི་ཆོ་གའི་ལྷན་ཐབས་ཁྲིགས་སུ་བསྡེབས་པ་པདྨ་རཱ་གའི་བུམ་པ་ལྟར་དབང་སྒྲུབ་ཀྱི་བུམ་བཟླས་མཐར། ༼འི༽འདི་ཉིད་ཀྱི་བཀའ་སྲུང་ལྷ་ཆེན་གྱི་དབང་ཆོག་སིནྡྷུ་བ་རའི་ཆུ་རྒྱུན་ལྟར། ལྷ་ཆེན་བསྐྱེད་བཟླས་རྗེས། པདྨ་མཁའ་འགྲོའི་གཏོར་འབུལ། ལྷ་ཆེན་གཏོར་འབུལ། པདྨ་མཁའ་འགྲོའི་ཚོགས་རྣམས་སྦྲེལ། དངོས་གཞིར་པདྨ་མཁའ་འགྲོའི་དབང་བསྐུར་བྱིན་རླབས་ཐུན་མོང་བའི་མཐར། དམ་ཚིག་བསྒྲག་གཟུང་སོགས་ལ་འཇུག །ཐུན་མོང་མ་ཡིན་པའི་བྱིན་རླབས་གཅིག་བརྒྱུད་མ་གུད་དུ་སྦས་ཤེས་པར་བྱ། རྗེས་གཏང་རག་དང་ཞུ་ཡོན་ཕྱོགས་འདུས་བྱས་ཏེ། ལོ་རྒྱུས་ནས་གཟུང་ལྷ་ཆེན་དབང་ཆོག་སིནྡྷུ་བ་རའི་ཆུ་རྒྱུན་ལྟར་བསྐུར། ཆོ་གའི་རྗེས། དབང་ཆོག་གཉིས་པོ་གབ་སྤྲད་པས་བཏང་བས་གྲུབ་བོ།། །། ༈ ཆོས་རྗེ་གླིང་པའི་གནོད་སྦྱིན་ཛམྦྷལ་དམར་པོའི་གསང་སྒྲུབ་ཀྱི་རྗེས་གནང་སྲོག་གཏད་ཐུན་མོང་མ་ཡིན་པ་ཇི་ལྟར་བྱ་བའི་ཡི་གེ་ཁམས་གསུམ་དབང་བྱེད་ལྟར་དབང་སྒྲུབ། དངོས་གཞི་དབང་ཐུན་མོང་དང་། རྗེས་རིམ་བཅས་བྱ། འདིའི་ཐུན་མིན་དང་། ལས་མཁན་དབང་ཕྱུག་དམར་པོའི་བཀའ་གཏད་བསྒྲུབ་ཅིང་རྗེས་གནང་མན་ངག་གུད་སྦས་ལས་ཤེས་པར་བྱོས།། །། ༈ བྱང་གཏེར་ལྷ་ཆེན་བསོད་ནམས་དཔལ་འབར་གྱི་དབང་གི་ཐོག་མར་གོང་ནོན་བདག་བསྐྱེད་ནི། སྐྱབས་འགྲོ། ཐུགས་རྗེའི་དབང་གིས་འགྲོ་དོན་མཛད༔ བླ་མ་རྣམས་ལ་སྐྱབས་སུ་མཆི༔ མི་འབྲལ་རྩེ་གཅིག་བྱིན་རློབ་པའི༔ ཡི་དམ་ལྷ་ལ་སྐྱབས་སུ་མཆི༔ ལེགས་ཉེས་སྟངས་འཛིན་དངོས་གྲུབ་སྟེར༔ མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ སྨོན་འཇུག་དོན་དམ་སེམས་བསྐྱེད་ནི། སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས༔ འགྲོ་དོན་སངས་རྒྱས་འཐོབ་བྱ་སྙམ༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་ཅིང༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ འཇུག་པའི་བྱང་ཆུབ་སེམས་བསྐྱེད་དེ༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ༔ ཚོགས་གསག་ཡན་ལག་བཅུ་པ་ནི། བླ་མ་ཡི་དམ་མཁའ་འགྲོ་གནས་འདིར་གཤེགས༔ ཉི་ཟླ་པད་གདན་མཛེས་ལ་དགྱེས་པར་བཞུགས༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་མཆོད་སྤྲིན་ཀུན་གྱིས་མཆོད༔ སྔོན་ནས་ད་བར་མི་དགེ་བཅུ་བསགས་བཤགས༔ དུས་གསུམ་དགེ་ཚོགས་སྤྱོད་ལ་རྗེས་ཡི་རང༔ བདག་གཞན་ཡོངས་གྲོལ་ཆོས་འཁོར་བསྐོར་བར་བསྐུལ༔ འགྲོ་དོན་མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ སྒོ་གསུམ་དགེ་སྤྱད་མ་ལུས་བྱང་ཆུབ་བསྔོ༔ མཁའ་མཉམ་འགྲོ་རྣམས་སྐུ་གསུམ་མངོན་གྱུར་ཤོག༔ ཅེས་སྐྱབས་སེམས་དང་ཚོགས་གསག་རྗེས། རཾ་ཡཾ་ཁཾ། རྣམ་དག་ཆོས་དབྱིངས་སོགས། ཨོཾ་ཨཱཿཧཱུྃ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ་གིས་བྱིན་བརླབ། བདག་མདུན་དབྱེར་མེད་ཀྱི་ཏིང་འཛིན་དང་ལྡན་པས། ཨོཾ་སྭ་བྷཱ་ཝ་སོགས། དང་པོ་སྟོང་པའི་ངང་ལས་ཧྲཱིཿདམར་པོ་ཞིག་བསམ༔ དེ་ལས་འོད་ཟེར་དམར་པོ་འཕྲོས་པདྨ་དབང་གི་ཞིང་ཁམས་ཁྱབ༔ ཚུར་འདུས་པ་ལས་རང་ཉིད་སློབ་དཔོན་པདྨ་འབྱུང་གནས་སྐུ་མདོག་དམར་པོ་པདྨ་རཱ་གའི་མདོག་ལྟ་བུ༔ སྤྱན་རྩ་དམར་པོ་མདངས་དང་ལྡན་པ༔ དབང་གི་འཇོལ་བེར་དམར་པོ་མནབས་པ༔ དབུ་ལ་པད་ཞུ་གསོལ་བ༔ ཕྱག་གཉིས་དབང་སྡུད་ལྕགས་ཀྱུའི་ཕྱག་རྒྱ་མཛད་པ༔ ཉི་ཟླ་པདྨའི་གདན་ལ་བཞུགས་པ༔ དེའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས༔ ཨོ་རྒྱན་ནས་དམ་ཚིག་པ་ཅི་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་པར་གྱུར༔ སྤོས་རོལ་བཅས། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་སོགས་ཚིག་བདུན་དབྱངས་ཀྱི་མཐར། ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་བཛྲ་ས་མ་ཡ་ཛཿཛ༔ ཞེས་སྤྱན་དྲངས། བཞུགས་ཕྱག་ནི། དབྱིངས་ནས་སྤྱན་དྲངས་ཡེ་ཤེས་པ༔ དམ་ཚིག་འཁོར་ལོར་དབྱེར་མེད་བཞུགས༔ དངོས་གྲུབ་ཆར་འབེབ་བར་ཆད་སེལ༔ རང་རིག་ལྷ་དང་མཇལ་ཕྱག་འཚལ༔ ས་མ་ཡ་ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ མཆོད་པ་ནི། ཧཱུྃ༔ སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ལས༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ ཉེར་སྤྱོད་འདོད་ཡོན་སྨན་རཀ་གཏོར༔ ཟག་མེད་བདེ་བ་ཆེན་པོར་བཞེས༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་སོགས། ཤབྡ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ཧོ༔ བསྟོད་པ་ནི། ཧྲཱི༔ མ་བཅོས་སྤྲོས་བྲལ་སོགས་ཤྭ་ལོ་ཀ་གཅིག་གིས་བསྟོད། ཛཔ྄་དམིགས་ནི། ཐུགས་ཀར་ཟླ་སྟེང་རྡོ་རྗེའི་ལྟེ་བ་རུ༔ ཧྲཱིཿམཐར་སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས༔ འཕགས་མཆོད་བྱིན་རླབས་དངོས་གྲུབ་རང་ལ་བསྡུས༔ འགྲོ་དྲུག་སྒྲིབ་སྦྱང་སྣོད་བཅུད་པདྨ་འོད༔ དམ་ཅན་མཁའ་འགྲོ་དྲེགས་པ་དབང་དུ་བསྡུས༔ སྣང་གྲགས་རིག་གསུམ་སྐུ་གསུང་ཐུགས་སུ་གསལ༔ ཞེས་གསལ་བཏབ་ནས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་པཱ་ཤཾ་ཀུ་རུ་རཏྣ་སིདྡྷི་ཛཿཛ༔ ཞེས་བཟླས་མཐར། ཡེ་ཤེས་ལྷ་ཚོགས་སོགས་ཀྱིས་ཛཔ྄་མཆོད་བསྟོད་བཤགས་ཆབས་ཅིག་ཏུ་ཕུལ། རང་ཉིད་གུ་རུ་འོད་དུ་ཞུ་ནས་རྟ་མགྲིན་དུ་བསྐྱེད་པ་ནི། ཧྲཱིཿ ཞེས་བརྗོད་པས་རིག་པ་ཧྲཱིཿཡིག་དམར་པོ་ཡོངས་སུ་གྱུར་པ་ལས། དབང་ཆེན་རྟ་མགྲིན་སྐུ་མདོག་དམར་ནག་དབུ་ཚངས་པའི་འཇིག་རྟེན་དུ་སླེབ་པ། ཞབས་རྒྱ་མཚོའི་གཏིང་དུ་བརྐྱང་བ། ཉི་ཟླ་གཟའ་སྐར་རྐེད་ལ་འཁོར་བ། རི་རབ་ལ་སྟེགས་བྱས་པ། ཕྱག་གཡས་པས་གཟུགས་ཁམས་འདེགས་ཤིང་གཡོན་པས་འདོད་ཁམས་མནན་པ། དུར་ཁྲོད་ཀྱི་ཆས་ཀྱིས་ཀུན་ནས་བརྒྱན་པ། རྟ་སྐད་གཡས་གཡོན་སྟེང་འོག་ཏུ་བསྒྲགས་པས་ཕོ་རྒྱུད་མོ་རྒྱུད་གཟའ་ཀླུ་ཐམས་ཅད་དབང་དུ་སྡུད་པ། ཧྲཱིཿཧཱུྃ་ཕཊ་གསུམ་གྱི་སྒྲ་འབྲུག་ལྟར་ལྡིར་བས་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་སྐུར་གྱུར། ཅེས་གསལ་བཏབ་པའི། ཐུགས་ཀར་ཉི་སྟེང་ཧྲཱིཿདམར་སྔགས་ཀྱིས་སྐོར་བའི་འོད་ཟེར་གྱིས་རྒྱལ་བ་མཆོད་ཅིང་བྱིན་རླབས་བསྡུས། དྲེགས་པ་ཐམས་ཅད་ཚར་བཅད་ནས་དབང་དུ་བྱས། ཕྲིན་ལས་རབ་འབྱམས་ལྷུན་གྱིས་གྲུབ་པར་དམིགས་ལ། ཧྲཱིཿམ་ཧཱ་ཀྲོ་དྷ་པདྨཱནྟ་ཀྲྀཏ་ཧྱཾ་གྲཱྀ་ཝ་ཧཱུྃ་ཧཱུྃ་ཕཊ༔ ཡ་མ་ར་ཙ་དུ་ཏྲི་ཕུ་ཏྲི་ཧྲཱིཿཧཱུྃ་ཕཊ༔ ཅེས་བཟླས་མཐར། ཨརྒྷཾ་སོགས་ཀྱིས་མཆོད། རྟ་མགྲིན་རྒྱལ་པོ་དབང་གི་ལྷ། །དྲེགས་པ་ཀུན་འདུལ་པདྨ་འབྱུང་། །བླ་མ་རིག་འཛིན་སྤྲུལ་སྐུ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཞེས་བསྟོད། དེ་ནས་ལྷ་ཆེན་གྱི་མཆོད་གཏོར་བསང་སྦྱང་། རང་ཉིད་སློབ་དཔོན་པདྨར་གསལ་བའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས༔ མཆོད་རྫས་ལ་ཕོག༔ ཟག་པ་མེད་པའི་བདུད་རྩིར་གྱུར༔ ཨརྒྷཾ་ལས་མཆོད་ཡོན་རོ་བརྒྱ་དང་ལྡན་པ༔ དྷཱུ་པེ་ལས་བདུག་སྤོས༔ པུཥྤེ་ལས་མེ་ཏོག༔ ཨཱ་ལོ་ཀེ་ལས་མར་མེ༔ གནྡྷེ་ལས་དྲི་ཆབ༔ ནཻ་བིདྱཱ་ལས་ཞལ་ཟས༔ ཤབྡ་ལས་རོལ་མོ་ལ་སོགས་པ་མཆོད་རྫས་བསམ་གྱིས་མི་ཁྱབ་པ། འཕྲུལ་དགའ་ལྷའི་འདོད་ཡོན་ལྟ་བུར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དྷཱུ་པེ་ནས། ཤབྡའི་བར་དང་། གཏོར་ཆེན་བསང་སྦྱང་། གཏོར་སྣོད་ཀྱི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ལྟ་བུ་ལྟེ་བ་ལ༔ རྡོ་རྗེ་རྒྱ་གྲམ་གྱིས་མཚན་པ༔ དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ༔ དེའི་སྟེང་དུ་ཀཾ་ལས་མི་མགོའི་སྒྱེད་པུ་གསུམ༔ དེའི་སྟེང་དུ་བྷྲཱུྃ་ལས་གཏོར་སྣོད་ཟངས་ཀྱི་ཟླ་གམ་འཇིག་རྟེན་གྱི་ཁམས་དང་མཉམ་པའི་སྟེང་དུ༔ ཨོཾ་ཨཱཿཧཱུྃ༔ ཞེས་བརྗོད་པས་ཤ་ལྔ༔ བདུད་རྩི་ལྔ༔ རི་རབ་ལྷུན་པོ༔ གསེར་གྱི་རི་བདུན་དང༔ རོལ་པའི་མཚོ་བདུན༔ གླིང་བཞི་གླིང་ཕྲན་གྱིས་བསྐོར་བ་ཙམ་དུ་རྒྱ་ཆེ་ཞིང་འཕངས་མཐོ་བ་འདོད་ཡོན་ལྷ་མོར་བཅས་པའི་ལོངས་སྤྱོད་འཛད་མེད་མཁའ་དབྱིངས་རྒྱན་གྱི་གཏེར་དུ་འཆར་བར་གྱུར་པར་བསམ། ཨོཾ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བྷ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་སྭཱ་ཧཱ་བཟླས་པས་བྱིན་བརླབས། མདུན་རྟེན་བསང་སྦྱང་། སྟོང་པའི་ངང་ལས་རང་གི་མདུན་དུ་ཨེ་ལས་ཟླ་གམ་རཀྟའི་དཀྱིལ་འཁོར་རིན་པོ་ཆེ་སྣ་ཚོགས་ཀྱིས་མཛེས་པར་བརྒྱན་པའི་སྐྱེད་མོས་ཚལ། འཕྲུལ་དགའ་ལྷའི་ཞིང་གི་བཀོད་པའི་ཡོན་ཏན་གྱི་ཁྱད་པར་དང་ལྡན་པའི་གནས་སུ་བྷྲཱུྃ་ལས་ཐིག་ལེ་དམར་པོའི་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པ་གེ་སར་དང་བཅས་པའི་ལྟེ་བར་འཁོར་ལོ་དམར་པོ་རྩིབས་བརྒྱད་པ། དེའི་ལྟེ་བར་པདྨ་རཱ་ག་ལས་གྲུབ་པའི་ཕོ་བྲང་གཞལ་ཡས་ཁང་ཟླ་གམ་སྒོ་གཅིག་པ་རྒྱན་དང་བཀོད་པ་ཡོངས་སུ་རྫོགས་པའི་དབུས་སུ། པདྨ་ཉི་ཟླ་ཟངས་ཀྱི་ཟླ་གམ་རྣམས་གདན་ཐབས་སུ་བརྩེགས་པའི་སྟེང་དུ། སྲིད་པ་གསུམ་གྱི་དྭངས་བཅུད་འདུས་པའི་ངོ་བོ་ཡི་གེ་ཧྲཱིཿདམར་པོ་འོད་འབར་བ། ཨོཾ་མ་ཧཱ་དེ་བ་ཧཱུྃ། ཞེས་བརྗོད་པའི་རྐྱེན་གྱིས་ཧྲཱིཿཡིག་དེ་ཉིད་ཡོངས་སུ་གྱུར་པ་ལས། འདོད་པ་ཁམས་ཀྱི་དབང་ཕྱུག་ལྷ་ཆེན་པོ་བསོད་ནམས་དཔལ་འབར་སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ཏིལ་མར་གྱིས་བསྐུས་པ་ལ་ཉི་མ་བྱེ་བའི་འོད་ཀྱིས་འཁྱུད་པ་ལྟར་གཟི་བརྗིད་འབར་བ། ཞལ་གཅིག །ཕྱག་བཞི་པ། སྤྱན་གསུམ་ཟླུམ་འཁྱིལ་ཕྱོགས་བཅུར་གཟིགས་པ། ཞི་མ་ཁྲོའི་ཉམས་ཀྱིས་སྒེག་ཅིང་འཛུམ་པའི་ཞལ་མཆེ་བའི་མྱུ་གུ་ཅུང་ཟད་གཙིགས་པ། ལྗགས་དབང་སྡུད་ཀྱི་དཀྱིལ་འཁོར་ཟླ་གམ་དམར་པོའི་དཀྱིལ་ནས་ཧྲཱིཿདམར་པོ་ལས་འོད་ཟེར་འཕྲོ་བ། དབུ་སྐྲ་རལ་པ་མཛེས་པས་བར་སྣང་ཁྱབ་པ། སྤྱི་གཙུག་ན་ཡིད་བཞིན་གྱི་ནོར་བུ་འོད་འབར་བས་མཚན་པ། ཕྱག་གཡས་དང་པོས་ལྕགས་ཀྱུ་དམར་པོ་བསྣམས་པས་འཇིག་རྟེན་ཁམས་ཀྱི་ཟས་ནོར་ཐམས་ཅད་འགུགས་པ། འོག་མས་རིན་པོ་ཆེའི་ཞགས་པ་འཕེན་པས་འཇིག་རྟེན་ན་ཆེ་བའི་ལྷ་མིའི་དབང་པོ་རྣམས་འཛིན་པ། གཡོན་གྱི་དང་པོས་ནོར་བུ་རིན་པོ་ཆེ་བསྣམས་པ་ལས་དགོས་འདོད་ཆར་བཞིན་འབེབ་པ། འོག་མས་སྲིད་པའི་མེས་པོ་བསྣམས་པའི་འོད་ཀྱིས་འདོད་ཁམས་ཐམས་ཅད་གཡོ་བར་བྱེད་པ། གཅེར་བུ་རབ་ཏུ་རྒྱས་པའི་མཚན་མ་དམར་པོ་གྱེན་དུ་སྒྲེང་བ། དབུ་དང་། སྐུ་དང་། ཡན་ལག་གི་ཆ་ཀུན་ལྷའི་རིན་པོ་ཆེ་དུ་མས་བརྒྱན་པ། མེ་ཏོག་གི་ཕྲེང་བ་དང་དར་གྱི་ཅོད་པན་འཕྱངས་པ། རེག་པ་ཙམ་གྱིས་སྲིད་པ་གསུམ་གྱི་བརྟན་པ་འཕྲོག་ཅིང་འགུགས་པར་བྱེད་པའི་འོད་ཟེར་དམར་པོའི་ཕྲེང་བ་རབ་ཏུ་འཁྲིགས་པའི་ཀློང་ན་བཞུགས་པ། དེའི་གཡོན་དུ་ཡུམ་ཨུ་མཱཿདེ་བཱི་སྐུ་མདོག་དམར་མོ་ཆགས་པའི་ཉམས་ཅན་ལང་ཚོ་རྒྱས་ཤིང་། ཞལ་གཅིག་ཞི་འཛུམ་བཞད་པའི་མདངས་ལྡན་སྤྱན་གསུམ་པ། ཕྱག་གཡས་དངུལ་དཀར་གྱི་མེ་ལོང་འཛིན་པས་ཡབ་ལ་འཁྱུད་ཅིང་། གཡོན་ན་མི་ཟད་པའི་རིན་པོ་ཆེའི་གཏེར་འཇོ་བའི་བུམ་པ་འཛིན་པ། དར་དང་རིན་པོ་ཆེ་དང་མེ་ཏོག་ལ་སོགས་པའི་རྒྱན་གྱི་བྱེ་བྲག་དུ་མས་མཛེས་པར་བརྒྱན་པའོ། །གཞལ་ཡས་ཁང་གི་ཕྱི་རོལ་གྱི་འཁོར་ལོའི་གཡས་ཀྱི་རྩིབས་ལ་ཚོགས་བདག་གླང་གདོང་དམར་པོ་གཡས་རིན་པོ་ཆེའི་ལྕགས་ཀྱུ་གཡོན་ལ་ཕུག་དང་ནོར་བུ་བསྣམས་པ་རིན་པོ་ཆེའི་བྲག་རི་དང་བྱི་བའི་གདན་ལ་བཞུགས་པ། ལྷོ་ནུབ་ཀྱི་རྩིབས་ལ་གཞོན་ནུ་ཀཱརྟྟི་ཀེ་དཀར་པོ་གཡས་ནོར་བུ་རིན་པོ་ཆེ་དང་གཡོན་རིན་པོ་ཆེས་བཀང་བའི་སྒྲོམ་བུ་བསྣམས་ཤིང་རིན་ཆེན་བྲག་རིའི་གདན་ལ་མཛེས་པར་བཞུགས་པ། རྒྱབ་ཀྱི་རྩིབས་ལ་ཏྲིག་ཤ་ནག་པོ་གཡས་རིན་པོ་ཆེ་འབར་བ་ཐུགས་ཀར་དང་གཡོན་ནེའུ་ལེའི་རྐྱལ་པ་འཛིན་ཞིང་རིན་ཆེན་ཉི་ཟླ་པདྨའི་གདན་ལ་བཞུགས་པ། ནུབ་བྱང་གི་རྩིབས་ལ་ཛམ་བྷ་ལ་དམར་པོ་གཡས་རིན་པོ་ཆེ་དང་གཡོན་ནེའུ་ལེའི་རྐྱལ་པ་བསྣམས་ཤིང་པདྨ་ཉི་ཟླ་བུམ་པའི་གདན་ལ་བཞུགས་པ། གཡོན་གྱི་རྩིབས་ལ་རྣམ་ཐོས་སྲས་དམར་པོ་ཞལ་གཅིག་ཕྱག་བཞི་པ་གཡས་གཉིས་མདུང་དམར་དང་རིན་པོ་ཆེ་གཡོན་གཉིས་ནེའུ་ལེ་དང་ལྕགས་ཀྱུ་བསྣམས་ཤིང་སེང་གེའི་གདན་ལ་བཞུགས་པ། བྱང་ཤར་གྱི་རྩིབས་ལ་ཨ་པ་རཱ་ཙིཏྟ་དཀར་པོ་ཕྱག་གཡས་རིན་པོ་ཆེ་དང་གཡོན་བུམ་པ་བསྣམས་ནས་པུས་ཙུག་གིས་བུམ་པའི་ཁྲི་ལ་བཞུགས་པ། མདུན་གྱི་རྩིབས་ལ་ཞང་བློན་རྡོ་རྗེ་བདུད་འདུལ་སྔོན་པོ་གཡས་རིན་པོ་ཆེའི་སྒྲོམ་བུ་དང་གཡོན་ནོར་བུ་རིན་ཆེན་འབར་བ་བསྣམས་ཤིང་བཻ་ཌཱུརྻའི་ཁྲི་ལ་བཞུགས་པ། ཤར་ལྷོའི་རྩིབས་ལ་གང་བ་བཟང་པོ་གསེར་མདོག་གཡས་གཏེར་གྱི་བུམ་པ་དང་གཡོན་ནེའུ་ལེའི་རྐྱལ་པ་བསྣམས་པ་རྟ་མཆོག་གསེར་གྱི་མདོག་ཅན་གྱི་སྟེང་ན་བཞུགས་པ། དེ་ཐམས་ཅད་ཀྱང་དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་སྒེག་ཅིང་ཆགས་པའི་ཉམས་ཅན། རང་འོད་ཀྱི་ཕྲེང་བ་འཁྲིགས་པའི་ཀློང་ན་བརྗིད་པས་རོལ་པའོ། །གཞན་ཡང་སྟེང་འོག་བར་མཚམས་ཀུན་ཏུ་སྲིད་པ་གསུམ་ལ་དབང་བར་བྱེད་པའི་ལྷ་ཆེན་ནོར་ལྷ་རབ་འབྱམས་ཏིལ་གང་ཁ་ཕྱེས་པ་ལྟ་བུས་ཡོངས་སུ་གང་བའི། གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་དང་། སྲོག་ཡིག་ཧྲཱིཿདམར་པོས་མཚན་པར་གྱུར། བདག་ཉིད་ཀྱི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་པས། ནུབ་ཕྱོགས་དབང་གི་ཞིང་དང་སུམ་ཅུ་རྩ་གསུམ་ལྷའི་ཡུལ་གཞན་འཕྲུལ་དབང་བྱེད་ཀྱི་གནས་རྣམས་སོགས་སུ། དབང་ཕྱུག་ཆེན་པོ་བཞུགས་པའི་ཐུགས་ཀར་ཕོག་པ་ཙམ་གྱིས་སྔོན་གྱི་དམ་ཚིག་རྗེས་སུ་དྲན་ནས་འཁོར་དང་བཅས་པ་ཁམས་གསུམ་གཡོ་བའི་ཆོ་འཕྲུལ་དང་བཅས། གློག་ལྟར་མྱུར་བའི་ཤུགས་ཀྱིས་སྐད་ཅིག་ལ་མདུན་དུ་གཤེགས་པར་གྱུར། གུ་གུལ་གྱི་དུད་པ་གཏང་། རོལ་མོ་ལྡིར་ཞིང་དབྱངས་དང་བཅས་པས། ཧྲཱི༔ ནུབ་ཕྱོགས་པདྨ་འབར་བའི་ཞིང་ཁམས་ཆེ། །ཐམས་ཅད་དབང་དུ་སྡུད་པའི་དཀྱིལ་འཁོར་ནས༔ དབང་ཕྱུག་ཆེན་པོ་ཀྵེ་ཏྲ་པཱ་ལ་དང༔ ཡུམ་གཅིག་ཨུ་མཱཿདེ་བཱི་འཁོར་དང་བཅས༔ བཞེངས་ཤིག་དབང་ཕྱུག་དབྱིངས་ནས་བཞེངས༔ གནས་མཆོག་འདི་རུ་གཤེགས་སུ་གསོལ༔ གཤེགས་ཤིང་བཞུགས་པའི་གནས་ངན་ཡང༔ སློབ་དཔོན་པདྨའི་སྤྱན་སྔ་རུ༔ སྲིད་གསུམ་དབང་དུ་སྡུད་པར་ཞལ་བཞེས་ལྟར༔ དད་མོས་གདུང་བ་བསྐྱེད་པ་དང༔ བདག་ཅག་ཕོངས་པ་བསལ་བའི་ཕྱིར༔ པདྨ་འབར་བའི་གཞལ་ཡས་ནས༔ དབང་ཕྱུག་ཡབ་ཡུམ་འཁོར་དང་བཅས༔ དམ་ལ་མ་འདའ་ད་ཚུར་བྱོན༔ ཨོཾ་དེ་བ་ཤྭ་ར་མ་ཧཱ་ཨེ་ཤ་ཙིཏྟ་ཧྲིཾ་ཡཾ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་སྤྱན་དྲངས། བཞུགས་གསོལ་ནི། ཧྲཱིཿ ངོ་མཚར་བཀོད་པ་མཛེས་པའི་གནས། །ལྷུན་གྲུབ་རིན་ཆེན་བརྩེགས་པའི་ཁྲི། །ཉི་ཟླ་པད་གདན་བརྗིད་པ་ལ། །ལྷ་ཆེན་འཁོར་བཅས་དགྱེས་པར་བཞུགས། །ས་མ་ཡ་ཏིཥྛ་ལྷན། ཕྱག་འཚལ་བ་ནི། ཧྲཱིཿ སྲིད་པ་གསུམ་གྱི་བརྟན་པ་འཕྲོགས། །དཔལ་ཆེན་དབང་གི་སྐུར་སྟོན་པའི། །ལྷ་ཚོགས་སྤྲུལ་པར་བཅས་པ་ལ། །བརྐྱང་བསྐུམ་གར་གྱིས་ཕྱག་བགྱི་འོ། །ཨ་ཏི་པཱུ་ཧོ། དམ་གཞག་ནི། ཧྲཱིཿ པདྨ་རྟ་མཆོག་རྒྱལ་པོ་དང་། །རིག་འཛིན་སློབ་དཔོན་སྤྱན་སྔ་རུ། །ཇི་ལྟར་དམ་བཅས་དྲན་མཛོད་ལ། །དབང་གི་ཕྲིན་ལས་ཡིད་བཞིན་སྒྲུབས། །བཛྲ་ས་མ་ཡ་ཧཱུྃ། མཆོད་པ་འབུལ་བ་ནི། ཧྲཱིཿ དྲི་མེད་དག་པའི་ཨརྒྷཾ་དང་། །དྲི་ཞིམ་སྣ་ཚོགས་སྦྱར་བའི་སྤོས། །མེ་ཏོག་མཆོག་གི་རྒྱན་ཕྲེང་བསྟར། །སྣང་གསལ་སྒྲོན་མེའི་སྣང་བ་འབར། །དག་གཙང་དྲི་ལྡན་གནྡྷེ་བྱུག །བཅུད་ལྡན་ཞལ་ཟས་རི་ལྟར་སྤུངས། །སྒྲ་སྙན་རོལ་མོ་དང་བཅས་པའི། །དཔག་ཡས་མཆོད་པའི་བྱེ་བྲག་རྣམས། །དབང་ཕྱུག་ཆེན་པོ་ཡབ་ཡུམ་དང་། །ནོར་ལྷ་རབ་འབྱམས་ཚོགས་ལ་འབུལ། །བདག་གི་བསམ་པ་འགྲུབ་པར་མཛོད། །ཨོཾ་མ་ཧཱ་དེ་བ་ས་པ་རི་ཝཱ་ར་ཨརྒྷཾ་དྷཱུ་པེ་པུཥྤེ་ནས། ཤབྡ་པཱུ་ཛ་ཧོཿ རིན་པོ་ཆེའི་མཆོད་པ་འབུལ་བ་ནི། ཧཱུྃ༔ རིན་ཆེན་གསེར་དང་རིན་ཆེན་གཡུ༔ དེ་བཞིན་བྱེ་རུ་ཟངས་དང་ལྕགས༔ དུང་དང་ར་གན་བདུན་པོ་འདི༔ དབང་ཕྱུག་འཁོར་དང་བཅས་ལ་འབུལ། །རིན་ཆེན་གཏེར་གྱི་པཱུ་ཛ་འདི། །བདག་ཅག་ཕུན་ཚོགས་དོན་དུ་བཞེས། །བཞེས་ནས་གཏེར་གྱི་སིདྡྷི་དང་། །སྙན་གྲགས་མཁའ་མཐར་ཁྱབ་པ་དང་། །མཐུ་དང་ལོངས་སྤྱོད་སིདྡྷི་སྩོལ། །བསྟོད་ཅིང་ཕྲིན་ལས་བཅོལ་བ་ནི། ཧཱུྃ༔ དབང་ཕྱུག་ཆེན་པོ་མི་བཟད་ཁྲོ་བོའི་སྐུ༔ སོགས་ནས། བདག་ལ་སྐྱེ་འགྲོ་མོས་སུ་ཆུགས་ལ་དབང་དུ་སྡུས༔ ཞེས་པའི་བར་བསམ་རྒྱུད་ཨར་ལ་གཏད་པ་ནས་འབྱུང་བ་ལྟར་གྱི་གཙོ་བོ་ཡབ་ཡུམ་དང་། ཕུན་ཚོགས་ལོངས་སྤྱོད་གཏེར་ལ་མངའ་བརྙེས་ཤིང་། །ཆོས་བྱེད་ཕོངས་པ་སེལ་མཛད་ནོར་གྱི་ལྷ། །འདོད་རྒུའི་དཔལ་ཀུན་སྟེར་མཛད་ཐམས་ཅད་ལ། །བསྟོད་དོ་དཔལ་དང་འབྱོར་པའི་དངོས་གྲུབ་སྩོལ། །ཅེས་པས་འཁོར་རྣམས་ལ་བསྟོད། བཟླས་པ་ནི། མདུན་བསྐྱེད་ཡབ་ཡུམ་གཉིས་ཀྱི་ཐུགས་ཀར་ཉི་མའི་ལྟེ་བར་ཧྲཱིཿདམར་པོ་རེས་མཚན་པའི་མཐར་སོ་སོའི་སྔགས་ཀྱི་ཕྲེང་བས་བསྐོར་བར་བསམ། བདག་བསྐྱེད་ཀྱི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་ཐ་ཚིག་གཉན་པོ་རྗེས་སུ་དྲན་སྟེ། གཉིས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་དམར་གློག་གི་ཞགས་པ་བ་ཐག་གཟེངས་པ་ལྟ་བུ་ཕྱོགས་བཅུར་འཕྲོས་པས་སྲིད་པ་གསུམ་གྱི་བརྟན་གཡོའི་དངོས་པོ་ཐམས་ཅད་དང་། ཁྱད་པར་གང་ལ་དམིགས་པ་ཐམས་ཅད་འོད་དམར་གྱི་རྣམ་པར་ཞུ་ནས་ཚུར་འདུས་ཤིང་དབང་དུ་བྱས་པར་བསམ་ལ། ཨོཾ་དེ་བ་ཤྭ་ར་མ་ཧཱ་ཨེ་ཤ་ཙིཏྟ་ཧྲཱིཾ་ཡཾ་ཛཿཛ༔ ཨུ་མཱཿདེ་བཱི་ཨེ་ཤ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ་ཛ༔ ཞེས་པ་ཡབ་ཡུམ་གྱི་རྩ་སྔགས་དྲིལ་བ་གཙོ་བོར་བཟླ། ལས་སྔགས་བཟླ་བར་སྤྲོ་ན། ཡབ་ཀྱི་སྔགས་མཐར། སརྦ་ལོ་ཀ་བཱ་སུ་མ་ཧཱ་རཏྣ་མྱུར་དུ་ཁུག་ཁུག༔ སྡུས་སྡུས་ཧྲཱིཾ་ཧྲཱིཾ་ཛ་ཛ༔ ཞེས་དང་། ཡུམ་སྔགས་མཐར། བཱ་སུ་རཏྣ་འུབས་འུབས་ཧྲཱིཾ་ཧྲཱིཾ་ཛཿཛཿཁུག་ཁུག༔ ཅེས་བཏགས་པ་སྐབས་སྦྱར་གྱིས་བཟླ། སྤྲོ་ན་འཁོར་སྔགས་ལ། སླར་ཡང་རང་གི་ཐུགས་ཀའི་འོད་ཀྱིས་ལྷ་ཆེན་ཡབ་ཡུམ་བསྐུལ་བས། དེ་ལས་འོད་ཟེར་འཕྲོས། འཁོར་རྣམས་ལ་ཕོག་པས་སྤྲུལ་པ་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པས་འཇིག་རྟེན་ཁམས་ཀྱི་ཟས་ནོར་ལོངས་སྤྱོད་ལྷ་ཀླུ་མི་གསུམ་གྱི་གཙོ་བོ་སོགས་དམིགས་བྱ་ཐམས་ཅད་བདག་གི་དབང་དུ་བསྡུས་པར་དམིགས་ལ། དབང་ཆོག་ནས་འབྱུང་བའི་འཁོར་སྔགས་ཨོཾ་ག་ཎ་པ་ཏི་སོགས་སོ་སོའི་ཤམ་བུར། ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛ༔ ཞེས་པ་བཏགས་པ་ཅུང་ཟད་རེ་བཟླའོ། །ཐུན་མཐར་གཏོར་མ་འབུལ་བ་ནི། དཀར་གཏོར་རཾ་ཡཾ་ཁཾ་གིས་བསང་སྦྱང་། སྔགས་དྲུག་ཕྱག་དྲུག་གིས་བྱིན་བརླབས། དམར་གཏོར་གོང་བཞིན་བསང་སྦྱང་། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ལྟ་བུ༔ ལྟེ་བ་ལ་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པ༔ དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ༔ དེའི་སྟེང་དུ་ཀཾ་ལས་མི་མགོའི་སྒྱེད་པུ་གསུམ༔ དེའི་སྟེང་དུ་བྷྲཱུྃ་ལས་གཏོར་སྣོད་ཟངས་ཀྱི་ཟླ་གམ་འཇིག་རྟེན་གྱི་ཁམས་དང་མཉམ་པའི་སྟེང་དུ༔ ཨོཾ་ཨཱཿཧཱུྃ༔ ཞེས་བརྗོད་པས་ཤ་ལྔ༔ བདུད་རྩི་ལྔ་ཡི་གཏོར་མ༔ རི་རབ་ལྷུན་པོ༔ གསེར་གྱི་རི་བདུན་དང༔ རོལ་པའི་མཚོ་བདུན༔ གླིང་བཞི་གླིང་ཕྲན་གྱིས་བསྐོར་བ་དང་མཉམ་པ༔ འདོད་ཡོན་གྱི་སྤྲིན་ཕུང་མཁའ་ཁྱབ་ཏུ་སྤྲོ་བར་གྱུར༔ ཅེས་བྱིན་གྱིས་བརླབས་ནས། ཧཱུྃ། ཐམས་ཅད་དབང་དུ་སྡུད་པའི་དཀྱིལ་འཁོར་ནས༔ དབང་ཕྱུག་ཆེན་པོ་ཀྵེ་ཏྲ་པཱ་ལ་དང༔ སོགས་བསམ་རྒྱུད་ཨར་གཏད་ལས་འབྱུང་བ་ལྟར། དགྱེས་ནས་སིདྡྷི་བདག་ལ་བསྩལ་དུ་གསོལ༔ མ་ཧཱ་ཛྙཱ་ན་པཱུ་ཛ་ཧོ༔ ཞེས་དང་། ལྷ་རྣམས་ཀྱི་ལྗགས་འོད་ཀྱི་སྦུ་གུ་རྩེ་མོ་གསུམ་པས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་སྐུ་གསུང་ཐུགས་མཉེས་ཤིང་ཚིམས་པར་གྱུར། ཡབ་ཡུམ་རྩ་སྔགས་སོ་སོར་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བཏགས་པ་དང་། འཁོར་རྣམས་ལ། ཨ་ཀཱ་རོ་བཅས་ཀྱིས་ལན་གསུམ་རེ་ཕུལ་ནས། ཧཱུྃ༔ སུམ་ཅུ་རྩ་གསུམ་ལྷའི་གནས་མཆོག་དང༔ འཕྲུལ་དགའི་ཡུལ་གྱི་དབུས་ན་ལྷ་ཡི་གནས༔ དབང་མཆོག་པདྨ་ཟླ་གམ་སོགས་མཆོད་བསྐུལ་ནས་འབྱུང་བ་ལྟར། ལྷ་ཆེན་ནོར་ལྷ་བརྒྱད་ལ་མཆོད་པ་འབུལ༔ དབང་གི་ཕྲིན་ལས་འགྲུབ་པར་མཛད་དུ་གསོལ༔ ཞེས་མཆོད་བསྐུལ་བྱ། ༈ དབང་གཏོར་འབྲང་རྒྱས་འདྲ་བའི་མཐའ་མར་ནོར་ལྷ་བརྒྱད་ལ་ལྷ་བཤོས་ཆུང་བ་བརྒྱད། དེའི་མཐར་ཏིང་ལོ་བརྒྱད། དེའི་མཐར་མཐེབ་ཀྱུ་བརྒྱད་ཀྱིས་བསྐོར་བར་ཟས་ཕུད་སྣ་ཚོགས་པས་བཀང་བ་དང་། སྲོག་རྟེན་སྲིད་མེས་གཟུགས་དར་སྣས་དྲིལ་བ་དཀྱིལ་འཁོར་དབུས་སུ་འབྲུ་དམར་པོས་བཀང་བའི་སྣོད་ཁར་འཇོག །མཚམས་སྦྱོར་གྱི་ཁྱད་པར། འོ། མར་གྱུར་གྱི་འགྲོ་བ་ཐམས་ཅད་མཐའ་མེད་པའི་འཁོར་བ་མྱ་ངམ་གྱི་ཐང་ཆེན་པོར་འཁྱམས་པ་རྣམས་བདག་གིས་ཐབས་ལ་མཁས་པའི་ཕྲིན་ལས་ཀྱིས་དབང་དུ་བསྡུས་ནས་གཏན་བདེའི་གོ་འཕང་དམ་པར་དབུགས་དབྱུང་བར་བྱ། དེའི་ཕྱིར་དུ་འདོད་པ་ཁམས་ཀྱི་རྗེ་བཙན་དབང་ཕྱུག་ལྷ་ཆེན་པོའི་དབང་བསྐུར་ཟབ་མོ་ནོད་དེ་གང་ལ་གང་འདུལ་གྱི་དབང་གི་ཕྲིན་ལས་བརྩམ་པར་བྱའོ་སྙམ་པའི་ཀུན་སློང་བཟང་པོ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་གསལ་བཏབ་སྟེ་གསན་པ་ཞུ། དེའང་རྒྱལ་བ་ཐབས་མཁས་ཤིང་ཚད་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པས་རྗེས་འཇུག་གདུལ་བྱའི་ཁམས་དབང་མོས་པ་དང་མཚུངས་པའི་སྐུ་གསུང་ཐུགས་ཀྱི་ཕྲིན་ལས། ནམ་མཁའ་ཇི་སྲིད་བར་འགྲིབ་མེད་ལྷུན་གྲུབ་ཏུ་མཛད་པའི་ཚུལ་བསམ་གྱིས་མི་ཁྱབ་པར་སྟོན་པ་ཡིན་ཏེ། ཟ་མ་ཏོག་ལས། འདུལ་བའི་སེམས་ཅན་ལ་བསྟེན་ནས། །ཕན་པའི་སྤྱོད་པ་བསམ་མི་ཁྱབ། །བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས། །བསམ་མི་ཁྱབ་པར་ཡོངས་སུ་བསྟན། །ཞེས་དང་། ཀུན་བྱེད་ལས། སྤྲུལ་པ་སྐུ་ཡི་རང་བཞིན་བསྟན་པ་ནི། །ཇི་ལྟར་འདུལ་བའི་སྐུ་རུ་སྤྲུལ་ནས་བཞུགས། །ཞེས་གསུངས་པ་བཞིན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་གཙོ་བོ་སོགས་ཞི་ཆགས་ཁྲོས་པའི་རྣམ་འགྱུར་མཐའ་ཡས་པར་བསྟན་ཅིང་། དེ་དང་མཐུན་པའི་རྒྱུད་དང་སྒྲུབ་ཐབས་ལས་ཚོགས་ཀྱི་སྐོར་དུ་མས་གནས་སྐབས་སྐྱེ་དགུའི་རེ་བ་ཡིད་བཞིན་སྐོང་ཞིང་། མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པའི་ལམ་དང་འབྲེལ་བའི་ཆོས་སྒོ་རབ་འབྱམས་སྣང་བར་མཛད་པ་ལས། ད་ལམ་གྱི་སྐབས་སུ་བབ་པ་འདི་ནི། ངོ་བོ་སངས་རྒྱས་འོད་དཔག་མེད་ཉིད་རྣམ་པ་འདོད་པ་ཁམས་ཀྱི་དབང་ཕྱུག་ཆེན་པོའི་སྐུར་བསྟན་ནས། འདོད་ཁམས་ཀྱི་བདག་པོའི་དབང་དུ་གྱུར་པའི་འགྲོ་བ་རྣམས་དངོས་དང་བརྒྱུད་ནས་ཕན་པ་དང་བདེ་བ་ལ་སྦྱོར་བའི་ཕྲིན་ལས་ཅན་ཕྱི་ནང་གཉིས་ཀས་མཆོད་པའི་ཡུལ་དུ་གྱུར་ཅིང་། ཁྱད་པར་རྒྱལ་བ་ཤཱཀྱ་ཐུབ་པ་ཆེན་པོའི་དགེ་བསྙེན། ནང་པ་སངས་རྒྱས་པའི་བསྟན་པ་སྲུང་བའི་ལྷ་ཆེན་པོ་བརྒྱད་ཀྱི་གཙོ་བོར་བཞུགས་ཤིང་། སླར་སངས་རྒྱས་གཉིས་པ་ཨོ་རྒྱན་པདྨ་འབྱུང་གནས་དེ་ཉིད་རྒྱ་གར་ཤར་ཕྱོགས་རབ་ཏུ་རྒྱུ་བ་ཞེས་བྱ་བའི་དུར་ཁྲོད་དུ་དགོངས་པ་ལ་བཞུགས་པའི་ཚེ། ལྷ་ཆེན་པོ་འཁོར་བཅས་ཀྱིས་ཆོ་འཕྲུལ་དུ་མས་ཏིང་འཛིན་གྱི་དྲོད་ཉུལ་བའི་ཚེ་ཕྱག་རྒྱ་གཉན་པོའི་ཟིལ་འོག་ཏུ་བཅུག་སྟེ་བཀའ་འབངས་སུ་བཙུད། སྲོག་སྙིང་ཕུལ་ནས་ཕྲིན་ལས་བསྒྲུབ་པར་དམ་བཅས། དེ་ཉིད་ལ་བསྟེན་པའི་རྒྱུད་དང་སྒྲུབ་ཐབས་དུ་མ་གཏེར་དུ་སྦ་བར་མཛད་པ་སྟེ། གཞུང་ལས། བདག་འདྲ་པདྨ་འབྱུང་གནས་ཀྱིས༔ རྒྱ་གར་ཤར་ཕྱོགས་དུར་ཁྲོད་ནི༔ རབ་ཏུ་རྒྱུ་བ་ཞེས་བྱ་བར༔ དབང་ཕྱུག་ཆེན་པོ་དམ་ལ་བཏགས༔ སྲོག་སྙིང་ཕུལ་ནས་ལས་ལ་བཀོལ༔ ཕྲིན་ལས་སྒྲུབ་པའི་གྲོགས་བྱེད་པར༔ ཁས་བླངས་དམ་ཚིག་ཕོག་པ་ཡིན༔ ཞེས་དང་། ཕྱི་རབས་སྔགས་འཆང་དོན་ཆེད་དུ༔ དབང་ཕྱུག་ཆེན་པོའི་སྒྲུབ་པ་སྦས༔ ཞེས་སོགས་གསུངས་པ་ལས། འདིར་དུས་གསུམ་ཀུན་མཁྱེན་མ་ཧཱ་གུ་རུ་ཉིད་བོད་ཡུལ་དུ་ཆོས་སྐྱོང་རྒྱལ་པོའི་དོན་དུ་ཕེབས་ནས། དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་པའི་མངའ་གསོལ་རབ་གནས་ཚར་བའི་དུས། ཆོས་རྒྱལ་གྱི་བློན་པོ་གཟའ་མིག་དམར་གྱི་སྤྲུལ་པ་མཆིམས་རྡོ་རྗེ་སྤྲེ་ཆུང་གིས། ཀྱཻ་སློབ་དཔོན་ཆེན་པོ་ལགས༔ བདག་རྡོ་རྗེ་སྤྲེ་ཆུང་བྱ་བ༔ ཚེ་རབས་སྔོན་མའི་སྦྱིན་ཤུགས་མེད་པས༔ ད་ལྟ་དབུལ་བར་སྐྱེས༔ བཟོད་པ་མ་བསྒོམས་པས་གཟུགས་བྱད་ངན༔ བུད་མེད་ནག་ཆགས་ཀྱི་ཡིད་དུ་མི་འོང༔ དཀོར་ནོར་མེད་པས་རྒྱལ་བློན་རྣམས་ཀྱི་སྤྱན་སྔར་མི་ཆུག་གདའ་བས༔ སློབ་དཔོན་གྱིས་བདག་ལ་ཐུན་མོང་གི་དངོས་གྲུབ་འབྱུང་བའི་མན་ངག༔ ཚེགས་ཆུང་ལ་དོན་ཆེ་བ་ཞིག་གནང་བར་ཞུ༔ ཞེས་ཞུས་སོ༔ སློབ་དཔོན་གྱིས་བཀའ་བསྩལ་པ༔ ཨེ་མ་སྤྲེ་ཆུང་སྙིང་རེ་རྗེ༔ ལས་ཅན་རིགས་ཀྱི་བུ་ཁྱོད་ནི༔ སྦྱིན་ཤུགས་ཆུང་ཡང་ཤེས་རབ་ཆེ༔ སྐྱེ་གཟུགས་ངན་ཡང་བརྩོན་འགྲུས་ཆེ༔ དངོས་གྲུབ་མྱུར་དུ་འབྱུང་བ་ཡི༔ གདམས་པ་ནོར་བུ་ལྟ་བུ་འདི༔ སྙིང་ལ་ཆོངས་ལ་སྒྲུབ་པ་གྱིས༔ ཞེས་གསུངས་ནས། ལྷ་ཆེན་པོ་འདི་ཉིད་ཀྱི་རྒྱུད་དང་སྒྲུབ་ཐབས་བཅས་པ་བསྩལ་ཅིང་། དེ་ཉིད་ཀྱིས་ཉམས་སུ་བླངས་པས་མངོན་དུ་གྱུར་པའི་མཚན་མ། བོད་ཀྱི་རྒྱལ་བློན་རྣམས་དང་བཙུན་མོ་བཅས་པ་དབང་དུ་བསྡུས་ཤིང༔ བོད་འབངས་ནོར་དང་བཅས་པ་རྣམས་སྤྲིན་བཞིན་དུ་འདུས་པས༔ གུ་རུ་པདྨ་ལ་བཀའ་དྲིན་བསབ་པའི་ཕྱིར་དུ༔ གསེར་འོད་ཆེན་ཉི་ཤར༔ གཡུ་ནམ་མཁའ་འོད་འཕྲོ༔ ཁྲབ་སྐར་མ་འོད་འཕྲོ༔ བེར་ནག་དགུ་སྤུངས༔ རྟ་ནག་འབྲོང་འདུལ་རྣམས་ཕུལ་ལོ༔ དེའི་དུས་སུ་ལས་ཚོགས་ཚང་བར་གནང་ངོ༔ རྗེ་པདྨའི་ཞལ་ནས༔ རྡོ་རྗེ་སྤྲེ་ཆུང་ཁྱོད་ལ༔ མན་ངག་རྣམས་ཚང་བར་བྱིན་གྱིས༔ རྒྱ་བོད་ཀུན་ལ་འདི་བས་ལྷག་པའི་དབང་སྡུད་ཟབ་པ་མེད༔ འདི་སྙིང་དང་འདྲ་བས༔ རང་གི་ཉམས་སུ་ལོངས་ལ་གཞན་ལ་མ་སྤེལ་ཅིག༔ ཅེས་གསུངས་ཏེ༔ དཔེ་མ་བུ་བརྒྱད་དུ་བཀོད་ནས༔ གཏེར་དུ་སྦ་བར་མཛད་པ་ལས། ཐམས་ཅད་ཀྱི་སྙིང་པོའི་ཟབ་གནད་རྡོ་རྗེ་སྤྲེ་ཆུང་ལ་གནང་བ་འདི་ཉིད། བྱང་ཟང་ཟང་ལྷ་བྲག་གི་རྐེད་བྲག་རི་དུག་སྦྲུལ་སྤུངས་འདྲར་གཏེར་དུ་སྦས་པ་ཉིད། ཕྱིས་འདོན་པའི་དུས་སུ་སོན་པ་ན། ཞང་སྣ་ནམ་པ་རྡོ་རྗེ་བདུད་འཇོམས་ཀྱི་རྣམ་པར་འཕྲུལ་པ་རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུ་ཅན་དངོས་གྲུབ་རྒྱལ་མཚན་གྱིས་བོད་ཁམས་སྐྱོབ་པའི་ཐུགས་གཏེར་མཛོད་ལྔ་འདུས་པའི་ཆོས་མཛོད་ཆེན་མོ་སྤྱན་འདྲེན་པར་མཛད་པའི་ནང་ཚན། ནུབ་ཟངས་མཛོད་དམར་པོའི་ཆོས་སྡེ་ལས། རྟེན་འབྲེལ་ཆོས་བདུན་གྱི་ལྷ་ཆེན་མ་ཧཱ་དེ་ཝ་ལ་བསྟེན་ནས་ཁམས་གསུམ་སྲིད་གསུམ་དབང་དུ་བསྡུ་བའི་སྐོར་ལས་བྱོན་པ། ལྷ་ཆེན་དབང་ཕྱུག་ཆེན་པོ་བསོད་ནམས་དཔལ་འབར་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཟབ་མོ་བསྒྲུབ་པར་བགྱི་བ་ལ། བདག་ཉིད་ཀྱི་བགྱི་བར་འོས་པའི་རིམ་པ་རྣམས་ལེགས་པར་གྲུབ་ཟིན་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ་དུ་བཅུག །བླ་མ་དང་མ་ཧཱ་གུ་རུ་པདྨ་འབྱུང་གནས་ཐ་མི་དད་པའི་དྲུང་དུ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱཻ༔ བླ་མ་རིག་འཛིན་དགོངས་སོགས་ལན་གསུམ། དེ་ལྟར་གསོལ་པའི་ལན་དུ་གནང་བ་སྦྱིན་ནས་དམ་ཚིག་བསྲུང་བར་གདམས་ཤིང་སྤྲོ་བ་བསྐྱེད་པ་འདི་ལ་གསན་འཚལ། བུ་ཁྱོད་ལས་ཀྱི་འཕྲོ་སོགས་བརྗོད། མདུན་གྱི་ནམ་མཁར་རིན་པོ་ཆེའི་སྤྲིན་ཕུང་མཆོད་པའི་བཀོད་པ་དུ་མས་མཛེས་པའི་དབུས་སུ། དུས་གསུམ་བདེ་གཤེགས་ཀུན་འདུས་མ་ཧཱ་གུ་རུ་པདྨ་འབྱུང་གནས་རྩ་གསུམ་རྒྱལ་བའི་འཁོར་དང་བཅས་པ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་དེང་ནས་བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་འགྲོ་ཞིང་། ཐེག་པ་ཆེན་པོའི་སེམས་བསྐྱེད་པའི་མི་མཐུན་པའི་ཕྱོགས་ཉམས་ཆག་སྡིག་སྒྲིབ་ཐམས་ཅད་བཤགས་པ་དང་། སྨོན་པ་དང་འཇུག་པ་དོན་དམ་པའི་བདག་ཉིད་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་རྣམས་ཀྱི་སྒོམ་དོན་ཐུགས་ལ་ངེས་པས་འདིའི་རྗེས་ཟློས་མཛོད། ཐུགས་རྗེའི་དབང་གིས་སོགས་སེམས་བསྐྱེད་བཅས་ལན་གསུམ། དེ་ནས་ལྷ་ཆེན་འཁོར་བཅས་ཀྱི་དབང་བསྐུར་སྦྱིན་པའི་ཐོག་མར་གཉེན་པོ་སྟོབས་ཀྱི་ལྷའི་བསྐྱེད་རིམ་ཕོག་ཅིང་། བྱིན་རླབས་གཏོར་མའི་དབང་བསྐུར་བ་ཡིན་པས་འདི་ལྟར་གསལ་ཐོབས་ཤིག །ཨོཾ་སྭ་བྷཱ་ཝ་སོགས། གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་སྦྱངས། དེའི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་ས་ཕྱོགས་འདི་ཉིད་པདྨ་དབང་གི་ཞིང་ཁམས་ཆེན་པོར་གྱུར་པའི་དབུས་སུ། སློབ་མ་སྐད་ཅིག་གིས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་འདུས་པའི་ངོ་བོ་སློབ་དཔོན་པདྨ་འབྱུང་གནས་སྐུ་མདོག་དམར་པོ་པདྨ་རཱ་གའི་མདོག་སོགས་དབང་སྒྲུབ་སྐབས་ལྟར། ཉི་ཟླ་པདྨའི་གདན་ལ་བཞུགས་པའི་ཐུགས་ཀར་ཧྲཱིཿཡིག་དམར་པོ་འོད་ཟེར་འབར་བས་མཚན་པ་ལས་འཕྲོས་པའི་འོད་ཟེར་དང་། བདག་སློབ་དཔོན་ཡང་མ་ཧཱ་གུ་རུ་སྨྲོས་མ་ཐག་པའི་ཆ་ལུགས་རྫོགས་པའི་སྐུར་གསལ་བའི་ཐུགས་སྲོག་ཧྲཱིཿཡིག་ལས་འཕྲོས་པའི་འོད་ཀྱིས་ཕྱོགས་བཅུའི་ཞིང་རབ་འབྱམས་དང་། ཁྱད་པར་ལྷོ་ནུབ་རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་སོགས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པའི་སྐུ་དཔག་ཏུ་མེད་པ་སྤྱན་དྲངས་པ་རྣམས་དང་། མདུན་བསྐྱེད་ཀྱི་ལྷ་ཚོགས་དབྱེར་མེད་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས་གཉིས་སུ་མེད་པར་ཐིམ་པས། གུ་རུའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས་ཤིང་དབྱེར་མེད་དུ་གྱུར་པའི་ང་རྒྱལ་བརྟན་པོ་མཛོད་ཅིག །སྤོས་རོལ་དབྱངས་བཅས་གུ་རུའི་གཏོར་མ་བཏེགས་ལ། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་སོགས། མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་པཱ་ཤཾ་ཀུ་རུ་ཛ་ཛ༔ ཨ་བྷི་ཥིཉྩ་མཾ༔ རྡོ་རྗེའི་སློབ་མ་འདི་རྣམས་ཀྱིས། གུ་རུའི་སྐུ་གསུང་ཐུགས་དང་དབྱེར་མེད་པའི་དབང་ཐོབ་ནས༔ ལུས་ངག་ཡིད་གསུམ་ནུས་མཐུ་དང་ལྡན་པར་གྱུར་ཅིག༔ གུ་རུ་པདྨའི་ཐུགས་རྗེ་དང་གཉིས་སུ་མེད་པར་གྱུར་ཅིག༔ ཅེས་བརྗོད་བཞིན་གཏོར་མ་སྤྱི་བོར་གཞག །དེས་གཉེན་པོ་སྟོབས་ཀྱི་ལྷར་བསྐྱེད་ཅིང་ཡེ་ཤེས་པའི་བྱིན་དབང་བསྐུར་བ་སོང་ནས། དངོས་གཞི་ལྷ་ཆེན་འཁོར་བཅས་ཀྱི་དབང་བསྐུར་བ། ལུང་འབོགས་པ། དངོས་གྲུབ་བླང་བ། རྗེས་གནང་སྦྱིན་པ་རྣམས་སུ་འབྱུང་བའི། དང་པོ་དབང་བསྐུར་བའི་སླད་དུ་དམིགས་པ་འདི་ལྟར་མཛོད་ཅིག །སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་ས་ཕྱོགས་འདི་ཉིད་འཕྲུལ་དགའ་ལྷའི་ཞིང་གི་བཀོད་པ་དང་ལྡན་པའི་དབུས་སུ་པདྨ་ཉི་ཟླ་ཟངས་ཀྱི་ཟླ་གམ་བརྩེགས་པའི་གདན་ལ། ཁྱེད་རང་རྣམས་ཀྱི་རླུང་སེམས་འདུས་པའི་ངོ་བོ་ཡི་གེ་ཧྲཱིཿདམར་པོ་གསལ། དེ་ལས་འོད་ཟེར་འཕྲོས་འཁོར་འདས་ཀྱི་དྭངས་བཅུད་ཐམས་ཅད་བསྡུས། དེ་ཡོངས་སུ་གྱུར་པ་ལས་འདོད་པ་ཁམས་ཀྱི་དབང་ཕྱུག་ལྷ་ཆེན་པོ་བསོད་ནམས་དཔལ་འབར་སོགས་མངོན་རྟོགས་ལྟར་གཙོ་བོ་ཡབ་ཡུམ་དུ་བསྐྱེད་དེ། རྒྱན་གྱི་བྱེ་བྲག་དུ་མས་མཛེས་པར་བརྒྱན་པའི་སྐུར་ལམ་གྱིས་གྱུར་པར་མོས་པ་དང་། སློབ་དཔོན་ལ་མོས་གུས་བྱས་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་དམར་པོ་དབང་གི་ཕྱག་རྒྱའི་རྣམ་པ་ཅན་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས་པས། ནུབ་ཕྱོགས་པདྨ་དབང་གི་གཞལ་ཡས་ཁང་དང་སུམ་ཅུ་རྩ་གསུམ་གྱི་གནས་འཕྲུལ་དགའ་ལྷའི་ཡུལ། པཱ་ལཀྴ་ལྗོན་པའི་ཤིང་དྲུང་སོགས་གར་བཞུགས་ཀྱི་གནས་སུ་ལྷ་ཆེན་པོ་འཁོར་དང་བཅས་པ་ལ་ཕོག་པ་ཙམ་གྱིས་སྣང་སྲིད་ཐམས་ཅད་གཡོ་ཞིང་འུར་འུར་ཆེམས་ཆེམ་གྱི་སྒྲ་དང་བཅས། སྤྲིན་ཆེན་རླུང་གིས་བསྐྱོད་པ་ལྟར་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པའི་ཚོགས་བྱིན་ཐིབས་སེ་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པའི་མོས་པ་རྩེ་གཅིག་ཏུ་མཛོད། གུ་གུལ་སྤོས་རོལ་དབྱངས་ཀྱིས། ཧྲཱི༔ ནུབ་ཕྱོགས་པདྨ་འབར་བའི་སོགས་ནས། ཛཿཧཱུྃ་བཾ་ཧོཿའི་བར་ལས་བྱང་བཞིན་བརྗོད་པས་བྱིན་དབབ། དེ་ནས་མདུན་དུ་བཤམས་པའི་གཏོར་མ་ཉིད་སྔར་བསྐྱེད་བསྟིམ། མཆོད་བསྟོད་བཟླས་པ། བསྐུལ་བ། གཏོར་མ་འབུལ་ཞིང་ཕྲིན་ལས་བཅོལ་བ་བཅས་གྲུབ་ཟིན་པ་ཉིད། སླར་ཡང་ཁྱེད་རང་རྣམས་ཀྱི་བློ་ངོར་འདི་ལྟར་དུ་གསལ་འདེབས་པ་ཞུ། མདུན་དུ་གཏོར་མའི་སྣོད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་སྐྱེད་མོས་ཚལ་འཕྲུལ་དགའ་ལྷའི་ཞིང་གི་བཀོད་པ་དང་ལྡན་པའི་དབུས་སུ། སྣ་ཚོགས་པདྨ་དང་འཁོར་ལོ་དམར་པོ་རྩིབས་བརྒྱད་པའི་ལྟེ་བར་པདྨ་རཱ་ག་ལས་གྲུབ་པའི་ཕོ་བྲང་གཞལ་མེད་ཁང་ཟླ་གམ་སྒོ་དང་བཅས་པ། རྒྱན་དང་བཀོད་པའི་ཁྱད་པར་མཆོག་ཏུ་གྱུར་པ་རྣམས་ཀྱིས་མཛེས་པར་སྤུད་པའི་ནང་དུ་པདྨ་ཉི་ཟླ་ཟངས་ཀྱི་ཟླ་གམ་རྣམས་བརྩེགས་པའི་ཁྲི་ལ། འདོད་པ་ཁམས་ཀྱི་དབང་ཕྱུག་ལྷ་ཆེན་པོ་བསོད་ནམས་དཔལ་འབར་སོགས་བསྐྱེད་ཆོག་ལྟར། ཏིལ་གང་ཁ་ཕྱེས་པ་ལྟར་ཁམས་གསུམ་དབང་དུ་སྡུད་པའི་གཟི་བྱིན་དང་། དགྱེས་ཤིང་གུས་པའི་འཛུམ་མདངས་ལམ་མེར་གསལ་བ་ལ། བདག་སློབ་དཔོན་གྱི་ཐུགས་ཀ་ནས་དྲེགས་པ་དབང་དུ་བྱེད་པའི་འོད་དམར་ཛཿཡིག་རྡོ་རྗེའི་ལྕགས་ཀྱུའི་དབྱིབས་ཅན་འཕྲོས། མདུན་དུ་བཞུགས་པའི་ལྷ་ཆེན་འཁོར་བཅས་ལ་ཕོག་པ་ཙམ་གྱིས་རྒྱུད་རང་དབང་མེད་པར་བསྐུལ་ཏེ་རང་འདྲའི་སྐུ་གཉིས་པ་རེ་མཆེད། དེའི་འོད་ཟེར་གྱིས་བརྟན་གཡོའི་དངོས་པོ་ཐམས་ཅད་བཀུག་ནས་སློབ་མ་རྣམས་ཀྱི་དབང་དུ་བྱས་ཤིང་འབངས་སུ་བསྡུས། སླར་ལྷ་སོ་སོ་ཁྱེད་རང་རྣམས་ལ་ཐིམ་པས་ལྷ་ཆེན་འཁོར་བཅས་ཀྱི་སྲོག་ལ་དབང་ཐོབ། ཁམས་གསུམ་སྲིད་གསུམ་བྲན་དུ་ཁོལ་བའི་མཐུ་ཐོབ་པར་མོས་ཤིག །ཧྲཱི༔ ལྷ་ཆེན་དབང་ཕྱུག་ཡབ་ཡུམ་སྐུ་བཞེངས་ལ༔ འདོད་ཁམས་མི་ནོར་སོགས་གཙོ་འཁོར་དགུ་སོ་སོའི་སྐུ་འམ་མ་འབྱོར་ན་གཏོར་མ་ཁོ་ནས་དབང་བསྐུར། གཉིས་པ་ལུང་སྦྱིན་པའི་སླད་དུ། རྟེན་དང་གཏོར་མ་ལྷ་ཆེན་འཁོར་དང་བཅས་པ་ཁྱེད་རང་རྣམས་ལ་འབངས་སུ་གཏད་ཅིང་དབང་གི་ཕྲིན་ལས་གང་འདོད་ཡིད་བཞིན་དུ་བསྒྲུབས་ནས། ལྷ་དེ་རྣམས་ཁྱེད་རང་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་སྙམ་པའི་ངེས་ཤེས་བསྐྱེད་མཛོད། གསང་རྟེན་གཏོར་མ་སྐུ་ཙཀ་བཅས་ལག་ཏུ་གཏད་ལ། ཧྲཱི༔ དབང་ཕྱུག་འདི་ལ་སོགས་བརྗོད། གསུམ་པ་དངོས་གྲུབ་བླང་བའི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། གཏོར་རྫས་སྲིད་པ་གསུམ་གྱི་བརྟན་གཡོའི་དྭངས་མའི་བཅུད་བསྡུས་པའི་ཐིག་ལེར་འཁྱིལ་པ་དང་། གཏོར་ཟན་ལྷ་ཚོགས་འཁོར་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་དངོས་གྲུབ་འདུས་པའི་བདུད་རྩི་ཆེན་པོ་ལ་ལོངས་སྤྱད་པས། ཕྲིན་ལས་དངོས་གྲུབ་རབ་འབྱམས་ཀྱི་དཔལ་ལ་རྟག་ཏུ་སྤྱོད་པའི་སྐལ་པ་མཆོག་དང་ལྡན་པར་མོས་མཛོད། ཅེས་དཔོན་སློབ་ལྷན་གཅིག་པས་གཏོར་ཟན་རོལ་ཞིང་ཐོད་ཆང་མྱོང་། སྨོན་ལམ་གདབ་པ་འདིའི་རྗེས་ཟློས་མཛོད། ཧོ༔ བདག་ཉིད་སློབ་དཔོན་འཁོར་བཅས་ཀྱིས༔ ཞལ་ཟས་སོགས་བརྗོད། བཞི་པ་བཀའི་རྗེས་སུ་གནང་བ་སྦྱིན་པ་ནི། རིགས་ཀྱི་བུ་ཁྱེད་རྣམས་ལ་སྔོན་གྱི་ལས་འཕྲོ་ཡོད་པ་ཡིན་པས༔ སོགས། གཞན་ལ་མ་སྤེལ་ཅིག༔ དུས་རྒྱུན་དུ་དབང་ཕྱུག་གི་རྟེན་དང་མ་བྲལ་བར་གྱིས་ཤིག༔ མཆོད་བསྟོད་གཏོར་མ་རྒྱུན་མ་ཆད་པར་གྱིས་ཤིག༔ ཇི་སྐད་གདམས་པ་འདི་དག་གཙོ་བོར་བྱས་ཏེ་དམ་ཚིག་གི་རིམ་པ་མཐའ་དག་ཚུལ་བཞིན་དུ་སྲུང་སྡོམ་བགྱིད་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ་ཕྱིན་སྤྱི་ལྟར་རོ། །རྗེས་རིམ་ནི། མཆོད་པ་རྣམས་ཁ་གསོས་ལ། རཾ་ཡཾ་ཁཾ་གིས་བསང་། སྭ་བྷཱ་ཝས་སྦྱང་། ཨོཾ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨ་བརྟ་ཡ་ཨ་བརྟ་ཡ་ཧོཿ བཛྲ་སྥ་ར་ཎ་ཁཾ། ཞེས་རྒྱ་ཆེར་སྤེལ་ལ། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་གཏོར་མ་གཙོ་འཁོར་ཐམས་ཅད་དང་། ཨོཾ་མཉྫུ་ཀུག་ཏ་ཧཱུྃ༔ ནཻ་བིདྱཱ་པཱུ་ཛ་ཧོ༔ ཞེས་པས་ཡབ་ལ་ཏིང་ལོ་དང་། ཨོཾ་ཨི་ལི་སི་ལི་སྭཱ་ཧཱ༔ ནཻ་བིདྱཱ་པཱུ་ཛ་ཧོ༔ ཞེས་ཡུམ་ལ་ཆངས་ཟན་སོ་སོར་ལན་བདུན་རེ་འབུལ་མཐར། ཨེ་མཉྫུ་ཀུག་ཏ་ཧཱུྃ༔ སིདྡྷི་ཨ་ལ་ལ་ཧོ༔ ཞེས་ཏིང་ལོ་ཆངས་ཟན་ནས་དུམ་རེ་དངོས་གྲུབ་ཀྱི་ཚུལ་དུ་རང་ཉིད་ཀྱིས་རོལ། སླར་ཡང་། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་སརྦ་རཏྣ་པཱུ་ཛ་ཧོཿས་མཆོད། བསྟོད་ཅིང་འདོད་དོན་གསོལ་བ་ནི། ཧཱུྃ༔ འདོད་ཁམས་ལྷ་ཆེན་བསོད་ནམས་དཔལ་དུ་འབར༔ དབང་ཕྱུག་ཆེན་པོ་མ་ཧཱ་དེ་བ་ནི༔ གཅེར་བུ་བརྗིད་ལྡན་རིན་ཆེན་རྒྱན་གྱིས་སྤྲས༔ སྐུ་ལས་འོད་ཟེར་དམར་པོ་ཕྱོགས་བཅུར་འགྱེད༔ ཡོན་ཏན་ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ༔ ལྷ་མོ་ཡུམ་ཆེན་ཨུ་མཱཿདེ་བཱི་དང༔ ཚོགས་ཀྱི་བདག་པོ་གཞོན་ནུ་ཀཱརྟྟི་ཀ༔ ཏྲིག་ཤ་ནག་པོ་ནོར་ལྷ་ཛམ་བྷ་ལ༔ རྣམ་ཐོས་སྲས་དང་གཏེར་བདག་ཨ་པ་རཱ༔ ཞང་བློན་བདུད་འདུལ་གང་བ་བཟང་པོ་དང༔ ནོར་ལྷ་མང་པོ་བཀའ་ཉན་ཕོ་ཉར་འགྱེད༔ དབང་ཕྱུག་ཆེན་པོ་ཁྱེད་ལ་ཕྱག་འཚལ་བསྟོད༔ འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ལ༔ དགྱེས་ཤིང་མཉེས་ཏེ་དབང་གི་ཕྲིན་ལས་མཛོད༔ ཟས་ནོར་དགོས་འདོད་ཆར་ལྟར་དབབ་ཏུ་གསོལ༔ འབྱོར་པ་ལོངས་སྤྱོད་མང་པོ་རི་ལྟར་སྤུངས༔ ཆེ་བཙན་འཇིག་རྟེན་ཐམས་ཅད་བྲན་དུ་ཁོལ༔ སྙན་གྲགས་སྒྲ་ཡིས་འཇིག་རྟེན་ཁེངས་པར་མཛོད༔ འཇིག་རྟེན་ཀུན་གྱི་བདག་པོ་བྱེད་པར་ཤོག༔ ཅེས་འདོད་དོན་གསོལ། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། ཡེ་ཤེས་པ་གཤེགས། དམ་ཚིག་པ་རྟེན་ལ་བསྟིམ་པའམ་རྟེན་མེད་ན་འོད་དམར་པོའི་རྣམ་པར་ཞུ་བ་རང་གི་སྣ་གཡོན་ནས་ཞུགས་ལྟེ་བའི་ཨ་ཐུང་ལ་ཐིམ་པས་སྣང་སེམས་དབང་དུ་འདུས་པར་བསམ། བདག་བསྐྱེད་བསྡུ་ལྡང་སྤྱི་ལྟར་བྱ། སྨོན་ལམ་ནི། བདག་གི་དགེ་བའི་རྩ་བ་འདིས༔ བསམ་པ་ཡིད་བཞིན་འགྲུབ་གྱུར་ནས༔ ཐར་པའི་འབྲས་བུ་ཐོབ་པར་ཤོག༔ ཅེས་དང་། བཀྲ་ཤིས་ཀྱི་རིམ་པ་ཇི་ལྟར་རིགས་པ་བརྗོད་དོ།། ༧ །།ལྷ་ཆེན་རླུང་ཞགས་ཕྱི་ནང་གསང་བ་དང་བཅས་པའི་དབང་ལ། ཐོག་མར་སྐྱབས་སེམས་ནས། གོང་ནོན་དག་དང་། མདུན་བསྐྱེད་ཀྱི་མཆོད་པ་བྱིན་བརླབ་བཅས་གོང་གི་བསོད་ནམས་དཔལ་འབར་སྐབས་བཞིན་སོང་རྗེས། མདུན་རྟེན་བསང་སྦྱང་། སྟོང་པའི་ངང་ལས་ཡཾ་ཞེས་བརྗོད་པས་རང་གི་མདུན་དུ་རླུང་གི་དཀྱིལ་འཁོར་ལྗང་གུ་རྒྱ་གྲམ་གཞུ་བདུངས་པ་ལྟ་བུའི་འཆང་གཟུང་ལ་ཡཾ་དང་། མཆོག་མ་རྣམས་ལ་གཡོ་བའི་བ་དན་རེ་རེས་མཚན་པ། དེའི་སྟེང་དུ་རིན་པོ་ཆེ་སྣ་ཚོགས་ཀྱི་ས་གཞི་ལ་བརྟེན་པའི་སྐྱེད་མོའི་ཚལ་འཕྲུལ་དགའ་ལྷའི་ཞིང་གི་བཀོད་པའི་ཁྱད་པར་རྣམས་ཀྱིས་མཛེས་པའི་དབུས་སུ། པདྨ་ཉི་ཟླ་མིའུ་རིགས་བཞི་བསྣོལ་བའི་གདན་ལ། རང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་སྲིད་པ་གསུམ་གྱི་སྐྱེ་འགྲོ་དང་བསོད་ནམས་ལོངས་སྤྱོད་ཐམས་ཅད་བཀུག་ཅིང་བསྡུས་པ་ཧྲཱིཿདམར་པོར་གྱུར་པ་གདན་གྱི་སྟེང་དུ་བབས། དེ་ཡོངས་སུ་གྱུར་པ་ལས། འདོད་ཁམས་དབང་ཕྱུག་ཆེན་པོ་རླུང་གི་ཞགས་པ་སྐུ་མདོག་དམར་པོ་གཅེར་བུ་རལ་པ་སྤྲིན་ལྟར་གཏིབས་པ༔ ཕྱག་གཡས་ཀྱིས་ཁ་ཊྭཱཾ་རྩེ་གསུམ་དང༔ གཡོན་པས་ལྕགས་མདའ་ལྕགས་གཞུ་བསྣམས་པ༔ མཚན་མ་དམར་པོ་གྱེན་དུ་སྒྲེང་བ༔ ཞབས་གཉིས་བརྐྱང་བསྐུམ་གྱིས་བཞུགས་པ༔ ཡུམ་ཨུ་མཱཿདེ་བཱི་སྐུ་མདོག་དམར་མོ་གཅེར་བུ་བྷ་ག་རྒྱས་པ། ཕྱག་གཡས་ཟངས་ཀྱི་གྲི་གུག་བསྣམས་པས་ཡབ་ལ་འཁྱུད་པ། གཡོན་པས་མེ་རླུང་གི་འཁོར་ལོ་འཛིན་པ། ཞབས་གཡས་བརྐྱང་གཡོན་བསྐུམ་གྱིས་ཡབ་ལ་འཁྲིལ་བ། དེའི་ཤར་དུ་རྡོ་རྗེ་མཁའ་འགྲོ་དཀར་ནག༔ ལྷོ་རུ་རིན་ཆེན་མཁའ་འགྲོ་སེར་ནག༔ ནུབ་ཏུ་པདྨ་མཁའ་འགྲོ་དམར་ནག༔ བྱང་དུ་ལས་ཀྱི་མཁའ་འགྲོ་མ་ལྗང་ནག༔ བཞི་ཀའང་གཅེར་བུ་རལ་པ་ཅན། ཕྱག་གཡས་ལྕགས་ཀྱུ་དང་ཁ་ཊྭཱཾ་གཡོན་པས་རླུང་གི་བ་དན་བསྣམས་པའོ། །སླར་ཡང་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་སྲིད་པ་གསུམ་གྱི་དྭངས་བཅུད་བསྡུས་ཏེ་ཧྲཱིཿཡིག་དམར་པོ་གསུམ་དུ་གྱུར་པ་མདུན་བསྐྱེད་ཀྱི་མདུན་དང་གཡས་གཡོན་དུ་བཞུགས་པ་ལས། མདུན་དུ་མུ་སྟེགས་དབང་ཕྱུག་ཆེན་པོ་ཉི་ཟླ་རླུང་གི་འཁོར་ལོ་སྐུ་མདོག་སྨུག་ནག་གཅེར་བུ་རལ་པ་སྤྲིན་ལྟར་གཏིབས་པ༔ ཕྱག་གཡས་ལྕགས་ཀྱུ་བསྣམས་པས་གང་ལ་བྱ་བའི་རྣམ་ཤེས་འགུགས་པ༔ གཡོན་ཞགས་པ་བསྣམས་པས་ལོ་ཀའི་ཟས་ནོར་སྡུད་པ༔ མཚན་མ་དམར་པོ་གྱེན་དུ་སྒྲེང་པ༔ ཞབས་གཉིས་བརྐྱང་བསྐུམ་གྱིས་པདྨ་ཉི་ཟླའི་གདན་ལ་བཞུགས་པ༔ གཡས་སུ་དབང་ཕྱུག་ཆེན་པོ་ནོར་བུ་བསམ་འཕེལ༔ སྐུ་མདོག་དམར་པོ་གཅེར་བུ་རལ་པ་སྤྲིན་ལྟར་གཏིབས་པ༔ ཕྱག་གཉིས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཐུགས་ཀར་འཛིན་པ་ལས་དགོས་འདོད་ཆར་ལྟར་འབེབ་པ། མཚན་མ་དམར་པོ་གྱེན་དུ་སྒྲེང་པ༔ ཞབས་གཉིས་རྡོ་རྗེའི་གདན་དང་གངས་ཏི་སི་མནན་པའོ༔ གཡོན་དུ་དབང་ཕྱུག་ཆེན་པོ་སྣང་བ་དབང་སྡུད༔ སྐུ་མདོག་དམར་ནག་གཅེར་བུ་རལ་པ་ཅན༔ ཕྱག་གཡས་འཕྲུལ་གྱི་མེ་ལོང་བསྣམས་པས་ཁམས་གསུམ་ས་ལེར་གཟིགས་པ༔ གཡོན་པས་ཉི་ཟེར་ཞགས་པ་བསྣམས་པས་ཁམས་གསུམ་གྱི་ཟས་ནོར་དབང་དུ་སྡུད་པ༔ མཚན་མ་དམར་པོ་གྱེན་དུ་སྒྲེང་པ༔ ཞབས་གཉིས་ཀྱིས་རྡོ་རྗེའི་གདན་དང་གངས་དཀར་ཏི་སེ་མནན་པའོ༔ དེ་དག་ཐམས་ཅད་ཀྱང་ཞི་མ་ཁྲོའི་ཉམས་ཅན། ལང་ཚོ་རྒྱས་ཤིང་སྒེག་པ། མཆེ་བའི་མྱུ་གུ་གཙིགས་ཤིང་། དམར་ཟླུམ་འཁྱིལ་བའི་སྤྱན་ཕྱོགས་བཅུར་གཡོ་ཞིང་ཆགས་པ་ནན་པོའི་ཉམས་འགྱུར་རྫོགས་པ། དར་དང་རིན་པོ་ཆེ་དང་མེ་ཏོག་གི་རྒྱན་ཕྲེང་གསོལ་བ། སྐུ་ལས་ཐམས་ཅད་དབང་དུ་བྱེད་པའི་འོད་ཟེར་དམར་པོ་འཕྲོ་བས་སྟོང་གསུམ་འཇིག་རྟེན་ཐམས་ཅད་མེར་མེར་འཁྱོམ་འཁྱོམ་བྱེད་པ་ཞིག་ཏུ་གསལ་བར་གྱུར། གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དང་ཐུགས་སྲོག་ཧྲཱིཿས་མཚན་པར་གྱུར། བདག་ཉིད་སློབ་དཔོན་པདྨར་གསལ་བའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་པས༔ དབང་ཕྱུག་ཆེན་པོའི་སོགས་ནས། ཀརྨ་ཌཱ་ཀི་ནཱི༔ ཛཿཧཱུྃ་བཾ་ཧོ༔འི་བར་གཏེར་གཞུང་མཆོད་ཕྲིན་འཇིག་རྟེན་དབང་སྡུད་བཞིན་དང་། བཞུགས་ཕྱག་དམ་གཞག་རྣམས་གོང་གི་ལྷ་ཆེན་བསོད་ནམས་དཔལ་འབར་གྱི་སྐབས་བཞིན་སྦྱར། དེ་ནས་དཀྱུས་ཀྱི་མཆོད་པ། ཧྲཱི༔ དྲི་མེད་དག་པའི་ཨརྒྷཾ་འདིའི༔ སོགས་ནས། རཏྣ་པཱུ་ཛ་ཧཱུྃ༔ བར་དང་། བསྟོད་པ་ནི། འོག་གི།་་་ཧྲཱི༔ བསྐལ་པ་རླུང་གི་འཁོར་ལོའི་སོགས་ནས། མཁའ་འགྲོ་བཞི་ལ་ཕྱག་འཚལ་བསྟོད༔ ཅེས་དང་། གོང་གི།་་་ཧྲཱི༔ བསྐལ་པ་མེ་རི་འབར་བའི་ཀློང་དཀྱིལ་སོགས། སྣང་བ་དབང་སྡུད་ཁྱོད་ལ་ཕྱག་འཚལ་བསྟོད༔ བར། བཟླས་དམིགས་ནི། མདུན་བསྐྱེད་ལྷ་ཆེན་རིགས་བཞི་སོ་སོའི་ཐུགས་ཀར་ཉི་མའི་ལྟེ་བར་སྲོག་ཡིག་ཧྲཱིཿས་མཚན་པའི་མཐར་སྔགས་ཕྲེང་འཁོད་པ་དང་། ཡུམ་དང་། མཁའ་འགྲོ་རྣམས་ཀྱི་ཐུགས་དཀར་ཉི་མ་ལ་ཧྲཱིཿརང་མདོག་གིས་མཚན་པར་བསམ། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་ཕྱུག་གཙོ་འཁོར་རྣམས་ལ་ཕོག་པས་དམ་ཚིག་རྗེས་སུ་དྲན་ཅིང་སྐུ་དང་སྔགས་ལས་འཕྲོས་པའི་འོད་དམར་གྱིས་སྲིད་པ་གསུམ་གྱི་བརྟན་གཡོའི་དངོས་པོ་ཐམས་ཅད་དང་། ཁྱད་པར་གང་ལ་དམིགས་པ་རང་དབང་མེད་པར་བཀུག་ནས་བདག་གི་དབང་དུ་འུབ་འུབས་བསྡུས་པར་བསམ་ནས། ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཀ་བྷི་ར༔ ཀོ་བྷི་ར༔ ཨུ་ཙུཥྨ་ཀུག་ཏ་ཧཱུྃ༔ ཨཱ་ཀརྵཱ་ཡ་ཧྲཱིཾ་ཛ༔ ཞེས་བཟླ་ཞིང་། དབང་རྐྱང་ཙམ་ལ་བཟླས་པའི་རྣམ་གྲངས་གཞན་མི་དགོས་པར་སེམས། ཐུན་མཚམས་སུ་གཏོར་མ་འབུལ་བ་ནི། དཀར་གཏོར་རཾ་ཡཾ་ཁཾ་གིས་བསང་སྦྱང་། སྔགས་དྲུག་ཕྱག་དྲུག་གིས་བརླབ། དམར་གཏོར་བསང་སྦྱང་། སྟོང་པའི་ངང་ལས་གཏོར་སྣོད་ཀྱི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུའི་སོགས་ནས། མཁའ་དབྱིངས་རྒྱན་གྱི་གཏེར་དུ་འཆར་བར་གྱུར་བར་སྔགས་བཅས་གོང་བཞིན་བརྗོད་པས་བྱིན་གྱིས་བརླབ། ལྷ་ཆེན་མཆེད་བཞི་ཡུམ་འཁོར་བཅས་ཀྱི་ལྗགས་འོད་ཀྱི་སྦུ་གུ་ཁ་ཊྭཱཾ་གའི་དབྱིབས་ཅན་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་མོས་ལ། གོང་གི་སྔགས། ཨེ་མཉྫུ་ནས། ཨུ་ཙུཥྨ་ཀུག་ཏ་ཧཱུྃ༔ གྲྀཧྣ་གྲྀཧྞ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་ཉེར་གཅིག་གམ་བདུན་གྱིས་གཙོ་འཁོར་རྣམས་ལ་ཕུལ། དབང་ཕྱུག་ཆེན་པོ་སྡེ་བཞི་པོ༔ མཆོད་པ་བཞེས་ལ་དངོས་གྲུབ་སྩོལ༔ སྤྲོ་ན་གཏོར་སྔགས་གཏོར་འབུལ་ཕྲིན་བཅོལ་རྗེས་ནས་འབྱུང་བ་རྣམས་འདིར་བླངས་ནས་སོ་སོར་འབུལ། གང་ལྟར་ཡང་། འོག་གི།་་་ཧྲཱི༔ བསྐལ་པ་རླུང་གི་གདན་སྟེང་དུ༔ ལྷ་ཆེན་དབང་ཕྱུག་སོགས། ཧྲཱི༔ ཡུམ་ཆེན་ཨུ་མ་སོགས། ཧྲཱི༔ ཤར་ཕྱོགས་སོགས། གོང་གི།་་་ཧྲཱི༔ ཉི་ཟླ་གཉིས་ཀྱི་སོགས་ནས། སྣང་བ་དབང་དུ་སྡུད་དུ་གསོལ༔ ཞེས་བར་སྐབས་ཀྱི་གཏོར་སྔགས་རྣམས་དོར་ནས་མཆོད་བསྐུལ་བྱའོ། །དེ་ནས་སློབ་མ་ལ་དབང་བསྐུར་བའི་སྐབས་མཚམས་སྦྱོར་གྱི་ཁྱད་པར། འོ། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་གྲོལ་གཏན་གྱི་བདེ་མཆོག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་འཐོབ་པར་བྱ། དེའི་ཆེད་དུ་མོས་པ་དང་ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པའི་འགྲོ་བ་ཐམས་ཅད་བདག་གི་ཐུགས་རྗེ་ཆེན་པོའི་ཕྲིན་ལས་ཀྱིས་དབང་དུ་བྱ་བའི་སླད་དུ། འདོད་པ་ཁམས་ཀྱི་བདག་པོ་ལྷ་ཆེན་རླུང་གི་ཞགས་པ་དབང་ཕྱུག་ཆེན་པོ་ལས་མཁན་དང་བཅས་པའི་དབང་བསྐུར་གསན་ཏེ་ཚུལ་བཞིན་དུ་བསྒྲུབས་ནས། དབང་གི་ཕྲིན་ལས་ལ་བརྩོན་པར་བགྱིའོ་སྙམ་པའི་ཀུན་སློང་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་རིན་པོ་ཆེ་ལེགས་པར་གསལ་བཏབ་སྟེ་གསན་འཚལ། དེ་ལ་འདིར་འགྲོ་བ་རྣམས་ཀྱི་མོས་སྣང་དམ་པའི་ཆོས་ལ་བསྡུ་བའི་སླད་རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་ཉིད་རྩ་བ་གསུམ་དང་། བཀའ་སྡོད་ཡེ་ཤེས་ལས་དང་འཇིག་རྟེན། འཁོལ་དང་ཡང་འཁོལ་གྱི་ཚུལ་ཐ་དད་པར་བསྟན་པའི་དབང་གིས་རྒྱུད་དང་དབང་དང་སྒྲུབ་ཐབས་མན་ངག་མཐའ་ཡས་པར་སྣང་བར་མཛད་པ་ལས། ད་ལམ་གྱི་སྐབས་སུ་བབས་པ་འདོད་ཁམས་དབང་ཕྱུག་ལྷ་ཆེན་རླུང་གི་ཞགས་པ་འདི་ནི། དོན་ལ་སེམས་དཔའ་ཆེན་པོ་པདྨའི་སྤྱན་ཉིད་རྣམ་པ་འཇིག་རྟེན་འདི་ན་དབང་ཆེ་ཞིང་མཐུ་དང་ལྡན་པ་འདོད་ཁམས་པའི་འགྲོ་བ་མཐའ་དག་གི་ཡིད་ལ་རང་དབང་དུ་བྱེད་པའི་ལྷ་ཆེན་མ་ཧཱ་དེ་བ་དེ་ཉིད་ཀྱིས་རྒྱལ་བའི་ཞལ་མཐོང་ཞིང་། བསྟན་པ་སྲུང་བའི་ཆོས་སྐྱོང་དུ་རང་དམ་བཅས། སླར་རིག་འཛིན་ཆེན་པོ་པདྨ་ཐོད་ཕྲེང་རྩལ་གྱི་སྤྱན་སྔར་རང་རྟགས་སྲོག་གི་སྙིང་པོ་ཕུལ་ནས་ཕྲིན་ལས་བསྒྲུབ་པར་ཁས་བླངས་པའི་དབང་གི་ཆོས་སྐྱོང་ཆེན་པོ་ཡིན་ཏེ། གཏེར་གཞུང་རྡོ་རྗེའི་གསུང་ལས། ཨོ་རྒྱན་པདྨ་འབྱུང་གནས་ང༔ རྒྱ་གར་ཤར་ན་ཡོད་ཙ་ན༔ མུ་སྟེགས་དྲེགས་པ་ལྷ་ཆེན་ནི༔ དབང་ཕྱུག་ཆེན་པོ་ཞེས་བྱ་བ༔ འཇིགས་བྱེད་ཆེན་པོ་དྲག་པོ་དེ༔ ང་ཡི་མདུན་དུ་འོང་ནས་ནི༔ རྣལ་འབྱོར་སྨྱོན་པ་ཅི་བྱེད་ཟེར༔ བར་ཆད་ཐོ་འཚམས་བྱེད་དུ་བྱུང༔ དེ་དུས་ང་ཡི་དགོངས་པས་གཟིར༔ ཕྱག་གཡོན་རྣ་བ་གཡས་པ་བཟུང༔ གཡས་པའི་རྡོ་རྗེས་མགོ་ནས་གཟིར༔ ནུ་མའི་བར་དུ་ཐལ་གྱིས་སོང༔ སྐད་ངན་འོ་དོད་ཙེར་གྱི་བྱུང༔ རྣལ་འབྱོར་རྫུ་འཕྲུལ་མཐུ་སྟོབས་ཅན༔ བདག་ནི་ཁྱེད་ཀྱི་འབངས་སུ་མཆི༔ ཐུགས་རྗེས་དགོངས་པ་ཀློད་པར་ཞུ༔ ཞེས་ཟེར་ཏེ་སྲོག་སྙིང་ཕུལ་ནས་འཇིག་རྟེན་དབང་དུ་བསྡུ་བའི་ལས་བཅོལ༔ དེའི་ཕྱིར་ན་པདྨའི་བཀའ་ཉན་ཡིན་ནོ༔ ད་ལྟ་འདི་བས་སྟོབས་ཆེ་བ་འཇིག་རྟེན་ན་མེད་དོ༔ ཅེས་གསུངས་ཤིང་། དེ་ལྟ་བུའི་དབང་གི་བཀའ་ཉན་འདི་ཉིད་བོད་ཡུལ་ཆོས་སྐྱོང་བའི་རྒྱལ་པོའི་བློན་པོ་མཆིམས་རྡོ་རྗེ་སྤྲེ་ཆུང་གི་ཞུས་པའི་ངོར་ཟབ་པའི་གདམས་ངག་ཚངས་སྤྲུགས་སུ་བསྩལ་ཅིང་། གྲུབ་པའི་རྟགས་མཚན་མངོན་དུ་གྱུར་ཏེ། ཆོས་སྐོར་རྣམས་མ་འོངས་ཕྱི་མའི་དུས་ལ་དགོངས་ཏེ་ཟབ་མོའི་གཏེར་དུ་སྦ་བར་མཛད་པ་སྟེ། གཞུང་ལས། བདག་འདྲ་པདྨ་འབྱུང་གནས་ཀྱིས༔ རྒྱ་གར་རྒྱ་ནག་ཁ་ཆེའི་ཡུལ༔ དྷ་ན་ཀོ་ཤའི་ཡུལ་དུ་བྱོན༔ ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས༔ བོད་དུ་གཏེར་ཆེན་འབུམ་ཕྲག་གཅིག༔ གཏེར་ཕྲན་བྱེ་བ་ས་ཡ་སྦས༔ ལྷ་བྲག་བྲག་ལ་ཐུགས་གཏེར་དང༔ ཡང་གཏེར་སྦས་པས་འགྲོ་དོན་བྱེད༔ དབང་ཕྱུག་ཆེན་པོ་རླུང་ཞགས་ཀྱི༔ ཟབ་རྒྱའི་གནད་ཐིག་གཞན་ན་མེད༔ སྙིང་ཏིག་ཟབ་མོ་ཟང་ཟང་ལྷ་བྲག་དང༔ ལྷོ་བྲག་གནམ་སྐས་ཅན་ལ་སྦས༔ གཡས་རུ་གཙང་འཕྲང་གཡག་སྙིང་རོང༔ གཙང་གི་ཕུང་པོ་རི་བོ་ཆེ༔ ཞལ་བཟང་ནག་པོའི་བྲག་རི་ལ༔ རྐྱང་སྒྲུབ་ཁ་ཐོར་རེ་རེ་སྦས༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ཡི༔ སྒྲུབ་ཐབས་དེ་ལས་གཞན་ན་མེད༔ མུ་སྟེགས་དབང་ཕྱུག་ཆེན་པོ་ལ༔ སྒྲུབ་ཐབས་གཏེར་ཁ་བརྒྱ་རྩ་གཅིག༔ མ་འོངས་པ་ཡི་དོན་ཕྱིར་སྦས༔ ཞེས་གསུངས་པ་བཞིན། བྱང་ཟང་ཟང་ལྷ་བྲག་གི་རྐེད་བསེ་སྒྲོམ་སྨུག་པོའི་ནང་། ནུབ་ཟངས་མཛོད་དམར་པོར་བསྩལ་ཏེ་ཟབ་མོའི་གཏེར་དུ་རྒྱས་བཏབ་པ་ཉིད། བོད་ཡུལ་ཕུར་ཐོགས་ཡོངས་ཀྱི་རྒྱལ་པོ་སྣ་ནམ་རྡོ་རྗེ་བདུད་འཇོམས་དངོས་སུ་བྱོན་པ་༧རིག་འཛིན་ཆེན་པོ་དངོས་གྲུབ་རྒྱལ་མཚན་ནམ་གཏེར་ཆེན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་སྤྱན་དྲངས་པའི་ཟབ་ཆོས་ལྔ་བརྒྱ་ཕྲག་གཅིག་གི་ནང་ཚན། རྟེན་འབྲེལ་ཁྱད་པར་ཅན་གྱི་ཆོས་བདུན་ལས་འདོད་ཁམས་ཀྱི་བདག་པོ་ལྷ་ཆེན་པོའི་སྒྲུབ་སྐོར་ལའང་གཙོ་བོ་ལྷ་ཆེན་རླུང་གི་ཞགས་པ་མཁའ་འགྲོ་བཞིས་བསྐོར་བ་དང་། བཀའ་ཉན་རྣམ་པ་གསུམ་དང་འབྲེལ་བའི་དབང་བསྐུར་སྒྲུབ་ཐབས་ལས་ཚོགས་རབ་འབྱམས་སུ་བཞུགས་པ་ལས། ཐོག་མར་གཙོ་བོ་དབང་ཕྱུག་ཆེན་པོ་ལྷ་ཆེན་རླུང་གི་ཞགས་པའི་སྒྲུབ་ཐབས་དང་འབྲེལ་བའི་དབང་བསྐུར་ཟབ་མོ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་བཅུག །སློབ་དཔོན་ཉིད་མ་ཧཱ་གུ་རུ་པདྨ་འབྱུང་གནས་ཐ་མི་དད་པའི་དྲུང་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ དགོངས་སུ་གསོལ༔ སོགས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པའི་ལན་སྦྱིན་པ་དང་། སྤྲོ་བ་བསྐྱེད་པ་འདི་ལ་གསན་འཚལ། བུ་ཁྱོད་སྔོན་བསོད་ནམས་ཀྱི་སོགས། རྒྱུད་སྦྱོང་བའི་སླད་དུ། མདུན་གྱི་ནམ་མཁར་གུ་རུ་པདྨ་འབྱུང་གནས་གཙོ་བོར་གྱུར་པའི་ཚོགས་ཀྱི་ཞིང་མཆོག་དམ་པའི་སྤྱན་སྔར། སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམ་པ་གསུམ་སོགས་ཚིག་རིས་མཐུན་པའི་སྒོམ་དོན་ཏིང་ངེ་འཛིན་ལ་རྩེ་གཅིག་པའི་ཡིད་ཀྱིས་འདིའི་རྗེས་ཟློས་མཛོད། ཐུགས་རྗེའི་དབང་གིས་སོགས་ལན་གསུམ། རྗེས་གནང་དངོས་ལ་གཉེན་པོ་སྟོབས་ཀྱི་རྩ་བའི་ལྷ་བསྒོམ་ཞིང་བྱིན་དབབ་པ། ལྷ་ཆེན་པོའི་རྗེས་གནང་དབང་བསྐུར་བ། ལུང་འབོགས་པ། དངོས་གྲུབ་བླང་བ། གནང་བ་སྦྱིན་པ་རྣམས་སུ་འབྱུང་བས། དང་པོའི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད། སྭ་བྷཱ་ཝ་སོགས། གཉིས་བསྡུས་ཀྱི་ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་ཀྱི་ངང་ལས། ཁྱེད་རང་རྣམས་སྐད་ཅིག་གིས་སློབ་དཔོན་པདྨ་འབྱུང་གནས་སྐུ་མདོག་དམར་པོ༔ དབང་གི་བེར་དམར་པོ་མནབས་པ༔ དབུ་ལ་ཤ་བའི་སྙན་ཞུ་གསོལ་བ༔ དབང་སྡུད་ལྕགས་ཀྱུའི་ཕྱག་རྒྱ་བཅས་ནས༔ ཉི་ཟླ་པདྨའི་གདན་ལ་བཞུགས་པའི༔ ཐུགས་ཀར་ཧྲཱིཿཡིག་དམར་པོས་མཚན་པ་དང་། སློབ་དཔོན་ཡང་སྔར་བསྐྱེད་པའི་ཆ་ལུགས་ཅན་གྱི་མ་ཧཱ་གུ་རུའི་སྐུར་གསལ་བའི་ཐུགས་སྲོག་ཧྲཱིཿཡིག་ལས་འཕྲོས་པའི་འོད་ཟེར་གྱིས་ཕྱོགས་ཀྱི་ཞིང་རབ་འབྱམས་དང་། ཁྱད་པར་པདྨ་འབར་བའི་ཞིང་ནས། རྗེ་བཙུན་ཆེན་པོ་ཐོད་ཕྲེང་རྩལ་གྱི་ཐུགས་རྒྱུད་བསྐུལ་ཏེ་མདུན་གྱི་ནམ་མཁར་ཚུར་བྱོན། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ་པས་མ་ཧཱ་གུ་རུའི་སྐུ་གསུང་ཐུགས་གཉིས་སུ་མེད་པའི་བྱིན་དབང་དངོས་གྲུབ་ཐོབ་པར་མོས་ཤིག །བླ་གཏོར་སྤྱི་བོར་གཞག་ལ། ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་པཱ་ཤཾ་ཀུ་རུ་ཛ་ཛ༔ ཨ་བྷི་ཥིཉྩ་མཾ༔ མ་ཧཱ་གུ་རུ་པདྨ་འབྱུང་གནས་ཀྱི༔ སོགས་བརྗོད། གཉིས་པ་འདོད་ཁམས་དབང་ཕྱུག་ལྷ་ཆེན་པོའི་རྗེས་གནང་དབང་སྐུར་སྒྲུབ་པའི་དོན་དུ་དམིགས་པ་འདི་ལྟར་དུ་མཛོད། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཁྱེད་རང་རྣམས་གནས་པའི་ས་ཕྱོགས་འདི་ཉིད་ཀྱི་འོག་གཞི་ཡཾ་ཞེས་བརྗོད་པས་རླུང་གི་དཀྱིལ་འཁོར་ལྗང་ནག་རྒྱ་གྲམ་གཞུ་བདུངས་པ་ལྟ་བུའི་འཆང་གཟུང་ལ་ཡཾ། མཆོག་མ་རྣམས་ལ་གཡོ་བའི་བ་དན་གྱིས་མཚན་པ། དེའི་སྟེང་དུ་རིན་པོ་ཆེའི་ས་གཞི་ལ་བརྟེན་པའི་སྐྱེད་མོའི་ཚལ་འཕྲུལ་དགའ་ལྷའི་ཞིང་ཁམས་ཀྱི་བཀོད་པ་རྫོགས་པའི་དབུས་སུ་པདྨ་ཉི་ཟླ་མིའུ་རིགས་བཞི་བསྣོལ་བའི་གདན་ལ། རླུང་སེམས་འདུས་པའི་ཡི་གེ་ཧྲཱིཿདམར་པོ་ལས་འོད་ཟེར་འཕྲོས། སྲིད་པ་གསུམ་གྱི་དྭངས་བཅུད་བསྡུས་ཤིང་ཐིམ། དེ་ཡོངས་སུ་གྱུར་པ་ལས་འདོད་ཁམས་དབང་ཕྱུག་ཆེན་པོ་རླུང་གི་ཞགས་པ་སོགས་ནས། རླུང་གི་བ་དན་བསྣམས་པའོ། །དེ་དག་ཐམས་ཅད་ཀྱང་ཞི་མ་ཁྲོའི་ཉམས་ཅན་སོགས། འཁྱོམ་འཁྱོམ་བྱེད་པ་ཞིག་ཏུ་གསལ་བ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཅན་གྲངས་མེད་པ་འཕྲོས་པས། འདོད་ཁམས་ལྷའི་གནས་དང་། དུར་ཁྲོད་ཆེན་པོ་བརྒྱད། པཱ་ལཀྴའི་ཤིང་དྲུང་། ནུབ་ཕྱོགས་དབང་གི་གཞལ་ཡས་སོགས་གང་དུ་བཞུགས་པའི་གནས་ནས་རིགས་བཞི་ཕོ་མོ་བསྣོལ་བའི་གདན་ལས་སྐུ་བཞེངས་ཏེ། མཁའ་འགྲོ་མ་བཞིས་ཕྱོགས་བཞི་ནས་ཁ་ཊྭཱཾ་ཀ་དང་བ་དན་གཡོབ་ཅིང་སྐད་ཅིག་ལ་གློག་ལྟར་མྱུར་བའི་དབང་གི་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་བར་སྣང་ལ་ཚུར་འུ་རུ་རུ་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག །གུ་གུལ་གཏུལ། རོལ་མོའི་སྒྲ་དང་བཅས། ཧྲཱི༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ ནུབ་ཕྱོགས་པདྨ་འབར་བའི་གཞལ་ཡས་སོགས་མཆོད་ཕྲིན་ནང་ལྟར། ཀརྨ་ཌཱ་ཀི་ནཱི༔ ཛཿཧཱུྃ་བཾ་ཧོ༔ བར་བརྗོད། མདུན་དུ་བཤམ་པའི་གཏོར་མ་འདི་ཉིད་སྔར་སྨྲོས་མ་ཐག་པའི་མཚན་ཉིད་ཅན་གྱི། འདོད་ཁམས་དབང་ཕྱུག་ཆེན་པོ་རླུང་གི་ཞགས་པའི། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་དུ་ལམ་གྱིས་གསལ་བར་གྱུར། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་བསྐུལ་བས་གཏོར་མ་དང་གཉིས་སུ་མེད་པར་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་པ་ལས་སྐུ་གཉིས་པ་ཞིག་འཕྲོས། ཁྱེད་རང་རྣམས་ལ་གཉིས་མེད་དུ་ཐིམ་པར་མོས་ཤིག །གཏོར་མ་ཉི་ཟླ་ཅན་ཐོགས་ལ། ཧྲཱི༔ འདོད་ཁམས་དབང་ཕྱུག་ལྷ་ཆེན་སྐུར་བཞེངས་ལ། །འདོད་ཁམས་མི་ནོར་ལོངས་སྤྱོད་ཐམས་ཅད་སྡུས༔ སྐལ་ལྡན་ལས་ཅན་རིགས་ཀྱི་བུ་འདི་ལ༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་པའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབང་སྐུར་ཅིག༔ ཀ་བྷི་ར་ཀོ་བྷི་ར༔ དང་པོ་རླུང་ཞགས་སྐབས་བར་འདིར། བཛྲ་ཌཱ་ཀི་ནཱི༔ རཏྣ༴ པདྨ༴ ཀརྨ༴ སྦྱར་རྗེས་མ་གསུམ་ལ་མི་སྦྱར། པཱ་ཤཾ་ཀུ་རུ་ཛ་ཛ༔ ཨ་བྷི་ཥིཉྩ་མཾ༔ གསུམ་པ་ལུང་འབོགས་པ་ནི། གཏོར་མ་དང་སྒྲུབ་རྟེན་ཕྱག་ཏུ་གཏད་ཅིང་སློབ་དཔོན་གྱིས་མདུན་བསྐྱེད་ལ་བཀའ་བསྒོས་པ་བཞིན། བརྟན་གཡོ་དབང་དུ་སྡུད་པའི་ཕྲིན་ལས་སོགས་འདོད་པའི་དངོས་གྲུབ་ཡིད་བཞིན་དུ་སྒྲུབ་ཅིང་མི་འབྲལ་བར་འགྲོག་པའི་ངེས་ཤེས་སྐྱེད་འཚལ། དབང་ཕྱུག་འདི་ལ་སྦྱིན་ལགས་ཀྱིས༔ འདི་ལ་འགོ་བར་མཛད་དུ་གསོལ༔ ཟས་ནོར་ལོངས་སྤྱོད་དངོས་གྲུབ་རྣམས༔ སྦྱིན་པའི་ཕྲིན་ལས་མཛད་དུ་གསོལ༔ ཞེས་པས་གཏོར་མ་སྤྱི་བོར་བཞག་ཅིང་ལག་ཏུ་གཏད་དེ། ཁྱེད་རང་རྣམས་ཀྱིས་དུས་རྒྱུན་དུ་དབང་ཕྱུག་གི་རྟེན་དང་མི་འབྲལ་བ་དང༔ མཆོད་པ་རྒྱུན་མ་ཆད་པར་གྱིས་ཤིག༔ བཞི་པ་དངོས་གྲུབ་བླང་བའི་དོན་དུ་གཏོར་ཟན་ལྷ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་། བརྟན་གཡོའི་དྭངས་བཅུད་ཀྱི་ཞུན་མར་འཁྱིལ་པ་དཔོན་སློབ་རྣམས་ཀྱིས་རོལ་པས། དངོས་གྲུབ་མཆོག་གི་སྐལ་བ་ལ་ལོངས་སྤྱོད་ཅིང་དབང་གི་ཕྲིན་ལས་རབ་འབྱམས་སྒྲུབ་པའི་མཐུ་དབང་ཐོབ་པར་མོས་ཤིག །གཏོར་ཟན་དང་གཏོར་རྫས་དཔོན་སློབ་གཉིས་ཀས་རོལ། སྨོན་ལམ་གདབ་པ་འདིའི་རྗེས་ཟློས་མཛོད། ཧོ༔ བདག་ཉིད་སློབ་དཔོན་འཁོར་བཅས་ཀྱིས༔ སོགས། འགྲོ་བ་ཐམས་ཅད་བདག་གི་དབང་དུ་འདུས་པར་གྱུར་ཅིག༔ བར་བརྗོད། ལྔ་པ་རྗེས་སུ་གནང་བ་སྦྱིན་པ་ནི། འདི་ལ་གསན་པས་ཁྱབ་པར་གདའ་སྟེ། སྐལ་ལྡན་རིགས་ཀྱི་སློབ་བུ་ཁྱེད་ལ༔ སོགས་གནང་བ་སྦྱིན་པ། རྗེས་གནང་མ་ཐོབ་པ་ལ་མ་སྤེལ་ཅིག༔ དུས་རྟག་ཏུ་མཆོད་གཏོར་གྱི་རིམ་པ་མ་ཆག་པར་བརྩོན་པར་མཛོད་ཅིག །ཚོགས་དང་གཏོར་མ་གཞན་ལ་མི་སྦྱིན་ནོ༔ བྱ་བ་ཐམས་ཅད་གཞན་གྱིས་མི་མཐོང་བར་བྱའོ༔ ཇི་སྐད་བསྒོས་པའི་རིམ་པ་དང་། བླ་མ་ལ་གུས་པ་སོགས་རྡོ་རྗེ་ཐེག་པའི་དམ་ཚིག་རྣམས་ཚུལ་བཞིན་དུ་འཛིན་དགོས་པས། དེ་ལྟར་བགྱིའོ་སྙམ་པའི་བློས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་དང་། དེས་འདོད་ཁམས་དབང་ཕྱུག་ཆེན་པོ་རླུང་གི་ཞགས་པའི་རྗེས་གནང་གྲུབ་པའི་གཏང་རག་གི་ཡོན་དང་།། ༧ །།སླར་ཡང་ཕྱི་སྒྲུབ་མུ་སྟེགས་དབང་ཕྱུག་ཆེན་པོ་ཉི་ཟླ་རླུང་གི་འཁོར་ལོའི་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ། བླ་མ་དང་མ་ཧཱ་གུ་རུ་དབྱེར་མེད་པའི་དྲུང་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ དགོངས་སུ་གསོལ༔ སོགས་སྐབས་ཐོབ་སོ་སོའི་སྒྱུར་ཁ་ཅུང་ཟད་བཅས་སྔར་ལྟར་ལ། སྟོང་པའི་ངང་ལས་ཁྱེད་རང་རྣམས་གནས་པའི་ས་ཕྱོགས་འདི་ཉིད་རིན་པོ་ཆེའི་ས་གཞི་ལ་བརྟེན་པའི་སྐྱེད་མོའི་ཚལ། འཕྲུལ་དགའ་ལྷའི་ཞིང་ཁམས་ཀྱི་བཀོད་པ་རྫོགས་པའི་དབུས་སུ། རླུང་སེམས་འདུས་པའི་ངོ་བོ་ཡི་གེ་ཧྲཱིཿདམར་པོ་ལས་འོད་ཟེར་འཕྲོས། སྲིད་པ་གསུམ་གྱི་བརྟན་གཡོའི་དྭངས་བཅུད་ཐམས་ཅད་བསྡུས་ཤིང་ཐིམ། དེ་ཡོངས་སུ་གྱུར་པ་ལས། མུ་སྟེགས་དབང་ཕྱུག་ཆེན་པོ་ཉི་ཟླ་རླུང་གི་འཁོར་ལོ་སོགས་མངོན་རྟོགས་ལྟར་ཕྱི་སྒྲུབ་རྐྱང་པ་དང་། འོག་གི་ཞི་མ་ཁྲོའི་ཉམས་ཅན་སོགས་ནས། ཞིག་ཏུ་གསལ་བ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཅན་གྲངས་མེད་པ་འཕྲོས་པས། འདོད་ཁམས་ལྷའི་གནས་དང་། དུར་ཁྲོད་ཆེན་པོ་བརྒྱད། པཱ་ལཀྴའི་དྲུང་། ནུབ་ཕྱོགས་དབང་གི་གཞལ་ཡས་སོགས་གང་དུ་བཞུགས་པའི་གནས་ནས་སྐད་ཅིག་གློག་ལྟར་མྱུར་བའི་དབང་གིས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་བར་སྣང་ལ་ཚུར་འུ་རུ་རུ་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག །གུ་གུལ་བསྲེག་ཅིང་རོལ་མོའི་སྒྲ་དང་བཅས། ཧྲཱི༔ བསྐལ་པ་མེ་རི་འབར་བའི་ཀློང་དཀྱིལ་ན༔ ཉི་མ་ཟླ་བ་གཉིས་ཀྱི་གདན་སྟེང་ན༔ ཧྲཱིཿལས་བྱུང་བའི་མ་ཧཱ་དེ་ཝ་ནི༔ སྐུ་མདོག་དམར་ནག་གཅེར་བུ་རལ་པ་ཅན༔ ཞལ་ནས་ཧྲཱིཿདང་ཛཿཡི་སྔགས་སྒྲ་སྒྲོག༔ སྲིད་གསུམ་ཟིལ་གནོན་འཇིག་རྟེན་དབང་དུ་སྡུད༔ སློབ་དཔོན་པདྨའི་བཀའ་ཉན་དམ་ཚིག་ཅན༔ མུ་སྟེགས་དབང་ཕྱུག་ཉི་ཟླ་རླུང་འཁོར་ཚོགས། །དམ་ལས་མ་འདའ་གནས་འདིར་ད་ཚུར་བྱོན། །དབང་གི་ཕྲིན་ལས་རབ་འབྱམས་འགྲུབ་པར་མཛོད། །ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ ཨུ་ཙུཥྨ་ཀུག་ཏ་ཧཱུྃ༔ བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོ༔ མདུན་དུ་བཤམས་པའི་གཏོར་མ་སོགས་སྐབས་ཐོབ་སྒྱུར་སོ་ཅུང་ཟད་དང་། དངོས་གྲུབ་བླང་བའི་སྨོན་ལམ་རྗེས་ཟློས་སྐབས་མཁའ་འགྲོ་རིགས་བཞིའི་ལྷ་སྔགས་དོར་བ་བཅས་ལས། གཞན་རླུང་ཞགས་ལྟར་དམ་ཚིག་ཁས་བླང་བར་དང་། དེས་ཕྱི་སྒྲུབ་མུ་སྟེགས་དབང་ཕྱུག་ཆེན་པོ་ཉི་ཟླ་རླུང་གི་འཁོར་ལོའི་རྗེས་གནང་གྲུབ་པའི་གཏང་རག་གི་ཡོན་དང་།། ༧ །།སླར་ཡང་ནང་སྒྲུབ་དབང་ཕྱུག་ཆེན་པོ་ནོར་བུ་བསམ་འཕེལ་གྱི་རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་སོགས་སྔར་གྱི་ཉི་ཟླ་རླུང་འཁོར་ལྟར་ལ། དེ་ཡོངས་སུ་གྱུར་པ་ལས། དབང་ཕྱུག་ཆེན་པོ་ནོར་བུ་བསམ་འཕེལ༔སོགས་མངོན་རྟོགས་ལྟར། ཞབས་གཉིས་རྡོ་རྗེའི་གདན་དང་གངས་ཏི་སེ་མནན་པ༔ ཞི་མ་ཁྲོའི་ཉམས་ཅན་སོགས། ཞིག་ཏུ་གསལ་བ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་སོགས་ཕྱི་སྒྲུབ་ཉི་ཟླ་རླུང་འཁོར་སྐབས་ལྟར་ལ། ཧྲཱི༔ རིན་ཆེན་འབར་བའི་གཞལ་ཡས་ན༔ གངས་དཀར་ཏི་སེའི་གདན་སྟེང་ན༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ནི༔ ནོར་བུ་བསམ་འཕེལ་འཁོར་དང་བཅས། དམ་ལས་མ་འདའ་ད་ཚུར་བྱོན། །དབང་གི་ཕྲིན་ལས་འགྲུབ་པར་མཛོད། ཨེ་མཉྫུ་སོགས་ཕྱི་སྒྲུབ་ལྟར་འགྲེས་སོ།། །། ༧ སླར་ཡང་གསང་སྒྲུབ་དབང་ཕྱུག་ཆེན་པོ་གསང་བ་ཡང་ཁོལ་སྣང་བ་དབང་སྡུད་ཀྱི་རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་སོགས་སྔར་ལྟར་ལ། མངོན་རྟོགས་སྐབས། གྱུར་པ་ལས། དབང་ཕྱུག་ཆེན་པོ་སྣང་བ་དབང་སྡུད་སོགས། གངས་དཀར་ཏི་སེ་མནན་པ༔ ཞི་མ་ཁྲོའི་ཉམས་ཅན་སོགས། ཞིག་ཏུ་གསལ་བ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་སོགས་ཕྱི་སྒྲུབ་ཉི་ཟླ་རླུང་འཁོར་སྐབས་ལྟར་ལ། ཧྲཱི༔ པདྨ་འབར་བའི་གཞལ་ཡས་ན༔ དབང་སྡུད་འཁོར་ལོའི་གདན་སྟེང་ན༔ མུ་སྟེགས་དབང་ཕྱུག་ཆེན་པོ་ནི༔ སྣང་བ་དབང་སྡུད་འཁོར་དང་བཅས། །དམ་ལས་མ་འདའ་ད་ཚུར་བྱོན། །དབང་གི་ཕྲིན་ལས་འགྲུབ་པར་མཛོད། ཨེ་མཉྫུ་ཀུག་ཏ་སོགས་གོང་ལྟར་དང་། དེ་རྣམས་ཀྱི་སྒོ་ནས་ནུབ་ཟངས་མཛོད་དམར་པོའི་ཆོས་སྡེ་ལས་བྱོན་པའི་རྟེན་འབྲེལ་ཆོས་བདུན་གྱི་ནང་ཚན་འདོད་པ་ཁམས་ཀྱི་དབང་ཕྱུག་ཆེན་པོ་རླུང་གི་ཞགས་པ་གཙོ་འཁོར། ཕྱི་ནང་གསང་སྒྲུབ་སོ་སོ་དང་འབྲེལ་བའི་དབང་བསྐུར་གྱི་རིམ་པ་བླ་མ་བརྒྱུད་པའི་ཕྱག་བཞེས་ཀྱིས་བརྒྱན་པ་ལེགས་པར་གྲུབ་པ་ཡིན་པས་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་འབུལ་བ་ཞུ་སོགས་ལུས་ལོངས་སྤྱོད་འབུལ་བ་ཕྱིན་སྤྱི་ལྟར་དང་། རྗེས་ཆོག་ནི། མཆོད་པ་ཁ་གསོས། མཱཾ་ས། ཚེ་གལ། ཆང་གླུམ། ཟས་སྣའི་ཚོགས་གཏོར་བཤམས་པ། རཾ་ཡཾ་ཁཾ་གིས་བསང་། སྭ་བྷཱ་ཝས་སྦྱང་། ཨོཾ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨ་བརྟ་ཡ་ཨ་བརྟ་ཡ་ཧོཿབཛྲ་སྥ་ར་ཎ་ཁཾ་གིས་སྤེལ། ནམ་མཁའ་མཛོད་ཀྱི་སྔགས་ལན་བདུན་དང་། མཆོད་ཕྲེང་འཇིག་རྟེན་དབང་སྡུད་མཇུག་གི །ཧྲཱི༔ ཐམས་ཅད་དབང་དུ་སྡུད་པའི་དཀྱིལ་འཁོར་ནས༔ སོགས་ཀྱིས་ཚོགས་གཏོར་འབུལ་བའི་རས་མ། ཨེ་མཉྫུ་ཀུག་ཏ་ཧཱུྃ༔ སིདྡྷི་ཨ་ལ་ལ་ཧོ༔ས་དངོས་གྲུབ་ཏུ་རོལ། ཨོཾ་བཛྲ་ཨརྒྷཾ་དྷཱུ་པེ་པུཥྤེ་ནས། ཤབྡ་སརྦ་རཏྣ་པཱུ་ཛ་ཧོཿ ཞེས་ཉེར་སྤྱོད་ཀྱིས་མཆོད། ཧྲཱིཿ འདོད་ཁམས་ལྷ་ཆེན་དཔལ་དང་ལྡན། །དབང་ཕྱུག་ཡབ་ཡུམ་འཁོར་དང་བཅས། །འདིར་གཤེགས་བརྒྱན་པའི་མཆོད་སྤྲིན་ཚོགས། །བཞེས་ནས་དབང་གི་ཕྲིན་ལས་མཛོད། །རྒྱལ་བློན་རྗེ་འབངས་བཙུན་མོ་འཁོར། །འབྲུ་ནོར་ཐེག་ཆེན་དགེ་འདུན་ཚོགས། །རླུང་སེམས་སྣང་བ་དབང་དུ་སྡུས། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སོགས་སྤྱི་ལྟར་འདོད་དོན་གསོལ། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། མདུན་གྱི་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་རྟེན་ཡོད་ན་དེ་ལ་བསྟིམ། མེད་ན་འོད་དམར་པོའི་རྣམ་པར་ཞུ་བ་རང་གི་སྣ་བུག་གཡོན་ནས་ཞུགས་ལྟེ་བའི་ཨ་ཐུང་ལ་ཐིམ་པས་རླུང་སེམས་སྣང་བ་དབང་དུ་འདུས་པར་བསམ། སྨོན་ལམ་ནི། བདག་གི་དགེ་བའི་རྩ་བ་འདིས༔ བསམ་པ་ཡིད་བཞིན་འགྲུབ་གྱུར་ནས༔ ཐར་པའི་འབྲས་བུ་ཐོབ་པར་ཤོག༔ ཅེས་དང་། གཞན་ཡང་སྨོན་ཤིས་ཀྱིས་མཐའ་བརྒྱན་པས་གྲུབ་ཅིང་། འདི་རྣམས་སོ་སོར་སྲོག་རྟེན་སོགས་དགོས་པར་སྣང་ནའང་ལག་ལེན་འདེབས་པ་ཆེར་མི་འབྱུང་བས་དབང་རྐྱང་བཀའ་སྲོལ་མ་ཆད་ཙམ་དུ་སྤྲོས་པ་དང་། མན་ངག་གིས་མ་བརྒྱན་པའི་རྟ་རྐྱང་བཞིན་དུ་བྱས་པའོ།། །། ༈ པདྨ་ལས་འབྲེལ་རྩལ་གྱི་ལྷ་ཆེན་༼འདོད་བུམ། 759༽ལྟར་དབང་སྒྲུབ་སྐབས། བདག་བསྐྱེད་ཡི་དམ་གཞན་ལ་བསྟེན་པའམ། རྗེས་གནང་དབུར་གསུངས་པ་བཞིན་ལྷ་ཆེན་གྱི་བདག་བསྐྱེད་དང་མདུན་བསྐྱེད་དམ། བདག་མདུན་དབྱེར་མེད་ཀྱིས་བསྒྲུབ། དབང་དངོས་རྫོགས་པར་བསྐུར་ཞིང་། གཏོར་དབང་བསྡུས་པ་ཟུར་དུ་བསྐུར་མི་དགོས་ཤིང་གཞན་ལ་བསྡུས་པ་ཟུར་བཀོལ་གྱིས་བསྐུར་རུང་བ་ཡིན་ཞིང་། རྗེས་རིམ་བཅས་བྱའོ།། །། ༈ ཨོ་རྒྱན་གཏེར་བདག་གླིང་པའི་ཐུགས་ཆེན་བདེ་གཤེགས་ཀུན་འདུས་ཀྱི་བཀའ་སྲུང་ལྷ་ཆེན་གྱི་རྗེས་གནང་ཐུན་མོང་མ་ཡིན་པ་དང་།། །། ༈ མཆོག་གླིང་ཟབ་བདུན་པདྨ་མཁའ་འགྲོའི་བཀའ་སྲུང་ལྷ་ཆེན་གྱི་དབང་ཆོག་སིནྡྷུ་བ་རའི་ཆུ་རྒྱུན་དང་།། །། ༈ མཆོག་གླིང་ཐུགས་ཆེན་པདྨ་སྒྱུ་འཕྲུལ་དྲྭ་བའི་བཀའ་སྲུང་ལྷ་ཆེན་བཀའ་གཏད་དབང་གི་ལྕགས་ཀྱུ་གསུམ་པོ་གོང་དུ་སོ་སོའི་སྐབས་སུ་སོང་ངོ་། །དེ་རྣམས་ཀྱིས་དབང་གི་ལས་ཚོགས་ཁོངས་སུ་བཞུགས་པའི་སྨིན་བྱེད་ཀྱི་སྐོར་རྣམས་གྲུབ་བོ།། །། ༄༅། །ལྔ་པ་དྲག་པོ་མངོན་སྤྱོད་ཀྱི་ལས་ལ་སྤྱི་དང་བྱེ་བྲག་གཉིས། དང་པོ་སྤྱིར་འགྲོ་བ་ལ། གྲུ་གུ་ཡང་དབང་གི་འཇོམས་བྱེད་རྩལ་ཆེན་ཉི་ཟླ་ནག་པོའི་བཀའ་གཏད་སྒོམ་ལུང་སྦས་པ་མ་བུ་བསྡེབས་པའི་ཡི་གེ་ཐུན་མཚམས་ཉི་ཟླའི་ཁ་ལོ་ལྟར་དབང་སྒྲུབ་སྐབས། ལས་བྱང་མངོན་རྟོགས་ཚ་ཟེར་ནག་པོའི་གདུང་བྱེད་ཀྱི་བརྡ་ཡིག་ཟུར་བྱང་ལྟར། བཀའ་གཏད་དངོས་ཀྱི་བརྒྱུད་འདེབས་མཉམ་འདོན་ནམ་རྗེས་ཟློས་ཀྱི་བརྒྱུད་པའི་ཁ་སྐོང་ནི། སུམ་ལྡན་རྡོར་འཛིན་འགྱུར་མེད་དོན་ཀུན་གྲུབ། །པདྨ་གར་དབང་བླ་མ་མཆོག་ཉིད་དང་། །དབྱེར་མེད་དམ་པ༴ མཐུ་སྟོབས་དྲག་སྔགས་ལུང་རྟོགས་བསྟན་པ་འཛིན། །བྱིན་རླབས་བརྒྱུད་པའི་བླ་མ་རིམ་པར་བྱོན། །གདམས་ཟབ་བརྒྱུད་འཛིན་བླ་མ་མཆོག་ཉིད་སོགས་འདི་ཕྱིན་བརྒྱུད་པ་ཕྱི་མ་འབྱུང་འགྱུར་རྣམས་ཁ་སྐོང་མི་དགོས་པར་བྱས་པ་ཡིན། རྗེས་བཅས་སོ།། །། ༈ མཆོག་གླིང་ཟབ་བདུན་རྩ་གསུམ་ཚེ་ཟབ་ཀྱི་ཆ་ལག་ལས་ཀྱི་མཁའ་འགྲོ་རྡོ་རྗེ་སྡེར་མོའི་དབང་ཆོག་གསལ་བར་བཀོད་པ་གཡུའི་བུམ་བཟང་ལྟར་དབང་སྒྲུབ། དབང་དངོས། རྗེས་ཆོག་བཅས་ཀྱིས། དྲག་པོ་སྤྱིར་གཅེས་པའི་སྐོར་ལས་འབྱུང་བའི་དབང་གཉིས་པོ་གྲུབ་བོ།། །། ༄། གཉིས་པ་མངོན་སྤྱོད་བྱེ་བྲག་ཏུ་བསྒྲུབ་པའི་སྐོར་ལ། སྲུང་བ། ཟློག་པ། གསད་པ། མཐའ་སྡུད་དང་བཞི་ལས། དང་པོ་སྲུང་བའི་སྐོར་ལ། འདིར་དབང་དམིགས་བསལ་མི་བཞུགས་སོ།། །། ༄། གཉིས་པ་ཟློག་པའི་སྐོར་ལ། སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་གླིང་པའི་བོད་ཁམས་བདེ་ཐབས་ཆོས་བཅུའི་ནང་ཚན། བསྟན་པ་སྲུང་བའི་སྐོར་བཞི་ལ། གཤིན་རྗེ་འཇིགས་བྱེད་རོལ་པ། རྟ་མགྲིན་བསྐལ་པའི་མེ་དཔུང་། ཕུར་པ་ཁྲོ་རྒྱལ་སྟོབས་འདུས། མགོན་པོ་གནམ་ལྕགས་ཐོག་མདའ་བཅས་བཞུགས་པ་ལས། སྔ་མ་གསུམ་གྱི་དབང་བཀའ་ཟུར་དུ་མི་བཞུགས་ཀྱང་། གུ་རུའི་ཐུགས་དམ་ཟབ་པ་སྐོར་བདུན་གྱི་རྣོ་སོ་ཡིན་པས། དེའི་དབང་ཐོབ་པས་ཆོག་པར་གསུངས། ཕྱི་མ་མགོན་པོ་གནམ་ལྕགས་ཐོག་མདའི་སྲོག་དབང་ལ། དབང་དོན་སྒྲུབ་པ་ནི། གཏེར་གཞུང་གི །བླ་མ་མགོན་པོ་སོགས་སྐྱབས་སེམས་ནས་བདག་བསྐྱེད་བསྙེན་པ་གྲུབ་ཀྱི་བར་དང་། འོག་ནས། གཏོར་མཆོད་རཾ་ཡཾ་ཁཾ་གིས་སྦྱངས༔ དྲག་པོ་བནྡྷའི་སོགས་བྱིན་རླབས་ནས་མདུན་བསྐྱེད་བསྟོད་པའི་མཐའ་བར་དང་། གོང་གི་སྒྲུབ་དམིགས་ནི། ཡབ་ཡུམ་ཐུགས་ཀར་ཉི་མ་ལ༔སོགས་ནས། སྒྲུབ་པར་བསམ༔ ཞེས་གསལ་བཏབ་ནས། ཨོཾ་མ་ཧཱ་ཀཱ་ལ་སིཾ་ཧ་སོགས་མདུན་བསྐྱེད་སྤྱན་འདྲེན་སྐབས་སུ་འབྱུང་བའི་སྔགས་བཟླ། སློབ་མ་གཞུག་པར་གནང་བ་ནོད། སྲོག་དབང་དངོས་ལ། མར་གྱུར་གྱི་འགྲོ་བའི་བདེ་སྐྱིད་ལ་འཚེ་བའི་མཐའ་དམག་སོགས་གཟུགས་ཅན་གཟུགས་མེད་ཀྱི་གཡུལ་ངོ་ཟློག་པ་དང་། རྒྱལ་བའི་བསྟན་པ་ཡོངས་ལ་འཚེ་བའི་འགལ་རྐྱེན་མཐའ་དག་བསྲུང་བའི་ཕྱིར། དཔལ་ལྡན་མགོན་པོ་སེང་གེའི་གདོང་པ་ཅན་གྱི་སྲོག་གཏད་ཞུ་སྙམ་པའི་བྱང་ཆུབ་ཀྱི་སེམས་དང་ལྡན་པས་གསོན་ཅིག །དེ་ལ་སྐབས་སུ་བབ་པ་འདི་ནི། དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོས་ལས་ཅན་རྗེ་འབངས་འདུས་པ་ཕྱི་མ་རྣམས་ལ་ཟབ་རྒྱས་ཀྱི་གདམས་ངག་རྒྱ་མཚོ་ལྟ་བུ་དང་། བོད་ཁམས་བདེ་ཐབས་ཆོས་བཅུར་གསུངས་པའི་ནང་ཚན། བསྟན་པ་སྲུང་བའི་ཆོས་བཞི། དེ་ལའང་གཤིན་རྗེ་འཇིགས་བྱེད་རོལ་པ། རྟ་མགྲིན་བསྐལ་པའི་མེ་དཔུང་། ཕུར་པ་ཁྲོ་རྒྱལ་སྟོབས་འདུས། མགོན་པོ་གནམ་ལྕགས་ཐོག་མདའ་རྣམས་ཀྱི་ནང་ཚན་ལས་བྱོན་པ་སྟེ། དཔལ་ལྷ་སྲས་དམ་འཛིན་མུ་རུབ་བཙན་པོ་ཡེ་ཤེས་རོལ་པ་རྩལ་གྱིས་གུ་རུ་རྗེ་ལ་གསོལ་པ། མ་འོངས་སུམ་ཅུ་ཁ་རལ་ལ༔ བོད་ཁམས་སྡུག་བསྔལ་ལ་སྤྱོད་ཅིང༔ བསྟན་པ་ཉམས་ཤིང་འཇིག་པ་ན༔ གསང་སྔགས་རྣལ་འབྱོར་ཐམས་ཅད་ཀྱི༔ སྐུ་ལ་བསྡོ་བའི་དགྲ་འདུལ་ཞིང༔ སངས་རྒྱས་བསྟན་པ་གཉན་པོ་ཡི༔ སོ་ཁ་སྲུང་བའི་སྲུང་མ་ཆེ༔ དྲག་རྩལ་མཐུ་ལྡན་མྱུར་མགྱོགས་ཅན༔ བཀྲ་ཤིས་མྱུར་མགྱོགས་ཆེ་བ་ཡི༔ མགོན་པོའི་སྒྲུབ་པ་བསྩལ་དུ་གསོལ༔ ཞེས་ཞུས་གུ་རུས་བཀའ་བསྩལ་པ༔ དེ་ལྟར་བསྟན་པ་སྲུང་བའི་ཐབས༔ སྙིང་པོར་བསྡུས་ཏེ་འདི་རུ་བསྟན༔ ཞེས་བསྟན་སྲུང་རྣམས་ཀྱི་མཐུ་སྟོབས་འདུས་པ། ཟློག་མེད་དཔལ་མགོན་གནམ་ལྕགས་ཐོག་མདའི་སྒྲུབ་སྐོར་བསྩལ་པ་རྣམས་ཐུགས་ཉམས་སུ་བཞེས་ཤིང་། བསྟན་པ་བསྲུང་བའི་ཕྲིན་ལས་མཐའ་ཡས་པར་མཛད་ནས་མ་འོངས་ཕྱི་མའི་དོན་ལ་གཏེར་དུ་སྦས་པ། ཕྱིས་འགྲོ་འདུལ་སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས། མདོ་ཁམས་ནམ་མཁའ་མཛོད་ཀྱི་ལྷོ་ཕྱོགས་གཤིན་རྗེའི་རྦ་དོང་ནས་སྤྱན་དྲངས་པའི་ཤོག་དྲིལ་ལས་བྱོན་པ། དཔལ་མགོན་སེང་གེའི་གདོང་ཅན་གྱི་སྲོག་དབང་ཟབ་མོ་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ། བླ་མ་བདུད་འདུལ་ཡེ་ཤེས་ཀྱི་མགོན་པོ་དབྱེར་མེད་པའི་དྲུང་དུ་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧཱུྃ༔ སངས་རྒྱས་ཀུན་གྱི་སོགས་གཏེར་གཞུང་བཞིན་ལན་གསུམ། རྒྱུད་སྦྱོང་བའི་སླད་དུ་ཚོགས་ཞིང་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར། རྒྱུན་བཤགས་ཡན་ལག་བརྒྱད་པ་དོན་དང་མཐུན་པའི་ཏིང་འཛིན་གསལ་འདེབས་བཞིན་པས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སོགས། དེ་ལྟར་གསོལ་བ་བཏབ་ཅིང་རྒྱུད་དག་པར་བྱས་པ་ལ། མཁྱེན་བརྩེའི་སྒོ་ཕྱེས་ཏེ་སྲོག་དབང་བསྐུར་བའི་ཕྱིར་ལྷའི་སྐུར་གསལ་གདབ་པ་ནི། སློབ་མ་རྣམས་ཐ་མལ་དུ་འཛིན་པའི་རྟོག་ཚོགས་སྤངས་ཏེ། བདུད་འདུལ་ཡེ་ཤེས་ཀྱི་མགོན་པོའི་སྐུ་འདི་ལྟར་དུ་སྒོམས་ཤིག །སྣང་ཡུལ་དུར་ཁྲོད་རོལ་པའི་ཞིང་། །གྲུ་གསུམ་ཨེ་ཡི་ཀློང་དཀྱིལ་དུ༔ སོགས་བདག་བསྐྱེད་ལྟར་ལ། བདག་ཉིད་ཅེས་པར་སློབ་མ་ཞེས་བསྒྱུར་ནས། ཡེ་ཤེས་མེ་ཕུང་ཀློང་དུ་བཞུགས༔ བར། དེ་ལྟར་གཉེན་པོ་སྟོབས་ཀྱི་ལྷའི་གསལ་སྣང་རྫོགས་པར་གྱུར་པ་ལ། སྲོག་གཏད་དངོས་གཞིར་གསུམ་ལས། དང་པོ་སྐུའི་སྲོག་གཏད་པ་ནི། མདུན་དུ་བཤམས་པའི་གཏོར་མ་འདི་ཉིད་ལས་ཀྱི་མགོན་པོའི་དཀྱིལ་འཁོར་བ་འདི་ལྟར་དུ་གསལ་བར་སྒོམས་ཤིག །མདུན་དུ་དུར་ཁྲོད་ས་གཞིའི་དབུས༔ འཁོར་ལོ་རྩིབས་བརྒྱད་ལྟེ་བ་ལ༔ དཔལ་འབར་བདུད་མགོན་སེང་གེའི་གདོང༔ མཐིང་ནག་སོགས་མདུན་བསྐྱེད་བཞིན་ལ། རླུང་གཤོག་འཆིབས༔ གཡོན་དུ་བདུད་མོ་སོགས་བསྒྱུར་ནས། བདུད་དམག་འབུམ་གྱིས་བསྐོར༔ དྲག་རྩལ་མེ་ལྟར་འབར་བ་འོ། །དེ་ལྟར་མངོན་སུམ་དུ་བཞུགས་པའི་རྟེན་གཏོར་ཕྱག་ཏུ་གཏད་ཅིང་བཀའ་བསྒོས་པས། སྐུའི་སྲོག་ལ་དབང་ཐོབ་པར་གྱུར་ནས། ཇི་ལྟར་བཅོལ་བའི་ཕྲིན་ལས་ཐོགས་པ་མེད་པར་བསྒྲུབ་པ་ཡོད་སྙམ་པའི་འདུན་པ་མཛོད། ཧཱུྃ༔ ལས་ཀྱི་མགོན་པོ་སོགས། ཨོཾ་མ་ཧཱ་ཀཱ་ལ་སིཾ་ཧ་མུ་ཁ་སོགས་ལ། ཀཱ་ཡ་སོགས་བཏགས་པས་གཏད། སློབ་མ་དང་ཆོས་སྐྱོང་དམ་བསྲེ་བའི་སླད་དུ། བདུད་རྩིའི་དམ་ཆུ་ཞལ་བསྲེས་ཏེ་བྱིན་ཞིང་གཉིས་ཀའི་དམ་ཚིག་དཔང་པོར་བཞག་པས། དམ་ཚིག་གཅིག་ཏུ་འདྲེས་པའི་དབང་གིས་ལས་མགོན་སློབ་མའི་ལུས་དང་གྲིབ་མ་བཞིན་འགྲོགས་ནས་ལས་གང་བཅོལ་བྱེད་པ་ཡིན་པས། བུས་ཀྱང་ཕྱི་ནང་གསང་བའི་རྟེན་མཆོད་སྐོང་བ་སོགས་ཚུལ་བཞིན་དུ་བཤམས་ཤིང་། དུས་དང་རྒྱུན་གྱི་མཆོད་བསྟོད་རྣམས་མ་ཆག་པར་བརྩོན་དགོས་པས། དེ་ལྟར་བགྱི་བའི་ཐ་ཚིག་གི་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། བཛྲ་ས་མ་ཡ་སོགས་གཏོར་མར་བདུད་རྩི་བྲན་པའི་ཞམ་ཆུ་སློབ་བུར་བྱིན། སློབ་མས་བདུད་རྩི་གཏོར་མར་སྦྲེང་ངོ་། །གཉིས་པ་གསུང་གི་སྲོག་གཏད་པ་ནི། མདུན་བསྐྱེད་ལས་མགོན་ཡབ་ཡུམ་གྱི་ཐུགས་ཀར་ཉི་མའི་གདན་ལ་ས་བོན་ཧཱུྃ་དང་བྷྱོའི་མཐར་སྔགས་ཀྱིས་བསྐོར་བ་དང་། ལས་མཁན་སྡེ་བརྒྱད་ཀྱི་སྙིང་གར་རང་རང་གི་སྲོག་ཡིག་རྣམས་གསལ་ཞིང་། གསང་བའི་སྔགས་སློབ་དཔོན་གྱི་རྗེས་སུ་བཟླས་པའི་འོད་ཀྱིས་མདུན་གྱི་ལས་མགོན་འཁོར་བཅས་བསྐུལ་བར་མོས་ལ་སྔགས་འདིའི་རྗེས་ཟློས། ལན་གསུམ། རང་རང་གི་སྲོག་ཡིག་ལས་གཉིས་པ་རེ་མཆེད། སློབ་མ་ཡེ་ཤེས་མགོན་པོར་གསལ་བའི་ཐུགས་སྲོག་གི་གདན་ལ་ཐིམ་པས་གསུང་གི་སྲོག་ལ་དབང་ཐོབ་པར་གྱུར་ཅིང་། ཕྲིན་ལས་ཐམས་ཅད་ཡིད་བཞིན་དུ་བསྒྲུབ་པའི་མཐུ་རྩལ་རྫོགས་པར་མོས། ཧཱུྃ༔ དམ་ཚིག་འཛིན་པའི་སོགས་རྩ་སྔགས་ཤམ་བཏགས་ཀྱིས་སྔགས་བྱང་དང་ཕྲེང་བ་གཏད། གསུམ་པ་ཐུགས་ཀྱི་སྲོག་གཏད་པ་ནི། མདུན་བསྐྱེད་ལས་མགོན་ཡབ་ཡུམ་གྱི་ཐུགས་ཀ་ནས་ཕྱག་མཚན་འོད་འབར་བ་བྱུང་། སློབ་མ་ཡེ་ཤེས་མགོན་པོའི་ཐུགས་སྲོག་གི་གདན་ལ་ཐིམ་པས་ཐུགས་ཀྱི་སྲོག་ལ་དབང་ཐོབ་པར་གྱུར་ཅིང་། ཇི་ལྟར་འདོད་པའི་ཕྲིན་ལས་ཐོགས་མེད་ཡིད་བཞིན་དུ་བསྒྲུབ་པ་ཡོད་སྙམ་པར་མོས། ཧཱུྃ༔ སངས་རྒྱས་ཀུན་གྱི་སོགས་རྩ་སྔགས་ཤམ་བཏགས་ཀྱིས་ཕྱག་མཚན་གཏད། བཞི་པ་ཡོངས་རྫོགས་སྙིང་པོའི་སྲོག་དབང་ནི། ཁྱད་པར་གྱི་སྒྲུབ་རྫས་སྲོག་འཁོར་བླ་རྡོ་རྣམས་ཕྱག་ཏུ་གཏད་པས། འདི་ཉིད་བསྙེན་ཅིང་བསྒྲུབ་པ་དང་། ལས་ལ་སྦྱོར་བའི་སྒོ་ནས་ཚར་གཅོད་རྗེས་འཛིན་གྱི་ཕྲིན་ལས་རབ་འབྱམས་བསྒྲུབ་པར་རྗེས་སུ་གནང་བ་དང་། ཡང་སྒོས་ཆོས་སྐྱོང་དྲེགས་བྱེད་ཕྱི་རུ་མ་ཆད་ཅིང་། དོན་དམ་རང་བྱུང་གི་རིག་པ་ནང་དུ་མ་ལུས། གཉིས་ཀ་ཟང་ཐལ་སྙིང་པོ་ཆོས་སྐུ་ཐིག་ལེ་ཉག་གཅིག་ཏུ་རྟོགས་པའི་ལྟ་བས་སྟོང་སྲོག་གཅིག་ཆོད་ཀྱི་དཔའ་གདེང་དང་ལྡན་ནས་དྲེགས་པ་རྒྱ་མཚོའི་སྲོག་དབང་གི་སྙིང་པོ་ཐོབ་པའི་ངེས་ཤེས་བསྐྱེད་འཚལ། ཧཱུྃ༔ བདུད་ཀྱི་མགོན་པོ་སོགས་རྩ་སྔགས་བཅས་བརྗོད། དེ་དག་གིས་སྲོག་དབང་ཟབ་མོ་རིག་པ་འཛིན་པའི་ཕྱག་བཞེས་ཀྱིས་བརྒྱན་པ་གྲུབ་པ་ཡིན་ཏེ། གཞུང་ལས། སློབ་མས་དམ་ཚིག་སོགས། ཡལ་བར་མ་དོར་ཅིག༔ ཅེས་བསྔགས་པར་མཛད་པའི་དོན་ལ་ཡིད་ཆེས་ཀྱི་ངེས་པ་དང་ལྡན་པས། སྤྱི་དང་བྱེ་བྲག་གི་དམ་ཚིག་གི་གནས་རྣམས་ལ་སྲུང་སྡོམ་གྱི་བསླབ་པ་འཛིན་པ་མིག་ལྟར་གཅེས་སྤྲས་ཀྱི་སྒོ་ནས་མཛད་པ་གལ་ཆེ་བས། སྲུང་སྡོམ་ཚུལ་བཞིན་བགྱི་བའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་ལྟར་རོ། །ཆོ་གའི་རྗེས་ཐུན་གཏོར་ལ་དམིགས་ཏེ། རཾ་ཡཾ་ཁཾ། ཨ་ལས་ཐོད་པའི་སྣོད་དུ་གཏོར་མ་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་དྲོད་མདངས་དང་བཅས་པ། ཟག་མེད་ཀྱི་བདུད་རྩིའི་རང་བཞིན་དུ་སྦར་པ་དཔལ་མགོན་འཁོར་དང་བཅས་པའི་ལྗགས་ཕྱག་མཚན་གྱི་སྦུ་གུས་དྲངས་ཤིང་གསོལ་བས་མཉེས་པར་གྱུར། ཞིང་སྐྱོང་སྔགས་ལ། ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཞེས་བཏགས་པ་ལན་བདུན་ནམ་གསུམ་གྱིས་བསྔོས་ལ། ཧཱུྃ། དཔལ་ལྡན་མགོན་པོ་འཁོར་བཅས་ཀྱིས། །བསྟན་དགྲའི་ཤ་ཁྲག་མཆོད་གཏོར་བཞེས། །རྡོ་རྗེ་འཛིན་པའི་སྤྱན་སྔ་རུ། ཁས་བླངས་དམ་བཅས་དྲན་མཛོད་ལ། །བསྟན་དགྲ་མ་ལུས་སྒྲོལ་ལ་ཤོག །དུས་ལ་བབ་པོ་ས་མ་ཡ། །རྟགས་ཕྱུངས་མཚན་མ་མྱུར་དུ་སྟོན། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་བསྐུལ་ཞིང་ཐུན་གཏོར་འཕང་། ཨོཾ་མ་ཧཱ་ཀཱ་ལ་སིཾ་ཧ་མུ་ཁ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་ནས། ཤབྡ་སརྦ་པཉྩ་ཨ་མྲྀཏ་བ་ལིངྟ་རཀྟ་ཁཱ་ཧིས་མཆོད། ཧཱུྃ༔ རྒྱལ་བའི་བསྟན་པ་སོགས་ཤོ་ལོ་ཀས་བསྟོད། མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་པ་བཤགས། གཤགས་བསྟིམ་གང་འོས་སྐབས་དང་བསྟུན། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན། ཤིས་བརྗོད་བཅས་སྤྱི་ལྟར་བགྱིས་པས་གྲུབ་བོ།། །། ༈ བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་གཏོར་དབང་ཟུར་བཀོལ་གནམ་ལྕགས་ཞུན་ཐིགས་ལྟར་དབང་དོན་སྒྲུབ་པའི་སྐབས། བཟླས་པ་མཆོད་བསྟོད་རྫོགས་པའི་མཐར། འདིར་ལས་གཤིན་དང་། མགོ་གསུམ་བཀའ་གཏད་སྦྱོར་ན་སྟབས་བདེ་བས། ༼ཛི༽འཆི་བསླུ་འཆི་བདག་གདོང་ཟློག་བཞིན། རང་འཇམ་དཔལ་གཤིན་རྗེ་གཤེད་དུ་གསལ་བའི་སོགས་ལས་གཤིན་བསྐྱེད་དྲངས་ནས་བསྟོད་བསྐུལ་གྱི་ཕྱོགས་སྐྱོང་བཅུའི་མཇུག་གི །ས་བདག་འཁོར་དང་བཅས་པ་ལ༔ མཆོད་ཅིང་བསྟོད་དོ་ཕྲིན་ལས་མཛོད༔ བར་གཏང་། མགོ་གསུམ་སྐབས་འདིར་བསྒྲུབ་འདོན་མི་དགོས་པས། ལས་བུམ་སྤྱི་ཙམ་དུ་འཁྱིལ་པའི་སྔགས་ཀྱིས་བརླབ། དཀྱིལ་འཁོར་བར་རིག་མེ་དོར་ལ་གནང་བ་ཞུ། དབང་དངོས་གཞིར་རྒྱས་པ་གཏོར་དབང་སྐུ་གསུང་ཐུགས་དང་ཡོན་ཕྲིན་ལས། བསྡུས་པ་ཡོངས་རྫོགས་བཅས་སྦྲེལ་བ་བསྐུར་མཐར། སྤྱི་འགྲོའི་བཀའ་བསྒོ་སྦྱོར་ཞིང་། སླར་གསུང་བཟླས་ལུང་དང་། ཐུགས་ཀྱི་དགོངས་པ་ངོ་སྤྲོད་བཅས་གྲུབ་རྗེས། དེ་རྣམས་ཀྱིས་སོགས། བྱིན་རླབས་དབང་སྐུར་རྒྱས་པར་གྲུབ་པ་ལགས། དེ་ནས་དཔལ་ཆེན་པོ་ཡ་མཱནྟ་ཀའི་བཀའ་སྡོད་སོགས་ལས་གཤིན་བཀའ་གཏད་བཞིན། མཆོད་བསྟོད་ལ་བརྩོན་པར་བྱ་དགོས་སོ། །བར་མཐར་ཆགས་སུ་བསྐུར། ༼ཡི༽དེ་ནས་སླར་ཡང་བཅོམ་ལྡན་འདས་འཇམ་དཔལ་ཁྲོ་བོའི་སོགས་མི་ཁ་སྲུང་ཟློག་མནན་སྲེག་སོགས་ཀྱི་ལག་ལེན་གསལ་བྱེད་སྨྲ་ངན་དཔུང་འཇོམས་ཀྱི་དཀྱུས་དེར་འབྱུང་བའི་མགོ་གསུམ་བཀའ་གཏད་ཀྱི་མཎྜལ་ནས། གཏོར་གསོས་མཐེབ་ཀྱུ་ཤ་དུམ་འབྲུ་སྣ་རྣམས། རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་གིས་བརླབ། སམྦྷ་ར་གྲངས་གང་འོས་ཀྱིས་བསྔོ་སྐབས། གཏོར་མའི་ནང་དུ་མཐེབ་ཀྱུ་སོགས་ལས་རྡོར་གྱིས་འབུལ་བཅུག །བཀའ་གཏད་མཐར་དམ་ཆུ་བསྲེ་བ་བྱིན་ནས། སླར་ཡང་གཏོར་ཆུང་བསྔོས་ལ། སླར་ཡང་གཏོར་མ་བསྔོས་ཤིང་ཕྲིན་ལས་བཅོལ་བ་བཞིན་བྱེད་པར་ཁས་བླངས་ནས་རང་གནས་སུ་དགའ་བའི་སེམས་ཀྱིས་གཤེགས་པར་མོས་མཛོད། ཧཱུྃ༔ འཇམ་དཔལ་བཀའ་ཡི་ཕོ་ཉ་ཆེ༔ སོགས་གོང་གི་མི་ཁ་གཏོ་ཡིས་ཟློག་པའི་དཀྱུས་སུ་འབྱུང་བའི། ཟློག་སྒྱུར་དྲག་པོའི་ཕྲིན་ལས་མཛོད༔ ཅེས་པའི་མཐར། བཀའ་གཏད་མཇུག་གི་སརྦ་བྷཱུ་ཏ་སོགས་བརྗོད། དེ་རྣམས་ཀྱིས་རིག་འཛིན་སྨྲ་བའི་སེངྒེ་དྲག་པོའི་སྐུར་བཞེངས་པ་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་བྱིན་རླབས་གཏོར་མའི་དབང་བསྐུར་དང་། བཀའ་སྡོད་འཆི་བདག་ལས་ཀྱི་གཤིན་རྗེ་དང་། ལས་མཁན་ནག་པོ་མགོ་གསུམ་གྱི་བཀའ་གཏད་བཅས་རྒྱས་པར་གྲུབ་པ་ཡིན་པས་དམ་ཚིག་སྤྱི་དང་ཁྱད་པར་གྱིས་ཕྱེས་པ་རྣམས་ཚུལ་བཞིན་བསྲུང་དགོས་པས། དེ་ལྟར་བགྱིད་པའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དབང་རྗེས་རྣམས་དང་། ཆོ་གའི་རྗེས་ལས་གཤིན་ལ། འབུལ་གཏོར་འབྲུ་གསུམ་གྱིས་བསང་སྦྱང་། ཨོཾ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་འབུལ། ཨོཾ་བཛྲ་ཨརྒྷཾ་པུཥྤེ་ནས། ཤབྡ་ཨ་མྲྀཏ་རཀྟ་སརྦ་པཱུ་ཛ་ཁཱ་ཧིས་མཆོད། ལས་གཤིན་ཡབ་ཡུམ་འཁོར་བཅས་ཀྱིས། །མཆོད་སྦྱིན་གཏོར་མ་སོགས་ཀྱིས་ཕྲིན་ལས་བཅོལ་ཞིང་གཏོར་མ་ཕུལ། མ་རྙེད་ཡོངས་སུ་སོགས་དང་། ཡིག་བརྒྱས་ནོངས་པ་བཤགས། བཛྲ་མཱུཿས་ཡེ་ཤེས་པ་གཤེགས། དམ་ཚིག་པ་འབྲུ་གསུམ་གྱིས་རང་གི་ཐུགས་སྲོག་གདན་ལ་བསྟིམ། ཕ་རོལ་རྒོལ་འཇོམས་ཀྱི་མཆོད་པ་ཁ་གསོས་ལ། ཡི་གེ་གསུམ་གྱིས་བསང་སྦྱང་། འབྲུ་གསུམ་གྱིས་བརླབ། ཨོཾ་ཨཱཿཧཱུྃ༔ ཕྱི་མཆོད་འདོད་ཡོན་སོགས་ཀྱིས་མཆོད། ཧཱུྃ་ཧྲཱི༔ ངོ་བོ་འོད་གསལ་སོགས་ཀྱིས་བསྟོད། ཧཱུྃ་ཧྲཱི༔ སྙིང་པོ་བྱང་ཆུབ་སོགས་ཀྱིས་དངོས་གྲུབ་བླངས། མ་རྙེད་ཡོངས་སུ་སོགས་དང་ཡིག་བརྒྱས་ནོངས་པ་བཤགས། ཡེ་ཤེས་གཤེགས་བསྟིམ་སྐབས་དང་སྦྱར། དམ་ཚིག་པ་རང་ལ་བསྡུ། ཕྲིན་ལས་སམ་སྒོམ་བཟླས་གང་རུང་གི་མཇུག་ནས་འབྱུང་བ་བཞིན། བསྡུ་ལྡང་། བསྔོ་སྨོན་ཤིས་བརྗོད་བཅས་བྱའོ། །དེ་དག་གིས་ཟློག་པའི་ལས་དང་འབྲེལ་བའི་དབང་བསྐུར་དང་བཀའ་གཏད་རྣམས་གྲུབ་བོ།། །། ༄། གསུམ་པ་གསད་པ་ཉམས་པ་བདུན་རྒྱུད་གཅོད་པའི་སྐོར་ལ། དབང་དང་རྗེས་གནང་བཀའ་གཏད་མི་བཞུགས་སོ།། །། ༄། བཞི་པ་མཐའ་སྡུད་འབྱུང་བ་བཞི་ལ་གཏད་པ་ལ། ས། ཆུ། མེ། རླུང་བཞིའི། དང་པོ་སྲུང་བའི་མཐའ་སྡུད་ས་ལ་གནན་པའི་ལས་ལ། གནམ་ཆོས་ཐུགས་གཏེར་མིང་གི་མངོན་བརྗོད་ཀྱི་ཀིང་ཀང་རིགས་བཅོ་ལྔའི་སྒྲུབ་ཐབས་ལས། ཀིང་ཀང་དམར་བྱེད་ཀྱི་དབང་སྒྲུབ། དངོས་གཞི་གཟུངས་དབང་། རྗེས་གནམ་ཆོས་སྤྱི་བཞིན་ནོ།། །། ༄། གཉིས་པ་ཆུ་ལ་གཏད་པའི་ལས་དང་། ༄། གསུམ་པ་གསད་པའི་མཐའ་སྡུད་མེ་ལ་བསྲེག་པའི་ལས། ༄། བཞི་པ་ཟློག་པའི་མཐའ་སྡུད་རླུང་ལ་བསྐུར་བའི་ལས་གསུམ་ལ་དབང་དམིགས་བསལ་ཟུར་དུ་མི་འབྱུང་ཞིང་། དེ་ཡན་ཆད་ཀྱིས་བསྐྱེད་པ་མ་ཧཱ་ཡོ་གའི་སྐོར་གྱི་སྨིན་གྲོལ་ལས་ཚོགས་དང་བཅས་པའི་དབང་ཁྲིད་ཀྱི་རིམ་པ་ཐམས་ཅད་ལེགས་པར་གྲུབ་པ་ཡིན་ནོ།། །། ༄༅། །སྤྱི་དོན་གཉིས་པ་རྫོགས་པ་ལུང་ཨ་ནུ་ཡོ་གའི་སྐོར་ལ། དྲིན་ཅན་སློབ་དཔོན་མ་ཀུན་དགའ་འབུམ་པའི་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར། རྒྱལ་བས་ལུང་བསྟན་གསང་ཆེན་བཀའི་སྡུད་པོ་མཛོད་ཆེན་རྣམ་ལྔའི་མངའ་བདག་འཇམ་མགོན་རྡོ་རྗེ་འཆང་དངོས་༧པདྨ་གར་དབང་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་ཉིད་ཀྱིས། ཡར་ལུང་ཤེལ་གྱི་བྲག་ཕུག་ཏུ་བདུད་རྩི་སྨན་གྱི་སྒྲུབ་ཆེན་མཛད་པའི་སྐབས་སུ། བརྒྱུད་པ་གོང་མའི་ཕྱག་དཔེ་ཡིན་ངེས་པའི་གླེགས་བམ་ཞིག་མཁའ་འགྲོ་གཏད་རྒྱའི་ཚུལ་གྱིས་ཕྱག་ཏུ་སོན་ཞིང་། ཕྱིས་སུ་གཏེར་ཆེན་མཆོག་གྱུར་གླིང་པས་འགྲོ་མགོན་དུང་མཚོ་རས་པའི་སྔོན་གནས་རྗེས་དྲན་དང་གདམས་པའི་ཉེ་བརྒྱུད་དམིགས་བསལ་དུ་ཐོབ་པར་སྣང་བ་ལས། དབང་ལུང་གསན་པའི་ཚུལ་བསྟན་པའི་རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་གྱི་དབང་གི་ཆོ་ག་བཻ་ཌཱུརྻའི་དོ་ཤལ་ལྟར་དབང་སྒྲུབ། སྙན་གསན་འབེབ་ཅིང་སྣོད་བརྟག་པ་སྔོན་དུ་འགྲོ་བས་དབང་དངོས་གཞིའི་ལོ་རྒྱུས་མཇུག་གི །གངས་ཅན་འཛིན་མའི་ཁྱོན་ཡོངས་སུ་ཁྱབ་པའི་ཟབ་ཆོས་འདི་ཉིད། བར་ལམ་མཚན་ཙམ་ལས་དངོས་སུ་མི་སྣང་བར་གྱུར་ནའང་། དེང་གི་དུས་བསྟན་པ་ཡོངས་རྫོགས་ཀྱི་ཉིན་བྱེད། བོད་ཁམས་དུས་སྐབས་ཀྱི་ཚ་གདུང་སེལ་བའི་དཔག་བསམ། དཀྱིལ་འཁོར་ཡོངས་ཀྱི་ཁྱབ་བདག་གསང་བའི་བདག་པོ་རྡོ་རྗེ་འཛིན་རྒྱལ་རྡོ་རྗེ་སློབ་དཔོན་གྱི་ཚུལ་དུ་མིའི་སྲིད་པར་སྟོན་མཛད། རྒྱལ་བ་ཤཱཀྱའི་དབང་པོ་དང་རྒྱལ་ཚབ་མཚོ་སྐྱེས་བླ་མའི་རྡོ་རྗེའི་ལུང་གིས་ལན་གཅིག་མ་ཡིན་པར་བསྔགས་པའི་དྲིལ་ཆེན་ཡང་ནས་ཡང་དུ་བསྒྲགས་པ། སྐུ་ཆེ་བའི་ཡོན་ཏན་མཐའ་ཡས་པའི་རྣམ་ཐར་བསྟན་པ་སྤྱི་དང་། བྱེ་བྲག་སྙིང་པོའི་བསྟན་པ་ལ་སྟོན་པ་གཉིས་པ་ལྟ་བུའི་བཀའ་དྲིན་མཚུངས་པ་མེད་པའི་གཏེར་ཆེན། དུས་གསུམ་དུ་འབྱོན་པར་དཀའ་བའི་མིའི་ཁྱུ་མཆོག །རྡོ་རྗེ་འཆང་ཆེན་པོ་༧འཆི་མེད་པདྨ་གར་དབང་འགྱུར་མེད་རྡོ་རྗེ་གཡུང་དྲུང་གླིང་པ་མཆོག་གིས། རབ་བྱུང་བཅུ་བཞི་པའི་ནང་གསེས། སྟོད་འགྲེལ་གྱི་བརྡ་ལས་ཀཱ་ལ་དཱུ་ཏི་སྟེ་བོད་སྐད་དུ། དུས་ཀྱི་ཕོ་ཉ་ཞེས་འབོད་པ། རྒྱ་རྩིས་པའི་ས་ཕོ་རྟའི་ལོར། གངས་ལྗོངས་རྒྱལ་བསྟན་ཆབ་སྲིད་དང་བཅས་པའི་ཞབས་རིམ། ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པ་དང་། པདྨ་འོད་གསལ་མདོ་སྔགས་གླིང་པ་སྟེ། གཏེར་ཆེན་ཡབ་སྲས་ཀྱི་གཏེར་ལུང་གི་དོན་བཞིན། བདུད་རྩི་ཡོན་ཏན་གྱི་གནས་མཆོག་ཡར་ལུང་ཤེལ་གྱི་བྲག་ཕུག་ཏུ། སྒྲུབ་པའི་རྟེན་སོགས་ཁྱད་པར་འཕགས་པའི་ཕུན་སུམ་ཚོགས་པའི་ཡན་ལག་དང་བཅས་པས། རྒྱུད་ཟབ་སྒྱུ་འཕྲུལ་ཞི་ཁྲོའི་ཚོགས་སྒྲུབ་བདུད་རྩི་སྨན་གྱི་སྒྲུབ་པ་དང་བཅས་མཐའ་རྒྱས་སུ་མཛད་པས། སུམ་ཅུའི་དམར་ཐག་གི་དུས་འགྱུར་ཐམས་ཅད་ཕྱིར་བསྲིངས་པ་སོགས། བོད་ཁམས་ཐམས་ཅད་ལ་གནས་སྐབས་དང་མཐར་ཐུག་གི་ཕན་བདེའི་བཀའ་དྲིན་གཞལ་མཐའ་མ་མཆིས་པ་བསྩལ་བའི་སྐབས་དེར། དབྱིངས་ཀྱི་མཁའ་འགྲོ་མས་གཏེར་དཔེ་ཕྱག་ཏུ་གཏད་ཅིང་། དཀྱིལ་འཁོར་གྱི་གཙོ་བོ་ལས་དབང་རྒྱུད་བྱིན་རླབས་ཀྱི་རིམ་པ་གསན་པར་ངེས་ཀྱང་། རྡོ་རྗེ་སློབ་དཔོན་འདི་ཉིད་སྦས་པའི་རྣལ་འབྱོར་གྱི་བརྟུལ་ཞུགས་ཁོ་ནར་ཐུགས་གཞོལ་བས། གསང་བའི་རྣམ་ཐར་ཐམས་ཅད་རང་ཅག་རྣམས་ཀྱི་སྐལ་བར་ཆེས་སྦས་ཚུལ་དུ་གྱུར་མོད། ཚུར་མཐོང་གི་ངོར། སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པར་ཉེ་བརྒྱུད་ཀྱི་བཀའ་བབ་བཞུགས་པ་ལས་གསན་པའི་ཚུལ་སྟོན་པར་མཛད་པ་དང་། དོན་ལ་བཀའ་བབ་བདུན་དུ་གྲགས་པའི་ཡང་གཏེར་གྱི་ཁོངས་སུ་འདུ་ཞིང་། མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་ཞེས་ཡོངས་སུ་གྲགས་པའི་བཀའ་བབ་རིན་པོ་ཆེ་ཕྱག་ཏུ་སོན་པ་དང་ལྷན་ཅིག །རྒྱལ་བ་ཀུན་ཏུ་བཟང་པོའི་དགོངས་པའི་རྩལ་འཕོས་པའི་རྒྱལ་བ་དགོངས་བརྒྱུད་ཀྱི་བྱིན་རླབས། ཨོ་རྒྱན་ཆེན་པོ་ཡབ་ཡུམ་ལ་སོགས་ལས་རིག་རྩལ་བརྡའི་དབང་བསྐུར། གཏེར་ཆེན་མཆོག་གྱུར་གླིང་པ་ལས་གང་ཟག་སྙན་ཁུངས་ཀྱི་བརྒྱུད་པ་དང་། ཤོག་སེར་ཚིག །མན་ངག་དོན་བརྒྱུད་བཅས། བརྒྱུད་པ་དྲུག་ལྡན་ཡོངས་སུ་རྫོགས་པའི་ཟབ་ཆོས། མཁའ་འགྲོའི་སྙིང་ཁྲག་གི་དྭངས་མར་གྱུར་པ་འདི་ཉིད་ལ་སྨིན་གྲོལ་གྱི་ལམ་མཆོག་སོགས་བཙུད་ཅིང་སྦྲེལ་ནས་མཐར་ཆགས་སུ་བསྐུར་བའི་གཏོར་དབང་འཕྲོས་ཀྱི། དབང་ཡོངས་རྫོགས་ཀྱི་མཚན་གྱི་རྔ་བསྒྲག་ཅོད་པན་གྱི་དབང་དེའི་རྫས་སྔར་འགྲིམ་དཀྱིལ་དུ་རིགས་བརྟགས་སྐབས་ཕུལ་པའི་མེ་ཏོག་དེ་སྦྱིན་དགོས། ཆོ་གའི་རྗེས་ཆོག་བཅས་སོ།། །། ༈ བདུད་ཀློང་གཏེར་ཁ་གཉིས་འདུས་གཏུམ་མོའི་མེ་དབང་ཀཿཐོག་ངེས་དོན་དབང་པོའི་ཡིག་ཆ་ལྟར་དབང་སྒྲུབ་སྐབས། དག་མཉམ་རོལ་པས་རྡོར་སྙིང་ལྟར་སྐྱབས་སེམས་ནས་བདག་བསྐྱེད་གསལ་བཏབ། བཟླས་པའི་སྐབས། མདུན་བུམ་སོ་སོར་དྭངས་པའི་རྒྱ་མཚོ་ལ་གཟའ་སྐར་ཤར་བ་ལྟར་དམིགས་ནས་བདག་མདུན་ལ་བྱིན་བསྡུས། སྣང་སྲིད་གཞིར་བཞེངས་ཀྱི་དགོངས་པ་དང་བུམ་པར་སྤྱི་འགྲོའི་དམིགས་རིམ་བཅས་ཆབས་ཅིག་ཏུ་བྱས་ནས། བཟླས་པ་ཅི་འགྲུབ་དང་། བདག་མདུན་བུམ་གསུམ་ལ་དམིགས་པའི་མཆོད་བསྟོད་དང་། བུམ་ལྷ་འོད་ཞུ་བྱ། མདུན་བསྐྱེད་ལ་ཉེས་བྱས་བཤགས། དབང་དངོས་ལ། སྔོན་འགྲོ་རྣམས་གཏང་། འོ། མཁའ་ཁྱབ་ཀྱི་ཕ་མ་འདི་རྣམས་ལས་ཉོན་གྱི་འཆིང་བ་ལས་གྲོལ་ནས་རྣམ་མཁྱེན་རྒྱལ་བའི་གོ་འཕང་ལ་ཅི་ནས་ཀྱང་འགོད་པར་བྱ། དེའི་ཆེད་དུ་གསང་བའི་དཀྱིལ་འཁོར་ཟབ་མོར་འཇུག་པའི་ཐོག་མར་རྒྱུད་སྨིན་པར་བྱེད་པའི་དབང་བསྐུར་ཞུ་སྙམ་པའི་ཀུན་སློང་དང་ལྡན་པས་གསན་འཚལ། དེ་ལའང་སྐབས་སུ་བབ་པ་འདི་ཉིད། ལྷ་དང་དཀྱིལ་འཁོར་གང་སོགས་ལོ་རྒྱུས་ནས་གཟུང་། བྱིན་དབབ་ཅིང་བརྟན་པ་བཅས་གཞུང་བཞིན་བཏང་། དེ་རྣམས་ཀྱི་སྔོན་འགྲོ་སྦྱོར་བའི་ཆོས་ཡན་ལག་དང་བཅས་པ་གྲུབ་ནས། དངོས་གཞི་ལ་དབང་བཞི་བྱིན་བརླབས་ཀྱི་ཚུལ་དུ་བསྐུར་བས་ལུས་ངག་ཡིད་གསུམ་དག་རྫོགས་སྨིན་པར་བྱེད་པ་དང་། ཁྱད་པར་གཏུམ་མོའི་བྱིན་རླབས་ཀྱིས་བདེ་དྲོད་བཙན་ཐབས་སུ་འབེབ་པ་བཅས་རྣམ་གྲངས་ལྔ་ཡོད་པ་ལ། ཐོག་མར་དེ་རྣམས་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ༔ རིགས་ཀྱི་བདག་ཉིད་སོགས་ལན་གསུམ། དེ་ལྟར་གསོལ་བ་འདེབས་པ་སྔོན་དུ་སོང་ནས། དང་པོ་སྐུ་བུམ་པའི་དབང་བསྐུར་བ་ནི། བླ་མའི་ཐུགས་ཀའི་འོད་ཀྱིས་སྤྱན་དྲངས་པའི་གདན་གསུམ་ཚང་བའི་དབང་གི་ལྷ་སློབ་དཔོན་དང་བཅས་པས་དབང་བསྐུར་བསྩལ་བར་མོས། ཧཱུྃ་ཧྲཱི༔ གཞོན་ནུ་བུམ་སྐུ་སོགས་ཀྱིས་སྤྱི་བོར་གཞག་ཅིང་བུམ་ཆུ་བླུད། གཉིས་པ་གསུང་གསང་བའི་དབང་བསྐུར་བ་ནི། བདེ་སྐྱོང་གི་སྣོད་བཅུད་རྡོ་རྗེ་བཙུན་མོའི་དཀྱིལ་འཁོར་དུ་རྫོགས་པས་གསུང་གསང་བའི་དབང་བསྐུར་དམ་པ་བསྩལ་བར་མོས། ཧཱུྃ་ཧྲཱི༔ བྷནྡྷ་མཚན་ལྡན་སོགས་ཀྱིས་མགྲིན་པར་བསྐུར་ཞིང་ངག་ཏུ་བླུད། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། སིནྡྷུ་རའི་དཀྱིལ་འཁོར་གྱི་གཙོ་བོ་ལས་སྤྲུལ་པའི་ཕོ་ཉ་དངོས་གྲུབ་ཀྱི་དོན་དུ་བྱིན་པའི་ཤེས་རབ་མའི་རེག་བྱས་དྲངས་པས། ཟག་མེད་བདེ་སྟོང་ཐུགས་ཀྱི་དབང་བསྐུར་བ་བསྩལ་བར་མོས། ཧཱུྃ་ཧྲཱི༔ དུས་གསུམ་རྒྱལ་བ་སོགས་ཀྱིས་ལག་ཏུ་གཏད། བཞི་པ་ཡོངས་རྫོགས་ཡེ་ཤེས་རྡོ་རྗེའི་ཚིག་དབང་བསྐུར་བ་ནི། གཞི་ཀ་དག་ཆོས་སྐུའི་རང་བཞིན་ཤེལ་ལྟ་བུ། གདངས་འགག་མེད་ཀྱི་སྣང་ཆ་ལོངས་སྐུ་མེ་ལོང་ལྟ་བུ། རྩལ་སྣང་ལྷུན་གྲུབ་མ་འདྲེས་གསལ་ལ་སྤྲུལ་སྐུ་རྨ་བྱའི་མདངས་ཀྱི་འཇའ་རིས་བཀྲ་བ་ལྟ་བུ་སྟེ། དེ་རྣམས་དབྱེར་མེད་མེ་ལོང་དུ་ཤར་བའི་དཔེས་དུ་མ་རོ་གཅིག་ཁྱབ་བརྡལ་ཆོས་སྐུའི་དགོངས་པ་མངོན་དུ་བྱེད་པ་ཚིག་དབང་རིན་པོ་ཆེ་ཐོབ་པར་མོས། ཧཱུྃ་ཧྲཱི༔ ཆོས་སྐུ་སྐྱེ་མེད་སོགས། ལྔ་པ་ཁྱད་པར་གཏུམ་མོའི་བྱིན་རླབས་ཀྱི་དབང་བསྐུར་བ་ལ། དངོས་དང་རྗེས་འབྲེལ་མཐའ་རྟེན་དང་གསུམ་ལས། དང་པོ་གཏུམ་མོའི་མེ་དབང་དངོས་ནི། འོ། ཁྱེད་རང་རྣམས་སོགས་ནས། ཐིམ་པར་སྒོམས་ལ༔ རླུང་ཁ་སྦྱོར་བུམ་པ་ཅན་བཟུང་བའི་ངང་ནས་བླ་མས་བརྡ་སྤྲད་པའི་དོན་ལ་མ་ཡེངས་པར་སྒོམས་ཤིག །ཧཱུྃ༔ ངོ་བོ་ཆོས་སྐུའི་སོགས། སྒོམས་ཤིག༔ གཉིས་པ་དེ་དང་རྗེས་སུ་འབྲེལ་བ་དྲོད་ཀྱི་བོགས་འདོན་མེ་དབང་བསྐུར་བ་ནི། སློབ་དཔོན་གྱི་བརྗོད་ཚིག་དང་མཐུན་པའི་དམིགས་པ་གསལ་ཐོབས་ཤིག །ཧཱུྃ་ཧྲཱི༔ དཔལ་འབར་ཡེ་ཤེས་སོགས། སྐུར་གྱུར་པའི་མོས་པ་མཛོད་ལ༔ དཔོན་སློབ་ལྷན་གཅིག་པས་རླུང་བུམ་པ་ཅན་གཟུང་འཚལ། རླུང་ཁུག་གསུམ་ཙམ་འཛིན། གསུམ་པ་མཐའ་རྟེན་ལ་གཉིས་ལས། དང་པོ་ཧེ་རུ་ཀའི་དབང་བསྐུར་བ་ནི། རྣལ་འབྱོར་དབང་ཕྱུག་ཆེན་པོའི་སྤྱོད་པའི་ཆས། །རས་དཀར་དྲི་མེད། རུས་པའི་རྒྱན་དྲུག །ཐོད་རྔ་རྐང་གླིང་རྣམས་གཏད་པས། དེང་ཕྱིན་ཆད་ཅིར་སྣང་ཐམས་ཅད་དབྱིངས་ཀྱི་རང་རྩལ། བརྡ་རྟགས་ཐབས་ཤེས་ཟུང་འཇུག་གི་བརྡ་རྟགས། དོན་བདེ་སྟོང་ཁ་སྦྱོར་ཡེ་གནས་རང་ཤར་བའི་རིག་པ་བདེ་ཆེན་མཆོག་ཏུ་མི་འགྱུར་བའི་དཀྱིལ་འཁོར་དུ་ཤེས། འཇིག་རྟེན་པས་བཏགས་པའི་རྟོག་སྤྱོད་ཆས་གོས་རྣམས་སྤངས་ཏེ། བརྟུལ་ཞུགས་མཆོག་གི་སྤྱོད་པས་ལམ་གྱི་ཡེ་ཤེས་གོང་དུ་སྤོར་བའི་རྟེན་འབྲེལ་སྒྲིག་མཛོད། ཧཱུྃ་ཧྲཱི༔ རང་རིག་འཕོ་མེད་སོགས། འགྱུར་རོ༔ གཉིས་པ་བར་ཆད་སེལ་ཕྱིར་གཏོར་མའི་དབང་བསྐུར་བ་ནི། རྩ་གསུམ་ཡོངས་རྫོགས་དཔལ་གྱི་གཏོར་མ་སྣོད་བཅུད་དཀྱིལ་འཁོར་དུ་རྫོགས་པའི་དབང་བསྐུར་བས། སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས། མཁའ་འགྲོ་དམ་ཅན་རྣམས་ལུས་དང་གྲིབ་མ་བཞིན་འགྲོགས་ནས། ཕྲིན་ལས་བསྒྲུབ་པར་ཞལ་གྱིས་བཞེས་པར་མོས། ཧཱུྃ་ཧྲཱི༔ དཔལ་གཏོར་སྣང་སྲིད་སོགས་ནས། བཀའ་འདི་སྲུངས༔ཤིག་ཅེས་ཐ་ཚིག་གི་དམ་བསྒྲགས་པ་ཡིན་པས། བསྲུང་མཚམས་ཀྱི་རིམ་པ་ལས་མི་འདའ་བར་དམ་ཚིག་ལ་ཚུལ་བཞིན་གནས་པར་མཛོད་ཅིག །དེ་ལྟར་ཉམས་ལེན་ལ་ཅི་དགར་དབང་བའི་སྨིན་བྱེད་སྔོན་དུ་སོང་ནས། འདིར་ས་བཅུའི་དབང་ཕྱུག་བདུད་འདུལ་ནུས་ལྡན་རྡོ་རྗེའི་སོགས་ཁྲིད་ཡིག་ཟབ་དོན་ཀུན་འདུས་ལྟར། ལམ་མཆོག་མཐར་ཕྱིན་པར་སྤེལ་བར་བྱའོ། །བར་མཐར་ཆགས་སུ་དལ་བུར་འཆད། རྗེས་ཀྱི་རིམ་པ་ནི། དེ་ལྟར་དབང་དང་གདམས་ངག་ཟབ་མོས་རྒྱུན་སྨིན་ཅིང་གྲོལ་བར་བྱས་པ་ལ། བཀྲ་ཤིས་པའི་རྫས་རྟགས་དང་རྒྱལ་སྲིད་རིན་ཆེན་སྣ་བདུན་གྱིས་མངའ་དབུལ་བས་བདེ་ལེགས་དམ་པའི་འབྱོར་པ་གོང་དུ་སྤེལ་བར་མོས། རྫས་རྟགས་སྣ་བདུན་ཚིག་བཅད་སྤྱི་འགྲེས་ཀྱིས་གཏད། མཚམས་སྦྱོར་བཅས་བཀྲ་ཤིས་བརྗོད། དེ་རྣམས་ཀྱིས་གཏེར་ཁ་གཉིས་འདུས་རྩ་རླུང་ཐིག་ལེའི་སྨིན་གྲོལ་ཟབ་མོ་གདན་ཐོག་གཅིག་ཏུ་རྫོགས་པར་ཐོབ་པའི། དམ་ཚིག་གི་རིམ་པ་ཚུལ་བཞིན་བསྲུང་བ་དང་། ཉམས་ལེན་གནད་དུ་དྲིལ་ནས་མངོན་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་པ་ལ་བསླབ་དགོས་པས། དེ་ལྟར་བགྱི་བར་དམ་བཅའ་བའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། གཏང་རག་ལུས་དབུལ། དགེ་བསྔོ་བཅས་སློབ་མ་གྱེས། ཆོ་གའི་རྗེས། ཚོགས་མཆོད། གཏང་རག་མཆོད་བསྟོད། ནོངས་བཤགས། གཤེགས་བརྟན་གང་འོས། དམ་ཚིག་པ་རང་དང་རང་ཡང་ཧཱུྃ་ཕཊ་གསུམ་གསུམ་གྱིས་བསྡུ་ལྡང་། དགེ་བསྔོ་སྨོན་ཤིས་ཀྱིས་བརྒྱན་པ་རྣམས་སྤྱི་བཞིན་དུ་སྦྱར་རོ།། །། ༈ མཆོག་གྱུར་གླིང་པའི་ལུང་ཆེན་རྡོ་རྗེ་བཀོད་པ། བཀའ་འདུས་ཆོས་ཀྱི་རྒྱ་མཚོ་འམ་ཚོགས་ཆེན་འདུས་པ་རྩ་བའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་རྡོ་རྗེ་བདུད་རྩིའི་ཆུ་རྒྱུན་ལྟར། བདག་བསྐྱེད། སྟ་གོན། དབང་སྒྲུབ། དབང་དངོས་གཞིར་འདུས་མདོའི་རྩ་བའི་དབང་ཆེན་གྱི། ཕྱི་དབང་རྒྱུད་ཀྱི་ཆུ་བོའི་བུམ་པའི་དབང་གི་སྐབས་སུ། ཐོག་མར་སྔགས་ཚན་ལྔ་པོས་ཞི་བའི་རྣམ་བུམ་གྱི་དབང་བསྐུར་ཞིང་བུམ་ཆུ་སྦྱིན། སླར་སྔགས་དེ་ཉིད་ཀྱིས་ཁྲོ་བོའི་གསང་བུམ་གྱི་དབང་བསྐུར་ཞིང་བདུད་རྩི་སྦྱིན། ནང་དབང་འབྱུང་བའི་ཆུ་བོའི་རྡོ་རྗེ་སློབ་དཔོན་དབང་གི་རྡོར་དྲིལ་ནི་ཐོད་པ་སྔགས་བྱང་ཅན་གྱི་གཡས་གཡོན་གྱི་རྡོར་དྲིལ་དེ་སྦྱིན། ནང་དབང་གི་ཕན་དབང་ལྷ་སྐུ་ཕྱག་རྒྱ་ཞི་བའི་དབང་ཐམས་ཅད་ལ་སྔགས་ནི། ཨོཾ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨ༔ ཞེས་དང་། ཁྲོ་བོ་ཐམས་ཅད་ལ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཅེས་དང་། རིག་འཛིན་བླ་མའི་དབང་ལ། ཨོཾ་མ་ཧཱ་གུ་རུ་ཤ་རི་རཾ་གཱི་ལི་ཧཱུྃ༔ ཞེས་དང་། རྡོ་རྗེ་ཕུར་པའི་དབང་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ རྣམས་སྦྱར། སྒྲུབ་དབང་གྲགས་པའི་ཆུ་བོའི་མར་མེའི་དབང་ལ། མར་མེ་ལྔ་སོ་སོས་བསྐུར། ཡི་གེ་འབྲུ་ལྔའི་དབང་གི་སྐབས་སུ་ཐོད་པའི་སྔགས་བྱང་ཡང་འགྲོ་དགོས། ཞི་ཁྲོ་སྦམས་ཙཀ་གི་སྔགས་ལ། རུ་ལུ་དང་། ཨོཾ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ ཞེས་སྦྱར། གསང་དབང་རྫོགས་པའི་ཆུ་བོ་རིམ་པར་བསྐུར། མཐའ་རྟེན་ཚེ་དབང་ཡང་དཀྱུས་ལྟར་བསྐུར། ༼འདིར་རྩ་དབང་པར་རྙིང་བྲི་རྐོས་སྐབས་ཀྱི་ཆད་འཛུད་ཡོད་པ་དཀྱུས་སུ་བཙུད་གྲུབ་པས་འདིར་མ་བཞག།མཆན།༽ ཚེ་ཞལ་བྲག་གི་གཏེར་བྱོན་ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་གྱི་ལས་བྱང་རྡོ་རྗེ་ཕྲེང་བའི་ཚེ་དབང་ཡང་འདི་ཀས་འཐུས་པ་འཇམ་མགོན་རྡོ་རྗེ་འཆང་གི་ཞལ་རྒྱུན་ནོ། །དེ་ཕྱིན་མཐར་ཆགས་སུ་བསྐུར་རོ། །ཆོ་གའི་རྗེས་ཀྱི་ལྷག་མའི་སྐབས། ཀྵོ་བྷ་ཀཱ་ར་ཧཱུྃ་ཕཊ༔ ཅེས་པའི་འཕྲོས་སུ། མདོ་ལུང་ལྔ་དགོངས་རྒྱུན་གྱི་རྣལ་འབྱོར་ཕྱག་རྒྱ་གཅིག་པའི་ལྷག་མའི། ཧཱུྃ༔ དང་པོ་ཕུད་ཀྱིས་སོགས་ནས། བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ བར་གྱི་ཚན་དང་པོ་དེ་གཏང་། དེ་ནས་གཞུང་གི །ཧཱུྃ༔ རྡོ་རྗེ་དབྱིངས་ཀྱི་སོགས་ཀྱི་ཡར་གནས་དང་། ཧོ༔ ལྷག་མའི་ལྷ་ཚོགས་དགོངས་སུ་གསོལ༔ སོགས་ཀྱིས་མར་གནས་ཀྱི་ལྷག་མ་གཏོང་བའམ། ཡང་ན། འདིའི་མལ་དུ་རྣམ་པ་ཕྱེད་ཕྱིར་མཆོག་གླིང་། ༼ང༽དམ་ཆོས་ཤོག་སྡེ་དྲུག་པའི་ན་རག་དོང་སྤྲུགས་ཀྱི་ལྷག་མ་གཏང་། བསྡུ་ན། ལྷག་དཀྱིལ་མི་དགོས། ཞིང་ལྤགས་སྟེང་ཁྲིའུའི་ཁར་གཙང་ལྷག །དེ་ཞབས་དམེ་ལྷག །མཐར་ཉེར་སྤྱོད་སོགས་ཕྱག་ལེན་རྒྱུན་བཞིན་གྱིས་ཞུ་བ་སྔོན་འགྲོས། ཨོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧ་ཧོཿཧྲཱིཿ སློབ་དཔོན་གྱིས་འབར་བའི་རྒྱ་བཅས་བདུད་རྩི་སྦྲེང་། ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཛཿས་ཡར་མགྲོན་ཁྲོ་དཀྱིལ་མདུན་མཁའ་དང་། དེ་འོག་མར་མགྲོན་དབང་ཕྱུག་སོགས་སྤྱན་དྲངས་པར། ཧཱུྃ༔ རྡོ་རྗེ་དབྱིངས་ཀྱི་སོགས་ཡར་གནས་མཆོད་ཅིང་དམ་བསྒྲག །ལས་རྡོར་གྱིས་ལྷག་གཏོར་གོང་འོག་གཉིས་ཀར་སྨན་རཀ་བཏབ་ལ། མ་ཧཱ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧིས་འབུལ་བ་འདི་སྔ་མ་འབྲིང་རྒྱས་ཀྱི་སྐབས་སུའང་བྱ་དགོས། གཙང་ལྷག་ཕྱིར་བསྲེས་ཏེ། ཧོ༔ ལྷག་མའི་ལྷ་ཚོགས་སོགས་ཀྱིས་ལྷག་གཏོར་ཕྱིར་གཏང་ཞིང་། སྔགས་ཀྱིས་ལྷག་མགྲོན་གཤེགས། གཞན་དབང་ཆོག་བཞིན་གྱིས་གྲུབ་བོ།། །། ༈ མདོ་ལུང་ཆེན་པོ་ལྔའི་དགོངས་པ་ཕྱག་རྒྱ་གཅིག་པའི་དོན་དབང་གི་ཆོ་ག་ལུང་ཆོས་བདུད་རྩིའི་ཞུན་ཐིགས་ལྟར་དབང་སྒྲུབ། དབང་དངོས། རྗེས་ཆོག་ཚོགས་མཆོད་འབུལ་ཞིང་། མཆོད་བསྟོད་ཕྱིན་མི་དགོས་པར་གསུངས་པས། དེ་ལྟར་རམ། སྤྲོ་ན་གོང་གི་རྡོ་རྗེ་བཀོད་པའི་དབང་ཆོག་ཏུ་གསུངས་པ་བཞིན་བྱའོ།། །། ༈ ཟབ་བདུན་རྟ་མགྲིན་དབང་གི་ཟབ་པའི་ལུང་ལུགས་དངུལ་བྱང་མའི་རྟ་མགྲིན་སྙིང་པོ་དོན་འདུས་ལ། དབང་དོན་སྒྲུབ་པ་སྨིན་བྱེད་སྙིང་པོ་གཏོར་མའི་དབང་བསྐུར་གྱི་ཡི་གེ་པདྨའི་ཟིལ་ཐིགས་བཞིན་བགྱིས་པའི་སྟོང་ཚིགས་རྗེས། ༼ཇི༽ཆོས་སྐྱོང་ཟབ་མོ་སྐོར་དགུའི་ཕྱག་དྲུག་པའི་ཕྱི་སྒྲུབ་སྦྱར་དགོས་པས། མཆོད་གཏོར་རྣམས། རཾ་ཡཾ་ཁཾ་གིས་བསང་སྦྱང་། བྷྲཱུྃ་ལས་བྷཉྫ་འབར་བ་རུ༔ ཨོཾ་ཨཱཿཧཱུྃ་ལས་བྱུང་བ་ཡི༔ ཡེ་ཤེས་ལྔ་ཡི་བདུད་རྩི་དང༔ དགའ་བ་བཞི་ཡི་དམར་ཆེན་པོ༔ བདུད་རྩི་ཤ་ལྔ་བཟའ་བཅའི་ཚོགས༔ དུར་ཁྲོད་གསང་བའི་མཆོད་པའི་སྤྲིན༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ༔ ཞེས་ཟབ་བདུན་ཕྱག་བཞི་པ་ནས་འབྱུང་བས་བྱིན་གྱིས་བརླབ། མདུན་རྟེན། ཤཱུནྱ་ཏཱས་བསང་སྦྱང་ནས། ཕྱག་དྲུག་པའི་གཏེར་གཞུང་གི །ཧཱུྃ། ཆོས་རྣམས་དམིགས་མེད་སོགས་ནས་བསྟོད་པའི་མཐའ་བར་གཏང་། དམིགས་པ་སྤྱི་ཁྱབ་བྱིན་བསྡུ་དམ་གཞག་རྒྱུད་བསྐུལ་ཕྲིན་ལས་བཞི་བསྒྲུབ་བཅས་གསལ་བཏབ་ལ་གཙོ་སྔགས་དང་། འཁོར་རྣམས་ཀྱི་སྔགས་སྒོས་སྒྲུབ་བཞིན་བཟླ་བར་གསུངས་པས་སྤྲོ་ན་དེ་བཞིན་དང་། མི་ནུས་ན། དྲིལ་སྒྲུབ་སྔགས་ནི། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཊ་བིགྷྣཱན་བི་ནཱ་ཡ་ཀ་ཤྲཱི་དེ་བཱི་རེ་མ་ཏཱི་ཏྲཀ་རཀྴ་ཛི་ན་མི་ཏྲ་ཊ་ཀི་རཱ་ཛ་ཀྵེ་ཏྲེ་པཱ་ལ་ཏྲཀྵད་མ་མ་ཏིཾ་ལཾ་མ་བྷྱོ༔ ཞེས་པ་བཟླས་མཐར་། བྱིན་རླབས་བཅས་གསོལ་ཁ་འབུལ། ༼ཐི༽ཟབ་བདུན་ཕྲིན་ལས་མཇུག་གི་སྤྱི་ཆིངས་བཞིན་ཚོགས་བྱིན་བརླབ་ནས་བསྒྲལ་བསྟབ་མཐར། ལས་བུམ་རྟ་སྔགས་ཀྱིས་བསྒྲུབས་ནས། རིག་མེ་དོར་ཞིང་གནང་བ་ནོད། དངོས་གཞིར་ལོ་རྒྱུས་སྐབས། དབང་གི་ཟབ་པ་ལ། ཞེས་པའི་འཕྲོས་སུ། ཟངས་བྱང་མ་དང་། དངུལ་བྱང་མ་གཉིས་སུ་བཞུགས་པ་ལས། སྐབས་སུ་བབ་པ་དངུལ་བྱང་མའི་ལུང་ལུགས་རྟ་མགྲིན་སྙིང་པོ་དོན་འདུས་ཀྱི་བྱིན་བརླབ་གཏོར་མའི་དབང་བསྐུར་ཉིད་བསྒྲུབ་པར་སོགས་བསྒྱུར་བ་དང་། སློབ་མ་ལྷ་བསྐྱེད་སྐབས། སྙིང་པོ་དོན་འདུས་ལུགས་བསྒྱུར་ནས། གཏོར་དབང་རྒྱས་པ་གྲུབ་རྗེས། གོང་གི །སླར་ཡང་དཔལ་གྱི་གཏོར་མ་ཕྱི་སྣོད་དབང་ཆེན་སོགས་ཀྱིས་མཚམས་སྦྱར་བའི་གཏོར་དབང་བསྡུས་པ་བཅས་མཐར་ཆགས་སུ་བསྐུར་ཞིང་། ཤིས་བརྗོད་རྗེས། དེ་ལྟར་དཔལ་རྟ་མགྲིན་དབང་གིས་ཟབ་པའི་ལུང་ལུགས་དངུལ་བྱང་མའི་རྟ་མགྲིན་སྙིང་པོ་དོན་འདུས་ཀྱི་བྱིན་བརླབ་གཏོར་མའི་དབང་བསྐུར་ལེགས་པར་སོགས་བསྒྱུར་ནས། དམ་ཚིག་ཁས་བླང་རྗེས། དེ་ལྟར་བྱིན་བརླབ་གཏོར་མའི་དབང་བསྐུར་གྲུབ་པའི་གཏང་རག་དང་། སླར་ཡང་རྩ་བའི་ཐུགས་སྒྲུབ་དགོངས་པ་ཀུན་འདུས་ཀྱི་བཀའ་སྲུང་། ཆོས་སྐྱོང་ཟབ་མོ་སྐོར་དགུའི་ཕྱི་སྒྲུབ་ཕྱག་དྲུག་པ་མཐིང་གའི་གཏོར་དབང་བྱིན་རླབས་དངོས་གྲུབ་ཐིག་ལེ་ཞུ་བའི་ཡོན་དུ་མཎྜལ། ལོ་རྒྱུས་མཐར་གསོལ་འདེབས་སྦྲེལ་བ་ནས་གཟུང་། དབང་གི་རྗེས་མཐར་དབྱུང་། ཆོ་གའི་རྗེས། ཕྱག་དྲུག་པ་དང་། རྟ་མགྲིན་བཅས་སོ་སོར་གཏོར་དབང་མཇུག་ཏུ་གསལ་བ་བཞིན་ནམ། ཡང་ན་རྟ་མགྲིན་གྱི་ཚོགས་རོལ་ནས། ལྷག་མའི་རྗེས། ཕྱག་དྲུག་པའི་གསོལ་ཁའི་བྱིན་བརླབ་མཐར། བསྐང་བཤགས་རྫོགས་ཀྱི་བར་སླར་ཡང་གཏང་། དེ་ནས་ཕྲིན་ལས་མཇུག་ཆིངས་ཀྱི་ཆད་ཐོ་ནས་རྟ་བྲོའི་རྗེས། དམ་སྤྱིའི་འགུགས་པ་ནས་བཀྲ་ཤིས་མཐའ་བར་གྱིས་ཕྱག་དྲུག་པའི་རྗེས་བསྡུ། སླར་སྙིང་པོ་དོན་འདུས་བཞིན། ཧཱུྃ༔ ཡེ་ཤེས་རོལ་པའི་སོགས་ཀྱིས་མཆོད། ཧཱུྃ༔ ངོ་བོ་འགྱུར་བ་སོགས་ཀྱིས་བསྟོད། མཇུག་ཆིངས་བཞིན། དངོས་གྲུབ་བླང་བ། ནོངས་བཤགས། བརྟན་བཞུགས། བསྡུ་ལྡང་། བསྔོ་སྨོན་རྣམས་དང་། སྙིང་པོ་དོན་འདུས་མཇུག་གི་སྨོན་ལམ་བཀྲ་ཤིས་བཅས་བྱས་ན་ལེགས་སམ་སྙམ་མོ།། །། ༈ ལུང་ལུགས་མི་གཡོ་བ་རྡོ་རྗེ་ཟམ་པའི་དབང་བསྐུར་བཀླག་ཆོག་ཏུ་བསྡེབས་པ་བདེ་ཆེན་མྱུ་གུ་ལྟར་དབང་སྒྲུབ་སྐབས། ཕྲིན་ལས་བདེ་ཆེན་དགྱེས་དབྱངས་ཀྱི་ནང་སྒྲུབ་ལྷ་བཅོ་ལྔ་པའི་ཕྲིན་ལས་བཟླས་པ་གཞི་བསྟོད་ཡིག་བརྒྱའི་བར་བཏང་ནས། རིག་མེ་དོར་ཞིང་གནང་བ་ནོད། དེ་ནས་སླར་ཕྲིན་ལས་དེ་ཉིད་ཀྱི་སེམས་བསྐྱེད་ནས་མཆོད་བརླབ་རྗེས། གསང་སྒྲུབ་ལྷ་བཅུ་གསུམ་པའི་མངོན་རྟོགས་དང་། རྩ་བའི་ཕྲིན་ལས་ཀྱི་སྙན་གསན་དྲང་སྟིམ་མཆོད་བསྟོད་སྨོན་ལམ་རྗེས། ཛཔ྄་ཀྱི་དགོངས་པ་བཟླ་བའི་སྔགས་བཅས་གསང་སྒྲུབ་བཞིན་བཅུག་ནས། གཞི་བསྟོད་ནོངས་བཤགས་ཡིག་བརྒྱ་བཅས་རྫོགས་པ་དང་། ལས་བུམ་འཁྱིལ་པས་བསྒྲུབ། རིག་མེ་དོར་ཞིང་གནང་ཞུ་བྱ། དབང་དངོས་གཞིར་ནང་སྒྲུབ་ཀྱི་དབང་ཕྱི་དབང་རྒྱུད་ཀྱི་ཆུ་བོ་དང་། ནང་དབང་འབྱུང་བའི་ཆུ་བོ་གཉིས་རྫོགས་པའི་རྗེས། མཚམས་སྦྱོར་ལ། ཕན་ནུས་ཀྱི་དབང་བསྐུར་ལེགས་པར་བགྱིས་གྲུབ་ནས། སླར་ཡང་གསང་སྒྲུབ་ལྷ་བཅུ་གསུམ་པའི་སོགས་སྦྲེལ་ནས། སྒྲུབ་དབང་གྲགས་པའི་ཆུ་བོ་དང་། གསང་དབང་རྫོགས་པའི་ཆུ་བོ་བཅས་བསྐུར་རྗེས། དམ་ཚིག་ཁས་བླང་ཕྱིན་དང་། ཆོ་གའི་རྗེས་ཚོགས་མཆོད་ནས་གཟུང་བཀྲ་ཤིས་ཀྱི་བར་སོ་སོར་ལན་རེ་བྱ་དགོས་སོ།། །། ༈ མཆོག་གྱུར་གླིང་པའི་ལུང་ལུགས་ཐུགས་ཀྱི་ཕུར་གཅིག་མའི་ཐོག་མར་དབང་དོན་སྒྲུབ་པ་ལ་སྐྱབས་འགྲོ་ནི། བླ་མ་དཀོན་མཆོག་གསུམ་རྣམས་དང༔ ཧེ་རུ་ཀཿདང་མཁའ་འགྲོ་མ༔ སྐྱབས་ཡུལ་རྒྱ་མཚོ་ཁྱེད་རྣམས་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ སེམས་བསྐྱེད་ནི། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ རྫོགས་པའི་སངས་རྒྱས་འཐོབ་འདོད་ལ༔ བར་དུ་གཅོད་པའི་བདུད་འདུལ་ཕྱིར༔ དཔལ་ཆེན་གོ་འཕང་འཐོབ་པར་བྱ༔ རྒྱུན་བཤགས་ནི། རྡོ་རྗེ་སློབ་དཔོན་སོགས། བགེགས་གཏོར་བསང་སྦྱང་བྱིན་བརླབ་འགུགས་བསྔོ་རྣམས་སྤྱི་ལྟར་བཏང་རྗེས། ཧཱུྃ༔ ཉོན་ཅིག་ལོག་འདྲེན་སོགས་གཏེར་གཞུང་རྩ་སྒྲུབ་ཀྱི་བཀའ་བསྒོ་མཚམས་གཅོད་ནས་གཟུང་མཐར་ཆགས་སུ་བཏང་ཞིང་བདག་དང་སྒྲུབ་རྫས་དབྱེར་མེད་ཀྱི་ཏིང་འཛིན་གསལ་བཏབ་ལ། བཟླས་པའི་སྐབས་སུ་ཛཔ྄་ཁང་ཕྱེས་ཏེ་བཟླས་དམིགས་བཞིན་ཏིང་འཛིན་དང་ལྡན་པས་བསྙེན་པ་ཅི་ནུས་དང་། སྤྲོ་ན་བུམ་དཀྱིལ་སྐད་ཅིག་གིས་སྤྱི་ལྟར་བསྐྱེད་དེ་བཟླས་པ་བྱེད། གང་ལྟར་ཡང་སྟོང་ཚིགས་ཀྱི་མཆོད་བསྟོད་འབུལ་ཞིང་བུམ་ལྷ་འོད་ཞུ་བྱ། ཚོགས་བྱིན་བརླབ་ནས་བསྒྲལ་བསྟབ་བར་གཏང་། འཁྱིལ་པའི་སྔགས་ཀྱིས་ལས་བུམ་བསྒྲུབ། རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ། །དབང་དངོས་ལ། སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་གཏོར་བཏང་ཞིང་བཀའ་བསྒོས་ལ་སྲུང་བའི་འཁོར་ལོས་མཚམས་གཅད། མེ་ཏོག་བཀྱེ་བསྡུ་ཟིན་ནས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཁོར་བའི་གཟེབ་ལས་དབྱུང་སྟེ་བདེ་ཆེན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབུགས་དབྱུང་བར་བྱ། དེའི་ཕྱིར་དུ་དཀྱིལ་འཁོར་ཆེན་པོར་འཇུག་པའི་སླད་དུ་སྨིན་ལམ་ཟབ་མོ་ཞུ་བར་བགྱིའོ་སྙམ་པའི་ཀུན་སློང་བཟང་པོ་འདུ་མཛད་དེ་གསན་འཚལ། དེ་ལའང་གང་ཟག་གི་དབང་པོའི་བློ་ཁྱད་དང་མཐུན་པར་ཐེག་པའི་འཇུག་སྒོ་མཐའ་ཡས་པ་ཞིག་རྒྱལ་བ་ཚད་མེད་པའི་ཐུགས་རྗེ་ཅན་དེས་གསུངས་པས། དེ་ཐམས་ཅད་ཀྱང་བསྡུ་ན་ཐེག་རིམ་དགུར་འདུ་བ་ལས། སྐབས་སུ་བབ་པ་འདི་ནི་ལུང་རྫོགས་པ་ཨ་ནུ་ཡོ་གའི་ཆོས་སྡེར་གཏོགས་པ་སྟེ། གཏེར་གཞུང་རྩ་བ་རྡོ་རྗེའི་གསུང་ལས། ཨེ་མ་བདག་འདྲ་པདྨ་དང༔ མཁས་པ་སོགས་རྩ་སྒྲུབ་མཇུག་ནས་འབྱུང་བ་བཞིན། སྒྲུབ་ཅིང་འགྲོ་དོན་སྤྱོད༔ ཅེས་གསུངས་པ་བཞིན། ལྷ་སྲས་དམ་འཛིན་མུ་རུབ་བཙན་པོའི་རྣམ་འཕྲུལ་༧སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་གསུང་གི་ཡོན་ཏན་གྱི་གནས་མཆོག །ཡེ་རྒྱལ་ནམ་མཁའ་མཛོད་སངས་རྒྱས་སྟོང་རྩ་རང་བྱོན་དུ་ཡོད་པའི་གནས་ནས་མཛོད་ལྔ་སྒྲོམ་གསུམ་གྱི་ཆོས་བཀའ་རྒྱ་མཚོ་ལྟ་བུ་ཞིག་སྤྱན་དྲངས་པའི་ཆོས་སྡེ་ལས་བྱོན་ཅིང་། ཟབ་མོའི་བརྡ་བཀྲོལ་ནས་ལུང་ཟིན་ཆོས་ཀྱི་བདག་པོའི་གཙོས་སྐལ་ལྡན་རྣམས་ལ་རིམ་པར་སྤེལ་བའི་ལུང་ལུགས་ཐུགས་ཀྱི་ཕུར་གཅིག་གི་དབང་བཞི་རྡོ་རྗེ་སྤྱི་བླུགས་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཀྱིས་བརྒྱན་པ་ཉིད་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ་བཅུག །བླ་མ་དང་ལྷག་པའི་ལྷ་བཅོམ་ལྡན་འདས་དཔལ་ཆེན་པོ་དང་གཉིས་སུ་མེད་པའི་ངེས་ཤེས་བསྐྱེད་དེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། གཏེར་གཞུང་དབང་ཆོག་དབང་བཞི་རྡོ་རྗེ་སྤྱི་བླུགས་ལྟར། ཧོ༔ བླ་མ་གསང་སྔགས་སོགས་ལན་གསུམ། དེ་ལ་ཐོག་མར་ལམ་གྱི་རྨིང་རྡོ་སྐྱབས་སུ་འགྲོ་དགོས་པས། མདུན་གྱི་ནམ་མཁར་བླ་མ་དང་ཐ་མི་དད་པའི་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་པ། རྩ་གསུམ་སྲུང་མ་དང་བཅས་པ་བཀྲ་ལམ་གྱིས་བཞུགས་པའི་སྤྱན་སྔར། སྙིང་པོ་བྱང་ཆུབ་ཀྱི་བར་དུ་སྐྱབས་ཀྱི་དམ་པར་གཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། བླ་མ་དཀོན་མཆོག་སོགས་གོང་བཞིན་ལན་གསུམ། ལམ་གྱི་གཞུང་ཤིང་བྱང་ཆུབ་མཆོག་ཏུ་སྨོན་པའི་སེམས་བསྐྱེད་ནས་ཟབ་མོའི་རྣལ་འབྱོར་གྱི་མཐུས། དཔལ་ཆེན་པོའི་གོ་འཕང་ཉེ་བར་བསྒྲུབ་སྙམ་པ་བྱང་ཆུབ་ཀྱི་སེམས་སྐྱེད་ལ་བློ་བཞག་སྟེ་འདིའི་རྗེས་ཟློས། སེམས་ཅན་ཀུན་གྱི་སོགས་ལན་གསུམ། ལམ་གྱི་མཐུན་རྐྱེན་རྒྱུད་སྦྱང་བའི་ཕྱིར་ཚོགས་གསག་ཡན་ལག་བརྒྱད་པའི་དོན་ཐུགས་ཀྱིས་གསལ་འདེབས་བཞིན་པས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སོགས་ལན་གསུམ། ལམ་གྱི་སྲོག་གསང་བ་སྤྱི་དང་། ཁྱད་པར་ཨ་ནུ་ཡོ་གས་བསྡུས་པའི་སྡོམ་པ་དང་དམ་ཚིག་རྣམས་ཚུལ་བཞིན་དུ་བླངས་ནས་བསྲུང་སྙམ་པའི་དམ་བཅའ་བརྟན་པོ་དང་ལྡན་པས་འདིའི་རྗེས་ཟློས། ཧོ༔ ཧེ་རུ་ཀཿདཔལ་སོགས་དབང་ཆོག་ལྟར་ལན་གསུམ། དེ་ལྟར་ཁས་བླངས་པའི་སྡོམ་པ་དང་དམ་ཚིག་གི་རིམ་པ་རྡོ་རྗེ་འཆང་གི་ལུང་གི་ངེས་པ་ཚད་མར་གྱུར་པ་རྣམས་ལས་ནམ་ཡང་འདའ་བར་མི་རུང་བས། ཁེ་ཉེན་གྱི་གནད་བསྒྲག་སྟེ་དམ་ཚིག་གི་དཔང་པོ་རྡོ་རྗེ་སྤྱི་བོར་བཀོད། ཆུ་ནན་ལྕེ་ལ་བཞག་པས་སྙིང་ནང་དུ་སིམ་པར་མོས། ཧཱུྃ༔ རྡོ་རྗེ་གསང་བའི་སོགས། འདིར་ཇི་སྐད་བསྒྲགས་ཤིང་ཁྱེད་རང་རྣམ་པས་གཡར་དམ་དུ་ཁས་བླངས་པ་ལས་འདའ་བར་མི་བགྱིད་པའི་བློས་ཐ་ཚིག་གི་མནའ་བོར་བ་འདིའི་རྗེས་ཟློས། ས་མ་ཡ་སོགས། དབང་གི་གཞི་དགོད་པ་ཡེ་ཤེས་ལྷའི་བྱིན་དབབ་པའི་སླད་དུ་སྒོ་གསུམ་གྱི་གནད་གཅུན་ཏེ་འདི་ལྟར་གསལ་ཐོབས་ཤིག །ཨོཾ་སྭ་བྷཱ་ཝ་སོགས། ཆོས་ཐམས་ཅད་རང་བཞིན་གྱིས་མི་དམིགས་པའི་སྟོང་པ་ཉིད་དུ་སྦྱངས། དེའི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་བྲག་ཆེན་རུ་ཏྲ་པད་ཉིའི་སྟེང་དུ་དཔལ་ཆེན་པོའི་སྐུར་བསྒོམ་པ་ནི། སློབ་མ་མ་བཅོས་རྫོགས་པའི་སྐུ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་སོགས་རྩ་སྒྲུབ་ལྷ་བསྐྱེད་ལྟར། ཡེ་ཤེས་མེ་ཕུང་འབར་བའི་ཀློང༔ ཞེས་དང་། རང་རིག་རང་རྩལ་ངང་དུ་བསྐྱེད༔ དེ་ལྟར་གསལ་བའི་གནས་གསུམ་དུ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་འདུས་པའི་ཡི་གེས་མཚན་པར་གསལ་ཐོབས། དེ་ནས་སློབ་དཔོན་ལ་མོས་གུས་བྱས་པའི་རྐྱེན་གྱིས་སོགས་དབང་ཆོག་ལྟར། མཉམ་པར་འཇོག་འཚལ། སྤོས་རོལ་བཅས་སྤྲོ་ན་བྱིན་འབེབ་སྦྱར། ཀཱི་ལ་ཡའི་ཤམ་བུར་འབེབ་སྔགས་བཏགས་པ་བཟླས་པས་ཡེ་ཤེས་དབབ། དེ་ལྟར་དབབ་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་བར་དུ་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲས་རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཞག་ཅིང་བརྟན། དེ་དག་གིས་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། དེ་ནས་དངོས་གཞི་ཕན་ནུས་ཟབ་མོའི་དབང་གི་སྙིང་པོ་རྣམས་རིམ་པར་འབྱུང་བ་ལས། དང་པོ་ཕྱི་མཚན་མའི་དཀྱིལ་འཁོར་དུ་སློབ་མའི་རྒྱུད་ཀྱི་ཉོན་མོངས་པ་ཡེ་ཤེས་སུ་བསྒྱུར་བ་བུམ་པའི་དབང་བསྐུར་བ་ལ། བུམ་པ་མཁའ་དབྱིངས་ཡུམ་གྱི་ཕོ་བྲང་བདེ་ཀློང་ཡངས་པའི་ནང་དུ། བུམ་བཅུད་བདེ་གཤེགས་རྒྱལ་བའི་འཁོར་ལོ་བདེ་ཆེན་བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ་བའི་བདུད་རྩིའི་རྒྱུན་གྱི་དབང་བསྐུར་བས། ལུས་ཀྱི་ནང་གང་། སྒྲིབ་པ་ལྔ་དག །སྐུ་ལྔའི་ཡེ་ཤེས་ཀྱི་ས་བོན་གསོས་བཏབ་པས་ཕུང་པོ་དག་པ་རྡོ་རྗེའི་སྐུ་གྲུབ་པར་མོས་ཤིག །བུམ་པ་ཐོགས་ལ། ཧཱུྃ༔ མཁའ་དབྱིངས་ཡུམ་གྱི་སོགས་ཀྱིས་དབང་བསྐུར་ཞིང་བུམ་ཆུ་སྦྱིན། དེ་ལྟར་དབང་བསྐུར་བས་སོགས། བརྒྱན་པར་མོས༔ཤིག །ནང་ཡི་དམ་ལྷའི་ཐུགས་རྗེ་རྒྱུད་ལ་འཇུག་པར་བྱེད་པ་ལ། སྒྲུབ་པའི་ཕུར་པ་འདི་ཉིད་ཕྱི་ལྟར་ན་ཁམས་གསུམ་ཕུར་བུའི་དབྱིངས་སུ་རྫོགས་པའི་དཀྱིལ་འཁོར་ཆེན་པོ། མཚན་མ་རྫས་ཀྱི་ལྷ་ཚོགས་མངོན་སུམ་དུ་གསལ་བའི་ཕོ་བྲང་གསལ་ཞིང་རྫོགས་པ། ཐལ་བར་འབྱིན་པའི་མཚོན་ཆ་ཆེན་པོ། ནང་ལྟར་ན་རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་རྩ་རླུང་ཐིག་ལེ་བདེ་ཆེན་གྱི་ཕོ་བྲང་། ཟག་མེད་དགའ་བ་བཞིའི་འབྱུང་གནས་ཆེན་པོ། གསང་བ་ལྟར་ན་ངོ་བོ་རང་བཞིན་ཐུགས་རྗེའི་དཀྱིལ་འཁོར་གཞི་ལ་རྫོགས་པ། བདེ་ཆེན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་རང་བྱུང་རིག་པའི་ཡེ་ཤེས་ཆེན་པོའི་དོན་མཚོན་པ་སྒྲུབ་པའི་ཕུར་བུའི་དབང་བསྐུར་བས། ཡེ་ཤེས་ལྔའི་སྐུ་གསུང་ཐུགས་ཀྱི་གསང་བ་མི་ཟད་པའི་དབང་དང་དངོས་གྲུབ་མ་ལུས་པ་རྩལ་སྤྲུགས་སུ་ཐོབ་པས། སློབ་མ་དཔལ་ཆེན་རྩ་བའི་དཀྱིལ་འཁོར་གྱི་དབང་ཕྱུག་ཆེན་པོར་དངོས་སུ་གྱུར་ཏེ། ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་སྣང་སྲིད་གཞིར་བཞེངས་ཀྱི་དགོངས་པ་རང་སྣང་ལྷའི་འཁོར་ལོར་དག །མཚན་མ་རྫས་ཀྱི་ཕུར་པ་ལས་ལ་འགྱེད་པའི་ཚད་མེད་སྙིང་རྗེའི་བསྒྲལ་འདྲེན་གྱིས་གཞན་སྣང་ཟིལ་གྱིས་ནོན། བདེ་ཆེན་ཐིག་ལེའི་ཕུར་པ་ཡུམ་གྱི་མཁའ་ལ་ཐེབས་པ་སོགས་ཕུར་བཞིའི་དགོངས་སྤྱོད་རོལ་པའི་ཕྲིན་ལས་ཀྱིས་ཐུན་མོང་མཆོག་གི་དངོས་གྲུབ་འགྲུབ་པའི་མཐུ་དབང་ཡོངས་རྫོགས་ཐོབ་པར་མོས་ཤིག །ཧཱུྃ༔ སྣང་སྲིད་ཕུར་བུའི་སོགས་དང་ཛཔ྄་དབྱངས་བཅས་སྒྲུབ་ཕུར་སློབ་མའི་གནས་གསུམ་དུ་གཞག །སླར་སློབ་མའི་གཙོ་བོའི་ལག་ཏུ་གཏད་དེ། སྲིད་པ་ཕུར་བུ་ལག་ཏུ་གཏད་པས་གཞི་ཀ་དག་གི་དགོངས་པ་ལས་མི་གཡོ་བ་ལྟ་བའི་རྫོང་ལ་གནས། ལྷའི་གསལ་སྣང་གྱད་དུ་གྱུར་པས་བསྐྱེད་པའི་འཕྲང་ལས་གྲོལ། འབྲས་བུ་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པས་སྙིང་རྗེའི་སྲོག་དང་ལྡན་པས། བདག་དཔལ་ཆེན་པོ། ཕུར་པ་སྲས་མཆོག །གཟས་པ་པོ་དངོས་སུ་གསལ་བ་སྟེ་གསལ་བ་གསུམ་དང་ལྡན་པའི་ངང་ནས། ཕུར་བུ་ཀླད་ལ་ལན་གསུམ་བསྐོར་བས་བདག་སྲུང་། རྐེད་པར་བསྐོར་བས་འཁོར་རྣམས་བསྲུང་ཞིང་ཚུར་ལ་མི་ལྡོག །མདུན་དུ་བསྒྲིལ་བས་དགྲ་བགེགས་བསྒྲལ། གཡས་སུ་ཚམ་རྔམ་བྱས་པས་འབྱུང་པོ་ཕོ་རྒྱུད་གཟིར་ཞིང་བསྒྲིལ་བས་ཕོ་རྒྱུད་བསྒྲལ། གཡོན་དུ་ཚམ་རྔམ་བྱས་པས་མོ་རྒྱུད་འགུགས་ཤིང་བསྒྲིལ་བས་མོ་རྒྱུད་གཟིར། ཆོས་དབྱིངས་ཕྱག་རྒྱས་ཐུགས་ཀར་གཟུང་བས་ལུང་གསུམ་གསོ་བ་གསུམ་གྱི་སྲོག་སྡོམ་དང་ལྡན་པས་གཟུང་། སླར་ཡང་གར་པད་སྟངས་སྟབས་དང་བཅས་པས་ཕུར་ཐུན་རྡོ་རྗེའི་ཆར་གྱིས་གཟས་པོ་རྡུལ་དུ་བརླགས་པར་མོས་པའི་ཏིང་འཛིན་དང་ལྡན་པས་ཀཱི་ལ་ཡའི་ཛཔ྄་དབྱངས་བཅས་ཕུར་བསྐོར་སྟང་སྟབས་ལ་འཇུག་པ་ཞུ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཞེས་པ་ལན་དགུའི་མཐར། སརྦ་བིགྷྣཱན་བཾ་ཧཱུྃ་དགྲ་བགེགས་མཱ་ར་ཡ་ཕཊཿ ཅེས་བཏགས་པ་དབྱངས་དང་བཅས་པས་དཔོན་སློབ་ལྷན་གཅིག་ཕུར་བསྐོར་བྱའོ། །དེ་དག་གིས་སོགས། བྱས་པ་ཡིན༔ནོ། །གཉིས་པ་གསང་བ་ཟབ་མོའི་དབང་གསུམ་ལས། དང་པོ་ལུས་དཀྱིལ་ལ་བརྟེན་ནས་གསང་བའི་དབང་བསྐུར་བ་ནི། བླ་མ་ཡབ་ཡུམ་སོགས་ཀྱི་མཐར་གསང་རྫས་བྱིན་ལ་དག་པ་བརྗོད་དེ། ཡིན་ནོ༔ གཉིས་པ་གསང་བ་བྷ་ག་ཆོས་འབྱུང་གི་དཀྱིལ་འཁོར་ལ་བརྟེན་ནས་ ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི༔ བླ་མའི་ཡུམ་ལས་སྤྲུལ་པའི་ཕྱག་རྒྱ་མོ་ཕོ་ཉའི་དངོས་གྲུབ་སྦྱིན་ནུས་པའི་ཡོན་ཏན་རྫོགས་པ་སྤྲོས་པའི་རིག་མ་སློབ་བུ་ལ་གཏད་པས་ཐབས་ཤེས་ གཉིས་ཀ་དཔལ་ཆེན་པོ་ཡབ་ཡུམ༔ སོགས་ནས། ཁྱབ་པར་བཀྲམ༔པས་རྒྱུ་འབྲས་ཀྱི་དགའ་བ་བཞིའི་མཐར་དཔེའི་ཡེ་ཤེས་མངོན་སུམ་དུ་འཆར་བའི་ངོ་བོ་སྐྱོང་འཚལ། རིག་ཙཀ་གཏད་ལ། ཧཱུྃ༔ ཤེས་རབ་ཡུམ་གྱི་སོགས་ནས། ཡིན༔ནོ། །གསུམ་པ་དབང་ཐམས་ཅད་ཀྱི་རྩེ་མོ་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ རིག་པའི་རྩལ་དབང་བསྐུར་བ་ནི༔ གཞི་ཀ་དག་གི་ཡེ་ཤེས་རང་གསལ་ཤེལ་ལྟ་བུ། ཤེལ་དང་ཤེལ་འོད་ཐ་མི་དད་ཅིང་གདངས་མ་འགགས་པའི་རང་རྩལ་རང་འོད་རང་ཆས་སུ་གནས་པ། དེ་གཉིས་ཀྱང་ངོ་བོ་སྟོང་པ། རང་བཞིན་གསལ་བ། རྣམ་པ་ཕྱི་ནང་གང་དུའང་མི་གནས་པའི་ཟང་ཐལ་གཉིས་སུ་མེད་པའི་དཔེས་མཚོན་སྟེ། རང་གྲོལ་ཆེན་པོའི་དགོངས་པ་ལས་མི་གཡོ་བའི་ངང་དུ་མཉམ་པར་ཞོག་ཅིག །ཤེལ་རྡོ་ཕྱར་ལ། ཧཱུྃ༔ ཕྱི་དང་ནང་མེད་སོགས་ནས། ཡིན་ནོ༔ དེ་རྣམས་ཀྱི་སྒོ་ནས་ལུང་ལུགས་ཐུགས་ཀྱི་ཕུར་གཅིག་མའི་དབང་བསྐུར་ཤིན་ཏུ་ཟབ་ཅིང་གཉན་ལ་གལ་ཆེ་བ་ཉིད་ལེགས་པར་ཐོབ་པ་ཡིན་པས། དབང་སྲོག་འདའ་དཀའི་དམ་ཚིག་གི་རིམ་པ་ཁས་བླངས་པ་བཞིན་སྲོག་གི་དྭངས་མ་ལས་གཅེས་པར་བསྲུང་སྡོམ་བགྱིད་དགོས་པས། དེ་ལྟར་མཛད་པའི་ཞེ་བཅད་དྲག་པོ་དང་ལྡན་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ་ཕྱིན་སྤྱི་བཞིན་བྱ། ཆོ་གའི་རྗེས་ཚོགས་ལ་རོལ་པ་ཕྱིན་མཐར་ཆགས་སུ་བཏང་བའི་རྟ་བྲོའི་རྗེས་དཀྱིལ་འཁོར་པར་མཆོད་ཅིང་བསྟོད་ནས། དངོས་གྲུབ་བླངས་མཐར་ནོངས་པ་བཤགས་ཤིང་། ཡེ་ཤེས་པ་རྟེན་ལ་བསྟིམ། བསྡུ་ལྡང་། གོ་བགོ །སྨོན་ཤིས་བཅས་མཐར་དབྱུང་བས། རྫོགས་པ་ལུང་ཨ་ནུ་ཡོ་གའི་སྐོར་དང་འབྲེལ་བའི་སྨིན་ལམ་གྱི་སྐོར་རྣམས་གྲུབ་པ་ཡིན་ནོ།། །། ༄༅། །སྤྱི་དོན་གསུམ་པ་རྫོགས་པ་ཆེན་པོ་མན་ངག་ཨ་ཏི་ཡོ་ག་ལ། སེམས་ཀློང་མན་ངག་གི་སྡེ་གསུམ་ལས། དང་པོ། ཨ་ཏི་བཀོད་པ་ཆེན་པོ་ལས། ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ཞེས་གསུངས་པའི་རྫོགས་པ་ཆེན་པོ་ཕྱི་སེམས་སྡེའི་སྐོར་ལ། སྔོན་བྱོན་བཀའ་མ་ཟབ་ཅིང་རྒྱ་ཆེ་བ་རང་རྐང་ཚུགས་པ་བཞུགས་བཞིན་པ་དང་། གཏེར་མའི་ཕྱོགས་འདིར་གུ་རུ་ཡེ་ཤེས་ཁྱུང་དྲག་གི་གཏེར་མ་གསེར་གྱི་རུས་སྦལ་དང་། ཉང་གཏེར་སངས་རྒྱས་ལག་བཅང་། སངས་གླིང་ཕྱག་ཆེན་ཀློང་ཡངས་མཐའ་བྲལ། དྲི་མེད་ལྷུན་པོའི་དོན་ཏིག་དང་ཟབ་ཏིག །བསྟན་གཉིས་གླིང་པའི་འཁོར་བ་རྩད་གཅོད། བདུད་འདུལ་བའི་ཕྱག་ཆེན་རིགས་སོགས་བཞུགས་ཀྱང་ཁྲིད་རྒྱུན་མི་སྣང་ལ། འདིར་ས་བཅད་ཙམ་དུ། རཏྣ་གླིང་པའི་ཕྱག་རྒྱ་ཆེན་པོ་མ་རིག་མུན་སེལ་ཉི་མའི་སྙིང་པོའི་ཟབ་ཁྲིད་འབོགས་པ་ལ། ཐོག་མར་སེམས་བསྐྱེད་གསལ་བཏབ་རྗེས། དེ་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་དྲུག་པ་རྡོ་རྗེ་འཆང་ཆེན་པོས་སོགས་གཏེར་གཞུང་སྔོན་འགྲོ་མ་རིག་མུན་སེལ་ལྟར། དང་པོ་ལོ་རྒྱུས་ནི་ ཞེས་པའི་མཚམས་སུ། སྐུ་གསུམ་ནས་བརྒྱུད་ཅེས་པས༔ དེ་ཡང་བདེ་ཆེན་པདྨོ་བཀོད་པ་ཞེས་བྱ་བ༔སོགས་ལོ་རྒྱུས་གསལ་བའི་སྒྲོན་མེ་ལྟར། རྒྱ་དང་བཅས་ནས་གཏེར་དུ་སྦས་སོ༔ ཞེས་གསུངས་པ་དེ་ཉིད་འདོན་པའི་དུས་སུ་སོན་པ་ན། ཞུས་ལན་ལུང་བྱང་མཁར་ཆུ་རྟ་རྒྱུན་མ་ལས། ཕྱག་ཆེན་ཉི་མའི་སྙིང་པོ་འདི༔ དཀོན་མཆོག་འབྱུང་གནས་སྐྱེ་བ་གཅིག༔ སྐྱེས་ཐོབ་བློ་ལྡན་སྦས་པའི་ཚུལ༔ བརྫུབ་ཆེ་བརྟག་དཀའ་ངེས་མེད་གཅིག༔ པདྨ་མཁའ་འགྲོས་བྱིན་གྱིས་བརླབས༔ བརླ་གཡས་ནང་ན་མཁའ་འགྲོ་ཡི༔ ཤ་མཚན་སྤྱན་འདྲས་མཚན་པ་གཅིག༔ ཁྱུང་ཆེན་རི་ཡི་ལྷོ་རུ་འབྱུང༔ གཏེར་འདི་སྐལ་ལྡན་དེ་ཡིས་འདོན༔ ཞེས་རྡོ་རྗེའི་ལུང་གིས་བསྟན་པ་བཞིན། ལང་གྲོ་ལོ་ཙཱ་བའི་རྣམ་འཕྲུལ་གཏེར་སྟོན་རྒྱལ་པོ་ལྔའི་ཡ་གྱལ། སྤྲུལ་སྐུ་རཏྣ་གླིང་པས་ལྷོ་བྲག་དཔལ་གྱི་མཁར་ཆུ་རྟ་རྒྱུན་མའི་བྲག་ལོགས་ལས་ཟབ་གཏེར་གྱི་རྒྱ་བཀྲོལ་ཏེ། སྐལ་ལྡན་ཆོས་ཀྱི་བདག་པོ་རྣམས་ལ་སྤེལ་བ་ནས་བཟུང་། བདག་ཅག་གི་འཁོར་ལོའི་དབང་ཕྱུག་མཆོག་གི་ཞལ་སྔ་ནས་ཀྱི་བར་དུ་འདྲེས་ཁྱེར་དང་དམ་ཉམས་ཀྱིས་བསྲེ་བསླད་མ་ཞུགས་ཤིང་། བྱིན་རླབས་ཀྱི་ཟིལ་ཆེན་མ་ཉམས་པར་བྱོན་པ་ལགས་སོ། །གཉིས་པ་ཆོས་ཀྱི་དགོས་ཆེད་ནི༔ ནམ་མཁས་གར་ཁྱབ་སོགས་སྔོན་འགྲོ་མ་རིག་མུན་སེལ་གྱི་སྔ་མའི་འཕྲོས་ནས་མཇུག་གི །དབང་ནི་ཏིང་འཛིན་བླ་མའི་གཏོར་དབང་གང་དག་གཅིག་གིས་སྨིན་པར་བྱ་སྟེ༔ ཞེས་གསུངས་པ་ནི། སྔ་མར་གྲུབ་ཟིན་པས་འཐུས་པ་ལགས། དེ་ལྟར་སྨིན་པར་བྱེད་པའི་སོགས་ནས། རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེའོ༔ བར། དེ་ནས་དངོས་གཞིའི་ཁྲིད་རིམ་འཆད་པ་ལ། དུས་གསུམ་སངས་རྒྱས་ཀྱི་དགོངས་བཅུད༔སོགས་གཞུང་དངོས་གཞི་ལྟར། དབང་པོ་མཐོ་དམན་གྱི་རིམ་པ་ལ་མན་ངག་འདེབས་ལུགས་ཞེས་པའི་བར། དེ་ནས་ལྷན་ཐབས་ཀྱི་ཞལ་གྱི་གདམས་པ་འདི་ལ་དོན་གསུམ་གྱིས་བསྟན་ཏེ༔ དང་པོ་གང་ཟག་སོགས་ལག་ཁྲིད་ལྷན་ཐབས་གསལ་བའི་སྒྲོན་མེ་ལྟར། རྟེན་ཅིང་འབྲེལ་བས་ཟབ་པ་ཞལ་གྱི་གདམས་པ་མཐར་ཐུག་པའོ༔ བར། དངོས་གཞི་གནད་ཀྱི་གདམས་པ་འདི་ལ༔ སྤྱི་དོན་དྲུག་གིས་བསྟན་ཏེ༔སོགས་དངོས་གཞིའི་སྔ་མའི་འཕྲོས་ནས། གདུལ་བྱའི་སྣང་བ་འཆར་ལུགས་ཙམ་ཡིན་ནོ༔ བར། དེ་ནས་རྗེས་ཆོས་ཀྱི། ཕྱག་རྒྱ་ཆེན་པོ་མ་རིག་མུན་སེལ་རིན་ཆེན་སྒྲོན་མེ་ལ༔ སྤྱི་དོན་གསུམ་ལས་རྗེས་ཀྱི་གདམས་པ་བསྟན༔ དེ་ལ་བཞི་སྟེ༔སོགས་རྗེས་ཆོས་ལྟར། གཉིས་སུ་མེད་པར་བསྔོ་བར་བྱའོ༔ བར་དལ་བུས་བཀླག །དེ་ལྟར་ཁྱད་པར་རྨད་དུ་བྱུང་བའི་གདམ་ངག་འདི་ཉིད་ཀྱི་ཕན་ཡོན་ནམ། རྟོགས་པ་བརྗོད་པ་སྙིང་པོར་དྲིལ་བ་ནི། ཕྱག་ཆེན་མུན་སེལ་ཉི་མ་འདིས༔སོགས་དངོས་གཞིའི་འཕྲོས། ཨོ་རྒྱན་པདྨའི་ཐུགས་བཅུད་ཡང་དག་པ་འདི་རྫོགས་སོ༔ ཞེས་རྡོ་རྗེའི་གསུང་འདོད་ཁྱེར་གྱིས་བསྲེ་བསླད་མ་ཞུགས་པའི་དོན་ཐུགས་ཉམས་སུ་བཞེས་ཏེ་དལ་འབྱོར་དོན་ལྡན་དུ་མཛད་པ་དང་། འདིའི་སྒོ་ནས་སོགས་ཀྱི་མཚམས་སྦྱོར་དགེ་བསྔོ་བཅས་ཀྱིས་གྲུབ་བོ།། །། ༈ གཏེར་ཁ་སྔ་ཕྱིའི་གོ་རིམ་དང་བསྟུན། ཨོ་རྒྱན་དྲི་མེད་ཀུན་དགའི་ཕྱག་ཆེན་ལ་ཁྲིད་བསྡུས་སྙིང་པོ་ཙམ་ལས་མ་བཞུགས་པས། རཏ་གླིང་ཕྱག་ཆེན་གྱི་ཟབ་ཁྲིད་སྔོན་འགྲོ་དངོས་རྗེས་རང་རྐང་ཚུགས་པ་གོང་དུ་དྲངས་པ་ཡིན། དེ་རྗེས་བཀའ་བབ་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་པས་བྲག་དམར་མགྲིན་པ་བཟང་པོ་ནས་དངོས་གྲུབ་ཏུ་རྙེད་པ་དྲི་མེད་ཀུན་དགའི་ཡང་གཏེར་མཐར་ཐུག་གི་གདམས་པ་ངོ་མཚར་ཅན། ཨོ་རྒྱན་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་ལ་ཕུལ་བ་རྟོགས་པ་དོན་གྱི་བརྒྱུད་པ་མཁའ་ཁྱབ་ཏུ་སྤེལ་བའི་གདམས་ངག་ཕྱག་རྒྱ་ཆེན་པོའི་དམར་ཁྲིད་ཡེ་ཤེས་རང་གྲོལ་འདིར་འཆད་ན་འབྲེལ་ཆགས་པར་སྣང་ངོ་།། །། ༈ སྐབས་འདིར་མཆོག་གྱུར་གླིང་པའི་གཏེར་བྱོན་རྫོགས་ཆེན་སྡེ་གསུམ་ལས། སེམས་སྡེའི་སྐོར་བཞུགས་སུ་གསོལ་དགོས་པ་བརྒྱུད་ཡིག་ཆེན་མོར་རྗེས་སུ་གདམས་པ་བསྩལ་པ་བཞིན། རྗེས་སུ་བསྒྲུབ་པར་སྨོན་ཡང་། བདག་གིས་ལག་ལེན་དུ་བསྟར་བའི་སྐལ་པ་མ་བྱུང་བས། སླད་ནས་འབྱོན་པའི་དམ་པ་རྣམས་ཀྱིས་རིན་ཆེན་གཏེར་གྱི་མཛོད་ཁང་འདི་ཉིད་ཀྱི་སྙིང་པོར་བཞུགས་སུ་གསོལ་གྲུབ་པར་ཅི་ནས་ཀྱང་གསོལ་བ་འདེབས་པ་ལགས་སོ།། །། ༄། གཉིས་པ་རྫོགས་པ་ཆེན་པོ་ནང་ཀློང་སྡེའི་སྐོར་ལ། བཀོད་པ་ཆེན་པོ་ལས། ནམ་མཁའ་ཅན་ལ་ཀློང་གི་སྡེ། །ཞེས་གསུངས་པའི་ཟབ་མོ་ཀློང་གི་སྡེ་ལའང་། བཀའ་མར་རྒྱུད་ཀློང་ཆེན་རབ་འབྱམས་རྒྱལ་པོ་ལ་སོགས་པ་དང་། སྨིན་གྲོལ་གྱི་མན་ངག་བཅས་བཞུགས་ཤིང་། གཏེར་མར་ཐང་སྟོང་སྙན་བརྒྱུད་དུ་བཞུགས་པའི་སྐོར་གྱི་སྨིན་གྲོལ་ཁྱད་པར་ཅན་ད་ལྟའང་རྒྱུན་མ་ཆད་པར་བཞུགས་ལ། རིན་ཆེན་གཏེར་གྱི་མཛོད་ཆེན་མོའི་སྐབས་འདིར། མཆོག་གླིང་རྫོགས་ཆེན་སྡེ་གསུམ་ལས་ཀློང་སྡེའི་སྐོར་གྱི་སྨིན་གྲོལ་རྒྱབ་རྟེན་བཅས་ཆེད་ཀྱིས་བཞུགས་དགོས་པར་གསུངས་པའང་། སྔ་མ་བཞིན་གྱི་རྒྱུ་མཚན་མཁྱེན་པར་མཛད་དུ་གསོལ་ལོ།། །། ༄། གསུམ་པ་རྫོགས་པ་ཆེན་པོ་གསང་བ་མན་ངག་སྡེ་ལ། བཀོད་པ་ཆེན་པོ་ལས། རིམ་རྩོལ་ཅན་ལ་མན་ངག་གོ །ཞེས་གསུངས་པའང་ནང་གསེས་ཀྱིས་དབྱེ་ན། ཨ་ཏི། སྤྱི་ཏི། ཡང་ཏི་གསུམ་ལས། དང་པོ་ཨ་ཏི་ཡོ་ག་མན་ངག་སྙིང་ཐིག་གི་སྐོར་ལ། བི་མ། པདྨ། བཻ་རོ། རྣམ་གསུམ་དགོངས་པ་གཅིག་དྲིལ་སྟེ་བཞི་ལས། དང་པོ་སློབ་དཔོན་ཆེན་པོ་བི་མ་ལའི་བཀའ་སྲོལ་ལ། སྐབས་འདིར་བི་མ་ལའི་རྣམ་འཕྲུལ་གནས་བརྟན་ཆེན་པོ་ལྡང་མ་ལྷུན་གྲུབ་རྒྱལ་མཚན་གྱིས་དབུ་རུ་ཞྭ་པདྨ་དབང་ཆེན་གྱི་ལྷ་ཁང་ནས་ཟབ་གཏེར་དུ་སྤྱན་དྲངས་པ། རྫོགས་པ་ཆེན་པོ་ཡང་གསང་གནད་ཀྱི་གདམས་པ་ཟབ་མོ་རྒྱུད་བཅུ་བདུན་གྱི་དབང་ཆོག་བཀའ་རྒྱ་ཅན་རྫོགས་པ་རང་བྱུང་དབང་གི་ཆུ་བོའི་རྒྱུད་ཀྱི་དགོངས་དོན་ལས་བྱུང་བ། གར་དབང་ཞིག་པོ་གླིང་པའི་ཡིག་ཆ་ལ། རྒྱུད་ཀྱི་དགོངས་པས་ཕྱེ་བ། སྟ་གོན་གྱི་དབང་སྔོན་དུ་འགྲོ་བས། རྡོ་རྗེ་རྣམ་འཇོམས་ཁྲུས་ལུང་གི་དབང་། ཞི་བ་བྱང་ཆུབ་སེམས་ཀྱི་དབང་། ཁྲོ་བོ་རིགས་ཀྱི་དབང་། ཚེ་དབང་རིན་ཆེན་ཡེ་ཤེས་འཁོར་ལོ། རང་ལུས་ཞིང་ཁམས་ཀྱི་དབང་གསང་བ་ཞེས་བྱ་བའམ་རིག་པ་རང་གི་དབང་། བཀའ་རྟགས་ཕྱག་རྒྱའི་དབང་། གསང་བ་ཡེ་ཤེས་འཁོར་ལོའི་དབང་ངམ་མཁའ་དབྱིངས་བུམ་པའི་དབང་། རྫོགས་ཆེན་རང་སྣང་གི་ལྟ་བ་བསྟན་པའི་དབང་། འཁོར་ལོ་རིན་ཆེན་སྐུ་ལྟར་འབར་བའི་དབང་རྣམས། ཁོག་དབུབ་དབང་རིན་ཆེན་འཁོར་ལོ་རྣམ་པར་བཤད་པ་ལྟར་ཕ་རོལ་ཏུ་ཕྱིན་པ་བཅུའི་གྲངས་ལྡན་ནམ། ཡང་ན། སྔོན་འགྲོ་སྟ་གོན་དང་། རྣམ་འཇོམས་ཀྱི་དབང་གཉིས་གཅིག་ཏུ་བརྩི་བ་དང་། རྫོགས་ཆེན་རིག་པ་རང་སྣང་གི་དབང་དང་། འཁོར་ལོ་རིན་པོ་ཆེ་སྐུ་ལྟར་བསྐུར་བ་གཉིས་གཅིག་ཏུ་བརྩིས་ལ། གཞན་གོང་ལྟར་གྱིས་བཀྲ་ཤིས་པའི་རྟགས་ཀྱི་གྲངས་ལྡན་དུ་བཞེད་པ་དང་། ཡང་ན། བཤད་མ་ཐག་པ་ལྟར་ལ། སྟ་གོན། རྣམ་འཇོམས། ཞི་དབང་གསུམ་གཅིག་ཏུ་བརྩིས་པས་རྒྱལ་སྲིད་རྣམ་པ་བདུན་གྱི་གྲངས་སུའང་བཤད་ཅིང་། གང་ལྟར་ཡང་རྒྱལ་བ་ཞང་སྟོན་གྱི་གཏེར་མ་ཁྲོས་མ་ནག་མོའི་གསང་བའི་རྒྱུད་ལས་བྱུང་བ། ཞིག་གླིང་འོད་གསལ་སྒྱུ་མ་གཏེར་བཞད་རྩལ་གྱི་ཡིག་ཆ་ལྟར་སྲོག་དབང་བཀའ་རྒྱ་མ་བཅས་སོ།། །། ༧ བི་མའི་སྙིང་ཐིག་ཆེན་མོའི་རིང་བརྒྱུད་བར་མ་ཆད་པ་དང་། ཉེ་བརྒྱུད་བི་མ་ལས་བྱིན་གྱིས་བརླབས་པའི་སྟོབས་ཀྱིས་ཟབ་མོ་དགོངས་པའི་ཀློང་ནས་རྡོལ་པ། ཀརྨ་སྙིང་ཐིག་གི་སྨིན་བྱེད་སྙིང་ཐིག་ཆེན་མོ་ལས་ལོགས་སུ་མེད་པར་བཀའ་བསྩལ་པ་བཞིན་ནའང་། སྙིང་ཐིག་ཆེན་མོའི་སྨིན་ལམ་སྐོར་གཞུང་རྩ་བར་གྱུར་པས་རྟོགས་ཅུང་དཀའ་ཞིང་། འདིར་མན་ངག་ཆོག་བསྒྲིགས་ཕྲ་ཐིག་དང་བཅས་པ་བཞུགས་པས་ལག་ལེན་བདེ་བ་དང་། བི་མའི་སྙིང་ཐིག་ཆེན་མོའི་དབང་བསྐུར་མ་ཐོབ་པའི་རིགས་ལ། སྐབས་འདིར་ཁྲིད་འཆད་པ་མི་བདེ་བར་སྣང་བས་དེ་ལ་ཕན་པའི་ཆེད་གསར་དུ་ཞབས་ཏོག་བགྱིས་པ་ལ། རྫོགས་པ་ཆེན་པོ་སྙིང་ཏིག་གི་སྤྲོས་བཅས་ཀྱི་དབང་ལྕེ་བཙུན་གྱིས་མཛད་པ་ལྟར་དབང་བཞི་དང་། རྫོགས་པ་ཆེན་པོའི་དབང་གསུམ་རྗེ་རང་བྱུང་ཞབས་ཀྱིས་མཛད་པ་ལྟར་སྤྲོས་མེད་ཀྱི་དབང་། ཤིན་ཏུ་སྤྲོས་མེད་ཀྱི་དབང་། རབ་ཏུ་སྤྲོས་མེད་ཀྱི་དབང་བཞི་པོ་ལ། དབང་བཞིའི་དུས་དང་མཚན་མ་བསྟན་པའི་ཕྲ་ཐིག་དང་། རིག་འཛིན་བརྒྱུད་པའི་མན་ངག་གིས་བརྒྱན་ཏེ་ཞིབ་རྒྱས་སུ་བསྐུར་བས་སྨིན་པར་བྱས་ནས། ཉམས་ལེན་ལག་ཁྲིགས་མའི་ཁྲིད་ཡིག་ལྟར་གྲོལ་བྱེད་ཀྱི་གདམས་ཁྲིད་འབོགས་ཤིང་། རྒྱབ་རྟེན་ལ་དེ་རྣམས་དང་རྩ་ཚིག་བཅས་ཀྱི་ལུང་རྣམས་རིམ་པར་འཆད་ཉན་བྱ། ༧ རྩ་བ་སྙིང་ཐིག་ཆེན་མོའི་དབང་ལུང་གི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་ཞི་ཁྲོ་རབ་འབྱམས། སྤྲུལ་སྐུ་རྡོ་རྗེ་འཆང་ཆེན། སྟོན་པ་རྡོ་རྗེ་སེམས་དཔའ། གསང་བདག་ཕྱག་ན་རྡོ་རྗེ། སློབ་དཔོན་དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སེངྷ། ཛྙཱ་ན་སཱུ་ཏྲ། བི་མ་ལ་མི་ཏྲ། ཉང་བན་ཏིང་འཛིན་བཟང་པོ། གནས་བརྟན་ལྡང་མ་ལྷུན་རྒྱལ། ལྕེ་བཙུན་སེངྒེ་དབང་ཕྱུག །ཞང་སྟོན་བཀྲ་ཤིས་རྡོ་རྗེ། སྲས་མཁས་པ་ཉི་འབུམ། གུ་རུ་ཇོ་འབེར། འཁྲུལ་ཞིག་སེངྒེ་རྒྱབ་པ། གྲུབ་ཆེན་མེ་ལོང་རྡོ་རྗེ། རིག་འཛིན་ཀུ་མ་རཱ་ཛ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར། མཁས་གྲུབ་ཁྱབ་བརྡལ་ལྷུན་གྲུབ། འཇམ་དབྱངས་གྲགས་པ་འོད་ཟེར། འཁྲུལ་ཞིག་སངས་རྒྱས་དབོན་པོ། རྒྱལ་སྲས་ཟླ་བ་གྲགས་པ། གྲུབ་ཆེན་ཀུན་བཟང་རྡོ་རྗེ། མཚུངས་མེད་རྒྱལ་མཚན་དཔལ་བཟང་། མཚུངས་མེད་སྣ་ཚོགས་རང་གྲོལ། གསུང་སྤྲུལ་བསྟན་འཛིན་གྲགས་པ། མཁས་གྲུབ་མདོ་སྔགས་བསྟན་འཛིན། གསང་བདག་ཕྲིན་ལས་ལྷུན་གྲུབ། ཆོས་རྒྱལ་གཏེར་བདག་གླིང་པའམ་རྡོ་རྗེ་སྙིང་པོ་ལའོ། ༧ །ཡང་དབང་ཁྲིད་ཡོངས་རྫོགས་དང་། ཟབ་པ་པོད་བཞིའི་ལུང་གི་བརྒྱུད་ཚུལ་གཅིག་ནི། ཀུ་མ་རཱ་ཛ་ནས། རྗེ་ཀརྨ་པ་རང་བྱུང་རྡོ་རྗེ། སྨན་ལུང་པ་མི་བསྐྱོད་རྡོ་རྗེ། སྤྲོ་ལུང་པ་ཀུན་དགའ་སྨོན་ལམ། རིན་པོ་ཆེ་ཤཱཀྱ་འབུམ། མཚུར་ཕུ་བ་དོན་གྲུབ་འོད་ཟེར། ལོ་ཆེན་བསོད་ནམས་རྒྱ་མཚོ། སྨན་ཆུ་བ་ནམ་མཁའ་རིན་ཆེན། སྤྲུལ་སྐུ་ཞིག་པོ་གླིང་པ། སོག་ཟློག་པ་བློ་གྲོས་རྒྱལ་མཚན། གོང་ར་ལོ་ཆེན་གཞན་ཕན་རྡོ་རྗེ། བོན་ལུང་པ་གར་དབང་ཚུལ་ཁྲིམས་རྒྱལ་མཚན། རིག་འཛིན་ཕྲིན་ལས་ལྷུན་གྲུབ། གཏེར་ཆེན་འགྱུར་མེད་རྡོ་རྗེ་ལའོ། ༧ །ཡང་ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའི་སྙིང་ཐིག་གི་དབང་ཁྲིད་ལུང་རྣམས་ཐོབ་པའི་བརྒྱུད་པ་ནི། ཀུ་མ་རཱ་ཛ་ཡན་གོང་ལྟར་ལ། ཀརྨ་པ་རང་བྱུང་རྡོ་རྗེ་ནས། ལོ་ཆེན་གཞན་ཕན་རྡོ་རྗེའི་བར་སྔར་ལྟར་ལས། སྤྲུལ་སྐུ་བོན་ལུང་པ་གར་དབང་ཚུལ་ཁྲིམས་རྒྱལ་མཚན་ནས་གཏེར་ཆེན་རྗེས་གསན། ཉེ་བརྒྱུད་ནི། སློབ་དཔོན་ཆེན་པོ་བི་མ་མི་ཏྲས་ཡེ་ཤེས་ཀྱི་སྐུས་དངོས་སུ་བྱིན་གྱིས་བརླབ་ཅིང་རྗེས་སུ་བཟུང་ནས་གདམས་ངག་གཏད་པ་སྟེ་བརྒྱུད་པའི་ཆུ་བོ་ཆེན་པོ་གཅིག་འདྲེས་སུ་རྗེ་གསུམ་པར་བཀའ་བབས་པ་ཡིན་ཅིང་། དེ་སོགས་བརྒྱུད་ཚུལ་དུ་མ་འདུས་པ་སྨིན་གླིང་གཏེར་ཆེན་རིན་པོ་ཆེ་ནས། རྒྱལ་སྲས་འགྱུར་མེད་རིན་ཆེན་རྣམ་རྒྱལ། མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། འགྱུར་མེད་ཕྲིན་ལས་རྣམ་རྒྱལ། ཕྲིན་ལས་ཆོས་སྒྲོན། ཀུན་གཟིགས་མཁྱེན་བརྩེའི་དབང་པོ། འཇམ་མགོན་རྡོ་རྗེ་འཆང་ལ་བརྒྱུད་པ་ཐམས་ཅད་བཀའ་བབ་སྟེ་རྗེས་སུ་བཟུང་བའི་བྱིན་རླབས་ཆུ་བོ་གཅིག་འདྲེས་སུ་གྱུར་པའོ། །ཀར་ལུགས་དོན་གྱི་བརྒྱུད་པ་ནི་བརྒྱུད་ཡིག་དཀར་ཆགས་སུ་བཞུགས་པ་ལྟར་རོ།། །། ༈ གར་དབང་ཞིག་པོ་གླིང་པའི་རྫོགས་ཆེན་གསང་བ་སྙིང་ཐིག་གི་དབང་དོན་སྒྲུབ་མཆོད་ནི། བརྒྱུད་འདེབས་སྔོན་དུ་འགྲོ་བས། རང་ཉིད་ཐུན་མཚམས་ལྷའི་ང་རྒྱལ་བཅས་བགེགས་གཏོར་བརླབ་འགུགས་བསྔོ་བ་སྤྱི་ལྟར་དང་། ཆོག་སྒྲིག་ལྟར། ཧཱུྃ༔ རྣམ་དག་རྒྱལ་བ་སོགས་ཀྱིས་བཀའ་བསྒོ་ཞིང་བགེགས་བསྐྲད། སྲུང་འཁོར་བསྒོམ་པ་ནི། ཧཱུྃ། བདག་ཉིད་དཔལ་གྱི་ཟེར་སྤྲིན་ལས། །སྟེང་འོག་ཕྱོགས་མཚམས་སྲུང་བའི་གུར། །སྲ་བརྟན་མེ་དཔུང་འབར་བ་འཁྲིགས། །སྲུང་བའི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །བཛྲ་ཛྭ་ལ་རཀྵ་བྷྲཱུྃ། ཞེས་བསྒོམ། ཆོག་སྒྲིག་གི་སྐྱབས་སེམས་ཚོགས་གསག་དང་། མཆོད་རྫས་རཾ་ཡཾ་ཁཾ་གིས་བསང་སྦྱང་། རྣམ་དག་ཆོས་དབྱིངས་ངང་ཉིད་སོགས། ཨཱོྃ་བཛྲ་ཨརྒྷཾ་ནས། ཤབྡ་སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་སྥ་ར་ཎ་ཁཾ་གིས་བྱིན་གྱིས་བརླབས། བརྗོད་མེད་དོན་བཤགས་དང་ཡིག་བརྒྱ་བཟླས་པས་ཉེས་ལྟུང་བཤགས། བདག་བསྐྱེད་ནི། ཨཱོྃ་མ་ཧཱ་ཤཱུནྱ་ཏཱས་སྟོང་པར་སྦྱང་། སྟོང་དང་སྙིང་རྗེའི་ངང་ཉིད་ལས༔ སོགས་གཏེར་གཞུང་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་བཞིན། དབྱེར་མེད་བསྟིམ༔ བར་དང་། ཨཱོྃ་བཛྲ་པུཥྤེ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད། ཛཿཧཱུྃ་བཾ་ཧོཿས་དབྱེར་མེད་དུ་བསྟིམ། བཟླས་དམིགས་ནི། ཐུགས་ཀའི་ཐིག་ལེ་ཐིག་ཕྲན་སོགས་ཀྱིས་གསལ་བཏབ་ལ། འབྲུ་ལྔ་དང་འབྲུ་དྲུག་སྦྲེལ་བ་དང་། ཡིག་བརྒྱ་ཅི་འགྲུབ་བཟླ། མདུན་རྟེན་རྣམས་ཤཱུནྱ་ཏཱས་སྟོང་པར་སྦྱང་། སྟོང་པའི་ངང་ལས་དཀྱིལ་འཁོར་སྒྲུབ་རྫས་བྷྲཱུྃ་ལས། ཐར་པ་ཆེན་པོའི་སོགས་ཆོག་སྒྲིག་བཞིན་བསྐྱེད་ཅིང་སྤྱན་དྲང་བ་ནས་བསྟོད་པའི་མཐའ་བར་གཏང་། བཟླས་དམིགས་ནི། དེ་ལྟར་ཞི་ཁྲོའི་སོགས་ནས། འཁོར་བ་བསྒོམ༔ བདག་ཐུགས་འོད་ཀྱིས་མཆོད་ཅིང་བསྐུལ། །སྤྲོས་པས་འཕགས་མཆོད་འགྲོ་སྒྲིབ་སྦྱངས། །བསྡུས་པས་བྱིན་རླབས་དངོས་གྲུབ་ཐོབ། །སྣང་གྲགས་རྟོག་ཚོགས་ཆོས་ཉིད་ཀློང་། ཁྱབ་བརྡལ་ཀུན་བཟང་དབྱིངས་སུ་རྫོགས། །ཞེས་བསྙེན་སྒྲུབ་སྦྲེལ་བའི་ཏིང་འཛིན་གསལ་བཏབ་ནས། ཞི་ཁྲོའི་སྤྱི་སྔགས་ཚན་གཉིས་སོ་སོར་ཅི་ནུས་བཟླས། དམིགས་པའི་འཕྲོ་འདུས་སྤྱི་ཁྱབ་བཅས། ཞི་ཁྲོའི་སྔགས་ཕུང་ཤམ་བུར་ལས་བཞིའི་འཕྱང་བཏགས་པ་ཅུང་ཟད་བཟླ། མཐར་སྟོང་ཚིགས་འབུལ། བདག་བསྐྱེད་ཀྱི་བསྙེན་པ་གསུང་པ་སྒྲུབ་པར་ཞུགས་པའི་སྐབས་ཀྱི་དགོངས་པར་སྣང་བས་འདིར་ཟུར་དུ་བྱ་མི་དགོས། དབང་དོན་བུམ་པ་བསྐྱེད་བཟླས་ནི། བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང་། །མཚན་ཉིད་ཐམས་ཅད་ཡོངས་རྫོགས་དབུས། །རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས། །མཚོ་ལ་གཟའ་སྐར་ཤར་ལྟར་གསལ། །རང་སྲོག་སྔགས་ཕྲེང་གཟུངས་ཐག་བརྒྱུད། །བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །བུམ་ལྷའི་སྐུ་ལས་འོད་འཕྲོས་པས། །རྒྱལ་བ་མཆོད་ཅིང་བྱིན་རླབས་བསྡུས། །སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབ་པས་བུམ་ཆུར་དབྱེར་མེད་འདྲེས། །སྐུ་གསུང་ཐུགས་ཀྱི་དབྱིག་ཏུ་བསམ། །སྔར་གྱི་ཞི་ཁྲོའི་སྔགས་ཚན་གཉིས་པོ་སོ་སོའི་ཤམ་དུ། ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བཏགས་པ་བརྒྱ་རྩ་རེ་ལས་མི་ཉུང་བ་བཟླ། ལས་བུམ་དུ་རྡོ་རྗེ་རྣམ་འཇོམས་གསལ་བཏབ་ལ། ན་མཿཙཎྜ་སོགས་བཟླ། མཐར། ཨཱོྃ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས། ལྷ་ཚོགས་བདེ་བ་ཆེན་པོར་ཞུ། །བུམ་པའི་ཆུ་དང་དབྱེར་མེད་གྱུར། །ཞེས་འོད་ཞུ་བྱ། བཀའ་སྲུང་ལ། གཏེར་གཞུང་རྡོ་རྗེ་ལེགས་པའི་སྒྲུབ་ཡིག་ལྟར། རང་ཉིད་སྐད་ཅིག་དྲན་རྫོགས་སོགས་ནས། གཉིས་སུ་མེད་པར་བསྟིམ༔ ཞེས་གསལ་བས་བསྙེན་པ་ཅུང་ཟད་བཟླ། དམ་སྤྱི་ལྟར་མཆོད་གཏོར་བྱིན་གྱིས་བརླབ། དམིགས་མེད་སྟོང་པའི་སོགས་ཀྱིས་མདུན་རྟེན་བསྐྱེད་ཅིང་། རྟེན་ལ་ཐིམ་པར་བསམ༔ གཏེར་གཞུང་གསོལ་མཆོད་ཀྱི་ཡི་གེ་ལྟར། ཀྱཻ༔ རྡོ་རྗེ་འཛིན་པའི་སོགས་ནས། མཆོད་པའི་མཐར། སྤྲོ་ན་སྒྲུབ་ཡིག་ལྟར་འབོད་སྔགས་ཅུང་ཟད་བཟླ། གང་ལྟར་ཡང་སླར་གཏོར་མ་ཡི་གེ་གསུམ་དང་འབྲུ་གསུམ་གྱིས་བསང་སྦྱང་བརླབ། ཨཱོྃ་བཛྲ་སཱ་དྷཱུ་ཧས་བྱ་ཧུས་བྱ་སརྦ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་བསྔོས་ལ། ཧཱུྃ༔ ལྷོ་ནུབ་སྲིན་པོའི་སོགས་ཀྱིས་ཕྲིན་ལས་བཅོལ་ཞིང་གཏེར་སྲུང་གཏོར་འབུལ་བྱ། ཆོག་ཁྲིགས་གཞུང་གསལ་ཚོགས་བྱིན་རླབས་ནས། ཚོགས་ཕུད་ཕུལ། འདིར་རྩ་གསུམ་སྤྱི་བསྐང་གཏང་ན་ལེགས། གང་ལྟར་ཡང་། ཧྲཱིཿ བླ་མ་རྒྱལ་བ་སོགས་ཀྱིས་ཐུགས་དམ་བསྐུལ། དབང་དངོས་སྟ་ཕྱེ་ན་འདིར་སློབ་མ་སྟ་གོན་བྱས་ལ། ལྷག་མ་ཕྱིན་མཐར་དབྱུང་། ཕྱིར་ཉིན་དབང་སྒྲུབ་གོང་བཞིན་བྱ། སྦྲེལ་ན་འདིར་རིག་མེ་དོར་བས་བདག་དབང་བླངས་ཤིང་སློབ་མ་གཞུག་པར་གནང་བ་ནོད། སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་གཏོར་བསྔོས་ཤིང་བསྐྲད་དེ་སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་ཟིན་ནས། འོ། མར་གྱུར་གྱི་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་ཟད་པ་འཁོར་བའི་འདམ་ལས་བསྒྲལ་ཏེ་གདོད་མའི་སངས་རྒྱས་ཀུན་བཟང་བླ་ན་མེད་པའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་ཡང་གསང་བླ་ན་མེད་པའི་དཀྱིལ་འཁོར་ཆེན་པོར་ཞུགས་ནས་གདམས་ངག་མ་ལུས་པ་ཚུལ་བཞིན་དུ་ཉམས་སུ་བླང་སྙམ་པའི་ཀུན་སློང་རྒྱ་ཆེན་པོ་དང་བཅས་གསན་འཚལ། དེའང་རྒྱལ་བ་ཐབས་མཁས་ཤིང་ཐུགས་རྗེའི་མཐའ་ལ་གཏུགས་པ་མེད་པ་ཀུན་བཟང་ཧེ་རུ་ཀཿརྡོ་རྗེ་འཆང་ཆེན་པོས་གང་འདུལ་གྱི་སྐུར་བཞེངས་ཏེ། གདུལ་བྱའི་ཁམས་དབང་གི་རྗེས་སུ་མཐུན་པའི་ཆོས་སྒོ་ཐེག་པའི་རིམ་པ་ཇི་སྙེད་ཅིག་བསྟན་པ་ཐམས་ཅད་ཀྱི་མཐར་ཐུག །མན་ངག་གནད་ཀྱི་སྐྱེལ་སོ་འོད་གསལ་རྫོགས་པ་ཆེན་པོ་ལ་འདུས། དེའང་གང་ཟག་དབང་པོ་གསུམ་གྱི་རིམ་པར་ཕྱེ་བས་སེམས་ཀློང་མན་ངག་གི་སྡེ་གསུམ་དུ་བསྟན་པའི་ནང་ཚན། སྙིང་པོའི་ཡང་ཞུན་ཨ་ཏི་རྫོགས་པ་ཆེན་པོ་མན་ངག་སྡེའི་བཅུད་ཕུར་སྐལ་ལྡན་དབང་པོ་དང་བརྩོན་འགྲུབ་ཡང་རབ་ལོ་ཟླ་ཙམ་གྱིས་འོད་སྐུར་གྲོལ་བའི་ཟབ་ཆོས། བཀའ་གཏེར་དག་སྣང་གི་བཀའ་སྲོལ་གསུམ་དུ་བཞུགས་པ་ལས་ཟབ་མོ་གཏེར་གྱི་ཕྱོགས། དེ་ལའང་གྲུབ་པའི་སློབ་དཔོན་ཆེན་པོ་རྣམ་པ་གསུམ་པོ་དོན་ལ་སྟོན་འཁོར་དགོངས་པ་དབྱེར་མེད་ཆེན་པོར་བཞུགས་ཀྱང་། གདུལ་བྱ་གང་འདུལ་གྱི་སྣང་ཚུལ་དང་མཐུན་པར་པཎ་ཆེན་བི་མ་ལ་དང་། ཨོ་རྒྱན་ཆེན་པོ། རྣམ་སྣང་ལོ་ཙཱ་བ་རྣམ་པ་གསུམ་གྱི་དགོངས་ཉམས་ཀྱི་བཀའ་བསྡུ་སོ་སོར་བྱོན་པ་ལས། འདིར་འོད་ལུས་འཕོ་བ་ཆེན་པོའི་སྐུར་གྲུབ་པའི་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲའི་དགོངས་བཅུད་རྗེན་པར་ཕྱུང་སྟེ། ཉང་བན་ཏིང་འཛིན་བཟང་པོ་སོགས་ཐུགས་ཀྱི་སྲས་མཆོག་རྣམས་ལ་མནོག་ཆོས་སུ་བསྩལ་པ། རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་ཡང་ཟབ་སྙིང་པོའི་གཞུང་དང་འབྲེལ་བའི་སྨིན་བྱེད་ཟབ་མོ་བགྱིད་པའི་སྐབས་སུ་བབ་པ་ལགས། གཏེར་གཞུང་ལོ་རྒྱུས་ཀྱི་ཡི་གེ་ལས། དེའང་། རྫོགས་པ་ཆེན་པོའི་རྒྱུད་ཐམས་ཅད་ཀྱི་ཡང་སྙིང་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་ཀྱི་ཡང་རྩེ་སོགས་ནས། སྤྲོ་ན། ཕྲ་མེན་མཆོད་རྟེན་དུ་གསང་བའི་གཏེར་གནས་སུ་སྦས་པའོ༔ བར་མཐར་ཆགས་སུ་བཀླག་པའམ། ཡང་དངོས་སྟ་ཕྱེ་སྐབས་ལྟ་བུར་བསྡུ་ན། ཡུམ་སྣང་གསལ་སྒྲོན་གཉིས་ཀྱི་སྲས་སློབ་དཔོན་མཉྫུ་ཤྲཱི་མི་ཏྲ། ཞེས་པའི་འཕྲོས་སུ། དེ་ཉིད་ལ་འཇམ་དཔལ་གྱིས་ལུང་བསྟན་པ་བཞིན་དུར་ཁྲོད་བསིལ་བའི་ཚལ་དུ་བྱོན་ནས་དགའ་རབ་རྡོ་རྗེ་དང་མཇལ། རྫོགས་པ་ཆེན་པོ་མན་ངག་སྡེའི་ཆོས་རྣམས་རྫོགས་པར་ཞུས་ནས་དགོངས་པ་མངོན་དུ་གྱུར། ཐིག་ལེ་གསང་བ་སྙན་བརྒྱུད་ཀྱི་རྒྱུད་ལུང་མན་ངག་རྡོ་རྗེ་གདན་གྱི་བྱང་ཤར་ཕ་ཝཾ་རྒྱ་གྲམ་ཅན་དུ་གཏེར་དུ་སྦས། དེའི་ཚེ་རྒྱ་ནག་གི་ཡུལ་གྲོང་ཁྱེར་ཤོ་ཁྱམས་ནག་པོ་བྱ་བར་ཡབ་ཁྱིམ་བདག་དགེ་འདུན་དང་། ཡུམ་སྣང་བ་མཁྱེན་ལྡན་ཟུང་གི་སྲས་མཁས་པ་ཤྲཱི་སེངྷ་ཞེས་བྱ་བ་དེ་གྲོང་ཁྱེར་གསེར་གླིང་དུ་བྱོན་པའི་ལམ་ཁར་སྤྱན་རས་གཟིགས་ཀྱིས་ལུང་བསྟན་པ་བཞིན་དུ། དུར་ཁྲོད་སོ་ས་གླིང་དུ་བྱོན་ནས་སློབ་དཔོན་འཇམ་དཔལ་བཤེས་གཉེན་དང་མཇལ་ནས་གདམས་ངག་རྩལ་སྤྲུགས་སུ་བསྩལ་པ་དང་། རྒྱུད་རྣམས་ལུང་བསྟན་པ་བཞིན་གཏེར་ནས་ཕྱུང་སྟེ་སླར་རྒྱ་ནག་བཀྲ་ཤིས་ཁྲི་སྒོའི་ལྷ་ཁང་གི་ཀ་བའི་ལོགས་ལ་སྦས། དེ་ཚེ་རྒྱ་གར་ཤར་ནུབ་ཏུ་འཁྲུངས་པའི་མཁས་པ་ཡེ་ཤེས་མདོ་དང་། བི་མ་ལ་གཉིས་ལ་རྡོ་རྗེ་སེམས་དཔས་ལུང་བསྟན་པ་བཞིན། སློབ་དཔོན་གཉིས་པོས་དུར་ཁྲོད་བསིལ་བྱེད་དུ་བྱོན་ནས་ཤྲཱི་སེངྷ་དང་མཇལ་ཏེ་གདམས་ངག་རྫོགས་པར་ཞུས། ཡེ་ཤེས་མདོ་ལ་ལུང་བསྟན་པ་བཞིན་གཏེར་དཔེ་རྣམས་བཀྲ་ཤིས་ཁྲི་སྒོའི་ལྷ་ཁང་ནས་ཕྱུང་སྟེ་དུར་ཁྲོད་བྷ་སིང་དུ་དགོངས་པ་ལ་བཞུགས། དེའི་ཚེ་སླར་པཎ་ཆེན་བི་མ་ལར་མཁའ་འགྲོ་མ་དཔལ་གྱི་བློ་གྲོས་མས་ལུང་བསྟན་པ་བཞིན་དུར་ཁྲོད་དེར་བྱོན་ནས་ཡེ་ཤེས་མདོ་དང་མཇལ་ཞིང་གདམས་ངག་གི་སྙིང་པོ་གསང་བ་སྙིང་ཐིག་གི་སྐོར་དཔེ་རྒྱུད་དང་བཅས་པ་གནང་ངོ་། །དེའི་ཚེ་འཇམ་དཔལ་སྤྲུལ་པའི་ཆོས་ཀྱི་རྒྱལ་པོས་བོད་ཡུལ་མུན་པའི་གླིང་དུ་ཆོས་ཀྱི་སྒྲོན་མེ་སྦར་བའི་སྐབས། རྒྱ་གར་གྱི་རྒྱལ་པོ་སེང་གེ་བཟང་པོ་ལ་གསེར་ཕྱེའི་སྐྱེས་བསྐུར་བའི་ལན་དུ་མདོ་སྔགས་ཀྱི་ཆོས་ལ་མཁས་པའི་པཎྜི་ཏ་ཞིག་བརྫངས་དགོས་པའི་བཀའ་མཆིད་གནང་བས། དེའི་ཚེ་མཆོད་གནས་པཎྜི་ཏ་ལྔ་བརྒྱ་བཞུགས་པར་རྒྱུ་མཚན་ཞུས་པས། མཁས་པ་བི་མ་ལ་མི་ཏྲ་བྱོན་ནས་མངའ་བདག་བཙད་པོ་དང་མཇལ་ཞིང་གསོལ་བ་བཏབ་པའི་ངོར་མདོ་སྔགས་ཀྱི་ཆོས་རྣམས་བསྒྱུར་བཤད་མཛད། ཁྱད་པར་འོད་གསལ་རྫོགས་པ་ཆེན་པོ་ཡང་གསང་བླ་ན་མེད་པའི་རྒྱུད་ལུང་མན་ངག་རྣམས་མངའ་བདག་རྗེ་འབངས་ལ་མནོག་ཆོས་སུ་བསྩལ་པ། ཟུར་མཁར་རྡོའི་མཆོད་རྟེན་གྱི་ཡང་དབེན་དུ་ཆོས་རྒྱལ་དང་། ལྷ་སྲས་མུ་རུབ། ཉང་ཏིང་འཛིན་བཟང་པོ། སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། གཉགས་དྲི་མེད་ཟླ་ཤར་རྣམས་ལ་རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་ཟབ་དོན་བསྡུས་པའི་དཀྱིལ་འཁོར་ཞལ་ཕྱེ་ནས་དབང་བསྐུར་ཞིང་གདམས་ངག་མ་ལུས་པ་གནང་། ཆོས་སྐོར་རྒྱས་པ་པཎ་ཆེན་ཉིད་ཀྱིས་མཆིམས་ཕུའི་དགེ་གོང་དུ་གཏེར་རྒྱས་བཏབ། དེའི་སྙིང་པོ་བསྡུས་པའི་ཡང་ཟབ་ཀྱི་བེ་བུམ་ཉང་བན་ཆེན་པོས་ཀ་དཔེར་བཏབ་པ། དབུ་རུ་ཞྭའི་ལྷ་ཁང་གི་ཀེའུ་ཚང་དུ་རྒྱུད་ཀྱི་དཔེ་དང་། ཀ་བའི་ཁོང་གསེང་དང་། ཕྲ་མེན་མཆོད་རྟེན་ལ་གསང་བ་སྙིང་ཏིག་ཟབ་དོན་བསྡུས་པའི་སྐོར་རྣམས་སྦས་ཤིང་། རྡོ་རྗེ་ལེགས་པ་ལ་གཉེར་དུ་གཏད་པའི་རྒྱུད་སྐོར་རྣམས་ལྡང་མ་ལྷུན་རྒྱལ་གྱིས་ཕྱུང་ཞིང་། མན་ངག་གི་སྐོར་རྣམས་གཞུང་ལས། ཕྲ་མེན་མཆོད་རྟེན་ཀ་བའི་ཁོང་གསེང་དུ༔སོགས་ལོ་རྒྱུས་མཇུག་བཞིན། དུས་ལ་བབ་ཚེ་ལས་ཅན་དེ་དང་སྤྲོད༔ དེ་ནས་རྒྱས་བསྡུས་གང་ལྟར་ན་ཡང་། ཅེས་ལུང་བསྟན་གཉེར་དུ་གཏད་པ་བཞིན། དུས་བབ་སྤྲུལ་པའི་གཏེར་འབྱིན་ཆེན་པོ་དེ་ཉིད་ཀྱིས་སྤྱན་དྲངས་པའི་ཟབ་པའི་མཐར་ཐུག་ཡིད་ཆེས་པའི་བྱིན་རླབས་མཆོག་དང་ལྡན་པ་བདག་ཅག་གི་རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་པོའི་བར་དུ་འདྲེས་ཁྱེར་དང་དམ་ཉམས་ཀྱི་བསྲེ་བསླད་མ་ཞུགས། བྱིན་རླབས་ཀྱི་དྲོད་རྟགས་མ་ཡལ་བ་འདི་ལྟ་བུའི་དབང་བསྐུར་བ་ལའང་སྔོན་འགྲོ་སློབ་མ་ལྷག་གནས་ཀྱི་ཆོས་དང་། དངོས་གཞི་སྨིན་དབང་གཉིས་སུ་ཡོད་པ་ལས། ཐོག་མར་སློབ་མ་ལྷག་པར་གནས་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་འབུལ་དུ་བཅུག་ལ། སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། གཏེར་གཞུང་སྨིན་བྱེད་དབང་གི་ཆུ་བོ་ལྟར། ཧོ༔ བླ་མ་དཀྱིལ་འཁོར་སོགས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པའི་ངོར་མཁྱེན་བརྩེའི་སྒོ་ཕྱེས་ཏེ་བཀའི་གནང་བ་སྦྱིན་པ་ནི། ཁྱོད་ནི་ཐེག་ཆེན་སོགས། རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་མདུན་གྱི་ནམ་མཁར་རྒྱལ་བ་ཞི་ཁྲོ་བཀའ་བརྒྱད་ཀྱི་ལྷ་ཚོགས་སློབ་དཔོན་དང་བཅས་པའི་སྤྱན་སྔར་སྒོ་གསུམ་གུས་པས་ཕྱག་འཚལ་ཞིང་། བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ་དང་། དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་སྤྲིན་རྒྱ་མཚོས་ཡོངས་སུ་མཆོད་བཞིན་པར་སྡིག་པ་བཤགས་པ་དང་། འཕགས་སྐྱེའི་དགེ་བ་ལ་ཡི་རང་བ་དང་། བླ་ན་མེད་པའི་སེམས་བསྐྱེད་ནས་སྨོན་འཇུག་གི་སྡོམ་པ་གཟུང་བ་རྣམས་ཀྱིས་བསོད་ནམས་ཀྱི་ཚོགས་བསགས་པའི་དོན་ཐུགས་ལ་ངེས་པས་འདིའི་རྗེས་ཟློས། ཧོ༔ བླ་མ་མཆོག་དང་སོགས་ལན་གསུམ། སླར་ཡང་འཁོར་གསུམ་གྱི་སྤྲོས་པ་ལས་འདས་པའི་དོན་དམ་རང་རིག་ཡེ་གསལ་དམིགས་མེད་ཀྱི་སེམས་བསྐྱེད་པ། ཡེ་ཤེས་ཀྱི་ཚོགས་གསག་པའི་དོན་ཐུགས་ལ་བཞག་སྟེ་འདིའི་རྗེས་ཟློས། ཇི་ལྟར་དུས་གསུམ་སོགས་ཤྭ་ལོ་ཀ་ཚན་གཉིས་ལན་གསུམ། རྡོ་རྗེ་ཐེག་པའི་འདུལ་མདོ་སྤྱི་དང་། ཁྱད་པར་རིགས་ལྔ་སོགས་གསང་བ་བླ་མེད་ཀྱི་སྡོམ་པ་མ་ལུས་པ་འཛིན་པའི་བློས་འདིའི་རྗེས་ཟློས། སྡོམ་པ་ཡི་ནི་སོགས་ལན་གསུམ། སླར་ཡང་ཁྱད་པར་གྱི་དོན་ཞུ་བའི་སླད་ནན་ཏན་གྱི་སྒོ་ནས་སློབ་དཔོན་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བླ་མ་ལྷ་ཚོགས་སོགས་ལན་གསུམ། དེ་ནས་དཀྱིལ་འཁོར་པའི་ལྷ་ལ་དབང་ཞུ་བའི་དོན་དུ་ངོ་ཆེན་གྱི་ཚུལ་དུ་གསོལ་བ་འདེབས་པ་ནི་སློབ་དཔོན་གྱིས་བགྱི་བ་ལགས་ཏེ། ཧོ༔ རྒྱལ་བ་ཞི་ཁྲོའི་སོགས། སློབ་བུའི་ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབ་པའི་ཕྱིར། གནས་གསུམ་དུ་དྲིའི་ཐིག་ལེ་བྱས་པ་ཟླ་བ་པདྨ་ཉི་མ་ལ་གནས་པའི་རྡོ་རྗེ་གསུམ་གྱི་ཡི་གེས་མཚན་པར་གྱུར་པའི་འོད་ཀྱིས་ལུས་ངག་ཡིད་གསུམ་གསལ་བར་བྱས་ནས། རྒྱལ་བའི་རྡོ་རྗེ་གསུམ་གྱི་བྱིན་རླབས་རྒྱུད་ལ་ཞུགས་པར་མོས་ཤིག །གནས་གསུམ་དུ་དྲིའི་ཆུས་ཐིག་ལེ་བྱ། སླར་ཡང་གསང་སྔགས་ཀྱི་བཅུད་ཁྱད་པར་ཅན་གྱི་སྣོད་དུ་རུང་བའི་ཕྱིར། སློབ་བུའི་སྤྱི་བོར་དཔལ་རྡོ་རྗེ་སེམས་དཔའ་བསྒོམས་པའི་ཐུགས་ཀར་ཟླ་གདན་ལ་ཐུགས་སྲོག་ཧཱུྃ་གི་མཐར་ཡིག་བརྒྱས་བསྐོར་བར་གསལ་བ་ལ་ཡིག་བརྒྱ་གསོལ་འདེབས་ཀྱི་ཚུལ་དུ་བཟླས་པས་བདུད་རྩིའི་རྒྱུན་བབས། སྐུ་གང་། ཞབས་ཀྱི་མཐེ་བོང་ནས་བརྒྱུད་སྤྱི་བོ་ནས་ཞུགས་པས་སྡིག་སྒྲིབ་ཐམས་ཅད་བཀྲུས། ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་གང་བས་རྒྱུད་བྱིན་གྱིས་བརླབས། མཐར་རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་རང་ལ་ཐིམ་པས་དབྱེར་མེད་དུ་གྱུར་པར་མོས་པས་ཡི་གེ་བརྒྱ་པ་ལྷན་ཅིག་ཏུ་གསུང་འཚལ། ཅུང་ཟད་བཟླ། དངོས་གྲུབ་ཀྱི་ལྟས་བརྟག་པའི་ཕྱིར་སོ་ཤིང་ཐལ་སྦྱར་གྱིས་བཟུང་བའི་རྩ་བ་སོ་ལ་དྲུད་པས་སྡིག་སྒྲིབ་སྤྱི་དང་། ཁྱད་པར་ཤ་ཟོས་པའི་ཉེས་པ་ཐམས་ཅད་སྐྱུག་པར་མོས་ཤིང་། མིག་བཙུམས་ལ་དངོས་གྲུབ་ཀྱི་ལྟས་བསྟན་དུ་གསོལ་སྙམ་པའི་འདུན་པས་འདིའི་རྗེས་ཟློས་བཅས་སོ་ཤིང་གི་ར་བར་དོར་ཅིག །རྒྱལ་བ་ཞི་ཁྲོའི་སོགས་སྔགས་བཅས་ཀྱིས་འདོར་དུ་གཞུག་ཅིང་མཚན་མ་བཤད། ངག་གི་སྡིག་སྒྲིབ་སྦྱོང་བའི་ཕྱིར་དུང་ཞལ་གྱི་ཆུ་བདུད་རྩིའི་རང་བཞིན་དུ་སྔགས་ཀྱིས་བརླབས་པ་འདི་གཡོན་པས་ལན་གསུམ་གྱི་བར་དུ་བཏུང་བའི་ལྷག་མ་རྒྱབ་ངོས་སུ་དོར་ཅིག །ཨཱོྃ་ཧྲཱིཿསོགས་ལན་བདུན་བཟླས་པས་བྱིན་གྱིས་བརླབས་ཤིང་སྦྱིན། དངོས་གྲུབ་ཀྱི་སྐལ་པ་རྨི་ལམ་བརྟག་པ་ལ་བར་ཆད་མི་འབྱུང་བའི་ཕྱིར་སྲུང་སྐུད་ལྔ་སྒྲིལ་རྡོ་རྗེའི་མདུད་པ་ཅན་སྔགས་ཀྱིས་བྱིན་གྱིས་བརླབས་པ་ཐབས་ཀྱི་དཔུང་གཡོན་དང་། ཤེས་རབ་མའི་དཔུང་གཡས་སུ་ཆིངས་ཤིག །སྲུང་སྐུད་སྔགས་ཤམ་བཅས་པ་བསྔགས་ནས་གདགས་ཤིང་། ཧཱུྃ༔ སྐལ་ལྡན་རིགས་ཀྱི་སོགས་ཀྱི་མཐར་རྡོ་རྗེའི་རྒྱ་གྲམ་བཏབ་པས་རྒྱས་གདབ། རྨི་ལམ་མི་འཁྲུགས་ཤིང་གསལ་བའི་ཕྱིར་ཀུ་ཤའི་ཆུན་པོ་ཟུང་འདིའི་ཆུང་བ་སྔས་དང་། ཆེ་བ་སྟན་དུ་གྱིས་ལ་མཚན་མ་བརྟག་པར་བྱོས་ཤིག །ཉོན་ཅིག་སྐལ་ལྡན་སོགས་ཀྱིས་ཀུ་ཤ་གཏད། དེ་ནས་སློབ་མས་སོགས་ནས་སྲུང་བའི་ཆོ་ག་བྱ་དགོས་པར་གསུངས་སོ། །དེ་རྣམས་ཀྱིས་དབང་གི་སྔོན་འགྲོ་སློབ་མ་ལྷག་པར་གནས་པའི་ཆོས་རྣམས་གྲུབ། དངོས་སྟ་ཕྱེ་ཚེ་བསྔོ་སྨོན་དང་། ཆོ་གའི་རྗེས་རིམ་བྱ། དངོས་སྟ་ཕྱེས་ན་སྐབས་འདིར། དབང་སྒྲུབ་སྔར་བཞིན་སླར་བྱས་ནས། ལོ་རྒྱུས་ཀྱི་མཐར། གཉིས་པ་དངོས་གཞིའི་སྨིན་དབང་དངོས་ལའང་འཇུག་པ་དང་། དངོས་གཞི་གཉིས་ལས། དང་པོ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ། མིག་དར་མེ་ཏོག་སྤྱི་ལྟར་གཏད། ༼དངོས་སྟ་ཕྱེས་ན་འདིར་གསོལ་གནང་། སྐྱབས་སེམས་ཚོགས་གསག་སྡོམ་གཟུང་། ལྷ་ལ་གནང་ཞུ། སྒྲིབ་སྦྱོང་རྣམས་སྟ་གོན་སྐབས་ལྟར་སླར་བྱ།མཆན།༽ བླ་མ་དཀྱིལ་འཁོར་གྱི་ཁྱབ་བདག་དངོས་སུ་བཞུགས་པའི་སྤྱན་སྔར་དད་མོས་རྩེ་གཅིག་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བླ་མ་རྒྱལ་བ་སོགས་ལན་གསུམ། གསང་བའི་དཀྱིལ་འཁོར་ཟབ་མོ་འདིར་དབང་ཐོབ་པ་རྣམས་འཛིན་པ་དམ་ཚིག་ལ་རག་ལས་པས། ཇི་སྐད་ཁས་བླངས་པའི་སྡོམ་པ་རྣམས་སྲོག་ལྟར་གཅེས་པས་མི་ཉམས་པར་བསྲུང་དགོས་པས། བསྲུང་འདས་ཀྱི་དཔང་པོར་རྡོ་རྗེའི་མནའ་ཆུ་སྦྱིན་པ་སྙིང་དབུས་ཡེ་ཤེས་སེམས་དཔར་བཞུགས་ནས་ལེགས་ཉེས་ཀྱི་སྟངས་འཛིན་པར་བྱེད་པས་ཁེ་ཉེན་གྱི་གནས་ལ་གཟོབ་འཚལ། འདི་ནི་དམ་ཚིག་སོགས། སླར་ཡང་རྡོ་རྗེ་སྤྱི་བོར་བཞག་སྟེ། སློབ་དཔོན་ནི་སངས་རྒྱས་ཐམས་ཅད་ཀྱི་གདུང་གསོབ་ཡིན་པས། དེའི་ཕྱིར་བརྙས་པ་སྤངས་ཏེ་བཀའ་བཞིན་བསྒྲུབ་དགོས་པར་གདམས་ཤིང་། དམ་ལ་བཞག་པའི་དོན་ཤེས་པར་གྱིས་ཤིག །དེང་ནས་སྐལ་ལྡན་སོགས། དབང་གི་གཞི་དགོད་པ་ཡེ་ཤེས་ལྷའི་གཟི་བྱིན་དབབ་པའི་སླད་དུ། སྒོ་གསུམ་ཐ་མལ་དུ་འཛིན་པའི་རྟོག་ཚོགས་སྤངས་ཏེ་འདི་ལྟར་གསལ་ཐོབས། ཨཱོྃ་སྭ་བྷཱ་ཝ་སོགས། གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་མི་དམིགས་པ་བློ་ལས་འདས་པའི་སྟོང་པ་ཉིད་དུ་སྦྱངས། དེའི་ངང་ལས་སློབ་མ་རྣམས་སྐད་ཅིག་གིས་པད་ཟླའི་གདན་ལ་སོགས་ཀྱིས་ལྷར་བསྐྱེད་ཅིང་བྱིན་དབབ། དེ་ལྟར་བྱིན་ཕབ་པའི་ཡེ་ཤེས་པ་དེ་ཉིད་ཁྱེད་རང་རྣམས་ཀྱི་གཉུག་མ་མི་ཤིགས་པའི་རྒྱུད་ལ་བྱང་ཆུབ་བར་དུ་བརྟན་པར་གྱུར། ཏིཥྛ་བཛྲས་བརྟན། དཀྱིལ་འཁོར་གྱི་ལྷ་ལ་བཟང་ངན་མ་དམིགས་ཀྱང་རང་རང་གི་སྔོན་ནས་འབྲེལ་བའི་ལྷ་དེ་ཉིད་འགྲུབ་ཐག་ཉེ་བས། དེའི་སླད་རིགས་བརྟག་པའི་ཕྱིར་གཉིས་འཛིན་གྱི་སྒྲིབ་པས་མིག་ལྡོངས་པའི་མཚོན་བྱེད་མིག་དར་དམར་པོ་བཅིངས་ནས། ཐལ་སྦྱར་གྱི་བར་དུ་ཨུ་དུམ་ཝ་རའི་མེ་ཏོག་གི་ཕྲེང་བ་ཐོགས་པ་དེ་ཉིད་ཚེ་རབས་ཀྱི་ལྷས་བཞེས་སུ་གསོལ་སྙམ་པའི་དམོད་བོར་བ་དང་བཅས་འདིའི་རྗེས་ཟློས། རྒྱལ་བ་ཞི་ཁྲོའི་སོགས། དེ་ལྟར་ཕུལ་པས་མེ་ཏོག་དབུས་སུ་བབས་པ་རྣམས་ཀྱི་གསང་མཚན་འོད་གསལ་སྒྱུ་མ་གཏེར་བཞད་རྩལ་ཞེས་བྱ་བ་དང་། ཤར་དུ་སོགས་ནས། ཐོགས་མེད་གཏེར་བཞེད་རྩལ་ཞེས་བྱ་བར་ཟུངས་ཤིག །མིག་དབྱེ་བར་གསོལ་བ་གདབ་པ་འདིའི་རྗེས་ཟློས། ཀྱཻ༔ བླ་མ་རྒྱལ་བ་སོགས། བླ་མའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུས་མིག་རས་དང་ཆབས་ཅིག་མ་རིག་པའི་སྒྲིབ་གཡོགས་བསལ་བར་མོས། སྐལ་ལྡན་རིགས་ཀྱི་སོགས། དེ་ལྟར་མ་རིག་པས་ལྡོངས་པའི་མིག་ཐུགས་རྗེའི་ཐབས་ཀྱིས་ཡེ་ཤེས་ཀྱི་སྤྱན་གསར་དུ་ཕྱེས་པས། མཚན་མའི་དཀྱིལ་འཁོར་འདིའི་མཚོན་པའི་རང་སྣང་གི་དཀྱིལ་འཁོར་ཆེན་པོ་མཐོང་བར་གྱུར་པའི་བརྡ་དོན་རྣམ་གཞག་མདོ་ཙམ་བརྗོད་པར་སྙན་གཏད་ཀྱིས་མོས་གུས་དང་སྤྲོ་དགའ་སྐྱེད་ཅིག །ཀྱཻ། སྐལ་ལྡན་རིགས་ཀྱི་བུ་དག་སོགས་ཟུར་གསལ་དཀྱིལ་འཁོར་རྣམ་དག་ཉིད་མཐར་ཆགས་སུ་བཀླག །དེ་རྣམས་ཀྱིས་དཀྱིལ་འཁོར་དུ་འཇུག་པའི་བྱ་བ་རྣམས་གྲུབ་པ་ལགས། གཉིས་པ་ཞུགས་ནས་མངོན་པར་དབང་བསྐུར་བ་དངོས་གཞི་ལ་བུམ་དབང་། གསང་དབང་། ཤེར་དབང་། ཚིག་དབང་། རྩལ་དབང་སྟེ་རྣམ་པ་ལྔ་འབྱུང་བ་ལས། དང་པོ་བུམ་པའི་དབང་བསྐུར་རྗེས་འབྲེལ་དང་བཅས་པ་ཞུ་བའི་ཡོན་དུ་མཎྜལ། སྒོ་གསུམ་དང་བ་ཆེན་པོས་ཕྱག་འཚལ་ཞིང་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་མ་བླ་མ་སོགས་ལན་གསུམ། བུམ་དབང་དངོས་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་རྣམ་པ་ལྔ་ལས། དང་པོ་སྐུའི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། བདག་རྡོ་རྗེ་སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་གདན་གསུམ་ཚང་བའི་དབང་ལྷ་མདུན་མཁར་སྤྱན་དྲངས་པ་རྣམས་དང་ལྷན་ཅིག་ཏུ་རྣམ་རྒྱལ་བུམ་པའི་ཆུས་དབང་བསྐུར་བས། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག་ནས་བྱིན་རླབས་འཇུག་པའི་སྣོད་རུང་དུ་བསྒྲུབས། ལུས་ནང་ཐམས་ཅད་བདུད་རྩིས་གང་བས་སྐུ་གསུང་ཐུགས་ཀྱི་དབང་དང་དངོས་གྲུབ་ཐོབ་པའི་སྐལ་བ་རྒྱུད་ལ་བཞག་པར་མོས། ཧཱུྃ༔ བུམ་པ་གཞལ་ཡས་སོགས་ཀྱིས་དབང་བསྐུར་ཞིང་བུམ་ཆུ་བླུད། མདུན་བསྐྱེད་ཞི་ཁྲོ་བཀའ་བརྒྱད་ཀྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་མཆེད། སློབ་མའི་སྤྱི་བོ་ནས་བྱོན། གཞི་ལུས་ལ་ཐིམ་པར་མོས། ཧཱུྃ༔ ཡིད་ཆོས་རྣམ་དག་སོགས་ཀྱི་ལྷ་དབང་རྣམས་བསྐུར། དེ་ལྟར་རྒྱལ་བ་ཞི་ཁྲོ་བཀའ་བརྒྱད་ཀྱི་ལྷ་ཚོགས་རྣམས་སློབ་མའི་ལུས་ལ་ཐིམ་པས་སྐུའི་དབང་ཐོབ། ལུས་སྣང་ཨ་འཐས་གདོས་བཅས་སུ་འཛིན་པའི་དྲི་མ་དག །རྒྱལ་བ་ཞི་ཁྲོའི་ལྷའི་སྐུ་སྣང་སྟོང་ཟུང་འཇུག་ཡེ་ཤེས་ཀྱི་སྐུར་ལམ་གྱིས་གྱུར་པར་མོས། གཉིས་པ་གསུང་གི་དབང་བསྐུར་བ་ནི། ལྷ་ཚོགས་རྣམས་ཀྱི་མགྲིན་པ་ནས་གསུང་སྔགས་ཡི་གེའི་ཕྲེང་བ་ཁ་དོག་སྣ་ཚོགས་པའི་རྣམ་པ་ཆར་བབ་པ་ལྟར་བྱོན། སློབ་མའི་སྤྱི་བོ་ནས་ཞུགས། མགྲིན་པར་ཐིམ་པར་མོས། ཧཱུྃ༔ རྒྱལ་བ་ཞི་ཁྲོ་སོགས་ཀྱིས་སྔགས་བྱང་སྤྱི་བོར་བཞག །བུམ་ཆུ་གནས་བཞིར་གཏོར། དེ་ལྟར་གསུང་ཡིག་འབྲུའི་དབང་བསྐུར་པས་གསུང་གི་དབང་ཐོབ། སྐྱེ་འགགས་སུ་ལྟ་བའི་ངག་གི་དྲི་མ་དག །སྒྲ་གྲགས་ཐམས་ཅད་རྒྱལ་བ་ཞི་ཁྲོའི་གསུང་ལྗགས་སྟེང་སྔགས་ཀྱི་རང་སྒྲ་ཆུ་བོའི་རྒྱུན་བཞིན་དུ་འཆར་བར་གྱུར་པའི་མོས་པ་མཛོད། གསུམ་པ་ཐུགས་ཀྱི་དབང་བསྐུར་བ་ནི། རྣམ་རྒྱལ་བུམ་པ་སྤྱི་བོར་བཞག་པས་རྒྱལ་བ་ཞི་ཁྲོའི་ཐུགས་རྗེ་ཡེ་ཤེས་ཀྱི་ཆུ་རྒྱུན་ཚངས་བུག་ནས་བྱོན་སྙིང་གར་ཐིམ་པར་མོས། ཧཱུྃ༔ རྣམ་པར་རྒྱལ་བ་སོགས། དེ་ལྟར་ཐུགས་ཡེ་ཤེས་ཆེན་པོའི་རྒྱུན་སྙིང་གར་ཐིམ་པས་ཐུགས་ཀྱི་དབང་ཐོབ། གཟུང་འཛིན་གཉིས་རྟོག་གི་དྲི་མ་དག །རྒྱལ་བ་ཞི་ཁྲོའི་ཐུགས་ཟབ་གསལ་གཉིས་མེད་ཀ་དག་ལྷུན་གྲུབ་ཀྱི་དགོངས་པ་མངོན་དུ་གྱུར་པར་མོས། བཞི་པ་ཡོན་ཏན་རྒྱན་དང་ཕྱག་མཚན་གྱི་དབང་བསྐུར་བ་ནི། དབུ་རྒྱན་རིན་པོ་ཆེའི་ཁང་བུའི་ནང་དུ་རིགས་ལྔའི་རྒྱལ་བ་ཡབ་ཡུམ་གྱི་སྐུ་གསལ་ལ་རྫོགས་པ་མགོ་བོར་བཅིངས་པས་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་འབྱུང་གནས་རྒྱལ་སྲིད་དམ་པར་དབང་འབྱོར་པར་མོས། ཧཱུྃ༔ སྙིང་པོ་ཕྱག་མཚན་སོགས། དཔལ་ཆེན་ཁྲག་འཐུང་བཀའ་བརྒྱད་ཡབ་ཡུམ་གྱི་བདེ་སྟོང་མི་འགྱུར་བའི་ཕྱག་རྟགས་རྡོ་རྗེ་དྲིལ་བུ་ཕྱག་ཏུ་གཏད་པས། ཐབས་ཤེས་ཟུང་འཇུག་དབྱིངས་དང་ཡེ་ཤེས་ཁ་སྦྱོར་བདེ་བ་ཆེན་པོའི་ལོངས་སྤྱོད་ཀྱི་ཡོན་ཏན་དམ་པ་ལ་དབང་འབྱོར་བར་མོས། ཧཱུྃ༔ མི་འགྱུར་སྐུ་ལྔ་སོགས། དེ་ལྟར་ཡོན་ཏན་རྒྱན་དང་ཕྱག་མཚན་གྱི་དབང་བསྐུར་པས་ཡོན་ཏན་གྱི་དབང་ཐོབ། འབྲས་བུ་གཞན་ནས་རེ་བའི་འབད་རྩོལ་གྱི་དྲི་མ་དག །ཡེ་ནས་ལྷུན་གྲུབ་ཡེ་ཤེས་ཆེན་པོའི་ཡོན་ཏན་རང་ཆས་སུ་རྫོགས་པས་རེ་བ་ཡིད་བཞིན་དུ་སྐོང་ནུས་པའི་མཐུ་ཐོབ་པར་མོས། ལྔ་པ་ཕྲིན་ལས་དམ་རྫས་དང་བཀའ་རྟགས་ཀྱི་དབང་བསྐུར་བ་ནི། སྨན་རཀ་གཏོར་མ་ཕྱག་ཏུ་གཏད་པས་བསྙེན་སྒྲུབ་མཆོད་གཏོར་སོགས་དཀྱིལ་འཁོར་གྱི་ལས་རབ་འབྱམས་ཀྱི་སྒོ་ནས་བདག་དོན་མཆོག་ཐུན་གྱི་དངོས་གྲུབ་འགྲུབ་པའི་ཕྲིན་ལས་ལ་དབང་འབྱོར་བར་མོས། སྐུ་ལྔ་ལྷུན་གྲུབ་སོགས་རཀྟ་དང་གཏོར་མ། གཉིས་ཐོབ་ཤོག༔ རྒྱལ་བ་ཞི་ཁྲོའི་ཡེ་ཤེས་ལྔའི་བཀའ་རྟགས་ཅོད་པཎ་གྱི་འཕུར་མ་སྤྱི་བོར་བཏགས་ཤིང་དབང་བསྐུར་བས་དབང་བསྐུར་བ་ལ་སོགས་པའི་གཞན་དོན་གྱི་ལས་རབ་འབྱམས་བསྒྲུབ་པ་ལ་ཐོགས་པ་མེད་པའི་ཕྲིན་ལས་ཀྱི་མཐུ་དབང་ཐོབ་པར་མོས། ཧཱུྃ༔ རྒྱལ་བ་ཞི་ཁྲོའི་སོགས། དེ་ལྟར་ཕྲིན་ལས་སྒྲུབ་རྫས་བཀའ་རྟགས་ཀྱི་ཕྱག་རྒྱས་དབང་བསྐུར་པས་ཕྲིན་ལས་ཀྱི་དབང་ཐོབ། བྱ་རྩོལ་སྤྲོས་བཅས་ཀྱི་དྲི་མ་དག །རྟག་ཁྱབ་ལྷུན་གྲུབ་གྱི་ཕྲིན་ལས་ཐོགས་པ་མེད་པས་དོན་གཉིས་བདེ་བླག་འགྲུབ་པའི་མཐུ་དབང་རྫོགས་པར་མོས་ཤིག །དེ་ལྟར་བུམ་པའི་དབང་བསྐུར་པས་ལུས་ཀྱི་སོགས། གཉིས་པ་གསང་བའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ། སླར་ཡང་དཀྱིལ་འཁོར་ཆེན་པོར་ལན་གསུམ་དུ་བསྐོར་ཞིང་འདུད་ཕྱག་དང་བཅས་མཛད་པར་མོས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་རྒྱལ་བ་སོགས་ལན་གསུམ། དེ་ལྟར་ཞུས་པའི་ལན་དུ་སྣོད་བརྟགས་པའི་སླད་དོན་གྱི་གནད་བསྒྲགས་ཏེ་ནུས་པ་འདྲི་བ་ནི། བླ་མེད་གསང་བ་སོགས། དེའི་ལན་གསོལ་བ་འདིའི་རྗེས་ཟློས། གསང་བ་བླ་མེད་སོགས། དེས་ན་སྣོད་དང་ལྡན་པར་རིག་སྟེ། གསང་བའི་དབང་གི་སྔོན་འགྲོ་ཡེ་ཤེས་དབབ་པའི་དོན་དུ། སློབ་མ་རྣམས་ལངས་ལ་ཐལ་མོ་སྤྱི་བོར་སྦྱར༔ སོགས་ནས། དམིགས་པ་རྩེ་གཅིག་ཏུ་གཏོད་ཅིག །སྤོས་རོལ་དབྱངས་ཀྱིས། ཀྱེ་ཧོ་ལས་ཅན་སོགས་ཀྱིས་བྱིན་དབབ། བདག་རྡོ་རྗེ་སློབ་དཔོན་ཀུན་བཟང་རྡོ་རྗེ་སེམས་དཔའ་ཡུམ་རྡོ་རྗེ་སྙེམས་མ། ལུས་དཀྱིལ་ཞི་ཁྲོ་བཀའ་བརྒྱད་ཀྱི་ལྷ་ཚོགས་དང་བཅས་པར་གསལ་ཞིང་། ཡབ་ཡུམ་བདེ་བ་ཆེན་པོར་རོལ་པའི་སྒྲས་མཁའ་ཁྱབ་ཀྱི་རྒྱལ་བ་ཐམས་ཅད་སྤྱན་དྲངས། ཐུགས་ཀར་ཞུགས་པའི་བདེ་རྒྱུན་བྱང་ཆུབ་ཀྱི་སེམས་དཀར་དམར། ཐོད་པའི་བདུད་རྩི་དང་སྦྱར་ཏེ༔ སོགས། དེ་ལྟར་གསང་བའི་དབང་བསྐུར་པས་སོགས། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ། བླ་མ་ལ། ཕྱག་རྒྱ་མཚན་དང་ལྡན་པ་སོགས། གདབ་པ་འདིའི་རྗེས་ཟློས། ཀྱེ་ཧོ་རྒྱལ་བ་སོགས། ཤེས་རབ་ཡེ་ཤེས་ཀྱི་དབང་གི་སྔོན་འགྲོ་ཡེ་ཤེས་པ་དབབ་པའི་སོགས་གསང་དབང་སྐབས་བཞིན་བྱིན་དབབ། སྔར་ཕུལ་པའི་ཤེས་རབ་མ་དང་བླ་མ་མཉམ་པར་རོལ་པའི་བདེ་རྒྱུན་ལྗགས་ཐོག་ཏུ་བཞག་པའི་རྐྱེན་གྱིས་ཐ་མལ་པའི་རྟོག་ཚོགས་འགག །སྨྲ་མེད་ཀྱི་དགའ་བདེ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་མོས་ལ། བདུད་རྩི་བྱིན་ལ། ཧོ༔ བདེ་བ་མཆོག་གི་སོགས། ལང་ཚོའི་དཔལ་དང་མཚན་ཉིད་རྫོགས་པའི་རིག་མའི་ལུས་གོས་དང་བྲལ་བའི་ཆུ་སྐྱེས་ངོམས་ཤིང་། རྟོག་པ་བསལ་བའི་གླུ་འདི་ལྟར་བླངས་པར་མོས། ཧོ༔ ང་ཡི་བྷ་ག་སོགས། དེ་ལྟར་དྲིས་པའི་ལན་དུ་གུས་པ་དང་བཅས་འདིའི་རྗེས་ཟློས། ཧོ༔ བདེ་བའི་རང་བཞིན་སོགས། མཐར་པདྨའི་ཟིལ་པ་གཡའ་དཀར་དང་བཅས་པ་སློབ་མས་གཞིབ་པའི་མཐུས་དྲངས་པའི་བདེ་སྟོབས་འབར་ཞིང་། རླུང་དང་རླུང་སྦྱོར་ལུས་སྤྲུགས་བྱས་པས་དྭངས་མ་ལུས་ལ་འཁྲེམས་པས་ལུས་བཀྲག་མདངས་དང་ལྡན་པར་མོས། དེ་ནས་སློབ་དཔོན་གྱི་ཕྱག་གཡོན་པས་ཕྱག་རྒྱའི་སྲིན་ལག་ནས་བཟུང་སྟེ། བུའི་ལག་པ་གཡས་སུ་གཏད་པར་མོས། ཧོ༔ སངས་རྒྱས་ཀུན་སྐྱེད་སོགས་ཀྱིས་རིག་ཙཀ་གཏད། དེ་ལྟར་བྱིན་པའི་ཡུམ་རྡོ་རྗེ་སྙེམས་མ་དང་། བུ་རྣམས་ཀུན་བཟང་རྡོ་རྗེ་སེམས་དཔར་གསལ་བས་ཐབས་འདི་ལ་བརྟེན་ནས། རང་གནས་མི་འགྱུར་བདེ་བ་ཆེན་པོ་མཆོག་གི་ཡེ་ཤེས་མངོན་དུ་བྱའོ་སྙམ་པའི་འདུ་ཤེས་ལ་དྲན་པ་ཉེ་བར་བཞག་སྟེ། བདེ་བ་བསྐུལ་བའི་ཐབས། ཕྱག་རྒྱའི་མཁའ་གསང་བལྟ་བ་དང༔ སོགས། དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པས་སོགས། བཞི་ལ་ཚིག་དབང་རིན་པོ་ཆེ་ཞུ་བའི་ཡོན་དུ་གསེར་གྱི་མཎྜལ། བླ་མ་ཀུན་བཟང་ཞི་ཁྲོའི་སྤྱན་སྔར་མི་ཕྱེད་གུས་པས་ཕྱག་འཚལ་ཞིང་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ༔ བླ་མ་རྒྱལ་བ་སོགས་ལན་གསུམ། ཚིག་དབང་གི་སྔོན་འགྲོ་ཡེ་ཤེས་པ་དབབ་པའི་སོགས་གསང་དབང་སྐབས་བཞིན་བྱིན་དབབ། དངོས་གཞི་སེམས་འཛིན་གྱི་རྟེན་དམིགས་པ་འབོགས་པ་ནི། སློབ་བུའི་སྙིང་གར་སོགས་ནས། མེ་ལོང་སྤྱི་བོར་བཞག་པའི་བརྡ་དང་ཚིག་གིས་གནས་ལུགས་ཀ་དག་ཁྲེགས་ཆོད་ཀྱི་ལྟ་བ་ངོ་སྤྲད་པའི་དོན་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་འཚལ། ཧོ༔ ཨ་ནི་སྐྱེ་བ་སོགས། དེ་ལྟར་ཚིག་དབང་བསྐུར་པས༔སོགས། ལྔ་པ་ཐོད་རྒལ་རིག་པའི་རྩལ་དབང་ཞུ་བའི་ཡོན་དུ་ལུས་ངག་ཡིད་གསུམ་རྒྱུ་ནོར་ཁ་རྗེ་དབང་ཐང་བདོག་པ་དང་བཅས་པ་ལྟོས་མེད་དུ་འབུལ་བར་མོས་པས་མཎྜལ། སློབ་བུ་ལུས་གཅེར་བུར་ཕྱུང་སྟེ། རབ་ཏུ་གུས་པས་ཕྱག་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ༔ བླ་མ་རྒྱལ་བ་སོགས་ལན་གསུམ། དེ་ནས་སློབ་མ་རྣམས་ལུས་དྲང་སྲོང་གི་འདུག་སྟངས་ཙོག་པུར་རྐང་པའི་ལོང་བུ་གཉིས་གཤིབས། རྐང་མཐིལ་རང་བབ་པུས་མོ་གཉིས་བྲང་ལ་སྦྱར། རྒལ་ཚིགས་དྲང་པོར་བསྲང་། མཇིང་པ་ཨན་ཙམ་བསྟོད། མིག་ཟིམ་བུས་བལྟས་པས་རྒྱ་མཚོ་ལ་གཟའ་སྐར་ཤར་བ་ལྟ་བུ་ནམ་མཁའ་རྐྱེན་དང་བྲལ་བའི་མཐོངས་སུ་དབྱིངས་ཀྱི་སྣང་བ་རྨ་བྱའི་མདངས་དང་འདྲ་བ། མེ་ལོང་གི་དཀྱིལ་འཁོར་གསལ་བའི་ངང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་སྣ་ཚོགས་པའི་གཟུགས་སུ་འཆར་བའི་ཡུལ་དང་ཡུལ་ཅན་དུ་རྟོག་པའི་གཉིས་འཛིན་གྱིས་མ་བསླད་པར་འཁོར་གསུམ་ལས་འདས་པའི་རང་རིག་རྗེན་པ། བློ་འདས་སོ་སོར་རྟོག་པའི་ཡེ་ཤེས་ཉག་གཅིག་མའི་སྟེང་དུ་འཛིན་ཞེན་མེད་པར་ཞོག་ཅིག །དར་ཅིག་གཞག །དེ་ལྟ་བུའི་དོན་རང་བྱུང་རང་ཤར་རང་གནས་རང་ལ་རྫོགས་པའི་དབྱིངས་ཡེ་ཟུང་འཇུག་བྱ་རྩོལ་སྣང་དམིགས་ངོས་གཟུང་དང་བྲལ་བ། གང་དུའང་མི་གནས་ཤིང་གར་ཡང་མ་འགགས་པ། དབྱིངས་རིག་སྣང་སྟོང་ཟུང་འཇུག་ཤེལ་དང་འཇའ་ཚོན་ལྟ་བུའི་དཔེ་མཚོན་ཏེ་རང་གསལ་གདོད་མའི་བཞུགས་ཚུལ་ཅར་ཕོག་ཏུ་ངོ་སྤྲད་པའི་དོན་ཤེས་པར་མཛད་ནས། དེ་ལས་མི་འདའ་བའི་ཉམས་ལེན་ལ་འབུངས་ཤིག །རྡོ་རྗེ་སེམས་དཔའི་མེ་ལོང་སྤྱི་བོ་དང་མིག་གཉིས་སུ་བཞག་ལ། ཧཱུྃ༔ སྐལ་ལྡན་བུ་ཁྱོད་སོགས། དེ་ལྟར་ལྷུན་གྲུབ་རང་གནས་ངོ་སྤྲོད་ཀྱི་དབང་བསྐུར་པས༔ ཐོད་རྒལ་སོགས། དེ་དག་གིས་འོད་གསལ་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་ཁོང་སྙིང་ཕྱུང་བ་གསང་བ་སྙིང་ཏིག་ཡང་ཟབ་བསྡུས་པའི་དབང་གི་རིམ་པ་རྣམས་ལེགས་པར་གྲུབ་པ་ཡིན་པས། བསྲུང་བྱའི་དམ་ཚིག་གསང་བའི་མདོ་ནས་ཇི་སྐད་བཤད་པ་སྤྱི་དང་། བྱེ་བྲག་མེད་ཕྱལ་གཅིག་པུ་ལྷུན་གྲུབ་ཀྱི་དགོངས་ཉམས་ལས་མི་འདའ་བ་སོགས་ཚུལ་བཞིན་མ་ཉམས་པར་བསྲུང་དགོས་པས། དེ་ལྟར་བགྱི་བའི་འདུན་པ་དང་བཅས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་ལྟར་དང་། ཆོ་གའི་རྗེས་ཚོགས་ལ་རོལ་ཞིང་། ལྷག་མ་ཡི་གེ་གསུམ་གྱིས་སྦྱང་སྤེལ་བསྒྱུར་ལ། འབྲུ་གསུམ་གྱིས་བརླབ། ཨ༔ སེམས་བྱུང་ལྟར་སྣང་ལྷག་སྡུད་ཚོགས༔ སེམས་ཉིད་སྐྱེ་མེད་ཚོགས་ལྷག་བཞེས༔ གཟུང་འཛིན་གློ་བུར་བར་ཆད་དང༔ འཁྲུལ་སྣང་ཞི་བའི་ཕྲིན་ལས་མཛོད༔ ཅེས་ལྷག་མ་ཕྱིར་འབུལ། མཆོད་བསྟོད་མཐར་བརྟན་བཞུགས་སྦྱར་བ་ཙམ་ལས་ཆོག་སྒྲིག་བཞིན་བྱའོ།། །། ༈ རྫོགས་པ་ཆེན་པོ་མན་ངག་སྡེའི་བཅུད་ཕུར་ལྕེ་བཙུན་ཆེན་པོའི་བི་མ་ལའི་སྙིང་ཐིག་གི་སྨིན་བྱེད་ལག་ལེན་གསལ་བར་བཀོད་པ་གསེར་འགྱུར་རྩི་མཆོག་ལྟར་དབང་སྒྲུབ། དབང་དངོས་ཀྱི་ཤིན་ཏུ་སྤྲོས་མེད་བརྡའི་དབང་གི་སྐབས་སུ། མེ་ལོང་དང་ཤེལ་རྡོ་སྟབས་གཅིག་ཏུ་བསྐུར་ཞིང་། ལུས་དབུལ་རྗེས། དེས་རྒྱུད་སྨིན་པར་བྱེད་པ་བྱིན་རླབས་དབང་གི་རིམ་པ་ལེགས་པར་སོང་ནས། གྲོལ་བྱེད་ལམ་གྱི་སྙིང་པོ་གདམས་ངག་གི་ཟབ་ཁྲིད་གསན་པའི་ཡོན་དུ་མཎྜལ། སེམས་བསྐྱེད་གསལ་གདབ་སྔོན་དུ་འགྲོ་བས། དེ་ལ་འདིར་འོད་གསལ་རྡོ་རྗེ་རྩེ་མོའི་སོགས་ཁྲིད་ཡིག་སྙིང་པོའི་བཅུད་དྲིལ་ཐིག་ལེ་གསང་རྫོགས་ཉིད་དལ་བུས་གོ་བརྡ་འཕྲོད་ངེས་མཐར་ཆགས་སུ། གསོལ་བ་འདེབས་པ་ལགས་སོ། །བར་བཀླག །དེ་ལྟར་སྨིན་གྲོལ་གྱི་ལམ་ཟབ་མོ་ཚང་སྤྲུགས་སུ་གྲུབ་པ་ལགས་པས་སོགས་ཀྱིས་མཚམས་སྦྱར་ལ་དགེ་བསྔོ་དང་། ཆོ་གའི་རྗེས་རིམ་བཅས་བྱའོ།། །། ༄། གཉིས་པ་སློབ་དཔོན་ཆེན་པོ་པདྨའི་བཀའ་སྲོལ་ལ། ལས་འབྲེལ་རྩལ་གྱི་གཏེར་བྱོན་རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་དང་། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་རྒྱས་པར་བཀྲལ་པའི་མཁའ་འགྲོ་ཡང་ཏིག་གི་དབང་གཉིས་ཆུ་བོ་གཅིག་འདྲེས་ཕྱི་མའི་ཡིག་ཆ་རིན་པོ་ཆེ་དབང་གི་ཕྲེང་བ་ལྟར་སྨིན་གྲོལ་ཞིབ་པར་འབོགས་པའི་སྐབས། ཨཱོྃ། ཐོག་མར་དབང་གི་སྣོད་རུང་རྒྱུད་དག་པར་བྱེད་པ་རྣལ་འབྱོར་སྤྱི་ཁྲུས་ལ། སློབ་མ་རྣམས་འདུས་ཤིང་དྲི་བཟང་པོའི་ཆུས་ཡན་ལག་ལྔ་ཁྲུས་བྱས་ཏེ། ཕྱག་བཅས་གྲལ་དུ་འཁོད་པ་ལ། འོ། མར་གྱུར་གྱི་འགྲོ་བ་མཐའ་མེད་སྲིད་པའི་དགོན་པ་འཇིགས་ཆེན་འབུམ་ཕྲག་དུ་མས་གཙེས་པའི་མ་རྣམས་ལ། ཤས་མི་བཟོད་པའི་སྙིང་རྗེ་ཆེན་པོས་ཁྱབ་པར་བྱས་ནས། དེ་རྣམས་ཞི་བ་བླ་ན་མེད་པ་ཀུན་བཟང་ཡངས་པ་ཆེན་པོའི་གྲོང་ཁྱེར་དུ་བདག་ཁོ་ནས་དབུགས་དབྱུང་བར་བྱ། དེའི་ཆེད་དུ་སྐལ་པ་བཟང་པོ་ཡང་རབ་ལོ་ཟླ་ཙམ་གྱིས་གདོད་མའི་རྒྱལ་ཐབས་མཆོག་ལ་སྦྱོར་བ། ཨ་ཏི་རྫོགས་པ་ཆེན་པོའི་ཟབ་ལམ་ལ་འཇུག་པའི་ཆེད་དུ་སྨིན་གྲོལ་གྱི་གདམས་པ་ཆིག་རྫོགས་སུ་ནོད་པར་བགྱིའོ་སྙམ་པའི་ཀུན་སློང་བཟང་པོ་གསལ་བཏབ་སྟེ་གསན་འཚལ། དེ་ལ་འདིར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་གྱི་མཐར་ཐུག་སོགས་ནས། མཁའ་འགྲོ་སྙིང་ཐིག་ཅེས་ཡོངས་སུ་གྲགས་པའི་སྨིན་གྲོལ་གྱི་གདམས་ངག་ཚང་སྤྲུགས་སུ་སྟོན་པ་ལ། སྤྱི་དོན་རྣམ་པ་གསུམ་ལས། སྤྱི་དོན་དང་པོ་སྦྱོར་བའི་རིམ་པ་ལ་གཉིས་ཏེ། འཆད་ཡུལ་སློབ་མ་སོགས་ཁྲིད་ཡིག་ཟབ་ལམ་གསལ་བྱེད་ལྟར་ལ་སྐྱབས་སེམས་སོ་སོར་འདོན་པའི་རྗེས་ཟློས་ལན་གསུམ་རེའི་རྗེས་སོ་སོའི་དཀྱུས་ལ་འཇུག་པས། འདིར་ཡང་བསླབ་བྱ་ཕན་ཡོན་གོ་དོན་སོགས་བཀའ་དང་བསྟན་བཅོས་རྣམས་ལས་ཇི་ལྟར་འབྱུང་བ་བཞིན་ཉམས་སུ་ལེན་དགོས་པ་ལགས། ལྔ་པ་རྡོར་སེམས་སྒོམ་བཟླས་ནི། བཅུད་ཁྱད་པར་ཅན་བླུགས་པ་ལ་སྣོད་དྲི་མ་མེད་པ་དགོས་པ་ལྟར། ཟབ་མོའི་ལམ་གྱི་ཉམས་རྟོགས་ཀྱི་ཡོན་ཏན་ཁྱད་པར་ཅན་སྐྱེ་བར་བྱེད་པ་ལ་བར་དུ་གཅོད་པའི་འགལ་རྐྱེན་སྡིག་སྒྲིབ་ཐམས་ཅད་སྦྱོང་དགོས། དེ་སྦྱོང་བར་བྱེད་པའི་ཐབས་ཀྱི་མཆོག་ནི། རྣལ་འབྱོར་གྱི་སྤྱི་ཁྲུས་ཆེན་མོ་ན་རཀ་དོང་སྤྲུག་གི་ཆོ་ག་བསྒྲུབ་པ་ལ། བདག་རྡོ་རྗེ་སློབ་དཔོན་གྱིས་སྦྱོར་བའི་རིམ་པ་བདག་ཉིད་བླ་མའི་རྣལ་འབྱོར་ལ་ཞུགས་ཏེ། ཚོགས་རྟེན་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་བསྐྱེད་ཅིང་། སྤྱན་འདྲེན། མཆོད་བསྟོད་ཀྱིས་མངའ་དབུལ་བ་བཅས་སྔོན་དུ་བཏང་ནས། དཔོན་སློབ་རྣམས་ཀྱི་ཉམས་ཆག་བསྐང་བའི་དོན་དུ་སྣང་གསལ་གྱི་མཆོད་པ་དང་། དམ་ཚིག་སྐོང་བ་ཕྱིའི་མཆོད་བསྟོད། བཤགས་པ་བཅས་ཀྱིས་སྙན་གསན་དབབ་ཅིང་། གསོལ་བ་འདེབས་པ་བགྱིད་པའི་སྐབས་སུ་བབ་པ་ལགས་པས། དེའི་སྐབས་སུ་སྐུ་ཉིད་རྣམས་ཀྱིས་ཀྱང་ཉམས་ཆག་སྡིག་སྒྲིབ་སྦྱོང་བྱེད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་རྡོ་རྗེ་སེམས་པའི་སྒོམ་བཟླས་མཛད་དགོས་པས། འདི་ལྟར་གསལ་འདེབས་འཚལ། དེ་ལ། ལྔ་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། བྱང་ཆུབ་ཀྱི་སེམས་གཉིས་སྔར་བཞིན་དྲན་པའི་ངང་ནས། ཁྱེད་རང་རྣམས་ཀྱི་སྤྱི་བོར་པདྨ་དང་ཟླ་བའི་དཀྱིལ་འཁོར་སོགས་རྡོར་སེམས་སྒོམ་བཟླས་ཁྲིད་ཡིག་ལྟར། བ་སྤུའི་བུ་ག་ཐམས་ཅད་ནས་ཐོན་པར་བསམ་སྟེ། གསང་སྔགས་རྒྱལ་པོ་ཡི་གེ་བརྒྱ་པ་དང་ཡང་སྙིང་ཡི་གེ་དྲུག་པའི་བཟླས་པ་ལ་ནན་ཏན་བསྐྱེད་འཚལ། ཞེས་པའི་དམིགས་གནད་བརྡ་སྤྲད་དེ་སློབ་བུར་ཡིག་བརྒྱ་བཟླར་གཞུག །སློབ་དཔོན་གྱིས་རིན་ཆེན་དབང་གི་ཕྲེང་བའི་གཞུང་གི་དབུ་ནས་འབྱུང་བ་བཞིན། བདག་ཉིད་སྐད་ཅིག་གིས་སོགས་ཀྱིས་བདག་བསྐྱེད་གསལ་བཏབ་ནས། ཡེ་ཤེས་པ་སྤྱན་དྲངས་ཤིང་མདུན་གྱི་ནམ་མཁར་བཞུགས་པ་ལ། སྤྲུལ་པའི་ལྷ་མོས་མཆོད་པར་གྱུར། ཨཱོྃ་བཛྲ་པུཥྤེ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད། ཡེ་ཤེས་ཀྱི་འཁོར་ལོ་རྣམས་བདག་ལ་ཐིམ་པར་བསམ་ནས། ལྷ་བདག་གཉིས་སུ་མེད་པའི་དགོངས་ཉམས་བསྐྱངས་ཤིང་བཟླས་པ་ཅི་ནུས་བྱ། མདུན་མཁར་བཤགས་ཡུལ་ཚོགས་རྟེན་གསལ་གདབ་པ་ནི། སྣང་སྲིད་ཐམས་ཅད་སོགས་ནས། ལ་སོགས་པས་མཛེས་པའི་གཞལ་ཡས་ཁང་གཉིས་བརྩེགས་ཀྱི་འོག་ཁང་དུ། བདེ་གཤེགས་རིགས་ལྔ་ཡབ་ཡུམ། སེམས་དཔའ། སེམས་མ། སྒོ་བ་ཡབ་ཡུམ། འགྲོ་འདུལ་ཐུབ་པ་དྲུག་དང་བཅས་པ་གསལ་བ། དེ་དག་གི་སྐུའི་གདངས་ལས་སྟེང་ཁང་གི་དབུས་སུ་ཧེ་རུ་ཀཿརིགས་ལྔ་ཡབ་ཡུམ་ལ་གནས་ཀྱི་ཀོའུ་རི་མ་བརྒྱད་ཀྱིས་བསྐོར་བ། དེ་དག་གི་ཕྱི་རོལ་དུ་ཡུལ་གྱི་ཕྲ་མེན་བརྒྱད་དང་། སྒོ་མ་བཞི། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་རྣམས་རང་རང་གི་རྒྱན་དང་། ཕྱག་མཚན། རྣམ་འགྱུར་ཐམས་ཅད་གསལ་ལ་རྫོགས་ཤིང་། གཞན་ཡང་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་སྤྲིན་ཕུང་བཞིན་དུ་བྱིན་ཐིབས་སེ་བཞུགས་པ། ལྷ་ཚོགས་རྣམས་ལས་འོད་ཟེར་འཕྲོས་པས། ཞི་ཁྲོ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་གྱི་འཁོར་ལོ་རྣམས་སྤྱན་དྲང་པར་གྱུར། ཧཱུྃ། མ་ལུས་སེམས་ཅན་སོགས་ནས། གཤེགས། །ཨཱོྃ་གུ་རུ་ཤཱནྟིཾ་ཀྲོ་དྷ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ དེ་ལྟར་སྤྱན་དྲངས་པ་རྣམས་མདུན་གྱི་ནམ་མཁར་བཞུགས་པ་ལ། རང་གི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་མཆོད་བསྟོད་ཕུལ་བས་མཉེས་པར་གྱུར། ཨཱོྃ། ཕྱི་ནང་གསང་བ་བླ་ན་མེད་པ་ཡི། །མཆོད་པའི་སྤྲིན་ཕུང་རབ་འབྱམས་རྒྱ་མཚོ་རྣམས། །མ་ལུས་བློ་ཡིས་བླངས་ཏེ་གུས་འབུལ་གྱིས། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨཱོྃ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ངང་ཉིད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །ཐུགས་རྗེའི་རྣམ་འཕྲུལ་སྣ་ཚོགས་སྟོན་མཛད་ཅིང་། །འགྲོ་བའི་དོན་གཉིས་ལྷུན་གྱིས་གྲུབ་པའི་ལྷ། །ཞི་ཁྲོ་རབ་འབྱམས་ཚོགས་ལ་ཕྱག་འཚལ་བསྟོད། །ཅེས་མཆོད་ཅིང་བསྟོད། ཛཿཧཱུྃ་བཾ་ཧོཿསོགས་ནས། ཡེ་ཤེས་སྐུ་མཆོག་ལན་གསུམ་བར་གཏང་། འདིར་ལས་བུམ་རྟ་མགྲིན་བསྐྱེད་བཟླས་འོད་ཞུ་བྱ། དེ་ནས་སློབ་དཔོན་གྱིས་རྡོར་སེམས་ཡང་སྙིང་བསྐུལ་ཏེ་དཔོན་སློབ་ལྷན་ཅིག་པས་ཡིག་དྲུག་བརྒྱ་རྩ་བཟླ། སླར་ཡང་སྡིག་ལྟུང་ལ་གནོང་འགྱོད་དྲག་པོས་དག་ཚང་གི་དབུགས་དབྱུང་སྩོལ་བར་གསོལ་བ་འདེབས་པ་འདི་ཆབས་ཅིག་མཛོད། ཁྲིད་ཡིག་ལྟར། མགོན་པོ་བདག་ནི་སོགས་ནས། མཛད་དུ་གསོལ། བར་དཔོན་སློབ་ཆབས་ཅིག་པས་འདོན། སློབ་དཔོན་གྱིས། དེ་ལྟར་གསོལ་བ་བཏབ་པས་སོགས་ནས། མ་མཐོང་གི་བར་དུ་འབད་པར་བྱ་བ་གལ་ཆེའོ། །རྣལ་འབྱོར་སྤྱི་ཁྲུས་ཀྱི་སྒོ་ནས་སྡིག་སྒྲིབ་ཉམས་ཆག་ཐམས་ཅད་བཤགས་པའི་རྒྱལ་པོ་ན་རཀ་དོང་སྤྲུགས་ཀྱི་ཆོ་ག་བགྱིད་པ་ལ། ཐོག་མར་ལུས་ཀྱི་སྒོ་ནས་ཕྱག་འཚལ་བའི་སླད་དུ་འདུན་པ་འདི་བཞིན་དུ་མཛོད། བླ་མ་བདེ་གཤེགས་རྩ་གསུམ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས། ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་ཉི་ཟླ་པདྨའི་གདན་ལ། དབང་པོའི་མངོན་སུམ་འདྲ་བར་ཞལ་ལམ་མེར་བྱིན་ཐིབས་སེ་བཞུགས་པར་གསལ་གདབ་པའི་སྤྱན་སྔར། ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་བརྐྱང་ཕྱག་འཚལ་བ་དང་། ངག་གི་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཀྱི་མཚན་ནས་འབོད་ཅིང་། བཤགས་པའི་ཡིད་རྩེ་གཅིག་པས་དཔོན་སློབ་ཆབས་ཅིག་ཏུ་གསུང་འཚལ། ༼དི༽ན་རཀ་དོང་སྤྲུག་སྐོང་བཤགས་སུ་གྲགས་པ་ལྟར། ཨེ་མ་ཧོ༔ ཕྱོགས་བཅུ་དུས་བཞི་ཀུན་གྱི་བདག་ཉིད་ཆེ༔ སོགས་ནས། རིག་འཛིན་རྒྱལ་བའི་ཞིང་དུ་གྲགས༔ བར་མཉམ་དུ་འདོན། དེ་ནས་སློབ་དཔོན་གྱིས། ངག་གི་སྒོ་ནས་འགྱོད་ཚངས་ཀྱི་བཤགས་པ་བྱ་བ་ནི། ཁྱེད་རང་རྣམས་ཀྱི་སྤྱི་བོར་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞི་ཞིང་འཛུམ་ལ་ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱིས་སྤྲས་ཤིང་རྡོར་དྲིལ་འཛིན་པ། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་ཐོད་འཛིན་པ་དང་སྙོམས་པར་འཇུག་པ། ཡབ་ཀྱི་ཐུགས་ཀར་ཟླ་སྟེང་ཐུགས་སྲོག་ཧཱུྃ་དཀར་སྔགས་ཕྲེང་དང་བཅས་པ་གསལ་ཐོབས་ལ། ཉམས་ཆག་སྡིག་ལྟུང་བཤགས་པའི་ཕྱིར་གདུང་བ་དྲག་པོས་གསོལ་འདེབས་ཀྱི་ཚུལ་དུ་གསང་སྔགས་བཟླ་ཞིང་། སྔར་བྱས་སྡིག་ལྟུང་ལ་གནོང་འགྱོད་ཀྱི་སེམས་དང་། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བགྱིད་པའི་དམ་བཅའ་བཅས་དམིགས་བཟླས་བགྱིས་པས། ཐུགས་སྲོག་སྔགས་ཕྲེང་ལས་བདུད་རྩིའི་རྒྱུན་བྱུང་། སྐུའི་དབྱིབས་བརྒྱུད། སྦྱོར་མཚམས་ནས་བབ། རང་རང་གི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་གང་། སྡིག་ལྟུང་དམ་ཚིག་ཉམས་ཆག་ཐམས་ཅད་རྣག་ཁྲག་དུད་ཁུ་ལ་སོགས་པའི་རྣམ་པར་དབང་པོའི་སྒོ་དང་། བ་སྤུའི་བུ་ག་ཐམས་ཅད་ནས་ཕྱིར་ཐོན་པར་མོས་པ་སྟེ། བདུད་རྩི་འབེབ་སྦྱོང་གི་དམིགས་གནད་ལ་ནན་ཏན་བསྐྱེད་དེ་ཡིག་བརྒྱ་ལྷན་ཅིག་གསུང་འཚལ། ཡིག་བརྒྱ་གང་འགྲུབ་བཟླར་གཞུག །དེ་ལྟར་བཤགས་ཤིང་གསོལ་བ་བཏབ་པས། རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་གསང་བ་གསུམ་དང་རོ་གཅིག་ཏུ་གྱུར་པར་མོས་ཤིག །དེའི་ཕན་ཡོན་ནི། གཞུང་ལས། འདི་དག་དག་པར་སོགས་ན་རཀ་སྐོང་བཤགས་ལྟར། སྲས་སུ་སྐྱེ༔ ཞེས་རྡོ་རྗེའི་གསུངས་མི་བསླུ་བའི་ཐ་ཚིག་ཅན་དེ་ལ་ངེས་ཤེས་སྐྱེད་ཅིག །སླར་ཡང་དུས་གསུམ་དུ་བསགས་པའི་སྡིག་ལྟུང་གི་ཚོགས་ལ་གནོང་འགྱོད་དྲག་པོ་དང་བཅས་ཏེ་མཐོལ་ཞིང་བཤགས་ནས། སླན་ཆད་མི་བགྱིད་པའི་སྡོམ་སེམས་ཀྱི་ཞེ་གཅད་དྲག་པོ་དང་བཅས་པས་འདི་སྐད་ཆབས་ཅིག་ཏུ་གསུང་འཚལ། ཧོ༔ ཞི་ཁྲོ་རབ་འབྱམས་དགོངས་སུ་གསོལ༔ སོགས་ནས། མཁའ་འགྲོ་དམ་ཅན་སྤྱན་སྔར་བཤགས༔ དེ་ནས་སློབ་དཔོན་གྱིས། དེ་ནས་ཡིད་ཀྱི་སྒྲིབ་པ་སྦྱང་ཕྱིར་ལྟ་བའི་ཀློང་བཤགས་བྱ་བ་ནི། ཁྱེད་རང་རྣམས་ལུས་གནད་རྡོ་རྗེའི་སྐྱིལ་ཀྲུང་གིས་འཁོད་དེ། དེ་ལྟ་བུའི་བཤགས་བྱ་བཤགས་བྱེད་ཀྱི་སྤྲོས་པ་ཐམས་ཅད་གདོད་ནས་མ་གྲུབ་པའི་རང་ངོ་ལ་མཉམ་པར་བཞག་སྟེ། ཡེངས་མེད་ཀྱི་ངང་ནས་འདི་སྐད་གསུང་འཚལ། དེ་ཡང་ཀུན་གཞི་སོགས་ནས། དབྱེ་བསྲི་མེད་པའི་ཀློང་དུ་བཤགས་པར་བགྱི༔ སློབ་དཔོན་གྱིས། དེ་དག་དང་རྗེས་སུ་འབྲེལ་བ་དམ་རྫས་བདུད་རྩི་དང་། རཀྟ། ཚོགས་གཏོར། སྣང་གསལ་མར་མེའི་མདངས་རྣམས་ཀྱིས་བསྐང་བའི་རིམ་པ་འདི་དག་ཀྱང་ཆབས་ཅིག་ཏུ་མཛད་འཚལ། ཧཱུྃ༔ མ་བཅོས་རང་བྱུང་སོགས་སྐོང་ཆོག་རྣམས་མཐར་ཆགས་སུ་གཏང་ཞིང་བར་སྐབས་སུ་མཆོད་རོལ་ཡང་བྱ། དབང་གཞུང་མར་མེའི་པྲ་བརྟག་ལ་དམ་སྐོང་གི་རྟགས་མ་བྱུང་བར་དུ་འབད་པ་ཆེན་པོས་ལན་གྲངས་དུ་མར་བསྐྱར་དགོས་པར་གསུངས་པ་བཞིན་གལ་ཆེ་ཡང་། འདྲ་འབག་གི་སྐབས་སུ་འདི་ཙམ་གྱིས་འཐུས་པར་བྱས་ནས། སླར་ཡང་སྐོང་བསྡུས་ཉིད་ཚར་གྲངས་ཇི་ལྟར་འདོད་པ་བཏང་བས་ས་བཅད་ཚང་བར་འགྱུར། གང་ལྟར་ཡང་། སླར་ཡང་ཐུགས་གཞན་དུ་མ་ཡེངས་པར་བཤགས་པའི་རྒྱལ་པོ་བརྗོད་མེད་དོན་གྱི་བཤགས་པ་འདི་ཆབས་ཅིག་མཛད་འཚལ། སླར་ཡང་ཡེ་ཤེས་སྐུ་མཆོག་ཚར་གསུམ་ངེས་པར་བྱ། དེ་ལྟར་དམ་སྐོང་དོང་སྤྲུག་གི་ཆོ་ག་ཟབ་མོའི་མཐུ་ལ་བརྟེན་ནས་སློབ་བུའི་རྒྱུད་ལ་ཆགས་པའི་རྟོག་སྒྲིབ་ཉམས་ཆག་ཐམས་ཅད་ལྷག་མ་མེད་པར་དག་ཚངས་སུ་གྱུར་པ་ལ། གཏང་རག་གི་དོན་དུ་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱི་ནང་གི་མཆོད་ཅིང་བསྟོད་པ་འབུལ་བ་ཡིན་པས། བརྗོད་ཚིག་དང་མཐུན་པའི་ཏིང་ངེ་འཛིན་གསལ་འདེབས་འཚལ། འཇིག་རྟེན་འདི་འམ་སོགས་རིན་ཆེན་དབང་གི་ཕྲེང་བར་འབྱུང་བ་སྔར་བཞིན། ཞི་ཁྲོ་རབ་འབྱམས་ཚོགས་ལ་ཕྱག་འཚལ་བསྟོད། །བར་བརྗོད། དེ་དག་རྣམས་ཀྱི་སྒོ་ནས་སྣོད་ཀྱི་དྲི་མ་བཀྲུ་བ་དང་མཚུངས་པ་སྡིག་སྒྲིབ་སྦྱོང་བྱེད་ཆོ་ག་གྲུབ་ནས། བཅུད་ཁྱད་པར་ཅན་སྨིན་གྲོལ་གྱི་གདམས་ངག་སེངྒེའི་འོ་མ་ལྟ་བུ་འདི་ཉིད་བླུག་པའི་སྣོད་སྦྱངས་པའི་གསེར་སྣོད་ལྟ་བུ་བསོད་ནམས་དཔག་ཏུ་མེད་པ་དང་ལྡན་པའི་སྐྱེས་བུ་དགོས་པས། དེའི་ཕྱིར་ན། དྲུག་པ་བླ་མའི་རྣལ་འབྱོར་ནི། ཟབ་མོའི་ལམ་གྱི་སོགས་ཁྲིད་ཡིག་ལྟར། སྔོན་འགྲོ་ཐུན་མོང་བའི་དབང་དུ་བྱས་པའོ།། །།བར་དང་། ཚོགས་ཀྱི་དགའ་སྟོན་འོག་ནས་འབྱུང་བ་བཞིན་འདིར་བྱ་ཞིང་། དེ་ལྟར་ཁྱེད་རང་རྣམས་སྣོད་ཁྱད་པར་ཅན་དུ་ཆོ་ག་ཟབ་མོའི་མཐུས་གྲུབ་པ་ལ། སློབ་དཔོན་དཀྱིལ་འཁོར་པ་དང་བཅས་པས་བཀྲ་ཤིས་ཀྱི་གླུ་དབྱངས་ལྡིར་ཞིང་མེ་ཏོག་གི་སིལ་མ་ཆར་དུ་བསྙིལ་བས་དགེ་ལེགས་སུ་སྤེལ་ཞིང་། ལྷ་ཚོགས་རྣམས་ཀྱང་སློབ་མ་ལ་གཉིས་སུ་མེད་པར་ཐིམ་ནས་རྒྱུད་བྱིན་གྱིས་བརླབས་ཤིང་། ཕྱིན་ཆད་ཉེས་ལྟུང་གི་ཕྱོགས་ལས་རྣམ་པར་རྒྱལ་བའི་མཐུ་དབང་དངོས་གྲུབ་ཐོབ་པར་མོས་ཤིག །བཀྲ་ཤིས་ཇི་ལྟར་འོས་པ་དང་དགེ་བསྔོ་བཅས་བྱའོ།། ཨཱཿ བྱིན་རླབས་སྒོ་འབྱེད་མཁའ་འགྲོའི་བརྡ་དབང་དང་སྦྲེལ་ན། བཀྲ་ཤིས་གྲུབ་ནས། དེ་དག་གི་སྒོ་ནས་རྒྱུད་དག་བྱེད་ཀྱི་ཆོ་ག་ལེགས་པར་གྲུབ་ནས། ཞེས་མཚམས་སྦྱར་ནས། དཀྱུས་བསྟན་ལ་འཇུག །སོ་སོར་བྱེད་ཚེ། སློབ་མར་ཁྲུས་བྱས་གྲལ་དུ་འཁོད་པ་ལ། སེམས་བསྐྱེད་གསལ་གདབ་ལ་མཚམས་སྦྱོར་འབྲེལ་ཆགས་སྦྱར་རྗེས་འདིར་འཇུག །སྤྱི་དོན་གཉིས་པ་བཅུད་ཁྱད་པར་ཅན་དུ་བསྒྲུབ་པའི་ཕྱིར་དབང་དངོས་ལ་རྣམ་གྲངས་བརྒྱད་ལས། དང་པོ་བྱིན་རླབས་ཀྱི་སྒོ་འབྱེད་པ་མཁའ་འགྲོའི་བརྡ་དབང་ཟབ་མོ་བགྱིད་པའི་སྐབས་སུ་བབས་པ་སྟེ། དེ་ལའང་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་སྔོན་འགྲོ་ནི། བྱུར་དང་མི་ཤིས་མཐའ་དག་བསལ་བའི་སླད་དུ་སློབ་དཔོན་གྱི་ཐུགས་ཀ་ནས་སྤྲོས་པའི་འོད་ཟེར་དང་། ཁྲོ་བོའི་ཚོགས་ཀྱིས་སློབ་མའི་སྒོ་གསུམ་ལ་འཚེ་ཞིང་བྱང་ཆུབ་བསྒྲུབ་པའི་ལམ་ལ་བར་ཆད་བྱེད་པའི་འབྱུང་པོ་ཐམས་ཅད་རྒྱང་རིང་དུ་བསྐྲད་པར་མོས་ཤིག །རོལ་མོའི་སྒྲ་དང་གུལ་ཡུངས་བཅས་ཧཱུྃ་བཞིའི་དྲག་སྔགས་བཟླས་པས་བགེགས་བསྐྲད། གཞུང་ལས་དངོས་བསྟན་དུ་མེད་ཀྱང་དོན་གྱི་ཐོབ་པས། སླར་ཁྲོ་ཚོགས་འོད་ཟེར་དང་བཅས་པ་ཚུལ་འདུས་པས། ཕྱི་རོལ་དུ་རྡོ་རྗེའི་སྲུང་བའི་གུར་ཁང་མེ་རི་དང་བཅས་པས་སྲུང་མཚམས་ཀྱི་དཀྱིལ་འཁོར་རབ་ཏུ་བརྟན་པར་གྱུར་པར་མོས་ཤིག །བཛྲ་རཀྵ་ཛྭ་ལ་བྷྲཱུྃ། ཞེས་སྲུང་འཁོར་གསལ་བཏབ། གཉིས་པ་དངོས་གཞི་ནི། ཐུགས་འདུན་འདི་བཞིན་དུ་མཛོད། སློབ་དཔོན་སྐད་ཅིག་གིས་ཨོ་རྒྱན་པདྨ་ཐོད་ཕྲེང་རྩལ་མཐིང་ནག་རྡོ་རྗེ་དང་དྲིལ་བུ་འཛིན་པའི་པང་དུ་མཁར་ཆེན་བཟའ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། གཉིས་ཀ་རིན་པོ་ཆེ་དང་རུས་པས་བརྒྱན་པ་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པར་སྒོམས་ཤིག །སློབ་མའི་གནས་གསུམ་དུ་དྲིའི་ཐིག་ལེ་རེ་བཀོད། དྲི་ཡི་ཐིག་ལེ་བཀོད་པས་སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས་པའི་རྐྱེན་གྱིས། སློབ་མ་རྣམས་པད་ཟླའི་སོགས་ནས། དཀྱིལ་ན་ཡོད་པར་གསལ་ཐོབས། སློབ་དཔོན་ལ་མོས་གུས་བྱས་པའི་རྐྱེན་ལ་བརྟེན་ནས་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། སྟེང་ཕྱོགས་ཀྱི་ནམ་མཁའི་དབྱིངས་སུ་རྡོ་རྗེ་ཕག་མོ་མཐིང་ནག་གྲི་གུག་དང་ཐོད་ཁྲག་འཛིན་མ་ལ་སངས་རྒྱས་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས་ནས་སློབ་མའི་སྙིང་གར་ཐིམ་པས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས། རྐང་འོག་གི་གཡུང་དྲུང་འཁྱིལ་བ་གཡོན་དུ་འཁྱིལ་ལེར་འཁོར་བས། ནམ་མཁའི་མཐོངས་ནས་ཕར་བུན་བུན་དུ་ཡོད་པར་སྒོམས་ཤིག །རོལ་མོའི་སྒྲ་དང་ཚིལ་གུལ་གྱི་དུད་པ་དང་། ཨཱོྃ་བུདྡྷ་ཌ་ཀི་ནཱི་སོགས་ཤམ་ཅན་དྲག་ཏུ་བཟླས་པས་བྱིན་དབབ། སླར་ཡང་སློབ་དཔོན་ལ་མོས་གུས་བྱས་པའི་རྐྱེན་ལ་བརྟེན་ནས་སོགས། དམིགས་བསལ། སྟེང་ཕྱོགས་སོགས་ཀྱི་མལ་དུ། ཤར་ཕྱོགས་ཀྱི་ནམ་མཁའ་ནས་རྡོ་རྗེ་མཁའ་འགྲོ་སྔོན་མོ་རྡོ་རྗེ་དང་ཐོད་ཁྲག་འཛིན་མ་ལ། རང་འདྲའི་རྡོ་རྗེ་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས། སློབ་མའི་སྤྱི་བོར་ཐིམ་པས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུའི་བྱིན་རླབས་སོགས་དང་། འབེབ་སྔགས་ཨཱོྃ་བཛྲ་ཌཱ་ཀི་ནཱི་ཧ་རི་ནི་ས་ས་མ་ཡ་ཛཿཛཿ བཛྲ་པྲ་ཝེ་ཤ་ཡ་ཧོཿ ཞེས་བསྒྱུར་བ་བཅས་ཁྱད་པར་རོ། །དེ་བཞིན་དུ། སླར་ཡང་སློབ་དཔོན་ལ་སོགས་དང་། ལྷོ་ཕྱོགས་ཀྱི་ནམ་མཁའ་ནས་རིན་ཆེན་མཁའ་འགྲོ་གསེར་མདོག་རིན་པོ་ཆེ་དང་ཐོད་ཁྲག་འཛིན་མ་ལ། རང་འདྲའི་རིན་ཆེན་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས། སློབ་མའི་མགྲིན་པར་ཐིམ་པས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་སོགས་དང་། ཨཱོྃ་རཏྣ་ཌཱ་ཀི་ནཱི་ཧ་རི་སོགས་བསྒྱུར། ནུབ་ཕྱོགས་ནས་པདྨ་མཁའ་འགྲོ་དམར་མོ་པདྨ་དང་ཐོད་ཁྲག་འཛིན་མ་ལ། རང་འདྲའི་པདྨ་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས། སློབ་མའི་ལྟེ་བར་ཐིམ་པས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་གྱི་བྱིན་རླབས་སོགས་དང་། ཨཱོྃ་པདྨ་ཌཱ་ཀི་ནཱི་ཧ་རི་སོགས་བསྒྱུར། བྱང་ཕྱོགས་ནས་ལས་ཀྱི་མཁའ་འགྲོ་ལྗང་གུ་སྣ་ཚོགས་རྡོ་རྗེ་དང་ཐོད་ཁྲག་འཛིན་མ་ལ། རང་འདྲའི་ལས་ཀྱི་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས། སློབ་མའི་གསང་བར་ཐིམ་པས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་བྱིན་རླབས་སོགས་དང་། ཨཱོྃ་ཀརྨ་ཌཱ་ཀི་ནཱི་ཧ་རི་སོགས་འབྱིན་འཇུག་བཅས་བྱིན་དབབ། དེ་ལྟར་བྱིན་དབབ་པས་འཁྲབ་པ་དང་སོགས། ཕེབས་པའི་རྟགས་སུ་གསུངས་པ་རྣམས་ཇི་ལྟར་བྱུང་ཡང་། དགག་སྒྲུབ་མེད་པར་མ་བཅོས་རྣལ་མའི་དེ་བཞིན་ཉིད་ཀྱི་དགོངས་ཉམས་བསྐྱང་འཚལ། དེ་དག་གིས་མཁའ་འགྲོའི་བྱིན་རླབས་འཇུག་ཅིང་དབང་གི་སྒོ་འབྱེད་པས་བར་ཆད་མེད་ཅིང་དངོས་གྲུབ་ཕུན་སུམ་ཚོགས་པའི་སྐལ་པ་རྒྱུད་ལ་འཇོག་པར་བྱེད་པ་ཡིན་ཞིང་། མཐའ་རྒྱས་ཀྱི་ཡན་ལག་དགའ་སྟོན་ཚོགས་ཀྱི་འཁོར་ལོའི་མཆོད་པས་བཀྲ་ཤིས་པར་བྱ་བ་ལ། དཔོན་སློབ་ལྷན་ཅིག་པས་འཇུག་པ་ཞུ། འདིར་མཁའ་འགྲོ་སྙིང་ཐིག་གཞུང་གི་ཚོགས་མཆོད་ཉིད་མཛད་དགོས་ཀྱང་། རིན་གཏེར་དཀྱུས་གཅིག་ཏུ་རྫོགས་པའི་སྐབས་ཟོར་ཡངས་པའི་ཆེད་དུ་མདོར་བསྡུས་པ་ནི། ལས་སློབ་ཀྱིས་ཕྱག་དང་མཎྜལ་ཕུལ་ནས། ཧོཿ རང་བཞིན་རྣམ་པར་དག་པའི་དཀྱིལ་འཁོར་འདིར། རྡོ་རྗེའི་སློབ་དཔོན་སློབ་མར་བཅས་པ་རྣམས་ཟབ་མོ་རྡོ་རྗེའི་རྣལ་འབྱོར་ལ་འཇུག་པ་ཞུ། ཞེས་བསྐུལ་ནས་ཨཱོྃ་ཧྱ་གྲཱི་ཝ་ཧཱུྃ་གིས་ང་རྒྱལ་གཟུང་། ཨཱོྃ་ཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྷྲཱྀ་ཝ་ར་ཙ་ཧྲི་ཡ་ཧ་རི་ནི་ས་རཀྵ་ཨུ་ཙ་ཏ་ཡ་ཕཊ་ཀྱིས་བགེགས་བསྐྲད། ཨཱོྃ་བཛྲ་རཀྵ་རཀྵ་ཧཱུྃ་གིས་སྲུང་འཁོར་བསྒོམ། ཚོགས་རྟེན་དཀོན་མཆོག་ཀུན་བཟང་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་ནམ་མཁའ་གང་བར་སད་པར་མོས་ལ། སྐྱབས་སེམས་ནི། དཀོན་མཆོག་བླ་མ་རྩ་གསུམ་དང་། །ཀུན་བཟང་ཞི་ཁྲོའི་ལྷར་སྐྱབས་མཆི། །འགྲོ་དྲུག་སེམས་ཅན་ཀུན་བསྒྲལ་ཕྱིར། །བྱང་ཆུབ་སེམས་གཉིས་བསྐྱེད་ཅིང་གཟུང་། །ལན་གསུམ། སྐྱབས་ཡུལ་རྣམས་རང་ལ་ཐིམ་པར་མོས། ལྷ་གསལ་གདབ་པ་ནི། སྭ་བྷཱ་ཝས་གཉིས་རྟོག་སྦྱང་། ཆོས་སྐུ་མ་སྐྱེས་མཉམ་པ་ཆེན་པོ་ལས། །འབྱུང་བ་རིམ་བརྩེགས་ཉི་ཟླ་པདྨའི་སྟེང་། །བྷྲཱུྃ་ལས་གཞལ་ཡས་ཁང་པ་རྒྱན་བཀོད་རྫོགས། །དེ་དབུས་བདེ་གཤེགས་རིགས་ལྔ་ཡབ་ཡུམ་དང་། །སེམས་དཔའ་སེམས་མ་སྒོ་སྐྱོང་ཐུབ་པ་དྲུག །སྣང་ལ་རང་བཞིན་མེད་པའི་མདངས་འོད་ལས། །སྟེང་ཁང་འཇིགས་རུང་ཁྲོ་བོའི་ཞིང་ཁམས་དབུས། །རིགས་ལྔའི་ཁྲག་འཐུང་ཡབ་ཡུམ་ཀེ་སེང་དང་། །སྒོ་སྐྱོང་དབང་ཕྱུག་མ་ཚོགས་འཁོར་བཅས་རྣམས། །རྒྱན་རྫོགས་གསལ་བརྟན་འོད་ཟེར་འབར་བར་གྱུར། །ཞེས་རྟེན་བསྐྱེད། ནམ་མཁའི་དཀྱིལ་ནས་ཞི་ཁྲོའི་དཀྱིལ་འཁོར་པ། །སྣོད་བཅུད་ཡོངས་རྫོགས་སྤྱན་དྲངས་གནས་བདག་ལ། །ཐིམ་པས་སྐྱེ་མེད་འོད་གསལ་ཆེན་པོའི་དབྱིངས། །ཞིང་སྐུ་དག་རྫོགས་ལྷ་ཡི་འཁོར་ལོར་གྱུར། །ཞེས་སྣོད་བཅུད་ལྷ་དང་དཀྱིལ་འཁོར་དུ་གསལ་གདབ། དེ་ལས་འོད་འཕྲོས་བླ་མ་ཡི་དམ་ལྷ། །ཞི་ཁྲོ་རབ་འབྱམས་སྤྱན་དྲངས་གཉིས་མེད་གྱུར། །སྤོས་རོལ་བཅས། ཧཱུྃ། མཉམ་པའི་དབྱིངས་ནས་རང་སྣང་ཐུགས་རྗེའི་ལྷ། །ཀུན་བཟང་རིགས་ལྔ་བླ་མ་ཡབ་ཡུམ་ཚོགས། །མཁའ་འགྲོ་དམ་ཅན་རྒྱལ་བའི་འཁོར་ལོ་རྣམས། །བསོད་ནམས་ཞིང་དུ་སྤྱན་འདྲེན་གཤེགས་སུ་གསོལ། །ཨཱོྃ་བཛྲ་ས་མ་ཡ་ཛཿས་སྤྱན་དྲངས་ནས། སྔར་བསྐྱེད་པའི་དམ་ཚིག་གི་འཁོར་ལོ་དང་གཉིས་སུ་མེད་པར་བཞུགས་པ་ལ། ཨཱོྃ་པདྨ་ཙནྡྲ་སུརྻ་མ་དྷ་ལ་ཀ་མ་ལཱ་ཡེ་སྟྭཾ། གྱིས་གདན་འབུལ། ཧཱུྃ། དུས་གསུམ་བདེ་གཤེགས་མཁའ་འགྲོའི་སྤྱན་ལམ་དུ། །ནམ་མཁའི་མཐར་ཁྱབ་ལུས་སྤྲུལ་གུས་ཕྱག་འཚལ། །དུག་ལྔ་རྣམ་དག་ཡེ་ཤེས་གྲུབ་པའི་རྫས། །འཆི་མེད་བདུད་རྩི་རྒྱལ་བའི་དཀྱིལ་འཁོར་འབུལ། །ཨཱོྃ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། ཞེས་ཕྱག་དང་བདུད་རྩིས་མཉེས་པར་བྱ། ཐབས་ཤེས་ཀྱི་ཚོགས་རྫས་ལ་བདུད་རྩི་འཐོར་ཞིང་། སྭ་བྷཱ་ཝས་སྦྱང་། སྟོང་ལས་རླུང་མེ་ཐོད་སྒྱེད་སྟེང་། །ཨ་ལས་ཐོད་པའི་སྣོད་ཡངས་པར། །ཡོ་བྱད་ཤ་ལྔ་བདུད་རྩི་ལྔ། ཁ་ཆོད་ཟླ་དཀྱིལ་རྡོ་རྗེ་ལ། །ཡི་གེ་གསུམ་དང་འབྲུ་ལྔས་མཚན། །བདག་ཐུགས་འོད་ཀྱིས་མེ་རླུང་བསྐུལ། །ཞུ་ཁོལ་རླངས་པས་འབྲུ་ལྔ་པོ། །རིགས་ལྔ་ཡབ་ཡུམ་གསལ་བར་གྱུར། །བདེ་ཆེན་སྦྱོར་བའི་བྱང་སེམས་རྒྱུན། །བཅུད་དང་འདྲེས་པས་བདུད་རྩིར་ཞུ། །སླར་ཡང་འབྲུ་གསུམ་འོད་ཟེར་གྱིས། །རྒྱལ་བ་ཀུན་བསྐུལ་རྗེས་ཆགས་ཀྱི། །སེམས་རྒྱུན་ཐོད་པའི་བདུད་རྩིར་འདྲེས། །རིགས་ལྔ་རྡོ་རྗེ་ཟླ་བ་ཡང་། །འོད་ཞུ་བདུད་རྩིར་རོ་གཅིག་པས། །ཡེ་ཤེས་སྤྲིན་དུ་འཆར་བར་གྱུར། །ཞེས་བྱིན་གྱིས་བརླབ། མཆོད་པའི་ཁྱད་པར་རྣམ་པ་དྲུག་འབུལ་བ་ནི། བླ་མ་ཡི་དམ་མཁའ་འགྲོ་ལ། །ལྷ་རྫས་ཕྱི་མཆོད་རྣམ་ལྔ་དང་། །ནང་མཆོད་དུར་ཁྲོད་རྫས་ཀྱིས་མཆོད། །གསང་བ་མཉམ་སྦྱོར་དགྱེས་མཆོད་དང་། །ཡང་གསང་མཉམ་ཉིད་རོལ་པས་མཆོད། །རྩ་བརྒྱད་སྟོང་སྦྱར་བདུད་རྩི་དང་། །འདོད་ཡོན་གཏོར་མའི་མཆོད་པ་འབུལ། །ཞེས་དང་། ཨཱོྃ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་སརྦ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧིའི་སྔགས་ལན་བདུན་ནམ་ལྔས་འབུལ། ཚོགས་མཆོད་དངོས་ནི། ཕུད་དང་པོ་གཏོར་མར་བྲན་ལ། ཀུན་བཟང་ཡབ་ཡུམ་ཞི་ཁྲོ་རབ་འབྱམས་ཚོགས། །དུས་གསུམ་བདེ་གཤེགས་རིག་འཛིན་བླ་མ་དང་། །སློབ་དཔོན་ཆེན་པོ་པདྨ་ཡབ་ཡུམ་ལ། །བདེ་ཆེན་ཚོགས་ཀྱི་མཆོད་པ་དམ་པ་འབུལ། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །སྐུ་གསུང་ཐུགས་ཀྱི་ཉམས་ཆག་བསྐང་གྱུར་ཅིག །རྡོ་རྗེ་ཕག་མོ་བདེ་གཤེགས་རིགས་ཀྱི་ཡུམ། །མཁའ་འགྲོ་སྡེ་ལྔ་སོ་སོའི་སྤྲིན་ཚོགས་དང་། །སྲོག་སྒྲུབ་ལ་སོགས་དམ་ཅན་རྒྱ་མཚོའི་ཚོགས། །སྔོན་ཚེ་སློབ་དཔོན་པདྨའི་སྤྱན་སྔ་རུ། །སྙིང་ཐིག་བསྟན་པ་སྲུང་བར་ཞལ་བཞེས་པ། །ཡེ་ཤེས་འཇིག་རྟེན་ལས་གྲུབ་ཚོགས་བཅས་དང་། །དཔལ་མགོན་གཞི་བདག་མགྲོན་རིགས་ཐམས་ཅད་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང་། །དགྱེས་མཛད་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །མི་མཐུན་རྐྱེན་རྣམས་མ་ལུས་ཟློག་པ་དང་། །རྣལ་འབྱོར་བསམ་པ་ཡིད་བཞིན་འགྲུབ་པར་མཛོད། །ཅེས་རོལ་མོ་དང་བཅས་པས་མཆོད་ནས་བསྟོད་ཅིང་བཤགས་པ་ནི། ཧཱུྃ། ངང་ཉིད་མ་སྐྱེས་ཆོས་སྐུ་དག་པ་ལས། །སྐྱེ་བའི་ཆོ་འཕྲུལ་སྣ་ཚོགས་སྟོན་མཛད་པ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད། །ཧཱུྃ། དུས་གསུམ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །དཔང་གྱུར་དམ་ཅན་རྒྱ་མཚོ་དགོངས་སུ་གསོལ། །ཡེ་ཤེས་མཁའ་འགྲོ་ཡབ་ཡུམ་ཆོས་ཀྱི་སྐུ། །ཡེ་ནས་བདག་དང་དབྱེ་བ་མེད་པ་ལས། །མ་རིག་དབང་གིས་བདག་གཞན་གཉིས་སུ་སྣང་། །གཉིས་འཛིན་ཐེ་ཚོམ་ལོག་ལྟ་ཅི་བགྱིས་པ། །རང་དྭངས་རིག་པའི་ཀློང་དུ་མཐོལ་ལོ་བཤགས། །བཟོད་པར་བཞེས་ནས་ཚངས་པའི་དངོས་གྲུབ་སྩོལ། །ཧཱུྃ། རིགས་ལྔའི་མཁའ་འགྲོ་གཙོ་འཁོར་དགོངས་སུ་གསོལ། །ཡིད་དཔྱོད་ལྟ་བས་མཐའ་བྲལ་དོན་མ་རྟོགས། །ཞེན་འཛིན་འཆིང་བས་བསྐྱེད་རྫོགས་དོན་མ་གསལ། །དུས་ལ་མ་བབ་སྤྱོད་པ་ཆོས་དང་འགལ། །རེ་དོགས་དབང་གིས་འབྲས་བུ་གཞན་ནས་བཙལ། །བྱར་མེད་ཕྲིན་ལས་རྣམ་བཞིའི་དོན་མ་ཤེས། །གསང་བའི་གཞུང་ལས་འགལ་བ་ཅི་བགྱིས་ཀུན། །མཉམ་ཉིད་རང་གྲོལ་ཀློང་དུ་མཐོལ་ལོ་བཤགས། །བཟོད་པར་བཞེས་ནས་ཚངས་པའི་དངོས་གྲུབ་སྩོལ། །ཧཱུྃ། མ་སྲིང་མཁའ་འགྲོ་དམ་ཅན་རྒྱ་མཚོ་དགོངས། །བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་པ། །ཕྱི་ནང་གསང་མཆོད་བདུད་རྩི་གཏོར་མ་དང་། །ཞལ་ཟས་ཚོགས་ཀྱི་མཆོད་པས་སོ་སོར་བཤགས། །བདག་གིས་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་དང་། ཡི་གེ་བརྒྱ་པ་བརྗོད། བྷྱོ། འཁོར་ལོ་ཡེ་ཤེས་གཞལ་ཡས་དང་། །གནས་ཡུལ་དུར་ཁྲོད་ཞིང་ཁམས་ནས། །གཙོ་མོ་རྡོ་རྗེ་མཁའ་འགྲོ་དང་། །རིགས་ལྔའི་མཁའ་འགྲོ་དཔལ་འབར་མ། །དཔའ་བོ་དཔའ་མོ་ཉི་ཤུ་བཞི། །རི་རབ་རྡུལ་མཉམ་མཁའ་འགྲོ་རྣམས། །མཛེས་སྒེག་རོལ་པ་ཅིར་ཡང་སྟོན། །མ་ངེས་རྣམ་འགྱུར་སྤྱོད་པ་ཅན། །སྐལ་ལྡན་བདེ་ཆེན་ཡེ་ཤེས་བསྐྱེད། །སྐལ་བ་མེད་པའི་ཚེ་བཅུད་ལེན། །ཉམས་པའི་དགྲ་ལ་ཆད་པ་གཅོད། །དམ་ཚིག་བཀའ་ཡི་གཉེར་འཛིན་རྣམས། །དམ་རྫས་བདུད་རྩིའི་མཆོད་པ་དང་། །ཚོགས་གཏོར་འདོད་ཡོན་འདི་བཞེས་ལ། །འཁོར་སྲུངས་རྐྱེན་ཟློགས་བར་ཆད་སོལ། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་ཕྲིན་ལས་བཅོལ། ཚོགས་བར་པ་ལས་སློབ་ཀྱིས་བཏེགས་ལ། ཧོཿ ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ། །ཞེས་པས་དྲངས། ཨ་ལ་ལ་ཧོཿ ཞེས་དཔོན་སློབ་ཀུན་གྱིས་བླངས་ཤིང་ནང་གི་སྦྱིན་སྲེག་ཏུ་མཆོད་ཅིང་རོལ། ལྷག་མ་བསྡུས་པར་གཙང་ལྷག་གིས་མནན། ཞལ་ཆབ་ཀྱིས་བྲན། ཨཱོྃ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། བྷྱོ། ལས་ཀྱི་མཁའ་འགྲོ་མི་བསྲུན་མ། །འཇིག་རྟེན་མཁའ་འགྲོ་རྫུ་འཕྲུལ་ཅན། །ཤ་ཟ་མཁའ་འགྲོ་ཡང་སྤྲུལ་དང་། །གཞན་ཡང་མཁའ་འགྲོའི་ཚོགས་མང་པོ། །ལྷག་མའི་གཏོར་མ་འདི་ཁྱེར་ལ། །བགེགས་དང་བར་ཆད་ཞི་བ་དང་། །ཡིད་ལ་བསམ་པ་ཀུན་འགྲུབ་མཛོད། །ཨཱོྃ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི། ཞེས་པས་ལྷག་གཏོར་བཏང་། ཟོར་འཕེན་ཕྱིན་དབང་གི་སྐབས་འདི་སོགས་རྒྱུན་དུ་བྱ་བ་གལ་མི་ཆེ་བས་མ་སྤྲོས། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་བསྩལ་པ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་དང་ཡི་གེ་བརྒྱ་པས་ཉམས་ཆག་བཤགས། ཡེ་ཤེས་རྣམ་དག་ལྷུན་གྱིས་གྲུབ་པའི་ལྷ། །བླ་མ་བདེ་གཤེགས་ཡེ་ཤེས་མཁའ་འགྲོ་དང་། །དུས་རྣམ་ཀུན་ཏུ་འདུ་འབྲལ་མེད་པ་ཡི། །བདེ་ཆེན་ས་ལ་རྟག་ཏུ་རོལ་པར་ཤོག །ཧེ་རུ་ཀཿདཔལ་གྲོང་ཁྱེར་དུ། །ཚོགས་ཀྱི་འཁོར་ལོས་མཆོད་པ་ཡིས། །བདག་དང་འགྲོ་བ་མ་ལུས་ཀུན། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཅེས་སྨོན་ལམ་གདབ། བཛྲ་མུཿས་ཡེ་ཤེས་ཀྱི་འཁོར་ལོ་གཤེགས། ཨཱོྃ་ཨཱཿཧཱུྃ་ཛཿཧཱུྃ་བཾ་ཧོཿས་དམ་ཚིག་གི་འཁོར་ལོ་རང་ལ་བསྟིམ། ངོ་བོ་རང་བཞིན་ཐུགས་རྗེ་མངོན་དུ་གྱུར། །བླ་མ་ཡི་དམ་མཁའ་འགྲོའི་བྱིན་རླབས་དང་། །སྐུ་ལྔ་ཡེ་ཤེས་རོལ་པའི་བཀྲ་ཤིས་ཀྱིས། །འཁོར་འདས་ཡོངས་གྲོལ་མཆོག་གི་བཀྲ་ཤིས་ཤོག །ཅེས་རོལ་མོའི་སྒྲ་དང་མེ་ཏོག་གི་ཆར་གྱིས་དགེ་ལེགས་ཀྱི་མཚན་མ་ཕྱོགས་མཐར་ཁྱབ་པར་བྱའོ། །དེ་རྣམས་ཀྱི་སྒོ་ནས་བྱིན་རླབས་ཀྱི་སྒོ་འབྱེད་པ་མཁའ་འགྲོའི་བརྡ་དབང་ཟབ་མོ་ཡན་ལག་དང་བཅས་པ་གྲུབ་པས། མཁའ་འགྲོའི་བྱིན་རླབས་འཇུག་ཅིང་དབང་གི་སྒོ་འབྱེད་པས་བར་ཆད་མེད་ཅིང་དངོས་གྲུབ་ཕུན་སུམ་ཚོགས་པ་འབྱུང་བར་འགྱུར་བ་ཡིན་ནོ།། ༧ །།དེ་ནས་བུམ་དབང་གི་སྔོན་འགྲོ་ཐུན་མོང་གི་འཇུག་པ་སྦྲེལ་དགོས་པས། གཉིས་པ་ལུས་ཀྱི་སྒྲིབ་པ་སྦྱང་ཞིང་སྤྲུལ་པའི་སྐུར་གྲོལ་བར་བྱེད་པ་སྤྲོས་བཅས་ཕྱི་བུམ་པའི་དབང་བསྐུར་བ་ལ་གསུམ་ལས། དང་པོ་སྔོན་འགྲོ་ལའང་ཐུན་མོང་དང་། ཐུན་མིན་གཉིས་ཡོད་པ་ལས། དང་པོ་ཐུན་མོང་གི་འཇུག་པ་སྦྱིན་པ་ལ། ཐོག་མར་གུས་པའི་འདུད་ཕྱག་སྔོན་དུ་འགྲོ་བས། མེ་ཏོག་གིས་བཀང་བའི་ཐལ་མོ་སྦྱར་ཞིང་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱཻ༔ ཀུན་བཟང་རྡོ་རྗེ་སོགས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པའི་ལན་དུ་ཉམས་ལེན་ལ་བརྩོན་པར་ནུས་སམ་དྲི་བ་བགྱིད་པ་ལགས་ཏེ། ཀྱཻ༔ རིགས་ཀྱི་བུ་མཆོག་སོགས། ཞེས་དྲིས་པའི་ལན་གསོལ་བ་འདིའི་རྗེས་ཟློས། ཀྱཻ༔ ཇི་ལྟར་ཐུགས་ཀྱིས་སོགས། དེ་ནས་རྒྱུད་ལ་ཉེས་ལྟུང་གི་དྲི་མ་དང་བཅས་པས་དབང་གི་ཡེ་ཤེས་ལ་མི་དབང་བས། དེ་ཉིད་སྦྱོང་བའི་ཐབས་ཟབ་མོ་སྟོབས་བཞི་ཚང་བའི་སྒོ་ནས་རྡོ་རྗེ་སེམས་དཔའི་སྒོམ་བཟླས་འདི་ལྟར་མཛད་འཚལ། གོང་གི་རྡོར་སེམས་སྒོམ་བཟླས་རྒྱས་བསྡུས་གང་འོས་གཏང་། དེ་ལྟར་སྡིག་སྒྲིབ་ཆག་ཉམས་སྦྱོང་བའི་ཆོ་ག་ཟབ་མོ་སྔོན་དུ་སོང་ནས། སྒོ་གསུམ་ལ་བར་ཆད་མི་འཇུག་པའི་ཕྱིར་སྲུང་བའི་འཁོར་ལོའི་དམིགས་གནད་གསལ་གདབ་པ་ནི། བླ་མའི་ཐུགས་ཀའི་སོགས། གཡོགས་པར་བསྒོམས་པས། ཉེར་འཚེ་བར་ཆད་གང་གིས་ཀྱང་གླགས་མི་རྙེད་པར་བསྲུང་བར་གྱུར་པའི་ངེས་ཤེས་བསྐྱེད་ལ། དཔོན་སློབ་ཀུན་གྱིས་ཧཱུྃ་གི་སྒྲ་དབྱངས་དི་རི་རི་ལྷན་ཅིག་བཟླ་བར་མཛོད། ཧཱུྃ་གི་ཛཔ྄་དབྱངས་བྱ། དེ་ལྟར་བྱས་པས་སྣང་སྲིད་ཐམས་ཅད་འབྲུ་གཅིག་ཧཱུྃ་གི་རང་བཞིན་དུ་གྱུར་པ་ཚུར་འདུས་པས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་སོགས་ནས། སྲུང་འཁོར་ཅིས་ཀྱང་མི་ཆོད་མི་ཤིགས་པ་རྡོ་རྗེའི་རང་བཞིན་དུ་གྱུར་པར་སྒོམས་ཤིག །ཟབ་མོའི་དཀྱིལ་འཁོར་གཉན་པོར་འཇུག་པར་བྱེད་པ་ལ་དམ་ཚིག་གི་རིམ་པ་རྣམས་ཚུལ་བཞིན་སློབ་པར་མ་བྱས་ན་ཡེ་ཤེས་རྒྱུད་ལ་མི་གནས་པས། དེའི་ཕྱིར་དམ་ཚིག་གི་བསྲུང་མཚམས་མཐའ་ཡས་པ་ཞིག་མཆིས་པ་ལས། འདིར་ཕྱིའི་དམ་ཚིག་གི་རིམ་པ་མདོར་བསྡུས་ཏེ་བསྟན་པ་འདི་རྣམས་ཚུལ་བཞིན་བསྲུང་བར་ནུས་སམ། ཞེས་ནུས་པ་འདྲི་བ་འདི་ལ་སྙན་གཏོད་ཅིག །ཀྱེ་མ་རིགས་ཀྱི་སོགས། དེ་ལྟར་དྲིས་པ་ལ་ཇི་ལྟར་བསྒོས་པའི་རིམ་པ་རྣམས་བསྲུང་སྡོམ་བགྱིད་སྙམ་པའི་དམ་བཅའ་བ་དང་བཅས་འདིའི་རྗེས་ཟློས། ཀྱཻ༔ སངས་རྒྱས་ཐམས་ཅད་སོགས། འདིར་དགའ་སྟོན་ཚོགས་འཁོར་སྤྲོ་ན་ལེགས་ཀྱང་། བསྡུ་ན། དེ་དག་གིས་ཐུན་མོང་གི་འཇུག་པ་གྲུབ་པས་དགའ་སྟོན་གཏང་རག་གི་ཡོན་དུ་ལྷ་དང་བླ་མའི་སྤྱན་སྔར་མཎྜལ། དེ་ལྟར་བགྱིས་པ་ལས་བྱུང་བའི་དགེ་ཚོགས་ཡོངས་བསྔོའི་རྒྱས་འདེབས་མཛད་འཚལ། བསོད་ནམས་འདི་ཡིས་སོགས་དགེ་བསྔོ་བཅས་སློབ་མ་གྱེས། སྟ་གོན་དང་མི་སྦྲེལ་ན་སློབ་དཔོན་གྱིས་དགེ་བསྔོ་སྨོན་ཤིས་ཀྱིས་གྲུབ། ཕྱིར་ནངས་འདི་ནས་འཇུག་ཅིང་། གང་ལྟར་ཡང་ཟུར་གསལ་བརྒྱུད་འདེབས་དང་། ཁྲིད་ཡིག་བཞིན་སྐྱབས་སེམས་སྔོན་དུ་འགྲོ་བས། སྐད་ཅིག་གིས་རང་ཉིད་ཀུན་བཟང་ཡབ་ཡུམ་མཐིང་ག་འཁྲིལ་སྦྱོར་ཅན། ཕྱག་མཚན་ཡབ་རྡོ་རྗེ་དྲིལ་བུ། ཡུམ་གྲི་གུག་ཐོད་པ་འཛིན་པ། སྐྱིལ་མོ་ཀྲུང་རིན་པོ་ཆེ་དང་རུས་པས་བརྒྱན་པའི་སྤྱི་བོར་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དཀར་པོ། མགྲིན་པར་རིན་ཆེན་འབྱུང་ལྡན་ཡབ་ཡུམ་སེར་པོ། སྙིང་གར་རྣམ་པར་སྣང་མཛད་ཡབ་ཡུམ་མཐིང་ག །ལྟེ་བར་སྣང་བ་མཐའ་ཡས་ཡབ་ཡུམ་དམར་པོ། གསང་བར་དོན་ཡོད་གྲུབ་པ་ཡབ་ཡུམ་ལྗང་གུ །ཕྱག་མཚན་གཙོ་བོ་ཡབ་ཡུམ་དང་འདྲ་བའོ། །ཡན་ལག་བཞི་ལ་སྒོ་མ་བཞི་སྟེ། དེའང་ལག་པ་གཡས་པ་ལ་ལྕགས་ཀྱུ་མ། གཡོན་པ་ལ་ཞགས་པ་མ། རྐང་པ་གཡས་པ་ལ་ལྕགས་སྒྲོག་མ། གཡོན་པ་ལ་དྲིལ་བུ་མ། ཐམས་ཅད་ཀྱང་འཇའ་ཚོན་ལྟ་བུའི་སྐུ་སྣང་ལ་རང་བཞིན་མེད་པ་གྲགས་སྟོང་རྡོ་རྗེའི་སྔགས་སྒྲ་ཆུ་བོའི་རྒྱུན་དུ་བཟླ་ཞིང་། རིག་སྟོང་དབྱེར་མེད་འོད་གསལ་གྱི་དགོངས་པའི་རང་ངོ་ལ་མཉམ་པར་བཞག་སྟེ། ཨཱོྃ་ཨཱཿཧཱུྃ། ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ་སིདྡྷི་ཕ་ལ་ཧཱུྃ་ཛཿ ཞེས་བཟླ། སྔགས་བརྗོད་ཅིང་ས་ལྷའི་ཚོམ་བུ་བཀོད། མཆོད་པ་བཤམ་ནས། རང་ཉིད་ས་གནོན་སོགས་ནས། རཀྵ་རཀྵ་ཧཱུྃ་བར་གཏང་། ས་གཟུང་བའི་ཆོ་ག་ནི་སྤྱིར་ས་གཞི་དུལ་བ་དང་། རས་བྲིས་ཀྱི་ཕྱོགས་ལ་མ་བྱས་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར་བས་དོར་ལ། རང་ཉིད་སྐད་ཅིག་གིས་སོགས་བུམ་པ་དང་། ལྷ་སྟ་གོན་མཐར་ཆགས་སུ་བྱ། སྦྱིན་སྲེག་ལ། མཆོད་སྲེག་གི་རྫས་རྣམས་ལས་ཆུས་བསང་། ཨཱོྃ་ཨཱཿཧཱུྃ། ལན་གསུམ་གྱིས་མཆོད་སྲེག་གི་རྫས་རྣམས་བྱིན་གྱིས་བརླབ། ཨཱོྃ་བཛྲ་ཛྭ་ལ་རཾ་གྱིས་མདུན་ངོས་ནས་མེ་སྦར། ཧཱུྃ་ཧཱུྃ་ཧཱུྃ་གིས་རླུང་གཡབ། ཐབ་ལས་ཆུ་དང་ཨཱོྃ་བཛྲ་སཏྭ་ཧཱུྃ་བཾ་གྱིས་བསང་། ཨཱོྃ་མ་ཧཱ་ཤཱུནྱ་ཏཱས་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་ཐབ་ཡངས་ཤིང་རྒྱ་ཆེ་བ། གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན་པའི་ནང་དུ་མེ་ལྷ་དཀར་པོ་སོགས་ནས་དཀོན་མཆོག་མཆོད་པའི་སྐབས། མེ་ལྷའི་སྟེང་གི་ཆ་ལ་བླ་མ་དང་དཀོན་མཆོག་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་རང་གི་སྙིང་གའི་འོད་ཀྱིས་སྤྱན་དྲངས། དེ་རྣམས་རིན་པོ་ཆེའི་ཁྲི་དང་པདྨའི་གདན་ལ་དགྱེས་པའི་གཟི་བྱིན་དང་ལྡན་པར་བཞུགས་པའི་ལྗགས་དང་། དགང་བླུག་རྡོ་རྗེ་རྩེ་གཅིག་པའི་འོད་ཀྱི་སྦུ་གུས་བདུད་རྩིའི་བྱོན་ཟན་ཕུལ་བ་གསོལ་བར་གྱུར། ན་མོ་རཏྣ་ཏྲ་ཡ་ཡཱ། བུདྡྷ་དྷརྨ་སངྒ་བྷྱཿ ཨཱོྃ་ཨགྣ་ཡེ་སྭཱ་ཧཱ། ལན་བདུན། བདག་ཅག་སློབ་མར་བཅས་པའི་སྡིག་སྒྲིབ་ཉེས་ལྟུང་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བྱོན་སྐྱེམས་འབུལ། ཨཱོྃ་བཛྲ་ཨརྒྷཾ་པཱ་དྱཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ན་མོ་གུ་རུ་བྷྱཿསོགས་ཀྱིས་རྫས་སྤུང་ངམ། སོ་སོར་ཇི་ལྟར་རིགས་པ་འབུལ་ཞིང་། སྐབས་སྐབས་སུ་གོང་བཞིན་སྤེལ་ཚིག་གིས་འདོད་དོན་གསོལ། སངས་རྒྱས་ཐམས་ཅད་སོགས་དང་། མགོན་པོ་ཐུགས་རྗེ་སོགས་ཀྱིས་བསྟོད། སླར་ཡང་སྙིང་གའི་འོད་ཀྱིས་མ་ཧཱ་གུ་རུ་བླ་མ་རིག་འཛིན་གྱི་ཚོགས་དང་བཅས་པ་སྐད་ཅིག་གིས་མདུན་གྱི་ནམ་མཁར་སྤྱན་དྲངས། དེ་རྣམས་རིན་ཆེན་སེང་ཁྲིའི་སྟེང་དུ་བརྟན་པར་བཞུགས་པའི་ལྗགས་དང་། དགང་བླུག་སོགས་སྔར་ལྟར་ལ། བྱོན་ཟན་འབུལ་སྔགས། ཨཱོྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཨཱོྃ་ཨགྣེ་ཡེ་སོགས་དང་། རྫས་སྤུང་ངམ་སོ་སོ་གང་ཡིན་ལ། ཨཱོྃ་མ་ཧཱ་གུ་རུ་པདྨ་སིདྡྷི་ཧོཿས་འབུལ་ལ། ཨཱོྃ་བཛྲ་ཨརྒྷཾ་སོགས་མཆོད་པ་དང་། མ་བཅོས་སྤྲོས་བྲལ་སོགས་དང་། འོག་མིན་ཆོས་དབྱིངས་སོགས་ཤ་ལོ་ཀ་རེས་བསྟོད་ཅིང་དཀོན་མཆོག་གསུམ་མཆོད་བཞིན་བསྐྱར་ནས་འབུལ། མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་ཐར་པ་ཆེན་པོའི་ཕོ་བྲང་གི་ནང་དུ་བདེ་གཤེགས་ཞི་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་དང་། དེའི་སྟེང་ཕྱོགས་སུ་དཔལ་ཆེན་ཁྲོ་བོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་བཞུགས་པར་གསལ་བར་གྱུར། བདག་དང་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་མཁའ་ཁྱབ་ཏུ་སྤྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས། བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿས་བསྟིམ། ལྷ་ཚོགས་རྣམས་ཀྱི་ལྗགས་དང་། དགང་བླུག་སོགས་གོང་ལྟར་ལ། ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ་ཛཿཧཱུྃ་བཾ་ཧོཿ ཨཱོྃ་ཨགྣ་ཡེ་སོགས་ཀྱིས་བྱོན་སྐྱེམས་དང་། ཧཱུྃ། དངོས་སུ་འབྱོར་དང་སོགས་ཀྱིས་མཆོད། བརྗོད་མེད་ཤེས་རབ་སོགས་ཀྱིས་བསྟོད། ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ་སོགས་ཤམ་བུ་བཅས་ཀྱིས་རྫས་སྤུང་ངམ་སོ་སོར་འབུལ། ཧཱུྃ། ཕྱོགས་བཅུ་རབ་འབྱམས་རྒྱལ་བའི་ཞིང་ཁམས་ན། །མཆོད་པའི་སྤྲིན་ཕུང་ནམ་མཁའི་མཐའ་ཀླས་པ། །དངོས་དང་ཡིད་ཀྱིས་རྣམ་འཕྲུལ་ཇི་སྙེད་ཀུན། །རྒྱལ་བ་ཞི་ཁྲོའི་ཚོགས་ལ་གུས་པས་མཆོད། །ཨཱོྃ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་སོགས་ཀྱིས་མཆོད། ཧཱུྃ། ཞི་བ་ལྷུན་གྱིས་གྲུབ་པ་ཡི། །རང་བཞིན་རྣམ་དག་དཀྱིལ་འཁོར་དུ། །ཕུང་པོ་ཉོན་མོངས་གནས་དག་པའི། །བདེ་གཤེགས་བཞི་བཅུ་གཉིས་ལ་བསྟོད། །ཆེ་མཆོག་གདོད་ནས་རྫོགས་སངས་རྒྱས། །གར་དགུའི་རོལ་པར་རབ་དགྱེས་ཤིང་། །སྣ་ཚོགས་རྣམ་པར་འཕྲུལ་པའི་བདག །ཁྲག་འཐུང་ལྔ་བཅུ་བརྒྱད་ལ་འདུད། །ཅེས་བསྟོད། གང་ཡང་བདག་བློ་སོགས་ཀྱིས་ནོངས་པ་བཤགས་ཤིང་གཤེགས་བསྡུ་བྱ། སླར་ཡང་ཐུགས་ཀའི་འོད་ཀྱིས་ནོར་ལྷ། ཆོས་སྐྱོང་། གཞི་བདག །འབྱུང་པོ་དང་བཅས་པ་མཆོད་སྦྱིན་གྱི་འོས་སུ་གྱུར་པའི་མགྲོན་རྣམས་ཐམས་ཅད་སྐད་ཅིག་གིས་སྤྱན་དྲངས་པ་ལ། སྲེག་རྫས་སོ་སོའི་བཞེད་རྒུར་འཆར་བའི་སྤྲིན་གྱིས་ཚིམས་ཤིང་མཉེས་པར་མོས་ལ། ན་མཿསརྦ་སོགས་ཀྱིས་རྫས་སྤུང་ངམ་སོ་སོར་འབུལ། མཆོད་སྦྱིན་དམ་པ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་སོགས་ཀྱིས་ཕྲིན་ལས་བཅོལ། བཛྲ་མུཿས་ཡས་མགྲོན་དང་། སརྦ་བྷཱུཏ་གཙྪས་མས་མགྲོན་རྣམས་རང་རང་གི་གནས་སུ་སོང་བར་བསམ། སླར་ཡང་མེ་ལྷ་ལ་གཏང་རག་གི་སླད་དུ། ནམ་མཁའ་མཛོད་ཀྱི་སྔགས་ཀྱིས་རྫས་སྤུང་ངམ་སོ་སོ་གང་ཡིན་ཇི་ལྟར་འོས་པ་དང་། ཨརྒྷཾ་སོགས་ཀྱིས་མཆོད། འཇིག་རྟེན་དབང་ཕྱུག་སོགས་ཀྱིས་བསྟོད། མ་འབྱོར་པ་དང་སོགས་ཀྱིས་བཤགས་ཤིང་། སྔགས་བརྗོད་པས་ཡེ་ཤེས་པ་རང་གནས་སུ་གཤེགས་ཤིང་། དམ་ཚིག་པ་འབར་བའི་རྣམ་པར་བསམ། ལེགས་བྱས་འདི་སོགས་དགེ་བ་ཀུན། །མི་གནས་བྱང་ཆུབ་ཆེན་པོར་བསྔོ། །འཁོར་འདས་ཀུན་ཁྱབ་འོད་གསལ་དབྱིངས། །ཡོངས་གྲོལ་ཆེན་པོའི་བཀྲ་ཤིས་ཤོག །ཅེས་པས་མཐའ་བརྒྱན། སློབ་མ་རྣམས་ཁྲུས་ནས་དབྱུང་། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་ཆུ་བོ་བཞིའི་རྦ་རླབས་ལ་འཕྱན་པ་རྣམས་གདོད་མའི་རྒྱལ་སྲིད་མཆོག་ལ་སྦྱོར་བའི་སླད་དུ། མཆོག་གསང་བླ་ན་མེད་པའི་དཀྱིལ་འཁོར་དུ་འཇུག་པའི་ཐོག་མར་ཐུན་མོང་མ་ཡིན་པའི་སྔོན་འགྲོ་སྟ་གོན་གྱི་ཆོས་རྣམས་ཞུ་བར་བགྱིའོ་སྙམ་པའི་ཐུགས་བསྐྱེད་པ་དང་བཅས་གསན་འཚལ། དེ་ལ་འདིར་ཐེག་པ་ཆེན་པོའི་སོགས་དབང་གཞུང་ལྟར། ནམ་འདོར་མི་ཤེས་པས་འཇིག་པར་སླ་ལ། རྒྱུ་འབྲས་མི་བསླུ་བའི་ངེས་པ་སོ་སོར་སྨིན་ཞིང་། མ་བྱས་པའི་ལས་དང་མི་འཕྲད། བྱས་པའི་དངོས་པོ་ཆུད་མི་ཟ་བར་ཡང་ནས་ཡང་དུ་འཁོར་ཞིང་སྨིན་ནས། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་ལས་ཐར་བ་ཞིག་ད་རེས་མ་འགྲུབ་ན། ནམ་བཞག་གཏན་གྱི་འདུན་མ་སྟོར་བ་ཡིན་པས། ད་ལྟ་བསྐལ་པ་བཟང་པོའི་མཐུན་རྐྱེན་དོན་གཉིས་བསྒྲུབ་ནུས་པའི་རྒྱུ་ཚོགས་འཛོམ་པའི་སྐབས་འདིར་ཅི་ནས་ཀྱང་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་བརྩོན་དགོས་པ་ལགས། དེའང་གང་ཟག་གི་བློའི་ཁྱད་པར་དང་འཚམ་པར་འཇུག་སྒོའི་ཐེག་པ་བགྲངས་ལས་འདས་པར་བསྟན་པ་ཐམས་ཅད་ཀྱང་བསྡུ་ན་ཐེག་པ་ཆེ་ཆུང་གཉིས་སུ་འདུ་བ་ལས། འདིར་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ལམ་ཟབ་མོ། སྐལ་ལྡན་ཡང་རབ་ལོ་ཟླ་ཙམ་གྱིས་གདོད་མའི་གཞི་དབྱིངས་སུ་གྲོལ་བར་བྱེད་པའི་མཆོག་གསང་བླ་ན་མེད་པ། ཐེག་པ་ཐམས་ཅད་ཀྱི་རྩེ་མོ། དུས་གསུམ་གྱི་རྒྱལ་བ་ཡོངས་ཀྱི་གཤེགས་ཤུལ། ཡང་ཏི་རྫོགས་པ་ཆེན་པོ་མན་ངག་སྡེའི་ཉིང་ཁུ། སངས་རྒྱས་ཀུན་དངོས་ཨོ་རྒྱན་བླ་མ་པདྨ་འབྱུང་གནས་ཀྱི་བཀའ་སྲོལ། རིག་འཛིན་མཁའ་འགྲོ་རྒྱ་མཚོའི་ཐུགས་ཁྲག །མངའ་བདག་སྲས་མོ་ལྷ་ལྕམ་པདྨ་གསལ་གྱི་རྣམ་འཕྲུལ་སྤྲུལ་སྐུ་རིན་ཆེན་ཚུལ་རྡོར་རམ་པདྨ་ལས་འབྲེལ་རྩལ་གྱིས་ལྡང་ལྷ་ཁྲ་མོ་བྲག་ནས་སྤྱན་དྲངས་པ། ཤར་གཏེར་སྨིན་པ་འབྲས་བུ་ལྟ་བུའི་ཆོས་སྡེ་ཟབ་མོ་མཁའ་འགྲོ་སྙིང་ཐིག་གི་རྩ་བ་ལ། ཀུན་མཁྱེན་ཆེན་པོ་དྲི་མེད་འོད་ཟེར་གྱི་དགོངས་པའི་ཀློང་སྒྲོམ་འོད་གསལ་དབྱིངས་ཀྱི་ཀློང་མཛོད་ལས་བྱུང་བས་གནད་རྒྱས་པར་བཀྲལ་པ། ཡང་ཟབ་མཁའ་འགྲོ་ཡང་ཏིག་ཡིད་བཞིན་ནོར་བུའི་སྐོར་ལས་བྱོན་པའི་སྨིན་བྱེད་རིན་པོ་ཆེ་དབང་གི་ཕྲེང་བ། གྲོལ་བྱེད་གདམས་ཁྲིད་དང་བཅས་པ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཀྱིས་བརྒྱན་པ་ཉིད་བསྒྲུབ་པའི་སྐབས་སུ་བབ་པ་སྟེ། དེ་ལའང་སྔོན་འགྲོ་དམ་ཚིག་ཉམས་ཆག་སྐོང་བའི་ལུང་དབང་། དངོས་གཞི་སྒོ་འབྱེད་མཁའ་འགྲོའི་བརྡ་དབང་། བྱིན་རླབས་བླ་མའི་ལམ་དང་འབྲེལ་བའི་བུམ་གསང་ཤེར་ཡེ་བཞི་པའི་དབང་། ཁྱད་པར་ཀ་དག་གི་རྩལ་དབང་། ལྷུན་གྲུབ་རིག་པའི་རྩལ་དབང་། མཁའ་འགྲོ་དོན་གྱི་དབང་། གཞན་དོན་རྗེས་འཛིན་གྱི་བཀའ་གཏད། བརྒྱུད་འཛིན་ལ་གཏད་རྒྱ། བར་ཆད་སྲུང་ཕྱིར་བཀའ་སྲུང་བཀའ་གཏད་དེ། དབང་གི་རྩ་བ་བརྒྱད་ལ། ཡན་ལག་གི་རྣམ་གྲངས་བཞི་དང་བཅས་པ་བཞུགས་པ་ལས། ཡན་ལག་གི་རིམ་པ་དག་བྱེད་སྤྱི་ཁྲུས་ཀྱི་དབང་སྔོན་དུ་འགྲོ་བས། དངོས་གཞིའི་དང་པོ་མཁའ་འགྲོའི་བརྡའི་དབང་བསྐུར་བ་དང་། གཉིས་པ་སྤྲོས་བཅས་བུམ་པའི་དབང་བསྐུར་བ་ལ། ཐུན་མོང་དང་། ཐུན་མིན་གྱི་སྔོན་འགྲོ་གཉིས་སུ་འབྱུང་བ་ལས། ཐུན་མོང་གི་སྔོན་འགྲོ་བཅས་སྔ་མ་གསུམ་ལེགས་པར་གྲུབ་ཟིན་ནས། ད་ལམ་བུམ་དབང་གི་ཐུན་མོང་མ་ཡིན་པའི་སྔོན་འགྲོ་སློབ་མ་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ། བླ་མ་དཀྱིལ་འཁོར་གྱི་དབང་ཕྱུག་ཆེན་པོར་བཞུགས་པའི་དྲུང་དུ། ཐར་པ་མཆོག་གི་གྲོང་ཁྱེར་ཆེན་པོར་བདག་ཅག་འཇུག་པར་འཚལ་ན། སྤྲོ་དགའ་དང་བཅས་པས་སོ་བྱང་སྔགས་གསུམ་གྱི་སྡོམ་པ་དང་དམ་ཚིག་གི་རིམ་པ་རྣམས་སྩོལ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་མ་དུས་གསུམ་སོགས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པའི་ལན་དུ་སྤྲོ་བ་བསྐྱེད་ཅིང་རྗེས་སུ་གདམས་པ་འདི་ལ་སྙན་གཏོད་ཅིག །ཀྱེ་མ་སྣོད་དང་སོགས། སྔགས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་རྟེན་རྒྱུད་སྡོམ་པ་གསུམ་ལྡན་དུ་བསྒྲུབ་དགོས་པས། དེ་ལ་ཐོག་མར་སྡོམ་པ་ཐམས་ཅད་ཀྱི་གཞི་རྟེན་སྐྱབས་སུ་འགྲོ་བ་ལ། མདུན་གྱི་ནམ་མཁར་དཀོན་མཆོག་རྒྱ་མཚོ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར། ཕྱི་ལྟར་ན་སངས་རྒྱས་ཆོས་དང་དགེ་འདུན། ནང་ལྟར་ན་བླ་མ་ཡི་དམ་མཁའ་འགྲོ་སྟེ་དཀོན་མཆོག་རྩ་བ་གསུམ་པོ་ལ། འདི་ནས་བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས། ཐལ་མོ་མེ་ཏོག་དང་བཅས་འདིའི་རྗེས་ཟློས། ཕྱོགས་བཅུའི་སངས་རྒྱས་སོགས་སྐྱབས་འགྲོ་ཚན་གསུམ་པོ་མི་སྦྲེལ་བར་སོ་སོར་ལན་གསུམ་རེ་བྱ། དེས་སྐྱབས་སུ་འགྲོ་བ་སྔོན་དུ་སོང་ནས། སྒོ་གསུམ་ཉེས་སྤྱོད་ལས་སྡོམ་པ་སོ་སོ་ཐར་པའི་སྡོམ་པ་རྣམས་བླངས་ནས་བསྲུང་སྙམ་པས་འདིའི་རྗེས་ཟློས། བླ་མ་ཀུན་བཟང་སོགས་ལན་གསུམ། ནང་བྱང་ཆུབ་སེམས་དཔའི་སྡོམ་པ་གཟུང་བའི་སླད་དུ་འབྲས་བུ་ལ་དམ་བཅའ་བ་སྨོན་པའི་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོ༔ བླ་མ་ཀུན་བཟང་སོགས་ལན་གསུམ། དེ་ལྟར་ཡུལ་དུ་གྱུར་པའི་འགྲོ་བ་རྣམས་ཀྱི་དོན་དུ་བདག་གིས་བླ་ན་མེད་པའི་ལམ་འདིར་ཞུགས་ནས་བསླབ་པ་རྣམས་ལ་སློབ་ཅིང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྒྲུབ་པའི་སླད་དུ་སྨིན་བྱེད་ཀྱི་རིམ་པ་ཟབ་མོ་ཞུ་སྙམ་པའི་རྒྱུ་ལ་དམ་བཅའ་བ་འཇུག་པའི་སེམས་བསྐྱེད་པ་འདིའི་རྗེས་ཟློས། སྔོན་གྱི་རྒྱལ་བ་སོགས་ལན་གསུམ། གསང་བ་རིག་པ་འཛིན་པའི་སྡེ་སྣོད་ཀྱིས་བསྡུས་པ་རིགས་ལྔའི་སྡོམ་པ་དང་དམ་ཚིག་རྣམས་བླངས་ཤིང་སྲུང་སྡོམ་བགྱིད་སྙམ་པའི་དམ་བཅའ་བརྟན་པོས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ནི་སོགས་ལན་གསུམ། སླར་ཡང་ད་ལྟ་འདིར་རྒྱལ་བ་སྲས་བཅས་སྡོམ་པའི་རྟེན་དང་དཔང་པོར་བཞུགས་པའི་སྤྱན་སྔར། ཇི་སྐད་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་རྣམས་མི་ཉམས་པར་བསྲུང་ཞིང་འཛིན་པར་ནན་ཏན་གྱི་སྒོ་ནས་གཡར་དམ་དུ་ལེན་པའི་བློས་འདིའི་རྗེས་ཟློས། ཡར་མཆོད་གུས་ཤིང་སོགས་ལན་གསུམ། སྒོ་གསུམ་ཐ་མལ་པ་དབང་བསྐུར་བའི་རྟེན་དུ་མི་རུང་བས། སློབ་མ་རྣམས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ། ཞལ་གཅིག་ཕྱག་གཉིས། གཡས་རྡོ་རྗེ་ཐུགས་ཀར་གཏོད་དེ་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་། སྣང་སྟོང་སྒྱུ་མ་ལྟ་བུའི་སྐུར་གསལ་བའི་གནས་གསུམ་དུ་དྲིའི་ཐིག་ལེ་བཀོད་པ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་འདུས་ཀྱི་ཡིག་འབྲུ་གསུམ་དུ་གྱུར་པས་མཚན་པར་མོས། འབྲུ་གསུམ་བརྗོད་བཞིན་ཐིག་ལེ་བཀོད། དེ་ལྟར་གསལ་བའི་གནས་གསུམ་གྱི་ཡིག་འབྲུ་གསུམ་དང་། སློབ་དཔོན་གྱི་གནས་གསུམ་ལས་འོད་ཟེར་འཕྲོས་པས་རྡོ་རྗེ་གསུམ་གྱི་ལྷ་ཚོགས་ནམ་མཁའ་གང་བ་སྤྱན་དྲངས་ནས། ཁྱེད་རང་རྣམས་ཀྱི་སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས་པར་མོས། སྔགས་བརྗོད་ཅིང་རོལ་མོ་དང་བཅས་པས་བྱིན་དབབ། སླར་ཡང་དཔོན་སློབ་གཉིས་ཀའི་ཐུགས་ཀའི་འོད་ཀྱིས་རིགས་ལྔའི་སངས་རྒྱས་དང་། བླ་མ་ཡི་དམ་དཔག་ཏུ་མེད་པ་ཆར་བབ་པ་བཞིན་དུ་བྱོན་པ་རྣམས་སློབ་མའི་སྤྱི་བོ་ནས་མར་ཐིམ་པས་ཕུང་པོའི་ཞེན་པ་སྦྱངས་ནས། ཡེ་ཤེས་ལྔའི་རང་བཞིན་དུ་བྱིན་གྱིས་བརླབས་པའི་ངེས་ཤེས་སྐྱེད་ཅིག །ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿསོགས་དང་སྤོས་རོལ་གྱིས་བྱིན་དབབ། སླར་ཡང་རིགས་ལྔའི་སངས་རྒྱས་དཔག་ཏུ་མེད་པ་བྱོན་ནས་ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་དབང་བསྐུར་པས། བདུད་རྩིའི་རྒྱུན་གྱིས་ལུས་གང་བར་མོས་པས་བདུད་རྩི་ལྗགས་ཐོག་ཏུ་མྱོང་མཛོད། བདུད་རྩི་སྦྱིན། དངོས་གྲུབ་ཀྱི་སྐལ་བ་བརྟག་པའི་དོན་དུ། དཀྱིལ་འཁོར་གྱི་ཤར་ལྷོ་རུ་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་མེ་ཏོག་གི་ཚོམ་བུ་བཀོད་པའི་རྭ་བར། སོ་ཤིང་མཐོ་གང་སོགས་ནས། ཚོམ་བུའི་སྟེང་དུ་ལྟོས་པ་མེད་པར་སྐྱུར་འཚལ། དེ་ལྟར་དོར་བས་སོ་ཤིང་ཕྱོགས་བཞི་དབུས་དང་སོགས་ནས། བལྡབ་ལ་བསྐྱར་དགོས་པར་གསུངས་སོ། །ཟབ་མོའི་ལམ་འདིར་ཞུགས་པ་ལས་ཕྱིར་མི་ལྡོག་པའི་ཕྱིར་ཆོས་མིན་གྱི་བློ་མི་སྐྱེ་ཞིང་། ཡང་དག་པའི་ལམ་ལ་བློ་དད་ཅིང་སྤྲོ་བ་བསྐྱེད་པའི་ཕྱིར་ཟབ་མོའི་ཆོས་བཤད་པ་འདི་ལ་གསན་འཚལ། ཀྱཻ། རིགས་ཀྱི་བུ་རྣམས་སོགས། དངོས་གྲུབ་ཀྱི་ལྟས་རྨི་ལམ་གྱི་སྒོ་ནས་བརྟག་པ་ལ་བར་ཆད་བསྲུང་བའི་དོན་དུ། སྲུང་སྐུད་དམར་པོ་ལྔ་བསྒྲིལ་སོགས་ནས། གཡས་སུ་བཅིངས་པས་བར་ཆད་ཐམས་ཅད་རབ་ཏུ་བསྲུང་བར་གྱུར་པར་མོས། ཨཱོྃ་ཨཱཿཧཱུྃ། ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཛཿ ཞེས་བཟླས་པས་བསྔགས་པའི་སྲུང་སྐུད་བཅིངས། རྨི་ལམ་མི་འཁྲུགས་ཤིང་གསལ་བའི་ཕྱིར། འབྲུ་གསུམ་གྱི་བྱིན་གྱིས་བརླབས་པའི་ཀུ་ཤའི་ཆུན་པོ་ཆེ་ཆུང་ཚན་གཉིས་བྱིན་པས་ཆེ་བ་ལག་གཡས་སུ་སྟན་དང་། ཆུང་བ་གཡོན་པས་སྔས་ཀྱི་དོན་དུ་ཟུངས་ཤིག །འབྲུ་གསུམ་བརྗོད་ཅིང་བྱིན། དོ་ནུབ་ཚོགས་དང་གཏོར་མ་སྔོན་དུ་འགྲོ་བས་བླ་མ་དང་དཀྱིལ་འཁོར་ལ་མགོ་ཕྱོགས་པས་སེང་གེའི་ཉལ་སྟབས་སུ་བྱས་ཏེ། བླ་མ་དང་རིགས་ལྔའི་སོགས་ནས། གསོལ་བ་བཏབ་ལ༔ཉལ་བས། བཟང་ངན་གྱི་མཚན་མ་རྨི་ལམ་དུ་ལུང་སྟོན་པར་འགྱུར་ཞིང་། བཟང་བར་བྱུང་ན་སྐལ་ལྡན་དུ་ཤེས་པ་དང་། ངན་ན་ཚོགས་གཏོར་གྱིས་ཟློག་པའི་ཐབས་དང་། བདེན་མེད་དུ་ཤེས་པས་ཆོས་ཉིད་ཀྱི་དོན་བསྒོམས་པས་ཞི་བར་འགྱུར་རོ། །དེ་རྣམས་ཀྱིས་སྔོན་འགྲོ་ཐུན་མིན་སྟ་གོན་གྱི་རིམ་པ་ལེགས་པར་གྲུབ་པ་སོགས་ཀྱིས་དགེ་བསྔོ་བྱས་ལ་སློབ་མ་གྱེས། གཞུང་དུ་མི་གསལ་ཡང་གསང་བ་སྤྱིའི་འགྲོས་བཞིན་སློབ་དཔོན་གྱིས། ཚོམ་བུའི་ལྷ་མདུན་གྱི་ནམ་མཁར་འོད་ཀྱི་དཀྱིལ་འཁོར་དུ་བཞུགས་པར་མོས་ལ། གོང་གསལ་ཚོགས་མཆོད་བཏང་རྗེས། ཉེར་སྤྱོད་ཀྱིས་མཆོད་ཅིང་། བརྗོད་མེད་ཤེས་རབ་སོགས་ཀྱིས་བསྟོད། ཡིག་བརྒྱས་ནོངས་པ་བཤགས་ཤིང་བརྟན་ལ་ཚོམ་བུ་བསལ། བསྔོ་སྨོན་ཤིས་བརྗོད་བཅས་བྱའོ། །ཐིག་ཚོན་ཀྱི་བྱ་བ་སོགས་རས་བྲིས་ཀྱི་ཕྱོགས་སུ་མ་བྱས་ཀྱང་མི་འགལ། བཤམས་བཀོད་གྲུབ་ནས། ཕྱིར་ནངས་སྔར་ལྟར་བརྒྱུད་འདེབས། སྐྱབས་སེམས། སྟ་གོན་སྐབས་ལྟར་བདག་བསྐྱེད་མཐར་མདུན་བསྐྱེད་བསྒྲུབས་ནས་བསྟོད་པའི་རྗེས། གཏོར་མ་སྭ་བྷཱ་ཝས་སྦྱང་། འབྲུ་གསུམ་བརྗོད་པས་བྱིན་གྱིས་བརླབས་ནས། བཛྲ་གུ་རུ་དང་། ཞི་ཁྲོའི་སྤྱི་སྔགས་སོ་སོར་གཏོར་སྔགས་བཏགས་པས་བླ་མ་ཡི་དམ་དང་། གཏེར་བདག་དམ་ཅན་མཁའ་འགྲོ་སྤྱི་རྣམས་ལ་ནམ་མཁའ་མཛོད་ཀྱི་སྔགས་ལན་གསུམ་རེས་གཏོར་མ་དབུལ། བུམ་པའང་སྔར་སྟ་གོན་ལྟར་བསྒྲུབ། ལས་བུམ་དུ་རྡོར་སེམས་བསྐྱེད་སྒྲུབ་བྱ། སླར། ཨཱོྃ་བཛྲ་ཨརྒྷཾ་པཱ་དྱཾ་སོགས་ཀྱིས་མཆོད། བརྗོད་མེད་ཤེས་རབ་སོགས་ཀྱིས་བསྟོད། སྐབས་འདིར་ཤན་པ་སྲོག་སྒྲུབ་མའི་གཏོར་འབུལ་གལ་ཆེ་ཞིང་། འདི་ཕྱིན་དབང་ཁྲིད་རྣམས་སྦྲེལ་ནས་བསྐུར་སྐབས། ༼འདོད་བུམ། 609༽ལྟར་ཤན་པ་སྲོག་སྒྲུབ་མའི་དབང་སྒྲུབ་ཟུར་གསལ་ལྟར་དང་། ལྡང་ལྷའི་གཏོར་འབུལ་བཅས་སྦྱར། བཀྲ་ཤིས་ཇི་ལྟར་རིགས་པས་མངའ་དབུལ་ནས། བུམ་དབང་གི་འཇུག་པ་དངོས་ནས་ཚིག་དབང་རྫོགས་པའི་བར་དཔེ་འབྱོར་ན་བདག་འཇུག་པདྨ་ཀློང་ཡངས་ལྟར་མདོར་བསྡུས་པའི་ཚུལ་ལམ། རིག་པའི་མེ་ཏོག་དོར་བས་བདག་ཉིད་དཀྱིལ་འཁོར་དུ་ཞུགས་ནས། སློབ་མ་གཞུག་པའི་གནང་བ་ཞུ། སྤྲོས་བཅས་བུམ་དབང་གི་དངོས་གཞིའི་སྦྱོར་བ་ནི། སློབ་དཔོན་དང་དཀྱིལ་འཁོར་ཡོལ་བས་སྒྲིབ་པའམ། སྒོ་བཅད་པའི་ཕྱི་རོལ་དུ། ལས་རྡོར་གྱིས་སློབ་མ་རྣམས་ཁྲུས་ནས་དབྱུང་སྟེ་འདི་སྐད་བརྗོད། སྔོན་ཆད་གཉིས་འཛིན་མ་རིག་པས་བསྒྲིབས་པས་ཤེས་རབ་ཀྱི་མིག་ལྡོངས་པས་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་མ་མཇལ་བའི་བརྡར་གདོང་གཡོགས་བཅིང་འཚལ། འབྲུ་གསུམ་གྱིས་གཏད། ཁྱེད་རང་རྣམས་ཕྱག་ལུ་གུ་རྒྱུད་དུ་སྦྲེལ་ཏེ་ལས་ཀྱི་རྡོ་རྗེའི་ཕྱག་གི་རྡོ་རྗེ་ལ་བཟུང་ཞིང་། དཀྱིལ་འཁོར་གྱི་ཕྱི་རོལ་ནས་བསྐོར་བ་ལན་གསུམ་མཛད་འཚལ། བསྐོར་བ་གསུམ་བྱས་ལ། དེ་ནས་སྒོ་སྲུང་ཁྲོ་བོའི་དབང་པོ་ལ་ཡེ་ཤེས་རིན་པོ་ཆེའི་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དུ་འཇུག་པའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱཻ༔ ཁྲོ་བོ་མི་བཟད་སོགས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་སྣོད་ཀྱི་སྐལ་བ་བརྟག་པའི་སླད་དུ་སློབ་དཔོན་གྱིས་དྲི་བ་བགྱིད་པ་ལན་གྱི་སྒོ་ནས་ལན་གསུམ་དུ་བགྱིད་པ་ནི། ཁྱེད་ཅག་སུ་ཡིན་ཅི་ཞིག་བྱེད། དེའི་ལན་དུ་འདི་སྐད་གསུང་འཚལ། བདག་ནི་སྐལ་ལྡན་སོགས་དྲིས་ལན་ཚར་གསུམ་བྱ། དེས་སྣོད་དང་ལྡན་པར་རིག་སྟེ། དཀྱིལ་འཁོར་གྱིས་བར་ཆད་མཐའ་དག་བསལ་ཞིང་། བསྲུང་བའི་རིམ་པ་སློབ་དཔོན་གྱིས་བགྱིད་པ་ཡིན་པས། ཁྱེད་རང་རྣམས་ཀྱིས་ཉམས་ཆག་བཤགས་ཤིང་གསོལ་བ་འདེབས་པའི་སྒོ་ནས་ཡི་གེ་བརྒྱ་པ་གསུང་འཚལ། ཡིག་བརྒྱ་འུར་འདོན་བྱར་གཞུག །དེའི་སྐབས་སློབ་དཔོན་གྱིས་བགེགས་ལ་གཏོར་མ་བསྔོ་ཞིང་བཀའ་བསྒོ་གུལ་ཡུངས་དྲག་སྔགས་ཀྱིས་བསྐྲད་ཅིང་སྲུང་འཁོར་བསྒོམ། སླར་ཡང་ཐར་པ་ཆེན་པོའི་ཕོ་བྲང་དུ་འཇུག་པའི་སླད་དུ་མཎྜལ་ལན་གྲངས་ལྔའི་བར་དུ་འབུལ་འཚལ། དེ་ལྟར་མཎྜལ་སྔོན་དུ་འགྲོ་བས་ཐལ་མོ་མེ་ཏོག་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱཻ༔ རིགས་ལྔ་བདེ་བར་སོགས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་ཐུགས་རྗེ་ཚད་མེད་པས་ཡེ་ཤེས་ཀྱི་སྒོ་ཕྱེས་ཏེ། བདེ་གཤེགས་སྙིང་པོའི་དཀྱིལ་འཁོར་ཆེན་པོར་ཞུགས་པར་མོས་པས་ནང་དུ་འོང་ནས། བླ་མ་ཁྱབ་བདག་སྐུ་རྡོ་རྗེའི་བདག་ཉིད་ཅན་དུ་བཞུགས་པ་དང་། དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་རྗེས་གཟིགས་པའི་སྤྱན་སྔར་ཕྱག་འཚལ་ཞིང་མེ་ཏོག་ཕུལ་ནས་རང་རང་གི་གྲལ་དུ་འཁོད་པར་མཛོད་ཅིག །སླར་ཡང་དཀྱིལ་འཁོར་དབང་ཕྱུག་རྡོ་རྗེ་སློབ་དཔོན་མཆོག་ལ་གུས་པ་བསྐྱེད་དེ། ནན་ཏན་གྱི་སྒོ་ནས་ཞུ་བ་འབུལ་བའི་དོན་དུ་ཐལ་མོ་མེ་ཏོག་དང་བཅས་པས་འདིའི་རྗེས་ཟློས། ཀྱཻ༔ བླ་མ་རྡོ་རྗེ་སོགས་ལན་གསུམ། དེའི་ལན་དུ་སྤྲོ་བ་བསྐྱེད་ཅིང་གནང་བ་སྦྱིན་པ་ནི། ཀྱཻ་མ༔ ཁྱོད་ནི་སྣོད་མཆོག་སོགས། སླར་ཡང་འདོད་པའི་དོན་ལ་ནན་ཏན་རྩེ་གཅིག་གིས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བདག་ནི་འབྲས་བུ་སོགས་ལན་གསུམ། འདི་ལྟར་གསང་བ་བླ་ན་མེད་པའི་དཀྱིལ་འཁོར་བཟང་པོ་འདིར་ཞུགས་པས་དངོས་གྲུབ་དམ་པ་འཐོབ་པར་འགྱུར་ཞིང་། འདི་ལྟ་བུའི་ཐབས་ཚུལ་ཟབ་མོ་དཀྱིལ་འཁོར་གཉན་པོ་མ་མཐོང་བ་རྣམས་ལ་རླུང་ཕྱོགས་ཙམ་དུའང་མི་སྨྲ་བར་གདམས་ཤིང་། ཁེ་ཉེན་གྱི་གནད་བསྒྲག་པ་འདི་ལ་གསན་འཚལ། ཨེ་མ་ཨེ་མ་སོགས། སླར་ཡང་དམ་ཚིག་གི་དཔང་པོར་རྡོ་རྗེའི་མནའ་ཆུ་ལྕེ་ལ་བཞག་པ་སྙིང་དབུས་སུ་ཐིམ་པར་མོས་ལ། དེང་ཕྱིན་ཆད་གསང་དམ་གཉན་པོ་ཚུལ་བཞིན་དུ་བསྲུང་ཞིང་། རྡོ་རྗེ་སློབ་དཔོན་གྱི་བཀའ་ལས་ནམ་ཡང་འདའ་བར་མི་རུང་བའི་དོན་ཐུགས་ལ་ངེས་འཚལ། འདི་ནི་ཁྱོད་ཀྱི་སོགས། རྒྱུད་བྱིན་གྱིས་བརླབ་པའི་ཕྱིར་ཡེ་ཤེས་པའི་བྱིན་དབབ་པ་ཡིན་པས། སློབ་མ་རྣམས་ལུས་གནད་རྣམ་སྣང་གི་ཆོས་བདུན་དང་ངག་གནད་རླུང་རང་བབས་སུ་ཞོག །ཡིད་ཀྱི་གནད་མ་ཡེངས་པར་སྙིང་གི་ནང་དུ་སོགས་ནས། འཁོར་བ་ལ་དམིགས་པ་རྩེ་གཅིག་ཏུ་གཏད་པས། སློབ་དཔོན་གྱི་ཐུགས་ཀའི་ས་བོན་སོགས། གར་བྱེད་པར་བསམ་ལ། རིག་པ་བཟོ་མེད་ཀྱི་ངང་དུ་མཉམ་པར་ཞོག་ཅིག །འབེབ་རྫས་བདུག་ཅིང་། ཨཱོྃ་ཨཱཿཧཱུྃ། ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ་སིདྡྷི་ཕ་ལ་ཧཱུྃ་ཛཿ ཞེས་དྲག་ཏུ་བཟླ་ཞིང་རོལ་མོའི་སྒྲ་དང་བཅས་པས་བྱིན་དབབ། དེ་ལྟར་བྱིན་དབབ་པས་ཡེ་ཤེས་པ་ཕེབས་པའི་རྟགས་སུ་སོགས་ནས། ཅན་སྐྱེ་བ་ལ་སོགས་འབྱུང་བ་ཡིན་ནོ། །ནང་ཡེ་ཤེས་ཀྱི་གསང་སྒོ་འབྱེད་པའི་ཕྱིར་དཀྱིལ་འཁོར་གྱི་ཕྱོགས་བཞི་ནས་སྒོ་མ་བཞི་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱཻ༔ ཤར་སྒོ་སྲུང་བའི་སོགས་རིམ་བཞིན་སྒོ་བཞིར་བྱ། ཁྱེད་རང་རྣམས་ཀྱི་ཕྱག་ཏུ་མེ་ཏོག་མ་ཉམས་པ་རེ་ཐོགས་ལ། སྔོན་ནས་འབྲེལ་ཞིང་ཐུགས་རྗེས་འཛིན་པའི་རིགས་ཀྱི་ལྷ་གང་ཡིན་པས་བཞེས་སུ་གསོལ་སྙམ་པའི་འདུན་པས་འདིའི་རྗེས་ཟློས་དང་བཅས། དཀྱིལ་འཁོར་ཆེན་པོར་འབུལ་བའི་བློས་ཕྱག་རྒྱའི་དཀྱིལ་འཁོར་དུ་འབུལ་འཚལ། ཀྱཻ༔ བདེ་གཤེགས་རིགས་ལྔའི་སོགས། སྤྱི་ཙམ་དུ། དེ་ལྟར་ཕུལ་པའི་མེ་ཏོག་གང་དུ་བབས་ཀྱང་དཀྱིལ་འཁོར་གྱི་ཁྱབ་བདག་ཆེན་པོའི་ཡེ་ཤེས་ཀྱི་སྐུ་དབྱིངས་ལས་མ་འདས་པས། ཁྱེད་རང་རྣམས་ཀྱི་ལྷག་པའི་ལྷར་སྟོན་པ་ཀུན་ཏུ་བཟང་པོ་རྣམ་པར་སྣང་མཛད་ཉིད་དུ་ཟུངས་ལ་ཡི་དམ་གྱི་ལྷ་རུ་ངོ་ཤེས་པར་གྱིས་ཤིག །ཅེས་གདམས། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་སློབ་མའི་མིག་ལ་ཕོག་པས། ཚེ་རབས་ནས་བསགས་པའི་མ་རིག་པའི་སྒྲིབ་པ་དང་མིག་དར་ལྷན་ཅིག་ཏུ་བསལ་བར་མོས། གསེར་ཐུར་ཐོགས་ལ། སྟོན་པ་རིགས་ལྔའི་སོགས། དེ་ལྟར་སྒྲིབ་བྲལ་ཡེ་ཤེས་ཀྱི་སྤྱན་ཐོབ་པ་ལ་བལྟ་བར་བསྐུལ་ཞིང་། དཀྱིལ་འཁོར་དང་ལྷའི་རྣམ་དག་བཤད་པ་འདི་ལ་སྙན་གཏོད་ཅིག །ཀྱེ་མ་རིགས་ཀྱི་སོགས་ནས། རང་བཞིན་གྱིས་འབེབ་པའི་རྟགས་སོ། །དེ་ལྟར་སྣང་བའི་དོན་རྟགས་ཀྱི་དཔེས་མཚོན་ཏེ། ལྷུན་གྲུབ་ཡེ་ཤེས་རིགས་ལྔ་རྒྱལ་བའི་དཀྱིལ་འཁོར་མ་བཀོད་གདོད་ནས་རྫོགས་པའི་ལྷ་ཞལ་མངོན་སུམ་དུ་མཐོང་ཞིང་། དེ་ལྟ་བུའི་དཀྱིལ་འཁོར་བའང་གཞན་དུ་མ་གྲུབ་པར་རང་བྱུང་རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་གདན་གསུམ་ཚང་བའི་ཞི་ཁྲོ་རྒྱལ་བའི་དཀྱིལ་འཁོར་བར། ཡེ་གནས་རང་བྱུང་གསལ་རྫོགས་སུ་བཞུགས་པའི་བརྡ་དོན་ངོ་སྤྲད་པའི་དོན་ཐུགས་ལ་ངེས་འཚལ། དེ་རྣམས་ཀྱིས་སྤྲོས་བཅས་བུམ་དབང་གི་སྦྱོར་བའི་ཆོས་འཁོར་དང་བཅས་པ་གྲུབ་ནས། གཉིས་པ་བུམ་པའི་དབང་བསྐུར་བ་དངོས་གཞི་ལ། ལྷ་དང་ལས་ཀྱི་འབྲེལ་བའི་དབང་། རིགས་ཀྱི་བདག་པོའི་དབང་། འདུ་འབྲལ་མེད་པ་ཀུན་ཏུ་བཟང་པོའི་དབང་། ཡེ་ཤེས་རྣམ་དག་ཆུའི་དབང་། དེ་ཉིད་མཚོན་པ་བརྡའི་དབང་། གཤིས་ཀྱི་ངོ་བོ་དོན་གྱི་དབང་། བརྟན་ཅིང་མཐར་ཕྱིན་པ་དམ་ཚིག་གི་དབང་བཅས་རྣམ་པ་བདུན་འབྱུང་བ་ལས། དེ་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ། དཀྱིལ་འཁོར་གྱི་ཁྱབ་བདག་རྡོ་རྗེ་སློབ་དཔོན་ལ་མི་ཕྱེད་གུས་པས་ཕྱག་འཚལ་ཞིང་། མེ་ཏོག་འབུལ་བ་དང་བཅས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀུན་བཟང་ཡབ་ཡུམ་སོགས་ལན་གསུམ། ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་སྒོར་དབང་སྟེགས་སེང་གེའི་ཁྲི་ལ་འཁོད་པར་གྱུར་པ་ལ། དང་པོ་ལྷ་དང་ལས་ཀྱི་འབྲེལ་བའི་དབང་བསྐུར་བ་ཡིན་ཏེ། ཀློང་གསལ་ལས། མེ་ཏོག་གང་ལ་ཕོག་པ་ཡི། །རིགས་སྦྱོར་རིག་པའི་དབང་ལྔ་བསྐུར། །ཞེས་འབྱུང་བ་བཞིན་བགྱིད་པ་ལ་དམིགས་འདུན་འདི་ལྟ་བུ་མཛོད། སློབ་མ་རྣམས་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་གནས་ལྔར་རིགས་ལྔའི་རྒྱལ་ཡབ་ཡུམ། ཡན་ལག་བཞི་ལ་སྒོ་མ་བཞི་དང་བཅས་པར་གསལ་བ་ལ། སྔར་ཕུལ་པའི་མེ་ཏོག་དེ་ཉིད་རིགས་ཀྱི་ལྷའི་ངོ་བོར་བྱིན་གྱིས་བརླབས་ཏེ་སྤྱི་བོར་བཅིངས་པར་མོས། མེ་ཏོག་གང་ལ་སོགས་ནས། འདི་ཡིན་པས། ལུས་ཐ་མལ་དུ་འཛིན་པའི་བག་ཆགས་ལྡོག་ནས་ཡི་དམ་གྱི་ལྷ་དང་གཉིས་སུ་མེད་པར་གྲོལ་བའི་ཕྱིར། བསྐྱེད་པའི་རིམ་པ་འདི་ལྟར་བསྒོམ་དགོས་པ་ཡིན་ཏེ། ཁྱེད་རང་རྣམས་ཀུན་བཟང་ཡབ་ཡུམ་མཐིང་ག་འཁྲིལ་སྦྱོར། ཕྱག་མཚན་ཡབ་རྡོ་རྗེ་དྲིལ་བུ། ཡུམ་གྲི་གུག་ཐོད་པ་འཛིན་པ། སྐྱིལ་མོ་ཀྲུང་རིན་པོ་ཆེ་དང་རུས་པས་བརྒྱན་པའི་སྤྱི་བོར་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དཀར་པོ། མགྲིན་པར་རིན་ཆེན་འབྱུང་ལྡན་ཡབ་ཡུམ་སེར་པོ། སྙིང་གར་རྣམ་པར་སྣང་མཛད་ཡབ་ཡུམ་མཐིང་ག །ལྟེ་བར་སྣང་བ་མཐའ་ཡས་ཡབ་ཡུམ་དམར་པོ། གསང་བར་དོན་ཡོད་གྲུབ་པ་ཡབ་ཡུམ་ལྗང་གུ། ཕྱག་མཚན་གཙོ་བོ་ཡབ་ཡུམ་དང་འདྲ་བའོ། །ཡན་ལག་བཞི་ལ་སྒོ་མ་བཞི་རྣམས་སྔར་བཞིན་ཏེ། ལག་པ་གཡས་པ་ལ་ལྕགས་ཀྱུ་མ། གཡོན་པ་ལ་ཞགས་པ་མ། རྐང་པ་གཡས་པ་ལ་ལྕགས་སྒྲོག་མ། གཡོན་པ་ལ་དྲིལ་བུ་མ་སྐྱེད་ལ། ཨཱོྃ་ཨཱཿཧཱུྃ། ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ་སིདྡྷི་ཕ་ལ་ཧཱུྃ་ཛཿ ཞེས་བཟླ་ཞིང་། དེ་ཡང་འཇའ་ཚོན་ལྟ་བུའི་སྐུ་སྣང་ལ་རང་བཞིན་མེད་པས་གྲགས་སྟོང་དུ་བཟླས་པའི་མཐར། ཐམས་ཅད་སྣང་སྟོང་དབྱེར་མེད་འོད་གསལ་གྱི་ངང་ནས་ལམ་དུ་ཁྱེར་བས། ཉོན་མོངས་པ་ལྔ་ཡེ་ཤེས་སུ་གྱུར་ཏེ། ཕྲིན་ལས་བཞིས་སེམས་ཅན་གྱི་དོན་བྱེད་པར་འགྱུར་ཞིང་། དེ་ལྟ་བུའི་བསྐྱེད་རིམ་ལ་རྫོགས་རིམ་གནད་ཀྱི་སྙིང་འཛེར་འདི་ལྟར་གདབ་སྟེ། རང་རིག་མི་འགྱུར་ཀུན་ཏུ་བཟང་། །རིག་རྩལ་མ་འགགས་རིགས་ལྔ་སྟེ། །ཡེ་ཤེས་རང་གྲོལ་སྒོ་མ་བཞི། །གང་ཤར་ཆོས་ཉིད་རོལ་པ་ལ། །སྤང་བླང་དགག་སྒྲུབ་རེ་དོགས་མེད། །ཐམས་ཅད་རང་གྲོལ་གཉུག་མའི་ངང་། །ཞེས་དང་། ངོ་བོ་རྟེན་མེད་རང་བཞིན་སོ་སོར་གསལ། །ཐུགས་རྗེ་འགག་མེད་ཕྱོགས་རིས་འཛིན་པ་མེད། །ཐམས་ཅད་སྣང་སྟོང་གཞི་མེད་རྩ་བ་བྲལ། །སྣང་མིན་སྟོང་མིན་མུ་བཞི་འདས་པའི་དོན། །ལྔ་ལྡན་འོད་གསལ་དོན་དམ་སྙིང་པོ་ནི། །སྣང་བས་སྟོང་སྟེ་མེ་ལོང་གཟུགས་བརྙན་འདྲ། །སྟོང་པས་སྟོང་སྟེ་ཆུ་ཟླའི་རང་བཞིན་ཉིད། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་གདངས། །གསང་སྔགས་ཀུན་གྱི་ཡང་གསང་རྫོགས་པ་ཆེ། །མཐའ་གྲོལ་ཀློང་ཡངས་ཆེན་པོའི་དགོངས་པ་བསྐྱང་། །དེ་ལྟར་བསྐྱེད་རྫོགས་ཟུང་འཇུག་ཟབ་མོའི་ལམ་ལ་ཆུ་བོའི་རྒྱུན་བཞིན་དུ་གནས་པར་གྱིས་ཤིག །དེ་ནི་དབང་ལ་སྔ་བ་ལྷ་དང་ལས་ཀྱི་འབྲེལ་བའི་དབང་བསྐུར་པས། སོ་སོའི་སྔོན་ནས་འབྲེལ་བའི་ལྷ་མྱུར་དུ་འགྲུབ་ནས་དངོས་གྲུབ་འབྱུང་བའི་དགོས་པ་ཡོད་དོ། །གཉིས་པ་རིགས་ཀྱི་བདག་པོའི་དབང་བསྐུར་བ་ནི། ཀློང་གསལ་ལས། སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་དག་གི་དབང་བསྐུར་བྱ། །ཞེས་གསུངས་པ་བཞིན། རིགས་ལྔའི་སྐུ་གསུང་ཐུགས་སོགས་ཀྱིས་རྡོ་རྗེ་སེམས་དཔའི་ཆུ་དབང་བསྐུར་ཞིང་དག་པ་བརྗོད། གསུང་གི་དབང་བསྐུར་བ་ནི། སློབ་མ་དེ་ཉིད་སྣང་བ་མཐའ་ཡས་ཡབ་ཡུམ་དམར་པོ། གཡས་པདྨ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པའི་མགྲིན་པར་པད་ཟླའི་སྟེང་དུ་ཨཱཿཡིག་དམར་པོ་ཞིག་སྒོམས། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་སྤྲིན་གཏིབས་པ་ཙམ་སྣང་བ་མཐའ་ཡས་ཀྱི་རང་བཞིན་དུ་བྱོན་ནས་བཀྲ་ཤིས་བརྗོད་ཅིང་། བླ་མ་དང་སྣང་བ་མཐའ་ཡས་དབྱེར་མེད་དུ་སློབ་མའི་མགྲིན་པར་ཞུགས་པར་མོས། ཧཱུྃ༔ འདུ་ཤེས་ཕུང་པོ་སོགས། ཐུགས་ཀྱི་དབང་བསྐུར་བ་ནི། སློབ་མ་རྣམ་པར་སྣང་མཛད་ཡབ་ཡུམ་མཐིང་ག་གཡས་འཁོར་ལོ་ཐུགས་ཀར་འཛིན་ཞིང་། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པའི་ཐུགས་ཀར་པད་ཟླའི་སྟེང་དུ་ཧཱུྃ་མཐིང་ག་ཞིག་སྒོམས། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་སྤྲིན་གཏིབས་པ་ཙམ་རྣམ་པར་སྣང་མཛད་ཀྱི་རང་བཞིན་དུ་བྱོན་ནས་བཀྲ་ཤིས་བརྗོད་ཅིང་། བླ་མ་དང་རྣམ་སྣང་དབྱེར་མེད་དུ་སློབ་མའི་སྙིང་གར་ཞུགས་པར་མོས། ཧཱུྃ༔ རྣམ་ཤེས་ཕུང་པོ་སོགས་ནས། ཥིཉྩ་ཨཱོྃ། ཀྱེ་དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །འོ། རིགས་ཀྱི་བུ་སོགས། ཡོན་ཏན་གྱི་དབང་བསྐུར་བ་ནི། སློབ་མ་རིན་ཆེན་འབྱུང་ལྡན་སེར་པོ་གཡས་རིན་པོ་ཆེ་ཐུགས་ཀར་འཛིན་ཅིང་། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པའི་ལྟེ་བར་པད་ཟླའི་སྟེང་དུ་ཏྲཱཾ་སེར་པོ་ཞིག་སྒོམས། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་སྤྲིན་གཏིབས་པ་ཙམ་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་དུ་བྱོན་ནས་བཀྲ་ཤིས་བརྗོད་ཅིང་། བླ་མ་དང་རིན་ཆེན་འབྱུང་ལྡན་དབྱེར་མེད་སློབ་མའི་ལྟེ་བར་ཞུགས་པར་མོས། ཧཱུྃ༔ ཚོར་བའི་ཕུང་པོ་སོགས། ཕྲིན་ལས་ཀྱི་དབང་བསྐུར་བ་ནི། སློབ་མ་དོན་ཡོད་གྲུབ་པ་ཡབ་ཡུམ་ལྗང་གུ་གཡས་རལ་གྲི་ཐུགས་ཀར་འཛིན་ཞིང་། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པའི་གསང་བར་པད་ཟླའི་སྟེང་དུ་ཨཱཿལྗང་གུ་ཞིག་སྒོམས། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་སྤྲིན་གཏིབས་པ་ཙམ་དོན་ཡོད་གྲུབ་པའི་རང་བཞིན་དུ་བྱོན་ནས་བཀྲ་ཤིས་བརྗོད་ཅིང་། བླ་མ་དང་དོན་ཡོད་གྲུབ་པ་དབྱེར་མེད་དུ་སློབ་མའི་གསང་བར་ཞུགས་པར་མོས། ཧཱུྃ༔ འདུ་བྱེད་ཕུང་པོ་སོགས་ནས། འགྱུར་རོ༔ དེ་ལྟར་རིག་པའི་དབང་ལྔ་བསྐུར་པས་ཉོན་མོངས་པ་ལྔ་དག་ཅིང་། ཡེ་ཤེས་ལྔ་ཐོབ་ནས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ལ་དབང་ཐོབ་པའི་ནུས་པ་འཇོག་པའི་དགོས་པ་ཡོད་དོ། །གསུམ་པ་འདུ་འབྲལ་མེད་པ་ཀུན་ཏུ་བཟང་པོའི་དབང་བསྐུར་ནི། སློབ་མ་ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་ག་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པར་གསལ་བས། སློབ་དཔོན་ལ་མོས་གུས་དྲག་པོ་བྱས་པའི་རྐྱེན་གྱིས། བླ་མའི་རྟོགས་པ་དགོངས་བརྒྱུད་དོན་གྱི་བྱིན་རླབས་མ་ལུས་པ་སློབ་མའི་རྒྱུད་ལ་འཕོས་པར་མོས། ཨཱོྃ་ཨཱཿཧཱུྃ༔ ཐབས་དང་ཤེས་རབ་སོགས། བཞི་པ་དབང་ཐམས་ཅད་ཀྱི་བརྟན་བྱེད་ཡེ་ཤེས་རྣམ་དག་ཆུའི་དབང་བསྐུར་བ་ནི། ལྷ་ཐམས་ཅད་སོགས། རིམ་པར། ཤར། ནུབ། དབུས། ལྷོ། བྱང་རྣམས་ཀྱི་བུམ་པའི་དབང་བསྐུར་ཞིང་། ཁྲུས་བྱས་རྗེས། དེ་ལྟར་བུམ་པ་ལྔའི་བདུད་རྩིའི་ཆུ་རྒྱུན་གྱི་དབང་བསྐུར་པས་ཉོན་མོངས་པ་ལྔ་དག །སྐུ་ལྔ་དང་ཡེ་ཤེས་ལྔ་ཐོབ། ཕུང་པོ་ཁམས་དང་སྐྱེ་མཆེད་ལྷ་དང་ལྷ་མོར་གསལ་བའི་དགོས་པ་ཡོད་དོ། །ལྔ་པ་དེ་ཉིད་མཚོན་པ་བརྡའི་དབང་བསྐུར་བ་ནི། རིགས་ཀྱི་བུ་ཁྱོད་ལ་སོགས་ནས། དོན་བྱེད་པའི་བརྡ་ཡིན་ནོ༔ དེ་ལྟར་བརྡའི་དབང་བསྐུར་པས། གདོད་ནས་ཆོས་ཐམས་ཅད་རིགས་ལྔ་ཡེ་ཤེས་ལྔའི་རང་བཞིན། རང་གནས་ཀྱི་དོན་ཁོང་དུ་ཆུད་ཅིང་རྟོགས་པའི་དགོས་པ་ཡོད་དོ། །དྲུག་པ་གཤིས་ཀྱི་ངོ་བོའི་གནས་ལུགས་མཚོན་པ་དོན་གྱི་དབང་བསྐུར་བ་ནི། ཀློང་གསལ་ལས༔ དེ་ལྟར་བརྡའ་ཡིས་ངོ་སྤྲད་ཀྱང༔ ལོགས་ན་ཡོད་པ་མ་ཡིན་ཏེ༔ རང་གི་ལུས་སེམས་འདི་ལ་ཚང༔ ཞེས་གསུངས་པའི་དོན་ངོ་སྤྲོད་པ་ཡིན་པས་ངེས་པར་མཛད་འཚལ། རིགས་ཀྱི་བུ་འདས་མ་འོངས་སོགས་ནས། དགོངས་པ་ཡིན་ནོ། །བར། དེ་ལྟར་རང་ཉིད་ལ་རྫོགས་པའི་རིག་པའི་ཡེ་ཤེས་ལྔ་ཚན་དུ་ངོ་སྤྲད་པས། སངས་རྒྱས་རང་ལ་ཡོད་པར་ཡིད་ཆེས་པའི་དགོས་པ་ཡོད་དོ། །བདུན་པ་བརྟན་ཅིང་མཐར་ཕྱིན་པར་བྱེད་པ་དམ་ཚིག་གི་དབང་བསྐུར་བ་ནི། ཐལ་འགྱུར་ལས༔ དབང་བརྟན་པ་ཡི་དམ་ཚིག་བཤད༔ དབྱེ་ན་བརྗོད་ཀྱི་མི་ལང་ཡང༔ མདོར་བསྡུས་སྐུ་དང་གསུང་དང་ཐུགས༔ རྣལ་འབྱོར་ལུས་ངག་ཡིད་ལ་སྦྱར༔ ཞེས་གསུངས་པ་བཞིན། དམ་ཚིག་གི་བདུད་རྩི་ལྕེ་ལ་བྱིན། བཀའ་ནན་གྱི་རྡོ་རྗེ་སྤྱི་བོར་བཀོད་དེ། བསྲུང་མཚམས་ཀྱི་རིམ་པ་མདོར་དྲིལ་ཏེ་གདམས་པ་ལ་སྙན་གཏོད་ཅིག །ཀྱེ་རིགས་ཀྱི་བུ་དག་སོགས་ནས། འབའ་ཞིག་བསྒྲུབ་པར་བྱའོ། །དེ་ལྟར་དམ་ཚིག་བསྲུང་མཚམས་བསྟན་པ་བཞིན་བསྲུང་བས་སྔར་གྱི་སྡོམ་པ་ཐོབ་པ་རྣམས་མི་ཉམས་ཤིང་བརྟན་ལ། ཡོན་ཏན་གསར་དུ་སྐྱེ་བས་དངོས་གྲུབ་ཐམས་ཅད་འགྲུབ་པའི་དགོས་པ་ཡོད་དོ།། ༼རྩ་གཞུང་དུ་བུམ་དབང་དག་བརྗོད་འཇམ་མགོན་གསུང་མཆན་དུ་བཀོད་པ་བཞིན་འདིར་བཀླག།མཆན།༽ དེ་རྣམས་ཀྱིས་བུམ་པའི་དབང་བསྐུར་བ་དངོས་གཞི་ལེགས་པར་གྲུབ་ཅིང་། གསུམ་པ་རྗེས་ཀྱི་རིམ་པ་ལའང་གསུམ་ལས། དང་པོ་དགའ་སྟོན་གྱི་ཡོན་འབུལ་བ་ནི། ཀློང་གསལ་ལས༔ དབང་བསྐུར་ཐོག་མ་ཐ་མ་རུ༔ དགའ་སྟོན་མ་བྱས་དངོས་གྲུབ་མེད༔ དགའ་སྟོན་ཆེན་པོས་མཆོད་པ་ཡིས༔ བླ་མ་དང་ནི་དེ་ཡི་འཁོར༔ དེ་བཞིན་རང་གི་རྡོ་རྗེ་སྤུན༔ གཅིག་དང་གཉིས་དང་གསུམ་དག་ནས༔ བརྒྱ་སྟོང་གྲངས་མེད་དག་ལ་ནི༔ ཚོགས་ཀྱི་དགའ་བ་སུས་བྱས་པ༔ སྟོན་མོ་ཡོན་དང་བཅས་པ་ཡིས༔ རྣལ་འབྱོར་པ་རྣམས་མགུ་བྱས་ན༔ ལེགས་པ་ཐམས་ཅད་འགྲུབ་པ་དང༔ ཉེས་པ་ཀུན་ལས་གྲོལ་བར་འགྱུར༔ ཞེས་དང་། བླ་མ་ཡི་དམ་མཁའ་འགྲོ་དང༔ ཆོས་སྐྱོང་རྡོ་རྗེ་སྤུན་ལ་སོགས༔ ཚོགས་མཆོད་ཡོན་གྱིས་མ་མཉེས་ན༔ ནད་མང་ཚེ་ཐུང་བར་ཆད་འབྱུང༔ ཐུན་མོང་དངོས་གྲུབ་མེད་པ་དང༔ མཆོག་ལས་རིང་དུ་སོང་བ་དང༔ ཚེ་འཕོས་ཡི་དྭགས་སྐྱེ་བ་བརྒྱུད༔ ཅེས་སོགས་གསུངས་པ་ལྟར་ཤེས་པར་བྱས་ནས། ལུས་ལོངས་སྤྱོད་ཀྱིས་བསྡུས་པའི་བདོག་དགུའི་དངོས་པོ་ཐམས་ཅད་ལྟོས་པ་མེད་པར་དབང་བསྐུར་ཐོབ་པའི་བཀའ་དྲིན་གཞལ་བའི་སླད་དུ་འབུལ་བའི་བློས་མཎྜལ། གོང་དུ་བཤད་པ་ལྟར་ཚོགས་འཁོར་གྱི་དགའ་སྟོན་ཡང་བྱའོ། །གཉིས་པ་བཀའ་བཞིན་བསྒྲུབ་པར་དམ་བཅའ་བ་ནི། ཀློང་གསལ་ལས༔ བླ་མ་དང་ནི་དབང་མཆོག་གི༔ གསུང་དང་གཞུང་ལས་འགལ་བ་ན༔ ན་རག་སྡུག་བསྔལ་མྱོང་བར་འགྱུར༔ ཞེས་དང་། ཇི་སྐད་དུ། བཀའ་བཞིན་བསྒྲུབ་ན་མངོན་མཐོ་དང་། །ངེས་ལེགས་མྱུར་དུ་འགྲུབ་པ་འོ། །ཞེས་གསུངས་པས་དམ་ཚིག་དང་སྡོམ་པའི་རིམ་པ་རྣམས་སྲོག་ལས་གཅེས་པར་བསྲུང་བའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་ལན་གསུམ། གསུམ་པ་སྐྱོན་ཡོན་བསྟན་པ་ནི། དེ་ལྟ་བུའི་དབང་མ་ཐོབ་ན་སྐྱོན་དང་ཉེས་པ་ཇི་ལྟ་བུ་ཞིག་ཡོད་སྙམ་ན། ཀློང་གསལ་ལས༔ དཔེར་ན་ཞིང་ས་གཤིན་པོ་ཡོད་གྱུར་ཀྱང༔ སོ་ནམ་རིམ་པར་མ་བྱས་ན༔ འབྲས་བུ་སྨིན་པར་མི་འགྱུར་ལྟར༔ སེམས་ལ་ཆོས་ཉིད་གནས་གྱུར་ཀྱང༔ དབང་གིས་སྨིན་པར་མ་བྱས་ན༔ རྣལ་འབྱོར་དངོས་གྲུབ་ག་ལ་ཐོབ༔ དབང་མེད་འཁོར་བའི་མཐའ་སྙེགས་ཏེ༔ འདི་ཕྱིའི་བདེ་བ་ཐོབ་པ་མེད༔ ཅེས་གསུངས་ལ། དབང་ཐོབ་པའི་ཡོན་ཏན་ནི། དེ་ཉིད་ལས། དབང་ཐོབ་རིགས་ཀྱི་བུ་དེ་ཉིད༔ ཚེ་འདིར་བསམ་པ་ཀུན་འགྲུབ་དང༔ ཕྱི་མ་མངོན་པར་རྫོགས་སངས་རྒྱས༔ ཞེས་སོགས་རྒྱ་ཆེར་གསུངས་པ་རྣམས་མི་བསླུ་བའི་ངེས་པ་ཡིན་པས་དབང་ཐོབ་པའི་ཚུལ་ལ་སྤྲོ་བ་སྐྱེད་ཅིག །དེ་ལྟར་སྤྲོས་བཅས་ཕྱི་བུམ་པའི་དབང་བསྐུར་བ་སྔོན་དུ་སོང་ནས། དེ་ཉིད་ཀྱི་བསྐྱེད་རྫོགས་རྒྱུད་ལ་བརྟེན་པའི་རིམ་པ་རིགས་ལྔའི་བདེ་བར་གཤེགས་པ་ཕྱི་དཀྱིལ་འཁོར་གྱི་འཁོར་ལོ་སྒྲུབ་པ་དང་། ནང་ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་སྒྲུབ་པ། གསང་བ་ཐབས་ཤེས་གཉིས་མེད་ཀྱི་རྣལ་འབྱོར་སྙིང་པོ་ཡེ་ཤེས་ཀྱི་རིགས་ལྔར་སྒྲུབ་པའི་བསྐྱེད་རྫོགས་ལ་ཉམས་ལེན་མཐིལ་ཕྱིན་པ་གཞུང་བཞིན་མཛད་དགོས་པ་ཡང་། ཡང་ཟབ་མཁའ་འགྲོ་སྙིང་ཐིག་གི་ཟབ་ལམ་གྱི་གདམས་པ་ཉམས་སུ་ལེན་པའི་ཁྲིད་རིམ་ལས། སྔོན་འགྲོ་ཐུན་མོང་གི་ཆོས་རྣམས་ཁར་སང་གི་སྐབས་སུ་གྲུབ་ནས། འདིར་གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོས་སོགས་ཁྲིད་ཡིག་ལྟར། སྐུ་རྡོ་རྗེ་སྤྲུལ་པའི་སྐུར་གཉིས་སུ་མེད་པར་འགྱུར་རོ། །ཞེས་པའི་བར་དལ་བར་བཀླག །དེ་དག་རྣམས་ཀྱིས་བུམ་དབང་གི་ལམ་ལ་བརྟེན་པའི་སྨིན་གྲོལ་ཚང་སྤྲུགས་སུ་ཐོབ་པ་ལགས་སོགས་ཀྱིས་དགེ་བསྔོ་བྱ་བ་འམ། སྦྲེལ་ཏེ་བསྐུར་ན་གསང་དབང་གི་དབུར་སྦྲེལ་བ་སོགས་འདི་ཕྱིན་ཐམས་ཅད་ལ་འགྲེས་སུ་ཤེས་དགོས་སོ།། ༧ །།གསུམ་པ་ངག་གི་སྒྲིབ་པ་སྦྱོང་ཞིང་ངག་ལོངས་སྤྱོད་རྫོགས་སྐུར་གྲོལ་བར་བྱེད་པ་སྤྲོས་མེད་ནང་གི་གསང་བའི་དབང་བསྐུར་བ་ལ་སྔོན་འགྲོ། དངོས་གཞི། རྗེས་དང་གསུམ་ལས། དང་པོ་སྦྱོར་བ་སྔོན་དུ་འགྲོ་བ་ནི། དཀྱིལ་འཁོར་ཆེན་པོའི་ལྷོ་ཕྱོགས་སུ་བླ་མ་གསུང་རྡོ་རྗེའི་བདག་ཉིད་ཅན་དུ་བཞུགས་པའི་དྲུང་དུ་སྤྲོས་མེད་ནང་གི་གསང་བའི་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ། ཞེས་དང་། ཕྱག་རྒྱ་དབུལ་ཞིང་གསོལ་བ་གདབ་པ་ནི། མཚན་ཉིད་རྫོགས་ཤིང་ལང་ཚོ་གསལ་བའི་ཤེས་རབ་མ་དབང་རྟེན་ཕུལ་བར་དམིགས་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཁྱོད་ནི་སོགས། དེ་ལྟར་ཕྱག་རྒྱ་ཕུལ་པས་བདེ་ཆེན་གསང་བའི་དབང་མྱུར་དུ་ཐོབ་པའི་དགོས་པ་ཡོད་དོ། །སློབ་དཔོན་བདག་ཉིད་གཞིའི་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་མཐིང་ནག་རྡོ་རྗེ་དྲིལ་བུ་འཛིན་པ་དར་དང་རིན་པོ་ཆེ་སོགས་རྒྱན་གྱི་རྣམ་པ་ཡོངས་སུ་རྫོགས་པའི་སྐུར་གསལ་བར་གྱུར། དེའི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་གྲངས་མེད་པ་འཕྲོས་པས། དཀྱིལ་འཁོར་གྱི་ལྷ་ཚོགས་ལ་གསང་དབང་གི་དོན་དུ་མཉེས་པའི་མཆོད་པ་དང་བསྟོད་པ་ཕུལ་བར་གྱུར། ཧཱུྃ། དངོས་སུ་འབྱོར་དང་སོགས་དང་། ཨཱོྃ་བཛྲ་ཨརྒྷཾ་པཱ་དྱཾ་སོགས་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་ཁཱ་ཧིས་མཆོད། བརྗོད་མེད་ཤེས་རབ་སོགས་ཀྱིས་བསྟོད། ཧཱུྃ་གིས་མཆོད་ལྷ་རང་ལ་ཐིམ་པར་མོས། སྔོན་ཆད་རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་གཉན་པོ་མ་མཐོང་བའི་བརྡར་གདོང་གཡོག་བཅིང་བ་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་མེ་ཏོག་གི་ཕྲེང་བ་རེ་ཕྱག་རྟེན་དུ་གཟུང་བར་མོས། འབྲུ་གསུམ་གྱིས་གཏད། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་དད་མོས་རྩེ་གཅིག་པས་བསྐོར་བ་གསུམ་དང་ཕྱག་གསུམ་འཚལ་མཛོད། ཡེ་ཤེས་ཀྱི་བྱིན་ཆེན་དབབ་ཅིང་རང་ལུས་དཀྱིལ་འཁོར་དུ་ངོ་སྤྲད་པ་ནི། སློབ་མ་རྣམས་ལངས་སོགས། སྦྱར་ལ། ཁྱེད་རང་རྣམས་ཡིད་གཞན་དུ་མ་ཡེངས་པར་ཡེ་ཤེས་མཁའ་འགྲོའི་སྐུ་འདི་ལྟར་གསལ་ཐོབས་ཤིག །ཀྱེ་མ་རིགས་ཀྱི་སོགས་ནས། གཅིག་སྒོམས་ཤིག །དེ་ལྟར་གསལ་བའི་ངང་ནས་བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་མོས་གུས་ཀྱི་ཤུགས་བསྐྱེད་ཅིང་། མ་ཡེངས་པར་རིག་པ་ངར་དང་བཅས་པས་གཟེངས་བསྟོད་ལ་རིག་པ་འཛིན་མེད་ཀྱི་ངང་དུ་མཉམ་པར་ཞོག་ཅིག །དྲི་བཟང་པོའི་སྤོས་གཏུལ་ཞིང་རོལ་མོའི་སྒྲ་དང་བཅས་པས་བྱིན་དབབ། དེ་ལྟར་དབབ་པས་ཡེ་ཤེས་ཕེབས་པའི་རྟགས་སུ་བདེ་སྟོང་གི་ཉམས་བཟང་པོ་རྒྱུད་ལ་སྐྱེ་བར་འགྱུར་བས། དེའི་རང་ངོ་ལ་མ་ཡེངས་པར་མཉམ་པར་ཞོག །ཅུང་ཟད་འཇོག་བཅུག །བདེ་ཆེན་ལུས་ཀྱི་དཀྱིལ་འཁོར་ལ་བལྟ་བར་དབང་ཞིང་གསང་དབང་གི་སྣོད་དུ་གྱུར་པའི་བརྡར་གདོང་གཡོག་སོལ་ཅིག །འབྲུ་གསུམ་བརྗོད་པས་བསལ། འོ། རིགས་ཀྱི་བུ་ཁྱོད་སོགས་ནས། ཡེ་ཤེས་ཆེན་པོ་ཉིད༔ ཅེས་གསུངས་པ་ལྟར་རོ། །དེ་ལྟར་རང་ལུས་ཡེ་ནས་ལྷུན་གྱིས་གྲུབ་པ་རྒྱལ་བའི་དཀྱིལ་འཁོར་དུ་ངོ་སྤྲད་པས། གནས་ལུགས་ཀྱི་དགོངས་པ་རང་ལ་ཡོད་པར་གོ་བའི་དགོས་པ་ཡོད་དོ། །སློབ་དཔོན་གྱི་ལུས་ཀྱི་དཀྱིལ་འཁོར་མ་འདྲེས་གསལ་རྫོགས་སུ་བཞུགས་པ་ལ། དངོས་གྲུབ་ཀྱི་སྐལ་བ་བརྟག་པའི་སླད་དུ་མེ་ཏོག་གི་ཕྲེང་བ་ཕུལ་ཅིག །ཅེས་མེ་ཏོག་འདོར་བཅུག །དེ་ལྟར་ཕུལ་བའི་གནས་དཀྱིལ་འཁོར་ཡང་གཞན་ན་མེད་དེ། སློབ་དཔོན་གྱི་གཞི་ལུས་རྒྱལ་བའི་དཀྱིལ་འཁོར་དང་དབྱེར་མེད་པ་ཡེ་ནས་ཡིན་པའི་རྒྱུ་མཚན་དྲན་པར་བྱས་ཏེ་མེ་ཏོག་དོར་བས། ཁྱེད་རང་རྣམས་ཀྱི་མེ་ཏོག་ཕོག་པའི་ལྷ་རྣམ་པར་སྣང་མཛད་སོགས་ནས། འདི་ཡིན་ནོ། །དེས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་གང་ཐོག་མར་སྒྲུབ་ཤེས་པའི་དགོས་པ་ཡོད་དོ། །གཉིས་པ་དངོས་གཞིའི་དབང་བསྐུར་བ་ནི། སློབ་དཔོན་བདག་ཉིད་ཡབ་དཔའ་བོ་སོགས་ནས། བྷ་གར་ཕབ་པ། མེ་ལོང་ཡུ་བ་ཅན་གྱིས་བླངས་ཏེ་ཐོད་པའི་བདུད་རྩིར་ཞུ་བ་ལྕེ་ཐོག་ཏུ་བཞག་པར་མོས། ཀྱེ་མ་ཀྱེ་མ་སོགས་ནས། ཡེ་ཤེས་སྐྱེས་པར་མོས་ལ། འོག་རླུང་དྲག་ཏུ་སོགས་ནས། མནན་ཏེ་ཡེ་ཤེས་སྐྱེས་པའི་རང་ངོ་ལ་དར་ཅིག་མཉམ་པར་ཞོག་ཅིག །ཉམས་ཅུང་ཟད་སྐྱོང་དུ་འཇུག །སླར་ཡང་དེའི་དོན་ངོ་སྤྲད་པ་ནི། ཨེ་མ་སྐལ་ལྡན་སོགས་ནས། རྗེས་དམ་འབོགས་དང་། དག་བརྗོད་ཀྱི། སངས་རྒྱ་བ་ཡིན་ནོ། །དེ་ལྟར་གསང་བའི་དབང་བསྐུར་བ་ཟབ་མོ་ཐོབ་ནས། ལམ་གྱི་རིམ་པ་རྒྱུད་ལ་བརྟེན་པའི་ཚུལ་གྱི་ཁྲིད་འཆད་པ་ཡིན་ཏེ། དེ་ཡང་ཕྱི་ནང་གི་སྒོ་ནས་རུ་ཤན་དབྱེ་བ་རྡོ་རྗེ་སྐྱིལ་ཀྲུང་གི་སྦྱོར་བས་ལུས་སྒྲིབ་སྦྱོང་ཞིང་སྐུ་རྡོ་རྗེའི་ཉེ་རྒྱུ་བསྒྲུབ་པའི་རིམ་པ་སྔོན་དུ་བསྟན་ཟིན་ནས། གཉིས་པ་ངག་གི་སྔོན་འགྲོ་ལ་བཞི་སྟེ་སོགས་ཁྲིད་ཡིག་ལྟར། ལོངས་སྤྱོད་རྫོགས་པའི་སྐུར་གཉིས་སུ་མེད་པར་འགྱུར་རོ། །ཞེས་པའི་བར་དལ་བུས་བཀླག །ཁྱད་པར་ནང་མཁའ་འགྲོའི་དཀྱིལ་འཁོར་ལ་བརྟེན་ནས་གཏུམ་མོ་དང་། རླུང་གི་སྦྱོར་བ་གཞུང་བཞིན་ཚད་ལ་ཕེབས་པར་སྦྱངས་པས། ཤེར་དབང་གི་མངོན་རྟོགས་རྒྱུད་ལ་སྐྱེས་པའི་སྣོད་རུང་དུ་བསྒྲུབ་པ་ལ་འབད་པར་འཚལ་ཞིང་། དེ་དག་རྣམས་ཀྱིས་གསང་དབང་གི་ལམ་ལ་བརྟེན་པའི་སྨིན་གྲོལ་ཚང་སྤྲུགས་སུ་ཐོབ་པ་ལགས་པས་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ། དགའ་སྟོན་ཚོགས་འཁོར་སྔར་བཞིན་བྱའོ།། ༧ །།བཞི་པ་ཡིད་ཀྱི་སྒྲིབ་པ་སྦྱོང་ཞིང་བདེ་བ་ཆེན་པོའི་སྐུར་གྲོལ་བ་ཤིན་ཏུ་སྤྲོས་མེད་གསང་བ་ཤེས་རབ་ཡེ་ཤེས་ཀྱི་དབང་ལའང་སྔོན་འགྲོ་དངོས་གཞི་རྗེས་དང་གསུམ་ལས། དང་པོ་སྦྱོར་བ་སྔོན་དུ་འགྲོ་བ་ནི། དཀྱིལ་འཁོར་ཆེན་པོའི་ནུབ་ཕྱོགས་སུ་བླ་མ་ཐུགས་རྡོ་རྗེའི་ངོ་བོར་བཞུགས་པ་ལ། དབང་གསུམ་པ་ཞུ་བའི་ཡོན་དུ་མཎྜལ། ཟབ་མོའི་དེ་ཉིད་གནང་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཀྱེ་ བཅོམ་ལྡན་བདེ་ཆེན་སོགས་ལན་གསུམ། དམ་ཚིག་སྦྱིན་པ་ནི། འདི་ལྟ་བུའི་དབང་བསྐུར་བ་ཟབ་མོ་བློ་ཆེན་རྣམས་ཀྱི་སྤྱོད་ཡུལ་ཡིན་པས། གསང་བ་སྤྱི་དང་ཁྱད་པར་གྱི་དམ་ཚིག་འདི་རྣམས་ལ་གནས་ཤིང་མ་ཉམས་པར་བསྲུང་དགོས་པར་གདམས་པ་འདི་ལ་སྙན་གཏོད་ཅིག །ཀྱེ་མ༔ གསང་བ་ཤེས་རབ་སོགས་ལན་གསུམ། དེའི་དོན་ལས་མི་འདའ་བར་ཚུལ་བཞིན་བསྲུང་བར་ཁས་བླང་བའི་དམ་ཚིག་གཟུང་བ་འདིའི་རྗེས་ཟློས། ཤི་འམ་སྲོག་ལ་སོགས་ལན་གསུམ། དེ་ལྟར་དམ་ཚིག་བླངས་ནས་དབང་བསྐུར་དམ་པ་མྱུར་དུ་སྩོལ་བར་ཞུ་བའི་ཕྱིར། བླ་མ་ལ་ཕྱག་འཚལ་ཞིང་བསྐོར་བ་བྱེད་པའམ་མོས་པ་དང་། གསང་བའི་དཀྱིལ་འཁོར་གཉན་པོ་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་འཚལ། འབྲུ་གསུམ་གྱིས་གཏད། ཡེ་ཤེས་ཀྱི་བྱིན་དབབ་པ་ནི། ཁྱེད་རང་རྣམས་གཞན་དུ་མ་ཡེངས་པར་དམིགས་པ་འདི་རྩེ་གཅིག་གསལ་འདེབས་འཚལ། དཔོན་སློབ་གཉིས་ཀ་སྐད་ཅིག་གིས་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་གཅེར་བུ་སྐྲ་གྲོལ་བ། རུས་པའི་རྒྱན་དང་ལྡན་པ། ཞལ་གཅིག་ཕྱག་གཉིས་མ། སྤྱི་བོར་ཕག་ཞལ་མཐིང་ནག་ངུར་བ། གཡས་གྲི་གུག་དང་གཡོན་ཐོད་པ་ཁྲག་གིས་བཀང་བ་ཐུགས་ཀར་འཛིན་པ་གསལ་བར་སྒོམས། སློབ་བུས་སློབ་དཔོན་ལ་དད་མོས་གདུང་ཤུགས་དྲག་པོ་བྱས་པའི་རྐྱེན་གྱིས། སློབ་དཔོན་གྱི་ཐུགས་ཀ་ནས་རང་འདྲའི་རྡོ་རྗེ་ཕག་མོའི་སྐུ་ཡུངས་འབྲུ་ཙམ་དཔག་ཏུ་མེད་པ་ཆར་དྲག་གཡོ་བ་བཞིན་དུ་བྱོན། སློབ་མའི་བ་སྤུའི་སྒོ་ཀུན་ནས་ཞུགས། སྙིང་གར་ཐིམ་པས་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་སྐྱེས་པར་སྒོམས་ཤིག །རྡོ་རྗེ་ཕག་མོ་སོགས། འབེབ་པའི་རྫས་བདུག་ཅིང་རོལ་མོའི་སྒྲ་དང་བཅས་པས་བྱིན་དབབ། དེ་ལྟར་བྱིན་དབབ་པས། ཡེ་ཤེས་ཀྱི་དཀྱིལ་འཁོར་ཟབ་མོའི་དེ་ཉིད་མཐོང་བར་དབང་བའི་བརྡར་གདོང་གཡོགས་སོལ་ཅིག །འབྲུ་གསུམ་གྱིས་བསལ། གུས་པ་བསྐྱེད་པ་ནི། རིག་ཙཀ་ཐོགས་ལ། དགའ་ཆེན་གྱི་དངོས་གྲུབ་སྦྱིན་པར་ནུས་པའི་ཤེས་རབ་མ་མཚན་ཉིད་རྫོགས་ཤིང་ལང་ཚོས་མཛེས་པ་སློབ་མའི་མདུན་དུ་བྱོན་པ་ལ། དབང་བསྐུར་ཞུ་བའི་དོན་དུ་ཡིད་ཀྱིས་ཕྱག་འཚལ་ཞིང་བསྐོར་བ་བྱས་ཏེ་མེ་ཏོག་འབུལ་འཚལ། སངས་རྒྱས་ཐམས་ཅད་ཀྱི་གསང་དོན་ཟབ་མོའི་གནས་ལུགས་རྟོགས་པར་བྱེད་པའི་གདམས་ངག་ཡུམ་གྱི་མཁའ་དཀྱིལ་གྱི་ཆེ་བའི་ཡོན་ཏན་མཚོན་དོན་ངོ་སྤྲད་པ་ནི། འོ། རིགས་ཀྱི་བུ་སོགས་ནས། གུས་པར་གྱིས༔ དེ་ལྟར་གསང་སྔགས་ཀྱི་ལམ་ནི་ཟབ་མོའི་ཐབས་ཀྱིས་གྲོལ་བ་ཡིན་ལ། ཐབས་ཀྱི་མཆོག་ནི་བདེ་བ་ཆེན་པོ་སྒོམ་པ་སྟེ། དེའི་འབྱུང་གནས་ནི་ཡུམ་ལས་འབྱུང་ལ། ཡུམ་གྱི་ལུས་ཀྱི་རང་བཞིན་བྷ་ག་ཡེ་ཤེས་ཀྱི་མཁའ་དབྱིངས་དམ་པ་འདི་ཉིད་ལ་གུས་པས་བརྟེན་པ་དང་། བུད་མེད་ཐམས་ཅད་ལ་དཔའ་མོའི་བློས་མཆོད་པའི་དོན་དུ་མདུན་གྱི་ཤེས་རབ་མ་ལ། སླར་ཡང་ཡིད་ཀྱིས་ཕྱག་དང་བསྐོར་བ་སྔོན་དུ་འགྲོ་བས་མེ་ཏོག་ཕུལ་བས་མཉེས་པར་མཛོད་ཅིག །གཉིས་པ་ཤེར་དབང་དངོས་གཞི་ལ། མཁའ་གསང་བསྟན་པ་ནི། ཤེས་རབ་མ་དགྱེས་པའི་རྣམ་འགྱུར་གྱིས་ཆུ་སྐྱེས་ངོམས་ཤིང་འདི་སྐད་གསུང་བར་མོས། ཧཱུྃ༔ ང་ཡི་བྷ་ག་སོགས། སློབ་དཔོན་གྱིས་ཕྱག་རྒྱ་མའི་གཡོན་གྱི་སྲིན་ལག་ནས་བཟུང་སྟེ་སློབ་མའི་ལག་གཡོན་དུ་སྦྱིན་པར་མོས། ཧཱུྃ༔ ཡེ་ཤེས་ལྷ་མོ་སོགས། བྱིན་གྱིས་བརླབས་ནས་བརྡས་བསྐུལ་ཞིང་བདེ་བ་འབར་བའི་དོན་ཡེ་ཤེས་ཆེན་པོར་ངོ་སྤྲད་པ་ནི། དེ་ལྟར་བྱིན་པའི་ཤེས་རབ་མ་དང་སློབ་མ་རྣམས་ཐ་མལ་གྱི་རྟོག་པ་སྤངས་ནས་ལྷ་སྔགས་ཆོས་ཀྱི་འདུ་ཤེས་དང་ལྡན་པས་རོལ་ཅིག །ཀྱེ་མ་ལས་ལྡན་སོགས་ནས། ལྷོད་ཀྱིས་མཉམ་པར་ཞོག་ཅིག །དེ་ལྟར་ཤེས་རབ་བྷ་གའི་དཀྱིལ་འཁོར་དུ་དབང་བསྐུར་པས། གཟུང་འཛིན་གྱི་རྟོག་པ་ཕྲ་རགས་འགགས་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས་པས། སྡུག་བསྔལ་ཐམས་ཅད་བདེ་བར་ཤར་ཞིང་། བདེ་བའི་ངོ་བོ་སྟོང་པར་ངོ་འཕྲོད་པས་འོད་གསལ་བདེ་བ་ཆེན་པོའི་ཡེ་ཤེས་ལ་རྒྱུན་དུ་གནས་ཤིང་། བདེ་བ་ལ་བདེ་བའི་རང་བཞིན་སྟོང་པར་འཛིན་པ་ལས་འདས་པའི་བློ་བྲལ་ཆེན་པོའི་དོན་ལ་གཞོལ་བའི་སྒོ་ནས། ཐབས་གྲོལ་གྱི་ལམ་ལ་གང་ཟག་གི་བློ་ཡི་ནུས་པ་དང་འཚམ་པར་ཞུགས་ནས། བདེ་སྟོང་གི་དོན་ལ་ཡེ་སྟོང་གི་རྩིས་ཟིན་པར་བསྐྱངས་པས་ཡོན་ཏན་ཕུན་སུམ་ཚོགས་པ་འབྱུང་བ་ཡིན་ནོ། །གསུམ་པ་རྗེས་རིམ་དབང་དེའི་དག་པ་བརྗོད་པ་ནི། ཀྱེ་མ་སྐལ་ལྡན་སོགས། དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཟབ་མོ་ཐོབ་ནས། ལམ་གྱི་རིམ་པ་ཉམས་སུ་བླང་པའི་ཟབ་ཁྲིད་འཆད་པ་ཡིན་ཏེ། གསུམ་པ་སེམས་ཀྱི་སྔོན་འགྲོ་ལ་གསུམ་སྟེ་སོགས་ཁྲིད་ཡིག་ལྟར། གོམས་པ་ལ་འཇུག་པར་བྱའོ། །ཞེས་པའི་བར་དལ་བུས་བཀླག །ཁྱད་པར་དབང་གསུམ་པའི་ལམ་རྒྱུད་ལ་བརྟེན་ནས་ཉམས་སུ་ལེན་པའི་རིམ་པ་ལ། སྦྱོར་དངོས་རྗེས་གསུམ་གྱི་ཆོ་ག་ལག་ཏུ་བསྟར་ནས། ཕོ་ཉའི་ལམ་མཆོག་མཐར་ཕྱིན་པ་གཞུང་བཞིན་དུ་བསྒྲུབས་པས། དབང་བཞི་པའི་མངོན་རྟོགས་རྒྱུད་ལ་སྐྱེ་བའི་སྐལ་པ་ཅན་དུ་བསྒྲུབ་དགོས་པ་ལགས། དེ་ལྟར་ཤིན་ཏུ་སྤྲོས་མེད་ཤེར་དབང་གི་ལམ་ལ་བརྟེན་པའི་སྨིན་གྲོལ་ཚང་སྤྲུགས་སུ་ཐོབ་པ་ལགས་པས་བཀའ་དྲིན་གཏང་རག་གི་སླད་དུ། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཚོགས་ཀྱི་དགའ་སྟོན་གྱིས་མཆོད་པའི་རྣལ་འབྱོར་ལ་འཇུག་པ་ཞུ། གོང་སྨྲོས་བཞིན་ཚོགས་འཁོར་ངེས་པར་བྱའོ།། ༧ །།ལྔ་པ་ལུས་ངག་ཡིད་གསུམ་དུ་འཛིན་པའི་སྒྲིབ་པ་ཀུན་སྦྱོང་ཞིང་ཆོས་སྐུ་རྫོགས་པ་ཆེན་པོའི་ཟབ་དོན་མཐར་ཐུག་པ། རབ་ཏུ་སྤྲོས་མེད་ཡང་གསང་ཚིག་དབང་རིན་པོ་ཆེ་བསྐུར་བ་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། དང་པོ་སྦྱོར་བ་སྔོན་འགྲོ་ནི། དཀྱིལ་འཁོར་ཆེན་པོའི་བྱང་ཕྱོགས་སུ་བླ་མ་སྐུ་བཞི་ལྷུན་གྲུབ་ཆེན་པོའི་ངོ་བོར་བཞུགས་པའི་སྤྱན་སྔར། དབང་བཞི་པ་ཞུ་བའི་ཡོན་དུ་རིན་པོ་ཆེ་གསེར་གྱི་མཎྜལ་ཕུལ། ཡང་དག་དོན་གྱི་གནས་ལུགས་མངོན་སུམ་སྟོན་པར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཀྱེ་དུས་གསུམ་སོགས་ལན་གསུམ། མཆོག་གི་དངོས་གྲུབ་སྒྲུབ་པའི་རྟེན་མཚོན་པའི་ཕྱིར་ཚོམ་བུ་དང་། མེ་ལོང་། ཐོད་པའི་དཀྱིལ་འཁོར་བསྐྱེད་ནས་མཆོད་ཅིང་ཚོགས་ཀྱི་དགའ་སྟོན་གྱིས་མཉེས་ཤིང་ཚོགས་རྫོགས་པར་བྱ་བ་ནི། འདི་ལྟར་བདག་གིས་བརྗོད་པའི་ཚིག་རིས་དང་མཐུན་པར་ཁྱོད་རང་རྣམས་ཀྱིས་ཀྱང་དམིགས་པའི་ཏིང་འཛིན་ལ་འབད་འཚལ། སློབ་དཔོན་ཉིད་སྐད་ཅིག་གིས་དཔའ་བོ་རྟ་མགྲིན་དམར་པོ་ཞལ་གཅིག་ཕྱག་གཉིས་གྲི་ཐོད་བསྣམས་པ། ཕག་མོ་དམར་མོ་གཅེར་བུ་གྲི་ཐོད་འཛིན་པ་དང་འཁྲིལ་སྦྱོར་དུ་བཞུགས་པའི་སྐུར་གསལ་བ་དང་། མདུན་གྱི་ཚོམ་བུའི་དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་ཕག་མོ་དང་དཔལ་རྟ་མགྲིན་ཡབ་ཡུམ། གཉིས་ཀའང་སྐུ་མདོག་དམར་པོ། མཚམས་བཞིར་རིགས་བཞིའི་མཁའ་འགྲོ་ཡབ་ཡུམ་མཐིང་སེར་དམར་ལྗང་ཅན། གཙོ་འཁོར་ཐམས་ཅད་ཀྱི་ཕྱག་གཉིས་རང་རྟགས་ཀྱིས་མཚན་པའི་གྲི་གུག་དང་ཐོད་ཁྲག་བསྣམས་ཤིང་། ཡུམ་རྣམས་ཀྱི་གྲུ་མོར་ཁ་ཊྭཱཾ་ག་བརྟེན་པ། ལྷ་ཚོགས་རྣམས་ཀྱི་གནས་གསུམ་རྡོ་རྗེ་གསུམ་གྱི་ཡི་གེས་མཚན་པ་ལས་འཕྲོས་པའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ཤིང་། ཨཱོྃ་ཨཱཿཧཱུྃ་གཉིས་སུ་མེད་པར་ཐིམ། བླ་མ་ཡབ་ཡུམ་སྙོམས་པར་སོགས་ནས། བདུད་རྩི་ལ་ཐིམ་པས་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་པར་མོས། སླར་ཡང་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱི་ཚོམ་བུའི་དཀྱིལ་འཁོར་ལ་མཆོད་ཅིང་བསྟོད་པར་གྱུར། ཨཱོྃ་ཨཱཿཧཱུྃ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཛྙཱ་ན་པཉྩ་ཨ་མྲྀཏ་ཁཱ་ཧིས་བདུད་རྩི་དང་། ཨཱོྃ་བཛྲ་ཨརྒྷཾ་པཱ་དྱཾ་སོགས་ཀྱིས་མཆོད། འོད་གསལ་དབྱིངས་ལས་ལོངས་སྐུའི་རྩལ། །ཐབས་ཤེས་སྤྲུལ་པ་ཕྱག་རྒྱར་བཞེངས། །རིགས་ལྔ་མཁའ་འགྲོའི་དཀྱིལ་འཁོར་ལྷར། །སྒོ་གསུམ་གུས་པས་འདུད་ཅིང་བསྟོད། །ཅེས་བསྟོད། དེ་ལྟར་མཆོད་ཅིང་བསྟོད་པས་ལྷ་ཚོགས་དགྱེས་པས་འོད་དུ་ཞུ་ནས་རང་གི་སྙིང་གར་ཐིམ། སླར་མེ་ལོང་གི་དཀྱིལ་འཁོར་ཆོས་འབྱུང་ཐར་པ་ཆེན་པོའི་གཞལ་ཡས་ཁང་གི་དབུས་སུ་རྡོ་རྗེ་ཕག་མོ་དང་རྟ་མགྲིན་ཡབ་ཡུམ་དམར་པོ་གྲི་ཐོད་བསྣམས་པ། མཐའ་སྐོར་དུ་བླ་མ་བརྒྱུད་པའི་ཚོགས་དང་བཅས་པ་བཞུགས་པ་ལ། རང་གི་ཐུགས་ཀ་ནས་འོད་ཟེར་ཁ་དོག་ལྔ་འཕྲོས་པས་སྣང་སྲིད་ཐམས་ཅད་མཆོད་པའི་ལྷ་མོ་ལྔར་གྱུར་ཏེ། ནམ་མཁའ་ཁྱབ་པར་གང་ནས་མཆོད་སྤྲིན་སྣ་ཚོགས་ཐོགས་པས་མཆོད་དེ། བླ་མ་མཁའ་འགྲོའི་དཀྱིལ་འཁོར་ལྷ་ཚོགས་རབ་ཏུ་དགྱེས་ཤིང་སྙོམས་པར་ཞུགས་པས་བྱང་ཆུབ་སེམས་ཀྱི་རྒྱུན་བབས་པ་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་གྱུར་པའི་བདུད་རྩིའི་སྤྲིན་གྱིས། བླ་མ་ཡི་དམ་གྱི་དཀྱིལ་འཁོར་པའི་ལྷ་ཚོགས་ལ་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར། ཨཱོྃ་ཨཱཿཧཱུྃ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཛྙཱ་ན་པཉྩ་ཨ་མྲྀཏ་ཁཱ་ཧིས་བདུད་རྩིའི་ཐིགས་གཏོར། སླར་ཡང་རྩ་བ་གསུམ་གྱི་ལྷ་ཚོགས་དགྱེས་པ་སྐོང་བའི་ཚོགས་ཀྱི་མཆོད་པའི་ཕྲིན་ལས་སྔོན་དུ་འགྲོ་བས། རིག་འཛིན་བརྒྱུད་པའི་བླ་མ་རྣམས་ལ་དད་མོས་གདུང་བ་དྲག་པོས་ཕུར་ཚུགས་སུ་གསོལ་བ་འདེབས་པ་བཅས་དཔོན་སློབ་ལྷན་ཅིག་པས་མཛད་འཚལ། གོང་བཞིན་ཚོགས་མཆོད་ཕུལ་ནས་སྨོན་ཤིས་བཅས་བྱ། ཨཱོྃ་ཨཱཿཧཱུྃ། ཆོས་ཀུན་ཀ་ནས་དག་པ་ཡེ་ཤེས་ཀྱི། །སོགས་བརྒྱུད་འདེབས་སྦྱར་བས་བར་སྐབས་ཀྱི་བརྒྱུད་ལུགས་གང་མོས་སྐབས་བསྟུན་གྱིས་འདོར་ལེན་བྱ། གསང་སྔགས་རབ་ཏུ་གསང་བའི་དོན་ཉེ་བར་མཚོན་ཕྱིར་དམ་ཚིག་བསྒྲག་པ་ནི། ཟབ་མོ་དབང་བཞི་པའི་ཁྱད་པར་གྱི་དམ་ཚིག་བསྲུང་དུ་མེད་པར་ཡེ་སྲུང་ཡེ་དག་གི་དགོངས་སྤྱོད་ཀྱི་རིམ་པ་ཚུལ་བཞིན་འཛིན་པའི་དམ་བཅའ་བརྟན་པོས་འདིའི་རྗེས་ཟློས། ཨཱོྃ་ཨཱཿཧཱུྃ་ཧྲཱིཿམ༔ བསྲུང་དུ་མེད་པའི་སོགས། སྣོད་ཁྱད་པར་ཅན་དུ་སྒྲུབ་པར་བྱེད་པ་ཡེ་ཤེས་དབབ་པ་ནི། ཁྱེད་རང་རྣམས་ཡུལ་གཞན་དུ་མ་ཡེངས་པར་དམིགས་གནད་འདི་བཞིན་རྩེ་གཅིག་ཏུ་བསྒོམ་འཚལ། སློབ་མའི་ལུས་གནད་རྣམ་སྣང་གི་ཆོས་བདུན་དང་ལྡན་པས། ངག་གནད་རླུང་རང་བབས་སུ་ཞོག །སེམས་ཀྱི་གནད་སྨིན་ཕྲག་ཏུ་སོགས་ནས། འཁོར་བ་ལ་དམིགས་པ་རྩེ་གཅིག་ཏུ་གཏད་པས། དེའི་སྒྲ་དང་འོད་ཟེར་དང་། བླ་མ་ལ་བཅོས་མིན་གྱི་མོས་གུས་བསྐྱེད་པའི་མཐུས། བླ་མའི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་དང་བཅས་པས། བླ་མ་ཡི་དམ་སོགས་ནས། དྲངས་པ་སློབ་མ་ལ་སིབ་སིབ་ཐིམ་པས་རྒྱུད་ལ་ཡེ་ཤེས་ཁྱད་པར་ཅན་སྐྱེ་བའི་ནུས་པ་ཅན་དུ་བྱིན་གྱིས་བརླབས་པར་མོས་ཤིག །སྤོས་རོལ་བཅས་བྱིན་དབབ། གཉིས་པ་དངོས་གཞི་ལ། གཟུང་འཛིན་རང་གྲོལ་གྱི་ཡེ་ཤེས་མངོན་སུམ་གནད་ཐོག་ཏུ་ཕབ་སྟེ། རིག་པ་བློ་འདས་ཀྱི་རང་ཞལ་རྗེན་པ་རང་ཐོག་ཏུ་ངོ་སྤྲད་པའི་བརྡ་ཐབས་རྣམ་པ་ལྔ་འབྱུང་བ་ལས། དང་པོ། གནས་པ་ལ་བརྟེན་ནས་ངོ་སྤྲོད་པ་ཡིན་པས་མ་ཡེངས་པར་འདིའི་དོན་ངོ་ཤེས་པར་གྱིས་ཤིག །འོ་རིགས་ཀྱི་བུ། དར་ཅིག་སོགས་ནས། ངོ་ཤེས་པར་གྱིས་ཤིག །དེ་ལྟར་བྱས་པས་གནས་པར་སྣང་ཡང་གང་དུའང་མི་གནས་ཤིང་། སེམས་ཉིད་སྤྲོས་པ་དང་བྲལ་བའི་གནས་ལུགས་ཀྱི་དོན་ཤེས་པའི་ཐབས་བསྟན་པ་ཡིན་ནོ། །གཉིས་པ་སེམས་འཕྲོ་བར་སྙམ་པའི་འགྲོ་ས་ལ་བརྟེན་ནས་ངོ་སྤྲོད་པ་ནི། སློབ་མ་རྣམས་ལངས་ཏེ་རིམ་པ་བཞིན་ཕྱོགས་བཞིའི་ནམ་མཁའ་ལ་མིག་གི་ལྟ་སྟངས་དང་བཅས་ལུས་ནམ་མཁའི་དཀྱིལ་ནས་ཕར་ཡེར་རེ་འགྲོ་བར་སྒོམས་ཤིག །ཀྱེ་མ་ཀྱེ་མ་སོགས་ནས། སྟོང་པ་ཡིན༔ དེ་ལྟར་བྱས་པས་འགྲོ་འོང་ལྟར་སྣང་ཡང་གནས་པ་ཉིད་ལས་དོན་དུ་གར་ཡང་ཕྱིན་པ་མེད་པས། འགྲོ་འོང་མེད་པའི་དོན་རྟོགས་པའི་ཐབས་བསྟན་པ་ཡིན་ནོ། །གསུམ་པ་སེམས་གང་ནས་སྐྱེ་འོ་སྙམ་པའི་བྱུང་ས་ལ་བརྟེན་ནས་ངོ་སྤྲོད་པ་ནི། ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱིས༔ སེམས་ནི་སོགས་ནས། བྱུང་བར་ལྟོས༔ དེ་ལྟར་བགྱིས་པས་སེམས་རྟོག་སྐྱེས་ཤིང་འབྱུང་བ་ལྟར་སྣང་ཡང་། དོན་ལ་འདི་ལས་བྱུང་བའི་གནས་མེད་པས་འདི་ནས་འབྱུང་གི་གཞི་རྩ་བྲལ་བའི་རང་བཞིན་གང་དུའང་བརྗོད་དུ་མེད་པའི་དོན་ལ་མཉམ་པར་ཞོག་ཅིག །ཀྱེ་མ་རིགས་ཀྱི་བུ་ཁྱོད་ཉོན། །སོགས་ནས། ཤེས་པར་གྱིས། དེ་ལྟར་བྱས་པས་སེམས་ཀྱི་རང་བཞིན་གང་ལས་མ་བྱུང་། གང་དུའང་མ་གནས། གང་དུའང་མི་འགག་པ། སྐྱེ་འགག་ཏུ་མ་གྲུབ། རྒྱུ་རྐྱེན་ལས་འདས་པ། གདོད་ནས་མ་སྐྱེས་པའི་གནས་ལུགས་ཀྱི་དོན་རྟོགས་པའི་ཐབས་བསྟན་པ་ཡིན་ནོ། །བཞི་པ་སྣང་སེམས་ཆོས་ཉིད་ཀྱི་རྒྱན་དུ་ཡེ་ནས་གྲོལ་བས། ཚོགས་དྲུག་གི་ཡུལ་ཤེས་གཏད་མེད་ཟང་ཐལ་གཉུག་མའི་རང་བཞིན་དུ་ངོ་སྤྲོད་པ་ལ། ཐོག་མར་མིག་གི་ཡུལ་དུ་གཟུགས་ལ་བརྟེན་ནས་ཡུལ་སེམས་སྣང་སྟོང་རྩ་བྲལ་དུ་ངོ་སྤྲོད་པ་ནི། ཁྱོད་རང་གི་མདུན་གྱི་ནམ་མཁའི་དཀྱིལ་ན་རྒྱལ་བ་རིགས་ལྔའི་སྐུ་གཟུགས་རྒྱན་དང་ཆ་ལུགས་རྫོགས་པ་བཀྲ་ལམ་གྱིས་གསལ་བར་བསྒོམས་ནས་ལྟོས་ལ་འདིའི་དོན་གོ་བར་མཛོད། ཀྱེ་མ་རིགས་ཀྱི་སོགས། དེ་ལྟར་བྱས་པས་གཟུགས་སུ་སྣང་བར་འཛིན་མཁན་གྱི་སེམས་གཞི་མེད་རྩ་བ་བྲལ་བས། དེས་བཟུང་བའི་ཡུལ་གྱི་གཟུགས་སེམས་ལས་གཞན་གང་དུའང་གྲུབ་པ་མེད་པས། སྣང་སྟོང་སྐྱེ་བ་མེད་པ་མཐོང་བའི་ཐབས་ཡིན་ནོ། །ཡང་། རྣ་བའི་ཡུལ་དུ་སྒྲ་གྲགས་པའི་ཡུལ་སེམས་གྲགས་སྟོང་རྩ་བྲལ་དུ་ངོ་སྤྲད་པ་ནི། སྙན་དང་མི་སྙན་སྣ་ཚོགས་པའི་སྒྲ་ལ་ཉན་ནས་འདིའི་དོན་གོ་བར་མཛོད་ཅིག །ཀྱེ་མ་རིགས་ཀྱི་སོགས། དེ་ལྟར་བྱས་པས་སྒྲར་གྲགས་པ་འཛིན་མཁན་གྱི་སེམས་ཉིད་གཞི་རྩ་བྲལ་བས། དེས་ཉན་པའི་ཡུལ་གྱི་སྒྲ་སེམས་ལས་གཞན་དུ་མ་གྲུབ་པས། གྲགས་སྟོང་འགག་པ་མེད་པའི་དོན་མཐོང་བའི་ཐབས་ཡིན་ནོ། །ཡང་། སྣ་ཡི་ཡུལ་དུ་དྲི་ཚོར་བའི་ཡུལ་སེམས་ཚོར་སྟོང་རྩ་བྲལ་དུ་ངོ་སྤྲད་པ་ནི། བཟང་ངན་སྣ་ཚོགས་པའི་དྲི་བདུག་པ་སྣར་ཚོར་བར་བྱས་ནས་འདིའི་དོན་གོ་བར་མཛོད་ཅིག །ཀྱེ་མ་རིགས་ཀྱི་སོགས། དེ་ལྟར་བྱས་པས་དྲིའི་ཚོར་བ་འཛིན་མཁན་གྱི་སེམས་ཉིད་གཞི་རྩ་བྲལ་བས། དེས་ཚོར་བའི་ཡུལ་གྱི་དྲི་སེམས་ལས་གཞན་དུ་མ་གྲུབ་པས། ཚོར་སྟོང་གནས་པ་མེད་པའི་དོན་མཐོང་བའི་ཐབས་ཡིན་ནོ། །ཡང་། ལྕེའི་ཡུལ་དུ་རོ་མྱང་བའི་ཡུལ་སེམས་མྱང་སྟོང་རྩ་བྲལ་དུ་ངོ་སྤྲད་པ་ནི། ཞིམ་མི་ཞིམ་སྣ་ཚོགས་པའི་རོ་མྱང་བ་ལྕེའི་མྱོང་བར་བྱས་ནས་འདིའི་དོན་གོ་བར་མཛོད་ཅིག །ཀྱེ་མ་རིགས་ཀྱི་སོགས། དེ་ལྟར་བྱས་པས་ལྕེ་ཡི་ཡུལ་དུ་རོ་མྱང་བ་འཛིན་མཁན་གྱི་སེམས་ཉིད་གཞི་རྩ་བྲལ་བས། དེས་མྱོང་བའི་ཡུལ་རོ་སེམས་ལས་གཞན་དུ་མ་གྲུབ་པས། མྱོང་སྟོང་དམིགས་པ་མེད་པའི་དོན་མཐོང་བའི་ཐབས་ཡིན་ནོ། །ཡང་། ལུས་ཀྱི་ཡུལ་དུ་རེག་བྱ་མྱོང་བའི་ཡུལ་སེམས་རེག་སྟོང་རྩ་བྲལ་དུ་ངོ་སྤྲད་པ་ནི། ཕྲག་པའི་གོས་ཕུད་ལ། ལུས་ཀྱི་ཡུལ་དུ་རེག་བྱ་འཇམ་རྩུབ་སྣ་ཚོགས་ཀྱི་རེག་བྱ་ལུས་ཀྱིས་རེག་པའི་ཚོར་བ་མྱོང་བར་བྱས་ནས་འདིའི་དོན་གོ་བར་མཛོད་ཅིག །ཀྱེ་མ་རིགས་ཀྱི་སོགས་ནས། བྲལ་བ་ཡིན། དེ་ལྟར་བྱས་པས་ལུས་ཀྱི་ཡུལ་དུ་རེག་བྱར་འཛིན་མཁན་གྱི་སེམས་ཉིད་གཞི་རྩ་བྲལ་བས། དེས་བཟུང་བའི་ཡུལ་རེག་བྱ་སེམས་ལས་གཞན་དུ་མ་གྲུབ་པས། རེག་སྟོང་འཛིན་པ་མེད་པའི་དོན་མཐོང་བའི་ཐབས་ཡིན་ནོ། །ཡང་། ཡིད་ཀྱི་ཡུལ་དུ་ཤར་བའི་ཆོས་སྐྱིད་སྡུག་དང་། དགའ་མི་དགའ། ཆགས་སྡང་ལ་སོགས་པའི་རྟོག་པ་སྣ་ཚོགས་པ་འབྱུང་དུ་ཆུགས་ལ་འདིའི་དོན་གོ་བར་མཛོད། ཀྱེ་མ་རིགས་ཀྱི་སོགས་ནས། ཇི་བཞིན་ནོ༔ དེ་ལྟར་བྱས་པས་ཡིད་ཀྱི་ཡུལ་དུ་ཤར་བའི་ཆོས་སུ་འཛིན་མཁན་གྱི་སེམས་ཉིད་གཞི་རྩ་དང་བྲལ་ཞིང་། དེར་ཤར་པའི་ཆོས་རྣམས་སེམས་ལས་གཞན་དུ་མ་གྲུབ་པས། དྲན་སྟོང་གྲུབ་པ་མེད་པའི་དོན་མཐོང་བའི་ཐབས་ཡིན་ནོ། །དེ་ལྟར་ངོ་སྤྲད་པས་ཕྱིའི་གཟུགས་སོགས་ཡུལ་དྲུག་དང་། ནང་འཛིན་མཁན་གྱི་སེམས་དྲུག་པོ་ཡེ་སྟོང་གཞི་མེད་རྩ་བ་དང་བྲལ་བར་ཤེས་པས། གཟུང་འཛིན་གྱི་ཡུལ་སེམས་གདོད་ནས་གྲུབ་མ་མྱོང་བས་རང་ཤར་རང་གྲོལ་དུ་རྟོགས་པར་བྱེད་པ་ཡིན་ནོ། །ལྔ་པ་ཉོན་མོངས་རང་གྲོལ་དུ་ངོ་སྤྲད་པ་ནི། གཟུང་འཛིན་གྱིས་བསྡུས་པའི་ཆོས་ཀུན་གདོད་ནས་མ་གྲུབ་པའི་ཕྱིར། ཉོན་མོངས་པ་དུག་གསུམ་དང་། དུག་ལྔའི་རྟོག་པ་དར་ལ་དྲགས་པ་སྐྱེ་རུ་ཆུགས་ལ་འདིའི་དོན་གོ་བར་མཛོད་ཅིག །ཀྱེ་མ་རིགས་ཀྱི་སོགས་ནས། མེད་པར་གྲོལ༔ དེ་ལྟར་བྱས་པས་ཉོན་མོངས་པའི་རྟོག་པ་ཇི་ལྟར་ཤར་ཡང་། ཤར་མཁན་གྱི་སེམས་ཉིད་གཞི་མེད་རྩ་བྲལ་དུ་དྭངས་པས། དེས་བསྐྱེད་པའི་ཉོན་མོངས་པ་སེམས་ལས་གཞན་དུ་མ་གྲུབ་པས། སྐྱེ་གྲོལ་དེར་འཛིན་མེད་པའི་དོན་མཐོང་ཞིང་ཉོན་མོངས་རྩ་བྲལ་ཡེ་ཤེས་ཆེན་པོར་རྟོགས་པའི་ཐབས་ཡིན་ནོ། །གསུམ་པ་རྗེས་རིམ་དག་པ་བརྗོད་པ་ནི། ཨེ་མ་སྐལ་ལྡན་སོགས་ནས། ལྷུན་གྱིས་གྲུབ༔ དེ་ལྟར་ཚིག་དབང་རིན་པོ་ཆེ་ལེགས་པར་ཐོབ་ནས། ལམ་གྱི་རིམ་པ་ཉམས་སུ་ལེན་པའི་ཟབ་ཁྲིད་འཆད་པ་ཡིན་ཏེ། དོན་གཉིས་པ་ཟབ་ལམ་སྒོམ་པ་དངོས་གཞིའི་ཁྲིད་ལ་སོགས་ཁྲིད་ཡིག་ལྟར། ཕྱི་མ་ནི་ཕབ་པའི་དོན་ལ་མཉམ་པར་འཇོག་པའི་གནས་ལུགས་སྟོན་པ་ཡིན་ནོ། །ཞེས་པའི་བར་དལ་བུས་བཀླག །དེ་དག་རྣམས་ཀྱི་དབང་བཞི་པའི་ལམ་ལ་བརྟེན་པའི་སྨིན་གྲོལ་ཚང་སྤྲུགས་སུ་ཐོབ་པ་ལགས་པས་བཀའ་དྲིན་བསབ་པའི་དགའ་སྟོན་དུ་མཎྜལ། སྔ་མ་བཞིན་ཚོགས་ཀྱི་འཁོར་ལོས་མཆོད། སྐབས་འདིར་དགེ་བསྔོ་བཅས་མཚམས་འཇོག་དགོས་ནའང་དེ་ལྟར་བྱའོ།།༧ །།དྲུག་པ་སེམས་ཉིད་ཀྱི་ངོ་སྤྲོད་བླ་ན་མེད་པ་གནས་ལུགས་སྤྲོས་བྲལ་དུ་སྟོན་པ་གཞི་ཁྲེགས་ཆོད་ཀྱི་ལམ་དང་འབྲེལ་བ་རིག་པ་རྩལ་གྱི་དབང་ལ། ཐོག་མར་བླ་མ་ཀ་དག་དོན་གྱི་སངས་རྒྱས་གུ་རུའི་རྣམ་པར་བཞུགས་པའི་སྤྱན་སྔར། རིག་པ་མེ་ལོང་ལྟ་བུའི་དོན་རྟོགས་པའི་ཆེད་དུ་མཎྜལ། དབང་གཞུང་དུ་མཎྜལ་མ་གསུངས་ཀྱང་། ཟབ་དོན་རྒྱ་མཚོའི་སྤྲིན་ཕུང་དུ་གསུངས་པ་དང་འཇུག་པ་བདེ་བའི་ཕྱིར་སྦྱར་བ་འགལ་བ་མེད་སྙམ། དང་པོ་སྔོན་འགྲོ་སྣོད་སྦྱོང་ཞིང་བྱིན་གྱིས་བརླབ་པའི་རིམ་པ་ནི། བླ་མ་གཞིའི་སངས་རྒྱས་ཆོས་སྐུ་ཀུན་ཏུ་བཟང་པོའི་རྣམ་པར་བཞུགས་པ། དེའི་མདུན་གྱི་དཀྱིལ་འཁོར་པདྨ་འདབ་བརྒྱད་འོད་ལྔའི་དྲྭ་བ་རྡོར་རྭ་མེ་རི་དང་བཅས་པ་མཆོད་སྤྲིན་རྒྱ་མཚོས་བསྐོར་བའི་ནང་དུ། ཐོད་པ་བདུད་རྩིས་བཀང་བའི་དབུས་སུ་པདྨའི་སྡོང་པོ་སོགས་ནས། དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱིས་བསྐོར་ནས་གཙོ་དང་འཁོར་དུ་སྣང་བའི་དཀྱིལ་འཁོར་ཆེན་པོར་བཞུགས་པར་བསྐྱེད་དོ། །སློབ་དཔོན་དང་དཀྱིལ་འཁོར་པ་དེ་རྣམས་ཀྱི་ཐུགས་ཀའི་འོད་ཟེར་ཆོས་དབྱིངས་མཁའ་ཁྱབ་དུ་འཕྲོས་པས། དུས་གསུམ་གྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པའི་རྣམ་པར་ནམ་མཁའ་གང་བ་སྤྱན་དྲང་པར་གྱུར། སྤོས་རོལ་བཅས། ཧོཿ ཆོས་དབྱིངས་རྣམ་དག་ལྷུན་གྲུབ་ཆེན་པོ་ནས། །དཔག་ཡས་ཐུགས་རྗེའི་རྣམ་འཕྲུལ་འགྱེད་པའི་ལྷ། །བླ་མ་རིག་འཛིན་རྩ་གསུམ་ཞི་ཁྲོའི་ཚོགས། །འདིར་གཤེགས་བདག་ལ་དགོངས་ཤིང་བྱིན་གྱིས་རློབས། །གདོད་ནས་བྱང་ཆུབ་རྡོ་རྗེ་སྙིང་པོའི་གདུང་། །དཀོན་མཆོག་གསུམ་དངོས་དམ་ཆོས་རིན་ཆེན་མཛོད། །དུས་གསུམ་རྒྱལ་བའི་ཕྲིན་ལས་གཅིག་བསྡུས་པ། །ད་ལྟ་དངོས་བཞུགས་བླ་མས་བྱིན་གྱིས་རློབས། །ཨཱོྃ་བཛྲ་ས་མ་ཡ་ཛཿས་སྤྱན་དྲངས། སྤྱན་དྲངས་པའི་ལྷ་ཚོགས་བསྐྱེད་པའི་དཀྱིལ་འཁོར་ལ་གཉིས་སུ་མེད་པར་བསྟིམ་པར་གྱུར་པར་མོས་ལ། ཛཿཧཱུྃ་བཾ་ཧོཿ ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་ཏེ་ཕྱི་ནང་གསང་བ་བླ་ན་མེད་པའི་ལོངས་སྤྱོད་ཆེན་པོས། ལྷ་ཚོགས་རྣམས་ལ་མཆོད་བསྟོད་ཕུལ་བས་དགྱེས་པ་བསྐྱེད་པར་གྱུར་པར་མོས་ལ། སྣང་སྲིད་རྣམ་དག་སངས་རྒྱས་ཞིང་ཁམས་འདིར། །ཀུན་བཟང་མཆོད་པའི་སྤྲིན་ཕུང་འདི་ཕུལ་བས། །ནམ་མཁའི་མཐའ་ཀླས་གྱུར་པའི་འགྲོ་བ་རྣམས། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས་པར་ཤོག །ཨཱོྃ་སརྦ་ཏ་ཐཱ་ག་ཏ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་པས་མཆོད། མངོན་པར་བྱང་ཆུབ་ཆོས་སྐུར་དག་པ་ལས། །མཛད་པའི་རྣམ་འཕྲུལ་སྒྱུ་མའི་སྐུར་བཞེངས་པ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། སླར་ཡང་ཚོགས་རྟེན་དེ་རྣམས་ཀྱི་སྤྱན་སྔར། རང་གཞན་རྣམས་ཀྱི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ཏེ་ཕྱག་འཚལ་ཞིང་། ངག་གིས་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་མཚན་བརྗོད་པ་དང་། ཡིད་ཀྱིས་ཐོག་མེད་ནས་བསགས་པའི་སྡིག་ལྟུང་སྒྲིབ་གཉིས་སྤྱི་དང་། ཁྱད་པར་ལམ་ཟབ་མོའི་དབང་གི་ཡེ་ཤེས་སྐྱེ་བ་ལ་བར་དུ་གཅོད་པའི་རྟོག་སྒྲིབ་ཉམས་ཆག་གི་ལས་བསགས་པ་ཐམས་ཅད་གནོང་འགྱོད་དྲག་པོས་བཤགས་ཤིང་སྐོང་བའི་སླད་དུ་ན་རཀ་སྐོང་བཤགས་ཀྱི་ཆོ་ག་དཔོན་སློབ་ལྷན་ཅིག་པས་ཚུལ་བཞིན་མཛད་པ་ཞུ། ན་རཀ་སྐོང་ཆོག་སྔར་བཞིན་གཏང་། དེ་ལྟར་རྒྱུད་དག་པར་བྱེད་པའི་ཆོ་ག་སྔོན་དུ་སོང་ནས། སེམས་བསྐྱེད་པ་ནི། མཆོག་གསང་སྙིང་པོའི་དཀྱིལ་འཁོར་དུ་འཇུག་པར་བྱེད་པ་ལ། བདག་དང་གཞན་དུ་སྣང་བ་ཐམས་ཅད་གཉིས་མེད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཆེན་པོའི་ཀློང་དུ་དག་མཉམ་ཆེན་པོར་ཡེ་སངས་རྒྱས་པ་ཡིན་པ་ལ། དེ་ལྟར་མ་རྟོགས་པའི་གཉིས་འཛིན་གྱི་བློས་མེད་བཞིན་འཁྲུལ་པའི་ཡོ་ལང་མི་བཟད་པའི་སྡུག་བསྔལ་དོས་དྲགས་ལ་མཐའ་མེད་པས་བཅིངས་པ་འདི་རྣམས་དགྲོལ་བའི་ཕྱིར། དོན་དམ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཞུགས་ནས་རིག་པ་རྩལ་གྱི་དབང་བསྐུར་བ་ཟབ་མོ་ནོད་དེ། གཉིས་མེད་ཡེ་ཤེས་ཀྱི་ལམ་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ལན་གསུམ། གསོལ་བ་གདབ་པ་ནི། གནས་ལུགས་ཟབ་མོའི་དོན་ཅིག་ཆར་དུ་སྟོན་པའི་བླ་མ་མཆོག་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བསྐྱེད་དེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཀྱེ། བླ་མ་རྣམས་ཀྱིས་སོགས་ལན་གསུམ། གཉིས་པ་དངོས་གཞི་བཅུད་བླུགས་ཏེ་སྨིན་གྲོལ་ལ་དགོད་པ་བྱིན་རླབས་ཀྱི་སྟོབས་ཀྱིས་སྣང་སྲིད་ཆོས་སྐུའི་དཀྱིལ་འཁོར་རྟོགས་གྲོལ་དུས་མཉམ་དུ་བྱེད་པ་ལའང་ཀུན་འདུས་སྤྱི་དང་། མཚན་བརྒྱད་བྱེ་བྲག་ཏུ་བསྐུར་བ་གཉིས་ལས། དང་པོ་བླ་མའི་བྱིན་རླབས་ཀུན་འདུས་ཀྱི་སྤྱི་དབང་བསྐུར་བ་ནི། རྩ་བའི་བླ་མ་རིག་འཛིན་ཆེན་པོ་པདྨ་འབྱུང་གནས་དང་ཐ་དད་མེད་པ་ལ། མོས་གུས་ཀྱིས་གསོལ་བ་དྲག་ཏུ་བཏབ་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་རྗེའི་རྩལ་གཡོས་ཏེ། ཐུགས་ཀ་ནས་འོད་ཟེར་མཁའ་ཁྱབ་ཏུ་སྤྲོས་པས་དུས་གསུམ་གྱི་བླ་མ་བདེ་བར་གཤེགས་པའི་ཚོགས་ཐམས་ཅད་བརྒྱུད་གསུམ་རིག་འཛིན་བླ་མའི་རྣམ་པར་བྱོན་ནས། སློབ་མ་ལ་སིབ་སིབ་ཐིམ་པས་དགོངས་བརྒྱུད་ཀྱི་བྱིན་རླབས་རྒྱུད་ལ་ཞུགས་པའི་ངེས་ཤེས་བརྟན་པོར་སྐྱེད་ཅིག །སྤོས་རོལ་དབྱངས་བཅས། ཨཱོྃ་གུ་རུ་ ཀུན་བཟང་ཡབ་ཡུམ་ བཛྲ་ས་མ་ཡ་ཛཿ དེ་བཞིན་ཐོག་མཐའ་སོ་སོར་སྦྱར་བའི། རིགས་ལྔ་སོགས་དང་། པདྨ་ལས་འབྲེལ་རྩལ། བར་དང་། དེ་ནས་མཁའ་འགྲོ་སྙིང་ཐིག་གཙོ་བོར་བརྒྱུད་ན། ཤྭ་བན་རྒྱལ་སྲས་ལེགས་པ། ཀུན་མཁྱེན་རང་བྱུང་རྡོ་རྗེ། གཡུང་སྟོན་རྡོ་རྗེ་དཔལ། ཆོས་རྗེ་རོལ་པའི་རྡོ་རྗེ། ཆོས་ཀྱི་རྡོ་རྗེ། ནམ་མཁའ་རྡོ་རྗེ། ཚུལ་ཁྲིམས་འབུམ། ཚུལ་ཁྲིམས་རྒྱལ་མཚན། ཕྲིན་ལས་ཕུན་ཚོགས། ཡེ་ཤེས་རྒྱལ་མཚན། ཀཿཐོག་བྱང་སེམས་ཆེན་པོ། རྫ་ཡིག་ཚུལ་ཁྲིམས་རྒྱལ་མཚན། རྩེ་ལེ་བསོད་ནམས་རྣམ་རྒྱལ། ཐུགས་སྲས་རྒྱལ་བ་མཆོག་དབྱངས། རྗེ་ཕྲིན་ལས་མཚན་ཅན། གྲུབ་ཆེན་ཀུན་བཟང་དཔལ་འབྱོར། མཁས་གྲུབ་མདོ་སྔགས་བསྟན་འཛིན། གསང་བདག་ཕྲིན་ལས་ལྷུན་གྲུབ། གཏེར་ཆེན་རིག་འཛིན་འགྱུར་མེད་རྡོ་རྗེ་རྩལ། ངག་དབང་ཀུན་དགའ་བསྟན་འཛིན། པདྨ་ལྷུན་གྲུབ། བདེ་ཆེན་སྙིང་པོ། བསྟན་འཛིན་རྣམ་དག །གར་དབང་ཆོས་སྐྱོང་བཟང་པོ། ཀརྨ་གཞན་ཕན་བསྟན་པ་དར་རྒྱས། འཁོར་ལོའི་མགོན་པོ་འཇམ་མགོན་རྡོ་རྗེ་འཆང་དངོས་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ། ཡང་མཁའ་འགྲོ་ཡང་ཏིག་གི་བརྒྱུད་པ་ནི། ལས་འབྲེལ་ཡན་གོང་ལྟར་ལ། ཀུན་མཁྱེན་དྲི་མེད་འོད་ཟེར། བདེ་ལེགས་རྒྱ་མཚོ། ཡོན་ཏན་དཔལ་བ། སངས་རྒྱས་རིན་ཆེན། སངས་རྒྱས་རྒྱལ་མཚན། རྫ་ཡིག་ཚུལ་ཁྲིམས་རྒྱལ་མཚན། རྩེ་ལེ་བསོད་ནམས་རྣམ་རྒྱལ། ཨོ་རྒྱན་བསྟན་འཛིན། ཀརྨ་གུ་རུ། ཀུན་བཟང་དཔལ་འབྱོར། མདོ་སྔགས་བསྟན་འཛིན། ཕྲིན་ལས་ལྷུན་གྲུབ། ཆོས་རྒྱལ་གཏེར་བདག་གླིང་པ། འགྱུར་མེད་རིན་ཆེན་རྣམ་རྒྱལ། འགྱུར་མེད་པདྨ་བསྟན་འཛིན། འགྱུར་མེད་ཕྲིན་ལས་རྣམ་རྒྱལ། པདྨ་བསྟན་སྐྱོང་འགྱུར་མེད། དཔའ་བོ་གཙུག་ལག་ཆོས་རྒྱལ། ཨོ་རྒྱན་ཆོས་འཕེལ། ཀརྨ་འཕེལ་རྒྱས། ཀརྨ་གཞན་ཕན་བསྟན་པ་དར་རྒྱས། རྒྱལ་བས་ལུང་བསྟན་འཇམ་མགོན་རྡོ་རྗེ་འཆང་དངོས། ཡང་ཁྲིད་བརྒྱུད་ལྟར་ན། གཏེར་ཆེན་འགྱུར་མེད་རྡོ་རྗེ་ཡན་འདྲ་ལ། དེ་ནས། རྗེ་བཙུན་མི་འགྱུར་དཔལ་སྒྲོན། ཨོ་རྒྱན་བསྟན་འཛིན་རྡོ་རྗེ། འགྱུར་མེད་ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། ཀློང་ཆེན་གསུམ་པ་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་རྩལ། མཛོད་ལྔའི་མངའ་བདག་འཇམ་མགོན་རྡོ་རྗེ་འཆང་དངོས། དེས་བདག་སངས་རྒྱས་ཀརྨ་པའི་མཚན་འཛིན་ཀུན་བཟང་མཁའ་ཁྱབ་རང་བྱུང་ལྷན་སྐྱེས་རྡོ་རྗེའམ་སྣ་ཚོགས་རང་གྲོལ་ལའོ། །འདི་དག་ནི་སྨིན་གླིང་གཏེར་ཆེན་རིན་པོ་ཆེ་ནས་བརྒྱུད་པ་གཙོ་ཆེར་བྱས་པ་སྟེ། བར་སྐབས་ཀྱི་བླ་བརྒྱུད་གང་བྱེད་སོ་སོའི་བློ་ངོ་དང་བསྟུན་ཆོག །སླར་ཡང་སློབ་མ་རྣམས་ལུས་གནད་ལངས་ཏེ་སྤྱི་བོར་ཐལ་མོ་སྦྱར། ངག་གནད་སྟེང་རླུང་མནན། འོག་རླུང་བསྡམས་ཏེ་ཁ་སྦྱོར་དུ་གཟུང་། ཡིད་གནད་ཡུལ་གཞན་དུ་མ་འཕྲོ་བར་འདི་ལྟར་བསྒོམས་ཤིང་། མོས་གུས་ཀྱི་རྩལ་ཕྱུངས་ཏེ་གསོལ་བ་བཏབ་པས། བླ་མའི་ཐུགས་ཀ་ནས་འོད་ཟེར་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས་པས། ལྷ་ཚོགས་རྣམས་སྤྱན་དྲངས་ནས་སློབ་མར་ཐིམ་པས་རྒྱུད་ལ་བྱིན་རླབས་ཞུགས་པར་མོས་ཤིག །འོ་ཁྱེད་རྣམས་སོགས་ལ་འབྲུ་གསུམ་སོ་སོའི་སྐབས་ཐོབ་བཟླ་ཞིང་སྤོས་རོལ་བྱ། གཉིས་པ་མཚན་བརྒྱད་ཀྱི་བྱིན་རླབས་བྱེ་བྲག་ཏུ་བསྐུར་བ་ལ་སྐུ་ལྔ་ལྷུན་གྲུབ་སོགས་ནས། གསུམ་ལས། དང་པོ་སྐུ་ལྔ་ལྷུན་གྲུབ་ཀྱི་བྱིན་དབང་བསྐུར་བ་ནི། སློབ་མ་རྣམས་ལུས་གནད་ལངས་ཏེ་སྤྱི་བོར་ཐལ་མོ་སྦྱར། ངག་གནད་སྟེང་རླུང་མནན། ལོག་རླུང་བསྡམས་ཤིང་ཁ་སྦྱོར་དུ་གཟུང་། ཡིད་གནད་ཡུལ་གཞན་དུ་མ་འཕྲོ་བར་དད་མོས་ཀྱི་རྩལ་ཕྱུངས་ཏེ་ཁྱད་པར་གྱི་དམིགས་གནད་འདི་ལྟར་སྒོམས་མཛོད། ཀྱེ། རིགས་ཀྱི་བུ་རྣམས་སོགས་ནས། ཐོད་པ་འཛིན་པའི་སྙིང་གར་པདྨ་དང་ཟླ་ཉིའི་སྟེང་དུ་ཧཱུྃ་མཐིང་ནག་གསལ་བ་གཡོན་སྐོར་དུ་འཁོར་བ་ལ་སེམས་གཏོད་ཅིག །ཡང་ཆོས་ཀྱི་དབྱིངས་སོགས། ཧཱུྃ་བཟླ་ཞིང་སྤོས་རོལ་བྱ། ཡང་སློབ་མ་པདྨ་མཁའ་འགྲོར་གསལ་བའི་མགྲིན་པར་པདྨ་དང་ཟླ་ཉིའི་སྟེང་དུ་ཡི་གེ་ཏྲཱཾ་སེར་པོ་གསལ་བ་གཡོན་སྐོར་དུ་འཁོར་བ་ལ་སེམས་གཏོད་ཅིག །འོག་མིན་ནས་སོགས། ཏྲཱཾ་བཟླ་ཞིང་སྤོས་རོལ་བྱ། ཡང་སློབ་མ་པདྨ་མཁའ་འགྲོར་གསལ་བའི་ལྟེ་བར་པདྨ་དང་ཟླ་ཉིའི་སྟེང་དུ་ཡི་གེ་ཧྲཱིཿདམར་པོ་གསལ་བ་གཡོན་སྐོར་དུ་འཁོར་བ་ལ་སེམས་གཏད་པ་དང་། ཨོ་རྒྱན་ནས་སོགས། ཧྲཱིཿབཟླ་ཞིང་སྤོས་རོལ་བྱ། ཡང་སློབ་མ་པདྨ་མཁའ་འགྲོར་གསལ་བའི་གསང་བར་པདྨ་དང་ཟླ་ཉིའི་གདན་ལ་ཨཱཿལྗང་གུ་གསལ་བ་གཡོན་སྐོར་དུ་འཁོར་བ་ལ་སེམས་གཏད་པ་དང་། ལྷོ་ནུབ་རྔ་ཡབ་སོགས། ཨཱ་བཟླ་ཞིང་སྤོས་རོལ་བྱ། ཡང་། སློབ་མ་པདྨ་མཁའ་འགྲོར་གསལ་བའི་སྤྱི་བོར་པདྨ་དང་ཟླ་ཉིའི་གདན་ལ་ཨཱོྃ་དཀར་པོ་གསལ་བ་གཡོན་སྐོར་དུ་འཁོར་བ་ལ་སེམས་གཏད་པ་དང་། རྡོ་རྗེ་གདན་ནས་སོགས། ཨཱོྃ་བཟླ་ཞིང་སྤོས་རོལ་བྱའོ། །གཉིས་པ་སྐུ་གསུམ་བདེ་ཆེན་དུ་དབང་བསྐུར་བ་ནི། སློབ་མ་རྣམས་པདྨ་མཁའ་འགྲོ་སྔར་བཞིན་དུ་གསལ་བའི་སྤྱི་བོ། མགྲིན་པ། སྙིང་ག་གསུམ་དུ་པདྨ་ཟླ་ཉི་བརྩེགས་པའི་གདན་ལ། ཨཱོྃ་དཀར་པོ། ཨཱཿདམར་པོ། ཧཱུྃ་སྔོན་པོ་རྣམས་སོ་སོར་འཁོར་བཞིན་པ་གསལ་ཐོབས་ཤིག །ཡང་། སྐུའི་བླ་མ་སོགས་ནས། ཨཱོྃ་ལ་ཐིམ་པར་སྒོམས་ཤིག །ཨཱོྃ་བཟླ་སྤོས་རོལ་བྱ། ཡང་། གསུང་གི་བླ་མ་སོགས་ནས། ཨཱཿལ་ཐིམ་པར་སྒོམས་ཤིག །ཨཱཿབཟླ་ཞིང་སྤོས་རོལ་བྱ། ཡང་། ཐུགས་ཀྱི་བླ་མ་སོགས་ནས། ཧཱུྃ་ལ་ཐིམ་པར་སྒོམས་ཤིག །ཧཱུྃ་བཟླ་ཞིང་སྤོས་རོལ་བྱའོ། །གསུམ་པ་ཐིག་ལེ་ཉག་གཅིག་ཏུ་དབང་བསྐུར་བ་ནི། དེ་ལྟར་བྱིན་རླབས་ཀྱི་དབང་གི་རིམ་པ་སྔོན་དུ་བསྐུར་ནས། དོན་གྱི་ཡེ་ཤེས་གནས་ལུགས་ཀ་དག་ཐིག་ལེ་ཉག་གཅིག་ཏུ་དབང་བསྐུར་བ་ཡིན་པས། ཐམས་ཅད་གྲལ་ལ་འཁོད་པ་སོགས་ནས། བདུད་རྩི་རེ་བླུད་པ་མྱང་ནས་མ་ཡེངས་པར་འདིའི་དོན་ལ་རྩེ་གཅིག་ཏུ་མཉམ་པར་ཞོག་ཅིག །དཀྱིལ་འཁོར་གྱི་སྟེང་གི་དངོས་གྲུབ་རྟེན་ཐོད་པའི་བདུད་རྩི་དེ་སྦྱིན། ཨེ་མ་སྐལ་ལྡན་སོགས་ནས། ཆོས་ཉིད་དོ། །དེ་ལྟར་དུས་གསུམ་གྱི་རྟོག་དཔྱོད་དང་བྲལ་བ་ད་ལྟའི་ཤེས་པ་སྨྲ་མེད་ངོས་གཟུང་དང་བྲལ་བའི་གཞི་ཐོག་ཏུ་རང་སོར་ཞོག །འདི་སྒོམ་གྱི་གཏད་སོ་དང་། བདེ་གསལ་མི་རྟོག་པར་བརྟགས་ཤིང་ཞེན་པའི་བཅོས་སླད་མ་བྱེད་པར་ལྷོད་ཀྱིས་ཀློད། རེ་དོགས་དགག་སྒྲུབ་ཀྱི་འཕྲོ་འདུ་མ་བྱེད་པར་ཤེས་པ་ཉག་གཅིག་མའི་སྟེང་དུ་ལིང་གིས་སྐྱུར། འཛིན་པའི་རྟོག་པ་རྦད་ཀྱིས་ཆོད་ལ་སྒོམ་མེད་ཡེངས་མེད་ཀྱི་དབྱིངས་སུ་ཕྱམ་གྱིས་ཞོག་ཅིག །ཅུང་ཟད་རེ་འཇོག་ཏུ་བཅུག །དེ་ལྟར་བྱས་པས་ངོ་བོའི་གཤིས་ལུགས་གང་ནས་ཀྱང་མ་སྐྱེས། གར་ཡང་མ་འགགས། གང་དུའང་མི་གནས་ཤིང་། དུས་གསུམ་གྱི་སྤྲོས་པས་ནམ་ཡང་གོས་མ་མྱོང་བའི་གཉུག་མ་གཤིས་ཀྱི་དོན། ནམ་མཁའ་ལ་ནམ་མཁའ་བཞིན་གཞག་ཏུ་མེད་པའི་ངང་བཞག་སྤྲོས་པ་ཡོངས་བྲལ་ཆེན་པོ། ཡོད་མེད་ཡིན་མིན་གང་གི་ངོ་བོར་ཡང་མ་གྲུབ་ཅིང་མ་སྐྱེས་པའི་གདོད་མའི་གནས་ལུགས་ཀྱི་ངང་ངམ་ཀློང་དུ། བསམ་བརྗོད་ལས་འདས་པའི་རང་བཞིན་ཡེ་ནས་རྫོགས་པའི་ཀ་དག་ཆེན་པོའི་བཞུགས་ཚུལ་ངོ་བོ་སྟོང་ལ། རང་བཞིན་གསལ་བ། དེ་གཉིས་ཟུང་འཇུག་འདུ་འབྲལ་མེད་པའི་ཆོས་ཉིད་ཅན་གྱི་སེམས་ཉིད་སྟོང་པ་ཆོས་སྐུ་ཐིག་ལེ་ཉག་གཅིག་ཏུ་རྫོགས་པའི་དོན་ལ་གཏིང་ཐག་ཆོད་པར་ངོ་འཕྲོད་པས་ཀ་དག་གི་རྩལ་དབང་རྫོགས་པ་ཡིན་ནོ། །གསུམ་པ་རྗེས་སྤྲོ་དགའ་སོགས་ནས། གྲུབ་པ་ཡིན་ནོ། །དེ་ལྟར་སྨིན་པར་བྱེད་པ་ཀ་དག་རིག་པའི་རྩལ་དབང་ཟབ་མོ་ཐོབ་ནས། གྲོལ་བྱེད་ཀྱི་ཟབ་ལམ་ཉམས་སུ་བླང་བྱའི་སྙིང་པོ་དངོས་གཞི་རིག་པའི་རང་ངོ་སྤྲོད་པའི་ཁྲིད་འཆད་པ་ཡིན་ཏེ། གཉིས་པ་དངོས་གཞི་རིག་པའི་རང་ངོ་སྤྲད་པ་ལ། སོགས་ཁྲིད་ཡིག་ལྟར། ཕྱི་ནང་བྱ་བ་ཀུན་བཏང་སྟེ། །ཞེས་གསུངས་པ་ལྟར་རོ། །ཞེས་པའི་བར་དལ་བུས་བཀླག །དེ་རྣམས་ཀྱིས་གཞི་ཀ་དག་ཁྲེགས་ཆོད་ཀྱི་སྨིན་བྱེད་དབང་དང་། གྲོལ་བྱེད་ཀྱི་གདམས་པ་བཅས་ཐོད་རྒལ་རིག་པའི་རྩལ་དབང་ལ་འཇུག་ཏུ་རུང་བའི་སྔོན་འགྲོ་ལེགས་པར་ཐོབ་པས། སྐུ་དྲིན་གཞལ་ཕྱིར་དགའ་སྟོན་གྱི་ཡོན་དུ་ལུས་དང་ལོངས་སྤྱོད་ཀྱིས་བསྡུས་པའི་བདོག་པ་ཐམས་ཅད་བློས་བླངས་ཏེ་འབུལ་བར་མོས་པས་མཎྜལ། གོང་བཞིན་ཚོགས་མཆོད་ཀྱིས་དགའ་སྟོན་བྱའོ།། ༧ །།བདུན་པ་ཡེ་ཤེས་ཀྱི་གསང་སྒོ་དབྱེ་བ་བླ་ན་མེད་པ་ལྷུན་གྲུབ་ཐོད་རྒལ་གྱི་རིག་པའི་རྩལ་དབང་བསྐུར་བ་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་སྦྱོར་བ་སྔོན་འགྲོ་ནི། བླ་མ་བདེ་གཤེགས་ཀུན་འདུས་དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོའི་ངོ་བོར་བཞུགས་པའི་དྲུང་དུ། འོད་གསལ་སྙིང་པོའི་དཀྱིལ་འཁོར་མཐོང་ཞིང་ཆོས་ཉིད་ཟད་པའི་ས་ལ་ཕྱིན་པའི་ཕྱིར། ལྷུན་གྲུབ་རིག་པ་རྩལ་གྱི་དབང་བསྐུར་ཞུ་བའི་ཡོན་དུ་དམིགས་ཏེ་རིན་ཆེན་གསེར་ལ་སོགས་པས་སྐུ་གསུམ་མཎྜལ། བླ་མ་ཡེ་ཐོག་དོན་གྱི་སངས་རྒྱས་དངོས་སུ་བཞུགས་པ་ལ། ཐོད་རྒལ་རིག་པའི་རྩལ་དབང་ཞུ་བའི་སླད་དུ་དོན་དམ་དབྱིངས་ཀྱི་དགོངས་ཉམས་གསལ་བཏབ་སྟེ། ལྷུན་གྲུབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་འཇུག་པར་སེམས་བསྐྱེད་དེ་འདིའི་རྗེས་ཟློས། བདག་དང་མཐའ་ཡས་སོགས་ཁྲེགས་ཆོད་སྐབས་ལྟར་ལན་གསུམ། གཉིས་པ་ལྷུན་གྲུབ་རིག་པའི་རྩལ་དབང་བསྐུར་བ་དངོས་གཞི་ལ་གཉིས་ལས། དང་པོ་རང་བྱུང་རིག་པའི་རྩལ་དབང་བསྐུར་བ་ནི། སློབ་མ་རང་རང་གི་སྤྱི་བོར་པདྨ་སོགས་ནས། ཐོབ་པར་བསམ་ལ། དཔོན་སློབ་ལྷན་གཅིག་པས་ཨཱོྃ་བརྒྱ་རྩ་བརྒྱད་བཟླ་བ་ཞུ། ཞེས་བཟླ། ཡང་མགྲིན་པར་སོགས། དེ་བཞིན་སོ་སོར་སྦྱར་ཞིང་བཟླས་པ་བརྒྱ་རྩ་བྱ་བ་འགྲེའོ། །དེ་རྣམས་ནི་ཡི་གེ་སོགས་ནས། འཆར་སླ་བ་དང་། གནས་ལྔའི་ཡི་གེའི་འཕྲོ་འདུ་ལ་བཟླས་པ་བྱས་ནས། སྐུ་ལྔ་ཡེ་ཤེས་ལྔར་གསལ་བས་ཉོན་མོངས་པ་ལྔ་དག་པའི་དགོས་པ་ཡོད་དོ། །མདུན་དུ་བཤམས་པའི་ཐོད་པའི་དཀྱིལ་འཁོར་གྱི་སྟེང་གི་ནམ་མཁར་བརྒྱུད་གསུམ་རིག་འཛིན་བླ་མ། དུས་གསུམ་བདེ་གཤེགས་སངས་རྒྱས། ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས། གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་གསལ་བར་གྱུར། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། དེ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ཞིང་ཡབ་ཡུམ་བདེ་རོལ་མཛད་པའི་མཐུ་ལ་བརྟེན་ནས། ཕྱོགས་བཅུར་བཞུགས་པའི་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་ལྷ་ཚོགས་རྣམས་ནམ་མཁའ་གང་བར་སད་ཅིང་། རྗེས་ཆགས་བདེ་བའི་རྒྱུན་དུ་ཞུ་བ་དཀྱིལ་འཁོར་པ་ལ་ཐིམ་པས། དེ་རྣམས་ལྷག་པར་དགྱེས་པའི་རོལ་པས་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་ཐོད་པར་འཁྱིལ་བའི་རྒྱུན་སློབ་མའི་ལྕེ་ལ་བཞག་པས། བདེ་སྟོང་བསམ་བརྗོད་ལས་འདས་པའི་ཡེ་ཤེས་སྐྱེས་པའི་རང་ངོ་ལ། སེམས་སྤྲོ་བསྡུ་སོགས་ནས། དོན་གྱི་རྩལ་དབང་ཐོབ་པ་ཡིན་ནོ། །གཉིས་པ་དངོས་གཞི་ཟག་མེད་ཀྱི་ཡེ་ཤེས་རྒྱུད་ལ་བརྟེན་པ་ལ་གསུམ་སྟེ་སོགས་ཁྲིད་ཡིག་ལྟར། མཐར་ཐུག་སྣང་བཞི་མཐར་ཕྱིན་ནས་ལྷག་མེད་དུ་འགྲུབ་པའོ། །གསུམ་པ་དབབ་དོན་དེ་ཉིད་སོགས་ཁྲིད་ཡིག་ནང་ནས། གསུམ་ལས། བར་དང་། དང་པོ་ངོ་སྤྲོད་དངོས་ལའང་སྦྱོར་བ་དང་། དངོས་གཞི་གཉིས་ལས། དང་པོ་སྦྱོར་བའི་རིམ་པ་ནི། བླ་མ་གཞིའི་སངས་རྒྱས་ཆོས་སྐུ་ཀུན་ཏུ་བཟང་པོའི་རྣམ་པར་བཞུགས་པ། དེའི་མདུན་གྱི་སོགས་གོང་གི་ཁྲེགས་ཆོད་རྩལ་དབང་སྐབས་ལྟར། དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད། །ཅེས་པའི་བར་དང་། ན་རཀ་སྐོང་ཆོག་དོར་ནས་དེའི་མལ་དུ་ཚོགས་ཀྱི་འཁོར་ལོས་ངེས་པར་མཆོད། སེམས་བསྐྱེད་པ་ནི། མཆོག་གསང་སྙིང་པོའི་སོགས་གོང་བཞིན་སེམས་བསྐྱེད་དང་། གསོལ་གདབ་བཅས་བྱ། བྱིན་དབབ་པ་ནི། ཁྱེད་རང་རྣམས་གཞིའི་སངས་རྒྱས་ཀུན་བཟང་ཡབ་ཡུམ་དུ་གསལ་བའི་ངང་ནས། སྐུ་བཞིའི་བདག་ཉིད་བླ་མ་ལ་མོས་གུས་བྱས་པའི་རྐྱེན་གྱིས་བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་གྱི་དཀྱིལ་འཁོར་ལ་ཕོག་པས་ཐམས་ཅད་ལ་ཟག་མེད་བདེ་ཆེན་གྱི་མཆོད་པ་ཕུལ་ཞིང་། སློབ་བུའི་རྒྱུད་བྱིན་གྱིས་རློབ་པའི་ཐུགས་རྒྱུད་བསྐུལ་པས་བྱང་ཆུབ་ཀྱི་སེམས་སུ་ཞུ་ནས་ཐོད་པའི་བཅུད་དུ་འཁྱིལ་པ་བུའི་ལྕེ་ཐོག་ཏུ་བཞག་པས། ཡིད་དཔྱོད་ལས་འདས་པའི་བདེ་སྟོང་གི་རྟོགས་པ་རྒྱུད་ལ་སྐྱེས། སླར་ཡང་བླ་མ་ལ་མོས་གུས་བཅོས་མིན་གྱིས་གསོལ་བ་བཏབ་པས། ཐུགས་ཀའི་འོད་ཟེར་གྱིས་བླ་མ་བདེ་གཤེགས་རྩ་གསུམ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས། ནམ་མཁའ་བར་སྣང་ས་གཞི་གང་བར་སྤྱན་དྲངས་ཤིང་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས། སྐུ་གསུང་ཐུགས་རྡོ་རྗེ་གསུམ་དང་། རྒྱན་འཁོར་ལྔའི་བྱིན་རླབས་རྩལ་རྫོགས་སུ་ཐོབ་པའི་ངེས་ཤེས་སྐྱེད་ཅིག །ཧཱུྃ་ཧཱུྃ་ཧཱུྃ། ཕེཾ་ཕེཾ་ཕེཾ། ཧྲཱིཾ་ཧྲཱིཾ་ཧྲཱིཾ། ཛཿཧཱུྃ་བཾ་ཧོཿ པྲ་བྷེ་ཤ་ཡ། པྲ་བྷེ་ཤ་ཡ། ཞེས་བཟླ་ཞིང་སྤོས་རོལ་བཅས་བྱིན་དབབ། དེས་སྦྱོར་བའི་རིམ་པ་གྲུབ། གཉིས་པ་ངོ་སྤྲོད་དངོས་གཞི་ནི། སློབ་མ་རྣམས་ལུས་གནད་ཆོས་སྐུའི་བཞུགས་སྟངས་སེང་གེ་ཁྱི་ཚུགས་ལྟ་བུ་སྟེ། རྐང་མཐིལ་གཉིས་སྤྲད་པའི་ནང་དུ་ལག་པའི་ཁུ་ཚུར་གཉིས་བཞག་ནས་རོ་སྟོད་བསྲང་། མཇིང་པ་ཡིད་ཙམ་དགྱེ་སྟེ་མིག་སྨིན་ཕྲག་གི་ནམ་མཁའ་ལ་ཧད་པོར་བལྟ། ངག་རླུང་མཆུ་སོ་མ་རེག་པའི་བར་ནས་དལ་གྱིས་འགྲོ་འོང་བྱེད་པའི་ཅུང་ཟད་ཕྱིར་འཛིན་ལ་བསླབ། ཡིད་དུས་གསུམ་གྱི་སྤྲོས་པ་བཅད་ནས་རྡོ་རྗེ་སེམས་དཔའི་མེ་ལོང་གི་བརྡས་མཚོན་པའི་དཔེ་དོན་ལ་འཛིན་མེད་ཡེངས་མེད་ཀྱི་ངང་དུ་ཞོག་ཅིག །ཤེལ་རྡོ་ཕྱར་ལ། ཀྱེ། སྐལ་ལྡན་རྣམས་འདི་ལྟར་ཤེས་པར་གྱིས་ཤིག །དེ་ཡང་སོགས་ཁྲིད་ཡིག་ལྟར། མངོན་སུམ་གྱི་ལམ་གྱིས་མཚོན་པར་བྱེད་པ་ཡིན་ལ། བར་དང་། དེའང་མཚོན་བྱེད་ཀྱི་དཔེས་མཚོན་ཏེ་ངོ་སྤྲད་པ་ནི། འཁོར་འདས་གང་དུའང་མ་ཕྱེ་བའི་སྔོན་རོལ་ན། རང་གི་རིག་པའི་ཡེ་ཤེས་དྲི་མ་མེད་པ། སྐུ་གསུམ་ཡེ་ཤེས་དང་བཅས་པ་འདི་བཞིན་དུ་གནས་ཏེ། དེ་ཡང་མན་ཤེལ་དྲི་མ་མེད་པ་ངོ་བོ་ཀ་དག་གི་སྦུབས་ན། སྐུ་ལྔ་ཡེ་ཤེས་ལྔ་དང་བཅས་པ་འོད་གསལ་དུ་གནས་པ་གཞོན་ནུ་བུམ་པའི་སྐུ་ལ་ཐུགས་རྗེ་རིག་པའི་སྙིང་པོ་ཅན་དུ་བཞུགས་པ་ནི་ཡེ་ཐོག་གཞིའི་གནས་ལུགས་སོ། །ཉི་མའམ་མར་མེ་ཤེལ་འོད་དུ་འཆར་དུ་བཅུག་པ་བསྟན་ལ། ཀྱེ། སྐལ་ལྡན་རྣམས་མ་ཡེངས་པར་ལྟོས་ཤིག །འདི་ལྟར་ཤེལ་འོད་ཕྱིར་གསལ་བ་ནི། གཞི་སྟོང་པ་ཀ་དག་གི་ངང་ལས་ལྷུན་གྲུབ་འོད་ལྔའི་རང་བཞིན་ཕྱིར་གསལ་དུ་ཤར་དུས། འོད་ལྔ་ཡེ་ཤེས་ཀྱི་རང་གདངས་ལས། དཀར་པོ་ཕྲ་ཕྲོ་ཐུགས་རྗེར་རིག་པས། རང་སྣང་རང་ཤར་དུ་ཤེས་པས་གདོད་མའི་ཀུན་ཏུ་བཟང་པོ་གཞི་ཐོག་དེ་ཉིད་དུ་གྲོལ་བའི་དཔེའོ། །མ་ཤེས་པས་སྐད་ཅིག་གཉིས་པར་འཛིན་པ་འཕྲོ་མཐུད་པ་ལས། འོད་ལྔས་ཡུལ་དང་ལུས་ཀྱི་འཁྲུལ་གཞི་བྱས། ཕྲ་ཕྲོ་ལྟར་རིག་པ་ཐུགས་རྗེའི་རྩལ་སེམས་སུ་འཁྲུལ་ཏེ། ལས་དང་བག་ཆགས་སྣ་ཚོགས་སུ་བསགས་པས་ཁམས་གསུམ་འཁོར་བར་འཁྱམས་སོ། །ད་ལྟ་རང་གི་སྙིང་དབུས་ན་གདོད་མའི་མགོན་པོ་འོད་མི་འགྱུར་བ་དེ་མཚན་ཉིད་གསུམ་ལྡན་དུ་བཞུགས་ཏེ། ངོ་བོ་སྟོང་པ་ཤེལ་དྲི་མ་མེད་པ་ལྟར་ཀ་དག་གི་ངང་ནས། རང་བཞིན་གསལ་བ་འོད་ལྔ་ལྷུན་གྲུབ་ཏུ་གསལ་བ་ལ། ཐུགས་རྗེ་རིག་པ་ཕྲ་ཕྲོ་སྣང་བ་ལྟར་སེམས་སུ་ཡོད་དེ། ཡེ་ཤེས་ནི་སྙིང་ན་གནས་ཏེ། དེའི་གདངས་གློ་བར་སོང་བ་རླུང་གི་རྟས་ཁུར་བས་སེམས་ཞེས་བྱ་བར་སོང་སྟེ། སྣ་ཚོགས་པ་རྟོག་ལ་ངོ་བོ་མེད་པར་ཤར་བ་འདི་རང་ཡིན་ནོ། །ཕྱིས་བེམ་རིག་བྲལ་དུས་རླུང་བར་སྣང་ལ་ཡལ་བས་གདངས་ནང་དུ་འདུས་ཏེ། རིག་པ་ལྷུན་གྲུབ་ཆེན་པོའི་སྐུ་ནང་གསལ་དུ་དར་ཅིག་གནས་པ་ལས། རྣམ་ཤེས་ནམ་མཁའ་ལ་ཐིམ། ནམ་མཁའ་འོད་གསལ་ལ་ཐིམ་དུས། སྐད་ཅིག་དང་པོར་སྟོང་གསལ་སྤྲོས་པ་དང་བྲལ་བ་གདོད་མའི་ཀ་དག་གི་སྣང་བ་དབྱར་མ་སྟོན་གྱི་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུ་འཆར་རོ། །དེ་རང་ངོ་ཤེས་པས་སྐད་ཅིག་ལ་གདོད་མའི་ངང་དུ་གྲོལ་ལོ། །དེ་ནས་འོད་གསལ་ཟུང་འཇུག་ལ་ཐིམ་པས་ཞི་ཁྲོའི་དཀྱིལ་འཁོར་སྣང་ཞིང་། ཟུང་འཇུག་ཡེ་ཤེས་ལ་ཐིམ་པས་ཡེ་ཤེས་བཞི་སྦྱོར་སྣང་ཞིང་། ཡེ་ཤེས་ལྷུན་གྲུབ་རིན་ཆེན་པོ་ཆེ་ལ་ཐིམ་པས་ཡར་ཀ་དག་གི་སྣང་བ། བར་འོད་གསལ་གྱི་འཇིག་རྟེན། མར་འགྲོ་དྲུག་གི་སྣང་བ་མཐོང་སྟེ། བླ་མའི་གདམས་ངག་གིས་གྲོལ་བ་ནི། ཤེལ་གྱི་ཕྱི་འོད་ནང་དུ་ཐིམ་པ་ལྟར་སྣང་ངོ་། །དེའི་ཚེ་ཤེལ་དྲི་མ་མེད་པ་ནི་ངོ་བོ་ཀ་དག་གི་སྣང་བའོ། །ཕྲ་ཕྲོ་དང་འོད་ལྔ་སྦུབས་སུ་འཁྱིལ་བ་ནི་སྤྲུལ་སྐུ་དང་ལོངས་སྐུ་ཆོས་སྐུར་ཐིམ་ནས། ནང་གསལ་བུམ་པའི་སྐུར་ཐིམ་ལ་མ་རྨུགས་པ་གཞོན་ནུ་བུམ་པའི་སྐུར་ཐུགས་རྗེ་རིག་པའི་སྙིང་པོར་བཞུགས་པའི་དཔེའོ། །དེའི་དུས་ན་འོད་ཕྱིར་མི་གསལ་ཡང་ནང་ན་ཕྲ་བའི་རྣམ་པར་ཡོད་པ་བཞིན། ཆོས་སྐུ་ཀ་དག་གི་ངང་ན་རང་བཞིན་འོད་དང་ཐུགས་རྗེ་རིག་པའི་ཆ་ཙམ་དུ་བཞུགས་པ་ནི་ཤེས་རབ་མཁའ་ལ་འཁྱིལ་བའི་དཔེས་མཚོན་པ་ཡིན་ནོ། །མན་ཤེལ་བསྡུས་ནས། མཚོན་བྱ་དོན་གྱི་ ངོ་སྤྲོད་བྱ་བ་ནི། ཆོས་གཞན་ནས་བདེ་གཤེགས་སྙིང་པོ་སོགས་ཁྲིད་ཡིག་ལྟར་ལ། རིག་པའི་ཡེ་ཤེས་ལྔ་ཚན་བདུན་གྱི་ངོ་སྤྲོད་བྱ་བ་ནི། གསེར་ཕྲེང་ལས། དངོས་གཞི་དེ་ཉིད་ངོ་སྤྲོད་པ་ནི། རྣམ་པ་མང་ཡང་འདིར་བསྡུ་ན་ལྔ་ཚན་བདུན་ལས། དང་པོ་སྐུ་ལྔར་ངོ་སྤྲད་པ་ནི། དེ་ལྟར་གནད་ཀྱིས་མཐོང་བའི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་སྐུ་དང་ཡེ་ཤེས་ཀྱི་རང་གདངས་འོད་དང་ཐིག་ལེར་སྣང་བ་འདི་རང་ངོ་འོད་གསལ་དུ་སྣང་བས་རྣམ་སྣང་གི་སྐུ། འོད་གསལ་འགྱུར་བ་མེད་པས་མི་བསྐྱོད་རྡོ་རྗེའི་སྐུ། དེ་ཉིད་འཕེལ་བ་དང་བཅས་པས་རིན་ཆེན་འབྱུང་ལྡན་གྱི་སྐུ། སྣང་བ་ཚད་མེད་པས་སྣང་བ་མཐའ་ཡས་ཀྱི་སྐུ། འོད་ལྔ་ལྷུན་གྲུབ་ཏུ་ཤར་བས་དོན་ཡོད་གྲུབ་པའི་སྐུ་སྟེ་གཞི། དེར་སྣང་གཟུང་འཛིན་དང་བྲལ་བས་སྟོང་གསལ་དུ་སྒོམ་པས་ལམ། རིགས་ལྔ་སོ་སོའི་སྐུར་གསལ་དུས་འབྲས་བུའོ། །གཉིས་པ་ཡེ་ཤེས་ལྔར་ངོ་སྤྲད་པ་ནི། འོད་གསལ་དེ་ཉིད་དྲི་མ་མེད་ཅིང་སྐུའི་འཆར་གཞི་བྱེད་པས་མེ་ལོང་ཡེ་ཤེས། དེ་ཉིད་དབྱེར་མེད་པས་མཉམ་ཉིད་ཡེ་ཤེས། དེ་ལ་བློའི་བྱེ་བྲག་སོ་སོར་འཆར་བས་སོ་སོར་རྟོག་པའི་ཡེ་ཤེས། དེ་ཉིད་མ་བཙལ་ལྷུན་གྱིས་གྲུབ་པས་བྱ་གྲུབ་ཡེ་ཤེས། དེ་ཐམས་ཅད་ཡེ་སྟོང་རྩ་བ་དང་བྲལ་བས་ཆོས་དབྱིངས་ཡེ་ཤེས་སྟེ་གཞི། དེ་ཉིད་ས་ལེ་སིང་ངེ་སྒོམ་པ་ལམ། དེ་མཐར་ཕྱིན་ནས་སྣང་སྲིད་འོད་སྣང་དུ་ཤར་བ་འབྲས་བུའོ། །གསུམ་པ་རིགས་ལྔར་ངོ་སྤྲད་པ་ནི། འོད་གསལ་གྱི་སྣང་བ་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཤེགས་ཤུལ་ཡིན་པས་དེ་བཞིན་གཤེགས་པའི་རིགས། དེ་ཉིད་འོད་གསལ་ལས་འཕོ་འགྱུར་མེད་པས་རྡོ་རྗེའི་རིགས། ཡོན་ཏན་འབྱུང་བས་རིན་པོ་ཆེའི་རིགས། སྐྱོན་གྱིས་མ་གོས་པས་པདྨའི་རིགས། དེ་ཉིད་གོམས་ན་ལྷག་མེད་འགྲུབ་པས་ལས་ཀྱི་རིགས་ཏེ་གཞི། དེའི་ངང་ལ་ཡེ་རེ་ཝལ་ལེ་སྒོམ་པ་ལམ། མཐར་ཕྱིན་ནས་ཕྱིར་མི་ལྡོག་པ་འབྲས་བུའོ། །བཞི་པ་འོད་ལྔར་ངོ་སྤྲད་པ་ནི། འོད་གསལ་དེ་ཉིད་དྲི་མ་མེད་པས་དཀར་པོ། ཡོན་ཏན་རྫོགས་པས་སེར་པོ། མ་བཙལ་སྣང་བས་དམར་པོ། བྱ་རྩོལ་རྫོགས་པས་ལྗང་གུ། མི་འགྱུར་བརྟན་པས་མཐིང་ག་སྟེ་གཞི། དེ་ཉིད་སྒོམ་པ་ལམ། མཐར་ཕྱིན་པ་འབྲས་བུའོ། །ལྔ་པ་རླུང་ལྔར་ངོ་སྤྲད་པ་ནི། འོད་གསལ་དེ་ཉིད་ཡེ་ཤེས་ཀྱི་དྲོད་དང་མ་བྲལ་བས་མེ་དང་མཉམ་པའི་རླུང་། འཁོར་འདས་ཀྱི་སྲོག་འཛིན་པས་སྲོག་འཛིན་པའི་རླུང་། དེ་ཉིད་གོམས་པས་འཁོར་འདས་སོ་སོར་འབྱེད་པས་དྭངས་སྙིགས་འབྱེད་པའི་རླུང་། དག་མ་དག་ཀུན་ནས་འོད་ལྔ་དང་ཡེ་ཤེས་དེས་ཁྱབ་པས་ཁྱབ་བྱེད་ཀྱི་རླུང་། འཁོར་བའི་སྲོག་བཅད་ནས་མྱ་ངན་ལས་འདས་པའི་སར་སྐྱེལ་བས་སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་སྟེ་གཞི། དེ་ཉིད་སྒོམ་པ་ལམ། དེ་ཉིད་མཐར་ཕྱིན་པ་འབྲས་བུའོ། །དྲུག་པ་ཤེས་རབ་ལྔར་ངོ་སྤྲད་པ་ནི། འོད་གསལ་རྟོགས་མ་རྟོགས་ལས་འཁོར་འདས་གཉིས་སུ་འབྱེད་པས་འབྱེད་པའི་ཤེས་རབ། ཡེ་ཤེས་སུ་སྡུད་པས་སྡུད་པའི་ཤེས་རབ། ཀུན་ལ་ཁྱབ་པས་ཁྱབ་བྱེད་ཀྱི་ཤེས་རབ། འོད་སྣང་འགྲོ་འོང་དང་བཅས་པས་བསྐྱོད་པའི་ཤེས་རབ། དེ་ཉིད་རྟོགས་ན་འཁོར་བ་ལས་སྒྲོལ་བས་སྒྲོལ་བའི་ཤེས་རབ་སྟེ་གཞི། དེ་ཉིད་སྒོམ་པ་ལམ། མཐར་ཕྱིན་པ་འབྲས་བུའོ། །བདུན་པ་མཁའ་འགྲོ་ལྔར་ངོ་སྤྲད་པ་ནི། འོད་མཐིང་ག་སངས་རྒྱས་མཁའ་འགྲོ། དཀར་པོ་རྡོ་རྗེ་མཁའ་འགྲོ། སེར་པོ་རིན་ཆེན་མཁའ་འགྲོ། དམར་པོ་པདྨ་མཁའ་འགྲོ། ལྗང་གུ་ལས་ཀྱི་མཁའ་འགྲོ་སྟེ་གཞི། དེ་ཉིད་སྒོམ་པ་ལམ། མཐར་ཕྱིན་པ་འབྲས་བུའོ། །མདོར་ན་དབྱིངས་སྟོང་གསལ་སོགས་ཁྲིད་ཡིག་ལྟར། གཉིས་པ་སྤྲོ་བསྐྱེད། གསུམ་པ་རྣལ་བཞིས་ཉམས་བླང་། རྗེས་སྣང་ཉམས་འཆར་ཚུལ་སོགས། དཔག་བསམ་གྱི་ཤིང་ལྟར་འབད་མེད་ལྷུན་གྲུབ་ཏུ་འབྱུང་ཞིང་རྒྱུན་མི་ཆད་པ་ཡིན་ནོ། །བར་དང་། དེ་ལྟར་མངོན་སུམ་ལྷུན་གྲུབ་རིག་པའི་རྩལ་དབང་བསྐུར་པས། འོད་གསལ་སྙིང་པོའི་དཀྱིལ་འཁོར་མཐོང་ནས་ཆོས་ཉིད་ཟད་པའི་ས་ལ་ཕྱིན་པར་བྱེད་ནུས་པ་ཡིན་ནོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། དེ་རྣམས་ཀྱི་སྒོ་ནས་ལྷུན་གྲུབ་རིག་པའི་རྩལ་དབང་གྲོལ་བྱེད་ཀྱི་གདམས་ངག་ཟབ་ཁྲིད་དང་བཅས་པ་སྨིན་སློབ་ཀྱི་ཚུལ་དུ་ཐོབ་པ་ཡིན་པས། བཀའ་དྲིན་གསོབ་པའི་ཡོན་དུ་སྒོ་གསུམ་བློ་ཡི་ཉེར་སྤྱད་དུ་གྱུར་པ་ཐམས་ཅད་བློས་བླངས་ཏེ་འབུལ་བར་མོས་པས་མཎྜལ། སླར་ཡང་བླ་མ་དང་མཁའ་འགྲོ་མཉེས་ན་དངོས་གྲུབ་ཆེན་པོ་ཐོབ་པར་འགྱུར་བས། དེས་ན་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ལ་དགའ་སྟོན་ཚོགས་ཀྱི་འཁོར་ལོས་མཆོད་པ་དང་། བཀྲ་ཤིས་བརྗོད་པས་མཐའ་བརྒྱན་པ་བཅས་ལ་དཔོན་སློབ་ལྷན་ཅིག་པས་འཇུག་པ་ཞུ། སྔར་བཞིན་ཚོགས་མཆོད་རྒྱས་པར་བཏང་ནས་ཤིས་པ་བརྗོད་དོ།། ༧ །།བརྒྱད་པ་བྱིན་རླབས་མཐར་ཕྱིན་པར་བྱེད་པ་མཁའ་འགྲོ་དོན་གྱི་དབང་བསྐུར་བ་ལ་སྔོན་འགྲོ་དངོས་གཞི་རྗེས་རིམ་གསུམ་ལས། དང་པོ་སྦྱོར་བ་སྔོན་འགྲོའི་རིམ་པ་ནི། བླ་མ་དཀྱིལ་འཁོར་གྱི་ཁྱབ་བདག་ཆེན་པོའི་ངོ་བོར་བཞུགས་པའི་དྲུང་དུ་མཁའ་འགྲོ་དོན་གྱི་ཟབ་དབང་གཉན་པོ་ཞུ་བའི་ཡོན་དུ་མཎྜལ། འདི་ལྟར་ཡེ་གཞི་རྣམ་པར་དག་པ་ཀ་དག་ཆོས་སྐུའི་དབྱིངས་སུ་རིག་པ་ཡེ་ཤེས་སྙིང་པོ་རང་གསལ་ལྷུན་གྲུབ་གནས་ལུགས་དོན་གྱི་སངས་རྒྱས་སུ་ཡེ་ནས་བཞུགས་པ་ལ། དེ་ལྟར་མ་རྟོགས་པའི་དབང་གིས་གཟུང་འཛིན་དུ་འཁྲུལ་པས་ཁམས་གསུམ་རིགས་དྲུག་གི་དུཿཁ་ལ་ཡུན་རིང་དུ་སྤྱོད་པ་ཨ་ཐང་ཆད། དེའི་ཆེད་དུ་རང་རིག་སྙིང་པོ་སྤང་ཐོབ་བྲལ་བའི་དོན་མངོན་དུ་བྱ་སྙམ་དུ་སེམས་བསྐྱེད་དེ་འདིའི་རྗེས་ཟློས། བདག་དང་མཐའ་ཡས་སོགས་ལན་གསུམ། ཁྱེད་རང་རྣམས་ལངས་ཏེ་རྐང་པའི་ལོང་བུ་གཉིས་གཤིབ། ཕྱག་ཐལ་མོ་སྦྱར། སྨིན་མཚམས་སུ་པདྨ་རཀྟ་དང་སིནྡྷུ་ར་བསྲེས་པའི་ཐིག་ལེ་བཀོད་ལ། བླ་མ་ལ་བཅོས་མིན་གྱི་མོས་གུས་ཤུགས་ཕྱུངས་ཤིག །འོ། དོ་ནུབ་མཁའ་འགྲོ་སོགས་བརྗོད། གཉིས་པ་དངོས་གཞི་ཁྱད་པར་ཅན་དུ་བསྒྲུབ་པ་ལ། བསྐྱེད་རྫོགས་ཀྱི་བྱིན་བརླབ་གཉིས་ལས། དང་པོ་བསྐྱེད་རིམ་དོན་གྱི་བྱིན་རླབས་ཀྱི་དབང་བསྐུར་བ་ནི། སློབ་མ་རང་གི་ལུས་དཔའ་བོ་རྟ་མགྲིན་དང་སོགས། མཚམས་རྣམས་སུ་སྔགས་བཟླ་ཞིང་སྤོས་རོལ་བྱ། དེ་དག་ནི་སོགས། གཉིས་པ་རྫོགས་རིམ་དོན་གྱི་བྱིན་རླབས་ཀྱི་དབང་བསྐུར་བ་ནི། སློབ་མ་རྣམས་གྲལ་དུ་འཁོད་དེ་ལུས་བསམ་གཏན་གྱི་ཆོས་དང་ལྡན་པས་མ་ཡེངས་པར་དམིགས་པ་འདི་ལྟར་སྒོམ་འཚལ། མདུན་དུ་ཐོད་པ་བདུད་རྩིས་བཀང་བ་བཤམས་པའི་སྟེང་གི་ནམ་མཁར་དུས་གསུམ་རྩ་བརྒྱུད་ཀྱི་བླ་མ། ཡི་དམ་རྒྱལ་བ་ཞི་ཁྲོ། ཡེ་ཤེས་མཁའ་འགྲོ་སྡེ་ལྔའི་དཀྱིལ་འཁོར་པ་ཐམས་ཅད་བཀྲ་ལམ་མེར་བཞུགས་པར་གསལ། ཐབས་ཤེས་མཉམ་པར་སྦྱོར་བའི་བྱང་ཆུབ་ཀྱི་སེམས་རྒྱུན་ཐོད་པའི་བདུད་རྩི་དང་འདྲེས་པ་བུའི་ལྕེ་ཐོག་ཏུ་བཞག་པས། ཟག་བཅས་ཀྱི་སྒོ་གསུམ་ཟག་མེད་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བྱིན་གྱིས་བརླབས་པར་མོས། ཞེས་བདུད་རྩི་སྦྱིན། དེ་ལྟར་བདུད་རྩི་མྱངས་པས་ལུས་ཀྱི་ནང་ཁེངས། རྒྱུད་ལ་ཟག་མེད་ཀྱི་བདེ་བ་ཆེས་ཆེར་འབར་བས། རྩོལ་བྲལ་རང་བྱུང་གི་ཡེ་ཤེས་སྒྲ་རྟོག་གི་ཡུལ་ལས་འདས་པ། བདེ་སྟོང་ནམ་མཁའ་ལྟ་བུའི་དོན་མངོན་དུ་བྱས་པའི་རང་ངོ་ལ་ལྷོད་ཀྱིས་ཀློད་ལ་ཞོག་ཅིག །ཉམས་བསྐྱང་དུ་བཅུག །དེ་ལྟར་མཉམ་པར་བཞག་པའི་ཚེ་ངོ་བོ་གང་དུའང་མ་གྲུབ་ཅིང་རང་བཞིན་གྱིས་སྟོང་པར་གནས་པ་ནི་ཆོས་ཀྱི་དབྱིངས་ཀྱི་མཁའ་འགྲོ་མའོ། །སྟོང་པའི་རང་བཞིན་གསལ་ཞིང་མ་འགགས་པར་སྣང་བ་ནི་རྡོ་རྗེ་མཁའ་འགྲོ་མའོ། །སྟོང་པ་དང་གསལ་བ་ཟུང་དུ་འཇུག་ཅིང་ཐ་དད་མེད་པ་རང་བཞིན་གྱིས་རིས་མེད་པར་མཉམ་པར་གནས་པ་ནི་རིན་ཆེན་མཁའ་འགྲོ་མའོ། །སྟོང་གསལ་རིག་པའི་སྙིང་པོ་སོ་སོར་མ་འདྲེས་པར་གསལ་ལ་རྫོགས་པའི་རང་བཞིན་གཉིས་སུ་མེད་ཅིང་། རྟོག་དཔྱོད་ལས་འདས་པའི་གསལ་སྟོང་མི་རྟོག་པའི་རང་ངོར་ལྷང་ངེ་བུད་པ་ནི་པདྨ་མཁའ་འགྲོ་མའོ། །དེ་ལྟ་བུའི་སྟོང་གསལ་རིག་པའི་སྙིང་པོ་ཅན་གྱི་ཡེ་ཤེས་ཀུན་ལ་ཁྱབ་ཅིང་གང་དུའང་མི་གནས་པ་རང་གྲོལ་གྱི་ཆ་ནི་ལས་ཀྱི་མཁའ་འགྲོ་མ་སྟེ། དེ་ལྟར་མ་བཙལ་གདོད་ནས་རྫོགས་པ་ལྷུན་གྲུབ་ཡེ་ཤེས་ཆེན་པོའི་གནས་ལུགས་ཚུལ་བཞིན་རྟོགས་པ་ནི་མཁའ་འགྲོ་དོན་གྱི་དབང་ཐོབ་པ་ཞེས་བྱ་བ་ཡིན་ནོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། དེ་ལྟར་མཁའ་འགྲོ་དོན་གྱི་དབང་བསྐུར་ཟབ་མོ་ལེགས་པར་ཐོབ་པས། བླ་མ་མཁའ་འགྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐུ་དྲིན་བསབ་པའི་ཕྱིར། ཕྱི་ནང་གསང་བའི་ཁྱད་པར་གྱིས་ཕྱེ་བའི་མཆོད་པའི་སྤྲིན་དུ་དམིགས་པའི་མཎྜལ། སླར་ཡང་བླ་མ་མཁའ་འགྲོའི་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་དགའ་སྟོན་ཚོགས་ཀྱི་འཁོར་ལོས་མཆོད་པ་སྔར་བཞིན་བྱའོ།། ཧཱུྃ །།སྤྱི་དོན་གསུམ་པ་རྗེས་གཞན་དོན་བཀའ་རྒྱ་དང་བཅས་པ་ལ། གཞན་བཀའ། གཏད་རྒྱ། བཀའ་བསྒོ་དང་གསུམ་ལས། དང་པོ་དབང་དང་བཤད་པའི་རྒྱུན་འཛིན་ནུས་ངེས་པའི་སློབ་མ་ལ་གཞན་དོན་གཏད་རྒྱའི་བཀའ་ཡི་གནང་བ་སྦྱིན་པ་ནི། བླ་མ་རིགས་རྣམས་ཀུན་བདག་དོན་གྱི་སངས་རྒྱས་དངོས་སུ་བཞུགས་པའི་དྲུང་དུ། བདོག་དགུའི་ལོངས་སྤྱོད་མཐའ་དག་གཞན་དོན་གཏད་རྒྱའི་ནུས་དབང་ཞུ་བའི་ཡོན་དུ་འབུལ་བའི་བློས་མཎྜལ། ཐོག་མར་མདུན་གྱི་ནམ་མཁར་འོད་གསལ་སྙིང་ཏིག་གི་ཟབ་ལམ་བརྒྱུད་པའི་བླ་མ་ཐམས་ཅད་བྱིན་འོད་ལམ་མེར་བཞུགས་པ་དང་། བདག་རྡོ་རྗེ་སློབ་དཔོན་ཡང་དེ་རྣམས་ངོ་བོ་རྣམ་དབྱེར་མེད་ཅིང་། རྣམ་པ་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆོས་སྐུ་ཀུན་ཏུ་བཟང་པོའི་རང་བཞིན་མངོན་སུམ་དུ་བཞུགས་པར་གྱུར་པ་ལ། གཞན་དོན་ཕུན་སུམ་ཚོགས་པའི་མཐུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པའི་མོས་གུས་ཀྱི་དད་འདུན་རྩེ་གཅིག་པས། རིག་འཛིན་བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས་པ་འདི་ལྷན་ཅིག་གསུང་འཚལ། བརྒྱུད་འདེབས་འདོན། དེ་ལྟར་གསོལ་བ་བཏབ་པས། རྩ་བརྒྱུད་ཀྱི་འགྲོ་མགོན་རྣམས་ཚད་མེད་པའི་ཐུགས་རྗེའི་རྩལ་གཡོས་ཏེ། གཏོར་མ་འདི་དང་ཐ་དད་མེད་པར་སློབ་མའི་སྤྱི་བོར་བྱོན་ནས་གཞན་དོན་བྱེད་པར་རྗེས་སུ་གནང་བ་བསྩལ་ཞིང་། སློབ་མར་ཆུ་ལ་ཆུ་བཞག་པ་བཞིན་ཐིམ་པས་གཞན་དོན་ཕུན་ཚོགས་བསྒྲུབ་པའི་ནུས་པ་རྒྱུད་ལ་རྫོགས་པར་མོས། བླ་མའི་གཏོར་མ་མགོར་བཞག །འོ། རིགས་ཀྱི་བུ་སོགས་བརྒྱུད་འཛིན་སོ་སོར་ལན་གསུམ་རེ་བརྗོད་པས་དབང་བསྐུར། དེང་ཕྱིན་ཆད་ཟས་ནོར་ཁེ་གྲགས་ཀྱི་ཕྱིར་མ་ཡིན་པར་སྐལ་བ་དང་ལྡན་པ་རྣམས་ལ། སྨིན་གྲོལ་གྱི་གདམས་པ་རྣམས་ཚུལ་བཞིན་བསྟན་ཅིང་བཤད་ནས། རྒྱུད་གདམས་ངག་གི་ཆུ་བོའི་རྒྱུན་མི་ཆད་པར་སྤེལ་དགོས་པ་ཡིན་ནོ། །དེ་ལྟར་གཞན་དོན་གཏད་རྒྱའི་དབང་བཀའ་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་ལུས་ལོངས་སྤྱོད་དང་བཅས་པ་ལྟོས་མེད་དུ་འབུལ་བའི་བློས་མཎྜལ། སླར་དགའ་སྟོན་ཚོགས་ཀྱི་འཁོར་ལོས་མཆོད་པ་དཔོན་སློབ་ལྷན་ཅིག་པས་གོང་ལྟར་བྱ། གཉིས་པ་ཉམས་ལེན་སྒྲུབ་པའི་རྒྱུན་འཛིན་ནུས་ངེས་པའི་སློབ་མ་ལ་ཁྱད་པར་གཏད་རྒྱའི་དབང་བསྐུར་བ་ནི། དེ་ཡང་སྙིང་དང་འདྲ་བའི་སློབ་མ་མཆོག་གིས་སོགས་ནས། གཞན་དོན་འགྲུབ་པ་ཁྱེད་རྣམས་ལ་ཡོངས་རྫོགས་གཏད་རྒྱའི་དབང་སྦྱིན་པ་ཡིན་པས། ཐོག་མར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ། སློབ་བུ་སྐད་ཅིག་གིས་དཔལ་རྡོ་རྗེ་སེམས་དཔར་གསལ་བའི་གནས་གསུམ་དུ་བདུད་རྩིའི་ཐིག་ལེ་བཏབ་པས། གཉུག་མའི་སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་ཡེ་ནས་བཞུགས་པའི་ནུས་པ་སད་པར་གྱུར་པ་ལ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོར་བླ་མ་རྣམ་པར་སྣང་མཛད་དང་སངས་རྒྱས་མཁའ་འགྲོ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་བླ་མ་སྣང་བ་མཐའ་ཡས་དང་པདྨ་མཁའ་འགྲོ། སྙིང་ཁ་ཆོས་ཀྱི་འཁོར་ལོར་བླ་མ་མི་བསྐྱོད་པ་དང་རྡོ་རྗེ་མཁའ་འགྲོ། ལྟེ་བ་སྤྲུལ་པའི་འཁོར་ལོར་བླ་མ་རིན་ཆེན་འབྱུང་ལྡན་དང་རིན་ཆེན་མཁའ་འགྲོ། གསང་གནས་བདེ་སྐྱོང་གི་འཁོར་ལོར་བླ་མ་དོན་ཡོད་གྲུབ་པ་དང་ལས་ཀྱི་མཁའ་འགྲོ་སྟེ། དེ་ལྟར་གནས་ལྔར་རིགས་ལྔ་ལ་མཁའ་འགྲོ་སྡེ་ལྔ་སོ་སོས་བསྐོར་བ་གསལ་ཐོབས། སློབ་དཔོན་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཀུན་ཏུ་བཟང་པོ་དངོས་སུ་བཞུགས་པ་ལ། སྒོ་གསུམ་དང་བས་གུས་འདུད་བྱས་པའི་རྐྱེན་གྱིས་བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། སྟེང་ཕྱོགས་ ཀྱི་ནམ་མཁའ་ནས་བརྒྱུད་གསུམ་རིག་འཛིན་བླ་མ་ཐམས་ཅད་དང་། རྣམ་སྣང་སངས་རྒྱས་མཁའ་འགྲོ་སོགས་ནས། འགྲུབ་པར་འགྱུར་བའི་བྱིན་དབང་ཐོབ་པར་མོས་ཤིག །སྤོས་རོལ་སྔགས་བཅས་ཀྱིས་བྱིན་དབབ་པའི་དབང་བསྐུར། དེ་བཞིན་དུ། ཡང་། སློབ་དཔོན་དཀྱིལ་འཁོར་སོགས་གོང་ལྟར་ལ། སྟེང་ཕྱོགས་ཞེས་པར། ནུབ་ཕྱོགས། ཤར་ཕྱོགས། ལྷོ་ཕྱོགས། བྱང་ཕྱོགས། ཞེས་སོགས་རིགས་ལྔ་སོ་སོའི་སྐབས་ཐོབ་ཀྱི་འདོར་ལེན་བསྒྱུར་ཁ་དང་སྔགས་བཟླ་ཞིང་སྤོས་རོལ་བཅས་བྱ། སླར་ཡང་སློབ་དཔོན་ལ་གུས་འདུད་བྱས་པའི་རྐྱེན་གྱིས། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། སྟེང་འོག་ཕྱོགས་བཅུའི་ནམ་མཁའི་ཁམས་ཐམས་ཅད་ནས་བརྒྱུད་གསུམ་རིག་འཛིན་བླ་མ་ཐམས་ཅད་དང་། དཔའ་བོ་མཁའ་འགྲོ་སོགས་ནས། ཀུན་ཏུ་ཐིམ་པས། མི་ཟད་རྒྱན་འཁོར་ལྔའི་གསང་བ་བསམ་གྱིས་མི་ཁྱབ་པའི་སྒོ་ནས་འགྲོ་དོན་ཕྱོགས་མེད་དུ་འགྲུབ་ཅིང་། འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་མཐའ་རྒྱས་སུ་སྤེལ་ཞིང་རྒྱས་པར་བྱེད་ནུས་པའི་དབང་དམ་པ་ཐོབ་པར་མོས་ཤིག །འོ། རིགས་ཀྱི་བུ་སོགས་ཀྱིས་སྐུ་གསུང་ཐུགས་རྟེན་གནས་གསུམ་དུ་བཞག་ཅིང་ལག་ཏུ་གཏད། ཞལ་སྐྱེམས་བདུད་རྩི་དྲངས། འོད་གསལ་སྙིང་པོ་དོན་གྱི་གཞལ་ཡས་ནས། །བརྒྱུད་གསུམ་བླ་མ་འཇའ་ལུས་རྡོ་རྗེའི་སྐུ། །མི་ཟད་རྒྱན་གྱི་འཁོར་ལོའི་སྤྲུལ་པ་ཡིས། །ཨ་ཏིའི་སྒྲུབ་བརྒྱུད་དར་བའི་བཀྲ་ཤིས་ཤོག །ཅེས་སོགས་བཀྲ་ཤིས་གང་རྒྱས་བརྗོད་ཅིང་། གསེར་གྱི་མཎྜལ་འབུལ་ཞིང་གོང་ལྟར་ཚོགས་འཁོར་གྱི་དགའ་སྟོན་ཡང་སྤེལ། སླར་ཡང་ཟབ་ཁྲིད་ཀྱི་མཇུག་གི་བྱ་བ་ལ། བཞི་པ་སྨོན་ལམ་གྱི་མཇུག་བསྡུ་ལ་བརྟེན་ནས་རྩིས་ཆེ་བའི་བཀའ་རྒྱས་བཏབ་པ་ནི་སོགས་ནས། གནད་རྣམས་ལ་འདྲིས་པར་བྱའོ། །བར་རྫོགས་པར་གདབ་བོ། །གསུམ་པ་བདག་དོན་དང་གཞན་དོན་གཉིས་ཀ་ལ་སྤྲོ་བའི་སྙིང་རྗེ་ཅན་བརྒྱུད་པ་འཛིན་ནུས་པའི་སློབ་མའི། བར་ཆད་སྲུང་ཞིང་ཕྲིན་ལས་བསྒྲུབ་པའི་ཕྱིར་བཀའི་སྲུང་མ་ལ་གཉེར་དུ་གཏད་པའི་བཀའ་བསྒོ་བྱ་བ་ནི། ཐོག་མར་སློབ་དཔོན་ཉིད་ཁྱབ་བདག་པདྨ་ཧེ་རུ་ཀའི་རྣམ་པར་བཞུགས་པ་ལ། བཀའ་སྲུང་ལ་གཉེར་དུ་གཏད་པ་བཀའ་བསྒོའི་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ། ཁྱེད་རང་མ་ཡེངས་པར་དམིགས་པ་འདི་དག་རྩེ་གཅིག་ཏུ་གསལ་འདེབས་འཚལ། པད་ཉི་བམ་རོའི་གདན་ལ་དཔོན་སློབ་གཉིས་དབང་ཆེན་རྟ་ཕག་ཡབ་ཡུམ་སྐུ་མདོག་དམར་པོ། ཞལ་གཅིག་ཕྱག་གཉིས་གྲི་ཐོད་བསྣམས་པར་གསལ་བ་དང་། མདུན་དུ་བཤམས་པའི་གཏོར་མ་དེ་ཉིད་སྐད་ཅིག་གིས་སྙིང་ཐིག་གཉན་པོའི་བཀའི་སྲུང་མ་རྡོ་རྗེ་གཡུ་སྒྲོན་མ་དང་། ཁྱབ་འཇུག་རཱ་ཧུ་ལ། གནོད་སྦྱིན་ཤན་པ་དམར་ནག །སྔགས་བདག་ཁྲོས་མ་སྲོག་སྒྲུབ་མ་རྣམས། འཁོར་དང་སྤྲུལ་པ་ཡང་འཁོར་དང་བཅས་པ་དམ་ཚིག་ལ་གནས་ཤིང་། མཐུ་རྩལ་ནུས་སྟོབས་འབར་བའི་གཟི་བྱིན་བཅས་འཁོད་པར་གྱུར་པ་ལ། སློབ་དཔོན་གྱིས་བཀའ་བསྒོས་ཤིང་གཉེར་དུ་གཏད་པ་བཞིན། བརྒྱུད་འཛིན་བུའི་ལུས་དང་གྲིབ་མ་བཞིན་འགྲོགས་ཤིང་ཅི་བཅོལ་བའི་ཕྲིན་ལས་བསྒྲུབ་པར་ཞལ་གྱིས་བཞེས་པར་མོས་ཤིག །གདོད་མའི་རྒྱལ་བ་ཆོས་སྐུ་ཀུན་ཏུ་བཟང་པོ་ལ་སོགས་པ་ནས། བདག་ཅག་གི་དཔལ་མགོན་དམ་པ་འདྲེན་མཆོག་འཁོར་ལོའི་མགོན་པོ་དྲིན་ཅན་རྩ་བའི་བླ་མའི་བར་དུ་བྱོན་པའི་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་སོགས་ལན་གསུམ་རེ་བརྗོད། འདིར་མཁའ་འགྲོ་སྙིང་ཐིག་གི་བཀའ་སྲུང་ཁྱད་པར་བ་སྲོག་སྒྲུབ་མའི་བཀའ་གཏད་ཀྱང་༼འདོད་བུམ། 609༽ལྟར་སྦྱར་རོ། །དེ་རྣམས་ཀྱི་སྒོ་ནས་པདྨའི་བཀའ་སྲོལ་འོད་གསལ་རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་དང་། མཁའ་འགྲོ་ཡང་ཏིག་གཉིས་ཀ་ཆུ་བོ་གཅིག་འདྲེས་ཀྱི་སྨིན་གྲོལ་གྱི་རིམ་པ་ཆ་ཚང་སྨིན་སློབ་ཏུ་བསྟན་པའི་རིམ་པ་གབ་སྦས་མེད་པར་ཕུལ་གྲུབ་པ་ཡིན་པས། རྡོ་རྗེ་ཐེག་པའི་གསང་བ་སྤྱི་དང་། བྱེ་བྲག་གིས་བསྡུས་པའི་དམ་ཚིག་རྣམས་ཚུལ་བཞིན་དུ་འཛིན་པ་དང་། ཁྱད་པར་ཟབ་ཆོས་འདི་ཉིད་རང་དོན་ཉམས་ལེན་སྒྲུབ་པའི་རྒྱལ་མཚན་བཙུག་ཅིང་། གཞན་དོན་སྐལ་ལྡན་གྱི་སློབ་མ་རྗེས་སུ་གཟུང་ནས་སྨིན་གྲོལ་གྱི་བསྟན་པའི་ཆུ་བོ་མི་ཆད་པར་སྤེལ་ཞིང་། དམ་མེད་དང་ཕལ་པའི་སྐྱེ་བོའི་ལག་ཏུ་འཆལ་བར་མི་གཏོད་པའི་གསང་དམ་སྲོག་ལྟར་བསྲུང་དགོས་པ་ལགས་པས། དེ་ལྟར་བགྱི་བར་ཞལ་གྱིས་བཞེས་པ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་ལན་གསུམ། གཏང་རག་གི་མཎྜལ། ལུས་ལོངས་སྤྱོད་དབུལ་བ་རྣམས་སྤྱི་ལྟར་དང་། སླར་ཡང་སྙིང་ཏིག་ཟབ་མོའི་སྨིན་གྲོལ་གྱི་གདམས་ངག་ཚང་སྤྲུགས་སུ་ཐོབ་པའི་དགའ་སྟོན་གྱིས་བརྒྱུད་གསུམ་རིག་འཛིན་བླ་མ་དང་། རྩ་བ་གསུམ་གྱི་ལྷ་ཚོགས་དགྱེས་པ་སྐོང་བར་བྱེད་པའི་ཆོ་ག་དཔོན་སློབ་ལྷན་ཅིག་པས་མཛད་པ་ཞུ། ཚོགས་མཆོད་རྒྱས་པར་ཕུལ་ཞིང་། སྤྲོ་ན། ༼དི༽ཧོཿ མཐའ་ཡས་ཐེག་པ་སོགས་ཀུན་མཁྱེན་ཀློང་ཆེན་པའི་ཆོས་སྤྱོད་ནས་འབྱུང་བ་སོགས་སྨོན་ལམ་གྱི་རིམ་པ་གཞན་ཡང་བྱའོ། །ཞལ་ནས་གསུངས་པའི་བཀྲ་ཤིས་སྔོན་དུ་འགྲོ་བས་ཤིས་པ་རྒྱ་ཆེར་བརྗོད། དེ་ལྟར་བགྱིས་པ་ལས་བྱུང་བའི་དགེ་བའང་འཁོར་གསུམ་སྤྲོས་པ་ཐམས་ཅད་གཉིས་མེད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་རོ་གཅིག་པའི་ལྟ་བ་ཟབ་མོས་རྩིས་ཟིན་པའི་ཡོངས་སུ་བསྔོ་བའི་རྒྱས་འདེབས་ཀྱང་ཆབས་ཅིག་ཏུ་མཛད་འཚལ། བསོད་ནམས་འདི་ཡིས་སོགས་ཀྱིས་གྲུབ་བོ།། །།

འཇའ་ཚོན་ལུགས་ཀྱི་གུར་དྲག་གི་དབང་ (Volume 13, Text 1)

༄༅། །འཇའ་ཚོན་ལུགས་ཀྱི་གུར་དྲག་གི་དབང་བཞུགས་སོ། ། གཏེར་གཞུང་གི་འོད་འབར་གྱི་དབང་དེ་གུར་དྲག་ལ་ཁ་སྤོ་བའི་ཕྱག་ལེན། འཇའ་ཚོན་པ་ཉིད་ཀྱིས་མཛད་པ་མཐོང་བ་བརྒྱུད་པའི་ལུགས་ཡིན་ཏེ། དབང་གཏོར་ཟུར་གསུམ་པ་རིན་ཆེན་འབར་བ། མ་འཛོམ་ན་གང་རུང་གིས་ཆོག །གཞུང་ལྟར་འོད་འབར་དང་དྲག་པོ་འདོན་ཅིང་ཨར་ཙིག་བསྙེན་པ་བྱ། དེ་ནས་སློབ་མ་རྣམས་ཚོགས་ལ་ཁྲུས་དང་མེ་ཏོག་བཀྱེ། སྔོན་དུ་དབང་གཞན་མ་བསྐུར་ན་བགེགས་གཏོར་བཏང་། སུམ་བྷ་ནིས་བགེགས་བསྐྲད་ནས། འོ་ན་ད་ལམ་ཁྱེད་རྣམས་ལ་གུ་རུ་དྲག་པོའི་དབང་བསྐུར་བ་ཡིན་པས། གུར་དྲག་འདི་ནི་རྟ་མགྲིན་གྱི་རིགས་གཅིག་ཡིན་ཏེ། གུར་དྲག་རྟ་དབུ་ཅན་ཡང་ཡོད་དེ། བསྐལ་པ་དཔག་ཏུ་མེད་པ་ནས་ཡོད་པས་ཞི་དྲག་གཉིས་གང་སྔའི་ས་མཚམས་བཟུང་དཀའ་བ་ཡིན་ཞིང་། སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་གསུངས་པའི་དྲག་པོ་ཕྲིན་ལས་ཀྱི་རྒྱུད་དང་། ཆེ་མཆོག་ཧེ་རུ་ཀས་གསུངས་པའི་ཁྲག་འཐུང་རོལ་པའི་རྩ་རྒྱུད་སོགས་གུ་རུ་དྲག་པོའི་རྒྱུད་མང་པོ་དང་། དགོངས་འདུས་རྩ་བའི་རྒྱུད་དྲུག་ནས་ཀྱང་གུར་དྲག་གསུངས་སོ། །ཤཱཀྱའི་བསྟན་པ་འདི་ལ། ཨོ་རྒྱན་རིན་པོ་ཆེ་དྷ་ན་ཀོ་ཥའི་མཚོ་གླིང་དུ་འཁྲུངས་མ་ཐག །དྲག་པོ་མཐིང་གའི་སྐུར་བཞེངས་ནས་གཟའ་དང་ཀླུ་ཐམས་ཅད་དམ་ལ་བཏགས། གུ་རུ་སྤྲུལ་པའི་མཚན་བརྒྱད་དུ་སྤྲུལ་ནས་འགྲོ་བའི་དོན་རླབས་པོ་ཆེ་མཛད་པ་སྤྱི་དང་། བྱེ་བྲག་མོན་སྤ་གྲོ་སྟག་ཚང་སེང་གེ་བསམ་འགྲུབ་ཏུ་རྡོ་རྗེ་གྲོ་བོ་ལོད་ཀྱི་སྐུར་བཞེངས་ནས། གདུག་པ་ཅན་གྱི་མུ་སྟེགས་བདུད་དང་དམ་སྲི་ལ་སོགས་པ་ཚར་བཅད་རྗེས་སུ་བཟུང་ནས། གནས་ཆེན་རྣམས་ལ་དམ་པའི་ཆོས་གཏེར་དཔག་ཏུ་མེད་པ་སྦས་ནས། དུས་མ་འོངས་སྙིགས་མ་ལྔ་བདོའི་དུས་འདིར་རྒྱལ་བ་གཞན་ལས་ལྷག་པར་ཐུགས་རྗེ་ཆེ་ཞིང་། ཟབ་གཏེར་སྟོན་པའི་གཏེར་ཆེན་རྣམས་ཀྱི་གཏེར་ཁ་ལས་ཀྱང་གསལ་བར་བསྟན་པ་དང་། བོད་དུ་མ་ཕེབས་སྔོན་ལ་རྫུ་འཕྲུལ་གྱིས་ཁམས་ཀྱི་སེང་གེ་བྲག་ཏུ་བྱོན་ནས། གུ་རུ་དྲག་པོ་རིགས་ལྔའི་སྐུར་བཞེངས་ནས། ཁམས་ཕྱོགས་ཀྱི་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས། བསམ་ཡས་དབུ་རྩེ་བར་མར་གུ་རུ་དྲག་པོའི་སྐུར་བཞེངས་ནས་རྒྱལ་པོ་པེ་དཀར་དམ་ལ་བཏགས། ཡར་ལུང་ཤེལ་བྲག་ཏུ་གུ་རུ་དྲག་པོའི་སྐུར་བཞེངས་ནས་འགོང་པོ་སྤུན་དགུ་དམ་ལ་བཏགས། བསམ་ཡས་མཆིམས་ཕུར་གུ་རུ་དྲག་པོའི་སྐུར་བཞེངས་ནས་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས། འབྲི་གུང་ཏི་སྒྲོ་བྲག་ཏུ་གུ་རུ་དྲག་པོའི་སྐུར་བཞེངས་ནས་མ་འོངས་འབྱུང་འགྱུར་གྱི་འགོང་པོ་དམ་སྲི་རྣམས་ཀྱི་ཁ་གནོན་པར་མཛད། ཁྱད་པར་དུ་གུར་དྲག་ཤིན་ཏུ་ཁྲོས་པའི་སྐུར་བཞེངས་ནས་རྩིས་ལ་མཁས་པ་འཇམ་དཔལ་གྱིས་རྩིས་བྱེད། མཐུ་སྟོབས་ཆེ་བ་ཕྱག་ན་རྡོ་རྗེས་ཆད་པ་གཅོད། གནོད་སྦྱིན་མེ་དབལ་དང་གནམ་ལྕགས་ཀྱི་སྡིག་པ་ལས་ལ་བཀྱེས་ནས་ལྷ་འདྲེ་དམ་ལ་མི་གནས་པ་ཐམས་ཅད་བསྒྲལ་ཏེ་ཤ་ཁྲག་ཚོགས་སུ་རོལ། ཉིན་རེར་ལྷ་འདྲེ་གཉིས་གཉིས་རེ་བཟུང་ནས་གསོན་པོར་ཟ་བའི་རྫུ་འཕྲུལ་བསྟན་པས་དེ་ནས་ལྷ་འདྲེ་ཐམས་ཅད་ཀྱིས་སྲོག་སྙིང་ཕུལ་ཏེ། མ་འོངས་པ་ན་སློབ་དཔོན་པདྨ་འབྱུང་གནས་ཀྱི་མཚན་ཙམ་སུས་འཛིན་པ་དེ་ཐམས་ཅད་ལྷ་འདྲེ་རྣམས་ཀྱིས་ཞེ་ཐག་པ་ནས་དད་ཅིང་གུས་པས་སྤྱི་བོར་བཀུར་བ་དང་། དེའི་དགོངས་པ་དང་བཀའ་ལུང་སྒྲུབ་པར་ཁས་བླངས། དེ་མ་བྱས་ན་ལྷ་འདྲེ་དེའི་མགོ་ལུས་ཚལ་པར་གས་ནས། སྙིང་དང་ལུས་སྲོག་ཚིག་ཅིང་རུལ་ནས་ཤི་སྟེ། མནར་མེད་པའི་དམྱལ་བར་འགྲོ་བའི་ཐ་ཚིག་དང་དམ་བཅའ་ཕུལ་བ་ཡིན་པས། གུར་དྲག་འདིའི་དབང་ཐོབ་ཅིང་ཡི་དམ་གྱི་ལྷར་བཟུང་ན། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས། ལྷ་འདྲེའི་གནོད་པ་ཐམས་ཅད་ལ་མི་ཕན་མི་སྲིད་པ་ཡིན། ཁྱད་པར་སྔགས་ཨར་ཙིག་འདི་བརྒྱ་བཟླས་ན་ཡང་ལས་ངན་ཀྱི་སྒྲིབ་པ་བྱང་། སྟོང་ཙམ་བཟླས་ན་དམ་ཚིག་ཉམས་ཆག་ཐམས་ཅད་སྐོང་། ཁྲི་ཙམ་བཟླས་ན་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་དབང་དུ་འདུ། འབུམ་ཙམ་བཟླས་ན་དངོས་སམ་ཉམས་སམ་རྨི་ལམ་དུ་ཨོ་རྒྱན་དང་མཇལ། འབུམ་ཕྲག་དྲུག་བཟླས་ན་མཆོག་གི་དངོས་གྲུབ་ཐོབ། ཐོས་པ་དང་དྲན་པ་ཙམ་གྱིས་ལྷ་འདྲེ་ཐམས་ཅད་ལས་ལ་ཁོལ། དྲེགས་པ་སྡེ་བརྒྱད་ལ་བཀའ་བཙན་པར་འགྱུར། ཡོན་ཏན་ཐམས་ཅད་འདི་ལ་ཚང༔ སྐྱོན་རྣམས་ཐམས་ཅད་འདི་ཡིས་སེལ༔ དངོས་གྲུབ་ཐམས་ཅད་འདི་ལས་འབྱུང༔ དཔེར་ན་ཡིད་བཞིན་ནོར་བུ་འདྲ༔ ལུས་ལ་བདེ་དྲོད་མེ་ལྟར་འབར༔ མི་ནོར་ཟས་གསུམ་ཆར་ལྟར་འབབ༔ དཔའ་བོ་མཁའ་འགྲོ་སྤྲིན་ལྟར་འདུ༔ ཕྱི་ནང་ཆོས་སྐྱོང་བྲན་ལྟར་ཉན༔ ཕྲིན་ལས་ཅི་བསྒྲུབ་ཐོགས་རྡུགས་མེད༔ ཅེས་སོགས་ཡོན་ཏན་མཐའ་ཡས་པར་གསུངས་སོ། །དེ་ལྟ་བུའི་དབང་ཞུ་བའི་ཕྱིར་མཎྜལ་ཕུལ། ས་གཞི་སྤོས་སོགས། ད་དབང་གི་གཞི་སྐྱབས་འགྲོ་སེམས་བསྐྱེད་ཞུ་བའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ༔ སྐྱབས་གནས་དམ་པ་རྣམས་ལ་ལ་སྐྱབས་སུ་མཆི༔ རྒྱུད་དྲུག་འཁོར་བར་འཁྱམས་པའི་ཕ་མ་རྣམས༔ བཟོད་མེད་གདུང་བས་སངས་རྒྱས་ཐོབ་བྱའི་ཕྱིར༔ ཀུན་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཞེས་ཚིག་བཞི་པོ་ལན་གསུམ། ད་དབང་ཞུ་བའི་ཕྱིར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་ཧོ༔ དབང་དྲག་འབར་བའི་བླ་མ་ནི༔ རིགས་རྣམས་ཀུན་བདག་ཆེ་བའི་མཆོག༔ དཔའ་བོ་ཆེན་པོས་རྗེས་སུ་ཟུངས༔ དབང་གིས་སྨིན་གྲོལ་དངོས་གྲུབ་སྩོལ༔ གསུམ། བླ་མས་ལན་གསུངས་པ། དེ་ལྟར་ཡིན་ན་ཧེ་རུ་ཀའི༔ དལ་དུ་གཞུག་སྟེ་སྨིན་པར་བྱའོ༔ བླ་མེད་ཡང་གསང་བྱིན་རླབས་འདི༔ གནས་ཁང་འདི་ཡི་ཕྱི་རོལ་དུ༔ དམ་མེད་པ་ལ་སྨྲ་མི་རུང༔ དེ་ཕྱིར་སྙིང་ནས་བྲོ་བོར་ཅིག༔ འདིའི་རྗེས་ཟློས་མཛོད། བཛྲ་རཀྵ་སི་ཧཱུྃ༔ ས་མ་ཡ༔ ཨི་དན་ན་ར་ཀན༔ དེ་ནས་མདུན་གྱི་གཏོར་མ་དང་། སློབ་དཔོན་པདྨ་འོད་འབར་སྐད་ཅིག་ལ་གུ་རུ་དྲག་པོའི་སྐུར་གནས་འགྱུར། ཁྱེད་རང་རྣམས་ཀྱང་སྐད་ཅིག་དྲན་རྫོགས་ལ། གུ་རུ་དྲག་པོ་སྐུ་མདོག་དམར་པོ་རྡོ་རྗེ་དང་སྡིག་པ་འཛིན་ཅིང་། དུར་ཁྲོད་ཆས་བརྒྱད་དང་། དཔལ་གྱི་ཆས་དགུས་བརྒྱན་ཅིང་། གར་དགུའི་ཉམས་དང་ལྡན་པ། བདག་མདུན་རྣམས་ཀྱི་ཐུགས་ཀའི་ཧཱུྃ་དམར་པོ་ལས་འོད་ཟེར་འཕྲོས་ཏེ། རྔ་ཡབ་གླིང་དུ་ཨོ་རྒྱན་རིན་པོ་ཆེའི་ཐུགས་ཀར་ཕོག་པས། སྐད་ཅིག་ལ་དྲག་པོའི་སྐུར་ཁྲོས་པས། སྐུ་ཆེ་ཕྲ་དཔག་ཏུ་མེད་པ། འུར་སྒྲ་ཆེམས་སྒྲ་དང་བཅས་ཏེ་བྱོན་ནས། གཏོར་མ་ལྷར་གསལ་བ་དང་། ཁྱེད་རྣམས་ལ་སིབ་སིབ་ཐིམ་པར་སྒོམས་ཤིག །དབྱངས་རོལ་སྤོས་དུད་དང་བཅས། ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང༔ གཟུགས་སྐུ་པདྨ་འོད་འབར་སྐད་ཅིག་ལ༔ རྔམ་བརྗིད་ཁྲོས་པའི་ངར་སྐད་ཕྱོགས་བཅུར་སྒྲོག༔ སྤྲུལ་པ་ཡང་སྤྲུལ་དཔག་ཡས་འཇིགས་ཚུལ་སྟོན༔ ཆེ་མཆོག་དམར་ནག་མེ་ཡི་ཕྲེང་བ་ཅན༔ དེང་འདིར་རྣལ་འབྱོར་བདག་གི་གྲོགས་ལ་བྱོན༔ ཛ༔ ཆོས་ཀྱི་དབྱིངས་ནས་སྒྱུ་མའི་སྐུར་བཞེངས་པ༔ དུག་གསུམ་འབར་བའི་ཁྲོ་གཏུམ་འཇིགས་གཟུགས་ཅན༔ དྲེགས་པ་སྡེ་བརྒྱད་འདུལ་ཕྱིར་གཤེགས་སུ་གསོལ༔ རྒྱལ་བསེན་དམ་སྲི་འདུལ་ཕྱིར་གཤེགས་སུ་གསོལ༔ གཉན་ལྷོག་སྨྱོ་འབོག་འདུལ་ཕྱིར་གཤེགས་སུ་གསོལ༔ མཐའ་ཡི་དམག་དཔུང་བཟློག་ཕྱིར་གཤེགས་སུ་གསོལ༔ སྣང་སྲིད་བྲན་དུ་བཀོལ་ཕྱིར་གཤེགས་སུ་གསོལ༔ དབང་དང་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ སྔགས་ཨར་ཙིག་ལ། བཛྲ་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་རོལ་མོ་དང་སྔགས་གསུམ་མམ་བདུན་བརྗོད། ད་ཡེ་ཤེས་པ་དེ་བརྟན་པའི་མོས་པ་མཛོད། རྡོ་རྗེ་མགོར་བཞག་ལ། ཏིཥྛ་བཛྲ༔ དེ་ནས་གཏོར་མ་ལག་ཏུ་ཐོགས་ལ། ད་གཏོར་མ་འདི་ཉིད་གུ་རུ་དྲག་པོ་དངོས་སུ་གསལ་བའི་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པར་སྒོམས་ཤིག ཧྲཱི༔ དབང་དྲག་འབར་བ་རིགས་ཀྱི་བདག༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་མཆོག་རིན་པོ་ཆེ༔ བྱིན་རླབས་ཀློང་ཡངས་རང་བཞིན་འབར༔ ཨོཾ་ཨཱཿཧཱུྃ༔ སྐུ་ཡི་སྨིན་མཚམས་ཨོཾ་དཀར་ལས༔ འོད་ཟེར་སྐར་མདའ་ཆད་པ་ལྟར༔ སྐལ་ལྡན་ལུས་ལ་གཉིས་མེད་ཐིམ༔ བུམ་དབང་ཐོབ་ནས་སྣང་སྟོང་བསྒོམ༔ དབང་དྲག་འབར་བ་སྐུ་ཡི་དབང་ཐོབ་ཤོག༔ ཨར་ཙིག་ལ་སྡེ་བརྒྱད་མི་སྦྱར། ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བརྗོད་ཅིང་དཔྲལ་བར་གཏུག་གོ །དེས་ལུས་ཀྱི་སྒྲིབ་པ་དག །ལུས་ལ་གནོད་པའི་ནད་གདོན་ཞི། སྐུའི་དབང་ཐོབ། འབྲས་བུ་སྤྲུལ་སྐུ་ཐོབ་པའི་ས་བོན་དང་བག་ཆགས་རྒྱུད་ལ་བཞག་པ་ཡིན་ནོ། །ཡང་གཏོར་མ་གུ་རུ་དྲག་པོར་གསལ་བའི་མགྲིན་པའི་ཨཱཿཡིག་ལས་འོད་ཟེར་དམར་པོ་འཕྲོས་ནས། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པར་སྒོམས་ཤིག །གཏོར་མ་ཐོགས་ལ་དབྱངས་དང་བཅས། ཧྲཱིཿ དབང་དྲག་འབར་བ་རིགས་ཀྱི་བདག༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་མཆོག་རིན་པོ་ཆེ༔ བྱིན་རླབས་ཀློང་ཡངས་རང་བཞིན་འབར༔ ཨོཾ་ཨཱཿཧཱུྃ༔ གསུང་གི་ལྗགས་སྟེང་ཨཱཿདམར་ལས༔ འོད་ཟེར་མར་མེའི་རྩེ་མོ་ལྟར༔ སྐལ་ལྡན་ལྕེ་ལ་གཉིས་མེད་ཐིམ༔ གསུང་དབང་ཐོབ་ནས་སྔགས་རླུང་བསྒོམ༔ དབང་དྲག་འབར་བའི་གསུང་གི་དབང་ཐོབ་ཤོག༔ སྔགས་ཨར་ཙིག །ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་མགྲིན་པར་བསྐུར། དེས་ངག་གི་སྒྲིབ་པ་དག །ངག་གི་དིག་ལྐུགས་ཞི། གསུང་གི་དབང་ཐོབ། འབྲས་བུ་གསུང་དབྱངས་དྲུག་ཅུ་དང་ལྡན་པའི་ལོངས་སྐུའི་ས་བོན་བཞག་པ་ཡིན་ནོ། །ཡང་གཏོར་མ་དྲག་པོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས་པས། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པར་སྒོམས་ཤིག །གཏོར་མ་ཐོགས་ནས་དབྱངས་དང་བཅས། ཧྲཱི༔ དབང་དྲག་འབར་བ་རིགས་ཀྱི་བདག༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་མཆོག་རིན་པོ་ཆེ༔ བྱིན་རླབས་ཀློང་ཡངས་རང་བཞིན་འབར༔ ཨོཾ་ཨཱཿཧཱུྃ༔ ཐུགས་ཀའི་ཧཱུྃ་མཐིང་འོད་འབར་ལས༔ འོད་ཟེར་སྤོས་རེང་དུ་བ་ལྟར༔ སྐལ་ལྡན་སེམས་ལ་གཉིས་མེད་ཐིམ༔ ཤེས་ཡེའི་དབང་ཐོབ་གསལ་སྟོང་བསྒོམ༔ དབང་དྲག་འབར་བའི་ཐུགས་ཀྱི་དབང་ཐོབ་ཤོག༔ ཨར་ཙིག་དང་། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྙིང་གར་གཏུག །དེས་སེམས་ཀྱི་སྒྲིབ་པ་དག །སེམས་ཀྱི་སྨྱོ་འབོག་ཞི། ཐུགས་ཀྱི་དབང་ཐོབ། འབྲས་བུ་ཆོས་སྐུ་ཐོབ་པའི་ས་བོན་བཞག་པའོ། །དེ་ནས་གཏོར་མ་དྲག་པོར་གསལ་བའི་དཔྲལ་མགྲིན་ཐུགས་ཀ་ལྟེ་བ་དང་གསང་གནས་ལྔ་ནས། འོད་ཟེར་དཀར་དམར་མཐིང་སེར་ལྗང་གུ་ལྔ་འཕྲོས་ནས་ཁྱེད་རང་རྣམས་ཀྱི་གནས་ལྔར་ཐིམ་པར་སྒོམས་ཤིག །གཏོར་མ་བཟུང་དབྱངས་དང་བཅས། ཧྲཱི༔ དབང་དྲག་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་འདུས་པའི་འོད་ཟེར་ནི༔ ནམ་མཁའ་ཆུ་ལ་འཇའ་ཤར་ལྟར༔ སྐལ་ལྡན་གནས་ལྔར་གཉིས་མེད་ཐིམ༔ དབང་བཞི་ཡེ་ཤེས་རྫོགས་ཆེན་བསྒོམ༔ དབང་དྲག་འབར་བའི་རང་བཞིན་དབང་ཐོབ་ཤོག༔ ཨར་ཙིག་དང་། སརྦ་དྷརྨཱ་ཨ་བྷི་ཥིཉྩ་ཧོ༔ ཞེས་ལྟེ་བར་བསྐུར་རོ། །དེས་བསགས་པ་ཆ་སྙོམས་ཀྱི་སྒྲིབ་པ་དག །ཚེ་བསོད་ནམས་ལ་བར་དུ་གཅོད་པ་ཞི། དབང་བཞི་ཡོངས་སུ་རྫོགས་པ་ཐོབ། འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པར་བྱས་པའོ། །དེ་ནས་གཏོར་མ་ཐོགས་ལ། གཏོར་མ་འདི་བཅོམ་ལྡན་འདས་གུ་རུ་དྲག་པོ་དབང་དྲག་འབར་བ་དངོས་སུ་གསལ་བའི་སྟེང་གི་ཆ་ལ་རིག་འཛིན་གྲུབ་ཐོབ་བརྒྱུད་པའི་བླ་མ། བར་གྱི་ཆ་ལ་ཡི་དམ་རྒྱུད་སྡེ་དྲུག་གི་ལྷ་ཚོགས། འོག་གི་ཆ་ལ་དམ་པ་ཡེ་ཤེས་ཀྱི་ཆོས་སྐྱོང་བའི་ཚོགས་ཐམས་ཅད་སྤྲིན་འཁྲིགས་པ་ལྟར་ཁྱེད་རང་གི་སྤྱི་བོར་བྱོན་ནས། ངེད་ཀྱིས་གསོལ་བ་ཇི་ལྟར་བཏབ་པའི་བྱིན་རླབས་དངོས་གྲུབ་ཐམས་ཅད་བསྩལ་ནས། འོད་དུ་ཞུ་ནས་ཁྱེད་རང་དང་དབྱེར་མེད་དུ་ཐིམ་པར་སྒོམས་ཤིག །ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ཉང་བན་ཏིང་འཛིན་བཟང་པོ། སྔགས་འཆང་ཧཱུྃ་ནག་མེ་འབར། ལས་ཅན་ཆོས་བདག་ཉེར་གཅིག །རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད། གཏེར་ཆོས་སྨོན་ལམ་བརྒྱུད་པ། མཁའ་འགྲོ་གཏད་རྒྱ་བརྒྱུད་པ། བཀའ་བབ་དོན་གྱི་བརྒྱུད་པའི་བླ་མ་དམ་པ་རྣམས་དང་། བཅོམ་ལྡན་འདས་གུ་རུ་དྲག་པོ་དབང་དྲག་འབར་བའི་ལྷ་ཚོགས་ཐམས་ཅད་ཀྱིས། རྡོ་རྗེའི་སློབ་མ་འདི་རྣམས་ལ་བྱིན་གྱིས་བརླབ་པ་དང་། དབང་བསྐུར་བར་མཛད་དུ་གསོལ། བཀའི་ལྷ་མ་སྲིན་སྡེ་བརྒྱད་ཀྱི་གནོད་པས་མི་ཚུགས་པར་སྲུངས་ཤིག །གཟའ་ཀླུ་དང་རྒྱལ་བཙན་དམ་སྲིའི་གནོད་པ་ཐམས་ཅད་ད་ལྟ་ཉིད་དུ་ཞི་བར་མཛོད་ཅིག །གག་ལྷོག་གཟེར་གསུམ་ཡམས་ནད་རིམས་ནད་ཀྱི་གནོད་པ་ཐམས་ཅད་ད་ལྟ་ཉིད་དུ་ཞི་བར་མཛོད་ཅིག །དུས་མ་ཡིན་པའི་འཆི་བ་རྐྱེན་ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་ད་ལྟ་ཉིད་དུ་བསལ་དུ་གསོལ། སྐྱེ་བ་འདི་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ་ལྷག་པའི་ལྷར་མཛད་དུ་གསོལ། རྗེས་སུ་འཛིན་པར་མཛད་དུ་གསོལ། གཏོར་མ་སྤྱི་བོར་བཞག་ལ། ཨརྩིག་ཨ་ཡ་མ་དང་བཅས་པའི་སྔགས་གསུམ་མམ་བདུན་བརྗོད་དོ། །དེ་ནས་མེ་ཏོག་འཐོར་ཞིང་། ཨེ་མ་ཧོ༔ ཤེས་བྱའི་དོན་ལ་མ་རྨོངས་པའི༔ བླ་མ་དམ་པའི་བཀྲ་ཤིས་ཤོག༔ གང་ལ་བསམ་པ་དེ་ཡིས་འགྲུབ༔ ཡི་དམ་ལྷ་ཡི་བཀྲ་ཤིས་ཤོག༔ སྐུ་གསུང་ཐུགས་ཀྱི་བྷ་ག་ལ༔ ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག༔ ཅེས་བཀྲ་ཤིས་བརྗོད་དོ། །འོ་དེས་གུ་རུ་དྲག་པོའི་དབང་ལེགས་པར་ཐོབ་པ་ཡིན་པས། དེ་ཡི་དམ་ཚིག་ཏུ་གུ་རུ་དྲག་པོ་ཡི་དམ་གྱི་ལྷར་བཟུང་སྙམ་པ་གྱིས་ལ་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །སོགས། ས་གཞི་སྤོས་ཆུས་བྱུགས་ཤིང་སོགས་བྱའོ། །ཞེས་པ་གོ་འཇོ་བླ་མ་ལྷུན་གྲུབ་ཀྱི་དོན་དུ་རཱ་ག་ཨ་སྱས་བྲིས་པ་སྟེ། འདིས་མང་པོ་འགའ་ལ་ཕན་པའི་རྟེན་འབྲེལ་ཡོད་སྙམ་པ་ཞིག་བྱུང་ངོ་། །སརྦ་མངྒ་ལཾ།། །།

ཚེ་སྒྲུབ་རྒྱལ་བ་འདུས་པའི་ཕྲིན་ལས་ཀྱི་རིམ་པ་ཆུ་འབབ་ཀྱི་ཁྲིགས་སུ་བསྒྲིགས་པ་འཆི་མེད་སྲོག་སྒྲུབ་ (Volume 20, Text 1)

༄༅། །ཚེ་སྒྲུབ་རྒྱལ་བ་འདུས་པའི་ཕྲིན་ལས་ཀྱི་རིམ་པ་ཆུ་འབབ་ཀྱི་ཁྲིགས་སུ་བསྒྲིགས་པ་འཆི་མེད་སྲོག་སྒྲུབ་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཨ་མི་ཏ་བྷཱཡུརྫྙཱ་ན་ཡེ། སྐྱེ་འཆིའི་བདུད་བཅོམ་འགྱུར་མེད་བདེ་བ་ཆེ། །བླ་མེད་གནས་བཞུགས་མཁའ་མཉམ་འགྲོ་བའི་སྐྱབས། །ཚེ་དཔག་མེད་མགོན་འཛམ་གླིང་གདུལ་བྱའི་ངོར། །མཚོ་སྐྱེས་རིག་པ་འཛིན་སྐུར་བསྟན་ལ་འདུད། །དེ་བྱུང་གདམས་ཟབ་བདུད་རྩིའི་ཀླུང་། ཁམས་དབང་མོས་པའི་ས་གཞིར་ཁྱབ། །ཐར་པའི་སྲོག་འཚོ་འབའ་ཞིག་ཀྱང་། །འཇའ་ལུས་མངོན་སུམ་བསྟན་འདི་རྨད། །ཚེ་རྒྱུད་འོ་མའི་རྒྱ་མཚོ་ལས་སྙིང་པོ་མར་གྱི་ཡང་ཞུན་རྒྱལ་བ་འདུས་པ་མཁའ་འགྲོའི་སྙིང་ཁྲག་ཏུ་བསྔགས་པའི་ཕྲིན་ལས་བརྩམ་པ་ལ། དཀྱིལ་འཁོར་བཅའ་གཞིའི་རིམ་པ་དབང་དང་སྒྲུབ་ཆེན་ལྟ་བུར་འབྲེལ་ན་སོ་སོ་དང་མཐུན་པར་བྱ་དགོས་ལ། ཚེ་སྒྲུབ་ཕྲིན་ལས་དཀྱུས་ཙམ་ལ་མདུན་རྟེན་ཚེ་བུམ་ཚེ་རྫས་རིགས། མཆོད་གཏོར་ཚོགས་ཀྱི་ཡོ་བྱད་སྤྱི་མཐུན་ཉེ་བར་བསྡོགས་པས་ཆོག །ཕྲིན་ལས་དངོས་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལ་བརྒྱད་དུ་ཡོད་པའི་ཐོག་མར་བརྒྱུད་པའི་བླ་མ་ལ་གསོལ་བ་གདབ་པ་ནི། ཚིག་བདུན་གྱིས་བྱིན་རླབས་འབེབ་པ་སྔོན་དུ་འགྲོ་བས། རིགས་ཀུན་ཁྱབ་བདག་བཅོམ་ལྡན་ཚེ་དཔག་མེད། །ལོངས་སྤྱོད་ཡོངས་རྫོགས་པདྨ་གར་གྱི་དབང་། །འཆི་མེད་རིག་འཛིན་པདྨཱ་ཀ་ར་ལ། །གསོལ་བ་འདེབས་སོ་ཚེ་དབང་དངོས་གྲུབ་སྩོལ། །བདེ་ཆེན་རྡོ་རྗེའི་སྐུར་བཞུགས་མཚོ་རྒྱལ་མ། །ལྷ་སྲས་དམ་འཛིན་གཏེར་ཆེན་ཞིག་པོ་གླིང་། །པདྨ་རྒྱལ་མཚན་པདྨ་བློ་གྲོས་ལ། །གསོལ་བ་འདེབས་སོ་ཚེ་དབང་དངོས་གྲུབ་སྩོལ། །པདྨ་རྡོ་རྗེ་ཁྱབ་གདལ་ལྷུན་གྱིས་གྲུབ། །པདྨ་ནོར་བུ་ཀུན་བཟང་རྣམ་པར་རྒྱལ། །རིག་འཛིན་རྣམ་རྒྱལ་བསོད་ནམས་ཆོས་དབང་ལ། །གསོལ་བ་འདེབས་སོ་ཚེ་དབང་དངོས་གྲུབ་སྩོལ། །དཀོན་མཆོག་བསྟན་སྐྱོང་བསོད་ནམས་ཆོས་ཀྱི་ཉི། །གསང་སྔགས་བསྟན་འཛིན་རྩ་བརྒྱུད་བླ་མ་དང་། །ཚེ་ལྷ་རིག་འཛིན་མཁའ་འགྲོ་ཆོས་སྐྱོང་ལ། །གསོལ་བ་འདེབས་སོ་ཚེ་དབང་དངོས་གྲུབ་སྩོལ། །རྩ་གསུམ་རྒྱལ་བའི་ཐུགས་རྗེའི་དཔུང་སྐྱེད་ལ། །གློ་བུར་ནད་གདོན་འཆི་རྐྱེན་ཀུན་ཞི་ཞིང་། །རླབས་ཆེན་ཚེ་དང་སྒྲུབ་པ་མཐའ་རུ་ཕྱིན། །འཆི་མེད་འཇའ་ལུས་རྡོ་རྗེ་མངོན་གྱུར་ཤོག །གཉིས་པ་སྐྱབས་འགྲོ་ནི། རང་གི་ཐུགས་ཀའི་འོད་ཟེར་གྱི་སྣང་བས་ཚེ་ལྷ་རིག་འཛིན་རྒྱལ་བ་སྲས་བཅས་མཁའ་ཁྱབ་ཀྱི་འཁོར་ལོར་སད་པར་གྱུར། ཧཱུྃ་ན་མོ༔ ཕྱོགས་བཅུར་བཞུགས་པའི་རྒྱལ་བ་མ་ལུས་དང༔ མགོན་པོ་ཚེ་བདག་རྒྱལ་བ་རིགས་ལྔའི་ཚོགས༔ རིག་འཛིན་ཚེ་དབང་ལྷ་དང་དྲང་སྲོང་ཚོགས༔ ཆོས་དང་འཕགས་པའི་དགེ་འདུན་ཚོགས་རྣམས་ལ༔ བདག་ནི་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ རྟག་པར་སྐྱབས་མཆི་མགོན་པོས་བདག་བཟུང་མཛོད༔ ལན་གསུམ། གསུམ་པ་སེམས་བསྐྱེད་པ་ནི། རིག་འཛིན་ཚེ་ཡི་ལྷ་ཚོགས་བདག་ལ་དགོངས༔ བདག་གིས་འགྲོ་རྣམས་མ་ལུས་བསྒྲལ་ནས་ནི༔ བླ་མེད་བྱང་ཆུབ་མཆོག་ལ་འགོད་བྱའི་ཕྱིར༔ འཆི་མེད་རིག་འཛིན་ལྷ་ཚོགས་བསྒྲུབ་པར་བགྱི༔ ལན་གསུམ། ཛཿཧཱུྃ་བཾ་ཧོཿ སྐྱབས་ཡུལ་རང་ལ་ཐིམ་པར་གྱུར། བཞི་པ་བགེགས་བསྐྲད་པ་ནི། བགེགས་གཏོར་རཾ་ཡཾ་ཁཾ་གིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཕུན་སུམ་ཚོགས་པའི་སྣོད་རྣམས་སུ་ཁཾ་ལས་གཏོར་མ་འདོད་པའི་ཡོན་ཏན་ལྔ་ལྡན་བགེགས་རིགས་སོ་སོའི་མོས་པའི་སྤྱོད་ཡུལ་དང་མཐུན་པར་རྒྱ་ཆེན་ཟད་པ་མེད་པའི་སྤྲིན་ཕུང་འཕྲོ་བར་གྱུར། ཨ་ཀཱ་རོས་བྱིན་བརླབ། སརྦ་བིགྷྣཱན་ཨཱ་ཀརྵ་ཡ་ཛཿས་འགུགས། སརྦ་བིགྷྣཱན་ན་མཿསརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོས་ལ། བཀའ་བསྒོ་བ་ནི། ཧཱུྃ༔ འཆི་མེད་རྡོ་རྗེ་ཚེ་ཡི་དཀྱིལ་འཁོར་འདིར༔ འདུ་བའི་ལྷ་ཚོགས་རྣམས་ནི་མ་གཏོགས་པར༔ ལོག་འདྲེན་བགེགས་དང་མི་མིན་འབྱུང་པོའི་ཚོགས༔ སྟོང་ཕྲག་བརྒྱད་ཅུ་གདོན་ཆེན་བཅོ་ལྔ་དང༔ དལ་ཡམས་ནད་བདག་གཤིན་རྗེ་ཚེ་བདུད་རྣམས༔ ལན་ཆགས་བགེགས་ཀྱི་གཏོར་མ་འདི་ཁྱེར་ལ༔ གནས་འདིར་མ་འདུག་རང་རང་གནས་སུ་དེངས༔ གལ་ཏེ་མི་འགྲོ་གནས་འདིར་འདུག་གྱུར་ན༔ བདག་ཉིད་དབང་ཆེན་རྟ་མགྲིན་ཁྲོས་ནས་ནི༔ རྟ་སྐད་འཚེར་ཞིང་མཚོན་ཆའི་འོད་ཟེར་འཕྲོ༔ རྡོ་རྗེ་འཛིན་པའི་ཐུགས་དམ་འཇིག་ནུས་ན༔ མ་རུངས་བགེགས་ཀྱི་ཚོགས་ལ་སྨོས་ཅི་དགོས༔ དེ་བས་སོ་སོ་རང་རང་གནས་སུ་དེངས༔ ཧཱུྃ་བཞིའི་སྔགས་དང་། ཚེ་དང་སྲོག་ལ་བར་དུ་གཅོད་པར་བྱེད་པའི་འབྱུང་པོ་ཐམས་ཅད་ཨུ་ཙ་ཏ་ཡ་ཕཊ༔ ཅེས་པས་བསྐྲད་ལ་བགེགས་གཏོར་ཕྱིར་བསྐྱལ། ལྔ་པ་མཚམས་བཅད་པ་ནི། ཧཱུྃ༔ བདག་ཉིད་འབར་བ་དབང་གི་ཐུགས་ཀ་ནས༔ སྲུང་བའི་འཁོར་ལོ་ཧཱུྃ་དམར་དཔག་མེད་འཕྲོས༔ ཧཱུྃ་ལས་ཁྲོ་ཆུང་མཚོན་ཆའི་ར་བ་གུར༔ མེ་དཔུང་འོད་ཟེར་ཕྱོགས་མཚམས་ཐམས་ཅད་ནི༔ འབྱུང་རླུང་སིར་བུ་ཙམ་ཡང་ཐར་མི་འགྱུར༔ མཚམས་ཀྱི་གོ་ཆ་ལྷུན་གྲུབ་སྲུང་གུར་གྱུར༔ ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ༔ དྲུག་པ་བྱིན་དབབ་པ་ནི། མདའ་དར་གཡབ་ཅིང་སྤོས་དུད་དབྱངས་རོལ་བཅས། ཧཱུྃ༔ ཚེ་ལྷ་རིག་འཛིན་ལྷ་ཡི་ཚོགས༔ སྐུ་གསུང་ཐུགས་ཀྱི་ཐུགས་རྗེ་ལས༔ བྱིན་ཆེན་ནམ་མཁའི་སྤྲིན་ལྟར་གཏིབས༔ དངོས་གྲུབ་ས་ལ་ཆར་ལྟར་ཕོབ༔ དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས༔ སྒྲུབ་རྫས་འདི་ལ་བརྟན་པར་བཞུགས༔ མཆོད་རྫས་འདི་ལ་བྱིན་གྱིས་རློབས༔ སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ༔ ཨོཾ་མ་མ་ཛྙཱ་ན་ཨ་མཱ་ར་ཎི་ཛཱི་བནྟི་ཧཱུྃ་བྷྲཱུྃ་ཛཿཛ༔ ཨོཾ་ཨཱཿཧཱུྃ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿཛཿཛ༔ བདུན་པ་མཆོད་པ་བྱིན་བརླབ་ནི། རཾ་ཡཾ་ཁཾ་གིས་བསང་། སྭ་བྷཱ་བས་སྦྱང་། རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །རང་བྱུང་མཆོད་པའི་ཕུང་པོ་ནི། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུ། །དཔག་ཡས་ནམ་མཁའ་གང་བར་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་སྤེལ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཐཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཐཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏེ་ཧཱུྃ་ཧྲཱིཿཐཱ༔ ཞེས་པ་རྣམས་ལན་གསུམ་གསུམ་བརྗོད་ལ་སྨན་རཀ་གཏོར་གསུམ་བྱིན་བརླབ། ཨོཾ་བཛྲ་པུཥྤེ་ནས་ཤབྡ་སརྦ་པཱུ་ཙ་ཨོཾ་ཨཱཿཧཱུྃ༔ མ་ཧཱ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་དྷརྨ་ཨཱཿཧཱུྃ༔ ཨོཾ་དྷརྨ་པཱུ་ཙ་ཨོཾ་ཨཱཿཧཱུྃ༔ བརྒྱད་པ་བཤགས་པ་ནི། བཤགས་ཡུལ་གསལ་བཏབ་ལ། ཧཱུྃ༔ ཚེ་ལྷ་རིག་འཛིན་རྒྱལ་བ་མ་ལུས་དགོངས༔ བདག་ནི་མ་རིག་ལས་ངན་དབང་གིས་ནི༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་མ་ལུས་ལ༔ ལུས་ངག་ཡིད་ཀྱིས་ཉམས་ཆག་ཅི་མཆིས་པ༔ གཉིས་མེད་དག་པའི་ངང་དུ་བཟོད་པར་གསོལ༔ བཟོད་པར་བཞེས་ལ་དངོས་གྲུབ་བསྩལ་དུ་གསོལ༔ བཛྲ་ཨཱ་ཡུ་ས་མ་ཡ་སོགས་ཡིག་བརྒྱ་བརྗོད་དོ། །གཉིས་པ་དངོས་གཞི་ལའང་བརྒྱད་ལས། ཐོག་མར་ཏིང་འཛིན་རྣམ་གསུམ་གྱིས་དམ་ཚིག་པའི་དཀྱིལ་འཁོར་བསྐྱེད་པ་ནི། ཧཱུྃ༔ ཆོས་རྣམས་རྣམ་དག་སྤྲོས་དང་བྲལ་བ་ལ༔ སེམས་ཅན་ཀུན་ལ་ཁྱབ་པའི་སྙིང་རྗེ་བསྒོམ༔ སྟོང་ཉིད་སྙིང་རྗེའི་ངང་ལས་ཐུགས་སྲོག་ཧྲཱི༔ དེ་ལས་འོད་འཕྲོས་འབྱུང་ལྔའི་དཀྱིལ་འཁོར་ནི༔ ནམ་མཁའི་དབུས་སུ་ཡཾ་རཾ་བཾ་ལཾ་ལས༔ རླུང་མེ་ཆུ་ས་འབྱུང་བཞིའི་དཀྱིལ་འཁོར་སྟེང༔ ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བའི་དབུས༔ བྷྲཱུྃ་དཀར་འོད་འཕྲོས་སྣོད་ཀྱི་འཇིག་རྟེན་སྦྱང༔ ཚུར་འདུས་བྷྲཱུྃ་ཡིག་ལ་ཐིམ་གཞལ་ཡས་ཁང༔ རིན་ཆེན་ལྔར་གྲུབ་གྲུ་བཞི་སྒོ་བཞི་པ། །རྟ་བབས་ལྔ་ལྡན་གདུགས་ཏོག་རི་དྭགས་མཛེས། །ངོ་མཚར་བཀྲ་ཤིས་རྒྱན་བཀོད་བསམ་མི་ཁྱབ། །འདོད་སྣམ་མཆོད་ལྷས་གར་སྟབས་ཕྱག་རྒྱ་སྒྱུར། །སྣ་ཚོགས་པདྨ་རྡོ་རྗེ་ར་བའི་མཐའ༔ ཡེ་ཤེས་ལྔ་ལྡན་མེ་འོད་ཕྱོགས་བཅུར་འབར༔ ཕྱི་གསལ་ནང་གསལ་སྣང་ལ་རང་བཞིན་མེད༔ ཁམས་གསུམ་ལས་འདས་ལྟ་བས་ཆོག་མི་ཤེས༔ དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱོད་ཡུལ་དུ༔ གྱུར་པའི་གཞལ་ཡས་ཆེན་པོ་དེ་ཡི་དབུས༔ རྨ་བྱ་སྣ་ཚོགས་པདྨ་ཉི་ཟླའི་གདན༔ ཐུགས་སྲོག་ཧྲཱིཿལས་བཅོམ་ལྡན་ཚེ་དཔག་མེད༔ སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ སྟོད་གཡོགས་དར་དམར་སྨད་གཡོགས་དར་ལྗང་གསོལ༔ རིན་ཆེན་རྒྱན་དང་ཚངས་སྐུད་མཛེས་པར་སྤྲས༔ ཕྱག་གཉིས་ཏིང་འཛིན་མཉམ་གཞག་ཕྱག་རྒྱའི་སྟེང༔ པདྨ་རཱ་གའི་བུམ་པ་བདུད་རྩིས་བཀང༔ དེ་ཡི་ཐུགས་ཀར་བཛྲ་ཨཀྵོ་ལས༔ བཛྲ་ཨཱ་ཡུཿསྐུ་མདོག་ཤེལ་ལྟ་བུ༔ མཉམ་གཞག་ཕྱག་ན་མན་ཤེལ་བུམ་པའི་ནང༔ འཆི་མེད་བདུད་རྩིའི་བཅུད་ཀྱིས་བཀང་བ་འཛིན༔ རྡོ་རྗེའི་སྐྱིལ་མོ་ཀྲུང་བཞུགས་ཡེ་ཤེས་སེམས༔ དེ་ཡི་ཐུགས་ཀར་ཐུགས་སྲོག་རྡོ་རྗེ་ནི༔ རྩེ་ལྔ་གྱེན་བསྒྲེང་ལྟེ་བར་ཧྲཱིཿཡིས་མཚན༔ ཏིང་འཛིན་སེམས་དཔའི་ངོ་བོར་གསལ་བར་གྱུར༔ གཙོ་བོའི་ཕྱི་རོལ་པདྨ་འདབ་བཞི་ལ༔ རྡོ་རྗེ་རིན་ཆེན་བུདྡྷ་ལས་ཀྱི་རིགས༔ ཚེ་བདག་རིགས་བཞི་ལོངས་སྤྱོད་རྫོགས་པའི་ཚུལ༔ དཀར་སེར་མཐིང་ལྗང་སྐུ་མདོག་འོད་ཟེར་འཕྲོ༔ ཕྱག་གཉིས་མཉམ་གཞག་འཆི་མེད་བུམ་པ་འཛིན༔ རྡོ་རྗེ་སྐྱིལ་ཀྲུང་ཏིང་འཛིན་ངང་ལ་བཞུགས༔ དེ་ཡི་ཕྱི་རིམ་པདྨ་འདབ་བཞི་ལ༔ སངས་རྒྱས་སྤྱན་དང་མཱ་ཀཱི་དབྱིངས་ཕྱུག་མ༔ སྒྲོལ་མ་ལ་སོགས་ཡུམ་ཆེན་རྣམ་བཞི་ཡང༔ དཀར་དམར་སྔོ་ལྗང་སེར་སྔོ་དཀར་ལྗང་མདོག༔ རིན་ཆེན་རྒྱན་དང་ན་བཟའ་ཅོད་པན་མཛེས༔ རང་རང་མདོག་མཚུངས་བུམ་པ་ཐུགས་ཀར་འཛིན༔ སེམས་མའི་སྐྱིལ་ཀྲུང་དགྱེས་པའི་ཚུལ་དུ་བཞུགས༔ དེ་ཡི་ཕྱི་རོལ་པདྨ་འདབ་བཞིའི་སྟེང༔ འབྱུང་བཞིའི་བཅུད་སྡུད་ལྷ་མོ་རྣམ་བཞི་ནི༔ སྔོ་སེར་དམར་ལྗང་རིན་ཆེན་རྒྱན་གྱིས་སྤྲས༔ དར་ཟབ་ཡུག་གོན་རས་དཀར་ན་བཟའ་མཛེས༔ ལྷ་མོའི་ཚུལ་ཅན་ཕྱག་ན་བུམ་པ་བསྣམས༔ སེམས་མའི་སྐྱིལ་ཀྲུང་ཚུལ་གྱིས་བཞུགས་པ་འོ༔ སྒོ་བཞིར་བཀའ་ཉན་འཇིགས་བྱེད་ཆེན་མོ་ནི༔ རྡོ་རྗེ་ལྕགས་ཀྱུ་རྡོ་རྗེ་ཞགས་པ་མོ༔ རྡོ་རྗེ་ལྕགས་སྒྲོག་རྡོ་རྗེ་དྲིལ་བུ་སྟེ༔ རིན་ཆེན་རུས་རྒྱན་མཛེས་པས་བརྒྱན་པ་འོ༔ སྟེང་གི་ནམ་མཁར་རིག་འཛིན་གྲུབ་པའི་ཚོགས༔ ལྷ་དང་དྲང་སྲོང་རྒྱལ་བ་རྒྱ་མཚོའི་ཚོགས༔ ནམ་མཁར་སྤྲིན་ཕུང་བཞིན་དུ་གཏིབས་པར་བསམ༔ ཕྱི་རོལ་འཁོར་ཡུག་མུ་ཁྱུད་སྟེང་རྣམས་སུ༔ ཁྲོ་བོ་ཁྲོ་མོ་མཁའ་འགྲོ་ཆོས་སྐྱོང་དང༔ རྒྱལ་ཆེན་བཞི་དང་ལོ་ཟླ་ཞག་གི་ལྷ༔ དཀྱིལ་འཁོར་གཙོ་ལ་འདུད་པའི་ཚུལ་གྱིས་གནས༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་སྲོག་ས་བོན་ལས༔ འོད་འཕྲོས་ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས༔ བསྒོམས་པ་འདྲ་བའི་ཡེ་ཤེས་སེམས་དཔའི་ཚོགས༔ མདུན་གྱི་ནམ་མཁའི་གནས་སུ་སྤྱན་དྲངས་གྱུར༔ གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་འདྲེན་པ་ནི། མདའ་དར་གཡབ་ཅིང་སྤོས་རོལ་དབྱངས་བཅས། ཧཱུྃ༔ ནུབ་ཕྱོགས་བདེ་ཆེན་དག་པའི་ཞིང༔ འགྱུར་བ་མེད་པའི་ཕོ་བྲང་ནས༔ བཅོམ་ལྡན་ཚེ་ཡི་མགོན་པོ་དང༔ ཚེ་བདག་རིགས་བཞི་ཡབ་ཡུམ་ཚོགས༔ འབྱུང་བཞིའི་བཅུད་སྡུད་ལྷ་མོ་བཞི༔ སྒོ་སྐྱོང་བཞི་དང་ཡེ་ཤེས་ལྷ༔ དྲང་སྲོང་རིག་འཛིན་གྲུབ་པའི་ཚོགས༔ མཁའ་འགྲོ་ཆོས་སྐྱོང་རྒྱལ་ཆེན་བཞི༔ ལོ་ཟླ་ཞག་གི་ལྷ་ལ་སོགས༔ གདུང་བའི་ཡིད་ཀྱིས་སྤྱན་འདྲེན་ན༔ ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ༔ སྒྲུབ་མཆོག་རིག་འཛིན་མཆེད་ལྕམ་ལ༔ ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱ་ཡུརྫྙཱ་ན་བཛྲ་ས་མ་ཡ་ཛ༔ གསུམ་པ་བཞུགས་སུ་གསོལ་བ་ནི། ཧཱུྃ༔ རང་བཞིན་ལྷུན་གྲུབ་གཞལ་ཡས་འདིར༔ རྨ་བྱ་ཉི་ཟླ་པདྨའི་སྟེང༔ པཉྩ་ལི་ཀཱ་འཇམ་དྲིལ་གདན༔ ཡིད་འོང་མཛེས་པའི་གཞལ་ཡས་འདིར༔ ཚེ་ལྷ་རིག་འཛིན་ལྷ་ཚོགས་རྣམས༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཨོཾ་ཨཱ་ཡུརྫྙཱ་ན་ས་པ་རི་བཱ་ར་པདྨ་ཀ་མ་ལཱ་ཡ་སཏྭཾ༔ ས་མ་ཡ་ཏིཥྛ་ལྷན༔ བཞི་པ་ཕྱག་འཚལ་བ་ནི། ཧཱུྃ༔ རིགས་ལྔ་ཡེ་ཤེས་སྐུ་ལྔའི་བདག༔ བཅོམ་ལྡན་རིགས་བདག་ཚེ་དཔག་མེད༔ ཚེ་བདག་རིགས་བཞི་ལྷ་མོར་བཅས༔ རིག་འཛིན་དྲང་སྲོང་ལ་སོགས་པ༔ ཚེ་ལྷ་འཁོར་དང་བཅས་རྣམས་ལ༔ བདག་ཉིད་གུས་པས་ཕྱག་འཚལ་ལོ༔ ཨཱ་ཡུརྫྙཱ་ན་ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ ལྔ་པ་ཕྱི་ནང་གསང་མཆོད་འབུལ་བ་ནི། འགྲོ་བ་སེམས་ཅན་མ་ལུས་ཐམས་ཅད་ཀྱི༔ ཉོན་མོངས་སྒྲིབ་བྱང་ཚོགས་གཉིས་རྫོགས་པའི་ཕྱིར༔ མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང༔ སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོའི་སྒྲ༔ དངོས་བཤམས་ཡིད་སྤྲུལ་རང་བཞིན་མཆིས་པ་ཀུན༔ བཅོམ་ལྡན་རྡོ་རྗེ་ཚེ་ཡི་ལྷ་ལ་འབུལ༔ བཞེས་ནས་བདག་ལ་དངོས་གྲུབ་བསྩལ་དུ་གསོལ༔ རི་རྒྱལ་ལྷུན་པོ་གླིང་བཞི་གླིང་ཕྲན་བརྒྱད༔ གསེར་རི་བདུན་དང་ལྷ་མིའི་འདོད་ཡོན་ཚོགས༔ ཡིད་བཞིན་ནོར་བུའི་མཎྜལ་དམ་པ་འདི༔ བཅོམ་ལྡན་རྡོ་རྗེ་ཚེ་ཡི་ལྷ་ལ་འབུལ༔ བཞེས་ནས་བདག་ལ་དངོས་གྲུབ་བསྩལ་དུ་གསོལ༔ རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྟགས་མཆོག་བརྒྱད༔ གཟུགས་སྒྲ་དྲི་རོ་རེག་བྱ་འདོད་ཡོན་ལྔ༔ སྦྱོར་སྒྲོལ་ཏན་གན་རྨད་བྱུང་མཆོད་པའི་ཚོགས༔ ངོ་མཚར་མཆོག་གི་བདུད་རྩི་ཨ་མྲྀ་ཏ༔ དམ་རྫས་གཏོར་ཆེན་དུག་གསུམ་རཀྟ་དང༔ ཛ་གད་ཆང་སོགས་མཆོད་པའི་བྱེ་བྲག་རྣམས༔ བཅོམ་ལྡན་རྡོ་རྗེ་ཚེ་ཡི་ལྷ་ལ་འབུལ༔ བཞེས་ནས་བདག་ལ་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ༔ དྷཱུ་པེ་ ཨཱ་ལོ་ཀེ་ གནྡྷེ་ ནཻ་བིདྱ་ ཤབྡ་ཨཱཿཧཱུྃ༔ ཨོཾ་རཱུ་པ་ ཤབྡ་ གནྡྷེ་ ར་ས་ སྤརྴེ་ དྷརྨ་ སརྦ་ཨ་མྲྀཏ་བོ་དྷི་ཙིཏྟ་མ་ཧཱ་གུ་ཎ་རཀྟ་མུ་དྲ་ཛྙཱ་ན་སརྦ་པཱུ་ཛ་ཁཱ་ཧི༔ དྲུག་པ་བསྟོད་པ་བྱ་བ་ནི། ཧཱུྃ༔ ཡེ་ཤེས་ལྔ་ཡི་ངོ་བོ་ཉིད༔ ཚེ་ཡི་བདག་པོ་སྐུ་མདོག་དམར༔ མཉམ་གཞག་ཚེ་ཡི་བུམ་པ་འཛིན༔ འགྱུར་བ་མེད་པ་རྡོ་རྗེའི་སྐུ༔ ཕྱག་འཚལ་བཅོམ་ལྡན་ཚེ་དཔག་མེད༔ སྙིང་པོ་ཐུགས་སྲོག་དྭངས་མ་ནས༔ འགྱུར་མེད་རྡོ་རྗེའི་ཨཱ་ཡུཿསྩོལ༔ ཉོན་མོངས་བཞི་པོ་རྣམ་དག་པ༔ ཡེ་ཤེས་བཞི་ཡི་ངོ་བོ་ཉིད༔ མཉམ་གཞག་ཚེ་ཡི་བུམ་པ་འཛིན༔ ཕྱག་འཚལ་རྒྱལ་བ་རིགས་བཞི་ལ༔ སྙིང་པོ་ཐུགས་སྲོག་དྭངས་མ་ནས༔ འགྱུར་མེད་རྡོ་རྗེའི་ཨཱ་ཡུཿསྩོལ༔ ཕུང་པོ་ལྔ་པོ་རྣམ་དག་པ༔ འབྱུང་བ་ལྔ་ལ་དབང་སྒྱུར་མ༔ མཉམ་གཞག་ཚེ་ཡི་བུམ་པ་འཛིན༔ ཕྱག་འཚལ་ཡུམ་ཆེན་ལྔ་པོ་ལ༔ སྙིང་པོ་ཐུགས་སྲོག་དྭངས་མ་ནས༔ འགྱུར་མེད་རྡོ་རྗེའི་ཨཱ་ཡུཿསྩོལ༔ ཡེ་ཤེས་ཀུན་གྱི་ཚེ་བདག་མོ༔ སྒེག་ཅིང་འཛུམ་པའི་ངང་ཚུལ་ཅན༔ སྟོང་ཁམས་ཡོངས་ལ་དབང་སྒྱུར་ཞིང༔ རིན་ཆེན་ཚེ་ཡི་བུམ་པ་འཛིན༔ འབྱུང་བ་ལྔ་ཡི་བཅུད་སྡུད་མ༔ ཕྱག་འཚལ་བཅུད་སྡུད་ལྷ་མོ་བཞིར༔ སྙིང་པོ་ཐུགས་སྲོག་དྭངས་མ་ནས༔ འགྱུར་མེད་རྡོ་རྗེའི་ཨཱ་ཡུཿསྩོལ༔ ཕྱོགས་བཞིར་ཕྲིན་ལས་བཞི་མཛད་མ༔ དཀར་སེར་དམར་ལྗང་ལྕགས་ཀྱུ་ཞགས༔ ལྕགས་སྒྲོག་དྲིལ་བུ་བུམ་པ་འཛིན༔ ཕྱག་འཚལ་སྒོ་མ་རྣམ་བཞི་ལ༔ སྙིང་པོ་ཐུགས་སྲོག་དྭངས་མ་ནས༔ འགྱུར་མེད་རྡོ་རྗེའི་ཨཱ་ཡུཿསྩོལ༔ དཀྱིལ་འཁོར་བར་ཁྱམས་བཞུགས་པ་ཡི༔ ཚེ་ལ་དབང་བའི་རིག་འཛིན་དང༔ ལྷ་དང་དྲང་སྲོང་ཐམས་ཅད་ལ༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ སྣ་ཚོགས་པདྨ་ལ་གནས་ཤིང༔ ཕྱི་ཡི་ཁོར་ཡུག་སྐྱོང་བྱེད་པ༔ ཞིང་སྐྱོང་མཁའ་འགྲོ་མ་ཡི་ཚོགས༔ རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ༔ ལྷ་ཀླུ་གནོད་སྦྱིན་དྲི་ཟ་སོགས༔ བསྟོད་འོས་ཀུན་ལ་བསྟོད་པར་བགྱི༔ བགེགས་གདོན་ཞི་བའི་ཕྲིན་ལས་མཛོད༔ བདུན་པ་འཛབ་བཟླ་བ་ནི། གཙོ་བོའི་ཐུགས་ཀར་སྣ་ཚོགས་པདྨ་དང་ཟླ་བའི་སྟེང་དུ་པདྨ་རཱ་གའི་རྡོ་རྗེ་ཚོན་གང་བའི་ལྟེ་བར་ཧྲཱིཿདམར་པོའི་ཁོག་པར་ནྲྀ་ལྗང་གུ་ཕྲ་ལ་འཚེར་བ། ཧྲཱིཿའི་མཐའ་སྐོར་དུ་སྔགས་ཕྲེང་གཡས་སྐོར་དུ་འཁོར་བ་དང་། རྩ་བའི་ལྷ་རྣམས་རང་རང་གི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཚེ་ལ་བར་དུ་གཅོད་པའི་བདུད་བགེགས་འབྱུང་པོ་ཐམས་ཅད་ཚར་བཅད། རང་གི་བླ་ཚེ་བརྐུས་ཕྲོགས་ཡར་ཉམས་འཐོར་བ་ཐམས་ཅད་ཡི་གེ་ནྲྀའི་རྣམ་པར་བསྡུས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས། ཚེ་དབང་རིག་འཛིན་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས། སྣོད་ཀྱི་འཇིག་རྟེན་འབྱུང་བ་ལྔའི་བཅུད་དང་དྭངས་མ། བཅུད་ཀྱི་སྐྱེ་འགྲོ་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་ཚེ་བསོད་དཔལ་འབྱོར་ཐམས་ཅད་འོད་ཟེར་ཐིག་ལེ་ནྲྀ་ཡིག་གི་རྣམ་པར་བསྡུས་སྤྱི་བོ་ནས་ཞུགས་ལུས་ཀྱི་ནང་དང་མདུན་བསྐྱེད་ཕྱག་གི་བུམ་པ་འཆི་མེད་བདུད་རྩིས་གང་། དྭངས་བཅུད་སྙིང་གའི་ས་བོན་ལ་ཐིམ་པས་བཀྲག་མདངས་གཟི་བརྗིད་འོད་དུ་འབར། འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་གྱུར་པར་མོས་ལ། ཨོཾ་གུ་རུ་ཨཱ་ཡུརྫྙཱ་ན་དྷེ་བ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཨོཾ་མ་མ་ཛྙཱ་ན་ཨ་མཱ་ར་ཎི་ཛཱི་བནྟི་ཧཱུྃ་བྷྲཱུྃ་ཛཿཛ༔ ཞེས་བཟླ་བྱའི་སྔགས་ཏེ། དེའང་དཀྱིལ་འཁོར་དང་འབྲེལ་བ་ལ་སྔགས་གཉིས་སྦྲེལ་མ་དང་། བདག་བསྐྱེད་ཁ་རྐྱང་ལ་སྔགས་ཚན་ཕྱི་མ་གཙོ་བོར་བཟླ། བསྙེན་ཚད་འབུམ་ཕྲག་གསུམ་མམ་གཅིག་གིས་ཀྱང་ལས་རུང་དུ་འགྱུར་རོ། །ཐུན་མཐར་ཁ་སྐོང་སྟོང་ཚིགས་སྤྱི་ལྟར་རོ། །བརྒྱད་པ་ཚེ་འགུགས་པ་ནི། མདའ་དར་གཡབ་ལ། ཧཱུྃ༔ ཡེ་ཤེས་འོད་ལྔ་འདུས་པའི་སྐུ༔ བཅོམ་ལྡན་རྒྱལ་བ་ཚེ་དཔག་མེད༔ དམར་གསལ་ཚེ་ཡི་བུམ་པ་འཛིན༔ འགྱུར་མེད་རྡོ་རྗེའི་སྐུ་མངའ་བ༔ ཐུགས་སྲོག་དྭངས་མའི་བྱིན་རླབས་ནས༔ ཚེ་ཡི་དངོས་གྲུབ་མ་ལུས་པ༔ སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ༔ ལོ་བརྒྱ་ཐུབ་པའི་དངོས་གྲུབ་སྩོལ༔ སྟོན་བརྒྱ་མཐོང་བའི་དངོས་གྲུབ་སྩོལ༔ མགོན་པོའི་ཐུགས་སྲོག་འོད་ཟེར་ལས༔ སྣུམ་འདྲིལ་ཧྲཱིཿདམར་མདངས་ལྡན་ནི༔ ལྕགས་ཀྱུ་ལྟ་བུའི་འོད་ཟེར་འཕྲོས༔ ཕྱོགས་བཅུ་རབ་འབྱམས་མཐའ་ཀླས་པའི༔ འཇིག་རྟེན་དྲུག་འདས་ཕྱོགས་མཚམས་ནས༔ བརྟན་གཡོའི་བཅུད་དང་ནུས་མཐུ་དང༔ ལྷ་དང་དྲང་སྲོང་རིག་འཛིན་གྱི༔ ཐུགས་རྗེ་བྱིན་རླབས་མ་ལུས་པ༔ ཁབ་ལེན་རྡོ་ཡིས་ལྕགས་སྡུད་བཞིན༔ ཚེ་རྫས་བྱིན་རླབས་འདི་ལ་སྟིམས༔ རིག་འཛིན་རྣལ་འབྱོར་བདག་ལ་སྟིམས༔ ལོ་བརྒྱ་ཐུབ་པར་བྱིན་གྱིས་རློབས༔ སྟོན་བརྒྱ་མཐོང་བར་བྱིན་གྱིས་རློབས༔ མགོན་པོའི་ཐུགས་སྲོག་དྭངས་མ་ནས༔ འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས༔ ཞིང་ཁམས་ལྔ་པོ་དབང་དུ་སྡུས༔ བཅོམ་ལྡན་རྒྱལ་བ་རིགས་ལྔ་དང༔ ཡུམ་ཆེན་ལྷ་མོ་ལྔ་པོ་ཡི༔ སྙིང་པོ་ཐུགས་སྲོག་དྭངས་མ་ནས༔ འགྱུར་མེད་རྡོ་རྗེའི་ཨཱ་ཡུཿནི༔ རིག་འཛིན་སྒྲུབ་མཆོག་བདག་ལ་སྩོལ༔ ལོ་བརྒྱ་ཐུབ་པར་བྱིན་གྱིས་རློབས༔ སྟོན་བརྒྱ་མཐོང་བར་བྱིན་གྱིས་རློབས༔ བཅོམ་ལྡན་ཐུགས་ཀའི་འོད་ཟེར་ལས༔ ལྕགས་ཀྱུ་ཞགས་པ་ལྟ་བུར་འཕྲོས༔ འབྱུང་ལྔའི་ཁམས་ནས་བཅུད་སྡུས་ལ༔ རིག་འཛིན་རྣལ་འབྱོར་བདག་ཅག་གི༔ ནང་གི་ཁམས་ནས་ཚེ་ཉམས་ན༔ འབྱུང་ལྔའི་ཁམས་ནས་བཅུད་སྡུས་ལ༔ རྣལ་འབྱོར་ནང་གི་ལུས་ལ་སྟིམས༔ ཟག་མེད་ཡེ་ཤེས་སྦར་དུ་གསོལ༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གི༔ དྲི་ཟ་གནོད་སྦྱིན་གཤིན་རྗེ་ཀླུ༔ མེ་ལྷ་སྲིན་པོ་རླུང་ལྷ་དང༔ དབང་ལྡན་ལྷ་དབང་ས་བདག་སོགས༔ མ་རུངས་བགེགས་ཚོགས་ཐམས་ཅད་ཀྱིས༔ ཚེ་སྲོག་དབང་ཐང་ཁྱེར་བ་རྣམས༔ འོད་ཟེར་ལྕགས་ཀྱུས་བཀུག་ནས་ནི༔ ཚེ་ཉམས་ཀུན་གྱི་ཚེ་སྲིང་ཞིང༔ བླ་ཉམས་ཀུན་གྱི་བླ་ཁུག་ལ༔ རིག་འཛིན་རྣལ་འབྱོར་བདག་ཅག་གི༔ ཕུང་ཁམས་སྐྱེ་མཆེད་དག་ལ་སྟིམས༔ འགྱུར་མེད་རིགས་ལྔའི་རྒྱ་ཡིས་གདབ༔ ཡོ་ག་ཚེ་ཡི་དབང་ཡང་སྐུར༔ སྐྱེ་འཆི་མེད་པའི་དོན་རྟོགས་མཛོད༔ ཅེས་དབྱངས་སུ་གྱེར་ནས་སྦ་ཞིང་བརྟན་པ་ནི། ཨོཾ་སྐུ་ཡི་སྐུ་སྟེ་སྐུ་ལ་ཐིམ༔ ཨཱཿགསུང་གི་གསུང་སྟེ་གསུང་ལ་ཐིམ༔ ཧཱུྃ་ཐུགས་ཀྱི་ཐུགས་ཏེ་ཐུགས་ལ་ཐིམ༔ སྐུ་གསུང་ཐུགས་ལ་རབ་ཏུ་ཐིམ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཨཱ་ཡུརྫྙཱ་ན་དྷེ་བ་སིདྡྷི་ཕ་ལ་ཧཱུྃ༔ ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ ཞེས་རྒྱས་གདབ་པས་མི་འགྱུར་རྡོ་རྗེའི་སྐུར་གྱུར་པར་མོས། སྐབས་འདིར་གཏེར་སྲུང་གི་གསོལ་མཆོད་གཏོར་འབུལ་སོགས་བྱའོ། །གསུམ་པ་རྗེས་ཀྱི་ལས་རིམ་ལའང་བརྒྱད་ལས། དང་པོ་ཚོགས་མཆོད་འབུལ་བ་ནི། དམ་ཚིག་གི་རྫས་ཚོགས་པར་བྱས་ལ། ཆུ་ཆང་ནང་མཆོད་བྲན་ཏེ་ཚོགས་སྦྱོང་བ་ནི། ཨོཾ་སརྦ་དྲ་བྱཾ་སཾ་ཤོ་དྷ་ནི་ཧཱུྃ་ཕཊ༔ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཚོགས་འཁོར་སྦྱང་ཕྱིར་ཡི་གེ་སྤྲོས༔ རཾ་རཾ་ལས་མེ་བྱུང་དངོས་འཛིན་བསྲེགས༔ ཡཾ་ཡཾ་ལས་རླུང་བྱུང་བག་ཆགས་གཏོར༔ ཁཾ་ཁཾ་ལས་ཆུ་བྱུང་གཉིས་འཛིན་བཀྲུས༔ དེ་ནས་བྱིན་གྱིས་བརླབ་པ་ནི། ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ བྱིན་གྱིས་རློབ་པའི་ཡི་གེ་སྤྲོས༔ ཧཱུྃ་ཧཱུྃ་གིས་རྣམ་པར་རྟོག་པ་སྦྱང༔ ཨཱཿཨཱཿཡིས་ཡེ་ཤེས་བདུད་རྩིར་བསྒྱུར༔ ཨོཾ་ཨོཾ་གྱིས་འདོད་ཡོན་སྣང་སྲིད་བཀང༔ ཧྲཱིཿཧྲཱིཿཡིས་ཐུགས་དམ་ལྷ་ཚོགས་དགྱེས༔ ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ༔ བྱིན་རླབས་རྩ་བ་བླ་མ་དང༔ དངོས་གྲུབ་མཆོག་སྩོལ་ཚེ་ཡི་ལྷ༔ བར་ཆད་སེལ་བའི་མཁའ་འགྲོ་རྣམས༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ སེམས་ཅན་མ་ལུས་དོན་གྱི་ཕྱིར༔ གནས་ཁང་འདི་ལ་བྱིན་གྱིས་རློབས༔ དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས༔ སྒྲུབ་པ་པོ་ལ་ཐུགས་རྗེས་ཟུངས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བཛྲ་ས་མཱ་ཛ༔ ཚོགས་ཕུད་འབུལ་བ་ནི། ཧཱུྃ༔ བདེ་བར་གཤེགས་སོ་བཅོམ་ལྡན་འདས༔ སངས་རྒྱས་ཀུན་གྱི་བདག་ཉིད་ཆེ༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཨཱ་ཡུརྫྙཱ་ན་ས་པ་རི་བཱ་ར་ག་ཎ་ཙཀྲ་ཁ་ཁ་ཁཱ་ཧིི་ཁཱ་ཧི༔ བར་པས་བཤགས་པ་ནི། ཧཱུྃ༔ སྔོན་བྱུང་དུས་ནས་ད་ལྟའི་བར༔ མ་རིག་བདག་ཅག་ལུས་ངག་སེམས༔ རྩ་བ་ཡན་ལག་དམ་ཉམས་པ༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས༔ བཛྲ་ས་མ་ཡ་ཧོ༔ ཐ་མ་བསྒྲལ་བ་ནི། དགྲ་བགེགས་ཀྱི་གཟུགས་ལ་འགུགས་གཞུག་བྱས་ལ། ཧཱུྃ༔ ཆེ་མཆོག་པདྨ་ཧེ་རུ་ཀ༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་གདེངས༔ གཡོན་པས་ཕུར་བུས་དགྲ་སྙིང་གཟིར༔ གནོད་བྱེད་ཕོ་མོ་རྡུལ་དུ་རློགས༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་བ་ནྲྀ་ཏྲི་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ ཡཾ་རྦད༔ དགྲ་བགེགས་འབྱུང་པོ་རྡུལ་ཕྲན་རྡུལ་ཕྲན༔ ཕྱེ་མ་ཕྱེ་མ༔ དུམ་བུ་དུམ་བུ༔ མཱ་ར་ཡ་རྦད་ཚལ་པ་ཚལ་པ་རྦད༔ བཛྲ་ཏཱིཀྵྞ་ཁ་རཾ་མཱ་ར་ཡ་ཛ༔ བསྟབ་པ་ནི། ཧཱུྃ་ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ཞལ་ཕྱེས་ཤིག༔ གནོད་བྱེད་དགྲ་བགེགས་ཤ་ཁྲག་ཞལ་དུ་བསྟབ༔ རུས་པ་ཀླད་པ་ཤ་ཁྲག་ནང་ཁྲོལ་བཅས༔ དུག་ལྔ་དུག་གསུམ་རྩད་ནས་གཅད་པའི་ཕྱིར༔ བླ་མ་ཡི་དམ་མཁའ་འགྲོ་འཁོར་བཅས་རྣམས༔ ཞལ་དུ་བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁཱ་ཧི་ཁཱ་ཧི༔ བྷིནྡྷ་ཡ་བྷིནྡྷ་ཡ་ཧཱུྃ་ཧཱུྃ༔ དེ་ནས་བརྡ་དང་བརྡའི་འབུལ་ལེན་བྱས་ཏེ་ནང་གི་སྲེག་བླུགས་དང་ལྡན་པས་ཚོགས་ལ་རོལ། ལྷག་མ་བདུད་རྩིར་བརླབས་ལ། ཀྱེ༔ དང་པོ་ཕུད་ཀྱིས་མི་མཆོད་རྒྱུ༔ བླ་མ་ཡི་དམ་ཕུད་ཀྱི་བདག༔ བར་དུ་ལྷག་མས་མི་མཆོད་རྒྱུ༔ དུར་ཁྲོད་དྷཱ་ཀི་ལྷག་ལ་རྔམས༔ ཐ་མ་གཅིག་ཏུ་མི་བསྲེ་རྒྱུ༔ ཆོས་ཉིད་ཡེ་ནས་རྒྱུ་འབྲས་གཅིག༔ དཔལ་གྱི་བཀའ་ཉན་ལྷག་སྡུད་རྣམས༔ རྡོ་རྗེ་རིན་ཆེན་པདྨ་ལས༔ འཇིག་རྟེན་ཤ་ཟ་དམ་ཚིག་གི༔ མཁའ་འགྲོ་འཁོར་དང་ཡང་གཡོག་བཅས༔ དུར་ཁྲོད་མཁའ་འགྲོ་ཕྲ་མེན་གིང༔ དཔའ་བོ་དཔའ་མོ་འཁོར་དང་བཅས༔ འདིར་གཤེགས་ཤ་ཁྲག་གཏོར་མ་དང༔ ཕ་འབབ་ལྷག་གཏོར་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་པས་ཕུལ། གཉིས་པ་ཆད་མདོ་ནི། ཧཱུྃ་ཧྲཱི༔ སྔོན་ཚེ་འོག་མིན་བདེ་བ་ཆེན་པོ་རུ༔ བཅོམ་ལྡན་དཔལ་ཆེན་པདྨ་དབང་ཆེན་གྱིས༔ རྟ་སྐད་ཙེར་ཙེར་ཐེངས་གསུམ་འདུར་གླུ་ཡིས༔ མཁའ་འགྲོ་ཤུགས་འགྲོ་དབང་དུ་སྡུད་པའི་ཚེ༔ རྡོ་རྗེ་ཕག་མོ་ལ་སོགས་མཁའ་འགྲོ་ཡིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ ཇི་ལྟར་ཞལ་བཞེས་ཐ་ཚིག་རྗེས་དགོངས་ལ༔ དམ་རྫས་བདུད་རྩིའི་མཆོད་གཏོར་འདི་སྣོམས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔ དེ་འོག་མཐའ་ཡི་བསྐལ་པ་བར་མ་ལ༔ སློབ་དཔོན་ཆེན་པོ་འཆི་མེད་པདྨ་རྩལ༔ ལོ་ཆེན་བཻ་རོ་མཁར་ཆེན་མཚོ་རྒྱལ་གྱིས༔ བྲག་དམར་གཡའ་མ་ལུང་གི་དབེན་རྩ་རུ༔ ཚེ་དཔག་མེད་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ བཀའ་ཡི་སྲུང་མ་ལྷ་སྲིན་དྲེགས་པ་ཡིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ ཇི་ལྟར་ཞལ་བཞེས་ཐ་ཚིག་རྗེས་དགོངས་ལ༔ དམ་རྫས་བདུད་རྩིའི་མཆོད་གཏོར་འདི་སྣོམས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔ དེ་འོག་མཐའ་ཡི་བསྐལ་པའི་ཐ་མ་ལ༔ བསམ་ཡས་མཆིམས་ཕུ་དགེ་འུའི་སྒྲུབ་ཁང་དུ༔ སློབ་དཔོན་པདྨ་མངའ་བདག་ཡབ་སྲས་དང༔ རྡོ་རྗེ་སྤྲེའུ་ཆུང་མཁར་ཆེན་མཚོ་རྒྱལ་གྱིས༔ སྒྲུབ་ཆེན་ཕྲན་ལྔའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ བཀའ་སྲུང་ཌཱ་ཀི་ཤ་ཟ་རོ་ལངས་མར༔ བཀའ་བསྒོས་མནའ་བོར་ཁས་བླངས་དམ་བཅས་པ༔ ཇི་ལྟར་ཞལ་བཞེས་ཐ་ཚིག་རྗེས་དགོངས་ལ༔ དམ་རྫས་བདུད་རྩིའི་མཆོད་གཏོར་འདི་སྣོམས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔ དེ་འོག་རྩུབ་འགྱུར་བསྐལ་པའི་ཐ་མ་ལ༔ རྔ་ཡབ་གླིང་ཕྲན་ཟངས་མདོག་དཔལ་རིའི་རྩེར༔ སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་གིས༔ སློབ་མར་ལུང་བསྟན་འོད་གསལ་སྒྱུ་མ་ལ༔ རྡོ་རྗེ་ཚེ་ཡི་བཀའ་གཏད་བྱིན་པའི་ཚེ༔ བཀའ་ཡི་སྲུང་མ་དམ་ཅན་རྒྱ་མཚོ་ཡིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ ཇི་ལྟར་ཞལ་བཞེས་ཐ་ཚིག་རྗེས་དགོངས་ལ༔ དམ་རྫས་བདུད་རྩིའི་མཆོད་གཏོར་འདི་སྣོམས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔ གསུམ་པ་བརྟན་མ་བསྐྱང་བ་ནི། བཤལ་ཆུ་བདུད་རྩིར་བརླབས་ལ། ཧཱུྃ་བྷྱོ༔ བརྟན་མ་སྐྱོང་མཛད་མ་སྲིང་ཚོགས༔ བདུད་མོ་གནོད་སྦྱིན་སྨན་མོ་བཞི༔ ན་བཟའ་ལྷབ་ལྷུབ་མཛེས་པས་བཀླུབས༔ རིན་ཆེན་རྣམ་པ་མང་པོས་སྤྲས༔ གླུ་གར་རོལ་མོའི་སྒྲ་དང་བཅས༔ ཆིབས་སུ་ཤ་རྐྱང་འབྲོང་སོགས་འཆིབ༔ བྲན་གཡོག་སྤྲུལ་པ་མང་པོས་བསྐོར༔ གར་ཡང་ཐོགས་མེད་རྫུ་འཕྲུལ་ཅན༔ ཟས་སྐོམ་ཤ་ཁྲག་གསེར་སྐྱེམས་རོལ༔ ལས་སུ་བསྟན་པའི་བྱ་ར་མཛད༔ སྔོན་ཚེ་པདྨའི་སྤྱན་སྔ་རུ༔ ཇི་ལྟར་ཁས་བླངས་དམ་བཅས་བཞིན༔ དམ་རྫས་རྒྱན་གྱི་གཏོར་མ་ལོངས༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བཞི་པ་རྟ་བྲོ་བརྡུང་བ་ནི། གཏོར་སྣོད་སྦུབ་པའི་འོག་ཏུ་དམ་སྲི་འགུགས་བསྟིམ་བྱས་ལ། ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ ཞིང་བཅུ་བསྒྲལ་བའི་གདན་སྟེང་དུ༔ དབང་དྲག་ལྷ་ཚོགས་བྲོ་བརྡུངས་པས༔ དགྲ་ནི་ཐལ་བར་བརླག་པའི་བྲོ༔ བགེགས་ནི་ཕྱེ་མར་འཐག་པའི་བྲོ༔ གནོད་བྱེད་དམ་སྲི་འདུལ་བའི་བྲོ༔ བར་ཆད་མེད་པར་བརྡུང་བར་བྱ༔ ཧཱུྃ་བཞིའི་མཐར། ཨོཾ་ལཾ་ཧཱུྃ་ལཾ་སཏྭམྦྷ་ཡ་ནན༔ ལྔ་པ་དངོས་གྲུབ་བླང་བ་ནི། སྒྲུབ་རྫས་གནས་གསུམ་དུ་གཏུགས། བུམ་ཆུ་ཚེ་རྫས་མྱང་ལ། ཧཱུྃ༔ རྒྱལ་བ་འདུས་པའི་ལྷ་ཚོགས་དགོངས་སུ་གསོལ༔ དང་པོ་ཡེ་ཤེས་པ་བསྙེན་བར་དུ་བསྒྲུབས༔ ད་ལྟར་དོན་དམ་དབྱེར་མེད་ངང་དུ་གཅིག༔ དེང་སང་སྐྱ་རེངས་དང་པོ་ཤར་དུ་ཉེ༔ རྡོ་རྗེ་སྲིན་པོའི་ནམ་ཡང་ལངས་ལ་ཁད༔ བཟླས་བརྗོད་བསྙེན་སྒྲུབ་ཞག་གི་གྲངས་ཀྱང་ཐེམས༔ དངོས་གྲུབ་སྩོལ་བའི་དུས་ལ་ད་བབས་པས༔ སྐལ་ལྡན་བདག་ཅག་རྣམས་ལ་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་སརྦ་སིདྡྷི་ཕ་ལ་ཧོ༔ དྲུག་པ་མཆོད་བསྟོད་ནོངས་བཤགས་བསྡུ་ལྡང་རྣམས་ལས། མཆོད་བསྟོད་ནི། མཆོད་ཁ་གསོས་ལ་སྔགས་ཙམ་གྱིས་མཆོད། ཧཱུྃ༔ རིགས་ལྔ་ཡེ་ཤེས་སྐུ་ལྔའི་བདག༔ བཅོམ་ལྡན་རིགས་བདག་ཚེ་དཔག་མེད༔ ཚེ་བདག་རིགས་བཞི་ལྷ་མོར་བཅས༔ རིག་འཛིན་དྲང་སྲོང་ལ་སོགས་པ༔ ཚེ་ལྷ་འཁོར་དང་བཅས་རྣམས་ལ༔ བདག་ཉིད་གུས་པས་ཕྱག་འཚལ་བསྟོད༔ ཅེས་པས་བསྟོད། ཧྲཱི༔ འཆི་མེད་ཚེ་ལྷའི་དཀྱིལ་འཁོར་དུ༔ མཆོད་པའི་ཡོ་བྱད་མ་ཚང་དང༔ སྒྲུབ་རྫས་དཀྱིལ་འཁོར་མ་འབྱོར་དང༔ སྔགས་ཉམས་ཆོ་ག་ལྷག་ཆད་ཀུན༔ མགོན་པོས་དེ་ཀུན་བཟོད་པར་གསོལ༔ ཡིག་བརྒྱ་བརྗོད་ལ་ནོངས་པ་བཤགས། མདུན་བསྐྱེད་ཡེ་ཤེས་པ་དཀྱིལ་འཁོར་དེར་རྟེན་ལ་བརྟན་བཞུགས་བྱ། དམ་ཚིག་པ་རང་ལ་བསྟིམ། བདག་བསྐྱེད་བསྡུ་བ་ནི། སྐྱེ་མེད་ཆོས་སྐུའི་ངང་ཉིད་ལས༔ ཚེ་ལྷའི་དཀྱིལ་འཁོར་འཇའ་ལྟར་ཤར༔ ཐབས་མཁས་ཐུགས་རྗེའི་ངང་ཉིད་ལས༔ གསལ་དག་ཡེ་ཤེས་ཀློང་དུ་ཐིམ༔ ཞེས་མཉམ་པར་བཞག །སླར་གཉུག་མའི་ལྷ་སྐུར་ལྡངས་ལ། རང་ལུས་འབྱུང་ལྔ་སྐྱེ་མཆེད་ཚོགས༔ ཡེ་ནས་རང་བྱུང་དཀྱིལ་འཁོར་ལྷ༔ དབྱེར་མེད་ལྟ་སྤྱོད་ཟུང་འཇུག་ནས༔ འགྲོ་ཀུན་འདྲེན་པའི་སྤྱོད་ལམ་བྱ༔ བདུན་པ་སྨོན་ལམ་ནི། ཧོ༔ ཚེ་ལྷ་རྒྱལ་བ་འདུས་པ་ཡི༔ བསྙེན་སྒྲུབ་བགྱིས་པའི་དགེ་བ་འདིས༔ མཐའ་ཡས་སེམས་ཅན་མ་ལུས་པ༔ སྒྲིབ་བྱང་ཚོགས་གཉིས་མཐར་ཕྱིན་ཏེ༔ སངས་རྒྱས་གོ་འཕང་ཐོབ་པར་ཤོག༔ གནས་སྐབས་ནད་གདོན་འཇིགས་བརྒྱད་སོགས། །ཚེ་སྲོག་བར་དུ་གཅོད་པ་ཞི། །ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་། །ཚེ་བསོད་དཔལ་འབྱོར་རབ་རྒྱས་ཤོག །བརྒྱད་པ་ཤིས་བརྗོད་ནི། ཧྲཱི༔ ཆོས་སྐུ་སྤྲོས་དང་བྲལ་བ་ཡི༔ ཚེ་དཔག་མེད་པའི་བཀྲ་ཤིས་ཤོག༔ ལོངས་སྤྱོད་རྫོགས་པའི་སྐུར་སྟོན་པ༔ སྤྱན་རས་གཟིགས་དབང་བཀྲ་ཤིས་ཤོག༔ ཤེས་བྱའི་མཁའ་ལ་མ་རྨོངས་པའི༔ ཨོ་རྒྱན་པདྨའི་བཀྲ་ཤིས་ཤོག༔ གང་ལ་བསམ་པ་དོན་འགྲུབ་པའི༔ དོན་གྲུབ་མཆོག་གི་བཀྲ་ཤིས་ཤོག༔ སྐུ་གསུང་ཐུགས་ཀྱི་བྷ་ག་ལ༔ ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག༔ ཕྲིན་ལས་རྣམ་བཞི་འགྲུབ་མཛད་པའི༔ འཁོར་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ ཕྱི་ནང་བར་ཆད་ཀུན་སེལ་བའི༔ བཀའ་སྲུང་རྣམས་ཀྱི་བཀྲ་ཤིས་ཤོག༔ ཆོས་སྐྱོང་དམ་ཚིག་གཉེར་བྱང་གཏད༔ གཏེར་སྲུང་རྣམས་ཀྱི་བཀྲ་ཤིས་ཤོག༔ ཅེས་སོགས་ཀྱིས་ཤིས་པ་བརྗོད་པས་མཐའ་རྒྱས་སུ་བྱའོ། །འཆི་མེད་འཇའ་ལུས་རྡོ་རྗེར་སྒྲུབ་པའི་ཐབས། །གནད་ཟབ་དོན་འདྲིལ་རྩ་གསུམ་རྒྱལ་འདུས་ཀྱི། །རྩ་བ་ཚེ་ཡི་ཕྲིན་ལས་འདི་ཉིད་ཀྱང་། །འཕེལ་རྒྱས་བདག་གཞན་ཚེ་དཔག་མེད་འགྲུབ་ཤོག །འདི་ལ་སྒྲིག་ཆགས་མེད་ཅིང་གཏེར་གཞུང་ལ་གཞན་ནས་སབ་དགོས་མང་བས་ཁ་སྐོང་དཀྱུས་སུ་བསྡེབས། དབང་སྒྲུབ་ལྟ་བུར་ཁྱེར་བདེར་དམིགས་ནས་གཞུང་ཚིག་འགའ་ཞིག་ཚིག་སྣ་ཅུང་ཟད་བསྡུས་ནས་བཀླག་ཆོག་ཏུ། པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ཙ་འདྲ་རིན་ཆེན་བྲག་འཆི་མེད་བདུད་རྩི་རྒྱུན་འབབ་ཀྱི་རི་ངོགས་སུ་སྦྱར་བ་ནོངས་པ་གང་མཆིས་རྩ་གསུམ་སྤྱན་སྔར་བཤགས་སོ། །དགེ་ལེགས་འཕེལ།། །།

རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ ཟབ་གཏེར་ཁ་བྱང་ (Volume 3, Text 1)

༄༅༔ ༔རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ ཟབ་གཏེར་ཁ་བྱང་བཞུགས་སོ༔ ༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ གདོང་དམར་བོད་ཀྱི་རྒྱལ་ཁམས་སུ༔ མདོ་སྔགས་ཆོས་ཀྱི་སྒྲོན་མེ་སྦར༔ ཉོན་མོངས་དུག་ལྔའི་མུན་པ་བསལ༔ མ་འོངས་སྐྱེ་བོ་བྱོལ་ཉོག་པས༔ གཟུ་ལུམ་རས་ཆོད་དར་བའི་ཚེ༔ ཟབ་ཆོས་ཕལ་གྱི་ནུས་མཐུ་ཡལ༔ བསྒྲུབས་ཀྱང་དོན་མེད་ངལ་བས་ན༔ བརྩེ་ཆེན་འགྲོ་ལ་ཕན་བཞེད་ནས༔ ཟབ་མོའི་གདམས་པ་ཇི་སྙེད་པ༔ བཀའ་རྒྱས་བཏབ་ནས་གཏེར་དུ་སྦས༔ དུས་རྟགས་གདུལ་བྱ་འཛོམ་པ་ན༔ རིམ་བཞིན་བཏོན་ནས་དོན་བྱེད་པར༔ སྨོན་ལམ་གཏད་རྒྱ་གཉེར་དུ་གཏད༔ ཁྱད་པར་བྲག་དམར་དབེན་རྩ་རུ༔ བདག་འདྲ་སྣང་མཛད་རྡོ་རྗེ་ཡིས༔ ཟབ་བེར་སྲུབས་མེད་སྐུ་ལ་གསོལ༔ རོ་ལྡན་ཞལ་ཟས་ལྗགས་ལ་བསྟིམ༔ རིན་ཆེན་གསེར་གཡུའི་མཎྜལ་ཕུལ༔ མ་འོངས་འགྲོ་བའི་དོན་ཆེད་དུ༔ གུས་པས་གསོལ་བ་བཏབ་པ་ལས༔ གསང་བ་ལས་ཀྱང་ཆེས་གསང་བའི༔ ཡང་ཟབ་ཐེག་པ་ཀུན་གྱི་རྩེ༔ མཐར་ཐུག་བྱང་ཆུབ་སྒྲུབ་པའི་ལམ༔ རྡོར་སེམས་ཐུགས་ཀྱི་སྒྲུབ་པ་དང༔ དྲག་པོ་གསང་བའི་སྒྲུབ་པ་དང༔ ཨ་ཏི་ཟབ་དོན་སྙིང་པོ་གསུམ༔ སོ་སོའི་གདམས་པ་ལེ་ལག་བཅས༔ ཁ་ཚང་དོན་འདྲིལ་སྙིང་པོའི་བཅུད༔ སྔོན་འདས་རྒྱལ་བ་གཤེགས་པའི་ཤུལ༔ ད་དུས་རྒྱལ་བའི་དགོངས་པའི་གནད༔ སློབ་དཔོན་པདྨ་འབྱུང་གནས་དང༔ མཁས་པ་བི་མ་མི་ཏྲ་ཡིས༔ ཐུགས་རྗེས་དགོངས་ནས་བསྟན་པ་རྣམས༔ མི་འགྱུར་བཀའ་རྟགས་ཡི་གེར་བཀོད༔ རིན་ཆེན་སྒྲོམ་བུར་ཕྱག་རྒྱས་བཏབ༔ བཀའ་སྲུང་རྣམས་ལ་གཉེར་དུ་བཅོལ༔ ལས་ཅན་དོན་དུ་གཏེར་དུ་སྦས༔ སྱ་མྱ་ཡྱ༔ ངམ་ཤོད་བྱིང་གི་ཨོ་དཀར་བྲག༔ རྡོ་རྗེ་རྩེ་ལྔ་འདྲ་བའི་ངོགས༔ བཀྲ་ཤིས་གདུགས་ཀྱི་ཤམ་བུ་འདྲ༔ དེ་དབུས་དངུལ་དཀར་གུར་ཕུབ་འདྲའི༔ ཕུག་པ་ཟུང་འབྲེལ་སྒོ་གཅིག་པ༔ ལྷོ་ནུབ་ཕྱོགས་པའི་གཡོན་ངོས་ནས༔ གྱེན་དུ་མི་གང་གཞལ་བའི་ས༔ དེ་ནས་ལྷོ་རུ་ཁྲུ་གང་ན༔ རྡོ་ཆོལ་མཛུབ་གང་སོར་བཞིའི་ཚད༔ བསྒྲིགས་མཐར་ལ་བསེས་བསྡམས་པ་ན༔ འགྱུར་མེད་མཚལ་གྱི་གཡུང་དྲུང་རིས༔ དྲི་ཆུའི་བརླན་དང་མ་གི་ཏའི༔ དུད་པས་བདུག་ན་གསལ་བ་ཡོད༔ དེ་ནས་ཁྲུ་གང་དོང་དབུས་ན༔ ཟབ་ཆོས་གཏེར་གྱི་སྒྲོམ་བུ་ཡོད༔ རག་གདོང་ཁྲོ་མོར་གཉེར་དུ་གཏད༔ སྱ་མྱ་ཡྱ༔ འདོན་དུས་འདི་ནས་རིང་འདས་པ༔ བཞི་བཅུའི་དུས་མཐའ་སུམ་ཅུ་ཉེར༔ མེ་ཁམས་འབྲུག་གམ་སྦྲུལ་གྱི་ལོ༔ སྟག་ཟླའི་ཉ་འམ་སྟོང་གི་ཚེ༔ ཟབ་གཏེར་འདོན་པའི་དུས་སུ་བསྟན༔ སྱ་མྱ་ཡྱ༔ དུས་དེར་སྐྱེ་བོ་བྱོལ་ཉོག་པས༔ བོད་ཁམས་ལྷ་སྲིན་འཁོན་འཁྲུགས་ཆེ༔ ཁ་རླངས་མི་རུང་ཐན་ལྟས་བརྡོལ༔ འཐབ་རྩོད་མཚོན་གྱི་བསྐལ་པ་དར༔ གློ་བུར་ནད་རིམས་མེ་ལྟར་འབར༔ སྐྱེ་བོ་ཕལ་ཆེར་དུས་མིན་འཆི༔ སད་སེར་ཤྭ་འོད་ཁོལ་བུར་གཡོ༔ ས་ཚིག་བྲག་རལ་འབྱུང་བ་འཁྲུགས༔ ཤར་ནས་འོད་དཀར་ལན་གསུམ་འཆར༔ ས་གཞི་སྒྲ་འབྱིན་གས་ཤིང་གྲུམས༔ བྱད་ཁམས་སྣ་བརྒྱད་བོད་དུ་འགྲིམ༔ ཁྲག་ཆར་བཅུ་གསུམ་ལོ་རུ་བབས༔ གློ་བུར་འཁྲུགས་རྩོད་ཧུར་ཐུམ་ཆེ༔ མཐའ་དཀྱིལ་ཕལ་ཆེར་གཅིག་ཏུ་འདྲིལ༔ དབུས་ནས་གཡོ་ཞིང་ཕྱོགས་སུ་དིབ༔ ཕྱོགས་ལྷུང་སྲིད་སྡེ་སོ་སོར་འཛིན༔ ལྷོ་རོང་མེ་ཡིས་མཐའ་ནས་སྲེག༔ ཤར་ཕྱོགས་རྒྱལ་བློན་ཁོལ་བུར་འཐོར༔ དབུས་གཙང་ཆུ་ཟླའི་གཟུགས་བཞིན་གསལ༔ རྒྱ་བལ་འཁྲུགས་རྩོད་ཆུ་ལྟར་ཁོལ༔ ལ་སྟོད་འབངས་མི་རྗེ་བོར་ཐོན༔ མ་རབས་སྤྱོད་ལམ་འགྱུར་ལྡོག་ཆེ༔ སྱ་མྱ་ཡྱ༔ གནས་དུས་རྟགས་ཀྱི་ངེས་པ་རྣམས༔ འཛོལ་མེད་དུས་ལ་བབས་པ་ན༔ ང་སྤྲུལ་རྣལ་འབྱོར་རྡོ་རྗེའི་མིང༔ མ་ངེས་སྤྱོད་པ་དྲག་ཤུལ་ཆེ༔ བློ་མྱུར་གསང་སྔགས་ལམ་ལ་མོས༔ ལས་ཅན་དེ་ཡིས་ཟབ་མོའི་གཏེར༔ བཏོན་ནས་འགྲོ་དོན་བྱེད་པར་ཤོག༔ སྱ་མྱ་ཡྱ༔ ཟབ་དོན་གཏད་རྒྱ་འཛིན་པའི་བུ༔ ད་ལྟའི་མངའ་བདག་རྒྱལ་པོ་ཉིད༔ དུས་མཐར་བྱང་སེམས་རྟ་སྦྲུལ་ལོ༔ བཟང་པོའི་མིང་ཅན་བརྟུལ་ཞུགས་ཅན༔ མཐུ་ཆེན་དྲག་པོའི་རིག་འཛིན་པ༔ སྐྱེས་བུ་དེ་ལ་འཕྲོད་པ་ན༔ གློ་བུར་གེགས་ལས་རྣམ་རྒྱལ་ཞིང༔ བོད་ཁམས་བདེ་བའི་ཁ་ལོ་འཛིན༔ རྒྱལ་མོ་གཡུ་སྒྲའི་སྤྲུལ་པ་ཞིག༔ མེ་ཁམས་ཤྲཱི་ལས་ཀྱི་མིང༔ བློ་ལྡན་བཟོད་བརྩོན་བྱང་སེམས་ལྡན༔ འདི་འཕྲོད་དུས་མཐར་འགྲོ་ཕན་བྱེད༔ སྔགས་འཆང་རྡོ་རྗེའི་སྤྲུལ་པ་ནི༔ དབང་དྲག་ལས་ཀྱི་མིང་ཟུར་ལྡན༔ ལྕགས་ཁམས་ཤེས་རབ་རིག་རྩལ་ལྡན༔ འདི་འཕྲོད་ཟབ་དོན་མཁའ་ཁྱབ་སྤེལ༔ གནུབས་བན་ནམ་མཁའི་སྤྲུལ་པ་ཞིག༔ རྒྱལ་ལམ་བསོད་ནམས་མིང་འཛིན་པ༔ ལས་ཅན་དབང་གི་ཕྱོགས་ནས་འབྱུང༔ འདི་འཕྲོད་འགལ་རྐྱེན་ཉེས་ཀུན་ཞི༔ རྟ་མགྲིན་དབང་གི་རིག་འཛིན་པ༔ ཕྲིན་ལས་འགྲོ་འདུལ་རྡོ་རྗེའི་མིང༔ ལྷོ་ནུབ་གངས་རིའི་ཞོལ་དུ་འབྱུང༔ འདི་འཕྲོད་བདེ་ཆེན་བཙན་ས་ཟིན༔ ལྷ་སྲས་དཔལ་གྱི་སྤྲུལ་པ་ནི༔ མེ་ཁམས་དབང་དྲག་མཆོག་གི་མིང༔ བློ་ཆེན་གཞོ་ཡི་ཕྱོགས་སུ་འབྱུང༔ འདི་འཕྲོད་ཟབ་མོའི་བསྟན་པ་འཛིན༔ དཔལ་གྱི་ཡེ་ཤེས་སྤྲུལ་པ་ནི༔ སྔགས་སྐྱེས་དབང་ངམ་དཔལ་གྱི་མིང༔ དབང་དྲག་ལས་ཀྱི་བཀའ་རྟགས་འཛིན༔ གཞན་ཡང་ལས་ལྡན་སྐྱེས་བུ་ནི༔ དད་བརྩོན་ཤེས་རབ་སྙིང་རྗེ་ལྡན༔ ངེས་པའི་རྟགས་ཚད་འདི་ལ་མོས༔ རྨི་ལམ་ཉམས་ཀྱི་རྟེན་འབྲེལ་དང༔ མཐུན་ནས་ཡིད་ཆེས་སྐྱེས་པ་ན༔ ཟབ་མོའི་ཆོས་འདི་གཏད་རྒྱ་གྱིས༔ སྱ་མྱ་ཡྱ༔ ཟབ་མོའི་གཏེར་འདི་སྤེལ་བའི་དུས༔ བར་གཅོད་སྨོན་ལམ་ལོག་པའི་མཐུས༔ ཁ་ཟས་དུག་འདྲེས་ཇི་བཞིན་དུ༔ ལོག་པའི་ལམ་དུ་འཁྲིད་བྱེད་པ༔ བོན་བློན་སྟག་རྣའི་སྐྱེ་བ་ཞིག༔ བཤེས་གཉེན་ཚུལ་འཛིན་ལས་རབ་མིང༔ འབྲེལ་ཚད་ངན་སོང་གནས་སུ་འཁྲིད༔ ཐང་ནག་བོན་པོའི་སྐྱེ་བ་ནི༔ སེར་གཟུགས་དབང་ངམ་བཟང་མིང་ལྡན༔ ཆོས་འདིར་སྨོད་ཅིང་ཡ་ག་སྒྲོག༔ འདུ་ཤེར་ནག་པོ་བདུད་ཀྱི་རིགས༔ མ་རུངས་བློ་ཅན་ཚེ་དཔལ་མིང༔ བསམ་སྦྱོར་ངན་གོམས་དུག་སྦྱོར་བྱེད༔ དམར་རྒྱན་བཟའ་ཡི་ལོག་སྨོན་མཐུ༔ རིགས་ངན་ཀུན་རབ་མིང་འཆང་བས༔ དམ་གྲིབ་གཡོ་ཞིང་སྲོག་ལ་རྒོལ༔ གཞན་ཡང་ལེགས་ལྡན་བརྟེན་བྱ་དང༔ ལོག་སྤྱོད་སྤང་བྱའི་སྐྱོན་ཚང་བ༔ གང་ཡིན་སྒྲིབ་མེད་ལུང་བྱང་བཞིན༔ མཐོང་ནས་སྤང་བླང་གཅེས་པར་བཟུང༔ འཆལ་བར་སྤྱད་ན་རང་སྲོག་གཅོད༔ མི་མཐུན་རྐྱེན་དང་དུཿཁ་སྐྱེད༔ དེ་ཕྱིར་རྟོག་པ་ཞིབ་ཏུ་ཆུག༔ དོན་དང་ལྡན་ནོ་སྙིང་གི་བུ༔ ཞེས་མི་འགྱུར་བཀའི་ཆེམས་སུ་བཻ་རོ་བདག་གིས་རིན་ཆེན་དཀར་ཤོག་གི་ངོས་ལ་བཀོད་དེ་ལས་ལྡན་ལ་གདམས་སོ༔ སྱ་མྱ་ཡྱ༔ རྒྱལ་ཁམས་པ་འགྱུར་མེད་རྡོ་རྗེས་ཤིང་སྟག་ཡོས་ཀྱི་ཟླ་བ་ལ་དངོས་གྲུབ་ཏུ་ཐོབ་པ་ལགས་སོ།། ༈ །།རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ བྱིན་རླབས་དབང་གི་མན་ངག་བཞུགས༔ གང་ཞིག་རྡོ་རྗེའི་གསང་བ་འདིར༔ སྨིན་འདོད་བྱིན་རླབས་རིམ་པ་བྱ༔ ཡིད་འོང་གནས་སུ་མཎྜལ་བཤམ༔ བཅུད་ལྡན་བུམ་པ་ཐོད་པ་དང༔ མེ་ལོང་མན་ཤེལ་དབང་གི་རྫས༔ ཕྱི་ནང་མཆོད་པར་བཅས་པ་བཀོད༔ སྒྲུབ་མཆོད་བདག་ཉིད་ནུས་ལྡན་པས༔ སློབ་མའི་བགེགས་བསལ་ཁྲུས་དབྱུང་ཞིང༔ དེ་ཡིས་ཡོན་དབུལ་གསོལ་བ་གདབ༔ ཚོགས་གསག་ཡན་ལག་བདུན་པ་བྱ༔ ལྷར་བསྐྱེད་སྙིང་ནང་ཡེ་ཤེས་པ༔ ཡབ་ཡུམ་མཉམ་སྦྱོར་སྒྲ་འོད་ཀྱིས༔ གྲངས་མེད་ཡེ་ཤེས་ཆར་ལྟར་དབབ༔ སྤོས་སྦྱོར་སྔགས་མཐར་ཨཱ་བེ་ཤ༔ བཏགས་པས་རིག་པའི་བརྟུལ་ཞུགས་བསྐྱེད༔ ཨོཾ༔ སྟོང་གསལ་ཆོས་དབྱིངས་བུམ་པ་ན༔ བདེ་ཆེན་རྒྱལ་བའི་དཀྱིལ་འཁོར་གནས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ བག་ཆགས་དྲི་མ་ཀུན་བྱང་ཤོག༔ ཨོཾ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཨཱ༔ མཚན་ལྡན་རྡོ་རྗེའི་ཀ་པཱ་ལར༔ བདེ་སྟོང་རོལ་པའི་བྱང་སེམས་གནས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ བདེ་ཆེན་ཡེ་ཤེས་རྒྱས་པར་ཤོག༔ ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ༔ ཧཱུྃ༔ འདི་དེ་སངས་རྒྱས་ཐམས་ཅད་ཀྱི༔ བླ་མེད་བྱང་ཆུབ་མཆོག་གི་ལམ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དགའ་བཞིའི་ཡེ་ཤེས་རྒྱས་པར་ཤོག༔ ཀརྨ་མུ་དྲ་ཛྙཱ་ན་སིདྡྷི་ཧཱུྃ༔ ཧོ༔ ཐོག་མཐའ་མེད་པ་རིག་པའི་གཤིས༔ གཟུང་འཛིན་གང་དུའང་མི་དམིགས་ཤིང༔ སྟོང་པའི་ཡེ་ཤེས་བདེ་བར་འཆར༔ དྲི་མེད་ཤེལ་ལ་འཇའ་ཚོན་བཞིན༔ ཨོཾ་དྷརྨ་དྷཱ་ཏུ་ཨ་ཏི་ཧོ༔ དེ་ལྟར་བུམ་པ་བྱང་ཆུབ་སེམས༔ མེ་ལོང་རྡུལ་ལྡན་ཤེལ་རྡོ་ཡིས༔ རིམ་པ་བཞིན་དུ་དབང་བཞི་བསྐུར༔ དམ་བསྒྲགས་ཁས་བླངས་ཡོན་དབུལ་ལོ༔ བྱིན་རླབས་དབང་བསྐུར་ཡང་དག་རྫོགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འགྲོ་འདུལ་གཏེར་བདག་གླིང་པས་ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་པའོ།། ༈ །།དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་བསྙེན་པའི་མན་ངག་བཞུགས་སོ༔ ༁༔ རྒྱ་གར་སྐད་དུ༔ བཛྲ་སཏྭ་ཙིཏྟ་སཱ་དྷ་ནཱ་མ༔ བོད་སྐད་དུ༔ རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པ་ཞེས་བྱ་བ༔ དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ༔ དངོས་པོ་ཀུན་གྱིས་ཕྱག་བཙལ་ནས༔ དད་བརྩོན་ཤེས་རབ་སྙིང་རྗེར་ལྡན༔ ཡང་དག་མཆོག་གི་ལམ་འདོད་ན༔ རྡོར་སེམས་ཐུགས་ཀྱི་བསྒྲུབ་པ་བྱ༔ ཤིན་ཏུ་དབེན་ཞིང་དག་པའི་སར༔ དམ་ཚིག་ཡོ་བྱད་ཚོགས་བྱས་ལ༔ ས་བདག་མཆོད་ཅིང་བདེན་པ་བསྒོ༔ མ་ཡེངས་དཀའ་ཐུབ་སེམས་ལྡན་པས༔ མདུན་གྱི་ནམ་མཁར་རྒྱལ་བ་རྣམས༔ སྤྱན་དྲངས་དང་བས་ཐལ་སྦྱར་ཏེ༔ བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ མཆོག་གསུམ་རྒྱལ་བ་སྲས་བཅས་ལ༔ རྣམ་ཀུན་བཏུད་དེ་ཕྱག་འཚལ་ཞིང༔ ཕྱི་ནང་མཆོད་པ་རྒྱ་མཚོས་མཆོད༔ སྡིག་པ་ལས་ནི་ལྡོག་བགྱི་ཞིང༔ བསོད་ནམས་ཀུན་ལ་རྗེས་ཡི་རང༔ རྟག་ཏུ་ཆོས་འཁོར་བསྐོར་བ་དང༔ འགྲོ་གནས་བར་དུ་བཞུགས་སླད་དུ༔ བདག་ནི་གུས་པས་གསོལ་བ་འདེབས༔ བསོད་ནམས་གང་དེས་མཁའ་མཉམ་འགྲོ༔ བླ་མེད་བྱང་ཆུབ་གནས་ཐོབ་ཤོག༔ ཚོགས་གསག་ཚོགས་ཞིང་བཛྲ་མུ༔ རང་ལ་གཉིས་སུ་མེད་པར་བསྡུ༔ དངོས་གཞི་བསྙེན་པའི་ལས་རིམ་འདི༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ འཁོར་འདས་ཆོས་ཀུན་གདོད་མ་ནས༔ མ་སྐྱེས་སྟོང་པའི་ངང་ཉིད་ལས༔ འགག་མེད་སྙིང་རྗེའི་རོལ་པ་ནི༔ ནམ་མཁའ་ལས་ནི་གཞའ་ཚོན་བཞིན༔ དངོས་མེད་དངོས་པོའི་ཡེ་ཤེས་སྤྲིན༔ མི་འགྱུར་ཧཱུྃ་གི་ངོ་བོར་ཤར༔ དེ་ལས་འོད་འཕྲོས་ཕྱོགས་མཚམས་ཀུན༔ གཞོམ་མེད་རྡོ་རྗེའི་རྭ་བ་གུར༔ ཡེ་ཤེས་མེ་དཔུང་འབར་བས་དཀྲིགས༔ དེ་དབུས་ཨེ་ཡཾ་རཾ་བཾ་ལཾ༔ སུཾ་ལས་ནམ་མཁའ་རླུང་མེ་ཆུ༔ ས་དཀྱིལ་རི་རབ་སྟེང་དུ་བྷྲཱུྃ༔ ཡོངས་གྱུར་ཀུན་བཟང་གཞལ་མེད་ཁང༔ ཕྱི་ནང་མཚན་ཉིད་ཡོངས་རྫོགས་དབུས༔ སེང་ཁྲི་པདྨ་ཟླ་བའི་སྟེང༔ རིག་པ་ཧཱུྃ་ལས་རྡོ་རྗེར་གྱུར༔ སྤྲོ་བསྡུས་བདག་ཉིད་བཅོམ་ལྡན་འདས༔ རྡོ་རྗེ་སེམས་དཔའ་ཟླ་བའི་མདོག༔ ཞི་འཛུམ་མཚན་དང་དཔེ་བྱད་འབར༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔ གཡོན་པ་དྲིལ་བུ་དཀུ་ལ་བརྟེན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་ཅན༔ པང་དུ་སྙེམས་མ་གྲི་གུག་དང༔ ཐོད་པ་འཛིན་པས་མགུལ་ནས་འཁྱུད༔ དར་དཔྱངས་རིན་ཆེན་ཅོད་པན་སོགས༔ རྒྱན་ཆས་བཅུ་གསུམ་དག་དང་ལྡན༔ མཐའ་ཡས་འོད་ཟེར་སྤྲོ་བ་འོ༔ སྤྱི་བོ་མགྲིན་པ་སྙིང་ག་རུ༔ ཨོཾ་དང་ཨཱཿཧཱུྃ་ཡང་དག་བསམ༔ ཧཱུྃ་ལས་བྱུང་བའི་འོད་ཟེར་གྱིས༔ ཡེ་ཤེས་འཁོར་ལོ་ནམ་མཁར་དགུག༔ ཨོཾ༔ ཕྱོགས་བཅུ་ཀུན་ན་ལེགས་བཞུགས་པའི༔ བཅོམ་ལྡན་རྒྱལ་བ་འཁོར་བཅས་ཀུན༔ ཐུགས་རྗེ་ཆེན་པོས་དགོངས་མཛོད་ལ༔ སྨོན་ལམ་དབང་གིས་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀཱ་དྲྀ་ཤྱ་ཧོ༔ ས་མ་ཡ་སཏྭཾ༔ ཛཿཧཱུྃ་བཾ་ཧོ༔ གཉིས་སུ་མེད་བསམ་སྤྲུལ་པའི་ལྷས༔ འདི་སྐད་དུ་ནི་དབང་བསྐུར་རོ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཊུཾབཛྲ་ཏུཥྱ་ཧོ༔ དེ་ནས་བདག་གི་སྙིང་ག་རུ༔ ཟླ་སྟེང་རང་འདྲའི་ཡེ་ཤེས་པའི༔ ཐུགས་ཀར་རྡོ་རྗེའི་ལྟེ་བར་ཧཱུྃ༔ དཀར་གསལ་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་འཕྲོས་འཕགས་མཆོད་བྱིན་རླབས་བསྡུས༔ སེམས་ཅན་སྒྲིབ་བྲལ་བདེ་ཆེན་བཀོད༔ ཚུར་འདུས་སྔགས་ཕྲེང་ཉིད་ལ་ཞུགས༔ ཨོཾ་བཛྲ་སཏྭ་ཨཱ༔ ཞེས་པ་དྲུག་འབུམ་དག་ཏུ་བཟླ༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ནས་ སཏྭ་ཨཱཿཧཱུྃ་ཕཊ༔ ཅེས་པ་འབུམ་ཕྲག་གཅིག་ཏུ་བཟླ༔ དེ་ལྟར་བཟླས་པའི་ཡོན་ཏན་གྱིས༔ མཚམས་མེད་ལྔ་ཡི་སྒྲིབ་སྦྱོང་ཞིང༔ སངས་རྒྱས་ཀུན་གྱིས་སྲས་སུ་དགོངས༔ སླར་ཡང་སྤྲུལ་པའི་དཀྱིལ་འཁོར་ནི༔ ཧཱུྃ་གི་ནཱ་དའི་བར་དུ་བསྡུ༔ དེ་ཉིད་སྨྲ་བསམ་བརྗོད་འདས་པ༔ མཉམ་ཉིད་སྤྲོས་བྲལ་ངང་དུ་བཞག༔ མཚམས་ཀྱི་བྱ་བ་ཅི་བདེར་སྤྱད༔ བསྙེན་པའི་མན་ངག་ཡང་དག་གོ༔ སྱ་མྱ་ཡྱ༔ འགྲོ་འདུལ་གཏེར་བདག་གླིང་པས་ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་པའོ།། ༈ །།རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ ཚོགས་གསག་སྒྲུབ་པའི་མན་ངག་བཞུགས་སོ༔ ཚོགས་གསག་སྒྲུབ་པའི་རིམ་པ་ནི༔ ཕུན་ཚོགས་ཡོ་བྱད་ཀུན་ལྡན་པས༔ གཙང་མའི་སྟེགས་བུ་རེ་ཁཱ་ལྔས༔ འདབ་མ་བརྒྱད་པའི་མ་དྷལ་བྲི༔ དབུས་སུ་ཟུར་དྲུག་ཤེལ་རྡོ་བཀོད༔ མེ་ཏོག་སྤོས་དང་མར་མེ་དང༔ བདུད་རྩིར་བཅས་པའི་མཆོད་པ་བཤམ༔ དེར་ནི་ཏིང་འཛིན་དཀྱིལ་འཁོར་བསྐྱེད༔ ཡེ་ཤེས་འཁོར་ལོ་དགུག་དང་དབང༔ སྔོན་བཞིན་དུ་ནི་ཡང་དག་བྱ༔ རྡུལ་སྙེད་ལུས་སྤྲུལ་ཕྱག་འཚལ་ཞིང༔ རབ་སྦར་མཆོད་པ་འདི་ལྟར་འབུལ༔ཨོཾ༔ དཔག་མེད་ནམ་མཁའི་ཁམས་ཉིད་ལས༔ མཆོད་སྤྲིན་བསམ་ཡས་ལྷུན་གྲུབ་པ༔ མེ་ཏོག་བདུག་པ་མར་མེ་དང༔ དྲི་མཆོག་ཞལ་ཟས་རོལ་མོ་དང༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའི་ཁྱོན་བཀང་སྟེ༔ གུས་པའི་བློ་ཡིས་དབུལ་བར་བགྱི༔ ཨོཾ་པ་ན་པེ་ནུ་སུ་ར་ཏ་ཏི་པུ་སརྦ་ཏ་ཐཱ་ག་ཏ་ས་མ་ཡོ་གི་སིདྡྷི་ཧཱུྃ༔ མ་ཧཱ་པཱུ་ཛ་པྲ་ཏཱིཙྪ་ཧོ༔ མཚན་ལྡན་བདེ་བའི་རྒྱན་ལྡན་པའི༔ མི་མོ་རྣམས་ཀྱི་རེག་བྱའི་མཆོག༔ བྱིན་གྱིས་རློབས་ཤིག་རྣལ་འབྱོར་ཚོགས༔ གསང་མཆོག་བདེ་བའི་གནས་ལ་རོལ༔ མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་ཨ་ལ་ལ་ཧོ༔ གཙང་དམེའི་དྲི་རྟོག་ཀུན་བྲལ་བའི༔ ར་སཱ་ཡ་ན་སྨན་ཆེན་པོ༔ ཉོན་མོངས་ཆགས་པའི་རཀྟར་བཅས༔ མཉམ་པ་ཆེན་པོར་བཞེས་སུ་གསོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཨ་ལ་ལ་ཧོ༔ ཤ་ལྔ་བདུད་རྩིའི་སྙིང་པོ་ཅན༔ བཟའ་བཅའ་བཏུང་བའི་ཚོགས་ལྡན་པའི༔ དམ་རྫས་མཆོག་གི་གཏོར་མ་འདི༔ གཉིས་སུ་མེད་པར་བཞེས་སུ་གསོལ༔ མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ གཞན་ཡང་ཇི་སྙེད་མཆོད་པས་མཆོད༔ ཨོཾ༔ བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ བདེ་ཆེན་ཡེ་ཤེས་ལྔ་ཡི་བདག༔ དཀྱིལ་འཁོར་ཀུན་གྱི་བྱེད་པོ་མཆོག༔ དེ་ལ་བདག་ནི་ཕྱག་འཚལ་ལོ༔ དྲི་མེད་སྟོན་ཀའི་ཟླ་བའི་མདོག༔ རྡོ་རྗེ་དང་ནི་དྲིལ་བུ་འཛིན༔ བདེ་ཆེན་སྙེམས་མར་མཉམ་སྦྱོར་བའི༔ སེམས་དཔའ་རྡོ་རྗེ་ཁྱོད་ལ་བསྟོད༔ གང་གི་མཚན་ཙམ་འཛིན་པས་ཀྱང༔ ན་ར་ཀ་སོགས་ངན་སོང་གི༔ སྡུག་བསྔལ་ཐམས་ཅད་སྐྱོབ་མཛད་པ༔ མགོན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་བཟླས་པའི་རྣལ་འབྱོར་ནི༔ བདག་ཐུགས་སྔགས་ཀྱི་འོད་ཟེར་གྱིས༔ མདུན་གྱི་ས་བོན་སྔགས་བཅས་བསྐུལ༔ སྤྲོ་བསྡུས་བསགས་སྦྱངས་དོན་བྱས་སྒོམས༔ སྔར་བཞིན་བཟླས་པ་ཡང་དག་བྱ༔ དེ་ནས་ཕྲིན་ལས་བསྐུལ་བ་ནི༔ ཨོཾ༔ དཔལ་ལྡན་རྡོ་རྗེ་སེམས་དཔའ་ཀྱེ༔ བདག་ལ་རྗེས་སུ་ཆགས་པར་མཛོད༔ སྐྱེ་རྒ་ན་དང་འཆི་བ་སོགས༔ འཇིགས་རུང་སྲིད་པའི་སྡུག་བསྔལ་ལས༔ མགོན་པོ་ཁྱོད་ཀྱིས་བདག་སྐྱོབས་ཤིག༔ སྡིག་པ་ཀུན་ལས་རྣམ་གྲོལ་ཞིང༔ ཡང་དག་ཡེ་ཤེས་སེམས་དཔའ་ཆེའི༔ སྐུ་གསུང་ཐུགས་སུ་བདག་སྒྲུབས་ཤིག༔ ས་མ་ཡ་སིདྡྷི་ཨ་ལ་ལ་ཧོ༔ ཞེས་གསོལ་ཚོགས་ཀྱི་དགའ་བ་དང༔ ཀུན་ཏུ་རུ་ཡི་སྦྱོར་ལྡན་པས༔ རྡོ་རྗེའི་གླུ་དང་གར་བྱ་འོ༔ ཡེ་ཤེས་གཤེགས་ཤིང་སྤྲུལ་པ་བསྡུ༔ སྒྲུབ་པའི་ལས་རིམ་ཡང་དག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འགྲོ་འདུལ་གཏེར་བདག་གླིང་པས་ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་པའོ།། ༈ །།རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ ཟབ་མོ་ཁྲིད་ཀྱི་མན་ངག་བཞུགས་སོ༔ དབང་ཐོབ་སྙིང་པོའི་ལམ་མཆོག་ལ༔ ཡང་དག་བསླབ་པར་འདོད་པ་ན༔ མཐའ་མེད་འཁོར་བའི་དུཿཁ་ལ༔ ལེགས་པར་བསམ་སྟེ་བློ་ཁ་ལྡོག༔ ཐུན་མོང་ཁྱད་པར་ལམ་དག་ལ༔ བརྩོན་པས་ཞུགས་ཏེ་རང་རྒྱུད་འདུལ༔ དེ་ལྟར་སྔོན་འགྲོ་མཐར་ཕྱིན་ནས༔ དངོས་གཞི་བསྐྱེད་བཟླས་རྫོགས་རིམ་གསུམ༔ དང་པོ་སྲུང་འཁོར་བརྟན་དབུས་སུ༔ ལྷར་བསྐྱེད་ཡེ་ཤེས་དགུག་བསྟིམས་རྗེས༔ སྐུ་ཡི་ཆ་བྱད་ཡོངས་རྫོགས་པ༔ མེ་ལོང་ནང་གི་གཟུགས་བརྙན་བཞིན༔ གསལ་ལ་ཡེངས་པ་མེད་པར་བསྒོམ༔ དེ་གོམས་སྐུ་ཡི་ཆ་ཤས་ནས༔ རྒྱན་ཆ་ཕྲ་མོའི་བར་དག་ཏུ༔ རིམ་པ་བཞིན་དུ་གསལ་བར་བསྒོམ༔ དེ་གོམས་ང་ནི་རྡོ་རྗེ་སེམས༔ དངོས་ཡིན་སྙམ་པའི་ང་རྒྱལ་བཟུང༔ དེ་གོམས་ཕྱག་རྒྱའི་བྱེ་བྲག་རྣམས༔ རྣམ་མང་འགྲོ་བ་འདུལ་བའི་ཕྱིར༔ བསྟན་སེམས་དག་པ་དྲན་པ་དང༔ སྟོང་གསུམ་ཡུངས་འབྲུར་གཞུག་པ་སོགས༔ གོམས་པ་བརྟན་པོར་མ་གྱུར་བར༔ རྩེ་གཅིག་འབད་དེ་བསྒོམ་པར་བྱ༔ གཉིས་པ་ཡེ་ཤེས་ཐུགས་སྲོག་གི༔ ཏིང་འཛིན་ཧཱུྃ་ལ་མ་ཡེངས་བཟུང༔ ཁ་སྦྱོར་རླུང་འཆིང་ཡིད་བཟླས་བྱ༔ དེ་གོམས་འབྱུང་འཇུག་གནས་གསུམ་པོ༔ ཨོཾ་དང་ཨཱཿཧཱུྃ་སེམས་གདངས་སྦྱར༔ སྐྱེ་མེད་རྡོ་རྗེའི་བཟླས་པ་བྱ༔ དེས་སྐྱོ་སྔགས་ཕྲེང་སྤྲོ་བསྡུར་བཅས༔ མ་ཡེངས་ངག་གི་བཟླས་པ་ནི༔ དུས་སམ་གྲངས་ཀྱི་ཚད་ལྡན་བྱ༔ གསུམ་པ་རྫོགས་པའི་རིམ་པ་ལ༔ དང་པོ་ལྟ་བའི་གཟེར་ཐེབས་གཅེས༔ སྣང་བ་སྒྱུ་མ་ལྟ་བུར་བལྟ༔ སེམས་ནི་གཟུང་འཛིན་བྲལ་བར་བལྟ༔ དེ་ཉིད་ཐོག་མཐའ་དབུས་མེད་ཅིང༔ ཁ་དོག་དབྱིབས་མེད་ངོས་བཟུང་བྲལ༔ དེ་ལྟར་གཏན་ལ་ཕེབས་པ་ན༔ བདེ་དང་གསལ་དང་མི་རྟོག་བསྒོམ༔ རང་ལུས་ལྷ་སྐུ་གཞའ་ཚོན་བཞིན༔ གསལ་བའི་དབུས་སུ་དྷཱུ་ཏི་ནི༔ མཚན་ཉིད་བཞི་ལྡན་གཡས་གཡོན་དུ༔ རོ་རྐྱང་རྡུལ་ཟླས་གང་བ་ཅན༔ མར་སྣ་དྷཱུ་ཏིར་ཚུད་པར་བལྟ༔ སྤྱི་མགྲིན་སྙིང་ལྟེའི་འཁོར་ལོ་ལ༔ ཧཾ་ཨོཾ་ཧཱུྃ་དང་ཨ་ཡིག་བསྒོམ༔ སྟེང་མནན་འོག་རླུང་གསུམ་དུ་དྲག༔ རོ་རྐྱང་ལས་བྱུང་རླུང་གིས་ཨ༔ སོལ་མེ་བུས་བཞིན་འབར་བར་བསམ༔ དེ་ཡིས་སྙིང་གའི་ཧཱུྃ་ཡིག་ཞུ༔ དབུ་མ་བརྒྱུད་ནས་ཨ་ལ་བབས༔ འོག་རླུང་འཐེན་པའི་སྦྱོར་བ་ཡིས༔ ལྟེ་བའི་ཨ་བསྐུལ་སྙིང་ག་མན༔ བདེ་བས་གང་བསམ་མགྲིན་པ་ཡི༔ ཨོཾ་ལ་སྔར་བཞིན་འབར་འཛག་བྱ༔ དེར་ཡང་བདེ་བ་བརྟན་པ་ན༔ ཨོཾ་ཞུ་ལྟེ་བའི་ཨ་ལ་ཐིམ༔ སྤྱི་བོའི་ཧཾ་ལ་འབར་འཛག་བྱ༔ སྤྱི་བོ་མན་ཆད་ལུས་ཀུན་གང༔ བདེ་བ་ཤར་ཚེ་ཧཾ་ཡིག་ལས༔ བབས་པའི་ཐིག་ལེ་གསང་གནས་བར༔ ཤར་རེ་བདེ་བ་བྲེང་ངེ་བསྒོམ༔ བདེ་བའི་ངང་ལ་ཅི་གནས་བཞག༔ སླར་ཡང་ཧཱུྃ་འདྲེན་དྲག་པོ་ཡིས༔ གྱེན་དུ་དྲངས་ལ་དགྲམ་པར་བྱ༔ དེ་ཉིད་གོམས་ནས་ཤེས་རབ་ལ༔ མཉམ་པར་སྦྱོར་བའི་བདེ་བ་བསྟེན༔ བདེ་ཆེན་ཀ་དག་ངང་དུ་བཞག༔ གསལ་སྟོང་ཡེ་ཤེས་སྒོམ་པ་ན༔ གང་ཤར་རིག་པ་ངོས་བཟུང་ལ༔ མི་དགག་མི་སྒྲུབ་རང་སར་བཞག༔ ཁྱད་པར་རྩ་གསུམ་གསལ་བཏབ་ལ༔ སྐྱིལ་དང་འཆིང་དང་མཉམ་པར་གནས༔ རླུང་རོ་ཕྱིར་བསལ་ཧཾ་ཨ་ལ༔ སེམས་བཟུང་འོག་རླུང་གྱེན་དུ་བསྐྱིལ༔ སྙིང་གའི་ཧཱུྃ་ལ་སེམས་བཟུང་སྟེ༔ སྟེང་རླུང་གྱེན་ནས་ཐུར་དུ་འཆིང༔ རླུང་སྦྱར་མཉམ་གནས་གང་ལ་ཡང༔ མི་རྟོག་འགྲོ་འོང་རྟག་ཏུ་དལ༔ དེ་ཚེ་དྷཱུ་ཏི་ལས་འོད་བྱུང༔ ལུས་ནི་ཤེལ་ལྟར་དྭངས་པར་བསམ༔ རགས་པ་ཕྲ་བའི་རླུང་དུ་འགྱུར༔ མིག་ནི་མི་འགུལ་མཁའ་ལ་བལྟ༔ གསལ་ལ་དྭངས་པའི་ཡེ་ཤེས་ཉམས༔ ཤར་ཚེ་དེ་དོན་ངོས་བཟུང་ལ༔ ཡུན་དུ་བསྒོམ་པ་རབ་ཏུ་གཅེས༔ མི་རྟོག་པ་ཡི་སྒོམ་ཚུལ་ནི༔ ལུས་བསྲང་རླུང་སྦྱར་མིག་མི་འགུལ༔ སྐུ་འམ་ཡིག་འབྲུ་ཐིག་ལེ་ལས༔ ཡུད་དེ་སེམས་བཞག་ཧྲིམ་གྱིས་བསྒྲིམས༔ མ་བཅོས་མ་བསླད་འགྱུར་བ་མེད༔ ཇི་ལྟར་ནམ་མཁའ་དག་པ་བཞིན༔ མི་རྟོག་མཐའ་དབུས་མེད་པར་བཞག༔ འཕྲོ་ན་འཕྲོ་མཁན་རང་གི་སེམས༔ ཁ་དོག་དབྱིབས་མེད་ངོས་བཟུང་བྲལ༔ གནས་ན་གནས་མཁན་རིག་པའི་སེམས༔ ཡེ་གྲོལ་གདོད་མའི་གནས་ལུགས་ཉིད༔ བླང་དོར་རེ་དོགས་རྩིས་གདབ་མེད༔ ཡེ་སྟོང་རྩ་བྲལ་ཆེན་པོར་བཞག༔ ཡང་ན་མདུན་དུ་ཨ་བྲིས་ལ༔ སྐྱེ་མེད་དྲན་བཞིན་ལམ་མེ་གཏད༔ རང་བབས་དེ་ལ་སེམས་གནས་ཚེ༔ དམིགས་མེད་ངང་ལ་ལྷོད་ཀྱིས་གློད༔ སྐབས་སུ་གཟིངས་ལས་བྱ་རོག་བཞིན༔ གར་འགྲོ་ངོས་བཟུང་དྲན་པ་བརྟེན༔ རེས་འགའ་དྷཱུ་ཏི་དཀར་པོ་ནི༔ ལྟེ་བ་ནས་བརྩམས་སྤྱི་བོའི་བར༔ གནས་པའི་ནང་དུ་ཐིག་ལེ་ནི༔ དཀར་པོ་འགྲོ་འོང་བྱེད་པར་བསམ༔ འདི་ལས་སྟོང་ཉམས་སྣ་ཚོགས་འཆར༔ བྱིང་ན་སྨིན་མཚམས་ཐིག་ལེ་དཀར༔ སྲན་མ་ཙམ་ཞིག་འཁོར་བར་བསམ༔ རེས་འགའ་མི་དམིགས་མཉམ་པར་བཞག༔ ཐུན་མཚམས་ཤེས་པ་ངོས་བཟུང་ལ༔ ལྷོད་ཀྱིས་གློད་ལ་མཉམ་གཞག་བྱ༔ དེ་ཡིས་མི་རྟོག་གོམས་པར་འགྱུར༔ རྗེས་ལ་ཕྱི་ནང་སྣང་སྲིད་ཀུན༔ རང་སྣང་ཡིན་ཏེ་རྨི་ལམ་འདྲ༔ སྣང་ཡང་བདེན་མེད་ཆུ་ཟླ་འདྲ༔ རྟེན་འབྲེལ་ཙམ་སྟེ་སྒྱུ་མ་འདྲ༔ ཆགས་སྡང་རེ་དོགས་མེད་པར་བལྟ༔ ཉོན་མོངས་རྣམ་རྟོག་གང་ཤར་ཀྱང༔ རླབས་ཉིད་རྒྱ་མཚོར་ཐིམ་པ་ལྟར༔ གང་ཤར་ཆོས་སྐུའི་ལམ་ཁྱེར་བྱ༔ ཡོད་མེད་སྣང་སྟོང་བཏགས་པ་ཙམ༔ འཁོར་འདས་རང་སྣང་བདེན་འཛིན་བྲལ༔ བླང་དོར་རེ་དོགས་བློས་བཏགས་ཙམ༔ དོན་ལ་གཉིས་མེད་ཆོས་སྐུར་སྦྱང༔ རྫོགས་རིམ་མན་ངག་ཡང་དག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་གཏེར་བདག་གླིང་པས་ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་པའོ།། ༈ །།རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ ཁྱད་པར་གྱི་རྫོགས་རིམ་སྣང་བཞིའི་མན་ངག་བཞུགས་སོ༔ གོང་གི་ཐུན་མོང་རྫོགས་རིམ་ལ༔ གོམས་པ་བརྟན་པོར་གྱུར་པ་ན༔ གསང་བ་གནད་ཀྱི་མན་ངག་བསྟན༔ ལུས་ངག་ཡིད་སྒོ་ཡུལ་དང་རླུང༔ གནད་དྲུག་དང་པོ་ལུས་གནད་ནི༔ གནས་ཁམས་ཤེས་པའི་ཁྱད་པར་གྱིས༔ སེང་གེ་གླང་པོ་དྲང་སྲོང་ཚུལ༔ ངག་ནི་འཁྲུལ་གཏམ་སྨྲ་བ་བཅད༔ ཡིད་ནི་དུས་གསུམ་རྟོག་པ་ཕྲལ༔ མ་བཅོས་ངོས་བཟུང་བྲལ་བར་བཞག༔ སྒོ་ནི་ཆོས་ལོངས་སྤྲུལ་པའི་མིག༔ གྱེན་ཐད་ཐུར་དུ་ཟིམ་བུར་བལྟ༔ ཡུལ་ནི་སྤྲིན་བྲལ་ནམ་མཁའ་ལ༔ ཉི་ཟླ་མར་མེའི་སྣང་བ་འོ༔ རླུང་ནི་ཤིན་ཏུ་དལ་བ་ལ༔ ཅུང་ཟད་འགྲོ་འོང་ཁ་ལས་སོ༔ དེ་ལྟར་གནད་དྲུག་དང་ལྡན་པས༔ རང་རིག་ཡེ་ཤེས་ཆེན་པོ་ཡི༔ གསལ་གདངས་སྙིང་ལས་མིག་གི་སྒོར༔ དཀར་འཇམ་རྩ་ལས་བརྒྱུད་དེ་འཐོན༔ ནམ་མཁར་རྣམ་དག་སྒྲོན་མ་ནི༔ འཇའ་འམ་རྨ་བྱའི་མདོངས་འདྲ་འཆར༔ དེ་ནང་ཐིག་ལེ་སྟོང་སྒྲོན་ནི༔ མུ་ཁྱུད་ཐིག་ལེ་དུ་མ་འཆར༔ དེ་ནང་རྡོ་རྗེ་ལུ་གུ་རྒྱུད༔ རྟ་རྔ་མུ་ཏིག་ཕྲེང་འདྲ་འཆར༔ ཅུང་ཟད་འཕར་གཡོ་བྱེད་པའི་ཚུལ༔ རང་གདངས་རིག་པའི་ངོ་བོ་ཉིད༔ ཐིག་ལེ་ཉག་གཅིག་མཐོང་བ་སྟེ༔ ཆོས་ཉིད་མངོན་སུམ་སྣང་བའོ༔ དེ་ནས་བརྩོན་པས་བསྒོམས་པ་ལས༔ དབྱིངས་རིག་རེས་གསལ་རེས་མི་གསལ༔ ནམ་མཁའི་དབྱིངས་ཐོན་ཐིག་ལེ་ནི༔ ལྔ་ཚོམ་གསལ་འཚེར་ལྷུན་སྡུག་འཆར༔ ཟ་འོག་གུར་ཁྱིམ་ལྟ་བུ་དང༔ གྱེན་འགྲེང་རྩིབས་ཤར་ལ་སོགས་པ༔ ཡུལ་སྣང་ཀུན་ཏུ་ཁྱབ་པར་འཆར༔ ཐམས་ཅད་མི་འགུལ་རང་སར་གནས༔ དེ་ལས་ཕྱེད་སྐུ་སྐུ་རྐྱང་སོགས༔ གྲངས་མེད་ལམ་ལམ་ཝལ་གྱིས་གསལ༔ ཕྱི་ཡི་སྣང་རྐྱེན་གྲོགས་སུ་འཆར༔ ནང་གི་འཁྲུལ་པའི་ཡིད་དཔྱོད་བྲལ༔ གསང་བ་མི་རྟོག་རང་སར་གནས༔ ཉམས་སྣང་གོང་འཕེལ་སྣང་བ་སྟེ༔ འདི་དུས་ཤི་བ་ཆོས་ཉིད་ཀྱི༔ བར་དོར་མངོན་པར་འཚང་རྒྱ་འོ༔ དེ་ནས་བརྩོན་པས་རབ་བསྒོམས་ན༔ ཐིག་ལེ་མུ་ཁྱུད་ལྔ་ལྡན་དུ༔ ཞི་ཁྲོ་རིགས་བརྒྱ་རིགས་ལྔ་སོགས༔ གྲངས་མེད་ཞིང་ཁམས་གང་བར་འཆར༔ འདི་དུས་ཤི་ན་ལོངས་སྐུའི་ཞིང༔ སྒྱུ་ལུས་འོད་ཕུང་ཆེན་པོར་གྲོལ༔ ཉོན་མོངས་རང་གྲོལ་སྒྲིབ་གཉིས་བྲལ༔ འཁྲུལ་པ་ཀུན་ཟད་ཡེ་ཤེས་རྒྱས༔ གདོས་བཅས་ཕུང་པོ་དབྱིངས་སུ་དག༔ སྐུ་དང་ཞིང་ཁམས་གཏན་ལ་ཕེབས༔ རིག་པ་ཚད་ཕེབས་སྣང་བའོ༔ སླར་ཡང་འབད་པས་ཉམས་བླངས་པས༔ སྐུ་དང་ཞིང་ཁམས་ཐམས་ཅད་ཀྱང༔ འགག་པ་མེད་པས་ཐ་སྙད་ཀྱི༔ གྲུབ་མཐའི་འཛིན་ཆོས་ཐམས་ཅད་དང༔ ཉམས་ཀྱི་འཕེལ་བ་ཀུན་ཟད་པས༔ གདོས་བཅས་ལུས་ཟད་འོད་དུ་ཡལ༔ ངག་ཟད་གཞོམ་མེད་རང་སྒྲར་ཡལ༔ འཁྲུལ་པའི་བློ་ཟད་ཆོས་སྐུར་གྲོལ༔ ཐོག་མའི་དབྱིངས་སུ་ལ་བཟླ་འོ༔ འདི་ནི་ཆོས་ཉིད་ཟད་པ་སྟེ༔ བརྩོན་པས་བསྒོམས་ན་ལོ་གསུམ་དང༔ ཟླ་བ་བདུན་ན་འཇའ་ལུས་ཀྱི༔ འཕོ་མེད་རྡོ་རྗེའི་སྐུ་འགྲུབ་ཅིང༔ སྡོད་པ་གསུམ་གྱིས་ཚད་བཟུང་སྟེ༔ ཐོབ་པ་གསུམ་གྱི་གཟེར་ཐེབས་ནས༔ མི་འགུལ་གསུམ་ལ་གཞི་བཅས་པས༔ རེ་དོགས་མཚན་མ་ཀུན་དག་ནས༔ ཆོས་དབྱིངས་རང་ས་ཟིན་པར་འགྱུར༔ སྣང་བཞིའི་མན་ངག་ཡང་དག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འགྲོ་འདུལ་གཏེར་བདག་གླིང་པས་ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་པའོ།། ༈ །།རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ རྨི་ལམ་གྱི་མན་ངག་བཞུགས་སོ༔ གང་ཞིག་འཁྲུལ་པའི་སྐྱེ་བོ་རྣམས༔ ཡང་དག་ལམ་དུ་འཇུག་པའི་ཕྱིར༔ རྨི་ལམ་གདམས་པ་འདི་ཁོ་ན༔ དང་པོ་སྔོན་འགྲོས་རྒྱུད་སྦྱངས་ནས༔ བག་ཆགས་དབང་ལས་མེད་བཞིན་དུ༔ སྣང་བའི་ཕྱི་རོལ་སྣང་བ་ལ༔ དེར་འཛིན་དགག་སྒྲུབ་འཆར་སྒོ་ཀུན༔ རྨི་ལམ་ལྟ་བུར་ཡེངས་མེད་དུ༔ དྲན་འདུན་དྲག་པོས་རྟག་ཏུ་བཟུང༔ ཉལ་དུས་རྨི་ལམ་བཟུང་སེམས་ཀྱིས༔ སྤྱོད་ལམ་དལ་བརྟེན་སེམས་ཀྱི་གནད༔ སྙིང་ནང་ཨ་དཀར་དྲི་མ་མེད༔ སྣ་ཚོགས་འོད་ཟེར་འཕྲོ་བ་ཡིས༔ འཁོར་འདས་འོད་ཞུ་ཨ་ལ་བསྟིམ༔ དྲི་མེད་མཁའ་ལ་ཟླ་ཤར་འདྲའི༔ གསལ་སྣང་མ་བྲལ་ངང་ལ་ཉལ༔ རྨི་ལམ་མང་ཞིང་གསལ་ལ་ཟིན༔ དེ་ལྟར་ཟིན་པར་གྱུར་པ་ན༔ སྣང་བ་འདི་ཀུན་རྨི་ལམ་སྟེ༔ གར་ཡང་བསྒྱུར་རུང་བསམ་བྱས་ལ༔ གཅིག་ལས་མང་པོར་སྤེལ་བ་དང༔ མང་པོ་གཅིག་ཏུ་བསྡུ་བ་དང༔ ཞི་ཁྲོ་སོ་སོར་བསྒྱུར་བ་དང༔ དག་དང་མ་དག་ཞིང་རྣམས་སུ༔ འགྲོ་དང་ཆོས་ཞུ་གནས་ལུགས་བལྟ༔ དེ་ལྟར་ཡིད་བྱེད་མཚན་དུས་སྦྱར༔ གང་གཏད་འདུན་པ་མངོན་དུ་འགྱུར༔ དེ་ནས་ལྷ་སྐུ་སྒྱུ་མ་རུ༔ བལྟ་ཞིང་འདུན་པ་དྲག་པོས་ཉལ༔ གཉིད་དུས་གཅན་གཟན་མེ་ཆུ་དང༔ འཇིགས་སྐྲག་སྣང་བ་ཤར་བ་ན༔ མེད་ཅིང་སྣང་བའི་འཁྲུལ་ངོ་ལ༔ སེམས་བསྲེས་ལྷ་སྐུ་སྒྱུ་མར་བསྒོམ༔ ཉིན་དུས་འདི་ནི་རྨི་ལམ་སྟེ༔ སྟོང་ཉིད་ནམ་མཁའ་ལྟ་བུ་ཞེས༔ སྒྱུ་མ་འོད་གསལ་ངང་དུ་བཞག༔ དེ་ཉིད་སྟོང་གསལ་ནམ་མཁའ་ལྟར༔ དྭངས་པའི་ངང་ལས་ལྷ་སྐུར་ལྡང༔ དེ་ཡང་སྤེལ་ཞིང་བསྒྱུར་བ་སོགས༔ ཉིན་དུས་ཡེངས་མེད་དྲན་འཛིན་དང༔ མཚན་མོ་བཙན་ཐབས་མན་ངག་སྦྱར༔ སྒྱུ་ལུས་རྨི་ལམ་བར་དོ་གསུམ༔ མཚན་དུས་དབྱེར་མེད་གོམས་པ་ན༔ མཐར་ཐུག་འཆི་བའི་འོད་གསལ་གྱི༔ ཐིམ་རིམ་ཆོས་སྐུའི་རོལ་པ་དང༔ རང་ཤར་འཁྲུལ་པའི་སྣང་བ་རྣམས༔ སྒྱུ་མ་ལོངས་སྐུའི་འཆར་སྒོ་དང༔ འཇུག་སྒོ་སྟོང་ཉིད་བདེན་མེད་དུ༔ དྲན་འདུན་སྤྲུལ་སྐུའི་རྩལ་གྱིས་སྦྱང༔ དེ་ལྟར་ཡང་ཡང་དྲན་བྱ་ཞིང༔ སྣོད་བཅུད་གཞལ་ཡས་ལྷ་རུ་བལྟ༔ མཐར་ཐུག་སྒྱུ་མའི་སྐུར་ལྡང་ཞིང༔ འོན་ཏེ་བར་དོར་རང་བྱན་ཚུད༔ དེ་ཕྱིར་ཟབ་མོའི་གདམས་པ་འདི༔ ལས་འཕྲོ་ཅན་གྱི་དཔལ་དུ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འགྲོ་འདུལ་གཏེར་བདག་གླིང་པས་ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་པའོ།། ༈ །།རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ ཟབ་ལམ་འཕོ་བའི་མན་ངག་བཞུགས་སོ༔ གང་ཞིག་རྨོངས་པ་ལེ་ལོ་ཅན༔ ཉམས་ལེན་མི་ལྡན་སྐྱེས་བུ་རྣམས༔ འཕོ་བའི་གདམས་པས་བཟུང་བར་བྱ༔ རྒྱུད་དག་ཚོགས་གསག་སྔོན་སོང་ནས༔ ལུས་ནི་རྣམ་སྣང་ཆོས་བདུན་བྱ༔ སྟོང་ར་འོད་ཀྱི་གོང་བུ་ཅན༔ སྒོ་དགུ་མཐིང་ནག་ཧཱུྃ་གིས་དགག༔ ལུས་ནང་དྷཱུ་ཏི་དམར་པོ་ཡི༔ མར་སྣར་རླུང་དཀྱིལ་སྔོན་པོ་ལ༔ གནས་པའི་རྣམ་ཤེས་ཐིག་ལེ་ནི༔ དཀར་པོ་གསལ་འཚེར་འཕར་གཡོར་བསྒོམ༔ སྤྱི་བོར་བླ་མ་རྡོ་རྗེ་སེམས༔ སྐྱབས་གནས་ཀུན་འདུས་ངོ་བོར་གསལ༔ མ་ཡེངས་རྩེ་གཅིག་གསོལ་བ་འདེབས༔ འོག་རླུང་གྱེན་བསྐུམ་རླུང་དཀྱིལ་བསྐུལ༔ མིག་ཡིད་རླུང་གསུམ་སྤྱི་བོར་དྲིལ༔ ཧིཀ་ཅེས་དྲག་ཏུ་བརྗོད་པ་ཡིས༔ རྣམ་ཤེས་གྱེན་འཕར་ཚངས་བུག་ལས༔ ཕྱིར་འཐོན་བླ་མའི་ཐུགས་ཀར་ཐིམ༔ དེ་ཉིད་ཇེ་མཐོ་ཇེ་མཐོར་སོང༔ དམིགས་མེད་སྤྲོས་བྲལ་ངང་དུ་བཞག༔ སྦྱོང་ཚེ་ཀ་ཞེས་ཐུར་དུ་ཕབ༔ བླ་མ་འོད་ཞུ་བདག་ལ་ཐིམ༔ སྟེང་རླུང་མནན་ནས་ལྟེ་བར་འཆིང༔ དེ་ཡིས་མ་བསྒོམ་བཙན་ཐབས་སུ༔ རྫོགས་པའི་བྱང་ཆུབ་ཆེན་པོའི་གནས༔ འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད༔ འཕོ་བའི་མན་ངག་ཡང་དག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འགྲོ་འདུལ་གཏེར་བདག་གླིང་པས་ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་པའོ།། ༈ །།རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ གཉིས་འཛིན་འཁྲུལ་གཅོད་མན་ངག་བཞུགས༔ གཉིས་འཛིན་འཁྲུལ་གཞི་གཅོད་འདོད་ན༔ དུར་ཁྲོད་མཚོ་གླིང་ཤིང་གཅིག་སོགས༔ སེམས་གཡེང་ཉམ་ངའི་གནས་སོང་ལ༔ རྒྱུད་སྦྱངས་མདུན་མཁར་མཆོད་སྦྱིན་མགྲོན༔ གྲངས་མེད་གསལ་བཏབ་རང་གི་ལུས༔ ཤ་ཁྲག་འདོད་ཡོན་ཞེན་མེད་བྱིན༔ བསམ་མེད་མཉམ་པ་ཉིད་དུ་ཉལ༔ དེ་ཚེ་རྣམ་རྟོག་འཁྲུལ་སྣང་ནི༔ དངོས་ཉམས་རྨི་ལམ་སྣ་ཚོགས་འབྱུང༔ ཆོ་འཕྲུལ་དེས་མཚོན་འཁོར་འདས་ཆོས༔ མེད་སྣང་སྟོང་པའི་རང་བཞིན་ལས༔ རྟག་ཆད་སྒྱུ་མ་ཆུ་ཟླ་འདྲ༔ རང་སེམས་གཞི་མེད་རྩ་བྲལ་ལ༔ ཚུར་བཅད་ནམ་མཁའི་རང་བཞིན་ཉིད༔ ཡུལ་སེམས་གཟུང་འཛིན་མ་གྲུབ་པའི༔ རང་བྱུང་ཡེ་ཤེས་རང་གསལ་ངང༔ སྤང་བླང་རེ་དོགས་འཁྲུལ་གཞི་བཅད༔ གཅེར་མཐོང་རང་གནས་ངོས་བཟུང་ལ༔ སྙེམས་མེད་ངང་དུ་སོ་མར་བཞག༔ རྐྱེན་ངན་རང་གྲོལ་བོགས་འབྱིན་པའི༔ འཁྲུལ་གཅོད་མན་ངག་ཡང་དག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འགྲོ་འདུལ་གཏེར་བདག་གླིང་པས་ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་པའོ།། ༈ །།རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ དགེ་སྦྱོར་སྲང་དུ་འཇུག་པའི་མན་ངག་བཞུགས་སོ༔ རིམ་གཉིས་སྒོམ་པའི་རྣལ་འབྱོར་པས༔ དགེ་སྦྱོར་སྲང་དུ་འཇུག་པ་ན༔ ཉིན་མཚན་ཆ་ནི་བཞི་བཞིར་དབྱེ༔ ཉིན་དུས་ལྷ་སྐུ་སྒྱུ་མ་དང༔ འོད་གསལ་ངང་དུ་རྩལ་སྦྱང་ཞིང༔ མཚན་དུས་ཤེས་པ་ནང་དུ་བཟུང༔ ལྟེ་བའི་ཨ་ལས་གཏུམ་མོ་སྦར༔ སྤྱི་བོའི་ཧཾ་ཡིག་བདུད་རྩིར་ཞུ༔ སྙིང་གར་བབས་པའི་ཐིག་ལེ་ལ༔ སེམས་བཟུང་ལྷན་སྐྱེས་ཡེ་ཤེས་འཆར༔ གུང་ལ་སེང་གེའི་ཉལ་སྟབས་ཀྱིས༔ སྙིང་ནང་ཨ་དཀར་སེམས་བཟུང་ལ༔ མི་དམིགས་ངང་དུ་ཉལ་བར་བྱ༔ ཐོ་རངས་ཨ་ཡིག་སྙིང་ནང་ནས༔ སྤྱི་བོའི་འདོམ་གང་ནམ་མཁར་འཐོན༔ སེམས་བཟུང་གསལ་སྟོང་ཡེ་ཤེས་འཆར༔ གསང་བའི་དུས་བཞི་རྣམ་རྟོག་གི༔ བཞི་ཆ་གསུམ་བྲལ་ཆོས་སྐུ་ལ༔ རང་རིག་ཡེ་ཤེས་མ་ཡེངས་བསྒོམ༔ སྔ་ཕྱི་བར་དེར་དུས་གསུམ་གྱི༔ རྣམ་རྟོག་འཕྲོ་འདུ་རང་ཆད་དེ༔ མི་རྟོག་ཡེ་ཤེས་ཉིད་དང་སྦྱར༔ དེ་ལྟར་དུས་བཞིའི་གནད་གོམས་པས༔ ཡང་དག་དོན་ལ་གནས་པར་འགྱུར༔ སྲང་འཇུག་མན་ངག་ཡང་དག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འགྲོ་འདུལ་གཏེར་བདག་གླིང་པས་ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་པའོ།། ༈ །།རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ སྒྲིབ་སྦྱོང་ཁྲུས་ཀྱི་མན་ངག་བཞུགས་སོ༔ རིན་ཆེན་བུམ་པར་གཙང་མའི་ཆུ༔ ཉེར་ལྔའི་རྫས་དང་ལྡན་པས་བཀང༔ འདབ་བརྒྱད་མ་དྷལ་དབུས་སུ་བཀོད༔ སྟོང་པའི་ངང་ལས་བུམ་པ་ནི༔ མཚན་ཉིད་ཡོངས་རྫོགས་ལྟོ་བ་རུ༔ པདྨ་ཟླ་བའི་དཀྱིལ་འཁོར་ལ༔ ཧཱུྃ་ལས་རྡོར་སེམས་ཡབ་ཡུམ་བསྐྱེད༔ སྤྱན་དྲངས་མཆོད་བསྟོད་བཟླས་པའི་ཚེ༔ བདག་གི་ཐུགས་ཀའི་སྔགས་ཕྲེང་ཉིད༔ བུམ་ནང་ལྷ་ཡི་ཐུགས་ཀར་ཞུགས༔ དེ་ལས་འོད་ཟེར་དཀར་པོ་ནི༔ གྲངས་མེད་འཁོར་འདས་ཀུན་ཏུ་སྤྲོས༔ དོན་བྱས་ཚུར་འདུས་ལྷ་ལ་ཐིམ༔ མཉམ་སྦྱོར་བདུད་རྩི་དཀར་པོའི་རྒྱུན༔ བུམ་པའི་ཆུར་འདྲེས་འོད་དུ་ཞུ༔ བྱང་སེམས་བདུད་རྩིའི་ངོ་བོར་བསམ༔ སྔགས་མཐར་ནད་གདོན་སྡིག་སྒྲིབ་རྣམས༔ ཤཱིནྟཾ་ཀུ་རུ་སྭཱ་ཧཱ་ཞེས༔ སྟོང་བཟླས་བདག་ལུས་རིགས་དྲུག་གི༔ ས་བོན་བསྐྱེད་ལ་དེ་སྦྱང་བསམ༔ བུམ་ཆུས་བཀྲུ་ཞིང་འཐུང་བར་བྱ༔ ནད་གདོན་སྡིག་སྒྲིབ་ཀུན་བྱང་ནས༔ རྣམ་དག་ཡེ་ཤེས་རྒྱུད་ལ་སྐྱེ༔ སྒྲིབ་སྦྱོང་ཁྲུས་ཆོག་ཡང་དག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འགྲོ་འདུལ་གཏེར་བདག་གླིང་པས་ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་པའོ།། ༈ །།རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ གྲོལ་ལམ་གསུམ་གྱི་མན་ངག་བཞུགས་སོ༔ ཐུན་མོང་འགྲོ་བ་མཐའ་དག་གིས༔ ལམ་ལ་སློབ་པར་མི་ནུས་པས༔ མ་བསྒོམ་གྲོལ་བ་ཐོབ་པའི་གནད༔ འདི་ལྟའི་རིམ་པ་བཞིན་དུ་བསྒྲུབ༔ བསྙེན་སྒྲུབ་དྲོད་ཐོབ་རྣལ་འབྱོར་པས༔ ཡར་ངོའི་དུས་སུ་དབེན་པའི་སར༔ རེ་ཁཱ་དཀར་པོའི་པད་འདབ་བརྒྱད༔ དེ་དབུས་རྡུལ་བྲལ་མེ་ལོང་ལ༔ དྲི་ཡིས་ཧཱུྃ་དང་ཡིག་བརྒྱ་བྲིས༔ དེ་ཉིད་རྡོ་རྗེ་སེམས་དཔར་བསྒོམ༔ ཡེ་ཤེས་སྤྱན་དྲངས་མཆོད་ཅིང་བསྟོད༔ སྙིང་པོ་ཡི་གེ་བརྒྱ་པ་ནི༔ འབུམ་བཟླ་ཕྱོགས་བཅུའི་རྒྱལ་བ་རྣམས༔ སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི༔ རྣམ་པར་སྤྱན་དྲངས་དེ་ལ་བསྟིམ༔ ལྷ་ཉིད་འོད་ཞུ་མེ་ལོང་ནི༔ སྐུ་གསུང་ཐུགས་ཀྱི་ངོ་བོར་བསམ༔ རབ་གནས་བཀྲ་ཤིས་མངའ་གསོལ་ནས༔ མཆོད་རྟེན་ལམ་གྱི་བཞི་མདོ་རུ༔ བཀུར་སྟི་ཆེན་པོས་བཞུགས་སུ་གསོལ༔ གང་ཞིག་མཐོང་བའི་འགྲོ་བ་དེའི༔ ལས་སྒྲིབ་བྱང་ནས་བདེ་ཆེན་ཐོབ༔ དྲི་མེད་རས་ལ་རྡོར་སེམས་སྐུ༔ ཐུགས་ཀར་སྙིང་པོ་སྲོག་ཡིག་དང༔ ཨཱོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ འ་ཨ་ཤ་ས་མ་ཧ༔ དྷརྨ་ཀཱ་ཡ་ཛྙཱ་ན་དྷཱ་ཏུ་ཨཱཿ ཞེས་བྲི་མན་ཤེལ་ཟུར་དྲུག་ལ༔ རྩེ་མོར་ཧཱུྃ་མཱུྃ་ལོགས་དྲུག་ཏུ༔ སྦྱོང་བྱེད་དྲུག་དང་སྦྱང་བྱ་དྲུག༔ སྙིང་པོ་རྩ་བའི་སྔགས་རྣམས་བྲི༔ དར་རམ་གྲོ་གའམ་ཤོག་ཤོག་ལ༔ རིན་ཆེན་ལྔ་ཡི་ཁུ་བ་ཡིས༔ སྙིང་པོ་ཡིག་བརྒྱ་ཚར་བདུན་ནི༔ སྤེལ་ཚིག་བཅས་པ་དག་པར་བྲི༔ དྲི་བཟང་བྱིན་རླབས་རྫས་ཀྱིས་བྱུགས༔ མན་ཤེལ་དག་ལ་གཡས་བསྐོར་དཀྲི༔ སྣ་ཚོགས་དར་གྱིས་ཡང་དག་བཅིང༔ མ་དྷལ་དབུས་བཞག་བགེགས་སྦྱང་བཀྲུ༔ ལྷར་བསྐྱེད་བསྟིམ་མཆོད་ཐུགས་ཀ་ནས༔ འོད་འཕྲོས་འགྲོ་ཀུན་ལས་སྒྲིབ་སྦྱངས༔ བྱང་ཆུབ་གནས་བཀོད་དེ་དག་དང༔ རབ་འབྱམས་རྒྱལ་ཀུན་འོད་དུ་ཞུ༔ དེར་ཐིམ་གོང་གི་གསང་སྔགས་རྣམས༔ ཁྲི་བཟླས་རབ་གནས་མངའ་གསོལ་ཏེ༔ གང་གི་མགོ་འམ་སྙིང་གར་གདགས༔ མཚམས་མེད་སྒྲིབ་བྱང་བྱང་ཆུབ་ཐོབ༔ དཔའ་བོ་ཤ་ལྔ་བདུད་རྩི་ལྔ༔ མཆོག་གྲུབ་གདུང་དང་རིང་བསྲེལ་དང༔ བདུད་རྩི་སྒྲུབ་རྫས་སྨན་ཕབས་རྣམས༔ རྩ་བའི་རྫས་ཏེ་སྟོབས་སྐྱེད་པ༔ བཟང་དྲུག་འབྲས་བུ་གསུམ་ལ་སོགས༔ བདུད་རྩི་མཆོག་རྒྱུད་བཞིན་སྦྱར་ནས༔ ཡུངས་ཀར་འབྲུ་དགུའི་ཚད་དུ་དྲིལ༔ མཚན་ལྡན་ཕོ་མོའི་ཐོད་པར་བླུག༔ མ་དྷལ་དབུས་བཀོད་མཆོད་པ་བཤམ༔ བགེགས་བསྐྲད་ཁྲུས་བྱས་སྲུང་འཁོར་བསྒོམ༔ སྒྲུབ་རྫས་རླུང་མེ་ཐོད་སྒྱེད་ལ༔ གནས་པའི་པདྨའི་སྙིང་ནང་དུ༔ ས་བོན་བཅུ་ལས་དམ་རྫས་བཅུ༔ དེ་སྟེང་དཀར་གསལ་ཟླ་དཀྱིལ་ལ༔ ཧཱུྃ་ལས་རྡོར་སེམས་ཡབ་ཡུམ་བསྐྱེད༔ སྤྱན་དྲངས་མཆོད་དང་བསྟོད་བྱས་ནས༔ རླུང་བུས་མེ་སྦར་བདུད་རྩི་ནི༔ དཀར་དམར་འོད་ཀྱི་གོང་བུར་ཞུ༔ རླངས་པས་ཡབ་ཡུམ་ཆགས་པ་བསྐུལ༔ མཉམ་སྦྱོར་དགའ་བའི་འོད་དང་སྒྲས༔ སངས་རྒྱས་ཚད་མེད་སྤྱན་དྲངས་ནས༔ ཞལ་ཞུགས་ཐིག་ལེར་ཞུ་བ་ཉིད༔ མཁའ་གསང་ལས་ནི་བདུད་རྩི་ལ༔ མཚོ་ལ་ཁ་བ་བབས་བཞིན་ཐིམ༔ དེ་ནས་རྗེས་ཆགས་མཉམ་སྦྱོར་བས༔ ཡབ་ཡུམ་ཐིག་ལེའི་ངོ་བོར་ཞུ༔ དམ་ཚིག་རྫས་དང་རོ་གཅིག་བསྒོམ༔ དེ་ལྟར་གསལ་བསྒོམ་སྙིང་པོའི་མཐར༔ ཨོཾ་ཛྙཱ་ན་ཨ་མྲྀཏ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་པ་བར་མ་ཆད་བཟླ་ཞིང༔ དུས་བཞིར་བྱིན་དབབ་དངོས་གྲུབ་བསྡུ༔ རྫས་ལ་འོད་འཕྲོ་དྲི་བཟང་དང༔ སྒྲ་སྙན་འཕར་སོགས་རྟགས་མཐོང་ན༔ སྙིང་པོར་སརྦ་སིདྡྷི་ཧཱུྃ༔ བཏགས་བཟླས་བཀྲ་ཤིས་མངའ་གསོལ་ནས༔ མཆོད་བསྟོད་མཇུག་གི་བྱ་བ་བསྒྲུབ༔ དེ་ལྟ་བུ་ཡི་དམ་རྫས་དེ༔ གང་གིས་ཟོས་པས་ཉམས་ཆག་སྦྱོང༔ དམ་ཚིག་དངོས་གྲུབ་ཀུན་ཐོབ་ནས༔ འཕོ་མེད་བདེ་ཆེན་འགྲུབ་པར་འགྱུར༔ མ་བསྒོམ་བྱང་ཆུབ་སྒྲུབ་པའི་གནད༔ ཡང་ཟབ་མན་ངག་ཡང་དག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འགྲོ་འདུལ་གཏེར་བདག་གླིང་པས་ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་པའོ། །སརྦ་མངྒ་ལཾ།། །།

འཇའ་ཚོན་གཏེར་བྱོན་དཔལ་མགོན་རྒྱས་པའི་ལས་ཚོགས་ནོར་བདག་ལྷ་གསུམ་གྱི་གཡང་སྐྱབས་ཆོ་ག་ལོངས་སྤྱོད་ཆར་འབེབ་ (Volume 51, Text 1)

༄༅། །འཇའ་ཚོན་གཏེར་བྱོན་དཔལ་མགོན་རྒྱས་པའི་ལས་ཚོགས་ནོར་བདག་ལྷ་གསུམ་གྱི་གཡང་སྐྱབས་ཆོ་ག་ལོངས་སྤྱོད་ཆར་འབེབ་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བཱ་སུ་པ་ཏི་ཡེ། གསོལ་བཏབ་ཙམ་གྱིས་འདོད་རྒུའི་གྲུ་ཆར་འབེབ། །ཡིད་བཞིན་ནོར་བུ་རཏྣ་ཐོད་ཕྲེང་རྩལ། །དེ་སྤྲུལ་ནོར་ལྷའི་ཚོགས་ལ་གུས་བཏུད་ནས། །ཕོངས་སེམས་འབྱོར་པ་རྒྱས་པའི་ཚུལ་འདི་བསྐྲུན། །དུས་སྙིགས་མའི་མཐར་ཕྱི་སྣོད་ནང་བཅུད་ཀྱི་དཔལ་འབྱོར་ཉམས་ཤིང་རྒུད་པའི་དུས་སུ་འབྱོར་དྲུག་སྤེལ་བ་ལ་ཆེད་དུ་དགོངས་པའི་སྒྲུབ་ཐབས་ཟབ་མོ་འདི་ཉིད་ཉམས་སུ་ལེན་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ། རྟེན་གྱི་དཀྱིལ་འཁོར་མི་བསོད་ནམས་ཅན་གྱི་ཁང་ས་ཁྱིམ་ས་ཕྱུག་པོའི་ཞིང་ས་སོགས་ལས་བྱ་བར་གསུངས་པས། དེ་ལྟ་བུའི་སྟེགས་བུ་བྱས་པའམ་མཎྜལ་ལ་བྱུགས་པའི་སྟེང་དྲིའི་ཆག་ཆག་གདབ་པར་འབྲུ་དཀར་དྲི་བཟང་གིས་སྦགས་པས་དབུས་སུ་ཚོམ་བུ་ཆེ་བ་གཅིག་གཡས་གཡོན་དུ་ཆུང་བ་རེ་རེ་བཀོད་པའི་སྟེང་དུ། འབྱོར་ན་རྣམ་སྲས་གཙོ་འཁོར་གསུམ་ཀའམ་གཙོ་བོ་རྐྱང་པའི་སྐུ་གཟུགས་དང་མེད་ན་ཙཀ་ལི་ལ་སོགས་པ་རྟེན་ཙམ་བཞུགས་སུ་གསོལ་བའི་མདུན་ཕྱོགས་སུ་གཏོར་མ་བཤམ། སྐུ་བརྙན་གང་ཡང་མེད་ན་ཚོམ་བུའི་སྟེང་ཁྲིའུའི་ཁར་རིན་པོ་ཆེའི་སྣོད་གས་ཆག་མེད་པའི་ནང་དུ་འབྲུ་སྣའི་ཕྱེ་མ་ལ་དཀར་མངར་སྨན་སྣ་རིན་ཆེན་ཕྱེ་མ་བསྲེས་པས་དབུས་སུ་གྲུ་བཞི་འཇོང་སྟབས་ཉི་ཟླ་ནོར་བུས་བརྒྱན་པ། གཡས་སུ་འབྲང་རྒྱས་ནོར་གཟུགས། གཡོན་དུ་བཤོས་ལྡེམ་བཅས་གསུམ་ཀ་ཁ་དོག་སེར་པོ་ལ་རྒྱན་སྤྲོས་གང་མཛེས་དང་། དར་གདུགས་སེར་པོ་ཕུབ་པ། ཟས་སྣ་མར་ཐུད་རིལ་བུ་སོགས་ཀྱིས་བསྐོར་བ་བཀོད། རྒྱབ་ཕྱོགས་སུ་བུ་མང་པོའི་ལག་ནས་བྱུང་བའི་མདའ་མོ་རྒོད་སྒྲོ་མ་ཉམས་ཤིང་མདེའུ་རྣོ་ངར་ལྡན་པ་ལ་མེ་ལོང་དར་སྣ་གཡུ་བྱི་རུ་དུང་ཤོ་རྣམས་ཀྱིས་བརྒྱན་པ་བཙུགས། མདུན་སོགས་མཐའ་སྐོར་དུ་མི་ཁས་དྲག་གི་ཕོར་པའི་ནང་དུ་འབྲི་བརྒྱ་ལྟ་བུའི་མར་ཁུ་དང་སྙན་གྲགས་ཅན་ལས་བྱུང་བའི་ཆང་ཕུད་ཀྱིས་བཀང་། རས་དཀར་སེར་གྱི་སྒྱེའུ་ལ་སོགས་པའི་ནང་དུ་རྒྱལ་པོས་ཁྲལ་དང་ཕྱུག་པོས་དམ་བུན་བསྡུས་པ་ལྟ་བུའི་ཞིང་ས་བཟང་ལ་མང་བའི་ནས་དང་རྒྱ་བོད་ཀྱི་འབྲུ་སྣ་བླུགས་པས་བཀང་། ཚོང་དུས་ཆེན་པོའི་ནོར་སྣ། རྟ་ནོར་ལུག་ཁྱུ་མང་པོའི་སྤུ་སྣ། མི་ཚེ་རིང་པོའི་སྐྲ། བསོད་ནམས་ཅན་གྱི་སྨ་ར་དང་གོས་དུམ། དབང་ཐང་ཅན་གྱི་ཁྱེའུ་ཕོ་མོའི་སྐྲའམ་དྲི་མ། དེ་དག་གི་ལག་ནས་བྱུང་བ་དང་སྟོན་མོ་ཆེན་པོའི་ཟས་སྣ། སྐུ་གསུང་ཐུགས་རྟེན་བྱིན་ཅན། སྐྱེས་ཆེན་དམ་པ་རྣམས་ཀྱི་ན་བཟའ། གསོལ་རས། བྱིན་རླབས་ཅན་གྱི་དམ་རྫས་སོགས་ལ་ཕྱིའི་མིང་རྟགས་དང་བཅས་གཡང་གི་རྟེན་དུ་བྱ་བར་གསུངས་པ་ལྟར་གང་འཛོམ་ལེགས་པར་བསགས། མར་ཐུད་པར་བུ། མངར་གསུམ། ཤ་ཆང་འོ་ཞོ། ཕྱེ་མར་གསེར་སྐྱེམས། མདའ་དར་གཡབ་རྒྱུ་སོགས་སྤྱི་དང་མཐུན་པར་འདུ་བྱ། མདུན་ངོས་སུ་མཆོད་གཏོར་ཟླུམ་པོ། སྨན་རག །ཆུ་གཉིས་ཉེར་སྤྱོད་བཤམ། ཡི་དམ་ལྷ་གཞུང་གང་ལ་བྱས་ཀྱང་ཆོག་མོད་ཆོས་བཀའ་འདི་དང་འབྲེལ་མཚུངས་དཀོན་སྤྱི་གཏོང་བར་མཛད་པས་དེའི་མཆོད་གཏོར་རྣམས་གོང་དུ་བཤམ་པར་བྱའོ། །གཉིས་པ་དངོས་གཞི་ལ་བདག་མདུན་གཉིས་ལས། བདག་བསྐྱེད་བརྒྱུད་འདེབས་སྔོན་གཏོར་ནས་བརྩམ་ལས་གཞུང་བསྲངས་ཏེ། ཚོགས་དང་སྐོང་བཤགས་ཀྱི་བར་དུ་བཏང་། དེ་ནས་ཡི་དམ་གཞན་ཡིན་ན་ཡང་སྐད་ཅིག་གིས་བདག་ཉིད་པདྨ་འབྱུང་གནས་སུ་གསལ་བཏབ་ལ། མཆོད་གཏོར་ཆབ་བྲན། ཨ་མྲྀཏས་བསང་། ཨོཾ་སྭ་བྷཱ་བ་སོགས་ཀྱིས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེ་དང་པདྨ་ལ་སོགས་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་འབྲུ་གསུམ་འོད་དུ་ཞུ་བ་ལས་ཕྱི་ནང་གསང་བའི་མཆོད་རྫས། སྨན་གཏོར་རཀྟ་བདུད་རྩིའི་རྒྱ་མཚོ་འདོད་ཡོན་གྱི་སྤྲིན་ཕུང་འཛད་མེད་ནམ་མཁའ་མཛོད་ཀྱི་གཏེར་ཆེན་པོར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ། ཨོཾ་བཛྲ་སྥ་ར་ཎ་ཁཾ། ཞེས་བྱིན་བརླབ། མདུན་རྟེན། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས། རང་གི་མདུན་དུ་ལྕང་ལོ་ཅན་གྱི་དགའ་བའི་ཚལ་ཆེན་པོའི་དབུས་སུ་ནོར་བུ་རིན་པོ་ཆེའི་ཁང་བརྩེགས་འཁོར་ས་དང་བཅས་པའི་ནང་དུ། པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་བཻ་ལས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྐུ་མདོག་གསེར་བཙོ་མ་ལ་ཉི་མ་འབུམ་གྱི་འོད་ཕོག་པ་ལྟ་བུ་སེང་གེ་ལ་འཆིབ་པ༔ རྒྱལ་མཚན་དང་ནེའུ་ལེ་འཛིན་པ༔ གཡས་སུ་ཛམ་བྷ་ལ་སེར་པོ་བགྲང་ཕྲེང་དང་ནེའུ་ལེ་བསྣམས་པ༔ གཡོན་དུ་ལྷ་མོ་ནོར་རྒྱུན་མ་སེར་མོ་གཡས་མཆོག་སྦྱིན་དང་གཡོན་འབྲས་ཀྱི་སྙེ་མ་བསྣམས་པ༔ ཞབས་སྐྱིལ་ཀྲུང་དུ་བཞུགས་པའོ༔ དེའི་སྟེང་གི་ནམ་མཁའ་ལ་སྣང་སྲིད་ཟིལ་གནོན་པདྨ་འབྱུང་གནས་ལ་དཔའ་བོ་མཁའ་འགྲོའི་འཇའ་སྤྲིན་བཞིན་འཐིབས་ནས་བཞུགས་པ༔ གཞན་ཡང་ཡི་དམ་ལྷ་ཚོགས་ཆོས་སྐྱོང་སྲུང་མ་དང་བཅས་ཏེ་སྣང་ལ་རང་བཞིན་མ་གྲུབ་པར་བཞུགས་པའི་གནས་གསུམ་ལས་འོད་ཟེར་འཕྲོས༔ རང་བཞིན་གྱི་གནས་ནས་སྤྱན་དྲངས༔ དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་གྱུར༔ སྤོས་དཀར་ཙན་དན་དཀར་དམར་ག་པུར་ཨ་ག་རུ་སཱ་ལུའི་ཕྱེ་མ་སྦྱར་བའི་སྤོས་བསྲེག་ཅིང་དབྱངས་རོལ་བཅས་སྤྱན་དྲང་བ་ནི། ཧཱུྃ། ལྷོ་ནུབ་པདྨ་འོད་ཀྱི་གཞལ་ཡས་ནས། །ཡིད་བཞིན་ནོར་བུ་གུ་རུ་པདྨ་འབྱུང་། །རིགས་ལྔའི་དཔའ་བོ་མཁའ་འགྲོའི་འཁོར་དང་བཅས། །མོས་གུས་གདུང་བས་སྤྱན་འདྲེན་གཤེགས་སུ་གསོལ། །བཻ༔ བྱང་ཕྱོགས་མངའ་མཛད་གནོད་སྦྱིན་རྣམ་ཐོས་སྲས༔ ཛམ་ལྷ་ནོར་རྒྱུན་གནོད་སྦྱིན་བྱེ་བ་འབུམ༔ འདོད་ཡོན་ནོར་ལ་དབང་བསྒྱུར་རིན་ཆེན་ཆར་དུ་འབེབ༔ ཁྱེད་ཀྱིས་དངོས་གྲུབ་ཅི་འདོད་སྩོལ་བའི་ཕྱིར༔ ཐུགས་རྗེའི་དབང་གིས་འཁོར་བཅས་གཤེགས་སུ་གསོལ༔ ཨོཾ་རཏྣ་གུ་རུ་དྷཱ་ཀི་ནཱི་བཻ་ཤྲ་མ་ཎཱ་ཡ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་བཛྲ་ས་མ་ཡ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ དགོས་འདོད་ཆར་འབེབ་བླ་མ་ནོར་གྱི་ལྷ༔ དཔའ་བོ་ཌཱ་ཀི་སྤྲུལ་པ་ཡང་འཁོར་བཅས༔ རིན་ཆེན་དར་ཟབ་པདྨ་ཉི་ཟླའི་སྟེང༔ བཞུགས་ནས་བྱིན་རླབས་དངོས་གྲུབ་བསྩལ་དུ་གསོལ༔ བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ གནོད་སྦྱིན་རྒྱལ་པོ་འཁོར་དང་བཅས་པ་རྣམས༔ བདག་ལ་བརྩེ་ཕྱིར་གནས་འདིར་བྱོན་ནས་ཀྱང༔ དགྱེས་ཤིང་མི་གཡོ་བརྟན་པར་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ན་མོ༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་ཐམས་ཅད་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་བ་མ་ལུས་སྒྲོལ༔ ཡིད་བཞིན་ནོར་ལྟར་དངོས་གྲུབ་ཆར་འབེབ་པ༔ རིག་འཛིན་ནོར་ལྷའི་ཚོགས་ལ་ཕྱག་འཚལ་ལོ༔ གནོད་སྦྱིན་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ ནོར་ལ་དབང་སྒྱུར་འདོད་ཡོན་ཆར་དུ་འབེབ༔ དབུལ་བའི་གདུང་སེལ་མགོན་པོ་ཐུགས་རྗེ་ཅན༔ རྒྱལ་ཆེན་འཁོར་དང་བཅས་ལ་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ མཆོད་པ་ནི། ཧཱུྃ༔ བླ་མ་ནོར་ལྷ་རིག་འཛིན་མཁའ་འགྲོའི་ཚོགས༔ མགོན་པོ་གནས་སྐྱོང་འཁོར་དང་བཅས་པ་ལ༔ དངོས་སུ་འབྱོར་དང་ཡིད་ཀྱིས་བཤམས་ཤིང་སྤྲུལ༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་པ་ཡི༔ ཡོན་ཆབ་མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སྒྲ་སྙན་ཕྱི་ཡི་མཆོད་པ་དང༔ གཟུགས་སྒྲ་དྲི་རོ་རེག་བྱ་ནང་མཆོད་འབུལ༔ སྒེག་ཕྲེང་གླུ་གར་བདེ་སྐྱེད་ལྷ་མོའི་ཚོགས། །གླིང་བཞི་རི་རབ་ཉི་ཟླ་ནོར་བུའི་གཏེར། །དཔག་བསམ་ལྗོན་ཤིང་ཅང་ཤེས་འདོད་འཇོའི་བ། །མ་རྨོས་ལོ་ཏོག་སྨན་འབྲུ་དར་ཟབ་གོས། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་རིགས། །སྲིད་གསུམ་དཔལ་འབྱོར་ལོངས་སྤྱོད་ཇི་སྙེད་པ། །མཁའ་དབྱིངས་ཀུན་ཁྱབ་ནམ་མཁའ་མཛོད་ཀྱི་སྤྲིན། །གུས་པས་འབུལ་ལོ་དགྱེས་པར་བཞེས་ནས་ཀྱང་། །འཛད་མེད་ནོར་གྱི་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་རཏྣ་གུ་རུ་ཌཱ་ཀི་ནཱི་བཻ་ཤྲ་བ་ཎཱ་ས་པ་རི་བཱ་ར་ཨརྒྷཾ་ནས། ཤབྡ་སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ བསྟོད་པ་ནི། ཧཱུྃ་ཧྲཱི༔ འགྲོ་བའི་དོན་དུ་རང་བྱུང་འོད་དཔག་མེད༔ བཀྲ་ཤིས་ཡོན་ཏན་དུ་མས་བརྒྱན་པའི་སྐུ༔ འཇིག་རྟེན་མངའ་བསྒྱུར་པདྨ་རྒྱལ་པོའི་སྲས༔ མཁའ་འགྲོའི་ཚོགས་དང་བཅས་ལ་ཕྱག་འཚལ་བསྟོད༔ བྱང་ཕྱོགས་མངའ་མཛད་མགོན་པོ་ཐུགས་རྗེ་ཅན༔ འགྲོ་བ་ཉམ་ཐག་གྱུར་ཀུན་རྗེས་བཟུང་ནས༔ དབུལ་བའི་སྡུག་བསྔལ་སེལ་ལ་ཕྱག་འཚལ་བསྟོད༔ གནོད་སྦྱིན་རྒྱལ་པོ་རིན་ཆེན་གཏེར་གྱི་བདག༔ སྐུ་མདོག་སེར་གསལ་གསེར་གྱི་ལྷུན་པོའི་མདོག༔ བདུད་རྩིའི་ཆར་འབེབ་གསུང་ལ་ཕྱག་འཚལ་བསྟོད༔ ཐུགས་རྗེའི་དགོངས་པས་ཉམ་ཐག་མ་ལུས་གཟིགས༔ ནམ་མཁའ་མཛོད་ལ་མངའ་བརྙེས་གཟི་བརྗིད་ཅན༔ འགྲོ་བ་ཀུན་སྐྱོབ་ཐུགས་ལ་ཕྱག་འཚལ་བསྟོད༔ བྱང་ཕྱོགས་སྐྱོང་བའི་རྒྱལ་ཆེན་རྣམ་ཐོས་སྲས༔ ནོར་གྱི་བདག་པོ་ཨཱརྱ་ཛམ་བྷ་ལ༔ དབུལ་བ་སེལ་བའི་ལྷ་མོ་ནོར་རྒྱུན་མ༔ རྣམ་སྲས་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ལོངས་སྤྱོད་འདོད་ཡོན་དངོས་གྲུབ་ཆར་འབེབ་སྩོལ༔ བཤགས་པ་ནི། ཧཱུྃ༔ ཚེ་རབས་སྔོན་ནས་ད་ལྟ་འདིར་སྐྱེས་བར༔ ལུས་ངག་ཡིད་ཀྱིས་མི་དགེ་བསགས་པ་ཡིས༔ མགོན་པོ་འཁོར་བཅས་ཐུགས་དང་ཅི་འགལ་བ༔ དེ་དག་ཁྱེད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས༔ ཡིག་བརྒྱ་བརྗོད། བཟླས་དམིགས་ནི། བདག་མདུན་ཐུགས་ཀའི་འོད་ཟེར་སྤྲོ་བསྡུས་འཇིག་རྟེན་གྱི་ཁམས་ཐམས་ཅད་ནས༔ ཕྱི་སྣོད་ནང་བཅུད་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་བྱིན་རླབས་དང༔ ནོར་བུ་ཕྱྭ་གཡང་ལོངས་སྤྱོད་ཐམས་ཅད་སིབ་སིབ་བྱོན་ནས་མདུན་བསྐྱེད་ཀྱི་ཐུགས་ཀར་ཐིམ༔ འོད་དང་འོད་ཟེར་ཀྱི་ལི་ལི༔ སྣང་སྲིད་ཐམས་ཅད་ཡ་ལ་ལ༔ ཀར་ཀོར་འཁོར་ལ་འཁོར༔ མདོར་ན་སྲིད་པ་གསུམ་གྱི་བཀྲག་མདངས་འོད་ཟེར་ཕྱྭ་གཡང་ཐམས་ཅད་རྟགས་རྫས་རྟེན་ལ་ཐིམ་ཞིང༔ གནས་ཁང་ཐམས་ཅད་ཟླ་འོད་ཤར་བ་ལྟ་བུ་བྱས་ནས་བཀྲ་ཤིས་བྱིན་ཆགས་སྣུམ་འོད་དང་ལྡན་པར་གྱུར་པར་བསྒོམས་ལ། ཨོཾ་བཻ་ཤྲ་བ་ཎཱ་ཡ་སྭཱ་ཧཱ༔ གཙོ་བོ་འོ། །ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཛམ་ལྷ་སེར་པོ་འོ། །ཨོཾ་བཱ་སུ་དྷཱ་རི་ཎྱཻ་སྭཱ་ཧཱ༔ ནོར་རྒྱུན་མ་འོ། །གཙོ་བོ་ལ་སྟོང་ཕྲག་རེ་རེ་སོང་བ་དང་གཡས་གཡོན་ལྷའི་སྲོག་སྔགས་བརྒྱ་རྩ་རེ་བཟླ། ཐུན་སྐབས་སུ་དབྱངས་གསལ་རྟེན་སྙིང་ལན་གསུམ་བརྗོད་ལ། གཏོར་མ་འབུལ་བ་ནི། བསང་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་དུ་ཁཾ་ལས་གཏོར་མ་བདུད་རྩིའི་རྒྱ་མཚོ་འདོད་ཡོན་ལྔའི་སྤྲིན་ཕུང་འཕྲོ་བར་གྱུར། འབྲུ་གསུམ། ཨ་ཀཱ་རོས་བྱིན་གྱིས་བརླབ། ཨོཾ་རཏྣ་གུ་རུ་ཌཱ་ཀི་ནཱི་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཻ་ཤྲ་བ་ཎཱ་ཛམྦྷ་ལ་བཱ་སུ་དྷཱ་རི་ཎྱཻ་ས་པ་རི་བཱ་ར་མ་ཧཱ་བ་ལིཾ་ཏ་མ་ཧཱ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་འབུལ་ལ་ཕྲིན་ལས་བཅོལ་བ་ནི། ཧཱུྃ་ཧྲཱིཿ དཀོན་མཆོག་ཀུན་འདུས་གུ་རུ་མཁའ་འགྲོའི་ཚོགས། །རྣམ་སྲས་ལྕམ་དྲལ་ནོར་ལྷ་གཏེར་བདག་རྣམས། །མཆོད་གཏོར་བདུད་རྩིའི་རྒྱ་མཚོ་འདི་བཞེས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །བསོད་ནམས་ནོར་གྱི་དངོས་གྲུབ་བསྩལ་དུ་གསོལ། །ཛམ་གླིང་གཏེར་གྱི་དངོས་གྲུབ་བསྩལ་དུ་གསོལ། །ཅི་བསམ་དོན་རྣམས་ལྷུན་གྱིས་གྲུབ་པར་མཛོད། །ཅེས་ཕུལ། དེ་ལྟར་ཐུན་བཞིའམ་གསུམ་གྱི་རིམ་པས་ཞག་གསུམ་ལྔ་བདུན་ནམ་ཉེར་གཅིག་ཙམ་བསྒྲུབས་པས་ཚེ་བསོད་ལོངས་སྤྱོད་རྒྱས་པའི་རྟགས་ངེས་ཅན་དུ་འབྱུང་བར་གསུངས་སོ། །ཐུན་མཚམས་སུ་གཡང་འགུགས་བྱ་བ་ལ་ཐོག་མར་བྱིན་རླབས་འབེབ་པ་ནི། གནས་ཁང་འདི་ཉིད་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་ཕོ་བྲང་དངོས་སུ་གསལ་བའི་མདུན་དུ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ གཡས་སུ་ཛམ་བྷ་ལ་སེར་པོ༔ གཡོན་དུ་ནོར་རྒྱུན་མ་སེར་མོ༔ སྟེང་དུ་སློབ་དཔོན་པདྨ་འཇའ་འོད་ཀྱི་གུར་ཁྱིམ་དུ༔ ཟིལ་པ་ཕྲོམ་མེ༔ འོད་ཟེར་ཐིབ་ཐིབ་མཁའ་འགྲོ་སྡེ་ལྔས་བསྐོར་བ༔ གཞན་ཡང་སངས་རྒྱས་བྱང་སེམས་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དཀར་ཕྱོགས་གཞི་བདག་དང་བཅས་ཏེ་བཞུགས་པར་གྱུར༔ རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ མདུན་བསྐྱེད་ལ་ཕོག༔ དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས༔ འཇིག་རྟེན་ཁམས་ཀྱི་ཟས་ནོར་ལོངས་སྤྱོད་མི་ནོར་མངའ་ཐང་ཕྱྭ་གཡང་ཚེ་དང་བསོད་ནམས་ཐམས་ཅད་སྐད་ཅིག་གིས་གནས་འདིར་ཐིབ་ཐིབ་བྱོན་པར་གྱུར༔ ཅེས་མོས་ལ་སློབ་དཔོན་ཞྭ་ཆོས་གསོལ། མདའ་དར་གཡབ། སྤོས་དུད་དབྱངས་རོལ་བཅས། ཧཱུྃ༔ བསྟན་པ་འདི་ལ་ངོ་མཚར་རྨད་བྱུང་བའི༔ འཇིག་རྟེན་དབང་བསྒྱུར་པདྨ་རྒྱལ་པོ་ནི༔ རིགས་ནི་ཨོ་རྒྱན་རྒྱལ་པོའི་སྲས་སུ་འཁྲུངས༔ ཟ་ཧོར་ཡུལ་དུ་སྒྲོ་འདོགས་མ་ལུས་བཅད༔ བསིལ་བ་ཚལ་དུ་དངོས་གྲུབ་རྣམ་གཉིས་བརྙེས༔ ཁ་བ་ཅན་འདིར་བསྟན་པ་རྒྱས་པར་མཛད༔ ལྷོ་ནུབ་རྔ་ཡབ་སྲིན་པོའི་ཁ་གནོན་མཛད༔ མྱ་ངན་མི་འདའ་འགྲོ་བའི་གཉེན་གཅིག་པུ༔ སྐུ་གསུམ་དབྱེར་མེད་ཆེ་མཆོག་ཧེ་རུ་ཀ༔ མཉམ་མེད་བླ་མ་མཆོག་ཁྱེད་དུས་འདིར་དྲན༔ རྒྱལ་བའི་ཞིང་ཁམས་དག་པ་ཆེན་པོ་ནས༔ སྤྱན་འདྲེན་གཤེགས་གསོལ་བྱིན་རློབས་དབང་སྐུར་ཅིག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ༔ ཞེས་མོས་གུས་དང་བཅས་ཏེ་བརྗོད་པས་བྱིན་ཕེབས་པའི་རྟགས་འབྱུང་བར་བཤད་དོ། །དེ་ནས་གཡང་འགུགས་དངོས་ནི། བདག་མདུན་ཐ་མི་དད་པའི་ཐུགས་ཀའི་འོད་ཟེར་ཕྱོགས་ཐམས་ཅད་དུ་འཕྲོས་པས༔ འབྱུང་བ་ས་ཆུ་མེ་རླུང་གི་བཅུད་རྣམས་དང༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཡིག་འབྲུ་གསུམ་གྱི་རྣམ་པ་དང༔ སྐྱེ་འགྲོའི་ཤེས་རྒྱུད་ཐམས་ཅད་གསལ་སྟོང་འཇའ་ཟེར་གྱི་རང་བཞིན་ལས༔ བཀྲ་ཤིས་རྟགས་བརྒྱད༔ བཀྲ་ཤིས་རྫས་བརྒྱད་དང༔ རྒྱལ་སྲིད་སྣ་བདུན་ལ་སོགས་པའི་རྣམ་པར་བྱོན་པ་དང༔ བསམ་གཏན་བཞིའི་གནས་མན་ཆད་ནས༔ ལོངས་སྤྱོད་ཚེ་དང་ཕྱྭ་གཡང་ཐམས་ཅད་གནས་འདིར་སིབ་སིབ་བབས་པས༔ བདག་དང་རྒྱུ་སྦྱོར་རྣམས་ཀྱི་ཚེ་ཉམས་པ་ཚེ་གསོས༔ བསོད་ནམས་ཉམས་པ་རྣམས་བསོད་ནམས་དར་ཞིང་རྒྱས་པར་གྱུར༔ སྟོབས་དང་མངའ་ཐང་ཐམས་ཅད་སླར་དར་ཞིང་རྒྱས་པར་གྱུར༔ ཧཱུྃ་ཧྲཱི༔ གུ་རུ་པདྨའི་སྐུ་ལས་འོད་འཕྲོས་པས༔ རྡོ་རྗེ་མཁའ་འགྲོས་ལྷ་རྣམས་དབང་དུ་སྡུས༔ རིན་ཆེན་མཁའ་འགྲོས་ཡེ་ཤེས་དབང་དུ་སྡུས༔ པདྨ་མཁའ་འགྲོས་ཀླུ་རྣམས་དབང་དུ་སྡུས༔ ལས་ཀྱི་མཁའ་འགྲོས་མི་རྣམས་དབང་དུ་སྡུས༔ སྣ་ཚོགས་མཁའ་འགྲོས་ལྷ་མིན་དབང་དུ་སྡུས༔ མ་ཚོགས་ཤུགས་འགྲོས་སྐྱེ་འགྲོ་དབང་དུ་སྡུས༔ ཕྱི་ནང་གསང་བའི་ཕྱྭ་གཡང་འདིར་བྱོན་ཅིག༔ ཧཱུྃ༔ རྣམ་ཐོས་སྲས་དང་ཛམ་ལྷ་ནོར་རྒྱུན་མ༔ དུས་གསུམ་བདེ་གཤེགས་དཀོན་མཆོག་ཡི་དམ་ལྷ༔ མཁའ་འགྲོ་ཆོས་སྐྱོང་དམ་ཅན་གཞི་བདག་སོགས༔ དཀྱིལ་འཁོར་ལྷ་ཚོགས་རབ་འབྱམས་ཐམས་ཅད་ཀྱིས༔ ཕྱོགས་བཞི་མཚམས་བརྒྱད་ཕྱྭ་གཡང་འདིར་ཁུག་ཅིག༔ ཧཱུྃ༔ བདག་མདུན་ལྷ་ཚོགས་ཐུགས་ཀའི་འོད་ཟེར་གྱིས༔ སྟེང་འོག་བར་གསུམ་ལྷ་ཀླུ་མི་རྣམས་ཀྱི༔ ལོངས་སྤྱོད་མངའ་ཐང་སྙན་གྲགས་མི་ནོར་རྫས༔ དར་དཀར་གཡབ་ཅིང་ཀླད་ནས་སྤྱན་འདྲེན་ན༔ ཐོགས་པ་མེད་པར་ཕྱྭ་གཡང་འདིར་ཁུག་ཅིག༔ ཧཱུྃ༔ གུ་རུའི་རྣམ་འཕྲུལ་མཁའ་འགྲོ་ནོར་ལྷའི་ཚོགས༔ སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་བསམ་མི་ཁྱབ༔ ཇོ་བོ་དཀོན་མཆོག་གསུམ་པོའི་བྱིན་རླབས་དང༔ རིག་འཛིན་གྲུབ་ཐོབ་རྣམས་ཀྱི་ཐུགས་རྗེ་དང༔ ཞི་རྒྱས་དབང་དྲག་ཕྱྭ་གཡང་འདིར་ཁུག་ཅིག༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་ཕྱྭ་དང་གཡང་ལེན་པ༔ ཉི་ཟླ་བཞིན་དུ་ཤར་ཞིང་བྱོན༔ ལྷོ་ཡི་ཕྱོགས་ནས་ཕྱྭ་དང་གཡང་ལེན་པ༔ ལྷོ་སྤྲིན་བཞིན་དུ་འཐིབས་ཤིང་བྱོན༔ ནུབ་ཀྱི་ཕྱོགས་ནས་ཕྱྭ་དང་གཡང་ལེན་པ༔ ཆུ་བོ་བཞིན་དུ་འབབ་ཅིང་བྱོན༔ བྱང་གི་ཕྱོགས་ནས་ཕྱྭ་དང་གཡང་ལེན་པ༔ སྐྱི་སེར་བཞིན་དུ་འགྲིམ་ཞིང་བྱོན༔ སྟེང་གི་ཕྱོགས་ནས་ཕྱྭ་དང་གཡང་ལེན་པ༔ སྦྲང་ཆར་བཞིན་དུ་འབབ་ཅིང་བྱོན༔ འོག་གི་ཕྱོགས་ནས་ཕྱྭ་དང་གཡང་ལེན་པ༔ ལོ་ཏོག་བཞིན་དུ་སྨིན་ཞིང་བྱོན༔ ཁུ་ཡེ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ འཇམ་དཔལ་གཞོན་ནུའི་ཤེས་རབ་དང༔ སྤྱན་རས་གཟིགས་ཀྱི་ཐུགས་རྗེ་དང༔ ཕྱག་ན་རྡོ་རྗེའི་མཐུ་སྟོབས་དང༔ བླ་མེད་དཀོན་མཆོག་གསུམ་གྱི་བྱིན་རླབས་ཀྱིས༔ ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག༔ སངས་རྒྱས་སྟོང་རྩའི་བྱིན་རླབས་དང༔ དམ་པ་རིགས་བརྒྱའི་བྱིན་རླབས་དང༔ གནས་བརྟན་བཅུ་དྲུག་བྱིན་རླབས་དང༔ ཉེ་བའི་སྲས་བརྒྱད་བྱིན་རླབས་དང༔ ཐུབ་པ་དྲུག་གི་བྱིན་རླབས་དང༔ རྒྱལ་བ་རིགས་ལྔའི་བྱིན་རླབས་དང༔ རིགས་གསུམ་མགོན་པོའི་བྱིན་རླབས་དང༔ རྟ་ཕག་ཡབ་ཡུམ་བྱིན་རླབས་དང༔ རང་བྱུང་པདྨའི་བྱིན་རླབས་ཀྱིས༔ ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག༔ སྲིད་པའི་རྩེ་མོ་མན་ཆད་ནས༔ ན་རག་དུཿཁ་ཡན་ཆད་ཀྱི༔ ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག༔ མདོར་ན་གླིང་བཞི་གླིང་ཕྲན་དང༔ རྒྱ་གར་རྒྱ་ནག་ཧོར་དང་འཇང༔ བལ་ཡུལ་ཏི་སེ་མདོ་ཁམས་ཀྱི༔ ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག༔ དར་པོའི་དར་གཡང་འདིར་ཁུག་ཅིག༔ ཕྱུག་པོའི་ཕྱུག་གཡང་འདིར་ཁུག་ཅིག༔ བཙན་པོའི་བཙན་གཡང་འདིར་ཁུག་ཅིག༔ གཉན་པོའི་གཉན་གཡང་འདིར་ཁུག་ཅིག༔ རི་བོའི་རྩེ་ནས་ཕྱྭ་གཡང་ཁུག༔ རྒྱ་མཚོའི་གཏིང་ནས་ཕྱྭ་གཡང་ཁུག༔ མི་ནོར་ལོངས་སྤྱོད་ཕྱྭ་གཡང་ཁུག༔ རྟ་ཕྱུགས་སྤུ་ནག་ཕྱྭ་གཡང་ཁུག༔ ལོ་ཏོག་འབྲས་དྲུག་ཕྱྭ་གཡང་ཁུག༔ ད་ལྟ་ཉིད་དུ་འདིར་འདུས་ཤིག༔ མྱུར་བ་ཉིད་དུ་འདིར་འདུས་ཤིག༔ གནས་ཁང་འདི་ལ་བྱིན་ཕོབ་ཅིག༔ གཡང་རྫས་འདི་ལ་བཅུད་ཕོབ་ཅིག༔ མདའ་དར་འདི་ལ་འོད་ཟུག་ཅིག༔ བཀྲ་ཤིས་བྱིན་ཆགས་འདིར་འདུས་ཤིག༔ ཅེས་དབྱངས་དང་པོ་དལ་བུ༔ བར་དུ་བྲེལ༔ ཐ་མ་མྱུར་མགྱོགས་སུ་གྱེར་རོ༔ ཞག་གྲངས་མང་དུ་བྱེད་ན་ཐུན་རྗེས་མར་ཚོགས་ལ་རོལ། ལྷག་མ་གཏང་བ་ཕྱིན་ཕྲིན་ལས་གཞུང་བཞིན་བྱའོ། །གསུམ་པ་རྗེས་རིམ་ནི། རྟགས་མཐོང་བའམ་སྒྲུབ་ཞག་རྫོགས་པའི་ཐུན་རྗེས་མར་གོང་གི་གཏོར་འབུལ་རྫོགས་པ་དང་། སྦྱིན་བདག་སློབ་དཔོན་གྱི་མདུན་ངོས་སྟན་དཀར་འབྲུའི་དགའ་འཁྱིལ་བྲིས་པ་ལ་སྡོད་དུ་བཅོལ། སྤྲོས་པ་ཆེ་བར་བྱེད་ན་སྔགས་པའམ་བཙུན་པའི་རམ་འདེགས་སོགས་ཡུལ་ལུགས་དང་བསྟུན། བསྡུ་ན་བསང་བཏང་། མདའ་དར་གཡབ་ལ། སློབ་དཔོན་གྱིས་གཏེར་གཞུང་ལྟར་ལོ་རྒྱུས་རྒྱས་པར་བརྗོད་པའམ། དཀྱུས་ཙམ་དུ་གོང་གསལ་དམིགས་པ་ཁོ་ནས་འཐུས་པས་མཚམས་སྦྱོར་གྱི་ཁྱད་པར། ཐོག་མར་བྱིན་རླབས་འབེབ་པ་ཡིན་པས་དམིགས་པ་འདི་ལྟར་མཛོད། གནས་ཁང་འདི་ཉིད་སོགས་ནས། འོད་ཟེར་ཐིབ་ཐིབ་བྱོན་ནས་བྱུང་སྙམ་པ་མཛོད་ལ་མོས་གུས་སྐྱེད་ཅིག །ཅེས་དང་། དེ་ནས་ཕྱྭ་གཡང་འགུགས་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། བདག་མདུན་ཐ་མི་དད་པའི་སོགས་ནས། རྒྱས་པར་གྱུར་པའི་མོས་པ་མཛོད། ཅེས་མཚམས་སྦྱར་ལ་གཡང་འགུགས་གྱེར། དངོས་གྲུབ་བླང་བ་ནི། མདུན་གྱི་ལྷ་ཚོགས་རྣམས་ཀྱི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་ག་བར་མ་ཆད་པ་བྱུང་། ཁྱེད་རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་པར་མོས་ཤིག །ཧཱུྃ༔ བདེ་མཆོག་བདེ་སྤྱོད་ནམ་མཁའི་དཀྱིལ་ཡངས་ནས༔ རྒྱལ་བའི་དཀྱིལ་འཁོར་སྲས་བཅས་ཐུགས་དམ་ཅན༔ ཨོ་རྒྱན་གུ་རུ་པདྨ་འོད་འབར་གྱི༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་དངོས་གྲུབ་ནི༔ ཕྲིན་ལས་བཟང་པོ་ལྷུན་གྱིས་གྲུབ་པའི་དཔལ༔ བུམ་པ་བཟང་དང་དཔག་བསམ་ནོར་བུའི་ཚུལ༔ ད་ལྟ་ཉིད་དུ་བདག་ལ་བསྩལ་དུ་གསོལ༔ འགྱུར་མེད་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ འགག་མེད་གསུང་གི་དངོས་གྲུབ་བསྩལ་དུ་གསོལ༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཡོན་ཏན་རེ་སྐོང་དངོས་གྲུབ་བསྩལ་དུ་གསོལ༔ ཕྲིན་ལས་འགྲོ་འདུལ་དངོས་གྲུབ་བསྩལ་དུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཐུན་མོང་ཡིད་བཞིན་དངོས་གྲུབ་བསྩལ་དུ་གསོལ༔ བླ་མེད་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བརྗོད་ལ་དཀྱིལ་འཁོར་གྱི་མཐར་བཀོད་པའི་ཤ་ཆང་མར་ཐུད་སོགས་ཀྱི་ཕུད་དཀྱིལ་འཁོར་ལ་འབུལ། ལྷག་མ་ཡོན་བདག་ལ་སྦྱིན་ཏེ། དངོས་གྲུབ་ཀྱི་རྫས་རྣམས་ཡིག་འབྲུ་གསུམ་གྱི་རྣམ་པར་ཞུ་ནས་བདུད་རྩིའི་དྭངས་བཅུད་དུ་འཁྱིལ་པ་དེ་ཉིད་ལྷ་ལ་ཕུལ་བས་མཉེས་ནས་འདོད་དོན་བསྩལ། ཁྱེད་རང་གིས་རོལ་པས་མཆོག་ཐུན་མོང་གི་དངོས་གྲུབ་སྟན་ཐོག་འདི་ཉིད་དུ་ཐོབ་པར་མོས་ཤིག །དེ་ནས་མེ་ཏོག་འཐོར་ཏེ། ཞལ་ནས་གསུངས་པའི་ཚིགས་སུ་བཅད་པས་ཐོག་དྲང་ཤིས་བརྗོད་ཇི་ལྟར་འོས་པ་བྱས་ལ་སྦྱིན་བདག་རང་གནས་སུ་གཏང་། སྒྲུབ་པ་པོས་ཚོགས་ལ་རོལ། ལྷག་ཆོག་སོགས་ལས་གཞུང་ལྟར་བྱ་བ་ལས། རྗེས་ཆོག་སྐབས་མཆོད་ཁ་གསོས། མཆོད་བསྟོད་གོང་གསལ་ལྟར་བྱ། ནོང་བཤགས་དང་། བསྐྱེད་པའི་ལྷ་དམ་ཡེ་དབྱེར་མེད་རྟེན་ལ་བརྟན་བཞུགས་བྱས་ཏེ་གང་དུ་བཞུགས་པའི་སྒྲོམ་ལ་སོགས་པར་བཀུར་སྟི་དང་བཅས་ཏེ་བཞག་ལ་སྒོ་བསྡམ། རྟེན་སྙིང་བརྗོད་ལ་འབྲུ་འཐོར། མདུན་དུ་སྣོད་གཙང་མར་འབྲུ་སྣ་ཟས་སྣ་བྱུང་ངོ་ཅོག་གི་ཕུད་མཆོད། ལས་བྱང་གི་རྗེས་རིམ་རྣམས་གཞུང་བཞིན་བྱས་པས་འགྲུབ་བོ། །གཡང་གཞིའི་མཆོད་རྫས་རྣམས་ཕྱི་མི་ལ་མི་སྦྱིན་པར་དངོས་གྲུབ་ཏུ་རོལ། གཏོར་མ་མི་འཇོག་པའམ་འཇོག་ཡུལ་མེད་ན་གཞུང་ལས། ཡང་ན་སྒྲུབ་རྫས་ཀྱི་གཏོར་མ་རི་ཆེན་པོའི་མགོ་ལ་བསྐྱལ་ན༔ སྦྱིན་བདག་རྣལ་འབྱོར་པ་དབུ་འཕང་དགུང་བས་མཐོ༔ ཡང་ན་ཆུ་བོ་ཆེན་པོའི་གཞུང་ལ་འབུལ་ན༔ ཆོས་བརྒྱུད་དང་མི་རྒྱུད་ཆུ་བས་རིང༔ མེ་ཆེན་པོར་བསྲེགས་ན་བསོད་ནམས་མེ་འབར་བ་ལྟར་འོང་ངོ༔ ནགས་རི་ཆེན་པོ་དང་ཤིང་འབྲས་བུ་ཅན་གྱི་རྩ་བར་འབུལ་ན༔ དགོས་འདོད་ལྷུན་གྱིས་གྲུབ་པར་འགྱུར་རོ༔ ཡང་ན་ ཡུལ་དེའི་ཕྱོགས་བཞི་མཚམས་བརྒྱད་ཀྱི་ས་དབྱིབས་ལེགས་པ་རྣམས་སུ་སྨོན་ལམ་དང་ལྡན་པས་ཕུལ་ན༔ ལོངས་སྤྱོད་ཕུན་སུམ་ཚོགས་པར་འགྱུར་རོ༔ ཞེས་གསུངས་པ་ལྟར་ལ་ཐམས་ཅད་ལའང་ཚེ་དབང་ལོངས་སྤྱོད་རྒྱས་པའི་སྨོན་ལམ་རྒྱ་ཆེར་གདབ་བོ། །དེའི་ཕན་ཡོན་ཡང་གཞུང་ལས། དེ་ལྟར་བྱས་ན་བསོད་ནམས་དངོས་གྲུབ་ལོངས་སྤྱོད་འདོད་ཡོན་ནི་མེ་འབར་བ་ལྟར་ཡོང༔ ཁྱད་པར་མ་འོངས་དུས་ཀྱི་ཐ་མ་ལ༔ ཚེ་ཐུང་མི་རྣམས་དབུལ༔ ལོ་ཕྱུགས་ཞན༔ སའི་བཅུད་ཤོར༔ ཕྱྭ་གཡང་ཉམས་ནས་སྐྱེ་འགྲོ་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་དྲྭ་བར་ཆུད་པའི་དུས་སུ༔ ནོར་སྒྲུབ་ཟབ་མོའི་གཡང་ཆོག་འདི་བྱས་ན་ལུང་པ་ཐམས་ཅད་སྣུམ་ཞག་ཐིབ་ཀྱིས་འོངས༔ མི་ནད་ཕྱུགས་ནད་ཡམས་ནད་ལོ་ནད་རྒྱུན་ཆད་ནས༔ བསྐལ་པ་བཟང་པོ་སླར་ཡང་དར་བར་འགྱུར་རོ༔ ཞེས་སོགས་རྒྱས་པར་བསྟན་པ་ལྟར་རོ། ༈ །ཐོད་སྒྲུབ་སྦྲེལ་ན་ཐོད་བརྟག་དང་འཁོར་ལོ་ལ་སོགས་པའི་བཅའ་གཞི་འདི་ཉིད་དང་དགོངས་འདུས་རཏྣའི་ཐུགས་སྒྲུབ་སོགས་གཞན་ནས་འབྱུང་བ་ལྟར་བྱས་ལ་མདུན་རྟེན་དང་ལྷན་ཅིག་བཞག་ལ། མདུན་བསྐྱེད་བཟླས་པ་སྔོན་དུ་འགྲོ་བས་ཐོད་པ་ལ་སྤྲོ་བསྡུའི་དམིགས་པ་གཞུང་གསལ་དང་རྩ་བའི་བཟླས་པ་ཉིད་ཅི་ནུས་བྱ། གྲོལ་ཁ་ཞག་གཅིག་ཙམ་ལ་ལས་སྦྱོར་སྔགས་བཟླ། གཡང་འགུགས་དངོས་གྲུབ་ལེན་པ་རྣམས་དཀྱུས་ལྟར་བྱའོ། །བརྟན་གཡོའི་རྒུད་པ་སྟོན་མཐའི་སྤྲིན་བཞིན་ཡལ། །དཔལ་འབྱོར་ལོངས་སྤྱོད་དཔྱིད་ཀྱི་དགའ་ཚལ་རྒྱས། །མངོན་མཐོའི་ཡོན་ཏན་སྙེ་མ་གཡུར་ཟ་བས། །ངེས་ལེགས་ལུས་ཀྱི་ལང་ཚོ་རབ་འཕེལ་ཤོག །ཅེས་པའི་ཚུལ་འདི་གྲོང་སྔགས་པ་མཆོག་དམན་ཀུན་གྱིས་ཁ་རྒྱན་དུ་བྱེད་ཀྱང་མགོ་གཞུག་ཚང་བ་དཀོན་ཅིང་། དམ་པ་སྔ་མས་མཛད་པ་འགའ་རེ་ཡང་སོ་སོའི་གསུང་རྩོམ་ལ་གཞི་བྱས་པར་སྣང་བས། འདིར་རྩ་བའི་གཏེར་གཞུང་ལ་འཇའ་ཚོན་པ་ཉིད་ཀྱིས་ལྷོ་བྲག་གངས་དབེན་ནས་ཕྲན་གཏེར་དུ་བཞེས་པའི་རྣམ་སྲས་ལས་བྱང་ལེ་དྲུག་མ་བཀའ་བབས་བསྟན་པ་དར་རྒྱས་ལས་ཟམ་མ་ཆད་པར་བྱུང་བ་དང་སྦྲེལ་ཏེ། པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་དཔལ་ཀུན་སྤུངས་པའི་ཡང་ཁྲོད་ནོར་བདག་གནོད་སྦྱིན་ཆེན་པོའི་བསྟི་གནས་དང་ཉེ་བའི་དགའ་ཚལ་དུ་བགྱིས་པ་དགེ་ལེགས་འཕེལ།། །།

དབང་སྡུད་ལས་ཀྱི་འཁོར་ལོའི་རྒྱུད་ (Volume 53, Text 1)

༄༅༔ དབང་སྡུད་ལས་ཀྱི་འཁོར་ལོའི་རྒྱུད་བཞུགས་སོ༔ འདི་དབང་སྡུད་འཁོར་ལོའི་རྩ་བ་ཡིན༔ ཨེ་མ་ཧོ༔ དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས༔ མངའ་གསོལ་རབ་གནས་ཚར་བའི་དུས༔ གཟའ་མིག་དམར་གྱི་སྤྲུལ་པ༔ མཆིམས་རྡོ་རྗེ་སྤྲེ་ཆུང་དབུལ་ཞིང་ཕོངས་ཏེ༔ ནོར་མེད་ནས་སློབ་དཔོན་པདྨ་འབྱུང་གནས་ལ་ཞུས་པ༔ ཀྱེ་སློབ་དཔོན་ཆེན་པོ་ལགས༔ བདག་རྡོ་རྗེ་སྤྲེ་ཆུང་བྱ་བ༔ ཚེ་རབས་སྔོན་མའི་སྦྱིན་ཤུགས་མེད་པས༔ ད་ལྟ་དབུལ་བར་སྐྱེས༔ བཟོད་པ་མ་བསྒོམས་པས་གཟུགས་བྱད་ངན༔ བུད་མེད་ནག་ཆགས་ཀྱི་ཡིད་དུ་མི་འོང༔ དཀོར་ནོར་མེད་པས་རྒྱལ་བློན་རྣམས་ཀྱི་སྤྱན་སྔར་མི་ཆུག་གདའ་བས༔ སློབ་དཔོན་གྱིས་བདག་ལ་ཐུན་མོང་གི་དངོས་གྲུབ་འབྱུང་བའི་མན་ངག༔ ཚེགས་ཆུང་ལ་དོན་ཆེ་བ་ཞིག་བདག་ལ་གནང་བར་ཞུ༔ ཞེས་ཞུས་སོ༔ སློབ་དཔོན་གྱིས་བཀའ་བསྩལ་པ༔ ཨེ་མ་སྤྲེ་ཆུང་སྙིང་རེ་རྗེ༔ ལས་ཅན་རིགས་ཀྱི་བུ་ཁྱོད་ནི༔ སྦྱིན་ཤུགས་ཆུང་ཡང་ཤེས་རབ་ཆེ༔ སྐྱེ་གཟུགས་ངན་ཡང་བརྩོན་འགྲུས་ཆེ༔ དངོས་གྲུབ་མྱུར་དུ་འབྱུང་བ་ཡི༔ གདམས་པ་ནོར་བུ་ལྟ་བུ་འདི༔ སྙིང་ལ་ཆོངས་ལ་སྒྲུབ་པ་གྱིས༔ ཞེས་གསུངས་སོ༔ ལོ་རྒྱུས་སོ༔ རྒྱ་གར་སྐད་དུ༔ མུ་ཧ་ལ་ཀརྨ་ཙཀྲ་ཏནྟྲ༔ བོད་སྐད་དུ༔ དབང་སྡུད་ལས་ཀྱི་འཁོར་ལོའི་རྒྱུད༔ དབང་ཕྱུག་ཆེན་པོ་ལ་ཕྱག་འཚལ་ལོ༔ ཐམས་ཅད་དབང་དུ་སྡུད་པའི་ལས༔ རྒྱལ་པོ་བཙུན་མོ་ཕོ་དང་མོ༔ ནོར་རྣམས་དབང་དུ་བསྡུ་བ་སྟེ༔ རྒྱལ་པོ་དབང་དུ་བསྡུས་ལ་དམངས་སུ་དབབ༔ སྐྱེས་པ་ན་མཉམ་བྲན་དུ་བཀོལ༔ བུད་མེད་ནག་ཆགས་འཕར་དུ་གཞུག༔ ཟས་ནོར་སྲང་དུ་གཞུག་པ་འོ༔ མུ་སྟེགས་རླུང་གི་ཞགས་པ་ཡིས༔ སྐྱེས་པ་དབང་དུ་སྡུད་པ་ནི༔ རང་ཉིད་དབང་ཕྱུག་ཆེན་པོར་བསྒོམ༔ སྨུག་ནག་གཅེར་བུ་རལ་པ་ཅན༔ ཕྱག་གཉིས་ལྕགས་ཀྱུ་ཞགས་པ་བསྣམས༔ རྣམ་ཤེས་འགུག་ཅིང་ཟས་ནོར་སྡུད༔ ཕོ་མཚན་གྱེན་དུ་སྒྲེང་བར་བསྒོམ༔ འགུགས་སྔགས་འདི་ནི་བཟླ་བར་བྱ༔ ཀ་བྷི་ར་ཀོ་བྷི་ར་ཧཱུྃ༔ ཨཱ་ཀརྵཱ་ཡ་ཧྲཱིང་ཛ༔ བསྒོམ་ཞིང་བཟླས་པ་ཙམ་གྱིས་ནི༔ ཕོ་རྒྱུད་ཐམས་ཅད་དབང་དུ་འདུ༔ མུ་སྟེགས་རླུང་གི་ཞགས་པ་ཡིས༔ མོ་རྒྱུད་དབང་དུ་བསྡུ་བ་ནི༔ རང་ཉིད་དབང་ཕྱུག་ཆེན་པོར་བསྒོམ༔ དམར་མོ་གཅེར་བུ་རལ་པ་ཅན༔ ཕྱག་གཉིས་མེ་ལོང་ཞགས་པ་བསྣམས༔ སྣང་སྲིད་གསལ་བཏབ་ཡིད་འོང་སྡུད༔ ཕོ་མཚན་གྱེན་དུ་སྒྲེང་བར་བསྒོམ༔ དབང་སྡུད་སྔགས་ཀྱང་བཟླ་བར་བྱ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཨཱ་ཀརྵཱ་ཡ་ཧྲཱིང༔ བསྒོམ་དང་བཟླས་པས་ས་རྡོ་འཕར༔ བུད་མེད་ནག་ཆགས་སྨྲོས་ཅི་དགོས༔ ཞེས་སོ༔ དབང་སྡུད་ལས་ཀྱི་འཁོར་ལོ་ལས༔ རྩ་བའི་སྔགས་ཀྱི་ལེའུ་སྟེ་དང་པོ་འོ༔ མུ་སྟེགས་དབང་ཕྱུག་ཆེན་པོ་ལ༔ སྒྲུབ་ལུགས་རྣམ་པ་གསུམ་དུ་བྱ༔ ཕྱི་དང་ནང་དང་གསང་བ་འོ༔ དང་པོ་ཕྱི་ཡི་སྒྲུབ་པ་ནི༔ རྒྱ་སྐྱེགས་ཕོ་མཚན་མཁྱིད་གང་བའི༔ ནང་དུ་ཙཀྲ་བྲིས་ལ་གཞུག༔ དེ་ལ་བྱིན་རླབས་རབ་གནས་བྱ༔ བཟླས་པའི་སྔགས་ནི་འདི་ལྟ་སྟེ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ ཧྲི་ཨ་ཏྲི་རྣྲྀ་ཛ༔ ཨཱ་ཀརྵཱ་ཡ་ཧྲིང་ཛ༔ མིའུ་རིགས་བཞིའི་རྣམ་ཤེས་ཁུག་ལ་ཤོག༔ ཞག་བདུན་བར་དུ་བསྒྲུབ་པར་བྱ༔ གཉིས་པ་ནང་གི་སྒྲུབ་པ་ནི༔ ཙནྡན་དམར་པོའི་ཕོ་མཚན་ནི༔ མཁྱིད་གང་ནང་དུ་འཁོར་ལོ་གཞུག༔ དབང་ཕྱུག་ཆེན་པོ་དེ་ལ་བསྟིམ༔ བཟླས་པའི་སྔགས་ནི་འདི་ཡིན་ནོ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ བཛྲ་སིདྡྷི་ཕ་ལ་ཧཱུྃ༔ རཏྣ་སིདྡྷི་ཕ་ལ་ཧཱུྃ༔ པདྨ་སིདྡྷི་ཕ་ལ་ཧཱུྃ༔ ཀརྨ་སིདྡྷི་ཕ་ལ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ མི་སྙིང་སྒུལ༔ མི་འགྲམ་ཆོག༔ མི་སེམས་དཀྲུགས༔ རང་དབང་མེད་པར་ཁུག་ལ་ཤོག༔ དེ་ལ་ཞག་བདུན་བསྒྲུབ་པར་བྱ༔ གསུམ་པ།་་་གསང་བའི་སྒྲུབ་པ་འདི་ལྟ་སྟེ༔ ཟངས་ཀྱི་ཕོ་མཚན་མཁྱིད་གང་ལ༔ ནང་དུ་འཁོར་ལོ་བྲིས་ལ་གཞུག༔ དབང་ཕྱུག་ཆེན་པོ་བཀུག་ལ་བསྟིམ༔ དབང་སྡུད་སྔགས་བཟླས་ཞག་བདུན་བསྒྲུབ་པར་བྱ༔ འགྲོ་བ་མ་ལུས་བྲན་དུ་འཁོལ༔ དབང་ཕྱུག་ཆེན་པོའི་སྒྲུབ་པ་ནི༔ རྒྱུ་སྐར་རྒྱལ་གྱི་ཉི་མ་ནས༔ ཞག་བདུན་བར་དུ་བསྒྲུབ་པར་བྱ༔ མཎྜལ་མཐོ་གང་སོར་བཞི་པ༔ སྨད་འཚོང་མ་ཡི་ཆུ་ཡིས་བྱུགས༔ རེ་ཁཱ་དཀར་པོས་ཟླ་གམ་བྲི༔ དེ་སྟེང་ཟངས་གཞོང་ཟླ་གམ་བཞག༔ དེ་ཡི་ནང་དུ་ནས་དམར་བླུག༔ རཏྣ་ལྔ་དང་འབྲུ་སྣ་ལྔ༔ སྨན་སྣ་ལྔ་དང་དར་སྣ་ལྔས་བཀང༔ ཟངས་ཀྱི་ཕོ་མཚན་དབུས་སུ་བཞག༔ རྒྱ་སྐྱེགས་ཕོ་མཚན་གཡས་སུ་བཞག༔ ཙནྡན་ཕོ་མཚན་གཡོན་དུ་བཞག༔ དེ་གསུམ་དབང་ཕྱུག་ཆེན་པོར་བསྒོམ༔ ཧ་ལོ་ཨུག་ཆོས་གླང་པོ་སྣ༔ མེ་ཏོག་དམར་པོ་གསུམ་གྱིས་མཆོད༔ དབང་ཕྱུག་ཆེན་པོ་བསྒོམས་ལ་བསྙེན་པ་བྱ༔ སྐུ་མདོག་དམར་པོ་འོད་ཟེར་འཕྲོ༔ ཞལ་གཅིག་ཕྱག་གཉིས་ཞལ་འཛུམ་ཅན༔ ཕྱག་གཡས་ཁ་ཊྭཱཾ་གཡོན་པ་ན༔ ལྕགས་མདའ་ལྕགས་གཞུ་བསྣམས་པ་འོ༔ ཞབས་གཉིས་རླུང་གི་དལ་ལ་བཞུགས༔ ཕོ་མཚན་གྱེན་དུ་སྒྲེང་བར་བསྒོམ༔ དེ་ཡི་ཕྱོགས་བཞིར་མུ་སྟེགས་ཀྱི༔ མཁའ་འགྲོ་སྡེ་བཞི་བསྒོམ་པར་བྱ༔ ཤར་དུ་རྡོ་རྗེ་མཁའ་འགྲོ་མ༔ དཀར་ནག་ཏྲི་ཤཱུལ་བ་དན་བསྣམས༔ གཅེར་བུ་རལ་པ་སྤྱན་གསུམ་བསམ༔ ལྷོ་རུ་རཏྣ་སེར་ནག་བསྒོམ༔ ནུབ་ཏུ་པདྨ་དམར་ནག་བསྒོམ༔ བྱང་དུ་ཀརྨ་ལྗང་ནག་བསྒོམ༔ ཐམས་ཅད་གཅེར་བུ་རུས་རྒྱན་ཅན༔ ཕྱག་མཚན་ཁ་ཊྭཱཾ་དར་དཔྱང་འཕྱར༔ རྐང་པ་རླུང་གི་འཁོར་ལོས་བཏེགས༔ མཁའ་འགྲོ་བཞི་ཡི་ཕྱག་མཚན་གྱི༔ ཁ་ཊྭཱཾ་བ་དན་བཞི་གཡབ་པས༔ རླུང་གི་འཁོར་ལོ་རྟག་ཏུ་འཁོར༔ འཛམ་གླིང་འཇིག་རྟེན་མེར་ཞིང་འཁྱོམ༔ ཁྲོམ་གྱི་མི་སྡེ་ཐམས་ཅད་ཀྱི༔ འོག་ཏུ་རླུང་གི་ཙཀྲ་འཁོར༔ ཁྱོམ་ཁྱོམ་ལྡེག་ལྡེག་རྟག་ཏུ་འཁོར༔ དེ་ལྟར་བསམ་ཞིང་སྔགས་འདི་བཟླ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ མི་སེམས་དཀྲུགས་ཡ༔ དེ་ལྟར་བཟླས་པ་ཙམ་གྱིས་ནི༔ ཁྲོམ་རྣམས་ངུ་ཞིང་འཁྲབ་པ་དང༔ གར་བྱེད་པ་སོགས་འབྱུང་བར་འགྱུར༔ ཅེས་སོ༔ དབང་སྡུད་ལས་ཀྱི་འཁོར་ལོ་ལས༔ སྤྱིའི་སྒྲུབ་པ་ཆེན་པོའི་ལེའུ་སྟེ་གཉིས་པའོ༔ མུ་སྟེགས་དབང་ཕྱུག་ཆེན་པོ་ལས༔ འཁོར་ལོའི་སྒྲུབ་ཐབས་བཤད་པར་བྱ༔ འཁོར་ལོ་རྣམ་པ་གསུམ་དུ་འདོད༔ ཉི་ཟླ་རླུང་གི་འཁོར་ལོ་ལ༔ བརྟེན་ནས་གྲགས་པ་སྒྲུབ་པ་དང༔ ནོར་བུ་བསམ་འཕེལ་འཁོར་ལོ་ལ༔ བརྟེན་ནས་ཟས་ནོར་སྒྲུབ་པ་དང༔ དབང་སྡུད་ལས་ཀྱི་འཁོར་ལོ་ལ༔ བརྟེན་ནས་ཕོ་མོ་དབང་དུ་སྡུད་པའོ༔ ཉི་ཟླ་རླུང་གི་འཁོར་ལོ་ནི༔ གྲོ་ག་ཤོག་བུ་དག་ལ་ནི༔ འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས༔ དབུས་སུ་ཕོ་མོའི་ལིང་ག་བྲི༔ མིང་རུས་ནྲྀ་ཡི་གཟུགས་ལ་བཀོད༔ ཐ་མ་སྔགས་ཚིག་འདི་ཡིས་བསྐོར༔ ཨཱ་ཀརྵཱ་ཡ་ཧྲིང་ཛ༔ ཆེ་གེ་མོའི་རྣམ་པར་ཤེས་པ་ཁུག་ལ་ཤོག༔ རྩིབས་བཞི་ལ་ནི་སྔགས་འདི་བྲི༔ ཀ་བྷི་ར་ཀོ་བྷི་ར༔ ཨཱ་ཀརྵཱ་ཡ་ཧྲིང་ཛ༔ རྩིབས་མཆན་བཞི་ལ་སྔགས་འདི་བྲི༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཆེ་གེ་མོ་ཨཱ་ཀརྵཱ་ཡ་ཧྲིང་ཛ༔ མུ་ཁྱུད་ལ་ནི་སྔགས་འདི་བྲི༔ ཨུ་ཙུས་མ་ཀུག་ཏ་ཧཱུྃ༔ ཞེས་བྲི་དར་དམར་དྲིལ་བྱས་ལ༔ རྒྱ་སྐྱེགས་ཕོ་མཚན་ནང་དུ་གཞུག༔ སྤྲ་ཚིལ་ཞབས་བསྡམས་དར་གྱིས་དྲིལ༔ སྒྲུབ་པ་ཞག་བདུན་བྱས་པ་ཡིས༔ འཇིག་རྟེན་སྙན་གྲགས་ཆེན་པོས་གང༔ གཡུ་འབྲུག་སྔོན་མོའི་སྐད་བཞིན་དུ༔ སྟོང་གསུམ་སྒྲ་སྐད་གྲགས་པར་འགྱུར༔ ནོར་བུ་བསམ་འཕེལ་འཁོར་ལོ་ནི༔ གྲོ་ག་འམ་ཤོག་བུ་དག་ལ་བྲི༔ འཁོར་ལ་རྩིབས་བཞི་མུ་ཁྱུད་བཅས༔ དབུས་སུ་རིན་ཆེན་མིག་གསུམ་ལ༔ ཨོཾ་ཨཱཿཧྲཱིཿགསུམ་བྲི་བར་བྱ༔ དེ་ཡི་ཐ་མར་སྔགས་འདིས་བསྐོར༔ ཟས་ནོར་ཐམས་ཅད་བདག་གི་དབང་སྡུས་ཤིག༔ ཨཱ་ཀརྵཱ་ཡ་ཧྲིང་ཛ༔ རྩིབས་བཞི་ལ་ནི་སྔགས་འདི་བྲི༔ ཀ་བྷི་ར་ཀོ་བྷི་ར༔ ཟས་ནོར་སརྦ་ཨཱ་ཀརྵཱ་ཡ་ཧྲིང་ཛ༔ རྩིབས་མཆན་བཞི་ལ་སྔགས་འདི་བྲི༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཟས་ནོར་སརྦ་ཨཱ་ཀརྵཱ་ཡ་ཧྲིང་ཛ༔ མུ་ཁྱུད་ལ་ནི་སྔགས་འདི་བྲི༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ བཛྲ་སིདྡྷི་ཕ་ལ་ཧཱུྃ༔ རཏྣ་སིདྡྷི་ཕ་ལ་ཧཱུྃ༔ པདྨ་སིདྡྷི་ཕ་ལ་ཧཱུྃ༔ ཀརྨ་སིདྡྷི་ཕ་ལ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ མི་སྙིང་སྒུལ་མི་འགྲམ་ཆོག༔ མི་སེམས་དཀྲུགས་རང་དབང་མེད་པར་ཁུག་ལ་ཤོག༔ ཅེས་བྲི་དར་དམར་དག་གིས་དྲིལ༔ ཙནྡན་ཕོ་མཚན་ནང་དུ་གཞུག༔ སྤྲ་ཚིལ་ཞབས་བསྡམས་དར་གྱིས་དྲིལ༔ སྒྲུབ་པ་ཞག་བདུན་བྱས་པ་ཡིས༔ འཇིག་རྟེན་ཟས་ནོར་དབང་དུ་འདུ༔ ཁྱད་པར་བུད་མེད་དབང་དུ་འདུ༔ དབང་སྡུད་ལས་ཀྱི་འཁོར་ལོ་ནི༔ གྲོ་ག་ཤོག་བུ་དག་ལ་ནི༔ འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས༔ ལྟེ་བར་སྲིད་པའི་ཕོ་མཚན་བྲི༔ དེ་ཡི་མཐའ་རུ་འདི་ཉིད་བྲི༔ སྣང་སྲིད་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ཨཱ་ཀརྵཱ་ཡ་ཧྲིང་ཛ༔ རྩིབས་བཞི་ལ་ནི་སྔགས་འདི་བྲི༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཨཱ་ཀརྵཱ་ཡ་ཧྲིང་ཛ༔ རྩིབས་མཆན་བཞི་ལ་སྔགས་འདི་བྲི༔ ཨ་ཏྲི་རྣྲྀ་གསུམ་བདག་གི་དབང་དུ་སྡུས་ཤིག༔ ཨཱ་ཀརྵཱ་ཡ་ཧྲིང་ཛ༔ མུ་ཁྱུད་ལ་ནི་སྔགས་འདི་བྲི༔ ཀ་བྷི་ར་ཀོ་བྷི་ར༔ དུང་དུང༔ འདུས་འདུས༔ སྡུས་སྡུས༔ འདུ་འདུ༔ མགོ་ནག་མིའི་སེམས་དཀྲུགས་ལ༔ སྙིང་འཕྱོ་རུ་ཆུག༔ རྐང་པ་འགྲོ་རུ་ཆུག༔ ཡིད་ཀྱི་རྣམ་ཤེས་རང་དབང་མེད་པར་ཁུག་ལ་ཤོག༔ ཅེས་བྲི་དར་དམར་གྱིས་དྲིལ་ལ༔ ཟངས་ཀྱི་ཕོ་མཚན་ནང་དུ་གཞུག༔ སྤྲ་ཚིལ་ཞབས་བསྡམས་དར་གྱིས་དྲིལ༔ རང་ཉིད་དབང་ཕྱུག་ཆེན་པོར་བསྒོམ༔ དམར་ནག་གཅེར་བུ་རལ་པ་ཅན༔ ཕྱག་གཡས་ཕོ་མཚན་མེ་ལོང་བསྣམས༔ མོ་རྣམས་ཆགས་པ་གཡོ་བར་བྱེད༔ འཇིག་རྟེན་ཐམས་ཅད་ས་ལེར་གཟིགས༔ གཡོན་པ་ཉི་ཟེར་ཞགས་པ་བསྣམས༔ འཇིག་རྟེན་ཟས་ནོར་དབང་དུ་སྡུད་པར་བྱེད༔ ཕོ་མཚན་གྱེན་དུ་སྒྲེང་བར་བསྒོམ༔ དབང་སྡུད་སོ་སོར་འགུགས་པའི་སྔགས༔ དུང་དུང་འདུས་འདུས་ཞེས་བཏགས་པ༔ བཟླས་པ་ཙམ་གྱིས་སྣང་སྲིད་འཁྲུགས༔ ལྷ་རྣམས་ཐམས་ཅད་གྲོགས་སུ་འོང༔ འདྲེ་རྣམས་ཐམས་ཅད་སྐད་ངན་འདོན༔ མི་རྣམས་ཐམས་ཅད་བྲན་དུ་འཁོལ༔ ཉི་ཤུ་རྩ་གཅིག་ཞག་གིས་བསྒྲུབ༔ མུ་སྟེགས་དབང་ཕྱུག་ཆེན་པོ་ཡིས༔ སྣང་བ་དབང་དུ་སྡུད་པ་འོ༔ དབང་སྡུད་ལས་ཀྱི་འཁོར་ལོ་ལས༔ འཁོར་ལོ་རྣམ་གསུམ་བྲི་བའི་ལེའུ་སྟེ་གསུམ་པའོ༔ མུ་སྟེགས་དབང་ཕྱུག་ཆེན་པོ་ཡི༔ སྒྲུབ་པ་ལས་སྦྱོར་གོ་རིམ་ནི༔ ཉི་ཟླ་རླུང་གི་འཁོར་ལོ་ལ༔ དབུས་སུ་ལིང་ག་བྲིས་ནས་ཀྱང༔ མིང་ལ་རྒྱལ་པོ་བློན་པོ་དང༔ དགེ་བཤེས་དེད་དཔོན་ཡ་རབས་དང༔ ཆེ་བཙུན་རྣམས་ཀྱི་སྤྱི་མིང་བྲི༔ རུས་ནི་རྒྱལ་རིགས་རྗེ་རིགས་དང༔ བྲམ་ཟེའི་རིགས་དང་དམངས་རིགས་བྲི༔ མིང་སྤེལ་ཡོད་ན་གོ་མཚམས་སུ༔ མི་ཆེན་ཐམས་ཅད་ཁུག་ཅེས་བྲི༔ དེ་ནི་སྒྲུབ་པའི་འཁོར་ལོ་ཡིན༔ ཉི་ཟླ་འཁོར་ལོ་ཇི་ལྟ་བུའི༔ དབུས་སུ་ལིང་ག་མ་བྲིས་པར༔ གང་འགུགས་དེ་རང་རྐྱང་པ་བྲི༔ མིང་སྤེལ་མིང་རུས་བྲི་བར་བྱ༔ ལས་སྦྱོར་འཁོར་ལོའི་བྲི་ཐབས་སོ༔ གཉིས་ཀ་སྦགས་ལ་རྒྱ་སྐྱེགས་ཀྱི༔ ཕོ་མཚན་ནང་དུ་གཞུག་པར་བྱའོ༔ ནོར་བུ་བསམ་འཕེལ་འཁོར་ལོ་ལ༔ ཟས་ནོར་མང་པོའི་སྤྱི་མིང་བྲི༔ ལས་སྦྱོར་སྔ་མ་ཇི་བཞིན་ལ༔ ལྟེ་བར་ནོར་བུ་མ་བྲིས་པར༔ གང་འདོད་དེ་ཡི་མིང་རུས་བྲི༔ སྦགས་ཏེ་ཙནྡན་ནང་དུ་གཞུག༔ སྣང་བ་དབང་སྡུད་འཁོར་ལོ་ལ༔ ཕོ་མོ་བསོད་ནམས་ཡོད་པ་ཡི༔ མིང་རུས་མང་པོ་བྲི་བར་བྱ༔ ལས་སྦྱོར་སྔ་མ་ཇི་ལྟ་བུའི༔ དབུས་སུ་འཇིག་རྟེན་མི་མིང་བྲི༔ གང་འགུགས་དེ་རང་རྐྱང་པ་ཡི༔ མིང་རུས་བྲིས་པ་དྲི་མ་དང༔ ཟངས་ཀྱི་ཕོ་མཚན་ནང་དུ་གཞུག༔ སྒྲུབ་པ་ལས་སྦྱོར་དེ་ལྟར་བྱ༔ ཞེས་དབང་སྡུད་ལས་ཀྱི་འཁོར་ལོ་ལས༔ སྒྲུབ་པའི་འཁོར་ལོ་དང་ལས་སྦྱོར་འཁོར་ལོའི་ཁྱད་པར་བསྟན་པའི་ལེའུ་སྟེ་བཞི་པའོ༔ མུ་སྟེགས་དབང་ཕྱུག་ཆེན་པོ་ཡི༔ ཕོ་མོ་རྐྱང་འདེད་སྒྲུབ་ཐབས་ཀྱི༔ དབང་དུ་བྱེད་པའི་ལས་བསྟན་པ༔ གང་ལ་བྱ་བའི་ལིང་ག་བྲི༔ སྙིང་གར་མིང་ལ་དཔྲལ་བར་རུས༔ ཁོག་ཏུ་བྱིའུ་ནས་ཟན་སྙིང༔ བཏུམས་ལ་སྔོ་དམར་སྐུད་པས་བཅིང༔ མགུལ་བཏགས་མིས་མ་མཐོང་བར་བྱ༔ གྲུབ་རྗེས་མི་མཐོང་ས་རུ་སྦ༔ འགུགས་སྔགས་འདི་ནི་བཟླ་བར་བྱ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ རང་དབང་མེད་པར་ཁུག་ལ་ཤོག༔ ཆེ་གེ་མོ་བདག་གི་དབང་དུ་གྱུར་ཅིག༔ ཕོ་མོ་རྐྱང་འདེད་སྒྲུབ་པ་འོ༔ མུ་སྟེགས་རླུང་གི་ཞགས་པ་ཡིས༔ སྐྱེས་པ་བྲན་དུ་འཁོལ་བའི་ལས༔ རྫས་དང་སྔགས་དང་ཏིང་འཛིན་གསུམ༔ རྫས་ནི་དུང་ཆུང་སྲིན་མེད་དང༔ མ་རུ་མགོ་ནག་བྱ་མ་བྱིའི་ཤ༔ ཞིབ་བཏགས་ལུག་གི་འོ་མས་སྦྲུས༔ རིལ་བུ་སྲན་མའི་ཚད་ཙམ་བྱས༔ མ་སྤྱད་རྫ་དམར་ནང་དུ་བླུག༔ ཁ་བཅད་རླངས་མ་ཐོན་པར་བྱ༔ དེ་ནས་སྔགས་ཀྱི་རིམ་པ་ནི༔ ཡག་ཤ་དུན་ཏྲི་དུན་ཏྲི་ཕོབ༔ ཉ་ཤ་ཉ་ཚ་ཤོ་ནི་ཁུག་ནི་ཛ༔ སྐྱེས་པ་ཐམས་ཅད་བདག་གི་དབང་དུ་གྱུར་ཅིག༔ དེ་ནས་ཏིང་འཛིན་རིམ་པ་ནི༔ བདག་ཉིད་དབང་ཕྱུག་ཆེན་པོར་བསྒོམ༔ ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ སྐྱེས་པ་རྣམས་ཀྱི་སྙིང་ལ་ཕོག༔ དཀར་ནག་མཚམས་སུ་ཡོད་པ་ཡི༔ འོད་ཀྱི་རིམ་པ་འགྲོན་བུ་ཙམ༔ ཚུར་ལ་འུབ་འུབས་འདུས་པར་བསམ༔ ཐམས་ཅད་བདག་གི་དབང་དུ་གྱུར༔ ཏིང་འཛིན་རྩེ་གཅིག་བསམ་པས་བསྡུ༔ རྒྱལ་གྱི་ཉིན་མོ་བསྒྲུབ་པ་བྱ༔ ཉིན་ཞག་གཅིག་གིས་འགྲུབ་པ་ཡིན༔ ལས་སྦྱོར་རིལ་བུ་བརྡེག་པ་འམ༔ ཁོང་དུ་འཐུང་ན་བྲན་དུ་འགྱུར༔ མུ་སྟེགས་རླུང་གི་ཞགས་པ་ཡིས༔ བུད་མེད་ནག་ཆགས་དབང་སྡུད་ན༔ རྫས་དང་སྔགས་དང་ཏིང་འཛིན་གསུམ༔ རྫས་ནི་བག་ཟན་མོ་གཟུགས་སོར་བཞི་ལ༔་་་ཆུ་ཤུལ་ས་བསྲེས་པ། མོ་མཚན་ནས་གང་ཙམ་ཞིག་བྱ༔ སྒ་དང་ཕོ་རིལ་པི་པི་ལིང༔ ནང་དུ་ཚ་བ་གསུམ་པོ་བླུགས༔ ཟངས་ཁབ་བྷ་གའི་ནང་དུ་གཟུག༔ སྔགས་ཀྱི་རིམ་པ་བསྟན་པ་ནི༔ འདི་དག་བཟླས་ཤིང་ཟངས་ཁབ་སྒུལ༔ ཀ་བྷི་ར་ཀོ་བྷི་ར༔ ཙག་ཙག་གཡའ་ཙག་ཙག༔ སད་སད་ཁུག་ཁུག་ཨེ༔ བུངས་བསྐྱེད་བཟླས་པས་མོ་མཚན་དུ༔ རླངས་པ་བྱུང་ན་འགྲུབ་རྟགས་ཡིན༔ ཟངས་ཁབ་དམིགས་བྱའི་ལུས་ལ་གཟུག༔ གང་ལ་བཙུགས་བཏོན་དེ་ཁུག་འགྱུར༔ ཏིང་འཛིན་དམིགས་པའི་རིམ་པ་ནི༔ བདག་ལ་མོས་ཤིང་དད་པ་ཡིས༔ རང་དབང་མེད་པར་ཁུག་པར་བསྒོམ༔ ནག་ཆགས་དབང་སྡུད་རིམ་པའོ༔ དབང་སྡུད་ལས་ཀྱི་འཁོར་ལོ་ལས༔ ལས་སྦྱོར་གྱི་ལེའུ་སྟེ་ལྔ་པ་འོ༔ མུ་སྟེགས་དབང་ཕྱུག་ཆེན་པོ་ལ༔ སྒྲུབ་ལུགས་རྣམ་པ་མང་ན་ཡང༔ ཡིད་བཞིན་ནོར་བུའི་སྒྲུབ་པ་འདི༔ དཔྲལ་བའི་མིག་དང་འདྲ་བ་འོ༔ འདི་ལ་སྒྲུབ་ལུགས་རྣམ་པ་གསུམ༔ ཕྱུག་པོ་གསུམ་གྱི་བང་མཛོད་ས༔་་་རྒྱལ་རིགས་རིགས་ཀྱིས་ཕྱུག །རྗེ་རིགས་བསོད་ནམས་ཀྱིས་ཕྱུག །འཕེན་པོ་སྲིད་ཀྱིས་ཕྱུག་པ་དང་གསུམ་མོ། །གནས་གཞི་གསུམ་གྱི་ཐབ་ཀྱི་ས༔ རི་བོ་མིང་ཅན་གསུམ་གྱི་ས༔ ཞིང་བཟང་མུ་མ་གསུམ་གྱི་ས༔ དེ་རྣམས་ས་དང་དབེན་པའི་ས༔ རྒྱལ་གྱི་ཉིན་པར་བང་བ་བརྩིགས༔ ཕྱུག་པོ་གསུམ་གྱི་ནས་བླངས་ལ༔ ནས་ཀྱིས་བང་བ་ཁེངས་པར་བཀང༔ སྟེང་དུ་དར་དམར་མཐོ་གང་སྟེང༔ དེ་སྟེང་ནོར་བུའི་འཁོར་ལོ་བཞག༔ ཕྱུག་པོའི་ནོར་སྣ་འབྲུ་སྣ་དང༔ རཏྣ་ལ་སོགས་གཡང་རྫས་ཀྱིས༔ ནོར་བུ་བསམ་འཕེལ་རྟེན་ལ་མཆོད༔ འདོད་པའི་དོན་ལ་གསོལ་བ་བཏབ༔ ཅི་འདོད་དངོས་གྲུབ་སྟེར་བར་བསམ༔ ཤིན་ཏུ་གསང་ན་འགྲུབ་པ་ཡིན༔ ཡིད་བཞིན་ནོར་བུའི་སྒྲུབ་པ་འོ༔ ནང་སྒྲུབ་མཎྜལ་མདའ་གང་གཅིག༔ ཤིང་དམར་ཟླ་གམ་དབྱིབས་སུ་བརྩིག༔ སྲི་ཤིང་ཕུར་མོའི་ཡམ་ཤིང་ལ༔ བདག་ཉིད་དབང་ཕྱུག་ཆེན་པོ་བསྒོམ༔ ཐབ་ཀྱི་མེ་ལྷ་དེ་བཞིན་བསྐྱེད༔ བསྲེག་རྫས་བདུད་རྩི་ལྔ་རུ་བསམ༔ སྔགས་ཚིག་འདི་ཡིས་སྦྱིན་སྲེག་བྱ༔ ཀ་བྷི་ར་ཀོ་བྷི་ར༔ ཛྭ་ལ་རཾ་སརྦ་སིདྡྷི་ཨ་ལ་ལ་ཧོ༔ རྒྱལ་པོ་ལ་སྟོང་དམངས་ལ་བརྒྱ༔ བཟླས་ཏེ་བསྲེག་རྫས་ཐབ་ཏུ་འབུལ༔ ཡིད་ལ་ཅི་འདོད་ཐོབ་པར་འགྱུར༔ དབང་ཕྱུག་ཆེན་པོར་མོས་ན་སིདྡྷི་འབྱུང༔ ཡིད་བཞིན་ནོར་བུའི་ནང་སྒྲུབ་བོ༔ གསང་སྒྲུབ་ལྷ་སྔགས་རྟེན་དང་གསུམ༔ ལྷ་ནི་དབང་ཕྱུག་ཆེན་པོར་བསྒོམ༔ དམར་མོ་གཅེར་བུ་འོད་འཕྲོ་ཞིང༔ ཕྱག་གཉིས་དབང་གི་ཕྱག་རྒྱ་ཅན༔ གཡས་པ་མེ་ལོང་གཡོན་པ་ཞགས༔ སྣ་ཚོགས་རིན་ཆེན་རྒྱན་གྱིས་མཛེས༔ ཁམས་གསུམ་དབང་སྡུད་སྐུ་རུ་བསྒོམ༔ དངུལ་དཀར་མེ་ལོང་རྟེན་དུ་གཟུང༔ སྔགས་འདི་མེ་ལོང་དག་ལ་བཏབ༔ ཀ་བྷི་ར་ཀོ་བྷི་ར༔ མི་སྙིང་སྒུལ་སྒུལ༔ མི་འགྲམ་ཆོག་ཆོག༔ མི་སེམས་དུང་དུང༔ རང་དབང་མེད་པར་ཁུག་ལ་ཤོག༔ འགྲུབ་རྟགས་བདག་ལ་ཕྱག་འཚལ་ཞིང༔ སྐྲ་གཅོད་ཆོས་འབུལ་ནོར་འབུལ་དང༔ གཡུ་འབུལ་བྱུང་བར་ཡུན་བསྲིངས་ཏེ༔ མ་བྱུང་བར་དུ་བསྒྲུབ་པར་བྱ༔ ཞེས་གསུངས་སོ༔ དབང་སྡུད་ལས་ཀྱི་འཁོར་ལོ་ལས༔ ཡིད་བཞིན་ནོར་བུ་སྒྲུབ་པའི་ལེའུ་སྟེ་དྲུག་པ་འོ༔ དབང་ཕྱུག་ཆེན་པོ་སྒྲུབ་པའི་དུས༔ རྒྱུ་སྐར་རྒྱལ་ལ་མགོ་བཙུགས་ལ༔ ཞག་བདུན་བར་དུ་བསྒྲུབ་པར་བྱ༔ ཕྱིས་ཀྱང་ཟླ་བ་གང་ཤར་གྱི༔ སྐར་མ་རྒྱལ་ནི་ནམ་བྱུང་ཚེ༔ བདུན་བདུན་སྒྲུབ་པ་སྒྲུབ་ཚད་བྱ༔ རྟགས་ནི་ཆོ་འཕྲུལ་འོད་དང་སྒྲ༔ རང་ཁྱིམ་འཚག་ཅིང་ཚ་ཧུར་བྱེད༔ གཟུགས་པོ་རྔུལ་ཞིང་དྲོད་དུ་འབར༔ བུད་མེད་མཛེས་ཤིང་ལེགས་པ་འོང༔ དེ་ལ་ཆགས་པ་མི་བྱ་འོ༔ འཇིགས་སྐྲག་དངངས་པའི་ལྟས་མཐོང་ཡང༔ དེ་ལ་འཇིགས་པར་མི་བྱ་འོ༔ རྣལ་འབྱོར་ལ་སོགས་སེམས་བརྟན་བྱ༔ ཐམས་ཅད་སེམས་སུ་ཤེས་པར་བྱའོ༔ ཤེས་པ་འཚུབ་ཅིང་འཐབ་སྙིང་འདོད༔ ཕྱོ་ཕྱོ་བྱེད་སོགས་ཁོ་ཡི་རྟགས༔ ཡིད་གཉིས་ཐེ་ཚོམ་ལོག་ལྟ་སྐྱེ༔ བསྐལ་པར་བསྒྲུབས་ཀྱང་མི་འགྲུབ་བོ༔ སྒྲུབ་ལ་བརྩོན་ཞིང་ཐེ་ཚོམ་མེད༔ བླ་མར་གུས་ཤིང་གཏོང་ཕོད་ཆེ༔ དེ་ཡིས་བསྒྲུབ་ན་འགྲུབ་པར་འགྱུར༔ སིདྡྷི་དེ་མ་ཐག་ཏུ་འབྱུང༔ རང་ཉིད་མ་འགྱུར་གཞན་མི་འགྱུར༔ རང་གི་སྣང་བ་འགྱུར་བ་དང༔ གཞན་སྣང་འགྱུར་བ་དུས་གཅིག་ཡིན༔ དེས་ན་སྙིང་རུས་ཡོད་པའི་མིས༔ འདི་ཉིད་སྒྲུབ་པའི་ཡོན་ཏན་གྱིས༔ ལན་གཅིག་བསྒྲུབས་དང་སྣ་གཅིག་འབྱུང༔ ལན་གཉིས་བསྒྲུབས་པས་ཟས་ནོར་འབྱུང༔ ལན་གསུམ་བསྒྲུབས་ན་ཁམས་གསུམ་འདུ༔ དབང་ཕྱུག་ཆེན་པོ་ཞེས་བྱ་བའི༔ གསང་སྒྲུབ་ནོར་བུ་རིན་ཆེན་འདི༔ ཨོ་རྒྱན་པདྨ་འབྱུང་གནས་ལ༔ དབང་ཕྱུག་ཆེན་པོས་སྲོག་སྙིང་ཕུལ༔ སྒྲུབ་ཐབས་བརྒྱ་དང་བརྒྱ་རྩ་ལས༔ ནང་སྒྲུབ་དབང་སྡུད་འཁོར་ལོ་ཡིན༔ ཞེས་གསུངས་སོ༔ དབང་སྡུད་ལས་ཀྱི་འཁོར་ལོ་ལས༔ སྒྲུབ་པའི་རྟགས་ཚད་བསྟན་པའི་ལེའུ་སྟེ་བདུན་པ་འོ༔ དབང་ཕྱུག་ཆེན་པོ་རྩ་བའི་སྒྲུབ་ཐབས་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྐུ་གསུང་ཐུགས་ཀྱི་རྒྱ་ཡིས་བཏབ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མཐའ་འཁོབ་བཞི་རུ་བརྒྱུད་ནས་ནི༔ དྲག་སྔགས་མང་པོའི་སྒྲ་ཡང་བསྒྱུར༔ ལྷ་སྲིན་སྡེ་བརྒྱད་སྲོག་ཀྱང་ཤེས༔ བོད་ཀྱི་རྒྱལ་བློན་དབང་དུ་བསྡུས༔ ལྷ་སྲིན་མི་བསྲུན་དམ་ལ་བཏགས༔ བསམ་ཡས་ས་འདུལ་མངའ་གསོལ་བྱས༔ བོད་ཁམས་ཐམས་ཅད་བདེ་ལ་བཀོད༔ ཅེས་གསུངས་སོ༔ འཇིག་རྟེན་འདི་ན་དབང་ཆེ་བས་དབང༔ སྲིད་པ་གསུམ་ན་ཕྱུག་པས་ཕྱུག༔ འགྲན་གྱི་དོ་ཟླ་མེད་པས་ཆེ༔ དེ་ཕྱིར་དབང་ཕྱུག་ཆེན་པོ་ཞེས་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡང་མཆིམས་རྡོ་རྗེ་སྤྲེ་ཆུང་གིས་ཞུས་པ༔་་་གསང་བ་ཡང་ཁོལ། ཀྱེ་སློབ་དཔོན་ཆེན་པོ་ལགས༔ གུ་རུའི་གསུངས་པ་ངོ་མཚར་ཆེ༔ བློ་དམན་གང་ཟག་བདག་འདྲ་བ༔ ཉིན་མོ་བྱ་བའི་ལས་ལ་གཡེངས༔ ནངས་ནུབ་ལྟོ་རྒྱབ་ཁོལ་པོར་སོང༔ ནུབ་མོ་གཏི་མུག་གཉིད་དུ་སོང༔ དེ་ལྟར་སོང་བའི་རང་བཞིན་གྱིས༔ ཡུན་རིང་སྒྲུབ་པར་མི་ཁོམ་པས༔ དཀའ་ཚེགས་ཆུང་ལ་དོན་ཆེ་བའི༔ གསང་བ་ཡང་ཁོལ་གདམས་པ་ཞུ༔ ཞེས་ཞུས་སོ༔ གུ་རུས་བཀའ་བསྩལ་པ༔ ཨེ་མ་ཧོ༔ ལས་ཅན་རིགས་ཀྱི་བུ་ཁྱོད་ལ༔ གསང་བ་ཡང་ཁོལ་མན་ངག་བཤད༔ མུ་སྟེགས་དྲག་པོའི་སྔགས་རྒོད་འདིས༔ འགྲོ་བ་ཐམས་ཅད་ཡིད་འཕྲོག་བྱེད༔ འདི་ལ་གཉིས་ཏེ་རྫས་དང་སྔགས༔ རྫས་ནི་འཕྱོན་མའི་ཆུ་ཤུལ་ས༔ འཕྱོན་མའི་མངལ་ཁྲག་ཁྱི་མོའི་ཚིལ༔ ར་མའི་ཚིལ་བུ་རྣམས་དང་བཞི༔ རིལ་བུ་བྱས་ལ་རྫ་སྣོད་བླུགས༔ ཞག་བདུན་བར་དུ་བསྒྲུབ་པར་བྱ༔ མུ་སྟེགས་གདུག་པའི་སྔགས་འདི་བཟླ༔ ཨོཾ་ཛབ་ཛབ་ཛུབ་ཛུབ་ཁུག་ཛ༔ ཟེ་ཛོ་ཟེ་ཛོ་ཧྲིཾ་ཧྲིཾ་བློང་བློང་བྲམ་ཤོག༔ ཁུག་སྡུས༔ རཾ་རཾ་དེད་དེད་སློང་སློང་ཁུག་ནི་ཛ༔ ཅེས་པའི་སྔགས་བཟླས་རིལ་བུར་བསྟིམ༔ གྲུབ་རྟགས་རླངས་པ་འཚུབ་འཁྱིལ་འོང༔ ལག་མཐིལ་གཡོན་དུ་གྭ་འུ་བཞག༔ གཡའ་དང་འཁྱུག་དང་ཚ་བ་དང༔ ཟ་ཞིང་འགུལ་ན་འགྲུབ་པའི་རྟགས༔ རྨི་ལྟས་རྟགས་ཀྱི་རིམ་པ་ནི༔ བུད་མེད་མཚན་ལྡན་གཞོན་ནུ་མ༔ རྒྱན་ཆ་བཏགས་པ་མང་པོ་ཡིས༔ བདག་ལ་ཕྱག་འཚལ་བསྐོར་བ་བྱེད༔ ཟས་སྐོམ་འབུལ་དང་ནོར་འབུལ་འོང༔ ཧ་ཅང་ཆོ་འཕྲུལ་འཚུབས་གྱུར་ན༔ རང་གི་དྲི་ཆུ་ཕོར་པར་བླུགས༔ ཕྱོགས་བཞིར་གཏོར་ན་སངས་པར་འགྱུར༔ ཁྲོམ་ལ་བྱེད་ན་རིལ་བུ་བརྡེག༔ གཅིག་ལ་བྱེད་ན་ཁོང་དུ་གཏང༔ འདི་ཡིས་མི་ཁུག་གང་ཡང་མེད༔ ལྷ་མ་ཡིན་ཡང་དབང་དུ་འགྱུར༔ མུ་སྟེགས་གདུག་པའི་སྔགས་རྒོད་ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་རུ་པདྨས་ཡང་མཆིམས་རྡོ་རྗེ་སྤྲེ་ཆུང་ལ་གདམས་སོ༔ མཆིམས་ཀྱིས་བསྒྲུབས་པས་བོད་གཙང་ཐམས་ཅད་དུ་སྙན་པ་དང་གྲགས་པ་བྱུང༔ འདུ་ལོང་རྒྱལ་པོ་དང་མཉམ་པ་བྱུང་ངོ༔ དཔེ་མ་བུ་གཉིས་སུ་བཀོད་ནས༔ གཅིག་བློན་པོ་ལ་གནང༔ གཅིག་བྱང་ཟང་ཟང་ལྷ་བྲག་གི་རྐེད་ལ་སྦས་སོ༔ རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་ནུབ་ཟངས་མཛོད་དམར་པོ་ནས་སྤྱན་དྲངས་པའོ། །དགེའོ།། །། ༄༅༔ ལྷ་ཆེན་དབང་ཕྱུག་ཆེན་པོ་བསོད་ནམས་དཔལ་འབར་གྱི་དབང་ཆོག་བཞུགས་སོ༔ དབང་གི་ལྷ་ལ་ཕྱག་འཚལ་ལོ༔ ནོར་ལྷ་དགུའི་དབང་བསྐུར་བསྟན་པ་ནི༔ སྐར་མ་རྒྱལ་ཡོད་ངེས་པ་ལ༔ གནས་ཡིད་དང་མཐུན་པར་མཎྜལ་གྲུ་བཞི་ཁྲུ་གང་སོར་བཞི་བྱ༔ དབུས་སུ་ཟླ་གམ་དམར་པོ་སྒོ་དང་བཅས་པ་ཟེའུ་འབྲུས་བསྐོར་བ་བྲི༔ དེའི་ཕྱིར་འཁོར་ལོ་རྩིབས་བརྒྱད་དམར་པོ༔ དེའི་ཕྱིའི་མུ་ཁྱུད་དམར་པོ༔ ཕྱིའི་གྲུ་ཆད་སེར་པོ་བྲི༔ དེའི་དབུས་སུ་མཉྫིའི་སྟེང་དུ་ཟངས་གཞོང་འབྲུ་དམར་པོས་བཀང་ལ་དེའི་སྟེང་དུ་ལྷ་ཆེན་ཕྱི་ནང་གསང་བའི་རྟེན་བཞུགས༔ གཞན་ཡང་གུ་རུ་དང༔ རྟ་མགྲིན་ལྷ་ཆེན་ཕྱི་ནང་གསང་གསུམ་རྣམས་ཀྱི༔ གཏོར་མ་བཟང་དུ་བཤམ༔ འབྲི་མོག་བྱུག་ལ་དམར་པོར་བྱ༔ མེ་ཏོག་དམར་པོ་དང༔ ཟས་སྣ་ཚོགས་དང༔ ཚོགས་དང་སྤྱན་གཟིགས་སྣ་ཚོགས་བཤམས་ལ༔ བྲིས་སྐུ་ལ་སོགས་བཀྲམ་སྟེ༔ གུ་རུ་རྟ་མགྲིན་ལྷ་ཆེན་གསུམ་གྱི་ཕྲིན་ལས་བཏང་ལ༔ སློབ་མ་ལ་ཁྲུས་བྱས་བགེགས་བསྐྲད་མཎྜལ་ཕུལ་ལ༔ ཀྱེ༔ བླ་མ་རིག་འཛིན་དགོངས་སུ་གསོལ༔ བདག་ལ་ལྷ་ཆེན་འཁོར་བཅས་ཀྱི༔ དབང་བསྐུར་དངོས་གྲུབ་གནང་དུ་གསོལ༔ ཐུགས་རྗེ་ཆེན་པོས་གཟུང་དུ་གསོལ༔ ཞེས་ཞུའོ༔ སློབ་དཔོན་གྱིས༔ བུ་ཁྱོད་ལས་ཀྱི་འཕྲོ་ཡོད་ན༔ ལྷ་ཆེན་འཁོར་བཅས་དབང་བསྐུར་སྦྱིན༔ དམ་ཚིག་བཀའ་བཞིན་བསྒྲུབ་ནུས་ན༔ བསོད་ནམས་དངོས་གྲུབ་འཐོབ་པར་འགྱུར༔ ཞེས་བརྗོད༔ དེ་ནས་སློབ་དཔོན་དང་སློབ་མ་གཉིས་ཀ་སློབ་དཔོན་པདྨ་འབྱུང་གནས་སྐུ་མདོག་དམར་པོ༔ དབང་གི་བེར་དམར་པོ་མནབས་པ༔ དབུ་ལ་པད་ཞུ་གསོལ་བ༔ དབང་སྡུད་ལྕགས་ཀྱུའི་ཕྱག་རྒྱ་ཅན་ཉི་ཟླ་པདྨའི་གདན་ལ་བཞུགས་པ་ཞིག་ཏུ་བསྐྱེད་ལ༔ དེའི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ ཨོ་རྒྱན་ནས་དམ་ཚིག་པ་ཅི་འདྲ་བའི་ཡེ་ཤེས་པ་ཞིག་བྱོན་ནས་སློབ་བུའི་སྤྱི་བོར་ཐིམ་པར་བསམ༔ གཏོར་མ་སློབ་བུའི་སྤྱི་བོར་བཞག་ལ༔ མ་ཧཱ་གུ་རུ་པཱ་ཤཾ་ཀུ་རུ་ཛ་ཛ༔ ཨ་བྷི་ཥིཉྩ་མཾ༔ ཞེས་དབང་བསྐུར་པས༔ གུ་རུའི་སྐུ་གསུང་ཐུགས་དང་དབྱེར་མེད་པའི་དབང་ཐོབ་ནས༔ ལུས་ངག་ཡིད་གསུམ་ནུས་མཐུ་དང་ལྡན་པར་གྱུར་ཅིག༔ གུ་རུ་པདྨའི་ཐུགས་རྗེ་དང་གཉིས་སུ་མེད་པར་གྱུར་ཅིག༔ གཉིས་པ་ལྷ་ཆེན་དབང་ནི༔ སློབ་དཔོན་གྱིས་སློབ་མ་རྣམས་ལྷ་ཆེན་འཁོར་བཅས་སུ་བསྐྱེད་ལ༔ འོད་ཟེར་སྤྲོ་བསྡུས་ལྷ་ཆེན་སྤྱན་དྲངས་ནས་སློབ་མ་ལ་བསྟིམ༔ དེ་ནས་ཙཀ་ལིས་དབང་བསྐུར་བ་ནི༔ ཧྲཱི༔ ལྷ་ཆེན་དབང་ཕྱུག་ཡབ་ཡུམ་སྐུ་བཞེངས་ལ༔ འདོད་ཁམས་མི་ནོར་ལོངས་སྤྱོད་ཐམས་ཅད་སྡུས༔ སྐལ་ལྡན་ལས་ཅན་རིགས་ཀྱི་བུ་འདི་ལ༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་པའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབང་སྐུར་ཅིག༔ ཨོཾ་དེ་བ་ཤྭ་ར་མ་ཧཱ་ཨེ་ཤ་ཙིཏྟ་ཧྲིང་ཡཾ་ཛ་ཛ༔ ཀཱ་ཡ་བཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་མཾ༔ ཨུ་མཱཿདེ་བཱི་ཀཱ་ཡ་བཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་མཾ༔ ཧྲཱི༔ ལྷ་ཆེན་ཚོགས་ཀྱི་བདག་པོ་སྐུ་བཞེངས་ལ༔ སུམ་ཅུ་རྩ་གསུམ་ལྷ་ཡི་ལོངས་སྤྱོད་སྡུས༔ སྐལ་ལྡན་ལས་ཅན་རིགས་ཀྱི་བུ་འདི་ལ༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་པའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབང་སྐུར་ཅིག༔ ཨོཾ་ག་ཎ་པ་ཏི་ཀཱ་ཡ་བཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་མཾ༔ ཧྲཱི༔ ལྷ་སྲས་གཞོན་ནུ་ཀཱརྟྟི་སྐུ་བཞེངས་ལ༔ ཕྱོགས་བཅུ་ཀུན་ནས་ཟས་ནོར་ཐམས་ཅད་སྡུས། །སྐལ་ལྡན་ལས་ཅན་རིགས་ཀྱི་བུ་འདི་ལ༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་པའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབང་སྐུར་ཅིག༔ ཨོཾ་དེ་བ་ཀུ་མཱ་ར་ཀཱརྟྟི་ཀེ་ཀཱ་ཡ་བཱ་ཀ་ཙིཏྟ་ཨ༴ ཧྲཱི༔ ལྷ་ཆེན་ཏྲིག་ཤ་ནག་པོ་སྐུ་བཞེངས་ལ༔ སྣང་སྲིད་མུ་སྟེགས་མཐུ་སྟོབས་ཐམས་ཅད་སྡུས༔ སྐལ་ལྡན་ལས་ཅན་རིགས་ཀྱི་བུ་འདི་ལ༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་པའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབང་སྐུར་ཅིག༔ ཨོཾ་ཏྲིག་ཤ་ཀཱ་ལ་ཀཱ་ཡ་བཱ་ཀ་ཙིཏྟ་ཨ༴ ཧྲཱི༔ འཕགས་པ་ཛཾ་ལ་འཁོར་བཅས་སྐུ་བཞེངས་ལ༔ བྱང་ཕྱོགས་གནོད་སྦྱིན་ལོངས་སྤྱོད་ཐམས་ཅད་སྡུས༔ སྐལ་ལྡན་ལས་ཅན་རིགས་ཀྱི་བུ་འདི་ལ༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་པའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབང་སྐུར་ཅིག༔ ཨོཾ་ཨཱརྻ་ཛཾ་བྷ་ལ་ཀཱ་ཡ་བཱ་ཀ་ཙིཏྟ་ཨ༴ ཧྲཱི༔ རྒྱལ་ཆེན་རྣམ་སྲས་འཁོར་བཅས་སྐུ་བཞེངས་ལ༔ སྲིད་པ་གླིང་བཞིའི་མི་ནོར་བསོད་ནམས་སྡུས༔ སྐལ་ལྡན་ལས་ཅན་རིགས་ཀྱི་བུ་འདི་ལ༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་པའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབང་སྐུར་ཅིག༔ ཨོཾ་རཱ་ཛ་ཡཀྴ་བཻ་ཤྲ་མ་ཎཱ་ཡ་ཀཱ་ཡ་བཱ་ཀ་ཙིཏྟ་ཨ༴ ཧྲཱི༔ གནོད་སྦྱིན་ཨ་པ་རཱ་ཙིཏྟ་སྐུ་བཞེངས་ལ༔ ལྷ་ཀླུ་མི་ཡི་བསོད་ནམས་ལོངས་སྤྱོད་སྡུས༔ སྐལ་ལྡན་ལས་ཅན་རིགས་ཀྱི་བུ་འདི་ལ༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་པའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབང་སྐུར་ཅིག༔ ཨོཾ་ཧྲིང་ཛ་ཨ་པ་རཱ་ཙིཏྟ་ཀཱ་ཡ་བཱ་ཀ་ཙིཏྟ་ཨ༴ ཧྲཱི༔ ཞང་བློན་རྡོ་རྗེ་བདུད་འདུལ་སྐུ་བཞེངས་ལ༔ གསེར་གྱི་རི་བདུན་འབྱུང་བའི་བཅུད་སྡུས་ལ༔ སྐལ་ལྡན་ལས་ཅན་རིགས་ཀྱི་བུ་འདི་ལ༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་པའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབང་སྐུར་ཅིག༔ ཨོཾ་བཛྲ་ཙིཏྟ་རཱ་ག་ཀཱ་ཡ་བཱ་ཀ་ཙིཏྟ་ཨ༴ ཧྲཱི༔ གནོད་སྦྱིན་གང་བ་བཟང་པོ་སྐུ་བཞེངས་ལ༔ གནོད་སྦྱིན་ཀུན་གྱི་སྲོག་གི་མདངས་སྡུས་ཤིག༔ སྐལ་ལྡན་ལས་ཅན་རིགས་ཀྱི་བུ་འདི་ལ༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་པའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབང་སྐུར་ཅིག༔ ཨོཾ་གྷ་པ་ཕ་ལ་ཀཱ་ཡ་བཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་མཾ༔ དེ་ནས་ལུང་སྦྱིན་པ་ནི༔ རྟེན་དང་གཏོར་མ་སློབ་བུའི་སྤྱི་བོར་བཞག་ལ༔ ཧྲཱི༔ དབང་ཕྱུག་འདི་ལ་སྦྱིན་ལགས་ཀྱིས༔ འདི་ལ་འགོ་བར་མཛད་དུ་གསོལ༔ ཟས་ནོར་ལོངས་སྤྱོད་དངོས་གྲུབ་རྣམས༔ སྦྱིན་པའི་ཕྲིན་ལས་མཛད་དུ་གསོལ༔ ཞེས་བརྗོད་ལ༔ བཀའ་བསྒོ་བ་ནི༔ དུས་རྒྱུན་དུ་དབང་ཕྱུག་གི་རྟེན་དང་མ་བྲལ་བར་གྱིས་ཤིག༔ དེ་ནས་ཚོགས་ཕུལ་ལ་སྨོན་ལམ་བཏབ་པ་ནི༔ ཧོ༔ བདག་ཉིད་སློབ་དཔོན་འཁོར་བཅས་ཀྱིས༔ ཞལ་ཟས་དངོས་གྲུབ་རོལ་པ་ཡིས༔ ལྷ་ཆེན་དབང་ཕྱུག་འཁོར་བཅས་ཀྱི༔ དངོས་གྲུབ་དམ་པ་ཐོབ་གྱུར་ཅིག༔ ཁམས་གསུམ་དབང་དུ་འདུས་གྱུར་ཅིག༔ སྲིད་གསུམ་ཟིལ་གྱིས་ནོན་གྱུར་ཅིག༔ འགྲོ་རྣམས་དབང་དུ་འདུས་གྱུར་ཅིག༔ འཇིག་རྟེན་ལྷ་སྲིན་སྡེ་བརྒྱད་དང༔ མི་ནོར་ལོངས་སྤྱོད་ཐམས་ཅད་ཀུན༔ བདག་གི་དབང་དུ་འདུས་གྱུར་ཅིག༔ དེ་ནས་བཀའ་ཡི་གནང་བ་ནི༔ རིགས་ཀྱི་བུ་ཁྱོད་ལ་སྔོན་གྱི་ལས་འཕྲོ་ཡོད་པ་ཡིན་པས༔ འདི་སྒྲུབས་ལ་དཀོན་མཆོག་གསུམ་གྱི་རྟེན་ཚུགས་ཤིག༔ ཡར་མཆོད་པ་དང༔ མར་སྦྱིན་པ་རྒྱུན་མ་གཅོད་ཅིག༔ གཞན་ལ་མ་སྤེལ་ཅིག༔ འདི་ལོ་རེ་ལ་ལན་རེ་རང་གིས་བསྒྲུབ་བོ༔ དབང་ཞུས་དངོས་གྲུབ་བླངས་ན༔ བསོད་ནམས་ཟླ་བ་ཡར་གྱི་ངོ་ལྟར་རྒྱས་པར་འགྱུར་རོ༔ དེ་ཡང་ཚེས་བརྒྱད་དང༔་་་དབྱར་ཟླ་ར་བའི། ཚེས་གསུམ་དང༔་་་དབྱར་ཟླ་ཐ་ཆུང་གི། ཉེར་གསུམ་དང༔་་་དགུན་ཟླ་ར་བའི། བཅོ་བརྒྱད་དང༔་་་དགུན་ཟླ་ཐ་ཆུང་གི། དེ་རྣམས་ལ་སྐར་མ་རྒྱལ་དང་གཟའ་དར་བས༔ འདིའི་དུས་བསྟན་པའོ༔ ལྷ་ཆེན་དབང་གི་ཆོ་ག་རྫོགས་སོ༔ ྈྈྈ ྈྈྈ ཟང་ཟང་ལྷ་བྲག་གི་རྐེད་ནུབ་ཟངས་མཛོད་དམར་པོ་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་སྤྱན་དྲངས་པའོ།། །། ༄༅༔ ལྷ་ཆེན་རླུང་ཞགས་རྗེས་གནང་ཟབ་མོ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈ དབང་གི་ལྷ་ལ་ཕྱག་འཚལ་ལོ༔ དབང་ཕྱུག་ཆེན་པོའི་རྗེས་གནང་བྱ་བ་ལ༔ དང་པོ་བླ་མ་དེས་དབང་ཕྱུག་ཆེན་པོའི་བསྙེན་པ་རྫོགས་པར་སོང་ནས་སློབ་བུ་མན་ངག་ལ་གུས་པས༔ བླ་མ་ལ་དམ་ཚིག་སྲུང་ནུས་པ་གཅིག་གིས་ཞུ་བ་བྱུང་ན་རྗེས་གནང་འདི་བྱས་པས༔ དེའི་དགོང་མོ་ནས་རིག་པ་གཡོ་བར་ནུས༔ མི་ནོར་དང་བུད་མེད་རང་བཞིན་གྱིས་འདུ་བར་ནུས༔ རྗེས་གནང་ཐོབ་ནས་ཕྱི་ནང་གསང་བའི་སྒྲུབ་པ་རེ་རེས་ལས་འགྲུབ་བོ༔ མ་ཐོབ་ན་སྒྲུབ་ཐག་རིང༔ གཉིས་པ་རྗེས་སུ་གནང་བའི་བྱ་བ་ལ༔ ཕྱི་ནང་གསང་བའི་རྟེན་དང་གཏོར་མ་དངོས་གྲུབ་རྫས་རྣམས་བཤམ༔ མར་དང༔ བུ་རམ་དང༔ མཚལ་དང་འབྲི་མོག་གིས་བྱུག་གོ༔ དེ་ནས་བླ་མས༔ སློབ་དཔོན་པདྨ་ལ་གསོལ་བ་གདབ༔ སྙིང་པོ་བརྒྱ་རྩ་བརྗོད༔ དབང་གི་རྟེན་གྱི་ལྷ་གསལ་གདབ༔ མཆོད་པའི་ཆོ་ག་དབུལ་ལོ༔ སློབ་བུས་ཞུ་བ་དབུལ་བ་ནི༔ ཧོ༔ དགོངས་སུ་གསོལ༔ བླ་མ་དང་དབང་ཕྱུག་ཆེན་པོས་ཐུགས་རྗེས་གཟུང་དུ་གསོལ༔ མ་ཧཱ་དེ་བ་དབང་ཕྱུག་གི་མཐུ་སྟོབས་དངོས་གྲུབ་ཐམས་ཅད་བདག་ལ་གནང་བར་མཛད་དུ་གསོལ༔ ཞེས་ཕྱག་ཕུལ་ཏེ་ཞུའོ༔ སློབ་དཔོན་གྱིས་འདི་སྐད་བརྗོད་དོ༔ བུ་ཁྱོད་སྔོན་བསོད་ནམས་ཀྱི་ལས་འཕྲོ་ཡོད་ན༔ དབང་ཕྱུག་སྒྲུབ་པའི་རྗེས་སུ་གནང་བ་དེ་ངས་སྦྱིན་གྱིས༔ བཀའ་བཞིན་བསྒྲུབ་ན་ཕྱི་ནང་གསང་བའི་དངོས་གྲུབ་ཐོབ་པར་འགྱུར་རོ༔ རྗེས་གནང་དངོས་གཞི་ལ་བཞི་སྟེ༔ རྩ་བའི་ལྷ་བསྒོམ་པ༔ རྗེས་གནང་སྦྱིན་པ༔ ལུང་འབོགས་པ༔ དངོས་གྲུབ་བླང་བ་དང་བཞི་འོ༔ དང་པོ་རང་ཉིད་སློབ་དཔོན་པདྨ་སྐུ་མདོག་དམར་པོ༔ དབང་གི་བེར་དམར་པོ་མནབས་པ༔ དབུ་ལ་ཤ་བའི་སྙན་ཞུ་གསོལ་བ༔ དབང་སྡུད་ལྕགས་ཀྱུའི་ཕྱག་རྒྱ་བཅས་ནས༔ ཉི་ཟླ་པདྨའི་གདན་ལ་བཞུགས་པ་ཞིག་བསྐྱེད་དེ༔ དཀྱིལ་འཁོར་གྱི་ཤར་ཕྱོགས་འདོམ་གང་འཕགས་པའི་ས་རུ༔ མེ་ཏོག་གི་ཚོམ་བུ་གཉིས་བྱ་སྟེ༔ དེའི་སྟེང་དུ་སློབ་བུ་བླ་མ་ལ་ཕྱག་འཚལ་དུ་བཅུག་སྟེ༔ སློབ་དཔོན་པདྨར་བསྒོམ་དུ་གཞུག༔ དེ་ནས་སློབ་དཔོན་གྱིས༔ རང་གི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ ཨོ་རྒྱན་གྱི་ཡུལ་ནས་སློབ་དཔོན་པདྨ་དམ་ཚིག་པ་ཅི་འདྲ་བ་གཅིག་ནམ་མཁའ་ནས་ཚུར་བྱོན་པར་བསམ་ལ༔ སློབ་བུའི་སྤྱི་བོར་ཐིམ་པར་བསམ་ལ༔ མ་ཧཱ་གུ་རུ་པཱ་ཤཾ་ཀུ་རུ་ཛ་ཛ༔ ཨ་བྷི་ཥིཉྩ་མཾ༔ ཞེས་གཏོར་མས་དབང་བསྐུར་བས༔ གཉིས་སུ་མེད་པར་ཐིམ་པར་བསྒོམ༔ མ་ཧཱ་གུ་རུ་པདྨ་འབྱུང་གནས་ཀྱི༔ སྐུ་གསུང་ཐུགས་དང་གཉིས་སུ་མེད་པར་དབང་བསྐུར་པས༔ ལུས་ངག་ཡིད་གསུམ་ནུས་པའི་མཐུ་དང་ལྡན་པར་གྱུར་ཅིག༔ གུ་རུ་པདྨའི་ཐུགས་རྗེ་དང་གཉིས་སུ་མེད་པར་གྱུར་ཅིག༔ ཅེས་བརྗོད་དོ༔ སློབ་དཔོན་དང་སློབ་བུ་གཉིས་ཀ་ཡིས༔ གུ་རུ་དང་དབྱེར་མེད་པར་གྱུར་པར་བསམ་མོ༔ གཉིས་པ་ལྷ་ཆེན་པོའི་རྗེས་གནང་བྱ་བ་ནི༔ དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་མེ་ཏོག་ཚོམ་བུ་གཉིས་བྱས་ཏེ༔ སློབ་དཔོན་པདྨ་ལ་ཕྱག་འཚལ་མེ་ཏོག་དོར་ལ༔ མུ་སྟེགས་དབང་ཕྱུག་ཆེན་པོ༔ སྨུག་ནག་གཅེར་བུ་རལ་པ་སྤྲིན་ལྟར་གཏིབས་པ༔ ཕྱག་གཡས་ལྕགས་ཀྱུ་བསྣམས་པས༔ གང་ལ་བྱ་བའི་རྣམ་ཤེས་འགུགས་པ༔ གཡོན་ཞགས་པ་བསྣམས་པས༔ ལོ་ཀའི་ཟས་ནོར་སྡུད་པ༔ མཚན་མ་དམར་པོ་གྱེན་དུ་སྒྲེང་བ༔ ཞབས་གཉིས་བརྐྱང་བསྐུམ་མཛད་པ༔ པདྨ་ཉི་ཟླའི་གདན་ལ་བཞུགས་པ་ཞིག་བསྒོམ་དུ་གཞུག་གོ༔ དེ་ནས་སློབ་དཔོན་གྱིས༔ སློབ་དཔོན་པདྨར་བསྒོམས་པའི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ དབང་ཕྱུག་ཆེན་པོའི་ཐུགས་ཀར་ཕོག་ནས་བར་སྣང་ལ་ཚུར་བྱོན་པ་དེ་མཎྜལ་གྱི་སྟེང་དུ་བཞུགས་པར་བསམ༔ སློབ་བུས་ཕྱག་འཚལ་དུང་དང་རྔའམ་རོལ་མོའི་ཡོན་འབུལ་ལོ༔ དེ་ནས་སློབ་དཔོན་གྱིས་གཏོར་མ་ཉི་ཟླ་ཅན༔ སློབ་བུའི་སྤྱི་བོར་བཞག་སྟེ༔ ཀ་བྷི་ར་ཀོ་བྷི་ར་པཱ་ཤཾ་ཀུ་རུ་ཨ་བྷི་ཥིཉྩ་མཾ༔ ཞེས་བརྗོད་པས༔ དབང་ཕྱུག་ཆེན་པོ་སློབ་བུ་ལ་ཐིམ་ནས་གཉིས་སུ་མེད་པར་གྱུར་ཏེ༔ དབང་ཕྱུག་ཆེན་པོའི་ནུས་པ་དང་ལྡན་པར་བསམ་མོ༔ དེ་ནས་ཡང་མེ་ཏོག་གི་ཚོམ་བུ་གཉིས་བྱས་ལ༔ ཕྱག་དང་མེ་ཏོག་དབུལ༔ དབང་ཕྱུག་ཆེན་པོ་ནོར་བུ་བསམ་འཕེལ༔ སྐུ་མདོག་དམར་པོ་གཅེར་བུ་རལ་པ་སྤྲིན་ལྟར་གཏིབས་པ༔ ཕྱག་གཉིས་ནོར་བུ་ཐུགས་ཀར་འཛིན་པ༔ ཞབས་གཡས་རྡོ་རྗེའི་གདན་མནན་པ༔ གཡོན་གྱིས་གངས་ཏི་སེ་མནན་པ་ཞིག་བསྒོམ༔ མཚན་མ་དམར་པོ་གྱེན་དུ་སྒྲེང་བ་ཞིག་བསྒོམ་དུ་གཞུག་གོ༔ སློབ་དཔོན་པདྨར་གསལ་བའི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ ནུབ་ཕྱོགས་པདྨ་འབར་བའི་གནས་ན༔ ནོར་བུ་བསམ་འཕེལ་བཞུགས་པའི་ཐུགས་ཀར་ཕོག་པས༔ བར་སྣང་ལ་བྱོན་ནས་མཎྜལ་གྱི་སྟེང་དུ་བཞུགས་པར་བསམ༔ བླ་མ་ལ་རིན་པོ་ཆེའི་ཡོན་ཕུལ༔ སློབ་དཔོན་གྱིས་གཏོར་མ་རིན་པོ་ཆེ་འབར་བ་སློབ་མའི་སྤྱི་བོར་བཞག་ལ༔ དབང་ཕྱུག་ཆེན་པོ་ཐིམ་པར་བསམ༔ ཀ་བྷི་ར་ཀོ་བྷི་ར༔ པཱ་ཤཾ་ཀུ་རུ་ཨ་བྷི་ཥིཉྩ་མཾ༔ ཞེས་བརྗོད་པས༔ དབང་ཕྱུག་དང་གཉིས་སུ་མེད་པར་འགྱུར་རོ༔ ཡང་མེ་ཏོག་གི་ཚོམ་བུ་གཉིས་བྱས་ལ༔ སློབ་བུས་ཕྱག་དང་མེ་ཏོག་དབུལ་ལ༔ དབང་ཕྱུག་ཆེན་པོ་སྣང་བ་དབང་སྡུད་ཅེས་བྱ་བ༔ དམར་ནག་གཅེར་བུ་རལ་པ་ཅན༔ ཕྱག་གཡས་འཕྲུལ་གྱི་མེ་ལོང་བསྣམས་པས་ཁམས་གསུམ་ས་ལེར་གཟིགས་པ༔ གཡོན་ན་ཉི་ཟེར་ཞགས་པ་བསྣམས་པ་སྟེ༔ ཁམས་གསུམ་གྱི་ཟས་ནོར་སྡུད་པ༔ མཚན་མ་དམར་པོ་གྱེན་དུ་སྒྲེང་བ༔ གཡས་ཀྱི་ཞབས་ཀྱིས་རྡོ་རྗེའི་གདན་མནན་པ༔ གཡོན་གྱི་ཞབས་ཀྱིས་གངས་ཏི་སེ་མནན་པ་ཞིག་བསྒོམ་དུ་གཞུག༔ སློབ་དཔོན་པདྨར་གསལ་བའི་ཐུགས་ཀའི་རྡོ་རྗེ་ལས་འོད་འཕྲོས་པས༔ དབང་ཕྱུག་ཆེན་པོ་སྣང་བ་དབང་སྡུད་ཀྱི་ཐུགས་ཀར་ཕོག་པས༔ བར་སྣང་ནས་ཚུར་བྱོན་ནས༔ མཎྜལ་གྱི་སྟེང་དུ་བྱོན་ནས་བཞུགས་པར་བསམ༔ སློབ་དཔོན་ལ་ཕྱག་དང་སྙིང་སྡུག་གི་ཡོན་ཕུལ༔ སློབ་བུའི་སྤྱི་བོར་སྲིད་མེས་ཀྱི་གཏོར་མ་བཞག༔ དབང་ཕྱུག་བསྟིམ༔ ཀ་བྷི་ར་ཀོ་བྷི་ར༔ པཱ་ཤཾ་ཀུ་རུ་ཛ་ཛ༔ ཨ་བྷི་ཥིཉྩ་མཾ༔ ཞེས་བརྗོད་པས༔ དབང་ཕྱུག་ཆེན་པོ་དང་གཉིས་སུ་མེད་པར་བསྒོམ༔ ཡང་མེ་ཏོག་གི་ཚོམ་བུ་གཉིས་བྱས་ལ༔ བླ་མ་ལ་ཕྱག་དང་མེ་ཏོག་དབུལ༔ འདོད་ཁམས་དབང་ཕྱུག་ཆེན་པོ་རླུང་གི་ཞགས་པ་སྐུ་མདོག་དམར་པོ་གཅེར་བུ་རལ་པ་སྤྲིན་ལྟར་གཏིབས་པ༔ ཕྱག་གཡས་ཀྱིས་ཁ་ཊྭཱཾ་རྩེ་གསུམ་དང༔ གཡོན་པས་ལྕགས་མདའ་ལྕགས་གཞུ་བསྣམས་པ༔ མཚན་མ་དམར་པོ་གྱེན་དུ་སྒྲེང་བ༔ ཞབས་གཉིས་རླུང་གི་དཀྱིལ་འཁོར་གྱི་སྟེང་ན་བཞུགས་པ༔ ཤར་དུ་རྡོ་རྗེ་མཁའ་འགྲོ་དཀར་ནག༔ ལྷོར་རིན་ཆེན་མཁའ་འགྲོ་སེར་ནག༔ ནུབ་ཏུ་པདྨ་མཁའ་འགྲོ་དམར་ནག༔ བྱང་དུ་ལས་ཀྱི་མཁའ་འགྲོ་མ་ལྗང་ནག་དང་བཞིས༔ ཕྱོགས་བཞི་ནས་བ་དན་གཡབས་པས༔ རླུང་གི་དཀྱིལ་འཁོར་ལ་ཕོག་པས༔ འཛམ་བུའི་གླིང་མེར་མེར་ཁྱོམ་ཁྱོམ་ཡོད་པར་བསྒོམ་དུ་གཞུག༔ སློབ་དཔོན་ལ་ཕྱག་དང་མེ་ཏོག་དབུལ༔ དེ་ནས་སློབ་དཔོན་པདྨར་གསལ་བའི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ དབང་ཕྱུག་ཆེན་པོ་འཁོར་དང་བཅས་པའི་ཐུགས་ཀར་ཕོག༔ བར་སྣང་ལ་བྱོན་ཏེ་མཎྜལ་སྟེང་དུ་བཞུགས་པར་བསམ༔ སློབ་བུས་ཕྱག་དབུལ༔ ཡོན་དུ་བྲན་ཁོལ་ལམ༔ རྟ་ཕྱུགས་དབུལ༔ སློབ་དཔོན་གྱིས་སྤྱི་གཏོར་སློབ་བུའི་སྤྱི་བོའི་ཐོག་ཏུ་བཞག་ལ༔ ཀ་བྷི་ར་ཀོ་བྷི་ར༔ བཛྲ་ཌཱ་ཀི་ནཱི༔ རཏྣ་ཌཱ་ཀི་ནཱི༔ པདྨ་ཌཱ་ཀི་ནཱི༔ ཀརྨ་ཌཱ་ཀི་ནཱི༔ པཱ་ཤཾ་ཀུ་རུ་ཛ་ཛ༔ ཨ་བྷི་ཥིཉྩ་མཾ༔ ཞེས་དབང་ཕྱུག་མཁའ་འགྲོ་དང་བཅས་པ་བསྟིམ༔ ལུས་ངག་ཡིད་གསུམ་དབང་ཕྱུག་གི་ནུས་པ་དང་ལྡན་ཏེ་དབང་ཕྱུག་དང་དབྱེར་མེད་པར་བསམ༔ གནང་བ་སྦྱིན་ཏེ༔ སྐལ་ལྡན་རིགས་ཀྱི་སློབ་བུ་ཁྱེད་ལ༔ སྔོན་གྱི་ལས་འཕྲོ་ཡོད་པ་ཡིན་པས༔ དབང་ཕྱུག་ཆེན་པོ་སྒྲུབས་ཤིག༔ བསྒྲུབས་ནས་དཀོན་མཆོག་གསུམ་གྱི་རྟེན་ཚུགས་ཤིག༔ ཡར་མཆོད་པའི་རྒྱུན་མ་གཅོད་ཅིག༔ མར་སྦྱིན་པའི་རྒྱུན་མ་གཅོད་ཅིག༔ གཏེར་འདི་རྒྱལ་པོའི་དོན་དུ་བཞག་པ་ཡིན་པས༔ མངའ་བདག་བཙད་པོའི་རིགས་རྒྱུད་གང་ན་འདུག་པའི་དོན་གྱིས་ཤིག༔ འགྲོ་དོན་ནུས་པའི་རིགས་ལ་རྗེས་གནང་སྦྱིན་ཅིག༔ རྗེས་གནང་མ་ཐོབ་པ་ལ་མ་སྤེལ་ཅིག༔ ཅེས་སྐབས་འདིར་བཀའ་རྒྱ་ཡིས་གདབ་པར་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསུམ་པ་ལུང་སྦྱིན་པ་ནི༔ དུས་གཅིག་ལ་མི་བྱ་རྟགས་དང་སྦྱར་ཏེ་རིམ་པ་ལྔ་རུ་བྱ༔ རིག་འཛིན་རྩ་བའི་སྒྲུབ་པ༔ ཕྱི་སྒྲུབ༔ ནང་སྒྲུབ༔ གསང་སྒྲུབ༔ ཡང་ཁོལ་དང་ལྔའོ༔ མན་ངག་རྣམས་ནི་གཅིག་བརྒྱུད་འཛིན་པ་ཞིག་ལ་གཏད་དོ༔ ཚང་མ་གཞན་ལ་མ་སྤེལ་ཅིག༔ བཞི་པ་མཇུག་གི་བྱ་བ་ཚོགས་མཆོད་ཆོ་ག་ལྟར་དབུལ༔ བླ་མ་ལ་ཚོགས་དབུལ༔ བླ་མས་ཚོགས་དབང་སྡུད་ཀྱི་ཕྱག་རྒྱ་བཅས་ཏེ༔ སྲིན་ལག་གིས་བླངས་ཏེ་རོལ༔ དམ་ཚིག་ཏུ༔ ཚོགས་དང་གཏོར་མ་མི་གཞན་ལ་མི་སྦྱིན་ནོ༔ བྱ་བ་ཐམས་ཅད་གཞན་གྱིས་མི་མཐོང་བར་བྱའོ༔ སྨོན་ལམ་གདབ་པ་ནི༔ ཧོ༔ བདག་ཉིད་སློབ་དཔོན་འཁོར་བཅས་ཀྱིས༔ ཞལ་ཟས་དངོས་གྲུབ་རོལ་པ་ཡིས༔ དབང་ཕྱུག་ཆེན་པོའི་དངོས་གྲུབ་ཐོབ་པར་གྱུར་ཅིག༔ ལུས་ངག་ཡིད་གསུམ་དབང་ཕྱུག་ཆེན་པོའི་ནུས་པ་དང་ལྡན་པར་གྱུར་ཅིག༔ ཁམས་གསུམ་དབང་དུ་འདུས་པར་གྱུར་ཅིག༔ ཀ་བྷི་ར་ཀོ་བྷི་ར༔ རཏྣ་སིདྡྷི་ཀུ་རུ༔ ཨ་བྷི་ཥིཉྩ་མཾ༔ ལོ་ཀའི་ཟས་ནོར་ཐམས་ཅད་དབང་དུ་འདུས་པར་གྱུར་ཅིག༔ ཀ་བྷི་ར་ཀོ་བྷི་ར༔ ལོ་ཀ་པཱ་ཤཾ་ཀུ་རུ༔ ཨ་བྷི་ཥིཉྩ་མཾ༔ འཇིག་རྟེན་གྱི་ལྷ་དང་མི་དང༔ སྡེ་བརྒྱད་ཐམས་ཅད་དབང་དུ་འདུས་པར་གྱུར་ཅིག༔ ཀ་བྷི་ར་ཀོ་བྷི་ར༔ བཛྲ་དྷཱ་ཀི་ནཱི༔ རཏྣ་དྷཱ་ཀི་ནཱི༔ པདྨ་དྷཱ་ཀི་ནཱི༔ ཀརྨ་དྷཱ་ཀི་ནཱི༔ ཨ་ཏྲི་རྣྲྀ་ཨ་ཡཀྵ་ནཱ་ག་ཨེ་སརྦ་པཱ་ཤཾ་ཀུ་རུ་ཨ་བྷི་ཥིཉྩ་མཾ༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་མཁའ་འགྲོ་དང་བཅས་པའི་མཐུ་དང་སྟོབས་དང་ནུས་པ་དང་ལྡན་པར་གྱུར་ཅིག༔ འགྲོ་བ་ཐམས་ཅད་བདག་གི་དབང་དུ་འདུས་པར་གྱུར་ཅིག༔ ཅེས་བརྗོད་དོ༔ དབང་ཕྱུག་ཆེན་པོའི་རྗེས་གནང༔ སློབ་དཔོན་པདྨས་མཆིམས་ལ་གནང་བ་མ་འོངས་པའི་དོན་དུ་གཏེར་དུ་སྦས་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྗེས་གནང་འདི་སྐར་མ་རྒྱལ་ཡོད་ངེས་ལ་བཀྲ་ཤིས་ཉམས་དགའི་གནས་སུ་མཎྜལ་གྲུ་བཞི་རྒྱར་ཁྲུ་གང༔ དཔངས་སོར་བཞི་བྱ༔ དབུས་སུ་ཟླ་གམ་དམར་པོ་སྒོ་དང་བཅས་པ་ཟེའུ་འབྲུས་བསྐོར་བ༔ དེའི་ཕྱི་རོལ་འཁོར་ལོ་དམར་པོ་རྩིབས་བརྒྱད་པ༔ དེའི་ཕྱི་རོལ་པདྨ་འདབ་བརྒྱད་དམར་པོ་མུ་ཁྱུད་སྔོན་པོ༔ ཕྱིའི་གྲུ་ཆད་སེར་པོ༔ དེའི་སྟེང་དུ་ཟངས་གཞོང་དུ་འབྲུ་དམར་བླུག༔ རཏྣ་ལྔ༔ འབྲུ་ལྔ༔ དར་སྣ་ལྔའི་སྟེང་དུ་ཟངས་ཀྱི་ཕོ་མཚན་དབུས་དང༔ རྒྱ་སྐྱེགས་གཡས༔ ཙནྡན་གཡོན་དུ་བཞག༔ བླ་མའི་གཏོར་མ་རཏྣ་འབར་བ་ཉི་ཟླས་བརྒྱན་པ༔ སྤྱི་གཏོར་རྟགས་གསུམ་ཚང་བ༔ ཕྱི་གཏོར་ཉི་ཟླའི་གཟུགས༔ ནང་གཏོར་ནོར་བུ་འབར་བ༔ གསང་གཏོར་སྲིད་པའི་མེས་པོའི་གཟུགས་དང་ལྔའོ༔ ཁ་དོག་དམར་པོ་བྱུག༔ མེ་ཏོག་དམར་པོ་དང་ཟས་སྣ་ཚོགས༔ མཆོད་པ་ལྔ་དང༔ ཚོགས་དང་སྤྱན་གཟིགས་མང་པོ་གསོག༔ སློབ་དཔོན་པདྨའི་སྐུ་གཟུགས་བཀྲམ༔ འདི་ལོ་རེ་ལ་ལན་རེ་བྱ་སྟེ༔ རང་སྒྲུབ་པ་པོས༔ རྗེས་གནང་གི་དངོས་གྲུབ་བླང༔ བསོད་ནམས་ཟླ་བ་ཡར་གྱི་ངོ་ལྟར་འཕེལ་ཞིང་རྒྱས་པར་འགྱུར་རོ༔ འགྲོ་དོན་ནུས་པའི་བུ་ལ་སྦྱིན་ནོ༔ དེ་ཡང་དབྱར་ཟླ་ར་བའི་ཚེས་བརྒྱད་ལ༔ དབྱར་ཐ་ཆུང་གི་ཚེས་གསུམ་ལ་བྱ༔ དགུན་ཟླ་ར་བའི་ཉེར་གསུམ་ལ་བྱ༔ དགུན་ཟླ་ཐ་ཆུང་གི་བཅོ་བརྒྱད་ལ་བྱ༔ དུས་དེ་རྣམས་ལ་སྐར་མ་རྒྱལ་དང་གཟའ་དར་རོ༔ དབང་གི་རྫས་དང་དུས་བསྟན་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ནུབ་ཟངས་མཛོད་དམར་པོའི་ནང་ནས་རིག་འཛིན་རྒོད་འཕྲུ་ཅན་གྱིས་བཏོན། ཟབ་རྒྱ་རྒྱ་རྒྱ།། །། ༄༅༔ མ་ཧཱ་དེ་བའི་བསམ་རྒྱུད་ཨར་ལ་གཏད་པ་ཟེར་བ་བཞུགས་སོ༔ དབང་ཕྱུག་གི་བསམ་རྒྱུད་ནི༔ ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ སྟོང་པར་སྦྱངས་ནས༔ སྟོང་པའི་ངང་ལས་ཨེ་ལས་ཟླ་གམ་རཀྟའི་དཀྱིལ་འཁོར༔ བྷྲཱུྃ་ལས་ཐིག་ལེ་དམར་པོའི་གཞལ་ཡས་ཁང་གི་དབུས་སུ༔ ཟངས་ཀྱི་ཟླ་གམ་གྱི་སྟེང་དབུས་སུ༔ ཧྲཱིཿདམར་པོ་ཞིག་ལས༔ མ་ཧཱ་དེ་བ་ཧཱུྃ་ཞེས་བརྗོད་པས༔ དབང་ཕྱུག་ཆེན་པོ་སྐུ་མདོག་དམར་པོ༔ སྤྱི་གཙུག་ན་ཡིད་བཞིན་གྱི་ནོར་བུ་འོད་འབར་བ༔ གཡས་པ་ལྕགས་ཀྱུ་དམར་པོས་སྐྱེ་འགྲོ་ཐམས་ཅད་འགུགས་པ༔ གཡོན་ཕོ་རྟགས་དམར་པོ་གཡོབ་པ༔ དེས་འགྲོ་བ་ཐམས་ཅད་ཟིལ་གྱིས་གནོན་པ༔ ཕོ་མཚན་དམར་པོ་གྱེན་དུ་སྒྲེང་པ༔ སྐུ་ལ་རིན་པོ་ཆེས་བརྒྱན་པ༔ འོད་དམར་པོའི་དཀྱིལ་ན་བཞུགས་པ༔ ལྕེ་ལ་དབང་སྡུད་ཀྱི་དཀྱིལ་འཁོར་ཟླ་གམ་དམར་པོའི་དཀྱིལ་ནས་ཧྲཱིཿདམར་པོ་ལས་འོད་འཕྲོ་བ་ཡོད་པ༔ དེ་ལས་འོད་འཕྲོས་པས་ཐམས་ཅད་བཀའ་ཅི་བསྩལ་ཉན་པར་བསམ་མོ༔ གཡོན་ན་ཨུ་མཱཿདེ་བཱི་སྐུ་མདོག་དམར་མོ་རིན་པོ་ཆེས་བརྒྱན་པ༔ གཡས་མེ་ལོང་དང་བཅས་ཡབ་ལ་འཁྱུད་པ༔ གཡོན་བུམ་པར་སྲིད་པའི་བཅུད་ཐམས་ཅད་སྡུད་པར་བསམ༔ ཡབ་ཡུམ་གཉིས་ཀྱི་ཐུགས་ཀར་ཧྲཱིཿདམར་པོ་གཉིས་ལ༔ སྔགས་ཀྱིས་བསྐོར་བར་བསམ༔ དེའི་འོད་ཀྱིས་སྲིད་པའི་མི་ནོར་ཐམས་ཅད་ཀྱི་བཅུད་བསྡུས་ནས་རང་ལ་ཐིམ་པར་བསམ་མོ༔ ཁྱད་པར་གང་ལ་དམིགས་པ་དེ་ཞུ་ནས་བཀའ་ཉན་བྱེད་པར་བསམ༔ སྐབས་སུ་དབང་ཕྱུག་ཆེན་པོ་ཆེ་གེ་མོ་ལ་ནོར་འདི་འདྲ་འདུག་སྟེ་ཁུག་ལ་ཤོག༔ འཕྲོག་ལ་ཤོག༔ བྱའོ༔ གཏོར་མ་ནི༔ བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ རྩ་སྔགས་ལ་བཏགས་སོ༔ ཚིག་འདིས་འབུལ༔ ཐམས་ཅད་དབང་དུ་སྡུད་པའི་དཀྱིལ་འཁོར་ནས༔ དབང་ཕྱུག་ཆེན་པོ་ཀྵེ་ཏྲ་པཱ་ལ་དང༔ ཡུམ་གཅིག་ཨུ་མཱཿདེ་བཱི་འཁོར་དང་བཅས༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ༔ ཤ་མར་རིན་ཆེན་སྣ་ཚོགས་དང༔ ལོངས་སྤྱོད་ཟས་དང་ཡིད་འོང་ནོར༔ སྲིད་པའི་བདག་པོ་ཡབ་ཡུམ་གཉིས་ལ་འབུལ༔ དགྱེས་པའི་པཱུ་ཛ་བཞེས་སུ་གསོལ༔ དགྱེས་ནས་སིདྡྷི་བདག་ལ་བསྩལ་དུ་གསོལ༔ མ་ཧཱ་ཛྙཱ་ན་པཱུ་ཛ་ཧོ༔ ཞེས་ཤ་མར་དང་ཟས་ནོར་དང་མེ་ཏོག་གླང་པོ་སྣ་ཅི་མང་འབུལ་ལོ༔ ཨག་ཐཾ༔ ྀཨཚ༔ དེ་ནས་པཱུ་ཛ་འབུལ་བ་ནི༔ ཧཱུྃ༔ རིན་ཆེན་གསེར་དང་རིན་ཆེན་གཡུ༔ དེ་བཞིན་བྱེ་རུ་ཟངས་དང་ལྕགས༔ དུང་དང་ར་གན་བདུན་པོ་འདི༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་གཉིས་ལ་འབུལ༔ རིན་ཆེན་གཏེར་གྱི་པཱུ་ཛ་འདི་བཞེས་ལ༔ བདག་གི་ནོར་རྫས་ཕུན་སུམ་ཚོགས་པའི་དོན་དུ་བཞེས་སུ་གསོལ༔ བཞེས་ནས་རིན་ཆེན་གཏེར་གྱི་སིདྡྷི་དང༔ སྙན་གྲགས་ནམ་མཁའ་བཞིན་དུ་ཁྱབ་པ་དང༔ མཐུ་དང་ནོར་རྫས་ལོངས་སྤྱོད་སིདྡྷི་སྩོལ༔ དེ་ལྟར་ཕུལ་བས་རང་ལ་མི་ནོར་ཆོས་གསུམ་འདུ་འོ༔ ཞལ་ཟས་འབུལ་བ་ནི༔ ཏིང་ལོ་གཅིག་བྱས་ཏེ་ཡབ་ལ་ཕུལ་ཏེ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ནཻ་བིདྱཱ་པཱུ་ཛ་ཧོ༔ ཆངས་ཟན་ཡུམ་ལ་ཕུལ་ཏེ༔ ཨོཾ་ཨི་ལི་སི་ལི་སྭཱ་ཧཱ༔ ཞེས་པས་གཉིས་ཀ་ལ་ནམ་ཟ་མ་ཟ་དུས་དབུལ་ལོ༔ དེ་ནས་རང་ཉིད་སྔགས་འདི་ལན་བདུན་གྱིས་སིདྡྷི་བླངས་ལ་ཟའོ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ་སིདྡྷི་ཨ་ལ་ལ་ཧོ༔ ཞེས་ཆངས་བུ་ཟའོ༔ དེ་རྒྱུན་དུ་བྱས་པས་ཟས་ནོར་རྒྱུན་དུ་འདུ་འོ༔ ཡབ་ཡུམ་གཉིས་ལ་བསྟོད་པ་ནི་འདི་ཡིན་ནོ༔ ཧཱུྃ༔ དབང་ཕྱུག་ཆེན་པོ་མི་བཟད་ཁྲོ་བོའི་སྐུ༔ སྐུ་མདོག་དམར་པོ་གཅེར་བུ་ཕོ་མཚན་སྒྲེང༔ གསེར་དང་རིན་ཆེན་སྣ་ཚོགས་སྐུ་ལ་བརྒྱན༔ ཞལ་གཅིག་ཕྱག་གཉིས་འོད་ཟེར་དམར་པོ་འཕྲོ༔ གཡས་པ་འགུགས་པའི་ལྕགས་ཀྱུ་དམར་པོ་ཡིས༔ ཟས་ནོར་གཏེར་ནས་འགྲོ་བའི་བླ་ཁུག་ཅིག༔ གཡོན་པས་ཕོ་རྟགས་དམར་པོ་རིན་ཆེན་བརྒྱན་པ་ཡིས༔ ལན་གཅིག་གཡབས་པས་འགྲོ་བ་ཐམས་ཅད་བ་སྤུ་སློང༔ ལན་གཉིས་གཡབས་པས་འགྲོ་བ་ཐམས་ཅད་ཡིད་སེམས་འགུལ༔ ལན་གསུམ་གཡབས་པས་བདག་ལ་མོས་གུས་པས༔ སྲིད་གསུམ་ཐམས་ཅད་གཡོ་ཞིང་དབང་དུ་སྡུད༔ སྲིད་པ་འདི་ན་འགྲན་ཟླ་མེད་པའི་དབང་ཕྱུག་ཆེན་པོ་སྟེ༔ སྲིད་པའི་བདག་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ བདག་ལ་ཟས་ནོར་དངོས་གྲུབ་སྟེར་བ་དང༔ བསོད་ནམས་སྙན་གྲགས་ཆེན་པོའི་སིདྡྷི་སྩོལ༔ མཆོད་དང་གཏོར་མ་བཟང་པོ་འདི་བཞེས་ལ༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན༔ ལྷ་དང་ཀླུ་དང་མི་དབང་རྒྱལ་པོ་སྟོབས་ཅན་རྣམས༔ དབང་དུ་སྡུས་ལ་བྲན་དུ་ཁོལ་ཅིག་དབང་ཕྱུག་ཆེན་པོས་ཁོལ༔ ལོ་ཀ་འདི་ན་ཆེ་བཙན་གྲགས་པ་སུ་ཆེ་ཡང༔ སྲིད་གསུམ་ཟིལ་གྱིས་གནོན་ཅིག་དབང་ཕྱུག་ཆེན་པོས་གནོན༔ ཁྱོད་ཀྱི་དབང་དུ་མ་འདུས་གཅིག་ཀྱང་མེད༔ དབང་ཕྱུག་ཆེན་པོས་རབ་ཏུ་གཡོས་ཤིག་ལོ་ཀ་ཐམས་ཅད་གཡོས༔ དབང་ཕྱུག་ཆེན་པོས་འགུལ་ཞིག་ཐམས་ཅད་འགུལ༔ ཁྱོད་ཀྱི་སྟོབས་ཀྱིས་ལོ་ཀ་ཐམས་ཅད་གཡོ་འགུལ་བྱེད༔ སུས་ཀྱང་འགྲན་དུ་མེད་པའི་དབང་ཕྱུག་ཆེན་པོ་ཁྱོད༔ ལོ་ཀ་འདི་ན་ཟས་བཅུད་ནོར་རྫས་ཅི་ཡོད་པ༔ རབ་ཏུ་ཁུག་ཅིག་ཛཿཧཱུྃ་བཾ་ཧོཿརབ་ཏུ་ཁུག༔ བདག་གི་ལོངས་སྤྱོད་སྤེལ་ལ་མཐུ་དང་བསོད་ནམས་རྒྱས་པར་མཛོད༔ ཧཱུྃ༔ ལྷ་མོ་དམར་མོ་ཡིད་འགུགས་མ༔ སྐུ་མདོག་དམར་མོས་འགྲོ་བའི་བློ་སེམས་འགུགས༔ གཡས་པས་མེ་ལོང་སིདྡྷི་གང་ན་ཡོད་པ་ཤེས༔ གཡོན་པ་ཟངས་བུམ་གཏེར་གྱིས་བཀང་ནས་སྒྲུབ་པ་པོ་ལ་སིདྡྷི་སྟེར༔ སྐུ་ལ་རིན་ཆེན་རྒྱན་གྱིས་རྣམ་པར་བརྒྱན༔ ལྷ་མོ་དམར་མོ་ཨུ་མཱཿདེ་བཱི་ཁྱོད༔ དབང་ཕྱུག་སྐུ་ལ་གཉིས་མེད་རབ་ཏུ་འཁྲིལ༔ ལྷ་མོ་ཁྱོད་ཀྱི་སྐུ་ལ་རབ་ཏུ་བསྟོད༔ བདག་ལ་སྐྱེ་འགྲོ་མོས་སུ་ཆུག་ལ་དབང་དུ་སྡུས༔ དེ་ལྟར་སྒྲུབ་པའི་དུས་སུ་དུས་གསུམ་དུ་བསྟོད་ན༔ སྣང་སྲིད་ཀྱི་བདག་པོར་འགྱུར་རོ༔ བཟླས་པའི་ཐབས་ནི༔ ནོར་སྒྲུབ་ན་ནོར་སྒྲུབ་ཀྱི་སྔགས་ཤམ་བུ་བཏགས༔ དབང་དུ་སྡུད་ན་དབང་སྡུད་ཤམ་བུ་བཏགས༔ པཱུ་ཛ་སིདྡྷི་ཀུན་ལ་ཤེས་པར་བྱའོ༔ ཉིན་མོ་ཡབ་སྔགས༔ ནུབ་མོ་ཡུམ་སྔགས་བརྒྱ་རྩ་ཙམ་རེ་གཏང༔ དེ་མིན་ཕོ་སྔགས་བུངས་ཆེ་བར་གཏང་ངོ༔ ནངས་ནུབ་སྦྲེལ་ལ་བརྒྱ་རྩ་རེ་བཟླ༔ ཕོ་རྐྱང་པས་ལས་ཁ་ཚར་དང་བཅས་པ་ཅི་ཡང་མི་འགྲུབ༔ གསང་སྒྲུབ་ཡུམ་དང་བཅས་པ་འདིས་སྲིད་པ་གསུམ་གྱི་མི་ནོར་གཏེར་ཐམས་ཅད་ཀྱི་བདག་པོར་འགྱུར་རོ༔ པདྨ་ང་ཡི་དབང་ཕྱུག་ཐུན་མོང་བསྒྲུབ་ན་འདི་ལས་ལྷག་པ་མེད༔ ྀཨཚ༔ ྈྈྈ ྈྈྈ ྈྈྈ ༄༅༔ སྒྲུབ་ཐབས་ལས་ཀྱི་ཕྲེང་བ་བཞུགས་སོ༔་་་འོག་མ། ཨོ་རྒྱན་པདྨ་འབྱུང་གནས་ང༔ རྒྱ་གར་ཤར་ན་ཡོད་ཙ་ན༔ མུ་སྟེགས་དྲེགས་པ་ལྷ་ཆེན་ནི༔ དབང་ཕྱུག་ཆེན་པོ་ཞེས་བྱ་བ༔ འཇིགས་བྱེད་ཆེན་པོ་དྲག་པོ་དེ༔ ང་ཡི་མདུན་དུ་འོང་ནས་ནི༔ རྣལ་འབྱོར་སྨྱོན་པ་ཅི་བྱེད་ཟེར༔ བར་ཆད་ཐོ་འཚམས་བྱེད་དུ་བྱུང༔ དེ་དུས་ང་ཡི་དགོངས་པས་གཟིར༔ ཕྱག་གཡོན་རྣ་བ་གཡས་པ་བཟུང༔ གཡས་པའི་རྡོ་རྗེས་མགོ་ནས་གཟིར༔ ནུ་མའི་བར་དུ་ཐལ་གྱིས་སོང༔ སྐད་ངན་འོ་དོད་ཙེར་གྱི་བྱུང༔ རྣལ་འབྱོར་རྫུ་འཕྲུལ་མཐུ་སྟོབས་ཅན༔ བདག་ནི་ཁྱེད་ཀྱི་འབངས་སུ་མཆི༔ ཐུགས་རྗེས་དགོངས་པ་ཀློད་པར་ཞུ༔ ཞེས་ཟེར་ཏེ་སྲོག་སྙིང་ཕུལ་ནས་འཇིག་རྟེན་དབང་དུ་བསྡུ་བའི་ལས་བཅོལ་ལོ༔ དེའི་ཕྱིར་ན་པདྨའི་བཀའ་ཉན་ཡིན་ནོ༔ ད་ལྟ་འདི་བས་སྟོབས་ཆེ་བ་འཇིག་རྟེན་ན་མེད་དོ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ྈྈྈ ྈྈྈ རྒྱ་གར་སྐད་དུ༔ པཱ་ཤ་ཀྲོ་ཏ་དུ་ཙཀྲ༔ མ་ཧེ་ཤྭ་ར་མ་ཧཱ་དེ་བ་ཧ་སེ་ལོ་ན་མ་སརྦ༔ མུ་སྟེགས་ཀྱི་སྐད་དུ༔ ཙཀྲ་ཏྲི་ཤཱུ་ལ་སུ་པཱུ༔ ཏཱིརྠི་ཀཱ་ལ་ཀྲོ་ཏ་དྷི་དྷ་ཧོ༔ བོད་སྐད་དུ༔ དབང་དུ་སྡུད་པ་དྲག་པོའི་འཁོར་ལོ་ཞེས་བྱ་བ༔ དབང་ཕྱུག་ཆེན་པོ་མ་ཧཱ་དེ་བ་ལ་ཕྱག་འཚལ་ལོ༔ ཐམས་ཅད་དབང་དུ་སྡུད་པའོ༔ འདི་ལ་དོན་དྲུག་སྟེ༔ ཕོ་དང་མོ་དང་ཡུལ་ཁམས་དང༔ རྒྱལ་པོ་དང་ནི་དམངས་རིགས་དང༔ ནོར་རྣམས་དབང་དུ་སྡུད་པའོ༔ ཕོ་དབང་དུ་སྡུད་པ་འདི་ལ་དོན་གསུམ་སྟེ༔ གྲོགས་ལྟར་བརྩེ་བ་དང༔ བྲན་ལྟར་བཀོལ་བ་དང༔ ཐ་མ་སྲོག་འཕྲོག་པའོ༔ དང་པོ་གྲོགས་ལྟར་བརྩེ་བ་ནི༔ སྤྲ་ཚིལ་ཁོ་ཡི་དྲི་མ་ལ༔ གཟུགས་དང་དབང་པོ་དོད་པར་བྱ༔ གྲོ་ག་ལ་མིང་དང་རུས་ཚང་མ་བྲིས་ཏེ༔ གཟུགས་ཀྱི་སྙིང་གར་གཞུག༔ དེ་ལ་ཁོའི་དྲི་ཆེན་བྱུག༔ དེ་ཉིད་སྤྲེ་ཐོད་ནང་དུ་གཞུག༔ མེད་ན་ར་རུའི་ནང་དུ་གཞུག༔ གྲི་སྙིང་གི་ཁྲག་དང༔ ཚ་བ་གསུམ༔ ཏིལ་དང་སྦྱར་ལ་ཐོད་པར་གཞུག༔ རང་གི་མལ་འོག་ཏུ་གཞུག༔ དོང་ཁ་གྲུ་གསུམ་མཚོན་པ་བྲི༔ དོང་ནང་རོ་སོལ་བུད་སྣ་དང༔ ཞ་ཉེའི་ཕྱེ་མ་བྱུག་པར་བྱ༔ སྤྲེ་ཐོད་མིའི་རླིག་ནང་དུ་བཏུམ༔ དེ་ནི་དོང་བྲུས་ཁ་ཕུབ་གཞག་པར་བྱ༔ དོང་ཁ་རོའི་གཡམ་པས་བཅད༔ དེ་སྟེང་རང་ཉིད་ཉལ་བར་བྱ༔ སྲོད་དང་ཐོ་རངས་ནམ་གུང་ལ༔ དྲག་སྔགས་བཟླས་ཤིང་བྲབ་པར་བྱ༔ དྲག་པོའི་སྔགས་ནི་མེ་དང་འདྲ༔ སྲེག་ཅིང་སྡུད་པར་བྱེད་པ་ཡིན༔ སྔགས་ནི་སྔགས་བྱང་ནང་དུ་བལྟ་བར་བྱ༔ དུས་བཞིར་སྒྲོ་བའི་ཁ་ལ་བྲབ༔ སྨྲ་བ་བཅད་ལ་བཟླས་པ་འབད༔ དེ་ལ་གྲུབ་རྟགས་བསྟན་པ་ནི༔ རབ་ནི་དམིགས་བྱ་དངོས་སུ་འོང༔ འབྲིང་ནི་རྨི་ལམ་ཐན་ཕྲན་འབྱུང༔ ཐ་མ་དགའ་ཞིང་སྨྲ་བ་འབྱུང༔ རང་དབང་མེད་པར་གན་དུ་འོང༔ འདི་ནི་དབང་སྡུད་རྒྱལ་པོ་ཡིན༔ སྐྱེས་པ་གྲོགས་ལྟར་བརྩེ་བའོ༔ ད་ནི་སྐྱེས་པ་བྲན་ལྟར་བཀོལ་བའི་མན་ངག༔ གང་ལ་དམིགས་པའི་ཟག་རྫས་བླང༔ གུ་གུལ་ཀ་ར་རྡོ་དྲེག་དཀར༔ དམར་ནག་ཅོང་ཞི་མུ་ཟི་ནག༔ སེར་ཚུར་ཀ་ཤྭ་གན་དྷ་དང༔ བྱང་བ་ནག་པོ་ཞིབ་པར་བཏགས༔ གཡག་རུའི་ནང་དུ་བླུག་པར་བྱ༔ སྤྲ་ཚིལ་དག་གིས་ཁ་བཅད་ལ༔ མིས་མི་མཐོང་བར་ལུས་ལ་བཅང༔ སྨྲ་བཅད་དུས་སུ་ངན་སྔགས་བཟླ༔ སྔགས་ནི་སྔགས་བྱང་ལྟར་ཤེས་བྱ༔ དབང་སྡུད་རྣོ་མྱུར་མཚོན་ཆ་འདྲ༔ དེས་ནི་གྲུབ་པའི་རྟགས་སུ་ཤར༔ གང་ཡིན་མིང་སྤེལ་གཞུག་པར་བྱ༔ རྫས་རྣམས་ལྷག་ལྷག་ཇིར་ཇིར་ཟེར༔ མྱུར་དུ་ལས་རྣམས་འགྲུབ་པར་འགྱུར༔ རྫས་དེ་ཁོ་ཡི་སྤྱི་བོར་བརྡེག༔ ཡང་ན་ཁོང་དུ་གཏང་བར་བྱ༔ ཆ་གཅིག་རང་གི་སྙིང་གར་བཀུ༔ ཞག་གྲངས་ཉེར་ལྔའི་དུས་སུ་ནི༔ གང་དམིགས་བྲན་ལྟར་ཉན་པར་འགྱུར༔ མ་ལྟར་བྱམས་ལ་སྲིང་ལྟར་གདུང༔ རྒྱལ་པོ་ཡིན་ཡང་དབང་དུ་འདུ༔ འདི་མཉམ་གཉིས་བྲན་དུ་བཀོལ་བའི་མན་ངག་གོ༔ ད་ནི་སྐྱེས་པ་མཉམ་གཉིས་དབང་དུ་མ་འདུས་ན༔ སྲོག་ནས་འཕྲོག་པའི་མན་ངག་བསྟན༔ ཡུངས་དཀར་ཡུངས་ནག་སྐྱེ་ཚེ་དང༔ གྲི་ཁྲག་སྦྲང་སྨྱོན་ཁྱི་དཀར་སྙིང་ཚིལ་དང༔ བོང་ང་ནག་པོ་རྒྱ་སྐྱེགས་དང༔ ཙནྡན་དམར་པོ་ག་པུར་དང༔ ཆ་མཉམ་སྦྱར་ཏེ་གཡག་རུར་བླུག༔ སྤྲ་ཚིལ་ཁ་བཅད་རང་གི་ལུས་ལ་བཅང༔ སྔགས་ནི་སྨྲ་བཅད་ཁྲི་ཚོ་གཅིག་ཏུ་བཟླ༔ སྔགས་ནི་སྔགས་བྱང་ནང་དུ་ཤེས༔ སྤུ་གྲི་རྣོ་མྱུར་ངན་སྔགས་འདི༔ འགྲུབ་རྟགས་རབ་ནི་ཁོ་རང་དངོས་སུ་འོང༔ འབྲིང་ནི་འཕྲིན་དང་སྐྱེས་བསྐུར་འབྱུང༔ ཐ་མ་རྨི་ལམ་དག་ཏུ་ཡོང༔ ལུས་སེམས་འགྲོ་འདོད་ཁོ་རང་གི༔ འཁོར་ལ་རྒོལ་སྙིང་འདོད་པ་དང༔ རྣམ་འགྱུར་སྣ་ཚོགས་འབྱུང་བ་སྟེ༔ དེ་ནི་འགྲུབ་པའི་རྟགས་ཡིན་ནོ༔ རྫས་དེ་ཁོ་ཡི་སྙིང་ག་འམ༔ སྤྱི་བོ་དག་ཏུ་བསྐུ་བར་བྱ༔ གང་དམིགས་སྲོག་ནས་འདྲེན་པར་བྱེད༔ དེས་ནི་རང་གི་དབང་དུ་འདུ༔ མཉམ་གཉིས་སྲོག་ནས་འདྲེན་པའི་གནད་ཀའོ༔ མོ་རིགས་དབང་དུ་སྡུད་པ་ཡི༔ རྫས་སྔགས་ལག་ལེན་ཟུར་ན་གསལ༔ ཡུལ་ཁམས་དབང་དུ་བསྡུ་བ་ནི༔ འཁོར་ལོ་རྩིབས་བཞི་མུ་ཁྱུད་ལྡན༔ ལྟེ་བ་ལ༔ ཡུལ་ཁམས་དབང་དུ་སྡུས་ཤིག་བྲི༔ རྩིབས་ལ་མི་ཆེན་ཀུན་གྱི་མིང་རུས་བྲི༔ མུ་ཁྱུད་ལ་དབང་སྡུད་ཀྱི་སྔགས་བྲི༔ འཁོར་ལོ་དར་དམར་གྱིས་བཏུམས་བྱས་ལ༔ སྤྲེ་འུའི་ཐོད་པའི་ནང་དུ་གཞུག༔ རང་ཉིད་དབང་ཕྱུག་ཆེན་པོར་བསྒོམ༔ སྔགས་ལས་འོད་ཟེར་ཕར་འཕྲོས་པས༔ ཐམས་ཅད་དབང་དུ་འདུས་གྱུར་ནས༔ རང་དབང་མེད་པར་བདག་མདུན་དུ༔ ཤོག་སྐྱ་རླུང་གིས་དེད་པ་བཞིན༔ འུབས་ཏེ་བསྡུས་ནས་བྲན་དུ་ཁོལ༔ སྒྲུབ་པ་ཞག་བདུན་ཟླ་ཕྱེད་བྱ༔ དེ་ནས་ངེས་པར་ཁུག་པ་ཡིན༔ ནས་ནག་གྲོ་དང་སྲན་མའི་འབྲས་བུ༔ ཡུངས་དཀར་ཡུངས་ནག་ལ་སོགས་པ༔ སྔགས་ཀྱིས་ངར་བླུད་ཡུལ་ཁམས་ལ༔ གཏོར་ཞིང་ཏིང་འཛིན་གསལ་བར་བྱ༔ དེས་ནི་ངེས་པར་དབང་དུ་འདུ༔ ཟས་ནོར་ཆོས་དང་བཟའ་བཏུང་སོགས༔ དུས་གསུམ་རྒྱུན་དུ་འབུལ་བ་འོ༔ འདི་ནི་མུ་སྟེགས་རླུང་ཞགས་ཀྱིས༔ ཡུལ་ཁམས་དབང་དུ་སྡུད་པ་ཡིན༔ ཆེ་བཙན་གྲགས་པ་སུ་ཆེ་ཡང༔ ངེས་པར་རང་གི་དབང་དུ་འདུ༔ སྤྲེ་ཐོད་འཁོར་ལོ་བཅས་པ་དེ༔ རང་གི་ལུས་ལ་རྟག་ཏུ་བཅང༔ སྔགས་ཀྱང་ཞག་རེར་སྟོང་སྟོང་བཟླ༔ རླུང་གི་ཞགས་པས་ཡུལ་ཁམས་དབང་དུ་སྡུད་པའོ༔ མུ་སྟེགས་རླུང་གི་ཞགས་པ་འདི་ལ༔ སྔོན་ལ་ནོར་དབང་དུ་སྡུད་པ་ལ༔ འབུམ་ཕྲག་གསུམ༔ དེ་ནས་རྒྱལ་པོ་དང་བློན་པོ༔ དམངས་དང༔ བུད་མེད་དབང་དུ་སྡུད་པ་ལིང་ག་བཅས་ལ༔ ཕོ་རྐྱང་འདེད་ཀྱི་སྔགས་དེ་ལ་མིང་སྤེལ་ལ་ཞག་དགུར་བཟླ་བར་བྱ༔ དེས་ངེས་པར་ཁུག་གོ༔ དེས་མ་ཁུག་ན་གྲོགས་པོ་ལྟར་བརྩེ་བ་ལ་སོགས་རྣམ་པ་གསུམ་བྱའོ༔ དེས་ཀྱང་མ་ཁུག་ན་ཡུལ་ཁམས་དབང་དུ་སྡུད་པའི་འཁོར་ལོ་བསྐོར༔ དེ་ལ་སྔགས་བཟླས་པས༔ འཁོར་ལོ་གཡས་སུ་འཁོར་བའི་སྟོབས་ཀྱིས་འཇིག་རྟེན་གྱི་མི་ཐམས་ཅད་འུར་ལངས་ནས༔ ཐམས་ཅད་བདག་ལ་འདུད་པར་བསམ༔ སྒྲུབ་པ་ཐམས་ཅད་ལ་དབང་ཕྱུག་གི་རྟེན་འདི་ལྟར་བཤད༔ དབང་གི་དོང་ཟླ་གམ་ཁྲུ་གང་བྱ༔ དེའི་ནང་དུ་ནས་དང་འབྲས་བུས་བཀང༔ དེའི་དཀྱིལ་དུ་ཙནྡན་ལས་བྱས་པའི་དབང་ཕྱུག་ཁྲུ་གང་པ་ཞིག་གཟུག༔ དེའི་སྐེ་ལ་རིན་པོ་ཆེ་དང་དར་སྣ་ལྔ་བཏགས༔ རྫའི་དབང་ཕྱུག་སྦུབས་ཅན་ཞིག་ལ༔ སྦུབས་སུ་སྔགས་བྲིས་ལ་གཞུག༔ དེ་ཡང་དོང་ཆེན་དུ་གཞུག༔ ནང་དུ་གང་ལ་བྱ་བའི་ལིང་ག་གཞུག༔ ཀ་བྷི་ར་དང་ཆེ་གེ་དབང་དུ་སྡུས་ཤིག་བྱ་བ་བྲི༔ དེ་དོང་ཆེན་དུ་གཞུག༔ མིང་སྤེལ་ཅན་གྱིས་ཐུན་བྲབ༔ དབང་ཕྱུག་སོར་བཞི་པ་ཞིག་རང་གི་ལུས་ལ་བཅང་ངོ༔ ལིངྒའི་སྐེ་ནས་དབང་ཐག་དམར་པོ་བཏགས༔ དབང་ཕྱུག་ལ་གཏད་ལ་བཞག༔ དེ་ཁྱིམ་གྱི་མཛོད་ཕུགས་སུ་སྦས་ལ་སྒྲུབ་པ་ཞག་བཅོ་ལྔ་བྱའོ༔ ཡུངས་དཀར་ཟངས་ཕྱེ་ཐང་ཕྲོམ་ལ༔ ལས་མཐའི་དུས་སུ་ཐུན་སྔགས་བཟླས་ཏེ༔ ལིང་ག་ལ་བྲབ་བོ༔ དེ་ཡང་དམིགས་བྱ་དངོས་སུ་གསལ༔ མན་ངག་རླུང་ཞགས་འདི་ལ༔ རྒྱུས་ཡོད་པ་དང༔ ཆོས་སྡེ་ཡོད་པ་ལ་ཐུན་མི་བྲབ་བོ༔ འདིའི་གྲུབ་རྟགས་དང་པོ་མ་བསླངས་པར་ཟས་སྟེར༔ དེ་ནས་བུད་མེད་ཡིད་དུ་འོང་བ་དང་འཕྲད་དོ༔ དེ་ནས་གཏེར་རྙེད་པ་རྨི་བ་འོང༔ དེ་ནས་གྲོགས་དང་འཕྲད་པ་རྨིའོ༔ ཤིང་དང་ལྕི་ལུད་དང་དམར་པོའི་ཟས་ཀྱི་རྣམ་པ་མ་ལུས་སྟེར་བ་འོང༔ མི་མང་པོས་རང་ལ་ཕྱག་འཚལ་བ་དང༔ ལུས་ལ་མཛེས་རྒྱན་བཏགས་པ་དང་རྙེད་པ་རྨི་བ་འོང༔ གཞན་ཡང་བུད་མེད་དང༔ བཙུན་པ་དང༔ བནྡེ་དང༔ བཙད་པོ་དང༔ ཨ་ཙ་ར་དང༔ བལ་པོ་དང༔ མོན་པ་དང༔ ཚོང་པ་མང་པོ་དང༔ ནོར་མང་པོ་དང༔ བང་མཛོད་དང༔ མཁར་དཔངས་མཐོན་པོ་དང༔ གོས་བཟང་པོ་གྱོན་པ་དང༔ གཡག་དང༔ མཛོ་དང༔ ར་ལུག་དང༔ ཕྱུགས་མ་མང་པོ་རྨི་བ་དང༔ གཅན་གཟན་རྨི་བ་བྱུང་ན་གྲུབ་རྟགས་ཡིན་ནོ༔ དེ་ནས་མི་ཆེན་ཐམས་ཅད་འདུས་ནས་གསེར་གྱི་དོང་ཙེ་རྟ་པ་བདུན་སྟོང་དང༔ དགུ་སྟོང་སྟེར་བར་འགྱུར་རོ༔ དེ་ནས་སྙན་གྲགས་ཆེན་པོས་འུར་ལངས་པ་ཞིག་འོང༔ དེ་ནས་འཇིག་རྟེན་གྱི་བདག་པོར་འགྱུར་རོ༔ འདི་ལ་རྒྱུན་པར་བསྙེན་པ་འབུམ་ཁྲི་བྱས་ན༔ སྟེང་ལྷའི་འཇིག་རྟེན༔ འོག་ཀླུའི་འཇིག་རྟེན༔ བར་མིའི་འཇིག་རྟེན་དང་གསུམ་ཀ་དབང་དུ་འགྱུར་རོ༔ ཇི་ལྟར་སྐལ་པ་མེད་པ་ཞིག་ཀྱང་ཞག་གཞུང་བཞིན་དུ་བདུན་ཕྲག་བདུན་དུ་བསྒྲུབས་ན༔ ལོ་གསུམ་ཚུན་དུ་ཟས་ནོར་ཆར་ལྟར་འབབ་པར་ངེས་སོ༔ ལས་མཐའ་གང་བྱེད་ཀྱང༔ སྒྲུབ་པ་ཞག་བདུན་བདུན་བྱའོ༔ འདིས་ནི་སྲིད་པའི་བདག་པོར་འགྱུར་རོ༔ འཇིག་རྟེན་འདི་རུ་སྙན་གྲགས་འདོད་པ་དང༔ ཟས་ནོར་ལོངས་སྤྱོད་འདོད་ཅིང་སྒྲུབ་པ་རྣམས༔ ནོར་སྒྲུབ་གཞན་ཀུན་ཕྱོགས་གཅིག་ཏུ་དྲིལ་བ་ལས༔ རླུང་གི་ཞགས་པ་འདི་ཉིད་ནུས་པ་ཆེ༔ སེང་ཕྲུག་ཀུན་ཀྱང་རླུང་ཞགས་འདི་ཉིད་ལ་དད་ཅིང་འདུན་པས་ཚོགས་འཁོར་བཟང་དུ་ཐོངས་ལ༔ ཆོས་སྐྱོང་གྲགས་པ་ཅན་ཀུན་ཀྱང་མཉེས་པར་གྱིས༔ གསེར་སོགས་ཀྱིས་བླ་མ་མཉེས་པར་གྱིས་ལ༔ མན་ངག་ལག་ལེན་ཕུ་ཐག་ཆོད་པར་ཞུས་ཤིག༔ སེང་ཕྲུག་ཀུན་གྱིས་དངོས་གྲུབ་མ་འགྲུབ་ན༔ པདྨ་ང་ཡི་མགོ་བོ་སྟོང་དུ་འགས༔ ངེས་པར་རླུང་ཞགས་འདི་ལ་འབད་བྱས་ན༔ ཐུན་མོང་དངོས་གྲུབ་དུས་འདིར་ཐོབ་པར་ངེས༔ བླ་མ་མཉེས་པའི་གསེར་ཕུལ་ན༔ རང་ལ་དགོས་འདོད་འབྱུང་བར་ངེས༔ ང་ཡི་བརྒྱུད་འཛིན་སེང་ཕྲུག་ཀུན༔ མུ་སྟེགས་རླུང་གི་ཞགས་པ་འདི༔ ཀཱ་ལ་ཡཀྴས་ཕུལ་པ་ཡིན༔ འདི་ལ་བརྟེན་ནས་དངོས་གྲུབ་བསོད་ནམས་སྒྲུབས༔ སེམས་ཅན་དབུལ་ཕོངས་ཞི་བར་ཤོག་ཅིག༔ ྀཨཚ༔ ཨོ་རྒྱན་པདྨ་འབྱུང་གནས་བདག་གིས་ཀྱང༔ ལྔ་བརྒྱ་ཐ་མའི་དུས་ངན་ཤར་བའི་ཚེ༔ འགྲོ་བ་ནོར་མེད་འཚོ་བས་ཕོངས་པའི་ཚེ༔ བསྟན་པ་འཛིན་པའི་སྡེ་དཔོན་མཁན་པོ་དང༔ སྡེ་གནས་འཛིན་པའི་སློབ་དཔོན་རིགས་བཟང་དང༔ གསང་སྔགས་སྤྱོད་པའི་སྔགས་པ་འགྲོ་དོན་ཅན༔ བསོད་ནམས་མེད་པས་ལོངས་སྤྱོད་དབུལ་བར་འགྱུར༔ དབུལ་པོས་འགྲོ་དོན་མི་ནུས་ཡལ་བར་དོར༔ དེ་ཡི་དོན་དུ་པདྨས་མན་ངག་བསྟན༔ འཇིག་རྟེན་དབང་དུ་སྡུད་པའི་རླུང་ཞགས་འདི༔ མན་ངག་ཁོལ་དུ་ཕྱུང་བའི་སྒྲུབ་པ་ཡིན༔ ཁྱེད་ལ་བསྟན་གྱིས་ཉམས་ལེན་མཐར་ཐོན་གྱིས༔ རླུང་ཞགས་རྩ་བའི་མན་ངག་ཡོད་གྱུར་ཀྱང༔ འདི་མེད་སྒྲོ་བ་ཞབས་མེད་ཡིན༔ གཞུང་དང་མན་ངག་ཡོད་པ་ནི༔ ཆང་གི་ནང་ནས་ཉིང་ཁུ་འདྲ༔ དགྲ་བོ་འདུལ་བའི་དམག་དཔོན་འདྲ༔ གནག་ལུག་སྐྱོང་བའི་རྫི་བོ་འདྲ༔ འདི་ཡི་སྟོབས་དང་ནུས་པ་ཡིས༔ ལྷ་ཡི་དབང་པོ་བརྒྱ་བྱིན་དང༔ ཀླུ་ཡི་རྒྱལ་པོ་འཇོག་པོ་ཡང༔ འགུགས་པར་ནུས་ཏེ་ཐེ་ཚོམ་མེད༔ གླིང་བཞི་མི་ནོར་སྨྲོས་ཅི་དགོས༔ ཀུན་གྱི་བླ་དང་ཤེས་པ་འགུགས༔ མི་སེམས་འགུགས་ཏེ་ཟས་ནོར་སྡུད༔ སྙན་གྲགས་ཆེན་པོ་ཐོབ་པ་ཡིན༔ མི་ཆེན་ཐམས་ཅད་དབང་དུ་སྡུད༔ འཇིག་རྟེན་འུར་ལངས་ཆེན་པོ་འབྱུང༔ རྩ་སྔགས་འདི་མེད་ཡུག་པ་རྐྱང༔ ྀཨཚ༔ དང་པོ་རང་ཉིད་དབང་ཕྱུག་ཆེན་པོ་བསྒོམས་ལ་སྤྲོ་བསྡུའི་དམིགས་པ་བྱ་བ་ནི༔ རང་གི་སྙིང་ག་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་མང་པོ་འཕྲོས་པས༔ འགྲོ་བ་ཐམས་ཅད་ཀྱི་སྙིང་ག་ནས་བཟུང་ནས༔ རང་གི་མདུན་ན་རྒྱ་ཁྱོན་དཔག་ཏུ་མེད་པའི་ཟླ་གམ་དམར་པོ་ཡོད་པ་དེའི་ནང་དུ་འགྲོ་བ་ཐམས་ཅད་བཅུག་པར་བསམ༔ དེའི་དུས་སུ་ཐུན་སྔགས་བཟླ༔ རྩ་སྔགས་འདིས་ཐམས་ཅད་ཀྱི་མགོ་མནན་ནོ༔ རང་རྒྱུན་ཁྱེར་དུ་བྱེད་པ་ནི༔ ཤོག་བུ་ལ་ཟླ་གམ་བྲིས་ཏེ༔ ཚོས་དང་མཚལ་གྱིས་དམར་པོར་བྱུག༔ དེའི་ནང་དུ་ལིང་ག་བྲི༔ དེའི་ནང་དུ་མི་ཆེན་ཐམས་ཅད་ཀྱི་མིང་རུས་དང༔ འཇིག་རྟེན་ཐམས་ཅད་དབང་དུ་སྡུད་བྱ་བ་རྣམས༔ ལིང་གའི་ཐ་མར་སྔགས་ཀྱིས་བསྐོར༔ དོང་ཆུང་གཅིག་ཏུ་ཡུངས་དཀར་དང༔ ཀ་ཤོ་གན་དྷ་དང༔ ཟངས་ཕྱེ་དང༔ ར་གན་གྱི་ཕྱེ་མ་ཐུན་རྫས་བྱའོ༔ ཙནྡན་གྱི་དབང་ཕྱུག་སོར་བཞི་པ་ལ་རྟེན་བྱའོ༔ དེ་ཟངས་གཞོང་གི་ནང་དུ་གཞུག༔ ལིང་ག་མདུན་དུ་བཞག༔ ཐུན་སྣོད་རང་གི་རྐེ་ལ་བཏགས༔ རྟེན་ཤོག་དྲིལ་གསུམ་པ་བཞིན་བཤམ༔ དེ་ནས་སྔགས་འདི་ཞག་བདུན་བཟླ༔ ཨོཾ་མ་ཧཱ་དེ་བ་ཧཱུྃ༔ དབང་ཕྱུག་ཆེན་པོ་ཧྲཱི༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ བཱ་སུ་ན་དྷེ་པུཥྚིཾ་ཀུ་རུ་བྷཱུ་ཏིང་ཀྲི་ན་ཕ་ལ་ཧྲིང་ཧྲིང་ཕཊ་ཕཊ་སྭཱ་ཧཱ༔ འདི་ནི་ནོར་སྒྲུབ་ཀྱི་སྔགས་ཡིན་ནོ༔ དེ་ནས་ཐུན་སྔགས་འདི་ཞག་བདུན་བཟླ་འོ༔ ཨོཾ་མ་ཧཱ་དེ་བ་ཧཱུྃ༔ དབང་ཕྱུག་ལྷ་ཆེན་ཧྲིང༔ ཨེ་མཉྫུ་ཀུཀ་ཏ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར་བྷ་ཤན༔ ཨུ་གེ་ལོ་ཀ་སརྦ་པཱ་ཤཾ་ཀུ་རུ་ཨེ་ཛཿཛཿཧྲིང་ཧྲིང༔ ཞེས་སྟོང་སྟོང་ལ་ཐུན་རེ་བྱའོ༔ དེ་ནས་ཟླ་གམ་ལིང་གར་བྱས་པ་དེ༔ རང་གི་དཔུང་པ་གཡས་ལ་གདགས༔ རྟེན་ཡང་དེ་ཀ་ལ་གདགས་སོ༔ དེ་ནས་ནོར་སྒྲུབ་ཀྱི་སྔགས་དེ་ཞག་རེ་ལ་སྟོང་སྟོང་བཟླ་འོ༔ འདི་ཞུ་བའི་དུས་སུ་གསེར་སོགས་རིན་པོ་ཆེ་ཕུལ་བས་སློབ་དཔོན་མཉེས་པ་གལ་ཆེ་འོ༔ ཐུབ་ཆོད་ནན་གྱིས་ཞུ་རུ་མི་རུང༔ དབང་ཆེན་དང་ངོ་ཆེན་གྱིས་ཞུས་ན་དངོས་གྲུབ་མི་འབྱུང་ངོ༔ ལས་ཅན་འགའ་ལ་བཞག་པ་འོ༔ དབང་ཕྱུག་ཆེན་པོ་ཧྲཱིཿ་་་ཟེར་བ་ཕྱིན་ཡོད་ཟེར་བ་མ་དཔེ་ལ་མི་འདུག །མཆན། ྀཨཚ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༄༅༔ སྦྱིན་སྲེག༔ འགྲོ་བ་དབང་དུ་སྡུད་པ་ལ༔ གནས་དབེན་པར་མིས་མ་ཚོར་བར༔ དབང་ཐབ་ཟླ་གམ་བྱས་པ་ལ༔ ནང་རྒྱ་སྐྱེགས་དང་ཙནྡན་དམར་པོས་བྱུགས༔ ཁ་ཁྱེར་ལ་ལྕགས་ཀྱུ་དགུ་བྲིས༔ ནང་དུ་ཧོམ་ཤིང་ལ་ཙནྡན་དམར་པོ༔ ཤིང་ཀ་ར་ཤིང༔ ཡོག་མོང་དང༔ ཕུར་མོང༔ དཱུར་བ་ཤིང་སྣ་ལྔ་པོ་དེ༔ མཛུབ་རེའི་བར་གཏུབས་ལ༔ བརྩིག་པའམ་སྦམས་སུ་བརྫང༔ རྒྱལ་གྱི་ཉི་མ་ལ་བྱའོ༔ བསྲེག་རྫས་ལ་ཧ་ལོ༔ ཨུག་ཆོས༔ གླང་པོ་སྣ༔ ཀུན་ཏི་ར༔ སྲི་ཤིང༔ སྲན་མའི་མེ་ཏོག༔ མར༔ ཏིལ༔ འབྲས༔ ལན་ཚྭ༔ ལིང་ག་དེ་རྣམས་སོ༔ ཧོམ་ཁུང་དབང་གི་ཕོ་བྲང་དུ་བསམ་ལ་མེ་སྦར༔ མེ་དེ་དབང་ཕྱུག་དངོས་སུ་བསྐྱེད་དེ༔ སྤྱན་དྲངས་བསྟིམ༔ ལྕགས་ཀྱུའི་ཕྱག་རྒྱས་གང་ལ་བྱ་བ་འགུགས་པར་བྱའོ༔ དངོས་སུ་བསྟིམ་མོ༔ མ་ཧཱ་དེ་བ་ནས༔ ཀ་བྷི་ར་ཀོ་བྷི་ར་རྫོགས་པར་བཟླ་འོ༔ རྒྱལ་པོ་ལ་ལྔ་སྟོང་བཟླས་ལ་བསྲེག༔ བློན་པོ་ལ་སོགས་པ་གཞུང་དང་མཐུན༔ མི་དབང་དུ་བསྡུ་བ་ལ་ཨཱ་ཀརྵཱ་ཡ་ག་ར༔ ཐལ་བ་དབང་དོང་འོག་ཏུ་མནན༔ ཡང་ན་རིའམ་ས་དམར་པོ་ལ་སྦའོ༔ རྒྱལ་པོ་དང་བློན་པོ་སྟོབས་ཅན་དབང་དུ་བྱའོ༔ གང་ལ་བྱ་བ་དེ་དབང་དུ་འགྱུར་རོ༔ འདི་དབང་དུ་སྡུད་པའི་སྦྱིན་སྲེག་ཡིན་པས༔ སྒྲུབ་པའི་རྗེས་ལ་བྱའོ༔ རླུང་ཞགས་ཀྱི་གནད་ཡིག༔ ྀཨཚ༔ ྈྈྈ ཟང་ཟང་ལྷ་བྲག་གི་རྐེད་ནུབ་ཟངས་མཛོད་དམར་པོ་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བཏོན་པའོ།། །། ༄༅༔ མ་ཧཱ་དེ་བའི་སྔགས་ཀྱི་ཐེམས་ཡིག་བཞུགས་སོ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ཡི༔ སྔགས་ཀྱི་ཐེམས་ཡིག་བསྟན་པ་ནི༔ རྩ་བའི་སྔགས་ལ་ཡིག་འབྲུ་དྲུག༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ འགྲེང་བུ་གཅིག་དང་ཞབས་ཀྱུ་གསུམ༔ ཛ་བཏགས་གཅིག༔ འ་བཏགས་གཅིག༔ ཀླད་ཀོར་གཅིག༔ འདི་ཀུན་གྱི་མགོ་རུ་འོང༔ ཡབ་ཡུམ་ལས་སྔགས་ཡིག་འབྲུ་དྲུག༔ ཀ་བྷི་ར་ཀོ་བྷི་ར༔ གི་གུ་གཉིས་དང་ན་རོ་གཅིག༔ ཧ་བཏགས་གཉིས༔ འདི་ཀུན་གྱི་བར་དུ་འོང༔ མོ་སྔགས་སྐབས་འདོགས་ཡི་གེ་དྲུག༔ ཨུ་ཙུས་མ་ཀུག་ཏ་ཧཱུྃ༔ ཞབས་ཀྱུ་བཞི་འ་འདོགས་གཅིག༔ ཀླད་སྐོར་གཅིག་ཡོད་དོ༔ ཡུམ་གྱི་སྔགས་ལ་ཡིག་འབྲུ་དྲུག༔ ཨོཾ་ཨུ་མཱཿདེ་བཱི་ཧཱུྃ༔ ན་རོ་གཅིག་དང་ཀླད་སྐོར་གཉིས༔ འ་འདོགས་གསུམ༔ ཞབས་ཀྱུ་གཉིས༔ འགྲེང་བུ་གཅིག་དང་གི་གུ་གཅིག་ཡོད་དོ༔ དེ་རྣམས་རྩ་བའི་སྔགས་ཐེམས་ཡིན༔ སྡུད་བྱེད་ཡི་གེ་འབྲུ་དྲུག་པོ༔ ཀུན་གྱི་ཤམ་དུ་འདོགས་པ་ཡིན༔ ཨཱ་ཀརྵཱ་ཡ་ཧྲིང་ཛ༔ གི་གུ་གཅིག་དང་ར་བཏགས་གཅིག༔ འ་འདོགས་གཉིས་ཡོད་དོ༔ ཕྱི་སྒྲུབ་ཉི་ཟླའི་འཁོར་ལོའི་སྔགས༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ ཧྲཱིཿཨ་ཏྲི་རྣྲྀ་ཛ༔ ཨཱ་ཀརྵཱ་ཡ་ཧྲིང་ཛ༔ དེ་ལ་ཤད་བར་བཞི༔ ཡིག་འབྲུ་ཉི་ཤུ་རྩ་གསུམ༔ གི་གུ་དྲུག་དང་ཞབས་ཀྱུ་གསུམ༔ འགྲེང་བུ་གཅིག་དང་ར་བཏགས་བཞི༔ ཧ་འདོགས་གཉིས༔ འ་འདོགས་བཞི༔ ཛ་བཏགས་གཅིག༔ ར་མགོ་གཅིག་ཀྱང་ཡོད་དོ༔ སྐབས་སུ་ཨུ་ཙུས་མ་ཀུག་ཏ་ཧཱུྃ༔ ཞེས་པ་དང༔ མི་སེམས་དཀྲུགས་དཀྲུགས་སྡུས་སྡུས༔ ཞེས་གདགས་སོ༔ ནང་སྒྲུབ་ནོར་སྒྲུབ་ནོར་བུ་བསམ་འཕེལ་ལ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ བཛྲ་སིདྡྷི་ཕ་ལ་ཧཱུྃ༔ རཏྣ་སིདྡྷི་ཕ་ལ་ཧཱུྃ༔ པདྨ་སིདྡྷི་ཕ་ལ་ཧཱུྃ༔ ཀརྨ་སིདྡྷི་ཕ་ལ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ མི་སྙིང་སྒུལ༔ མི་འགྲམ་ཆོག༔ མི་སེམས་དཀྲུགས༔ རང་དབང་མེད་པར་ཁུག་ལ་ཤོག༔ དེ་ལ་ཤད་བར་བཅུ༔ གི་གུ་བཅུ་བཞི༔ ཞབས་ཀྱུ་བཅུ༔ འགྲེང་བུ་གསུམ༔ ན་རོ་གསུམ༔ ཧ་འདོགས་དྲུག༔ འ་འདོགས་ལྔ༔ ཛ་བཏགས་གཅིག༔ ཡིག་འབྲུ་ལྔ་བཅུ་རྩ་ལྔ་ཡོད༔ གསང་སྒྲུབ་སྣང་བ་དབང་སྡུད་ལ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ ཨ་ཏྲི་རྣྲྀ་ཛ་དུང་དུང་འདུས་འདུས༔ སྡུས་སྡུས༔ འདུ་འདུ༔ མགོ་ནག་མིའི་སེམས་དཀྲུགས་ལ༔ སྙིང་འཕྱོ་རུ་ཆུག༔ རྐང་པ་འགྲོ་རུ་ཆུག༔ ཡིད་ཀྱི་རྣམ་ཤེས་རང་དབང་མེད་པར་ཁུག་ལ་ཤོག༔ དེ་ལ་ཤད་བར་དགུ་ཡོད༔ ཡིག་འབྲུ་ལྔ་བཅུ་ཡོད༔ གི་གུ་དགུ་ཞབས་ཀྱུ་བཅུ་བདུན་ཡོད༔ འགྲེང་བུ་བཞི༔ ན་རོ་ལྔ༔ ར་བཏགས་བཞི༔ ཧ་འདོགས་གཉིས༔ འ་འདོགས་གཅིག༔ ཀླད་ཀོར་གཅིག༔ ཛ་བཏགས་གཅིག༔ ར་མགོ་གཅིག་རྣམས་ཡོད༔ ལས་ཚོགས་སྤྱི་སྒྲུབ་ལ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ རང་དབང་མེད་པར་ཁུག་ལ་ཤོག༔ ཆེ་གེ་མོ་བདག་གི་དབང་དུ་གྱུར་ཅིག༔ ཅེས་རྩ་བའི་སྔགས་ལ་བོད་སྐད་ཀྱི་ལས་སྦྱོར་བཏགས་པ་ཡིན༔ ཤམ་བུ་ལ༔ རྩ་སྔགས་འབྲུ་དྲུག༔ བར་དུ་མིང༔ མཐར་ཕོ་འགུགས་འབྲུ་དྲུག༔ མོ་འགུགས་འབྲུ་ལྔ་ཡོད་དོ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ ཆེ་གེ་མོ་ཨཱ་ཀརྵཱ་ཡ་ཧྲིང་ཛ༔ ཨཱ་ཀརྵཱ་ཡ་ཧྲིང༔ ཕོ་རྐྱང་འདེད་ལ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཡག་ཤ་དུན་ཏྲི་དུན་ཏྲི་ཕོབ༔ ཉ་ཤ་ཉ་ཚ་ཤོ་ནི་ཁུག༔ ཨཱ་ཀརྵཱ་ཡ་ཛ་ཛ༔ མགོ་གནོན་རྩ་བའི་ཡི་གེ་དྲུག༔ ཕོ་སྔགས་ཤད་བར་གསུམ༔ ཡིག་འབྲུ་ཉི་ཤུ༔ གི་གུ་གསུམ༔ ཞབས་ཀྱུ་གསུམ༔ ན་རོ་གཉིས༔ ར་བཏགས་གཉིས༔ འ་བཏགས་གཉིས་ཡོད༔ མོ་རྐྱང་འདེད་ལ་མགོ་རུ་རྩ་སྔགས་འབྲུ་དྲུག་དང༔ ལས་སྔགས་འབྲུ་དྲུག་བཏགས་ཏེ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ ཞེས་པའི་རྗེས་སུ༔ ཙག་ཙག་གཡའ་ཙག་ཙག༔ སད་སད་ཁུག་ཁུག་ཨེ༔ ཨཱ་ཀརྵཱ་ཡ་ཧྲིང་ཛ༔ དེ་ལ་ཤད་བར་གསུམ་ཡོད༔ ཡིག་འབྲུ་བཅུ་དྲུག༔ གི་གུ་གཅིག༔ འགྲེང་བུ་གཅིག༔ ཞབས་ཀྱུ་གཉིས༔ ར་བཏགས་གཅིག༔ འ་བཏགས་གཉིས་ཡོད༔ གསང་བ་ཡང་ཁོལ་ལ༔ ཨོཾ་ཛབ་ཛབ་ཛུབ་ཛུབ་ཁུག་ཛ༔ ཟེ་ཛོ་ཟེ་ཛོ་ཧྲིཾ་ཧྲིཾ་བློང་བློང་བྲམ་ཤོག༔ ཁུག་སྡུས༔ རཾ་རཾ་དེད་དེད་སློང་སློང་ཁུག་ནི་ཛ༔ ཨ་ཏྲི་རྣྲྀ་འདི་ལ་ཛ་ཛ༔ དེ་ལ་ཤད་བར་ལྔ་དང་ཡིག་འབྲུ་སུམ་ཅུ་སོ་ལྔ་ཡོད༔ གི་གུ་དྲུག་དང་ཞབས་ཀྱུ་དྲུག༔ འགྲེང་བུ་བཞི༔ ན་རོ་བདུན༔ ཀླད་ཀོར་ལྔ༔ ར་བཏགས་བཞི༔ ལ་འདོགས་བཞི༔ ར་མགོ་གཅིག་ཡོད༔ མ་འགྲུབ་ན་དང༔ མ་འཆུན་ན༔ སྤོགས་ཆོག་དགོས་པས་སྔགས་ནི༔ མ་ཧཱ་དེ་བ་ལོ་ཀ་ནན༔ དྷེ་དྷ་ཤ་ཤུ་ཨཾ་གུ་ཤ་ཛ་ཛ༔ རྣྲྀ་རཱ་ཛ་ཁུག༔ སིདྡྷི་ཁུག་ཁུག་ལོང༔ ད་ཧ་ར་ཕོབ་ཡ༔ རཱ་ཛ་ལོང་ཨཾ་གུ་ཤ་ཛ་ཛ༔ དེ་བ་ལོང་ཁུག༔ བྷྲོ་ཧ་བྷ་དྷ་དུ་ནི་དུ་ནི༔ མི་འུ་རིགས་བཞིའི་མི་ནོར་སྣ་དགུ་ཁུག༔ ཆུག་ཕོབ་ཡ༔ མ་ཧཱ་དེ་བ་ཧྲི་ད་ཡ་ནི༔ ཤུ་ད་ཡ་ཨཾ་གུ་ཤ་སརྦ་ཤུ་ན་འདུ་ཛ༔ འདི་ལ་ཤད་བར་བཅུ་གཉིས༔ ཡིག་འབྲུ་བརྒྱད་ཅུ་རྩ་གཉིས་ཡོད་དོ༔ གི་གུ་བཅུ་གཅིག་ཡོད༔ ཞབས་ཀྱུ་བཅུ་བདུན༔ འགྲེང་བུ་བཞི་ཡོད༔ ན་རོ་བརྒྱད༔ ར་བཏགས་གསུམ་ཡོད༔ འ་བཏགས་བཞི༔ ཧ་བཏགས་བརྒྱད་ཡོད་དོ༔ ཡིད་བཞིན་ནོར་བུའི་སྒྲུབ་པ་ནི༔ ཙན་དན་ལ་བརྟེན་པའི་ནང་སྒྲུབ་ཀྱི༔ ཕྱི་བམ་པོ་སྒྲུབ་པའི་ལེའུ་རྫོགས་སོ༔ ནང་སྦྱིན་སྲེག་གོ་སླ༔ གསང་བ་མེ་ལོང་ཡང༔ བསམ་འཕེལ་གྱི་སྔགས་ཡིན༔ ཐེམས་ཡིག་མི་དགོས་སོ༔ སྔགས་བྱང་ཐེམས་ཡིག་ཟབ་མོ་འདི༔ ལས་ཅན་གྱི་དོན་དུ་པདྨ་བདག་གིས་གསུངས༔ མཆིམས་ཀྱིས་འཕྲི་བསྣན་མ་བྱས་པར༔ རིན་ཆེན་གཏེར་དུ་སྦས་པ་རྫོགས་སོ༔ ྈྈྈ ྈྈྈ ༄༅༔ ལྷ་ཆེན་མ་ཧཱ་དེ་བའི་མན་ངག་སྐོར་རྣམས་ཚང་བར་བཞུགས་སོ༔ ༄༔ རྩ་བའི་སྔགས་བྱང༔ ཨོ་རྒྱན་པདྨ་འབྱུང་གནས་བདག་གིས་ཀྱང༔ འདོད་ཁམས་བདག་པོ་རླུང་གི་ཞགས་པ་ལས༔ བསོད་ནམས་བསྐྱེད་པ་དབང་ཐང་རྒྱས་པ་བསྟན༔ རྡོ་རྗེ་སྤྲེ་ཆུང་ལེགས་པར་གུས་པས་ཉོན༔ ཚེ་དང་བསོད་ནམས་རྒྱས་པར་བྱ་བ་དང༔ ཟས་ནོར་ལོངས་སྤྱོད་མི་རྣམས་འདུ་བ་ཡི༔ དབང་སྡུད་སྔགས་རྒོད་ངར་དང་ལྡན་པ་འདི༔ འབུམ་ཕྲག་བདུན་བཟླས་ཟས་རྣམས་དབང་དུ་འདུ༔ འབུམ་ཕྲག་བཅུ་བཞིས་ནོར་རྣམས་དབང་དུ་འདུ༔ འབུམ་ཕྲག་བཅོ་ལྔས་རྒྱལ་དང་ཡུལ་ཁམས་དབང་དུ་འདུ༔ བསྙེན་པ་ཡུན་ཐུང་ན་ནི་བྱིན་རླབས་ཆུང༔ ཆུང་ངུ་བྲན་ལས་དབང་དུ་མི་འདུ་བས༔ བཟླས་པ་བྱིངས་ཆེ་གྲངས་ནི་མང་དུ་གཏང༔ རྩ་བའི་བསྙེན་པ་འདི་ལ་བརྩོན་པར་བྱ༔ ཨོཾ་དེ་བ་ཤྭ་ར་མ་ཧཱ་ཨེ་ཤ་ཙིཏྟ་ཧྲིང་ཡམ་ཛ་ཛ༔ སརྦ་ལོ་ཀ་བཱ་སུ་མ་ཧཱ་རཏྣ་མྱུར་དུ་ཁུག་ཁུག༔ སྡུས་སྡུས་ཧྲིང་ཧྲིང་ཛ་ཛ༔ ཞེས་བཟླ་འོ༔ སྔགས་འདིས་ནི་མྱུར་བར་འགྲུབ་བོ༔ ྈྈྈ ྈྈྈ སྔགས་ཀྱི་སེལ་འདོན༔ རྡོ་རྗེ་སྤྲེ་ཆུང་ཡང་ཉོན་ཅིག༔ སྔགས་ཀྱི་སེལ་འདོན་དག་དང་མ་དག་ནི༔ འགུགས་པར་བྱེད་ན་ཛཿརྐྱང་དག་ཏུ་བཟླ༔ འགུགས་པའི་ཡི་གེ་ལྕགས་ཀྱུ་ངར་མ་འདྲ༔ བསྐྲད་པར་བྱེད་ན་ཛ་ཞེས་བཟླ་བར་བྱ༔ ཛཿརྐྱང་ཛ་འབོད་གཉིས་ལ་ནོར་ས་ཡོད༔ དེ་གཉིས་ནོར་ན་སྒྲུབ་ཐག་རིང་བར་འགྱུར༔ ཨེ་ཤ་ཞེས་པ་ཤོག་གི་སྒྲ་ཡིན་ནོ༔ སྟོབས་ཆེན་རླུང་གི་ས་བོན་ཡམ་ཡིན་ཏེ༔ ཡམ་བཅུག་རྐང་པ་རླུང་ལས་མགྱོགས་པ་རུ༔ དབང་ཕྱུག་བྱོན་ནས་ལས་རྣམས་སྒྲུབ་པ་ཡིན༔ དེ་ཕྱིར་རླུང་གི་ས་བོན་ཡམ་གཞུག་གོ༔ སྣང་བ་དབང་སྡུད་ཀྱི་སྔགས་རྒོད་འདི༔ རྣོ་ཞིང་མྱུར་བ་ཡིན་པས་འདི་བཟླ་འོ༔ ཨོཾ་དེ་བ་ཤྭ་ར་མ་ཧཱ་ཨེ་ཤ་ཧྲིང་ཡམ་ཛ་ཛ༔ ལོ་ཀ་ཆེ་གེ་མོ་སརྦ་མ་ནུ་རྣྲྀ་ཡམ་ཛ་ཛ༔ བཱ་སུ་རཏྣ་པུཥྚིཾ་ཀུ་རུ༔ པཱ་ཤཾ་ཀུ་རུ་ཧྲིང་ཧྲིང་ཛ་ཛ༔ འུབས་འུབས༔ དུང་དུང༔ སྡུས་སྡུས༔ འདུས་འདུས་སྭཱ་ཧཱ༔ སྔགས་ཀྱི་རྒྱལ་པོ་འདི་ནི༔ སྣང་བ་དབང་སྡུད་ཀྱི་འཁོར་ལོའི་སྔགས་རྒོད་ཡིན་པས༔ བསྙེན་པ་བྱེད་ན་དམིགས་པས་ཁྲོམ་ཐམས་ཅད་དབང་དུ་འདུ་བར་སྒོམ་ཞིང་བསྒྲུབ༔ ཁྲོམ་གྱི་ཟས་ནོར་དབང་དུ་འདུ་བར་ཐེ་ཚོམ་མེད་དོ༔ དོན་ཏིག་གནད་ཏིག་ཡིན༔ ྈྈྈ ྈྈྈ ཡིད་འགྱུར་གྱི་སྔགས་བྱང་གཉིས༔ ཡིད་འགྱུར་སེམས་འགུགས་ཀྱི་སྔགས་ནི༔ རྟེན་གྱི་ནང་དུ་བཟུང༔ འདི་ལ་བཟླས་པ་བྱ༔ ཕྱུག་པོ་ཕྱུག་མོའི་མིང་སྤེལ་གཞུག༔ ཞག་གསུམ་སྒྲུབ་པ་བྱའོ༔ ཨོཾ་ཤྭ་ར་མ་ཧཱ་དེ་བ་སྙིང་སྲོག་ཙིཏྟ་ཧྲིང་ཡཾ་ཛ་ཛ༔ དེ་བ་ཤྭ་ར་མ་ཧཱ་ཆེ་གེ་མོའི་སེམས་སྒྱུར༔ ཡིད་ཁུག་རིག་པ་དབང་དུ་དུང་དུང་འདུས༔ ཟས་ནོར་ཁུག་སྡུས༔ ས་མ་ཡ་ཧྲིང་ཧྲིང་ཛ་ཛ༔ ཞེས་བཟླའོ༔ ཡང་སྔགས་འདི་བཟླའོ༔ ཨོཾ་དེ་བ་ཤྭ་ར་མ་ཧཱ་ལོ་ཀ་སརྦ་མ་ནུ༔ བཱ་སུ་རཏྣ་པཱ་ཤཾ་ཀུ་རུ་ཧྲིང་ཧྲིང་ཛ་ཛ༔ ཁུག་ཁུག༔ སྡུས་སྡུས་སྭཱ་ཧཱ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་དོན་དུ་མཛད་པ་ཡིན༔ འདི་ཡི་ལག་ལེན་བྱེད་པ་རྣམས༔ ཟས་ནོར་དབང་དུ་འདུ་བ་ཡིན༔ གསང་ཞིང་སྦས་ལ་སྤྱོད་པར་བྱ༔ ཆོས་བྱེད་ནོར་ལ་གཙོ་བོར་འདོན༔ དེ་དབང་ཕྱུག་པོར་རྒྱས་པར་འགྱུར༔ ནོར་ལྷའི་མཆོད་གཏོར་རྒྱ་ཆེན་འབུལ༔ ྈྈྈ ྈྈྈ ༄༅༔ མ་ཧཱ་དེ་བ་ལས་ཤི་ས་བསྟན་པ་བཞུགས་སོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་སྔགས་འཆང་དོན་ཆེད་དུ༔ དབང་ཕྱུག་ཆེན་པོའི་སྒྲུབ་པ་སྦས༔ རྒྱ་གར་ཤར་ཕྱོགས་དུར་ཁྲོད་ནི༔ རབ་ཏུ་རྒྱུ་བ་ཞེས་བྱ་བར༔ དབང་ཕྱུག་ཆེན་པོ་དམ་ལ་བཏགས༔ སྲོག་སྙིང་ཕུལ་ནས་ལས་ལ་བཀོལ༔ ཕྲིན་ལས་སྒྲུབ་པའི་གྲོགས་བྱེད་པར༔ ཁས་བླངས་དམ་ཚིག་ཕོག་པ་ཡིན༔ གྲུབ་ཐག་རིང་ན་གཅུན་ཏེ་བསྒྲུབ༔ མ་གྲུབ་སྤོགས་ཆོག་ཡང་ཡང་བྱ༔ དེས་ནི་མི་ནོར་ཟས་རྣམས་འདུ༔ འདུ་འཕྲོ་ཆད་ན་སྦྱིན་སྲེག་བྱ༔ གལ་ཏེ་ལས་རྣམས་མི་བྱེད་ན༔ ཤི་ས་བསྟན་པའི་འཁོར་ལོ་བྲི༔ ཧོམ་ཁུང་གྲུ་གསུམ་ནང་དུ་གཟིར༔ ཤི་ས་བསྟན་པའི་འཁོར་ལོ་ནི༔ ཡབ་ཡུམ་མགོ་མཇུག་བསྣོལ་མར་བྲི༔ འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་གཅིག༔ ལྟེ་བར་ཨོཾ་བཛྲ་ཀྲོ་དྷ་ཧ་ཡཾ་གྲཱི་བ་ཧཱུྃ་ཕཊ༔ ལས་མི་བྱེད་ན་ཏྲིག་ནན་རྦད༔ ཅེས་བྲི༔ ཧྲཱིཿཡི་མཐའ་མ་བསྐོར༔ རྩིབས་བརྒྱད་ལ༔ རྦད༔ ཛ༔ ཡཾ༔ ཧྲཱི༔ ཧཱ་མ༔ པཱ་ཤ༔ བ་དྷེ༔ ཧྲིཾ༔ ཤད་བར་བརྒྱད་ཀྱི་ཡིག་འབྲུ་བཀོད༔ མུ་ཁྱུད་ལ༔ ལས་མི་བྱེད་ན་ཏྲིག་རྦད་ཐུམ་ཤག་ཁས་རྦད༔ མ་ཧཱ་དེ་བ་ཧྲིང་ཛ་ཁ་རཾ༔ ཞེས་བྲིའོ༔ སྔགས་གོ་ཟློག་པ་འདི་བཟླ༔ ཧོམ་ཁུང་དུ་སྲིད་མེས་མགོ་མཇུག་ལྡོག༔ ཙཀྲ་གཞུག༔ རྡོ་ཕ་ཝཾ་ལོང་བུ་ལ་ཧྲཱིཿདྲུག་བྲིས་པ་ཡང་གཞུག༔ རང་རྟ་མགྲིན་དུ་བསྒོམས་ལ་གཅུན་ཅིང་གཟིར༔ རྡོ་རྗེས་སྒུལ་ཚུལ་བྱ༔ གྲི་ལྕགས་ལས་བརྡུངས་པའི་ལྕགས་ཀྱུ་རྟེན་ལ་བཙུགས༔ རང་གི་ལག་པ་གཡོན་པས་བཟུང༔ སྔགས་བཟླས་ཐུན་ཡུངས་དབབ་པར་བྱ༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡཾ་གྲཱི་བ་ཧཱུྃ་ཕཊ༔ རྦད་ཛ་ཡཾ་ཧྲཱིཿཧཱ་མ་པཱ་ཤ་བ་དེ་ཧྲིཾ་ཕཊ༔ ཅེས་པ་ཤི་ས་བསྟན་པའོ༔ བསྒྲུབས་ཀྱང་གྲུབ་རྟགས་མ་བྱུང་ཞིང༔ ལས་འགྱང་ན་བྱའོ༔ འདི་གང་དགར་མི་བྱའོ༔ ཤི་ས་བསྟན་པའི་ཐབས་རྫོགས་སོ༔ ྈྈྈ ྈྈྈ ྈྈྈ ཟངས་མཛོད་ནས་བྱོན༔ ༄༔ སྔགས་བྱང་ལེའུ་གསུམ་པ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ འཇིག་རྟེན་ཟས་ནོར་སྡུད་པའི་ཕྱིར༔ དབང་ཕྱུག་ཡབ་ཀྱི་སྒྲུབ་པ་བསྟན༔ སྔགས་འདི་ཞག་བདུན་བསྒྲུབ་པར་བྱ༔ ཨོཾ་དབང་ཕྱུག་ལྷ་ཆེན་ཙིཏྟ་ཧྲིཾ་ཡམ་ཛ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ མ་ཧཱ་དེ་བ་མི་སྙིང་སྒུལ་ཟས་ནོར་ཁུག་སྡུས༔ ཧྲཱིཿསི་ཏི་ཕ་ལ༔་་་ཧྲི་ཧས་ཏི་ཟེར་བའང་སྣང་། སིད་ཏི་ཕ་ལ་རཏྣ་སི་ཏི༔ བཱ་སུ་ནཱ་ནཱ་ཁ་དྷེ་པཱ་ཤཾ་ཀུ་རུ༔ པུཥྚིཾ་ཀ་མ་རི༔ བྷཱུ་ཏི་ས་ནཱ་ག་ཕ་ལ་ཧྲིང་ཧྲིང་ཕཊ་ཕཊ་སྭཱ་ཧཱ༔ ཞེས་བཟླའོ༔ ཡུམ་གྱི་སྔགས་ནི༔ ཨོཾ་ཨུ་མཱཿདེ་བཱི་ལོ་ཀ་བཱ་སུ༔ རཏྣ་སིདྡྷི་དུང་དུང༔ འུབས་འུབས༔ སྡུས་སྡུས༔ ཡེཾ་ཡེཾ༔ ཀཾ་ཀཾ༔ ཙག་ཙག༔ དུང་དུང་མི་ཐམས་ཅད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་ཁུག་ཤོག་དུང་སྡུས་སྭཱ་ཧཱ༔ ཞེས་བཟླ༔ ྈྈྈ ྀཨཚ༔ དབང་ཕྱུག་ཆེན་པོའི་འགུལ་སྔགས་ནི༔ ཨོཾ་དེ་བ་ཤྭ་ར་མ་ཧཱ་མི་སེམས་དཀྲུགས༔ མི་སྙིང་སྒུལ༔ ཟས་ནོར་ཁུག་སྡུས༔ ས་མ་ཡ་ཧྲིང་ཧྲིང་ཛ་ཛ༔ ཞེས་སྐབས་སུ་བཟླའོ༔ སྔགས་ཀྱི་ཤམ་བུ་གསུམ་པ་རྫོགས་སོ༔ ྈྈྈ ྈྈྈ ༄༔ རྟེན་གསུམ་གྱི་འཁོར་ལོ་བྲི་ཐབས༔ སྲིད་མེས་ཀྱི་འཁོར་ལོ་ལ་བརྟེན་ནས་སྣང་བ་དབང་དུ་སྡུད་པ་ནི༔ འཁོར་ལོ་རྩིབས་བཞི་མུ་ཁྱུད་གཅིག་པ་བྲི༔་་་འཁོར་ལོ་འདི་ཟངས་ཀྱི་སྲིད་མེས་ནང་དུ་བཅུག །ལྟེ་བར་སྲིད་པའི་མེས་པོ་བྲི༔ རྩིབས་བཞི་ལ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཞེས་པ་བཞི་བྲི༔ རྩིབས་མཆན་བཞི་ལ༔ ཨ་ཏྲི་རྣྲྀ་ཛ༔ ཞེས་པ་བཞི་བྲི༔ མུ་ཁྱུད་ལ༔ མི་འུ་རིགས་བཞིའི་མི་ཕོ་མོ་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག་སརྦ་པཱ་ཤཾ་ཀུ་རུ་ཧྲིང༔ ཕྱུག་པོ་ཕྱུག་མོ་ཐམས་ཅད་དབང་དུ་སྡུས་ཤིག༔ འཇིག་རྟེན་གྱི་ཟས་ནོར་ཐམས་ཅད་དབང་དུ་སྡུས་ཤིག༔ ཅེས་བྲིའོ༔ འཁོར་ལོ་འདི་ཙནྡན་སྲིད་མེས་ནང་དུ་བཅུག།་་་བསམ་འཕེལ་ནོར་བུ་རིན་པོ་ཆེ་ལ་བརྟེན་ནས་ཟས་ནོར་སྒྲུབ་པ་ནི༔ འཁོར་ལོ་རྩིབས་བཞི་པ་མུ་ཁྱུད་གཅིག་པ་བྲི༔ ལྟེ་བར་ནོར་བུ་རིན་པོ་ཆེ་བྲི༔ རྩིབས་བཞི་ལ༔ ཀ་བྷི་ར་ཀོ་བྷི་ར༔ ཞེས་པ་བཞི་བྲི༔ རྩིབས་མཆན་བཞི་ལ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཞེས་པ་བཞི་བྲི༔ མུ་ཁྱུད་ལ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ བཛྲ་སིདྡྷི་ཕ་ལ་ཧཱུྃ༔ རཏྣ་སིདྡྷི་ཕ་ལ་ཧཱུྃ༔ པདྨ་སིདྡྷི་ཕ་ལ་ཧཱུྃ༔ ཀརྨ་སིདྡྷི་ཕ་ལ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ མི་སྙིང་སྒུལ༔ མི་འགྲམ་ཆོག༔ མི་སེམས་དཀྲུགས༔ རང་དབང་མེད་པར་དབང་དུ་སྡུས༔ ཞེས་བྲིའོ༔ མི་གང་དབང་དུ་སྡུད་པའི་མིང་སྤེལ་གཞུག༔ དེ་མཚལ་གྱིས་བྲིའོ༔ ཟླ་གམ་ཤོག་དམར་བྲི་ཡིག་ནི༔་་་འདི་རེ་རེ་སྲུབས་སུ་ཁ་སྦྱར༔ ལྟེ་བར་ཟླ་གམ་སྒོ་ཅན་ལ༔ ཟས་ནོར་དངོས་གྲུབ་སྩོལ་བྱ་བ་བྲི༔ རྩིབས་བཞི་ལ༔ ཀ་བྷི་ར་ཀོ་བྷི་ར༔ ཞེས་པ་བཞི་བྲི༔ རྩིབས་མཆན་ལ༔ ཨཱ་ཀརྵཱ་ཡ་ཧྲིང༔ ཞེས་པ་བཞི་བྲི༔ མུ་ཁྱུད་ལ་ཡབ་ཡུམ་གྱི་སྔགས༔ ཨོཾ་དེ་བ་ཤྭ་ར་མ་ཧཱ་ཨེ་ཤ་ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ ཨུ་མཱཿདེ་བཱི་མ་ནུ་ཙིཏྟ་འགུལ་པཱ་ཏཱ་སྒྱུར༔ པཱ་ཏཱ་དཀྲུགས༔ ཁུག་ས་མ་ཡ་ཧྲིང་ཧྲིང་ཛ་ཛ༔ ཞེས་བྲིས་ཏེ་འཁོར་ལོའི་བར་དུ་གཏེམ་མོ༔ ས་མ་ཡ༔ གཟུགས་ལ་བརྟེན་པའི་འཁོར་ལོ་ནི༔་་་འཁོར་ལོ་འདི་སེང་ལྡེང་གི་སྲིད་མེས་ནང་དུ་གཞུག །ལྟེ་བར་གང་དབང་དུ་བསྡུ་བའི་གཟུགས་དང་མིང་རུས༔ ཚེ་དང་བསོད་ནམས་དབང་དུ་སྡུས་ཤིག༔ རྩིབས་བཞི་ལ༔ ཀ་བྷི་ར་ཀོ་བྷི་ར༔ བཞི་བྲིའོ༔ རྩིབས་མཆན་ལ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཞེས་པ་བཞི་བྲིའོ༔ མུ་ཁྱུད་ལ༔ ཨུ་ཙུས་མ་ཧཱ་ཀུ་དྷ་ཀུ་དྷ༔ དེ་རྣམས་མཚལ་གྱིས་བྲིའོ༔ འཁོར་ལོ་རྣམས་རབ་གནས་བྱ༔ སྔགས་མགོ་གྱེན་ལ་བསྟན་ཏེ་སྲིད་མེས་ནང་དུ་གཞུག༔ སྒྲུབ་པ་བྱས་ཏེ་ལུས་ལ་གདག་གོ༔ འཁོར་ལོ་བྲི་ཐབས་རྫོགས་སོ༔ ས་མ་ཡ༔ ༄༔ དབང་སྐུར་བྱ་ཐབས༔ ཨོ་རྒྱན་པདྨའི་བཀའ་བཞིན་ལ་གཏོགས་པ་ཡིན་ན་དབང་བྱ༔ ཞེས་པས་དབང་དཔེ་ཟུར་ན་ཡོད༔ ལུང་གཞན་ལ་སྟེར་ན་གཏོར་མ་སྲིད་མེས་ཀྱི་གཟུགས་སུ་བྱ༔ དབང་ཕྱུག་འདི་ལ་སྦྱིན་ལགས་ཀྱིས༔ འདི་ལ་འགོ་བར་མཛད་དུ་གསོལ༔ ཟས་ནོར་ལོངས་སྤྱོད་དངོས་གྲུབ་རྣམས༔ སྦྱིན་པའི་ཕྲིན་ལས་མཛད་དུ་གསོལ༔ ཅེས་ལན་གསུམ་བརྗོད་ལ༔ གཏོར་མ་མགོ་ཐོག་ཏུ་བཞག་སྟེ༔ དུས་རྒྱུན་དུ་དབང་ཕྱུག་གི་རྟེན་དང་མི་འབྲལ་བར་གྱིས༔ མཆོད་པ་རྒྱུན་མ་ཆད་པར་གྱིས༔ ཞེས་བཀའ་བསྒོ་བར་བྱའོ༔ ལུང་གནང་བའི་ཐབས་སོ༔ ྈྈྈ ྈྈྈ ༄༔ ཐུན་བྱ་ཐབས༔ འདི་སྒྲུབ་པའི་དུས་སུ༔ ཨོ་རྒྱན་པདྨ༔ རྟ་མགྲིན༔ དབང་ཕྱུག་གསུམ་གྱི་གཏོར་མ་བཅའ༔ སྒྲུབ་དུས་སྨྲ་བཅད་བྱ༔ ཟས་སྐོམ་བྱ་དུས་གཟུངས་ཐག་གཏོར་མ་ལ་གཏོད་ལ༔ ཐུན་ཚབ་མཛད་དུ་གསོལ་བྱའོ༔ ཡང་བླངས་ལ་བསྙེན་པ་བྱའོ༔ ཆོ་འཕྲུལ་ཅི་བྱུང་ཡང་མ་བྲེད་པར་བྱས་ལ་བསྒྲུབ༔ ནམ་གྲུབ་གྲུབ་སྙིང་རུས་བསྐྱེད་ལ་བསྒྲུབ༔ སྔ་མ་ཟས་འདུ༔ དེ་ནས་ནོར་འདུ༔ མི་ལ་གསང་ནས་བསྒྲུབ་ན་དངོས་གྲུབ་མྱུར་བ་ཡིན༔ ནོར་སྒྲུབ་མི་འདྲ་བ་སྟོང་བསགས་ཀྱང༔ འདི་ལས་ཟབ་པ་འཇིག་རྟེན་ན་མེད་དོ༔ གལ་ཏེ་ཡོད་སྲིད་ན༔ པདྨ་ངས་འགྲོ་བ་བསླུས་པ་ཡིན་པས༔ དམ་ཚིག་མཁའ་འགྲོ་མས་ཆད་པ་ཆོད༔ ཞེས་དབུ་སྙུང་ལན་གསུམ་བཞེས་པ་ཡིན༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཨོ་རྒྱན་རྒྱ་གར་རྒྱ་ནག་དང༔ ཁ་ཆེ་དྷ་ན་ཀོ་ཤའི་ཡུལ༔ གདུལ་བྱའི་དོན་ལ་ཕྱིན་གྱུར་ཀྱང༔ འགུལ་དང་གཡེང་དང་འུར་བག་གསུམ༔ འདི་ལས་ལྷག་པ་ཡོད་རེ་ཀན༔ ཞེས་གསུངས་ནས་མཆིམས་རྡོ་རྗེ་སྤྲེ་ཆུང་ལ་གནང༔ ཁོང་གིས་བསྒྲུབས་པས་དགོས་འདོད་ཀྱི་ཆར་བབས་ཤིང༔ ལོངས་སྤྱོད་ཀྱི་དངོས་གྲུབ་ཆེན་པོ་བྱུང་ངོ༔ དེ་ནས་ཨོ་རྒྱན་པདྨའི་བཀའ་བྱུང་ནས༔ ཟང་ཟང་ལྷ་བྲག་ལ་སྦས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༄༔ རིལ་བུའི་སྒྲུབ་པ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་རྡོ་རྗེ་སྤྲེ་ཆུང་ལ་གསུངས་པ༔ ཉོན་ཅིག་ལས་ཅན་རིགས་ཀྱི་བུ༔ སྒྲུབ་ཐག་ཉེ་ཞིང་མྱུར་བའི་སྔགས༔ འདི་ནི་ཞག་བདུན་བསྒྲུབ་ན་འགྲུབ༔ ང་ཡིས་བཤད་ཀྱིས་ལེགས་པར་ཉོན༔ ཨོཾ་དབང་ཕྱུག་ལྷ་ཆེན་ཧྲིང་ཡཾ་ཛ་ཛ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ མ་ཧཱ་དེ་བ་ལོ་ཀ་བཱ་སུ་རཏྣ་སི་ཏི་ཧྲིང་ཡམ་ཨཾ་གུ་ཤ་ཛ་ཛ༔ ཞེས་བཟླའོ༔ རྫས་ལ་བུད་མེད་ཆུ་ཤུལ༔ མངལ་ཁྲག༔ སྦྲང་སྨྱོན༔ ཐང་ཕྲོམ༔ མཆིལ་པའི་ཀླད་པ༔ དེ་རྣམས་བསྲེས་ལ་རིལ་བུ་སྲན་མ་འབྲིང་པོ་ཙམ་བྱ༔ པར་བུའམ་དོང་བུར་གཟུད༔ བསྙེན་པ་འདི་ཞག་བདུན་བཟླ་ཞིང་བསྒྲུབ་བོ༔ ཨོཾ་དེ་བ་ཤྭ་ར་མ་ཧཱ་མྱུར་དུ་ཧྲིང་ཡམ་ཛ་ཛ༔ ལོ་ཀ་སརྦ་མ་ནུ་པཱ་ཏཱ༔ དུང་དུང༔ སྡུས་སྡུས༔ ཁུག་ཁུག༔ མ་ཧཱ་དེ་བ༔ ཆེ་གེ་མོའི་འདོད་པ་གཡོས༔ སེམས་སྒྱུར༔ ཡིད་ཁུག༔ ཀཾ་ཀཾ༔ ཙག་ཙག༔ གཡའ་གཡའ༔ རང་དབང་མེད་པར་བདག་གི་དབང་དུ་སྡུས་ཤིག་སྭཱ་ཧཱ༔ ཞེས་རིལ་བུ་ལ་གདབ༔ གྲུབ་ནས་རིལ་བུ་ལུས་ལ་ཕོག་པས་དབང་དུ་འདུ་འོ༔ དེས་མ་འདུས་ན་ཁོང་དུ་ཟས་ལ་བསྲེས་ནས་བྱིན་པས༔ ཁོང་དུ་སོང་བས་འདུ་འོ༔ ཁྲོམ་ལ་གཏོར་ན་ཁྲོམ་དབང་དུ་འདུ་འོ༔ རྒྱལ་པོ་དང་བཙུན་མོ་ཡང་འདུ་ན་ཕལ་བ་དག་ལ་སྨྲོས་ཅི་དགོས༔ ཞེས་གསུངས་སོ༔ ྈྈྈ ྈྈྈ ༄༔ ཁྱི་ཐོད་ལ་བརྟེན་ནས་སྒྲུབ་པ༔ ཡང་རྡོ་རྗེ་སྤྲེ་ཆུང་གིས་ཞུས་པ༔ ཀྱེ་སློབ་དཔོན་ཆེན་པོ་ལགས༔ སྡེ་ཆེན་ཡུལ་ཁམས་དབང་དུ་བསྡུ་བའི་མན་ངག་གནང་བར་ཞུ༔ ཞེས་ཞུས་པ༔ བཀའ་བསྩལ་པ༔ དབང་དོང་ཟླ་གམ་དམར་པོའི་ནང༔ ཁྱི་མོ་དཀར་མོའི་ཐོད་པ་རུ༔ སྡེ་དང་ཡུལ་ཁམས་ཐམས་ཅད་ཀྱི༔ མིང་དང་དབང་དུ་སྡུས་ཤིག་བྱ་བ་བྲི༔ ཐོད་པའི་ནང་དུ་ཡུལ་ཁམས་དམིགས་པས་བསྟིམ༔ སྦྲང་དང་ད་དྷུ་ར་མཆིལ་པའི་ཀླད་པ་གཡམ་པ་ལ་བསྐུས་ལ༔ ཁྱི་ཐོད་དབང་དོང་དུ་བཅུག་ལ་གཡམ་པས་ཁ་བཅད་དོ༔ འདམ་ས་ལ་ཟླ་གམ་དམར་པོ་བྱ༔ དེར་ཁྱི་ཐོད་བཅུག་ལ་དགུག་གཞུག་བྱ༔ གཡམ་པས་ཁ་བཀབ༔ གཏོར་མ་འབུལ༔ ཡུལ་ཁམས་དབང་དུ་སྡུས་ཤིག༔ ཅེས་ཕྲིན་ལས་བཅོལ་ལོ༔ འདི་ལ་བསྙེན་པ་ཞག་བདུན་བཟླ༔ ཨོཾ་དབང་ཕྱུག་ཆེན་པོ་ཙིཏྟ་ཧྲིང་ཡམ་ཛ་ཛ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ མ་ཧཱ་དེ་བ་ལོ་ཀ་ཧྲིང༔ དྷེ་དྷ་ཤ་ཤུ་ཨཾ་གུ་ཤ་ཛ་ཛ༔ དེས་ཡུལ་ཁམས་དབང་དུ་འདུ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ སྙིགས་མའི་སེམས་ཅན་དོན་ཕྱིར་དུ༔ ནོར་སྒྲུབ་རིན་ཆེན་བརྒྱ་རྩ་གཏེར་དུ་སྦས༔ དབང་ཕྱུག་ཆེན་པོའི་ནོར་སྒྲུབ་ནི༔ ནོར་སྒྲུབ་ཕལ་གྱིས་དོ་ཟླ་མིན༔ ནན་ཏན་སྐྱེད་ལ་སྒྲུབས་ཤིག་གསུངས༔ ཡུལ་ཁམས་དབང་དུ་བསྡུ་བ་རྫོགས་སོ༔ ྈྈྈ ྈྈྈ ༄༔ རྟེན་བཅའ་ཐབས༔ སྲིད་པའི་མེས་པོའི་རྒྱུ༔ རབ་ཙནྡན་ལ་བྱ༔ འབྲིང་སེང་ལྡེང་ལ་བྱ༔ ཐ་མ་ཟངས་ལ་བྱའོ༔ དེ་ཡང་ཁོག་སྟོང་འབྲས་བུ་ཡོད་པའི་གཟུགས་སུ་བྱ༔ ནང་བཟང་དྲུག་སྨན་གྱིས་བྱུགས༔ འཁོར་ལོ་རྣམས་བྲི་བའི་རྫས་ནི༔ གི་ཝཾ་གུར་གུམ་མཚལ་གསེབ་ཏུ༔ བུད་མེད་མངལ་ཁྲག༔ སྐྱེས་པའི་ས་བོན་སྣག་ཚ་བསྲེས་ལ་བྲི༔ འབྲི་དུས་སྐར་མ་རྒྱལ་ལ་བྱ༔ སྲིད་མེས་ཀྱི་རྒྱུ་གོང་དུ་བཤད་པ་དེ་རྣམས་མ་འབྱོར་ན༔ རབ་ལྡེ་གུས་བྱ༔ འབྲིང་ལ་ཆས་བྱ༔ ཐ་མ་རྫ་ས་ལ་བྱ༔ ཚོན་དམར་པོས་བྱུག༔ ཙནྡན་སེང་ལྡེང་ཟངས་གསུམ་གྱི་ཕྱེ་མ་བསྲེས་ལ་གཟུགས་བྱ༔ གཟུགས་དང་འཁོར་ལོ་སྒྲུབ་དུས་སྐར་མ་རྒྱལ་ལ་བྱ༔ ཟ་འོག་དུམ་བུ་གཉིས་ལ་ཤོག་རིལ་བཏུམས་ལ༔ སྲིད་མེས་ཀྱི་འབྲས་བུའི་ནང་དུ་གཞུག༔ ཤོག་རིལ་ལ་སྔགས་འདི་བྲི༔ ཨོཾ་དེ་བ་ཤྭ་ར་མ་ཧཱ་ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ དབང་ཕྱུག་ཆེན་པོས་སྡུས་སྡུས་སྭཱ་ཧཱ༔ ཞེས་བྲིས་ལ་ཟ་འོག་གིས་བཏུམས་ལ་འབྲས་བུའི་ནང་དུ་གཟུད༔ ཁྱི་ཕོ་མོ་གཞང་འབྲེལ་བའི་རྔ་མའི་སྤུ་བྲེགས་པས་འབྲས་བུ་བཀང༔ ཕོ་མོའི་གོང་རྩའི་དྲེག་པ་གཟུད༔ དགེ་བའི་བཤེས་གཉེན་བསོད་ནམས་ཅན་གྱི་ཞབས་འོག་གི་ས༔ སྐར་མ་རྒྱལ་ལ་བཙོང་མོས་བླངས་ལ་གཟུད་དོ༔ འབྲུ་ལྔ་རཏྣ་ལྔ་བཟང་སྨན་དར་ཟབ༔ རྡོ་ཁབ་ལེན་ནས་ཙམ༔ ནོར་བུ་སྦུར་ལེན་ཡོད་ན་ལེགས༔ མེད་ཀྱང་ཡོང༔ རྡོ་ཕ་ཝཾ་ལ་ཧྲཱིཿདྲུག་བྲིས་ལ༔ པྲ་རྩིས་བྱུགས་ལ་སྲིད་མེས་ནང་དུ་གཟུད༔ ཞབས་ལེགས་པར་བསྡམ་མོ༔ དགའ་སྟོན་ནམ་དད་འདུས་ཀྱི་ཁྲོམ་མ་གྱེས་ཀྱི་བར་གྱི་ས་བླངས་ནས་མཎྜལ་གྱི་ས་ལ་བསྲེས་ལ༔ མཎྜལ་ཟླ་གམ་དམར་པོ་ཕྱི་རིམ་ལྕགས་ཀྱུས་བསྐོར་བ་བྲི༔ དེ་སྟེང་ཟངས་གཞོང་གི་ནང་དུ༔ སྲིད་མེས་དར་སྣ་ལྔས་དྲིལ་གཟུངས་ཐག་དམར་པོ་གདགས༔ གཏོར་མ་སྲིད་མེས་ཀྱི་གཟུགས་སུ་བྱས་ལ༔ ཏིང་ལོ་བརྒྱད་ཀྱིས་བསྐོར༔ ཙནྡན་ལ་སྲིད་མེས་ཀྱི་གཟུགས་བྱས་ལ་སྔགས་བྲིས་ལ་གཏོར་མ་ལ་གཟུག༔ གཟུངས་ཐག་ནས་བཟུང་སྨྲ་བཅད་བྱས་ཏེ་བཟླའོ༔ མ་སྐབས་ན་གཏོར་མའི་རྟེན་དབང་ཕྱུག་དུ་བསྐྱེད་ལ་ཐུན་ཚབ་མཛད་དུ་གསོལ་བྱའོ༔ བྲེལ་བ་སྤངས་ནས་བཟླས་པ་བྱའོ༔ དེ་ཡང་ཞལ་གྱི་གདམས་པ་ཡིན་ནོ༔ སྒྲུབ་པའི་དུས་ན་ནོར་ཕྱིར་མི་གཏང༔ ཟས་མི་ལ་མི་སྦྱིན༔ རང་སྣོད་གས་ཆག་ཡོད་པར་ཟས་མི་ཟ༔ རྟ་མགྲིན་དང་གུ་རུའི་སྙིང་པོ་སུམ་བརྒྱ་རེ་བགྲང་ངོ༔ སློབ་དཔོན་པདྨ་ལ་མོས་པའི་རིགས་ཀྱིས་བསྒྲུབ་ན་འགྲུབ་བོ༔ འདི་ཞུ་བའི་སློབ་དཔོན་ལ་གུས་པར་བྱའོ༔ འགྲུབ་མི་འགྲུབ་ཐེ་ཚོམ་མི་བྱ༔ ལེ་ལོ་དང་སྒྱིད་སྙོམ་མི་བྱ༔ སྙིང་རུས་བསྐྱེད་ལ་སྒྲུབ་པ་བྱ༔ གྲུབ་ན་གང་དུ་ཕྱིན་ཀྱང་ཟས་གོས་ཀྱིས་ཐབས་མི་ཆག་ཅིང་ལོངས་སྤྱོད་བདུན་འགྱུར་དུ་ལྷག་པར་འདུ་ཞིང་འཕེལ་བར་འགྱུར་རོ༔ དབང་ཕྱུག་ཆེན་པོ་འདི་འདོད་ཁམས་ན་ལྷ་རིགས་དྲུག་ཡོད་པའི་དཔོན་ཡིན་ཅིང་སྙིང་ཐག་ཉེའོ༔ འཇིག་རྟེན་གྱི་མི་ཐམས་ཅད་དབང་དུ་འདུས་ནས༔ ཆོས་ལ་བཙུད་པ་བསོད་ནམས་ཆེའོ༔ ནོར་ལྷ་གཞན་ལས་འདི་ཕུལ་ཆེའོ༔ བྱིངས་ཆེ༔ བབ་ཆེ༔ བསོད་ནམས་ཀྱི་འུར་ཡང་འདི་བས་ཆེ་བ་མེད་པས༔ འདི་སྒྲུབས་ཤིག༔ རྨི་ལམ་ཅི་བྱུང་ཡང་ཐེ་ཚོམ་མི་བྱ༔ ཟླ་བ་གཅིག་བསྒྲུབ༔ ཡང་བསྐྱར་གཅིག་བསྒྲུབ༔ གཏོར་མ་རྒྱུན་མི་ཆད་གཏང་ངོ༔ ཕྱོགས་གང་དུ་འགྲོ་ཡང་གཏོར་མ་འདི་ཡང་གཏང་ལ་བདག་གི་དོན་འདི་སྒྲུབས་ཤིག་བྱའོ༔ མིའི་གསེབ་ཏུ་གཏོར་མ་འབྲང་རྒྱས་ཀྱི་གཟུགས་བྱ༔ འགྲོ་ས་སྡོད་ས་གང་དུ་ཡང་གཏོར་མ་མ་ཆག་པར་བྱའོ༔ རྟེན་ལ་ཡང་སྔགས་ཀྱིས་ངར་བླུད་པ་གལ་ཆེའོ༔ སྔགས་བརྒྱ་ཡན་ཆད་གང་འགྲུབ་མ་ཆག་པར་བཟླའོ༔ གྲུབ་ན་རྟེན་དེ་ནང་དུ་ལན་གསུམ་གསུམ་ལག་པ་གཡོན་གྱིས་གཡབ་བོ༔ ཕོས་བསྒྲུབ་ན་མོ་འདུ༔ མོས་བསྒྲུབ་ན་ཕོ་འདུ༔ བསྙེན་སྒྲུབ་ལན་མང་ན༔ དང་པོ་ཟས་འདུ༔ དེ་ནས་ནོར་དང་མི་འདུ༔ ཁྲོམ་ཆེན་པོ་དབང་དུ་འདུ་ནུས་པ་ཡིན་ནོ༔ སྒྲུབ་ཡུན་རིང་ན་གསེར་གཡུ་ཟངས་ལྕགས་རྟ་གོས་དར་འདུ་ནུས་པ་ཡིན༔ ལེ་ལོ་སྒྱིད་སྙོམ་ལ་མ་སྐུར་གསུངས་ནས་མཆིམས་རྡོ་རྗེ་སྤྲེ་ཆུང་ལ་གནང༔ ཕྱི་རབས་དོན་དུ་ལྷ་བྲག་ལ་སྦས་སོ༔ ྈྈྈ ྈྈྈ དབང་ཕྱུག་ཆེན་པོ་འདི་མུ་སྟེགས་ཡིན་ཟེར་བ་ཡོད་དོ༔ དེ་མ་ཡིན༔ འདི་ནི་སངས་རྒྱས་འོད་དཔག་མེད་ཀྱིས་འདོད་ཁམས་འདུལ་བའི་ཕྱིར༔ དབང་ཕྱུག་ཆེན་པོའི་སྐུར་སྤྲུལ་ནས༔ འདོད་ཁམས་འདུལ་བ་ཡིན༔ དབང་ཕྱུག་ཆེན་པོ་འདི་ལ་སྒྲུབ་པ་ཕྱི་ནང་གཉིས་སུ་ཡོད་དོ༔ འདི་འོད་དཔག་མེད་ཀྱི་སྤྲུལ་པའོ༔ སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོའི་དགེ་བསྙེན་ཡིན༔ ཆོས་སྐྱོང་ཆེན་པོ་ལྷའི་རྒྱལ་པོ་མ་ཧཱ་དེ་བ་བྱ་བ་ཡིན་ནོ༔ ནང་པ་སངས་རྒྱས་པའི་བསྟན་པ་སྲུང་བའི་ལྷ་ཆེན་པོ་བརྒྱད་ཀྱི་གཙོ་བོ་ཡིན་ནོ༔ རྒྱ་གར་ཤར་ཕྱོགས་སུ་ཨོ་རྒྱན་པདྨས་དམ་ལ་བཏགས་སོ༔ ྈྈྈ ྈྈྈ བྲག་རི་དུག་སྦྲུལ་སྤུངས་འདྲའི་རྐེད༔ བསེ་སྒྲོམ་སྨུག་པོའི་ནང་། ཟངས་མཛོད་དམར་པོ་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་གཏེར་ནས་བཏོན་པའོ།། ྈྈྈྈྈྈ ༄༅༔ ལྷ་ཆེན་མ་ཧཱ་དེ་བའི་ཡང་ཁོལ་གྱི་སྒྲུབ་པ་ ཞལ་ཁྲིགས་ བླ་རྡོ་བཅའ་བ་ གནད་དབབ་ གེགས་སེལ་ལོ༔ ཡང་ཁོལ་གྱི་སྒྲུབ་པ༔ དབང་ཕྱུག་ཆེན་པོའི་ཡང་ཁོལ་གྱི་སྒྲུབ་པ་ནི༔ དབེན་པའི་གནས་སུ་རྟེན་གསུམ་གྱི་སྒྲུབ་པ་རྫོགས་པར་བྱའོ༔ དེ་ནས་དབང་སྡུད་ཀྱི་རྫས༔ ཁོ་ཤོག་པའི་འབྲས་བུ་དང༔ ཐང་ཕྲོམ་པ་དང༔ རྡོ་ཁབ་ལེན༔ བྱེའུ་ནས་ཟན་གྱི་ཤ༔ པོ་སོ་ཆ༔ ཐལ་ཚྭ༔ ཚུར་ནག༔ བྱ་མ་བྱིའི་ཤ་དང་སྤུ༔ སྐྱེས་པ་དབང་དུ་སྡུད་ན༔ རང་གི་སྲིན་ལག་གཡས་ཀྱི་ཁྲག༔ བུད་མེད་དབང་དུ་སྡུད་ན་རང་གི་སྲིན་ལག་གཡོན་གྱི་ཁྲག༔ དེ་རྣམས་ཆ་མཉམ་ལ་ཞིབ་པར་བཏགས་ནས༔ དར་དམར་རམ་ཟ་འོག་ཁུག་མར་བླུགས་ཏེ་ལུས་ལ་བཅང༔ དབང་ཕྱུག་གི་སྙིང་པོ་ཁྲི་ཕྲག་གཅིག་བཟླའོ༔ སྔགས་འདི་འབུམ་དུ་བཟླས་ལ་བརྡེག་གོ༔ ཨོཾ་མ་ཤ་དུན་ཏེ༔ དུན་ཏྲི་ཕོབ༔ ཉ་ཚ་ཤོ་རི་ཁུག༔ དུན་ཙ་མེ་མ་ལེ་ཀུ་རུ་སྭཱ་ཧཱ༔ ཞེས་བཟླས་ཏེ༔ ཕུད་ལ་བཏབ་ན་དངོས་གྲུབ་འབྱུང༔ ཆང་ལ་བཏབ་ནས་ཁྲོམ་ལ་བཀྱེས་ན་འཐུང་ཚད་དབང་དུ་འདུ༔ ཟས་ལ་བཏབ་ནས་བྱིན་ན༔ རྒྱལ་པོ་བཙུན་མོ་སྐྱེས་པ་བུད་མེད་གང་ལ་དམིགས་པ་དབང་དུ་འདུ༔ གཏོར་མ་ལ་བཏབ་ན་མིག་རྣོ་འབྱུང༔ ཞག་དགུ་བསྒྲུབས་པས་འགྲུབ་བོ༔ རྫས་ཚང་བ་གལ་ཆེ༔ འདི་དབང་ཕྱུག་ཆེན་པོའི་ཡང་ཁོལ་གྱི་ལས་ཚོགས་བྱ་བ༔ འཇིག་རྟེན་གྱི་ཁམས་ན་འདི་བས་ལྷག་པའི་དངོས་གྲུབ་མེད་དོ༔ པདྨ་འབྱུང་གནས་བདག་གིས་འདི་ལ་ལས་སྦྱོར་བྱས་པས་རྟགས་མང་པོ་བསྟན་ནོ༔ གསང་ནས་སྤྱད་པས་དངོས་གྲུབ་ཐོབ་པ་ཡིན་ནོ༔ འདི་གཅེས་པར་གྱིས་ཤིག༔ ཀུན་ལ་མ་སྤེལ་སྦ་བར་བྱ༔ དབང་ཕྱུག་ཆེན་པོའི་ཐུགས་ཀྱི་ཉིང་ཁུ་ཡིན༔ ཡིད་བཞིན་ནོར་བུ་དང་འདྲ༔ བསམ་པ་ཡིད་བཞིན་འགྲུབ༔ དབང་ཕྱུག་མཁའ་འགྲོ་དང་བཅས་པའི་དབང་སྡུད་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་མ་འོངས་པའི་དུས་སུ༔ ལྔ་བརྒྱ་ཐ་མ་ལ༔ བསྐལ་པ་རྩོད་ལྡན་དུས་སུ་བབས༔ སྐྱེ་འགྲོ་ཚེ་ཐུང་ལོངས་སྤྱོད་དབུལ་བའི་དུས༔ ང་ཡི་སྤྲུལ་པ་བདུན་གྱིས་རྙེད་ནས༔ འགྲོ་བ་མང་པོའི་དོན་བྱེད་པར་ཤོག༔ ཅེས་གསུངས་ནས་གཏེར་ཁ་བདུན་དུ་སྦས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༄༔ ཞལ་ཁྲིགས་བཞུགས༔ དབང་ཕྱུག་ལྷ་ལ་ཕྱག་འཚལ་ལོ༔ དབང་སྡུད་ལས་ཀྱི་འཁོར་ལོའི་སྙིང་འཆང་ཞལ་ཁྲིགས་འདི་ཁོ་ནའོ༔ འཁོར་ལོ་རྣམ་གསུམ་སྒྲུབ་པའི་དུས་སུ༔ རྟེན་དང་རྫས་དཀྱུས་བཞིན་བྱ༔ རང་ཉིད་དབང་ཕྱུག་ཆེན་པོའི་སྐུ༔ ཁ་ཊྭཱཾ་ལྕགས་ཀྱི་མདའ་གཞུ་བསྣམས༔ མཁའ་འགྲོ་བཞིི་ཡིས་བསྐོར་བར་བསྐྱེད༔ མདུན་གྱི་རྟེན་གསུམ་ལས་མཁན་གསུམ༔ རྒྱ་སྐྱེགས་ལྕགས་ཀྱུ་ཞགས་པ་བསྣམས༔ ཙནྡན་མེ་ལོང་ཞགས་པ་བསྣམས༔ རིན་ཆེན་འབར་བ་ཐུགས་ཀར་འཛིན༔ ཟངས་ལ་ལྕགས་ཀྱུ་མེ་ལོང་དང༔ ཉི་ཟེར་ཞགས་པ་ཕོ་མཚན་བསྣམས༔ བདག་དང་འཁོར་གྱི་སྙིང་ག་ནས༔ ཧྲཱིཿདམར་ལས་ནི་འོད་དམར་འཕྲོས༔ ལོ་ཀ་དབང་དུ་སྡུད་པར་བསམ༔ ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ཡིས༔ པླག་ཤའི་ཤིང་དང་དུར་ཁྲོད་བརྒྱད༔ པདྨ་འབར་བའི་གཞལ་ཡས་ནས༔ སྤྱན་འདྲེན་རྟེན་ལ་ཡང་ཡང་བསྟིམ༔ མེ་ཏོག་དམར་པོའི་མཆོད་པ་དང༔ རིན་ཆེན་སྣ་བདུན་མཆོད་པ་འབུལ༔ གཏོར་མ་བྱིན་རླབས་སྤྱི་དང་འདྲ༔ འབུལ་བའི་སྔགས་ནི་འདི་ཡིན་ནོ༔ མ་ཧཱ་དེ་བ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དབང་ཕྱུག་ཆེན་པོ་སྡེ་བཞི་པོ༔ མཆོད་པ་བཞེས་ལ་དངོས་གྲུབ་སྩོལ༔ བཛྲ་ཌཱ་ཀི་ནཱི་བ་ལིཾ་ཏ་ཁཱ་ཧི༔ རཏྣ་ཌཱ་ཀི་ནཱི་བ་ལིཾ་ཏ་ཁཱ་ཧི༔ པདྨ་ཌཱ་ཀི་ནཱི་བ་ལིཾ་ཏ་ཁཱ་ཧི༔ ཀརྨ་ཌཱ་ཀི་ནཱི་བ་ལིཾ་ཏ་ཁཱ་ཧི༔ འདོད་པའི་དོན་ལ་གསོལ་བ་གདབ༔ བདག་ཉིད་ཏིང་འཛིན་གསལ་བ་ཡིས༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ བསྙེན་པ་འདི་ལ་ཞག་བདུན་བཟླ༔ དེ་ལ་རྟགས་དང་ཆོ་འཕྲུལ་འོང༔ རྟགས་མ་བྱུང་ན་ཞག་གྲངས་བསྲིང༔ དེ་ལ་སྔགས་ཀྱི་ཤམ་བུ་བཏགས༔ རྐྱང་པར་བསྒྲུབ་ན་གང་མོས་བྱ༔ དྲིལ་ནས་བསྒྲུབ་ན་ཞག་གྲངས་ཉེར་གཅིག་བྱ༔ རེ་རེ་ལ་ཡང་བདུན་བདུན་བསྒྲུབ༔ དང་པོ་ཕྱི་སྒྲུབ་བྱ་བའི་སྔགས༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ ཨཱ་ཀརྵཱ་ཡ་ཧྲིང་ཛ༔ སྐབས་སུ་ཡུམ་སྔགས་འདི་བཏགས༔ ཨུ་ཙུས་མ་ཀུག་ཏ་ཧཱུྃ༔ དེ་ལྟར་ཞག་བདུན་བཟླས་པ་ཡིས༔ ཕོ་མོ་གཉིས་ཀ་འདུ་བར་འགྱུར༔ གྲགས་པས་སྟོང་ཁམས་ཁྱབ་པར་འོང༔ ས་མ་ཡ༔ གཉིས་པ་ནང་གི་སྒྲུབ་པ་ནི༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ བཛྲ་སིདྡྷི་ཕ་ལ་ཧཱུྃ༔ རཏྣ་སིདྡྷི་ཕ་ལ་ཧཱུྃ༔ པདྨ་སིདྡྷི་ཕ་ལ་ཧཱུྃ༔ ཀརྨ་སིདྡྷི་ཕ་ལ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ མི་སྙིང་སྒུལ༔ མི་འགྲམ་ཆོག༔ མི་སེམས་དཀྲུགས༔ རང་དབང་མེད་པར་ཁུག་ལ་ཤོག༔ དེ་ལ་ཞག་བདུན་བཟླས་པ་ཡིས༔ ཟས་ནོར་ཆོས་གསུམ་འདུ་བ་ཡིན༔ སྒྲུབ་པ་ལན་གསུམ་བསྐྱར་བ་ནི༔ མན་ངག་སྙིང་གི་ཏི་ཀ་ཡིན༔ སྐྱེ་འགྲོ་ཐམས་ཅད་དབང་དུ་འདུ༔ ས་མ་ཡ༔ གསུམ་པ་གསང་བའི་སྒྲུབ་པ་བྱ་བ་ནི༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ ཧྲཱིཿཨ་ཏྲི་རྣྲྀ་ཛ་དུང་དུང་འདུས་འདུས༔ སྡུས་སྡུས༔ འདུ་འདུ༔ མགོ་ནག་མིའི་སེམས་དཀྲུགས་ལ༔ སྙིང་འཕྱོ་རུ་ཆུག༔ རྐང་པ་འགྲོ་རུ་ཆུག༔ ཡིད་ཀྱི་རྣམ་ཤེས་རང་དབང་མེད་པར་ཁུག་ལ་ཤོག༔ འདི་ལ་ཞག་བདུན་བཟླས་པ་ཡིས༔ སྐྱེ་འགྲོ་མི་རྣམས་བྲན་དུ་ཁོལ༔ ལྷ་རྣམས་ཐམས་ཅད་གྲོགས་ལ་འོང༔ ལྷ་སྲིན་ཐམས་ཅད་བཀའ་ལ་ཉན༔ འདྲེ་རྣམས་ཐམས་ཅད་སྐད་ངན་འདོན༔ ཆེ་བཙུན་གྲགས་པ་ཆེ་བ་ཡང༔ འདིས་ནི་བོས་པས་དབང་དུ་འདུ༔ སྒྲུབ་པ་ཐོན་ནས་རྟེན་རྣམས་ནི༔ རང་གི་ལུས་ལ་སྦ་བར་བྱ༔ བླ་རྡོ་སྤོགས་པ་མན་ངག་ཡིན༔ རྟགས་འགྱངས་སྒྲུབ་ཐབས་གཅིག་ལ་ཡང༔ ཞག་གྲངས་ཉི་ཤུ་རྩ་གཅིག་བསྲིང༔ དེ་ཡིས་ངེས་པར་འགྲུབ་པ་ཡིན༔ གསང་བ་མན་ངག་གནད་ཀྱི་ཆིངས༔ མ་གྲུབ་ཐངས་གསུམ་བསྐྱར་བས་ཐེ་ཚོམ་མེད༔ ྈྈྈ ཡིད་བཞིན་ནོར་བུའི་སྒྲུབ་པ་ནི༔ བཅའ་ཐབས་གཞུང་བཞིན་ཁོ་ན་ལ༔ ནོར་བུ་བསམ་འཕེལ་འཁོར་ལོའི་སྔགས༔ གསང་སྒྲུབ་དུས་སུ་བཟླས་པར་བྱ༔ ནང་སྒྲུབ་གསང་སྒྲུབ་གཉིས་པོ་ལ༔ མཆོད་པ་འབུལ་དང་མཆོད་བསྟིམ་བྱ༔ གཞན་མ་གཞུང་བཞིན་བྱས་པས་འགྲུབ༔ སྔགས་གསུམ་སྦྲེལ་ལ་བཟླས་པར་བྱ༔ གང་འདོད་དབང་དུ་འདུ་བར་འགྱུར༔ རྒྱལ་པོ་བཙུན་མོ་ཕོ་མོ་དང༔ རྐྱང་པར་འགུགས་པའི་ལིང་ག་བྱ༔ མིང་རུས་བྲིས་ལ་ཐུན་གྱིས་བྲབ༔ གང་འགུགས་དམིགས་པས་གཟིར་ཞིང་དགུག༔ གྲུབ་རྟགས་མངོན་དུ་སྟོན་པ་འོང༔ རྒྱ་བོད་གཞན་ན་འདི་ཉིད་མེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྙིང་པོ་སྔགས་ཀྱི་ཐེམས་ཡིག་ནི༔ བསྙེན་པའི་མཉྫུ་ཡི་གེ་དྲུག༔ ཀུན་གྱི་མགོ་རུ་འོང་བ་ཡིན༔ དབང་སྡུད་ཀ་བྷི་ར་ཀོ་བྷི་ར་ཡི་ཡི་གེ་དྲུག༔ ཀུན་གྱི་རྐེད་དུ་ཡོང་བ་ཡིན༔ དེ་ཡི་མཇུག་ཏུ་མིང་སྤེལ་འདོགས༔ ཕོ་འགུགས་ཨཱ་ཀརྵཱ་ཡ་ཧྲིང་ཛ༔ མོ་འགུགས་ཨཱ་ཀརྵཱ་ཡ་ཧྲིང༔ དེ་ཡིས་མི་ཁུག་མི་སྲིད་དོ༔ རྐྱང་འདེད་བྱས་ཏེ་འགུགས་ཐབས་སོ༔ ྈྈྈ ཕོ་བྲན་དུ་བཀོལ་བ་དང༔ མོ་དབང་དུ་བསྡུ་བ་ལ༔ རྫས་དང་སྔགས་དང་ཏིང་འཛིན་གཞུང་ལྟར་བྱ༔ བསྙེན་པའི་སྔགས་དང༔ དབང་སྡུད་ཀྱི་སྔགས་དང༔ ལས་སྦྱོར་གྱི་སྔགས་གསུམ་སྦྲེལ་ལ་ཟློ༔ གཉིས་དང་གསུམ་དུ་སྦྲེལ་བ་མན་ངག་ཡིན༔ ཞག་གྲངས་ཉི་ཤུ་རྩ་གཅིག་སྦྲེལ་བ་གལ་ཆེའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསང་བ་ཡང་ཁོལ་སྒྲུབ་པ་ལ༔ རྫས་དང་སྔགས་དང་བཅའ་གཞི་གཞུང་ལྟར་བྱ༔ རིལ་བུ་རྡེག་དུས་སྔགས་རིང་ཉེར་གཅིག་བཟླ༔ འགྲོ་བ་ཐམས་ཅད་ཡིད་གཡོ་ནུས་པས༔ འདི་གཅེས་པར་བྱའོ༔ རྒྱ་རྒྱ་རྒྱ་བཏབ༔ དབང་སྡུད་ལས་ཀྱི་འཁོར་ལོ་ལ༔ རྟགས་འགྱངས་ན༔ རང་ང་རྒྱལ་བསྐྱེད་ལ་མ་ཡེངས་པར་བྱའོ༔ ཟངས་ཀྱི་ཕོ་མཚན་ཀླད་ལ་བསྐོར་ཞིང་གཟིར༔ སྔགས་གསུམ་སྦྲེལ་ལ་བཟླའོ༔ དེས་ཀྱང་མ་བྱུང་ན༔ ཟངས་ཀྱི་ཕོ་མཚན་དང་བླ་རྡོ་སྦྲགས་ལ་ཀླད་ལ་བསྐོར་རོ༔ སྔགས་ལྡོག་ལ་བཟླའོ༔ ཉི་ཤུ་རྩ་གཅིག་བགྲང་བར་བྱའོ༔ དེ་ནས་ཞག་བདུན་བསྒྲུབ་པར་བྱ༔ སྔགས་གསུམ་སྦྲེལ་ལ་ཞག་གྲངས་ཚང་བར་བཟླ༔ ལས་ལ་རྡུགས་ན་གཟིར་བ་ཡིན༔ གསང་བར་བྱའོ༔ ལས་འདིས་སྐྱེ་འགྲོ་ཐམས་ཅད་དང༔ ལྷ་འདྲེ་ཐམས་ཅད་དབང་དུ་འདུ༔ དམིགས་པ་དེ་ལ་ཐེ་ཚོམ་མེད༔ སྙིང་བྱང་ཞལ་ཁྲིགས་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མཆིམས་རྡོ་རྗེ་སྤྲེ་ཆུང་གིས་འདི་བསྒྲུབས་པས༔ གྲུབ་རྟགས་བྱུང་ནས་གཅེས་ཏེ་སྦས་སོ༔ ཕྱི་རབས་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ཁ་ཐཾ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༄༔ བླ་རྡོ་བཅའ་བ༔ དབང་གི་ལྷ་ལ་ཕྱག་འཚལ་ལོ༔ བླ་རྡོ་གཟུང་བ་གནད་ཀྱི་མན་ངག་ལ༔ བླ་རྡོ་བཅའ་བ༔ བཅང་བ༔ གནད་བསྟན་པའོ༔ དང་པོ་མཐིང་ཤོག་ལ་གསེར་གྱིས་འཁོར་ལོ་རྩིབས་བཞི་མུ་ཁྱུད་ཅན་གཅིག་བྲི༔ ལྟེ་བའི་དབུས་སུ་ཧྲཱིཿབྲིས་པའི་མཐའ་མ་རུ༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་འཁོར་དང་བཅས་པ་དམ་ལས་མ་འདའ་ཞིག༔ ཧྲཱིཿཛ༔ ཞེས་པ་བྲིའོ༔ རྩིབས་བཞི་ལ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ རྩིབས་མཆན་བཞི་ལ༔ ཨཱ་ཀརྵཱ་ཡ་ཧྲིང་ཛ༔ ཞེས་པ་བཞི་བྲི༔ མུ་ཁྱུད་ལ༔ དབང་ཕྱུག་ཆེན་པོས་འཇིག་རྟེན་ཁམས་ཀྱི་མི་ནོར་ཐམས་ཅད་དབང་དུ་སྡུས་ཤིག༔ དམ་ལས་མ་འདའ་ཞིག༔ ཅེས་བྲིའོ༔ གཤའ་ཚེའམ༔ ཞ་ཉེའི་ཤྭ་གསུམ་བྱ༔ དེ་ལ་གཟོང་གིས་རི་མོ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཞེས་པ་བྲིས་ལ་རབ་གསེར་གྱིས་གཟོང་རིས་བཀང༔ འབྲིང་དངུལ་གྱིས་བཀང༔ ཐ་མ་མཚལ་གྱིས་བཀང༔ དེ་ལ་རབ་གནས་བྱ༔ དར་གྱིས་དྲིལ་ལ་འཁོར་ལོའི་དབུས་སུ་དྲིལ་ལོ༔ སྒྲུབ་པ་བྱེད་པའི་དུས་སུ་རྟེན་གྱི་ནང་དུ་བཅངས་ཏེ༔ ཞ་ཉེའི་ཤྭ་གསུམ་དར་གྱིས་དྲིལ་ལ༔ གསེར་གྱིས་བྲིས་པ་དེ་ཟངས་ཀྱི་རྟེན་དུ་གཞུག༔ དངུལ་གྱིས་བྲིས་པ་དེ་རྒྱ་སྐྱེགས་ནང་དུ་གཞུག༔ མཚལ་གྱིས་བྲིས་པ་དེ་ཙནྡན་ནང་དུ་གཞུག༔ བྱེས་སུ་འགྲོ་བའི་དུས་རྟེན་གྱི་ནང་ནས་བཏོན༔ ཟ་འོག་གི་ཁུག་མར་བཅུག་ལ༔ མཆན་ཁུང་དུ་བཅུག༔ ནངས་རེ་བཞིན་ལ་སྔགས་ཉེར་གཅིག་རེ་བཏབ༔ རྨི་ལམ་དང་འགྲུབ་རྟགས་འགྱངས་ན་བརྒྱ་རྩ་རེ་བཏབ་བོ༔ ཡང་ན་བླ་རྡོ་གསུམ་ཀ་ཟངས་ཀྱི་རྟེན་དུ་བཅུག་ལ༔ རྟག་ཏུ་ལུས་ལ་བཅང་ངོ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ དེ་ཤྭ་ལ་བྲི་བའི་སྔགས་སོ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ དབང་ཕྱུག་ཆེན་པོ་ཨཱ་ཀརྵཱ་ཡ་ཧེ་ཛ་ཛ༔ དེ་བཟླའོ༔ ཀ་བྷི་ར་ཀོ་བྷི་ར་ཧཱུྃ༔ ཨཱ་ཀརྵཱ་ཡ་ཛ་ཛ༔ དེ་ཡང་གོང་མ་དང་སྦྲེལ་ལ༔ བརྒྱ་རྩ་རེ་བཟླས་ལ་བླ་རྡོ་ལ་བཏབ་བོ༔ དེ་ལྟར་བྱས་པས་རང་གི་ལུས་དང་གྲིབ་མ་བཞིན་དུ་འཁོར་ཞིང་ནོར་མྱུར་དུ་འགྲུབ་པའོ༔ འདི་མེད་ན་ལས་འགྱངས་འགྲོ་བས༔ བླ་རྡོ་བཅའ་ཐབས་བསྟན་པའོ༔ རྗེ་པདྨས་རྡོ་རྗེ་སྤྲེ་ཆུང་ལ་གནང་བའོ༔ ས་མ་ཡ༔ ྈྈྈྈ རྒྱ་རྒྱ་རྒྱ༔ ༄༔ གནད་ལ་དབབ་པའོ༔ དབང་ཕྱུག་ཆེན་པོ་སྒྲུབ་པ་ལ༔ གལ་ཏེ་ལས་འགོར་ན༔ བླ་རྡོ་ཟངས་སམ་བསེ་ཡི་གྭའུར་བཅུག་ལ༔ རང་གི་མལ་འོག་ཏུ་བཅུག་ནས༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ མ་ཧཱ་དེ་བ་ཨཱ་ཀརྵཱ་ཡ་ཧྲིང་ཛ༔ ཞེས་བརྒྱ་རྩ་རེ་བཟླས་ལ་ཉལ་ལོ༔ འདི་གནད་ལ་དབབ་པ་ཡིན་པས༔ ལས་མྱུར་བ་ཡིན༔ ལས་མི་འགྲུབ་མི་སྲིད་དོ༔ དེའི་དུས་སུ་རང་སྤྱན་རས་གཟིགས་སམ༔ རྟ་མགྲིན་དུ་བསྒོམ་མོ༔ ྀཨཚ༔ ྈྈྈ ྈྈྈ དབང་ཕྱུག་ཆེན་པོ་སྒྲུབ་པ་ལ༔ ནོར་དང་ལོངས་སྤྱོད་བྱུང་ཡང་མི་ལ་མི་བཤད་དོ༔ སྨྲས་ན་ཟད་པ་སྐྱེན་པས་གསང་ངོ༔ གལ་ཏེ་མིས་ཚོར་སྲིད་ན༔ བདག་ལ་དབང་ཕྱུག་ཆེན་པོ་འཁོར་མཁའ་འགྲོ་དང་བཅས་པས༔ རིན་པོ་ཆེའི་ཆར་འབེབ་པར་བསམ་མོ༔ ནོར་བུ་བསམ་འཕེལ་གྱི་རྟེན་དང༔ འཁོར་ལོ་གསར་དུ་བྱས་ལ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ ཨཱ་ཀརྵཱ་ཡ་ཧྲིང་ཛ༔ རཏྣ་སིདྡྷི་ཕ་ལ་ཧཱུྃ༔ ནོར་རྫས་ཁུག་ཅིག༔ རཏྣ་ཧྲིང་ཛ་ཛ༔ ཞེས་བརྒྱ་རྩ་རེ་བཟླས་ལ་རྟེན་གྱི་ཕྱོགས་བཞི་ནས་གཡབ་བོ༔ དེ་ནས་སྔགས་དེ་ལ་ཤམ་བུ་འདི་བཏགས་ལ༔ བརྒྱ་རྩ་རེ་ནོར་བྱུང་བ་ཐམས་ཅད་ལ་བཏབ་བོ༔ རཏྣ་སིདྡྷི་ཕ་ལ་ཧཱུྃ༔ རཏྣ་སྤེལ༔ རཏྣ་བྷྲཱུྃ༔ ཞེས་བཏབ་པས༔ ནོར་རྫས་མི་ཟད་ཅིང་འཕེལ་བར་འགྱུར་རོ༔ ྀཨཚ༔ ༄༔ གེགས་སེལ་ཡོད༔ མི་འདུ་བའི་འཕྲོ་ལ་ཉུང་དུ་སོང་བའམ་ཆད་ན༔ རང་དབང་ཕྱུག་ཆེན་པོར་བསྒོམས་པའི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་ནས༔ མི་རྣམས་རང་དབང་མེད་པར་དབང་དུ་བསྡུས་ཏེ༔ བདག་གི་བཀའ་ཉན་པར་བསམ་མོ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ རྣྲྀ་ཨཱ་ཀརྵཱ་ཡ་ཧྲིང་ཛ༔ རྣྲྀ་ཛཿཛཿཁུག༔ ཅེས་བརྒྱ་རྩ་རེ་བཟླའོ༔ དེ་ཡང་སྔ་དྲོ་བཟླས་པས༔ མི་རྣམས་རྒྱུན་མི་ཆད་པར་འདུ་བར་འགྱུར་རོ༔ ྀཨཚ༔ དབང་ཕྱུག་སྒྲུབ་པའི་དུས་སུ་རང་གི་རིག་པ་ལ་སྐྱོན་བྱུང་བའམ༔ སྙིང་མི་དགའ་ན༔ རང་དབང་ཕྱུག་ཆེན་པོར་བསྒོམས་པའི༔ སྤྱི་གཙུག་ཏུ་ཐུགས་རྗེ་ཆེན་པོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ གཡས་ཡིད་བཞིན་ནོར་བུ་གཏེར་གྱི་བུམ་པ་བསྣམས་པ༔ དེའི་བུམ་པ་ནས་ཐུགས་རྗེའི་ཆུ་རྒྱུན་བདག་ལ་ཕབ་ནས་བདག་གི་སྤྱི་གཙུག་ཏུ་བབས་ནས་ཐིམ་པས༔ བདག་གི་རེ་བ་བསྐངས་ཏེ༔ ཡིད་ཚིམས་པར་བསམ༔ དེ་ནས་སྤྱི་གཙུག་གི་ལྷ་ཡང་ཞུ་ནས་བདག་ལ་ཐིམ་པས༔ བདག་ཀྱང་འོད་དུ་ཞུ་སྟེ༔ ཡིད་བཞིན་གྱི་ནོར་བུ་འོད་འབར་བ་གཅིག་བཀྲ་ལམ་མེར་འོད་དུ་མེ་རེ་འདུག་པ་ལ་རིག་པ་གཏད་ནས༔ སེམས་མ་ཡེངས་པར་བྱས་པས༔ རིག་པ་ལ་མཐོ་དམའ་དང༔ ཁམས་འཚུབས་ཤིང་མི་དགའ་བའི་སྣང་བ་མི་ཡོང༔ གེགས་བསལ་བའི་མན་ངག་སྙིང་གི་ནོར་བུ་ཞེས་བྱ་བ༔ ྈྈྈ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སློབ་དཔོན་པདྨ་འབྱུང་གནས་ལ༔ མཆིམས་རྡོ་རྗེ་སྤྲེ་ཆུང་གིས༔ ཤིན་ཏུ་དབུལ་ཕོངས་ནས་ཞུ་བ་ཕུལ་བས༔ དབང་སྡུད་ལས་ཀྱི་འཁོར་ལོ་གནང༔ དེས་ལན་གཅིག་བསྒྲུབས་པས་རྒྱལ་བློན་དབང་དུ་འདུས་སོ༔ དེར་མན་ངག་ལ་ཡིད་ཆེས་ནས༔ གཡུ་རབ་ཞོ་སྤུངས་ཕུལ་ཏེ༔ ལས་ཚོགས་རྣམས་ཚང་བར་ཞུས་པས༔ བོད་རྒྱལ་བློན་རྣམས་དང་བཙུན་མོ་དབང་དུ་འདུས་སོ༔ བོད་འབངས་ནོར་དང་བཅས་སྤྲིན་བཞིན་དུ་འདུས་ནས༔ གུ་རུ་པདྨ་ལ་བཀའ་དྲིན་དུ༔ གསེར་འོད་ཆེན་ཉི་ཤར༔ གཡུ་ནམ་མཁའ་འོད་འཕྲོ༔ ཁྲབ་སྐར་མ་འོད་འཕྲོ༔ བེར་ནག་དགུ་སྤུངས༔ རྟ་ནག་འབྲོང་འདུལ་རྣམས་ཕུལ་ལོ༔ དེའི་དུས་སུ་ལས་ཚོགས་ཚང་བར་གནང་ངོ༔ རྗེ་པདྨའི་ཞལ་ནས༔ རྡོ་རྗེ་སྤྲེ་ཆུང་ཁྱོད་ལ༔ མན་ངག་རྣམས་ཚང་བར་བྱིན་གྱིས༔ རྒྱ་བོད་ཀུན་ན་འདི་བས་ལྷག་པའི་དབང་སྡུད་ཟབ་པ་མེད༔ འདི་སྙིང་དང་འདྲ་བས༔ རང་གིས་ཉམས་སུ་ལོངས་ལ༔ གཞན་ལ་མ་སྤེལ་ཅིག༔ ཅེས་གསུངས་ཏེ༔ དཔེ་མ་བུ་བརྒྱད་དུ་བཀོད་ནས༔ རྒྱས་བཏབ་སྟེ༔ ལྷོ་བལ་གླང་པོ་སྣའི་བྲག༔ བུམ་ཐང་སེང་གེ་བྲག༔ བསམ་ཡས་མཆིམས་ཕུའི་བྲག༔ སྤ་གྲོ་སྟག་ཚང༔ ལྷོ་བྲག་དཔལ་ཕུག༔ མཁར་ཆེན་བྲག་དཀར༔ བྱང་ཟང་ཟང་ལྷ་བྲག༔ དེ་ལྟར་གཏེར་ཁ་བདུན་དུ༔ དབང་ཆེན་རྫོགས་པའི་སྒྲུབ་ཐབས་ཚང་བ་རེ་སྦས་སོ༔ གཅིག་སྲིན་པོའི་ཁ་གནོན་ལ་གཤེགས་པའི་གོང་དུ༔ ཆ་བརྒྱ་རྩ་རུ་ཕྱེས་ཏེ༔ གཏེར་ཁ་བརྒྱ་རྩ་རུ་སྣ་རེ་སྦས་སོ༔ ལྷ་སྲས་མུ་ཏིག་བཙན་པོ་ལ་གནང་བ་ཕྱི་རྒྱུད་ཡིན་ཏེ༔ རྒྱང་ཡོན་པོ་ལུང་ན་སྦས་ཡོད༔ མཆིམས་རྡོ་རྗེ་སྤྲེ་ཆུང་ལ་གནང་བ་ནང་རྒྱུད་ཡིན་ཏེ༔ འགྲོ་དོན་མཐར་སོན་པ་དང༔ གཡས་རུ་གཙང་འགྲམ་དུ་སྦས་སོ༔ བྱང་ཟང་ཟང་ལྷ་བྲག་གི་རྐེད་བྲག་རི་དུག་སྦྲུལ་སྤུངས་འདྲའི་རྐེད་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བཏོན་པའི་མཛོད་ལྔའི། ནུབ་ཟངས་མཛོད་དམར་པོའི་ཆོས་རྣམས་ཀྱི་སྙིང་པོ་དབང་ཕྱུག་ཆེན་པོའི་སྒྲུབ་ཐབས་རྒྱས་བསྡུས་ཚང་མར་འདུག་པ་ལས་ཞལ་བཤུས་སོ་ཨེ་ཝཾ།། །། ༄༅༔ གསང་བ་ཡང་ཁོལ་དང༔ སྔགས་བྱང་ ཐེམས་ཡིག་བཞུགས་སོ༔ ལྷོ་རུ་གསང་བ་ཡང་ཁོལ་བཞག༔ དེའི་བཅའ་ཐབས་འདི་ལྟར་རོ༔ རྫས་ནི་རྩ་བ་ཐང་ཕྲོམ་ཀ་ཀོ་ལ༔ པདྨའི་ཁྲག་དང༔ ཁྱི་མོའི་ཚི་ལུ་དང༔ རའི་ཚི་ལུ་དང༔ སྦྲང་སྨྱོན་ཕབས་དང་བུ་རམ་སྨུག༔ ཅོང་ཞི་ཉུངས་དཀར་བྱིའུའི་ཀླད་པ་དང༔ བྱ་ཕོའི་ཁྲག་དང་ཕུག་རོན་སྙིང་ལ༔ བུད་མེད་སྐྲ་ཅན་ཤར་མོའི་ཆུས༔ ཡང་ཡང་བྲན་ལ་གྲིབ་སྐམ་བྱ༔ རང་གི་དབང་པོ་སྒོ་ལྔའི་རྫས༔ ཁོང་སྲིན་ཅན་དང༔ ཐིག་ལེ་དང༔ དྲི་ཆེན་དང༔ སྣབས་དང་རྣ་སྤབས་སོ་ཞོ༔ མིག་ཆུ༔ ཁ་ཆུ༔ ལྟེ་ཁུང་དྲི་མ་ལ༔ རང་ཆུས་བྲན་ལ་གྲིབ་སྐམ་བྱས་ལ་བཞག༔ རང་གི་སྤུ་ངན་དང་བསྲེས་བཏགས་རིལ་བུ་མང་དུ་བྱ༔ དེ་ཡང་སྐྱེས་པ་དབང་དུ་བྱེད་པ་ལ་རང་གི་དྲི་རྫས་རྣམས་མི་དགོས༔ བུད་མེད་ཁྲོམ་ལ་མེད་ཐབས་མེད༔ སྙིང་པོ་མང་དུའོ༔ ཛཔ྄་ཉི་ཤུ་རྩ་གཅིག་གདབ༔ གྭའུར་བླུགས་ལ་ཞག་བདུན་བསྒྲུབ༔ ལག་མཐིལ་དུ་བཞག་པས༔ ཚ་ཟ་གཡའ་དང་འགལ་འགུལ་དང༔ རླངས་པ་བྱུང་ན་འགྲུབ་པ་ཡིན༔ འདི་ནི་ཁོང་དུ་བཏང་བ་ཡིས༔ སེམས་འགུགས་ལྕགས་ཀྱུ་ངར་མ་ཡིན༔ ཐབས་མཆོག་རང་དབང་མེད་པར་འདུ༔ བཅའ་བ་ཕོ་ཡི་རྐྱང་འདེད་ལ༔ ནུབ་ཏུ་གཏོར་མ་ཚང་བར་བཞག༔ བྱང་དུ་ཚོགས་དང་གཏོར་མ་བཤམ༔ འོག་ཏུ་བུག་པ་ཕུག་བྱས་ལ༔ ཕོ་མོ་རྐྱང་འདེད་ལིང་ག་གཞུག༔ དེའི་རྫས་ནི་བཅའ་གཞི་ལྟར་ཡིན༔ དང་པོ་སྤྱི་སྒྲུབ་བྱ༔ གསང་བའི་རྫས༔ ཕོ་དུང་ཆུང་དང༔ ནས་ཟན་སྙིང༔ མ་རུ་མགོ་ནག༔ སྦལ་ཤ་རྒྱ་སྦལ་ཤ་བཅས་པ་ཡིན༔ བྱ་མ་བྱིའི་ཤ་སྤུ་དང་ལྔ༔ ལུག་འོག་ཅན་འབྲས་བུ་ལ་རིལ་བུ་བྱ༔ རྫའམ་ཟངས་ཀྱི་གྭའུར་བཅུག་ལ་རླངས་པ་མ་ཤོར་བར་བྱས་ཏེ༔ ལེགས་པར་བཞག་པར་བྱ༔ ཡང་ཁོལ་སྒྲུབ་པའི་དམིགས་གནད་བཅས༔ སྐར་མ་རྒྱལ་གྱི་ཉིན་མོ་བསྒྲུབ༔ ཉི་མ་གཅིག་གིས་འགྲུབ་པ་འོ༔ རྒྱབ་བམ་ལམ་བཏང་དེས་ནི་ཁུག༔ འདི་ལ་ངེས་པར་ཐེ་ཚོམ་མེད༔ དེ་ནི་ཕོ་ཡི་རྐྱང་འདེད་ཡིན༔ བཅའ་བ་མོ་ཡི་རྐྱང་འདེད་ལ༔ བག་ཟན་མོ་གཟུགས་སོར་བཞི་ལ༔ མཚན་མ་ནས་གང་དབང་པོ་ཚང༔ མཚན་མར་ལྒ་དང་ཕོ་བ་རིས་དང་པི་པི་ལིང༔ ནས་ཟན་སྙིང༔ གསང་བ་ཡང་ཁོལ་ཕོ་རྫས་བླུག༔ དེ་ནས་ཟངས་ཁབ་རན་ཙམ་བཙུགས་ལ་དཀྲུགས༔ དྲག་ན་སྲོག་ལ་འབབ་པར་འགྱུར༔ བཟླས་པ་བྱས་པས་རླངས་པ་འོང༔ དེ་ནས་ཁབ་བཏོན་མི་ལག་སྤང༔ གང་ལ་བཙུགས་པའི་རྟེན་དེ་ཁུག་པར་འགྱུར༔ ད་ནི་སྔགས་ཀྱི་འདྲེན་ལུགས་ལ༔ སྔགས་ནི་སྔགས་བྱང་ནང་དུ་གསལ༔ དང་པོ་རྩ་བའི་སྔགས༔ ཡི་དམ་ཐུགས་རྗེ་ཆེན་པོ་འམ༔ གུ་རུ་པདྨ་ལ་བྱེད༔ དེ་ནས་རྟ་མགྲིན་ལ༔ དེ་ནས་ཡི་དམ་ལྕགས་མདའ་ལྕགས་གཞུ་ཅན་ལ༔ རྩ་བའི་སྒྲུབ་སྔགས་བཟླ༔ འདི་ལ་བསྙེན་པར་བྱའོ༔ རྩ་སྒྲུབ་མན་ཆད་སྒྲུབ་པར་འདུག༔ ཟླ་བ་གསུམ་ལ་མེད་ཐབས་མེད༔ དེ་ནས་ཧྲཱིཿཨ་ཏྲི་རྣྲྀ་ཛ་བཏགས་ལ༔ ཕྱི་སྒྲུབ་ཉི་ཟླའི་སྔགས་བཟླ༔ དེ་ལ་ནང་སྒྲུབ་བཏགས་ལ་ཞག་བདུན༔ དེ་ལ་གསང་སྒྲུབ་བཏགས་ལ་བཟླའོ༔ དེ་ནས་གསང་བ་ཡང་ཁོལ་བསྒྲུབ༔ དེ་ནས་ཕོ་སྒྲུབ་བྲན་ཁོལ་རྐྱང་འདེད་བྱ༔ དེ་ནས་མོ་སྒྲུབ་རྐྱང་འདེད་བྱ༔ དེ་ནས་ལས་ཚོགས་ཐེངས་གསུམ་བསྐྱར༔ དེས་ནི་རྒྱལ་པོ་དམངས་སུ་འབབ་ངེས༔ བཙུན་མོ་ཡང་དབང་དུ་འདུ་ངེས༔ སྐྱེས་པ་བྲན་དུ་ཁོལ་ངེས༔ ནག་ཆགས་གང་གིས་མཐོང་ཡང་འཕར་བར་ངེས༔ ས་གཡོ་ནུས༔ གཟའ་དབང་ནུས༔ ལྷ་དབང་དུ་འདུ་ངེས༔ ལྷ་མོ་བྲན་དུ་ལྷུང་ངེས༔ ཕྱུག་མོ་འདུ་ངེས༔ ཟས་ནོར་གཡོ་ནུས༔ གྲགས་པ་འབྱུང་ངེས༔ འཇིག་རྟེན་ལོ་ཀ་འུར་ངེས༔ གང་དུ་ཕྱིན་ཀྱང་མི་ནོར་ཟས་གསུམ་འདུ་ངེས༔ ལྷ་འདྲེ་མི་གསུམ་བདག་ལ་དགའ་བར་འགྱུར༔ འདི་མེད་གཞན་པ་ཡུག་པ་རྐྱང༔ འདི་ནི་མདུང་མཚོན་ལྟ་བུ་ཡིན༔ མན་ངག་ཁྱད་པར་ཅན་འདི་ཡི་བྱ་ཐབས༔ རྫས་དང་མཎྜལ་བཅའ་གཞི་སྔགས་ཀྱི་འདྲེན་ལུགས་མ་ནོར་བར་བཀོད་པའོ༔ དཔྲལ་བའི་མིག་དང་འདྲ་བ་འདི༔ སློབ་དཔོན་པདྨའི་བཀའ་འོ༔ འདི་མཆིམས་རྡོ་རྗེ་སྤྲེ་ཆུང་གིས་ཞུས་སོ༔ རླུང་ཞགས་སྙིང་བྱང་ྀཨཚ༔ སྔགས་བྱང་འཕྲུལ་གྱི་ཞལ་ཁྲིགས་སྙིང་གི་ཁུ་བའོ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔་་་སྤྱི་དོན་ཀུན་ཏུ་རྒྱུག་པ་ཡབ་སྔགས་ཡིན། ཀ་བྷི་ར་ཀོ་བྷི་ར་ཧཱུྃ༔་་་ཡབ་ཀྱི་ལས་སྔགས་ཕོ་སྔགས་ཀྱིས་ཕོ་སྡུད་པ་ཡིན། ཨུ་ཙུས་མ་ཀུག་ཏ་ཧཱུྃ༔་་་ཡུམ་གྱི་རྩ་སྔགས། ཨོཾ་ཨུ་མཱཿདེ་བཱི་ཧཱུྃ༔་་་ཡུམ་གྱི་ལས་སྔགས། དེ་རྣམས་རྩ་བའི་སྔགས་ཡིན་ནོ༔ ཨེ་མནྫུ་ཀུག་ཏ་ཧཱུྃ༔་་་རྩ་སྒྲུབ་ཀྱི་ཕྱི་སྔགས། ཀ་བྷི་ར་ཀོ་བྷི་ར༔ ཨཱ་ཀརྵཱ་ཡ་ཧྲིང་ཛ༔་་་མི་སེམས་སྡུད་པ་ནང་སྔགས། ཨུ་ཙུས་མ་ཀུག་ཏ་ཧཱུྃ༔་་་གསང་བ། མི་སེམས་དཀྲུགས་དཀྲུགས༔་་་མི་སེམས་སྡུད་པའོ། །སྡུས་སྡུས༔་་་རང་དབང་མེད་པར་བཏང་བའོ། །དང་པོ་འདི།་་་དེ་ནི་ཕྱི་སྒྲུབ་དུས་སུ་བཟླ༔ རང་གི།་་་གང་འདོད་སྒྲུབ་པའི་སྔགས་ཡིན་ནོ༔ ཨེ་མནྫུ་ཀུག་ཏ་ཧཱུྃ༔་་་མགོ་གནོན་ཡིན། བཛྲ་སིདྡྷི་ཕ་ལ་ཧཱུྃ༔་་་ཤར་གྱི་ཌཱ་ཀི་མ་ཡིན། རཏྣ་སིདྡྷི་ཕ་ལ་ཧཱུྃ༔་་་ལྷོའི་ཌཱ་ཀི་མ་ཡིན། པདྨ་སིདྡྷི་ཕ་ལ་ཧཱུྃ༔་་་ནུབ་ཀྱི་ཌཱ་ཀི་མ་ཡིན། ཀརྨ་སིདྡྷི་ཕ་ལ་ཧཱུྃ༔་་་བྱང་གི་ཌཱ་ཀི་མ་ཡིན། ཀ་བྷི་ར་ཀོ་བྷི་ར༔་་་ལས་སྔགས། མི་སྙིང་སྒུལ༔་་་འཇིགས་བྱེད་ནོར་བུ་བསམ་འཕེལ་གྱི་ཕྱི་སྒྲུབ་ཀྱི་སྔགས་བྱང་ཡིན།་་་མི་འགྲམ་ཆོག༔ མི་སེམས་དཀྲུགས༔ རང་དབང་མེད་པར་ཁུག་ལ་ཤོག༔ ྈྈྈ ༈ ནོར་བུ་བསམ་འཕེལ་ནང་སྒྲུབ་རྒྱལ་པོ་ལྟར་བསྟོད་པ།་་་ཨེ་མནྫུ་ཀུག་ཏ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ དམངས་ཕལ་སྲེག་པ་ཡིན།་་་ཛྭ་ལ་རཾ་སརྦ་སིདྡྷི་ཨ་ལ་ལ་ཧཱུྃ༔་་་བསམ་འཕེལ་ནོར་བུ་ནང་སྒྲུབ་ཀྱི་སྔགས་བྱང་དང་གང་འདོད་འབྱུང་བའི་ནོར་བུ་སྒྲུབ་པ་ཡིན་ནོ། །དངུལ་དཀར་མེ་ལོང་ནང་དུ་ནོར་བུའི་སྔགས་གདབ༔ ཨེ་མནྫུ་ཀུག་ཏ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ མི་སྙིང་སྒུལ་སྒུལ༔ མི་འགྲམ་ཆོག་ཆོག༔ མི་སེམས་དུང་དུང༔ རང་དབང་མེད་པར་མི་ནོར་སྣ་དགུ་ཁུག་ལ་ཤོག༔ གསང་སྒྲུབ།་་་ཨེ་མནྫུ་ཀུག་ཏ་ཧཱུྃ༔་་་གསང་བའི་སྒྲུབ་ཐབས་ཡིན། ཀ་བྷི་ར་ཀོ་བྷི་ར༔་་་རང་གང་བསམ་སྒྲུབ་པའི་ལས་ཡིན། ཨ་ཏྲི་རྣྲྀ་ཛཿདུང་དུང་འདུས་འདུས༔་་་གསང་བ་སྣང་བ་དབང་སྡུད་ཀྱི་ལས་སྔགས་ཡིན༔ སྡུས་སྡུས༔ འདུ་འདུ༔ མགོ་ནག་མིའི་སེམས་དཀྲུགས་ལ༔ སྙིང་འཕྱོ་རུ་ཆུག༔ རྐང་པ་འགྲོ་རུ་ཆུག༔ ཡིད་ཀྱི་རྣམ་ཤེས་རང་དབང་མེད་པར་ཁུག་ལ་ཤོག༔ ལས་ཚོགས་སྤྱི་སྒྲུབ་ལ༔ ཨེ་མནྫུ་ཀུག་ཏ་ཧཱུྃ༔་་་ཕོ་མོ་སྤྱི་སྒྲུབ་ཡིན་ཕོ་མོ་ཐམས་ཅད་དབང་དུ་འདུ། རང་དབང་མེད་པར་ཁུག་ལ་ཤོག༔ ཆེ་གེ་མོ་བདག་གི་དབང་དུ་གྱུར་ཅིག༔ ཅེས་རྩ་བའི་སྔགས་ལ་བོད་སྐད་ཀྱི་ལས་སྦྱོར་གདག་གོ༔ ཕོ་རྐྱང་འདེད་ལ༔་་་ཕོ་དབང་དུ་བསྡུ་བ། ཨེ་མནྫུ་ཀུག་ཏ་ཧཱུྃ༔ ཡཀྵ་དུན་ཏྲི་དུན་ཏྲི་ཕོབ༔ ཉ་ཤ་ཉ་ཚ་ཤོ་ནི་ཁུག༔ ཨཱ་ཀརྵཱ་ཡ་ཛ་ཛ༔ སྐྱེས་པ་ཐམས་ཅད་བདག་གི་དབང་དུ་གྱུར་ཅིག༔ ཨེ་མནྫུ་ཀུག་ཏ་ཧཱུྃ༔་་་མོ་རྐྱང་འདེད་མོ་དབང་དུ་བསྡུ་བ། ཀ་བྷི་ར་ཀོ་བྷི་ར༔ ཙག་ཙག་གཡའ་ཙག་ཙག༔ སད་སད་ཁུག་ཁུག་ཨེ༔ ཨཱ་ཀརྵཱ་ཡ་ཧྲིང་ཛ༔ གསང་བ་ཡང་ཁོལ་སྔགས་ལ༔ ཨོཾ་ཛབ་ཛབ་ཛུབ་ཛུབ་ཁུག་ཛ༔ ཟེ་ཛོ་ཟེ་ཛོ་ཧྲིཾ་ཧྲིཾ་བློང་བློང་བྲམ་ཤོག༔ ཁུག་སྡུས༔ རཾ་རཾ་དེད་དེད་སློང་སློང་ཁུག་ནི་ཛ༔ ཨ་ཏྲི་རྣྲྀ་འདི་ལ་ཛ་ཛ༔ རིགས་བཞིའི་མི་རྣམས་ཐམས་ཅད་ཀུན༔ མངའ་ཐང་འབངས་སུ་འཁོལ་འདོད་པས༔ མ་ཧཱ་དེ་བ་སྨུག་ནག་རལ་པ་འཐིབས་པར་བདག་ཉིད་བསྒོམ༔ གཡས་པས་ལྕགས་ཀྱུས་རིགས་བཞིའི་སྙིང་ནས་འདྲེན༔ གཡོན་པ་ཞགས་པས་སྐེ་ནས་འཆིང༔ དགའ་བ་སྐྱེད་པའི་ཏིང་འཛིན་ཡང་ཡང་སྦར༔ མ་ཧཱ་དེ་བ་ལོ་ཀ་ནན༔ དྷེ་དྷ་ཤ་ཤུ་ཨཾ་གུ་ཤ་ཛ་ཛ༔ རྣྲྀ་རཱ་ཛ་ཁུག༔ སིདྡྷི་ཁུག་ཁུག་ལོང༔ ད་ཧ་ར་ཕོབ་ཡ༔ རཱ་ཛ་ལོང་ཨཾ་གུ་ཤ་ཛ་ཛ༔ དེ་བ་ལོང་ཁུག༔ བྷྲོ་ཧ་བྷ་དྷ་དུ་ནི་དུ་ནི༔ མིི་འུ་རིགས་བཞིའི་མི་ནོར་སྣ་དགུ་ཁུག༔ ཆུག་ཕོབ་ཡ༔ མ་ཧཱ་དེ་བ་ཧྲི་ད་ཡ་ནི༔ ཤུ་ད་ཡ་ཨཾ་གུ་ཤ་སརྦ་ཤུ་ན་འདུ་ཛ༔ ཟབ་པའི་མཐར་ཐུག་གི་ཁྲིགས་སྙིང་བྱང་མིག་དང་འདྲ་བ་འདི༔ ཀུན་ལ་མེད་པའི་ཁྱད་འཕགས་ཡིན༔ འདིའི་ལོག་གནོན་སྤོགས་ཆོག་གསང་བ་ཡང་ཁོལ་ཡིན་ནོ༔ གུ་རུའི་ཞལ་ནས་གསུངས་པ༔ མཆིམས་རྡོ་རྗེ་སྤྲེ་ཆུང་ལ་གདམས་པ་མངའ་བདག་གིས་ཐོབ་སྟེ༔ བསེ་སྒྲོམ་དུ་སྦས་སོ༔ ྈྈྈ སྔགས་ཀྱི་ཐེམས་ལ༔ རྩ་བའི་སྔགས་ལ་ཡིག་འབྲུ་དྲུག༔ འགྲེང་བུ་གཅིག་དང་ཞབས་ཀྱུ་གསུམ༔ ལས་སྔགས་ཡི་གེ་འབྲུ་དྲུག་ལ༔ གི་གུ་གཉིས་དང་ན་རོ་གཅིག༔ སྐབས་འདོགས་སྔགས་ལ་ཡིག་འབྲུ་དྲུག༔ ཞབས་ཀྱུ་བཞི༔ ཡུམ་གྱི་སྔགས་ལ་ཡིག་འབྲུ་དྲུག༔ ཨོཾ་དང་ཨུ་གཅིག་ཡོད་པ་ཡིན༔ དེ་ནི་རྩ་བའི་སྔགས་ཐེམས་སོ༔ སྡུད་བྱེད་ཡི་གེ་འབྲུ་དྲུག་པོ༔ གང་ཡང་ཤམ་དུ་འདོགས་པ་ཡིན༔ མནྫུ་ཡིག་འབྲུ་དྲུག་པ་འདི༔ ཀུན་གྱི་མགོ་རུ་འདོགས་པ་ཡིན༔ ཀ་བྷི་ར་སོགས་སྔགས་དེ་ཡང༔ ཀུན་གྱི་བར་དུ་གཞུག་པ་ཡིན༔ དེ་བར་ཐེམས་ཡིན་ནོ༔ སྔགས་ཀྱི་ཐེམས་ཡིག་འདི་མེད་ན༔ ལས་རྣམས་མི་འགྲུབ་ཡུག་པ་རྐྱང༔ དེས་ན་སྔགས་ཐེམས་མན་ངག་ཡང་གཅེས་ཡིན༔ ཞེས་པདྨས་གསུངས་སོ༔ ནོར་སྒྲུབ་བཛྲ་རཏྣ་པདྨ་ཀརྨ་སིདྡྷི་ཕ་ལ་བཞི༔ མི་སྙིང་སྒུལ༔ མི་སེམས་སྒུལ་ལ་སོགས་པའོ༔ སྲེག་པ་ཀ་བྷི་རའི་ཤམ་བུར་ཛྭ་ལ་རཾ་སརྦ་སིདྡྷི་ཨ་ལ་ལ་ཧོ༔ མཉྫུ་དང་ནི་ཀ་བྷི་རའི་ཤམ༔ སྙིང་སྒུལ་སེམས་སྒུལ་མི་འགྲམ་ཆོག་དུང་དུང་སྡུས༔ ཞེས་པ་གདགས༔ སྣང་བ་དབང་སྡུད་ལ༔ མཉྫུ་ཀུག་ཏ་དང་ཀ་བྷི་རའི་ཤམ༔ ཨ་ཏྲི་རྣྲྀ་ཛ་དུང་དུང་འདུས་འདུས༔ སྡུས་སྡུས༔ འདུ་འདུ༔ མི་སེམས་དཀྲུགས་ལ༔ སྙིང་འཕྱོ་རུ་ཆུག༔ རྐང་པ་འགྲོ་རུ་ཆུག༔ ཡིད་ཀྱི་རྣམ་ཤེས་འགུགས་པའི་གསང་ཐེམས་སོ༔ རྐྱང་འདེད་ལ་མགོ་རུ་འབྲུ་དྲུག་གཅེས་པ་ཡིན༔ ཕོ་ལ་ཡིག་འབྲུ་ཉི་ཤུ་ཡོད༔ གི་གུ་གསུམ་ན་རོ་གཉིས་ཞབས་ཀྱུ་གསུམ་ཡོད༔ ར་བཏགས་གཉིས་དང་འ་བཏགས་གཅིག༔ མོ་ལ་ཡིག་འབྲུ་བཅུ་དྲུག་ཡོད༔ འགྲེང་བུ་གཅིག་དང་གི་གུ་གཅིག༔ ཞབས་ཀྱུ་གཉིས་དང་ར་བཏགས་གཅིག༔ གསང་བ་ཡང་ཁོལ་ལ་ཡིག་འབྲུ་སུམ་ཅུ་སོ་ལྔ་ཡོད༔ ཤད་བར་ལྔ༔ མགོ་ན་ཨོཾ༔ འགྲེང་བུ་བཞི༔ ན་རོ་བདུན༔ གི་གུ་དྲུག་ཞབས་ཀྱུ་དྲུག༔ ཀླད་ཀོར་ལྔ༔ དེ་བས་མང་ན་ལྷག༔ ཉུང་ན་ཆད༔ སྤོགས་པའི་མགོ་གནོན་ཡང་ཁོལ་ལ༔ ཡིག་འབྲུ་ཚེག་བར་བརྒྱད་ཅུ་གྱ་གཉིས་ཡོད༔ ཤད་བར་བཅུ་གཉིས༔ འགྲེང་བུ་བཞི༔ ན་རོ་བརྒྱད༔ གི་གུ་བཅུ་གཅིག༔ ཞབས་ཀྱུ་བཅུ་བདུན༔ ར་བཏགས་གསུམ༔ འ་བཏགས་བཞི༔ ཧ་བཏགས་བརྒྱད༔ དེ་ལྟར་སྔགས་ཀྱི་ཐེམས་ཡིག་འདི༔ ལས་ཅན་དོན་དུ་པདྨས་གསུངས༔ མངའ་བདག་རྗེ་ཡི་སྙན་གྱིས་གསན༔ མཆིམས་ཀྱིས་གསང་མ་ཐུབ་སྟེ༔ རྗེ་ལ་གཏད་རྗེས་གསང་སྟེ་བསེ་སྒྲོམ་ནང་དུ་སྦས༔ རྒྱ་རྒྱ་རྒྱ༔ རྒྱ་གསུམ་བཏབ་སྟེ་སྦས་པ་རུ་ལག་རྒྱང་གི་མགོན་པོ་དམར་པོ་ནས་སྤྱན་དྲངས་པའོ།། །། ༄༅༔ ལྷ་ཆེན་མ་ཧཱ་དེ་བ་ཡབ་ཡུམ་གྱི་སྲོག་འཁོར་རྒྱས་འབྲིང་བསྡུས་གསུམ་ཡོད༔ ལྷ་ཆེན་དབང་ཕྱུག་མ་ཧཱ་དེ་བ་ལ་ན་མོ༔ ཕྱི་ཉིི་ཟླ་རླུང་གི་ཞགས་པ་ལ་བསྟེན་ནས་སྙན་གྲགས་སྒྲུབ་པའི་འཁོར་ལོ་སེང་ལྡེང་སྲིད་མེས་སུ་གཟུད་དེ༔ བསྙེན་པ་འདི་བཟླའོ༔ ཨོཾ་དབང་ཕྱུག་ལྷ་ཆེན་ཧྲིང༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཧྲཱིཿཧསྟི་ཕ་ལ༔ རཏྣ་སིདྡྷི་ཕ་ལ༔ བཱ་སུ་ན་དྷེ༔ རཏྣ་པཱ་ཤཾ་ཀུ་རུ༔ པུཥྚིཾ་རཏྣ་ཛ་ཛ༔ ནཱ་ག་ཕ་ལ་ཧྲིང་ཧྲིང་ཕཊ་ཕཊ་སྭཱ་ཧཱ༔ དེ་ལ་བསྙེན་པ་ཞག་བདུན་བཟླ༔ དེས་སྙན་གྲགས་རྒྱ་ཆེན་འབྱུང་ངོ༔ ཕྱི་སྒྲུབ་ྀཨཚ༔ ནང་སྒྲུབ་བསམ་འཕེལ་ནོར་བུ་ལ་བསྟེན་ནས༔ དབང་དུ་སྡུད་པའི་འཁོར་ལོ་ཙན་དན་སྲིད་མེས་སུ་བཅུག་ལ་བསྒྲུབ༔ དེའི་སྔགས་ནི༔ ཨོཾ་དབང་ཕྱུག་ལྷ་ཆེན་ཙིཏྟ་ཧྲིང་ཡམ་ཛ་ཛ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ དེ་བ་ཤྭ་ར་མ་ཧཱ་སརྦ་ལོ་ཀ༔ རཏྣ་བཱ་སུ་པཱ་ཤཾ་ཀུ་རུ་ཧྲིང་ཧྲིང་ཛ་ཛ༔ ཧྲཱིཿཧསྟི་ཕ་ལ་སི་ཏི་ནཱ་ནཱ་ཁ་དྷེ༔ བཱ་སུ་ན་དྷེ་པུཥྚིཾ་ཀུ་རུ༔ རཏྣ་ཛ་ནཱ་ག་ཕ་ལ༔ ཧྲིང་ཧྲིང་ཕཊ་ཕཊ༔ ཞག་བདུན་བཟླའོ༔ ནང་སྒྲུབ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསང་བ་སྲིད་མེས་ཀྱི་འཁོར་ལོ་ལ་བརྟེན་ནས༔ འཇིག་རྟེན་གྱི་མི་ཕོ་མོ་དབང་དུ་བསྡུ་བ༔ ཟངས་ཀྱི་སྲིད་མེས་སུ་གཟུད༔ སྔགས་འདི་བཟླའོ༔ ཨོཾ་དེ་བ་ཤྭ་ར་མ་ཧཱ་ཨེ་ཤ་ཧྲིང་ཡམ་ཛ་ཛ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ མ་ཧཱ་དེ་བ་སརྦ་ལོ་ཀ་མ་ནུ༔ བཱ་སུ་རཏྣ༔ པཱ་ཤཾ་ཀུ་རུ་ཧྲིང་ཛ༔ ཀ་བྷི་ར་ཀོ་བྷི་ར༔ བྷ་ཤན་ཨུ་གེ༔ རཏྣ་པཱ་ཤཾ་སིདྡྷི༔ ཨཾ་གུ་ཤ་ཛ་ཛ༔ ཞེས་ཞག་བདུན་བཟླས་ལ་བསྒྲུབ་བོ༔ གསང་སྒྲུབ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ ནོར་སྒྲུབ་བརྒྱ་རྩ་ཡོད་གྱུར་ཀྱང༔ དབང་ཕྱུག་ཆེན་པོའི་རླུང་ཞགས་འདི༔ ནོར་སྒྲུབ་ཀུན་གྱི་སྙིང་པོ་ཡིན༔ ནོར་ལྷ་གཞན་རྣམས་གཟུགས་དང་འདྲ༔ དབང་ཕྱུག་ཆེན་པོ་སྙིང་དང་འདྲ༔ ཤིན་ཏུ་ཟབ་ཅིང་གཅེས་པར་ཟུངས༔ ཞེས་གསུངས་ནས༔ རྡོ་རྗེ་སྤྲེ་ཆུང་ལ་གནང་ངོ༔ ཟང་ཟང་ལྷ་བྲག་ལ་སྦས༔ ཟངས་ཀྱི་གྭའུའི་ནང་ཡབ་ཡུམ་གྱི་འཁོར་ལོ་རྒྱས་པ་བཅང་ངོ༔ ཡབ་ལ་འཁོར་ལོ་རྩིབས་བཞི་རྩིབས་བརྒྱད་རྩིབས་བཅོ་བརྒྱད་རྣམས་མུ་ཁྱུད་གཅིག་གིས་བསྐོར་བ་བྲི༔ དབུས་ཀྱི་ལྟེ་བ་ལ༔ ཨོཾ་དབང་ཕྱུག་ལྷ་ཆེན་ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ མ་ཧཱ་དེ་བ་མི་སེམས་དཀྲུགས་ཁུག་ས་མ་ཡ་ཛ་ཛ༔ དབང་ཕྱུག་ཆེན་པོས་འཇིག་རྟེན་གྱི་མི་ནོར་ཟས་དང་བཅས་པ་དབང་དུ་སྡུས་ལ་ཁུག་ཅིག༔ བསོད་ནམས་སྤེལ་ཅིག༔ འཇིག་རྟེན་གཡོ་ཞིང་འགུལ་བའི་བསོད་ནམས་འུར་ཆེན་སྐྱེད་ཅིག༔ ཕ་རོལ་མི་ལ་རང་དབང་མེད་པར་མི་སྙིང་སྒུལ་ལ་ཟས་ནོར་ཁྱེར་ལ་ཤོག་ཅིག༔ ཧྲིང་ཧྲིང་ཛ་ཛ༔ ཞེས་བྲིའོ༔ རྩིབས་བཞི་ལ༔ ༡ ཨོཾ་མ་ཧཱ་དེ་བ་སརྦ་ལོ་ཀ་མ་ནུ་སིདྡྷི་ཧཱུྃ༔ མི་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ༢ ཨོཾ་མ་ཧཱ་དེ་བ་ལོ་ཀ་རཏྣ་སིདྡྷི་ཧཱུྃ༔ རིན་པོ་ཆེ་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ༣ ཨོཾ་མ་ཧཱ་དེ་བ་བཱ་སུ་སིདྡྷི་ཧཱུྃ༔ ནོར་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ༤ ཨོཾ་མ་ཧཱ་དེ་བ་བཱ་སུ་གྷེའུ་སིདྡྷི་ ཧཱུྃ༔ ཤ་མར་འབྲུ་བཅུད་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ཅེས་བྲིའོ༔ རྩིབས་བརྒྱད་ལ༔ ༡ དབང་ཕྱུག་ཆེན་པོས་མི་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ༢ ཆེ་བཙན་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ༣ འཁོར་ལོས་སྒྱུར་བའི་རྒྱལ་པོའི་ལོངས་སྤྱོད་ལྟ་བུ་ཐམས་ཅད་ཁུག་ཅིག༔ ༤ དགེ་བཤེས་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ༥ བཙུན་པ་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ༦ སྔགས་པ་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ༧ བོན་པོ་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ༨ དབང་ཕྱུག་ཆེན་པོས་མོ་བཙུན་བུད་མེད་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ཅེས་བྲིའོ༔ རྩིབས་བཅོ་བརྒྱད་ལ༔ ༡ ཨོཾ་མ་ཧཱ་དེ་བ་ཧཱུྃ༔ མ་ཧཱ་པུཎྱ་སིདྡྷི་ཧཱུྃ༔ ༢ བཱ་སུ་སིདྡྷི་ཧཱུྃ༔ ༣ རཏྣ་སིདྡྷི་མ་ནཔ྄་སིདྡྷི་ཧཱུྃ༔་་་ཡང་དཔེ་གཅིག་ལ།འཁོར་ལོ་རྩིབས་བཅུ་དགུ་བྱས་ཏེ༔ རཏྣ་སིདྡྷི་ཧཱུྃ༔ མ་ན་པཱ་ཤཾ་སིདྡྷི་ཧཱུྃ༔ ཞེས་གཉིས་སུ་ཕྱེས་འདུག༔ གོང་འོག་ཀུན་ལ་རྩིབས་བཅུ་དགུ་ཞེས་འདུག༔ ༤ བ་ལ་སིདྡྷི་ཧཱུྃ༔ ༥ གྷའུ་སིདྡྷི་ཧཱུྃ༔ ༦ བྷ་ཏཾ་སིདྡྷི་ཧཱུྃ༔ ༧ བེ་ག་སིདྡྷི་ཧཱུྃ༔ ༨ གྷ་མ་རེ་སིདྡྷི་ཧཱུྃ༔ ༩ བྷ་ལེ་སིདྡྷི་ཧཱུྃ༔ ༡༠ པུ་ཏྲ་སིདྡྷི་ཧཱུྃ༔ ༡༡ ཤུཾ་བྷཱ་ཏེ་སིདྡྷི་ཧཱུྃ༔ ༡༢ མ་ད་ན༔ མན་དྷ་སིདྡྷི་ཧཱུྃ༔ ༡༣ ཏྲི་པི་ཏ་སིདྡྷི་ཧཱུྃ༔ ༡༤ མ་ལི་སིདྡྷི་ཧཱུྃ༔ ༡༥ སོ་ན་སིདྡྷི་ཧཱུྃ༔ ༡༦ གོས་དར་སིདྡྷི་ཧཱུྃ༔ ༡༧ རྟ་དང་འབྲི་གཡག་སིདྡྷི་ཧཱུྃ༔ ༡༨ བ་གླང་ར་ལུག་སིདྡྷི་ཧཱུྃ༔ དེ་ལྟར་བཅོ་བརྒྱད་ཀྱི་མགོ་རུ༔ ཨོཾ་མ་ཧཱ་དེ་བ་ཧཱུྃ༔ ཞེས་པས་ཐོག་དྲངས་པས་བྲིའོ༔ མུ་ཁྱུད་ལ༔ ཨོཾ་མ་ཧཱ་དེ་བ་ཨེ་ཤ་ཙིཏྟ་ཧྲིང་ཡམ་ཛ་ཛ༔ དེ་བ་ཤྭ་ར་མ་ཧཱ་ཨེ་ཤ་ཧྲིང༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ མ་ནུ་ཙིཏྟ་སྒུལ༔ པཱ་ཏཱ་སྒྱུར་ཁུག༔ ཧསྟ་འགུལ་འགུལ༔ སརྦ་བཱ་སུ་རཏྣ༔ བྷི་ཧ་ར་ཁུག་སྡུས༔ ཧྲཱིཿཧསྟི་ཕ་ལ༔ རཏྣ་སིདྡྷི་ཕ་ལ་ཧཱུྃ༔ བཱ་སུ་ན་དྷེ༔ པཱ་ཤཾ་ཀུ་རུ༔ བྷཱུ་ཏི་ས་ནཱ་ག་ཕ་ལ༔ ཧྲིཾ་ཧྲིཾ་ཛ་ཛ༔ དབང་ཕྱུག་ཆེན་པོས་བདག་གི་སྟོབས་སྐྱེད་ཅིག༔ མི་ཐམས་ཅད་བདག་གི་འཁོར་དུ་སྡུས་ཤིག༔ དབང་དུ་སྡུས་ལ་སྤེལ་ཅིག༔ ལོངས་སྤྱོད་འཕྲུལ་དགའི་ལྷ་དང་མཉམ་པར་སྤེལ་ཅིག༔ རྨུ་ཡད་ཀྱི་ཞག་མཚོ་ལྟར་སྤེལ་ཅིག༔ སྟོང་པ་ཁོངས་ཁེངས་པར་བླུགས་ཤིག༔ ཅེས་མཚལ་གྱིས་བྲིའོ༔ གང་བྱུང་ཚད་ཀྱི་འབྲུ་སྣ་དང༔ དར་ཟབ་དང༔ རཏྣ་ལྔ་གཞུག༔ རྡོ་ཕ་ཝཾ་ལ་ཧྲཱིཿདམར་པོ་དྲུག་བྲིས་ལ་འཁོར་ལོར་གཞུག༔ དབང་ཕྱུག་ཆེན་པོ་འདི་ལ་གནས་གྱིས་ལ་བཞུགས་ཤིག༔ བདག་ལ་སྐུ་དང་གྲིབ་མ་ལྟར་མི་འབྲལ་བར་འགྲོགས་ཤིག༔ ཅེས་པ་ཡང་བྲིའོ༔ ཡབ་ཀྱི་སྲོག་འཁོར་རྒྱས་པ་རྫོགས་སོ༔ ཡུམ་གྱི་ཙཀྲ་ནི༔ པདྨ་འདབ་བཞི་འདབ་བརྒྱད་འདབ་མ་བཅོ་བརྒྱད་ལ༔ མུ་ཁྱུད་གཅིག་གིས་བསྐོར་བ་བྲི༔ ལྟེ་བ་ལ༔ ཨོཾ་ཨུ་མཱཿདེ་བཱི་བཱ་སུ་དྷཱ་རི་ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ ཨུ་མཱཿདེ་བཱིས་མི་སེམས་དཀྲུགས་ཁུག་ས་མ་ཡ་ཛ་ཛ༔ ཨུ་མཱཿདེ་བཱིས་འཇིག་རྟེན་ཐམས་ཅད་ཀྱི་མི་ནོར་ཟས་གསུམ་བདག་གི་དབང་དུ་སྡུས་ལ་ཁུག་ཅིག༔ བསོད་ནམས་འུར་བག་སྐྱེད་ཅིག༔ ཕ་རོལ་མི་ལ་རང་དབང་མེད་པར་མི་སྙིང་སྒུལ༔ ཟས་ནོར་ཁུག༔ བཱ་སུ་རཏྣ་ཧྲིང་ཧྲིང་ཛ་ཛ༔ ཞེས་བྲིའོ༔ འདབ་མ་བཞི་ལ༔ ༡ ཨོཾ་ཨུ་མཱཿདེ་བཱི་སརྦ་ལོ་ཀ་མ་ནུ་སིདྡྷི་ཧཱུྃ༔ མི་ཕོ་མོ་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ༢ ཨོཾ་ཨུ་མཱཿདེ་བཱི་སརྦ་ལོ་ཀ་རཏྣ་སིདྡྷི་ཧཱུྃ༔ རིན་པོ་ཆེ་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ༣ ཨོཾ་ཨུ་མཱཿདེ་བཱི་སརྦ་བཱ་སུ་སིདྡྷི་ཧཱུྃ༔ ནོར་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ༤ ཨོཾ་ཨུ་མཱཿདེ་བཱི་སརྦ་བཱ་སུ་གྷེའུ་སིདྡྷི་ཧཱུྃ༔ ཤ་མར་འབྲུ་བཅུད་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ཅེས་བྲིའོ༔ འདབ་མ་བརྒྱད་ལ༔ ༡ ཨུ་མཱཿདེ་བཱིས་མི་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ༢ ཆེ་བཙན་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ༣ འཁོར་ལོས་སྒྱུར་བའི་རྒྱལ་པོའི་ལོངས་སྤྱོད་ལྟ་བུ་ཐམས་ཅད་ཁུག་ཅིག༔ ༤ དགེ་བཤེས་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ༥ བཙུན་པ་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ༦ སྔགས་པ་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ༧ བོན་པོ་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ༨ ཨུ་མཱཿདེ་བཱིས་མོ་བཙུན་བུད་མེད་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ཅེས་བྲིའོ༔ འདབ་མ་བཅོ་བརྒྱད་ལ༔ ཨོཾ་ཨུ་མཱཿདེ་བཱི་མ་ཧཱ་པུཎྱེ་སིདྡྷི་ཧཱུྃ༔ ཞེས་པས༔ མ་ཧཱ་དེ་བ་ཨུ་མཱཿདེ་བཱིར་བསྒྱུར་ནས༔ ཡབ་ཀྱི་རྩིབས་སྔགས་རྣམས་བྲིའོ༔ མུ་ཁྱུད་ལ༔ ཨོཾ་ཨུ་མཱཿདེ་བཱི་ཨེ་ཤ་ཧྲིཾ་ཧྲིཾ་ཛ་ཛ༔ ཨུ་མཱཿདེ་བཱི་སརྦ་ལོ་ཀ་ཧྲིང་ཧྲིང་ཛ་ཛ༔ མ་མ་རཏྣ་འགུལ་འགུལ༔ ཧྲིཾ་ཧྲིཾ་སྡུས་སྡུས༔ ཨུ་མཱཿདེ་བཱི་མ་མ་ཁ་ཤི༔ མི་སྙིང་སྒུལ༔ མི་འགྲམ་ཆོག༔ མ་མ་ཁ་ཤི་བཾ་སྭཱ་ཧཱ༔ རྣྲྀ་ཨཱ་ཀརྵཱ་ཡ་ཧྲིང༔ རྣྲྀ་ཨཱ་ཀརྵཱ་ཡ་ཛ༔ ཨུ་མཱཿདེ་བཱི་ཨཱ་བེ་ཤ་ཡ་ཧྲིང་ཧྲིང་ཛ་ཛ༔ ཨུ་མཱཿདེ་བཱིས་མི་ནོར་ཟས་གསུམ་དབང་དུ་སྡུས་ཤིག༔ བཱ་སུ་རཏྣ་སི་ཏི་ཧྲིང་ཧྲིང་ཛ་ཛ༔ ཞེས་བྲིའོ༔ ཡབ་ཡུམ་གྱི་སྲོག་འཁོར་ཕྱི་ལ་སྐུ་བྲིའོ༔ འཁོར་ལོའི་བར་དུ་ཟླ་གམ་ཤོག་དམར་གཞུག་སྟེ༔ བྲི་ཐབས་འོག་ན་གསལ༔ སྙིང་ལ་འདོད་ཚད་ཀྱི་མིང་དང་དབང་དུ་སྡུས་ཤིག༔ བསོད་ནམས་འུར་བག་སྐྱེད་ཅིག༔ ཕ་རོལ་གྱི་མི་ལ་རང་དབང་མེད་པར་དབང་དུ་སྡུས་ལ་མི་སྙིང་སྒུལ༔ ཟས་ནོར་སྡུས་ཤིག༔ ཅེས་བྲིའོ༔ རབ་གནས་བྱས་དར་སྣ་ལྔས་དྲིལ་ཏེ༔ གྭའུར་གཞུག་ཅིང་ལུས་ལ་བཅང་ངོ༔ གསང་བ་གྭའུའི་སྒྲུབ་ཐབས་ནི༔ དབང་ཕྱུག་སྲོག་གི་འཁོར་ལོ་ཡིན༔ བཅངས་པ་ཙམ་གྱིས་མི་ནོར་འདུ༔ བསོད་ནམས་ནགས་ལ་མེ་མཆེད་བཞིན༔ འུར་གྱིས་འགྲོ་བར་ཐེ་ཚོམ་མེད༔ འདི་སྒྲུབས་སེམས་ཅན་འགྲོ་དོན་གྱིས༔ བསོད་ནམས་འདི་ཉིད་བསྒྲུབ་ན་འོངས༔ འུར་བག་འདི་བས་ཆེ་བ་མེད༔ གསང་ནས་བསྒྲུབ་ན་འགྲུབ་པ་ཡིན༔ ལྷ་ཆེན་ཡབ་ཡུམ་གྱི་སྲོག་འཁོར་རྒྱས་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལྷ་ཆེན་ཡབ་ཡུམ་གྱི་སྲོག་འཁོར་འབྲིང་པོ༔ ཡབ་ཀྱི་ཙཀྲ་རྩིབས་བཞི་རྩིབས་བརྒྱད་མུ་ཁྱུད་གཅིག་པ་བྲི༔ དབུས་ཀྱི་ལྟེ་བ་ལ༔ ཨོཾ་དེ་བ་ཤྭ་ར་མ་ཧཱ་ཙིཏྟ་ཧྲིང་ཡམ་ཛ༔ མི་ནོར་ཟས་གསུམ་དབང་དུ་སྡུས་ཤིག༔ བྲིའོ༔ རྩིབས་བཞི་ལ༔ དབང་ཕྱུག་ཆེན་པོ་ཙིཏྟ་ཨེ་ཤ་ཧྲིང་ཡམ་ཛ་ཛ༔ ཞེས་པ་བཞི་བྲི༔ རྩིབས་མཆན་ལ༔ ཀེག་ཤིང་ཁམས༔ ཇི་མེ་ཁམས༔ འུ་ཆུ་ཁམས༔ ཤང་ལྕགས་ཁམས༔ ཁམས་བཞིའི་མི་ཐམས་ཅད་དབང་དུ་སྡུས་ཤིག༔ བྱ་བ་བྲི༔ རྩིབས་བརྒྱད་ལ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ བྷ་ཤན་ཨུ་གེ༔ རཏྣ་སིདྡྷི༔ ཨཾ་གུ་ཤ་ཛ་ཛ༔ ཞེས་བྲིའོ༔ རྩིབས་མཆན་ལ༔ ཨོཾ་སརྦ་མ་ནུ་རྣྲྀ་ཡཾ་ཛ་ཛ༔ ཞེས་བྲིའོ༔ མུ་ཁྱུད་ལ་ཡབ་སྔགས༔ ཨོཾ་མ་ཧཱ་དེ་བ་ཨེ་ཤ་ཙིཏྟ་ཧྲིང་ཡམ་ཛ་ཛ༔ དེ་བ་ཤྭ་ར་མ་ཧཱ་ཨེ་ཤ་ཧྲིང༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ མ་ནུ་ཙིཏྟ་སྒུལ༔ པཱ་ཏཱ་སྒྱུར་ཁུག༔ ཧསྟ་འགུལ་འགུལ༔ སརྦ་བཱ་སུ་རཏྣ༔ བྷི་ཧ་ར་ཁུག་སྡུས༔ ཧྲཱིཿཧསྟི་ཕ་ལ༔ རཏྣ་སིདྡྷི་ཕ་ལ་ཧཱུྃ༔ བཱ་སུ་ན་དྷེ༔ པཱ་ཤཾ་ཀུ་རུ༔ བྷཱུ་ཏི་ས་ནཱ་ག་ཕ་ལ༔ ཧྲིང་ཧྲིང་ཛ་ཛ༔ ཞེས་བྲིའོ༔ དེའི་ཕྱིར་ཡབ་གཡས་གཉིས་ལྕགས་ཀྱུ་དང་ཞགས་པ་བསྣམས་པ༔ གཡོན་གཉིས་རིན་པོ་ཆེ་དང་སྲིད་མེས་བསྣམས་པའོ༔ ཡུམ་གྱི་ཙཀྲ་ནི༔ པདྨ་འདབ་བཞི་འདབ་བརྒྱད་མུ་ཁྱུད་གཅིག་པ་བྲི༔ ལྟེ་བ་ལ༔ ཨུ་མཱཿདེ་བཱི་ཨེ་ཤ་ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ ཨུ་མཱཿདེ་བཱིས་མི་རྣམས་ཐམས་ཅད་དབང་དུ་སྡུས་ཤིག༔ ཞེས་བྲི༔ པདྨ་འདབ་བཞི་ལ༔ སརྦ་མ་ནུ་བྷི་ཧ་ར་ཨེ་ཤ་ཧྲིང་ཧྲིང་ཛ་ཛ༔ ཞེས་བྲི༔ པདྨ་འདབ་བརྒྱད་ལ༔ ཨུ་མཱཿདེ་བཱི༔ མ་ནུ་ཧྲིང༔ འུབས་འུབས༔ བཱ་སུ་རཏྣ༔ བྷི་ཧ་ར༔ ཨེ་ཤ་ཧྲིང་ཧྲིང༔ སྡུས་སྡུས༔ ཁུག་ཁུག་ཛ་ཛ༔ ཞེས་ཤད་བར་བརྒྱད་ཀྱི་སྔགས་བྲིའོ༔ མུ་ཁྱུད་ལ༔ ཡུམ་སྔགས༔ ཨོཾ་ཨུ་མཱཿདེ་བཱི་ཨེ་ཤ་ཧྲིང་ཧྲིང་ཛ་ཛ༔ ཨུ་མཱཿདེ་བཱི་སརྦ་ལོ་ཀ་ཧྲིང་ཧྲིང་ཛ་ཛ༔ མ་མ་རཏྣ་འགུལ་འགུལ༔ ཧྲིང་ཧྲིང་སྡུས་སྡུས༔ ཨུ་མཱཿདེ་བཱི་མ་མ་ཁ་ཤི༔ མི་སྙིང་སྒུལ༔ མི་འགྲམ་ཆོག༔ མ་མ་ཁ་ཤི་བཾ་སྭཱ་ཧཱ༔ རྣྲྀ་ཨཱ་ཀརྵཱ་ཡ་ཧྲིང༔ རྣྲྀ་ཨཱ་ཀརྵཱ་ཡ་ཛ༔ ཨུ་མཱཿདེ་བཱི་ཨཱ་བེ་ཤ་ཡ་ཧྲིང་ཧྲིང་ཛ་ཛ༔ ཞེས་བྲིའོ༔ དེའི་ཕྱིར་ཡུམ་ཨུ་མཱཿདེ་བཱི་གཡས་མེ་ལོང༔ གཡོན་བུམ་པ་བསྣམས་པ་བྲིའོ༔ ཟླ་གམ་ཤོག་དམར་གྱི་ཙཀྲ་ནི༔ རྩིབས་བཞི་མུ་ཁྱུད་གཅིག་པ་བྲི༔ དེའི་ལྟེ་བ་ལ༔ ཟླ་གམ་སྒོ་གཅིག་པ་བྲི༔ དེའི་ནང་དུ་ནོར་གང་འདོད་དངོས་གྲུབ་སྩོལ་བྱ་བ་བྲི༔ རྩིབས་བཞི་ལ༔ ཀ་བྷི་ར་ཀོ་བྷི་ར༔ ཞེས་བཞི་བྲི༔ རྩིབས་མཆན་ལ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཞེས་པ་བཞི་བྲི༔ མུ་ཁྱུད་ལ་ཡབ་ཡུམ་གྱི་སྔགས་འདི་བྲིའོ༔ ཨོཾ་དེ་བ་ཤྭ་ར་མ་ཧཱ་ཨེ་ཤ་ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ ཨུ་མཱཿདེ་བཱི་མ་ནུ་ཙིཏྟ་སྒུལ༔ པཱ་ཏཱ་སྒྱུར་པཱ་ཏཱ་དཀྲུགས་ཁུག༔ ས་མ་ཡ་ཧྲིང་ཧྲིང་ཛ་ཛ༔ ཞེས་བྲིའོ༔ ཙཀྲ་ལ་རབ་གནས་བྱ༔ ཟླ་གམ་ཤོག་དམར་བར་དུ་གཏེམ་མོ༔ འཁོར་ལོའི་བྲི་ཐབས་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡབ་ཡུམ་འཁོར་ལོ་ཆུང་བ་ནི༔ དབང་ཕྱུག་ཆེན་པོའི་ལྟོ་བ་རུ༔ ཙཀྲ་རྩིབས་བཞི་རྩིབས་བརྒྱད་མུ་ཁྱུད་གཅིག་གིས་བསྐོར་བ་བྲི༔ ལྟེ་བ་ལ༔ ཨོཾ་དེ་བ་ཤྭ་ར་མ་ཧཱ་ཙིཏྟ་ཧྲིང་ཡམ་ཛ་ཛ༔ ཟས་ནོར་དབང་དུ་སྡུས༔ བྱ་བ་བྲི༔ རྩིབས་བཞི་ལ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཟས་ནོར་དབང་དུ་སྡུས་ཤིག་བྱ་བ་བྲི༔ རྩིབས་མཆན་ལ༔ ཀེག་ཤིང་ཁམས་པ༔ ཇི་མེ་ཁམས་པ༔ འུ་ཆུ་ཁམས་པ༔ ཤང་ལྕགས་ཁམས་པ་དབང་དུ་སྡུས་ཤིག༔ ཅེས་བྲི༔ རྩིབས་བརྒྱད་ལ༔ ཨོཾ་དེ་བ་ཤྭ་ར་མ་ཧཱ་ལོ་ཀ༔ བཱ་སུ་རཏྣ་འུབས་འུབས་ཧྲིང་ཧྲིང༔ ཞེས་བྲིའོ༔ རྩིབས་མཆན་ལ༔ དབང་ཕྱུག་ཆེན་པོས་ཟས་ནོར་ཐམས་ཅད་དབང་དུ་སྡུས་ཤིག༔ ཅེས་བྲིའོ༔ མུ་ཁྱུད་ལ༔ དབང་ཕྱུག་ལྷ་ཆེན་པོ་ཙིཏྟ་ཧྲིང་ཡམ་ཛ༔ དབང་ཕྱུག་ཆེན་པོས་ཆེ་གེ་མོ་དབང་དུ་སྡུས་ཤིག༔ ཅེས་མིང་སྤེལ་གཞུག་གོ༔ ཡུམ་གྱི་ལྟོ་བར་འཁོར་ལོ་རྩིབས་བཞི་རྩིབས་བརྒྱད་མུ་ཁྱུད་གཅིག་པ་བྲི༔ ལྟེ་བ་ལ༔ ཨུ་མཱཿདེ་བཱི་ཧྲིང་ཡམ་ཛ༔ མི་ཕོ་མོ་ཐམས་ཅད་དབང་དུ་སྡུས་ཤིག༔ ཅེས་བྲི༔ རྩིབས་བཞི་ལ༔ ཨུ་མཱཿདེ་བཱི་བཱ་སུ་རཏྣ་འུབས་འུབས་ཧྲིང་ཧྲིང་ཛ་ཛ༔ ཞེས་བྲིའོ༔ རྩིབས་མཆན་ལ༔ མིའུ་རིགས་བཞི་དབང་དུ་སྡུས་ཤིག༔ ཅེས་བྲིས༔ རྩིབས་བརྒྱད་ལ༔ ཨུ་མཱཿདེ་བཱི་ལོ་ཀ་སརྦ་མ་ནུ་རཏྣ༔ བཱ་སུ་པཱ་ཤཾ་ཀུ་རུ་ཧྲིང་ཧྲིང་ཛ་ཛ༔ ཞེས་བྲིའོ༔ རྩིབས་མཆན་ལ༔ ཡུམ་ཨུ་མཱཿདེ་བཱིས་འཇིག་རྟེན་གྱི་ཟས་ནོར་ཐམས་ཅད་དབང་དུ་སྡུས་ཤིག༔ ཨུ་མཱཿདེ་བཱི་རཏྣ་སིདྡྷི་ཧཱུྃ༔ ཞེས་བྲིའོ༔ མུ་ཁྱུད་ལ༔ ཨུ་མཱཿདེ་བཱི་ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ ཨུ་མཱཿདེ་བཱིས་མི་ཆེ་གེ་མོ་དབང་དུ་སྡུས་ཤིག༔ ཅེས་མིང་སྤེལ་གཞུག་གོ༔ ཟླ་གམ་ཤོག་དམར་གྱི་ལྟེ་བ་ལ་ནོར་ཐམས་ཅད་དབང་དུ་སྡུས་ཤིག༔ བྱ་བ་བྲི༔ རྩིབས་བཞི་ལ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཞེས་བཞི་བྲི༔ རྩིབས་མཆན་ལ༔ ཟས་ནོར་དབང་དུ་སྡུས་ཤིག༔ བྱ་བ་བྲི༔ མུ་ཁྱུད་ལ༔ ནོར་སྙིང་ལ་གང་འདོད་པ་དབང་དུ་སྡུས་ཤིག༔ བྲི༔ འཁོར་ལོ་ཆུང་བའི་བྲི་ཡིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དབང་ཕྱུག་ཆེན་པོ་སྣང་བ་དབང་སྡུད་ཀྱི་སྔགས་འདི་བསྒྲུབ་ཅིང་བཟླ་བར་བྱ༔ ཨོཾ་དབང་ཕྱུག་ལྷ་ཆེན་ཙིཏྟ་ཧྲིང་ཡམ་ཛ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ མ་ཧཱ་དེ་བས་སྣང་བ་དབང་དུ་སྡུས་ཤིག༔ ཧྲཱིཿཧསྟི་ཕ་ལ༔ བཱ་སུ་ན་དྷེ༔ པཱ་ཤཾ་ཀུ་རུ་ཧྲིང༔ བྷཱུ་ཏི་ས་ནཱ་ག་ཕ་ལ་ཧྲིང་ཧྲིང་ཛ་ཛ༔ ཞེས་ཉིན་མོ་བཟླས་ལ་བསྒྲུབ་བོ༔ མཚན་མོ་ཡུམ་གྱི་སྙིང་པོ་བཟླའོ༔ ཡུམ་སྐུ་མདོག་དམར་པོ༔ ཞལ་གཅིག་ཕྱག་གཉིས་མ༔ གཡས་པ་དངུལ་དཀར་གྱི་མེ་ལོང་གཡོབ་པ༔ གཡོན་ན་བུམ་པ་བསྣམས་པ་བསྒོམས་ལ་བཟླའོ༔ ཨོཾ་ཨུ་མཱཿདེ་བཱི་རཏྣ་འགུལ་འགུལ་ཧྲིང་ཧྲིང་སྡུས་སྡུས༔ ཨུ་མཱཿདེ་བཱིས་མི་སྙིང་སྒུལ༔ མི་འགྲམ་ཆོག༔ མ་མ་ཁ་ཤི་བཾ་སྭཱ་ཧཱ༔ རྣྲྀ་ཨཱ་ཀརྵཱ་ཡ་ཧྲིང༔ རྣྲྀ་ཨཱ་ཀརྵཱ་ཡ་ཛ༔ ཨུ་མཱཿདེ་བཱི་ཨཱ་བེ་ཤ་ཡ་ཧྲིང་ཧྲིང་ཛ་ཛ༔ ཞེས་བཟླའོ༔ རྟེན་དར་སྣ་ལྔས་དྲིལ་ལ་ལུས་ལ་བཅང་ངོ༔ ཡབ་ཡུམ་དྲིལ་བའི་སྙིང་པོ་ནི༔ ཨོཾ་དབང་ཕྱུག་ལྷ་ཆེན་ཧྲིང༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ དེ་བ་ཤྭ་ར་མ་ཧཱ་ཨུ་མཱཿདེ་བཱི་ལོ་ཀ་རཏྣ་སིདྡྷི་ཨཾ་གུ་ཤ་ཛ་ཛ༔ འདུས་འདུས་སྭཱ་ཧཱ༔ ཞེས་རྒྱུན་དུ་བཟླའོ༔ སྔགས་ཀྱི་བྱང་བུ་ས་མ་ཡ་རྒྱ་རྒྱ་རྒྱ༔ ྀཨཚ༔ ཟབ་ཟབ༔ ལྷ་ཆེན་སྲོག་འཁོར་རྒྱས་པ་བཞུགས་སོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ དབང་ཕྱུག་ཆེན་པོའི་སྲོག་འཁོར་བསྟན༔ ནོར་ལྷ་དགུ་ཡི་སྲོག་འཁོར་ནི༔ ལྷ་ཆེན་དབང་ཕྱུག་ལྟོ་བ་རུ༔ འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་གསུམ་པ་བྲི༔ དབུས་ཀྱི་ལྟེ་བར་དབང་ཕྱུག་ཆེན་པོ་ཞལ་གཅིག་ཕྱག་བཞི་པ༔ གཡས་དང་པོ་རིན་པོ་ཆེའི་ལྕགས་ཀྱུ༔ འོག་མ་རིན་པོ་ཆེའི་ཞགས་པ༔ གཡོན་དང་པོ་ནོར་བུ་རིན་པོ་ཆེ༔ འོག་མ་སྲིད་པའི་མེས་པོ་བསྣམས་པ༔ གཅེར་བུ་སྐུ་མདོག་དམར་པོ༔ ནོར་བུའི་ཕྲེང་བ་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ༔ རལ་པ་ཅན་གཅིག་བྲིའོ༔ དེའི་ལྟོ་བར་སྔགས་འདི་བྲིའོ༔ ཨོཾ་དེ་བ་ཤྭ་ར་ཙིཏྟ་ཧྲིང་ཡམ་ཛ་ཛ༔ དབང་ཕྱུག་ཆེན་པོས་འཇིག་རྟེན་གྱི་ཟས་ནོར་དབང་དུ་སྡུས་ལ་འདིར་ཁུག་ཅིག་སྭཱ་ཧཱ༔ ཞེས་བྲི༔ དེའི་ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ལ༔ གཡས་སུ་ཚོགས་བདག་གླང་སྣ་དམར་པོ༔ གཡས་རིན་པོ་ཆེའི་ལྕགས་ཀྱུ༔ གཡོན་ན་ལ་ཕུག་དང་རིན་པོ་ཆེ་བསྣམས་པ་བྲིའོ༔ སྐུ་ལ་རིན་པོ་ཆེ་དུ་མས་སྤྲས་པའི་ལྟོ་བར༔ ཨོཾ་ག་ཎ་པ་ཏི་ཙིཏྟ་སྡུས་སྡུས༔ ལྷ་ཚོགས་བདག་གླང་སྣས༔ མི་ཕོ་མོ་ཐམས་ཅད་ཀྱི་ནོར་དབང་དུ་སྡུས་ལ་འདིར་ཁུག་ཅིག་སྭཱ་ཧཱ༔ ཞེས་བྲིའོ༔ ལྷོ་ནུབ་ཏུ་ལྷ་ཆེན་གཞོན་ནུ་ཀཱརྟྟི་ཀེ༔ སྐུ་མདོག་དཀར་པོ་ནོར་བུ་རིན་པོ་ཆེ་དང༔ རིན་པོ་ཆེའི་སྒྲོམ་བུ་བསྣམས་པའི་ལྟོ་བར༔ ཨོཾ་དེ་བ་ཀུ་མཱ་ར་ཀཱརྟྟི་ཀེ་ཧྲིང་ཧྲིང་ཛ་ཛ༔ ལྷ་གཞོན་ནུ་ཀཱརྟྟི་ཀེས༔ ཕྱོགས་ཐམས་ཅད་ནས་ཟས་ནོར་ཁུག་ལ་དབང་དུ་སྡུས་ཤིག༔ ནུབ་ཀྱི་རྩིབས་ལ༔ ཏྲིག་ཤ་ནག་པོ་གཡས་རིན་པོ་ཆེ་དང༔ གཡོན་ནེའུ་ལེ་བསྣམས་པའི་ལྟོ་བར༔ ཨོཾ་ཏྲིག་ཤ་ཀཱ་ལ་རཏྣ་སིདྡྷི་ཧྲིང་ཛ༔ ཏྲིག་ཤ་ནག་པོས་འཇིག་རྟེན་གྱི་ནོར་ཐམས་ཅད་ཁུག་ལ་དབང་དུ་སྡུས་ནས་བདག་ལ་སྩོལ་ཅིག༔ བྱ་བ་བྲིའོ༔ ནུབ་བྱང་དུ་ཛམ་བྷ་ལ་དམར་པོ་གཡས་རིན་པོ་ཆེ་དང༔ གཡོན་ནེའུ་ལེ་བསྣམས་པའི་ལྟོ་བར༔ ཨོཾ་བྷ་རཱ་ག་ཛམ་བྷ་ལ་རཏྣ་བཱ་སུ་ཧྲིང་ཧྲིང་ཛ་ཛ༔ ཛམ་བྷ་ལ་དམར་པོས་འཇིག་རྟེན་གྱི་ཟས་ནོར་ཁུག་ལ་དབང་དུ་སྡུས་ཤིག༔ བྱ་བ་བྲི༔ གཡོན་གྱི་རྩིབས་ལ་རྣམ་ཐོས་སྲས་དམར་པོ་གཡས་གཉིས་ན་རིན་པོ་ཆེ་དང་མདུང་དམར༔ གཡོན་གཉིས་ན་ནེའུ་ལེ་དང་ལྕགས་ཀྱུ་བསྣམས་པའི་ལྟོ་བར༔ ཨོཾ་རཱ་ཛ་ཡཀྴ་བཻ་ཤྲ་མ་ཎཱ་ཡ་ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ རྒྱལ་པོ་རྣམ་ཐོས་སྲས་ཀྱིས་འཇིག་རྟེན་དབང་དུ་སྡུས་ཤིག༔ ཅེས་པ་བྲིའོ༔ བྱང་ཤར་དུ་ཨ་པ་རཱ་ཙིཏྟ་དཀར་པོ་གཡས་རིན་པོ་ཆེ་དང༔ གཡོན་བུམ་པ་བསྣམས་པའི་ལྟོ་བར༔ ཨོཾ་ཧྲིང་ཛ་ཨ་པ་རཱ་ཙིཏྟ་ཛ་ཛ༔ ཨ་པ་རཱ་ཙིཏྟས་ཟས་ནོར་ཕྱོགས་ཐམས་ཅད་ནས་ཁུག་ཅིག༔ ཅེས་བྲིའོ༔ མདུན་དུ་ཞང་བློན་རྡོ་རྗེ་བདུད་འདུལ་སྔོན་པོ༔ གཡས་རིན་པོ་ཆེའི་སྒྲོམ་བུ༔ གཡོན་ནོར་བུ་རིན་པོ་ཆེ་བསྣམས་པའི་ལྟོ་བར༔ ཨོཾ་བཛྲ་ཙིཏྟ་རཏྣ་སིདྡྷི་ཨཾ་གུ་ཤ་ཛ་ཛ༔ ཞང་བློན་གྱིས་ཟས་ནོར་ཐམས་ཅད་དབང་དུ་སྡུས་ཤིག༔ ཅེས་བྲིའོ༔ ཤར་ལྷོར་གང་བ་བཟང་པོ་སེར་པོ༔ གཡས་བུམ་པ་གཡོན་ནེའུ་ལེ་བསྣམས་པའི་ལྟོ་བར༔ ཨོཾ་གྷ་པ་ཕ་ལ་ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ གང་བ་བཟང་པོས་ཕྱོགས་ཐམས་ཅད་ནས་ནོར་དབང་དུ་སྡུས་ཤིག༔ ཅེས་བྲིའོ༔ མུ་ཁྱུད་ནང་མ་ལ༔ ཨོཾ་དབང་ཕྱུག་ལྷ་ཆེན་ཧྲིང༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ མ་ཧཱ་དེ་བ་ལོ་ཀ་བཱ་སུ་རཏྣ༔ འགུལ་འགུལ་ཧྲིང་ཧྲིང་ཛ་ཛ༔ ཟས་ནོར་འུབས་འུབས་སྡུས་སྡུས༔ ཀ་བྷི་ར་ཀོ་བྷི་ར༔ ཨུ་གེ་རཏྣ་སིདྡྷི་ཨཾ་གུ་ཤ་ཛ་ཛ༔ ཧྲཱིཿཧསྟི་ཕ་ལ་སིདྡྷི་ཕ་ལ་བཱ་སུ་ན་དྷེ༔ ལོ་ཀ་སརྦ་མ་ནུ༔ བཱ་སུ་རཏྣ་པཱ་ཤཾ་ཀུ་རུ༔ པུཥྚིཾ་ཀ་མ་རི༔ བྷཱུ་ཏི་ས་ནཱ་ག་ཕ་ལ་ཧྲིང་ཧྲིང་ཕཊ་ཕཊ༔ དབང་ཕྱུག་ལྷ་ཆེན་པོས་འཇིག་རྟེན་གྱི་ནོར་ཐམས་ཅད་སྡུས་ལ་དངོས་གྲུབ་སྩོལ༔ ཅེས་བྲིའོ༔ མུ་ཁྱུད་བར་མ་ལ༔ ཨོཾ་དེ་བ་ཤྭ་ར་མ་ཧཱ་ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ བཱ་སུ་རཏྣ་དུང་དུང་འདུས་འདུས༔ མི་སྙིང་ཐམས་ཅད་སྒུལ༔ ཟས་ནོར་ཐམས་ཅད་སྡུས་ཁུག་ཧྲིང་ཧྲིང་ཛ་ཛ༔ ཨོཾ་ག་ཎ་པ་ཏི་ཧྲིང་ཧྲིང་ཛ་ཛ༔ ཚོགས་བདག་གིས་ཟས་ནོར་ཐམས་ཅད་དབང་དུ་སྡུས་ཤིག༔ ཨོཾ་དེ་བ་ཀུ་མཱ་ར་ཀཱརྟྟི་ཀེ་ཧྲིང་ཧྲིང་ཛ་ཛ༔ ནོར་ལྷ་ཀཱརྟྟི་ཀེས་ཕྱོགས་ཐམས་ཅད་ནས་ཟས་ནོར་ཁུག་ལ་དབང་དུ་སྡུས་ཤིག༔ ཨོཾ་ཏྲིག་ཤ་ཀཱ་ལ་ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ ཏྲིག་ཤ་ནག་པོས་འཇིག་རྟེན་དབང་དུ་སྡུས་ཤིག༔ ཨོཾ་བྷ་རཱ་ག་ཛམྦྷ་ལ་རཏྣ་བཱ་སུ་རཏྣ་ཧྲིང་ཧྲིང་ཛ་ཛ༔ ནོར་ལྷ་ཛམྦྷ་ལས་ནོར་ཐམས་ཅད་དབང་དུ་སྡུས་ཤིག༔ ཨོཾ་རཱ་ཛ་ཡཀྴ་བཻ་ཤྲ་མ་ཎཱ་ཡ་ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ རྣམ་ཐོས་སྲས་ཀྱིས་གནོད་སྦྱིན་གྱི་ནོར་ཐམས་ཅད་དབང་དུ་སྡུས་ཤིག༔ ཨོཾ་ཧྲིང་ཛ་ཨ་པ་རཱ་ཙིཏྟ་ཛ་ཛ༔ ཨ་པ་རཱ་ཙིཏྟས་འཇིག་རྟེན་གྱི་ཟས་ནོར་ཐམས་ཅད་དབང་དུ་སྡུས་ལ་ཁུག་ཅིག༔ ཨོཾ་བཛྲ་ཙིཏྟ་རཱ་གེ་རུ་གེ་རཏྣ་སིདྡྷི་ཨཾ་གུ་ཤ་ཛ་ཛ༔ ཞང་བློན་རྡོ་རྗེ་བདུད་འདུལ་གྱིས་མི་ཐམས་ཅད་ཀྱི་ནོར་ཁུག་ལ་དབང་དུ་སྡུས་ཤིག༔ ཨོཾ་གྷ་པ་ཕ་ལ་ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ གང་བ་བཟང་པོས་མི་ཐམས་ཅད་ཀྱི་ནོར་ཁུག་ལ་དབང་དུ་སྡུས་ཤིག་ཅེས་བྲིའོ༔ མུ་ཁྱུད་ཕྱི་མ་ལ༔ ཚོགས་ཀྱི་བདག་པོས་ལྷ་སུམ་ཅུ་རྩ་གསུམ་གྱི་ལོངས་སྤྱོད་ཁུག་ཅིག༔ གཞོན་ནུ་ཀཱརྟྟི་ཀེས་འདོད་ཁམས་ཀྱི་འདོད་ཡོན་ཁུག་ཅིག༔ ཏྲིག་ཤ་ནག་པོས་མུ་སྟེགས་ཀྱི་མཐུ་སྟོབས་ཁུག་ཅིག༔ ཛམྦྷ་ལས་བྱང་ཕྱོགས་གནོད་སྦྱིན་གྱི་འདོད་ཡོན་ལོངས་སྤྱོད་ཁུག་ཅིག༔ རྣམ་ཐོས་སྲས་ཀྱིས་གླིང་བཞིའི་བསོད་ནམས་སྡུས་ཤིག༔ ཨ་པ་རཱ་ཙིཏྟས་ལྷ་ཀླུ་མིའི་དངོས་གྲུབ་སྡུས་ཤིག༔ ཞང་བློན་རྡོ་རྗེ་བདུད་འདུལ་གྱིས་གསེར་གྱི་རི་བདུན་གྱི་བཅུད་སྡུས་ཤིག༔ གང་བ་བཟང་པོས་གནོད་སྦྱིན་ཐམས་ཅད་ཀྱི་སྲོག་གི་མདངས་སྡུས་ཤིག༔ ཅེས་པ་དང༔ བདག་ལ་དངོས་གྲུབ་སྩོལ་ཅེས་བྲིའོ༔ དགུག་གཞུག་རབ་གནས་བྱ༔ རབ་ཟངས༔ འབྲིང་བསེ༔ ཐ་མ་རྫའི་གྭའུར་གཞུག༔ འབྲུ་ལྔ༔ རིན་ཆེན་ལྔ༔ བཟང་སྨན༔ དར་ཟབ༔ རྡོ་ཕ་ཝཾ་ལ་མཚལ་གྱིས་ཧྲཱིཿདྲུག་བྲིས༔ དེ་རྣམས་གྭའུར་གཞུག༔ དེ་དར་གྱིས་དྲིལ་ལ་སྒྲུབ་པ་བྱ༔ ཕུགས་སུ་སྦ༔ གཏོར་མ་འབྲང་རྒྱས་འདྲ་བ་ལ་མཐའ་མར་ནོར་ལྷ་བརྒྱད་ཀྱི་ལྷའི་བཤོས་ཆུང་བརྒྱད༔ དེའི་མཐའ་མར་ཏིང་ལོ་བརྒྱད༔ དེའི་མཐར་མཐེབ་ཀྱུ་བརྒྱད་ཀྱིས་དགང་ངོ༔ དབང་ཕྱུག་ནོར་ལྷ་སྤྱིའི་སྲོག་འཁོར་གྱི་འཁོར་ལོ་རྫོགས་སོ༔ ྈྈ ྈྈྈ ཟང་ཟང་ལྷ་བྲག་གི་རྐེད་བསེ་སྒྲོམ་སྨུག་པོའི་ནུབ་ཟངས་མཛོད་དམར་པོ་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བཏོན་པའོ།། །། ༄༅༔ སྤོགས་ཆོག་གནད་ཀྱི་ཏི་ཀ་ཞེས་བྱ་བ་བཞུགས་སོ༔ དབང་ཕྱུག་ཆེན་པོས་གསུངས་པ༔ ཡུལ་ཁམས་དབང་དུ་བསྡུ་བ་དང༔ མ་འཆུན་མ་གྲུབ་སྤོགས་པ་དང༔ མི་ནོར་སྣ་དགུ་བསྡུ་བ་ལ༔ རྫས་དང་ཏིང་འཛིན་སྔགས་དང་གསུམ༔ སྤྲེལ་ཐོད་ཞུམ་ཐོད་ཁྱི་ཐོད་གསུམ༔ རྣལ་འབྱོར་འོག་ཏུ་འཇུག་པའི་རྫས༔ ཐུན་རྫས་དོང་དུ་བླུག་ནས་ནི༔ སྔགས་ཀྱིས་ངར་བཏགས་ལུས་ལ་བཅང༔ ཐོད་ནང་མི་འུ་རིགས་བཞི་གཞུག༔ ཕོ་འཁོར་མོ་འཁོར་ལུས་ལ་བཏགས༔ སེང་ལྡེང་དཀར་པོའི་ཕོ་མཚན་དང༔ སེང་ལྡེང་དམར་པོའི་མོ་མཚན་གྱི༔ ཁོག་པ་ཡངས་སུ་བྲུས་བྱས་ལ༔ རྒྱལ་པོ་བློན་པོ་བཙུན་མོ་དང༔ སྐྱེས་པ་བུད་མེད་བྱིས་པ་རྣམས༔ གཟུགས་སུ་བྲིས་ལ་ནང་དུ་གཞུག༔ མི་ནོར་སྣ་དགུ་འདོད་ཚད་གཞུག༔ གང་འདོད་བཅུག་པས་མྱུར་དུ་ཁུག༔ ཕོ་མཚན་ནང་དུ་མོ་རིགས་གཞུག༔ མོ་མཚན་ནང་དུ་ཕོ་རིགས་གཞུག༔ ཕོ་མོའི་མཚན་མ་ཀ་ཏོ་རའམ༔ ཟ་མ་ཏོག་ནང་གཞུག་པར་བྱ༔ ཐུན་གྱིས་བྲབ་ཅིང་གཟིར་བར་བྱ༔ ཐུན་རྫས་མི་ཡིས་མཐོང་མི་བྱ༔ དོང་བུར་བླུགས་ཏེ་སྦས་ལ་བརྡེག༔ ཏིང་འཛིན་བདག་ཉིད་སྟོབས་ཀྱི་ལྷ༔ མ་ཧཱ་དེ་བ་རལ་པ་ཅན༔ སྨུག་ནག་བརྗིད་ཅིང་འགྱིང་བག་ཅན༔ གཡས་པ་ལྕགས་ཀྱུ་ཕྱར་ནས་ཀྱང༔ མིའུ་རིགས་བཞིའི་སྙིང་ནས་འདྲེན༔ གཡོན་པས་ཞགས་པས་སྐེད་ནས་འཆིང༔ ཡང་ཡང་གསལ་གདབ་དགུག་པར་བྱ༔ དགའ་བ་བསྐྱེད་ལ་ཏིང་འཛིན་སྤར༔ མ་ཧཱ་དེ་བ་ལོ་ཀ་ནན༔ དྷེ་དྷ་ཤ་ཤུ་ཨཾ་གུ་ཤ་ཛ་ཛ༔ རྣྲྀ་རཱ་ཛ་ཁུག༔ སིདྡྷི་ཁུག་ཁུག་ལོང༔ ད་ཧ་ར་ཕོབ་ཡ༔ རཱ་ཛ་ལོང་ཨཾ་གུ་ཤ་ཛ་ཛ༔ དེ་བ་ལོང་ཁུག༔ བྷྲོ་ཧ་བྷ་དྷ་དུ་ནི་དུ་ནི༔ མི་འུ་རིགས་བཞིའི་མི་ནོར་སྣ་དགུ་ཁུག༔ ཆུག་ཕོབ་ཡ༔ མ་ཧཱ་དེ་བ་ཧྲི་ད་ཡ་ནི༔ ཤུ་ད་ཡ་ཨཾ་གུ་ཤ་སརྦ་ཤུ་ན་འདུ་ཛ༔ སྔགས་ཀྱི་འོད་ཟེར་ཕར་འཕྲོས་པས༔ ཐམས་ཅད་རང་དབང་མེད་པར་བསམ༔ ཁྲོམ་གྱི་ཟས་ནོར་སྡུད་འདོད་ན༔ ཕོ་རྟེན་གཡས་ལ་མོ་རྟེན་གཡོན༔ རྟ་ཐོག་ཆོད་ཅིང་མི་ཐོག་ཆོད༔ ཕྱོགས་མཚམས་ཐུན་གཏོར་ཏིང་འཛིན་སྤར༔ ཆོས་འཁོར་སེམས་བསྐྱེད་ལྟད་མོ་ཡི༔ མི་མང་འདུ་བའི་དུས་དེ་རུ༔ གཏོར་མ་མཆོད་ཆེན་བཤམས་ནས་ཀྱང༔ མ་ཧཱ་དེ་བ་འཁོར་བཅས་བསྐྱེད༔ རིག་པ་གཟེངས་བསྟོད་ང་རྒྱལ་བྱ༔ རང་གི་འཁོར་རྣམས་ཐམས་ཅད་ཀྱང༔ རིགས་བཞིའི་ངར་བསྐྱེད་ཐུན་རྫས་དེ༔ ནས་དང་བསྲེས་ལ་གཏོར་བར་བྱ༔ དེ་ལྟར་བྱས་པས་གསེར་གཡུ་དང༔ རྟ་དང་ཁྲབ་དང་ཟས་ནོར་འདུ༔ མི་ནོར་ཐམས་ཅད་དེ་རུ་འདུ༔ དེ་དུས་གཏོར་མ་ཆེན་པོ་དེ༔ བྱིན་གྱིས་བརླབས་ཏེ་གཏང་བར་བྱ༔ དེ་དུས་གཏོར་མ་མ་བཏང་ན༔ ས་འོག་གནས་པའི་འཇིག་རྟེན་པ༔ དྲེགས་པ་ཅན་རྣམས་འཁུ་ལྡོག་བྱེད༔ གཏོར་མའི་དཀྱིལ་དུ་སྲིད་མེས་གཞུག༔ གནད་ཀྱི་ཏི་ཀ་གསལ་བྱེད་ཅེས་བྱ་བ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༄༅༔ ལྷ་ཆེན་མ་ཧཱ་དེ་བའི་ལས་ཚོགས་སྒྲུབ་ཐབས་བཞུགས་སོ༔ ༄༔ ཡུལ་ཁམས་དབང་དུ་སྡུད་པ༔ ལྷ་ཆེན་མ་ཧཱ་དེ་བ་ལ་ཕྱག་འཚལ་ལོ༔ ཤོག་བུ་ལ་མཚལ་གྱིས༔ སྲིད་པའི་མེས་པོའི་གཟུགས་བྲི༔ དེའི་ནང་དུ་ཡུལ་མི་མགོ་ས་ཆེ་བ་དང༔ ཡུལ་གྲུ་མང་པོའི་མིང་བྲི༔ སྲིད་མེས་བརྒྱ་རྩའི་ནང་དུ་མི་མགོ་ས་ཆེ་བ་བརྒྱ་རྩའི་མིང་བྲི༔ ལུང་པ་དང་ཡུལ་དང་སྡེ་དཔོན་བརྒྱ་རྩའི་མིང་དང༔ ནོར་དབང་དུ་སྡུས་ཤིག་བྱ་བ་བྲི༔ ཤོག་བུ་མདའ་ཚད་གཅིག་གི་ལོགས་ལ་སྲིད་པའི་མེས་པོ་མང་པོ་བྲི༔ ལོགས་ཤིག་ལ་དབང་ཕྱུག་ཆེན་པོ་འཇིག་རྟེན་དབང་སྡུད་ཀྱི་སྔགས་དང༔ ཟས་ནོར་གྱི་མིང་ཐམས་ཅད་དང༔ སྔགས་ཀྱི་མཇུག་ཏུ་ནོར་སྣ་ཆེན་པོ་མང་པོ་འདི༔ ཏུས་ཏུས༔ འུབས་འུབས༔ འདུས་འདུས༔ ཧྲིང་ཧྲིང་ཛ་ཛ༔ ཞེས་བྲི༔ མིང་སྤེལ་ཚིག་ཐམས་ཅད་བྲི༔ ཡུལ་ཁམས་མི་ནོར་དབང་དུ་སྡུད་པའི་ཐབས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༄༔ བཙུན་མོ་དབང་དུ་སྡུད་པ༔ ཡང་མཆིལ་པའི་ཀླད་པ༔ ད་དྷུ་ར༔ གླུམ་ཁུ༔ སྦྲང་རྩི༔ སྐྱེས་པའི་ས་བོན༔ ལྟེ་བའི་དྲི་མ༔ བུ་རམ༔ དེ་རྣམས་སྦྱར་ལ་སྔགས་འདི་གདབ་བོ༔ ཨོཾ་དེ་བ་ཤྭ་ར་མ་ཧཱ་ཆོ༔ འདོད་པ་གཡོས་སེམས་ཁུག༔ ཡིད་སྒྱུར༔ ཆེ་གེ་མོ་རང་དབང་མེད་པར་བདག་གི་དབང་དུ་སྡུས་ལ་ཁུག༔ ལུས་ལ་སྦྱོར་ཅིག་སྭཱ་ཧཱ༔ ཞེས་ཞག་གསུམ་སྨྲ་བཅད་བྱས་ཏེ་བཟླས་ནས་བྱིན་པས༔ རང་གི་དབང་དུ་འདུ་འོ༔ ཨོཾ་རྫུ་ན་ཏུ་རུ་ཙ་ན་ཡེ་སྭཱ་ཧཱ༔ ཞེས་མར་ལ་བཏབ་ནས་སྦྱིན༔ དེས་གྲོལ་ལོ༔ རྒྱལ་པོ་དང་བཙུན་མོ་ཡང་དབང་དུ་འདུ་འོ༔ ཕལ་པ་དག་ལ་སྨྲོས་ཅི་དགོས༔ བཙུན་མོ་དབང་སྡུད་རྫོགས་སོོ༔ ༄༔ མདའ་བྱ་རྒོད་མའི་དབང་སྡུད༔ མདའ་བྱ་རྒོད་མ་གཅིག་ལ༔ ལྟོང་གི་ནང་དུ་མཚལ་གྱིས་སྔགས་འདི་བྲི༔ དེ་བ་ཤྭ་ར་མ་ཧཱ༔ ཆེ་གེ་མོའི་ཙིཏྟ་ཧྲིཾ་ཧྲིཾ་ཛ་ཛ༔ ཁུག་ཁུག༔ སྡུས་སྡུས༔ བདག་ལ་སྦྱོར་ཅིག་སྭཱ་ཧཱ༔ ཞེས་པ་བྲིས་ལ༔ གང་འདོད་པ་དེའི་ཆུ་ཤུལ་ལམ་དྲི་མའམ༔ རྐང་རྗེས་ཀྱི་སའམ༔ སྐྲའམ༔ གང་རྙེད་པ་མདའ་ལྟོང་དུ་གཞུག༔ སྤྲ་ཚིལ་གྱིས་མནན་ལ་མདའ་ལྟོང་དགག༔ དར་དམར་པོ་བཏགས་ལ་སྒྲུབ་བོ༔ མདའ་བྱ་རྒོད་མའི་སྒྲུབ་ཐབས་རྫོགས་སོ༔ ༄༔ ལྷ་ཆེན་བླ་རྡོ་ཡོད༔ ཙནྡན་སྲིད་མེས་ཆུང་ངུ་ཁོང་སྟོང་བྱས་ལ༔ དེའིནང་དུ༔ ཨེ་དེ་བ་ཤྭ་ར་ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ ཞེས་བྲིས་ལ་བཅུག༔ དར་དམར་པོས་དྲིལ་ལ་རབ་གནས་བྱ༔ གཏོར་མ་ལ་གཟུག༔ གཏོར་མ་སྲིད་མེས་ཀྱི་གཟུགས་འདྲ་བ་ཟན་ལ་བྱ༔ མི་ཡིས་མ་མཐོང་བར་བྱས་ལ་བཅང་ངོ༔ དར་དམར་པོ་ལ་རྒྱལ་མཚན་གྱི་གཟུགས་བྱས་ལ༔ ནང་དུ་མཚལ་གྱིས་འཇིག་རྟེན་མིའི་ཁྲོམ་ཆེན་པོ་དང༔ ནོར་རྫས་ཆེན་པོ་དབང་དུ་སྡུས་ཤིག་བྱ་བ་བྲིས་ལ༔ གཏོར་མ་ལ་གཟུག༔ རྡོ་ཕ་ཝཾ་ལ་མཚལ་གྱིས་ཧྲཱིཿདྲུག་བྲིས་ལ༔ དབང་རྟེན་གྱི་ནང་དུ་གཟུད་དོ༔ བླ་རྡོ་འདི་བཅུག་པས་སྒྲུབ་ཐག་ཉེ་བ་ཡིན་ནོ༔ ༄༔ དབང་གི་ཞལ་གདམས༔ སྒྲུབ་པའི་དུས་སུ་ནོར་ཕྱི་རུ་མི་གཏང༔ ཟས་ཀྱང་ཕྱི་རུ་མ་གཏང་ན་དགའ༔ ལས་བྱེད་དུ་མ་འདོད་ན་ལྕགས་ཀྱུ་རྟེན་ལ་གཟུག༔ རྡོ་ལག་ཏུ་ཐོགས་ལ་རང་རྟ་མགྲིན་དུ་བསྒོམས་ཏེ་གཅུན་ནོ༔ གཅུན་སྔགས་གོང་དུ་བསྟན༔ ཕྱི་སྒྲུབ་ཙནྡན་ལ་བརྟེན་ནས་བསྒྲུབ༔ གསང་སྒྲུབ་ཟངས་ཀྱི་སྲིད་མེས་ལ་བརྟེན་ནས་བསྒྲུབ༔ སྔགས་འདི་ཟླ་ཕྱེད་བཟླ༔ ཨོཾ་དབང་ཕྱུག་ལྷ་ཆེན་ཧྲིང༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ དེ་བ་ཤྭ་ར་ལོ་ཀ་སརྦ་མ་ནུ༔ རཏྣ་བཱ་སུ་ཧྲིཾ་ཧྲིཾ་ཛ་ཛ༔ མ་ཧཱ་དེ་བ་རཏྣ་འགུལ་འགུལ་ཧྲིང་ཧྲིང་སྡུས་སྡུས༔ མ་ཧཱ་དེ་བ་མི་སྙིང་སྒུལ་མི་འགྲམ་ཆོག༔ བཱ་སུ་རཏྣ་པཱ་ཤཾ་ཀུ་རུ་ཧྲིང་ཧྲིང་ཛ་ཛ༔ ཞེས་བཟླའོ༔ ཕྱི་ཉི་ཟླ་རླུང་གི་ཞགས་པས༔ སྙན་གྲགས་སྒྲུབ་པའི་འཁོར་ལོ༔ སེང་ལྡེང་སྲིད་མེས་སུ་གཞུག༔ ནང་བསམ་འཕེལ་ནོར་བུ་རིན་པོ་ཆེའི་འཁོར་ལོ༔ ནོར་དབང་དུ་སྡུད་པ་ཙནྡན་སྲིད་མེས་སུ་གཟུད༔ གསང་བ་སྲིད་མེས་ཀྱི་འཁོར་ལོས༔ མི་ཕོ་མོ་དང༔ ཁྲོམ་ཆེན་དབང་དུ་བསྡུ་བ་ཟངས་ཀྱི་སྲིད་མེས་སུ་གཟུད༔ གྲུབ་ན་གསུམ་ཀ་བཤམ་མོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ནོར་ལྷ་བརྒྱ་རྩའི་སྒྲུབ་པ་བྱས༔ དབང་ཕྱུག་ཆེན་པོའི་རླུང་ཞགས་འདི༔ ནོར་ལྷ་ཕལ་གྱིས་དོ་ཟླ་མིན༔ རྡོ་རྗེ་སྤྲེ་ཆུང་ཁྱོད་ལ་གཏད༔ སྙིང་དང་འདྲ་བའི་མན་ངག་ཡིན༔ འདི་མེད་ཁོག་པའི་སྙིང་མེད་ཡིན༔ འདི་མེད་སྒྲོ་བ་ཞབས་མེད་ཡིན༔ འདི་མེད་ནོར་བུ་མིག་མེད་ཡིན༔ དབང་ཕྱུག་རླུང་ཞགས་སྒྲུབ་པ་འདིས༔ ཁྲོམ་ཆེན་དབང་དུ་འདུ་བར་ནུས༔ འཇིག་རྟེན་ཀུན་ལ་དབང་བས་དབང༔ ནོར་བདག་ཆེན་པོ་ཕྱུག་པས་ཕྱུག༔ ཀུན་གྱིས་འགྲན་ཟླ་བྲལ་བས་ཆེན་པོ་འོ༔ ཨོཾ་དབང་ཕྱུག་ལྷ་ཆེན་ཧྲིང༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ མ་ཧཱ་དེ་བ་མ་ནུ་ཙིཏྟ་སྒུལ་སྒུལ༔ བཱ་སུ་རཏྣ་པཱ་ཤཾ་ཀུ་རུ་ཧྲིང་ཧྲིང༔ ཧྲཱིཿཧསྟི་ཕ་ལ༔ སིདྡྷི་ཕ་ལ༔ བཱ་སུ་ནཱ་ནཱ་ཁ་དྷེ༔ ལོ་ཀ་པཱ་ཤཾ་ཀུ་རུ༔ པུཥྚིཾ་རཏྣ་ཛ༔ ནཱ་ག་ཕ་ལ༔ ཧྲིང་ཧྲིང་ཕཊ་ཕཊ༔ ཅེས་བདུན་བཟླ༔ གསང་བ་ནོར་སྡུད་སྔགས་སོ༔ ནངས་དགོང་དུས་བཞིར་ཟས་ནོར་རི་ལྟར་སྤུངས་པར་བསྒོམ༔ དབང་གི་ཞལ་གདམས་དང་པོ་ྀཨཚ༔ ༄༔ སྔགས་རྐང་ཐུང་ཡོད༔ སྔགས་རྐང་ཐུང་ལ་སྒྲུབ་ཐག་ཉེ་བའི་སྔགས་ནི་འདི་འོ༔ ཨོཾ་དེ་བ་ཤྭ་ར་མ་ཧཱ་མི་སེམས་དཀྲུགས་ཟས་ནོར་ཁུག༔ སྡུས་ཧྲིང་ས་མ་ཡ་ཛཿཛ༔ བསྙེན་པ་འདི་བསྐྱལ་ན་སྒྲུབ་ཐག་ཉེ༔ རི་ཁྲོད་བརྟེན་ཅིང་འདི་བསྒྲུབས་པས༔ བསོད་ནམས་ནགས་ལ་མེ་མཆེད་འདྲ༔ ལོངས་སྤྱོད་རྒྱལ་པོའིི་དཀོར་མཛོད་ལྟར༔ འདུ་ཞིང་འཕེལ་བས་འདི་སྒྲུབས་ཤིག༔ ཅེས་གསུངས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༄༔ སྔགས་རིང་དབྱིངས་ཆེན་ཡོད༔ སྔགས་རིང་ལ་དབྱིངས་ཆེ་བ་འདི་ཡང་བཟླ་འོ༔ ཨོཾ་དབང་ཕྱུག་ལྷ་ཆེན་ཙིཏྟ་ཧྲིང་ཡཾ་ཛ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ མ་ཧཱ་དེ་བ་ལོ་ཀ་བཱ་སུ་རཏྣ་ཧྲིང་ཧྲིང་ཛ་ཛ༔ དྷེ་དྷ་ཤ་ཤུ་ལ་ཨཾ་གུ་ཤ་ཛ༔ ཀ་བྷི་ར་ཀོ་བྷི་ར༔ བྷ་ཤན་ཨུ་གེ་ལོ་ཀ་སརྦ་པཱ་ཤཾ་ཀུ་རུ་ཡེ་ཛ༔ ཨཱ་ཀརྵཱ་ཡ་ཛ་ཛ༔ ཧྲིང་ཧྲིང་སྡུས་སྭཱ་ཧཱ༔ ཡུལ་ཁམས་དབང་དུ་བསྡུ་ཞིང་མི་ནོར་སྡུད་པའི་སྔགས་ཡིན༔ ནོར་ལྷ་ཟབ་ལ་མང་བ་པདྨ་བདག་ལ་ཡོད་གྱུར་ཀྱང༔ འཁུལ་དང་དབྱིངས་ཆེན་དབང་ཕྱུག་ཆེན་པོའི་རླུང་ཞགས་འདི་ཉིད་ཡིན༔ འཇིག་རྟེན་ཁམས་ན་འདི་བས་ལྷག་པའི་དབང་སྡུད་ཡོད་སྲིད་ན༔ པདྨ་འབྱུང་གནས་ང་ཡི་མགོ་བོ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་ཁོས༔ རྡོ་རྗེ་སྤྲེ་ཆུང་ཁྱོད་ལ་གབ་སྲི་མེད་པར་སྦྱིན་པར་བྱ༔ སྤེལ་བའི་དུས་མིན་ཐམས་ཅད་ཟབ་མོའི་གཏེར་དུ་སྦ་བར་གྱིས༔ ཞེས་གསུངས་སོ༔ ཟང་ཟང་ལྷ་བྲག་ལ་གཏེར་དུ་སྦས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༄༔ ཁྲོམ་སྔགས༔ དབང་ཕྱུག་ཆེན་པོའི་རླུང་ཞགས་འདི༔ བསྙེན་པ་ཚད་དུ་འཁྱོལ་ན་ཁྲོམ་ཆེན་པོ་དབང་དུ་འདུ་ཞིང༔ བསོད་ནམས་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་མཉམ༔ ཨོཾ་དབང་ཕྱུག་ལྷ་ཆེན་མ་ཧཱ་དེ་བ་ཙིཏྟ་ཧྲིང༔ ཨ་ཡི་མ་དུང་མ་ནུ་ཁྲོམ་འུབས་འུབས་ཁུག༔ བཱ་སུ་རཏྣ་འུབས་ཧྲི་དུང་འདུས་ཁུག༔ ལོ་ཀ་འུར་འུར་དིང་དིང་འུབས་འུབས༔ མི་ཁྲོམ་ཁུག་ཁུག༔ སྡུས་སྡུས་ཧྲིང་ཧྲིང་ཛ་ཛ༔ འདི་ལ་བསྙེན་བཟླས་འཁྱོལ་ན་ཁྲོམ་དབང་དུ་འདུ་བའི་སྔགས་སོ༔ སྔགས་རིང་རྫོགས་སོ༔ ྈྈྈ ྈྈྈ སྔགས་འདི་ཐུང་ལ་ནུས་པ་རྫོགས་པ༔ རྣོ་ལ་མྱུར་བ་ཡིན་པས་འདི་བཟླའོ༔ ཨོཾ་དབང་ཕྱུག་ལྷ་ཆེན་མ་ཧཱ་དེ་བ་ཙིཏྟ་ཧྲིང༔ ཨ་ཡི་མ་དུང་དུང་འདུས༔ མ་ཧཱ་བཱ་སུ་རཏྣ་འུར་འུར་དིང་དིང༔ མི་ཁྲོམ་འུབས་ཧྲིལ་ཁུག་འདུས་ཧྲིང་ཧྲིང་ཛ་ཛ༔ སྔགས་འདི་ཁྲོམ་དབང་དུ་སྡུད་པའི་སྔགས་ཡིན་ནོ༔ འདི་རང་ལ་བཟླས་པ་བྱས་ན་ཁྲོམ་ཆེན་པོའི་མི་དབང་དུ་འདུ་འོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཁྲོམ་ཆེན་དབང་དུ་སྡུད་པའི་སྔགས༔ རྡོ་རྗེ་སྤྲེ་ཆུང་ཁྱོད་ལ་གཏད༔ སྤེལ་བའི་གནས་མེད་གཏེར་དུ་སྦོས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཅེས་ཟང་ཟང་ལྷ་བྲག་ལ་སྦས་སོ༔ ྈྈྈ ྈྈྈ ༄༔ བཅང་ཐབས་གཉེར་ཆིངས་ཞལ་གདམས༔ ཕྱི་རབས་སྔགས་འཆང་རིགས་ཀྱི་བུ༔ འདི་ཉིད་བསྒྲུབས་ལ་འགྲོ་དོན་གྱིས༔ དབང་རྟེན་མི་ཡིས་མི་མཐོང་བར༔ ཕུགས་སུ་བཞག་ལ་གཏོར་མ་འབུལ༔ ལུས་ལ་བཅངས་ན་ཕྱིང་ཁུག་ཏུ་བཅུག་ལ་བཅང༔ རྐེད་པ་ཁུག་མར་བཅུག་ལ་སྐ་རགས་ལ་གཟེར་ཏེ༔ སྐ་རགས་ཞིང་ཆེན་བཅིངས་ལ༔ མིས་མ་མཐོང་བར་བྱེད༔ སྡོད་ས་དང་ཉལ་སར་གཏོར་མ་བྱའོ༔ མ་ཚོར་བ་དང་མ་སྟོར་བ་གལ་ཆེའོ༔ པདྨ་འབྱུང་གནས་ཞལ་གདམས་ཡིན༔ ཕྱི་རབས་སྔགས་འཆང་བཀའ་ལ་ཉོན༔ དེ་སྐད་གསུངས་ནས་གཏེར་དུ་སྦས༔ ྈྈ ྈྈྈ ༄༔ བཟླས་ཐབས༔ གྲུབ་ནས་རྟེན་ནང་དུ་གོས་ལག་ལ་སུག་སུག་བྱས་པས༔ ཁྲོམ་རང་དབང་མེད་པར་འུར་འགྲོ༔ དེ་ལྟར་ནམ་བྱུང་བར་དུ་སྒྲུབ་པ་བྱའོ༔ ཉིན་མོ་ཡབ་ཀྱི་བསྙེན་པ་བྱ༔ མཚན་མོ་ཡུམ་གྱི་བསྙེན་པ་བཟླས༔ ཡབ་ཀྱི་བསྙེན་པས་མོ་རྣམས་དབང་དུ་འདུ༔ ཡུམ་གྱི་བསྙེན་པས་ཕོ་རྣམས་དབང་དུ་འདུ༔ ར་ཐུག་སྤྲེ་ཐོད་བྱི་ལའི་ཐོད་པ༔ ཁྱི་དཀར་པོའི་ཐོད་པར༔ ཡུལ་ཁམས་དབང་དུ་སྡུད་པའི་འཁོར་ལོ་བཅུག༔ སྔགས་བཟླས་ཤིང་བསྒྲུབས་ན༔ ཡུལ་ཁམས་དབང་དུ་འདུ་འོ༔ ནངས་དགོང་ཡབ་ཡུམ་སྤེལ་མར་བཟླས་པས༔ ཕོ་མོ་མེད་པར་དབང་དུ་འདུ༔ ཨོཾ་དེ་བ་ཤྭ་ར་མ་ཧཱ་ཧྲིང་ཡམ་ཛ་ཛ༔ ལོ་ཀ་བཱ་སུ་རཏྣ་སིདྡྷི་འུབས་འུབས༔ ཧྲིཾ་ཧྲིཾ་ཛ་ཛ༔ ཨུ་མཱཿདེ་བཱིས་མི་སྙིང་སྒུལ༔ མི་སེམས་དཀྲུགས༔ ཟས་ནོར་ཁུག་སྡུས་ཡ་ལིང༔ ཀི་པི་གླིང་ཀི་ཀི་ལིང་ཀི་སྭཱ་ཧཱ༔་་་ཀི་པི་གླིང་ཀི་ལིང་ལིང་ཀི་ལིང་སྭཱ་ཧཱ༔ ཟེར་བའང་སྣང་། ནངས་དགོང་ཡང་དེ་ལ་བསྙེན་པ་བྱ༔ ཟས་ནོར་ལོངས་སྤྱོད་འདུ་བར་ཐེ་ཚོམ་མེད༔ ཡབ་སྔགས་ཡུམ་སྔགས་གོང་ན་ཡོད༔ སྒྲུབ་པའི་དུས་ན་ཉིན་མཚན་ཁ་མི་དལ་བར་བཟླ་ཞིང་བསྒྲུབ་བོ༔ ཐུན་པ་གཉིས་སམ་གསུམ་གྱིས་ཐུན་རེ་བྱས་ནས་བཟླས་ན་བཟང་ངོ༔ བཟའ་བཏུང་དུས་མིན་པ་ཁ་དལ་མེད་དུ་བཟླའོ༔ ྀཨཚ༔ ༄༔ སྔགས་ཀྱི་འདོན་འཇུག་མྱུར་མགྱོགས་ཀྱི་སྒྲུབ་པ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་སྔགས་འཆང་བཀྲེས་པ་རྣམས་ཀྱི་དོན་དུ༔ ནོར་སྒྲུབ་བརྒྱ་རྩ་མཛད་དེ༔ དེའི་ཁོག་སྙིང་བར་པ་རླུང་ཞགས་འདི་ཉིད་ཡིན༔ ཡི་གེ་གཅིག་གི་འདོན་འཛུད་ཀྱིས༔ དབང་ཕྱུག་ཆེན་པོ་གཏན་ལ་དབབ༔ རླུང་གི་ས་བོན་ཡཾ་དུ་གསུངས༔ འགྲུབ་པ་མྱུར་བ་སྔགས་ཀྱི་གནད་ཅིག་ཡིན༔ མྱུར་མགྱོགས་ཀྱི་སྔགས༔ ཨོཾ་དེ་བ་ཤྭ་ར་མ་ཧཱ་ཙིཏྟ་ཧྲིང་ཡམ་ཛ་ཛ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ མ་ཧཱ་དེ་བ་མི་སྙིང་སྒུལ༔ མི་སེམས་དཀྲུགས༔ ཟས་ནོར་ཁུག་སྡུས༔ ས་མ་ཡ་ཧྲིང་ཧྲིང་ཛ་ཛ༔ སྔགས་འདི་རང་ལ་བསྙེན་པ་བྱས་པས༔ ཟས་ནོར་འདུ་བ་མྱུར༔ ཟས་ཐག་ཉེའོ༔ ཞག་བདུན་བསྒྲུབ་པར་བྱའོ༔ མྱུར་མགྱོགས་ཀྱི་སྔགས་ཀྱི་སྒྲུབ་པ་རྫོགས་སོ༔ ྀཨཚ༔ ༄༔ ལྷ་གནད་ལ་བོར་བ༔ དབང་གི་ལྷ་ལ་ཕྱག་འཚལ་ལོ༔ དབང་ཕྱུག་ཆེན་པོ་བསྒྲུབས་ཀྱང་མ་བྱུང་ན༔ རང་ཉིད་རྟ་མགྲིན་དུ་བསྒོམ༔ ཧོམ་ཁུང་གྲུ་གསུམ་དུ་སྲིད་མེས་དང་དབང་ཕྱུག་ཆེན་པོའི་བླ་རྡོ༔ ཕ་ཝཾ་ལ་ཧྲཱིཿདྲུག་བྲིས་པ་སྤྱི་ཚུགས་སུ་གཞུག༔ དེ་ལ་དབང་ཕྱུག་བསྟིམ༔ གྲི་ལྕགས་ལས་བརྡུངས་པའི་ལྕགས་ཀྱུ་ཡིས༔ སྙིང་ག་ནས་བཟུང་བར་བསྒོམ༔ རྡོ་རྗེས་བསྣུན་ཚུལ་བྱ༔ ཡུངས་དཀར་གྱིས་བྲབ༔ ཨོཾ་བཛྲ་ཀྲོ་ཏ་ཧ་ཡཾ་གྲཱི་བ་མ་ཧཱ་དེ་བ་ཏྲིག་ནན༔ བཱ་སུ་རཏྣ་ཁུག་ཁུག༔ ཅེས་ལས་ལ་གཅུན་ནོ༔ དེ་ལ་ཆུན་པའི་རྟགས་བྱུང་བ་དང༔ ཨོཾ་དེ་བ་ཤྭ་ར་མ་ཧཱ་ཆོངས་ཆོངས༔ ཆེ་གེ་མོའི་ཡིད་ཁུག་སེམས་སྒྱུར༔ མི་ལག་སྒུལ༔ ཟས་ནོར་ཁུག༔ དབང་ཕྱུག་ཆེན་པོས་མི་ཐམས་ཅད་རང་དབང་མེད་པར་དབང་དུ་སྡུས་ཁུག༔ ཧྲིཾ་ཧྲིཾ་ཛ༔ ཞེས་བཟླས་པས་མི་ནོར་ཟས་གསུམ་དབང་དུ་འདུའོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་དོན་དུ་ནོར་སྒྲུབ་བརྒྱ་རྩ་གཏེར་དུ་སྦས༔ གནོད་སྦྱིན་ནོར་ལྷ་གཞན་ནི་ལུས་ཀྱི་ཁོག་པ་འདྲ༔ དབང་ཕྱུག་རླུང་ཞགས་ཁོང་གི་སྙིང་དང་འདྲ༔ རྡོ་རྗེ་སྤྲེ་ཆུང་གཅེས་པར་ཟུངས་ཤིག་ལས་ཅན་རིགས་ཀྱི་བུ༔ ལྷ་ཆེན་གནད་ལ་བོར་ཏེ་སྒྲུབ་པ་རྫོགས་སོ༔ ༄༔ བྱི་ལ་ཁ་སྤྲོད་ཀྱི་སྒྲུབ་ཐབས༔ འོག་བྱི་ལ་ཁ་སྤྲོད་ཀྱི་འཁོར་ལོ་ལ་བརྟེན་ནས་ནོར་སྒྲུབ་པ་ནི༔ བྱི་ལ་ཁ་ནས་ནོར་བུ་འཛག་པའི་ལྟོ་བ་རུ༔ འཁོར་ལོ་རྩིབས་བཞི་རྩིབས་བརྒྱད་པ་མུ་ཁྱུད་གཅིག་གིས་བསྐོར་བ་བྲི༔ དབུས་ཀྱི་ལྟེ་བ་ལ༔ ཨོཾ་དབང་ཕྱུག་ལྷ་ཆེན་ཧྲིང་ཡམ་ཛ༔ ཟས་ནོར་ཁུག་སྡུས་ཧྲིང་ཛ༔ ཞེས་བྲིའོ༔ རྩིབས་བཞི་ལ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཞེས་པ་བཞི་བྲིའོ༔ རྩིབས་མཆན་ལ༔ ཀ་བྷི་ར་ཀོ་བྷི་ར༔ བྷ་ཤན་ཨུ་གེ་རཏྣ་སིདྡྷི་ཨཾ་གུ་ཤ་ཛ་ཛ༔ ཞེས་པ་བྲིའོ༔ རྩིབས་བརྒྱད་ལ༔ མ་ཧཱ་དེ་བ་རྣྲྀ་ཨཱ་ཀརྵཱ་ཡ་པཱ་ཤཾ་ཀུ་རུ་ཧྲིང་ཧྲིང༔ སྡུས་སྡུས་ཛ་ཁུག་ཁུག༔ ཅེས་པ་བྲིའོ༔ མུ་ཁྱུད་ལ༔ ཨོཾ་དབང་ཕྱུག་ལྷ་ཆེན་ཧྲིང་ཧྲིང་ཡམ་ཛཿཛ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ མ་ཧཱ་དེ་བ་མི་སེམས་སྒུལ༔ ཟས་ནོར་ཁུག་སྡུས༔ ཧྲཱིཿཧསྟི་ཕ་ལ་སིདྡྷི་ཕ་ལ༔ བཱ་སུ་ན་དྷེ༔ ཟས་ནོར་པཱ་ཤཾ་ཀུ་རུ་བྷཱུ་ཏི་ས་ནཱ་ག་ཕ་ལ་ཧྲིང་ཧྲིང་ཁུག་སྡུས་སྭཱ་ཧཱ༔ ཞེས་མཚལ་གྱིས་བྲིས་ལ་ནེའུ་ལེའི་རྐྱལ་བར་འཁོར་ལོ་དང་རྡོ་ཕ་ཝཾ་ལོང་བུ་སྲིད་མེས་དར་དམར་པོས་དྲིལ་ལ༔ ལུས་ལ་བཅངས་པའམ༔ ཕུགས་སུ་ཅིས་ཀྱང་གདག་གོ༔ དེའི་བསྙེན་པ་ནི༔ མུ་ཁྱུད་ཀྱི་སྔགས་དེ་བཟླས་པ་ཞག་བདུན་བྱས་ནས་ཕུགས་སམ་ལུས་ལ་བཅང་ན༔ ཟས་ནོར་འདུ་ཞིང་འཕེལ་ལོ༔ བྱི་ལ་ཁ་སྤྲོད་ཀྱི་འཁོར་ལོ་རྫོགས་སོ༔ ྈྈྈ ྈྈྈ ༄༔ ཡབ་ཡུམ་སྦྲགས་པའི་འཁོར་ལོ༔ རྒྱལ་པོ་དབང་དུ་སྡུད་པའི་འཁོར་ལོ་ནི༔ ཡབ་ཡུམ་སྦྲགས་ཏེ་རྒྱལ་པོ་རྒྱལ་མོ་དབང་དུ་བྱ་བ་ནི༔ འཁོར་ལོ་རྩིབས་བཞི་རྩིབས་བརྒྱད་མུ་ཁྱུད་གཅིག་པ་བྲི༔ ལྟེ་བ་ལ་རྒྱལ་པོའི་གཟུགས་དང་མིང་རུས་བྲི༔ རྩིབས་བཞི་ལ༔ ཨོཾ་མ་ཧཱ་དེ་བ་རཱ་ཛ་ཆེ་གེ་མོ་ཁུག༔ རཱ་ཛ་སིདྡྷི་ཁུག༔ རཱ་ཛ་ཁྲོམ་ཁུག༔ རཱ་ཛ་པཱ་ཤཾ་ཀུ་རུ་ཨཾ་གུ་ཤ་ཛ་ཛ༔ ཞེས་བྲིའོ༔ རྩིབས་མཆན་ལ༔ རྒྱལ་པོ་ཆེན་པོ་དབང་དུ་སྡུས་ཤིག༔ ཅེས་པ་བཞི་བྲི༔ རྩིབས་བརྒྱད་ལ༔ ཨོཾ་མ་ཧཱ་དེ་བ་ཧྲིང་སྡུས་རཱ་ཛ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པ་བརྒྱད་བྲིའོ༔ རྩིབས་མཆན་ལ༔ དབང་ཕྱུག་ཆེན་པོས་རྒྱལ་པོ་ཆེ་གེ་མོ་ལོངས་སྤྱོད་དང་བཅས་པ་དབང་དུ་སྡུས་ཤིག༔ ཅེས་པ་བརྒྱད་བྲིའོ༔ མུ་ཁྱུད་ལ༔ ཨོཾ་དབང་ཕྱུག་ལྷ་ཆེན་ཧྲིང༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ མ་ཧཱ་དེ་བ་རཱ་ཛ་ཁུག་སྡུས༔ པཱ་ཤཾ་ཀུ་རུ་ཧྲིང་ཧྲིང༔ ཧསྟི་ཕ་ལ༔ སིདྡྷི་ཕ་ལ༔ བཱ་སུ་ན་དྷེ་པཱ་ཤཾ་ཀུ་རུ༔ བྷཱུ་ཏི་ས་ནཱ་ག་ཕ་ལ༔ ཧྲིང་ཧྲིང་ཕཊ་ཕཊ༔ ཅེས་པ་བྲིའོ༔ འོག་འཁོར་པདྨ་འདབ་བཞི་འདབ་བརྒྱད༔ མུ་ཁྱུད་གཅིག་པ་ནི༔ ལྟེ་བར་རྒྱལ་པོའི་བཙུན་མོའི་མིང་རུས་བྲི༔ པདྨ་འདབ་བཞི་ལ༔ ཨུ་མཱཿདེ་བཱི་བཙུན་མོ་ཁུག་སྡུས༔ བཙུན་མོ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པ་བྲི༔ པདྨ་འདབ་བརྒྱད་ལ༔ ཨུ་མཱཿདེ་བཱི་ཙུན་ཏ་བྱ་མོ་ཁུག་ཏ་ཧཱུྃ༔ ཞེས་པ་བརྒྱད་བྲི༔ མུ་ཁྱུད་ལ༔ ཨུ་མཱཿདེ་བཱི་ཙིཏྟ་ཙིཏྟ་ཧྲིང་ཧྲིང༔ ཨུ་མཱཿདེ་བཱི་བཱ་སུ་དྷཱ་རི་རྒྱལ་པོ་དམངས་དང་བཅས་པའི་སེམས་ཁུག༔ ཡིད་སྒྱུར་ཟས་ནོར་པཱ་ཤཾ་ཀུ་རུ་མ་ན་ཡེ་ཧྲིང་ཧྲིང་ཛ་ཛཿསྡུས་སྡུས་སྭཱ་ཧཱ༔ ཞེས་བྲིའོ༔ དམིགས་པས་རྒྱལ་པོ་བཙུན་མོ་བློན་པོ་དམངས་དང་བཅས་པ༔ ལན་བདུན་འཁོར་ལོ་ལ་བསྟིམ་ཞིང་ཁུག་པར་བསམ༔ སྤྲེའུའི་ཐོད་པར་བཅུག་ལ་དར་ཐག་བཏགས༔ སྤྲེལ་ཐོད་མགོ་ལ་བསྐོར་ལ་དབང་དོང་དུ་བཅུག་ལ་ཞག་བདུན་བསྒྲུབ༔ སྤྲེལ་ཐོད་ལུས་ལ་བཅངས་པས་རྒྱལ་བློན་དམངས་རྣམས་དབང་དུ་འདུ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ གནས་ཆེན་བརྒྱ་དང་བོད་ཁམས་སུ༔ གདུལ་བྱ་འདུལ་ཕྱིར་ཕྱིན་གྱུར་ཀྱང༔ འདི་ལས་ཟབ་པ་གཞན་ན་མེད༔ འདི་སྒྲུབ་རྒྱལ་བློན་དམངས་རྣམས་འདུ༔ ཞེས་གསུངས་སོ༔ ྈྈྈ ྈྈྈ ༄༔ ཡུལ་ཁམས་དབང་དུ་སྡུད་པའི་འཁོར་ལོ༔ ཡུལ་ཁམས་དབང་དུ་སྡུད་པའི་ཙཀྲ་ནི༔ སྟེང་འཁོར་འོག་འཁོར་སྟེང་འོག་གཉིས་སྦྲགས་བྱས་ལ༔ སྟེང་གི་འཁོར་ལོ་རྩིབས་བཞི་རྩིབས་བརྒྱད་མུ་ཁྱུད་གཅིག་པ་བྲི༔ ལྟེ་བར་ཡུལ་གྱི་མིང་རྣམས་བྲི༔ རྩིབས་བཞི་ལ༔ ཨོཾ་དབང་ཕྱུག་ཆེན་པོས་ཡུལ་ཁམས་དབང་དུ་སྡུས་ཤིག་སྭཱ་ཧཱ༔ ཞེས་པ་བཞི་བྲི༔ རྩིབས་མཆན་ལ༔ མིའུ་རིགས་བཞི་དབང་དུ་སྡུས་ཤིག་སྭཱ་ཧཱ༔ ཞེས་པ་བཞི་བྲིའོ༔ རྩིབས་བརྒྱད་ལ༔ ཨོཾ་མ་ཧཱ་དེ་བ་ཡུལ་ཁམས་གྲོང་ཁྱེར་སརྦ་པཱ་ཤཾ་ཀུ་རུ་ཧཱུྃ་ཛ༔ ཞེས་པ་བརྒྱད་བྲིའོ༔ རྩིབས་མཆན་ལ༔ བཱ་སུ་རཏྣ་སྡུས་སྡུས་སྭཱ་ཧཱ༔ ཞེས་པ་བརྒྱད་བྲི༔ མུ་ཁྱུད་ལ༔ ཨོཾ་དབང་ཕྱུག་ལྷ་ཆེན་ཧྲིང༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ མ་ཧཱ་དེ་བ་སརྦ་ལོ་ཀ་ཧྲིང་ཧྲིང་ཛ་ཛ༔ དྷེ་དྷ་ཤ་ཤུ་ཨཾ་གུ་ཤ་ཛ་ཛ༔ དབང་ཕྱུག་ཆེན་པོས་ཡུལ་ཁམས་ཆེ་གེ་མོའི་ཟས་ནོར་ལོངས་སྤྱོད་དང་བཅས་པ་དབང་དུ་སྡུས་ཤིག༔ ཅེས་བྲིའོ༔ འོག་གི་འཁོར་ལོ་པདྨ་འདབ་བཞི་འདབ་བརྒྱད་མུ་ཁྱུད་གཅིག་པ་བྲི༔ ལྟེ་བར་ཨུ་མཱཿདེ་བཱིས་ཡུལ་ཁམས་དབང་དུ་སྡུས་ཤིག༔ ཅེས་བྲིའོ༔ པདྨ་འདབ་བཞི་ལ༔ ཨོཾ་ཨུ་མཱཿདེ་བཱི་བཱ་སུ་དྷཱ་རི༔ ཡུལ་ཁམས་ཐམས་ཅད་པཱ་ཤཾ་ཀུ་རུ་ཧྲིང་ཧྲིང་ཛ་ཛ༔ ཞེས་པ་བཞི་བྲི༔ པདྨ་འདབ་བརྒྱད་ལ༔ ཨུ་མཱཿདེ་བཱི་བཱ་སུ་དྷཱ་རི༔ བཱ་སུ་རཏྣ་ཁུག་ཁུག་ཧྲིང་ཧྲིང་ཛ་ཛ༔ ཞེས་པ་བརྒྱད་བྲི༔ མུ་ཁྱུད་ལ༔ ཨོཾ་ཨུ་མཱཿདེ་བཱི་སརྦ་ལོ་ཀ་ཧྲིང་ཧྲིང་ཛ་ཛ༔ དྷེ་དྷ་ཤ་ཤུ་ཨཾ་གུ་ཤ་ཛ་ཛ༔ ཧྲིང་ཧྲིང་སྡུས་སྡུས༔ ཨུ་མཱཿདེ་བཱིས་ཟས་ནོར་ལོངས་སྤྱོད་ཡུལ་ཁམས་དང་བཅས་པ་དབང་དུ་སྡུས་ཤིག༔ ཅེས་པ་བྲིའོ༔ དམིགས་པས་ལན་བདུན་དགུག་ཅིང་བསྟིམས་ལ༔ དར་སྐུད་དམར་པོས་བཅིང༔ དར་དམར་པོས་དྲིལ་ལ༔ ཁྱི་མོ་དཀར་པོའི་ཐོད་པའམ༔ བྱི་ལའི་ཐོད་པར་བཅུག་ལ༔ དབང་གི་ཟླ་གམ་དམར་པོའི་ནང་དུ་བཅུག་ལ་ཞག་བདུན་བསྒྲུབ༔ སྤྲེལ་ཐོད་སྔ་དྲོ་བཞིན་བསྐྱར་རོ༔ སྔགས་འདི་བཟླའོ༔ ཨོཾ་དབང་ཕྱུག་ལྷ་ཆེན་ཙིཏྟ་ཧྲིང༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ མ་ཧཱ་དེ་བ་སརྦ་ལོ་ཀ་ཧྲིང་ཧྲིང་ཛ་ཛ༔ དྷེ་དྷ་ཤ་ཤུ་ཨཾ་གུ་ཤ་ཛ་ཛ༔ ཞེས་བཟླའོ༔ ཡུངས་དཀར་ལ་བཏབ་ནས་ཡུལ་ཁམས་ལ་གཏོར་ན༔ ཡུལ་ཁམས་དབང་དུ་འདུ་འོ༔ ཐོད་པ་ཡུལ་ལམ་ཕུགས་སམ་ལུས་ལ་བཅང་ངོ༔ ཡུལ་ཁམས་དབང་དུ་སྡུད་པའི་མན་ངག་རྫོགས་སོ༔ ནུབ་ཟངས་མཛོད་དམར་པོ་ནས་རིག་འཛིན་ཆེན་པོས་སྤྱན་དྲངས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༄༔ ལྷ་ཆེན་མ་ཧཱ་དེ་བའི་ལས་ཚོགས་ཁྱད་པར་ཅན་ལས༔ ཐོད་པའི་ནོར་སྒྲུབ༔ ལྷ་ཆེན་མ་ཧཱ་དེ་བ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ལྷ་ཆེན་མ་ཧཱ་དེ་བ་ཡི༔ ལས་ཚོགས་ཁྱད་པར་གདམས་པ་བསྟན༔ ཐོད་པ་ལ་བརྟེན་ནས་སྒྲུབ་པ་ནི༔ ཀ་པཱ་ལ་མཚན་ཉིད་ལྡན་པའི་ནང་དུ་མི་ནོར་འདུ་བའི་སྔགས་རྣམས་མཚལ་གྱིས་བྲིས༔ དབང་ཕྱུག་རྟེན་དང་བཅས་པ་དང༔ འབྲུ་སྣ་ལྔ་དང༔ རིན་པ་ོཆེ་ལྔ༔ སྙིང་པོ་ལྔ༔ སྨན་ལྔས་ཐོད་པ་བཀང༔ དར་སྣ་ལྔས་དྲིལ་ལ་མཎྜལ་སྟེང་དུ་བཞག༔ དྲི་བཟང་གི་པཱུ་ཛ་འབུལ༔ སྔགས་པས་མཚམས་བཅད་ཞག་བདུན་བསྒྲུབ༔ ཟས་ནོར་རིན་ཆེན་དངོས་གྲུབ་ཀ་པཱ་ལ༔ དབང་ཕྱུག་ཆེན་པོ་གསང་བའི་རྟེན་དུ་བཅང༔ ཨོཾ་དབང་ཕྱུག་ལྷ་ཆེན་ཙིཏྟ་ཧྲིང་ཧྲིང་ཡམ་ཛ་ཛ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ མ་ཧཱ་དེ་བ་ཀ་པཱ་ལ༔ མ་ཧཱ་རཏྣ་སིདྡྷི་ཁུག༔ བཛྲ་ཀ་པཱ་ལ་རཏྣ་སིདྡྷི་ཁུག༔ ཀརྨ་ཀ་པཱ་ལ་རཏྣ་སིདྡྷི་ཁུག༔ ཧྲིང་ཧྲིང་ཛ་ཛ༔ ཞེས་བསྒྲུབས་ནས་བཅངས་ན་མི་ནོར་ཟས་གསུམ་དབང་དུ་འདུ་བ་ཡིན་ནོ༔ དབང་ཕྱུག་ཐོད་པ་ལ་བརྟེན་ནས་སྒྲུབ་པ་རྫོགས་སོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ དབང་ཕྱུག་ཆེན་པོ་དམ་ལ་བཏགས༔ འདོད་ཁམས་དབང་ཕྱུག་ལས་ལ་བཀོལ༔ རླུང་གི་ཞགས་པ་སུས་སྒྲུབ་པ༔ དཔག་བསམ་ཤིང་དང་ནོར་བུ་འདྲ༔ ཅི་འདོད་དགོས་འདོད་འབྱུང་བ་ཡིན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༄༔ ལག་སྒུལ་ཡོད༔ གསང་བ་ལག་སྒུལ་གྱི་འཁོར་ལོ་ལ་བརྟེན་ནས༔ ལག་པ་སྒུལ་བ་ནི༔ རྒྱ་ཤོག་ལ་ལག་པ་གཡས་གཡོན་གྱི་གཟུགས་མཚལ་གྱིས་བྲིས་ལ༔ ཕོ་འཁོར་རྩིབས་བརྒྱད་པ་མུ་ཁྱུད་གཅིག་པ་གཡས་ལ་བྲི༔ མོ་འཁོར་པདྨ་འདབ་བརྒྱད་པ་མུ་ཁྱུད་གཅིག་པ་གཡོན་ལ་བྲི༔ གཡས་པའི་མཐིལ་གྱི་ལྟེ་བ་ལ༔ ཨོཾ་དེ་བ་ཤྭ་ར་མ་ཧཱ་རཏྣ་བཱ་སུ་སྡུས་སྡུས་སྭཱ་ཧཱ༔ ཞེས་པ་བྲི༔ རྩིབས་བརྒྱད་ལ་ རྣྲྀ་ ཨཱ་ཀར་ ཥཱ་ཡ་ ཧྲིང་ཧྲིང་ ཛ་ཛ༔ སྡུས་སྡུས་ ཁུག་ཁུག་ སྭཱ་ཧཱ༔ ཤད་བར་རེ་རེ་རྩིབས་རེ་རེ་ལ་འགོད་དོ༔ མོ་འཁོར་གྱི་ལྟེ་བའི་སྔགས་ཕོ་དང་འདྲ༔ པདྨ་འདབ་བརྒྱད་ལ༔ རྣྲྀ་ཨཾ་གུ་ཤ་ཛ་ཛ༔ ཧྲིང་ཧྲིང་སྡུས་སྡུས་སྭཱ་ཧཱ༔ ཞེས་བྲིའོ༔ མུ་ཁྱུད་སྟེང་འོག་གཉིས་ཀ་ལ༔ ཨོཾ་མ་ཧཱ་དེ་བ་ཧྲིང༔ ཙཀྲ་ཤ་ནི༔ ཙཀྲ་ཤ་ནི༔ ཏྲོ་ཤ་ནི༔ ཏྲོ་ཤ་ནི༔ དྷ་ར་དྷ་ར་ནི་ཏི་ཡ༔ དབང་ཕྱུག་ཆེན་པོས་མི་ལག་སྒུལ་སྒུལ༔ ཟས་ནོར་ཁུག་ཁུག༔ ཅེས་བྲི༔ སྔགས་འདི་ཞག་བདུན་བཟླ༔ འཁོར་ལོ་ལ་རབ་གནས་བྱས་ལ༔ རབ་གནས་ཟིན་ནས་དར་དམར་པོས་དྲིལ་སྟེ༔ གྲུ་མོ་གཡས་ལ་གདག་གོ༔ རྙེད་ན་རྐུན་ཆེན་གྱི་ལག་པའི་མཐིལ་དུ་ལག་སྒུལ་གྱི་ཙཀྲ་བྲིས་ལ༔ སྒྲུབ་པ་ཞག་བདུན་བྱས་ལ༔ ལག་པ་གཡས་དང་སྲིད་མེས་བསྡོངས་ནས༔ སྔ་དྲོ་ནོར་སྡུད་ཀྱི་སྔགས་བརྒྱ་རྩ་གསུམ་བཟླས་ནས༔ བྱ་རོག་དང་མི་སྐད་མི་སྨྲ་བའི་དུས་སུ་གཡབ་ན༔ འཇིག་རྟེན་གྱི་མི་ནོར་རྫས་ཡོ་བྱད་ཐམས་ཅད་དབང་དུ་འདུ་འོ༔ ལག་སྒུལ་རྫོགས་སོ༔ ྈྈྈ ྈྈྈ ༄༔ སྙིང་སྒུལ་སྒྲུབ་པ༔ གསང་བ་སྙིང་སྒུལ་སྒྲུབ་པ་ནི༔ མི་གྲིར་ཤི་བའི་སྙིང་ནང་དུ༔ འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་གཅིག་པ་སྙིང་གི་གཟུགས་ཀྱི་ནང་དུ་བྲི༔ དེའི་ལྟེ་བར༔ ཨོཾ་དབང་ཕྱུག་ཆེན་པོ་ཧྲིང་ཧྲིང་ཡམ་ཛ་ཛ༔ མ་ཧཱ་དེ་བ་མི་སྙིང་སྒུལ༔ རཏྣ་སིདྡྷི་ཁུག་ཁུག་སྡུས་ཤིག༔ ཅེས་པ་བྲི༔ རྩིབས་བརྒྱད་ལ༔ ཨོཾ་དབང་ཕྱུག་ཆེན་པོ་མ་ཧཱ་དེ་བ་མི་སྙིང་སྒུལ༔ ནོར་ཁུག་ཁུག༔ ཅེས་པ་བྲི༔ མུ་ཁྱུད་ལ༔ ཨོཾ་དབང་ཕྱུག་ལྷ་ཆེན་ཧྲིང༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ མ་ཧཱ་དེ་བ་མི་སྙིང་སྒུལ༔ ཟས་ནོར་ཁུག་ཁུག་སྡུས༔ ས་མ་ཡ༔ ཛ་ཛ༔ ཞེས་བྲིས་ལ་རབ་གནས་བྱ༔ གྲི་སྙིང་དུ་བཅུག་ལ་སྒྲུབ་པ་ཞག་བདུན་བྱས་ཏེ༔ ལུས་ལ་བཅང་ངོ༔ སྙིང་སྒུལ་རྫོགས་སོ༔ ྀཨཚ༔ ༄༔ ཟབ་བསྡུས་ཀྱི་སྒྲུབ་པ༔ ཁྲོམ་སྡུད་ཀྱི་ཞལ་གདམས༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ རྒྱ་གར་རྒྱ་ནག་ཁ་ཆེ་དང༔ དྷ་ན་ཀོ་ཤའི་ཡུལ་དུ་ཕྱིན༔ རྒྱལ་བློན་དམངས་རྣམས་དབང་དུ་བསྡུས༔ དེའི་ཟབ་བསྡུས་འདི་ཁོ་ནའོ༔ ཟངས་ཀྱི་སྲིད་མེས་ཀྱི་ནང་དུ༔ རྫས་དང་འཁོར་ལོ་མིང་སྤེལ་གྱི་གཟུགས་རྣམས་གཅུག༔ དེ་ལ་བསྙེན་པ་ཟླ་གཅིག་བསྒྲུབ༔ དམིགས་པ་འཇིག་རྟེན་གྱི་མི་ནོར་དང་ཁྲོམ་ཆེན་པོ་དབང་དུ་སྡུད་པར་བསྒོམ༔ དེའི་བསྙེན་པ་འདི་བཟླའོ༔ ཨོཾ་མ་ཧཱ་དེ་བ་ཧཱུྃ༔ དབང་ཕྱུག་ལྷ་ཆེན་ཧྲིང༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར་དུང་དུང༔ འདུས་འདུས་སྡུས་སྡུས༔ མགོ་ནག་མིའི་སེམས་དཀྲུགས་ཡ༔ སྙིང་འཕྱོ་རུ་ཆུག་ཡ༔ རྐང་པ་འགྲོ་རུ་ཆུག་ཡ༔ སེམས་ཁུག་ཡིད་སྒྱུར༔ ཡིད་ཀྱི་རྣམ་པར་ཤེས་པ་རང་དབང་མེད་པར་དབང་དུ་སྡུས་ཡ༔ ཁུག་ལ་ཤོག༔ དུང་དུང་སྡུས་སྭཱ་ཧཱ༔ ྈྈྈ ྈྈྈ ༄༔ མྱུར་མགྱོགས་ཀྱི་ལས་སྦྱོར༔ མྱུར་མགྱོགས་ཀྱི་ལས་འདི་ནི༔ རྫས་བུད་མེད་མཛེས་མའི་ཆུ་ཤུལ༔ མངལ་ཁྲག༔ གྲི་ཁྲག༔ ད་དྷུ་ར༔ སྦྲང་སྨྱོན་རྣམས་བསྲེས་ལ་རིལ་བུ་བྱ༔ ཨོཾ་ཙབ་ཙབ་ཙུབ་ཙུབ་ཟེ་ཚ་གླེང་སློང༔ བྲམ་ཤོག་ཁུག་སྡུས༔ རཾ་རཾ་དེད་དེད་ཛ་ཛ༔ གདུག་པའི་སྔགས་རྒོད་འདི་ཞག་བདུན་བཟླ༔ རིལ་བུ་ལུས་ལ་བཅངས་སམ༔ ཁྲོམ་ལ་གཏོར་ན༔ དེས་དབང་དུ་འདུ་འོ༔ གལ་ཏེ་མ་འདུས་ན༔ ཟས་ལ་རིལ་བུ་བསྲེས་ཏེ་སྦྱིན་ནོ༔ ཁྲོམ་ལ་གཏོར་ན་ཁྲོམ་དབང་དུ་འདུ་འོ༔ སྒོས་སུ་བྱེད་ན་གང་ལ་དམིགས་པ་དེ་ལ་བྱ༔ ཁྱད་པར་བུད་མེད་དབང་དུ་འདུ་འོ༔ རྫོགས་སོ༔ གཏོར་མའི་ལས་སྦྱོར༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ དབང་ཕྱུག་ཆེན་པོ་དམ་ལ་བཏགས༔ དབང་དུ་སྡུད་པའི་ལས་ལ་བཀོལ༔ འདི་སྒྲུབ་ཟས་ནོར་རི་ལྟར་སྤུངས༔ སྣང་བ་ཐམས་ཅད་དབང་དུ་འདུ༔ ནོར་གྱི་ལོངས་སྤྱོད་རྒྱ་མཚོ་འདྲ༔ དམིགས་པ་དང་སྔགས་ནི༔ དབང་ཕྱུག་ཆེན་པོས་འཇིག་རྟེན་ཐམས་ཅད་རང་དབང་མེད་པར་དབང་དུ་བསྡུས་ནས༔ མིའི་ཁྲོམ་ཆེན་པོ་དང༔ སྣང་སྲིད་ཐམས་ཅད་ཀྱིས་ཕྱག་གུས་པར་འབུལ༔ ཟས་ནོར་རི་ལྟར་སྤུངས་པར་བསྒོམ༔ སྔགས་ནི༔ ཨོཾ་མ་ཧཱ་དེ་བ་ཧཱུྃ༔ དབང་ཕྱུག་ལྷ་ཆེན་ཧྲིང༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ མ་ཧཱ་བཱ་སུ་རཏྣ་རྔུབས་རྔུབས་སྡུས་སྡུས༔ བཱ་སུ་རཏྣ་ཁུག་ཁུག༔ མ་ཧཱ་དེ་བས་ཟས་ནོར་ཨེ་འོད་སྤུངས་སྤུངས༔ ཧྲིང་ཧྲིང་ཛ་ཛ༔ དུང་དུང་སྡུས་སྡུས༔ མ་ཧཱ་དེ་བས་མི་སྙིང་སྒུལ༔ ཟས་ནོར་ཁུག་སྡུས༔ ས་མ་ཡ༔ ཧྲིཾ་ཧྲིཾ་ཛ་ཛ༔ དེ་ལ་བསྙེན་པ་ནངས་དགོང་བྱ༔ ཟས་ནོར་རི་ལྟར་སྤུངས་པ་ཡིན༔ སྔགས་འདི་མཚལ་གྱིས་བྲིས་ལ༔ གཏོར་མ་ལ་གཟུག་གོ༔ རྟེན་འབྲེལ་ཆེ་བ་ཡིན་ནོ༔ མཆིམས་རྡོ་རྗེ་སྤྲེ་ཆུང་ལ་གདམས་པ༔ ཟང་ཟང་ལྷ་བྲག་ལ་སྦས་སོ༔ ྈྈྈ ྈྈྈ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ རྒྱ་གར་རྒྱ་ནག་ཁ་ཆེའི་ཡུལ༔ དྷ་ན་ཀོ་ཤའི་ཡུལ་དུ་བྱོན༔ ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས༔ བོད་དུ་གཏེར་ཆེན་འབུམ་ཕྲག་གཅིག༔ གཏེར་ཕྲན་བྱེ་བ་ས་ཡ་སྦས༔ ལྷ་བྲག་བྲག་ལ་ཐུགས་གཏེར་དང༔ ཡང་གཏེར་སྦས་པས་འགྲོ་དོན་བྱེད༔ དབང་ཕྱུག་ཆེན་པོ་རླུང་ཞགས་ཀྱི༔ ཟབ་རྒྱས་གནད་ཐིག་གཞན་ན་མེད༔ སྙིང་ཏིག་ཟབ་མོ་ཟང་ཟང་ལྷ་བྲག་དང༔ ལྷོ་བྲག་གནམ་སྐས་ཅན་ལ་སྦས༔ གཡས་རུ་གཙང་འཕྲང་གཡག་སྙིང་རོང༔ གཙང་གི་ཕུང་པོ་རི་བོ་ཆེ༔ ཞལ་བཟང་ནག་པོའི་བྲག་རི་ལ༔ རྐྱང་སྒྲུབ་ཁ་འཐོར་རེ་རེ་སྦས༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ཡི༔ སྒྲུབ་ཐབས་དེ་ལས་གཞན་ན་མེད༔ མུ་སྟེགས་དབང་ཕྱུག་ཆེན་པོ་ལ༔ སྒྲུབ་ཐབས་གཏེར་ཁ་བརྒྱ་རྩ་གཅིག༔ མ་འོངས་པ་ཡི་དོན་ཕྱིར་སྦས༔ ྈྈྈ ྈྈྈ ༄༔ རྒྱལ་མཚན་བཅའ་ཐབས༔ དར་དམར་པོའི་རྒྱལ་མཚན་བཅས་ལ་ཏོག་སེར་པོ་བྱ༔ རྒྱལ་མཚན་གྱི་ནང་དུ་ཤོག་བུ་ལ་ཡུལ་ཁམས་དང༔ ཁྲོམ་ཆེན་དབང་སྡུད་ཀྱི་འཁོར་ལོ་དང༔ མིང་སྤེལ་དང༔ རླུང་ཞགས་ཀྱི་སྔགས་རྣམས་སིནྡྷུ་ར་དང་རྒྱ་སྐྱེགས་དང་མཚལ་དང་གསུམ་གྱིས་བྲིས་ལ༔ དར་དམར་གྱི་རྒྱལ་གྱི་མཚན་ནང་སྲོག་ཤིང་སྨྱུག་མ་ལ་བཏགས༔ ལྷ་ཆེན་དབང་ཕྱུག་ཆེན་པོས་མི་ཁྲོམ་ཆེན་པོ་དབང་དུ་སྡུས་ཤིག༔ ནོར་དཔག་ཏུ་མེད་པ་དབང་དུ་སྡུས་ཤིག༔ གསེར་སྲང་མང་པོ་དཔག་ཏུ་མེད་པ་དབང་དུ་སྡུས་ཤིག༔ གཡུ་ཟངས་དངུལ་ལྕགས་དཔག་ཏུ་མེད་པ་དབང་དུ་སྡུས་ཤིག༔ མུ་མེན་མུ་ཏིག་བྱེ་རུ་རིན་པོ་ཆེ་ཐམས་ཅད་དབང་དུ་སྡུས་ཤིག༔ རྟ་འབྲི་གཡག་བ་ལང་ར་ལུགས་ཕྱུགས་མ་ཐམས་ཅད་དབང་དུ་སྡུས་ཤིག༔ ནས་འབྲས་གྲོ་ཏིལ་སྲན་མ་ཁྲེ་ཕྲ་མ་ཁོ་ར་འབྲུ་ཐམས་ཅད་དབང་དུ་སྡུས་ཤིག༔ མར་ཐུད་ཤ་ཞོ་འོ་མ་ལ་སོགས་སྣུམ་བཅུད་ཐམས་ཅད་དབང་དུ་སྡུས་ཤིག༔ ཀ་ར་བུ་རམ་སྦྲང་རྩི་རྒུ་འབྲུམ་ཐམས་ཅད་དབང་དུ་སྡུས་ཤིག༔ དར་ཡུག་གོས་ཆེན་ཇ་སིག་ཐམས་ཅད་དབང་དུ་སྡུས་ཤིག༔ སྣམ་བུ་རས་ཀ་དན་དར་མན་ཐམས་ཅད་དབང་དུ་སྡུས་ཤིག༔ ཁང་བཟང་ཞིང་གཞིས་དགོན་སྡེ་བཟང་པོ་ཐམས་ཅད་དབང་དུ་སྡུས་ཤིག༔ ལྷ་ཆེན་དབང་ཕྱུག་ཆེན་པོས་བདག་གི་ནོར་ཟད་པ་སྣོན་བསྣན་པ་སྤེལ༔ ཟས་ནོར་ལོངས་སྤྱོད་རི་ལྟར་སྤུངས༔ འབྱོར་པ་རྨུ་ཡད་མཚོ་ལྟར་སྐྱིལ༔ ཅེས་ནོར་གང་འདོད་པ་ཐམས་ཅད་ཀྱི་མིང་དབུ་ཅན་དུ་བྲིས་ལ༔ རྒྱལ་མཚན་གྱི་སྲོག་ཤིང་ལ་བཏགས༔ རྒྱལ་མཚན་གྱི་ནང་ཐམས་ཅད་དབང་ཕྱུག་ཆེན་པོའི་འཁོར་ལོ་དང་སྔགས་དང་ནོར་གྱི་མིང་སྤེལ་ཐམས་ཅད་ཀྱིས་བཀང༔ དེ་ལ་རབ་གནས་བྱས་ཏེ༔ དཀྱིལ་འཁོར་གྱི་གཏོར་མ་ལ་གཟུག་གོ༔ གྲུབ་ན་གཏོར་མ་ཐད་ཀར་བཅས་ལ་བཞག༔ ཕྱོགས་གང་དུ་འགྲོ་ཡང་གཏོར་མ་མ་ཆག་པར་གཏང༔ ཟས་ནོར་དབང་དུ་འདུ་བའི་དངོས་གྲུབ་སྩོལ༔ གྲགས་པ་དང་སྙན་པས་འཇིག་རྟེན་གང་ནས༔ འགྲོ་བ་ཐམས་ཅད་དབང་སྒྱུར་བའི་དངོས་གྲུབ་བདག་ལ་སྩོལ༔ ཅེས་པའི་སྨོན་ལམ་བཏབ༔ གྲུབ་ན་སུམ་ཡར་དུ་གཏོར་མ་འབུལ༔ དེ་ལྟར་མ་གྲུབ་ན་ཡང་དགོང་རེ་ལ་མ་ཆག་པར་བྱའོ༔ ྀཨཚ༔ གུ་ཡ༔ ས་མན་ཏྲ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟང་ཟང་ལྷ་བྲག་གི་རྐེད་བྲག་ཧོམ་ཁུང་འདྲ་བའི་ནང་བསེ་སྒྲོམ་སྨུག་པོའི་ནང་། ནུབ་ཟངས་མཛོད་དམར་པོ་ནས་རྟེན་འབྲེལ་ཁྱད་པར་ཅན་གྱི་ཆོས་བདུན། རྩ་བ་འོད་དཔག་མེད་ཀྱི་སྤྲུལ་པ་ལྷ་ཆེན་དབང་ཕྱུག་ཆེན་པོའི་སྒྲུབ་སྐོར། གཏེར་སྟོན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་ས་ཕོ་རྟའི་ལོ་རྒྱལ་དང་ཕུར་བུ་འཛོམ་པ་ལ་གཏེར་ནས་བཏོན་པའོ།། །། ྈྈྈ ྈྈྈ ༄༅༔ ལྷ་ཆེན་ལོ་རྒྱུས་བསྙེན་པའི་ཚད་བསྟན་པ་བཞུགས་སོ༔ སློབ་དཔོན་པདྨ་འབྱུང་གནས་བསམ་ཡས་བྱང་ཕྱོགས་ན་བཞུགས་པའི་དུས་སུ༔ སྐུ་འཁོར་ལ་མཆིམས་རྡོ་རྗེ་སྤྲེ་ཆུང་ཡོད་པ་ལ༔ བློན་པོ་རྣམས་ཕྲག་དོག་སྐྱེས་ནས༔ སློབ་དཔོན་པདྨ་ཏིང་ངེ་འཛིན་ལ་བཞུགས་ཟེར་ནས༔ མི་སྒོམ་པར་སོས་དལ་དང་སྒྱིད་སྙོམ་ལ་སྡོད་ཅིང་འདུག་ཟེར་བ་ལ༔ རྡོ་རྗེ་སྤྲེ་ཆུང་ཁོ་ངོ་འདོད་པས་ཞབས་ཏོག་བྱེད་ཟེར་བ་འདུག་པས༔ འདི་ཉིད་སྤྱུགས་པ་དྲགས་ཟེར་ནས༔ ལོག་པ་སྒོམ་ཞིང་འདུག་པ་ལ༔ གུ་རུས་མཁྱེན་ནས༔ སྒྲུབ་ཐབས་འདི་མཛད་པས༔ རྡོ་རྗེ་སྤྲེ་ཆུང་གི་རྨི་ལམ་དུ་མི་དམར་པོ་གཅིག་བྱུང་སྟེ༔ གསེར་གཡུ་ཟངས་ལྕགས་ཤ་མར་མང་པོས་ཁང་པ་འགེང་ཞིང་འདུག༔ ཁང་པར་མི་ཤོང་བ་ཙམ་དུ་སོང་བ་དང༔ སྒོ་རུ་ཡང་ཟས་ནོར་གྱི་ཕུང་པོ་རི་རབ་ཙམ་སྤུངས་སོ༔ དེའི་སྔ་དྲོ་ལ་སློབ་དཔོན་པདྨ་ལ༔ མཆིམས་རྡོ་རྗེ་སྤྲེ་ཆུང་གིས་ཞུས་པ༔ བདག་གི་རྨི་ལམ་ན་མི་དམར་པོ་གཅིག་གིས༔ གསེར་གཡུ་ཤ་མར་མང་པོས་ཁྱིམ་བཀང་ནས་ཁེངས་པ་དང༔ སྒོ་རུ་རི་རབ་ཙམ་སྤུངས་ནས་འགྲོ་ཡིན་གདའ་ལགས༔ བར་ཆད་ཅིག་འོང་བ་ལགས་སམ༔ ཞུས་པས་ཅི་ཡང་མི་གསུང་ངོ༔ དེ་ནས་མྱུར་པོར་བོད་ཀྱི་བློན་པོ་འབངས་དང་བཅས་པ༔ སློབ་དཔོན་པདྨའི་དྲུང་དུ་འདུས་ཏེ༔ ལུས་ངག་ཡིད་གསུམ་གུས་པས་ནོར་སྣ་ཚོགས་དཔག་ཏུ་མེད་པ་ཕུལ་ལོ༔ དེའི་དུས་སུ༔ གུ་རུའི་ཞལ་ནས་རྡོ་རྗེ་སྤྲེ་ཆུང་ཁྱོད་ལ་རྨི་ལམ་བྱུང་བའི་དུས་སུ༔ བོད་ཀྱི་བློན་པོ་ནག་པོ་གདུག་རྩུབ་ཆེ་བར་འདུག༔ ངས་འདོད་ཁམས་ཀྱི་དབང་ཕྱུག་ཆེན་པོ་ལས་ལ་བཅོལ་བ་ཡིན་ནོ༔ དེའི་ནུས་པས་ཐམས་ཅད་བྲན་དུ་ཁོལ་ནུས་ཤིང༔ འདོད་ཡོན་འདི་འབྱུང་བ་ཡིན༔ འདི་དབུལ་པོ་གང་གིས་བསྒྲུབས་ཀྱང་ཟས་ནོར་ཆེན་པོ་དང་འཕྲད་དོ་གསུངས༔ དེར་རྡོ་རྗེ་སྤྲེ་ཆུང་གིས་ཞུས་པ༔ བདག་གཟུགས་བྱད་མི་ལེགས་པས་བུད་མེད་རྣམས་ཀྱི་ཡིད་དུ་མི་འོང༔ བསགས་རྒྱབ་མེད་པས་ལོངས་སྤྱོད་དབུལ༔ རྒྱལ་བློན་རྣམས་ཀྱི་སྤྱན་སྔར་མི་འཕྲོད༔ ཡ་རབས་ཀྱི་གྲལ་ལ་མི་སྙོགས༔ ཤིན་ཏུ་སྙིང་རྗེ་བར་མཆིས་པས༔ ལྷ་འདིའིི་སྒྲུབ་ཐབས་བདག་ལ་གནང་བར་ཞུ༔ ཞེས་ཞུས་སོ༔ བཀའ་བསྩལ་པ༔ རྡོ་རྗེ་སྤྲེ་ཆུང་ཉོན་ཅིག༔ ཁྱོད་གཟུགས་བྱད་མི་ལེགས་ཀྱང་ཤེས་རིག་བཀྲ༔ སྙིང་ལ་མི་སྡུག་ཀྱང་བརྩོན་འགྲུས་ཆེ༔ ལོངས་སྤྱོད་མེད་ཅིང་མི་ཡིས་བརྩེ་གདུང་ཆུང་ཡང་དད་གུས་ཆེ་བར་འདུག་པས༔ ལྷ་དབང་ཕྱུག་ཆེན་པོའི་སྒྲུབ་པ་སྣང་བ་དབང་དུ་སྡུད་པ་བྱ་བ་ང་ལ་ཡོད་པས༔ ཁྱོད་ལ་སྦྱིན་པར་བྱ་ཡིས༔ འདི་བསྒྲུབ་ན་ཁྲོམ་ཆེན་པོའི་ལོངས་སྤྱོད་ཀྱང་འདུ་ནུས་སོ༔ ཀུན་གྱིས་འཁུར་ཅིང་སྙན་པ་དང་གྲགས་པ་ཉི་ཟླ་ལྟར་འབྱུང་བའི་མན་ངག་ཡིན་པས༔ གསང་ལ་སྒྲུབས་ཤིག༔ ཅེས་གསུངས་ནས་མཆིམས་རྡོ་རྗེ་སྤྲེ་ཆུང་ལ་ཚང་བར་གནང་སྟེ༔ ཕྱི་རབས་ཀྱི་དོན་དུ་ཟང་ཟང་ལྷ་བྲག་དང་ལྷོ་བྲག་གནམ་སྐས་ཅན་ལ་ལྷ་དབང་ཕྱུག་ཆེན་པོའི་སྒྲུབ་ཐབས་ཚང་བར་སྦས་སོ༔ གཡས་རུ་གཙང་འགྲམ༔ གཡག་སྙིང་རོང༔ ཕུང་པོ་རི་བོ་ཆེ༔ ཞལ་བཟང་དང་བཞིར་ཡང་སྒྲུབ་ཐབས་རེ་སྦས༔ མུ་སྟེགས་དབང་ཕྱུག་ཆེན་པོའི་སྒྲུབ་ཐབས་ནི༔ གཡས་རུའི་གཙང་འཕྲང༔ གྲམ་པ་རྒྱང་གི་ཡོན་པོ་ལུང༔ གཡག་སྙིང་རོང༔ ལྷོ་བྲག་མཁར་ཆུ༔ ལྷོ་བལ་གླང་སྣ་ལ་སོགས་ཏེ་གཏེར་ཁ་ཕལ་ཆེ་བ་རུ་སྒྲུབ་ཐབས་སྣ་རེ་སྦས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བསྙེན་ཚད་བསྟན་པ་དང་པོ་བསྙེན་པའི་ཚད་ནི༔ བསྙེན་སྒྲུབ་དྲིལ་བའི་སྔགས་སུམ་ཅུ་རྩ་དྲུག་པ་དེ༔ འབུམ་ཕྲག་བཅོ་ལྔ་བཟླ་དགོས་པ་ལ༔ ཕྱི་ནང་གི་སྐྱོན་སྤང༔ མི་ཚིག་དང་མ་འདྲེས་པ་དགོས་སོ༔ ཉིན་སྟོང་ཕྲག་ལྔ་མཚན་སྟོང་ཕྲག་ལྔ་བཟླ་དགོས་པས༔ ཉིན་ཞག་ཕྲུགས་གཅིག་ལ་ཁྲི་ཕྲག་གཅིག་འགྲོ༔ དེ་བརྩིས་པས་ཞག་བཅུ་ལ་འབུམ་ཕྲག་གཅིག་འགྲོ༔ ཟླ་བ་གཅིག་ལ་འབུམ་ཕྲག་གསུམ༔ ཟླ་བ་ལྔ་ལ་འབུམ་ཕྲག་བཅོ་ལྔ་འགྲོ༔ དེ་ཡང་ཉིན་རིང་ཐུང་དང་མཚན་རིང་ཐུང་ཆ་བརྩིས་པས༔ ངེས་པར་ཟླ་བ་ལྔ་ལ་འགྲུབ༔ ཁམས་དྭངས་པོས་བརྩོན་པར་བྱས་ན༔ ཉིན་ཞག་ཕྲུགས་གཅིག་ལ་ཁྲི་ཕྲག་རེ་དང་སྟོང་ཕྲག་རེ་འགྲོ༔ དེ་བརྩིས་པས་ཟླ་བ་ལྔ་ལ་འབུམ་ཕྲག་བཅུ་དྲུག་ཁྲི་ཕྲག་ལྔ་འགྲོ༔ འབུམ་ཕྲག་བཅོ་ལྔས་ལྷ་ཆེན་པོ་འགྲུབ་པར་ངེས་པར་གསུངས་སོ༔ འཇིག་རྟེན་འདི་ལ་དབང་བྱེད་པར་འདོད་ན་བརྩོན་པར་གྱིས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟང་ཟང་ལྷ་བྲག་གི་རྐེད་ཟངས་མཛོད་དམར་པོ་ནས་རིག་འཛིན་ཆེན་པོས་སྤྱན་དྲངས་པའོ།། །། ༄༅༔ ཨུ་མཱཿདེ་བཱིའི་སྒྲུབ་ཐབས་ཁྱད་པར་ཅན་བཞུགས༔་་་རྟེན་འབྲེལ་ཆོས་བདུན་ཡིན། ལྷ་མོ་བདེ་སྟེར་མཛད་ལ་ཕྱག་འཚལ་ལོ༔ དང་པོ་བདག་གིས་སྟན་བདེ་བ་ལ་བསྡད་དེ༔ ཅུང་ཞིག་ཡིད་ཀློད་ནས༔ འགྲོ་བ་ཐམས་ཅད་དབང་དུ་སྡུད་པའི་ཏིང་ངེ་འཛིན་ལ་འཇུག་པ་ནི༔ བདག་ཡུམ་ཨུ་མཱཿདེ་བཱི་སྐུ་མདོག་དམར་མོ་རལ་པ་བསྙིལ་བ༔ ལྷའི་རྒྱན་དང་ལྡན་པ་གཅེར་བུ་གཟི་མདངས་ཅན༔ འོད་ཟེར་འཕྲོ་བ་ཞིག་སྒོམ༔ ལྷ་མོའི་བཞུགས་ཚུལ་སྐྱིལ་ཀྲུང་བཅས་པ༔ ལག་པ་གཉིས་མཉམ་གཞག༔ མགོ་བོ་ཅུང་ཟད་འདུད་པར་བྱས་ཏེ༔ སེམས་མ་ཡེངས་པའི་ངང་ལས་རང་གི་ལྟེ་བར་པདྨ་འདབ་བརྒྱད་དཀར་པོ༔ དེའི་ལྟེ་བར་སེམས་ཀྱི་རང་བཞིན་ཧྲཱིཿདཀར་པོ་སྒོམ༔ འདབ་མ་བརྒྱད་ལ་ཐིག་ལེ་དཀར་པོ་བརྒྱད་སྒོམ༔ དེ་ལ་རིག་པ་གཏད་དེ༔ རླུང་ནང་དུ་དྲངས་ཤིང་གཟུང༔ གཏོང་བའི་དུས་སུ་སྣ་ནས་དལ་བར་གཏང༔ དེ་ལྟར་ཟླ་ཕྱེད་བྱས་ན༔ བདག་གི་རིག་པ་མི་འཕྲོ་བར༔ དབང་དུ་འདུས་ཏེ༔ བདེ་བ་ཆེན་པོའི་ཉམས་མྱོང་བཏང་གིས་མི་ཐོངས་པ་རྒྱུད་ལ་སྐྱེ༔ གཞན་དབང་དུ་བསྡུ་ན་ལུས་གནད་གོང་ལྟར་བྱ༔ ལྟེ་བའི་པདྨ་དང་ཐིག་ལེ་དམར་པོ་སྒོམ༔ ཁྱད་པར་དུ་ཐིག་ལེ་རྣམས་ཀྱི་དབུས་སུ་ཧྲཱིཿདམར་པོ་དགུ་སྒོམ༔ མི་གང་ལ་བྱ་བ་དེ་ཁུག་པར་སྒོམ༔ རླུང་ནང་དུ་རྔུབ་ཅིང་གཟུང༔ ཧྲཱིཿདམར་པོ་བུང་བ་ལྟ་བུར་བསྒོམས་པ་དེ་རྣམས་ཀྱི་དམིགས་བྱ་དེའི་ལྟེ་བ་ན་པདྨ་འདབ་མ་བརྒྱད་པ་ཐིག་ལེ་དགུ་ཡོད་པ་ལས༔ པདྨའི་ཧྲཱིཿས་ཟི་རི་རི་ཟོས་ཤིང་བཅུད་འཐུངས་པས༔ ཁོའི་ཁོང་པའི་པདྨ་ནག་ཚག་སོང་བར་སྒོམ༔ རླུང་ནང་དུ་རྔུབ་ཅིང་གཟུང༔ དེས་འགྲོ་བ་དབང་དུ་འདུས་པ་དང༔ ཁ་ཟས་མོད་པ་དང༔ མིས་བྱམས་པར་འགྱུར་རོ༔ བུད་མེད་དབང་དུ་བྱ་བ་ནི༔ གང་ལ་བྱ་བ་དེའི་ལྟེ་བར༔ པདྨ་འདབ་བརྒྱད་དང༔ དབུས་ཀྱི་ལྟེ་བར་ཐིག་ལེ་དགུ་སྒོམ༔ བདག་མ་ཧཱ་དེ་བ་རུ་གསལ་བའི་ལྟེ་བ་ནས༔ པདྨ་དམར་པོ་ལ་ཐིག་ལེ་དམར་པོ་དགུ༔ ཐིག་ལེ་རེ་རེའི་སྟེང་ན་ཧྲཱིཿདམར་པོ་རེ་རེ་ཡོད་པ༔ དེ་ལས་འོད་ཟེར་བུང་བ་འཕུར་བ་ལྟར་འཕྲོས་ནས༔ གང་ལ་དབང་དུ་བྱེད་པ་དེའི་པདྨ་དང་ཐིག་ལེ་ལ་ཆགས་པར་སྒོམ༔ པདྨ་ཐིག་ལེ་དང་བཅས་པ་ཟོས་འཐུངས་འཇིབས་པས༔ པདྨ་ནག་ཚག་སོང་བར་བསམ༔ བཅུད་བདག་གི་པདྨ་ཅན་དུ་ཁྱེར་འོངས་པས༔ བདག་གཟི་མདངས་དང་ལྡན་པར་བསམ༔ གང་ལ་བྱ་བ་དེ་རང་དབང་མེད་པར་འདུ་རུ་རུ་འོང་བར་བསམ་ལ༔ དེ་ཡི་བར་ལ་མ་ཡེངས་པར་རླུང་དྲངས་ནས་ནང་དུ་རྔུབས་ཤིང་དྲང༔ ཐུབ་ཚད་བཟུང་བས་ཐམས་ཅད་དབང་དུ་འདུ༔ ཁྱད་པར་བུད་མེད་བྱིས་པ་འདུ༔ ཕོ་ལ་བྱེད་ན་པདྨ་དཀར་པོ་ལ་ཐིག་ལེ་དཀར་པོར་སྒོམ༔ རང་ཨུ་མཱའི་བཞུགས་ཚུལ་དང༔ ཏིང་འཛིན་གོང་ལྟར༔ དེ་ལྟར་ནངས་རེ་མ་ཆག་ན༔ ཏིང་ངེ་འཛིན་སྒོམ་པའི་ཉིན་པར་ཀྱང༔ མི་དགའ་ཞིང་བྱམས་པ་དང༔ གང་བསམ་པའི་དོན་འགྲུབ་པར་འགྱུར་རོ༔ བྷ་ག་བ་ཏི་ཨཱ་ཀརྵཱ་ཡ༔ ཆེ་གེ་མོ་ཨཾ་ཀུ་ཤ་ཛ་ཛ༔ ཡིད་དང་རྣམ་པར་ཤེས་པ་དབང་དུ་སྡུས་ཤིག༔ ཅེས་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་པས༔ དོན་ཐམས་ཅད་འགྲུབ་པར་བྱེད་དོ༔ ཟས་ནོར་དབང་དུ་སྡུད་ན༔ བྷ་ག་བ་ཏི་རཏྣ་སིདྡྷི་ཀུ་རུ་ཧཱུྃ་ཧྲཱིཿཛ༔ ནོར་རྫས་དབང་དུ་སྡུད་པའི་སྔགས་གོང་མ་ལ་གདག་གོ༔ པདྨ་འདབ་བརྒྱད་ཀྱི་ཧྲཱིཿལས་འོད་བུང་བ་ལྟ་བུ་མང་དུ་འཕྲོས་པས༔ ལོ་ཀའི་ཟས་ནོར་ལོངས་སྤྱོད་ཐམས་ཅད་དབང་དུ་བསྡུས་ནས༔ འོད་ཟེར་ལོངས་སྤྱོད་བཅས་པ་བདག་ལ་ཐིམ་པར་སྒོམ༔ ཨུ་མཱའི་ཏིང་ངེ་འཛིན་དང་ལྡན་པར་བྱའོ༔ ཡུམ་ཨུ་མཱཿདེ་བཱི་སྐུ་མདོག་དམར་མོ་གཅེར་བུ་རྒྱན་དང་ལྡན་པ༔ རལ་པ་དམར་སེར་རྐེད་པར་སླེབས་པ༔ འཛུམ་པ་ཡིད་དུ་འོང་བ་ཕྱག་ན་འགུགས་པའི་ཞགས་པ་བསྣམས་པ་དཀུ་ལ་བརྟེན་པའོ༔ ཏིང་ངེ་འཛིན་གྱི་དྲོད་ཀྱིས་རང་གི་ལྟེ་བ་ཚ་ཆིལ་བ་བྱུང་ན༔ ཨུ་མཱཿདེ་བཱི་སྐུ་མདོག་དམར་མོར་སྒོམ༔ ཟླ་བ་གཅིག་ཏིང་ངེ་འཛིན་མ་ཆག་ན༔ འཇིག་རྟེན་གྱི་ལྷ་འདྲེ་མི་ནོར་ཐམས་ཅད་དབང་དུ་འདུ་བར་འགྱུར་རོ༔ གསང་ནས་སྒྲུབས་ཤིག༔ གབ་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ས་མ་ཡ༔ རྫོགས་སོ༔ རྡོ་རྗེ་སྤྲེ་ཆུང་ཁྱོད་ལ་མན་ངག་གི་བཅུད་དྲིལ་ནས་བསྟན་གྱིས༔ གཞན་ལ་མ་སྤེལ་ཅིག༔ རང་གིས་གསང་ཞིང་ཉམས་སུ་བླངས་པས༔ འཇིག་རྟེན་འདིའི་དངོས་གྲུབ་སྒྲུབ་པ་ལ་འདི་རང་དགའ༔ རྫས་དང་བྱ་བྱེད་མི་དགོས༔ གང་དགོས་དུས་སུ་སྤྱད་པས་ཆོག༔ རང་གི་འདོད་པ་ཐམས་ཅད་འགྲུབ་པས༔ རིན་ཆེན་གསེར་དང་འདྲ༔ ཞེས་ཨོ་རྒྱན་པདྨ་འབྱུང་གནས་ཉིད་ཀྱིས་གསུངས་སོ༔ ཨུ་མཱཿདེ་བཱིའི་རླུང་སྒྲུབ་རིན་ཆེན་ནོར་བུ་ཞེས་བྱ་བ་རྫོོགས་སོ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ མཆིམས་རྡོ་རྗེ་སྤྲེ་ཆུང་ལ་དབང་སྡུད་ལས་ཀྱི་འཁོར་ལོ་ལ༔ དཀྱུས་དང་མན་ངག་གཉིས་སུ་ཡོད་པ༔ ལས་ཅན་དུ་གཟིགས་ནས་གཉིས་ཀ་བསྟན་པའོ༔ འདིའི་རྒྱུད་རྒྱ་གར་ན་ཡང་རྒྱུ་སྐར་ཙམ་ཡོད་དེ༔ མན་ངག་ཡོད་པ་ཉི་ཟླ་ཙམ་ལས་མེད་པས༔ འདི་ཁོ་ནའོ༔ དེ་ཡང་དཀྱུས་ལས་དབང་སྡུད་རླུང་གི་ཞགས་པ་ཞེས་མྱུར་བའི་བརྡའོ༔ དེ་ཡང་རྒྱལ་པོ་བཙུན་མོ་ཕོ་མོ་དང༔ ནོར་རྣམས་དབང་དུ་སྡུད་པ་སྟེ༔ དང་པོ་གང་ཟག་དང༔ གནས་དང༔ ཕྱི་ནང་གི་དུས་དང༔ རྫས་དང༔ འཁོར་ལོ་དང༔ སྐུ་དང༔ མཎྜལ་དང༔ རབ་ཏུ་གནས་པ་དང༔ རླུང་སེམས་ཀྱི་ཏིང་ངེ་འཛིན་དང༔ རྟེན་གསུམ་བཅང་བ་དང༔ མ་འགྲུབ་ན་གེགས་བསལ་བ་དང༔ གྲུབ་པའི་འབྲས་བུ་དང༔ གཞན་དོན་བྱ་བ་དང་བཅུ་གསུམ་མོ༔ དེའི་དང་པོ་གང་ཟག་ནི༔ མན་ངག་ལ་ཐེ་ཚོམ་ཆུང་བ་དང༔ དམ་ལ་གནས་པ་ཞིག་དགོས་སོ༔ གནས་རང་ཡིད་ཆགས་པ་གཅིག་ཏུ་བསྒྲུབ་བོ༔ དུས་ནི༔ དཀྱུས་ལ༔ རྒྱུ་སྐར་རྒྱལ་གྱི་ཉི་མ་ནས༔ ཞེས་པ་སྐར་མ་རྒྱལ་ཡོད་ངེས་པ་ལ་འཇུག༔ དེ་ལ་གྲུབ་པའི་དགོས་པ་ཡོད་དོ༔ རྫས་ནི༔ དཀྱུས་ལས༔ རྒྱལ་པོ་དམངས་སུ་དབབ༔ ཅེས་པས༔ འདིར་ནི་འཁོར་ལོ་སྐུ་དང་གསུམ་དྲིལ་ནས་སྟོན་ཏེ༔ ཡུམ་ཨུ་མཱཿདེ་བཱིའི་སྦྱོར་བས་རྒྱལ་པོ་དམངས་སུ་དབབ་སྟེ༔ ཟངས་ལ་ཡུམ་གྱི་སྐུ་མཛུབ་གང་བ་ཞལ་གཅིག་ཕྱག་གཉིས༔ གཡས་ཟངས་ཀྱི་གྲི་གུག་ཕྱར་བ༔ གཡོན་པ་མེ་རླུང་འཁོར་ལོ་བསྣམས་པ༔ ཞལ་འཛུམ་པའི་མདངས་དང་ལྡན་པ༔ ཞབས་གཉིས་དབང་ཆེན་གསེར་གྱི་ས་གཞི་གནོན་པ༔ སྒྲུབ་པ་པོ་ལ་དགྱེས་པའི་ཚུལ་གྱིས་བཞུགས་པ༔ བྷ་ག་རུབ་པ༔ ཟེའུ་འབྲུ་གུག་པ༔ བུ་ག་དང་བཅས་པ་བཞེངས་ཏེ༔ རབ་གནས་ཡབ་དང་མཐུན་ནོ༔ འཁོར་ལོ་ནི་གྲོ་ག་མཛུབ་གང་ལ་གྲུ་བཞི་མུ་ཁྱུད་དང་བཅས་པ་བྲི༔ དེའི་ལྟེ་བར་རྫས་གི་ཝཾ་དང་གུར་གུམ་གྱིས༔ རྒྱལ་པོའི་ལིངྒ་བྲི༔ དཔྲལ་བར་རུས༔ སྙིང་གར་མིང༔ ལྟེ་བར་བླ་དྭགས་བྲི༔ རྩིབས་བཞི་ལ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཞེས་བྲི༔ རྩིབས་མཆན་བཞི་ལ༔ གཡོན་སྐོར་དུ༔ ཧཱུྃ་ཧྲཱིཿཛ་ཤ༔ བཞི་བྲི༔ མུ་ཁྱུད་ལ༔ རྒྱལ་པོའི་ཚེ་དང་བསོད་ནམས་དང་དབང་ཐང་ལོངས་སྤྱོད་འཁོར་གྱི་མིང་ཤེས་ཚད་བྲི༔ རྒྱ་སྐྱེགས་དང་མཚལ་གྱིས་མེ་རི་བྲི༔ རབ་གནས་ནི་སྐུ་དང་འཁོར་ལོ་གཉིས༔ དངོས་འདྲ་བར་བསམ་ལ༔ སྤྱན་དྲང་བ་ནི༔ རླུང་གི་ཞགས་པ་ཞེས་པའི་ཨུ་མཱཿདེ་བཱིར་བསྒོམས་ལ་སྣ་བུག་གཡོན་ནས་རླུང་རྒྱུ་བའི་དུས་སུ༔ རླུང་སེམས་དྲིལ་ཏེ་འོད་ཟེར་དམར་པོ་ཟངས་ཀྱི་མདོག་དང་མཐུན་པ་འཕྲོས་པས༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་གྱི་ཐུགས་དམ་བསྐངས༔ ཡང་འོད་འཕྲོས་པས༔ རཱ་ཛའི་ཙིཏྟའི་དབུས་ནས་རླུང་སེམས་བཀུག་ནས༔ རང་རང་གི་སྔགས་ལ་མཆོད་པའི་ཤམ་བུར་འབུལ་བ་བཏགས་ཏེ༔ མཆོད་པ་ཉེར་གཅིག་གིས་བསྟིམ་མོ༔ དེ་ནས་འཁོར་ལོ་དེ་དར་དམར་པོས་དྲིལ་ལ༔ ཨུ་མཱའི་ཟེའུ་འབྲུའི་འོག་ཏུ་ནུབ་པར་བཅུག་ལ༔ སྤྲ་ཚིལ་གྱིས་བྷ་ག་དགག་གོ༔ གཏོར་མ་གཉིས་ཟངས་གཞོང་དུ་བཅུག་ལ༔ གཅིག་དཀར་གཏོར་བྱ༔ གཅིག་དམར་གཏོར་བྱ༔ ཟས་སྣ་རྙེད་ཚད་གསག་གོ༔ རང་རང་གི་སྔགས་ཀྱིས་ཉིན་མཚན་དུ་གཉིས་གཉིས་འབུལ་ལོ༔ མེ་ཏོག་དམར་པོས་མཆོད་དོ༔ སྔགས་ནི༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ རཱ་ཛ་ཨཱ་ཀརྵཱ་ཡ་ཛ་ཧྲིང་ཧྲིང་ཧཱུྃ༔ ཞེས་ངག་བཅད་ལ་ཞག་བདུན་བཟླའོ༔ མཎྜལ་ནི༔ ས་བཟང་པོས་ཟླ་གམ་དུ་བརྩིག༔ རྒྱ་སྐྱེགས་ཆུས་བྲན་པའི་རྩི་བྱ༔ དེ་ནས་མཚལ་དང༔ རྗེ་རིགས་མའི་རཀྟ་དང༔ སིནྡྷུ་ར་དང་གསུམ་ཆང་ལ་སྦྱར་བ་ཆ་གསུམ་དུ་བྱས་ཏེ༔ གཅིག་ཡུམ་ལ༔ གཅིག་མན་ངག་གི་རྫས་ལ་སྦྱར་ཏེ༔ སྔགས་བཏབ་ལ་གང་འགུགས་པའི་ལྟོར་བཏང་ངོ༔ ཏིང་འཛིན་ཉི་ཟླ་རླུང་གི་འཁོར་ལོ་ཞེས་བྱ་བ༔ རང་ལྷ་མོར་བསྒོམས་པའི་བྷ་གའི་ཧྲཱིཿལས༔ འོད་ཟེར་དམར་པོ་རླུང་དང་འདྲེས་ཏེ༔ རང་གི་སྣ་བུག་གཡོན་ནས་སོང༔ རཱ་ཛའི་གཡོན་གྱི་ཟླ་བའི་རླུང་སྒོར་ཞུགས༔ སེམས་དཀྲུགས་ཉི་མའི་རླུང་ནས་ཞུགས༔ བདག་གི་མདུན་དུ་བཀུག༔ རང་གི་དབང་དུ་གྱུར་པར་བསམ༔ དབང་དུ་འདུ་བ་ལ་ཐེ་ཚོམ་མེད་དོ༔ བཙུན་མོ་དབང་དུ་སྡུད་ན༔ སིནྡྷུར་དང་པདྨའི་མཚལ་གྱིས༔ བཙུན་མོའི་ལིང་ག་མིང་རུས་དང་བཅས་པ་བྲིས་ལ་ཟངས་ཀྱི་སྲིད་མེས་སྦྲང་དང་བཅས་པར་གཞུག༔ རབ་གནས་དང་སྐར་མ་དང༔ ཉི་ཟླ་རླུང་གི་ཏིང་ངེ་འཛིན་གོང་དང་འདྲ༔ རྟེན་གསུམ་ལུས་ལ་བཅང་བ་ནི༔ སྲིད་མེས་གསུམ་དང་ཡུམ་གྱི་སྐུ༔ རིལ་བུ་གྭའུ་གསུམ་ལུས་ལ་བཅང་ངོ༔ ཉི་ཟླ་རླུང་གི་འཁོར་ལོ་ཡིས༔ ཞེས་པ་ནི་ཕོ་མོ་དབང་དུ་སྡུད་པ་དང༔ ཟས་ནོར་དབང་དུ་སྡུད་པ་དང༔ གྲགས་པ་སྐྱེད་པ་ཐམས་ཅད་ལ༔ རླུང་སྡུད་ཀྱི་གནད་གལ་ཆེ་བས༔ འཛམ་བུ་གླིང་དང༔ ཁྲོམ་དང༔ རང་གསུམ་གྱི་མགོ་ནས༔ རླུང་གི་འཁོར་ལོ་འཁོར་བར་བསམ་མོ༔ ཞེས་པ་དང༔ ཡང་ཕྱོགས་བཞིའི༔ བ་དན་གཡོབ་ཅེས་པས༔ རང་དབང་ཕྱུག་ཆེན་པོར་བསྒོམས་པའི་རླུང་སེམས་འོད་གསུམ་བསྡེབས་ནས༔ བཟླས་པའི་ལམ་ནས་མྱུར་བར་འཕྲོས་ནས༔ འཁོར་བཞིའི་ཕྱག་མཚན་ལ་ཕོག་པས༔ རླུང་གཡབ་པས་དེ་ཐམས་ཅད་ནས་རེ་རེ་བཞིན་འཁོར་བར་སྒོམ་པ་ནི་ཁྱད་པར་ཅན་ནོ༔ ཕོ་མོ་དབང་དུ་སྡུད་པ་རླུང་གི་དབང་སྡུད་གོང་ལྟར་བྱའོ༔ ཟས་ནོར་སྲང་དུ་གཞུག་པའོ༔ ཞེས་པ་ནི༔ བྲེ་ཚད་སྲང་ཚད་གང་ཡོད་པ་གཉིས་ལ་དབང་ཕྱུག་ཆེན་པོའི་སྐུ་གཉིས་བྲིས་ནས་རབ་གནས་བྱ༔ དེ་ལ་འཛམ་གླིང་གི་ནོར་ལོངས་སྤྱོད་ཐམས་ཅད་ཀྱི་མིང་ཤེས་ཚད་བྲིས་ལ༔ དེའི་ཕྱི་རིམ་ལ་མཁའ་འགྲོ་བཞིའི་འགུགས་སྔགས༔ སྤེལ་ཚིག་དང་བཅས་པ་བྲིའོ༔ དེ་གཉིས་ཀའི་ནང་དུ་གཡང་གི་ཟས་ནོར་དང༔ འབྲུ་དང་རཏྣ་དང༔ ཕྱུགས་ཀྱི་གཡང་སྤུ་སོགས་གསག༔ རླུང་འཕང་སྡུད་གོང་ལྟར་བྱའོ༔ ཉི་ཟླ་རླུང་གི་འཁོར་ལོ་ལ་བརྟེན་ནས་གྲགས་པ་སྐྱེད་པ་ནི༔ སྣང་སྲིད་ཀྱི་ཉི་ཟླ་གཟའ་སྐར་དང༔ རི་བོ་མཆོག་རབ༔ གསེར་གྱི་རི་བདུན་དང་གླིང་བཞི་འཁོར་ཡུག་རྒྱ་མཚོའི་ནོར་བུ་ཐམས་ཅད་ལ་རང་དབང་ཕྱུག་ཏུ་བསྒོམས་ནས༔ རླུང་འཕངས་ཏེ་སྡུད་པས༔ གྲགས་པ་བསྐྱེད་པ་དང༔ ཞེས་པས༔ གྲགས་པ་ཆེན་པོ་འབྱུང་ངོ༔ གེགས་བསལ་བ་ནི༔ སྒྲུབ་པའི་དུས་སུ་ཆོ་འཕྲུལ་ཅི་བྱུང་ཡང༔ ཐམས་ཅད་ཆོས་ཉིད་དུ་ཤེས་པར་བྱའོ༔ དེས་ཀྱང་མ་ཕན་ན༔ སྔགས་བཟླ༔ རྫས་དང་བླ་རྡོ་བླངས་ལ་མཉམ་པ་ཉིད་ཀྱི་ངང་ལ་བཞག་ལ་ཉལ་ལོ༔ སྒྲུབ་པའི་འབྲས་བུ་འདི་བསྒྲུབས་པས༔ དབང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟར་འགྱུར་རོ༔ ལོངས་སྤྱོད་རྣམ་ཐོས་སྲས་དང་མཉམ་པར་འགྱུར་རོ༔ གྲུབ་ནས་གཞན་དོན་བྱ་བ་ནི༔ བླ་མ་ལ་འབུལ་བ་བྱ༔ སེམས་ཅན་ལ་སྦྱིན་པ་གཏང༔ དགེ་བ་སྟོབས་པོ་ཆེ་བྱ༔ སྐབས་སུ་དབང་ཕྱུག་ཆེན་པོ་སྒྲུབ་ཅིང་མཆོད་པ་འབུལ་བ་ནི༔ མི་འགྱུར་བའི་གནད་ཡིན་ནོ༔ དབང་སྡུད་ཡིད་བཞིན་ནོར་བུ༔ པདྨ་འབྱུང་གནས་ཀྱིས༔ རྡོ་རྗེ་སྤྲེ་ཆུང་ལ་གནང་བའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟང་ཟང་ལྷ་བྲག་གིི་གཏེར་མ་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་ནུབ་ཟངས་མཛོད་དམར་པོ་ནས་སྤྱན་དྲངས་པའོ།། །། ༄༅༔ དབང་ཕྱུག་ཆེན་པོ་མཆོད་པའི་ཕྲིན་ལས་འཇིག་རྟེན་དབང་སྡུད་བྱ་བ་བཞུགས་སོ༔ དབང་གི་ལྷ་ལ་ན་མོ༔ དབང་ཕྱུག་ཆེན་པོ་མཆོད་པ་ནི༔ མཎྜལ་དམར་པོའི་སྟེང་དུ༔ སློབ་དཔོན་པདྨའི་བྲིས་སྐུ་དང་རྟེན་གསུམ་བཞུགས་པའི་མདུན་དུ༔ ཕྱིའི་མཆོད་པ་ལྔ་དང༔ དཀར་གཏོར་དང་དམར་གཏོར་གཉིས༔ དཀར་གསུམ་མངར་གསུམ་ཆང་དང་བདུད་རྩི་དང༔ མེ་ཏོག་ཧ་ལོ་ཨུག་ཆོས་གླང་པོ་སྣ་དང་གསུམ་བཤམ་མོ༔ དང་པོ་སྟོང་པའི་ངང་ལས་ཧྲཱིཿདམར་པོ་ཞིག་བསམ༔ དེ་ལས་འོད་དམར་པོ་འཕྲོས་པདྨ་དབང་གི་ཞིང་ཁམས་ཁྱབ༔ ཚུར་འདུས་པ་ལས་རང་ཉིད་སློབ་དཔོན་པདྨ་འབྱུང་གནས་སྐུ་མདོག་དམར་པོ་པདྨ་རཱ་གའི་མདོག་ལྟ་བུ༔ སྤྱན་རྩ་དམར་པོ་མདངས་དང་ལྡན་པ༔ དབང་གི་འཇོལ་བེར་དམར་པོ་མནབས་པ༔ དབུ་ལ་པད་ཞུ་གསོལ་བ༔ ཕྱག་གཉིས་དབང་སྡུད་ཀྱི་ཕྱག་རྒྱ་མཛད་པ༔ ཉི་ཟླ་པདྨའི་གདན་ལ་བཞུགས་པ་ཞིག་བསྒོམ༔ དེའི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ སྲིད་པ་གསུམ་གྱི་སྐྱེ་འགྲོ་དང༔ བསོད་ནམས་ལོངས་སྤྱོད་ཐམས་ཅད་བསྡུས་ཏེ༔ ཚུར་འདུས་པས་ཧྲཱིཿདམར་པོ་གསུམ་དུ་གྱུར༔ ཧྲཱིཿགསུམ་རྟེན་ལ་བསྟིམས་པས༔ ལྷ་དབང་ཕྱུག་ཆེན་པོ་སྐུ་མདོག་དམར་པོ༔ མཚན་མ་དམར་པོ་གྱེན་དུ་སྒྲེང་བ༔ ཞི་མ་ཁྲོའི་སྤྱན་གསུམ་པ༔ རིན་པོ་ཆེའི་རྒྱན་གྱིས་སྤྲས་པ༔ དབུ་སྐྲ་རལ་པ་རྐེད་པར་སླེབས་པ༔ ཕྱག་ན་འགུགས་འདྲེན་ཕྱག་རྒྱ་བསྣམས་པ༔ ཉི་ཟླ་དང་རྡོ་རྗེ་གངས་རིའི་གདན་ལ་བཞུགས་པ་གསུམ་དུ་གྱུར་པར་བསམ༔ རྟེན་ལ་དམ་ཚིག་པ་བསྐྱེད་པའོ༔ མཆོད་པ་བྱིན་གྱིས་བརླབ་པ་ནི། རང་སློབ་དཔོན་པདྨར་གསལ་བའི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས༔ མཆོད་རྫས་ལ་ཕོག༔ ཟག་པ་མེད་པའི་བདུད་རྩིར་བྱིན་གྱིས་བརླབ༔ ཨ་ལས་ཨརྒྷཾ་རོ་བརྒྱ་ལྡན་པ༔ དྷཱུ་པེ་ལས་བདུག་སྤོས༔ པུཥྤེ་ལས་མེ་ཏོག༔ ཨཱ་ལོ་ཀེ་ལས་མར་མེ༔ གནྡྷེ་ལས་དྲི་ཆབ༔ ནཻ་བིདྱཱ་ལས་ཞལ་ཟས༔ ཤབྡ་ལས་རོལ་མོར་བྱིན་གྱིས་བརླབ་བོ༔ དཀར་གཏོར་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབ༔ དམར་གཏོར་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ལྟ་བུ༔ ལྟེ་བ་ལ་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པ༔ དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ༔ དེའི་སྟེང་དུ་ཀཾ་ལས་མི་མགོའི་སྒྱེད་པུ་གསུམ༔ དེའི་སྟེང་དུ་བྷྲཱུྃ་ལས་གཏོར་སྣོད་ཟངས་ཀྱི་ཟླ་གམ་འཇིག་རྟེན་གྱི་ཁམས་དང་མཉམ་པའི་སྟེང་དུ༔ ཨོཾ་ཨཱཿཧཱུྃ༔ ཞེས་བརྗོད་པས་ཤ་ལྔ་བདུད་རྩི་ལྔ༔ རི་རབ་ལྷུན་པོ༔ གསེར་གྱི་རི་བདུན་དང༔ རོལ་པའི་མཚོ་བདུན༔ གླིང་བཞི་གླིང་ཕྲན་གྱིས་བསྐོར་བ་ཙམ་དུ་བྱིན་གྱིས་བརླབ་པར་བྱའོ༔ དེ་ནས་སྤྱན་དྲང་བ་ནི༔ ནམ་མཁའི་ཁམས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་བ་དན་དང་བཅས་པ་ལམ་མེར་བསམ་སྟེ་གདན་བསྐྱེད་པའོ༔ བདག་ཉིད་སློབ་དཔོན་པདྨར་གསལ་བའི་ཐུགས་ཀའི་ཧྲཱིཿལས་འོད་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་པས༔ དབང་ཕྱུག་ཆེན་པོའི་ཐུགས་ཀའི་ཧྲཱིཿལ་ཕོག་སྟེ༔ ནུབ་ཕྱོགས་དབང་གི་གཞལ་ཡས་རིགས་བཞིིའི་ཕོ་མོ་བསྣོལ་བའི་གདན་ལས་ཧུར་བཞེངས་ཏེ༔ མཁའ་འགྲོ་མ་བཞིས་ཕྱོགས་བཞི་ནས་ཁ་ཊྭཱཾ་ག་དང་བ་དན་གཡོབ་ཅིང༔ བར་སྣང་ལ་ཚུར་འུ་རུ་རུ་བྱོན་པར་བསམ་ལ་འདི་སྐད་དོ༔ ཧྲཱི༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ ནུབ་ཕྱོགས་པདྨ་འབར་བའི་གཞལ་ཡས་ནས༔ ཉི་ཟླ་རླུང་གི་འཁོར་ལོའི་གདན་སྟེང་ནས༔ ཧྲཱིཿལས་བྱུང་བའི་དབང་ཕྱུག་ཆེན་པོ་ནི༔ བཞེངས་ཤིག་དབང་ཕྱུག་དབྱིངས་ནས་བཞེངས༔ གནས་མཆོག་འདི་རུ་གཤེགས་སུ་གསོལ༔ གཤེགས་ཤིང་བཞུགས་པའི་གནས་ངན་ཡང༔ སློབ་དཔོན་པདྨའི་སྤྱན་སྔ་རུ༔ སྲིད་གསུམ་དབང་དུ་སྡུད་པར་ཞལ་བཞེས་ལྟར༔ དད་མོས་དད་པ་བསྐྱེད་པ་དང༔ བདག་ཅག་ཕོངས་པ་བསལ་བའི་ཕྱིར༔ པདྨ་འབར་བའི་གཞལ་ཡས་ནས༔ དབང་ཕྱུག་ཡབ་ཡུམ་འཁོར་དང་བཅས༔ དམ་ལས་མ་འདའ་ད་ཚུར་བྱོན༔ དབང་ཆེན་བཀོད་པའི་ཤར་ཕྱོགས་ནས༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ༔ དཀར་ནག་གཅེར་བུ་རལ་པ་ཅན༔ དམ་ལས་མ་འདའ་ད་ཚུར་བྱོན༔ དབང་ཆེན་བཀོད་པའི་ལྷོ་ཕྱོགས་ནས༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་མ༔ སེར་ནག་གཅེར་བུ་རལ་པ་ཅན༔ དམ་ལས་མ་འདའ་ད་ཚུར་བྱོན༔ དབང་ཆེན་བཀོད་པའི་ནུབ་ཕྱོགས་ནས༔ པདྨ་རིགས་ཀྱི་མཁའ་འགྲོ་མ༔ དམར་ནག་གཅེར་བུ་རལ་པ་ཅན༔ དམ་ལས་མ་འདའ་ད་ཚུར་བྱོན༔ དབང་ཆེན་བཀོད་པའི་བྱང་ཕྱོགས་ནས༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ༔ ལྗང་ནག་གཅེར་བུ་རལ་པ་ཅན༔ དམ་ལས་མ་འདའ་ད་ཚུར་བྱོན༔ ཀ་བྷི་ར་ཀོ་བྷི་ར༔ ཛཿཧཱུྃ་བཾ་ཧོ༔ ཨུ་ཙུས་མ་ཀུག་ཏ་ཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ བཛྲ་ཌཱ་ཀི་ནཱི༔ རཏྣ་ཌཱ་ཀི་ནཱི༔ པདྨ་ཌཱ་ཀི་ནཱི༔ ཀརྨ་ཌཱ་ཀི་ནཱི༔ ཛཿཧཱུྃ་བཾ་ཧོ༔ ཞེས་གུ་གུལ་གྱི་དུད་པ་བཏང་ལ་སྤྱན་དྲང༔ མཆོད་པ་འབུལ་བ་ནི༔ ཧྲཱི༔ དྲི་མེད་དག་པའི་ཨརྒྷཾ་འདིའི༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་དང༔ མཁའ་འགྲོ་རིགས་བཞི་འཁོར་བཅས་ཀྱི༔ ཕྱག་དང་ཞབས་ནི་བསིལ་བར་མཛོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་བྷི་ར་ཀོ་བྷི་ར་ཨཱརྒྷཾ་པྲ་ཏཱིཙྪ་ཧཱུྃ༔ དག་ཅིང་གཙང་མར་སྦྱར་པ་ཡི༔ དྲི་ཞིམ་བདུག་སྤོས་ཐམས་ཅད་ཀུན༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་དང༔ རིགས་བཞིའི་མཁའ་འགྲོ་རྣམས་ལ་འབུལ༔ བདག་གི་བསམ་པ་འགྲུབ་པར་མཛོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་བྷི་ར་ཀོ་བྷི་ར་དྷཱུ་པེ་པཱུ་ཛ་ཧཱུྃ༔ དག་ཅིང་གཙང་མར་སྦྱར་པ་ཡི༔ མེ་ཏོག་དམ་པ་ཐམས་ཅད་ཀུན༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་དང༔ རིགས་བཞིའི་མཁའ་འགྲོ་རྣམས་ལ་འབུལ༔ བདག་གི་བསམ་པ་འགྲུབ་པར་མཛོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་བྷི་ར་ཀོ་བྷི་ར་པུཥྤེ་པཱུ་ཛ་ཧཱུྃ༔ དག་ཅིང་གཙང་མར་སྦྱར་པ་ཡི༔ སྣང་གསལ་སྒྲོན་མེ་དམ་པ་ཀུན༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་དང༔ རིགས་བཞིའི་མཁའ་འགྲོ་རྣམས་ལ་འབུལ༔ བདག་གི་བསམ་པ་འགྲུབ་པར་མཛོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་བྷི་ར་ཀོ་བྷི་ར་ཨཱ་ལོ་ཀེ་པཱུ་ཛ་ཧཱུྃ༔ དག་ཅིང་གཙང་མར་སྦྱར་པ་ཡི༔ དྲི་ཆབ་དམ་པ་ཐམས་ཅད་ཀུན༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་དང༔ རིགས་བཞིའི་མཁའ་འགྲོ་རྣམས་ལ་འབུལ༔ བདག་གི་བསམ་པ་འགྲུབ་པར་མཛོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་བྷི་ར་ཀོ་བྷི་ར་གནྡྷེ་པཱུ་ཛ་ཧཱུྃ༔ དག་ཅིང་གཙང་མར་སྦྱར་པ་ཡི༔ ཞལ་ཟས་དམ་པ་ཐམས་ཅད་ཀུན༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་དང༔ རིགས་བཞིའི་མཁའ་འགྲོ་རྣམས་ལ་འབུལ༔ བདག་གི་བསམ་པ་འགྲུབ་པར་མཛོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་བྷི་ར་ཀོ་བྷི་ར་ནཻ་བིདྱཱ་པཱུ་ཛ་ཧཱུྃ༔ དག་ཅིང་གཙང་སྙན་གདངས་རིང་བའི༔ སྒྲ་དབྱངས་རོལ་མོ་ཐམས་ཅད་ཀུན༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་དང༔ རིགས་བཞིའི་མཁའ་འགྲོ་རྣམས་ལ་འབུལ༔ བདག་གི་བསམ་པ་འགྲུབ་པར་མཛོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་བྷི་ར་ཀོ་བྷི་ར་ཤབྡ་པཱུ་ཛ་ཧཱུྃ༔ དེ་ནས་རིན་པོ་ཆེའི་མཆོད་པ་འབུལ་ཏེ༔ ཧྲཱི༔ རིན་ཆེན་གསེར་དངུལ་གཡུ་དང་ཟངས༔ བྱེ་རུ་མུ་ཏིག་མུ་མེན་བདུན༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་དང༔ རིགས་བཞིའི་ཌཱ་ཀི་རྣམས་ལ་འབུལ༔ རཏྣའི་པཱུ་ཛ་འདི་བཞེས་ལ༔ བདག་ལ་རིན་ཆེན་ཆར་ལྟར་ཕོབ༔ སྙན་གྲགས་ནམ་མཁའ་ཁྱབ་པར་སྤེལ༔ བསོད་ནམས་ནོར་དང་ལོངས་སྤྱོད་སྤེལ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀ་བྷི་ར་ཀོ་བྷི་ར་རཏྣ་པཱུ་ཛ་ཧཱུྃ༔ དེ་ནས་གཏོར་མ་འབུལ་བ་ནི༔ ནམ་མཁའི་ཁམས་སུ་ལྷ་དབང་ཕྱུག་ཆེན་པོ་འཁོར་དང་བཅས་པ་བྱོན་ནས༔ ཁ་ཊྭཱཾ་རྩེ་གསུམ་གཏོར་མ་ལ་བརྒྱབས་ནས་གསོལ་བར་བསམ་ལ་འདི་སྐད་དོ༔ ཧྲཱི༔ ཉི་ཟླ་གཉིས་ཀྱི་གདན་སྟེང་ན༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ནི༔ དམར་ནག་གཅེར་བུ་རལ་པ་ཅན༔ ཕྱག་ན་ལྕགས་ཀྱུ་ཞགས་པ་བསྣམས༔ མཚན་མ་དམར་པོ་གྱེན་དུ་སྒྲེང༔ འཇིག་རྟེན་ཁམས་ཀྱི་དབང་པོ་ཆེ༔ བ་ལིཾ་གཏོར་མ་འདི་བཞེས་ལ༔ དབང་གི་ཕྲིན་ལས་མཛད་དུ་གསོལ༔ ཀ་བྷི་ར་ཀོ་བྷི་ར་ཧཱུྃ་གྲྀཧྞ་གྲྀཧྞ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ཕྱིའི་རྟེན་ལ་འབུལ་ལོ༔ ཧྲཱི༔ རྡོ་རྗེ་རླུང་གི་གདན་སྟེང་ན༔ རྡོ་རྗེ་ས་གཞི་ཡིད་བཞིན་གླིང༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ནི༔ དམར་ནག་གཅེར་བུ་རལ་པ་ཅན༔ ཕྱག་གཉིས་རིན་ཆེན་ཐུགས་ཀར་བསྣམས༔ མཚན་མ་དམར་པོ་གྱེན་དུ་སྒྲེང༔ འཇིག་རྟེན་ནོར་གྱི་མངའ་བདག་ཡིན༔ བ་ལིཾ་གཏོར་མ་འདི་བཞེས་ལ༔ རིན་ཆེན་ཆར་ལྟར་དབབ་ཏུ་གསོལ༔ ཀ་བྷི་ར་ཀོ་བྷི་ར་ཧཱུྃ་གྲྀཧྞ་གྲྀཧྞ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ནོར་བུ་བསམ་འཕེལ་རྟེན་ལ་འབུལ་ལོ༔ ཧྲཱི༔ རྡོ་རྗེ་རྩ་བའི་གདན་སྟེང་ན༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ནི༔ དམར་ནག་གཅེར་བུ་རལ་པ་ཅན༔ ཕྱག་གཉིས་མེ་ལོང་ཞགས་པ་བསྣམས༔ མཚན་མ་དམར་པོ་གྱེན་དུ་སྒྲེང༔ བ་ལིཾ་གཏོར་མ་འདི་བཞེས་ལ༔ སྣང་བ་དབང་དུ་སྡུད་དུ་གསོལ༔ ཀ་བྷི་ར་ཀོ་བྷི་ར་ཧཱུྃ་གྲྀཧྞ་གྲྀཧྞ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་སྣང་བ་དབང་སྡུད་ཀྱི་རྟེན་ལ་འབུལ་ལོ༔ ཧྲཱི༔ བསྐལ་པ་རླུང་གི་གདན་སྟེང་དུ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ནི༔ སྐུ་མདོག་དམར་སྨུག་འོད་ཟེར་འཕྲོ༔ ཕྱག་ན་ཁ་ཊྭཱཾ་མདའ་གཞུ་བསྣམས༔ མཚན་མ་དམར་པོ་གྱེན་དུ་སྒྲེང༔ བ་ལིཾ་གཏོར་མ་འདི་བཞེས་ལ༔ བདག་གི་ལས་རྣམས་སྒྲུབ་ཏུ་གསོལ༔ ཀ་བྷི་ར་ཀོ་བྷི་ར་ཧཱུྃ་གྲྀཧྞ་གྲྀཧྞ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་གཙོ་བོ་ལ་འབུལ་ལོ༔ ཧྲཱི༔ ཡུམ་ཆེན་ཨུ་མཱཿདེ་བཱི་ནི༔ དམར་མོ་གཅེར་བུ་བྷ་ག་རྒྱས༔ ཕྱག་གཡས་དབང་གི་གྲི་གུག་བསྣམས༔ གཡོན་ན་མེ་རླུང་འཁོར་ལོ་བསྐོར༔ བ་ལིཾ་གཏོར་མ་འདི་བཞེས་ལ༔ འཇིག་རྟེན་དབང་དུ་སྡུད་དུ་གསོལ༔ ཨུ་ཙུས་མ་ཀུག་ཏ་ཧཱུྃ་གྲྀཧྞ་གྲྀཧྞ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ཡུམ་ལ་འབུལ་ལོ༔ ཧྲཱི༔ ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མ༔ དཀར་ནག་གཅེར་བུ་རལ་པ་ཅན༔ ཕྱག་གཉིས་ཁ་ཊྭཱཾ་བ་དན་གཡོབ༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ ཤར་ཕྱོགས་འགྲོ་བ་དབང་དུ་སྡུས༔ རྣལ་འབྱོར་ལས་རྣམས་སྒྲུབ་ཏུ་གསོལ༔ བཛྲ་ཌཱ་ཀི་ནཱི་གྲྀཧྞ་གྲྀཧྞ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་མ༔ སེར་ནག་གཅེར་བུ་རལ་པ་ཅན༔ ཕྱག་གཉིས་ཁ་ཊྭཱཾ་བ་དན་གཡོབ༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ ལྷོ་ཕྱོགས་འགྲོ་བ་དབང་དུ་སྡུས༔ རྣལ་འབྱོར་ལས་རྣམས་སྒྲུབ་ཏུ་གསོལ༔ རཏྣ་ཌཱ་ཀི་ནཱི་གྲྀཧྞ་གྲྀཧྞ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ནུབ་ཕྱོགས་པདྨ་མཁའ་འགྲོ་མ༔ དམར་ནག་གཅེར་བུ་རལ་པ་ཅན༔ ཕྱག་གཉིས་ཁ་ཊྭཱཾ་བ་དན་གཡོབ༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ ནུབ་ཕྱོགས་འགྲོ་བ་དབང་དུ་སྡུས༔ རྣལ་འབྱོར་ལས་རྣམས་སྒྲུབ་ཏུ་གསོལ༔ པདྨ་ཌཱ་ཀི་ནཱི་གྲྀཧྞ་གྲྀཧྞ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བྱང་ཕྱོགས་ལས་ཀྱི་མཁའ་འགྲོ་མ༔ ལྗང་ནག་གཅེར་བུ་རལ་པ་ཅན༔ ཕྱག་གཉིས་ཁ་ཊྭཱཾ་བ་དན་གཡོབ༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ བྱང་ཕྱོགས་འགྲོ་བ་དབང་དུ་སྡུས༔ རྣལ་འབྱོར་ལས་རྣམས་སྒྲུབ་ཏུ་གསོལ༔ ཀརྨ་ཌཱ་ཀི་ནཱི་གྲྀཧྞ་གྲྀཧྞ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་འཁོར་ལ་འབུལ་ལོ༔ གཏོར་མའི་ཆོ་ག་ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་བསྟོད་པ་ནི༔ ཧྲཱི༔ བསྐལ་པ་མེ་རི་འབར་བའི་ཀློང་དཀྱིལ་ན༔ ཉི་མ་ཟླ་བ་གཉིས་ཀྱི་གདན་སྟེང་ན༔ ཧྲཱིཿལས་བྱུང་བའི་མ་ཧཱ་དེ་བ་ནི༔ སྐུ་མདོག་སྨུག་ནག་གཅེར་བུ་རལ་པ་ཅན༔ ཞལ་ནས་ཧྲཱིཿདང་ཛཿཡི་སྔགས་སྒྲ་སྒྲོག༔ སྲིད་གསུམ་ཟིལ་གནོན་འཇིག་རྟེན་དབང་དུ་སྡུད༔ ཕྱག་གཡས་ལྕགས་ཀྱུས་དམིགས་པའི་རྣམ་ཤེས་འགུགས༔ ཕྱག་གཡོན་ཞགས་པས་ཟས་ནོར་ལོངས་སྤྱོད་སྡུད༔ སློབ་དཔོན་པདྨའི་བཀའ་ཉན་དམ་ཚིག་ཅན༔ ཕོངས་པ་ཀུན་སྒྲོལ་མཛད་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ རིན་ཆེན་འབར་བའི་གཞལ་ཡས་ན༔ གངས་དཀར་ཏི་སེའི་གདན་སྟེང་ན༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ནི༔ དམར་པོ་འོད་འཕྲོ་རལ་པ་ཅན༔ དབང་གི་ན་བཟའ་འཇོལ་བེར་མནབས༔ ཕྱག་གཉིས་རིན་ཆེན་ཐུགས་ཀར་འཛིན༔ རིན་ཆེན་རྒྱན་ཆ་མང་པོས་སྤྲས༔ རྣལ་འབྱོར་ཕོངས་པ་སེལ་བའི་རྟགས༔ རིན་ཆེན་ཆར་པ་འབེབ་པར་བྱེད༔ ནོར་བུ་བསམ་འཕེལ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ པདྨ་འབར་བའི་གཞལ་ཡས་ན༔ དབང་སྡུད་འཁོར་ལོའི་གདན་སྟེང་ན༔ མུ་སྟེགས་དབང་ཕྱུག་ཆེན་པོ་ནི༔ དམར་ནག་གཅེར་བུ་རལ་པ་ཅན༔ ཕྱག་གཡས་མེ་ལོང་ལྕགས་ཀྱུ་བསྣམས༔ གཡོན་ན་ཉི་ཞགས་མཚན་མ་བསྣམས༔ འགྲོ་བ་ཐམས་ཅད་དབང་དུ་སྡུད༔ སྣང་བ་དབང་སྡུད་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ བསྐལ་པ་རླུང་གི་འཁོར་ལོའི་གཞལ་ཡས་ན༔ མིའུ་རིགས་བཞི་བསྣོལ་བའི་གདན་སྟེང་ན༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ནི༔ དམར་ནག་གཅེར་བུ་རལ་པ་ཅན༔ ཕྱག་གཡས་ཁ་ཊྭཱཾ་རྩེ་གསུམ་བསྣམས༔ གཡོན་པས་ལྕགས་མདའ་ལྕགས་གཞུ་འགེངས༔ འགྲོ་བ་དབང་དུ་སྡུད་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ ལྷ་མོ་དམར་མོ་ཡིད་འགུགས་མ༔ སྐུ་མདོག་དམར་མོ་བྷ་ག་རྒྱས༔ འགྲོ་བ་ཕོ་མོའི་བློ་སེམས་འགུགས༔ སྐུ་ལ་རིན་ཆེན་རྒྱན་གྱིས་སྤྲས༔ ཕྱག་གཡས་ཟངས་ཀྱི་གྲི་གུག་བསྣམས༔ གཡོན་པ་མེ་རླུང་འཁོར་ལོ་བསྐོར༔ འཇིག་རྟེན་ཐམས་ཅད་དབང་དུ་སྡུད༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་ཡུམ༔ ལྷ་མོ་ཨུ་མཱཿདེ་བཱི་ཞེས༔ དབང་གི་ལྷ་ལ་ཕྱག་འཚལ་བསྟོད༔ བདག་ལ་འཇིག་རྟེན་ཕོ་མོ་ཀུན༔ མོས་སུ་ཆུགས་ལ་དབང་དུ་སྡུས༔ ཤར་ན་རྡོ་རྗེ་མཁའ་འགྲོ་མ༔ ལྷོ་ན་རིན་ཆེན་མཁའ་འགྲོ་མ༔ ནུབ་ན་པདྨ་མཁའ་འགྲོ་མ༔ བྱང་ན་ལས་ཀྱི་མཁའ་འགྲོ་མ༔ སྲིད་གསུམ་དབང་དུ་སྡུད་པའི་ཕྱིར༔ ཕྱག་གཡས་ལྕགས་ཀྱུ་ཁ་ཊྭཱཾ་བསྣམས༔ གཡོན་པས་རླུང་གི་བ་དན་གཡོབ༔ མཁའ་འགྲོ་བཞི་ལ་ཕྱག་འཚལ་བསྟོད༔ དེ་ནས་ལྷ་དབང་ཕྱུག་ཆེན་པོ་སྐུ་མདོག་དམར་པོ་འོད་ཟེར་འཕྲོ་བ༔ འཛུམ་པའི་མདངས་དང་ལྡན་པ༔ གཡས་ན་ཁ་ཊྭཱཾ་ག་གཡོན་ན་ལྕགས་མདའ་ལྕགས་གཞུ་བསྣམས་པ༔ ཞབས་གཉིས་རླུང་གི་འཁོར་ལོའི་སྟེང་ན་བཞུགས་པ༔ མཚན་མ་དམར་པོ་གྱེན་དུ་སྒྲེང་བ༔ ཕྱོགས་བཞི་ནས་མཁའ་འགྲོ་བཞིས་བ་དན་གཡབས་པས༔ རླུང་གི་འཁོར་ལོ་འཁོར་རོ་རོ༔ འཛམ་བུའི་གླིང་བཞི་མེར་མེར་འཁྱོམ་འཁྱོམ་ཡོད་པར་བསྒོམ༔ ཛཔ྄་འདི་བཟླ་འོ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ བཛྲ་སིདྡྷི་ཕ་ལ་ཧཱུྃ༔ རཏྣ་སིདྡྷི་ཕ་ལ་ཧཱུྃ༔ པདྨ་སིདྡྷི་ཕ་ལ་ཧཱུྃ༔ ཀརྨ་སིདྡྷི་ཕ་ལ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར༔ མི་སྙིང་སྒུལ༔ མི་འགྲམ་ཆོག༔ མི་སེམས་དཀྲུགས༔ རང་དབང་མེད་པར་ཁུག་ལ་ཤོག༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ མི་སེམས་དཀྲུགས་ཡ༔ དེ་ལྟར་བསྒོམ་ཞིང་བཟླས་པས་འཇིག་རྟེན་གྱི་མི་ནོར་དབང་དུ་འདུ༔ སྔགས་བཟླས་པ་ཙམ་གྱིས་ངུ་བ་དང༔ འཁྲབ་པ་དང་གར་བྱེད་པ་ཡོང༔ ཞག་ཉེར་གཅིག་བསྒྲུབ་པར་བྱ༔ སྐབས་སུ་ཚོགས་འབུལ་བ་ནི༔ ཧྲཱི༔ ཐམས་ཅད་དབང་དུ་སྡུད་པའི་དཀྱིལ་འཁོར་ནས༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་འཁོར་དང་བཅས༔ ཐམས་ཅད་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ས་མ་ཡ་ཛ་ཛ༔ གཏོར་མ་ཤ་མར་ཟས་སྣ་མང་པོ་དང༔ རིན་ཆེན་ལོངས་སྤྱོད་ཡིད་ལ་འཐད་པ་རྣམས༔ སྲིད་པའི་བདག་པོ་ཡབ་ཡུམ་འཁོར་དང་བཅས༔ དགྱེས་པའི་ཚུལ་གྱིས་མཆོད་པ་བཞེས་སུ་གསོལ༔ བཞེས་ནས་བདག་ལ་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་འབུལ་ལོ༔ རང་ཉིད་ཚོགས་ལ་རོལ༔ སྐར་མ་རྒྱལ་གྱི་ཉི་མ་ལ༔ སྒྲུབ་པ་དང་མཆོད་པ་རྗེས་གནང་བྱའོ༔ སྐབས་སུ་དངོས་གྲུབ་བླང༔ ཡེ་ཤེས་པ་གཤེགས་སུ་གསོལ༔ དམ་ཚིག་པ་རྟེན་ལ་བསྟིམ༔ འདོད་པའི་དོན་ལ་གསོལ་བ་གདབ༔ བདག་གི་དགེ་བའི་རྩ་བ་འདིས༔ བསམ་པ་ཡིད་བཞིན་འགྲུབ་གྱུར་ནས༔ ཐར་པའི་འབྲས་བུ་ཐོབ་པར་ཤོག༔ ཅེས་བརྗོད༔ མཆོད་པའི་ཆོ་ག་ས་མ་ཡ༔ རྒྱ་རྒྱ་རྒྱ༔ དབང་ཕྱུག་ཆེན་པོའི་སྒྲུབ་པ་འཇིག་རྟེན་དབང་སྡུད་བྱ་བ༔ ཐུན་མོང་གི་དངོས་གྲུབ་འདི་ལས་མྱུར་བ་འཇིག་རྟེན་ཁམས་ན་མེད་དོ༔ སློབ་དཔོན་པདྨས་རྡོ་རྗེ་སྤྲེ་ཆུང་ལ་གནང་བ་རྫོགས་སོ༔ ྈྈྈ ྈྈྈ ཟང་ཟང་ལྷ་བྲག་གི་རྐེད་བསེ་སྒྲོམ་སྨུག་པོའི་ནུབ་ཟངས་མཛོད་དམར་པོ་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བཏོན་པའོ།། །། ༄༅༔ ལྷ་ཆེན་མ་ཧཱ་དེ་བའི་མཆོད་བསྐུལ་བཞུགས༔ ཧཱུྃ༔ སུམ་ཅུ་རྩ་གསུམ་ལྷ་ཡི་གནས་མཆོག་དང༔ འཕྲུལ་དགའི་ཡུལ་གྱི་དབུས་ན་ལྷ་ཡི་གནས༔ དབང་མཆོག་པདྨ་ཟླ་གམ་ཞེས་བྱ་ཡི༔ གཞལ་ཡས་ཁང་ན་ནོར་ལྷ་ཆེན་པོ་བཞུགས༔ འདོད་ཁམས་ལྷ་ཆེན་བསོད་ནམས་དཔལ་དུ་འབར༔ དབང་ཕྱུག་ཆེན་པོ་མ་ཧཱ་དེ་བ་ནི༔ སྐུ་མདོག་པདྨ་རཱ་གའི་མདོག་ལྟར་དམར༔ རིན་ཆེན་ནོར་བུ་མང་པོས་དབུ་ལ་བརྒྱན༔ ཞལ་གཅིག་སྤྱན་གསུམ་མཆེ་གཙིགས་འཛུམ་བཞད་ཞལ༔ དབུ་སྐྲ་རལ་པ་མཛེས་པས་བར་སྣང་ཁྱབ༔ རལ་པ་ལན་གསུམ་གསིགས་པས་འཇིག་རྟེན་དབང་དུ་སྡུད༔ དབང་ཕྱུག་ཆེན་པོ་ཕྱག་བཞི་སྟོབས་པོ་ཆེ༔ ལྷ་ཆེན་ནོར་ལྷ་བརྒྱད་ཀྱི་འཁོར་གྱིས་བསྐོར༔ འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་ལྷ་རྣམས་འདུལ༔ གཡས་ཀྱི་དང་པོ་ཟངས་ཀྱི་ལྕགས་ཀྱུ་བསྣམས༔ འཇིག་རྟེན་ཟས་ནོར་ཐམས་ཅད་འགུགས་པར་མཛད༔ གཡས་ཀྱི་འོག་མ་རིན་ཆེན་ཞགས་པ་བསྣམས༔ འཇིག་རྟེན་ཆེ་བཙན་མི་རྣམས་འཛིན་པར་ནུས༔ གཡོན་གྱི་དང་པོ་ནོར་བུ་རིན་ཆེན་བསྣམས༔ ནོར་བུ་རིན་ཆེན་དགོས་འདོད་ཆར་བཞིན་ཕོབ༔ འོག་མ་འཇིག་རྟེན་སྲིད་པའི་མེས་པོ་བསྣམས༔ འདོད་ཁམས་ཐམས་ཅད་གཡོ་ཞིང་འགུལ་བར་བྱེད༔ འཇིག་རྟེན་མི་འུ་རིགས་བཞི་ཁྱོད་ཀྱིས་ཁུག༔ མདོག་དམར་འདོད་ཁམས་མི་རྣམས་དབང་དུ་སྡུད༔ དབང་དུ་སྡུས་ལ་ཟས་ནོར་ལོངས་སྤྱོད་ཁུག༔ གཅེར་བུ་བརྗིད་ལྡན་རིན་ཆེན་རྒྱན་གྱིས་སྤྲས༔ ཡོན་ཏན་ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ༔ སྐུ་ལས་འོད་ཟེར་དམར་པོ་ཕྱོགས་བཅུར་འགྱེད༔ འཇིག་རྟེན་ཁམས་ཀྱི་ཁྲོམ་ཆེན་དབང་དུ་སྡུད༔ ཚོགས་ཀྱི་བདག་པོ་གཞོན་ནུ་ཀཱརྟྟི་ཀེ༔ ཏྲིག་ཤ་ནག་པོ་ནོར་ལྷ་ཛཾ་བྷ་ལ༔ རྣམ་ཐོས་སྲས་དང་གཏེར་བདག་ཨ་པ་རཱ༔ ཞང་བློན་བདུད་འདུལ་གང་བ་བཟང་པོ་དང༔ ནོར་ལྷ་མང་པོ་བཀའ་ཉན་ཕོ་ཉར་འགྱེད༔ ནོར་ལྷས་ཟས་དང་ནོར་རྣམས་དབང་དུ་སྡུད༔ དབང་ཕྱུག་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ལྷ་མོ་ཡུམ་ཆེན་ཨུ་མཱཿདེ་བཱི་ནི༔ སྐུ་མདོག་དམར་མོ་འཇིག་རྟེན་དབང་དུ་སྡུད༔ སྐུ་ལས་འོད་ཟེར་འཕྲོས་པའི་མདངས་ཀྱིས་འཇིག་རྟེན་སྡུད༔ འཇིག་རྟེན་དབང་དུ་སྡུད་པའི་ཕྲིན་ལས་མཛོད༔ རིན་ཆེན་རྒྱན་སྤྲས་དགོས་འདོད་ཆར་ལྟར་འབེབ༔ ཟས་ནོར་ཆར་ལྟར་འབེབ་པའི་ཕྲིན་ལས་མཛོད༔ ཞལ་གཅིག་སྤྱན་གསུམ་འཛུམ་མདངས་བཞད་པའི་ཞལ༔ དགྱེས་ཤིང་མཉེས་ཏེ་དབང་གི་ཕྲིན་ལས་མཛོད༔ གཡས་པ་དངུལ་གྱི་མེ་ལོང་སྲིད་གསུམ་གཟིགས༔ གཡབས་པས་འཇིག་རྟེན་ཕོ་མོ་དབང་དུ་སྡུད༔ ཕོ་མོ་དབང་དུ་སྡུད་པའི་ཕྲིན་ལས་མཛོད༔ གཡོན་ན་མི་ཟད་རིན་ཆེན་གཏེར་བུམ་བསྣམས༔ གཏེར་ལ་བདག་གི་ལོངས་སྤྱོད་བྱེད་དུ་ཆུགས༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་དུས་ལ་བབས༔ སྲིད་པའི་མེས་པོས་གཡབ་ཅིང་ཕྲིན་ལས་མཛོད༔ ལན་གཅིག་གཡབས་པས་འཇིག་རྟེན་ཐམས་ཅད་གཡོས༔ ལན་གཉིས་གཡབས་པས་ཟས་ནོར་ལོངས་སྤྱོད་འགུགས༔ ལན་གསུམ་གཡབས་པས་སྲིད་གསུམ་འུར་ཞིང་འདུད༔ འུར་འུར་ཐེག་ཐེགས་ཐམས་ཅད་དབང་དུ་སྡུས༔ འདིར་གཤེགས་བརྒྱན་གྱི་གཏོར་མ་འདི་བཞེས་ལ༔ འཇིག་རྟེན་ཐམས་ཅད་དབང་དུ་བསྡུ་བ་དང༔ ཟས་ནོར་དགོས་འདོད་ཆར་ལྟར་དབབ་ཏུ་གསོལ༔ འབྱོར་པ་ལོངས་སྤྱོད་མང་པོ་རི་ལྟར་སྤུངས༔ ཆེ་བཙན་འཇིག་རྟེན་ཐམས་ཅད་བྲན་དུ་ཁོལ༔ སྙན་གྲགས་སྒྲ་ཡིས་རྒྱལ་ཁམས་ཁེངས་པར་མཛོད༔ འཇིག་རྟེན་ཀུན་གྱི་བདག་པོ་བྱེད་པར་ཤོག༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་གྱི་མཆོད་བསྐུལ་རྫོགས་སོ༔ འཁོར་རྣམས་བསྐུལ་བ་ནི༔ ཧཱུྃ༔ ལྷ་ཆེན་གཙོ་བོའི་གཡས་ཀྱི་བཀའ་ཉན་ནི༔ ཚོགས་ཀྱི་བདག་པོ་མདོག་དམར་གླང་ཆེན་དབུ༔ ཕྱག་གཡས་རིན་པོ་ཆེ་ཡི་ལྕགས་ཀྱུ་བསྣམས༔ གཡོན་པ་ལ་ཕུག་དང་ནི་རིན་ཆེན་འཛིན༔ རིན་ཆེན་བྲག་རི་བྱི་བའི་གདན་ལ་བཞུགས༔ ལྷོ་ནུབ་མཚམས་ཀྱི་བཀའ་ཉན་ཕོ་ཉ་ནི༔ ལྷ་ཡི་སྲས་པོ་གཞོན་ནུ་ཀཱརྟྟི་ཀེ༔ མདོག་དཀར་གཡས་པ་ནོར་བུ་རིན་ཆེན་བསྣམས༔ གཡོན་པ་རིན་པོ་ཆེ་ཡི་སྒྲོམ་བུ་བསྣམས༔ རིན་ཆེན་བྲག་གི་རི་ལ་མཛེས་པར་བཞུགས༔ ནུབ་ཀྱི་བཀའ་ཉན་ཏྲིིག་ཤ་ནག་པོ་ནི༔ ཕྱག་གཡས་རིན་ཆེན་འབར་བ་ཐུགས་ཀར་འཛིན༔ གཡོན་པ་ནེའུ་ལེ་ཡི་རྐྱལ་པ་བསྣམས༔ རིན་ཆེན་ཉི་ཟླ་པདྨའི་གདན་ལ་བཞུགས༔ ནུབ་བྱང་མཚམས་ཀྱི་ནོར་ལྷ་ཛམྦྷ་ལ༔ སྐུ་མདོག་དམར་པོ་ཕྱག་གཡས་རིན་ཆེན་འཛིན༔ གཡོན་པ་ནེའུ་ལེ་ནོར་གྱིས་གང་བ་བསྣམས༔ པདྨ་ཉི་ཟླ་བུམ་པའི་སྟེང་ན་བཞུགས༔ གཡོན་གྱི་བཀའ་ཉན་རྒྱལ་ཆེན་རྣམ་ཐོས་སྲས༔ སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ༔ གཡས་གཉིས་མདུང་དམར་དང་ནི་རིན་ཆེན་བསྣམས༔ གཡོན་གཉིས་ནེ་འུ་ལེ་དང་ལྕགས་ཀྱུ་བསྣམས༔ སྦོམ་ཞིང་སེང་གེའི་གདན་ལ་བརྐྱང་བསྐུམ་བཞུགས༔ བྱང་ཤར་མཚམས་ཀྱི་གནོད་སྦྱིན་ཨ་པ་རཱ༔ དཀར་པོ་ཕྱག་གཉིས་རིན་ཆེན་བུམ་པ་བསྣམས༔ པུས་བཙུག་བུམ་པའི་སྟེང་ན་བརྗིད་ལྡན་བཞུགས༔ མདུན་ན་ཞང་བློན་རྡོ་རྗེ་བདུད་འདུལ་ནི༔ སྔོན་པོ་ཕྱག་གཡས་རིན་ཆེན་སྒྲོམ་བུ་བསྣམས༔ གཡོན་ན་ནོར་བུ་རིན་ཆེན་འབར་བ་བསྣམས༔ རིན་ཆེན་བཻ་ཌཱུར་སྔོན་པོའི་ཁྲི་ལ་བཞུགས༔ ཤར་ལྷོར་གནོད་སྦྱིན་གང་བ་བཟང་པོ་ནི༔ གསེར་མདོག་ཕྱག་གཡས་གཏེར་གྱི་བུམ་པ་བསྣམས༔ གཡོན་ན་རིན་ཆེན་ནེའུ་ལེའི་རྐྱལ་པ་བསྣམས༔ རྟ་མཆོག་གསེར་གྱི་མདོག་ཅན་སྟེང་ན་བཞུགས༔ ལྷ་ཆེན་ནོར་ལྷ་བརྒྱད་ལ་མཆོད་པ་འབུལ༔ དབང་གི་ཕྲིན་ལས་འགྲུབ་པར་མཛད་དུ་གསོལ༔ ཞེས་མཆོད་ཅིང་བསྐུལ་ལོ༔ འཁོར་བསྐུལ་བ་རྫོགས་སོ༔ ྈྈྈ ྈྈྈ བྱང་ཟང་ཟང་ལྷ་བྲག་གི་བསེ་སྒྲོམ་སྨུག་པོའི་ནུབ་ཟངས་མཛོད་ནས་རིག་འཛིན་ཆེན་པོ་དངོས་གྲུབ་རྒྱལ་མཚན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་གཏེར་ནས་སྤྱན་དྲངས་པའོ། །དགེའོ།། །།

ལྷ་བཙུན་དག་སྣང་རིག་འཛིན་སྲོག་སྒྲུབ་ཀྱི་གསོལ་འདེབས་ (Volume 9, Text 1)

ན་མོ་གུ་རུ། སྙིང་དབུས་ལྷན་སྐྱེས་གཉུག་མའི་ཡེ་ཤེས་ངང་། ཁྱབ་བརྡལ་ཆོས་དབྱིངས་གང་བའི་འོད་ཕུང་འཁྲིགས། །སྣང་སྟོང་དབྱེར་མེད་སྣང་སྲིད་བླ་མའི་ཞིང་། །ལྷ་བཙུན་ཆེན་པོའི་སྐུ་ལ་གསོལ་བ་འདེབས། །སྒྲ་གྲགས་གཟུང་འཛིན་བྲལ་བ་རྒྱལ་བའི་གསུང་། །གྲགས་སྟོང་ཐིག་ལེ་ཉག་གཅིག་དཀྱིལ་འཁོར་རྫོགས། །ཕྱི་ནང་ཆོས་དབྱིངས་དག་པའི་རང་སྒྲ་འུར། །ལྷ་བཙུན་ཆེན་པོའི་གསུང་ལ་གསོལ་བ་འདེབས། །བགྲོད་བྲལ་ཐེག་ཀུན་སྙིང་པོ་བརྗོད་མེད་གཞི། །འོད་གསལ་རང་བཞིན་སྙིང་པོ་རྫོགས་པ་ཆེ། །ས་ལམ་གཞི་ལ་དག་པའི་ཆོས་ཟད་ཀློང་། །ལྷ་བཙུན་ཆེན་པོའི་ཐུགས་ལ་གསོལ་བ་འདེབས། །སྐུ་གསུམ་དབྱེར་མེད་རྒྱལ་བ་ཀུན་འདུས་གང་། །རིགས་ཀུན་ཁྱབ་བདག་རིག་འཛིན་ལྷ་བཙུན་པས། །ལམ་ངན་འཁོར་བའི་གཡང་ས་ལས་བསྐྱབས་ནས། །ཞིང་མཆོག་དག་པ་པདྨ་འོད་དུ་དྲོངས། །འདུས་པ་རྒྱ་མཚོ་མི་འབྲལ་ལྷན་ཅིག་འགྲོགས། །སྟོང་གསལ་དྭངས་མ་འོད་ལྔའི་ཚོམ་བུའི་ཀློང་། །བླ་མེད་རིག་འཛིན་མཆོག་གི་ས་ཆེན་ནོན། །ཟང་ཐལ་མཁའ་སྤྱོད་ཞིང་རྣམས་མ་ལུས་པ། །རྨད་བྱུང་སྤྲུལ་སྐུའི་རོལ་པས་ཁྱབ་པར་ཤོག །སྲིད་པའི་ཁ་ལོ་གྱེན་དུ་བསྒྱུར་བར་ཤོག །འཁོར་བའི་མཚན་མ་མི་དམིགས་སྟོངས་པར་ཤོག །ཆོས་དབྱིངས་ཆེན་པོར་ཕྱམ་ཅིག་རིས་མེད་ཤོག །ཡང་བསྡུས་པ་ནི། ཆོས་དབྱིངས་མཁའ་ཀློང་རྣམ་དག་རྡོ་རྗེའི་སྦུབས། །མདངས་གསལ་ལྷུན་གྲུབ་ཉིན་བྱེད་མཚན་དཔེའི་སྐུ །ཞིང་འདིར་གདུལ་བྱའི་དཔལ་མགོན་དམ་པའི་མཆོག །ལྷ་བཙུན་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །སྣང་སྲིད་དག་པ་རབ་འབྱམས་མཁའ་སྤྱོད་དབྱིངས། །སྣང་གྲགས་བླ་མ་ལྷ་དང་ཌཱ་ཀིའི་གཙོ། །དཔལ་ཆེན་དཔའ་བོའི་དབང་ཕྱུག་ཧེ་རུ་ཀ །ནམ་མཁའ་འཇིགས་མེད་ཞབས་ལ་གསོལ་བ་འདེབས། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རང་སེམས་ཆོས་སྐུ་མངོན་སུམ་སྟོན་མཛད་པའི། །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །མདོ་རྒྱུད་བསྟན་བཅོས་མན་ངག་ཟབ་མོ་ཡི། །ཆོས་རྣམས་གང་ལ་ཞུས་པའི་རྩ་བ་དང་། །བརྒྱུད་པའི་བླ་མ་མ་ལུས་ཐམས་ཅད་ལ། །རྟག་ཏུ་གུས་པའི་ཡིད་ཀྱིས་གསོལ་བ་འདེབས། །ཞེས་ལེ་ཚན་འདི་དག་གསུང་རྒྱུན་བྱིན་རླབས་དང་ལྡན་པ་ལགས་སོ།། །།

གཤིན་རྗེའི་གཤེད་ཀྱི་རྒྱུད་ཀྱི་རྩ་དུམ་ཤོག་དྲིལ་དང་པོ་གཙུག་ལག་དཔལ་དགེའི་ཐུགས་བཅུད་ (Volume 18, Text 1)

༁ྃ༔ གཤིན་རྗེའི་གཤེད་ཀྱི་རྒྱུད་ཀྱི་རྩ་དུམ་ཤོག་དྲིལ་དང་པོ་གཙུག་ལག་དཔལ་དགེའི་ཐུགས་བཅུད་བཞུགས༔ ༔ ྈྈྈྈྈ ཡང་དག་པའི་སྐད་དུ༔ མཉྫུ་ཤྲཱི་ཡ་མཱནྟ་ཀ༔ བོད་སྐད་དུ༔ འཇམ་དཔལ་ཡེ་ཤེས་སེམས་དཔའ་སྙིང་རྗེ་ཆེན་པོས་གཤིན་རྗེའི་གཤེད་དུ་བཞེངས་པ་ཞེས་བྱ་བ༔ འཇིག་རྟེན་འདི་ན་གདུག་པ་ཅན་ཐམས་ཅད༔ དེ་ལས་མི་བསྲུན་གཤིན་རྗེའི་ཚོགས༔ འཇིག་རྟེན་ཕུང་བར་བྱེད་དུ་ཉེ་བ་ན༔ རྒྱལ་བས་བཀའ་བགྲོས་འཇམ་དཔལ་ཡེ་ཤེས་སེམས༔ གདུག་པ་འདུལ་ཕྱིར་ཁྲོ་བོའི་སྐུར་བསྟན་ཏེ༔ གཤིན་རྗེའི་ཚོགས་བཏུལ་བཅོམ་ལྡན་ཉིད་ལ་འདུན༔ གསང་བའི་བདག་པོས་བཅོམ་ལྡན་ཁྲོ་བོའི་རྒྱལ༔ བསྟན་ལ་གནོད་པའི་དགྲ་བོ་སྒྲོལ་བ་ན༔ ཐབས་ནི་ཇི་ལྟར་གསོལ་བས་མགོན་པོ་ཡིས༔ སྙིང་རྗེ་ལྡན་པའི་ལག་ན་རྡོ་རྗེ་ཉོན༔ བདག་གི་ཕྱག་རྒྱའི་སྐུ་ནི་ཚུལ་བཞིན་བསྒོམ༔ སྙིང་པོའི་འཁྲུལ་འཁོར་སྟོང་ཉིད་སྲོག་ལྡན་པའི༔ མཆོད་རྟེན་ནག་པོའི་སྟེང་འོག་བར་གསུམ་ན༔ གཤིན་རྗེའི་གྲོང་ཁྱེར་བཀོད་དེ་བསྟན་དགྲ་རྣམས༔ ཟས་སུ་གཏད་པས་བྱད་པོ་བརླག་པར་འགྱུར༔ མཛེ་སྒྲོམ་ནང་དུ་གཤིན་རྗེའི་གྲོང་ཁྱེར་བཅའ༔ བསྟན་དགྲ་བར་དུ་བཙིར་ཞིང་མཚོན་གྱིས་བསྣུན༔ ཧོམ་གྱི་ནང་དུ་གཤིན་རྗེའི་གྲོང་ཁྱེར་བཅའ༔ དགྲ་བོ་ཁར་བཏབ་མྱུར་དུ་བརླག་པར་འགྱུར༔ ནག་པོ་རླུང་གི་སྒྲོམ་ནང་གཤིན་རྗེའི་གྲོང༔ དགྲ་བོ་ཟས་སུ་གཏད་པས་བརླག་པར་འགྱུར༔ མདུན་དུ་གཤིན་རྗེའི་གྲོང་ཁྱེར་ལེགས་བཅས་ཏེ༔ དགྲ་བོ་ཁྲག་གིས་བསད་དེ་ཞལ་དུ་བསྟབ༔ རི་རབ་གསུམ་འོག་གཤིན་རྗེའི་གྲོང་ཁྱེར་ལ༔ དགྲ་བོ་གཉེར་དུ་གཏད་པས་བཟློག་པ་རྨད༔ ཕས་ཀྱི་དམོད་པ་བཤིགས་པར་བྱ་བའི་ཕྱིར༔ མཆོག་དང་ཕག་མོའི་འཁོར་ལོའི་སྦྱོར་བ་བརྩམ༔ སྲིད་པའི་རི་བསྒྱེལ་མཚོན་ཆའི་འཁོར་ལོ་བསྐོར༔ དེ་ཡིས་བསྟན་དགྲ་གཟེར་ནད་གྲི་ཡིས་འཆི༔ བསྟན་པ་བསྲུང་ལ་མན་ངག་མེད་ཐབས་མེད༔ ལག་ན་རྡོ་རྗེར་ཟུངས་ཤིག་ཅེས་བསྒོས་ནས༔ མགོན་པོ་ལེགས་སོ་བཀའ་དྲིན་མཆོག་ཏུ་གྱུར༔ ཅེས་གསོལ་ལག་ན་རྡོ་རྗེ་ཡི་རང་ངོ༔ ཞེས་གཤིན་རྗེའི་རྒྱུད་ཀྱི་རྩ་དུམ་ཤོག་དྲིལ་གཙུག་ལག་དཔལ་དགེའི་ཐུགས་བཅུད་པདྨ་བདག་ལ་བསྩལ་པའོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ྈྈྈྈ ༁ྃ༔ གཤིན་རྗེ་ཚེ་བདག་ནག་པོ་ལས༔ ཤོག་དྲིལ་གཉིས་པ་བཞུགས༔ ༁ྃ༔ ྈྈྈྈྈ ཚེ་བདག་ནག་པོའི་སྐུ་ལ་ཕྱག་འཚལ་ལོ༔ དེ་ཡང་འཇིག་རྟེན་འདི་ཉིད་གཤིན་རྗེས་ཕུང་བར་གྱུར་པའི་ཚེ༔ རྒྱལ་བ་རྣམས་བཀའ་བགྲོས་པས་འཇམ་དཔལ་ཡེ་ཤེས་སེམས་དཔས་འདུལ་བར་དགོངས་ཏེ་འཇམ་དཔལ་ཉིད་དྲག་པོ་ཆེན་པོའི་སྐུར་བཞེངས་ཏེ༔ ལྷོ་ཕྱོགས་ཀྱི་དུར་ཁྲོད་ཆེན་པོར་བྱོན་ནས་གཤིན་རྗེ་རྣམས་དབང་དུ་བསྡུས་ནས་སྲོག་སྙིང་བླངས༔ དེའི་ཚེ་ལག་ན་རྡོ་རྗེས་བསྟན་པའི་དགྲ་བགེགས་བསྒྲལ་བའི་ཐབས་ཇི་ལྟར་བྱ་ཞེས་ཞུས་པས༔ ཁྲོ་བོ་ཆེན་པོའི་སྐུ་ཕྱག་རྒྱ་བསྒོམ་པ་སྟོད་ལས་ཀྱི་སྐོར་དང༔ སྨད་ལས་དགྲ་བགེགས་བསྒྲལ་བའི་སྐོར་རྣམས་གསུངས་ཏེ༔ འཇམ་དཔལ་རྩ་རྒྱུད་དང༔ སྡིག་པ་སྙིང་འཛིན་གྱི་རྒྱུད་སོགས་གྲངས་ལས་འདས་པར་གསུངས་ཤིང༔ དེའི་ནང་ནས་སྙིང་པོར་བསྡུས་པ་རྩ་བ་དུམ་བུའི་རྒྱུད་འདི་ཉིད་ཡིན་ཏེ༔ བདག་ཉིད་ཕྱག་རྒྱའི་སྐུ་ནི་ཞི་ཁྲོའི་བསྙེན་སྒྲུབ་ཡན་ལག་བཞི་ལྡན་སྙིང་པོའི་འཁྲུལ་འཁོར་ཛཔ྄་དགོངས་བཞི༔ སྲོག་ལྡན་ནི་རྫོགས་རིམ༔ ལས་སྦྱོར་མཆོད་རྟེན་དཀར་ནག་གི་ནང་དུ་འཁོར་ལོ་དགུ་རྣམས་གཤིན་རྗེའི་གྲོང་ཁྱེར་དུ་བསམ་པ་སྲུང་ཟློག་བསད་གསུམ་གྱི་མན་ངག་ཐམས་ཅད་འདུས་པའི་གཅིག་ཆོག་གི་གདམས་པ་དང༔ རླུང་གི་སྒྲོམ་ནི་རླུང་འཁོར་བསྐོར་བའི་མན་ངག་དང༔ མདུན་དུ་གཤིན་རྗེའི་གྲོང་ཁྱེར་བཅའ་བ་ནི་གཏོར་ཟློག༔ ཁྲག་བསད་ཀྱི་གདམས་པར་གསུངས་པ་དང༔ མཛེ་སྒྲོམ་ནི་མཛེ་ཐོད་ནང་དུ་གཏད་ཆས་བྱ་བ་དང༔ སྲིད་པའི་རི་བསྒྱེལ་དང༔ མཚོན་ཆའི་འཁོར་ལོ་བསྐོར་བ་དང༔ མཆོག་ཕག་གི་འཁོར་ལོ་རྣམས་མཆོད་རྟེན་གྱི་ཁོངས་སུ་འདུས་པ་དང༔ སོ་སོར་ལས་སྦྱོར་ཡང་རུང་བར་གསུངས༔ ཧོམ་དུ་བསྐྱེད་པ་ནི་སྦྱིན་སྲེག་གི་ལས་ཏེ༔ ལས་དེ་རྣམས་ཀྱིས་བསྟན་དགྲ་བརླག་པར་གསུངས་པས༔ ལག་ན་རྡོ་རྗེ་རྗེས་སུ་ཡི་རང་ངོ༔ གཙུག་ལག་དཔལ་དགེས་པདྨ་བདག་ཉིད་ལ་གདམས་པས་འདི་ནི་ཤིན་ཏུ་གསང་བར་བྱའོ༔ ཡང་གསང་གི་ཤོག་དྲིལ་གཅིག་བརྒྱུད་ཁོ་ནའོ༔ ས་མ་ཡ་རྒྱཿརྒྱཿརྒྱཿ ྈྈྈྈ ༁ྃ༔ གཤིན་རྗེ་ཚེ་བདག་ནག་པོ་ལས༔ ཤོག་དྲིལ་གསུམ་པ་བཞུགས་སོ༔ ༁ྃ༔ ྈྈྈྈ ཚེ་བདག་ནག་པོའི་སྐུ་ལ་ཕྱག་འཚལ་ལོ༔ རྩ་བའི་སྒྲུབ་ཐབས་དང་པོ་ཞི་བར་སྒྲུབ་པ་ནི༔ དབེན་པའི་གནས་སུ་སྐུ་གསུང་ཐུགས་རྟེན་བཀྲམ༔ ཕྱི་ནང་གསང་བའི་མཆོད་པ་བཤམས་ལ་བྱིན་གྱིས་བརླབས་ལ༔ ཧཱུྃ༔ མ་བཅོས་སྟོང་པའི་དབྱིངས་ཉིད་ལས༔ ཧཱུྃ་གི་སྒྲ་ལས་སྲུང་བའི་གུར༔ པདྨ་ཉི་ཟླའི་གདན་སྟེང་དུ༔ མཱུྃ་ལས་འཇམ་དཔལ་ཡེ་ཤེས་སེམས༔ དམར་སེར་རལ་གྲི་པོ་ཏི་འཛིན༔ ཞི་བའི་ཆས་བརྒྱན་སྐྱིལ་ཀྲུང་བཞུགས༔ གནས་གསུམ་ཨོཾ་ཨཱཿཧཱུྃ་རྣམས་མཚན༔ ཐུགས་ཀར་ཟླ་སྟེང་མཱུྃ་ཡིག་ལ༔ སྔགས་ཀྱི་ཕྲེང་བས་གཡས་སུ་བསྐོར༔ ཨོཾ་ཝཱ་གཱི་ཤྭ་རི་མཱུྃ༔ སྤྲོ་བསྡུས་དོན་བྱས་སྣོད་བཅུད་ཀུན༔ ཡེ་ཤེས་ལྷ་ཡི་འཁོར་ལོར་བལྟ༔ སླར་འདུས་འོད་གསལ་ངང་ལ་བསྡུ༔ སླར་ཡང་ལྷར་གསལ་བ་སོགས་ཞི་བར་བསྙེན་པའོ༔ གཉིས་པ་ཁྲོ་བོའི་ཉེ་བསྙེན་ནི༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་སོང་ནས༔ ཨེ་ཉིད་སྟོང་པ་དབྱིངས་ཉིད་ལས༔ མ་བཅོས་ལོངས་སྤྱོད་རྫོགས་པའི་སྐུ༔ བཅོམ་ལྡན་ཕྱག་རྒྱ་ཟིལ་གནོན་ནི༔ ཧ་ལའི་མདོག་འདྲ་ཞལ་གསུམ་པ༔ གཡས་དཀར་གཡོན་དམར་སྤྱན་དགུ་བསྒྲད༔ དབུ་སྐྲ་ཐུར་བཅིངས་ཐོད་རྒྱན་ཅན༔ གཡས་གསུམ་འཁོར་ལོ་རྡོ་རྗེ་གྲི༔ གཡོན་གསུམ་བེ་ཅོན་གཏུན་ཤིང་དང༔ སྡིགས་མཛུབ་འབར་བས་བགེགས་དཔུང་བརླག༔ གཤོག་བརྒྱང་དུར་ཁྲོད་ཆས་རྣམས་གསོལ༔ སྦྱོར་ཡུམ་ནག་མོ་བེ་ཏཱ་ལི༔ སྙིང་དང་ཐོད་ཁྲག་འཛིན་པས་འཁྱུད༔ ཐུགས་ཀར་ཡ་མ་ཕྱག་རྡོར་དང༔ རུ་སྦལ་མི་ཟན་ཧཱུྃ་ཡིག་བསམ༔ སྣང་སྲིད་འཁོར་ལོ་རྩིབས་སྟོང་པ༔ དབུས་སུ་མཆོད་རྟེན་བུམ་པ་རུ༔ རྒྱ་གྲམ་རྡོ་རྗེ་ཉི་ཟླའི་དབུས༔ བདག་ཉིད་གསལ་བའི་ཕྱི་རོལ་དུ༔ གསེར་གྱི་ག་འུ་རྡོ་རྗེ་དང༔ འཁོར་ལོ་རིན་ཆེན་པདྨ་དང༔ རྒྱ་གྲམ་རལ་གྲི་ས་ཆུ་མེ༔ རླུང་དང་ནམ་མཁའ་སྟོང་ཉིད་སྒྲ༔ བར་མཚམས་ཁྲོ་བོ་ཁྲོ་མོ་དང༔ མཚོན་ཆ་རབ་འབར་གུར་དུ་འཁྲིགས༔ ཐུགས་ཀའི་ཧཱུྃ་ཡིག་ཉི་གདན་ལ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ གསལ་ཞིང་བརྟན་ན་སྔགས་ཕྲེང་འཁོར་བའི་འོད་ཟེར་འཕྲོ་འདུ་བྱ༔ སྒྲུབ་པ་ནི༔ མདུན་དུ་དམ་ཚིག་རྟེན་བྲིས་སྐུ་བཤམ་ཞིང༔ ཕྲིན་ལས་བཞིན་བདག་ཉིད་ཀྱི་ལུས་ལ་དཀྱིལ་འཁོར་བཀོད་དེ༔ ཡུམ་གྱིས་བསྐུལ་བས་སྐུ་གསུང་ཐུགས་ཀྱི་འོད་ཟེར་སྤྲོ་བསྡུས་བྱིན་རླབས་རྣམས་བསྡུ༔ སྒྲུབ་པ་ཆེན་པོར་མདུན་དུ་དཀྱིལ་འཁོར་ཚུལ་བཞིན་བྲིས༔ དབུས་སུ་ཐོད་བྱང་ཁ་སྦྱོར་གྱི་ནང་དུ་དངོས་གྲུབ་ཀྱི་རྫས་རྣམས་བྲུབ༔ ཕྱི་ནང་གསང་བའི་མཆོད་པ་བཤམས་ལ༔ ཕྲིན་ལས་གཞུང་བཞིན་བདག་མདུན་དབྱེར་མེད་དུ་བསྒོམ༔ ཡེ་ཤེས་ཀྱི་དཀྱིལ་འཁོར་མདུན་དུ་བསྒོམས་པའི་ལྟེ་བའི་ཏྲཱཾ་ལས་འོད་ཟེར་འཕྲོ་འདུས་འཁོར་འདས་སྣོད་བཅུད་ཀྱི་བཅུད་རྣམས་བསྡུས་ནས་རྫས་ལ་བསྟིམ༔ དངོས་གྲུབ་ཀྱི་རྒྱ་མཚོར་འཁྱིལ་བར་བསམ་ཞིང་སྐབས་སུ་འཛབ་དབྱངས་བྱ་ཞིང་སྣང་སྲིད་གཤིན་རྗེ་རོལ་པའི་དཀྱིལ་འཁོར་ཡོངས་རྫོགས་སུ་གསལ་བས་འཛབ་དབྱངས་འབྲུག་སྟོང་ལྡིར་བ་ལྟར་བསམ༔ འགྲུབ་པའི་རྟགས་མཚན་ཁྱད་པར་ཅན་བྱུང་ན་དངོས་གྲུབ་བླང༔ མཚམས་གྲོལ་བ་སོགས་གཞུང་བཞིན་བྱའོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ྈྈྈྈྈ

བླ་མ་དགོངས་པ་འདུས་པ་ལས༔ ཉེས་པ་ཀུན་སེལ་བྱིན་རླབས་ཀྱི་སྒྲོན་མེ་ (Volume 48, Text 1)

༁ྃ༔ བླ་མ་དགོངས་པ་འདུས་པ་ལས༔ ཉེས་པ་ཀུན་སེལ་བྱིན་རླབས་ཀྱི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ༔ གཞན་དོན་ལས་ཚོགས་ཀྱི་སྐོར་དྲུག་པའོ། ། ྈྈྈྈྈྈྈྈ ན་མོ་གུ་རུ་དྷེ་བ་ཌཱ་ཀི་ནཱི་ཧཱུྃ༔ སྤྱི་དོན་དྲུག་པ་ཉེས་པ་ཀུན་སེལ་བྱིན་རླབས་ཀྱི་སྒྲོན་མེ་ནི༔ གཟའ་སྐར་ངན་པ་ལ་བབས་པའི་ཚེ་བྱ་བ་བྱས་པ་ལ་སོགས་པ་བྱ་བ་བཟང་ངན་འབྲིང་སོགས་གང་བྱས་ལམ་དུ་མ་སོང་ཞིང༔ ཉེས་པ་ཅན་དུ་གྱུར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མགྲོན་བཞི་ལ་སོགས་པ་སྣང་སྲིད་ཀྱི་ལྷ་འདྲེ་རྣམས་ལ་གཏོར་མ་གསེར་སྐྱེམས་དང་ཆབ་གཏོར་བརྔན་ཆ་ལ་སོགས་པ་འབུལ་ཞིང༔ རང་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག༔ དེའི་གཡས་དང་གཡོན་དུ་འཕགས་པ་འཇམ་དཔལ་དང་ཕྱག་ན་རྡོ་རྗེ་བསྒོམ་ཞིང༔ ཐུགས་ཞི་བ་མཉམ་ཉིད་ཆོས་ཀྱི་དབྱིངས་ཀྱི་ངང་ནས་འདི་ལྟར་བཀླག་པར་བྱའོ༔ འཕགས་པ་བདེན་པ་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ༔ བདག་ཅག་དཔོན་སློབ་གཡོག་མི་ནོར་འཁོར་འདབས་སྲིད་དང་བཅས་པ་ཐམས་ཅད་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ལས་རྣམ་པར་རྒྱལ་བར་གྱུར་ཅིག༔ ན་མསཏྲཻ་ཡ་དྷྭི་ཀཱ་ནཱཾ༔ ཏ་ཐཱ་ག་ཏཱ་ནཱཾ༔ སརྦ་ཏྲ་ཨ་པྲ་ཏི་ཧ་ཏཱ་བཱཔྟི་དྷརྨ་ཏཱ་བ་ལི་ནཱཾ༔ ཨ་ས་མ་ས་མ་ས་མནྟ་ཏོ༔ ནནྟཱ་བཱཔྟི་ཤཱ་ས་ནི༔ ཧ་ར་ཧ་ར་སྨ་ར་སྨ་ར་ཎ༔ བི་ག་ཏ་རཱ་ག་བུད་དྷ་དྷརྨཱ་ཏེ༔ ས་ར་ས་ར་ས་མ་བ་ལ༔ ཧ་ས་ཧ་ས༔ ཏྲ་ཡ་ཏྲ་ཡ༔ ག་ག་ན་མ་ཧཱ་བ་ར་ལཀྵ་ཎེ༔ ཛྭ་ལ་ཛྭ་ལ་ན་སཱ་ག་རེ་སྭཱ་ཧཱ༔ ཨཱོྃ་སྭསྟི༔ བཛྲ་གརྦྷེ་སྭཱ་ཧཱ༔ ཨཱོྃ་དྷརྨ་དྷཱ་ཏུ་པྲ་ཛྭ་ལ་སྭཱ་ཧཱ༔ ཨཱོྃ་སྭསྟི་སརྦ་གརྦྷེ་སྭཱ་ཧཱ༔ ཨཱོྃ་སརྦ་དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ༔ པྲ་ཛྭ་ལ་པྲ་ཛྭ་ལ་སྭཱ་ཧཱ༔ ཨཱོྃ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ༔ ཨཱོྃ་སརྦ་བིདྱཱ་སྭཱ་ཧཱ༔ ཏདྱ་ཐཱ༔ ཨཱོྃ་མུ་ནི་དྷརྨེ༔ སཾ་གྲ་ཧ་དྷརྨེ༔ ཨ་ནུ་གྲ་ཧ་དྷརྨེ༔ བི་མུཀྟེ་དྷརྨེ༔ ས་དྷ་ཨ་ནུ་གྲ་ཧ་དྷརྨེ༔ བྷཻ་ཤ་ར་མ་ན་པ་རི་བརྡྷ་ན་དྷརྨེ༔ སརྦ་ཀཱརྻ་པ་རི་པྲ་མ་ཎ་དྷརྨེ༔ ས་མནྟ་ཨ་ནུ་པ་རི་བརྟི་ན་དྷརྨེ་སྭཱ་ཧཱ༔ ཨཱོྃ་པྲཛྙཱེ་ཤུ་ཏི་སྨྲྀ་ཏི་བི་ཛ་ཡེ༔ དྷཱིཿདྷཱ་ར་ཎི་ཡཻ་སྭཱ་ཧཱ༔ ཨཱོྃ་པྲ་ཛྙཱ་བ་ལེ་སྭཱ་ཧཱ༔ ན་མོ་བུདྡྷཱ་ཡ༔ ཨཱོྃ་དྷུ་ན་དྷུ་ན་མ་ཧཱ་བཱི་ར་ཧཱུྃ་ཕཊ་སྭཱ་ཧཱ༔ ན་མ་སཏྲཻ་ཡ་དྷྭི་ཀཱ་ནཱཾ༔ སརྦ་ཏ་ཐཱ་ག་ཏཱ་ནཱཾ༔ ན་མོ་བུདྡྷཱ་ཡ༔ ཨཱོྃ་དྷུ་ན་དྷུ་ན༔ མ་ཧཱ་བཱི་ར་ཨ་བྷི་ཥིཉྩ་ཏུ་མཱཾ༔ སརྦ་ཏ་ཐཱ་ག་ཏ་སྭཱ་ཧཱ༔ ན་མ་སཏྲཻ་ཡ་དྷྭི་ཀཱ་ནཱཾ༔ སརྦ་ཏ་ཐཱ་ག་ཏ་ཧཱུྃ་སྭཱ་ཧཱ༔ ཏ་ཐཱ་ག་ཏ༔ ཨཥྚ་སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཨཱོྃ་ཀི་ལི་མི་ལི་བེ་ཏ་ལི་ཨ་ཏི་ལ་སྭཱ་ཧཱ༔ ཨཱོྃ་ཨ་ཀ་ནི་ནི་ཀ་ནི་ཨ་བྷི་ལ་མནྡྷ་ལ་མཎྜ་ལེ་སྭཱ་ཧཱ༔ ཨཱོྃ་ཀི་ལི་མི་ལི་པ་རི་ཤ་པ་རི་ཤ༔ ཨཱ་ར་ཡ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧོཿཧོཿཧོ༔ ཐཱ་ཐཱ་ཐཱ་སརྦ་ནཱ་ག་ཐཱ་སྭཱ་ཧཱ༔ ཏདྱ་ཐཱ༔ ཨ་བ་མེ༔ ཨ་མ་བ་མེ༔ ཨ་མ་ཏེ༔ པ་ཏི་ཀུཉྫ་ར་ན༔ སུ་ཀ་ར་མ་ཧཱ་ཛ་ལུ༔ ཁ་མ་ཁ་ཡཱ༔ ཨི་ལི་མི་ལི༔ ཀི་ལི་མི་ལི༔ ཀེ་ཏྲེ་པ་ར་མུན་ཏྲེ༔ མུ་ཁེ་སྭཱ་ཧཱ༔ ཏདྱ་ཐཱ༔ ཨ་བ་ལོ་ཀི་ཏེ༔ ཨ་བ་ལོ་ཀི་ཏེ༔ སཾ་བྷ་བེ༔ དྷ་ར་དྷ་ར་དྷ་ར༔ བཱ་ར་བཱ་ར་བཱ་ར༔ ཀ་ལེ་ཀ་ལེ་ཀ་ལེ༔ མ་ཧཱ་ཀ་ལེ༔ ཨ་བ་ལོ་ཀི་ཏེ༔ པྲ་སཱ་དྷ་ནི༔ དྷ་མེ་དྷ་མེ་དྷ་མེ༔ དྷ་མེ་ནི༔ མ་ཧ་ཏེ༔ བདག་ལ་བསྲུང་དུ་གསོལ༔ འཕགས་པ་རིགས་གསུམ་མགོན་པོ་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཅན་ལ་གུས་པས་ཕྱག་འཚལ་ལོ༔ བདག་འཇིགས་པ་ཐམས་ཅད་དང༔ གནོད་པ་ཐམས་ཅད་དང༔ གཤེད་བྱེད་ཐམས་ཅད་དང༔ བྱད་སྟེམས་ཐམས་ཅད་དང༔ ནད་ཐམས་ཅད་དང༔ སྡིག་པ་ཐམས་ཅད་དང༔ གཟའ་ཉེས་པ་དང༔ སྐར་མ་ཉེས་པ་དང༔ བགོ་ཉེས་པ་དང༔ གནོད་གྲིབ་དང༔ གནོད་ལྟས་དང༔ གནོད་པ་ཐམས་ཅད་ལས་བསྲུང་དུ་གསོལ༔ ལོ་མི་རུང་བ་དང༔ ཟླ་བ་མི་རུང་བ་དང༔ ཞག་མི་རུང་བ་དང༔ དུས་ཚོད་མི་རུང་བ་དང༔ ཟ་མ་མི་རུང་བའི་གནོད་པར་གྱུར་པ་ཐམས་ཅད་ཞི་བར་གྱུར་ཅིག༔ གནོད་པར་གྱུར་པ་དེ་དག་ཐམས་ཅད་ཕྱིར་ཟློག་པར་གྱུར་ཅིག༔ བྱ་བ་ལས་སྟབས་ངན་པར་གྱུར་པ་ཐམས་ཅད་ལས་བསྐྱབ་ཏུ་གསོལ༔ ཉེས་པར་གྱུར་པ་ཐམས་ཅད་སོར་ཆུད་ནས་བདག་ཅག་འཁོར་དང་བཅས་པ་ཐམས་ཅད་བདེ་ལེགས་སུ་གྱུར་ཅིག༔ བཟའ་དང་བཞོན་པ་དཔུང་ཚོགས་དང༔ གོས་དང་སྤྱན་གཟིགས་ལོངས་སྤྱོད་དང༔ འདོད་པ་ཕུན་སུམ་ཚོགས་གྱུར་ཅིག༔ ཚེ་རིང་བ་དང་ནད་མེད་དང༔ དཔལ་དང་གཟི་བརྗིད་རྒྱས་གྱུར་ཅིག༔ གང་ཡང་བདག་ཅག་འཁོར་བཅས་ཀྱིས༔ འདོད་པ་ཡིད་བཞིན་འགྲུབ་གྱུར་ཅིག༔ མི་མཐུན་ཕྱོགས་ལས་རྣམ་རྒྱལ་ཞིང༔ རེ་བ་ཡོངས་སུ་སྐོང་བར་ཤོག༔ རང་གཞན་ཀུན་ལ་རྩོད་གྱུར་པ༔ བསམ་པ་ངན་དང་སྦྱོར་བ་ངན༔ རྨི་ལམ་ངན་པ་ཀུན་ཞི་ནས༔ རྒྱལ་ཁམས་ཡོངས་སུ་བདེ་གྱུར་ཅིག༔ ནད་ཡམས་འཁྲུགས་རྩོད་མེད་པ་དང༔ ལོ་ཉེས་སད་སེར་མེད་པ་དང༔ འཇིག་རྟེན་ཁམས་ཀུན་བདེ་གྱུར་ཅིག༔ རྒྱལ་བ་ཅན་གྱི་འཕགས་པ་ཡིས༔ ཀུན་ནས་བདག་ཅག་བསྐྱབ་ཏུ་གསོལ༔ གཤིན་པོ་གནས་ངན་སྤངས་ནས་ཀྱང༔ མཐོ་རིས་བདེ་བ་ཐོབ་གྱུར་ཅིག༔ གསོན་པོ་ཚེ་དང་ལྡན་པ་རྣམས༔ ཆོས་དང་མཐུན་པའི་དབང་བྱས་ནས༔ ཀུན་ནས་བྱང་ཆུབ་ལམ་ཞུགས་ཤིང༔ འབྲས་བུ་སྐུ་གསུམ་ཐོབ་པར་ཤོག༔ འཕགས་པའི་ཞལ་བཟང་མཐོང་ནས་ཀྱང༔ མྱུར་དུ་རྗེས་སུ་གཟུང་དུ་གསོལ༔ གསུང་ཐོས་ཐུགས་ཀྱིས་བརྩེར་དགོངས་ནས༔ ཁྱེད་དང་དབྱེར་མེད་གཅིག་པར་ཤོག༔ ཅེས་སྨོན་ལམ་དང་བཅས་པ་ལན་གསུམ་གདབ་པས༔ ཉེས་པར་གྱུར་པ་ཐམས་ཅད་སོར་ཆུད་ནས༔ ནམ་དུའང་བདེ་ལེགས་ཀྱི་དཔལ་ལ་ལོངས་སྤྱོད་པར་འགྱུར་རོ༔ ཨི་ཐི༔ ཉེས་པ་ཀུན་སེལ་བྱིན་རླབས་ཀྱི་སྒྲོན་མེ་ཞེས་བྱ་བ༔ ད་ལྟ་མངའ་བདག་ཡབ་སྲས་དང༔ མ་འོངས་རྗེས་འཇུག་རྣམས་ཀྱི་དོན་དུ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས་བཀོད་པའོ༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ཐམས་ཅད་མཁྱེན་པ་མ་ཧཱ་གུ་རུ་ཡིས༔ དུས་གསུམ་ཀུན་དོན་སྒྲོན་མེ་དྲུག་སྐོར་འདི༔ བདག་འདྲ་ཡེ་ཤེས་མཚོ་རྒྱལ་གཟུངས་ཀྱིས་བཟུང༔ མ་སྤེལ་གསང་རྒྱ་རིན་ཆེན་གཏེར་དུ་སྦས༔ ལན་གཅིག་སྐལ་པ་དུས་ཀྱི་ཐ་མ་ལ༔ སྨོན་ལམ་ལས་སད་གཅིག་དང་འཕྲད་པར་ཤོག༔ དུས་དེར་འདི་སྤྱོད་འགྲོ་བ་བསོད་ནམས་ལྡན༔ དེ་ཕྱིར་གཡར་དམ་སེམས་ཀྱི་ཕུར་དུ་ཆོངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ དྷ་ཐིམ༔ སྤྲུལ་སྐུ་སྐྱེས་མཆོག་རྣལ་འབྱོར་གྱི་དབང་ཕྱུག་རོལ་པ་ཡེ་ཤེས་རྩལ་གྱིས་པུ་རི་ཕུག་མོ་ཆེ་ནས་གདན་དྲངས་པའོ། །ཤུབྷམསྟུསརྦ་ཛགཏཾ།། །།

ཚེ་གཡང་འགུགས་པའི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་ཚེ་བསོད་འདོད་རྒུའི་དཔལ་སྟེར་ (Volume 50, Text 1)

༄༅། །ཚེ་གཡང་འགུགས་པའི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་ཚེ་བསོད་འདོད་རྒུའི་དཔལ་སྟེར་ཞེས་བྱ་བ་བཞུགས་སོ། ། བླ་མ་རྩ་བ་གསུམ་ལ་ཕྱག་འཚལ་ལོ། །གུ་རུ་ཡིད་བཞིན་ནོར་བུ་རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ་ལ་བསྟེན་ནས་ཚེ་དང་གཡང་གི་དངོས་གྲུབ་ལྷན་ཅིག་ཏུ་བསྒྲུབ་པར་འདོད་པས་གནས་གཙང་ཞིང་དབེན་པར། གོང་དུ་བདག་བསྐྱེད་གང་ལ་བསྟེན་པའི་མཆོད་གཏོར་དང་། དེའི་འོག་ཏུ་འབྲུ་དཀར་གྱིས་གཡུང་དྲུང་བྲིས་པའི་ཁར་འབྱོར་ན་གཏེར་བུམ་ཚད་ལྡན་དང་། ཉིན་ཆོག་ལྟ་བུ་འཇུག་བདེར་གཏོར་མ་རིན་ཆེན་འབར་བའམ། གཡང་བཤོས་ནོར་བུའི་དབྱིངས་ཅན་ཁ་ཟས་བཟང་རྒུས་བསྐོར་བ་བཀོད་པའི་གཡས་སུ་ཕྱེ་མར། གཡོན་དུ་གཡང་ཆང་། ཚེ་སྒྲུབ་གཙོ་བོར་བྱེད་ན་ཚེ་འབྲང་། ཚེ་ཆང་། ཚེ་རིལ། གཞན་ཡང་མཆོད་ཚོགས་དང་གཏོར་མ་སོགས་བག་དྲོ་བྱིན་ཆགས་བཀོད་མཛེས་སུ་བཤམ། རང་གི་མདུན་དུ་མདའ་དར་དང་། རོལ་མོའི་བྱེ་བྲག་སོགས་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱ། བདག་བསྐྱེད་གུ་རུ་ཞི་བའི་ལས་གཞུང་ལྟ་བུ་རྒྱས་བསྡུས་གང་རུང་བསྲངས་ནས་བཟླས་པ་དང་སྟོང་ཚིགས་ཀྱི་མཆོད་བསྟོད་བཅས་གྲུབ་རྗེས། མཆོད་རྫས་བརླབ་པ་ནི། རཾ་ཡཾ་ཁཾ། བདག་ཉིད་ལྷར་གསལ་ཐུགས་ཀ་ནས། །འོད་འཕྲོས་མཆོད་རྫས་གཟུང་འཛིན་སྦྱངས། །དངོས་འབྱོར་ཡིད་སྤྲུལ་ལོངས་སྤྱོད་ཚོགས། །མཆོད་པའི་ཕྱག་རྒྱ་ཆེན་པོར་གྱུར། །ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། བཛྲ་སྥ་ར་ཎ་ཁཾ། མདུན་རྟེན་རྣམས་ལ་ཆབ་བྲན་ཏེ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ་ཀྱིས་བསང་། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ་གིས་སྦྱང་། སྟོང་གསལ་རང་རིག་འདུས་མ་བྱས་པའི་དབྱིངས། །འགག་མེད་ཅིར་ཡང་འཆར་བའི་རོལ་མོ་ལས། །ངོ་མཚར་འཇའ་ཚོན་རྣམ་བཀྲ་དག་པའི་ཞིང་། །ཡེ་ཤེས་འོད་ལྔ་འབར་བའི་ཀློང་ཆེན་པོར། །ནོར་བུའི་བ་གམ་བརྩེགས་པའི་གཞལ་མེད་ཁང་། །བཀོད་པ་རབ་རྫོགས་འདོད་རྒུའི་སྤྲིན་ཕུང་འཁྲིགས། །དེ་དབུས་རིན་ཆེན་པདྨ་ཉི་ཟླའི་ཁྲིར། །རྩ་བའི་བླ་མ་ཨོ་རྒྱན་ཚེ་དཔག་མེད། །རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ། །རབ་འབྱམས་ནོར་ལྷ་འདུས་པའི་ངོ་བོ་ཉིད། །གསེར་མདོག་བརྗིད་ཆགས་སྒེག་འཛུམ་ཁྲོ་བོའི་ཉམས། །དར་དང་རིན་ཆེན་རུས་པའི་རྒྱན་གྱིས་མཛེས། །ཕྱག་གཡས་མདའ་དར་སྲིད་ཞིའི་ཚེ་བསོད་འགུགས། །གཡོན་པས་མཉམ་གཞག་འཆི་མེད་ཚེ་བུམ་ནི། །བདུད་རྩིས་གང་བ་ནོར་བུས་མཚན་པ་ཡིས། །འཁོར་འདས་ཀུན་གྱི་ཚེ་དཔལ་དངོས་གྲུབ་སྩོལ། །རང་འོད་བདེ་སྟེར་རིན་ཆེན་མཁའ་འགྲོ་མ། །སེར་མོ་མདའ་དར་བུམ་འཛིན་ཡབ་ལ་འཁྲིལ། །བདེ་སྟོང་ཟག་མེད་རྡོ་རྗེའི་སྐྱིལ་ཀྲུང་གིས། །སྣང་སྲིད་ཀུན་ཁྱབ་འཇའ་ཟེར་ཀློང་ན་བཞུགས། །སྤྱི་བོར་ཆུ་སྐྱེས་ཉི་ཟླའི་གདན་གྱི་སྟེང་། །རིགས་ཀྱི་བདག་པོ་འཆི་མེད་ཚེ་མཐའ་ཡས། །དམར་གསལ་མཉམ་གཞག་བདུད་རྩིའི་ཚེ་བུམ་བསྣམས། །ལོངས་སྐུའི་རྒྱན་རྫོགས་རང་འོད་ཡུམ་དང་སྦྱོར། །ཕྱོགས་མཚམས་དགོངས་བརྡ་སྙན་བརྒྱུད་བླ་མ་དང་། །རྒྱུད་སྡེ་བཞི་དྲུག་ཐེག་རིམ་དགུ་རྣམས་ཀྱི། །ཡི་དམ་ཞི་ཁྲོ་དཔའ་བོ་རྣལ་འབྱོར་མ། །ཚེ་ལ་དབང་བའི་རིག་འཛིན་དྲང་སྲོང་ཚོགས། །གྲངས་མེད་སྣང་སྟོང་ཉི་ཟེར་རྡུལ་ལྟར་འཁྲིགས། །དེ་འོག་སྲིད་ཞིའི་འབྱོར་པས་མངོན་མཐོ་བའི། །དབུས་སུ་གནོད་སྦྱིན་སྡེ་དཔོན་རྣམ་ཐོས་སྲས། །སེར་གསལ་རིན་ཆེན་རྒྱལ་མཚན་ནེའུ་ལེ་བསྣམས། །སེང་གེ་ལ་འཆིབ་ལྷ་ཡི་གོ་ཁྲབ་བརྗིད། །གཡས་སུ་ནོར་གྱི་བདག་པོ་ཛམྦྷ་ལ། །གསེར་མདོག་བགྲང་ཕྲེང་དང་ནི་ནེའུ་ལེ་འཛིན། །གཡོན་དུ་འཕགས་མ་ནོར་རྒྱུན་ལྷ་མོ་སེར། །ཕྱག་གཡས་མཆོག་སྦྱིན་གཡོན་པས་འབྲས་སྙེ་བསྣམས། །ཀུན་ཀྱང་དར་དང་རིན་ཆེན་རྒྱན་གྱིས་སྤྲས། །པད་ཟླའི་སྟེང་ན་ཕྱེད་སྐྱིལ་རོལ་པས་འགྱིང་། །མཐའ་སྐོར་གནོད་སྦྱིན་ནོར་ལྷ་གཏེར་བདག་དང་། །རྡོ་རྗེའི་ཆོས་སྲུང་དཀར་ཕྱོགས་སྐྱོང་བའི་ཚོགས། །མ་ལུས་ལུས་པ་མེད་པས་ཡོངས་བསྐོར་བའི། །གནས་གསུམ་འབྲུ་གསུམ་མཚན་པའི་འོད་ཟེར་གྱིས། །དབྱིངས་ནས་ཡེ་ཤེས་སྤྱན་དྲངས་དབྱེར་མེད་གྱུར། །ཧཱུྃ་ཧྲཱིཿ བསྟན་པ་འདི་ལ་ངོ་མཚར་རྨད་བྱུང་བ། །འཇིག་རྟེན་མངའ་སྒྱུར་པདྨ་རྒྱལ་པོ་ནི། །རིགས་ནི་ཨོ་རྒྱན་རྒྱལ་པོའི་སྲས་སུ་འཁྲུངས། །ཟ་ཧོར་ཡུལ་དུ་སྒྲོ་འདོགས་མ་ལུས་བཅད། །བསིལ་བ་ཚལ་དུ་དངོས་གྲུབ་རྣམ་གཉིས་བརྙེས། ཁ་བ་ཅན་འདིར་བསྟན་པ་རྒྱས་པར་མཛད། །ལྷོ་ནུབ་རྔ་ཡབ་སྲིན་པོའི་ཁ་གནོན་མཛད། །མྱ་ངན་མི་འདའ་འགྲོ་བའི་གཉེན་གཅིག་པུ། །སྐུ་གསུམ་དབྱེར་མེད་ཆེ་མཆོག་ཧེ་རུ་ཀ །མཉམ་མེད་བླ་མ་མཆོག་ཁྱོད་དུས་འདིར་དྲན། །རྒྱལ་བའི་ཞིང་ཁམས་དག་པ་ཆེན་པོ་ནས། །བདེ་གཤེགས་རྩ་གསུམ་ཆོས་སྲུང་རྒྱ་མཚོ་དང་། །གནོད་སྦྱིན་ནོར་ལྷ་གཏེར་བདག་ཚོགས་དང་བཅས། །ཐོགས་མེད་ཐུགས་རྗེའི་དབང་གིས་འདིར་གཤེགས་ལ། །བཀྲ་ཤིས་གཞལ་ཡས་འདི་ལ་བྱིན་ཆེན་ཕོབ། །ཚེ་དང་ལོངས་སྤྱོད་འདོད་རྒུའི་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཧཱུྃ་ཧྲཱིཿ ཡིད་འཕྲོག་ནོར་བུ་བརྩེགས་པའི་གཞལ་མེད་ཁང་། །བཀོད་པ་ཁྱད་འཕགས་རིན་ཆེན་མཛེས་པའི་ཁྲིར། །འཆི་མེད་རྩ་གསུམ་ནོར་ལྷ་རབ་འབྱམས་ཚོགས། །དགྱེས་ཤིང་མི་གཡོ་བརྟན་པར་བཞུགས་སུ་གསོལ། །བཛྲ་ས་མ་ཡ་ཏིཥྛནྟུ། ན་མོ། སྐྱེ་འགག་འགྱུར་མེད་ཕྲིན་ལས་ཐམས་ཅད་རྫོགས། །རང་བྱུང་ཐུགས་རྗེས་འགྲོ་བ་མ་ལུས་སྒྲོལ། །ཡིད་བཞིན་ནོར་ལྟར་དངོས་གྲུབ་ཆར་འབེབ་པའི། །རྩ་གསུམ་ནོར་ལྷའི་ཚོགས་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཨོཾ་ཨཱཿཧཱུྃ། དངོས་འབྱོར་ཡིད་སྤྲུལ་སྣོད་བཅུད་དཔལ་འབྱོར་དང་། །ཉེར་སྤྱོད་འདོད་ཡོན་བཀྲ་ཤིས་རྫས་རྟགས་བརྒྱད། །རིན་ཆེན་སྣ་བདུན་ཀུན་བཟང་མཆོད་པའི་སྤྲིན། །འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་སརྦ་པཱུ་ཛ་ཨཱཿཧཱུྃ། ཧཱུྃ་ཧྲཱིཿ བདེ་གཤེགས་ཀུན་འདུས་འཆི་མེད་པདྨ་འབྱུང་། །དགོས་འདོད་ཆར་འབེབ་རཏྣ་ཐོད་ཕྲེང་རྩལ། །རྩ་གསུམ་ནོར་ལྷ་འདུས་པའི་དཀྱིལ་འཁོར་ལ། །གུས་པས་བསྟོད་དོ་འདོད་རྒུའི་དངོས་གྲུབ་སྩོལ། །མདུན་བསྐྱེད་ཀྱི་གཙོ་བོ་རྣམས་ཀྱི་ཐུགས་ཀར་པད་ཟླའི་གདན་ལ་ཐུགས་སྲོག་ས་བོན་་་རཏྣ་ཐོད་ཕྲེང་ཐུགས་ཀར་ཧྲཱིཿ རྣམ་སྲས་ཀྱི་ཐུགས་ཀར་བཻ། ཛམྦྷ་ལའི་ཐུགས་ཀར་ཛཾ། ནོར་རྒྱུན་མའི་ཐུགས་ཀར་བཾ་རྣམས་ཁ་དོག་སེར་པོ་འོ། །མཆན།གྱི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་ཉི་མ་བྱེ་བའི་གཟི་བརྗིད་ཅན་འཕྲོས། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་རྣམས་སུ་ཁྱབ། འཁོར་འདས་ལམ་གསུམ་གྱི་ཚེ་བསོད་དཔལ་འབྱོར་ཕྱྭ་གཡང་ལོངས་སྤྱོད་ཐམས་ཅད་བཀྲ་ཤིས་རྫས་རྟགས་འཇའ་ཟེར་ཐིག་ལེ་ལ་སོགས་པའི་རྣམ་པར་སྤྱན་དྲངས། བདག་མདུན་རྟེན་རྫས་རྣམས་ལ་ཐིམ་པས་འདོད་རྒུའི་དངོས་གྲུབ་ཡིད་བཞིན་དུ་འགྲུབ་པར་གྱུར། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་རྩ་སྔགས་དང་། ཚེ་སྒྲུབ་གཙོ་བོར་བྱེད་ན་ཚེ་དཔག་མེད་ཀྱི་གཟུངས་རིང་ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛྭ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ། མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾསྐཱར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུཏྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝ་རེ་སྭཱ་ཧཱ་ཡང་བཟླ། ནོར་ལྷའི་སྔགས། ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ། ཨོཾ་བཱ་སུ་དྷཱ་རི་ཎི་སྭཱ་ཧཱ། ཞེས་དང་། སྤྲོ་ན། ཏདྱ་ཐཱ། ཧི་ལི་མ་ཎི་བྷ་དྲ། ཧི་ལི་ཧི་ལི་མ་ཎི་བྷ་དྲ། ཀི་ལི་མ་ཎི་བྷ་དྲ། ཀི་ལི་ཀི་ལི་མ་ཎི་བྷ་དྲ། ཀུ་རུ་མ་ཎི་བྷ་དྲ། ཀུ་རུ་ཀུ་རུ་མ་ཎི་བྷ་དྲ། ཏུ་རུ་མ་ཎི་བྷ་དྲ། ཏུ་རུ་ཏུ་རུ་མ་ཎི་བྷ་དྲ། སུ་རུ་མ་ཎི་བྷ་དྲ། སུ་རུ་སུ་རུ་མ་ཎི་བྷ་དྲ། ཙུ་རུ་མ་ཎི་བྷ་དྲ། ཙུ་རུ་ཙུ་རུ་མ་ཎི་བྷ་དྲ། ཨོཾ་ཨེ་ཧྱེ་ཧི། ཏིཥྛ་ཏིཥྛ། སརྦ་ཨརྠ་མེ་སཱ་དྷ་ནི། ཏདྱ་ཐཱ། སུ་དྷ་ནི། སུ་ར་སྱ། སུ་མ་ཏི། སུ་པུ་ཥི། ཧི་ལི་མི་ལི་སྭཱ་ཧཱ། ཞེས་ནོར་ལྷ་སྤྱིའི་གཟུངས་ཀྱང་ཅི་རིགས་པ་བཟླ། ཐུན་མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་ཀྱིས་ལྷག་ཆད་ཁ་སྐོང་ཞིང་བརྟན་པར་བྱ། ཐུན་མཚམས་སུ་གཏོར་མ། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་ཨོཾ་ཡིག་ལས། །བྱུང་བའི་རིན་ཆེན་སྣོད་ཡངས་སུ། ཁཾ་ལས་གཏོར་མ་བདུད་རྩིའི་བཅུད། །འདོད་ཡོན་སྤྲིན་ཕུང་འཕྲོ་བར་གྱུར། །ཨོཾ་ཨཱཿཧཱུྃ་གིས་བརླབ། མདུན་བསྐྱེད་ཀྱི་ལྷ་རྣམས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་དེ་བ་ཌཱ་ཀི་ནཱི་ཤྲཱི་དྷརྨ་པཱ་ལ་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁ་ཧི་ཁཱ་ཧི། ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ་ས་པ་རི་སོགས། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ་ས་པ་རི༴ ཨོཾ་བཱ་སུ་དྷཱ་རི་ཎི་སྭཱ་ཧཱ་ས་པ་རི་སོགས། ཨོཾ་སརྦ་བཱ་སུ་དེ་བ་ས་པ་རི་བཱ་ར་སོགས་ཀྱིས་ཕུལ། གོང་བཞིན་མཆོད་ཅིང་བསྟོད། བླ་མ་རྩ་གསུམ་ནོར་ལྷའི་ཚོགས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་གསོལ། དེ་ནས་སྤྲོ་ན་ལས་གཞུང་གང་ལ་བསྟེན་པ་ལྟར་ཚོགས་སྐོང་རྒྱས་པར་གཏང་། གང་ལྟར་ཡང་ཚེ་གཡང་འགུགས་པའི་ཕྲིན་ལས་དངོས་ལ་གཉིས་ལས། དང་པོ་ཚེ་འགུགས་པ་ནི། བདག་མདུན་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་དང་ལྷ་མོ་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་ལྟར་འཕྲོས། སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་བྱིན་རླབས་ཀྱི་གཟི་བྱིན་འབར། རང་དང་བསྒྲུབ་བྱའི་བླ་ཚེ་ཆད་ཉམས་ཡར་པ་དང་། བརྟན་གཡོ་འཁོར་འདས་ཀྱི་ཚེ་བཅུད་མ་ལུས་པ་འཆི་མེད་བདུད་རྩིའི་རྣམ་པར་སྤྱན་དྲངས། བདག་དང་བསྒྲུབ་བྱ་རྟེན་རྫས་རྣམས་ལ་ཐིམ་པས་རྡོ་རྗེ་ཚེ་ཡི་དངོས་གྲུབ་ཐོབ་ཅིང་ནུས་པ་དང་ལྡན་པར་གྱུར། ཅེས་དམིགས་ཤིང་མདའ་དར་གཡབ་ལ། ཧཱུྃ་ཧྲཱི༔ སྣང་སྲིད་གདོད་ནས་ཆོས་སྐུ་སྐྱེ་མེད་གཤིས༔ ལྷུན་གྲུབ་སྣང་སྟོང་བདེ་བ་ཅན་གྱི་ཞིང༔ འཇའ་འོད་རྡོ་རྗེ་འབར་བའི་གཞལ་ཡས་ནས༔ ཆོས་སྐུ་སྣང་བ་མཐའ་ཡས་བྱིན་ཕོབ་ཅིག༔ སྐྱོན་གྱིས་མ་གོས་མདངས་ལྡན་པདྨའི་རྩེར༔ སྐྱེ་འཆི་རང་དག་དུས་གསུམ་རྒྱལ་བའི་སྐུ༔ དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ནས༔ རིག་འཛིན་པདྨ་འབྱུང་གནས་བྱིན་ཕོབ་ཅིག༔ སྟོང་ཉིད་ཡེ་ཤེས་དུས་གསུམ་རྒྱལ་བའི་ཡུམ༔ བདེ་སྟོང་ཟག་མེད་འཇའ་ལུས་རྡོ་རྗེའི་ངང༔ ངོ་མཚར་གནས་ཡུལ་དུར་ཁྲོད་རྣམ་བརྒྱད་ནས༔ མཚོ་རྒྱལ་པདྨ་གསལ་གྱིས་བྱིན་ཕོབ་ཅིག༔ རྒྱ་གར་རྒྱ་ནག་བོད་ཡུལ་གངས་ཅན་གྱི༔ ངོ་མཚར་གནས་ཆེན་གཙུག་ལག་མ་ལུས་དང༔ ཁྱད་པར་ཟབ་ཡངས་དཔལ་གྱི་བསམ་ཡས་ནས༔ པཎ་གྲུབ་རྗེ་འབངས་ཡོངས་ཀྱིས་བྱིན་ཕོབ་ཅིག༔ ཆོས་ཀྱི་དབྱིངས་དང་ལོངས་སྤྱོད་སྤྲུལ་པའི་ཞིང༔ ཁམས་གསུམ་འགྲོ་བ་འདུལ་བའི་ཞིང་ཁམས་ནས༔ དཀྱིལ་འཁོར་གཙོ་བོ་ཐོད་ཕྲེང་སྡེ་ལྔ་དང༔ རིག་འཛིན་རྩ་བརྒྱུད་བླ་མས་བྱིན་ཕོབ་ཅིག༔ ཕུང་ཁམས་རྣམ་དག་རིག་འཛིན་འདུས་པའི་ལྷ༔ འབྱུང་ལྔ་རྣམ་དག་མཁའ་འགྲོའི་སྤྲིན་ཕུང་འཐིབས༔ སྣང་སྲིད་རྣམ་དག་འོག་མིན་གཞལ་ཡས་འདིར༔ རྩ་གསུམ་འདུས་པའི་ཐུགས་རྗེས་བྱིན་ཕོབ་ཅིག༔ འབྱུང་ལྔ་ཁམས་གསུམ་སྲིད་གསུམ་མཁའ་སྤྱོད་ཀྱི༔ འོག་མིན་རྒྱལ་བ་ཡོངས་ཀྱི་བྱིན་རླབས་བཅུད༔ སྐུ་དང་ཡིག་འབྲུ་ཕྱག་མཚན་རྣམ་པ་རུ༔ ངོ་མཚར་འཇའ་འོད་ཐིག་ལེར་བྱིན་ཕོབ་ཅིག༔ སྲིད་ཞིའི་ཁམས་ཀྱི་ཕུན་ཚོགས་སྣང་བའི་བཅུད༔ ཉི་མ་ཟླ་བ་ཡིད་བཞིན་ནོར་བུ་དང༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན༔ རྡོ་རྗེ་ལྷུན་པོའི་བཅུད་རྣམས་འདིར་ཁུག་ཅིག༔ དབང་ཐང་བཀྲག་མདངས་བུ་འཁོར་ལོངས་སྤྱོད་དང༔ སྟོབས་དཔལ་གཟི་བརྗིད་མཁས་གྲུབ་ཀུན་མཁྱེན་གྱི༔ ཚོགས་དང་གྲུབ་མཆོག་དབང་པོ་རྟོགས་པར་ལྡན༔ ཀུན་གྱི་ཐུགས་རྗེ་འདུས་པའི་ཚེ་ཁུག་ཅིག༔ བདག་ཚེ་གས་ཡོ་ཉམས་འཁྱར་ཆད་པ་དང༔ ལོ་ཟླ་ཞག་དུས་ཕྱི་ནང་སྡེ་བརྒྱད་ཀྱིས༔ བརྐུས་དང་མི་གཙང་གྲིབ་ཀྱིས་ནོན་པ་སོགས༔ ཚེ་སྲོག་དབང་ཐང་ཉམས་རྣམས་འདིར་གསོས་ཤིག༔ གདོན་བགེགས་ལྟས་ངན་ནད་རིགས་མི་མཐུན་བདུད༔ ཕ་རོལ་བྱད་ཀྱིས་གནོད་དང་སྡང་དགྲས་འཚེ༔ འཆི་བདག་ཕོ་ཉའི་ལག་ཏུ་ཚུད་པ་དང༔ གློ་བུར་འཆི་བའི་ཉེས་པ་ཀུན་ཟློགས་ཤིག༔ མི་འགྱུར་རྡོ་རྗེ་རི་རབ་ལྟ་བུའི་ཚེ༔ གཏིང་མཐའ་མེད་པ་རྒྱ་མཚོའི་ཀློང་ལྟ་བུ༔ མི་ནུབ་གསལ་བ་ཉི་ཟླ་ལྟ་བུ་ཡི༔ སྙིང་པོའི་ཚེ་མཆོག་བདག་ལ་བསྩལ་དུ་གསོལ༔ གཟི་བརྗིད་བཀྲག་མདངས་མི་ནུབ་མཚན་དཔེར་གསལ༔ ངོ་མཚར་སྙན་དང་གྲགས་པའི་དཔལ་འཁྱིལ་ཞིང༔ བྱིན་འོད་འཇའ་གུར་འཁྲུགས་པའི་གཡང་ར་འདིར༔ མཆོག་ཐུན་ཚེ་ཡི་དངོས་གྲུབ་མ་ལུས་ཁུག༔ སྟོང་གསལ་སྙིང་པོ་རང་བྱུང་འགྱུར་མེད་དོན༔ གདོད་ནས་དག་པའི་ཆོས་སྐུ་འོད་མི་འགྱུར༔ རང་རིག་རང་གསལ་ངང་དུ་འདིར་མཇལ་བས༔ སྐྱེ་འཆི་གཞི་ལ་དག་པའི་ཚེ་ཁུག་ཅིག༔ བགྲེས་རྒུད་འཕོ་འགྱུར་བྲལ་བའི་པདྨ་འོད༔ བདེ་ཆེན་འཇའ་འོད་འཁྲུགས་པ་ཌཱ་ཀིའི་ཞིང༔ རྒྱལ་བ་འདུས་པའི་རིག་འཛིན་གཞལ་ཡས་ནས༔ འཆི་བདག་བདུད་དཔུང་འཇོམས་པའི་ཚེ་ཁུག་ཅིག༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཧྲཱིཿམ་ཧ་རི་ནི་ས་ཨཱ་ཡུར་སིདྡྷི་ཕ་ལ་ཧཱུྃ། ཞེས་པས་ཚེ་བཀུག་པའི་མཐར་ཚེ་གཏའ་སྡོམ་པ་ནི། ཧཱུྃ་ཧྲཱི༔ ཆོས་སྐུ་མི་འགྱུར་ཡེ་ཤེས་འོད་ཀྱི་ཀློང༔ སྲིད་ཞིའི་ཉེས་དག་སྐྱེ་འཆི་བྲལ་བའི་སྐུ༔ གཞོན་ནུ་བུམ་སྐུ་ཐིག་ལེ་ཉག་གཅིག་ཆེ༔ གཏིང་གསལ་ཡེ་ཤེས་འཁོར་ལོར་ཚེ་སྦ་འོ༔ ཞེས་པས་སྦས་ཤིང་། ཡེ་དྷརྨཱ་བརྗོད་པས་རྒྱས་གདབ་པར་བྱའོ། །གཉིས་པ་ཕྱྭ་གཡང་འགུགས་པ་ནི། སླར་ཡང་བདག་མདུན་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ཉི་མ་བྱེ་བའི་གཟི་བརྗིད་ཅན་འཕྲོས། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་རྣམས་སུ་ཁྱབ། འཁོར་འདས་ལམ་གསུམ་གྱི་ཚེ་བསོད་དཔལ་འབྱོར་ཕྱྭ་གཡང་ལོངས་སྤྱོད་ཐམས་ཅད་བཀྲ་ཤིས་རྫས་རྟགས་འཇའ་ཟེར་ཐིག་ལེ་ལ་སོགས་པའི་རྣམ་པར་སྤྱན་དྲངས། བདག་མདུན་རྟེན་རྫས་རྣམས་ལ་ཐིམ་པས་འདོད་རྒུའི་དངོས་གྲུབ་ཡིད་བཞིན་དུ་འགྲུབ་པར་གྱུར་པའི་མོས་པས་མདའ་དར་གཡབ་ཅིང་། ཧྲཱི༔ ཆོས་དབྱིངས་ཁྱབ་བརྡལ་ཡངས་པ་རྒྱལ་བའི་ཞིང༔ ཕྱོགས་དུས་རྒྱལ་བ་རྩ་གསུམ་རིག་པ་འཛིན༔ མཁའ་སྤྱོད་འཇའ་འོད་འཁྲུགས་པའི་གུར་ཁང་ནས༔ རིག་འཛིན་བླ་མས་བྱིན་རླབས་གཡང་ཁུག་ཅིག༔ འོག་མིན་རྡོ་རྗེ་དབྱིངས་ཀྱི་གཞལ་ཡས་ནས༔ ལོངས་སྤྱོད་རྫོགས་སྐུ་རྒྱལ་བ་རིགས་ལྔ་ལ༔ ཐེག་དགུའི་ཡི་དམ་ལྷ་ཡིས་བསྐོར་རྣམས་ཀྱིས༔ མཆོག་དང་ཐུན་མོང་དངོས་གྲུབ་གཡང་ཁུག་ཅིག༔ ཉི་ཤུ་རྩ་བཞིའི་གནས་ཡུལ་དུར་ཁྲོད་ནས༔ དཔའ་བོ་མཁའ་འགྲོ་ཆོས་སྲུང་རྒྱ་མཚོ་ལ༔ ལས་བྱེད་ཕོ་ཉའི་ཚོགས་ཀྱིས་བསྐོར་བ་ཡིས༔ ཕྲིན་ལས་རྣམ་བཞི་འགྲུབ་པའི་གཡང་ཁུག་ཅིག༔ སྟོང་གསུམ་མི་མཇེད་འཇིག་རྟེན་ཞིང་ཁམས་ནས༔ བསྟན་པའི་བདག་པོ་དུས་གསུམ་རྒྱལ་བ་དང༔ བསྟན་འཛིན་སྐྱེས་བུ་འགྲོ་བའི་དཔལ་མགོན་གྱིས༔ སངས་རྒྱས་བསྟན་པ་རྒྱས་པའི་གཡང་ཁུག་ཅིག༔ སྲིད་པའི་ལྷ་རབས་དགེ་བསྙེན་གཞི་བདག་དང༔ སྤར་སྨེ་ལོ་འགྲོས་བདག་པོ་འབྱུང་བ་འདིའི༔ ཕྱི་དང་ནང་དང་གསང་བའི་ལྷ་རྣམས་ཀྱིས༔ རང་རང་ལས་ལ་དབང་བའི་གཡང་ཁུག་ཅིག༔ ཕྱོགས་སྐྱོང་བཅུ་དང་འཇིགས་བྱེད་ཆེན་པོ་དགུ༔ ལྷ་ཀླུ་གཟའ་དང་རྒྱུ་སྐར་ཉེར་བརྒྱད་ལྷ༔ གཙང་རིས་དཔལ་མགོན་ཆེན་པོ་བདུན་ཅུ་ཡིས༔ སྟོབས་དང་གཟི་བརྗིད་རྒྱས་པའི་གཡང་ཁུག་ཅིག༔ ལོ་དང་ཟླ་བ་ཞག་དང་དུས་ཚོད་དང༔ རྟེན་འབྲེལ་ཚེས་ལ་དབང་བའི་ལྷ་རྣམས་དང༔ མཁར་གྱི་རྩེ་ལྷ་ཞིང་གི་ཚངས་པ་ཡིས༔ འབྲུ་ནོར་ལོངས་སྤྱོད་དཔལ་ཕུན་གཡང་ཁུག་ཅིག༔ གཡང་གི་བདག་པོ་ཨཱརྻ་ཛམྦྷ་ལ༔ རྒྱལ་ཆེན་རྣམ་ཐོས་སྲས་དང་གནོད་སྦྱིན་རིགས། ཁམས་གསུམ་དབང་སྡུད་དབང་ཕྱུག་ཆེན་པོ་ཡིས༔ མཆོག་དང་ཐུན་མོང་དངོས་གྲུབ་གཡང་ཁུག་ཅིག༔ གཡང་གི་ལྷ་མོ་ནོར་རྒྱུན་དཔལ་ལྷ་མོ༔ གཡང་ཅན་ཚེ་རིང་མ་དང་བརྟན་མའི་ཚོགས༔ ཁམས་གསུམ་དབང་དུ་སྡུད་པའི་ཌཱ་ཀི་མས༔ བུ་ནོར་ལོངས་སྤྱོད་རྒྱས་པའི་གཡང་ཁུག་ཅིག༔ ངོ་མཚར་ལྷ་ཡི་མེ་ཏོག་སྤོས་སྤྲིན་དང༔ བཀྲ་ཤིས་རྫས་རྟགས་སྣང་སྲིད་རོལ་མོའི་སྒྲ༔ བུམ་པ་བཟང་དང་དཔག་བསམ་ཡིད་བཞིན་ནོར༔ སྲིད་པའི་ངོ་མཚར་དཔལ་གྱི་གཡང་ཁུག་ཅིག༔ ཕུན་ཚོགས་གཡང་རའི་དབུས་ན་འོད་འབར་བའི༔ གཡང་ཆང་ཚེ་རིལ་བདུད་རྩི་དཔལ་གྱི་བཤོས༔ རབ་འབྱམས་འཇའ་གུར་འཁྱིལ་བའི་ཟེར་ཕྲེང་སྦྲེལ༔ སྟོབས་ཕུན་མངའ་ཐང་རྒྱས་པའི་གཡང་ཁུག་ཅིག༔ གཡང་འདིས་སྒྲུབ་གནས་ཀུན་གྱི་བྱིན་འོད་ཕོབ༔ གཡང་འདིས་ཚེ་དཔལ་ཉམས་པ་ཡར་ལ་གསོས༔ གཡང་འདིས་རྒས་ཤིང་རྒུད་པ་མལ་ནས་སློངས༔ གཡང་འདིས་དབུལ་པོ་ཐམས་ཅད་ནོར་དང་སྤྲོད༔ གཡང་འདིས་འོན་ལོང་ཞ་བོའི་དབང་པོ་སྟོན༔ གཡང་འདིས་ཆག་ཆེ་ཉམ་ང་ཕྱིར་ལ་སྒྱུར༔ གཡང་འདིས་ཕོ་བྲང་དབུས་སུ་བྱིན་འོད་ཕོབ༔ གཡང་འདིས་ཁམས་གསུམ་སྲིད་གསུམ་དབང་དུ་སྡུས༔ གཡང་འདིས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་སྤྲོད༔ གཡང་འདིས་མཐུ་རྩལ་ནུས་པ་མེ་ལྟར་སྤོར༔ གཡང་འདིས་འཁོར་དང་ལོངས་སྤྱོད་དབུས་སུ་ཆུགས༔ གཡང་འདིས་ཕ་རོལ་རྩོད་ལས་རྒྱལ་བར་མཛོད༔ གཡང་འདིས་བདག་ཅག་དཔོན་སློབ་མཐུན་ཞིང་འགྲོགས༔ གཡང་འདིས་ཉམས་ཆག་འགལ་འཁྲུལ་ཞིག་པ་གསོས༔ གཡང་འདིས་གྲིབ་དང་མི་གཙང་གཡེངས་ལས་སྐྱོབས༔ གཡང་འདིས་སྡེ་བརྒྱད་འབྱུང་པོའི་སྲུང་འཁོར་མཛོད༔ གཡང་འདིས་དངོས་གྲུབ་ཡར་པ་ཐམས་ཅད་ཁུག༔ གཡང་འདིས་སྙན་དང་གྲགས་པས་ས་སྟེང་ཁོངས༔ གཡང་འདིས་ངོ་མཚར་འབྲུག་སྒྲ་རྟག་ཏུ་སྒྲོགས༔ གཡང་འདིས་བྱས་ཚད་ཆོས་སུ་འགྲོ་བར་མཛོད༔ གཡང་འདིས་ཆོས་དང་རིགས་ཀྱི་བརྒྱུད་པ་སྤེལ༔ གཡང་འདིས་སྡེ་འདི་མི་གཡོ་བརྟན་པར་མཛོད༔ གཡང་འདིས་རང་བྱུང་རིག་པ་མ་དང་སྤྲོད༔ གཡང་འདིས་འཁོར་འདས་གཞི་ཟད་ས་ལ་སྐྱོལ༔ གཡང་འདིས་ཚེ་གཅིག་རྫོགས་སངས་རྒྱས་པར་མཛོད༔ གཡང་འདིས་ཁམས་གསུམ་འཁོར་བ་དོང་ནས་སྤྲུགས༔ གཡང་འདིས་འགྲོ་ཀུན་ཕྱིར་མི་ལྡོག་པར་མཛོད༔ གཡང་འདིས་འབྲེལ་ཚད་པདྨ་འོད་དུ་སྐྱོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་བརྗོད་ཅིང་དངོས་གྲུབ་རྟེན་རྫས་ལ་བསྟིམ་པ་མེ་ཏོག་འཐོར་བཞིན་ཡེ་དྷརྨཱའི་སྔགས་ཀྱིས་བརྟན་པར་བྱའོ། །ཚར་གྲངས་གསོག་ན་རྒྱས་པར་མདུན་བསྐྱེད་མཆོད་པ་བྱིན་བརླབས་ནས་གཟུང་འདི་ཡན་ཆད་དང་། འབྲིང་དུ་ཚོགས་སྐོང་། བཟླས་པ་བཅས་ཚེ་གཡང་འགུགས། བསྡུ་ན་བཟླས་པ་ཅུང་ཟད་རེ་བཅས་ཚེ་གཡང་འགུགས་པ་ཁོ་ན་ལ་གྲངས་གཟུང་། གྲངས་རྫོགས་པ་ན་ལས་གཞུང་གི་ལྷག་མ་སོགས་གཏང་། རྗེས་སུ་གཏང་རག་གི་མཆོད་བསྟོད་དང་། ཐུན་ཐ་མར་དངོས་གྲུབ་ལེན་པ་ནི། ཧཱུྃ། བདེ་མཆོག་བདེ་སྤྱོད་ནམ་མཁའི་དཀྱིལ་ཡངས་ནས། །རྒྱལ་བའི་དཀྱིལ་འཁོར་སྲས་བཅས་ཐུགས་དམ་ཅན། །འཆི་མེད་རྩ་གསུམ་ནོར་ལྷ་རབ་འབྱམས་ཀྱི། །སྐུ་གསུང་ཐུགས་དང་མཉམ་སྦྱོར་དངོས་གྲུབ་ནི། །ཕྲིན་ལས་ཡིད་བཞིན་ལྷུན་གྱིས་གྲུབ་པའི་དཔལ། །བུམ་པ་བཟང་དང་དཔག་བསམ་ནོར་བུའི་ཚུལ། །ད་ལྟ་ཉིད་དུ་བསྩལ་ཞིང་བརྟན་པར་མཛོད། །འགྱུར་མེད་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ། །འགག་མེད་གསུང་གི་དངོས་གྲུབ༴ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ༴ ཡོན་ཏན་རེ་སྐོང་དངོས་གྲུབ༴ ཕྲིན་ལས་འགྲོ་འདུལ་དངོས་གྲུབ༴ འཆི་མེད་ཚེ་ཡི་དངོས་གྲུབ༴ འཛད་མེད་ནོར་གྱི་དངོས་གྲུབ༴ ཐུན་མོང་ཡིད་བཞིན་དངོས་གྲུབ༴ བླ་མེད་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཀཱ་ཡ་བཱ་ཀ་ཙིཏྟ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ། ཞེས་བརྗོད། གཏེར་བུམ་མམ་གཏོར་མ་གནས་གསུམ་དུ་བཞག །ཕྱེ་མར་སོགས་ཅུང་ཟད་མྱང་། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང་ཡི་གེ་བརྒྱ་པས་ནོངས་པ་བཤགས། ཨོཾ། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་དང་། ཡེ་དྷརྨཱ་བརྗོད་ཅིང་མེ་ཏོག་འཐོར་བས་བརྟན་བཞུགས་བྱ། བདག་བསྐྱེད་ཀྱི་ཉེར་བསྡུ་དང་བསྔོ་སྨོན་ཤིས་བརྗོད་སོགས་ལས་གཞུང་ལྟར་བྱའོ། ༈ །སྦྱིན་བདག་ལ་གཡང་རྫས་གཏད་ན། གོང་གི་བརྟན་བཞུགས་གྲུབ་མ་ཐག་སྦྱིན་བདག་ཁྲུས་བྱ། རྒྱན་གྱིས་བརྒྱན་པ་སྟན་དཀར་ལ་འཁོད་པར་བགེགས་བསྐྲད། སྲུང་འཁོར་བསྒོམ། དམིགས་པ་དང་བཅས་གཡང་འགུགས་ཚར་གཅིག་གཏང་། དེ་ནས་རྟེན་རྫས་རྣམས་ཐོགས་ལ་དངོས་གྲུབ་སྐུལ་བའི་ཚིག་དང་བཅས་གནས་གསུམ་དུ་རེག་ཅིང་ལག་ཏུ་གཏད། ལས་གཞུང་གང་ལ་བསྟེན་པའི་བཀྲ་ཤིས་ཀྱིས་མཚོན་བཀྲ་ཤིས་རྒྱས་པར་བརྗོད་པའི་མཐར། འབད་དང་རྩོལ་བས་མ་གོས་སོགས་དང་། གནས་འདིར་ཉིན་མོ་བདེ་ལེགས་སོགས་བརྗོད་ཅིང་མེ་ཏོག་འཐོར་བས་དགེ་ལེགས་སུ་བྱ་ཞིང་རང་གནས་སུ་གཏང་ངོ་། ༈ །ཡང་ཚེའི་དངོས་གྲུབ་བདག་འཇུག་གི་ཚུལ་དུ་ལེན་ན། གོང་གི་དངོས་གྲུབ་བླང་བ་གྲུབ་རྗེས། ཚེ་འབྲང་སྤྱི་བོར་བླངས་ལ། ཨ༔ སྐྱེ་འཆི་མེད་པ་རྡོ་རྗེའི་ཚེ༔ འོད་སྣང་དཔག་མེད་སྣང་སྲིད་ཁམས༔ ཨཱ་ཡུར་ཚེ་ཡི་དཀྱིལ་འཁོར་དུ༔ བདུད་རྩི་བུམ་པས་དབང་བསྐུར་རོ༔ འཆི་མེད་ལུས་མཆོག་དེང་འདིར་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་དང་ཚེ་གཟུངས་མཐར། ཀཱ་ཡ་སིདྡྷི་ཨོཾ༔ ཞེས་བརྗོད། བདུད་རྩི་མྱང་ལ། ཨ༔ སྟོང་པའི་དབྱིངས་ལས་ལྷུན་གྲུབ་པའི༔ སྣང་བ་ལྷུན་གྲུབ་འཇའ་སྐུར་འབར༔ ཟག་མེད་བདུད་རྩི་གྲགས་སྟོང་རྫས༔ འགག་མེད་ནུས་པས་དབང་བསྐུར་བས༔ སྙིང་པོ་གསང་དབང་ཐོབ་པར་ཤོག༔ རྩ་སྔགས་དང་ཚེ་གཟུངས་མཐར། ཝཱ་ཀ་སིདྡྷི་ཨཱ༔ ཚེ་རིལ་མྱང་ལ། ཨ༔ མི་ཤིགས་ཐུགས་ཀྱི་ཐིག་ལེ་ནི༔ བདེ་སྟོང་དབྱེར་མེད་བྱང་སེམས་བཅུད༔ ཕྱག་རྒྱ་ཆེན་པོར་ལྷུན་གྲུབ་པའི༔ ཟག་མེད་སྐྱེ་འཆི་སྤངས་པའི་སྐུ༔ ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔ རྩ་སྔགས་དང་ཚེ་གཟུངས་མཐར། ཙིཏྟ་སིདྡྷི་ཧཱུྃ༔ གཏོར་མ་སྤྱི་བོར་བླངས་ལ། ཨ༔ བདེ་ཆེན་རྣམ་ཀུན་མཆོག་ལྡན་པའི༔ ཐོག་མའི་སངས་རྒྱས་ཀུན་ཏུ་བཟང༔ འཇའ་ཟེར་འོད་མི་འགྱུར་བའི་སྐུ༔ ཀ་དག་ལྷུན་གྲུབ་དབྱེར་མེད་པའི༔ རྡོ་རྗེའི་ཚིག་དབང་ཐོབ་པར་ཤོག༔ རྩ་སྔགས་དང་ཚེ་གཟུངས་མཐར། སརྦ་སིདྡྷི་ཧྲཱི༔ ཞེས་བརྗོད་རྗེས། ཧཱུྃ་ཧྲཱི༔ ཆོས་སྐུ་མི་འགྱུར་སོགས་ཀྱིས་ཚེ་སྦ་ཞིང་རྒྱས་གདབ། དེ་ནས་ནོངས་བཤགས་སོགས་གོང་ལྟར་རོ། ༈ །སྦྱིན་བདག་ལ་ཚེའི་དངོས་གྲུབ་སྦྱིན་ན། སྲུང་འཁོར་ཡན་གོང་གི་གཡང་གཏད་སྐབས་ལྟར་བྱས་ནས། དམིགས་པ་དང་བཅས་ཚེ་འགུགས་བསྐུལ་རྗེས་ཚེའི་འབྲང་རྒྱས་སོགས་གོང་ལྟར་བརྗོད་ཚིག་གི་སྒོ་ནས་དངོས་གྲུབ་སྦྱིན་ཅིང་རྒྱས་གདབ། དེ་ནས་དམིགས་པ་དང་བཅས་གཡང་འགུགས་བསྐུལ་བ་སོགས་གཡང་གཏད་ལྟར་བྱའོ། ༈ །འདིའི་རྟེན་རྫས་གཏེར་བུམ་བཅའ་ཚུལ་ནི། རིན་པོ་ཆེའམ་རྫའི་བུམ་པ་སྐྱོན་དང་བྲལ་བ་ཁ་དོག་དཀར་པོ་འམ་སེར་པོར་བསྒྱུར། བཀྲ་ཤིས་པའི་རྟགས་སམ་ནོར་བུ་འབར་བ་བྲིས་པའི་ནང་དུ་བུམ་རྫས་ཉེར་ལྔ་གཙོ་བོར་གྱུར་པའི་རིན་ཆེན་འབྲུ་སྨན་དར་གོས་ཟས་སྣ་སོགས་གཡང་ཅན་གྱི་རྫས་དང་། ཅོང་ཞི། བྲག་ཞུན། རྩ་བ་ལྔ་་་༼ར་མཉེ་ ཉེ་ཤིང་ བ་སྤྲུ་ ལྕ་བ་ གཟེ་མ་ར་མགོ།༽སོགས་ཚེའི་རྫས་ཀྱིས་ཕྱུར་བུར་གཏམས་པའི་དབུས་སུ། འབྱོར་ན་རཏྣ་ཐོད་ཕྲེང་རྩལ་ཡབ་ཡུམ་གྱི་སྐུ་བྲིས་འབུར་གང་རིགས་ན་བཟའ་སེར་པོ་དང་བཅས་བརྟན་པར་བཞུགས། གང་ལྟར་ཡང་རྒྱ་ཤོག་ལ་གསེར་རམ་མཚལ་གྱིས་གོང་གི་བཟླས་སྔགས་རྒྱས་བསྡུས་གང་རིགས་ཀྱི་མཐར། བླ་མ་རྩ་གསུམ་ནོར་ལྷ་རབ་འབྱམས་ཀྱི་ཚོགས་འཁོར་དང་བཅས་པ་རྣམས་བཀྲ་ཤིས་པའི་རྟེན་རྫས་འདི་རྣམས་ལ་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སྦྱིན་པའི་བདག་པོས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་ཚེ་བསོད་དཔལ་འབྱོར་ཕྱྭ་གཡང་ལོངས་སྤྱོད་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ཞེས་པ་ལྟ་བུའི་འདོད་གསོལ་དང་། འབད་དང་རྩོལ་བས་མ་གོས་པ། །ཡིད་བཞིན་ནོར་བུ་དཔག་བསམ་བཞིན། །སེམས་ཅན་རེ་བ་སྐོང་མཛད་པ། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་ཤིས་བརྗོད། སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། དང་། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱཿ ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏེ་ཧྱ་བ་དཏྟ། ཏེ་ཥཱཉྩ་ཡོ་ནི་རོ་དྷ། ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། བཅས་སྦྲེལ་ལ་བྲིས་པར་དྲི་བཟང་གིས་བྱུགས་པའི་ཤོག་དྲིལ་ན་བཟའ་སེར་པོ་དང་བཅས་པ་བཅུག །ཁ་ས་སྤྱིན་ལྟ་བུས་དམ་པར་བཅད་ཅིང་རས་དཀར་རམ་སེར་པོས་གཡོགས། ཚོན་སྐུད་ཀྱིས་བཅིངས་པར་རང་ངམ་སྦྱིན་བདག་གི་རྟགས་ཀྱིས་རྒྱས་གདབ། སྦྱོང་ཁྲུས་རྒྱས་བསྡུས་གང་རིགས་བྱའོ། །དངོས་གཞིའི་སྐབས་ཕྱི་གཏེར་ཆེན་པོའི་བུམ་པ་ལ་ནང་རིན་པོ་ཆེའི་གཞལ་ཡས་ཁང་གི་དབུས་སུ་ལྷ་རྣམས་གསལ་གདབ་པ་ཡིན་ནོ། །ལེགས་པར་བསྒྲུབས་པའི་བུམ་པ་ཉིད་སླར་གནས་ཁང་སོགས་ཀྱི་ཕུགས་སུ་སྦ་བའི་ཚེའང་ཆོ་ག་ཚར་གཅིག་བསྐྱར་ན་ལེགས་ཤིང་། མི་འགྲུབ་ན་བརྟན་བཞུགས་དང་ཤིས་བརྗོད་ཙམ་བྱས་པས་ཀྱང་རུང་ངོ་། །ཞེས་པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་བི་མ་མི་ཏྲའི་རྣམ་པར་འཕྲུལ་བ། ཕྱི་མའི་དུས་འདིར་འགྲན་ཟླ་དང་བྲལ་བའི་གྲུབ་ཐོབ་ཆེན་པོ་༧ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་དག་སྣང་བླ་མ་རིག་འཛིན་སྲོག་སྒྲུབ་ཀྱི་ཚེ་འགུགས་དང་། གཡང་འགུགས་མེ་ཏོག་ཆར་སིལ་གཞིར་བཞག །ཟིན་བྲིས་སོགས་ཀྱི་དགོངས་པའི་དམིགས་རིམ་རྣམས་ཚིགས་བཅད་དུ་བསྡེབས་ཏེ་ངག་འདོན་བཀླག་ཆོག་སྙིང་པོར་དྲིལ་བ་འདིའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པའི་དགེ་བས་འགྲོ་ཀུན་ཚེ་དཔལ་འབྱོར་པའི་འདོད་རྒུའི་དངོས་གྲུབ་རྒྱ་མཚོར་ལོངས་སུ་སྤྱོད་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།

གསང་སྔགས་ལམ་གྱི་རིམ་པ་རིན་པོ་ཆེ་གསལ་བའི་སྒྲོན་མེ་ (Volume 60, Text 1)

༄༅༔ གསང་སྔགས་ལམ་གྱི་རིམ་པ་རིན་པོ་ཆེ་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ༔ རྒྱ་གར་སྐད་དུ༔ མནྟྲ་སྱ་པ་ཐ་ཀྲ་མ་ལ་ནཱ་མ༔ བོད་སྐད་དུ༔ གསང་སྔགས་ལམ་གྱི་རིམ་པ་ཞེས་བྱ་བ༔ རྩ་བ་གསུམ་ལ་གུས་པས་ཕྱག་འཚལ་ལོ༔ གཉིས་བཅོམ་གཉིས་ལྡན་གཉིས་འདས་གཉིས་དཔལ་མཆོག༔ མ་ལུས་འདུས་ཤིང་ཡང་དག་ཟོལ་མེད་པ༔ སངས་རྒྱས་བདེ་གཤེགས་དྲུག་པ་ཀུན་འདུས་བཟང༔ གུས་གདུང་དང་བའི་སྒོ་ནས་ཕྱག་འཚལ་ལོ༔ བདག་ཉིད་རྣལ་འབྱོར་ཨོ་རྒྱན་པད་འབྱུང་དེས༔ རྡོ་རྗེ་ཐེག་པ་ཚེ་གཅིག་གྲོལ་བྱེད་ལམ༔ ཕྱི་རབས་རྣལ་འབྱོར་ལས་ལྡན་དོན་ཆེད་དུ༔ ཉམས་ལེན་ལམ་རིམ་རིན་ཆེན་སྒྲོན་མེ་བྲི༔ གནས་ལུགས་འཁྲུལ་ལུགས་ངོ་ཡིས་གཟུང་བ་ནི༔ གཉིས་མེད་ལྷུན་གྲུབ་ཀ་དག་ཡེ་སངས་རྒྱས༔ སྙིང་པོ་མ་རིག་ལས་ཉོན་ལོག་སྡུག་བསྔལ༔ ཕུན་སུམ་ཚོགས་ལྔས་བསྒྲུབ་གཞི་གཟུང་བ་ནི༔ བྲག་ནགས་དུར་ཁྲོད་ཕུག་སོགས་སྐྱོན་ཡོན་བརྩི༔ ཚེས་སྐར་གཟའ་བཟང་ཡར་ངོའི་སྔ་གོང་འཇུག༔ དད་གུས་དབང་དམ་ཤེས་རབ་གདེང་དང་ལྡན༔ ཟས་སྨན་མཆོད་སྐོང་སྒྲུབ་པའི་རྫས་རྣམས་གསག༔ མ་དྲེད་རྩེ་གཅིག་དཀའ་ཐུབ་མཐར་འདོན་ནོ༔ རྣལ་འབྱོར་སྲུང་བའི་འཁོར་ལོའི་རིམ་པ་ནི༔ ལུས་ཅན་རྣམས་ཀྱིས་བྱང་ཆུབ་མཆོག་འཐོབ་བསྒོམ༔ ལྷ་མཚན་རྡོ་རྗེ་འཁོར་ལོ་མཚོན་མེས་བསྲུང༔ ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་ཡིག་བསྒོམ༔ སྤྱན་རས་འཇམ་དཔལ་ཡི་དམ་གང་ཡིན་བསྒོམ༔ རྡོ་རྗེའི་ས་ར་གུར་དང་མདའ་མེ་བསྒོམ༔ བྱ་བྱེད་ངོ་བོ་མི་དམིགས་ངང་ལ་གཞག༔ གནད་ལྔའི་སྒོ་ནས་ལམ་ལ་འཇུག་པ་ནི༔ ཐུན་མོང་ཁྱད་པར་བླ་མེད་གསུམ་སྐྱབས་འགྲོ༔ དཀར་དམར་ནག་གསུམ་བརྒྱ་བཟླས་མཆོད་སྦྱངས་བསྐངས༔ དལ་འབྱོར་ལས་འབྲས་མི་རྟག་ཉེས་དམིགས་བསྒོམ༔ སྒྲུབ་དང་མཆོད་པའི་མཎྜལ་གཉིས་སུ་འབུལ༔ སྣ་ཚོགས་ལམ་ཁྱེར་གཏོར་མས་ཚོགས་གཉིས་གསག༔ རྒྱུན་གཏོར་གསུམ་བདུན་བཅུ་གཅིག་ལ་སོགས་གཏང༔ རྣམ་དག་བདུན་དང་ཕྱི་ནང་གསང་མཆོད་འབུལ༔ དེ་རྣམས་གསང་སྔགས་ལམ་གྱི་སྔོན་འགྲོ་ཡིན༔ ༈ བསླབ་པ་གསུམ་ལ་ལམ་གཞི་བཅའ་བ་ནི༔ མི་མཐུན་སྤོང་སེམས་མཉམ་འཇོག་རང་ངོ་ཤེས༔ ཤཱི་ལ་ས་མཱ་དྷི་པྲ་ཛྙཱ་ཤིཀྵཱ་ན༔ གནོད་སྦྱོར་ལོག་ཞུགས་ཁྱད་པར་ཐབས་ཀྱིས་ཟིན༔ བདེན་པའི་དོན་མཐོང་གོམས་འདྲིས་དེ་མི་འདའ༔ གཉེན་པོའི་དབང་གིས་བརྒྱད་ཁྲི་བཞི་སྟོང་གསུངས༔ སེམས་གསུམ་སྒོ་ནས་ལམ་ལ་འཇུག་པ་ནི༔ ཡིད་འོང་ཕ་མར་ཤེས་ཤིང་བདེ་ལྡན་བསྒོམ༔ སེམས་ཅན་ཕ་མ་སྡུག་བསྔལ་བསྒྲལ་བར་བསམ༔ སངས་རྒྱས་ཐོབ་འདོད་བསམ་པ་ལེན་དང་སྒྲུབ༔ སེམས་གསུམ་སྡེ་གསུམ་བསླབ་གསུམ་ཉམས་གསུམ་ཐུགས༔ ཁྱད་པར་གསང་སྔགས་ལམ་གྱི་ངོ་བོ་ནི༔ བུམ་གསང་ཡེ་ཤེས་བདེ་ཆེན་དབང་བཞི་བསྐུར༔ ཕྱི་ནང་སྣོད་བཅུད་གཞལ་ཡས་ལྷ་རུ་བསྐྱེད༔ སྐྱེ་འགགས་གཉིས་མེད་རང་བྱུང་མཐའ་ལས་འདས༔ གནད་གསུམ་གཅུན་པས་རྟོག་མེད་རང་གསལ་འཆར༔ སོ་སྤྱི་བོགས་གསང་ཡང་དག་ཁོ་ན་སྤྱོད༔ མཉམ་རྗེས་བཟའ་བཅང་སྲུང་བའི་དམ་ལྔ་དབོག༔ དེ་རྣམས་གསང་སྔགས་ལམ་གྱི་ངོ་བོ་ཡིན༔ རྣལ་འབྱོར་ལྔ་ཡིས་ཉམས་སུ་བླང་བ་ནི༔ རྟོག་མེད་ཆོས་སྐུར་ཉལ་ལ་འཆི་རྟོག་སྦྱང༔ འགག་མེད་ལོངས་སྐུར་ལངས་ཏེ་སྐྱེ་རྟོག་སྦྱང༔ དབང་བཞིའི་བདུད་རྩིར་བརླབས་ལ་བཟའ་བཏུང་རོལ༔ སྣ་ཚོགས་ཐབས་ཀྱིས་བཟུང་ལ་ལམ་དུ་གཏང༔ དྲོ་སྲོད་སྐྱེས་ཤར་འདའ་ཀ་བར་དོར་ལྟེམ༔ ལམ་དེའི་གེགས་བཞིའི་སྐྱོན་སེལ་བསྟན་པ་ནི༔ བྱིང་རྒོད་ཉམས་གསུམ་བཅོས་ལ་ལམ་དུ་གཏང༔ ནད་ཀྱི་གཞི་རྒྱུ་རྐྱེན་འབྲས་ངོས་བཟུང་བཅོས༔ སྤྲོས་བྲལ་ངང་བཞག་རྒྱུན་ཆད་སྐྱེས་ནས་སེལ༔ གནོད་པའི་ཟས་ཟ་འཁྲིག་བཅད་ལྟོས་མེད་བསྐྱུར༔ དཀར་དམར་ནག་པོའི་ཧཱུྃ་སྤྲོས་སྟེང་འོག་གདོན༔ རང་ལས་གཞན་མེད་ཡ་ང་འཁུ་འཁྲིག་བཅད༔ དམ་ཉམས་གྲོགས་གནས་ཟས་ཀྱི་གྲིབ་བཞི་བསལ༔ ལམ་དེའི་བོགས་འདོན་གནད་དུ་གཏང་བ་ནི༔ སྐྱོན་གྱི་རྩ་བ་བདག་འཛིན་བློ་ཡིས་གཏང༔ ཡོན་ཏན་གཞི་མ་ཉམས་ལེན་དྲག་པོ་བྱ༔ རང་གི་ལམ་ལ་བོགས་མེད་གཞན་གྱིས་འདོན༔ ཉོན་མོངས་གནད་ནས་བཟུང་ལ་ལམ་དུ་གཏང༔ རྣམ་རྟོག་ལམ་དུ་གཏང་ལ་བོགས་སུ་འདོན༔ དེ་རྣམས་ལམ་གྱི་ཆ་རྐྱེན་ཡན་ལག་ཡིན༔ ལམ་དེ་མཐར་ཕྱིན་མངོན་གྱུར་འབྲས་བུ་ནི༔ སྐུ་ལྔ་གསུང་ལྔ་ཐུགས་ཡོན་ཕྲིན་ལས་ལྔ༔ རྟེན་ཅན་རྟེན་མེད་ངོ་བོ་ཉིད་དོན་བྱེད༔ གཅིག་དང་ཐ་དད་གཉིས་སུ་མེད་པར་བཞུགས༔ གཟིགས་ཚུལ་གྲུབ་དང་མ་གྲུབ་བདེན་རྫུན་བརྟག༔ ཚེ་འདིར་སངས་རྒྱས་ཐོབ་བྱེད་ཉེ་བའི་ལམ༔ རང་མཚན་མངོན་དུ་སྟོན་པ་ངེས་པའི་ཆོས༔ ཐབས་དང་ཤེས་རབ་གཉིས་ལྡན་ཤིང་རྟའི་སྲོལ༔ ཕམ་བྱེད་རྒྱལ་གྱུར་བླ་མེད་ཐེག་མཆོག་གོ༔ འདི་སྦྱར་དགེ་བ་དྲི་མེད་རྣམ་དག་གིས༔ ལུས་ཅན་ཐམས་ཅད་སྨིན་གྲོལ་ལམ་ཞུགས་ཏེ༔ རང་ཆས་ཤེས་རྟོག་སྒྲིབ་ཟད་ཉེས་དག་ནས༔ ཡང་དག་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག༔ གསང་སྔགས་ལམ་གྱི་རིམ་པ་རིན་པོ་ཆེ་གསལ་བའི་སྒྲོན་མེ་ཞེས་བྱ་བ༔ ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝས་མཛད་པ་རྫོགས་སོ༔ འདི་རིག་འཛིན་རྗེའི་ཕྱག་བྲིས་མར་གཏུགས་སོ། །མངའ་བདག་རིན་པོ་ཆེ་ཉང་ཉི་མ་འོད་ཟེར་གྱིས་གཏེར་ནས་གདན་དྲངས་པའོ། །རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང་། །རྒྱལ་ཁམས་ཀུན་ཏུ་བདེ་སྐྱིད་འབྱུང་བ་དང་། །རྒྱལ་སྲས་རྣམས་ཀྱིས་ཇི་ལྟར་དགོངས་པའི་ཚུལ། །རྒྱ་ཆེན་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།། །། ༄༅༔ ནང་བཤད་གསང་སྔགས་ལམ་རིམ་ས་གཅད་བཞུགས་སོ༔ དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ ནང་བཤད་གསང་སྔགས་ལམ་གྱི་རིམ་པ་འདི་ལ་དོན་གསུམ་སྟེ༔ ཀླད་ཀྱི་དོན་དང༔ གཞུང་གི་དོན་དང༔ མཇུག་གི་དོན་ནོ༔ དང་པོ་ལ་གཉིས་ཏེ༔ ཕྱག་འཚལ་བ་དང༔ བརྩམ་པར་དམ་བཅའ་བའོ༔ གཞུང་དོན་ལ་གསུམ་སྟེ༔ གཞི༔ ལམ༔ འབྲས་བུའོ༔ གཞུང་གི་སྤྱི་དོན་དང་པོ་གཞི་ལ་གཉིས་ཏེ༔ གནས་ལུགས་དང༔ འཁྲུལ་ལུགས་སོ༔ གཞུང་གི་སྤྱི་དོན་གཉིས་པ་ལམ་ལ་གསུམ་སྟེ༔ ལམ་གྱི་སྔོན་དུ་འགྲོ་བ་དང༔ ལམ་རང་གི་ངོ་བོ་དང༔ ལམ་གྱི་ཆ་རྐྱེན་བསྟན་པའོ༔ དང་པོ་ལ་གསུམ་སྟེ༔ ཕུན་སུམ་ཚོགས་པ་ལྔས་བསྒྲུབ་པའི་གཞི་གཟུང་བ་དང༔ སྲུང་བའི་འཁོར་ལོའི་རིམ་པ་བསྟན་པ་དང༔ གནད་ལྔའི་སྒོ་ནས་ལམ་ལ་འཇུག་པར་བསྟན་པའོ༔ དང་པོ་ལ་ལྔ་སྟེ༔ གནས་གང་དུ་དང༔ དུས་གང་ལ་དང༔ གང་ཟག་གང་གིས་དང༔ རྫས་གང་གསག་པ་དང༔ ཐབས་ཇི་ལྟར་བསྒྲུབ་པའོ༔ གཉིས་པ་རྣལ་འབྱོར་སྲུང་བའི་འཁོར་ལོའི་རིམ་པ་ལ་དྲུག་སྟེ༔ བྱང་ཆུབ་སེམས་ཀྱིས་སྲུང་བ་དང༔ མཚོན་ཆ་ལྔས་སྲུང་བ་དང༔ ཡི་གེ་གསུམ་གྱིས་སྲུང་བ་དང༔ ཞི་དྲག་གསུམ་བརྩེགས་ཀྱིས་སྲུང་བ་དང༔ རང་བྱུང་ལྷུན་གྱིས་གྲུབ་པའི་སྲུང་བ་དང༔ དོན་དམ་མཚན་མ་མེད་པས་སྲུང་བའོ༔ གསུམ་པ་གནད་ལྔའི་སྒོ་ནས་ཐེག་ཆེན་ལམ་ལ་འཇུག་པ་ལ་ལྔ་སྟེ༔ སྐྱབས་འགྲོས་ཆོས་ཀྱི་གཞི་འདིང་བ་དང༔ ཡིག་བརྒྱས་སྒྲིབ་པ་སྦྱོང་བ་དང༔ ལས་འབྲས་མི་རྟག་པ་བསྒོམ་པ་ལ་བློ་སྦྱོང་བ་དང༔ མཎྜལ་དང་གཏོར་མ་གཏོང་བས་ཚོགས་གསག་པ་དང༔ མཆོད་པ་ཕུལ་ལ་ཚོགས་གཉིས་ཡོངས་སུ་སྤེལ་བའོ༔ བཞི་པ་མཎྜལ་དང་གཏོར་མས་ཚོགས་གསག་པ་ལ་མཎྜལ་འབུལ་བ་དང༔ གཏོར་མ་གཏོང་བ་གཉིས༔ དེ་ལ་སྣ་ཚོགས་ལམ་ཁྱེར་གཏོར་མ་དང༔ རྒྱུན་གཏོར་རོ༔ དེ་རྣམས་གསང་སྔགས་ལམ་གྱི་སྔོན་འགྲོ་ཡིན༔ གཉིས་པ་ལམ་རང་གི་ངོ་བོ་ལ་གཉིས་ཏེ༔ ཐུན་མོང་ཐེག་པ་སྤྱིའི་ལམ་དང༔ ཁྱད་པར་གསང་སྔགས་ཀྱི་ལམ་མོ༔ དང་པོ་ལ་གཉིས་ཏེ༔ བསླབ་པ་གསུམ་ལ་ལམ་གཞི་བཅའ་བ་དང༔ སེམས་གསུམ་གྱིས་ལམ་གྱི་ཁ་བསྒྱུར་བའོ༔ དང་པོ་ལ་ལྔ་སྟེ༔ ངོ་བོ་ངོས་གཟུང་བ་དང༔ མཚོན་བྱའི་སྒྲ་དོན་བཤད་པ་དང༔ མཚན་ཉིད་ཀྱི་རང་ལྡོག་བསྟན་པ་དང༔ མཚན་གཞིའི་སྐྱེ་ཚུལ་དང༔ གཉེན་པོའི་སྒོ་ནས་རྣམ་གྲངས་སུ་འགྱུར་ཚུལ་ལོ༔ གཉིས་པ་སེམས་གསུམ་གྱི་སྒོ་ནས་ལམ་ལ་འཇུག་པས་ལམ་གྱི་ཁ་བསྒྱུར་བ་ལ་བཞི་སྟེ༔ བྱམས་པ་དང༔ སྙིང་རྗེ་དང༔ བྱང་ཆུབ་ཀྱི་སེམས་དང༔ དེ་དག་སྡེ་སྣོད་གསུམ་དུ་ངོས་བཟུང་ལ་བསླབ་པ་གསུམ་དུ་བསྟན་པའོ༔ གཉིས་པ་ཁྱད་པར་གསང་སྔགས་རང་གི་ལམ་གྱི་ངོ་བོ་ལ་ལྔ་སྟེ༔ རྒྱུད་སྨིན་པར་བྱེད་པ་ལ་དབང་དང༔ སྨིན་པ་གྲོལ་བར་བྱེད་པ་ལ་ལྟ་བ་དང༔ ལྟ་བ་གོམས་པར་བྱེད་པ་ལ་སྒོམ་པ་དང༔ དེ་དང་མི་འབྲལ་ཞིང་རྩལ་སྦྱོང་བ་ལ་སྤྱོད་པ་དང༔ དེ་དག་ལས་མི་འདའ་བར་བྱེད་པ་ལ་དམ་ཚིག་གོ༔ གཉིས་པ་ལྟ་བ་ལ་གཉིས་ཏེ༔ བསྐྱེད་རིམ་སྦྱང་བ་དང༔ རྫོགས་རིམ་བསྟན་པའོ༔ དེ་རྣམས་གསང་སྔགས་ལམ་གྱི་ངོ་བོ་ཡིན༔ གསུམ་པ་དེའི་ཆ་རྐྱེན་བསྟན་པ་ལ་གསུམ་སྟེ༔ རྣལ་འབྱོར་ལྔ་ཡིས་ལམ་ཉམས་སུ་བླང་བའི་ཚུལ་གྱི་གནད་བསྟན་པ་དང༔ གེགས་སེལ་བཞིས་ལམ་གྱི་སྐྱོན་བསལ་བ་དང༔ བོགས་འདོན་གསུམ་གྱིས་ལམ་མཐར་འདོན་པའོ༔ དང་པོ་ལ་ལྔ་སྟེ༔ ཉལ་བའི་རྣལ་འབྱོར་དང༔ ལྡང་བའི་རྣལ་འབྱོར་དང༔ བཟའ་བའི་རྣལ་འབྱོར་དང༔ རྒྱུན་གྱི་རྣལ་འབྱོར་དང༔ དུས་གནད་ཀྱི་རྣལ་འབྱོར་རོ༔ གཉིས་པ་ལམ་དེའི་གེགས་བཞིའི་སྐྱོན་སེལ་བསྟན་པ་ལ་བཞི་སྟེ༔ ཏིང་ངེ་འཛིན་ཉམས་ཀྱི་གེགས་བསལ་བ་དང༔ ལུས་ལན་ཚ་སྡུག་བསྔལ་གྱི་གེགས་ངོས་བཟུང་ཞི་བཅོས་ཏེ་བསལ་བ་དང༔ སེམས་རྣམ་རྟོག་ལྷ་འདྲེའི་གེགས་བསལ་བ་དང༔ རྐྱེན་སྣང་གློ་བུར་གྲིབ་ཀྱི་གེགས་བསལ་བའོ༔ གཉིས་པ་ལ་ལུས་ཀྱི་ནད་སྡུག་གི་གེགས་ངོས་གཟུང་བ་དང་བཅོས་པའོ༔ གཉིས་པ་དེ་བཅོས་པ་ལ་རབ་ངང་ལ་གཞག་པ༔ འབྲིང་གནད་དུ་གཏང་བ༔ ཐ་མ་དམིགས་པས་བཅོས་པའོ༔ གསུམ་པ་ལམ་དེའི་བོགས་འདོན་གནད་དུ་གཏང་བ་ལ་གསུམ་སྟེ༔ བོགས་མི་འབྱུང་བའི་སྐྱོན་བསལ་བ་དང༔ འབྱུང་བའི་གཞི་བཅའ་བ་དང༔ བོགས་ཇི་ལྟར་འདོན་པའི་ཐབས་སོ༔ གསུམ་པ་ཇི་ལྟར་འདོན་ཐབས་དེ་ལ་གཉིས་ཏེ༔ རང་ལམ་གང་ལ་གནས་པ་དེ་ལ་བོགས་འདོན་པ་དང༔ སྔར་མེད་གསར་དུ་སྐྱེས་པའི་ཉོན་མོངས་རྣམ་རྟོག་བོགས་སུ་འདོན་པ་གཉིས༔ གཉིས་པ་སྔར་མེད་གསར་སྐྱེས་བོགས་འདོན་ལ་གཉིས་ཏེ༔ ཉོན་མོངས་བོགས་སུ་འདོན་པ་དང༔ རྣམ་རྟོག་བོགས་སུ་འདོན་པའོ༔ དེ་རྣམས་ལམ་གྱི་ཆ་རྐྱེན་ཡན་ལག་ཡིན༔ སྤྱི་དོན་གསུམ་པ་ལམ་དེ་ཉམས་སུ་བླངས་ནས་མཐར་ཕྱིན་པའི་མངོན་གྱུར་འབྲས་བུ་ལ་བཞི་སྟེ༔ འབྲས་ཆོས་ངོས་གཟུང་བ་དང༔ འགྲོ་དོན་བྱེད་ཚུལ་དང༔ དགོངས་པ་ལ་བཞུགས་ལུགས་དང༔ གདུལ་བྱ་ཐུགས་རྗེས་འཛིན་ཚུལ་ལ་གཞན་གྱི་ལོག་རྟོག་དགག་པའོ༔ གསུམ་པ་མཇུག་གི་དོན་ལ་གཉིས་ཏེ༔ ཆོས་ཀྱི་ཆེ་བ་བསྟན་པ་དང༔ དགེ་བ་ཐམས་ཅད་མཁྱེན་པར་བསྔོ་ཞིང་མཚན་དང་མཛད་བྱང་ཡོངས་སུ་རྫོགས་ཚུལ་དང་བཅས་པ་བསྟན་པའོ༔ ནང་བཤད་གསང་སྔགས་ལམ་རིམ་གྱི་བསྡུས་དོན་རྫོགས་སོ༔ ༔ ༄༅། །པདྨའི་ལམ་རིམ་གྱི་ལོ་རྒྱུས་བཞུགས་སོ། །པདྨའི་ལམ་རིམ་ནི་སློབ་དཔོན་པདྨའི་དགོངས་པ། རྫོགས་པ་ཆེན་པོའི་མན་ངག །གནུབས་ཆེན་སངས་རྒྱས་ཡེ་ཤེས་ནས་བརྒྱུད་ཟུར་ཤཱཀ་འབྱུང་ལ་བཀའ་བབས་པའི་ཁུངས་མ་རང་དུ་སྣང་ལ། གུ་རུའི་གཏེར་ཆོས་རྣམས་ཕར་བཞག །བཀའ་མར་གྲགས་པའི་སྔ་འགྱུར་རང་རྐང་ལ་རྫོགས་ཆེན་གྱི་ཆོས་སྐོར་ཕལ་ཆེར་བི་མ་ལ་དང་བཻ་རོ་ཙ་ན་ལས་བརྒྱུད་པ་ཤས་ཆེ་ཞིང་། སངས་རྒྱས་གསང་བ་དང་གནུབས་ཆེན་གྱིས་གྲུ་ཤ་ནས་བླངས་པ་དང་། རྒྱ་ནག་ཧ་ཤང་བདུན་བརྒྱུད་དང་། རྒྱ་གར་གྱི་སློབ་དཔོན་བདུན་བརྒྱུད་སོགས་མང་གིས། སློབ་དཔོན་པདྨ་ནས་བརྒྱུད་པའི་རྫོགས་ཆེན་ནི་འདི་ཁོ་ནར་མངོན་ནོ། །འདི་ཡན་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་ངོ་། །དེར་མ་ཟད་མངའ་བདག་ཉང་གིས་ཟབ་གཏེར་ནས་བཞེས། སྲས་འགྲོ་མགོན་དང་། དེས་གུ་རུ་ཆོས་དབང་ལ་གནང་། ཆོས་དབང་རིན་པོ་ཆེས་ཀྱང་ཟབ་གཏེར་ནས་བཞེས་པ་སྟེ་གཏེར་ཁ་གོང་འོག་གི་གདམས་པ་ཟུང་འབྲེལ་ཟུར་ཤཱཀ་འབྱུང་ཕྱི་མའི་ཕྱག་ཏུ་བབས་པས་བཀའ་གཏེར་གྱི་གདམས་ཟབ་ཆུ་བོ་གཉིས་འདྲེས་སུ་གྱུར། འཆད་ཉན་གྱིས་གཏན་ལ་ཕབ་པའི་བཤད་སྒྲུབ་རྒྱ་ཆེར་དར། དེ་ཡང་གཞུང་རྡོ་རྗེའི་ཚིག་རྐང་ནི་ཡོ་ག་གསུམ་གའི་དགོངས་ཉམས་ཟབ་ཅིང་རྒྱ་ཆེ་བ་ཐམས་ཅད་གཅིག་ཏུ་དྲིལ་བར་སྣང་ནའང་། སྐབས་འདིར་མཐར་ཐུག་གི་རྫོགས་རིམ་སྙིང་པོར་དྲིལ་བའི་གདམས་པ་ངོ་སྤྲོད་ཀྱི་ལུགས་སུ་གདབ་པའོ།། །། ༄༅། །པདྨའི་ལམ་རིམ་གྱི་བརྒྱུད་འདེབས་བཞུགས་སོ། །ཆོས་སྐུ།་་་ཀུན་བཟང་ལོངས་སྐུ།་་་རྡོར་སེམས་སྤྲུལ་སྐུ།་་་པད་འབྱུང་གཉགས་ཛྙཱ་ན།་་་ཀུ་མཱ་ར། །གནུབས་བན་་་སངས་རྒྱས་ཡེ་ཤེས།ཡོན་རྒྱམ་་་ཡོན་ཏན་རྒྱ་མཚོ།ཡེ་འབྱུང་་་ཉང་།ཟུར་པོ་ཆེ། །ཤེས་རབ་གྲགས།་་་ཟུར་ཆུང་བླ་ཆེན།་་་ཤཱཀ་བཟང་སྒྲོ་ཕུག་པ།་་་ཤཱཀ་སེང་རྩག་ཚ།་་་ཤཱཀ་རྡོར་བ། །གཉོས་ནག་་་རྒྱལ་མཚན།འབན་རྒྱལ་ཤཱཀ་དཔལ་སངས་རྒྱས་སེང་། །ཀུན་རིན་རིན་རྒྱལ་དཀོན་དབང་ཟུར་ཧཾ་ཤཱཀ་་་ཀྱ་འབྱུང་གནས་ཕྱི་མ། ཟུར་སྲས།་་་ཤཱཀ་དཔལ་དཔལ་བཟང་བཤེས་གཉེན་ཁམས་པ་གྲགས། །སེ་སྟོན་རས་ཆེན་མཉམ་མེད་བདེ་ལེགས་པ། །ཀུན་དགའ་མཆོག་གྲུབ་ཀུན་དགའ།་་་གྲོལ་མཆོག་བྲག་སྟོད་པ།་་་ལྷ་དབང་གྲགས། །རྗེ་བཙུན།་་་ཀུན་སྙིང་ཕྲིན་ལས་་་དབང་མོ།རིན་ཆེན་རྒྱ་མཚོ་དཔལ། །སྙིང་པོ།་་་མཐའ་ཡས་ཀུན་བཟང་་་དབང་པོ།ཚེ་དབང་ནོར་བུའི་སྡེ། །ཆོས་དབྱིངས་རང་གྲོལ་དེ་དབོན།་་་ཀུན་བཟང་་་ཆོས་འབྱོར།རྡོར་སློབ་བློ་བཟང་།་་་མཐུ་སྟོབས་ཞབས། །མཆོག་སྤྲུལ།་་་ཉི་མ་ཆོས་འཕེལ་རིན་ཆེན།་་་བློ་གསལ་བསྟན་སྐྱོང་དང་། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །བདག་གསུངས་རྡོ་རྗེའི་ཚིག་འགྲེལ་ལག་ཁྲིད་ཀྱིས། །ལེགས་སྐྱོང་སེམས་ཉིད་གཅེར་སྟོན་ལམ་གྱི་གནད། །རྒད་པོ་འཁར་བཙུགས་རྒན་མོ་མཛུབ་ཚུགས་དཔེས། །ལས་ཅན་ཐར་ལམ་ཟིན་པར་བྱིན་གྱིས་རློབས། །ཞེས་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་གསུང་ཁ་སྐོང་དང་བཅས་པའོ།། །། ༄༅། །པདྨའི་ལམ་རིམ་གྱི་ཁྲིད་བཞུགས་སོ། །པདྨའི་ལམ་རིམ་གྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། གནས་དབེན་པར་སྒྲུབ་ཁང་ཉི་འོད་ཕེབས་པར་ཤེལ་སྒོ་ལས་འཇའ་སྣང་གསལ་བར་བྱས་པ་དམིགས་པའི་རྟེན་དུ་བཞག་སྟེ། རྒད་པོ་འཁར་བཙུགས། རྒན་མོ་མཛུབ་ཚུགས་ཀྱི་བརྡ་སྦྱོར་ཚུལ་དུ། བུ་འདི་ན་སྣང་བའི་རྡོ་རྗེ་སེམས་དཔའི་མེ་ལོང་འདི་ནི་ངོ་བོ་གང་དུའང་མི་འགྱུར། རྐྱེན་གྱིས་ཅིར་ཡང་འཆར། འདི་བཞིན་སྣང་སྲིད་འཁོར་འདས་ཐམས་ཅད་ཐིག་ལེ་ཉག་གཅིག་ཕྱི་ནང་དུ་ཕྱེ་བ་མེད་ཀྱང་། འཇའ་འོད་མ་འདྲེས་གསལ་བའི་གཟིགས་མོ། འོད་སྣང་སྟོང་ཞིང་སྣང་སྒོ་འབྱེད་པ་གསལ་བས་གནས་མཆོག་འོག་མིན་ཉམས་དགའི་ཞིང་ཡང་འདིས་མཚོན། ཆོས་སུ་བཏགས་སོ་ཅོག་ལ་ཀ་དག་ལྷུན་གྲུབ་མཉམ་ཉིད་ཁྱབ་གདལ། མན་ཤེལ་དང་མན་ཤེལ་གྱི་འོད། མདོག་དབྱིབས་ལྷན་ཅིག་འཇའ་འོད་སྣ་ཚོགས་སུ་སྣང་ཡང་མེད་སྣང་ཁྱབ་གསུམ་ལས་མ་འདས་པའི་མ་བྱས་ཡེ་གྲོལ་དུ་ལམ་ལམ་ཝལ་ཝལ། སལ་སལ་སིང་སིང་། ཡེར་ཡེར་རྗེན་རྗེན། ལྷན་ལྷན། དབྱིངས་རིག་དབྱེར་མེད་དབྱེར་མིན། དབྱེ་བྱ་དབྱེ་བྱེད་བྲལ་བ་སྟེ། མ་བཅོས་དབྱིངས་ན་རང་བྱུང་འོད་གསལ་བ། །ཡོངས་ལ་ཡོད་མོད་སུས་ཀྱང་མཐོང་བ་མེད། །དཔག་པར་མི་སྤོབས་ནམ་མཁའི་ཁྱོན་དང་འདྲ། །གསལ་ལ་འཚེར་བ་ཉི་མའི་འོད་དང་འདྲ། །འགྱུར་མེད་བརྟན་པ་རི་རྒྱལ་ལྷུན་པོ་འདྲ། །ཟབ་ཅིང་གཏིང་མེད་རྒྱ་མཚོའི་མཐིལ་དང་འདྲ། །གོས་པ་མེད་པ་འདམ་རྫབ་པདྨ་འདྲ། །ངོས་གཟུང་མེད་པ་ཆུ་ནང་ཟླ་བ་འདྲ། །ཅིར་ཡང་འཆར་བ་ནམ་མཁའི་འཇའ་སྤྲིན་འདྲ། །གསལ་བར་རྫོགས་པ་མེ་ལོང་གཟུགས་བརྙན་འདྲ། །གང་ལའང་ཐོགས་མེད་གནམ་ལྕགས་ཐོག་མདེལ་འདྲ། །རྒྱུན་ཆད་མེད་པ་ཆུ་བོ་ཆེན་པོ་འདྲ། །ཀུན་གྱི་གཞི་གྱུར་ས་གཞི་ཆེན་པོ་འདྲ། །འདི་བཞིན་དཔེ་རྣམས་ཡེ་ཤེས་དབྱིངས་དང་སྦྱོར། །དེ་ལྟར་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ལ་ཕྱི་ནང་དུ་གྲུབ་པ་མེད་ཀྱང་སྣང་ཚུལ་གྱི་དབང་གིས་ཕྱི་ནང་དུ་འཆར་བའི། ཕྱི་ལྷུན་གྲུབ་རིན་པོ་ཆེའི་སྦུབས། ནང་རིག་པ་རང་གསལ་དྭངས་པའི་ཁྱེའུ་ཆུང་ཞེས་བཏགས་ཏེ། རིག་པ་དངོས་དང་རིག་པའི་རང་རྩལ་བྱ་བའི་ཚུལ་གྱིས་མ་འདྲེས་གསལ་བའི་རི་མོ་བཀྲ་བ་ཡང་། མི་འགྱུར་འོད་སྣང་གི་ཐིག་ལེ་སྟོང་གསལ་རྩ་སྦུབས་ཡུམ་རྡོ་རྗེ་བཙུན་མོའི་བྷ་གར་ཆུད་པ་ལས་ཉམས་བདེ་གསལ་སྟོང་པའི་ཁྱེའུ་འཁྲུངས་ཏེ། དཔག་བསམ་ཤིང་ལས་དཔག་བསམ་གྱི་འབྲས་བུ་སྨིན་ནོ། །བདུད་རྩིའི་རྒྱ་མཚོ་ལས་བདུད་རྩིའི་རྦ་རླབས་འབྱུང་ངོ་། །ཡིད་བཞིན་ནོར་བུ་ལས་འདོད་དགུའི་ཆར་བབས་སོ། །དེ་ལྟ་ན་ཡང་རྟོག་བྱེད་བློ་ངན་གྱི་སོམ་ཉིས་ངན་སྐྱུགས་ཀྱི་བུམ་པར་བདུད་རྩི་མ་བླུགས་ཤིག །སྨན་གྱི་ས་བོན་ལས་དུག་འབྲས་མ་སྐྱེད་ཅིག །ཉི་མའི་སྣང་བ་མུན་པས་མ་འགེབས་ཤིག །ཨེ་མ། མདུན་གྱི་མན་ཤེལ་འདི་ཁོ་ན་བཞིན་དུ་ནང་རིག་གསལ་བའི་ལུ་གུ་རྒྱུད་ཀྱང་གོ་བར་གྱིས། འདི་ལས་འོད་སྣང་གི་འཇའ་ཚོན་མ་འགགས་ཤར་པས་མཚོན་པའི་འཆར་སྒོའི་འོད་གསལ་འབྱུང་བཞི་ཁ་བསྒྱུར་གྱི་རང་བབས། རྩ་རླུང་ཐིག་ལེའི་རང་སྣང་ཐམས་ཅད། དུ་བ། སྨིག་རྒྱུ། གློག །སྲིན་བུ་མེ་ཁྱེར། མར་མེ་འབར་བ། ཟླ་འདྲ། ཉི་འདྲ། སྒྲ་གཅན་གྱི་དབྱིབས་ཏེ། འདི་འཆར་འདི་མི་འཆར་མེད་དེ། ཀུན་ཀྱང་དབྱིངས་ཤར་དབྱིངས་གྲོལ། སྦྲུལ་མདུད་འདྲ་བས་འཛིན་པའི་གདོན་གྱིས་མ་དཀྲུགས་པར་མན་ཤེལ་གྱི་སྦུབས་མེད་ནང་དུ་སྣང་བ་འདྲ་བའི་དཔེས། རང་རིག་ལས་ལོགས་སུ་མ་ལྟ་ཞིག །རྟགས་སྣང་མ་ལུས་པ་མ་བྱས་རྩོལ་མེད་རང་གསལ་གྱི་རང་སྣང་དུ་མཚོན་པས་རྒྱུ་འབྲས་འཆོལ་མེད་ཀུན་ཏུ་སྤྱོད་པ་ཡིན་ནོ། །པདྨའི་བཀའ་བསྩལ་སྙིང་པོ་ཀུན༵། །མན་ཤེལ་ཉམས་དག༵འི་བརྡ་ཐབས་ཀྱིས། །སེམས་ཀྱི་འཆིངས་གྲོ༵ལ་མཆོ༵ག་སྟོན་པ། །ཡི་གེ་འདི་ལ་ཡིད་ཆེས་སྐྱེད། །པདྨའི་ལམ་རིམ་གྱི་གནད་འདོམས་ཁོལ་ཕྱུང་ངོ་།། །། ཞེས་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་རྡོ་རྗེའི་གསུང་ལས་བྱུང་བའོ། །མངྒ་ལཾ་བྷ་བ་ཏུ།།

ལྷོ་བྲག་ཡང་དབེན་རི་ཁྲོད་སེངྒེའི་ཟབ་གཏེར་ཕར་ཕྱིན་རྒྱལ་བའི་བཀའ་མཐུས་སྲུང་ཟློག་གསད་པ་ཟབ་མོ་གཞུང་ལག་ལེན་དང་བཅས་པ་ (Volume 54, Text 1)

༄༅། །ལྷོ་བྲག་ཡང་དབེན་རི་ཁྲོད་སེངྒེའི་ཟབ་གཏེར་ཕར་ཕྱིན་རྒྱལ་བའི་བཀའ་མཐུས་སྲུང་ཟློག་གསད་པ་ཟབ་མོ་གཞུང་ལག་ལེན་དང་བཅས་པ་བཞུགས་སོ།། ཤེས་རབ་སྙིང་པོའི་སྲུང་འཁོར་བཞུགས་སོ༔ ཤེས་རབ་ཡུམ་ལ་ཕྱག་འཚལ་ལོ༔ ཕར་ཕྱིན་རྒྱལ་བའི་བཀའ་མཐུ་འདི་ལ༔ སྲུང་བ་རྒྱལ་བའི་དཀྱིལ་འཁོར་བསྒོམ་པ་ནི༔ དང་པོ་ནངས་པར་སྔ་བར་སྟན་བདེ་བ་ལ་འདུག་སྟེ༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་ནས༔ བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དཔག་ཏུ་མེད་པ་བསྐྱེད་ལ༔ དེ་ནས་སེང་གེ་བརྒྱད་བསྣོལ་བའི་སྟེང་དུ་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བ་གཅིག་བསྒོམ༔ དེའི་སྟེང་དུ་པདྨ་ཉི་ཟླ་བརྩེགས་པའི་སྟེང་དུ༔ རང་ཉིད་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ༔ གཡས་ས་གནོན་གཡོན་མཉམ་གཞག་ཅན༔ ཞབས་སྐྱིལ་ཀྲུང་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ༔ སྐུ་ཚད་དཔག་ཏུ་མེད་པ་ཞིག་བསྐྱེད༔ དེ་ལ་ཤ་རཱིའི་བུ་ལ་སོགས་པ་ཉན་ཐོས་མཆོག་བརྒྱད༔ རང་སངས་རྒྱས་བྱང་ཆུབ་སེམས་དཔའ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་བསྐོར་བར་བསྒོམ༔ རང་གི་གཡས་གཡོན་དུ་བསྲུང་བྱ་ཐམས་ཅད་ཐུབ་པའི་སྐུར་གསལ་བར་བསྐྱེད༔ དེ་ནས་ཉི་མ་རྒྱང་སོང་བ་དང༔ མུན་མ་རུབ་ཀྱི་བར་དུ་ཤེས་རབ་སྙིང་པོ་ཅི་ཐོན་བཟླས་ལ༔ དེ་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས༔ ཕྱག་གཡས་ཉི་མ་གཡོན་ཟླ་བའི་དཀྱིལ་འཁོར་དུ་བསམ་ལ༔ ཐལ་མོ་བརྡབས་པས་འཁོར་དགྲ་བཅོམ་པ་ལྔ་བརྒྱའི་ཚོགས་དང་བཅས་པ་ཐམས་ཅད་ཀྱིས་ཆོས་གོས་ངུར་སྨྲིག་ཕྱོགས་གཅིག་ཏུ་བརྡབས་པས་བར་ཆད་དགྲ་བགེགས་ཐམས་ཅད་ཞི་བར་བསམ་ལ༔ བདེན་སྟོབས་གང་ཡང་རིགས་པ་བརྗོད༔ ཤེས་རབ་སྙིང་པོའི་སྲུང་འཁོར་ཟབ༔ ཨི་ཐི༔ ཀུན་ལ་མེད་པའི་གདམས་པའོ༔ ༄༅༔ ཤེས་རབ་སྙིང་པོའི་ཡང་ཟློག་ནག་པོ་དུག་གི་སྤུ་གྲི་བཞུགས་སོ༔ དེ་ནས་ཡང་ཟློག་བྱད་མ་བམ་ལོག་ཏུ་གསད་པ་ནི༔ ཤེས་རབ་སྙིང་པོ་མཁན་ནང་ཐུག་ན་འདི་ལྟར་བྱེད༔ དེ་ནས་རང་ཉིད་ཉི་མ་གྲིབ་སོ་ཚུར་ལ་རྒྱང་གི་བབས་བྱུང་བ་དང་ཉི་མ་ལ་རྒྱབ་བསྟན་ལ་དམིགས་པ་འདི་བཞིན་དུ་བསྒོམ༔ རང་ཉིད་ཐུབ་པ་ཆེན་པོ་སྐུ་མདོག་ནག་པོ་རྒྱ་སོལ་གྱི་མདོག་ལྟ་བུ་ནག་ལྷམ་མེ་བ་སྐུ་ལ་དར་ནག་གི་ཆོས་གོས་གསོལ་པ༔ ཕྱག་གཡས་ས་གནོན་གྱི་ཕྱག་རྒྱ་མཛད་པས་བྱད་མ་ལྷ་སྲུང་དང་བཅས་པ་འགུལ་ཡང་མི་ནུས་པར་བསམ་མོ༔ གཡོན་པར་བུ་ནག་པོའི་ནང་དུ་དགྲ་བོ་དེའི་ལྷ་སྲུང་དང་བཅས་པ་བཅུག་ནས་གནམ་ལྕགས་ཀྱི་རྒྱ་གྲམ་གཉིས་ཀྱིས་ཁ་བཅད་ནས་ཐར་པའི་དུས་མེད་པར་བསམ་མོ༔ དེའི་མདུན་དུ་ནྲྀ་ལས་བྱད་མ་མདོག་སྔོ་བ༔ ལུས་རེངས་པ༔ ལྕེ་བྲང་དཀྱིལ་དུ་སླེབ་པ༔ ལྕེའི་སྟེང་དུ་འཁོར་ལོ་རྩིབས་དྲུག་པ༔ རྩིབས་ལ་ཡི་གེ་བཾ་དྲུག་གིས་མཚན་པ༔ འཁོར་ལོའི་ལྟེ་བར་གསེར་གྱི་རྡོ་རྗེ་རྒྱ་གྲམ་གྱིས་མནན་པས་ལུས་འགུལ་སྐྱོད་དང་བྲལ་བ་གཅིག་བསམ་ལ༔ བཾ་སྟོང་ཕྲག་གསུམ་བཟླས་ནས་ཡུངས་ནག་གི་ཐུན་གྱིས་བྲབ་བོ༔ ཉི་མ་དམར་ཐག་འདས་པ་དང་ལིང་ག་བྲ་བོ་ནག་པོའི་སོག་མའི་མེ་ལ་བསྲེགས་ལ་ལས་སྦྱོར་བྱེད༔ ཐལ་བ་དེ་གཡག་རོག་ནག་པོའི་ལྕི་བ་དང་བསྲེས་ནས་ཉ་བོ་གཅིག་བྱས་ལ་གཙུག་ལག་ཁང་གི་ཐེམ་པའི་འོག་ཏུ་མནན་ནོ༔ ཟབ༔ ཨི་ཐི༔ ཀུན་ལ་མེད་པའི་གདམས་པ༔ བྱད་མ་སྲོག་གི་སྤུ་གྲི༔ བསྟན་པ་སྲུང་བའི་མཚོན་ཆ༔ བན་དགྲ་སྔགས་ཟློག་མཁན་གྱི་གཤེད་མ༔ མྱུར་མགྱོགས་རླུང་གི་སྤུ་གྲི་འདི༔ ཤེས་རབ་བློ་ལྡན་སྙིང་རྗེ་ཅན་དང་འཕྲད་པར་ཤོག༔ ༈ ཤེས་རབ་ཡུམ་ལ་ཕྱག་འཚལ་ལོ༔ ཕར་ཕྱིན་རྒྱལ་བའི་བཀའ་མཐུ་འདིས༔ ལུས་སེམས་བླ་ཚེ་སྲོག་དང་འབྲལ༔ ཤེས་རབ་སྙིང་པོའི་ཡིག་སྣ་ལས༔ སྒོམ་པ་དང་ནི་བཤད་མི་དགོས༔ གྱེར་དང་གཏོར་མ་གཏང་མི་དགོས༔ དགྲ་བོས་ཟློག་པ་བྱས་གྱུར་ཀྱང༔ རང་ལ་མི་ཟློག་ཁོ་རང་འཆི༔ བག་ཟན་ལས་ནི་དགྲ་གཟུགས་བཅོས༔ བྲུབ་ཁུང་ཟུར་གསུམ་ནང་དུ་ནི༔ དེ་དཀྱིལ་དགྲ་ནི་གང་ཡོད་ཀྱི༔ ལིང་ག་མིང་རུས་དང་བཅས་ནས༔ གན་རྐྱལ་དག་ཏུ་བསྙལ་ལ་བཞག༔ སྙིང་གར་ཟངས་ཀྱི་ཁབ་གཅིག་བཙུག༔ སྤྱི་བོའི་གཙུག་ནས་མས་ཤར་འདོན༔ གསོད་པར་འདོད་ན་ཡར་ལ་འདོན༔ བབས་འདོད་མར་ལ་གདོན་པར་བྱ༔ ཐུན་ལ༔ མི་མང་བསད་ས་འཕུང་བའི་ཤུལ༔ རི་རུལ་རྡོ་ནག་གཅིག་ཏུ་དགའ༔ མི་བསད་ས་ནས་རྡོ་བླངས་པ༔ འཕྲལ་ལ་བསད་ཤུལ་རྡོ་ནག་དགའ༔ མ་རྙེད་རོ་བསྲེགས་རྡོ་ནག་དགའ༔ སྔགས་བཟླས་ཐུན་ལ་ལེགས་བཏབ་ནས༔ དགྲ་གཟུགས་ལ་བྲབ་མྱུར་དུ་འཆི༔ གོང་གི་བཅའ་གཞི་ལ་སོགས་ནི༔ འབྲུབ་ཁུང་ནང་དུ་འདི་བཞིན་གྱི༔ ལིང་ག་མིང་རུས་དང་བཅས་པ༔ བྲིས་ལ་བཅུག་སྟེ་དེ་ལ་ནི༔ རྡོ་ཡི་ཐུན་གྱིས་བྲབ་པ་ཡིན༔ རྡོ་ནག་ལྷམ་མེ་བྱུང་གྱུར་ན༔ ཐུན་གྱིས་བྲབ་པས་འཆི་འོ་གསུངས༔ འབྲུབ་ཁུང་དེ་ཡི་ཟུར་གསུམ་དུ༔ ལིང་ག་མིང་རུས་ཅན་རེ་བཅུག༔ གོང་འོག་རིགས་ནི་གཉིས་ཀ་ལ༔ ལིང་ག་འཇུག་ལུགས་དེ་ལྟར་བྱ༔ དྲག་པོའི་སྔགས་རྒོད་འདི་སྐད་དོ༔ ཨོཾ་ན་མོ་བུདྡྷ་ཡ༔ དྷརྨཱ་ཡ༔ སཾ་གྷཱ་ཡ༔ བོ་དྷི་སཏྭཱ་ཡ༔ ཏདྱ་ཐཱ༔ ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷིི་སྭཱ་ཧཱ༔ ཧང་ཁྲ་ཏད་ཁྲ༔ ཁ་རཾ་ཀྲེ༔ ཙ་རི་ཀྲེ༔ ཀུ་རུ་དུ་རུ༔ ཙིཏྟ་བཾ༔ མཱ་ར་མཱ་ར༔ ཆེ་གེ་མོའི་ཙིཏྟ་ཡ༔ ཧ་ར་ཧ་ར༔ རྟགས་ནི་རང་གི་སྔས་ཁ་རུ༔ དགྲ་བོའི་སྲོག་ཆགས་བསད་རྨིས་ན༔ དེས་ནི་ངེས་པར་འགྲུབ་པའི་རྟགས༔ ཞག་ནི་གཉིས་སམ་གསུམ་དུ་བསྒྲུབ༔ དེས་མ་འགྲུབ་ན་ལན་གཅིག་བསྐྱར༔ དེས་ཀྱང་འགྲུབ་པར་མ་གྱུར་ན༔ ལན་གསུམ་བསྐྱར་བ་མན་ངག་གོ༔ དེ་ཡིས་ཐེ་ཚོམ་མེད་པར་འགྲུབ༔ འདི་ལ་མཚམས་ཀྱང་གཅད་མི་དགོས༔ སྐབས་སུ་བདག་ལ་ལྷ་སྒྲུབ་དགའ༔ བཀའ་གཏེར་གཉིས་ཀ་འདི་ལ་ཚང༔ རྫས་སླ་མཐུ་མྱུར་སྒྲུབ་ཐག་ཉེ༔ ནང་དུ་འཇམ་ལ་ཕྱི་ལ་རྩུབ༔ འཁུ་ལྡོག་ཆུང་ལ་ནུས་པ་ཆེ༔ མཐུ་ཚན་ཆེ་ལ་ཚུར་མི་ཟློག༔ བཀྲ་ཤིས་ཚེ་རིང་བར་ཆད་མེད༔ ཕྱི་མའི་དོན་ཀྱང་འདི་ཡིས་འགྲུབ༔ ཉམས་པའི་དགྲ་བོ་མཐོ་རིས་དྲངས༔ རྣམ་སྨིན་མི་འབྱུང་ཚོགས་སུ་འགྲོ༔ བསྟན་པ་སྲུང་བའི་སྒྲུབ་ཡིག་ལགས༔ འདི་ལས་ལྷག་པ་ཡོད་རེ་ཀན༔ ཐུབ་པའི་དབང་པོ་ཉིད་ཀྱིས་གསུངས༔ ཐུབ་པས་སྤྱན་རས་གཟིགས་ལ་གནང༔ སྤྱན་རས་གཟིགས་ཀྱིས་ཀླུ་སྒྲུབ་ལ༔ ཀླུ་ཡིས་པདྨ་ཉིད་ལ་གནང༔ པདྨས་གསང་བའི་གཏེར་ཉིད་ལ༔ རྒྱ་ནི་རིམ་པ་དགུ་བཏབ་སྦས༔ འཛིན་སྐྱོང་སྲུང་གསུམ་བྱེད་པ་ཡི༔ བསྟན་སྲུང་གཅིག་དང་འཕྲད་པར་ཤོག༔ ཅེས་སྨོན་ལམ་བཏབ་ནས་གསང་བའི་གཏེར་དུ་སྦས་སོ༔ གུ་ཧྱ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ ལྷོ་བྲག་ཡང་དབེན་ནས་རི་ཁྲོད་སཻངྒས་བཏོན་པའོ།། །། ༄༅། །བཀའ་གཏེར་དགོངས་དོན་ཟབ་མོའི་བཅུད་ཕྱུང་བའི་བདག་ཉིད་སྲུང་བའི་རྣལ་འབྱོར་བཞུགས་སོ། །སྐྱབས་སེམས་དོན་དུ་སངས་རྒྱས་ཆོས་ཚོགས་དང་། །སྟོང་ཉིད་ཟབ་མོའི་གསང་སྔགས་བརྗོད་པའི་མཐར། །སྣང་སྲིད་སྣོད་བཅུད་དངོས་འཛིན་བདག་མེད་ངང་། །སྟོང་པའི་ངང་ལས་བྷྲཱུྃ་ཡིག་གསེར་གྱི་མདོག །ཡོངས་གྱུར་སྲུང་བའི་འཁོར་ལོ་རྒྱ་ཆེ་བ། །ཕྱི་རྩུབ་རྣོ་ངར་དབལ་ཤུགས་རེག་མི་བཟོད། །ནང་འཇམ་སྲུབས་མེད་སྲ་མཁྲེགས་འོད་འཕྲོ་བའི། །ལྟེ་བར་ཟླ་སྟེང་རང་གི་རྣམ་ཤེས་ཀྱི། །ངོ་བོ་བཾ་ཡིག་གསེར་མདོག་རང་སྒྲ་སྒྲོག །དེ་ལས་འོད་འཕྲོས་ཕྱི་རོལ་ཡུམ་ཆེན་མོ། །བརྒྱད་སྟོང་པ་ཡི་པུསྟི་གླེགས་བམ་གྱི། །སྟེང་འོག་ཕྱོགས་བཅུར་འོད་ཟེར་ཁྲི་རྐང་གི །གུར་དང་བཅས་པ་སྟོང་གསུམ་ཁྱབ་པར་གྱུར། །དེ་ལས་འོད་འཕྲོས་ཕྱི་རོལ་གནམ་ལྕགས་ཀྱི། །རང་བཞིན་ལས་གྲུབ་རལ་གྲིའི་གུར་བླ་རེ། །མངོན་པར་བྲེས་པས་གོ་མཚམས་མི་ཕྱེད་པ། །དེ་ལས་འོད་འཕྲོས་བཛྲ་ཧཱི་ར་ལས། །ཡོངས་གྲུབ་རྡོ་རྗེ་རྩེ་གསུམ་པ་ཡི་གུར། །བླ་རེར་བཅས་པས་རབ་ཏུ་གཏམས་པ་འོ། །དེ་ལས་འོད་འཕྲོས་ཕྱི་རོལ་ཡེ་ཤེས་མེ། ཁ་དོག་ལྔ་ལྡན་འབར་བའི་འུར་སྒྲ་དང་། །བཅས་པས་ཚངས་པའི་འཇིག་རྟེན་མན་ཆད་དུ། ཁྱབ་པར་གྱུར་པའི་ཕྱི་རོལ་གསེར་ལས་གྲུབ། །བྱང་ཆུབ་མཆོད་རྟེན་སྟོང་གསུམ་དང་མཉམ་པ། །འོག་གཞི་རྡོ་རྗེ་རྒྱ་གྲམ་གྱིས་བསྡམས་ཤིང་། །རྩེ་མོ་འོག་མིན་གནས་སུ་གྷཉྫི་ར། །མངོན་པར་ལྷག་གེར་གསལ་བའི་སྟེང་གི་མཁར། །ཡིད་འོང་རབ་མཛེས་ལྷ་བུ་སྟོང་ཁྲག་ཁྲིག །མང་པོ་ཡིད་བཞིན་ནོར་དང་རིན་ཆེན་བུམ། །འཛིན་པས་ཁྲུས་གསོལ་ཤིས་བརྗོད་མགྲིན་གཅིག་ཏུ། །བུ་ཁྱོད་ཀྱིས་ནི་འདོད་པའི་དོན་མ་ལུས། །འགྲུབ་པར་གྱུར་ཅིག་ཨ་བྷི་ཥེ་ཀ་ཏ། །སྲུང་དབུས་བཾ་ཡིག་ཡོངས་སུ་གྱུར་པ་ལས། །སེང་གེ་བརྒྱད་བསྣོལ་སྣ་ཚོགས་རིན་ཆེན་ཁྲི། །ཡངས་ཤིང་རྒྱ་ཆེ་པདྨ་ཉི་ཟླའི་སྟེང་། །རང་ཉིད་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ། །མཚན་དཔེ་ཡོངས་རྫོགས་རྡོ་རྗེའི་སྐྱིལ་མོ་ཀྲུང་། །གཡས་གཡོན་མཆོག་སྦྱིན་མཉམ་གཞག་ཕྱག་རྒྱ་ཅན། །གཙུག་ཏོར་ཡིད་བཞིན་ནོར་བུ་དབང་གི་རྒྱལ། །ཕ་རོལ་ཕྱིན་མའི་ངོ་བོ་བཙོ་མའི་མདངས། །སྣང་ལ་རང་བཞིན་འཛིན་མེད་གསལ་བའི་གཡས། །བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས། །གཡོན་དུ་ཤེས་རབ་མཆོག་གྱུར་ཤ་རཱིའི་བུ། །གཉིས་ཀ་པུས་གཙུགས་ཐལ་སྦྱར་མངོན་པར་འདུད། །བ་སྤུའི་བུ་ག་རྩིབས་སྟོང་འཁོར་ལོའི་ནང་། །ཐམས་ཅད་ཀུན་ཏུ་ཟླ་བའི་དཀྱིལ་འཁོར་གྱི། །གདན་ལ་རང་འདྲའི་སྟོན་པ་གཟི་མདངས་ཅན། །མང་པོས་གཏམས་ཤིང་གང་གྱུར་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་གནས་ཨོཾ་ཨཱཿཧཱུྃ་གིས་མཚན། །འབྲུ་གསུམ་རྣམས་ལས་འོད་འཕྲོས་ཆོས་ཀྱི་དབྱིངས། །རང་བཞིན་རྣམ་པར་དག་པའི་ཞིང་ཁམས་དང་། །རྡོ་རྗེ་གདན་ནས་དུས་གསུམ་འགྲོ་བའི་མགོན། །ཕྱོགས་དུས་རྒྱལ་བ་མ་ལུས་འདིར་གཤེགས་ཤིག །ཨོཾ། འོག་མིན་རྣམ་པར་སྣང་མཛད་གངས་ཆེན་མཚོ། །ཕྲ་རབ་རྡུལ་སྙེད་བརྩེགས་པའི་ཞིང་གིས་བརྒྱན། །ཞིང་དང་རྣམ་པར་རབ་འཕྲོས་གང་འདུལ་སྐུ། །བསྐལ་བཟང་འདྲེན་པ་མཆོག་རྣམས་སྤྱན་འདྲེན་གཤེགས། །འཕགས་པའི་ཡུལ་དབུས་རྡོ་རྗེ་གདན་གྱི་སྤོར། །བདུད་ཀྱི་དཔུང་འཇོམས་བྱང་ཆུབ་ཤིང་ཆེན་ལ། །སྟོབས་བཅུའི་དབང་ཕྱུག་ཆེན་པོས་བྱིན་གྱིས་བརླབས། །ཡེ་ཤེས་རྒྱལ་བ་མ་ལུས་བདག་ལ་ཐིམ། །རང་ཉིད་ཐུབ་པའི་སྐུ་ལ་རྡོ་རྗེའི་གོ །བཞུ་བླུགས་ལྟར་བསྒོམ་བར་མཚམས་མེད་པར་གཏམས། །སྙིང་ཁར་གསེར་གྱི་རྡོ་རྗེ་རྩེ་ལྔ་པ། །གྱེན་དུ་ལངས་པའི་ལྟེ་བར་ཀུན་ནས་རྩིབས། །བཞི་པའི་དབུས་སུ་རང་གི་རིག་པ་བཾ། །གསེར་མདོག་རྩིབས་གཡས་ཕ་སོགས་བསྲུང་བྱ་ཕོ། །དེ་བཞིན་གཡོན་དུ་མ་སོགས་མོ་རིགས་ཏེ། །བླ་མ་སྟེང་དང་བུ་སྤུན་ཆུང་མ་མདུན། །རྒྱབ་ཏུ་འཁོར་གཡོག་འོག་ཏུ་ནོར་ཕྱུགས་སོགས། །བསྲུང་བྱ་ཐམས་ཅད་རྣམ་པར་གསལ་བར་གྱུར། །དབུས་ཀྱི་བཾ་ལས་རང་སྒྲ་ཞིག་བྱུང་བས། །མདུན་གྱི་ནམ་མཁར་བསྐལ་བཟང་སངས་རྒྱས་སྟོང་། །གླང་ཆེན་ཐལ་དཀར་མཆེ་བ་དྲུག་ལྡན་འཆིབ། །ཕྱག་གིས་རིན་ཆེན་སྣ་ལྔའི་མེ་ཏོག་འཐོར། །ཐམས་ཅད་བདག་ལ་བཀྲ་ཤིས་བརྗོད་ཚིག་ཏུ། །རིགས་ཀྱི་བུ་ཁྱོད་སྲ་བ་དང་བརྟན་པའི། །འདོད་དོན་ཐམས་ཅད་ད་ལྟ་འགྲུབ་གྱུར་ཅིག །བདེན་པས་བྱིན་བརླབས་སྐད་ཅིག་དེ་ཉིད་ལ། །བསྲུང་བྱ་ཐམས་ཅད་བཾ་གྱི་རང་བཞིན་ཏེ། །གསེར་མདོག་འོད་ཀྱི་རྣམ་པར་གསལ་བ་ལ། །ངོ་བོ་མི་དམིགས་ཆོས་ཀྱི་དབྱིངས་གསལ་སྟོང་། །མཐའ་བྲལ་དོན་དམ་ཆོས་ཉིད་རོལ་པ་ཆེ། །མཉམ་པ་ཉིད་དུ་རྩོལ་བ་མེད་པར་གཞག །ཤེར་སྙིང་མདོ་དངོས་ལྔ་འམ་བདུན་བརྗོད་རྗེས། །སྤྱི་ལས་ཁྱད་པར་སྲུང་བའི་ཤམ་བུ་ཅན། །བརྒྱ་ཛཔ྄་བགྲང་བྱ་འདི་སྟེང་ངག་བཅད་དུ། །བྱང་ཆུབ་ཚིག་མཐར་མ་མ་ས་པ་རི། །ཝཱ་ར་རཀྵཾ་ཀུ་རུ་སྭཱ་ཧཱ་ཞེས། སྙིང་པོ་བཟླས་པའི་འོད་ཟེར་སྡང་བྱེད་དགྲ། །རྦོད་གཏོང་བྱད་མ་བན་སྔགས་མུ་སྟེགས་བོན། །གནོད་བྱེད་རྦད་འདྲེ་ཐམས་ཅད་ལ་ཕོག་པས། །ཞི་བ་བྱང་ཆུབ་སེམས་ཀྱི་བདུད་རྩིར་ཞུ། །ཚུར་འདུས་རང་ཉིད་ཐུབ་པའི་དབུའི་གཙུག་ཏོར། །ཉིད་ལ་ཐིམ་པས་ལུས་སྟོབས་རྒྱས་པར་གྱུར། །ཐུན་མཐར། སྨྲ་བསམ་བརྗོད་མེད་སོགས་ཀྱིས་བསྟོད་རྗེས། ཕྱག་འཚལ་བ་ནས། བྱང་ཆུབ་ཆེན་པོར་བསྔོ། །བུདྡྷ་བོ་དྷི་སཏྭ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། དེ་བཞིན་དུ་ཤབྡའི་བར་དང་། མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོས་རྒྱལ་བ་སྲས་བཅས་མཆོད། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །དེ་རྣམས་ལ་ཕྱག་འཚལ་བ་ལ་བརྟེན་ནས་བདག་གི་བདེན་པའི་ཚིག་འགྲུབ་པར་གྱུར་ཅིག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཡིད་ལ་བཟུང་ནས་ཚིག་ཁ་ཏོན་དུ་བརྗོད་པས་བདུད་སྡིག་ཅན་ལ་སོགས་པའི་གནོད་བྱེད་ངན་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཕྱིར་ལ་ཟློག་པར་གྱུར་ཅིག །ཞི་བར་གྱུར་ཅིག །ཕྱགས་པར་གྱུར་ཅིག །སྟོང་པར་གྱུར་ཅིག་སྭཱ་ཧཱ། སླར་ཡང་མདོ་ལན་གསུམ་འདོན་བསྔོ་བ་དང་། སྨོན་ལམ་བཀྲ་ཤིས་དག་གིས་མཐའ་རྟེན་ནོ། །སྲུང་བའི་འཁོར་ལོའི་མན་ངག་ཞལ་ཤེས་ཀྱིས། །མངོན་པར་བརྒྱན་བྱས་ཤིན་ཏུ་ཟབ་གནད་འདི། །བཀའ་གཏེར་ཟུང་འཇུག་དགོངས་དོན་ངག་འདོན་ཁྲིགས། །རིག་སྔགས་འཆང་བ་དབང་པོའི་སྡེ་ཡིས་བཀོད།། །། ༄༅། །བཀའ་གཏེར་ཟུང་འཇུག་ཆོས་སྐུ་འོད་འབར་མའི་ཁྲིགས་ཆགས་བདུད་ལས་རྣམ་རྒྱལ་བཞུགས་སོ། །ན་མཿཤཱཀྱ་མུ་ན་ཡེ། སྟོབས་བཅུའི་བདག་ཉིད་སྟོན་པ་རྫོགས་སངས་རྒྱས། །ཕ་རོལ་ཕྱིན་གསུང་བསྟན་པ་དམ་པའི་ཆོས། །རིག་གྲོལ་གཉིས་ལྡན་འཕགས་མཆོག་དགེ་འདུན་ཏེ། །བསླུ་མེད་སྐྱབས་མཆོག་གསུམ་ལ་ཕྱག་བགྱི་འོ། །ཐུབ་བསྟན་རིན་ཆེན་བསྲུང་བའི་ཕྱིར། །ཡུམ་ཆེན་ཕ་རོལ་ཕྱིན་མ་ལ། །བསྟེན་ནས་སྲུང་ཟློག་གསད་པའི་ལས། །བཀའ་གཏེར་ཟུང་འཇུག་དགོངས་དོན་འབྲི། །དེ་ལ་འདིར་བཀའ་གཏེར་ཟུང་འཇུག་གི་གདམས་པ་ཆོས་སྐུ་འོད་འབར་མ་ཞེས་བྱ་བ་ཐུབ་བསྟན་སྲུང་བའི་ལྕགས་རི་འདི་ལ་དོན་གསུམ་སྟེ། འཁོར་ལོ་ལ་བརྟེན་ནས་སྲུང་བ་དང་། སྔགས་ཀྱི་བཟླས་བརྗོད་ལ་བརྟེན་ནས་རྦོད་གཏོང་ཟློག་པ་དང་། ལིང་གའི་སྦྱོར་བ་ལ་བརྟེན་ནས་བྱད་མ་གསད་པ་དང་གསུམ་མོ། །དང་པོ་འཁོར་ལོ་ལ་བརྟེན་ནས་སྲུང་བ་ནི། གནས་ཁང་ཕྱག་བདར་བྱ། ཐུབ་དབང་འཁོར་བཅས་དང་ཡུམ་ཆེན་མོ་སོགས་ཀྱི་བྲིས་འབུར་རབ་གནས་ཅན་གྱི་མདུན་དུ་ཉེར་སྤྱོད་ལྔ་སོགས་མཆོད་པ་རྒྱ་ཆེར་བཤམ། སྒྲུབ་པ་པོ་དགེ་སློང་ཡིན་ན་ཆོས་གོས་གསུམ་དང་ལྡན་པས་སྟན་ལ་འདུག་སྟེ་སྐྱབས་སེམས་ཀྱི་དོན་དུ་སངས་རྒྱས་ཆོས་ཚོགས་མ་ལན་གསུམ་དང་། སྭ་བྷཱ་ཝའི་སྔགས་ཚར་གཅིག་བརྗོད་ལ། སྣང་སྲིད་སྣོད་བཅུད་དངོས་འཛིན་བདག་མེད་ངང་། །ཞེས་པ་ནས། མཉམ་པ་ཉིད་དུ་རྩོལ་བ་མེད་པར་གཞག །ཅེས་པའི་བར་ཆོས་རྒྱལ་དབང་པོའི་སྡེས་མཛད་པའི་བདག་ཉིད་སྲུང་བའི་རྣལ་འབྱོར་ལྟར་བྱས་ལ། ཤེས་རབ་སྙིང་པོའི་མདོ་རབ་ཚར་བདུན། འབྲིང་ལྔ། ཐ་མའང་གསུམ་འདོན། ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་མ་མ་ས་པ་རི་ཝཱ་ར་རཀྵཾ་ཀུ་རུ་སྭཱ་ཧཱ། བརྒྱ་རྩ་ངག་བཅད་ལ་བཟླ་བའི་ཚེ་དམིགས་པ་ནི། སྙིང་པོ་བཟླས་པའི་འོད་ཟེར་སྡང་བྱེད་དགྲ། །ཞེས་པ་ནས། ཉིད་ལ་ཐིམ་པས་ལུས་སྟོབས་རྒྱས་པར་གྱུར། །ཅེས་པའི་བར་བརྗོད་ཅིང་བསྒོམ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟོད། ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པ་རྒྱས་པའམ་བསྡུ་ན། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །ཞེས་སོགས་ཤོ་ལོ་ཀ་གཅིག་དང་། མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོས་རྒྱལ་བ་སྲས་བཅས་མཆོད། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཞེས་པ་ནས། སྟོང་པར་གྱུར་ཅིག་སྭཱ་ཧཱའི་བར་བརྗོད། སླར་ཡང་ཤེས་རབ་སྙིང་པོ་ཚར་གསུམ་བཏོན་པའི་མཐར། རྫོགས་རིམ་ནི། གུར་ཁང་ཐམས་ཅད་རང་ལ་ཐིམ། རང་སྤྱི་བོའི་གཙུག་ཏོར་གྱི་ནོར་བུ་ལ་ཐིམ། དེ་ཐིག་ལེར་གྱུར་ནས་སྟོང་སང་གིས་སོང་བར་བསམ་ལ། དམིགས་མེད་སྤྲོས་བྲལ་གྱི་ངང་ལ་བློ་བཞག་ཅིང་བསྔོ་སྨོན་བཀྲ་ཤིས་བྱའོ། །དེ་ལྟར་ཐུན་བཞིར་གཅད་ཅིང་ཁྱད་པར་དགོང་ཐུན་གྱི་སྐབས་སུ་ཉི་མ་རྒྱང་གིས་སོང་བ་ནས་མུན་མ་རུབ་ཀྱི་བར་དུ་ཤེས་རབ་སྙིང་པོ་ཅི་ཐོན་བྱས་ལ། མཐར་བདག་ཉིད་བླ་གོས་ཕྲག་པར་གཟར་ཏེ་ཕྱག་གཡས་ཉི་མ་དང་གཡོན་ཟླ་བའི་དཀྱིལ་འཁོར་བསམ་ལ་བདེན་བརྗོད་ཀྱི་མཐར་ཐལ་མོ་བརྡབས་པས། འཁོར་དགྲ་བཅོམ་པ་ལྔ་བརྒྱའི་ཚོགས་དང་བཅས་པ་ཐམས་ཅད་ཀྱིས་ཆོས་གོས་ངུར་སྨྲིག་ཕྱོགས་གཅིག་ཏུ་བརྡབས་པས་བར་གཅོད་དགྲ་བགེགས་ཐམས་ཅད་ཞི་བར་བསམ་མོ། །སྲུང་ཟློག་ཐུན་མོང་དུ་འགྲོ་བའི་གནད་དོ། །སྲུང་འཁོར་དཔེ་རིས་ལྟར་གུར་གུམ་དང་གི་ཝཾ་གིས་བྲིས་ལ། སངས་རྒྱས་སྟོང་རྩ་གཉིས་བསྐྱེད་བསྟིམ་དང་རབ་གནས་སྤྱི་ལྟར་བྱས་ལ་གང་བསྲུང་བ་ལ་གདགས་སོ། །སྲུང་བའི་རྟགས་སུ་རབ་གསུང་རབ་ཀློག་པ། མེ་ཏོག་འཐུ་བ། ལུས་ནམ་མཁའ་ལ་ཡལ་བ་རྣམས་དང་། མཁར་དུ་ཞུགས་པ་འབྲིང་། གོ་ཆ་གྱོན་པ་ཐ་མ་རྣམས་སུ་བཤད་དོ།། ༈ །།གཉིས་པ་སྔགས་ཀྱི་བཟླས་བརྗོད་ལ་བརྟེན་ནས་རྦོད་གཏོང་ཟློག་པའི་ཡང་ཟློག་ནག་པོ་དུག་གི་སྤུ་གྲི་ཞེས་བྱ་བའི་ཟློག་གསད་ཐུན་མོང་ལ། བྱད་མའི་ལིངྒ་ལྕེས་བྲང་ཁེབས་པ་འཁོར་ལོ་རྩིབས་དྲུག་བཾ་གྱིས་མཚན་པ་སོགས་དཔེ་རིས་ལྟར་བྲིས་པ་བྲུབ་ཁུང་ནང་དུ་བཅུག་པ་དང་ཡུངས་ནག་གི་ཐུན་སོགས་སྟ་གོན་བྱ། དམིགས་པ་ངག་འདོན་ཚིགས་བཅད་དུ་བསྡེབས་པ་ནི། སྐྱབས་སེམས་སྲུང་འཁོར་གོང་ལྟར་མདོར་བསྡུས་སྔོན་དུ་འགྲོ་བས། སྟོང་པའི་ངང་ལས་རང་ཉིད་ཐུབ་པའི་དབང་། །སྐུ་མདོག་རྒྱ་སོལ་ལྟ་བུ་ཆེར་གནག་པ། །དར་ནག་ཆོས་གོས་རྣམ་གསུམ་སྐུ་ལ་གསོལ། །ཕྱག་གཡས་བདུད་འདུལ་ས་གནོན་ཕྱག་རྒྱ་མཛད། །གཡོན་པས་མཉམ་གཞག་སྟེང་ན་ལྷུང་བཟེད་ནང་། །དགྲ་བོ་ལྷ་སྲུང་བཅས་པ་བཅུག་པའི་ཁ། །གནམ་ལྕགས་རྡོ་རྗེ་རྒྱ་གྲམ་གྱིས་བཅད་དེ། །ནམ་ཡང་ཐར་བའི་དུས་སྐབས་མེད་པར་གྱུར། །མདུན་དུ་ཆོས་འབྱུང་ཟུར་གསུམ་འབར་བའི་ནང་། །ནྲྀ་ལས་བྱད་མ་མདོག་སྔོ་ལུས་རིད་པ། །ལྕེ་ཡིས་བྲང་ཁེབས་སྟེང་དུ་གནམ་ལྕགས་ཀྱི། །འཁོར་ལོ་རྩིབས་དྲུག་བཾ་གྱིས་མཚན་པའི་དབུས། །གསེར་གྱི་རྡོ་རྗེ་རྒྱ་གྲམ་གྱིས་མནན་པས། །འགུལ་ཞིང་བསྐྱོད་པར་མི་ནུས་གྱུར་པ་ལ། །རྣམ་ཤེས་བཀུག་བཅིངས་བསྡམས་ཤིང་མྱོས་པར་བྱས། །ལུས་ངག་ཡིད་གསུམ་ནུས་སྟོབས་མེད་པར་གྱུར། །འོག་ན་ཡོད་པ་ལྟར་དགུག་གཞུག་ཡིད་ཆེས་པ་ཁ་ཡར་བྱས། བཾ་སྟོང་ཕྲག་གསུམ་བཟླས་པ་ཡུངས་ནག་ལ་སྔགས་ཤིང་ལིངྒ་ལ་བྲབ། ཤེར་སྙིང་ཚར་ལྔ་ལ་སོགས་པ་བཏོན་པའི་མཐར། འཁོར་ལོ་རྩིབས་དྲུག་རབ་འབར་སྤུ་གྲི་ལྟར། །འཁོར་བས་ལུས་པོ་རྡུལ་ཕྲན་ལྟར་གཏུབས་ཤིང་། །ལྷག་མ་འབར་བའི་མེ་ལྕེ་རླུང་གིས་གཏོར། །ལུས་སེམས་བེམ་རིག་རྟེན་དང་ཕྲལ་བར་གྱུར། །རྩིབས་སྟེང་བཾ་ཡིག་ལས་བྱུང་ཆུ་བསིལ་གྱིས། །སྡིག་སྒྲིབ་ཀུན་བྱང་རྣམ་ཤེས་ཨ་དཀར་པོའི། །རྣམ་པར་གྱུར་ཏེ་རང་གི་མཛོད་སྤུར་ཐིམ། །བདེ་ཆེན་ཆོས་ཀྱི་དབྱིངས་སུ་དབྱེར་མེད་གྱུར། །ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷིི་གནོད་བྱེད་བྱད་མ་ལ་བྷྱོཿཛཿ ཀཱ་ཡ་ཝཱ་ཀ་ཙིཏྟ་སཏྭཾ་བྷ་ཡ་ནན་ཟློག །ཨོཾ་ཟློག །ཨཱཿཟློག །ཧཱུྃ་ཟློག་སྭཱ་ཧཱ། ཞེས་པའི་སྔགས་མང་དུ་བཟླ་ཞིང་དམིགས་པ་བྱ། ཐུན་བསྡུ་བའི་ཚེ། རང་གི་ལག་གཡས་ཉི་དཀྱིལ་མེ་འབར་བ། །ལག་གཡོན་ཟླ་དཀྱིལ་ཆུ་བསིལ་རྒྱུན་འབབ་པའི། །ཐལ་མོ་བརྡབས་པའི་བར་དུ་བྱད་མ་རྣམས། །ཚྭ་གྲང་འཐབ་པས་རྡུལ་བཞིན་བརླག་པར་གྱུར། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཞེས་པ་ནས་ཚིག་ཁ་ཏོན་དུ་བརྗོད་པས་བར་སྲུང་བ་ལྟར་ལ། བདུད་སྡིག་ཅན་དང་གནོད་བྱེད་དགྲ་བགེགས་རྦོད་གཏོང་མཁན་བྱད་མའི་ཤ་རུས་ཁྲག་རྩ་ལ་ནུར་ནུར་ཟློགས། ཞེས་ཐལ་མོ་ལན་གསུམ་རྡེབ་ཅིང་བདེན་སྟོབས་བརྗོད་པར་བྱའོ། །མཐར་ཤེར་སྙིང་ཉེར་གཅིག་གམ་ཅི་རིགས་བཏོན་ལ་མི་དམིགས་པར་བཞག །ཁྱད་པར་དགོང་ཐུན་གྱི་མཇུག་ཉི་མའི་གྲིབ་སོ་རྒྱང་བྱུང་བ་ན་ཉི་མ་ལ་རྒྱབ་བསྟན་ནས་བྱ་དགོས་པར་བཤད། དེ་ལྟར་ཐུན་བཞིར་གཅད་དེ་སྒོམ་བཟླས་བྱས་པས་རྟགས་སུ་གཡུལ་ལས་རྒྱལ་བ། ནམ་མཁར་སྔགས་ཀྱི་སྒྲ་སྒྲོག་པ། ཤགས་རྒྱལ་བ། གཞན་གྱིས་རང་ལ་ཕྱག་འཚལ་བ། སེར་བ་བསྒྱུར་པ་ལ་སོགས་པ་འབྱུང་བར་བཤད། རྟགས་རྫོགས་ནས་གོང་གི་ལིངྒ་བྲ་བོ་ནག་པོའི་སོག་མའི་མེ་ལ་བསྲེགས་པའི་ཐལ་བ་དེ་གཡག་རོག་པོའི་ལྕི་བ་དང་བསྲེས་པ་ལ་ལིངྒ་བཅས་ཏེ་གཙུག་ལག་ཁང་གི་ཐེམ་འོག་ཏུ་མནན་ནོ།། ༈ །།གསུམ་པ་ལིངྒའི་སྦྱོར་བ་ལ་བརྟེན་ནས་བྱད་མ་གསད་པ་ནི། ཐུབ་བསྟན་སེར་ཆགས་ཀྱིས་འཛིན་པས་དམ་ལོག་རང་གཤེད་ཀྱི་རྫས་རས་སེར་པོ་ལ་ལིངྒ་ལྕེ་ཕྱུངས་པ་སོགས་དཔེ་བྲིས་ལྟར་བྲིས་ནས་གནས་ཡིག་སྤྱི་ལྟར་བྲིས་པ་ཟན་དྲིལ་གྱིས་ཕྱིས་ཤིང་འབྱུང་བ་ལྔས་སྦྱོང་བ་སྤྱི་འགྲོའི་ལག་ལེན་ལྟར་བྱ། དམིགས་གསལ་ཡོད་ན་དྲི་མ་དྲུག་གམ་ཟག་རྫས་གང་འབྱོར་དང་། རང་གཤེད་ཀྱི་རྫས་བནྡེ་ཁྲིམས་ཉམས་དང་སྔགས་པ་དམ་བྲལ་གྱི་བྲུན། །ལྷྭམ་འབོག །གུ་གུལ། རོ་སྐྲ། གྲི་ཚིལ་དུག་ཁྲག་གིས་བྱུགས་པ། བག་ཟན་ལ་ཟག་རྫས་བསྲེས་ཏེ་ཉ་བོ་སྐྱེ་མཆེད་དོད་པའི་ཁོང་དུ་བཅུག །བྲུབ་ཁུང་དུ་གན་རྐྱལ་དུ་བཞག་པ་ལ་སྙིང་གར་ཟངས་ཁབ་བཙུགས་ཏེ་བཞག །བྲུབ་ཁུང་གི་ཟུར་གསུམ་དུ་ལིངྒ་མིང་རུས་ཅན་རེ་ཡང་བཅུག །སྐྱེར་ཚེར་གྱི་སྡོང་པོ་ཡལ་འདབ་འབྲས་བུ་དང་བཅས་པ་ལ་ག་ཏེའི་སྔགས་བྲིས་པ་བཏགས་པ་དང་། གཞན་ཡང་སྣོད་གཅིག་ཏུ་མི་མང་པོ་བསད་པའི་ཕུང་ཤུལ་གྱི་རྡོ་ནག་གམ། རི་རུལ་གྱི་རྡོ་ནག་གམ། འཕྲལ་དུ་བསད་ཤུལ་གྱི་རྡོ་ནག་གམ། མ་འབྱོར་ན་རོ་བསྲེགས་ཤུལ་གྱི་རྡོ་ནག་གི་ཕྱེ་མ་དང་། འཁར་གསིལ། གདིང་བ་སོགས་ཀྱང་བཤམ། ངག་འདོན་ནི། སྤྱི་ལྟར་གསེར་སྐྱེམས་གཟུ་དཔང་སོགས་ཀྱང་བྱ། སྲུང་ཟློག་བསྡུས་པ་སྔོན་དུ་འགྲོ་བས་འདི་སྐད་དོ། །སྐད་ཅིག་བདག་ཉིད་བཅོམ་ལྡན་ཤཱཀྱ་ཐུབ། །སྐུ་མདོག་ཆེར་གནག་རབ་ཁྲོས་ཞལ་གདངས་ཤིང་། །མཆེ་བ་རབ་གཙིགས་ཕྱག་གཡས་དར་ནག་གི །གདིང་བ་གཡབ་ཅིང་ཕྱག་གཡོན་འཁར་གསིལ་བསྣམས། །སྟོང་གསུམ་དུག་གི་བཅུད་རྣམས་གདིང་བར་བསྡུས། །འཁར་གསིལ་ལྕགས་ངར་རྣོན་པོས་ལིངྒའི་སྙིང་། །རབ་བསྣུན་བ་སྤུའི་བུ་ག་ཐམས་ཅད་ཀྱང་། །རང་འདྲའི་ཐུབ་ནག་ཆུང་ངུས་རབ་གང་བ། །དེ་དག་རྣམས་ལས་ལྕགས་ཀྱུ་ཞགས་པ་དང་། །ལྕགས་སྒྲོག་དྲིལ་བུའི་ཚོགས་སྤྲོས་བྱད་མ་རྣམས། །མདུན་གྱི་ཆོས་འབྱུང་གྲུ་གསུམ་འབར་བའི་ནང་། །འགུགས་འཆིང་སྡོམ་མྱོས་ཕྲིན་ལས་མཛད་པར་གྱུར། དགུག་གཞུག་ནི། ན་མོ། རྩ་བརྒྱུད་བླ་མ་སངས་རྒྱས་དམ་པའི་ཆོས། །འཕགས་པའི་དགེ་འདུན་ཞི་ཁྲོ་ཡི་དམ་ལྷ། །ཆོས་སྲུང་དམ་ཅན་རྒྱ་མཚོའི་བདེན་པ་དང་། །ཏིང་འཛིན་སྔགས་དང་ཕྱག་རྒྱའི་ནུས་མཐུ་ཡིས། །སངས་རྒྱས་བསྟན་དགྲ་བླ་མའི་སྐུ་དགྲ་དང་། ཁྱད་པར་མཐུ་བྱེད་བྱད་མ་བན་སྔགས་བོན། །མདོ་སྒྲུབ་མཐུ་བྱད་གཏོང་བ་མ་ལུས་པ། །སྐྱོབ་བྱེད་སྲུང་མར་བཅས་པ་ཐམས་ཅད་ཀུན། །སྟེང་འོག་ཕྱོགས་མཚམས་སྲིད་གསུམ་གར་གནས་ཀྱང་། །དམིགས་རྟེན་གཟུགས་ལིང་བཀོད་པ་འདི་ཉིད་ལ། ཁུག་ཅིག་ཕོབ་ཅིག་ཆིངས་ཤིག་རབ་ཏུ་སྡོམས། །མྱོས་པར་གྱིས་ལ་དབྱེར་མེད་གཅིག་ཏུ་གྱུར། བཛྲ་ཨཾ་གུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བཾ། བཛྲ་གྷཎྜེ་ཧོཿ པྲ་བེ་ཤ་ཡ་ཕཊ། ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་དགུག་བསྟིམ་ལན་མང་དུ་བྱ། ཁུག་རྟགས་བྱུང་ན་ལྷ་དབྱེ་བྱ་བ་ནི། རང་གི་རྒྱབ་ཏུ་ཤེར་ཕྱིན་སོགས་ཀྱི་གླེགས་བམ་ཁུར། ཨམ་ཕྲག་ཏུ་ཐུབ་དབང་དང་རིགས་ལྔ་སོགས་ཀྱི་སྐུ་བཅུག་སྟེ། ཕྱག་བྱ་ཞིང་འདི་སྐད་དོ། །ཕྱོགས་བཅུ་དུས་གསུམ་བདེ་བར་གཤེགས་པ་དང་། །བདག་གིས་བསྒྲལ་ཞིང་རྣམས་ལ་ཕྱག་བྱས་པས། ཁ་རྗེ་དབང་ཐང་ཚེ་དང་བསོད་ནམས་ཀུན། །གཏན་ཉམས་སྐྱོབ་བྱེད་ཀུན་ཀྱང་སྙིང་གས་ཏེ། །ལ་ལ་བརྒྱལ་ཞིང་ལ་ལ་ཕ་མཐར་བྲོས། །སྐྱབས་བྲལ་གྱུར་པའི་ལྕེ་སྟེང་བཾ་ཡིག་དྲུག །གནམ་ལྕགས་མཆོད་རྟེན་དྲུག་གྱུར་དེས་མནན་པས། །ལྗིད་ཀྱིས་རབ་ནོན་མིག་སྔོ་ཧྲིག་གེར་གྱུར། །ཞེས་བརྗོད་ཅིང་ཕྱག་གསུམ་བྱ། གོང་གི་རང་གཤེད་ཀྱི་རྫས་རྣམས་ཀྱི་དུད་པས་བདུག་གོ །ཨོཾ་ན་མོ་བུདྡྷ་ཡ། དྷརྨཱ་ཡ། སཾ་གྷཱ་ཡ། བོ་དྷི་སཏྭཱ་ཡ། ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། ཧང་ཁྲ་ཏད་ཁྲ། ཁ་རཾ་ཀྲེ། ཙ་རི་ཀྲེ། ཀུ་རུ་དུ་རུ། ཙིཏྟ་བཾ། མཱ་ར་མཱ་ར། ཆེ་གེ་མོའི་ཙིཏྟ་ཡ། ཧ་ར་ཧ་ར། ཞེས་མང་དུ་བཟླ་ཞིང་། སྐྱེར་ཚེར། རྡོ་ཐུན། གདིང་བ། འཁར་གསིལ་རྣམས་ལ་སྔགས། ཞག་གསུམ་ཙམ་ནས་སྲོག་ཆགས་ཀྱི་བསད་རྟགས་བྱུང་ནས་ཐུན་རྡེག་པ་ནི། རང་ཉིད་ཐུབ་ནག་གསལ་བའི་ཐུགས་ཀ་ནས། །སྤྲུལ་པ་ལྷ་ཡི་ཐུབ་པ་དུད་ཁའི་མདོག །གླང་ཆེན་ས་སྲུང་ལ་འཆིབས་གཡས་སྤུ་གྲི། །གཡོན་པ་ཐོད་ཁྲག་ཐོགས་པ་རབ་འཕྲོས་ཏེ། །བསྒྲལ་བྱའི་བཤང་ལམ་ནས་ཞུགས་ཤ་རྣམས་ཟོས། ཁྲག་འཐུང་འབྱུང་བ་བཞི་ཡི་ལུས་རྟེན་ཕྲལ། །རྣམ་ཤེས་ཨ་དཀར་རྣམ་པས་སྤྱི་བོར་ཐོན། །མདུན་མཁར་སངས་རྒྱས་སྟོང་རྩའི་ཐུགས་ཀར་ཐིམ། །ཞེས་བརྗོད་ལ་སྔགས་དྲག་ཏུ་བཟླས་ཏེ་སྐྱེར་ཚེར་དང་རྡོ་ཐུན་གྱིས་བྲབ། མཁར་གསིལ་བསྣུན། གདིང་བ་བརྡབ་བོ། །གོང་གི་ཟངས་ཁབ་དེ་གསོད་པར་འདོད་ན་མས་ནས་ཡར་སྤྱི་བོར་འདོན། སླར་བཤགས་པ་ལེན་པ་སོགས་བབས་ལེན་པར་འདོད་ན་ཡས་ནས་མར་འདོན་པར་བཤད་པ་སྐབས་དང་སྦྱར་དགོས། དེ་ནས་རང་གི་གོས་མགོ་མཇུག་ལྡོག་སྟེ་གྱོན། ཤེས་རབ་སྙིང་པོ་ཚར་གསུམ་འདོན་ཅིང་སླར་ཡང་ཐུན་རྫས་དེ་དག་གིས་བསྣུན། དེའི་རྗེས་སུ་ཤེས་རབ་སྙིང་པོ་བརྒྱ་རྩ་ལྟ་བུས་མཚོན་གང་ལྕོགས་འདོན། གསད་པ་ཞག་བདུན་ཙམ་ཐུན་བཞིར་བཅད་དེ་བཟླས་སྒོམ་བྱས་པས་རྟགས། ཤིང་བཅད་པ། མཁར་བསྒྱེལ་བ། རི་བསྙིལ་བ། སེམས་ཅན་བསད་པ། ཤ་ཟོས། ཁྲག་འཐུང་། བཙོན་བཀྱིག་པ་སོགས་བྱུང་བ་དང་། གོང་གི་ལིངྒ་དང་ཉ་བོ་གླང་ཁྱུ་བའི་རྭའམ་ཐོད་པར་བཅུག །བནྡེ་ཁྲིམས་ཉམས་ཀྱི་ཆོས་གོས་ཀྱི་དུམ་བུས་བསྒྲིལ། སྔགས་པ་དམ་ཉམས་ཀྱི་སྐྲ་སྐུད་ཀྱིས་བཅིངས་ནས་ལྷ་ཁང་ཐེམ་འོག་ཏུ་མནན་ནོ། །ཞག་གྲངས་ནི་སྲུང་ཟློག་གསད་གསུམ་ལ་བདུན་ཕྲག་རེ་རེ་སྟེ་བདུན་གསུམ་ཉེར་གཅིག་གིས་འགྲུབ་པར་གསུངས། འདི་ནི་སྤྱིར་ནང་འགྲས་དང་ཁྱད་པར་མུ་སྟེགས་དང་བོན་པོའི་རིགས་ལ་ཤིན་ཏུ་བསྔགས་པར་གསུངས་ཤིང་། གཏེར་མ་ལྷོ་བྲག་ཡང་དབེན་ནས་རི་ཁྲོད་སེང་གེས་གཏེར་ནས་གདན་དྲངས་ཤིང་། བཀའ་མ་ས་སྐྱ་པ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པ་དང་། བཀའ་གཏེར་གཉིས་ཀའི་རྒྱུན་ཡོད་ཅིང་ཁུངས་བཙུན་པར་སྣང་བས་ཟབ་ཅིང་ཡིད་ཆེས་པའི་གནས་སུ་རིགས་པར་བྱའོ། །དེ་ལྟར་ཡུམ་ཆེན་ཆོས་སྐུ་འོད་འབར་མའི། །སྲུང་ཟློག་གསད་པའི་ལག་ལེན་ཁྲིགས་ཆགས་སུ། །བྲིས་འདི་དགེ་སློང་པདྨ་ཕྲིན་ལས་ཀྱིས། །དགེ་སློང་ཕྱག་རྡོར་གསུང་གིས་བསྐུལ་དོན་བཀོད། །དགེ་དེས་སྤྱི་དང་བྱེ་བྲག་བསྟན་པ་ལ། །མ་རུངས་ལོག་པར་འདྲེན་པའི་ཚོགས་བཅོམ་ནས། །ཐུབ་བསྟན་དར་རྒྱས་བརྟན་ཅིང་ཡུན་དུ་གནས། །འགྲོ་ཀུན་བདེ་སྐྱིད་འབྱུང་བའི་བཀྲ་ཤིས་ཤོག། །།

དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས༔ འཕགས་མཆོག་ནམ་མཁའི་རྒྱལ་པོའི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་ (Volume 24, Text 1)

༁ྃ༔ དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས༔ འཕགས་མཆོག་ནམ་མཁའི་རྒྱལ་པོའི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་བཞུགས་སོ༔ གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱི༔ འོག་མིན་བདེ་བ་ཆེན་པོའི་ཕོ་བྲང་ནས༔ གདོད་མའི་མགོན་པོ་ཀུན་བཟང་ཡབ་ཡུམ་ལ༔ ཆོས་དབྱིངས་གཞོམ་མེད་ངང་ནས་གསོལ་འདེབས་ཀྱིས༔ རིག་པ་རང་གྲོལ་ངང་དུ་བྱིན་གྱིས་རློབས༔ ཆོས་དབྱིངས་སྟུག་པོ་བཀོད་པའི་ཞིང་ཁམས་ནས༔ ལོངས་སྤྱོད་རྫོགས་སྐུ་རྡོ་རྗེ་འཆང་ཆེན་ལ༔ ཕྱོགས་འཛིན་རང་གྲོལ་ངང་ནས་གསོལ་འདེབས་ཀྱིས༔ སྣང་བ་བཞི་རྫོགས་ངང་དུ་བྱིན་གྱིས་རློབས༔ ཤར་ཕྱོགས་རི་བོ་ཏ་ལའི་ཕོ་བྲང་དུ༔ སྙིང་རྗེའི་མངའ་བདག་ནམ་མཁའི་རྒྱལ་པོ་ལ༔ གཤིས་ལུགས་ཡེ་གྲོལ་ངང་དུ་གསོལ་འདེབས་ཀྱིས༔ གཟུང་འཛིན་རང་གྲོལ་ཀློང་དུ་བྱིན་གྱིས་རློབས༔ རྟག་བརྟན་རྡོ་རྗེ་གདན་གྱི་ཕོ་བྲང་དུ༔ འགྱུར་མེད་སྟོན་པ་ཐུབ་པའི་དབང་པོ་ལ༔ གཉིས་མེད་རང་གྲོལ་ངང་ནས་གསོལ་འདེབས་ཀྱིས༔ ཡེ་ཡིན་ངང་རྫོགས་ཀློང་དུ་བྱིན་གྱིས་རློབས༔ འོག་མིན་མཁའ་སྤྱོད་འཇའ་ཐིག་གཞལ་ཡས་ནས༔ རིག་གྲོལ་བླ་མ་པདྨ་འབྱུང་གནས་ལ༔ རང་ཤར་རང་གྲོལ་ཀློང་ནས་གསོལ་འདེབས་ཀྱིས༔ འུབ་ཆུབ་བློ་འདས་ཆེན་པོར་བྱིན་གྱིས་རློབས༔ འོག་མིན་མཁའ་སྤྱོད་བདེ་ཆེན་ཀློང་ཡངས་ནས༔ ཀུན་ཏུ་བཟང་མོ་བདེ་ཆེན་རྒྱ་མཚོ་ལ༔ སྐུ་གསུམ་འདུ་འབྲལ་མེད་པར་གསོལ་འདེབས་ཀྱིས༔ ཟག་མེད་བདེ་ཆེན་ཀློང་དུ་བྱིན་གྱིས་རློབས༔ རང་རྩལ་རྒྱན་འཁོར་ཆེན་པོའི་ཕོ་བྲང་ནས༔ སྣ་ཚོགས་རང་གྲོལ་བདུད་འདུལ་རྡོ་རྗེ་ལ༔ སྡུག་བསྔལ་ཡེ་གྲོལ་ངང་ནས་གསོལ་འདེབས་ཀྱིས༔ སྟོང་གསལ་བྱར་མེད་ངང་དུ་བྱིན་གྱིས་རློབས༔ ཕྱོགས་འཛིན་ཕྱོགས་ལྷུང་བྲལ་བའི་ཕོ་བྲང་ནས༔ རྒྱལ་སྲས་ཆེན་པོ་ནོར་བུའི་མཚན་ཅན་ལ༔ ཀུན་སྣང་གཤིས་གྲོལ་ཀློང་ནས་གསོལ་འདེབས་ཀྱིས༔ བརྗོད་མེད་ཀ་དག་ཆེན་པོར་བྱིན༴ སྟེང་ཕྱོགས་སྐྱེ་མེད་ཆོས་དབྱིངས་ལྔ་ལྡན་ནས༔ ཡི་དམ་འཕགས་མཆོག་ཐུགས་རྗེའི་མངའ་བདག་ལ༔ རང་རིག་ཀ་དག་ཀློང་ནས་གསོལ་འདེབས་ཀྱིས༔ སྣང་སྲིད་ཆོས་སྐུར་རྟོགས་པར་བྱིན༴ གཏེར་གནས་བན་རི་པད་འོད་གཞལ་ཡས་ནས༔ ཐེག་དགུའི་རྩེ་རྒྱལ་སྤྲུལ་སྐུ་སྙིང་ཏིག་ལ༔ ཆོས་ཀུན་རིས་མེད་ཀློང་ནས་གསོལ་འདེབས་ཀྱིས༔ ཚིག་དོན་ཁོང་དུ་ཆུད་པར་བྱིན་གྱིས་རློབས༔ དམ་ཚིག་གསལ་དག་ཡེ་ཤེས་ཀློང་ཡངས་ནས༔ ཉེ་མགོན་ཆེན་པོ་སེང་གདོང་ཡབ་ཡུམ་ལ༔ ལས་ཀུན་ལྷུན་གྲུབ་ངང་ནས་གསོལ་འདེབས་ཀྱིས༔ དགྲ་བགེགས་མ་ལུས་བསྒྲལ་བར་བྱིན་གྱིས་རློབས༔ དུར་ཁྲོད་གནས་དང་ནུས་ལྡན་ཕོ་བྲང་ནས༔ ནོར་ལྷ་རྒྱ་མཚོ་བཀའ་སྲུང་གཏེར་བདག་ལ༔ རང་བྱུང་རྩལ་རྫོགས་ངང་ནས་གསོལ་འདེབས་ཀྱིས༔ མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས༔ བསྐྱེད་རྫོགས་ཟུང་འཇུག་འདི་ཡི་དགེ་ཚོགས་ཀྱིས༔ འདུས་བྱས་མཁའ་མཉམ་འགྲོ་བ་མ་ལུས་ཀུན༔ ཚེ་གཅིག་སངས་རྒྱས་འཁོར་བ་དོང་སྤྲུགས་ནས༔ འཕགས་མཆོག་རྒྱལ་བའི་ཐུགས་ཀློང་དབྱེར་མེད་ཤོག༔ ཅེས་ཁྱུང་པོ་ཁྲོམ་ཚོང་གི་བླ་མ་ངག་དབང་འབྲུག་གྲགས་ཀྱིས་འཕགས་པ་ནམ་མཁའི་རྒྱལ་པོ་ཡི་གསོལ་འདེབས་བདུད་རྩིའི་ཆུ་རྒྱུན་ཞིག་དགོས་ཞེས་བཀས་བསྐུལ་ངོར། བདག་འདྲ་རིག་འཛིན་བདུད་འདུལ་རྡོ་རྗེ་ཡིས་ཚ་སྟོད་ཟབ་མ་གནས་ཀྱི་ཆར་རྣམ་དཀར་ངོས་ལ་ལེགས་པར་བཀོད་པའོ། །སརྦ་མངྒ་ལཾ།། །།

དཔལ་རྟ་མགྲིན་དཔའ་བོ་གཅིག་པའི་མན་ངག་གནམ་ལྕགས་མེའི་འཁོར་ལོ (Volume 26, Text 1)

༄༅༔ དཔལ་རྟ་མགྲིན་དཔའ་བོ་གཅིག་པའི་མན་ངག་གནམ་ལྕགས་མེའི་འཁོར་ལོ་ཞེས་བྱ་བ་བཞུགས་སོ༔ བཅོམ་ལྡན་འདས་དཔལ་རྟ་མགྲིན་དབང་གི་རྒྱལ་པོའི་སྐུ་ལ་ཕྱག་འཚལ་ལོ༔ ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ མ་འོངས་སྙིགས་མའི་དུས་སུ་བོད་ཁམས་ཐམས་ཅད་རྒྱལ་བསེན་འབྱུང་པོའི་འཚེ་བས་མནར་བ་ལ་དགོངས་ནས༔ དེའི་གཉེན་པོར་དཔལ་རྟ་མགྲིན་དམར་པོའི་མན་ངག་ཟབ་ལ་འདྲིལ་བ་འདི་མཛད་ནས་མངའ་བདག་ལ་གནང༔ མངའ་བདག་གིས་མོན་གྱི་སྒོམ་པ་ཧ་མི་ནཱ་ཐ་ལ་གཏད་ནས་རང་གིས་ཉམས་སུ་ལོངས༔ གཞན་ལའང་ཕན་པར་གྱིས༔ དཔེ་རྒྱུད་མེས་ཀྱི་གཙུག་ལག་ཁང་པྲ་དུན་རྩེའི་ཀ་ཞུ་ལ་གཏེར་དུ་སྦོས་ཤིག་ཅེས་གདམས་སོ༔ ས་མ་ཡ༔ གདམས་པ་འདིའི་བྱ་ཐབས་ལ༔ སེང་ལྡེང་དམར་པོའི་དབྱུག་ཏོ་ཐོད་སྐམ་རྡོ་རྗེའི་ཏོག་གིས་མཚན་པ་ཁྲུ་གང་བ་གཉིས་བཅོས༔ ནང་དུ་གཟུངས་གཞུག༔ དར་དམར་པོའི་ཅོད་པན་གདགས༔ གཅིག་དཀྱིལ་འཁོར་གྱི་དབུས་སུ་སྒྲུབ་རྟེན་བྱ༔ གཅིག་ལས་ཀྱི་དོན་དུ་སྒྲུབ་པ་པོའི་མདུན་དུ་གཟུག༔ གཞན་ཡང་མཆོད་ཚོགས་རྒྱས་པར་བཤམ་མོ༔ རྟེན་བཅའ་བའོ༔ ས་མ་ཡ༔ དེ་ནས་བསྙེན་སྒྲུབ་བྱ་བ་ནི༔ སྔགས་པས་མཚམས་དམ་དུ་བཅད༔ སྟན་བདེ་བ་ལ་འདུག་སྟེ༔ བླ་མ་དང་དཀོན་མཆོག་ལ་སྐྱབས་འགྲོ་དང༔ སེམས་ཅན་ཐམས་ཅད་ཀྱི་དོན་དུ་དཔལ་རྟ་མགྲིན་བསྒོམ་པར་བགྱིའོ་ཞེས་དམ་བཅའ༔ གནས་དང་མཆོད་པའི་རྫས་བྱིན་གྱིས་བརླབས་ལ༔ ཆོས་ཐམས་ཅད་རང་རིག་འོད་གསལ་བྱང་ཆུབ་སེམས་སྟོང་པ་ཆེན་པོའི་རང་མདངས་ལས་དཔལ་རྟ་མགྲིན་དབང་གི་རྒྱལ་པོ་སྐུ་མདོག་དམར་ནག་དུས་མཐའི་མེ་ལྟར་རབ་ཏུ་འབར་བ༔ ཞལ་གཅིག་ཕྱག་གཉིས་པ༔ གཡས་རྡོ་རྗེའི་ཐོད་དབྱུག་ནམ་མཁར་གསོར་བས་རྒྱལ་འགོང་དྲེགས་པ་ཅན་ཐམས་ཅད་ཀྱི་སྤྱི་བོ་ནས་འགེམས་པ༔ གཡོན་སྡིགས་མཛུབ་ཐུགས་ཀར་གཏོད་པའི་རྩེ་ལས་ཡེ་ཤེས་ཀྱི་མེའི་ཞགས་པ་འཕྲོ་བས་མ་རུངས་པའི་གདུག་པ་ཅན་ཐམས་ཅད་ལྷག་མེད་དུ་སྲེག་པ༔ ཞལ་གདངས་ཤིང་ལྗགས་འདྲིལ་བ༔ མཆེ་བ་གཙིགས་ཤིང་སྨ་ར་དང་སྨིན་མ་རབ་ཏུ་འབར་བ༔ སྤྱན་གསུམ་སྡང་མིག་དྲག་ཏུ་གཟིར་བ༔ དྲག་ཤུལ་ཁྲོས་པའི་ཉམས་འགྱུར་ཡོངས་སུ་རྫོགས་པ༔ དབུ་སྐྲ་དམར་སེར་མེའི་ཚྭ་ཚྭ་འཕྲོ་བ་གྱེན་དུ་བསྒྲེངས་པའི་སྤྱི་བོར་རྟ་གདོང་ལྗང་གུ༔ ཞུར་དཀར་པོ༔ ཕྲུམ་ཕྲུམ་སེར་པོ༔ རྔོག་མ་དམར་པོ༔ རྟ་སྐད་དྲག་པོ་ནམ་མཁར་འཚེར་བས་ས་གསུམ་འདར་ཞིང་གཡོ་བ༔ གླང་ཆེན་གྱི་ཀོ་བས་སྟོད་གཡོགས་ཤིང༔ སྟག་གི་པགས་པའི་ཤམ་ཐབས་གསོལ་བ༔ ཞིང་ལྤགས་ཀྱིས་སྐེད་དཀྲིས་ཤིང༔ ཕྱག་ཞབས་ཐམས་ཅད་ལ་སྦྲུལ་དང་ཐོད་པས་བརྒྱན་པ༔ ཐོད་པ་སྐམ་པོ་ལྔས་དབུར་བརྒྱན་ཅིང༔ རློན་པ་ལྔ་བཅུའི་དོ་ཤལ་འཕྱང་བ༔ ཞབས་གཉིས་གྱད་ཆེན་པོའི་དོར་སྟབས་ཀྱིས་པདྨ་ཉི་མ་རྒྱལ་བསེན་ཕོ་མོའི་གདན་ལ་འགྱིང་བ༔ སྐུ་ཆེ་ལ་ཡན་ལག་རགས་པ༔ ཡེ་ཤེས་ཀྱི་མེ་རི་རབ་ཏུ་འབར་ཞིང་འཁྲུགས་པའི་ཀློང་ན་ཁམས་གསུམ་གྱི་དབང་ཕྱུག་ཆེན་པོར་བཞུགས་པའི་སྐུའི་ཆ་དང་བ་སྤུའི་ཁུང་བུ་ཚུན་ཆད་ཐམས་ཅད་རང་འདྲ་བའི་སྤྲུལ་པ་གྲངས་མེད་པས་གཏམས་པ༔ ཐུགས་ཀར་པདྨ་དང་ཉི་མའི་དབུས་སུ་ཧྲཱིཿདམར་པོའི་མཐར་སྔགས་ཀྱི་ཕྲེང་བ་རང་སྒྲ་སྒྲོག་བཞིན་པ་བཟླས་པའི་རྐྱེན་གྱིས་ཕྱི་ནང་གི་ལྷ་རྣམས་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་ལྟར་བསྒྲགས་ཤིང༔ འོད་ཟེར་མེ་དང་མཚོན་ཆ་ལྟ་བུ་ཕྱོགས་བཅུར་འཕྲོས་པས་སྲིད་པ་གསུམ་གྱི་དྲེགས་པ་ཅན་ཐམས་ཅད་དབང་དུ་བསྡུས༔ ཟིལ་གྱིས་མནན༔ ཅི་བསྒོ་བའི་ལས་བསྒྲུབས༔ མ་རུངས་པའི་གདུག་པ་ཅན་སྤྱི་དང༔ ཁྱད་པར་རྒྱལ་བསེན་དམ་སྲི་འབྱུང་པོའི་ཚོགས་ཐམས་ཅད་རྩྭ་སྦུར་མེ་ཡིས་བསྲེགས་པ་ལྟར་དངོས་མེད་ཀ་དག་གི་ཀློང་དུ་བསྲེགས་ཤིང་སྦྱངས༔ རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་བསྟིམས༔ སྣང་སྲིད་སྣོད་བཅུད་ཐམས་ཅད་དཔལ་རྟ་མཆོག་རོལ་པའི་སྐུ་གསུང་ཐུགས་རྡོ་རྗེའི་ཡེ་ཤེས་སུ་བྱིན་གྱིས་བརླབས་པར་བསམ་ལ༔ ཧྲཱིཿཔདྨ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་མི་ཚིག་གིས་བར་མ་ཆོད་པར་འབུམ་ཕྲག་གསུམ་དུ་བཟླའོ༔ དེ་ནི་བསྙེན་པའོ༔ ས་མ་ཡ༔ དེ་ནས་རང་ཉིད་དཔལ་རྟ་མགྲིན་གྱི་ས་མ་དྷཱི་ལ་གནས་པས༔ མདུན་གྱི་སྒྲུབ་རྟེན་རང་འདྲ་བའི་དམ་ཚིག་པར་གསལ༔ གནས་གསུམ་བྱིན་གྱིས་བརླབས་ལ་ཡེ་ཤེས་པ་སྤྱན་དྲངས་ཤིང་བསྟིམ༔ དབང་བསྐུར་ཞིང་རིགས་བདག་ཨ་མི་དྷེ་ཝས་རྒྱས་གདབ༔ མཆོད་བསྟོད་སོགས་བྱ༔ བདག་མདུན་གཉིས་ཆར་ལ་དམིགས་ནས་སྔགས་ཀྱི་ཞབས་སུ༔ བཛྲ་ས་མ་ཡ་སཏྭཾ་ཞེས་བཏགས་པ་འབུམ་ཕྲག་བཞི་བཟླ༔ ལས་ཀྱི་དབྱུག་པ་ལའང་ལྷ་སྔགས་ཀྱི་བྱིན་རླབས་བསྟིམས་ལ་ནུས་ལྡན་དུ་བྱའོ༔ དེ་ནི་སྒྲུབ་པའོ༔ ས་མ་ཡ༔ བསྙེན་སྒྲུབ་སྔོན་དུ་སོང་ནས་ལས་སྔགས་བཟླ་བ་ནི༔ རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ༔ དེའི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་བྱུང་བས་རང་གི་སྙིང་གའི་ཧྲཱིཿལ་ཐིམ༔ ཧྲཱིཿཡིག་སྔགས་ཕྲེང་དང་བཅས་པ་ལས་ཡེ་ཤེས་ཀྱི་མེ་འབར་བས་ལུས་ཀྱི་ནང་གང༔ ལུས་ལ་གནས་པའི་ནད་གདོན་སྡིག་སྒྲིབ་དམ་སྲི་འབྱུང་པོའི་བར་ཆད་ཐམས་ཅད་བསྲེགས་ཤིང་སྦྱངས་པར་བསམ་ལ་སྔགས་ཀྱི་མཐར༔ ཨཿཡཿམཿདུཿརུཿཙཿཤཿནཿརཱ་ཛ་ཧཾ་ཤཾ་ཏྲིག་ནན་ཁ་རག་སྨ་ཤ་ན་རཾ་རཀྴ་ཛྭ་ལ་རཾ་ཧཱུྃ༔ རཾ་རཀྴ་ཛྭ་ལ་རཾ་རྦད༔ རཾ་རཀྴ་ཛྭ་ལ་རཾ་བྷྱོ༔ རཾ་རཀྴ་ཛྭ་ལ་རཾ་བྱེར༔ རཾ་རཀྴ་ཛྭ་ལ་རཾ་རྨུགས༔ རཾ་རཀྴ་ཛྭ་ལ་རཾ་མྱོགས༔ རཾ་རཀྴ་ཛྭ་ལ་རཾ་ནན༔ སརྦ་བིགྷྣཱན་མཱ་ར་ཡ་ཕཊ༔ ཅེས་བཟླ༔ ཡང་ལུས་ཀྱི་ནང་གི་མེ་ཆེར་འབར་བས་གནས་ཁང་དང་ལུང་པ་ཐམས་ཅད་གང༔ གནས་ལ་འཁྲི་བའི་དམ་སྲི་གདོན་བགེགས་འབྱུང་པོ་ཐམས་ཅད་བསྲེགས་ཤིང་སྦྱངས་པར་བསམ་ལ་བཟླ༔ ཡང་མེ་ལྕེ་ཆེར་འབར་བས་སྟོང་གསུམ་འཇིག་རྟེན་གྱི་ཁམས་གང༔ དེ་དག་ན་གནས་པའི་སྡེ་བརྒྱད་མ་རུངས་པ་ཐམས་ཅད་བསྲེགས་ཤིང་གཟིར༔ ཁྱད་པར་མེའི་གསེབ་ནས་རང་འདྲའི་ཁྲོ་ཆུང་དཔག་ཏུ་མེད་པ་འཕྲོས༔ དམ་སྲི་རྒྱལ་བསེན་གདུག་པ་ཅན་ཐམས་ཅད་ཀྱི་སྤྱི་བོ་ནས་རྡོ་རྗེའི་དབྱུག་པས་ཐལ་བ་བུན་བུན་དུ་བརྡུངས༔ ཡེ་ཤེས་ཀྱི་མེ་ལྕེས་ལྷག་མེད་དུ་བསྲེགས་པར་བསམ་ལ་སྔགས་ཁྲི་ཕྲག་གཅིག་བཟླའོ༔ འདི་དག་གི་སྐབས་སུ་སྣང་སེམས་རོ་གཅིག་ཏུ་བསྲེས་ལ་དགོངས་པའི་གདེངས་བསྐྱེད་པ་གལ་ཆེའོ༔ དེ་ནི་ལས་སྦྱོར་རོ༔ ས་མ་ཡ༔ དེ་ལྟར་བསྙེན་སྒྲུབ་ལས་གསུམ་མཐར་ཕྱིན་ནས་མདུན་རྟེན་ལས་དངོས་གྲུབ་བླང༔ བརྟན་བཞུགས་བྱ༔ རང་གི་སྔགས་སྲུང་དུ་འབྲལ་མེད་འཆང༔ ལས་ཀྱི་དབྱུག་པ་རང་གི་མདུན་ནམ་གནས་ཁང་གི་བྱང་ཤར་དུ་མཚམས་སྲུང་བའི་ཚུལ་དུ་བཞག་ལ་ལས་སྦྱོར་བྱའོ༔ དེ་ལ་ལས་ཚོགས་བསྒྲུབ་པ་ལ༔ རྫས་སྒྲུབ་ནི༔ གུ་གུལ༔ མུ་ཟི༔ གླ་རྩི༔ ཤུ་དག༔ སྒོག་པ༔ མཁན་པ་དམར་པོའི་རྩ་བ༔ དྲི་ཆེན༔ ཐལ་ཆེན༔ མི་གྲིར་ཤི་བའི་སྐྲ་སེན༔ རྟ་བོན༔ ཕུར་མང་ནག་པོ༔ སྤྲུ་མ་ནག་པོ་རྣམས་སྔགས་པ་རང་གི་དྲི་ཆུས་རིལ་བུར་དྲིལ་ལ༔ ལས་སྔགས་ཀྱི་མཐར༔ ཨོཾ་པདྨ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཾ་ཤཾ་ཏྲིག་ནན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཕཊ༔ ཅེས་བཏགས་པ་སྟོང་ཕྲག་གིས་ངར་བཏགས་ལ་བྱུགས་བདུག་འཆང་བས་གདོན་བགེགས་ཐམས་ཅད་སྲུང་ཞིང་བྱེར་བར་བྱེད་དོ༔ སྔགས་མདུད་ནི༔ དར་དམར་པོའི་རྡོ་རྗེའི་མདུད་པའི་ནང་དུ་རྫས་སྲུང་གི་རིལ་བུ་གཞུག༔ ལས་སྔགས་མཐར༔ བཛྲ་ཙཀྲ་ཛྭ་ལ་ཨ་ན་ལ་རཀྴ་རཀྵ་བྷནྡྷ་བཾ༔ ཞེས་བཟླས་ལ་བཏབ་པ་མགུལ་དུ་འཆང་བས་གདོན་བགེགས་ཀྱིས་ཉེ་མི་ནུས་སོ༔ ནད་པ་གདོན་ཅན་ལ་བཀའ་བསྒོ་ན༔ རང་ལྷའི་ང་རྒྱལ་བརྟན་པོས་གཡས་ལས་ཀྱི་དབྱུག་པ་འཕྱར༔ གཡོན་མེའི་གསལ་ཤིང་ཐོགས་ལ༔ ཧཱུྃ༔ ང་ནི་པདྨ་རྟ་མགྲིན་རྒྱལ༔ ཁམས་གསུམ་འདི་ན་སུ་ཡང་རུང༔ རྣལ་འབྱོར་སྒྲུབ་ལ་བར་གཅོད་ཀུན༔ ད་ལྟ་ཉིད་དུ་སོ་སོར་དེངས༔ གལ་ཏེ་མི་ཉན་འཚེ་བྱེད་ན༔ རྡོ་རྗེའི་དབྱུག་པས་ཀླད་ནས་གཞོམ༔ ཡེ་ཤེས་མེ་ཡིས་གཞོབ་ཏུ་བསྲེག༔ མིང་གི་ལྷག་མ་མེད་པར་བྱེད༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ ལས་སྔགས་བཟླ་ཞིང་དབྱུག་པ་ཀླད་ལ་བསྐོར་ནས་བརྡེག༔ མེས་ལུས་ལ་བསྐོར༔ རྫས་བདུག༔ ཐུན་འཕང༔ སྐད་ངན་ཙེར་ཙེར་བབས་ན་མནའ་བསྒག་ཅིང་གཏང་ངོ༔ སློབ་མ་སོགས་ཡིན་ན་ལས་སྦྱོར་ལྟར་མེ་དམིགས་ཀྱང་ཕོག༔ དབང་བསྐུར་རོ༔ སྲིའུ་གསོ་ནའང་གོང་ལྟར་བཀའ་བསྒོ་དྲག་ཏུ་བྱ༔ སྲིའུ་མ་དང་བཅས་པ་མེའི་ཏིང་ངེ་འཛིན་གྱི་ཀློང་དུ་གཞུག༔ རྡོ་རྗེའི་དབྱུག་པ་སྤྱི་བོར་བཞག་ལ༔ བཛྲ་རཀྵ་ཙཀྲ་ཛྭ་ལ་བྷནྡྷ་བྷནྡྷ་བཾ་བྷྲཱུྃ༔ ལུས་རྡོ་རྗེའི་གོ་ཁྲབ་ཀྱིས་གཡོགས་ཏེ་ཅིས་ཀྱང་མི་ཤིགས་པར་བསམ༔ བདེན་ཚིག་བརྗོད༔ དབྱུག་པ་སྔས་སྲུང་དུ་བཞག༔ མ་འབྱོར་ན་སྔགས་མདུད་གདགས༔ ལོ་མར་ལ་སྔགས་བཏབ་པས་བྱུག༔ དེས་སྲིའུ་སོས་པར་ཐེ་ཚོམ་མེད་དོ༔ རང་ལ་གདོན་བགེགས་ཀྱི་འཚེ་བའི་ལྟས་བྱུང་ན་བཟློག་པ་ནི༔ ཕྱག་མཚན་དང་བཅས་འཆམས་སྟབས་སུ་བྱས་ལ༔ གོང་ལྟར་བཀའ་བསྒོ་དྲག་ཏུ་བྱའོ༔ ཁྱིམ་དུ་འགོང་པོ་སོགས་བགེགས་ཆེན་ཞུགས་ན༔ དུག་ཤིང་གི་མེ་སྦར་ལ་མེའི་ཀློང་དུ་རྟ་མགྲིན་སྐད་ཅིག་གིས་བསྐྱེད༔ བདག་མདུན་ལས་མེ་དམིགས་སྤྲོས་ཏེ་མེ་རྫས་ལ་ཐུན་དང་རྫས་བསྒྲུབས་བསྲེས་པས་མེ་ཟོར་འཕང༔ རྡོ་རྗེའི་དབྱུགས་པས་སྡིགས་ཤིང་བསྐྲད༔ སྒོ་གོང་དུ་སྲུང་འཁོར་ཆེན་མོ་དང་ཕྱག་མཚན་གདགས༔ དེས་ནི་བགེགས་ཐམས་ཅད་ཚར་ཆོད་ཅིང་སྲུང་བར་འགྱུར་རོ༔ ཐོག་སེར་ཤྭ་འུད་ཟློག་པ་ནི༔ གང་ནས་འོང་བའི་ཕྱོགས་སུ་དབྱུག་པས་བསྐོར་ཞིང་བསྡིགས༔ ཐུན་འཕང༔ རྫས་བདུག༔ ལས་སྔགས་དང༔ གནོད་བྱེད་ཐོག་སེར་ཤྭ་འུད་ཨུརྞ་མ་ཎི་ཨུརྞ་མ་ཎི་ཨ་ལ་པྲ་མ་ཡ་ཤག་ཤག་བྱེར་བྱེར་ཟློག་ཟློག༔ ཅེས་དྲག་ཏུ་བཟླས་པས་བཟློག་གོ༔ ཡུན་དུ་སྲུང་ན་གནོད་པའི་ཕྱོགས་སུ་ཕྱག་མཚན་སྦའོ༔ ལོ་ཏོག་ལ་བཙའ་འབུ་བྱི་བ་སོགས་ཀྱི་གནོད་པ་ཟློག་ན༔ དུར་ཁྲོད་ཀྱི་ཐལ་ཆེན་དང་གཙང་འགྲམ་གྱི་བྱེ་མ་ལ་ལས་སྔགས་མཐར༔ ཙེ་རི་ཙི་རི་སོད༔ ཧུར་ཤི་ཧུར་ཤི་སོད༔ མ་མ་ཁ་ཤི་བཾ་རུ་ལུ་རུ་ལུ་པྲ་ཎ་རྦད་ཐུམ་ཆོད༔ ཅེས་བཟླས་པ་དང༔ སྔགས་ཆུ་བྱས་ལ་གཏོར་རོ༔ རྟ་ཕྱུགས་ལ་གདོན་འགོང་རྗེས་འབྲང་སོགས་ཀྱིས་འཚེ་བ་ཟློག་ན༔ དེ་རྣམས་གོ་རར་བཙུད་ལ་རེ་རེའམ་སྤྱི་ནས་དབྱུག་པས་བསྐོར་ཞིང་བརྡེགས་པས་གདོན་བགེགས་ཐམས་ཅད་ལུས་ལས་ཐོན་ཏེ་རཱུ་པ་ལ་ཐིམ་པར་བསམ༔ རཱུ་པ་དུག་ཤིང་གི་མེར་རྟ་མགྲིན་སྐད་ཅིག་གིས་གསལ་བའི་ཞལ་དུ་བསྟབས་པས་ལྷག་མེད་དུ་བསྲེགས་པར་བསམ་ལ་ཤ་ཁྲག་དུག་སྣ་དང་བཅས་ཏེ་བསྲེག༔ མེ་ཟོར་བྱའོ༔ རྦོད་གཏོང་བཟློག་ན༔ བྱད་ཕུར་རྦོད་གཏོང་གང་བྱུང་གི་ཕྱོགས་སུ་དབྱུག་པས་བསྡིགས༔ ཐུན་དང་མེ་ཟོར་འཕང༔ མ་ཧཱ་ཤ་རི་རཾ་རྦོད་ཟོར་སརྦ་ཟློག་བྷྱོ་བྷྱོ༔ ཞེས་བཟླས་ཤིང་ཐལ་མོ་བརྡབ༔ ཐུན་གཏོར་ཟོར་དུ་འཕང་ངོ༔ ལྟས་ངན་ཟློག་ན༔ ལྟས་ངན་གང་བྱུང་གི་གཟུགས་འབྲུ་ནག་དང་མི་ཁའི་རྫས་སོགས་སྒྱེ་མོ་ནག་པོའི་ནང་དུ་བྲུབ༔ ལྟས་ངན་དགུག་གཞུག་བྱས་ལ་བསྟིམ༔ དབྱུག་པས་བརྡུངས་པས་ཤ་མྱོགས་རུས་མྱོགས་སུ་སོང་བར་བསམ༔ རྡོག་པས་བསྒྲིལ་ལ་རང་ཡུལ་དུ་མི་ལྡོག་པའི་འབབ་ཆུ་དྲག་པོར་འཕང༔ ཕྱི་མིག་མི་བལྟའོ༔ མི་ཁ་ཟློག་ནའང་མི་ཁའི་རྫས་རྫ་ཆག་གི་ནང་དུ་བླུགས༔ མི་ཁ་དགུག་གཞུག་དྲག་ཏུ་བྱས་ལ་བརྡུང༔ ཆུ་བོ་ཆེན་པོའི་ནང་གི་རྡོ་ལ་བརྡབ་བོ༔ བསེ་རག་ཁ་འགོང་ཟློག་ན༔ བསེ་རག་ཕྲ་མོའི་རིགས་ལ་ལན་ཆགས་བྱིན་ལ་བསྐྲད༔ ཆེ་བའི་རིགས་རྣམས་རང་ཉིད་འཁོར་བཅས་ཀྱི་ཟ་ལྷག་འཐུང་ལྷག་ཆག་རྒུ་གོག་བཅུ་གོ་གསུམ་གྱི་ཐལ་བ་སོགས་རྫ་ཆག་ནང་དུ་བླུགས་པ་ལ་བསྟིམ༔ དབྱུག་པས་བརྡུང༔ ཆུ་བོ་རྦ་ཀློང་འཁྲུགས་པའི་རྡོ་ལ་བརྡབ་བོ༔ དེ་རྣམས་གང་གི་སྐབས་སུའང་རྒྱལ་བསེན་སོགས་དམིགས་ཀྱིས་བསལ་ན༔ དབྱུག་པའི་མགུལ་དུ་རཱ་ཛ་སྲུང་བའི་འཁོར་ལོ་ཆེན་མོ་བཏགས་པས་ནུས་པ་མཆོག་ཏུ་རྣོ་བར་འགྱུར་རོ༔ ལས་སྣ་ཚོགས་བསྒྲུབ་པའོ༔ ས་མ་ཡ༔ སློབ་མ་རྗེས་སུ་འཛིན་ན༔ སློབ་དཔོན་གྱིས་བསྙེན་སྒྲུབ་ནུས་ལྡན་དུ་བྱ༔ དམ་ཚིག་སྲུང་བའི་སློབ་མས་མཎྜལ་ཕུལ༔ གསོལ་བ་གདབ༔ རྒྱུན་བཤགས་བྱ༔ དེ་ནས་བར་ཆད་བསལ་བའི་ཕྱིར་བཀའ་བསྒོ༔ མེ་དམིགས༔ སྲུང་བ་རྣམས་གྲུབ་ན་ལེགས༔ དངོས་གཞི་དངོས་གྲུབ་སྒྲུབ་པའི་རྗེས་སུ་གནང་ཞིང་དབང་བསྐུར་བ་ནི༔ སློབ་མ་སྐད་ཅིག་གིས་རྟ་མགྲིན་དུ་བསྐྱེད་ལ་སེམས་འཛིན་དུ་གཞུག༔ དེ་ནི་སྐུའི་རྗེས་གནང་ངོ༔ དེ་བརྟན་པའི་ཕྱིར་སྒྲུབ་པའི་དབྱུག་པ་སྤྱི་བོར་བཞག་ལ༔ ཧཱུྃ༔ འབར་བའི་རྡོ་རྗེའི་དབྱུག་པ་ནི༔ རྟ་མཆོག་དཔལ་དང་གཉིས་སུ་མེད༔ གཟི་བྱིན་བསྐྱེད་པའི་དབང་བསྐུར་བས༔ སྐུ་ཡི་ཡེ་ཤེས་གྲུབ་པར་ཤོག༔ སྒྲུབ་སྔགས་དང་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཞེས་བརྗོད་དབྱུག་པ་ཡེ་ཤེས་ཀྱི་ལྷར་གསལ་བ་སློབ་མ་ལ་བསྟིམ་མོ༔ སྔགས་ཕྲེང་སྤྲོས་ལ་བཟླས་པའི་ཏིང་ངེ་འཛིན་དང་བཅས་བསྙེན་སྒྲུབ་ལས་གསུམ་གྱི་སྔགས་རྗེས་ཟློས་བྱ༔ དེ་ནི་གསུང་གི་རྗེས་གནང་ངོ༔ དེ་བརྟན་པར་བྱ་བའི་ཕྱིར་མེའི་ཞགས་པ་མགྲིན་པར་བཞག་ལ༔ ཧྲཱི༔ འབར་བ་མེ་ཡི་ཞགས་པ་ནི༔ རྡོ་རྗེའི་སྔགས་དང་གཉིས་སུ་མེད༔ ནུས་པ་བསྐྱེད་པའི་དབང་བསྐུར་བས༔ གསུང་གི་ཡེ་ཤེས་གྲུབ་པར་ཤོག༔ ཝཱ་ཀ་ཨ་བྷི་ཥིཉྩ་མི༔ ལྷ་སྔགས་ཐམས་ཅད་སེམས༔ སེམས་སྟོང་པ༔ སྟོང་པ་བློ་འདས་སུ་ངོ་སྤྲད་ལ་མཉམ་པར་འཇོག་ཏུ་གཞུག༔ དེ་ནི་ཐུགས་ཀྱི་རྗེས་གནང་ངོ༔ དེ་བརྟན་པར་བྱ་བའི་ཕྱིར་མེ་ལོང་སྙིང་གར་བཞག་ལ༔ ཨ༔ ཆོས་རྣམས་མེ་ལོང་གཟུགས་བརྙན་ལྟར༔ སྣང་ཙམ་ཉིད་ནས་ངོ་བོས་སྟོང༔ བློ་འདས་ཆེན་པོའི་དབང་བསྐུར་བས༔ ཐུགས་ཀྱི་ཡེ་ཤེས་གྲུབ་པར་ཤོག༔ ཙིཏྟ་ཨ་བྷི་ཥིཉྩཱ་མི༔ དེས་ནི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ༔ སྒོ་གསུམ་གྱི་སྡིག་སྒྲིབ་བར་ཆད་ཐམས་ཅད་བྱང༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་པ་བརྟན་པར་བྱ་བའི་ཕྱིར་བདེན་ཚིག་བཀྲ་ཤིས་གསོལ་ལོ༔ སློབ་མ་རྗེས་སུ་འཛིན་པའོ༔ ས་མ་ཡ༔ རྟ་མགྲིན་དཔའ་བོ་གཅིག་པ་ཡི༔ གདམས་ངག་ཤིན་ཏུ་ཟབ་པའི་བཅུད༔ གནམ་ལྕགས་མེ་ཡི་འཁོར་ལོ་འདི༔ མ་འོངས་དོན་ཕྱིར་གཏེར་དུ་སྦས༔ བློ་ལྡན་ཤེས་རབ་སྙིང་རྗེ་ཅན༔ རིགས་དང་སྤྲུལ་པའི་སྐྱེས་བུས་རྙེད༔ དུས་མཐའི་འགྲོ་བ་མང་པོ་ལ༔ ཕན་པ་རྒྱ་ཆེར་འབྱུང་བར་ཤོག༔ ས་མ་ཡ༔ རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ ༈ རྒྱལ་པོ་སྲོག་གི་འཁོར་ལོ་འབྱུང་པོ་ཐམས་ཅད་གནད་ལ་འབེབ་པའི་མཚོན་ཆ་བཞུགས་སོ༔ རྒྱ་གར་སྐད་དུ༔ རཱ་ཛ་ཙིཏྟ་ཙཀྲ་ཙ་ཏུ༔ བོད་སྐད་དུ༔ རྒྱལ་པོ་སྲོག་གི་འཁོར་ལོ༔ གུ་རུ་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ༔ སྲུང་བའི་འཁོར་ལོ་འདིའི་ལོ་རྒྱུས་ནི༔ མོན་ཡུལ་བུམ་ཐང་གི་དབུས་ན༔ མོན་གྱི་རྒྱལ་པོ་སེ་འདར་ཁ་ཞེས་བྱ་བ་ཞིག་ཡོད་དེ༔ ལས་སུ་མི་དགེ་བ་སྤྱོད་པ་ཞིག་ཡིན་པ་དེ་ལ༔ སྣང་སྲིད་ལྷ་འདྲེའི་ཆད་པ་བྱུང་སྟེ༔ ལྷ་འདྲེ་ཐམས་ཅད་དེའི་སྔས་སུ་འདུས་ནས་གྲོས་བྱས༔ དེ་རྒྱལ་པོས་མཐོང་ནས༔ སྡེ་བརྒྱད་ཀྱི་དེད་དཔོན་ནི༔ དམ་པ་ཆོས་ཀྱི་སྐད་དུ་སྲིད་པའི་རྒྱལ་པོ་ཤེལ་གིང་དཀར་པོ༔ གཡུང་དྲུང་བོན་གྱི་སྐད་དུ་སྲོག་བདག་ཉི་པཾ་སད༔ སྡེ་བརྒྱད་ཀྱི་སྐད་དུ་རཱ་ཧུ་རཱ་ཙ༔ ཀླུའི་སྐད་དུ་ནག་པོ་མགོ་དགུ༔ སྐྱེ་འགྲོ་ཀུན་གྱི་སྲོག་ལ་ངས་དབང༔ མི་ནད་དང༔ ཕྱུགས་ནད་དང༔ ཙི་ཏི་ཛྭཱ་ལ་དང༔ གཉན་དང༔ འཁྲུགས་པ་དང༔ དེ་རྣམས་ཐམས་ཅད་ངས་ཐེངས་པར་བྱེད༔ ཕྱུགས་ལ་དལ་ཡམས༔ ཞིང་ལ་སད་སེར་ངས་གཏོང་བར་བྱེད༔ ལྷ་འདྲེའི་རྒྱལ་པོ་ངས་བྱེད༔ སེ་འདར་ཁའི་སྲོག་ལ་ངས་དབང༔ དེ་བས་ཁྱེད་རྣམས་ཀྱིས་སྲོག་གི་སྙིང་པོ་ཕུལ་ཅིག་ཟེར་སྐད༔ དེ་ནས་ལྷ་སྲིན་སྡེ་བརྒྱད་གྲོས་བྱས་ནས་སྲོག་གི་སྙིང་པོ་ཕུལ༔ ཁྱེད་ངེད་རྣམས་ཀྱི་རྒྱལ་པོ་མཛོད་ཅེས་མངའ་གསོལ་ལོ༔ རྒྱལ་པོ་ཞེས་བྱ་བའི་གཏན་ཚིགས་སོ༔ དེ་ནས་སེ་འདར་ཁའི་རྒྱལ་ཁམས་རྣམས་ལ་མི་བདེ་བ་སྣ་ཚོགས་བྱུང་སྟེ༔ གཟའ་ནད་དང༔ ཐོག་དང༔ གཉན་ནད་དང༔ སྨྱོ་འབོག་བརྒྱལ་ནད་དང༔ ཕྱུགས་ལ་དལ་ཡམས་དང༔ ཞིང་ལ་སད་སེར་ལ་སོགས་སྣ་ཚོགས་བྱུང་ངོ༔ དེར་སེ་འདར་ཁའི་རྒྱལ་པོའང་ནད་དྲག་པོས་ཐེབས་ཏེ༔ བཅོས་དཔྱད་མང་དུ་བྱས་ཀྱང་མ་ཕན་ཤི་ལ་ཉེ་ནས་སོས་ཐབས་མ་བྱུང་བ་དང༔ འཁོར་འབངས་རྣམས་བསྡུས་ནས་རྒྱལ་པོས་འདི་སྐད་ཅེས་སྨྲས་སོ༔ ང་སྡེ་བརྒྱད་ཀྱི་གནོད་པ་འདི་ལས་གྲོལ་བའི་ཐབས་ཤེས་པའི་མི་ཡོད་ན༔ ངས་བཙུན་མོ་རྒྱལ་སྲིད་དང་བཅས་པ་སྦྱིན་ཟེར་བས༔ འཁོར་འབངས་རྣམས་ཀྱི་ནང་ནས་མཐའ་འཁོབ་ཀྱི་རྒྱལ་ཕྲན་གཅིག་ན་རེ༔ ང་ལ་གསེར་ཕྱེ་བྲེ་གང་བྱིན་དང༔ ངས་རྒྱལ་པོ་སོས་པའི་ཐབས་ཤིག་བསྟན་གྱི་ཟེར་རོ༔ དེ་ནས་རྒྱལ་ཕྲན་དེ་ལ་གསེར་བྱིན་པ་དང༔ རྒྱལ་ཕྲན་དེས་འདི་སྐད་ཅེས་སྨྲས་སོ༔ བལ་པོའི་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཅེས་བྱ་བ་ན༔ ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ཞེས་བྱ་བ༔ གསང་སྔགས་ཀྱི་ཆོས་ལ་མངའ་བརྙེས་ཤིང༔ སྣང་སྲིད་དབང་དུ་འདུས་ཤིང་ཟིལ་གྱིས་ནོན་པ་གཅིག་ཡོད་པ་དེ་བོས་ན་ཕན་ཟེར༔ དེར་རྐང་མགྱོགས་གཅིག་ལ་གོས་སེར་ཆས་དང༔ ཆོས་པའི་ལུགས་སུ་བྱས་ནས་བཏང༔ དེས་ཨོ་རྒྱན་པདྨ་སྤྱན་དྲངས་ནས༔ སེ་འདར་ཁའི་རྒྱལ་པོའི་སྔས་སུ་བྱོན་པ་དང༔ རྒྱལ་པོ་ན་རེ༔ ང་སོས་ནས་ལྷ་འདྲེའི་ཆད་པ་འདི་བཟློག་ན་ཁྱེད་ཀྱི་ཅི་གསུང་བསྒྲུབ་ཅིང་ཅི་མཉེས་ཕུལ་ཟེར་རོ༔ པདྨའི་ཞལ་ནས་ང་ལ་འབུལ་བ་ཅིའང་མི་དགོས༔ ཁྱེད་ཀྱི་ཡུལ་འདིའི་སྡིག་པའི་ལས་སྤོངས༔ དགེ་བའི་ལས་ལ་འབད༔ ངའི་བསྟན་པ་ལ་འཇུག་པར་ཁས་ལོངས་དང༔ ངས་ཕན་པའི་ཐབས་ཡོད་གསུངས༔ དེར་རྒྱལ་པོ་དང་འབངས་ཡུལ་མི་རྣམས་ཀྱིས་སྡིག་པ་སྤངས་ནས༔ ཅི་གསུང་བསྒྲུབ་པར་ཁས་བླངས་པས༔ པདྨ་འབྱུང་གནས་ཐུགས་དགྱེས་ཏེ༔ བྲག་དམར་པོ་རྡོ་རྗེ་བརྩེགས་པར་སྒྲུབ་པ་མཛད་དོ༔ དེར་ཞག་གསུམ་གྱི་སྟེང་དུ་ཨོ་རྒྱན་གྱི་སྤྱན་སྔར་ཤེས་གིང་དཀར་པོས་གཙོ་བྱས་པའི་ལྷ་འདྲེ་སྡེ་བརྒྱད་རྣམས་བྱུང་ནས་ཕྱག་འཚལ་ཞིང་སྲོག་གི་སྙིང་པོ་ཕུལ་ནས་དམ་ལ་བཏགས་སོ༔ དེར་སློབ་དཔོན་གྱིས་རྒྱལ་པོ་སྤྱི་ཆིངས་ཀྱི་འཁོར་ལོ་བསྐོར་ནས་དབང་དུ་བསྡུས་སོ༔ དེར་སེ་འདར་ཁ་ལ་འཁོར་ལོ་བཏགས་ནས་སྡེ་བརྒྱད་ཀྱི་གནོད་པ་ལས་གྲོལ་བར་གྱུར་ཏོ༔ ཡུལ་ཕྱོགས་བདེ་ཞིང་བཀྲ་ཤིས་སོ༔ འཁོར་ལོའི་ལོ་རྒྱུས་དང་བྱུང་ཁུངས་བསྟན་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ འཁོར་ལོ་བྲི་བའི་རིམ་པ་ནི༔ རྒྱ་ཤོག་གམ་དར་དཀར་པོ་ལ༔ རྒྱ་སྣག་གླ་རྩི་སྤོས་དཀར་བརྡར༔ གདུག་པའི་སེམས་ཅན་ལྟོ་བ་རུ༔ ཙཀྲ་མུ་ཁྱུད་བཞི་རུ་བསྐོར༔ ཟིལ་གནོན་སེང་གེ་སྡིག་པ་གཉིས༔ ཕོ་མོ་ཟུང་རེ་བཞི་རུ་བྲི༔ དེ་ཡང་ལྟོ་སྦྱོར་དག་ཏུ་བྱ༔ ཙཀྲ་རྩིབས་བརྒྱད་དག་ཏུ་བཀོད༔ ལྟོ་བར་ཤེལ་གིང་གཟུགས་བྲིས་ཏེ༔ དེ་ཡི་ཁོག་པར་སྔགས་འདི་བྲི༔ ཨོཾ་བཛྲ་སརྦ་དུཥྚཱན་ནན་ཨེ་ཧུར་ཐུམ་ཛཿཏྲི་མཱ་ར་ཡ་རྦད༔ ཅེས་པས་ཕྱིར་བསྐོར་དབུས་སུ་ནི༔ སྲིད་པའི་རྒྱལ་པོ་ཤེལ་གིང་དཀར་པོ་དམ་ལ་མ་འདའ་ཞིག༔ ཏྲི་དུ་ཏྲི་ཛ་ནན༔ ས་མ་ཡ་དམ་ཛ་ཛ༔ འཆང་བ་ལ་སྲུངས་ཤིག༔ ཅེས་བྲི་དེའི་ཕྱི་མུ་ཁྱུད་ལ༔ རྒྱལ་ཕྲན་བརྒྱད་ཀྱི་སྲོག་སྔགས་དང༔ འཆང་བ་པོ་ལ་སྲུངས་ཤིག་བྲི༔ སྔགས་ནི་འདིའོ༔ ཨོཾ་བཛྲ་སིག་ནན་སིག་ནན༔ ཨོཾ་བཛྲ་ཏྲིག་ནན་ཏྲིག་ནན༔ ཨོཾ་བཛྲ་གུག་ནན་གུག་ནན༔ ཨོཾ་བཛྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་མཱ་ར་ཡ་ཧཱུྃ་ཕཊ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ན་མོ་བུདྡྷཱ་ཡ༔ ན་མོ་དྷརྨཱ་ཡ༔ ན་མོསྶཾ་གྷཱ་ཡ༔ ཏདྱ་ཐཱ༔ ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་རཏྣ་སིདྡྷི་ཕ་ལ་ཧཱུྃ་ཧྲཱི༔ ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ་ཧྲཱི༔ སྔགས་མཐར་རྟེན་འབྲེལ་སྙིང་པོ་འོ༔ དེ་ཡི་ཕྱི་རིམ་རྩིབས་བརྒྱད་ལ༔ ཤར་དུ་དཀར་པོ་སྤྱན་གཅིག་བྲི༔ ལྷོར་ནི་བྱེ་བ་གུང་རིང་བྲི༔ ནུབ་ཏུ་ཡམ་ཤུད་དམར་པོ་བྲི༔ བྱང་དུ་ཁུ་ལེ་ལག་དགུ་བྲི༔ ཤར་ལྷོར་གཟའ་ཐེལ་དམར་པོ་ལ༔ ལྷོ་ནུབ་གནམ་ཐེ་དཀར་པོ་བྲི༔ ནུབ་བྱང་ས་ཐེལ་ནག་པོ་བྲི༔ བྱང་ཤར་བར་ཐེལ་ཁྲ་བོ་བྲི༔ དེ་རྣམས་གཟུགས་སུ་བྱ་བ་འོ༔ ཡང་ན་རང་རང་མིང་གི་མཐར༔ དམ་ལ་མ་འདའ་ཞིག༔ ཏྲི་དུ་ཏྲི་ཛ་ནན༔ ས་མ་ཡ་དམ་ཛ༔ ཞེས་བྲིས་ཤམ་ལ་སྲུང་ཤིག་བྲི༔ འཁོར་ལོའི་གོང་རས་དག་ལ་ནི༔ ལྷ་འདྲེ་བསམ་གྱིས་མི་ཁྱབ་ཀྱང༔ གདོན་ཆེན་བཅོ་བརྒྱད་ཟློག་པ་ཡི༔ སྲོག་སྔགས་ཐམས་ཅད་བྲི་བར་བྱ༔ ཨོཾ་བཛྲ་རཀྴ་སི་ཙིཏྟ་ཟུངས་ཟུངས༔ ཁ་རགྨོ་སྨ་ཤ་རྦད་རྦད༔ ཁུག་ནི་ལ་དུམ་བུར་ཤིག་ཤིག༔ འདའ་ན་རཀྴའི་ཙིཏྟ་ཕྱུང་ཕྱུང༔ ལྡོག་ན་རཀྴའི་ཙིཏྟ་མྱོགས་མྱོགས༔ ཏྲི་རྔུབས་རྔུབས་ཨེ་དུམ་རྨུགས༔ ཨེ་དུམ་རྨུགས༔ སྙིང་ལ་ཏྲི་མོ་ཏན་ཏྲི༔ མཾ་ཤེལ་མཾ་ཤེལ༔ སྲོག་ལ་དུན་ཛ་དུན་ཛ༔ ཨོཾ་བཛྲ་ཀྲོ་དྷ་རཱ་ཛ་པི་ཏྲི་ཨ་མུ་ཀ་ཧཱུྃ་ཕཊ༔ རཱ་ཛ་རྦད་ཏྲི་ཐུམ་ཏྲི་རྦད༔ རཱ་ཛ་ཐུམ་ཤིག་ནན༔ ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཁ་ཏྲི་རཱ་ཛ་རྦད༔ རཱ་ཛ་དུ་ཏྲི་ནན་སོད༔ ཨ་མུ་ཀ་ཧཱུྃ་ཕཊ༔ རཱ་ཛ་ཐུཾ་ཏྲི་རྦད༔ རཱ་ཛ་ཐུཾ་ཤིག་ནན་སོད༔ ཧཱུྃ་ཕཊ༔ ཁ་ཏྲི་རཱ་ཛ་རྦད༔ རཱ་ཛ་དུ་ཏྲི་ནན་སོད༔ ཨོཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་སཏྭམ་བྷ་ཡ་ཧཱུྃ་ཕཊ༔ ཡིག་མགོ་ནང་དུ་བསྟན་ལ་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ རྦོད་གཏོང་རྒྱ་ཆེ་གྲངས་མང་ཡང༔ བན་བོན་སྔགས་པ་ཕྱི་རོལ་སྤྱོད༔ བྱད་ཁ་ཐམས་ཅད་ཟློག་སྔགས་དྲི༔ ཨོཾ་ཏྲག་རཀྴ་སྲོག་ལྷ་དཀར་པོ་ནན༔ པི་ལིང་ཟློག་ཟློག༔ ནན་ནན༔ བྷྱོ་བྷྱོ༔ ཛ་ཛ༔ ཕཊ་ཕཊ༔ ཨོཾ་རྒྱལ་པོ་ཧས༔ རྒྱལ་པོ་ཧས༔ ཀ་ཧས་ཙིཏྟ༔ ཀཱ་ཝཱ་ཙི་བརླག་བརླག༔ ནཱ་ག་ཤ་ཡ༔ ནཱ་ག་ཤ་ཡ༔ ཡཀྴཱ་ཡ་ཡཀྴཱ་ཡ༔ དྷ་ཤ་གྷྲི་བཱ་ཡ་དྷ་ཤ་གྷྲི་བཱ་ཡ༔ སྲོག་དྲིལ་སྲོག་དྲིལ༔ བླ་དྲིལ་བླ་དྲིལ༔ ནན་ནན༔ ཟློག་ནན་བྷྱོ་བྷྱོ༔ གནོད་པ་དང་གདོན་ཐམས་ཅད་ཟློག༔ ཡིག་མགོ་ནང་དུ་བསྟན་ལ་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་ཕཊ༔ ཧ་རི་ནི་ས་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིར་ཙིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཨཱཿཧཱུྃ་ཕཊ་ཕཊ༔ བཛྲ་ཧཱུྃ༔ ཡཀྴ་ཧཱུྃ༔ རཀྴ་ཧཱུྃ༔ རཱ་ཛ་གནོད་བྱེད་ཀྱི་སྙིང་ལ་མཱ་ར་ཡ་ཧཱུྃ་ཕཊ༔ ཨོཾ་ཡ་མཱནྟ་ཀ༔ ཧ་ཡ་གྲཱི་ཝ༔ བཛྲ་པཱ་ཎི༔ ཧ་རི་ནི་ས་ཧཱུྃ་ཕཊ༔ ཨཱ་ལི་ཀཱ་ལི་ཡེ་དྷར་བྲི༔ དེ་རྒྱབ་རྡོ་རྗེའི་ར་བ་བྲི༔ དེ་ཡི་ཕྱི་རོལ་སེམས་ཅན་ཏེ༔ ཟིལ་གནོན་སེང་གེའི་ལྕེ་སྟེང་དུ༔ གཤིན་རྗེ་བདུད་དང་བཙན་དང་དམུ༔ རྒྱལ་པོ་ས་བདག་ཀླུ་དང་ནི༔ མུ་སྟེགས་སྲིན་པོ་ལ་སོགས་ཀྱིས༔ ལྷ་འདྲེ་ཐམས་ཅད་ཟློག་སྔགས་བྲི༔ ཨཿཡཿམཿདུཿརུཿཙཿཤཿནཿསརྦ་བྷཱུ་ཏ་ཨེ་ཧུར་ཐུཾ་ཏྲིག་ནན་ཛཿམཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ སྡིག་པའི་ར་ལ་སྔགས་འདི་བྲི༔ རཱ་ཛ་མཱ་ར་ཡ་ནན༔ པྲ་མ་རཱ་ཛ་ཨཾ་གུ་ཤ་ཙ་ཛ་ཛ༔ གནོད་བྱེད་ཀྱི་ཁ་ཆིངས་ཤིག༔ ཟིལ་གནོན་སེང་གེའི་རྔ་མ་དང༔ ཞེ་སྡང་སྡིག་པའི་མཇུག་མ་ལ༔ འདྲེ་སྲིན་ཕོ་མོའི་གཟིར་སྔགས་བྲི༔ དམ་ཉམས་ཀྱི་སྲོག་ལ་ས་མ་ཡ་ཕྱེ༔ སྲོག་བདག་སྙིང་ལ་ས་མ་ཡ་ཕྱེ༔ མ་མ་རུ་ལུ་རུ་ལུ་ཧབྟ་རྦད༔ སྙིང་ལ་གཟེར་སྙིང་ལ་གཟེར༔ ཏ་ཀ་ཧ་ན་ད་ཧ་པ་ཙ་རུ་ལུ་རུ་ལུ་འགོང་པོ་ཨུཙཊྚཱ་ཡ་ཧཱུྃ་ཕཊ༔ བདག་འཆང་བའི་ལུས་ངག་ཡིད་གསུམ་ལ་གནོད་བྱེད་ཐམས་ཅད་ཀྱི་ཁ་ཆིངས་ཤིག༔ སྲུང་འཁོར་ཕྱི་ཡི་རྒྱབ་ཏུ་ནི༔ སྣ་ཚོགས་རྡོ་རྗེ་རྒྱ་གྲམ་བྲི༔ རྡོ་རྗེ་རྒྱ་གྲམ་ལྟེ་བ་ལ༔ ཨོཾ་བཛྲ་པཱ་ཎི་ཧཱུྃ་ཕཊ༔ བདག་འཆང་བ་ལ་སྲུངས་ཤིག༔ ཅེས་པའི་སྔགས་འདི་བྲི་བར་བྱ༔ དེ་ནི་འབྲི་བའི་རིམ་པ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ དེ་ནས་ལྷ་སྔགས་རྣམས་ལ་ནི༔ གུར་གུཾ་གི་ཝཾ་ཨ་མྲྀ་ཏ༔ གནས་རྟེན་བྱིན་ཅན་ས་སྣ་བྱུགས༔ རཱ་ཛའི་གཟུངས་དང་ལས་སྔགས་ལ༔ སྲོག་རྟེན་ཁྱི་དཀར་སྣ་དམར་དང༔ སྤྲེ་འུ་དང་ནི་ཁྱིམ་བྱའི་ཁྲག༔ གཉེན་པོ་གུ་གུལ་ཡུངས་དཀར་ནག༔ ཐལ་ཆེན་རཀྟ་རི་ཤོའི་རྩྭ༔ མུ་ཟི་གླ་རྩི་ཤུ་དག་ནག༔ མཁན་དམར་སྤྲུ་བ་ནག་པོས་བྱུགས༔ དེ་ནི་རྫས་ཀྱི་རིམ་པ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ རབ་གནས་བཙུན་པ་ཁྲིམས་ལྡན་ནམ༔ ཡང་ན་སྔགས་པ་དམ་ལྡན་གྱིས༔ ཐེབས་ཀྱི་དུས་སམ་གཟའ་སྐར་བཟང༔ ཉ་སྟོང་བརྒྱད་སོགས་དུས་བཟང་ལ༔ གཞི་དཀར་སྟེང་དུ་ནས་བླུགས་ཏེ༔ ཡི་དམ་ཆོས་སྐྱོང་མཆོད་གཏོར་དང༔ སྡེ་བརྒྱད་སྤྱི་ཡི་བ་ལིཾ་བཤམ༔ མ་འབགས་སུ་ར་མ་ཉམས་བླུགས༔ རང་ཉིད་བསྐྱེད་རྫོགས་བསྒོམ་པ་དང༔ བཟླས་དང་གཏོར་མ་ཚང་བར་བྱ༔ དེ་ནས་སྐད་ཅིག་ཏིང་འཛིན་གྱིས༔ འཁོར་ལོ་མི་དམིགས་སྟོང་པའི་ངང༔ སེང་གེ་ལྕགས་ཀྱི་སྡིག་པ་དག༔ ལྟོ་སྦྱོར་ཁོག་པའི་ནང་དུ་ནི༔ གསེར་གྱི་འཁོར་ལོ་ཚུལ་བཞིན་བསྐྱེད༔ ཤེལ་གིང་དཀར་པོ་ལ་སོགས་པའི༔ གཙོ་འཁོར་དགུ་པོ་གསལ་བར་བསྒོམ༔ བདག་དང་ཆོས་སྐྱོང་ཐུགས་ཀ་ནས༔ འོད་ཟེར་ལྕགས་ཀྱུ་ལྟ་བུ་སྤྲོས༔ བདེན་པ་བདར་ལ་དགུག་གཞུག་བྱ༔ འཁོར་ལོ་དག་ལ་བསྟིམས་ནས་ཀྱང༔ གཏོར་མ་བྱིན་གྱིས་བརླབས་ལ་དབུལ༔ མཆོད་གཏོར་གཞུང་བཞིན་བསྔོས་ནས་ཀྱང༔ བདེན་པ་བདར་ལ་བཀའ་བསྒོ་བྱ༔ ཤེལ་གིང་སྙིང་གར་ཡི་དམ་བསྒོམ༔ ལྷ་སྲིན་བཀའ་ཉན་འདུན་པར་བསམ༔ རབ་གནས་སྲོག་སྔགས་མང་དུ་བཟླ༔ ཨོཾ་བཛྲ་སརྦ་དུཥྚཱན་ནན༔ ཨེ་ཧུར་ཐུམ་ཏྲི་མཱ་ར་ཡ་རྦད༔ ཅེས་པའི་གནད་གཟིར་སྔགས་དང་ནི༔ རྟེན་འབྲེལ་སྙིང་པོས་རབ་གནས་བྱ༔ གྲངས་ནི་ཁྲི་དང་འབུམ་དག་དང༔ ཉུང་ཡང་བརྒྱ་རྩ་བརྒྱད་དུ་བཟླས༔ གང་སྲུང་འཁོར་ལོའི་དབུས་དག་ཏུ༔ ཡེ་ཤེས་སེམས་དཔའ་གནས་པར་དམིགས༔ སྣ་ཚོགས་དར་སྣས་དྲིལ་ནས་ཀྱང༔ ན་བཟའ་སྔོན་པོ་དག་ཏུ་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ དེ་ནས་འཁོར་ལོ་གདགས་པ་ནི༔ གཟའ་སྐར་ཚེས་གྲངས་བཟང་དང་སྤྲད༔ ཉི་མ་ཤར་བའི་རྩེ་དག་ལ༔ ཡོན་བདག་ཁྲུས་བྱས་བགེགས་བསྐྲད་དེ༔ འདྲེ་གདོན་ཟློག་པའི་ཡོན་ཡང་འབུལ༔ འཁོར་ལོ་ཕྱི་ལྟོ་ནག་པོས་དྲིལ༔ སྤྱིར་ནི་མགུལ་ལམ་གཙུག་ཏུ་གདགས༔ ཁྱད་པར་སོ་སོར་བསྔགས་པ་ནི༔ ཤི་སྒབ་གཅོད་ན་མགུལ་དུ་གདགས༔ བྱད་ཀ་གཅོད་ན་དཔུང་པ་གཡས༔ སྲི་འུ་གསོ་ན་མ་ལ་གདགས༔ སྨྱོན་པ་བརྡུང་ན་སྙིང་གར་གདགས༔ གཟའ་འམ་མཛེ་སྲུང་གྲུ་མོ་གཡོན༔ མནའ་དང་ཕྱོགས་ངན་སྲིན་ལག་གཡས༔ ཐོག་དང་མཚོན་སྲུང་སྤྱི་བོར་ཏེ༔ ནོར་གོད་ཆེ་ན་རྟ་ཕྱུགས་རྐེ༔ ཁྱིམ་དུ་འདྲེ་སྲིན་ཞུགས་ནས་ཀྱང༔ ན་ཚ་མང་ན་སྒོའི་ཡ་ཐེམས༔ ཡང་ན་སྦྲ་སྒོ་དག་ཏུ་གདགས༔ ཀླུ་གཏད་བྱེད་ན་འགབ་ཏུ་འདོགས༔ ཙཀྲ་འདོགས་པའི་རིམ་པ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ འཁོར་ལོ་བཟུང་བའི་རིམ་པ་ནི༔ རྒྱལ་པོ་སྲོག་གི་འཁོར་ལོ་ཞེས་བྱ་བར་ཟུངས་ཤིག༔ ལྷ་འདྲེ་སྟོང་གི་སྒྲིབ་ཤིང་ཞེས་བྱ་བར་ཡང་ཟུངས་ཤིག༔ དལ་ཁ་རྒྱས་འདེབས་ཞེས་བྱ་བར་ཡང་ཟུངས་ཤིག༔ བྱད་ཀ་སྟོང་ཟློག་ཅེས་བྱ་བར་ཡང་ཟུངས་ཤིག༔ མཛེ་སྲུང་རིན་ཆེན་གོ་ཆ་ཞེས་བྱ་བར་ཡང་ཟུངས་ཤིག༔ ཆུང་སྲི་བཏུལ་བའི་མཚོན་ཆ་ཞེས་བྱ་བར་ཡང་ཟུངས་ཤིག༔ མཚོན་སྲུང་རྡོ་རྗེ་ཕ་ལམ་ཞེས་བྱ་བར་ཡང་ཟུངས་ཤིག༔ ཐོག་སྲུང་མེ་ཕུང་འབར་བ་ཞེས་བྱ་བར་ཡང་ཟུངས་ཤིག༔ གཏད་ཟློག་གསེར་གྱི་སྤུ་གྲི་ཞེས་བྱ་བར་ཡང་ཟུངས་ཤིག༔ གོད་ཀ་གཅོད་པའི་སཏྭ་རེ་ཞེས་བྱ་བར་ཡང་ཟུངས་ཤིག༔ འདྲེ་གདོན་ཕྱགས་འདེབས་ཀྱི་གཡབ་མོ་ཞེས་བྱ་བར་ཡང་ཟུངས་ཤིག༔ རྒྱལ་པོ་སྤྱི་ཆིངས་ཀྱི་འཁོར་ལོ་ཞེས་བྱ་བར་ཡང་ཟུངས་ཤིག༔ སྡེ་བརྒྱད་སྤྱི་ཆིངས་ཀྱི་སྲོག་འཁོར་ཆེན་མོ་ཞེས་བྱ་བར་ཡང་ཟུངས་ཤིག༔ ཅེས་རྒྱུད་གཟུང་བའི་རིམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ འཁོར་ལོ་འདི་གཏེར་དུ་སྦས་ལུགས་ནི༔ ཨུ་རྒྱན་ཆེན་པོ་བོད་ཡུལ་དུ་བྱོན་དུས་སུ༔ དང་པོ་གཙང་ལ་སྟོད་དུ་བྱོན༔ ཡུལ་ཐོག་གི་གསེར་ཁ་ཞེས་ཀྱང་བྱ༔ ལ་ཧུ་གསེར་ཁ་ཞེས་ཀྱང་བྱ༔ བུ་ཏོ་ཚོང་དུས་བྱ་བ་དེར་བྱོན༔ དེར་མི་མ་ཡིན་གྱིས་བར་ཆད་བྱས་པ་ལ༔ གུ་རུ་ཆེན་པོས་ཙཀྲ་འདི་བསྐོར་བས༔ རྒྱལ་འགོང་དང་དམ་སྲི་རྣམས་ལ་ལ་ནི་བརྒྱལ༔ ལ་ལ་ནི་ཤི༔ ལ་ལ་ནི་ཡུལ་གཞན་དུ་བྲོས་ནས་སོང་བ་དང་། ཨུ་རྒྱན་པདྨས་སྙིང་རྗེ་ཆེན་པོ་སྐྱེས་ནས་གཙང་གྲོ་ཤོད་དུ་བྱོན༔ པྲ་དུན་རྩེའི་ལྷ་ཁང་གི་དབུ་རྩེའི་ཀ་ཕོག་ལ་སྦས་ནས༔ གཏེར་བདག་ཏུར་ག་ཐལ་མདོག་གི་འགོང་པོ་ཏོང་སྡེ་བསྐོས༔ ནམ་ཞིག་དུས་ཀྱི་ཐ་མ་ལ༔ བོད་ཁམས་གནོད་པས་ཉེན་པ་ན༔ བོད་ཀྱི་ལྷ་འདྲེ་ཐམས་ཅད་ཀུན༔ འཁོར་ལོ་འདི་ཡིས་དམ་བཏགས་ནས༔ གནོད་པ་ཐམས་ཅད་སྲུང་བར་ཤོག༔ ཅེས་གསུངས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ དེ་ནས་མ་འོངས་ལུང་བསྟན་པའི་དུས་ལ་བབ་པ་ན་ལྷོ་རི་མངའ་བདག་ཆེན་པོ་མོལ་མི་འཁྱིལ་གྱིས་གཏེར་བདག་རྣམས་ལ་མཆོད་པ་ཕུལ་ནས་གཏེར་ནས་བཏོན། འགྲོ་བ་མང་པོ་ཚིམས་པར་བྱས་སོ། །དེ་ལ་གཡའ་ལུང་རིན་ཆེན་གྲགས་ཀྱིས་བུ་རྟ་ཆོས་གསུམ་ཕུལ་ནས་ཞུས། དེ་ནས་རིམ་པར་བརྒྱུད་དོ།།

རིན་ཆེན་གཏེར་མཛོད་ཆེན་པོའི་སྨིན་གྲོལ་འབོགས་པའི་སྐབས་ཀྱི་ཕྱག་ལེན་ཉེར་མཁོའི་ཟུར་འདེབས་མཚམས་སྦྱོར་རིགས་བཅས་ཉུང་གསལ་དུ་བཀོད་པ་འདོད་རྒུ་འཇོ་བའི་གཏེར་བུམ་པོད་གཉིས་པ་ (Volume 69, Text 1)

Tibetan Text

<onlyinclude>

༄༅། །ར ཏྣ ནི དྷི མ ཧཱ པཱ ཀ མུ ཀྟ རྣ ཀ བྷུ སྱ པཱ ཎཱི ད ཎྜ ཀེ ས ཙ རཾ ཀ ཎྜ ནུ སི ནྡྷ ཀུ ལ ས དཱ ལྤ ཏུ ཙི ན ཡཱ ཀཱ མ དྷེ ནུ ནི དྷི ཀུ མྦྷ དྭི པུ སྟ ཀ བི ཧ ར ཏི སྨ།། །། ༄༅། །རིན་ཆེན་གཏེར་མཛོད་ཆེན་པོའི་སྨིན་གྲོལ་འབོགས་པའི་སྐབས་ཀྱི་ཕྱག་ལེན་ཉེར་མཁོའི་ཟུར་འདེབས་མཚམས་སྦྱོར་རིགས་བཅས་ཉུང་གསལ་དུ་བཀོད་པ་འདོད་རྒུ་འཇོ་བའི་གཏེར་བུམ་པོད་གཉིས་པ་བཞུགས་སོ། ། སྡེབ་སྦྱོར་མཉམ་པའི་བྲྀཏྟཱ་ཡེ་གེ་བཅུ་གཅིག་པ་གསུམ་བསྔགས་ལས་རྣམ་གྲངས་ཨང་། ༢༠༤༨ ཡོད་པ་ལས། འདིར་ཨུ་དིཥྛ། ༣༥༧ མཚམས་ནས་ཟིན་པ་དབང་པོ་རྡོ་རྗེ་ཞེས་བྱ་བའི་པྲསྟ་རས་མཛེས་པར་བཅིང་པ་དགེ། །། ༄༅། །དྷརྨཱདྷཏུབྱསྟིམཧཱསུཁཱཁཱཏ། །མཱཡཱཛཡཱརཱུཔཀརུཎྱསཾགྷཿ ༄༅། །ཆོས་དབྱིངས་ཁྱབ་བརྡལ་བདེ་ཆེན་མཁའ་དབྱིངས་ལས། །རྒྱལ་ཀུན་ཐུགས་རྗེ་འདུས་པ་སྒྱུ་འཕྲུལ་གཟུགས། །

          ༄༅། །ཨཔྨོདྭིཔསྱཱགྲཡནརྟཀོཛིཏ། །ཨུཏྟསྱཔདྨཱཀརཔདྣམསྟེ། །
       ༄༅། །གང་འདུལ་ཆུ་ཟླའི་གར་མཁན་སྐྱབས་ཀྱི་མཆོག །མཚོ་སྐྱེས་བླ་མའི་ཞབས་ལ་གུས་ཕྱག་བགྱི། །

གཉིས་པ་རིགས་བདག་འོད་དཔག་ཏུ་མེད་པའི་སྐོར་ལ། ཀཿཐོག་དམ་པ་བདེ་གཤེགས་ཀྱི་དག་སྣང་གསུང་རྡོ་རྗེ་རྩ་བ་དང་། ཀློང་གསལ་རྡོ་རྗེ་སྙིང་པོའི་གཏེར་བྱོན་རྡོ་རྗེ་ཆོས་ཀྱི་དབང་དང་སྦྱར་བ་ཟུང་འབྲེལ་སྣང་བ་མཐའ་ཡས་ཀྱི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་བདེ་ཆེན་ལམ་འདྲེན་ལྟར་དབང་སྒྲུབ། དབང་དངོས། རྗེས་བདག་བསྐྱེད་མཇུག་སྡུད་བསྔོ་སྨོན་ཤིས་བརྗོད་བཅས་བྱའོ།། །། ༈ མི་འགྱུར་རྡོ་རྗེའི་གནམ་ཆོས་བདེ་ཆེན་ཞིང་སྒྲུབ་ཀྱི་དབང་ཁྲིགས་ཆགས་སུ་བཀོད་པ་ལྟར་དབང་སྒྲུབ། དབང་དངོས་ལ་མཐའ་རྟེན་རྟགས་བརྒྱད་སྣ་བདུན་སྦྱར་བ། རྗེས་གནམ་ཆོས་སྤྱི་ལྟར་རོ།། །། ༈ སྟག་ཤམ་བསམ་གཏན་གླིང་པའི་ཡི་དམ་དགོངས་འདུས་ཀྱི་རིགས་བདག་འོད་དཔག་མེད་ཡེ་ཤེས་སེམས་དཔའི་ཚེའི་དབང་བསྐུར་བ་རིན་ཆེན་འཁོར་ལོའི་ལས་རིམ་གསལ་བར་བྱེད་པ་བདུད་རྩིའི་ཟ་མ་ཏོག་སོགས་ལས་གསུངས་པ་ལྟར་ལས་ཡང་སྨྲོས་མ་དགོས་ཀྱང་། འདིར་སྟབས་བདེར་དཀྱུས་གཅིག་ཏུ་བྱེད་སྐབས། བརྒྱུད་འདེབས་རྗེས། ༼ཏ༽བླ་མ་ནོར་བུའི་སྔོན་གཏོར་ཚོ་གཉིས་གཏང་། ལས་བྱང་གསེར་ཕྲེང་གི་བཀའ་བསྒོ་ནས་མཆོད་པ་བྱིན་རླབས་བར་སོང་ནས། ༼ལ༽རྟ་མགྲིན་ཡི་གེ་དྲུག་པའི་ལས་བྱང་གསང་བ་གཅིག་འགྲུབ་ཀྱི་ཏིང་འཛིན་རྣམ་གསུམ་ནས་བདག་བསྐྱེད་བཟླས་པའི་བར་བྱ། མདུན་བསྐྱེད་ལས་བྱང་སྔ་མའི་འཕྲོས་ཏིང་འཛིན་རྣམ་གསུམ་ནས། བསྐྱེད་བསྟིམ་ཡན་ལག་བཅས་ཀྱི་བསྟོད་པའི་རྗེས། ཛཔ྄་དམིགས་ནི། རང་ཉིད་རྟ་མགྲིན་གསལ་བའི་མདུན་དུ་འོད་དཔག་མེད་སེམས་དཔའི་དཀྱིལ་འཁོར་གསལ། འོད་དཔག་མེད་ཀྱི་ཐུགས་ཀར་པད་ཟླའི་སྟེང་ལ་རྡོ་རྗེ་རྩེ་དགུ་པ་གསལ་བའི་ལྟེ་བར་ཉི་མ་དང་ཟླ་བའི་སྟེང་དུ་ཧྲཱིཿཡིག་དམར་པོ་ཚེག་དྲག་དང་ལྡན་པའི་མཐའ་མར་སྔགས་གཡས་སུ་འཁོར་བར་བསམ། རང་རྟ་མགྲིན་གྱི་ཐུགས་ཀར་ཉི་མའི་སྟེང་དུ་ཧྲཱིཿདམར་ནག་གི་མཐའ་མར། ཨོཾ་ཧྱ་གྲཱྀ་ཝ་ཧཱུྃ་གིས་བསྐོར་བར་བསམ། རང་གི་ཐུགས་ཀའི་སྔགས་ཕྲེང་གི་འོད་ཟེར་བར་མ་ཆད་པའི་ཚུལ་དུ་ཕར་འཕྲོས། འོད་དཔག་མེད་ཀྱི་ཐུགས་ཀའི་འོད་ཟེར་སྔགས་ཕྲེང་བདུད་རྩིའི་རང་བཞིན་དུ་གྱུར་ནས་སྐུ་གང་། འཁོར་གྱི་ལྷ་ཚོགས་བསྐུལ། འོད་ཟེར་ཐམས་ཅད་སྤྲིན་ཆར་ལྟ་བུར་འདུས་ནས་རང་ལ་བར་མ་ཆད་པར་བྱུང་བར་བསམ། བུམ་པ་ལྔ་དང་ཚེ་བུམ་ལྔ་རྣམས་ལ་སྐབས་འདིར་རིགས་ལྔ་སྐད་ཅིག་གིས་གསལ་བཏབ་ནས། ཐམས་ཅད་ལ་སྤྲོ་བསྡུའི་དམིགས་པས་ཁྱབ་པར་བྱས་ཏེ། བདག་མདུན་བུམ་པ་སྦྲེལ་ན། པདྨ་དྷཱ་རི་དང་། ཧ་ཡ་གྲཱི་བ་བཟླ་བའམ། སོ་སོར་བསྙེན་ན། དང་པོ་རྟ་མགྲིན་ཡིག་དྲུག་བཟླ་བའང་སྣང་། གཞུང་ལྟར་བཟླས་པ་རིམ་བཞིན་བྱ། ནང་འཆི་མེད་ཚེའི་སྒྲུབ་པ་འཆི་མེད་བདུད་རྩིའི་ཟིལ་ཐིགས་བཞིན་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་ཞལ་བསྒྱུར་བ་ནི། བདག་མདུན་དབྱེར་མེད་ཀྱིས། བདག་ཉིད་དབང་ཆེན་རྟ་མགྲིན་བསྒོམ༔ རང་དང་དཀྱིལ་འཁོར་ལྷ་ཡི་བར༔ སོགས་ཀྱིས་བསྐྱེད་བཟླས་རྗེས། སྒྲུབ་ཐབས་པདྨའི་སྡོང་པོ་ལྟར་བུམ་པ་བསྐྱེད་བཟླས་བྱ། དེ་ནས་ལྷག་ཆད་ཁ་སྐོང་དང་། ཟུར་གསལ་ཚེ་འགུགས་ཐུགས་རྗེའི་ལྕགས་ཀྱུ་དང་། ནང་སྒྲུབ་ཚེ་འགུགས་བཅས་བྱ། སྒྲུབ་ཐབས་པདྨའི་སྡོང་པོ་ལྟར་སྤྱན་འདྲེན་ནས་བསྟོད་གསོལ་བར་གྱིས་སྟོང་ཚིགས་མཆོད་བསྟོད་ཕུལ། སྤྱི་ཁྱབ་ཀྱིས་བུམ་པ་ཁག་གཉིས་ཀའི་བུམ་ལྷ་འོད་ཞུ། ལས་བུམ་རྟ་མགྲིན་བསྐྱེད་བཟླས་བྱ། བཀའ་སྲུང་ནི། ༼དི༽ནས་སྟག་ཤམ་བཀའ་སྲུང་གསོལ་མཆོད་ཆོས་གླིང་གསུང་སྦྱར། གསེར་ཕྲེང་བཞིན་ཚོགས་བྱིན་རླབས་ནས། བསྒྲལ་བསྟབ་མཐའ་བར་གཏང་། རིག་མེ་དོར་ལ་གནང་བ་ནོད། དབང་དངོས་ལ། རྩ་བའི་ཚེ་དབང་རིན་ཆེན་འཁོར་ལོ་དང་། ནང་སྒྲུབ་འཆི་མེད་བདུད་རྩིའི་ཟིལ་ཐིགས་བཞིན་ཚེ་དབང་ཡང་ཟབ་གསང་བའི་སྙིང་པོ་དང་། ༼ལ༽སྟག་ཤམ་ཡི་དམ་དགོངས་འདུས་རྩ་གསུམ་སྤྱིའི་སྒྲུབ་ཐབས་པད་སྡོང་གི་རྗེས་གནང་གཅིག་ཤེས་ཀུན་གྲོལ་ལྟར་ཡང་སྦྱོར་དགོས་པས། དེའི་སྒྱུར་སོ་ནི། སློབ་མ་ལྷ་བསྐྱེད་སྐབས། འོད་དཔག་མེད་ཡེ་ཤེས་སེམས་དཔའ་བཅས་བསྐྱེད་དགོས་པ། སྒྲུབ་ཐབས་པད་སྡོང་གི་བུམ་བསྐྱེད་བཞིན། པདྨའི་སྡོང་པོ་གེ་སར་གསུམ་དང་ལྡན་པ༔སོགས་ནས། ཧྲཱིཿམཐར་སྔགས་འཁོར་བསམ༔ ཞེས་དང་། ཡང་ཡོན་ཏན་དབང་སྐབས། རིགས་བདག་པདྨ་ཚེ་དཔག་མེད་ཀྱི་ཡོན་ཏན་གྱི་རྗེས་སུ་གནང་བ་ནི། དར་གྱི་ཆོས་གོས་རྣམ་གསུམ་སོགས་སྤྲུལ་སྐུའི་ཆས་རྣམས་ཀྱིས་ཞེས་བསྒྱུར་བ་རྣམས་བྱ་དགོས། དེ་རྣམས་ཀྱིས་དབང་སྒྲུབ་གཅིག་འཐུས། དབང་བསྐུར་སོ་སོ། རྗེས་ཆོག་བདུད་རྩིའི་ཟ་མ་ཏོག་གི་ཡིག་ཆུང་ལྟར། ལས་བྱང་གསེར་ཕྲེང་གབ་སྤྲད་པས་གྲུབ་བོ།། །། ༈ མཆོག་གླིང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བླ་མ་ལོངས་སྐུའི་ཆ་ལག །མགོན་པོ་འོད་དཔག་ཏུ་མེད་པའི་ཞིང་སྦྱོང་གི་ཆོ་ག་དང་རྗེས་སུ་འབྲེལ་བའི་གཞན་ཕན་ཕྲིན་ལས་ཀྱི་རིམ་པ་བདེ་བ་ཅན་དུ་བགྲོད་པའི་མྱུར་ལམ་ལྟར་དབང་སྒྲུབ། དབང་དངོས། རྗེས་བཅས་བྱའོ།། །། ༈ ཉི་ཟླ་སངས་རྒྱས་ཀྱི་གཏེར་བྱོན་འཕོ་བ་འཇག་ཚུགས་མའི་རྩ་ལག་གི་ཡིག་ཆའི་ཁྲིད་ལུང་འབོགས་པ་ལ། འོ། ནམ་མཁའི་མཐའ་དང་མཉམ་པའི་མར་གྱུར་གྱི་འགྲོ་བ་སྤྱི་དང་། བྱེ་བྲག་འབྲེལ་ཐོགས་འཆི་ཁ་མའི་སེམས་ཅན་སྡིག་པོ་ཆེ་རྣམས་བཙན་ཐབས་ཀྱི་སྦྱོར་བས་ཐར་པ་བྱང་ཆུབ་ཀྱི་གནས་སུ་སྐྱེལ་བ་དང་། ལམ་ཞུགས་ཀྱི་རྣལ་འབྱོར་པ་ཐ་མལ་པའི་ལམ་གྱི་སྐྱེལ་མ་འཕོ་བའི་མན་ངག་ཉམས་སུ་ལེན་པར་འདོད་པ་རྣམས་ལ། བྱིན་རླབས་ཀྱི་དྲོད་རྟགས་རྒྱུད་ལ་འཇུག་པའི་ཕྱིར་མྱུར་ལམ་འཕོ་ཁྲིད་ཀྱི་རིམ་པ་ཞུ་བར་བགྱིའོ་སྙམ་པའི་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས་གསན་འཚལ། དེ་ལ་རྒྱལ་བ་ཐུགས་རྗེ་ཚད་མེད་པའི་བདག་ཉིད་ཆེན་པོས་དམིགས་པ་མེད་པའི་ཕྲིན་ལས་སྨོན་ལམ་ཆེན་པོའི་མཐུས་རང་ཤར་བ། འཇིག་རྟེན་འདི་ན་གནས་སྐབས་ཀྱི་ཕན་པ་དཀར་པོའི་སྣང་བ་ཚུན་གྱིས་འགྲོ་ཁམས་ལ་ཕན་པ་དང་བདེ་བའི་རྒྱུར་གྱུར་པ་ཐམས་ཅད་ཐུགས་རྗེའི་ཤུགས་ཀྱིས་རང་ཤར་ནུབ་མེད་རྟག་པར་འཇོ་བ་མཐུན་སྣང་དུ་གྲུབ་པ་འདི་ཉིད་དང་། དེ་ལས་ཀྱང་ཁྱད་པར་དུ་འཕགས་པ་ཡ་ཀི་འོད་གསལ་ཆེན་པོའི་ཐེག་པ་ནས་ལྷ་མི་དགེ་བཅུའི་ཐེག་པ་ཡན་གྱི་གདུལ་བྱ་སོ་སོའི་བསོད་ནམས་ཀྱི་སྐལ་བ་དང་མཚུངས་པར་བསྟན་ནས། དབང་རབ་ཐོས་གྲོལ་དུས་མཉམ། དེ་འོག་རྣམས་ལོ་ཟླ། ཐ་མ་འདི་འམ་འཆི་ཁ་བར་དོ་ཚུན་དང་སྐྱེ་བ་བརྒྱུད་ནས་གྲོལ་བ། ཤིན་ཏུ་ཡང་ཐ་སྡིག་པོ་ཆེ་རྣམས་བཙན་ཐབས་ཀྱི་སྦྱོར་བའི་ཐབས་ཆེན་པོས་མཁའ་སྤྱོད་ཀྱི་གནས་སུ་འདྲེན་པའི་གདམས་ངག་ལ་སོགས་པ་མཐའ་ཡས་པ་ཞིག་བསྟན་པ་ཐམས་ཅད་གསར་རྙིང་བཀའ་གཏེར་མན་ངག་གི་ཆུ་བོ་ཆེན་པོ་རྣམས་སུ་བྱོན་པ་ལས། ད་ལམ་གྱི་སྐབས་སུ་བབས་པ་འདི་ནི་མྱུར་ལམ་འཕོ་བའི་མན་ངག་གི་སྐོར། ཆོས་བློན་ཉི་མའི་སྐྱེ་མཐའ་གྲུབ་ཆེན་ཉི་ཟླ་སངས་རྒྱས་ཀྱིས་དྭགས་ལ་སྒམ་པོ་གདལ་གྱི་རི་བོའི་མཚོ་མཎྜལ་ནག་པོ་ནས་སྤྱན་དྲངས་པ་དང་། ཨོ་རྒྱན་ཆེན་པོས་སྙན་བརྒྱུད་དུ་བསྩལ་པའི་དག་སྣང་ཟུང་འབྲེལ། འོད་དཔག་མེད་ཀྱི་འཕོ་བའི་མན་ངག་ཟབ་པ་ལས་ཀྱང་ཆེས་ཟབ་པ། ཐུན་གཅིག་གི་ནང་དུ་རྟགས་ཚད་སྟོན་པས་འཇག་ཚུགས་མར་གྲགས་པའི་ཁྲིད་འཆད་པའི་སྐབས་སུ་བབས་པ་ཡིན་པས། ཐོག་མར་མྱུར་ལམ་འཕོ་བའི་གདམས་ཁྲིད་ཞུ་བའི་ཡོན་དུ་མཎྜལ། དེ་ལ་ འདིར་གསང་ཆེན་རྡོ་རྗེ་ཐེག་པའི་སོགས་ཁྲིད་ཡིག་པདྨ་ཅན་དུ་བགྲོད་པའི་ཕོ་ཉ་ལྟར། བརྒྱུད་རིམ་སྐབས། བྱང་སེམས་ཕུན་ཚོགས་རྣམ་རྒྱལ། དེ་འཕྲོས་མཚུངས་མེད་བིདྱཱའི་མཚན་ཅན་སོགས་དོར་ལ། དེས་མཁན་ཆེན་རྣམ་འཇོམས་ཕུན་ཚོགས། དེས་མཚུངས་མེད་དཀོན་མཆོག་རཏྣ། དེས་འབྲི་གུང་པ་ཆོས་ཀྱི་གྲགས་པ། དེས་གནས་བརྟན་འཇམ་དབྱངས་གྲགས་པ། དེས་སྒྲོལ་ཕུག་པ་འཇམ་དབྱངས་ངག་དབང་རྡོ་རྗེ། དེས་རྟ་ནག་གར་དབང་ཕྲིན་ལས་རྒྱ་མཚོ། དེས་དགོན་བྱང་གར་དབང་ཆོས་ཀྱི་དོན་གྲུབ། དེས་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན། དེས་སྒྲོལ་སྟོན་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། དེས་འཇམ་མགོན་བླ་མ་མཁྱེན་བརྩེའི་དབང་པོ། དེས་རྡོ་རྗེ་འཆང་ཆེན་ཡོན་ཏན་རྒྱ་མཚོ་ནས་གཟུང་ཉམས་བཞེས་ཀྱི་བརྒྱུད་པ་བར་མ་ཆད་པའི་གསེར་ཕྲེང་ལས་བྱོན་པ་སྟེ། དེ་དག་ནི་ལོ་རྒྱུས་མདོ་ཙམ་བརྗོད་པ་དག་གོ །གཉིས་པ་བརྒྱུད་པ་སོགས་སྔ་མའི་འཕྲོས་ནས། ངེས་པར་སྐྱེ་བར་བཤད་པའི་ཕྱིར་རོ། །ཞེས་ཡིད་ཆེས་པའི་ལོ་རྒྱུས། སྦྱོང་བའི་ཐབས། རང་དང་གཞན་ལ་ཕན་གདགས་པའི་ཕྱག་ལེན་སོགས་ཞིབ་མོ་འབྱུང་བ་འབྲི་གུང་ཆོས་ཀྱི་གྲགས་པའི་ཡིག་ཆའི་སྟེང་ནས་ཁྲིད་ལུང་གྲུབ་ནས། སླར་ཡང་དེ་ཉིད་ཀྱི་བསྡུས་དོན་མན་ངག་གསལ་བྱེད་སྙིང་པོར་དྲིལ་བ། གངས་ཅན་པའི་གཙུག་གི་ནོར་བུ་༧འཇམ་དཔལ་དབྱངས་དངོས་མཁྱེན་བརྩེའི་དབང་པོས་བསྩལ་པ་ནི། གཏེར་སྟོན་ཉི་ཟླ་སངས་རྒྱས་ཀྱི་འཕོ་བ་འཇག་ཚུགས་མའི་ཁྲིད་ཀྱི་དམིགས་རིམ་ཟིན་བྲིས་བླ་མའི་ཞལ་ལུང་སོགས་ཁ་བྱང་ནས་མཐར་ཆགས་སུ་བཀླག་ཅིང་། མཉྫུ་གྷོ་ཥས་ཟིན་བྲིས་སུ་བཏབ་པ་དགེའོ། །ཞེས་གསུངས་པ་བཞིན་ཉམས་སུ་བླང་བས་དོན་འགྲུབ་པ་ཡིན་ཞིང་། ཐོག་མར་རང་དོན་མཐར་ཕྱིན་པར་བསྐྱངས་ནས་རང་དབང་ཐོབ་ངེས་ཀྱི་གདེངས་དང་ལྡན་པས། གཞན་དོན་ཕ་མར་གྱུར་ཅིང་། ཚེ་འདིའི་འཕེན་པ་རྫོགས། གནས་གྲོགས་ཡོ་བྱད་དང་བྲལ། དགེ་བ་བྱས་ལོ་ཙམ་ལས་ཡིན་ངེས་པ་སྣེ་གཅིག་ཀྱང་བསྒྲུབས་པ་མེད། སྡིག་པ་ཚན་པོ་ཆེ་ནི་རང་དང་ལྟོས་བཅས་རྣམས་ཀྱི་དོན་དུ་བསགས། བར་དོའི་འཕྲང་རིང་ལ་ཆས། གཤིན་རྗེའི་ཕོ་ཉས་ཟིན། སྐྱབས་བྲལ་ཉམ་ཐག་གི་སེམས་ཅན་མཐོང་ངོ་ཅོག་ལ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པས་ཕན་གདགས་པ་རེ་ཅིས་ཀྱང་མཛད་འཚལ་ལོ། །དེ་ནས་སླར་ཡང་འཕོ་བ་འཇག་ཚུགས་མའི་མན་ངག་ཟིན་བྲིས་ཀྱི་ཡིག་ཆ་ཟུང་དང་། གྲུབ་ཐོབ་ཀརྨ་ཆགས་མེད་ཀྱི་འཕོ་བ་འཇག་ཚུགས་མ་དང་། གནམ་ཆོས་བདེ་ཆེན་ཞིང་སྒྲུབ་ཀྱི་ཆ་ལག་འཕོ་བའི་གདམས་པ་དང་། དགྱེས་གསང་གདན་བཞི་ལ་སོགས་པའི་མན་ངག་འདུས་པ་འཕོ་བ་གསང་མཆོག་མ་གཙོ་བོར་མཛད། གསར་རྙིང་གི་གདམས་ངག་བྱིན་རླབས་བརྒྱུད་པའི་ཆུ་ཀླུང་ཀུན་དྲིལ། གཞན་ཕན་འཕོ་འདེབས་ཐུགས་རྗེའི་ལྕགས་ཀྱུ་རྣམས་ཀྱི་བཀླག་ལུང་བགྱིད་པ་ཡིན་པས་སྙན་གཏོད་ཅིག །ལུང་རྣམས་བཀླག་པའི་རྗེས། དེ་ལྟར་གདམས་ཁྲིད་རྒྱབ་རྟེན་ལུང་བཅས་བགྱིས་པ་ལས་བྱུང་བའི་དགེ་ཚོགས་ཀྱང་བྱང་ཆུབ་དམ་པའི་རྒྱུར། དམིགས་པའི་མཚན་མ་ཐམས་ཅད་ལས་འདས་པ་འཁོར་གསུམ་ཡོངས་དག་གི་བསྔོ་སྨོན་སྔོན་གྱི་རྒྱལ་བ་རྣམས་ཀྱི་རྗེས་སུ་སློབ་པའི་འདུན་པ་དང་བཅས་ཆབས་ཅིག་ཏུ་མཛོད། །འཇམ་དཔལ་དཔའ་བོས་སོགས་དང་། བསོད་ནམས་འདི་ཡིས་སོགས་དང་། དགེ་དེས་འགྲོ་བ་མ་ལུས་རྡོ་རྗེ་སེམས། །རྟག་བདེ་ཐབས་ཤེས་སྦྱོར་བས་འཆི་མེད་ཅིང་། །ནང་གི་ལམ་ནས་རྡོ་རྗེར་འགྲོ་བ་ཡི། །སངས་རྒྱས་ཉིད་ཀྱི་གོ་འཕང་འཐོབ་ཕྱིར་བསྔོ། །ཞེས་པ་རྣམས་ཀྱིས་མཐའ་བརྒྱན་པས་གྲུབ་བོ། །དེ་དག་གིས་རིགས་བདག་མགོན་པོ་འོད་དཔག་ཏུ་མེད་པའི་སྒྲུབ་སྐོར་རྣམས་དང་ཡན་ལག་བཅས་གྲུབ་བོ།། །། ༄། གཉིས་པ་གངས་ཅན་བོད་ཀྱི་ལྷ་སྐལ་ཞི་བ་ཐུགས་རྗེ་ཆེན་པོའི་སྒྲུབ་སྐོར་ལ། གྲུབ་ཐོབ་དངོས་གྲུབ་དང་ཉང་གི་གཏེར་བྱོན་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཞལ་གདམས་མ་ཎི་བཀའ་འབུམ་ལས་བྱུང་བའི་སྨིན་བྱེད་དབང་གི་ལག་ལེན་བཅུད་འདུས་བདུད་རྩིའི་རྒྱལ་པོ་ལྟར་དབང་སྒྲུབ། དངོས་གཞི་རྩ་བའི་དབང་ཆེན་ལ། ༼འདོད་བུམ། 207༽ལྟར་དོན་དབང་སྦྱར། ༧ ཡང་རྒྱལ་ལུགས་འཕགས་པ་ནམ་མཁའི་རྒྱལ་པོ་བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་གི་དབང་ལ། སྦྱོར་བ་བཤམ་བཀོད་སྐུ་རྟེན་ཙམ་ལས་གཞན་འགྲོ་འདུལ་དབང་ཆེན་ལྟར་ལ། དངོས་གཞི་དབང་སྒྲུབ་ལས་བྱང་དང་སྒྲུབ་ཚུལ་སྤྱི་ཁོག་འགྲོ་འདུལ་ཅན་ལྷ་སྐྱེད་བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་། ཟབ་ཁྲིད་ཀྱི་དངོས་གཞིའི་སྐྱེད་རིམ་ཞི་སྒྲུབ་ཀྱི་ས་བཅད་ལྔ་དང་དྲུག་ནང་བཤད་པ་ལྟར་རམ། ཡང་ན་༼འདོད་བུམ། 225༽ལྟར་གྱི་སྒྱུར་སོ་བྱས་པས་དབང་རྒྱས་འབྲིང་དང་སྒོམ་ལུང་ཕྱོགས་འཐུས་སུ་སྒྲུབ། དེ་ནས་འགྲོ་འདུལ་དབང་ཆེན་ལྟར་སྒྱུ་སོ་བཅས་འཕགས་པ་ནམ་མཁའི་རྒྱལ་པོའི་དབང་བསྐུར་ཆེན་མོ་དང་། ༼འདོད་བུམ། 225༽ལྟར་དབང་འབྲིང་། སྒོམ་ལུང་གི་དབང་བསྐུར་རྣམས་སྦྲེལ་བ་གྲུབ་པའི་དམ་ཚིག་ཁས་བླང་གི་དབུར། རིམ་པ་དེ་རྣམས་ཀྱིས་དབང་བསྐུར་བ་རྣམས་གྲུབ། སླར་ཡང་དེ་དང་རྗེས་སུ་འབྲེལ་བའི་གྲོལ་བྱེད་ཀྱི་གདམས་ཁྲིད་ལའང་གཉིས་ཀྱི། དང་པོ་ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོའི་ཞལ་གདམས་གངས་ཅན་ལྷ་སྐལ་ཐུགས་རྗེ་ཆེན་པོའི་སྒྲུབ་སྐོར་གྱི་བསྐྱེད་རྫོགས་ཟབ་མོའི་འགགས་དོན་གཅིག་ཏུ་བསྡུས་པའི་ལམ་རིམ་པ་གཉིས་ཀྱི་ཁྲིད་ཡིག་པདྨ་དཀར་པོའི་ཕྲེང་བ་ཞེས་བྱ་བ། དཔལ་རྒྱལ་བ་འབྲི་གུང་པ་ཆེན་པོ་ཆོས་ཀྱི་གྲགས་པས་བཀྲལ་པའི་སྟེང་ནས་ཁྲིད་ལུང་བགྱིད་པ་སྟེ། དེ་ལ་འདིར་མ་ཎི་བཀའ་འབུམ་གྱི་དོན་བསྡུས་པའི་བསྐྱེད་རྫོགས་ཀྱི་ལམ་ཉམས་སུ་བླང་བའི་རིམ་པ་ལ་གཉིས། སྨིན་བྱེད་དབང་གི་རིམ་པ་དང་། གྲོལ་བྱེད་བསྐྱེད་རྫོགས་ཀྱི་རིམ་པའོ། །དེའི་དང་པོ་ནི་ད་ལྟར་སྔོན་དུ་སོང་ཟིན་ནས། གཉིས་པ་གྲོལ་བྱེད་ལ་སྤྱི་དོན་གསུམ། སྔོན་འགྲོ། དངོས་གཞི། རྗེས་གསུམ་མོ། །སྤྱི་དོན་དང་པོ་སོགས་མཐར་ཆགས་སུ་བཏང་བའི་མཇུག་གི །འབད་རྩོལ་དུ་མའི་སྒོ་ནས་ཉམས་སུ་ལེན་རིགས་པ་ཡིན་ནོ།། །།དེས་བསྐྱེད་རྫོགས་ཀྱི་ཁྲིད་ཡིག་པདྨ་དཀར་པོའི་ཕྲེང་བའི་ཁྲིད་ལུང་གྲུབ་ནས། གཉིས་པ་སླར་ཡང་ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་སྐུ་གསུམ་སྙིང་པོའི་དོན་ཁྲིད་ཀྱི་ཟིན་བྲིས་ཉུང་གསལ་སྙིང་པོར་དྲིལ་བ་སྨིན་གླིང་ལོ་ཙཱ་བ་ཆེན་པོ་གནས་བརྟན་དྷརྨ་ཤྲཱིས་མཛད་པའི་ཁྲིད་འཆད་པ་ཡིན་ཏེ། དེ་ལ་འདིར་གངས་ཅན་གྱི་ལྷ་གཅིག་ཆོས་རྒྱལ་སོགས་དེ་ཉིད་ཀྱི་དབུ་ནས་གཟུང་། མཇུག་གི །ཀུན་ཏུ་དོན་ཡོད་པ་ལ་བསླབ་པར་བྱ་བ་ཉིད་ལ་ཉམས་ལེན་སྙིང་པོར་དྲིལ་ཏེ། བདག་གཞན་ཐམས་ཅད་འཕགས་པའི་གོ་འཕང་ལ་སྦྱོར་བའི་ཕྲིན་ལས་མཁའ་ཁྱབ་ཏུ་སྐྱོང་བར་མཛོད་ཅིག །དེ་ལྟར་སྨིན་གྲོལ་ཚངས་སྤྲུགས་སུ་ཐོབ་པའི་དམ་ཚིག་གི་རིམ་པ་རྩ་བ་དང་ཡན་ལག །སྤྱི་དང་བྱེ་བྲག་གིས་ཕྱེས་པ་ཐམས་ཅད་མི་ཉམས་པར་སྲུང་སྡོམ་མཛད་དགོས་པས། དེ་ལྟར་བྱ་བའི་གཡར་དམ་ནན་ཏན་གྱིས་ཁས་བླང་བ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་ཕྱིན་དབང་དང་། ཆོ་གའི་རྗེས་རྣམས་སྨིན་དབང་ཆེན་མོ་ལྟར་བགྱིས་པས་དབང་བསྐུར་ལྔ་ག་འཐུས་སོ།། །། ༈ མངའ་བདག་ཉང་རལ་གཏེར་བྱོན་ཐུགས་རྗེ་ཆེན་པོ་འགྲོ་འདུལ་གྱི་དབང་གི་ལག་ཁྲིད་གསལ་བར་བཀོད་པ་དྲི་མེད་པད་དཀར་སྡོང་བུ་ལྟར་བདག་བསྐྱེད་ནས་བུམ་པ་དང་། གཟུངས་ཁྲུས་ཆོ་ག་གཏེར་གཞུང་བཞིན་གཟུངས་བུམ་ཀྱང་བསྒྲུབས། ལྷ་སྟ་གོན་རྣམས་གྲུབ་ཟིན་ནས། སློབ་མ་སྟ་གོན་དང་། གཟུངས་བུམ་ཆོ་ག་དང་འབྲེལ་བའི་ཁྲུས་དབང་སྐབས་དབང་ཆོག་བཞིན་བསྟོད་པ་གྲུབ་པའི་རྗེས། དེ་ལྟར་བསྟོད་ཅིང་གསོལ་བ་བཏབ་ནས་བུམ་པ་སྤྱི་བོར་སྤྱན་དྲངས་པའི་བུམ་ནང་དུ་ཇོ་བོ་ཐུགས་རྗེ་ཆེན་པོ་དང་། ལས་ཀྱི་ཁྲོ་བོ་བདུད་རྩི་འཁྱིལ་པའི་སྐུ་ལས་སྡིག་སྒྲིབ་འཇོམས་བྱེད་ཡེ་ཤེས་རྡོ་རྗེའི་ཆུ་རྒྱུན་བབས། སློབ་མའི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་ལ་ཁྱབ་པས། སྐལ་བ་ངན་པའི་ཚེ་རབས་ཀྱི་ཉེས་ལྟུང་སྡིག་སྒྲིབ་ནད་གདོན་དང་གྲིབ་རིགས་མི་མཐུན་པའི་ཕྱོགས་ཐམས་ཅད་བཀྲུས་ཤིང་སྦྱངས་པ། འོག་སྒོ་དང་བ་སྤུའི་ཁུང་བུ་རྣམས་ནས་ཕྱིར་ཐོན་པས་ཉེས་པའི་སྐྱོན་དང་བྲལ། ཤུལ་ཐམས་ཅད་བདུད་རྩིའི་རྒྱུན་གྱིས་དཀར་ལྟེམ་མེར་གང་བས། མཐུན་པའི་ཚེ་དཔལ་ཡེ་ཤེས་ཡོན་ཏན་ཐམས་ཅད་རྒྱས་པར་སྒོམས་ཤིག །ཅེས་བརྡ་སྦྱར་ལ། བུམ་པའི་དབང་བསྐུར་དག་བྱེད་སོགས་ཀྱིས་དབང་བསྐུར་ཞིང་། གཟུངས་བུམ་རྗེས་ཆོག་བྱའོ། །དེ་ནས་དངོས་གཞིའི་དབང་བསྒྲུབས་ནས། དངོས་གཞི་རྩ་བའི་དབང་ཆེན། བདུད་རྩི་སྨན་དབང་། བཀྲ་ཤིས་ཚེ་དབང་རྣམས་བསྐུར། མཐར་རྗེས་ཆོག་བཅས་བྱའོ།། །། ༈ བཀའ་མ་གྲུབ་རྒྱལ་མ་དང་། གཏེར་མ་ཉང་རལ་ནས་བརྒྱུད་དེ་འཇིག་རྟེན་དབང་ཕྱུག་ཀརྨ་པར་བཀའ་བབས་པ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་བདེ་གཤེགས་བཞི་སྒྲིལ་༼འདོད་བུམ། 231༽ལྟར་གྱི་དབང་སྒྲུབ། དངོས་གཞི་བྱིན་རླབས་ཆོ་གའི་མཐར་ཡོད་པའི་ལྷ་ལྔའི་གཏོར་དབང་བསྡུས་པ་བཅས་བསྐུར། རྗེས་རིམ་རྣམས་བྱའོ།། །། ༈ ཀར་ལུགས་བཀའ་གཏེར་ཡོངས་འདུས་རྒྱལ་རྒྱམ་ལྷ་ལྔའི་གཏོར་དབང་བཀླག་ཆོག་ཏུ་བཀོད་པ་ཟབ་གསང་དགོངས་འདུས་ལྟར་དབང་སྒྲུབ། དངོས་གཞི་གཏོར་དབང་། རྗེས་ཆོག་བཅས་བྱའོ།། །། ༈ གུ་རུ་ཆོས་དབང་གི་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་སྨིན་བྱེད་ཀྱི་ཆོ་ག་འགྲོ་བ་ཀུན་འདུལ་ལྟར་དབང་སྒྲུབ་སྐབས། ཁོག་དབུབ་ཀྱི་རིལ་སྒྲུབ་བཟླས་དམིགས་བཅས་བསྐྱེད་བཟླས་སྦྱར་བ་དང་། དངོས་གཞི་རྩ་དབང་གི་བུམ་དབང་རྗེས་སུ་མྱང་གྲོལ་རིལ་བུའི་དབང་ཡང་སྦྱར་བ། རྗེས་ཆོག་བཅས་བྱའོ།། །། ༈ ཡང་གཏེར་ཉི་མ་སེང་གེའི་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ་ཡིད་བཞིན་ནོར་བུ་མཐོང་བ་རང་གྲོལ་གཏེར་གཞུང་ལ། དབང་བསྐུར་གྱི་ཟིན་བྲིས་མཐོང་གསལ་སྒྲོན་མེ་བཞིན། བདག་བསྐྱེད་ནས་ལས་བུམ་བཟླས་པ་གྲུབ་ཀྱི་བར་གཏང་། དེ་ནས་སློབ་མ་སྟ་གོན་ལ། ཁྲུས། བགེགས་གཏོར། མཚམས་གཅད། མཎྜལ་མེ་ཏོག་བཀྱེ་བསྡུ་བཅས་ཟིན་ནས། འོ། མཐའ་དང་མུ་མེད་པའི་མཁའ་ཁྱབ་ཀྱི་ཡིད་ཅན་རྣམས་གནས་སྐབས་དང་མཐར་ཐུག་གི་སྡུག་བསྔལ་དང་འཇིགས་པ་ཐམས་ཅད་ལས་བསྒྲལ་ཏེ། ཞི་བ་བླ་ན་མེད་པའི་གནས་དམ་པར་དབུགས་དབྱུང་བའི་ཕྱིར། རྩ་གསུམ་ཡོངས་དྲིལ་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ་རྣམ་པར་རོལ་པའི་དཀྱིལ་འཁོར་དུ་ཞུགས་ཏེ། ཟབ་མོའི་རྣལ་འབྱོར་མངོན་དུ་བགྱི་བའི་སླད་དུ་སྨིན་དབང་གསན་པའི་ཐོག་མར། སློབ་མ་སྟ་གོན་གྱི་ཆོས་རྣམས་ཞུ་སྙམ་པའི་སེམས་བསྐྱེད་གསལ་བཏབ་སྟེ་གསན་འཚལ། དེའང་རང་ཅག་རྣམས་ཡེ་ཐོག་མ་མེད་པའི་དུས་ནས་ཁམས་གསུམ་འཁོར་བའི་འཁོར་ལོ་ཁ་བརྒྱུད་དེ་བགྲང་གིས་མི་ལངས་པའི་སྐྱེ་རྒ་ན་འཆིའི་ཆུ་བོ་བཞིའི་ཀློང་དུ་ཆུད་དེ། དར་དྲགས་ལ་མཐའ་མེད་པའི་སྡུག་བསྔལ་བློས་མི་བཟོད་པ་ཤ་སྟག་གིས་མནར་བས་བདེ་བའི་གོ་སྐབས་ཡུད་ཙམ་ཡང་མེད་པར་འཁྱམས་པ་ལ། དེང་གི་དུས་འདིར་དཀོན་མཆོག་རིན་པོ་ཆེའི་ཐུགས་རྗེའི་མཐུས་ལེགས་བྱས་ཀྱི་ཆ་སད་པས། དལ་འབྱོར་གྱི་ཆོས་ཐམས་ཅད་ཚང་བའི་རྟེན་ཐོབ་པ་འདི་ནི། རྒྱལ་སྲས་ཞི་བ་ལྷས། རྒྱ་མཚོ་ཆེར་གཡེང་གཉའ་ཤིང་གི །བུ་གར་རུས་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་ཐོབ་དཀར་གསུངས། །ཞེས་རྒྱུ་དཔེ་གྲངས་ཀྱི་སྒོ་ནས་བརྒྱ་ལམ་ནའང་རྙེད་པར་དཀའ་བ་འདི་ལྟ་བུ་ནི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལག་ཏུ་ཆུད་པ་བས་ཀྱང་བསྒྲུན་དུ་མེད་པ་འཁོར་བའི་ཕ་རོལ་ཏུ་འགྲོ་བའི་མཐུ་དང་ལྡན་པས་ཕན་འདོགས་ཆེ་སྟེ། སྤྱོད་འཇུག་ལས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །ཞེས་འབྱུང་བ་བཞིན་བློ་གྲོས་དང་ལྡན་པ་རྣམས་ཀྱིས་དལ་འབྱོར་ལན་གཅིག་ཐོབ་པ་འདི་ཆུད་ཟོས་སུ་མི་གཏང་བར་སྲིད་ལས་ངེས་པར་འབྱུང་བ་ལ་ཅི་ནས་ཀྱང་འབད་དགོས་ཏེ། བཤེས་སྤྲིང་ལས། མགོ་འམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་ལྡོག་སླད་བགྱི་བ་བཏང་ནས་ཀྱང་། །ཡང་སྲིད་མེད་པར་བགྱིད་སླད་འབད་འཚལ་ཏེ། །དེ་ལས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཞེས་གསུངས་ཤིང་། ཚུལ་དེའང་བརྩོན་པ་དྲག་པོས་ད་ལྟ་ཉིད་དུ་བསྒྲུབ་པར་མ་བགྱིས་ན། ཞི་བ་ལྷས། སང་དང་འཇིག་རྟེན་ཕྱི་མ་གཉིས། །སྔོན་དུ་གང་འོང་གཏོལ་མེད་པས། །སང་གི་ཚིས་ལ་མ་འབད་པར། །ཕྱི་མའི་དོན་ལ་འབད་པར་རིགས། །ཞེས་གསུངས་པ་ལྟར། སྤྱིར་འཁོར་བའི་གནས་གང་དུ་སྐྱེས་ཀྱང་མི་རྟག་པ་ཁོ་ན་ཡིན་ལ། ཁྱད་པར་རང་རེ་རྣམས་ཀྱི་ཚེ་ལ་ངེས་པ་མེད་ཅིང་། གསོན་པའི་རྐྱེན་དུ་རེ་བའང་འཆི་བའི་རྐྱེན་དུ་འགྱུར་བ་མང་བས་ཤིན་ཏུ་འཇིག་པར་སླ་བ་སྟེ། ཀླུ་སྒྲུབ་ཀྱིས། ཚེ་འདི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་དབྱུང་དབུགས་རྔུབས་གཉིད་ཀྱིས་ལོག་པ་ལས། །སད་ཁོམས་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་གསུངས་པ་ལྟར། མཐོང་ཆོས་སུ་གྱུར་པ་འདི་ཀ་ལགས་མོད། འཆི་བའི་ཚེ་མཛའ་བཤེས་གཉེན་གྲོགས་རྣམས་ཀྱིས་ཕན་པའི་བྱ་བ་གཏོང་དུ་མེད་ཅིང་། རང་རང་གིས་ལས་བསགས་པ་ནི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་དགོས་པ་ཡིན་ཏེ། རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱིས་ཉེན་ཏེ་རྒྱལ་པོ་འགྲོ་འགྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དེ་ནི་གར་གནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །ཞེས་གསུངས་ཤིང་། ལས་བསགས་པ་དེའི་འབྲས་བུ་ནི། བར་མ་དོར་ཆུད་མི་གསོན་པར་རང་ལ་སྨིན་པར་འགྱུར་ཏེ། མདོ་སྡེ་ལས་བརྒྱ་པ་ལས། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་འབྱིན་པ་ཉིད་དུ་འགྱུར། །ཞེས་གསུངས་པའི་བཀའ་ཚད་མ་མི་བསླུ་བ་ཡིན་ལ། འཁོར་བའི་གནས་རིས་གང་དུ་སྐྱེས་ཀྱང་སྡུག་བསྔལ་གསུམ་གྱི་རང་བཞིན་ལས་མ་འདས་ཤིང་། འཇིག་རྟེན་གྱི་ཆོས་ལ་མཁས་པར་རློམས་པ་རྣམས་ཀྱིས་ཀྱང་སྡུག་བསྔལ་གྱི་རྒྱུ་འབྲས་འབའ་ཞིག་དོན་དུ་གཉེར་བ་ལས་མེད་དེ། སྤྱོད་འཇུག་ལས། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་འབྱུང་བ་ལྟར་ལགས་ཤིང་། མདོར་ན་བཤེས་སྤྲིང་ལས། ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡི། །སྡུག་བསྔལ་རྒྱུན་མི་འཆད་པ་བསྟེན་འཚལ་ལོ། །ཞེས་སོགས་མཐའ་ཡས་པར་གསུངས་པ་བཞིན། འཁོར་བའི་གནས་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་བདེ་བའི་གོ་སྐབས་ཅུང་ཟད་ཙམ་ཡང་མེད་པས། འཁོར་བ་ལས་ཐར་བར་འདོད་པའི་ངེས་འབྱུང་དྲག་པོས་རྒྱུད་བསྐུལ་ཏེ། དེ་ལས་ཐར་བའི་ཐབས་ཀྱི་ལམ་ལ་འཇུག་དགོས་ཤིང་། ཉན་ཐོས་ལ་སོགས་པའི་ཐེག་པར་ཞུགས་ཏེ་རང་ཉིད་ཞི་བདེ་ཙམ་དོན་དུ་གཉེར་འོས་པ་མ་ཡིན་ཏེ། སློབ་སྤྲིང་ལས། ཉེ་དུ་འཁོར་བའི་རྒྱ་མཚོའི་ནང་དུ་བྱིངས་གྱུར་ལ། །ཀློང་གི་ནང་དུ་ལྷུང་བ་ལྟ་བུ་མཐོང་བཞིན་དུ། །སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་དེ་བོར་ནས། །གལ་ཏེ་བདག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །ཅེས་གསུངས་པ་བཞིན། མར་གྱུར་པའི་འགྲོ་བ་མཐའ་དག་བླ་ན་མེད་པའི་གནས་ལ་སྦྱོར་བ་ཐེག་པ་ཆེན་པོའི་ལམ་ལ་འཇུག་དགོས་ཤིང་། དེའང་རྒྱུ་ཡི་ཐེག་པ་ལ་ཞུགས་ན། གྲངས་མེད་གསུམ་ལ་སོགས་པ་དུས་རིང་པོའི་སྒོ་ནས་བྱང་ཆུབ་ལ་གདོད་རེག་པར་གསུངས་པས། བྱང་ཆུབ་འཐོབ་པ་ལ་ཤིན་ཏུ་འགྱངས་པས་གཉེར་བྱ་མ་ཡིན་ཞིང་། བློ་གྲོས་ཆེན་པོ་རྣམས་ཀྱི་འཇུག་ངོགས་སུ་གྱུར་པ་ལས། རང་རེ་རྣམས་ཀྱིས་སྙིགས་མའི་དུས་འདིར་བསྒྲུབ་པར་དཀའ་བས་ན། འཇུག་པར་བྱ་བའི་སྒོ་གཅིག་པུར་གྱུར་པ་ནི་ཚེ་གཅིག་གིས་སངས་རྒྱས་འགྲུབ་པ་སྔགས་གོང་མའི་ཐེག་པ་སྟེ། དེ་ནི་རྒྱལ་བ་ཐབས་མཁས་ཤིང་ཐུགས་རྗེ་མུ་མེད་པ་དེ་ཉིད་ཀྱིས། ཇི་སྐད་དུ། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་བསྔགས་པ་ལྟར་བདེ་མྱུར་གྱི་ལམ་རྨད་དུ་བྱུང་བས་ཁྱད་པར་དུ་འཕགས་པའི་ཐེག་པའི་རྒྱལ་པོ་བླ་ན་མེད་པ་འདིར་འཇུག་པ་ལའང་། ཐོག་མར་རྒྱུད་མ་སྨིན་པ་སྨིན་པར་བྱེད་པ་དབང་བསྐུར་བ་ཐོབ་དགོས་ཏེ། རྒྱུད་ལས། དཔེར་ན་བུ་ཚ་མེད་པའི་ཁྱིམ། །ཤི་བ་ཙམ་གྱིས་སྟོང་པ་ཉིད། །དེ་བཞིན་རང་དབང་བྲལ་བ་ནི། །ཡེ་ཤེས་ཀུན་གྱིས་སྟོང་པ་ཉིད། །ཅེས་གསུངས་པ་ལྟར་ཡིན་ལ། དེའང་སྔགས་ཀྱི་ལམ་འདི་ལྟ་བུར་རང་གར་འཇུག་པར་མི་བཏུབ་པས། ཐོག་མར་སྣོད་དུ་རུང་བར་བྱེད་པ་སྔོན་དུ་འགྲོ་བ་སློབ་མ་ལྷག་པར་གནས་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ། ཆོས་ཉན་པའི་ཀུན་ཏུ་སྤྱོད་པ་དང་ལྡན་པས་ཐལ་མོ་སྦྱར་ཏེ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། དཔལ་ལྡན་བླ་མ་སོགས་གཏེར་གཞུང་ལྟར་ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་སྤྲོ་བ་བསྐྱེད་ཅིང་རྗེས་སུ་གདམས་པ་འདི་ལ་གསན་པས་ཁྱབ། ཁྱོད་ནི་སྔགས་ཀྱི་སོགས། ཐེག་པའི་སྙིང་པོ་འདིར་འཇུག་པ་ལ་རྒྱུད་སྡོམ་ལྡན་དུ་བསྒྲུབ་དགོས་པས། ལམ་གྱི་གཞི་རྟེན་སྐྱབས་སུ་འགྲོ་བ་ནི། ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་བླ་མ་དང་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཞི་ཁྲོ་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་གྱི་འཁོར་ལོ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར་ཅི་མཛད་ཁྱེད་ཤེས་ཀྱིས་བློ་བཀལ་ཏེ། འདི་ནས་བྱང་ཆུབ་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ན་མོ༔ བླ་མ་ཡི་དམ་སོགས་གཏེར་གཞུང་སྔོན་འགྲོ་ལྟར་ལན་གསུམ། ལམ་གྱི་གཞུང་ཤིང་ཀུན་རྫོབ་དང་དོན་དམ་པའི་སེམས་བསྐྱེད་པའི་སླད་དུ་ཞིང་མཆོག་དེ་རྣམས་དཔང་པོར་གསོལ་ཏེ། ཕ་མར་གྱུར་པའི་དྲིན་ཅན་གྱི་འགྲོ་བ་མཐའ་དག་བདེ་བ་ལ་སྦྱོར་བའི་དོན་དུ་བདག་གིས་བླ་མ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཞི་ཁྲོ་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་བསྒྲུབ་ནས། མེད་བཞིན་འཁྲུལ་པའི་སེམས་ཅན་ཐམས་ཅད་ལ་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་རྣལ་འབྱོར་གྱིས་འཁོར་བ་མ་སྟོངས་ཀྱི་བར་དུ་གཞན་དོན་བྱེད་པར་བྱའོ་སྙམ་དུ་སེམས་བསྐྱེད་ལ་འདིའི་རྗེས་ཟློས། མར་གྱུར་འགྲོ་བ་སོགས་ལན་གསུམ། ཞིང་མཆོག་དམ་པ་དེ་རྣམས་ཀྱི་སྤྱན་སྔར་ལམ་མྱུར་དུ་བགྲོད་པའི་ཐབས་གསག་སྦྱོང་གི་སྙིང་པོ་བསྡུས་པ་ཡན་ལག་བདུན་པའི་དོན་ཚིག་དང་འབྲེལ་བར་གསལ་ཐོབས་ལ་འདིའི་རྗེས་ཟློས། ཧོ༔ བླ་མ་ཞི་ཁྲོའི་སོགས་ལན་གསུམ། ལམ་གྱི་སྙིང་པོ་སོ་ཐར་བྱང་སེམས་རིག་འཛིན་གྱི་སྡེ་སྣོད་རྣམས་ཀྱིས་བསྡུས་པའི་དགག་སྒྲུབ། སྲུང་མཚམས། གནང་བཀག་གི་གནས་རྣམས་མ་འཆོལ་བར་ཚུལ་བཞིན་དུ་བགྱིའོ་སྙམ་པས་སྡོམ་པ་གཟུང་བ་འདིའི་རྗེས་ཟློས། ཧོ༔ བླ་མ་ཞི་ཁྲོའི་སོགས་ལན་གསུམ། སྣོད་བཅུད་ཐ་མལ་དུ་འཛིན་པ་ལ་དབང་གི་ཡེ་ཤེས་ཆགས་པ་མ་ཡིན་པས། དེའི་ཕྱིར་སྒོ་གསུམ་རྡོ་རྗེའི་རྣལ་འབྱོར་དུ་བསྒྲུབ་པ་ལ་དམིགས་པ་འདི་བཞིན་མཛོད། སློབ་མ་སྐད་ཅིག་གིས་སོགས་གཏེར་གཞུང་སྟ་གོན་ལྟར། མཉམ་པར་སྦྱོར་བ་གསལ་ཐོབས། གནས་གསུམ་དུ་དྲིའི་ཐིག་ལེ་བཀོད། དེ་ལྟར་བྱས་པའི་རྐྱེན་གྱིས་ཁྱེད་རང་རྣམས་ལྷར་གསལ་བའི་དཔྲལ་བར་ཟླ་བ་སོགས་ནས། དྲི་ལ་སོགས་པས་མཆོད་པར་མོས། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་སྦྱར་བའི་དྷཱུ་པེ་ནས། ནཻ་བིདྱཱ་བར་གྱིས་མཆོད། དེ་ལྟར་བྱས་པས་སྒོ་གསུམ་རྡོ་རྗེ་གསུམ་དུ་སད་ཅིང་། འདོད་ཡོན་ཡེ་ཤེས་ཀྱི་རྒྱན་དུ་སྤང་བླང་བྲལ་བར་ལོངས་སྤྱོད་ནུས་པའི་བདག་ཉིད་ཅན་དུ་བྱས་པའོ། །དེ་ནས་དཀྱིལ་འཁོར་དམ་པ་འདིར་འཇུག་པ་ལ་རང་རང་གི་ལས་དང་མཐུན་པའི་དངོས་གྲུབ་གང་འགྲུབ་པར་བརྟག་པའི་ཕྱིར། བྱང་ཆུབ་ཤིང་ལས་བྱས་པའི་སོ་ཤིང་མཚན་ཉིད་དང་ལྡན་པ། སླར་ཡང་དཔའ་བོ་འབྲུ་ལྔས་བྱིན་གྱིས་བརླབས་པར་མོས། འབྲུ་ལྔ་ལན་བདུན་བཟླ། དེ་ལྟར་བྱིན་གྱིས་བརླབས་པའི་སོ་ཤིང་ཐལ་མོ་སྦྱར་བའི་བར་དུ་ཟུངས་ཤིག །ཧྲཱི༔ བྱང་ཆུབ་ལྗོན་པའི་སོགས། སྔགས་གོང་མ་བརྗོད་ཅིང་སོ་ཤིང་སྦྱིན། དེ་ལྟར་བྱིན་པས་སོ་ཤིང་གི་རྩ་བ་ཁར་བཅུག་པའི་འོད་ཀྱིས་སྡིག་སྒྲིབ་སྤྱི་དང་ཁྱད་པར་ལུས་ཀྱི་སྒོ་ནས་བསགས་པ་ཐམས་ཅད་རླངས་པ་སྔོ་དམར་གྱི་རྣམ་པར་སྐྱུགས་པས་སྦྱངས་པ་དང་། བདག་ལ་དངོས་གྲུབ་ཀྱི་སྐལ་པ་ཅི་ཡོད་པ་སྟོན་ཅིག་པའི་དམོད་འདོར་བ་འདིའི་རྗེས་ཟློས་དང་བཅས་སོ་ཤིང་གི་ར་བར་དོར་ཅིག །ཨོཾ་ཨཱཿཧཱུྃ་སོགས་སྔགས་ཕྱི་མས་འདོར་དུ་གཞུག །དེ་ལྟར་དོར་པས་ལྟས་བརྟག་པ་ནི༔སོགས་ནས། ཤེས་པར་བྱ༔ ཞེས་འབྱུང་བ་ལྟར་རོ། །དངོས་གྲུབ་ཀྱི་སྐལ་པ་རྨི་ལམ་གྱི་སྒོ་ནས་བརྟག་པ་གསལ་བའི་ཕྱིར། དྲིའི་ཁྱོར་ཆུ་འཐོར་འཐུང་དང་ཁ་བཤལ་བས་སྡིག་ལྟུང་ལ་སོགས་པའི་དྲི་མ་ཐམས་ཅད་བཀྲུས་ཤིང་སྦྱངས། རྨི་ལམ་གྱི་གཟུགས་བརྙན་གནས་སྐབས་ཇི་ལྟ་བ་བཞིན་དུ་གསལ་བར་མཐོང་བའི་མཐུ་ཐོབ་པར་མོས། ཧྲཱི༔ རྣམ་པར་དག་པའི་སོགས་སྔགས་ལན་བདུན་བཟླས་པས་ཁྱོར་ཆུ་བྱིན་གྱིས་བརླབ་ཅིང་། སྔགས་བཟླ་བཞིན་པས་ཁྱོར་ཆུ་ལན་གསུམ་སྦྱིན། སྒོ་གསུམ་གྱི་བར་ཆད་སྤྱི་དང་ཁྱད་པར་ཡིད་ཡུལ་ལ་འཕོ་བའི་འགྲོ་འོང་གཅད་པའི་སླད་དུ་རྡོ་རྗེའི་མདུད་པ་དཔུང་པར་བཅིངས་པས། བར་ཆད་ཀྱི་མཚན་མ་མཐའ་དག་བསྲུང་བར་མོས། ཧྲཱི༔ དབང་གི་སྲད་བུ་སོགས། མཐར་ལས་སྔགས་བཟླས་པས་སྲུང་སྐུད་བྱིན་གྱིས་བརླབས་ནས། གཞུང་གསལ་སྔགས་ཀྱིས་དཔུང་པར་བཅིངས། མདུད་མཚམས་ལས་ཆུས་མནན་ཅིང་ཕྱག་མཚན་རྡོ་རྗེས་རྒྱས་བཏབ། དངོས་གྲུབ་ཀྱི་ལྟས་རྨི་ལམ་གྱི་སྒོ་ནས་བརྟག་པ་ལ། འགལ་རྐྱེན་སྤྱི་དང་བྱེ་བྲག་རྩ་རླུང་འཁྲུགས་པའི་ཉེས་སྐྱོན་ཐམས་ཅད་ཞི་ནས། ཚུལ་བཞིན་མཐོང་བའི་ཕྱིར་ཀུ་ཤ་སྦྱིན་པ་ནི། ཧྲཱི༔ ཀུ་ཤ་འདི་ནི་སོགས་སྔགས་ལན་བདུན་གྱིས་བྱིན་གྱིས་བརླབས། སླར་སྔགས་དེ་ཉིད་བཟླ་བཞིན་པས་ཀུ་ཤ་གཏད། དེ་ནས་ཟབ་མོའི་ལམ་ལས་གཞན་དུ་བློ་མི་འཇུག་པའི་ཕན་ཡོན་བཤད་ཅིང་སྤྲོ་བ་བསྐྱེད་པའི་ཕྱིར་ཆོས་བཤད་པ་འདི་ལ་གསན་འཚལ། ཚེ་རབས་ཐོག་མ་སོགས། སྔར་བྱིན་པའི་ཀུ་ཤའི་ཆུན་པོ་ཟུང་སྔས་དང་སྟན་དུ་བྱས་ཏེ་རྨི་ལམ་བརྟག་དགོས་པས། དེའི་ཚུལ་ཤེས་པའི་ཕྱིར་གདམས་ངག་འབོགས་པ་ནི། བུ་ཀྱེ་ཀུ་ཤའི་སོགས་ནས། ཞེས་གདམས་པ་ལྟར་ཁྱེད་རང་རྣམས་ཀྱིས་ཚུལ་བཞིན་དུ་བརྟགས་ནས། བཟང་ན་སོགས། ཞི་བར་བྱ་དགོས་པར་གསུངས་སོ། །དེ་རྣམས་ཀྱིས་སློབ་མ་སྟ་གོན་གྱི་ཆོས་རྣམས་གྲུབ་པས། དགེ་བ་ཐེག་ཆེན་གྱི་བསྔོ་བས་རྒྱས་འདེབས་འཚལ། དགེ་བསྔོ་བགྱིས་ནས་སློབ་མ་གྱེས། སྟ་གོན་གྱི་ཆས་བསྡུས་ནས། ལས་སྦྱོར་སྤྱི་དྲིལ་སྔགས་ནི། ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་དྷཱུ་མ་གྷ་ཡེ་ན་མ་སྭཱ་ཧཱ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ མ་མ་སརྦ་པཱ་པཾ་ཀླེ་ཤ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བཟླ་ཞིང་། སྟེགས་ལ་བ་བྱུང་དང་དྲི་བཟང་གི་ཆུས་བྲན་པས་ཆག་ཆག་གདབ། རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པ་ནས། དབང་སྒྲུབ། དབང་དངོས་ཀྱི་མཎྜལ་གྲུབ་ཀྱི་བར་དབང་བསྐུར་ཟིན་བྲིས་མཐོང་གསལ་སྒྲོན་མེར་གསུངས་པ་ལྟར་དང་། ལྷན་སྐྱེས་མ་རིག་པའི་བག་ཆགས་མཐུག་པོས་བསྒྲིབས་ཏེ་རང་གནས་དོན་གྱི་ལྷ་ཞལ་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་མཛོད། ཨོཾ་ཙཀྵུརྦྷནྡྷ་བཱ་ར་མ་ཎཱ་ཡ་ཧཱུྃ་གིས་མིག་དར་དགབ། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་སྟོང་པར་མཇལ་མི་རུང་བས་ཕྱག་རྟེན་དུ་ཨུ་དུཾ་ཝཱ་རའི་མེ་ཏོག་གི་ཕྲེང་བ་ཁ་དོག་ལྔ་པ་རེ་བྱིན་པའི་མོས་པ་མཛོད། ཨཱ་ཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་སྦྱིན། སྙིམ་པ་མེ་ཏོག་གིས་བཀང་བའི་ཐལ་མོ་སྦྱར་ཏེ་ལྷ་དང་བླ་མ་གཉིས་མེད་དུ་ཤེས་པའི་དད་པ་བསྐྱེད་ལ་ཁྱད་པར་གྱི་དོན་ཞུ་བ་འདིའི་རྗེས་ཟློས། ཁྱབ་བདག་གཙོ་བོ་སོགས་གཏེར་གཞུང་དབང་བསྐུར་ལྟར་ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ། ཁྱེད་རྣམས་ཀྱི་རིགས་དང་འདོད་དོན་དྲི་བ་ལགས་པས་སྙན་གཏོད་ཅིག །བུ་ཁྱོད་གང་གི་སོགས། ཞེས་དྲིས་པའི་ལན་དུ་འདི་སྐད་གསུང་འཚལ། བདག་ནི་སྐལ་བཟང་སོགས། དེའི་ལན་དུ་གནང་བ་སྦྱིན་ཅིང་གདམས་ངག་འབོགས་པ་ནི། དེ་ལྟར་ཡིན་ན་སོགས་ནས། ཚུལ་བཞིན་ཟུངས༔ ཞེས་གདམས་ནས། སྐྱབས་སེམས་ཚོགས་གསག་སྡོམ་གཟུང་རྣམས་དངོས་དང་མཚམས་སྦྱོར་བཅས་སྟ་གོན་དུ་བརྗོད་པ་ཉིད་འདིར་དྲངས། དེ་ནས་སྔགས་ཀྱི་ཁྱད་པར་བླ་ན་མེད་པ་བདེན་གཉིས་དབྱེར་མེད་ཀྱི་ངོ་བོར་ནང་གི་སེམས་བསྐྱེད་པའི་སླད་དུ། བུ་རྣམས་སྙིང་གར་སོགས་ནས། བསྐྱེད་ཅིག༔ ཇི་སྐད་བསྒྲགས་པའི་དམིགས་རྣམ་དང་ཏིང་འཛིན་བརྟན་པས། སྙིང་གར་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་བཅིངས་ནས་འདིའི་རྗེས་ཟློས། ཨོཾ་བོ་དྷི་ཙིཏྟ་སོགས་ལན་གསུམ། དེ་ལྟར་སེམས་བསྐྱེད་པ་སོགས་ནས། ཡ་སྟྭཾ༔ དེ་རྣམས་ཀྱིས་ཕྱི་འཇུག་གི་རིམ་པ་གྲུབ་ནས། ནང་ལྟར་འཇུག་པའི་སླད་དུ། སློབ་དཔོན་གྱི་ཐུགས་ཀའི་འོད་དང་སྔགས་དང་ཕྱག་རྒྱའི་མཐུས་དཀྱིལ་འཁོར་ཆེན་པོའི་སྒོ་བཞི་ཤག་གིས་ཕྱེ་བར་མོས། ཛྙཱ་ན་ས་མ་ཡ་སོགས་དབྱེ་རྒྱ་བཅས་ལན་བཞི་བརྗོད་ཅིང་ཡོལ་བ་བསལ། ཁྱེད་རང་རྣམས་དཀྱིལ་འཁོར་ཆེན་པོའི་ཤར་གྱི་སྒོ་ནང་དུ་ཞུགས་ཏེ། ལྷ་དང་བླ་མ་དབྱེར་མེད་པའི་ཞབས་པད་ལ་སྒོ་གསུམ་གུས་ཤིང་འདུད་པའི་བརྡར་ཐལ་མོ་གནས་གསུམ་དུ་སྦྱར་ཞིང་ཕྱག་བྱ་བའི་འདུན་པ་དང་བཅས་འདིའི་རྗེས་ཟློས། ཨོཾ་གུ་རུ་སརྦ་སོགས། སླར་ཡང་སྒོ་དེ་ཉིད་ནས་ཐོན་ཏེ་དཀྱིལ་འཁོར་ལ་གཡས་སུ་བསྐོར་བས་ལྷོའི་སྒོ་ནང་དུ་སོགས་ཕྱོགས་གསུམ་སོ་སོར་འགྲེ་བས་ཕྱག་བྱར་གཞུག །མཐར། དེ་ལྟར་ཕྱག་བྱས་པས་སོགས་ནས། ཤར་སྒོར་འཁོད་པ་ལ༔ ཀུན་ཏུ་བཟང་པོ་ནས་བདག་ཅག་གི་རྩ་བའི་བླ་མའི་བར་དུ་བྱོན་པའི་དམ་ཚིག་གི་བདུད་རྩིའི་ཟིལ་ཐིགས་སློབ་མའི་ལྕེ་སྟེང་དུ་ཕབ་པ་སྙིང་དབུས་སུ་ཡེ་ཤེས་སེམས་དཔའ་དང་གཉིས་སུ་མེད་པར་བཞུགས་ཏེ། དམ་ཚིག་བསྲུང་འདས་ཀྱི་དཔང་པོ་མཛད་པས་ན། ཁེ་ཉེན་གྱི་གནད་མ་འཆོལ་བར་རྩེ་གཅིག་པའི་ཡིད་ཀྱིས་དམ་བཅའ་བརྟན་པོར་མཛོད་ཅིག །འདི་ནི་རྡོ་རྗེ་སོགས། ཇི་སྐད་བསྒྲགས་པའི་གཡར་དམ་སྙིང་ནས་བསྲུང་བའི་བློས་ཐ་ཚིག་གི་བྲོ་བོར་བ་འདིའི་རྗེས་ཟློས། བཛྲ་ས་མ་ཡ་སོགས། དེ་ནས་ཡེ་ཤེས་པ་དབབ་པའི་ཕྱིར་དམིགས་པ་འདི་ལྟར་སྒོམས་ཤིག །སྟོང་པའི་ངང་ལས་རྡོ་རྗེ་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བར་གསལ་བའི་ནང་དུ་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པདྨ་དང་ཉི་ཟླའི་གདན་ལ། ཁྱེད་རང་རྣམས་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་པདྨའི་རྒྱལ་པོ་སོགས་གཏེར་གཞུང་བདག་བསྐྱེད་ལྟར། གཙོ་འཁོར་ཐམས་ཅད་ཀྱི་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན་པར་གསལ་ཐོབས། སློབ་དཔོན་མདུན་བསྐྱེད་དང་བཅས་པའི་སོགས་དབང་གཞུང་ལྟར། བྱིན་གྱིས་བརླབས་པར་མོས་ཤིག །སྤོས་རོལ་དབྱངས་ཀྱིས། ཧཱུྃ་ཧྲཱི༔ སྔོན་གྱི་བསྐལ་པའི་སོགས་བདག་བསྐྱེད་ཀྱི་སྤྱན་འདྲེན་སྔགས་བཅས་ཀྱིས་བྱིན་དབབ། ཧཱུྃ་བཟླས་པས་བྱིན་བསྡུ། ཛཿཧཱུྃ་སོགས་ཀྱིས་བསྟིམ། དེ་ལྟར་བྱིན་ཕབ་པས་སྒོ་གསུམ་ཡེ་ཤེས་ལྷའི་རྡོ་རྗེ་གསུམ་དང་དབྱེར་མེད་དུ་བསྒྲུབས་པ་དེ་ཉིད་ལས་ནམ་ཡང་མི་འདའ་བར་བརྟན་པར་བྱ་བའི་སླད་དུ་མེ་ཏོག་དང་བཅས་པའི་རྡོ་རྗེ་སྤྱི་བོར་རྒྱ་གྲམ་གྱི་ཕྱག་རྒྱས་བཏབ་པར་མོས། ཏིཥྛ་བཛྲ་སོགས། རིགས་བརྟག་པ་ནི། འདི་ལྟར་གཙོ་དང་འཁོར་དུ་སྣང་བའི་དཀྱིལ་འཁོར་པ་ཐམས་ཅད་དག་མཉམ་ཡེ་ཤེས་ཆེན་པོའི་ཀློང་དུ་ཐ་མི་དད་པས་བཟང་ངན་གྱི་དབྱེ་བ་མ་མཆིས་ཀྱང་། གནས་སྐབས་སྔོན་ནས་འབྲེལ་བའི་རིགས་གང་ཡིན་པའི་ལྷ་བསྙེན་ན་དངོས་གྲུབ་མྱུར་བར་གསུངས་པས། སྔར་བྱིན་པའི་མེ་ཏོག་གི་ཕྲེང་བ་དེ་ཉིད་རང་རིགས་ཀྱི་ལྷ་གང་ཡིན་པས་བཞེས་སུ་གསོལ་སྙམ་པའི་འདུན་པ་དང་བཅས། འདིའི་རྗེས་ཟློས་ཀྱིས་མེ་ཏོག་དཀྱིལ་འཁོར་དུ་འབུལ་བའི་བློས་ཕྱག་རྒྱའི་དཀྱིལ་འཁོར་དུ་འདོར་འཚལ། ཧོ༔ བླ་མ་ཞི་ཁྲོའི་སོགས། དེ་ལྟར་ཕུལ་པའི་མེ་ཏོག་དེ་ཉིད་རིགས་ཀྱི་ལྷའི་ཕྱག་གིས་བཟུང་སྟེ་སློབ་མའི་སྤྱི་བོར་བཅིངས་པ་དང་ཆབས་ཅིག་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་འཕྲོས་ཏེ་སློབ་མ་ལ་ཐིམ་པར་མོས། ཧོ༔ མེ་ཏོག་ཕྲེང་བ་སོགས་ཀྱིས་དབང་བསྐུར་ཞིང་སྦྱིན། རིགས་དང་མཐུན་པའི་མིང་སོ་སོར་བྲིས་ཏེ་སྦྱིན་པའམ། སྤྱི་ཙམ་དུ། དེ་ལྟར་ཕུལ་པའི་མེ་ཏོག་དབུས་སུ་བབས་པའི་གསང་བའི་མཚན་དུ་པདྨ་རྒྱལ་པོ་རྩལ། ཤར་དུ་བབས་ན། རྡོ་རྗེ་བཞད་པ་སོགས་སོ་སོར་སྦྱར་ནས། དགའ་བ་རྩལ༔ ཞེས་བྱ་བ་སོ་སོར་ཟུངས་ཤིག །མིག་དབྱེ་བའི་སླད་དུ། བླ་མ་ལྷའི་ཐུགས་ཀ་ནས་ཡེ་ཤེས་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུས་མ་རིག་པའི་སྒྲིབ་གཡོགས་བསལ་བར་མོས་པས་མིག་དར་སོལ་ཅིག །ཧོ༔ སྔོན་གྱི་མིག་མཁན་སོགས། དེ་ལྟར་ལྷན་སྐྱེས་ཀྱི་སྒྲིབ་པ་བྲལ་བའི་ཡེ་ཤེས་ཀྱི་མིག་གིས་བལྟ་བར་བསྐུལ་ཞིང་སྤྲོ་བ་བསྐྱེད་ནས། ལྷའི་གཟུགས་བརྙན་དང་སྤྲུལ་པའི་དཀྱིལ་འཁོར་ངོ་སྤྲོད་པ་རྣམས་འདི་ལྟར་གསན་པས་ཁྱབ། ཨེ་མ་སྐལ་ལྡན་སོགས་ནས། པཱཤྱ་ཧོ༔ འདི་ལྟར་ལྷག་པ་གཟུགས་བརྙན་གྱིས་མཚོན་པའི་ཏིང་འཛིན་སྤྲུལ་པའི་དཀྱིལ་འཁོར་མངོན་སུམ་བཞིན་དུ་མཐོང་བར་གྱུར་པ་ནི། འབྱུང་བཞི་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་སོགས་གཏེར་གཞུང་མདུན་བསྐྱེད་སྐབས་ལྟར་བརྗོད་ལ་ས་བོན་དོར་ཏེ། དེའི་དབུས་སུ་ཡེ་ཤེས་རང་སྣང་གི་གཞལ་མེད་ཁང་ནས། ཟླ་བའི་དཀྱིལ་འཁོར་ལ། ཐུགས་རྗེ་ཆེན་པོ་པདྨའི་རྒྱལ་པོ་སོགས་ནས། བདེ་སྟོང་འོད་ཀྱི་ཕུང་པོར་ཤིགས་སེར་བཞུགས་པ། དེ་ཉིད་ནང་ལྟར་རང་རང་གི་སོགས་དབང་གཞུང་ལྟར། ཅིར་ཡང་འཆར་བ་ལ་དེ་ལྟར་ཤེས་པའི་ངེས་ཤེས་བརྟན་པོར་སྐྱེད་ཅིག །དེས་ནང་འཇུག་གི་བྱ་བ་ཡན་ལག་དང་བཅས་པ་གྲུབ་སྟེ། ཞུགས་པའི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བ་དངོས་ལ་ཕན་ནུས་ཟབ་མོའི་དབང་རྣམས་རིམ་པར་འབྱུང་བ་ལས། དེ་རྣམས་ཞུ་བའི་ཡོན་དུ་མཎྜལ། མི་ཕྱེད་དད་པའི་གདུང་ཤུགས་ཆེན་པོས་གསོལ་བ་གདབ་པ་འདིའི་རྗེས་ཟློས། ཁྱབ་བདག་རྡོ་རྗེ་སོགས་ལན་གསུམ་ནས། བསྐུར་བའི་སླད་དུ༔ སློབ་དཔོན་དང་མདུན་བསྐྱེད་དབྱེར་མེད་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། གདན་གསུམ་ཚང་བའི་དབང་གི་ལྷ་མཁའ་ཁྱབ་ཏུ་སྤྱན་དྲངས་པ་དང་སློབ་དཔོན་ལྷན་ཅིག་པས་རྣམ་རྒྱལ་བུམ་པའི་ཆུས་གཏོར་བླུག་གི་ཆོ་ག་བསྒྲུབས་པས། རྣམ་ཤེས་ཞེ་སྡང་གནས་སུ་དག་སྟེ་མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་གྱུར་པའི་རང་རྩལ། སློབ་མ་རྣམས་མི་བསྐྱོད་དེ་བཞིན་གཤེགས་པ་ཡུམ་དང་བཅས་པའི་སྐུར་གྱུར་པར་མོས། ཧཱུྃ༔ མི་བསྐྱོད་རྒྱལ་པོ་སོགས་ཀྱིས་ཆུ་དབང་བསྐུར་ཞིང་བུམ་ཆུ་འཐོར་འཐུང་བྱ། སླར་ཡང་དབང་ལྷ་སློབ་དཔོན་དང་བཅས་པས་དབུ་རྒྱན་རིན་པོ་ཆེ་སློབ་མའི་མགོ་བོར་བཅིངས་པས། ཚོར་བ་ང་རྒྱལ་གནས་སུ་དག་སྟེ་མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་གྱུར་པའི་རང་རྩལ། སློབ་མ་རྣམས་རིན་འབྱུང་དེ་བཞིན་གཤེགས་པ་ཡུམ་དང་བཅས་པའི་སྐུར་གྱུར་པར་མོས། ཧཱུྃ༔ རིན་ཆེན་རྒྱལ་པོ་སོགས། སླར་ཡང་དབང་ལྷ་སློབ་དཔོན་དང་བཅས་པས་རྡོ་རྗེ་སློབ་མའི་ཕྱག་གཡས་སུ་གཏད་པས། འདུ་ཤེས་འདོད་ཆགས་གནས་སུ་དག་སྟེ་སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་གྱུར་པའི་རང་རྩལ། སློབ་མ་རྣམས་སྣང་མཐའ་དེ་བཞིན་གཤེགས་པ་ཡུམ་དང་བཅས་པའི་སྐུར་གྱུར་པར་མོས། ཧཱུྃ༔ པདྨ་རྒྱལ་པོ་སོགས། སླར་ཡང་དབང་ལྷ་སློབ་དཔོན་དང་བཅས་པས་དྲིལ་བུ་ཕྱག་གཡོན་དུ་གཏད་པས། འདུ་བྱེད་ཕྲག་དོག་གནས་སུ་དག་སྟེ་བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་གྱུར་པའི་རང་རྩལ། སློབ་མ་རྣམས་དོན་གྲུབ་དེ་བཞིན་གཤེགས་པ་ཡུམ་དང་བཅས་པའི་སྐུར་གྱུར་པར་མོས། ཧཱུྃ༔ དོན་ཡོད་རྒྱལ་པོ་སོགས། སླར་ཡང་དབང་ལྷ་སློབ་དཔོན་དང་བཅས་པས་རྡོ་རྗེའི་མིང་གིས་དབང་བསྐུར་པས། གཟུགས་ཕུང་གཏི་མུག་གནས་སུ་དག་སྟེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་གྱུར་པའི་རང་རྩལ། སློབ་མ་རྣམས་སྣང་མཛད་དེ་བཞིན་གཤེགས་པ་ཡུམ་དང་བཅས་པའི་སྐུར་གྱུར་པར་མོས། ཧཱུྃ༔ སྣང་མཛད་རྒྱལ་པོ་སོགས་ནས། ནུས་དབང་མཐའི། ཡེ་ཤེས་ལམ་དུ་སློང་བར་གྱིས་ཤིག༔ གསུང་བཟླས་པའི་འཕྲུལ་འཁོར་བསྙེན་སྒྲུབ་ལས་གསུམ་གྱི་དབང་བསྐུར་བ་ལ། དང་པོ་བསྙེན་པའི་དོན་དུ་དམིགས་པ་འདི་བཞིན་མཛོད། བླ་མ་དཀྱིལ་འཁོར་པའི་དབུ་གཙུག་ན་བཞུགས་པའི་ཨོ་རྒྱན་པདྨ་རྡོ་རྗེ་འཆང་ལ་ཕུར་ཚུགས་སུ་གསོལ་བ་བཏབ་པས། དེའི་གནས་གསུམ་འབྲུ་གསུམ་ལས་སོགས་གཏེར་གཞུང་བདག་བསྐྱེད་བསྙེན་པའི་བཟླས་དམིགས་ལྟར། དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ལ་འདིའི་རྗེས་ཟློས། བཛྲ་གུ་རུ་ལན་གསུམ། གཉིས་པ་སྒྲུབ་པའི་ལུང་སྦྱིན་པ་ནི། སློབ་དཔོན་གྱི་ཐུགས་ཀའི་ཉི་ཟླ་སོགས་དབང་གཞུང་ལྟར། བཟླས་པའི་རྐྱེན་གྱིས་འོད་ཟེར། མཆོད་པའི་ཚུལ་དུ་འཕྲོས༔ སོགས་གཏེར་གཞུང་བདག་བསྐྱེད་ཀྱི་སྒྲུབ་དམིགས་ལྟར། བྱིན་གྱིས་བརླབས་པར་མོས་ལ་འདིའི་རྗེས་ཟློས། ཡིག་བདུན་ལན་གསུམ། གསུམ་པ་ལས་སྦྱོར་ནི། སླར་ཡང་སློབ་དཔོན་གྱི་ཐུགས་སྲོག་ས་བོན་གྱི་མཐར་གཟུངས་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་གཉིས་པ་འཕྲོས། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་སྲོག་གི་མཐར་འཁོད་པ་ལས་འོད་ཟེར་འཕྲོས༔ ལུས་དཀྱིལ་གྱི་སོགས་ནས། བདག་བསྐྱེད་གོང་འཕྲོས། ལྷུན་གྱིས་གྲུབ་པར་མོས་ལ་འདིའི་རྗེས་ཟློས། ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་སོགས་ནས། ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ལན་གསུམ། དེ་ལྟར་བགྱིས་པའི་ནུས་པ་བརྟན་པའི་ཆེད་དུ་ཕྲེང་བ་སྔགས་ཀྱི་ལྷའི་འཁོར་ལོའི་རང་བཞིན་ཅན་སློབ་མའི་མགྲིན་པར་བཞག་པས། སྒྲར་འཛིན་གྱི་སྐྱེ་འགགས་འགྲོ་འོང་དུ་འཛིན་པའི་ཤེས་པ་རང་སར་གྲོལ་ནས། གྲགས་སྟོང་རྡོ་རྗེའི་བཟླས་པ་ཆུ་བོའི་རྒྱུན་ལྟར་འགག་མེད་དུ་འཆར་བའི་སྔགས་ཀྱི་ཡེ་ཤེས་ལ་དབང་ཐོབ་པར་མོས། ཨཱ༔ རང་བྱུང་རིག་པའི་སོགས་གསུང་དབང་ནས། ཐུགས་དབང་སྨོན་ལམ་ངོ་སྤྲོད་བཅས་བསྐུར། ཡོན་ཏན་མྱང་གྲོལ་བུམ་པའི་དབང་བསྐུར་བ་ནི། བུམ་པ་ཡེ་ཤེས་འོད་ཀྱི་སོགས་དབང་ཟིན་ལ་གཏེར་གཞུང་གབ་སྤྲད་དེ་བསྐུར་བ་སྨོན་ལམ་དང་རྗེས་གནང་བཅས་མཐར། ཕྲིན་ལས་སྣ་ཚོགས་ཀྱིས་འགྲོ་བ་འདུལ་བའི་དབང་བསྐུར་བ་ནི། རིགས་ལྔའི་ཡེ་ཤེས་ཀྱི་རང་མདོག་གསལ་བའི་སྣ་ཚོགས་རྡོ་རྗེ་ལག་ཏུ་གཏད་པས། ཐ་མལ་གྱི་བྱ་རྩོལ་དབྱིངས་སུ་ནུབ་སྟེ་རྩོལ་མེད་ཐུགས་རྗེའི་ཕྲིན་ལས་རྒྱུན་གྱི་འཁོར་ལོར་འཆར་བས། འགྲོ་བའི་དོན་རླབས་པོ་ཆེ་རྒྱལ་བ་རྣམས་དང་སྤྱོད་ཡུལ་མཉམ་པར་འཇུག་པའི་མཐུ་ཐོབ་པར་མོས། ཧོ༔ གང་འདུལ་མཛད་པ་སོགས་ནས། བཀའ་རབ་འབྱམས་ཀྱི་དབང་བསྐུར་པ་ཐོབ་པར་གྱུར་པ་ལ། མདུན་མཁར་སྤྱན་དྲངས་པའི་དབང་ལྷ་རྣམས་གཉིས་སུ་མེད་པར་ཐིམ་ཞིང་། བླ་མ་དང་དཀྱིལ་འཁོར་པའི་ལྷས་རབ་ཏུ་གནས་པ་བྱས་པར་མོས། རྟེན་འབྲེལ་སྙིང་པོ་དང་སུ་པྲ་ཏིཥྛ་བརྗོད། དེ་ལྟར་རབ་འབྱམས་བཀའི་དབང་ཆེན་ལྷུན་གྱིས་རྫོགས་པར་གྱུར་པ་ལ། མཆོད་པའི་སྤྲིན་རབ་འབྱམས་ཐོགས་པ་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་དང་། དཀྱིལ་འཁོར་པའི་ལྷ་ཚོགས་ཀྱིས་ཤིས་པའི་མེ་ཏོག་འཐོར་བར་མོས། ཨོཾ་བཛྲ་པུཥྤེ་དྷཱུ་པེ་ནས། ཤབྡ་པཱུ་ཛ་ཧོཿ བར་དང་། རཱུ་པ་ཤབྡ་གྷནྡྷེ་ར་ས་སྤརྴེ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོཿས་མཆོད། བྱིན་རླབས་སྤྲིན་ཕུང་སོགས་བདག་བསྐྱེད་མཇུག་གི་བཀྲ་ཤིས་བརྗོད། དེ་ལྟར་ན་ཕྱི་མཚན་མའི་སོགས་ནས། ལྕེ་ལ་བཞག་པས་བདེ་ཆེན་གསང་བའི་དབང་མཆོག་ཐོབ་པར་མོས། ཨཱ༔ ཞུ་བདེའི་རང་བཞིན་སོགས་ནས། སྙིང་གར་བཀོད་པས་དགའ་བ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས། ཧཱུྃ༔ ལྷན་ཅིག་སྐྱེས་དགའ་སོགས་ནས། སེང་ཁྲི་པདྨ་ཉི་ཟླ་དང་བཅས་པའི་གདན་གྱི་སྟེང་དུ༔ རྩ་བའི་བླ་མ་ཨོ་རྒྱན་རྡོ་རྗེ་འཆང་སྐུ་མདོག་དམར་པོ་སོགས་གཏེར་གཞུང་རིམ་པ་གཉིས་པའི་དབུར་འབྱུང་བ། བདག་ཉིད་ཆེན་པོར་མངོན་སུམ་དུ་བཞུགས་པ༔ དེ་ཉིད་ལ་མོས་གུས་སོགས་དབང་གཞུང་ལྟར་ཚིག་བདུན་སྦྱར་ཞིང་། བསྐུར་ཚིག་སྔགས་བཅས་ཀྱིས་གནས་གསུམ་དུ་རེག །སླར་སྤྱི་བོར་བཟུང་ལ། བཛྲ་གུ་རུའི་མཐར། ཛྙཱ་ན་ཨ་བྷི་སོགས་བཏགས་པས་དབང་བསྐུར། དེ་ལྟར་བྱས་པས་མདུན་དུ་བཞུགས་པའི་བླ་མ་ཡབ་ཡུམ་དགྱེས་པ་སོགས་དབང་བཞི་པའི་དག་བརྗོད་མཐའ་བར་བསྐུར། མཚམས་སྦྱོར་སྤྱི་འགྲོ་བཅས་ཕྲིན་ལས་ཀྱི་བཀྲ་ཤིས་བརྗོད། དེས་དབང་གི་དངོས་གཞི་སོགས་དབང་གཞུང་ལྟར། མཆོག་ཏུ་འགྱུར༔ ཞེས་གདམས་པ་བཞིན་ཅི་ནུས་ཀྱི་དབང་སྲོག་དམ་ཚིག་མཐའ་དག་ཚུལ་བཞིན་བསྲུང་སྙམ་པས་ཁས་བླངས་པ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། དེ་རྣམས་ཀྱིས་རྩ་བའི་སོགས་དབང་ཟིན་ལྟར་མཚམས་སྦྱར་ནས། དོན་དབང་འབྲིང་པོ་གཏོར་དབང་བཅས་ཁོལ་ཕྱུང་བཀླག་ཆོག་ཏུ་བཀོད་པ་ལྟར་ཤིས་བརྗོད་བར་མཐར་ཆགས་སུ་བསྐུར་ཞིང་། འདིར་རིལ་དབང་གོང་དུ་སོང་བས་འཐུས། ཟིན་བྲིས་མཇུག་གི་གཏོར་དབང་དེ་དོར། དབང་ཟིན་ལྟར་དེ་ལྟར་རྩ་བའི་སྨིན་བྱེད་སོགས་མཚམས་སྦྱོར་བཅས་གྲོལ་བྱེད་ཟབ་ཁྲིད་འཆད་པའི་སྐབས་རིམ་པ་དང་པོའི་བསྙེན་སྒྲུབ་རྩ་བ་ཙམ་གསུངས་པ་ནི། ན་མོ་གུ་རུ༔ རྫོགས་ཆེན་སྙིང་པོའི་དོན་སྒོམ་པ་རྣམས་ཀྱིས་སོགས་གཏེར་གཞུང་གི་དབུར་འབྱུང་བ་ནས། ཀུན་འདྲིལ་ཡིད་བཞིན་ནོར་བུའི་བསྙེན་སྒྲུབ་རྒྱུན་གྱི་རྣལ་འབྱོར་རོ༔ ཞེས་པའི་བར་དང་། རིམ་པ་གཉིས་པའི་ཁྲིད་དེ་ལྟར་རིམ་པ་དང་པོའི་རྣལ་འབྱོར་བསྟན་ནས༔ རིམ་པ་གཉིས་པ་རྫོགས་པ་ཆེན་པོ་སོགས་ནས། ལག་ཁྲིད་གབ་པ་མངོན་དུ་ཕྱུང་བའི་རིམ་པའོ༔ བར་དང་། དེས་གྲོལ་བྱེད་ཁྲིད་ཀྱི་སོགས་དབང་ཟིན་ལྟར། མཐའ་རྟེན་ཚེ་དབང་སྐབས་སྐྱབས་སེམས་ཚོགས་གསག་སྡོམ་གཟུང་རྣམས་དོན་དབང་ལྟར་བྱས་པའི། ཚེ་དབང་གི་བྱིན་འབེབ་དམིགས་པ་དབང་ཟིན་གྱི་དགོངས་པ་ཚིགས་བཅད་དུ་བསྡེབས་པ་ནི། སློབ་མའི་སྒོ་གསུམ་གནད་བཅིངས་རྩེ་གཅིག་པའི། །ཡིད་ཀྱིས་ཏིང་འཛིན་འདི་ལྟར་བསྒོམ་པར་བྱ། །བླ་མ་ཚེ་ཡི་བདག་པོ་དབྱེར་མེད་ལ། །མོས་གུས་བྱས་པའི་རྐྱེན་གྱིས་ཧྲཱིཿཡི་སྒྲས། །རང་ལུས་གཟུང་འཛིན་མི་དམིགས་འོད་གསལ་ངང༔ ཆུ་ལས་རླབས་བཞིན་སོགས་ཚེ་སྒྲུབ་གཞུང་ལྟར། མདའ་དར་བུམ་པ་འཛིན་ཅིང་འཁྲིལ་སྦྱོར་རོལ༔ འབྲུ་གསུམ་རྒྱས་གདབ་རྡོ་རྗེའི་བདག་ཉིད་ཆེའི༔ སྙིང་གའི་མི་བསྐྱོད་ཚེ་དཔག་ཐུགས་ཀ་རུ། །རྒྱ་གྲམ་ལྟེ་བར་ཉི་ཟླའི་གྭ་འུའི་དབུས། །ཚེ་རྟེན་ཧྲཱིཿནྲྀ་ཨ་གསུམ་འོད་དུ་འབར། །བདག་མདུན་སློབ་དཔོན་ཐུགས་སྲོག་འོད་ཟེར་གྱིས། །རྩ་གསུམ་རབ་འབྱམས་ཚེ་ལྷའི་ཐུགས་དམ་བསྐུལ། །རྒྱལ་བའི་གསང་གསུམ་ལྷ་སྔགས་ཕྱག་རྒྱར་བཞེངས། །ཆར་ལྟར་བབས་པ་སློབ་མར་དབྱེར་མེད་ཐིམ། །རྡོ་རྗེ་གསུམ་གྱི་ཡེ་ཤེས་བྱིན་འབེབས་བསམ། །སྤོས་རོལ་བཅས། ཧྲཱི༔ སོ་སོར་ཀུན་རྟོག་སོགས་སྤྱན་འདྲེན་སྔགས་བཅས་ལ། ཛྙཱ་ན་ཨཱ་ཝེ་ཤ་ཡ་ཕེཾ་ཕེཾ་བཏགས་པས་བྱིན་དབབ། སྤྱི་ལྟར་བརྟན་པར་བྱ། བདག་མདུན་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་སོགས་ཚེ་འགུགས་མཐའ་ནས་འབྱུང་བ་ལྟར། ནུས་པ་མཆོག་ཏུ་གྱུར་པར་བསམ་མོ༔ མདའ་དར་གཡབ་ཅིང་། ཧྲཱི༔ འཆི་མེད་པདྨ་སོགས་ཚེ་འགུགས་གྱེར། དེ་ནས་བླ་མ་དཀྱིལ་འཁོར་གྱི་བདག་པོ་སོགས་སྐུ་གསུང་ཐུགས་དབང་བསྐུར། ཚེ་གཏོར་པདྨ་ཞི་ཁྲོའི་ལྷ་ཚོགས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དུ་གསལ་བའི་དབང་བསྐུར་བས། ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འཆི་མེད་མཆོག་གི་དངོས་གྲུབ་བདུད་རྩིའི་རྒྱུན་དང་བཅས་པ་བྱུང་། སྒོ་གསུམ་ལ་ཞུགས་པས་འཆི་འཕོའི་རྟོག་པ་སྦྱངས། སྐྱེ་འཆི་འགྱུར་མེད་གཉུག་མའི་དོན་རྟོགས། དབང་གི་ཡེ་ཤེས་རབ་ཏུ་གནས་ཤིང་བརྟན་པར་བྱས་པར་མོས། ཧྲཱི༔ མི་འགྱུར་རྟག་པ་སོགས། དེ་ལྟར་དབང་བསྐུར་པས་ཚེའི་བདུད་རྩིའི་ལུས་ཀྱི་ནང་ཐམས་ཅད་གང་། རྩ་རླུང་ཐིག་ལེ་སོགས་སྒྲུབ་ཐབས་མཇུག་བཞིན། བྷྲཱུྃ་ཨ་ཨ༔ དེ་རྣམས་ཀྱིས་འཆི་མེད་ཚེའི་དབང་བསྐུར་ལེགས་པར་གྲུབ་ཅིང་། འདི་ཉིད་ཐོབ་པའི་ཕན་ཡོན་ཡང་། གཞུང་ལས། ཚེ་ཡི་དབང་དང་དངོས་གྲུབ་ཀྱིས༔ སོགས་ནས། འགྲུབ་པར་འགྱུར༔ ཞེས་གསུངས་པས། དེ་ལྟ་བུའི་རྡོ་རྗེའི་ཚེ་སྒྲུབ་པའི་མཚོན་དངོས་གྲུབ་སྒྲུབ་པ་ལ་བར་དུ་གཅོད་པ་ཐམས་ཅད་སེལ་བར་བྱེད་པ། པདྨ་ཀཱི་ལ་ཡ་ཕྱག་རྒྱ་གཅིག་པའི་བྱིན་རླབས་དབང་བསྐུར་ཟབ་མོ་བགྱིད་པ་ལགས་ཏེ། དེའང་པདྨ་གཏུམ་པོའི་གདམས་ཟབ་ཁྱད་པར་ཅན་འདི་ནི། སློབ་དཔོན་ཆེན་པོས་ལོ་ཙཱ་བ་རྒྱལ་བ་མཆོག་དབྱངས་ལ་གསང་བའི་ཡི་དམ་དུ་གདམས་པ་ཉིད། མ་ཧཱ་གུ་རུའི་བཀའ་བཞིན་ཡེ་ཤེས་ཀྱི་མཁའ་འགྲོ་མཚོ་རྒྱལ་མས་སྙིང་པོར་བསྡུས་ཏེ། བླ་མ་ཡི་དམ་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ་རྣམ་པར་རོལ་པ་ཀུན་འདྲིལ་ཡིད་བཞིན་ནོར་བུའི་རྡོ་རྗེ་ཚེའི་སྒྲུབ་པའི་ཡན་ལག་ཏུ་བཀོད་པའི་དབང་བསྐུར་གསན་པའི་ཡོན་དུ་མཎྜལ། མཚམས་སྦྱོར་སྤྱི་འགྲོ་བཅས་གསོལ་གདབ་དང་། རྡོ་རྗེ་སློབ་དཔོན་སངས་རྒྱས་སོགས་ཀྱི་རྒྱུན་བཤགས་བྱ། ཡེ་ཤེས་དབབ་པའི་དོན་དུ་སྒོ་གསུམ་གཞན་དུ་མ་ཡེངས་པར་འདི་ལྟར་སྒོམས་ཤིག །སེམས་ཉིད་མ་བཅོས་པའི་སྒྲ་གདངས་ཧཱུྃ་ཧཱུྃ་ཞེས་གྲགས་པས་སློབ་མའི་གཟུང་འཛིན་མི་དམིགས་པ་སྟོང་ཉིད་འོད་གསལ་གྱི་ངང་དུ་ཐིམ༔ དེ་ལས་སྐད་ཅིག་གིས་ཁྱེད་རང་རྣམས་དཔལ་ཆེན་པོ་པདྨ་རྟ་མཆོག་སོགས་ལྷ་བསྐྱེད་ནས་སྤྱན་འདྲེན་མཐའ་བར་བརྗོད་ཅིང་། སྤོས་རོལ་གྱིས་བྱིན་དབབ། ཏིཥྛ་བཛྲས་བརྟན། དངོས་གཞི་ལ་སྐུ་གསུང་ཐུགས་ཀྱི་དབང་གསུམ་ལས། དང་པོ་སྐུའི་དབང་བསྐུར་བ་ནི། གཏོར་མ་ལྷའི་ཕྱག་རྒྱར་ཤར་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པས་ལུས་ཀྱི་མཚན་འཛིན་ནད་གདོན་བར་ཆད་ཞི། སྣང་སྟོང་སྐུའི་འཁོར་ལོ་གྲུབ་པའི་ངེས་ཤེས་སྐྱེད་ཅིག །ཨོཾ༔ ཁྲོ་རྒྱལ་སྟོབས་འདུས་སོགས། མཐར་གཏོར་མའི་ལྷ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་ལྷག་པའི་ལྷ་དང་དབྱེར་མེད་དུ་སྨིན་པའི་ང་རྒྱལ་བརྟན་པོ་ཟུངས་ཤིག །གཉིས་པ་གསུང་དབང་གི་ཐོག་མར་བཟླས་ལུང་སྦྱིན་པ་ལ་དམིགས་པ་འདི་ལྟར་མཛོད། ཁྱེད་རང་རྣམས་ལྷར་གསལ་བའི་སྙིང་གར་ཙིཏྟ་རིན་པོ་ཆེ་མཆོང་དམར་པོའི་གུར་ཕུབ་པ་ལྟ་བུའི་ལྟེ་བར་ཉི་མ་ལ་ཧཱུྃ་ཡིག་དམར་པོ་གནས་པར་བསྒོམ། སློབ་དཔོན་དང་མདུན་བསྐྱེད་དབྱེར་མེད་པའི་ཐུགས་ཀའི་སྔགས་ཕྲེང་ལས་གཉིས་པ་ཞིག་མཆེད། ཁྱེད་རང་རྣམས་ཀྱི་ཁ་སྒོ་ནས་ཞུགས། སྙིང་གའི་ས་བོན་གྱི་མཐར་འཁོར། དེ་ལས་འོད་ཟེར་འཕྲོས། རྩ་གསུམ་རྒྱལ་བ་རྒྱ་མཚོ་སོགས་བསྙེན་དམིགས་བཞིན། གཟི་བྱིན་འབར་བར་བསམས་ཏེ་བསྙེན་སྔགས་འདིའི་རྗེས་ཟློས། བསྙེན་སྔགས་ལན་གསུམ། སླར་ཡང་ཐུགས་སྲོག་སོགས། རོལ་པར་བསམས་ལ་སྒྲུབ་སྔགས་འདིའི་རྗེས་ཟློས། སྒྲུབ་སྔགས་ལན་གསུམ། དེ་ནས་འོག་གི་ལས་སྦྱོར་བཞིན། སླར་ཡང་ཐུགས་ཀ་ནས་སྐུ་དང་སྔགས་ཕྲེང་ཕྱག་མཚན་འབར་བའི་འོད་ཟེར་འཕྲོས༔ མདུན་བསྐྱེད་ཀྱི་སོགས་ནས། བཅོམ་པར་བསམ་ལ་ལས་སྔགས་འདིའི་རྗེས་ཟློས། ལས་སྔགས་ལན་གསུམ། སླར་ཡང་ཁྲོ་རྒྱལ་འདུས་པའི་གསང་སྔགས་ཀྱི་ཕྲེང་བ་ཡི་གེའི་འཁོར་ལོར་ཤར་བ་མགྲིན་པར་བཞག་པས་ངག་གི་བར་ཆད་ཞི། གྲགས་སྟོང་གསུང་གི་ནུས་རྩལ་ཡོངས་རྫོགས་ཐོབ་པའི་ངེས་ཤེས་སྐྱེད་ཅིག །ཨཱ༔ ཁྲོ་རྒྱལ་སྟོབས་འདུས་སོགས། གསུམ་པ་ཐུགས་ཀྱི་དབང་བསྐུར་བ་ནི། མདུན་བསྐྱེད་ལྷའི་ཐུགས་ཀ་ནས་འབར་བའི་ཕྱག་མཚན་ཕུར་པའི་ཚོགས་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་ཡིད་ཀྱི་བར་ཆད་ཞི། རིག་སྟོང་ཐུགས་ཀྱི་དགོངས་རྩལ་འབར་བའི་ངེས་ཤེས་སྐྱེད་ཅིག །ཧཱུྃ༔ ཁྲོ་རྒྱལ་སྟོབས་འདུས་སོགས། དེ་ལྟར་དབང་བསྐུར་ཟབ་མོ་ཐོས་པས་སྒོ་གསུམ་དཔལ་ཆེན་པོའི་སྐུ་གསུང་ཐུགས་སུ་སྨིན་པར་བྱས་པ་ལ། ལྷ་རྣམས་ཀྱིས་བདུད་ལས་རྣམ་པར་རྒྱལ་བའི་ཤིས་པའི་དབྱངས་ཀྱིས་མངའ་གསོལ་བར་མོས། ཤིས་པ་བརྗོད། དེ་དག་རྣམས་ཀྱིས་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོའི་དཀྱིལ་འཁོར་དུ་རྩ་བ་དང་ཡན་ལག་གི་དབང་བསྐུར་དང་གྲོལ་བྱེད་ཁྲིད་ཀྱི་རིམ་པ་རྣམས་ཡོངས་རྫོགས་ཚང་ལ་མ་ནོར་བ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཀྱིས་བརྒྱན་པ་ལེགས་པར་གྲུབ་པས། དེ་དག་གི་སྐབས་སུ་ཐོབ་པའི་རྡོ་རྗེ་ཐེག་པའི་དམ་ཚིག་རྩ་བ་དང་ཡན་ལག་གིས་བསྡུས་པ་རྣམས་མི་ཉམས་པར་བསྲུང་ཞིང་། ཟབ་ཆོས་འདི་ཉིད་ཀྱི་སྒོ་ནས་རང་གཞན་གྱི་དོན་གཉིས་བསྒྲུབ་པ་ལྷུར་ལེན་པས་འབད་དགོས་ཤིང་། དེ་རྣམས་ཚུལ་བཞིན་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དབང་དང་། ཆོ་གའི་རྗེས་རིམ་རྣམས་ཟིན་བྲིས་མཐོང་གསལ་སྒྲོན་མེ་བཞིན་ཞིབ་པར་བྱའོ།། །། ༈ མང་སོ་བྱང་གླིང་དཔལ་རྒྱལ་མཚན་གྱི་ཀུན་བཟང་ཐུགས་གཏེར་ཆོས་སྡེ་པདྨ་འོད་གསལ་མདོ་སྔགས་གླིང་པར་ཉེ་རིང་གི་བརྒྱུད་པའི་བཀའ་བབས་པ་ཐུགས་རྗེ་ཆེན་པོ་འགྲོ་འདུལ་ལྷ་དྲུག་པའི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་རིན་ཆེན་དབྱིག་གི་སྙིང་པོ་ལྟར་དབང་སྒྲུབ། དབང་དངོས། རྗེས་ཆོག་ལ། ༼ཆ༽བླ་སྒྲུབ་ནས་ཁ་སྐོང་སྦྱར་བ་བཅས་བྱའོ།། །། ༈ རིག་འཛིན་རྒོད་ལྡེམ་པའི་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་གྱི་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་ངོ་མཚར་སྣང་བ་ལྟར་དབང་སྒྲུབ་སྐབས། ༼ན༽སྔོན་འགྲོ་གཟེར་ལྔ་ལ་བརྒྱུད་འདེབས། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ནུབ་ཕྱོགས་བདེ་བ་ཅན་མའི་རྗེས། བདག་བསྐྱེད་མངོན་རྟོགས་ཡིད་བཞིན་ནོར་བུ་བཏང་ལ་བཟླས་པ་ཅི་འགྲུབ་དང་། རྒྱལ་ཆེན་སྡེ་བཞིའི་མཆོད་ཕྲིན། བགེགས་གཏོར་བརླབ་བསྔོ། ཕྲིན་ལས་ཀྱི་བཀའ་བསྒོ་མཚམས་གཅོད་ནས། བུམ་བསྐྱེད་ཀྱི་སྒོ་བཞི་སོང་རྗེས། པད་ཕྲིན་ཕྱག་བཞེས་ལྟར་ན། ལས་བུམ་ནང་དུ་པད་ཟླའི་སྟེང་། །ཧྲཱིཿལས་འཕགས་པ་སྤྱན་རས་གཟིགས༔ སོགས་ནས། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཞེས་སྔར་ལྟར་གཙོ་བོ་བསྐྱེད་པའམ། ཡང་ན་འོག་ཏུ་འབྱུང་བའི་རྟ་མགྲིན་བསྐྱེད་བཟླས་ཀྱིས་བསྒྲུབ་པ་གསང་སྔགས་སྤྱིའི་ལུགས། གང་ལྟར་ཡང་། གཙང་མའི་གོས་ཀྱིས་སོགས་ནས། འགྲོ་དྲུག་སྒྲིབ་སྦྱོང་གཟུངས་འདི་ཤར༔ བར་གཏང་། གཟུངས་ཐག་བླངས་ཏེ་བཟླས་པ་བྱ། ལས་བུམ་པད་ཕྲིན་ལུགས་བྱེད་ན་དེ་ལ་དམིགས་ཏེ་ཡིག་དྲུག་བརྒྱ་རྩ་བཟླ། གང་ལྟར་ཡང་མཐར་མཆོད་བསྟོད་རྗེས། ཨོཾ་ཨཱཿཧཱུྃ་གིས་བུམ་ལྷ་བདེ་སྟོང་གི་ངོ་བོར་འོད་དུ་ཞུ་སྟེ་བདུད་རྩི་ནུས་ལྡན་དུ་གྱུར་པར་བསམ་མོ། །མདུན་བསྐྱེད་བཟླས་པ་བཅས་བཏང་། ཡིག་བཅུའི་མཐར་རིགས་དྲུག་སྦྱོང་སྔགས་གསུང་སྲོལ་ཕྱག་བཞེས་སུ་སྣང་། རྟགས་བསྟོད་གྲུབ་ནས། བཀའ་སྲུང་དབང་གི་མ་བདུན་དང་ཐང་ལྷའི་གཏོར་ཆོག །ཚོགས་མཆོད་བཅས་ཕུལ་རྗེས། སྤྲོ་ན་རྩ་གསུམ་བསྐང་བཤགས་སྦྱར། ཧྲཱི༔ འགྲོ་དྲུག་ཐུགས་རྗེས་སོགས་ཀྱིས་བདག་དབང་བླང་བའམ་རིག་མེ་དོར་ལ་གནང་བ་ནོད། དབང་དངོས་གཞི་བསྐུར། རྗེས་ཆོག་ཚོགས་ལ་རོལ་ཞིང་ལྷག་མ་བསྔོ། ༼ན༽ཐུགས་སྒྲུབ་ཀྱི་ཆད་བརྟན་དང་། མཆོད་བསྟོད། བཟོད་གསོལ། ཧྲཱི༔ ད་ནི་དཀྱིལ་འཁོར་གསལ་བཏབ་ལ༔ ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན༔ ཡིག་འབྲུ་ཧྲཱིཿལ་ཧྲིལ་གྱིས་བསྡུ༔ ཧྲཱིཿཡང་སོགས་བསྡུ་ལྡང་། བསྔོ་སྨོན། ཤིས་བརྗོད་ཀྱིས་མཐའ་བརྒྱན་ནོ།། །། ༈ དྲི་མེད་ལྷུན་པོའི་དོན་ཏིག་འགྲོ་བ་ཀུན་སྒྲོལ་དང་། གར་དབང་ཟླ་བ་རྒྱལ་མཚན་གྱི་ཟབ་ཏིག་ཆོས་དབྱིངས་རང་གསལ། སྟག་ཤམ་བསམ་གཏན་གླིང་པའི་དགོངས་འདུས་འགྲོ་བ་ཀུན་སྒྲོལ་གསུམ་ཆུ་བོ་གཅིག་འདྲེས་ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོའི་དཀྱིལ་འཁོར་དུ་སློབ་མ་རྗེས་གཟུང་དབང་གི་ཆོ་ག་དོན་ཟབ་བཅུད་འདུས་ལྟར་དབང་སྒྲུབ།་་་འདི་སྐབས་སློབ་མ་རྣམས་ཀྱིས་སྐྱབས་སེམས། ཡིག་བརྒྱ། མཎྜལ་སོགས་ལ་འབད་དགོས།མཆན། སྒོ་དྲུང་ནས་ཞུ་བ་ཞུས་ལན། དངོས་གཞི། ཐེག་པ་རིམ་དགུའི་དབང་། རྗེས་ཆོག་བཅས་བྱའོ།། །། ༈ ཨོ་རྒྱན་དྲི་མེད་ཀུན་དགའི་ཡང་ཟབ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་གདམས་པ་ཡེ་ཤེས་འོད་ཀྱི་སྙིང་པོ་༧པདྨ་འོད་གསལ་མདོ་སྔགས་གླིང་པའི་ཡང་གཏེར་གྱི་རྩ་བའི་དབང་ཆེན་བསྐུར་བའི་ཐོག་མར། ས་ཆོག་ནི། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས། ལྷ་དང་བུམ་པ་སྟ་གོན་སོགས་རྡུལ་ཚོན་དང་འབྲེལ་བའི་ཆོ་ག་རྒྱས་པ་གཏེར་གཞུང་གི་དགོངས་པ་མ་ནོར་བར་གསང་བ་སྤྱིའི་ཕྱག་ལེན་གྱིས་བརྒྱན་པའི་སྒྲུབ་པ་ཆེན་པོའི་ལས་རིམ་བཞིན་ཏེ། སྨིན་སློབ་མཚན་ཉིད་པར་བྱས་ནས་དབང་བསྐུར་བ་ཡིན་མོད། དེང་སང་སྤྱིར་བཏང་ཐོབ་ཆོག་གི་དབང་རྐྱང་ཙམ་ལ་མདོར་བསྡུས་པའི་ཚུལ་དུ་བཀོད་པར། བརྒྱུད་འདེབས་སྔོན་དུ་འགྲོ་བས། གཏེར་གཞུང་ལེའུ་གཉིས་པའི་ཕྲིན་ལས་ལྟར་སྐྱབས་སེམས། ཚོགས་གསག །སྡོམ་གཟུང་། ཚད་མེད་བཞི་བཅས་གྲུབ་ནས། ལེའུ་དང་པོའི་ལྷ་བསྐྱེད་ནས་བསྙེན་པའི་མཐར་ཐུག་པའི་བར་མཐར་ཆགས་སུ་ཉམས་སུ་བླངས་ནས། དཀར་གཏོར་ཡི་གེ་གསུམ་གྱིས་བསྲེགས་གཏོར་བཀྲུས། འབྲུ་གསུམ་གྱིས་སྦྱངས་སྤེལ་བསྒྱུར། གཏེར་གཞུང་གི་ལེའུ་གསུམ་པའི་དབུར་འབྱུང་བ། ཨོཾ་པྲི་ཐཱི་དེ་ཝཱི་སོགས་ལན་གསུམ་གྱིས་གཏོར་མ་དང་། ཨོཾ་བཛྲ་པུཥྤེ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་ཉེར་སྤྱོད་འབུལ། ཧཱུྃ༔ དགོངས་ཤིག་དབང་ཆེན་སོགས་ས་སྦྱང་གཟུང་མཐའ་བར་བཏང་། དབང་མཆོག་གི་ཕུར་བུ་ཧྲཱིཿལས་རྟ་མགྲིན་དུ་གསལ་ལ་རྟ་སྔགས་ཀྱིས་དཀྱིལ་འཁོར་དབུས་སུ་གདབ། དེ་ལས་འོད་དམར་དྲྭ་བ་ཕྱོགས་ཀུན་ཏུ་འཕྲོས་པས་སྣང་སྲིད་ཐམས་ཅད་བདག་གི་དབང་དུ་འདུས་པར་བསམ་ལ། ལེའུ་གཉིས་པའི་དཀྱུས་ནས་འབྱུང་བའི་བགེགས་གཏོར་བརླབ་འགུགས་བསྔོ་ཞིང་བཀའ་བསྒོ་བཅས་བསྐྲད། ཕྱི་ནང་གསང་མཚམས་དོད་མཚམས་གཅོད་བཅས་གཏང་། ཡོ་བྱད་སྟ་གོན་ནི། དབང་རྫས་ཐམས་ཅད་ཚོགས་པར་བྱས་ཏེ། སྤོས་རོལ་དབྱངས་ཀྱིས། ཧཱུྃ་ཧྲཱི༔ ནམ་མཁའི་མཐའ་དང་སོགས་ལེའུ་འདི་ཉིད་ཀྱི་སྒྲུབ་པ་ཆེན་པོའི་ཐུན་མཚམས་སུ་བྱ་བའི་བྱིན་འབེབ་ཀྱིས་ཡོ་བྱད་རྣམས་བྱིན་གྱིས་བརླབ། ལྷ་སྟ་གོན་ནི། མཎྜལ་གཙང་མར་གཙོ་བོའི་གནས་སུ་དྲིའི་ཐིག་ལེ་གྲུ་བཞི་དང་འཁོར་རྣམས་ལ་ཟླུམ་པོ་རེ་བཏབ་པའི་སྟེང་ཚོམ་བུ་གཙོ་འཁོར་ལྔ། དེ་རྒྱབ་བཞི་བཅས་བཀོད་པའི་མཐར་སྨན་རཀ་གཏོར་མ་ཉེར་སྤྱོད་ཀྱིས་བསྐོར། ལེའུ་གཉིས་པའི་ཕྲིན་ལས་བཞིན་མཆོད་པ་བྱིན་རླབས་བྱ། ཤཱུནྱ་ཏཱའི་སྔགས་ཀྱིས་སྟོང་པར་སྦྱང་། གཏེར་གཞུང་ལེའུ་གསུམ་པའི་སྒྲུབ་ཁོག་ལྟར། སྟོང་པའི་ངང་ལས་སྒྲུབ་པའི་གཞིར་རང་བྱུང་ཡེ་ཤེས་ཀྱི་སོགས་དང་། ལེའུ་གཉིས་པའི་ཕྲིན་ལས་བཞིན་མཆོད་བསྟོད་རྗེས། གོང་འཕྲོས་སྙན་གསན་དབབ་ཅིང་བསྟིམ་པ་བཅས་བྱ། བུམ་པ་སྟ་གོན་ནི། ལས་སྔགས་ཨོཾ་པདྨཱནྟ་ཀྲྀཏ་ཧཱུྃ་ཕཊ༔ སྭ་བྷཱ་ཝས་སྦྱང་། གཞུང་ལྟར་བསྐྱེད་ཅིང་། གོང་བཞིན་མཆོད་བསྟོད། གཟུངས་ཐག་བླངས་ཏེ་བཟླས་དམིགས་གསལ་བཏབ། ཡིག་བཅུ་ཤམ་ཅན་ཅི་འགྲུབ་བཟླ། ལྷ་འོད་ཞུ་དང་། ལས་བུམ་བསྒྲུབ། སློབ་མ་སྟ་གོན་སྐབས། སྔོན་གཏོར་གཏང་། སེམས་བསྐྱེད་གསལ་བཏབ། དེ་ལ་འདིར་གང་གསན་པར་བྱ་བ་ནི། བདེ་བར་གཤེགས་པའི་ཐུགས་རྗེའི་ཕྲིན་ལས་ནམ་མཁའ་ཇི་སྲིད་བར་འཇུག་པ་མི་བརྟུལ་ཞིང་། ལྷག་པར་སྙིགས་དུས་ཀྱི་འགྲོ་བ་རྣམས་འདྲེན་པ་ལ་ཐུགས་བསྐྱེད་དང་ཕྲིན་ལས་གཞན་ལས་ཁྱད་པར་དུ་འཕགས་པ། འཇིག་རྟེན་མགོན་པོ་སྤྱན་རས་གཟིགས་ཀྱི་སྐུར་བཞེངས་ནས་འཁོར་བ་དོང་ནས་སྤྲུག་པའི་ཕྲིན་ལས་མཛད་པའི་ཐབས་ཀྱི་སྐུ་དང་། མཚན་གྱི་རྣམ་འགྱུར་མཐའ་ཡས་པར་བསྟན་པའི་རྒྱུད་དང་སྒྲུབ་ཐབས་ཀུན་ལས་ཁྱད་པར་དུ་འཕགས་པ། རྒྱལ་བ་རྒྱ་མཚོའི་གདམས་པ་ཡེ་ཤེས་འོད་ཀྱི་སྙིང་པོ་འདི་ཉིད་བཀའ་བབས་བདུན་གྱི་ཤིང་རྟའི་ལམ་སྲོལ་གསར་དུ་དྲངས་པས་རྒྱལ་བའི་བསྟན་པ་རིང་དུ་བསྲིངས་ཤིང་། སྙིགས་ལྔའི་འགྲོ་བར་བདེ་བའི་ངལ་སྟེགས་བླ་ན་མེད་པ་བསྩལ་པར་མཛད་པའི་བཀའ་དྲིན་ཅན་གཏེར་འབྱིན་ཡོངས་ཀྱི་འཁོར་ལོས་སྒྱུར་བ། ཀུན་གཟིགས་འཇམ་དཔལ་དབྱངས་དངོས་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ཉིད་ཀྱི་ཞལ་སྔ་ནས་ཡང་གཏེར་བབས་པའི་ལོ་རྒྱུས་མདོར་དྲིལ་ཏེ་བཀའ་བསྩལ་པ་ནི་འདི་ལྟ་སྟེ། ཡང་ཟབ་རྨད་དུ་བྱུང་བའི་གདམས་པ་འདི་ཉིད། སྔོན་རབ་བྱུང་དྲུག་པའི་ལྕགས་མོ་གླང་གི་ལོའི་སྨལ་པོ་ཟླ་བའི་ཚེས་བཅུར་དཔལ་གྱི་མཆིམས་ཕུའི་བྲག་སྣ་སེང་གེའི་གདོང་ནས། གནུབས་ཆེན་པོའི་རྣམ་འཕྲུལ་སྐྱེ་མཐའི་བྱང་སེམས་ཨོ་རྒྱན་དྲི་མེད་ཀུན་དགས་གདན་དྲངས། བླ་རྫོགས་ཐུགས་གསུམ་རྒྱ་ཆེ་བའི་སྐོར་རྣམས་ཁྱབ་གདལ་དུ་སྤེལ་བ་ལ་བརྟེན་ནས་གདུལ་བྱ་མཐའ་ཡས་པ་སྨིན་གྲོལ་ལ་བཀོད། སྙིང་པོ་འདི་ཉིད་ལུང་བྱང་ལྟར་ཐུགས་ཉམས་སུ་བཞེས་ཏེ་གཞན་ལ་མ་སྤེལ་བར། དཔལ་གྱི་བསམ་ཡས་བྲག་དམར་མགྲིན་བཟང་གི་བྲེ་གུའི་སུལ་དུ་རྒྱས་བཏབ་པ། སླད་ནས་ཁོ་བོ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་རབ་བྱུང་བཅུ་བཞི་པའི་ས་སྤྲེལ་དབྱུག་པ་ཟླ་བའི་ཚེས་བཅུར། འགྲོ་འདུལ་འཕགས་པའི་ཐུགས་ཏིག་དང་ལྷན་ཅིག་ཏུ་ཡེ་ཤེས་ཀྱི་མཁའ་འགྲོས་དངོས་སུ་བསྩལ་པ་རིང་དུ་འཆང་ནས། ཕྱིས་རབ་བྱུང་བཅོ་ལྔ་པའི་མེ་མོ་གླང་ལོར་གཏེར་སྟོན་སྤྲུལ་པའི་སྐུས་རྨི་ལམ་དུ་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་པ་སོགས་དུས་སུ་བབས་པའི་ཚེ། ལོ་ཆེན་བཻ་རོ་དངོས་བྱོན་པདྨའི་ཞལ་ཚབ་༧ཨོ་རྒྱན་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས། རིན་ཆེན་གཏེར་གྱི་མཛོད་ཆེན་པོའི་ཤིང་རྟའི་ལམ་སྲོལ་གསར་དུ་ཕྱེ་བའི་ཆ་རྐྱེན་དུ། བླ་མ་དང་མཁའ་འགྲོའི་བྱིན་རླབས་ལས་ཤོག་སེར་ཞེང་སོར་དོ་དཀྱུས་སོར་དྲུག་པ་ཞིག་ལས་དག་པར་ཕབ་པ། ཞེས་གསུངས་པ་སྟེ། དེ་ལྟ་བུའི་ལོ་རྒྱུས་ཀྱི་ངེས་པ་དང་ལྡན་པའི་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་འཇུག་པའི་ཐོག་མར་སློབ་མ་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ། བླ་མ་དང་ལྷག་པའི་ལྷ་དབྱེར་མི་ཕྱེད་པའི་དྲུང་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྒྱལ་བ་རྒྱ་མཚོའི་སོགས། རྒྱུད་སྦྱོང་བའི་སླད་དུ་ཐོག་མར་སྐྱབས་སུ་འགྲོ་བ་ནི། མདུན་གྱི་བླ་མ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་འདུས་པའི་ལྷ་ཚོགས་རྩ་གསུམ་རབ་འབྱམས་ཀྱིས་བསྐོར་བའི་སྤྱན་སྔར། དེང་ནས་བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ལེའུ་གཉིས་པ་ནས། ན་མོ༔ རྒྱལ་བ་རྒྱ་མཚོ་སོགས་ལན་གསུམ། འཁོར་བའི་འཁོར་ལོ་ཐོག་མེད་ནས་ཕ་མར་གྱུར་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པའི་དོན་དུ། འཕགས་པའི་དཀྱིལ་འཁོར་ཆེན་པོར་ཞུགས་ནས་རིམ་གཉིས་ཀྱི་ལམ་མཐར་ཕྱིན་པར་བསྒྲུབ་པར་བགྱིའོ་སྙམ་དུ་སེམས་བསྐྱེད་ནས་འདིའི་རྗེས་ཟློས། ཧོ༔ མ་གྱུར་ཁམས་གསུམ་སོགས་ལན་གསུམ། ཞིང་མཆོག་དེ་རྣམས་ཀྱི་སྤྱན་སྔར་གསག་སྦྱང་གི་སྙིང་པོ་ཡན་ལག་བདུན་པ་འབུལ་བའི་ཏིང་ངེ་འཛིན་དང་ལྡན་པས་འདིའི་རྗེས་ཟློས། ཧོ༔ བླ་མ་ཐུགས་རྗེ་སོགས་ལན་གསུམ། རྒྱུད་ཐ་མལ་པ་ལ་དབང་གི་ཡེ་ཤེས་མི་སྐྱེ་བས་དེའི་ཕྱིར་རྒྱུད་སྡོམ་ལྡན་དུ་བསྒྲུབ་པའི་སླད། ཕྱོགས་དུས་ཀྱི་རྩ་གསུམ་རྒྱལ་བའི་ཚོགས་རྣམས་དཔང་པོར་བཞུགས་པའི་སྤྱན་སྔར་སོ་བྱང་སྔགས་ཀྱིས་བསྡུས་པའི་སྡོམ་པ་དང་དམ་ཚིག་རྣམས་ཚུལ་བཞིན་བླངས་ནས་བསྲུང་སྡོམ་བགྱིད་སྙམ་པས་འདིའི་རྗེས་ཟློས། རྩ་གསུམ་རྒྱལ་བ་སོགས་ལན་གསུམ། སྟ་གོན་འཕྲོས། ཨོཾ་བུདྡྷ་སཏྭ་སོགས་ལན་བདུན། སོ་ཤིང་སྔགས་ཀྱིས་བརླབས་ཏེ། དེ་ནས་དངོས་གྲུབ་ཀྱི་ལྟས་བརྟག་པ་དང་། ལུས་ཀྱི་སྒྲིབ་པ་དག་ནས་བུམ་དབང་གི་སྣོད་རུང་བསྒྲུབ་པའི་ཕྱིར། བྱང་ཆུབ་ཀྱི་ཤིང་ལས་བྱས་པའི་སོ་ཤིང་བདེ་གཤེགས་སེམས་དཔའི་ངོ་བོར་སྔགས་ཀྱིས་བྱིན་གྱིས་བརླབས་པ་ཉིད་ཕྱག་ཏུ་གཏད་པར་མོས། ཨོཾ༔ བདེ་གཤེགས་སེམས་དཔའི་སོགས། དེ་ལྟར་བྱིན་པའི་སོ་ཤིང་དེ་ཉིད་ཐལ་སྦྱར་གྱིས་བཟུང་བའི་རྩེ་མོ་སོར་བྲུད་པས། སོ་ཤིང་ལས་བྱུང་བའི་འོད་ཀྱིས་ལུས་ཀྱི་ནང་ཐམས་ཅད་ཁྱབ་པས་སྡིག་སྒྲིབ་ཐམས་ཅད་སྐྱུགས་པར་མོས་ལ་འདིའི་རྗེས་ཟློས་ཀྱིས་སོ་ཤིང་གི་ར་བར་དོར་ཅིག །སྔགས་བརྗོད། དེ་ལྟར་སོ་ཤིང་དོར་བ་ཡི། །རྩེ་མོ་རང་དང་སོགས། དངོས་གྲུབ་འགྱུར༔ ཞེས་གསུངས་པའི་དོན་ཐུགས་ལ་ངེས་པར་མཛོད། དུང་ཞལ་གྱི་ཆུ་སྔགས་ལན་བདུན་གྱིས་བརླབས། པདྨ་སེམས་དཔའི་ངོ་བོར་བྱིན་གྱིས་བརླབས་པའི་ཁྱོར་ཆུ་འདིས་ལན་གསུམ་གྱི་བར་དུ་ཁ་བཤལ་ཤིང་ལྷག་མ་རྒྱབ་ཏུ་དོར་བས། དངོས་གྲུབ་ཀྱི་མཚན་མ་རྨི་ལམ་དུ་སྟོན་ཅིང་། ངག་གི་དྲི་མ་དག་ནས་གསང་དབང་བསྐུར་བའི་སྣོད་རུང་དུ་གྱུར་པར་མོས། ཨོཾ༔ པདྨ་སེམས་དཔའི་སོགས། སྲུང་སྐུད་ལ་སྔགས་ལན་བདུན་བཟླས་པས་བྱིན་བརླབས་པ། རྡོ་རྗེ་སེམས་དཔའི་ངོ་བོར་བྱིན་གྱིས་བརླབས་པའི་སྲུང་སྐུད་བུད་མེད་དང་སྐྱེས་པའི་དཔུང་པ་གཡས་གཡོན་དུ་བཅིངས་པས་རྨི་ལམ་མི་འཁྲུག་པར་བསྲུང་ཞིང་། ཡིད་ཀྱི་སྒྲིབ་པ་དག་ནས་ཤེར་དབང་གི་སྣོད་རུང་དུ་གྱུར་པར་མོས། ཧཱུྃ༔ རྡོ་རྗེ་སེམས་དཔའི་སོགས། ཀུ་ཤ་ཆེ་ཆུང་ལ་སྔགས་ལན་བདུན་གྱིས་བརླབས། ལས་ཀྱི་སེམས་དཔའི་ངོ་བོར་བྱིན་གྱིས་བརླབས་པའི་ཀུ་ཤ་ཆེ་བ་སྟན་དང་ཆུང་བ་སྔས་ཀྱི་དོན་དུ་བྱིན་པས་རྨི་ལམ་དུ་གསལ་བར་ལུང་སྟོན་ཅིང་། གཉིས་འཛིན་གྱི་ཤེས་སྒྲིབ་སྦྱང་ཞིང་རིག་པ་རྩལ་གྱི་དབང་གི་སྣོད་རུང་དུ་གྱུར་པར་མོས། ཧཱ༔ ལས་ཀྱི་སེམས་དཔའི་སོགས། དེ་ལྟར་བགྱིས་པས་སོགས། གཙོ་བོ་རྒྱལ་བ་རྒྱ་མཚོ་སྐུ་མདོག་དམར་པོ་སོགས་ལེའུ་དང་པོའི་མངོན་རྟོགས་སྟར་གཙོ་བོ་ཡབ་ཡུམ་དུ་བསྐྱེད་དེ། ཁྱབ་བདག་ཆེན་པོར་བཞུགས་པའི་གནས་གསུམ་དུ་རིན་ཆེན་སེམས་དཔའི་ངོ་བོར་སྔགས་ཀྱིས་བྱིན་གྱིས་བརླབས་པའི་དྲིའི་ཐིག་ལེ་བཀོད་པས། སྒོ་གསུམ་ཐ་མལ་དུ་འཛིན་པའི་རྟོག་སྒྲིབ་དག་ནས། དཀྱིལ་འཁོར་གྱི་བདག་པོའི་རྡོ་རྗེ་གསུམ་དང་དབྱེར་མེད་པར་བྱིན་གྱིས་བརླབས་པར་མོས། དྲིའི་ཆུར་རཏྣ་སཏྭ་བཟླས་པས་བརླབས། སྭཱ༔ རིན་ཆེན་སེམས་དཔའི་སོགས། དེ་ལྟར་སྒོ་གསུམ་རྡོ་རྗེ་གསུམ་དུ་བསྒྲུབས་པ་ལ་མཆོད་པས་མངའ་དབུལ་བར་མོས། ཨོཾ་བཛྲ་པུཥྤེ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། དེ་ནས་ཕྱིར་མི་ལྡོག་པའི་སླད་སྤྲོ་བ་བསྐྱེད་ཅིང་གདམས་ངག་སྦྱིན་པ་འདི་ལ་ཐུགས་གཏོད་ཅིག །ཀྱཻ་ རིགས་ཀྱི་བུ་རྣམས་སོགས་གདམས། དེ་དག་རྣམས་ཀྱིས་སློབ་མ་ལྷག་གནས་ཀྱི་ཆོ་ག་གྲུབ་པའི་སོགས་ཀྱིས་དགེ་བསྔོ་བཅས་སློབ་མ་གྱེས། དངོས་སྟ་མི་སྦྲེལ་ན་ཕྲིན་ལས་མཇུག་ལྟར་བདག་བསྐྱེད་བསྡུ་ལྡང་བཀྲ་ཤིས་བཅས་བྱ། ཕྱིར་ནངས་བརྒྱུད་འདེབས་ནས་གཟུང་སྔོན་འགྲོ་རྣམས་དང་། བདག་མདུན་ཆོ་ག་ཚར་གཉིས་སོ་སོར་བཟླས་པ་བཅས་སམ། བདག་མདུན་དབྱེར་མེད་གང་ལྕོགས་དང་། བུམ་པ་སྟ་གོན་སྐབས་བཞིན་བསྒྲུབ། དངོས་སྟ་སྦྲེལ་ན་དཀྱིལ་འཁོར་བཀྲམ་ཞིང་མཆོད་གཏོར་དབང་རྫས་རྣམས་བཀོད་ལེགས་སུ་བཤམ། ཕྲིན་ལས་ཁོལ་ཕྱུང་ཕན་བདེའི་སྙིང་པོ་ལྟར་མཆོད་བརླབ་དང་། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས་བདག་མདུན་དབྱེར་མེད་དུ་བསྐྱེད་ཅིང་། བསྟོད་པའི་མཐར་ཛཔ྄་བསྐུལ་ནས་བསྙེན་པ་དངོས་ཅི་འགྲུབ། ཐུན་མོང་ལས་སྦྱོར་རིགས་དྲུག་གནས་སྦྱོང་གི་དམིགས་པ་གསལ་བཏབ་ནས་སོ་སོར་ཡིག་དྲུག་བརྒྱ་རྩ་དང་། ཤམ་བཏགས་པ་ཉེར་གཅིག་སོགས་ཅི་འགྲུབ། དོང་སྤྲུག་གཟུངས་ཉེར་གཅིག་སོགས་ཅི་ནུས། ཁྱད་པར་ལས་སྦྱོར་རིལ་བུའི་ཐོད་དཀྱིལ་ལ་དམིགས་ཏེ། ལེའུ་གཉིས་པའི་ནང་གི །ཧྲཱི༔ རང་བྱུང་ལྷུན་གྲུབ་སོགས་གཏེར་གཞུང་བཞིན་སྒྲུབ་སྔགས་ཤམ་བཏགས་གཙོ་བོ་དང་། དེ་མཐར་གནད་བསྐུལ་བཏགས་པ་དང་། གཏེར་གཞུང་ལེའུ་གཉིས་པའི་དངོས་གྲུབ་དབང་དུ་བྱ་བའི་སྔགས་བཏགས་པ་གཉིས་ཉེར་གཅིག་སོགས་བཟླ། ཕྲིན་ལས་བཞིན་དབྱངས་གསལ་སོགས་ལྷག་ཆད་ཁ་སྐོང་། ཁྱད་པར་གྱི་མཆོད་པ། ཐུན་མོང་གཏོར་འབུལ། སྲུང་མའི་གཏོར་ཆོག་རྒྱས་བསྡུས། གོང་གི་ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་རྗེས། དབང་གཞུང་དབུ་ནས་གསུངས་པ་བཞིན་སྤྲོ་ན་བདག་འཇུག་བླང་བའམ། རིག་མེ་དོར། རྡོ་རྗེ་གསང་མཆོག་སོགས་ཀྱིས་གནང་བ་ནོད། དབང་དངོས་ལ་ཐོག་མར་སྒོ་ཞུས་ནི། སློབ་མ་སྒོ་དྲུང་དུ་འཁོད་དེ་དབང་ཁང་སྒོ་བཅད་པའི་ནང་དུ་ལས་རྡོར་རམ། མི་ལྕོགས་ན་སློབ་དཔོན་གྱིས། ཁྱེད་རང་རྣམས་ཀྱིས་སྒོ་སྲུང་ཁྲོ་བོའི་དབང་པོ་ལ་སྒོ་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དཀྱིལ་འཁོར་ཁང་པའི་སོགས། དེའི་ལན་དུ་ནང་ནས་ལས་ཀྱི་སློབ་དཔོན་རྡོ་རྗེ་གིང་ཆེན་གྱིས་འདི་སྐད་འདྲི་བར་མོས། ཁྱེད་རྣམས་སུ་ཡིན་སོགས། ཞེས་དྲིས་པའི་ལན་དུ་འདི་སྐད་གསུངས་འཚལ། བདག་ཅག་ཐེག་པ་སོགས། དེའི་ལན་དུ་གནང་བ་སྦྱིན་པ་འདི་ལ་གསོན། དེ་ལྟར་བྱང་ཆུབ་སོགས། སྒོ་ཕྱེས་ཏེ། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་ནས་དབྱུང་། ནང་དུ་བཏང་། རང་རང་གི་གྲལ་ལ་འཁོད། བགེགས་གཏོར་བསྔོ་ཞིང་བཀའ་བསྒོ་སྲུང་འཁོར་ཕྲིན་ལས་བཞིན་བྱ། སྤྱི་འགྲོའི་མཚམས་སྦྱོར་བཅས་འབྲུ་གསུམ་གྱིས་གདོང་གཡོགས་ཤིང་། ཨཱ་ཁཾ་བཱི་རས་མེ་ཏོག་སྦྱིན། སྐབས་འདིར་ངེས་འབྱུང་གིས་བློ་བཅོས་གསུངས་པ་ནི་འོག་ཏུ་འབྱུང་ཞིང་། བྱང་ཆུབ་སེམས་ཀྱིས་རྒྱུད་སྦྱོང་གསུངས་པ་ནི་སེམས་བསྐྱེད་གསལ་བཏབ་ནས། འདིར་འཕགས་པ་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་ཞེས་བྱ་བ་རྒྱལ་བ་ཐམས་ཅད་ཀྱི་སྙིང་རྗེ་ཆེན་པོ་ཕྱག་རྒྱའི་གཟུགས་སུ་བཞེངས་ནས། འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བ་འདྲེན་པའི་ཕྲིན་ལས་ཀྱི་ཁྱད་པར་རྨད་དུ་བྱུང་བ་དེ་ཉིད་ཕྱི་བྱ་སྤྱོད་ལྟར་བསྒྲུབ་པ་སོགས་དབང་གཞུང་ལྟར། དཀྱིལ་འཁོར་ཆེན་པོར་དབང་བསྐུར་བའི་སྐབས་སུ་བབས་པ་སྟེ། དེའི་ལོ་རྒྱུས་ཅུང་ཟད་སྤྲོས་པ་ནི། གཏེར་གཞུང་རྡོ་རྗེའི་གསུང་ལས། གདམས་པ་ཟབ་མོ་འཕྲད་པས་ཆོག་པའི་ལམ༔ ཐོས་པས་ཆོག་པའི་རྩི༔ འདི་ཁོ་ནས་སོགས་གཏེར་གཞུང་མཇུག་ནས་འབྱུང་བ་བཞིན། འཕྲད་ནས་གཞན་དོན་རྒྱ་ཆེར་འབྱུང་བར་ཤོག༔ ཅེས་གཉེར་དུ་གཏད་ཅིང་སྨོན་ལམ་གྱིས་རྒྱས་བཏབ་པ་ཉིད་ཕྱིས་དུས་ལ་བབས་པའི་ཚེ། ས་གསུམ་པ་འོད་བྱེད་ལ་བཞུགས་ཤིང་བོད་ཡུལ་ཕུར་ཐོགས་ཡོངས་ཀྱི་རྒྱལ་པོ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་རྣམ་རོལ་ཨོ་རྒྱན་དྲི་མེད་ཀུན་དགས་སྤྱན་དྲངས་ཏེ་འགྲོ་བའི་དོན་དཔག་གིས་མི་ལང་བ་མཛད་ཅིང་། སྙིང་པོའི་གདམས་སྐོར་འདི་ཉིད་གཞན་ལ་མ་སྤེལ་བར་རྡོ་རྗེའི་ལུང་བཞིན་ཡང་གཏེར་དུ་སྦས་ནས། ཕྱིས་བཀའ་བབས་བདུན་ལྡན་འཇམ་དཔལ་ཆོས་ཀྱི་བཤེས་གཉེན་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ། ཡེ་ཤེས་ཀྱི་མཁའ་འགྲོས་ཤོག་སེར་དངོས་སུ་ཕུལ་ཞིང་རྟེན་འབྲེལ་དང་དགོས་པ་ཁྱད་པར་ཅན་གྱིས་སྐབས་ཕྱེས་ཏེ་སྤེལ་བར་མཛད་པ། ཡང་ཟབ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་གདམས་པ་ཡེ་ཤེས་འོད་ཀྱི་སྙིང་པོའི་དཀྱིལ་འཁོར་དུ་འཇུག་པ་ལ་སྔོན་འགྲོ་སྟ་གོན་གྱི་རིམ་པ་རྣམས་སྔོན་དུ་གྲུབ་ཟིན་ནས། འདིར་སྨིན་གྲོལ་གྱི་ལམ་སྟན་ཐོག་གཅིག་ཏུ་རྫོགས་པར་བསྒྲུབ་པ་ལ། ཐོག་མར་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ། བླ་མ་དང་རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས་དབྱེར་མེད་པའི་དྲུང་དུ་ཐལ་མོ་མེ་ཏོག་དང་བཅས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། འཕགས་མཆོག་རྒྱལ་བ་སོགས། དེ་ནས་སྔགས་ཀྱི་སྡོམ་པའི་གཞི་རྟེན་རྒྱུ་སྐྱབས་སེམས། ཚོགས་གསག །བཤགས་སྦྱོང་རྣམས་བྱ་དགོས། དེའང་ཐོག་མར་ངེས་འབྱུང་རྣམ་དག་ལ་བརྟེན་དགོས་ཏེ། གཏེར་གཞུང་ལས། ངེས་འབྱུང་བསྐྱེད་ཅིང་སྐྱབས་སུ་འགྲོ༔ བྱང་ཆུབ་སེམས་སྦྱོང་བཤགས་དང་སྤེལ༔ ཞེས་གསུངས་པས། དང་པོ་ངེས་འབྱུང་གིས་མཚམས་སྦྱར་བ་ནི། ཀྱེ་མ་བདག་གིས་རྟེན་ཕུན་སུམ་ཚོགས་པ་སོགས་གཏེར་གཞུང་གི་ཁྲིད་རིམ་བཞིན། སོང་བར་མོས་པས་འདིའི་རྗེས་ཟློས། ན་མོ༔ བདག་དང་ཁམས་གསུམ་སོགས་ལན་གསུམ། དེ་ལྟར་སྐྱབས་འགྲོ་བྱས་པས་སྲོག་ལ་ངེས་པར་སོགས། དམ་བཅའ་བ་འདིའི་རྗེས་ཟློས། ཧོ༔ མར་གྱུར་འགྲོ་ཀུན་སོགས་ལན་གསུམ། དེ་ལྟར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པས་མཐར་སྐྱབས་ཡུལ་སོགས་ནས། ཐོབ་པ་ཡིན་ནོ༔ བཞི་པ་སྡིག་པ་བཤགས་པས་རྒྱུད་སྦྱོང་བ་ལའང་སྤྱི་དང་ཁྱད་པར་གཉིས་ཀྱི། དང་པོ་ཡན་ལག་བདུན་གྱི་སྒོ་ནས་བསྒྲུབ་པའི་སླད་དུ་ཞིང་མཆོག་རྒྱ་མཚོ་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་གསག་སྦྱོང་གི་སྙིང་པོའི་ཚིག་རྗེས་སུ་དོན་གཞོལ་བའི་ཏིང་འཛིན་དང་ལྡན་པས་འདིའི་རྗེས་ཟློས། ལེའུ་གཉིས་པའི། ཧོ༔ བླ་མ་ཐུགས་རྗེ་ཆེན་པོ་སོགས་ལན་གསུམ། གཉིས་པ་ཁྱད་པར་ཡི་གེ་དྲུག་པའི་རྣལ་འབྱོར་གྱི་སྒོ་ནས་སྡིག་པ་བཤགས་པའི་ཕྱིར་དམིགས་པ་འདི་ལྟར་སྒོམས་ཤིག །མདུན་གྱི་ནམ་མཁར་སོགས། ཕྱག་འཚལ་བའི་མོས་པ་དང་བཅས་འདིའི་རྗེས་ཟློས། ཀྱེ་ཀྱེ་བླ་མ་སོགས་ལན་གསུམ། སླར་ཡང་དད་མོས་རྩ་གཅིག་པས་གསོལ་འདེབས་ཀྱི་ཚུལ་དུ་ཡི་གེ་དྲུག་པ་བརྒྱ་རྩ་བརྒྱད་བཟླ་བར་མཛོད། ཡིག་དྲུག་བརྒྱ་རྩ་བཟླ། དེ་ལྟར་གསོལ་བ་བཏབ་ཅིང་སོགས། བཟླས་པས། མདུན་གྱི་འཕགས་པའི་ཐུགས་ཀར་སོགས། རིགས་དྲུག་ཏུ་སྐྱེ་བའི་རྒྱུའི་ཡི་གེ་སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ། སྙིང་གར་མིའི་ས་བོན་ནྲྀ་ལྗང་གུ། ལྟག་པར་ལྷ་མིན་གྱི་ས་བོན་སུ་སེར་ནག །ལྟེ་བར་དུད་འགྲོའི་ས་བོན་ཏྲི་དམར་སྐྱ། གསང་གནས་སུ་ཡི་དྭགས་ཀྱི་ས་བོན་པྲེ་དམར་པོ། རྐང་མཐིལ་གཡས་སུ་དམྱལ་བའི་ས་བོན་དུཿདུད་ཁ་རྣམས་གནས་པ་ལ་རེག་པ་ཙམ་གྱིས་སོགས། དང་བཅས་གསང་སྔགས་རྒྱལ་པོ་ཟློས་ཤིག །ཡིག་དྲུག་བརྒྱ་རྩ་དང་། ཤམ་ཅན་ཅུང་ཟད་བཟླ། སླར་ཡང་སྡིག་ལྟུང་ལ་གནོང་འགྱོད་དྲག་པོས་སྨྲེ་སྔགས་ཀྱི་བཤགས་ཚིག་འདིའི་རྗེས་ཟློས། རྒྱས་པར་འཕགས་པའི་སྨྲེ་བཤགས་དང་། བསྡུ་ན། ཀྱེ་ལགས་འཕགས་པ་འཇིག་རྟེན་དབང་ཕྱུག་དགོངས། །ཐོག་མེད་དུས་ནས་ངན་སོང་གསུམ་དུ་འཁོར། །མི་དགེ་བཅུ་ལ་ངོམས་པ་མེད་པར་སྤྱད། །ཡིད་དུ་མི་འོང་འབྲས་བུ་སྣ་ཚོགས་སྨིན། །འཇིགས་ཆེན་འཁོར་བའི་སྡུག་བསྔལ་བཟོད་དཀས་མནར། །རྣམ་སྨིན་ཐམས་ཅད་རང་གི་ལས་ལས་བྱུང་། །ལས་ལ་འགྱོད་ཀྱང་ལྡོག་པར་མ་ནུས་པས། །སྡིག་པ་སྡིག་ཏུ་མཐོང་ནས་རབ་འགྱོད་ཅིང་། །དུང་དུང་གདུང་བའི་སྨྲེ་སྔགས་འདི་འདོན་ན། །སྙིང་རྗེ་ཆེན་པོའི་ཕྲིན་ལས་དུས་ལ་བབས། །ཐུགས་རྗེའི་ནུས་པ་སྟོན་ཅིག་སྤྱན་རས་གཟིགས། །བྱམས་མགོན་ཁྱེད་ལ་ཐུགས་རྗེའི་སྟོབས་མངའ་བས། །ཡལ་ཡོལ་བཏང་སྙོམས་ལེ་ལོ་མ་མཛད་པར། །སྙིང་ནས་ད་གཟིགས་ཐུགས་རྗེ་རྒྱལ་བའི་ལྷ། །དེ་ལྟར་སྨྲེ་སྔགས་དྲག་པོས་སོགས། རང་གྲོལ་བ་ཡིན་ནོ༔ ལྔ་པ་ནང་ཕུང་པོ་ལ་བསྟེན་ནས་ཀུ་སཱ་ལིའི་ཚོགས་གསག་པའི་ཕྱིར་དམིགས་པ་འདི་བཞིན་མཛོད། སློབ་མ་རྣམས་ཐ་མལ་དུ་གནས་སོགས། ལྡན་པར་བསམ་ལ་འདིའི་རྗེས་ཟློས། ཕཊ༔ བདག་ཉིད་ཐ་མལ་སོགས་ནས། ཐིག་ལེ་ཆེན་པོར་ཨ༔ མཐར་རྟོག་མེད་སྤྲོས་བྲལ་གྱི་ངང་སྐྱོང་བའི་རང་ངོ་ལ་མཉམ་པར་ཞོག་ཅིག །དེ་ལྟར་བྱས་པས་ཚེ་རིང༔ ནད་མེད༔སོགས། བྱེད་པ་ཡིན་ནོ༔ སྟ་གོན་སྐབས་ལྟར་སྡོམ་གཟུང་བྱ། སླར་ཡང་སྔགས་ཀྱི་ཐུན་མོང་མ་ཡིན་པ་བདེན་གཉིས་དབྱེར་མེད་དུ་སེམས་བསྐྱེད་པ་ནི། སློབ་མའི་སྙིང་གར་ཀུན་རྫོབ་བྱང་སེམས་ཟླ་དཀྱིལ་སྟེང་དུ་དོན་དམ་པའི་བྱང་སེམས་རྡོ་རྗེ་དཀར་པོ་འོད་འབར་བས་མཚན་པ་བདེན་གཉིས་དབྱེར་མེད་ཀྱི་དོན་མཚོན་པར་ཤེས་པ་ལས་མི་འདའ་བར་དམ་བཅའ་བའི་བློས་འདིའི་རྗེས་ཟློས། དབང་གཞུང་ལྟར། ཨོཾ་སརྦ་ཡོ་ག་སོགས་ནས། རྡོ་རྗེ་སྤྱི་བོར་བཞག་སྟེ༔ གསང་བ་སྔགས་ཀྱི་ཆོ་ག་ཟབ་མོ་དམ་མེད་ལ་གསང་བར་གདམས་པ་ནི། དེང་ཁྱོད་རྒྱལ་བ་སོགས། མོས་པས་འདིའི་རྗེས་ཟློས། ཨོཾ་སརྦ་ཏ་ཐཱ་སོགས་སྔགས་ཚན་བཞི་པོ་སྒོ་སོ་སོར་ལན་རེ། དེ་རྣམས་ནི་སོགས། སྦྱོར་བ་དམ་ལ་བཞག་པ་ལས། དམ་ཚིག་བསྲུང་བའི་ཕན་ཡོན་བསྒྲག་པའི་སྒོ་ནས་དམ་ལ་གཞག་པ་ནི། ཨོཾ༔ དེང་ཁྱོད་རྒྱལ་བ་སོགས། དམ་ཚིག་ཉམས་ན་ཉེས་དམིགས་ཀྱི་སྒོར་བཤད་པའི་སྒོ་ནས་དམ་ལ་གཞག་པ་ནི། དེ་རིང་འཇིག་རྟེན་སོགས། ཁེ་ཉེན་གཉིས་ཀྱི་གནད་བསྒྲགས་ཤིང་རྡོ་རྗེའི་མནའ་ཆུ་སྦྱིན་པའི་སྒོ་ནས་དམ་ལ་གཞག་པ་ནི། དམ་ཚིག་བདུད་རྩི་སོགས། ནང་འཇུག་གི་དངོས་གཞི་ཡེ་ཤེས་དབབ་པ་ནི། བླ་མའི་བྱིན་རླབས་སོགས་ནས། རྒྱལ་བ་རྒྱ་མཚོ་སྐུ་མདོག་དམར་པོ་སོགས་ལེའུ་དང་པོའི་མངོན་རྟོགས་ལྟར། ཁྱབ་བདག་ཆེན་པོར་བཞུགས་པའི་སྐུར་གྱུར་པའི་སྤྱི་བོར་པདྨ་ཉི་ཟླའི་སྟེང་དུ་རྩ་བའི་བླ་མ་སོགས། འཛིན་མེད་ཀྱི་ངང་བསྐྱང་ལ་མ་ཡེངས་པར་མཉམ་པར་ཞོག་ཅིག །སྤོས་རོལ་དབྱངས་བཅས། ཧྲཱི༔ ནམ་མཁའི་མཐའ་དང་མཉམ་པའི་སོགས་གཏེར་གཞུང་ཚོགས་སྒྲུབ་ཐུན་མཚམས་བྱིན་འབེབ་གྱེར་མཐར། སྔགས་མང་དུ་བརྗོད་པས་བྱིན་དབབ། དེ་ལྟར་དབབ་པའི་བྱིན་རླབས་ཀྱི་རྒྱུན་ཁྱེད་རང་རྣམས་ཀྱི་རྒྱུད་ལ་བརྟན་པར་གྱུར་ཅིག །ཏིཥྛ་སོགས། རྗེས་འབྲེལ་ཕྱག་རྟེན་འབུལ་ཞིང་རིགས་བརྟག་པའི་སླད་དུ་རིག་པ་ཡེ་ཤེས་ཀྱི་མེ་ཏོག་ཚིག་འདིའི་རྗེས་ཟློས་བཅས་དཀྱིལ་འཁོར་དུ་ཕུལ་ཅིག །བདག་གི་རིག་པའི་སོགས། མེ་ཏོག་དཀྱིལ་འཁོར་གྱི་གཙོ་བོ་ལ་ཕོག་པས་ཁྱེད་རང་རྣམས་ཀྱི་གསང་བའི་མཚན་དུ་ཐུགས་རྗེ་ཀུན་ཁྱབ་ཀློང་ཡངས་རྩལ་ཞེས་གསོལ་ཞིང་། མེ་ཏོག་དེ་ཉིད་དཀྱིལ་འཁོར་གྱི་བདག་པོ་དང་གཉིས་སུ་མེད་པ་སྤྱི་བོར་བཅིངས་པར་མོས། པུཥྤེ་ཛྙཱ་ན་སོགས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་གསེར་ཐུར་ལྟ་བུས་མ་རིག་པའི་ལིང་ཏོག་བསལ་བར་མོས། ཨོཾ༔ རིག་པ་ཡེ་ཤེས་སོགས། སྐལ་ལྡན་འགྱུར༔ རིག་པ་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པས་རང་བྱུང་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་དུ་སྣང་བའི་དཔེའི་གཟུགས་བརྙན་གྱིས་སོགས། དུ་འཇུག་པའོ༔ གཞུང་ལས། བླ་མའི་བྱིན་རླབས་སྙིང་ལ་དབབ༔ ཅེས་དང་། འདིར་སྨིན་སློབ་ལ་བླ་མའི་བྱིན་རླབས་ལམ་དུ་བྱ་བའི་གདམས་ངག་ཀྱང་སྦྱིན༔ ཞེས་གསུངས་པ་བཞིན་བསྒྲུབ་པ་ལགས་པས་མ་ཡེངས་པར་དེའི་དོན་ཐུགས་ལ་ངེས་འཚལ། དྲུག་པ་བླ་མའི་རྣལ་འབྱོར་ལ་སོགས་ཁྲིད་ཡིག་བཞིན། གདུང་འཚོབ་པར་ནུས་པ་ཡིན་ནོ༔ བཞི་པ་དབང་བསྐུར་བ་དངོས་ལ༔སོགས་རིགས་དབང་ལྔ་པོ་མཚམས་སྦྱོར་གཞུང་གསལ་ལ་རྣམ་དབྱེ་ཕྱེད་ཕྱིར་ཚིག་གྲོགས་ཕྲན་བུ་སྦྱར་བ་གྲུབ་མཚམས། ནང་ནུས་དབང་གི་དོན་དུ་གཞུང་གསལ་བཞིན་མཎྜལ་གསོལ་གདབ་མཐར། དེ་ལ་དང་པོ་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བ་ནི༔ དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ལས་གཉིས་པ་རེ་འཕྲོས། ཁྱེད་རང་རྣམས་ཀྱི་སྤྱི་བོ། མགྲིན་པ། སྙིང་ག །ལྟེ་བ། དཔྲལ་བ། གསང་གནས། སྙིང་ག །ཡན་ལག་བཞི་རྣམས་ལ་ཐིམ་པར་མོས། ཧྲཱི༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ སོགས་ལྷ་དབང་བསྐུར། བཟླས་པའི་སྔགས་ཀྱི་དབང་བསྐུར་བ་ནི༔ ཐོག་མར་བཟླས་ལུང་བླང་བའི་སླད་དུ་སློབ་དཔོན་དང་སློབ་མ་གཉིས་ཀ་རྒྱལ་བ་རྒྱ་མཚོའི་སྐུར་གསལ་བའི་ཁྱེད་རང་རྣམས་ཀྱི་སྙིང་གར་ཡེ་ཤེས་སེམས་དཔའ་རྟ་མགྲིན་དམར་པོ་པདྨ་བྷཉྫ་འཛིན་པའི་ཐུགས་ཀློང་ཟླ་དཀྱིལ་ཧྲཱིཿདམར་གྱིས་མཚན་པར་གསལ། སློབ་དཔོན་ལ་མོས་གུས་བྱས་པས་དེའི་ཐུགས་ཀའི་སྔགས་ཕྲེང་ལས་གཉིས་པ་མཆེད། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་ནས་བརྒྱུད་ཐུགས་སྲོག་གི་མཐར་འཁོད་པའི་འོད་ཀྱིས་ལུས་གང་། འོད་ཟེར་སླར་འཕྲོས་པས་དོན་གཉིས་བྱས་ཤིང་དངོས་གྲུབ་ཐོབ། རིགས་དྲུག་ཐུགས་རྗེའི་ཞིང་དུ་སྦྱངས། སྣང་གྲགས་ལྷ་སྔགས་ཀྱི་འཁོར་ལོར་སྦྱངས་པར་མོས་ལ་འདི་དག་གི་རྗེས་ཟློས། ལེའུ་དང་པོའི་ཕྲིན་ལས་ལྟར་ཡིག་བཅུ་དྷུ་མ་གྷ་ཡེའི་ཤམ་ཅན་དང་། ལེའུ་གཉིས་པའི་འཁོར་བ་དོང་སྤྲུག་གཟུངས། ཨོཾ་ཨ་མི་དྷེ་ཝ་སོགས། ཙུ་རུ་སྭཱ་ཧཱ༔ བར་སོ་སོར་ལན་གསུམ་རེ། དེའི་ནུས་བྱིན་བརྟན་ཕྱིར་བགྲང་ཕྲེང་སྔགས་ཀྱི་འཁོར་ལོར་ཤར་བ་མགྲིན་པར་བཞག་པར་མོས། ཧྲཱི༔ ཇི་སྙེད་སངས་རྒྱས་སོགས་ནས། ཐུགས་དང་། ཡོན་ཏན། ཕྲིན་ལས། སྒོམ། བཤད། སྒྲུབ་པའི་དབང་རྣམས་དང་། སྐྱེ་བདུན་གྲོལ་དྲུག་དབང་གི་སྐབས། འོད་འཚེར་བའི་རྣམ་པར་གསལ་བ་མིག་ལམ་དུ་བསྟན་ཅིང་སྤྱི་བོར་བཞག་པས། ལུས་རྒྱལ་བ་རྟག་པའི་རྡོ་རྗེའི་རང་བཞིན་དུ་གྲུབ་སྟེ། མཐོང་གྲོལ་ཕྲིན་ལས་ཀྱིས་འགྲོ་བ་སྒྲོལ་བའི་མཐུ་དབང་ཐོབ་པར་མོས། ཨོཾ༔ འགྲོ་འདུལ་རྒྱལ་བ་སོགས། རིལ་བུའི་དཀྱིལ་འཁོར་ཐོས་པས་གྲོལ་བའི་རྡོ་རྗེའི་སྔགས་རྒྱུད་ཀྱི་རང་སྒྲ་སྒྲོག་པ་རྣ་བར་བཞག་པས། གཡོ་རྩོལ་རླུང་གི་བྱེད་ལས་ཐམས་ཅད་རྡོ་རྗེའི་སྔགས་སུ་དག །དོན་གྲུབ་རྟ་མཆོག་གི་རང་བཞིན་དུ་བྱིན་གྱིས་བརླབས་པས། ཐོས་གྲོལ་ཕྲིན་ལས་ཀྱིས་འགྲོ་བ་སྒྲོལ་བའི་མཐུ་ཐོབ་པར་མོས། ཧཱ༔ འགྲོ་འདུལ་རྒྱལ་བ་སོགས། རིལ་བུའི་དཀྱིལ་འཁོར་ཚོར་གྲོལ་བདུག་པའི་སྤྲིན་གྱི་འཁོར་ལོར་འཕྲོ་བ་ཁྱེད་རང་རྣམས་ཀྱི་སྣ་སྒོར་བདུག་པས། སྣའི་དབང་པོའི་བྱེད་ལས་ཀྱི་ཡུལ་དབང་ཤེས་པ་ཐམས་ཅད་རྡོ་རྗེ་ཉི་མའི་ངོ་བོར་བྱིན་གྱིས་བརླབས་པས། ཚོར་གྲོལ་ཕྲིན་ལས་ཀྱིས་འགྲོ་བ་སྒྲོལ་བའི་མཐུ་ཐོབ་པར་མོས། སྭཱ༔ འགྲོ་འདུལ་རྒྱལ་བ་སོགས། རིལ་བུའི་དཀྱིལ་འཁོར་མྱང་གྲོལ་བདུད་རྩིའི་བཅུད་མཆོག་ལྕེར་བཞག་པས། རོ་འཛིན་གྱི་དབང་པོའི་བྱེད་ལས་ཀྱི་ཡུལ་དབང་ཤེས་པ་ཐམས་ཅད་རྡོ་རྗེ་ཆོས་ཀྱི་ངོ་བོར་བྱིན་གྱིས་བརླབས་པས་མྱང་གྲོལ་ཕྲིན་ལས་ཀྱིས་འགྲོ་བ་སྒྲོལ་བའི་མཐུ་ཐོབ་པར་མོས། ཧྲཱི༔ འགྲོ་འདུལ་རྒྱལ་བ་སོགས། རིལ་བུའི་དཀྱིལ་འཁོར་དྲན་གྲོལ་བདེ་ཆེན་བྱང་ཆུབ་སེམས་ཀྱི་རྫས་ཀྱིས་སྙིང་གར་ཐིག་ལེ་བྱས་པས། ཡིད་ཀྱི་དབང་པོའི་བྱེད་ལས་ཀྱི་ཡུལ་དབང་ཤེས་པ་ཐམས་ཅད་ཁྲག་འཐུང་ཆེན་པོའི་ངོ་བོར་བྱིན་གྱིས་བརླབས་པས། དྲན་གྲོལ་ཕྲིན་ལས་ཀྱིས་འགྲོ་བ་སྒྲོལ་བའི་དབང་ཐོབ་པར་མོས། ཧཱུྃ༔ འགྲོ་འདུལ་རྒྱལ་བ་སོགས། རིལ་བུའི་དཀྱིལ་འཁོར་བཏགས་པའི་གྲོལ་བའི་རྫས་ཀྱི་གོང་བུ་མགུལ་དུ་བཏགས་པས། རེག་བྱའི་དབང་པོའི་བྱེད་ལས་ཀྱི་ཡུལ་དབང་ཤེས་པ་ཐམས་ཅད་རྡོ་རྗེ་སེམས་དཔའི་ངོ་བོར་བྱིན་གྱིས་བརླབས་པས། བཏགས་གྲོལ་ཕྲིན་ལས་ཀྱིས་འགྲོ་བ་སྒྲོལ་བའི་མཐུ་ཐོབ་པར་མོས། ཨ༔ འགྲོ་འདུལ་རྒྱལ་བ་སོགས། མཐུ་དང་ལྡན་པ་ཡིན་ནོ། །དེ་ལྟ་བུའི་གྲོལ་བ་དྲུག་ལྡན་སྐྱེ་བདུན་རྫས་ཀྱི་ཕན་ཡོན་བསྟན་པ་ནི། རྒྱུད་ལས། སྐྱེ་བདུན་རྫས་ཀྱི་རིལ་བུ་གང༔སོགས་གཏེར་གཞུང་ལེའུ་གཉིས་པའི་སྐྱེ་བདུན་སྒྲུབ་པའི་གཤམ་དུ་འབྱུང་བ་བཞིན།ཐོབ་པར་ངེས༔ ཞེས་སོགས་རྒྱ་ཆེར་གསུངས་པ་བཞིན་ཐུགས་ལ་ངེས་པས། དབང་ཆོག་གཞུང་བཞིན་དེང་ཕྱིན་ཆད་སོགས་ནས། ལས་བཞིའི་དབང་། བརྟན་བྱེད་བུམ་དབང་གི །མངའ་གསོལ་བར་མོས། པུཥྤེ་སོགས་ཀྱིས་མཆོད། ཤིས་པ་བརྗོད། དབང་དེ་རྣམས་ཐོབ་པས་ཕན་ཡོན་ནམ་དག་པ་བརྗོད་པ་ནི། ཕྱི་དཀྱིལ་ལ་བརྟེན་སོགས་དག་བརྗོད་རྗེས། དེ་དང་རྗེས་སུ་འབྲེལ་བ་བསྐྱེད་རིམ་གྱི་ལྷ་ཁྲིད་འབོགས་པ་ནི། གཞུང་ལས། བུམ་དབང་ཡེ་ཤེས་སྣང་སྟོང་བསྒོམ༔ ཞེས་གསུངས་པས། དང་པོ་བུམ་དབང་གི་ཡེ་ཤེས་བསྐྱང་བ་ནི༔ བསྐྱེད་རིམ་གྱི་ལྷ་ཁྲིད་སོགས་བསྐྱེད་རིམ་ཕྱི་ནང་གསང་བ་ཡང་གསང་དང་བཅས་པའི་ཁྲིད་གཞུང་ལྟར། བླང་བ་ལ་བརྩོན་པར་བྱའོ༔ དེ་རྣམས་ཀྱིས་བུམ་དབང་གི་ལམ་གྱི་སྨིན་གྲོལ་ཡན་ལག་དང་བཅས་པ་གྲུབ་ནས། བཞི་པ་གསང་བ་ཟབ་མོའི་དབང་བསྐུར་རྣམས་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཐུགས་རྗེའི་གཏེར་གྱི་སོགས་ལན་གསུམ། དེ་ལྟར་གསོལ་བ་སོགས། རྒྱུད་ལ་བཞག་པ་འོ༔ དེ་ལྟར་གསང་བའི་དབང་ཐོབ་ནས་རྗེས་འབྲེལ་ཟབ་ཁྲིད་ནི། གཞུང་ལས། གསང་དབང་ཡེ་ཤེས་གསལ་སྟོང་བསྐྱེད༔ ཅེས་གསུངས་པས། གཉིས་པ་གསང་དབང་གི་ཡེ་ཤེས་བསྐྱང་བ་ལ་སོགས་རྩ་བ་དང་ཡན་ལག་གི་ཁྲིད་གཞུང་བཞིན། ཚེགས་མེད་པ་ཡིན་ནོ༔ དེ་ལྟར་གསང་བའི་དབང་གིས་སྨིན་ཅིང་ཉམས་ལེན་ལ་བརྟན་པ་ཐོབ་པའི་སློབ་མ་ལ། གཉིས་པ་ལམ་གསང་བ་ཕོ་ཉའི་སོགས། རྒྱུད་ལ་བཞག་པ་འོ༔ དེ་ལྟར་སྨིན་བྱེད་སྔོན་དུ་སོང་ནས་རྗེས་འབྲེལ་གྲོལ་བྱེད་ལམ་གྱི་གདམས་ངག་འབོགས་པ་ནི། གཞུང་ལས། གསུམ་པའི་ཡེ་ཤེས་བདེ་སྟོང་མྱང༔ ཞེས་གསུངས་པས། གསུམ་པ་ཤེར་དབང་གི་ཡེ་ཤེས་བསྐྱང་བ་སོགས། འདྲེན་ནུས་པ་ཡིན་ནོ༔ དེ་ལྟར་དཔེའི་ཡེ་ཤེས་མངོན་དུ་བྱས་པའི་ཉམས་དེ་ཉིད་ཀྱིས་མཚོན་པས་དོན་གྱི་ཡེ་ཤེས་རྗེན་པར་རྟོགས་པར་བྱེད་པ། གསུམ་པ་རང་བཞིན་གྱིས་གསང་བ་སོགས། རྒྱུད་ལ་བཞག་པ་འོ༔ དེ་ལྟར་ཚིག་དབང་རིན་པོ་ཆེ་ཐོབ་ནས་རྗེས་འབྲེལ་གདམས་ངག་བསྟན་པ་ནི། གཞུང་ལས། བཞི་པའི་ཡེ་ཤེས་རིག་སྟོང་བལྟ༔ ཞེས་གསུངས་པས། བཞི་པ་ཚིག་དབང་གི་ཡེ་ཤེས་བསྐྱང་པ་སོགས་ཟབ་ཁྲིད་རྗེས་རིམ་བཅས། གོ་འཕང་ལ་སྦྱོར་བར་འགྱུར་རོ༔ སྤྱི་འགྲོའི་བཀྲ་ཤིས་བརྗོད། དེ་རྣམས་ཀྱི་སྒོ་ནས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་གདམས་པ་ཡེ་ཤེས་འོད་ཀྱི་སྙིང་པོའི་དབང་བཞི་སྦྱོར་དངོས་རྗེས་ཀྱི་ཁྲིད་རིམ་དང་བཅས་པ་ལེགས་པར་ཐོབ་པ་ཡིན་ཅིང་། དབང་སྲོག་དམ་ཚིག་གི་རིམ་པ་རྣམས་མ་ཉམས་པར་བསྲུང་དགོས་པའི་ཚུལ་བསྒོ་བ་ནི། ཧོ༔ སྐལ་ལྡན་རིགས་ཀྱི་སོགས། ཚུལ་བཞིན་སྲུངས༔ ཞེས་གདམས་པའི་དོན་ལ་སྤྲོ་བ་ཆེན་པོས་འདའ་དཀའི་རིམ་པ་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་ལྟར་དང་། དོན་དབང་ཟུར་ཕྱུང་དུ་བཀོད་པ་བདུད་རྩིའི་སྙིང་པོ་ལྟར་དབང་སྒྲུབ་གོང་གིས་འཐུས་པར་བྱས་ཏེ་དོན་དབང་བསྐུར། ཆོ་གའི་རྗེས་ཚོགས་ལ་རོལ་ཞིང་ལྷག་མ་བསྔོ་བ་སོགས་ཕྲིན་ལས་ཕན་བདེའི་སྙིང་པོ་བཞིན་མཐར་དབྱུང་ངོ་།། །། ༈ སངས་རྒྱས་གླིང་པའི་ཐུགས་རྗེ་ཆེན་པོ་ནོར་བུ་སྐོར་གསུམ་ལས། ཕྱི་རྒྱལ་པོ་ལུགས་ཀྱི་མདོ་སྒྲུབ་སྙིང་པོ་བཀའ་གཏད་དང་བཅས་པ་དྲི་མེད་པདྨའི་སྡོང་པོའི་མཇུག་གི་གདམས་ངག་གི་བཀའ་བཀྲོལ་བའི་ལག་ལེན་མཚམས་སྦྱོར་བཞིན་བསྒྲུབས་ནས། དངོས་གཞིར་བཀའ་འགྲེལ་རྗེས་གནང་། རྟ་ནག་བཀའ་གཏད། རྗེས་ཆོག་བཅས་དང་། ༈ ནང་ནོར་བུ་ལུགས་ཀླུ་སྒྲུབ་ཀྱི་བཀའ་སྲོལ་སྒྲུབ་ཐབས་དབང་གི་ཕྲིན་ལས་དང་བཅས་པ་དྲི་མེད་པདྨའི་དཀྱིལ་འཁོར་གྱི་ས་བཅད་གཉིས་པ་དབང་བསྐུར་ཕྲིན་ལས་དང་བཅས་པ་བསྟན་པ་ནས་འབྱུང་བའི་དཀར་གཏོར་རྗེས། བདག་བསྐྱེད་བསྡུ་ལྡང་རྫོགས་ཀྱི་བར་དང་། ལྷ། བུམ་པ། སློབ་མ་སྟ་གོན། དབང་སྒྲུབ། དབང་དངོས། རྗེས་ཆོག་བཅས་བྱ། ༈ གསང་བ་བླ་མེད་ལུགས་མི་ཏྲ་ཛོ་ཀིའི་བཀའ་སྲོལ་གྱི་ནང་ལྟར་སྒྲུབ་པའི་ཕྲིན་ལས་དབང་བསྐུར་དང་བཅས་པ་དྲི་མེད་པདྨའི་སྙིང་པོའི་ས་བཅད་གསུམ་པ་གཞན་དོན་སློབ་མ་རྗེས་འཛིན་ལྟར་བདག་བསྐྱེད། མདུན་བུམ་སྒྲུབ་པ། སྒོ་ཞུས་བཅས་སྟ་གོན་དང་། དངོས་གཞི་སྟན་ཐོག་གཅིག་ཏུ་སྦྲེལ་ནས་བསྐུར་བའི་སྐབས། དབང་དངོས་ཀྱི་རྡོ་རྗེའི་བརྟུལ་ཞུགས་ཀྱི། ཧི་ཧི་ཧི་ཧི་ཧཱུྃ༔ ཞེས་པའི་མཐར། དཀྱུས་གསལ་དག་བརྗོད་དང་མཆོག་དབང་གོང་མ་གསུམ་གྱི་མཚམས་སྦྱོར་མཎྜལ་གསོལ་གདབ་རྣམས་དོར་ནས་གསུང་དང་ཐུགས་དབང་དུ་སྒྱུར་བ་འདི་ལྟར་བསྐུར་དགོས་ཏེ། ཐོད་པའི་བདུད་རྩི་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་ལྷ་ཚོགས་རྣམས་ཀྱི་གསུང་གི་བྱིན་རླབས་ཨཱ་ལི་ཀཱ་ལིའི་སྔགས་ཀྱི་འོད་ཟེར་འཕྲོ་བའི་རྒྱུན་གྱིས་དབང་བསྐུར་བས། ཁྱེད་རང་རྣམས་ཀྱི་ངག་སྒྲིབ་དག །གསུང་གི་བྱིན་རླབས་རྒྱུད་ལ་ཞུགས་ཤིང་ཡོན་ཏན་མངོན་དུ་བྱས་པར་མོས། སངས་རྒྱས་རྣམས་ཀྱི་ཐོད་པའི་དབང༔ སོགས་ནས། དེ་རིང་ཁྱོད་ལ་བསྐུར་བར་བྱ༔ སྙིང་པོའི་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ མེ་ལོང་སིནྡྷུ་རའི་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཐུགས་སྲོག་ཡི་གེའི་འཁོར་ལོར་གསལ་བ་ལས། ཐུགས་ཀྱི་བྱིན་རླབས་འོད་ཟེར་རྡོ་རྗེའི་སྙིང་པོ་སྐར་མདའ་མཆེད་པ་བཞིན་བྱོན་ནས་དབང་བསྐུར་བས། ཁྱེད་རང་རྣམས་ཀྱི་ཡིད་སྒྲིབ་དག །ཐུགས་ཀྱི་བྱིན་རླབས་ཞུགས་ཤིང་ཡོན་ཏན་མངོན་དུ་བྱས་པར་མོས། ཁྱེད་རང་རྣམས་ཀྱི་ལུས་ལྷ༔ ངག་སྔགས༔ སེམས་ཆོས་ཉིད༔ སྣང་བ་ཐམས་ཅད་གཞལ་ཡས་ཀྱི་ཁང་པ༔ སེམས་ཅན་སྐྱེ་འགྲོ་ཐམས་ཅད་ཐུགས་རྗེ་ཆེན་པོ་ལ་སོགས་པའི་ཡི་དམ་གྱི་ལྷའི་རང་བཞིན་དུ་ཤེས་པས༔ ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་པར་གྱིས་ཤིག༔ དེ་ནས་རྗེས་སུ་གནང་བ་སྦྱིན་ཞིང་སོགས་ནས། ཐུགས་ཀྱི་ཕྲིན་ལས་སྒྲུབ་པར་མོས་ཤིག་བར་གྱིས་རྗེས་གནང་གསུམ་སྦྱིན་ལ། དེ་ལྟར་དཀྱིལ་འཁོར་དུ་བཅུག་ཅིང་དབང་བསྐུར་པས་སྒོ་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་གདོད་ནས་ཡིན་པ་ལ་ཡིན་པར་ཤེས་པས་རིང་པོར་མི་ཐོགས་པར་འཚང་རྒྱ་བར་ལུང་སྟོན་པ་ཡིན་ཏེ། རྒྱ་སྤྱི་བཞིན་བཅས། དེ་རིང་ངས་ཁྱོད་ལུང་བསྟན་ཏེ། །འོད་དཔག་མེད་པ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་སྡུག་བསྔལ་ཀུན་ལས་གྲོལ། །ཀྱེ་དཔལ་དགྱེས་པའི་པདྨ་ཞེས་བྱ་བ་སརྦ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་སྟྭཾ་བྷུར་བྷུ་ཝ་སྭ། འདི་མཚམས་མཆོག་དབང་གུད་སྦས་ཁ་འཕང་དུ་བཀོད་པ་བཞིན། དེས་རྡུལ་ཚོན་གྱི་འམ་རས་བྲིས་ཀྱི་འམ་ཚོམ་བུའི། དཀྱིལ་འཁོར་དུ་བླ་མ་སྤྲུལ་པའི་སྐུ་ལས་བུམ་པའི་དབང་ཐོབ་སོགས་ནས། དྲིས་ལན་རྗེས་སྡོམ་གཟུང་དོར་ཞིང་། སྔོན་ཆད་རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་ཆིངས་ཤིང་། ཕྱག་རྟེན་དུ་མེ་ཏོག་ཐོགས་པར་མོས། འབྲུ་གསུམ་གྱིས་མིག་དར་དང་། ཨཱ་ཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་འཛིན་བཅུག །ཡེ་ཤེས་དབབ་མཐར། མེ་ཏོག་སློབ་དཔོན་གྱི་ལུས་དཀྱིལ་དུ་འདོར་དགོས། གཞན་མཐར་ཆགས་སུ་བསྐུར་ཞིང་། དགའ་སྤྲོ་བསྐྱེད་པའི་རྗེས་སྤྱི་ལྟར་ཤིས་པ་བརྗོད། དེ་དག་གི་སྒོ་ནས་ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་དམ་མི་ཏྲ་གསང་སྒྲུབ་ཏུ་གྲགས་པའི་དབང་བསྐུར། གུད་སྦས་ཡང་གསང་བླ་མེད་ཀྱི་མཆོག་དབང་རྣམ་གསུམ་བཅས་ལེགས་པར་གྲུབ་པ་ཡིན་ཏེ། རྩ་བའི་གཞུང་ལས་སོགས་དབང་དང་ཆོ་གའི་རྗེས་མཐར་དབྱུང་བས་གྲུབ་བོ།། །། ༈ ཨོ་རྒྱན་རྡོ་རྗེ་གླིང་པ་འཇམ་དཔལ་ཆོས་ཀྱི་བཤེས་གཉེན་གྱི་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་རྒྱལ་བ་རྒྱ་མཚོའི་དབང་བསྐུར་རེག་པ་དོན་ལྡན་བཀླག་ཆོག་ཏུ་བསྡེབས་པ་ཨུ་དུམྦ་རའི་འཛུམ་ཟེར་ལྟར་དབང་སྒྲུབ་ཀྱི་བུམ་སྒྲུབ་རྗེས། ཚེ་དབང་ཟུར་གསལ་གྱི་ཚེ་ཡི་བུམ་སྒྲུབ་སྦྱར་བ་དང་། དབང་དངོས་གཞིའི་མཐའི་གཏང་རག་ལུས་འབུལ་རྗེས་ཀྱི་བཀའ་དྲིན་གསོལ་ཞིང་ཞལ་སྐྱེམས་དྲངས་ཟིན་པའི་མཚམས་དེར། སླར་ཐུགས་རྗེ་སོགས་མཚམས་སྦྱོར་གྱི་མཎྜལ་སོགས་ནས། བྱིན་འབེབ་དཀྱུས་གསལ་བསྡུས་པ་བྱ། ཚེ་འགུགས་རྒྱས་བསྡུས་གང་བྱེད་སོ་སོའི་བློ་ནུས་དང་སྦྱར་ཆོག །བུམ་དབང་སོགས་མཐར་ཆགས་སུ་བསྐུར་རྗེས། སྣ་བདུན། རྟགས་རྫས་རྒྱས་བསྡུས་སྐབས་སྦྱར་མཇུག་ཏུ་ཤིས་པ་བརྗོད། དམ་ཚིག་བསྒྲག་གཟུང་། གཏང་རག་སོགས་དབང་དང་། ཆོ་གའི་རྗེས་དབང་ཆོག་ཆེན་མོ་ལྟར་བྱའོ།། །། ༈ རྡོ་རྗེ་གླིང་པའི་ཐུགས་རྗེ་ཆེན་པོ་ངན་སོང་ཀུན་སྐྱོབས་ཀྱི་དབང་གི་ཆོ་ག་གསལ་བར་བཀོད་པ་སྟོན་མཚན་ཟླ་བའི་ཐིག་ཕྲེང་ལྟར་དབང་སྒྲུབ། དབང་དངོས། རྗེས་བཅས་བྱའོ།། །། ༈ རཏྣ་གླིང་པའི་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་སྨིན་བྱེད་ཆེན་མོ་ཡན་ལག་དང་བཅས་དཀྱུས་གཅིག་ཏུ་བཀོད་པ་རིན་ཆེན་གཏེར་གྱི་བུམ་པའི་རྒྱུན་འདྲེན་ལྟར་བདག་བསྐྱེད་ནས། བུམ་པ་བཅའ་སྐབས། འགྲུབ་ན་དབང་གཞུང་ལས་གསུངས་པའི་སྔགས་རྣམས་ཀྱང་བརྗོད་དགོས་པར་གསུངས་པས་སྦྱར་བར་སྤྲོ་ན། ཨོཾ་མ་ཎི་བུདྡྷ་ཨ་བྷི་ཥིཉྩ་ཨོཾ༔ ཨོཾ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ རཏྣ་ཨ་བྷི་ཥིཉྩ་ཏྲཱཾ༔ པདྨ་ཨ་བྷི་ཥིཉྩ་ཧྲཱི༔ ཀརྨ་ཨ་བྷི་ཥིཉྩ་ཧཱ༔ ཨོཾ་མཱུཾ་ཧཱུྃ་མཱཾ་སྭཱ་ལཱཾ་ཨཱཿཔཱཾ་ཧཱ་ཏཱཾ་ཨ་བྷི་ཥིཉྩ་ཧཱུྃ༔ བུདྡྷ་མུ་ཀུ་ཏ་ཏྲཱཾ་ཨ་བྷི་ཥིཉྩ་ཨཱ༔ བཛྲ༴ རཏྣ༴ པདྨ༴ ཀརྨ༴ སརྦ་རཏྣ་ཛྙཱ་ན་ཨ་བྷི་ཥིཉྩ་མཱཾ༔ ཨོཾ་མ་ཧཱ་ཛྙཱ་ན་པཉྩ་ཤ་པ་ཏ་ཨ་བྷི་ཥིཉྩ་ཧྲཱི༔ བཛྲ་སཏྭ་ཨ་བྷི་ཥིཉྩ་ཨཱ༔ བུདྡྷ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ རཏྣ་ཛྙཱ་ན༴ པདྨ་ཛྙཱ་ན༴ ཀརྨ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ ཨོཾ་ཝཱ་གཱི་ཤྭ་རཿམཱུཾ་སརྦ་ཨ་བྷི་ཥིཉྩ་ཨོཾ༔ ཨཱརྻ་ཨ་ཝ་ལོ་ཀི་ཤྭ་ར་ཡ་སརྦ་ཨ་བྷི་ཥིཉྩ་ཨཱ༔ བཛྲ་སཏྭ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ མ་ཧཱ་བཛྲ་དྷཱ་ར་ཨ་བྷི་ཥིཉྩ་ཨཱ༔ ཨོཾ་བོ་དྷི་སཏྭ་ཨ་བྷི་ཥིཉྩ་ཨཱ༔ ཛྙཱ་ན་མུ་དྲ་ཨ་བྷི་ཥིཉྩ་མཱཾ༔ ཨོཾ་མུ་ནེ་ཀྵཾ་ཡེ་ཀྲུཾ་ཀྲེཾ་ནྲྀ་ཏྲི་ཧཱུྃ་ཨ་བྷི་ཥིཉྩ་ཨཱ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཨཱ༔ ཨོཾ་བུདྡྷ་སརྦ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱིཿཧྲཱིཿཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཛྙཱ་ན་ཨ་བྷི་ཥིཉྩ་ཧྲཱི༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སཏྭ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱཀྐ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་ཨཱཏྨ་ཀོ྅་ཧཾ༔ ཞེས་པའི་བར་བརྗོད་ཅིང་། སྟ་གོན། དབང་སྒྲུབ། དངོས་གཞི་རྩ་དབང་ཆེན་མོ་ལ་སངས་རྒྱས་སྟོང་དབང་རྒྱས་པ་སྦྱར་དུས་བསྡུས་པ་མི་དགོས་ཀྱང་། འདིར་རྒྱུན་ཁའི་ཁྱད་ཀྱིས། ཐོག་མར་དུས་གསུམ་སངས་རྒྱས་གཏང་། དེ་ནས་ཟུར་གསལ་སངས་རྒྱས་སྟོང་དབང་བསྐུར་ཐབས་འབྲེལ་ཚད་དོན་ལྡན་བཞིན་སྦྱར་བ་དང་། རིལ་བུམ་དབང་བཅས་བསྐུར། གཏོར་དབང་རྒྱས་པ་དབང་འབྲིང་དུ་འབྱུང་བས་དབང་ཆེན་དཀྱུས་ཀྱི་དེ་དོར་ཡང་ཆོག །གལ་ཏེ་མི་དོར་བར་འདོད་ཀྱང་ལྷག་པའི་སྐྱོན་ནི་མ་མཆིས། རིམ་བཞིན་དབང་ཆེན་ཡོངས་རྫོགས་གྲུབ་པའི་གཏང་རག་དང་། ཕྱི་མ་རྣམས་ཀྱི་ཞུ་ཡོན་སྦྲེལ་ཞིང་། ལོ་རྒྱུས་མཐར་གསོལ་འདེབས་མཐུད་པས་རིམ་པར་བསྐུར་བ་ལ། དབང་བཞི་འབྲིང་དུ་བསྐུར་བ་གཏོར་དབང་ཡིད་བཞིན་ནོར་བུ་མཚམས་སྦྱོར་གྱིས་བརྒྱན་པའི་མཐའ་ཡི་གཏོར་དབང་བསྡུས་པའི་བྱིན་རླབས་གཏོར་མའི་བཀའ་བསྒོ་དང་བཟླས་ལུང་བཅས་སྦྱར། དེ་ནས་རྣལ་འབྱོར་རྒྱུན་གྱི་དབང་ཆོག་འགྲོ་དོན་ཆར་རྒྱུན་རྣམས་སྦྲེལ་ཏེ་བསྐུར། ཆོ་གའི་རྗེས་དབང་རྒྱས་པ་བཞིན་བྱའོ།། །། ༈ པདྨ་གླིང་པའི་ཐུགས་རྗེ་ཆེན་པོ་མུན་སེལ་སྒྲོན་མེའི་རྩ་བའི་དབང་བསྐུར་འཇུག་པ་བདེ་བར་བཀོད་པ་འབྲེལ་ཚད་དོན་ལྡན་ལྟར་དབང་སྒྲུབ། དངོས་གཞི་རྩ་དབང་དང་དྲུག་པ་གཏོར་དབང་སྦྲེལ་མ། དབང་སྒྲུབ་གཅིག་འཐུས་ཀྱིས་དབང་བསྐུར་གསུང་རྒྱུན་ཁྲོམ་ཤོག་མ་གསལ་བར་བཀོད་པ་སྦྱར། རྗེས་ཆོག་བཅས་བྱའོ།། །། ༈ འགྲོ་འདུལ་ལས་འཕྲོ་གླིང་པའི་ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེ་༧ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཉེ་བརྒྱུད་ཀྱི་དབང་བསྐུར་དཀྱུས་གཅིག་ཏུ་བཀོད་པ་མཐོང་ཆོག་སྒྲོན་མེ་ལྟར་བདག་བསྐྱེད། ཁྲུས་ལས་བུམ་སྒྲུབ། སྡིག་སྒྲིབ་དག་བྱེད་ཁྲུས་ལུང་དབང་། རྗེས་བསྡུ། དེ་ནས་སློབ་དཔོན་གྱིས་དབང་སྒྲུབ་སྐབས། སློབ་མས་སྒོ་དྲུང་དུ་ཧཱུྃ་བཟླ། སློབ་དཔོན་གྱིས་དྲག་པོའི་སྦྱིན་སྲེག་མཐར། སྒོ་ཞུས། མེ་ཐུན་བརྡེག་པ་སོགས་བགེགས་བསྐྲད་དང་། སྟ་གོན་དབང་སྔོན་འགྲོས། བུམ་གསང་སོགས་དབང་སོ་སོར་བསྒྲུབ་བསྐུར་གཞུང་ལྟར་དགོས་ཀྱང་། ཤིན་ཏུ་བསྡུས་པའི་ལུགས་ལྟར་ན། བདག་སྐྱེད་དང་རྡོར་སེམས་རྟ་མགྲིན་གྱི་ཁྲུས་ལས་བུམ་སྒྲུབ་སྟབས་གཅིག་གྲུབ་རྗེས། ཁྲུས་དབང་། སྦྱིན་སྲེག །སློབ་མ་སྒོའི་ཕྱི་རོལ་དུ་འཁོད་པར་མོས་པས་སྒོ་ཞུས། མེ་ཐུན་སྐབས་སྦྱིན་སྲེག་གི་མེ་ལས་སྦར་བའི་དཔལ་འབར་གྱིས་བསྐོར་བ་བྱས་ཀྱང་རུང་ཙམ། ཆོས་བཤད་རྒྱུད་སྦྱོང་སོགས་སྟ་གོན་སྔོན་འགྲོ་དང་། དངོས་གཞིར་བུམ་གསང་གཉིས་ཆོ་ག་སོ་སོར་བསྒྲུབས་ནས། གསང་དབང་གི་བཟླས་པའི་རྗེས་ཤེར་དབང་དང་ཚིག་དབང་གི་དམིགས་བཟླས་གཉིས་རིམ་པར་སྦྱར། རྩལ་དབང་ལ་བརྒྱུད་འདེབས། བྱིན་འབེབ། ལྷ་ཁྲུས་སོགས་ཀྱིས་བསྒྲུབ་ཅིང་། ༼ཉི༽གཏེར་སྲུང་རྡོ་རྗེ་ལེགས་པའི་རྗེས་གནང་བསྟན་སྐྱོང་སྙིང་བཅུད་བཞིན་དབང་སྒྲུབ་དཀྱུས་གཅིག་ཏུ་སྦྲེལ་སྐབས། དམ་ཅན་གྱི་རྟེན་རྫས་མཆོད་གཏོར་རྣམས། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་ཡཾ་ལས་རླུང་སོགས་དམ་སྤྱིའི་གཏོར་ཆོག་ནས་འབྱུང་བས་བརླབ་ཅིང་། རང་གི་སྙིང་གའི་ཧྲཱིཿལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གློག་འཁྱུགས་པ་ལྟར་འཕྲོས་པས། པདྨ་དབང་ཆེན་ཧེ་རུ་ཀའི་ཡང་སྤྲུལ་དྲེགས་པའི་ཚུལ་འཛིན་པ། དམ་ཅན་རྡོ་རྗེ་ལེགས་པ་དམར་སྨུག་སེང་ཞོན་གཙོ་འཁོར་དཔུང་ཚོགས་རྒྱ་མཚོ་དང་བཅས་པ་རང་བཞིན་ཆོས་ཀྱི་དབྱིངས་དང་། གར་བཞུགས་ཀྱི་གནས་ནས་སྐྱེས་བུ་ཆེན་པོ་འཁོར་དང་བཅས་པ་སྤྱན་དྲངས་པར་གྱུར་པར་མོས་པས། བསྟན་སྐྱོང་སྙིང་བཅུད་དུ་གསུངས་པ་བཞིན་སྤྱན་འདྲེན་ནས། བསྐང་གསོ་དང་གསེར་སྐྱེམས་མཐའ་བར་བཏང་རྗེས། ཐུགས་ཆེན་ལས་བྱང་རིན་ཆེན་ཕྲེང་བ་བཞིན་ཚོགས་བྱིན་གྱིས་བརླབས་ཏེ་འབུལ། རིག་མེ་དོར་ལ་གནང་བ་ནོད། ཁྲུས་སྤོས་དང་། སྒོ་ཞུས། བུམ་དབང་སྣང་སྟོང་རང་གྲོལ། སླར་ཡང་སློབ་མ་རྣམས་སྒོའི་ཕྱི་རོལ་དུ་འཁོད་པར་མོས་པས། སྒོ་ཞུས། གསང་དབང་རྩ་རླུང་རང་གྲོལ།་་་འདི་གཉིས་ལ་ཐབས་ཤེས་ཀྱི་དབང་རྫས་སོ་སོར་གཏད་དགོས།མཆན།་་་ཤེར་དབང་བདེ་སྟོང་རང་གྲོལ། ཚིག་དབང་སེམས་ཉིད་རང་གྲོལ། རིག་པའི་རྩལ་དབང་འོད་སྣང་རང་གྲོལ་རྣམས་མུ་མཐུད་ཀྱིས་བསྐུར་མཐར། བསྟན་སྐྱོང་སྙིང་བཅུད་བཞིན་དམ་ཅན་རྡོར་ལེགས་དམར་སྨུག་གི་རྗེས་གནང་མཐར་ཆགས་སུ་བསྐུར། རྗེས་ཆོག་སྐབས། རྟ་བྲོའི་རྗེས་དམ་ཅན་གྱི་མཆོད་གཏོར་ལ་དམིགས་ཏེ། ནྲྀ་ཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿས་དགྲ་བགེགས་བཀུག་བསྟིམ་འཆིང་སྡོམ་མྱོས་པར་བྱས་ཏེ། ཨོཾ་ཨཱཿཧཱུྃ་ཧོཿས་བརླབས་ལ། ཕྱི་སྒྲུབ་ནས་འབྱུང་བའི་བསྙེན་སྔགས་མཐར། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཞེས་བཏགས་པ་ལན་བདུན་ནམ་གསུམ་གྱིས་གཏོར་མ་དང་། བཛྲ་སཱ་དྷུ་ཏྲི་ཤཱུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པཱ་དྱཾ་ནས། པྲ་ཏཱིཙྪ་སྭཱ་ཧཱ། དམ་ཅན་ལས་བྱང་གོང་གི །མ་ཧཱ་མཱཾ་ས་ལ་སོགས་ཀྱིས་མཆོད། སྤྲོ་ན་འོག་གི་སྐོང་གསོ་སླར་ཡང་བསྐྱར། གང་ལྟར་ཡང་། དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་སོགས་ཀྱིས་ཕྲིན་ལས་བཅོལ། ཀྱཻ༔ ཕྱོགས་ཕྱོགས་དེ་ནི་སོགས་ཀྱིས་བསྟོད། ཡིག་བརྒྱས་ནོངས་པ་བཤགས། གཤེགས་བསྟིམ་གང་འོས་སྐབས་དང་བསྟུན། དམ་ཅན་ལས་བྱང་མཇུག་གི་སྨོན་ཤིས་མཐར། རྩ་དཀྱིལ་ལ་མཆོད་བསྟོད་སོགས་དབང་ཆོག་ནས་གསུངས་པ་ལྟར་བྱའོ།། །། ༈ གྲུབ་མཆོག་ཚུལ་ཁྲིམས་བཟང་པོས་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་དངོས་སུ་བསྩལ་པ་ཐུགས་རྗེ་ཆེན་པོ་ཡི་གེ་དྲུག་པའི་གསོལ་འདེབས་སྒྲུབ་ཐབས་དང་འབྲེལ་བའི་རིག་གཏད་ཆོ་ག་མཆོག་དམན་སྙིང་གི་བདུད་རྩི་ལྟར་དབང་སྒྲུབ། དངོས་གཞིར་རིག་གཏད་རྗེས་གནང་། རྗེས་བཅས་བྱའོ།། །། ༈ རིག་འཛིན་ལེགས་ལྡན་རྡོ་རྗེ་བདུད་འཇོམས་ཀྱི་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་སྨིན་བྱེད་ཆོ་ག་ཡེ་ཤེས་དབྱིངས་སྒྲོལ་ལྟར་དངོས་སྟ་སྦྲེལ་མའི་དབང་སྒྲུབ། དབང་དངོས། རྗེས་བཅས་བྱའོ།། །། ༈ གར་དབང་ཞིག་གླིང་འོད་གསལ་སྒྱུ་མའི་ཐུགས་ཆེན་འཁོར་བ་ལས་སྒྲོལ་ནམ་མཁའ་རྒྱལ་པོའི་དབང་བསྐུར་རྒྱས་པ་བཀླག་ཆོག་ཏུ་བཀོད་པ་དངོས་གྲུབ་ཆུ་རྒྱུན་ལྟར་བདག་བསྐྱེད། སྟ་གོན། དབང་སྒྲུབ་ལ་ལས་བྱང་རྒྱས་པ་དང་། བཀའ་སྲུང་ལས་བྱང་རྒྱས་པ་སྔགས་བྱང་བཅས་གཏེར་མཛོད་གཞུང་དུ་མ་བཞུགས་པས། ལས་བྱང་དངོས་གྲུབ་གཏེར་འབྱུང་སྙིང་པོ་བསྡུས་པ་དང་། གཏེར་སྲུང་གཏོར་འབུལ་རྒྱུན་ཁྱེར་བཅས་བཏང་ནས། ཕྱི་མའི་བསྟོད་པའི་མཐར། དམིགས་པ་སྤྱི་མཐུན་གསལ་ནས། ཐོག་མར་གོང་ནོན་སྔགས་དང་། དེ་ནས་སྲུང་མའི་སྔགས་སོ་སོར་ཅུང་ཟད་རེ་གཤམ་གསལ་སྔགས་བྱང་ལྟར་བཟླས་པས་བཀའ་གཏད་ཀྱི་དབང་སྒྲུབ་གོ་བཅད། དངོས་གཞིར་དབང་ཆེན་སངས་རྒྱས་སྟོང་དབང་སོགས་དང་། ཉམས་སུ་ལེན་ཅིང་བརྒྱུད་འཛིན་ལ་བཀའ་སྲུང་བདུན་པོའི་བཀའ་གཏད་བྱ་ཞིང་། དེའི་བཟླས་ལུང་སྐབས། སྔགས་བྱང་ཟུར་གསལ་ལམ། སྤྱི་ཙམ་དུ་གོང་ནོན། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཕཊ༔ ལན་གཅིག །དེ་ནས་གཟའ་གདོང་ལ། ཨོཾ་རཀྴ་རཱ་ཧུ་ལ་པ་ཤ་མི་ཀི་ཧྲིཾ་ཧྲིཾ་ཛ༔ ལན་གསུམ། དེ་བཞིན་གོང་ནོན་རྟ་མགྲིན་ཡི་གེ་བརྒྱད་པའི་སྔགས་ཚར་རེ་དང་། སྲུང་མའི་སྔགས་ལན་གསུམ་རེ་འགྲེ་བས། དཔལ་ལྷར། ཨོཾ་ཤྲཱི་དེ་ཝཱི་སརྦ་ས་མ་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛཿཧཱུྃ་ཕཊ༔ ཤན་པར། ཨོཾ་མུཎྜ་ཀ་ས་ཡེ་ཚཱ་ག་ས་མ་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛཿཧཱུྃ་ཕཊ༔ སྲིན་པོར། ཨོཾ་རཀྴ་རཱ་ཙ་རཀྴ་སརྦ་ས་མ་ཡ་ཧཱུྃ་ཕཊ༔ མཱ་ར་སྙིང་ཟན་ལ། ཨོཾ་ཙིཏྟ་ཁཱ་ཧི་མཱ་ར་ཏྲི་ས་མ་ཡ་ཛཿཧཱུྃ་ཕཊ༔ ཀླུ་ལ། ཨོཾ་ནཱ་ག་རཱ་ཙ་ནག་པོ་ཏི་པ་ཙ་སརྦ་ས་མ་ཡ་ཧཱུྃ་ཕཊ༔ ཐང་ལྷར། ཨོཾ་དེ་ཝ་ཙཎྜི་ནཱ་ག་ཙིཏྟ་ས་མ་ཡ་ཧྲིཾ་ཧྲིཾ་ཛཿཛ༔ ཞེས་པ་རྣམས་སྦྱར་བ་ནས་གཏང་རག་བར་དང་། དབང་ཆོག་དངོས་གྲུབ་རྫིང་བུ་ལྟར་དོན་དབང་སྦྱར། སློབ་མ་བརྒྱུད་འཛིན་ཐུན་མིན་ལ་བླ་མ་འཕགས་པ་བཀའ་སྲུང་དང་བཅས་པའི་ཡོངས་རྫོགས་གཏད་རྒྱའི་དབང་བསྐུར་ཚུལ་གཞུང་ལྟར་དང་། དབང་ཆེན་ལྟར་དབང་ཆོ་གའི་རྗེས་ཆོག་བཅས་བྱའོ།། །། ༈ ཤེས་རབ་འོད་ཟེར་གྱི་གྲོལ་ཏིག་དགོངས་པ་རང་གྲོལ་གྱི་ཐུགས་རྗེ་ཆེན་པོ་པདྨའི་དབང་ཕྱུག་གི་སྨིན་བྱེད་ཁྱེར་བདེར་བཀོད་པ་བདེ་ཆེན་ལམ་འདྲེན་ལྟར་དབང་སྒྲུབ། དབང་དངོས། རྗེས་ཆོག་བཅས་བྱའོ།། །། ༈ འཇའ་ཚོན་སྙིང་པོའི་ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གྱི་དབང་བསྐུར་ཆོ་ག་འགྲིགས་ཆགས་སུ་བཀོད་པ་ཟླ་བ་རྒྱས་པའི་འཛུམ་ཟེར་ལྟར་དབང་སྒྲུབ། དབང་དངོས། རྗེས་ཆོག་བཅས་བྱའོ།། །། ༈ བདུད་འདུལ་རྡོ་རྗེའི་ཐུགས་རྗེ་ཆེན་པོ་ནམ་མཁའི་རྒྱལ་པོའི་གསང་སྒྲུབ་འཁོར་བ་དོང་སྤྲུག་དང་འབྲེལ་བར་དབང་གི་སྔོན་འགྲོ་སྟ་གོན་དང་། དབང་གཞུང་བདུད་རྩིའི་ལྟེང་ཀ་དངོས་སྟ་སྦྲེལ་བར་བསྐུར་བའི་སྐབས། ཐོག་མར་དབང་དོན་སྒྲུབ་མཆོད་ལ། གསོལ་འདེབས་བྱིན་རླབས་སྤྲིན་ཕུང་རྗེས། སྐྱབས་སེམས་ནི། ན་མོ༔ བླ་མ་སངས་རྒྱས་འཕགས་མཆོག་སྤྱན་རས་གཟིགས༔ སོགས་ཡང་གསང་བླ་ན་མེད་པའི་སྒྲུབ་པ་ན་རཀ་དོང་སྤྲུག་ལྟར། སེམས་བསྐྱེད་དོ༔ བར་སོ་སོར་ལན་གསུམ་རེ། གསག་སྦྱོང་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ སོགས་དབང་གི་སྔོན་འགྲོ་བཞིན་རྒྱུན་བཤགས་ལན་གསུམ། ཕྲིན་ལས་རང་གཞུང་འགྲོ་དོན་ལྷུན་གྲུབ་ནོར་བུ་པདྨའི་ཕྲེང་བ་ལྟར། བདག་ཉིད་སྐད་ཅིག་གིས་སོགས་མཚམས་ལྷ་བསྐྱེད་པ་ནས། མཆོད་བརླབ་མཐར། གསང་སྒྲུབ་འཁོར་བ་དོང་སྤྲུག་ལྟར། ཨཱོྃ་སྭ་བྷཱ་ཝས་སྦྱང་། གཟུང་འཛིན་གྱིས་བསྡུས་པའི་སོགས་ཀྱིས་བདག་མདུན་དབྱེར་མེད་དུ་གསལ་བཏབ་ནས། བྱིན་ཐིབས་སེ་བྱོན་པར་གྱུར་བར་མངོན་རྟོགས་མཐར་ཆགས་སུ་གཏང་། ཕྲིན་ལས་ཀྱི། ཧཱུྃ། མ་ལུས་སེམས་ཅན་སོགས་སྤྱན་འདྲེན་ནས་མཆོད་པའི་མཐར། ཨརྒྷཾ་སོགས། སྨན་རཀ་ཁཱ་ཧི་བཏགས་ལ་མཆོད༔ ཅེས་པ་ལ། ཕྲིན་ལས་རང་གཞུང་གི་དང་གཞི་གཅིག་པར་སྐྱབས་སེམས་དང་ལྷ་བསྐྱེད་ཡང་གསང་སྒྲུབ་པ་ན་རཀ་དོང་སྤྲུག་དང་ཛཔ྄་བཟླས་སྐོར་གསང་སྒྲུབ་འཁོར་བ་དོང་སྤྲུག་གི་དམིགས་པ་ཚིགས་བཅད་ཕྱིན་བཅས་དཀྱུས་སུ་བཀོད་པའི་ཁྱད་པར་ཅན་ཞིག་འདུག་པའི་ནང་དུ། ཨརྒྷཾ་པཱ་དྱཾ་ནས། ཤབྡ་པྲ་ཏཱིཙྪ་ཁ་རཾ་ཁཱ་ཧི༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ ཞེས་སྦྱར་བ་སྣང་བས་དེ་ལྟར་སྦྱོར་མཛོད། བསྟོད་པ་བཏང་མཐར། ཛཔ྄་ཁང་སྤྱི་ལྟར་དབྱེ་ལ། བཟླས་དམིགས་ནི། གསང་སྒྲུབ་ཀྱི་མངོན་རྟོགས་འཕྲོས་སུ་འབྱུང་བ། རང་ཉིད་འཕགས་པ་ནམ་མཁའི་རྒྱལ་པོར་སོགས་ནས། མཐའ་སྐོར་དུ༔ གསང་སྔགས་ཀྱི་རྒྱལ་པོས་བསྐོར་བར་གྱུར། ཅེས་གསལ་བཏབ་ནས། ཡིག་བཅུ་ཅུང་ཟད་བཟླ། ཧཱུྃ་ཧྲཱི༔ བདག་ཉིད་འཕགས་པའི་ཐུགས་ཀ་སོགས་སྤྲོ་བསྡུའི་དམིགས་པ་སོ་སོར་ཡིག་བཅུ་དང་། དྲག་དམིགས་མཐར་ཡི་གེ་བཅུ་གཅིག་པ་རྣམས་རིམ་བཞིན་བཟླ། རྡོར་བཟླས་དང་དོང་སྤྲུག་བཟླས་པ་རྣམས་བཅས་སོ་སོར་ཉུང་ཙམ་རེ། ཧཱུྃ་ཧྲཱི༔ སྣང་བ་ནམ་མཁའི་རྒྱལ་པོའི་སོགས་འདོན་སྒོམ་སྦྲགས་མར་སྐུ་གསུང་ཐུགས་དང་སྒྲུབ་པ་ཆེན་པོ་སྣང་སྲིད་གཞིར་བཞེངས་ཀྱི་དགོངས་པ་གསལ་བཏབ་ནས་སོ་སོར་ཡིག་བཅུ་བཟླ་བ་དང་། ཐུགས་ཀའི་ཡིག་བཅུའི་མཐར་གཟུངས་རིང་ཡིག་མགོ་ཕྱིར་བསྟན་གྱིས་གཡོན་དུ་བསྐོར་བར་དམིགས་ལ། ན་མོ་རཏྣ་ཏྲ་ཡཱ་ཡ༔སོགས་གཟུངས་རིང་དང་། ཨཱོྃ་ཧྲཱིཿན་མོ་སོགས་སྤྱི་དྲིལ་ཅི་འགྲུབ་དང་། ཡིག་བཅུ་སུམ་བརྒྱ་ལས་མི་ཉུང་བ་བཟླ། གཞུང་གི་དགོངས་པ་ལྟར། བུམ་པ་ལ་མདུན་བསྐྱེད་བཞིན་བསྐྱེད་བསྟིམ་མཆོད་བསྟོད་རྒྱས་པར་བྱ་བའམ། བསྡུ་ན། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་པ་བཞིན་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། །ཅེས་གསལ་བཏབ་ལ། གཟུངས་ཐག་བླངས་ནས་ཡིག་བཅུ་ཅི་འགྲུབ་དང་། སྤྱི་དྲིལ་ཉེར་གཅིག་སོགས་བཟླ། གསང་ཐོད་ལ། བྷཉྫ་བདེ་སྐྱོང་སྣོད་ཡངས་པར། །བཅུད་རྫས་དམ་ཚིག་བདུད་རྩིའི་མཚོ། །ཐུགས་རྗེའི་ལྷ་ཚོགས་ཆར་བཞིན་བབས། །མྱང་གྲོལ་ཡེ་ཤེས་བདུད་རྩིར་གྱུར། །ཅེས་དམིགས་ལ་ཡིག་བཅུ་བརྒྱ་རྩ་སོགས་བཟླ། མཐར། ཡེ་ཤེས་ལྷ་ཚོགས་སོགས་ཀྱིས་མདུན་བུམ་མཆོད་བསྟོད་ཆབས་ཅིག་ཕུལ་ནས། བུམ་ལྷ་འོད་ཞུ་དང་། ལས་བུམ་དུ་རྟ་མགྲིན་བསྐྱེད་བསྟིམ་མཆོད་བསྟོད་བཟླས་པ་སྤྱི་འགྲེ་བྱ། ཚོགས་མཆོད་ཡང་གསང་བླ་སྒྲུབ་ལས་བྱ་བར་གསུངས་པས་དཔེ་འབྱོར་ན་དེ་ལྟར་རམ། ཡང་ན་ཚོགས་རྫས། རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། ཨཱོྃ་ཨཱཿཧཱུྃ་གིས་བདུད་རྩིར་བསྒྱུར། ཧ་ཧོ་ཧྲཱིཿཡིས་མཁའ་ཁྱབ་སྤེལ། །རྡོ་རྗེའི་དམ་ཚིག་རྨད་པོ་ཆེ། །དུ་མ་རོ་གཅིག་བླང་དོར་བྲལ། །དུག་ལྔ་ཡེ་ཤེས་ལྔར་རྫོགས་པའི། །མཉམ་སྦྱོར་བདུད་རྩིའི་སྤྲིན་དུ་གྱུར། །ཨཱོྃ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས། སྤྱན་འདྲེན་ནི། ཧྲཱིཿ བདེ་བ་ཅན་གྱི་ཞིང་ཁམས་ནས། །སྣང་བ་མཐའ་ཡས་གཤེགས་སུ་གསོལ། །འོག་མིན་ལྷུན་གྲུབ་ཕོ་བྲང་ནས། །ཐུགས་རྗེ་ཆེན་པོ་གཤེགས་སུ་གསོལ། །གང་འདུལ་ཐུགས་རྗེའི་ཕོ་བྲང་ནས། །ཡུམ་སྲས་སྤྲུལ་འཁོར་གཤེགས་སུ་གསོལ། །དག་པ་མཁའ་སྤྱོད་ཞིང་ཁམས་ནས། །མ་དང་མཁའ་འགྲོ་གཤེགས་སུ་གསོལ། །བཀའ་དང་དམ་ཚིག་གཞལ་ཡས་ནས། །ཆོས་སྐྱོང་བཀའ་སྡོད་གཤེགས་སུ་གསོལ། །ཕྱི་སྣོད་བདེ་ཆེན་གཞལ་ཡས་འདིར། །ནང་བཅུད་འདོད་ཡོན་ཚོགས་སུ་བཤམས། །སྒྲུབ་མཆོག་དམ་ཚིག་དྭངས་རེ་སྤྲོ། །འགྲོ་འདུལ་ཐུགས་རྗེའི་ལྷ་ཚོགས་རྣམས། །ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ། །མ་ཧཱ་གུ་རུ་ཨཱརྻ་ལོ་ཀི་ཤྭ་ར་གྷ་གྷ་རཱ་ཛ་ཛྙཱ་ན་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་བཛྲ་ས་མཱ་ཛཿ ཚོགས་མཆོད་ནི། ཧཱུྃ་ཧྲཱིཿ ཡེ་ཤེས་ཐུགས་རྗེའི་ལྷ་ཚོགས་ལ། །རྡོ་རྗེའི་འདོད་ཡོན་བླ་མེད་རྒྱན། །མཆོད་པའི་ཕྱག་རྒྱ་ཕྱི་ནང་གསང་། །རྨད་བྱུང་རོལ་པའི་ཚོགས་མཆོད་འབུལ། །བདེ་ཆེན་མཉམ་སྦྱོར་དབྱིངས་སུ་བསྐང་། །ཉམས་ཆག་མ་སྐྱེས་དག་པར་བཤགས། །གཟུང་འཛིན་རང་གྲོལ་ངང་དུ་བསྒྲལ། །མཉམ་ཉིད་བླང་དོར་བྲལ་བར་བཞེས། །མི་དམིགས་དོན་གྱི་དངོས་གྲུབ་སྩོལ། །གོང་སྔགས་མཐར། ས་པ་རི་ཝཱ་ར་མ་ཧཱ་སུ་ཁ་ག་ཎ་ཙཀྲ་སརྦ་པཱུ་ཛ་ཧོཿ ཞེས་མཆོད་བཤགས་བསྒྲལ་སྟོབ་ཆབས་ཅིག་ཏུ་འབུལ་ལོ། །རིག་མེ་དོར་ལ་གནང་བ་ནོད། སློབ་མ་སྟ་གོན་སྐབས་ཞི་བའི་སྦྱིན་སྲེག་མདོར་བསྡུས་སྤྱི་འགྲོ་འམ། མེ་ཁྲོལ་འདུ་བྱས་ལ་བསང་སྦྱང་། སྟོང་པའི་ངང་ལས་མེ་ཐབ་མཚན་ཉིད་རྫོགས་ཤིང་ཡེ་ཤེས་ཀྱི་མེ་ཕུང་དཀར་ཟླུམ་འཁྱིལ་པའི་ཀློང་དུ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དམ་ཡེ་གཉིས་མེད་ཀྱི་རང་བཞིན་ཅན་སྐད་ཅིག་གིས་གསལ་བར་དམིགས་ནས། ཏིལ་ནག་ཡི་གེ་གསུམ་གྱིས་བསང་སྦྱང་། འབྲུ་གསུམ་གྱིས་བྱིན་གྱིས་བརླབས། ཡིག་བཅུ་དང་གོང་གི་སྔགས་ལ། ས་པ་རི་ཝཱ་ར་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་བདག་དང་སློབ་མའི་ནད་གདོན་སྡིག་སྒྲིབ་ཉམས་ཆག་ཉེས་ལྟུང་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བཏགས་པ་བརྒྱ་རྩ་སོགས་དམིགས་འདོན་སྦྲགས་པས་འབུལ། མཐར་མེ་ལྷ་རྣམས་ཧྲཱིཿཡིག་གི་རྣམ་པར་འདུས། རང་གི་ཤངས་བུག་གཡོན་ནས་ཞུགས། ལྟེ་བའི་གཏུམ་མོར་ཐིམ་པར་བསམས་པ་རྫས་གཅིག་ཤིན་ཏུ་བསྡུས་པ་འདིས་ཀྱང་ས་བཅད་ནི་ཚང་བར་འགྱུར། དབང་དངོས་ལ་ཕྲིན་ལས་བཞིན་བཀའ་བསྒོ་སྲུང་འཁོར་བསྒོམ། འོ། ནམ་མཁའི་མཐས་གཏུགས་པའི་མ་རྒན་རྣམས་འཁོར་བའི་ཆུ་བོ་ལས་བསྒྲལ་ཏེ་རྣམ་གྲོལ་ཐར་པའི་གླིང་དུ་འདྲེན་པར་བྱ། དེའི་ཕྱིར་དུ་འགྲོ་འདུལ་ཐུགས་རྗེ་ཆེན་པོ་ནམ་མཁའ་རྒྱལ་པོའི་དཀྱིལ་འཁོར་དུ་འཇུག་པའི་ཐོག་མར། རྒྱུད་སྨིན་པར་བྱེད་པའི་དབང་བསྐུར་ཟབ་མོ་གསན་པར་བགྱིའོ་སྙམ་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེའང་ཐབས་མཁས་ཐུགས་རྗེའི་ཕྲིན་ལས་བསམ་ལས་འདས་པ་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཕྲིན་ལས། འགྲོ་ཁམས་ཇི་སྙེད་པར་འཇུག་པ་ལ་ཚད་དང་མཐའ་གཞལ་དུ་མེད་པའི་བདག་ཉིད་ཅན་དུ་དུས་གསུམ་རྒྱུན་གྱིས་རྟག་པ་ལས། འདིར་རྒྱལ་བ་ཀུན་གྱི་བྱམས་པ་ཆེན་པོའི་ཡེ་ཤེས་གཅིག་བསྡུས་ཀྱི་བདག་ཉིད་འགྲོ་བ་འདྲེན་པའི་ཕྲིན་ལས་ཁྱད་པར་དུ་འཕགས་ཤིང་། རྒྱལ་བ་གཞན་གྱིས་མ་ཐུལ་བའི་ལྗོངས་ཁ་བ་ཅན་འདི་གདུལ་ཞིང་དུ་བདག་གིར་མཛད་ནས། རྒྱལ་བློན་བྱང་ཆུབ་སེམས་དཔའ་སོགས་སྐྱེ་འཕགས་མཐའ་ཡས་པའི་ཚུལ་བཟུང་སྟེ། གང་འདུལ་གྱི་ཕྲིན་ལས་ནམ་ཡང་བརྟུལ་བ་མེད་ཅིང་། ལྷག་པར་མི་བསྲུན་ཅིང་ཆེས་གདུལ་དཀའ་བའི་འགྲོ་བ་རྣམས་གྱི་དོན་དུ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོའི་སྐུར་བཞེངས་ཏེ། འཕགས་བོད་ཀྱི་ལྗོངས་སུ་རྨད་དུ་བྱུང་བའི་ཕྲིན་ལས་ཀྱིས་དམ་པ་ཆོས་ཀྱི་སྒྲོན་མེ་སྦར་བའི་སྐབས། ལས་ཅན་རྗེ་འབངས་རྣམས་ལ་འཕགས་པའི་སྒྲུབ་སྐོར་རྒྱས་བསྡུས་དུ་མ་བསྩལ་ཏེ། མ་འོངས་ཕྱི་མའི་སྐྱེ་འགྲོ་རྣམས་ལ་བརྩེ་བས་དགོངས་ཏེ་ཕལ་ཆེར་མི་འགྱུར་བའི་གཏེར་དུ་སྦས་པ་ཉིད། ཕྱིས་དུས་བབས་སྤྲུལ་པའི་སྐུ་མཆོག་སོ་སོས་རིམ་པར་སྤྱན་དྲངས་ཏེ། འགྲོ་བ་རྣམས་ལ་གནས་སྐབས་དང་མཐར་ཐུག་ཀུན་ཏུ་དགེ་བའི་འབྲེལ་ཚད་དོན་ལྡན་གྱི་ཕྲིན་ལས་ནུབ་མེད་དུ་མཛད་པ་ལས། སྐབས་སུ་བབས་པ་འདི་ནི་གཞུང་ལས། ཨོ་རྒྱན་མཁན་པོ་མ་ཧཱ་གུ་རུ་ཡིས༔ མ་འོངས་སེམས་ཅན་དོན་ཕྱིར་དུ༔ དུས་གསུམ་རྒྱལ་བའི་དགོངས་པ་གཅིག་དྲིལ་བ༔ འཕགས་མཆོག་ནམ་མཁའི་རྒྱལ་པོ་ཡི༔ གསང་སྒྲུབ་ཟབ་མོ་འདི་བཞིན་བསྟན༔ ཅེས་དང་། ཨོ་རྒྱན་མ་ཧཱ་གུ་རུའི་བཀའ་བཞིན་དུ༔ བུད་མེད་མཚོ་རྒྱལ་བདག་གིས་ཡི་གེར་བཀོད༔ མ་འོངས་ཚེ་ན་ཐུགས་རྗེ་ཆེན་པོ་ཡི༔ སྤྲུལ་པ་སྙིང་གི་བུ་དང་འཕྲད་པར་ཤོག༔ ཅེས་དང་། འཕྲད་ནས་ཆོས་བདག་ཉི་ཤུ་ལྔ༔ གདུལ་བྱའི་ཞིང་གྱུར་ཁྲི་ཕྲག་ལྔ༔ ཟབ་ཆོས་འདི་ཡི་བྱིན་རླབས་ཀྱིས༔ ཚེ་གཅིག་སངས་རྒྱས་འཁོར་བ་དོང་སྤྲུག་འབྱུང༔ ཟབ་ཆོས་འདི་ལ་འགྲོ་བ་ལྷ་མི་གང་གིས་ཀྱང༔ ཚུལ་བཞིན་ཉམས་སུ་མ་བླང་ཡང༔ མཐོང་ཐོས་དྲན་རེག་བདེ་བ་ཐོབ་པར་འགྱུར༔ ཞེས་དང་། པད་འབྱུང་ནམ་མཁའི་རྒྱལ་པོ་དངོས་སྣང་སྒྱུ་མའི་གར༔ འཕགས་པ་བདུད་འདུལ་གླིང་དང་འཕྲད་པར་ཤོག༔ འཕྲད་ནས་མ་འོངས་འགྲོ་ཀུན་རང་གྲོལ་ཤོག༔ ཅེས་ལོ་རྒྱུས་གཏད་རྒྱའི་སྨོན་ལམ་དང་བཅས་ཟབ་མོའི་གཏེར་དུ་རྒྱས་བཏབ་པ་ཉིད། འབྲོག་བན་ཁྱེའུ་ཆུང་ལོ་ཙཱ་བའི་རྣམ་འཕྲུལ་འགྲོ་འདུལ་རིག་འཛིན་ཆེན་པོ་བདུད་འདུལ་རྡོ་རྗེས་ཚ་བ་སྒྲོ་བྲག་པདྨ་འོད་ཙིཏྟ་གནམ་ལངས་འདྲ་བའི་མགུལ་ནས་བཞེས་ཤིང་། ལོ་ལྔར་བཀའ་རྒྱས་བཏབ་སྟེ། རྡོ་རྗེ་གླིང་པའི་རྣམ་འཕྲུལ་སྤུ་བོ་རྦ་ཁ་རིག་འཛིན་ཆེན་པོ་གར་གྱི་དབང་ཕྱུག་ཆོས་ཀྱི་རྒྱ་མཚོ་དང་། པཎ་ཆེན་དྲི་མེད་བཤེས་གཉེན་གྱི་རྣམ་འཕྲུལ་ལྷ་བཙུན་ནམ་མཁའ་འཇིགས་མེད་སོགས་ལ་རིམ་པར་སྤེལ་བར་མཛད་པའི་ཐུགས་རྗེ་ཆེན་པོའི་སྒྲུབ་སྐོར་འདི་ལའང་། ཕྱི་སྒྲུབ་འཁོར་བ་ལས་སྒྲོལ། ནང་སྒྲུབ་པདྨ་རྒྱལ་པོ། གསང་སྒྲུབ་འཁོར་བ་དོང་སྤྲུག །ཡང་གསང་བླ་མེད་སྒྲུབ་པ་ནམ་མཁའ་རྒྱལ་པོ་རྣམས་སུ་མཆིས་པ་ལས། ཐམས་ཅད་ཀྱི་རྩ་བར་གྱུར་པ་ནམ་མཁའ་རྒྱལ་པོའི་གསང་སྒྲུབ་འཁོར་བ་དོང་སྤྲུག་གི་དཀྱིལ་འཁོར་ཆེན་པོའི་སྨིན་བྱེད་ཀྱི་དབང་བསྐུར་བ་ཡིན། དེ་ལའང་སྔོན་འགྲོ་སྟ་གོན་གྱི་རིམ་པ་དང་། དངོས་གཞིའི་དབང་བསྐུར་གཉིས་སུ་ཡོད་པ་ལས། ཐོག་མར་སྔོན་འགྲོ་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་ཕུལ། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱཻ༔ བླ་མ་རྡོ་རྗེ་འཛིན་པ་སོགས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པའི་ལན་དུ་གནང་བ་སྦྱིན་ཅིང་སྤྲོ་བ་བསྐྱེད་པའི་ཕྱིར་ཟབ་མོའི་དོན་བཤད་པ་འདི་ལ་གསན་འཚལ། ཨེ་མ་སྐལ་ལྡན་སོགས་ནས། ཐེ་ཚོམ་མེད༔ འདིར་སྡོམ་གཟུང་རྒྱས་པར་འབྱུང་བ་རྣམས་འབྲེལ་ཆགས་ཀྱང་། ཟོར་ཡངས་པའི་སླད་དབང་དངོས་གཞིའི་སྐབས་སུ་མར་འཐེན་ནས་འདིར་མདོར་བསྡུས་པ་ནི། ཧོཿ དེ་ལྟ་བུའི་དཀྱིལ་འཁོར་དུ་འཇུག་པའི་ཐོག་མར་རྒྱུད་སྦྱོང་བའི་སླད་དུ། མདུན་གྱི་ནམ་མཁར་བླ་མ་དཀྱིལ་འཁོར་གྱི་དབང་ཕྱུག་ནམ་མཁའི་རྒྱལ་པོ་བདེ་གཤེགས་རྩ་གསུམ་རྒྱ་མཚོ་དང་བཅས་པའི་སྤྱན་སྔར་སྐྱབས་སུ་འགྲོ་ཞིང་། སྨོན་འཇུག་གི་སེམས་གཉིས་བསྐྱེད་པ། མཆོད་པ་འབུལ་བ། སྡིག་པ་བཤགས་ཤིང་འཕགས་སྐྱེའི་དགེ་བ་ལ་ཡི་རང་བ། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་བ། དགེ་རྩ་ཡོངས་སུ་བསྔོ་བ་སྟེ་བདུན་རྣམ་དག་ཚུལ་བཞིན་དུ་མཛད་པའི་བློས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ སོགས་འགྲུབ་པར་ཤོག༔ བར་སྟ་གོན་གཞུང་གསལ་ལན་གསུམ། དེ་ནས་གསང་སྔགས་ཀྱི་ཆོ་ག་ཟབ་མོ་བསྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་བསྐྲད་ཅིང་། སྡིག་སྒྲིབ་སྦྱོང་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་ཁྲོ་བོའི་རྒྱལ་པོ་རྟ་མཆོག་གི་ཚོགས་གྲངས་མེད་པ་འཕྲོས་པས། ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་གནོད་ཅིང་དབང་གི་ཡེ་ཤེས་སྐྱེ་བ་ལ་བར་དུ་གཅོད་པའི་བགེགས་ཐམས་ཅད་རྒྱང་རིང་དུ་བསྐྲད་པར་མོས་ལ། རྟ་སྔགས་དང་ཧཱུྃ་བཞི་བརྗོད། གུལ་ཡུངས་རོལ་མོ་བཅས་པས་བསྐྲད། ཏིལ་དང་ཏིང་ལོ་འདུ་བྱས་ལ། བུ་ཡི་སྙིང་གར་པདྨ་དམར་པོའི་སྟེང༔ སོགས། མདུན་གྱི་ཏིང་ལོའི་མེ་པདྨ་དབང་ཆེན་གྱི་སྐུར་གསལ་བའི་ཞལ་དུ་བཞེས་པའི་མོས་པ་མཛོད༔ ཨཱོྃ་སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་སྭཱ་ཧཱ། ཕྱག་བཞེས་བཞིན་ལན་གསུམ་གྱིས་ཕུལ་མཐར་མེ་ལྷ་མི་དམིགས་པར་གཞག །བསྲུང་བར་བྱ་བའི་སླད་དུ་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་ཡི་གེས་མཚན་པའི་འོད་ཀྱིས་ལུས་ངག་ཡིད་གསུམ་བསྲུང་བར་མོས་ལ་འབྲུ་གསུམ་བརྗོད་པས་དྲིའི་ཐིག་ལེ་གནས་གསུམ་དུ་བཏབ། དེ་ལྟར་བྱས་པས་ཁྱེད་རང་རྣམས་སྐད་ཅིག་གིས་འཇིག་རྟེན་མགོན་པོ་རབ་དཀར་ཞལ་གཅིག་ཕྱག་གཉིས་པདྨ་དང་ཕྲེང་བ་འཛིན་པའི་སྐུར་གྱུར་པ་ལ། འདོད་ཡོན་ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་རྒྱན་དུ་ཤར་བའི་ཕྱིར་མཆོད་པས་མངའ་དབུལ་བར་མོས། ཨཱོྃ་བཛྲ་པུཥྤེ་ནས། ཤབྡ་ཨཱཿཧཱུྃ་གི་བར་བརྗོད་ཅིང་སྤོས་རོལ་བཅས་མཆོད། དེ་ནས་ལུས་ཀྱི་ལས་དང་ཤ་ཟོས་པའི་དྲི་མ་སྦྱོང་བའི་སླད་དུ་སོ་ཤིང་དོར་བའི་ཕྱིར་མཎྜལ་ཚོམ་བུ་ལྔ་པོ་རྒྱལ་བ་རིགས་ལྔའི་སྐུར་གྱུར་པ་ལ་མཆོད་ཅིང་བསྟོད་པར་མོས། ཨོཾ་བཛྲ་ཨརྒྷཾ་པུཥྤེ་ནས། ཤབྡའི་བར་གྱིས་མཆོད། ཆོས་སྐུ་ནམ་མཁའ་སོགས་ཀྱིས་བསྟོད། སོ་ཤིང་འདི་ཉིད་ཁྱེད་རང་རྣམས་ཀྱི་ལག་གཉིས་རྡོ་རྗེའི་ཐལ་མོ་སྦྱར་བའི་སོགས། སྐུ་རིམ་ལ་འབུངས་དགོས་པར་གསུངས་སོ། །དངོས་གྲུབ་ཀྱི་མཚན་མ་ལ་བར་དུ་གཅོད་པའི་ངག་གི་སྒྲིབ་པ་སྤྱི་དང་། ཁྱད་པར་སྔགས་མ་དག་པའི་ཉེས་པ་སྦྱོང་བའི་སླད་དུ། ལས་བུམ་ཆུ་དུང་ཞལ་དུ་བསྩལ་པའི་ཁྱོར་ཆུ་བཾ་ལན་བདུན་བརྗོད་པས་བྱིན་གྱིས་བརླབས་པ་འདིས་ལན་གསུམ་གྱི་བར་དུ་ཁ་བཤལ་ཞིང་ལྷག་མ་རྒྱབ་ཏུ་དོར་ཅིག །བཾ་དང་། ཨཱོྃ་ཧྲཱིཿསོགས། དངོས་གྲུབ་བསྒྲུབ་པ་ལ་བར་ཆད་མི་འཇུག་ཅིང་ཡིད་ཀྱི་སྒྲིབ་པ་སྤྱི་དང་། ཁྱད་པར་རྣམ་གཡེང་གི་དྲི་མ་སྦྱོང་བའི་ཕྱིར་རྡོ་རྗེའི་མདུད་པ་དང་ལྡན་པའི་སྲུང་སྐུད་སྐྱེས་པའི་དཔུང་པ་གཡོན་དང་། བུད་མེད་ཀྱི་གཡས་སུ་འཆིང་མཛོད། ཡིག་བཅུ་དང་རྟ་སྔགས་ལ་ཤམ་བུ་བཏགས་པའི་ཕུས་བཏབ་པའི་དཔུང་སྐུད་བཏགས་ཏེ། ཧཱུྃ་ཧྲཱི༔ ཡང་གསང་བླ་མེད་སོགས། དངོས་གྲུབ་ཀྱི་སྐལ་པ་རྨི་ལམ་གྱི་སྒོ་ནས་བརྟག་པ་ལ། རྨི་ལམ་གསལ་ཞིང་མི་འཁྲུགས་པའི་ཕྱིར་དྷཱིཿལས་བྱུང་བའི་ཀུ་ཤ་གཙང་མའི་ཆུན་པོ་ཆེ་བ་སྟན་དང་ཆུང་བ་སྔས་ཀྱི་དོན་དུ་ཟུངས་ཤིག །ཨེ་མ་སྐལ་ལྡན་སོགས། དེ་ལྟར་གཡས་གཡོན་དུ་སྦྱིན་པའི་ཀུ་ཤ་སྔས་དང་སྟན་དུ་ཟུངས་ལ། དོ་ནུབ་ཨོཾ་བཛྲ་ཏིག་ཎ་དྷཱི་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་ངག་ཏུ་བཟླ་བཞིན་ཡི་དམ་གྱི་ལྷ་དང་རྡོ་རྗེ་སློབ་དཔོན་ཡིད་ལ་བྱས་ཏེ་སེང་གེའི་ཉལ་སྟབས་ཀྱིས་ཉལ་བའི་རྨི་ལམ་གང་རྨིས་ན་ངེས་པར་སློབ་དཔོན་ལ་གཡོ་སྒྱུ་མེད་པར་སྨྲ་ཞིང་། དེས་ཀྱང་བཟང་ངན་ལུང་དུ་སྟོན་ཅིང་། ངན་ན་བར་ཆད་བསྲུང་ཞིང་སྒྲིབ་པ་སྦྱོང་བ་ལ་འབད་དགོས་པར་གསུངས་སོ། །དེ་རྣམས་ཀྱིས་སྔོན་འགྲོ་སྟ་གོན་གྱི་ཆོས་འཁོར་དང་བཅས་པ་ལེགས་པར་གྲུབ་ནས། དངོས་གཞིའི་དབང་ལའང་འཇུག་པ་དང་དངོས་གཉིས་ཀྱི། དང་པོ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་དྲུང་དུ་གདུང་ཤུགས་ལྡན་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱཻ༔ བླ་མ་རྡོ་རྗེ་འཛིན་པ་སོགས་སྟ་གོན་བཞིན་ལན་གསུམ། དེའི་ལན་གནང་བ་སྦྱིན་ཅིང་གདམས་ངག་འབོགས་པ་འདི་ལ་གསན་འཚལ། འོ་ན་ཁྱེད་རྣམས་སོགས། བཞུགས་པའི་མོས་པ་མཛོད་ལ༔ དེ་རྣམས་ཀྱི་སྤྱན་སྔར་ཐེག་པ་ཐམས་ཅད་ཀྱི་འཇུག་སྒོ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ན་མོ༔ བླ་མ་སངས་རྒྱས་སོགས་ཡང་གསང་སྒྲུབ་པའི་སྐྱབས་འགྲོ་ལན་གསུམ། ཐེག་ཆེན་ལམ་གྱི་རྩ་བ་སྨོན་འཇུག་དོན་དམ་པའི་བདག་ཉིད་ཅན་གྱི་བྱང་ཆུབ་མཆོག་གི་སེམས་གསུམ་བསྐྱེད་ལ་འདིའི་རྗེས་ཟློས། སྟ་གོན་ནང་གི །ཨེ་མ༔ སྔོན་ཆད་དུས་གསུམ་སོགས་ལན་གསུམ། དབང་གི་རྩ་བ་སྤྱིར་རྡོ་རྗེ་ཐེག་པའི་འདུལ་མདོ་སྔགས་ཀྱི་སྡོམ་པ་རྣམས་ཚུལ་བཞིན་བླངས་ནས་བསྲུང་སྙམ་པས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་སོགས་ལན་གསུམ། བྱེ་བྲག་ཐེག་ཆེན་སོ་ཐར་ཚིགས་གསུམ་གྱི་གཙོ་ཆེར་གཞན་གནོད་གཞིར་བཅས་སྤངས་ཤིང་། ལུས་ངག་གི་ཉེས་སྤྱོད་སྡོམ་པའི་བསླབ་པ་རྣམས་ལེགས་པར་བླང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། བླ་མ་སངས་རྒྱས་སོགས་ལན་གསུམ། ནང་ཐེག་ཆེན་ཐུན་མོང་བའི་སྨོན་སེམས་བསྐྱེད་པའི་དོན་ཐུགས་ལ་ངེས་པས་འདིའི་རྗེས་ཟློས། བླ་མ་རྩ་གསུམ་སོགས་ལན་གསུམ། སླར་ཡང་ཐེག་ཆེན་ཐུན་མོང་པའི་སྨོན་སེམས་སྔོན་དུ་འགྲོ་བས། འཇུག་པའི་སྤྱོད་པ་ལ་སློབ་པར་སེམས་བསྐྱེད་པ་འདིའི་རྗེས་ཟློས། སྔོན་བྱོན་དུས་གསུམ་སོགས་ལན་གསུམ། གསང་བ་ཁྱད་པར་གྱི་རིགས་ལྔའི་སྡོམ་པ་རྣམས་བླངས་ཤིང་། ཐུན་མོང་མ་ཡིན་པའི་སེམས་བསྐྱེད་པ་འདིའི་རྗེས་ཟློས། འདི་བཟུང་བྱང་ཆུབ་སོགས། དབང་གི་སྲོག་དམ་ཚིག་ལ་རག་ལས་པས། དེང་ཕྱིན་ཆད་ཁས་བླངས་པའི་གསང་བ་སྔགས་ཀྱི་སྡོམ་པ་དང་དམ་ཚིག་ས་མ་ཡ་འབུམ་སྡེ་རྣམས་མི་ཉམས་པར་བསྲུང་དགོས་ཤིང་། དེའི་དཔང་པོར་རྡོ་རྗེའི་དམ་ཆུ་སྦྱིན་པ་འདི་དམ་ཚིག་བསྲུངས་ན་ཡེ་ཤེས་སེམས་དཔར་གྱུར་ནས་དངོས་གྲུབ་སྦྱིན་པ་དང་། དེ་ལས་འདས་ན་རྡོ་རྗེ་སྲིན་པོར་གྱུར་ཏེ་སྲོག་གཅོད་ཅིང་ན་རཀ་ཏུ་འཕེན་པས་ཁེ་ཉེན་གྱི་དོན་གོ་བར་གྱིས་ཤིག །འདི་ནི་ཁྱོད་ཀྱི་དམ་ཚིག་སོགས་ཀྱིས་ནང་མཆོད་ཀྱི་བདུད་རྩི་སྦྱིན། སླར་ཡང་སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་སྤྱི་བོར་བཞག་ནས་དམ་ཚིག་སྤྱི་དང་། ཁྱད་པར་སློབ་དཔོན་གྱི་བཀའ་ལས་མི་འདའ་ཞིང་གསང་བའི་ཆོ་ག་སྣོད་མིན་ལ་མི་བསྒྲག་པར་གདམས་ཤིང་། གཡར་དམ་ལས་མི་འདའ་བར་ཚུལ་བཞིན་བསྲུང་དགོས་པར་གདམས་པ་སྟེ། ཧཱུྃ་ཧྲཱི༔ འདི་ནས་གཟུང་སྟེ་སོགས། སྔོན་ཆད་དཀྱིལ་འཁོར་དམ་པ་འདིར་མ་ཞུགས་པའམ་བསྐྱར་ནས་འཇུག་པའི་མཚོན་བྱེད་དུ་མིག་རས་འཆིང་ཞིང་། ལྷ་ཚོགས་མཇལ་བའི་ཕྱག་རྟེན་དུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་མེ་ཏོག་གི་ཕྲེང་བ་རེ་ཕྱག་ཏུ་ཐོགས་མཛོད། སྔགས་སྤྱི་འགྲོ། སྒོ་གསུམ་ཐ་མལ་པ་ལ་དབང་གི་ཡེ་ཤེས་མི་སྐྱེ་བས། དེའི་ཕྱིར་ལྷའི་རྣལ་འབྱོར་དུ་བསྐྱེད་ཅིང་ཡེ་ཤེས་ཀྱི་བྱིན་འབེབ་པ་ཡིན་པས་དམིགས་པ་འདི་བཞིན་ཡིད་རྩེ་གཅིག་པས་སྒོམས། ཨོཾ་ཨཱཿཧཱུྃ༔ ཞེས་བརྗོད་པས། སྐད་ཅིག་གིས་རྡོ་རྗེ་སློབ་དཔོན་འཕགས་མཆོག་ནམ་མཁའི་རྒྱལ་པོར་གསལ་བ་དང་། མདུན་བསྐྱེད་ཡི་དམ་སོགས། སློབ་བུ་ཁྱེད་རང་རྣམས་ལ་ཐིམས་པས་ལུས་ངག་ཡིད་གསུམ་འཕགས་པའི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་བྱིན་གྱིས་བརླབས་ཤིང་། ཡེ་ཤེས་པ་བདག་གི་རྒྱུད་ལ་འཕོས་པ་ཡིན་སྙམ་པའི་ངེས་ཤེས་དྲག་ཏུ་སྐྱེད་ཅིག །ཧཱུྃ་ཧྲཱི༔ རྒྱལ་བའི་ཞིང་མཆོག་སོགས་ཕྲིན་ལས་ལྟར་བྱིན་འབེབ་སྔགས་དང་སྤོས་རོལ་བསྒྲག །བརྟན་པར་བྱས་རྗེས། རིགས་བརྟག་པའི་སླད་དུ་མེ་ཏོག་དེ་ཉིད་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་རྟེན་དུ་འབུལ་ན། སྔོན་ནས་འབྲེལ་བའི་ལྷ་གང་ཡིན་པས་བཞེས་སུ་གསོལ་སྙམ་པའི་དམོད་བོར་ཞིང་ཚིག་འདིའི་རྗེས་ཟློས་དང་བཅས་དཀྱིལ་འཁོར་དུ་ཕུལ་མཛོད། ཨེ་མ་བླ་མ་སོགས། དེ་ལྟར་ཕུལ་པའི་མེ་ཏོག་གང་ལ་བབས་ཀྱང་ཁྱབ་བདག་ནམ་མཁའི་རྒྱལ་པོའི་ཡེ་ཤེས་ཀྱི་སྣང་ཆ་ལས་མ་འདས་པ་དེའི་ཕྱིར། ཁྱེད་རང་རྣམས་ཀྱི་ལྷག་པའི་ལྷར་ཇོ་བོ་སྤྱན་རས་གཟིགས་ཉིད་འཛིན་པ་དང་། མེ་ཏོག་དེ་ཉིད་སླར་ཡང་དབང་རྟགས་སུ་སོ་སོའི་སྤྱི་བོར་བཅིངས་པ་དང་ལྷན་ཅིག་གསང་བའི་མཚན་དུ་དཔལ་དགྱེས་པའི་པདྨ་རྩལ་ཞེས་བྱ་བ་སྦྱིན་པ་ཡིན་པས་དེ་ལྟར་དུ་ཟུངས་ཤིག །དེ་ནས་མིག་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱཻ༔ བླ་མ་ནམ་མཁའི་སོགས། དེ་ལྟར་གསོལ་བ་བཏབ་པའི་མཐུས་བླ་མས་གསེར་གྱི་ཐུར་མས་མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བར་མོས། ཁྱོད་ཀྱི་མ་རིག་མཐུག་པོ་ཡིས༔ བཀབ་པའི་མ་དག་ཆུ་བུར་མིག །ཐབས་ཤེས་རོལ་པའི་སོགས། གཅེས་པར་གྱིས༔ དེ་ལྟར་ཡེ་ཤེས་ཀྱི་སྣང་བ་གསར་དུ་ཐོབ་པ་ལ་བརྟེན་ནས་ཐ་མལ་གྱི་བཀོད་པ་མ་ཡིན་པའི་རང་བྱུང་རྒྱལ་བའི་དཀྱིལ་འཁོར་མངོན་སུམ་དུ་མཐོང་བར་གྱུར་པ་སྟེ། དེའང་མདུན་གྱི་དཀྱིལ་འཁོར་གྱི་དབུས་འདི་ན་པད་དཀར་ཟླ་བ་དྲི་མ་མེད་པའི་གདན་ལ། འཕགས་པ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་སོགས་ནམ་མཁའ་རྒྱལ་པོའི་གསང་སྒྲུབ་འཁོར་བ་དོང་སྤྲུག་གི་མངོན་རྟོགས་ཉིད་སོ་སོའི་བསྐྱེད་སྔགས་ཀྱི་ས་བོན་དོར་བའི། ཆུ་ཟླ་འཇའ་ཚོན་ལྟ་བུར་གསལ་བའི་བཞུགས་གནས་ཐར་པ་ཆེན་པོའི་ཕོ་བྲང་། གཞི་ལམ་འབྲས་བུའི་ཡོན་ཏན་རྒྱན་གྱི་རྣམ་པར་ཤར་བས་མཛེས་པར་བྱས་པའི་ཕྱི་རོལ་དུ་སྲུང་བའི་འཁོར་ལོ་སྟེ། རྟེན་དང་བརྟེན་པར་བཅས་པ་འདི་ནི་མཚོན་བྱེད་དཔེའི་དཀྱིལ་འཁོར་ཡིན་ལ། འདིས་མཚོན་པའི་མཚོན་བྱ་དོན་གྱི་ལྷ་ཚོགས་ཡེ་ནས་རང་ལ་རང་ཆས་སུ་བཞུགས་པ་སྟེ། རང་གཞུང་ལས། རང་རིག་ངོ་བོ་སྟོང་གསལ་འདི༔སོགས། ནམ་རྒྱལ་གསང་སྒྲུབ་འཁོར་བ་དོང་སྤྲུག་འདི་ཉིད་ཀྱི་རྫོགས་རིམ་མཇུག་ནས་འབྱུང་བ། མཁའ་འགྲོ་དམ་ཅན་རྒྱ་མཚོ་ཡིན༔ ཞེས་དང་། དེ་ལྟར་རང་རིག་དོན་གྱི་ལྷ། །ལུས་དཀྱིལ་རང་བྱུང་གཞལ་ཡས་ཁང་། །རྟོག་ཚོགས་ཆོས་ཉིད་རོལ་པའི་རྒྱན། །མ་བཙལ་གདོད་ནས་རང་ལ་རྫོགས། །དེ་རྟོགས་དོན་གྱི་དཀྱིལ་འཁོར་མཐོང་། །དབང་མཆོག་རྒྱལ་པོ་མ་བསྐུར་ཐོབ། །དཔེ་ལས་འདས་པའི་དོན་དམ་པའི། །དཀྱིལ་འཁོར་མཆོག་འདི་སུས་མཐོང་བ། །དེ་ཉིད་དུ་ནི་གྲོལ་འགྱུར་བས། །བསྐལ་པ་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་འདིར་རྙེད་པས། །དགའ་ཞིང་མཆོག་ཏུ་སྤྲོ་བ་སྐྱེད། །དེ་རྣམས་ཀྱིས་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། གཉིས་པ་ཞུགས་ནས་མངོན་པར་དབང་བསྐུར་བ་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱཻ༔ བླ་མ་འཕགས་མཆོག་སོགས། དངོས་གཞིའི་དབང་ལ་སྐུ་བུམ་དབང་། གསུང་གསང་དབང་། ཐུགས་ཤེར་ཡེའི་དབང་། སོ་སོར་རྗེས་འབྲེལ་དང་བཅས་པ། མཐའ་རྟེན་རྗེས་གནང་། སྙིང་པོ་དོན་གྱི་གཏོར་དབང་རྣམས་རིམ་པར་འབྱུང་བ་ལས། དང་པོ་སྐུ་བུམ་པའི་དབང་གི་སླད་དུ་འདི་ལྟར་གསལ་འདེབས་པ་ཞུ། ཐོག་མར་སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་དང་གཉིས་སུ་མེད་པས་ལས་ཐམས་ཅད་ཀྱི་བུམ་པས་ཁྲུས་བྱས་པས། སྒོ་གསུམ་ཆ་སྙོམས་དང་བཅས་པའི་དྲི་མ་ཉེས་ལྟུང་བག་ཆགས་དང་བཅས་པ་བཀྲུས་ཤིང་དག་པར་མོས། ལས་བུམ་ཐོགས་ལ། ཇི་ལྟར་བལྟམས་པ་སོགས། སྐུ་ཁྲུས་གསོལ༔ བུ་ཁྱོད་ལུས་ངག་ཡིད་གསུམ་སྒྲིབ་པ་ཀུན་དག་ཤོག༔ ཡིག་བཅུ་རྟ་སྔགས་ཁྲུས་སྔགས་སྦྲེལ་མ་བརྗོད་པས་ཁྲུས་བྱ་ཞིང་བླུད། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་གདན་གསུམ་ཚང་པའི་དབང་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་དང་། སློབ་དཔོན་དང་དཀྱིལ་འཁོར་པ་གཉིས་སུ་མེད་པས་རྣམ་རྒྱལ་བུམ་པའི་ཆུས་རྡོ་རྗེའི་གཏོར་བླུག་གི་ཆོ་ག་སྦྱིན་པར་མོས། ཧཱུྃ་ཧྲཱི༔ བཀྲ་ཤིས་བུམ་པ་སོགས་ཀྱིས་དབང་བསྐུར་ཞིང་བུམ་ཆུ་སྦྱིན། རྗེས་འབྲེལ་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བ་ནི། དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་རང་འདྲའི་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་བྱོན་ནས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས་ཏེ་དབྱེར་མེད་དུ་འདྲེས་པས། ལྷག་པའི་ལྷ་སྐུ་དང་གཉིས་སུ་མེད་པའི་ཡུལ་སྣང་སྟོང་རྡོ་རྗེའི་སྐུར་གྱུར་པར་མོས། འོག་གི །ཧཱུྃ་ཧྲཱི༔ སྐྱོན་གྱིས་མ་གོས་སོགས་ཕྱི་ནང་གསང་བ་ཡང་གསང་གཙོ་བོ་བཞིའི་ལྷ་དབང་བསྐུར་བས་དེ་ཐམས་ཅད་ཀྱི་དབང་བསྐུར་བའི་གོ་ཆོད་ཅིང་། གཞན་ལ་དབང་སོ་སོར་བསྐུར་ནའང་ཆོག་པའི་གནད་ཡོད་པར་སེམས། ཧཱུྃ་ཧྲཱི༔ དུས་གསུམ་རྒྱལ་བ་སོགས་ཡུམ་སྲས་ནས་ཐུབ་དྲུག་རྫོགས་པའི་བར་དང་། དེ་ནས་གོང་གི །ཧཱུྃ་ཧྲཱི༔ ཐོག་མེད་དུས་ནས་སོགས་སངས་རྒྱས་སྟོང་དབང་བསྡུས་པ། འོག་གི །ཧཱུྃ་ཧྲཱི༔ ལས་བཞི་སྒྲུབ་མཛད་སོགས་སྒོ་སྲུང་བཞིའི་དབང་བསྐུར། དེ་རྣམས་ཀྱིས་སྐུ་བུམ་པའི་དབང་རྗེས་འབྲེལ་དང་བཅས་པ་ཐོབ་པས། གཙོ་བོར་ལུས་ཀྱི་དྲི་མ་སྦྱོང་ཞིང་། ལམ་བསྐྱེད་རིམ་སྒོམ་པ་ལ་དབང་བར་བྱེད། འབྲས་བུ་མཚན་དཔེས་བརྒྱན་པའི་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་རྒྱུད་ལ་བཞག་པའོ། །གཉིས་པ་གསང་བའི་དབང་བསྐུར་བ་ནི། བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐབས་ཤེས་མཉམ་པར་རོལ་པའི་དཀར་དམར་འདྲེས་པའི་བདེ་རྒྱུན་ཐོད་པའི་བདུད་རྩི་དང་སྦྱར་པ་ལྗགས་ཐོག་ཏུ་བྱིན་པས་རྟོག་པ་མེད་པར་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་མོས་ལ་རོལ་ཅིག །འོག་ནས། ཧཱུྃ་ཧྲཱི༔ བྱང་སེམས་དཀར་དམར་སོགས་ཀྱིས་བདུད་རྩི་སྦྱིན། རྗེས་འབྲེལ་བཟླས་པའི་ལུང་དབང་སྦྱིན་པའི་སླད་དུ་འཕགས་པའི་ལྷ་ཚོགས་ཀྱི་གསུང་ཡི་གེའི་འཁོར་ལོ་དང་གཉིས་སུ་མེད་པའི་སྔགས་ཀྱི་ཕྲེང་བ་མགྲིན་པར་བཞག་པས། གཡོ་རྩོལ་རླུང་གི་བྱེད་པ་ཐམས་ཅད་རྡོ་རྗེའི་གསང་སྔགས་ཆུ་བོའི་རྒྱུན་ལྟར་འཆར་བའི་དབང་ཐོབ་པས་ལྷག་པའི་ལྷའི་གསུང་དང་གཉིས་སུ་མེད་པའི་གྲགས་སྟོང་རྡོ་རྗེའི་གསུང་འགྲུབ་པར་མོས། ཨེ་མ་སྐལ་ལྡན་སོགས། ལྷ་ཞལ་མཇལ༔ ཕྲེང་བ་མགྲིན་པར་བཞག་ཅིང་ལག་ཏུ་གཏད། ཡིག་བཅུ་དང་དབྱངས་གསལ་རྟེན་སྙིང་རྣམས་བརྗོད། དེ་རྣམས་ཀྱིས་གསུང་གསང་བའི་དབང་རྗེས་འབྲེལ་དང་བཅས་པ་ཐོབ་པས། གཙོ་བོར་ངག་གི་དྲི་མ་སྦྱོང་ཞིང་། ལམ་བསྙེན་སྒྲུབ་ཀྱི་བཟླས་བརྗོད་ལ་དབང་བར་བྱེད། འབྲས་བུ་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་སྐལ་པ་རྒྱུད་ལ་བཞག་པའོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། དཀྱིལ་འཁོར་པའི་ཡུམ་ལས་གཟུགས་དང་ལང་ཚོའི་མཛེས་པ་ཕུལ་དུ་ཕྱིན་པའི་ཤེས་རབ་མ་གསང་བ་ཡེ་ཤེས་ཀྱི་རང་བཞིན་ཅན་ཁྱེད་རང་རྣམས་ལ་སོ་སོར་སྤྲོས་ཏེ་བྱིན་པ་དང་། འདུ་ཤེས་གསུམ་ལྡན་གྱི་རྣལ་འབྱོར་དང་ལྡན་པས་རོལ་ནས་རྒྱུ་དང་འབྲས་བུའི་དགའ་བཞི་ཉམས་སུ་བསྟར་བར་མོས། གོང་གི །ཧཱུྃ་ཧྲཱི༔ ཐབས་ཤེས་གཉིས་མེད་རྟགས་ཀྱི་རྒྱ༔ སོགས། ཨ་བྷི་ཥིཉྩ་མཱཾ༔ དེ་ལྟར་དཔེ་ཡི་ཡེ་ཤེས་ཀྱིས་མཚོན་པའི་རང་བྱུང་ལྷན་ཅིག་སྐྱེས་པའི་དོན་གྱི་ཡེ་ཤེས་ཅར་ཕོག་ཏུ་ངོ་སྤྲོད་པའི་ཕྱིར། རྗེས་འབྲེལ་རིག་པ་རྩལ་གྱི་དབང་བསྐུར་བ་ནི། འོག་གི །ཆོས་ཉིད་བྱང་ཆུབ་ཀྱི་སེམས་སོགས། ཚིགས་པ་གསུམ་དང་ལྡན་པ༔ འདི་ཉིད་སྙིང་གར་གཏད་ཅིང་དབང་བསྐུར་བས། འཁོར་འདས་གཉིས་མེད་མཉམ་ཡངས་རོལ་པ་ཆེན་པོའི་ཡེ་ཤེས་སུ་རྫོགས་པའི་དོན་ཤེས་པར་མཛོད་ཅིག །ཆོས་དབྱུག་སྙིང་གར་བཙུགས་ལ། ཧཱུྃ་ཧྲཱི༔ རང་བྱུང་ཆོས་སྐུ་སོགས། ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་རྗེས་འབྲེལ་དང་བཅས་པ་ཐོབ་པས། གཙོ་བོར་ཡིད་ཀྱི་དྲི་མ་སྦྱོང་ཞིང་། ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་མཉམ་རྗེས་དབྱེར་མེད་དུ་སྒོམ་པ་ལ་དབང་བར་བྱེད། འབྲས་བུ་བདེ་སྟོང་ཟུང་འཇུག་ལྷག་པའི་ཆོས་སྐུ་ཆེན་པོ་འགྲུབ་པའི་སྐལ་པ་རྒྱུད་ལ་བཞག་པའོ། །བཞི་པ་མཐའ་རྟེན་སྐུ་གསུང་ཐུགས་ཀྱི་རྗེས་གནང་རྣམས་རིམ་པར་སྦྱིན་པའི། དང་པོ་སྐུ་བསྐྱེད་པའི་རྗེས་སུ་གནང་བ་ནི། མེ་ལོང་དྭངས་གསལ་གྱི་ངོས་སུ་ཤར་བ་ནམ་མཁའི་རྒྱལ་པོའི་ལྷ་སྐུ་གསལ་སྟོང་འཛིན་མེད་དངོས་བྲལ་རང་བྱུང་གི་བསྐྱེད་རིམ་འདི་ལྟ་བུས། ཁམས་གསུམ་མ་སྟོངས་ཀྱི་བར་དུ་ཐུགས་རྗེ་ཆེན་པོའི་སྐུའི་ཕྲིན་ལས་ཀྱི་སྒོ་ནས་འགྲོ་བའི་དོན་གྱིས་ཤིག །ལྷ་དབང་མཇུག་གི །ཨེ་མ་སྐལ་ལྡན་རིགས་ཀྱི་བུ་མཆོག་རྣམས༔ འཕགས་མཆོག་ནམ་མཁའི་སོགས་སྔགས་བཅས་ཀྱིས་སྐུ་མེ་ལོང་དུ་ཤར་བ་མིག་ལམ་དུ་བསྟན། གཉིས་པ་གསུང་སྔགས་ཀྱི་རྗེས་སུ་གནང་བ་ནི། འཕགས་པའི་ཕྲིན་ལས་འདུས་པ་གསུང་གསང་སྔགས་ཡི་གེ་བཅུ་པའི་རྣམ་པར་ཤར་བའི་བྱང་བུ་མགྲིན་པར་བཞག་ཅིང་ལག་ཏུ་གཏད་པས། བརྟན་གཡོའི་སྒྲ་སྐད་ཐམས་ཅད་རང་བྱུང་འཕགས་པའི་གསུང་གི་རང་གདངས་སུ་ཤར་བའི་བྱེད་ལས་ཀྱིས་ཁམས་གསུམ་འཁོར་བ་མ་སྟོངས་ཀྱི་བར་དུ་ཐུགས་རྗེ་ཆེན་པོའི་གསུང་གི་ཕྲིན་ལས་ཀྱི་སྒོ་ནས་འགྲོ་བའི་དོན་གྱིས་ཤིག །གསུང་དབང་མཇུག་གི །ཧཱུྃ་ཧྲཱི༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ གསུང་མཆོག་ཡིག་འབྲུ་སོགས། གསུམ་པ་ཐུགས་ཏིང་ངེ་འཛིན་གྱི་རྗེས་གནང་ནི། འཕགས་པའི་ཐུགས་རྗེའི་རྩལ་ལས་ཤར་པ་རང་བྱུང་རྡོ་རྗེ་སེམས་དཔའི་མེ་ལོང་གི་བརྡས་མཚོན་ཏེ། དབྱིངས་རང་བྱུང་གདོད་ནས་དག་ཅིང་དྲི་མ་མེད་པའི་གདངས་འགག་མེད་ཅིར་ཡང་འཆར་བ། ཤར་ཙམ་ཉིད་ནས་དངོས་པོར་གྲུབ་པ་མེད་པའི་ངོ་བོ་སྟོང་པ་ཉིད་གང་ནས་ཀྱང་མ་འོངས། གང་དུའང་མི་གནས། གང་དུའང་མི་འགག་པའི་ཤར་གྲོལ་དུས་མཉམ་དབྱིངས་རིག་དབྱེར་མེད་ཁྱབ་བརྡལ་ཆེན་པོའི་དགོངས་པ་ལས་མི་འདའ་བའི་ངང་ནས། དམིགས་པ་མེད་པའི་སྙིང་རྗེས་འཁོར་བ་མ་སྟོངས་ཀྱི་བར་དུ་ཐུགས་རྗེ་ཆེན་པོའི་ཐུགས་ཀྱི་ཕྲིན་ལས་ཀྱི་སྒོ་ནས་འགྲོ་བའི་དོན་གྱིས་ཤིག །རྩལ་དབང་མཐའི། ཨེ་མ་སྐལ་ལྡན་རིགས་ཀྱི་བུ་མཆོག་རྣམས༔ ལྟོས་ཤིག་གསལ་སྟོང་ཤེལ་རྡོ་སོགས། རྗེས་གནང་དམ་པའོ༔ སླར་ཡང་སྙིང་པོ་དོན་གྱི་གཏོར་དབང་དང་འབྲེལ་བའི་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ནི། གཏོར་སྣོད་ཆོས་དབྱིངས་ཡངས་པའི་གཞལ་ཡས་ཁང་དུ་གཏོར་མ་འགྲོ་འདུལ་འཕགས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀྲ་ལམ་མེར་བཞུགས་པ་འདི་ཉིད། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་བཞག་པས། འཕགས་པའི་སྐུ་དང་གཉིས་སུ་མེད་པར་ལྷུན་གྱིས་གྲུབ་པས་འགྲོ་བ་འདུལ་བའི་མཐུ་དབང་ཆེན་པོ་རྩལ་སྤྲུགས་སུ་ཐོབ་པར་མོས་ཤིག །གོང་གི་བུམ་དབང་འཕྲོས་ཀྱི། ཧཱུྃ་ཧྲཱི༔ གཏོར་སྣོད་བྷནྡྷ་ཆོས་དབྱིངས་སོགས། སྐྱེ་མེད་དབྱིངས་ཀྱི་ཕོ་བྲང་རང་བྱུང་པདྨ་བྷཉྫའི་གཞལ་ཡས་ཁང་དུ་འགྲོ་འདུལ་འཕགས་པའི་ལྷ་ཚོགས་བཞུགས་པའི་སྐུ་ལས་གཉིས་མེད་བདེ་ཆེན་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་བབས་པས། ཁྱེད་རང་རྣམས་ཀྱི་མགྲིན་པ་ནས་བརྒྱུད་ལུས་ཀྱི་རྩ་གནས་ཐམས་ཅད་ལ་ཁྱབ་ཅིང་། རླུང་སྔགས་བདེ་སྟོང་རོལ་པའི་ཏིང་འཛིན་གྱིས་འཁོར་བ་དོང་ནས་སྤྲུག་པའི་ནུས་རྩལ་རྫོགས་པར་མོས། ཧཱུྃ་ཧྲཱི༔ སྐྱེ་མེད་བྷནྡྷའི་སོགས་ཀྱིས་བདུད་རྩི་མགྲིན་པར་བཞག་ཅིང་ལྕེ་ལ་བཞག །རང་བྱུང་གི་མན་ཤེལ་དབྱིངས་སྟོང་པ་ཉིད་འོད་གསལ་གྱི་གཞལ་ཡས་ཁང་དུ་རིག་པ་དངོས་མེད་འཛིན་བྲལ་བདེ་བ་ཆེན་པོའི་འོད་སྐུ་སྤྲོས་པའི་མཚན་མས་ཡེ་ནས་མ་གོས་པའི་གནས་ལུགས་ཀ་དག་བློ་འདས་ཀྱི་ཡེ་ཤེས། རང་ཆས་སུ་བཞུགས་པའི་དགོངས་པ་ནང་གསལ་ཐིམ་ལ་མ་རྨུགས་པའི་ཡེ་ཤེས་ཆོས་སྐུའི་གོ་འཕང་མངོན་དུ་གྱུར་ནས། ཕྱིར་གསལ་སྐུ་དང་ཞིང་ཁམས་འགག་པ་མེད་པའི་ཕྲིན་ལས་ཀྱིས་འགྲོ་ཁམས་མ་སྟོངས་ཀྱི་བར་དུ་དུས་གསུམ་རྒྱུན་གྱིས་རྟག་པའི་ཕྲིན་ལས་ལ་འབད་རྩོལ་མེད་པར་འཇུག་པའི་དོན་ཤེས་པར་གྱིས་ལ་ཉམས་སུ་ལོངས་ཤིག །ཧཱུྃ་ཧྲཱི༔ ཆོས་དབྱིངས་སྟོང་གསལ་སོགས། དེ་ལྟར་དབང་མཆོག་དམ་པ་ཡོངས་སུ་རྫོགས་པས་འགྲོ་བ་འདྲེན་པའི་དེད་དཔོན་དུ་གྱུར་པ་ལ་རྒྱལ་སྲིད་རིན་པོ་ཆེ་རྣམ་པ་བདུན་དང་། བཀྲ་ཤིས་པའི་རྟགས་བརྒྱད་དང་རྫས་བརྒྱད་རྣམས་མདུན་དུ་བརྡར་ནས་ཆོས་ཀྱི་རྒྱལ་ཚབ་ཆེན་པོར་མངའ་གསོལ་བར་མོས། སྤྱི་འགྲོའི་ཚིགས་བཅད་ཀྱིས་སྦྱིན། རྗེས་དམ་ལ་གཞག་པའི་སླད་དུ་བདུད་རྩི་ལྕེ་དང་དམ་ཚིག་རྡོ་རྗེ་སྤྱི་བོར་བཞག་པས་མནའ་བསྒགས་ཤིང་། དམ་ཚིག་གི་རིམ་པ་སྲོག་ལས་གཅེས་པར་བསྲུང་དགོས་པར་གདམས་པ་ལགས་པས་དོན་མ་བརྗེད་པར་མཛོད། འོག་གི །ཨེ་མ༔ སྐལ་ལྡན་རིགས་ཀྱི་སོགས། སྙིང་ལ་བོར་ཅིག་བཛྲ་ས་མ་ཡཱ༔ དེ་ནས་དམ་ཚིག་བསྲུང་ཚུལ་གྱི་གལ་མདོ་བསྟན་པ་འདི་ལ་གསན་པས་ཁྱབ་པར་གདའ། ཨེ་མ་ཉོན་ཅིག་སོགས། མི་ཟད་པ་རྒྱན་གྱི་འཁོར་ལོ་རིན་པོ་ཆེ་ལ་ལོངས་སྤྱོད་པར་འགྱུར་བས། ཇི་སྐད་བཤད་པའི་དམ་ཚིག་གི་རིམ་པ་རྣམས་བསྲུང་བ་ལ་སྤྲོ་ཞིང་གུས་པའི་ཡིད་ཀྱིས་འདི་ཉིད་ལྷག་པའི་ལྷར་བཟུང་བའི་ཕན་ཡོན་ནི། གཞུང་ལས། ཡང་གསང་བླ་མེད་ནམ་མཁའི་རྒྱལ་པོ་ཡི༔ སོགས་སྒྲུབ་ཐབས་ན་རཀ་དོང་སྤྲུག་མཐའ་བཞིན། ཚེ་འདིར་མཆོག་ཐུན་དངོས་གྲུབ་བརྙེས་པར་འགྱུར༔ ཞེས་གསུངས་པས། འཕགས་པ་ཉིད་ལས་གཞན་ལ་རེ་ལྟོས་མི་འཆའ་ཞིང་། བསྐྱེད་སྔགས་རྫོགས་དང་རྫོགས་པ་ཆེན་པོའི་དོན་ཉམས་སུ་ལེན་ཞིང་། དམ་ཚིག་མཐའ་དག་བསྲུང་སྡོམ་ཚུལ་བཞིན་བགྱིད་དགོས་པས་དེ་ལྟའི་གཡར་དམ་བླངས་ཏེ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། དབང་གི་དམ་བསྒྲག་གོང་གི །འོ་ན་དེ་རྣམས་ཀྱིས་འཕགས་མཆོག་ནམ་མཁའི་རྒྱལ་པོའི་དཀྱིལ་འཁོར་དུ་དབང་བཀའ་ཟབ་མོ་ཐོབ་པའི་སོགས། འགྲུབ་པར་འགྱུར༔ ཞེས་གསུངས་པ་བཞིན་དངོས་འབྱོར་ཡིད་སྤྲུལ་གྱི་མཎྜལ་ཞིག་གནང་བ་ཞུ། གཞན་ཡང་ལུས་ལོངས་སྤྱོད་སོགས་སྤྱི་ལྟར་དང་། ཆོ་གའི་རྗེས་ནི། ཚོགས་ལ་རོལ་ཞིང་ལྷག་མ་བསྔོ་བ་ཡང་གསང་བླ་སྒྲུབ་བཞིན་ནམ། ཡང་ན་བཙོག་ལྷག་གཙང་ལྷག་གིས་བསྣན་པར་སྨན་རཀ་སྦྲེང་ཞིང་ཞལ་ཆབ་བྲན་ལ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཕཻཾ་ཕཻཾ། དཀྱིལ་འཁོར་ཆེན་པོའི་མཐའ་ཉུལ་པའི། །ཕོ་ཉ་དབང་ཕྱུག་འབར་མའི་ཚོགས། །འདོད་ཡོན་རྒྱ་མཚོའི་ལྷག་གཏོར་བཞེས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་མཛོད། །ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི། ཞེས་ལྷག་གཏོར་འབུལ། ཕྲིན་ལས་རང་གཞུང་ལྟར་བསྐུལ་བ་གྱེར་ལ་སྲུང་མའི་མཆོད་གཏོར་ཕྱིར་དཔགས། གོང་བཞིན་མཆོད་བསྟོད་བྱས་ལ། དངོས་གྲུབ་བླངས་ཤིང་། ནོངས་བཤགས། མདུན་བསྐྱེད་རྟེན་ལ་བརྟན་བཞུགས་སྤྱི་ལྟར་དང་། བདག་བསྐྱེད་ཧཱུྃ་གསུམ་གྱིས་འོད་གསལ་དུ་བསྡུ། ཕཊ་གསུམ་གྱིས་སྒྱུ་མའི་ལྷ་སྐུར་ལྡང་། གཞུང་གསལ་བཀྲ་ཤིས་བསྔོ་སྨོན་གྱིས་མཐའ་བརྒྱན་པས་གྲུབ་བོ།། །། ༈ ཀུན་གཟིགས་ལྔ་པ་རྡོ་རྗེ་ཐོགས་མེད་རྩལ་གྱི་དག་སྣང་རྒྱ་ཅན་ཉེར་ལྔའི་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་ལྷ་དགུའི་དབང་གི་ཆོ་ག་འཕགས་མཆོག་དགྱེས་པའི་འཇུག་ངོགས་ལྟར་དབང་སྒྲུབ། སྒོ་ཞུས། དབང་དངོས། རྗེས་ཆོག་བཅས་བྱའོ།། །། ༈ སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་གནམ་ཆོས་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་དབང་ཆོག་ལྟར་དབང་སྒྲུབ། དབང་དངོས། རྗེས་གནམ་ཆོས་སྤྱི་འགྲོའོ།། །། ༈ གར་དབང་རྡོ་རྗེ་ཟླ་བ་རྒྱལ་མཚན་གྱི་ཐུགས་རྗེ་ཆེན་པོ་རྩ་གསུམ་སྙིང་ཐིག་དབང་གི་ཆོག་བསྒྲིག་བྱིན་རླབས་རྒྱུན་འབེབ་ལྟར་དབང་སྒྲུབ་ཀྱི་བུམ་བཟླས་གྲུབ་མཚམས། ཚེ་སྒྲུབ་བསྡུ་ན། བདག་མདུན་བུམ་ལྷ་དང་བཅས་པ་ཐམས་ཅད་ཀྱི་ཕྱག་གཡས་མདའ་དར་དང་གཡོན་ཚེའི་བུམ་པ་བསྣམས་པར་གསལ་བའི། ལྷ་ཚོགས་རྣམས་ཀྱི་ཐུགས་ཀའི་འོད་ཟེར་གྱིས་སོགས་ཚེ་སྒྲུབ་དབང་ཆོག་ནང་གསལ་གྱི་དམིགས་བཟླས། ཚེ་འགུགས། སྟོང་ཚིགས། བུམ་ལྷ་འོད་ཞུ། ལས་བུམ་བསྐྱེད་བཟླས་སོགས་བྱ། དངོས་གཞིའི་ཡིག་བཅུའི་དབང་གི་སྐབས་འབྲུ་གསུམ་དབང་བསྐུར་རྗེས། ཧྲཱིཿ མཁའ་ཁྱབ་ཡེ་ཤེས་ལྷུན་འབྱམས་ཡངས་པ་ལ། །བྱ་རྩོལ་མེད་པ་རིག་པའི་ཐིག་ལེར་ཤར། །རང་བྱུང་ཡི་གེ་ཧྲཱིཿཡིས་དབང་བསྐུར་བས། །བདེ་གཤེགས་ཡོངས་འདུས་དབང་མཆོག་ཐོབ་པར་ཤོག །ཧྲཱིཿ འདིར་གཞུང་ཚིག་ལས་ཆད་པས་དངོས་རྙེད་ན་འདི་འདྲ་ཕྱིས་ཏེ་དངོས་བཞུགས་སུ་གསོལ་ཞིང་། རྩ་དབང་གྲུབ་རྗེས། དབང་ཆོག་ཚེ་དཔལ་ལྷུན་གྲུབ་ལྟར་ཚེ་སྒྲུབ་ཡིད་བཞིན་ལྷུན་གྲུབ་ཀྱི་དབང་སྦྱར། རྗེས་ཆོག་བཅས་བྱའོ།། །། ༈ ཨོ་རྒྱན་གཏེར་བདག་གླིང་པ་པདྨ་གར་དབང་འགྱུར་མེད་རྡོ་རྗེའི་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་དབང་ཆེན་སྐབས་ལྷ་བུམ་སོགས་སྟ་གོན་རྒྱས་པ་དབང་གི་རྣམ་བཤད་པདྨ་འགྱུར་མེད་རྒྱ་མཚོའི་གསུང་ལས་འབྱུང་བ་བཞིན་དང་། མདོར་བསྡུས་ལྟ་བུར་སྒྲུབ་ཐབས་ཟབ་ལམ་གསལ་བའི་ཉིན་བྱེད་ཀྱི་སྐྱབས་སེམས་ནས་གཟུང་སྔོན་འགྲོའི་རིམ་པ་དང་། དངོས་གཞི་ཏིང་འཛིན་གསུམ་ནས་བཞུགས་ཕྱག་མཐའ་བར་དཀྱུས་བཞིན་དང་། མཆོད་ཕྲེང་གཞན་རྣམས་དོར་ཏེ། ཨོཾ༔ ཀུན་བཟང་རྣམ་རོལ་སོགས། སརྦ་པཱུ་ཛ་ཧོ༔ བར་དང་། བསྟོད་པ་ནས་བཟླས་པའི་མཐའ་བར་གཏང་། དཀྱིལ་འཁོར་གྱི་གཞིར་ས་ལྷའི་དཀར་གཏོར། གསེར་སྐྱེམས་རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲངས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་ཀྱིས་གཏོར་མ་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བས་གནང་བ་བྱིན་པར་བསམས། སླར་ཡང་བདག་ཉིད་ལས་ཀྱི་ཧེ་རུ་ཀཿརྟ་མཆོག་དབང་གི་སྐུར་གསལ་བའི་ཐུགས་ཀ་ནས་སྤྲུལ་པའི་ཁྲོ་བོའི་སྤྲིན་སྤྲོས་པས། བགེགས་ཀྱི་ཚོགས་ཚར་བཅད་ནས་ཚུར་འདུས་པ་རྡོ་རྗེ་སྲུང་འཁོར་མེ་རི་དང་བཅས་པ་རྔམ་དྲག་བརྟན་པས་མཚམས་བཅིངས་པར་གྱུར་པར་བསམ་ལ། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧཱུྃ། ཞེས་དང་། ཨོཾ་བཛྲ་རཀྵ་ཀུ་རུ་ཧཱུྃ། ཞེས་བརྗོད། བདུད་རྩི་ལྔ་དང་དྲི་བཟང་གི་ཆུས་དཀྱིལ་འཁོར་གྱི་གཞིར་ཆག་ཆག་གདབ་ཅིང་། ཨོཾ་སྭ་བྷཱ་ཝ་སོགས་ཆོས་ཉིད་རྣམ་པར་དག་པའི་སྔགས་ཀྱིས་སྦྱང་། ལྷ་སྟ་གོན་ནི། མཎྜལ་གཙང་མའི་ངོས་གཙོ་བོའི་ལྷ་གནས་སུ་དྲིའི་ཐིག་ལེ་གྲུ་བཞི། འཁོར་གྱི་གནས་སུ་ཟླུམ་པོ་རེ་སྟེ། དབུས་སུ་གཙོ་བོ། དེ་རྒྱབ་བཞི་རིམ་གཉིས་བཅས་དང་། ཡིག་བཅུ་ལ་འཁོར་གྱི་སྙིང་པོ་འབྲུ་བཅོ་ལྔ་པ་བཏགས་པ་བཟླ་བཞིན་མེ་ཏོག་གི་ཚོམ་བུ་གཙོ་འཁོར་གྱི་རྣམ་པ་ཕྱེད་པ་ལྷ་གནས་མ་འཆོལ་བར་བཀོད་པའི་མཐར། ཉེར་སྤྱོད་སྨན་རཀ་གཏོར་གསུམ་བཤམས། མཆོད་བརླབ་ནས་བསྟོད་པའི་མཐའ་བར་བདག་བསྐྱེད་སྐབས་བཞིན་ཆོ་ག་མཐར་ཆགས་སུ་གཏང་། བུམ་པ་སྟ་གོན་ནི། རྣམ་རྒྱལ་དང་ལས་ཐམས་ཅད་པའི་བུམ་པར་སུམྦྷ་ནི་བརྗོད་བཞིན་གུ་གུལ་བདུག་ཅིང་ཡུངས་དཀར་གྱིས་བྲབ་པས་བགེགས་བསལ། ཨོཾ་བཛྲ་ཤི་ཁ་རེ་དུ་ཊ་མ་ཊ་དི་ཤཱིབྷནྡྷ་བྷནྡྷ་ཧཱུྃ་གིས་མགུལ་ཆིངས་དམར་པོ་གཉིས་དཀྲི། ཨོཾ་ཏཔྟེ་ཏཔྟེ་མ་ཧཱ་ཏཔྟེ་སྭཱ་ཧཱས་དྲི་བཟང་གི་ཆུས་སུམ་གཉིས་དགང་། ཨོཾ་ཛྙཱ་ན་པཉྩ་ཨ་མྲྀཏ་སརྦ་སིདྡྷི་ཧཱུྃ་གིས་ལྔ་ཕྲག་བདུན་བླུགས། ཨོཾ་བཛྲ་མངྒ་ལཾ་སྭསྟིས་ཁ་རྒྱན་བཏགས། ཨོཾ་བཛྲ་ས་ཏི་ཀ་པ་ར་ལི་སི་ཏི་ཨོཾ་ཨཱཿཧཱུྃ་གིས་གཟུངས་ཐག་བཏགས། རྣམ་བུམ་ཁྲིའུར་བཞུགས་པའི་མཐའ་ཉེར་མཆོད་རྣམས་ཀྱིས་བསྐོར། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་བྷྲཱུྃ་ཞེས་པའི། །གདངས་ལས་ཡེ་ཤེས་རིན་པོ་ཆེའི། །བུམ་པ་མཚན་ཉིད་ཡོངས་རྫོགས་ནང་། །བཅོམ་ལྡན་ཐུགས་རྗེའི་ལྷ་ཚོགས་རྣམས། །སྣང་སྟོང་ཆུ་ཟླ་ལྟ་བུར་གསལ། །གནས་གསུམ་རྡོ་རྗེའི་འབྲུ་གསུམ་ལས། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་བསྟིམ། །བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ མཆོད་རྫས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས་ཏེ། ཨོཾ༔ ཀུན་བཟང་རྣམ་རོལ་སོགས་ཀྱིས་གོང་བཞིན་མཆོད། བསྟོད་པ། ཧྲཱི༔ ཁྱབ་བརྡལ་བདེ་ཆེན་སོགས་ཐོག་མ་དང་། ཐོག་མཐའ་མེད་པའི་སོགས་ཐ་མ་སྟེ་ཤློ་ཀ་གཉིས་ཀྱིས་བསྟོད། པད་ཀོར་བཅས་གཟུངས་ཐག་འབུལ་ལེན་བྱས་ལ། རང་སྲོག་སྔགས་ཀྱི་སོགས་གཞུང་གསལ་བུམ་བཟླས་དང་། ལས་བུམ་བསྐྱེད་བཟླས་མཐར་བུམ་ལྷ་འོད་ཞུ་བྱ། དཀྱིལ་འཁོར་ཡོལ་བས་བསྒྲིབ། སྤྲོས་བཅས་བུམ་དབང་གི་མཚམས་སྦྱོར་ངག་འདོན་སྐལ་ལྡན་ཀུན་དགའ་ལྟར་སློབ་མ་སྟ་གོན་གྲུབ་པ་དང་། སྤོས་དྲིལ་བཅས་དེར་གསལ། ཨོཾ༔ བདེ་གཤེགས་ཀུན་འདུས་སོགས་ཀྱིས་སྙན་གསན་དབབ། ཨོཾ་བཛྲ་ཨུཏྟིཥྛ་ཞེས་དང་རྡོ་རྗེ་འདེགས་པའི་རྒྱས། སྟ་གོན་གྱི་ལྷ་མདུན་མཁར་འོད་ཀྱི་གུར་ཁང་དུ་བཞུགས་པར་དམིགས། དངོས་སྟ་ཞག་གིས་ཆོད་ན། སླར་སྟ་གོན་གྱི་ལྷར་མཆོད་བསྟོད་རྗེས་ལྷ་བཏེགས་ནས་ཡིག་བརྒྱ་ལན་གསུམ་གྱིས་ནོངས་བཤགས་དང་བརྟན་པར་བྱས། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན་ཤིས་བརྗོད་བཅས་བྱའོ། །ནངས་པར་ཚིག་བདུན་ནས་བརྩམ་ཕྲིན་ལས་གཞུང་བསྲངས་ལ་བདག་མདུན་དབྱེར་མེད་དང་། བུམ་བཟླས་འོད་ཞུ་མཆོད་བསྟོད་རྣམས་དང་། སྲུང་མ་སྤྱི་དང་བྱེ་བྲག་གི་གཏོར་ཆོག་སོགས་ཚོགས་བསྒྲལ་བསྟབ་མཐར། བདག་འཇུག་རྒྱས་བསྡུས་སྐབས་དང་སྦྱར་རོ། །ཡང་མགྱོགས་དབང་ལྟ་བུར་སྟ་གོན་གྱི་ལྷ་བཏེགས་ཟིན་པ་དང་། ཚོམ་བུ་བསྡུས་ལ་རས་བྲིས་བཀྲམ། དབང་རྫས་མཆོད་གཏོར་སོགས་བཀོད་ལེགས་སུ་བཤམས། ཕྲིན་ལས་ཀྱི་བྱིན་འབེབ་ནས་བརྩམ་བདག་མདུན་དབྱེར་མེད་ཀྱི་བསྐྱེད་བསྟིམ་སོགས་ནས། མཆོད་ཕྲེང་རྒྱས་པ། བསྟོད་པའི་རྗེས་ཛཔ྄་ཁང་ཕྱེས་ནས་བསྙེན་པ། བདེ་ཆེན་བཟླས་པ་བཅས་གྲུབ་ནས། སྤྲོ་ན་བུམ་བཟླས་ཁྱུགས་ཙམ་མམ་མ་བྱས་ཀྱང་གོང་དུ་སོང་བས་འཐུས། འོག་གི་གར་དབང་ཚེ་དཔག་མེད་ཀྱི་དབང་ཟུར་དུ་སྒྲུབ་བསྐུར་བགྱིས་པ་ལེགས་མོད་ཀྱང་། འདིར་དྲངས་ན་སྟབས་བདེ་བས། དེ་ལྟར་ན་པདྨ་གར་དབང་ཚེ་དཔག་ཏུ་མེད་པ་ཕྱི་ལྟར་སྒྲུབ་པ་ཚེ་དབང་དང་བཅས་པ་བདུད་རྩིའི་ཆར་འབེབ་ལྟར་དབང་སྒྲུབ་ཚེ་འགུགས་བསྟིམ་སྦ་བ་བཅས་འདིར་སྦྱར། སྲུང་མ་སྤྱི་དང་། བྱེ་བྲག་བཀའ་སྲུང་ལྷ་ཆེན་གྱི་རྗེས་གནང་འདིར་སྦྱར་ན་བདེ་བས་དེའི་མཆོད་གཏོར་འབུལ་བའི་ངག་འདོན་གྱི་རིམ་པ་བཞིན་མཆོད་བརླབ་ནས་གཏེར་གཞིའི་མཇུག་བར་གཏང་། ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་མཐར་བདག་འཇུག་གམ། མི་འགྲུབ་ན་རིག་མེ་དོར། གང་ལྟར་ཡང་། ཨོཾ། རྡོ་རྗེའི་ཡེ་ཤེས་སོགས་དང་། གར་ཚེ་སྦྱར་ན་བཅོམ་ལྡན་ཐུགས་རྗེའི་སོགས་ཀྱིས་སློབ་མ་གཞུག་པར་གནང་བ་ནོད། དབང་དངོས་གཞིར་མཚམས་སྦྱོར་སྐལ་ལྡན་ཀུན་དགའ་ལ། བདག་འཇུག་གུང་བསྡེབས་པའི་བུམ་དབང་འཁོར་བཅས་གྲུབ་པའི། ནུས་པའི་དབང་ཞེས་གྲགས་ཤིང་། དེ་ལྟར་ན་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་སོགས་ནས། བྱས་པ་ཡིན་ནོ། །བར་དང་། དེ་ནས་སྐལ་པ་མཆོག་དང་ལྡན་པའི་གང་ཟག་བརྟུལ་ཞུགས་ཅན་ལ་གསང་བ་ཟབ་མོའི་དབང་གསུམ་རིམ་པ་བཞིན་དུ་བསྐུར་བ་ཡིན་ཏེ། ཇི་སྐད་དུ། གང་ཞིག་རིམ་པ་གཉིས་པའི་ལམ༔ སོགས་མཆོག་དབང་གི་མཚམས་སྦྱོར་ངག་འདོན་ངོ་མཚར་སྒྲོན་མེ་ལྟར་གཏང་རག་སྐབས། དེ་ལྟར་དབང་བཞི་མཐའ་རྟེན་དང་བཅས་པ་ཐོབ་པའི་ཡོན་དང་། སླར་ཡང་སྙིང་པོ་དོན་གྱི་གཏོར་དབང་ཟབ་མོ་གསན་པའི་ཡོན་དུ་མཎྜལ། དེའང་དབང་ཆོག་རྩ་བར། སྐལ་ལྡན་སྨིན་བྱེད་མྱུར་ལམ་སོགས་ངག་འདོན་བདུད་རྩིའི་ཉིང་ཁུ་ལྟར་ལ། བྱིན་རླབས་སྙིང་པོ་དོན་གྱི་གཏོར་དབང་འདི་ཉིད་བསྐུར་བར་བྱེད་པ་ལ། ཐོག་མར་གསོལ་བ་གདབ་པའི་སླད་དུ།་་་དབང་ཆེན་དང་སྦྲེལ་སྐབས་སྔོན་འགྲོ་རྣམས་མི་བྱེད།མཆན། བླ་མ་དང་དཀྱིལ་འཁོར་གྱི་བདག་པོ་དབྱེར་མ་མཆིས་པ་ལ་མི་ཕྱེད་པའི་སོགས་གཏོར་དབང་དངོས་ཀྱི་གསོལ་འདེབས་རྗེས་ཟློས་དང་། གཏོར་དབང་དངོས་ལ་འཇུག་པས་ཆོག །དཀྱུས་བཞིན་དམ་ཚིག་ཁས་བླངས་རྗེས། དེ་ལྟར་དབང་བསྐུར་ཟབ་མོ་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དང་། སླར་ཡང་ཕྱི་སྒྲུབ་གར་དབང་ཚེ་དཔག་མེད་པའི་དབང་བསྐུར་ཟབ་མོ་འབུལ་བ་ལ། ནམ་མཁའ་དང་མཉམ་པའི་སོགས་པདྨ་གར་དབང་ཕྱི་སྒྲུབ་ཚེ་དབང་དང་བཅས་པ་བདུད་རྩིའི་ཆར་འབེབ་ལྟར་སེམས་བསྐྱེད་གསལ་གདབ་སོགས་ནས། དབང་དངོས་གཞིའི་བུམ་དབང་རྗེས་སུ། བྷནྡྷ་གཞལ་ཡས་ཁང་གི་ནང་དུ་གར་དབང་ཚེའི་ལྷ་ཚོགས་གཙོ་དང་འཁོར་དུ་བཅས་པ་མངོན་སུམ་བཞིན་དུ་གསལ་ཞིང་། དེ་རྣམས་ཀྱི་སོགས་མཐར་ཆགས་སུ་བསྐུར་ཞིང་། དམ་ཚིག་ཁས་བླངས་མཐར། དེ་ལྟར་གར་དབང་ཚེ་དཔག་མེད་པའི་དབང་བསྐུར་ཐོབ་པའི་གཏང་རག་དང་། སླར་ཡང་ཐུགས་རྗེ་ཆེན་པོའི་བཀའ་སྲུང་ལྷ་ཆེན་དབང་ཕྱུག་ཆེན་པོའི་རྗེས་གནང་ཐུན་མོང་མ་ཡིན་པ་གསན་པའི་ཡོན་དུ་མཎྜལ། རྗེས་གནང་སྨིན་གཏེར་ཉིད་ཀྱི་གསུང་༼འི༽ལྟར། སེམས་ཅན་གྱི་དོན་དུ་སོགས་སེམས་བསྐྱེད་གསལ་བཏབ་ནས། དྲག་རྩལ་དབང་ཕྱུག་གྲུབ་པའི་ལྷ་ཆེན་འདི་ནི་ངོ་བོ་སོགས་ལོ་རྒྱུས་གཏེར་གཞུང་བཞིན། མངའ་བདག་ཡབ་སྲས་དང་བདག་དང་ཕྱི་མའི་འགྲོ་ལ་བརྩེ་བར་དགོངས་ནས། མི་འཇིགས་པའི་རྒྱ་དང་བཅས་ཟབ་མོའི་གཏེར་དུ་སྦས་པ་ཉིད། ཕྱིས་འདོན་པའི་དུས་སུ་སོན་པ་ན་གསང་བའི་བདག་པོ་རྣམ་པར་སྣང་མཛད་ལོ་ཙཱ་བ་ཆེན་པོའི་ཟློས་གར། སྤྲུལ་པའི་གཏེར་སྟོན་ཆེན་པོ་འགྲོ་འདུལ་ཨོ་རྒྱན་གཏེར་བདག་གླིང་པས་ཤ་འུག་སྟག་སྒོའི་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་ནས། ལྷ་མི་འདུས་པ་རྒྱ་མཚོའི་མིག་ལམ་དུ་རྩོད་བྲལ་ཡིད་ཆེས་བྱིན་རླབས་ཀྱི་དྲོད་རྟགས་ཡ་མཚན་ཆེན་པོ་དང་བཅས་སྤྱན་འདྲེན་པར་མཛད་པ། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་བཀའི་སྲུང་མ་ལྷ་ཆེན་མ་ཧཱ་དེ་ཝའི་རྗེས་གནང་ཐུན་མོང་མ་ཡིན་པ་ཉིད་ཞུ་བའི་ཡོན་དུ་སྙིམ་པ་མེ་ཏོག་དང་བཅས་པས་སོགས་མཐར་ཆགས་སུ་བསྐུར་བའི་ལས་མཐུན་ཡོན་དབུལ་རྗེས། དེ་རྣམས་ཀྱིས་སྨིན་བྱེད་རྩ་བ་དང་ཡན་ལག་གི་སྐོར་རྣམས་ཕུལ་གྲུབ། འདིར་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་གྲོལ་ལམ་ཉམས་ལེན་གྱི་ཁྲིད་ལུང་བགྱིད་པ་སྐབས་སུ་བབས་པས་དེ་དག་ཞུ་བའི་ཡོན་དུ་མཎྜལ། དེའང་ཁྲིད་ཡིག་ཟིན་བྲིས་སུ་བྱས་པ་སྒོམ་དོན་གསལ་བའི་མེ་ལོང་ལྟར་ཟབ་ཁྲིད་འབོགས་པ་ལའང་སྔོན་འགྲོ་དང་དངོས་གཞི་གཉིས་ཀྱི། དང་པོ་ལ་སྔོན་འགྲོ་ལའང་གཉིས་ལས། དང་པོ་རྒྱུད་སྦྱོང་ཐུན་མོང་སྤྱིའི་སྔོན་འགྲོའི་ཁྲིད་རིམ་ནི། འདིར་སྐལ་པ་དང་ལྡན་པའི་གང་ཟག་ཚེ་འདི་ཉིད་ལ་བླ་ན་མེད་པའི་སོགས་སྔོན་འགྲོའི་ཁྲིད་ཡིག་བཞིན། མཇུག་གི །ངེས་ཤེས་བསྐྱེད་པར་བྱའོ། །དེ་དག་ནི་སྤྱིའི་སྔོན་འགྲོའོ། །ཞེས་པའི་བར་གཏང་། གཉིས་པ་ཁྱད་པར་གྱི་སྔོན་འགྲོའི་ཁྲིད་རིམ་ནི། དེ་ལྟར་སྤྱིའི་སྔོན་འགྲོ་མཐར་ཕྱིན་ནས་གཉིས་པ་བསྐྱེད་རྫོགས་ལ་འཇུག་པའི་ཉེར་བསྡོགས་སོགས་དངོས་གཞིའི་ཁྲིད་ཀྱི་དབུ་ནས། དེ་དག་ནི་ཁྱད་པར་ཅན་གྱི་སྔོན་འགྲོའོ། །ཞེས་བསྟན་པ་རྣམས་ཀྱི་སྔོན་འགྲོའི་རིམ་པ་སོང་ནས། ད་ནི་གཉིས་པ་དངོས་གཞིའི་བསྐྱེད་རྫོགས་ཀྱི་གདམས་ཁྲིད་བསྟན་པ་སྟེ། དེ་ལ་འགྲོ་བ་མཐའ་དག་གདོད་མ་ནས་སྒྲིབ་གཉིས་ཀྱི་འཁྲུལ་པ་དང་བྲལ་བའི་སོགས་ནས། ཕུན་སུམ་ཚོགས་པའི་མཐུས་མྱོང་བ་ལས་ཤེས་པར་བྱའོ། །དེ་རྣམས་ཀྱིས་སྨིན་གྲོལ་ཚངས་སྤྲུགས་སུ་ཐོབ་པ་འདི་ཉིད་ཞུས་ལོ་ཙམ་དུ་མ་བཞག་པར་ཉམས་བཞེས་ཀྱི་སྙིང་པོར་དྲིལ་བས་དོན་གཉིས་ལྷུན་གྲུབ་ཀྱི་ཕྲིན་ལས་སྤེལ་གྲུབ་པ་དང་། འདི་ལས་བྱུང་བའི་དགེ་ཚོགས་ཡོངས་བསྔོའི་རྒྱས་འདེབས་ཀྱང་ཆབས་ཅིག་མཛད་འཚལ། དགེ་བསྔོ་བྱ། ཆོ་གའི་རྗེས་ཚོགས་ལ་རོལ་ཞིང་ལྷག་མ་བསྔོ། སྲུང་མའི་རྗེས་ཆོག་མཐར་བསྐུལ་བ་སོགས་སྒྲུབ་ཐབས་ལྟར་མཐར་དབྱུང་བར་བྱའོ།། །། ༈ ཀློང་གསལ་སྙིང་པོའི་ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་ཀྱི་དབང་བསྐུར་བའི་ཆོ་ག་བདེ་ཆེན་ཟབ་གསལ་ལྟར་བདག་བསྐྱེད། སྟ་གོན། རྗེས་ཆོག །དབང་སྒྲུབ། དངོས་གཞིར་རྩ་དབང་། དབང་བཞིའི་མཚམས་སྦྱོར་སྙིང་པོར་དྲིལ་བ་ཡེ་ཤེས་དཔལ་སྟེར་ལྟར་དོན་དབང་སྦྱར། རྗེས་ཆོག་བཅས་བྱའོ།། །། ༈ སྟག་ཤམ་བསམ་གཏན་གླིང་པའི་འཇིག་རྟེན་དབང་ཕྱུག་མི་ཏྲ་སྙིང་ཐིག་གི་དབང་བསྐུར་ཁྱེར་བདེ་བཀླག་ཆོག་ཏུ་བཀོད་པ་ཟླ་ཤེལ་བདུད་རྩིའི་ཆུ་རྒྱུན་ལྟར་བྱ་བའི་ཐོག་མར། ལས་བྱང་བྲམ་ཟེའི་ལུགས་ཀྱི་དཀྱུས་ནས། ཧྲཱི༔ བླ་མ་དཀོན་མཆོག་ཐུགས་རྗེ་ཅན་རྣམས་ལ༔ སོགས་སྐྱབས་སེམས་ལན་གསུམ་མཐར། རྩ་སྒྲུབ་ནི། འཇིག་རྟེན་དབང་ཕྱུག་ཡི་གེ་དྲུག་པའི་སྒྲུབ་ཐབས་ཀྱི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས་ནས། འོད་ཟེར་འཕྲོས་པས་འོག་མིན་ནས༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཐིམ༔ རང་སེམས་རྣམ་དག་ལྷར་གསལ་བ༔ སྣང་ལ་རང་བཞིན་སོགས་ཡིག་དྲུག་བཟླ། དེ་ནས་ཐུགས་ཀའི་འོད་ཟེར་གྱིས༔ སྣོད་བཅུད་སྦྱངས་ཏེ་སྐུ་ལ་བསྡུ༔ སྐུ་ཡང་གསུང་ཡིག་སོགས་ནས། ལམ་ཁྱེར་བྱ༔ ཞེས་པའི་བར་བཏང་བས་བདག་བསྐྱེད་གྲུབ་ནས། དབང་བསྐུར་ཟླ་ཤེལ་བདུད་རྩིའི་ཆུ་རྒྱུན་གྱི་ས་ལྷ་ནས་སྟ་གོན་རྣམས་དང་། སློབ་མ་སྟ་གོན་དབང་རྐྱང་ལུགས་བྱ། དབང་སྒྲུབ། དབང་དངོས། རྗེས་ཆོག་བཅས་བྱའོ།། །། ༈ ཆོས་རྗེ་གླིང་པའི་ཐུགས་རྗེ་ཆེན་པོ་སའི་སྙིང་པོ་ཡིད་བཞིན་ནོར་བུའི་སློབ་མ་རྗེས་འཛིན་གྱི་ལག་ལེན་གུད་དུ་བཀོལ་བ་ཡིད་བཞིན་འོད་ཀྱི་དྲྭ་བ་ལྟར་བདག་བསྐྱེད། སྟ་གོན། དབང་སྒྲུབ། དབང་དངོས། རྗེས་བཅས་བྱའོ།། །། འདིར་རྗེ་མཁྱེན་བརྩེའི་གཏེར་བྱོན་ཐུགས་ཆེན་སེམས་ཉིད་ངལ་གསོའི་རྩ་དབང་ཡོད།མཆན། ༈ མཆོག་གླིང་ཐུགས་ཆེན་པདྨ་སྒྱུ་འཕྲུལ་དྲྭ་བའི་དབང་བཞི་རྡོ་རྗེ་སྤྱི་བླུགས་སུ་བསྐུར་བའི་གསལ་བྱེད་ཟབ་པ་ཀུན་དྲིལ་ལྟར་དབང་སྒྲུབ་ཀྱི་བུམ་ལྷ་འོད་ཞུ་ཟིན་པ་དང་། ༼ཇི༽བཀའ་སྲུང་ཡེ་ཤེས་མགོན་པོ་ཕྱག་དྲུག་དང་། ༼འི༽ལྷ་ཆེན་ལྕམ་དྲལ། ༼ཉི༽དམ་ཅན་ལྕམ་དྲལ་རྣམས་ཀྱི་གཏོར་ཆོག་བཀའ་གཏད་སོ་སོའི་དབུར་འབྱུང་བ་བཞིན་གཏང་བ་སྦྱར། དངོས་གཞིར་རྩ་དབང་གྲུབ་རྗེས། བྱིན་རླབས་ལྕགས་ཀྱུ་ལྟར་ཕྱག་དྲུག་པ་དང་། དབང་གི་ལྕགས་ཀྱུ་ལྟར་ལྷ་ཆེན་ལྕམ་དྲལ། ཕྲིན་ལས་ལྕགས་ཀྱུ་ལྟར་དམ་ཅན་ལྕམ་དྲལ་གྱི་བཀའ་གཏད་རྣམས་ལ་སྐྱབས་སེམས་སོགས་རྩ་དབང་དུ་སོང་ནས་འདིར་མ་བྱས་ཀྱང་ཆོག །སྤྲོས་ཀྱང་ལེགས་པའི་ཡན་ལག་ཏུ་འགྱུར། རྗེས་ཆོག་སྐབས་ཆད་ཐོའི་དབུར་དམ་སྤྱིའི་གཏོར་འགུགས་ནས་ཤིས་བརྗོད་བར་སྦྱར་བ་བཅས་དང་། ༧ འགྲོ་དོན་ཕྱིའི་སྨིན་གྲོལ་གྱི་ཕྲིན་ལས་གསལ་བར་བྱེད་པ་འབྲེལ་ཚད་དོན་ལྡན་ལྟར་དབང་སྒྲུབ། སྨིན་བྱེད་དབང་དང་། གྲོལ་བྱེད་གདམས་ཁྲིད། རྗེས་བཅས་དང་། ༧ འགྲོ་དོན་ནང་གི་སྨིན་གྲོལ་གྱི་ཕྲིན་ལས་གསལ་བར་བྱེད་པ་གྲོལ་བ་བཞི་ལྡན་ལྟར་དབང་སྒྲུབ། སྨིན་བྱེད་དབང་། གྲོལ་བྱེད་ཁྲིད། རྗེས་བཅས་བྱའོ།། །། ༈ ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར་གྱི་འགྲོ་འདུལ་སྤྱོད་རྒྱུད་ལྷ་ལྔའི་དབང་ཆོག་གཞན་ཕན་ཀུན་ཁྱབ་ལྟར་དབང་སྒྲུབ། དབང་དངོས། རྗེས་བཅས་བྱའོ།།་་་འདིའི་རིལ་སྒྲུབ་དང་བདག་འཇུག་དངོས་གྲུབ་བླང་དབང་བཅས་མཁྱེན་བརྩེའི་གསུང་ཞེ་ཆེན་པར་གསར་སྐབས་འདིར་བཙུད་ཡོད།མཆན།། །། ༈ ཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོའི་གཞན་དོན་བུམ་སྒྲུབ་ཀྱི་རྗེས་གནང་ཕྲིན་ལས་དང་བཅས་པ་དོན་གཉིས་འབྱུང་གནས་ལྟར་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་དང་། ༧ འགྲོ་དོན་ལས་ཚོགས་བུམ་པ་ལྔའི་དབང་གི་ཆོ་ག་ཕན་བདེའི་འབྱུང་གནས་ལྟར་མཐུན་བུམ། ནོར་བུམ། ཚེ་བུམ། ཆོས་བུམ། སྨན་བུམ་ལྔ་སོ་སོར་དབང་སྒྲུབ་དང་། དངོས་གཞི་དབང་ལྔ། རྗེས་རིམ་བཅས་སོ་སོར་ཞིབ་མོར་བྱའོ།། །། ༈ ཞར་བྱུང་ཉེར་མཁོའི་ཆེད་དུ་བཀོད་པ་སྤྱན་རས་གཟིགས་དཔལ་མོ་ལུགས་ཀྱི་རྗེས་གནང་གི་ཡི་གེ་བཀླག་པས་གྲུབ་པ་ལྟར་སྒྲུབ་མཆོད།་་་་བླ་སློབ་གཉིས་ཀས་ཤ་ཆང་སྤངས་ཏེ་ཁྲུས་དང་གཙང་སྦྲ་ལ་གནས་པ་དགོས།མཆན། རྗེས་གནང་དངོས་ལ་སེམས་བསྐྱེད་གསལ་གདབ་སོང་རྗེས། དེའང་འཇིག་རྟེན་མགོན་པོ་རྗེ་བཙུན་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་རྒྱུད་སྡེ་བཞི་དང་འབྲེལ་བ་མཐའ་ཡས་པ་བཀའ་གཏེར་དག་སྣང་གི་ཆོས་སྡེ་རྣམས་སུ་བྱོན་པ་ལས། འདིར་ཨོ་རྒྱན་གྱི་རྒྱལ་པོའི་སྲས་མོ་ཞིག་ཁྱིམ་གྱི་ཉེས་དམིགས་མཐོང་ནས་རབ་ཏུ་བྱུང་ཞིང་ཚུལ་ཁྲིམས་རྣམ་པར་དག་པ་ལྡན་པ་དང་། སྔ་མའི་རྣམ་སྨིན་གྱིས་ལུས་ལ་མཛེ་བྱུང་བས་ཡན་ལག་རྣམས་ཀྱང་ཆད་ཅིང་ཉམ་ཐག་པའི་ཚེ། རྨི་ལམ་དུ་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་འཕགས་པ་སྒྲུབས་ཤིག་པར་ལུང་བསྟན་པ་བཞིན་ཡུན་རིང་དུ་བསྒྲུབས་པའི་སྐབས་ཤིག་ན། འཇམ་དཔལ་གྱིས་ལི་ཁར་ཤིང་འཕེལ་དུ་སོང་ལ་འཕགས་པ་སྒྲུབས་ཤིག །ལོ་ལྔ་ནས་རྗེ་བཙུན་སྒྲོལ་མ་དང་རྟོགས་པ་མཉམ་པར་འགྱུར་རོ་ཞེས་ལུང་བསྟན་པ་བཞིན་བྱོན་པའི་ལམ་དུ་པདྨ་མཁའ་འགྲོ་བདུན་གྱིས་ཞབས་ཏོག་ཞུས་ཏེ། ཤིང་འཕེལ་དུ་རང་བྱུང་འཕགས་པའི་མདུན་དེར་མཆོག་མ་གྲུབ་ཀྱི་བར་དུ་སྟན་མི་སྤོ་བར་དམ་བཅས་ཏེ་བསྒྲུབས་པས། ལོ་གཅིག་ནས་སྙུན་ལས་གྲོལ་ཞིང་ཏིང་ངེ་འཛིན་གྱི་སྒོ་དུ་མ་འཁྲུངས། སྐུ་ལུས་ཉམས་པ་སོར་ཆུད། བདུད་དང་ཕྱོགས་སྐྱོང་སོགས་སྙིང་རྗེ་ཆེན་པོའི་ཕྲིན་ལས་ཀྱིས་བཏུལ། ཁྱད་པར་ཀླུ་ཆེན་བརྒྱད་ཀྱིས་སྲུང་མ་བྱེད་པར་ཁས་བླངས། དགུང་ལོ་ཉེར་བདུན་པར་ས་ཟླའི་ཚེས་གཅིག་ནས་གཟུང་ལྷག་པའི་ལྷ་དུ་མའི་ཞལ་མཐོང་ཞིང་། ས་དང་པོ་ནས་བརྒྱད་པའི་བར་ཐོབ། ཁྱད་པར་བཅོ་ལྔའི་ཉིན་འཕགས་པ་ཕྱག་སྟོང་སྤྱན་སྟོང་དངོས་སུ་མཇལ་ཞིང་རྗེས་སུ་བཟུང་བས་ས་བཅུའི་རྟོགས་པ་མངོན་དུ་གྱུར། སྐུ་ལུས་ཀྱི་མདོག་ཀྱང་གསེར་དུ་སྣང་ཞིང་འཕགས་པ་ཉིད་དང་མཉམ་པའི་དངོས་གྲུབ་དང་རྗེས་སུ་གདམས་པ་ཐོབ། སྤྱན་རས་གཟིགས་ཀྱི་ཕྲིན་ལས་ཀྱི་སྒོ་ནས་ཡུལ་གྲུ་ཆེན་པོར་གནས་པའི་འགྲོ་བ་རྣམས་མཆོག་གི་གོ་འཕང་ལ་བཀོད་དེ་མཁའ་སྤྱོད་དུ་གཤེགས་ཚུལ་བསྟན། དོན་ལ་རྒྱལ་བ་ཀུན་ཡུམ་རྗེ་བཙུན་མ་དང་རྣལ་འབྱོར་མ་སོགས་རྣམ་དབྱེར་མེད་པའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་དེས་པཎྜི་ཏ་ཟླ་བ་གཞོན་ནུ་རྗེས་སུ་བཟུང་པ་ནས་བརྒྱུད་དེ། བདག་ཅག་གི་རྩ་བའི་བླ་མའི་བར་དུ་བྱིན་རླབས་ཀྱི་རྒྱུན་མ་ཉམས་ཤིང་། དངོས་གྲུབ་ཀྱི་འབྲས་བུ་མངོན་སུམ་དུ་འབྱིན་པ། ཚེགས་ཆུང་ལ་དོན་ཆེ་བའི་གདམས་ངག་ཐེག་པ་ཆེན་པོ་དང་འབྲེལ་བའི་སྨྱུང་གནས་ཀྱི་ཆོ་ག་འདི་ཉིད་ཉམས་སུ་བླངས་པའི་ཕན་ཡོན་ཡང་མདོར་བསྡུ་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་སྨྱུང་བར་གནས་པ་ལན་གཅིག་གིས་བསྐལ་པ་བརྒྱད་ཁྲིའི་སྡིག་པ་འདག་ཅིང་ལྷ་མིའི་མཆོག་དམ་པ་འཐོབ་པར་འགྱུར་རོ། །ལན་བརྒྱད་ཀྱིས་རྒྱུན་དུ་ཞུགས་པ་དང་ཆ་མཐུན་ཅིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །སོགས་ནས། བརྒྱ་རྩ་བརྒྱད་ཀྱིས་དགྲ་བཅོམ་པ་དང་མཚུངས་ཤིང་། བསྐལ་པ་བྱེ་བ་ཕྲག་བརྒྱའི་སྡིག་སྒྲིབ་ཐམས་ཅད་དག་པར་འགྱུར་རོ། །ངེས་པར་བདེ་བ་ཅན་དུ་སངས་རྒྱས་ཚེ་དཔག་མེད་ཀྱི་དྲུང་དུ་སྐྱེ་བར་འགྱུར་རོ། །ཞེས་པའི་བར་དང་། གཞན་ཡང་ལུས་སྨྱུང་བར་གནས་པས་ལུས་ཀྱི་མི་དགེ་བ་གསུམ་གྱི་སྡིག་པ་དག །ཡི་དྭགས་སུ་མི་སྐྱེ། ནད་གདོན་ཞི། གནས་སྐབས་གཟུགས་བཟང་ཞིང་མཐར་ཐུག་ཐུགས་རྗེ་ཆེན་པོས་བརྒྱན་པའི་སྐུ་ཐོབ། ངག་སྨྲ་བ་བཅད་པས་ངག་གི་མི་དགེ་བ་བཞིའི་སྒྲིབ་པ་བྱང་། བྱོལ་སོང་དུ་མི་སྐྱེ། ནུས་པ་ཆེ། གནས་སྐབས་ཚངས་དབྱངས་ལྡན། མཐར་ཐུག་གསུང་དབྱངས་ཡན་ལག་དྲུག་ཅུ་ཐོབ། ཡིད་ཏིང་ངེ་འཛིན་ལས་མ་ཡེངས་པས་ཡིད་ཀྱི་མི་དགེ་བ་གསུམ་གྱི་སྡིག་སྒྲིབ་དག །དམྱལ་བར་མི་སྐྱེ། ཉམས་རྟོགས་འཆར། གནས་སྐབས་བློ་རྣོ་ཞིང་ཡིད་གཞུང་། ཆོས་ཀྱི་དོན་གོ །མཐར་ཐུག་ཡེ་ཤེས་ལྔ་ཐོབ་པ་ལ་སོགས་རྒྱ་ཆེར་གསུངས་པ་གཞན་དུ་མི་འགྱུར་བའི་ངེས་པ་དང་ལྡན་པ། འཕགས་པ་ཐུགས་རྗེ་ཆེན་པོ་བཅུ་གཅིག་སོགས་ཀྱི་རྗེས་གནང་དངོས། རྗེས་རིམ་བཅས་བྱའོ།། །། ༈ སྐབས་འདིར་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་ཡང་གཅེས་ཟབ་བསྡུས་སྙིང་པོའི་དོན་ཁྲིད་དངོས་གྲུབ་འདོད་འབྱུང་རིན་ཆེན་ཟ་མ་ཏོག་གི་ཁྲིད་ལུང་འབོགས་པར། ཚིག་བདུན་དང་སྐུ་གསུམ་གསོལ་འདེབས། རྒྱུན་བཤགས་རྡོ་རྗེ་སློབ་དཔོན་རྗེས། མཎྜལ། ཆོས་བསྐུལ་རྣམས་སོང་ནས། འོ། མཁའ་ཁྱབ་སེམས་ཅན་གྱི་དོན་དུ་བྱང་ཆུབ་ཆེན་པོའི་སྤྱོད་པར་འཇུག་པའི་བློས་ཐུགས་བསྐྱེད་པ་སྔོན་དུ་འགྲོ་ཞིང་། བླ་མེད་ཐེག་པའི་ཟབ་དོན་ཉན་པའི་ཀུན་སྤྱོད་དང་ལྡན་པས་གསན་འཚལ། དེ་ལ་གང་འཆད་པར་བྱ་བ་ནི། ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་གཙོ་བོར་གྱུར་པའི་སྒྲུབ་ཐབས་ཐམས་ཅད་ཀྱི་ཉམས་ལེན་གནད་དྲིལ་གྱི་རྒྱབ་ཆོས། འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས་ཡང་གཅེས་ཟབ་བསྡུས་སྙིང་པོའི་དོན་ཁྲིད་ལེགས་བཤད་ཉུང་ངུ་རབ་གསལ་དངོས་གྲུབ་འདོད་འབྱུང་རིན་ཆེན་ཟ་མ་ཏོག་ཅེས་བྱ་བ། དཔལ་ཀཿཐོག་རིག་འཛིན་ཆེན་པོ་རྡོ་རྗེ་ཚེ་དབང་ནོར་བུའི་ཟབ་མོ་དགོངས་པའི་གཏེར་གྱི་ཡང་བཅུད་དང་། ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་གཙོ་བོར་བྱས་པའི་བཀའ་གཏེར་གདམས་ངག་རྒྱ་མཚོའི་ཡང་སྙིང་འདུས་པའི་ལམ་བཟང་བསྟན་བཅོས་ཀྱི་ཚུལ་དུ་བསྩལ་པའི་ཁྲིད་ལུང་འབོགས་པ་ལའང་། ཐོག་མར་སྨིན་བྱེད་ཀྱི་དབང་སྔོན་དུ་འགྲོ་དགོས་པས། དེའི་ཚུལ་ནི། རིན་ཆེན་གཏེར་གྱི་མཛོད་ཆེན་པོ་འདིར་བཞུགས་པའི་པདྨ་གསུང་གི་སྐོར་དུ་བཞུགས་པ་རྣམས་ལེགས་པར་གྲུབ་པ་འདི་ཉིད་ལགས་ཤིང་། སྨིན་པ་གྲོལ་བར་བྱེད་པའི་ཉམས་ལེན་ནི། དེའང་རིས་སུ་མ་ཆད་པའི་མཁའ་ཁྱབ་འགྲོ་བ་ཡོངས་ཀྱི་མགོན་པོ། བྱེ་བྲག་གདུལ་དཀའ་གདོང་དམར་བོད་ཡུལ་འདུལ་མཛད་ལྷག་པའི་ལྷ་སོགས་ཁྲིད་ཡིག་བཞིན་དལ་བར་བཀླགས་པའི་མཇུག །དེ་ལྟར་བར་དོ་ལམ་བྱེད་ཀྱི་ཆོས་ཐམས་ཅད་འདུས་པ་འོ། །ཞེས་པ་དང་། དེ་རྣམས་ཀྱིས་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ལས་བརྩམས་ཏེ་མན་ངག་དུ་མའི་སྙིང་པོ་བཏུས་པའི་གཞུང་སོགས་ནས། ངོ་ལྐོག་མེད་པར་རྩེ་གཅིག་གིས་སྒོམ་སྒྲུབ་ཁོ་ནར་འབད་པར་བྱོས་ཤིག །ཅེས་གདམས་པར་མཛད་པ་འོ། །འདི་ལྟར་ཐུགས་རྗེ་ཆེན་པོའི་ཁྲིད་ཡིག་འདིའི་སྟེང་ནས་ཉན་པས་རྒྱལ་པོ་ལུགས་དང་སོགས་ཡོངས་རྫོགས་མཇུག་གི་འཕྲོས་དོན་བཞིན། བགྱིད་འཚལ་ལོ། །ཞེས་ནན་ཆགས་སུ་རང་ཅག་ལ་ཐུགས་བརྩེ་བའི་ཟབ་དོན་དུས་གསུམ་བྱོན་དང་འབྱོན་འགྱུར་གྱི་གནད་བསྡུས་བསྩལ་ཅིང་། བཀའ་ཆེམས་བཞག་པ་བདག་མེད་དུ་མ་བསྐྱུར་བར་རང་དོན་ཉམས་ལེན་དང་། གཞན་དོན་འཆད་སྤེལ་སོགས་དོན་གཉིས་ཀྱི་འཇུག་པ་ཡངས་པོར་སྤེལ་བ་དང་། འདི་ལས་བྱུང་བའི་དགེ་ཚོགས་འགྲོ་ཀུན་རྣམ་མཁྱེན་ཐོབ་པའི་རྒྱུར་ཡོངས་སུ་བསྔོ་བའི་རྒྱས་འདེབས་ཀྱང་སོགས་ཀྱིས་མཚམས་སྦྱར་ལ་དགེ་བསྔོ་སྨོན་ཤིས་བཅས་བགྱིས་པས་གྲུབ། དེ་དག་གིས་ཞི་བ་ཐུགས་རྗེ་ཆེན་པོའི་སྐོར་རྣམས་གྲུབ་བོ།། །། ༄། གཉིས་པ་དྲག་པོ་རྟ་མཆོག་རོལ་པའི་སྐོར་ལ། པདྨའི་རིགས་རྟ་དམར་དང་། རྡོ་རྗེའམ་ལས་ཀྱི་རིགས་རྟ་ནག་གཉིས་ལས། དང་པོ་པདྨའི་རིགས་ཀྱི་རྟ་མགྲིན་དམར་པོ་ལ། གཏེར་སྟོན་སུམ་ཚོགས་ནས་རིང་བརྒྱུད་དང་། གུ་རུས་ཉེ་བརྒྱུད་དུ་བསྩལ་ཏེ་འདར་ཕྱར་རིན་ཆེན་བཟང་པོ་ལ་བཀའ་བབས་པ། པདྨ་དབང་ཆེན་ཡང་གསང་ཁྲོས་པའི་དབང་བསྐུར་ཡན་ལག་དང་བཅས་པ་བཀླག་ཆོག་ཏུ་བཀོད་པ་གུར་གུམ་སྒྲོམ་བུ་ལྟར་དབང་སྒྲུབ་རྣམས་མཐར་ཆགས་ལ། སྲུང་མའི་གཏོར་འབུལ་སྐབས། འོག་གི་དབང་བསྐུར་ནས་འབྱུང་བའི་གཟའ་གདོང་གིང་ལྔའི་བཀའ་གཏད་དེ་ལ་ཚིག་ཕྲད་ཁ་བསྒྱུར་སོགས་འཕྲི་བསྣན་གྱིས་གཏོར་ཆོག་སྤྱི་འགྲོ་སྦྱར་བས་འཐུས་པར་བྱེད། དབང་དངོས་ལ་རྩ་དབང་། ཟུར་གསལ་འཆི་མེད་ཚེའི་ཉམས་ལེན་ལྟར་རྗོང་ཆུང་ཚེ་དབང་། ཐུན་མིན་བཀའ་སྲུང་གིང་ལྔ་གཟའ་གདོང་གི་བཀའ་གཏད། གཏོར་དབང་དངོས་གྲུབ་ཀུན་སྩོལ་ལྟར་དབང་སྒྲུབ་གོང་འཐུས་ཀྱིས་བྱིན་རླབས་གཏོར་མའི་དབང་སྦྱར་ཞིང་། དབང་རྣམས་གྲུབ་པའི་གཏང་རག་དང་། སླར་ཡང་པདྨ་དབང་ཆེན་ཡང་གསང་ཁྲོས་པའི་བསྐྱེད་རྫོགས་ཀྱི་ཁྲིད་རིམ་རྣམས་ཞུ་བའི་ཡོན་དུ་མཎྜལ། དེ་ལ་དངོས་གཞི་དབང་བཞིའི་ལམ་དང་འབྲེལ་བའི་བསྐྱེད་རྫོགས་ཀྱི་གདམས་ཁྲིད་དང་། ཁྱད་པར་ཡང་གསང་རྫོགས་ཁྲིད་ཡེ་ཤེས་གསང་ལམ་རྣམ་གཉིས་བཅས་བཞུགས་པ་ལས། དང་པོ་དབང་བཞིའི་ཁྲིད་ཀྱི་ཟིན་བྲིས་ལས་འབྱུང་བ་འདི་ལྟ་སྟེ། པདྨ་དབང་ཆེན་གྱི་ལམ་བསྐྱེད་རྫོགས་གཉིས་ཀྱི་སྒོ་ནས་ཉམས་སུ་ལེན་པ་སོགས་བླ་ཆེན་ཆོས་དཔལ་བཟང་པོའི་ཡིག་ཆ་བཞིན། དབང་བཞི་པའི་དོན་ལྟ་བའི་དུས་སུ་ངོ་སྤྲད་པ་ལ་ཉམས་ལེན་མཛད་དོ། །ཞེས་འབྱུང་བ་བཞིན་ལགས། གཉིས་པ་གསང་ལམ་རྣམ་གཉིས་ལ་བརྟེན་ནས་དབང་བཞི་པའི་ཁྱད་པར་གནད་ཀྱི་ཉམས་ལེན་གྱི་གདམས་པ་ལའང་གཉིས་ཀྱི། དང་པོ་གཏེར་གཞུང་ཡེ་ཤེས་ཀྱི་གསང་ལམ་གཙོ་བོར་ཀ་དག་གི་དོན་སྟོན་པའི་མན་ངག་བཞིན། པདྨ་དབང་ཆེན་སོགས་ཁ་ཡིག་དང་། རྒྱ་སྐད་ནས། རྒྱ་རྒྱ་རྒྱ༔ བར་བཀླག །ཅེས་བསྟན་པ་བཞིན་ནོ། །གཉིས་པ་གཏེར་གཞུང་པདྨ་གསང་ལམ་གྱི་གདམས་པས་མྱུར་ལམ་ཐོད་རྒལ་གྱི་གནད་ལ་བརྟེན་ནས་ལྷུན་གྲུབ་དོན་གྱི་ཡེ་ཤེས་ངོ་སྤྲད་པ་ནི། བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཨོ་རྒྱན་པདྨ་སོགས་ནས། རྫོགས་རིམ་རྫོགས་སོ། །དེ་ལྟར་རྡོ་རྗེའི་གསུང་དྲི་མ་མེད་པའི་དོན་ཉམས་འོག་ཏུ་ཆུབ་པར་མཛོད་ཅིག །དེ་རྣམས་ཀྱིས་སྨིན་གྲོལ་ཐམས་ཅད་ལེགས་པར་ཐོབ་པའི་སྐུ་དྲིན་གཞལ་ཕྱིར་ལུས་ལོངས་སྤྱོད་འབུལ་སྙམ་པས་འདིའི་རྗེས་ཟློས། དེང་ནས་བརྩམ་སྟེ་སོགས་ཀྱི་དབང་དང་། ཆོ་གའི་རྗེས་བཅས་བྱའོ།། །། ༈ ༼འདོད་བུམ། 261༽ལྟར་སྐྱེར་སྒང་སངས་རྒྱས་དབང་ཆེན་གྱི་རྟ་མགྲིན་གསང་སྒྲུབ་གྱི་དབང་སྒྲུབ། དབང་དངོས། རྗེས་བཅས་སོ།། །། ༈ མངའ་བདག་ཉང་གི་རྟ་མགྲིན་བདེ་གཤེགས་གཅིག་དྲིལ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་དབང་ཆེན་ཐུགས་ཀྱི་བཅུད་ཐིག་དབང་སྒྲུབ། དབང་དངོས། རྗེས་བཅས་བྱའོ།། །། ༈ གྲུ་གུ་ཡང་དབང་གཏེར་གྱི་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཉེ་བརྒྱུད་ཀྱི་སྨིན་བྱེད་ལག་ལེན་རྣམ་གསལ་དུ་བཀོད་པ་དབང་ཆེན་རོལ་པའི་གཟི་བརྗིད་ལ། དྲེགས་པའི་རྗེས་གནང་དབང་གི་བེ་ཅོན་དང་གུང་སྤྲད་པའི་དབང་སྒྲུབ་ཀྱི་བཀའ་སྲུང་སྤྱི་དང་། བྱེ་བྲག་འདིར་སྔགས་བདག་དྲེགས་པ་བཅོ་བརྒྱད་ཀྱི་ཕྲིན་ལས་མཆོད་གསོལ་གཏེར་ཁ་གོང་འོག་ལས་ལེན་པར་གསུངས་ཀྱང་སྟབས་བདེ་མ་རྙེད་པས། རེ་ཞིག་ས་ཁོངས་མ་སྟོང་ཙམ་དུ་མཆོད་གཏོར་སོ་སོར་འདུ་བྱས་ལ། ཡི་གེ་གསུམ་དང་འབྲུ་གསུམ་གྱིས་བསང་སྦྱང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས་ཤིང་སྤེལ་ལ། རང་གི་ཐུགས་ཀ་ནས་འོད་ཟེར་རྡོ་རྗེའི་ལྕགས་ཀྱུས་སྔགས་བདག་དྲེགས་པ་བཅོ་བརྒྱད་རང་རང་གི་གནས་ནས་བྱ་རྒོད་ཤ་ལ་འདུས་པ་བཞིན་སྐད་ཅིག་གིས་སྤྱན་དྲངས་པར་གྱུར། ཧཱུྃ། སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། ཁས་བླངས་དྲག་རྩལ་སྔགས་ཀྱི་བདག །མཐུ་ཆེན་དྲེགས་པ་འཁོར་དང་བཅས། །མ་ཐོགས་འབོད་པའི་གནས་འདིར་གཤེགས། །ཨོཾ་བཛྲ་སརྦ་དུཥྚཱན་ས་མཱ་ཛཿས་དྲངས། བཛྲ་སརྦ་དུཥྚཱན་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ་ཀྱིས་གཟིར། ཛཿཧཱུྃ་བཾ་ཧོཿས་བསྟིམ། ས་མ་ཡ་ཏིཥྛནྟུས་གདན་བསྟབ་ལ། ཨོཾ་བཛྲ་སརྦ་དུཥྚཱན་ས་པ་རི་ཝཱ་ར་ཨརྒྷཾ་པཱ་དྱཾ་པུཥྤེ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་ཉེར་སྤྱོད་དང་། ཨོཾ་བཛྲ་ཡ་མ་ཡ༔ མ་མ་རུ་ལུ་མ༔ མ་ཧཱ་དེ་བ་ཨ༔ ཏཱིརྟི་ཀ་དུ༔ ཡཀྵ་ཀྵ༔ རཱ་ཙ་ཙ༔ ཤཱུ་ལ་ཙ་ཙ༔ ཧཾ་ཤཾ་ཏྲི༔ རཀྴ་ར༔ རུ་དྲ་ཧ༔ བཛྲ་སཱ་དྷུ་ཏྲི༔ རུ་དྲ་རུ༔ བིཥྞུ་ར༔ མུན་མུན་པ༔ བི་ནཱ་ཡ་ཀ་ཏྲི༔ ཨ་བྷི་ཤུ་ལ་ཛ༔ ཏྲི་ནུ་ཤུ་ལ་ཏྲི༔ ནཱ་ག་རཱ་ཙ་ཕུ༔ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ལན་གསུམ་མམ་བདུན་གྱིས་གཏོར་མ། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧིས་སྨན། མ་ཧཱ་རཀྟ་ཁཱ་ཧིས་རཀྟ་རྣམས་འབུལ། མཐུ་ལྡན་སྔགས་བདག་དྲེགས་ཆེན་བཅོ་བརྒྱད་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་དམ་པ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས་སོགས་ཀྱིས་ཕྲིན་ལས་བཅོལ། ཧཱུྃ། འཇིགས་བྱེད་མཐུ་རྩལ་གནམ་ལྕགས་ཐོག་ལྟར་མྱུར། །རང་སྔགས་དམོད་པའི་མཚོན་ཆས་དགྲ་བགེགས་སྒྲོལ། །རྡོ་རྗེ་ཐེག་པའི་བསྟན་སྲུང་དམ་ཚིག་ཅན། །རིག་འཛིན་རྣལ་འབྱོར་ཡོངས་ཀྱི་བཀའ་སྡོད་ཆེ། །གཤིན་རྗེའི་སྔགས་བདག་གཤིན་རྗེ་འཆི་བདག་ནི། །སྔོན་པོ་དབྱུག་ཏོ་ཐོད་ཁྲག་དུར་ཁྲོད་ཆས། །ཡུམ་མཆོག་གསོད་བྱེད་ནག་མོ་སྙིང་གྲི་འཛིན། །མ་མོའི་སྔགས་བདག་སྲིད་པའི་རྒྱལ་མོ་ནི། །དམར་ནག་གྲི་ཐོད་མཐིང་བེར་སྔོན་པོ་གསོལ། །ལྷ་ཡི་སྔགས་བདག་མ་ཧཱ་དེ་ཝ་དཀར། །རྡོ་རྗེ་དར་མདུང་ཕྱར་ཞིང་བེར་དཀར་མནབས། །མུ་སྟེགས་སྔགས་བདག་གུ་ལང་ནག་པོ་ནི། །ཐལ་སྐྱ་གཅེར་བུ་རྩེ་གསུམ་ཐོད་ཁྲག་བསྣམས། །གནོད་སྦྱིན་སྔགས་བདག་གང་བཟང་སེར་ནག་བརྗིད། །མདུང་དར་ནེའུ་ལེ་འཛིན་ཅིང་བེར་སེར་བཀླུབས། །རལ་གཅིག་མཐིང་ནག་དར་ནག་མི་ལྤགས་རྡེབ། །རྒྱལ་པོའི་སྔགས་བདག་ལི་བྱིན་དམར་ནག་རྔམ། །བསེ་ཞྭ་ཚེམ་བེར་སྔོ་ཁྲ་གྲི་མདུང་ཕྱར། །སྲོག་ལེན་སྔགས་བདག་གིང་ཆེན་ཚངས་པ་དམར། །གྲི་གུག་སྙིང་ཞགས་བྱ་རྒོད་ཐུལ་པ་མནབས། །འགོང་པོའི་སྔགས་བདག་ཁུ་ལེ་ལྗང་ནག་འཚེར། །ཚེམ་བེར་དཀར་ཁྲ་ལག་དགུས་རལ་གྲི་གདེངས། །སྲིན་པོའི་སྔགས་བདག་གསོད་བྱེད་སྨུག་ནག་འབར། །མི་ལྤགས་གསོལ་ཞིང་རལ་གྲི་ཐོད་ཁྲག་ཕྱར། །ཟ་བྱེད་ནག་མོ་གྲི་གུག་ཐོད་ཁྲག་འཛིན། །རུ་དྲའི་སྔགས་བདག་མེ་ཡི་ཁ་རླངས་བདུད། །ནག་པོ་གཡས་གདེངས་གཡོན་གྱིས་མིའི་རླིད་བུ། །ཤྭ་རྡེལ་ཁྲག་བཀང་བརྡེབ་ཅིང་ཞིང་ལྤགས་གྱོན། །བདུད་མོ་ནག་མོ་ཁྲམ་ཤིང་དགྲ་མགོ་འཛིན། །དགྲ་ལྷའི་སྔགས་བདག་དགེ་བསྙེན་རྡོ་རྗེ་ལེགས། །དུད་ཁ་བེར་ནག་གསོལ་ཞིང་ར་སྐྱེས་འཆིབ། ཁྲོ་ཆུའི་སྟྭ་གྲི་ར་ཡི་རྒྱལ་མཚན་ཕྱར། །དམ་སྲིའི་སྔགས་བདག་ལྕགས་ཀྱི་མེ་སྟག་དཀར། །བན་གཟུགས་སྙིང་ཕྲེང་རླུང་གི་འཁོར་ལོ་ཐོགས། །གཟའ་ཡི་སྔགས་བདག་རཱ་ཧུ་ལ་ནག་པོ། །མགོ་བོ་དགུ་པ་བྱ་རོག་མགོ་དང་བཅུ། །ཆུ་སྲིན་རྒྱལ་མཚན་རྭ་ཡི་མདའ་གཞུ་འགེངས། །དམུ་ཡི་སྔགས་བདག་དམུ་རྗེ་བཙན་པོ་ནག །དམུ་ཞྭ་བདུད་བེར་གྱོན་ནས་དམུ་བཤོས་གདེངས། །བགེགས་ཀྱི་སྔགས་བདག་བི་ནཱ་ཡ་སྔོ་སྐྱ། །དར་ནག་བེར་གསོལ་ལ་ཕུག་རྩེ་གསུམ་གདེངས། །བཙན་གྱི་སྔགས་བདག་ཡམ་ཤུད་དམར་པོ་ནི། ཁྲག་མདོག་བེར་དམར་རལ་གྲི་མདུང་དམར་བརྡེག །ཐེའུ་རང་སྔགས་བདག་གནམ་ཐེལ་དུང་གི་མདོག །བེར་ཆེན་སྔོ་ཁྲ་བེར་ག་རླིད་བུ་འཛིན། །ཀླུ་ཡི་སྔགས་བདག་སོག་མ་མེད་སེར་ནག །སྦྲུལ་ཞགས་ནད་རྐྱལ་རུ་སྦལ་སློག་པ་གསོལ། ཁྱེད་རྣམས་དཔལ་གྱི་བཀའ་སྡོད་རྣོ་མྱུར་ཅན། །རང་རང་དམོད་པའི་སྔགས་ཀྱི་དམོད་མོ་འུར། །ཉམས་པ་ཁུངས་ནས་འབྱིན་ཅིང་ཐལ་བར་རློག །མཆིས་འབྲང་གྲོགས་བློན་མངགས་གཞུག་དམག་དང་བཅས། །དགྱེས་པའི་མཐུན་རྫས་མཆོད་པས་མངའ་གསོལ་ལོ། །མཆོད་དོ་ལོངས་སྤྱོད་མདངས་ཀྱིས་ཐུགས་དམ་བསྐང་། །ཐུགས་འགལ་ཉེས་པ་ཐམས་ཅད་བཤགས་ཤིང་སྡོམ། །བསྟན་བསྣུབས་མྱུར་དུ་སྒྲོལ་བའི་ལས་ལ་བསྐུལ། །འབོད་དོ་བསྟེན་ནོ་ཆད་དོ་གཞུང་མ་ངན། །མཆོད་དོ་གསོལ་ལོ་བསྐང་ངོ་དམ་དགོངས་ལ། །རྣལ་འབྱོར་ཚེ་སྲིངས་ལས་བཞིའི་ཕྲིན་ལས་སྒྲུབས། །རྡོ་རྗེ་ཐེག་པའི་བསྟན་པ་རྒྱས་པར་མཛོད། །ཅེས་བསྟོད་ཅིང་ནན་གྱིས་བསྐུལ་ལོ། །གཞུང་གི་ཚོགས་མཆོད་ལ་འཇུག །དེ་ནས་དབང་དངོས་གཞི་ལ། དྲེགས་པའི་རྗེས་གནང་གི་ཡི་གེ་དབང་གི་བེ་ཅོན་ལྟར་སྔགས་བདག་དྲེགས་པ་བཅོ་བརྒྱད་ཀྱི་རྗེས་གནང་སྦྱར། རྗེས་ཆོག་ཚོགས་ལ་རོལ་ཞིང་ལྷག་མའི་རྗེས། སླར་སྔགས་བདག་དྲེགས་ཆེན་བཅོ་བརྒྱད་ཀྱི་གསོལ་མཆོད་བསྐྱར། དམ་སྤྱིའི་འགུགས་པ། བརླབ་བསྔོ། གཏོར་གཤེགས་སྦྱར། དམ་སྤྱིའི་མཆོད་བསྟོད་ནས་གཟུང་མཐར་དབྱུང་། ཆད་བརྟན། རྟ་བྲོའི་རྗེས། གཞུང་གི་མཆོད་བསྟོད་དངོས་གྲུབ་ལེན་ཆོག་མཐར་ཆགས་སུ་བྱའོ།། །། ༈ མངའ་བདག་མོན་མི་འཁྱིལ་གྱི་གཏེར་བྱོན་སླར་ཡང་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་མཁའ་འགྲོའི་གཏད་རྒྱའི་དག་སྣང་སྙན་བརྒྱུད་དུ་བྱོན་པ། རྟ་མགྲིན་དཔའ་བོ་གཅིག་པ་གནམ་ལྕགས་མེའི་འཁོར་ལོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་གདོན་བགེགས་ཀུན་འཇོམས་ལྟར་དབང་སྒྲུབ། རྗེས་གནང་དངོས། རྗེས་ཆོག་བཅས་བྱའོ།། །། ༈ བྱང་གཏེར་རྟེན་འབྲེལ་ཆོས་བདུན་གྱི་རྟ་མགྲིན་དྲེགས་པ་དབང་སྡུད་ཀྱི་སྨིན་བྱེད་ཆོག་ཁྲིག་རྒྱུད་གསུམ་དབང་བྱེད་ལྟར་དབང་སྒྲུབ། འདིར་བཀའ་སྲུང་ཐང་ལྷའི་སྲོག་གཏད་སྦྱོར་དགོས་པས། དབང་སྒྲུབ་ཀྱི་བཀའ་སྲུང་གཏོར་འབུལ་སྐབས་༼ཏི༽སྒྲུབ་ཐབས་སྲོག་གཏད་སྐལ་ལྡན་ཡིད་ཀྱི་གདུང་སེལ་བཞིན་བསྒྲུབ། དབང་དངོས་གཞིའི་ནང་དེར་ཐང་ལྷའི་སྲོག་གཏད་སྦྱར། རྗེས་ཆོག་སྐབས་མཆོད་བསྟོད་ཀྱི་གོང་དུ་ཐང་ལྷའི་གཏོར་མ་བྱིན་གྱིས་བརླབ་ཅིང་། རྩ་སྔགས་ལ་གཏོར་སྔགས་བཏགས་པ་ལན་གསུམ་མམ་བདུན་གྱིས་འབུལ་ཞིང་། རང་གཞུང་ངམ། རྡོ་རྗེ་འབར་བ་འཁོར་བཅས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ། གཤེགས་བསྟིམ་གང་འོས་སྐབས་དང་བསྟུན། གཞུང་གི་མཆོད་བསྟོད་ཕྱིན་བྱའོ།། །། ༈ རཏྣ་གླིང་པའི་རྟ་མགྲིན་གསང་བ་འདུས་པའི་དབང་རྒྱས་པ་མཆོག་དབང་གུད་སྦས་དང་སྦྲེལ་ནས་བསྐུར་བའི་ཆོ་ག་དབང་ཆེན་གསང་བའི་སྲོག་ཏིག་ལྟར་དབང་སྒྲུབ་ལ་སྔགས་སྲུང་མ་སྦྱར་དགོས་པས། ལས་བུམ་བསྒྲུབས་ཟིན་པ་དང་། ༼ཉི༽དཔལ་ལྡན་སྔགས་ཀྱི་སྲུང་མའི་ཕྲིན་ལས་དང་རྗེས་གནང་ཟབ་གཉན་བཅུད་ཐིགས་ལྟར་བསྒྲུབས་ནས། རྟ་མགྲིན་གྱི་ཚོགས་ལ་འཇུག །སྟ་གོན་སྦྲེལ་བའི་དངོས་གཞི་རྩ་དབང་། གུད་སྦས་མཆོག་དབང་རྣམ་གསུམ་རྗེས། དབང་བསྐུར་བསྡུས་པའི་ཆོ་ག་དབང་ཆེན་ཐུགས་ཀྱི་སྙིང་པོ་ལྟར་གཏོར་མ་ལ་བརྟེན་པའི་བྱིན་རླབས་སྦྱར་མཐར། སྔགས་སྲུང་མའི་རྗེས་གནང་ཡང་སྦྲེལ། ཆོ་གའི་རྗེས་ལྷག་མའི་མཐར་སྔགས་སྲུང་མའི་གཏོར་མར་དམིགས་པས། འགུགས་བརླབ་བསྔོ་ཞིང་ཕྲིན་ལས་བཅོལ་བ་སྦྱར། གཞུང་གི་མཆོད་བསྟོད་དབུར། དམ་སྤྱིའི་རྗེས་ཆོག་ཕྱིན་བཏང་ནས། གཞུང་གི་མཆོད་བསྟོད་ཕྱིན་མཐར་དབྱུང་ངོ་།། །། ༈ ཉང་པོ་མཆོག་ལྡན་རྡོ་རྗེའི་གཏེར་བྱོན་སྟག་ཤམ་བསམ་གཏན་གླིང་པ་ལ་ཡང་གཏེར་ཉེ་བརྒྱུད་ཀྱི་ཚུལ་དུ་བཀའ་བབས་པ་རྟ་མགྲིན་སྙིང་པོ་དོན་སྦྱོར་གྱི་ཟབ་ལམ་སྨིན་བྱེད་རྣམ་བཞི་ཇི་ལྟར་བསྐུར་བའི་ཆོ་ག་བཀླག་ཆོག་ཏུ་བཀོད་པ་དབང་ཆེན་རོལ་པའི་སྒྲ་དབྱངས་ལྟར་སྟ་གོན། དབང་སྒྲུབ། རྩ་དབང་རྒྱས་པའི་དངོས་གཞིའི་རྡོ་རྗེ་སློབ་དཔོན་གྱི་དབང་གི་མཇུག་ཏུ་ཟུར་འདེབས་ལྟར་ལྷ་སྔགས་རྒྱན་ཆས་ཀྱི་དབང་སྦྱར། བརྟུལ་ཞུགས་སྤྱོད་པའི་དབང་ཕྱིན་བསྐུར་རྗེས། དབང་སྒྲུབ་གོང་འཐུས་ཀྱིས་གཏོར་མའི་དབང་ཆོག་དབང་ཆེན་གྲུབ་པའི་སྒྲ་དབྱངས་ལྟར་གཏོར་དབང་བསྐུར། རྗེས་ཆོག་བཅས་བྱའོ།། །། ༈ ཤེས་རབ་འོད་ཟེར་གྱི་གྲོལ་ཏིག་དགོངས་པ་རང་གྲོལ་གྱི་དབང་ཆེན་དྲེགས་པ་ཀུན་འདུལ་གྱི་སྨིན་བྱེད་གསང་བ་གཅིག་གྲུབ་མཚམས་སྦྱོར་གྱིས་བརྒྱན་པ་ལྟར་དང་། བསྙེན་དབང་ཟབ་མོ་གཉིས་སྒྲུབ་པ་གཅིག་འཐུས་ཀྱིས་བསྐུར་བའི་དབང་སྒྲུབ་སྐབས། མདུན་བསྐྱེད་ལ་བདག་བསྐྱེད་ལྟར་བསྐྱེད་གསུངས་པ་ནི། ཤཱུནྱ་ཏཱས་སྦྱང་། སྟོང་པའི་ངང་ལས་མདུན་གྱི་སྒྲུབ་རྟེན་གྱི་གོ་སར་དགའ་བ་ཚལ་གྱི་དུར་ཁྲོད་ཆེན་པོ༔སོགས་བསྙེན་དབང་གི་སློབ་མ་ལྷ་བསྐྱེད་སྐབས་བཞིན་ལ། ཐུགས་ཀའི་དབུས་སུ་སྔགས་ཕྲེང་ས་བོན་དང་བཅས་པས་མཚན་པ་ལས་འོད་ཟེར་འཕྲོས་པས༔ རང་བཞིན་གྱི་གནས་ནས་སོགས་སྒྲུབ་ཐབས་ལྟར་བསྟོད་པའི་བར་སྦྱར། བཟླས་དམིགས་བསྙེན་སྒྲུབ་ཀྱི་དམིགས་པ་སྤྱི་འགྲོ་དང་། བདག་བསྐྱེད་བཞིན་ལས་སྦྱོར་དམིགས་པ་བཅས་བཟླས་པ་བྱ། བུམ་སྒྲུབ་སོགས་ཀྱི་རྗེས། བཀའ་སྲུང་གཤོག་རྒོད་མའི་སྲོག་དབང་སྦྱོར་དགོས་པས། དེའི་དབང་སྒྲུབ་ལ། ༼ཉི༽མཆོད་གཏོར་རྣམས། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་ཡཾ་ལས་རླུང་སོགས་སྨིན་ལུགས་དམ་ཅན་སྤྱི་གཏོར་ལྟར་བརླབ། མདུན་རྟེན་སྭ་བྷཱ་ཝས་སྟོང་པར་སྦྱང་། སྟོང་པའི་ངང་ལས་རང་གི་མདུན་དུ་གངས་རིའི་ཕྲེང་བ་ཆེན་པོས་ཡོངས་སུ་བསྐོར་བ༔སོགས་གཏེར་གཞུང་གསོལ་མཆོད་ཀྱི་རིམ་པ་བཞིན་མངོན་རྟོགས་དང་། སྤོས་རོལ་དབྱངས་ཀྱིས་སྤྱན་འདྲེན་པ་ནི། བྷྱོ༔ སྔོན་ཚེ་པདྨ་འབྱུང་གནས་སོགས་ནས། ཀླུ་རྒྱལ་ཆེན་པོ་འཁོར་བཅས་གཤེགས་སུ་གསོལ༔ འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ༔ ཨོཾ་རུ་རུ་ཧེ་དུན༔ ཁ་ཁ་དུ་ན་དྲག་མོ༔ དུ་ར་དུ་ཏི་ཛ༔ དྲག་མོ་ཧེ་ར་དུ་ར་དུ་ཏི་དུ་བྷྱོ༔ ཞེས་རྩ་སྔགས་དང་། ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛ༔ བཞུགས་གསོལ་ནི། བྷྱོ། ཕོ་བྲང་གཞལ་ཡས་མཛེས་པའི་དབུས། །ལྷ་སྲིན་རུ་དྲ་བསྣོལ་བའི་ཁྲི། །ཉི་ཟླ་པདྨའི་གདན་སྟེང་དུ། །དགྱེས་པར་བཞུགས་ལ་དམ་ཚིག་དགོངས། །རྩ་སྔགས་མཐར། ས་པ་རི་ཝཱ་ར་པདྨ་ཀ་མ་ལཱ་ཡ་སྟྭཾ། མཆོད་པ་ནི། བྷྱོ། དགྲ་བགེགས་བསྒྲལ་པ་ལས་བྱུང་བའི། །རྨད་བྱུང་དགྱེས་སྐོང་མཆོད་པའི་སྤྲིན། །ཕྱི་མཆོད་ཉེར་སྤྱོད་ཚར་དུ་དངར། །ནང་མཆོད་སྨན་གཏོར་རཀྟའི་རྒྱུན། །འདོད་ཡོན་སྣ་ཚོགས་གཅལ་དུ་བཀྲམ། །གསང་མཆོད་བདེ་ཆེན་ཉམས་རྩལ་འབར། །འབོད་སྐོང་རྟེན་སྒྲུབ་མཆོད་པའི་རྫས། །དགྱེས་རྒུའི་ལོངས་སྤྱོད་སྐར་ལྟར་བཀྲ། །རྡོ་རྗེ་དབང་པོ་ཚིམ་བྱེད་པའི། །ཀུན་བཟང་མཆོད་སྤྲིན་འབུལ་གྱིས་བཞེས། །རྩ་སྔགས་མཐར། ཨརྒྷཾ་པུཥྤེ་ནས། ཤབྡ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་པཱུ་ཛ་ཧོཿ བྱེ་བྲག་གཏོར་མ་འབུལ་བ་ནི། རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབས། གཏོར་སྣོད་རིན་པོ་ཆེ་དང་ཐོད་པ་ལ་སོགས་པར་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་དགྲ་བགེགས་བསྒྲལ་པའི་ཉེར་སྤྱད། ཕྱི་ནང་གསང་བའི་དགྱེས་རྫས། སྨན་གཏོར་རཀྟ་ལ་སོགས་པའི་མཆོད་སྤྲིན་ནམ་མཁའ་དང་མཉམ་པ་འདི་ཉིད་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། བསྟན་སྐྱོང་ཆེན་མོ་སོགས་ནས། དྲག་པོའི་ཆད་པས་ཐལ་བའི་རྡུལ་བཞིན་དུ་བརླག་པར་མཛོད་ཅིག༔ བར། བསྟོད་པ་ནི། བྷྱོ༔ ཁྲག་ཞག་རྒྱ་མཚོ་སོགས་དྲག་བསྐུལ་སྐབས་བཞིན། ཁྱོད་ལ་ཕྱག་འཚལ་བསྟོད༔ ཅེས་ཚིག་རྐང་དྲུག །གོང་གི་སྐོང་བའི་མཇུག་གི །བྷྱོ༔ དངོས་གྲུབ་སྟེར་བའི་སོགས་ནས། རྡོ་རྗེ་གནས་གཡོན་མ་ལ་བསྟོད༔ ཅེས་དང་། ཀྱཻ༔ རྒྱ་མཚོ་ཆེན་པོའི་ནང་ཤེད་ན༔ མིང་པོའི་ཚུལ་གྱིས་སྲིང་མོའི་ལས་བྱེད་ཅིང༔ དགོས་འདོད་རེ་སྐོང་བདུད་རྩི་ཆར་ལྟར་འབེབ༔ འཇིགས་བྱེད་ཀླུ་རྒྱལ་ནག་པོ་ཁྱོད་ལ་བསྟོད༔ ཅེས་དང་། བྷྱོ༔ དངོས་གྲུབ་ཆར་ལྟར་འབེབ་མཛད་མཁའ་འགྲོའི་ཚོགས༔ དགྲ་བགེགས་ཐལ་བར་རློག་བྱེད་སྡེ་བརྒྱད་ཚོགས༔ དམ་ལྡན་བུ་བཞིན་སྐྱོང་མཛད་བརྟན་མའི་ཚོགས༔ དམ་ཅན་འཁོར་ཚོགས་རྒྱ་མཚོའི་ཚོགས་ལ་བསྟོད༔ བཟླས་པ་ནི། མདུན་བསྐྱེད་གཙོ་མོའི་ཐུགས་ཀར་ཉི་མའི་གདན་ལ་བྷྱོཿམཐིང་གའི་མཐར་སྲོག་སྔགས་ཀྱིས་བསྐོར་བར་གྱུར། བདག་ཉིད་ཡི་དམ་ལྷའི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས། སྔོན་གྱི་དམ་བཅའ་དྲན་ནས་ཅི་བཅོལ་བའི་ལས་དང་དངོས་གྲུབ་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་སྒྲུབ་པར་མོས་ལ། རྩ་སྔགས་ཅི་ནུས་བཟླ། རྟ་མགྲིན་གཞུང་གི་ཚོགས་བྱིན་རླབས་ནས་ཚོགས་དང་པོ་ཕུལ་རྗེས། སྐོང་རྫས་རྣམས་རཾ་ཡཾ་ཁཾ་གིས་བསང་སྦྱང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ། ཨོཾ་བཛྲ་སྥ་ར་ཎ་ཁཾ་གིས་སྤེལ་ལ། བསྐང་བཤགས་ནི། བྷྱོ༔ བདེ་སྟོང་དབྱེར་མེད་ཆོས་དབྱིངས་སོགས་ནས། བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་དང་། ཡིག་བརྒྱ་བརྗོད། དབང་གཞུང་གི་རིག་མེ་གནང་ནོད་བྱ། དབང་དངོས་ལ། གསང་བ་གཅིག་གྲུབ་ཀྱི་རྩ་བའི་དབང་བཞི་གྲུབ་རྗེས། བསྙེན་དབང་ལ། འདིར་གང་གསན་པར་བྱ་བ་ནི། ཐབས་ལ་མཁས་ཤིང་ཚད་མེད་པའི་ཐུགས་རྗེ་དང་ལྡན་པའི་རྒྱལ་བ་མི་ཡི་སེང་གེས་གདུལ་བྱའི་ཁམས་དང་དབང་པོར་འཚམ་པའི་ཆོས་སྒོ་ཇི་སྙེད་ཅིག་བསྟན་པ་ཐམས་ཅད་ཀྱང་བསྡུ་ན་ཐེག་པ་རིམ་པ་དགུར་འདུ་ཞིང་། དེ་ལས་ད་ལམ་སྐབས་སུ་བབས་པ་འདི་ནི་བསྐྱེད་པ་མ་ཧཱ་ཡོ་གའི་ཕྱོགས་སུ་འདུ་བ་ཡིན། དེ་ལའང་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་སུ་ཕྱེ་བ་ལས་སྒྲུབ་སྡེ། དེ་ལའང་སྤྱིར་སྒྲུབ་པ་དང་། བྱེ་བྲག་ཏུ་སྒྲུབ་པའི་སྐོར་གཉིས་སུ་བཞུགས་པ་ལས། འདིར་བྱེ་བྲག་ཏུ་སྒྲུབ་པ་ལས་པདྨ་གསུང་གི་ཆོས་སྡེར་འདུ་བ་ཡིན། དེའང་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཐུགས་རྗེ་ཆེན་པོའི་ཕྲིན་ལས་གཅིག་ཏུ་བསྡུས་ཏེ་མི་བསྲུན་པའི་ལོག་པར་འདྲེན་པ་འདུལ་བའི་གཉེན་པོ་རྡོ་རྗེ་རྟ་ཡི་རྒྱལ་པོའི་སྐུར་བཞེངས་ཏེ། མ་མོ་མཁའ་འགྲོ་སྣང་སྲིད་ཀྱི་དྲེགས་པ་དང་བཅས་པ་ཐམས་ཅད་བཏུལ་ཞིང་ཕྱག་རྒྱ་གཉན་པོའི་ཟིལ་འོག་ཏུ་བཅུག །འོག་མིན་གྱི་གནས་སུ་རྟ་མཆོག་རོལ་པའི་རྒྱུད་སྡེ་མཐའ་ཡས་པ་གསུངས་ཤིང་། དེ་ལས་ཅི་རིགས་པ་གྲུབ་པའི་རིག་འཛིན་རྣམས་ཀྱིས་མི་ཡུལ་དུ་སྤྱན་དྲངས་ཏེ། རྟ་མཆོག་རོལ་པའི་རྒྱུད་དང་སྒྲུབ་ཐབས་མན་ངག་དུ་མས་འཕགས་བོད་གཉིས་སུ་ཕྲིན་ལས་དང་ཆོ་འཕྲུལ་ས་སྟེང་ན་ཡོངས་སུ་གྲགས་པ་བསྟན་པ་དང་། ཁྱད་པར་ཟན་ཡངས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་ས་གཞི་འདུལ་བའི་སླད་དུ་ཐོག་མར་ཨཱརྻ་པཱ་ལོ་རྟ་མགྲིན་གླིང་དུ་མ་ཧཱ་གུ་རུ་ཉིད་པདྨ་དབང་ཆེན་རྟ་མཆོག་རྒྱལ་པོའི་སྐུར་བཞེངས་ནས། སྣང་སྲིད་ཀྱི་ལྷ་འདྲེ་གདུག་པ་ཅན་རྣམས་ཀྱི་སྲོག་འཕྲོག་ཅིང་དྲངས་ནས་ཟིལ་གྱིས་མནན། དབང་དུ་བསྡུས་ཤིང་དམ་ལ་བཙུད་པར་མཛད་པས་མཚོན། ལྷག་པའི་ལྷ་མཆོག་འདི་ཉིད་ཀྱི་སྒོ་ནས་དྲེགས་པ་ཅན་ཐམས་ཅད་བཏུལ་བས་གཉེན་པོ་སྟོབས་ཀྱི་ལྷ་ལ་འདི་ལས་ཆེ་བ་མེད་པར་གྲགས་ཤིང་། ལས་ཅན་རྗེ་འབངས་རྣམས་ལ་གསང་བའི་ཡི་དམ་དུ་བསྩལ་ཅིང་། དེ་ཉིད་ཐུགས་ཉམས་སུ་བཞེས་པས་དངོས་གྲུབ་ཀྱི་མཚན་མ་བརྙེས། སྒྲུབ་སྐོར་རྒྱས་བསྡུས་དུ་མར་ཕྱེས་ཏེ་མ་འོངས་པའི་དོན་དུ་ཟབ་མོའི་གཏེར་རིགས་དུ་མར་རྒྱས་བཏབ་པར་མཛད་པ་ལས། ད་ལམ་གྱི་སྐབས་སུ་བབས་པ་འདི་ནི། བཻ་རོའི་ཐུགས་སྤྲུལ་ཕྲེང་པོ་གཏེར་ཆེན་འགྲོ་འདུལ་ཤེས་རབ་འོད་ཟེར་རམ་སྣ་ཚོགས་རང་གྲོལ་གྱིས། གྲོགས་རི་རིན་ཆེན་སྤུངས་པ་སོགས་ནས་སྤྱན་དྲངས་པའི་ཟབ་ཆོས་གྲོལ་ཏིག་དགོངས་པ་རང་གྲོལ་གྱི་ཆོས་སྡེ་ལས་བྱོན་པའི་རྟ་མགྲིན་དབང་ཆེན་དྲེགས་པ་ཀུན་འདུལ་བསྐྱེད་རྫོགས་འཁྲུལ་མེད་ཙིཏྟ་དམར་པོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལའང་། རྩ་བའི་དབང་བཞི་གསང་བ་གཅིག་གྲུབ་དང་། བསྙེན་དབང་ཟབ་མོ་གཉིས་སུ་བཞུགས་པ་ལས། འདིར་ཕྱི་མ་ཉིད་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ། མ་རིག་པའི་ལིང་ཏོག་གིས་མིག་བཀབ་པ་མཚོན་བྱེད་མིག་རས་ཆིངས། ཨོཾ་ཙཀྵུ་སོགས། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཕྱག་རྟེན་དུ་མེ་ཏོག་དམར་པོའི་ཆུན་པོ་རེ་ཐོགས་པར་མོས། ཨཱ་ཁཾ་སོགས། བླ་མ་རྟ་མཆོག་དཔལ་དང་གཉིས་སུ་མེད་པ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དགའ་ཆེན་ཁྱོད་བདག་སོགས་ལན་གསུམ། བླ་མ་དང་དཀྱིལ་འཁོར་གྱི་དབང་ཕྱུག་ཐ་མི་དད་པར་རྩ་གསུམ་རྒྱ་མཚོའི་སྤྲིན་གྱིས་བསྐོར་བའི་སྤྱན་སྔར། བདུན་རྣམ་དག་ཚུལ་བཞིན་དུ་བགྱིད་པའི་བློས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་སོགས་ལན་གསུམ། ཞིང་མཆོག་དེ་རྣམས་ཀྱང་ཡེ་ནས་དག་མཉམ་རང་བྱུང་གི་རིག་པ་གཉིས་སུ་མེད་པར་རྫོགས་པར་ཤེས་པས་གནས་ལུགས་དོན་གྱི་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས། ན་མོ༔ སྐྱེ་མེད་དོན་གྱི་སོགས་ལན་གསུམ། གདོད་ནས་ཡེ་ཤེས་རང་ལ་རྫོགས་པའི་རིག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གཉིས་རྟོག་གི་སྤྲོས་པ་དང་བྲལ་བའི་ཐིག་ལེ་ཆེན་པོར་ཀུན་ཏུ་བཟླུམས་པའི་དོན་དམ་སེམས་བསྐྱེད་ལ་འདིའི་རྗེས་ཟློས། བདག་དང་མཐའ་ཡས་སོགས། དེ་ནས་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་ཅིང་བྱིན་དབབ་པའི་སླད་དུ་དམིགས་པ་འདི་ལྟར་གསལ་འདེབས་འཚལ། སློབ་མ་བསང་སྦྱང་། ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་ཀྱི་ངང་ལས། ཁྱེད་རང་རྣམས་གང་དུ་གནས་པའི་ས་ཕྱོགས་འདི་ཉིད་དགའ་བ་ཚལ་གྱི་སོགས་ལྷར་བསྐྱེད་ཅིང་བྱིན་དབབ། ཡེ་ཤེས་པའི་རྒྱུན་བྱང་ཆུབ་བར་དུ་མི་ཉམས་ཤིང་བརྟན་པར་མོས། ཨ་དྷི་ཏིཥྛ་སོགས། སྒོ་གསུམ་གྱི་བར་ཆད་བསྲུང་བའི་སླད་དུ་རྩ་སྔགས་ཀྱིས་བྱིན་གྱིས་བརླབས་པའི་སྲུང་སྐུད་རྡོ་རྗེའི་མདུད་པ་ཅན་དཔུང་པར་བཅིངས་པས་མི་མཐུན་པའི་ཕྱོགས་རྣམས་སྲུང་བར་མོས། རྩ་སྔགས་བཟླ་བཞིན་ཕུས་བཏབ་པའི་སྲུང་སྐུད་གདགས་པ་སོགས་བྱ། དེ་ལྟར་སྣོད་བཅུད་ལྷའི་དཀྱིལ་འཁོར་དུ་བསྒོམས་པའི་རིམ་པས་ཐ་མལ་གྱི་ཉོན་རྟོག་སྦྱངས། ཡེ་ཤེས་ཀྱི་བྱིན་དབབ་པས་ལྷ་དང་སྐལ་པ་མཉམ་ཞིང་། མ་མོ་མཁའ་འགྲོའི་རྗེ་བཙན་དུ་དབང་བསྒྱུར་པའི་སླད་དཔལ་གྱི་ཆས་རྣམས་ཀྱིས་གནས་སོ་སོར་བརྒྱན་པར་མོས། ཧཱུྃ༔ རྒྱལ་སྲས་ཁྱོད་ཀྱི་སོགས་ནས། ང་རྒྱལ་བརྟན་པོར་མཛོད། མིག་དར་དང་ལྷན་ཅིག་གཉིས་འཛིན་གྱི་སྒྲིབ་གཡོགས་བསལ་བར་མོས། ཨོཾ་བཛྲ་པྲ་བེ་སོགས། ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པས་རང་སྣང་ལྷའི་དཀྱིལ་འཁོར་གཞི་ལམ་འབྲས་བུའི་ཡོན་ཏན་མ་བཅོས་ལྷུན་གྱིས་རྫོགས་པའི་དཀྱིལ་འཁོར་ཐམས་ཅད་མངོན་སུམ་དུ་མཐོང་བར་མོས་ཤིག །སྔར་བྱིན་པའི་མེ་ཏོག་དེ་ཉིད་ལྷ་ལ་བཟང་ངན་མེད་ཀྱང་ཚེ་རབས་ནས་འབྲེལ་པའི་ལྷ་གང་ཡིན་པ་བསྒྲུབ་ན་འགྲུབ་ཐག་ཉེ་བས། དེའི་ཕྱིར་ལས་ཀྱིས་འབྲེལ་བའི་ལྷག་པའི་ལྷས་བཞེས་སུ་གསོལ་སྙམ་པའི་དམོད་འདོར་བ་དང་བཅས་འདིའི་རྗེས་ཟློས་ཀྱིས་དཀྱིལ་འཁོར་དུ་དོར་ཅིག །སངས་རྒྱས་དངོས་གྲུབ་སོགས་ནས། མེ་ཏོག་གི་ཕྲེང་བ་རིགས་ཀྱི་ལྷས་བཞེས་ཏེ་སླར་ཁྱེད་རང་རྣམས་ཀྱི་སྤྱི་བོར་དབང་རྟགས་སུ་བཅིངས་པར་མོས། པྲ་ཏཱི་གྲྀཧྞ་སོགས། དེས་འཇུག་པའི་ཆོས་རྣམས་གྲུབ། དངོས་གཞིའི་དབང་ལ་བླ་མ་དཀྱིལ་འཁོར་གྱི་བདག་པོའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྗེས་སུ་དྲན་པས་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དཔལ་ལྡན་སྐུ་ཡི་སོགས་བུམ་པ་དང་སྐུ་གསུང་ཐུགས་དབང་བསྐུར། མཐའ་རྟེན་བྱང་ཆུབ་སྒྲུབ་པའི་བར་ཆད་བདུད་བགེགས་བསྒྲལ་བའི་སླད་དུ་བདག་མདུན་གྱི་ཐུགས་ཀའི་འོད་ཀྱིས་དམ་ཅན་རྣམས་བསྐུལ་པས། གནོད་བྱེད་ཐམས་ཅད་བཀུག་སྟེ་གཟུགས་ལ་བསྟིམ་པར་གྱུར། ནྲྀ་ཏྲི་བཛྲ་སོགས། བདག་ཉིད་དཔལ་ཆེན་པོའི་ཕྱག་གི་ཕུར་པ་སྲས་མཆོག་པདྨ་ཀཱི་ལ་ཡར་གསལ་བ། གནོད་བྱེད་ལ་བཏབ་པས་དྭངས་མ་དྲུག་བཅོམ། མ་རིག་པའི་བག་ཆགས་དང་བཅས་པ་སྦྱངས། ཚེ་སྲོག་དྭངས་བཅུད་རང་ལ་བསྟིམ། རྣམ་ཤེས་ཕུར་པའི་ཁོང་སེང་ནས་བརྒྱུད་འོག་མིན་དུ་སྤར། གཟུགས་ཕུང་ཕྱེ་མར་འཐག་པར་མོས། ཧཱུྃ༔ དབང་ཆེན་ཁྲོས་པ་སོགས། དྲག་སྔགས་མཐའི། སརྦ་བྷཱུ་ཏ་ཏྲིག་ནན༔ ཞེས་པའི་མཐར། ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ སྦྱར་དགོས། བཟླས་ལུང་ཕྱིན་སྤྱི་འགྲོའི་མཚམས་སྦྱོར་ཕྲན་བུས་བརྒྱན་ཏེ་བསྐུར་བའི་ལུས་འབུལ་རྗེས། དེ་རྣམས་ཀྱིས་ཡི་དམ་ལྷའི་དབང་བསྐུར་ལེགས་པར་གྲུབ་ནས། སླར་བཀའ་ཡི་སྲུང་མ་རྡོ་རྗེ་གཤོག་རྒོད་མའི་དབང་བསྐུར་བ་ལ་འདུན་པ་འདི་བཞིན་དུ་མཛོད། དེ་ལ་ཐོག་མར་སློབ་བུ་ཁྱེད་རྣམས་དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་དུ་གནས་པར་མོས་པས། ཚེ་རབས་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་རྒྱུད་ལ་ཅི་གནས་པ་སྦྱོང་བའི་དོན་དུ། ཁྱེད་རང་ཐ་མལ་དུ་གནས་པའི་སྤྱི་བོར་བླ་མ་དཔལ་རྡོ་རྗེ་སེམས་དཔའ་བཞུགས་པ་ལ་གསོལ་འདེབས་ཀྱི་ཚུལ་དུ་ཡི་གེ་བརྒྱ་པ་བཟླས་པས། སྐུ་ལས་བདུད་རྩིའི་རྒྱུན་བྱུང་བས་ཉམས་གྲིབ་ཐམས་ཅད་སྦྱངས་པར་མོས་ལ་ཡིག་བརྒྱ་ལྷན་ཅིག་ཏུ་བཟླ། མཐར་རྡོར་སེམས་འོད་དུ་ཞུ་ནས་རང་ལ་ཐིམ་པར་མོས། སླར་ཡང་ཚོགས་གསག་པའི་དོན་དུ་མདུན་གྱི་ནམ་མཁར་རྩ་བ་གསུམ་གྱི་ལྷ་ཚོགས་སྤྲིན་གཏིབས་པ་བཞིན་བཞུགས་པའི་སྤྱན་སྔར་བདུན་རྣམ་དག་གི་ཏིང་འཛིན་གསལ་ཐོབས་ལ་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ཐུན་མོང་གི་སྐྱབས་སེམས་ཚོགས་གསག་བྱ། ཐལ་མོ་མེ་ཏོག་དང་བཅས་པས་དཀྱིལ་འཁོར་གྱི་སྒོ་སྲུང་ལ་སྒོ་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱཻ༔ མཁའ་འགྲོ་ནག་མོ་སོགས། དེ་ལྟར་གསོལ་བས་ལན་དུ་སྒོ་སྲུང་དང་དབྱེར་མེད་པའི་ལས་ཀྱི་རྡོ་རྗེས་འདི་སྐད་གསུང་བར་མོས། ཀྱཻ༔ ཐེག་དམན་ལོག་རྟོག་སོགས། དེ་ལྟར་བསྒྲགས་པའི་ལན་དུ་འདིའི་རྗེས་ཟློས། བདག་ཅག་སོགས། དེས་ན་སྣོད་དུ་རུང་བར་ཤེས་ནས་ཕོ་བྲང་གི་སྒོ་ཕྱེ་ཞིང་ནང་དུ་དྲངས་པ་ན། སྔོན་ཆད་མ་རིག་པའི་དྲི་མས་མིག་ལྡོངས་པའི་མཚོན་བྱེད་མིག་རས་བཅིངས་ཤིང་། ལྷ་དང་མཇལ་བའི་ཕྱག་རྟེན་མེ་ཏོག་གི་ཕྲེང་བ་ཕྱག་ཏུ་ཐོགས་པ་དང་བཅས་འདུད་ཕྱག་སྔོན་དུ་འགྲོ་བས་རང་རང་གི་གྲལ་ལ་འཁོད་པར་མོས་པས་གསན་འཚལ། དེའང་སྤྱིར་རྒྱལ་བའི་ཕྲིན་ལས་ལ་ཚད་གཟུང་མེད་པས་སྲིད་པ་ཇི་སྲིད་བར་འདུལ་ཐབས་ཀྱི་རྣམ་འཕྲུལ་འགོག་པ་མེད་ཅིང་། བསམ་གྱིས་མི་ཁྱབ་པའི་ཕྲིན་ལས་ནམ་མཁའ་ལྟར་ཀུན་ལ་ཁྱབ་ཅིང་ཕྱོགས་ལྷུང་མེད་པའི་བདག་ཉིད་ཅན་དུ་བཞུགས་པ་ལས། གདུལ་བྱ་ཞི་བས་མི་འདུལ་བའི་གཉེན་པོར་ཁྲོ་བོ་དང་ཁྲོ་མོའི་ཚུལ་གྱིས་འགྲོ་བའི་དོན་མཛད་ཅིང་། རྒྱལ་བའི་བསྟན་པ་བསྲུང་བའི་ཚུལ་མཛད་པ་སོགས་དང་པོའི་སངས་རྒྱས་གཅིག་པུའི་གར་གྱི་དུ་མར་རྣམ་པར་འཕྲུལ་པ་འབྱམས་ཀླས་སུ་སྟོན་པ་ལས། སྐབས་སུ་བབས་པ་འདི་ནི། སྲིད་ཞི་ཐམས་ཅད་བསྐྱེད་ཅིང་འབྱུང་བའི་ཡུམ་མཆོག་ཀུན་ཏུ་བཟང་མོ་ཉིད། རྣམ་པ་མ་མོ་ཁྲོས་མའི་ཚུལ་གྱིས་གསང་སྔགས་གཉན་གྱི་བསྟན་པ་བསྲུང་ཞིང་སྒྲུབ་པ་པོའི་ཕྲིན་ལས་སྒྲུབ་པའི་སྐུར་བཞེངས་པ། འདོད་ཁམས་དབང་ཕྱུག་ལྷ་མོ་རྡོ་རྗེ་གཤོག་རྒོད་མའི་སྒྲུབ་ཐབས་འདི་ཉིད་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནཿདང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གཉིས་ཀྱི་དོན་དུ་མཛད་དེ། སླར་ཡང་མ་འོངས་སྙིགས་མའི་སེམས་ཅན་རྣམས་ཀྱི་དོན་དུ་འབྲི་གུང་གྲོགས་ཀྱི་མདའ། རི་རིན་ཆེན་སྤུངས་པའི་རྐེད། ཨོ་རྒྱན་གསང་བའི་ཕུག་པར་གཏེར་དུ་སྦས་པ་ཉིད། ལོ་ཆེན་བཻ་རོ་དངོས་སྣང་སྤྲུལ་པའི་གཏེར་སྟོན་ཆེན་པོ་འགྲོ་འདུལ་ཤེས་རབ་འོད་ཟེར་གྱིས་སྤྱན་དྲངས་ཏེ། ཟ་ཧོར་གྱི་རྒྱལ་རིགས་གཉིས་པར་བྱོན་པའི་ཕོ་བྲང་ཆེན་པོ་ཡུལ་གྱི་དགེ་ལེགས་མཐའ་དག་གི་འདུན་ས་ཆེན་པོ་ཕྱིང་བར་སྟག་རྩེར་ཤོག་སེར་ལས་གཏན་ལ་ཕབ་པའི་ཕྲིན་ལས་ཟབ་མོ་དང་འབྲེལ་བ་སྟེ། གཞུང་ལས། སྔགས་སྲུང་རྡོ་རྗེ་གཤོག་རྒོད་མའི་སྲོག་དབང་སྦྱིན་པ་ནི༔ ཡིད་རྩེ་གཅིག་ཏུ་གཏད་ཅིང་སྡོམ་པ་དམ་ཚིག་ལ་གནས་པའི་སྐྱེས་བུ་སྐལ་ལྡན་དག་ལ་ཡིན་གྱི༔ གཞན་དུ་རང་གཞན་ཐམས་ཅད་ནམ་ཞིག་ཚེའི་བར་ཆད་དུ་འགྱུར་རོ༔ ཞེས་དང་། པདྨ་བདག་གིས་གཏེར་སྲུང་ཉིད་ཀྱི་ཟུངས་ཁྲག་ཕྱུང་པ་ཡིན་ལ༔ དབང་འདི་གཉན་པས་གར་ཐོད་ལ་བསྐུར་ན་བར་ཆད་འོང་བས་ཤིན་ཏུ་ཉེན་ཆེ་བས་སྣོད་ལྡན་གཅིག་བརྒྱུད་མིན་པ་མ་སྤེལ་ཅིག༔ གཏེར་སྲུང་ལས་ཀྱི་རྡོ་རྗེ་གཤོག་རྒོད་མས་བྱ་ར་གྱིས་ཤིག༔ ཅེས་རྗེས་སུ་གདམས་པ་ཉིད་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ། སློབ་དཔོན་པདྨ་དབང་ཆེན་རྣམ་དབྱེར་མེད་པའི་སྤྱན་སྔར་མེ་ཏོག་འབུལ་ཞིང་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་མ་སངས་རྒྱས་སོགས་ལན་གསུམ། བླ་མ་དང་དཔལ་ཧེ་རུ་ཀཿགཉིས་སུ་མེད་པ་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་ཏུ་བཞུགས་པའི་དྲུང་དུ། ཐེག་ཆེན་སྔགས་ཀྱི་ལམ་མཆོག་དང་འབྲེལ་བའི་རྒྱུན་བཤགས་ཡན་ལག་བརྒྱད་པ་འབུལ་བའི་སྒོམ་དོན་གསལ་བཞིན་པས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། དབང་གི་གཞི་འགོད་པའི་སླད་དུ་སློབ་མའི་ལུས་སེམས་ཀྱི་དཀྱིལ་དུ་སྦ་བ་སྟེ། གདོས་བཅས་ཀྱི་ལུས་འདི་འོད་དུ་ཞུ་ནས་སྟོང་པ་ཉིད་ཀྱི་ངང་དུ་མཉམ་པར་ཞོག །དེ་ལས་རིག་པ་བྱང་ཆུབ་སེམས་ཀྱི་རང་རྩལ་ཡི་གེ་བྷྱོཿམཐིང་ནག་སོགས་ནས། ཀློང་དཀྱིལ་ན་བཞུགས་པར་གསལ་ཐོབས། དེ་ལྟར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་གསུམ་དང་། ཐུགས་སྲོག་ཉི་སྟེང་བྷྱོཿམཐིང་ནག་གིས་མཚན་པ་དང་། སློབ་དཔོན་ཉིད་དབང་ཆེན་ཁྲོ་བོའི་རྒྱལ་པོར་གསལ་བའི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བའི་ཞིང་དང་། དུར་ཁྲོད་ཆེན་པོ་བརྒྱད་སོགས་རང་བཞིན་སྤྲུལ་པའི་གནས་ནས་བསྟན་སྐྱོང་ཆེན་མོ་རྡོ་རྗེ་གཤོག་རྒོད་མ་སྤྲུལ་འཁོར་ཞིང་གི་རྡུལ་སྙེད་དང་བཅས་པ་སྤྱན་དྲངས་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་མོས། གུ་གུལ་གྱི་གསུར་དུད་དང་། ཐོད་རྔ་རོལ་མོའི་སྒྲས་གཟི་བྱིན་བསྐྱེད་དེ་སྤྱན་འདྲེན་ནི། བྷྱོ༔ སྔོན་ཚེ་པདྨ་འབྱུང་གནས་སོགས་གསོལ་མཆོད་བཞིན་དང་། གོང་གསལ་ཟུར་འདེབས་གབ་སྤྲད་སྔགས་བཅས། ས་མ་ཡ་ཛཿཛ༔ བར་བརྗོད། དེ་ལྟར་ཕབ་པའི་བྱིན་རླབས་ཀྱི་རྒྱུན་བརྟན་པར་གྱུར་ཅིག །ཏིཥྛ་བཛྲས་མགོ་བོར་རྡོ་རྗེ་རྒྱ་གྲམ་དུ་གཞག །དངོས་གྲུབ་ཀྱི་སྐལ་པ་བརྟག་པའི་སླད་དུ་རིན་པོ་ཆེ་ལས་གྲུབ་པའི་མེ་ཏོག་གི་ཆུན་པོ་རེ་མདུན་དུ་བཞུགས་པའི་བཟང་མོ་ལ་ཕུལ་བའི་མོས་པས་འདིའི་རྗེས་ཟློས་དང་བཅས་འབུལ་འཚལ། འགྲིམ་དཀྱིལ་འདུ་བྱས་ཏེ། ཀྱེ༔ བླ་མ་སངས་རྒྱས་སོགས། དེ་ལྟར་ཕུལ་པའི་མེ་ཏོག་ལྷ་མོའི་ཐུགས་ཀར་ཕོག་པས་དངོས་གྲུབ་མཆོག་གི་སྐལ་པ་དང་ལྡན་པའི་མཚན་མར་བཟུང་ཞིང་། མེ་ཏོག་དེ་ཉིད་དབང་རྟགས་སུ་སླར་ཁྱེད་རང་གི་སྤྱི་བོར་བཅིངས་པར་མོས། པུཥྤེ་བཛྲ་ས་མ་ཡ་སྟྭཾ། དེ་ལྟར་ཡེ་ཤེས་ཀྱི་བྱིན་ཕབ་ཅིང་ལྷ་དང་གཉིས་མེད་དུ་བསྒྲུབས་པས་མ་རིག་པའི་སྒྲིབ་བྲལ་དུ་བྱས་པ་མཚོན་ཕྱིར་གདོང་གཡོགས་སོལ་ཅིག །དེ་དག་གིས་སྔོན་འགྲོའི་རིམ་པ་གྲུབ། དབང་བསྐུར་བ་དངོས་ལ། ཐུན་མོང་སྐུ་གསུང་ཐུགས་ཀྱི་རྗེས་གནང་དང་། ཐུན་མིན་སྲོག་དབང་སྦྱིན་པ་རྣམས་སུ་ཡོད་པས། ཐོག་མར་དེ་དག་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ༔ ཕྱོགས་བཅུར་བཞུགས་པའི་སོགས་ཤློ་ཀ་ལན་གསུམ། དང་པོ་སྐུའི་རྗེས་གནང་གི་སླད་དུ་འདི་ལྟར་གསལ་ཐོབས་ཤིག །མདུན་དུ་བཤམས་པའི་རྟེན་རྣམས་དང་དབྱེར་མེད་པའི་དཀྱིལ་འཁོར་ཕྱི་གངས་རིའི་ཕྲེང་བ་ཆེན་པོས་སོགས་གསོལ་མཆོད་བཞིན་བསྐྱེད་པའི་ས་བོན་དོར་ནས། སྤྲིན་གྱི་ཕུང་པོ་གཏིབས་པ་ལྟ་བུས་བསྐོར་བར་གསལ་བར་གྱུར་པ་ལ། དབང་གཞུང་གི །བླ་མའི་ཐུགས་ཀའི་ས་བོན་སོགས། མཉམ་པར་གྱུར་སྙམ་པའི་མོས་པ་མཛོད། སྤོས་རོལ་བཅས། ཨོཾ་རུ་རུ་ཧེ་དུན༔ ཁ་ཁ་དུ་ན་དྲག་མོ༔ དུ་ར་དུ་ཏི་ཛ༔ དྲག་མོ་ཧེ་ར་དུ་ར་དུ་ཏི་དུ་བྷྱོ༔ དེ་ལྟར་བྱས་པས་ལྷ་མོའི་སྐུའི་བྱིན་རླབས་ཞུགས་ཤིང་། སྐུའི་ནུས་སྟོབས་རྫོགས་པར་གྱུར་པ་ནི་སྐུའི་རྗེས་སུ་གནང་བའོ། །གཉིས་པ་གསུང་གི་རྗེས་སུ་གནང་བའི་སླད་དུ། ཡང་བླ་མའི་ཐུགས་ཀ་སོགས། ཐུགས་རྒྱུད་བསྐུལ༔ མདུན་བསྐྱེད་ཀྱི་ཐུགས་ཀར་ཉི་སྟེང་བྷྱོཿསྔོན་པོའི་མཐར་སྔགས་ཕྲེང་གསལ་བ་ལས་འོད་ཟེར་གྱི་རྣམ་པའི་སྔགས་ཕྲེང་གཉིས་པ་བྱུང་། སློབ་མའི་སྙིང་གར་ཞུགས་སོགས། བསྲེགས་ཤིང་སླར་ཡང་ཁྱེད་རང་གི་ཐུགས་ཀར་འཁོད་པའི་སྔགས་ཕྲེང་ལས་འོད་ཟེར་མཆོད་པའི་ཚུལ་དུ་འཕྲོས། ཕྱོགས་བཅུའི་རྒྱལ་བའི་དཀྱིལ་འཁོར་དང་མདུན་བསྐྱེད་ཀྱི་ལྷ་མཉེས་པར་བྱས། དགྲ་བགེགས་རྣམས་ཚར་བཅད། དྲེགས་པ་ཕོ་མོ་དབང་དུ་བསྡུས། འོད་ཟེར་ཚུར་བྱུང་། བྱིན་རླབས་ནུས་སྟོབས་ཀྱི་རིམ་པ་རྫོགས་པར་མོས་ལ་སྔགས་འདིའི་རྗེས་ཟློས། གོང་གསལ་རྩ་སྔགས་ལན་གསུམ། སླར་ཡང་སློབ་དཔོན་ལ་མེ་ཏོག་འབུལ་ཞིང་འདིའི་རྗེས་ཟློས། བསྟན་སྐྱོང་བདག་ལ་སོགས་ལན་གསུམ། སླར་མེ་ཏོག་དེ་ཉིད་སྤྱི་བོར་བཅིངས་པས་སྔགས་ཀྱི་ནུས་པ་བརྟན་པར་བྱས་པར་མོས། བསྟན་སྐྱོང་འདི་ལ་སོགས་ལན་གསུམ། དེ་ལྟར་བྱས་པས་ལྷ་མོའི་གསུང་གི་བྱིན་རླབས་ཞུགས་ཤིང་། གསུང་གི་ནུས་སྟོབས་རྫོགས་པར་གྱུར་པ་ནི་གསུང་གི་རྗེས་སུ་གནང་བའོ། །གསུམ་པ་ཐུགས་ཀྱི་རྗེས་སུ་གནང་བའི་སླད་དུ། ཡང་བླ་མའི་སོགས། སྔགས་རོལ་བཅས་ཕྱག་མཚན་བྱིན་མཐར། དེ་ལྟར་བྱས་པས་ལྷ་མོའི་ཐུགས་ཀྱི་བྱིན་རླབས་ཞུགས་ཤིང་། ཐུགས་ཀྱི་ནུས་སྟོབས་རྫོགས་པར་གྱུར་པ་ནི་ཐུགས་ཀྱི་རྗེས་སུ་གནང་བའོ། །རྗེས་འབྲེལ་ཕྲིན་ལས་རྒྱས་པར་བྱེད་པ་དམ་རྫས་ཚོགས་ཀྱི་ལོངས་སྤྱོད་མཆོད་གཏོར་སྒྲུབ་རྫས་སྲོག་ཡིག་རྣམས་ཕྱག་ཏུ་གཏད་པས། དཔལ་ལྷ་མོའི་ལས་དང་དངོས་གྲུབ་རྒྱ་མཚོ་བསྒྲུབ་པའི་མཐུ་དང་ལྡན་ཅིང་། མ་མོ་རབ་འབྱམས་ཀྱི་སྲོག་ལ་དབང་ཐོབ་པར་མོས། ཧཱུྃ༔ ཞལ་ཟས་ལོངས་སྤྱོད་སོགས་རིམ་པར་བསྐུར། ཡི་གེ་བྷྱོའི་དབང་བསྐུར་མཐའི་གནོད་བྱེད་ཐམས་ཅད་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད་ཅིག༔བར་བསྐུར། དེ་རྣམས་ཀྱིས་ཐུན་མོང་གི་དབང་རྗེས་འབྲེལ་དང་བཅས་པ་གྲུབ། བརྒྱུད་འཛིན་ཐུན་མོང་མ་ཡིན་པ་ལ་སྲོག་དབང་ཟབ་ཅིང་གཉན་པ་བསྐུར་བ་ཡིན་པས། བདག་གིས་བརྗོད་པའི་ཚིག་རིས་དང་མཐུན་པའི་དམིགས་པ་རྣམས་གསལ་འདེབས་པ་ཞུ། བླ་རྡོ་མདུན་དུ་བཞག་པ་ལ། སློབ་དཔོན་དབང་ཆེན་ཁྲོ་བོའི་རྒྱལ་པོའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་འབར་བའི་དབྱིབས་ཅན་གྲངས་མེད་པ་འཕྲོས་པས། མ་མོ་སྣང་སྲིད་དྲེགས་པ་སྡེ་བརྒྱད་ཀྱི་དཔུང་དང་བཅས་པ། ཨོ་རྒྱན་གསང་བའི་དུར་ཁྲོད། གླིང་བཞིའི་འཇིག་རྟེན་གྱི་གནས་ཡུལ་སོགས་གང་དུ་བཞུགས་ཀྱང་སྐད་ཅིག་གིས་བཀུག་ནས་དམིགས་པའི་རྟེན་དང་དབྱེར་མེད་དུ་གྱུར་པར་མོས། རྩ་སྔགས་མཐར། བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿབཏགས་པ་ལན་བདུན་གྱིས་བཀུག །མཆོད་གཏོར་རཾ་ཡཾ་ཁཾ་གིས་བསྲེག་གཏོར་བཀྲུས། ཨོཾ་ཨཱཿཧཱུྃ་གིས་སྦྱང་སྤེལ་བསྒྱུར། གཏོར་སྣོད་རིན་པོ་ཆེ་དང་ཐོད་སྣོད་ལ་སོགས་པར་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་དགྲ་བགེགས་བསྒྲལ་པའི་ཉེར་སྤྱོད། ཕྱི་ནང་གསང་བའི་དགྱེས་རྫས། སྨན་གཏོར་རཀྟ་ལ་སོགས་ནམ་མཁའ་དང་མཉམ་པ་འདི་ཉིད། བསྟན་སྲུང་ཆེན་མོ་འདོད་ཁམས་དབང་བྱེད་རྡོ་རྗེ་གཤོག་རྒོད་མ༔ ལྷ་མོ་ཧེ་ལེ་སོགས་གསོལ་མཆོད་བཞིན། ཀླུ་རྗེ་རྒྱལ་བ་ཐོད་དཀར༔ སྤྲུལ་འཁོར་སྡེ་བརྒྱད་ཡང་བྲན་གྱི་ཚོགས་འཁོར་དང་བཅས་པའི་ལྗགས་ཧཱུྃ་ལས་སོགས། རྩ་སྔགས་ལ་སྡེ་བརྒྱད་ཤམ་བུ་དང་། ཨ་ཀཱ་རོ་བཏགས་པ་ལན་བདུན་གྱིས་འབུལ། མཆོད་སྦྱིན་གྱི་གཏོར་མ་སོགས་ཀྱིས་འདོད་དོན་གསོལ། ཧཱུྃ༔ ང་ནི་དཔལ་ལྡན་རྡོ་རྗེ་འཛིན༔ སོགས་འོག་གི་རྒྱུན་གཏོར་རམ་ཆད་ཐོ་གཏང་། དེ་ནས་ཁྱེད་རང་རྣམས་དཔལ་ཆེན་པདྨ་ཧེ་རུ་ཀཿརྟ་མཆོག་དབང་གི་རྒྱལ་པོའི་སྐུར་གསལ་བ་ལ། བླ་རྡོ་མ་མོ་སྡེ་བརྒྱད་བྲན་དང་བཅས་པར་གསལ་བ། ཁྱེད་རང་རྣམས་ཀྱི་ཞབས་འོག་ཏུ་དྲངས་ཏེ་བྲན་དང་འབངས་སུ་གཏད་པས་སྣང་སྲིད་མ་མོ་སྡེ་བརྒྱད་དང་བཅས་པའི་སྲོག་ལ་དབང་ཐོབ། དྲེགས་པ་ཅན་རྣམས་ཟིལ་གྱིས་གནོན་ཅིང་ལས་ལ་བཀོལ་བའི་མཐུ་རྩལ་རྫོགས་པར་མོས། བླ་རྡོ་སློབ་བུའི་ཞབས་འོག་ནས་དྲངས་པའི་ཚུལ་བཅས་ལག་ཏུ་གཏད་དེ། ཧཱུྃ༔ སྣང་སྲིད་མ་མོའི་སོགས། དེས་མ་མོ་རབ་འབྱམས་ཀྱི་སྲོག་ལ་དབང་ཐོབ་པ་ཡིན་པས། དེང་ཕྱིན་ཆད་སྣང་སྲིད་ཐམས་ཅད་མ་མོའི་དཀྱིལ་འཁོར་དུ་རྫོགས་པར་ཤེས་དགོས། དེའང་ཟབ་མོ་སྟོང་པ་ཉིད་རྣམ་ཀུན་མཆོག་ལྡན་དབྱིངས་ཀྱི་ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན་མའི་རང་ངོ་ལས་གུད་དུ་མི་བལྟ་ཞིང་། ལྟ་བའི་གྱད་ཆེན་པོའི་ཟབ་ཁྱད་དང་ལྡན་པའི་སྒོ་ནས་ཞི་རྒྱས་དབང་དྲག་གི་ཕྲིན་ལས་རབ་འབྱམས་ལ་བསྐུལ་པ་དང་། རྟེན་རྫས་ཚོགས་ཤིང་མཆོད་གཏོར་རྒྱ་ཆེན་པོས་མཆོད་གསོལ་བསྟོད་ཅིང་བསྐུལ་བ་ལ་སོགས་སྤྱི་དང་། ཁྱད་པར་གསང་བས་བསྡུས་པའི་དམ་ཚིག་རྣམ་པར་དག་པས་བསྙེན་སྒྲུབ་ལ་བརྩོན་པར་མཛད་དགོས་པས། དེ་དག་ཚུལ་བཞིན་བགྱིའོ་སྙམ་པའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དབང་གི་རྗེས་རིམ་སྤྱི་ལྟར་དང་། ཆོ་གའི་རྗེས་རྟ་མགྲིན་གྱི་ཚོགས་ལྷག་མཐར། དམར་གཏོར་ལ་དམིགས་བྱ་དགུག་བསྟིམ་བྱིན་རླབས་བྱས་ལ། བསྟོད་བསྐུལ་ནི། བྷྱོ༔ ཁྲག་ཞག་རྒྱ་མཚོ་འཁྲུགས་པའི་སོགས་ཆ་ཚང་དང་། ཐ་ཚིག་ནི། ཧཱུྃ༔ ང་ནི་དཔལ་ལྡན་སོགས་དང་། ཕྲིན་བཅོལ་ནི། བྷྱོ༔ གཞན་ཡང་ཁྱོད་ལ་སོགས་ནས། དངོས་གྲུབ་བསྩལ་དུ་གསོལ༔ རྟ་མགྲིན་གྱི་ཆད་ཐོ་ཕྱིན་མཐར་དབྱུང་ངོ་།། །། ༈ འཇའ་ཚོན་སྙིང་པོའི་ཟབ་ཆོས་རྟ་ཕག་ཡིད་བཞིན་ནོར་བུའི་དབང་བསྐུར་གྱི་ལས་རིམ་ཁྱེར་བདེར་བཀོད་པ་ཡེ་ཤེས་མཆོག་སྦྱོར་ལྟར་དབང་སྒྲུབ། དབང་དངོས། རྗེས་ཆོག་བཅས་བྱའོ།། །། ༈ གནམ་ཆོས་རྟ་མགྲིན་བར་ཆད་ཀུན་སེལ་གྱི་དབང་སྒྲུབ། དངོས་གཞི་གཟུངས་དབང་། རྗེས་གནམ་ཆོས་སྤྱི་ལྟར་རོ།། །། ༈ སྟག་ཤམ་བསམ་གཏན་གླིང་པའི་ཡི་དམ་དགོངས་འདུས་རྟ་མཆོག་རོལ་པའི་དབང་འགྲེལ་སྤྱི་སྡོམ་རྩ་བའི་དབང་བསྐུར་ཆེན་མོ་བཀླག་ཆོག་ཏུ་བཀོད་པ་པདྨ་རཱ་གའི་བུམ་བཟང་ལྟར་བདག་བསྐྱེད། སྟ་གོན། དབང་སྒྲུབ། སྒོ་ཞུས། དངོས་གཞིའི་དབང་བསྐུར། རྗེས་ཆོག་བཅས་དང་། ༧ རྩ་གསུམ་སྤྱིའི་རྗེས་གནང་གཅིག་ཤེས་ཀུན་གྲོལ་ལྟར་རྟ་མགྲིན་ཡི་གེ་དྲུག་པའི་དབང་སྒྲུབ། བྱིན་རླབས་རྗེས་གནང་དངོས། རྗེས་ཆོག་བཅས་བྱའོ།། །། ༈ པདྨ་འོད་གསལ་མདོ་སྔགས་གླིང་པའི་སྙན་བརྒྱུད་རྟ་མཆོག་རོལ་པའི་སྙིང་ཐིག་གི་ཕྲིན་ལས་དང་དབང་བསྐུར་བཀླག་ཆོག་ཏུ་བསྡེབས་པ་རྟ་མཆོག་དགྱེས་པའི་བཞད་སྒྲ་ལྟར་དབང་སྒྲུབ། དངོས་གཞི་རྩ་དབང་དང་། ཚེ་དབང་། གྲོལ་བྱེད་ཟབ་ཁྲིད་དང་འབྲེལ་བ། རྗེས་ཆོག་བཅས་བྱའོ།། །། ༈ ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པའི་ཟབ་བདུན་ཟངས་བྱང་མའི་རྟ་མགྲིན་དབང་ཟབ་ཡང་ཕྱུང་དམར་པོའི་རྩ་དབང་གི་དབང་སྒྲུབ་ལ། བརྒྱུད་འདེབས་འཕྲོས་ཟབ་བདུན་སྤྱི་འགྲོའི་སྐྱབས་སེམས། ཕྲིན་ལས་སྔོན་འགྲོའི་སྤྱི་ཆིངས། ཏིང་འཛིན་རྣམ་གསུམ་གྱི་ཙིཏྟ་བཛྲ་ཧཱུྃ་ཞེས་པ། ཙིཏྟ་བཛྲ་ཧྲཱིཿཞེས་པར་བསྒྱུར་ནས། དངོས་གཞི་ལྷ་བསྐྱེད་ཕྱིན་ཡང་ཕྱུང་དམར་པོའི་ཕྲིན་ལས་ཀྱི་སྨན་མཆོད་ལ་མཚན་དོན་སྦྱར་ཞིང་། རྟ་སྐད་དགོངས་གླུའི་མཐར། བྷྲཱུྃ་བི་ཤྭ་བི་ཤུདྡྷེ། ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཧྲཱིཿཕཊ༔ ཕཊ་ཛཿ བདག་ཉིད་དམ་ཚིག་དཀྱིལ་འཁོར་ལས༔ ཡེ་ཤེས་དཀྱིལ་འཁོར་གཉིས་པ་དབྱེ༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་རྣམས༔ མདུན་གྱི་ནམ་མཁར་བཞུགས་པར་གྱུར༔ ཧཱུྃ༔ དམར་ནག་གྲུ་གསུམ་དབང་གི་དཀྱིལ་འཁོར་དུ༔ གདུག་པ་ཀླུ་རྒྱལ་བསྣོལ་བའི་གདན་སྟེང་དུ༔ མ་ཆགས་པདྨ་ཐབས་ཤེས་ཉི་ཟླ་ལ༔ བཅོམ་ལྡན་དཔལ་ཆེན་རྟ་མཆོག་རྒྱལ་པོའི་སྐུ༔ གཉིས་མེད་སྦྱོར་ཡུམ་པདྨ་གཟི་ལྡན་མ༔ སྤྲུལ་པའི་ཕྲ་མེན་བྱི་ལ་པུ་ཤུད་མགོ༔ དབང་ཆེན་སྡེ་བཞི་རིགས་ཀྱི་དབྱིངས་ཕྱུག་བཞི༔ ཟིལ་གནོན་ཁྲོ་རྒྱལ་ཡབ་ཡུམ་སྒོ་མ་བཞི༔ པདྨ་གསུང་གི་བཀའ་སྲུང་བཅས་པ་རྣམས༔ སྐུ་ནི་གར་དགུ་དཔལ་དང་དུར་ཁྲོད་ཆས༔ གསུང་དབྱངས་བཅུ་གཉིས་སྔགས་སྒྲ་འབྲུག་ལྟར་སྒྲོག༔ ཐུགས་ནི་བདེ་ཆེན་ཡེ་ཤེས་སྲོག་དང་ལྡན༔ ཡོན་ཏན་བསམ་ལས་འདས་པའི་རྣམ་ཐར་ཅན༔ ཕྲིན་ལས་ཐོགས་མེད་ནམ་མཁའི་མཐའ་དང་མཉམ༔ རང་གི་དབྱིངས་ལས་གཞན་དུ་མི་བཞུགས་པས༔ རང་གསལ་ཐབས་ཀྱིས་སྒྲུབ་པའི་དུས་འདི་ལགས༔ རྣལ་འབྱོར་བདག་གིས་ཏིང་འཛིན་རྩེ་གཅིག་པས༔ སྣང་གྲགས་རིག་གསུམ་དཀྱིལ་འཁོར་གསུམ་དུ་སྒོམ༔ ལུས་ནི་ལྷ་ཡི་སྐུར་གསལ་རྣམ་པར་དག༔ ཆེ་བཙན་འགྲན་ཟླ་བྲལ་བའི་ང་རྒྱལ་ལྡན༔ ངག་ནི་བཟླས་བརྗོད་གྲགས་སྟོང་སྐྱོན་དང་བྲལ༔ རྩ་ཐིག་རླུང་གསུམ་བདེ་ཆེན་ཡི་གེར་གནས༔ ཡིད་ནི་རང་བྱུང་གནས་ལུགས་མ་བཅོས་པ༔ གང་ཤར་རང་གྲོལ་ཀ་དག་ངང་དུ་གནས༔ དཔལ་ཆེན་ཉིད་དང་དབྱེར་མེད་མ་གྱུར་བར༔ སྲོག་གི་ཕྱིར་ཡང་དགོངས་པ་མི་གཏང་ངོ༔ ཧཱུྃ་ཧྲཱི༔ དཔལ་ཆེན་རྟ་མགྲིན་ཐུགས་ཀའི་འོད་ཁྱིམ་དུ༔ ཐབས་ཤེས་ཉི་ཟླར་ཡེ་ཤེས་སེམས་དཔའ་དམར༔ རྡོ་རྗེ་དྲིལ་འཛིན་རང་འོད་ཡུམ་འཁྱུད་པའི༔ སྲོག་གོར་ཉི་མ་ལ་གནས་རྡོ་རྗེའི་སྦུབས༔ འོད་ཀྱི་དཀྱིལ་འཁོར་དབུས་སུ་ཧྲཱིཿཡིག་ལ༔ སྔགས་ཀྱི་ཕྲེང་བ་གཡས་སུ་འཁོར་བ་ལས༔ འོད་འཕྲོས་རྒྱལ་མཆོད་གསང་གསུམ་བྱིན་རླབས་བསྡུས༔ འགྲོ་བའི་སྒྲིབ་སྦྱངས་དཔལ་ཆེན་ས་རུ་བཀོད༔ མཆོག་ཐུན་དངོས་གྲུབ་དཀྱིལ་འཁོར་གསུམ་དུ་བསྡུས༔ མ་མོ་མཁའ་འགྲོ་ཐམས་ཅད་ལས་ལ་བཙུད༔ ཕྲིན་ལས་རྣམ་བཞི་ཐོགས་མེད་འགྲུབ་པར་མཛད༔ ཕྱི་སྣོད་པདྨ་དབང་གི་དཀྱིལ་འཁོར་ལ༔ ནང་བཅུད་ཐམས་ཅད་རྟ་མཆོག་རྒྱལ་པོའི་ལྷ༔ སྒྲ་སྐད་ཐམས་ཅད་ཧྱ་གྲཱི་བའི་སྒྲ༔ རིག་པ་ཀ་དག་བདེ་ཆེན་ངང་དུ་གནས༔ ཞེས་འཕྲོ་འདུའི་ཏིང་འཛིན་དང་ལྡན་པས་རྩ་སྔགས་གཙོ་བོ་དང་། ལས་སྔགས་ཤམ་བུར་སྦྱར་བ་བཅུ་ཆ་ཙམ་བཟླ། བུམ་ལྷ་སྤྱི་ལྟར་བསྐྱེད་བཟླས་བྱ། སྟོང་ཚིགས་ཀྱི་མཆོད་བསྟོད། བུམ་ལྷ་འོད་ཞུ། ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས་འོད་ཞུ་བྱ། ཕྲིན་ལས་མཇུག་ཆིངས་བཞིན་ཚོགས་མཆོད་ལ་སྐོང་བ་དབེན་རྩ་མ་སྦྱར། བསྒྲལ་བསྟབ་མཐར་རིག་མེ་དོར་ཞིང་གནང་བ་ནོད། དབང་བསྐུར་དངོས་ལ་སྒོ་དྲུང་དུ་འཁོད་དེ། ཁྱེད་རང་རྣམས་མ་རིག་པའི་སྒྲིབ་པས་མིག་ལྡོངས་པའི་མཚོན་བྱེད་རས་ཡུག་དམར་པོས་མིག་བཀབ་སྟེ། ཕྱག་རྟེན་རཏྣའི་མེ་ཏོག་ཕྲེང་བ་བཟང་པོ་རེ་ཐོགས་ལ་དཀྱིལ་འཁོར་གྱི་སྒོ་དྲུང་དུ་འཁོད་དེ་སྒོ་སྲུང་རྣམས་ལ་སྒོ་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ རང་རིག་ཡེ་ཤེས་ཕོ་བྲང་སོགས། དེའི་ལན་དུ་སྒོ་སྲུང་རྣམས་ཀྱིས་གནང་བ་བྱིན་ནས་སྒོ་ཕྱེས་ཏེ་ནང་དུ་བཏང་བར་མོས། ཧཱུྃ༔ རང་རིག་ཡེ་ཤེས་སོགས། ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཁང་པའི་ནང་དུ་ཆུད་ནས་བླ་མ་ལ་གུས་འདུད་ཀྱིས་ཕྱག་བཅས་རང་རང་གི་གྲལ་དུ་འཁོད་པར་མོས། ནམ་མཁའ་དང་མཉམ་པའི་འགྲོ་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ཏེ་ཁྱབ་བདག་པདྨ་ཧེ་རུ་ཀའི་གོ་འཕང་ལ་གཞག་པར་བྱ། དེའི་ཆེད་དུ་རྒྱུད་དབང་གིས་སྨིན་པར་བྱས་ནས་ལམ་རིམ་གཉིས་ཀྱི་རྣལ་འབྱོར་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཐུགས་བསྐྱེད་པ་དང་ལྡན་པས་གསན་འཚལ། དེ་ཡང་སྟོན་པ་ཀུན་ཏུ་བཟང་པོའི་ཡེ་ཤེས་རོལ་པའི་རྩལ་ཁ་ཕྱོགས་མེད་དུ་གྲོལ་བའི་ཕྲིན་ལས་ཀྱིས། མཐའ་དང་མུ་མེད་པའི་སེམས་ཅན་སོ་སོའི་ཁམས་དབང་མོས་པ་དང་འཚམ་པར་འདུལ་བྱེད་ཀྱི་ཐེག་པ་བསམ་ཡས་བསྟན་པ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་རྣམ་པར་གྲོལ་བའི་ལམ། གདུལ་བྱ་དམན་འབྲིང་མཆོག་གི་སྐལ་པ་ཅན་གྱི་ངོར་རང་རང་གི་ཐེག་པ་གསུམ་དུ་བསྡུས་ཤིང་། དེ་རེ་རེ་ལའང་སུམ་ཕྲུགས་ཀྱི་དབྱེ་བས་ཐེག་པ་རིམ་པ་དགུར་བསྟན་པ་ལས། འདིར་དབང་པོ་ཡང་རབ་ཀྱི་གང་ཟག་ཕྱི་སྤྲོས་བཅས་ཀྱི་གདམས་པ་ལ་ཞུགས་ཏེ། བསྐྱེད་པ་དབྱིབས་ཀྱི་རྣལ་འབྱོར་གཙོ་བོར་བྱས་པའི་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་རྣལ་འབྱོར་པས་ཉོན་མོངས་པ་ཡེ་ཤེས་སུ་བསྒྱུར་ནས་ལམ་དུ་བྱེད་པ་མ་ཧཱ་ཡོ་གའི་སྐོར། དེ་ལའང་རྒྱ་ཆེ་བ་བཀའ་མ་དང་། ཟབ་པ་གཏེར་གྱི་རིང་ལུགས་གཉིས་སུ་བཞུགས་པ་ལས། འདིར་ཕྱི་མ་ཉིད་ཡིན་ལ། དེའང་ཀུན་བཟང་པདྨ་འབྱུང་གནས་ཀྱི་ཐུགས་རྗེའི་འཇུག་པའི་མཐུས། བོད་འབངས་སྐྱོབ་པའི་སླད་དུ་གཏེར་འབྱིན་གྱི་སྐྱེས་བུ་རྒྱུན་ཆད་མེད་པར་འབྱོན་པར་བྱིན་གྱིས་བརླབས་པ་ལས། དེང་སང་སུམ་ཅུ་ཁ་རལ་ཉི་ཤུར་ཉེ་བའི་དུས་ཀྱི་སྙིགས་མ་བསྟན་པའི་དམར་ཐག་གི་རྒུད་པ་སེལ་བའི་མགོན་དུ་དཔལ་ལྷའི་སྲས་པོ་དམ་འཛིན་མུ་རུབ་བཙན་པོ་ཉིད། སྤྲུལ་པའི་གཏེར་འབྱིན་ཡོངས་ཀྱི་དབང་ཕྱུག་ཨོ་རྒྱན་མཆོག་གྱུར་ཞིག་པོ་གླིང་པ་ཕྲིན་ལས་འགྲོ་འདུལ་རྩལ་དུ་བཞེངས་ཏེ། རིག་པ་འཛིན་པའི་སྡེ་སྣོད་ཀྱི་བཅུད་ཕུར། རྒྱུད་ཀྱི་ལུང་དང་འབྲེལ་བ། དངོས་པོ་སྟོབས་ཞུགས་ཀྱི་རིགས་པས་གྲུབ་པ། མན་ངག་བྱིན་རླབས་ཀྱི་མྱོང་བས་བརྒྱན་པ། ངོ་མཚར་ཡིད་ཆེས་ཀྱི་ངེས་པ་སྦྱིན་པའི་ཟབ་ཆོས། སྔ་འགྱུར་མདོ་དང་སྒྱུ་འཕྲུལ་གྱི་བསྐྱེད་རྫོགས། རྫོགས་པ་ཆེན་པོའི་གྲུབ་མཐའ་སློང་བར་ནུས་པ། ཀུན་དང་མཐུན་ཞིང་ཀུན་ལས་ཁྱད་པར་དུ་འཕགས་པ། སྔོན་ཆད་གཏེར་ཆེན་རྣམས་ལ་མ་གྲགས་པའི་གདམས་ཟབ་རྒྱ་མཚོ་ལྟ་བུར་བཞུགས་པ་ལས། ད་ལམ་གྱི་སྐབས་སུ་བབས་པ་འདི་ནི་གུ་རུའི་ཐུགས་དམ་ཟབ་པ་སྐོར་བདུན་དུ་གྲགས་པའི་ཆོས་གཏེར། རྒྱུད་ལུང་མན་ངག་གི་རྩ་བ་མ་ལུས་པ་འདུས་པའི། རྩ་བ་འོག་མིན་ཀརྨའི་དམ་ཅན་བྲག་དང་། ཡན་ལག་ཡེ་རྒྱལ་ནམ་མཁའ་མཛོད་ནས་བཞེས་པའི་ཟབ་པ་སྐོར་བདུན་རེ་རེ་ལའང་། རྒྱ་ཆེ་བ་ལྕགས་བྱང་མ། ཟབ་པ་ཟངས་བྱང་མ། སྙིང་པོ་དངུལ་བྱང་མ། ཡང་ཟབ་གསེར་བྱང་མ། ཤིན་ཏུ་ཟབ་པ་གཡུ་བྱང་མ། གནད་ཟབ་མཆོང་བྱང་མ། མཐར་ཐུག་སྙིང་པོའི་གནད་བྱང་མ་སྟེ་བྱང་བུ་སྐོར་བདུན་རེ་བཞུགས་པའི་ཆོས་སྡེ་ལས། གསུང་རྡོ་རྗེ་རྟ་མགྲིན་དབང་གི་ཟབ་པའི་སྒྲུབ་སྐོར། ཡེལ་ཕུག་ནམ་མཁའ་མཛོད་ཀྱི་གསང་ཕུག་གོང་མའི་སྒོ་གོང་ནས་སྤྱན་དྲངས་པའི་ཟངས་ཤོག་དམར་པོ། གུ་རུ་རིན་པོ་ཆེའི་ཕྱག་བྲིས་ལས་གཏན་ལ་འབེབ་པར་མཛད་རིམ་བཞིན་དུ་རྒྱལ་བས་ལུང་བསྟན་འཇམ་མགོན་ཆོས་ཀྱི་རྒྱལ་པོ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་དེ་ཝཱི་ཀོ་ཊི་ཙ་འདྲ་རིན་ཆེན་བྲག་གི་མདུན། གདན་ས་ཆེན་པོ་དཔལ་སྤུངས་ཀྱི་གཙུག་ལག་ཁང་དུ་ཡི་གེ་པ་མཛད་ནས་གཏན་ལ་ཕབ་པ། ཟངས་བྱང་མའི་རྟ་མགྲིན་ཡང་ཕྱུང་དམར་པོ་འདི་ཉིད་ཀྱི་གཏེར་གཞུང་རྡོ་རྗེའི་གསུང་ལས། ཨེ་མ་པདྨའི་ཐུགས་བཅུད་འདི༔ ལུས་ནི་ཟབ་པ་སྐོར་དྲུག་ལ༔ སྙིང་ནི་དབང་ཆེན་དབང་གི་ཟབ༔ སྙིང་ཁྲག་སྒྲུབ་ཐབས་འདི་ལ་འདུས༔ སྲོག་གི་དྭངས་མ་དབང་བསྐུར་ཡིན༔ དེ་བས་སྙིང་ལས་ཤིན་ཏུ་གཅེས༔ ཞེས་དང་། བདག་གིས་ལྷ་བསྒོམ་སྔགས་བཟླ་བ༔ ཏིང་འཛིན་སྒོམ་ལ་དབང་བའི་དབང༔ ལུས་ངག་ཡིད་གསུམ་སྨིན་པར་བྱེད༔ བར་ཆད་ཀུན་སེལ་དངོས་གྲུབ་ཐོབ༔ ཡོངས་རྫོགས་དབང་ཆེན་ཁོ་ན་འོ༔ ཞེས་ཡོངས་སུ་བསྔགས་པའི་སྨིན་བྱེད་དབང་ཆེན་འདུས་པའི་དབང་གི་ཕྲེང་བ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཀྱིས་བརྒྱན་པ་ཉིད་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ། བླ་མ་པདྨ་ཧེ་རུ་ཀཿརྟ་མཆོག་རྒྱལ་པོ་དང་ཐ་དད་མེད་པ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ དབང་གི་རྒྱལ་པོ་སོགས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པའི་ལན་དུ་སྤྲོ་བ་བསྐྱེད་ཅིང་གདམས་ངག་སྦྱིན་པ་འདི་ལ་གསན་པས་ཁྱབ་པར་གདའ། དབྱིངས་རིག་གཉིས་སུ་སོགས། དེ་ལྟར་ཡིན་ན་རྒྱུད་སྡོམ་ལྡན་དུ་བསྒྲུབ་དགོས་པས། དེ་ལ་ཐོག་མར་སངས་རྒྱས་པའི་ཐེག་པ་ཐམས་ཅད་ཀྱི་འཇུག་སྒོ། སྡོམ་པ་ཐམས་ཅད་ཀྱི་གཞི་རྟེན་སྐྱབས་སུ་འགྲོ་དགོས་པས། གདོད་ནས་ལྷུན་གྲུབ་ཏུ་བཞུགས་པའི་སྐྱབས་ཡུལ་དཀོན་མཆོག་རྩ་བ་གསུམ་པོ་དང་། རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ་དབྱིངས་དང་ཡེ་ཤེས་ཀྱི་སྒྱུ་འཕྲུལ་རོལ་མོ་ཟུང་འཇུག་ཆེན་པོར་བཞུགས་པའི་སྤྱན་སྔར། སྙིང་པོ་བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་བློས་འདིའི་རྗེས་ཟློས། ན་མོ༔ བདག་སོགས་སེམས་ཅན་སྡུག་བསྔལ་གྲོལ་དོན་དུ༔ བྱང་ཆུབ་བར་དུ་སྐྱབས་སུ་གཟུང་བའི་གནས༔ བླ་མ་པདྨ་དབང་ཆེན་དཀོན་མཆོག་གསུམ༔ ཡི་དམ་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ ལན་གསུམ། ཐེག་པ་ཆེན་པོའི་ལམ་གྱི་ཁྱད་པར་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་བ་དང་། དེའི་བསླབ་པ་རྣམས་སྔོན་གྱི་རྒྱལ་བའི་རྣམ་ཐར་གྱི་རྗེས་སུ་སློབ་པར་ཐུགས་བསྐྱེད་པའི་སྨོན་པ་དང་། ཚད་མེད་པ་བཞིའི་ཕྲིན་ལས་ཀྱིས་མ་གྱུར་སེམས་ཅན་གྱི་དོན་བགྱིད་པའི་འཇུག་པ་སེམས་བསྐྱེད་ཀྱི་འདུན་པ་སྙིང་ནས་བསྐྱེད་དེ་འདིའི་རྗེས་ཟློས། བདག་ནི་སྔོན་གྱི་རྒྱལ་བའི་མཛད་པ་བཞིན༔ སེམས་ཅན་ཀུན་གྱི་དོན་རབ་བརྩོན་པར་བྱ༔ སེམས་ཅན་མ་བརྒལ་བསྒྲལ་དང་མ་གྲོལ་སྒྲོལ༔ སེམས་ཅན་དབུགས་དབྱུང་མྱ་ངན་འདས་འགོད་འཇུག༔ འགྲོ་རྣམས་བདེ་ལྡན་སྡུག་བསྔལ་བྲལ་བ་དང༔ འཕགས་པའི་བདེ་ཐོབ་བཏང་སྙོམས་ལ་གནས་ཤོག༔ ལན་གསུམ། ཁྱད་པར་བླ་མེད་རྡོ་རྗེ་ཐེག་པའི་སྒོར་འཇུག་པའི་ཐོག་མར་རྒྱུད་སྦྱོང་བས་སྣོད་རུང་དུ་བསྒྲུབ་པའི་སླད། ཚོགས་གསག་ཡན་ལག་བཅུ་པའི་ཏིང་ངེ་འཛིན་གསང་སྔགས་རྩེ་མོའི་གཞུང་ནས་འབྱུང་བའི་ཁྱད་པར་གསལ་བཏབ་ནས། འདོན་སྒོམ་ཟུང་དུ་འཇུག་པས་འདིའི་རྗེས་ཟློས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་འདིར་བྱོན་ལ༔ འཕོ་འགྱུར་འབྲལ་མེད་ཀློང་དུ་བཞུགས་སུ་གསོལ༔ ཡེ་ནས་རྣམ་དག་ངང་དུ་ཕྱག་འཚལ་ལོ༔ ཆོས་ཉིད་རྣམ་རོལ་མཆོད་སྤྲིན་རྒྱ་མཚོས་མཆོད༔ མ་རིག་སྡིག་པའི་ལས་བགྱིས་མཐོལ་ལོ་བཤགས༔ དབྱིངས་རིག་འདུ་འབྲལ་མེད་ལ་ཡི་རང་ངོ༔ ཁྱབ་བརྡལ་ཕྱོགས་ལྷུང་བྲལ་བའི་ཆོས་འཁོར་བསྐོར༔ དུས་གསུམ་རྟག་པར་མྱ་ངན་མི་འདའ་བཞུགས༔ དམིགས་མེད་དགེ་ཚོགས་མཁའ་མཉམ་འགྲོ་ལ་བསྔོ༔ རྟ་མཆོག་རྒྱལ་པོའི་གོ་འཕང་ཐོབ་པར་ཤོག༔ ལན་གསུམ། དེ་ནས་ལམ་གྱི་སྙིང་པོ་གསང་བ་སྔགས་ཀྱི་ཐབས་ཆེན་ཟབ་མོའི་སྲོག་རྩ་སྡོམ་པ་དང་དམ་ཚིག་བརྟུལ་ཞུགས་ཀྱི་རིམ་པ། དམ་ཚིག་ཉི་ཤུ་རྩ་བརྒྱད་ལ་སོགས་པ་སྤྱི་དང་ཁྱད་པར་གྱིས་བསྡུས་པ་ཐམས་ཅད་བླ་མ་དཀྱིལ་འཁོར་པའི་ལྷ་ཚོགས་དཔང་པོར་བཀོད་པའི་སྤྱན་སྔར་བླངས་ནས་བསྲུང་སྟེ། ལམ་ཟབ་མོར་འཇུག་པའི་བློ་གྲོས་བརྟན་པོའི་སྒོ་ནས་ནན་ཏན་གྱིས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བདེ་བར་གཤེགས་པ་སོགས་ལན་གསུམ། དེ་ལྟར་ཡིན་ན་བླ་མ་དཀྱིལ་འཁོར་གྱི་ཁྱབ་བདག་དཔལ་ཧེ་རུ་ཀཿདང་ཐ་དད་མེད་པས། དེང་ཕྱིན་ཇི་ལྟར་བསྒོས་པའི་བཀའ་དང་ཁས་བླངས་པའི་དམ་ལས་འདའ་བར་མི་རུང་བས། དམ་ཚིག་གི་དཔང་པོར་རྡོ་རྗེའི་ཆུ་ནན་ལྕེ་སྟེང་དུ་བྱིན་པ་སྙིང་དབུས་སུ་སིམ་པར་མོས། ནང་མཆོད་དང་ལས་ཆུ་བསྲེས་པ་བྱིན་ལ། ང་ནི་ཧེ་རུ་སོགས། དེ་རྣམས་ཀྱིས་སྦྱོར་བའི་ཆོས་རྣམས་གྲུབ་ནས། དབང་དངོས་ལ་གཞི་ལུས་ལྷར་བསྒྲུབ་ཅིང་བུམ་དབང་བརྟན་བྱེད་བཅས་དང་། གསང་བ་ཟབ་མོའི་དབང་གསུམ་རྣམས་རིམ་པར་འབྱུང་བ་ལས། དང་པོ་ཁྱེད་རང་རྣམས་ཀྱི་གཞི་ལུས་ལྷའི་རང་བཞིན་དུ་སྒྲུབ་ནས། ཡེ་ཤེས་པའི་བྱིན་རླབས་རྒྱུད་ལ་འཇུག་ཅིང་བརྟན་པར་བྱ་བ་བུམ་པའི་དབང་རྗེས་འབྲེལ་དང་བཅས་པའི་སླད་དུ་འདི་ལྟར་གསལ་འདེབས་འཚལ། སྔར་བྱིན་པའི་ཆུ་ནན་དེ་ཉིད་སྙིང་གི་དཀྱིལ་དུ་སོགས། དེ་ཉིད་བརྟན་པར་བྱེད་པ་ཅོད་པན་གྱི་དབང་བསྐུར་བ་ལ། ཁྱེད་རང་རྣམས་ཀྱི་ཕྱག་ཏུ་པདྨ་རཱ་གའི་མེ་ཏོག་གི་ཕྲེང་བ་རེ་ཐོགས་པ་དེ་ཉིད་སྔོན་ནས་འབྲེལ་བའི་རིགས་ཀྱི་ལྷར་འབུལ་བའི་བློས་འདིའི་རྗེས་ཟློས་དང་བཅས་དཀྱིལ་འཁོར་དུ་དོར་ཅིག །ཧཱུྃ༔ དགའ་བ་བཞི་ཡི་སོགས། དེ་ལྟར་ཕུལ་པའི་མེ་ཏོག་གང་དུ་བབས་ཀྱང་། ཁྱབ་བདག་པདྨ་ཧེ་རུ་ཀའི་ཡེ་ཤེས་ཀྱི་སྣང་ཆ་ལས་མ་འདས་པས། དེའི་ཕྱིར་ཁྱེད་རྣམས་ཀྱི་ཚེ་རབས་ཀྱི་ལྷ་གཙོ་བོ་རྟ་མཆོག་རྒྱལ་པོ་ཡིན་པས། དེའི་དབང་རྟགས་སུ་སྔར་ཕུལ་པའི་མེ་ཏོག་དེ་ཉིད་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིངས་པ་དང་ལྷན་ཅིག་ལྷ་དང་སློབ་དཔོན་དབྱེར་མེད་པས་གསང་བའི་མཚན་དུ་སྣང་མཛད་པདྨ་རྒྱལ་པོ་རྩལ་ཞེས་བྱ་བ་དང་བཅས་བྱིན་པར་གྱུར་པར་མོས། ཧཱུྃ༔ སྔོན་ནས་འབྲེལ་བའི་སོགས་ཀྱིས་མེ་ཏོག་སྤྱི་བོར་འཇོག །ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞུགས་པའི་དབང་ལྷ་ཡབ་ཡུམ་བདེ་བ་ཆེན་པོར་རོལ་པའི་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་དེ་ཉིད་གྱེན་དུ་འཁྱིལ་པ་རིགས་ལྔ་ཡབ་ཡུམ་གྱི་རང་བཞིན་དུ་གྱུར་པའི་རྒྱས་བཏབ་པའི་མཚོན་བྱེད་རིགས་ལྔའི་པྲོག་ཞུ་སྤྱི་བོར་བསྐོན་པར་མོས། ཧཱུྃ༔ རྒྱལ་བ་ཀུན་གྱི་སོགས། གསོལ་བ་བཏབ་པ་འདིའི་རྗེས་ཟློས། ཧཱུྃ༔ མ་རིག་སྒྲོ་བཏགས་སོགས། མིག་དར་དང་ལྷན་ཅིག་གཉིས་འཛིན་མ་རིག་པའི་སྒྲིབ་གཡོགས་བསལ་བས། གདོད་ནས་བཞུགས་པའི་རང་བྱུང་བདེ་བ་ཆེན་པོའི་རང་ཞལ་མངོན་དུ་གྱུར་པར་མོས། ཧཱུྃ༔ མ་རིག་སྣང་བའི་སོགས། ཐབས་བདེ་བ་ཆེན་པོའི་ཡེ་ཤེས་མཚོན་པའི་རྡོ་རྗེ་དང་། ཤེས་རབ་སྟོང་པ་ཉིད་ཀྱི་རང་བཞིན་དྲིལ་བུ་ཕྱག་ཏུ་གཏད་པས། བདེ་སྟོང་ཟུང་འཇུག་གི་རྣལ་འབྱོར་རྒྱུད་ལ་བརྟན་པར་མོས། ཧཱུྃ༔ ཐབས་ཀྱི་རང་བཞིན་སོགས་ནས། པདྨ་རཱ་ཙ་དྷཱ་ར་ཨ་བྷི་ཥིཉྩ་ཧཱུྃ༔ དེ་རྣམས་ཀྱིས་ཉོན་མོངས་པ་ལྔ་སྦྱངས། ཡེ་ཤེས་ལྔ་མངོན་དུ་བྱས། བསྐྱེད་རིམ་རང་སྣང་ལྷའི་འཁོར་ལོ་སྒོམ་པ་ལ་དབང་བར་བྱས་པ་ཡིན་ནོ། །རྗེས་འབྲེལ་དོན་གཉིས་ལྷུན་གྱིས་གྲུབ་པ་ལ་མངའ་དབང་འབྱོར་བའི་ཕྱིར། རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བའི་སླད་དུ། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་སོགས། དེས་ནི་གསང་བའི་རྒྱུད་དོན་ཐམས་ཅད་རང་གིས་ཉམས་སུ་ལེན་པ་དང་། གཞན་ལ་འཆད་རྩོད་རྩོམ་པ་ལ་སོགས་པའི་ལས་རབ་འབྱམས་སྒྲུབ་པ་ལ་དབང་བ་རྡོ་རྗེ་སློབ་དཔོན་གྱི་གོ་འཕང་ཐོབ་པ་ཡིན་ནོ། །གཉིས་པ་ གསང་བའི་དབང་བསྐུར་བ་ནི༔སོགས། དེ་ལྟར་གསང་བའི་དབང་བསྐུར་པས་རང་བཞིན་བརྒྱད་ཅུའི་རྟོག་པ་འགགས། བདེ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ཡིན་ནོ། །གསུམ་པ་ ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་ཕྱིར༔ མཚན་ཉིད་རྫོགས་པའི་ཕོ་ཉ་མོ་བྱིན་པ་དང་། འདུ་ཤེས་གསུམ་ལྡན་གྱིས་རོལ་པས་སློབ་མ་ཡབ་ཡུམ་བདེ་བ་ཆེན་པོས་སོགས། དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པས་ཁམས་འཕོ་བའི་ཟག་པ་བཅོམ། དཔེ་ཡི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །བཞི་པ་ནི། དབང་བཞི་པ་སོགས། དེ་ལྟར་ཚིག་དབང་རིན་པོ་ཆེ་བསྐུར་པས་ཡུལ་དང་ཡུལ་ཅན་ཡིད་བྱེད་དུ་ལྟ་བའི་དྲི་མ་སྦྱངས། འགྱུར་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །འདི་ལ་བྱིན་རླབས་ཀྱི་གཏོར་དབང་དངུལ་བྱང་མའི་ལུང་ལུགས་རྟ་མགྲིན་སྙིང་པོ་དོན་འདུས་ལྟར་བསྐུར་དགོས་པས། དེ་ལྟར་ན་ཟུར་དུ་བསྒྲུབ་མི་དགོས་ཤིང་། ༼རི༽སྨིན་བྱེད་སྙིང་པོ་གཏོར་དབང་པདྨའི་ཟིལ་ཐིགས་ཀྱི་སྔོན་འགྲོ་རྣམས་དོར་ནས། དེ་རྣམས་ཀྱིས་སྨིན་བྱེད་རྩ་བའི་དབང་བསྐུར་བ་གྲུབ་ནས། མཐའ་རྟེན་གཏོར་མའི་དབང་བསྐུར་བ་ཡིན་པས་འདུན་པ་འདི་བཞིན་དུ་མཛོད། དཔལ་གྱི་གཏོར་མ་ཕྱི་སྣོད་དབང་ཆེན་ཟླ་གམ་འབར་བའི་སོགས་ནས་ཡང་ཕྱུང་འདིའི་བསྒྱུར་སོས་ཤིས་བརྗོད་གྲུབ་ཀྱི་བར་བྱ། དེ་རྣམས་ཀྱིས་གུ་རུའི་ཐུགས་དམ་ཟབ་པ་སྐོར་བདུན་གྱི་རྟ་མགྲིན་དབང་གི་ཟབ་པ་ཟངས་བྱང་མའི་ཆོས་སྡེ། རྟ་མགྲིན་ཡང་ཕྱུང་དམར་པོའི་དབང་བཞིའི་རིམ་པ་གཏོར་དབང་དང་བཅས་པ་ལེགས་པར་ཕུལ་གྲུབ་པ་ཡིན་པས། དེ་དག་གི་སྐབས་སུ་ཐོབ་ཅིང་ཁས་བླངས་པའི་གཡར་དམ་རྣམས་ཚུལ་བཞིན་དུ་བསྲུང་དགོས་པ་ཐུགས་ལ་བཅགས་པ་དང་། དེ་ལྟར་བགྱི་བར་ཁས་བླང་བ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་ལྟར་དང་། འདིའི་ཞོར་དུ་གཞན་ལ་གཏོར་དབང་བསྐུར་དགོས་ནའང་བསྐྱར་བསྒྲུབ་མི་དགོས་ཤིང་ཟུར་དུ་བསྐུར་ཆོག །གཏོར་དབང་སྒེར་ཐུབ་གཞན་དུ་བྱེད་ན་སྒྲུབ་ལུགས་སོགས་རྣམ་དབྱེ་ཕྱེད་པར་བྱ་དགོས་པའང་འཕྲོས་དོན་ནོ། །རྗེས་རིམ་ཚོགས་ལ་རོལ་ཞིང་། ལྷག་མ་ཕྱིན་ཕྲིན་ལས་མཇུག་ཆིངས་བཞིན་ལ། མཆོད་བསྟོད། བརྟན་བཞུགས་སོགས་སྤྱི་འགྲེས་བརྒྱན་ཏེ་བྱའོ།། །། འདིར་འཇམ་མགོན་རིན་པོ་ཆེའི་ཟབ་གཏེར་གསང་ཐིག་སྙིང་པོའི་སྐོར་ལས་བྱུང་བའི་རྟ་ཚེ་འཆི་མེད་དབང་གི་ཚེ་དབང་རིན་ཆེན་གཏེར་བུམ་ཡོད།མཆན། དེ་དག་གིས་པདྨ་རིགས་ཀྱི་དབང་ཆེན་རྟ་མཆོག་རོལ་པ་དམར་པོའི་སྐོར་རྣམས་གྲུབ་བོ།། །། ༄། གཉིས་པ་ཤིན་ཏུ་དྲག་པོར་ཁྲོས་པ་ལས་ཀྱི་ལྷ་མཆོག་རྟ་མགྲིན་ནག་པོའི་སྐོར་ལ། བྱང་སེམས་ཟླ་བ་རྒྱལ་མཚན་ལུགས་ཀྱི་རྟ་མགྲིན་ནག་པོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བགེགས་འདུལ་གནམ་ལྕགས་རལ་གྲི་ལྟར་དབང་སྒྲུབ་སྐབས། དབང་གཏོར་ལ་བསྐྱེད་བསྟིམ་རྗེས་གནང་དཀྱུས་སུ་འབྱུང་བ་ལྟར་བྱ་བ་དང་། རྗེས་གནང་དངོས་ཀྱི་སྐབས་གཏོར་དབང་སླར་བསྒྲུབ་མི་དགོས་ཤིང་། དཀྱུས་ཀྱི་བཀའ་བསྒོ་དེ་ཀས་འཐུས། རྗེས་ཆོག་བཅས་བྱའོ།། །། ༈ མངའ་བདག་ཉང་ཉི་མ་འོད་ཟེར་གྱི་རྟ་མགྲིན་ཡང་ཕྱུང་ནག་པོའི་སྲོག་དབང་བསྐུར་བའི་ཆོ་ག་གནམ་ལྕགས་འབར་བའི་རལ་གྲི་ལྟར་དབང་སྒྲུབ། དབང་དངོས་གཞིར་ཐུན་མིན་སྲོག་དབང་དང་། སྐབས་འདིར་དབང་སྒྲུབ་གོང་འཐུས་ཀྱི་༼འདོད་བུམ། 271༽ལྟར་ཐུན་མོང་རྗེས་གནང་དང་ཁྲོ་བོ་ཆར་འབེབ་ཀྱང་སྦྱར་ནས་བསྐུར་ཞིང་། རྗེས་ཆོག་བཅས་བྱའོ།། །། ༈ གུ་རུ་ཆོས་དབང་གི་རྟ་ནག་ལྕགས་རལ་ཅན་༼འདོད་བུམ། 283༽ལྟར་དབང་སྒྲུབ། དབང་དངོས། རྗེས་ཆོག་བཅས་བྱའོ།། །། ༈ རཏྣ་གླིང་པའི་རྟ་མགྲིན་གསང་འདུས་ཀྱི་ཆ་ལག་རྟ་མགྲིན་ནག་པོའི་དབང་ཆོག་དྲེགས་པ་སྲོག་གི་རྒྱ་ཅན་བསྐུར་བའི་ཆོ་ག་དབང་ཆེན་ཐུགས་ཀྱི་ཚལ་པ་ལྟར་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ གར་དབང་ཞིག་པོ་གླིང་པའི་རྟ་མགྲིན་ནག་པོ་ཡང་གསང་ཐུགས་ཀྱི་སྒྲུབ་པའི་དབང་བཞི་བཀླག་ཆོག་ཏུ་བཀོད་པ་དབང་ཆེན་ཐུགས་ཀྱི་ཡང་ཞུན་ལྟར་དབང་སྒྲུབ་ཀྱི་ལས་བུམ་བྱིན་རླབས་རྗེས་སུ། ༼ཉི༽དཔལ་མགོན་བདུན་ཅུའི་སྲོག་དབང་འདིར་སྦྱར་ན་སྟབས་བདེ་བས། མཆོད་གཏོར་རྣམས་དམ་སྤྱི་བཞིན་བརླབས་ཏེ། དཔལ་མགོན་མ་ཧཱ་ཀཱ་ལ་ལྕམ་དྲལ་བདུན་ཅུའི་ལས་བྱང་གཏེར་གཞུང་ལྟར་མངོན་རྟོགས་ནས་བསྟོད་པའི་མཐའ་བར་གཏང་། དེ་ནས་བྱིན་བསྡུ་དམ་གཞག་འདོད་གསོལ་སྤྱི་དང་ཁྱད་པར་གྱི་དམིགས་པའི་ཏིང་ངེ་འཛིན་གྱིས་ཁྱབ་པས་གསུང་དབང་སྔགས་ལུང་བཞིན་བཟླས་པ་བྱ། ཧཱུྃ༔ སངས་རྒྱས་བསྟན་པ་བསྲུང་བ་ཡི༔ སོགས་ལས་བྱང་མཇུག་གི་གསོལ་ཁ་བསྟོད་བསྐུལ་ཚང་བར་གྱེར་མཐར། རྟ་ནག་གི་རིག་མེ་དོར་ཞིང་གནང་བ་ནོད་ནས། དབང་དངོས་མཐར་ཆགས་སུ་བསྐུར་རྗེས། དེ་དང་རྗེས་འབྲེལ་དཔལ་མགོན་བདུན་ཅུའི་སྲོག་དབང་ནི། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་སྒྲུབ་པའི་ལམ་གྱི་བར་ཆད་དང་། རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡུན་དུ་བསྲུང་བའི་ཕྱིར་དུ་ཆོས་སྐྱོང་བའི་དབང་པོ་རྣམས་ཀྱི་སྲོག་དབང་ཟབ་མོ་གསན་ཅིང་། བསྙེན་སྒྲུབ་མཆོད་བསྟོད་ཀྱི་སྒོ་ནས་ལས་ཀྱི་སྦྱོར་བ་བརྩམ་པར་བགྱིའོ་སྙམ་པའི་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེའང་རྒྱལ་བའི་ཕྲིན་ལས་ཀྱི་འཇུག་པ་བརྟུལ་བ་མེད་པའི་ཆོ་འཕྲུལ་ཅིར་ཡང་འཆར་བ་ལས། མི་བསྲུན་པའི་གདུལ་བྱ་ཞི་བའི་ཐབས་ཀྱིས་འདུལ་བའི་སྐལ་པ་དང་མི་ལྡན་པ་རྣམས་དྲག་པོའི་ཕྲིན་ལས་ཚར་གཅོད་རྗེས་འཛིན་གྱི་སྒོ་ནས་འགྲོ་བ་སྒྲོལ་བའི་མཐུ་སྟོབས་དུས་མཐའི་མེ་ལྟར་འབར་ཞིང་། རྒྱལ་བསྟན་ཡོངས་ཀྱི་སྲུང་མའི་དབང་པོའི་སྐུར་སྣང་བར་མཛད་པའི་རྒྱུད་དང་སྒྲུབ་ཐབས་ཀྱི་བཀའ་སྲོལ་མཐའ་ཡས་པར་བྱོན་པ་ལས། སྐབས་སུ་བབས་པ་འདི་ནི། དུས་གསུམ་ཀུན་མཁྱེན་མ་ཧཱ་གུ་རུ་པདྨ་འབྱུང་གནས་ཀྱིས་བོད་འབངས་རྣམས་ལ་ཐུགས་བརྩེ་བས་ཐུན་མོང་དང་ཁྱད་པར་གྱི་ཆོས་ཀྱི་འཁོར་ལོ་བསམ་ཡས་བསྐོར་བའི་སྐབས། ལྷ་སྲས་རྗེ་འབངས་གྲོགས་བཅས་ཀྱི་ངོར་ཐུགས་རྗེ་ཆེན་པོ་འཁོར་བ་ལས་སྒྲོལ་གྱི་སྨིན་གྲོལ་གདམས་ཟབ་བསྩལ་པའི་ཚེ། བཀའི་སྲུང་མ་དཔལ་མགོན་མ་ཧཱ་ཀཱ་ལ་ལྕམ་དྲལ་བདུན་ཅུ་འཁོར་བཅས་ཀྱི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་བསྩལ་ཅིང་། ཕྱི་རབས་པའི་དོན་ལ་དགོངས་ནས་ཟབ་མོའི་གཏེར་དུ་སྦ་བར་བཀའ་གནང་བ་བཞིན། དབྱིངས་ཕྱུག་ཡེ་ཤེས་མཚོ་རྒྱལ་གྱིས་མཐིང་ཤུན་གྱི་ཤོག་བུའི་ངོས་སུ་བྲིས་ཏེ་ར་ས་འཕྲུལ་སྣང་གི་སྟེང་ཁང་གློ་འབུར་ནུབ་ཏུ་སྦས་པ་ཉིད། ལྷ་སྲས་མུ་རུབ་བཙན་པོའི་རྣམ་པར་འཕྲུལ་པ་གར་གྱི་དབང་ཕྱུག་རྩལ་ལམ། ཞིག་གླིང་འོད་གསལ་སྒྱུ་མ་གཏེར་བཞད་རྩལ་གྱིས་ཟབ་མོའི་གཏད་རྒྱ་བཀྲོལ་ཏེ་སྐལ་ལྡན་གྱི་སྐྱེས་བུ་རྣམས་ལ་སྣང་བར་མཛད་པ་ལས། དཔལ་མགོན་མ་ཧཱ་ཀཱ་ལ་ལྕམ་དྲལ་བཀའ་སྡོད་དཔལ་མགོན་བདུན་ཅུ་དང་བཅས་པའི་སྲོག་དབང་ཟབ་མོ་གསན་པའི་ཡོན་དུ་མཎྜལ། བླ་མ་ཉིད་དྲེགས་པ་ཀུན་གྱི་གཉེན་པོ་དཔལ་རྟ་མཆོག་ཧེ་རུ་ཀའི་ངོ་བོར་བཞུགས་པའི་དྲུང་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱཻ༔ བླ་མ་དཔལ་ཆེན་སོགས་ལན་གསུམ། དེ་ལྟར་གསོལ་བ་གདབ་པ་སྔོན་དུ་སོང་ནས། དངོས་གཞི་སྲོག་དབང་ཟབ་མོ་སྦྱིན་པའི་ཐོག་མར་བྱིན་དབབ་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་དཔལ་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་མཐིང་ནག་དམར་བའི་མདངས་ཅན་ཞལ་གཅིག་ཕྱག་གཉིས་ཁྲོ་གཉེར་རྣམ་པར་གཡོ་བ། གཡས་རལ་གྲི་དང་གཡོན་ལྕགས་ཀྱུ་དང་ཞགས་པས་དྲེགས་པ་ཅན་རྣམས་བཀུག་ཅིང་སྒྲོལ་བ། ལོག་འདྲེན་བདུད་བཞི་ཀླུ་གཉན་ས་བདག་སུམ་བརྩེགས་ཀྱི་ཁྲི་དང་པད་ཉིའི་སྟེང་དུ་ཞབས་དོར་སྟབས་སུ་བགྲད་པ། དཔལ་དང་དུར་ཁྲོད་ཀྱི་ཆས་དང་དར་ནག་གི་བེར་གསོལ་བ། དབུ་གཙུག་ན་རྟ་ཞལ་ལྗང་གུ་འཚེར་བ། ལྕགས་ཀྱི་རལ་པ་སྤྱི་བོར་བཅིངས་ཤིང་ལྷག་མས་སྐུ་རྒྱབ་ཁེབས་པ། དཔལ་ཆེན་རོལ་པའི་ཕྱག་གཡོན་སྡིགས་མཛུབ་ཀྱི་རྩེ་ལས་སྤྲུལ་པའི་ལྕགས་སྡིག་མགོ་དགུ་གྲངས་མེད་འགྱེད་ཅིང་། ཁམས་གསུམ་སྲིད་གསུམ་ཟིལ་གྱིས་གནོན་པའི་སྐུར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་མ་དག་པའི་གཉིས་སྣང་གིས་བསྡུས་པའི་སྣོད་བཅུད་ཐམས་ཅད་མི་དམིགས་པར་ཆོས་ཉིད་དུ་སྦྱངས། དེའི་ངང་ལས་རིག་པ་བྱང་ཆུབ་སེམས་ཀྱི་རང་རྩལ་སྣོད་བཅུད་དག་པ་ལྷའི་འཁོར་ལོ་འདི་ལྟར་དུ་གསལ་བར་སྒོམས་ཤིག །ཧཱུྃ༔ ཆོས་རྣམས་རང་གི་སེམས་ཉིད་སོགས་ལས་བྱང་བཞིན། རང་རང་ཆ་ལུགས་རྫོགས་པར་བསྐྱེད༔ དེ་ལྟར་གསལ་བའི་གནས་གསུམ་དུ་རྒྱལ་བའི་རྡོ་རྗེ་གསུམ་གྱི་རང་བཞིན་ཡིག་འབྲུ་གསུམ་གྱིས་མཚན་པ་དང་། བདག་སློབ་དཔོན་གྱི་ཐུགས་སྲོག་ལས་འཕྲོས་པའི་འོད་རྩེ་ལྕགས་ཀྱུ་ལྟ་བུ་རང་བཞིན་དག་པའི་འོག་མིན་གྱི་ཞིང་དང་གནས་ཡུལ་གྱི་དུར་ཁྲོད། སྣོད་ཀྱི་འཇིག་རྟེན་རྒྱ་བོད་ཀྱི་གཙུག་ལག་སོགས་ནས་དཔལ་མགོན་ལྕམ་དྲལ་འཁོར་དང་བཅས་པའི་ཐུགས་རྒྱུད་རང་དབང་མེད་པར་བསྐུལ་བས། རང་འདྲའི་ཡེ་ཤེས་པའི་ཚོམ་བུ་སྐར་ཆེན་ཐང་ལ་ལྷགས་པ་བཞིན་དུ་བྱོན་ནས་ཁྱེད་རང་རྣམས་ལ་གཉིས་སུ་མེད་པར་ཐིམ་པར་མོས། གུ་གུལ་གཏུལ་ཞིང་རོལ་མོའི་སྒྲས་གཟི་བྱིན་བསྐྱེད་དེ། ཧཱུྃ༔ རང་བཞིན་ལྷུན་གྱིས་སོགས་སྤྱན་འདྲེན་གྱི་ཚིག་དང་། གོང་གི་སྔགས། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཧཱུྃ༔སོགས་ནས། ཌཱ་ཀི་ཛཿཕེཾ་ཕེཾ༔ བཟླས་པས་བྱིན་དབབ། ཛཿཧཱུྃ་བཾ་ཧོཿ བཟླ་ཞིང་མེ་ཏོག་འཐོར་བས་བསྟིམ། དེས་སྦྱོར་བའི་རིམ་པ་རྣམས་སོང་ནས། དངོས་གཞི་སྐུ་གསུང་ཐུགས་ཀྱི་དབང་བསྐུར་རིམ་པར་འབྱུང་བ་ལས། དང་པོ་སྐུ་གཏོར་མ་ལ་བརྟེན་པའི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། མདུན་དུ་བཤམས་པའི་གཏོར་མ་འདི་ཉིད་དཔལ་མ་ཧཱ་ཀཱ་ལ་ལྕམ་དྲལ། འཁོར་ལྷ་ཆེན་བརྒྱད། ཀླུ་ཆེན་བརྒྱད། གཟའ་ཆེན་བརྒྱད། ཕྱོགས་སྐྱོང་བཅུ། རྒྱལ་ཆེན་བཞི། འཇིགས་བྱེད་དགུ། རྒྱུ་སྐར་ཉེར་བརྒྱད་དེ་དཔལ་མགོན་བདུན་ཅུའི་ཚོགས་དང་། གཞན་ཡང་ཡེ་ཤེས་ལས་དང་འཇིག་རྟེན་གྱི་སྟངས་འཛིན་པའི་དམ་ཅན་ཕོ་རྒྱུད་མོ་རྒྱུད་གྲངས་མེད་ཀྱི་འཁོར་དང་བཅས་པའི་ཚོགས་མངོན་སུམ་བཞིན་དུ་གསལ་བ་འདི་ཉིད་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་ཅིང་ཕྱག་ཏུ་གཏད་ནས་བཀའ་བསྒོས་པས། ཕྲིན་ལས་གང་བཅོལ་ཐམས་ཅད་ཡིད་བཞིན་དུ་ཐོགས་པ་མེད་པར་སྒྲུབ་པར་ཞལ་གྱིས་བཞེས་ཤིང་། ལུས་དང་གྲིབ་མ་ལྟར་མི་འབྲལ་བར་འགྲོགས་པའི་ངེས་ཤེས་བསྐྱེད་ལ། སྐུ་བསྐྱེད་པའི་རྣལ་འབྱོར་གྱི་སྒོ་ནས་ཕྲིན་ལས་རབ་འབྱམས་སྒྲུབ་པ་ལ་དབང་བའི་མཐུ་ཐོབ་པར་མོས། ཧཱུྃ་ཧྲཱི༔ སྤྱན་རས་གཟིགས་དབང་སོགས། དཔལ་མ་ཧཱ་ཀཱ་ལ་ཚོགས་ཀྱི་བདག་པོ། ཡུམ་ཆེན་དཔལ་ལྷ་མོ། ལྷ་ཀླུ་གཟའ་ཆེན། ཕྱོགས་སྐྱོང་རྒྱལ་ཆེན། འཇིགས་བྱེད། རྒྱུ་སྐར་ཏེ་དཔལ་མགོན་བདུན་ཅུ། ཡེ་ཤེས་ལས་དང་འཇིག་རྟེན་གྱི་སྲུང་མ་ཕོ་རྒྱུད་མོ་རྒྱུད་འཁོར་དང་བཅས་པ་རྣམས་ཀྱིས་དཔལ་ཧེ་རུ་ཀཿརྡོ་རྗེ་འཛིན་པ་ཆེན་པོ་ནས། བདག་ཅག་གི་རྩ་བའི་བླ་མའི་བར་དུ་བྱོན་པའི་རིག་འཛིན་བརྒྱུད་པའི་བཀའ་དང་དམ་ལས་མ་འདའ་བར། སྐལ་ལྡན་གྱི་སློབ་མ་འདི་རྣམས་ཀྱིས་མཆོད་པའི་ཕུད་བཞེས། བཅོལ་པའི་ལས་གྱིས། དགོས་པའི་དོན་སྒྲུབས། འགལ་བྱེད་ཆམ་ལ་ཕོབ། འཁོར་ནོར་ཡོ་བྱད་སྲུངས། མཐུན་རྐྱེན་ལེགས་ཚོགས་སྤེལ། འདི་ནས་ཕྱི་མའི་མུ་མཐར་ཐུག་གི་བར་དུ་ལུས་དང་གྲིབ་མ་ལྟར་འགྲོགས་ཤིང་། ཅི་བཅོལ་བའི་ཕྲིན་ལས་ཐོགས་པ་མེད་པར་སྒྲུབ་པར་མཛོད་ཅིག །ཅེས་བཀའ་བསྒོའི་གཉེར་གཏད་བྱའོ། །གཉིས་པ་གསུང་གི་ལུང་སྦྱིན་པ་ནི། ངོ་བོ་ཆོས་སྐྱོང་དྲག་པོའི་སྲོག་སྙིང་འདུས་པའི་ཡི་གེ་རྣམ་པ་ཕྲེང་བའི་གཟུགས་སུ་ཤར་བ་འདི་ཉིད་ཁྱེད་རང་རྣམས་ཀྱི་མགྲིན་པར་གཏུགས་ཤིང་ཕྱག་ཏུ་གཏད་པས། དཔལ་མགོན་ལྕམ་དྲལ་འཁོར་བཅས་ཀྱི་བསྙེན་སྒྲུབ་བཟླས་བརྗོད་ཀྱི་སྒོ་ནས་ལས་རབ་འབྱམས་སྒྲུབ་པ་ལ་དབང་བའི་མཐུ་ཐོབ་པར་མོས། ཧཱུྃ༔ སངས་རྒྱས་བསྟན་པ་སོགས། གསུམ་པ་ཐུགས་སྟོང་སྲོག་གཅིག་ཏུ་འདུ་བ་རིག་པའི་རྩལ་དབང་སྦྱིན་པ་ནི། གཏོར་མ་འདི་ཉིད་སྙིང་གར་བཞག་ཅིང་ཕྱག་ཏུ་གཏད་པས། དཔལ་མགོན་ལྕམ་དྲལ་གྱི་ལྷ་ཚོགས་ཐམས་ཅད་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས། སྣང་སྲིད་སྲུང་མའི་དཀྱིལ་འཁོར་རང་གི་སེམས་ཉིད་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་རྫོགས་པས་སྐྱེ་འགག་ཡོད་མེད་གཉིས་འཛིན་གྱི་ཁུངས་སྟོར། འཁོར་འདས་ཐམས་ཅད་སྤྲོས་བྲལ་རང་བྱུང་གི་རིག་པ་བདེ་ཆེན་བྱང་ཆུབ་ཀྱི་སེམས་སུ་འདུ་བར་ཤེས་པས་བྱ་རྩོལ་ལས་འདས་པའི་ཕྲིན་ལས་རྒྱ་མཚོ་ལ་མངའ་དབང་བརྙེས། དཔལ་མགོན་ལྕམ་དྲལ་འཁོར་བཅས་ཀྱི་ཐུགས་ཏིང་འཛིན་དང་འབྲེལ་བའི་ལས་རབ་འབྱམས་སྒྲུབ་པར་དབང་ཐོབ་པར་མོས། ཧཱུྃ༔ འཁོར་འདས་འཕགས་པའི་སོགས། སླར་ཡང་མདུན་གྱི་གཏོར་མ་དཔལ་མགོན་ལྕམ་དྲལ་ལྷའི་དཀྱིལ་འཁོར་བཀྲ་ལམ་མེར་གསལ་བ་ལ་མཆོད་ཅིང་བསྟོད་དེ། ཕྲིན་ལས་བཅོལ་བ་བཞིན་དགྱེས་པའི་བཞད་སྒྲ་དང་བཅས་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་མོས། ལས་བྱང་ལྟར། ཧཱུྃ༔ མ་ཧཱ་ཀཱ་ལ་འཁོར་དང་བཅས་པ་ལ༔ སོགས་མཆོད་བསྟོད་དང་། མཇུག་གི །ཧཱུྃ༔ སངས་རྒྱས་བསྟན་པ་བསྲུང་བ་ཡི༔ དཔལ་ལྡན་མ་ཧཱ་ཀཱ་ལ་ཆེ༔ སོགས་མཐར་ཆགས་སུ་གཏང་བས་ཕྲིན་ལས་བཅོལ། དེ་རྣམས་ཀྱི་སྒོ་ནས་དཔལ་མགོན་ལྕམ་དྲལ་བདུན་ཅུ་དང་བཅས་པའི་སྲོག་དབང་ཟབ་མོ་ལེགས་པར་ཐོབ་པ་ཡིན་ཏེ། འདི་ནི་གང་རུང་ལ་སོགས་ནས། དགོས་པ་ཡོད་པས༔ གསང་བའི་དམ་ཚིག་སྤྱི་དང་། ཁྱད་པར་དཔལ་མགོན་འཁོར་བཅས་གསོལ་མཆོད་བསྟོད་པའི་རིམ་པ་དང་། བསྟན་པ་བསྲུང་ཞིང་ལོག་རྟོག་གཞོམ་པའི་སྦྱོར་བ་ཟབ་མོ་ལ་འཇུག་པ་སོགས། ཚུལ་བཞིན་བརྩོན་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་ལྟར་རོ། །རྗེས་ཆོག་ལ། རྟ་ནག་དང་ཕྱོགས་འཐུས་ཀྱིས་དཔལ་མགོན་གཞུང་གི་ཚོགས་བྱིན་རླབས་ནས། བསྒྲལ་བསྟབ་མཐར་ཚོགས་ལ་རོལ་ཞིང་། ལྷག་མ་བསྔོས་རྗེས། སྲུང་མའི་མཆོད་གཏོར་ཁ་གསོས་ནས། དཔལ་མགོན་ལས་བྱང་མཇུག་གི་གསོལ་ཁ་བསྟོད་བསྐུལ་སླར་ཡང་བསྐྱར། ༼པ༽དྲག་སྒྲུབ་མེ་འཁོར་རམ། ཆོས་དབང་བླ་མ་གསང་འདུས་ལྟ་བུའི་བསྐུལ་ཆད་བརྟན་རྟ་བྲོ་བཅས་སྦྱར། ཡི་དམ་དང་ཆོས་སྐྱོང་ལ་དམིགས་པས་མཆོད་བསྟོད་དང་ནོངས་བཤགས་སྤྱི་ལྟར། ཧཱུྃ༔ འཇིགས་བྱེད་དྲག་པོ་རྟ་མགྲིན་རྒྱལ། །ཞེས་པའི་ཚིག་རྐང་གཅིག་གི་རྗེས། མ་ཧཱ་ཀཱ་ལ་ལྕམ་དྲལ་དང༔ སོགས་དཔལ་མགོན་ལས་བྱང་གི་ཚོགས་མཆོད་བསྒྲལ་བསྟབ་མཐར་འབྱུང་བ་བཞིན་གྱེར་བས་དངོས་གྲུབ་བླངས། བརྟན་བཞུགས། བསྡུ་ལྡང་། དགེ་བསྔོ། བཀྲ་ཤིས་བཅས་བྱ། དེ་དག་གི་ལས་ཀྱི་ལྷ་མཆོག་རྟ་མགྲིན་ནག་པོ་སྟེ་པདྨ་གསུང་ཞི་དྲག་རིགས་བདག་དང་བཅས་པའི་སྐོར་རྣམས་གྲུབ་བོ།། །། ༄༅། །གསུམ་པ་ཡང་དག་ཐུགས་ཀྱི་སྒྲུབ་པའི་སྐོར་ལ། ཞི་བ་རྡོར་སེམས། ཁྲོ་བོ་བཛྲ་ཧེ་རུ་ཀཿ རིགས་མཐུན་ཕྱག་རྡོར་དང་གསུམ་ལས། དང་པོ་ཞི་བ་རྡོ་རྗེ་སེམས་དཔའི་སྐོར་ལ། རོལ་པའི་རྡོ་རྗེའི་བླ་མ་རྒྱལ་བ་འདུས་པའི་གསང་སྒྲུབ། རིགས་འདུས་རྡོ་རྗེ་སེམས་དཔའི་སྨིན་བྱེད་བཀླག་ཆོག་ཏུ་བཀོད་པ་རྣམ་གྲོལ་སྤྲིན་གྱི་མྱུ་གུ་གོང་དུ་རྒྱལ་འདུས་སྐབས་སོང་ངོ་།། །། ༼འདིར་རིག་འཛིན་ཚེ་ནོར་རྡོར་སེམས་སྙན་བརྒྱུད་དང་སྒྲུབ་ཐབས་ཕྱི་ནང་གསང་བ་ཡང་གསང་དེ་ཁོ་ནའི་རྣལ་འབྱོར་ཟབ་ཁྲིད་ཡོད་ཀྱང་འཆད་དགོས་པའི་གསལ་ཁ་མེད།མཆན།༽ ༈ མཆོག་གྱུར་གླིང་པའི་དམ་ཆོས་ཤོག་སྡེ་དྲུག་པའི་རྡོར་སེམས་ཐུགས་ཀྱི་སྙིང་པོ་འདི་ལ་རྩ་བ་ཤོག་སེར་དང་མན་ངག་སྙན་བརྒྱུད་ཀྱི་ལུགས་གཉིས་བཞུགས་པའི། ཕྱི་མའི་དབང་གི་ཆོ་ག་འོད་གསལ་སྙིང་པོ་ལྟར་དབང་སྒྲུབ། དབང་དངོས། རྗེས་ཆོག་བཅས་བྱའོ།། །། ༈ གསང་ཐིག་སྐོར་གསུམ་གྱི་རྡོར་སེམས་ཕྱག་རྒྱ་གཅིག་པའི་བུམ་དབང་གི་ཆོ་ག་ཞི་བའི་ཐིག་ལེ་ལྟར་དབང་སྒྲུབ་ལ། སྐོང་ཆོག་ཚོགས་མཆོད་བཅས་ཕྲིན་ལས་གནས་ལུང་དང་བཅས་པ་ཡེ་ཤེས་བཅུད་ཐིག་བཞིན་ཐོག་མཐར་སྦྱར་བ་དང་། དབང་དངོས། རྗེས་ཆོག་བཅས་བྱ། དེ་དག་གིས་ཞི་བ་རྡོ་རྗེ་སེམས་དཔའི་སྐོར་རྣམས་གྲུབ་བོ།། །། ༄། གཉིས་པ་ཁྲོ་བོ་བཛྲ་ཧེ་རུ་ཀའི་སྒྲུབ་སྐོར་ལ། གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཡང་དག་སྙིང་པོའི་དབང་ཆོག་བདེ་ཆེན་འཇུག་ངོགས་ལྟར་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ བྱང་ཆུབ་གླིང་པ་དཔལ་རྒྱལ་མཚན་གྱི་ཀུན་བཟང་ཐུགས་གཏེར་རྭ་སྐོར་སྒྲོན་དྲུག་གི་ཡང་དག་ཞི་ཁྲོ་ཕུར་གསུམ་ཀུན་གཟིགས་མཁྱེན་བརྩེའི་ཉེ་བརྒྱུད་ཀྱི་དབང་གི་ཆོ་ག་གྲུབ་གཉིས་བདུད་རྩིའི་རྒྱུན་འབེབ་ལྟར་བདག་བསྐྱེད། སྟ་གོན། དབང་སྒྲུབ་སྐབས། གཞུང་ཛཔ྄་མཐའི་མཆོད་བསྟོད་རྗེས། ཟུར་གསལ་ཚེ་སྒྲུབ་གསང་བ་ཡང་ཁོལ་གྱི་མདུན་རྟེན་ལས་སྔགས་ཀྱིས་བསང་། ཤཱུནྱ་ཏཱས་སྦྱང་། མི་དམིགས་ངང་ལས་སྐད་ཅིག་གིས། །སོགས་བསྐྱེད་བཟླས། དབང་ལེན་མཐའ་བར་གཏང་། བཀའ་སྲུང་མ་མགོན་ལྕམ་དྲལ་གཏོར་ཆོག་མདོར་བསྡུས་བཞིན་མགོན་པོར་བྱིན་རླབས་ནས། དམ་བསྲེའི་སྔགས་ཀྱི་མཐའ་བར་དང་། ལྷ་མོར་བྱིན་རླབས་ནས། བསྟོད་བསྐུལ་མཐའ་བར་གཏང་། ཚོགས་མཆོད་སོགས་དབང་གཞུང་དུ་གསུངས་ལྟར་དངོས་གཞི་རྩ་དབང་གི་བཀའ་སྲུང་རཀྴ་མ་ཧཱ་ཀཱ་ལ་དང་། ལྷ་མོ་ནག་མོའི་སྲོག་དབང་རྗེས། དབང་ཆོག་འཆི་མེད་བཅུད་ལྡན་ལྟར་ཚེ་སྒྲུབ་གསང་བ་ཡང་ཁོལ་གྱི་ཚེ་དབང་སྦྱར་བའི་རྒྱས་གདབ་རྗེས། དབང་གཞུང་གི་ཤིས་བརྗོད་དང་། དབང་གི་རྗེས་རིམ། དེ་ལྟར་ན་དེ་དག་རྣམས་ཀྱི་སྒོ་ནས་སོགས་ནས། གཟི་བྱིན་ཆེན་པོ་དང་ལྡན་པ་ཉིད་དང་། ཡན་ལག་བཀའ་སྲུང་མ་མགོན་ལྕམ་དྲལ་གྱི་སྲོག་དབང་དང་། ཚེ་སྒྲུབ་གསང་བ་ཡང་ཁོལ་བཅུད་ལེན་དངོས་གྲུབ་སྦྱིན་པ་དང་རྗེས་སུ་འབྲེལ་བའི་དབང་བསྐུར་བཅས་བླ་མའི་ཕྱག་བཞེས་ལ་ཇི་ལྟར་འབྱུང་བ་བཞིན་ལེགས་པར་གྲུབ་པ་ཡིན་པས་སོགས་དབང་གི་རྗེས་བསྡུ་དང་། ཆོ་གའི་རྗེས་ཕྲིན་ལས་བྱང་བུ་བཞིན་ཚོགས་ལ་རོལ་ཞིང་། ལྷག་ཆོག་གཏང་། སྤྲོ་ན་བཀའ་སྲུང་གཏོར་ཆོག་བསྐྱར། གང་ལྟར་ཡང་དམ་སྤྱིའི་འགུགས་པ་ནས། ཕྲིན་བཅོལ་རྗེས། ཆོས་དབང་ཡང་དག་སྙིང་པོའི་ལས་བྱང་ཉུང་གསལ་བཞིན་བརྟན་མ་སྐྱོང་། དམ་སྤྱིའི་མཆོད་བསྟོད་ནས་ནོངས་བཤགས་རྫོགས་ཀྱི་བར་མ་མགོན་སྤྱིར་བཏང་། དེ་ནས་མགོན་པོར། གཏོར་ཆོག་མདོར་བསྡུས་གཞུང་གི །ཨི་ཨི་ཨཱི༔ སོགས་ནས། བཛྲ་ཧཱུྃ༔ ཞེས་བརྗོད་དེ་རྟེན་རྫས་ལ་ཐིམ་ཞིང་བདག་དང་མི་འབྲལ་བར་བསམ་པ་དང་། སྤྱིར་དམིགས་པས། འདིར་ནི་གཟུགས་དང་སོགས་དམ་སྤྱིའི་མཇུག་བཀྲ་ཤིས་གྲུབ་ཀྱི་བར་མཐར་དབྱུང་། དཀྱིལ་འཁོར་པ་དང་ཚེ་སྒྲུབ་ཕྱོགས་འཐུས་ཀྱིས་གཞུང་གསལ་སྤྱི་ཁྱབ་མཆོད་བསྟོད་སྦྱར། ནོངས་བཤགས་སོགས་ཕྲིན་ལས་བྱང་བུ་བཞིན་མཐར་དབྱུང་བས་གྲུབ་བོ།། །། ༈ ཆོས་རྗེ་གླིང་པ་འཛམ་གླིང་བདེ་བའི་རྡོ་རྗེའི་ཡང་དག་བདེ་ཆེན་སྙིང་པོའི་ཆོག་ཁྲིགས་སྙིང་པོར་དྲིལ་བ་ལྟར་དབང་སྒྲུབ། དབང་དངོས་གཞིར། དེ་ལ་འདིར་གསང་སྔགས་རྡོ་རྗེ་ཐེག་པ་སྔ་འགྱུར་བའི་རིང་ལུགས་ལ་རྒྱ་ཆེ་བ་བཀའ་མ་དང་། ཟབ་པ་གཏེར་མ་ཞེས་གྲགས་པའི་ཕྱི་མ་ལ་བསྐྱེད་སྔགས་རྫོགས་པ་ཆེན་པོའི་སྐོར་མཐའ་ཡས་པར་བཞུགས་པ་ལས། འདིར་བསྐྱེད་པ་མ་ཧཱ་ཡོ་ག་སྒྲུབ་པ་སྡེ་བརྒྱད་བྱེ་བྲག་ཏུ་སྒྲུབ་པའི་ནང་ཚན། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྩོལ་བ་ལ་ཆེས་ཟབ་ཅིང་མྱུར་བའི་ཁྱད་པར་དང་ལྡན་པ། དཔལ་ཧེ་རུ་ཀཿཡང་དག་གྲུབ་པ་གཅིག་པུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ། ད་ལམ་གྱི་སྐབས་སུ་བབས་པ་འདི་ནི། པདྨ་བཀའ་ཐང་ལས། མཛའ་བོ་ནང་འཇུག་ཚེར་མས་མཐའ་མི་འབོད༔ ས་སྟེང་གཡོ་བའི་བདུད་ཀྱི་སྤྲུལ་པ་འབྱུང༔ ཡུམ་བུ་གླ་སྒང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ ཨོ་རྒྱན་རོག་རྗེ་གླིང་པ་ཞེས་བྱ་འབྱུང༔ ཞེས་ལུང་གིས་བསྟན་པ་སྤྲུལ་པའི་གཏེར་སྟོན་ཆེན་པོ། རྒྱལ་སྲས་ལྷ་རྗེའི་སྐྱེ་བ་བཅུ་གཉིས་པ་ཨོ་རྒྱན་རོག་རྗེ་གླིང་པའམ་ཆོས་རྗེ་གླིང་པ་བདེ་བའི་རྡོ་རྗེས། འོན་སྟག་ཚང་། འུ་ཤང་རྡོ། ཡུམ་བུ་གླ་སྒང་། སྲོང་བཙན་བང་སོ། རྨ་ཀུང་ལུང་ཟག་མེད་འཇའ་ཚོན་ཕུག །ཁ་རག་མགོ་དགུའི་དུག་མཚོ། སྤུ་བོ་བྱ་རྒོད་གཤོང་དང་གདུང་ཆུ་ལྷ་ཁང་སོགས་ནས་ཁྱད་པར་དུ་འཕགས་པའི་གཏེར་ཁ་དུ་མ་ཞལ་དབྱེ་བར་མཛད་པའི་ནང་ཚན། བདུད་རི་གནམ་ལྕགས་འབར་བའི་མཚོ་གཏེར་ལས་བྱོན་པ་སྟེ། གཏེར་གཞུང་ལས། བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མཁས་གྲུབ་བླ་མ་དཔག་མེད་བསྙེན༔ ཁྱད་པར་དགའ་རབ་ཤྲཱི་སེང་སོགས༔ གྲུབ་མཆོག་ཉེར་ལྔའི་ཐུགས་མཛོད་རྟོགས༔ རྣལ་འབྱོར་རིག་འཛིན་རྣམ་བརྒྱད་དང༔ གདམས་པ་ཟབ་མོ་བགོ་བཤར་བྱས༔ ཁྱད་པར་ཐུགས་རིག་ཧཱུྃ་ཀཱར་དང༔ ཕྲིན་ལས་གྲུབ་པ་པྲ་ཧསྟིར༔ ཡང་ཕུར་རྒྱུད་དང་མན་ངག་གཙོས༔ ཟབ་དགུ་འདུས་པའི་ཉིང་ཁུ་ལོངས༔ བོད་ཡུལ་ཁ་བའི་རི་ལྗོངས་འདིར༔ རྗེ་འབངས་རྣམས་ལ་རྒྱ་ཆེར་བཤད༔ ཁྱད་པར་ད་ལྟ་རྗེ་སྲས་གྲོགས༔ ཨཱརྻ་ས་ལེ་རྣམ་བཞི་ལ༔ བླ་མ་དྲག་པོ་དང་འབྲེལ་བའི༔ ཡང་ཕུར་སྙིང་ཐིག་ཉུང་ངུ་ནི༔ དོན་བཅུད་ཉམས་སུ་དྲིལ་ཏེ་གདམས༔ སྙིང་གི་དཀྱིལ་དུ་ས་མཱ་དྷི༔ ཞེས་བསྔགས་པར་མཛད་པའི་སྨིན་གྲོལ་གྱི་ཟབ་གནད་རྒྱ་ནག་སྤྲིན་ཤོག་སེར་པོའི་ངོས་གུ་རུའི་ཕྱག་བྲིས་འཕྲུལ་གྱི་པ་ཏྲ་ལས་དག་པར་ཕབ་པ། ཚེ་གཅིག་བྱང་ཆུབ་སྒྲུབ་པའི་གསེང་ལམ་ཡང་དག་བདེ་ཆེན་སྙིང་པོའི་སྨིན་དབང་ཟབ་མོ་འབུལ་བར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ། སྔོན་ཆད་གཟུང་འཛིན་རྟོག་པའི་སྒྲིབ་པས་མིག་ལྡོངས་པའི་མཚོན་བྱེད་མིག་དར་འཆིང་བ་དང་། རང་རིག་གི་ལྷ་དང་མཇལ་བའི་ཕྱག་རྟེན་མེ་ཏོག་གི་ཕྲེང་བ་རེ་ཕྱག་ཏུ་ཐོགས་པར་མོས། སྔགས་གཉིས་ཀྱིས་མིག་དར་མེ་ཏོག་སྦྱིན། སློབ་དཔོན་ཁྱབ་བདག་ཧེ་རུ་ཀའི་ངོ་བོར་བཞུགས་པ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་རྡོ་རྗེ་སོགས་ལན་གསུམ། དེའི་ལན་དུ་སྤྲོ་བ་བསྐྱེད་ཅིང་གནང་བ་སྦྱིན་པ་འདི་ལ་གསན་འཚལ། ཨེ་མ་དུས་གསུམ་སོགས། བར་འདིར་བདག་འཇུག་དངོས་བསྟན་ལ་མི་གསལ་ཡང་རྣམ་པ་ཕྱེད་པའི་སླད། མདུན་མཁར་བླ་མ་དཔལ་ལྡན་བདེ་ཆེན་སྙིང་པོའི་དཀྱིལ་འཁོར་ཚོམ་བུར་བཅས་པ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚིག་དོན་འབྲེལ་བའི་དམིགས་རྣམ་གསལ་བཏབ་སྟེ་འདིའི་རྗེས་ཟློས། ཆོག་ཁྲིགས་སྙིང་པོར་དྲིལ་བ་འདི་ཉིད་ཀྱི་དབུར་འབྱུང་བ། རྡོ་རྗེ་སློབ་དཔོན་སོགས་ལན་གསུམ། དབང་གི་ཡེ་ཤེས་སྐྱེ་བའི་རྟེན་འདུལ་མདོ་སྔགས་ཀྱི་སྡོམ་པ་རྣམས་ངོ་བོ་གནས་འགྱུར། ཡོན་ཏན་ཡར་འཕེལ། དུས་སྐབས་དགོས་པ་གཙོར་བཏོན་ཏེ་འཛིན་སྙམ་པས་འདིའི་རྗེས་ཟློས། ཧོ༔ བདེ་ཆེན་སྙིང་པོའི་སོགས་ལན་གསུམ། ཇི་སྐད་ཁས་བླངས་པའི་དམ་ཚིག་ལས་ནམ་ཡང་འདའ་བར་མི་འོས་པས། དེའི་ཕྱིར་རྡོ་རྗེའི་ཆུ་ནན་སྦྱིན་པ་སྙིང་དབུས་སུ་སིམ་སྟེ་ཁེ་ཉེན་གྱི་དཔང་པོར་བཞུགས་པར་མོས། ཧཱུྃ། ཡང་དག་ཡེ་ཤེས་སོགས། ཁྱེད་རང་རྣམས་ལས་ཀྱི་རྡོ་རྗེས་ཁྲིད་དེ་དཀྱིལ་འཁོར་གྱི་ཡོལ་བའི་ནང་དུ་དྲངས་ཤིང་། སླར་སྒོ་བཞི་ཤག་གིས་ཕྱེ་བའི་སྒོ་འགྲམ་དུ་འཁོད་པར་མོས། ཛཿཧཱུྃ་སོགས། དེ་ནས་ལྷ་ཚོགས་རྣམས་ཀྱི་ཞབས་ལ་སྒོ་གསུམ་གུས་པས་འདུད་ཕྱག་འཚལ་བར་མོས་པས་འདིའི་རྗེས་ཟློས། ཨོཾ་ན་མ་སྟེ་སོགས་ལན་གསུམ། དབང་གི་རྩ་བའམ་སྙིང་པོར་གྱུར་པ་ཡེ་ཤེས་པའི་བྱིན་དབབ་པའི་ཕྱིར་འདི་ལྟར་གསལ་ཐོབས་ཤིག །ཨོཾ་སྭ་བྷཱ་ཝ་སོགས། བདག་གཞན་དུ་སྣང་བའི་ཆོས་ཐམས་ཅད་མི་དམིགས་པ་སྟོང་པར་སྦྱངས། དེའི་ངང་ལས་ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་ཆེན་པོ་བཛྲ་ཧེ་རུ་ཀཿམཐིང་ནག་ཞལ་གཅིག་ཕྱག་གཉིས་པ། དཔལ་དང་དུར་ཁྲོད་ཀྱི་ཆས་ལྡན་རྡོ་རྗེ་དང་དུང་ཁྲག་འཛིན་པ་རང་འདྲའི་ཡུམ་ལ་འཁྱུད་ཅིང་། ཡེ་ཤེས་ཀྱི་མེ་ཀློང་དུ་བཞུགས་པའི་སྐུར་གསལ་བའི་སྤྱི་བོར་ཨོཾ། སོགས་ནས། ཐིམ་པར་གྱུར་པའི་མོས་པ་བརྟན་པོ་མཛོད། ཧཱུྃ། མཁའ་དང་མཉམ་པའི་སོགས་ཆོག་སྒྲིག་སྙིང་པོར་དྲིལ་པའི་བྱིན་འབེབ། དངོས་གྲུབ་སྩོལ། ཞེས་གྱེར་ནས། ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་ཡིག་བདུན་དང་ཐུགས་སྔགས་སྤེལ་བ་ཤམ་ཅན་བཟླས་པས་བྱིན་དབབ་ཅིང་བརྟན་པར་བྱས་མཐར། སྔར་བྱིན་པའི་མེ་ཏོག་དེ་ཉིད་ཚེ་རབས་ནས་འབྲེལ་བའི་ལྷག་པའི་ལྷས་བཞེས་སུ་གསོལ་སྙམས་པས་འདིའི་རྗེས་ཟློས་བཅས་འདོར་འཚལ། ཧོཿ ཡང་དག་མཆོག་གི་སོགས། མེ་ཏོག་གང་དུ་བབས་ཀྱང་དཀྱིལ་འཁོར་བདག་པོའི་དབྱིངས་སུ་རྫོགས་པས། ཁྱེད་རང་རྣམས་ཀྱི་སྤྱི་བོར་བླ་མ་དང་དཔལ་ཆེན་པོ་གཉིས་སུ་མེད་པས་མེ་ཏོག་དེ་ཉིད་དབང་རྟགས་ཅོད་པན་དུ་སྤྱི་བོར་བཀོད་པར་མོས་ལ། དཔལ་ཧེ་རུ་ཀཿཉིད་ལྷག་པའི་ལྷར་ཟུངས་ཤིག །པྲ་ཏཱི་གྲྀཧྣ་སོགས། མ་རིག་པའི་སྒྲིབ་གཡོགས་མིག་རས་ལྷན་ཅིག་བསལ་བར་མོས། ཙཀྵུཿསོགས། མ་རིག་པའི་ལིང་ཏོག་བསལ་ནས་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པ་ལ། ཡང་དག་བདེ་ཆེན་ཧེ་རུ་ཀའི་ཕྱི་ནང་དབྱིངས་གསུམ་གྱི་དཀྱིལ་འཁོར་འཁོར་ལོ་ཐམས་ཅད་མངོན་སུམ་དུ་མཐོང་བར་མོས་ལ་གུས་སྤྲོ་སྐྱེད་ཅིག །དེས་འཇུག་པའི་ཆོས་རྣམས་གྲུབ། ད་དངོས་གཞིའི་དབང་རྣམས་ཞུ་བའི་ཡོན་དུ་མཎྜལ། དད་མོས་གདུང་བས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བྱང་ཆུབ་རྡོ་རྗེས་སོགས། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས་པས་བསྐུལ་བས་གདན་གསུམ་སོགས་བུམ་པ། དབུ་རྒྱན་རིན་པོ་ཆེའི་ཁང་བུ་ཟེ་པྲོག་ལྔ་པར་རིགས་ལྔའི་ལྷ་ཚོགས་བཞུགས་པ་མགོ་བོར་བཅིངས་པས་ཆོས་ཀྱི་རྒྱལ་སྲིད་དམ་པར་དབང་འབྱོར་བར་མོས། སངས་རྒྱས་ཀུན་གྱི་དབུ་རྒྱན་སོགས། བདེ་སྟོང་ཐབས་ཤེས་མཚོན་པའི་རྡོར་དྲིལ་ཕྱག་གཡས་གཡོན་དུ་གཏད་པ་དག་ཐུགས་ཀར་གཏོད་ཅིང་དཀུར་བསྟེན་པས། ཟུང་འཇུག་རྣམ་པར་རོལ་པའི་ཕྲིན་ལས་རྟག་ཅིང་ཁྱབ་པས་དོན་གཉིས་བསྒྲུབ་ནུས་པའི་དབང་ཐོབ་པར་མོས། སངས་རྒྱས་ཀུན་གྱི་རྡོ་རྗེའི་སོགས། དབང་གི་ལྷ་དང་སློབ་དཔོན་ལྷན་ཅིག་པས་རྡོ་རྗེའི་མིང་གིས་དབང་བསྐུར་བ་བཞིན་སངས་རྒྱས་རྒྱ་མཚོའི་ཞིང་ཁམས་རྣམས་སུ་གྲགས་པར་མོས། སངས་རྒྱས་ཀུན་གྱི་མིང་སོགས། བུམ་དབང་གི་དག་པ་བརྗོད་ཅིང་གསང་དབང་བསྐུར་མཐར། དེ་ལྟར་བྱིན་པའི་བདུད་རྩི་མྱང་བ་མགྲིན་པ་ནས་འཕེལ་རྩ་གནས་ཐམས་ཅད་ལ་ཁྱབ་པས་གསལ་སྟོང་ཡེ་ཤེས་ཀྱི་ཉམས་འབར་བར་གྱུར། དེ་ལྟར་ཀུན་རྫོབ་བྱང་ཆུབ་སོགས་དག་པ་བརྗོད། མཚན་ཉིད་དང་སྒྱུ་རྩལ་ལང་ཚོ་རྫོགས་པའི་ཤེས་རབ་མ་ཕོ་ཉའི་དངོས་གྲུབ་ཀྱི་དོན་དུ་སྦྱིན་པར་མོས། ལྷ་མོ་དགའ་སྦྱིན་སོགས་དག་བརྗོད་བཅས་བྱ། མན་ཤེལ་གྱི་བརྡས་མཚོན་ཏེ། དབྱིངས་རིག་ཁ་སྦྱོར་ཀ་དག་བདེ་ཆེན་མཆོག་གི་ངོ་བོར་བཞུགས་ཤིང་། ལྷུན་གྲུབ་སྣང་བའི་ཕྲིན་ལས་མ་བཙལ་སྤྲོས་མེད་རང་ཆས་སུ་རྫོགས་པ། སྨྲ་བསམ་བརྗོད་བྲལ་གྱི་དོན་རྟོགས་པར་གྱིས་ཤིག །ཧཱུྃ། འདི་ལྟར་ཆོས་རྣམས་སོགས་ཀྱིས་ངོ་སྤྲོད་ལ་དག་བརྗོད་བཅས་བྱ། དེ་རྣམས་ཀྱི་སྒོ་ནས་དབང་བཞིའི་རིམ་པ་ལེགས་པར་གྲུབ་པས་དམ་ཚིག་གི་རིམ་པ་རྣམས་མ་ཉམས་པར་བསྲུང་སྡོམ་ཚུལ་བཞིན་བགྱིད་དོ་སྙམས་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་ཀྱི་དབང་དང་། ཆོ་གའི་རྗེས་རིམ་རྣམས་བྱའོ།། །། ༈ པདྨ་འོད་གསལ་མདོ་སྔགས་གླིང་པའི་སྙན་བརྒྱུད་ཡང་དག་ཟབ་ཏིག་གི་སྨིན་གྲོལ་འབོགས་པའི་ལག་ལེན་བདེ་ཆེན་གསང་བའི་བཅུད་འདུས་ལྟར་དབང་སྒྲུབ། དབང་དངོས་ལ་རྩ་དབང་། སྨན་དབང་། ཚེ་དབང་། ཟབ་ཁྲིད། རྗེས་ཆོག་བཅས་བྱའོ།། །། ༈ སྙན་བརྒྱུད་ཡང་ཕུར་སྦྲགས་མའི་ཟབ་ཏིག་གི་དབང་གི་ལག་ལེན་གྲུབ་གཉིས་བཅུད་འབེབ་ལྟར་དབང་སྒྲུབ། རྩ་དབང་། དྲག་པོའི་རྗེས་གནང་། ཚེ་དབང་། རྗེས་ཆོག་བཅས་བྱའོ།། །། ༈ མཆོག་གྱུར་གླིང་པའི་ཟབ་བདུན་ཡང་དག་ཐུགས་ཀྱི་སྙིང་པོའི་སྨིན་བྱེད་བལྟས་ཆོག་ཏུ་བཀོད་པ་ཡེ་ཤེས་མཆོག་སྦྱོར་ལྟར་དབང་སྒྲུབ་སྐབས། བུམ་ལྷ་འོད་ཞུའི་མཐར་འདིའི་ཚེ་སྒྲུབ་དབང་ཁྲིགས་གྲུབ་གཉིས་བདུད་རྩིའི་བཅུད་ལེན་གྱི་སྔོན་འགྲོ་རྣམས་གོང་དུ་སོང་བས་འཐུས་པས། དངོས་གཞི་བདག་མདུན་དབྱེར་མེད་དུ་བསྒྲུབས་ནས། ཚེ་འགུག་མཐར། སྟོང་ཚིགས་ཀྱི་མཆོད་བསྟོད་བྱ། དེ་ནས་བཀའ་སྲུང་ཕྱིན་ལ་འཇུག །དངོས་གཞིར་རྩ་དབང་། སྐོང་ཆོག་དབང་མཐར། སླར་ཡང་བཀྲ་ཤིས་འཆི་མེད་ཚེ་ཡི་དབང་བསྐུར་བགྱིད་པ་སྟེ། དེའང་གཞུང་ཉིད་ལས། མཆོག་གི་དངོས་གྲུབ་སོགས། ལོ་རྒྱུས་ནས་གཟུང་གྲུབ་གཉིས་བདུད་རྩིའི་བཅུད་ལེན་ལྟར་ཚེ་དབང་རྫོགས་པ་དང་། ཤིས་བརྗོད་སོགས་དབང་གི་རྗེས་རིམ་གྱི་ལུས་དབུལ་ཡན་གྲུབ་ནས། དེ་རྣམས་ཀྱིས་དཔལ་ཡང་དག་ཐུགས་ཀྱི་སྙིང་པོའི་དབང་བཞི་ལེགས་པར་གྲུབ་ནས། དེའི་གྲོལ་བྱེད་ཁྲིད་རིམ་ཟབ་མོ་གཏེར་གཞུང་རྡོ་རྗེའི་གསུང་དྲི་མ་མེད་པ་འདུས་ཤིང་གསལ་བ་ཉུང་ངུར་བསྟན་པ་འདི་ལ་ལེགས་པར་གསན་ནས། དོན་ཐུགས་ལ་ངེས་པར་མཛད་འཚལ། དཔལ་ཡང་དག་ཐུགས་ཀྱི་སྙིང་པོ་ལས༔ ཐུགས་ཁྲིད་ཟབ་མོ་བཞུགས༔ དབུའི་བརྡ་ཡིག་ནས་མཇུག་གི་བརྡ་ཡིག་རྫོགས་ཀྱི་བར་བཀླག །དེ་ལྟར་སྐལ་ལྡན་ཚེ་གཅིག་གི་བྱང་ཆུབ་ངེས་པར་འདོད་པ་རྣམས་ཀྱིས་ཤིན་ཏུ་ཁྱད་པར་འཕགས་པའི་གསེང་ལམ། རྒྱ་བོད་གྲུབ་བརྙེས་ཐམས་ཅད་ཀྱི་ཐུགས་དམ་སྙིང་པོར་གྱུར་པ་དཔལ་ཡང་དག་ཐུགས་ཀྱི་སྙིང་པོ་དེ་ཁོ་ན་ཉིད་ཡིན་ལ། འདིར་འཇུག་པ་ན། ཐུན་མོང་གི་སྔོན་འགྲོ་བློ་ལྡོག་རྣམ་པ་བཞི་རྒྱུད་ལ་འབྱོངས་པས་རང་རྒྱུད་ཀྱི་ཞིང་ས་བཏུལ། ཐུན་མིན་གྱི་སྔོན་འགྲོ་རྡོ་རྗེ་ཐེག་པའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་། ཀུན་རྫོབ་སྨོན་འཇུག་གཉིས་ལ་བརྟེན་ནས། དོན་དམ་སྐྱེ་འགགས་གནས་དམིགས་འགྲོ་འོང་མེད་པའི་གནས་ལ་ངེས་པ་ཚུགས་པའི་སེམས་ལྔ་བསྐྱེད་ཅིང་། རྡོར་སེམས་དང་། མཎྜལ། བླ་མའི་རྣལ་འབྱོར་རྣམས་ཀྱིས་དགེ་བའི་ས་བོན་གྲུང་པོར་བཏབ། ཁྱད་པར་སྔོན་འགྲོ་འཁོར་འདས་དང་སྒོ་གསུམ་གྱི་རུ་ཤན་དབྱེ་ཞིང་རྣལ་དབབ་རང་སོར་གཞུག་པ་རྣམས་ཀྱིས། ས་ཆུ་ཡུར་ལས་དང་འདྲ་བས་དོན་བཟང་སྨིན་རུང་གི་གཞི་བཏིང་། བསྐྱེད་རིམ་དང་རྩ་རླུང་གི་གདམས་པས་དབྱིབས་རླུང་ཐིག་ལེའི་རྣལ་འབྱོར་གྱི་ཉམས་ལེན་གྱི་བསྐྱེད་བསྲིང་། དེ་ལྟ་བུའི་ཐབས་ལས་བྱུང་བའི་བདེ་ཆེན་གྱི་ངོ་བོ་ཀ་དག་དང་། རང་བཞིན་ལྷུན་གྲུབ་ཀྱི་དགོངས་པ་གཏན་ལ་ཕབ་པས་འབྲས་བུ་རྫོགས་རིམ་ངེས་པར་བསྒྲུབ། དེ་ལྟ་བུའི་ངང་ནས་ཉམས་ལེན་ཆུ་བོའི་རྒྱུན་ལྟ་བུའི་རྣལ་འབྱོར་གྱི་རྩལ་སྦྱངས་ནས། དབྱེར་མེད་གདོད་མའི་གཏན་སྲིད་ལ་དབང་འབྱོར་བས། འབྲས་བུ་ལག་ཏུ་ལེན་པ་དང་མཚུངས་པར་ཀུན་བཟང་རྒྱལ་བའི་ཡེ་ཤེས་མ་བཙལ་ལྷུན་གྱིས་རྫོགས་ནས། ཐུགས་རྗེའི་འཇུག་པ་དམིགས་མེད་རྒྱུན་གྱི་རྟག་པའི་ཕྲིན་ལས་ཀྱིས་འགྲོ་རྣམས་ཡང་དག་བདེ་ཆེན་ཐུགས་ཀྱི་སྙིང་པོའི་དཀྱིལ་འཁོར་དུ་དབུགས་དབྱུང་ནས། དོན་གཉིས་ལྷུན་འགྲུབ་ཁྱབ་བདག་རྡོ་རྗེ་འཆང་བདེ་བ་མཆོག་གི་གནས་ཐོབ་པ་ཞིག་ཅི་ནས་ཀྱང་མཛོད་ཅིག །དེ་ལྟར་ན་དེ་དག་གི་སྒོ་ནས་གསང་ཆེན་མཆོག་གི་ཉིང་ཁུའི་སྨིན་གྲོལ་ཐོབ་པ་འདིའི་མཚོན། བདག་གཞན་དུས་གསུམ་བྱས་བསགས་ཀྱི་དགེ་ཀུན་འཁོར་གསུམ་ཡོངས་གྲོལ་ཆེན་པོའི་དགོངས་སྤྱོད་ལ་གནས་པས་བསྔོ་བ་སྨོན་ལམ་གྱི་རིམ་པའང་ཆབས་ཅིག་མཛོད། ཅེས་པས་མཚམས་སྦྱར་ལ། དགེ་བསྔོ་བཅས་ཀྱིས་དབང་ཁྲིད་གྲུབ། ཆོ་གའི་རྗེས་རིམ་དབང་གཞུང་བཞིན་གྱིས་ཚེ་དབང་གི་རྗེས་ཆོག་ཀྱང་སྟབས་གཅིག་གྲུབ་པར་བྱ་བ་ལས་ཟུར་དུ་མི་དགོས་སོ།། །། ༈ སྒྲུབ་ཆེན་ལྔ་བཅུ་རྩ་བརྒྱད་དང་འབྲེལ་བའི་དབང་བསྐུར་རྒྱས་པ་བླ་མ་ཧེ་རུ་ཀཿདཔལ་གྱི་ཞལ་ལུང་བདེ་ཆེན་མཆོག་གི་མྱུར་ལམ་ལྟར་དབང་སྒྲུབ། དབང་དངོས་གཞིའི་སྐབས་སྐོང་ཆོག་དང་། ཚེ་དབང་གོང་དུ་སོང་བས་འདིར་སྦྱོར་མི་དགོས། རྗེས་ཆོག་བཅས་བྱའོ།། །། ༈ ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་རིག་འཛིན་འཛམ་གླིང་རྒྱན་གཅིག་གི་དབང་ཆོག་ཨིནྡྲ་ནཱི་ལའི་ཆུན་པོ་ལྟར་དབང་སྒྲུབ། དབང་དངོས་གཞི་གྲུབ་མཚམས་དེར། དེ་ལྟར་རྒྱུད་སྨིན་བྱེད་ཀྱི་རིམ་པ་སྔོན་དུ་སོང་ནས། གྲོལ་བྱེད་བསྐྱེད་རྫོགས་ཀྱི་གདམས་ཁྲིད་ནི། འདིར་དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོའི་ཐུགས་དམ་སོགས་རིམ་གཉིས་རྒྱུན་གྱི་རྣལ་འབྱོར་གྱི་དབུ་ནས་གཟུང་ཡི་གེ་ཆེ་ཆུང་མེད་པར་ནར་མར། འདི་ཁོ་ན་ཉམས་ལེན་སྙིང་པོར་མཛད་འཚལ་ལོ། །དེ་རྣམས་ཀྱིས་སྨིན་གྲོལ་ཆབས་ཅིག་ཏུ་རྫོགས་པའི་དམ་ཚིག་གི་རིམ་པའང་རྡོ་རྗེ་ཐེག་པའི་གཞུང་བཞིན་སྲུང་སྡོམ་མཛད་དགོས་པས། དེ་ཉིད་གཡར་དམ་ལྷུར་བཞེས་ཏེ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དབང་དང་། ཆོ་གའི་རྗེས་མཐར་དབྱུང་ངོ་།། །། ༈ གསང་ཐིག་སྐོར་གསུམ་གྱི་ཡང་དག་ཕྱག་རྒྱ་གཅིག་པའི་གཏོར་དབང་གི་ཆོ་ག་འབར་བའི་ཐིག་ལེ་ལྟར་དབང་སྒྲུབ། དངོས་གཞི་གཏོར་དབང་། རྗེས་ཆོག་བཅས་བྱའོ།། །། འདིར་འཇམ་མགོན་རིན་པོ་ཆེའི་ཟབ་གཏེར་གསང་ཐིག་སྙིང་པོའི་སྐོར་ལས་བྱུང་བའི་དཔལ་ཡང་དག་ཧེ་རུ་ཀའི་དབང་བསྐུར་བདེ་ཆེན་སྙིང་པོ་ཡོད།མཆན། དེ་དག་གིས་ཐུགས་ཀྱི་ལྷ་མཆོག་དཔལ་ཆེན་ཡང་དག་ཧེ་རུ་ཀའི་སྐོར་རྣམས་གྲུབ་བོ།། །། ༄། གསུམ་པ་རྗེས་འབྲེལ་ཐུགས་རིགས་ཕྱག་རྡོར་གྱི་སྐོར་ལ། གྲྭ་མངོན་དབང་ཕྱུག་འབར་གྱི་ཕྱག་རྡོར་ཁང་བུ་བརྩེགས་པ་༼འདོད་བུམ། 319༽ལྟར་གྱི་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ གྲྭ་མངོན་ཕྱག་རྡོར་གཏུམ་པོ་དམར་པོའི་སྒྲུབ་དཀྱིལ་དབང་རྒྱུན་མ་བཞུགས་ཤིང་། གཏུམ་ཆུང་དམར་པོའི་སྒྲུབ་ཐབས་སྒོམ་ལུང་དང་བཅས་པ་ལྟར་བསྐྱེད་བཟླས་མཐར། སྒོམ་ལུང་འབོགས། རྗེས་མི་དམིགས་པར་བཞག་ནས་དགེ་བསྔོ་བཀྲ་ཤིས་བཅས་བྱའོ།། །། ༈ དབུ་རུ་ལྷ་སའི་སྟོན་པ་ཤཱཀྱ་འོད་ཀྱིས་དཔལ་གསང་བའི་བདག་པོ་རྡོ་རྗེ་མེ་འབར་ཀུན་གཟིགས་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཡང་གཏེར་གྱི་ཕྲིན་ལས་དབང་ཆོག་དང་བཅས་པ་རྡོ་རྗེའི་ཞུན་ཐིགས་ལྟར་དབང་སྒྲུབ་སྐབས། བུམ་བཟླས་མཐར། སྟོང་ཚིགས་འོད་ཞུའི་རྗེས། ལས་བུམ་འཁྱིལ་པས་བསྒྲུབས་ལ། རིག་མེ་དོར་ཞིང་གནང་བ་ནོད། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ གུ་རུ་ཆོས་ཀྱི་དབང་ཕྱུག་གི་བླ་མ་གསང་འདུས་ཀྱི་ཆ་ལག་དཔལ་ཕྱག་ན་རྡོ་རྗེ་གཏུམ་པོ་སེང་སྒྲོག་མེ་ལྕེ་ཕྲེང་བའི་དབང་ཆོག་དབང་བཤད་དང་བཅས་པ་ལྟར་ལ་དབང་སྒྲུབ་ཀྱི་ཕྲིན་ལས་གཏེར་གཞུང་བཀླག་ཆོག་ཏུ་སྦྱོར་རྗེས་གུང་བསྡེབས་ཀྱིས་དཀྱུས་གཅིག་བདག་གིས་བཀོད་པ་བཞིན་བཏང་ཞིང་ཚོགས་བསྒྲལ་སྟབས་མཐར། རིག་མེ་དོར་ཞིང་གནང་བ་ནོད། དངོས་གཞི་སྐུ་བུམ་དབང་གི་རྗེས། ཆགས་མེད་བྷནྡྷའི་སྣོད་དུ་རང་བྱུང་བདེ་ཆེན་བྱང་ཆུབ་སེམས་ཀྱི་བདུད་རྩིས་བལྟམས་པ་མགྲིན་པར་བཞག་ཅིང་མྱང་བས་ངག་གི་དྲི་མ་དག །སྔགས་ཀྱི་ནུས་པ་རྒྱུད་ལ་བཞག །གཡོ་རྩོལ་གྱི་རྟོག་པས་མ་བསླད་པའི་ཐ་མལ་གྱི་རླུང་སྔགས་འགྲོ་འོང་མེད་པ་ཡེ་ཤེས་རྡོ་རྗེའི་བཟླས་པ་ཆུ་བོའི་རྒྱུན་གྱི་འཁོར་ལོར་དབང་བསྒྱུར་ནུས་པའི་མཐུ་ཐོབ་པར་མོས། ཨཱ༔ ཐོད་པ་ཆགས་བྲལ་སོགས། མཚན་མའི་རྟོག་པས་མི་ཕྱེད་ཅིང་ཉོན་མོངས་ཀུན་འཇོམས་ཡེ་ཤེས་ལྔ་ལྡན་གྱི་དོན་མཚོན་པའི་རྡོ་རྗེ་སྙིང་གར་བཞག་པས་ཡིད་ཀྱི་དྲི་མ་དག །ལྷན་ཅིག་སྐྱེས་པ་མི་འགྱུར་བའི་དགོངས་པ་མངོན་དུ་བྱས། མཚན་འཛིན་གྱི་སྤྲོས་པ་དང་བྲལ་བའི་རིག་པ་རང་བྱུང་བྱང་ཆུབ་སེམས་ཀྱི་འཁོར་ལོས་འཁྲུལ་རྟོག་གི་རྒྱུན་གཅོད་པར་ནུས་པའི་མཐུ་ཐོབ་པར་མོས། ཧཱུྃ༔ མི་འགྱུར་མི་འཇིག་སོགས། གཏོར་སྣོད་དབྱིངས་ཀྱི་གཞལ་ཡས་ཁང་དུ། གཏོར་མ་རིག་པ་རང་བྱུང་གསང་བའི་བདག་པོའི་ལྷ་ཚོགས་སུ་ཤར་བས་གནས་གསུམ་དུ་དབང་བསྐུར་པས་བསགས་པ་སྙོམས་འཇུག་གི་སྒྲིབ་པ་དག །ལྷ་དང་སྐལ་པ་མཉམ་པའི་ནུས་པ་རྒྱུད་ལ་བཞག །བྲལ་སྨིན་ཡོན་ཏན་གྱི་ཕུང་པོ་ཡོངས་སུ་རྫོགས་པའི་ཕྲིན་ལས་ཀྱི་འཁོར་ལོས་སྲིད་པ་ཇི་སྲིད་བར་འགྲོ་བའི་དོན་ལ་ཐོགས་མེད་དུ་འཇུག་ནུས་པའི་མཐུ་ཐོབ་པར་མོས། ཧཱུྃ༔ གཏོར་མའི་རང་བཞིན་སོགས། གང་འདུལ་དེར་སྟོན་སྣ་ཚོགས་དར་གྱི་ཅོད་པན་འཕུར་བ་ཕྱག་ཏུ་གཏད་པས། ཤེས་བྱ་ལ་རྨོངས་པའི་སྒྲིབ་པ་དག །ཆགས་ཐོགས་མེད་པའི་ཡེ་ཤེས་མངོན་དུ་བྱས། སྨོན་པ་མེད་ཅིང་འགྲོ་འོང་བྲལ་བའི་ཕྲིན་ལས་ཀྱི་འཁོར་ལོས་འགྲོ་བ་སྒྲོལ་བའི་ནུས་དབང་ཐོབ་པར་མོས། ཧཱུྃ༔ དར་ཚོན་ཅོད་པན་སོགས། སླར་ཡང་གསང་བའི་བདག་པོའི་ཡེ་ཤེས་ཀྱི་ཕྱག་རྒྱས་གནས་ལྔར་དབང་བསྐུར་པས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་དང་བྱིན་རླབས་རྒྱུད་ལ་ཞུགས་ནས། དབང་དོན་གྱི་དངོས་གྲུབ་མཆོག་གི་སྐལ་པ་ལས་མི་ཉམས་པར་རབ་ཏུ་བརྟན་པར་བྱས་པར་མོས། ཧཱུྃ༔ གསང་བདག་ཕྱག་ན་སོགས་ཀྱི་གནས་ལྔར་དབང་བསྐུར་སྨོན་ལམ་བཀའ་བསྒོ་མཉམ་གཞག་བཅས་དང་། བཟླས་ལུང་སྦྱིན་མཐར། དེ་ལྟར་བྱས་པས་གསང་བའི་བདག་པོའི་སྔགས་བཟླས་དང་། བསྐྱེད་རྫོགས་བསྙེན་སྒྲུབ་ཀྱི་ལས་རབ་འབྱམས་བསྒྲུབ་པ་ལ་དབང་བ་ཡིན་ནོ། །རྡོ་རྗེའི་མདུད་པ་དང་ལྡན་པའི་དབང་རྟགས་ཀྱི་སྲུང་སྐུད་མགྲིན་པར་བཏགས་པས་བར་ཆད་ཀྱི་རྐྱེན་ལས་སྐྱོབ་པའི་སྲུང་བའི་མཁར་དུ་ཚུད་པར་མོས། ཧཱུྃ༔ གསང་བདག་ཕྱག་ན་སོགས་དང་། རྗེས་ཆོག་ཕྲིན་ལས་བཞིན་བྱའོ།། །། ༈ ལས་འབྲེལ་རྡོར་གླིང་པད་གླིང་སྟེ་གཏེར་ཁ་གསུམ་འདུས་གསང་བདག་དྲེགས་པ་ཀུན་འདུལ་གྱི་དབང་གི་ཆོ་ག་བཀླག་ཆོག་ཏུ་བཀོད་པ་རྡོ་རྗེའི་ཟ་མ་ཏོག་ལྟར་བདག་བསྐྱེད་ལ། རྒྱུན་བཤགས་ཡན་ལག་བརྒྱད་པ་སྔོན་འགྲོས། བསྙེན་ཡིག་ལས། སྟོང་པའི་ངང་ལས་སྐད་ཅིག་གིས༔ ཉི་ཟླ་པདྨའི་སོགས་རྡོ་རྗེ་གཏུམ་པོའི་ནང་སྒྲུབ་མངོན་རྟོགས་ཀྱིས་གསལ་བཏབ་ལ། བཟླས་པ་ཅི་ནུས་བྱས་པའི་མཐར། ཧཱུྃ་གསུམ་དང་། ཕཊ་གསུམ་གྱིས་བསྡུ་ལྡང་བྱས་ནས། ས་ཆོག་ལ་འཇུག །སྟ་གོན་དང་། དངོས་གཞིའི་དབང་སྒྲུབ་སྐབས། བུམ་སྒྲུབ་ཡན་གྲུབ་ནས། འདི་ཉིད་ཀྱི་ནང་སྒྲུབ་ལས་མཐའི་དབང་ལ་བུམ་གཏོར་ཕྱོགས་འཐུས་བྱས་ཀྱང་ཆོག་མོད། འདིར་བརྒྱུད་པའི་ཕྱག་བཞེས་བཞིན་སོ་སོར་བསྒྲུབ་བསྐུར་བྱ་བ་ལ། ༼འདོད་བུམ། 291༽གཏེར་ཁ་གསུམ་འདུས་ཕྱག་རྡོར་དྲེགས་འདུལ་སྨིན་དབང་ལྟར། དབང་བུམ་དང་། དབང་གི་གཏོར་དཀྱིལ་སོ་སོ་ལྟར་བསྒྲུབས་ནས། ཡང་༼འདོད་བུམ། 615༽ལས་འབྲེལ་བཀའ་སྲུང་གཟའ་རྒོད་དུག་གི་སྤུ་གྲིའི་དབང་བསྒྲུབ་བསྐུར་འདིར་བྱས་ན་བདེ་བས། མཆོད་གཏོར་སྤྱི་བཞིན་བརླབས། སྭ་བྷཱ་ཝས་མདུན་རྟེན་སྦྱངས་ནས། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི་སོགས་ནས། བཟླས་པའི་མཐར་གཟའ་དབང་འདི་ཉིད་ཀྱི་བུམ་བཟླས་བྱ། གཏེར་སྲུང་ལྡང་ལྷའི་གསོལ་མཆོད་སོགས་དང་། ཚོགས་བྱིན་རླབས་ནས། བར་བའི་མགོར། ༼ཏི༽དངོས་རོལ་ལྟར་གཟའི་བསྐང་བ་སྦྱར། རིག་མེ་གནང་ཞུ། དབང་དངོས་ཀྱི་ཐོག་མར་རྩ་དབང་གི་དྲུག་པ་ཕྲིན་ལས་དབང་གྲུབ་མཐར། ནང་སྒྲུབ་ལས་མཐའ་འདོད་བུམ་གྱི་བུམ་པའི་དབང་གི་སྐབས་གཞུང་གསལ་གླུད་བསྔོ་དང་། ཁྲུས་སྔོན་འགྲོས། དངོས་གཞིར་བུམ་པའི་སྐུ་གསུང་ཐུགས་དབང་རྫོགས་པའི་མཐར་དམ་ཚིག་ཁས་བླངས་རྗེས། མཎྜལ་ཕྱོགས་འཐུས་ཀྱིས་ནང་སྒྲུབ་ལས་མཐའི་གཏོར་དབང་ལོ་རྒྱུས་གོང་མ་ཁ་བསྒྱུར་ཞིང་། གསོལ་འདེབས་སོགས་གོང་གི་འགྲེས་མཐར། དངོས་གཞིར་གཏོར་མའི་སྐུ་གསུང་ཐུགས་དབང་བསྐུར་བའི་རྗེས་ཀྱི་གཏང་རག་དང་། སླར་ཡང་པདྨ་ལས་འབྲེལ་རྩལ་གྱི་ཟབ་གཏེར་བཀའི་སྲུང་མ་གཟའ་རྒོད་དུག་གི་སྤུ་གྲིའི་སྲོག་དབང་ཞུ་བའི་ཡོན་དུ་མཎྜལ། དེ་ནས་ལོ་རྒྱུས་དང་གསོལ་གདབ་སྦྲེལ་བ་ནས་གཏོར་དབང་བར་དང་། ཡང་གཏོར་དབང་བསྡུས་པ་ནི། སླར་ཡང་ཐུན་མིན་གཏོར་དབང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། འོག་གི །གཏོར་མ་འདི་དྲང་སྲོང་གཟའ་བདུད་སོགས་ནས། རཀྵ་རཀྵ་ཧཱུྃ་ཕཊ༔ ཅེས་སྲུང་བ་བཅས་གྲུབ་ཀྱི་བར་དང་གཏོར་ལྷ་བསྟིམ་པ་བཅས་བཏང་བས། འདིར་གསལ་ཐུན་མིན་ཐུན་མོང་སྤྱི་ཁྱབ་བཅས་ཐམས་ཅད་ཐོབ་གོ་ཆོད་ཅིང་། ཟུར་དུ་སོ་སོར་བསྐུར་ཀྱང་ཆོག །མཐར་སྤྱི་འགྲོའི་ཤིས་བརྗོད་དང་། དམ་ཚིག་ཁས་བླང་ཕྱིན་དབང་གི་རྗེས་རིམ་བྱ། ཆོ་གའི་རྗེས་གཞུང་དང་བུམ་གཏོར་ཆབས་ཅིག་བྱས་པས་འཐུས་ཤིང་། གཞུང་གི་བསྐུལ་བའི་མཐར། དྲང་སྲོང་གི་དབུལ་གཏོར་ལ་དམིགས་ཏེ། འགུགས་བརླབ་བསྔོ་བའི་སྔགས་དྲང་སྲོང་གི་སྔགས་དང་། རྒྱལ་བའི་བཀའ་སྡོད་དྲང་སྲོང་ཆེ། །ལྕམ་དྲལ་འཁོར་དང་བཅས་རྣམས་ཀྱིས། །ཞེས་པ་ཙམ་བསྒྱུར་ལ་དམ་སྤྱིའི་བཀྲ་ཤིས་རྫོགས་ཀྱི་བར་གཏང་། དེ་ནས་གཞུང་གི་ཆད་ཐོ་ཕྱིན་མཐར་དབྱུང་བས་གྲུབ་བོ།། །། ༈ བྱང་ཆུབ་གླིང་པ་དཔལ་རྒྱལ་མཚན་གྱི་ཟབ་གཏེར་༼འདོད་བུམ། 307༽ལྟར་ཕྱག་རྡོར་གཏུམ་པོ་ཆེན་པོའི་དབང་སྒྲུབ། དབང་དངོས་ཀྱི་གཏོར་དབང་གྲུབ་པ་དང་། སློབ་མ་མཆོད་པ་སྔགས་དང་ཤློ་ཀས་བསྟོད་ཅིང་བཀྲ་ཤིས་བརྗོད་དེ། དབང་གི་རྗེས་སྤྱི་བཞིན་དང་། ཆོ་གའི་རྗེས་རིམ་བཅས་བྱའོ།། །། ༈ སངས་རྒྱས་གླིང་པའི་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཁྱུང་གསང་བ་ཡང་ཁོལ་གྱི་ཕྲིན་ལས་དབང་ཆོག་དང་བཅས་པ་གཏུམ་པོ་སྙིང་དྲིལ་ལྟར་བདག་བསྐྱེད། སྟ་གོན། དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ རཏྣ་གླིང་པའི་རྟ་མགྲིན་གསང་བ་འདུས་པའི་ཐུགས་སྒྲུབ་གསང་བདག་རྡོ་རྗེ་གཏུམ་པོའི་དབང་བསྐུར་འགྲིགས་ཆགས་སུ་བཀོད་པ་འཁྲུལ་མེད་གསང་ཐིག་ལྟར་དབང་སྒྲུབ་སྐབས་གཏུམ་པོའི་གསང་སྒྲུབ་སྙིང་དྲིལ་གནམ་ལྕགས་ཚྭ་ཚྭ་བཞིན་ལ་དབང་ཆོག་ནས་གསུང་སྒྱུར་སོ་བཅས་བཏང་བའི་གཞུང་གི་བཟླས་པ་སྟོང་ཚིགས་མཆོད་པ་དང་བསྟོད་པ་གྲུབ་མཐར། ༼ཝི༽རཏྣའི་རྣམ་སྲས་མདུང་དམར་གྱི་ཕྲིན་དབང་ཉི་ཟེར་ཞགས་པ་བཞིན་མཆོད་རླབས་ནས་བཟླས་པའི་མཐའ་བར་དང་། ༼ཉི༽རྟ་གསང་བཀའ་སྲུང་ཤན་དམར་ཕྲིན་ལས་རྗེས་གནང་གློག་ཞགས་འཁྱིལ་པ་ལ། སྤྱི་འགྲོའི་བྱིན་རླབས་བྱས་ཏེ། ལྷ་བསྐྱེད་ནས་བཟླས་པ་རྫོགས་ཀྱི་བར་བཏང་མཐར། དབང་གཞུང་གི་དབང་ལེན་ཕྱིན་བྱ། ལས་བུམ་རྟ་གསང་དབང་ཆེན་གཞུང་གསལ་མ་འགྲུབ་ན། འཁྱིལ་པའི་བསྐྱེད་བཟླས་ཀྱིས་སྤྱི་མཐུན་བསྒྲུབ། དབང་དངོས་ལ་གསང་བདག་དབང་གི་དམ་ཚིག་ཁས་བླངས་གྲུབ་རྗེས། མཎྜལ་ཕྱོགས་འཐུས་བྱས་ཏེ། ལོ་རྒྱུས་ནས་གཟུང་དབང་ཆོག་བཞིན་རྣམ་སྲས་སྲོག་དབང་ཐུན་མིན་བསྐུར་ཞིང་། དམ་ཚིག་ཁས་བླངས་རྗེས། མཎྜལ་ཕྱོགས་འཐུས་ཀྱིས། ལོ་རྒྱུས་ནས་དབང་ཆོག་བཞིན་ཤན་དམར་རྗེས་གནང་མཐར། ལུས་དབུལ་སོགས་དབང་གི་རྗེས་དང་། ཆོ་གའི་རྗེས། རྣམ་སྲས་དང་ཤན་དམར་སྤྱི་གཏོར་ལ་ཡི་གེ་གསུམ་གྱིས་བསང་སྦྱང་། འབྲུ་གསུམ་གྱིས་བརླབས་ཏེ། སོ་སོའི་སྔགས་ལ་གཏོར་སྔགས་བཏགས་པ་ལན་གསུམ་རེས་སོ་སོར་བསྔོས་ལ། མཆོད་སྦྱིན་གཏོར་མ་ལྟ་བུས་ཕྲིན་ལས་བཅོལ། མཆོད་བསྟོད་ཕྱིན་དམ་སྤྱིའི་རྗེས་ཆོག་བཞིན། ཡེ་ཤེས་པ་རྟེན་ལ་བསྟིམ། འཇིག་རྟེན་པ་རང་གནས་སུ་བཏང་རྗེས། གཞུང་གི་རྗེས་རིམ་ནི། ཧཱུྃ། དངོས་སུ་འབྱོར་དང་སོགས་ཤློ་ཀ་དང་། ཨོཾ་བཛྲ་པཱ་ཎི་ས་པ་རི་ཝཱ་ར་ཨརྒྷཾ་པུཥྤེ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧིས་མཆོད། གཞུང་གི་བསྟོད་པ་ཤློ་ཀས་བསྟོད། མ་འབྱོར་པ་སོགས་དང་ཡིག་བརྒྱས་བཟོད་པར་གསོལ་ཞིང་། སྤྱི་ལྟར་ཡེ་ཤེས་པ་བརྟན་བཞུགས་རྗེས། རྒྱུན་ཁྱེར་མཇུག་གི་བསྡུ་ལྡང་དང་། དམ་སྤྱིའི་བསྔོ་སྨོན་བཀྲ་ཤིས་བཅས་བགྱིས་པས་གྲུབ་བོ།། །། ༈ པདྨ་གླིང་པའི་ཕྱག་རྡོར་གཏུམ་པོའི་དབང་ཆོག་ཁྲིགས་སུ་བསྡེབས་པ་བདུད་ལས་རྣམ་པར་རྒྱལ་བའི་རྡོ་རྗེ་ལྟར་དབང་སྒྲུབ། དབང་དངོས། རྗེས་བཅས་བྱའོ།། །། ༈ ཞིག་པོ་གླིང་པའི་དཔལ་ཕྱག་ན་རྡོ་རྗེ་སྟོབས་པོ་ཆེའི་ཕྲིན་ལས་ཀྱི་ཆོ་ག་དབང་བསྐུར་དང་བཅས་པ་བཀླག་ཆོག་ཏུ་བཀོད་པ་རྡོ་རྗེའི་ཞུན་ཐིགས་ལྟར་དབང་སྒྲུབ། དབང་དངོས། རྗེས་ཆོག་བཅས་བྱའོ།། །། ༈ ཟུར་མཁར་འོག་མ་ཟླ་བའི་འོད་ཟེར་གྱི་བླ་མའི་ཐུགས་སྒྲུབ་རིག་འཛིན་བདེ་འདུས་ཀྱི་ཆ་ལག་ཕྱག་རྡོར་དྲག་སྔགས་ཀུན་འདུས་ཀྱི་དབང་སྒྲུབ་ལ། ཐུགས་སྒྲུབ་དྲགས་སྔགས་ཀུན་འདུས་ཀྱི་སྐྱབས་སེམས་ནས་བརྩམ། དངོས་གཞི་ཚིག་རིས་གཅིག་གིས་བདག་མདུན་དབྱེར་མེད་དུ་བསྐྱེད་བཟླས་བྱ། བུམ་པ་བསྐྱེད་བཟླས་སྤྱི་འགྲོའི་རྗེས། བྱིན་རླབས་སྤྱི་འགྲོ་བཅས། བཀའ་སྲུང་སྡེ་ལྔ་ལྕམ་དྲལ་གྱི་གཏོར་ཆོག་རྫོགས་ཀྱི་བར་གཏང་། དེ་ནས་རྣམ་སྲས་མཆོད་གཏོར། རཾ་ཡཾ་ཁཾ་གིས་བསང་སྦྱང་། འབྲུ་གསུམ་དང་། ཧ་ཧོ་ཧྲཱིཿས་བརླབ་ཅིང་སྤེལ། མདུན་དུ་སྐད་ཅིག་གིས་ཡི་གེ་བཻཿསེར་པོ་སོགས་དབང་བསྐུར་དཀྱུས་སུ་འབྱུང་བ་བཞིན། བསྐོར་བར་བསམ༔ བདག་དང་མདུན་བསྐྱེད་མགོན་པོའི་གནས་གསུམ་གྱི་ས་བོན་ལས་སོགས་ནས། ཛཿཧཱུྃ་བཾ་ཧོ༔བར་དང་། ལྷ་སྔགས་ལ། བཛྲ་ཨརྒྷཾ་པུཥྤེ་ནས། ཤབྡ་པཉྩ་ཀཱ་མ་གུ་ཎ་ཨཥྚ་མངྒ་ལཾ་སཔྟ་རཏྣ་པཱུ་ཛ་ཧོས་མཆོད། བཻ། བྱང་ཆུབ་སེམས་དཔའ་རིན་ཆེན་མང་། །འགྲོ་བའི་སྡུག་བསྔལ་སྐྱོབ་དོན་དུ། །ནོར་སྦྱིན་དབང་པོའི་སྐུར་སྟོན་པ། །བཀའ་ཡི་འཁོར་ཚོགས་བཅས་རྣམས་ལ། །མཆོད་ཅིང་བསྟོད་པས་མངའ་དབུལ་ན། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་སོགས་ཀྱིས་ཕྲིན་ལས་བཅོལ། དམིགས་པ་སྤྱི་ཁྱབ་བཅས་དབང་གཞུང་བཟླས་ལུང་གི་དུས་སུ་འབྱུང་བའི་སྔགས་ཚན་བཅུ་པོ་གཙོ་འཁོར་ཕྱེད་པར་བཟླ། དེ་ནས་གཞུང་གི་ཚོགས་བྱིན་བརླབ་ནས་བསྒྲལ་བསྟབ་མཐར། ལས་བུམ་བསྒྲུབ་ཅིང་། རིག་མེ་དོར་ལ་གནང་བ་ནོད། དབང་དངོས་ལ། ལོ་རྒྱུས་ཀྱི་ཁྱད་པར། འདིར་སྐབས་སུ་བབ་པའི་ལོ་རྒྱུས་ཅུང་ཟད་བསྙད་ན། དུས་གསུམ་རྒྱལ་བའི་སྤྱི་དཔལ་ཁྱབ་བདག་པདྨ་སམྦྷ་ཝ་དང་། གནུབས་ཀྱི་རིག་འཛིན་ནམ་མཁའི་སྙིང་པོ་ཟུང་གི་ཐུགས་རྗེའི་སྒྱུ་འཕྲུལ། རྒྱལ་སྲས་ལྷ་རྗེ་མཆོག་གྲུབ་རྒྱལ་པོ་ཉིད། མཉམ་མེད་ཟླ་འོད་གཞོན་ནུ་སོགས་དམ་པའི་སྲིད་པ་ཉེ་བར་བཟུང་ནས་བསྟན་འགྲོར་ཕན་བདེའི་ཕྲིན་ལས་ནམ་ཡང་བརྟུལ་བ་མེད་པ་ལས། སྙིགས་ལྔའི་ཡང་མཐའ་དུ་རུ་ཀ་ལྔ་བདོ་བའི་སྐྱེ་བོ་རྣམས་ལ་བླ་ན་མེད་པའི་ངལ་འཚོ་མཆོག་སྦྱིན་པའི་སླད་དུ། སྤྲུལ་པའི་རིག་འཛིན་ཏིང་འཛིན་རྒྱལ་པོའམ་ཟུར་མཁར་ཟླ་བའི་འོད་ཟེར་ཞེས་གྲགས་པ་དེ་ཉིད་ཀྱིས། རབ་བྱུང་བཅུ་གསུམ་པའི་མེ་སྟག་ཟླ་བ་དྲུག་པའི་ཚེས་བཅོ་ལྔའི་ཉིན། བསམ་ཡས་མཆིམས་ཕུའི་གུར་དཀར་ཕུག་ནས་ཟབ་མོའི་གཏེར་ཞལ་དབྱེ་བར་མཛད་པ། བླ་མའི་ཐུགས་སྒྲུབ་རིག་འཛིན་བདེ་འདུས་ཀྱི་ཆ་ལག །དཔལ་ཕྱག་ན་རྡོ་རྗེའི་ཐུགས་སྒྲུབ་དྲག་སྔགས་ཀུན་འདུས་ཀྱི་དཀྱིལ་འཁོར་དུ་སྨིན་བྱེད་དབང་བསྐུར་བའི་ཆོ་ག་བསྒྲུབ་པ་སྟེ། གཞུང་ལས། ཕྱག་རྡོར་དྲག་སྔགས་ཀུན་འདུས་བསྟན༔ དེ་ནས་ཆོས་རྒྱལ་འདི་སྐད་ཞུས༔ སོགས་ཐུགས་སྒྲུབ་དབུ་ནས་འབྱུང་བ་བཞིན། གསང་བདག་ཉིད་དང་གོ་འཕང་མཉམ༔ ཞེས་དང་། ཨེ་མ་ཡང་གསང་བླ་ན་མེད༔ སོགས་ཐུགས་སྒྲུབ་མཇུག་ནས་འབྱུང་བ་བཞིན། ཆོས་རྒྱལ་བསམ་པ་དེ་ཡིས་རྫོགས༔ ཞེས་དང་། ལྔ་བདོའི་འགྲོ་བ་སྐྱོབ་པའི་ཆེད༔ སོགས། སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྒྱ༔ ཞེས་དང་། ཨེ་མ་ཡིད་བཞིན་བསམ་འཕེལ་རྒྱལ༔ སོགས་དབང་ཆོག་གི་རྗེས་བཞིན། ལས་ཅན་བུ་དང་འཕྲད་པར་ཤོག༔ ཅེས་བསྔགས་ཤིང་གདམས་པར་མཛད་པའི་ཟབ་ཆོས་འདི་ཉིད་ཀྱི་དབང་ཆོག་དུག་གསུམ་གཡུལ་ལས་རྣམ་རྒྱལ་ཕྱག་བཞེས་ཀྱིས་བརྒྱན་ཏེ་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ། བླ་མ་གསང་བའི་བདག་པོའི་ངོ་བོར་བཞུགས་པའི་སྤྱན་སྔར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དབང་ཆོག་ལྟར། བདེ་གཤེགས་ཡོངས་རྫོགས་སོགས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་འདའ་དཀའི་གནས་བསྟན་ཅིང་སྤྲོ་བ་འདྲི་བ་སྟེ། ཧོ༔ རབ་ཁྲོས་ཐུགས་ཀྱི་སོགས། ཇི་སྐད་བཤད་པའི་གཡར་དམ་རྣམས་མི་ཉམས་པར་སྲོག་ལས་གཅེས་པར་འཛིན་ཅིང་། ལུས་སྲོག་ལོངས་སྤྱོད་བླ་མའི་ཕྱིར་དུ་འབུལ་སྙམ་པས་འདིའི་རྗེས་ཟློས། ཀྱེ་ལགས༔ སྔོན་ནས་སོགས་ལན་གསུམ། དེའི་ལན་དུ་གནང་བའི་སྐབས་དབྱེ་ཞིང་སྤྲོ་བ་བསྐྱེད་པ་ནི། ཧོ༔ ཚུར་ཤོག་སྐལ་ལྡན་སོགས། སླར་ཡང་གསང་བའི་གཡར་དམ་ལས་མི་འདའ་བའི་དཔང་པོར་རྡོ་རྗེའི་ཆུ་ནན་སྦྱིན་པ་ཉིད་སྙིང་དབུས་སུ་ཡེ་ཤེས་སེམས་དཔའི་ངོ་བོར་བཞུགས་པར་མོས། ཧོ༔ འདི་ནི་དམ་ཚིག་སོགས། ཁས་བླངས་ཤིང་དབང་དུས་སུ་ཐོབ་པའི་དམ་ཚིག་སྲོག་ལ་བབས་ཀྱང་མི་གཏང་བའི་བློས་རྡོ་རྗེའི་མནའ་འདོར་བ་འདིའི་རྗེས་ཟློས། ས་མ་ཡ་སོགས། དེའང་གསང་ཆེན་བླ་ན་མེད་པའི་གནས་འདིར་ཡིད་ཆེས་ཤིང་མི་ལྡོག་པའི་དད་པ་དང་ལྡན་པས་འཇུག་དགོས་པར་གདམས་པའི་དོན་ངེས་པར་མཛོད། ཧོ༔ གསང་ཆེན་ངེས་པའི་སོགས། དབང་གི་ཡེ་ཤེས་སྐྱེ་བའི་རྟེན་རྒྱུད་སྡོམ་ལྡན་དུ་བསྒྲུབ་ཅིང་ཚོགས་གསག་པའི་སླད་དུ་འདི་ལྟར་གསལ་ཐོབས། འོ༔ ཁྱེད་རང་རྣམ་པའི་སོགས། གཞི་རྟེན་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས། ཧཱུྃ༔ གདོད་ནས་དག་པ་སོགས། རྒྱལ་སྲས་སོགས། ཐུགས་བསྐྱེད་པ་འདིའི་རྗེས་ཟློས། ཧཱུྃ༔ སྲིད་པའི་རང་བཞིན་སོགས། རྒྱུད་དག་པའི་ཕྱིར་ཚོགས་གསག་ཡན་ལག་བརྒྱད་པ་སོ་སོའི་སྒོམ་དོན་གསལ་འདེབས་པ་འདིའི་རྗེས་ཟློས། ཧོ༔ རྡོ་རྗེ་སློབ་དཔོན་སོགས། དབང་གི་གཞི་བསྒྲུབ་པའི་སླད་དུ་དམིགས་པ་འདི་མ་ཡེངས་པར་སྒོམས་ཤིག །ཨོཾ་བཛྲ་ཨ་མྲྀཏ་སོགས་བསྐྱེད་བསྟིམ་བརྟན་རྗེས། དངོས་གཞིའི་དབང་བཞི་མཐའ་རྟེན་དང་བཅས་པ་རིམ་པར་འབྱུང་བ་ལས། དང་པོ་བུམ་པའི་དབང་གི་སླད་དུ་དབང་ལྷ་རིགས་ལྔ་ཡབ་ཡུམ། སེམས་དཔའ། མཆོད་ལྷ། ཕོ་ཉའི་ཚོགས་མཁའ་ཁྱབ་ཏུ་སད་པ་དང་། སློབ་དཔོན་ལྷན་ཅིག་པས་རྣམ་རྒྱལ་གྱི་ཆུས་རྡོ་རྗེའི་གཏོར་བླུགས་མཛད་པས་གཙོ་བོ་སྤྱི་དཔལ་ཆེན་པོ་དང་གཉིས་སུ་མེད་པའི་དབང་ཐོབ་པར་མོས། ཨོཾ༔ ཆོས་དབྱིངས་རྣམ་དག་སོགས། བདུད་འདུལ་ཁྲོ་རྒྱལ་རྣམས་ཀྱི་སྐུའི་ངོ་བོ་ཧཱུྃ་ཡིག་འབྲུ་བཅུས་དབང་བསྐུར་བས་ཕ་རོལ་ཕྱིན་བཅུའི་ཡེ་ཤེས་འབར་བའི་སྟོབས་ནུས་རྫོགས་པར་མོས། ཧཱུྃ༔ དུག་གསུམ་ལས་སྐྱེས་སོགས། དེ་ལྟར་བུམ་པའི་དབང་བསྐུར་པས་ལུས་ཐ་མལ་དུ་འཛིན་པའི་རྟོག་པ་བཅོམ་ནས་སྣང་སྟོང་སྐུའི་ཕྱག་རྒྱར་གྲུབ་པ་ལ། དཔལ་ཆེན་པོའི་ཆས་རྣམས་ཀྱིས་སྐུའི་གནས་སོ་སོར་བརྒྱན་པས་ལྷ་དང་གཉིས་སུ་མེད་པའི་དངོས་གྲུབ་དང་ཡོན་ཏན་ལ་དབང་བར་བྱས་པར་མོས། ཧཱུྃ༔ ཐལ་ཆེན་ཁྲག་ཞག་སོགས། དེ་ལྟར་དབང་བསྐུར་པས་སངས་རྒྱས་སོགས་དམིགས་པ་འབོགས་ཤིང་སྔགས་ཀྱིས་བརྟན། གཉིས་པ་གསང་བའི་དབང་བསྐུར་བ་ནི། བདེ་སྐྱོང་རང་བྱུང་པདྨའི་སྣོད་དུ་ལྷ་ཚོགས་སྦྱོར་བའི་བདེ་རྒྱུན་དཀར་དམར་མཉམ་པའི་བྱང་ཆུབ་ཀྱི་སེམས་ལྕེ་ཐོག་ཏུ་བཞག་པར་མོས། ཨ༔ ཟག་མེད་བདེ་སྐྱོང་སོགས། དེ་ལྟར་རླུང་སྔགས་མི་ཤིགས་པའི་འཁོར་ལོ་སྦར་ནས་གྲགས་སྟོང་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་དང་ལྡན་པས་སྔགས་བཟླ་བ་ལ་དབང་བར་བྱེད་པའི་བཟླས་པའི་ལུང་སྦྱིན་པ་ནི། འོ༔ ཁྱེད་རང་རྣམས་སོགས། དེ་ལྟར་གསང་བའི་དབང་བསྐུར་པས་སོགས། གསུམ་པ་ཤེར་ཡེའི་དབང་བསྐུར་བ་ནི། རིགས་གཟུགས་ལང་ཚོ་བདེ་བའི་སྒྱུ་རྩལ་རྫོགས་པའི་པདྨ་ཅན་གྱི་ཕོ་ཉ་མོ་རིག་མའི་བརྟུལ་ཞུགས་ཀྱི་དངོས་གྲུབ་བསྒྲུབ་པའི་ཕྱིར་བྱིན་པ་དང་འདུ་ཤེས་གསུམ་ལྡན་གྱིས་རོལ་པར་མོས། ཧཱུྃ༔ གསང་བ་བས་ཀྱང་སོགས། དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པས་སོགས། བཞི་པ་རིག་པ་རྩལ་གྱི་དབང་བསྐུར་བ་ནི། རང་བྱུང་རྡོ་རྗེ་སེམས་དཔའི་མེ་ལོང་གི་བརྡས་མཚོན་ཏེ་དབྱིངས་རིག་དབྱེར་མེད་འོད་གསལ་རིག་པ་རང་བྱུང་གི་གནས་ལུགས་དམིགས་པའི་ཡུལ་ལས་འདས་པ་དེ་ཉིད་མངོན་སུམ་རང་ཐོག་ཏུ་ངོ་སྤྲད་པའི་དོན་ལ་མཉམ་པར་འཇོག་མཛོད། ཨ༔ བསྐུར་བྱ་སྐུར་བྱེད་སོགས། དེའི་ཉམས་ལེན་གྱི་ངང་ནས་དབུགས་ཁུག་གཅིག་ལ་ཨ་ཉེར་གཅིག་རེ་འདྲེན་བཞིན་གཙུག་ཏོར་རྣམ་པར་བལྟ་བའི་ལྟ་སྟངས་ཀྱིས་མིག་བར་སྣང་ལ་ལྟོས་ལ་གསལ་རིག་སྟོང་གསུམ་མི་ཕྱེད་པའི་ངང་དུ་ཞོག་ཅིག །ཨ་ཉེར་གཅིག་མཉམ་དུ་བརྗོད། ཕྱི་རོལ་དཔེ་སོགས་དང་། དེ་ལྟར་ཚིག་ལ་བརྟེན་ནས་རིག་པའི་རྩལ་དབང་བསྐུར་པས་སངས་རྒྱས་ཐམས་ཅད་ཀྱི་སོགས། གཏོར་དབང་མཐར་གཏོར་ཟན་བྱིན་ཅིང་ལྷ་བསྟིམ་པ་སྤྱི་ལྟར་བྱ། དེ་རྣམས་ཀྱིས་དངོས་གཞིའི་དབང་བསྐུར་གྲུབ་པ་ལགས། གཞུང་ལས། དེ་ནས་བཀའ་སྡོད་སོགས། ནོར་བུ་སྦྱིན༔ ཞེས་གསུངས་པ་བཞིན། གསང་བའི་བདག་པོའི་བཀའ་སྡོད་མགོན་པོ་ཡིད་བཞིན་ནོར་བུ་རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་སྲོག་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ། བླ་མ་གསང་བའི་བདག་པོ་དངོས་སུ་བཞུགས་པའི་སྤྱན་སྔར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ༔ བླ་མ་དཔལ་ཆེན་སོགས། སྲོག་དབང་དངོས་ལ་སྐུ་གསུང་ཐུགས་ཀྱི་རྗེས་གནང་དང་གཏོར་དབང་བཞི་ལས། དང་པོ་སྐུ་བསྐྱེད་པའི་རྗེས་སུ་གནང་བའི་སླད་དུ་འདི་ལྟར་སྒོམས་ཤིག །སློབ་དཔོན་དྲག་སྔགས་སོགས་ནས། སློབ་བུའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་དང་བཻཿསེར་པོས་མཚན་པར་གསལ་བའི་ས་བོན་ལས་སོགས་ནས། བསྟིམ་པར་མོས། སྤོས་རོལ་བཅས། བཻ༔ མགོན་པོ་ཆེན་པོ་སོགས་སྔགས་བཅས་ཀྱིས་ཡེ་ཤེས་པ་སྤྱན་དྲངས་ཤིང་བསྟིམ། དེ་ལྟར་ལུས་ལ་ལྷའི་བྱིན་དབབ་པ་དེ་ཉིད་བརྟན་པར་བྱ་བའི་སླད་དུ། གཉེན་པོ་སྟོབས་ཀྱི་ཕྱག་རྒྱ་དྲེགས་པ་སྤྱི་འདུལ་གྱི་དབང་བསྐུར་བ་ནི། གསང་བའི་བདག་པོའི་ཕྱག་མཚན་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་ལྔ་པ་སྤྱི་བོར་རྒྱ་གྲམ་དུ་བཀོད་པས་རབ་ཏུ་གནས་ཤིང་བརྟན་པར་མོས། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེས་བརྟན། སླར་ཡང་རྣམ་རྒྱལ་གྱི་ཆུས་མངོན་པར་དབང་བསྐུར་བར་གྱུར་པར་མོས། ཧཱུྃ༔ དབང་བསྐུར་རྡོ་རྗེ་སོགས། རིགས་ཀྱི་བདག་པོས་དབུ་བརྒྱན་པར་གྱུར༔ དེ་ལྟར་དབང་བསྐུར་པས་རྒྱལ་པོ་ཆེན་པོ་འཁོར་བཅས་ཀྱི་སྐུའི་ཕྲིན་ལས་ཀྱི་སྒོ་ནས་ལས་རབ་འབྱམས་སྒྲུབ་པ་ལ་དབང་བ་ཡིན་ནོ། །གཉིས་པ་གསུང་བཟླས་པ་སྔགས་ཀྱི་རྗེས་སུ་གནང་བ་ནི། དཔོན་སློབ་གཉིས་ཀ་སོགས། འཁོད་པར་བསམ་ལ་སྔགས་སོ་སོར་ལན་གསུམ་རེ་རྗེས་ཟློས། ཨོཾ་བཛྲ་པཱ་ཎི་སོགས། མཚམས་སྦྱོར་སྤྱི་འགྲོས། སྔགས་བདག་སོགས་མེ་ཏོག་འབུལ་སྦྱིན་བྱ། དེ་ལྟར་དབང་བསྐུར་པས་རྒྱལ་པོ་ཆེན་པོ་འཁོར་བཅས་ཀྱི་གསུང་གི་ཕྲིན་ལས་ཀྱི་སྒོ་ནས་ལས་རབ་འབྱམས་སྒྲུབ་པ་ལ་དབང་བ་ཡིན་ནོ། །གསུམ་པ་ཐུགས་ཀྱི་རྗེས་སུ་གནང་བ་ནི། སློབ་བུའི་ཕྱག་གཡས་སུ་དགོས་འདོད་ཆར་ལྟར་འབེབ་པའི་རྒྱལ་མཚན་དང་། གཡོན་དུ་འགྲོ་བའི་རེ་བ་སྐོང་བའི་ནེའུ་ལེའི་རྐྱལ་པ་གཏད་པས། རྒྱལ་པོ་ཆེན་པོ་འཁོར་བཅས་ཀྱི་ཐུགས་ཀྱི་ཕྲིན་ལས་ཀྱི་སྒོ་ནས་ལས་རབ་འབྱམས་བསྒྲུབ་པ་ལ་དབང་ཐོབ་པར་མོས། ཧཱུྃ༔ དགོས་འདོད་ཀུན་འབྱུང་སོགས། སླར་ཡང་ཁྱེད་རང་རྣམས་གསང་བདག་དྲག་སྔགས་ཀུན་འདུལ་གྱི་སྐུར་གསལ་བའི་མདུན་དུ་གཏོར་མ་དང་སྲོག་ཡིག་ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་འཁོར་བཅས་སུ་གསལ་བ་ཕྱག་ཏུ་གཏད་ཅིང་བཀའ་བསྒོས་པས། དེ་ཉིད་འོད་དུ་ཞུ་བ་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་ལུས་དང་གྲིབ་མའི་ཚུལ་དུ་མི་འབྲལ་པར་འགྲོགས་ཤིང་། ཕྲིན་ལས་རབ་འབྱམས་བསྒྲུབ་པར་ཡོད་སྙམ་པའི་ངེས་ཤེས་སྐྱེད་ཅིག །ཧོ༔ མགོན་པོ་ཆེན་པོ་སོགས་བཀྲ་ཤིས་མཐར། དེ་ལྟར་དབང་བསྐུར་རྫོགས་པ་ལ་དགེ་ལེགས་བསྐྱེད་པའི་ཕྱིར་དུ། ཤཱཀྱ་སེང་གེས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པའི་རྫས་བརྒྱད་དང་། རྒྱལ་བའི་མཚན་བཟང་གི་དཔལ་ལས་གྲུབ་པའི་རྟགས་བརྒྱད། འཁོར་ལོས་སྒྱུར་བའི་འབྱོར་པའི་སྙིང་པོ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་རྣམས་ཀྱིས་མངའ་གསོལ་བར་མོས། དཱུརྦས་ཚེ་ནི་སོགས་རིམ་པར་སྦྱིན། དམ་ཚིག་ཁས་ལེན་སོགས་དང་། ཚོགས་ལ་རོལ་ཞིང་ལྷག་མ་ཕྱིན་ཐུགས་སྒྲུབ་གཏེར་གཞུང་ལ་སྤྱི་འགྲེའི་ཕྲན་བུས་ཟུར་བརྒྱན་ནས་མཐར་དབྱུང་ངོ་། །དེ་དག་ནི་རྗེས་འབྲེལ་གསང་བདག་ཕྱག་ན་རྡོ་རྗེ་སྟེ་ཡང་དག་ཐུགས་ཞི་དྲག་རྗེས་འབྲེལ་དང་བཅས་པའི་སྐོར་རྣམས་གྲུབ་བོ།། །། ༄༅། །བཞི་པ་བདུད་རྩི་ཡོན་ཏན་སྒྲུབ་པའི་སྐོར་ལ་དངོས་དང་། ཆ་མཐུན་གཉིས་ལས། དང་པོ་བདུད་རྩི་ཡོན་ཏན་སྒྲུབ་པའི་སྐོར་དངོས་ལ། སྨན་རྒྱལ་གཡུ་ཐོག་པ་ཡོན་ཏན་མགོན་པོའི་སྙིང་ཐིག་གི་བླ་མ་སྒྲུབ་པའི་རྩ་དབང་རྒྱས་པ་བཀླག་ཆོག་ཏུ་བཀོད་པ་ཡེ་ཤེས་བདུད་རྩིའི་བུམ་བཟང་ལྟར་དབང་སྒྲུབ་ཀྱི་བཟླས་པའི་སྐབས་འབྲུ་དང་བདུད་རྩི་ལ་ཧས་གདབ། བུམ་བཟླས་རྗེས། ཚེ་ཡི་ཕྲིན་དབང་འཆི་མེད་བདུད་རྩིའི་བུམ་བཟང་ལ་སླར་ཕྲིན་ལས་ཀྱི་མཆོད་རླབས་ནས། ལྷ་བསྐྱེད་མངོན་རྟོགས་ཀྱི། འཁོར་ལོ་རིན་ཆེན་པདྨ་དང་། །སྣ་ཚོགས་རྡོ་རྗེ་ཕྱག་གཡས་བསྣམས། །ཀུན་ཀྱང་ཕྱག་གཡོན་ཚེ་ཡི་བུམ། །རིགས་ཀྱི་ཁ་དོག་གསལ་བ་ནི། །ཚེ་དབང་དངོས་གྲུབ་བཅུད་འབེབ་པ། །ལེགས་འཛིན་ཆ་ལུགས་གཙོ་ལྟར་བསྐྱེད། །ཐུགས་ཀར་སོགས་དཀྱུས་ལ་བསྟོད་པའི་བར་འཇུག་ཅིང་ཚེ་སྒྲུབ་དགོས་ཀྱི་ཁྱད་པར་ཕྱེད་པས་ཚེ་འགུགས་མཐའ་བར་གཏང་། དེ་ནས་རྒྱུན་གསོལ་མཆོད་བརླབ་ནས་བཟླས་པའི་མཐར། ལྷ་སྨན་རྗེས་གནང་སྙན་པའི་གླིང་བུའི་བུམ་པ་བསྐྱེད་སྒྲུབ་དོར་ཏེ། མདུན་བསྐྱེད་ནས་གཏོར་འབུལ་རྫོགས་ཀྱི་བར་དང་། དེ་ནས་སེར་སྐྱའི་རིག་གཏད་མཐོང་གསལ་མེ་ལོང་གི་མངོན་རྟོགས་ནས་འདོད་གསོལ་རྫོགས་ཀྱི་བར་གྲུབ་པ་དང་། གཞུང་གི་རིག་མེ་དོར། དངོས་གཞིར་རྩ་དབང་རྒྱས་པ་ཡོངས་རྫོགས་གྲུབ་ཟིན་པའི་དམ་ཚིག་ཁས་བླངས་རྗེས། གཏང་རག་དང་། སླར་ཡང་དོན་དབང་བྱིན་རླབས་བདུད་རྩིའི་བུམ་བཟང་ཞུ་བའི་ཡོན་དུ་མཎྜལ། དེའང་སོགས་ལོ་རྒྱུས་ཀྱི་བདག་ཉིད་ཀྱིས་བྱ་བའི་འོས་རྣམས་གྲུབ་པ་ལགས་པས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཕྱག་སྙིམ་པ་སོགས་དང་སྦྲེལ་ནས་བསྐུར་པའི། གཏང་རག་དང་། སླར་ཡང་ཚེ་སྒྲུབ་འཆི་བདག་བདུད་འཇོམས་འཆི་མེད་བདུད་རྩིའི་བུམ་བཟང་གི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ། འདིར་བཅོམ་ལྡན་འདས་སོགས་ནས་ཚེ་དབང་སྦྲེལ་མཐར། དེ་ལྟར་ཐོབ་པའི་གཏང་རག་དང་། སླར་ཡང་སྙིང་ཐིག་གི་ཆ་ལག །ཡེ་ཤེས་ཀྱི་ཁྱེའུ་ཆུང་དཀར་པོ་དང་། ལྷ་སྨན་མཆེད་གསུམ་གྱི་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ། ལོ་རྒྱུས་གསོལ་གདབ་སོགས་ནས་བསྐུར་མཐར། དེ་ལྟར་ཐོབ་པའི་གཏང་རག་དང་། སླར་ཡང་དྲང་སྲོང་སེར་སྐྱ་སྤུན་གསུམ་ལ་བསྟེན་ནས། འཚོ་དཔྱད་ཀྱི་མན་ངག་ཐམས་ཅད་སེམས་ལ་ཤུགས་འབྱུང་དུ་འཆར་བྱེད་མངོན་ཤེས་ལུང་སྟོན་གྱི་སྒྲུབ་ཐབས་ཁྱད་པར་ཅན་གྱི་རིག་གཏད་ཞུ་བའི་ཡོན་དུ་མཎྜལ། ལོ་རྒྱུས། གསོལ་འདེབས་ནས་དབང་བསྐུར་མཐར། དབང་རྗེས་རྣམས་དང་། ཆོ་གའི་རྗེས་གཞུང་དང་། ཚེ་སྒྲུབ། ལྷ་སྨན་རྣམས་སྟབས་གཅིག་གིས་འཐུས་ཤིང་། རྟ་བྲོའི་མཐར། སེར་སྐྱ་སྤུན་གསུམ་རྗེས་རིམ་རིག་གཏད་མཇུག་བཞིན། བརྟན་གཤེགས་གང་བྱེད་གྲུབ་ཀྱི་བར་དང་། གཞུང་གི་མཆོད་བསྟོད་སོགས་མཐར་ཆགས་སུ་བཏང་བས་གྲུབ་བོ།། །། ༈ ཟུར་མཁར་མཉམ་ཉིད་རྡོ་རྗེའི་དག་སྣང་ཀུན་གཟིགས་མཁྱེན་བརྩེའི་དབང་པོ་ལ་ཉེ་རིང་གི་བརྒྱུད་པའི་བཀའ་བབས་པ་སྨན་བླ་ལོངས་སྐུའི་སྒྲུབ་ཐབས་དང་འབྲེལ་བའི་དབང་བསྐུར་བླ་མའི་གསུང་བཞིན་བཀོད་པ་དངོས་གྲུབ་སྒོ་འབྱེད་ལྟར་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ མཆོག་གྱུར་གླིང་པའི་དག་སྣང་སློབ་དཔོན་བི་མ་ལ་མི་ཏྲའི་སྒྲུབ་ཐབས་ལམ་ཟབ་སྙིང་པོའི་དབང་བསྐུར་བྱིན་རླབས་གཏེར་མཛོད་ལྟར་དབང་རྣམས་དཀྱུས་གཅིག་ཏུ་བསྐུར་སྐབས་དབང་སྒྲུབ་རྣམས་དང་། དབང་དངོས་ལ་ལོ་རྒྱུས་ཀྱི་སྐབས་སུ་བབས་པ་སྟེ། ཞེས་པའི་རྗེས། དེའང་ལྷ་སྲས་དམ་འཛིན་ཆོས་ཀྱི་བློ་གྲོས་ཀྱི་རྣམ་པར་འཕྲུལ་པ། གཏེར་འབྱིན་རྒྱ་མཚོའི་འཁོར་ལོས་སྒྱུར་བ་༧ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པ་ཉིད་ཀྱིས། ཤར་ཀཿཐོག་རྡོ་རྗེ་གདན་དང་ཉེ་བའི་བྱང་ཤར་གྱི་ཆ་འཆི་མེད་གྲུབ་པའི་སློབ་དཔོན་རྣམ་གཉིས་ཀྱི་སྒྲུབ་གནས། རི་བོ་དབང་ཞུའི་གནས་སྒོ་གསར་དུ་སྐལ་བཟང་གི་གདུལ་བྱ་རྣམས་ཀྱི་དཔལ་དུ་དབྱེ་བར་མཛད་པའི་སྐབས། དག་པའི་སྣང་བར་པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་འཆི་མེད་གྲུབ་པའི་སློབ་དཔོན་བི་མ་ལ་མི་ཏྲའི་སྒྲུབ་ཕུག་དེ་ཉིད་འོད་ཀྱི་གུར་ཁྱིམ་དུ་གྱུར་པའི་ནང་དུ་པཎ་ཆེན་དྲི་མེད་བཤེས་གཉེན་ཉིད་དངོས་སུ་བཞུགས་པ་དང་མཇལ་ཞིང་། རྡོ་རྗེའི་ཡེ་ཤེས་ཐུགས་རྒྱུད་ལ་འཕོས་པའི་དག་སྣང་ཁྱད་པར་ཅན་གྱིས་མཚམས་སྦྱར་ཏེ། ངོ་མཚར་བྱིན་རླབས་ཀྱི་དྲོད་དང་ལྡན་པའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་དགོངས་པའི་ཀློང་ནས་རང་བྱུང་དུ་བརྡོལ་ཞིང་། ཕྱིས་ལས་ཅན་རྣམས་ཀྱི་དོན་དུ་འགྱུར་བའི་དགོས་པ་ཁྱད་པར་ཅན་དང་། ལྷག་པའི་ལྷས་བཀའ་རྒྱ་བཀྲོལ་བར་རུང་བའི་དབུགས་དབྱུང་བསྩལ་པའི་རྟེན་འབྱུང་གི་སྐབས་ཕྱེས་ཏེ་གཏན་ལ་འབེབ་པར་མཛད་པའི་ཆོས་སྡེ་བི་མའི་བླ་སྒྲུབ་ལམ་ཟབ་སྙིང་པོའི་སྨིན་བྱེད་ཟབ་མོ་བསྒྲུབ་པ་ལ། རྩ་བའི་དབང་བཞི། བདུད་རྩི་སྨན་དབང་། བཅུད་ལེན་རིལ་བུའི་དབང་། མཁའ་འགྲོ་གསང་བའི་བཀའ་གཏད། མཐའ་རྟེན་བཀྲ་ཤིས་ཚེའི་དབང་རྣམས་རིམ་པར་བསྐུར་བ་ལ། ངེད་སློབ་དཔོན་སོགས་ནས། སྨན་དབང་བསྐུར་བ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧེ་རུ་ཀཿསོགས་ལན་གསུམ། བགེགས་བསྐྲད་རྗེས། སློབ་མ་ལྷར་བསྐྱེད་པ་དང་སྔགས་ཀྱིས་བྱིན་དབབ་པ་བཅས་སྔ་མ་རྩ་དབང་དུ་གསུངས་པ་བཞིན་འདིར་སྦྱོར། སྨན་དབང་སྐབས་སྔགས་ནི། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ༔ ཞེས་དང་། བཅུད་ལེན་རིལ་བུའི་དབང་གི་སྐབས་སྔགས་ནི། ཨོཾ་ཨཱཿཧཱུྃ་གུ་རུ་བི་མ་ལ་མི་ཏྲ་ཧ་རི་ནི་ས་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ར་སཱ་ཡ་ན་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་ཚན་གཉིས་སྦྲེལ་བ་དང་། སེང་གདོང་མའི་བཀའ་གཏད་ཀྱི་བཟླས་ལུང་རྗེས། བརྒྱུད་འཛིན་ཐུན་མིན་ལ་སྲུང་ཟློག་གསད་གསུམ་གྱི་དབང་བསྐུར་བྱ་ཚུལ་གུད་དུ་ཤེས་སོ། །གང་ལྟར་ཡང་། མཐའ་རྟེན་འཆི་མེད་ཚེའི་དབང་བསྐུར་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྗེ་བཙུན་བི་མ་སོགས་ནས་ཚེ་འགུགས་མཐར། བདག་སློབ་དཔོན་དང་མདུན་བསྐྱེད་ཀྱི་དཀྱིལ་འཁོར་དབང་ལྷ་དང་བཅས་པ་རྣམས་ཀྱི་ཕྱག་ན་འཁོར་འདས་ཚེའི་དྭངས་བཅུད་འདུས་པའི་བུམ་པ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བཟང་འབེབ་བཞིན་པའི་དབང་བསྐུར་བས་བདུད་རྩི་ཚངས་བུག་ནས་ཞུགས། ལུས་ཀྱི་ནང་གང་བས་དུས་མ་ཡིན་པར་འཆི་བས་འཇིགས་པའི་རྒྱུ་འབྲས་བག་ཆགས་བཅས་སྦྱངས། འཆི་མེད་རྡོ་རྗེའི་སྲོག་འགྲུབ། མྱང་བས་ཚེ་མཆོག་འགྲུབ་པའི་བཅུད་ལེན་གྱི་རིལ་བུ་དང་ཚེ་ཆང་ལ་ལོངས་སྤྱོད་པས་དགའ་བཞིའི་ཡེ་ཤེས་འཕེལ་བས་ལུས་ཀྱི་ཟུངས་དང་སྲོག་གི་རྟེན་དུ་སྨིན། བདེན་པའི་ཚིག་གི་དངོས་གྲུབ་དམ་པ་ལས་ནམ་ཡང་མི་འགྱུར་བར་འཕེལ་བརྟན་རྒྱས་པའི་དགེ་ལེགས་ཀྱི་དཔལ་འབྱོར་སྤེལ་བར་མོས། ཧཱུྃ་ཧྲཱི༔ སྙིང་པོའི་བཅུད་བསྡུས་སོགས་བུམ་པ་དང་། ཚེ་རིལ་ཆང་ཟུང་ལ་རྩ་སྔགས་ནི་སྔ་མའི་བུམ་དབང་གི་མཇུག་ཏུ་འབྱུང་བ་དེ་ག་བཅས་མཐར་ཆགས་སུ་བསྐུར། རྗེས་རིམ་རྣམས་བྱའོ།། །། ༈ ཀུན་གཟིགས་འོད་གསལ་སྤྲུལ་པའི་རྡོ་རྗེའི་དག་སྣང་འཆི་མེད་འཕགས་མའི་སྙིང་ཐིག་གི་བླ་སྒྲུབ་བྱིན་རླབས་སྙིང་པོའི་དབང་བསྐུར་བལྟས་ཆོག་ཏུ་བཀོད་པ་བྱིན་རླབས་བཅུད་འབེབ་ལྟར་དབང་སྒྲུབ། དངོས་གཞིར་རྩ་བའི་དབང་བཞི། ཡན་ལག་སྨན་དབང་དང་། ཚེ་དབང་རྣམས་མཐར་ཆགས་སུ་བསྐུར། དེ་རྣམས་ཀྱི་སྒོ་ནས་སྨིན་བྱེད་ཀྱི་དབང་བསྐུར་རྩ་བ་དང་ཡན་ལག་བཅས་པ་ཐམས་ཅད་ལེགས་པར་གྲུབ་ནས། སླར་ཡང་གྲོལ་བྱེད་ཀྱི་གདམས་ཁྲིད་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ། དེ་ཡང་རྒྱུད་དམ་ཚིག་རྣམ་པར་དག་པའི་དད་བརྩོན་དང་ལྡན་པའི་གང་ཟག་གིས་འདུ་འཛིའི་དབེན་པའི་གནས་སུ་སྒོ་གསུམ་རྣམ་གཡེང་གི་འཕྲོ་རྒོད་ཐ་མལ་གྱི་དབང་དུ་མ་སོང་བར་རྣལ་དུ་ཕབ་ནས། སྔོན་འགྲོ་ཐུན་མོང་བ་བཞི་ཡིས་འདིར་སྣང་གི་རྟག་འཛིན་དང་ཕྱི་མ་མེད་པར་ལྟ་བའི་བློ་ལྡོག །སྲིད་ལས་ངེས་པར་འབྱུང་ཕྱིར་སྐྱབས་སུ་འགྲོ་ཞིང་། ཞི་བ་ཕྱོགས་གཅིག་པའི་མཐའ་ལས་གྲོལ་ཕྱིར་བྱང་ཆུབ་མཆོག་གི་སེམས་བསྐྱེད། གཉེན་པོ་སྟོབས་བཞིའི་སྒོ་ནས་སྡིག་ལྟུང་བཤགས་ཤིང་། སྐུ་གསུམ་མཎྜལ་ཕྱི་དང་ཕུང་པོ་མཆོད་སྦྱིན་ནང་གི་ཚོགས་གསག །བླ་མའི་རྣལ་འབྱོར་གྱིས་རྡོ་རྗེའི་ཡེ་ཤེས་སྙིང་ལ་དབབ་པ་བཅས་ཐུན་མོང་མ་ཡིན་པའི་སྔོན་འགྲོ་བཞིས་རྒྱུད་སྦྱངས་ནས། དངོས་གཞི་ལའང་བུམ་དབང་དང་འབྲེལ་བ་བསྐྱེད་རིམ། མ་ཧཱ་ཡོ་གའི་ལམ་གྱི་ཕྱི་དབྱིབས། ནང་ལུས། གསང་བ་རྩ། ཡང་གསང་དེ་ཁོ་ན་ཉིད་ཀྱི་དཀྱིལ་འཁོར་དུ་རླུང་སྔགས་ཡིད་ཀྱི་བཟླས་པ་བསྙེན་པའི་རྣལ་འབྱོར་གྱི་ཁྲིད། གསང་དབང་དང་འབྲེལ་བ་རྫོགས་པ་ཨ་ནུ་ཡོ་གའི་ལམ་ཁྱེར་གྱི་ཕྱི་སྟོང་ར། ནང་རླུང་། གསང་བ་གཏུམ་མོ། དེ་ཁོ་ན་ཉིད་གསལ་སྟོང་བདེ་ཆེན་གྱི་དཀྱིལ་འཁོར་དུ་ཉེ་བར་བསྙེན་པའི་རྣལ་འབྱོར་གྱི་ཁྲིད། ཤེར་དབང་དང་འབྲེལ་བ་གཉིས་མེད་བདེ་སྟོང་ཟུང་འཇུག་གི་ལམ་ལ་རང་ལུས་ཐབས་ལྡན་སྔོན་དུ་འགྲོ་བས་ཕྱི་སྙོམས་འཇུག །ནང་ཡས་བབ་རྒྱུ། གསང་བ་མས་བརྟན་འབྲས་བུ། དེ་ཁོ་ན་ཉིད་བདེ་སྟོང་ལྷན་སྐྱེས་ཀྱི་དཀྱིལ་འཁོར་དུ་དཔེའི་ཡེ་ཤེས་སྒྲུབ་པའི་རྣལ་འབྱོར་གྱི་ཁྲིད། བཞི་པའི་དབང་དང་འབྲེལ་བ་མཐར་ཐུག་རྫོགས་པ་ཆེན་པོའི་ཉམས་ལེན་ལའང་སྔོན་འགྲོ་ཕྱི་ནང་རུ་ཤན་དབྱེ་ཞིང་སྒོ་གསུམ་སྦྱངས་ནས་རྣལ་དབབ་སོར་གཞུག་གིས་ལས་རུང་བྱས་ཏེ། དངོས་གཞི་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་མངོན་སུམ་རིག་ཐོག་ཏུ་འཇོག་པའི་སྒོམ་པ། ཀ་དག་གི་གཤིས་ལས་མི་གཡོ་བའི་སྤྱོད་པ། ལྷུན་གྲུབ་ཐོད་རྒལ་གྱི་འབྲས་བུ་མངོན་དུ་བྱེད་པ་ལའང་མཐའ་རྟེན་ལུས་ངག་ཡིད་དང་སྒོ་ཡི་གནད་བཞིས་ཉམས་སུ་བླངས་པས་སྣང་བ་བཞིའི་ས་མཚམས་ཕྱེད། གདེངས་བཞིའི་གྲོལ་ཚད་ཕྱུངས་ཏེ། འཕོ་བ་ཆེན་པོའི་སྐུར་སྨིན་པའི་སྒྲུབ་པ་ཆེན་པོའི་ཁྲིད་རིམ། དེའི་རྗེས་འབྲེལ་དབང་པོ་གསུམ་གྱི་ཁྱད་པར་གྱིས་ཕྱེས་པའི་ལམ་རིམ་བཅས་པ། བརྩོན་འགྲུས་ཅན་ལོ་ཟླ་ཙམ་གྱིས་འཚང་རྒྱ་བའི་གདམས་ངག་ཟབ་ཁྲིད་ཀྱི་རྒྱབ་ཡིག་གནད་ཆིངས་ཀྱི་སྒྲོམ་དུ་གཞུང་རྩ་བའི་མན་ངག་གི་ནོར་བུ་བཞུགས་སུ་གསོལ་བའི་རྡོ་རྗེའི་གསུང་འདི་ལ་གསན་འཚལ། དེ་ལྟར་དབང་གིས་རྒྱུད་སྨིན་ནས༔ གདམས་ངག་སྒོ་ནས་གྲོལ་བའི་ཕྱིར༔ ཟབ་མོ་ཁྲིད་ཀྱི་རིམ་པ་གདབ༔ དབེན་པར་ཕྱི་ནང་སྤྲོས་པ་གཅད༔ ཚེ་འདིའི་བྱ་བ་ལིང་གིས་གཏང༔ སྒོ་གསུམ་གནད་གཅུན་རྣལ་དུ་དབབ༔ དལ་འབྱོར་རྙེད་དཀའ་འཇིག་སླའི་ཚུལ༔ བསམ་ནས་ཚེ་འདིའི་སྣང་ཤས་ལྡོག༔ ལས་འབྲས་འཁོར་བའི་ཉེས་དམིགས་ལ༔ བློ་སྦྱང་ཕྱི་མའི་སྣང་ཤས་ལྡོག༔ རང་གཞན་འཁོར་བར་ངེས་འབྱུང་སླད༔ དཀོན་མཆོག་རྩ་གསུམ་སྐྱབས་སུ་གཟུང༔ ཞི་བའི་མཐའ་སྤངས་བྱང་ཆུབ་ཕྱིར༔ སེམས་གཉིས་བསྐྱེད་ལ་ནན་ཏན་བྱ༔ སྟོབས་བཞིའི་གནད་ཀྱིས་སྡིག་ལྟུང་སྦྱང༔ ཚོགས་གསག་སྐུ་གསུམ་མཎྜལ་འབུལ༔ ཟབ་མོ་ནང་གི་ཚོགས་གསོག་ནི༔ ཕུང་པོ་མཆོད་སྦྱིན་ཚོགས་སུ་སྤེལ༔ ཁྱད་པར་བླ་མའི་རྣལ་འབྱོར་གྱིས༔ རྡོ་རྗེའི་ཡེ་ཤེས་སྙིང་ལ་དབབ༔ དེ་ཡང་དད་དང་བརྩོན་ལྡན་པས༔ རྒྱུད་སྨིན་དམ་ཚིག་དག་པར་བྱ༔ དབེན་པའི་གནས་སུ་སྤྲོས་པ་བཅད༔ སྒོ་གསུམ་སྦྱངས་ཤིང་རྣལ་དུ་དབབ༔ སྔོན་དངོས་རྗེས་ཀྱིས་ཉམས་སུ་བླང༔ དེ་ལ་དང་པོ་སྔོན་འགྲོ་ལ༔ དལ་དང་འབྱོར་པ་རྙེད་དཀའ་ཞིང༔ མི་རྟག་ནམ་འཆི་ངེས་མེད་བསམ༔ འཁོར་བར་ངེས་འབྱུང་དྲག་ཏུ་བསྐུལ༔ ལས་འབྲས་བླང་དོར་ཚུལ་བཞིན་བྱ༔ ཐར་མཆོག་གོ་འཕང་དོན་གཉེར་བས༔ ཟབ་མོའི་ལམ་བཟང་སྙིང་པོར་སྒོམས༔ དཀོན་མཆོག་རྩ་གསུམ་སྐྱབས་འགྲོ་ཞིང༔ ན་མོ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ དཀོན་མཆོག་རྩ་གསུམ་རབ་འབྱམས་ལ༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ༔ སྨོན་དང་འཇུག་པའི་བྱང་སེམས་བསྐྱེད༔ ཧོ༔ མཁའ་མཉམ་ཕ་མ་སེམས་ཅན་ཀུན༔ རྣམ་གྲོལ་མཆོག་ལ་འགོད་པའི་ཕྱིར༔ བྱམས་དང་སྙིང་རྗེ་བྱང་ཆུབ་སེམས༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ སྡིག་སྦྱོང་རྡོར་སེམས་བཟླས་པ་ནི༔ ཨཱ༔ རང་གི་སྤྱི་བོར་པད་ཟླའི་སྟེང༔ དཔལ་ལྡན་བླ་མ་ཀུན་ཏུ་འཆང༔ རྡོ་རྗེ་སེམས་དཔའ་བདེ་བ་ཆེ༔ དཀར་གསལ་རྡོ་རྗེ་དྲིལ་བུ་བསྣམས༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ རང་འོད་ཡུམ་འཁྱུད་མཚན་དཔེར་འབར༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཐུགས་ཀར་ཟླ་སྟེང་ཧཱུྃ་གི་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ འགྲོ་ཀུན་སྒྲིབ་སྦྱང་སྣོད་དང་བཅུད༔ བདེ་ཆེན་རྡོ་རྗེའི་གོ་འཕང་བཀོད༔ ཚུར་འདུས་སྔགས་ལས་བདུད་རྩིའི་རྒྱུན༔ བྱང་ཆུབ་སེམས་ཀྱི་སྤྲིན་དུ་འཕྲོས༔ རང་གི་ཚངས་པའི་སྒོ་ནས་ཞུགས༔ ལུས་གང་ནད་གདོན་སྡིག་སྒྲིབ་དག༔ དབང་དང་དངོས་གྲུབ་ཐོབ་པར་བསམ༔ སྟོབས་བཞིའི་གནད་དང་ལྡན་པར་བྱ༔ ཡི་གེ་བརྒྱ་པའི་ཛཔ྄་བཟླ་ཞིང༔ གདུང་བའི་ཤུགས་བསྐྱེད་སྨྲེ་བཤགས་བྱ༔ མཐར་ནི་བླ་མ་རང་ལ་བསྟིམ༔ ཚོགས་གསག་ཕྱི་ནང་གསང་བ་ཡི༔ སྐུ་གསུམ་ཞིང་གི་མཎྜལ་འབུལ༔ ཨོཾ་ཨཱཿཧཱུྃ༔ སྟོང་གསུམ་རབ་འབྱམས་མཎྜ་ལར༔ མཆོད་སྤྲིན་རྒྱ་མཚོ་ཚོམ་བུར་བཀོད༔ བླ་མ་སྤྲུལ་པའི་སྐུ་ལ་འབུལ༔ བསོད་ནམས་དམ་པའི་ཚོགས་རྫོགས་ཤོག༔ འོག་མིན་ཞིང་ཁམས་མཎྜ་ལར༔ བདེ་ཆེན་འདོད་ཡོན་ཚོམ་བུར་བཀོད༔ བླ་མ་ལོངས་སྤྱོད་རྫོགས་ལ་འབུལ༔ ཡེ་ཤེས་ཚོགས་ཆེན་རྫོགས་པར་ཤོག༔ ཆོས་དབྱིངས་སྤྲོས་བྲལ་མཎྜ་ལར༔ རིག་པ་རང་ཤར་ཚོམ་བུ་བཀོད༔ བླ་མ་ཆོས་ཀྱི་སྐུ་ལ་འབུལ༔ ཚོགས་གཉིས་ཟུང་འཇུག་མཐར་ཕྱིན་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་མཎྜལ་ཛྙཱ་ན་པཱུ་ཛ་ཧོ༔ ཟབ་མོ་ནང་གི་ཚོགས་གསོག་ནི༔ ཕཊ༔ རང་རིག་རླུང་སེམས་དབྱེར་མེད་པ༔ ཐིག་ལེའི་རྣམ་པས་སྤྱི་བོར་ཐོན༔ དེ་ཉིད་རྡོ་རྗེ་ཁྲོས་མར་གྱུར༔ ཕྱག་གཡས་ཡེ་ཤེས་གྲི་གུག་གིས༔ འབྱུང་འདུས་ལུས་ཀྱི་བྷནྡྷ་བྲེག༔ སྐུ་གསུམ་མཚོན་པའི་སྒྱེད་བུར་བཞག༔ ཕུང་པོ་དུམ་བུར་གཏུབས་ནས་བླུགས༔ གཏུམ་མོའི་མེ་ཡིས་ཐོད་པ་དྲོས༔ མ་དག་རླངས་པའི་རྣམ་པར་ཐོན༔ དག་པ་ཡེ་ཤེས་བདུད་རྩིའི་བཅུད༔ འདོད་ཡོན་རྒྱ་མཚོའི་སྤྲིན་ཆེན་པོ༔ མཁའ་ཁྱབ་རྟག་པའི་རྒྱན་དུ་ཤར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཕཊ༔ མཆོད་ཡུལ་དཀོན་མཆོག་རྩ་བ་གསུམ༔ ཆོས་སྲུང་ནོར་ལྷ་གཏེར་བདག་ཀུན༔ ཟག་མེད་བདུད་རྩིའི་མཆོད་པ་བཞེས༔ ཚོགས་རྫོགས་དངོས་གྲུབ་ཆར་ལྟར་ཕོབ༔ སྦྱིན་ཡུལ་ཁམས་གསུམ་རིགས་དྲུག་འགྲོ༔ སྙིང་རྗེའི་ཡུལ་གྱུར་ཐམས་ཅད་ལ༔ འདོད་ཡོན་ལོངས་སྤྱོད་ཆེན་པོར་བསྔོ༔ སྒྲིབ་དག་བྱང་ཆུབ་མྱུར་ཐོབ་ཤོག༔ ཁྱད་པར་གནོད་ཅིང་འཚེ་བ་ཡི༔ བགེགས་རིགས་ལན་ཆགས་མགྲོན་རྣམས་ཀུན༔ ཤ་ཁྲག་རུས་པ་ཚོགས་སུ་རོལ༔ ཕན་བདེའི་གོ་འཕང་ཐོབ་གྱུར་ཅིག༔ མཆོད་བྱ་མཆོད་བྱེད་མཆོད་སྦྱིན་ཡུལ༔ ཀུན་རྫོབ་སྒྱུ་མ་ལྟ་བུར་སྣང༔ དོན་དམ་རྣམ་ཐར་སྒོ་གསུམ་ཀློང༔ དབྱིངས་རིག་ཟུང་འཇུག་ངང་དུ་ཨ༔ ཕཊ་ཕཊ་ཕཊ༔ ཅེས་བརྗོད་རིག་པ་གཏད་མེད་བཏང༔ ཁྱད་པར་བླ་མའི་རྣལ་འབྱོར་ནི༔ མཆོག་ཐུན་ཕྲིན་ལས་ལྷུན་གྲུབ་ཕྱིར༔ བྱིན་རླབས་ཆེན་པོའི་ཏིང་འཛིན་ནི༔ རང་གི་སྤྱི་བོར་པད་ཟླའི་སྟེང༔ རྩ་བའི་བླ་མ་རྡོ་རྗེ་འཆང༔ བདེ་བ་ཆེན་པོའི་ཡེ་ཤེས་སྐུ༔ མཐིང་གསལ་ནམ་མཁའ་དྭངས་པའི་མདོག༔ རྡོ་རྗེ་དྲིལ་འཛིན་ཡུམ་དང་སྦྱོར༔ དར་དང་རིན་ཆེན་རུས་པས་བརྒྱན༔ ཁྲོ་འཛུམ་མཚན་དཔེའི་འོད་ཕུང་འབར༔ ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་གིས༔ རང་བྱུང་འོད་ལྔའི་ཀློང་ན་བཞུགས༔ ཕུང་ཁམས་སྐྱེ་མཆེད་གདོད་མ་ནས༔ རྩ་གསུམ་ལྷ་ཚོགས་ཕྱག་རྒྱར་སད༔ དམ་ཚིག་ཡེ་ཤེས་དབྱེར་མེད་པ༔ སྐྱབས་ཀུན་འདུས་པའི་ངོ་བོར་བསམ༔ ཡན་ལག་བདུན་གྱིས་གསག་སྦྱང་སྤེལ༔ བླ་མ་དཀོན་མཆོག་ཡི་དམ་ལྷར༔ སྒོ་གསུམ་དད་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་མཆོད་ཚོགས་འབུལ༔ སྡིག་ལྟུང་འགྱོད་པས་སྙིང་ནས་བཤགས༔ དགེ་ལ་ཡི་རངས་ཆོས་འཁོར་བསྐུལ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ བསོད་ནམས་ཆོས་དབྱིངས་ཆེན་པོར་བསྔོ༔ འགྲོ་ཀུན་བྱང་ཆུབ་མྱུར་ཐོབ་ཤོག༔ ཡན་ལག་བདུན་དང་མཎྜལ་འབུལ༔ ཁྱད་པར་གསོལ་བ་སྙིང་ནས་གདབ༔ སྐྱབས་གནས་ཀུན་འདུས་རྡོ་རྗེ་འཆང༔ དཔལ་ལྡན་བླ་མ་རིན་པོ་ཆེར༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་བརྗོད་མོས་གུས་ཤུགས་བསྐྱེད་ལ༔ རྡོ་རྗེའི་ཛཔ྄་ཀྱིས་ཐུགས་དམ་བསྐུལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ བདུད་རྩིའི་རྒྱུན་གྱིས་སྡིག་སྒྲིབ་སྦྱང༔ མཐར་ནི་དབང་བླང་རང་ལ་བསྟིམས༔ བླ་མ་ཆོས་སྐུའི་རང་ཞལ་བལྟ༔ འདིས་ནི་མཆོག་གི་དངོས་གྲུབ་ཀྱང༔ མྱུར་བ་ཉིད་དུ་མངོན་འགྱུར་ན༔ ཐུན་མོང་ཕྲིན་ལས་སྨྲོས་ཅི་དགོས༔ ཡིད་བཞིན་ནོར་བུའི་མན་ངག་གོ༔ མོས་གུས་དྲག་པོས་གནད་དུ་བསྣུན༔ ཐུགས་ཡིད་འདྲེས་པའི་བྱིན་ཞུགས་ན༔ གདོད་མའི་གནས་ལུགས་མངོན་དུ་འགྱུར༔ དེ་ལྟར་ཐུན་མོང་ཐུན་མིན་གྱི༔ སྔོན་འགྲོའི་རིམ་པས་རྒྱུད་འབྱོངས་ནས༔ དངོས་གཞི་དབང་བཞིའི་ལམ་བཞི་ལས༔ དང་པོ་བུམ་པའི་དབང་གི་ལམ༔ ཕྱི་དབྱིབས་ནང་ལུས་གསང་བ་རྩ༔ དེ་ཉིད་སེམས་ཀྱི་དཀྱིལ་འཁོར་བསྒྲུབ༔ ཨ༔ དེ་བཞིན་ཉིད་དབྱིངས་གདོད་མའི་མགོན༔ ཀུན་སྣང་བདེ་ཆེན་རྡོ་རྗེ་སེམས༔ དབྱེར་མེད་སྤྲུལ་པའི་ཡེ་ཤེས་རྒྱུ༔ ཨ་ཡིག་དཀར་པོ་འོད་འབར་བ༔ གཞི་གྲོལ་རིག་པའི་ཀློང་ནས་ཤར༔ གཞི་སྣང་སྒྱུ་འཕྲུལ་དྲྭ་བའི་སྤྲིན༔ སྐུ་དང་ཞིང་ཁམས་འབྱམས་ཀླས་པའི༔ བཀོད་པ་ཆེན་པོའི་དཀྱིལ་འཁོར་དབུས༔ སེང་ཁྲི་པད་ཉི་ཟླ་བའི་སྟེང༔ བདག་ཉིད་སྐད་ཅིག་དྲན་རྫོགས་སུ༔ འཆི་མེད་རིག་འཛིན་བི་མ་ལ༔ དཀར་ལྗང་མཚན་དཔེའི་འོད་ཕུང་འབར༔ གཞོན་ཚུལ་གཟི་བརྗིད་མཚུངས་པ་མེད༔ སྤྱན་ཟུང་ལྟ་སྟངས་དབྱིངས་ལ་གཟིར༔ ཕྱག་གཉིས་མཉམ་གཞག་ཚེ་བུམ་བསྣམས༔ དར་སྔོན་སྟོད་གཡོགས་སྨད་ཤམ་དང༔ ཆོས་གོས་ངུར་སྨྲིག་མཛེས་པར་བཀླུབས༔ དབུ་ལ་པད་ཞྭ་དམར་པོ་གསོལ༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས༔ འཇའ་ཟེར་ཐིག་ལེའི་ཀློང་ན་བཞུགས༔ ཤངས་རྩེར་སྐྱེ་མེད་ཨ་ཡིག་དཀར༔ འོད་ཟེར་ཕུང་པོ་འབར་བ་ལས༔ ཡེ་ཤེས་རླུང་ལྔའི་སྤྲོ་བསྡུ་ཡིས༔ གཟུང་འཛིན་འཁྲུལ་པའི་ཞེན་རྟོག་སྦྱངས༔ སྨིན་མཚམས་བདེ་ཆེན་བྱང་ཆུབ་སེམས༔ ཕྱག་རྒྱའི་གཟུགས་སུ་རང་ཤར་བ༔ ཡེ་ཤེས་ལུས་ཅན་ཤྲཱི་སིཾ༔ དམར་སྨུག་ཁྲོ་འཛུམ་བརྗིད་པའི་ཉམས༔ ཕྱག་གཡས་སྡིགས་མཛུབ་མཁའ་ལ་གཏད༔ གཡོན་པས་ཐོད་པ་བཅུད་བཀང་བསྣམས༔ མེ་ཏོག་ཕྲེང་བས་ཐོད་བཅིངས་ཤིང༔ རུས་པའི་ཕྱག་རྒྱ་དྲུག་གིས་བརྒྱན༔ ཞབས་གཉིས་རྒྱལ་པོ་རོལ་སྟབས་ཀྱིས༔ པད་ཉི་ཟླ་བའི་གདན་ལ་འགྱིང༔ ཐུགས་ཀར་འོད་ལྔའི་དྲྭ་བའི་དབུས༔ ཡེ་ཤེས་སེམས་དཔའ་པདྨ་འབྱུང༔ དཀར་དམར་མདངས་ལྡན་ཞི་མ་ཁྲོ༔ གཅེར་བུ་རིན་ཆེན་རུས་པས་བརྒྱན༔ སྣ་ཚོགས་དར་གྱི་ཅོད་པན་འཕྱང༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་གཏོད༔ གཡོན་པས་མཉམ་གཞག་ཐོད་བུམ་བསྣམས༔ ཞབས་ཟུང་ཕྱེད་སྐྱིལ་པད་ཟླར་རོལ༔ གཞན་ཡང་རྡོ་རྗེ་ལུས་ཀྱི་གྲོང༔ གདོད་ནས་ལྷུན་གྲུབ་དེ་བཞིན་གཤེགས༔ མ་བསྐྱེད་ཡེ་རྫོགས་གཉུག་མའི་ལྷ༔ རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ༔ སྣང་བ་མངོན་སུམ་ཐིག་ལེའི་སྦུབས༔ གོང་འཕེལ་དབྱིངས་ལས་རིག་པའི་ལྷ༔ ཚད་ཕེབས་ཆེན་པོར་འབྱམས་ཀླས་པ༔ ཆོས་ཟད་འཕོ་ཆེན་ཕྱག་རྒྱར་བཞེངས༔ དེ་ལྟར་དབྱིབས་ཀྱི་ལྷ་བསྒོམས་ནས༔ གསལ་བརྟན་དག་པ་དྲན་པ་ཡིས༔ ཐ་མལ་སྣང་ཞེན་སྦྱངས་ནས་ཀྱང༔ ཡན་ལག་བཟླས་པས་ཐུགས་དམ་བསྐུལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་བི་མ་མུ་ཏྲ་སརྦ་སིདྡྷི་ཧཱུྃ༔ ཨོཾ་ནི་མ་བཅོས་ཆོས་ཀྱི་དབྱིངས༔ ཨཱཿཡིག་འོད་གསལ་རྫོགས་པའི་སྐུ༔ ཧཱུྃ་ལས་སྤྲུལ་པའི་ཆོ་འཕྲུལ་ནི༔ བཛྲ་འཇིགས་མེད་ཤྲཱི་སིང༔ མཱ་ཧཱ་གུ་རུ་ཐོད་ཕྲེང་རྩལ༔ བི་མ་མུ་ཏྲ་བྱང་ཆུབ་སེམས༔ ཕྱག་རྒྱ་རྒྱ་ཆེན་རོལ་པར་བཞེངས༔ སརྦ་སིདྡྷི་དངོས་གྲུབ་དབྱིག༔ ཧཱུྃ་ཡིག་མ་བཅོས་ཐིག་ལེར་འཁྱིལ༔ རང་བྱུང་འོད་ལྔའི་འཕྲོ་འདུ་ཡིས༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི༔ ཐུགས་རྗེའི་བྱིན་རླབས་བདག་ལ་ཐིམ༔ ཕྱི་སྣོད་འབྱུང་བའི་ཞེན་རྟོག་སྦྱངས༔ ནང་བཅུད་ལྷ་སྔགས་ཆོས་སྐུར་རྫོགས༔ ཐམས་ཅད་ཀ་དག་གཏིང་གསལ་དབྱིངས༔ རླུང་རིག་དབྱེར་མེད་ངང་ནས་བཟླ༔ བདུན་ཕྲག་གསུམ་གྱིས་བྱིན་རླབས་རྟགས༔ མངོན་སུམ་ཡེ་ཤེས་ལྷུག་པར་འཆར༔ ནང་དུ་ལུས་ཀྱི་གནས་རྣམས་སུ༔ སྤྱི་བོར་རྣམ་སྣང་སྐུ་རྡོ་རྗེ༔ མགྲིན་པར་སྣང་མཐའ་གསུང་རྡོ་རྗེ༔ སྙིང་གར་མི་བསྐྱོད་ཐུགས་རྡོ་རྗེ༔ དེ་ཡི་ཐུགས་ཀར་ཀུན་བཟང་དང༔ ཡེ་ཤེས་སེམས་དཔའ་པདྨ་འབྱུང༔ ལྟེ་བར་རིན་འབྱུང་ཡོན་ཏན་དང༔ གསང་བར་དོན་གྲུབ་ཕྲིན་ལས་ཀྱི༔ རྡོ་རྗེ་སོ་སོའི་ཡུམ་བཅས་གསལ༔ དབང་པོར་ཕྱི་ནང་སེམས་དཔའ་ཡུམ༔ དཔྲལ་བ་ལ་སོགས་གནས་དྲུག་ཏུ༔ རིག་པའི་སྐྱེས་བུ་ཐུབ་པ་དྲུག༔ ཡན་ལག་སྒོ་བ་ཡབ་ཡུམ་དང༔ རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ༔ ཇི་བཞིན་སེམས་བཟུང་བཟླས་པའི་སྐབས༔ ཡེ་ཤེས་སེམས་དཔའི་ཐུགས་དབུས་སུ༔ ཉི་ཟླ་ཁ་སྦྱོར་ལྟེ་བར་ཨ༔ སྔགས་ཀྱི་ཕྲེང་བས་མཚན་པ་ལས༔ འོད་འཕྲོས་ལུས་ཀྱི་ལྷ་ཚོགས་རྣམས༔ ཐུགས་དམ་བསྐུལ་ཞིང་དགྱེས་པ་བསྐྱེད༔ ཐུགས་རྗེའི་འོད་ཟེར་མཁའ་ཁྱབ་འཕྲོས༔ འཕགས་པ་མཆོད་ཅིང་འགྲོ་སྒྲིབ་སྦྱངས༔ ཚུར་འདུས་བྱིན་རླབས་དངོས་གྲུབ་ཐོབ༔ སླར་འཕྲོས་སྣོད་བཅུད་ཐམས་ཅད་ཀུན༔ འཆི་མེད་རིག་འཛིན་བླ་མ་དང༔ རྡོ་རྗེ་དབྱིངས་ཀྱི་ཕྱག་རྒྱར་སད༔ སྔགས་ཀྱི་རང་སྒྲ་སྒྲོག་པར་བསམ༔ སྟོང་གསལ་ངང་ནས་སྔགས་འདི་བཟླ༔ ཨོཾ་ཨཱཿཧཱུྃ་གུ་རུ་བཛྲ་སཏྭ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ འབུམ་ཕྲག་བཟླས་པས་བྱིན་རློབ་འགྱུར༔ གསང་བ་རྩ་དཀྱིལ་བསྒོམ་པ་ནི༔ རང་ཉིད་འཆི་མེད་རིག་འཛིན་གྱི༔ སྣང་སྟོང་ཟུང་འཇུག་སྐུ་ཡི་དབྱིངས༔ རྩ་གསུམ་འཁོར་ལོ་འོད་ཀྱི་སྦུབས༔ སྤྱི་བོ་བདེ་ཆེན་འཁོར་ལོའི་དབུས༔ བུདྡྷ་ཁྲག་འཐུང་གཤིན་རྗེ་གཤེད༔ སེར་ནག་བེ་ཅོན་ཐོད་ཁྲག་བསྣམས༔ མགྲིན་པ་ལོངས་སྤྱོད་འཁོར་ལོའི་དབུས༔ པདྨ་ཁྲག་འཐུང་རྟ་མཆོག་རོལ༔ དམར་སྨུག་པདྨ་བྷནྡྷ་འཛིན༔ ཐུགས་ཀ་ཆོས་ཀྱི་འཁོར་ལོའི་དབུས༔ བཛྲ་ཁྲག་འཐུང་ཡང་དག་དཔལ༔ མཐིང་ནག་རྡོ་རྗེ་དུང་ཁྲག་རོལ༔ ལྟེ་བ་སྤྲུལ་པའི་འཁོར་ལོའི་དབུས༔ རཏྣ་ཁྲག་འཐུང་ཆེ་བའི་མཆོག༔ སྨུག་ནག་རྡོ་རྗེ་བྷན་ཁྲག་བསྣམས༔ གསང་བ་བདེ་སྐྱོང་འཁོར་ལོའི་དབུས༔ ཀརྨ་ཁྲག་འཐུང་ཀཱི་ལ་ཡ༔ ལྗང་ནག་ཕྱག་གཉིས་ཕུར་བུ་འདྲིལ༔ ནོར་བུ་མི་ཕྱེད་འཁོར་ལོའི་དབུས༔ དབྱིངས་ཀྱི་ཁྲག་འཐུང་བླ་མེད་ཆེ༔ མཐིང་དམར་བྱ་ཁྱུང་ཞིང་དབྱུག་འཕྱར༔ བརླ་གཡས་ཐབས་ཀྱི་འཁོར་ལོའི་དབུས༔ ཡེ་ཤེས་ཁྲག་འཐུང་དྲེགས་པ་འདུལ༔ མཐིང་ནག་ཐོ་བ་མདུང་ཐུང་གསོར༔ བརླ་གཡོན་ཤེས་རབ་འཁོར་ལོའི་དབུས༔ རིག་རྩལ་ཁྲག་འཐུང་སྟོབས་ལྡན་ནག༔ དུད་ཀ་ལྕགས་ཀྱུ་སྦྲུལ་ཞགས་འཆིང༔ གཙུག་ཏོར་ནོར་བུའི་འཁོར་ལོའི་དབུས༔ ཁྱབ་བདག་ཁྲག་འཐུང་ཐོད་པ་རྩལ༔ དམར་སྨུག་རྡོ་རྗེ་དྲིལ་བུ་བསྣོལ༔ ཀུན་ཀྱང་རང་རང་ཡུམ་དང་འཁྲིལ༔ རིགས་ཀྱི་ཚོམ་བུ་ཅིར་ཡང་སྤྲོ༔ པད་ཉི་དྲེགས་པའི་གདན་སྟེང་དུ༔ ཡེ་ཤེས་མེ་དཔུང་ཀློང་ན་རོལ༔ གཞན་ཡང་བ་སྤུའི་ཁུང་བུ་ཚུན༔ རྩ་གསུམ་རྒྱ་མཚོའི་སྤྲིན་འཕྲོ་སྒོམ༔ རྩེ་གཅིག་སེམས་བཟུང་གསལ་སྣང་བསྒྲུབ༔ ཡེ་ཤེས་སེམས་དཔའི་ཐུགས་དབུས་སུ༔ ཉི་ཟླ་ཁ་སྦྱོར་ལྟེ་བར་ཧཱུྃ༔ འབར་བའི་སྔགས་ཕྲེང་སྒྲར་བཅས་འཁོར༔ འོད་ཀྱིས་ལུས་དཀྱིལ་ལྷ་རྣམས་བསྐུལ༔ དེ་རྣམས་སྙོམས་ཞུགས་དགྱེས་འོད་ཀྱིས༔ རྩ་གསུམ་མཆོད་ཅིང་བྱིན་རླབས་བསྡུས༔ རིགས་དྲུག་ཉོན་མོངས་དུག་ཆེན་སྦྱངས༔ གཉིས་སྣང་དྲེགས་པ་ཟིལ་གྱིས་མནན༔ གཟུང་འཛིན་དགྲ་བགེགས་ཚར་ཐག་བཅད༔ གང་འདུལ་ཕྲིན་ལས་ལྷུན་གྱིས་གྲུབ༔ སྣང་སྲིད་གཞིར་བཞེངས་ལྷ་སྔགས་དབྱིངས༔ ཁྲག་འཐུང་རོལ་པའི་ཕྱག་རྒྱར་ཤར༔ མཆོག་ཐུན་དངོས་གྲུབ་ཐོབ་པར་བསམ༔ ཨོཾ་བཛྲ་མ་ཧཱ་གུ་རུ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ངག་རླུང་ཡིད་ཀྱི་བཟླས་པས་བསྙེན༔ དེ་ཉིད་སེམས་ཀྱི་དཀྱིལ་འཁོར་ནི༔ ལྷ་ཉིད་རང་གི་སེམས་ཡིན་ལ༔ སེམས་ཉིད་རང་རྩལ་ལྷ་སྐུར་ཤར༔ ལྷ་དང་བདག་ཉིད་དབྱེར་མེད་པར༔ དག་མཉམ་རྟོགས་པའི་གདིང་བསྐྱེད་ལ༔ དུས་གསུམ་སྤྲོས་པས་མ་བསླད་པའི༔ རིག་སྟོང་རྗེན་པའི་ངང་དུ་བཞག༔ རྟོག་ཚོགས་ཤར་གྲོལ་དུས་མཉམ་བསྐྱང༔ དོན་གྱི་ཡེ་ཤེས་ལྷ་སྐུ་འགྲུབ༔ དེ་ནི་བུམ་དབང་གདམས་ངག་སྟེ༔ རྣལ་འབྱོར་ཆེན་པོའི་བསྙེན་པ་འོ༔ གཉིས་པ་གསང་བའི་དབང་གི་ལམ༔ བདེ་དང་གསལ་དང་མི་རྟོག་པའི༔ རང་བྱུང་ཡེ་ཤེས་རྒྱས་བྱའི་ཕྱིར༔ བདག་བྱིན་རློབ་པའི་ཏིང་འཛིན་ནི༔ རང་ཉིད་རིགས་འདུས་བླ་མ་ཡི༔ ཕྱག་རྒྱ་འཇའ་ཚོན་ཤར་བ་ལྟར༔ དྭངས་གསལ་རྙོག་མེད་དབུས་དྲང་པོར༔ རྩ་གསུམ་འཁོར་ལོ་ཨ་ཧཾ་བཅས༔ སྣང་ལ་ཞེན་པ་མེད་པར་བསྒོམ༔ ཕྱི་ལྟར་ལུས་རྩའི་སྟོང་ར་གསལ༔ རླུང་རོ་ལན་གསུམ་བསལ་བ་ཡིས༔ འབྱུང་བའི་རླུང་དུག་སངས་པར་བསམ༔ ལུས་གནད་བསྲང་ཞིང་རྩེ་གཅིག་པའི༔ ཡིད་ནི་ལྟེ་འོག་སོར་བཞིའི་ཐད༔ ཨ་ཤད་མར་མེའི་རྩེ་མོ་ལྟར༔ ཕྲ་ཞིང་འབར་བ་ཉིད་ལ་གཏད༔ འཇམ་རླུང་གཟུང་ཞིང་ཡུན་རིང་བསྐྱང༔ ནང་དུ་རླུང་གི་སྦྱོར་བས་གཅུན༔ དེ་ལས་དྲོད་ཀྱི་ཉམས་སྐྱེས་ན༔ སྟེང་འོག་རླུང་གཉིས་ཁ་སྦྱར་ནས༔ ལྟེ་བའི་གཏུམ་མོར་བསྟིམས་པ་ཡིས༔ མེ་ལྕེ་གློག་གི་ཟེར་མ་བཞིན༔ ཕྲ་ཞིང་རྣོ་མྱུར་རབ་ཚ་བ༔ འཁོར་ལོ་བཞི་རུ་རིམ་གྱིས་འབར༔ སྤྱི་བོའི་ཧཾ་ལ་རེག་པའི་མོད༔ དྲན་པས་བདེ་ཆེན་བསྐྱེད་ནུས་པའི༔ བྱང་ཆུབ་སེམས་ཀྱི་བདུད་རྩིའི་རྒྱུན༔ དངུལ་ཆུ་དྭངས་མ་ལྟ་བུར་བབས༔ སྤྱི་བོ་ལ་སོགས་རྩ་འཁོར་དབུས༔ དགའ་བཞིའི་ཡེ་ཤེས་རིམ་གྱིས་སྐྱེས༔ གཏུམ་མོའི་མེ་ལ་རེག་པ་ལས༔ ཡེ་ཤེས་མེ་ལྕེ་ཤུགས་དྲག་པོས༔ དྭངས་མ་གྱེན་དུ་བཟློགས་པ་དང༔ ཧཾ་ལ་བསྟིམས་མཐར་མི་དམིགས་གཞག༔ སླར་ཡང་བདུད་རྩི་སྔར་བཞིན་དབབ༔ གསང་བ་གཏུམ་མོའི་དྲོད་སྦར་བས༔ བདེ་བ་དབབ་ཅིང་དེ་ཁོ་ན༔ གསལ་སྟོང་མི་རྟོག་ཡེ་ཤེས་འཆར༔ དེ་ལྟར་འབར་འཛག་སྦྱོར་བ་ལ༔ གོམས་པ་བརྟན་པོར་གྱུར་པ་ན༔ སྙིང་གི་དབུས་སུ་མི་ཤིགས་པའི༔ ཐིག་ལེ་དཀར་དམར་ཉུངས་འབྲུ་ཙམ༔ གསལ་ཞིང་འབར་བ་ལ་དམིགས་ནས༔ རླུང་སེམས་བསྡུས་ཏེ་དྭངས་མར་བསྟིམ༔ རླུང་གིས་གཏུམ་མོའི་དྲོད་འབར་བས༔ བདེ་བའི་ཡེ་ཤེས་རྩོལ་མེད་འབྱུང༔ སྐབས་སུ་སྙིང་དབུས་ཨ་ཡིག་ལས༔ འོད་འཕྲོས་དབུ་མའི་ནང་ཀུན་ཁྱབ༔ ཤེལ་ལྟར་དྭངས་པའི་འོད་སྣང་གིས༔ ཕུང་ཁམས་བརྟན་གཡོར་བཅས་པ་ཀུན༔ སྣང་སྟོང་ཆུ་ཟླའི་གཟུགས་སུ་བསམ༔ དེ་ལ་ཉམས་མྱོང་སྐྱེས་པ་ན༔ ལུས་བསྲང་རླུང་རོ་ཕྱིར་བསལ་ལ༔ སྲོག་རྩོལ་འགྲོ་འོང་དལ་བུའི་ངང༔ མིག་གནད་བར་སྣང་ཧ་རེར་གཞག༔ སེམས་གནད་གང་ཤར་རྟོག་པ་ལ༔ རྩིས་གདབ་མི་བྱ་རང་ངོ་བསྐྱང༔ གསལ་སྟོང་ཏིང་འཛིན་ངང་གིས་འཆར༔ སྐབས་སུ་སྙིང་གའི་ཨ་ཡིག་ལས༔ ཨ་ཡིག་གཉིས་པ་རིམ་བཞིན་མཆེད༔ སྨིན་མཚམས་ནམ་མཁར་གཅིག་ཏུ་འདུས༔ གསལ་ཞིང་འོད་ཟེར་འཕྲོ་བ་ལ༔ ཧྲིལ་གྱིས་སེམས་གཟུང་ལྷོད་ཀྱིས་ཀློད༔ ཡུལ་དང་ཡུལ་ཅན་དབྱེར་མེད་པ༔ ཁྱབ་བརྡལ་གཉུག་མའི་ངང་དུ་གཞག༔ མི་རྟོག་སྤྲོས་བྲལ་ཡེ་ཤེས་སྐྱེ༔ དེ་ལྟར་རྩེ་གཅིག་བརྩོན་པ་ལས༔ ཉམས་མྱོང་གང་སྐྱེས་ངོས་བཟུང་ལ༔ རེ་དོགས་དགག་སྒྲུབ་མེད་པར་གཞག༔ གེགས་སེལ་བོགས་འདོན་ཤུགས་ཀྱིས་འཆར༔ ཁམས་གསུམ་འཛིན་པའི་ཞེན་པ་དག༔ བདེ་དང་གསལ་དང་མི་རྟོག་པའི༔ ཡེ་ཤེས་ནམ་མཁའ་གང་བར་འཕེལ༔ གསང་དབང་གདམས་ངག་ཨ་ནུའི་ལམ༔ འཇུག་པའི་སྦྱོར་བ་ཉེ་བསྙེན་ནོ༔ གསུམ་པ་ཤེས་རབ་དབང་གི་ལམ༔ རྩ་དང་རླུང་དང་ཐིག་ལེ་ཡིས༔ རྟོག་པ་དབང་དུ་བསྡུ་བའི་ཕྱིར༔ མྱུར་ལམ་ཟབ་མོའི་ཏིང་འཛིན་ནི༔ རླུང་དང་གཏུམ་མོའི་རྣལ་འབྱོར་ལ༔ གོམས་པ་བརྟན་པོར་གྱུར་པ་ན༔ རང་ཉིད་རིགས་འདུས་བླ་མ་ནི༔ མཐིང་གསལ་ལོངས་སྤྱོད་རྫོགས་སྐུའི་ཆས༔ རྡོ་རྗེ་དྲིལ་བུ་བསྣོལ་བའི་པང༔ རྣལ་འབྱོར་དམར་མོ་གྲི་ཐོད་ཅན༔ བདེ་བའི་ཉམས་ཀྱིས་འཁྱུད་པར་བསྒོམ༔ རྩ་གསུམ་འཁོར་ལོ་ལྔ་ཡི་དབུས༔ རིགས་ལྔ་ཡབ་ཡུམ་མཉམ་སྦྱོར་བ༔ འོད་དང་འོད་ཟེར་འཕྲོ་བ་གསལ༔ མཁའ་གསང་རྡོ་རྗེ་པདྨའི་རྩེར༔ ཧཱུྃ་དང་ཕཊ་ཀྱི་ཡི་གེས་དགག༔ དལ་བུས་བསྲུབ་པའི་སྦྱོར་བ་ཡིས༔ སྤྱི་བོའི་ཧཾ་ལས་བདུད་རྩིའི་རྒྱུན༔ དཀར་དམར་བདེ་བའི་རང་བཞིན་བབས༔ བདེ་ཆེན་འཁོར་ལོའི་དབུས་བཞུགས་པའི༔ བླ་མ་རྣམ་སྣང་ཡབ་ཡུམ་མཆོད༔ རྩ་འཁོར་ཐམས་ཅད་དྭངས་མས་གང༔ བདེ་སྟོང་ཡེ་ཤེས་སྐྱེས་པར་བསམ༔ བུམ་ཅན་གཟུང་ཞིང་དབྱིངས་རིག་བསྲེ༔ དེ་ལྟར་རིམ་གྱིས་ཕབ་པའི་མཐར༔ རྡོ་རྗེ་ནོར་བུའི་རྩེར་སོན་ཚེ༔ རྒྱ་མཚོ་རི་རབ་ལོགས་སུ་སྦྱར༔ དབང་པོའི་མཆོག་ནི་དབྱིངས་ལ་གཟིར༔ ཧཱུྃ་གི་གདངས་ཀྱིས་གྱེན་དུ་དྲངས༔ སྔར་བཞིན་སེམས་གཟུང་རླུང་རིག་བསྲེ༔ རྣམ་རོལ་རྒྱ་ཡིས་ལུས་ལ་དགྲམ༔ དེ་ཡང་རང་ལུས་ཐབས་ལྡན་ལ༔ གོམས་པས་གཞན་ལུས་བདེ་ཆེན་བསྒྲུབ༔ འཛིན་འདྲེན་འཕྲུལ་འཁོར་དབང་ཐོབ་ནས༔ བླ་མ་ལྷ་ཡིས་གནང་བ་འམ༔ མཚན་ལྡན་རྒྱུད་དག་ཕྱག་རྒྱ་དང༔ མཉམ་པར་སྦྱོར་བའི་རྣལ་འབྱོར་གྱིས༔ ཕྱི་རུ་མཚན་ལྡན་གཟུངས་མ་ལ༔ འདུ་ཤེས་གསུམ་གྱིས་སྙོམས་ཞུགས་པས༔ ནང་དུ་ཡས་བབས་རྒྱུ་དང་ནི༔ གསང་བ་མས་བརྟན་དགའ་བཞི་ལས༔ དེ་ཉིད་དཔེ་ཡི་ཡེ་ཤེས་འཆར༔ ཉམས་མྱོང་བརྟན་གཡོ་བརྟག་པའི་ཕྱིར༔ དུར་ཁྲོད་ལ་སོགས་དབེན་པའི་སར༔ འཇིགས་མེད་སེང་གེ་བཞིན་དུ་རྒྱུ༔ ཕྱོགས་དང་ཕྱོགས་བྲལ་ཐམས་ཅད་དུ༔ རྡོ་རྗེའི་ལྟ་བས་གཟིར་ཞིང་བལྟ༔ རྡོ་རྗེའི་གར་དང་བཅས་པའི་གླུས༔ དཔའ་བོ་མཁའ་འགྲོ་གནས་ཉུལ་དང༔ འབྱུང་པོ་ཐམས་ཅད་ཟིལ་གྱིས་གནན༔ རྡོ་རྗེའི་གླུ་གར་བསྒྱུར་བ་ཡིས༔ གནས་ཡུལ་དུར་ཁྲོད་རབ་འབྱམས་ཀྱི༔ དཔའ་བོ་མཁའ་འགྲོ་སྤྲིན་ལྟར་གཏིབས༔ ལྷན་ཅིག་སྤྱོད་པ་སྤྱད་པ་ལས༔ ཅིར་སྣང་ཆོས་སྐུའི་རོལ་པར་ཤར༔ གསང་བའི་སྤྱོད་པས་བོགས་དབྱུང་ངོ༔ དེ་ནི་གསུམ་པའི་དབང་གི་ལམ༔ རྗེས་སུ་རྣལ་འབྱོར་སྒྲུབ་པ་འོ༔ བཞི་པ་དོན་གྱི་དབང་གི་ལམ༔ མཐར་ཐུག་སྒྲུབ་པ་ཆེན་པོ་སྟེ༔ ཁྱད་པར་སྔོན་དུ་འགྲོ་བ་ནི༔ རྒྱས་པར་ཕྱི་ནང་འཁོར་འདས་ཀྱི༔ སྤྱོད་པ་སྤྱད་ནས་རུ་ཤན་དབྱེ༔ ཐོག་མར་རིགས་དྲུག་བག་ཆགས་ཀུན༔ དབྱིངས་སུ་ཞི་བའི་ཏིང་འཛིན་བསྒོམ༔ རང་ཉིད་ཐ་མལ་གནས་པ་ཡི༔ ལུས་ཀྱི་སྟོང་ར་འོད་འབར་དབུས༔ ཡེ་ཤེས་སྙིང་པོ་འོད་ཀྱི་རྩ༔ སྙིང་དཀྱིལ་ཨ་ཝ་དྷཱུ་ཏིའི་སྦུབས༔ ཤེས་བྱའི་སྒྲིབ་པ་ཐིག་ལེ་ནག༔ དེ་སྟེང་སྦྱོང་བྱེད་སྤྲོས་བྲལ་དབྱིངས༔ སྐྱེ་མེད་རང་བྱུང་ཡི་གེ་ཨ༔ དྭངས་གསལ་རྙོགས་བྲལ་འོད་ཟེར་འབར༔ ཕྱི་རོལ་ཚོགས་བརྒྱད་རྟེན་གྱི་རྩལ༔ མདུན་དུ་འོད་རྩ་ཟླུམ་སེར་དབུས༔ སྦྱང་བྱ་ཕྲག་དོག་གཏི་མུག་གི༔ ས་བོན་སུ་ལྗང་ཏྲི་དུད་ཁ༔ དེ་སྟེང་སྦྱོང་བྱེད་སྐུ་རྡོ་རྗེའི༔ ངོ་བོ་ཨོཾ་ཡིག་དཀར་ཞིང་འཚེར༔ གཡས་སུ་མཐིང་ག་གྲུ་བཞིའི་རྩལ༔ སྦྱང་བྱ་ང་རྒྱལ་འདོད་ཆགས་ཀྱི༔ ས་བོན་ཨ་དཀར་ནྲྀ་སྔོ་སྐྱ༔ དེ་སྟེང་སྦྱོང་བྱེད་ཐུགས་རྡོ་རྗེའི༔ ངོ་བོ་ཧཱུྃ་མཐིང་འོད་དུ་འབར༔ གཡོན་དུ་དམར་པོ་ཟླ་གམ་རྩལ༔ སྦྱང་བྱ་སེར་སྣ་ཞེ་སྡང་གི༔ ས་བོན་པྲེ་དམར་དུཿནག་པོ༔ དེ་སྟེང་སྦྱོང་བྱེད་གསུང་རྡོ་རྗེའི༔ ངོ་བོ་ཨཱཿདམར་གསལ་ལ་དྭངས༔ རྒྱབ་ཏུ་ཟླུམ་འཁྱིལ་འོད་ལྔའི་རྩལ༔ སྙོམས་འཇུག་སྒྲིབ་པའི་ས་བོན་ཧཾ༔ དེ་སྟེང་སྦྱོང་བྱེད་ཧོཿལྗང་གུ༔ ཡེ་ཤེས་རྡོ་རྗེའི་བདག་ཉིད་ཅན༔ ཀུན་ཀྱང་རང་སྒྲ་སྒྲོག་པར་བསྒོམ༔ ལུས་གནད་བསྲང་ཞིང་རླུང་རོ་བསལ༔ སྙིང་གའི་ཨ་ལ་སེམས་གཏད་པས༔ འབར་བའི་འོད་ཟེར་ཀུན་ཏུ་ཁྱབ༔ སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི༔ ས་བོན་ཐམས་ཅད་གསལ་བར་བྱས༔ དེ་ལས་ལྔ་ལྡན་འོད་ཀྱི་སྤྲིན༔ མཁའ་ཁྱབ་དག་པའི་ཞིང་དུ་འཕྲོས༔ རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི༔ གསང་གསུམ་བྱིན་རླབས་རོ་གཅིག་ཐིམ༔ དམ་ཚིག་ཡེ་ཤེས་དབྱེར་མེད་པའི༔ རྡོ་རྗེའི་སྔགས་ཀྱི་ཡི་གེ་ལས༔ བདེ་སྟོང་རོལ་པའི་འོད་ཟེར་གྱིས༔ སྦྱང་བྱའི་ས་བོན་མཐའ་དག་བསྲེགས༔ འདབ་བརྒྱད་རྩ་གནས་ཀུན་གང་པས༔ ཉོན་མོངས་ཤེས་བྱ་སྙོམས་འཇུག་གི༔ སྒྲིབ་གཉིས་བག་ཆགས་ཡོངས་སྦྱངས་ཤིང༔ ཚོགས་བརྒྱད་གཉིད་དང་བཅས་པ་ཡི༔ འཁྲུལ་པའི་དྲི་མ་ཀུན་དག་པས༔ དྲི་མེད་གཉུག་མ་བྱང་ཆུབ་སེམས༔ རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུའི༔ འོད་གསལ་ཆེན་པོར་རོ་གཅིག་བསམ༔ བུམ་པ་ཅན་གྱི་སྦྱོར་བ་དང༔ ཨ་ཡིག་ཡིད་ཀྱིས་བཟླས་པའི་མཐར༔ རྡོ་རྗེའི་བཟླས་པར་གནད་དུ་བསྣུན༔ སྐབས་སུ་རྩ་བའི་སྔགས་ཤམ་དུ༔ ཨོཾ་ཨཱཿཧཱུྃ་ཧོཿཨ་ནྲྀ་སུ་ཏྲི་པྲེ་དུ་སརྦ་པཱ་པཾ་ཀླེ་ཤ་བི་ཤྭ་དྷ་ནི་ཨ་ཨ་ཨ༔ ཞེས་བཟླས་བློ་བྲལ་ངང་དུ་ཀློད༔ ནང་དུ་ཚོགས་བརྒྱད་ཉོན་མོངས་དང༔ འཁྲུལ་པའི་བག་ཆགས་དག་པར་བྱ༔ ཡེ་ཤེས་རིག་རྩལ་རྒྱས་པའི་ཕྱིར༔ ལུས་ངག་ཡིད་གསུམ་སྦྱོང་བ་དང༔ རྣལ་དུ་དབབ་ཅིང་སོར་ཡང་གཞུག༔ ལུས་ནི་རྡོ་རྗེའི་འདུག་སྟངས་ལ༔ ངག་ནི་ཧཱུྃ་གི་ཕྱག་རྒྱས་གདབ༔ ཡིད་ནི་སེམས་བྱུང་མདུད་གྲོལ་ཕྱིར༔ བྱུང་གནས་འགྲོ་གསུམ་རྩ་གདར་གཅད༔ བཞི་པ་སྐུ་གསུམ་དོན་དང་འཕྲད༔ རྣལ་དུ་དབབ་པས་རྒོད་པ་སྙོམས༔ སོར་གཞུག་བྱིང་བའི་མལ་ནས་བསླང༔ ཁྱད་པར་སྔོན་འགྲོ་ཤིན་སྦྱངས་པས༔ བསམ་གཏན་དམ་པ་མངོན་གྱུར་ནས༔ དངོས་གཞི་དབང་རབ་ཚེ་འདི་ལ༔ གྲོལ་བྱེད་རྫོགས་ཆེན་སྡེ་གསུམ་བཅུད༔ ཁྲེགས་ཆོད་དང་ནི་ཐོད་རྒལ་གཉིས༔ རྣལ་འབྱོར་མངོན་སུམ་དབྱིངས་ཀྱི་གཤིས༔ སོར་བཞག་ཁྲེགས་ཆོད་དགོངས་པ་བསྐྱང༔ སེམས་ཀྱི་ཁང་བུ་བརྡིབས་པ་ལས༔ སེམས་ཉིད་ལྟ་བ་གཏན་ལ་ཕེབས༔ ཀློང་ཆེན་དགོངས་པའི་ལྷུམས་སུ་ཞུགས༔ དེ་ཡང་ལུས་གནད་དྲང་པོར་བསྲང༔ རི་བོ་བཞིན་དུ་ཅོག་གེར་གཞག༔ མིག་གི་གསང་འབྲས་དབྱིངས་སུ་གཏད༔ རྒྱ་མཚོ་བཞིན་དུ་ཅ་རེ་གཞག༔ ཡིད་ཀྱི་རྙོག་མས་མ་བསླད་པའི༔ རིག་པ་རྗེན་པ་གཅེར་བུར་གཞག༔ མ་བཅོས་མ་བསླད་ཡུལ་སྣང་གི༔ ཞེན་པ་རང་གྲོལ་ལྷུག་པར་གཞག༔ གཞག་ཅེས་བྱ་བའང་བརྡ་ཙམ་སྟེ༔ རང་རིག་མངོན་སུམ་ངོ་འཕྲད་ནས༔ དེ་ཉིད་ཁོ་ནར་ཐག་བཅད་དེ༔ རྟོག་ཚོགས་རང་གྲོལ་གདིང་འཆའ་བའི༔ ངང་ལས་མ་གཡོས་ལྷུམས་སུ་ཞུགས༔ རིག་པ་ཀ་དག་ལྷུག་པར་སྤྱོད༔ དེ་ལྟར་དགོངས་པ་མངོན་གྱུར་པས༔ དབང་པོའི་མངོན་སུམ་རིག་པའི་གདངས༔ རྩལ་སྦྱོང་ཐོད་རྒལ་རྣལ་འབྱོར་ནི༔ སྒོ་གསུམ་ཕྱི་ནང་གསང་བ་ཡི༔ བྱ་བ་རིམ་པ་བཞིན་དུ་གཏང༔ དབེན་ཞིང་དབྱིངས་རིག་མཚོན་ནུས་པར༔ བདེ་བའི་སྟན་ལ་བག་ཕབ་ནས༔ ལུས་གནད་སེང་གེ་གླང་ཆེན་དང༔ དྲང་སྲོང་ཙོག་པུའི་བཞུགས་སྟངས་བྱ༔ ངག་གནད་གནས་བརྟན་ལ་བཟླ་ཞིང༔ ཁ་སྒོའི་རླུང་གི་འགྲོ་དང་འོང༔ དལ་བུས་ཅུང་ཟད་ཕྱིར་འཛིན་བྱ༔ ཡུལ་གནད་ནམ་མཁའ་དྭངས་པའི་དུས༔ སྔ་དགོང་ཤར་ནུབ་ཟེར་གཉིས་ལ༔ མིག་གནད་གྱེན་དུ་ལྡོག་པ་དང༔ ཟུར་དུ་འཁྲིད་དང་མཐུར་དུ་དབབ༔ ཡིད་གནད་དུས་གསུམ་སྤྲོས་པ་བཅད༔ དབྱིངས་རིག་དབྱེར་མེད་ལྷུག་པར་བལྟ༔ དེ་ཚེ་སྙིང་ནས་མིག་གཉིས་ཀྱི༔ གསང་འབྲས་འབྲེལ་བའི་འོད་རྩ་ལས༔ རྒྱང་ཞགས་སྒྲོན་མས་མཚམས་སྦྱར་ནས༔ རྣམ་དག་དབྱིངས་ཀྱི་སྒྲོན་མའི་ཀློང༔ ཐིག་ལེ་སྟོང་སྒྲོན་མུ་ཁྱུད་དབུས༔ རིག་གདངས་རྡོ་རྗེ་ལུ་གུ་རྒྱུད༔ འགུལ་ཞིང་འཕྲིག་པའི་རྣམ་པར་འཆར༔ དེ་ཚེ་དབྱིངས་ཀྱི་ཕྱག་རྒྱ་རུ༔ རིག་པ་གཞུག་ཅིང་འབྲལ་མེད་བསྐྱང༔ ཉིན་མོ་སྣང་སེམས་ཨར་ལ་གཏད༔ ནངས་ནུབ་དབྱིངས་རིག་ཨར་ལ་གཏད༔ མཚན་གུང་འོད་གསལ་ཨར་ལ་གཏད༔ སྲོད་ལ་རླུང་ཐིག་བདེ་ཉམས་བསྐྱང༔ ཐོ་རངས་རང་གསལ་དགོངས་ཉམས་བསྐྱེད༔ རིག་གདངས་ལྷུན་གྲུབ་གསེང་ལམ་ལས༔ ཐོད་རྒལ་ཉིད་དུ་འབྲས་བུར་སྦྱོར༔ དེ་ལྟར་རྩེ་གཅིག་ཉམས་བླངས་པས༔ རིག་གདངས་རྡོ་རྗེ་ལུ་གུ་རྒྱུད༔ མཆེད་ཅིང་ཅུང་ཟད་བརྟན་པ་ནི༔ ཆོས་ཉིད་མངོན་སུམ་སྣང་བ་འོ༔ དབྱིངས་རིག་སྨིན་མཚམས་ལས་འདས་ཏེ༔ གར་བལྟས་ཁྱབ་ཅིང་བཀྲག་བཅས་མཆེད༔ རིག་པ་འབྲིང་དུ་སྡོད་པ་ནི༔ ཉམས་སྣང་གོང་དུ་འཕེལ་བ་འོ༔ ཁྱབ་པའི་དབྱིངས་ལ་ལུ་གུ་རྒྱུད༔ སྐུར་སྨིན་བརྟན་ཅིང་ཞི་དང་ཁྲོ༔ གྲངས་མེད་སྐུ་དང་ཡེ་ཤེས་འཕེལ༔ རིག་པ་ཚད་ལ་ཕེབས་པ་འོ༔ ཆོས་ཅན་ཕྱི་འབྱུང་ནང་ཕུང་པོ༔ གསང་བ་རླུང་སེམས་དབྱིངས་སུ་ཟད༔ ཤེས་དང་ཤེས་བྱ་རོ་གཅིག་འཁྱིལ༔ དེ་ཉིད་ཆོས་ཉིད་ཟད་པར་བཤད༔ སྣང་བཞིའི་ས་མཚམས་ཤེས་བྱས་ཏེ༔ བྱ་བ་ཀུན་བཏང་ཉམས་བླངས་པས༔ དགེ་སྦྱོར་ཉམས་ལེན་སྲང་དུ་བཅུག༔ དེ་དག་རྣམས་དང་རྗེས་འབྲེལ་དུ༔ མཐའ་རྟེན་མན་ངག་རྣམ་པ་བཞི༔ བཞུགས་སྟངས་གཟིགས་སྟངས་ཕྱི་ནང་དབྱིངས༔ རིག་པ་མི་འགུལ་གཞིར་བཟུང་ནས༔ གོང་འཕེལ་དུས་སུ་ཕྱི་དབྱིངས་རིག༔ རླུང་སེམས་སྡོད་པས་ཚད་གཟུང་བྱ༔ ཚད་ལ་ཕེབས་ནས་སྐྱེ་དང་འཇུག༔ རླུང་སེམས་དབང་ཐོབ་རྩལ་རྫོགས་པས༔ འཁོར་འདས་རེ་དོགས་མཐའ་གྲོལ་ནས༔ གདེངས་བཞིས་རྣམ་གྲོལ་མཐར་ཐུག་ཐོབ༔ གཞོན་ནུ་བུམ་པ་སྐུ་ཡི་དབྱིངས༔ ལྷག་བཅས་ལྷག་མ་མེད་པ་ཡི༔ ཡང་དག་མངོན་སངས་རྒྱས་པ་འཐོབ༔ ཀུན་ཏུ་ཁྱབ་ཅིང་འཕོ་མེད་རྟག༔ ལྷུན་གྲུབ་ཕྲིན་ལས་དབང་འབྱོར་པ༔ མཐར་ཐུག་ཤིན་ཏུ་རྣམ་དག་པའི༔ ཟུང་འཇུག་ཆེན་པོའི་གོ་འཕང་འགྲུབ༔ ཚེ་གཅིག་གྲོལ་བའི་ལམ་མཆོག་གོ༔ གལ་ཏེ་ཚེ་འདིར་མ་གྲུབ་ན༔ འཆི་ཁར་འོད་གསལ་སྦུབས་སུ་འཇུག༔ ལུས་གནད་དྲང་སྲོང་ཙོག་པུ་འམ༔ སེང་གེ་ཉལ་སྟབས་གང་རུང་གིས༔ འདིར་སྣང་ཞེན་འཁྲིས་རྦད་ཀྱིས་བཅད༔ ནང་གི་ནམ་མཁའི་རིག་སྟོང་གཤིས༔ བར་དུ་འོད་རྩ་རྒྱང་ཞགས་ཀྱི༔ སྒྲོན་མས་མཚམས་སྦྱར་ཕྱི་ཡི་དབྱིངས༔ ནམ་མཁའ་དྭངས་པར་ལྟ་སྟངས་གཏད༔ ད་ལྟའི་རིག་པ་རྗེན་པའི་ངང༔ རྟོག་པས་མ་བསླད་འཕོས་གྱུར་ན༔ འོད་གསལ་མ་བུ་དབྱེར་མེད་པའི༔ འཆི་བ་ཆོས་སྐུར་གྲོལ་བར་འགྱུར༔ དེ་ཡང་ད་ལྟར་གོམས་པ་གཅེས༔ དེ་འདྲ་ཀློང་དུ་མ་གྱུར་ན༔ རྣམ་ཤེས་རླུང་ཞོན་གདམས་པ་ནི༔ ལུས་གནད་བཅོས་ཏེ་སྟོང་ར་གསལ༔ དབུ་མའི་ཡར་སྣེ་ཚངས་བུག་ཧར༔ མར་སྣ་ལྟེ་འོག་སོར་བཞིར་ཟླུམ༔ སྙིང་ཁར་ཚིགས་ཀྱིས་བཀག་པའི་སྟེང༔ རླུང་སེམས་དབྱེར་མེད་ངོ་བོ་ཨ༔ དཀར་གསལ་དེ་ལས་རིམ་བཞིན་མཆེད༔ ཚངས་བུག་བར་དུ་ཉེར་གཅིག་བསམ༔ སྤྱི་བོར་བླ་མ་ཀུན་ཏུ་བཟང༔ རྡོ་རྗེ་འཆང་གི་རྣམ་པ་ལ༔ རྩ་གསུམ་རྒྱ་མཚོས་བསྐོར་བར་བསྒོམ༔ མོས་གུས་དྲག་པོས་གསོལ་བ་གདབ༔ ཨེ་མ་ཧོ༔ མཁའ་ཁྱབ་རྩ་གསུམ་ཞི་ཁྲོ་རབ་འབྱམས་དང༔ དབྱེར་མེད་ཁྱབ་བདག་དཔལ་ལྡན་བླ་མ་ལ༔ གསོལ་བ་འདེབས་སོ་ཐུགས་རྗེའི་ལྕགས་ཀྱུས་ཟུངས༔ རྣམ་ཤེས་དྭངས་མ་དབུ་མའི་ལམ་ནས་དྲོངས༔ ཐུགས་ཡིད་གཅིག་འདྲེས་དགོངས་པས་བྱིན་གྱིས་རློབས༔ སྒྲིབ་གཉིས་གཟུང་འཛིན་འཆིང་བ་དབྱིངས་སུ་ཞི༔ ཟབ་ལམ་འཕོ་བས་མཁའ་སྤྱོད་བགྲོད་པ་དང༔ འཇའ་ལུས་ཆོས་སྐུ་འགྲུབ་པར་བྱིན་གྱིས་རློབས༔ ཧིཀ྄་ཅེས་ཉེར་གཅིག་བརྗོད་པ་དང༔ རླུང་གནད་འོག་རླུང་དྲག་ཏུ་དྲངས༔ སྟེང་རླུང་སྟེང་དུ་འཕུལ་ཞིང་འཕངས༔ དམིགས་གནད་ཨ་རྣམས་གཅིག་ལ་གཅིག༔ ཐིམ་སྟེ་ཐ་མ་རྒྱངས་ཏེ་འཕོས༔ བླ་མའི་ཐུགས་ཀར་ཐིམ་པར་བསམ༔ སླར་ཡང་ཀ་ཞེས་མར་ཕབ་པས༔ སྔར་བཞིན་སྙིང་གར་འཁོད་པར་མོས༔ དེ་ལྟར་ཡང་དང་ཡང་དུ་བསྐྱར༔ མཐར་ནི་བླ་མ་འཁོར་དང་བཅས༔ འཆི་མེད་བདུད་རྩིའི་རྣམ་པར་ཞུ༔ སྙིང་གའི་ཨ་ལ་སིབ་ཀྱིས་ཐིམ༔ ཚངས་བུག་འོད་ཟེར་དྲྭ་བས་བཀག༔ རྡོ་རྗེའི་སྲོག་རྩ་འགྲུབ་པར་བསམ༔ སྤྱི་བོ་ཟ་ཞིང་སྐྲངས་པ་དང༔ ཆུ་སེར་འཛག་སོགས་རྟགས་བྱུང་ན༔ དམིགས་པ་མ་བརྗེད་རྟག་ཏུ་བསྐྱང༔ ནམ་ཞིག་དུས་ལ་བབས་པའི་ཚེ༔ རླུང་སེམས་བླ་མའི་ཐུགས་ཀར་འཕོ༔ བླ་མ་འོག་མིན་གཤེགས་པར་བསམ༔ བྱ་རྩོལ་སྤྲོ་བསྡུ་མེད་པར་བཞག༔ ངེས་པར་མཁའ་སྤྱོད་ལ་སོགས་ཀྱི༔ གོ་འཕང་མཆོག་ཏུ་དབུགས་འབྱིན་འགྱུར༔ འདའ་ཀའི་རྣལ་འབྱོར་མ་ཐེབས་ན༔ རགས་པ་ཐིམ་དང་ཕྲ་བ་ཐིམ༔ ཐིམ་པའི་རྗེས་སུ་འོད་གསལ་འཆར༔ རྣམ་གྲོལ་ཆོས་སྐུར་རོ་གཅིག་འགྱུར༔ དེ་ལ་བརྟན་པར་མ་གྱུར་ན༔ ལུགས་འབྱུང་སྒྲ་འོད་ཟེར་གསུམ་སོགས༔ ཆོས་ཉིད་གདངས་ཀྱི་བར་དོ་ཤར༔ ཐམས་ཅད་རང་གི་རིག་རྩལ་དུ༔ ངོ་ཤེས་ཐག་ཆོད་བརྟན་པ་ཐོབ༔ དབྱིངས་རིག་དབྱེར་མེད་ཐིག་ལེར་འཁྱིལ༔ དབང་འབྲིང་འཆི་ཁ་ཆོས་ཉིད་ཀྱི༔ བར་དོ་རང་སྣང་ངོ་ཤེས་གྲོལ༔ དེར་ཡང་གཉིས་འཛིན་གཞན་དབང་གིས༔ གོ་འཕང་མངོན་དུ་མ་གྱུར་ན༔ དབང་པོ་ཐ་མའི་གང་ཟག་སྟེ༔ སྲིད་པ་བར་དོའི་སྣང་ཆ་ནི༔ རླུང་སེམས་ཙམ་ལས་གྲུབ་པའི་ལུས༔ རྨི་ལམ་ལྟ་བུར་ཤར་བའི་ཚེ༔ བླ་མར་མོས་གུས་དྲག་པོ་ཡིས༔ དེ་ཡི་གདམས་ངག་རྗེས་དྲན་ནས༔ གང་གོམས་དེ་ལ་མཉམ་བཞག་པས༔ འཁྲུལ་སྣང་གྲོལ་ནས་ལམ་མཆོག་སྦྱོར༔ དེ་ལྟར་མངོན་དུ་མ་གྱུར་ན༔ རིགས་ལྔའི་ཞིང་ཁམས་ཡིད་ལ་བྱ༔ བླ་མར་གསོལ་གདབ་འདུན་པ་སྦྱངས༔ དཔལ་མགོན་བླ་མའི་ཐུགས་རྗེ་དང༔ དད་དང་འདུན་དང་དམ་ཚིག་མཐུས༔ རྨི་ལམ་གནས་སྐབས་སད་པ་ལྟར༔ མངོན་དགའི་ཞིང་དུ་ལྷ་ཞལ་མཐོང༔ དཔལ་ལྡན་བརྩེགས་པར་ལུང་བསྟན་ཅིང༔ པདྨ་བཀོད་པར་དབུགས་རབ་དབྱུང༔ ལས་རབ་རྫོགས་པར་གཟེངས་བསྟོད་དེ༔ དབུས་ཕྱོགས་མེ་རི་འབར་བ་རུ༔ སྟོན་པ་ཁྱབ་བདག་ཧེ་རུ་ཀའི༔ དགྱེས་ཞལ་མཇལ་པའི་སྐད་ཅིག་ལ༔ ཤེས་བྱའི་སྒྲིབ་པ་མཐར་བྱས་ནས༔ ཡེ་ཤེས་དབྱིངས་སུ་རོ་གཅིག་འགྱུར༔ ཐ་མ་སྲིད་པ་བར་མ་དོར༔ དག་པའི་ཞིང་དུ་དབུགས་འབྱིན་ནོ༔ ཤིན་ཏུ་དམན་པའི་གང་ཟག་རྣམས༔ མངལ་སྒོ་ངན་པ་ཞེན་ལོག་དང༔ ངེས་འབྱུང་དྲག་པོས་རབ་བཅད་ནས༔ ལས་འཕྲོ་བཟང་པོས་ཉིང་མཚམས་སྦྱར༔ ལམ་གྱི་འཕྲོ་མཐུད་གྲོལ་བ་ཐོབ༔ དེ་ལྟར་ཁྲིད་དུ་ལེགས་བཏབ་ནས༔ གཡེང་བ་སྤངས་ཏེ་ཉམས་བླངས་ན༔ བརྩོན་འགྲུས་སྐལ་པའི་ཁྱད་པར་བཞིན༔ བྱང་ཆུབ་གོ་འཕང་ཐོབ་བྱེད་པ༔ ཤིན་ཏུ་རྣལ་འབྱོར་རྫོགས་པ་ཆེའི༔ གདམས་ངག་སྒྲུབ་པ་ཆེན་པོ་འོ༔ དེ་ཡང་དབང་རབ་ཅིག་ཅར་བས༔ བཞི་པའི་ལམ་མཆོག་ཁོ་ན་བསྒྲུབ༔ དབང་འབྲིང་ཐོད་རྒལ་གང་ཟག་གིས༔ བསྐྱེད་རིམ་དྲན་པ་གཅིག་པ་ཙམ༔ རྟེན་དུ་བྱས་ནས་རྫོགས་རིམ་གསུམ༔ རིམ་པར་ཉམས་བླངས་དྲོད་རྟགས་དབྱུང༔ ཐ་མ་རིམ་གྱིས་དཀྲི་བ་ནི༔ ཇི་སྐད་བཤད་བཞིན་ཉམས་སུ་བླངས༔ གང་ཡང་ཐུན་མོང་ཐུན་མིན་གྱི༔ སྔོན་འགྲོས་རྒྱུད་འབྱོངས་ཤིན་ཏུ་གཅེས༔ རྗེས་ནི་གནས་སྐབས་ཐམས་ཅད་དུ༔ བསྔོ་སྨོན་བཟང་པོས་མཚམས་སྦྱར་ཞིང༔ ཐུན་མཚམས་དྲན་དང་ཤེས་བཞིན་པས༔ དག་པའི་སྣང་བ་ལམ་དུ་ཁྱེར༔ སྤྱིར་ནི་འཁོར་བར་ངེས་འབྱུང་དང༔ བྱང་ཆུབ་སེམས་གཉིས་དྲག་ཏུ་བསྐྱེད༔ ཅིས་ཀྱང་དགོས་མེད་བློ་སྣ་བསྟུང༔ བླ་མའི་མོས་གུས་སྲོག་ཏུ་བཙའ༔ ལམ་ལ་ཅུང་ཟད་དྲོད་ཐོབ་ནས༔ ཡུལ་གྱི་བདུད་རྩི་བརྟེན་པའི་ཕྱིར༔ ཀུན་སྤངས་སྤྱོད་པ་ཕྱོགས་བྲལ་རྒྱུ༔ དུར་ཁྲོད་ལ་སོགས་གཉན་ས་རུ༔ བརྟུལ་ཞུགས་སྤྱོད་པ་ཡང་དག་སྤྱད༔ གེགས་སེལ་བོགས་འདོན་ཐབས་མཁས་པས༔ གནས་སྐབས་སྔགས་ཀྱི་དྲོད་ཐོབ་ནས༔ ཚོགས་སྦྱོར་མཐོང་བའི་ལམ་དུ་འགྲོ༔ སྒོམ་པའི་ཉམས་མྱོང་མཐར་ཕྱིན་པས༔ མི་སློབ་འོད་གསལ་ཟུང་འཇུག་སྐུས༔ ཤིན་ཏུ་རྣམ་དག་རྡོ་རྗེ་སེམས༔ ཀུན་བཟང་ཡེ་ཤེས་བླ་མ་ཡི༔ གོ་འཕང་བརྩོན་འགྲུས་སྐལ་པ་བཞིན༔ ཟླ་དྲུག་ལོ་གསུམ་བཅུ་གཉིས་ནས༔ མངོན་དུ་འཐོབ་བྱེད་ཐེག་པའི་རྩེ༔ འབྲས་བུའི་ཐུས་ཀ་བླ་མེད་པའི༔ མཆོག་གི་ཕྲིན་ལས་རྨད་བྱུང་ངོ༔ ཁྲིད་ཀྱི་རྒྱབ་ཡིག་གནད་ཆིངས་འདི༔ སྣོད་ལྡན་རྣམས་ཀྱི་སྙིང་ལ་ཕུར༔ དེ་ལྟར་རྒྱུད་ལུང་མན་ངག་གི༔ སྙིང་པོ་ལས་ཀྱང་སྙིང་པོའི་བཅུད༔ ཟབ་ཅིང་ཤིན་ཏུ་འདྲིལ་བ་འདི༔ འཆི་མེད་རིག་འཛིན་རྣམ་གསུམ་གྱི༔ ཡང་ཟབ་བླ་སྒྲུབ་དང་འབྲེལ་བར༔ སྐལ་ལྡན་མཆོག་ལ་གཏད་པ་སྟེ༔ མང་པོར་ཁྱབ་གདལ་སྟོན་སྲིད་ན༔ དབྱིངས་ལ་རྣམ་རྟོག་མི་མངའ་ཡང༔ ཡེ་ཤེས་མཁའ་འགྲོའི་དགོངས་པ་གཡེལ༔ ལས་དང་འཇིག་རྟེན་མཁའ་འགྲོ་འཁྲུགས༔ ཅི་མི་འདོད་པ་འབྱུང་བས་ན༔ དམ་དུ་སྦ་ཞིང་དམ་དུ་སྤེལ༔ བཀའ་རྒྱས་གདབ་ཅིང་སྒྲུབ་ལ་བསྐུལ༔ ཅི་ཕྱིར་ཞེ་ན་གསང་ཆེན་འདི༔ ཡོ་ག་གསུམ་གྱི་སྙིང་པོའི་བཅུད༔ རྒྱུད་ཀྱི་གདམས་པ་ཟབ་ལ་འདྲིལ༔ ལུང་གི་རྫོགས་རིམ་སྙིང་པོ་ཕྱུང༔ ཁྱད་པར་མན་ངག་སྡེ་གསུམ་གྱི༔ དམར་ཁྲིད་ལག་ལེན་ཁོ་ནར་གདམས༔ བྱེ་བྲག་བི་མ་ཐོད་ཕྲེང་རྩལ༔ ཡོན་ཏན་བདུད་རྩིའི་རིག་འཛིན་ཕྱིར༔ འཆི་མེད་སྨན་གྱི་རྒྱུད་ལུང་ཆེའི༔ བབས་གཞུང་རྒྱས་འབྲིང་བསྡུས་གསུམ་གྱི༔ དཔེ་རྒྱུད་རོང་བྷིའི་རྫ་ལ་སྦས༔ ཡང་གཏེར་ཚུལ་དུ་འབྱུང་མོད་ཀྱི༔ སྙིང་པོ་ཞུན་མར་ལྟ་བུ་འདི༔ ཚུལ་བཞིན་སྤྱོད་ཅིང་བསྟན་པ་ན༔ གདམས་ངག་འཆལ་དང་ཉམས་པ་གསོ༔ འཁྲུགས་པ་བསལ་ཞིང་ཚིག་དོན་འབྲེལ༔ དགོངས་པ་རྣལ་མ་སློང་བ་འབྱུང༔ དེ་བས་ཤིན་ཏུ་གཅེས་པར་ཟུངས༔ སློབ་དཔོན་གསུམ་གྱི་བདེན་པ་དང༔ མངའ་བདག་རྒྱལ་པོའི་ཐུགས་བསྐྱེད་མཐུས༔ སྙིང་པོའི་བསྟན་པའི་བཙས་གྱུར་ཏེ༔ གཞན་དོན་རྒྱ་ཆེར་འབྱུང་བར་ཤོག༔ ཅེས་རྡོ་རྗེའི་ལུང་གིས་བསྔགས་པའི་ཟབ་ཆོས་འདི་ཉིད་གསང་དམ་བཀའ་གཙིགས་ཀྱིས་བསྡམས་པ་བཞིན་བབ་ཅོལ་དུ་མ་ཡིན་པར་དད་བརྩོན་ལྡན་པས་ཤིན་ཏུ་གསང་ཞིང་རྩེ་གཅིག་པས་ཉམས་སུ་བླངས་ན་ལོ་ཟླ་ཙམ་གྱིས་མཆོག་གི་ངེས་པ་སྟེར་ནུས་པ་ལགས་པས། ཐམས་ཅད་ཀྱིས་ཐོབ་ལོ་དང་ཉན་ལོ་ཙམ་དུ་མ་གཞག་པར་མི་ལུས་ཐོབ་ཅིང་གདམས་ངག་མཇལ་བའི་སྐལ་བཟང་འདི་ཀོ་དོན་ཡོད་པའི་གཉེར་ཁ་ཅི་ནས་ཀྱང་མཛད་འཚལ། དེ་ལྟར་སྨིན་གྲོལ་ཚངས་སྤྲུགས་སུ་ཕུལ་གྲུབ་པ་འདིའི་མཚོན། ཞེས་པ་ལྟ་བུའི་མཚམས་སྦྱར་ནས་དགེ་བསྔོ་བྱ་ཞིང་སློབ་མ་གྱེས། ཆོ་གའི་རྗེས་རིམ་རྣམས་དབང་གཞུང་བཞིན་བྱའོ།། །། ༈ རྡོར་འབུམ་ཆོས་ཀྱི་གྲགས་པའི་འཆི་མེད་བདུད་རྩི་བུམ་པའི་སྣོད་རུང་བསྡུས་པ་དབང་གི་གྱད་བལྟས་ཆོག་ཏུ་བཀོད་པ་བདུད་རྩིའི་ཆུ་རྒྱུན་ལྟར་དབང་སྒྲུབ། དབང་དངོས། རྗེས་མཆོད་བསྟོད། ནོངས་བཤགས། བརྟན་བཞུགས། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན། ཤིས་བརྗོད་བཅས་སྤྱི་མཐུན་བྱ་དགོས་སོ།། །། ༈ ར་མོ་ཤེལ་སྨན་ཡེ་ཤེས་བཟང་པོའི་དཔལ་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོ་༧པདྨ་འོད་གསལ་མདོ་སྔགས་གླིང་པའི་ཡང་གཏེར་དུ་བྱོན་པའི་བླ་མའི་སྒྲུབ་ཐབས་ཀྱི་དབང་བསྐུར་ཡང་ཟབ་བདུད་རྩིའི་བཅུད་ཐིགས་ལྟར་དབང་སྒྲུབ། དབང་དངོས་ཀྱི་ལུས་འབུལ་གོང་དེར། དེས་སྨིན་པར་བྱེད་པའི་དབང་བསྐུར་གྲུབ་ནས། གྲོལ་བར་བྱེད་པའི་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ལ་བརྟེན་ནས་སྒོ་གསུམ་སྙོམས་འཇུག་དང་བཅས་པ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་དཀྱིལ་འཁོར་ཆེན་པོར་སྦྱོར་བར་བྱེད་པའི་མན་ངག་ཕྱག་རྒྱ་བཞིའི་ཁྲིད་ནི། གཏེར་གཞུང་ལས། དེ་ནས་ཡང་ཟབ་མན་ངག་ནི༔ དཔལ་ལྡན་བླ་མ་སོགས་བླ་སྒྲུབ་གཏེར་གཞུང་བཞིན། མན་ངག་ཀུན་གྱི་སྙིང་པོར་ཟུངས༔ ཞེས་བཀའ་བསྩལ་པ་བཞིན་ཉམས་སུ་བླང་འཚལ། དེ་རྣམས་ཀྱིས་སྨིན་གྲོལ་ལེགས་པར་ཐོབ་པའི་སྐུ་དྲིན་གཞལ་བའི་ཡོན་དུ་ལུས་ལོངས་སྤྱོད་ཐམས་ཅད་འབུལ་བའི་བློས་འདིའི་རྗེས་ཟློས། དེང་ནས་བརྩམ་སྟེ་སོགས་དབང་དང་ཆོ་གའི་རྗེས་རིམ་སྤྱི་མཐུན་གྱིས་ཅུང་ཟད་བརྒྱན་པས་གྲུབ་བོ།། །། ༈ དཔལ་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་རྩ་བ་དང་ཡན་ལག་གི་དབང་བསྐུར་ཡོངས་རྫོགས་དཀྱུས་གཅིག་ཏུ་བཀོད་པ་དྲི་མེད་ཟླ་བའི་བསིལ་ཟེར་ལྟར་བདག་བསྐྱེད། སྟ་གོན། དབང་སྒྲུབ་ལ་ཡན་ལག་བཞི་དང་སྔགས་སྲུང་མ་སྦྱར་བ། དངོས་གཞིར་རྩ་དབང་སོ་སོའི་ཁྲིད་དང་སྦྲགས་པ། དེར་གསལ་བཞིན་ཡན་ལག་ལས་སྒྲུབ་པའི་ལྷ་གསུམ་གྱི་བྱིན་རླབས་བྱ་བའི་ཚུལ་བཀླག་ཆོག་ཏུ་བཀོད་པ་ལྟར་བདུད་རྩི་འཁྱིལ་བའི་ཁྲུས་དབང་། ཧཱུྃ་མཛད་བདུག་པའི་བྱིན་རླབས། དབང་བྱེད་མཱ་མ་ཀཱིའི་བྱིན་རླབས་བཅས་སྦྱར། བདུད་རྩི་རིལ་བུའི་དབང་། འགྲོ་དོན་ལས་སྦྱོར་རྣམ་དྲུག་གི་རྗེས་གནང་། ལས་ཐུན་མོང་དུ་སྒྲུབ་པའི་རྗེས་གནང་གི་རྡོར་དྲིལ་དུང་པུསྟི་གཏད་པའི་རྗེས་དེར། སྐབས་འདིར་འདིའི་ཁྱད་པར་གྱི་བཀའ་སྲུང་སྔགས་བདག་ཨེ་ཀ་ཛཱ་ཊིའི་སྲོག་གཏད་བགྱིད་པ་སྟེ། དེའང་མཚན་ཙམ་སོགས་བཀའ་སྲུང་ཨེ་ཀ་ཛཱ་ཊིའི་སྲོག་གཏད་ཀྱི་ཡི་གེ་སྲོག་གི་ཐིག་ལེ་ལྟར་ཐུན་མོང་དང་ཁྱད་པར་གྱི་སྲོག་གཏད་སྦྱར་ནས། མཐའི། དཔལ་ལྡན་སྔགས་ཀྱི་སྲུང་མའི་རྡོ་རྗེའི་དམ་ཚིག་རྣམས་ཚུལ་བཞིན་བསྲུང་དགོས་པ་ལགས་སོ། །ཞེས་བརྗོད། དེ་ནས་དབང་གཞུང་གི །དེ་ལྟར་ན་དེ་དག་རྣམས་ཀྱི་སྒོ་ནས་སོགས་དབང་གི་རྗེས་རྣམས་དང་། ཆོ་གའི་རྗེས་བཅས་དབང་བསྐུར་གྱི་ཡི་གེའི་དཀྱུས་སུ་འབྱུང་བ་བཞིན་ནོ།། །། ༈ རཏྣའི་ཐུགས་སྒྲུབ་སྨན་དབང་ནི་གོང་དུ་ཐུགས་སྒྲུབ་སྐབས་སུ་སོང་ངོ་།། །། ༈ རིག་འཛིན་ལེགས་ལྡན་རྗེའི་ཚེ་སྒྲུབ་བདུད་རྩི་འཁྱིལ་པའི་སྨིན་བྱེད་བསྙེན་པའི་དབང་རིམ་བལྟས་ཆོག་ཏུ་བཀོད་པ་འཆི་མེད་བདུད་རྩིའི་ཞུན་ཐིགས་ལྟར་དབང་སྒྲུབ། དབང་བསྐུར་དངོས་ཀྱི་དབང་བཞིའི་དང་པོ་བུམ་དབང་སྐབས། བུམ་པ་དང་ཚེ་འབྲང་ཕྱག་མཚན་ལྔ་པོ་སོ་སོར་སུམ་བརྩེགས་མ་བྲལ་བས་དབང་བསྐུར་ཞིང་། བུམ་པ་ལྔའི་ཆུ་ཕྱོགས་བསྡུས་ཀྱིས་བུམ་དབང་མཐར་བླུད། མཇུག་གི་ཚེ་འབྲང་དབང་གི་སྐབས། ཚེ་བུམ་ལྔ་པོ་སྣོད་གཅིག་ཏུ་བསྡུ་བའམ། མི་ནུས་ན་དབུས་མ་རྐྱང་པ་གང་བདེ་བྱ་ཞིང་། སྨོན་ལམ་སྐབས་སྔགས་སོ་སོར་དྲིལ་བུ་གསིལ་ཞིང་མེ་ཏོག་འཐོར་བ་ལས་དབང་རྫས་མི་དགོས། རྗེས་རིམ་དབང་ཆོག་བཞིན་བྱའོ།། །། ༈ པདྨ་འོད་གསལ་མདོ་སྔགས་གླིང་པའི་སྙན་བརྒྱུད་བདུད་རྩི་མཆོག་ཏིག་གི་ཕྲིན་ལས་དང་དབང་བསྐུར་བའི་ཆོ་ག་བལྟས་ཆོག་ཏུ་བཀོད་པ་བདེ་མཆོག་བདུད་རྩིའི་ཡང་ཞུན་ལྟར་དབང་སྒྲུབ། དངོས་གཞིར་ལོ་རྒྱུས་སྐབས། སོ་སོར་བསྩལ་པ་སྟེ། ཞེས་པའི་མཚམས། གཏེར་གཞུང་ལས། ཁྲག་འཐུང་རོལ་པའི་ཏནྟྲའི་བཅུད༔ སོགས་གཏེར་གཞུང་མཇུག་ནས་འབྱུང་བ་བཞིན། མངོན་དུ་འགྱུར༔ ཞེས་གསུངས་པ་ལྟར། འདིར་འཆི་མེད་གྲུབ་པའི་སོགས་སྦྲེལ་བའི་རྩ་དབང་ལ། མཐའ་རྟེན་རྗེས་གནང་རྣམས་གྲུབ་ནས། རྗེས་འབྲེལ་བཀྲ་ཤིས་འཆི་མེད་ཚེའི་དབང་བསྐུར་བ་ལ། ཐོག་མར་ཚེ་བཅུད་འགུགས་པའི་སླད་དུ་དམིགས་འདུན་འདི་བཞིན་མཛོད། བདག་མདུན་བདུད་རྩི་ཚེའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལས་སྤྲུལ་པའི་ཕོ་ཉ་གྲངས་མེད་པ་འཕྲོས་པས། ཁྱེད་རང་རྣམས་ཀྱི་བླ་ཚེ་བྲོས་ཉམས་འཐོར་པ་རིག་སྔགས་ཀྱི་ནུས་པས་ཕྲོགས་པ་རྣམས་དང་། གཞན་ཡང་འཁོར་འདས་བརྟན་གཡོའི་དྭངས་བཅུད་ཐམས་ཅད་གྲུབ་པའི་བདུད་རྩི་འོད་ཟེར་འབར་བའི་ཐིག་ལེ་བཀྲ་ཤིས་པའི་རི་མོ་བཀྲ་བའི་རྣམ་པར་བསྡུས། ཁྱེད་རང་རྣམས་ལ་ཐིམ་པས་རྡོ་རྗེའི་སྲོག་འགྲུབ། སྒྲུབ་རྫས་རྣམས་ལ་ཐིམ་པས་འཆི་མེད་ཀྱི་བཅུད་ལེན་མཆོག་ཏུ་བྱིན་གྱིས་བརླབས་པར་མོས། མདའ་དར་གཡབ་ཅིང་། ཧཱུྃ༔ ཐུགས་དམ་ཆེན་པོའི་སོགས་ཚེ་འགུགས་མཐར་ཚེའི་སྒྲུབ་སྔགས་སྦྱར། ཚེ་འབྲང་ཕྱི་སྣོད་ཟླ་གམ་འབར་བའི་ཕོ་བྲང་དུ་ཚེ་གཏོར་འཆི་མེད་གྲུབ་པའི་ལྷ་ཆེ་མཆོག་བདུད་རྩི་འཁྱིལ་པ་ཡབ་ཡུམ། སྤྲུལ་པ་ཡང་སྤྲུལ་རྩ་གསུམ་རབ་འབྱམས་ཕྲིན་ལས་གྲུབ་པའི་ཚོགས་དང་བཅས་པ་མངོན་སུམ་བཞིན་བཞུགས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་། དེ་རྣམས་ཀྱི་སྐུ་ལས་འཆི་མེད་བདུད་རྩིའི་རྒྱུན་བྱུང་། སྤྱི་བོ་ནས་ཞུགས་ལུས་ཀྱི་ནང་གང་ཞིང་བ་སྤུའི་བུ་གའི་མཐར་ཁྱབ། སྐྱེ་འཆིའི་མཚན་རྟོག་གི་དྲི་མ་སྦྱངས། འགྱུར་མེད་གཉུག་མ་སྐུ་རྡོ་རྗེའི་ཚེ་ཐོབ་པར་མོས། ཨོཾ༔ སྣོད་ནི་ཟླ་གམ་སོགས་གཏེར་གཞུང་བཞིན། རང་བྱུང་པདྨ་བྷཉྫའི་སྣོད་དུ་བརྟན་གཡོའི་དྭངས་བཅུད་འདུས་པའི་བདུད་རྩི་དང་། ལྷ་ཚོགས་མཉམ་སྦྱོར་འཆི་མེད་བདེ་ཆེན་བྱང་ཆུབ་སེམས་ཀྱི་ཐིག་ལེར་འཁྱིལ་པ་མྱང་བས། རྩོལ་བཅས་འགྲོ་འོང་གི་དྲི་མ་སྦྱངས། འགག་མེད་རང་བྱུང་གསུང་རྡོ་རྗེའི་ཚེ་ཐོབ་པར་མོས། ཨཱ༔ སྣོད་ནི་རང་བྱུང་སོགས། ཚེ་གལ་མཐུན་བསྡེབས་འཆི་མེད་གྲུབ་པའི་བཅུད་ལེན་གྱི་རིལ་བུ་མྱང་བས། གཉིས་འཛིན་འཕོ་བཅས་ཀྱི་དྲི་མ་སྦྱངས། རིག་སྟོང་འོད་གསལ་ཐུགས་རྡོ་རྗེའི་ཚེ་ཐོབ་པར་མོས། ཧཱུྃ༔ སྣོད་ནི་འོད་ལྔའི་སོགས། ཚེ་སྦ་ཞིང་རྒྱས་གདབ་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་མ་ཆེ་མཆོག་བདུད་རྩི་འཁྱིལ༔ ལྗང་སེར་ཞལ་གཅིག་ཕྱག་གཉིས་པ༔ ལྕགས་ཀྱུ་དང་ནི་ཐོད་པ་བསྣམས༔ ཁྲོ་ཆགས་སྒེག་པའི་གཟི་བྱིན་འབར༔ དུར་ཁྲོད་ཆས་ལྡན་ཡུམ་དང་སྦྱོར༔ པད་ཉི་དྲེགས་པ་ཕོ་མོའི་སྟེང༔ སྲིད་ཞི་ཀུན་གྱི་སྲོག་ཏུ་བཞེངས༔ དེ་ལྟར་གསལ་བའི་ཐུགས་ཀ་རུ༔ སྣ་ཚོགས་རྡོ་རྗེའི་ལྟེ་བའི་དབུས༔ ཉི་ཟླ་ཁ་སྦྱོར་ཧཱུྃ་གིས་མཚན༔ དེ་ཡི་ཁོག་པར་ནྲྀ་དང་ཨ༔ མཐའ་མར་ཚེ་ཡི་སྔགས་ཀྱིས་བསྐོར༔ འཁོར་འདས་ཚེ་ཡི་དྭངས་བཅུད་ཀུན༔ བདུད་རྩིའི་རྒྱུན་དང་སོགས་ཚེ་འགུགས་རྗེས་སུ་འབྱུང་བ་བཞིན། བརྟན་པར་གྱུར༔ ཨ༔ སྣོད་ནི་དྭངས་མ་སོགས་ཀྱིས་རྒྱས་གདབ། དེ་ལྟར་བགྱིས་པའི་ཕན་ཡོན་ཡང་བསྡུ་ན། གཞུང་ལས། དེས་ནི་ཚེ་དང་བསོད་ནམས་སོགས་ནས། སྐུ་ཐོབ་འགྱུར༔ ཞེས་གསུངས་པ་བཞིན་མི་བསླུ་བའི་ཐ་ཚིག་ངེས་པ་དང་ལྡན་པ་ལགས་པས་ཡིད་ཆེས་ཀྱི་སྤྲོ་བ་བསྐྱེད་འཚལ། ཤིས་བརྗོད་མཐར་རྗེས་ཀྱི་གདམས་ཁྲིད་འབོགས་པ་དབང་ཆོག་གཞུང་བཞིན་དང་། དབང་དང་ཆོ་གའི་རྗེས་རིམ་བཅས་བྱའོ།། །། ༈ སྐབས་འདིར་ཉང་གཏེར་བཀའ་བརྒྱད་བདེ་གཤེགས་འདུས་པ་དང་འབྲེལ་བའི་བདུད་རྩི་སྨན་སྒྲུབ་གསང་ཆེན་མཆོག་གི་མྱུར་ལམ་གྱི་སྨན་དབང་ནི། རིག་འཛིན་བརྒྱུད་པའི་ཕྱག་བཞེས་བཞིན་ཚོགས་སྒྲུབ་ཆེན་མོ་དང་འབྲེལ་བར་སྦྱོར་དངོས་རྗེས་ཀྱི་རིམ་པས་སྨན་སྒྲུབ་ཚུལ་ལྡན་ཕྱག་ཏུ་བསྟར་བའི་རྗེས་ཐོག་ཏུ་མཛད་པ་ལས། ཉི་ཚེ་བའི་སྨན་དབང་ལྟར་ཁོལ་འདོན་མཛད་སྲོལ་མེད་དོ། །དེ་དག་གིས་བདུད་རྩི་ཡོན་ཏན་སྒྲུབ་པ་དངོས་ཀྱི་སྐོར་རྣམས་གྲུབ་བོ།། །། ༄། གཉིས་པ་བདུད་རྩིའི་ཕྱོགས་གཏོགས་ཆ་མཐུན་གྱི་རིགས་ལ། རྒྱ་གར་གྱི་གྲུབ་ཆེན་ཛཱ་ཧ་བཱིར་གྱི་བྷྲཱུར་རླུང་གི་གདམས་ངག་ལས་བྱོན་པ་སྔ་ཕྱིའི་དབང་གིས་བཀའ་བབས་དང་པོ་གཉིས་པ་གསུམ་པ་རྣམས་སུ་གྲགས་པའི་སྔ་བར་གཉིས་ལ་དབང་བསྐུར་མ་བཞུགས་པས། འདིར་བཀའ་བབས་གསུམ་པའམ་ཕྱི་མ་གྲུབ་ཆེན་ཉི་ཟླ་ཀློང་ཡངས་ལ་ཉེ་རིང་གི་བརྒྱུད་པའི་ཆུ་བོ་འདུས་པ་ཟབ་ཆོས་འཇའ་ལུས་འོད་ཕུང་རང་གྲོལ་གྱི་སྨིན་བྱེད་བདེ་ཆེན་བདུད་རྩིའི་ཆུ་རྒྱུན་གྱི་ལག་ལེན་གསལ་བར་བཀོད་པ་པདྨ་རཱ་གའི་བུམ་བཟང་ལྟར་དབང་སྒྲུབ་ལ་མདུན་བསྐྱེད་དང་ཚོགས་མཆོད། ༼ཅི༽རིག་འཛིན་སྲོག་སྒྲུབ་ཀྱི་ཡུམ་བཀའ་ཕག་མོའི་ལས་བྱང་ཟག་མེད་བདེ་ཆེན་བཞིན་སྦྱར། དབང་དངོས་གྲུབ་པའི་ལུས་དབུལ་རྗེས། དེས་སྨིན་བྱེད་དབང་གི་རིམ་པ་བཀའ་བབས་ཕྱི་མ་ལས་བྱོན་པ་སྔོན་དུ་བཏང་ནས། དངོས་གཞིའི་ཁྲིད་རིམ་ལ་བཀའ་བབས་སྔ་ཕྱི་བར་གསུམ་ལས་བྱོན་པ་རྣམས་ཞུ་བའི་ཡོན་དུ་མཎྜལ། བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང་། རྡོ་རྗེའི་རྣལ་འབྱོར་གྱི་ཁྱེར་སོ་གསུམ་གསལ་བཏབ་ནས་གསན་འཚལ། དེ་ལ་འདིར་བྷྲཱུར་རླུང་གི་མན་ངག་ཟབ་མོ་ཞེས་བྱ་བ་འདི་གང་ལས་བྱུང་བའི་ཁུངས་ནི། ཆོས་སྐུའི་སྟོན་པ་འོད་མི་འགྱུར་བས་ལོངས་སྐུའི་སྟོན་པ་ཐུགས་རྗེ་ཆེན་པོ་ལ་དགོངས་པའི་རྩལ་གྱིས་བསྟན། དེས་སྤྲུལ་སྐུའི་བླ་མ་ཀུན་མཁྱེན་པདྨ་འབྱུང་གནས་ལ་བྱིན་རླབས་བརྡ་ཡི་ཚུལ་དུ་བསྟན། དེས་སྐལ་ལྡན་གྱི་སྐྱེས་བུ་རྣམས་ཀྱི་དོན་ཕྱིར། རྒྱ་གར་འཕགས་པའི་ཡུལ་གྱི་གྲུབ་ཐོབ་ཆེན་པོ་ཛཱ་ཧ་བཱིར་ལ་གནང་། དེ་ལ་མཆོག་ཐུན་གྲུབ་པའི་སློབ་མ་མཐའ་ཡས་པ་མཆིས་པའི་གཙོ་བོ་ནཱ་ཐའི་མཚན་ཅན་བརྒྱད་ཡོད་པ་ལས། བཛྲ་ནཱ་ཐ་བོད་དུ་བྱོན་ནས། འབྲི་གུང་པ་སྣ་ཚོགས་རང་གྲོལ་ལམ་རིན་ཆེན་ཕུན་ཚོགས་ལ་དངོས་སུ་གནང་བ་ནས་བཟུང་རིམ་པར་བྱོན་པའི་བཀའ་བབས་དང་པོར་གྲགས་པའི་གདམས་ཁྲིད་ནི། གྲུབ་པའི་དབང་ཕྱུག་ཆེན་པོ་ཛཱ་ཧ་བཱིར་ལས་བརྒྱུད་པའི་གདམས་པ་འདི་ལ་སྦྱོར་དངོས་མཇུག་གསུམ་ལས། དང་པོ་སྦྱོར་བ་ནི། རང་ཉིད་གང་དུ་འདུག་པའི་སོགས་རླུང་ཁྲིད་འཇའ་ལུས་མངོན་གྱུར་བཞིན་ལ། བརྒྱུད་འདེབས་ཀྱི་སྐབས་ཁ་སྐོང་ནི། ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་རྗེས་སུ། རྩ་གསུམ་རྟག་རོལ་དེ་ཝཱི་ཀོ་ཊི་ནས། །འཇམ་མགོན་པདྨ་གར་དབང་ལ་གསོལ་བ་འདེབས། །ཞེས་སྦྱར་ནས་མཇུག་གི །རང་སྲོག་ལ་གཅེས་སྤྲས་གལ་ཆེ་འོ། །ཞེས་བཀའ་གཙིགས་གཏད་རྒྱས་གདམས་པ་ལྷ་བཙུན་ངག་དབང་ཕུན་ཚོགས་ཀྱིས་བཀོད་པའི་ཡིག་ཆའི་སྟེང་ནས་ཁྲིད་ལུང་གྲུབ་པ་ལགས། སླར་བཀའ་བབས་བར་པར་མཚན་གསོལ་བ་ནི། དེ་དང་དུས་མཚུངས་ཙམ་དུ་ཛཱ་ཧ་བཱིར་གྱི་སློབ་མ་ནཱ་ཐའི་མཚན་ཅན་བརྒྱད་ཀྱི་གཙོ་བོ་མ་ཎི་ཀ་ནཱ་ཐ་བོད་དུ་བྱོན་ནས་གནས་གསར་བ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་ལ་དངོས་སུ་གནང་བ་ལ། བཀའ་བབས་བར་པར་གྲགས་པ་རླུང་གི་རྣལ་འབྱོར་ལ་བརྟེན་ནས་ཚེ་སྒྲུབ་པའི་གདམས་ཁྲིད་ནི། ཞེས་མཚམས་སྦྱར་ལ་བརྒྱུད་པ་བར་པའི་ཁྲིད་ཡིག་གི །འདིར་གྲུབ་པའི་དབང་ཕྱུག་ཆེན་པོ་ཛཱ་ཧ་བཱིར་ནས་བརྒྱུད་པའི་ཚེ་སྒྲུབ་ཟབ་མོ་སོགས་ནས། བར་སྐབས་ཀྱི་མཆན་བུ་རྣམས་དཀྱུས་སུ་ཤེས་ན་བཅུག་ནས་བཀླག །མ་ཤེས་ན་འདིར་བསྐྱུར་ཏེ་ལུང་གི་སྐབས་བར་པའི་དུས་ངེས་པར་བཀླག །གང་ལྟར་ཡང་བརྒྱུད་པའི་གསོལ་འདེབས་ལ་ནོར་བར་སྣང་བས་ཆད་འཛུད་ནི། རིག་འཛིན་གྲུབ་པའི་གཙུག་རྒྱན་པདྨའི་མཚན། །ཞེས་པའི་འཕྲོས་སུ། རྨོར་ཆེན་རིག་འཛིན་ཀུན་དགའ་ལྷུན་གྲུབ་ཞབས། །བསྟན་པའི་སྒྲོན་མེ་ལེགས་པའི་འབྱུང་གནས་ལ། །གསོལ་བ༴ སློབ་བཤད་འཛིན་མཁས་སོགས་ཚིག་རྐང་གཉིས་གཞུང་ལྟར་དང་། ཁ་སྐོང་ནི། མཚུངས་མེད་ངག་དབང་བསྟན་འཛིན་སྙན་གྲགས་ལ། །གསོལ་བ༴ ཐམས་ཅད་མཁྱེན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་། །རྡོ་རྗེ་འཆང་དངོས་བློ་གྲོས་མཐའ་ཡས་ཞབས། །བཀའ་དྲིན་མཚུངས་མེད་སོགས་དང་སྦྲེལ། མཇུག་གི །འཆི་མེད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཞེས་གནས་གསར་བ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གི་ཡང་སློབ་དབང་ཕྱུག་རབ་བརྟན་གྱིས་མཛད་པའི་ཡིག་ཆའི་སྟེང་ནས་ཁྲིད་ལུང་སོང་ནས། དེ་ནས་སླར་ཡང་བརྒྱུད་པ་ཕྱི་མ་ནི། ཆོས་རྒྱལ་འབྲི་གུང་པའི་སློབ་བརྒྱུད་ལས་ཉམས་ལེན་སྒྲུབ་པ་བར་མ་ཆད་པའི་རྣལ་འབྱོར་པ་རིམ་པར་བྱོན་པའི་གྲུབ་ཐོབ་ཉི་ཟླ་ཀློང་གསལ་ལ་གྲུབ་ཆེན་ཛཱ་ཧ་བཱིར་དངོས་ཀྱིས་ཞག་བཅུ་གསུམ་གྱི་བར་དུ་སྨིན་གྲོལ་བསྩལ་པའི་སྨིན་བྱེད་ནི། ད་ལྟར་བརྒྱུད་པ་གསུམ་གའི་སྨིན་བྱེད་ཀྱི་དོད་དུ་བསྒྲུབས་ཟིན་པ་དེ་ལགས་ཤིང་། འདིར་གྲོལ་བྱེད་ཀྱི་ཁྲིད་ལུང་འབོགས་པ་སྟེ། དེ་ལའང་ཁུངས་བཙུན་པའི་ཕྱིར་ལོ་རྒྱུས་ཕྱི་ནང་དང་། ཆོས་ཀྱི་སྲང་དུ་འཛུད་བྱེད་སྔོན་འགྲོའི་རིམ་པ་འདི་ཉིད་ཀྱི་གཞུང་ནས་བཤད་པ་རྣམས་སྤྱིར་སྔོན་དུ་གཏང་དགོས་པ་ཐུགས་ལ་བཅངས་ནས། མན་ངག་ཐམས་ཅད་ཀྱི་རྩ་བ་ཐུན་མོང་ཐུན་མིན་གྱི་སྔོན་འགྲོ་དང་བཅས་པའི་དངོས་གཞིའི་ཉམས་ལེན་དམར་ཁྲིད་རླུང་གི་རྣལ་འབྱོར་དང་གཏུམ་མོའི་ཉམས་ལེན། ཞལ་ཤེས་གེགས་སེལ་མན་ངག་ལ་སོགས་པའི་ཁྲིད་ཆེན་བརྒྱད་དུ་གྲགས་པའི་གདམས་པ་ཕྲན་ཚེགས་རྣམས་རིམ་པར་འབྱུང་བ་ལ་སྙན་གཏོད་ཅིག །རྩ་གཞུང་ལྡེབ་བཅོ་བརྒྱད་པའི་མདུན་ངོས། འཇའ་ལུས་འོད་ཕུང་རང་གྲོལ་ལས༔༙ དམར་ཁྲིད་སངས་རྒྱས་ལག་འཆང་སོགས་ཁ་ཡིག་ནས་གཟུང་བཀའ་སྲུང་གཉེར་གཏད་སྔགས་བཅས་དང་། དེའི་མཇུག་གི་གཏུམ་མོའི་ཁྲིད་ཀྱང་དེ་བཞིན་ཚར་ནས། ཤེས་རབ་མའི་ཁྲིད་དེ་དོར་ལ། གེགས་སེལ་འོག་ཏུ་འཆད་དགོས་པས་སྐབས་འདིར་བཞག་སྟེ། ཁྲིད་ཆེན་བརྒྱད་ཟེར་བ་དེ་བཏང་བའི་རྗེས། གོང་གི་གེགས་སེལ་བདུད་རྩིའི་ཆར་འབེབ་འདིར་བླངས། དེ་རྫོགས་པའི་གཉེར་གཏད་སྔགས། ས་མ་ཡ་རཀྵ་རཱ་ཧུ་ལ༔༙ ཞེས་པའི་བར་སྒྲ་དག་པར་བཀླག །དེ་རྣམས་ཀྱིས་སྨིན་བྱེད་དབང་དང་། བྷྲཱུར་རླུང་ལ་བརྟེན་པའི་ཁྲིད་ལུང་གི་རྒྱུན་རྣམས་ལེགས་པར་གྲུབ་པ་ལགས་ཤིང་། འདི་ལྟར་དབང་བསྐུར་བ་དང་ཁྲིད་ལུང་འཆད་ཉན་བགྱིས་པ་ལས་བྱུང་བའི་དགེ་རྩ་འཁོར་གསུམ་ཡོངས་གྲོལ་གྱི་བསྔོ་བའི་དགོངས་སྤྱོད་དང་ལྡན་པས་ཡོངས་སུ་བསྔོ་བ་ཆབས་ཅིག་ཏུ་མཛོད། བསོད་ནམས་འདི་ཡིས་སོགས་ཀྱིས་གྲུབ། ཆོ་གའི་རྗེས་དབང་ཆོག་བཞིན་བྱའོ། །དེ་དག་གིས་བདུད་རྩི་ཡོན་ཏན་སྒྲུབ་པའི་སྐོར་རྩ་བ་དང་ཡན་ལག་བཅས་པ་རྣམས་གྲུབ་པ་ཡིན་ནོ།། །། ༄༅། །ལྔ་པ་ཕུར་པ་ཕྲིན་ལས་ཀྱི་སྒྲུབ་སྐོར་ལ། གུ་རུ་ཆོས་ཀྱི་དབང་ཕྱུག་གི་རྡོ་རྗེ་ཕུར་པ་ཡང་གསང་སྤུ་གྲིའི་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་བཻ་ཌཱུརྱའི་བུམ་བཟང་ལྟར་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ བྱང་གཏེར་ཕུར་པ་སྤུ་གྲིའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་ལག་ལེན་མདོར་བསྡུས་པ་རིག་མཆོག་ལམ་འདྲེན་ལྟར་བདག་བསྐྱེད་ལ་དྲིལ་སྒྲུབ་འདིར་མ་བཞུགས་པས་ལས་བྱང་ཉིད་གཏང་དགོས་ཤིང་། དེ་ལ་ཚོགས་གསག་རྡོ་རྗེ་སློབ་དཔོན་ནས་བདག་བསྐྱེད་རྐྱང་བའི་ལུགས་ལ། ཏིང་འཛིན་རྣམ་གསུམ་ནས། གཙོ་བོ་ཡབ་ཡུམ་བསྐྱེད་པའི་མཇུག །རང་རིག་མ་ཡེངས་ལྷང་ངེར་གནས་པར་བསྐྱེད༔བར་དང་། འོག་གི་ཁྲོ་བཅུ་ལུས་དཀྱིལ་ནི། ཨོཾ་བཛྲ་ཀྲོ་ཏ་ཧཱུྃ་ཀཱ་ར་ཧཱུྃ༔ གརྫ་གརྫ་ཧཱུྃ་ཕཊ༔ སྔགས་དེ་བརྗོད་པ་སོགས་ནས། དེ་ལྟར་ཤིན་ཏུ་གསལ་བར་བསྒོམ༔ བར་གྱིས་ལུས་དཀྱིལ་གསལ་གདབ། དེའི་འཁོར་དུ་གོང་གི །ཡབ་ཡུམ་ཐབས་དང་ཤེས་རབ་རོལ་པ་ལས༔ གཙོ་བོའི་ཐུགས་ལས་སོགས་ནས། རབ་འཇིགས་དུར་ཁྲོད་འབར་བའི་ཀློང་ན་བཞུགས༔ བར་དང་། འོག་གི །ཕོ་བྲང་སྒོ་བཞིར་ཛཿཧཱུྃ་བཾ་ཧོཿལས༔ ཉི་མ་ཞིང་རྐྱང་སོགས་ནས་བསྟོད་པའི་མཐའ་བར་སྤྲོ་ན་ལས་བྱང་ལྟར་དང་། བསྡུ་ན། དབང་བསྐུར་ནས་བསྟོད་པ་གྲུབ་ཀྱི་བར་དབང་ཆོག་སྟ་གོན་སྐབས་བཞིན་བྱ། གང་ལྟར་ཡང་ལས་བྱང་གི་དམིགས་པ་གསལ་བཏབ་ལ། ཀཱི་ལ་ཡ་སུམ་བརྒྱ་ལས་མི་ཉུང་བར་བཟླ། ༧ དེ་ནས་ལྷ་སྟ་གོན་མདོར་བསྡུས་ནི། མདུན་རྟེན་ཚོམ་བུ་ལ་དམིགས་ཏེ། སླར་ལས་བྱང་གི་མཆོད་བརླབ་ནས་བརྩམ། ལྷ་བསྐྱེད་ལ་བདག་མདུན་གྱི་ཁྱད་པར་དེ་ལས་མདུན་སྐྱེད་སོགས་ཁ་བསྒྱུར་ཏེ། བདག་སྐྱེད་སྐབས་ལྟར་དཀྲུག་མི་བྱེད་པར་ཤར་འདོན་གྱིས་ཁྲོ་བཅུའི་མཇུག །རབ་འཇིགས་དུར་ཁྲོད་འབར་བའི་ཀློང་ན་བཞུགས༔ བར་དང་། དེ་མཚམས་འོག་གི །ཧཱུྃ༔ ཐུགས་ཀྱི་སྲས་མཆོག་སོགས་སྲས་བསྐྱེད་ནས་ཤར་གྱིས། གཙོ་འཁོར་གྱི་བཟླས་པ་གྲུབ་པའི་མཐར་མཆོད་བསྟོད་བསྡུས་པ་བྱ། བུམ་པ་སྟ་གོན་ནས་གཟུང་སློབ་མ་སྟ་གོན་སོགས་དབང་ཆོག་བཞིན་ལ། ༧ དབང་དོན་སྒྲུབ་མཆོད་སྐབས་དངོས་སྟ་ཕྱེས་ན། ཕྱིར་ནངས་ཚིག་བདུན་ནས་གཟུང་ལྷ་བསྐྱེད་པ་ལ། ཏིང་འཛིན་རྣམ་གསུམ་ནས། ཕོ་བྲང་གཞལ་ཡས་བསྐྱེད་པ་བཅས་བདག་མདུན་ཆབས་ཅིག་ཏུ་ཚིག་རིས་གཅིག་གིས་བཏང་ནས། ཐོག་མར་བདག་བསྐྱེད་ལ་སྔར་སྟ་གོན་སྐབས་སུ་སྨྲོས་པ་བཞིན་ལས། དེ་ལྟར་གཞལ་ཡས་ལྷ་ཚོགས་གསལ་བར་བསྒོམ༔ ཞེས་པའི་བར་གྱི་མཚམས་ཁྱད་པར་ནི་དབང་བསྐུར་མན་འདིར་མི་སྦྱོར་ཞིང་། མདུན་བསྐྱེད་ལ་དམིགས་ཏེ། ཧཱུྃ༔ དཀྱིལ་འཁོར་དབུས་ཀྱི་གྲུ་གསུམ་ལྟེ་བ་ལ༔ སོགས་བདག་མདུན་གྱི་ཚིག་རིས་ཙམ་སྐབས་ཐོབ་ཁ་བསྒྱུར་བ་ལས་གཞན་གབ་དཀྲུག་མེད་པར་ཤར་གྱིས། རབ་འཇིགས་དུར་ཁྲོད་འབར་བའི་ཀློང་ན་བཞུགས༔ ཞེས་པའི་མཚམས། འོག་གི་སྲས་མཆོག་བསྐྱེད་པ། ཧཱུྃ༔ ཐུགས་ཀྱི་སྲས་མཆོག་སོགས་ནས། དེ་ལྟར་གཞལ་ཡས་ལྷ་ཚོགས་གསལ་བར་བསྒོམ༔ བར་གྱིས་མདུན་བསྐྱེད་གསལ་གདབ། དབང་བསྐུར་རྒྱས་གདབ་ཕྱིན་བདག་མདུན་ཚིག་རིས་གཅིག་པས་བྱ་བ་སོགས་ཀྱི་རྣམ་དབྱེ་ཤེས་ཤིང་སྦྱོར་དགོས། ༧ དངོས་སྟ་སྦྲེལ་ན། ཚོགས་གསག་རྡོ་རྗེ་སློབ་དཔོན་སྔོན་དུ་འགྲོ་བས། བགེགས་གཏོར་སྤྱི་ཁྱབ་བརླབ་འགུགས་བསྔོས་ནས་བསྐྲད། ལས་བྱང་གི་རྒྱལ་ཆེན་ནས་གཟུང་མངོན་རྟོགས་ལྷ་བསྐྱེད་གོང་གི་ལྷ་སྟ་གོན་སྐབས་བཤད་པ་བཞིན་མདུན་བསྐྱེད་གཙོ་བོར་བྱེད་དགོས། གཞན་དབང་ཆོག་བཞིན་གྱིས་འཐུས། དབང་དངོས་ཀྱི་རིག་འཛིན་གཏོར་དབང་སྐབས་ཁ་སྐོང་ནི། པདྨ་ཕྲིན་ལས་རྗེས་སུ། དབང་བཞིའི་བྱིན་རླབས་ཕོ་བྲང་ནས། །བརྒྱུད་འཛིན་བླ་མ་རིམ་བྱོན་རྣམས། །འགྲོ་བའི༴ ཆོས་དབྱིངས༴ རིག་འཛིན༴ འབྲལ་མེད་སྙིང་རྗེའི་སོགས་སྦྲེལ། རྡོ་རྗེ་སློབ་དཔོན་དབང་གི་ལྷ་བསྐྱེད་དཀྱུས་ཡོད་བསྡུས་པས་འཐུས། བསྒྲལ་དབང་གི་གསེར་སྐྱེམས་སྤྱི་འགྲོ་སྦྱོར། དེ་ཕྱིན་དབང་དང་། དེའི་རྗེས་དང་། ཆོ་གའི་མཇུག་གི་བྱ་བ་རྣམས་དབང་ཆོག་བཞིན་གྱིས་འགྲུབ་བོ།། །། ༈ སངས་རྒྱས་གླིང་པའི་ཕུར་སྒྲུབ་ཐུགས་ཀྱི་ཉིང་ཁུའི་སློབ་མ་སྨིན་བྱེད་དབང་གི་ལག་ཁྲིད་གོ་གསལ་དུ་བཀོད་པ་ཕྲིན་ལས་བདུད་རྩིའི་རྒྱུན་འབེབ་ལྟར་བདག་བསྐྱེད། དོན་དབང་ནས་འབྱུང་བའི་སྒོ་ཞུས་མཚམས་ཕུར་གདབ་པ་ཟིན་གྱི་བར་འདིར་བླངས་ལ། སྟ་གོན་བྱ། དབང་སྒྲུབ་ཀྱང་དོན་དབང་དབུར་གསུངས་པ་ལྟར་བདག་མདུན་བུམ་གསུམ་སོ་སོར་བསྒྲུབ་དགོས། དབང་དངོས་གཞིའི་ཡེ་དབབ་རྗེས་ཀྱི་དམ་གཞག་སྐབས་དམ་ཆུ་སྦྱིན་དགོས། དོན་དབང་བལྟས་ཆོག་ཏུ་བཀོད་པ་ཕྲིན་ལས་བཅུད་འཛིན་ལྟར་དངོས་སྟ་སྦྲེལ་བའི་དོན་དབང་ཡང་བསྐུར་ཞིང་། མེ་ཏོག་ཕྱག་ལེན་བདེ་ཕྱིར་སྔགས་ཀྱིས་སྦྱིན། མེ་ཏོག་ཅོད་པན་དབང་གི་སྐབས་མེ་ཏོག་གི་དོད་དུ་ཕུར་ཆུང་ཡུངས་ཐུམ་བཏགས་པ་སློབ་མ་སོ་སོར་བྱིན། རིག་དབང་ནང་གི་བུམ་པ་རྣམ་རྒྱལ་དང་། ཕུར་པ་རཏྣ་ཀཱི་ལ་ཡ་ཡིན། གསང་དབང་ཐོད་པ་རྒྱུན་བཞིན་ཟུར་དུ་བཤམས་པས་ཆོག །རྗེས་རིམ་བཅས་བྱའོ།། །། ༈ རཏྣ་གླིང་པའི་རྡོ་རྗེ་ཕུར་པ་ཡང་གསང་བླ་མེད་དོན་གྱི་སྙིང་པོའི་དབང་བསྐུར་ཆེན་མོ་ཁྱེར་བདེར་བཀོད་པ་ཕྲིན་ལས་རྣམ་པར་རོལ་པ་ལྟར་བདག་ཉིད་ལྷར་གསལ་བས། ས་ཆོག །སྙན་གསན་དབབ་པ། བུམ་པ་བརྒྱན་བཀོད། དབང་སྒྲུབ། སྟ་གོན་དང་སྦྲེལ་བའི་དངོས་གཞིར་ཅོད་པན་བཏགས་པའི་སྐབས་ཕུར་ཆུང་སློབ་མའི་གྲངས་མཉམ་སོ་སོར་གཏད་ཅིང་། རྩ་དབང་རྒྱས་པ་ཟུར་གསལ་ཁྲོ་བཅུ་སྲུང་མ་དང་བཅས་པའི་དབང་ཆོག་མཚོན་ཆའི་འཁོར་ལོ་བརྒྱུད་འཛིན་གྱི་སློབ་བུ་ལ་བསྐུར་སྐབས་སྦྱར་རྒྱུ་རྣམས་ཀྱང་སྦྱོར་དགོས་ཤིང་། འདི་སྐབས་དབང་གཞུང་གི་བསྡུས་པ་དེ་མ་བསྐུར་ཡང་། འདིར་རྒྱས་པ་ཐོབ་པས་བསྡུས་པ་ཐོབ་གོ་ཆོད་ཅིང་གཞན་ལ་བསྐུར་ཆོག །བསྡུས་པ་ཐོབ་པས་རྒྱས་པའི་གོ་མི་ཆོད་པའི་རྣམ་དབྱེ་ཕྱེད་དགོས། དབང་དང་ཆོ་གའི་རྗེས་རིམ་བཅས་དང་། དོན་དབང་བལྟས་ཆོག་ཏུ་བཀོད་པ་རྡོ་རྗེའི་སྒྲོམ་བུ་ལྟར་དབང་སྒྲུབ། སྟ་གོན་དང་དངོས་གཞི་སྦྲེལ་བའི་དོན་དབང་བསྡུས་པ། རྗེས་རིམ་བཅས་བྱའོ།། །། ༈ པདྨ་གླིང་པའི་ཕུར་པ་ཡང་གསང་སྲོག་གི་སྤུ་གྲིའི་དབང་སྒྲུབ་ལ། ལས་བྱང་ནོར་བུའི་ཕྲེང་བའི་ཚོགས་གསག་སྐྱབས་འགྲོ་ནས་བརྩམ་སྔོན་འགྲོའི་ལས་རིམ་བཅུ་དང་། དངོས་གཞི་བདག་དང་མདུན་གྱི་དཀྱིལ་འཁོར་སྒྲུབ་རྫས་རྣམས་དཀྱིལ་འཁོར་རྣམ་གསུམ་རྟེན་དང་བརྟེན་པར་བཅས་ཐ་མི་དད་པའི་ཚུལ་དུ་གྱེར་ཚིག་གཅིག་གིས་བསྒོམས་ནས། སྙན་གསན་དབབ་པ་ནས་གཟུང་བསྟོད་པའི་མཇུག་བར་གྲུབ་རྗེས། ཆོས་དབང་ཕུར་པའི་ལས་བྱང་ཀུན་བཟང་རོལ་མཚོ་ལྟར་ཛཔ྄་དམིགས་གསལ་བཏབ་ལ། ཀཱི་ལ་ཡ་འབྲུ་བཅུ་བདུན་པ་ཅི་འགྲུབ་དང་། གཞི་སྙིང་གཅིག་དྲིལ་དང་། དྲག་སྔགས་ཀྱང་ཅུང་ཟད་རེ་བཟླ། རྣམ་བུམ་སྤྱི་ལྟར་དང་། ལས་བུམ་དུ་འཁྱིལ་པ་དང་། ཐོད་པར་ལྷ་ཚོགས་བཅས་སོ་སོར་བསྐྱེད་བཟླས་རྣམས་ཆོས་དབང་ཕུར་པའི་དབང་ཆོག་བཻ་ཌཱུརྻའི་བུམ་བཟང་དུ་བཤད་པ་བཞིན་བྱ། སྟོང་ཚིགས་ཀྱི་མཆོད་བསྟོད། ཆོས་སྐྱོང་སྤྱི་དང་ཕུར་སྲུང་ལ་གཏོར་མ་འབུལ། ཚོགས་བྱིན་རླབས་ནས་མཆོད་བཤགས་བསྟབ་གསུམ་འབུལ། བདག་དབང་བླང་བའམ་རིག་མེ་དོར་ཞིང་གནང་བ་ནོད་པ་ཆོས་དབང་ཕུར་པའི་དབང་ཆོག་བཞིན་བྱ། དེ་ནས་འདིའི་དབང་ཆོག་ནག་འགྲོས་བདུད་བཞི་ཟིལ་གནོན་ལྟར་དབང་དངོས་གཞིའི་ས་བཅད་བཅུ་པའི་ཕུར་པ་གཙོ་འཁོར་སྦམ་ཕུར་དང་། བཅུ་གཉིས་པའི་མངགས་ཕུར་ཆེན་མོ་ནི་སྲས་མཆོག་ལས་ཕུར་ཡིན། བཅོ་ལྔ་པ་གདབ་པ་ལས་ཀྱི་དབང་ལ་དམིགས་བྱ་འགུགས་བསྟིམ་གསལ་བ་གསུམ་བཅས་ཆོས་དབང་ཕུར་པའི་དབང་ཆོག་བཞིན་སྦྱར་ཞིང་། གཞན་རྣམས་མཐར་ཆགས་སུ་བསྐུར། ཆོ་གའི་རྗེས་ཚོགས་ལ་རོལ་ཞིང་སྨོན་ལམ་གདབ། ལྷག་མ་བསྔོ། བསྐུལ་བ། དབང་རྐྱང་སྐབས་ཟློག་པ་སྒོ་དབྱེ་ཟོར་བཅས་དོར་ལ། ཆད་བརྟན། རྟ་བྲོ། གཏང་རག་གི་མཆོད་བསྟོད། ཛཔ྄་བསྙེན་གྱི་མཇུག་ནས་འབྱུང་བ་བཞིན་དངོས་གྲུབ་བླང་། ནོངས་བཤགས་དང་བརྟན་བཞུགས་སྤྱི་འགྲོ། བསྡུ་ལྡང་། བསྔོ་སྨོན། བཀྲ་ཤིས་བཅས་བྱའོ།། །། ༈ ཁྲག་འཐུང་བདུད་འདུལ་ནུས་ལྡན་རྡོ་རྗེའི་ཡང་གསང་མཁའ་འགྲོའི་སྙིང་ཁྲག་ལས་སྙིང་ཐིག་ཚེ་ཡང་ཕུར་གསུམ་གྱི་རྡོ་རྗེ་ཕུར་པ་གནམ་ལྕགས་སྤུ་གྲིའི་དབང་གི་ཆོ་ག་ལག་ལེན་གྱིས་བརྒྱན་པ་གནམ་ལྕགས་ཞུན་འདྲིལ་ལྟར་དབང་སྒྲུབ་སྐབས། དཔེ་འབྱོར་ན་དབང་ཆོག་བཞིན་དང་། མ་འཛོམ་ན་ཕྲིན་ལས་བཞིན་མཐར་ཆགས་སུ་བཏང་བས་འགྲིགས། སྒོ་ཞུས། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ ཆོས་རྗེ་གླིང་པའི་ཐུགས་དམ་གསང་བའི་ལྷ་མཆོག་རྡོ་རྗེ་ཕུར་པ་ཐུགས་ཀྱི་ཐིག་ལེའི་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་ཡེ་ཤེས་བཅུད་འདྲེན་ལྟར་བདག་བསྐྱེད། སྟ་གོན། དབང་སྒྲུབ། དབང་དངོས་ལ་ཟུར་གསལ་ལྷ་དབང་སྦྱར་ཞིང་། ཟློག་གཏོར་དབང་རྒྱས་བསྡུས་གང་བདེ་སྐབས་དང་སྦྱར་བས་བསྐུར། ཆོ་གའི་རྗེས་རིམ་བཅས་བྱའོ།། །། ༈ ར་ཞི་སྟོན་པ་སྟོབས་ལྡན་རྡོ་རྗེའི་སྟག་ཚང་རྡོ་རྗེ་ཕུར་པའི་སྟོད་ལས་རྡོ་རྗེ་སེམས་དཔའ་རིགས་ལྔ་རྒྱན་གཅིག་གི་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་ལས་རབ་གསང་བ་འཕྲུལ་འབྱེད་ལྟར་དབང་སྒྲུབ། དབང་དངོས་ཀྱི་སྒྲོལ་དབང་སྐབས། འགུགས་པ་སྤྱི་འགྲོའི་རྗེས་ཚིག་རིས་བཞིན་རྒྱ་བཞི་ཡུངས་དཀར་དབྱེ་སྒྲོ་བཅས་འདེབས་དགོས། ཆོ་གའི་རྗེས་རིམ་བཅས་དང་། ༧ ཕུར་པ་ཆེ་མཆོག་གི་ལས་བྱང་དབང་བསྐུར་བསྒྱུར་ཁའི་ཟུར་འདེབས་ཁྱེར་བདེར་བཀོད་པ་ལྟར་དབང་སྒྲུབ། དབང་དངོས། རྗེས་བཅས་བྱའོ།། །། ༈ པདྨ་འོད་གསལ་མདོ་སྔགས་གླིང་པའི་སྙན་བརྒྱུད་ཕྲིན་ལས་ཕུར་པའི་གནད་ཏིག་གི་སྨིན་གྲོལ་འབོགས་པའི་ལག་ལེན་ཕྲིན་ལས་གསང་བའི་བཅུད་འདུས་ལྟར་དབང་སྒྲུབ། དངོས་གཞིར་སྟོད་ལས་མཆོག་སྒྲུབ་ཀྱི་དབང་། སྨད་ལས་དྲག་པོའི་སྒྲོལ་དབང་། ཚེ་དབང་། ཕུར་བཞིའི་དགོངས་པའི་ཟབ་ཁྲིད། རྗེས་རིམ་བཅས་བྱའོ།། །། ༈ མཆོག་གྱུར་གླིང་པའི་ཟབ་པ་སྐོར་བདུན་ལས་ཡང་གསང་ཐུགས་ཀྱི་ཕུར་གཅིག་གི་སྨིན་བྱེད་ཁྱེར་བདེ་རྣམ་གསལ་དུ་བཀོད་པ་རིག་མཆོག་གསང་བའི་བཅུད་འབེབ་ལྟར་དབང་སྒྲུབ་སྐབས། ༼ཉི༽བསྟན་སྲུང་ཤྭ་ན་ཆེན་པོའི་ཡོངས་རྫོགས་གཏོར་མའི་དབང་ཆོག་མཐུ་རྩལ་ནུས་པའི་བཅུད་འབེབ་ནས་གསུངས་པ་ལྟར་གཏོར་དབང་བསྒྲུབ་ཅིང་། བཟླས་པའི་ཐོག་མར་ཁྲོ་རྒྱལ་སྟོབས་འདུས་ཀྱི་སྔགས་ནི། ཨོཾ་རུ་ལུ་རུ་ལུ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཅེས་བརྒྱ་རྩའི་རྗེས། གཞི་སྙིང་གཅིག་དྲིལ་ཉེར་ལྔ་ཙམ་བཟླ། དངོས་གཞིར་ལོ་རྒྱུས་དང་མཎྜལ་ཕུལ་རྗེས། ཁྱེད་རང་རྣམས་སྔོན་ཆད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དུ་མ་ཞུགས་པའམ། བསྐྱར་ནས་འཇུག་པའི་མཚོན་བྱེད་དུ་རས་ཡུག་དམར་པོས་གདོང་དགབ་པའི་མོས་པ་མཛོད། ཨོཾ་ཙཀྵུ་བྷནྡྷ་བཱ་ར་མ་ཎ་ཡ་ཧཱུྃ། ཞེས་མིག་དར་སྦྱིན། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཕྱག་རྟེན་དུ་ཨུ་དུམྦ་རཿལ་སོགས་པའི་མཆོག་གི་མེ་ཏོག་སྣ་ལྔའི་ཕྲེང་བ་རེ་ཐོགས་པར་མོས་ཤིག །ཨཱ་ཁཾ་བཱི་ར་ཧཱུྃ་ཞེས་མེ་ཏོག་གཏད། ཅེས་ཆད་པ་བཙུད་ནས། བླ་མ་དཔལ་ཆེན་སོགས་གསོལ་གདབ་ནས། སྟོད་ལས་མཆོག་སྒྲུབ་ཀྱི་དབང་གི་རྗེས་ཚོགས་ཐེངས་གྲོལ་ནས། སློབ་དཔོན་གྱིས་སྟོད་ལས་ཀྱི་དཀྱིལ་འཁོར་དེ་སྨད་ལས་ཨེ་ཁྲོམ་གྱི་དཀྱིལ་འཁོར་དུ་ཞལ་བསྒྱུར་བ་སོགས་བསྐྱེད་བཟླས་ཀྱིས་དབང་སྒྲུབ་སྟེ་སྨད་ལས་སྒྲོལ་དབང་བསྐུར་ཞིང་། འདིའི་སྐབས་བསྒྲལ་དབང་རྒྱས་པ་མི་དགོས། བསྡུས་པ་གཞུང་གསལ་གྱིས་འཐུས། གཞུང་གསལ་སྒྲོལ་དབང་གི་དམ་ཚིག་ཁས་བླངས་རྗེས། དེ་ལྟར་ཐོབ་པའི་གཏང་རག་དང་། སླར་ཡང་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་ཉིད་མི་བསྲུན་འདུལ་ཕྱིར་ཀརྨ་ཧེ་རུ་ཀཿཕྲིན་ལས་མགོན་པོ་རྡོ་རྗེ་ཕྲ་མེན་ཤྭ་ན་ཆེན་པོའི་སྐུར་བཞེངས་པའི་བྱིན་རླབས་གཏོར་མའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ། ཤྭ་ནའི་ལོ་རྒྱུས་དང་གསོལ་གདབ་སྦྲེལ་ནས་བསྐུར་ཞིང་། དབང་གི་རྗེས་རྣམས་དང་། ཆོ་གའི་རྗེས་ཚོགས་ལ་རོལ་ཞིང་། ལྷག་མ་ཕྲིན་ལས་མཇུག་གི་སྤྱི་ཆིངས་བཞིན་བསྔོས་རྗེས། ཤྭ་ནའི་འབུལ་གཏོར་ལ་དམིགས་ཏེ། དམ་ཅན་སྤྱི་གཏོར་གྱི་འགུགས་བརླབ་གཏོར་སྔགས་ཕྲིན་བཅོལ་བཅས་བྱ་བ་ལ་ཤྭ་ནའི་རང་སྔགས་བསྒྱུར་བ་ཙམ་ཁྱད་པར་རོ། །ཕྲིན་ལས་མཇུག་གི་སྤྱི་ཆིངས་ཀྱི་བསྐུལ་བ། ཆད་བརྟན། རྟ་བྲོའི་མཇུག་ཏུ་ཤྭ་ནའི་རྗེས་རིམ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཤྲཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པུཥྤེ་ནས། ཤབྡ་མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི། ཞེས་པས་མཆོད། ཧཱུྃ། རྡོ་རྗེ་གཞོན་ནུ་ཡབ་ཡུམ་མཁའ་ཀློང་ནས། །ཐུགས་རྗེ་དྲག་གཏུམ་ཁྲོས་པའི་ཆོ་འཕྲུལ་ལས། །མི་བསྲུན་མ་ཧཱ་ཀཱ་ལ་ཤྭ་ན་ཆེ། །ཕྲ་མེན་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། ནོངས་བཤགས་ནས་བཀྲ་ཤིས་བར་དམ་སྤྱི་བཞིན་གཏང་ལ་གཞུང་གི་མཆོད་བསྟོད་སོགས་མཐར་དབྱུང་བས་གྲུབ་བོ།། །། ༈ མཆོག་གླིང་གསང་ཐིག་སྐོར་གསུམ་གྱི་རྡོ་རྗེ་གཞོན་ནུ་ཕྱག་རྒྱ་གཅིག་པའི་གཏོར་དབང་གི་ཆོ་ག་རྡོ་རྗེའི་ཐིག་ལེ་ལྟར་དབང་སྒྲུབ། དབང་དངོས། རྗེས་ཆོག་གཏོར་འབུལ་ཚོགས་མཆོད་བཅས་བྱའོ། །དེ་རྣམས་ཀྱིས་ཕྲིན་ལས་ཀྱི་ལྷ་མཆོག་རྡོ་རྗེ་ཕུར་པའི་སྐོར་གྲུབ་བོ།། །། ༄༅། །དྲུག་པ་འདས་མ་འདས་ཀྱི་དཀྱིལ་འཁོར་ཆ་སྙོམས་སུ་སྟོན་པའམ། བསྐྱེད་རྫོགས་རྩ་རླུང་གི་མན་ངག་ཆ་སྙོམས་སུ་འབྱུང་བས་སོ་མཚམས་པར་གྲགས་པ་མ་མོ་རྦོད་གཏོང་གི་སྐོར་ལ་དངོས་དང་། ཕྱོགས་གཏོགས་གཉིས་ལས། དང་པོ་དངོས་ལ། ར་ཤག་ཆོས་འབར་རམ་བསོད་ནམས་རྡོ་རྗེའི་སྲིད་པ་མ་མོ་སྒང་ཤར་གྱི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བའི་ཆོ་ག་གསལ་བར་བཀོད་པ་བདེ་ཆེན་རོལ་མཚོ་ལྟར་བདག་བསྐྱེད། སྟ་གོན། དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ པདྨ་འོད་གསལ་མདོ་སྔགས་གླིང་པའི་སྙན་བརྒྱུད་སྲིད་པ་མ་མོའི་གནད་ཏིག་གི་ཕྲིན་ལས་དང་དབང་བསྐུར་བའི་ལག་ལེན་བཀླག་ཆོག་ཏུ་བཀོད་པ་མ་མོ་དགྱེས་པའི་དགའ་ཚལ་ལྟར་དབང་སྒྲུབ། དངོས་གཞི་རྩ་དབང་རྗེས་འབྲེལ་དང་བཅས་པ། ཟབ་ཁྲིད། རྗེས་རིམ་བཅས་བྱའོ།། །། ༈ མཆོག་གྱུར་གླིང་པའི་ཟབ་བདུན་གྱི་དཔལ་མངོན་རྫོགས་རྒྱལ་པོའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོག་བསྒྲིག་རིག་འཛིན་རོལ་པའི་དགའ་སྟོན་ལྟར་དབང་སྒྲུབ། དབང་དངོས་ཀྱི་ལྷ་དབང་སྐབས་དཔལ་བརྒྱད་སོ་སོར་ཁ་ཕྲལ་ཏེ་བསྐུར་དགོས། རྗེས་རིམ་བཅས་བྱའོ། །མ་མོ་རྦོད་གཏོང་རྩ་བ་ནི་འདིར་དེ་ཙམ་མོ།། །། ༄། གཉིས་པ་མ་མོ་རྦོད་གཏོང་གི་ཕྱོགས་སུ་གཏོགས་པ་ཡེ་ཤེས་མཁའ་འགྲོ་སེང་གདོང་མའི་སྐོར་ལ། བོ་དོང་པ་ནམ་མཁའ་སངས་རྒྱས་མགོན་པོ་ལ་ཉེ་རིང་གི་བརྒྱུད་པའི་བཀའ་བབས་པ་སེང་གདོང་བཀའ་བཅུའི་རྗེས་གནང་ལ། ཟབ་གསང་སེང་གདོང་སྙན་བརྒྱུད་ཀྱི་སྒྲུབ་ཐབས་བཀའ་བཅུའི་མངོན་རྟོགས་རྗེས་གནང་གི་ཐོ་ཡིག་ཕྲིན་ལས་སྙིང་པོ་ལྟར། དང་པོ་ཕྱི་སྒྲུབ་རྡོ་རྗེ་མཁའ་འགྲོ་སེང་གདོང་མ་སྔོན་མོ་གཙོ་རྐྱང་། གཉིས་པ་ནང་སྒྲུབ་སེང་གདོང་སྔོན་མོ་རིགས་ལྔ། གསུམ་པ་ནང་སྒྲུབ་སེང་གདོང་དམར་མོ་གནོད་སྦྱིན་དབང་སྡུད་རྒྱལ་མོ། བཞི་པ་ནང་སྒྲུབ་དབང་སྡུད་པདྨ་མཁའ་འགྲོ་རིགས་ལྔ་སྟེ་ནང་སྒྲུབ་སྐོར་གསུམ་དང་། ལྔ་པ་གསང་སྒྲུབ་གཅེར་བུ་ཁྲོས་མ་ནག་མོ། དྲུག་པ་གསང་སྒྲུབ་གཅེར་བུ་ཁྲོས་ནག་ཞལ་གསུམ་ཕྱག་དྲུག་ཕུར་ཞབས་ཅན། བདུན་པ་གསང་སྒྲུབ་གཅེར་བུ་ཁྲོས་ནག་ཕུར་ཞབས་ཅན་ཞལ་གཅིག་ཕྱག་གཉིས་མ་སྟེ་གསང་སྒྲུབ་སྐོར་གསུམ་དང་། བརྒྱད་པ་ཡང་གསང་ལས་མཐའ་ཕྱིར་ཟློག་ཆེན་མོ། དགུ་པ་ལས་མཐའ་རྒྱས་སེང་གདོང་དམར་མོ་ཚེ་སྒྲུབ་རྒྱལ་མོ་འཆི་བདག་བདུད་འཇོམས་མ། བཅུ་པ་སེང་གདོང་འབྱུང་བཞི་བཅུད་སྡུད་ཀྱི་ཚེ་སྒྲུབ་རྣམས་རིམ་པ་བཞིན་ལ་སྐྱབས་སེམས་ཚད་མེད་བཞི་སྒོམ་པ་སྔོན་འགྲོ་བཞི་སྦྱོར་ལྟར་དང་། སྦྱོར་དངོས་རྗེས་ཀྱི་ཆོ་གའི་ཆིངས་དང་རྗེས་རྣམས་ནང་སྒྲུབ་སེང་གདོང་རིགས་ལྔའི་སྒྲུབ་ཐབས་རྗེས་གནང་ཕྲིན་ལས་རྣམ་རོལ་བཞིན་ལ། མངོན་རྟོགས་དང་ཐུགས་ཀྱི་རྗེས་གནང་གི་ས་བོན་གྱི་ཁ་དོག་བཅས་སོ་སོའི་སྐབས་ཐོབ་བཞིན་བསྒྱུར་བ་དང་། ཚེ་སྒྲུབ་གཉིས་ལ་ཐུགས་དབང་རྗེས་ཚེ་རིལ་ཆང་སྦྱིན་པ་སོ་སོར་སྦྱོར་བ་བཅས་རྗེས་གནང་བཅུ་པོ་ཆད་ལྷག་མེད་པར་བྱ་དགོས་སོ།། །། ༈ འཇའ་ཚོན་སེང་གདོང་མའི་གཏོར་དབང་གོང་དུ་དཀོན་སྤྱིའི་སྐབས་སུ་སོང་ངོ་།། །། ༈ ཀློང་གསལ་རྡོ་རྗེ་སྙིང་པོའི་ཡན་ལག་གི་སྒྲུབ་སྐོར་བདུད་འདུལ་སེང་ཧ་དམར་མོའི་བཀའ་གཏད་མཚམས་སྦྱོར་གྱིས་བརྒྱན་པ་རྡོ་རྗེའི་ཞུན་ཐིགས་ལྟར་དབང་སྒྲུབ། དངོས་གཞི་བཀའ་གཏད། རྗེས་རིམ་བཅས་བྱའོ།། །། ༈ མཁས་གྲུབ་རཱ་ག་ཨ་སྱའི་དག་སྣང་བཀའ་གཏེར་ཟུང་འཇུག་མཁའ་འགྲོ་སེང་གདོང་མའི་གཏོར་དབང་རྨི་ལམ་མ་ལྟར་དབང་སྒྲུབ། དངོས་གཞིར་གཏོར་དབང་། རྗེས་བཅས་བྱའོ།། །། ༈ མ་ཏི་རཏྣ་དང་སྟག་ཤམ་བསམ་གཏན་གླིང་པ་གཉིས་ཀའི་གཏེར་བྱོན་ཆུ་བོ་གཅིག་འདྲེས་མཁའ་འགྲོ་བདུད་འདུལ་དྲག་མོ་སེང་གེའི་གདོང་པ་ཅན་གྱི་སྲོག་དབང་སྲོག་གི་ཐ་རམས་འགྲོལ་བར་བྱེད་པའི་དབང་ཆོག་ཨིནྡྲ་ནཱི་ལའི་ལྡེའུ་མིག་ལྟར་དབང་སྒྲུབ། དངོས་གཞིར་རྩ་དབང་རྒྱས་པ་སྔགས་ཀྱི་རྗེས་གནང་ཆོས་ཀྱི་བཀའ་གཏད་དང་བཅས་པ་ལ། ཟུར་གསལ་སྲུང་བཟློག་གསད་པའི་རྗེས་གནང་སྦྱར་མིན་སྐབས་དང་བསྟུན། དམ་ཚིག་བསྒྲགས་གཟུང་སོགས་མཐར་དབྱུང་། དབང་སྒྲུབ་གཅིག་འཐུས་ཀྱི་དོན་དབང་ལག་ཁྲིད་གསལ་བར་བཀོད་པ་བྱིན་རླབས་ཡེ་ཤེས་འདྲེན་པའི་ལྕགས་ཀྱུ་ལྟར་སྙིང་པོ་བསྡུས་པའི་དོན་དབང་བསྐུར་ནས། ཆོ་གའི་རྗེས་རིམ་བཅས་བྱའོ།།་་་འདི་ལ་ཆོས་གླིང་གིས་མཛད་ཁྲིད་ཡོད་ཀྱང་འཆད་དགོས་པར་མ་གསུང་།མཆན།། །། ༈ རོལ་པ་རྡོ་རྗེའི་གསང་བདག་དྲེགས་འདུལ་གྱི་ཡུམ་བཀའ་མཁའ་འགྲོ་སེང་གདོང་མའི་རྗེས་གནང་གསལ་བྱེད་དངོས་གྲུབ་ལག་གཏོད་ལྟར་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ མཆོག་གླིང་དག་སྣང་བི་མའི་བླ་སྒྲུབ་ཀྱི་ཡང་གསང་སེང་གདོང་མའི་དབང་ནི་གོང་དུ་བི་མའི་བླ་སྒྲུབ་དབང་ལྷན་སོང་ཟིན། དེ་དག་ཕྱོགས་གཏོགས་ཏེ་མ་མོ་རྦོད་གཏོང་གི་སྐོར་རྣམས་གྲུབ་བོ།། །། ༄༅། །བདུན་པ་འཇིག་རྟེན་མཆོད་བསྟོད་ཀྱི་སྐོར་ལ། མངའ་བདག་ཉང་རལ་གྱི་དྲེགས་པའི་སྡེ་དཔོན་སུམ་ཅུའི་མཐུ་དབང་གོང་གི་བཀའ་བརྒྱད་བདེར་འདུས་སྐབས་སུ་སོང་ངོ་།། །། ༈ རོལ་རྡོར་གཏུམ་པོ་དྲེགས་པ་ཀུན་འདུལ་གྱི་ཕྱི་སྒྲུབ་དང་འབྲེལ་བའི་གཏོར་མའི་དབང་བསྐུར་བགེགས་འདུལ་གནམ་ལྕགས་མྱུ་གུ་ལྟར་དབང་སྒྲུབ་ཀྱི་སྐབས་དཀར་བགེགས། རྒྱལ་འདུས་ལྟར་རམ་མ་ལྕོགས་ན་སྤྱི་འགྲོ་གཏང་། དབང་དངོས། རོལ་རྡོར་༼ཐི༽རྩ་གསུམ་སྤྱིའི་ལས་བྱང་གི་ཚོགས་མཆོད་སོགས་རྗེས་ཆོག་བཅས་བྱའོ།། །། ༈ མཆོག་གླིང་ཟབ་བདུན་གསང་བདག་དྲེགས་པ་ཀུན་འདུལ་གྱི་ཕྲིན་ལས་དབང་བསྐུར་དང་བཅས་པ་རྡོ་རྗེའི་བཅུད་ཀྱི་ཞུན་ཐིགས་ལྟར་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ མཆོག་གླིང་ཟབ་པ་སྐོར་བདུན་ལས། འཇིག་རྟེན་མཆོད་བསྟོད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་ཕྱག་བཞེས་བཞིན་བཀོད་པ་མཐུ་སྟོབས་བཅུད་ཀྱི་ཞུན་ཐིགས་ལྟར། ༼ཐི༽ཕྲིན་ལས་སྔོན་རྗེས་ཀྱི་སྤྱི་ཆིངས་སྦྱར་བའི་དབང་སྒྲུབ། དབང་དངོས་ལ་ཟུར་གསལ་ལྷ་དབང་སྦྱར་བ། རྗེས་རིམ་བཅས་བྱའོ། །དེ་དག་གིས་འཇིག་རྟེན་མཆོད་བསྟོད་ཀྱི་སྐོར་གྲུབ་བོ།། །། ༄༅། །བརྒྱད་པ་དམོད་པ་དྲག་སྔགས་ཀྱི་སྐོར་ལ། མཆོག་གྱུར་གླིང་པའི་ཟབ་བདུན་གྱི་དམོད་པ་དྲག་སྔགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་ཕྱག་བཞེས་བཞིན་བཀོད་པ་དྲག་སྔགས་བཅུད་ཀྱི་ཞུན་ཐིགས་ལྟར། ༼ཐི༽ཕྲིན་ལས་སྔོན་རྗེས་ཀྱི་སྤྱི་ཆིངས་སྦྱར་བའི་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ ངག་གི་རྡོ་རྗེའི་ཕྱག་རྡོར་གཏུམ་པོ་དྲག་སྔགས་མའི་དབང་གི་ཆོ་ག་དྲག་སྔགས་རྡོ་རྗེའི་ཞུན་ཐིགས་ལྟར་དབང་སྒྲུབ་སྐབས་བུམ་བཟླས་རྗེས། ཚེ་སྒྲུབ་ཀྱི་མཆོད་བརླབ་མངོན་རྟོགས་ཕྱིན་གཏང་། བཀའ་སྲུང་བཅས་སྦྱར། དངོས་གཞིར་རྩ་དབང་། སྡེ་བརྒྱད་དང་གཏེར་སྲུང་གཟའ་ཀླུ་ཐ་ར་ནག་པོའི་བཀའ་གཏད་རྗེས། ཚེ་དབང་དྲག་སྔགས་རྡོ་རྗེའི་བཙན་རྫོང་ལྟར་རྩ་དབང་བཀའ་གཏད་དང་བཅས་པ། རྗེས་རིམ་ཚེ་སྒྲུབ་ལའང་ཆབས་ཅིག་གིས་འཐུས་སོ།། །། ༈ ཀུན་གཟིགས་འོད་གསལ་སྤྲུལ་པའི་རྡོ་རྗེའི་དག་སྣང་དྲང་སྲོང་དྲི་མེད་ཀུན་ཏུ་དགེ་བ་ཞི་བའི་སྒོ་ནས་འཆི་མེད་རྡོ་རྗེའི་སྲོག་སྒྲུབ་པའི་མན་ངག་རིག་པ་འཛིན་པའི་སྙིང་ཏིག་ལྟར་དབང་སྒྲུབ་སྐབས། ཚོགས་མཆོད་ཀྱི་མགོར་གཏོར་འབུལ་དང་། མཇུག་ཏུ་འབྱུང་བའི་ཁྱད་པར་གྱི་བཀའ་སྲུང་འཆི་མེད་ཙཎྜི་ཀཱའི་གཏོར་འབུལ་སྦྱར། དབང་དངོས་ལ་མཚམས་སྦྱོར་ལོ་རྒྱུས་སྐབས། མངོན་སུམ་ཡེ་ཤེས་ཆེན་པོའི་ཟུངས་སུ་སྨིན་པར་བྱེད་པ་འདི་ནི། སྔོན་ཚེ་གཏེར་ཆེན་སྤྲུལ་པའི་སྐུ་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་སྤྱན་དྲངས་པ་ཉིད། སླར་ལྡབ་གཏེར་དུ་བསྩལ་པ། བར་དུ་མངའ་རིས་རིག་འཛིན་ཆེན་པོ་ལེགས་ལྡན་བདུད་འཇོམས་རྡོ་རྗེས་ཕྱུང་ནས་ཐུགས་ཉམས་སུ་བཞེས་ཤིང་ཡང་གཏེར་དུ་སྦས་པ། ཕྱིས་འགྲོ་དོན་དུས་ལ་བབས་པའི་སྐལ་བཟང་གི་རྟེན་འབྱུང་ཤར་བ་ན། སྤྲུལ་པའི་གཏེར་འབྱིན་རྒྱ་མཚོའི་འཁོར་ལོས་སྒྱུར་བ་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ཉིད་གྲུབ་པའི་གནས་མཆོག་རྣམས་སུ་ཉེ་རྒྱུའི་སྤྱོད་པའི་ཟློས་གར་གྱི་རྩལ་ཕྱོགས་མེད་དུ་སྤེལ་སླད་བོད་ཡུལ་གྱི་གནས་ཆེན་དང་གནས་ཕྲན་ཐམས་ཅད་དུ་ཕེབས་པའི་སྐབས། བོད་ཀྱི་ཚེ་བྲག་དཔལ་ཆེན་ཆུ་བོ་རིའི་གཡས་ཟུར་དུ་རིག་འཛིན་ཆེན་པོ་ལེགས་ལྡན་རྗེའི་ཟག་མེད་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་ཞིང་། ཡང་གཏེར་སྙན་བརྒྱུད་ཀྱི་ཚུལ་དུ་བསྩལ་པ་ཉིད་ཐུགས་ཉམས་སུ་བཞེས་ཤིང་། སླར་གནས་དུས་ཀྱི་རྟེན་འབྲེལ་ཕུན་སུམ་ཚོགས་པས་མཚམས་སྦྱར་ནས་གཏན་ལ་ཕབ་པའི་སྨིན་བྱེད་དབང་བསྐུར་ཟབ་མོ་སོགས་མཎྜལ། གསོལ་གདབ་རྗེས་ཟློས་ལན་གསུམ། རྒྱུད་སྦྱོང་བའི་སླད་དུ་མདུན་མཁར་དཀོན་མཆོག་རྩ་བ་གསུམ་གྱི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པའི་དབུས་སུ་དྲང་སྲོང་དྲི་མེད་ཞི་བའི་སྐུ་མཚན་དཔེའི་གཟི་བྱིན་འབར་ཞིང་དགྱེས་པའི་འོད་ཟེར་འཕྲོ་བ་ལ། མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་བཞིན་བཞུགས་པའི་སྤྱན་སྔར། ཡན་ལག་བརྒྱད་པ་འབུལ་བའི་ཏིང་འཛིན་གསལ་ཐོབས་ལ་འདིའི་རྗེས་ཟློས། རྒྱུན་བཤགས་ལན་གསུམ། དེ་ནས་ཡེ་ཤེས་ཀྱི་བྱིན་དབབ་ཅིང་ཚེ་བཅུད་བསྟིམ་པའི་སླད་དུ་དམིགས་པ་འདི་ལྟར་མཛོད། ཁྱེད་རང་རྣམས་ཀྱིས་རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གྱི་ཁྱབ་བདག་དང་གཉིས་སུ་མེད་པར་ཤེས་པ་ལ་དད་མོས་ཀྱིས་གསོལ་བ་བཏབ་པས། ཐུགས་དམ་ཐུགས་རྗེའི་དབྱིངས་ལས་འོད་ཟེར་གྱི་ཕོ་ཉ་ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོ་ཁྱབ་པར་འཕྲོས་པའི་མཐུས། དེ་རྣམས་སུ་བཞུགས་པའི་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བྱིན་སྟོབས་ཐམས་ཅད་སྐུ་གསུམ་བླ་མའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་བཞེངས་ཏེ་བྱིན་ཐིབས་སེ་བྱོན་ཅིང་། སློབ་མའི་སྒོ་གསུམ་ལ་དབྱེར་མེད་དུ་ཞུགས་པས་བྱིན་དབང་དངོས་གྲུབ་ཐོབ་པའི་ངེས་ཤེས་སྐྱེད་ཅིག །ཨོཾ། ངོ་བོ་འོད་གསལ་སོགས་བཟླས་པའི་མཐར་འབྱུང་བའི་ཚེ་འགུགས་གྱེར་ཞིང་མདའ་དར་གཡབ། སྔགས་ཤམ་བཅས་བརྗོད་ཅིང་སྤོས་རོལ་གྱིས་བྱིན་དབབ། དེ་ཉིད་བརྟན་པའི་ཕྱིར་དབང་རྣམས་རིམ་པར་འབྱུང་བ་ལས། དང་པོ་སྐུ་ཡི་དབང་བསྐུར་བའི་སླད་དུ་སོགས་ནས། ཕྱི་དབྱིབས་ཀྱི་ལུས་འཆི་མེད་དྲང་སྲོང་གྲུབ་པའི་སྐུར་ལམ་སྟེ་གྱུར་པར་བསམ་ལ། དེ་ཉིད་གསལ་གདབ་པའི་ཕྱིར་རྡོ་རྗེའི་གསུང་འདིའི་དོན་ལ་སྙན་གཏོད་ཅིག །འོད་གསལ་ངང་ལས་སྐད་ཅིག་གིས། །སློབ་མ་དྲང་སྲོང་དྲི་མ་མེད། །ཞལ་གཅིག་ཕྱག་གཉིས་སོགས་སྒྲུབ་ཐབས་ལྟར། མ་ལུས་འདུས་པའི་ངོ་བོར་གསལ། །དེ་ལྟར་བསྐྱེད་པའི་ལྷ་ལ་དབང་གི་ལྷ་དང་སློབ་དཔོན་ལྷན་ཅིག་པས། རྡོ་རྗེའི་གཏོར་བླུགས་ཀྱི་ཆོ་ག་བསྩལ་པར་མོས། ཨོཾ། བཀྲ་ཤིས་བུམ་པའི་སོགས་ནས། ཐུགས་དབང་གི་མཉམ་པར་བཞག་པས་སྟོང་པ་ཉིད་ཀྱི་ངང་དུ་ཚེ་སྦ་བ་ནམ་མཁའི་རྡོ་རྗེའི་ཏིང་ངེ་འཛིན་ལ་མཉམ་པར་ཞོག་ཅིག །ཅུང་ཟད་ཉམས་བསྐྱང་དུ་གཞུག །དེས་ཐུགས་ཀྱི་དབང་ཐོབ། སོགས་ཀྱི་མཐར་ཤིས་བརྗོད་དང་། དམ་ཚིག་ཁས་བླང་། གཏང་རག་མཎྜལ། ལུས་དབུལ། དགེ་བསྔོ་བཅས་སྤྱི་ལྟར་དང་། རྗེས་རིམ་ཚོགས་ལ་རོལ་ཞིང་ལྷག་མ་བསྔོས་རྗེས། མཆོད་བསྟོད་འདོད་གསོལ་བཅས་དང་། མ་རྙེད་ཡོངས་སུ་སོགས་དང་། ཡིག་བརྒྱས་ནོངས་པ་བཤགས། ཚོགས་མགྲོན་བརྟན་བཞུགས་བཅས་སྦྱར། བསྡུ་ལྡང་། སྨོན་ཤིས་རྣམས་ཀྱིས་གྲུབ་བོ།། །། ༈ གུ་རུ་ཆོས་དབང་གི་ལོཀྟྲིའི་དབང་སྒྲུབ་༼འདོད་བུམ། 443༽ལྟར་དངོས་གཞི་རིག་གཏད་ཀྱི་གཏོར་དབང་གྲུབ་པ་དང་། གོས་དྲང་ཚུགས་སུ་གྱོན། རྗེས་བཅས་བྱའོ།། །། ༈ མཆོག་གྱུར་གླིང་པའི་ཟབ་བདུན་དྲང་སྲོང་དྲི་མེད་ཞི་ཁྲོའི་ཕྲིན་ལས་དབང་བསྐུར་དང་བཅས་བཀླག་ཆོག་ཏུ་བཀོད་པ་རིག་སྔགས་བཅུད་ཀྱི་ཞུན་ཐིགས་ལྟར་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ། །དེ་རྣམས་ཀྱིས་དམོད་པ་དྲག་སྔགས་ཏེ། ཡི་དམ་བཀའ་བརྒྱད་སྤྱི་དང་བྱེ་བྲག་གི་སྒྲུབ་སྐོར་རྩ་བ་དང་ཡན་ལག་བཅས་པ་གྲུབ་བོ།། །། ༄༅། །རྩ་བའི་གསུམ་པ་ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོའི་སྒྲུབ་སྐོར་ལ། བླ་མ་མངའ་བདག་ཉང་རལ་ཉི་མ་འོད་ཟེར་གྱི་ཟབ་གཏེར་མཁའ་འགྲོ་ཆེན་མོའི་ཕག་མོ་ཞལ་གཉིས་མ་༼འདོད་བུམ། 327༽ལྟར་ལྷ་དགུའི་དབང་སྒྲུབ། དབང་དངོས་ཀྱི་ལོ་རྒྱུས་སྐབས། ལྷ་དགུ་མའི་ཞེས་པ་དེ་བཅུག །གཞན་གཉིས་དོར། འདི་ཐོབ་པས་ལྷ་ལྔ་དང་ལྷ་གཅིག་གཉིས་ཀ་ཐོབ་གོ་ཆོད་ཅིང་། གཞན་ལ་གཉིས་ཀ་བསྐུར་ཆོག་པ་ཡིན་འདུག །རྗེས་ཆོག་བཅས་བྱའོ།། །། ༈ རྡོ་རྗེ་ཕག་མོ་དོན་གྲུབ་མ་༼འདོད་བུམ། 351༽ལྟར་དབང་སྒྲུབ། དབང་དངོས། རྗེས་བཅས་བྱའོ།། །། ༈ ཕག་མོ་དབུ་བཅད་མ་༼འདོད་བུམ། 361༽ལྟར་དབང་སྒྲུབ། དབང་དངོས། རྗེས་བཅས་བྱའོ།། །། ༈ རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོའི་སྨིན་གྲོལ་ཚང་སྤྲུགས་སུ་བགྱིད་སྐབས། ལས་བྱང་མཁའ་སྤྱོད་དུ་བགྲོད་པའི་བདེ་ལམ་ལྟར་བདག་མདུན་བུམ་གསུམ་བསྒྲུབ་ཅིང་། བུམ་བཟླས་འོད་ཞུ་བཅས་གྲུབ་པ་དང་། གཏུམ་མོའི་མེ་དབང་བཀླག་པས་གྲུབ་པ་བཞིན། མདུན་བསྐྱེད་མེ་དབང་གི་དཀྱིལ་འཁོར་ལ་དམིགས་ཏེ། གཏོར་སྣོད་ཆོས་འབྱུང་དམར་ནག་སོགས་བཟླས་པ་ཅི་འགྲུབ་རྗེས། མཁའ་སྤྱོད་བདེ་ལམ་འཕྲོས་ཀྱི་ཐུན་མཚམས་གཏོར་འབུལ་བཏང་རྗེས། ལས་བུམ་འཁྱིལ་པའི་བསྐྱེད་བཟླས་སྤྱི་ཁྱབ་བྱ། འདིར་༼འདོད་བུམ། 661༽ལྟར་གྱི་དུར་ཁྲོད་ལྷ་མོའི་མཆོད་གཏོར་བརླབ་ཅིང་། མདུན་བསྐྱེད་ནས་བཟླས་པ་གྲུབ་ཀྱི་བར་གཏང་། ༼ཏི༽དུར་ཁྲོད་ལྷ་མོའི་ལས་བྱང་འདོད་པའི་རེ་སྐོང་ལྟར་རམ། དངོས་རོལ་བཞིན་བསྐང་བཤགས་ཀྱང་སྦྱར། བདག་འཇུག་སྤྲོ་ན་འདིར་བླངས། མི་སྤྲོ་ན་རིག་པའི་མེ་ཏོག་དོར། གང་ལྟར་ཡང་གནང་བ་ནོད། དབང་དངོས་ལ། ཁྲུས་བགེགས་བསྐྲད་སྲུང་འཁོར་སྔོན་འགྲོས། ༼འདོད་བུམ། 369༽ལྟར་རྩ་དབང་བསྐུར་པའི་གཏང་རག་དང་། སླར་ཡང་བརྒྱུད་པའི་བླ་མའི་ཕྱག་བཞེས་བཀའ་གཏེར་ཟུང་འཇུག་གི་དབང་རྒྱས་པ་མཁའ་སྤྱོད་ཐེམ་སྐས་ཞུ་བའི་ཡོན་དུ་མཎྜལ། ལོ་རྒྱུས་རྗེས་གསོལ་གདབ་སྦྲེལ་ནས་མཐར་ཆགས་སུ་བསྐུར་ཞིང་། རྗེས་གནང་ལྔ་པོ་གོང་དུ་སོང་བས་འཐུས་པར་བྱས་ནས། གཏང་རག་དང་། སླར་ཡང་ཁྲོས་མ་ནག་མོའི་གཏུམ་མོའི་མེ་དབང་གསན་པའི་ཡོན་དུ་མཎྜལ། དེ་ལ་ཐོག་མར་བདུད་རྩི་ལྔའི་དྲི་ཆུས་ཁྲུས་བྱས་པས། དབང་གི་བྱིན་རླབས་འཇུག་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཉམས་ཆག་བཀྲ་མི་ཤིས་པ་ཐམས་ཅད་བཀྲུས་པར་མོས། ཇི་ལྟར་བལྟམས་པ་སོགས་ཀྱི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་པཉྩ་ཨ་མྲྀཏ་ཨ་བྷི་ཥེ་ཀ་ཏ་སོགས་ཀྱིས་ཁྲུས་བྱ། སློབ་དཔོན་གྱི་ཐུགས་ཀ་སོགས་བགེགས་བསྐྲད་ཕྱིན་མེ་དབང་བཞིན་བསྐུར་མཐའི། གཉུག་མའི་ཡེ་ཤེས་ཀྱི་རོལ་མོར་ཤར་བར་མོས་ཤིག །དེ་ལྟར་ཐོབ་པའི་གཏང་རག་དང་། སླར་ཡང་བཀའ་སྲུང་ཐུན་མོང་མ་ཡིན་པ་ཞིང་སྐྱོང་དུར་ཁྲོད་ལྷ་མོའི་སྲོག་གཏད་རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ། ལོ་རྒྱུས་ནས་བཟུང་འདོད་བུམ་བཞིན་བསྐུར། འདིའི་བཟླས་ལུང་སྐབས་གནད་གཅིག་ཞལ་ལས་ཤེས། ཞེས་གསུངས་པའི་དམིགས་གནད་ལོ་ཆེན་དྲིས་ལན་དུ་ཡོད་པས་སྦྱར་མིན་སྐབས་དང་བསྟུན་དགོས། ལུས་དབུལ་རྗེས། དེས་སྨིན་པར་བྱེད་པའི་དབང་རྣམས་གྲུབ། སླར་ཡང་གྲོལ་བར་བྱེད་པའི་ཟབ་ཁྲིད་སྐུ་གསུམ་ལམ་ཁྱེར་ཟབ་དོན་གསལ་བའི་ཁྲིད་ལུང་གསན་པའི་ཡོན་དུ་མཎྜལ། དེ་ལ་ལམ་གྱི་རྩ་བ་ཐུགས་བསྐྱེད་ཅིང་སྔགས་ཀྱི་རྣལ་འབྱོར་ཟབ་མོའི་ལམ་ཁྱེར་གསལ་བཏབ་ནས། མ་ཡེངས་པར་ཚིག་དོན་སྙན་གྱིས་གསན་ཅིང་ཐུགས་སུ་ཆུབ་པར་མཛད་དགོས་པ་ལགས་པས། འདིར་རྣལ་འབྱོར་གསང་མཐའི་རྒྱུད་ཀྱི་ངེས་གསང། ཟབ་དོན་ཐམས་ཅད་ཀྱི་ཉིང་ཁུ་སོགས་སྐུ་གསུམ་ལམ་ཁྱེར་ཁྲིད་ཡིག་དབུ་ནས་མཇུག་རྫོགས་པའི། ཕྲིན་ལས་དང་བཅས་པ་ཐོབ་པ་ཡིན་ནོ། །དེས་རྩ་བའི་གདམས་ངག་སྐུ་གསུམ་ལམ་ཁྱེར་གྱི་ཁྲིད་ཟབ་དོན་གསལ་བ་ལྟར་སོང་ནས། སླར་ཡང་ཁྲོས་མ་ནག་མོའི་གཏུམ་མོ་ཞག་བདུན་མའི་གདམས་ཁྲིད་འཆད་པ་ནི། འདིར་ཟབ་ལམ་རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོའི་རྩ་རླུང་ལུས་ལ་སོགས་གཏུམ་མོའི་ཁྲིད་ཡིག་ལྟར། འབད་པས་བོགས་ཐོན་པར་འགྱུར་རོ། །ཞེས་གསལ་རྒྱས་སུ་བསྟན་པ་བཞིན་སྦྱོར་དངོས་རྗེས་རིམ་དང་བཅས་པ་ཚང་ལ་མ་འཁྲུལ་པའི་སྒོ་ནས་སྔོན་འགྲོས་རྒྱུད་སྦྱངས། དངོས་གཞི་སྟན་ཐོག་གཅིག་ཏུ་སྐུ་གསུམ་ལམ་ཁྱེར་མཉམ་གཞག་གི་རྣལ་འབྱོར་དང་། རྗེས་རིམ་ཐུན་མཚམས་ཀུན་ཏུ་སྤྱོད་ལམ་ཐམས་ཅད་དང་བསྲེས་ནས་ལམ་དུ་ཁྱེར་བའི་རྗེས་ཐོབ་ཀྱི་རྣལ་འབྱོར་རྣམས་དང་། གཏུམ་མོའི་རྣལ་འབྱོར་ཁྱད་པར་ཅན་ལ་སོགས་པ་རྣམས་ཐོས་ལོ་ཙམ་དུ་མི་བསྐྱུར་བར་ཉམས་ལེན་རྒྱུད་ཐོག་ཏུ་ཁེལ་བར་མཛོད་ཅིག །དེ་ལྟར་སྨིན་གྲོལ་ཆབས་ཅིག་ཏུ་ཐོབ་པ་འདིས་མཚོན་སོགས་ཀྱིས་མཚམས་སྦྱར་ཏེ་དགེ་བསྔོ་བཅས་དང་། ཆོ་གའི་རྗེས་དབང་ཆོག་རྒྱས་པའི་མཇུག་ནས་གསུངས་པ་ལྟར་ལས་བྱང་བཞིན་ཚོགས་མཆོད་ནས། ལྷག་མའི་རྗེས་དུར་ཁྲོད་ལྷ་མོའི་གཏོར་མར་དམིགས་ཏེ། ལས་བྱང་འདོད་པའི་རེ་སྐོང་ལྟར་དམིགས་བྱ་བཀུག་ཅིང་བརླབ་བསྔོ་བྱས་ལ། ཧཱུྃ་བྷྱོ། ལྷོ་ནུབ་མཚམས་ཀྱི་དུར་ཁྲོད་སོགས་ཀྱིས་ཕྲིན་ལས་བཅོལ། ཆད་བརྟན་རྟ་བྲོ་ཟུར་གསལ་སྦྱར། སྲུང་མའི་རྗེས་ཆོག་ལ། ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ། མི་འགྱུར་བདེ་ཆེན་ཆོས་དབྱིངས་སོགས་ཤློ་ཀས་བསྟོད། མ་རྙེད་ཡོངས་སུ་སོགས་དང་ཡིག་བརྒྱས་བཤགས། གཤེགས་བསྟིམ་སོགས་གང་འོས་སྐབས་དང་བསྟུན། ལས་བྱང་གི་མཆོད་བསྟོད་ཕྱིན་མཐར་དབྱུང་ཞིང་ལམ་རིམ་སྨོན་ལམ་གདབ་པ་བཅས་བྱའོ།། །། ༈ ཆོས་དབང་བླ་མ་གསང་འདུས་ཀྱི་ཡུམ་བཀའ་དྷཱ་ཀི་གཙུག་གི་རྒྱན་གཅིག་མའི་ནང་སྒྲུབ་དབང་གི་དང་པོ་སྦྱོར་བ་དབང་སྒྲུབ་ལ། ཚིག་བདུན་རྗེས་མཚམས་གཅོད་ནི། བདག་ཉིད་སྐད་ཅིག་གིས་རྟ་མཆོག་དབང་ཆེན་ཡུམ་དང་བཅས་པའི་སྐུར་གྱུར། བགེགས་གཏོར་ཡི་གེ་གསུམ་གྱིས་བསང་སྦྱང་། འབྲུ་གསུམ་གྱི་བྱིན་གྱིས་བརླབས། སརྦ་བིགྷྣཱན་ཨཱ་ཀརྵཱ་ཡ་ཛཿས་མགྲོན་བཀུག །ཨོཾ་སརྦ་བིགྷྣཱན་ན་མཿསརྦ་སོགས་ནམ་མཁའ་མཛོད་སྔགས་ལ་གྲྀཧྞ་དཾ་བ་ལིཾ་ཏ་ཁཱ་ཧི་བཏགས་པ་ལན་གསུམ་གྱིས་བསྔོས་ལ། ཧཱུྃ༔ བླ་མ་རྣམས་ཀྱི་བྱིན་རླབས་དང༔ ཡི་དམ་ལྷ་ཡི་ཏིང་འཛིན་དང༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ ལོག་པར་འདྲེན་པ་བདུད་ཀྱི་ཚོགས༔ འདི་རུ་མ་འདུག་གཞན་དུ་དེངས༔ ཞེས་དང་། སུམྦྷ་ནིས་བགེགས་བསྐྲད། ཧཱུྃ༔ ང་ནི་ཡེ་ནས་ངང་གིས་ཁྲོ༔ མཚམས་གཅོད་ཁྲོ་མོས་ནམ་མཁའ་གང༔ བགེགས་འདུལ་ཁྲོ་མོའི་རོལ་མཚམས་ལས༔ སུ་ཡང་འདའ་བར་མ་བྱེད་ཅིག༔ ཨོཾ་པདྨ་ཀྲོ་དྷཱི་ཤྭ་རཱི་སོགས་གཏེར་གཞུང་ནང་སྒྲུབ་དབུ་ནས་འབྱུང་བའི་སྔགས་ཅི་མང་བརྗོད་པས་མཚམས་གཅད། སེམས་བསྐྱེད་འོག་ཏུ་འབྱུང་བ་སོགས་འཁྲུགས་སྡེབ་བླ་མ་གོང་མའི་ཕྱག་ལེན་གྱི་རྗེས་སུ་འབྲངས་ཏེ། བཤགས་ཡུལ་གསལ་བཏབ་ཅིང་སྐྱབས་སེམས་བཤགས་པ་བྱ་བ་ནི། ཕོ་བྲང་དབུས་ཀྱི་རྟེན་དེ་ཉིད༔ དུས་གསུམ་སངས་རྒྱས་ཀུན་ངོ་བོ༔ བླ་མ་ཡེ་ཤེས་མཁའ་འགྲོ་མ༔ རྣམ་པ་རྡོ་རྗེ་སེམས་དཔར་གསལ༔ ཞེས་གསལ་བཏབ། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་མཁའ་འགྲོ་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་བ་བསྒྲལ་བར་དམ་བཅའ་འོ༔ ཞེས་སྐྱབས་སེམས་བྱ། བཤགས་པ་ནི། ཧཱུྃ༔ བླ་མ་ཡེ་ཤེས་མཁའ་འགྲོ་དགོངས༔ ཁྱེད་ནི་རྣམ་དག་དྲི་མ་མེད༔ བདག་ནི་ཉོན་མོངས་སྒྲིབ་པས་བསྒྲིབས༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ ཞེས་ལན་གསུམ་མཐར་རྡོར་སེམས་ཡིག་བརྒྱ་དང་ཡང་སྙིང་ཅི་འགྲུབ་བཟླ། དེ་ལྟར་རྩེ་གཅིག་གསོལ་བཏབ་པས། །སྡིག་སྒྲིབ་དག་པའི་གནང་བ་བསྩལ། །དགྱེས་པས་འོད་ཞུ་རང་ལ་ཐིམ། །དེ་ནས་ཕྱི་སྒྲུབ་བླ་མའི་རྣལ་འབྱོར་གྱིས་བསྙེན་ཅིང་དབང་བླང་བ་ནི། ཆོས་ཉིད་རྣམ་དག་སྔགས་ཀྱིས་སྦྱངས། སྟོང་པའི་ངང་ལས་རང་རིག་སེམས༔ སོགས་ཕྱི་སྒྲུབ་བཞིན་ལ། ཡིད་འོང་ཞབས་གཉིས་སྐྱིལ་ཀྲུང་བཞུགས༔ ཐུགས་དཀྱིལ་མཿབསམ་མཿནང་ཧྲཱི༔ ཧྲཱིཿགྱུར་པདྨ་ཐོད་ཕྲེང་རྩལ། །སྤྲུལ་སྐུའི་ཆ་ལུགས་གཟི་བརྗིད་ཅན༔ འོད་ལྡན་སོགས་འོག་ཏུ་འབྱུང་བ་ནས། འཕྲོས་པ་ལས༔ བསྐྱེད་པ་དང་འདྲའི་རང་བཞིན་ལྷ། །ཏིང་འཛིན་འོད་ཀྱིས་སྤྱན་དྲངས་པ། །མདུན་གྱི་ནམ་མཁར་བཞུགས་པར་གྱུར། །ཅེས་དབང་གི་སྐབས་འདི་བཞིན་དང་། དམིགས་བསལ་ཕྱི་སྒྲུབ་བསྙེན་པའི་སྐབས་ཡིན་ན་གོང་གི་བསྐྱེད་རིམ་མདུན་རྟེན་ལ་དམིགས་པའི་མདུན་བསྐྱེད་དང་། དེའི་དཀྱིལ་འཁོར་མདུན་དུ་ཚིག་རིས་གཅིག་གིས་བསྐྱེད་ནས། སྤྱན་འདྲེན་གྱི་ཡེ་ཤེས་པ་མདུན་བསྐྱེད་ལ་བསྟིམ་པ་ལ། བདག་དམ་ཚིག་པས་མཆོད་ཅིང་གསོལ་འདེབས་དབང་ལེན་སོགས་བྱ་བར་གསུངས་པས། དེ་ལྟར་ན། གོང་གི་ཚིག་རྐང་ཐ་མར། མདུན་བསྐྱེད་ལྷ་ལ་དབྱེར་མེད་ཐིམ། །ཞེས་བསྒྱུར་ན་རྣམ་དབྱེ་ཕྱེད་པར་འགྱུར། གང་ལྟར་ཡང་། ཧཱུྃ༔ ཡུལ་གྱི་མིང་ནི་རྔ་ཡབ་གླིང༔ པདྨ་འོད་ཀྱི་གཞལ་ཡས་སུ༔ གྲུབ་པ་མཐར་ཕྱིན་དངོས་གྲུབ་བརྙེས༔ ཡུམ་ཆེན་མཚོ་རྒྱལ་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿམཿཧ་རི་ནི་ས་སརྦ་ས་མ་ཡ་ཧྲིཾ་ཧྲིཾ་ཕེཾ་ཕེཾ༔ ཞེས་པས་སྤྱན་དྲངས། བདུན་རྣམ་དག་ནི། ཉི་ཟླ་པདྨའི་གདན་ལ་བཞུགས༔ ས་མ་ཡ་ཏིཥྛ་ལྷན་གྱིས་བཞུགས་སུ་གསོལ། ཕྱག་འཚལ་བ་ནི། ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ མཆོད་པ་འབུལ་བ་ནི། ཧཱུྃ། དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཡན་ལག་ལྷག་མ་རྣམས་ནི། ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ གསང་སྔགས་བསྒྲུབས་ལ་རྗེས་ཡི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་སྐོར༔ མྱ་ངན་མི་འདར་བཞུགས་གསོལ་འདེབས༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ གསོལ་འདེབས་ཀྱི་བསྙེན་པ་ནི། ཨོཾ་ཨཱཿཧཱུྃ༔ ཨ་མ་ཇོ་མོ༔ ཇོ་མོ་ལ་སོགས་གཞུང་གསལ་གྱེར་རྗེས། ཛཔ྄་དེ་ཉིད་གསོལ་འདེབས་ཀྱི་ཚུལ་དུ་བཟླས་མཐར། མ་ཡེངས་རབ་ཏུ་གུས་པ་ཡིས། །དེ་ལྟར་གསོལ་བ་བཏབ་པའི་མཐུས། །མདུན་བསྐྱེད་རང་གི་སྤྱི་བོར་བྱོན། །སྐུ་གསུང་ཐུགས་ལས་འོད་གསུམ་འཕྲོས༔ སོགས་ཕྱི་སྒྲུབ་ལྷ་བསྐྱེད་དཀྱུས་སུ་ཡོད་པ་བཞིན། དངོས་གྲུབ་ཐོབ༔ བར་གྱི་ཤློ་ཀས་དབང་བླངས། དགྱེས་པས་འོད་ཞུ་རང་ལ་ཐིམ། །འདིར་དབང་སྒྲུབ་སྐབས་དེ་ཙམ་གྱིས་འཐུས། བསྙེན་པ་གཏོང་ན། ཕྱི་སྒྲུབ་སྐབས་ཡིག་བརྒྱས་ལྷག་ཆད་ཁ་བསྐང་ཞིང་། བསྡུ་ལྡང་། འདོད་གསོལ། སྨོན་ལམ་སོགས་སྤྱི་བཞིན་སྦྱོར། ༧ དེ་ནས་ནང་སྒྲུབ་བསྙེན་པ་བྱེད་པའམ། དབང་སྒྲུབ་སྐབས་ནང་སྒྲུབ་ལ་འཇུག་པའི་ཐོག་མར་མཆོད་པ་བྱིན་རླབས་ནི། སྤྲོ་ན་བླ་མ་གསང་འདུས་བཞིན་བྱ། མི་སྤྲོ་ན་སྨན་གཏོར་རཀྟ་མཆོད་རྫས་རྣམས། ཨོཾ་ཨཱཿཧཱུྃ་གིས་དངོས་འཛིན་སྦྱངས། །ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། །ཨོཾ་ཨཱཿཧཱུྃ་གིས་མཁའ་ཁྱབ་སྤེལ། །འདོད་ཡོན་ལྔ་ལྡན་མཆོད་པར་བསམ༔ ཞེས་པས་སྦྱང་རྟོག་སྤར། བསྐྱེད་རིམ་ནི། དངོས་རྣམས་མི་དམིགས་མཁའ་འདྲ་བར༔ ཀུན་ཁྱབ་བརྩེ་བའི་སྙིང་རྗེ་བསྒོམ། །རང་རིག་ཡི་གེ་མཿརུ་བསམ། །དེ་ཡི་འོད་ལས་གཞལ་ཡས་ཁང་། །ཡིད་འོང་པདྨ་འདབ་བཞི་བརྡལ། །ལྟེ་དབུས་པདྨ་ཉི་ཟླའི་སྟེང་། །མཿབབས་མཿལས་འོད་འཕྲོས་པས༔ ཧ་རི་ནི་ས་སོགས་ནང་སྒྲུབ་གཞུང་བཞིན། ཕ་ལ་ཧོ༔ ཞེས་པའི་སྔགས་ཀྱི་སྒྲས་བསྐུལ་བས། །ཡིག་འབྲུ་གནས་གྱུར་དྲན་རྫོགས་སུ། །རང་ཉིད་ཇོ་མོ་རྣལ་འབྱོར་སོགས་ནས། རྟ་སྐད་འཚེར༔ རྣམ་པ་ཡི་དམ་རྟ་མགྲིན་ལ། །ངོ་བོ་ཨོ་རྒྱན་རྡོ་རྗེ་འཆང་། །འདབ་བཞིར་རིགས་བཞིའི་མཁའ་འགྲོ་བཞི། །དམར་གསལ་གཅེར་བུ་རུས་རྒྱན་ཅན། །གསེར་དངུལ་རཏྣའི་ཕྲེང་བས་བརྒྱན། །དར་གྱི་ཅོད་པན་རྣམ་པར་འཕུར། །ཕྱག་གཡས་དབང་སྡུད་ལྕགས་ཀྱུ་ཕྱར། །ཕྱག་གཡོན་ཐོད་ཁྲག་ཐུགས་ཀར་འཛིན། །གར་སྟབས་ཤིགས་ཤིག་སྒྱུར་བར་སྒོམས། །ཕེཾ་ཕེཾ་ཧྲཱིཿཡི་སྒྲ་དང་བཅས༔ དེ་རྣམས་ཀུན་ལས་འོད་འཕྲོས་པའི༔ འོད་ཟེར་སྟོང་གསུམ་གང་བ་ཡིས༔ སྣང་སྲིད་དབང་སྡུད་དངོས་གྲུབ་ཀྱི༔ ཆར་འབེབ་འགྲོ་དྲུག་འདུལ་བར་བསམ༔ ཞེས་སོགས་ནས། གར་སྟབས་ཤིགས་སེ་སྒྱུར་བར་སྒོམས༔ ཞེས་པའི་ཏིང་འཛིན་གསལ་བཏབ་ལ། གཞུང་ལས། སྐྱེད་དང་ཡེ་ཤེས་གཉིས་མེད་པས༔ སྤྱན་དྲངས་བཞུགས་གསོལ་བྱ་མི་དགོས༔ སོགས་ནས། འདི་དུས་ཡེངས་ན་དམ་ཚིག་ཉམས༔ ཞེས་པའི་བར་གསུངས་པ་བཞིན་རྩེ་གཅིག་པའི་ཡིད་ཀྱིས་གོང་གི་བསྐྱེད་སྔགས་ཉིད་དྲག་ཏུ་བཟླ། ཐུན་མཐར། ཨོཾ་ཨཱཿཧཱུྃ་ཧྲཱིཿམཿགུ་རུ་སོགས་ནས། ས་མ་ཡ་ཛ༔ ཧ་རི་ནི་ས། རི་ནི་ས་ཧ། ནི་ས་ཧ་རི། ས་ཧ་རི་ནི། ས་ནི་རི་ཧ། རྣམས་ཀྱི་མཐར། ཧཱུྃ་སིདྡྷི་ཕ་ལ་ཧོ༔ ཞེས་སྦྲེལ་བའམ། རྩ་སྔགས་མཐར་དཀྲུག་ཡིག་ཚན་བཞི་སོ་སོ་ཤམ་བུར་བཏགས་ནས་ཚོ་བཞིར་བཟླ་བ་ལོང་ཁྱབ་དང་བསྟུན་ཆོག །རྣམ་བུམ་ལ་དམིགས་བཟླས་སྤྱི་འགྲོ་བྱ། ཐུན་བསྡུ་བ་ན། ཐོད་རྔ་རྐང་གླིང་གི་སྒྲ་དང་གུལ་ནག་གསུར་དུད་བཅས། ཧཱུྃ༔ བཞེངས་ཤིག་བཞེངས་ཤིག་སོགས་ནས། སིདྡྷི་སརྦ་སིདྡྷི་ཧཱུྃ་ཨཱ༔ བར་གཞུང་གསལ་གྱེར་བས་བྱིན་འབེབ་དང་མཆོད་པ་འབུལ་བར་བྱ། ཚོགས་རྫས་རྣམས་བཤམས་པ་བདུད་རྩིས་བྲན་ལ། ཨོཾ་སརྦ་དྲ་བྱཾ་ཤྭ་དྷ་ནི་ཧཱུྃ་ཕཊ༔ ཅེས་པས་བསང་ནས། ཡི་གེ་གསུམ་གྱིས་སྦྱང་བ། འབྲུ་གསུམ་གྱིས་བརླབ་ཅིང་སྤེལ། སྐབས་འདིར་རྟོག་བསལ་བྱེད་དང་མི་བྱེད་སོ་སོའི་ཕྱག་རྒྱུན་དང་བསྟུན་ཆོག །གང་ལྟར་ཡང་ཚོགས་ཕུད་རིམ་གསུམ་སོགས་འབུལ། བསྙེན་པའི་མཆོད་པ་དོར། སྐོང་བའི་མཆོད་པ་ནི། སྐུ་རྫས་ཀྱི་སྐོང་རྫས་གྱུར་ཚད་བཤམས་ལ། གསུང་བཤགས་ཚིག་ཧཱུྃ༔ དུར་ཁྲོད་གསང་བ་སོགས་དང་། ཐུགས་ལྟ་བའི་སྐོང་བ་ཀུན་གཞི་མ་བཅོས་སོགས། སྨན་གཏོར་རཀྟས་མཆོད་ལ། ཧཱུྃ༔ དམ་རྫས་གཏོར་ཆེན་སོགས་ནས། ཆེན་པོར་རོལ༔ ཞེས་འབུལ་བ་རྣམས་རྫོགས་ཀྱི་བར་བླ་མ་གསང་འདུས་ཀྱི་ལས་བྱང་བཞིན་བྱ། དེ་ནས་བསྟོད་པ་ནི། ཧཱུྃ་ཧྲཱི༔ མ་བཅོས་སྤྲས་བྲལ་སོགས་ཤློ་ཀས་བླ་མ་དང་། ཧྲཱི༔ སྣང་བ་མ་འགག་སོགས་ཚིག་རྐང་གཉིས་ཀྱིས་ཡེ་སེམས། སྐྱེ་མེད་རྣམ་དག་སོགས་ཚིག་རྐང་དྲུག་གིས་གཙོ་འཁོར་རྣམས་ལ་བསྟོད་ནས། ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ མ་གཡེལ་མ་གཡེལ་སོགས་ཚིག་རྐང་བཞིའི་མཚམས། རྗེ་བཙུན་བླ་མ་མཁའ་འགྲོའི་རྗེ། །ཞེས་བསྒྱུར་འཕྲོས། རང་བཞིན་གནས་ནས་སོགས་ནས། དངོས་གྲུབ་སྩོལ༔ བར་གྱིས་བསྐུལ་ནས། གསང་ཐོད་ལ་དམིགས་ཏེ། ཐོད་པའི་བདུད་རྩིའི་སྟེང་དུ་གུ་རུ་ཡབ་ཡུམ་མཉམ་སྦྱོར་དགའ་བའི་ཟིལ་གྱིས་རྩ་གསུམ་ལྷ་ཚོགས་སྤྱན་དྲངས། ཡབ་ཡུམ་གྱི་ཞལ་དུ་ཞུགས་འདོད་ཆགས་ཆེན་པོས་ཞུ་བའི་བྱང་སེམས་ཀྱི་ཆུ་རྒྱུན་བབས། ཐོད་པའི་བདུད་རྩི་དང་འདྲེས། མཐར་ལྷ་ཡང་བདེ་བ་ཟག་མེད་ཀྱི་ངོ་བོར་ཞུ་བར་མོས་ལ། ནང་སྒྲུབ་སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཧྱ་སིདྡྷི་ཨ་བྷི་ཥིཉྩ་ཨཱ༔ ཞེས་བཏགས་པ་ཅི་ནུས་དང་། གཏོར་མ་མཁའ་འགྲོའི་དཀྱིལ་འཁོར་དུ་དམིགས་ཏེ་གཏོར་སྣོད་དབྱིངས་ཀྱི་ཕོ་བྲང་དུ་གཏོར་མ་དཔའ་མོ་ཧེ་རུ་ཀཿརྩ་བ་གསུམ་གྱི་ལྷ་ཚོགས་དང་བཅས་པའི་སྐུ་ལས་འོད་ཟེར་སྤྲོ་བསྡུས་བྱིན་རླབས་ཡེ་ཤེས་ཀྱི་ཕུང་པོར་འབར་བར་གྱུར་པའི་སྤྲོ་བསྡུའི་འཕྲུལ་འཁོར་བཅས་ནང་སྒྲུབ་སྔགས་བརྒྱ་རྩ་སོགས་བཟླ། ལས་བུམ་རྟ་མགྲིན་གྱིས་བསྒྲུབ། བདག་མཇུག་ནི། བླ་མ་མཁའ་འགྲོའི་དཀྱིལ་འཁོར་གསལ་བ་ལ། བྱང་ཆུབ་རྡོ་རྗེས་སོགས་གཏེར་གཞུང་དབང་སྒྲོམ་ལྟར། ཐུགས་དང་མཉམ་པར་སྦྱོར༔ བར་རམ། དགོངས་ཉམས་བསྐྱང་བས་འོད་ཟེར་ཆུ་རྒྱུན་གཅིག་མའི་དབང་དང་གཞུང་གི་དངོས་གྲུབ་ལེན་སྔགས་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་མ་ཧཱ་ཕ་ལ་ཨ་ལ་ལ་ཧོ༔ ཞེས་བཟླ་བཞིན་བླངས། ཡང་ན་རིག་མེ་དོར། གང་ལྟར་ཡང་གནང་བ་ནོད། གཉིས་པ་དབང་དངོས་གཞིར་སློབ་མ་རྣམས་ལ་ཁྲུས་བྱ། བགེགས་གཏོར་བཏང་ཞིང་སྲུང་འཁོར་གོང་བཞིན་བསྒོམ། མེ་ཏོག་བཀྱེ་བསྡུ་ཟིན་ནས། འོ། མར་གྱུར་གྱི་སེམས་ཅན་ཐམས་ཅད་འཕྲལ་ཡུན་གྱི་སྡུག་བསྔལ་དང་འཇིགས་པ་ཐམས་ཅད་ལས་བསྒྲལ་ཏེ། རྒྱལ་བའི་ཡུམ་ཆེན་མོའི་གོ་འཕང་ལ་འགོད་པའི་སླད་དུ་སྨིན་ལམ་ནོད་དེ། གྲོལ་ལམ་རྣམས་ཚུལ་བཞིན་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་གསལ་བཏབ་ནས་གསན་འཚལ། དེའང་ཐོག་མེད་ནས་མ་རིག་ཉིང་འཁྲུལ་གྱི་ཆུ་བོས་ཁྱེར་ཏེ་སྲིད་པའི་ཁོངས་སུ་ཉམས་ཉེས་པའི་འགྲོ་བ་རྣམས་ལ་ཕན་པ་དང་བདེ་བའི་འཇུག་སྒོ། ཀུན་བཟང་རྡོ་རྗེ་འཆང་ཆེན་པོའི་ཐབས་མཁས་ཐུགས་རྗེ་དམིགས་པ་མེད་པའི་ཕྲིན་ལས་གདུལ་བྱའི་སྐལ་པ་དང་མཚུངས་པར། ཕན་དང་བདེ་བ་ཉག་གཅིག་གི་རྒྱུར་འཇུག་པའི་ཐབས་ཚུལ་བསམ་གྱིས་མི་ཁྱབ་པར་བསྟན་པ་ཐམས་ཅད་ཀྱི་ཡང་སྙིང་ནི། བླ་མེད་རྡོ་རྗེ་ཐེག་པའི་ལམ་མཆོག་ཡིན་ལ། དེ་ལའང་རྩ་བ་གསུམ་སྤྱིར་སྒྲུབ་པ་དང་། བྱེ་བྲག་ཏུ་སྒྲུབ་པའི་ཐབས་མཐའ་ཡས་པ་བཀའ་གཏེར་གྱི་ཆུ་བོ་གཉིས་སུ་བྱོན་པའི་ནང་ཚན། ཟབ་མོ་གཏེར་མའི་ཕྱོགས། དེ་ལའང་ས་གནམ་དགོངས་གཏེར་སོགས་བྱོན་ཚུལ་མང་ཞིག་མཆིས་པ་ལས། རིན་པོ་ཆེ་ས་ཡི་གཏེར་ཏེ། ཟབ་གཏེར་གྱི་དབང་ཕྱུག་རིམ་པར་བྱོན་པ་ཐམས་ཅད་ཀྱི་རྒྱལ་པོ། མཆོག་གི་སྤྲུལ་སྐུ་གཉིས་ཀྱི་ཡ་གྱལ། མངའ་བདག་གསུང་གི་སྤྲུལ་པ་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གིས་ཟབ་མོའི་གཏེར་ཁ་རྒྱ་མཚོ་ཞལ་ཕྱེས་པ་ལས། ཐུགས་གཏེར་ཆེན་པོ་ལྔའི་གདམས་བཅུད་གཅིག་ཏུ་དྲིལ་པའི་ཡང་སྙིང་གི་གཏེར་ཁར་བསྔགས་པ། བླ་མའི་ཐུགས་སྒྲུབ་གསང་བ་འདུས་པའི་ཤེས་རབ་ཡུམ་གྱི་སྒྲུབ་པ་སྟེ། དེ་ལའང་ཆོས་དབྱིངས་རྡོ་རྗེ་བཙུན་མོ་ཀུན་ཏུ་བཟང་མོ་ལ་སོགས་པ་དཀྱིལ་འཁོར་གྱི་ཁྱབ་བདག་དང་། རྡོ་རྗེ་དབྱིངས་ཕྱུག་མ་ལ་སོགས་པ་རྒྱུད་ཞུ་ཞིང་སྡུད་པ་མོ། ལས་ཀྱི་དབང་མོ་ཆེ་སོགས་བཀའི་མཛོད་ཀྱི་གཉེར་འཛིན། བདེ་བའི་དངོས་གྲུབ་མ་ལ་སོགས་པ་ཤེས་རབ་ཀྱི་ཕྱག་རྒྱ་མོ། ཁྲག་འཐུང་རལ་གཅིག་མ་ལ་སོགས་པ་ལེགས་ཉེས་ཀྱི་སྤྱན་པ། དུར་ཁྲོད་ཀྱི་མ་མོ་ལ་སོགས་པ་ལས་བྱེད་ཕོ་ཉའི་ཚུལ་དུ་གཅིག་ཉིད་དུ་མར་བཞེངས་པའི་རྣམ་འཕྲུལ་གང་ལ་གང་འདུལ་དུ་སྣང་བ་ལས། སྐབས་སུ་བབས་པ་འདི་ནི། བོད་འབངས་ཡོངས་ལ་བཀའ་དྲིན་ཆེ་བའི་མ་གཅིག །མ་ཧཱ་གུ་རུའི་ཐུགས་ཀྱི་གཟུངས་མ། ཡེ་ཤེས་ཀྱི་མཁའ་འགྲོའི་དབང་ཕྱུག །དྷཱ་ཀི་གཙུག་གི་རྒྱན་གཅིག་ཡེ་ཤེས་མཚོ་རྒྱལ་མའི་སྒྲུབ་ཐབས་ཀྱི་སྨིན་བྱེད་འབོགས་པའི་སྐབས་སུ་བབས་པ་སྟེ། འདིའི་བྱུང་ཁུངས་ལོ་རྒྱུས་མདོར་དྲིལ་བ་ནི། གཏེར་གཞུང་རྡོ་རྗེའི་གསུང་ལས། མ་ཧཱ་གུ་རུ་པདྨ་འབྱུང་གནས་དེ་ཉིད་མངའ་བདག་ཆེན་པོས་བོད་ཀྱི་ཡུལ་དུ་སྤྱན་དྲངས༔ ལྷ་མིའི་མཆོད་སྡོང་བསམ་ཡས་མི་འགྱུར་ལྷུན་གྲུབ་ཀྱི་གཙུག་ལག་ཁང་བཞེངས༔ མདོ་སྔགས་ཀྱི་གཞུང་རྣམས་བསྒྱུར་བཤད་སྤེལ་ཞིང༔ དགེ་འདུན་གྱི་སྡེ་བཙུགས༔ ལས་ཅན་དག་པའི་འཁོར་ལ་ཡང་སྙིང་རྡོ་རྗེ་ཐེག་པའི་སྨིན་གྲོལ་ཚང་སྤྲུགས་སུ་བསྩལ༔ ཟབ་གཏེར་མིང་ཅན་མིང་མེད་གྲངས་ལས་འདས་པ་སྦས་པ་སོགས་འཕྲལ་ཡུན་ཀུན་ཏུ་ཐུགས་རྗེ་ཆེན་པོའི་ཕྲིན་ལས་ཐང་མར་བརྡལ་བའི་སྐབས་ཤིག༔ གུ་རུ་པདྨ་འབྱུང་གནས་ལ༔ ལྷོ་བྲག་ལ་ཡག་མཁར་སྟེང་དུ༔ མོན་མོ་བཀྲ་ཤིས་ཁྱེ་འདྲེན་གྱིས་གསེར་སྐྱོགས་གཡུས་བཀང་བ་སོགས་གཏེར་གཞུང་དབུ་ནས་འབྱུང་བ། ཕྱི་ནང་གསང་བའི་ཚུལ་དུ་བསྒྲུབ༔ ཅེས་གསུངས་ཏེ། ཕྱི་ལྟར་ཐུགས་ཀྱི་དགྱེས་སྡེ་ཡུམ་ཆེན་ཇོ་མོ་མཁར་ཆེན་མཚོ་རྒྱལ། ནང་ལྟར་རྒྱལ་ཀུན་སྐྱེད་ཡུམ་རྡོ་རྗེ་རྣལ་འབྱོར་བླ་མ་མཁའ་འགྲོ་དབྱེར་མེད་བོད་འབངས་ཡོངས་ཀྱི་མ་གཅིག་ཡེ་ཤེས་ཀྱི་མཁའ་འགྲོ་མཚོ་རྒྱལ། གསང་བ་མ་མོ་བདག་མེད་ལྷ་མོ་ཡང་དག་དོན་གྱི་ཀུན་ཏུ་བཟང་མོ་སྟེ། དེ་ལྟར་ཕྱི་ནང་གསང་སྒྲུབ་ཀྱི་ཚུལ་དུ་སྒྲུབ་པའི་ཐབས་སོ་སོར་བསྟན་པ་ཐམས་ཅད་གྱི་རྩ་བ། ནང་སྒྲུབ་རྡོ་རྗེ་བཙུན་མོ་ལྷ་ལྔ་སྣང་བ་དབང་སྡུད་ཀྱི་དཀྱིལ་འཁོར་དུ་མཁའ་འགྲོའི་སྤྱི་ལུང་དབང་གི་སྒྲོམ་གྱི་སྨིན་བྱེད་ཟབ་མོ་བགྱིད་པ་ལ། སློབ་དཔོན་བདག་ཉིད་ཀྱིས་བགྱི་བར་འོས་པའི་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ་བཅུག །བླ་མ་ཡེ་ཤེས་མཁའ་འགྲོའི་ངོ་བོར་བཞུགས་པའི་སྤྱན་སྔར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སློབ་དཔོན་བདག་ལ་དགོངས་སུ་གསོལ༔ སྔོན་ཆད་ལམ་ལོག་འཁོར་བར་འཁྱམས༔ སྲིད་པའི་མཚོ་ལས་བསྒྲལ་སླད་དུ༔ མཁའ་འགྲོའི་དཀྱིལ་འཁོར་བསྟན་དུ་གསོལ༔ ལན་གསུམ། དེ་ལྟར་ན་ཐོག་མར་ལམ་གྱི་རྩ་བ་སྐྱབས་འགྲོ་སེམས་བསྐྱེད་ཚོགས་གསག་རྣམས་སྔོན་དུ་འགྲོ་དགོས་པས། དེའི་སླད་དུ་ཁྱེད་རང་རྣམས་ཀྱིས་མོས་གུས་དྲག་པོས་གསོལ་བ་བཏབ་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་དུས་ཀྱི་བདེ་གཤེགས་རྩ་བ་གསུམ་གྱི་དཀྱིལ་འཁོར་མཁའ་ཁྱབ་ཏུ་བཞུགས་པ་ཐམས་ཅད་སྤྱན་དྲངས། མདུན་གྱི་ནམ་མཁར་དགྱེས་པའི་གཟི་བྱིན་ཐིབས་སེར་བཞུགས་པའི་སྤྱན་སྔར། བདག་གིས་གཙོར་བྱས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱིས་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ན་མོ༔ བླ་མ་བདེ་གཤེགས་སོགས་ལན་གསུམ། ཡུལ་དེ་རྣམས་དཔང་པོར་གསོལ་བའི་སྤྱན་སྔར། འགྲོ་བའི་དོན་དུ་ཡེ་ཤེས་མཁའ་འགྲོའི་གོ་འཕང་བསྒྲུབས་ནས་སེམས་ཅན་རྣམས་བསྒྲལ་བར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། སེམས་བསྐྱེད་འགྲོ་བ་སོགས་ལན་གསུམ། ཟབ་མོའི་ལམ་ཉམས་སུ་ལེན་པའི་མཐུན་རྐྱེན་ཚོགས་གསག་པའི་སླད་དུ་ཚིག་རྗེས་དོན་དྲན་བཞིན་པའི་སྒོ་ནས་ཡན་ལག་བདུན་པ་འབུལ་བའི་བློས་འདིའི་རྗེས་ཟློས། བླ་མ་རྩ་གསུམ་ལྷ་ཚོགས་ལ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་སོགས་གོང་དུ་འབྱུང་བའི་བདུན་རྣམ་དག་ལན་གསུམ། དེ་ནས་ཁྱད་པར་ཅན་གྱི་དོན་ཞུ་བའི་འདུན་པ་དང་བཅས་འདིའི་རྗེས་ཟློས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ༔ སོགས་དབང་གཞུང་བཞིན་ལན་གསུམ། དེའི་ལན་དུ་སྤྲོ་བ་བསྐྱེད་ཅིང་འདའ་དཀའི་དམ་ཚིག་གི་གནད་བསྒྲག་པ་ཡིན་ཏེ། དབྱེར་མེད་ཆེན་པོར་སོགས། གསང་བའི་དམ་ཚིག་ཚུལ་བཞིན་འཛིན་སྙམ་པས་སླར་ཡང་ནན་ཏན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དཀྱིལ་འཁོར་གཙོ་བོ་རྡོ་རྗེ་འཆང༔ བླ་མ་ཡེ་ཤེས་མཁའ་འགྲོ་དགོངས༔ ལུས་དང་སྲོག་ལ་མི་བལྟ་བར༔ དམ་ཚིག་བཀའ་བསྩལ་ཚུལ་བཞིན་བསྒྲུབ༔ ངེས་པར་གནང་ཞིང་བསྩལ་དུ་གསོལ༔ ལན་གསུམ། གཞུང་དུ་མ་གསལ་ཡང་ཡེ་ཤེས་དབབ་པ་སྦྱོར་ན་མི་འགལ་བས། དེ་ལྟར་ན་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པ་སྒོ་གསུམ་ཐ་མལ་པ་ལ་མི་དབང་བས། དེ་ཕྱིར་ལུས་ལྷའི་དཀྱིལ་འཁོར་དུ་བསྐྱེད་ཅིང་། སེམས་ལ་ཡེ་ཤེས་ཀྱི་བྱིན་འབེབ་པའི་ཆོ་ག་བགྱིད་པ་ལ། སློབ་མའི་སྒོ་གསུམ་གྱི་གནད་གཅུན་ཏེ་འདི་ལྟར་གསལ་ཐོབས་མཛོད། དངོས་རྣམས་མི་དམིགས་མཁའ་འདྲ་བར༔ ཀུན་ཁྱབ་བརྩེ་བའི་སྙིང་རྗེ་བསྒོམ། །རང་རིག་ཡི་གེ་མཿརུ་བསམ། །དེ་ཡི་འོད་ལས་གཞལ་ཡས་ཁང་། །ཡིད་འོང་པདྨ་འདབ་བཞི་བརྡལ། །ལྟེ་དབུས་པདྨ་ཉི་ཟླའི་སྟེང་། །མཿབབས་མཿལས་འོད་འཕྲོས་པས༔ ཧ་རི་ནི་ས་དམར་པོ་བཞི༔ པདྨ་འདབ་བཞིར་རིམ་པར་བསམ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿམ་གུ་རུ་རྐྱེན་ཟློག་དྲག་མོ་རྩལ་བཛྲ་ས་མ་ཡ་ཛ༔ ཧ་རི་ནི་ས་ཧཱུྃ་སིདྡྷི་ཕ་ལ་ཧོ༔ ཞེས་པའི་སྔགས་ཀྱི་སྒྲས་བསྐུལ་བས། །ཡིག་འབྲུ་གནས་གྱུར་དྲན་རྫོགས་སུ། །རང་ཉིད་ཇོ་མོ་རྣལ་འབྱོར་མ༔ གཅེར་བུ་ཞལ་གཅིག་ཕྱག་གཉིས་མ༔ གཡས་པ་དབང་སྡུད་ཕྱག་རྒྱ་ཅན༔ གཡོན་པས་ཐོད་ཁྲག་རིན་ཆེན་བསྣམས༔ བཅུ་དྲུག་ན་ཚོད་རུས་རྒྱན་ཅན༔ དབུ་སྐྲ་ཕྱེད་གྲོལ་སྐུ་མདོག་དམར༔ ཞབས་གཉིས་བརྐྱང་བསྐུམ་ཉི་ཟླ་བརྫིས༔ ཞི་མ་ཁྲོ་ཚུལ་ཐུགས་ཀ་ན༔ པདྨ་འདབ་བཞི་དམར་དཀྱིལ་ཧྲཱི༔ རྟ་མགྲིན་ཞལ་གཅིག་ཕྱག་གཉིས་པ༔ རྒྱན་མེད་ཕྱག་གཡས་དབང་སྡུད་ཅན༔ གཡོན་པའི་ཞགས་པས་ཐམས་ཅད་འགུགས༔ དབུ་གཙུག་རྟ་མགོ་རྟ་སྐད་འཚེར༔ རྣམ་པ་ཡི་དམ་རྟ་མགྲིན་ལ། །ངོ་བོ་ཨོ་རྒྱན་རྡོ་རྗེ་འཆང་། །འདབ་བཞིར་རིགས་བཞིའི་མཁའ་འགྲོ་བཞི། །དམར་གསལ་གཅེར་བུ་རུས་རྒྱན་ཅན། །གསེར་དངུལ་རཏྣའི་ཕྲེང་བས་བརྒྱན། །དར་གྱི་ཅོད་པན་རྣམ་པར་འཕུར། །ཕྱག་གཡས་དབང་སྡུད་ལྕགས་ཀྱུ་ཕྱར། །ཕྱག་གཡོན་ཐོད་ཁྲག་ཐུགས་ཀར་འཛིན། །གར་སྟབས་ཤིགས་ཤིག་སྒྱུར་བར་སྒོམས། །ཕེཾ་ཕེཾ་ཧྲཱིཿཡི་སྒྲ་དང་བཅས༔ དེ་རྣམས་ཀུན་ལས་འོད་འཕྲོས་པའི༔ འོད་ཟེར་སྟོང་གསུམ་གང་བ་ཡིས༔ སྣང་སྲིད་དབང་སྡུད་དངོས་གྲུབ་ཀྱི༔ ཆར་འབེབ་འགྲོ་དྲུག་འདུལ་བར་བསམ༔ གཞལ་ཡས་འདབ་བཞིའི་ཡིག་བཞི་ལས༔ མཁའ་འགྲོ་སྡེ་བཞི་དམར་མོར་བསྐྱེད༔ དེ་ཡང་བཅུ་དྲུག་ན་ཚོད་ལ༔ ཞལ་གཅིག་ཕྱག་གཉིས་གཡས་དབང་སྡུད༔ གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན༔ རང་རང་ས་བོན་ཐུགས་ཀར་མཚན༔ རང་འདྲའི་ཌཱ་ཀི་འབུམ་འབུམ་བསྐོར༔ དཔའ་བོ་གིང་གི་ཚོགས་དང་བཅས༔ སྣང་སྲིད་དབང་སྡུད་རང་བཞིན་དུ༔ གར་སྟབས་ཤིགས་སེ་སྒྱུར་བར་སྒོམས༔ དེ་ནས་སློབ་དཔོན་ལ་མོས་གུས་བྱས་པའི་རྐྱེན་གྱིས་དཔོན་སློབ་གཉིས་ཀའི་ཐུགས་སྲོག་འོད་ཟེར་གྱི་ཕོ་ཉས་རྒྱལ་བ་རྩ་གསུམ་ཐམས་ཅད་བསྒོམས་པའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་སྟེང་འོག་ཕྱོགས་བཅུ་ཀུན་ནས་སྤྱན་དྲངས། སློབ་མ་ལ་ཐིམ་པས་བདེ་སྟོང་གི་ཡེ་ཤེས་སྐྱེས་པར་བསམ་ལ་རྩེ་གཅིག་ཏུ་མཉམ་པར་ཞོག་ཅིག །སྤོས་རོལ་དང་བཅས། ཧཱུྃ༔ ཡུལ་གྱི་མིང་ནི་རྔ་ཡབ་གླིང༔ སོགས་གོང་གི་ཕྱི་སྒྲུབ་བླ་མའི་རྣལ་འབྱོར་ནས་འབྱུང་བ། བདག་ལ་ཞེས་པར། རྣམས་ལ་ཞེས་བསྒྱུར། སྔགས་བཅས་ཀྱིས་བྱིན་དབབ། ཏིཥྛ་བཛྲས་བརྟན། དེ་རྣམས་ཀྱིས་སྦྱོར་བའི་ཆོས་རྣམས་གྲུབ་ནས། དངོས་གཞི་ལ་དབང་བཞི་མཐའ་རྟེན་བཅས་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བའི་དང་པོ་སྐུ་བུམ་པའི་དབང་བསྐུར་བའི་སླད་དུ། སློབ་དཔོན་གྱི་ཐུགས་ཀའི་ཡེ་ཤེས་སེམས་དཔའ་དཔའ་བོ་རྟ་མགྲིན་ལས་རིགས་ལྔའི་རྒྱལ་བ་ཡབ་ཡུམ་ལ་སོགས། གདན་གསུམ་ཚང་བའི་དབང་ལྷའི་དཀྱིལ་འཁོར་པ་བྱོན་པའི་ཡུམ་རྣམས་ཀྱིས་བུམ་པ་བཟང་པོའི་དབང་སྤྱི་བོ་ནས་བསྐུར་བ་ལས། བདུད་རྩིའི་རྒྱུན་བྱུང་། ཚངས་བུག་ནས་ཞུགས། ལུས་ཀྱི་སྡིག་སྒྲིབ་དག་པར་གྱུར་པར་མོས། བུམ་པ་ཐོགས་ལ། ནང་སྒྲུབ་ནས་འབྱུང་བའི། ཨོཾ་ སྐུ་ཡིས་བྱིན་གྱིས་བརླབ་ཏུ་གསོལ༔ སོགས་ཚིག་རྐང་གསུམ་གྱི་མཐར། བུམ་དབང་ཡོངས་རྫོགས་ཐོབ་པར་ཤོག །ཨོཾ་ཧྲཱིཿམཿཕེཾ་ཕེཾ་ཀཱ་ཡ་སིདྡྷི་ཧཱུྃ་ཨཱ༔ ཞེས་སྦྱར་བས་དབང་བསྐུར་ཞིང་བུམ་ཆུ་སྦྱིན། དེ་ལྟར་བུམ་དབང་བསྐུར་པས། སློབ་མའི་སྤྱི་བོར་བདུད་རྩིའི་ཆུ་ལྷག་འཁྱིལ་བ་ལས། མགོ་བོའི་གནས་ལྔར་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ལས་དེ་བཞིན་གཤེགས་པ་རིགས་ལྔའི་ཅོད་པན་གྱིས་རྒྱས་བཏབ། ཕུང་པོའི་སྣང་ཞེན་དག་པས་སངས་རྒྱས་མཆོག་གི་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པའོ། །དེས་ནི་བུམ་པའི་དབང་སོགས་དབང་གཞུང་ལྟར་ཚིག་རྐང་གཉིས་བརྗོད། གཉིས་པ་གསུང་གསང་བའི་དབང་བསྐུར་བ་ནི། དཀྱིལ་འཁོར་གྱི་གཙོ་མོའི་ཐུགས་ཀར་ཡེ་ཤེས་དང་ཏིང་འཛིན་སེམས་དཔའ་སུམ་བརྩེགས་ཀྱི་བདག་ཉིད་ཅན། ངོ་བོ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཡབ་ཡུམ་སྦྱོར་བའི་སྒྱུ་རྩལ་གྱིས་བྱང་ཆུབ་ཀྱི་སེམས་རྒྱུན་དཀར་དམར་འདྲེས་པ་ལྗགས་ཐོག་ཏུ་བཞག་པས་ངག་སྒྲིབ་དག་པར་གྱུར་པར་མོས། བྷནྡྷ་ཐོགས་ལ། ནང་སྒྲུབ་ཀྱི་སྔ་མའི་འཕྲོས། ཨཱཿ གསུང་གིས་བྱིན་གྱིས་སོགས་ཚིག་རྐང་གསུམ་དང་། གསུང་དབང་ཡོངས་རྫོགས་ཐོབ་པར་ཤོག །ཨཱཿཧྲཱིཿམཿཕེཾ་ཕེཾ་ཝཱ་ཀ་སིདྡྷི་ཧཱུྃ་ཨཱ༔ ཞེས་པས་ཐོད་པ་མགྲིན་པར་བཞག་ཅིང་གསང་རྫས་བྱིན། བྱང་སེམས་མགྲིན་པ་ནས་བརྒྱུད་ལུས་ཀྱི་རྩ་གནས་ཐམས་ཅད་ལ་ཁྱབ་པས་གསལ་བའི་ཡེ་ཤེས་སྐྱེས། རྩ་རླུང་ཡེ་ཤེས་ཀྱི་ཁམས་སུ་བྱིན་གྱིས་བརླབས་པས་ངག་གི་འགྲོ་འོང་སྔགས་སུ་སྨིན་ཅིང་། ལོངས་སྤྱོད་རྫོགས་སྐུ་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པའོ། །ངག་གི་སྒྲིབ་དག་སོགས་དབང་གཞུང་ལྟར་ཚིག་རྐང་གཉིས་བརྗོད། གསུམ་པ་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། དབང་གཞུང་ལྟར། དེ་ནས་བླ་མའི་ཐུགས་ཀ་སོགས་ནས། འཕྲོས་པས༔ བུ་ཡི་སྙིང་གར་སོགས་ནས། དག་པར་བསམ༔ བར་ཚིག་རྐང་ལྔ་བརྗོད། ཧཱུྃ་ ཐུགས་ཀྱིས་བྱིན་གྱིས་སོགས་ནང་སྒྲུབ་ལྟར་ཚིག་རྐང་གསུམ་དང་། ཤེར་དབང་ཡོངས་རྫོགས་ཐོབ་པར་ཤོག །ཧཱུྃ་ཧྲཱིཿམཿཕེཾ་ཕེཾ་ཙིཏྟ་སིདྡྷི་ཧཱུྃ་ཨཱ༔ ཞེས་བརྗོད་ཅིང་ཉམས་བསྐྱང་། དེ་ལྟར་བྱས་པས་ཐུགས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས། གཟུང་འཛིན་གྱི་རྒྱུན་ལམ་བཅད། ཐིག་ལེ་འཛག་མེད་དུ་བརྟན་པས་བདེ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས། ཆོས་ཀྱི་སྐུ་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པའོ། །ཤེས་རབ་ཡེ་ཤེས་སོགས་དབང་གཞུང་ལྟར་ཚིག་རྐང་གཉིས་བརྗོད། བཞི་པ་ཡོངས་རྫོགས་ཡེ་ཤེས་རྡོ་རྗེའི་དབང་བསྐུར་བ་ནི། སླར་ཡང་སློབ་མས་བླ་མ་ལྷར། །གདུང་བའི་ཤུགས་ཀྱིས་གསོལ་བཏབ་པས། །བླ་མ་མཁའ་འགྲོ་རང་ལ་ཚུར༔ ཐིམ་པས་སོགས་ནས། ངང་ལ་བཞག༔ བར་ཚིག་རྐང་དྲུག་པོ་བརྗོད་ཅིང་། མཉམ་པར་འཇོག་བཞིན་པས། ཧྲཱི༔ སྐུ་གསུང་ཐུགས་ཀྱིས་སོགས་ནང་སྒྲུབ་བཞིན་ཚིག་རྐང་གསུམ་དང་། ཚིག་དབང་ཡོངས་རྫོགས་ཐོབ་པར་ཤོག །ཨོཾ་ཨཱཿཧཱུྃ༔སོགས་སྔགས་ཀྱང་བརྗོད། དེ་ལྟར་བྱས་པས་ཡོངས་རྫོགས་ཡེ་ཤེས་རྡོ་རྗེའི་བྱིན་རླབས་རྒྱུད་ལ་ཞུགས། བདག་ཏུ་འཛིན་པའི་ཡུལ་བུད། གནས་ལུགས་རྗེན་པའི་རྩལ་རྫོགས། སྐུ་བཞི་ལྷུན་གྲུབ་ཡེ་ཤེས་རྒྱལ་པོའི་སྐུ་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པའོ། །རིག་པ་ཡེ་ཤེས་སོགས་དབང་གཞུང་ལྟར་ཚིག་རྐང་གཉིས་བརྗོད། ལྔ་པ་མཐའ་རྟེན་བྱིན་རླབས་གཏོར་མའི་དབང་བསྐུར་བ་ནི། གཏོར་སྣོད་དབྱིངས་ཀྱི་ཕོ་བྲང་དུ་གཏོར་མ་དཔའ་མོ་ཧེ་རུ་ཀཿརྩ་བ་གསུམ་གྱི་ལྷ་ཚོགས་དང་བཅས་པ། གཏོར་རྫས་དངོས་གྲུབ་དམ་ཚིག་གི་རྫས་ཀྱི་རྒྱ་མཚོར་འཁྱིལ་བའི་དཀྱིལ་འཁོར་སྣོད་བཅུད་ཡོངས་རྫོགས་གནས་བཞིར་གཏུགས་ཤིང་དབང་བསྐུར་བས། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་མཆོག་གི་དངོས་གྲུབ་དང་། ཚེ་དབང་བསོད་ནམས་སོགས་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འོད་ཟེར། བདུད་རྩི། ཡིག་འབྲུ། ཕྱག་མཚན་བཀྲ་ཤིས་རྫས་རྟགས་ཀྱི་རྣམ་པར་ཆར་བབས་པ་བཞིན་བྱོན། སློབ་མའི་གནས་བཞིར་ཐིམ་པས་དབང་མཆོག་རྒྱལ་པོ་མ་ལུས་རྩལ་རྫོགས་སུ་ཐོབ་པས་དངོས་གྲུབ་རྣམ་གཉིས་ཐོགས་མེད་དུ་འགྲུབ་པར་མོས། གཏོར་ཆེན་བཏེགས་ལ། ནང་སྒྲུབ་ཀྱི་བྱིན་འབེབ་ནི། ཧཱུྃ༔ བཞེངས་ཤིག་བཞེངས་ཤིག་རྗེ་བཙུན་བཞེངས༔ སོགས་བདག་ལ་ཞེས་པ་གར་ཡོད་སར་འདི་ལ་ཞེས་བསྒྱུར་ཞིང་། ཚན་གསུམ་གྱི་མཐར། ཨོཾ་ཨཱཿཧཱུྃ་ཧྲཱིཿམཿགུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧ་རི་ནི་ས། མ་ཧཱ་སིདྡྷི་ ཨཱ་ཡུར་སིདྡྷི་ ཛྙཱ་ན་སིདྡྷི་ སརྦ་སིདྡྷི་ཧཱུྃ་ཨཱ༔ ཞེས་བཟླ་ཞིང་གནས་བཞིར་གཏུག་ལ་དབང་བསྐུར། མཐར། ལྷ་ཚོགས་ཟག་མེད་བདེ་བའི་ངོ་བོར་ཞུ་བའི་དངོས་གྲུབ་དབྱིག་གི་ནོར་བུ་ལ་ལོངས་སྤྱད་པས་དངོས་གྲུབ་རྣམ་པ་གཉིས་རྩོལ་མེད་དུ་ཐོབ་པའི་ངེས་ཤེས་སྐྱེད་ཅིག །ཨོཾ་ཨཱཿཧཱུྃ་ཧྲཱིཿམཿགུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧ་རི་ནི་ས་སརྦ་སིདྡྷི་མ་ཧཱ་ཕ་ལ་ཨ་ལ་ལ་ཧོ༔ ཞེས་བརྗོད་ཅིང་གཏོར་མ་དངོས་གྲུབ་ཏུ་སྦྱིན། སླར་ཡང་བདེ་གཤེགས་མཁའ་འགྲོ་དམ་ཅན་ནོར་ལྷ་རིག་འཛིན་དྲང་སྲོང་རྣམས་མདུན་གྱི་ནམ་མཁར་བྱོན་ནས། སློབ་དཔོན་དང་མགྲིན་གཅིག་བཀྲ་ཤིས་པའི་གླུ་དབྱངས་ལྡིར་ཞིང་། མེ་ཏོག་གི་ཆར་ཕབ་པས་དབང་གི་ཡེ་ཤེས་བརྟན་ཅིང་འཕེལ་རྒྱས་སུ་བསྒྲུབས་པར་མོས། ཨོཾ། བཀྲ་ཤིས་རི་རབ་གླིང་བཞིའི་བཀོད་པ་ལ། །ཡོན་ཏན་རིན་ཆེན་ཁང་བརྩེགས་དཔལ་འབར་བ། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་སོགས་ཇི་ལྟར་འོས་པ་བརྗོད། གསུམ་པ་རྗེས་ལ། དབང་གི་རྗེས་ནི། དེ་རྣམས་ཀྱི་སྒོ་ནས་ཨ་མ་ཇོ་མོའི་ནང་སྒྲུབ་ཀྱི་དབང་བསྐུར་ཟབ་མོ་ལེགས་པར་ཐོབ་པའི་དབང་སྲོག་དམ་ཚིག་གི་རིམ་པའང་། གཞུང་ལས། དབང་རྫོགས་བླ་མར་དབང་ཡོན་སོགས་ཚིག་རྐང་དྲུག །མཉམ་པར་སྦྱོར༔ ཞེས་གདམས་ཤིང་བསྔགས་པ་བཞིན་ལགས་པས་ན། སྤྱི་དང་ཁྱད་པར་གྱིས་བསྡུས་པའི་གསང་དམ་ཚུལ་བཞིན་འཛིན་པའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། དེ་ལྟར་སྨིན་བྱེད་དབང་གི་རིམ་པ་གྲུབ་པའི་གཏང་རག་དང་། སླར་ཡང་ཟབ་ཁྲིད་ཟབ་མོ་གསན་པའི་དོན་དུ་ཆབས་ཅིག་མཎྜལ་ཕུལ། ཇོ་མོའི་གསང་སྒྲུབ་གདམས་པའི་ཁྲིད་ལ་སེམས་མ་ཡེངས་པར་གསོན་ཅིག །མ་གཅིག་ཇོ་མོ་མཚོ་རྒྱལ་ནི༔ གསང་བར་མ་མོ་བདག་མེད་མ༔ འཁོར་བ་བློས་བཏང་གངས་བྲག་གི༔ རི་ཁྲོད་དབེན་སར་འབོལ་གདན་སྟེང༔ གསང་སྔགས་བླ་མ་བཟང་བསྟེན་ནས༔ གཙུག་གི་རྒྱན་གཅིག་བདག་མེད་མ༔ རང་དང་གཉིས་མེད་བལྟ་འདོད་ན༔ འདི་ལྟར་བདག་ལ་གཞིག་པ་བཏང༔ ཕྱི་ནང་ཡུལ་ལ་བདག་ཚོལ་ཅིག༔ སྣང་ཡུལ་སེམས་ལ་ཕར་བརྟགས་པས༔ སྣང་བའི་ཡུལ་ལ་བདག་མེད་ན༔ མིང་རུས་བདག་ཏུ་འདུག་གམ་ལྟོས༔ མིང་དང་རུས་ནི་བདག་ཡིན་ན༔ མིང་རུས་འཕོ་ཚེ་བདག་མི་འཕོ༔ དེ་ཕྱིར་མིང་རུས་བདག་མ་ཡིན༔ ལུས་འདི་བདག་ཏུ་འདུག་གམ་ལྟོས༔ ལུས་འདི་བདག་ཉིད་ཡིན་གྱུར་ན༔ ལུས་འདི་བསྲེགས་ཚེ་བདག་མི་ཚིག༔ ཕྱི་ཡི་ལུས་ནི་བདག་མ་ཡིན༔ འོ་ན་སེམས་ནི་བདག་ཡིན་ནམ༔ སེམས་འདི་བདག་གཅིག་ཡིན་གྱུར་ན༔ ད་ལྟ་གར་གནས་དང་པོ་གང་ནས་བྱུང༔ རྗེས་ལ་གར་འགྲོ་དབྱིབས་དང་ཁ་དོག་ལྟོས༔ གང་དུ་ཡང་ནི་གྲུབ་པ་མེད༔ སེམས་ནི་སྟོང་པ་སྐྱེ་འགག་མེད༔ དེ་ཕྱིར་སེམས་ལ་ང་བདག་མེད༔ གཞན་ནའང་ཡོད་པ་མ་ཡིན་ཏེ༔ དེ་ལྟར་ལྟ་བྱེད་བདག་མ་ཡིན༔ ཅི་སྟེ་རང་བཞིན་བརྗོད་དང་བྲལ༔ བདག་མེད་པ་ལ་བདག་བཟུང་བས༔ སེམས་ཅན་ཐམས་ཅད་འཁྲུལ་ཅིང་སྡུག༔ ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ཡང༔ རྩ་བ་བདག་ཏུ་རྟོག་ལས་གྱེས༔ བདག་མེད་རང་རིག་དེ་རྟོགས་ན༔ སངས་རྒྱས་བྱང་ཆུབ་བདེ་བ་རྒྱས༔ ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ཡང༔ བདག་མེད་ཟད་སར་སྐྱོལ་ལ་འདུས༔ དེ་ཕྱིར་མ་མོ་བདག་མེད་མ༔ མ་ནི་སྐྱེ་བ་མེད་པའི་དོན༔ མོ་ནི་འགག་པ་མེད་པའི་དོན༔ བདག་མེད་སྐྱེ་འགག་གཉིས་ལས་འདས༔ དེ་ལྟར་རྟོགས་ན་ལྟ་བ་ཡིན༔ རང་རིག་བདག་མེད་གསལ་བ་དེ༔ མ་ཡེངས་རྒྱུན་དུ་བསྒོམ་པ་ཡིན༔ དེ་ལས་མི་འདའ་དམ་ཚིག་ཡིན༔ ཡིད་ལ་མི་བྱེད་གེགས་སེལ་ཡིན༔ དེ་བཞིན་སྤྱད་པ་སྤྱོད་པ་ཡིན༔ དེ་དོན་མངོན་གྱུར་འབྲས་བུ་ཡིན༔ དེ་ནི་ཐེག་པ་ཀུན་གྱི་གཙུག༔ མྱ་ངན་འདས་པའི་རྒྱན་གཅིག་ཡིན༔ བདག་མེད་ཡོངས་གྲོལ་ངོ་མཚར་ཆེ༔ བདག་མེད་དབང་ཐོབ་ཆོས་སྐུ་ཡིན༔ ཇི་ལྟར་ནམ་མཁའ་དྭངས་པ་ལ༔ ཉི་མའི་འོད་ཟེར་འཆར་བ་བཞིན༔ གཟུགས་སྐུ་རྣམ་གཉིས་ཤུགས་ལ་འབྱུང༔ འགྲོ་དོན་ལྷུན་གྲུབ་ཆེན་པོར་སྤྱོད༔ འདི་ལྟ་བུ་ཡི་རིན་ཆེན་འདི༔ བློ་དམན་རྣམས་ལ་གསང་བའི་དོན༔ སྐལ་ལྡན་འདི་སྤྱོད་གསང་སྒྲུབ་ཅེས༔ ཐ་སྙད་ཙམ་དུ་བཏགས་པ་བས༔ དེ་ཕྱིར་གསང་སྒྲུབ་འདི་ལྟར་རྟོགས༔ བཀྲ་ཤིས་འདྲེན་ཁྱོད་སྐལ་ལྡན་ནམ༔ གཙུག་གི་རྒྱན་གཅིག་རྣལ་འབྱོར་མ༔ བདག་མེད་པ་ཡི་དོན་རྟོགས་ཤོག༔ ཇོ་མོའི་གསང་སྒྲུབ་ཡང་དག་དོན་གྱི་ལེའུ་སྟེ་བཞི་པའོ༔ ཞེས་གསུངས་པ་ལྟར་སྔོན་འགྲོ་ཕྱི་སྒྲུབ་ཀྱི་བློ་སྦྱང་། དངོས་གཞི་ནང་སྒྲུབ་ལྷ་ཡི་རྣལ་འབྱོར། བཟླས་པ་སྔགས་ཀྱི་རྣལ་འབྱོར། ཁྱད་པར་གསང་སྒྲུབ་ཟབ་མོའི་དོན་ཁྲིད་ཚུལ་བཞིན་ཉམས་སུ་བླང་བར་མཛད་འཚལ། །དེས་སྨིན་གྲོལ་ཆིག་རྫོགས་སུ་ལེགས་པར་གྲུབ་པའི་སོགས་སྤྱི་བཞིན་བྱ། ཆོ་གའི་རྗེས་རིམ་ནི། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་། ལྷག་མ་གཏང་། སྤྲོ་ན་ཆད་བརྟན་རྟ་བྲོ་དང་། མི་ནུས་ན་གོང་གི་འཕྲོས་སུ་འབྱུང་བའི་སྔགས་ཀྱིས་དངོས་གྲུབ་བླངས་ཤིང་། བསྔོ་སྨོན་བཀྲ་ཤིས་སོགས་བླ་མའི་ལས་བྱང་ལྟར་བགྱིས་པས་གྲུབ་བོ།། །། ༈ ཡང་གཏེར་མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་དབང་གི་ཐོག་མར་ཟུར་འདེབས་རཏྣའི་ཆུན་པོ་ནས་གསུངས་པ་བཞིན་ལ། ཐོག་མར་ཚིག་བདུན་དང་བརྒྱུད་འདེབས། རྒྱུན་ཁྱེར་ལྟར་བདག་གི་རྣལ་འབྱོར་ཉུང་བསྡུས་བཟླས་པ་བསྡུ་ལྡང་བཅས་སྔོན་དུ་འགྲོ་བས། ས་དང་། ལྷ། བུམ་པ། སློབ་མ་སྟ་གོན་བཅས་བྱས་ཏེ། དབང་སྒྲུབ་དངོས་ལ། བརྒྱུད་འདེབས། རྡོ་རྗེ་ཕག་མོའི་ཕྲིན་ལས་ལྟར་ཚོགས་ཞིང་གསལ་ཞིང་། སྐྱབས་སེམས་སྡོམ་གཟུང་བཅས་ལན་གསུམ་རེ། ཚོགས་ཞིང་རང་ལ་བསྡུ། བགེགས་གཏོར་བསང་སྦྱང་བྱིན་རླབས་མགྲོན་འགུགས་བསྔོ་བ་བཅས་སྤྱི་འགྲོ་སྦྱར་ནས། བགེགས་བསྐྲད་ཅིང་མཚམས་གཅད། ཟབ་ཁྲིད་ལྟར་རྡོར་སེམས། མཎྜལ། བླ་མའི་རྣལ་འབྱོར་གྱི་ཐུགས་རྒྱུད་བསྐུལ་བའི་བསྙེན་པ་བཅས་གཏང་། ཕྲིན་ལས་ཀྱི་བཤགས་པ་དང་དམ་བཅའ་གཟུང་། ཟབ་ཁྲིད་ཀྱི་གོང་འཕྲོས། དབང་བླང་། ཕྲིན་ལས་ཀྱི་བྱིན་འབེབ་མཆོད་བརླབ་ནས་ལྷ་བསྐྱེད་ཀྱི་རིགས་བཞི་མཁའ་འགྲོའི་རྗེས། ཟུར་གསལ་དཔའ་བོ་དཔའ་མོའི་བསྐྱེད་རིམ་སྦྱར། ཕྲིན་ལས་ཀྱི་སྒོ་མཚམས་བསྐྱེད་པ་ཕྱིན་ནས་བསྟོད་པའི་མཐར། བཾ་བཛྲ་ཀྲོ་དྷཱི་ཀཱ་ལི་ཛྙཱ་ན་མཎྜལ་ཕཊ་ཛཿསྦྱར་བས་ཛཔ྄་ཁང་ཕྱེ། ཐུགས་རྒྱུད་བསྐུལ་ཞིང་ཡེ་ཤེས་འབེབ་སྔགས་ཅུང་ཟད་དང་ཏིང་འཛིན་བཅས་སྐུ་གསུང་ཐུགས་སྔགས། རིགས་བཞིའི་བསྙེན་པ་རྣམས་རིམ་པས་གྲངས་ཆ་འཕྲི་བའི་བཟླས་པ་གྲུབ་མཚམས། དཔའ་བོ་དང་དཔའ་མོའི་སྒྲུབ་ཐབས་ལྟར་ཏིང་འཛིན་བཅས་འཁོར་ལོ་གསུམ་གྱི་སྔགས་བཟླ་བ་སྦྱར། ཕྲིན་ལས་ལྟར་ཏིང་འཛིན་བཅས་ལས་དམ་མཁའ་འགྲོ་དང་ལས་བཞིའི་བཟླས་པ་རྣམས་ཅུང་ཟད་རེ་བཟླ། དེ་ནས་དོན་གྱི་དགོངས་པ་གསལ་བཏབ་ལ་ཧཱུྃ་དབྱངས་གྱེར། འདིར་སྟ་དངོས་མི་སྦྲེལ་བའམ་སྦྲེལ་ཀྱང་སྤྲོ་ན། རྣམ་རྒྱལ་གསང་བའི་བུམ་སྒྲུབ་སྟ་གོན་སྐབས་བཞིན་སླར་བྱ། ལས་བུམ་དུ་འཁྱིལ་པའི་བསྐྱེད་བཟླས་ཀྱང་བྱ། དབྱངས་གསལ། ཡིག་བརྒྱ། རྟེན་སྙིང་བཟླས་པས་ལྷག་ཆད་བསྐང་ཞིང་བརྟན། གཏོར་འབུལ་ཕྲིན་བཅོལ། མཆོད་བསྟོད་བཅས་གྲུབ་པ་དང་། རིགས་བཞི་མཁའ་འགྲོའི་སྒོས་དབང་ནི་སོ་སོའི་དབུར་འབྱུང་བ་བཞིན་ཟུར་དུ་བསྒྲུབ་ཅིང་བསྐུར་དགོས་པས་དེ་ལྟར་བྱ་བ་ཤིན་ཏུ་གལ་ཆེ་བ་ཡིན་ཞིང་། དེང་སང་བསྐུར་བསྐུར་ཐོབ་ཐོབ་ཀྱི་མིང་བགྲང་བའི་མགྱོགས་དབང་སྐབས་དཀྱུས་གཅིག་ཏུ་བསྒྲུབ་པར་འདོད་ན། ཚེ་སྒྲུབ་ཀྱི་ལྷ་བསྐྱེད་ནས་བཟླས་པ་ཚེ་འགུགས་རྒྱས་གདབ་རྗེས་སྨོན་ཤིས་བརྗོད། ནོར་སྒྲུབ་ཀྱི་ཁྲུས་གསོལ་ནས་བསྙེན་པའི་སྐབས། ཐོད་རྟེན་ཡོད་ན་དེ་ཉིད་ཀྱི་བྱིན་འབེབ་དང་བཟླས་པ་བྱ། གང་ལྟར་ཡང་གཏོར་འབུལ་གཡང་འགུགས་རྗེས་རྩ་ལས་ཀྱི་སྔགས་བཟླས་དང་རྟེན་སྙིང་ཤིས་བརྗོད་བྱ། དབང་སྡུད་ལ་ལྷ་བསྐྱེད་ནས་བཟླས་པའི་ཐུན་མཚམས་ཁྱད་པར་གྱི་མཆོད་པ་འབུལ་ཞིང་སྨོན་ཤིས་བྱ། ཟོར་ལས་ལ་མདུན་དཀྱིལ་བསྐྱེད་བཟླས་སྲུང་ཟློག་གསད་པའི་དམིགས་བཟླས་ཁྱུག་ཙམ་རེ་གཏང་། ཟུར་གསལ་བཀའ་སྲུང་མཁའ་འགྲོ་མཆེད་གསུམ་གྱི་གཏོར་འབུལ་བྱ། དེ་ནས་ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་དང་སྤྱིར་སྐོང་བ་གྲུབ་པའི་མཚམས་དེར། མཆོད་སྐོང་ལྟར་རྡོ་རྗེ་མཁའ་འགྲོའི་ཆུ་སྐོང་ནས་མར་མེའི་སྐོང་བ་གྲུབ་ཀྱི་བར་གཞུང་གསལ་བཞིན་མཐར་ཆགས་སུ་བཏང་ཞིང་། སོ་སོའི་བྱིན་རླབས་བརྡ་དབང་བླངས་ལ། སློབ་མ་ལ་དབང་བསྐུར་སྐབས་སྐད་ཅིག་གིས་གསལ་བཏབ་པས་ཁྱབ། མདོས་རག་གི་བསྐང་བ་ནི་གཏེར་གཞུང་ལས་ཕབ་མ་གྲུབ་པས། ས་བཅད་མི་སྟོང་ཕྱིར་མདོས་རཀ་སྤྱི་འགྲེས་ལ་བརྟེན་ནས་བསྐུར་བར་འཇམ་མགོན་རྡོ་རྗེ་འཆང་ཆེན་པོའི་ཞལ་ལུང་ལྟར་བསྒྲུབ་པ་ལ། བྱིན་རླབས་ནི། ཨོཾ་ཨཱཿཧཱུྃ། སྟོང་པའི་ངང་ལས་མདོས་གཏོར་རྣམས། །ངོ་བོ་ཡེ་ཤེས་རང་བཞིན་ལ། །རྣམ་པ་སྣང་སྲིད་དཀྱིལ་འཁོར་ཀུན། །ཡོངས་རྫོགས་མདོས་གཏོར་ནམ་མཁའ་མཛོད། །བྱེད་ལས་ལྷ་ཚོགས་དགྱེས་སྐོང་གྱུར། །ཅེས་དང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ། ཧཱུྃ། སྐྱེ་མེད་དབྱིངས་ཀྱི་ནམ་མཁའི་ཀློང་། །རིག་གདངས་མ་འགགས་ཆོ་འཕྲུལ་ལས། །སྲིད་ཞིའི་དཀྱིལ་འཁོར་འཁོར་ལོར་ཤར། །དེ་དབུས་རྡོ་རྗེ་ཁྲོས་མ་ནག །རིགས་བཞིའི་དཔའ་བོ་ཡབ་ཡུམ་དང་། །ལས་དང་ཡེ་ཤེས་དྷཱ་ཀི་ནཱི། །འབུམ་ཕྲག་ཡངས་པའི་ཚོགས་དང་བཅས། །དགྱེས་དགུར་སྤྱོད་པའི་མཎྜ་ལ། །བདེ་ཆེན་རྡོ་རྗེའི་ལྷ་ཚོགས་རྣམས། །ཕྱི་ནང་གཞན་གསུམ་མཉམ་སྦྱོར་བའི། །ཡོངས་རྫོགས་མདོས་ཀྱི་ལོངས་སྤྱོད་མཆོག །འདོད་ཡོན་མཆོག་གི་གཏེར་ཆེན་པོས། །རྡོ་རྗེ་ཕག་མོའི་ཐུགས་དམ་བསྐང༔ འཁོར་གྱི་མཁའ་འགྲོའི་སོགས། རྩ་སྔགས་ལ། ཨོཾ་ཨཱཿཧཱུྃ་བཾ་བཛྲ་བྷ་ར་ཧི་ཛྙཱ་ན་བཛྲ་མཎྜ་ལ་སརྦ་པཱུ་ཛ་ས་མ་ཡ་ཧོཿ ཞེས་བཏགས་པ་ཅི་ནུས་བཟླས་པས་མཆོད། དེ་ལྟར་ཕུལ་པས་དཀྱིལ་འཁོར་ལྷ་ཚོགས་ཟག་མེད་ཀྱི་བདེ་བས་དགྱེས་ཤིང་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས། བདག་དང་སློབ་མའི་འགལ་རྐྱེན་བར་ཆད་བསལ་ཞིང་། མཆོག་ཐུན་གྱི་ལས་རབ་འབྱམས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛད་པར་གྱུར་པར་བསམ། བདུད་རྩི་རིལ་བུའི་སྒྲུབ་གཞུང་ནི་གཏན་ལ་འབེབ་མ་གྲུབ་པས། རྩ་དབང་སྒྲུབ་པའི་ཞར་བྱུང་དུ་བདུད་རྩིའི་ཕོ་བྲང་ལ་དམིགས་པས་ཁྱབ་པར་བྱས་པས་ས་བཅད་ཚང་བའི་དབང་དུ་མཛད་པ་ལྟར་གྱིས་འཐུས།་་་ཕྱག་བྲིས་ངོ་མ་ལས་ཞལ་བཤུས་ཞེས་པའི་རིལ་སྒྲུབ་ལྡེབ་གཉིས་ཅན་ཞིག་རྫོང་སར་པར་མར་ཡོད་པ་འདིར་བཙུད་ཡོད།མཆན། དེ་ནས་མཁའ་འགྲོའི་སྨྲེ་བཤགས་དང་། མཆོད་སྐོང་ལྟར་དོན་སྐོང་བྱ། བརྡ་དབང་ཚང་བའམ་འཇུག་པ་མདོར་བསྡུས་སྔོན་དུ་འགྲོ་བས་དབང་བཞིའི་སྙིང་པོ་ཙམ་བླངས་ནས་སློབ་མ་འཇུག་པར་གནང་བ་ཞུ། དབང་དངོས་ལ། སློབ་མ་ལ་ཁྲུས་བྱ། བགེགས་གཏོར་བསྔོ་ཞིང་བཀའ་བསྒོ་སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་གྲུབ་ནས། འོ། མཁའ་མཐས་གཏུགས་པའི་མར་གྱུར་གྱི་འགྲོ་བ་ཐམས་ཅད་འཕགས་བཞིའི་སྐྱེད་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཀུན་ཏུ་བཟང་མོའི་གོ་འཕང་ལ་ཅི་ནས་ཀྱང་བདག་ཁོ་ནས་གཞག་པར་བྱ། དེའི་ཆེད་དུ་མཁའ་འགྲོ་འདུས་པའི་དཀྱིལ་འཁོར་ཆེན་མོར་དབང་བསྐུར་བ་ཟབ་མོ་ནོད་དེ། ལམ་མཆོག་མྱུར་དུ་བགྲོད་པའི་གདམས་པ་ཚུལ་བཞིན་ཉམས་སུ་བླང་བར་བགྱིའོ་སྙམ་པའི་སེམས་བསྐྱེད་གསལ་བཏབ་ནས་གསན་འཚལ། དེ་ལ་སྤྱིར་རྒྱལ་བ་མིའི་སེང་གེའི་བསྟན་པ་ཐམས་ཅད་ཀྱི་མཆོག་གམ་རྩེ་མོར་གྱུར་པ་ནི་གསང་བ་སྔགས་ཀྱི་ཐེག་པ། དེ་ལའང་ནང་གསེས་ཀྱི་དབྱེ་བསྡུ་མཐའ་ཡས་པར་བཞུགས་པ་ལས། འདིར་ནི་གཞིའི་དུས་ན་ཟབ་མོ་སྟོང་པ་ཉིད་ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་ཅིང་། ལམ་དུས་སུ་ཡེ་ཤེས་དམ་ཚིག་ལས་དང་ཆོས་ཀྱི་ཕྱག་རྒྱ་རྣམས་གསང་བའི་དཀྱིལ་འཁོར་ཐམས་ཅད་ཀྱི་སྙིང་པོའམ་ཁྱབ་བྱེད་དུ་བཞུགས་ཤིང་། མཐར་ཐུག་བླ་ན་མེད་པའི་འབྲས་བུ་སྟོང་ཉིད་སྙིང་རྗེ་ཡེ་ཤེས་གྱི་སྙིང་པོ་ཅན་ཆོས་སྐུ་མི་འགྱུར་བའི་མཁའ་ཀློང་། བདེ་སྟོང་གཉིས་སུ་མེད་པའི་གོ་འཕང་ནི་རྣམ་ཀུན་མཆོག་ལྡན་གྱི་ཕྱག་རྒྱ་ཆེན་མོ་ཉིད་རྟོགས་བྱར་གྱུར་པའི་ཕྱིར། གསང་བའི་དཀྱིལ་འཁོར་ཐམས་ཅད་ཀྱི་སྙིང་པོ་རབ་མཆོག །གྲུབ་པའི་རིག་འཛིན་རྣམས་ཀྱི་ཐུགས་ཀྱིས་བརྣག་པའི་མཐར་ཐུག་པ་ནི་བཅོམ་ལྡན་འདས་མའི་དཀྱིལ་འཁོར་བསྒྲུབ་པའི་ཚུལ་ཁོ་ན་ཡིན། དེ་ལའང་གསར་རྙིང་བཀའ་གཏེར་གྱི་ཆུ་ཀླུང་གི་ལམ་སྲོལ་མཐའ་ཡས་པར་བཞུགས་པ་ལས། འདིར་ཟབ་མོ་གཏེར་གྱི་ཕྱོགས་སུ་གཏོགས་པའི་མཁའ་འགྲོའི་སྒྲུབ་སྐོར་ཇི་སྙེད་ཅིག་བྱོན་པ་ཐམས་ཅད་ཀྱི་སྙིང་པོའི་ཡང་བཅུད་དམ་པར་གྱུར་པ་མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་དཀྱིལ་འཁོར་ཆེན་མོར་དབང་བསྐུར་བའི་སྐབས་སུ་བབས་པ་ཡིན་པས། འདི་ཉིད་ཀྱི་བྱུང་བ་བརྗོད་པ་ཉུང་ངུ་ཞིག་ཡིད་ཆེས་ཀྱི་ངེས་པ་རྙེད་ཕྱིར་བརྗོད་ན། གཏེར་གཞུང་རྡོ་རྗེའི་ཚིག་རྐང་ལས། སྔོན་ཚེ་འོག་མིན་གསང་ཆེན་ཞིང༔ སོགས་ཟབ་ཁྲིད་མཇུག་ནས་འབྱུང་བ་ལྟར། དངོས་གྲུབ་དགའ་སྟོན་རྒྱས་པར་འགྱུར༔ ཞེས་བསླུ་བ་མེད་པའི་ལུང་གིས་ངེས་པས་བསྟན་པ་བཞིན། ཡང་དག་དོན་གྱི་འོག་མིན་ན་ཆོས་སྐུ་ཡེ་ཤེས་ཀྱི་དགོངས་པས་རང་སྣང་གི་འཁོར་ལ་བརྗོད་ཚིག་ལས་འདས་པའི་གསང་རྒྱུད་རྣམས་རང་ཤར་བའི་རོལ་རྩལ་འགག་པ་མེད་པར་བསྟན། རང་བྱུང་མཁའ་སྤྱོད་ཀྱི་ཞིང་དུ་ལོངས་སྐུ་བརྡའི་ཕག་མོ་སྟོན་པ་ཉིད་ལས་མི་གཞན་པའི་འཁོར་ལ་རྡོ་རྗེའི་རྒྱུད་ཀྱི་གསང་བ་དུས་བཞི་མཉམ་པ་ཉིད་དུ་བཤད། ཨོ་རྒྱན་གྱི་དུར་ཁྲོད་ཆེན་པོར་སྤྲུལ་སྐུ་རྟགས་ཀྱི་རྡོ་རྗེ་ཕག་མོས་བདག་ཉིད་ཆེན་པོ་པདྨ་ཐོད་ཕྲེང་རྩལ་ལ་གདམས་ཕྱིར། འཇམ་དཔལ་སྤྲུལ་པའི་རྒྱལ་པོའི་ཐུགས་བསྐྱེད་དང་། ཀུན་མཁྱེན་མ་ཧཱ་གུ་རུ་པདྨ་སཾ་བྷ་ཝའི་ཕྲིན་ལས་དུས་སུ་སྨིན་པས་བོད་ཡུལ་མུན་པའི་གླིང་དུ་དམ་པའི་ཆོས་ཀྱི་སྒྲོན་མེ་སྦར་བའི་སྐབས་ཤིག །རྒྱལ་ཀུན་འདུས་ཞལ་མ་ཧཱ་གུ་རུ་རིན་པོ་ཆེས་རྒྱུད་ལུང་མན་ངག་སྙིང་པོར་བསྡུས་པའི་དམར་ཁྲིད་ཟབ་མོ་ཐུགས་ཀྱི་ཉིང་ཁུའི་མནོག་ཆོས། མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་གདམས་སྐོར་འདི་རྣམས་བསམ་ཡས་མཆིམས་ཕུའི་ནགས་ཀྱི་དུར་ཁྲོད་ཆེན་པོར་བཀའ་ཡི་བསྡུ་བ་གཟུངས་མ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་ཐུགས་དམ་གྱི་ཡང་སྙིང་དུ་བསྩལ་པ་བཞིན་ཐུགས་ཉམས་སུ་བཞེས་ཤིང་། གུ་རུའི་བཀའ་བཞིན་མ་འོངས་པའི་དོན་ལ་དགོངས་ནས། ཨེ་ཟར་མོ་ལུང་གི་བྲག་གུ་རུའི་སྒྲུབ་གནས་བདེ་ཆེན་གསང་བ་ཕུག་ཏུ་བརྡ་ཡིག་རིགས་ལྔར་བྲིས་ཏེ། ནམ་ཞིག་ལས་ཅན་མ་དང་འཕྲད་པའི་སྨོན་ལམ་དང་བཅས་གཏེར་དུ་སྦས་ཤིང་། གཏེར་བདག་དུར་ཁྲོད་ཀྱི་མ་མོ་དྲག་ཤུལ་ཅན་སྤྱང་ཞོན་མཆེད་གསུམ་ལ་བཅོལ། ཕྱིས་རབ་བྱུང་བཞི་པའི་ནང་དུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཉིད་ཀྱི་རྣམ་འཕྲུལ་རང་གྲོལ་གྱི་རྣལ་འབྱོར་མ་ཇོ་མོ་སྨན་མོའམ་མཚན་དངོས་པདྨ་མཚོ་སྐྱིད་དུ་གྲགས་པ་ལ་མཁའ་འགྲོ་རྡོ་རྗེ་ཕག་མོས་གཏེར་དཔེ་དངོས་སུ་གཏད་ཅིང་བྱིན་གྱིས་བརླབས། སྦས་ཚུལ་གྱིས་འགྲོ་དོན་ཅི་རིགས་མཛད་པ་ལས་གཞན་ལ་རྒྱ་ཆེར་སྤེལ་བའི་སྐབས་སུ་མ་བབས་ཤིང་། ཐུགས་ཉམས་སུ་རྩེ་གཅིག་བཞེས་པ་ལ་བརྟེན་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་ཀྱི་གོ་འཕང་བརྙེས་པའི་ཟབ་ཆོས་ངོ་མཚར་ཅན་བྱིན་རླབས་ཀྱི་སྤྲིན་ཕུང་འཕྲོ་བ་ཡིན་ཅིང་། རྨད་དུ་བྱུང་བའི་གསང་བ་ཆེན་པོ་འདི་ཉིད་རེ་ཞིག་ཡང་ལྡབ་གཏེར་དུ་སྦས་པས་ཡེ་ཤེས་མཁའ་འགྲོའི་ཕྱག་ཏུ་བཞུགས་ཤིང་ཕལ་པའི་སྤྱོད་ཡུལ་དུ་མ་གྱུར་པ། རྩོད་དུས་ཀྱི་ཐ་མར་འདུལ་བའི་སྐབས་སུ་བབས་པ་ན། ཐུགས་རྗེ་དང་སྨོན་ལམ་གྱི་དབང་ལས་གངས་ཅན་མཁས་གྲུབ་གཏེར་སྟོན་ཐམས་ཅད་ཀྱི་རྒྱལ་པོ། སྤྲུལ་པའི་རིག་འཛིན་ཆེན་པོ་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་བཀའ་བབས་པ་སྟེ། རྗེ་འདི་ཉིད་ནི་ངོ་བོ་སློབ་དཔོན་འཇམ་དཔལ་བཤེས་གཉེན་དང་པཎ་ཆེན་བི་མ་ལ་མི་ཏྲ་དབྱེར་མེད་པའི་ཐུགས་རྗེའི་རང་གཟུགས་སུ་ཤར་བ་ཡིན་ཅིང་། གདུལ་བྱ་སོ་སོའི་བློ་ངོར་འཕགས་པའི་ཡུལ་དུ་གྲུབ་ཆེན་དྲིལ་བུ་པ། པཎྜི་ཏ་སྒོ་མཐའ་ཡས་པའི་བློ་གྲོས། པཎ་ཆེན་ནགས་ཀྱི་རིན་ཆེན་ལ་སོགས་པ་དང་། བོད་ཡུལ་དུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། གུ་རུ་ཆོས་དབང་། རས་ཆུང་རྡོར་གྲགས། ས་སྐྱ་རྗེ་བཙུན་གྲགས་རྒྱལ། གྲུབ་ཆེན་ཐང་རྒྱལ། ལྷ་བཙུན་ནམ་མཁའ་འཇིགས་མེད་ལ་སོགས་གསར་རྙིང་གི་སྐྱེས་ཆེན་དམ་པ་དུ་མའི་རྣམ་པར་འཕྲུལ་པར་བསྟན་པ། རྗེ་ཉིད་ནས་ཀྱང་རྗེས་སུ་དྲན་པ་དང་། ཁྱད་པར་རྒྱལ་སྲས་མཆོག་གྲུབ་རྒྱལ་པོ་ཉིད་གཏེར་འབྱིན་རྐྱང་པའི་སྐྱེ་བ་བཅུ་གསུམ་བྱོན་པར་གསུངས་པའི་ཐོག་མར་སངས་རྒྱས་བླ་མ་ནས། བཅུ་གཉིས་པ་ཆོས་རྗེ་གླིང་པའི་བར་བྱོན་ཟིན་ནས། བཅུ་གསུམ་པ་རྗེ་འདི་ཉིད་ཡིན་པར་རྡོ་རྗེའི་ལུང་གིས་གསལ་བར་མཚོན་པ་དང་། གཏེར་སྟོན་རྒྱལ་པོ་ལྔ་ལ་བྲན་བརྒྱས་བསྐོར༔ ཞེས་གསུངས་པའི་ལྔ་པ་མདོ་སྔགས་གླིང་པ་ནི། མཆོག་ལྡན་མགོན་པོ་ཡིན་པར་གྲགས་ཀྱང་། རྟེན་འབྲེལ་འཆོལ་བས་གཏེར་ཁ་གང་ཡང་ཕྱག་ཏུ་མ་འབྱོར་ཞིང་གློ་བུར་དུ་མཛད་པ་བརྟུལ་བ་ཡིན་པར་ངེས་པས། རྒྱལ་པོ་ལྔ་པ་རྗེ་འདི་ཉིད་ཁོ་ནར་གྲུབ་པས། ཕྱི་དུས་བྱོན་པའི་གཏེར་སྟོན་ཚད་མ་ཐམས་ཅད་འདི་ཉིད་ཀྱི་བྲན་དུ་གྲུབ་པའང་མངོན་སུམ་གྱིས་གསལ་ཞིང་། རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་དམ་པར་གྱུར་པ་བཀའ་བབས་ཀྱི་ཤིང་རྟ་ཆེན་པོ་བདུན་ལྡན་བཞུགས་པ་ལས། གསུམ་པ་ཡང་གཏེར་གྱི་ཆོས་སྐོར་ལས་བྱོན་པ་ཉིད་རྡོ་རྗེ་ལུང་གི་ངེས་པས་ཇི་ལྟར་བསྟན་པ་བཞིན། གསང་བའི་བདག་པོ་རྣམ་སྣང་ལོ་ཙཱ་བའི་ཡེ་ཤེས་ཀྱི་རོལ་མོ་དང་གཉིས་སུ་མེད་ཀྱང་གཉིས་སུ་སྣང་བའི་ཟོལ་ཅན། རིགས་ཐམས་ཅད་ཀྱི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་༧པདྨ་གར་དབང་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་ལ་བཀའ་བབས་ཀྱི་གཉེར་ཁ་བསྩལ་པ་ལས་བརྒྱུད་དེ། བདག་ཅག་གི་སྐལ་པ་བཟང་པོའི་དཔྱིད་དུ་ཐོབ་པ་འདི་ཉིད་ཀྱི་སྒོ་ནས་སློབ་མ་རྗེས་སུ་འཛིན་པའི་ཆོ་ག་སྨིན་གྲོལ་འབོགས་པའི་སྐབས་སུ་བབས་པ་ཡིན། དེ་ལའང་རྩ་བའི་སྨིན་བྱེད་དང་། རྗེས་འབྲེལ་ཡན་ལག་ཉམས་ཆག་སྐོང་དབང་དྲུག །མཆོག་དངོས་གྲུབ་བྱེད་བདུད་རྩིའི་རིལ་དབང་། མཐའ་རྟེན་རྗེས་གནང་དང་རྗེས་འབྲེལ་སྲུང་མའི་བཀའ་གཏད། དམ་ཚིག་འབོགས་པ། གཏང་རག་འབུལ་བ། སླར་ཡང་བྱིན་རླབས་གཏོར་མའི་དབང་དང་། རིགས་བཞི་མཁའ་འགྲོའི་སྒོས་དབང་བཅས་འབྱུང་བ་ལས། འདིར་ནི་རྩ་བ་དང་ཡན་ལག་གི་དབང་དྲུག་སོགས་དང་སྲུང་མའི་བཀའ་གཏད་བཅས་རིམ་པར་བགྱིད་པ་སྟེ། དེའང་གསང་སྔགས་ཀྱི་རིམ་པ་ནི་མ་སྨིན་པ་སྨིན་པར་བྱེད་པའི་དབང་གི་མཐའ་ཅན། དེ་ལྟ་བུའི་དབང་དེ་ཉིད་སྨིན་པ་གྲོལ་བར་བྱེད་པའི་གདམས་ཁྲིད་ཀྱི་མཐའ་ཅན་ཟུང་དུ་འབྲེལ་བའི་ངེས་པ་རིག་འཛིན་བརྒྱུད་པའི་མན་ངག་ཕྱག་བཞེས་ལྟར། ལམ་བཞིའི་རིམ་པ་དང་འབྲེལ་བའི་རྩ་བའི་སྨིན་བྱེད་གྲོལ་ལམ་བཅས་སྟན་ཐོག་གཅིག་ཏུ་ཚངས་སྤྲུགས་སུ་བགྱིད་པ་ལ། བདག་ཉིད་ཀྱི་ཁུར་དུ་བབས་པའི་ཆོ་གའི་རིམ་པ་རྣམས་ཚང་ལ་མ་ནོར་བ་ལེགས་པར་གྲུབ་ཟིན་པ་ལགས། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལའང་དཀྱིལ་འཁོར་དུ་འཇུག་པའི་ཆོས་དང་། ཞུགས་ནས་མངོན་པར་དབང་བསྐུར་ཞུ་བ་གཉིས་སུ་ཡོད་པ་ལས། ཐོག་མར་དཀྱིལ་འཁོར་ཕྱི་ནང་དུ་འཇུག་པའི་སྨིན་གྲོལ་ཟབ་མོའི་བཀའ་དྲིན་ཞུ་བའི་ཡོན་དུ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ། སྔོན་ཆད་ལྷན་སྐྱེས་ཀྱི་མ་རིག་པས་བསྒྲིབས་ཏེ་རང་རིག་གི་ལྷ་ཞལ་མངོན་དུ་མ་གྱུར་པའི་བརྡར་རས་ཡུག་དམར་པོ་ཁ་ཚར་དང་བཅས་པའི་གདོང་གཡོགས་བཅིངས་འཚལ། ཨ་ཁཾ་བཱི་ར་ཧཱུྃ། ཞེས་ཐུང་ངུར་བརྗོད། རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་ཆེན་པོར་ཕྱག་རྟེན་མེད་པར་མཇལ་དུ་མི་རུང་བས། དེའི་དོད་ཨུ་དུམྦ་རའི་མེ་ཏོག་གི་ཕྲེང་བ་རེ་ཕྱག་ཏུ་ཐོགས་པར་མོས་མཛོད། ཨཱ་ཁཾ་བཱི་ར་ཧཱུྃ། ཞེས་རིང་པོར་བརྗོད། བདག་རྡོ་རྗེ་སློབ་དཔོན་ཐ་མལ་དུ་མ་འཛིན་པར་དཀྱིལ་འཁོར་ཐམས་ཅད་ཀྱི་འབྱུང་གནས་རྡོ་རྗེ་བཙུན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དངོས་ཡིན་སྙམ་པའི་དག་སྣང་བསྐྱེད་ལ། ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། གཏེར་གཞུང་གི་ཕག་མོ་འདུས་པའི་དབང་བསྐུར་ལྟར། ཧོ༔ རྡོ་རྗེ་ཕག་མོའི་སོགས་ལན་གསུམ། དེ་ལྟར་གསོལ་བའི་ལན་དུ་སྤྲོ་བ་བསྐྱེད་ཅིང་གདམས་ངག་འབོགས་པ་དང་། གནང་བ་སྦྱིན་པ་རྣམས་སྔོན་དུ་འགྲོ་བས་གསང་བའི་དམ་ཚིག་སྲོག་ལས་གཅེས་པར་བསྲུང་དགོས་པའི་གནད་བསྒྲག་པ་ལགས་ཏེ། རྡོ་རྗེ་མཁའ་འགྲོའི་སོགས་དུང་ཞལ་ཆུ་ལ་ནང་མཆོད་བསྲེས་པ་སྦྱིན། སླར་ཡང་དམ་ཚིག་གི་རྡོ་རྗེའི་མནའ་ཆུ་སྦྱིན་པ་འདི་ཉིད་མྱངས་ནས། ཕྱིན་ཆད་སྲོག་ལ་བབས་ཀྱང་གསང་བ་བླ་མེད་སྤྱི་དང་། ཁྱད་པར་རིགས་ལྔ་མཁའ་འགྲོའི་ཕྱི་ནང་གསང་བ་ཡང་གསང་གི་སྡོམ་པ་དང་བརྟུལ་ཞུགས་ཀྱི་རིམ་པ་ཡལ་བར་མི་འདོར་སྙམ་པའི་དམ་བཅའ་བརྟན་པོར་གཟུང་ཞིང་། དེ་ཉིད་ཡལ་བར་མི་འདོར་བའི་བློས་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ས་མ་ཡ་སོགས། ཐོག་མར་སློབ་བུའི་རྒྱུད་སྣོད་རུང་དུ་སྒྲུབ་པ་ལ་སྐྱབས་འགྲོ། སེམས་བསྐྱེད། སྡོམ་གཟུང་རྣམས་རིམ་པར་འབྱུང་བ་ལས། དང་པོ་སྐྱབས་སུ་འགྲོ་བའི་སྡོམ་པ་ལེན་པའི་ཕྱིར་འདི་ལྟར་གསལ་ཐོབས། བླ་མ་དང་དབྱེར་མེད་པའི་སྐུ་གསུམ་ཡོངས་རྫོགས་རྡོ་རྗེ་ཕག་མོ་ལ་ཕྱོགས་དུས་ཀྱི་དཀོན་མཆོག་རྩ་གསུམ་རྒྱ་མཚོ་སྤྲིན་གཏིབས་པ་ལྟ་བུས་བསྐོར་བ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར། བློ་གཏད་ལིང་བསྐྱུར་ཅི་མཛད་ཁྱེད་ཤེས་ཀྱི་འདུན་པ་དང་བཅས་པས་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས། ཕྲིན་ལས་ལྟར། ན་མོ༔ བདག་དང་ཁམས་གསུམ་སོགས་ལན་གསུམ། དེས་སྐྱབས་སུ་འགྲོ་བའི་སྡོམ་པ་ལེགས་པར་ཐོབ་པས་དགག་སྒྲུབ་ཆ་མཐུན་གྱི་བསླབ་བྱ་རྣམས་ལ་ཚུལ་བཞིན་སློབ་པ་དང་། ཁྱད་པར་དུས་དྲུག་གམ་བཞི་ལ་སོགས་པར་འདི་ལྟར་ཉམས་སུ་ལེན་དགོས་ཏེ། ཟབ་ཁྲིད་ལྟར། ཀྱཻ་སྐལ་ལྡན་རྣམས་ཉོན་ཅིག༔ འཁོར་བ་སོགས་ནས། དེ་ནི་སྐྱབས་སུ་འགྲོ་བའི་དམིགས་འདོན་ཉམས་ལེན་གྱི་རིམ་པའོ། །གཉིས་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། མཁའ་ཁྱབ་ཀྱི་མ་རྒན་སེམས་ཅན་ཐམས་ཅད་ལ་ཚད་མེད་པ་བཞིའི་བློ་གྲོས་ཀྱིས་ཁྱབ་པར་བྱས་ཏེ། དེ་རྣམས་ཀྱི་དོན་དུ་རྡོ་རྗེ་བཙུན་མོའི་གོ་འཕང་མྱུར་དུ་བསྒྲུབ་པར་བྱ། དེའི་སླད་དུ་བསྐྱེད་རྫོགས་གཙོ་བོར་གྱུར་པའི་ཟབ་ལམ་ལ་འཇུག་པར་བགྱིའོ་སྙམ་པའི་སྨོན་འཇུག་སེམས་བསྐྱེད་གཟུང་བའི་འདུན་པ་དང་བཅས་པས་འདིའི་རྗེས་ཟློས། བདག་གིས་སེམས་ཅན་སོགས་ལན་གསུམ། དེས་སྨོན་འཇུག་སེམས་བསྐྱེད་ཀྱི་སྡོམ་པ་ལེགས་པར་ཐོབ་པ་ཡིན་པས། དེ་དག་གི་བསླབ་བྱ་སྤྱི་དང་བྱེ་བྲག་དཀར་ནག་གི་ཆོས་བཞི་བཞིའི་བླང་དོར་དང་སེམས་ཅན་བློས་མི་སྤང་ཞིང་། ཅི་བགྱིས་གཞན་དོན་དུ་བསླབ་པ་ལ་བརྩོན་དགོས་པས། དེའི་ཚུལ་མདོར་དྲིལ་ནས་ཉམས་སུ་ལེན་པའི་གདམས་ངག་འབོགས་པ་ལ་སྙན་གཏོད་ཅིག །ཟབ་ཁྲིད་ལྟར། ཀྱཻ་ སྐལ་པ་དང་ལྡན་པ་རྣམས་ཉོན་ཅིག༔ སྨོན་འཇུག་གི་སོགས་ནས། དེ་ནི་སེམས་བསྐྱེད་པའི་དམིགས་རིམ་དང་བསླབ་བྱའི་ཉམས་ལེན་མདོར་དྲིལ་བའོ། །གསུམ་པ་གསང་བ་རིག་འཛིན་སྔགས་ཀྱི་སྡོམ་པ་གཟུང་བ་ནི། ཞིང་མཆོག་དེ་རྣམས་དཔང་པོར་གསོལ་བའི་སྤྱན་སྔར། དེང་ནས་གཉིས་མེད་བྱང་ཆུབ་ཀྱི་ས་ལ་མ་ཕྱིན་གྱི་བར་དུ་འདུལ་མདོ་སྔགས་ཀྱི་སྡོམ་པའི་གནས་མ་ལུས་པ་ཚུལ་བཞིན་དུ་བཟུང་ནས། ལོངས་སྤྱོད་དང་སྲོག་བསྲུང་བ་ཡོངས་སུ་བཏང་ནས་བསྲུང་བར་བགྱིའོ་སྙམ་པའི་གཡར་དམ་གྱི་རི་མོ་སྙིང་ལ་བཀོད་དེ་འདིའི་རྗེས་ཟློས། ཕྲིན་ལས་ལྟར། ཧོ༔ བླ་མ་མཁའ་འགྲོའི་སོགས་ལན་གསུམ། དེས་འདུལ་མདོ་སྔགས་ཀྱི་སྡོམ་པ་རྣམས་ཆོ་གའི་སྒོ་ནས་ཐོབ་པ་ཡིན་པས། དེང་ཕྱིན་ཕྱི་སོ་ཐར། ནང་བྱང་སེམས། གསང་བ་རིག་འཛིན་གྱི་སྡོམ་པ་རྣམས་ངོ་བོ་མ་འདྲེས་པར་གཟུང་། ཡོན་ཏན་ཡར་ལྡན་དུ་བསྒྲུབ། དུས་སྐབས་དགོས་པ་གཙོ་བོར་བཏོན་པས་སྤྱོད་ཅིང་། ཉེས་པའི་དྲི་མའི་ཆ་ཤས་ཀྱིས་མ་གོས་པར་དྲན་ཤེས་ཀྱིས་བསྲུང་བ་དང་། ཉམས་ཆག་གི་ཉེས་པ་རྣམས་ཕྱིར་བཅོས་ཀྱི་ཆོ་གས་གཙང་བར་བྱེད་དགོས་པའི་ཚུལ་སྙིང་པོར་བསྡུས་ཏེ་ཉམས་སུ་ལེན་བྱའི་གདམས་ངག་འབོགས་པ་ནི། ཟབ་ཁྲིད་ལྟར། ཀྱཻ་ སྐལ་པ་དང་ལྡན་པ་རྣམས་ཉོན་ཅིག༔ རྡོ་རྗེ་ཐེག་པའི་སོགས་ནས། རྒྱུན་དུའང་མ་ཆག་པར་གྱིས་ཤིག༔ དེ་ནི་འགལ་རྐྱེན་སྡིག་སྒྲིབ་སྦྱོང་བྱེད་བླ་མ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཀྱི་ཁྲིད་རིམ་མོ། །དེ་ནས་ཞར་བྱུང་ཚོགས་གསག་པའི་སོགས་ནས། བླང་བ་ལ་བརྩོན་པར་གྱིས་ཤིག༔ དེ་ནི་ཐུན་མོང་གི་ཚོགས་གསོག་པ་མཎྜལ་འབུལ་བའི་དམིགས་ཁྲིད་ཀྱི་རིམ་པའོ། །སླར་ཡང་བདེན་གཉིས་དབྱེར་མེད་ལྷག་པའི་བྱང་ཆུབ་ཀྱི་སེམས་གསང་སྔགས་ནང་གི་མན་ངག་ལྟར་བསྐྱེད་པའི་སླད་དུ། སློབ་མའི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཟླ་བ་དྲི་མ་མེད་པའི་གདན་ལ། དོན་དམ་རིག་པ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་མི་འགྱུར་བའི་རང་བཞིན་མཚོན་པ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཟེར་འཕྲོ་ཞིང་འགྲེང་ཐབས་སུ་གནས་པ། དེ་གཉིས་ཟུང་དུ་འཇུག་པ་བདེན་གཉིས་དབྱེར་མེད་སྤྲོས་པའི་མཚན་མ་དང་བྲལ་བའི་དབྱིངས་སུ་རོ་མཉམ་པ་དོན་དམ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་རྣལ་འབྱོར་དུ་བསྐྱེད་པ་འདིའི་རྗེས་ཟློས། ཨོཾ་བོ་དྷི་ཙིཏྟ་ཨུ་པ་དཱ་ཡཱ་མི། ལན་གསུམ། སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་མེ་ཏོག་དང་བཅས་པ་སྙིང་གར་རེག་པས། སེམས་བསྐྱེད་པ་དེ་ཉིད་ལས་མི་འདའ་བར་བརྟན་པར་བྱས་པར་མོས། ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ། སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། འདི་ལྟ་བུའི་གསང་སྔགས་ཀྱི་ཆོ་ག་ཟབ་མོ་གང་སྒྲུབ་པ་རྣམས་ཀྱི་ཚུལ་སྐལ་མེད་རྣམས་ལ། གནས་ཁང་འདིའི་ཕྱི་རོལ་དུ་རླུང་ཕྱོགས་ཙམ་ཡང་མི་བསྒྲག་པར་གདམས་པ་བཞིན་གསང་བའི་གཡར་དམ་འབད་པས་ཟུངས་ཤིག །དབང་བསྐུར་ལྟར། ཧོ༔ བླ་མེད་གསང་བའི་སོགས། དེ་རྣམས་ཀྱིས་ཕྱི་འཇུག་གི་རིམ་པ་རྣམས་གྲུབ་ནས། གཉིས་པ་ནང་འཇུག་ལ་སྦྱོར་དངོས་རྗེས་འབྲེལ་བཅས་སྒྲུབ་པ་ལ། དང་པོ་སློབ་མ་དཀྱིལ་འཁོར་ཆེན་པོའི་སྒོ་འགྲམ་དུ་འཁོད་པས། སློབ་དཔོན་དང་སྒོ་སྲུང་ལྷ་ཚོགས་བཅས་ལ་སྒོ་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ དཀྱིལ་འཁོར་ཆེན་པོའི་སོགས། དེ་ལྟར་གསོལ་བ་བཏབ་པར། སློབ་དཔོན་གྱི་ཐུགས་ཀ་ནས་ཚད་མེད་པ་བཞིའི་འོད་ཟེར་དཀྱིལ་འཁོར་གྱི་སྒོ་ལ་འཕྲོས་པས་སྒོ་རྣམས་ཕྱེས་པར་མོས། དབྱེ་བའི་རྒྱ་དང་། བྷྲཱུྃ་ཛྙཱ་ན་སོགས་ལན་བཞི། ཞེས་བརྗོད་པས་དཀྱིལ་འཁོར་གྱི་སྒོ་བཞི་ཤག་གིས་ཕྱེས་པའི་ཤར་སྒོའི་ཐད་ནས་གཟུང་གཡོན་སྐོར་གྱིས་བྱང་ལ་སོགས་པའི་སྒོའི་ཕྱི་ནས། སློབ་དཔོན་དང་དཀྱིལ་འཁོར་པའི་ལྷ་ཚོགས་ཀྱི་ཞབས་ལ་སྐུ་གསུང་ཐུགས་ཀྱི་ཕྱག་འཚལ་བའི་མོས་པ་དང་བཅས་ཐལ་མོ་གནས་གསུམ་དུ་སྦྱོར་ལ་འདིའི་རྗེས་ཟློས། ཨོཾ་ཨཱཿཧཱུྃ་ཧོ༔ རྡོ་རྗེ་བཙུན་མོའི་སོགས་སྔགས་བཅས་ལན་བཞིས་ཕྱག་བྱར་གཞུག །སླར་ཡང་ཤར་སྒོའི་ཐད་དུ་ཁྱེད་རང་རྣམས་ཞིང་ཆེན་གྱི་གདན་ལ་ཧེ་རུ་ཀའི་ཆས་ཀྱིས་བརྒྱན་ཏེ་འཁོད་པར་གྱུར་པ་ལ། ནན་ཏན་གྱི་སྒོ་ནས་དམ་ཚིག་གི་གནད་ལ་བཀར་ཞིང་ཁེ་ཉེན་གྱི་དོན་བསྒྲགས་ནས། བསྲུང་འདས་ཀྱི་དཔང་པོར་རྡོ་རྗེ་བཙུན་མོའི་བྱང་ཆུབ་ཀྱི་སེམས་ལྕེ་ཐོག་ཏུ་བཞག་པ་འདི་ཉིད་སྙིང་དབུས་སུ་སིམ་པ་ཡེ་ཤེས་སེམས་དཔའ་དང་རོ་གཅིག་ཏུ་འདྲེས་ནས། དམ་ཚིག་ཉམས་ན་བཀའི་ཆད་པས་དམྱལ་མེས་བསྲེག་ཅིང་། བསྲུངས་ན་བདེ་བ་ཆེན་པོའི་དངོས་གྲུབ་ཀྱི་འབྱུང་གནས་སུ་བཞུགས་པར་མོས། ནང་མཆོད་སྦྱིན་ལ། ཧོ༔ འདི་ནི་དངོས་གྲུབ་སོགས། ཐིབས་སེ་བྱོན་པར་བསམ་ལ་དད་གུས་གདུང་ཤུགས་རྩེ་གཅིག་ཏུ་སྐྱེད་ཅིག །ཧཱུྃ་ཧཱུྃ༔ ཡུལ་གྱི་མིང་ནི་སོགས། ཐོད་ཕྲེང་རྩལ་དང་ཧཱུྃ་གི་གླུ་མང་དུ་གྱེར། གསུམ་པ་ནང་འཇུག་གི་དངོས་གཞི་ཡེ་ཤེས་ཀྱི་བྱིན་དབབ་པ་ནི། དེ་ལྟར་སྤྱན་དྲངས་པའི་རིག་འཛིན་བླ་མའི་ལྷ་ཚོགས་མདུན་གྱི་ནམ་མཁར་བཞུགས་པ་དང་། སློབ་དཔོན་གཉིས་སུ་མེད་པའི་སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་མེ་ལྕེ་ལྟ་བུ་བྱུང་། སློབ་མའི་ཕུང་ཁམས་སོགས་ནས། ཁྲོས་མའི་སྐུ་འདི་ལྟར་དུ་སྒོམས་ཤིག །ཨེ་ཡིག་རྣམ་ཐར་གསུམ་རྫོགས་པའི༔ ཆོས་ཀྱི་འབྱུང་གནས་བསྣོལ་མ་སོགས་ཕྲིན་ལས་ལྟར། སྲིད་ཞིའི་སྤྱི་དཔལ་ཆེན་པོར་བཞེངས༔ དེ་ལྟར་བསྐྱེད་པའི་གནས་གསུམ་དུ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ཡིག་འབྲུས་མཚན་པ་རྣམས་དང་། ཁྱད་པར་སློབ་དཔོན་དང་སློབ་མའི་སྙིང་གའི་འོད་ཟེར་གྱི་སྤྲིན་ཆེན་མཁའ་ཁྱབ་ཏུ་སྤྲོས་པའི་མཐུས། རབ་འབྱམས་རྩ་གསུམ་རྒྱལ་བའི་འཁོར་ལོ་འབྱམས་ཀླས་པ་ཐམས་ཅད་མཁའ་འགྲོ་འདུས་པའི་དཀྱིལ་འཁོར་ལྷ་ཚོགས་ཀྱི་ཕྱག་རྒྱར་བཞེངས་པ་ནམ་མཁའ་གང་བར་སྤྱན་དྲངས་པ་རྣམས། རྒྱ་མཚོ་ཆེན་པོར་ཆར་བབས་པ་ལྟར་སློབ་མ་ལ་སིབ་སིབ་ཐིམ་པས། རྡོ་རྗེ་བཙུན་མོའི་དཀྱིལ་འཁོར་པའི་བྱིན་རླབས་རྒྱུད་ལ་ཞུགས་པའི་ངེས་ཤེས་བརྟན་པོར་སྐྱེད་ལ་མ་བཅོས་པའི་ངང་དུ་མཉམ་པར་ཞོག་ཅིག །རོལ་མོས་བྱིན་བསྐྱེད། འབེབ་རྫས་གཏུལ་ཞིང་། ལས་བྱང་གི་སྤྱན་འདྲེན། ཧཱུྃ་ཧཱུྃ༔ བཞེངས་ཤིག་བླ་མ་སོགས་གྱེར་བའི་ཕེཾ་ཕེཾ༔ མཐར་དབང་ཆོག་གི །ཛྙཱ་ན་ཨཱ་བེ་སོགས་བཏགས་པ་དྲག་ཏུ་བཟླས་པས་བྱིན་དབབ། ཧཱུྃ་གསུམ་བརྗོད་པས། བྱིན་དབབ་པའི་ལྷ་ཚོགས་ཁྱེད་རང་ལ་དབྱེར་མེད་དུ་ཐིམ་པར་མོས་ཤིག །དེ་ལྟར་བྱས་པས་བྱིན་ཕེབས་པའི་རྟགས་ནི། གཞུང་ལས། ལུས་ཀྱི་བ་སྤུ་ཟིང་པ་དང༔ འཇིགས་པའི་ཟིལ་དང༔ བདེ་བའི་ཉམས་དང༔ གནས་དང་རྟེན་རྣམས་བྱིན་ཐིབས་སེ་འོང་བར་འགྱུར་རོ༔ ཞེས་གསུངས་པའི་བྱིན་རླབས་དེ་ཉིད་བརྟན་པར་བྱ་བའི་ཕྱིར། སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་མེ་ཏོག་དང་བཅས་པ་སྤྱི་བོར་བཞག་པས་བྱང་ཆུབ་སྙིང་པོའི་བར་དུ་བརྟན་པར་མོས། ཛྙཱ་ན་བཛྲ་སོགས་བརྗོད། གསུམ་པ་རྗེས་འབྲེལ་རྣམས་རིམ་པར་འབྱུང་བ་ལས། རིགས་ཀྱི་ལྷ་སྐལ་བརྟག་པའི་སླད་དུ་ཕྱག་རྟེན་འབུལ་བ་ནི། སྔར་བྱིན་པའི་མེ་ཏོག་གི་ཕྲེང་བ་དེ་ཉིད་སྔོན་ནས་འབྲེལ་ཞིང་དངོས་གྲུབ་དང་ཕྲིན་ལས་གང་གིས་འགྲུབ་པའི་རིགས་ཀྱི་ལྷས་བཞེས་སུ་གསོལ། ཞེས་པའི་དམོད་འདོར་བ་དང་བཅས་འདིའི་རྗེས་ཟློས་ཀྱིས་ཕྱག་རྒྱའི་དཀྱིལ་འཁོར་དུ་འབུལ་འཚལ། ཧོ༔ གསང་བ་མཆོག་གི་སོགས། དེ་ལྟར་ཕུལ་པའི་མེ་ཏོག་གང་ལ་བབས་ཀྱང་གཙོ་མོ་ལྷན་ཅིག་སྐྱེས་མའི་ཡེ་ཤེས་ཀྱི་རོལ་པ་ལས་གཞན་དུ་མ་གཡོས་པའི་ཕྱིར། ཁྱེད་རང་རྣམས་ཀྱི་ལྷག་པའི་ལྷ་ཁྱབ་བདག་བཅོམ་ལྡན་འདས་མ་ཉིད་དུ་གཟུང་བ་དང་། མེ་ཏོག་དེ་ཉིད་གཙོ་མོའི་ཕྱག་གིས་བླངས་ཏེ་དབང་རྟགས་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིངས་པར་མོས། ཧོ༔ འདི་ནི་ཁྱོད་ཀྱི་སོགས། སློབ་དཔོན་གྱི་ཐུགས་ཀ་ནས་ཐུགས་རྗེའི་འོད་རྣོན་གསེར་གྱི་ཐུར་མ་ལྟ་བུ་བྱུང་བས། མ་རིག་གཉིས་འཛིན་བག་ཆགས་ཀྱི་སྒྲིབ་གཡོགས་མིག་རས་དང་ལྷན་ཅིག་བསལ་བར་མོས། ཧོ༔ མ་རིག་པ་ཡི་སོགས། དེ་ལྟར་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པས་རང་བྱུང་ལྷན་ཅིག་སྐྱེས་པའི་དོན་གྱི་དཀྱིལ་འཁོར་བཞུགས་ཚུལ་ཇི་བཞིན་དུ་མཚོན་བྱེད་དཔེའི་དཀྱིལ་འཁོར་ལ་བརྟེན་ནས་མཐོང་བར་མོས། ཀྱེ་ཧོ་སྐལ་ལྡན་སོགས། དེ་ལྟར་བརྡ་རྟགས་ཀྱིས་དཔེ་མཚོན་བྱེད་དུ་བྱས་ནས། རང་བྱུང་རིག་པ་གཞི་རྫོགས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཆེན་པོ་བལྟ་མཐོང་གི་ཡུལ་ལས་བརྒལ་པ་ཉིད་མངོན་དུ་གྱུར་པ་དེ་ལ་ཆེད་དུ་བརྗོད་པ་འདིའི་རྗེས་ཟློས། ཧོ༔ གསང་བའི་དཀྱིལ་འཁོར་སོགས། དེ་རྣམས་ཀྱིས་དཀྱིལ་འཁོར་ཆེན་པོར་ཞུགས་ནས་རྡོ་རྗེ་བཞིའི་ཡེ་ཤེས་ཀྱི་བྱིན་རླབས་རྒྱུད་ལ་འཇུག་པའི་ཆོ་ག་ཟབ་མོ་ཡང་གསང་རྡོ་རྗེ་ཐེག་པའི་ལམ་གྱི་སྙིང་པོར་གྱུར་པ་དེ་ཉིད་ལེགས་པར་ཐོབ་པ་ཡིན་པས། འདི་ལྟ་བུའི་རིམ་པ་ཉམས་སུ་ལེན་པའི་གདམས་ངག་སྦྱིན་པ་ནི། ཟབ་ཁྲིད་ལྟར། ཀྱཻ་ སྐལ་པ་དང་ལྡན་པ་རྣམས་ཉོན་ཅིག༔ རྡོ་རྗེ་ཐེག་པའི་སོགས་ནས། ཉམས་སུ་ལེན་པར་གྱིས་ཤིག༔ དེ་རྣམས་ཀྱི་སྒོ་ནས་དཀྱིལ་འཁོར་དུ་འཇུག་པའི་ཆོས་འཁོར་དང་བཅས་པ་གྲུབ་ནས། གཉིས་པ་དངོས་གཞིའི་དབང་བསྐུར་བ་ལ། སྦྱང་བྱ་གནས་སྐབས་བཞིའི་རིམ་པ་དང་མཐུན་པར་སྦྱོང་བྱེད་ཕྱི། ནང་། གསང་བ། དེ་ཁོ་ན་ཉིད་དེ་དབང་གི་ཆུ་བོ་ཆེན་པོ་བཞི་རིམ་པར་འབྱུང་བ་ལས། དང་པོ་ཕྱི་བུམ་པའི་དབང་ལའང་ཕུང་པོ་ལྔ་ལ་བདག་ཏུ་ཞེན་པའི་མ་རིག་པ་སྦྱོང་ཞིང་། ཡེ་ཤེས་སྐུ་ལྔའི་རང་བཞིན་དུ་རྟོགས་ཤིང་སྨིན་པར་བྱས་པས་རང་རྒྱུད་ལ་ཕན་འདོགས་པ་ཕན་པའི་དབང་ངམ་སློབ་མའི་དབང་དང་། ཐུགས་གསུང་སྐུའི་དཔའ་བོ་དཔའ་མོའི་འཁོར་ལོས་སྒོ་གསུམ་ལ་བྱིན་གྱིས་བརླབས་པས་བདག་གཞན་གྱི་དོན་སྒྲུབ་ནུས་པར་བྱེད་པ་ནུས་པའི་དབང་ངམ་སློབ་དཔོན་གྱི་དབང་། ལུས་ངག་ཡིད་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོར་དག་པས་ལྷ་དང་སྐལ་པ་མཉམ་པར་བྱེད་པ་ནུས་པ་མཆོག་བཅས་རིམ་པར་འབྱུང་བ་རྣམས་ཞུ་བའི་ཡོན་དུ་མཎྜལ། ཐོག་མར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དབང་བསྐུར་ལྟར། བྱང་ཆུབ་རྡོ་རྗེ་སོགས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་སྔོན་དུ་སོང་ནས། དང་པོ་ཕན་པའི་དབང་གི་སླད་དུ་སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་མོ་གཉིས་སུ་མེད་པའི་ཐུགས་རྗེའི་རླབས་གཡོས་ཏེ། ཐུགས་ཀའི་འོད་ཟེར་གྱིས་སྤྱན་དྲངས་པའི་དབང་གི་ལྷ་རིགས་ལྔ་ཡབ་ཡུམ། སེམས་དཔའ་ལྕམ་དྲལ། མཆོད་ལྷ། སྒོ་སྐྱོང་གི་ཚོགས་དང་བཅས་པ་མདུན་གྱི་ནམ་མཁར་བཞུགས་པ་རྣམས་ལ། སློབ་བུར་དབང་བསྐུར་བའི་དོན་དུ་མཆོད་ཅིང་བསྟོད་དེ་གསོལ་བ་གདབ་པ་ནི་སློབ་དཔོན་གྱིས་བགྱི་བ་ལགས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨརྒྷཾ་པཱ་དྱཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་གཤེགས་འཁོར་དང་བཅས་ལ་བསྟོད། །ཅེས་བསྟོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སློབ་མ་ལ་དབང་བསྐུར་བ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་ལྔས་རང་བྱུང་བདེ་སྐྱོང་གི་བུམ་པ་ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་གང་བས་སྤྱི་བོའི་གནས་ལྔར་དབང་བསྐུར། སེམས་དཔའ་དང་སེམས་མ་རྣམས་ཀྱིས་ཤིས་པ་བརྗོད། མཆོད་ལྷ་རྣམས་ཀྱིས་མཆོད་ཅིང་མངའ་དབུལ། སྒོ་སྲུང་ཁྲོ་བོ་ཁྲོ་མོས་བགེགས་བསྐྲད་པ་དང་བཅས་ཏེ་དབང་རྣམས་རིམ་པར་བསྐུར་བ་མོས། ཨོཾ༔ སྣོད་ནི་ཆོས་དབྱིངས་སོགས་ཀྱིས་དབང་ལྔ་བསྐུར་ལ་བཅུད་ཀྱང་སྦྱིན། དེ་ལྟར་དབང་བསྐུར་པས་སོགས། གཉིས་པ་ནུས་པ་སློབ་དཔོན་གྱི་དབང་གི་སླད་དུ༔ སླར་ཡང་བྷནྡྷ་སྙིང་ག་མགྲིན་པ་སྤྱི་བོ་རྣམས་སུ་བཞག་པས་ལྷ་ཚོགས་རྣམས་ཀྱི་རྡོ་རྗེ་གསུམ་གྱི་བྱིན་རླབས་རྒྱུད་ལ་ཞུགས་པས། ལས་རབ་འབྱམས་སྒྲུབ་ནུས་པའི་རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ་པར་མོས། ཧཱུྃ༔ ཇི་སྙེད་སངས་རྒྱས་སོགས། མགྲིན་པར་བསྐུར་སྐབས་བདུད་རྩི་སྦྱིན། ཞེས་དབང་བསྐུར་པས་སོགས། གསུམ་པ་ནུས་པ་མཆོག་གི་དབང་བསྐུར་བ་ལ་སྐུ་གསུང་ཐུགས་ཀྱི་དབང་གསུམ་ལས། ཐོག་མར་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བ་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་སོགས། སྐུ་གཉིས་པ་རེ་འཕྲོས་པས་གཙོ་མོ་རིགས་ལྔ་མཁའ་འགྲོའི་སྐུ་སྤྱི་བོ། མགྲིན་པ། སྙིང་ག །ལྟེ་བ། གསང་གནས་ཏེ་གནས་ལྔ་དང་། འཁོར་ལོ་གསུམ་གྱི་དཔའ་བོ་དང་དཔའ་མོ་རྣམས་ལུས་ཀྱི་རྩ་གནས་སོ་སོ། ཕྲ་མེན་མ་བཞི་ཡན་ལག་བཞི། དམ་ཚིག་མཁའ་འགྲོ་མ་བཞི་དཔུང་མགོ་གཉིས་དང་པུས་མོ་གཉིས་ཏེ། དཀྱིལ་འཁོར་གྱི་ལྷ་ཚོགས་དེ་རྣམས་སློབ་མ་ལ་ཐིམ་ཞིང་། ལུས་ཀྱི་དཀྱིལ་འཁོར་གྱི་གནས་སོ་སོར་བཞུགས་པར་མོས། ཧཱུྃ༔ བདེ་གཤེགས་རིགས་ཀྱི་སོགས་ནས། ཉམས་སུ་བླང་བར་བྱ་བ་ལ་འབད་པར་གྱིས་ཤིག །གཉིས་པ་གསུང་བཟླས་པ་སྔགས་ཀྱི་ལུང་དབང་བསྐུར་བ་ནི། སློབ་དཔོན་དང་དབྱེར་མེད་པའི་དཀྱིལ་འཁོར་གྱི་གཙོ་མོའི་ཐུགས་ཀ་ནས་སྐུ་གསུང་ཐུགས་ཀྱི་གསང་སྔགས་རྣམས་རིམ་པར་བྱུང་། སློབ་མའི་གནས་ལྔའི་ཁྲོས་མ་རིགས་ལྔའི་ཐུགས་ཀློང་ཉི་ཟླའི་གྭའུའི་སྦུབས་ཐུགས་སྲོག་བཾ་དང་། ཧ་རི་ནི་སའི་ཡི་གེ་མཐིང་དཀར་སེར་དམར་ལྗང་གུ་སོ་སོའི་མཐར་འཁོད་པ་བཟླས་པའི་རྐྱེན་གྱིས་དེ་ལས་འོད་འཕྲོས། ཡེ་ཤེས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པར་སྤྱན་དྲངས་ཤིང་། སྐུ་གསུང་ཐུགས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐམས་ཅད་ཐོབ་པས་ལུས་ལ་གཟི་བརྗིད། ངག་ལ་ནུས་པ། ཡིད་ལ་ཡེ་ཤེས་ཀྱི་རྩལ་ཕྱོགས་མེད་དུ་འབར་བར་མོས་ཏེ། སྐུ་གསུང་ཐུགས་ཀྱི་གསང་སྔགས་འདི་རྣམས་ཀྱི་རྗེས་ཟློས། ཕྲིན་ལས་ལྟར་ཨོཾ་བཾ་བཛྲ་སོགས་སྐུ་གསུང་ཐུགས་སྔགས་སོ་སོར་ལན་གསུམ་རེ་དང་། སླར་ཡང་མདུན་གྱི་མཁའ་འགྲོ་རིགས་བཞིའི་ཐུགས་ཀ་ནས་སྔགས་ཕྲེང་སོ་སོའི་མདོག་མཚུངས་བྱོན། སློབ་མའི་གནས་བཞིའི་མཁའ་འགྲོའི་ཐུགས་སྲོག་གི་མཐར་འཁོད་པ་ལས་འཕྲོས་པའི་འོད་ཀྱིས་མ་རིག་སྡིག་སྒྲིབ་ཞི་བ་དང་། ཡེ་ཤེས་རྒྱས་པ། རླུང་སེམས་དབང་དུ་འདུས་ཤིང་། གཟུང་འཛིན་བསྒྲལ་བ་སོགས་ལས་བཞིའི་དངོས་གྲུབ་དང་། མཆོག་གི་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་མཛད་པར་མོས་པས་འདིའི་རྗེས་ཟློས། ཕྲིན་ལས་ཀྱི། ཨོཾ་ཧ་བཛྲ་སོགས་མཁའ་འགྲོ་རིགས་བཞིའི་སྔགས་ལན་གསུམ་རེ། ཡང་དཀྱིལ་འཁོར་པའི་འཁོར་ལོ་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང་། སློབ་མའི་ལུས་དཀྱིལ་གྱི་དཔའ་བོ་དཔའ་མོ་ཉེར་བཞི་པོའི་ཐུགས་ཀར་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་དབུས་སུ་ཐུགས་ཀྱི་འཁོར་ལོའི་ལྷ་ཚོགས་ཀྱི་ས་བོན་ཧཱུྃ་མཐིང་ག །གསུང་གི་ལྷ་ཚོགས་ལ་ཨཱཿདམར་པོ། སྐུའི་ལྷ་ཚོགས་ལ་ཨོཾ་དཀར་པོས་མཚན་པའི་མཐར་སོ་སོའི་སྔགས་རྣམས་འཁོད་པ། བཟླས་པའི་རྐྱེན་གྱིས་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆག་ཐམས་ཅད་སྦྱངས་ཤིང་། བྱིན་དབང་དངོས་གྲུབ་མ་ལུས་པ་ཐོབ་པར་དམིགས་ལ་འདི་དག་གི་རྗེས་ཟློས། དཔའ་བོ་དཔའ་མོའི་སྒྲུབ་ཐབས་ནས་འབྱུང་བའི་ཨོཾ་ཙིཏྟ་ཙཀྲ་སོགས་འཁོར་ལོ་གསུམ་གྱི་ལྷ་སྔགས་གསུམ་སོ་སོར་ལན་གསུམ་རེ། ཡང་དཀྱིལ་འཁོར་པའི་ལས་དང་དམ་ཚིག་མཁའ་འགྲོ་མ་རྣམས་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་བྱུང་། སློབ་མའི་ལུས་དཀྱིལ་གྱི་མཁའ་འགྲོ་ལས་ཀྱི་ཕྲ་མེན་མ་སོ་སོའི་ཐུགས་ཀར་ཉི་ཟླའི་སྦུབས་སུ་ས་བོན་ཛཿཧཱུྃ་བཾ་ཧོཿབཞི་དང་། དམ་ཚིག་མཁའ་འགྲོའི་ས་བོན་ཧཱུྃ་ཡིག་བཞིའི་མཐར་འཁོད་པ་བཟླས་པའི་མཐུས། དེ་རྣམས་ལས་འོད་ཟེར་སྤྲོ་བསྡུས་ཞི་རྒྱས་དབང་དྲག་ལ་སོགས་པའི་ཐུན་མོང་གི་ཕྲིན་ལས་རྣམས་ལྷུན་གྱིས་གྲུབ་པར་མོས་ལ་འདིའི་རྗེས་ཟློས། ཕྲིན་ལས་ལྟར། ཨོཾ་སརྦ་ཀརྨ་སོགས་ལས་བཞིའི་སྔགས་ཤམ་སྦྲེལ་བ་ལན་གསུམ། དབང་ཆོག་ལྟར། དེས་སྒྲ་སྐད་ཐམས་ཅད་སོགས་ནས། ཉམས་སུ་བླང་བར་བྱ་བ་ལ་འབད་པར་གྱིས་ཤིག །གསུམ་པ་ཐུགས་འོད་གསལ་གྱི་དགོངས་པ་ངོ་སྤྲད་ཅིང་དོན་གྱི་དབང་བསྐུར་བ་ནི། དཔོན་སློབ་གཉིས་ཀས་རང་བྱུང་ཀ་དག་དོན་གྱི་དགོངས་པ་བརྗོད་བྲལ་ཆོས་སྐུའི་རིག་པ་རྗེན་པའི་ངང་དུ་ཡིད་དཔྱོད་ཀྱིས་བསླད་མ་ཞུགས་པར་མཉམ་པར་འཇོག་པས་དགོངས་ཉམས་སྐྱོངས་འཚལ། ཕྲིན་ལས་ལྟར། ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དེ༔ སོགས། ཨ་ཨ་ཨ༔ བར་བརྗོད་ལ་ཆོས་ཉིད་བློ་འདས་ཀྱི་དབྱིངས་སུ་ཅུང་ཟད་མཉམ་པར་གཞག །དབང་ཆོག་ལྟར། དེས་ནི་རྟོག་ཚོགས་སོགས་ནས། ཉམས་སུ་བླང་བར་བྱ་བ་ལ་འབད་པར་གྱིས་ཤིག །དེ་ལྟར་ན་སྐུ་སོགས་ནས། ངེས་ཤེས་སྐྱེད་ཅིག །དེ་ལྟར་བུམ་པའི་དབང་བསྐུར་རྗེས་འབྲེལ་དང་བཅས་པ་ལེགས་པར་ཐོབ་ནས། སྣོད་བཅུད་ཐ་མལ་དུ་འཛིན་པའི་ཞེན་པ་ཟློག་བྱེད་བུམ་པའི་དབང་གི་ལམ་སྐུ་རྡོ་རྗེ་བསྐྱེད་རིམ་སྤྲུལ་པའི་སྐུའི་ཉམས་ལེན་ཇི་ལྟར་བྱ་བའི་གྲོལ་བྱེད་ཀྱི་གདམས་ཁྲིད་ནི། ཟབ་ཁྲིད་ལྟར། ཀྱཻ་ རིགས་ཀྱི་བུ་རྣམས་ཉོན་ཅིག༔ གསང་སྔགས་རྡོ་རྗེ་སོགས་ནས། རྟག་ཏུ་བརྩོན་པར་བྱའོ༔ གཉིས་པ་ནང་གི་དབང་ལུས་ཀྱི་དཀྱིལ་འཁོར་ལ་བསྟེན་ནས་གསང་བའི་དབང་བསྐུར་རྗེས་འབྲེལ་དང་བཅས་པ་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། དབང་ཆོག་ལྟར། བླ་མ་རྡོ་རྗེ་ཕག་མོ་སོགས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་འཁོར་ལོའི་དབང་ཕྱུག་ཉིད་སྐད་ཅིག་གིས་པདྨ་ཧེ་རུ་ཀཿབདེ་མཆོག་གི་རྣམ་པར་གསལ་བ། ཤེས་རབ་རྡོ་རྗེ་ཕག་མོ་དང་སོགས་ནས། འཁོར་ལོ་རྣམས་ཤིན་ཏུ་གསལ་བ་ལ་སེམས་བཟུང་ནས་མ་ཡེངས་པར་མཉམ་པར་ཞོག་ཅིག །ཅུང་ཟད་མཉམ་པར་འཇོག །གཉིས་པ་དེ་དང་རྗེས་སུ་འབྲེལ་བ་ཁྱད་པར་གྱི་བྱིན་རླབས་དྲུག་གི །དང་པོ་གཏུམ་མོ་དྲོད་ཀྱི་ཉམས་ལེན་ལ་བརྟེན་ནས་བདེ་སྟོང་གི་ཡེ་ཤེས་བཙན་ཐབས་སུ་བྱེད་པའི་ལམ་སྒོམ་པར་དབང་བའི་བྱིན་རླབས་བྱ་བ་ནི། སློབ་མའི་ལུས་གནད་བསྲང་། ལུས་ལྷ་སྐུའི་སྟོང་ར་རྩ་གསུམ་འཁོར་ལོ་ལྔ་ལྡན། རྩ་གནས་ཀྱི་ལྷ་དང་བཅས་པ་གསལ་བཏབ་ཅིང་། ལྟེ་བའི་ལྷ་ཚོགས་སོགས་ནས། ཁྱབ་པའི་དམིགས་པ་དང་བཅས་རླུང་བུམ་པ་ཅན་ཟུངས་ཤིག །སློབ་བུས་རླུང་རོ་བསལ་ནས་བུམ་པ་ཅན་དང་དམིགས་པ་གཟུང་བཅུག །སློབ་དཔོན་གྱིས་ཌཱ་དྲིལ་བཅས། ཨོཾ་སརྦ་རཏྣ་སོགས་སྔགས་དྲག་ཏུ་བརྗོད་པས་བྱིན་དབབ། ཌཱ་དྲིལ་བཅས་སོ་སོའི་བྱིན་དབབ་ཚུལ་འདི་འོག་གི་ཆོས་དྲུག་གི་བྱིན་རླབས་ཐམས་ཅད་སྦྱར་དགོས། དེ་ལྟར་དབབ་པའི་བྱིན་རླབས་བརྟན་པར་བྱ་བའི་སླད་དུ་དཔལ་འབར་གྱི་མེ་ལྕེས་ལུས་ལ་བསྐོར་བའི་བརྡ་ཐབས་ཀྱིས་མཚོན་ཏེ་བདེ་སྟོང་གི་ཡེ་ཤེས་ཉམས་སུ་མྱོངས་ཤིག །ཧཱུྃ༔ རིན་ཆེན་མཁའ་འགྲོའི་སོགས་ནས། རཾ་རཾ་རཾ༔ དེ་ལྟར་བྱས་པས་གཟུང་འཛིན་རྟོག་པའི་བག་ཆགས་བསྲེག་ཅིང་། བདེ་དྲོད་ཀྱི་ཡེ་ཤེས་རྩོལ་མེད་དུ་འབར་བའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །གཉིས་པ་སྒྱུ་ལུས་ལ་བསྟེན་ནས་རྩལ་སྦྱོང་བའི་དབང་གི་བྱིན་རླབས་བྱ་བ་ནི། སྤྱི་བོའི་སངས་རྒྱས་མཁའ་འགྲོ་མའི་སོགས། དེ་ལྟར་དབབ་པའི་བྱིན་རླབས་བརྟན་པར་བྱ་བའི་སླད་དུ་ལྷ་སྐུའི་གཟུགས་བརྙན་མེ་ལོང་ལ་ཤར་བའི་བརྡ་ལ་བརྟེན་ནས་འདིའི་དོན་ཐུགས་ལ་ངེས་པར་མཛོད། ཧཱུྃ༔ སངས་རྒྱས་མཁའ་འགྲོའི་སོགས་ནས། ཧཱུྃ་ཧཱུྃ་ཧཱུྃ༔ དེ་ལྟར་བྱས་པས་སྣང་གྲགས་རྟོག་པའི་ཡུལ་སྣང་ཐམས་ཅད་བདེན་མེད་ཀྱི་དཔེ་བཅུ་གཉིས་ཀྱིས་མཚོན་པས་བདེན་འཛིན་གྱི་ཞེན་པ་དང་བྲལ་བའི་སྒྱུ་མ་ལས་ཀྱང་སྒྱུ་མར་ཤེས་པས། གཟུང་འཛིན་སྦྲུལ་མདུད་རང་གྲོལ་གྱི་གདེང་དང་ལྡན་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །གསུམ་པ་འོད་གསལ་གྱི་གདམས་པ་ལ་བརྟེན་ནས་སྙིང་པོའི་གནས་ལུགས་མངོན་དུ་བྱེད་ནུས་པའི་བྱིན་རླབས་བྱ་བ་ནི། སྙིང་གའི་རྡོ་རྗེ་མཁའ་འགྲོ་མའི་སོགས། དེ་ལྟར་དབབ་པའི་བྱིན་རླབས་བརྟན་པར་བྱ་བའི་སླད་དུ་མེ་ལོང་དྲི་མ་མེད་པའི་བརྡས་མཚོན་ཏེ། ཚིག་བརྗོད་པའི་དོན་ཉམས་སུ་ལོངས་ཤིག །ཧཱུྃ༔ རྡོ་རྗེ་མཁའ་འགྲོའི་སོགས་ནས། ཨ་ཨ་ཨ༔ དེ་ལྟར་བྱས་པས་སྣང་གསུམ་འོད་གསལ་གྱི་སྦུབས་སུ་ནུབ་ནས་ཤིན་ཏུ་ཕྲ་བའི་ཡེ་ཤེས་གཞོམ་དུ་མེད་པའི་ཐིག་ལེ་ཆེན་པོ་རང་གསལ་བུམ་ནང་གི་མར་མེ་ལྟ་བུའི་གནས་ལུགས་རྗེན་པར་རྟོགས་ནུས་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །བཞི་པ་རྨི་ལམ་གཟུང་སྦྱང་སྤྲུལ་སྒྱུར་ལ་སོགས་པ་འདོད་རྒུར་སྤྱོད་པས་ལམ་གྱི་ཚོད་འཛིན་པར་དབང་བའི་བྱིན་རླབས་བྱ་བ་ནི། མགྲིན་པའི་པདྨ་སོགས། དེ་ལྟར་དབབ་པའི་བྱིན་རླབས་ཀྱི་རྒྱུན་བརྟན་པར་བྱ་བའི་སླད་དུ། མེ་ལོང་དུ་གཟུགས་བརྙན་སྣ་ཚོགས་ཤར་བའི་བརྡས་མཚོན་ཏེ་དབང་བསྐུར་བཞི་པ་ཐོབ་པར་མོས། ཧཱུྃ༔ པདྨ་མཁའ་འགྲོའི་སོགས་ནས། ཨཾ་ཨཾ་ཨཾ༔ དེ་ལྟར་བྱས་པས་རྨི་ལམ་ཡེངས་འཁྲུལ་རྒྱ་འབྱམས་ཀྱི་སྐྱོན་དང་བྲལ་ནས་རྨི་ལམ་དུ་ངོ་ཤེས་ཀྱི་གོ་རར་ཆུད། སྒྱུ་ལུས་དང་བསྲེས་ཏེ་སྤྲུལ་བསྒྱུར་གྱི་ལྷར་ལྡང་། འོད་གསལ་དང་བསྲེས་ཏེ་མི་རྟོག་པའི་ཡེ་ཤེས་མངོན་དུ་བྱེད་ནུས་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །ལྔ་པ་འཕོ་བ་ལམ་གྱི་སྐྱེལ་མ་ལྟ་བུའི་གདམས་ངག་ཉམས་སུ་ལེན་པར་དབང་བའི་བྱིན་རླབས་བྱ་བ་ནི། ལྟེ་འོག་སོར་བཞིའི་སོགས། དེ་ལྟར་དབབ་པའི་བྱིན་རླབས་བརྟན་པར་བྱ་བའི་སླད་དུ་མདའ་གཞུའི་འཕྲུལ་འཁོར་གྱི་བརྡས་མཚོན་ཏེ་དབང་བསྐུར་བས་ཟབ་ལམ་གྱི་ཉམས་ལེན་ལ་ཐོགས་མེད་ཀྱི་རྩལ་འབྱོང་བའི་ནུས་པ་རྒྱུད་ལ་བཞག་པར་མོས། ཧཱུྃ༔ ལས་ཀྱི་མཁའ་འགྲོའི་སོགས་ནས། ཕཊ་ཕཊ་ཕཊ༔ དེ་ལྟར་བྱས་པས་སྦྱང་རྩོལ་གྱི་རྟགས་ཚད་མྱུར་དུ་ཕེབས་ཤིང་། དུས་སུ་ཕྱིན་ནས་སླར་སངས་རྒྱས་མཁའ་འགྲོའི་ཐུགས་ཀ་ནས་རླུང་སེམས་ཀྱི་ཐིག་ལེ་མར་བྱུང་། ལྟེ་བའི་ཟླ་དཀྱིལ་གྱི་སྟེང་དུ་ལྕི་ཐིང་ངེར་གནས། ཚངས་བུག་རྡོ་རྗེ་ཧྲཱིཿམཚན་གྱིས་བཀག་པའི་ཡིག་འབྲུའི་འོད་ཀྱིས་འཁོར་འདས་ཀྱི་ཚེ་བཅུད་བསྡུས་ཏེ་ཧྲཱིཿར་ཐིམ། དེ་ལས་ཚེ་དབང་བདུད་རྩིའི་རྒྱུན་འཛད་མེད་དུ་འཇོ་བས་རྟག་བརྟན་རྡོ་རྗེའི་ཚེ་ཡི་དཔལ་ལ་སྤྱོད་པའི་དངོས་གྲུབ་ཐོབ་པར་མོས། རིག་པ་དྲི་མེད་ཚངས་པའི་སྒོ་ནས་བརྒྱུད་མཁའ་ལ་སྤྱོད་པའི་གནས་སུ་མདའ་འཕང་བ་ལྟར་གཤེགས་ཏེ། དབྱིངས་རིག་དབྱེར་མེད་ཆོས་དབྱིངས་ཟབ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ཀློང་དུ་མངོན་འཚང་རྒྱ་བའི་ཐབས་མཆོག་ཁྱད་པར་ཅན་ཉམས་སུ་ལེན་པ་ལ་དབང་འབྱོར་བའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །དྲུག་པ་ལམ་གྱི་ཆད་མཐུད་བར་དོའི་གདམས་ངག་ཉམས་སུ་ལེན་པར་ནུས་པ་ལ་དབང་བའི་བྱིན་རླབས་བྱ་བ་ནི། སླར་ཡང་རང་ཉིད་སོགས་ནས། རྩལ་སྦྱོང་བར་གྱིས་ཤིག །ཨོཾ་བཛྲ་སོགས་ཀྱིས་བྱིན་དབབ། དེ་ལྟར་དབབ་པའི་བྱིན་རླབས་ཀྱི་རྒྱུན་བརྟན་པར་བྱ་བའི་སླད་དུ་མར་མེ་རླུང་གིས་མི་བསྐྱོད་པའི་བརྡའི་མཚོན་དཔེ་ལ་བརྟེན་ནས་དབང་བསྐུར་བས། གནས་སྐབས་འདི་ཉིད་དུ་ཡོན་ཏན་གྱི་རྩལ་ཁ་རྫོགས་ཏེ་བར་དོར་ཉམས་ལེན་གྱི་རྣལ་འབྱོར་ལ་བརྟན་པ་ཐོབ་པའི་མཐུ་དབང་རྫོགས་པར་མོས། ཧཱུྃ༔ རྡོ་རྗེ་ཕག་མོའི་སོགས་ནས། བཾ་བཾ་བཾ༔ དེ་ལྟར་བྱས་པས་སྲིད་པ་བར་དོར་ལས་རླུང་གིས་གཡོ་བ་རང་སར་དེངས་པས་རིག་པ་རང་གསལ་གཡོ་མེད་ཀྱི་རང་ཚུགས་ཟིན་ཏེ། སྐུ་གསུམ་གྱི་གོ་འཕང་མངོན་དུ་བྱེད་ནུས་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །དེ་ལྟར་ན་གསུང་བྱང་སེམས་སོགས། ངེས་ཤེས་སྐྱེད་ཅིག །དེ་ལྟར་གསང་བའི་དབང་བསྐུར་རྗེས་འབྲེལ་དང་བཅས་པས་ལེགས་པར་སྨིན་ནས། རླུང་ངག་གི་རྒྱུ་བ་སྐྱེ་འགག་གི་དྲི་མ་སྦྱོང་བྱེད་གསང་དབང་གི་ལམ་དང་འབྲེལ་བའི་གསུང་རྡོ་རྗེ་རྫོགས་རིམ་གྱི་སྔོན་འགྲོ་ཐབས་ལམ་ཆོས་དྲུག་གི་ཉམས་ལེན་ཇི་ལྟར་བྱ་བའི་གྲོལ་བྱེད་ཀྱི་གདམས་པ་ནི། ཟབ་ཁྲིད་ལྟར། ཀྱཻ་ རིགས་ཀྱི་བུ་རྣམས་ཉོན་ཅིག༔ གསང་བའི་དབང་བསྐུར་བ་སོགས་ནས། རྒྱུན་ཆགས་སུ་གྱིས་ཤིག༔ གསུམ་པ་གསང་བ་ཕྱག་རྒྱའི་དམ་ཚིག་གི་བརྟུལ་ཞུགས་ལ་བརྟེན་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། དཔལ་ལྡན་བླ་མའི་སོགས་ལན་གསུམ། སློབ་མ་རྣམས་སྐད་ཅིག་གིས་པདྨ་ཧེ་རུ་ཀཿཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་བསྣམས་པ། རྗེས་སུ་ཆགས་པའི་རང་བཞིན་སྐུ་མདོག་པདྨ་རཱ་ག་ལྟར་དམར་ཞིང་། ཁྲོ་ཆགས་སྒེག་པའི་གཟི་བྱིན་རྒྱས་པ། དར་དང་རིན་ཆེན་རུས་པ་སོགས་ཁྲག་འཐུང་རོལ་པའི་ཆས་ཅན། ཞབས་གཉིས་པད་ཉིའི་གདན་ལ་ཕྱེད་སྐྱིལ་གྱིས་བཞུགས་པར་གསལ་བ་ལ། ཐོག་མར་གསང་སྤྱོད་ཀྱི་བརྟུལ་ཞུགས་ཉམས་སུ་ལེན་པར་དབང་ཕྱིར་སིནྡྷུ་རའི་དཀྱིལ་འཁོར་གྱི་བརྡ་ལ་བརྟེན་ནས། ཕྱག་རྒྱ་བཞིའི་རྣལ་འབྱོར་གྱིས་བདེ་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས་པའི་དབང་བསྐུར་ཞིང་ཐོབ་པར་མོས། ཧཱུྃ༔ ལས་ཀྱི་ཕྱག་རྒྱའི་སོགས། དེ་ལྟར་སྦྱོར་བའི་དབང་གིས་སྣོད་རུང་དུ་བྱས་པ་ལ། དངོས་གཞི་ཕོ་ཉ་མོའི་ལམ་ལ་བརྟེན་ནས་དཔེའི་ཡེ་ཤེས་མངོན་དུ་བྱེད་པའི་སླད་དུ་སིནྡྷུ་རའི་དཀྱིལ་འཁོར་ལས་ཕྱག་རྒྱ་པདྨ་ཅན་གྱི་མཚན་ཉིད་ཡོངས་སུ་རྫོགས་པ་རྡོ་རྗེ་ཕག་མོའི་རྣམ་པ་ཅན་བྱུང་སྟེ། སློབ་མའི་མདུན་དུ་འཁོད་པ་དེས་ནུས་པ་འདྲི་ཞིང་། རྗེས་སུ་ཆགས་པའི་གླུས་བསྐུལ་བར་མོས། ཨེ་མ་གསང་བ་སོགས། དེའི་ལན་གདབ་པར་མོས་པས་འདིའི་རྗེས་ཟློས། ཨེ་མ་ཡིད་འོང་སོགས། སླར་ཡང་ལྷ་མོ་དེས་སྦྱོར་བའི་བརྡའི་གླུས་བསྐུལ་བར་མོས། རྗེས་སུ་ཆགས་པ་སོགས། དེ་ལྟར་གསུངས་པ་ལ་མཆོག་ཏུ་སྤྲོ་ཞིང་གུས་པའི་སྒོ་ནས་ལན་གདབ་པ་འདིའི་རྗེས་ཟློས། ཨེ་མ་ཧོཿབདེ་བའི་སོགས་ནས། བཾ་ཧོ༔ ཞེས་གསུངས་ནས་པང་དུ་བྱོན་པ་དང་། ལྷ་སྔགས་ཆོས་ཀྱི་འདུ་ཤེས་གསུམ་ལྡན་གྱི་རོལ་པས་སྙོམས་པར་ཞུགས་པར་མོས་པས་སྔགས་འདིའི་རྗེས་ཟློས། ཨོཾ་སརྦ་སོགས། དེ་ལྟར་མཉམ་པར་སྦྱར་པ་ལས་བདེ་བའི་རེག་བྱའི་མེས་བཞུས་པའི་སྤྱི་བོའི་ཧཾ་ལས་བྱང་སེམས་ཀྱི་རྒྱུན་བབས་པ་དང་། རྩ་གནས་གཞན་གྱི་དྭངས་མ་ལྷན་ཅིག་འདུས་པས་འཁོར་ལོ་བཞི་རིམ་པར་གང་བས་ཡས་བབས་དང་མས་བརྟན་གྱི་དགའ་བཞིའི་མཐར་སོན་ཏེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས་པའི་བདེ་སྟོང་བློ་འདས་འཛིན་མེད་ཀྱི་ངང་དུ་མཉམ་པར་བཞག་པ་ལས་ནམ་ཡང་མི་འགྱུར་བའི་ང་རྒྱལ་གཟུང་བ་དང་བཅས་འདིའི་རྗེས་ཟློས། ཛྙཱ་ན་སོགས་ནས། ངེས་ཤེས་སྐྱེད་ཅིག །དེ་ལྟར་གསང་བ་ཤེས་རབ་ཡེ་ཤེས་ཀྱི་དབང་གིས་ལེགས་པར་སྨིན་ནས། གསུམ་པ་ཡིད་དང་ཐིག་ལེ་འཕོ་བའི་དྲི་མ་སྦྱོང་བྱེད་ཤེར་དབང་གི་ལམ་ཐུགས་རྡོ་རྗེ་རྫོགས་རིམ་གྱི་དངོས་གཞི་བདེ་བ་ཆེན་པོའི་ཉམས་ལེན་ཇི་ལྟར་བྱ་བའི་གྲོལ་བྱེད་ཀྱི་གདམས་ཁྲིད་ནི། ཟབ་ཁྲིད་ལྟར། ཀྱཻ་ རིགས་ཀྱི་བུ་རྣམས་ཉོན་ཅིག༔ ཤེས་རབ་ཡེ་ཤེས་སོགས་ནས། འདི་ཁོ་ན་ལ་བརྩོན་པར་བྱའོ༔ བཞི་པ་དོན་གྱི་མཐར་ཐུག་དེ་ཁོ་ན་ཉིད་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་ལ་བརྟེན་ནས་ཚིག་དབང་རིན་པོ་ཆེ་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། གཙོ་བོ་ཆེ་ཁྱོད་སོགས་ལན་གསུམ། དེ་ནས་སློབ་བུ་རྣམས་ལུས་གནད་དྲང་པོར་བསྲང་། རླུང་རོ་སངས་ཀྱིས་བུས་ལ་སེམས་མི་རྟོག་པའི་ངང་དུ་དར་ཅིག་མཉམ་པར་འཇོག་མཛོད། སྔར་ཕྱག་རྒྱ་བཞིའི་ཉེ་རྒྱུས་དཔེའི་ཡེ་ཤེས་སྐྱེས་པ་དེ་ཉིད་ཀྱིས་མཚོན་ཏེ། མཚོན་བྱ་དོན་གྱི་ཡེ་ཤེས་ཅར་ཕོག་ཏུ་ངོ་སྤྲོད་པ་ནི། རང་བྱུང་རྡོ་རྗེ་སེམས་དཔའི་མེ་ལོང་གི་བརྡ་ཐབས་ལ་བརྟེན་ནས། སྣང་རིག་བདེ་སྟོང་ཟུང་འཇུག་གི་རང་ངོར་དུས་གསུམ་གྱི་སྤྲོས་པས་མ་བསླད་པར་མཉམ་པར་འཇོག་པའི་ཚེ། ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། རྩལ་འགག་མེད་དུ་འཆར་བ་སྤྲུལ་སྐུ། ཐམས་ཅད་དབྱེར་མེད་སྐུ་གསུམ་རང་ཆས་ཡེ་བཞུགས་སུ་རྫོགས་པའི་ཀ་དག་གི་དབྱིངས་སྤྲོས་པའི་ཡིད་དཔྱོད་ལས་འདས་པ། ཡེ་ཤར་ཡེ་གྲོལ་གྱི་གཤིས་སྣང་སེམས་དབྱེར་མེད་ཕྱི་ནང་ཟང་ཐལ་ཆེན་པོར་ལ་བཟླས་པས། སྣང་བས་ཤེས་པ་ལ་མ་གོས། ཤེས་པས་ངོ་བོ་ལ་མ་བཅིངས། སྤྲོས་བྲལ་བློ་འདས་ཀྱི་རང་བཞིན། ལྷུན་གྲུབ་འོད་གསལ་རྫོགས་པ་ཆེན་པོའི་དགོངས་པའི་མཐིལ་ལ་མཉམ་པར་ཞོག་ཅིག །ཧོ༔ ལྟོས་ཤིག་ལྐལ་ལྡན་སོགས་ནས། ངེས་ཤེས་སྐྱེད་ཅིག །དེ་ལྟར་དེ་ཁོ་ན་ཉིད་ཕྱག་རྒྱ་ཆེན་པོ་ཚིག་ལས་འདས་པའི་དོན་གྱི་གནས་ལུགས་ཀུན་ཏུ་བཟང་པོའི་དགོངས་པ་ཟང་ཐལ་དུ་ངོ་སྤྲད་པའི་དབང་གིས་ལེགས་པར་སྨིན་ནས། བཞི་པ་གཟུང་འཛིན་གཉིས་རྟོག་གི་སྤྲོས་པ་ཤེས་བྱའི་དྲི་མ་སྦྱོང་བྱེད་ཚིག་དབང་གི་ལམ་ཡེ་ཤེས་རྡོ་རྗེ་རྫོགས་རིམ་གྱི་མཐར་ཐུག་ཀ་དག་ཁྲེགས་ཆོད་ཀྱི་ཉམས་ལེན་ཇི་ལྟར་བྱ་བའི་གྲོལ་བྱེད་ཀྱི་གདམས་ཁྲིད་ནི། ཟབ་ཁྲིད་ལྟར། ཀྱཻ་ རིགས་ཀྱི་བུ་རྣམས་ཉོན་ཅིག༔ དབང་བཞི་པ་སོགས་ནས། མངོན་དུ་འགྱུར་བ་ཡིན་ནོ༔ སྐབས་འདིར་སྐོང་ཆེན་དྲུག་གི་དབང་བསྐུར་དགོས་པས་འདི་ལྟར། དེས་རྩ་བའི་སྨིན་བྱེད་རྣམ་བཞི་ཕན་ཡོན་ཟབ་ཁྲིད་དང་བཅས་པ་ཡོངས་སུ་རྫོགས་པ་གྲུབ་ནས། སླར་ཡང་རྗེས་འབྲེལ་རྣལ་འབྱོར་པ་རྣམས་ཀྱི་ཉམས་ཆག་སྐོང་ཞིང་། ཐུན་མོང་གི་ཕྲིན་ལས་རབ་འབྱམས་མྱུར་དུ་འགྲུབ་པར་བྱེད་པ་དམ་སྐོང་གི་ཆོ་གའི་དབང་བསྐུར་བ་ལ་དྲུག་ཡོད་པ་ལས། དེ་རྣམས་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཟུར་འདེབས་རཏྣའི་ཆུན་པོ་ལྟར། ཡེ་ཤེས་མཁའ་འགྲོ་ཁྱོད་ལ་སོགས་ལན་གསུམ། དབང་དངོས་ལ་རྣམ་པ་དྲུག་ལས། དང་པོ་རྡོ་རྗེ་མཁའ་འགྲོ་མའི་ཆུའི་དབང་བསྐུར་བ་ནི། བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོའི་ལྷ་ཚོགས་ཀྱི་ཐུགས་རྗེའི་ཕྲིན་ལས་འདུས་པའི་དབྱིག །རྡོ་རྗེ་མཁའ་འགྲོ་མཱ་མ་ཀཱིའི་ཐུགས་རྗེའི་ཕྲིན་ལས་བདེ་བ་ཆེན་པོའི་རང་བཞིན་དུ་འཁྱིལ་བ། ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས་བཀང་བའི་བུམ་པས་དབང་བསྐུར་བས། བདུད་རྩིའི་རྒྱུན་གྱིས་དྲི་མ་བཀྲུས། ཉོན་མོངས་པ་ཞེ་སྡང་གི་རྟོག་པ་ལས་གྱུར་པའི་ཉམས་ཆག་ཐམས་ཅད་བྱང་ཞིང་དག །རྡོ་རྗེའི་རིགས་ཀྱི་ལས་དང་དངོས་གྲུབ་སྒྲུབ་པ་ལ་དབང་། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས་པར་མོས། ཧཱུྃ༔ བཅོམ་ལྡན་རྡོ་རྗེ་སོགས་ཀྱིས་བུམ་དབང་བསྐུར་ཞིང་བུམ་ཆུ་སྦྱིན། གཉིས་པ་རིན་ཆེན་མཁའ་འགྲོའི་སྐུ་གདུང་སཱཙྪའི་དབང་བསྐུར་བ་ནི། བཅོམ་ལྡན་འདས་རིན་ཆེན་མཁའ་འགྲོའི་ལྷ་ཚོགས་རྣམས་ཀྱི་ཐུགས་རྗེའི་ཕྲིན་ལས་འདུས་པའི་དབྱིག །མཆོད་རྟེན་གྱི་རྡུལ་ཕྲ་རབ་དང་མཉམ་པ་རིན་ཆེན་མཁའ་འགྲོ་སངས་རྒྱས་སྤྱན་མའི་ལྷ་ཚོགས་སུ་གསལ་བ་སློབ་མའི་སྤྱི་བོར་བཞག་པའི་ཚེ། དེ་རྣམས་ཀྱི་སྐུ་ལས་བདུད་རྩིའི་རྒྱུན་བྱུང་། སྤྱི་བོ་ནས་ཞུགས་པས་ལུས་ཀྱི་ནང་ཐམས་ཅད་གང་། ཉོན་མོངས་པ་ང་རྒྱལ་གྱི་སྟོབས་ལས་གྱུར་པའི་ཉམས་ཆག་ཐམས་ཅད་བྱང་ཞིང་དག །རིན་ཆེན་རིགས་ཀྱི་ལས་དང་དངོས་གྲུབ་སྒྲུབ་པ་ལ་དབང་། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས་པར་མོས། ཏྲཱཾ༔ བཅོམ་ལྡན་རིན་ཆེན་སོགས། གསུམ་པ་པདྨ་མཁའ་འགྲོ་མའི་ཡེ་ཤེས་འབར་བའི་མེ་ཐབ་ཀྱི་དབང་བསྐུར་བ་ནི། བཅོམ་ལྡན་འདས་པདྨ་མཁའ་འགྲོའི་ལྷ་ཚོགས་ཀྱི་ཐུགས་རྗེའི་ཕྲིན་ལས་འདུས་པའི་དབྱིག །འབར་བའི་དཀྱིལ་འཁོར་དང་གཉིས་སུ་མེད་པའི་པདྨ་མཁའ་འགྲོ་གོས་དཀར་མོའི་ལྷ་ཚོགས་སུ་གསལ་བ་སློབ་མའི་སྤྱི་བོར་བཞག་པའི་ཚེ། དེ་རྣམས་ཀྱི་སྐུ་ལས་ཡེ་ཤེས་འོད་ཟེར་གྱི་ཕུང་པོ་འཕྲོས་པས། ཉོན་མོངས་པ་འདོད་ཆགས་ཀྱི་སྟོབས་ལས་གྱུར་པའི་ཉམས་ཆག་ཐམས་ཅད་བསྲེག་ཅིང་བྱང་ཞིང་དག །པདྨ་རིགས་ཀྱི་ལས་དང་དངོས་གྲུབ་སྒྲུབ་པ་ལ་དབང་། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས་པར་མོས། ཧྲཱི༔ བཅོམ་ལྡན་པདྨ་སོགས། བཞི་པ་ལས་ཀྱི་མཁའ་འགྲོ་མའི་ཡེ་ཤེས་རླུང་གི་དཀྱིལ་འཁོར་གྱི་དབང་བསྐུར་བ་ནི། བཅོམ་ལྡན་འདས་ཀརྨ་མཁའ་འགྲོའི་ལྷ་ཚོགས་ཀྱི་ཐུགས་རྗེའི་ཕྲིན་ལས་འདུས་པའི་དབྱིག །རླུང་གི་གཡོ་བ་དང་གཉིས་སུ་མེད་པ་ཀརྨ་མཁའ་འགྲོ་དམ་ཚིག་སྒྲོལ་མའི་ལྷ་ཚོགས་ཀྱི་རང་བཞིན་དུ་གསལ་བ་ལས་འོད་ཟེར་འཕྲོས། སྤོས་ཀྱི་སྤྲིན་དང་རོ་གཅིག་ཏུ་གྱུར་པའི་དཀྱིལ་འཁོར་དང་བཅས་པའི་དབང་བསྐུར་བས། ཉོན་མོངས་པ་ཕྲག་དོག་གི་སྟོབས་ལས་གྱུར་པའི་ཉམས་ཆག་རྟོག་སྒྲིབ་ཐམས་ཅད་གཏོར་ཞིང་སྦྱངས་ནས་དག །ཀརྨའི་རིགས་ཀྱི་ལས་དང་དངོས་གྲུབ་སྒྲུབ་པ་ལ་དབང་། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས་པར་མོས། ཨཱ༔ བཅོམ་ལྡན་ལས་ཀྱི་སོགས། ལྔ་པ་རྡོ་རྗེ་ཕག་མོའི་མར་མེའི་དབང་བསྐུར་བ་ནི། བཅོམ་ལྡན་འདས་རྡོ་རྗེ་ཕག་མོའི་ལྷ་ཚོགས་ཀྱི་ཐུགས་རྗེའི་ཕྲིན་ལས་འདུས་པའི་དབྱིག །ཡེ་ཤེས་ཀྱི་མར་མེའི་ཟེར་སྤྲིན་མཁའ་ཁྱབ་ཏུ་འཕྲོས་པས། རྩ་བ་གསུམ་གྱི་དཀྱིལ་འཁོར་ལྷ་ཚོགས་རབ་འབྱམས་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་བསམ་གྱིས་མི་ཁྱབ་པ་བྱུང་། མར་མེ་ལ་ཐིམ། དེ་ལས་འོད་ཟེར་གྱི་སྣང་བ་མཐའ་ཡས་པ་བྱོན་ནས་སློབ་མའི་སྙིང་གར་ཐིམ་པས། ཉོན་མོངས་པ་གཏི་མུག་གི་སྟོབས་ལས་གྱུར་པའི་ཉམས་ཆག་རྟོག་སྒྲིབ་སྦྱང་ཞིང་དག །ཡེ་ཤེས་ཀྱི་ལས་དང་དངོས་གྲུབ་སྒྲུབ་པ་ལ་དབང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས་པར་མོས། བཾ༔ བཅོམ་ལྡན་རྡོ་རྗེ་སོགས། དྲུག་པ་མཁའ་འགྲོའི་དཀྱིལ་འཁོར་ཡོངས་རྫོགས་མདོས་གཏོར་གྱི་དབང་བསྐུར་བ་ནི། མཁའ་འགྲོ་འདུས་པའི་ལྷ་ཚོགས་ཀྱི་ཐུགས་རྗེའི་ཕྲིན་ལས་འདུས་པའི་དབྱིག །སྣང་སྲིད་གཞིར་བཞེངས་སྲིད་ཞིའི་སྣང་བ་གཉིས་མེད་རྣམ་དག་མདོས་གཏོར་ཡེ་ཤེས་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་གྱི་འཁོར་ལོར་རྫོགས་པའི་དབང་བསྐུར་བས། ལྷ་ཚོགས་རྣམས་ཀྱི་སྐུའི་ཆ་ཐམས་ཅད་ནས་བདུད་རྩི་འོད་ཟེར་གྱི་རྒྱུན་དཔག་ཏུ་མེད་པ་བྱོན། སློབ་མའི་སྒོ་གསུམ་ལ་ཐིམ་པས་ཉོན་མོངས་མ་རིག་པའི་སྟོབས་ལས་བྱུང་བའི་གཟུང་འཛིན་གཉིས་སྣང་གི་བག་ཆགས་སྦྱངས། ཐུན་མཆོག་རིགས་ཀྱི་ལས་རབ་འབྱམས་མ་ལུས་པ་སྒྲུབ་པ་ལ་དབང་། འོད་གསལ་བྱ་རྩོལ་བྲལ་བའི་ཡེ་ཤེས་མངོན་དུ་བྱས་པར་མོས། ཨོཾ་ཨཱཿཧཱུྃ༔ ཡེ་ཤེས་མཁའ་འགྲོ་སོགས། བཞག་པ་ཡིན་ནོ་བར། དེ་ལྟར་ཉམས་ཆག་བསྐང་བའི་དབང་བསྐུར་བ་ཐོབ་ནས་མཆོད་སྐོང་བགྱིས་པའི་ཕན་ཡོན་ནི། གཞུང་ལས། མཁའ་འགྲོ་འདུས་པའི་མཆོད་སྐོང་གི་རིམ་པ་འདི་ལ་འབད་པས་དམ་ཚིག་ཉམས་ཆག་བྱང༔ མ་མོ་མཁའ་འགྲོ་འཁྲུགས་པ་ཞི༔ ཚེ་དང་བདེ་ཆེན་གྱི་ཡེ་ཤེས་རྒྱས༔ འབྲེལ་ཚད་མཁའ་འགྲོ་མས་རྗེས་སུ་བཟུང་ནས་མཁའ་སྤྱོད་ཀྱི་གྲོང་དུ་རྡོ་རྗེའི་རིག་པ་འཛིན་པའི་ས་ཐོབ་པར་འགྱུར་བས་དྷཱ་ཀི་འདུ་བའི་དུས་སོགས་སུ་ལྷག་པར་འབད་པ་གལ་ཆེའོ༔ ཞེས་གསུངས་པ་བཞིན་རྗེས་སུ་སྒྲུབ་པ་ལ་བརྩོན་འཚལ། དེ་རྣམས་ཀྱིས་ཐུན་མོང་ཉམས་ཆག་སྐོང་བའི་དབང་བསྐུར་སོང་ནས། མཐར་ཐུག་མཆོག་གི་དངོས་གྲུབ་བདེ་བླག་ཏུ་བྱེད་པ་བདུད་རྩི་རིལ་བུའི་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ། སྒོ་གསུམ་གུས་ཤིང་དྭངས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཁྲག་འཐུང་གཙོ་མོ་སོགས་ལན་གསུམ། དེ་ནས་བདུད་རྩི་ཆེན་པོའི་བྱིན་རླབས་དབང་བཞིའི་ཚུལ་དུ་བསྐུར་བ་ལ། དང་པོ་གསང་བའི་བུམ་པ་ཨོ་རྒྱན་རོལ་པའི་གཞལ་ཡས་ཁང་གི་ནང་དུ་རིལ་བུ་ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་བཞུགས་པའི་བདུད་རྩིའི་རྒྱུན་བྱུང་། སྤྱི་བོ་ནས་ཞུགས་པས་ལུས་ཀྱི་ནང་གང་། སྡིག་སྒྲིབ་བག་ཆགས་དང་བཅས་པ་བྱང་ཞིང་དག །སྐུ་ཡི་རྡོ་རྗེའི་གོ་འཕང་མངོན་དུ་བྱས་པར་མོས། ཨོཾ༔ རང་བྱུང་བྷནྡྷའི་སོགས། རིལ་བུ་རེ་རེ་བཞིན་མཁའ་འགྲོ་འདུས་པའི་ལྷ་ཚོགས་ཀྱི་ཕྱག་རྒྱར་གསལ་བ་མྱངས་པས་ངག་གི་དྲི་མ་བག་ཆགས་དང་བཅས་པ་བྱང་ཞིང་དག །གསུང་གི་རྡོ་རྗེའི་གོ་འཕང་མངོན་དུ་བྱས་པར་མོས། ཨཱ༔ ཤ་ལྔ་བདུད་རྩི་སོགས། རིལ་བུའི་དཀྱིལ་འཁོར་གྱི་ལྷ་ཚོགས་རང་འོད་ཀྱི་ཐབས་དང་མཉམ་སྦྱོར་བྱང་ཆུབ་ཀྱི་སེམས་ཐོད་པའི་བདུད་རྩི་དང་སྦྱར་པ་མྱངས་པས་ཡིད་ཀྱི་དྲི་མ་བག་ཆགས་དང་བཅས་པ་བྱང་ཞིང་དག །ཐུགས་ཀྱི་རྡོ་རྗེའི་གོ་འཕང་མངོན་དུ་བྱས་པར་མོས། ཧཱུྃ༔ ཡེ་ཤེས་མཁའ་འགྲོ་སོགས། བླ་མ་ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་དང་གཉིས་སུ་མེད་པའི་དགོངས་པ་དོན་དམ་གཉུག་མའི་ཡེ་ཤེས་ངོ་སྤྲོད་བསྩལ་པའི་རང་ངོ་ལ་མཉམ་པར་བཞག་པས་ཤེས་བྱ་ལ་སྒྲིབ་པའི་དྲི་མ་བག་ཆགས་དང་བཅས་པ་བྱང་ཞིང་དག །ཡེ་ཤེས་རྡོ་རྗེའི་གོ་འཕང་མངོན་དུ་བྱས་པར་མོས། ཧོ༔ ཐོག་མཐའ་མེད་པ་སོགས། ཉམས་ལེན་གནད་ཀྱི་རིམ་པ་རྗེས་སུ་གདམས་པ་འདི་ལ་སྙན་གཏོད་འཚལ། དབང་འདི་ཐོབ་པའི་སོགས། དེ་དག་གིས་མཆོག་གི་ལས་ཚོགས་བདུད་རྩི་རིལ་བུའི་དབང་བསྐུར་སོང་ནས། མཐའ་རྟེན་མཇུག་གི་བྱ་བ་ལ་རྗེས་སུ་གནང་བ། དམ་ཚིག་འབོགས་པ། གཏང་རག་འབུལ་བ་གསུམ་ལས། དང་པོ་དོན་གཉིས་ལྷུན་གྲུབ་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་བའི་ཕྱིར་རྗེས་སུ་གནང་བ་སྦྱིན་པ་རྣམ་པ་དྲུག་ལས། དང་པོ་བདག་དོན་ཕག་མོའི་བསྐྱེད་བཟླས་ཀྱི་རིམ་པ་དང་འབྲེལ་བའི་དངོས་གྲུབ་རྣམ་གཉིས་བདེ་བླག་ཏུ་ཐོབ་པའི་ཕྱིར་རྗེས་གནང་གི་དོན་དུ། སྐུ་དང་སྔགས་ཕྲེང་ཕྱག་ཏུ་གཏད་པས་སྣང་གྲགས་དབྱེར་མེད་ཀྱི་དོན་སྒོམ་པ་ལ་དབང་བར་མོས། ཧོ༔ དེ་རིང་ཕྱིན་ཆད་སོགས་དབང་བསྐུར་ལྟར། གཉིས་པ་རང་གཞན་གཉིས་ཀའི་དོན་དུ་གསང་བ་ཟབ་མོའི་རྒྱུད་རྣམས་ཉན་ནས་འཆད་ཅིང་སྟོན་པའི་རྗེས་གནང་གི་སླད་དུ། གླེགས་བམ་ཕྱག་ཏུ་གཏད་པས་རང་གི་ནུས་པ་དང་འཚམ་པས་དོན་གཉིས་སྒྲུབ་པ་ལ་དབང་བར་མོས། ཧོ༔ དེ་རིང༴ གསང་སྔགས་སོགས། གསུམ་པ་གཞན་དོན་ཧེ་རུ་ཀཿདང་གཉིས་སུ་མེད་པའི་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ་ནས་དཀྱིལ་འཁོར་གྱི་ལས་རབ་འབྱམས་དང་། སློབ་མ་བསྡུ་བ་ལ་སོགས་པའི་རྗེས་གནང་གི་ཕྱིར། དུར་ཁྲོད་རོལ་པའི་ཆས་གོས་རྣམས་སྐུ་ལ་བརྒྱན་པས་འགྲོ་བ་འདུལ་བའི་ཕྲིན་ལས་ལ་དབང་བར་མོས། ཧོ༔ དེ་རིང༴ ཧེ་རུ་སོགས། བཞི་པ་གསང་སྤྱོད་བརྟུལ་ཞུགས་ཀྱི་དམ་ཚིག་གི་རྗེས་སུ་གནང་བའི་སླད་དུ། ཤ་ལྔ་དང་བདུད་རྩི་ལྔ་སྟེ་མི་འཆི་བཅུ་ཕྱག་ཏུ་གཏད་པས་གཙང་རྨེའི་རྟོག་པ་དང་བྲལ་བའི་སྤྱོད་པ་ལ་དབང་བར་མོས། ཧོ༔ དེ་རིང༴ ཤ་ལྔ་སོགས། ལྔ་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་བརྟུལ་ཞུགས་ཀྱི་དམ་ཚིག་གི་རྗེས་སུ་གནང་བའི་སླད་དུ། མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་མོ་གཏད་པས་དགའ་བཞིའི་བདེ་བ་ཉམས་སུ་མྱང་བ་ལ་དབང་བར་མོས། ཧོ༔ དེ་རིང༴ པདྨ་ཅན་སོགས། དྲུག་པ་གསལ་སྟོང་གཉིས་མེད་ཀྱི་ཡེ་ཤེས་དུས་ཀྱི་སྤྲོས་པའི་ཕྱོགས་རིས་ཐམས་ཅད་དང་བྲལ་བ། མཉམ་རྗེས་དབྱེར་མེད་ཆུ་བོའི་རྒྱུན་གྱི་ཏིང་འཛིན་སྐྱོང་བ་མཉམ་ཉིད་ཆེན་པོའི་བརྟུལ་ཞུགས་ཀྱི་རྗེས་གནང་གི་སླད་དུ། རྡོ་རྗེ་དང་མེ་ལོང་གི་བརྡས་མཚོན་པས་རིག་སྟོང་མཐའ་བྲལ་དོན་གྱི་ཡེ་ཤེས་ཐུགས་ལ་བསྟིམས་ནས་ཉམས་ལེན་རྩེ་གཅིག་བགྱི་བ་ལ་དབང་བར་མོས། ཧོ༔ དེ་རིང༴ རྡོ་རྗེ་སོགས། དེ་ལྟར་གདམས་པའི་རྗེས་སུ་གནང་བ་སོང་ནས། དེ་དང་རྗེས་སུ་འབྲེལ་བའི་ཟབ་ཁྲིད་ཀྱི་གདམས་ངག་ཉམས་སུ་ལེན་པའི་དུས་སུ་ཐུན་སོ་སོ་དང་། ཉམས་ལེན་སྤྱིའི་རྗེས་རིམ། བཀའ་སྲུང་ལ་གཉེར་གཏད་ནས་བཀའ་རྒྱས་གདབ་པ་གསུམ་ལས། དང་པོ་ཐུན་སོ་སོའི་རྗེས་ཀྱི་རིམ་པའི་གདམས་ཁྲིད་འབོགས་པ་ནི། ཟབ་ཁྲིད་ལྟར། ཀྱཻ་ རིགས་ཀྱི་བུ་རྣམས་ཉོན་ཅིག༔ རྡོ་རྗེ་ཐེག་པའི་སོགས་ནས། ཐུན་སོ་སོའི་རྗེས་ཀྱི་རིམ་པའོ༔ གཉིས་པ་ཉམས་ལེན་སྤྱིའི་རྗེས་ཀྱི་རིམ་པ་ནི། དེ་ལྟར་ཉམས་ལེན་ཟབ་མོ་སོགས་ནས། སྤྱིའི་རྗེས་ཀྱི་རིམ་པའོ༔ གསུམ་པ་བཀའ་སྲུང་ལ་གཉེར་དུ་གཏད་ནས་བཀའ་རྒྱས་གདབ་པ་ནི། དེ་ལྟ་བུའི་གསང་ཆེན་ཟབ་མོ་སོགས་ནས། དཔང་པོར་གསོལ་བ་ནི༔ དཔོན་སློབ་གཉིས་ཀ་ཁྲག་འཐུང་པདྨ་ཧེ་རུ་ཀའི་སྐུར་གྱུར་པ་ལ། སློབ་དཔོན་གྱིས་སྲུང་མའི་གཏོར་མ་མ་མོ་མཆེད་གསུམ་འཁོར་དང་བཅས་པ་མངོན་སུམ་དུ་གསལ་བ་སློབ་མར་དངོས་སུ་གཏད་ཅིང་། ཇི་ལྟར་བཀའ་བསྒོས་པའི་ཕྲིན་ལས་རབ་འབྱམས་ཐོགས་པ་མེད་པར་བསྒྲུབ་དགོས་པའི་གཉེར་གཏད་པ་བཞིན་བགྱིད་པར་ཞལ་གྱིས་བཞེས་ནས་ལུས་དང་གྲིབ་མ་ལྟར་འགྲོགས་ཤིང་སྟོངས་གྲོགས་མཛད་པར་མོས། ཧཱུྃ་བྷྱོ༔ རབ་འཇིགས་དུར་ཁྲོད་སོགས་ནས། མཐར་དབྱུང་བར་གྱིས་ཤིག༔ གཉིས་པ་བསྲུང་བྱའི་དམ་ཚིག་གི་གལ་མདོ་སྙིང་པོར་དྲིལ་ཏེ་གདམས་པ་བསྒྲག་པ་འདི་ལ་སྙན་གཏོད་ཅིག །ཧོ༔ དེ་རིང༴ གསང་སྔགས་རྒྱུད་སོགས་དབང་ཆོག་ལྟར་ནས། འགྲུབ་པར་གྱིས༔ ཇི་སྐད་བསྒོས་པའི་བསྲུང་སྡོམ་གྱི་གནད་རྣམས་སྤང་བླང་ཚུལ་བཞིན་བསྒྲུབ་པར་ཁས་བླང་བ་འདིའི་རྗེས་ཟློས། ཇི་སྐད་གསུང་བཞིན་སོགས་ལན་གསུམ། དེ་ལྟ་བུའི་ཚུལ་ལ་སྤྲོ་བ་བསྐྱེད་ཅིང་སྣོད་མིན་ལ་ཤིན་ཏུ་གསང་བའི་བཀའ་གཉེར་གྱིས་གདབ་པ་ནི། དབང་བསྐུར་བ་འདི་སོགས་དང་། ཕྱག་རྒྱས་གདབ་པ་འདི་ཡི་དོན་ལ་གུས་སྤྲོ་རྒྱ་ཆེན་པོ་སྐྱེད་ཅིག །གསུམ་པ་དེ་ལྟར་སྨིན་གྲོལ་གྱི་གདམས་ངག་རྩ་བ་དང་རྗེས་འབྲེལ་མཐའ་རྟེན་བཅས་པ་ཚང་སྤྲུགས་སུ་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ། ལྷ་དང་སློབ་དཔོན་དབྱེར་མེད་པའི་སྤྱན་སྔར་ལུས་ལོངས་སྤྱོད་དང་བཅས་པ་སོགས་བདོག་པའི་དངོས་པོ་ཐམས་ཅད་བློས་བླངས་ཏེ་ལྟོས་མེད་དུ་འབུལ་བར་མོས་པས་མཎྜལ། དེས་སྨིན་བྱེད་རྩ་བའི་དབང་བསྐུར་གདམས་ཁྲིད་རྗེས་འབྲེལ་དང་བཅས་པ་ལེགས་པར་གྲུབ་པ་ལགས། ༈ སླར་ཡང་གཏོར་མ་ལ་བརྟེན་པའི་བྱིན་རླབས་སྙིང་པོར་དྲིལ་བ་དོན་གྱི་གཏོར་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ། བླ་མ་རྡོ་རྗེ་ཁྲོས་མའི་སྤྱན་སྔར་རྩེ་གཅིག་གུས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། གཏོར་དབང་ལྟར། ཧེ་རུ་ཀཿདང་སོགས་ལན་གསུམ། རྒྱུད་སྦྱོང་བའི་སླད་དུ་བླ་མ་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་མཁའ་ཁྱབ་ཀྱི་སྤྲིན་དུ་སད་པའི་སྤྱན་སྔར་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། སྡོམ་པ་གཟུང་བ་རྣམས་ཚིག་རྗེས་སུ་དོན་དྲན་བཞིན་པས་འདིའི་རྗེས་ཟློས། ཕྲིན་ལས་ལྟར་སྐྱབས་སེམས་སྡོམ་གཟུང་བཅས་ལན་གསུམ་རེ། དབང་གི་གཞི་དགོད་པ་ཡེ་ཤེས་ཀྱི་བྱིན་དབབ་པའི་སླད་དུ་སྒོ་གསུམ་ཐ་མལ་དུ་འཛིན་པའི་རྟོག་པས་མ་བསླད་པར་སྣོད་བཅུད་རྡོ་རྗེ་བཙུན་མོའི་དཀྱིལ་འཁོར་འདི་ལྟར་དུ་གསལ་ཐོབས་ཤིག །ཨ༔ གདོད་ནས་རྣམ་དག་རང་རིག་པ༔ སྟོང་ཆེན་དེ་བཞིན་སོགས། ཟབ་ཁྲིད་ལྟར་བསྐྱེད་རིམ་འབོགས་ཤིང་། ཕྱི་གསལ་ནང་གསལ་འོད་ཀྱི་སྐུ༔ བར་དང་། གནས་ལྔར་རིགས་ལྔའི་ཕག་མོ་དང་། །ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཀུན། །རྩ་གསུམ་ལྷ་ཡི་ཕྱག་རྒྱས་གཏམས། །གནས་གསུམ་རྡོ་རྗེའི་ཡི་གེ་དང་། །སློབ་དཔོན་ཐུགས་ཀའི་འོད་ཟེར་གྱིས། །ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས། །སྤྱན་དྲངས་སློབ་མར་ཐིམ་པ་ཡིས། །བདེ་སྟོང་གཟི་བྱིན་འབར་བར་སྒོམས། །སྤོས་རོལ་དང་། ཨོཾ་བཾ་བཛྲ་བྷ་ར་ཧི་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨཱ་བེ་ཤ་ཡ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ ཞེས་བཟླས་པས་བྱིན་དབབ་ཅིང་། སྤྱི་ལྟར་བརྟན་པར་བྱ། གཏོར་དབང་ལྟར། གཏོར་སྣོད་དུར་ཁྲོད་སོགས། གསུང་དབང་བསྐུར་རྗེས་བཟླས་ལུང་ནི། གནས་ལྔའི་ཕག་མོའི་ཐུགས་ཀར་ཉི་ཟླའི་གྭའུའི་དབུས་སུ་རང་རང་གི་ཐུགས་སྲོག་བཾ་ཧ་རི་ནི་ས་རྣམས་ཀྱིས་མཚན་པར་གསལ་ཞིང་། སློབ་དཔོན་ལ་གུས་འདུད་བྱས་པས་སྐུའི་གནས་ལྔའི་ལྷའི་ཐུགས་ཀ་ནས་སྔགས་ཕྲེང་སོ་སོའི་མདོག་མཚུངས་བྱོན། སློབ་མའི་གནས་ལྷ་སོ་སོའི་ཐུགས་སྲོག་གི་མཐར་འཁོད་པ་ལས་བདེ་བ་ཆེན་པོའི་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས། ཐ་མལ་གྱི་སྣོད་བཅུད་སྦྱངས་ནས་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོར་བྱིན་གྱིས་བརླབས། བདེ་བ་ཆེན་པོའི་ཡེ་ཤེས་རྩོལ་མེད་དུ་འབར་བར་མོས་ལ་སྔགས་འདིའི་རྗེས་ཟློས། གོང་གི་བྱིན་དབབ་སྐབས་བཞིན་སྤྱི་དྲིལ་སྔགས་ལན་ལྔ་བྱ། དབང་བཞི་པ་བསྐུར་རྗེས། ལྷ་དང་རང་སེམས་དབྱེར་མེད་སྤྲོས་བྲལ་ཁྱབ་བརྡལ་འཛིན་མེད་ངང་དུ་ཡེངས་པ་མེད་པར་མཉམ་པར་ཞོག་ཅིག །ཅེས་ཉམས་བསྐྱང་། དེ་ལྟར་ན་སོགས་ནས། རྩོལ་མེད་དུ་སྐྱེ་བར་བྱེད་པ། མཁའ་འགྲོ་མ་གསང་བ་སོགས་ནས། རྗེས་སུ་གདམས་ཤིང་གཏད་པ་ཉིད་ལེགས་པར་གྲུབ་པ་ཡིན་པས། དམ་ཚིག་གི་རིམ་པ་སྤྱི་དང་བྱེ་བྲག་གཞུང་ནས་གསུངས་པ་བཞིན་མ་ཉམས་པར་ཚུལ་བཞིན་བསྲུང་དགོས་པས། དེ་ལྟར་བགྱི་བར་ཁས་ལེན་པ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་ལྟར་དང་། ཆོ་གའི་རྗེས་མཆོད་སྐོང་ལྟར་ཚོགས་ལ་རོལ་ནས་རྟ་བྲོའི་བར་མཐར་ཆགས་སུ་གཏང་། ཟུར་གསལ་ལྟར་མཆོད་བསྟོད་ནོངས་བཤགས། ཕྲིན་ལས་ལྟར་དངོས་གྲུབ་བླངས། རིགས་བཞིའི་སྒོས་དབང་ཕྱོགས་གཅིག་ཏུ་གཞུང་གི་ཕྲིན་ལས་ཚར་གཅིག་ལ་སྦྱར་ནས་བསྐུར་པ་ཡིན་ན་སོ་སོའི་དངོས་གྲུབ་བླངས་ཚིག་འདིར་སྦྱར་བ་ཙམ་གྱིས་གྲུབ། གང་ལྟར་ཡང་བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན་བཀྲ་ཤིས་བཅས་ཕྲིན་ལས་ལྟར་བྱ་དགོས་སོ།། ༈ །།འདིའི་ཟུར་བཀའ་རྡོ་རྗེ་མཁའ་འགྲོའི་ཚེ་སྒྲུབ་སོགས་མགྱོགས་དབང་བྱེད་པར། སོ་སོའི་ཕྲིན་ལས་ཚང་བར་མི་སྦྱོར་བར་རྩ་དབང་སྒྲུབ་པའི་གཏོར་འབུལ་གྱི་རྗེས་སུ་རིགས་བཞི་སོ་སོའི་བསྐྱེད་རིམ་ནས་གཟུང་བསྙེན་པ་ཡན་ལག་དང་བཅས་པ་ཙམ་གྲུབ་ཀྱི་བར་བཏང་ནས། ཚོགས་ཕྱིན་རྩ་དབང་སྒྲུབ་པའི་ཕྲིན་ལས་འཕྲོ་མཐུད་བྱེད་ཅིང་། དབང་རྣམས་གཏོར་དབང་གྲུབ་པའི་རྗེས་སུ་མཐུད་ནས་བསྐུར་ཡང་ས་བཅད་ཙམ་བྱེད་པ་ལ་རུང་བར་མངོན། ནུས་ན་རིག་འཛིན་བླ་མའི་ཕྱག་བཞེས་གཞུང་གི་དགོངས་པ་དང་མཐུན་པར་སོ་སོར་སྒོས་སྒྲུབ་ཆ་ཚང་བར་བྱེད་དགོས་པས། དེ་ལྟར་ན། དང་པོ་རྡོ་རྗེ་མཁའ་འགྲོའི་ཚེ་སྒྲུབ་རང་གཞུང་གི་ཕྲིན་ལས་ལ་བགེགས་གཏོར་བྱིན་རླབས་འགུགས་བསྔོ་རྣམས་སྤྱི་ཁྱབ་བཞིན་སྦྱོར་བ་ཙམ་ལས་གཞན་མཐར་ཆགས་སུ་བཏང་ནས། བཟླས་པའི་དབུར་ཛཔ྄་ཁང་དབྱེ། བཟླས་པ། ཚེ་འགུགས། རྒྱས་གདབ། ཚོགས་མཆོད་བཤགས་པའི་མཐར་རིག་མེ་དོར་ཞིང་གནང་བ་ནོད། སློབ་མ་རྣམས་གྲལ་དུ་འཁོད་པར། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་མིན་འཆི་བའི་འཇིགས་པ་ལས་སྐྱོབ་ཕྱིར། དབྱིངས་ཕྱུག་རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་དུ་འཇུག་པའི་ཐོག་མར་སྨིན་བྱེད་དང་གདམས་ངག་ཞུ་སྙམ་པའི་སེམས་བསྐྱེད་ནས་གསན་འཚལ། དེ་ལ་ད་ལམ་གྱི་སྐབས་སུ་བབས་པ་རྡོ་རྗེ་མཁའ་འགྲོ་མའི་ཚེ་སྒྲུབ་ཀྱི་གདམས་པ་སྔོན་ཆད་གཞན་དུ་མ་བསྟན་པ་འདི་ནི། ཨོ་རྒྱན་གྱི་མཁན་པོ་པདྨ་ཐོད་ཕྲེང་རྩལ་གྱིས་མཁའ་འགྲོ་གསང་བའི་རྒྱུད་ལས་བཏུས་ཏེ་བཀའི་སྡུད་པ་མོ་མཁར་ཆེན་མཚོ་རྒྱལ་ལ་གདམས་ཤིང་ཕྱི་མ་ཕྱི་མའི་དོན་དུ་ཟབ་མོའི་གཏེར་རྒྱས་བཏབ་པ་ཉིད། ཡེ་ཤེས་མཁའ་འགྲོའི་རྣམ་འཕྲུལ་ཇོ་མོ་སྨན་མོ་པདྨ་མཚོ་སྐྱིད་ཀྱིས་གཏེར་ཞལ་ཕྱེས་ཤིང་ཐུགས་ཉམས་སུ་བཞེས་ནས་མ་འོངས་འགྲོ་བའི་དོན་དུ་ཡང་གཏེར་དུ་སྦས་པ། ཕྱིས་མཁས་ཤིང་དངོས་གྲུབ་བརྙེས་པའི་རིག་པ་འཛིན་པ་ཆེན་པོ་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཡང་གཏེར་དུ་བཀའ་བབས་པའི་ཆོས་སྡེ། དུས་དེང་སང་གི་སྔགས་ལ་ཞུགས་པར་རློམས་པའི་རྩིང་སྤྱོད་མཁན་རང་རེ་རྣམས་ལ་ཤིན་ཏུ་གཅེས་པའི་གདམས་ཟབ་ནོར་བུའི་མཛོད་ལས་བྱོན་པའི། རིགས་བཞི་མཁའ་འགྲོའི་སྒྲུབ་ཐབས་ཀྱི་སྨིན་གྲོལ་མཐར་རྒྱས་སོ་སོར་བཞུགས་པ་ལས། རྡོ་རྗེ་མཁའ་འགྲོའི་ཚེ་སྒྲུབ་པའི་དབང་བསྐུར་ཟབ་ཁྲིད་དང་འབྲེལ་བ་བགྱིད་པ་ལ། ཐོག་མར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། འདི་ཉིད་ཀྱི་དབང་བསྐུར་ལྟར། རྣལ་འབྱོར་མ་དང་སོགས་ལན་གསུམ། རྒྱུད་སྦྱོང་བའི་སླད་དུ་ཞིང་མཆོག་རྒྱ་མཚོ་མཁའ་ཁྱབ་ཏུ་བཞུགས་པའི་སྤྱན་སྔར། རྡོ་རྗེ་ཐེག་པའི་ཁྱད་པར་གྱི་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་གསལ་བཏབ་ནས་འདིའི་རྗེས་ཟློས། འདི་ཉིད་ཀྱི་ཕྲིན་ལས་ལྟར། ན་མོ༔ ཡེ་ཤེས་མཁའ་འགྲོ་སོགས་ལན་གསུམ། དབང་གི་གཞི་དགོད་པ་ཡེ་ཤེས་ཀྱི་བྱིན་དབབ་པའི་སླད་དུ་སྒོ་གསུམ་གྱི་གནད་གཅུན་ཏེ་འདི་ལྟར་གསལ་ཐོབས་ཤིག །རང་གཞུང་གི་ལྷ་བསྐྱེད། ཧཱུྃ༔ སྟོང་ཉིད་ངང་ལས་སོགས་ནས། བདེ་སྟོང་སྒྱུ་མའི་གར་གྱིས་རོལ༔ དེ་ལྟར་གསལ་བའི་གནས་གསུམ་འབྲུ་གསུམ་དང་། ཐུགས་སྲོག་གིས་མཚན་པའི་འོད་དང་། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་ལུས་ངག་ཡིད་གསུམ་ལ་རྡོ་རྗེའི་བྱིན་ཆེན་འཕོས་པའི་ངེས་ཤེས་སྐྱེད་ཅིག །སྤོས་རོལ་བཅས་རང་གཞུང་གི་སྤྱན་འདྲེན། ཧཱུྃ༔ སངས་རྒྱས་རྣམས་ནི་སོགས་ཀྱི་མཐར། ཨོཾ་ཨཱཿཧཱུྃ་ཧྲཱིཿཧཿབཛྲ་དྷཱ་ཀི་ནཱི་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཞེས་རྩ་སྔགས་ལ། ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་བཏགས་པ་བརྗོད་པས་བྱིན་དབབ་ནས། སྤྱི་ལྟར་བརྟན་པར་བྱ། ཚེ་བཅུད་འགུགས་པའི་སླད་དུ་བདག་མདུན་གྱི་གཙོ་མོའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་སྤྲོས་པའི་རྩེ་ལས། སྤྲུལ་པའི་ལྷ་མོ་ཉི་ཟེར་ལ་རྡུལ་འཁྲིགས་པ་ལྟ་བུར་འཕྲོས་པ་རྣམས་ཀྱིས་འཁོར་འདས་སྣོད་བཅུད་ཀྱི་ཚེ་དཔལ་དང་། བསྒྲུབ་བྱའི་བླ་ཚེ་ལྷ་འདྲེས་བརྐུས་ཕྲོགས་ཡར་ཉམས་རྣམས་འོད་ཟེར་ཐིག་ལེ་གསལ་འཚེར་གྱི་རྣམ་པར་བསྡུས་ནས་སློབ་མར་བསྟིམས་པས་རྡོ་རྗེའི་སྲོག་འགྲུབ། རྫས་ལ་བསྟིམས་པས་རྡོ་རྗེའི་བཅུད་ལེན་མཆོག་ཏུ་གྱུར་པར་སྒོམས་ཤིག །རང་གཞུང་གི་ཕྲིན་ལས་ཀྱི། ཧཱུྃ་ཧྲཱི༔ བཅོམ་ལྡན་མགོན་པོ་སོགས་ཚེ་འགུགས་སྔགས་བཅས་གྱེར། དེ་ནས་དབང་དངོས་ལ་འདུན་པ་འདི་བཞིན་དུ་མཛོད། གཏོར་མ་ལྷར་གསལ་བ་སོགས་སྐུ་གསུང་ཐུགས་དབང་མཐར་ཆགས་སུ་བསྐུར། དེ་ལྟར་བྱས་པའི་ཚེ་དབང་གི་སྐལ་པ་ཕུན་སུམ་ཚོགས་པ་དེ་ཉིད་མི་ཉམས་པར་བརྟན་པའི་སླད་དུ་རྒྱས་གདབ་པའི་ཚིག་རིས་དང་མཐུན་པའི་དམིགས་པ་གསལ་འདེབས་ཤིང་། གདོད་ནས་སྐྱེ་ཤིའི་མཚན་མ་མ་དམིགས་པ་འཆི་མེད་གཉུག་མའི་གཤིས་ཐོག་ཏུ་མཉམ་པར་ཞོག་ཅིག །ཚེ་འགུགས་འཕྲོས། ཨ༔ དྭངས་མ་འོད་ལྔའི་སོགས་ཀྱི་མཐར་བཀྲ་ཤིས་བརྗོད། དེ་ལྟར་སྨིན་བྱེད་ཟབ་མོ་ཚུལ་བཞིན་ཐོབ་པའི་ཕན་ཡོན་ནི། གཞུང་ལས། འདི་ལྟ་བུའི་སོགས་ནས། བསྐྱར་ཏེ་བྱའོ༔ ཞེས་གསུངས་པས། ཚེ་སྒྲུབ་ཟབ་མོ་འདི་ཉིད་ཉམས་ལེན་གཡར་དམ་དུ་བྱ་བར་རིགས་པ་ཡིན་ནོ། །དེ་དག་གིས་སྨིན་བྱེད་དབང་བསྐུར་བ་སོང་ནས། དེའི་ལམ་ཉམས་སུ་ལེན་པའི་རིམ་པ་མཁའ་འགྲོ་མའི་ཚེ་སྒྲུབ་ཀྱི་གྲོལ་བྱེད་གདམས་ཁྲིད་འབོགས་པ་ལ་གསུམ་སྟེ། ཕྱི་ཡི་དམ་གྱི་ལྷ་བསྙེན་སྒྲུབ་ལ་བརྟེན་ནས་སོགས་ནས། ཡེ་ཤེས་ཀྱི་སྲོག་བསྒྲུབ་པའི་རིམ་པའོ༔ ས་མ་ཡ༔ ཞེས་པའི་བར་གཞུང་ཚང་བ་མཐར་ཆགས་སུ་བཀླག །དེ་ལྟར་སྨིན་གྲོལ་གྱི་རིམ་པ་ལེགས་པར་ཐོབ་པའི་རྩ་བ་དང་ཡན་ལག་གི་དམ་ཚིག །སྤྱི་དང་ཁྱད་པར་གྱིས་ཕྱེས་པ་རྣམས་ཚུལ་བཞིན་བཟུང་ནས་བསྲུང་སྡོམ་བགྱིད་པའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་ལྟར་དང་། ཆོ་གའི་རྗེས་རང་གཞུང་ལྟར་ཚོགས་ལ་རོལ་ཞིང་ལྷག་མ་བསྔོ། དངོས་གྲུབ་བླངས། ཟུར་བྱང་བཞིན་མཆོད་བསྟོད་ནོངས་བཤགས་དང་། བརྟན་བཞུགས་སྤྱི་འགྲེ་སྦྱར། བསྡུ་ལྡང་། སྨོན་ཤིས་བཅས་སོ།། ༈ །།གཉིས་པ་རིན་ཆེན་མཁའ་འགྲོའི་ནོར་སྒྲུབ་ལ། ཆོ་གའི་ཁོག་དབུབ་བདག་བསྐྱེད་རྩ་གཞུང་མཁའ་འགྲོ་འདུས་པའི་ཕྲིན་ལས་ཆེན་མོ་བཞིན་བཟླས་པའི་དོན་དགོངས་ཀྱི་མཐའ་བར་གཏང་ཞིང་དེ་སྐབས་ཛཔ྄་ཁང་མི་དགོས། ནོར་སྒྲུབ་ལྟར་མདུན་རྟེན་ལ་ཁྲུས་གསོལ་ཞིང་། བསྐྱེད་རིམ་ནས་བཟླས་པ། ཐོད་རྟེན་བྱིན་འབེབ་དང་བསྙེན་པ། གཏོར་འབུལ་བཅས་གྲུབ་པ་དང་། མཆོད་སྐོང་རྒྱས་བསྡུས་གང་འགྲུབ་བྱ་བའམ། བསྡུ་ན་ཟུར་གསལ་རྒྱུན་གྱི་ཚོགས་སྐོང་མདོར་བསྡུས་ལ་སྤྲོ་ན། རྡོ་རྗེ་ཕག་མོའི་གནས་སུ་རིན་ཆེན་མཁའ་འགྲོ་ལྟ་བུ་སྐབས་སྦྱར་གྱི་འདོར་ལེན་ཤེས་ན་ལེགས། གང་ལྟར་ཡང་ཚོགས་ལ་རོལ་བའི་མགོ་བར་གཏང་། རང་གི་ཐུགས་ཀ་ནས་སོགས་ཐུགས་དམ་བསྐུལ་བ་རྩ་སྔགས་དང་ལས་སྒྲུབ་བསྙེན་པ་བཅས་གྲུབ་པ་དང་། རྟེན་འབྲེལ་སྙིང་པོས་བརྟན་པར་བྱས་ལ་སྟོང་ཚིགས་ཀྱི་མཆོད་བསྟོད་འབུལ་ཞིང་། རིག་མེ་དོར་ལ་གནང་བ་ནོད། དབང་དངོས་ལ། ནམ་མཁའི་མཐའ་མཉམ་གྱི་སེམས་ཅན་ཐམས་ཅད་གནས་སྐབས་དང་མཐར་ཐུག་གི་དབུལ་བའི་འཇིགས་པ་ལས་སྐྱོབ་ཕྱིར། རིན་ཆེན་མཁའ་འགྲོ་མའི་སྨིན་གྲོལ་ཟབ་མོ་ནོད་པར་བགྱིའོ་སྙམ་པའི་ཀུན་སློང་དང་ལྡན་པས་གསན་འཚལ། དེ་ལའང་གསང་བ་རྨད་དུ་བྱུང་བའི་ཁྱད་པར་གྱི་ཟབ་ཆོས་བཀའ་གཏེར་དུ་མར་ཇི་སྙེད་ཅིག་གསུངས་པ་ལས། སྐབས་སུ་བབས་པ་འདི་ནི། མཁའ་འགྲོ་འདུས་པའི་ནོར་སྒྲུབ་ཀྱི་མན་ངག་གཞན་ལས་ཁྱད་པར་དུ་འཕགས་པ། ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱིས་རྒྱུད་དང་མན་ངག་ལས་བཏུས་ཏེ། རྡོ་རྗེའི་གཟུངས་མ་མཁར་ཆེན་བཟའ་ལ་གདམས་པ་མ་འོངས་ཕྱི་མའི་དོན་དུ་གཏེར་རྒྱས་བཏབ་པ་ལས། ཡེ་ཤེས་ཀྱི་མཁའ་འགྲོ་མ་ཇོ་མོ་སྨན་མོས་ཕྱུངས་ཏེ་ཐུགས་ཉམས་སུ་བཞེས་ཤིང་སླར་གཏེར་དུ་སྦས་པ་ཉིད། སྤྲུལ་པའི་གཏེར་ཆེན་༧པདྨ་འོད་གསལ་མདོ་སྔགས་གླིང་པས་བཀའ་བབས་ཆེན་པོ་བདུན་གྱི་ཤིང་རྟ་གསར་དུ་འདྲེན་པར་མཛད་པའི་ནང་ཚན། ཡང་གཏེར་གྱི་ཆོས་སྡེ་ལས་བྱོན་པའི་མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་རིན་ཆེན་མཁའ་འགྲོའི་ནོར་སྒྲུབ་ཀྱི་ཕྲིན་ལས་དང་འབྲེལ་བའི་སྨིན་གྲོལ་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། རང་གཞུང་དབང་བསྐུར་ལྟར། རྣལ་འབྱོར་མ་དང་སོགས་ལན་གསུམ། རྒྱུད་སྦྱོང་བའི་སླད་དུ་སློབ་དཔོན་དཀྱིལ་འཁོར་གྱི་གཙོ་མོ་དང་ཐ་མི་དད་པ་ཞིང་མཆོག་རྒྱ་མཚོའི་ཚོགས་བཅས་བཞུགས་པའི་སྤྱན་སྔར། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པའི་སྒོམ་དོན་ཐུགས་ལ་ངེས་པས་འདིའི་རྗེས་ཟློས། ཧྲཱི༔ བདེ་ཆེན་རྒྱས་མཛད་མཁའ་འགྲོ་མར༔ མི་ཕྱེད་གུས་པས་སྐྱབས་སུ་མཆི༔ གཞན་དོན་བྱང་ཆུབ་མྱུར་འཐོབ་ཕྱིར༔ རབ་འབྱམས་ཕྲིན་ལས་བསྒྲུབ་པར་བགྱི། །ལན་གསུམ། དབང་གི་གཞི་དགོད་ཅིང་བྱིན་དབབ་པའི་སླད་དུ་སྒོ་གསུམ་གྱི་གནད་གཅུན་ཏེ་འདི་ལྟར་གསལ་འདེབས་འཚལ། གཟུང་འཛིན་ཡུལ་ཀུན་སྟོང་པའི་ངང་། །གནས་ཁང་རིན་ཆེན་གཞལ་མེད་ཁང་། །འདོད་ཡོན་སྤྲིན་ལྟར་གཏིབས་པའི་གཞིར། །པད་ཉི་བམ་རོའི་གདན་སྟེང་དུ༔ མཉམ་ཉིད་ཡེ་ཤེས་སོགས་རང་གཞུང་ལྟར་ལྷ་བསྐྱེད་དེ། གར་གྱིས་རོལ༔ གནས་གསུམ་རྡོ་རྗེའི་ཡི་གེ་དང་། །ཐུགས་སྲོག་རིཿཡིག་གསེར་འོད་འབར། །དེ་དང་སློབ་དཔོན་ཐུགས་འོད་ཀྱིས། །རྩ་གསུམ་རྒྱལ་བའི་འཁོར་ལོ་རྣམས། །རིན་ཆེན་མཁའ་འགྲོའི་དཀྱིལ་འཁོར་པའི། །རྣམ་པར་སྤྱན་དྲངས་གཉིས་མེད་ཐིམ། །ཡེ་ཤེས་གཟི་བྱིན་འབར་བར་སྒོམས། །སྤོས་རོལ་དབྱངས་ཀྱིས། ཧཱུྃ༔ སངས་རྒྱས་རྣམས་ནི་སོགས་སྤྱན་འདྲེན་མཐར། ཨོཾ་ཨཱཿཧཱུྃ་རིཿརཏྣ་དྷཱ་ཀི་ནཱི་སརྦ་བཱ་སུ་སིདྡྷི་སྭཱ་ཧཱ༔ ཞེས་རྩ་སྔགས་ལ། བཛྲ་ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱཿ བཏགས་པ་དྲག་ཏུ་བཟླས་པས་བྱིན་དབབ་ཅིང་སྤྱི་ལྟར་བརྟན། སླར་ཡང་འཁོར་འདས་སྣོད་བཅུད་ཀྱི་དཔལ་དང་བྱིན་གཡང་རྣམས་འགུགས་པའི་སླད་དུ་འདི་ལྟར་གསལ་འདེབས་འཚལ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་སོགས་ནས། ལོངས་སྤྱོད་ཐམས་ཅད་བཀུག་སྟེ་སློབ་མ་དང་རྟེན་རྫས་ལ་ཐིམ་པས་སོགས་ནས། མཆོག་ཐུན་བཀྲ་ཤིས་བདེ་ལེགས་བསྩལ་དུ་གསོལ༔ ཞེས་པའི་བར་གྱི་གཡང་འགུགས་རྣམས་ཀྱང་གྱེར། དངོས་གཞི་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ལ། གཏོར་མ་རིན་ཆེན་མཁའ་འགྲོ་མ་སོགས་དབང་རྣམས་བསྐུར། མཚམས་སྦྱོར་སྤྱི་མཐུན་བཅས། ཨོཾ༔ རྩ་གསུམ་ནོར་ལྷ་སོགས་ཀྱིས་ཤིས་པ་བརྗོད་ཅིང་རྟེན་སྙིང་གིས་བརྟན། དེ་ལྟར་བྱས་པས་སོགས་ནས། འགྲུབ་པར་འགྱུར་རོ༔ དེ་ལྟ་བུའི་སྨིན་བྱེད་དབང་བསྐུར་བ་སོང་ནས། ལམ་ཉམས་སུ་ལེན་པའི་རིམ་པ་མཁའ་འགྲོ་འདུས་པའི་གྲོལ་བྱེད་ཀྱི་གདམས་པའི་ཟབ་ཁྲིད་འབོགས་པ་ལ་གསུམ་སྟེ༔ ཕྱི་རྟེན་དང་བསྐྱེད་བཟླས་སོགས་ནས། རིམ་པ་མཐར་ཐུག་པ་འོ༔ ས་མ་ཡ༔ དེ་དག་རྣམས་ཀྱིས་སྨིན་གྲོལ་ཟབ་མོ་ལེགས་པར་ཐོབ་པས་རྡོ་རྗེའི་ལུང་མི་བསླུ་བའི་དད་སྤྲོ་དང་བཅས་དབང་སྲོག་དམ་ཚིག་གི་རིམ་པ་ཚུལ་བཞིན་བསྲུང་དགོས་པས། དེ་ལྟར་བསྲུང་སྡོམ་ཚུལ་བཞིན་བགྱིད་པར་ཁས་བླང་བ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། ཆོ་གའི་རྗེས་རིམ་རྒྱས་པར་རྡོ་རྗེ་ཕག་མོའི་ཕྲིན་ལས་ལྟར་དང་། བསྡུ་ན། རྡོ་རྗེ་མཁའ་འགྲོའི་ཚེ་སྒྲུབ་ཀྱི་འགྲོས་བཞིན་ལ། དངོས་གྲུབ་ལེན་སྐབས། ཧཱུྃ༔ བདེ་མཆོག་མཉམ་ཉིད་སོགས་འདི་ཉིད་ཀྱི་སྒེར་ཆོས་སྦྱར་བ་དང་། སྨོན་ལམ་ནི། ཧོ༔ དགེ་བའི་རྩ་བ་འདི་ཡིས་བདག་གཞན་ཀུན༔ སྣོད་བཅུད་མངའ་ཐང་རྒུད་པའི་གཡུལ་ལས་རྒྱལ། །ཚེ་ཆོས་མོས་དཔལ་དབང་བཅུའི་འབྱོར་པ་རྒྱས། །རིན་ཆེན་མཁའ་འགྲོའི་གོ་འཕང་མྱུར་ཐོབ་ཤོག །བཀྲ་ཤིས་ནི། དབང་བསྐུར་བཞིན། ཨོཾ༔ རྩ་གསུམ་ནོར་ལྷ་སོགས་སྦྱར་བས་གྲུབ་བོ།། ༈ །།གསུམ་པ་པདྨ་མཁའ་འགྲོའི་དབང་སྡུད་ལ། ཕྲིན་ལས་ཀྱི་སྐྱབས་སེམས་ནས་གཟུང་བགེགས་གཏོར་བརླབ་འགུགས་བསྔོ་བ་སྤྱི་འགྲེ་སྦྱར་བ་ཙམ་ལས། དབང་སྡུད་ཆོ་ག་རང་གཞུང་ལྟར་གཏང་ལ་བསྟོད་པའི་མཐར་ཛཔ྄་ཁང་ཕྱེས་ལ་དམིགས་པ་གསལ་ཞིང་གཙོ་མོའི་བཟླས་པ་བུངས་སྐྱེད། ལས་སྔགས་ཤམ་བུར་བཏགས་པ་དང་། མཁའ་འགྲོ་རིགས་བཞིའི་སྔགས་རྣམས་ཅུང་ཟད་རེ་བཟླ། ཐུན་མཐར་བདུད་རྩིའི་ཕུད་དང་མེ་ཏོག་དམར་པོ་འབུལ་བ་དང་། ཚོགས་མཆོད་བསྐང་བཤགས་ཕྱོགས་འཐུས་བཅས་ཕུལ་ནས། རིག་མེ་དོར་ཞིང་གནང་བ་ནོད། དབང་དངོས་ལ། འོ། མཁའ་ཁྱབ་ཡིད་ཅན་ཐམས་ཅད་ཞི་བ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགོད་པར་བྱ། དེའི་ཆེད་དུ་པདྨ་མཁའ་འགྲོའི་དཀྱིལ་འཁོར་དུ་ཞུགས་ནས་གཟུང་འཛིན་ལས་རླུང་གིས་བསྐྱེད་པའི་ཕྱིན་ཅི་ལོག་གི་སྣང་བ། རིག་པ་རང་གནས་ཀྱི་དབྱིངས་སུ་དབང་དུ་སྡུད་པའི་རྣལ་འབྱོར་ཉམས་སུ་བླང་བའི་ཕྱིར། སྨིན་གྲོལ་གྱི་གདམས་པ་ཟབ་མོ་ཞུ་སྙམ་པའི་སེམས་བསྐྱེད་ནས་གསན་འཚལ། དེ་ལྟ་བུའི་ཐབས་ཚུལ་གསང་བ་སྔགས་ཀྱི་ཁྱད་ཆོས་ཇི་སྙེད་ཅིག་བཀའ་གཏེར་དུ་མར་གསུངས་པ་ལས། སྐབས་སུ་བབས་པ་འདི་ནི། ཨོ་རྒྱན་གྱི་མཁན་པོ་པདྨ་ཐོད་ཕྲེང་རྩལ་ལ་དཀྱིལ་འཁོར་གྱི་གཙོ་མོས་རྗེས་སུ་གནང་བ་ལྟར། རྒྱུད་དང་མན་ངག་གི་དགོངས་པ་སྙིང་པོར་དྲིལ་ཏེ་རིགས་ཀྱི་གཟུངས་མ་བཀའི་སྡུད་པ་མོ་མཚོ་རྒྱལ་ལ་གདམས་ཤིང་། མ་འོངས་ཕྱི་མ་ཕྱི་མའི་དོན་དུ་གཏད་དེ་གཏེར་དུ་སྦས་པ། ཡེ་ཤེས་མཁའ་འགྲོའི་རྣམ་འཕྲུལ་ཇོ་མོ་པདྨ་མཚོ་སྐྱིད་ལ་བཀའ་བབས་པ་ཐུགས་ཉམས་སུ་བསྟར་ནས་སླར་ཡང་གཏེར་དུ་སྦས་པ་ཉིད། མཁས་གྲུབ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་སྤྲུལ་པའི་གཏེར་ཆེན་༧པདྨ་འོད་གསལ་མདོ་སྔགས་གླིང་པས་བཀའ་བབས་བདུན་གྱི་ཤིང་རྟ་གསར་དུ་འདྲེན་པར་མཛད་པའི་ཡང་གཏེར་གྱི་ཆོས་སྡེ་ལས་བྱོན་པ། མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་ཆ་ལག་རིགས་བཞིའི་མཁའ་འགྲོའི་སྒོས་སྒྲུབ་ལས། པདྨ་མཁའ་འགྲོའི་དབང་སྡུད་ཀྱི་ཕྲིན་ལས་དང་འབྲེལ་བའི་སྨིན་གྲོལ་ཟབ་མོ་གསན་པའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྣལ་འབྱོར་མ་དང་སོགས་རང་གཞུང་བཞིན་ལན་གསུམ། རྒྱུད་སྦྱོང་བའི་སླད་དུ་སློབ་དཔོན་དཀྱིལ་འཁོར་གྱི་གཙོ་མོ་དང་ཐ་མི་དད་པ་ཞིང་མཆོག་རྒྱ་མཚོའི་ཚོགས་བཅས་བཞུགས་པའི་སྤྱན་སྔར། སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྒོམ་དོན་ཐུགས་ལ་ངེས་པས་འདིའི་རྗེས་ཟློས། ཧྲཱི༔ བདེ་ཆེན་དབང་མཛད་སོགས་སྐྱབས་སེམས་སྒྲུབ་ཐབས་དབུ་ནས་འབྱུང་བ་བཞིན་ལན་གསུམ། དབང་གི་གཞིའམ་རྩ་བར་གྱུར་པ་ཡེ་ཤེས་ཀྱི་བྱིན་དབབ་པའི་སླད་དུ་སྒོ་གསུམ་གྱི་གནད་གཅུན་ནས་རྩེ་གཅིག་པའི་ཡིད་ཀྱིས་འདི་ལྟར་གསལ་ཐོབས། ཧྲཱི༔ སོ་སོར་ཀུན་རྟོག་སོགས་དབང་སྡུད་རང་གཞུང་གི་ལྷ་བསྐྱེད་ནས། བརྐྱང་བསྐུམ་གར་གྱི་བདེ་བས་རོལ༔ ཞེས་གཙོ་མོར་གསལ་ཞིང་། གནས་གསུམ་འབྲུ་གསུམ་ཐུགས་སྲོག་ནི། །དམར་པོའི་འོད་དང་སློབ་དཔོན་གྱི། །ཐུགས་ཀའི་འོད་དམར་ལྕགས་ཀྱུ་ཡིས། །རྩ་བ་གསུམ་དང་ཁྱད་པར་དུ། །པདྨ་མཁའ་འགྲོའི་ཐུགས་རྒྱུད་བསྐུལ། །བྱིན་རླབས་ཕྱག་རྒྱའི་ཚོགས་ཆེན་པོ། །ཆར་ལྟར་བབས་པས་སློབ་མར་ཐིམ། །ཡེ་ཤེས་གཟི་བྱིན་འབར་བར་སྒོམས། །སྤོས་རོལ་དབྱངས་ཀྱིས། ཧྲཱིཿཧྲཱི༔ སོ་སོར་རྟོག་པའི་སོགས་སྤྱན་འདྲེན་གྱི། རབ་འབྱམས་དབང་གི་དངོས་གྲུབ་སྩོལ༔ བར་དང་། ཨོཾ་ནིཿཔདྨ་དྷཱ་ཀི་ནཱི་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ ཞེས་རྩ་སྔགས་ལ། ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱཿཞེས་བཏགས་པས་བྱིན་དབབ། ཏིཥྛ་བཛྲས་སྤྱི་ལྟར་བརྟན། དབང་བསྐུར་བ་དངོས་གཞི་ལ་སྐུ་གསུང་ཐུགས་ཀྱི་དབང་གསུམ་ལས། དང་པོ་སྐུའི་དབང་བསྐུར་བ་ནི། མདུན་བསྐྱེད་པདྨ་མཁའ་འགྲོའི་དཀྱིལ་འཁོར་པ་རྣམས་ལ་མེ་ཏོག་དམར་པོ་དང་སིནྡྷུ་ར་སྦྱར་བའི་བདུད་རྩིའི་མཆོད་སྤྲིན་གྱི་རྒྱ་མཚོ་ཕུལ་པས། མཉེས་རབ་ཀྱི་ཕུལ་དུ་གྱུར་ནས་དབང་གི་དངོས་གྲུབ་སྩོལ་བ་ལ་དགྱེས་བཞིན་དུ་བཞུགས་པར་མོས། ཐུན་མཚམས་བདུད་རྩིའི་མཆོད་པ། ཨོཾ་ཨཱཿཧཱུྃ༔ འཁོར་འདས་བརྟན་གཡོའི་སོགས་ནས། ཀུ་རུ་ཀུ་རུ་ཧོ༔ ཞེས་ཐིགས་གཏོར་འབུལ། སླར་ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སོགས་ཀྱིས་སྐུའི་དབང་བསྐུར། དེ་དང་རྗེས་སུ་འབྲེལ་བ་གསང་སྔགས་ཀྱི་བཟླས་པ་ལ་དབང་བའི་ལུང་སྦྱིན་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། བསྙེན་དམིགས་ལྟར། སློབ་མ་པདྨ་དྷཱ་ཀི་ནཱིའི༔ ཐུགས་ཀར་པད་ཉི་སོགས་ནས། རོལ་པར་ཤར༔ དེ་ལྟ་བུའི་ཏིང་འཛིན་དང་ལྡན་པས་རྩ་བའི་སྔགས་དང་། ལས་སྔགས་ཤམ་མཐར་སྦྱར་བ་སོ་སོའི་རྗེས་ཟློས། སྔགས་ཚན་གཉིས་ལན་གསུམ་རེ། ཕྲིན་ལས་ཀྱི་ནུས་པ་གློག་ལྟར་མྱུར་བ་སྲེག་བླུག་ལ་བརྟེན་ནས་ལས་ཀྱི་སྦྱོར་བའི་རྗེས་སུ་གནང་བ་བསྒྲུབ་པའི་སླད་དུ། བདག་གིས་བརྗོད་པའི་ཚིག་ལས་འབྱུང་བའི་སྒོམ་དོན་ལ་ཐུགས་གཏད་པ་ཞུ། དབང་སྡུད་རང་གཞུང་གི་མེའི་ལས་སྒྲུབ་པའི་སྐབས་ལྟར། རཾ་ཡཾ་ཁཾ༔ སྟོང་པའི་ངང་ལས་བདེ་བ་སོགས་ནས་ལྷ་བསྐྱེད་རྗེས་འབྲེལ་བཅས་དང་། བཟླས་པས་ཐུགས་དམ་བསྐུལ་ཕྱིར། མེ་ལྷ་པདྨ་དྷཱ་ཀི་ནཱིའིཿ ཞེས་བསྒྱུར་བའི་དམིགས་པ་གསལ་ཞིང་། རྩ་སྔགས་ཅི་འགྲུབ། ལས་སྔགས་དང་འཁོར་སྔགས་ཅི་ནུས་བཅས་བཟླས་ནས། ཐབས་ཤེས་ཀྱི་ཕྱག་རྒྱས་མཚོན་པའི་གཟར་བུ་གཉིས་ཀྱིས་སྲེག་རྫས་རྣམས་ཕུལ་བས་དཀྱིལ་འཁོར་ལྷ་ཚོགས་དགྱེས་པ་ཆེན་པོའི་གཟི་བྱིན་འབར་ཞིང་། མཆོག་ཐུན་གྱི་དངོས་གྲུབ་མ་ལུས་པ་ཐོགས་པ་མེད་པར་སྩོལ་བའི་ཕྲིན་ལས་མཛད་པར་མོས། དབང་གཞུང་གི །ཧྲཱི༔ ཤེས་རབ་ཨེ་དབྱིངས་སོགས་ཀྱིས་གཟར་བུ་གཉིས་སློབ་བུའི་ལག་གཡས་གཡོན་དུ་གཏད་དེ། དེས་ཀྱང་གུས་པས་བླངས་ཏེ་རྫས་རིམ་བཞིན་འབུལ་བཅུག་ལ། མེ་མཆོད་ལྟར། ཧྲཱི༔ ཐབས་ཤེས་དབང་གི་སོགས་དགང་བླུག་གིས་མར་ཁུ་དང་། ཡམ་ཤིང་གྲངས་ཇི་ལྟར་འོས་པ་དང་། སླར་མར་ཁུ་ཕུལ་བས་མེ་གསོས་ནས། རྫས་ཀྱི་གཙོ་བོ་གྲངས་བསྐྱེད་ལ་འབུལ། རཱུ་པ་དགང་གཟར་དུ་བཞག་ནས་མདུན་བསྐྱེད་ཀྱི་སོགས་དམིགས་པ་ཕོག་སྟེ། སློབ་དཔོན་གྱིས། རྩ་སྔགས་ལ་ལས་སྔགས་ཤམ་བུར་བཏགས་པ་ལན་བདུན་ཙམ་བཟླ། དེ་ལྟར་རྫས་སྔགས་ཕྱག་རྒྱ་ཏིང་ངེ་འཛིན་གྱིས་གཟིར་བས་བསྒྲུབ་བྱ་ཤིན་ཏུ་ཆགས་པས་སོགས། སླར་གོང་གི་སྔགས་ལན་བདུན་ཙམ་གྱི་རིང་རཱུ་པ་མེ་ལ་མ་ཞུ་ཙམ་དུ་གཟུང་བཅུག་པ་ལས་མེ་ཐབ་ཏུ་འབུལ་མི་དགོས། འདིའི་ཕྲིན་ལས་ཀྱི། ཨོཾ་ཨཱཿཧཱུྃ༔ ཡིད་འཕྲོག་བཀོད་པ་སོགས་མཆོད་བསྟོད། ཨོཾ་ཨཱཿཧཱུྃ༔ འཁོར་འདས་བརྟན་གཡོའི་སོགས་བདུད་རྩིའི་མཆོད་པ། རཾ་ཡཾ་ཁཾ༔ བདེ་བ་ཆེན་པོའི་སོགས་ཚོགས་མཆོད་ལྷག་མ་བཅས་འབུལ། མེ་མཆོད་ལྟར། ཧྲཱི༔ ཐབས་ཤེས་དབང་གི་སོགས་ཀྱིས་དགང་བླུག་དང་སྲེག་རྫས་ལྷག་མ་རྣམས་འབུལ། ཡིག་བརྒྱས་ནོངས་པ་བཤགས། ཧྲཱི༔ བདེ་ཆེན་ཡེ་ཤེས་སོགས་ནས། ཧྲཱིཿཧྲཱིཿཧྲཱི༔ ཐབ་ཀྱི་མེ་ལྷ་སློབ་མའི་ཐུགས་སྲོག་ལ་ཐིམ་པས་ལྷ་བདག་གཉིས་སུ་མེད་པའི་ང་རྒྱལ་བརྟན་པོར་སྐྱེད་ཅིག །ཨོཾ་ནིཿཔདྨ་དྷཱ་ཀི་ནཱི་སོགས། དེ་ལྟར་མྱུར་བ་མེའི་ལས་ཀྱི་རྗེས་གནང་གིས་པདྨ་མཁའ་འགྲོའི་བསྐྱེད་བཟླས་ཀྱི་ཕྲིན་ལས་ལ་བརྟེན་ནས་བརྟན་གཡོའི་དངོས་པོ་ཐམས་ཅད་དབང་དུ་བསྡུ་བའི་མཐུ་ཐོགས་པ་མེད་པ་ལ་དབང་བར་བྱེད་པ་ཡིན་ནོ། །གཉིས་པ་གསུང་རིག་པ་ཆེན་པོའི་ཙཀྲའི་དབང་བསྐུར་བ་ནི། དབང་གཞུང་ལྟར། རྡོ་རྗེའི་སྔགས་ཀྱི་འཁོར་ལོ་སོགས། གསུམ་པ་ཐུགས་རིལ་བུའི་དབང་བསྐུར་བ་ནི། པདྨ་མཁའ་འགྲོ་མའི་སོགས། མཚམས་སྦྱོར་སྤྱི་མཐུན་བཅས་ཆོ་གའི་རྗེས་རིམ་ལྟར། ཧྲཱི༔ རྡོ་རྗེ་བཙུན་མོའི་སོགས་ཀྱིས་ཤིས་པ་བརྗོད། དེ་ལྟར་དབང་བསྐུར་ཟབ་མོ་ནོད་པའི་ཕན་ཡོན་ནི། གཞུང་ལས། དབང་འདི་ཐོབ་པ་སོགས་ནས། ནན་ཏན་དུ་བྱའོ༔ ཞེས་གསུངས་པ་ལྟར་བྱིན་རླབས་ཀྱི་ཚན་ཁ་དང་ལྡན་པའི་སྨིན་བྱེད་ཟབ་མོ་གྲུབ་ནས། དེ་དང་རྗེས་སུ་འབྲེལ་བ་ལམ་ཉམས་སུ་ལེན་པའི་གདམས་ངག་གི་སྙིང་པོའི་ཡང་ཞུན་གྲོལ་བྱེད་ཟབ་ཁྲིད་འབོགས་པའི་རིམ་པ་འདི་ལ་ཐུགས་མ་ཡེངས་པར་རྩེ་གཅིག་ཏུ་གསན་འཚལ། མཁའ་འགྲོ་མ་གསང་བ་ཀུན་འདུས་ཀྱི་དབང་གི་ཕྲིན་ལས་བརྩམ་པའི་ཚུལ་ལ་དོན་གསུམ་སྟེ༔ སོགས་གཞུང་མཐར་ཆགས་སུ་བཀླགས་ནས། དབང་དུ་བསྡུ་བ་མཐར་ཐུག་པའི་རིམ་པའོ༔ ས་མ་ཡ༔ དེ་ལྟ་བུའི་སྨིན་གྲོལ་གྱི་གདམས་ངག་ཟབ་མོ་རྩལ་སྤྲུགས་སུ་ཐོབ་པས། སྤྱི་དང་ཁྱད་པར་གྱིས་བསྡུས་པའི་དམ་ཚིག་མཐའ་དག་བསྲུང་སྡོམ་ཚུལ་བཞིན་བྱ་དགོས་པས། དེ་ལྟར་མཛད་པར་ཡིད་ལ་དམ་བཅའ་བའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་ལྟར་དང་། ཆོ་གའི་རྗེས་ཚོགས་ལ་རོལ་བ་ཕྱིན་གཞུང་གིས་དངོས་བསྟན་ལྟར་ནོངས་བཤགས་རྗེས་བརྟན་བཞུགས་སྤྱི་འགྲོ་སྦྱར། གཞན་རྣམས་མཐར་དབྱུང་བས་གྲུབ་བོ།། ༈ །།བཞི་པ་ལས་ཀྱི་མཁའ་འགྲོའི་ཟོར་ལས་ལ། མཁའ་འགྲོ་འདུས་པའི་ཕྲིན་ལས་ཀྱི་གཞུང་བསྲངས་ནས་བཟླས་པ་གཏོར་འབུལ་ཡན་གྱིས་བདག་བསྐྱེད་བྱས་ནས། རཾ་ཡཾ་ཁཾ༔ སྟོང་པའི་ངང་ལས་མདུན་དུ་སོགས་རང་གཞུང་གི་མདུན་རྟེན་བསྐྱེད་པ་ནས་གཟུང་། སྤྱི་དང་བྱེ་བྲག་གི་བཟླས་པ་ཡོངས་རྫོགས་ཀྱི་མཐར། སྟོང་ཚིགས་ཀྱི་མཆོད་བསྟོད། ཚོགས་མཆོད་རྒྱས་བསྡུས་གང་ནུས་སྐབས་དང་བསྟུན་ལ་བསྐང་བའི་མཐའ་བར་བཏང་ནས། རིག་མེ་དོར་ཞིང་གནང་བ་ནོད། དབང་དངོས་ལ། འོ། མར་གྱུར་གྱི་སེམས་ཅན་ཐམས་ཅད་གཟུང་འཛིན་བདུད་དགྲའི་གོ་རར་ཆུད་པ་ལས་བསྒྲལ་ནས་དཔལ་ཁྲག་འཐུང་ཧེ་རུ་ཀའི་གོ་འཕང་ལ་འགོད་པ་དང་། རྒྱལ་བའི་བསྟན་པ་རིན་པོ་ཆེ་བསྲུང་བའི་སླད་དུ་ལས་ཀྱི་མཁའ་འགྲོའི་ཟོར་ལས་ཀྱི་དབང་བསྐུར་གསན་པར་བྱ་སྙམ་དུ་ཐུགས་བསྐྱེད་པ་དང་བཅས་ཏེ་གསན་འཚལ། དེ་ལའང་གསང་ཆེན་བླ་ན་མེད་པའི་བཀའ་གཏེར་རྣམས་ནས་སྔགས་ཀྱི་ཁྱད་ཆོས་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ལས། སྐབས་སུ་བབས་པ་འདི་ནི། ཨོ་རྒྱན་གྱི་མཁན་པོ་པདྨ་ཐོད་ཕྲེང་གིས་དབྱིངས་ཀྱི་གཙོ་མོས་རྗེས་སུ་གནང་བ་ལྟར་སྙིང་པོར་དྲིལ་ཏེ། མ་འོངས་ཕྱི་མ་ཕྱི་མའི་དོན་དུ་ལས་ཀྱི་གཟུངས་མ་བཀའི་སྡུད་པ་མོ་ཡེ་ཤེས་མཚོ་རྒྱལ་ལ་གདམས་ཤིང་གཏེར་དུ་སྦས་པ། ཡེ་ཤེས་ཀྱི་མཁའ་འགྲོའི་རྣམ་འཕྲུལ་ཇོ་མོ་སྨན་མོ་པདྨ་མཚོ་སྐྱིད་ཀྱིས་གཏེར་ནས་ཕྱུངས་ཤིང་ཐུགས་ཉམས་སུ་བཞེས་ནས་སླར་གཏེར་དུ་སྦས་པ། མཁས་གྲུབ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་སྤྲུལ་པའི་གཏེར་ཆེན་༧པདྨ་འོད་གསལ་མདོ་སྔགས་གླིང་པས་བཀའ་བབས་ཆེན་པོ་བདུན་གྱི་ཤིང་རྟ་གསར་དུ་འདྲེན་པར་མཛད་པའི་ཡང་གཏེར་གྱི་ཆོས་སྡེ་ལས་བྱོན་པ་མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་ཆ་ལག །རིགས་བཞི་མཁའ་འགྲོའི་སྒོས་སྒྲུབ་ལས། ཟབ་གཉན་ཁྱད་པར་དུ་འཕགས་པ་སྔོན་ཆད་གཞན་དུ་མ་བསྟན་པའི་ལས་ཀྱི་མཁའ་འགྲོའི་དྲག་པོའི་ཟོར་ལས་དང་འབྲེལ་བའི་སྨིན་གྲོལ་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། དབང་གཞུང་བཞིན། རྣལ་འབྱོར་མ་དང་སོགས་ལན་གསུམ། རྒྱུད་སྦྱོང་སྐྱབས་སེམས་རྡོ་རྗེ་མཁའ་འགྲོའི་ཚེ་སྒྲུབ་ཀྱི་སྐབས་བཞིན་སྦྱར། དབང་གི་གཞིའམ་རྩ་བར་གྱུར་པ་ཡེ་ཤེས་ཀྱི་བྱིན་དབབ་པ་ལ་ཁྱེད་རང་རྣམས་སྣོད་བཅུད་ཐ་མལ་དུ་འཛིན་པའི་རྟོག་ཚོགས་ཀྱིས་མ་བསླད་པར་ཞིང་དང་ལྷའི་རྣམ་འགྱུར་འདི་ལྟར་དུ་གསལ་ཐོབས་ཤིག །གཟུང་འཛིན་ཆོས་ཀུན་སྟོང་པ་ལས། །གནས་ཡུལ་དུར་ཁྲོད་རོལ་པའི་ཞིང་། །བསམ་ཡས་བཀོད་པ་ལྷུན་གྲུབ་དབུས། །རྣམ་ཐར་ཆོས་འབྱུང་བསྣོལ་མ་དང་། །སྣ་ཚོགས་པད་ཉི་བམ་རོའི་སྟེང་། །སློབ་མའི་རིག་པ་ཡེ་ཤེས་རྩལ། །བཾ་ཡིག་མཐིང་ནག་ཡོངས་གྱུར་ལས༔ རྡོ་རྗེའི་གྲི་གུག་སོགས་མཁའ་འགྲོ་འདུས་པའི་སྒྲུབ་ཐབས་ཕྲིན་ལས་ཀྱི་ལྷ་བསྐྱེད་ལྟར། སྲིད་ཞིའི་སྤྱི་དཔལ་ཆེན་པོར་བཞེངས༔ གནས་གསུམ་འབྲུ་གསུམ་ཐུགས་སྲོག་དང་། །སློབ་དཔོན་ཐུགས་འོད་ཆོས་དབྱིངས་ཁྱབ། །རྩ་གསུམ་ཡེ་ཤེས་མཁའ་འགྲོའི་ཚོགས། །ཆར་ལྟར་སྤྱན་དྲངས་སློབ་མ་ལ། །ཐིམ་པས་ཡེ་ཤེས་གཟི་འབར་བསམ། །སྤོས་རོལ་དབྱངས་ཀྱིས། ཧཱུྃ་ཧཱུྃ༔ བཞེངས་ཤིག་བླ་མ་སོགས་ནས། ཆོས་སྐྱོང་སྲུང་མ་གཤེགས་སུ་གསོལ༔ བར་དང་། མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ སོགས་ནས། མངོན་སུམ་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་དང་། ཨོཾ་བཾ་བཛྲ་བྷ་ར་ཧི་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨཱ་ཝེ་ཤ་ཡ་ཨ་ཨཱཿ ཞེས་བཟླས་པས་བྱིན་དབབ་ཅིང་སྤྱི་ལྟར་བརྟན། ཟོར་དབང་དངོས་ལ། ལས་ཀྱི་མཁའ་འགྲོ་རྡོ་རྗེ་ཕག་མོའི་སྐུ་གསུང་ཐུགས་ཀྱི་དབང་བསྐུར་རྗེས་འབྲེལ་དང་བཅས་པ་རིམ་པར་འབྱུང་བ་ལས། དང་པོ་སྐུ་ཡི་དབང་བསྐུར་བའི་རྗེས་སུ་གནང་བ་ལ་དངོས་དང་། རྗེས་འབྲེལ་གདབ་ལས་ཟློག་གསད་འཕང་བའི་མཇུག་བསྡུ་གཉིས་ལས། དང་པོ་རྗེས་གནང་དངོས་ཀྱི་དོན་དུ་སྔར་བསྐྱེད་ཟིན་པའི་མདུན་རྟེན་ཁྱེད་རང་གི་བློ་ངོར་སླར་ཡང་འདི་ལྟར་གསལ་འདེབས་འཚལ། མདུན་དུ་དུར་ཁྲོད་དྲག་པོའི་གནས་དང་སོགས་ཟོར་ལས་གཞུང་གི་མངོན་རྟོགས་ལྟར་ལ་ས་བོན་དོར་ནས། དགྲ་བགེགས་ཀྱི་སྙིང་གར་ཡེ་ཤེས་ཀྱི་དྷཱ་ཀི་ནཱི་སོགས་སྦྲེལ་ནས། དྲག་ཤུལ་གྱི་འདུན་ས་ཆེན་པོ་ལྟ་བུར་མངོན་སུམ་དུ་བཞུགས་པ་ལ། སློབ་དཔོན་རྡོ་རྗེ་ཁྲོས་མ་ནག་མོར་སོགས་དབང་བསྐུར་བཞིན་གྱི། འགྲན་ཟླ་དང་བྲལ་བར་གྱུར་པ་ལ། ལས་ཀྱི་ཕུར་པ་ཕྱག་ཏུ་གཏད་པས་སྲུང་ཟློག་གསད་སོགས་མངོན་སྤྱོད་ཀྱི་ལས་སྦྱོར་རབ་འབྱམས་ཐོགས་མེད་དུ་བརྩམ་ནུས་པའི་བྱིན་དབང་ཐོབ་པར་མོས། ཧཱུྃ༔ སངས་རྒྱས་ཕྲིན་ལས་སོགས། ཀཱི་ལ་ཡ་ཧཱུྃ་ཕཊ༔ གཉིས་པ་དེ་དང་རྗེས་སུ་འབྲེལ་བ་དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་ཀྱི་གདབ་ཁ། ཕྱིར་ཟློག་ཇི་ལྟར་རིགས་པ། གསད་པའི་ཕྲིན་ལས། འཕང་བས་མཇུག་བསྡུ་བ་དང་རྣམ་པ་བཞི་ལས། དང་པོ་གདབ་ཁ་ལ་བརྟེན་ནས་གསད་པའི་ཕྲིན་ལས་ཀྱི་རྗེས་གནང་སྒྲུབ་པ་ནི། སློབ་དཔོན་གྱིས་ཇི་ལྟར་བརྗོད་པའི་ཚིག་རིས་དང་བསྟུན་པའི་ཏིང་འཛིན་རྩེ་གཅིག་ཏུ་མཛོད། དཔོན་སློབ་གཉིས་ཀ་བཅོམ་ལྡན་འདས་མ་རྡོ་རྗེ་ཁྲོས་མ་ནག་མོར་གསལ་བའི་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་རྣམས་བསྐུལ་བས། ལྷ་ཚོགས་རྣམས་ཆེར་ཁྲོས་ཤིང་འཁྲུགས་པའི་དྲག་ཤུལ་དང་ལྡན་པར་གྱུར་པའི་སྤྱན་སྔར། བདག་མ་ཉེས་པའི་དཔང་གསོལ་བས་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཤིང་། ཐུགས་རྗེའི་སྟོབས་གཡོས་ཏེ། རྡོ་རྗེའི་ཕོ་ཉ་ནམ་མཁའ་གང་བ་སྤྲོས། མ་རུངས་གདུག་ཅིང་གཏུམ་པ་ཐམས་ཅད་བཀུག་གཟིར་བསྒྲལ་བའི་ཕྲིན་ལས་མཛད་པར་གྱུར། གསེར་སྐྱེམས་ཐོགས་ལ། ཨོཾ་ཨཱཿཧཱུྃ༔ རྩ་གསུམ་རྒྱལ་བ་སོགས་འདི་ཉིད་ཀྱི་གདབ་ཁ་ཡོངས་རྫོགས་གཏང་། ལྕགས་ཁང་བསྐྱེད་ཟིན་པ་དང་འགུགས་པ་སྤྱི་ཁྱབ་ཞིག་སྦྱོར་ཞིང་། ཕྱག་ལེན་སློབ་དཔོན་གྱིས་མཛད་ནས་ཞལ་བསྟབ་མཐའི། ངོ་མཐོན་དུ་བཞུགས་པར་བསམ༔ གཉིས་པ་ཕྱིར་ཟློག་ཇི་ལྟར་རིགས་པའི་རྗེས་གནང་གི་སླད་དུ་དམིགས་པའི་འཕྲུལ་འཁོར་འདི་ལྟར་མཛོད། སླར་ཡང་དགྱེས་རྫས་དྲག་པོའི་མཆོད་སྤྲིན་གྱིས་མདུན་གྱི་དཀྱིལ་འཁོར་མཆོད་པས་ཐུགས་དམ་བསྐུལ་བས་ཕྱིར་ཟློག་དྲག་པོའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་མཛད་པར་གྱུར། ཧཱུྃ་བྷྱོ༔ ཞི་བ་ཆེན་པོའི་སོགས་བཞེངས་བསྐུལ་སྔོན་དུ་འགྲོ་བས་ཟློག་པ་ཚན་བཅུ་བཞིའི་རྗེས་སུ། ཟོར་རྫས་རྣམས་རིམ་པ་བཞིན་ཕྱག་ཏུ་གཏད་པའི་ཚེ། དེ་དག་རེ་རེའི་རྡུལ་ཕྲ་རབ་ཀྱི་གྲངས་སྙེད་ཆར་བཞིན་དུ་བབས་པ་མཁའ་འགྲོ་ཁྲོས་མའི་ལྷ་ཚོགས་རྣམས་ཀྱིས་ཐོགས་ཏེ༔ གནོད་བྱེད་དགྲ་བགེགས་ཀྱི་སྟེང་དུ་བསྣུན་པས་མི་མཐུན་པའི་ཕྱོགས་ཐམས་ཅད་སྐད་ཅིག་གིས་ཕྱིར་ཟློག༔ མ་རུངས་གདུག་པ་ཅན་ཐམས་ཅད་ཁ་ཕུང་རྗེས་མེད་དུ་སོང་བར་བསམ་ལ་དགོངས་པའི་གདེངས་སྐྱེད་ཅིག༔ ཧཱུྃ་བྷྱོ༔ རི་རབ་འབར་བ་སྟོབས་ཆེན་སོགས་ཟོར་ཟློག་སྤྱིའི་བྱང་བུ་གྱེར་བ་སྔོན་དུ་འགྲོ་བས། ཡུངས་དཀར་སོགས་ཟོར་ཟློག་གཞན་རྣམས་རིམ་བཞིན་གྱེར། མཐར་སྤྱིར་ཟློག་ཕྲིན་ལས་གསོལ་བ་བྱ། སྤྲོས་བཅས་སྐབས་དཔོན་སློབ་རྣམས་བདུད་ཆས་སུ་ཞུགས་ནས་གདབ་ཁ་སྤྱི་དང་། ཁྱད་པར་ཟོར་རྣམས་ཐོགས་ནས་འཆམ་སྟབས་བཅས་བྱ་བར་གསུངས་པས། དེ་ལྟར་སྤྲོས་ན་སྐབས་འདིར་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་འདོད་ཡོན་དངོས་གྲུབ་ཀྱི་རྣམ་པར་མོས་ཏེ་ཚོགས་འཁོར་དང་། དཔོན་སློབ་ལྷན་ཅིག་པས་རོལ་པའི་ལྷག་མ་དང་། ལིང་རོའི་ལྷག་མ་བཅས་བསྡུས་པ། སློབ་དཔོན་དང་དཀྱིལ་འཁོར་བར་ཚོགས་ཕུད་ཀྱི་ཆ་བཞི་པ་ཡར་གནས་མཆོད་མཐར་གཙང་ལྷག་གི་རས་མ་མང་ལྷག་གི་སྟེང་དུ་བསྣན། བྱིན་རླབས་ཀྱི་ཚིག་ཕྱག་ལེན་བཅས་ལྷག་མ་གཞུང་ལྟར་དང་། གསད་པའི་ལས་མཐའི་མེ་ཧོམ་སྦར་བ་ནས་གཟུང་བར་སྐབས་ཀྱི་མཚམས་སྦྱོར་སྦྱར་བ་ཙམ་ལས་བདག་གིས་བྱས་པའི་འདོན་ཟིན་པདྨ་རྣམ་པར་བཀོད་པའི་དགའ་ཚལ་སྐབས་ཀྱི་འདོན་བྱ་ཕྱག་ལེན་རྒྱས་པར་སྤྲོས་ཏེ་གནན་པ་གྲུབ་ཀྱི་བར་གཏང་། བསྡུ་ན། གོང་གསལ་སྤྱི་ཟློག་གྲུབ་པ་དང་། གསུམ་པ་གསད་པའི་ཕྲིན་ལས་ཀྱི་ལས་མཇུག་མཐའ་སྡུད་སྲེག་པ་ཧོམ་གྱིས་བསྡུ་བའི་རྗེས་གནང་གི་དོན་དུ་འདི་ལྟར་སྒོམས་ཤིག །ཨེ་ཛྭ་ལ་རཾ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ མདུན་དུ་དྲག་པོའི་ཐབ་ཁུང་དྲག་མེ་དམར་ནག་འབར་ཞིང་འཁྲུགས་པའི་དབུས་སུ་དུར་ཁྲོད་དྲག་པོའི་གཞལ་ཡས་རྒྱན་རྫོགས་རྔམ་པའི་ནང་དུ་བདུད་འདུལ་ཀརྨ་ཌཱ་ཀི །རིགས་བཞིའི་མཁའ་འགྲོ། ཕྲ་མེན་མ་བརྒྱད་དང་བཅས་པ་ལ་ཡེ་ཤེས་ལས་དང་འཇིག་རྟེན་གྱི་མཁའ་འགྲོ་ཆོས་སྐྱོང་རྒྱ་མཚོས་བསྐོར་བ་དམ་ཡེ་གཉིས་མེད་ཀྱི་ཚུལ་དུ་བཞུགས་པའི་ཞལ་གནམ་ས་ལྟར་གདངས་པ་ལས། ཡེ་ཤེས་ཀྱི་མེ་ལྕེ་འུར་འུར་འབར་བའི་ཀློང་དུ་གདུག་པ་རྣམས་བསྒྲལ་པའི་ཤ་ཁྲག་བླ་སྲོག་གི་དྭངས་མ་དང་བཅས་པ་ཕུལ་བས། དགྱེས་པའི་རྐན་སྒྲ་དང་བཅས་ལྷག་མེད་དུ་རོལ་བར་མོས། སྲེག་པའི་སྐབས་ལྟར། ཧཱུྃ༔ མཁའ་འགྲོ་འབར་བའི་སོགས་སྔགས་གྲངས་ཇི་ལྟར་རིགས་པས་དྲག་རྫས་ལིང་རོ་དང་སྦྱར་བ་དབུལ། མཐར། མཆོད་བསྟོད་བཟོད་པར་གསོལ༔ བཛྲ་མུཿས། མེ་ལྷ་ཡེ་ཤེས་པ་སོགས། བཞི་པ་ཟློག་པའི་ལས་མཇུག་མཐའ་སྡུད་འཕང་བ་ཟོར་གྱིས་བསྡུ་བ་རྗེས་འབྲེལ་དང་བཅས་པའི་རྗེས་སུ་གནང་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། ཨོཾ་སརྦ་དྷཱ་ཀི་ནཱི་ཛྙཱ་ན་སོགས། ཐམས་ཅད་རྫོགས་པར་བསམ༔ དྲག་པོའི་ཐུན་ཟོར་གྱི་སེར་དྲག་འཚུབས་མ་དམིགས་པའི་འབེན་བསྟན་པ་འཇིག་པའི་དགྲ་བགེགས་ཀྱི་སྟེང་དུ་འཕངས་པས་གང་ལ་དམིགས་པ་རྡུལ་ཕྲན་བཞིན་དུ་བརླགས་པར་གྱུར། འཕང་བའི་སྐབས་ལྟར། ཧཱུྃ་བྷྱོ༔ བཞེངས་ཤིག་དྲག་ཤུལ་སོགས་ནས། བྷྱོ་བྷྱོ་ཟློག་ཟློག༔ ཅེས་བསྐུལ་ནས། བྱང་ཤར་གྱི་ཕུང་སའི་ཟོར་འཕངས་ལ། ཨོཾ་སཿཀརྨ་དྷཱ་ཀི་ནཱི་ཀཱི་ལ་ཡ་སརྦ་དུཥྚཱཾ་བྷྱོ་བྷྱོ་ཟློག་ཟློག༔ ཡཀྨོ་ཁྲེཾ་ཟློག༔ རཀྨོ་ཁྲེཾ་ཟློག༔ ཨེ་ས་བྷྱོ་ཟློག༔ ཅེས་པའི་ཟློག་སྔགས་ཀྱི་ཤམ་བུར། ཟོར་སོ་སོའི་ཟློག་པའི་སྐབས་ལྟར། སརྦ་བིགྷྣཱན་ཀྲོ་དྷཱི་དྷཱ་ཀི་ནཱི་སོགས་དང་། ཚུལ་དེ་བཞིན་དུ་ཟློག་སྔགས་ཀྱི་ཤམ་བུར་ཟོར་སོ་སོའི་ཟོར་སྔགས་བཏགས་པས་ནུབ་བྱང་གི་རླུང་ཟོར་ནས། ཤར་གྱི་ཡུངས་ཟོར་བར་རིམ་བཞིན་མཇུག་ནས་ཡར་དེད་གོ་ལྡོག་གིས་འཕང་། གཏོར་ཆེན་བཏེགས་ལ། ཨོཾ་སརྦ་དྷཱ་ཀི་ནཱི་ས་མ་ཡ་ཨུཥྞི་ཥ་སྟྭཾ༔ ཟོར་ཆེན་གྱི་དམ་ཚིག་གི་འཁོར་ལོ་ནམ་མཁར་བཞུགས་པ་རྣམས་དྲག་ཏུ་བསྐུལ་བས། ལྷ་ཚོགས་རྣམས་ཁྲོས་འཁྲུགས་རྔམས་པས་སོགས་འཕང་བའི་སྐབས་ལྟར། རྒྱས་བཏབ་པར་བསམ་ལ་དགོངས་པའི་གདིང་སྐྱེད་ཅིག །ཧཱུྃ་བྷྱོ༔ མཁའ་འགྲོ་འབར་བའི་ལྷ་ཚོགས་སོགས་དང་། གོང་གསལ་ཟློག་སྔགས་བཟླ་བཞིན་འཕང་ལ་ནང་འབྱུང་འཁྲུགས་དབྱིངས་ལྔས་ཟློག་པ། ཧཱུྃ་ཧཱུྃ༔ འབྱུང་བ་ས་ལས་སོགས་སྔགས་བཅས་བརྗོད་ལ་ཐལ་རྡེབ་བྱ། ནམ་མཁར་བཞུགས་པའི་དམ་ཚིག་འཁོར་ལོ་ཁྲོས་འཁྲུགས་རྔམས་པས་ཟོར་རྫས་ནད་མཚོན་དུག་གི་ཆར་ཆེན་པོ་བབས་པའི་རྗེས་སུ་རྒྱུག༔ དགྲ་དཔུང་བསད༔ བགེགས་དཔུང་བཅོམ༔ མི་ལྡོག་པར་རྒྱས་བཏབ་པར་བསམ་ལ་དགོངས་པའི་གདིང་སྐྱེད༔ དེ་དང་རྗེས་སུ་འབྲེལ་བ་སྲུང་བའི་མཐའ་སྡུད་སླར་ཡང་ལས་མཐའ་གསོར་མི་རུང་བར་གནན་པས་རྒྱས་གདབ་པའི་དམིགས་པ་འདི་ལྟར་མཛོད། གནན་ཆས་ལྕགས་སྣོད་དུ་བཀོད་ལ། ཨེ་ལས་སྲིད་པ་ལས་ཀྱི་ཧོམ་ཁུང་ཐར་མེད་གཤིན་རྗེའི་ལྟོ་བར་དགྲ་བགེགས་དམ་སྲི་གདུག་པ་ཅན་གྱི་རྣམ་ཤེས་བཀུག་ནས་བཙོན་དུ་བཅིངས་པར་མོས་ནས། འགུགས་བསྟིམ་དྲག་པོ་ཡང་ཡང་བྱ་ལ། སྲུང་བའི་མཐའ་སྡུད་བཞིན། ཧཱུྃ་ཧཱུྃ༔ ས་འོག་དགུ་རིམ་སོགས་སྔགས་བཅས་བརྗོད་ཅིང་གཏད་ལ་མེ་ཆུ་དང་རྡོ་རྗེ་རྒྱ་གྲམ་གྱི་ཕྱག་རྒྱས་བཏབ་བོ། །སྟེང་ནས་གཏོར་གཞོང་རི་རབ་འབར་བས་མནན་ཅིང་། སྣང་སྲིད་མཁའ་འགྲོའི་དཀྱིལ་འཁོར་དུ་བཞེངས་ནས་རྡོ་རྗེའི་རྟ་བྲོ་བརྡུངས་པས་ལྡང་བའི་སྐབས་མེད་པར་མོས། རྟ་བྲོ་དང་སྲུང་འཁོར་མཚམས་གཅོད་སྔགས་བཅས་བྱའོ། །དེ་ལྟར་བྱས་པས་ལུས་ལྷའི་ཕྱག་རྒྱར་སད། བསྐྱེད་རིམ་ལ་བརྟེན་པའི་ལས་ཀྱི་མཁའ་འགྲོའི་དྲག་པོ་མངོན་སྤྱོད་ཀྱི་ལས་རབ་འབྱམས་ལ་ཐོགས་མེད་དུ་འཇུག་པར་དབང་བའི་སྐལ་པ་ཅན་དུ་བྱས་པའོ། །གཉིས་པ་གསུང་གི་དབང་བསྐུར་བའི་རྗེས་སུ་གནང་བ་ནི། བླ་མ་དང་མདུན་བསྐྱེད་དབྱེར་མེད་པའི་ཐུགས་ཀ་ནས་གསུང་རྡོ་རྗེ་གསང་སྔགས་ཡིག་འབྲུའི་ཚོགས་རྣམས་བྱོན། རྡོ་རྗེའི་སྔགས་ཀྱི་ཕྲེང་བ་སློབ་བུའི་མགྲིན་པ་ནས་ཞུགས༔སོགས་དབང་བསྐུར་ལ། སླར་ཡང་རྩ་བ་དང་ཡན་ལག་གི་བཟླས་ལུང་གི་རྗེས་སུ་གནང་བ་ནི། སློབ་མའི་སྙིང་གར་ཉི་མའི་གདན་ལ་ཐུགས་སྲོག་ཧཿཡིག་ལྗང་ནག་གིས་མཚན་པར་གསལ་ཐོབས། སླར་སློབ་དཔོན་ལ་གུས་འདུད་བྱས་པའི་རྐྱེན་གྱིས་བླ་མ་དང་མདུན་བསྐྱེད་གཉིས་སུ་མེད་པའི་ཐུགས་ཀའི་སྔགས་ཕྲེང་ལས་གཉིས་པ་མཆེད། ཞལ་ནས་བྱོན། སློབ་མའི་མགྲིན་པར་ཞུགས། སྙིང་གའི་ས་བོན་གྱི་མཐར་འཁོད་པ་རྗེས་སུ་བཟླས་པའི་མཐུས། རང་གི་ཐུགས་ཀ་ནས་འོད་ཟེར་དང་ཞལ་ནས་སྔགས་ཀྱི་སོགས་མདུན་སྐྱེད་བཟླས་པའི་སྐབས་བཞིན། ཐོགས་མེད་དུ་འགྲུབ་པར་མོས་པས་འདིའི་རྗེས་ཟློས། ཨོཾ་སཿཀརྨ་སོགས་གཙོ་འཁོར་སོ་སོར་ལན་གསུམ་རེ། གཉིས་པ་ཡན་ལག་གི་བཟླས་ལུང་ལ་གསུམ་ལས། དང་པོ་སྲུང་བའི་བཟླས་ལུང་གི་རྗེས་གནང་ནི། སླར་ཡང་ཐུགས་ཀ་ནས་འོད་ཟེར་མཚོན་ཆའི་སོགས་ནས། མི་ཤིགས་པར་མོས་ལ་འདིའི་རྗེས་ཟློས། ཨོཾ་སཿཀརྨ་སོགས་སྲུང་སྔགས་ལན་གསུམ། གཉིས་པ་ཟློག་པའི་བཟླས་ལུང་གི་རྗེས་གནང་ནི། ཡང་ཐུགས་ཀ་ནས་སྤྲུལ་པའི་སོགས་ནས། སྲ་ཞིང་བརྟན་པར་མོས་ལ་འདིའི་རྗེས་ཟློས། ཨོཾ་སཿཀརྨ་སོགས་ཟློག་སྔགས་ལན་གསུམ། གསུམ་པ་གསད་པའི་བཟླས་ལུང་གི་རྗེས་གནང་ནི། མདུན་བསྐྱེད་རྣམས་སོགས་ནས། ཚོགས་སུ་བཞེས་པར་མོས་ལ་འདིའི་རྗེས་ཟློས། ཨོཾ་སཿཀརྨ་སོགས་གསད་སྔགས་ལན་གསུམ། དེ་ལྟར་བྱས་པས་ངག་སྔགས་ཀྱི་འཁོར་ལོར་སྨིན། ནང་བསྙེན་སྒྲུབ་སྔགས་ཀྱི་སྦྱོར་བ་མཐའ་དག་ལ་ཐོགས་པ་མེད་པར་འཇུག་ཏུ་རུང་བའི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །གསུམ་པ་ཐུགས་ཕྱག་མཚན་གྱི་དབང་བསྐུར་ཞིང་དེ་ཁོ་ན་ཉིད་ཀྱི་དགོངས་པ་ངོ་སྤྲད་པ་ནི། བླ་མ་དང་མདུན་བསྐྱེད་དབྱེར་མེད་པའི་ཐུགས་ཀ་ནས་མཁའ་འགྲོ་རབ་འབྱམས་སོགས། ཨ་བྷི་ཥིཉྩ་ཨཱ༔ ཞེས་དབང་བསྐུར། སླར་ཡང་འོད་གསལ་དོན་གྱི་དགོངས་པ་ངོ་སྤྲོད་པའི་ཚིག་གི་དོན་ལ་རྩེ་གཅིག་ཏུ་མཉམ་པར་ཞོག་ཅིག །ཧཱུྃ་ཧཱུྃ༔ གཏི་མུག་མུན་ལྟར་འཐིབས་པའི་རྣམ་རྟོག་སོགས་ཡེ་ཤེས་ལྔའི་ཟློག་པ་བཞིན། ནམ་མཁའ་ལྟ་བུའི་ངང༔ ཞེས་པའི་མཐར། ཆོས་ཀུན་ཟད་སར་འཁྱོལ་བའི་གདེངས་འཆོས་ཤིག །ཅེས་བསྒྱུར་བ་བཀླག །འོ། དེ་ལྟ་བུའི་མཐར་ཐུག་གི་ལྟ་བ་བློ་འདས་ཆེན་པོའི་ངང་དུ་འཁོར་གསུམ་གྱི་སྤྲོས་པས་མ་བཅིངས་པའི་ཉམས་ལེན། རིག་སྟོང་དབྱེར་མེད་ཀྱི་ངང་དུ་དགོངས་པའི་སྲོག་གཟུང་ལ་མཉམ་པར་འཇོག་བཞིན་པས་རྡོ་རྗེའི་སྔགས་ཀྱི་རྗེས་ཟློས་བཅས་ཐལ་རྡེབ་ལན་གསུམ་མཛོད། ཨོཾ་ཀྲོ་དྷི་དྷཱ་ཀི་ནཱི་སོགས་ཐལ་རྡེབ་བཅས་ལན་གསུམ། མཐར། དེ་ལྟར་བཟློག་བྱ་ཟློག་བྱེད་ཟློག་མཁན་གསུམ་ཀ་ངང་མཉམ་ཡེ་གྲོལ་ཁྱབ་བརྡལ་ཨ་ཏི་རྫོགས་པ་ཆེན་པོ་ཀ་དག་གི་དགོངས་པར་ལ་ཟློས་ཏེ་ཉམས་སྐྱོངས་ཤིག་བྱས་ལ། ཧཱུྃ་ལྔའི་དབྱངས་གཏུམ་ལ་ལྷོད་ཆགས་པ་བྱ། དེ་ལྟར་བྱས་པས་ཡིད་བདེ་ཆེན་ཡེ་ཤེས་ཀྱི་ངང་དུ་གྲོལ། གསང་བ་ཉོན་མོངས་པའི་དགྲ་དཔུང་འཇོམས་པར་བྱེད་པའི་ཏིང་ངེ་འཛིན་ལ་ཐོགས་པ་མེད་པར་འཇུག་ཏུ་རུང་བའི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །དེ་ལྟར་དབང་བསྐུར་ཟབ་མོ་ལེགས་པར་ཐོབ་པའི་ཡེ་ཤེས་བརྟན་ཅིང་ལམ་གྱི་ཡོན་ཏན་གོང་དུ་འཕེལ་བ་དང་། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་ལྷུན་གྱིས་གྲུབ་པའི་སླད་དུ་བླ་མ་ལྷ་དང་མཁའ་འགྲོའི་ཚོགས་ཀྱིས་ཤིས་པའི་ཚིག་གི་ཕྲེང་བས་མངའ་གསོལ། མེ་ཏོག་མནྡཱ་རཿབའི་ཆར་ཕབ་པས་དགེ་ལེགས་ཀྱི་སྣང་བ་ཕྱོགས་དུས་ཀུན་ཏུ་མཁའ་ཁྱབ་ཆེན་པོར་སྦར་བར་མོས། བཀྲ་ཤིས་ཅི་རིགས་བརྗོད། དེ་ལྟར་དབང་ནོད་པའི་ཕན་ཡོན་ནི། གཞུང་ལས། འདི་ལྟ་བུའི་དབང་བསྐུར་བས་སོགས་ནས། དུ་བྱའོ༔ ཞེས་གསུངས་པའི་དོན་ལ་དགའ་སྤྲོ་དང་བཅས་གདམས་ངག་ཉམས་སུ་ལེན་པ་ལ་བརྩོན་འཚལ། དེས་ནི་སྨིན་བྱེད་དབང་བསྐུར་བ་སོང་ནས། དེ་དང་རྗེས་སུ་འབྲེལ་བ་ལམ་ཉམས་སུ་ལེན་པའི་གདམས་ངག་སྙིང་པོའི་ཡང་ཞུན་གྲོལ་བྱེད་ཀྱི་ཟབ་ཁྲིད་འབོགས་པའི་རིམ་པ་ལ་རྩེ་གཅིག་ཏུ་གསན་འཚལ། མཁའ་འགྲོ་མ་གསང་བ་ཀུན་འདུས་ཀྱི་དྲག་པོ་ཟོར་གྱི་ལས་རིམ་སོགས་གཞུང་གི་དབུ་ནས། ཡེ་ཤེས་ལྔས་ཟློག་པའི་རིམ་པ་མཐར་ཐུག་པའི་གདམས་པའོ༔ ས་མ་ཡ༔ དེ་ལྟ་བུའི་སྨིན་གྲོལ་ཆིག་རྫོགས་སུ་ཐོབ་པའི་དབང་སྲོག་དམ་ཚིག་གི་རིམ་པ་སྤྱི་དང་། ཁྱད་པར་གྱིས་བསྡུས་པ་རྣམས་སྲོག་ལས་ཀྱང་གཅེས་པར་བསྲུང་དགོས་པས། དེ་ལྟར་བགྱི་བར་ཁས་ལེན་པའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་བཞིན་དང་། ཆོ་གའི་རྗེས་ནི། རྡོ་རྗེ་མཁའ་འགྲོའི་ཚེ་སྒྲུབ་སོགས་ཟུར་འདོན་བྱེད་ན་རྗེས་རིམ་སོ་སོའི་གཞུང་བཞིན་རྩ་བ་ཡན་ལག་སོ་སོར་བྱ་ཞིང་། ཁྱད་པར་ལས་ཀྱི་མཁའ་འགྲོའི་ཟོར་ལས་ཀྱི་དབང་སྤྲོས་བཅས་སུ་བྱེད་ན་ཚེ་སྒྲུབ་སྦྱར་མིན་ལོང་ཁྱབ་དང་བསྟུན་པས་ཆོག་ལ། གཞན་འདོན་ཟིན་ལྟར་བྱ། སྤྲོས་པ་བསྡུ་སྐབས། གཏེར་མཛོད་ལྟ་བུར་ཟུར་དུ་སྒྲུབ་བསྐུར་མི་བྱེད་པར་མཁའ་འགྲོའི་ཕྲིན་དབང་དང་དཀྱུས་གཅིག་ཏུ་སྦྲེལ་ནས་བྱེད་པའི་ཚེ་ཆོ་གའི་རྗེས་རིམ་ཚོགས་ལ་རོལ་ཞིང་ལྷག་མ་བསྔོ། ཟུར་གསལ་མཁའ་འགྲོའི་བསྟོད་བསྐུལ་གྱིས་ཆད་ཐོ་དང་ལྷན་ཅིག་མདོས་རཀ་ཀྱང་འབུལ། སྐོང་ཆོག་ལྟར་བརྟན་མ་སྐྱོང་ཞིང་རྟ་བྲོ་བརྡུང་། ཟུར་གསལ་བཞིན་མཆོད་བསྟོད་དང་ནོངས་བཤགས་བསྡུས་པ་བྱ། མཁའ་འགྲོ་འདུས་པའི་སྒྲུབ་ཐབས་ཕྲིན་ལས་བཞིན་དངོས་གྲུབ་བླངས་ཤིང་། ཚོགས་མགྲོན་གྱི་ཡེ་ཤེས་པ་བརྟན་བཞུགས་སྦྱར། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན་བཀྲ་ཤིས་བཅས་ཀྱིས་མཐའ་བརྒྱན་པས་གྲུབ་བོ།། །། ༈ གཡག་ཕྱར་སྔོན་མོ་རིན་ཆེན་རྒྱལ་པོས་སྤྱན་དྲངས་པ་སླར་སྦས་ཤིང་། རོང་པ་བདུད་འདུལ་གླིང་པ་རྡོ་རྗེ་བདུད་འཇོམས་ཀྱིས་བཏོན་ནས་སླར་རྒྱས་བཏབ་པ་༧པདྨ་འོད་གསལ་མདོ་སྔགས་གླིང་པའི་ཡང་གཏེར་དུ་བྱོན་པ་སྒྲོལ་མ་འཇིགས་པ་ཀུན་སྐྱོབ་ཀྱི་ཕྲིན་ལས་དབང་བསྐུར་དང་བཅས་པ་ཀུན་དགའི་ཟླ་ཟེར་ལྟར་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ སངས་རྒྱས་གླིང་པའི་བླ་མ་དགོངས་འདུས་ཀྱི་མཁའ་འགྲོའི་རྒྱབ་ཆོས་བྱིན་རླབས་དབང་གི་ལག་ལེན་སྨིན་བྱེད་བདུད་རྩིའི་ཐིགས་པ་བལྟས་ཆོག་ཏུ་བཀོད་པ་ལྟར་དབང་སྒྲུབ། དབང་དངོས། རྗེས་ཆོག་བཅས་བྱའོ།། །། ༈ རཏྣ་གླིང་པའི་རྟ་མགྲིན་གསང་འདུས་ཆ་ལག །ཡེ་ཤེས་མཁའ་འགྲོའི་སྒྲུབ་ཐབས་མཚོ་རྒྱལ་སྐོར་གསུམ་དུ་གྲགས་པའི་བྱིན་རླབས་དབང་བསྐུར་གྱི་ཡི་གེ་དངོས་གྲུབ་བུམ་བཟང་ལྟར་ཕྱི་ལྟར་རྣལ་འབྱོར་མ་ལཱ་སྱཻའི་དབང་སྒྲུབ། དབང་དངོས། རྗེས་དང་། ༧ ནང་ལྟར་འཕགས་མ་སྒྲོལ་མའི་དབང་སྒྲུབ། དབང་དངོས། རྗེས་དང་། ༧ གསང་བ་ཕག་མོ་ཁྲོས་མ་ནག་མོའི་དབང་སྒྲུབ། དབང་དངོས། རྗེས་ཆོག་བཅས་བྱའོ།། །། ༈ རྒོད་ལྡེམ་པས་སྤྱན་དྲངས་ཤིང་སླར་སྦས་པ། བསྟན་གཉིས་གླིང་པ་པདྨ་ཚེ་དབང་རྒྱལ་པོའི་རྡོ་རྗེ་ཕག་མོའི་ཟབ་ཁྲིད་ཡང་གསང་ཀུན་གྱི་སྙིང་པོ་ལས། ཟབ་རྒྱའི་དབང་ཆོག་བདེ་ཆེན་པདྨའི་མྱུ་གུ་ལྟར་དབང་སྒྲུབ། དབང་དངོས་རྫོགས་པའི་དམ་ཚིག་ཁས་བླངས་རྗེས། དེ་རྣམས་ཀྱིས་སྨིན་བྱེད་དབང་བསྐུར་ཐོབ་པའི་གཏང་རག་དང་། སླར་ཡང་གྲོལ་བྱེད་ཟབ་ཁྲིད་ཉམས་སུ་ལེན་པའི་རིམ་པ་སྙིང་པོར་དྲིལ་བ་ཟུང་འཇུག་ཐེམ་སྐས་ཀྱི་ཁྲིད་ལུང་ཞུ་བའི་ཡོན་དུ་མཎྜལ། དེ་ལ་ཀུན་སློང་བྱང་ཆུབ་ཀྱི་ཐུགས་བསྐྱེད་པ་དང་། ཆོས་ཉན་པའི་ཀུན་སྤྱོད་སྐྱོན་གསུམ་དྲི་མ་དྲུག་དང་བྲལ་ཞིང་། གུས་པའི་ཡིད་རྩེ་གཅིག་དང་ལྡན་པ། ཁྱད་པར་ཟབ་མོ་སྔགས་ཀྱི་ཐེག་པའི་རྣལ་འབྱོར་ལ་གནས་པས་གསན་འཚལ། དེའང་གཏེར་སྟོན་རིག་འཛིན་ཆེན་པོ་སོགས་ཁྲིད་ཡིག་དབུ་ནས། དབང་ཆོག་པདྨའི་ཕྲེང་བ་ལྟར་ཚུལ་བཞིན་ནོས་ལ་དམ་ཚིག་རྣམ་པར་དག་པ་རྩ་བར་གཟུང་ངོ་། །ཞེས་འབྱུང་བ་ནི། ད་ལྟར་བརྒྱུད་པའི་ཕྱག་བཞེས་མ་འཁྲུལ་བར་བསྐུར་ཟིན་པས་ཁྱབ། གཉིས་པ་གྲོལ་གདམས་ལ་གསུམ། རྒྱུད་དག་པར་བྱེད་པ་སྔོན་འགྲོའི་ཆོས་སོགས་ནས། དངོས་གྲུབ་ལ་དབང་ཐོབ་པར་བྱའོ། །ཞེས་གསལ་རྒྱས་སུ་བསྟན་པ་བཞིན། འདིར་སྣང་མཛེས་ཆོས་ཀྱིས་སྐྱེ་བོ་བསླུ་བར་རློམ་སྟེ་མ་ཚོར་བར་རང་ཉིད་ངན་འགྲོ་མཐའ་མེད་དུ་འཕེན་པའི་ཟོལ་ཟོག་སྤངས་ཏེ། དམ་ཚིག་རྣམ་པར་དག་པས་སྦྱོར་དངོས་རྗེས་རིམ་ཡན་ལག་དང་བཅས་པ་ཉམས་སུ་བླངས་འབྲས་རང་ཉིད་ཚེ་འདིར་མཆོག་གི་དངོས་གྲུབ་ཐོབ་ཅིང་། འབྲེལ་ཚད་དག་པ་མཁའ་སྤྱོད་ཀྱི་ཞིང་དུ་འདྲེན་ནུས་པའི་ཉམས་ལེན་བྱས་པ་དོན་ཡོད་ཅིག་ཅི་ནས་ཀྱང་མཛད་འཚལ། དེ་རྣམས་ཀྱིས་སྨིན་གྲོལ་སྟབས་གཅིག་ཏུ་གྲུབ་པའི་བཀའ་དྲིན་གསོབ་པའི་ཕྱིར། རང་རང་གི་ལུས་ལོངས་སྤྱོད་དགེ་བའི་རྩ་བ་དང་བཅས་པ་དཔལ་མགོན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་བའི་བློས་འདིའི་རྗེས་ཟློས། དེང་ནས་བརྩམ་སྟེ་སོགས་ཀྱིས་ལུས་དབུལ་དགེ་བསྔོ་བཅས་དང་། ཆོ་གའི་རྗེས་དབང་ཆོག་ཏུ་གསུངས་པ་བཞིན་བྱའོ།། །། ༈ ཨེ་སྤེལ་ཅོག་གར་དབང་ལས་འཕྲོ་གླིང་པའི་ཕག་མོ་དཀར་མོ་ཀུན་གཟིགས་༧པདྨ་འོད་གསལ་མདོ་སྔགས་གླིང་པའི་ཡང་གཏེར་ཐུགས་ཏིག་ཡེ་ཤེས་འཁོར་ལོའི་དབང་བསྐུར་གྱི་ལག་ལེན་དྲན་ཐོར་བཀོད་པ་ཡེ་ཤེས་གསལ་བའི་རྒྱན་དང་གཏེར་གཞུང་གབ་སྤྲད་པའི་དབང་སྒྲུབ་རྣམས་གྲུབ་ནས། དབང་དངོས་ལ་ཐོག་མར་དེ་ཉིད་ནས་འབྱུང་བ་བཞིན་ལ། ལོ་རྒྱུས་སྐབས། ཆོ་འཕྲུལ་ཟླ་བར་གཏན་ལ་ཕབ་སྟེ། ལོ་ཆེན་བཻ་རོ་དངོས་བྱོན་ཨོ་རྒྱན་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་གཙོ་བོར་གྱུར་པའི་སྐལ་ལྡན་རྣམས་ལ་རིམ་པར་སྨིན་གྲོལ་ཆིག་རྫོགས་སུ་བསྩལ་པ་སྟེ། ཆོས་འདིའི་སོགས་ནས། པདྨ་འོད་གསལ་མདོ་སྔགས་གླིང་པ། དེས་མདོ་སྔགས་སྟོན་མཆོག་ཟུང་གི་ཡོངས་རྫོགས་བསྟན་པའི་བཀའི་སྡུད་པོར་རྡོ་རྗེའི་ལུང་གིས་བསྔགས་པ། གསང་བའི་བདག་པོ་འཇམ་མགོན་རྗེ་བཙུན་རྡོ་རྗེ་འཆང་ཆེན་པོའི་ཞལ་སྔ་ནས་བརྒྱུད་ཅིང་རིམ་པར་བྱོན་པ་སྟེ། དེ་ལྟ་བུའི་སྒོ་ནས་སྨིན་བྱེད་ཀྱི་དབང་བསྐུར་བ་ལ་རྩ་བ་དང་། ཡན་ལག་གཉིས་ལས། ཐོག་མར་རྩ་བའི་དབང་བསྐུར་བསྒྲུབ་པར་བགྱི་བ་ལ། བདག་ཉིད་ཀྱིས་བགྱི་བར་འོས་པ་སོགས་ཀྱིས་མཚམས་སྦྱར་ཏེ་སྤྱི་ལྟར་མཎྜལ་འབུལ་དུ་གཞུག །བླ་མ་དང་ལྷག་པའི་ལྷ་མོ་ཐ་མི་དད་པའི་ངེས་ཤེས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། གཏེར་གཞུང་གི་རིམ་པ་དྲུག་པ་དབང་ལེ་བཞིན། གསང་བ་མཆོག་གི་སོགས་ལན་གསུམ། གཉིས་འཛིན་བློ་ཡི་སྒྲིབ་པས་རང་སྣང་དོན་གྱི་དཀྱིལ་འཁོར་མ་མཇལ་བའི་མཚོན་བྱེད་རས་ཡུག་དམར་པོ་ཁ་ཚར་མ་ཉམས་པ་རེས་གདོང་གཡོགས་འཆིང་མཛོད། ཨོཾ་ཙཀྵུ་བྷནྡྷ་ཝཱ་ར་མ་ཎཱ་ཡ་ཧཱུྃ་གིས་མིག་དར་གཏད། རང་རིག་ཡེ་ཤེས་ཀྱི་དཀྱིལ་འཁོར་པ་དང་མཇལ་བའི་ཕྱག་རྟེན་དུ་རྣམ་བཀྲ་ལྷའི་མེ་ཏོག་གི་ཆུན་པོ་གསར་པ་རེ་ཕྱག་ཏུ་ཐོགས་པར་མོས་མཛོད། ཨཱ་ཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་གཏད། དབང་གི་ཐོག་མར་རྒྱུད་སྦྱོང་ཞིང་རྡོ་རྗེ་ཐེག་པའི་འདུལ་མདོ་སྔགས་ཀྱི་སྡོམ་པ་གཟུང་བའི་སླད་དུ། རྒྱལ་ཀུན་སྐྱེད་ཡུམ་རྡོ་རྗེ་རྣལ་འབྱོར་མ་དང་སློབ་དཔོན་ཉིད་རྣམ་དབྱེར་མེད་པ་ལ་ཚོགས་ཀྱི་ཞིང་མཆོག་རྒྱ་མཚོས་བསྐོར་བའི་སྤྱན་སྔར། ཚིག་རིས་དང་མཐུན་པའི་དོན་གསལ་འདེབས་བཞིན་པས་འདིའི་རྗེས་ཟློས། ན་མོ༔ བདག་དང་མཐའ་ཡས་སོགས་སྒྲུབ་ཐབས་བཞིན་ལན་གསུམ། སླར་ཡང་སྔགས་ཀྱི་ཐབས་ཁྱད་པར་ཅན་བདེན་གཉིས་དབྱེར་མེད་ཀྱི་ངོ་བོར་སེམས་བསྐྱེད་པའི་སླད་དུ། ཁྱེད་རང་རྣམས་ཀྱི་སྙིང་གར་ཀུན་རྫོབ་བྱང་སེམས་ཀྱི་རྩལ་ཡོངས་སུ་རྫོགས་པ་མཚོན་པའི་ཟླ་བ་ཉ་གང་བའི་ལྟེ་བར་དོན་དམ་བྱང་སེམས་མི་འགྱུར་བའི་བདེ་བ་ཆེན་པོའི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་འབར་བས་མཚན་པ། དེ་གཉིས་ཟུང་དུ་འཇུག་པ་རང་བྱུང་གི་ཡེ་ཤེས་བདེ་སྟོང་ཁ་སྦྱོར་གྱི་ཐིག་ལེ་ཆེན་པོ་ལས་ནམ་ཡང་འདའ་བ་མེད་པའི་ཏིང་ངེ་འཛིན་བློ་ལ་ལྷན་ནེར་ཞོག་ལ་འདིའི་རྗེས་ཟློས། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པཱ་ད་ཡཱ་མི། ལན་གསུམ། མེ་ཏོག་དང་བཅས་པའི་རྡོ་རྗེ་སྙིང་གར་རེག་པས་སེམས་བསྐྱེད་པ་དེ་ཉིད་མི་ཉམས་ཤིང་བརྟན་པར་བྱས་པར་མོས། ཨོཾ་སུ་ར་ཏི་ས་མ་ཡ་སྟྭཾ་ཧོཿསིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། དེ་ནས་ཁྱེད་རང་རྣམས་ཀྱིས་སློབ་དཔོན་ལ་གསོལ་བ་བཏབ་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱི་རྩེ་ནས་སྤྲུལ་པའི་ལས་ཀྱི་སློབ་དཔོན་ཀརྨ་ཧེ་རུ་ཀའི་རྣམ་པ་ཅན་བྱོན་ཅིང་། ཕྱག་གི་རྡོ་རྗེས་སློབ་མ་རྣམས་ཁྲིད་དེ་དཀྱིལ་འཁོར་ཆེན་པོའི་སྒོའི་ནང་གི་ཤར་ཁྱམས་སུ་དྲངས་པར་མོས། ཛཿཧཱུྃ་བཾ་ཧོ༔ ཡོལ་བ་བསལ། བླ་མ་དང་ལྷག་པའི་ལྷ་རྡོ་རྗེ་རྣལ་འབྱོར་མ་ཡི་དགྱེས་ཞལ་མངོན་སུམ་དུ་མཐོང་བ་ལ་ལུས་ངག་ཡིད་གསུམ་དད་གུས་སྤྲོ་བ་ཆེན་པོའི་སྒོ་ནས། སྐུ་གསུང་ཐུགས་ཀྱི་ཕྱག་བྱ་བའི་སླད་དུ་ཐལ་མོ་གནས་གསུམ་དུ་སྦྱར་ཏེ་སྔགས་འདིའི་རྗེས་ཟློས་དང་བཅས་ཕྱག་ལན་གསུམ་འཚལ་བར་མོས། ཤྲཱི་གུ་རུ་བཛྲ་སོགས་ལན་གསུམ། བླ་མ་རྣལ་འབྱོར་མའི་སོགས་ནས། ཉམས་ཆག་སྦྱངས་ཤིང་། སྐུ་གསུང་ཐུགས་ཀྱི་བྱིན་རླབས་འཇུག་པའི་སྣོད་དུ་གྱུར་པར་མོས་ཤིག །དེ་རྣམས་ཀྱིས་སྦྱོར་བའི་རིམ་པ་རྣམས་གྲུབ་ནས། དབང་གི་དངོས་གཞི་རྩ་བ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གཞུག་ཕྱིར་བྱིན་རླབས་ཀྱི་གཟི་བྱིན་དབབ་པ་ལ། ཐོག་མར་འདི་ལྟ་བུའི་གསང་བ་གཉན་པོའི་གནས་དབང་མ་ཐོབ་པ་རྣམས་ལ་རླུང་ཕྱོགས་ཙམ་དུའང་མི་བསྒྲག་པར་གསང་བར་གདམས་ཤིང་། འདའ་དཀའི་དམ་ཚིག་རྣམས་ལ་ཚུལ་བཞིན་བསྲུང་སྡོམ་དགོས་པའི་ཕྱིར་ཁེ་ཉེན་གྱི་གནད་ལ་བཀར་ཞིང་། གཉན་པོར་དམ་ཚིག་རྡོ་རྗེའི་ཆུ་ནན་བྱིན་པ་དེ་ཉིད་སྙིང་དབུས་མི་ཤིགས་པའི་ཏི་ལར་ཡེ་ཤེས་སེམས་དཔའ་དང་རོ་གཅིག་ཏུ་ཐིམ་སྟེ། དམ་ཚིག་གི་དཔང་པོར་བཞུགས་པའི་དོན་ཐུགས་ལ་ངེས་པར་མཛོད། འདི་ནི་དམ་ཚིག་སོགས། རྡོ་རྗེ་ཐེག་པའི་དམ་ཚིག་གི་རིམ་པ་སྤྱི་དང་། ཁྱད་པར་དབང་གི་སྐབས་སུ་ཇི་སྐད་བསྒྲགས་ཤིང་ཐོབ་པ་རྣམས་ཚུལ་བཞིན་མ་ཉམས་པར་བསྲུང་སྙམ་པའི་བློ་བསྐྱེད་དེ་རྡོ་རྗེའི་མནའ་འདོར་བ་འདིའི་རྗེས་ཟློས། ས་མ་ཡ་རཀྵ་མི༔ ཡེ་ཤེས་ལྷའི་བྱིན་རླབས་གཟི་བྱིན་དབབ་པ་ཡིན་པས། ཁྱེད་རང་རྣམས་ལུས་གནད་དྲང་པོར་བསྲང་། ངག་གནད་རླུང་རོ་བསལ་ནས་བར་རླུང་གཟུང་། ཡིད་ཀྱི་གནད་གཞན་དུ་མ་ཡེངས་པར་དམིགས་པ་འདི་ལྟར་དུ་གསལ་ཐོབས་ཤིག །སློབ་དཔོན་གྱི་ཧཱུྃ་ཞེས་བརྗོད་པའི་རྐྱེན་གྱིས་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་མི་དམིགས་པ་འོད་གསལ་སྤྲོས་བྲལ་ཆེན་པོའི་དབྱིངས་སུ་ཐིམ། རང་བཞིན་གདོད་ནས་དག་པ་སྟོང་པ་དེ་ཡི་ངང་ལས་རིག་རྩལ་རང་སྣང་འགག་མེད་ཀྱི་སྣང་ཆ། ཕྱི་སྣོད་འབྱུང་བཞི་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་ཆོས་ཀྱི་འབྱུང་གནས་ཡངས་ཤིང་རྒྱ་ཆེ་བའི་ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་ལྟེ་བར་སྣ་ཚོགས་པད་ཉི་འཇིགས་བྱེད་དུས་མཚན་དང་བཅས་པའི་གདན་གྱི་སྟེང་དུ་ ཁྱེད་རང་རྣམས་ཀྱི་སེམས་ཉིད་གཉུག་མ་མི་ཤིགས་པའི་སོགས་སྐུ་བསྐྱེད་རིམ་གྱི་ཕྱག་རྒྱའི་སྒྲུབ་ཐབས་བཞིན། ཡེ་ཤེས་རྡོ་རྗེའི་བདག་ཉིད་ཅན་དུ་གསལ་བར་སྒོམས། དེ་ནས་བླ་མ་ལྷག་པའི་ལྷ་ལ་མོས་གུས་དྲག་པོ་བྱས་པའི་རྐྱེན་གྱིས་བསྐུལ་བས་དཔོན་སློབ་གཉིས་ཀའི་གནས་བཞིའི་ཡི་གེ་ལས་འོད་ཟེར་རྡོ་རྗེའི་ལྕགས་ཀྱུ་ལྟ་བུའི་ཟེར་ཐག་ཆོས་དབྱིངས་གང་བར་འཕྲོས་པས། སྐུ་གསུམ་གྱི་ཞིང་ཁམས་རྒྱ་མཚོ་ནས་བདེ་བར་གཤེགས་པ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ལྷ་ཚོགས་ཐམས་ཅད་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་པའི་རྣམ་པར་བཞེངས་ཏེ་བྱིན་ཐིབས་ཀྱིས་བྱོན། སློབ་མའི་གཞི་ལུས་རྩ་གནས་ཀྱི་ལྷ་དང་བཅས་པའི་གནས་རྣམས་སུ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་ཤིང་བདེ་བ་ཆེན་པོའི་ཡེ་ཤེས་བཟོད་མེད་དུ་འབར་བར་སྒོམས་ཤིག །སྤོས་རོལ་དབྱངས་དང་བཅས། ཨོཾ༔ སྟོང་པ་ཤིན་ཏུ་སོགས་སྒྲུབ་ཐབས་སྔ་མའི་འཕྲོས་སུ་འབྱུང་བའི་སྤྱན་འདྲེན་མཐར། དབང་གཞུང་གི །ཨོཾ་སརྦ་བུདྡྷ་སོགས་འབེབ་སྔགས་དྲག་ཏུ་བཟླས་པས་བྱིན་དབབ། སླར་ཡང་སྤོགས་པའི་ཆོ་ག་ཁྱད་པར་གྱི་བྱིན་དབབ་པའི་སླད་དུ་ཁྱེད་རང་རྣམས་ལུས་ཙོག་པུར་འཁོད་དེ། ལག་གཉིས་སྤྱི་བོར་ཐལ་མོ་སྦྱར། མིག་གཉིས་སྨིན་མཚམས་སུ་གཏད་ཅིང་། ཡུལ་གཞན་དུ་མ་ཡེངས་པར་དམིགས་པ་འདི་ལྟར་སྒོམས་ཤིག །སྨིན་མའི་དབུས་སུ་སོགས་ནས། སྔགས་བཟླ་ཞིང་། རོལ་མོའི་སྒྲ་དང་ཁྱད་པར་གྱི་སྤོས་བདུག་པས་བྱིན་དབབ། དེ་ལྟར་བྱས་པས་ཡེ་ཤེས་ཕེབས་པའི་རྟགས་སྒོ་གསུམ་ལ་ཇི་ལྟར་འཆར་ཡང་དེར་འཛིན་དགག་སྒྲུབ་ཐོངས་ལ་རང་རིག་ཟང་ཀ་མའི་ཉམས་སྐྱོངས་ཤིག །ཅེས་ཉམས་བསྐྱང་དུ་གཞུག །ཡེ་ཤེས་པ་དེ་ཉིད་རྒྱུད་ལ་བརྟན་ཕྱིར་མེ་ཏོག་དང་བཅས་པའི་ཕྱག་གི་རྡོ་རྗེས་རྒྱ་གྲམ་དུ་རྒྱས་བཏབ་པས། ཡེ་ཤེས་ཀྱི་བྱིན་རླབས་སྒོ་གསུམ་ལ་རབ་ཏུ་གནས་ཤིང་བརྟན་པར་བྱས་པར་མོས། ཏིཥྛ་བཛྲ་སོགས། སྔར་བྱིན་པའི་མེ་ཏོག་དེ་ཉིད་བླ་མ་དང་དབྱེར་མེད་ལྷག་པའི་ལྷ་མཆོག་ཚེ་རབས་སྔོན་ནས་འབྲེལ་བ་གང་ཡིན་པ་དེས་བཞེས་སུ་གསོལ་སྙམ་པས། འདིའི་རྗེས་ཟློས་དང་བཅས་ཏེ་ལྟོས་པ་མེད་པར་དཀྱིལ་འཁོར་དུ་ཕུལ་ཅིག །ཨོཾ་པུཥྤེ་མཱ་ལ་སོགས། མེ་ཏོག་གང་དུ་བབས་པའི་ལྷ་ཡི་ཕྱག་གིས་མེ་ཏོག་དེ་ཉིད་སླར་དབང་རྟགས་རིགས་ཀྱི་ཅོད་པན་དུ་བྱིན་གྱིས་བརླབས་ནས་རང་རང་གི་སྤྱི་བོར་བཅིངས་པར་མོས། ཨོཾ་པུཥྤེ་ཛྙཱ་ན་སོགས། ལྷ་དང་སློབ་དཔོན་གཉིས་སུ་མེད་པའི་ཐུགས་ཀ་ནས་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་བྱུང་སྟེ། མིག་རས་དང་ལྷན་ཅིག་མ་རིག་པའི་སྒྲིབ་གཡོགས་བསལ་བར་མོས། རྡོ་རྗེ་བཙུན་མོའི་སོགས། ཡེ་ཤེས་ཀྱི་སྤྱན་ཐོབ་པས་བདག་རྡོ་རྗེ་སློབ་དཔོན་དང་། མདུན་དུ་བཀྲམ་པའི་དཀྱིལ་འཁོར་པ་རྣམས་ཐ་མལ་གྱི་རྣམ་པ་འདི་ལྟ་བུ་མ་ཡིན་པར་གདོད་ནས་རང་བྱུང་ཡེ་ཤེས་ཀྱི་འཁོར་ལོ། གཞི་ལམ་འབྲས་བུའི་ཕྲིན་ལས་ཀྱི་ཡོན་ཏན་རྒྱན་བཀོད་ཞལ་ཕྱག་གི་རྣམ་པར་བཞེངས་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཐོང་བར་མོས་ལ་དད་གུས་དང་སྤྲོ་དགའ་རྒྱ་ཆེན་པོ་སྐྱེད་ཅིག །དེ་རྣམས་ཀྱིས་ཕྱི་ནང་གི་འཇུག་པའི་རིམ་པ་རྣམས་སོང་ནས། དངོས་གཞིའི་དབང་ལ། བུམ་པ་དང་འབྲེལ་བ་ཕན་ནུས་ཀྱི་དབང་དང་། གསང་བ་ཟབ་མོའི་དབང་གསུམ། གྲོལ་བྱེད་ལམ་གྱི་གདམས་ངག་དང་བཅས་པ་རིམ་པར་འབྱུང་བ་རྣམས་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྣལ་འབྱོར་མ་དཔལ་སོགས་ལན་གསུམ། རྒྱུད་ལས༔ སོགས་ནས། བུམ་པ་སྤྱི་བོར་བཞག་པས། མི་བསྐྱོད་པ་ཆུ་ཡི་དབང་བསྐུར་རྫོགས་པར་ཐོབ། རྣམ་ཤེས་ཀྱི་ཕུང་པོ་གཟུང་འཛིན་དུ་བལྟ་བའི་དྲི་མ་བཀྲུས། རང་གསལ་ཡེ་ཤེས་ཆེན་པོ་མངོན་དུ་བྱས་པར་མོས། ཨོཾ༔ ཁྱབ་བདག་རྡོ་རྗེ་སོགས། སླར་ཡང་གསང་བའི་བུམ་པ་མགོ་བོའི་གནས་ལྔར་བཞག་པས། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་གཙོ་བོར་གྱུར་པའི་རིགས་ལྔས་མཚན་པའི་པྲོག་ཞུར་གྱུར་པས་རིན་ཆེན་འབྱུང་ལྡན་ཅོད་པན་གྱི་དབང་ཐོབ། ཚོར་བའི་ཕུང་པོ་མཚན་མར་འཛིན་པའི་དྲི་མ་བཅོམ། རིས་མེད་མཉམ་ཉིད་ཆེན་པོའི་ཡེ་ཤེས་མངོན་དུ་བྱས་པར་མོས། ཨོཾ༔ ཁྱབ་བདག་སོགས། ཚིག་རྐང་གསུམ་པའི་མལ་དུ། ཅོད་པན་དབང་རྟགས་བརྗིད་པ་ཡིས། །ཞེས་བསྒྱུར་བ་དང་། སོ་སོའི་དབང་སྦྱིན་པའི་སྔགས་བརྗོད་པ་འདི་དང་འོག་ཀུན་ལ་འགྲེའོ། །ཐོད་པའི་བདུད་རྩི་མགྲིན་པར་བཞག་ཅིང་ལྗགས་ལ་བྱིན་པ་རྩ་གནས་རྣམས་སུ་ཁྱབ་པས་གཡོ་བྱེད་རླུང་གི་རྒྱུ་བ་བཅད་དེ། འགག་མེད་གསུང་གི་ངོ་བོ་སྣང་བ་མཐའ་ཡས་ཀྱི་རྡོ་རྗེའི་དབང་ཐོབ། གནས་སྣང་འདུ་ཤེས་ཀྱི་ཕུང་པོའི་དྲི་མ་བཅོམ། གཉིས་མེད་སོར་རྟོག་ཆེན་པོའི་ཡེ་ཤེས་མངོན་དུ་བྱས་པར་མོས། ཨོཾ༔ ཁྱབ་བདག་སོགས་ཚིག་རྐང་གསུམ་པར། རང་རིག་ཡེ་ཤེས་རྡོ་རྗེ་ཆེས། ཞེས་བསྒྱུར་ཞིང་། སྔགས་མཐར། ཨ་བྷི་ཥིཉྩ་མི་སྦྱར། ཐོད་པའི་བདུད་རྩི་ཕྱག་ཏུ་གཏད་ཅིང་ཡན་ལག་ལས་དབང་རྣམས་ལ་འཐོར་བས་སྤོང་ལེན་གྱི་རྟོག་པ་བཅོམ་ནས། ལྷུན་གྲུབ་ཕྲིན་ལས་བྱ་བ་གྲུབ་པའི་རང་བཞིན་དོན་ཡོད་གྲུབ་པ་དྲིལ་བུའི་དབང་ཐོབ། འབད་རྩོལ་འདུ་བྱེད་ཀྱི་ཕུང་པོའི་དྲི་མ་བཅོམ། རང་རྩལ་བྱ་བ་ལྷུན་རྫོགས་ཆེན་པོའི་ཡེ་ཤེས་མངོན་དུ་བྱས་པར་མོས། ཨོཾ༔ ཁྱབ་བདག་སོགས་ཚིག་རྐང་གསུམ་པར། ལྷུན་གྲུབ་རྩལ་རྫོགས་དྲིལ་བུ་ཆེ། །ཞེས་བསྒྱུར་ཞིང་། སྔགས་མཐར། ཨ་བྷི་ཥིཉྩ་མི་སྦྱར། དེ་ལྟར་དབང་བསྐུར་སོགས་ནས། དབུ་བརྒྱན་པ་ལ༔ སློབ་དཔོན་དབང་ལྷ་དང་བཅས་པས་མགྲིན་གཅིག་ཏུ་རྡོ་རྗེའི་མིང་བཏགས་པས། ཕྱོགས་ཀྱི་འཁོར་ལོའི་ཞིང་ཁམས་རྒྱ་མཚོར་གྲགས་ཤིང་། རྣམ་པར་སྣང་མཛད་མིང་གི་དབང་ཐོབ། གཟུགས་དང་མིང་གཞིའི་ཕུང་པོ་བདག་ཏུ་ལྟ་བའི་དྲི་མ་བཅོམ། བདག་མེད་མཉམ་ཡངས་ཆོས་དབྱིངས་བརྡལ་བ་ཆེན་པོའི་ཡེ་ཤེས་མངོན་དུ་བྱས་པར་མོས། ཨོཾ༔ ཁྱབ་བདག་སོགས་ཚིག་རྐང་གསུམ་པར། རྣམ་པར་སྣང་མཛད་རྡོ་རྗེའི་མིང་། །ཞེས་བསྒྱུར་མཐར། དཔལ་རྣམ་པར་སོགས་མིང་བཏགས་ཤིང་བདུད་རྩི་སྤྱི་བོར་འཐོར། མཐར། ནམ་མཁའ་གང་བའི་དབང་ལྷ་རྣམས་ཀྱང་བདེ་བ་ཆེན་པོའི་རང་བཞིན་དུ་བྱས་ཏེ་ཁྱེད་རང་རྣམས་ལ་དབྱེར་མེད་དུ་བསྟིམས་ཤིང་། རབ་ཏུ་གནས་པས་བརྟན་པར་བྱས་པར་མོས། མེ་ཏོག་འཐོར་ཞིང་། སུ་པྲ་ཏིཥྛས་བརྟན། དེ་ལྟར་ཕུང་པོ་ལྔ་གདོད་ནས་གྲུབ་པའི་སངས་རྒྱས་ལྔའི་རང་བཞིན་དུ་སད་པར་བྱས་པ་ལ། ཡུལ་དབང་ཤེས་པ་གཉིས་མེད་དག་མཉམ་རྒྱུན་གྱིས་རྟག་པའི་འདོད་ཡོན་དམ་པས་མཆོད་པར་དབང་བའི་ཕྱིར་མེ་ཏོག་ལ་སོགས་པས་མཆོད་པར་མོས། ཨོཾ་བཛྲ་པུཥྤེ་ནས། ཤབྡའི་བར་གྱིས་མཆོད། དེ་ལྟར་དབང་བསྐུར་དམ་པ་ཐོབ་པ་ལ་ལྷ་དང་སློབ་དཔོན་ལྷན་ཅིག་པས་ཤིས་པའི་དབྱངས་དང་མེ་ཏོག་གིས་མངའ་དབུལ་བས་དགེ་ལེགས་སུ་བྱས་པར་མོས། སྤྲོ་ན། ཕུན་སུམ་ཚོགས་པ་སོགས་སམ། བསྡུ་ན། ཆོས་སྐུ་ནམ་མཁའ་སོགས་ལྟ་བུ་རིགས་ལྔའི་བཀྲ་ཤིས་རྒྱས་བསྡུས་ཅི་རིགས་བརྗོད། དེ་རྣམས་ནི་ཕྱི་ཕན་པའི་དབང་ངམ། རྡོ་རྗེ་སློབ་མའི་དབང་གི་བྱ་བ་རྣམས་གྲུབ་ནས། ནང་བསྐྱེད་རྫོགས་ཕྲིན་ལས་ཀྱི་བྱ་བ་ལ་དབང་བར་བྱེད་པ་འཁོར་ལོའི་དབང་ཕྱུག་མའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་ངོ་བོ་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བ་ལ། དང་པོ་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བ་ནི། སློབ་དཔོན་དང་མདུན་བསྐྱེད་གཉིས་སུ་མེད་པའི་དཀྱིལ་འཁོར་གྱི་གཙོ་མོའི་སྐུ་ལས་སྐུ་གཉིས་པ་འོད་ཀྱི་རང་བཞིན་དྭངས་གསལ་སྒྲིབ་མེད་ལུས་དཀྱིལ་རྩ་གནས་ཀྱི་ལྷ་དང་བཅས་པ་བྱོན། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས་ཏེ་ལུས་ལ་ཐིམ་པས། སྐུའི་བྱིན་དབང་མ་ལུས་པ་ཐོབ་པར་མོས། ཨོཾ༔ བཅོམ་ལྡན་རྡོ་རྗེ་སོགས། དེ་ལྟར་དབང་བསྐུར་ཞིང་བསྟིམས་པའི་རྐྱེན་གྱིས་ཁྱེད་རང་རྣམས་ཀྱི་གཞི་ལུས་སྣང་སྟོང་འཇའ་ཚོན་ལྟ་བུའི་རྡོ་རྗེ་བཙུན་མོའི་སྐུར་གྱུར་པའི་ལུས་ཀྱི་ནང་རྩ་གསུམ་འཁོར་ལོ་དང་བཅས་པའི་སྙིང་གའི་དབུས་སུ་རང་འདྲའི་རྡོ་རྗེ་ཕག་མོ། ནང་གི་རྩ་འདབ་བཞི་ལ་སྙིང་པོའི་རྣལ་འབྱོར་མ་བཞི། ཕྱི་སྐོར་བརྒྱད་ལ་སྒོ་མཚམས་མ་བརྒྱད། སྤྱི་བོ་ལ་སོགས་པའི་རྩ་འདབ་རྣམས་སུ་ཡུལ་ཉེར་བཞིའི་རྣལ་འབྱོར་མ་རྣམས་དང་། གཞན་ཡང་རྩ་འཁོར་ཐམས་ཅད་མཁའ་འགྲོའི་ཚོགས་ཀྱིས་ཡོངས་སུ་གང་བའི་གསལ་སྣང་དང་ལྡན་པས། དེང་ཕྱིན་ཆད་སོགས། ལོངས་ཤིག༔ གཉིས་པ་གསུང་བསྙེན་སྒྲུབ་ལས་སྔགས་ཀྱི་བཟླས་ལུང་གི་དབང་བསྐུར་བ་ལ་གསུམ་གྱི། དང་པོ་བསྙེན་སྔགས་ཀྱི་ལུང་ནི། ཁྱེད་རང་རྣམས་ལྷར་གསལ་བའི་སྙིང་གར་ཡེ་ཤེས་སེམས་མའི་ཐུགས་ཀར་སོགས་ལེའུ་གཉིས་པ་བཟླས་པ་སྔགས་ཀྱི་སྒྲུབ་ཐབས་ལྟར། མོས་བཞིན་པས་འདིའི་རྗེས་ཟློས། བསྙེན་སྔགས་ལན་གསུམ། གཉིས་པ་སྒྲུབ་སྔགས་ཀྱི་ལུང་ནི། སླར་ཡང་ཐུགས་ཀའི་སྔགས་ཕྲེང་ལས་སོགས། བརྟན་པར་བསམ་ལ་འདིའི་རྗེས་ཟློས། སྒྲུབ་སྔགས་ལན་གསུམ། གསུམ་པ་ལས་སྔགས་ཀྱི་ལུང་ནི། སླར་ཡང་སྔགས་ཕྲེང་ལས་བདེ་བ་སོགས། གྲུབ་པར་བསམ་ལ་འདིའི་རྗེས་ཟློས། ལས་སྦྱོར་སྔགས་ལན་གསུམ། དེ་རྣམས་ཀྱི་ནུས་པ་ངག་ལ་བརྟན་ཕྱིར་དུང་ཆེན་གྱི་ཕྲེང་བ་ལྷ་སྔགས་ཀྱི་འཁོར་ལོར་ཤར་བ་འདི་མགྲིན་པར་བཞག་པས། རྡོ་རྗེ་བཙུན་མོའི་གསུང་གི་གསང་བ་རབ་འབྱམས་ཀྱི་ནུས་པ་རྒྱུད་ལ་ཞུགས་ཏེ། གསང་སྔགས་ཀྱི་རྒྱལ་མོའི་སྒོ་ནས་དོན་གཉིས་སྒྲུབ་པ་ལ་དབང་ཐོབ་པར་མོས། ཨཱ༔ རིན་ཆེན་ཐོད་པའི་སོགས། ལོངས་ཤིག༔ གསུམ་པ་ཐུགས་ཕྱག་མཚན་གྱི་དབང་བསྐུར་བ་ནི། རྡོ་རྗེ་བཙུན་མོའི་ཐུགས་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཉིད། རྣམ་བཅས་ཐུགས་ཀྱི་བརྡ་རྟགས་ཕྱག་མཚན་རྡོ་རྗེའི་ཁ་ཊྭཱཾ་གའི་རྣམ་པར་སྤྲོས་ཏེ། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་རིག་སྟོང་ཟུང་འཇུག་ཐུགས་ཀྱི་གསང་བ་ཆེན་པོའི་ཏིང་ངེ་འཛིན་ལ་དབང་ཐོབ་པར་མོས། ཧཱུྃ༔ གཉིས་མེད་ཡེ་ཤེས་སོགས། ལོངས་ཤིག༔ བཞི་པ་ཡོན་ཏན་ཡོངས་རྫོགས་གླེགས་བམ་གྱི་དབང་བསྐུར་བ་ནི། རྡོ་རྗེ་བཙུན་མོའི་སྔགས་རྒྱུད་ཡི་གེའི་སྤྲིན་དུ་ཤར་བའི་གླེགས་བམ་སྤྱི་བོར་བཞག་ཅིང་ཕྱག་ཏུ་གཏད་པས་ལྷ་དང་སྐལ་བ་མཉམ་པའི་དངོས་གྲུབ་དམ་པ་ལ་དབང་འབྱོར་ཞིང་། འགྲོ་བའི་རེ་འདོད་ཡིད་བཞིན་དུ་སྐོང་ནུས་པའི་དབང་ཐོབ་པར་མོས། ཧྲཱི༔ མཆོག་ཐུན་དངོས་གྲུབ་སོགས། གྱིས་ཤིག༔ ལྔ་པ་ཕྲིན་ལས་སྣ་ཚོགས་ཀྱི་དབང་བསྐུར་བ་ནི། རྡོ་རྗེ་བཙུན་མོའི་ལྷུན་གྲུབ་ཕྲིན་ལས་ཀྱི་རང་རྩལ་ལས་ཤར་བའི་རྟགས་ཀྱི་ཕྱག་རྒྱ་སྣ་ཚོགས་རྡོ་རྗེ་དང་། ཉོན་མོངས་པའི་བདུད་ལ་ཡེ་ཤེས་ཀྱི་རྩིས་བཏབ་པས་སྣང་སྲིད་དག་མཉམ་བདེ་བ་མཆོག་གི་ཐིག་ལེར་སྦྱོང་བྱེད་བདུད་རྩི་ཕྱག་ཏུ་གཏད་པས། ཐུན་མཆོག་འགྲོ་འདུལ་འཁོར་བ་དོང་སྤྲུགས་ཀྱི་ཕྲིན་ལས་རབ་འབྱམས་ལ་དབང་ཐོབ་པར་མོས། ཧོ༔ ཐུན་མོང་མཆོག་གི་སོགས། དུ་བྱས་པའོ༔ དེ་དག་རྣམས་ཀྱིས་ལུས་སྨིན་པར་བྱེད་པ་བུམ་པའི་དབང་འཁོར་དང་བཅས་པ་གྲུབ་ནས། དེའི་རྗེས་འབྲེལ་དུ་གྲོལ་བྱེད་ཁྲིད་ཀྱི་རིམ་པ་སྟོན་པ་ལ། དང་པོ་སྐུ་བསྐྱེད་རིམ་ཕྱག་རྒྱའི་སྒྲུབ་ཐབས་ནི༔ སོགས་གཏེར་གཞུང་གི་སྐབས་དོན་དང་པོའི་དབུ་ནས་བརྩམ་སྟེ། ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ༔ སྒོ་གསུམ་གྱི་སྡིག་སྒྲིབ་སྦྱོང་བ་བླ་མ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། རང་གི་སྤྱི་བོར་སེང་གེས་བཏེགས་པའི་སོགས་འོག་གི་སྐབས་དོན་གསུམ་པའི་ཐུགས་རྫོགས་རིམ་གྱི་སྐབས་སུ་འབྱུང་བའི་རྡོར་སེམས་དང་། བླ་མའི་རྣལ་འབྱོར་མཐའི། རྟགས་ཐོན་པར་ཉམས་སུ་བླང་ངོ༔ ཞེས་པའི་བར་འདིར་བླངས། དེ་ནས་བགེགས་བསྐྲད་ཅིང་མཚམས་བསྲུང་བ་སོགས་གོང་གི་སྐབས་དོན་དང་པོའི་འཕྲོས་རྣམས་རིམ་པར་གསལ་ཞིང་དག་ལ་གོ་བརྡ་འཕྲོད་ངེས་སུ་སྐབས་དོན་གཉིས་པ་གྲུབ་ཀྱི་བར་བཀླག་པའི། གསུང་བཟླས་པ་ཉེ་བར་བསྙེན་པའི་རྣལ་འབྱོར་རོ༔ བར་གྱི་ཁྲིད་རིམ་ཕོག །དེ་ལྟ་བུའི་ཡེ་ཤེས་སྨིན་པ་དང༔ གྲོལ་བ་དང༔ མཐར་ཕྱིན་པའི་སླད་དུ་གསང་བ་ཟབ་མོ་མཆོག་གི་དབང་གསུམ་བསྐུར་བ་ནི། གཉིས་པ་ཡེ་ཤེས་སྨིན་པར་བྱེད་པ་གསང་བའི་དབང་གི་སླད་དུ༔སོགས། སུ་ཁ༔ ཞེས་ཆེད་དུ་བརྗོད་པ་དང་བཅས་ཏེ་རོལ་པར་ཞུ། དེ་ལྟར་མྱང་བས་སོགས། སྨིན་པར་བསམ་ལ་རླུང་ཁ་སྦྱོར་དུ་ཟུངས་ཤིག །བུམ་ཅན་ཐུན་གཅིག་འཛིན་དུ་གཞུག །དེ་ལྟར་གསང་བའི་སོགས། བྱས་པའོ༔ དེས་ངག་སྨིན་པར་བྱེད་པ་གསང་དབང་གྲུབ་ནས་རྗེས་འབྲེལ་དུ་གྲོལ་བྱེད་ཀྱི་ཁྲིད་ལ། གསུམ་པ་ཐུགས་རྫོགས་རིམ་དེ་ཁོ་ན་ཉིད་ཀྱི་སྒྲུབ་པའི་ཐབས་ལ༔ སྔོན་འགྲོ༔ དངོས་གཞི༔ རྗེས་སོ༔ དང་པོ་སྔོན་དུ་འགྲོ་བ་ནི་གོང་དུ་སོང་། ལེའུ་གསུམ་པའི་བླ་མའི་རྣལ་འབྱོར་འཕྲོས་འབྱུང་བའི། གཉིས་པ་དངོས་གཞི་ལ་བཞི༔ བཀོད་པ་རྩའི་རྣལ་འབྱོར༔སོགས། མི་ཤིགས་པ་ནཱ་དའི་སྒྲ་དབྱངས་ལ་དབང་སྒྱུར་བར་འགྱུར་རོ༔ བར་གྱི་ཁྲིད་ཕོག །གསུམ་པ་སྨིན་པ་གྲོལ་བར་བྱེད་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། མེ་ལོང་སིནྡྷུ་རའི་དཀྱིལ་འཁོར་ལས་རྗེས་ཆགས་བདེ་བའི་ལང་ཚོ་རྫོགས་པའི་རྡོ་རྗེ་རྣལ་འབྱོར་མ་སྤྲོས། ཁྱེད་རང་རྣམས་ཀྱི་ལྟེ་བའི་གཏུམ་མོ་ལ་ཐིམ་པས་བདེ་དྲོད་ལྷག་པར་འཕེལ། ཡས་བབས་དང་མས་བརྟན་གྱི་དགའ་བའི་མཐར་ལྷན་ཅིག་སྐྱེས་དགའ་མི་འགྱུར་བའི་བདེ་ཆེན་མངོན་དུ་བྱས་པར་མོས། ཧཱུྃ༔ རྣམ་ཐར་གསུམ་ལྡན་སོགས། དུ་བྱས་པའོ༔ དེས་ཡིད་སྨིན་པར་བྱེད་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གྲུབ་ནས་རྗེས་འབྲེལ་དུ་གྲོལ་བྱེད་ཀྱི་ཁྲིད་ལ། གསུམ་པ་ཐིག་ལེའི་རྣལ་འབྱོར་ནི༔ སོགས་གོང་འཕྲོས། ལྷན་ཅིག་སྐྱེས་པའི་གནས་ལུགས་ལ་དབང་སྒྱུར་བར་འགྱུར་རོ༔ བར་གྱི་ཁྲིད་ཕོག །བཞི་པ་གྲོལ་བ་མཐར་ཕྱིན་པའི་སླད་དུ་ཚིག་ལས་འདས་པའི་རིག་པ་རྩལ་གྱི་དབང་ཅར་ཕོག་ཏུ་སྦྱིན་པ་ནི། ཤེར་དབང་གི་སྐབས་སུ་མྱོང་བའི་ཞུ་བདེའི་བདེ་བས་དྲངས་པའི་སྟོང་ཉིད་སོགས། ངང་དུ་མ་བཅོས་པར་མཉམ་པར་ཞོག་ཅིག །ཨ༔ བདེ་ཆེན་རྡོ་རྗེ་སོགས། དུ་བྱས་པའོ༔ དེས་སྒོ་གསུམ་སྨིན་པར་བྱེད་པ་དབང་བཞི་པ་གྲུབ་ནས་རྗེས་འབྲེལ་དུ་གྲོལ་བྱེད་ཀྱི་ཁྲིད་ལ། བཞི་པ་ཡེ་ཤེས་ཀྱི་རྣལ་འབྱོར་ནི༔ སོགས་སྔ་མའི་འཕྲོས་ནས། དེ་ཁོ་ན་ཉིད་སྒྲུབ་པའི་རྣལ་འབྱོར་བསྟན་ཟིན་ཏོ༔ བར་གྱིས་གྲུབ། དེ་རྣམས་ཀྱིས་རྩ་བའི་དབང་བསྐུར་ཁྲིད་དང་བཅས་པ་ལེགས་པར་གྲུབ། གཉིས་པ་སྨིན་པར་སློབ་པའི་དབང་དུ་བྱས་ནས་མཐའ་རྟེན་ཡན་ལག་གི་དབང་བསྐུར་བ་ལ་གསུམ་ལས། ཐུན་མོང་དུ་གཅེས་པ་ཉམས་ཆག་སྐོང་བའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ། བླ་མ་དང་ལྷག་པའི་ལྷ་དབྱེར་མེད་པའི་དྲུང་དུ་ཐལ་མོ་མེ་ཏོག་དང་བཅས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སྐབས་དོན་ལྔ་པའི་ལས་ཚོགས་བཅུ་གཉིས་པ་སྐོང་བའི་ལས་རིམ་ལྟར། བདེ་ཆེན་རྡོ་རྗེ་བཙུན་མོ་སོགས་ལན་གསུམ། རྒྱུད་སྦྱོང་བའི་སླད་དུ་བླ་མ་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་གྱི་འཁོར་ལོ་མཁའ་ཁྱབ་ཏུ་བཞུགས་པའི་སྤྱན་སྔར། གསག་སྦྱང་སྤེལ་གསུམ་གྱི་གནད་བསྡུས་པ་རྒྱུན་བཤགས་ཡན་ལག་བརྒྱད་པའི་དོན་གསལ་འདེབས་བཞིན་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སོགས་ལན་གསུམ། དབང་གི་གཞི་འགོད་པའི་སླད་དུ༔སོགས། དབང་བཞིའི་ཡེ་ཤེས་སྨིན་པའི་སླད༔དུ་ལུས་གནས་རྩ་དང་བཅས་པ་འཛིན་རྟོག་གི་ཟག་པ་བྲལ་བ་མཚོན་པའི་ཀོང་བུར་རང་རིག་སྣང་སྟོང་ཟུང་འཇུག་སྐྱེ་བ་མེད་པའི་སྒྲོན་མེ་སྦར་བ་སྤྱི་བོར་བཞག་པས། སྐུ་བུམ་པའི་དབང་ཐོབ་ནས་ཐ་མལ་གྱི་སྣང་ཞེན་ཐམས་ཅད་རང་སར་བཅོམ། ཕྱི་ནང་གི་སྣང་ཡུལ་དག་པ་ལྷའི་སྐུར་འཆར་ནུས་པའི་དབང་མཆོག་ཐོབ་པར་མོས། ཨོཾ༔ ལུས་གནས་རྩ་ཡི་སོགས། སྲོག་རྩོལ་རླུང་གི་གཡོ་བ་རང་སར་དེངས་པ་མཚོན་པའི་ཀོང་བུར་རང་རིག་གསལ་སྟོང་ཟུང་འཇུག་འགག་པ་མེད་པའི་སྒྲོན་མེ་སྦར་བ་མགྲིན་པར་བཞག་པས། གསུང་གསང་བའི་དབང་ཐོབ་ནས་ལས་རླུང་གི་འཕོ་བ་རང་སར་ཐིམ་སྟེ། སྒྲ་གྲགས་དག་པ་སྔགས་ཀྱི་རང་བཞིན་ནཱ་དའི་རང་སྒྲར་འཆར་ནུས་པའི་དབང་མཆོག་ཐོབ་པར་མོས། ཨཱ༔ སྲོག་རྩོལ་རླུང་གི་སོགས། ཁམས་དཀར་དམར་གྱི་བགྲོད་པའི་འཕེལ་འགྲིབ་རང་སར་ཟད་པའི་མི་འགྱུར་ཐིག་ལེའི་ཀོང་བུར་རང་རིག་བདེ་སྟོང་ཟུང་འཇུག་འགྱུར་བ་མེད་པའི་སྒྲོན་མེ་སྦར་བ་སྙིང་གར་བཞག་པས། ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་ནས་འགྱུ་རྟོག་འཕོ་བའི་ཁམས་རང་སར་བརྟན་ཏེ། རིག་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་འཆར་ནུས་པའི་དབང་མཆོག་ཐོབ་པར་མོས། ཧཱུྃ༔ དཀར་དམར་ཐིག་ལེའི་སོགས། ཆོས་ཅན་དུ་སྣང་ཞིང་འཛིན་པའི་རྟོག་པ་གཞི་ལ་ཐིམ་པ་མཚོན་པའི་ཀོང་བུར་རང་རིག་རིག་སྟོང་ཟུང་འཇུག་སྤྲོས་པ་བྲལ་བའི་སྒྲོན་མེ་སྦར་བ་མིག་སྔར་བསྟན་པས། ཡོངས་རྫོགས་ཡེ་ཤེས་རྡོ་རྗེའི་ཚིག་དབང་ཐོབ་ནས་གཉིས་འཛིན་ཤེས་བྱའི་སྒྲིབ་པའི་མུན་པ་གཞི་ལ་དག་སྟེ། དབྱིངས་སྟོང་པ་ཆེན་པོ་དང་རིག་པ་ལྷན་སྐྱེས་ཀྱི་བདེ་བ་དམ་པ་དབྱེར་མེད་མཉམ་པ་ཉིད་ཡེ་ཤེས་ཆེན་པོའི་དགོངས་རྩལ་རྫོགས་ནུས་པའི་དབང་མཆོག་ཐོབ་པར་མོས། ཧོ༔ ཆོས་ཅན་རྟོག་པའི་སོགས། མངོན་གྱུར་བསམ༔ རྗེས་མར་མེའི་སྨོན་ལམ་གདབ་པ་ནི། དཔོན་སློབ་ལྷན་ཅིག་པས་ཚིག་རིས་དང་མཐུན་པའི་ཐུགས་སྨོན་དང་། གཞི་འཁོར་འདས་དབྱེར་མེད་ཀྱི་ལྟ་བ། ལམ་སྟོང་ཉིད་སྙིང་རྗེ་བྱང་ཆུབ་སེམས་ཀྱི་ཀུན་སློང་། འབྲས་བུ་དབྱིངས་རིག་དབྱེར་མེད་ཀྱི་དགོངས་པས་ཕྲིན་ལས་འབད་མེད་ལྷུན་གྲུབ་ཀྱི་གདེང་དང་ལྡན་པས་འདིའི་རྗེས་ཟློས། ཧོ༔ གསང་མཆོག་རྡོ་རྗེ་སོགས་གོང་གི་མར་མེའི་སྨོན་ལམ་བྱ། དེ་ལྟར་ཉམས་ཆག་སྐོང་བའི་དབང་བསྐུར་ཟབ་མོ་ལེགས་པར་ཐོབ་པས་བསྐལ་པར་བསགས་པའི་སྒྲིབ་པ་སངས། ཕྱིན་ཆད་ཉེས་ལྟུང་གི་དྲི་མས་མི་བརྫི་བའི་རིག་རྩལ་ཡོངས་སུ་རྒྱས་པ་ལ་བཀྲ་ཤིས་པའི་གླུ་དང་མེ་ཏོག་གི་ཆར་གྱིས་ཀྱང་མངའ་དབུལ་བས་བདེ་ལེགས་ཕུན་སུམ་ཚོགས་པར་གྱུར། བཀྲ་ཤིས་ནི། ཧཱུྃ། རིག་པ་གཏིང་གསལ་མཐའ་དབུས་མེད་པའི་རྩལ། །འོད་གསལ་སྣང་བའི་ཟེར་སྤྲིན་ཆེས་འབར་བས། །མ་རིག་གཉིས་འཛིན་མུན་པ་རང་སངས་ནས། །ཡེ་ཤེས་སྣང་བ་རྒྱས་པའི་བཀྲ་ཤིས་ཤོག །ཅེས་བརྗོད། དེས་ནི་དབང་བཞིའི་སོགས། སྐལ་བ་ཅན་དུ་འགྱུར་བ་ཡིན་ནོ། །ཞེས་རྟོགས་པ་བརྗོད། མཆོག་གི་དངོས་གྲུབ་ཀྱི་ཉེ་རྒྱུ་བདུད་རྩི་སྨན་གྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ། བླ་མ་ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་གདོད་ནས་གྲུབ་པའི་བདུད་རྩི་མཆོག་གི་དཀྱིལ་འཁོར་པར་གསལ་བ་ལ་མི་ཕྱེད་དད་པས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ལས་ཚོགས་བཅུ་གསུམ་པ་སྨན་སྒྲུབ་ལྟར། བདེ་ཆེན་རྡོ་རྗེ་སོགས་རྒྱུན་བཤགས་གོང་བཞིན་བྱ། དབང་གི་གཞི་དགོད་པ་ཡེ་ཤེས་ཀྱི་བྱིན་དབབ་པའི་སླད་དུ་བདག་དང་སློབ་མ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་སྐུ་མདོག་དཀར་མོ། རྣ་ལྟག་གཡས་སུ་ཕག་ཞལ་ནག་པོ་ངུར་བ། ཕྱག་གཉིས་གྲི་ཐོད་བསྣམས་ཤིང་གྲུ་མོར་ཁ་ཊྭཱཾ་འཆང་བ་དར་དང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་གསལ་བའི་ཐུགས་ཀ་ནས་སྔགས་ཀྱི་སྒྲ་དང་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་བཅོམ་ལྡན་འདས་མ་སོགས་ལྡེ་གུ་སྒྲུབ་པའི་བཟླས་དམིགས་ལྟར། ཆར་དྲག་ཏུ་བབས་པ་ཙམ་དུ་བྱུང༔ སློབ་མ་ལ་ཐིམ་པས་བདེ་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས་པར་སྒོམས་ཤིག །སྤོས་རོལ་དབྱངས་བཅས། ཧཱུྃ༔ འོག་མིན་རྡོ་རྗེ་བཙུན་མོའི་སོགས་གོང་གི་བདུད་རྩིའི་བྱིན་འབེབ་ཀྱི། དམ་ཚིག་སྒྲུབ་པའི་སོགས་ཚིག་རྐང་གཉིས་ཀྱི་མལ་དུ། སློབ་མའི་ལུས་ངག་ཡིད་ལ་སྟིམས། །སྣང་གྲགས་དྲན་རྟོག་དག་པ་ཡི། །ཞེས་བསྒྱུར་ལ། བདེ་ཆེན་རྡོ་རྗེའི་སོགས་སྔགས་བཅས་ཀྱིས་བྱིན་དབབ། དེ་ལྟར་དབབ་པའི་བྱིན་རླབས་ཀྱི་རྒྱུན་བརྟན་པར་གྱུར་ཅིག །ཏིཥྛ་བཛྲས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་བཀོད། དབང་དངོས་ལ་བུམ་གསང་ཤེར་ཚིག་བཞིའི་རིམ་པ་དང་འབྲེལ་བ་ལས། དང་པོ་བུམ་དབང་བསྐུར་བ་ནི། བདུད་རྩིའི་ཕོ་བྲང་སྤྱི་བོར་བཞག་པས་ལྷ་ཚོགས་རྣམས་ཀྱི་སྐུའི་བྱིན་རླབས་ཀྱི་ཐིག་ལེ་འོད་ཟེར་བདུད་རྩིའི་རྒྱུན་གྱི་རྣམ་པར་བྱོན། སློབ་མའི་ཚངས་བུག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་བདག་དང་མཚན་མར་ལྟ་བའི་ཕུང་པོའི་བདུད་བཅོམ། སྣང་བ་ལྷའི་འཁོར་ལོར་དག་པའི་དབང་ཐོབ་པར་མོས། ཨོཾ༔ བདེ་གཤེགས་སྐུ་དང་སོགས། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ༔ ཀཱ་ཡ་སོགས་བཏགས་པ་བརྗོད། བདུད་རྩིའི་ཕུར་མ་མིག་ལམ་དུ་བསྟན་ཅིང་། མཐོང་བས་གྲོལ་བའི་དབང་འདི་བསྐུར་པས་སྣང་བ་ཐམས་ཅད་ལྷའི་རོལ་པར་འཆར་བའི་ནུས་པ་རྒྱུད་ལ་བཞག་ནས། དེང་ཕྱིན་ཆད་ཅིར་སྣང་ཐམས་ཅད་ལྷ་དང་གཞལ་ཡས་ཁང་དུ་ཤེས་པས་ཐ་མལ་གྱི་སྣང་ཞེན་ཐམས་ཅད་ལ་རྒྱས་ཐེབས་པས་རིག་སྟོང་སྐུའི་འཁོར་ལོར་ཤེས་པར་གྱིས་ཤིག །གཉིས་པ་གསང་བའི་དབང་བསྐུར་བ་ནི། བདུད་རྩིའི་ཕོ་བྲང་མགྲིན་པར་བཞག་པས་ལྷ་ཚོགས་རྣམས་ཀྱི་གསུང་གི་བྱིན་རླབས་ཀྱི་དབྱིག་འོད་ཟེར་བདུད་རྩིའི་རྣམ་པར་བྱོན། སློབ་མའི་མགྲིན་པ་ནས་ཞུགས། ལུས་ཀྱི་རྩ་གནས་ཐམས་ཅད་ལ་ཁྱབ་པས་ལས་རླུང་གི་གཡོ་བ་འཁོར་བའི་རྩ་བ་སྐྱེད་བྱེད་ཉོན་མོངས་པའི་བདུད་བཅོམ། སྒྲ་གྲགས་གཞོམ་མེད་སྔགས་ཀྱི་འཁོར་ལོར་དག་པའི་དབང་ཐོབ་པར་མོས། ཨཱ༔ བདེ་གཤེགས་གསུང་དང་སོགས་ནས། ཚོར་བས་རྣམ་པར་གྲོལ་བའི་དངོས་གྲུབ་ཐོབ། རང་རིག་ངོ་བོ་སྟོང་ལ་འོད་གསལ་མ་འགགས་གཞོམ་དུ་མེད་པ་རྡོ་རྗེ་ནཱ་དའི་རང་སྒྲའི་ཕྱག་རྒྱ། གཡོ་རྩོལ་ངག་གི་བྱེད་ལས་ཐམས་ཅད་ལ་ཐེབས་པས་གསལ་སྟོང་ཟུང་འཇུག་གི་ཡེ་ཤེས་སུ་སྨིན་པས་སྒྲ་སྐད་གྲགས་སྟོང་གསུང་གི་འཁོར་ལོར་བལྟ་བར་གྱིས་ཤིག །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། བདུད་རྩིའི་ཕོ་བྲང་སྙིང་གར་བཞག་ཅིང་ལྕེ་ལ་མྱང་བས་ལྷ་ཚོགས་རྣམས་ཀྱི་ཐུགས་ཀྱི་བྱིན་རླབས་ཀྱི་དབྱིག་འོད་ཟེར་བདུད་རྩིའི་རྣམ་པར་བྱོན། སློབ་མའི་སྙིང་གར་ཐིམ་པས་བདག་གཞན་གཉིས་སྣང་འཕོ་བའི་བག་ཆགས་འཆི་བདག་གི་བདུད་བཅོམ། དྲན་རིག་སོ་མ་མི་འགྱུར་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་དགོངས་པ་མངོན་དུ་བྱས་ཏེ། འགྱུ་རྟོག་གཉུག་མ་རང་གྲོལ་ཐུགས་ཀྱི་འཁོར་ལོར་དག་པའི་དབང་ཐོབ་པར་མོས། ཧཱུྃ༔ བདེ་གཤེགས་ཐུགས་དང་སོགས་ནས། ཧྲཱིཿལ་ཐིམ་པའི་རྐྱེན་གྱིས་བདེ་བས་ཐབས་བྱས་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས། དྲན་རྟོག་ཐམས་ཅད་ཤར་གྲོལ་དུས་མཉམ་བློ་ལས་འདས་པ་མི་རྟོག་པའི་བདེ་བ་དང་། རྣམ་ཀུན་མཆོག་ལྡན་མི་འགྱུར་བའི་སྟོང་ཆེན་ཟུང་དུ་འཇུག་པའི་སྤྲོས་བྲལ་བདེ་སྟོང་གི་ཕྱག་རྒྱ། འཁོར་འདས་སུ་སྣང་བའི་ཆོས་སོ་ཅོག་ལ་རྒྱས་ཐེབས་པས་འགྱུར་མེད་གཉུག་མ་ཐུགས་ཀྱི་འཁོར་ལོར་རྫོགས་པ་ཤེས་པར་གྱིས་ཤིག །བཞི་པ་སྤྲོས་མེད་དོན་གྱི་དབང་བསྐུར་བ་ནི། བདུད་རྩིའི་ཕོ་བྲང་ཕྱག་ཏུ་གཏད་ཅིང་སྙིང་གར་ཐིག་ལེས་རེག་པས། ལྷ་ཚོགས་རྣམས་ཀྱི་རྡོ་རྗེ་བཞིའི་བྱིན་རླབས་ཀྱི་དབྱིག་འོད་ཟེར་བདུད་རྩིའི་རྣམ་པར་བྱོན། ཁྱེད་རང་རྣམས་ལ་ཐིམ་པས་གཟུང་འཛིན་ཞེན་ཅིང་ཆགས་པའི་འཛིན་རྟོག་བརྟས་པས་ཤེས་བྱ་ལ་སྒྲིབ་པ་ལྷའི་བུའི་བདུད་བཅོམ། དབྱིངས་ཟབ་མོ་སྟོང་པ་ཉིད་དང་རིག་པ་འགྱུར་མེད་བདེ་ཆེན་བྱང་ཆུབ་ཀྱི་སེམས་གཅིག་དང་དུ་མའི་སྤྲོས་པ་ཐམས་ཅད་དང་བྲལ་བའི་རང་ངོར་ཆོས་ཟད་བློ་འདས་འུབ་ཆུབ་ཆེན་པོའི་དབང་ཐོབ་པར་མོས། ཧོ༔ བདེ་གཤེགས་དབྱིངས་དང་སོགས། འགྲོ་འོང་དང་བྲལ་བ་ཡོད་མེད་ཡིན་མིན་སྤྲོས་པའི་བློ་རྟོག་གིས་མ་རེག་པའི་ཀ་དག་ཀུན་ཏུ་བཟང་པོའི་གཞི་དབྱིངས་ཨ་ཏི་ཁྱབ་བརྡལ་མི་དམིགས་པའི་དམིགས་པ་ཆེན་པོའི་ཕྱག་རྒྱས། བྱ་རྩོལ་གཉིས་རྟོག་ལ་ཐེབས་པས་གཉིས་སུ་མེད་ཅིང་འགྲོ་འོང་སྤང་ཐོབ་དང་བྲལ་བའི་གནས་ལུགས་ཡེ་ཤེས་ཀྱི་འཁོར་ལོའི་རང་ཞལ་མ་བཅོས་པའི་ངང་ནས་བལྟ་བྱ་ལྟ་བྱེད་ལས་འདས་པའི་དབྱིངས་སུ་ལྟོས་ལ་མཉམ་པར་ཞོག་ཅིག །དེ་ལྟར་བདུད་རྩིའི་སོགས་ནས། སྐལ་པ་རྒྱུད་ལ་བཞག་པ་ལ། ཕྱོགས་དུས་ཀྱི་བདེ་གཤེགས་མཁའ་འགྲོ། ལྷ་དང་སློབ་དཔོན་གྲུབ་པ་དང་བཅས་པས་བཀྲ་ཤིས་པའི་མེ་ཏོག་སིལ་མའི་ཆར་གྱིས་གཟེངས་བསྟོད་ཅིང་དགེ་ལེགས་སུ་བྱས་པར་གྱུར། ཨོཾ༔ བཀྲ་ཤིས་གང་ཞིག་སོགས་ནས། ཆེ་ལ་སྦྱོར༔ ཞེས་སོགས་རྒྱ་ཆེར་བསྔགས་པ་དོན་དང་ལྡན་པར་མངོན་སུམ་དང་རྗེས་དཔག་གི་ཚད་མས་གྲུབ་པ་ཡིན་ནོ། །དེ་ལྟ་བུའི་ཕྲིན་ལས་རྨད་དུ་བྱུང་བའི་སྒོ་ནས་བདག་དང་གཞན་གྱི་དོན་རབ་འབྱམས་བསྒྲུབ་པ་ལ་དབང་ཞིང་། གྲུབ་པའི་འབྲས་བུ་མྱུར་དུ་འབྱིན་པའི་ནུས་པ་རྒྱུད་ལ་འཇོག་པའི་ཆོ་ག་ཟབ་མོ་ལེགས་པར་གྲུབ་ནས། མཐའ་རྒྱས་བཀྲ་ཤིས་འཆི་མེད་ཚེའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ། འཆི་མེད་ཚེའི་དབང་བསྐུར་བ་ལ་ཚེ་རྟེན་གསལ་གདབ་པ། ཚེ་བཅུད་བསྡུ་བ། སྒྲུབ་རྫས་ཀྱིས་དབང་བསྐུར་ལ་མི་འགྱུར་བའི་རྒྱས་གདབ་རྣམས་ལས། དང་པོ་ཚེ་རྟེན་གསལ་གདབ་པ་ནི། དཔོན་སློབ་གཉིས་ཀ་འཆི་མེད་རྡོ་རྗེ་ཕག་མོར་གསལ་བའི་སྙིང་དབུས་ཞེས་དང་། ལས་ཚོགས་ལྔ་པ་རྡོ་རྗེའི་ཚེ་སྒྲུབ་པའི་དབུར་འབྱུང་བ་ལྟར།་་་ཡེ་ཤེས་སེམས་མའི་ཐུགས་ཀའི་དབུས་སུ་ཉི་ཟླའི་གྭའུ་སོགས། སྲོག་འགྲུབ་པར་བསམ་པའི་ཏིང་འཛིན་བརྟན་པོ་མཛོད་ཅིག །གཉིས་པ་ཚེ་བཅུད་བསྡུ་བ་ནི། བདག་དང་སློབ་མ་ལྷར་གསལ་བའི་ཐུགས་སྲོག་ལས་སྔགས་ཀྱི་འོད་ཟེར་མཆོད་པའི་སོགས། རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་པར་མོས་ཤིག །མདའ་དར་གཡབ་ཅིང་། ཨོཾ༔ བཅོམ་ལྡན་རྡོ་རྗེ་སོགས་ཚེ་འགུགས་གྱེར་ཞིང་། སྒྲུབ་སྔགས་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་ཛྙཱ་ན་ཧཱུྃ་ཕཊ་སྭཱ་ཧཱའི་ཤམ་དུ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ བཏགས་པ་བཅས་བརྗོད། གསུམ་པ་སྒྲུབ་རྫས་ཀྱིས་དབང་བསྐུར་ཞིང་རྒྱས་གདབ་པ་ནི། སྒྲུབ་རྫས་རིལ་བུའི་ཕོ་བྲང་ཚེ་གཏོར་དང་བཅས་པ་སྣོད་བཅུད་ཡོངས་རྫོགས་འཆི་མེད་ལྷ་མཆོག་རྡོ་རྗེ་བཙུན་མོ། སྙིང་པོའི་རྣལ་འབྱོར་མ་བཞི། སྒོ་མཚམས་མ་བཅུ་གཉིས། ཐུགས་གསུང་སྐུའི་འཁོར་ལོའི་ཡུལ་ཉེར་བཞིའི་རྣལ་འབྱོར་མའི་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་རྟེན་བརྟེན་པར་བཅས་པའི་ཕྱག་རྒྱར་བཞེངས་པ་ལ། ཕྱོགས་དུས་ཀྱི་བདེ་གཤེགས་ལྷ་དང་དྲང་སྲོང་རིག་འཛིན་ཚེའི་དངོས་གྲུབ་བརྙེས་པའི་འཁོར་རབ་འབྱམས་ཞིང་གི་རྡུལ་སྙེད་སྤྲིན་ཕུང་གཏིབས་པས་བསྐོར་བ་རྣམས་ཀྱིས། འཁོར་འདས་བརྟན་གཡོའི་དྭངས་མ་རྣམས་འཆི་མེད་རྡོ་རྗེ་ཚེའི་དངོས་གྲུབ་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་སྦྲང་རྩི་ལྟ་བུའི་ཆར། བཀྲ་ཤིས་པའི་རྟགས་ཀྱི་རི་མོའི་གཟུགས་འོད་ཟེར་དགའ་བ་འཁྱིལ་པའི་ཐིག་ལེར་འཆར་བ་སྟེང་འོག་ཕྱོགས་བཅུ་ཀུན་ནས་བསྙིལ་བ་དང་། སྐུ་གསུང་ཐུགས་ཀྱི་སྒྲོམ་བུ་ལས་མཆོག་གི་དངོས་གྲུབ་བདུད་རྩི་ཨ་མྲྀཏ་དཀར་དམར་མཐིང་གའི་མདངས་འོད་ཆགས་པའི་རྒྱུན་ཆེན་པོ་བབས། སློབ་མའི་གནས་གསུམ་ནས་ཞུགས་ཏེ་སྒོ་གསུམ་ལ་ཐིམ་པས། ཐུན་མོང་ཉི་ཟླ་ལྟ་བུའི་ཚེ། རྡོ་རྗེ་ལྟ་བུའི་ལུས། ནམ་མཁའ་ལྟ་བུའི་སྲོག་རྣམས་དང་། མཆོག་ཏུ་གསང་བ་གདོད་ནས་འཕོ་འགྱུར་གྱི་མཚན་མས་མ་གོས། གོས་པ་མེད་པ་རང་རིག་གཉུག་མ་འགྱུར་མེད་བདེ་ཆེན་ཁྱབ་བརྡལ་ལྷུན་གྲུབ་རིས་མེད་མཉམ་ཡངས་རྟག་བརྟན་རྡོ་རྗེའི་དོན་རྟོགས་པས། སྐྱེ་ཤི་མེད་པ་མཆོག་གི་དངོས་གྲུབ་སྟན་ཐོག་འདི་ཉིད་དུ་ཐོབ་པའི་ངེས་ཤེས་སྐྱེད་ཅིག །ཨོཾ༔ འཆི་མེད་རྡོ་རྗེ་སོགས་སྐུ་གསུང་ཐུགས་དབང་བསྐུར། ཐབས་ཤེས་ཀྱི་རྫས་ཚེའི་བཅུད་ལེན་གྲུབ་པའི་རིལ་བུ་དང་། སྐྱེ་འཆི་གཉིས་རྟོག་གི་བདུད་ལ་གཉིས་མེད་གཉུག་མའི་རྒྱུན་གྱིས་རྩིས་མི་འགྱུར་བའི་སྲོག་འགྲུབ་པར་བྱེད་པ་ཨ་མྲྀཏ་ལ་ལོངས་སྤྱོད་པས། ཐུན་མོང་ཚེ་དང་ཐུན་མིན་མཆོག་གི་དཔལ་ཕུན་སུམ་ཚོགས་པ་དང་ལྡན་པའི་དངོས་གྲུབ་ཐོབ་པར་མོས། ཐོད་པའི་ཚེ་རིལ་དང་ཚེ་ཆང་བྱིན་ལ། ཧོ༔ ཐབས་ཤེས་ཚེ་ཡི་སོགས། དེ་ལྟར་ཚེ་དབང་ཟབ་མོ་བསྐུར་པས་ཚེ་དང་ཡེ་ཤེས་ཀྱི་སོགས། མཉམ་པར་གྱུར་པ་ལས་མི་འདའ་བར་རྒྱས་གདབ་པའི་ཕྱིར་དམིགས་པ་འདི་བཞིན་དུ་མཛོད། གོང་གི་ཚེ་འགུགས་མཐའི། དེ་ལྟར་བསྡུས་པའི་སོགས། གཡོགས་པས་ཉེ་བར་འཚེ་བ་གང་གིས་ཀྱང་གླགས་མི་རྙེད་ཅིང་། ནམ་ཡང་འགྱུར་བ་མེད་པའི་སྲོག་ཐོབ་པར་མོས། ཨ༔ རྟག་པ་རྒྱུན་གྱི་སོགས། ཨ༔ འོག་གི །དེ་ལྟར་བརྩོན་པས་སོགས། བརྟན་པར་འགྱུར་བས། དེ་ལྟ་བུའི་དོན་ལ་ཐེ་ཚོམ་མེད་པའི་ངེས་ཤེས་དང་ལྡན་པས་སྤྲོ་བ་བསྐྱེད་འཚལ། སླར་ཡང་ནམ་མཁའ་གང་བའི་ཚེ་ལྷ་རྩ་གསུམ་རྒྱལ་བའི་ཚོགས་ཀྱིས་རྣམ་བཀྲ་ལྷའི་མེ་ཏོག་མནྡཱ་རཿབའི་ཆར་གྱི་རྒྱུན་དང་། ཤིས་པའི་དབྱངས་ཀྱིས་མངའ་དབུལ་བར་མོས། ཤིས་པ་རྒྱས་པར་བརྗོད། དེ་ལྟར་རྩ་བ་དང་ཡན་ལག་གི་དབང་བསྐུར་བ་རྒྱས་པར་གྲུབ་ནས། སྨིན་གྲོལ་ཐམས་ཅད་ཀྱི་སྲོག་དམ་ཚིག་རྣམ་པར་དག་པའི་ཚུལ་དུ་བསྒྲུབ་དགོས་ཏེ། དེའང་རྒྱུད་ལས༔ རྡོ་རྗེ་ཕག་མོའི་སོགས་སྐབས་དོན་བདུན་པ་ལྟར། འདི་ནི་མཆོག་གི་དམ་ཚིག་ཡིན༔ ཅེས་གསུངས་པས་མཚོན། སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་གིས་བསྡུས་པ་མཐའ་དག་ཅི་ནུས་སུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དབང་གི་རྗེས་རྣམས་སྤྱི་ལྟར་བྱ། ཆོ་གའི་རྗེས་འཇམ་མགོན་རྡོ་རྗེ་འཆང་གི་གསུང་ལག་ལེན་དྲན་ཐོ་ཡེ་ཤེས་གསལ་བའི་རྒྱན་བཞིན་བགྱིས་པས་གྲུབ་བོ།། །། ༈ ཞིག་པོ་གླིང་པའི་གཏེར་བྱོན་རྩ་བ་ལ་བརྟེན་ནས་རིག་འཛིན་ཚེ་དབང་ནོར་བུར་དག་སྣང་བྱུང་བ་ཟུང་འབྲེལ་འཕགས་མ་ཡིད་བཞིན་ཟླ་བ་ཚེ་སྦྱིན་མའི་སྒྲུབ་ཐབས་སྙིང་པོར་དྲིལ་བ་འཆི་མེད་བདུད་རྩིའི་གཏེར་མཛོད་ལྟར་དབང་སྒྲུབ་ལ། གསོལ་འདེབས་སྔོན་འགྲོས་སྐྱབས་སེམས་ཚོགས་གསག་མཆོད་རྫས་བྱིན་གྱིས་བརླབས། དངོས་གཞི་ཚིག་རིས་གཅིག་གིས་བདག་མདུན་དབྱེར་མེད་དུ་གསལ་གདབ་ཅིང་། གཟུངས་ཐག་བླངས་ལ་བཟླས་པ་ཅི་འགྲུབ་མཐར་བུམ་ལྷ་འོད་ཞུ་བྱ། གཏོར་མ་འབུལ་ཞིང་སྒྲུབ་ཐབས་བཞིན་མཆོད་བསྟོད། ཕྱག་འཚལ་ཉེར་གཅིག་དང་འདོད་དོན་གསོལ། ལས་བུམ་རྟ་མགྲིན་དང་འཁྱིལ་བ་གང་རུང་བསྒྲུབ། བདག་འཇུག་ལེན་པའམ། བསྡུ་ན་རིག་མེ་དོར་ཞིང་གནང་བ་ནོད། དབང་དངོས་ལ། དེ་ལ་འདིར་རྒྱ་བོད་རིག་འཛིན་དབང་ཕྱུག་ཀུན་གྱི་ཐུགས་དམ་གསང་བའི་ལྷ་མཆོག་གཅིག་པུར་ངེས་ཤིང་། འཆི་མེད་ཀྱི་དངོས་གྲུབ་སྩོལ་བ་ལ་ལྷག་པའི་ལྷ་གཞན་ལས་དངོས་གྲུབ་མྱུར་བ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་དཀར་མོ་ཡིད་བཞིན་ཟླ་བ་ཚེ་སྦྱིན་མའི་དབང་བསྐུར་བསྒྲུབ་པའི་སྐབས་སུ་བབས་པ་སྟེ། དེའང་ངོ་བོ་ཆོས་ཀྱི་དབྱིངས་ཟབ་མོ་སྟོང་པ་ཉིད་རྣམ་ཀུན་མཆོག་ལྡན་ཆོས་ཐམས་ཅད་སྐྱེད་པའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཉིད། རྣམ་བཅས་གཟུགས་ཀྱི་སྐུར་བཞེངས་ནས་འགྲོ་བ་རྣམས་སྒྲོལ་བའི་ཕྲིན་ལས་དུས་གསུམ་དུ་གཤེགས་པའི་མིའི་སེང་གེ་ཇི་སྙེད་ཅིག་བྱོན་པ་ཐམས་ཅད་ཀྱི་ཕྲིན་ལས་མཛད་པའི་ཚུལ་ནི། ཐམས་ཅད་མཁྱེན་པ་ཁོ་ནའི་སྤྱོད་ཡུལ་དུ་གྱུར་མོད། ཚུར་མཐོང་ཕྱོགས་གཅིག་པའི་བློ་ངོར་ཡང་། བྱང་ཆུབ་སེམས་དཔའ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྤྱན་ཆབ་ལས་འཁྲུངས་པའི་ཚུལ་བསྟན་ནས། ཉིན་རེ་བཞིན་སེམས་ཅན་བྱེ་བ་བརྒྱ་ཕྲག་རེ་ཕྱིར་མི་ལྡོག་པའི་ས་ལ་བཀོད་པ་དང་། ཐུབ་པའི་སྤྱན་སྔར་སྲིང་མོ་གངྒཱའི་ལྷ་མོར་སྤྲུལ་ཏེ་འགྲོ་བ་སྒྲོལ་བར་དམ་བཅས་ཤིང་། བུད་མེད་ཀྱི་ལུས་ཁོ་ནས་འཁོར་བ་མ་སྟོང་གི་བར་དུ་སངས་རྒྱས་ཀུན་གྱི་ཕྲིན་ལས་མཛད་པ་དང་། བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱི་དྲུང་དུ་དེད་དཔོན་གྱི་བུ་མོར་སྤྲུལ་ཏེ། རྟག་ཏུ་ངུ་ལ་སོགས་པའི་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆོས་ཡོངས་སུ་འཚོལ་བའི་གྲོགས་དང་། མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་གྱིས་འཕགས་བོད་ཞང་ཞུང་སོགས་ཡུལ་ཁམས་མི་འདྲ་བ་རྣམས་བཏུལ་བའི་ཚེ་བུ་མོ་མེ་ཏོག་མནྡཱ་རཿབ། མ་གཅིག་ཡེ་ཤེས་མཚོ་རྒྱལ། ཡུམ་འོད་ལྡན་འབར་མ་ལ་སོགས་པར་སྤྲུལ་ནས་ཚེ་ལམ་བསྒྲུབས་པ་དང་། སངས་རྒྱས་ཀྱི་བསྟན་པ་སྤེལ་པའི་གྲོགས་མཛད། གཞན་ཡང་ཇོ་མོ་ལབ་ཀྱི་སྒྲོན་མ་ལ་སོགས་སྐུའི་བཀོད་པ་སྲིད་པ་ཇི་སྲིད་བར་དུ་རྒྱུན་མི་འཆད་ཅིང་། སངས་རྒྱས་བྱང་སེམས་གྲུབ་ཐོབ་རྣལ་འབྱོར་པ་སོགས་རེ་རེའི་དྲུང་ན་དེ་སྙེད་ཀྱི་སྤྲུལ་པའི་ཟློས་གར་མིག་འཕྲུལ་ལྟ་བུས་རྒྱལ་བའི་བསྟན་པ་སྤེལ་ཞིང་། ཆོས་མཛད་རྣམས་ཀྱི་མ་སྲིང་མཛའ་མོའི་ཚུལ་གང་ལ་གང་འདུལ་གྱི་རོལ་པ་མཐའ་ཡས་པར་སྟོན་པ་དང་། མེ་ཆུ་དུག་མཚོན་ཤ་ཟ་ལ་སོགས་པའི་འཇིགས་པ་ཐམས་ཅད་ལས་མཚན་དྲན་པ་ཙམ་གྱིས་ཐ་མལ་པའི་སྐྱེ་བོ་ཕོ་མོ་ཇི་སྙེད་པ་གནས་སྐབས་ཀྱི་འཚེ་བ་ལས་སྐྱོབས་པ་སོགས་མཐའ་ཡས་ལ། གསང་བ་སྔགས་ཀྱི་དཀྱིལ་འཁོར་རྣམས་སུ་རྡོ་རྗེ་རྣལ་འབྱོར་མའམ་རྡོ་རྗེ་བདག་མེད་མ་དང་། སྣ་ཚོགས་ཡུམ། ཡེ་ཤེས་དབྱིངས་ཕྱུག་མ། ཡུམ་ཆེན་འཁོར་ལོ་རྒྱས་འདེབས། སེམས་མ་ལཱ་སྱཻ་དཀར་མོ། རྗེ་བཙུན་སྒྲོལ་མ་ཉེར་གཅིག་དང་། མཚན་བརྒྱ་རྩ་བརྒྱད། ཁྲོ་མོ་རལ་གཅིག་མ་ལ་སོགས་དཀྱིལ་འཁོར་གྱི་གཙོ་མོ་དང་། ཡུམ་དང་ཕྱག་བརྙན་གྱི་ཚུལ་དུ་སྟོན་ཅིང་། ཡེ་ཤེས་ཀྱི་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེའི་སྐུར་བསྟན་ནས་གསང་སྔགས་རྒྱུད་སྡེ་རྒྱ་མཚོའི་གཉེར་ཁ་བཟུང་པ་ལ་སོགས་མེས་པོའི་བློ་དང་ཆུ་ལྷའི་ལྕེས་ཀྱང་བརྗོད་པར་ནུས་པ་མ་ཡིན་ཅིང་། དེ་ལྟ་བུའི་འཕགས་མ་རྡོ་རྗེ་བཙུན་མོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རྣམ་འགྱུར་དང་མཚན་གྱི་ངེས་པ་དེ་སྙེད་ཀྱི་སྒོ་ནས་མཆོག་ཐུན་སྒྲུབ་པའི་ཐབས་གསར་རྙིང་བཀའ་གཏེར་དག་སྣང་གི་ཆོས་སྡེ་རྣམས་སུ་ཇི་སྙེད་ཅིག་བྱོན་པ་ལས། ད་ལམ་གྱི་སྐབས་སུ་བབས་པ་འདི་ནི། མཁས་ཤིང་དངོས་གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་པཎྜི་ཏ་བི་མ་ལ་མི་ཏྲས་ལྷག་པའི་ལྷ་སྒྲོལ་མ་དཀར་མོ་འདི་ཁོ་ན་གསང་བའི་ཡི་དམ་དུ་བསྙེན་ནས་མཆོག་གི་དངོས་གྲུབ་དང་། ཁྱད་པར་འཆི་མེད་དྭངས་མའི་སྐུ་བརྙེས་ཤིང་། ལྷ་མོ་འདི་ཉིད་ཀྱི་སྒྲུབ་ཐབས་ཕྲིན་ལས་ཀྱི་རིགས་དུ་མ་བཀྲལ་པ་ལས། འཕགས་མ་སྒྲོལ་མ་འཆི་བ་མེད་པའི་སྒྲུབ་ཐབས་དང་འབྲེལ་བ་སྟེ། གཞུང་ལས། བདག་འདྲ་བྱེ་མ་མུ་ཏྲ་ཡང༔ ཚེ་ཡི་རིག་འཛིན་འདི་ཡིས་ཐོབ༔ ཤིན་ཏུ་ཟབ་པའི་ཡང་བཅུད་དོ༔ ཞེས་བསྔགས་པར་མཛད་པ་ཉིད་ཉང་གི་བནྡེ་ཏིང་འཛིན་བཟང་པོ་ལ་བསྩལ་པ། དེས་ཀྱང་ཡི་དམ་དུ་མཛད་དེ་བསྒྲུབས་པས་པཎ་ཆེན་དྲི་མེད་བཤེས་གཉེན་དང་མཚུངས་པའི་འཆི་མེད་ཀྱི་རིག་འཛིན་ཐོབ། དཔེ་རྒྱུད་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་ཡང་ཟབ་བསྡུས་པའི་སྙིང་པོར་ཕྱུང་ནས་ཕྱག་བྲིས་སུ་བཏབ་སྟེ། ཕྱི་རབས་ལས་ཅན་གསུང་གི་སྲས་ཀྱི་སྐལ་བར་དབུ་རུ་ཞྭའི་ལྷ་ཁང་དུ་ཟབ་མོའི་གཏེར་དུ་སྦས་ཤིང་ཞྭའི་མགོན་པོ་ལ་གཉེར་དུ་གཏད་པ་ཉིད། ཕྱིས་དུས་བབས་ཟབ་ཆོས་ཀྱི་བདག་པོ་ལྷ་སྲས་འབྲིང་པོ་དམ་འཛིན་མུ་རུབ་བཙན་པོ་ཡེ་ཤེས་རོལ་པ་རྩལ་གྱི་རྣམ་འཕྲུལ། གར་དབང་ཞིག་པོ་གླིང་པ་འོད་གསལ་སྒྱུ་མ་གཏེར་བཞད་རྩལ་གྱིས་སྤྱན་དྲངས་པའི་དོན་བརྒྱུད་བཀའ་གཏེར་གཉིས་ལྡན་ད་ལྟའི་བར་ཆད་མེད་དུ་བཞུགས་པའི་མན་ངག་རྩ་བར་བཟུང་། གནུབས་ཆེན་ནམ་མཁའི་སྙིང་པོའི་ཐུགས་སྤྲུལ། གྲུབ་དབང་པདྨ་ནོར་བུའི་ཡང་སྤྲུལ། མདོ་སྔགས་ཆོས་ཚུལ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ། གྲུབ་པའི་གོ་འཕང་མཐར་ཐུག་གི་རྩེ་མོར་གཤེགས་པའི་རྟགས་རྫུ་འཕྲུལ་ཡ་མ་ཟུང་ཐམས་ཅད་ཀྱི་མཐུན་སྣང་དུ་སྟོན་ནུས་པ་ཀཿཐོག་པ་༧རིག་འཛིན་ཚེ་དབང་ནོར་བུ་རྡོ་རྗེ་སེམས་དཔའ་རྩལ་ལ། གསུང་རྡོ་རྗེ་འོད་དཔག་མེད་མགོན་ཉིད་རྡོ་རྗེ་སློབ་དཔོན་གྱི་སྐུར་བཞེངས་པ་འཆི་མེད་པདྨ་སཾ་བྷ་ཝའི་ཡེ་ཤེས་ཀྱི་སྐུས་ཟབ་མོ་དག་སྣང་གི་ལམ་ནས་སྨིན་གྲོལ་གྱི་གདམས་པ་བསྩལ་པ་དང་། ཡང་ཟབ་དགོངས་པའི་གཏེར་མཛོད་ལས་ཕྱུང་པ་སྟེ། ས་གཏེར། དག་སྣང་། དགོངས་གཏེར་གསུམ་གྱི་ཆུ་བོ་གཅིག་དྲིལ་དུ་བབས་པ་འདི་ཉིད་ཀྱི་སྒོ་ནས་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་བསྒྲུབ་པར་བགྱི་བ་ལ་སོགས་མཎྜལ་འབུལ། བླ་མ་ཚེ་སྦྱིན་སྒྲོལ་མ་དཀར་མོའི་ངོ་བོར་བཞུགས་པ་ལ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བདག་འཇུག་བཞིན། ཨེ་མ་བླ་མ་སོགས། རྒྱུད་དག་པར་བྱ་བའི་སླད་དུ་བླ་མ་དང་དབྱེར་མེད་པའི་འཁོར་ལོའི་བདག་མོ་ལ་ཚོགས་ཀྱི་ཞིང་མཆོག་རྒྱ་མཚོས་བསྐོར་བའི་སྤྱན་སྔར། ལམ་ལོག་པ་ལས་སྐྱབས་སུ་འགྲོ་བ་དང་། ལམ་དམན་པ་ལས་ཁྱད་པར་དུ་འཕགས་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། ལམ་གྱི་མངོན་རྟོགས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བའི་མཐུན་རྐྱེན་ཚོགས་གསག་རྣམས་རྡོ་རྗེ་ཐེག་པའི་མན་ངག་ལས་འབྱུང་བའི་སྒོམ་དོན་གསལ་བཏབ་ནས་འདིའི་རྗེས་ཟློས། ན་མོ་ཧཱུྃ། སྐྱབས་གནས་སོགས་སྒྲུབ་ཐབས་བཞིན་ལན་གསུམ། རྒྱུད་སྡོམ་ལྡན་དུ་བསྒྲུབ་པའི་སླད་སྤྱི་དང་ཁྱད་པར་རིག་པ་འཛིན་པའི་སྡེ་སྣོད་ཀྱིས་བསྡུས་པའི་བསླབ་པ་རྣམས་ཚུལ་བཞིན་བླངས་ནས་བསྲུང་སྙམ་པས་འདིའི་རྗེས་ཟློས། བླ་མ་ལྷ་ཡི་སྤྱན་སྔ་རུ། །བདག་གིས་དེང་གཟུང་བྱང་ཆུབ་བར། །རིག་འཛིན་ནང་གི་སྡོམ་པའི་ཚོགས། །མ་ལུས་ཡོངས་སུ་གཟུང་བར་བགྱི། །སླར་ཡང་དཀྱིལ་འཁོར་དུ་འཇུག་ཅིང་ཁྱད་པར་གྱི་དོན་ཞུ་བའི་ཕྱིར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སློབ་དཔོན་དགོངས་སུ་གསོལ། བདག་ཅག་གི་ལུས་ངག་སོགས། དབང་གི་རྩ་བ་ཡེ་ཤེས་ཀྱི་བྱིན་དབབ་པ་ནི། སྣོད་བཅུད་ཐ་མལ་པ་ལ་བྱིན་རླབས་མི་འཇུག་པས། སྣོད་བཅུད་ལྷའི་ཞིང་དང་སྐུ་འདི་ལྟར་དུ་གསལ་ཐོབས་ཤིག །ལས་ཆུས་བསང་། ཨོཾ་མ་ཧཱ་ཤཱུནྱ་ཏཱས་སྟོང་པར་སྦྱང་། ཆོས་ཀུན་སྤྲོས་བྲལ་སོགས་སྒྲུབ་ཐབས་ལྟར་ལ། བདེ་བ་ཅན་གྱི་དབུས། །དེ་ནས་རང་མདུན་ཞེས་པའི་ཚིག་རྐང་གཉིས་པོ་དོར་ནས། དེའི་མལ་དུ། པད་དཀར་འདབ་སྟོང་རྒྱ་གྲམ་ཟླ་དཀྱིལ་ལ། །རྒྱུ་ཡི་ས་བོན་སོགས་སྦྲེལ། ཧཱུྃ་མཐིང་གསུམ་གྱིས་མཚན། །བར་དང་། དེ་ལྟར་གསལ་བཏབ་པའི་སློབ་མའི་གནས་གསུམ་དང་སོགས་ཀྱིས་བྱིན་དབབ། སླར་ཡང་སློབ་དཔོན་དང་མདུན་གྱི་བཅོམ་ལྡན་འདས་མ་ལ་མོས་གུས་བྱས་པའི་རྐྱེན་གྱིས་བླ་མ་ལྷའི་ཐུགས་ཀ་དང་སྐུའི་ཆ་རྣམས་ནས་འོད་ཟེར་འཕྲོས། འཁོར་འདས་བརྟན་གཡོའི་དྭངས་བཅུད་དང་། ཁྱད་པར་དག་པའི་ཞིང་རབ་འབྱམས་ན་བཞུགས་པའི་འཕགས་མ་མཁའ་འགྲོ་མའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཀྱི་དབྱིག་འོད་ཟེར་ཐིག་ལེ་གྲུབ་པའི་རྫས་ཀྱི་རྣམ་པར་བྱོན། རྒྱ་མཚོ་ཆེན་པོ་ལ་ཆར་བབས་པ་བཞིན་སློབ་མའི་སྙིང་གར་ཐིམ་པས་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་པའི་ངེས་ཤེས་སྐྱེད་ཅིག །མདའ་དར་གཡབ་ཅིང་། གོང་གི་འདོད་གསོལ། བརྩེ་ལྡན་ལྷ་མོ་ཚེ་དབང་མྱུར་སྩོལ་མ། །སོགས་ཤློ་ཀ་གཅིག་པོ་དེ་ལན་གསུམ་དང་། སྙིང་པོ་ཚེ་ཤམ་ཅན་མ་མ་དོར་བ་ཅུང་ཟད་བཟླ། དེ་ལྟར་ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་སྒོ་གསུམ་ལ་རབ་ཏུ་གནས་ཤིང་བརྟན་པར་གྱུར་པར་མོས། ཨོཾ་སུ་པྲ་སོགས། དབང་དངོས་ལ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བདག་ཉིད་ཅན་དུ་བསྒྲུབ་པ་ལས། དང་པོ་སྐུ་བུམ་པའི་དབང་བསྐུར་བ་ནི། སློབ་དཔོན་གྱི་ཐུགས་ཀའི་སོགས། སྤྱན་དྲངས་པ་ལ་མཆོད་པའི་དངོས་པོ་རྣམས་ཀྱིས་མཆོད་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། རྡོ་རྗེའི་སློབ་མ་ལ་དབང་བསྐུར་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་ལྷ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བྱང་ཆུབ་སེམས་ཀྱི་རྒྱུན་འཆི་མེད་ཀྱི་བདུད་རྩིས་བཀང་བས། སློབ་མའི་སྤྱི་མགྲིན་སྙིང་ལྟེ་གསང་གནས་རྣམས་སུ་དབང་བསྐུར་བས་སྒྲིབ་པ་ལྔ་དག །ཡེ་ཤེས་ལྔ་མངོན་དུ་བྱས། འཆི་མེད་རྡོ་རྗེའི་ལུས་འགྲུབ་པའི་ནུས་པ་རྒྱུད་ལ་བཞག་པར་མོས། ཨོཾ། བུམ་པ་བཟང་པོ་སོགས་དང་། དེ་ལྟར་བུམ་པ་གནས་ལྔར་སོགས། ངེས་པ་བསྐྱེད་མཛོད། གཉིས་པ་གསུང་བཟླས་པ་སྔགས་ཀྱི་ལུང་གིས་དབང་བསྐུར་བ་ནི། སློབ་དཔོན་དཀྱིལ་འཁོར་གྱི་ལྷ་དང་སློབ་མའི་སྙིང་གར་པད་དཀར་འདབ་བརྒྱད་ཅུང་ཟད་ཁ་ཟུམ་པའི་དབུས་སུ་ཟླ་བའི་སྟེང་དུ་འཁོར་ལོ་དཀར་པོ་རྩིབས་བརྒྱད་ཀྱི་ལྟེ་བར་ཟླ་གདན་ལ་ཏཱཾཿཡིག་དཀར་པོ་རིང་ཆ་ཚེགས་དྲག་དང་བཅས་པ། རྩིབས་བརྒྱད་ལ་མདུན་ནས། ཏཱ་རེ་ཏུཏ་ཏཱ་རེ་ཏུ་རེ་སྭཱའི་ཡིག་འབྲུ་བརྒྱད། ཕྱིའི་མུ་ཁྱུད་ལ། ཨོཾ་མ་མ་ཨཱ་ཡུརྫྙཱ་ན་པུཎྱེ་པུཥྚིཾ་ཀུ་རུ་ཧཱས་བསྐོར་བར་གསལ་གདབ། སློབ་མ་རྣམས་ཀྱིས་ལྷ་དང་སློབ་དཔོན་ལ་མོས་གུས་བྱས་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་སོགས། ཐིམ་པས་ནད་གདོན་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི། ཚེ་དཔལ་བསོད་ནམས་སྤེལ། འཁོར་འདས་བརྟན་གཡོའི་སྣང་བ་དབང་དུ་བསྡུས། གཉེན་པོས་མི་གཞིག་པའི་རྡོ་རྗེའི་སྐུ་ཐོབ། སྔགས་ཀྱི་གདངས་ལས་གྲུབ་པའི་སྲུང་བའི་གུར་དུ་ཆུད་པའི་དམིགས་པ་དང་བཅས་ཕྱག་གཡོན་མཐེབ་གུང་སྤྲད་པས་ཕྲེང་བ་བཟུང་ནས་འདིའི་རྗེས་ཟློས། རྩ་སྔགས་ཡིག་བཅུ་དང་། ཤམ་ཅན་སོ་སོར་ལན་བདུན་རེ། དབྱངས་གསལ་དང་རྟེན་སྙིང་ལན་གསུམ་རེ། སླར་སྔགས་ཀྱི་ནུས་པ་བརྟན་པའི་ཕྱིར་ཕྲེང་བ་གསང་སྔགས་རྡོ་རྗེའི་ལུ་གུ་རྒྱུད་འོད་དང་རང་སྒྲ་ཀུན་ཏུ་འཕྲོ་བ་མགྲིན་པར་བཞག་པས། གསུང་གི་ཕྲིན་ལས་ལ་དབང་བའི་ནུས་པ་ཐོབ་པར་མོས། ཨཱཿ འགག་མེད་ཚངས་པའི་སོགས། ངེས་པ་སྐྱེད་མཛོད། གསུམ་པ་ཐུགས་ཀྱི་ཡེ་ཤེས་རྒྱུད་ལ་འཇུག་པའི་དབང་བསྐུར་བ་ནི། སློབ་དཔོན་གྱི་སོགས། ངེས་པ་སྐྱེད་མཛོད། བཞི་པ་དེ་ཁོ་ན་ཉིད་ཚིག་གིས་ངོ་སྤྲད་པ་ནི། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་མདུན་བསྐྱེད་འཕགས་མར་སོགས། མཉམ་པར་འཇོག་མཛོད། ཨ་ཨ་ཨཿ ཞེས་དར་ཅིག་ཉམས་བསྐྱང་དུ་གཞུག །དེས་ནི་དེ་ཁོ་ན་ཉིད་སོགས། ངེས་པ་སྐྱེད་མཛོད། ལྔ་པ་ཡོངས་རྫོགས་ཡེ་ཤེས་རྡོ་རྗེ་གཏོར་མའི་དབང་བསྐུར་བ་ནི། གཏོར་སྣོད་ཐར་པ་ཆེན་པོ་བདེ་བ་ཅན་གྱི་ཞིང་གི་བཀོད་པ་རྫོགས་པའི་དབུས་སུ་གཏོར་མ་རྗེ་བཙུན་མ་སྒྲོལ་མ་དཀར་མོ་ལ་རྩ་གསུམ་རྒྱལ་བ་སྲས་བཅས་ཀྱི་འཁོར་གྱིས་བསྐོར་བ། སློབ་མའི་གནས་གསུམ་དུ་སོགས་ནས། ཨོཾ་ཨཱཿཧཱུྃ་ཧོཿ བརྒྱུད་པའི་གསོལ་འདེབས་ནི། ཨོཾ་ཨཱཿཧཱུྃ། གསུང་གི་རྡོ་རྗེ་པདྨ་ཚེ་དཔག་མེད། །འཆི་མེད་མཆོག་སྦྱིན་འཕགས་མ་སྒྲོལ་མ་ཡུམ། །བི་མ་ལ་དང་ཉང་བན་ཏིང་འཛིན་བཟང་། །ཆོས་ཀྱི་བདག་པོ་གར་དབང་ཞིག་པོ་གླིང་། །པདྨ་རྒྱལ་མཚན་པདྨ་མ་ཏིའི་མཚན། ཁྱབ་བརྡལ་ལྷུན་གྲུབ་ཀུན་བཟང་རྣམ་པར་རྒྱལ། །བཀའ་བབས་སྐྱེས་མཆོག་ཚེ་དབང་ནོར་བུའི་སྡེ། །ཚེ་དབང་དཔལ་དང་གཙུག་ལག་ཆོས་ཀྱི་རྒྱལ། །གསང་སྔགས་མགོན་དང་བཀའ་ཡི་སྡུད་པ་པོ། །འཇམ་མགོན་བླ་མ་པདྨ་གར་དབང་ཞབས། །རིམ་བྱོན་རྩ་བརྒྱུད་དཔལ་ལྡན་བླ་མ་ལ། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་མཆོག་ཐུན་དངོས་གྲུབ་དང་། ཁྱད་པར་འཆི་མེད་ཚེ་དབང་བསྩལ་དུ་གསོལ། །ཞེས་བརྗོད་ཅིང་། སླར་ཡང་གཏོར་མ་མགོ་བོར་བཞག །དེས་ནི་དབང་བཞི་སོགས། ཅུང་ཟད་རེ་མྱང་བས་བདེ་ཆེན་མཆོག་གི་དངོས་གྲུབ་ཐོབ་པར་མོས། མཐའ་རྟེན་དངོས་གྲུབ་རྫས་ཀྱིས་ཞལ་བསྲོ་བ་དང་། རྒྱས་གདབ་མངའ་དབུལ་བཅས་འབྱུང་བ་ལས། དང་པོ་དངོས་གྲུབ་རྫས་ཀྱིས་ཞལ་བསྲོ་བ་ནི། སྲིད་ཞིའི་ཚེ་དཔལ་གྱི་དྭངས་མ་དང་། འཕགས་མའི་བྱིན་རླབས་ཀྱི་བཅུད་འདུས་པའི་ཐབས་ཀྱི་ཚེ་རྫས་རིལ་བུ་དང་། ཤེས་རབ་ཀྱི་ཚེ་རྫས་བདུད་རྩི་ལ་ལོངས་སྤྱད་པས་གྲུབ་པ་གཉིས་དང་། ཁྱད་པར་ནམ་མཁའ་ལྟ་བུའི་ཚེ། གཡུང་དྲུང་ལྟ་བུའི་ལུས། རྡོ་རྗེ་ལྟ་བུའི་སྲོག །ཉི་ཟླ་ལྟ་བུའི་དཔལ་ཐོབ་པར་མོས། ཨོཾ། བཀྲ་ཤིས་ཚེ་རྟེན་རིལ་བུ་དང་། །སྙིང་པོ་བསྡུས་པའི་བཅུད་འདིར་རོལ། །འགྱུར་མེད་གཞོམ་གཞིག་བྲལ་བའི་ལུས། །ཐོབ་ནས་དོན་གཉིས་ལྷུན་གྲུབ་ཤོག །ཅེས་དང་། སྙིང་པོ་ཚེ་ཤམ་ཅན་བཟླ་ཞིང་རིལ་ཆང་སྦྱིན། གཉིས་པ་ཚེའི་དངོས་གྲུབ་མི་འགྱུར་བར་རྒྱས་གདབ་པ་ནི། འཕགས་མའི་ཡོན་ཏན་ཕྲིན་ལས་ཀྱི་སྣང་ཆ་ལས་ཤར་བའི་མདའ་དར་བུའི་གནས་ལྔར་རྒྱ་གྲམ་དུ་བཀོད་པས། ཕྱག་མཚན་དང་སྔགས་ཀྱི་འཁོར་ལོར་གྱུར་པ་ལས་འཕྲོས་པའི་རྡུལ་གྱིས་ལུས་གཡོགས་པས་ཉེར་འཚེས་མི་འཇིགས་པའི་སྲུང་བ་ཆེན་པོར་གྱུར་པའི་མོས་པ་དང་། གདོད་ནས་སྐྱེ་འཆིའི་མཚན་མ་མ་དམིགས་པའི་འོད་གསལ་གཉུག་མ་འཆི་བ་མེད་པའི་གནས་ལུགས་ཀྱི་རང་ངོ་ལ་མཉམ་པར་འཇོག་མཛོད། ཨོཾ། འཆི་མེད་དངོས་གྲུབ་མཆོག་སྩོལ་མའི། །ཡེ་ཤེས་ལྔ་ཡི་ཕྱག་རྒྱ་ཡིས། །སློབ་མའི་གནས་ལྔར་རྒྱས་བཏབ་པས། །མི་འགྱུར་བརྟན་པའི་བཀྲ་ཤིས་ཤོག །ཡིག་བཅུ་དང་དབྱངས་གསལ་རྟེན་སྙིང་བརྗོད་བཞིན་མདའ་དར་གནས་ལྔར་རྒྱ་གྲམ་དུ་རེག་ཅིང་མེ་ཏོག་འཐོར། གསུམ་པ་དགེ་ལེགས་བྱེད་པའི་རྫས་རྒྱལ་སྲིད་བདུན་དང་། བཀྲ་ཤིས་པའི་རྫས་བརྒྱད་ཀྱིས་མངའ་དབུལ་བས་ཆོས་ཀྱི་རྒྱལ་སྲིད་ལ་དབང་འབྱོར་ཞིང་། འཇིག་རྟེན་ཀུན་ཏུ་དགེ་ལེགས་ཀྱི་དངོས་པོ་གསུམ་དང་ལྡན་པ་དམ་པའི་ཆོས་སྙན་ནུབ་མེད་སྒྲོག་པའི་བཀྲ་ཤིས་ཀྱི་དཔལ་ལ་རྟག་ཏུ་སྤྱོད་པའི་དབང་དང་ལྡན་པར་གྱུར་ཅིག །ཚིགས་བཅད་ཇི་ལྟར་འོས་པས་སྣ་བདུན་དང་རྫས་བརྒྱད་སྦྱིན། དེ་རྣམས་ཀྱི་སྒོ་ནས་ས་གཏེར་དག་སྣང་དགོངས་གཏེར་ཟུང་འཇུག་སྒྲོལ་དཀར་ཡིད་བཞིན་ཟླ་བ་ཚེ་སྦྱིན་མའི་དབང་བསྐུར་ཟབ་མོ་ལེགས་པར་ཕུལ་གྲུབ་པ་ལགས་པས། དམ་ཚིག་གི་རིམ་པ་གསང་བ་གཉན་པོའི་གཞུང་བཞིན་དུ་སྲུང་སྡོམ་བགྱིད་པའི་གཡར་དམ་ཁས་བླང་བ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་ལྟར་དང་། ཆོ་གའི་རྗེས་མཆོད་བསྟོད་ནོངས་བཤགས་བརྟན་བཞུགས་རྣམས་སྤྱི་ལྟར་སྦྱོར། སྒྲུབ་ཐབས་ལྟར་རྫོགས་རིམ་བསྡུ་ལྡང་། བསྔོ་སྨོན་དང་བཀྲ་ཤིས་ཀྱི་རིམ་པ་རྒྱ་ཆེར་སྤེལ་བས་གྲུབ་བོ།། །། ༈ བདུད་འདུལ་རྡོ་རྗེའི་དམ་ཆོས་སྤྲུལ་སྐུའི་སྙིང་ཐིག་གི་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་གི་ཆོ་ག་བདུད་རྩིའི་ཟིལ་ཐིགས་ལྟར་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་སོ།། །། ༈ ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་དག་སྣང་རྩ་གསུམ་རིག་འཛིན་སྲོག་སྒྲུབ་ཀྱི་ཡུམ་བཀའི་རྩ་བ་ཡན་ལག་མཐའ་རྟེན་དབང་གསུམ་ཁྲིད་བཅས་གོང་དུ་ཡབ་བཀའི་སྐབས་སུ་སོང་ངོ་།། །། ༈ སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེའི་ཐུགས་ཆེན་བདེ་གཤེགས་ཀུན་འདུས་ཀྱི་ཡུམ་བཀའ་གསང་བ་ཡེ་ཤེས་ཀྱི་དབང་ལ། དབང་སྒྲུབ་བསྐུར་གཏེར་གཞུང་དང་དཀྱིལ་འཁོར་གྱི་ཆོ་གའི་ལྷན་ཐབས་མཁའ་སྤྱོད་ལམ་བཟང་གཉིས་གུང་སྤྲོད་ལ་༼ཡ༽ཐུགས་ཆེན་བདེ་གཤེགས་ཀུན་འདུས་ཀྱི་ཆོག་ཁྲིགས་ཀྱིས་ཁ་བསྐངས་ནས་ཚོགས་ཐ་མའི་བར་གཏང་། སྤྲོ་ན་བདག་འཇུག་བླང་བའམ། བསྡུ་ན་རིག་མེ་དོར་ལ་གནང་བ་ནོད། སློབ་མ་རྣམས་འབྲུའམ་ཚོན་གྱིས་དགའ་འཁྱིལ་བྲིས་པའི་གདན་ལ་འཁོད་བཅུག་ལ། བགེགས་གཏོར་བྱིན་རླབས་ནས་བགེགས་བསྐྲད་བར་དབང་ཆོག་བཞིན་བྱ། མེ་ཏོག་བཀྱེ་བསྡུ་ཟིན་ནས། འོ། ནམ་མཁས་གར་ཁྱབ་ཀྱི་ཕ་མར་གྱུར་པའི་སེམས་ཅན་ཐམས་ཅད་ཆོས་དབྱིངས་ཀུན་ཏུ་བཟང་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་རྡོ་རྗེ་བཙུན་མོ་གསང་བ་ཡེ་ཤེས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་བླ་མ་རྗེ་བཙུན་མའི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བ་ཟབ་མོ་ཚུལ་བཞིན་ནོད་དེ། རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་ནས་ཚེ་འདིར་མཆོག་གི་དངོས་གྲུབ་ཐོབ་པར་བགྱིའོ་སྙམ་པའི་ཀུན་སློང་རྒྱ་ཆེན་པོ་བྱང་ཆུབ་སྤྱོད་པའི་རྣམ་པར་གསལ་བཏབ་ནས་གསན་འཚལ། དེ་ལ་འདིར་སྐབས་སུ་བབས་པ་ཟབ་ལམ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ཡུམ་བཀའ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྒྲུབ་པའི་ཐབས་དང་འབྲེལ་བའི་དབང་བསྐུར་བ་ཡིན་ཏེ། དེའི་ལོ་རྒྱུས་ཅུང་ཟད་བསྙད་ན། ཆོས་ཀྱི་དབྱིངས་མཐའ་དབུས་མེད་པ་རང་སྣང་མཉམ་ཡངས་ཁྱབ་བརྡལ་གྱི་ཞིང་ཁམས་ན་ཡེ་ནས་སངས་རྒྱས་པ་ཐོག་མའི་མགོན་པོ་ཆོས་སྐུ་འོད་དཔག་མེད་པ་ཉིད། གཞན་སྣང་ཐུགས་རྗེའི་རང་འོད་ཕྱིར་གསལ་ལྷུན་གྲུབ་ལོངས་སྐུའི་ཞིང་ཁམས་ཡོན་ཏན་དཔག་ཏུ་མེད་པའི་སྟོན་པ་ཚེ་འོད་སྣང་བ་མཐའ་ཡས་ཀྱི་སྐུར་བཞེངས་ཏེ། ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་དབྱིངས་སུ་དུས་བཞི་མཉམ་པ་ཉིད་དུ་བཞུགས་ཤིང་། འགྲོ་འདུལ་ཐུགས་རྗེའི་རྣམ་རོལ་ཚད་མེད་པའི་ཕྲིན་ལས་ཀྱི་རང་རྩལ་དམིགས་པ་མེད་པའི་རྒྱུན་འཁོར་བ་ཇི་སྲིད་པ་དེ་སྲིད་དུ་སྟོན་པ་ལས། ནུབ་ཕྱོགས་པདྨ་བདེ་བ་ཅན་དུ་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེའི་རྣམ་རོལ་གཅིག་ཏུ་བསྡུས་ཤིང་། རྣམ་པ་གསུང་རྡོ་རྗེ་མགོན་པོ་འོད་སྣང་མཐའ་ཡས་ཀྱི་སྐུར་བཞེངས་ཏེ། ནམ་མཁའི་མཐའ་ཀླས་པའི་འགྲོ་བ་ཐམས་ཅད་ཐར་པ་དང་ཐམས་ཅད་མཁྱེན་པའི་ས་ལ་འགོད་པའི་ཕྲིན་ལས་རྒྱ་མཚོ་དུས་གཅིག་ཏུ་སྟོན་པ་ལས། འོ་སྐོལ་ཁ་བ་ཅན་གྱི་ལྗོངས་སུ་འཁོད་པའི་འགྲོ་བ་ཕོ་རྣམས་འདུལ་བའི་དོན་དུ་སྤྱན་རས་གཟིགས་དང༔ མོ་རྣམས་སོགས་གཏེར་གཞུང་གི་ལོ་རྒྱུས་བཞིན། ཕྱི་རབས་ཀྱི་དོན་དུ་གཏེར་དུ་སྦས་པ་ཉིད་ཀྱིས་འདུལ་བའི་ཕྲིན་ལས་དུས་སུ་སོན་པ་ན། ཤ་འུག་ལྟག་སྒོའི་གནས་རང་བྱུང་རྡོ་རྗེ་ཕག་མོའི་སྐུའི་རྣམ་པར་བཞུགས་པའི་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ནས། རྣམ་སྣང་ལོ་ཙཱ་བ་ཆེན་པོའི་ཐུགས་སྤྲུལ་༧ཨོ་རྒྱན་གཏེར་བདག་གླིང་པའམ་པདྨ་གར་དབང་འགྱུར་མེད་རྡོ་རྗེ་རྩལ་གྱིས་སྐལ་ལྡན་གྱི་སྐྱེ་བོ་དུ་མའི་མཐོང་ལམ་དུ་ཟབ་གཏེར་གྱི་རྒྱ་བཀྲོལ་ཏེ། ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ཆོས་བཀའ་རྗེས་འབྲེལ་དང་བཅས་པ་སྤྱན་འདྲེན་པར་མཛད་པའི་ནང་ཚན། ཡུམ་བཀའ་གསང་བ་ཡེ་ཤེས་ཀྱི་ཆོས་སྐོར་འདི་རྣམས་ཟབ་ཅིང་ཤིན་ཏུ་གཉན་པའི་དབང་གིས་མི་ལོ་བཅུ་ཕྲག་གསུམ་ལ་བཞིས་ལྷག་པའི་བར་ཤིན་ཏུ་གསང་ཞིང་སྦ་བར་མཛད་དེ། མཐར་རྩ་བའི་ཆོས་བདག་དབང་ཆེན་རྟ་མཆོག་རོལ་པའི་སྒྱུ་འཕྲུལ་གྱི་རྣམ་རོལ་རིགས་ཀྱི་སྲས་མཆོག་པདྨ་དགྱེས་པ་འགྱུར་མེད་རྒྱ་མཚོ་མི་ཕམ་རྣམ་རྒྱལ་རྡོ་རྗེ་འབུམ་ལ་བཀའ་བབས་གཉེར་དུ་གཏད་དེ་བསྩལ་པ་ནས་བཟུང་། ད་ལྟའི་བར་དུ་གནམ་ལ་རིག་འཛིན་བརྒྱུད་པའི་གྲལ་མ་ཞིག །ས་ལ་དཀྱིལ་འཁོར་གྱི་མདངས་མ་ཉམས། བར་དུ་སྒྲུབ་རྫས་ཀྱི་བྱིན་མ་ཡལ། རྗེས་འཇུག་སྒྲུབ་པ་པོ་ལ་རྡོ་རྗེའི་ཡེ་ཤེས་མངོན་སུམ་དུ་འབེབ་ནུས་པའི་དཀྱིལ་འཁོར་གཉན་པོར་དབང་བསྐུར་བ་ལ། བདག་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་སྔོན་དུ་སོང་གྲུབ། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། དཀྱིལ་འཁོར་དུ་འཇུག་པའི་ཆོས་དང་། ཞུགས་ནས་མངོན་པར་དབང་བསྐུར་བའི་རིམ་པ་གཉིས་སུ་འབྱུང་བ་ལས། ཐོག་མར་བླ་མ་དང་དཀྱིལ་འཁོར་གྱི་དབང་ཕྱུག་ཐ་མི་དད་པ་ལ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ། བླ་མ་དང་དཀྱིལ་འཁོར་གྱི་དབང་མོ་ཐ་མི་དད་པའི་སྤྱན་སྔར་སྒོ་གསུམ་གུས་པས་བཏུད་པའི་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། མགོན་པོ་སངས་རྒྱས་སོགས། དེ་ལྟར་གསོལ་བ་འདེབས་པ་པོའི་རིགས་བརྟག་པའི་ཕྱིར་འདོད་དོན་དྲི་བ་ནི། བུ་ཁྱོད་དཀྱིལ་འཁོར་འདིར་འཇུག་པའི༔ འདོད་པའི་འབྲས་བུ་ཅི་ལ་དགའ༔ ཞེས་དྲིས་པའི་ལན་དུ། གནས་སྐབས་ཀྱི་བདེ་བ་ཉི་ཚེ་ཙམ་དོན་དུ་མི་གཉེར་བར། བླ་ན་མེད་པའི་བདེ་བ་དམ་པ་དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱིས་དགྱེས་རྒུར་སྤྱོད་པའི་གནས་དེ་ཉིད་འདོད་པའི་བློས་འདི་སྐད་གསུང་བར་ཞུ། བདག་ནི་སྐལ་བཟང་བདེ་བ་ཆེ༔ རབ་དགྱེས་དཔལ་ལ་བདག་དགའ་འོ༔ ལན་གཅིག །རྒྱུད་མ་དག་པ་ལ་གསང་བ་ཟབ་མོའི་དབང་བསྐུར་བའི་སྣོད་མ་ཡིན་པས། དེའི་ཕྱིར་མདུན་གྱི་ནམ་མཁར་བླ་མ་དང་དཀྱིལ་འཁོར་གྱི་དབང་མོ་གཉིས་སུ་མེད་པ་ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས། རྡོ་རྗེ་ཐེག་པའི་དཀོན་མཆོག་རྩ་གསུམ་སྲུང་མར་བཅས་པ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར། དུས་འདི་ནས་གཟུང་སྟེ་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་ཐུགས་འདུན་བཅས་འདིའི་རྗེས་ཟློས། ན་མོ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ བླ་མ་སངས་རྒྱས་དམ་པའི་ཆོས༔ ཚོགས་མཆོག་བདེ་གཤེགས་དཀྱིལ་འཁོར་ལྷ༔ མཁའ་འགྲོར་བཅས་ལ་སྐྱབས་སུ་མཆི༔ ལན་གསུམ། མཁའ་མཉམ་གྱི་མ་རྣམས་སྲིད་པའི་མཚོ་ལས་བསྒྲལ་ཏེ་བླ་ན་མེད་པའི་ས་ལ་འགོད་པར་བྱ་བའི་ཕྱིར་དབང་བསྐུར་ནོད་དེ། ལམ་རིམ་པ་གཉིས་བསྒོམ་པར་བགྱིའོ་སྙམ་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། བརྒལ་དཀའ་སྲིད་པའི་རྒྱ་མཚོ་ལས༔ མཁའ་མཉམ་འགྲོ་རྣམས་བསྒྲལ་བའི་ཕྱིར༔ བླ་མེད་རྫོགས་པའི་བྱང་ཆུབ་སེམས༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ ལན་གསུམ། དབང་གི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་ཕྱིར་ཚོགས་གསག་པའི་སླད་དུ་ཞིང་མཆོག་དེ་རྣམས་ཀྱི་སྤྱན་སྔར་ཡན་ལག་བདུན་པའི་ཏིང་འཛིན་གསལ་འདེབས་བཞིན་པས་འདིའི་རྗེས་ཟློས། སྲས་བཅས་རྒྱལ་བ་འཁོར་བཅས་ལ༔ གུས་པས་བཏུད་དེ་ཕྱག་འཚལ་ལོ༔ ཕྱི་ནང་གསང་བ་བླ་མེད་པའི༔ མཆོད་པ་ཀུན་གྱིས་ཡང་དག་མཆོད༔ ཚེ་རབས་ཐོག་མེད་ནས་བྱས་པའི༔ སྡིག་པའི་ལས་རྣམས་མཐོལ་ཞིང་བཤགས༔ སེམས་ཅན་ཀུན་ལ་ཕན་མཛད་པའི༔ དགེ་བ་ཀུན་ལ་ཡི་རང་ངོ༔ སངས་རྒྱས་མྱ་ངན་འདའ་བཞེད་གང༔ བསྐལ་པ་རྒྱ་མཚོར་བཞུགས་སུ་གསོལ༔ གདུལ་བྱའི་བསམ་པ་ཇི་བཞིན་དུ༔ ཆོས་ཀྱི་འཁོར་ལོ་བསྐོར་བར་སྐུལ༔ བསོད་ནམས་གང་ཞིག་བགྱིས་པ་རྣམས༔ ཐམས་ཅད་བྱང་ཆུབ་ཆེན་པོར་བསྔོ༔ ལན་གསུམ། དབང་གི་ཡེ་ཤེས་རྒྱུད་ལ་གནས་པའི་ཕྱིར་རིག་འཛིན་སྔགས་ཀྱི་སྡོམ་པ་བླངས་ནས་ཚུལ་བཞིན་བསྲུང་སྡོམ་བགྱིའོ་སྙམ་པས་འདིའི་རྗེས་ཟློས། བདེ་གཤེགས་རྒྱལ་བ་འཁོར་དང་བཅས༔ བརྩེ་བས་བདག་ལ་དགོངས་སུ་གསོལ༔ བདག་གིས་འདི་གཟུང་བྱང་ཆུབ་བར༔ བདེ་གཤེགས་རིགས་ལྔའི་སྡོམ་པ་དང༔ ཤེས་དང་མི་སྤང་སྤྱད་བྱ་དང༔ དང་དུ་བླང་དང་བསྒྲུབ་བྱ་དང་། ཉི་ཤུ་བརྒྱད་དང་ཁྱད་པར་དུ༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་བའི༔ སྡོམ་པ་མ་ལུས་ཡོངས་བཟུང་སྟེ༔ སྲོག་གི་ཕྱིར་ཡང་མི་གཏོང་ངོ༔ ལན་གསུམ། དབང་གི་ཆོ་ག་སྒྲུབ་པ་ལ་བར་ཆད་མི་འབྱུང་བར་སྲུང་བའི་དོན་དུ། སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་སྤྱི་བོར་བཞག་པའི་ཚེ་དེ་ལས་སྤྲོས་པའི་རྡོ་རྗེའི་རྡུལ་གྱིས་ལུས་གཡོགས་པའི་ཕྱི་རོལ་དུ་རབ་ཏུ་བརྟན་ཅིང་སྲུང་བའི་གུར་ཁང་འཁྲིགས་པས་བར་ཆད་ཀྱི་མཚན་མ་གང་གིས་ཀྱང་གླགས་མི་རྙེད་པར་བསྲུང་བར་མོས། ཨོཾ་བཛྲ་ས་མ་ཡ་རཀྵ་ཧཱུྃ། བདུད་རྩི་ཆེན་པོ་དང་སྦྱར་བའི་ཨ་མྲྀཏ་མྱངས་པས་ནང་གི་སྒོ་གསུམ་གྱི་དྲི་མ་བཅོམ་ནས་ཏིང་ངེ་འཛིན་ལས་སུ་རུང་བའི་ནུས་པ་དང་ལྡན་པར་བྱིན་གྱིས་བརླབས་པར་མོས། ཨོཾ་ཨཱཿཧཱུྃ་བཛྲ་ཨ་མྲྀཏ་ས་མ་ཡ་ཧཱུྃ༔ དབང་གི་གཞི་དགོད་ཅིང་ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་རྣམས་ལུས་ཀྱི་ཆ་རྣམས་བསྲངས། ལག་པའི་གྲུ་མོ་དང་རྐང་པའི་པུས་མོ་ཕྱིར་བསྐྱེད་ཅིང་ཉྭ་བཞི་རྣམས་བསྒྲིམ། མཐིལ་བཞི་ཐལ་མོ་སྦྱར་བ་རྡོ་རྗེ་རྩེ་གསུམ་པའི་འདུག་སྟངས་བྱ། ངག་གནད་རླུང་ཁ་སྦྱོར་དུ་ཆིངས། ཡིད་མ་ཡེངས་པར་དམིགས་པ་འདི་ལྟར་སྒོམས་ཤིག །སློབ་དཔོན་གྱི་ཐུགས་ཀ་ནས་སོགས། རྡོ་རྗེ་རྣལ་འབྱོར་མའི་སྐུར་བསྐྱེད་པ་ནི། སྣོད་ཀྱི་འཇིག་རྟེན་ཆོས་འབྱུང་གྲུ་གསུམ་པའི་གཞལ་ཡས་ཁང་གི་དབུས་སུ་པདྨ་དམར་པོ་དང་བམ་རོ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། སེམས་ཉིད་ཧྲཱིཿདམར་པོ་ཉི་མ་ལྟར་འབར་བ། དེ་ལས་ཁྱེད་རང་རྣམས་རྡོ་རྗེ་མཁའ་འགྲོ་མ་སྐུ་མདོག་དམར་མོ་སོགས་སྒྲུབ་ཐབས་བཞིན། མེའི་དབུས་ན་བཞུགས་པ༔ བར་དང་། དེའི་རྐང་མཐིལ་གཉིས་སུ་སོགས། སློབ་དཔོན་ལྷ་དང་བཅས་པ་དང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལྷ་མོའི་རྣམ་པས་ལྟེ་བའི་ཧྲཱིཿལ་ཐིམ༔ ཧྲཱིཿལྷ་མོའི་སྐུར་གྱུར༔ བདེ་བའི་གར་མཛད་པས་མེའི་འོད་ཀྱིས་ལུས་གང་བར་འབར༔ བྱང་སེམས་ཞུ་བའི་བདེ་བས་ཁྱབ༔ འོད་ཟེར་ལྔ་འབར་བས་ལུས་གང༔ ཆོས་འབྱུང་མི་མངོན་པ་ཙམ་དུ་འཁོར་བ་ལ་སེམས་གཏད་པས༔ བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ཉམས་འབར་བའི་རང་ངོ་ལ་མཉམ་པར་ཞོག་ཅིག །ཁྱད་པར་གྱི་སྤོས་བདུག །རོལ་མོའི་སྒྲ་དང་བཅས་པས། རྩ་སྔགས་ལ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བཏགས་པ་བཟླས་པས་བྱིན་དབབ། སྤྱི་བོར་རྡོ་རྗེ་བཞག་སྟེ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་རབ་ཏུ་བརྟན་པར་གྱུར་ཅིག །ཛྙཱ་ན་བཛྲ་ཏིཥྛ༔ ཞེས་བརྗོད། དེ་རྣམས་ཀྱིས་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། ཞུགས་ནས་མངོན་པར་དབང་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ལྷ་མོ་སྐུ་གསུང་ཐུགས་རྡོ་རྗེ༔ སྒྱུ་འཕྲུལ་རྒྱལ་པོ་ཁྱོད་ལ་འདུད༔ ཁྱོད་ཀྱི་གོ་འཕང་མཉམ་མེད་པ༔ དེ་རིང་བདག་གིས་ཐོབ་པར་མཛོད༔ ལན་གསུམ། དབང་དངོས་ལ་བུམ་གསང་ཤེར་ཡེ་བཞི་པའི་བདག་ཉིད་ཅན་གྱི་དབང་བཞི་རིམ་པར་འབྱུང་བ་ལས། དང་པོ་ལུས་སྨིན་པར་བྱེད་པ་བུམ་དབང་བསྐུར་བ་ནི། བླ་མ་དང་དཀྱིལ་འཁོར་གྱི་སོགས། ལུས་བདེ་བ་དང་ལྡན། གཟུང་བའི་ཡུལ་སྣང་དག་པ་སྣང་སྟོང་དཀྱིལ་འཁོར་གྱི་རང་བཞིན་དུ་གྱུར་པར་མོས། རྩ་སྔགས་དང་། ཀཱ་ཡ་བཛྲ་སོགས། བཅས་པ་ཐམས་ཅད་སྤྱན་དྲངས། ཕཻཾ། ཞེས་བརྗོད་པའི་སྒྲས་བསྐུལ་ཏེ་སྤྲིན་ཕུང་གཏིབས་པ་བཞིན་བྱོན་ནས་མདུན་གྱི་ནམ་མཁར་བཞུགས་པ་ལ་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་ཅིང་གསོལ་བ་འདེབས་པར་གྱུར། ཨོཾ་བཛྲ་དྷཱུ་པེ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། ཨཱ་ལོ་ཀེ །གནྡྷེ། ནཻ་བིདྱཱ། ཤབྡའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་སོགས། དཔའ་བོ་རྣལ་འབྱོར་མ་ཀུན་གྱི༔ གསང་བ་གསུམ་ལས་བྱུང་བ་ཡི༔ ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་འདིས༔ བུ་ཁྱོད་ལ་ནི་དབང་བསྐུར་རོ༔ སྙིང་པོ་དང་། བཛྲ་ཨ་བྷི་སོགས། བཛྲ་ཡ་སྭཱ་ཧཱ། རྗེས་འབྲེལ་བཟླས་པའི་ལུང་སྦྱིན་པ་ནི། ཁྱེད་རང་རྣམས་ལྷར་གསལ་བའི་ཐུགས་ཀར་ཉི་མའི་གདན་ལ་ཧྲཱིཿདམར་པོ་འོད་འབར་བ་གསལ་བཏབ། སློབ་དཔོན་ལ་གུས་འདུད་བྱས་པའི་རྐྱེན་གྱིས་ཐུགས་ཀའི་སྔགས་འཁོར་ལས་ཡིག་འབྲུ་འོད་ཟེར་གྱི་རང་བཞིན་ཅན་བྱུང་། ཞལ་ནས་ཐོན། སློབ་མའི་ཞལ་དུ་བརྒྱུད་ཉི་མའི་ལྟེ་བའི་ཧྲཱིཿམཐར་གཡོན་དུ་སྦྲུལ་འཁྱིལ་བ་ལྟར་འཁོད༔ དེ་ལས་འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས༔ སྣང་སྲིད་མཁའ་འགྲོ་མའི་དཀྱིལ་འཁོར་དུ་བསྒྱུར༔ དེ་རྣམས་ལ་མཆོད་པས་དགྱེས་ཤིང་བྱིན་གྱིས་བརླབས༔ སྔགས་ཀྱི་སྒྲ་བུང་བ་ཚང་ཞིག་པ་བཞིན་དི་རི་རི་སྒྲོག་པར་མོས་པས་འདིའི་རྗེས་ཟློས། རྩ་སྔགས་ཨོཾ་དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ༔ ལན་གསུམ། སླར་ཡང་སྣང་བ་དབང་སྡུད་ཀྱི་ཏིང་འཛིན་ནི། ཁྱེད་རང་རྣམས་ཀྱི་སྙིང་གའི་ཧྲཱིཿདང་སྔགས་ཕྲེང་ལས་འོད་ཟེར་དམར་པོ་འཕྲོས༔ ཞལ་ནས་ཐོན༔ ཁམས་གསུམ་གྱི་འགྲོ་བ་ཐམས་ཅད་དབང་དུ་སྡུས༔ བརྟན་པ་མེད་པར་བྱས༔ འོད་དམར་པོར་ཞུ་བ་རང་གི་པདྨ་ནས་ཞུགས༔ སྙིང་གའི་ཧྲཱིཿལ་ཐིམ་པར་བསམ་ཞིང་འདིའི་རྗེས་ཟློས། རྩ་སྔགས་ལ་པཱ་ཤཾ་ཀུ་རུ་ཧོ༔བཏགས་པ་ལན་གསུམ། སླར་འཁོར་གྱི་དྷཱ་ཀི་བཞི་ལ་བསྟེན་ནས་ལས་བཞིའི་དངོས་གྲུབ་བསྡུ་བ་ནི། བདག་སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐྱེད་ཀྱི་འཁོར་རིགས་བཞིའི་མཁའ་འགྲོ་རྣམས་ལ་ཕོག་པས་ཐུགས་རྒྱུད་བསྐུལ༔ དེ་རྣམས་ཀྱི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཀྱི་འོད་ཟེར་དཀར་སེར་དམར་མཐིང་བྱོན། སློབ་མའི་ཞལ་ནས་ཞུགས། ལུས་ཀྱི་ནང་གང་བས་ཞི་རྒྱས་དབང་དྲག་གི་ཕྲིན་ལས་ཐོགས་མེད་དུ་འགྲུབ་པའི་ནུས་པ་དང་ལྡན་པར་བྱས། སླར་འོད་ཟེར་ཕྱིར་འཕྲོས་པས་ལས་བཞིའི་ཕྲིན་ལས་ཡིད་བཞིན་དུ་སྒྲུབ་པར་མོས་པས་འདིའི་རྗེས་ཟློས། རྩ་སྔགས་ལ། བཛྲ་དྷཱ་ཀི་ནཱི་ཤཱནྟིཾ་ཀུ་རུ་ཧཱུྃ༔ རཏྣ་དྷཱ་ཀི་ནཱི་པུཥྚིཾ་ཀུ་རུ་ཧོ༔ པདྨ་དྷཱ་ཀི་ནཱི་པཱ་ཤཾ་ཀུ་རུ་ཛ༔ ཀརྨ་དྷཱ་ཀི་ནཱི་མཱ་ར་ཡ་ཕཊ༔ སོ་སོར་བཏགས་པ་ལན་གསུམ་རེ་བྱ། དེས་སྐུའི་སོགས། གཉིས་པ་ངག་སྨིན་པར་བྱེད་པ་གསང་བའི་དབང་བསྐུར་བ་ནི། བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོ་སོགས་ནས། ཞིང་སྐྱེས་ཀྱི་ཕོ་ཉའི་ཚོགས་དང་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །གསུམ་པ་ཡིད་སྨིན་པར་བྱེད་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། བླ་མ་དང་སོགས། ཨ་ཨཱ༔ མེ་ལོང་གི་དཀྱིལ་འཁོར་གསང་བ་ཡེ་ཤེས་ཀྱི་རང་བཞིན་གདོད་ནས་སྤྲོས་པའི་མཚན་མས་སྟོང་པའི་ཕྱིར་མེ་ལོང་དྭངས་པ། སྣང་བའི་ཆ་བདེ་བ་ཆེན་པོའི་རྩལ་དུ་ཤར་བའི་བརྡར་སིནྡྷུ་རའི་དཀྱིལ་འཁོར། དེ་གཉིས་ཟུང་དུ་འཇུག་པས་སྟོང་གསལ་རིག་པ་དབྱེར་མེད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་དོན་མཚོན་པས་ངོ་སྤྲད་ཅིང་། སྙིང་གར་བཞག་པའི་རྐྱེན་གྱིས་བདེ་སྟོང་གི་ཡེ་ཤེས་སྐྱེས་པའི་རང་ངོ་ལ་མཉམ་པར་འཇོག་མཛོད། ཧཱུྃ༔ དག་ཅིང་གསལ་ལ་སོགས། ངང་མདངས་སྐྱོང་བཞིན་ཞུ་བདེས་དྲངས་པའི་ཟུང་འཇུག་ཁ་སྦྱོར་བདེ་བ་ཆེན་པོའི་ཕྱག་རྒྱ་དེ་ལས་ནམ་ཡང་མི་འདའ་བའི་ང་རྒྱལ་བཟུང་ཞིང་འཁྱུད་པའི་རྒྱ་དང་བཅས་འདིའི་རྗེས་ཟློས། ཨོཾ་སརྦ་ཏ་ཐཱ་སོགས་ནས། ལྷན་སྐྱེས་ཀྱི་ཕོ་ཉའི་ཚོགས་དང་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །བཞི་པ་ཡེ་ཤེས་རྡོ་རྗེའི་དཀྱིལ་འཁོར་དུ་སྒོ་གསུམ་བག་ཉལ་དང་བཅས་པ་སྨིན་པར་བྱེད་པ་བཞི་པའི་དབང་བསྐུར་བ་ནི། བླ་མ་དང་སོགས་ནས། ཀུན་གྱི་དེ་ཉིད་དོ༔ ཞེས་ངོ་སྤྲད་ཅིང་ཉམས་སྐྱོང་དུ་གཞུག །སླར་ཡང་ཆུ་ལས་ཆུ་བུར་བརྡོལ་བ་ལྟར་སློབ་མ་རྣམས་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྣང་ལ་རང་བཞིན་མེད་པའི་སྐུར་ལངས་པ་ལ། སློབ་དཔོན་དབང་ལྷ་དང་བཅས་པས་བཀྲ་ཤིས་ཀྱི་བདེན་ཚིག་བརྗོད་ཅིང་། མེ་ཏོག་མནྡཱ་རཿབའི་ཆར་ཆེན་པོ་ཕབ་པས་དབང་དོན་གྱི་ཡེ་ཤེས་གོང་དུ་འཕེལ་ཞིང་བརྟན་པར་མོས། བཀྲ་ཤིས་ཅི་རིགས་བརྗོད། དེས་དེ་བཞིན་ཉིད་སོགས། དེ་རྣམས་ཀྱི་སྒོ་ནས་གསང་བ་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ་དབང་བཞིའི་རིམ་པ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཀྱིས་བརྒྱན་པ་རྩལ་སྤྲུགས་སུ་ཐོབ་པ་ཡིན་པས། དེ་དག་གི་སྐབས་སུ་ཐོབ་ཅིང་ཁས་བླངས་པ་སྤྱི་དང་ཁྱད་པར་གྱིས་བསྡུས་པའི་དམ་ཚིག་གི་གནས་རྣམས་རྡོ་རྗེ་ཐེག་པའི་མན་ངག་ལས་འབྱུང་བ་ལྟར་ཚུལ་བཞིན་དུ་བསྲུང་སྡོམ་བགྱིད་དགོས་པས། དེ་ལྟར་བགྱིད་པར་ཞལ་གྱིས་བཞེས་པ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་ལྟར་དང་། ཆོ་གའི་རྗེས་ཚོགས་ལ་རོལ་ཞིང་ལྷག་མ་ཕྱིན་མཁའ་སྤྱོད་ལམ་བཟང་བཞིན་མཐར་དབྱུང་བས་གྲུབ་བོ།། །། ༈ སྟག་ཤམ་བསམ་གཏན་གླིང་པའི་ཟབ་མོ་གསང་བ་ཡོངས་འདུས་ཀྱི་དབང་རྒྱས་པ་རྡོ་རྗེ་སྙིང་པོ་ལས་མཚོ་རྒྱལ་དབང་ཁོལ་དུ་ཕྱུང་པ་ནོར་བུའི་ལྡེའུ་མིག་ལྟར་དབང་སྒྲུབ། དབང་དངོས་བསྐུར་བའི་དམ་ཚིག་ཁས་བླངས་རྗེས། དེ་ལྟར་སྨིན་བྱེད་དབང་བཞི་རྫོགས་པར་ཐོབ་པའི་གཏང་རག་དང་། སླར་ཡང་གྲོལ་བྱེད་ཀྱི་གདམས་ཁྲིད་ཞུ་བའི་ཡོན་དུ་མཎྜལ། དེ་ལ་འདིར། ཟབ་མོ་གསང་བ་ཡོངས་འདུས་ལས༔ མཁའ་འགྲོ་མཚོ་རྒྱལ་གྱི་སྙིང་ཐིག་ཆེན་མོ་མཁའ་སྤྱོད་ཨ་མའི་ཁྲིད་རིམ་སོགས་གཏེར་གཞུང་ཁྲིད་ཡིག་གི་ཁ་བྱང་ནས་གཟུང་མཐར་ཆགས་སུ་བཀླགས་ནས་མཇུག་གི་རྗེས་རིམ་གྱི། ས་མ་ཡ༔ རྒྱ་རྒྱ་རྒྱ༔ བར། དེ་ལྟར་གཏེར་གཞུང་རྡོ་རྗེའི་གསུང་གིས་བསྟན་པ་བཞིན་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་བླ་མའི་རྣལ་འབྱོར་གནད་དུ་བསྣུན་པས་ལམ་གྱི་གཞི་ལེགས་པར་བཏིང་ནས། སྦྱོར་དངོས་རྗེས་ཀྱི་རིམ་པ་རྣམས་མཐར་ཕྱིན་པར་ཉམས་སུ་བླངས་པས། ཡེ་ཤེས་མཁའ་འགྲོའི་གོ་འཕང་མཆོག་གི་དངོས་གྲུབ་དམ་པ་ཐོབ་པར་མཛོད་ཅིག །དེ་རྣམས་ཀྱིས་སྨིན་གྲོལ་ལེགས་པར་གྲུབ་པའི་དགའ་སྟོན་དང་། བླ་མ་ལ་དྲིན་ལན་བསབ་པའི་སླད་དུ་རང་རང་གི་ལུས་ལོངས་སྤྱོད་ཀྱིས་བསྡུས་པའི་བདོག་པ་ཐམས་ཅད་འབུལ་སྙམ་པས་འདིའི་རྗེས་ཟློས། དེང་ནས་བརྩམ་སྟེ་སོགས་དང་དགེ་བ་བསྔོ། ཆོ་གའི་རྗེས་དབང་ཆོག་ནས་གསུངས་པ་བཞིན་བྱའོ།། །། ༈ ཆོས་རྗེ་གླིང་པའི་བླ་མ་དྲག་པོའི་ཆ་ལག །རྗེ་བཙུན་ཁྲོས་མའི་སྒྲུབ་མཆོད་ཆ་ལག་དང་བཅས་པ་མཁའ་སྤྱོད་པདྨ་འོད་དུ་བགྲོད་བྱེད་མཆོག་གི་མྱུར་ལམ་ལྟར་དབང་སྒྲུབ། དབང་དངོས་ལ་མཚམས་སྦྱོར་གྱི་ཁྱད་པར། འོ་ན་མཁའ་ཁྱབ་ཀྱི་འགྲོ་བ་འཁོར་བའི་རྒྱ་མཚོའི་རྦ་ལ་བར་མེད་དུ་འཕྱན་པ་རྣམས་ཞི་བ་རྣམ་པར་གྲོལ་བ་ཐར་པའི་གླིང་དུ་དབུགས་དབྱུང་བར་བྱ། དེའི་སླད་དུ་རྡོ་རྗེ་ཁྲོས་མ་ནག་མོའི་དཀྱིལ་འཁོར་དུ་རྒྱུད་སྨིན་བྱེད་དབང་གི་རིམ་པ་ནོད་དེ། གྲོལ་བྱེད་ཀྱི་མྱུར་ལམ་ཟབ་མོ་ལ་འཇུག་པར་བགྱིའོ་སྙམ་པའི་བསམ་པ་རྒྱ་ཆེན་པོ་བྱང་ཆུབ་སེམས་དཔའི་རྣམ་ཐར་ལ་གཞོལ་བའི་སྒོ་ནས་གསན་འཚལ། དེའང་འཁོར་འདས་ཀུན་ལ་ཁྱབ་པའི་ཆོས་ཀྱི་དབྱིངས་སྤྲོས་པའི་མཚན་མ་ཉེ་བར་ཞི་བའི་ཟབ་མོ་སྟོང་པ་ཉིད་དང་། རྣམ་པ་ཀུན་མཆོག་རང་བྱུང་གི་ཡེ་ཤེས་གཟོད་ནས་མཉམ་སྦྱོར་ཀུན་ཏུ་བཟང་མོའི་དབྱིངས་ལས་ལོངས་སྐུ་བདེ་ཆེན་དབྱིངས་ཀྱི་རྡོ་རྗེ་ཁྲོས་མའི་སྐུར་བཞེངས་ནས། རིགས་ལྔའི་རྒྱལ་བ་རྣམས་དང་ཐབས་ཤེས་གཉིས་སུ་མེད་པའི་ཕྲིན་ལས་ངེས་པ་ལྔ་དང་ལྡན་པའི་སྒྱུ་འཕྲུལ་གྱི་རྩལ་ལས། མ་ངེས་འགྲོ་བ་འདུལ་བའི་དོན་དུ་སྤྲུལ་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་སྣ་ཚོགས་པའི་གཟུགས་འདོད་རྒུར་བསྒྱུར་བའི་རྣམ་འགྱུར་བསམ་ཡས་ཀྱིས། སྐལ་པ་དང་ལྡན་པའི་གང་ཟག་རྣམས་ཀྱི་བློའི་སྤྱོད་ཡུལ་དང་འཚམ་པའི་ཕྲིན་ལས་ཀྱིས་མཆོག་དང་ཐུན་མོང་གི་དངོས་གྲུབ་དམ་པ་ལག་པའི་མཐིལ་དུ་སྩོལ་བ་དང་། གནས་སྐབས་སྒྲུབ་པ་པོ་རྣམས་ཀྱི་ཉེ་བར་འཚེ་བ་ལས་སྐྱོབ་ཅིང་། སྐལ་ལྡན་རྣམས་ལ་ཉམས་རྟོགས་སྤེལ། སྐལ་མེད་རྣམས་གང་འདུལ་གྱི་རོལ་པས་རྗེས་སུ་འཛིན། ཉམས་པ་རྣམས་ཀྱི་གཤེད་མ་མཛད། སྒྲུབ་པ་པོ་ཚེ་གཅིག་ལ་མཆོག་གི་དངོས་གྲུབ་ཉམས་འོག་ཏུ་མ་ཆུད་པའང་འཆི་བའི་ཚེ་ཡེ་ཤེས་མཁའ་འགྲོས། ལག་པའི་མཁྲིག་མ་ནས་གཟུང་སྟེ་མཁའ་ལ་སྤྱོད་པའི་གནས་སུ་ཁྲིད་དེ་རྣམ་པར་གྲོལ་བ་མཆོག་གི་གནས་ལ་དབུགས་འབྱིན་པར་མཛད་པ་སོགས། དངོས་གྲུབ་ཉེ་ལ་རྟགས་ཚད་མྱུར་བ་འདི་ལྟ་བུ་ནི་ཐར་འདོད་རྣམས་ཀྱིས་ཡི་དམ་དུ་ངེས་པར་བསྙེན་པར་བྱ་དགོས་པ་ཡིན་ལ། དེ་ཉིད་སྒྲུབ་པའི་བཀའ་སྲོལ་གསར་རྙིང་བཀའ་གཏེར་གྱི་ཕྱོགས་སུ་ཇི་སྙེད་ཅིག་བྱོན་པ་ལས། ད་ལམ་གྱི་སྐབས་སུ་བབས་པ་འདི་ནི་འཛམ་གླིང་སྤྱི་དང་། ཁྱད་པར་གངས་ཅན་པའི་འགྲོ་བ་ལ་སངས་རྒྱས་ལས་ཀྱང་ཆེས་རྨད་དུ་བྱུང་བའི་བཀའ་དྲིན་ཅན་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་གྱིས། ཆོས་རྒྱལ་ཡབ་སྲས་སོགས་ལས་ཅན་དག་པའི་རྗེ་འབངས་རྣམས་ལ་ཐུགས་ཀྱི་མཛོད་ཁང་ནས་བརྡོལ་པའི་ཉིང་ཁུ། རྩ་བ་གསུམ་གྱི་སྒྲུབ་ཐབས་ཕྲིན་ལས་ཁ་ཚར་དང་བཅས་པ། ཚེ་གཅིག་ལ་བྱང་ཆུབ་རྡོ་རྗེ་སངས་རྒྱས་ཀྱི་གོ་འཕང་ལ་རེག་པར་ནུས་པའི་གདམས་པ་མཐའ་ཡས་པ་བསྩལ་པའི་ནང་ཚན། ཕྱི་ལྟར་དབྱིངས་ཕྱུག་ཡེ་ཤེས་མཚོ་རྒྱལ། ནང་ལྟར་རྡོ་རྗེ་ཕག་མོ། གསང་བ་བདུད་འདུལ་དྲག་མོ་རྡོ་རྗེ་ཁྲོས་མ་ནག་མོའི་ཚུལ་སོགས་གཅིག་ཉིད་དུ་མའི་གར་མཁན། གནས་གསུམ་མཁའ་འགྲོ་ཡོངས་ཀྱི་དབང་མོ་ཆེའི་གདམས་སྐོར་འདི་ནི། གཏེར་གཞུང་རྡོ་རྗེའི་གསུང་ལས། ཇོ་མོའི་སྒྲུབ་ཐབས་བདུད་འདུལ་དྲག་མོ་རྩལ༔ རྡོ་རྗེ་མཁའ་འགྲོ་སེང་གེའི་གདོང་ཅན་མའི༔ སྒྲུབ་པའི་མན་ངག་ཟབ་བཅུད་སྙིང་པོ་འདི༔ ཡང་ཟབ་བླ་མ་དྲག་པོའི་ཆ་ལག་ཏུ༔ བདག་འདྲ་སྤྲུལ་སྐུས་མ་འོངས་དོན་ཕྱིར་བཀོད༔ ད་ལྟ་མ་སྤེལ་བདུད་རི་ནག་པོ་ཡི༔ འགྱུར་མེད་མཚོ་ལ་རྒྱ་བདུན་ཕབ་སྟེ་སྦོས༔ འདི་ནས་རིང་འདས་དུས་ཀྱི་ཐ་མ་ལ༔ སྦྱངས་པའི་འཕྲོ་ཅན་གློ་བུར་ལས་སད་པ༔ བདག་གིས་བྱིན་བརླབས་ལྷ་སྲས་ཨ་ཙརྻའི༔ གཉིས་མེད་སྤྲུལ་སྐུ་ཟུང་གིས་འབྱིན་པར་འགྱུར༔ ཉམས་སུ་བླངས་པས་གཟུགས་ཅན་གཟུགས་མེད་ཀྱི༔ མི་མཐུན་བར་དུ་གཅོད་པ་ཐམས་ཅད་ཟློག༔ ཡེ་ཤེས་མཁའ་འགྲོས་ཉམས་སམ་རྨི་ལམ་དུ༔ བར་མེད་ཞལ་མཐོང་གསང་བའི་གདམས་པ་སྟོན༔ ཚེ་གཅིག་མཁའ་སྤྱོད་གོ་འཕང་ཐོབ་པར་འགྱུར༔ ཞེས་བསྔགས་པ་ཉིད་ཆོས་བདག་ཟུང་ལ་གཉེར་དུ་གཏད་དེ། བོད་ཁམས་གངས་རི་རྩེ་དགུའི་ཤར། སྦས་ཡུལ་པདྨ་གླིང་གི་བྱང་ཕྱོགས་པདྨས་སྦས་པའི་ནང་ཚན། དྲག་པོའི་ཕྲིན་ལས་ཀྱི་གནས་ཀོང་ཡུལ་བདུད་རི་རྔ་འདྲའི་འདབས། འགྱུར་མེད་གཏན་འཁྱིལ་གྱི་ཆུ་བོ་ཁ་རག་མགོ་དགུའི་བདུད་མཚོར། བདུད་འདུལ་བླ་མ་མ་ཧཱ་གུ་རུ་དྲག་པོར་སྒྲུབ་པའི་ཆ་ལག་ཏུ་གཏེར་དུ་སྦས་པ། ཕྱིས་འགྲོ་འདུལ་སྤྲུལ་པའི་གཏེར་འབྱིན་ཨོ་རྒྱན་བླ་མའི་ཐུགས་རྗེའི་ཟློས་གར་གྱི་སྒྱུ་འཕྲུལ། རྒྱལ་སྲས་རྡོ་རྗེ་མཆོག་གྲུབ་རྒྱལ་པོ་ཉིད་གཏེར་སྟོན་རྐྱང་པའི་སྐྱེ་བ་བཞེས་པའི་བཅུ་གཉིས་པ། ཆོས་རྗེ་གླིང་པ་བདེ་བའི་རྡོ་རྗེ་ཡེ་ཤེས་རོལ་པ་རྩལ་གྱིས་གཟུར་གནས་སྐལ་ལྡན་གྱི་ཚོགས་ཆེན་པོའི་དབུས། མ་འགགས་རྫུ་འཕྲུལ་གྱི་རོལ་པས་སྤྱན་དྲངས་པའི་ཤོག་སེར་རྒྱ་ནག་སྤྲིན་ཤོག་སེར་པོའི་ངོས་ལ་གུ་རུའི་ཤངས་མཚལ་གྱིས་བརྡ་ཡིག་འཕྲུལ་གྱི་པ་ཏྲ་གུ་རུ་རིན་པོ་ཆེ་ཉིད་ཀྱི་ཕྱག་བྲིས་སུ་མཛད། རུ་དྲ་བསྒྲལ་པའི་ཙནྡན་ས་མཆོག་གིས་དྲིལ་ཤིང་བྱས། མཚོ་རྒྱལ་གྱི་དབུ་སྐྲས་བཅིངས། རྒྱལ་པོའི་མཐའ་བེར་གྱིས་བསྟུམས་པའི་ལ་རིལ་གུ་རུ་ཉིད་ཀྱིས་རབ་གནས་མཛད་པའི་སྒྲོམ་ལས་ཕྱུང་པའི་ཤོག་སེར་ལས་གཏན་ལ་ཕབ་པའི་གསང་ཆོས་ཐུན་མོང་མ་ཡིན་པ། བྱིན་རླབས་དངོས་གྲུབ་ཀྱི་དྲོད་དང་ལྡན་པའི་དབང་བསྐུར་བགྱི་བ་ལ་སོགས་མཎྜལ། འདིར་རྗེ་བཙུན་ཁྲོས་མ་ནག་མོའི་དབང་གི་ཆོ་ག་བསྒྲུབ་པ་ལ་སྦྱོར་བ། དངོས་གཞི། རྗེས་གསུམ་ལས། དང་པོ་སྦྱོར་བའི་ཆོས་ལའང་རྣམ་གྲངས་དྲུག་ལས། དང་པོ་ཆས་སུ་འཇུག་པ་ནི། སྔོན་ཆད་གཟུང་འཛིན་གྱི་སྒྲིབ་པས་རང་གནས་བདེ་གཤེགས་མཁའ་འགྲོའི་དཀྱིལ་འཁོར་མཐོང་བ་ལ་བསྒྲིབས་པའི་མཚོན་བྱེད་མིག་རས་འཆིང་མཛོད། སྔགས་ཀྱིས་མིག་དར་དང་། ལྷ་དང་མཇལ་བའི་ཕྱག་རྟེན་དུ་ཨུ་དུམྦ་རའི་མེ་ཏོག་གི་ཕྲེང་བ་གསར་པ་རེ་ཐོགས་པར་མོས། སྔགས་ཀྱིས་མེ་ཏོག་སྦྱིན། གཉིས་པ་གསོལ་བ་གདབ་པ་ནི། བླ་མ་མཁའ་སྤྱོད་དབང་ཕྱུག་མའི་ངོ་བོར་བཞུགས་པ་ལ་གུས་པའི་ཐལ་མོ་མེ་ཏོག་དང་བཅས་པས་གསོལ་བ་གདབ་པ་འདིའི་རྗེས་ཟློས། དགའ་ཆེན་ཁྱོད་བདག་སོགས། འདིར་གཞུང་ལས་སྐྱབས་སེམས་ཚོགས་གསག་མ་གསུངས་ཀྱང་སྤྱི་འགྲེ་སྤྲོ་ན། གསུམ་པ་སྡོམ་པའི་གཞི་རྟེན་སྐྱབས་སུ་འགྲོ་ཞིང་། ཐེག་པ་ཆེན་པོའི་ལམ་གྱི་སྲོག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། ལམ་གྱི་མཐུན་རྐྱེན་ཁྱད་པར་ཅན་ཡན་ལག་བདུན་པས་ཚོགས་གསག་པ་རྣམས་བཀའ་གསང་བླ་ན་མེད་པའི་ཐེག་པ་ལས་གསུངས་པའི་སྒོམ་དོན་གསལ་འདེབས་བཞིན་པས་འདིའི་རྗེས་ཟློས། ཆོ་གའི་དབུར་འབྱུང་བའི། བརྒྱུད་པའི་རྩ་བ་སོགས་སྐྱབས་སེམས་ཡན་ལག་བདུན་པ་སོ་སོར་ལན་གསུམ་རེ་སྦྲེལ་མར་བྱ། བཞི་པ་དྲིས་ལན་གྱི་སྒོ་ནས་སྣོད་བརྟག་པའི་ཕྱིར། བུ་ཁྱོད་སུ་ཡིན་སོགས། ཞེས་དྲིས་པའི་ལན་དུ་འདི་སྐད་ཐོབས་ཤིག །སྐལ་བཟང་སོགས། སླར་ཁྱེད་རང་རྣམས་ཀྱི་དོན་དུ་གཉེར་བྱ་དེའི་མཐར་ཐུག་གི་འབྲས་བུ་ཇི་ལྟ་བུ་ཞིག་ཐོབ་པར་འདོད་འདྲི་བ་ནི། དེ་ཡིས་སོགས། ཅེས་དྲིས་པའི་ལན་དུ་འདི་ལྟར་གསུངས་ཤིག །སངས་རྒྱས་སོགས། ལྔ་པ་དལ་དུ་གཞུག་པ་ནི། དེ་ལྟར་ན་ཁྱེད་ཅག་རྣམས་སྣོད་ལྡན་དུ་ངེས་པར་ཤེས་ཏེ། ལས་ཀྱི་རྡོ་རྗེས་ཁྲིད་ནས་དཀྱིལ་འཁོར་ཆེན་པོའི་སྒོ་བཞི་ཕྱེས་པའི་ནང་དུ་ཞུགས་པར་མོས། ཛཿཧཱུྃ་སོགས་ནས། སྙིང་མགྲིན་སྤྱི་བོ་རྣམས་སུ་རེག་སྟེ། ཡིད་ཆེས་ཀྱི་དད་པ། དྭངས་པའི་ངག །གུས་པའི་ལུས་ཀྱིས་ཕྱག་འཚལ་བར་མོས་པས་འདིའི་རྗེས་ཟློས། ཨོཾ་ན་མ་སོགས་ལན་གསུམ། དྲུག་པ་དབང་སྲོག་དམ་ཚིག་གི་མདོ་བཤད་ཅིང་རྡོ་རྗེའི་ཆུ་ནན་སྦྱིན་པ་ནི། སྐལ་པ་བཟང་པོ་ཁྱེད་རྣམས་རྡོ་རྗེ་རྣལ་འབྱོར་མའི་གྲོང་ཁྱེར་དུ་ཞུགས་ནས། བདེ་སྟོང་ལྷན་ཅིག་སྐྱེས་པའི་མཆོག་གི་དངོས་གྲུབ་དམ་པ་གང་ཡིན་པ་དེ་སྦྱིན་པར་བྱའི། དེས་ན་ཁྱེད་རྣམས་ཀྱིས་ཕྱི་ནང་སྒྲུབ་གསང་ཁྱད་པར་གྱིས་བསྡུས་པའི་སྲུང་མཚམས་རྣམས་དང་། བྱེ་བྲག་རྡོ་རྗེ་སློབ་དཔོན་གྱི་སྐུ་གསུང་ཐུགས་ཀྱི་དམ་ཚིག་མིག་འབྲས་བཞིན་བསྲུང་དགོས་པའི་དོན་མ་བརྗེད་པར་གྱིས་ལ། བསྲུང་འདས་ཀྱི་དཔང་པོར་ཆུ་ནན་སྦྱིན་ཞིང་རྡོ་རྗེ་སྙིང་གར་བཞག་པ་གདོད་ནས་བཞུགས་པའི་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་དུ་གྱུར་ནས། ལེགས་ཉེས་ཀྱི་བྱ་ར་བྱེད་པས་ཁེ་ཉེན་གྱི་གནས་ཤེས་པར་གྱིས་ཤིག །ཁྱོད་ཉིད་རྣལ་འབྱོར་སོགས། གཉིས་པ་དངོས་གཞི་ལ་རྩ་བ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པ་དང་། ཞུགས་ནས་མངོན་པར་དབང་བསྐུར་བ་གཉིས་ཀྱི། དང་པོ་ནང་འཇུག་ལའང་དངོས་དང་། རྗེས་འབྲེལ་གཉིས་ལས། དང་པོ་ཡེ་ཤེས་ཀྱི་བྱིན་དབབ་པ་ནི། ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལེགས་པར་གཅུན་ལ་དམིགས་པ་འདི་ལྟར་གསལ་ཐོབས་ཤིག །ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས། རང་བཞིན་སྟོང་པའི་སོགས་ལྷ་བསྐྱེད་བཞིན། རྣམ་འགྱུར་མ་ངེས་ཚུལ་དུ་བཞུགས༔ དེ་ལྟར་ཁྱེད་རང་རྣམས་རྣལ་འབྱོར་མའི་སྐུ་སྟོང་ར་རྩ་གསུམ་འཁོར་ལོ་ལྔ་སོགས་སྤྱན་འདྲེན་སྦྱར་ཞིང་འབེབ་སྔགས་བཟླས་པས་བྱིན་དབབ། དེ་ལྟར་ཕེབས་པའི་ཡེ་ཤེས་པའི་བྱིན་རླབས་སྒོ་གསུམ་ལ་རབ་ཏུ་གནས་པར་གྱུར་ཅིག །སྔགས་ཀྱིས་བརྟན། གཉིས་པ་རྗེས་འབྲེལ་ལའང་གཉིས། དང་པོ་མེ་ཏོག་དོར་ཞིང་ལྷ་སྐལ་སྤྲད་པ་ནི། སྔར་བྱིན་པའི་མེ་ཏོག་ཡངས་ཤིང་མ་ཉམས་པ་དེ་ཕྱག་རྟེན་གྱི་ཚུལ་དུ་འབུལ་བ་དང་ཆབས་ཅིག །ལྷ་ལ་བཟང་ངན་མེད་ཀྱང་སྔོན་ནས་འབྲེལ་པའི་རིགས་ཀྱི་ལྷས་བཞེས་སུ་གསོལ་སྙམ་པ་དང་བཅས་འདིའི་རྗེས་ཟློས་ཀྱིས་ཕུལ་ཅིག །རྣལ་འབྱོར་མ་ཡི་སོགས། མེ་ཏོག་གང་དུ་བབས་ཀྱང་གཙོ་མོ་ཆོས་དབྱིངས་རྡོ་རྗེ་མཁའ་འགྲོ་མའི་ཡེ་ཤེས་རང་སྣང་གི་རོལ་པ་ཡིན་པའི་ཕྱིར། ཁྱེད་རང་རྣམས་ཀྱི་ཡི་དམ་དཀྱིལ་འཁོར་དབང་ཕྱུག་མ་ཉིད་དུ་ཟུངས་ཤིག །སེམས་མ་སྟོབས་ཆེན་སོགས། གཉིས་པ་མིག་དབྱེ་ཞིང་མཐོང་བ་བསྟན་པ་ནི། མ་རིག་པའི་སྒྲིབ་པ་མིག་རས་དང་ལྷན་ཅིག་བསལ་བར་མོས། ཙཀྵུཿསོགས། དྲི་མ་དང་བྲལ་པའི་ཡེ་ཤེས་ཀྱི་མིག་གིས་ཕྱི་གཟུང་ཡུལ་དག་པ་ཆོས་འབྱུང་ཐར་པ་ཆེན་པོའི་གཞལ་ཡས་ཁང་། ཕྱི་རོལ་འདོད་ཆགས་སྤངས་པའི་པདྨ། འཁོར་བ་སྟོང་པའི་དུར་ཁྲོད། བདུད་བཞིས་མི་ཕྱེད་པའི་སྲུང་འཁོར། གཉིས་སྣང་བསྲེགས་པའི་མེ་རི་དང་བཅས་པའི་ནང་དུ། འཛིན་སེམས་རྣམ་པར་དག་ཅིང་བྱང་ཆུབ་ཕྱོགས་ཆོས་གཞི་ལམ་འབྲས་བུའི་ཡོན་ཏན་རྫོགས་པའི་རྡོ་རྗེ་བཙུན་མོ་ལུས་དཀྱིལ་གྱི་ལྷ་དང་བཅས་པ་འདིས་མཚོན། ནང་རང་བྱུང་རྡོ་རྗེའི་ལུས་ཀྱི་ཕུང་ཁམས་ཐམས་ཅད་གདན་གསུམ་ཚང་བའི་འཁོར་ལོ་དང་། གསང་བ་ཀ་ནས་དག་པའི་རང་རིག་བྱང་ཆུབ་ཀྱི་སེམས་ཤེས་རབ་དབྱིངས་ཀྱི་དཀྱིལ་འཁོར་གདོད་ནས་མ་བཙལ་ལྷུན་གྱིས་རྫོགས་པ་སྟེ། རྣལ་འབྱོར་མ་ཡི་སོགས། གཉིས་པ་ཞུགས་ནས་མངོན་པར་དབང་བསྐུར་བ་ལ་སྦྱང་གཞིའི་རིམ་པས་ཕྱེ་བའི། སྦྱོང་བྱེད་དབང་བཞིའི་རིམ་པ་རྣམས་སྟན་ཐོག་གཅིག་ཏུ་རྫོགས་པར་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དཔའ་བོ་དཔའ་མོ་སོགས། དེ་ལྟར་གསོལ་བ་བཏབ་པས། དང་པོ་བུམ་པའི་དབང་ལུས་ལ་བསྐུར་བ་ནི། སློབ་དཔོན་དང་ལྷན་ཅིག་ཏུ་བྲིས་པའི་དཀྱིལ་འཁོར་སོགས། གཉིས་པ་གསང་བའི་དབང་ངག་ལ་བསྐུར་བ་ནི། དཀྱིལ་འཁོར་གྱི་གཙོ་མོ་སོགས། ཀུན་རྫོབ་ཉི་ཟླ་འདྲེས་པའི་བྱང་ཆུབ་སེམས་ཀྱི་ཆུ་དེ་ཉིད་ཐ་མལ་གྱི་རྟོག་པ་སྤངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་དང་རོ་མཉམ་པར་ཤེས་པས་རྣམ་རྟོག་སྤངས་ཏེ་བདུད་རྩིར་མྱངས་ནས་ཆེད་དུ་བརྗོད་པ་འདི་སྐད་གསུངས་ཤིག །ཨ་ཧོ་མ་ཧཱ་སོགས། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་སེམས་ལ་བསྐུར་བ་ནི། མེ་ལོང་སིནྡྷུ་རའི་སོགས། བཞི་པ་དོན་དམ་ལྷུན་གྲུབ་སེམས་ཀྱི་དབང་རང་རིག་ལ་བསྐུར་བ་ནི། དབང་དུས་སུ་སྐྱེས་སོགས། གསུམ་པ་མཐའ་རྟེན་རྗེས་ཀྱི་རིམ་པ་ལ་གསུམ་ལས། དང་པོ་སྤྱོད་པའི་བརྟུལ་ཞུགས་ཀྱི་ཆས་དང་ཕྱག་རྒྱ། བཟའ་བཏུང་གི་དམ་རྫས། རུས་པའི་ཕྱག་རྒྱ་ལྔ། ཅང་ཏེའུ། ཐོད་པ། ཁ་ཊྭཱཾ། ཤ་ལྔ། བདུད་རྩི་ལྔ། དངོས་གྲུབ་ཀྱི་བམ་ཆེན་རྣམས་གཏད་ཅིང་རོལ་པས་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པའི་ཉེ་རྒྱུས་ཕྱིའི་གནས་ཡུལ་དང་མཁའ་འགྲོའི་འདུ་བར་སྤྱད། ནང་གི་རྡོ་རྗེའི་ལམ་བཙན་ཐབས་སུ་བགྲོད་དེ་དཔལ་ཁྲག་འཐུང་རྣལ་འབྱོར་དབང་མོའི་གོ་འཕང་ཚེ་གཅིག་ལ་ཐོབ་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་པས་དེའི་དོན་ཤེས་པར་གྱིས་ཤིག །རྩ་སྔགས་དང་། དེང་ནས་བརྩམ་སྟེ་སོགས། གཉིས་པ་དོན་གཉིས་ཕུན་སུམ་ཚོགས་པར་སྒྲུབ་ནུས་པའི་རྗེས་སུ་གནང་བ་ལྷ་དང་སློབ་དཔོན་མགྲིན་གཅིག་པས་བསྩལ་བར་མོས། རྣལ་འབྱོར་མ་ཡི་སོགས། གསུམ་པ་གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་། རིགས་ལྔ་མཁའ་འགྲོའི་བརྟུལ་ཞུགས་ཀྱི་ཁྱད་པར་དུ་ཕྱེ་བ་རྣམས་ཚུལ་བཞིན་བསྲུང་བར་ཁས་བླང་བ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་དང་། ཆོ་གའི་རྗེས་བཅས་བྱའོ།། །། ༈ རོལ་པ་རྡོ་རྗེའི་བླ་མ་རྒྱལ་འདུས་ཡུམ་བཀའ་རྡོ་རྗེ་ཕག་མོའི་དབང་གོང་དུ་སོང་ངོ་།། །། ༈ རྭ་སྟོན་ཐུགས་མཆོག་རྡོ་རྗེའི་རྗེ་བཙུན་འཕགས་མ་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་དབང་བསྐུར་དང་བཅས་པ་འཆི་མེད་གཏེར་བུམ་ལྟར་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ རིག་འཛིན་འཇིགས་མེད་གླིང་པའི་དགོངས་གཏེར་ཀློང་ཆེན་སྙིང་གི་ཐིག་ལེའི་ཡུམ་བཀའ་བདེ་ཆེན་རྒྱལ་མོའི་དབང་གི་ཆོག་སྒྲིག་བདེ་ཆེན་བཅུད་འབེབ་ལྟར་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ ཀུན་གཟིགས་འོད་གསལ་སྤྲུལ་པའི་རྡོ་རྗེའི་དག་སྣང་འཆི་མེད་འཕགས་མའི་སྙིང་ཐིག་གི་རྩ་བའི་སྨིན་བྱེད་བཀླག་ཆོག་ཏུ་བཀོད་པ་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་ལྟར། བདག་བསྐྱེད་མཐར། ས་ལྷའི་གཏོར་མ་དང་གསེར་སྐྱེམས། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བརླབ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་མགྲོན་བཀུག །སྠཱ་ན་པ་ཏི་ཀྵེ་ཏྲ་པཱ་ལཉྩ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ནས། ཁཾ་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ལན་གསུམ་གྱིས་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །སྔགས་སྤྱོད་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱོད་ཀྱིས་བསྩལ་དུ་གསོལ། །ཞེས་འབུལ་ཞིང་ཕྲིན་ལས་བཅོལ་ནས། གཙྪས་རང་གནས་སུ་གཤེགས་པར་མོས། རིམ་པར་དབང་རྫས་བྱིན་རླབས་རྣམས་དང་། སློབ་མ་བཅས་སྟ་གོན་བྱ། དབང་སྒྲུབ་དངོས་ལ། ཚིག་བདུན་དང་བརྒྱུད་འདེབས་རྗེས། མདུན་གྱི་ནམ་མཁར་སྐྱབས་ཡུལ་བླ་མ་རྗེ་བཙུན་དཀོན་མཆོག་རྒྱ་མཚོའི་སྤྲིན་འཕྲོ་བ་མངོན་སུམ་བཞིན་དུ་གསལ་བར་གྱུར་པར་མོས་ལ། ཕྲིན་ལས་ཡེ་ཤེས་སྣང་བ་ལྟར་སྐྱབས་སེམས་ཡན་ལག་བདུན་པ་སོ་སོར་ལན་གསུམ་རེའི་མཐར། ཛཿཧཱུྃ་བཾ་ཧོཿས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། དེ་ནས་བགེགས་ལ་བཀའ་བསྒོ་བ་ནི། རང་ཉིད་སྐད་ཅིག་གིས་པདྨ་ཧེ་རུ་ཀཿཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་ཅན་དུ་གྱུར། ཅེས་མཚམས་ལྷའི་ང་རྒྱལ་གཟུང་། བགེགས་གཏོར་ལ་ཆབ་བྲན། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རང་རང་གི་ཡིད་དང་མཐུན་པའི་སྣོད་རྣམས་སུ་ཁཾ་ལས་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་སོ་སོའི་སྤྱོད་ཡུལ་བཞིན་དུ་འཆར་བར་གྱུར། ཨོཾ་ཨ་ཀཱ་རོ་སོགས་སྔགས་རྒྱ་ལན་གསུམ་གྱིས་བྱིན་བརླབ། ལྕགས་ཀྱུའི་རྒྱ་དང་། སརྦ་བྷཱུ་ཏ་ཨཱ་ཀརྵཱ་ཡ་ཛཿས་བགེགས་བཀུག །སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ནས། ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོ། ཧཱུྃ༔ གདོད་ནས་འཁོར་འདས་སོགས་ཀྱིས་བཀའ་བསྒོའི་མཐར། ཨོཾ་པདྨཱནྟ་ཀྲྀཏ་ཧྱ་གྲཱི་ཝ་སརྦ་བིགྷྣཱན་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་དང་། དྲག་སྔགས་སུམྦྷ་ནི་བརྗོད། ཡུངས་ཐུན་གཏོར། གུ་གུལ་བདུག །ཧཱུྃ༔ སྣང་སྲིད་སྣོད་བཅུད་སོགས་སྲུང་འཁོར་བསྒོམ། སྣོད་བཅུད་ལ་བྱིན་འབེབ་དང་། མཆོད་རྫས་བྱིན་རླབས་ཀྱི་སྔགས་ལན་གསུམ་བརྗོད། དངོས་གཞི་བདག་མདུན་དབྱེར་མེད་དུ་བསྐྱེད་པ་ནས། མཆོད་ལྷ་སྤྲུལ་པའི་དམིགས་པ་གསལ་བཏབ་རྗེས། ཟུར་གསལ་མཆོད་ཕྲེང་རྒྱས་པ་ལྟར་ཉེར་སྤྱོད་དང་འདོད་ཡོན་ལྔ། སྨན་མཆོད་དང་མཚན་དོན། རཀྟ་གཏོར་མ་རྣམས་སྦྱར་ནས། ཕྲིན་ལས་ཀྱི་དོན་མཆོད་ནས། བསྟོད་པའི་མཐར། ཛཔ྄་ཁང་དབྱེ་བ་རྩ་དབང་ལྟར་རམ། ཅུང་ཟད་སྤྲོ་ན། བྷྲཱུྃ་བི་ཤྭ་བི་ཤུདྡྷེ། ཏཱཾ་ཧྲཱིཿབྷྲཱུྃ། ཏཱཾ་བྷྲཱུྃ་ཧྲཱིཿཧཱུྃ། ཛཿཧཱུྃ་བཾ་ཧོཿ ཕཊ་ཛཿ ཞེས་པས་བདག་བསྐྱེད་ཀྱི་དཀྱིལ་འཁོར་ལས། མདུན་རྟེན་གྱི་གོ་སར་མར་མེ་གཅིག་ལས་གཉིས་མཆེད་ཚུལ་གྱིས་རྟེན་བརྟེན་པའི་དཀྱིལ་འཁོར་གྱེས་ཏེ་མེ་རི་འདབས་འབྱར་ཙམ་དུ་བཞུགས་པར་བསྒོམས་ལ། བདག་མདུན་འཕགས་མའི་ཐུགས་ཀ་རུ༔ ཡེ་ཤེས་སེམས་དཔའ་སོགས་བསྙེན་དམིགས་གསལ་ཞིང་། གཙོ་བོའི་ཡིག་བཅུ་སྟོང་ཕྲག་གཅིག་བཟླ་བའི་དབང་དུ་བྱས་ན། སྐབས་འདིར་གཙོ་སྔགས་ལྔ་བརྒྱ་དང་ལྔ་བཅུ། དྲིལ་སྒྲུབ་ཚེ་ཤམ་ཅན་དང་། ཡེ་སེམས་ཚེ་སྙིང་། སྤྲུལ་པ་རྣམ་རྒྱལ་མའི་སྔགས་གསུམ་པོར་བརྒྱ་དང་ལྔ་བཅུ་རེ། སྒྲུབ་དམིགས་གསལ་བཏབ་ཅིང་། ཡིག་བཅུ་དང་། དྲིལ་སྒྲུབ། ཡེ་སེམས། སྤྲུལ་པའི་སྔགས་བཞི་པོ་གོང་མཚུངས། རིགས་བཞིར་བརྒྱ་ཕྲག་རེ། ལས་སྦྱོར་དམིགས་པ་གསལ་བཏབ་ལ། ལས་བཞིའི་སྔགས་ཉེར་གཅིག་རེས་མཚོན་མང་ཉུང་གང་ལྕོགས་རིགས་འགྲེ། བུམ་པ་བསྐྱེད་བཟླས་སྤྲོ་ན་བུམ་པ་སྟ་གོན་བཞིན་དང་། བསྡུ་ན་བདག་འཇུག་ལྟར་གང་བྱེད་སྐབས་དང་བསྟུན། ཐུན་མཐར་དབྱངས་གསལ་དང་རྟེན་སྙིང་ལན་གསུམ་རེ། ཕྲིན་ལས་གཞུང་ལྟར། ཕྱི་ནང་གསང་གསུམ་སྨན་རཀ་གཏོར་མ་དང་བཅས་པས་མཆོད། བསྟོད་པའི་ཐོག་མའི་ཤློ་ཀ་གཉིས་ཀྱིས་བསྟོད། ཡིག་བརྒྱ་ལན་གསུམ། ཚེ་འགུགས་སོགས་དབང་གཞུང་དུ་གསུངས་པ་ལྟར་ལ། སྲུང་མའི་གཏོར་འབུལ་ལ་དམ་ཅན་སྤྱི་གཏོར་དང་། སྐོང་ཆོག་སྤྲོ་ན། ན་རཀ་སྐོང་བཤགས་སྦྱར་བ་ཕྱག་བཞེས་མཛད། ཕྲིན་ལས་ཀྱི་ཚོགས་བྱིན་རླབས་ནས་གཟུང་དབང་ཆེན་དུ་གསུངས་པ་ལྟར་གྱིས་བསྒྲུབ། དངོས་གཞིར་རྩ་དབང་རྒྱས་པ་ཕན་ནུས་ཟབ་མོའི་དབང་བཞི། རྗེས་ཆོག་གི་ཚོགས་ལ་རོལ་རྗེས། ལྷག་མ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧ་ཧོཿཧྲཱིཿས་བརླབས་ཏེ། ཕྲིན་ལས་བཞིན་བསྔོས་ལ། སྨོན་ལམ་མཐར། སྲུང་མའི་གཏོར་མ་བརྟག་པ་བཞིས་བརླབས། ཤཱ་ས་ནས་བསྔོས་ལ། དམ་ཅན་རྒྱ་མཚོའི་ཚོགས་རྣམས་སོགས་ཀྱིས་ཕྲིན་ལས་བཅོལ་བས་འཐུས། ཆད་བརྟན་མཇུག་ཏུ། ཨེ་ནྲྀ་ཏྲི་སརྦ་ཤ་ཏྲཱུཾ་བིགྷྣཱན་ཛཿཧཱུྃ་བཾ་ཧོཿས་བཀུག་ལ་རྟ་བྲོ་བརྡུང་། ཡེ་དྷར་དང་། བྷྲཱུྃ་པུཥྚིཾ་ཀུ་རུ་སྭཱ་ཧཱས་གཏོར་སྣོད་བརྒྱན་ཅིང་འབྲུ་འཐོར། མཆོད་བསྟོད་རྗེས། དངོས་གྲུབ་བླང་བའི་ཚིགས་བཅད་མཇུག་ཏུ། དྲིལ་སྒྲུབ་སྔགས་མཐར། ཀཱ་ཡ་ཝཱ་ཀ་སོགས་བཏགས་པ་རྣམས་ལས་གཞན་དབང་ཆེན་མཇུག་ཏུ་གསུངས་པ་ལྟར་བྱ། ༧ ཡང་ཟབ་ཚེའི་བྱིན་རླབས་ཀྱི་ཕྱག་ལེན་གསལ་བར་བཀོད་པ་ཡེ་ཤེས་ཐིག་ལེ་ལྟར་དབང་འབྲིང་པོའི་དབང་སྒྲུབ། དངོས་གཞི་ཡང་ཟབ་ཚེའི་བྱིན་རླབས་དང་རྗེས་རིམ་བཅས་བྱ། ༧ ཐུན་མོང་ཚེའི་རྗེས་གནང་བྱ་བའི་ཚུལ་གསལ་བར་བཀོད་པ་ཡེ་ཤེས་སྒོ་འབྱེད་ལྟར་དབང་བསྡུས་པའི་དབང་སྒྲུབ། དངོས་གཞི་ཐུན་མོང་ཚེའི་རྗེས་གནང་། རྗེས་བཅས་བྱའོ།། །། མཁྱེན་བརྩེའི་རྒྱུད་སྡེ་བཞི་འབྲེལ་རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས་དབང་བསྐུར་དང་བཅས་པ་བཀླག་མཆོག་ཏུ་བཀོད་པ་གྲུབ་གཉིས་འདོད་དགུའི་དཔལ་སྦྱིན་དིལ་མཁྱེན་རིན་པོ་ཆེའི་ཆོག་སྒྲིག་འདིར་ཡོད།མཆན། ༈ མཆོག་གྱུར་གླིང་པའི་དམ་ཆོས་སྙིང་པོ་སྐོར་ལྔའི་མཁའ་འགྲོ་དགོངས་འདུས་སྙིང་པོའི་དབང་ཆོག་ཕྲིན་ལས་ཡང་སྙིང་ལྟར་དབང་སྒྲུབ། དངོས་གཞིར་རྩ་དབང་གི་གཏོར་དབང་རྗེས་དེར། གཏོར་དབང་རྒྱས་པའི་སྦྱོར་བ་རྣམས་དོར་ནས། སླར་ཡང་གཏོར་མ་ལ་བརྟེན་ནས་བྱིན་རླབས་དབང་བསྐུར་གྱི་སྙིང་པོ་སྒྲུབ་པ་ལ་སོགས་དེའི་འོག་གི་གཏོར་དབང་རྒྱས་པའི། གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ བར། དེ་ནས་གོང་གི །དེ་དག་གིས་ཟབ་གཉན་སོགས་དང་སྦྲེལ་ནས། མཐའ་རྟེན་གཏོར་དབང་བསྡུས་པ་དང་རྒྱས་པ་བཅས་ལེགས་པར་སོགས་རྗེས་རིམ་སྤྱི་བཞིན་དང་། ཆོ་གའི་རྗེས་རིམ་བཅས་བྱའོ།། །། ༈ ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག །ཕྱིའི་བར་ཆད་སེལ་བ་རྗེ་བཙུན་སྒྲོལ་མ་འཇིགས་པ་ཀུན་སེལ་གྱི་དབང་ཆོག་བྱིན་རླབས་ཆར་འབེབ་ལྟར་འཇིགས་སྐྱོབ་རིགས་བསྡུས་ཀྱི་དབང་སྒྲུབ། དབང་དངོས་གཞིར་སློབ་མ་ལྷ་བསྐྱེད་སྐབས་འཁོར་གྱི་ལྷ་བསྐྱེད་ཟུར་གསལ་དང་། གཏོར་དབང་མགོར་འོག་གི་བསྟོད་པའི་རྒྱུད་ཀྱི་གསོལ་འདེབས་སྦྱར་དགོས། རྗེས་རིམ་ལ་མཎྜལ་ཆོ་ག་ནས་ཁ་བསྐང་བ་བཅས་བྱའོ།། །། ༈ དགོངས་གཏེར་སྒྲོལ་མའི་ཟབ་ཏིག་ལས་ཕྱི་སྒྲུབ་རྒྱས་བསྡུས་རིགས་གཏད་དང་བཅས་པའི་ཆོ་ག་ཚོགས་གཉིས་སྙིང་པོ་ལྟར་དབང་སྒྲུབ། རིག་གཏད་དངོས། རྗེས་དང་། ༧ ནང་སྒྲུབ་དབང་བསྐུར་གྱི་ཆོ་ག་དང་བཅས་པ་དོན་གཉིས་སྙིང་པོ་ལྟར་དབང་སྒྲུབ། དབང་དངོས། རྗེས་དང་། ༧ གསང་སྒྲུབ་བྱིན་རླབས་དང་བཅས་པའི་ཕྲིན་ལས་རིམ་གཉིས་སྙིང་པོ་ལྟར་དབང་སྒྲུབ་རྗེས། སྲུང་མ་རྡོ་རྗེ་གཡུ་སྒྲོན་མའི་བསྐང་གསོལ་ནི། མཆོད་གཏོར་རྣམས་རཾ་ཡཾ་ཁཾ་གིས་བསང་། རྣམ་དག་ཆོས་དབྱིངས་སོགས་ནས། ཤབྡ་ཨཱཿཧཱུྃ། ཞེས་དང་། གཏོར་གཞོང་རཏྣའི་གཞལ་ཡས་སུ། །གཏོར་མ་འདོད་ཡོན་ཕུང་པོར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ་གྱིས་བརླབ། རང་མདུན་སྐྱེད་ཚལ་ཕོ་བྲང་དབུས། །པད་ཟླ་རིན་ཆེན་མཛེས་པའི་ཁྲིར། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔའི། །ཡུམ་གྱུར་རྗེ་བཙུན་རིགས་ལྔ་ཡི། །རྣམ་འཕྲུལ་འཇིག་རྟེན་སྐྱོང་བའི་ཚུལ། །སྨན་བཙུན་ཌཱ་ཀི་གཡུ་སྒྲོན་མ། །བདེ་གཤེགས་རྡོ་རྗེ་རིན་པོ་ཆེ། །པདྨ་ལས་ཀྱི་ཚུལ་འཛིན་མ། །དཀར་སྔོ་སེར་དམར་ལྗང་བའི་མདངས། །མཛེས་འཛུམ་ཞི་སྒེག་ཆགས་པའི་ཉམས། །ཕྱག་གཡས་མདའ་དར་གཡོབ་པ་ཡིས། །སྲིད་དང་ཞི་བའི་ཕྱྭ་གཡང་འགུགས། །གཡོན་པས་གཏེར་བུམ་མེ་ལོང་བསྣམས། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །དར་དང་རཏྣ་ཨུཏྤལ་བརྒྱན། །ཞབས་ཟུང་བརྐྱང་བསྐུམ་གར་སྟབས་ཀྱིས། །སྨན་ཕྲན་འབུམ་གྱི་དབུས་ན་རོལ། །ལྷ་མིའི་དཔལ་འབྱོར་ཕུན་ཚོགས་ལ། །དགྱེས་རྒུར་སྤྱོད་ཅིང་སྒྲུབ་པ་པོའི། །ཕྲིན་ལས་ཐོགས་མེད་སྒྲུབ་མཛད་པའི། །ཐུགས་ཀར་ཟླ་སྟེང་དྭངས་མའི་སྲོག །བཾ་དང་ཧ་རི་ནི་ས་འབར། །གནས་གསུམ་རྡོ་རྗེའི་འབྲུ་གསུམ་མཚན། །བདག་ཐུགས་འོད་ཟེར་གྱིས་བསྐུལ་བས། །རིགས་ལྔ་དག་པའི་ཞིང་ཁམས་དང་། །འཇིག་རྟེན་སྤྲུལ་པའི་གནས་རྣམས་ནས། །ལྷ་མོ་འཁོར་བཅས་བྱོན་པར་གྱུར། །སྤོས་རོལ་དབྱངས་ཀྱིས། ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་སོགས་མཆོད་བྱང་བཞིན་སྤྱན་འདྲེན། བཞུགས་གསོལ། མཆོད་བསྟོད། ཕྲིན་བཅོལ་མཐར་བཟླས་པའི་མགོར། དམིགས་པ་ནི། བདག་ཉིད་རྗེ་བཙུན་སྒྲོལ་མ་ཡི༔ ཐུགས་ནས་འོད་ཟེར་སྣ་ལྔ་འཕྲོས། །སྨན་བཙུན་འཁོར་བཅས་ཐུགས་ཀར་ཕོག༔ སྔོན་གྱི་དམ་ཚིག་རྗེས་དྲན་ནས༔ སྒེག་མཛེས་རྒྱས་པའི་གཟི་བྱིན་འབར༔ འོད་དང་སྤྲུལ་པས་འཇིག་རྟེན་ཁྱབ༔ ཕྲིན་ལས་བཞི་དང་གྲུབ་པ་བརྒྱད། །རྣོ་མཐོང་མོ་དང་སྣང་གསལ་པྲ། །གང་འདོད་ལས་རྣམས་ཡིད་བཞིན་སྒྲུབ། །སྣོད་བཅུད་འབྱུང་བའི་དྭངས་མ་དང༔ དཔལ་འབྱོར་ལོངས་སྤྱོད་མཁོ་རྒུའི་ཚོགས༔ བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན༔ འཇའ་ཟེར་ཐིག་ལེའི་རྣམ་པ་རུ༔ ཆར་སྤྲིན་གཏིབས་ལྟར་དབང་མེད་བཀུག༔ བདག་དང་སྒྲུབ་པའི་རྫས་ལ་ཐིམ༔ ཚེ་དང་བསོད་ནམས་ལེགས་ཚོགས་འཕེལ༔ གང་འདོད་དོན་ཀུན་ལྷུན་འགྲུབ་བསམ། །ཨོཾ་བཛྲ་པྲ་མོ་ཧ་བཾ་ཧ་རི་ནི་ས་ཧྲཱིཾ་ཧྲཱིཾ་སརྦ་སིདྡྷི་སྭཱ་ཧཱ༔ ཞེས་བསྙེན་སྔགས་ཅི་འགྲུབ་བཟླ། ཐུན་མཐར་མཆོད་གཏོར་གསེར་སྐྱེམས་ཡི་གེ་གསུམ་གྱིས་བསང་སྦྱང་། འབྲུ་གསུམ་གྱིས་བྱིན་གྱིས་བརླབས། ཧ་ཧོཿཧྲཱིཿས་མཁའ་ཁྱབ་ཏུ་སྤེལ། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་འབུལ་ཏེ། ཧཱུྃ༔ ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི༔ རྣམ་འཕྲུལ་རིགས་ལྔའི་སྒྲོལ་མ་དང༔ ངོ་བོ་ཆོས་ཀྱི་དབྱིངས་སུ་གཅིག༔ རྣམ་པ་འཇིག་རྟེན་སྨན་མོའི་ཚུལ༔ སྲིང་གཅིག་རྡོ་རྗེ་གཡུ་སྒྲོན་མ༔ མཆེད་ལྔ་སྤྲུལ་པ་ཡང་སྤྲུལ་བཅས༔ རིག་འཛིན་རྩ་བརྒྱུད་བླ་མ་ཡི༔ སྤྱན་སྔར་ཞལ་བཞེས་དམ་བཅས་ལྟར༔ དེ་རིང་མཆོད་པའི་གནས་འདིར་དགོངས། །ཏིང་འཛིན་སྔགས་རྒྱས་བྱིན་བརླབས་པའི། །གཏོར་མ་རོ་བཅུད་ལྷུན་པོར་སྤུངས། །གསེར་སྐྱེམས་བདུད་རྩིའི་རྒྱ་མཚོར་བསྐྱིལ། །འདོད་ཡོན་རྣམ་པ་ཐམས་ཅད་པ། །ནམ་མཁའ་གང་བའི་མཆོད་སྤྲིན་འདིས། །དབང་ཡུལ་བདེ་བ་ཆེན་པོར་སྦྱོར། །ནམ་མཁའ་མཛོད་ཀྱི་འཁོར་ལོར་འབུལ། །དབུ་འཕང་ལྷ་ཞལ་དགུང་དུ་བསྟོད། །བདག་ཅག་མཆེད་ལྕམ་ཡོན་མཆོད་ཀྱིས། །ཆོས་སྐྱོང་གཙོ་བོར་མངའ་གསོལ་ན། །ཐ་ཚིག་གཉན་པོ་རྗེས་དགོངས་ལ། །ལུས་དང་གྲིབ་མ་བཞིན་དུ་འགྲོགས༔ རྗེ་མོར་བསྟེན་ནོ་བྱིན་མ་ཆུང༔ མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབ༔ སྲིང་དུ་བསྟེན་ནོ་གཞུང་མ་ངན༔ འདོད་རྒུའི་འབྱོར་པ་ཡིད་བཞིན་སྤེལ༔ གྲོགས་སུ་བསྟེན་ནོ་སྙིང་མ་རིང༔ བདེ་བ་ཆེན་པོའི་ཡེ་ཤེས་སྐྱེད༔ འབངས་སུ་བསྟེན་ནོ་བང་མ་བུལ༔ ཅི་བཅོལ་ལས་ཀུན་མྱུར་དུ་སྒྲུབས༔ སྲུང་མར་བསྟེན་ནོ་རྩལ་མ་ཞན༔ ཞི་རྒྱས་དབང་དྲག་མངོན་སྤྱོད་སོགས༔ ལས་ཀྱི་འབྲས་བུ་མཆིས་པ་དང༔ བཀྲ་ཤིས་བདེ་ལེགས་གྲུབ་པར་མཛོད༔ དངོས་གཞིར་རྩ་དབང་གི་གཏང་རག་མཎྜལ་གྲུབ་ནས། བཀའ་སྲུང་སྲོག་དབང་ཆིག་བརྒྱུད་མ་སྦྲེལ་ན། བརྒྱུད་འཛིན་གྱི་སྐྱེས་བུ་ཐུན་མོང་མ་ཡིན་པ་ལ་བཀའ་སྲུང་གཡུ་སྒྲོན་མཆེད་ལྔའི་སྲོག་གཏད་ཆིག་བརྒྱུད་མ་བྱ་བར་གསུངས་པ་བཞིན་སྒྲུབ་པ་སྟེ། དེའང་ཆོས་དབྱིངས་འོད་གསལ་སྤྲོས་པ་མེད་པའི་དབྱིངས་ལས་ལོངས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་སྡེ་ལྔའི་སྐུར་བཞེངས་ཏེ། སྤྲུལ་སྐུ་སྨན་མོའི་ཚུལ་གྱིས་གསང་སྔགས་བཀའི་བྱ་ར་མཛད་ཅིང་སྐལ་ལྡན་སྐྱེས་བུའི་ཕྲིན་ལས་སྒྲུབ། སྐལ་མེད་ཀྱི་སྡེ་རིས་ཚར་གཅོད་པའི་ཕྲིན་ལས་རབ་འབྱམས་ནམ་མཁའི་གློག་ལྟར་མྱུར་བའི་རྩལ་དང་ལྡན་པ། བཀྲ་ཤིས་ལ་སྙིང་ཉེ་ཞིང་མཐུ་རྩལ་ལྡན་པའི་བདག་ཉིད་ཆེན་མོའི་སྐུར་བསྟན་པ་སྲུང་མའི་དབང་མོ་མཆེད་ལྔའི་བཀའ་གཏད་ཐུན་མིན་ཟབ་གནད་ཅན་ཞུ་བའི་ཡོན་དུ་མཎྜལ། སྲོག་གཏད་དངོས་ལ་གསུམ་ལས། དང་པོ་སྐུའི་སྲོག་དབང་བསྐུར་བ་ནི། དཔོན་སློབ་གཉིས་ཀ་བཅོམ་ལྡན་འདས་མ་དམ་ཚིག་སྒྲོལ་མ་སྐུ་མདོག་ལྗང་གུ་མརྒད་ཀྱི་ལྷུན་པོ་ལ་ཅུང་ཟད་དམར་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས་ཞི་ཞིང་འཛུམ་ལ་སྒེག་ཅིང་ཆགས་པའི་ཉམས་ཅན། གནག་སྣུམ་དབུ་སྐྲའི་ཟུར་ཕུད་སྤྱི་བོར་བཅིངས་པའི་རྩེ་མོར་ཡིད་བཞིན་གྱི་ནོར་བུས་བརྒྱན་ཅིང་། ལྷག་མ་སིལ་བུ་སྐུ་རྒྱབ་ཏུ་འཕྱང་པ། ཕྱག་གཡས་ཀྱི་མཆོག་སྦྱིན་པུས་མོའི་སྟེང་དུ་བརྐྱང་ཞིང་། གཡོན་པས་ཐུགས་ཀར་སྐྱབས་སྦྱིན་ཕྱག་རྒྱ་མཛད་པའི་མཐེབ་སྲིན་གྱིས་ཨུཏྤལ་སྔོན་པོའི་ཡུ་བ་ནས་འཛིན་པ། ཞབས་ཟུང་གཡས་བརྐྱང་རོལ་པའི་སྟབས་ཀྱིས་པདྨ་དང་ཟླ་བའི་གདན་ལ་འགྱིང་ཞིང་བཞུགས་པ། དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་སྤྲས་ཤིང་འོད་དང་གཟི་བརྗིད་ཀྱི་ཟེར་མདངས་མཐའ་ཡས་པ་འཕྲོ་བར་གསལ་བ་དང་། མདུན་དུ་བཤམས་པའི་གཏོར་མ་སྲུང་མ་མཆེད་ལྔ་དང་དབྱེར་མེད་དུ་བསྒྲུབས་ཟིན་པ་ཉིད། སླར་ཡང་གསལ་གདབ། སྤྱན་འདྲེན། མཆོད་བསྟོད་ཀྱིས་མངའ་གསོལ། ཕྲིན་ལས་བཅོལ་བ་རྣམས་བདག་གིས་བརྗོད་པའི་ཚིག་རིས་དང་མཐུན་པའི་ཏིང་འཛིན་གསལ་ཐོབས་ཤིག །རང་མདུན་སྐྱེད་ཚལ་སོགས་གོང་གསལ་ལྟར། བྱོན་པར་གྱུར། །བར་གྱིས་གསལ་གདབ། སྤོས་རོལ་དབྱངས་དང་བཅས་ཏེ། ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་སོགས་མཆོད་བྱང་བཞིན། སརྦ་སིདྡྷི་སྭཱ་ཧཱ༔ཡི་བར་གྱེར། དེ་ལྟར་གསལ་གདབ་ཅིང་སྤྱན་དྲངས་མཆོད་བསྟོད་བསྐུལ་པས་ལྷ་མོ་མཆེད་ལྔ་འཁོར་བཅས་དགྱེས་པའི་མདངས་དང་དམ་ཚིག་རྗེས་སུ་དྲན་ཏེ་བདག་གི་བཀའ་ཉན་པའི་ཚུལ་དུ་འཁོད་པ་ཉིད། གཏོར་མ་དང་དབྱེར་མེད་པར་ཁྱེད་རང་རྣམས་ཀྱི་ཕྱག་ཏུ་གཏད་ཅིང་བཀའ་བསྒོས་པ་བཞིན་བསྒྲུབ་པར་ཞལ་གྱིས་བཞེས་ནས། སློབ་མའི་ལུས་དང་གྲིབ་མའི་ཚུལ་དུ་མི་འབྲལ་བར་འགྲོགས་ཤིང་། ཕྲིན་ལས་ཐམས་ཅད་སྒྲུབ་ཅིང་ལྷ་མོའི་སྐུའི་སྲོག་དབང་དུ་བྱེད་པའི་མཐུ་ཐོབ་པར་མོས། ཧཱུྃ༔ ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི༔ སོགས་མཆོད་བྱང་མཇུག་བཞིན་སྔགས་བཅས་བརྗོད་པས་བཀའ་གཏད། དེ་ལྟར་བྱས་པས་ལྷ་མོའི་སྐུའི་ཕྲིན་ལས་ཕྱྭ་གཡང་འགུགས་པ་སོགས་སྲིད་ཞིའི་ལེགས་ཚོགས་སྤེལ་བའི་ལས་རབ་འབྱམས་ལ་དབང་ཐོབ་པ་ཡིན་ནོ། །གཉིས་པ་གསུང་གི་སྲོག་དབང་བསྐུར་བ་ནི། མདུན་གྱི་སྨན་བཙུན་དབང་མོའི་ཐུགས་ཀར་ཟླ་བ་ལ་གནས་པའི་སྲོག་ཡིག་བཾ་དཀར་པོའི་མཐར། ཨོཾ་བཾ་བཛྲ་པྲ་མོ་ཧ་ཧྲཱིཾ་ཧྲཱིཾ་སརྦ་སིདྡྷི་སྭཱ་ཧཱ༔ ཞེས་པའི་སྔགས་ཀྱིས་བསྐོར་བ་དང་། འཁོར་རིགས་བཞི་རང་རང་གི་ཐུགས་ཀར་ཧ་རི་ནི་སའི་ཡི་གེ་སོ་སོས་མཚན་པར་གསལ་གདབ། སློབ་མས་སློབ་དཔོན་ལ་མོས་གུས་བྱས་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་སྣ་ལྔ་འཕྲོས། མདུན་གྱི་ལྷ་མོ་ལྔའི་ཐུགས་ཀར་ཕོག །ཐུགས་རྒྱུད་བསྐུལ་བས་སྔོན་གྱི་དམ་ཚིག་རྗེས་སུ་དྲན་ཏེ་ཡི་གེ་རྣམས་ལས་གཉིས་པ་རེ་མཆེད། སློབ་མ་རྗེ་བཙུན་མར་གསལ་བའི་ཐུགས་སྲོག་གི་ཟླ་གདན་ལ་ཐིམ་པས། ལྷ་མོ་ལྔའི་གསུང་གི་སྲོག་ལ་དབང་བའི་མཐུ་ཐོབ་པར་མོས་ལ་སྔགས་འདིའི་རྗེས་ཟློས། ཨོཾ་བཛྲ་པྲ་མོ་ཧ་བཾ་ཧ་རི་ནི་ས་ཧྲཱིཾ་ཧྲཱིཾ་སརྦ་སིདྡྷི་སྭཱ་ཧཱཿ ལན་གསུམ། དེས་ལྷ་མོའི་གསུང་གི་ཕྲིན་ལས་ཀྱི་སྒོ་ནས་དམིགས་བྱ་དགུག་པ་ལ་སོགས་དབང་གི་ལས་རབ་འབྱམས་སྒྲུབ་པ་ལ་དབང་བ་ཡིན་ནོ། །གསུམ་པ་ཐུགས་ཀྱི་སྲོག་དབང་བསྐུར་བ་ནི། དོན་གྱི་དགོངས་པ་ངོ་སྤྲད་པ་བཞིན་མ་བཅོས་གཉུག་མའི་རང་ངོ་ལ་མཉམ་པར་འཇོག་མཛོད། ཧོཿ འདི་ལྟར་ལྷ་སྔགས་རིམ་པ་ཡང་། །རྟེན་འབྲེལ་སྒྱུ་མ་ལྟ་བུ་སྟེ། །དོན་ལ་རྗེ་ཁོལ་གཉིས་སྣང་སེམས། །གདོད་ནས་མ་སྐྱེས་ཡུམ་གྱི་མཁའ། །བདེ་སྟོང་གཉིས་མེད་ཀློང་དུ་གཅིག །དེ་ཡང་རང་རིག་རང་གསལ་བ། །སྤྲོས་མེད་ནམ་མཁའི་དཀྱིལ་ལྟ་བུ། །སྨྲ་བསམ་བློ་ཡི་ཡུལ་ལས་འདས། ཁྱབ་བརྡལ་ལྷུན་འབྱམས་ཆེན་པོའི་ངང་། །བྱ་རྩོལ་མ་བྱེད་ལྷུག་པར་ཞོག །དེ་དོན་རྟོགས་ན་སྣང་སྲིད་ཀྱི། །མ་མོ་རབ་འབྱམས་སྲོག་དབང་ཐོབ། །ཨ་ཨ་ཨཿ ཞེས་ཉམས་བསྐྱང་དུ་བཅུག །དེས་ལྷ་མོའི་ཐུགས་ཕྲིན་ལས་ཀྱི་སྒོ་ནས་རྣོ་མཐོང་གི་པྲ་དང་མངོན་ཤེས་ལ་སོགས་པའི་ལས་རབ་འབྱམས་བསྒྲུབ་པ་ལ་དབང་བ་ཡིན་ནོ། །དེ་རྣམས་ཀྱི་སྒོ་ནས་ལྷ་མོ་མཆེད་ལྔའི་སྲོག་དབང་ཟབ་མོ་ཐོབ་པ་ཡིན་ཏེ། གཞུང་ལས། དེ་ཡིས་སྨན་མོ་གྲིབ་བཞིན་འགོ༔ ཕྲིན་ལས་གང་བཅོལ་འགྲུབ་པར་འགྱུར༔ ཞེས་གསུངས་པས། དེང་ཕྱིན་ཆད་རྡོ་རྗེ་ཐེག་པའི་སྲུང་མཚམས་སྤྱི་དང་། བྱེ་བྲག་ལྷ་མོ་འདི་ཉིད་ཀྱི་མཆོད་གཏོར་ལ་དུས་དང་རྒྱུན་དུ་བརྩོན་ཞིང་། ཕྱི་ནང་གསང་རྟེན་བླ་རྡོ་བཅའ་བ། གཙང་སྦྲ་ལ་འབད་ཅིང་གྲིབ་ལ་འཛེམ་པ་སོགས་དམ་ཚིག་གི་གནད་རྣམས་ཡལ་བར་མི་དོར་བར་སྲུང་སྡོམ་བགྱིད་དོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་ལྟར་གྱི་ལུས་དབུལ་རྗེས། དེས་སྨིན་པར་བྱེད་པའི་དབང་རྣམས་གྲུབ་ནས། སླར་ཡང་གྲོལ་བར་བྱེད་པ་ལེགས་སོ་གསུམ་གྱི་གདམས་ཁྲིད་ཞུ་བའི་ཡོན་དུ་མཎྜལ། དེ་ལ་ཐོག་མར་ངེས་ཤེས་བསྐྱེད་ཕྱིར་ལོ་རྒྱུས་བརྗོད་པ་ནས་གཟུང་དངོས་གཞི་ལེགས་སོ་གསུམ་གྱི་དོན་ཁྲིད་རྣམས་འབྱུང་བ་ལགས་པས་སྙན་གཏོད་ཅིག །དེ་ལ་དང་པོ་ཁྲིད་ཚུལ་འདི་དང་འབྲེལ་བའི་སོགས། ལེགས་སོ་གསུམ་གྱི་དོན་ཁྲིད་དབུ་ནས་བརྩམ། གོ་འཕང་ཚེ་འདི་ཉིད་ལ་འགྲུབ་པར་འགྱུར་བར་གསུངས་སོ༔ ཞེས་རྒྱ་ཆེར་གདམས་པར་མཛད་པ་བཞིན་ལ། འཕྲལ་མཁོའི་ལག་ལྕིབས་ཙམ་མ་ཡིན་པར་མཐར་ཐུག་མཆོག་གི་དངོས་གྲུབ་ངེས་པར་ཐོབ་ནས་རང་གཞན་གྱི་དོན་གཉིས་ཆབས་ཅིག་རྫོགས་པའི་གཡར་དམ་བརྟན་པོའི་སྒོ་ནས་དོན་ལག་ཐོག་ཏུ་ལོན་པར་མཛོད་ཅིག །དེ་ལྟར་སྨིན་གྲོལ་ཆིག་རྫོགས་སུ་བསྐུར་ཞིང་ཐོབ་པའི་དགེ་བ་བྱང་ཆུབ་ཀྱི་རྒྱུར་བསྔོ་བའང་ཆབས་ཅིག་ཏུ་མཛོད། བསོད་ནམས་འདི་ཡིས་སོགས་དང་། ཆོ་གའི་རྗེས་གསང་སྒྲུབ་བཞིན་ཚོགས་བྱིན་རླབས་ནས་གཟུང་། ལྷག་མ་བསྔོས་ལ་སྨོན་ལམ་མཐའ་བར་གཏང་། གཡུ་སྒྲོན་མའི་མཆོད་གཏོར་གསེར་སྐྱེམས་བསང་སྦྱང་། བྱིན་གྱིས་བརླབས་ཏེ། ཧཱུྃ༔ ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོགས་གོང་གསལ་རྣམས་སླར་ཡང་བསྐྱར་བས་འབུལ། མཆོད་བསྟོད་ཕྱིན་གསང་སྒྲུབ་བཞིན་བྱས་པས་གྲུབ་བོ།། །། ༈ ཟུར་བཟའི་ཐུགས་དམ་སྐོར་དྲུག་གི་མཁའ་འགྲོའི་སྒྲུབ་ཐབས་ལྔའི་སྤྱི་དབང་མཚམས་སྦྱོར་གྱིས་བརྒྱན་པ་བདེ་ཆེན་ཡེ་ཤེས་འཁྱིལ་བ་ལྟར། ནང་སྒྲུབ་ཕག་མོ་དམར་མོ་ལྷ་དགུ། ཕྱི་སྒྲུབ་སྒྲོལ་ལྗང་ཁྲོ་གཉེར་ཅན་ལྷ་དགུ། གསང་སྒྲུབ་གསང་བ་ཡེ་ཤེས་དམར་སེར་ལྷ་དགུ། ཡང་གསང་མནྡཱ་རཿབ་དཀར་མོ་ལྷ་དགུ། དེ་ཁོ་ན་ཉིད་ཡེ་ཤེས་མཚོ་རྒྱལ་དཀར་དམར་ལྷ་དགུ་རྣམས་སོ་སོར་དབང་སྒྲུབ། དབང་དངོས་གཞི་ལའང་མཚམས་སྦྱོར་གྱི་ཁྱད་པར་དང་། སློབ་མ་ལྷ་བསྐྱེད་སྐབས་འདམ་ཁ་བཀོད་པ་ལས། ཞལ་ཕྱག་ཡོངས་རྫོགས་གཙོ་རྐྱང་བསྐྱེད་དགོས། རྩ་སྔགས་རྣམས་བསྒྱུར་ཞིང་། དབང་ལྔ་སོ་སོར་བསྐུར་བའི་མཐར། མཐའ་རྟེན་ཚེ་དབང་སྐབས། མནྡཱ་རཿབའི་སྐུར་གྱུར་པའི་ཐུགས་ཀར་སྙིང་པོ་དང་། ལྟེ་བའི་ཧཾ་དང་ཨ་ལས་སྤྲོས་པའི་ཉི་ཟླའི་གྭའུ་ས་བོན་དང་བཅས་པ་ལས། འོད་ཟེར་སྤྲོ་བསྡུའི་སྒོ་ནས་ཚེ་བཅུད་བསྡུ་བའི་ཏིང་འཛིན་འདི་ལྟར་གསལ་ཐོབས་ཤིག །ཨ་ཧཾ་གཉིས་ཀྱི་སོགས་ནས། སྲོག་འགྲུབ་བསམ༔ དེ་ལྟར་གསལ་རྫོགས་འཕྲོ་འདུར་བཅས། །ཚེ་ཡི་སྙིང་པོའི་རྗེས་ཟློས་མཛོད། །བཾ་ཧ་རི་ནི་ས་ཨཱ་ཡུརྫྙཱ་ན་བྷྲཱུྃ་ཨ༔ ལན་བདུན། སླར་ཡང་ཕོ་ཉ་སྤྲོས་ཏེ་ཚེ་བཅུད་བཀུག་པའི་སླད་དུ་དམིགས་པ་འདི་ལྟར་གསལ་ཐོབས་ཤིག །བདག་མདུན་དཀྱིལ་འཁོར་གཙོ་མོ་ཡི། །ཐུགས་ཀའི་འོད་ཀྱིས་འཁོར་རྣམས་བསྐུལ༔ དེ་རྣམས་ལས་སྤྲུལ་ཕོ་ཉ་མོ། །ཚེ་འགུགས་མགྱོགས་མས་སྟོང་ཁམས་གང་། །སྣོད་བཅུད་བརྟན་གཡོའི་ཚེ་དཔལ་དང་། །རྒྱལ་བའི་འཁོར་ལོའི་བྱིན་སྟོབས་རྣམས། །འོད་ཟེར་འཆི་མེད་དབྱིག་ཏུ་བསྡུས། །གཙོ་མོའི་ཕྱག་གི་བུམ་པར་བསྐྱིལ། །བུ་ཡི་སྤྱི་བོར་དབང་བསྐུར་ཞིང་། །སྒྲུབ་པའི་རྫས་དང་སློབ་མ་ལ། །བསྟིམས་པས་འཕོ་འགྱུར་བྲལ་བའི་ཚེ། །རྡོ་རྗེའི་སྲོག་ཏུ་འགྲུབ་པར་མོས། །མདའ་དར་གཡབ་ཅིང་། ཧྲཱི༔ མི་འགྱུར་སྐུ་ཡི་སོགས་ནས། བཅུད་ཀྱི་སྙིང་པོ་བུམ་པར་བསྡུས༔ འདི་ཡན་ལན་གསུམ་གྱིས་ཚེ་འགུགས། ཚེ་གཏོར་ཐོགས་ལ། རྣལ་འབྱོར་ལུས་ལ་སོགས། ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར། བརྟན་གཡོའི་ཁམས་ཀྱི་ཚེ་དཔལ་དྭངས་བཅུད་བསྡུས་པའི་དངོས་གྲུབ་ཀྱི་ཞལ་ཟས་ཚེའི་རིལ་བུ་དང་། ལྷ་ཚོགས་རྣམས་ཀྱི་སྐུའི་ཆ་དང་ཐུགས་ཀ་ནས་འཆི་མེད་ཀྱི་བདེ་རྒྱུན་ཡེ་ཤེས་བདུད་རྩིའི་དབྱིག་ཏུ་བབས་པ་ཐོད་པར་བསྐྱིལ་བའི་ཚེ་ཆང་ལ་ལོངས་སྤྱད་པས་ཐུན་མཆོག་ཚེའི་དངོས་གྲུབ་ཐོབ་པར་མོས། བཾ་ཧ་རི་ནི་ས་ཨཱ་ཡུརྫྙཱ་ན་བྷྲཱུྃ་ཨ༔ ཞེས་ཚེ་ཛཔ྄་བཟླ་ཞིང་རིལ་ཆང་སྦྱིན། དེ་ལྟར་དབང་བསྐུར་པ་དེ་ཉིད་མི་ཉམས་པར་རྒྱས་གདབ་པའི་སླད་དུ་སློབ་མ་ལྷར་གསལ་བའི་ཧཾ་དང་ཨ་ཡིག་གཉིས་ལས་ཧཱུྃ་ཡིག་དཀར་དམར་རེ་མཆེད་པ། ཐུགས་གྭའུའི་ཉི་ཟླའི་འོག་ཏུ་རྡོ་རྗེ་དཀར་དམར་རྒྱ་གྲམ་དུ་གྱུར་པའི་རྭ་བཞི་སྟེང་དུ་མདུད་པའི་ཕྱི་རོལ་དུ་ཧཾ་ལས་སྤྲོས་པའི་ཀཱ་ལི་དང་། ཨ་ལས་སྤྲོས་པའི་ཨཱ་ལིའི་ཕྲེང་བ་ལུ་གུ་རྒྱུད་ཀྱིས་བཅིངས་པས་བར་ཆད་ཀྱི་འཚེ་བས་གླགས་རྙེད་པའི་སྐབས་མེད་པར་བསྲུང་བས་འཆི་མེད་ཀྱི་དངོས་གྲུབ་བརྟན་པར་བྱས་པར་མོས། སླར་ཡང་ཧཱུྃ་ཧཱུྃ་སོགས་ནས། བཅིངས་པར་བསམ༔ མཐར་སྐྱེ་འཆིའི་མཚན་མས་གདོད་ནས་སྟོང་པའི་འོད་གསལ་ཁོར་ཡུག །དུས་གསུམ་གྱི་སྤྲོས་པ་དང་བྲལ་བའི་རིག་པ་བྱང་ཆུབ་ཀྱི་སེམས་གཉུག་མ་བདེ་ཆེན་འཆི་བ་མེད་པའི་དགོངས་དབྱིངས་སུ་མཉམ་པར་འཇོག་མཛོད། དེ་ལྟར་ན་དེ་དག་རྣམས་ཀྱི་སོགས་སྦྲེལ་བའི། གཙོ་བོས་ཇི་ལྟར་སོགས་ཀྱི་རྗེས། དེ་ལྟར་སྨིན་བྱེད་ཐོབ་པའི་གཏང་རག་དང་། སླར་ཡང་གྲོལ་བྱེད་ཀྱི་གདམས་ཁྲིད་ཞུ་བའི་ཡོན་དུ་མཎྜལ། དེ་ལ་འདིར་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ་ཞུགས་ཤིང་། ཐུན་མོང་དང་ཐུན་མིན་ཁྱད་པར་གྱི་སྔོན་འགྲོ། བསྐྱེད་རིམ་གྱི་རྣལ་འབྱོར་ལ་སོགས་པ་སྔོན་དུ་སོང་ཟིན་པའི་གང་ཟག་གིས། ནང་གི་རྫོགས་རིམ་གྲོལ་ལམ་རྩ་རླུང་ཐིག་ལེ། ཐབས་ལམ་གཞན་ལུས་ཕོ་ཉའི་རྣལ་འབྱོར་གྱི་ཉམས་ལེན་མདོར་དྲིལ་བ། གཏེར་གཞུང་རྡོ་རྗེའི་གསུང་འདི་ལ་སྙན་གཏོད་ཅིག །བླ་མ་མཁའ་འགྲོའི་ཚོགས་ལ་འདུད༔ མན་ངག་རྫོགས་རིམ་སྒོམ་པའི་ཐབས༔ སོགས་ནས། ཁྱད་པར་འཕགས༔ ས་མ་ཡ༔ གཞན་ལུས་མཚན་ལྡན་བཙལ་བ་ནི༔ དང་པོ་སྤང་བྱའི་མཚན་ཉིད་ནི༔ བློ་ཆུང་སྡིག་ལ་དགའ་བ་དང༔ ཟས་ནོར་རྣམས་ལ་ཞེན་ཆགས་ཆེ༔ སེར་སྣ་རབ་ལྡན་སྤྱོད་པ་རྩུབ༔ གསང་མི་ཐུབ་ཅིང་གཡོ་སྒྱུ་ངན༔ མཛེས་ཀྱང་བདེ་བ་མི་ཕེབ་པ༔ འགྱུར་ལྡོག་གཞུང་མི་ཐུབ་པ་དང༔ ཕྱི་ཐག་ཐུང་ཞིང་སྙིང་རྗེ་ཆུང༔ ཐབས་ལྡན་རྣམས་ལ་མི་དགའ་ཞིང༔ མིག་སེར་རྒོད་ཅིང་ངན་སྤྱོད་ཅན༔ རྫུན་དང་ཟོལ་ཟོག་མང་བ་དང༔ དམ་མེད་དམེ་ཡུགས་ནལ་མཛེ་ཅན༔ ཕོ་མཚན་ནག་ལ་སོར་དྲུག་ཅན༔ མོ་མཚན་བུག་རྡོལ་ཁ་སུལ་མང༔ སྨེ་བ་ལྡན་ལ་དྲོད་མེད་ཅིང༔ ཕོ་མོ་སྣ་དང་མཆན་སྨེ་ཅན༔ འདི་དག་ཡོངས་སུ་སྤང་བར་བྱ༔ ཕོ་མོ་གང་ཡིན་ལུས་ལྷུན་ཆགས༔ མཛེས་ཤིང་ཡིད་འོང་སྤྱོད་པ་ཞིབ༔ གསང་ཐུབ་སྙིང་ཉེ་བརྩེ་གདུང་ཆེ༔ དཔྲལ་བར་སྨེ་བས་མཚན་པ་དང༔ རིགས་ལྔའི་ཕྱག་མཚན་ཡིག་འབྲུ་བཀྲ༔ སྙིང་སྨེ་ལྡན་པས་སྐྱོན་བརྒྱ་སེལ༔ ཐེག་པ་ཆེ་ལ་མོས་པ་ཡིས༔ སྦྱོར་ཚེ་སྒྱུ་རྩལ་རབ་ཏུ་མཁས༔ ཆགས་པ་ཆེ་ཞིང་སྲེད་པ་ཆུང༔ ངང་རྒྱུད་རིང་ཞིང་སྙིང་རྗེ་ཆེ༔ པདྨས་འཇིབ་ཤེས་དྲོད་ཆེ་བ༔ ཐིག་ལེ་མི་འཕོ་རྩ་སྣ་རིང༔ ཤིན་ཏུ་འཕྲང་འགྱུར་གཡའ་ཞིང་ཟ༔ རྡོ་རྗེ་སྲ་མཁྲེགས་རྒྱུན་དུ་ཟླུམ༔ སོར་བརྒྱད་དག་ལས་མི་ཐུང་བ༔ མགོ་བོ་རྒྱས་ཤིང་དྲོད་ཆེ་བ༔ དེ་ལྟར་མཚན་ལྡན་བཙལ་བྱས་ལ༔ རྗེ་དང་གྲོགས་སམ་བྲན་བཞིན་བསྟེན༔ ཡང་ན་ཕོ་མོ་སྨད་འཚོང་བཞིན༔ དད་ལྡན་ཐུགས་ཕྲད་དམིགས་པའི་དབང༔ བདུད་རྩི་སྦྱིན་ཞིང་དམིགས་པ་སྤོད༔ ཡང་ན་རང་གིས་བསྒོམ་པར་བྱ༔ རབ་རྣམས་ལོ་ཟླར་བསྟེན་པ་ལ༔ དང་པོ་དྲང་ངེས་ཆོས་བཤད་ཅིང༔ དབང་བསྐུར་ཁྲིད་ཀྱི་རིམ་པ་སྦྱིན༔ དེ་ནས་ཤིན་ཏུ་དབེན་པ་རུ༔ བདེ་བའི་མལ་ལ་ཕོ་མོའི་ཚོགས༔ ཤ་ཆང་བདུད་རྩིར་ལོངས་སྤྱོད་ཅིང༔ གདོང་ལ་བལྟ་ཞིང་ལག་པ་བརྐྱང༔ ཆགས་གཏམ་བརྗོད་ཅིང་འོ་འཁྱུད་བྱ༔ རྡོ་རྗེ་པདྨ་ལག་པས་རེག༔ གསང་བ་གཉིས་སྟོན་དེ་ཐམས་ཅད༔ སྣང་སྟོང་སྒྱུ་མ་ལྟ་བུར་བལྟ༔ ཕོ་མོ་བླ་མ་ཡི་དམ་དང༔ མཁའ་འགྲོ་ཡབ་ཡུམ་གང་རུང་བསྒོམ༔ དེ་ཡང་བདེ་བ་དབང་སྡུད་ཕྱིར༔ དམར་པོ་གྲི་ཐོད་འཛིན་པ་ཡི༔ སྤྱི་བོར་བླ་མ་སྐུ་རྡོ་རྗེ༔ དཀར་པོ་འཁོར་ལོ་དྲིལ་བུ་འཛིན༔ མགྲིན་པར་ཡི་དམ་གསུང་རྡོ་རྗེ༔ དམར་པོ་པདྨ་དྲིལ་བུ་འཛིན༔ ཐུགས་ཀར་མཁའ་འགྲོ་ཐུགས་རྡོ་རྗེ༔ མཐིང་གསལ་རྡོ་རྗེ་དྲིལ་བུ་འཛིན༔ ལྟེ་བར་ནོར་ལྷ་ཡོན་ཏན་དང༔ གསང་བར་ཆོས་སྐྱོང་ཕྲིན་ལས་ཀྱི༔ རྡོ་རྗེ་དཔའ་བོ་དཔའ་མོར་བཅས༔ རིན་ཆེན་རལ་གྲི་དྲིལ་བུ་འཛིན༔ གནས་ལྔའི་རྩ་འཁོར་རྩ་འདབ་དང༔ རྐང་མཐིལ་སྤྱི་བོ་ལག་སོར་ཚུན༔ གནས་ཡུལ་དཔའ་བོ་མཁའ་འགྲོའི་ཚོགས༔ ཡབ་ཡུམ་འཁྲིལ་སྦྱོར་བདེ་ཉམས་ཅན༔ ཉི་ཟེར་རྡུལ་ལྟར་འཁྲིགས་པར་བསམ༔ ཡབ་གསང་རྡོ་རྗེ་ཧཱུྃ་གིས་མཚན༔ ནོར་བུ་བཾ་གྱི་རང་བཞིན་དཀར༔ ཡུམ་གསང་པདྨ་འདབ་བཞི་པར༔ ཉི་མར་ཨ་ཡིག་དམར་པོས་མཚན༔ ཡུམ་མཁའ་ཨེ་ཡི་རང་བཞིན་དམར༔ གཉིས་ཀའི་བུ་གར་ཕཊ་ཀྱིས་བཀག༔ ལྷ་དང་མི་དང་ལྷ་མིན་དང༔ དུད་འགྲོ་སོགས་ཀྱི་སྦྱོར་ཚུལ་གྱིས༔ རྡོ་རྗེ་པདྨར་དལ་བུས་བསྐྱོད༔ དབབ་ཅིང་བསྐྱིལ་བའི་སྦྱོར་བ་ཡིས༔ བདེ་ལ་སེམས་བཟུང་སྟོང་པར་བཞག༔ དགའ་བ་བཞི་པོ་ངོས་བཟུང་ལ༔ བསྙེན་སྒྲུབ་ཡན་ལག་བཞི་ལྡན་པས༔ དང་པོ་གསང་བའི་གནས་ནས་ལྡོག༔ འབྲིང་གིས་ནོར་བུའི་རྩེ་རུ་གཟུང༔ རབ་ཀྱིས་ཡུམ་མཁར་རོ་སྙོམས་གཟུང༔ ཚོགས་དྲུག་རྣམ་པར་མི་རྟོག་པ༔ བརྗོད་མེད་སྟོང་ཆེན་འོད་གསལ་བ༔ མཚོན་དུ་མེད་པའི་ཡེ་ཤེས་འཆར༔ རྗེས་དཔག་ལུང་རིགས་ཚད་མས་གྲུབ༔ ཧཱུྃ་རིང་ཧུྃ་ཐུང་རླུང་ཕྱིར་གཟུང༔ ཡང་ན་བསྐྱིལ་ལྡོག་བར་རླུང་བརྟན༔ སྐྲ་རྩེ་ཙམ་ཞིག་མ་ཉམས་པར༔ ལྡོག་ཅིང་བཀྲམ་ལ་དམིགས་མེད་གཞག༔ དགའ་སྟོན་དགེ་བ་བསྔོ་བར་བྱ༔ དོན་དམ་སྐད་ཅིག་རྟོགས་པའི་ཐབས༔ མཁའ་གསང་མཉམ་པར་སྦྱར་བ་ལ༔ ཤིན་ཏུ་བདེ་འཕེལ་སྟོང་པས་ཁྱབ༔ འདི་ནི་གཞི་ལམ་འབྲས་བུ་ཀུན༔ ཞག་དང་ཟླ་བས་འགྲུབ་པ་ཉིད༔ འཁོར་ལོ་རེ་རེར་དགའ་བ་བཞི༔ བཅུ་དྲུག་ཡས་མར་སོ་གཉིས་ལ༔ མཚན་བཟང་སོ་གཉིས་མེ་ཏོག་ལ༔ ཡེ་ཤེས་ལྔ་ཡི་དཔེ་བྱད་འབྲས༔ ཚོགས་དྲུག་སྔོན་འགྲོ་རྗེས་ཀྱི་རིམ༔ གནས་ལྔ་མཁའ་གསང་སྤྲད་དང་དྲུག༔ ལུས་ངག་ཡིད་གསུམ་སྤྱི་དང་བཅས༔ ཡས་མར་དགའ་བ་བརྒྱ་ཉི་ཤུ༔ ཐབས་ཤེས་ཉིས་བརྒྱ་བཞི་བཅུ་འཆར༔ ཡེ་ཤེས་ལྔ་ལྡན་སྟོང་ཉིས་བརྒྱ༔ སྤྱི་བོའི་རྩ་ནི་དྲུག་ཅུ་དང༔ རྩ་མདུད་སུམ་ཅུ་རྩ་གཉིས་པ༔ ཐིག་ལེ་བཅུ་དྲུག་དབུས་དང་བཅས༔ བརྒྱ་དང་དགུ་ཡི་གྲངས་ལྡན་ལྷ༔ ཆིག་འབུམ་སུམ་ཁྲི་བརྒྱད་བརྒྱ་ཡི༔ ཏིང་འཛིན་སྒོ་ལྡན་ཡེ་ཤེས་འཆར༔ གནས་ལྔ་ཡན་ལག་ལ་སོགས་པར༔ དེ་ཡི་གྲངས་ལྡན་ཏིང་འཛིན་སྒོ༔ ཡེ་ཤེས་དེ་ཡི་གྲངས་མཉམ་འཆར༔ བདེ་བ་ཇི་ལྟར་འཕེལ་བ་ལ༔ དེ་གྲངས་ཡེ་ཤེས་འཕེལ་བའི་ཕྱིར༔ རླུང་སྦྱོར་ཟས་སྨན་འཕྲུལ་འཁོར་དང༔ རོལ་རྩེད་བཅུད་ལེན་ལ་སོགས་པ༔ ཐབས་མང་མཛེས་ཁྲིགས་ཟོལ་མེད་དུ༔ བདེ་བ་སྤེལ་ཐབས་རྒྱུད་བཞིན་བྱ༔ དེ་ལྟར་ལས་ཀྱི་ཕྱག་རྒྱ་ལ༔ བསྟེན་པའི་ཕྱག་རྒྱ་ཆེན་པོ་ནི༔ འདོད་པ་བདེ་བའི་སེམས་ཀུན་ལ༔ སྤྱོད་པས་རྣམ་རྟོག་ལྷག་པར་མཐོང༔ འདོད་པའི་རྣམ་རྟོག་རགས་པ་ཞི༔ བདེ་ལ་སེམས་འཛིན་མི་གཡོ་གནས༔ འདོད་པའི་ཉོན་མོངས་བྲལ་བ་ཡིས༔ གསལ་ལ་འཛིན་པའི་སེམས་ཉིད་ཀྱི༔ བསམ་གཏན་བཞི་པའི་ཏིང་འཛིན་རྙེད༔ གསལ་བའི་སྣང་བ་མི་རྟོག་པ༔ ཤིན་ཏུ་ཕྲ་བའི་གཟུགས་མེད་སེམས༔ སྲིད་རྩེའི་བར་གྱི་འཇིག་རྟེན་པའི༔ ལྟ་བ་རྣམས་ནི་ཤེས་པར་འགྱུར༔ འཛིན་མེད་རང་བབས་བཞག་པ་ཡི༔ བདེ་བས་སྣང་བ་གསལ་བས་མཆེད༔ མི་རྟོག་པ་རུ་ཐོབ་པ་ཡིས༔ དུག་གསུམ་རང་བཞིན་བརྒྱད་ཅུ་འགགས༔ གཟུང་འཛིན་སྣང་མེད་གཅིག་པུ་ཉིད༔ ཡེ་ཤེས་སྣང་བ་དུ་མ་འཆར༔ འཛིན་རྟོག་ཀུན་ཞི་མི་གཡོ་གནས༔ དོན་དམ་ལྷག་པའི་ཡེ་ཤེས་མཐོང༔ འཇིག་རྟེན་འདས་པའི་ལྟ་བའི་མཆོག༔ གཡོ་ཐོབ་གོམས་བརྟན་མཐར་ཕྱིན་པ༔ ཡོད་མེད་རྟག་ཆད་སྤྲོས་པ་བྲལ༔ འདི་ནི་འོད་གསལ་ཕྱག་རྒྱ་ཆེ༔ དམྱལ་བ་འོག་མིན་ཉིད་དུ་མཐོང༔ འཁོར་འདས་རོ་གཅིག་འཁྲུལ་རྒྱུན་ཆད༔ སྒོམ་པ་མེད་པའི་ལམ་མཐར་ཕྱིར༔ ཟུང་འཇུག་རྡོ་རྗེའི་སྐུ་འགྲུབ་བོ༔ ས་མ་ཡ༔ ཞེས་འབྱུང་བ་བཞིན་ཉམས་སུ་བླངས་པས། འབྲས་བུ་བདེ་ཆེན་འགྱུར་མེད་ཀྱི་སྐུ་གསུམ་མངོན་དུ་བྱེད་པའི་ཐབས་ལ་བརྩོན་དགོས་པ་ལགས་སོ། །དེ་ལྟར་སྨིན་གྲོལ་ཐོབ་པའི་གཏང་རག་ཏུ་ལུས་ལོངས་སྤྱོད་འབུལ་སྙམ་པས་འདིའི་རྗེས་ཟློས། དེང་ནས་བརྩམ་སྟེ་སོགས་དགེ་བསྔོ་བཅས་དང་། ཚོགས་མཆོད་སོགས་ཆོ་གའི་རྗེས་ཆོག་ལྔ་སོ་སོར་ཞིབ་པར་བྱ་དགོས་སོ།། །། ༈ གདམས་ཟབ་བེ་བུམ་གྱི་དམར་བྱང་མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་ཕྲིན་ལས་འདོད་པ་ཀུན་འགྲུབ་ལྟར་གྱི་དབང་སྒྲུབ་སྐབས་ལས་སྦྱོར་བཟླས་པའི་རྗེས་སུ་ཁྱད་པར་གྱི་ལས་སྦྱོར་སྦྱར་མི་དགོས་ཤིང་། སྐབས་འདིར་ཚེ་སྒྲུབ་དགོས་པས་གཏེར་གཞུང་མཁའ་འགྲོའི་ཚེ་སྒྲུབ་ལྟར། ཧྲཱིཿབྷྲཱུྃ༔ བྱང་ཆུབ་སེམས་ཀྱི་རོལ་པ་ལས༔ འགྱུར་མེད་སོགས་བདག་མདུན་གཉིས་ཚིག་རིས་གཅིག་གིས་གསལ་བཏབ་ནས་བཟླས་པ་ཅི་ནུས་མཐར། ཕྲིན་ལས་འདོད་པ་ཀུན་འགྲུབ་གཞུང་གི་གཏོར་འབུལ་ལ་འཇུག །རྩ་དབང་དངོས་གཞིའི་རྗེས། དེ་ནས་ཚེ་དབང་བསྐུར་བའི་སླད་དུ་དཔོན་སློབ་མདུན་བསྐྱེད་དང་བཅས་པ་འཆི་མེད་གསང་བ་ཡེ་ཤེས་ཙཎྜ་ལཱིའི་དཀྱིལ་འཁོར་བར་བསྐྱེད་ཅིང་། སྤྲོ་བསྡུའི་དམིགས་པ་འདི་ལྟར་སྒོམས་ཤིག །གཏེར་གཞུང་ཚེ་སྒྲུབ་ལྟར། ཧྲཱིཿབྷྲཱུྃ༔ བྱང་ཆུབ་སེམས་ཀྱི་རོལ་པ་སོགས་ནས། ཚེ་བསོད་བསྡུས་ནས་རང་ལ་བསྟིམ༔ དེ་ལྟར་གསལ་བ་ལ་སླར་ཡང་མདུན་གྱི་ལྷ་དང་སློབ་དཔོན་དབྱེར་མེད་པའི་ཕྱག་གི་བུམ་པ་འཁོར་འདས་བརྟན་གཡོའི་ཚེ་དཔལ་འཆི་མེད་ཀྱི་བདུད་རྩིའི་རྒྱ་མཚོར་འཁྱིལ་པའི་དབང་བསྐུར་བས། བདུད་རྩིའི་རྒྱུན་གྱིས་ལུས་གང་། སྐྱེ་འཆིའི་མཚན་རྟོག་གི་དྲི་མ་བཅོམ་ནས་འཆི་མེད་རྡོ་རྗེ་རྟག་པའི་སྐུ་འགྲུབ། ཐབས་ཤེས་བཅུད་ཀྱི་རིལ་བུ་དང་ཚེ་ཆང་ལ་ལོངས་སྤྱད་པས། ཚེ་དཔལ་ཕུན་སུམ་ཚོགས་པའི་ལོངས་སྤྱོད་དགའ་སྟོན་གྱིས་རྟག་ཏུ་འཚོ་བའི་དཔལ་ཐོབ་པར་མོས། གཏེར་གཞུང་འོག་གི །ཨོཾ༔ འཆི་མེད་རྡོ་རྗེའི་ཚེ་ཡི་ལྷ༔ སོགས་ནས། རྒྱས་པར་ཤོག༔ རྩ་སྔགས་ཚེ་ཤམ་ཅན་གྱི་མཐར། ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྦྲེལ་བས་དབང་བསྐུར་ཞིང་། རིལ་ཆང་སྦྱིན། དེ་ལྟར་ཚེའི་དབང་བསྐུར་ནས་སླར་ཡང་ཚེ་སྦ་ཞིང་བསྲུང་བའི་རྒྱས་གདབ་པའི་ཕྱིར་དམིགས་པ་འདི་ལྟར་སྒོམས་ཤིག །གཏེར་གཞུང་གོང་འཕྲོས། འཆི་མེད་བདུད་རྩིས་ལུས་གང་བའི༔ སོགས་ནས། ཚེ་བྷྲཱུྃ་ཧཱུྃ༔ བར་བརྗོད། བཀྲ་ཤིས་སོགས་སྦྲེལ། རྗེས་རིམ་བཅས་བྱའོ།། །། ༈ ཞར་བྱུང་ཉེར་མཁོ་སྨིན་ལུགས་གཅོད་ཀྱི་དབང་ཆོག་འཁོར་འདས་གཞི་གྲོལ་གྱི་དབང་སྒྲུབ་ལ། ཐོག་མར་༼ངི༽ཉང་གཏེར་ཁྲོས་ནག་གི་ལས་བྱང་མཁའ་སྤྱོད་བདེ་ལམ་ལྟར། རང་ཉིད་སྐད་ཅིག་གིས་རྗེ་བཙུན་ཁྲོས་མ་ནག་མོའི་སྐུར་གསལ་སོགས་ཀྱིས་ནང་མཆོད་བྱིན་གྱིས་བརླབས། སླར་སྔོན་གཏོར་བསང་སྦྱང་སོགས་གོང་ལྟར་བརླབས་ནས་བསྔོ་ཞིང་། བཀའ་བསྒོ། བགེགས་བསྐྲད། སྲུང་འཁོར། མཆོད་བརླབ་རྣམས་བཏང་རྗེས། ལོ་ཆེན་གསུང་འདི་ཉིད་ཀྱི་ཁྲིད་ཡིག་ཟབ་དོན་སྙིང་དྲིལ་བཞིན། མདུན་གྱི་ནམ་མཁར་སོགས། བཞུགས་པར་གྱུར། མ་མི་མིན་ཡེ་ཤེས་སོགས་སྐྱབས་འགྲོ་ཚོགས་གསག་སེམས་བསྐྱེད་སྦྲེལ་མ་ལན་གསུམ། སེམས་ཅན་བདེ་དང་སོགས་ཀྱིས་ཚད་མེད་བཞི་ལ་བློ་གཞག །སྐྱབས་ཡུལ་རང་ལ་བསྡུས་ནས། དབང་ཆོག་བཞིན། ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་བདག་མདུན་དབྱེར་མེད་དུ་གསལ་གདབ། སྨན་མཆོད་རྗེས། གཏོར་མ་དང་པོ་མཚན་སྔགས་དེ་ཉིད་ལ་གཏོར་སྔགས་བཏགས་པ་ལན་གསུམ་གྱིས་འབུལ། བླ་མ་ཡི་དམ་ལྷ་ཚོགས་ཀྱིས། །ཐུགས་རྗེ་ཆེན་པོའི་བྱིན་རླབས་མཐུས། །བདག་དང་སློབ་མའི་འགལ་རྐྱེན་ཞི། །ཡུམ་དོན་རྟོགས་པར་མཛད་དུ་གསོལ། །གཏོར་མ་གཉིས་པ། ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨི་དཾ་སོགས་ལན་གསུམ་གྱིས་འབུལ། བསྟན་སྲུང་ལྕམ་དྲལ་འཁོར་བཅས་ཀྱིས། །མཆོད་གཏོར་བཟང་པོ་འདི་བཞེས་ལ། །འགལ་རྐྱེན་བར་ཆད་ཞི་བ་དང་། །བསམ་དོན་འགྲུབ་པའི་ཕྲིན་ལས་མཛོད། །གཏོར་མ་གསུམ་པ། ཨོཾ་སརྦ་ལོ་ཀ་པཱ་ལ་བྷཱུ་མི་པ་ཏི་ས་པ་རི་ཝ་ར་ཨི་དཾ་སོགས་ལན་གསུམ་གྱིས་འབུལ། འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བྱང་ཆུབ་སྒྲུབ་པའི་མཐུན་རྐྱེན་སྤེལ། །དགེ་བའི་སྟོངས་གྲོགས་མཛད་དུ་གསོལ། །ཞེས་སོ་སོར་ཕྲིན་ལས་བཅོལ། དེ་ནས་རང་ཉིད་དབང་ལེན་པ་པོར་གུད་དུ་ཕྱེ་ནས་དབང་ཆོག་བཞིན། བདག་གི་ལུས་དང་སོགས་དང་། འོག་མིན་ཆོས་དབྱིངས་སོགས་ཁྲིད་ཡིག་ནས་འབྱུང་བའི་གསོལ་འདེབས་དབང་ལེན་མཐའི། སྒོ་གསུམ་བླ་མའི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་གྱུར་པར་བསམ་ལ་ཉམས་ལེན་གྱི་ངང་བསྐྱང་། ཚོགས་མཆོད་སྤྲོ་ན་ཉང་གཏེར་ཁྲོས་ནག་བཞིན་བྱ། དབང་དངོས་ལ། ཁྲུས་བགེགས་བཅས། འོ། ཕ་མར་གྱུར་པའི་འགྲོ་བ་སྲིད་མཚོ་མཐའ་མེད་ཀྱི་རུམ་དུ་ཆུད་པ་རྣམས་ཞི་བ་དམ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་གོ་འཕང་ལ་བདག་ཁོ་ནས་དུས་མྱུར་བ་ཉིད་དུ་འགོད་པར་བྱ། དེའི་ཆེད་དུ་ཟབ་ལམ་བདུད་བཞི་དབྱིངས་སུ་གཅོད་པའི་མན་ངག་ཉམས་སུ་ལེན་པའི་ཐོག་མར་སྨིན་བྱེད་ཀྱི་སྒོ་འབྱེད་བྱིན་རླབས་ཀྱི་རིམ་པ་ནོད་པར་བགྱིའོ་སྙམ་པའི་སེམས་བསྐྱེད་དེ་གསན་འཚལ། དེ་ལའང་རྒྱལ་བ་མིའི་སེང་གེས་དཔལ་གྱི་མགུལ་ནས་ཞི་བ་དམ་པའི་བདུད་རྩི་ཇི་སྙེད་ཅིག་བསྩལ་པའི་སྙིང་པོའི་གནད་གསང་གཅིག་ཏུ་དྲིལ་བའི་མན་ངག །རྒྱལ་བ་ཐམས་ཅད་ཀྱི་གཤེགས་ཤུལ། གྲུབ་ཐོབ་ཐམས་ཅད་ཀྱི་ཐུགས་ཀྱི་མནོག་ཆོས། བཀའ་ཕ་རོལ་ཏུ་ཕྱིན་པའི་དགོངས་པ་གསང་སྔགས་དང་རྗེས་སུ་མཐུན་པའི་ཉེ་ལམ། ཟབ་མོ་བདུད་ཀྱི་གཅོད་ཡུལ་འདི་ཉིད་རྒྱ་ཆོས་བོད་ལ་དར་བའི་གཞུང་བཞིའི་ནང་ཚན། ཕ་དམ་པ་སངས་རྒྱས་ནས་བརྒྱུད་པ་ཕོ་གཅོད་མོ་གཅོད་གཉིས་ལས། དེང་སང་ཀུན་ལ་ཁྱབ་པ་ནི་ཕྱི་མ་ཉིད་ཡིན་ལ། འདིའང་གཙོ་བོ་མ་གཅིག་ཉིད་བཀའ་ཐོག་ནས་གྲོལ་བ་ཐོབ་པས་གྲུབ་ཐོབ་ཉམས་ལེན་གྱི་བརྒྱུད་པ། ལྟ་བའི་གཞུང་ཤེར་ཕྱིན་དང་ཐབས་ཀྱི་བྱེ་བྲག་སྔགས་ཀྱི་ཁྱད་པར་དུ་བྱས་པས་མདོ་སྔགས་རྟོགས་པ་བསྲེས་པར་བཞེད་པ་འདིའི་ལམ་གྱི་ཁོག་ཕུབ་ནི། མདོ་སྡུད་པ་ལས། རྒྱུ་རྣམ་བཞི་ཡི་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། །བདུད་བཞིས་ཐུབ་པར་དཀའ་ཞིང་བསྐྱོད་པར་མི་ནུས་ཏེ། །སྟོང་པར་གནས་དང་སེམས་ཅན་ཡོངས་སུ་མི་གཏོང་དང་། །ཇི་སྐད་སྨྲས་བཞིན་བྱེད་དང་བདེ་གཤེགས་བྱིན་རླབས་ཅན། །ཞེས་པའི་བསྟན་དོན་བཞི་པོ་ཉམས་སུ་ལེན་པ་སྟེ། སྟོང་པ་ཉིད་ལ་གནས་པའི་ལྟ་བ། སེམས་ཅན་ཡོངས་སུ་མི་གཏོང་བའི་སྙིང་རྗེ། ཇི་སྐད་གསུངས་པ་བཞིན་བྱེད་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས། བདེ་བར་གཤེགས་པའི་བྱིན་གྱིས་བརླབས་པ་བཞི་ཡིན་ཞིང་། དེ་ལ་མཐུན་ཕྱོགས་ནས་མཚན་དུ་གསོལ་ན་སྤྱོད་ཡུལ་ཞེས་བྱ་སྟེ། བླ་མེད་ཀྱི་རྒྱུད་སྡེ་རྣམས་ནས་གསང་སྤྱོད་རིག་སྤྱོད་སོགས་བོགས་འདོན་སྤྱོད་པའི་རྣམ་གཞག་མང་དུ་གསུངས་པ་དང་། ཡུམ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱད་པ་སྤྱོད་པར་འདོད་པ་དེས་འདི་ལྟར་བསླབ་པར་བྱ་སྟེ། ཞེས་གསུངས་པའི་དོན་ལག་ཏུ་ལེན་པས་སྤྱོད་ཡུལ་ཞེས་བཏགས་པ་དང་། མི་མཐུན་གཉེན་པོའི་ཆ་ནས་མཚན་དུ་གསོལ་ན། རྒྱུ་ཕར་ཕྱིན་གྱི་སྐབས་སུ་བདེན་པ་བཞིའི་སྤང་བླང་གི་འཇུག་ལྡོག་ལས། སྡུག་བསྔལ་དང་ཀུན་འབྱུང་བདེན་པ་ལམ་དུ་ཁྱེར་བའི་ཕྱིར་གཉེན་པོ་ཟློག་སྒོམ་དང་རོ་སྙོམས་ཀྱི་གནད་ཟབ་མོ་ཉམས་སུ་ལེན་པས་བདུད་ཀྱི་གཅོད་ཡུལ་ཞེས་བྱ་སྟེ། དེའང་གཅོ༵ད་ཅེས་པའི་སྒྲ་དོན་བྲམ་ཟེ་ཨཱརྻ་དེ་བའི་གཞུང་ཆུང་ལས། སེམས་ཀྱི་རྩ་བ་གཅོད་པ་དང་། །ཉོན་མོངས་དུག་ལྔ་རྩད་གཅོད་དང་། །ལྟ་སྒོམ་བསྒོམ་པའི་རྒྱུ་བྱེད་དང་། །སྤྱོད་པ་ཉམ་ང་རེ་དོགས་དང་། །སྙེམས་བྱེད་ཐམས་ཅད་གཅོད་པའི་ཕྱིར། །ངེས་པའི་ཚིག་ཏུ་གཅོད་ཅེས་བྱ། །ཞེས་གསུངས་པ་ལྟར་དང་། ཡུལ༵་ཞེས་པའི་དོན་ནི། གཅོད་པར་བྱ་རྒྱུའི་ཉོན་མོངས་ནི་ཚུལ་མ་ཡིན་པའི་ཡུལ་ཡིད་ལ་བྱེད་པ་ལས་སྐྱེ་བའི་ཕྱིར། རྣལ་འབྱོར་པས་ཡུལ་ལ་ཉེར་བཅུག་ནས་བག་ཆགས་བླངས་ཏེ་དེ་ཉིད་ཀྱི་ཐོག་ཏུ་གཅོད་པར་བྱེད་པའོ། །དེ་ལྟ་བུའི་གདམས་ངག་ཉམས་སུ་ལེན་པའི་ཐོག་མར་སྣོད་རུང་གི་དབང་བསྐུར་བྱིན་རླབས་ཀྱི་རིམ་པ་འདི་ནི། ཡུམ་སྲས་ཀྱི་རིང་བརྒྱུད་དང་། མ་གཅིག་གིས་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ལ་དངོས་སུ་གནང་ཞིང་། དེ་ཉིད་ཀྱི་ཡང་སྤྲུལ་རིག་འཛིན་པདྨ་གླིང་པ་ལ་ཉེ་བརྒྱུད་ཀྱི་ཆུ་བོ་གཅིག་འདྲེས་སུ་བཞུགས་པ་ལ། བཻ་རོའི་ཐུགས་སྤྲུལ་རིག་པ་འཛིན་པ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་༧ཨོ་རྒྱན་གཏེར་བདག་གླིང་པ་པདྨ་གར་དབང་འགྱུར་མེད་རྡོ་རྗེ་རྩལ་ཉིད་ཀྱིས་མན་ངག་གིས་བརྒྱན་པར་མཛད་པའི་བཀའ་སྲོལ། བྱིན་རླབས་ཀྱི་དྲོད་ཚད་མ་ཉམས་པར་བྱོན་པ་དེ་ཉིད་ཀྱི་སྨིན་བྱེད་འཁོར་འདས་གཞི་གྲོལ་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ། བླ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དངོས་ཡིན་སྙམ་པའི་ངེས་ཤེས་དང་ལྡན་པའི་སྒོ་ནས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། འགྲོ་བའི་བླ་མ་སོགས། སྐབས་འདིར་སྤྲོ་ན། རྒྱལ་ཐང་ལུགས་བཞིན་དཔོན་སློབ་ཐམས་ཅད་ཀྱིས་ཤེར་སྙིང་བདུད་ཟློག་ཀྱང་བྱ། རྒྱུད་སྦྱོང་བའི་སླད་དུ། མདུན་གྱི་ནམ་མཁར་པདྨ་དང་ཉི་ཟླའི་གདན་མཐོ་ཞིང་ཡངས་པའི་དབུས་སུ་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་མ་གཅིག་ལབ་སྒྲོན་ཡུམ་ཆེན་མོའི་རྣམ་པར་བཞུགས་པ་ལ། བཀའ་བརྒྱུད་ཀྱི་བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་སོགས་སྐྱབས་གནས་ཀུན་འདུས་ཀྱིས་བསྐོར་བ་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པར་གསལ་བཏབ་ལ། བདག་དང་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་སྐྱིད་སྡུག་ལེགས་ཉེས་ཁྱེད་རང་ཤེས་སོ་སྙམ་པའི་བློ་སྙིང་བྲང་གསུམ་ལིང་གིས་བཀལ་ཏེ་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས། བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་དང་། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བདག་ཉིད་གུས་པས་སྐྱབས་སུ་མཆི། །ལན་གསུམ། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་དམིགས་ཡུལ་དུ་བྱས་ཏེ། འདི་དག་ཐམས་ཅད་རང་གི་ཚེ་རབས་གཏན་གྱི་ཕ་མའི་འཁོར་ལོ་ཡིན་ཡང་། ཐམས་ཅད་སྡུག་བསྔལ་གྱི་མེ་དོང་དུ་ཚུད་ནས་ཐོན་པའི་དུས་མེད་པ་འདི་རྣམས་སྙིང་རེ་རྗེ། དེའང་སྙིང་རྗེ་བའི་སར་མི་བཞག་པར་རྣམ་གྲོལ་གཏན་གྱི་བདེ་བ་ལ་འགོད་པར་བྱ། དེའི་ཆེད་དུ་གཅོད་ཡུལ་ཟབ་མོ་ཉམས་སུ་བླང་བར་བྱའོ་སྙམ་པའི་སེམས་བསྐྱེད་ལ་འདིའི་རྗེས་ཟློས། སེམས་ཅན་འཁོར་བའི་རྒྱ་མཚོ་ལས། །བསྒྲལ་ཕྱིར་གཅོད་ཡུལ་ཉམས་བླངས་ཏེ། །ཚད་མེད་བཞི་ཡི་ཕྲིན་ལས་ཀྱིས། །འགྲོ་བ་བསྒྲལ་བར་སེམས་བསྐྱེད་དོ། །ལན་གསུམ། དེས་ཡུལ་ཁྱད་པར་ཅན་ལ་སྐྱབས་སུ་འགྲོ་བ་དང་། བསམ་པ་རྒྱ་ཆེ་བ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྔོན་དུ་སོང་ནས། སྡོམ་པ་གསུམ་གྱི་སྙིང་པོ་འདུས་པ་རྡོ་རྗེ་ཐེག་པའི་ཚུལ་ཁྲིམས་རྣམ་པ་གསུམ་པོ་བླངས་ནས་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། སློབ་དཔོན་བདག་ལ་སོགས། དེས་འཇུག་པའི་རིམ་པ་སོང་ནས། དངོས་གཞི་ལ་ནམ་མཁའ་སྒོ་འབྱེད་ཀྱི་ངོ་སྤྲོད་དང་། ཆོས་དབང་སེམས་ལ་བསྐུར་བ་གཉིས་ལས། དང་པོ་ནམ་མཁའ་སྒོ་འབྱེད་སྤྲོས་བྲལ་དངོས་མེད་ཀྱི་ངོ་སྤྲོད་སེམས་ལ་བསྐུར་བ་ནི། ཁྱེད་རང་རྣམས་ལུས་གནད་སོགས། ས་ལམ་རྫོགས། །ཞེས་གསུངས་པ་བཞིན། དུས་གསུམ་གྱི་སྤྲོས་པ་བཅད་དེ་བློ་འདས་ཀྱི་རང་རིག་ཟང་ཀ་མ་བཙལ་བས་མི་རྙེད། བཟུང་བས་མི་ཟིན། བལྟས་པས་མི་མཐོང་། ཅི་ཡང་མ་ཡིན་ཞིང་ངོས་གཟུང་དང་བྲལ་བའི་གཤིས་ལུགས་དེ་ཀའི་ངང་ལ་ལྷོད་དེ། འབོལ་ལེ། ཤིག་གེ །སལ་ལེ། སང་ངེ་། མ་བཅོས་པར་ཞོག །རྣམ་རྟོག་གི་ཡིད་བྱེད་གང་གིས་ཀྱང་མ་བསླད་པར་ཧད་དེ་ཞོག །ཡུལ་བཟང་ངན་གྱིས་མ་བསྒྱུར་བར་གང་ཤར་གྱི་སྟེང་དུ་རྗེན་ནེ་ཞོག །བསྒོམ་རྒྱུ་རྡུལ་ཙམ་ཡང་མེད་ཅིང་ཡེངས་སུ་སྐད་ཅིག་ཀྱང་མེད་པའི་ངང་ལ་སོ་ཁད་དེ་འཇོག་པའི་ཉམས་ལེན་གྱི་གནད་ཤེས་པར་གྱིས་ཤིག །དེ་ལྟ་བུའི་གནས་ལུགས་སོགས། དབྱིངས་སུ་ཞོག་ཅིག །ཕཊཿ བར། གཉིས་པ་སྤྲོས་བཅས་དངོས་པོ་ལ་བརྟེན་ནས་ནམ་མཁའ་སྒོ་འབྱེད་ཀྱི་གདམས་ངག་འབོགས་ཤིང་ངོ་སྤྲོད་པ་ནི། ༡༽ཁྱེད་རང་རྣམས་ལུས་གནད་རྣམ་སྣང་གི་ཆོས་བདུན་བཅའ། ཉྭ་བཞི་བསྒྲིམ། མིག་གྱེན་དུ་བལྟ། ངག་གནད་རླུང་རང་སོར་བཞག །སེམས་ཀྱི་གནད། དྲན་རིག་ཐམས་ཅད་ཀྱི་སོགས་ནས། ཞོག་ཅིག །ཕཊཿ ༢༽ཡང་ཁྱེད་རང་རྣམས་ཀྱི་ལུས་གནད་ཙོག་པུ། འཕོངས་ས་ལ་མ་རེག་ཙམ། ལག་པ་གཉིས་སྙིང་གར་རྡོ་རྗེ་བསྡམ་པའི་ཕྱག་རྒྱ་དང་བཅས་ཉྭ་བཞི་བསྒྲིམ་སོགས་གོང་ལྟར་ལན་གཅིག་བརྗོད། ༣༽ཡང་ཁྱེད་རང་རྣམས་ཀྱི་ལུས་གནད་ལངས་ཏེ་རྐང་པའི་པུས་བྲང་ས་ལ་བཙུགས། ཐལ་མོ་སྤྱི་བོར་སྦྱར། གྲུ་མོ་དང་པུས་མོ་ཕྱིར་བརྒྱངས། ཉྭ་བཞི་སོགས་གོང་ལྟར་ལན་གཅིག་བསྐྱར། དེ་ལྟར་བྱས་པས་ཁྱེད་རང་རྣམས་ཀྱི་རིག་པ་ནམ་མཁའ་དང་འདྲེས། ནམ་མཁས་གར་ཁྱབ་རིག་པས་ཁྱབ། རིག་པས་གར་ཁྱབ་ཆོས་སྐུས་ཁྱབ། ཁྱབ་གདལ་ཆེན་པོའི་ངང་ལ་མཉམ་པར་ཞོག་ཅིག །འབུམ་ལས། སྤྱི་གཙུག་རྣམ་པར་ལྟ་བའི་ཏིང་ངེ་འཛིན་དང་། ནམ་མཁས་རྣམ་པར་ཁྱབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་། ནམ་མཁས་རྒྱས་པར་འགེངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཞེས་གསུངས་པའི་དོན་ཡིན་པས། དེ་གང་དུའང་ངོས་གཟུང་མེད་པ་བསམ་མེད། བརྗོད་མེད། དམིགས་མེད། ཕྱལ་བ་དེ་ཁའི་ངང་ལ་ཙན་གྱིས་ཞོག །ལྷོད་ཀྱིས་ཀློད། ཁྲེས་སེ་བོར། རྒྱང་གིས་སྐྱུར་ལ་སྒོམ་པའི་བློ་དང་ཕྲོལ་ལ་ཞོག་དང་། འདི་ཀ་གདོད་མའི་གནས་ལུགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱལ་བའི་དགོངས་པ། སྤྲོས་བྲལ་དོན་དམ་པ་ལ་སོགས་པའི་ཐ་སྙད་ཀྱི་སྒོ་ནས་མིང་ཇི་སྙེད་ཅིག་བཏགས་ཀྱང་། དོན་རང་སེམས་སྐད་ཅིག་མ་བསམ་བརྗོད་བྲལ་བ་འདི་ཀ་ལགས་པས། དེ་ཀ་རང་ངོ་ཤེས་ཙམ་གྱི་དྲན་པ་ལ་བརྟེན་ནས་གང་ཤར་གྱི་རང་ངོ་ལ་བསལ་གཞག་མེད་པར་ཀློད་ནས་འཇོག་པ་ཡིན་ཏེ། མ་གཅིག་གིས། གྲིམ་གྱིས་སྒྲིམས་ལ་ལྷོད་ཀྱིས་ཀློད། །སྒོམ་པའི་གནད་ཅིག་དེ་ན་གདའ། །ཞེས་གསུངས་པས། མདོར་ན་སྣང་བ་ཐམས་ཅད་སེམས་ཀྱི་འཁྲུལ་པ་ཙམ་སྟེ། རང་སྣང་རིས་མེད་སེམས་ཉིད་ཅིར་ཡང་མ་གྲུབ་པས་སྟོང་པ་ཉིད། སྟོང་པའི་རང་མདངས་ཅིར་ཡང་སྣང་ཞིང་། སྣང་དུས་ཉིད་ནས་སྟོང་པས་སྣང་སྟོང་ཟུང་འཇུག་དེ་ཀ་རང་གི་ཁ་ནང་དུ་ཕྱོགས་ཏེ་རིག་པར་བྱ་བ་ལས་གཞན་མ་ཡིན་ཏེ། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །ཞེས་གསུངས་པའི་དོན་ཉམས་སུ་ལེན་པ་ནི། ལུས་གནད་དྲང་པོར་བསྲང་། ངག་རླུང་རང་སོར་གཞག །སེམས་དུས་གསུམ་གྱི་རྟོག་པ་བཅད་ནས་སྔ་མ་འགགས། ཕྱི་མ་མ་སྐྱེས་པའི་ད་ལྟར་གྱི་ཤེས་པ་སྐད་ཅིག་མ་དེ་ཀའི་ངོ་བོ་ལ་ཅེ་རེ་བལྟས་པའི་སྣང་བ་ཕྱི་རུ་མ་ལུས། རིག་པ་ནང་དུ་མ་ཆད་པའི་སྣང་བ་སྤྲོས་བྲལ་དེ་ཀ་ལ་རེས་ཧྲིག་གིས་བསྒྲིམ། རེས་ལྷོད་ཀྱིས་ཀློད་ནས་བསྐྱངས་པས་སོ་སོ་རང་རིག་ཏུ་འཆར། དེ་ཀ་ཡེངས་མེད་ཀྱི་ངང་ནས་རང་ངོ་ལ་བལྟས་པས་ཡོད་མེད་རྟག་ཆད། སྐྱེ་འགག་འགྲོ་འོང་སོགས་གང་གིའང་ཕྱོགས་སུ་མ་ལྷུང་པའི་རིག་པ་རྩ་བྲལ་རྗེན་པ། རིག་བྱ་རིག་བྱེད་ཐམས་ཅད་དང་བྲལ་བ་དེ་ཀ་ངོ་ཤེས་ཙམ་ལ་མ་ཡེངས་པར་བསྐྱང་བ་ཡིན་ཏེ། མ་གཅིག་གིས། གང་ཡང་ཡིད་ལ་མ་བྱས་ན། །གོལ་སར་ལྷུང་བ་ཅི་ལ་འབྱུང་། །བསམ་མེད་སྒོམ་པ་མ་ནོར་ན། །ཆོས་སྐུ་བྱང་ཆུབ་ཐེ་ཚོམ་མེད། །སྒོམ་གྱི་ནང་ནས་དེ་ཉིད་མཆོག །འདུ་ཤེས་རྣམ་པར་བཤིག་ལ་ཞོག །ཅེས་དང་། གང་ཡང་ཡིད་ལ་མ་བྱས་ན། །བག་ཆགས་མི་འབྱུང་ས་ལམ་རྫོགས། །ཞེས་གསུངས་པ་བཞིན་སྐྱེ་མེད་ཡུམ་ཆེན་མོའི་དགོངས་དོན་ཟབ་མོ་ཉམས་འོག་ཏུ་ཆུད་པར་གྱིས་ཤིག །གཉིས་པ་བྱིན་རླབས་བརྟན་བྱེད་ཆོས་དབང་སེམས་ལ་བསྐུར་བ་ལ་ཡེ་ཤེས་དབབ་པ་དང་། དབང་བསྐུར་བ་གཉིས་ལས། དང་པོ་ཡེ་ཤེས་ལྷའི་བྱིན་དབབ་པ་ནི། སྣོད་བཅུད་ཐ་མལ་དུ་འཛིན་པས་མ་བསླད་པར་འདི་ལྟར་དུ་གསལ་ཐོབས་ཤིག །སློབ་དཔོན་གྱི་ཐུགས་ཀ་སོགས་སྔགས་དང་བཅས་སྤོས་རོལ་གྱིས་ཡེ་ཤེས་པའི་བྱིན་དབབ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་ཇི་སྲིད་བྱང་ཆུབ་སྙིང་པོའི་བར་དུ་བརྟན་པར་གྱུར་ཅིག །ཏིཥྛ་བཛྲས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཀོད། རྗེས་འབྲེལ་ཕྱག་རྟེན་མེ་ཏོག་འབུལ་བ་ནི། མེ་ཏོག་འདི་ཉིད་ཁྱེད་རང་རྣམ་པའི་ཕྱག་ཐལ་མོ་སྦྱར་བའི་བར་དུ་རིན་པོ་ཆེའི་རྒྱུ་ལས་གྲུབ་པའི་མེ་ཏོག་པུཎྜ་རཱི་ཀའི་ཕྲེང་བར་དམིགས་ཏེ་བཟུང་ནས། མདུན་བསྐྱེད་རྗེ་བཙུན་ཁྲོས་མ་ལྷ་ལྔའི་དཀྱིལ་འཁོར་པར་ལྷའི་མེ་ཏོག་གི་ཕྲེང་བ་རེ་ཕུལ་བར་མོས་པའི་ཕྱག་རྒྱས་ཕོ་བྲང་འདིར་དོར་ལ་འདིའི་རྗེས་ཟློས། པྲ་ཏིྵྩ་པཱུ་ཛ་ཧོཿ མདུན་དུ་བཞུགས་པའི་མཁའ་འགྲོའི་དཀྱིལ་འཁོར་རང་སྣང་རྣམ་པར་དག་པའི་ཡེ་ཤེས་ཀྱི་རྩལ་ལས་ཤར་པའི་ལྷ་ཚོགས། བྱ་རྩོལ་ལས་འདས་པའི་ལྷུན་གྲུབ་ཡེ་གསལ་ཆེན་པོའི་ལྷ་ཞལ་དང་གཉིས་སུ་མེད་པའི་དཀྱིལ་འཁོར་འདི་ལ་དད་སྤྲོ་དང་བཅས་པས་ལྟོས་ཤིག །ཧེ་བཛྲ་སོགས། དེའང་སྣང་སྲིད་དག་པ་ཆོས་ཀྱི་འབྱུང་གནས་སོགས་མངོན་རྟོགས་ཀྱི་བསྐྱེད་སྔགས་རྣམས་དོར་བས། སྤྲིན་ཕུང་གཏིབས་པ་ལྟར་མངོན་སུམ་བཞིན་མཐོང་བར་མོས་ཤིག །གཉིས་པ་དབང་བསྐུར་བ་དངོས་ལ་རྒྱུད་སྣོད་རུང་དུ་བྱེད་པ་བུམ་དབང་རྗེས་འབྲེལ་བཅས་དང་། འབྲས་བུ་ཡེ་ཤེས་སྐྱེ་བའི་མཆོག་དབང་། མཐའ་རྟེན་གཏོར་དབང་རྣམས་རིམ་པར་འབྱུང་བ་ལས། དང་པོ་བུམ་པའི་དབང་བསྐུར་བ་ལ་དངོས་དང་། རྗེས་འབྲེལ་གཉིས། དང་པོ་ནི། ལྷ་དང་སློབ་དཔོན་གཉིས་སུ་མེད་པའི་རིགས་ལྔའི་མཁའ་འགྲོ་སོགས་ནས། ཐུན་མོང་རིག་པའི་དབང་ལྔ་ཐོབ་པས་ལམ་སྣང་བ་ལ་སྟོང་པས་རྒྱས་ཐེབས་པའི་སྣང་སྟོང་གི་རྣལ་འབྱོར་སྒོམ་ནུས་པའི་སྐལ་པ་རྒྱུད་ལ་བཞག་པའོ། །གཉིས་པ་དེ་དང་རྗེས་སུ་འབྲེལ་བ་སློབ་དཔོན་གྱི་དབང་དང་། བརྟུལ་ཞུགས་ཀྱི་རྗེས་གནང་གཉིས་ལས། དང་པོ་དོན་གཉིས་སྒྲུབ་པ་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བ་ནི། བདག་དོན་བསྐྱེད་སྔགས་བཟླས་པའི་རིམ་པ་དང་། གཞན་དོན་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ཀྱི་སྒོ་ནས་འགྲོ་བའི་དོན་སྒྲུབ་པའི་ནུས་པ་རྒྱུད་ལ་འཇོག་པར་བྱེད་པ་བདག་པོའི་དབང་བསྐུར་བ་ལ། རིགས་ལྔ་མཁའ་འགྲོའི་སྐུ་སྤྱི་བོར་བསྟིམ། གླེགས་བམ་མགྲིན་པར་བཞག །མེ་ལོང་སྙིང་གར་གཏད་པས་ལྷག་པའི་ལྷའི་རྡོ་རྗེ་གསུམ་གྱི་བྱིན་ནུས་སློབ་མའི་སྒོ་གསུམ་ལ་ཞུགས་པས། བསྐྱེད་སྔགས་ཏིང་འཛིན་གྱི་སྒོ་ནས་དོན་གཉིས་སྒྲུབ་པའི་ཕྲིན་ལས་ཀྱི་དབང་དང་རྗེས་གནང་ཐོབ། ལྷ་བདག་གཉིས་སུ་མེད་ཅིང་ཡོན་ཏན་ཕྲིན་ལས་མཉམ་པ་ཉིད་ཆེན་པོར་བྱིན་གྱིས་བརླབས་པར་མོས། སངས་རྒྱས་ཀུན་གྱིས་སོགས། གཉིས་པ་བརྟུལ་ཞུགས་སྤྱོད་པའི་རྗེས་སུ་གནང་བ་ནི། དབྱིངས་རིག་དབྱེར་མེད་ཀྱི་ལྟ་བ། སྐྱེ་འགག་གནས་གསུམ་དང་བྲལ་བའི་ཉམས་ལེན། ཁམས་གསུམ་ཟིལ་གནོན་གྱི་དགོངས་པ། བདེན་མེད་རྟོགས་པའི་ཤེས་རབ་རྣམས་ཀྱི་རྩལ་སྦྱོང་ཞིང་། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པས་ཕྱི་ནང་གི་དུར་ཁྲོད་ཉུལ་ནས་རང་བྱུང་གི་ཡེ་ཤེས་བཙན་ཐབས་སུ་སྦར་བས། གཟུགས་ཅན་གཟུགས་མེད་ཀྱི་འགྲོ་བའི་དོན་བྱེད་ནུས་པའི་རྗེས་སུ་གནང་བ་སྦྱིན་པ་ལ། ཐ་མལ་གྱི་ཆས་གོས་སྤངས་ཏེ་མཁའ་འགྲོ་མ་རྣམས་དང་སྐལ་པ་མཉམ་པའི་ཕྱིར་རུས་པའི་འཁོར་ལོ་དང་རྣ་ཆ། མགུལ་ཆུ། གདུ་བུ། སེ་རལ། སྐ་རགས་རྣམས་གནས་སོ་སོར་བགོས་པར་མོས། རྫས་རྣམས་གཏད་ཚིག་བསྡུས་པ། མཁའ་འགྲོ་ཀུན་གྱིས་སོགས། སྟོན་པའི་སྒྲ། རྐང་པ་བཞི་པ་བསྡུས་པ་དེ་དོར་ནས། འདི་ནི་སོགས་དང་སྔགས་ཚན་གཉིས་པོ་བརྗོད། ཁྱེད་རང་རྣམས་དེང་ཕྱིན་ཆད་ཐོག་བཅས་ཡུལ་གྱི་སྣང་བ་ལ་བདེན་ཞེན་དང་བྲལ་བས་མི་ཕོད་བརྫི་ཞིང་། འདྲེར་འཛིན་ཆགས་སྡང་དང་སྐྱོ་འཇིགས་ཀྱི་རྟོག་པ་གང་ཤར་གྱི་རྗེས་སུ་མི་འབྲེང་བར་ཐབས་ཤེས་ཟུང་འབྲེལ་གྱི་ཡི་གེ་ཕཊ་ཅེས་བརྗོད་ཅིང་། ཕྱི་སྣང་བ་ལ་དངོས་པོར་ཞེན་པའི་བདུད་ཀྱི་འཁྲི་བ་བཙན་ཐབས་སུ་བཅད། རིག་གདངས་དབྱིངས་སུ་བསྲེས་ཏེ་ཕུང་པོ་གཟན་དུ་བསྐྱུར། དབྱིངས་རིག་དབྱེར་མེད་སྣང་སྟོང་འཛིན་མེད་ཀྱི་ངང་སྐྱོང་བ་ལ་རྒྱུན་དུ་འབད་འཚལ་ཞིང་། སྐབས་འདིར་ཁྱེད་རང་རྣམས་ཀྱི་རིག་པ་བྱང་ཆུབ་ཀྱི་སེམས་ཐ་མལ་ཤེས་པའི་རང་ངོ་དྲན་བསམ་འཕྲོ་འདུའི་རྟོག་པ་མེད་པའི་ངང་ལས་མ་བཅོས་མ་བསླད་པར་གཞག །རྟོག་པ་འགྱུ་ན་གང་ཤར་བར་ཅེར་གྱིས་བལྟས་པས་རྗེས་མེད་རང་གྲོལ། འགག་མེད་ཀྱི་འཆར་སྒོ་སྐྱེ་མེད་ཟང་ཐལ་གྱི་རྩལ་སྣང་སྒྱུ་མ་ལྟ་བུ་གསལ་སྟོང་འཛིན་མེད་ཀྱི་དོན་ཤེས་པར་མཛོད་ཅིག །ཕཊཿལན་གསུམ་བརྗོད། འདི་ནི་མཁའ༴ དོན་དམ་སོགས། འདི་ལྟར་ཕྱིའི་རྐྱེན་ལ་མ་ལྟོས་པར་རང་གི་རིག་པ་རང་འཚོ་མི་ཐུབ་པར་དགའ་སྡུག་སྐྲག་སྔངས་སོགས་ཐོག་མེད་ཡུལ་དུ། རེ་དོགས་ཀྱི་རྟོག་པ་སྣ་ཚོགས་སུ་འགྱུ་བའི་མཁན་པོ་ནང་འཛིན་པ་སེམས་ཉིད་བདུད་དུ་འཁྲུལ་པའི་གཞི་རྩ་བཅད་ནས། སྟོང་ཉིད་སྙིང་རྗེ་ཟུང་འཇུག་སྐྱེ་མེད་སྤྲོས་བྲལ་གྱི་རང་བཞིན་གསལ་སྟོང་འཛིན་མེད་ཀྱི་ངང་ལ་མཉམ་པར་འཇོག་མཛོད། །ཅེས་ཡུམ་དོན་ཅུང་ཟད་སྐྱོང་བཅུག །ཐབས་ཤེས་ཁ་སྦྱོར་ཟུང་འཇུག་འགག་པ་མེད་པའི་སྒྲ་དབྱངས་སྒྲོག་པའི་ཌཱ་མ་རུ་ཕྱག་གཡས་སུ་གཏད་པས་སྣང་སྲིད་དབང་དུ་སྡུད་པའི་ཕྲིན་ལས་ལྷུན་གྱིས་གྲུབ་པའི་བརྡར་གཟུང་ཞིང་འཁྲོལ་མཛོད། འདི་ནི་མཁའ༴ ཁམས་གསུམ་སོགས། འདི་ལྟར་སྣ་ཚོགས་སུ་སྣང་བའི་དངོས་པོ་བདེན་པར་ཞེན་ཅིང་། བཟང་རྟོག་ལ་ཆགས་སེམས། གཅེས་འཛིན་དགའ་བྲོད་དང་། ཡུལ་སྣང་ལྷ་འདྲེའི་ཆོ་འཕྲུལ་གྱིས་བསླུ་བའི་བདུད། ཡུལ་དང་ཡུལ་ཅན་གཉིས་མེད་འཛིན་བྲལ་རིག་པ་རང་སོ་ཐུབ་པས་དབང་དུ་སྡུད་ཅིང་ཟིལ་གྱིས་གནོན་པའི་ཉམས་ལེན་དུ་ཁྱེར་མཛོད། སྐྱེ་མེད་ཀྱི་བརྡ་སྟོན་པའི་གླིང་བུ་འདི་བུས་ལ་གཉིས་སྣང་གི་ཆོས་ཐམས་ཅད་གཉིས་མེད་གདོད་ནས་མ་སྐྱེས། ཡེ་མཉམ་རང་གྲོལ་དུས་མཉམ་དུ་ཤེས་པའི་བརྟུལ་ཞུགས་ཀྱི་རྒྱས་འདེབས་ལམ་དུ་ལྷོངས་པར་གྱིས་ཤིག །འདི་ནི་མཁའ༴ སྣང་སྲིད་སོགས། འདི་ལྟར་ཆོས་ཐམས་ཅད་གདོད་ནས་སྐྱེ་འགག་དང་བྲལ་བའི་དོན་མ་ཤེས་པས། བདག་གཞན་སྤང་བླང་བདེ་སྡུག་གི་སྣང་ཆར་ཞེན་པའི་རེ་དོགས་སྙེམས་བྱེད་གཉིས་སྣང་འཁྲུལ་པའི་བདུད་ཀྱི་གཞི་རྩ། སྐྱེ་མེད་རྟོགས་པའི་ཤེས་རབ་ཀྱིས་གང་ཤར་འཛིན་མེད་རང་གྲོལ་དུ་བདེན་མེད་སྒྱུ་མ་ལྟ་བུར་རྟོགས་པའི་ངོ་བོར་ལམ་དུ་ཁྱེར་མཛོད། གཉིས་པ་འབྲས་བུ་ཡེ་ཤེས་སྐྱེད་པའི་མཆོག་དབང་ལ་གསུམ་ལས། དང་པོ་གསང་བའི་དབང་ནི། གཙོ་མོ་རྡོ་རྗེ་མཁའ་འགྲོ་སོགས། དེ་ལྟར་གསང་བ་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་བདུད་རྩིས་དབང་བསྐུར་པས། རང་བཞིན་བརྒྱད་ཅུའི་རྟོག་པ་འགག །གསལ་རིག་སྟོང་པ་དབྱེར་མེད་རྫོགས་པའི་རིམ་པ་སྒོམ་པ་ལ་དབང་བའི་སྐལ་པ་རྒྱུད་ལ་བཞག་པའོ། །གཉིས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། ཁྱེད་རང་རྣམས་ཐབས་ཀྱི་དཔའ་བོ་ཧེ་རུ་ཀཿབདེ་བ་མཆོག་གི་རྣམ་པར་གསལ་བ་ལ། དཀྱིལ་འཁོར་པ་ལས་སྤྲུལ་པའི་ཡུམ་རྡོ་རྗེ་མཁའ་འགྲོ་སོགས་ཀྱིས་རིག་ཙཀ་གཏད། དེ་ལྟར་འདུ་ཤེས་གསུམ་ལྡན་གྱིས་བསྲུབ་པ་དང་བསྲུབས་པ་ལས་བྱུང་བའི་དགའ་བ་བཅུ་དྲུག་གི་མཐར་འཕོ་མེད་ལྷན་སྐྱེས་འབྲས་བུའི་དགའ་བ་སྤྱི་བོར་ཐིམ་པས། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མངོན་དུ་བྱེད་ནུས་པའི་སྐལ་པ་རྒྱུད་ལ་བཞག་པའོ། །གསུམ་པ་ཚིག་དབང་ནི། འཁོར་འདས་སུ་སྣང་བའི་ཡུལ་ཐམས་ཅད་ཡུལ་ཅན་རིག་པའི་དབྱིངས་སུ་གདོད་ནས་མ་སྐྱེས་ཡུམ་ཆེན་ཆོས་སྐུའི་དགོངས་པ་རོ་མཉམ་གཉིས་མེད་སྤྲོས་པ་དང་བྲལ་བའི་ངོ་བོ་མ་བཅོས་ལྷུག་པར་འཇོག་འཚལ། འདི་ལྟར་འཁོར་འདས་སོགས། དེ་ལྟར་ཡེ་ཤེས་ཅར་ཕོག་ཏུ་ངོ་སྤྲད་པས་ཤིན་ཏུ་རྣམ་པར་དག་པ་བདེ་སྟོང་ལྷན་སྐྱེས་ཤར་གྲོལ་དུས་མཉམ། བློ་འདས་དབྱིངས་རིག་དབྱེར་མེད་ཆོས་ཀྱི་སྐུ་མངོན་དུ་བྱེད་ནུས་པའི་སྐལ་པ་རྒྱུད་ལ་བཞག་པའོ། །གསུམ་པ་མཐའ་རྟེན་བྱིན་རླབས་འབེབ་པ་གཏོར་མའི་དབང་བསྐུར་བ་ནི། སྐུ་ཉིད་རྣམས་མ་ཡེངས་པར་དམིགས་པ་འདི་ལྟར་དུ་གསལ་ཐོབས་ཤིག །མདུན་དུ་བཤམས་པའི་གཏོར་མ་འདི་ཉིད་ཀྱི་སྣོད་སྣང་སྲིད་དག་པ་ཆོས་ཀྱི་འབྱུང་གནས་སོགས་མངོན་རྟོགས་ཀྱི་བསྐྱེད་སྔགས་རྣམས་དོར་ལ། བདག་ཉིད་ཅན་དུ་བཞུགས་པའི་སྟེང་གི་ཆ་ལ་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་བླ་མ། བར་གྱི་ཆ་ལ་ཡི་དམ་ཞི་ཁྲོ་རབ་འབྱམས། བར་མཚམས་ཁོར་ཡུག་ཀུན་ཏུ་དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མ་ནོར་ལྷ་གཏེར་བདག་གི་ཚོགས་དང་བཅས་པ་ཏིལ་གྱི་གོང་བུ་ཁ་ཕྱེས་པ་ལྟར་བྱིན་ཐིབས་སེ་བཞུགས་པ་ལ། བདག་དང་ལྷན་ཅིག་ཁ་ཙམ་ཚིག་ཙམ་མ་ཡིན་པར་སྙིང་ཁོང་རུས་པའི་གཏིང་ནས་སྒོ་གསུམ་དད་མོས་གདུང་ཤུགས་དྲག་པོ་དང་བཅས་ཏེ་དབྱངས་སྙན་པོས་གསོལ་འདེབས་བྱིན་རླབས་རིང་མོ་མགྲིན་གཅིག་ཏུ་མཛད་པར་ཞུ། འོག་མིན་ཆོས་དབྱིངས་སོགས་ཁྲིད་ཡིག་བཞིན་ཌཱ་དྲིལ་བཅས་གྱེར་ཞིང་། འགྱུར་མེད་རྡོ་རྗེའི་རྗེས་སུ། བརྒྱུད་པའི་ཁ་སྐོང་ནི། སྒྲ་བསྒྱུར་ལུང་གི་ཕོ་བྲང་དུ། །ཆོས་དཔལ་རྒྱ་མཚོ་བྱིན་རླབས་ཅན། །ས་སྤྱོད་འོག་མིན་ཆོས་གྲྭ་རུ། །རིན་ཆེན་རྣམ་རྒྱལ་བྱིན་རླབས་ཅན། །ཟབ་མོ་གསང་སྔགས་ཕོ་བྲང་དུ། །པདྨ་བསྟན་འཛིན་བྱིན་རླབས་ཅན། །ཨོ་རྒྱན་གླིང་གི་གཞལ་ཡས་སུ། །ཕྲིན་ལས་རྣམ་རྒྱལ་བྱིན་རླབས་ཅན། །བདེ་ཆེན་གླིང་གི་རི་ཁྲོད་དུ། །ཕྲིན་ལས་ཆོས་སྒྲོན་བྱིན་རླབས་ཅན། །བཀའ་བབས་བདུན་གྱི་མཛོད་ཁང་དུ། །འཇམ་དབྱངས་མཁྱེན་བརྩེ་བྱིན་རླབས་ཅན། །མཁའ་སྤྱོད་ཀུན་བཟང་བདེ་གླིང་དུ། །བློ་གྲོས་མཐའ་ཡས་བྱིན་རླབས་ཅན། །རང་སྣང་དག་པའི་ཞིང་ཁམས་སུ། །བརྒྱུད་པའི་བླ་མ་བྱིན་རླབས་ཅན། །སྤྱི་གཙུག་ཉི་ཟླའི་སོགས་ཀྱི་མཐར་རོལ་མོ་དང་བཅས་པས་བྱིན་དབབ། གཏོར་མའི་ལྷ་ཚོགས་སོགས་ནས། དབྱེར་མེད་པའི་མོས་གུས་དང་གསལ་སྣང་སྐྱེད་ཅིག །ཧཱུྃ། དུས་གསུམ་སངས་རྒྱས་སོགས། སིདྡྷི་ཕ་ལ་ཧཱུྃ། བར། དེ་ནས་དངོས་གྲུབ་ཀྱི་པྲ་ལྟས་བརྟག་པའི་སླད་དུ་ཁྱེད་རང་རྣམས་ཀྱི་མིག་བཙུམ། རེ་དོགས་ཀྱི་བློས་ཚབ་ཚུབ་མ་བྱེད་པར་གཏོར་མའི་རྫས་ལས་གང་ཐོབ་པ་རེ་ཁྱེར་ཅིག །སློབ་མ་སོ་སོར་ལག་ཏུ་གང་རྙེད་ཚམ་ཚོམ་མེད་པར་ལེན་བཅུག །དེ་ལྟར་བྱས་པས་ཟན་ཐོབ་ན་ཞི་བ་སོགས་ནས། མངོན་སྤྱོད་ཀྱི་དངོས་གྲུབ་རྣམས་འགྲུབ་པར་གསུངས་སོ། །དེ་ལྟར་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་དོན། གཅོད་ཡུལ་ཟབ་མོའི་བྱིན་རླབས་སྒོ་འབྱེད་ཀྱི་དབང་བསྐུར་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཀྱིས་བརྒྱན་པ་ལེགས་པར་ཐོབ་པ་ཡིན་པས། དམ་ཚིག་གི་གནད་གསང་སྤྱི་དང་ཁྱད་པར་གྱིས་ཕྱེས་པ་རྣམས་ཚུལ་བཞིན་དུ་བསྲུང་སྡོམ་མཛད་པར་ཁས་བླང་བ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་སྤྱི་ལྟར་བྱ། དེ་རྣམས་ཀྱིས་སྨིན་བྱེད་ཀྱི་དབང་བསྐུར་བ་ཞིབ་རྒྱས་སོང་ནས། སླར་ཡང་གྲོལ་བྱེད་ཀྱི་གདམས་ངག་ཟབ་ཁྲིད་ཞུ་བའི་ཡོན་དུ་མཎྜལ། སེམས་བསྐྱེད་གསལ་བཏབ་ལ། གྲོལ་བྱེད་གཅོད་ཁྲིད་ཟབ་མོའི་རིམ་པའི་ཁྲིད་ལུང་འབོགས་པ་ལའང་། རྩ་བ། རྒྱབ་ཆོས། གསལ་བྱེད་བཅས་བཞུགས་པ་ལས། དང་པོ་རྩ་བ་ལ་དངོས་དང་། ཟུར་གནད་གཉིས་གསུངས་པའི་དང་པོ་ནི། གཅོད་ཡུལ་སྟན་ཐོག་གཅིག་མའི་གདམས་པ་དཔའ་བོའི་གད་རྒྱངས་ཞེས་བྱ་བ་ནི། དེ་ཡང་། རྒྱལ་བའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སོགས་ནས། གོ་འཕང་ལ་གནས་པར་འགྱུར་རོ། །གཉིས་པ་ཞར་བྱུང་ཟུར་གནད་ཟབ་པའི་མན་ངག་ཀེང་རུས་མེ་འབར་ལ་སོགས་པའི་ཞལ་གདམས་དམིགས་སྐོར་གཉིས་ནི། ཟུར་གནད་ཟབ་མོ་ལྷ་འདྲེའི་སོགས་ནས། འདི་ལས་ཟབ་པ་མེད། །ཅེས་བསྔགས་པ་བཞིན་དང་། གཉིས་པ་དེའི་རྒྱབ་ཆོས་ལྟ་བུར་གྱུར་པ་གཅོད་ཡུལ་སྟན་ཐོག་གཅིག་མའི་མན་ངག་འཁོར་འདས་རང་གྲོལ་ཞེས་བྱ་བ་ནི། འདིར་བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཉམས་ལེན་སོགས་དེ་ཉིད་ཀྱི་དབུ་ནས། གོང་མ་རྣམས་ཀྱི་གསུང་ལས་ཤེས་པར་བྱའོ། །ཞེས་པ་འདི་རྣམས་རིག་འཛིན་ཆེན་པོ་འགྱུར་མེད་རྡོ་རྗེའི་གསུང་གསང་ལས་བྱོན་པ་ཁོ་ན་དང་། གསུམ་པ་གསལ་བྱེད་དེ་དག་གི་མན་ངག་རྒྱས་པར་བཀྲོལ་ཏེ་བཤད་པ། གཅོད་ཡུལ་གྱི་ཁྲིད་ཡིག་ཟབ་དོན་སྙིང་པོར་དྲིལ་བ་ནི། འདིར་རྒྱལ་བ་ཐམས་ཅད་ཀྱི་གཤེགས་ཤུལ། གྲུབ་ཐོབ་ཐམས་ཅད་སོགས་ནས། མི་ཉམས་པའི་ཕྱིར་སྤེལ་བ་ལ་འགལ་བ་མེད་དོ། །ཞེས་སྨིན་གླིང་མཁན་ཆེན་ལོ་ཙཱ་བ་ངག་དབང་ཆོས་དཔལ་རྒྱ་མཚོས་སྦྱོར་དངོས་རྗེས་གསུམ་ཚང་ཞིང་། འགལ་སྤང་དང་བཅས་ཤིན་ཏུ་རྒྱས་པར་མཛད་པ་བཞིན། ཐེག་ཆེན་ཐུན་མོང་དང་ཁྱད་པར་སྔགས་ལམ་གྱི་སྙིང་པོ་བླ་མའི་རྣལ་འབྱོར་གྱིས་རྒྱུད་སྦྱངས་ནས། དངོས་གཞི་ལྟ་བས་ཐག་བཅད། སྒོམ་པས་ཉམས་སུ་བླངས། སྤྱོད་པས་བོགས་དབྱུང་སྟེ་སྟན་ཐོག་གཅིག་ཏུ་ཡུམ་དོན་ཕ་རོལ་ཏུ་ཕྱིན་པ་མཆོག་གི་དངོས་གྲུབ་འཐོབ་པར་བྱ་དགོས་པ་ཡིན་ནོ། །དེ་ལྟ་བུ་ལས་བྱུང་བའི་དགེ་ཚོགས་ཡོངས་བསྔོའི་རྒྱས་འདེབས་སོགས་ཀྱིས་མཚམས་སྦྱར་ཏེ་བསྔོ་སྨོན་བྱ། ཆོ་གའི་རྗེས་ཚོགས་མཆོད་ཡོད་ན། ཁྲོས་ནག་བཞིན་ཚོགས་ལ་རོལ་ནས་ལྷག་མ་བསྔོ་ཞིང་སྨོན་ལམ་གདབ། ཆད་ཐོ་མ་སྦྱར་ཡང་མི་འགལ། བརྟན་མ་སྐྱོང་། གང་ལྟར་ཡང་། ཨོཾ། ཆོས་དབྱིངས་ནམ་མཁའི་སོགས་སྔར་ལྟར་ཉེར་སྤྱོད། སྨན་རཀ །གཏོར་སྔགས་དང་བཅས་པས་མཆོད། སྨྲ་བསམ་བརྗོད་མེད་སོགས་ཀྱིས་བསྟོད། ནོངས་པ་བཤགས། མདུན་བསྐྱེད་ཡེ་ཤེས་གཤེགས་བསྟིམ་སྐབས་དང་སྦྱར། དམ་ཚིག་པ་འབྲུ་གསུམ་གྱིས་རང་ལ་བསྡུ། རང་ཡང་ཧཱུྃ་གསུམ་གྱིས་འོད་གསལ་དུ་འཇུག །ཕཊ་གསུམ་གྱིས་ཟུང་འཇུག་གི་སྐུར་ལྡངས་ལ། རྟག་ཆད་ཀྱི་མཐའ་བསལ། དགེ་བ་འདི་ཡིས་མྱུར་དུ་བདག །ཤེས་རབ་ཕར་ཕྱིན་འགྲུབ་གྱུར་ནས། །སོགས་ཀྱིས་དགེ་བ་བསྔོ། བཀྲ་ཤིས་གང་ཞིག་གདོད་ནས་དག་པ་ཤེགས་སྙིང་གི །རང་ཞལ་ལེགས་མཐོང་གཉིས་འཛིན་འཁྲུལ་རྟོག་ཀུན་ཞི་ནས། །བླ་མེད་རྒྱལ་བའི་ཡུམ་གྱི་གོ་སར་བདག་གཞན་ཀུན། །བདེ་བླག་ཉིད་དུ་འགོད་པའི་སྐལ་བཟང་བཀྲ་ཤིས་ཤོག །ཅེས་སོགས་ཤིས་བརྗོད་ཀྱིས་མཐའ་བརྒྱན་པར་བྱའོ། །དེ་རྣམས་ཀྱིས་མཁའ་འགྲོའི་སྐོར་ཞར་བྱུང་བཅས་གྲུབ་བོ།། །། ༄༅། །བཞི་པ་ཕྲིན་ལས་སྒྲུབ་པའི་བཀའ་སྡོད་རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མའི་སྐོར་ལ། གཙོ་བོ་ཡེ་ཤེས་ལས་ཀྱི་མགོན་པོའི་སྐོར་དང་། ལྷ་མོ་སོགས་བསྟན་སྲུང་སྣ་ཚོགས་པའི་སྐོར་གཉིས་ལས། དང་པོ་བསྟན་སྲུང་ཀུན་གྱི་གཙོ་བོ་ཡེ་ཤེས་དང་ལས་ཀྱི་མགོན་པོའི་སྐོར་ལ། མདོ་ལུང་ཨ་ནུ་སྤྱི་མདོ་ཀུན་འདུས་རིག་པ་དང་། རྒྱུད་སྒྱུ་འཕྲུལ་གྱི་བཤད་རྒྱུད་གཉིས་དང་། དགོས་རྒྱུད་མཚོན་ཆ་རོལ་པ་ནས་བསྟན་པའི། བཀའ་མ་ལེགས་ལྡན་ཚོགས་ཀྱི་བདག་པོ་ལྗང་སྔོན་དྲག་པོ་ཞལ་གསུམ་ཕྱག་དྲུག་པའི་རྩ་བའི་དབང་ཆེན་སྟ་གོན་དང་དངོས་གཞི་རྗེས་རིམ་བཅས་གཙང་ཤོད་པའི་ཡིག་ཆ་ལ་མན་ངག་གིས་བརྒྱན་དགོས་པ་བཞིན་ཤེས་པར་བྱའོ།། །། ༈ བཀའ་མ་ལེགས་ལྡན་ཚོགས་ཀྱི་བདག་པོ་ནག་པོ་ཆེན་པོ་ཞལ་གཅིག་ཕྱག་གཉིས་པའི་དབང་འབྲིང་རྗེས་གནང་༼འདོད་བུམ། 469༽ལྟར་དབང་སྒྲུབ། དངོས་གཞིར་གཡུང་སྟོན་ལུགས་ཀྱི་དབང་བསྐུར་ཡོངས་རྫོགས་ལ་ཟུར་གསལ་མཚོན་ཆ་གཏད་པ་སྦྱར་ཞིང་། ལིང་རོ་ཆ་གཉིས་སུ་ཕྱེས་པའི་དང་པོ་དེའི་ཕུད་གཏོར་མར་བསྟབ་ཅིང་ལྷག་མ་སློབ་མར་སྦྱིན། ཆ་གཉིས་པའི་ཕུད་དེ་སློབ་མར་འགྱེད་ནས་དེའི་ལྷག་མ་གཏོར་མར་བླུག་དགོས། དེ་ལྟར་ཟུར་ལུགས་ཀྱི་རྗེས་གནང་འབྲིང་པོ་ཐུན་མིན་དང་བསྡུས་པ་ཐུན་མོང་བ། ཤིན་ཏུ་བསྡུས་པ་གཏོར་དབང་། རྗེས་རིམ་བཅས་བྱའོ།། །། ༈ མཆོག་གླིང་ཟབ་བདུན་བཀའ་སྲུང་ལེགས་ལྡན་ཚོགས་བདག་དང་། སྲས་མགོན་ལས་མགོན་ལྕམ་དྲལ་གཉིས་ཀྱི་དབང་ཐུན་མོང་བ་གོང་གི་སྒྱུ་འཕྲུལ་ཁྲོ་བོའི་སྐབས་སུ་སོང་ངོ་།། །། ༈ མངའ་བདག་ཉང་གི་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་དང་། མགོན་དཀར་ཚེ་དབང་བཅས་བཀའ་བརྒྱད་བདེ་འདུས་སྐབས་སུ་སོང་ངོ་།། །། ༈ མཆོག་གླིང་ཟབ་བདུན་བཀའ་སྲུང་ཡེ་ཤེས་མགོན་པོ་ཕྱག་བཞི་པའི་དབང་བསྐུར་བལྟས་ཆོག་ཏུ་བཀོད་པ་བྱིན་རླབས་སྒོ་འཕར་རབ་འབྱེད་ལྟར་དབང་སྒྲུབ། དངོས་གཞིར་བུམ་དབང་མཐར་ཐུན་མིན་གྱི་སློབ་བུ་ལ་སྲོག་དབང་ཟབ་ཅིང་གཉན་པ་བསྐུར་བའི་ཚུལ་སྦྱར་ན་གུད་དུ་ཤེས་སོ། །རྗེས་ཆོག་བཅས་བྱའོ།། །། ༈ འཁོན་ལུགས་རྙིང་མ་གུར་མགོན་སྲོག་གི་སྤུ་གྲིའི་སྒྲུབ་ཐབས་དབང་བསྐུར་དང་བཅས་པ་བདུད་འཇོམས་སྤུ་གྲི་ལྟར་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ མཆོག་གླིང་ཐུགས་ཆེན་པདྨ་སྒྱུ་འཕྲུལ་དྲྭ་བའི་མགོན་པོ་ཕྱག་དྲུག་པའི་བཀའ་གཏད་གོང་དུ་དེའི་དབང་བཞི་རྡོ་རྗེ་སྤྱི་བླུགས་སྐབས་སུ་སོང་ངོ་།། །། ༈ མཆོག་གླིང་ཆོས་སྐྱོང་ཟབ་མོ་སྐོར་དགུའི་ཕྱི་སྒྲུབ་ཕྱག་དྲུག་པའི་གཏོར་དབང་འོག་གི་ཟབ་བདུན་ལུང་ལུགས་རྟ་མགྲིན་སྙིང་པོ་དོན་འདུས་སྐབས་སུ་འབྱུང་བར་འགྱུར་རོ།། །། ༈ གུ་རུ་ཆོས་དབང་གི་གཏེར་བྱོན་གཙོ་བོ་ལ། རྡོར་གླིང་། རཏ་གླིང་། པད་གླིང་། འཇའ་ཚོན་ལས་འཕྲོ་གླིང་པ་རྣམས་ཀྱི་བརྒྱུད་པའི་བྱིན་རླབས་ཀྱི་ཆུ་བོ་གཅིག་འདྲེས་མ་ནིང་གི་སྲོག་དབང་འདོད་བུམ་ནས་འབྱུང་བ་གོང་དུ་ཆོས་དབང་བཀའ་བརྒྱད་གསང་རྫོགས་སྐབས་སུ་སོང་ངོ་།། །། ༈ རཏ་གླིང་བཀའ་སྲུང་མ་ནིང་གི་སྲོག་དབང་ཐུན་མིན་དང་ཐུན་མོང་གཉིས་ཀ་གོང་དུ་ཐུགས་སྒྲུབ་ཡང་སྙིང་འདུས་པའི་སྐབས་སུ་སོང་ངོ་།། །། ༈ བཀའ་གཏེར་གཉིས་ལྡན་སྐུའི་མགོན་པོ་སྟག་ཞོན་༼འདོད་བུམ། 545༽ལྟར་དབང་སྒྲུབ། དབང་དངོས། རྗེས་ཆོག་བཅས་བྱའོ།། །། ༈ བཀའ་གཏེར་གཉིས་ལྡན་གསུང་གི་མགོན་པོ་བེང་དམར་༼འདོད་བུམ། 555༽ལྟར་དབང་སྒྲུབ། དབང་དངོས། རྗེས་ཆོག་བཅས་བྱའོ།། །། ༈ དཔལ་ལྡན་ཕྲིན་ལས་ཀྱི་མགོན་པོ་ཏྲཀྴད་བཀའ་གཏེར་ལུགས་སྲོལ་བཞིའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་གནམ་ལྕགས་སྤུ་གྲི་ལྟར། བཀའ་གཏེར་གཉིས་ལྡན་དྭགས་པོ་ལུགས་སྤུ་གྲི་ཆིག་ཤུར་གྱི་དབང་སྒྲུབ། རྗེས་གནང་དངོས། རྗེས་རིམ་དང་། ༧ བཀའ་སྲོལ་གསུམ་ལྡན་པད་ལུགས་ཏྲཀྴད་མ་ནིང་མའི་དབང་སྒྲུབ། རྗེས་གནང་དངོས། རྗེས་རིམ་བཅས་དང་། ༧ གཏེར་ཁ་ཟུང་འབྲེལ་ལས་མཁན་འབྲོང་ཞལ་ཅན་གྱི་དབང་སྒྲུབ། གཏོར་དབང་དངོས། རྗེས་རིམ་བཅས་དང་། ༧ བཀའ་གཏེར་ཟུང་འབྲེལ་གསང་སྒྲུབ་ཤྭ་ནའི་ཞལ་ཅན་གྱི་དབང་སྒྲུབ། རྗེས་གནང་དངོས། རྗེས་རིམ་དང་བཅས་པ་རྣམས་སོ་སོར་བསྒྲུབ་བསྐུར་ཞིབ་པར་བྱའོ།། །། ༈ སྨིན་གཏེར་ཞལ་བཞི་པའམ་དྲག་པོ་སྡེ་ལྔ་གོང་དུ་རིག་འཛིན་ཐུགས་ཐིག་གི་སྐབས་སུ་སོང་ངོ་།། །། ༈ བྱང་གཏེར་རྒོད་ལྡེམ་པའི་བསྟན་སྲུང་ཡོངས་རྫོགས་ཀྱི་དབང་ཆོག་ཟབ་དོན་སྣང་བ་བཞིན་བསྐུར་བའི་དབང་དོན་སྒྲུབ་པ་ལ། སྐབས་འདིར་མཚོན་ན། ཐོག་མར་ཉང་གཏེར་བཀའ་བརྒྱད་བདེར་འདུས་ཀྱི་ལས་བྱང་རྒྱུན་ཁྱེར་སྙིང་པོར་དྲིལ་བ་བདེ་བ་ཆེན་པོའི་མྱུར་ལམ་བཞིན་བསྐྱེད་བཟླས་སྟོང་ཚིགས་གྲུབ་པ་དང་། དམ་ཅན་སྤྱི་གཏོར་གཏེར་གཞིའི་མགོ་བར་རྒྱུན་བཞིན་བཏང་བས་འཐུས། དེ་ནས་ཐིག་ཚོན་གྱི་བྱ་བ་རྣམས་མི་དགོས་པས་འདི་ཉིད་ལ་དམིགས་ཏེ། དམ་སྤྱིའི་དབུར་འབྱུང་བའི་མཆོད་རླབས་མཐར། མདུན་བསྐྱེད་དཀྱིལ་འཁོར། དབང་གཏོར། བུམ་པ་སོགས་དབང་རྫས་རྣམས་ལ་དམིགས་ཏེ། བསྟན་སྲུང་ཡོངས་རྫོགས་ཀྱི་ཕྲིན་ལས་གཏེར་གཞུང་བཞིན། ཨེ༔ ཆོས་སྐུ་སྐྱེ་མེད་ནམ་མཁའ་ལྟ་བུ་ལ༔ སོགས་ཀྱིས་བསྐྱེད་ཅིང་དྲང་བསྟིམ། ཕྱག་མཆོད་མཐར། རྩ་སྔགས་བསྡུས་པ་འབྱུང་བ་སྐབས་འདིར་དོར་ནས། བསྟོད་པའི་མཇུག་ཏུ། བུམ་པའི་གཟུངས་ཐག་བླངས་ལ་སྤྱི་འགྲོའི་རྒྱུད་བསྐུལ། དམ་གསོལ། བྱིན་བསྡུ། བདུད་རྩི་འབེབ་བསྐྱིལ། ཕྲིན་ལས་སྤྱི་བྱེ་བྲག་སོགས་ཀྱི་དམིགས་གནད་སྦྱར་བས། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཏི་ཡོ་གཱི་ཤྭ་རཱི་ས་མ་ཡ་ཧཱུྃ་ཛཿཛ༔ ཞེས་གོང་གི་མཆོད་པའི་མཐར་འབྱུང་བའི་གཙོ་སྙིང་ཉིད་ཇི་ལྟར་ནུས་པ་བཟླས་རྗེས། བུམ་ལྷ་འོད་ཞུ་མི་བྱེད་པར། བཀའ་བརྒྱད་ཀྱི་ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་མཐར། སྐོང་རྫས་བྱིན་རླབས་དངོས་རོལ་བཞིན་བྱས་ལ། བསྟན་སྲུང་ཡོངས་རྫོགས་ཀྱི་བསྐང་བཤགས་ནི། ཀྱཻ༔ དགོངས་ཤིག་དཔལ་ལྡན་མགོན་པོའི་སོགས་མཐར་ཆགས་སུ་གཏང་། ལས་བུམ་དུ་རྣམ་འཇོམས་སམ། འཁྱིལ་པའི་བསྐྱེད་བཟླས་བཞུ་བཏུལ་དང་། རིག་མེ་དོར་ཞིང་གནང་བ་ནོད། དབང་བསྐུར་དངོས་ལ་བབས་པ་ན། སྤྱི་ལྟར་ཁྲུས་དང་། བགེགས་བསྐྲད། སྲུང་འཁོར་སྔོན་འགྲོས། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་ཞི་བ་དང་། སངས་རྒྱས་ཀྱི་བསྟན་པ་ཡུན་དུ་བསྲུང་བའི་ཕྱིར། དཔལ་མགོན་གྱི་དཀྱིལ་འཁོར་ཟབ་མོར་འཇུག་ཅིང་། ཕྲིན་ལས་རྣམ་པ་བཞི་པོ་རྣམས་ལ་དབང་འབྱོར་བའི་སླད་དུ་དབང་བསྐུར་དམ་པ་ནོད་པར་བགྱིའོ་སྙམ་པའི་ཀུན་སློང་བྱང་ཆུབ་ཀྱི་སེམས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེ་ལ་དཔལ་ཆེན་པོ་ཀུན་བཟང་ཆེ་མཆོག་ཧེ་རུ་ཀཿཉིད་གདུལ་བྱ་གང་ལ་གང་འདུལ་གྱི་རྣམ་རོལ་འགོག་མེད་དུས་བཞི་མཉམ་བརྡལ་གྱི་དབྱིངས་སུ་རྟག་ཁྱབ་ཆེན་པོར་རང་རྩལ་འགག་མེད་དུ་གདལ་བ་ལས། རྡོ་རྗེ་ཐེག་པའི་བསྟན་པ་བསྲུང་ཞིང་། ལོག་པར་ཞུགས་པའི་འགྲོ་བ་ཞི་བའི་ཕྲིན་ལས་ཀྱིས་འདུལ་བའི་ཡུལ་དུ་མ་གྱུར་པ་རྣམས་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས་ཚར་གཅོད་རྗེས་སུ་འཛིན་པའི་ཕྱིར། ཡེ་ཤེས་ལས་དང་སྤྲུལ་པ་འཇིག་རྟེན་པའི་ཚུལ་དུ་སྟོན་པར་མཛད་པའི་དཀྱིལ་འཁོར་འབྱམས་ཀླས་རྒྱུད་དང་སྒྲུབ་སྡེ་མན་ངག་གི་སྐོར་དང་རྗེས་སུ་འབྲེལ་བ་མཐའ་ཡས་པ་ཞིག་བཀའ་གཏེར་རྣམས་སུ་བྱོན་པ་ལས། སྐབས་སུ་བབས་པ་འདི་ནི། སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་རྣམ་འཕྲུལ་རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུ་ཅན་དངོས་གྲུབ་རྒྱལ་མཚན་ནམ་ཉི་ཟླ་འོད་འབར་རྩལ་གྱིས་བྱང་ཟང་ཟང་ལྷ་བྲག་ནས་བོད་ཁམས་སྐྱོབ་བྱེད་མཛོད་ལྔའི་ཆོས་གཏེར་ཆེན་པོའི་གཏེར་ཞལ་དབྱེ་བར་མཛད་པའི་སྐོར་ལས། བཀའ་བརྒྱད་དྲག་པོ་རང་བྱུང་རང་ཤར་གྱི་ཆ་ལག །དཔལ་ཡེ་ཤེས་ཀྱི་མགོན་པོ་ཁྲག་འཐུང་ཆེ་མཆོག་ཧེ་རུ་ཀཿབསྟན་སྲུང་ཡོངས་རྫོགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ། བདག་གིས་བགྱི་བར་འོས་པའི་ཕྲིན་ལས་ཀྱི་བྱ་བ་རྣམས་སོང་ཟིན་པ་ལགས་པས། ཁྱེད་རང་རྣམ་པའི་ངོ་སྐལ་དུ་གྱུར་པ། ཐོག་མར་དབང་བསྐུར་གྱི་རིམ་པ་རྣམས་ཞུ་བའི་ཡོན་དུ་མཎྜལ། བླ་མ་དང་ཡེ་ཤེས་མགོན་པོ་ཐ་མི་དད་པ་ལ་དབང་བསྐུར་སྩོལ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཀྱེ་བླ་མ་སོགས་དབང་ཆོག་བཞིན་གསོལ་གདབ་ནས། སྐྱབས་སེམས་སྡོམ་གཟུང་སོ་སོའམ་སྦྲེལ་བ་གང་བདེ་གཞུང་གསལ་ལམ་སྤྱི་འགྲོ་རྗེས་ཟློས་བྱར་གཞུག །སྒོ་དབྱེ་མཐར། འདི་ལྟར་སྔགས་ཀྱི་དཀྱིལ་འཁོར་དུ་འཇུག་པ་ལ་རྡོ་རྗེ་སློབ་དཔོན་གྱི་བཀའ་བཞིན་བགྱིད་ཚུལ་གྱི་གནད་བསྒྲགས་ནས་དམ་ལ་གཞག་པ་ཡིན་པས། དོན་ཉམས་སུ་བླང་དགོས་པ་ལགས་ཏེ། ཧཱུྃ༔ དེ་རིང་ཕྱིན་ཆད་སོགས། ན་ར་ཀན༔ སླར་ཡང་སྔགས་ཀྱི་གཡར་དམ་དང་རྩ་བ་ཡན་ལག་གི་བསྲུང་བྱའི་དམ་ཚིག་རྣམས་དབང་དུས་འདིར་ཁས་བླངས་པ་བཞིན་བསྲུང་སྡོམ་བྱ་དགོས་པས། དེའི་དོན་བསྲུང་འདས་ཀྱི་དཔང་པོར་རྡོ་རྗེའི་ཆུ་ནན་བྱིན་པ་སྙིང་དབུས་སུ་ཡེ་ཤེས་སེམས་དཔའི་ངོ་བོར་བཞུགས་པས་ལེགས་ཉེས་ཀྱི་སྟངས་འཛིན་པར་འགྱུར་བས་ཁེ་ཉེན་ཤེས་པར་མཛོད། ཧཱུྃ༔ འདི་ནི་ཁྱོད་ཀྱི་སོགས། དེ་ནས་ཡེ་ཤེས་ཀྱི་བྱིན་འབེབ་པའི་ཆེད་དུ་སྣོད་རྣམ་པར་དག་པ་བསྒྲུབ་པའི་སླད་དུ། ཁྱེད་རང་སློབ་མ་རྣམས་དཔལ་མགོན་པོའི་རྟེན་བརྟེན་པར་བཅས་པ་འདི་ལྟར་གསལ་ཐོབས་ཤིག །ཨེ༔ ཆོས་སྐུ་སྐྱེ་མེད་སོགས་བསྟན་སྲུང་ཡོངས་རྫོགས་ཀྱི་ཕྲིན་ལས་གཏེར་གཞུང་བཞིན། ཆེ་བའི་ཡོན་ཏན་ཐམས་ཅད་སྐུ་ལ་རྫོགས༔ དེ་ལྟར་གསལ་བའི་ངང་ནས་སློབ་མའི་རྒྱུད་ལ་བཅུད་རྨད་དུ་བྱུང་བ་ཡེ་ཤེས་ཀྱི་བྱིན་དབབ་པའི་སླད་དུ་བླ་མ་ལ་གུས་འདུད་བྱས་པའི་སོགས་དབབ་བརྟན་བྱ། མ་རིག་པའི་མིག་དབྱེ་བའི་ཕྱིར། སློབ་དཔོན་གྱི་ཐུགས་འོད་རྡོ་རྗེའི་ཐུར་མས་སློབ་བུའི་མ་རིག་པའི་སྒྲིབ་པ་མིག་རས་ཀྱིས་མཚོན་ཏེ་བསལ་བར་མོས། ཧོ༔ སྔོན་གྱི་མིག་མཁན་སོགས་ནས་ལྷ་ངོ་བསྟན་པའི་མཇུག །དཀྱིལ་འཁོར་མངོན་སུམ་ལྟ་བུར་མཐོང་སྙམ་པར་མོས་མཛོད། བར། དེ་རྣམས་ཀྱིས་འཇུག་པའི་ཆོས་འཁོར་བཅས་གྲུབ་པ་ལགས། ཞུགས་ནས་མངོན་པར་དབང་བསྐུར་བ་དངོས་ལ་དབང་བཞི་མཐའ་རྟེན་དང་བཅས་པ་རིམ་པར་འབྱུང་བ་ལས། དང་པོ་བུམ་དབང་བསྐུར་བ་ནི། སློབ་དཔོན་ཕྱོགས་དུས་ཀྱི་བདེ་གཤེགས་ཞི་ཁྲོའི་དབང་ལྷ་དང་བཅས་པ་རྣམས་ལྷན་ཅིག་པའི་ཕྱག་ཏུ་ཐོགས་པའི་བུམ་པ་འདིའི་ནང་ན་སོགས་བུམ་དབང་བསྐུར། དེ་ལྟར་བུམ་པའི་དབང་བསྐུར་པས། ལུས་རྩའི་དྲི་མ་སྣོད་བཅུད་ཐ་མལ་གདོས་བཅས་སུ་བལྟ་བའི་གཟུང་ཡུལ་གྱི་སྒྲིབ་པ་སྦྱངས། སྣོད་བཅུད་དག་པའི་ཞིང་སྐུར་རྟོགས། ལམ་དུས་ས་བརྒྱད་པའི་མངོན་རྟོགས་རྒྱུད་ལ་བཞག །འབྲས་བུ་གང་འདུལ་གྱི་སྤྲུལ་སྐུ་འབྱུང་བའི་ས་བོན་ཐེབས་པ་ཡིན་ནོ། །གཉིས་པ་གསང་བའི་དབང་བསྐུར་བ་ནི། བྷནྡྷ་བདུད་རྩིས་སོགས་གསང་དབང་བསྐུར། དེ་ལྟར་གསང་བའི་དབང་བསྐུར་པས། ངག་རླུང་གི་དྲི་མ་སྲོག་རྩོལ་སྐྱེ་འཇིག་འགྲོ་འོང་དུ་འཛིན་པའི་ཉོན་སྒྲིབ་རགས་པ་སྦྱངས། སྲོག་རྩོལ་སྔགས་ཀྱི་འཁོར་ལོ་འགྲོ་འོང་མེད་པར་རྟག་པའི་གསུང་དུ་སྨིན། ལམ་དུས་ས་དགུ་པའི་མངོན་རྟོགས་རྒྱུད་ལ་བཞག །འབྲས་བུ་ལོངས་སྤྱོད་རྫོགས་སྐུའི་ས་བོན་ཐེབས་པ་ཡིན་ནོ། །གསུམ་པ་ཤེར་དབང་བསྐུར་བ་ནི། མེ་ལོང་སིནྡྷུ་རའི་སོགས་ཤེར་དབང་བསྐུར་ནས། ལུགས་ལྡོག་གི་ཚུལ་དུ་རྟོགས་ཤིང་རྫོགས་པའི་མཐར། དགའ་ཆེན་ལྷན་སྐྱེས་ཀྱི་ཞལ་མཇལ་བའི་རང་ངོར་མཉམ་པར་ཞོག་ཅིག །ཅེས་ངང་སྐྱོང་དུ་གཞུག །དེ་ལྟར་ཤེར་དབང་བསྐུར་པས། ཐིག་ལེ་འཕོ་འཛག་སྐྱེ་འཆིར་གཡོ་བ་སེམས་ཀྱི་སྒྲིབ་པའི་ཉོན་མོངས་པ་ཕྲ་བ་རྣམས་སྦྱངས། འཆི་མེད་གཉུག་མ་རང་གནས་དཔེའི་ཡེ་ཤེས་རྟོགས། ལམ་དུས་ས་བཅུ་པའི་མངོན་རྟོགས་རྒྱུད་ལ་བཞག །འབྲས་བུ་ཆོས་སྐུ་བདེ་བ་ཆེན་པོའི་ས་བོན་ཐེབས་པ་ཡིན་ནོ། །བཞི་པ་ཚིག་དབང་བསྐུར་བ་ནི། དེ་ནས་ལུས་ལྷ་སོགས་ནས། ལུས་གནད་བཅིངས་ཏེ། ཚིག་དབང་གི་ངོ་སྤྲོད་པ་འདིའི་དོན་ལ་མཉམ་པར་ཞོག་ཅིག །ཧོ༔ ལུས་ནི་གསལ་སྟོང་སོགས་ཚིག་དབང་བསྐུར་ནས། ཐོབ་པར་མོས་མཛོད། དེ་ལྟར་ཚིག་དབང་བསྐུར་པས། དུས་གསུམ་དང་མུ་བཞིའི་མཐར་གོལ་བའི་འཛིན་པ་སེམས་ཀྱི་དྲི་མ་ཤེས་སྒྲིབ་བག་ཆགས་དང་བཅས་པ་སྦྱངས། དུས་མེད་ཕྱོགས་བྲལ་ངོ་བོ་ཀ་ནས་དག་ཅིང་ཡེ་བཞུགས་ལྷུན་གྲུབ་རྫོགས་པ་ཆེན་པོའི་གནས་ལུགས་ཇི་བཞིན་དུ་རྟོགས། ལམ་དུས་ས་རྣམས་མཐར་ཕྱིན་ཡེ་ཤེས་བླ་མའི་མངོན་རྟོགས་རྒྱུད་ལ་བཞག །འབྲས་བུ་སྐུ་བཞི་དབྱེར་མེད་ཀུན་ཏུ་བཟང་པོའི་གོ་འཕང་ལ་སྦྱོར་བའི་ས་བོན་ཐེབས་པ་ཡིན་ནོ། །ལྔ་པ་མཐའ་རྟེན་བྱིན་རླབས་ཡོངས་རྫོགས་གཏོར་མའི་དབང་བསྐུར་བ་ནི། གཏོར་སྣོད་གཞལ་ཡས་ཁང་སོགས་གཞུང་གསལ་བསྐུར་ཚིག་གིས་གཏོར་མ་དང་རྫས་དབང་སོ་སོར་བསྐུར་མཐར། བཀའ་བསྒོ་ནི། སླར་ཡང་གཏོར་མའི་ལྷ་ཚོགས་རྣམས་སྤྱི་བོར་སྤྱན་དྲངས་ནས། འདོད་དོན་ཐ་ཚིག་གསོལ་བ་བཞིན་ཐུགས་ཀྱིས་དགོངས་ཏེ། རྒྱན་འཁོར་རྣམས་མཐུ་བྱིན་བདུད་རྩི་འོད་ཟེར་ཕྱག་རྒྱའི་རྣམ་པར་སློབ་མར་ཐིམ་པས། ཡེ་ཤེས་མགོན་པོའི་མཐུ་དབང་རྩལ་སྤྲུགས་སུ་ཐོབ་པར་མོས་ལ་བཀའ་བསྒོ་དངོས་སྤྱི་འགྲོའི་མཐར། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཏི་ཡོ་གཱི་ཤྭ་རཱི་ས་མ་ཡ་ཧཱུྃ་ཛཿཛ༔ ཞེས་བརྗོད། མཐར་གཏོར་མའི་ལྷ་ཚོགས་སོགས་ནས། ཤིས་བརྗོད་རྗེས། དེ་ལྟར་དབང་ཐོབ་པའི་དམ་ཚིག་སོགས། དབང་གི་རྗེས་རིམ་སྤྱི་བཞིན་དང་། ཆོ་གའི་རྗེས་བཀའ་བརྒྱད་བཞིན་ཚོགས་ལ་རོལ་ཞིང་ལྷག་མ་བསྔོ། འབུལ་གཏོར་ལ་སྨིན་ལུགས་དམ་ཅན་སྤྱི་གཏོར་བཞིན་དམིགས་བྱ་བཀུག་ཅིང་བརླབ་བསྔོ་ཕྲིན་བཅོལ་བཅས་ཀྱི་མཐར། བསྟན་སྲུང་ཡོངས་རྫོགས་ཀྱི་ཕྲིན་ལས་བཞིན། ཧཱུྃ༔ དྲི་མེད་ཡིད་འོང་སོགས་ཀྱིས་མཆོད་པ་དང་། ཨེ་མ་ཧོཿངོ་མཚར་རྨད་དུ་སོགས་ཀྱིས་བསྟོད། མ་རྙེད་ཡོངས་སུ་སོགས་དང་། ཨོཾ་མ་ཧཱ་ཀཱ་ལ་ས་མ་ཡ་སོགས་བཞི་སྤེལ་བཟླས་པས་ནོངས་པ་བཤགས། བརྟན་བཞུགས་ཕྱིན་དམ་སྤྱིའི་རྗེས་ཆོག་མཐར་དབྱུང་བས་གྲུབ་བོ།། །། ༈ བཻ་རོ་ནས་བརྒྱུད་པའི་བཀའ་མ་དང་། ཆུ་ཕོ་རྟོགས་ལྡན་དགེ་འདུན་རྒྱལ་མཚན་གྱི་གཏེར་མ་ཟུང་འབྲེལ་དཔལ་ལྡན་མགོན་པོ་ཚོགས་ཀྱི་བདག་པོ་དྲག་སྔགས་གསང་བ་སྤུ་གྲིའི་སྨིན་བྱེད་ཆུ་འབབས་སུ་བཀོད་པ་མཐུ་སྟོབས་རབ་འབྱེད་ལྟར་དབང་སྒྲུབ། དབང་དངོས་ཀྱི་ལྷ་དབང་རྒྱས་པ་དེ་རྣམས་བསྐུར་ཞིང་། བསྡུས་པ་དེ་རྣམས་བསྐྱུར་བས་འཐུས། ཆོ་གའི་རྗེས་རིམ་བཅས་བྱའོ།། །། ༈ མཆོག་གླིང་ཟབ་བདུན་ཕུར་པའི་བཀའ་སྲུང་ཤྭ་ནའི་གཏོར་དབང་གོང་གི་ཕུར་པའི་སྐབས་སུ་སོང་ངོ་།། །། ༈ མཆོག་གླིང་དམ་ཆོས་སྙིང་པོ་སྐོར་ལྔའི་ཆོས་སྐྱོང་དགོངས་འདུས་སྙིང་པོའི་དབང་ཆོག་གནམ་ལྕགས་ཡང་ཞུན་ལྟར། ཐོག་མར་འོག་གི་དབང་གཞུང་གི་འཇུག་པར་འབྱུང་བའི་སྐྱབས་སེམས་ཚོགས་གསག་སྔོན་དུ་འགྲོ་བས་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ ཞིག་གླིང་ཐུགས་རྗེ་ཆེན་པོ་འཁོར་བ་ལས་སྒྲོལ་གྱི་བཀའ་སྲུང་དཔལ་མགོན་བདུན་ཅུའི་སྲོག་དབང་གོང་གི་རྟ་ནག་སྐབས་སུ་སོང་ངོ་། །དེ་དག་གིས་དཔལ་ཡེ་ཤེས་དང་ལས་ཀྱི་ཆོས་སྐྱོང་མགོན་པོ་མ་ཧཱ་ཀཱ་ལ་གཙོ་བོར་གྱུར་པའི་སྐོར་གྲུབ་བོ།། །། ༄། གཉིས་པ་ལྷ་མོའི་སྐོར་གཙོ་བོར་གྱུར་པའི་བསྟན་སྲུང་སྣ་ཚོགས་པའི་སྡེ་ལ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་གྱི་བཀའ་སྲོལ་ཨེ་ཀ་ཛཱ་ཊི་སྡེ་བདུན་སྦྲགས་སྒྲུབ་༼འདོད་བུམ། 559༽ལྟར་དབང་སྒྲུབ། དབང་དངོས་ཀྱི་སྐབས་རྫས་རྣམས་གཏད་པའི་མཆོད་གཏོར་གཏད་པ་གྲུབ་རྗེས། ལིངྒར་དམིགས་བྱ་འགུགས་གཞུག་བྱ། ཐུན་རྫས་དང་ཕྱག་མཚན་སློབ་དཔོན་གྱིས་དེ་ལ་བརྡེགས་ཤིང་། སློབ་མར་གཏད་ནས་དེ་ལྟར་བྱར་གཞུག །འདིའི་འོག་ཏུ་སྡེ་ལྔའི་དབང་འབྱུང་བ་གོང་གི་སྡེ་བདུན་དབང་གིས་གོ་ཆོད་པས་ཟུར་དུ་བསྐུར་མི་དགོས། ཆོ་གའི་རྗེས་བཅས་བྱའོ།། །། ༈ པདྨ་ལས་འབྲེལ་རྩལ་གྱི་མཁའ་འགྲོ་སྙིང་ཐིག་གི་བཀའ་སྲུང་མ་མོ་ཨེ་ཀ་ཛཱ་ཊི་གཙོ་རྐྱང་༼འདོད་བུམ། 581༽ལྟར་དབང་སྒྲུབ། དབང་དངོས། རྗེས་བཅས་བྱའོ།། །། ༈ རཏ་གླིང་རྟ་གསང་གི་སྔགས་སྲུང་མའི་རྗེས་གནང་གོང་གི་རྟ་གསང་སྐབས་སུ་སོང་ངོ་།། །། ༈ སྨིན་ལུགས་སྔགས་སྲུང་མའི་སྲོག་གཏད་འོག་གི་རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་སྐབས་སུ་འཇོག་གོ། །། ༈ སྤྱི་ལུགས་བཀའ་མ་དང་། ཞང་བཙུན་དར་མ་རིན་ཆེན་གྱི་གཏེར་བྱོན་ཟུང་འབྲེལ་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་ལ་བཀའ་བབས་པའི་ལྷ་མོ་རེ་མ་ཏཱི་རང་བྱུང་རྒྱལ་མོ་༼འདོད་བུམ། 591༽ལྟར་དབང་སྒྲུབ་སྐབས། གོང་ནོན་ཡི་དམ་གཤིན་རྗེ་གཤེད་དམར་གང་ཡང་རུང་བའི་སྒོམ་བཟླས་དགོས་པས། སྤྱི་ཙམ་དུ། རང་ཉིད་སྐད་ཅིག་གིས་སྣ་ཚོགས་པདྨ་ཉི་མ་མ་ཧེའི་ཁྲི་ལ་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་དམར་པོ་ཁྲོ་བོའི་ཆས་ཅན། གཡས་དབྱུག་པ་དཀར་པོ་ཐོད་རློན་སེར་པོས་མཚན་པ་དང་། གཡོན་ཐོད་པ་ཁྲག་གིས་བཀང་བ་འཛིན་པ་ལ། ཡུམ་བཅོམ་ལྡན་འདས་མ་དམར་མོ་གྲི་ཐོད་འཛིན་པ་དང་སྦྱོར་བ་དམ་ཡེ་བཞི་རྫོགས་སུ་གསལ་ཞིང་། ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་དམར་པོ་ལ་རྩ་སྔགས་གཡོན་སྐོར་དུ་གནས་པ། བཟླས་པའི་རྐྱེན་གྱིས་གཡས་སྐོར་དུ་འཁོར་བའི་འོད་ཀྱིས་རྒྱལ་བའི་ཡེ་ཤེས་བསྡུས། དྲེགས་བྱེད་ཚར་བཅད། སྣོད་བཅུད་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་གྱུར་པར་བལྟས་ལ། ཨོཾ་ཨཱ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཅེས་བཟླས་མཐར། མཆོད་པ་བྱིན་རླབས་ལ་འཇུག །དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ ཉང་གཏེར་ལྷ་མོ་རྡོ་རྗེ་གཤོག་རྒོད་མ་༼འདོད་བུམ། 603༽ལྟར་དབང་སྒྲུབ། དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ ཤེར་འོད་གྲོལ་ཏིག་བཀའ་སྲུང་གཤོག་རྒོད་མའི་སྲོག་གཏད་གོང་གི་རྟ་མགྲིན་སྐབས་སུ་སོང་ངོ་།། །། ༈ གནམ་ཆོས་ཨ་ཕྱི་ཆོས་ཀྱི་སྒྲོན་མེའི་དབང་སྒྲུབ་སྐབས། ༼ཐི༽ལྷ་མོ་སྤྱིའི་ལས་བྱང་སྦྱར་དགོས་ཤིང་། དབང་དངོས་གཞིར་ཆོས་སྐྱོང་སྤྱིའི་བཀའ་གཏད་ལྟར་བཀའ་གཏད་བྱའོ།། །། ༈ གནམ་ཆོས་གཡུ་སྒྲོན་མ་རིགས་དྲུག་གི་བཀའ་གཏད་ཕྱོགས་གཅིག་ཏུ་སྒྲུབ་ཅིང་བསྐུར་བའི་སྐབས། འདི་ཉིད་ཟུར་དུ་བྱེད་ན་རྩ་གསུམ་སྤྱིའི་ལས་བྱང་གི་ཁོངས་སུ་བདག་བསྐྱེད་གནམ་ཆོས་གུ་རུ་ཞི་བ་འགྲོ་དགོས་ཀྱང་། སྐབས་འདིར་བཀའ་བརྒྱད་ལྟ་བུ་རྒྱུན་བྱང་ཞིག་སོང་ན་འཐུས་པར་བྱས་ཏེ། ཐོག་མར་མཆོད་གཏོར་རྣམས་རཾ་ཡཾ་ཁཾ་གིས་བསང་སྦྱང་། ཀ་དག་ཀློང་ནས་སོགས་ཤློ་ཀ་དང་། ཨ་ཀཱ་རོས་བྱིན་གྱིས་བརླབས། མདུན་རྟེན་བསང་སྦྱང་། སྟོང་པའི་ངང་ལས་མདུན་གྱི་གཞིར། །གངས་རི་ནེའུ་སེང་སྐྱེད་ཚལ་ལྗོངས། ཁང་བཟང་ངོ་མཚར་ཕུན་ཚོགས་དབུས། །རིན་ཆེན་ཁྲི་སྟན་བཀོད་མཛེས་སྟེང་། །ཐོག་མར་ཕྱི་སྒྲུབ་ལ་གཏེར་གཞུང་གི་མངོན་རྟོགས་ནི། ལྷ་སྨན་གཡུ་སྒྲོན་སོགས་ནས། སྤྱན་དྲངས་གྱུར༔ བར། གཏེར་གཞུང་གསོལ་ཁ་ལྟར། ཧཱུྃ༔ རྡོ་རྗེ་བརྟན་མ་གཡུ་སྒྲོན་སོགས་ནས། ཏིཥྛ་ལྷན༔ བར། ཧཱུྃ། སྨན་བཙུན་རྡོ་རྗེ་གཡུ་སྒྲོན་མ། །དོན་དམ་དབྱིངས་ཀྱི་དཔལ་ལྷ་མོ། །རྣམ་འགྱུར་མ་ངེས་སྣ་ཚོགས་ཚུལ། །གང་འདུལ་དེར་སྣང་རྫུ་འཕྲུལ་བདག །དཀར་སེར་དམར་ལྗང་སྣ་ཚོགས་མདོག །དེ་བཞིན་སྐུ་དང་ཕྱག་མཚན་རྒྱན། ཁྲི་སྟན་ཞོན་པ་སྣ་ཚོགས་སྟོན། །རིན་ཆེན་རྒྱན་ཆ་སི་ལི་ལི༔ སོགས་གཏེར་གཞུང་གསོལ་ཁ་ལྟར། འགྲུབ་པར་མཛོད༔ བར་གཏང་། ཐུགས་ཀར་འོད་ལྔའི་ཐིག་ལེའི་ཀློང་། །སྲོག་ཧྲཱིཿརང་མདོག་སྔགས་ཀྱིས་བསྐོར། །བདག་ཐུགས་འོད་ཀྱིས་རྒྱུད་བསྐུལ་བས། །ཐ་ཚིག་དྲན་ཏེ་ཅི་དགོས་པའི། །ཕྲིན་ལས་ཐམས་ཅད་མཛད་པར་བསམ། །གཏེར་གཞུང་མངོན་རྟོགས་འཕྲོས་ཀྱི་རྩ་སྔགས་ཅི་ནུས་བཟླ། དེ་བཞིན་དུ། མཆོད་པ་བྱིན་རླབས་དང་གནས་ཁང་གདན་ཁྲི་བསྐྱེད་པ་གྲུབ་རྗེས། སོ་སོའི་མངོན་རྟོགས་གཏེར་གཞུང་ལྟར་བསྒྱུར་ཞིང་། སྤྱན་འདྲེན་ནས་བཟླས་དམིགས་མཐར། བཟླས་པ་སྐབས་ཐོབ་བསྒྱུར་བ་བཅས་གོང་གསལ་ཕྱི་སྒྲུབ་བཞིན། ནང་སྒྲུབ། གསང་སྒྲུབ། ཡང་གསང་། དཀར་སྒྲུབ། ནག་སྒྲུབ་རྣམས་རིམ་པར་བྱས་མཐར། གཡུ་སྒྲོན་མའི་གསོལ་མཆོད་ཆགས་མེད་ཆོག་སྒྲིག་མཇུག་གི །ཧྲཱི༔ སྟེང་ཕྱོགས་དག་པ་འཕྲུལ་གྱི་སོགས་གཏོར་འབུལ་མཐར། གཏོར་སྔགས་དེ་ཉིད་ལན་བདུན་གྱིས་གཡུ་སྒྲོན་རིགས་དྲུག་སྤྱིར་བསྔོས་ནས། སླར་ཡང་སྐོང་རྫས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས་ལ། དེའི་གོང་གི །ཧྲཱི༔ སྲིང་གཅིག་རྡོ་རྗེ་གཡུ་སྒྲོན་མའི༔ ཐུགས་དམ་སོགས་སྐོང་བཤགས་གྱེར་ནས། དངོས་གཞིའི་བཀའ་གཏད་ཀྱི་ཆིངས་གནམ་ཆོས་ཆོས་སྐྱོང་སྤྱིའི་བཀའ་གཏད་སྦྱར་ནས་དྲུག་ཀ་སོ་སོར་བསྐུར། རྗེས་རིམ་སྤྱིར་དམིགས་ནས་གོང་བཞིན་གཏོར་འབུལ་དང་སྐོང་བཤགས་བསྐྱར། མཐར། མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་པ་བཤགས། ལྷ་རྣམས་བསྟིམ་གཤེགས་རྟེན་ཡོད་མེད་དང་སྦྱར། དགེ་བ་འདི་ཡིས་མྱུར་དུ་བདག །བླ་མ་ཧེ་རུ་ཀཿའགྲུབ་ནས། །སོགས་ཀྱིས་བསྔོ་སྨོན་དང་། ཤིས་པ་ཅི་རིགས་བརྗོད་པས་གྲུབ་བོ།། །། ༈ པདྨ་ལས་འབྲེལ་རྩལ་གྱི་མཁའ་འགྲོ་སྙིང་ཐིག་གི་བཀའ་སྲུང་སྲོག་སྒྲུབ་མའི་སྲོག་དབང་འདོད་བུམ་ཅན་འོག་གི་རྫོགས་ཆེན་མཁའ་འགྲོ་ཡང་ཏིག་གི་སྐབས་སུ་འབྱུང་ངོ་།། །། ༈ ལས་འབྲེལ་མཁའ་འགྲོ་སྙིང་ཐིག་གི་བཀའ་སྲུང་། ཀརྨ་སྙན་བརྒྱུད་ཀྱི་ཕྲིན་ལས་འཁོར་ལོ་ནས་འབྱུང་བའི་ཤན་མ་སྲོག་སྒྲུབ་མའི་བཀའ་གཏད་ཀྱི་དབང་སྒྲུབ་ལ། འདི་ཉིད་སྒེར་དུ་བྱེད་ན་ཧེ་རུ་ཀའི་བདག་བསྐྱེད་གསར་རྙིང་སྐབས་སུ་གང་བབས་དང་། འདིའི་དཀྱུས་སུ་བཀའ་བརྒྱད་ཕྱག་རྒྱ་གཅིག་པ་སོང་ན་འཐུས་པར་བྱས་ནས། མཆོད་གཏོར་རྣམས་དམ་ཅན་སྤྱི་གཏོར་བཞིན་བྱིན་གྱིས་བརླབས། མངོན་རྟོགས་མཆོད་འགྲིགས་སྤུ་གྲི་རེག་གཅོད་ཀྱི་མདུན་རྟེན་བསྐྱེད་པ་ནས་གཟུང་བཟླས་པ་རྫོགས་ཀྱི་བར་བཏང་། དེ་ནས་བཀའ་གཏད་དངོས་ལ། ཁྲུས། བགེགས་བསྐྲད། སྲུང་འཁོར་སོགས་སྤྱི་བཞིན་དང་། འོ། སེམས་ཅན་གྱི་དོན་དང་སངས་རྒྱས་ཀྱི་བསྟན་པའི་དོན་དུ་ཐུགས་བསྐྱེད་ནས་གསན་འཚལ། གང་གསན་པར་བྱ་བ་ནི། དམ་པའི་དོན་དུ་ཀུན་བཟང་དབྱིངས་ཀྱི་ཡུམ་ཆེན་ཉིད་རྣམ་པར་རྒྱལ་བའི་བསྟན་སྲུང་དབང་མོ་དྲག་རྩལ་མྱུར་མགྱོགས་སྔགས་སྲུང་དུར་ཁྲོད་ཀྱི་མ་མོ་ཤན་མ་སྲོག་སྒྲུབ་ཀྱི་ཚུལ་དུ་སྟོན་པའི་སྒྲུབ་ཐབས། པདྨ་ལས་འབྲེལ་རྩལ་ལམ་སྤྲུལ་སྐུ་རིན་ཆེན་ཚུལ་རྡོར་གྱིས་དྭགས་ལུང་ཁྲ་མོ་བྲག་ནས་སྤྱན་དྲངས་པའི་ཟབ་ཆོས། རིག་འཛིན་པདྨཱཀ་རའི་བཀའ་སྲོལ་མཁའ་འགྲོའི་སྙིང་ཐིག་ཆེན་མོའི་བཀའ་སྲུང་། འཇིག་རྟེན་དབང་ཕྱུག་རྒྱལ་དབང་ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗེ་ལ་བཀའ་བབས་ཤིང་། ཀཾ་ཚང་སྙན་བརྒྱུད་ཆེན་མོའི་ཕྲིན་ལས་ཀྱི་འཁོར་ལོའི་བསྟན་སྲུང་གི་སྐོར་དུ་བཞུགས་པའི་བཀའ་གཏད་ཟབ་མོ་བགྱི་བ་ལ། སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་གྲུབ། ད་ཁྱེད་རང་རྣམས་ཀྱི་སྐལ་པར་བབས་པ་བཀའ་གཏད་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། སངས་རྒྱས་ཀུན་དངོས་སློབ་དཔོན་དགོངས། །རྒྱལ་བའི་བསྟན་པ་བསྲུང་བ་དང་། །ལྷ་མོ་མི་འབྲལ་འགྲོགས་པའི་ཕྱིར། །ཤན་མ་སྲོག་སྒྲུབ་ལྷ་མོ་ཡི། །བཀའ་གཏད་རྗེས་གནང་བསྩལ་དུ་གསོལ། །ལན་གསུམ། རྒྱུད་སྦྱོང་བའི་སླད་དུ་བླ་མ་རྒྱལ་བའི་འཁོར་ལོ་སྲས་བཅས་ཀྱི་སྤྱན་སྔར་རྒྱུན་བཤགས་ཡན་ལག་བརྒྱད་པ་བྱ་བའི་སྒོམ་རིམ་གསལ་ཐོབས་ལ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སོགས་ལན་གསུམ། བཀའ་གཏད་རྗེས་གནང་དངོས་ཀྱི་དོན་དུ་རང་རེ་རྣམས་འདུག་པའི་ས་ཕྱོགས་འདི་དག་འོག་མིན་གསང་ཆེན་རོལ་པའི་གནས་རྔམ་དྲག་བརྗིད་པའི་རྒྱན་བཀོད་རྫོགས་པའི་ཞིང་དང་གཞལ་ཡས་ཁང་གི་དབུས་སུ། སློབ་དཔོན་ཉིད་དྲེགས་པ་ཕོ་མོའི་ཁྲི་ལ་དཔལ་ཆེན་པོ་སྣང་སྲིད་ཡོངས་ཀྱི་རྗེ་བཙན་ཧེ་རུ་ཀཿཆེ་མཆོག་དྲག་པོ་རང་སྣང་གི་ཡུམ་དང་བཅས་པའི་སྐུར་གསལ་བའི་ཐུགས་སྲོག་གི་འོད་ཟེར་གྱིས་བསྐུལ་བས། སྐུ་གསུམ་གྱི་ཞིང་རབ་འབྱམས་ན་བཞུགས་པའི་འབར་བ་ཧེ་རུ་ཀའི་སྤྲིན་ཆེན་སྤྱན་དྲངས་པའི་དཀྱིལ་འཁོར་པ་རྣམས་མཁའ་ཁྱབ་ཀྱི་དབྱིངས་ན་བཞུགས་པར་གྱུར། སློབ་མ་ཁྱེད་རང་རྣམས་ཀྱང་དཔལ་ཆེན་ཧེ་རུ་ཀཿཆེ་མཆོག་མཐིང་ནག་རྡོ་རྗེ་དང་དུང་ཁྲག་འཛིན་པ། སྐུ་གསུང་ཐུགས་འབར་བའི་ཡེ་ཤེས་ཀྱི་སྲོག་དང་ལྡན་པར་སྐྱེད། མདུན་དུ་བཤམས་པའི་རྟེན་གཏོར་སྔར་བསྐྱེད་བསྟིམ་ཕྲིན་ལས་ཀྱི་བྱ་བ་དང་བཅས་པ་ལེགས་པར་གྲུབ་ཟིན་པ་ཉིད། སླར་ཡང་ཁྱེད་རང་རྣམ་པའི་བློ་ངོར་བསྐྱེད་ཅིང་སྤྱན་དྲངས་པ་དང་། ཡེ་ཤེས་པ་ལ་མཆོད་བསྟོད། དམ་ཡེ་གཉིས་མེད་དུ་བསྟིམས་ནས། སླར་ཡང་མཆོད་བསྟོད་སོགས་བདག་གིས་བརྗོད་ཚིག་དང་མཐུན་པར་གསལ་ཐོབས་ཤིག །མདུན་དུ་ཁཾ་ཡོངས་སུ་གྱུར་པ་ལས་སོགས་མངོན་རྟོགས་མཆོད་འགྲིགས་སྤུ་གྲི་རེག་གཅོད་བཞིན་ལྷ་བསྐྱེད་ནས། བདུད་མོ་སྒྲོལ་བྱེད་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་པའི་བར་བརྗོད། དེ་ལྟར་བྱས་པས་དགྱེས་མཉེས་གུས་པའི་མདངས་ཕྱུང་སྟེ་གནས་པའི་གཙོ་འཁོར་རྣམས་རིམ་པ་བཞིན་དུ་ཁྱེད་རང་རྣམས་ལ་གཏད་ཅིང་བཀའ་བསྒོས་པ་བཞིན་མཛད་པར་ཞལ་གྱིས་བཞེས་པར་མོས། གཞུང་ལས་གཏོར་མ་མགོ་བོར་བཞག་པར་གསུངས་ཀྱང་། རྣམ་པ་བདེ་བའི་ཆེད་གཏོར་མ་རྣམས་རིམ་པར་ལག་ཏུ་གཏད་ལ། བྷྱོ། མཁའ་འགྲོ་ནག་མོ་སོགས་མཐར་ཆགས་སུ་བསྐུར་ནས། སླར་ཡང་སློབ་དཔོན་ལ་མོས་འདུན་བྱས་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་བསྐུལ་བས། ལྷ་མོའི་ཐུགས་ཀ་ནས་སྲོག་སྔགས་ཕྲེང་བ་གཉིས་པ་བཀུག །སློབ་མ་ཧེ་རུ་ཀར་གསལ་བའི་ཐུགས་སྲོག་གི་གདན་ལ་ཐིམ་པས། ལྷ་མོ་འཁོར་བཅས་ཀྱི་སྲོག་དབང་དུ་འདུས་པར་བསམ་པས་སྔགས་འདིའི་རྗེས་ཟློས། ཨོཾ་ཁྱི་ཁ་ལེ་སོགས་མངོན་རྟོགས་མཆོད་འགྲིགས་ཀྱི་བཟླས་པ་ལན་གསུམ་མཐར། ལྷ་མོ་བདག་ལ་སོགས་དང་། ལྷ་མོ་འདི་ལ་སོགས་ཀྱིས་མེ་ཏོག་འབུལ་སྦྱིན་སྤྱི་བཞིན་བྱ། དེ་ལྟར་བྱས་པས་ལྷ་མོ་འཁོར་བཅས་མི་འབྲལ་བར་འགྲོགས་ཤིང་ཕྲིན་ལས་སྒྲུབ་པ་ཡིན་པས། ཁྱེད་རྣམས་ཀྱིས་གསང་བའི་དམ་ཚིག་སྤྱི་དང་། ཁྱད་པར་ལྷ་མོའི་ཕྱི་ནང་གསང་བའི་དམ་ཚིག་རྣམས་དང་། དུས་དང་རྒྱུན་གྱི་གཏོར་མ་མ་ཆག་པར་མཛད་དགོས་པས། དེ་ལྟར་བགྱི་བར་ཁས་བླང་བ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དབང་རྗེས་སྤྱི་བཞིན་དང་། ཆོ་གའི་རྗེས། དམ་སྤྱིའི་འགུགས་པའི་མཐར་རྩ་སྔགས་བཏགས་པས་བཀུག །སྔགས་ཀྱིས་བརླབས། རྩ་སྔགས་ལ་གཏོར་སྔགས་བཏགས་པ་ལན་གསུམ་གྱིས་བསྔོས་ལ། ཨོཾ་བཛྲ་པུཥྤེ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་ཉེར་སྤྱོད་དང་། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧིས་སྨན། མ་ཧཱ་རཀྟ་ཁཱ་ཧིས་རཀྟ་དང་བཅས་པས་མཆོད། བྷྱོ། སྲོག་གི་བདག་མོ་དཔོན་གཡོག་འཁོར་བཅས་རྣམས། །སོགས་ཀྱི་མཐར། སྲུང་མ་འཁོར་དང་བཅས་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་བསྟོད་ཅིང་ཕྲིན་ལས་བཅོལ། མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་པ་བཤགས། གཤེགས་བསྟིམ་གང་འོས་སྐབས་དང་བསྟུན། བསྔོ་སྨོན་ཤིས་བརྗོད་རྣམས་ཀྱིས་མཐའ་བརྒྱན་པས་གྲུབ་བོ།། །། ༈ ལས་འབྲེལ་གཟའ་རྒོད་འདོད་བུམ་ལྟར་གོང་དུ་དྲེགས་འདུལ་སྐབས་སུ་སོང་ངོ་།། །། ༈ པདྨ་ལས་འབྲེལ་རྩལ་དང་རཏ་གླིང་ཟུང་འབྲེལ་གྱི་གནོད་སྦྱིན་ཤན་པ་དམར་ནག་༼འདོད་བུམ། 633༽ལྟར་དབང་སྒྲུབ། སྲོག་དབང་དངོས། རྗེས་རིམ་བཅས་བྱའོ།། །། ༈ རཏ་གླིང་རྟ་གསང་སྒོས་སྲུང་གནོད་སྦྱིན་ཤན་དམར་རྗེས་གནང་ཕྱག་རྡོར་སྐབས་སུ་སོང་ངོ་།། །། ༈ འཁོན་ལུགས་དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ལས་བྱེད་པུ་ཏྲ་མིང་སྲིང་གསུམ་གྱི་གཏོར་ཆོག་རྗེས་གནང་དང་བཅས་པ་གློག་གི་སྤུ་གྲི་ལྟར་དབང་སྒྲུབ། ༼ཏི༽འདིར་དངོས་རོལ་ལྟར་བཀའ་བརྒྱད་ཕྱག་རྒྱ་རྐྱང་སྒྲུབ་སྔོན་དུ་འགྲོ་བས། གཞུང་གསལ་མཆོད་པ་བྱིན་གྱིས་བརླབས་ནས། དངོས་གྲུབ་རོལ་མཚོའི་རྩ་གསུམ་གཏོར་འབུལ་སྦྱར་ལ། དེ་ནས་མཐར་ཆགས་སུ་གཏང་། རྗེས་གནང་དངོས། ཆོ་གའི་རྗེས་བཅས་བྱའོ།། །། ༈ དཔལ་ས་སྐྱ་པའི་ཡང་ཕུར་ཐུན་མོང་གི་བཀའ་སྲུང་དཀར་བདུད་ལྕམ་དྲལ་གྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་ལྟར། མཆོད་བརླབ་ནས་གཟུང་བའི་དབང་སྒྲུབ། རྗེས་གནང་དངོས་ཀྱི་གོང་དེར་བགེགས་བསྐྲད་དགོས་བྱུང་ན། རང་ཡི་དམ་སྐད་ཅིག་གློག་འགྱུའི་འཕྲུལ་གྱིས་རྡོ་རྗེ་ཕུར་པར་གསལ་བས་ཆོག །རྗེས་གནང་དངོས། ཆོ་གའི་རྗེས་བཅས་བྱའོ།། །། ༈ ཨོ་རྒྱན་གཏེར་བདག་གླིང་པའི་དྲེགས་འཇོམས་བཀའ་སྲུང་ལས་གཤིན་རྗེས་གནང་གོང་དུ་དྲེགས་འཇོམས་སྐབས་སུ་སོང་ངོ་།། །། ༈ རཏྣའི་ཐུགས་གསང་བཀའ་སྲུང་དམ་ཅན་མགར་དམར་སྲོག་དབང་རྗེས་གནང་༼འདོད་བུམ། 643༽ནས་འབྱུང་བ་བཞིན་བསྒྲུབ་ཅིང་། བསྐུར་བའི་བླ་རྡོ་གཏད་པའི་སྐབས་བླ་རྡོ་དང་སྒྲུབ་ཡིག་མཉམ་པོར་གཏད་དགོས་ཤིང་། དབང་དང་ཆོ་གའི་རྗེས་རིམ་བཅས་བྱའོ།། །། ༈ ཉེ་རིང་གི་བརྒྱུད་པའི་ཆུ་བོ་གཅིག་འདྲེས་གྲུབ་ཆེན་ཀརྨ་པཀྴི་ལ་བཀའ་བབས་པ་ཀཾ་ཚང་ལུགས། དམ་ཅན་མགར་བ་ནག་པོའི་ཕྲིན་ལས་རྗེས་གནང་དང་བཅས་པ་དམ་ལྡན་རེ་སྐོང་ལྟར་དབང་སྒྲུབ། རྗེས་གནང་དངོས། རྗེས་རིམ་བཅས་བྱའོ།། །། ༈ འགྲོ་འདུལ་ལས་འཕྲོ་གླིང་པའི་ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེའི་རྡོ་རྗེ་ལེགས་པའི་རྗེས་གནང་གོང་དུ་སོང་ངོ་།། །། ༈ མཆོག་གླིང་ཐུགས་ཆེན་པདྨ་སྒྱུ་འཕྲུལ་དྲྭ་བའི་བཀའ་སྲུང་དམ་ཅན་ལྕམ་དྲལ་བཀའ་གཏད་གོང་དུ་སོང་ངོ་།། །། ༈ གུ་རུ་ཆོས་དབང་དང་། རྒྱལ་སྲས་ལེགས་པ། རིན་ཆེན་གླིང་པ་སོགས་ཀྱི་གཏེར་མ་དང་། གྲུབ་ཆེན་ཀརྨ་པའི་མན་ངག་གི་བརྒྱུད་ཀཾ་ཚང་ལུགས་སུ་གྲགས་པའི་ཞིང་སྐྱོང་རྗེས་གནང་གི་ཐོག་མར་དབང་དོན་སྒྲུབ་པ་ལ། ཚིག་བདུན་གསོལ་འདེབས་སྔོན་འགྲོས། སངས་རྒྱས་ཆོས་དང་སོགས་ཀྱིས་སྐྱབས་སེམས་དང་། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བྱང་ཆུབ་སེམས་སུ་འདི་བགྱིད་དེ། །བདག་དང་གཞན་དོན་རབ་བསྒྲུབ་ཕྱིར། །བདག་གིས་བྱང་ཆུབ་སེམས་མཆོག་བསྐྱེད། །ཨེ་མ་ཧོ་སེམས་ཅན་ཀུན་མགྲོན་གཉེར། །བྱང་ཆུབ་སྤྱོད་མཆོག་མཛད་བཞིན་སྤྱོད། །འགྲོ་ལ་ཕན་ཕྱིར་སངས་རྒྱས་ཤོག །ཅེས་ལྔ་རྣམ་དག་བྱས་ཏེ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞིའི་རྗེས་སུ། སྭ་བྷཱ་ཝས་སྦྱངས་ནས། ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་སྣ་ཚོགས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་སོགས་རྩ་གཞུང་རྗེས་གནང་གི་སློབ་མ་ལྷ་བསྐྱེད་ལྟར། ཡེ་ཤེས་ཀྱི་མེ་འབར་བའི་དབུས་སུ་བཞུགས་པའི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་མཐིང་གའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ། བཟླས་པའི་རྐྱེན་གྱིས་བསྐུལ་བས་དེ་ལས་འོད་ཟེར་འཕྲོས། རྒྱལ་བའི་བྱིན་རླབས་བསྡུས། སླར་འཕྲོས་པས་དོན་གཉིས་བྱས་ཤིང་དྲེགས་པ་ལས་མགོན་ཐམས་ཅད་ཟིལ་གྱིས་མནན་ཅིང་དབང་དུ་བསྡུས། སྣང་གྲགས་རིག་པ་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོར་གྱུར་པར་བསམ་ལ། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་བཟླས་པས་བདག་བསྐྱེད་བསྒྲུབ། དེ་ནས་མཆོད་གཏོར་བསང་སྦྱང་། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་རྣམས་སུ་ཧཱུྃ་ལས་བྱུང་བའི་དྲག་པོའི་ཉེར་སྤྱོད། སྨན་གཏོར་རཀྟ་ལ་སོགས་པའི་མཆོད་པའི་སྤྲིན་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿས་བྱིན་གྱིས་བརླབ། མདུན་རྟེན་བསང་སྦྱང་། སྟོང་པའི་ངང་ལས་རང་ཉིད་ཀྱི་མདུན་དུ་མེ་རླུང་དམར་ནག་འཚུབས་པའི་དབུས་སུ་པདྨ་ཉི་མའི་གདན་ལ་དགྲ་བོ་ཕོ་མོ་བསྣོལ་བའི་སྟེང་དུ་ཧཱུྃ་ནག་པོ་ལས་འོད་འཕྲོས། དགྲ་བགེགས་ཐམས་ཅད་ཚར་བཅད། ལས་མགོན་རྣམས་ཀྱི་མཐུ་སྟོབས་བསྡུས། ཡོངས་སུ་གྱུར་པ་ལས་བདུད་མགོན་ཤ་ཟ་ནག་པོ་སེང་གེའི་གདོང་པ་ཅན་སྐུ་མདོག་མཐིང་ནག་རབ་ཏུ་ཁྲོས་ཤིང་ཞལ་གདངས་པ། མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། སྤྱན་གསུམ་དམར་ལ་འཁྲུགས་པ། གཡུ་རལ་གྱེན་དུ་འབར་བའི་གསེབ་ནས་སེང་ཆུང་མང་པོ་འཕྲོ་བ། དར་ནག་གི་འཇོལ་བེར་གསོལ་བའི་སྟེང་ན་སྟག་དོང་གཟིག་ཤུབས་རྐེད་ལ་བཏགས་ཤིང་། གཡས་ན་མདུང་དར་ནག་པོ་ཕྱར་བ། གཡོན་ན་དམར་གཏོར་བསྣམས་པ། བདུད་རྟ་ནག་པོ་རླུང་གི་གཤོག་པ་ཅན་ལ་འཆིབས་པ། སྤྲུལ་པ་མང་པོ་འགྱེད་པ། ཤིན་ཏུ་མི་བསྲུན་ཅིང་གུང་གཉིས་ལ་གླིང་བཞིར་ཁྱབ་པར་རྒྱུག་པ། དེའི་གཡོན་དུ་ཏྲི་དམར་ནག་ལས་ཡུམ་བདུད་མོ་སྲོག་གཅོད་མ་སྐུ་མདོག་དམར་ནག་སེང་གེའི་གདོང་པ་ཅན་ཞལ་བགྲད་ཅིང་མཆེ་བ་གཙིགས་པ། སྤྱན་གསུམ་པ། ཁྲག་གི་རལ་པ་འཁྱིལ་པའི་གསེབ་ནས་ཁྲོ་ཆུང་མང་པོ་འགྱེད་པ། དར་དམར་གྱི་འཇོལ་བེར་གསོལ་ཞིང་། གཡས་ན་ཁ་ཊྭཱཾ་ག་རྩེ་གསུམ། གཡོན་ན་དགྲ་བོའི་སྙིང་ཁྲག་བསྣམས་པ། བདུད་རྟ་དམར་ནག་རླུང་གི་གཤོག་པ་ཅན་ལ་འཆིབས་པ། མདུན་དུ་ལས་མཁན་བམ་རོ་མདོག་སེར་སྤྲེའུའི་མགོ་ཅན། དུས་མཚན་མོ་ལྕགས་མགོ་ནག་མོ་སྐྲ་མེད་པ། གཉིས་ཀའང་མི་སྡུག་པའི་གཟུགས་ཅན་གཅེར་བུ་གསེར་མིག་འཁྱིལ་བ་ལག་གཉིས་ས་ལ་བཙུགས་ནས་རྒྱུག་ཅིང་། ལྕགས་ཀྱི་སྡེར་མོ་རྣོན་པོས་དགྲ་སྙིང་འདྲེན་པ། རྐང་པས་དམར་གཏོར་དགྲ་ལ་འཕེན་པ། མི་མགོའི་དོ་ཤལ་དང་མི་ལྤགས་རྐེད་ལ་དཀྲིས་པ། གཞན་ཡང་སྤྲུལ་པ་ལས་མཁན་ཤ་ཟ་ཁྲོ་མོ་བདུད་ཀྱི་འཁོར་ཚོགས་དུ་མས་བསྐོར་བའོ། །དེའི་ཐུགས་ཀའི་ཧཱུྃ་དང་ཏྲི་ལས་འོད་འཕྲོས། དཔལ་གྱི་ཙ་རི་ཏྲ་ནས་བདུད་མགོན་ཡབ་ཡུམ་འཁོར་དང་བཅས་པ་སྤྱན་དྲངས། རྔ་བརྡུང་ཞིང་དབྱངས་དང་བཅས་པས་སྤྱན་འདྲེན་པ་ནི། བྷྱོ། འཇིག་རྟེན་དབང་བསྒྱུར་དྲེགས་བྱེད་ཀུན་གྱི་རྒྱལ། །ལོག་འདྲེན་དགྲ་བགེགས་འདུལ་བ་རྣམས་ཀྱི་གཙོ། །ལས་ཀྱི་མཁའ་འགྲོ་རྒྱ་མཚོའི་མངའ་དབང་ཕྱུག །སྲོག་བདུད་ཤ་ཟ་ནག་པོ་སེང་གེའི་གདོང་། །སྔོན་གྱི་དམ་ཚིག་གཉན་པོ་དྲན་མཛོད་ལ། །སྟོན་པའི་དམ་ཆོས་བསྲུང་ཞིང་རྒྱས་པ་དང་། །མ་རུངས་བློ་ལྡན་དགྲ་ཡི་དཔུང་གཞོམ་ཕྱིར། །བསྟན་སྲུང་རྒྱལ་པོ་ཁྱོད་ནི་འདིར་གཤེགས་ཤིག །སྟོབས་ལྡན་སྲིན་པོའི་དབང་པོ་གཤེགས་སུ་གསོལ། །བདུད་ཀྱི་དམག་དཔོན་ཆེན་པོ་གཤེགས་སུ་གསོལ། །དྲེགས་ལྡན་ཞིང་སྐྱོང་ཆེན་པོ་གཤེགས་སུ་གསོལ། །གཏུམ་ཆེན་རྔམས་པའི་སྐུར་སྟོན་གཤེགས་སུ་གསོལ། །བཞུགས་གསོལ་ནི། བྷྱོ། བསྐལ་མེ་འཐོར་རླུང་འཁྲུགས་པའི་དཀྱིལ་འཁོར་དུ། །དབུགས་བྲལ་བསྣོལ་མར་བརྩེགས་པའི་གདན་སྟེང་ན། །བདུད་མགོན་ནག་པོ་ཆེན་པོ་དྲག་ཤུལ་ཅན། །འཁོར་དང་བཅས་རྣམས་བརྟན་པར་བཞུགས་སུ་གསོལ། །ཨོཾ་མ་ཧཱ་ཀཱ་ལ་སིཾ་ཧ་མུ་ཁ་ཧཱུྃ་ཕཊ། ཏྲི་ཧྲིཾ་ཛཿ ཌཱ་ཀི་ནཱི་སི་ན་ར་མ་ཧཱུྃ་ཕཊ། ཏྲི་ཧྲིང་ཛཿ ཡ་མ་ར་ཙ་དུ་ཏྲི་ཕུ་ཏྲི་ཧཱུྃ་ཕཊ། ཅེས་ལན་གསུམ། གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་དམ་ཉམས་དགྲ་བགེགས་ཀྱི་ཤ་ཁྲག་ལས་གྲུབ་པའི་གཏོར་མ་འདོད་པའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པར་གྱུར། ཨ་ཀཱ་རོ་སོགས་ལན་གསུམ་གྱིས་བསྔོས་ལ། བྷྱོ། བདུད་ཀྱི་དམག་དཔོན་ཡབ་ཡུམ་འཁོར་བཅས་ལ། །བསྟན་ལ་སྡང་བའི་དགྲ་དང་བགེགས་རྣམས་ཀྱི། །དམར་ཆེན་ཁྲག་གི་རྒྱ་མཚོའི་ཡོན་ཆབ་དང་། །ཤ་ཁྲག་ཚིལ་བུ་རྐང་དང་ནང་ཁྲོལ་དང་། །དོན་སྙིང་ལྔ་དང་དབང་པོ་རྣམ་པ་ལྔ། །ཤ་ཁྲག་དམར་གྱིས་བརྒྱན་པའི་གཏོར་མ་དང་། །ཚིལ་ཆེན་དུད་པ་ཞུན་ཆེན་མར་མེ་དང་། །རྩ་བརྒྱད་སྟོང་སྦྱར་པཉྩ་ཨ་མྲྀཏ། །ཞལ་ཟས་འདོད་ཡོན་ཚོགས་ཀྱི་ལོངས་སྤྱོད་དང་། །དཀར་གསུམ་མངར་གསུམ་འབྲུ་སྨན་རྩི་བཅུད་དང་། །ཆང་དང་ཤིང་ཏོག་དར་ཚོན་སྣ་ཚོགས་དང་། །ཐོད་པའི་རྔ་ཆུང་རྐང་གླིང་རོལ་མོའི་སྒྲ། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་བྱས་ནས། །འབུལ་གྱི་དམ་ཚིག་དབང་གིས་བཞེས་སུ་གསོལ། །དམ་རྫས་རྒྱན་གྱི་མཆོད་གཏོར་འདི་བཞེས་ལ། །བདག་གི་ལས་རྣམས་ཐམས་ཅད་སྒྲུབ་ཏུ་གསོལ། །རྦོད་གཏོང་ཕུར་ཁ་ཟློག་པའི་ཕྲིན་ལས་མཛོད། །ཡིད་ལ་གནག་པའི་དགྲ་བོ་ད་སྒྲོལ་ཅིག །ཅེས་གཏོར་མ་དང་ཉེར་སྤྱོད་ཕུལ་ཞིང་ཕྲིན་ལས་བཅོལ། ཧཱུྃ་བྷྱོ། ཉི་ཤུ་རྩ་བཞིའི་ཡུལ་རྣམས་ཀུན་གྱི་གཙོ། །ཉེ་བའི་འཐུང་སྤྱོད་དཔལ་གྱི་ཙ་རི་ཏྲ། །རབ་འཇིགས་དུར་ཁྲོད་ཆེན་པོར་རྟག་ཏུ་རོལ། །ག་ཡ་དྷ་ར་ཁྱོད་ལ་བདག་བསྟོད་དོ། །རྒྱལ་བས་དབང་བསྐུར་ཀུན་དགའ་གཞོན་ནུ་སྟེ། །ཞིང་སྐྱོང་ཆེན་པོ་ཨ་མྲ་གཙིགས་པའི་ཞལ། །ཤ་ཟ་ཁྲག་འཐུང་ཟ་བྱེད་སེང་གེའི་གདོང་། །སྲོག་བདུད་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །བདུད་ཀྱི་དམག་དཔོན་སྲིན་པོ་ཁྲོས་པའི་གཟུགས། །མཐུ་རྩལ་དྲག་ཤུལ་མྱུར་མགྱོགས་སྟོབས་དང་ལྡན། །བསྟན་པ་སྲུང་དང་རྣལ་འབྱོར་སྐྱོང་ལ་བརྩོན། །ནག་པོ་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །ཡུམ་ཆེན་བདུད་མོ་བམ་རོ་ཕོ་མོ་སོགས། །ཚར་གཅོད་ཕན་འདོགས་ལས་བྱེད་དྲག་པོའི་འཁོར། །བཀའ་ཉན་བྱེ་བ་སྟོང་ཕྲག་འབུམ་དང་བཅས། །བསྟན་སྐྱོང་འཁོར་དང་བཅས་ལ་བདག་བསྟོད་དོ། །ཅེས་བསྟོད། ཞིང་སྐྱོང་གི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་གི་མཐར་སྙིང་པོས་བསྐོར་བ་ལ། རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ས་བོན་གྱིས་བསྐུལ་བས་དེ་ལས་འོད་ཟེར་འཕྲོས། ཡུམ་དང་འཁོར་རྣམས་ལ་ཕོག་པས་སྤྲུལ་པ་ཡང་སྤྲུལ་དཔག་ཏུ་མེད་པ་སྤྲོས་ཏེ་དགྲ་བགེགས་བཅོམ་ཞིང་། དངོས་གྲུབ་ཅི་འདོད་པ་སྩོལ་བར་གྱུར། ཅེས་དམིགས་ཏེ། ཨོཾ་མ་ཧཱ་ཀཱ་ལ་སིཾ་ཧ་མུ་ཁ་ཧཱུྃ་ཕཊ། ཏྲི་ཧྲིཾ་ཛཿ ཌཱ་ཀི་ནཱི་སི་ན་ར་མ་ཧཱུྃ་ཕཊ། ཏྲི་ཧྲིཾ་ཛཿ ཡ་མ་ར་ཙ་དུ་ཏྲི་ཕུ་ཏྲི་ཧཱུྃ་ཕཊ། ཅེས་ཅི་འགྲུབ་བཟླས་མཐར། སྐོང་གསོལ་གྱི་མཆོད་གཏོར་ཁ་གསོས་ལ། བསང་སྦྱང་། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བར་གདུག་པ་ཅན་མཐའ་དག་བསྒྲལ་པ་ལས་བྱུང་བའི་ཤའི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་ཕུང་པོ། གཞན་ཡང་བཟའ་བཏུང་གི་བྱེ་བྲག་སྣ་ཚོགས་པ་གཙང་ཞིང་བསོས་པ་དང་ཡིད་དུ་འོང་བས་ཡོངས་སུ་གང་བར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ཞེས་ལན་གསུམ་གྱིས་བརླབས་ཏེ། དྲག་ཤུལ་ཆེན་པོས་དགྲ་བགེགས་ཀུན་འཇོམས་ཤིང་། །སྒྲུབ་པ་པོ་ལ་བུ་ལྟར་བརྩེ་བ་ཅན། །འཇིགས་བྱེད་ཞིང་སྐྱོང་ཆེན་པོ་ཁྱོད་ཉིད་ལ། །མཆོག་ཏུ་གདུང་ཤུགས་ལྡན་པས་རབ་བསྟེན་ནས། །དང་དུ་བླང་དང་སྤང་བར་བྱ་བ་དང་། །ཚུལ་བཞིན་བསྒྲུབ་པའི་དམ་ཚིག་རྨད་བྱུང་བ། །ཉམས་ན་བཤགས་ཤིང་ལེགས་པར་བསྲུངས་པ་ཡིས། ཁྱེད་ཀྱི་ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ཡི། །ཉེར་སྤྱད་འོས་པ་ཕུན་སུམ་ཚོགས་པ་རྣམས། །མ་ཚང་མེད་པར་རྒྱ་ཆེར་སྤེལ་བ་ཡིས། །ལྷ་ཆེན་ཀུན་དགའ་གཞོན་ནུའི་ཐུགས་དམ་བསྐང་། །རླུང་ལྟར་མགྱོགས་པའི་རྟ་ནག་རྟིང་དཀར་དང་། །གཡག་ནག་རྭ་རྣོན་སྤུ་ཞོལ་བརྗིད་ཅིང་ཆེ། ཁྱི་ནག་དོམ་བུ་གཏུམ་ཞིང་འཇིགས་པའི་གཟུགས། །ལུག་ནག་རྒྱན་ལྡན་རྣམས་ཀྱིས་ཐུགས་དམ་བསྐང་། །བཙོས་པའི་ཤ་དང་འབྲས་ཆན་བསྲེགས་པའི་གསུར། ཁུ་ཁྲག་ལྷ་བ་རྐང་མར་རུས་པའི་ཚོགས། །དབང་པོ་གློ་སྙིང་ནང་ཁྲོལ་རྒྱུ་མ་བཅས། །དམར་ཆེན་བརྒྱན་པའི་གཏོར་མས་ཐུགས་དམ་བསྐང་། །དཔའ་བོ་དོམ་ནག་ཙིཏྟ་མ་ཉམས་པ། །སྲོག་གི་ས་བོན་དམ་པ་ལེགས་པར་བཅུག །ཆོ་ག་བཞིན་དུ་བྲིས་པའི་འཁོར་ལོ་སོགས། །མི་འབྲལ་བརྟེན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །རྟག་ཏུ་དགྱེས་བཞིན་འཁོར་གྱིས་ལས་མཛད་པར། །གནད་དུ་བསྐུལ་ནས་ཕྲིན་ལས་བཅོལ་བ་ཡི། །ལྷ་ཁྱོད་ཉེ་བར་བསྟེན་པའི་ཚུལ་རྣམས་ཀྱི། །ཏིང་ངེ་འཛིན་དང་བཟླས་པས་ཐུགས་དམ་བསྐང་། །སྤྲིན་གྱི་ཤུགས་ལྡན་རྟ་དམར་རྟིང་དཀར་དང་། །དགྲ་བགེགས་བསྒྲལ་པའི་ཤ་ཁྲག་དོན་སྙིང་བཅས། །མཁོ་རྒུའི་ཉེར་སྤྱད་མ་ཚང་མེད་པ་ཡིས། །བདུད་མོ་སེང་གདོང་མ་ཡི་ཐུགས་དམ་བསྐང་། །སྣ་ཚོགས་ཤ་ཡི་ཚོགས་ནི་རྫ་ལྟར་སྤུངས། །མྱོས་བྱེད་དམར་ཆེན་བཏུང་བ་མཚོ་རུ་བསྐྱིལ། །མཐུན་རྫས་དུ་མ་སྦྱར་བའི་གཏོར་མ་འདིས། །དཔའ་བོ་ལས་མཁན་བཅས་པའི་ཐུགས་དམ་བསྐང་། །ར་ཡི་རྣམ་ལྔ་ཤ་ཆང་ཁྲག་དང་ཞག །བཤོས་བུ་དམར་པོ་ཤ་ཆེན་དཀར་གཏོར་ཆང་། །བཟའ་བཏུང་བྱེ་བྲག་རྣམ་པ་མང་པོ་བཅས། །སོ་སོའི་ཡིད་བཞིན་རྒྱས་པར་སྤྲུལ་ནས་ཀྱང་། །དམ་ཅན་བཛྲ་སཱ་དྷུའི་ཐུགས་དམ་བསྐང་། །གཤིན་རྗེའི་རྒྱལ་པོ་ཆེན་པོའི་ཐུགས༴ ཀླུ་བདུད་ནག་པོ་མགོ་དགུའི་ཐུགས༴ བདུད་པོ་བྱེ་བ་གུང་རིང་ཐུགས༴ བཙན་རྒོད་ཡམ་ཤུད་དམར་པོའི་ཐུགས༴ སྲིན་པོ་ན་ར་སིཾ་ཧའི་ཐུགས༴ སྲོག་བདག་ཚངས་པ་དཀར་པོའི་ཐུགས༴ མ་མོ་རྡོ་རྗེ་ཕ་ལམ་ཐུགས༴ བདུད་ཀྱི་དམག་ཚོགས་རྒྱ་མཚོའི་ཐུགས༴ སྤྲུལ་པ་ཡང་སྤྲུལ་ཚོགས་ཀྱི་ཐུགས་དམ་བསྐང་། ཁྱེད་ཀྱི་ཐུགས་དམ་གཉན་པོ་བསྐངས་གྱུར་ནས། །དངོས་གྲུབ་མ་ལུས་དགྱེས་བཞིན་བསྩལ་དུ་གསོལ། །ཞེས་མཆོད་སྐོང་དང་། ཧཱུྃ། དཔལ་ཆེན་འཁོར་བཅས་བདག་ལ་དགོངས་སུ་གསོལ། ཁྱོད་ནི་ཡེ་ཤེས་ཆེན་པོའི་སྤྱན་དང་ལྡན། །བདག་ནི་མ་རིག་དབང་གྱུར་ལུས་ངག་སེམས། །ནོངས་པའི་ཚོགས་ནི་ཅི་མཆིས་བཟོད་པར་གསོལ། །རྒྱུ་ཆུང་ཕུད་ཉམས་ལྷག་མ་འདྲེས་པ་དང་། །དམ་རྫས་མ་ཚང་བསྙེན་སྒྲུབ་གཡེལ་བ་སོགས། །ཡབ་ཡུམ་འཁོར་བཅས་ཐུགས་དང་འགལ་བ་རྣམས། །མཐོལ་ལོ་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ། །ཞེས་བཤགས་པ་བྱ། ལས་བུམ་བགེགས་མཐར་བྱེད་སྔགས་ཀྱིས་བརླབ། སློབ་མ་རྣམས་ཁྲུས་དང་བགེགས་ཕྲལ། བསྲུང་ཞིང་གྲལ་དུ་འཁོད་པར་མེ་ཏོག་བཀྱེ་བསྡུ་ཟིན་ནས། འོ། མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྒྱལ་བའི་བསྟན་པ་ཡུན་དུ་བསྲུང་བ་དང་། རྣལ་འབྱོར་པའི་བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་མཐའ་དག་ཟློག་ཅིང་། ས་ལམ་བགྲོད་པའི་བར་ཆད་སེལ་བའི་སླད་དུ་བསྟན་སྲུང་དབང་པོའི་རྗེས་གནང་ནོད་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་དེ་གསན་འཚལ། དགོས་པ་དེ་ལྟ་བུ་དང་ལྡན་པའི་བསྟན་སྲུང་ཆོས་སྐྱོང་གི་སྐོར་ལའང་། དབྱིངས་དང་ཡེ་ཤེས། ལས་དང་འཇིག་རྟེན་གྱི་མགོན་པོ་སྟེ་བཞི་ལས། ཕྱི་མ་གསུམ་ལའང་སྤྲུལ་པ་དང་རང་རྒྱུད་པའི་ཚུལ་གཉིས། དེ་རེ་རེ་ལའང་རྒྱུད་གསུམ། རིགས་དྲུག །སྡེ་བརྒྱད། སྡེ་བཅུ་ལ་སོགས་པའི་དབྱེ་བ་དང་རྣམ་གྲངས་མཐའ་ཡས་པར་འགྱུར་བ་ལས། ད་ལམ་གྱི་སྐབས་སུ་བབས་པ་འདི་ནི། དཀྱིལ་འཁོར་གྱི་ཁྱབ་བདག་ཧེ་རུ་ཀཿཉིད་ཐུགས་རྗེ་ཞི་བས་མི་འདུལ་བའི་ལོག་པར་ཞུགས་པ་ཐམས་ཅད་མངོན་སྤྱོད་རོལ་པའི་ཕྲིན་ལས་ཀྱིས་ཚར་གཅོད་རྗེས་སུ་འཛིན་ཅིང་། ཉིད་ཀྱི་བསྟན་པ་བསྲུང་བའི་དོན་དུ་ཡེ་ཤེས་ཀྱི་མགོན་པོ་དཀར་པོ་སེང་གེའི་གདོང་པ་ཅན་དང་། དཔལ་ཆེན་ཐུགས་སྤྲུལ་ཡེ་ཤེས་མགོན་པོ་ཕྱག་བཞི་པའི་ཕྲིན་ལས་ཀྱི་སྤྲུལ་པའི་ལས་མགོན་ནག་པོ་སེང་གེའི་གདོང་པ་ཅན་དུ་གྲགས། གཞན་དུ་སྔོན་དྲག་པོ་འཇིགས་བྱེད་ཤ་ཟའི་སྡེ་དཔོན་མི་བསྲུན་སེང་གེའི་གདོང་པ་ཅན། སྐྱེ་འགྲོ་ཐམས་ཅད་ཀྱི་སྲོག་དབུགས་ལ་དབང་བྱེད་ཅིང་ཁམས་གསུམ་ན་ཤིན་ཏུ་མ་རུངས་པའི་གཏུམ་དྲག་ཅན་ཞིག་བྱུང་བ་དེ་ཉིད་འདུལ་བའི་སླད་དུ། དཔལ་ཆེན་པོ་གསང་བའི་བདག་པོས་ནམ་མཁའ་དང་མཉམ་པའི་ཁྲོ་བོའི་དཀྱིལ་འཁོར་ཆེན་པོ་འདུ་བ་དང་འགྱེད་པའི་ཕྲིན་ལས་ཀྱི་མཐུ་ཆེན་པོས། དྲེགས་པ་ཅན་དེ་ཉིད་སྡེ་དང་བཅས་པ་ཐམས་ཅད་བཏུལ་ནས་དམ་ཚིག་གི་གནས་སུ་བཀོད་ཅིང་། གསང་བའི་དཀྱིལ་འཁོར་ཡུལ་ཉེར་བཞིའི་ཞིང་རྣམས་སྐྱོང་བའི་དབང་ཕྱུག་ཆེན་པོར་བསྐོས། བར་དུ་གྲུབ་པའི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝས་དམ་ལ་བཏགས་ཤིང་ཟབ་གཏེར་གཉེར་གྱི་སྲུང་མར་བསྐོས། ཐ་མར་གྲུབ་ཐོབ་ཆེན་པོ་ཀརྨ་པཀྴིས་སྟོད་ལུང་མཚུར་ཕུའི་དགོན་པ་ན་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་བཞུགས་པའི་ཟིལ་འོག་ཏུ་འདུས་ཏེ། རང་རྟགས་སྲོག་གི་སྙིང་པོ་ཕུལ་ཞིང་བཀའི་བསྟན་པ་བསྲུང་བར་ཁས་བླངས་པའི་ལས་དང་འཇིག་རྟེན་གྱི་མགོན་པོ་སྟེ། དེ་ལྟ་བུའི་རྣམ་འགྱུར་རྒྱ་མཚོ་འཛིན་པའི་ཆོས་སྐྱོང་ཁྱད་པར་ཅན་གྱི་གྲལ་དུ་བཞུགས་པའི་སྐོར། སྤྱི་རྒྱུད་མགོན་པོ་མངོན་པར་འབྱུང་བ་དང་། སྒོས་རྒྱུད་སྔགས་རྒྱུད་རབ་འབྱམས་དང་འབྲེལ་བའི་བཀའ་མ་དང་། གུ་རུ་ཆོས་ཀྱི་དབང་ཕྱུག །ཤྭའི་རྒྱལ་སྲས་ལེགས་པ། ཆོས་རྒྱལ་རིན་ཆེན་གླིང་པ། རིག་འཛིན་བདུད་འདུལ་རྡོ་རྗེ་ལ་སོགས་པའི་གཏེར་བྱོན་དང་། གྲུབ་ཐོབ་ཀརྨ་པ་ཆེན་པོར་མགོན་པོ་དངོས་ཀྱིས་ཕུལ་བའི་མན་ངག་ཐམས་ཅད་ཀྱི་བྱིན་རླབས་ཀྱི་རྒྱུན་རྣམས་གཅིག་ཏུ་འདུས་པ་ལའང་། ཐུན་མོང་། ཐུན་མིན། ཁྱད་པར་གྱི་རིམ་པ་འགའ་ཞིག་མཆིས་པ་ལས། ཐུན་མོང་གི་རྗེས་གནང་ཟབ་མོ་བསྒྲུབ་པ་ལ། སློབ་དཔོན་གྱིས་བགྱི་བར་འོས་པའི་བྱ་བ་རྣམས་གྲུབ་ཟིན་པས། ཁྱེད་རང་རྣམ་པའི་ངོ་སྐལ་དུ་གྱུར་པ་རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་ཐལ་མོ་མེ་ཏོག་དང་བཅས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སངས་རྒྱས་བསྟན་པ་བསྲུང་བ་དང་། །སོགས་རྩ་གཞུང་གི་ཐོག་མར་འབྱུང་བ་བཞིན་ལན་གསུམ། རྒྱུད་སྦྱོང་བའི་སླད་དུ་བླ་མ་དཀྱིལ་འཁོར་གྱི་ཁྱབ་བདག་རྡོ་རྗེ་ཅན་དཀོན་མཆོག་རྒྱ་མཚོའི་ཚོགས་དང་བཅས་པའི་སྤྱན་སྔར། སྐྱབས་སུ་འགྲོ་བ་དང་། སྡིག་པ་བཤགས་པ་དང་། འཕགས་སྐྱེའི་དགེ་བ་ལ་ཡི་རང་བ་དང་། སྡོམ་པའི་སྙིང་པོ་གཟུང་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་སྟེ། ལྔ་རྣམ་དག་གི་དོན་གསལ་ཐོབས་ལ་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་གོང་གསལ་ལྟར་ལན་གསུམ། དེ་ནས་རྗེས་གནང་གི་ཐོག་མར་སློབ་མ་རྣམས་གཉེན་པོ་སྟོབས་ཀྱི་ལྷའི་དབང་བསྐུར་བའི་དོན་དུ་འདི་ལྟར་གསལ་ཐོབས་ཤིག །ལས་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ། སྟོང་པའི་སོགས་ནས། གྱུར་པ་ལས། ཁྱེད་རང་རྣམས་བཅོམ་ལྡན་འདས་གསང་བའི་སོགས་ནས། ཡེ་ཤེས་ཀྱི་མེ་འབར་བའི་དབུས་སུ་བཞུགས་པའི་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་ཡི་གེ་དང་། ཐུགས་དབུས་ཉི་མ་ལ་གནས་པའི་དྭངས་སྲོག་འབར་བའི་ཧཱུྃ་སྔོན་གྱི་མཐར། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅེས་པས་བསྐོར་བ་གསལ་བཏབ་ནས། སློབ་དཔོན་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་གསང་བའི་བདག་པོ་དངོས་སུ་བཞུགས་པ་ལ། བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པའི་གསོལ་བ་བཏབ་པའི་རྐྱེན་གྱིས། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱི་དྲྭ་བ་མཁའ་ཁྱབ་ཏུ་འཕྲོས་པས་ཕྱོགས་དུས་ཀྱི་རྒྱལ་བ་ཧེ་རུ་ཀཿདང་དཔའ་བོ་རྣལ་འབྱོར་མའི་འཁོར་ལོའི་དཀྱིལ་འཁོར་ཐམས་ཅད་གསང་བའི་བདག་པོའི་རྡོ་རྗེ་གསུམ་གྱི་ཕྱག་རྒྱར་བཞེངས་པ། ཕྱོགས་བཅུ་ཀུན་ནས་ཆར་དྲག་གཡོ་བ་བཞིན་སྤྱན་དྲངས། སློབ་མ་རྣམས་ལ་ཐིམ་པས་རྒྱུད་ལ་ཡེ་ཤེས་ཆེན་པོའི་བྱིན་ཕེབས། དྲེགས་པའི་གཉེན་པོ་མཐུ་སྟོབས་འབར་བའི་དངོས་གྲུབ་ཐོབ། ལྷ་དང་རང་སེམས་གཉིས་མེད་ཆེན་པོའི་དགོངས་ཉམས་སྐྱེད་ལ་རྩེ་གཅིག་མཉམ་པར་ཞོག་ཅིག །སྤོས་རོལ་བཅས་ཡི་དམ་གྱི་རྩ་སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་བཛྲ་ས་མ་ཡ་ཨ་དྷིཥྛཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨ་ཨཱཿ ཞེས་དྲག་ཏུ་བཟླས་པས་བྱིན་དབབ། དེ་ལྟ་བུའི་བྱིན་རླབས་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ། ཞེས་མེ་ཏོག་འཐོར། དེས་གཉེན་པོ་སྟོབས་ཀྱི་བྱིན་བསྡུ་བ་སོང་། ཆོས་སྐྱོང་གི་རྗེས་གནང་དངོས་ལ་རྣམ་གྲངས་དྲུག་ལས། དང་པོ་སྐུ་ཡི་རྗེས་གནང་གི་སླད་དུ་འདི་ལྟར་གསལ་ཐོབས། སྔར་བསྒྲུབས་ཟིན་པའི་གཏོར་མ་སླར་ཡང་ཁྱེད་རང་རྣམས་ཀྱི་བློ་ངོར་བསྐྱར་ནས་གསལ་འདེབས་པ་དང་། སྤྱན་འདྲེན་པ་བཞུགས་སུ་གསོལ་ཞིང་། སྲོག་སྙིང་བཟླས་པས་དམ་བསྒྲག །གཏོར་མ་འབུལ་ཞིང་ཕྲིན་ལས་བཅོལ་བ་རྣམས་འདོན་ཚིག་དང་མཐུན་པར་གསལ་ཐོབས་ཤིག །མདུན་དུ་བཤམས་པའི་གཏོར་མ་འདི་ཉིད་མེ་རླུང་དམར་ནག་འཚུབས་པའི་དབུས་སུ་སོགས་གོང་གི་དབང་སྒྲུབ་སྐབས་བཞིན་ནས། ཡིད་ལ་གནག་པའི་དགྲ་བོ་ད་སྒྲོལ་ཅིག །བར་བརྗོད། དེ་ལྟར་གསལ་བའི་གཙོ་བོ་ཡབ་ཡུམ་གྱི་ཐུགས་ཀར་ཉི་མ་ལ་གནས་པའི་རང་སྲོག་ཧཱུྃ་ཡིག་མཐིང་ནག་དང་ཏྲི་དམར་ནག་གིས་མཚན་པར་གསལ་བ་ལ། སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ཁ་དོག་སྣ་ཚོགས་སོགས་རྩ་གཞུང་ལྟར། ཇི་ལྟར་བསྒོ་བ་བཞིན་བསྒྲུབས་ནས་ཚུར་འདུས། འབར་བའི་ཧཱུྃ་ཡིག་ཤ་སྟག་ཏུ་གྱུར་ནས་སློབ་མའི་ཐུགས་སྲོག་གི་ཞབས་ཀྱུ་ལ་ཐིམ་པས་སྐུའི་སྟོབས་དབང་དུ་གྱུར་པའི་མོས་པ་མཛོད། གསང་བདག་གི་སྔགས་མཐར། ཞིང་སྐྱོང་ཡབ་ཡུམ་ལས་མཁན་སྡེ་བརྒྱད་སྦྲེལ་མའི་སྔགས་བཟླ་ཞིང་། གུ་གུལ། ཚིལ་དུད། རོལ་མོའི་སྒྲ་དང་བཅས་པ་བྱ། དེ་ནི་སྐུའི་རྗེས་སུ་གནང་བའོ། །གཉིས་པ་གསུང་གི་རྗེས་གནང་ནི། ཡང་སློབ་དཔོན་གསང་བདག་ཏུ་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་མདུན་གྱི་ཆོས་སྐྱོང་འཁོར་བཅས་བསྐུལ། དེ་རྣམས་ཀྱི་ཐུགས་ཀའི་སྲོག་སྙིང་གི་ཕྲེང་བ་ལས་སྔགས་ཀྱི་སྒྲ་དང་ཡིག་འབྲུ་འོད་ཟེར་གྱི་ཚོགས་འཕྲོས་པས་བྱད་མ་དགྲ་བགེགས་ཀྱི་ངག་གི་ནུས་པ་ཐམས་ཅད་ཚར་བཅད། དཔལ་མགོན་དྲེགས་པའི་དྲག་སྔགས་ཀྱི་ནུས་པ་བསྡུས་ནས་ཡི་གེའི་ཕྲེང་བའི་ཚོགས་རྣམས་སློབ་མ་གསང་བདག་ཏུ་གསལ་བའི་ཐུགས་སྲོག་ལ་ཐིམ་པས། གསུང་གི་ནུས་པ་དབང་དུ་གྱུར་པར་མོས་པས་ཕྲེང་བ་ལ་བཟུང་ནས་སྔགས་འདིའི་རྗེས་ཟློས། ཞིང་སྐྱོང་ཡབ་ཡུམ་ལས་མཁན་སྡེ་བརྒྱད་སྦྲེལ་མའི་སྔགས་ལན་གསུམ། དེ་ནས་ཁྱེད་རང་རྣམས་ཀྱིས་སློབ་དཔོན་ལ་མེ་ཏོག་གི་ཕྲེང་བ་ཕུལ་བར་མོས་ལ་འདིའི་རྗེས་ཟློས། བཅོམ་ལྡན་བདག་ལ་སོགས་རྩ་གཞུང་རྗེས་གནང་གི་འོག་ནས་འབྱུང་བ་ལྟར་ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་གྱི་ཐུགས་ཀའི་སྔགས་ཀྱི་ཕྲེང་བ་དེ་ཉིད་མེ་ཏོག་གི་ཕྲེང་བར་བྱས་ནས། ཁྱེད་རང་རྣམས་ཀྱི་མགོ་ལ་བཅིངས་པར་མོས། བཅོམ་ལྡན་འདི་ལ་སོགས་ལན་གསུམ། དེ་ནི་གསུང་གི་རྗེས་སུ་གནང་བའོ། །གསུམ་པ་ཐུགས་ཀྱི་རྗེས་གནང་ནི། སླར་ཡང་སློབ་དཔོན་གསང་བདག་ཏུ་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས། མདུན་བསྐྱེད་ཞིང་སྐྱོང་འཁོར་བཅས་ཀྱི་སྙིང་གའི་སྲོག་ཡིག་ལ་ཕོག་པས་ཐུགས་རྒྱུད་བསྐུལ་ནས། ས་བོན་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་བཞིན་དུ་བྱུང་། སློབ་མ་གསང་བདག་ཏུ་གསལ་བའི་ཐུགས་ཀའི་ས་བོན་ཧཱུྃ་ལ་ཐིམ་པས། ཞིང་སྐྱོང་འཁོར་བཅས་ཀྱི་ཐུགས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་ཅིང་། དཔལ་མགོན་དྲེགས་པ་འཁོར་བཅས་ཁྱེད་རང་རྣམས་ལ་གུས་ཤིང་འདུད་པའི་ཚུལ་གྱིས་ཇི་ལྟར་བཅོལ་བའི་ཕྲིན་ལས་མཐའ་དག་བསྒྲུབ་པར་ཁས་བླངས་ཤིང་དམ་བཅས་ནས། ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་བར་འགྲོགས་པར་ཡོད་སྙམ་པའི་ངང་ལ་ཅུང་ཟད་མཉམ་པར་འཇོག་མཛོད། ཞིང་སྐྱོང་ཡབ་ཡུམ་ལས་མཁན་སྡེ་བརྒྱད་སྦྲེལ་མའི་སྔགས་བཟླ་ཞིང་སྤོས་རོལ་བྱ། དེ་ནི་ཐུགས་ཀྱི་རྗེས་སུ་གནང་བའོ། །བཞི་པ་ཡོན་ཏན་གྱི་རྗེས་གནང་ནི། སླར་ཡང་སློབ་དཔོན་གསང་བདག་ཏུ་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། མདུན་གྱི་ཆོས་སྐྱོང་འཁོར་བཅས་ལ་ཕོག་པས་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་ཐུགས་ཀ་ནས་ཐོད་སྐམ་གྱི་པྲོག་ཞུ་རིན་པོ་ཆེའི་རྩེ་བྲན་ཅན། རིན་པོ་ཆེའི་རྒྱན་དང་སྦྲུལ་རིགས་ལྔའི་ཆུན་པོ། དར་བེར་ནག་པོ། མཛེས་པའི་གསེར་སྐད། རུ་མཚོན་དམར་ནག །བྷནྡྷ་དམར་གྱིས་བཀང་བ་སོགས་རྒྱན་དང་ཆས་གོས་ཕྱག་མཚན་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་བྱུང་། ཁྱེད་རང་རྣམས་གསང་བདག་ཏུ་གསལ་བའི་ཕྱག་ཏུ་གཏད་པས་ཆེ་བའི་ཡོན་ཏན་ཐམས་ཅད་རྫོགས་པར་མངའ་དབང་ཐོབ་པར་མོས། དཔལ་ལྡན་ཁྲག་འཐུང་སོགས་རྩ་གཞུང་སྔ་མའི་འོག་ནས་འབྱུང་བའི་མཐར་སྔགས་སྦྲེལ་མ་བཟླ་ཞིང་ལག་ཏུ་གཏད། དེ་ནི་ཡོན་ཏན་གྱི་རྗེས་སུ་གནང་བའོ། །ལྔ་པ་ཕྲིན་ལས་ཀྱི་རྗེས་གནང་ནི། སླར་ཡང་སློབ་དཔོན་གསང་བདག་ཏུ་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། མདུན་གྱི་ཞིང་སྐྱོང་འཁོར་བཅས་ལ་ཕོག་པས་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་གནས་ལྔ་ནས་འོད་ཟེར་ཁ་དོག་སྣ་ཚོགས་ལས་བཞིའི་དབྱིབས་ཅན་དང་། ཁྱད་པར་ཐུགས་ཀ་ནས་སྤྲུལ་པའི་ཕོ་ཉ་གྲངས་མེད་པ་རྣམས་འཕྲོས། དགྲ་བགེགས་གདུག་པ་ཅན་རྣམས་བཀུག་ཅིང་སྒྲོལ་བས་ཚར་བཅད་པ་སོགས་རྣམ་བཞིའི་ལས་སྤྱི་དང་། ཁྱད་པར་དྲག་པོ་མངོན་སྤྱོད་ཀྱི་ལས་མཐའ་དག་ལ་མངའ་དབང་བསྒྱུར་བའི་ནུས་མཐུ་ཐོབ་པར་མོས། ཞི་དང་རྒྱས་དང་སོགས་ཀྱི་མཐར་སྔགས་སྦྲེལ་མས་ལས་བཞིའི་གཟུགས་ལག་ཏུ་གཏད། དེ་ནི་ཕྲིན་ལས་ཀྱི་རྗེས་སུ་གནང་བའོ། །དྲུག་པ་གཏོར་མ་ལ་བརྟེན་ནས་སྲུང་མར་གཏད་པའི་རྗེས་གནང་ནི། སློབ་དཔོན་གསང་བདག་ཏུ་གསལ་བ་དང་། མདུན་གྱི་གཏོར་མ་དཔལ་ལྡན་ཞིང་སྐྱོང་དབང་པོ་འཁོར་བཅས་དངོས་སུ་བཞུགས་པ། ཁྱེད་རང་རྣམས་ཕྱག་ན་རྡོ་རྗེར་གསལ་བ་ལ་བཀའ་སྡོད་ཀྱི་ལས་མཁན་དུ་གཏད་དེ་བཀའ་བསྒོས། བླ་མ་བརྒྱུད་པའི་མཚན་ནས་སྨྲོས་ཏེ་དམ་ཚིག་གཉན་པོ་བསྒྲགས་པས། སློབ་དཔོན་གྱིས་ཇི་ལྟར་བཀའ་བསྒོས་པ་བཞིན་ཁྱེད་རང་རྣམས་ཀྱི་ཕྲིན་ལས་ཐམས་ཅད་བསྒྲུབ་པར་ཡོད་སྙམ་པས་སེམས་མ་ཡེངས་པར་གྱིས་ཤིག །གཏོར་མ་དཔལ་འབར་བཙུགས་པ་སློབ་མའི་ལག་ཏུ་གཏད་དེ། དཔལ་ལྡན་ཞིང་སྐྱོང་དབང་པོ་སོགས་རྩ་གཞུང་ལྟར་མཐར་ཆགས་སུ་བྱ་བའམ། ཅུང་ཟད་སྤྲོ་ན། གྲུབ་ཆེན་ཀརྨ་པ་ཆོས་ཀྱི་བླ་མ། གཉན་རས་དགེ་འདུན་འབུམ་སོགས་བརྒྱུད་པའི་གཤར་འདེབས་མཐར། བདག་ཅག་གི་འཁོར་ལོའི་མགོན་པོ་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོའི་བར་དུ་བྱོན་པའི་བཀའ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱིས་བཀའ་བསྒོས་ཤིང་གཉེར་དུ་གཏད་དེ། ཆོས་ཀྱི་སྲུང་མ་དང་། ཅི་ལྟར་ཕྲིན་ལས་བཅོལ་བ་བཞིན་བསྒྲུབ་པའི་ཐ་ཚིག་གཉན་པོ་དྲན་པར་མཛོད་ཅིག །དཔལ་ལྡན་ཞིང་སྐྱོང་དབང་པོ་འཁོར་དང་བཅས་པ་ཁྱེད་རྣམས་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་སྲུང་མར་གཏད་པ་ཡིན་པས། བརྒྱུད་པའི་བླ་མ་དེ་རྣམས་ཀྱི་བཀའ་དང་དམ་ལས་མི་འདའ་བ་བཞིན་དུ། རྣལ་འབྱོར་པ་བདག་ཅག་གི་ཡང་བཀའ་ལས་མ་འདའ་བར་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་བར་འགྲོགས། དུས་ད་ནས་གཟུང་སྟེ་བྱང་ཆུབ་མ་འཐོབ་ཀྱི་བར་དུ་འགལ་རྐྱེན་སོལ། མཐུན་རྐྱེན་སྦྱོར། བསམ་པ་སྒྲུབས། རེ་བ་སྐོངས། འགྲོ་ན་ལམ་འཆོས། སྡོད་ན་བརྟེན་ས་གྱིས། ཉིན་གྱི་བྱ་ར་དང་མཚན་གྱི་མེལ་ཚེ་མཛོད། སྔོན་ནས་བསུ་མ་དང་ཕྱི་ནས་སྐྱེལ་མ་མཛོད། དམ་ཚིག་གི་གྲོགས་པོ་དང་རྡོ་རྗེའི་བཀའ་སྡོད་མཛོད། འདི་རྣམས་ཀྱིས་བྱིན་པའི་ཕུད་བཞེས། བཅོལ་བའི་ལས་མཛོད། གདམས་པའི་ངག་ཉོན། དགོས་པའི་དོན་སྒྲུབས། སྡང་བའི་དགྲ་སོད། གནོད་པའི་བགེགས་ཐུལ། བར་ཆད་ཀྱི་རྐྱེན་ཟློགས། སྡོད་སའི་གནས་མལ་སྲུངས། མཁོ་བའི་ཡོ་བྱད་སྲུངས། བརྒྱུད་འཛིན་གྱི་སློབ་མ་སྲུངས། རིགས་རྒྱུད་ཀྱི་བུ་ཚ་སྐྱོངས། ནད་གདོན་བར་དུ་སོགས་རྩ་གཞུང་ལྟར། ཐོགས་པ་མེད་པར་བསྒྲུབ་པ་དང་། མདོར་ན་ཚེ་འདིའི་འགལ་རྐྱེན་སོལ་ལ་མཐུན་རྐྱེན་སྦྱོར། ཕྱི་མ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སར་སྦྱོར་བའི་ཕྲིན་ལས་མཛོད་ཅིག །སྔགས་སྦྲེལ་མ་གོང་ལྟར་གྱི་མཐར། བཛྲ་ས་མ་ཡ་སྟྭཾ། ཞེས་བཏགས་པས་གཏད། དེ་ལྟར་བྱས་པས་སློབ་དཔོན་གྱིས་ཇི་ལྟར་བསྒོས་པ་བཞིན་དུ་ཁས་བླངས་ནས། ཁྱེད་རང་རྣམས་ཀྱི་རྗེས་སུ་འབྲང་སྟེ་ཕྲིན་ལས་མཐའ་དག་བསྒྲུབ་པར་ཡོད་སྙམ་པའི་ངེས་ཤེས་བསྐྱེད་མཛོད། གཏོར་མའི་ཆ་ཤས་དངོས་གྲུབ་ཀྱི་ཆེད་དུ་ཅུང་ཟད་རེ་སྦྱིན་ལ་ལོངས་སྤྱོད་དུ་བཅུག །དེ་ནི་གཏོར་མ་ལ་བརྟེན་ནས་སྲུང་མར་གཏད་པའི་རྗེས་སུ་གནང་བའོ། །དེ་དག་གིས་དཔལ་མགོན་ཞིང་སྐྱོང་དབང་པོ་འཁོར་དང་བཅས་པའི་རྗེས་སུ་གནང་བ་ལེགས་པར་གྲུབ་པ་ལགས་པས། བླ་མེད་ཀྱི་རྒྱུད་སྡེ་ནས་གསུངས་པའི་དམ་ཚིག་སྤྱི་དང་། བྱེ་བྲག་རྩ་གཞུང་ལས། དེང་ཕྱིན་ཆད་བླ་མ་ལ་མི་སྨོད་པ་དང་། སོགས་ནས། ལེགས་པར་བསྲུང་མཛོད། ཅེས་རྗེས་སུ་གདམས་པར་མཛད་པ་རྣམས་ཀྱི་སྒོ་ནས་ཞིང་སྐྱོང་འཁོར་བཅས་ཆོས་སྐྱོང་དུ་འཛིན་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་ལན་གསུམ། གཏང་རག་མཎྜལ། ལུས་དབུལ། དགེ་བསྔོ་རྣམས་སྤྱི་ལྟར་བྱ། ཆོ་གའི་རྗེས་རིམ་ལ་སློབ་དཔོན་གྱིས་སླར་ཡང་གཏོར་མཆོད་ཁ་གསོས་ལ་གོང་ལྟར་བྱིན་གྱིས་བརླབ། སྤྲོ་ན་བསྐང་བཤགས་སྔར་ལྟར་རོ། །བསྡུ་ན། དྲག་ཤུལ་ཆེན་པོས་སོགས་ཤློ་ཀ་གསུམ་དང་། སྣ་ཚོགས་ཤ་ཡི་སོགས་ཤློ་ཀ་གཅིག་བཅས་ཀྱི་མཐར། ཁྱེད་ཀྱི་ཐུགས་དམ་སོགས་མཇུག་གི་ཚིག་གཉིས་པོ་སྦྱར་བ་ཙམ་གྱིས་ཀྱང་འཐུས། འབུལ་གཏོར་བསང་སྦྱང་བྱིན་གྱིས་བརླབ་པ་བསྐང་བ་ལྟར་བྱ། ཡབ་ཡུམ་ལས་མཁན་སྡེ་བརྒྱད་ཀྱི་སྔགས་སྦྲེལ་མའི་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་མམ་མདུན་གྱིས་ཕུལ་ནས། འཁོར་བཅས་དགྱེས་པའི་རྐན་སྒྲ་དང་བཅས་ཏེ་གསོལ་བས་ཚིམ་པར་མོས་ལ། དཔལ་ལྡན་ཞིང་སྐྱོང་དབང་པོ་ཤ་ཟ་ནག་པོ་སེང་གེའི་གདོང་པ་ཅན། ཡུམ་མཆོག་སི་ན་ར་མ། མྱུར་མགྱོགས་ལས་བྱེད་ཕོ་མོ། སྟོབས་ལྡན་ཕོ་ཉ་སྡེ་བརྒྱད། སྲོག་འཕྲོག་བདུད་དམག་སྟོང་སྡེའི་ཚོགས་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་ཚིམ་ཞིང་དགྱེས་པར་བཞེས་ལ་བསྟན་པ་རིན་པོ་ཆེ་ཕྱོགས་བཅུར་འཕེལ་ཞིང་རྒྱས་པ་དང་། བླ་མ་དམ་པ་འཚོ་ཞིང་གཞེས་པ་རྣམས་ཡུན་རིང་དུ་ཞབས་པད་བརྟན་པ་དང་། བདག་ཅག་སློབ་འབངས་འཁོར་དང་བཅས་པ་ཆོས་སྒྲུབ་པའི་ཕྱི་ནང་གི་འགལ་རྐྱེན་མི་དང་མི་མ་ཡིན་གྱི་འཚེ་བ་ལས་བསྲུང་བ་དང་། བསྐྱབ་པ་དང་། སྦ་བ་དང་། ནད་དང་གདོན་རྣམས་ལས་ཐར་བར་མཛད་དུ་གསོལ། རྦོད་གཏོང་ངན་པ་ཐམས་ཅད་ཕྱིར་ཟློག་པ་དང་། གནོད་པར་བྱེད་པའི་དགྲ་བོ་ཐམས་ཅད་དབང་དུ་སྡུད་པ་དང་ཚར་གཅོད་པའི་ཕྲིན་ལས་ཐོགས་པ་མེད་པ་ཡིད་བཞིན་དུ་སྒྲུབ་ཏུ་གསོལ། ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཐམས་ཅད་ཟླ་བ་ཡར་གྱི་ངོ་ལྟར་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཞེས་དང་། བྷྱོ། བདུད་ཀྱི་དམག་དཔོན་སོགས་ཀྱིས་གཏོར་མ་ཉེར་སྤྱོད་དང་བཅས་པས་མཆོད་ཅིང་ཕྲིན་ལས་བཅོལ། ཧཱུྃ་བྷྱོ། ཉི་ཤུ་རྩ་བཞིའི་སོགས་ཤློ་ཀ་གཅིག་དང་། ཡུམ་ཆེན་བདུད་མོ་སོགས་ཤློ་ཀ་བཅས་ཀྱིས་བསྟོད། མ་འབྱོར་པ་སོགས་དང་ཡིག་བརྒྱས་བཟོད་པར་གསོལ། སྐུ་རྟེན་སོགས་ལ། བདག་དང་འགྲོ་ལ་སོགས་ཀྱིས་བརྟན་བཞུགས་སམ། རྟེན་མེད་ན་གཤེགས་སུ་གསོལ། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན། བཀྲ་ཤིས་རྣམས་ཀྱིས་མཐའ་བརྒྱན་པས་གྲུབ་བོ།། །། ༈ ལས་འབྲེལ་དང་རྒྱལ་སྲས་ལེགས་པའི་གཏེར་ཁ་ཟུང་འབྲེལ་ཞིང་སྐྱོང་སེང་གདོང་ཅན་༼འདོད་བུམ། 651༽ལྟར་དབང་སྒྲུབ། རྗེས་གནང་དངོས་ཀྱི་ཕྲིན་ལས་རྗེས་གནང་སྐབས། ཐོག་མར་ཉ་བོ་གསུམ་པོར་འགུགས་པ་སྤྱི་འགྲོ་བྱས་མཐར། རྩ་སྔགས་ཤམ་བུར་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཕཊ་ཕཊ། ཅེས་བཏགས་པ་བཟླ་བཞིན། ཉ་བོ་གསུམ་པོར་ཕུར་བུས་བཏབ་ནས་བསྒྲལ་པ་གཉིས་སོ་སོར་ཆོས་སྐྱོང་དང་སློབ་མར་བསྟབ། གཅིག་ཤོས་གདན་གྱི་དོད་དུ་གཏད་དགོས། ༼ཡང་འབྲིང་པོ་ཡང་གཞུང་གསལ་ལྟར་སླར་བྱས་ལ།མཆན།༽ རྗེས་བཅས་བྱའོ།། །། ༈ བདུད་འདུལ་དམ་ཆོས་སྤྲུལ་སྐུའི་སྙིང་ཐིག་གི་ཞིང་སྐྱོང་ཀུན་དགའ་གཞོན་ནུའི་རྗེས་གནང་གོང་དུ་གྲོ་ལོད་སྐབས་དང་།། །། ༈ ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་དག་སྣང་རིག་འཛིན་སྲོག་སྒྲུབ་ཀྱི་དྲག་པོ་སྡེ་བཞིའི་སྲོག་དབང་གོང་དུ་རིག་འཛིན་སྲོག་སྒྲུབ་རྩ་དབང་སྐབས་དང་།། །། ༈ མངའ་བདག་ཉང་གི་ཞིང་སྐྱོང་དུར་ཁྲོད་ལྷ་མོ་ངན་ནེ་མའི་སྲོག་དབང་འདོད་བུམ་ལྟར་གོང་དུ་ཁྲོས་ནག་སྐབས་དང་།། །། ༈ ཞིག་པོ་གླིང་པའི་དགོངས་འདུས་ནོར་བུ་པད་ཕྲེང་གི་བཀའ་སྲུང་ཤ་ཟ་ཁ་མོ་ཆེའི་སྲོག་དབང་གོང་དུ་སངས་གླིང་བླ་མ་དགོངས་འདུས་ཀྱི་དོན་དབང་བཅས་ཀྱི་སྐབས་སོ་སོར་སོང་ངོ་།། །། ༈ གུ་རུ་ཆོས་དབང་གི་བོད་ཁམས་བརྟན་མ་བཅུ་གཉིས་༼འདོད་བུམ། 671༽ལྟར་དབང་སྒྲུབ་ལ། འདིར་བདག་བསྐྱེད་བཀའ་བརྒྱད་རྒྱུན་བྱང་ལྟ་བུ་བཏང་ནས། མདུན་རྟེན་གུ་རུ་ཞི་བའི་གཏོར་མ་སྐུ་ཙཀ་དར་གདུགས་ཀྱིས་བརྒྱན་པ་ལ་དམིགས་ཏེ། གསོལ་མཆོད་ཉུང་ངུར་བསྡུས་པ་འདོད་འཇོའི་སྙེ་མའི་དབུར་འབྱུང་བ། ཀ་དག་ཆོས་སྐུའི་སོགས་ཀྱིས་གསལ་བཏབ་ལ། བཛྲ་གུ་རུ་ཅུང་ཟད་བཟླས་མཐར། བརྟན་མའི་མཆོད་གཏོར་བྱིན་རླབས་ཕྱིན་གཏང་། སྲོག་གཏད་དངོས། རྗེས་བཅས་བྱའོ།། །། ༈ མངའ་བདག་ཉང་གི་དཀོར་བདག་རྒྱལ་ཆེན་པེ་ཧར་༼འདོད་བུམ། 687༽ལྟར་དབང་སྒྲུབ་ལ། སྐབས་འདིར་བཀའ་བརྒྱད་བདག་བསྐྱེད་སྔོན་དུ་འགྲོ་བས། སླར་ཡང་། རང་ཉིད་སྐད་ཅིག་གུ་རུ་པདྨ་འབྱུང་། །གསང་བའི་བདག་པོ་དབྱེར་མེད་སྐུ་མདོག་མཐིང་། །རྡོ་རྗེ་སྡིགས་མཛུབ་ཁྲོ་བོའི་ཆས་ལྡན་པ། །སྣང་གྲགས་ལྷ་སྔགས་བདེ་ཆེན་རང་བཞིན་གྱུར། །ཅེས་གསལ་གདབ་ཅིང་། ཨོཾ་བཛྲ་གུ་རུ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་བཟླས་ནས་མདུན་བསྐྱེད་ཕྱིན་གཏང་། སྲོག་གཏད་དངོས་ཀྱི་བཟླས་ལུང་སྐབས། བཛྲ་གུ་རུ་དང་། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀཿཧཱུྃ་ཕཊ། ཅེས་སྦྲེལ་མའི་རྗེས་ཟློས་ལན་གསུམ་མཐར་སྲོག་སྔགས་རྣམས་སྦྱར་དགོས། རྗེས་བཅས་བྱའོ།། །། ༈ མངའ་རིས་པཎ་ཆེན་པདྨ་དབང་གི་རྒྱལ་པོའི་གནོད་སྦྱིན་ཡ་བ་རྐྱ་བདུན་གྱི་སྒྲུབ་ཐབས་སྲོག་གཏད་འདོད་པའི་རེ་སྐོང་ལྟར་དབང་སྒྲུབ་ལ། སྐབས་འདིར་བཀའ་བརྒྱད་བདག་བསྐྱེད་སྔོན་དུ་བཏང་ནས། སླར་ཡང་། བདག་དང་མདུན་གྱི་དཔལ་གཏོར་སྐད་ཅིག་གིས་རྟ་མགྲིན་སྐུ་མདོག་དམར་ནག་སོགས་སྲོག་གཏད་ཀྱི་ཚོགས་ཞིང་གསལ་གདབ་བཞིན། ལྟར་གསལ་བར་གྱུར། བར་གྱིས་གཉེན་པོའི་ལྷར་བསྐྱེད་དེ། ཕྲིན་ལས་ཆེ་བཙན་དགྱེས་པའི་རྔམ་གླུའི་དབུ་ནས་འབྱུང་བའི་རྟ་མགྲིན་བཟླས་པ་བྱ་ཞིང་། གསུང་བྱིན་ཕྱིར་དཀྱིལ་འཁོར་གྱི་མདུན་དུ་བཀོད་པའི་མེ་ཏོག་ལ་རང་ཧས་གདབ་དགོས། ཧྲཱི༔ རྒྱལ་བ་ཀུན་གྱི་སོགས་བསྟོད་ཅིང་བསྐུལ་བའི་མཐའ་བར་སྦྱར། དེ་ནས་མདུན་བསྐྱེད་རྒྱས་བསྡུས་གང་མོས་གཏང་། སྲོག་གཏད་དངོས། ཆོ་གའི་རྗེས་བཅས་བྱའོ།། །། ༈ བྱང་གཏེར་རིག་འཛིན་རྒོད་ལྡེམ་ཅན་གྱི་ལྷ་ཆེན་ཐང་ལྷ་རྡོ་རྗེ་འབར་བ་རྩལ་གྱི་སྲོག་གཏད་གོང་དུ་རྟ་མགྲིན་དྲེགས་པ་དབང་སྡུད་ཀྱི་སྐབས་སུ་སོང་ངོ་།། །། ༈ གནམ་ཆོས་ཞི་བའི་གཏེར་སྲུང་རྨ་རྒྱལ་སྤོམ་རའི་དབང་སྒྲུབ་ཆོས་སྐྱོང་སྤྱིའི་བཀའ་གཏད་ལྟར་བཀའ་གཏད་བྱའོ།། །། ༈ མཆོག་གྱུར་གླིང་པའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བཀའ་སྲུང་ཚེ་རིང་མཆེད་ལྔའི་ཐུན་མོང་གཏོར་དབང་གོང་དུ་ཐུགས་སྒྲུབ་སྐབས་སུ་སོང་ངོ་། །དེ་དག་ནི་ལྷ་མོ་གཙོར་གྱུར་བསྟན་སྲུང་སྣ་ཚོགས་པ་སྟེ། ཆོས་སྐྱོང་གི་སྐོར་ཐམས་ཅད་གྲུབ་པ་ཡིན་ནོ།། །། ༄། རྗེས་འབྲེལ་སྐབས་འདིར་དགོས་དབང་ཁྱད་པར་ཅན་དང་འབྲེལ་བས་བཞག་པ་ལ། བོན་ཞིག་མི་ཤིགས་གཡུང་དྲུང་རྡོ་རྗེ་གླིང་པའི་བླ་ཆེན་དྲན་པ་ཡབ་སྲས་ཀྱི་དབང་དོན་སྒྲུབ་པ་ལ། ལས་བྱང་ཆོག་ཁྲིགས་བྱིན་རླབས་སྤྲིན་ཕུང་བཞིན་རྙིང་མ་སྤྱི་ལུགས་བདག་མདུན་ཚིག་རིས་གཅིག་གིས་དབྱེར་མེད་དུ་བསྐྱེད་བཟླས་མཐར། བུམ་པ་བསྐྱེད་བཟླས་སྤྱི་འགྲོ་སྦྱར། ཟུར་གསལ་ཚོགས་མཆོད་དགྱེས་པའི་རོལ་མོ་མཐར་ཆགས་སུ་གཏང་། སྐུ་བསྟོད་དང་དངོས་གྲུབ་བླང་བའི་རྗེས། དབང་ཁྲིགས་དངོས་གྲུབ་ཆར་འབེབ་ལྟར་དབང་དངོས་གཞི་བསྐུར་མཐར། བསྔོ་བ་ནི། སྔ་རབས་འདས་པའི་གཤེན་རབ་ཐམས་ཅད་ཀྱིས་དམིགས་པ་མེད་པར་བསྔོས་པ་ཇི་བཞིན་དུ། བདག་གཞན་དགེ་རྩ་བསོད་ནམས་ཅི་བསགས་པ། བདག་ཀྱང་དེ་བཞིན་དུ་དམིགས་པ་མེད་པར་ཡོངས་སུ་བསྔོ་བར་བགྱིའོ། །ཞེས་དང་། དེ་ལྟར་སྔོན་འགྲོ་དངོས་གཞི་རྗེས་ཀྱི་བྱ་བ་བཅས་ས་བཅད་རྣམ་པ་གསུམ་གྱིས་བླ་ཆེན་ཡབ་སྲས་བཅུད་དྲིལ་གྱི་དབང་བསྐུར་རྫོགས་པར་ཐོབ་པ་ཡིན་ནོ། །ཞེས་པས་མཚམས་སྦྱར། ཆོ་གའི་རྗེས་ལས་བྱང་ཆོག་ཁྲིགས་བཞིན་དམར་ལམ་སྐྱོང་བ་ཕྱིན་མཐར་དབྱུང་བས་གྲུབ་བོ།། །། ༈ ཀུན་གྲོལ་ལས་འཕྲོ་གླིང་པའི་རྩ་རླུང་མཁའ་འགྲོའི་གསང་མཛོད་ཀྱི་རྡོ་རྗེ་ཕག་མོའི་དབང་སྒྲུབ་ལ། ཚིག་བདུན་དང་། འདིར་བཻ་རོའི་ཐུགས་ཏིག་དྲན་པ་ཚེ་སྒྲུབ་ཀྱི་དབང་ཆོག་ཚེ་དབང་གཡུང་དྲུང་འཁྱིལ་བ་བཞིན་ལ། ཨ། ནགས་ཚལ་བཅུད་ཕྱུངས་སོགས་ཀྱིས་བསང་དང་། ཨཱོྃ། གཙང་མའི་ཚན་ཆབ་སོགས་ཀྱིས་ཁྲུས་བྱ། དེ་ནས་སྔོན་འགྲོ་རྗེས་ཀྱི་ཚིགས་བཤད་ལས་འབྱུང་བའི། ཧཱུྃ༔ སྣང་སྲིད་རྒྱལ་བའི་སོགས་བགེགས་བསྐྲད་ནས། རྒྱུད་ལ་འཆར་བར་གྱུར༔ བར་གཏང་། གཏེར་གཞུང་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་དགའ་དབང་འཁྱིལ་བ་ལྟར། རླུང་རོ་བསལ་ཞིང་བར་རླུང་བུམ་ཅན་ལ་བརྟེན་ནས། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པདྨ་ཉི་མའི་སྟེང༔ རིག་པ་ཡི་དམ་སོགས་སྐུ་དང་གསུང་སྔགས་ཀྱི་འཁོར་ལོ་བདག་མདུན་དབྱེར་མེད་དུ་བསྐྱེད་ཅིང་ཡེ་ཤེས་པ་དྲངས་བསྟིམ་བར་གཏང་། མཆོད་བསྟོད་གཏེར་གཞུང་དུ་མ་གསུངས་པས་མ་བྱས་ཀྱང་ཆོག་མོད། སྤྲོ་ན། ཧཱུྃ༔ སྐྱེ་མེད་ངང་ནས་ཐུགས་རྗེའི་རྩལ༔ རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མར༔ མེ་ཏོག་ལ་སོགས་ཕྱི་མཆོད་ཀུན༔ མཛེས་ཤིང་གཙང་མའི་ཚུལ་གྱིས་འབུལ༔ སྨན་རཀ་བདུད་རྩི་ནང་མཆོད་ཀུན༔ རྒྱ་ཆེན་གཏིང་ཟབ་ཚུལ་གྱིས་འབུལ༔ བདེ་སྟོང་ཡབ་ཡུམ་གསང་མཆོད་ཀུན༔ གཉིས་མེད་རོ་སྙོམ་ཚུལ་གྱིས་འབུལ༔ སྤྲོས་བྲལ་གཞི་ཡི་མཆོད་པ་འདི༔ སྐྱེ་བ་མེད་པའི་ངང་དུ་འབུལ༔ འགག་མེད་ལམ་གྱི་མཆོད་པ་འདི༔ འགྱུ་འཛིན་རང་གྲོལ་ཆེན་པོར་འབུལ༔ འབྲས་བུ་སྐུ་གསུམ་ལྷུན་གྲུབ་འདི༔ བྲི་གང་མེད་པའི་ངང་དུ་འབུལ༔ སྣ་ཚོགས་འབྱོར་ལྡན་ཚོགས་མཆོད་འདི༔ བདག་གཞན་ཚོགས་གཉིས་རྫོགས་ཕྱིར་འབུལ༔ འཛབ་བཟླས་སྔགས་ཀྱི་མཆོད་པ་འདི༔ ཏིང་འཛིན་ཐུགས་རྒྱུད་བསྐུལ་ཕྱིར་འབུལ༔ འོད་ཟེར་སྤྲོ་བསྡུའི་མཆོད་པ་འདི༔ ཕྲིན་ལས་མཐའ་རུ་ཕྱིན་ཕྱིར་འབུལ༔ དགྱེས་པའི་མཆོད་པ་འདི་བཞེས་ལ༔ དབང་དང་དངོས་གྲུབ་བསྩལ་དུ་གསོལ། །ཞེས་མཆོད། ཛཔ྄་ཁང་སྤྱི་ལྟར་ཕྱེས་ནས། བཟླས་དམིགས་ནི། བདག་མདུན་རྡོ་རྗེ་རྣལ་འབྱོར་མའི་ཐུགས་ཀར་ཟླ་བའི་ལྟེ་བར་བཾ་དམར་པོའི་མཐར་སྔགས་ཀྱི་ཕྲེང་བ་གཡོན་དུ་འཁོར་བ་ལས་འོད་ཟེར་དམར་པོའི་ཚོགས་འཕྲོས། མདུན་བསྐྱེད་དང་མཁའ་ཁྱབ་ཀྱི་དབྱིངས་ན་བཞུགས་པའི་རྩ་གསུམ་རྣམས་མཆོད། བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཚུར་བསྡུས། བདག་དང་སྒྲུབ་པའི་རྫས་ལ་ཐིམ། སླར་ཡང་འོད་ཟེར་འཕྲོས། སྣང་སྲིད་ཐམས་ཅད་ལ་ཁྱབ་པས་སྣང་གྲགས་རྟོག་ཚོགས་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོའི་རང་བཞིན་དུ་བྱིན་གྱིས་བརླབས། ཕྲིན་ལས་རྣམ་བཞི་ཐོགས་མེད་དུ་འགྲུབ་པར་མོས་ལ། བསྙེན་སྔགས་ཇི་ལྟར་རིགས་པ་བཟླ། མཐར་ཛཔ྄་མཆོད་ནི། རིན་ཆེན་འབར་བའི་གཞལ་ཡས་སུ༔ རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མར༔ སྙིང་པོ་འཛབ་ཀྱི་མཆོད་པ་འབུལ༔ ལྷུན་གྲུབ་བདེ་ཆེན་དངོས་གྲུབ་སྩོལ༔ ཅེས་འབུལ། བསྟོད་པ་ནི། བཾ། མཁའ་ཀློང་བོན་སྐུའི་གཞལ་ཡས་ནས། །སྟོང་ཉིད་རྡོ་རྗེ་རྣལ་འབྱོར་མ། །བདེ་ཆེན་ཞལ་ཕྱག་རྒྱན་དུ་བཞེངས། །འགྱུར་མེད་གཡུང་དྲུང་སྐུ་ལ་བསྟོད། །རླུང་སེམས་དབུ་མར་ཐིམ་པ་སོགས། །མཆོག་དང་ལས་བཞི་གྲུབ་པ་བརྒྱད། །འགྲོ་འདུལ་ཕྲིན་ལས་རབ་འབྱམས་ཀུན། །ཐོགས་མེད་འགྲུབ་པའི་དངོས་གྲུབ་སྩོལ། །ཨཱོྃ་བཛྲ་ཡོ་གི་ནི་མ་ཧཱ་སུ་ཁ་སིདྡྷི་ཧཱུྃ༔ འདིར་ཁྲུས་བུམ་སྒྲུབ་པ་མ་གསལ་ཡང་སྤྱི་ལུགས་བཞིན་སྒྲུབ་ཀྱང་མི་འགལ་ལམ་སྙམ་པས། རིན་ཆེན་བུམ་པའི་གསས་མཁར་དུ། །རྡོ་རྗེ་ཕག་མོ་དུང་གི་མདོག །ཐུགས་ཀའི་བཾ་ལ་སྔགས་ཀྱིས་བསྐོར། །འོད་ཀྱིས་རྒྱུད་བསྐུལ་བདུད་རྩིའི་རྒྱུན། །བབས་པས་ཉམས་གྲིབ་ཀུན་སྦྱོང་བའི། །ནོར་བུའི་ཆུ་རྒྱུན་འཁྱིལ་བར་གྱུར། །ཅེས་དང་། ཨོཾ་བཛྲ་ཡོ་གི་ནི་མ་ཧཱ་སུ་ཁ་སིདྡྷི་ཧཱུྃ༔ ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ༔ ཞེས་བཟླས་པས་བསྒྲུབ། ཚོགས་མཆོད་ནི། རཾ་ཡཾ་ཁཾ། བདག་ཉིད་ལྷ་ཡི་ཐུགས་ཀ་ནས། །རཾ་ཡཾ་ཁཾ་སྤྲོས་བསྲེག་གཏོར་བཀྲུས། །ཨོཾ་གྱིས་སྣོད་ནི་རིན་པོ་ཆེར༔ ཨཱཿཡིས་ཞལ་ཟས་དཔག་མེད་སྤེལ༔ ཧཱུྃ་གིས་ལྷ་ལ་ཕུལ་བས་མཉེས༔ ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། ཚོགས་མགྲོན་སྤྱན་དྲང་བར་དམིགས་ལ། ཧཱུྃ། བཞེངས་ཤིག་རྡོ་རྗེ་རྣལ་འབྱོར་མ། །འཁོར་དུ་མཁའ་འགྲོ་འབུམ་གྱིས་བསྐོར། །བཞད་དང་འཛུམ་མདངས་ཡ་ལ་ལ༔ ཕྱག་རྒྱ་གར་སྟབས་ཤིགས་སེ་ཤིག༔ གྲགས་སྟོང་སྒྲ་དབྱངས་འུ་རུ་རུ༔ འཁོར་འདས་དབྱེར་མེད་ཕྱ་ལ་ལ༔ རྩ་བརྒྱུད་བླ་མ་སྤྲིན་ལྟར་གཏིབས། །ཡི་དམ་ལྷ་ཚོགས་སྐར་ལྟར་བཀྲ། །བཀའ་སྐྱོང་དམ་ཅན་རླུང་ལྟར་འཚུབས། །བདེ་སྟོང་རོལ་པའི་འཁོར་ལོ་རྣམས། །ཞལ་ཟས་ཚོགས་ལ་སྤྱན་འདྲེན་གྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཞེས་སྤྱན་དྲངས། བསྭོ། དབྱིངས་དང་ཡེ་ཤེས་སྦྱར་བའི་ཚོགས༔ མཁའ་དང་ཀློང་དུ་གྲུབ་པའི་གཏེར༔ ཐབས་ཤེས་དཀར་དམར་རོལ་པའི་བཅུད༔ འདོད་ཡོན་རྒྱ་མཚོའི་མཆོད་སྤྲིན་འདི། །བླ་མ་མཁའ་འགྲོའི་ཚོགས་ལ་འབུལ། །འབགས་བཙོག་འགལ་འཁྲུལ་ཉམས་ཆག་བཤགས། །མ་རིག་སྐྱེ་མེད་དབྱིངས་སུ་བསྒྲལ། །འགག་མེད་རོལ་པའི་ཀློང་དུ་བསྟིམ། །བཞེས་ནས་བདག་ལ་དངོས་གྲུབ་སྩོལ། །ཅེས་ཚོགས་ཕུད་འབུལ། ཐུགས་དམ་བརྒྱུད་བསྐང་ནི། ན་མོ། སྔོན་རབས་བར་དང་ད་ལྟའི་རྒྱུ། །གཡུང་དྲུང་གསང་བའི་གནས་རྣམས་སུ། །རིག་འཛིན་བརྒྱུད་པའི་བླ་མ་ཡིས། །ལོངས་སྤྱོད་ཚོགས་ཀྱི་ཕུད་བཤམས་ཏེ། །མཁའ་དབྱིངས་ཀློང་ན་བཞུགས་པ་ཡི། །ཞི་ཁྲོའི་ལྷ་དང་སྲུང་མ་རྣམས། །ཐུགས་དམ་དབྱིངས་སུ་བསྐངས་པ་བཞིན། །དེང་གི་གནས་མཆོག་དམ་པ་འདིར། །ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང་། །མཆོག་ཐུན་ལས་བཞིའི་ཕྲིན་ལས་གང་། །འབད་མེད་ལྷུན་གྲུབ་དངོས་གྲུབ་སྩོལ། །དེ་ནས་སློབ་བུ་རྣམས་འདུས་ནས་གྲལ་དུ་འཁོད་པ་ལ། འོ། མར་གྱུར་གྱི་སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་རྡོ་རྗེ་བཙུན་མོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཟབ་མོ་ནོད་ནས་གྲོལ་བྱེད་ཀྱི་ལམ་ལ་འཇུག་པར་བགྱིའོ་སྙམ་དུ་བླ་ན་མེད་པའི་གཡུང་དྲུང་སྙིང་པོ་མཆོག་གི་སེམས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེའང་རྒྱལ་བ་ཐབས་མཁས་ལ་ཐུགས་རྗེའི་ཕྲིན་ལས་ཕྱོགས་དང་རིས་སུ་མ་ཆད་པར་ནམ་མཁའི་མཐའ་དང་སེམས་ཅན་གྱི་ཁམས་ཇི་སྲིད་པར་ཁྱབ་པའི་གང་འདུལ་གྱི་ཕྲིན་ལས། གདུལ་བྱ་སོ་སོའི་བློའི་སྣོད་དང་འཚམ་པར་རྒྱན་འཁོར་ལྔའི་བཀོད་པ་འབྱམས་ཀླས་པས་ཡིད་ཅན་རྣམས་མཐར་ཐུག་རྣམ་གྲོལ་མཆོག་གི་ལམ་བཟང་ལ་དཀྲི་བའི། ཐབས་མཁས་ཀྱི་མཛད་པའི་ཆོ་འཕྲུལ་མིག་འཕྲུལ་ལྟར་སྟོན་པའི་གསང་བ་ཆེན་པོ་དང་རྗེས་སུ་མཐུན་པ། རྣམ་པར་གྲོལ་བའི་གདམས་ངག་མཐའ་ཡས་པ་ཕྱི་རབས་པའི་འགྲོ་དོན་དུ་སྣང་བར་མཛད་པ་ལས། སྐབས་སུ་བབས་པ་འདི་ནི་འཕགས་ཡུལ་རིག་འཛིན་མཁའ་འགྲོ་རྒྱ་མཚོའི་ཐུགས་བཅུད་རྨད་དུ་བྱུང་བ། བླ་མེད་རྡོ་རྗེ་ཐེག་པའི་མྱུར་ལམ་རྩ་རླུང་མཁའ་འགྲོའི་གསང་མཛོད་ཀྱི་སྨིན་བྱེད་དབང་གི་རིམ་པ་སྟེ་འདི་ཉིད་ཀྱི་ལོ་རྒྱུས་ཅུང་ཟད་ཅིག་བསྙད་ན། གཏེར་གཞུང་རྡོ་རྗེའི་ཚིག་ཡིད་ཆེས་ལུང་གི་ཆེ་བ་ལས། དེ་ཡང་བསམ་ཡས་མཆིམས་ཕུའི་ཀེའུ་ཚང་དུ༔ ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་དེས༔ སོགས་གཏེར་གཞུང་ཡིད་ཆེས་ལུང་གི་ཆེ་བ་ཉིད་མཐར་ཆགས་སུ་བཀླག །དེ་དང་མ་འཛོལ་སྒྲུབ་བརྒྱུད་རྒྱས་པར་ཤོག༔ ཅེས་བསྔགས་ཤིང་སྨོན་ལམ་གྱིས་མཚམས་སྦྱར་ནས་ཟབ་མོའི་གཏེར་དུ་སྦས་པ་ཉིད། ཕྱིས་འགྲོ་དོན་དུས་ལ་བབས་པ་ན། རྣམ་སྣང་ལོ་ཙཱ་བ་གན་ཇག་ཐང་ཏའི་རྣམ་འཕྲུལ་སྤྲུལ་པའི་གཏེར་སྟོན་ཆེན་པོ་ཨོ་རྒྱན་ལས་འཕྲོ་གླིང་པ་འཇའ་ཚོན་སྙིང་པོའམ། རིག་འཛིན་ཀུན་གྲོལ་གྲགས་པས་རིགས་མཐུན་གྱི་གཏེར་གྲོགས་པདྨ་མཁའ་འགྲོ་དང་བཅས་ཏེ། གཟི་ཤོང་གཡུ་མོ་ལུང་གི་རུ་ལག །གནས་ཆེན་རྡོ་རྗེ་ཡོངས་རྫོང་མཁའ་འགྲོ་གསང་ཕུག་གི་ནང་། རྡོ་རྗེ་ཕག་མོའི་བྷ་གའི་བྱ་རོག་གདོང་གི་སྦུབས་ནས་རབ་བྱུང་བཅུ་གསུམ་པའི་ནང་ཚན། ལྕགས་བྱ་ཟླ་བ་གསུམ་པའི་ཚེས་བཅུའི་ཉིན་ཟབ་མོའི་གཏེར་རྒྱ་བཀྲོལ་ཏེ་སྤྱན་དྲངས་ཤིང་རེ་ཞིག་གསང་བའི་རྒྱས་བཏབ། སླར་ཆུ་མོ་ཕག་གི་ལོར་ཏྲེ་ཤོད་པདྨ་བརྩེགས་པའི་བྱང་ཕྱོགས་རྡོ་རྗེ་གླིང་གི་གདན་སར་ཤོག་སེར་ལས་ཞལ་བཤུས་ནས་ལས་ཅན་ཆོས་ཀྱི་བདག་པོ་རྣམས་ལ་རིམ་པར་སྤེལ་བའི་ཟབ་ཆོས་ངོ་མཚར་གྱི་ཁྱད་པར་མཆོག་དང་ལྡན་པ་འདི་ཉིད་ཀྱི་དབང་བསྐུར་ཟབ་མོ་སྒྲུབ་པའི་སྐབས་སུ་བབས་པ་ལའང་། བདག་སློབ་དཔོན་གྱི་བྱ་བར་འོས་པ་རྣམས་གྲུབ། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་བླ་མ་དང་རྡོ་རྗེ་ཕག་མོ་ཐ་མི་དད་པའི་དྲུང་དུ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དབང་ཆོག་ཡེ་ཤེས་རང་ཤར་ལྟར། བླ་མ་སངས་རྒྱས་སོགས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་སྣོད་དང་ལྡན་པར་རིག་ནས་སྤྲོ་བའི་ཚིག་གིས་དབུགས་དབྱུང་བ་འདི་ལ་གསན་མཛོད། སྐལ་བ་ལྡན་པའི་སོགས་བརྗོད། འོ། གསང་བའི་དཀྱིལ་འཁོར་འདིར་འཇུག་པ་ལ་བར་དུ་གཅོད་པའི་བགེགས་བསལ་བའི་སླད་དུ། སློབ་དཔོན་གྱི་ཐུགས་ཀ་ནས་སྤྲོས་པའི་ཕོ་ཉའི་སྤྲིན་དང་རྡོ་རྗེའི་སེར་བས་གདོན་བགེགས་རྣམས་ལྕགས་རི་ནག་པོའི་ཕྱིར་བསྐྲད། ཡེ་མཉམ་ཀ་དག་གི་དགོངས་པས་ཟིལ་གྱིས་མནན་པས་བར་ཆད་ཀྱི་མཚན་མས་གླགས་བལྟ་བའི་སྐབས་མེད་པར་མོས། ཧཱུྃ༔ སྣང་སྲིད་རྒྱལ་བའི་སོགས་རྔ་དྲིལ་གུལ་ཡུངས་ཐུན་གྱིས་བསྐྲད། དྲི་མ་བཀྲུ་བའི་སླད་དུ་བུམ་པ་རང་བྱུང་གི་གཞལ་ཡས་ཁང་གི་ནང་དུ་རྡོ་རྗེ་ཕག་མོ་དུང་གི་མདོག་ཅན་གསལ་བའི་སྐུ་ལས་ཡེ་ཤེས་བདུད་རྩིའི་རྒྱུན་བྱུང་བས། ཁྱེད་རང་རྣམས་ཀྱི་ཚེ་རབས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བཀྲུས་པར་མོས། ཀུན་རྫོབ་དྲི་མ་སོགས་ལས་བུམ་ཆུས་ཁྲུས་བྱ། རྒྱུད་སྦྱོང་བའི་སླད་དུ་སྐྱབས་སུ་འགྲོ་བ་ནི། སྐྱབས་ཡུལ་དཀོན་མཆོག་རྒྱ་མཚོ་མཁའ་ཁྱབ་ཀྱི་འཁོར་ལོར་སད་པའི་སྤྱན་སྔར། ཅི་མཛད་ཁྱེད་ཤེས་བློ་གཏད་ལིང་བསྐྱུར་གྱི་འདུན་པ་དྲག་པོས་སྐུ་གསུམ་དབྱེར་མེད་ཀྱི་ངོ་བོར་ཤེས་པས་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས། སྐྱེ་མེད་སྟོང་པ་སོགས། སྐྱབས་ཡུལ་རྣམས་དཔང་པོར་གསོལ་བའི་སྤྱན་སྔར། མཐའ་ཡས་པའི་མ་རྒན་གྱི་འགྲོ་བ་རྣམས་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་པའི་ཆེད་དུ་སྨིན་གྲོལ་གྱི་ལམ་ཉམས་སུ་ལེན་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། མཐའ་ཡས་འགྲོ་བ་སོགས། ཐེག་པ་སྤྱི་དང་ཁྱད་པར་གསང་བ་མཆོག་གི་དམ་ཚིག་དང་སྡོམ་པ་རྣམས་བླངས་ནས་ཚུལ་བཞིན་དུ་བསྲུང་སྙམ་པའི་དམ་འཆའ་བ་འདིའི་རྗེས་ཟློས། ཡང་དག་དོན་གྱི་སོགས། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི་སྤྱན་སྔར་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་ཕྱི་ནང་གསང་བའི་མཎྜལ་ཚུལ་བཞིན་བཤམས་ནས་འབུལ་བའི་བློས་འདིའི་རྗེས་ཟློས། ཕྱི་སྣོད་རྩ་ཡི་མཎྜལ་ལ༔ ནང་བཅུད་སོགས། དབང་སྲོག་དམ་ཚིག་ལ་རག་ལས་པས་དབང་དུས་འདིར་ཐོབ་པའི་སྡོམ་པ་དང་དམ་ཚིག་གི་རིམ་པ་ལས་འདའ་བར་མི་རུང་བས། དེའི་དཔང་པོར་དམ་ཆུ་ལྕེ་ལ་བཞག །རྡོ་རྗེ་སྙིང་གར་བཀོད་པ་ཡེ་ཤེས་སེམས་དཔར་གྱུར་ཏེ་ཁེ་ཉེན་གྱི་སྟངས་འཛིན་དུ་བཞུགས་པར་མོས། བདག་ནི་ཁྱོད་ཀྱི་སོགས། བཞིན་སྲུངས༔ དེང་ཕྱིན་ཆད་གསང་སྔགས་བླ་མེད་ཀྱི་དམ་ཚིག་རྣམས་ཚུལ་བཞིན་བསྲུང་བ་དང་། ཁྱད་པར་རྩ་རླུང་མཁའ་འགྲོའི་གསང་མཛོད་ཀྱི་དབང་འདི་ཐོབ་ཕྱིན་ཆད་རླུང་སེམས་ཟུང་འཇུག་གི་ཉམས་ལེན་ལོ་བཅུ་གཉིས་སོགས་ཇི་ལྟར་ནུས་པར་འཇུག་དགོས་པས། དེ་ལྟར་མཛད་པའི་གཡར་དམ་ཐུགས་ལ་འཆའ་ཞིང་འདིའི་རྗེས་ཟློས། ས་མ་ཡ་སོགས། དབང་གི་གཞི་དགོད་ཅིང་ཡེ་ཤེས་ཀྱི་བྱིན་དབབ་པའི་སླད་དུ་ཁྱེད་རང་རྣམས་ལུས་གནད་དྲང་པོར་བསྲང་། རླུང་རོ་ལན་གསུམ་བསལ་རྗེས་བུམ་པ་ཅན་གྱི་འཇམ་རླུང་འཇམ་པོར་བཟུང་སྟེ། ཀ་དག་དོན་གྱི་དགོངས་པ་གསལ་བཏབ་ནས་དེའི་ངང་ལ་དར་ཅིག་མཉམ་པར་ཞོག་ཅིག །རླུང་རོ་མཉམ་པར་ལན་གསུམ་བུས་ལ་བུམ་ཅན་གཟུང་བཅུག་སྟེ། ཀ་དག་སྤྲོས་དང་སོགས་ཀྱི་མཐར་ཉམས་བསྐྱང་། བྱིན་དབབ་པ་དངོས་ལ་དམིགས་པ་འདི་ལྟར་དུ་གསལ་ཐོབས་ཤིག །སྭ་བྷཱ་ཝས་སྦྱང་། གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པཾ་ལས་པདྨ་དང་རཾ་ལས་སོགས་གཏེར་གཞུང་ཕྱི་བསྐྱེད་རིམ་ལྷ་ཡི་རྣལ་འབྱོར་ལྟར་ལ། དབུས་སུ༔ ཁྱེད་རང་རྣམས་དཔལ་རྟ་མགྲིན་དམར་པོ་ཅེས་བསྒྱུར་ནས། སྣང་ལ་རང་བཞིན་མེད་པ༔ གསལ་ལ་དངོས་པོ་མེད་པའི་སྐུར་གསལ་ཐོབས་ཤིག །དབང་ཆོག་གི །བདག་རྡོ་རྗེ་སློབ་དཔོན་ཡང་རྟ་ཕག་ཡབ་ཡུམ་དུ་སོགས། ཆར་བཞིན་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་ཡེ་ཤེས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས། ལྷ་དང་བདག་གཉིས་སུ་མེད་པའི་ངེས་ཤེས་བསྐྱེད་ལ་མཉམ་པར་ཞོག་ཅིག །སྤོས་རོལ་དབྱངས་ཀྱིས། ཧཱུྃ༔ མ་བཅོས་གཉུག་མ་སོགས་ཀྱིས་བྱིན་དབབ། དེས་སྦྱོར་བ་འཇུག་པའི་ཆོས་རྣམས་གྲུབ། དེ་ནས་དངོས་གཞིའི་དབང་བསྐུར་བ་ལ་ཐོག་མར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སྔོན་གྱི་གྲུབ་ཆེན་སོགས་ལན་གསུམ། དབང་དངོས་གཞི་ལ་དབང་བཞི་རིམ་པར་འབྱུང་བའི། དང་པོ་ཕྱི་བུམ་པའི་དབང་བསྐུར་བ་ནི། བདེ་སྐྱོང་གི་བུམ་པ་གཞལ་ཡས་ཁང་གི་དབུས་སུ་ནང་བཅུད་ལྷའི་དཀྱིལ་འཁོར་དུ་བཞེངས་པས་སྤྱི་བོ་ནས་དབང་བསྐུར་བས་གཏོར་བླུགས་ཀྱི་བྱ་བ་རྫོགས་པར་མོས། མཚན་ལྡན་བཀྲ་ཤིས་སོགས། དེས་ནི་ཕྱི་རས་བྲིས་ཀྱི་དཀྱིལ་འཁོར་ལ་སོགས། གཉིས་པ་ནང་བདུད་རྩིའི་དབང་བསྐུར་བ་ནི། བླ་མ་དཀྱིལ་འཁོར་པའི་ལྷ་ཚོགས་མཉམ་པར་སྦྱོར་བའི་བྱང་ཆུབ་སེམས་ཀྱི་རྒྱུན་ཐོད་པའི་བདུད་རྩི་དང་སྦྱར་པ་ལྕེ་ཐོག་ཏུ་བྱིན་པ་ངག་སྔགས་ཀྱི་འཁོར་ལོར་བྱིན་གྱིས་བརླབས་པར་མོས། དབང་ཆེན་ཡབ་ཡུམ་སོགས། དེས་ནི་ནང་ཏིང་ངེ་འཛིན་སོགས། གསུམ་པ་གསང་བ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། གཟུགས་དང་ལང་ཚོ་རྫོགས་པའི་རིག་མ་བྱིན་པ་དང་འདུ་ཤེས་གསུམ་ལྡན་གྱིས་རོལ་པའི་དགའ་བཞིའི་ཡེ་ཤེས་རྫོགས་པར་མོས། ཡེ་ཤེས་མཁའ་འགྲོ་སོགས། དེས་ནི་གསང་བ་བྷ་གའི་སོགས། བཞི་པ་ཡང་གསང་རྡོ་རྗེའི་ཚིག་གི་དབང་བསྐུར་བ་ནི། མེ་ལོང་དྭངས་པ་ལ་གཟུགས་བརྙན་སྣ་ཚོགས་སུ་སྣང་ཡང་སྣང་བས་མེ་ལོང་ལ་མ་གོས་ཤིང་། མེ་ལོང་གི་ནང་དུ་སྣང་བའི་དངོས་པོ་ཐམས་ཅད་རྫོགས་པ་བཞིན། གཉུག་མ་དེ་བཞིན་ཉིད་ཀྱི་རིག་པ་ཀ་དག་ཉག་གཅིག་མའི་ངོ་བོར་སྣང་སེམས་དབྱེར་མེད་སྤྲོས་བྲལ་ཟུང་འཇུག་བློ་འདས་ཀྱི་དབྱིངས་སུ་མཉམ་པར་བཞག་པས། ཚིག་དབང་བསྐུར་ཐོབ་ལས་འདས་པ་ཐོབ་པར་མོས། བུམ་དབང་ལ་སོགས་སོགས། དེས་ནི་ཡང་གསང་སོགས། དེས་དངོས་གཞིའི་དབང་རྣམས་གྲུབ། རྗེས་འབྲེལ་བརྟུལ་ཞུགས་ཀྱི་ཆས་ཕྱག་ཏུ་ཕུལ་བ་རྣམས་བགོས་ཏེ། རྩ་རླུང་ཐིག་ལེའི་རྣལ་འབྱོར་གྱིས་དོན་གཉིས་སྒྲུབ་པ་རྗེས་སུ་གནང་བ་བཞིན། ཡེ་སྲུང་ཆེན་པོའི་དམ་ཚིག་ལས་མི་འདའ་བར་གདམས་པའི་དོན་ཐུགས་ལ་ངེས་འཚལ། རྩ་རླུང་ཐིག་ལེ་སོགས། དེ་ལྟར་དབང་བསྐུར་རྫོགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་ལུས་ལོངས་སྤྱོད་ཀྱིས་བསྡུས་པའི་བདག་གི་དངོས་པོ་ཐམས་ཅད་མཎྜལ་དུ་འབུལ་བའི་བློས་འདིའི་རྗེས་ཟློས། བླ་མ་རྡོ་རྗེ་སོགས། སླར་ཡང་རྩ་བ་གསུམ་དང་ཕྱོགས་བཅུའི་རྒྱལ་སྲས་རྣམས་ཀྱིས་ཤིས་པའི་ཚིག་གི་མངའ་དབུལ་ཞིང་དགེ་ལེགས་ཀྱི་མེ་ཏོག་ཆར་དུ་བསྙིལ་བར་མོས། ཀ་དག་གདོད་མའི་སོགས། དེ་རྣམས་ཀྱི་སྒོ་ནས་རྩ་རླུང་མཁའ་འགྲོའི་གསང་མཛོད་ཀྱི་དབང་བསྐུར་ཟབ་མོ་ལེགས་པར་ཕུལ་གྲུབ་པ་ལགས་པས་སོགས་ཀྱིས་མཚམས་སྦྱར་ལ་དགེ་བསྔོ་བཅས་སློབ་མ་གྱེས། རྗེས་ཆོག་ནི། བརྡའི་འབུལ་ལེན་གྱིས་ཚོགས་ལ་རོལ། ལྷག་མ་ཨཱཿཨཱོྃ་ཧཱུྃ་གིས་བརླབས། ཨཱོྃ། འདོད་ཡོན་ལྔ་ལྡན་ལྷག་མ་འདི། །ཀུན་བཟང་དགོངས་པས་བྱིན་བརླབས་ནས། །ཚོགས་ཀྱི་ཕུད་ལ་མི་དབང་བའི། །ཡི་དྭགས་འབྱུང་པོ་རྣམས་ལ་བསྔོ། །ཞལ་ཟས་ཚོགས་ཀྱི་ལྷག་མ་ལོངས། །སྡུག་བསྔལ་ཀུན་ཞི་བདེ་ཐོབ་ཤོག །ཐེར་ཐེར་ཐིམ་ཐིམ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སྨོན་ལམ་ནི། རྡོ་རྗེ་བཙུན་མོའི་དཀྱིལ་འཁོར་པར། །ཚོགས་མཆོད་དམ་པ་ཕུལ་པའི་མཐུས། །སྒྲིབ་བྱང་ཚོགས་གཉིས་གོང་དུ་འཕེལ། །བདེ་སྟོང་འོད་སྐུར་གྲོལ་བར་ཤོག །དངོས་གྲུབ་བླང་བ་ནི། ཧོཿ རྡོ་རྗེ་བཙུན་མོ་དགོངས་སུ་གསོལ། །བདག་གིས་བསྙེན་སྒྲུབ་ཟབ་མོ་ཐེམས། །དངོས་གྲུབ་སྩོལ་བའི་དུས་ལགས་ན། །བཀྲ་ཤིས་རྫས་མཆོག་ལ་བརྟེན་ནས། །ཐུན་མཆོག་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་ཨཱཿཧཱུྃ་རཏྣ་སིདྡྷི་འདུ། གཏོར་མ་བསྐྱང་ཞིང་ཕྲིན་ལས་བཅོལ་བ་ནི། སྒྲུབ་ཐབས་དགའ་དབང་འཁྱིལ་བ་ལྟར། ཧཱུྃ༔ བཞེངས་ཤིག་བཞེངས་ཤིག་མཁའ་འགྲོ་རྒྱ་མཚོའི་གཙོ༔ སོགས་ནས། སྒྲུབས་ཤིག་རྗེ་བཙུན་རྣལ་འབྱོར་མ༔ ཞེས་གཙོ་མོ་དང་། ཧོ༔ དགོངས་སུ་གསོལ་སོགས་ཀྱིས་འཁོར་དང་སྲུང་མ་རྣམས་ལ་གཏོར་མ་བསྔོ། གཏོར་གནན་ནི། བསྭོ། མ་རྟོགས་ངར་འཛིན་ཕུང་པོ་ལ། །གཟུང་འཛིན་འཁོར་བའི་བདུད་བགེགས་རྣམས། །རང་གྲོལ་གཉུག་མའི་ཀློང་དུ་གནན། །ཁ་སྐོང་ནི། བདག་ཅག་མ་ཤེས་འཁྲུལ་པ་ཡིས། །མ་འབྱོར་མ་ཚང་བུག་ཟག་རལ། །ལྟ་སྒོམ་ཆོ་ག་ཉམས་པ་རྣམས། །བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ། །ས་མ་ཡ་བཛྲ་བྷནྡྷ་བ་ན་ཧོཿ བཀྲ་ཤིས་གསོལ་བ་ནི། དབང་ཆོག་མཇུག་ལྟར། ཀ་དག་གདོད་མའི་གཤིས་ལུགས་ལ༔ སོགས། བསྡུ་ཚིག་ནི། དང་པོ་དབྱིངས་ཉིད་སོགས་ཀྱིས་མདུན་བསྐྱེད་རང་ལ་བསྡུ་བའམ། རྟེན་ལ་བསྟིམ། བདག་བསྐྱེད་ཉེར་བསྡུ་ནི། སྙིང་གའི་ཟླ་གདན་བཾ་ཡིག་སྔགས་ཕྲེང་བཅས། །གསང་བར་བབས་པས་བདེ་སྟོང་ཡེ་ཤེས་སྐྱེས། །ལྟེ་བར་ལྡོག་པས་མི་རྟོག་ཉམས་རྩལ་འབར། །སླར་ཡང་སྙིང་གར་ལྷན་ནེར་འཁོད་པར་བསམ། །བུམ་ཅན་བཟུང་ནས་བསྙེན་སྔགས་ཡིད་བཟླས་ལན་བདུན་བྱ། དེ་ལྟར་བཟླས་པའི་རྐྱེན་གྱིས་སྣོད་བཅུད་ཀུན༔ འོད་དུ་ཞུ་ནས་སོགས་སྒྲུབ་ཐབས་དགའ་དབང་འཁྱིལ་བ་ལྟར། སྟོང་པའི་ངང་ལ་གཞག༔ ཅེས་ཉེར་བསྡུ་དང་། སླར་ཡང་ཟུང་འཇུག་གཉུག་མའི་ལྷ་སྐུར་ལྡང་། །སྔོན་རྗེས་ཚིག་བཤད་ལྟར། བདེ་ཆེན་ལྷུན་གྱིས་གྲུབ་པའི་སོགས་བསྔོ་སྨོན་གྱིས་གྲུབ་བོ།། །། ༈ ཀུན་གཟིགས་མཁྱེན་བརྩེའི་དབང་པོའམ་མི་ཤིགས་གཡུང་དྲུང་འབྱུང་གནས་རྩལ་གྱི་རྗེས་དྲན་བཻ་རོའི་ཐུགས་ཏིག་དྲན་པ་ཚེ་སྒྲུབ་ཀྱི་ཕྲིན་ལས་དབང་བསྐུར་གྱི་ཆོ་ག་བཀླག་ཆོག་ཏུ་བཀོད་པ་ཚེ་དབང་གཡུང་དྲུང་འཁྱིལ་བ་ལྟར་དབང་སྒྲུབ་སྐབས། བརྒྱུད་འདེབས་ཀྱི་མི་ཤིགས་གཡུང་དྲུང་འབྱུང་གནས་རྗེས་སུ། འགྱུར་མེད་ཀུན་བཟང་དབྱིངས་ཀྱི་བསྟན་པའི་བདག །འཆི་མེད་གཡུང་དྲུང་གླིང་པར་གསོལ་བ་འདེབས། །ཞེས་འཛུད། གཞུང་གི་བདག་མདུན་བཟླས་པའི་མཐར། ཁྲུས་བུམ་བསྒྲུབ་པ་ནི། བུམ་པ་ལྷ་ཡི་ཕོ་བྲང་དུ། །བླ་ཆེན་ཐུགས་ཀར་འབྲུ་གསུམ་གསལ། །འོད་ཀྱིས་བསྐུལ་བས་བདུད་རྩི་བབས། །གྲིབ་སེལ་སྨན་ཆབ་དམ་པར་གྱུར། །ཅེས་གསལ་བཏབ་ནས། ཨོཾ་ཨཱཿཧཱུྃ། ཞེས་བཟླ་བ་སྦྱར། དབང་དངོས་ཀྱི་ཚེ་རིལ་སྦྱིན་སྐབས་བཟའ་བཏུང་བཤམས་པ་རྣམས་སྤྲད་དགོས། ཚོགས་མཆོད་སོགས་རྗེས་ཆོག་བཅས་བྱའོ།། །། ༈ མཆོག་གྱུར་བདེ་ཆེན་གླིང་པའི་བོན་གསས་དབང་དྲག་འབར་བ་དང་། རྨ་རྒྱལ་སྤོམ་ར་ཟུང་གི་བརྒྱུད་འདེབས་སྔོན་འགྲོའི། གསལ་བྱེད་མདོར་བསྡུས་ལྟར་དབང་སྒྲུབ་ཟུང་གི་རྗེས། འདིར་སྤྱི་ཁྱབ་མཛད་པས་ལས་བུམ་འཁྱིལ་པས་བསྒྲུབ་ཅིང་། དངོས་གཞིར་གཏོར་དབང་དང་། བཀའ་གཏད། རྗེས་བཅས་སྟབས་གཅིག་ཏུ་བྱའོ། །དེ་རྣམས་ཀྱིས་རྗེས་འབྲེལ་མ་ཧཱ་གུ་རུའི་གསུང་གསང་ལས་བྱོན་པའི་བོན་སྐོར་ཏེ། རྩ་གསུམ་ཆོས་སྐྱོང་རྗེས་འབྲེལ་དང་བཅས་པའི་རྩ་བ་སྒྲུབ་པའི་ཐབས་གཙོ་བོར་གྱུར་པ་རྣམས་གྲུབ་པའོ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།

Tsagli (0)

Mandalas (0)

Footnotes

Other Information

ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ཐེམ་ཡིག་འཛོམ་བྱང་ (Volume 23, Text 1)

༁ྃ༔ ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ཐེམ་ཡིག་འཛོམ་བྱང་བཞུགས་སོ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ བདག་འདྲ་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ མ་འོངས་དོན་དུ་གདམས་བཅུད་ཡི་གེར་བཀོད༔ སྐལ་བར་ལྡན་པའི་ཤེལ་དཀར་མཚོ་ལ་གཏད༔ བསྟན་པའི་མར་ཞབས་སྙིགས་མའི་དོན་བྱེད་དུ༔ རིན་ཆེན་ས་ཡི་གཏེར་གྱི་སྙིང་པོར་སྡོམས༔ ཨོ་རྒྱན་ང་ཡི་ཟབ་ཆོས་སྒྲུབ་སྐོར་ལ༔ ཐེམ་བྱང་བཀའ་སྲུང་མ་འཛོམ་གཅིག་ཀྱང་མེད༔ ཅི་ཕྱིར་ཨོ་རྒྱན་གདམས་པ་འཆོལ་གྱིས་དོགས༔ གཏེར་རིགས་ལྔ་ལས་འདི་ཉིད་སྙིང་པོའི་གཏེར༔ ཁོང་པའི་ནང་གི་སྙིང་ཁྲག་ལྟ་བུ་ཡིན༔ ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་བརྒྱ་ཕྲག་ལས༔ འདི་ཉིད་ཟབ་ལ་དངོས་གྲུབ་མྱུར་བ་སྟེ༔ སྐར་མའི་དབུས་ན་ཉི་ཟླ་ལྟ་བུ་ཡིན༔ ཐུགས་རྗེ་ཀུན་འདུས་རྩ་བའི་སྐོར་འདི་ལ༔ ཡིད་ཆེས་ཕྱིར་ན་ལོ་རྒྱུས་རིན་ཆེན་དང༔ རྩ་བའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་དང༔ བླ་མ་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་དང༔ དཔའ་བོ་རྒྱལ་བ་རྒྱ་མཚོའི་སྒྲུབ་ཐབས་དང༔ མཁའ་འགྲོ་རྒྱལ་བ་རྒྱ་མཚོའི་སྒྲུབ་ཐབས་དང༔ གདམས་པ་འདི་བསྒྲུབ་གང་ཟག་ཐམས་ཅད་ལ༔ སྙིགས་དུས་ཆོས་ལ་དམ་ཉམས་དགྲ་བྱུང་ན༔ ཆོས་སྐྱོང་དམ་ཅན་རྡོར་ལེགས་སྒྲུབ་ཐབས་དང༔ གཏེར་བདག་གནམ་སྨན་དཀར་མོའི་སྒྲུབ་ཐབས་དང༔ ཆོས་ཚན་བདུན་ཡོད་སྙིང་ལྟར་གཅེས་པར་ཆོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྨིན་པར་བྱེད་པའི་དབང་ལ་དྲུག་ཡིན་ཏེ༔ ལུས་སྨིན་སྤྲོས་བཅས་བུམ་དབང་ཆེན་མོ་དང༔ ངག་སྨིན་གསང་དབང་སྤྲོས་མེད་ཆེན་མོ་དང༔ སེམས་སྨིན་ཤེས་ཡེ་རབ་ཏུ་སྤྲོས་མེད་དང༔ སྒོ་གསུམ་སྨིན་པ་ཚིག་དབང་རིན་ཆེན་དང༔ གཞན་དོན་དབང་སྦྱིན་གཏོར་དབང་རྒྱ་མཚོ་དང༔ ལམ་གྱི་རྐྱེན་སེལ་ཚེ་དབང་རིན་ཆེན་དང༔ ཆོས་ཚན་དྲུག་ཡོད་སྙིང་ལྟར་གཅེས་པར་ཆོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྐྱེ་འགྲོ་རིགས་དྲུག་དོང་ནས་སྤྲུགས་པའི་ཕྱིར༔ ཐུགས་རྗེའི་ཕྱི་སྒྲུབ་ཁྲོམ་ཆོས་ཆེན་པོ་དང༔ ཐུགས་རྗེའི་ནང་སྒྲུབ་རང་ཉམས་ལེན་པ་དང༔ ཐུགས་རྗེའི་གསང་སྒྲུབ་ཕྱག་སྟོང་སྤྱན་སྟོང་དང༔ ཀུན་ཀྱང་འཆི་བ་འདི་ལས་ཐར་མེད་པས༔ མ་བསྒོམ་སངས་རྒྱས་འཕོ་བ་བཏབ་ཆོག་སྟེ༔ དུམ་བུ་བཞི་ཡིན་སྙིང་ལྟར་གཅེས་པར་ཟུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཐུགས་རྗེའི་ཐུགས་ཁྲིད་འཁོར་བ་དོང་སྤྲུགས་ལ༔ སྔོན་དུ་འགྲོ་བ་ཁྲིད་རྐང་བཅུ་ཡོད་ཅིང༔ དངོས་གཞི་ཉིད་ལ་ཁྲིད་རྐང་བརྒྱད་ཡོད་དོ༔ རྗེས་ལ་ཁྲིད་རྐང་ལྔ་ཡིས་སངས་རྒྱས་འགྲུབ༔ བསྟན་པའི་སྙིང་ཡིན་འདི་ཉིད་གཅེས་པར་ཟུངས༔ དོན་ཁྲིད་འདི་ལ་གཙིགས་སུ་བྱེད་པ་གཅེས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལས་ཚོགས་སྐོར་ནི་གང་ལ་གང་འདུལ་ཏེ༔ ཁྲུས་ཀྱི་རྣལ་འབྱོར་ནད་གདོན་སེལ་བ་དང༔ ཟས་ཀྱི་རྣལ་འབྱོར་ཚོགས་གསོག་ལམ་ཁྱེར་དང༔ བསྐོར་བའི་རྣལ་འབྱོར་འགྲོ་བ་ལམ་ཁྱེར་དང༔ གཏོར་མའི་རྣལ་འབྱོར་ཚོགས་གཉིས་ལམ་ཁྱེར་དང༔ གཉིད་ཀྱི་རྣལ་འབྱོར་འོད་གསལ་ལམ་ཁྱེར་དང༔ གཏུམ་མོའི་རྣལ་འབྱོར་འཁྱག་པ་ལམ་ཁྱེར་དང༔ ལྟོག་པ་ལམ་ཁྱེར་བཅུད་འབྱུང་ཆེན་མོ་དང༔ འཇིགས་པ་ལམ་ཁྱེར་གཅོད་ཡུལ་ལམ་ཁྱེར་དང༔ གཞན་ཕན་ལམ་ཁྱེར་བསྲུང་བ་བཅས་ཆོག་དང༔ མེ་མཆོད་ལམ་ཁྱེར་ཚོགས་གསོག་ཆེན་མོ་དང༔ ཆར་གཅོད་ཡིད་བཞིན་ནོར་བུ་ཆེན་པོ་དང༔ བཏགས་གྲོལ་ལམ་ཁྱེར་མཐོང་བ་དོན་ལྡན་དང༔ འབྱུང་བ་རླུང་གི་ལུས་ཀྱི་སྡིག་སྦྱོང་དང༔ མཛེ་ནད་གསོ་བ་ནད་བྱང་ཆེན་པོ་དང༔ སྲི་འུ་གསོ་བ་འཚོ་འཕེལ་ཆེན་པོ་དང༔ ནད་གདོན་བསྲུང་བ་རེག་པ་གོ་ཆ་དང༔ གསོལ་བ་གདབ་པ་བྱིན་རླབས་རྒྱ་མཚོ་དང༔ བུམ་སྒྲུབ་ཆེན་པོ་བུམ་སྒྲུབ་སྲུང་ཟློག་དང༔ གཤིན་ཆོག་སྒྲིབ་པ་ཀུན་སེལ་བདུན་ཚིགས་དང༔ རོ་སྲེག་ཕུང་པོ་ནད་སྦྱོང་ཆེན་པོ་དང༔ སཱཙྪ་གདབ་པ་འབྱུང་བའི་ཚོགས་གསོག་དང༔ དུམ་བུ་ཉི་ཤུ་ལས་ཚོགས་སྐོར་རྣམས་རྫོགས༔ སྐལ་ལྡན་བུ་ཡིས་འདི་རྣམས་ལེགས་པར་སྤྱོད༔ སྤྱི་རུ་དྲིལ་བས་དུམ་བུ་སོ་བདུན་ཏེ༔ འཛོམ་ཡིག་དང་བཅས་སོ་བརྒྱད་དག་གིས་བསྒྲུབ༔ དགོས་འདོད་འབྱུང་བའི་ཡིད་བཞིན་ནོར་བུ་འདིར༔ ཐུགས་རྗེ་ཆེན་པོའི་རིགས་རྣམས་ཐམས་ཅད་འདུས༔ བདེ་གཤེགས་རྒྱལ་བ་ལྷ་ཚོགས་ཀུན་འདུས་ཤིང༔ འདི་དང་ངན་སོང་ཀུན་སྐྱོབ་གཉིས་སྦྲེལ་ན༔ གསེར་གྱི་རྡོ་རྗེ་གཡུ་ཡི་དྲིལ་བུ་ལ༔ ཉི་ཟླ་གཟའ་སྐར་ཕྲ་ཡིས་བཏབ་པ་འདྲ༔ དེ་ཡི་ཕྱིར་ན་འདི་ཉིད་གཅེས་པར་ཟུངས༔ འདི་དང་ངན་སོང་ཀུན་སྐྱོབ་གཉིས་སྦྲེལ་ན༔ ཕོ་བྲང་ལོངས་སྤྱོད་ཁྱིམ་བདག་འཛོམ་པ་འདྲ༔ འདི་དང་ངན་སོང་ཀུན་སྐྱོབ་གཉིས་འཛོམས་ན༔ དཔའ་བོས་གོ་བཏགས་ལག་ཏུ་མཚོན་ཐོགས་འདྲ༔ འདི་དང་ངན་སོང་ཀུན་སྐྱོབ་གཉིས་འཛོམས་ན༔ འཁོར་ལོ་སྒྱུར་རྒྱལ་བློན་འབངས་རྒྱས་པ་འདྲ༔ དེ་ཡི་ཕྱིར་ན་འདི་ཉིད་གཅེས་པར་ཟུངས༔ འདི་འདྲའི་ཟབ་ཆོས་ཁ་ཚང་དོན་འདྲིལ་བ༔ མ་འོངས་དུས་སུ་འགྲོ་བའི་གཉེན་གཅིག་པུ༔ བཻ་རོའི་སྤྲུལ་པ་རྡོ་རྗེ་གླིང་པར་གྲགས༔ པར་པ་ཏ་རུ་ཆོས་ཀྱི་འཁོར་ལོ་བསྐོར༔ རྒྱ་གར་ཡུལ་དུ་སྙན་པས་ཁྱབ་པ་འབྱུང༔ སྐལ་ལྡན་ཐུགས་སྲས་དེ་དང་འདི་འཕྲད་ན༔ ལུང་ཟིན་ཆོས་བདག་བུ་མཆོག་མང་པོ་དང༔ ཉེ་བའི་བུ་མོ་རྩ་ལྔ་་་དཔེ་གཅིག་ཏུ།བརྒྱད་ལྔ་ལ།་་་ལ་སོགས་འབྱུང༔ ཐེམ་བྱང་སྡོམས་ལ་ལག་ཁྲིད་ཟུར་དུ་སྟོན༔ དབང་དང་ཁྲོམ་ཆོས་འཕོ་བས་འབྲེལ་པ་ཐོབ༔ སྒྲུབ་ཐབས་ཀུན་གྱིས་རང་གཞན་དངོས་གྲུབ་སྒྲུབས༔ ལས་ཚོགས་ཀུན་གྱིས་གང་དགོས་མིག་ཚག་ཁོབས༔ ལས་བྱང་ཉིད་ཀྱིས་ཀུན་གྱི་ཁ་བསྐང་བྱ༔ ཟབ་ཁྲིད་ཉིད་ཀྱིས་ལས་ཅན་གྲོལ་བར་ཤོག༔ བཀའ་སྲུང་སྐུལ་ལ་བསྟན་པའི་དགྲ་བོ་སྒྲོལ༔ རང་གཞུང་ཚུགས་ལ་སྒྲུབ་ཐབས་བསྟན་པ་ཚུགས༔ ཐུགས་རྗེའི་བསྟན་པ་དར་ཞིང་རྒྱས་པར་འགྱུར༔ དེ་ཡི་ཕྱིར་དུ་ཐེམ་བྱང་ཡི་གེར་བཀོད༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཐུགས་རྗེས་སྐྱེ་འགྲོ་ཆོས་ལ་ཚུད་པ་དང༔ སྡུག་བསྔལ་ཀུན་ཞི་བདེ་ཆེན་ཐོབ་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ དམ་རྒྱ༔ བཀའ་རྒྱ༔ བྱ་མཱ་ཏ༔ ༈ ༁ྃ༔ ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཡིད་བཞིན་ནོར་བུའི་ལས་ཚོགས་ཉི་ཤུ་པ་བཞུགས༔ ༁ྃ༔ ྈྈ ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པས༔ ཁྲུས་ཀྱིས་འགྲོ་བ་གཞན་གྱི་ནད་གསོ་ན༔ དཀྱིལ་འཁོར་ནས་ཀྱི་ཚོམ་བུ་བཀོད༔ དབུས་སུ་བུམ་པར་གཟུངས་ཐག་བཏགས་ལ་ལས་བྱང་གཞུང་བསྲང་ཚོགས་ལ་རོལ༔ བུམ་པའི་ནང་དུ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས་ཞུ་བས་བདུད་རྩིར་གྱུར༔ ནད་གདོན་བར་ཆད་ཞི་བར་བསམ་ཞིང༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨེ་ཧོ་ཤུདྡྷེ་ཤུདྡྷེ༔ ཡཾ་ཧོ་ཤུདྡྷེ་ཤུདྡྷེ༔ རཾ་ཧོ་ཤུདྡྷེ་ཤུདྡྷེ༔ ལཾ་ཧོ་ཤུདྡྷེ་ཤུདྡྷེ༔ བཾ་ཧོ་ཤུདྡྷེ་ཤུདྡྷེ༔ ཨེ་ཡཾ་རཾ་ལཾ་བཾ་ཤུདྡྷེ་ཤུདྡྷེ་ཆེ་གེ་མོའི་ནད་གདོན་ཞི་བར་གྱུར་ཅིག༔ ཨ་ཨ་ཨ་སྭཱ་ཧཱ༔ སྟོང་ཕྲག་རེ་ལ་ཁྲུས་རེ་བྱ༔ དེ་ཡིས་ནད་གདོན་བར་ཆད་ཞི་ནུས་སོ༔ རྗེས་སུ་བསྔོ་བ་སྨོན་ལམ་གྱིས་རྒྱས་བཏབ་བོ༔ ལེའུ་དང་པོའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈ ༁ྃ༔ ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པའི༔ ཟས་ཀྱི་རྣལ་འབྱོར་ནི༔ རང་ཡི་དམ་དུ་བསྐྱེད་ལ༔ ཟས་སྐོམ་ཨོཾ་ཨཱཿཧཱུྃ༔ གསུམ་གྱི་བྱིན་གྱིས་བརླབས་ཤིང༔ ཨོཾ་ཨཱཿཧཱུྃ༔ རང་ལུས་ཐུགས་རྗེའི་དཀྱིལ་འཁོར་དུ༔ ནང་ནུབ་དུས་གསུམ་ཐམས་ཅད་དུ༔ ཕྱི་ནང་ཚོགས་མཆོད་འདི་འབུལ་བས༔ ཚོགས་གཉིས་རྫོགས་ཏེ་སངས་རྒྱས་ཤོག༔ སརྦ་ཏ་ཐཱ་ག་ཏ་གྷ་ཎ་ཙཀྲ་ལ་ཁཱ་ཧི༔ ཞེས་ཕུལ་ལ་རོལ༔ ལྷག་མ་བྱ་ཁྱི་ལ་སྦྱིན༔ བསྔོ་བས་རྒྱས་བཏབ་ལ་མ་ཎི་བརྒྱ་རྩ་བཟླས༔ དམིགས་མེད་དུ་ཀློད་དོ༔ ལེའུ་གཉིས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པས་བསྐོར་བ་བསྐོར་ན༔ རང་གང་དུ་འགྲོ་ཡང༔ དབུས་ཕྱོགས་སུ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བཞུགས་ཤིང༔ རང་གི་རྐང་པ་བོར་བའམ་བཏེག་ལྟར༔ རིགས་དྲུག་ཐམས་ཅད་ཀུན་བསྐྱེད༔ མ་ཎིའི་སྒྲ་དི་རི་རི་བསྐོར་བར་བསམ་མོ༔ ལེའུ་གསུམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་རྗེ་ཆེན་པོའི་སྒོ་ནས་གཏོར་མ་གཏོང་ན༔ གང་འབྱོར་བཤམས་ལ༔ རཾ་ཡཾ་ཁཾ་གིས་སྦྱངས་ལ༔ ཨོཾ་ཨཱཿཧཱུྃ་གསུམ་གྱིས་བདུད་རྩིར་གྱུར༔ བར་སྣང་ཕྱོགས་གླིང་ལྔ་པའི་དབུས་སུ༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བསམ༔ ཤར་དུ་དཀོན་མཆོག་གསུམ༔ ལྷོར་ཆོས་སྐྱོང༔ ནུབ་ཏུ་ནོར་བདག༔ བྱང་དུ་རིགས་དྲུག་གཞི་བདག་བསམ༔ ཨོཾ་སརྦ་པཱུ་ཙ་བྷ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ ཞེས་འབུལ་ལོ༔ རྗེས་ལ་བསྔོ་བ་སྨོན་ལམ་བཏབ༔ ལེའུ་བཞི་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཐ་མཱ༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱི་རྣལ་འབྱོར་པས༔ གཉིད་ལམ་དུ་ཁྱེར་ན་རང་ཉལ་བའི་སྙིང་ཁ་ལ་པདྨ་འདབ་བརྒྱད་ཀྱི་ནང་ན༔ ཐུགས་རྗེ་ཆེན་པོ་སེན་གང་བ་ཞིག་རྣམ་ཤེས་མར་མེ་ལྟར་གསལ་ལེ་འདུག་པ་ལ༔ མ་ཡེངས་པར༔ སེམས་གཏད་པས་འོད་གསལ་དུ་གྲོལ་ཏེ་སངས་རྒྱས་སོ༔ ལེའུ་ལྔ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པས༔ འཁྱག་པ་ལམ་དུ་ཁྱེར་ན༔ རླུང་གཟུང༔ ལུས་ཀྱི་མགོ་མཇུག་འཕུར་ལ༔ རྐང་པའི་སྟེང་དུ་བྲང་བ་བཞག༔ པུས་མོ་བྲང་ལ་སྦྱར༔ ལག་པ་གཉིས་བར་ལྷུ་བསྡམ༔ རང་ལུས་མེའི་གོང་བུ་ལ་མེ་སྦར་བ་བསྒོམས་ཏེ་སྦྱངས་པས༔ ཞག་གསུམ་ནས་རས་རྐྱང་ཐུབ་བོ༔ ལེའུ་དྲུག་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པས༔ ལྟོག་པ་ལམ་དུ་ཁྱེར་ན༔ རིལ་བུ་མཐེབ་ཆུང་ཙམ་ལ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་ཀྲུག་ཡེ་ཧྲཱིཿཧ་རི་ནི་ས༔ སིདྡྷི་ཕ་ལ་ཧྲཱི༔ ཅེས་པ་སྟོང་ཕྲག་གཅིག་བཟླས༔ ཉི་ཤུ་རྩ་གཅིག་མིད༔ སྟོད་སྨད་བསྐོར་ལ༔ མར་ཁུ་སྙུང་གང་བཏང༔ ཞག་བདུན་སོང་ནས་མུ་གེའི་སྡུག་བསྔལ་ཞི༔ ཟླ་བ་གཅིག་ལ་མཁའ་སྤྱོད་འགྲུབ་པར་འགྱུར་རོ༔ ལེའུ་བདུན་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པས་འཇིགས་པ་ལམ་དུ་ཁྱེར་འདོད་ན༔ རང་གང་གཉན་སར་ཕྱིན་ལ༔ སེམས་ཐུགས་རྗེ་ཆེན་པོར་བསྒོམ༔ ལུས་འདི་ལ་མ་ཆགས་པར༔ གང་ཁྱེར་བ་ཁྱེར་ཤ་ཟོ་ཞིག༔ ཁྲག་ཐུངས་ཤིག༔ རུས་པ་མུར་ཅིག༔ རིངས་ན་མ་བཙོས་ལ་ཟོ་ཞིག༔ མ་རིངས་ན་ཚོས་ལ་ཟོ་ཞིག༔ ཅེས་བློས་བསྐྱུར་བསྡད་པས༔ ལྷ་འདྲེས་མི་བཟོད་པར་དངོས་གྲུབ་སྟེར་དུ་འོང་ངོ༔ ལེའུ་བརྒྱད་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པས༔ སེར་བ་བསྲུང་བར་འདོད་ན་རང་རྟ་མགྲིན་དུ་བསྐྱེད་ལ༔ ཡི་གེ་བཅུ་པའི་མཇུག་ཏུ༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧཱུྃ༔ ཨ་ཡ་མ༔ པྲེ་དུ་ན་ཤ་ལ་ཧ་མ་ཕི་ཕི༔ སྤྲིན་གཏོར་སེར་བ་ཆོམས༔ ནཱ་ག་མཱ་ར་ཡ་ཟློག༔ ཅེས་བཟླས་ཤིང༔ གང་བསྲུང་གི་ཡུལ་ལམ་ས་རྡོ་རྗེ་མེ་རིས་བསྐོར་ཏེ༔ གསེར་གྱི་འཁོར་ལོས་བཀབ༔ སེར་རྐང་སྡིགས་མཛུབ་ཀྱིས་བཅད་པར་བྱའོ༔ ཐལ་ཆེན་དང་ཡུངས་ཐུན་བྲབ་བོ༔ ལེའུ་དགུ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ྈྈ ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པས་མེ་མཆོད་བྱེད་ན༔ ཞི་རྒྱས་དབང་དྲག་བཞི་ཀའི་ཐབ་བརྩིགས་ཏེ༔ ཤིང་སྣ་རྙེད་ཚད་བསགས་ཏེ༔ མེ་རྫས་སྣ་ཚོགས་ལ་སྦང་ཕྱེ་དང་བཅས་པས་བསྐོར༔ གང་དམིགས་ཀྱི་སྐྲ་དང༔ གོས་དུམ༔ སེན་མོ༔ ཁ་རླངས༔ དྲི་མ་རྣམས་བསགས་ཏེ༔ མེ་བཅུག་སྟེ༔ ལས་བྱང་ལྟར་ལྷ་དང་བཅས་པ་སྤྱན་དྲངས༔ ཕྱི་ནང་མཆོད་པ་བཤམ༔ མ་ཎིའི་སྒྲ་དབྱངས་ཀྱིས་བསྐོར༔ རྩ་སྔགས་ལྷ་རེའི་མཚན་ལ༔ ཞལ་དུ་འབུལ༔ རྗེས་ལ་དུ་ན་རམ་གྱིས་དགྲ་བགེགས་བསྲེག༔ དངོས་གྲུབ་བླང༔ ཡེ་ཤེས་པ་གཤེགས༔ བསྔོ་བ་སྨོན་ལམ་གྱིས་རྒྱས་གདབ་བོ༔ དེས་ལས་བཞི་གང་བསམ་ཐོགས་པ་མེད་པར་འགྲུབ་བོ༔ ལེའུ་སྟེ་བཅུ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པས་ཆར་གཅོད་ན༔ རང་ཡི་དམ་དུ་བསྒོམས་ལ༔ གཡེར་མ༔ ཚྭ༔ བག་ཕྱེ་རྣམས་བསྲེས་ཏེ༔ གསང་སྔགས་འདི་ཟླས་སོ༔ རྩ་སྔགས་ཤམ་བུར༔ ཨོཾ་ཆར་ཆོད་སྤྲིན་གཏོར༔ ས་མིན་བྷ་ར་ཡ་སྔོ་ཐེར༔ ཅེས་བརྗོད་ལ་ཁས་ཕྱོགས་བཅུར་གཏོར༔ ཐེ་ཚོམ་མེད་པར་ཆོད་དོ༔ ལེའུ་བཅུ་གཅིག་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་རྗེ་ཆེན་པོའི་སྒོ་ནས་བཏགས་གྲོལ་བྱེད་ན༔ མེ་ལོང་མཁྱིད་བསྐོར་མ་ལ༔ བྱང་སེམས་དཀར་དམར་བཟང་དྲུག༔ སྐྱེ་བདུན་ཤ༔ མཚལ་དཀར་ལ་ཕྱེ་བསྲེས་ལ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་ཏྲི་ཎི་སུ་བེ་དུ་ཛ༔ མ་ནུའི་སྡིག་པ་ཧང་ཧང༔ ཞེས་བྲིས་ཏེ་ཤ་དྲོད་དང་མ་བྲལ་བར་བཏགས་པས༔ གང་རེག་ཀྱང་སྡིག་སྒྲིབ་དག་ནས་སངས་རྒྱས་སོ༔ ལེའུ་བཅུ་གཉིས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པས༔ རླུང་གི་ལས་ནི༔ ཤོག་གུའམ་ནི་ཤིང་བྱང་ལ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སརྦ་ཏ་ཐཱ་ག་ཏ་སྡིག་སྒྲིབ་ཐམས་ཅད་ཡ་ཡཾ༔ ཡཾ་ཡཾ་སིདྡྷི་ཧྲཱིང་ཧྲཱིང་ཧཱུྃ༔ ཞེས་བྲིས་ཏེ༔ རླུང་འོང་ཕྱོགས་སུ་འཁོར་དུ་གཞུག་གོ༔ དེས་རེག་ཚད་སེམས་ཅན་རྣམས་སྡིག་སྒྲིབ་དག་གོ༔ ལེའུ་བཅུ་གསུམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པས༔ མཛེ་གསོ་ན༔ དཔལ་རྟ་མགྲིན་ཁྲོས་པར་བསྐྱེད་ལ༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧཱུྃ་ཕཊ༔ ནཱ་ག་རཱ་ཙའི་སྲོག་ལ་མྱོས༔ ཡ་མ་བ་བྷི་ལར་ན་ཕཊ༔ ཅེས་བཟླས་ཏེ༔ ཆུ་དག་གླ་རྩི༔ ར་ཁྲག་རྣམས་ཀྱིས་བྱུག་གོ༔ སྐབས་སུ་བུམ་སྒྲུབ་བྱའོ༔ དེས་སོས་པར་ཐེ་ཚོམ་མེད༔ ལེའུ་བཅུ་བཞི་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པས༔ སྲིའུ་གསོ་ན༔ གཏོར་མ་བཤམ༔ ལས་གཞུང་བསྲང༔ ཚོགས་ལ་རོལ༔ ཕྱག་འཚལ་ཡོན་འབུལ༔ གཏོར་མ་མགོ་ལ་བཞག༔ ཧྲཱི༔ དུས་གསུམ་བདེར་གཤེགས་ཀུན་འདུས་པའི༔ ཐུགས་རྗེ་ཆེན་པོ་གཙོ་འཁོར་གྱིས༔ བྱིས་པ་སྐྱོབས་ལ་ནད་གདོན་སྲུངས༔ ཚེ་སྲིངས་ནོར་སྤེལ་བདེ་ལེགས་སྒྲུབས༔ ཞེས་མཇུག་ཏུ༔ ཆོས་སྐྱོང་ལ་གཉེར་གཏད༔ སྐབས་སུ་ཁྲུས་བྱའོ༔ གུ་གུལ་ལ་སྔགས་འདི་བརྒྱ་དང་བརྒྱད་བཏབ་ལ་སྣར་བདུག་པས༔ ཟླ་བ་རེ་ཐུབ་བོ༔ སྲུང་བའི་མཆོག་ནི་དྲི་ཆུ་ལ༔ ཨོཾ་བཛྲ་ཧ་རི་ནི་ཤོ་ལ་ཀ་བར་ཕཊ༔ ཅེས་པའོ༔ དེས་བཏབ་ལ༔ ཕྱིར་བཀྲུས་པས་ནད་ཐམས་ཅད་ཞི༔ བར་ཆད་མི་འབྱུང་ངོ༔ གཏེར་རྒྱ༔ སྦས་རྒྱ༔ ྈྈྈ ༁ྃ༔ ཐུགས་རྗེ་ཆེན་པོའི་སྒོ་ནས་བསྲུང་བ་བྱེད་པ་རྣམས༔ ཡར་ཚེས་བཟང་པོ་ལ་ཤོག་གུ་མཐོ་སྐོར་ཆ་ལ༔ མུ་ཁྱུད་རིམ་པ་གསུམ་བགོས་ཏེ༔ ཕྱི་མ་ལ་ཡེ་དྷརྨཱ༔ ནང་མ་ལ་ཨཱ་ལི་ཀཱ་ལི་བྲི༔ རྩིབས་བཞི་ལ༔ ཤར་དུ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཐོད་ཕྲེང་རྩལ་ཧཱུྃ་ཧཱུྃ༔ ནད་གདོན་ཐམས་ཅད་རཀྵ་རཀྵ༔ ལྷོ་རུ༔ ཨཱོཾ་བཛྲ་ཀྲོ་དྷ་ཧྱ་གྷྲི་ཝ་ཧཱུྃ་ཕཊ༔ ནད་གདོན་ཐམས་ཅད་རཀྵ་རཀྵ༔ ནུབ་ཏུ༔ ཨོཾ་དྷུ་མ་གྷ་ཡེ་ཧ་རི་ནི་ས་ཧཱུྃ༔ ནད་གདོན་ཐམས་ཅད་རཀྵ་རཀྵ༔ བྱང་དུ༔ ཨོཾ་མ་ཧཱ་ཀཱ་ལ༔ བཛྲ་ས་དུ་མ་མ་ཡོ་གི་ནཱི༔ སརྦ་དུཥྚཱན་ཧཱུྃ་ཕཊ༔ ནད་གདོན་ཐམས་ཅད་རཀྵ་རཀྵ༔ དབུས་སུ་ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ འདི་འཆང་བ་པོ་ཆེ་གེ་མོ་ལ་ནད་གདོན་ཐམས་ཅད་རཀྵ་རཀྵ༔ ཕཊ་སྭཱ་ཧཱ༔ ཞེས་པའི་གང་གནོད་ཀྱི་མིང་བཅུག་སྟེ༔ རྟེན་འབྲེལ་སྙིང་པོ་དང༔ མ་ཎིས་རབ་ཏུ་གནས་ལ༔ སུའི་མགུལ་དུ་བཏགས་པས་ནད་གདོན་བར་ཆད་ཐམས་ཅད་ཐུབ་བོ༔ ལེའུ་བཅོ་ལྔ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པས་གསོལ་བ་བཏབ་པའི་རིམ་པ་ནི༔ རང་གི་སྤྱི་གཙུག་ན་བླ་མ་ལ་སོགས་ཏེ༔ རྒྱལ་བ་རྒྱ་མཚོ་རྣམས་བཞུགས་ཏེ་བྱིན་གྱིས་བརླབས་པར་བསྒོམས་ལ༔ ཧྲཱི༔ ཐུགས་རྗེ་ཆེན་པོ་འགྲོ་བའི་སྐྱབས༔ རྒྱལ་བ་རྒྱ་མཚོ་ལ་གསོལ་བ་འདེབས༔ གསང་སྔགས་རྡོ་རྗེ་ཐེག་པ་ཡི༔ བཅུད་མཆོག་འཐུང་བར་བྱིན་གྱིས་རློབས༔ ཨོ་རྒྱན་པདྨ་འགྲོ་བའི་སྐྱབས༔ བླ་མ་རྒྱལ་བ་རྒྱ་མཚོ་ལ་གསོལ་བ་འདེབས༔ གསང་སྔགས་རྡོ་རྗེ་ཐེག་པ་ཡི༔ བཅུད་མཆོག་འཐུང་བར་བྱིན་གྱིས་རློབས༔ དཔལ་ཆེན་རྟ་མགྲིན་འགྲོ་བའི༴ དཔའ་བོ་རྒྱལ་བ་རྒྱ་མཚོ་ལ༴ གསང་སྔགས་རྡོ་རྗེ་ཐེག་པ༴ བཅུད་མཆོག་འཐུང་བར༴ གསང་བ་ཡེ་ཤེས་འགྲོ་བའི་སྐྱབས༔ མཁའ་འགྲོ་རྒྱལ་བ་རྒྱ་མཚོ་ལ༴ གསང་སྔགས་རྡོ་རྗེ་ཐེག་པ༴ བཅུད་མཆོག་འཐུང་བར༴ མ་མགོན་རྡོར་ལེགས་བར་ཆད་སྲུང་བའི་སྐྱབས༔ ཆོས་སྐྱོང་གཏེར་བདག་རྒྱལ་བ་རྒྱ་མཚོ་ལ༴ གསང་སྔགས་རྡོ་རྗེ་ཐེག་པ༴ བཅུད་མཆོག་འཐུང་བར༴ གྲུབ་ཐོབ་གོང་མ་འགྲོ་བའི་སྐྱབས༔ མཆེད་གྲོགས་ཆོས་མཛད་གོང་མ་ལ༴ གསང་སྔགས་རྡོ་རྗེ་ཐེག་པ༴ བཅུད་མཆོག་འཐུང་བར༴ འགྲོ་དྲུག་མ་རིག་སེལ་བའི་སྒྲོན༔ བླ་མ་ཉིད་ལ་གསོལ་བ་འདེབས༔ བྱང་སེམས་འབྱོང་བར་བྱིན་གྱིས་རློབས༔ སྙིང་རྗེ་འབྱོང་བར་བྱིན༴ གཞན་དོན་འགྲུབ་པར་བྱིན༴ རེ་འདོད་བསྐང་བར༴ ཉམས་རྟོགས་འཆར་བར༴ རང་རྒྱུད་སྨིན་པར༴ གཞན་དོན་གྲོལ་བར༴ རིགས་དྲུག་དོང་ནས་སྤྲུགས་པར༴ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ དེས་གང་མང་བྱིན་ཕབ་ཅིང་ཉམས་སྐྱོང་བར་བྱའོ༔ ལེའུ་བཅུ་དྲུག་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་རྗེ་ཆེན་པོའི་སྒོ་ནས་བུམ་སྒྲུབ་བྱེད་པར་འདོད་ན༔ དུས་ཚོད་ཡར་གྱི་ངོ་ལ༔ དཀར་གསུམ་མངར་གསུམ་ལ་སོགས་མཆོད་ཚོགས་རྒྱ་ཆེན་པོ་བྱས་ལ༔ རབ་ནི་དཀྱིལ་འཁོར་རྒྱས་པ་བྲི༔ འབྲིང་སྒོ་མེད༔ ཐ་མ་ནས་ཀྱི་ཚོམ་བུ་བཀོད་པའི་དབུས་སུ༔ ཙ་ཀ་ལི་རྣམས་བསྐོར༔ བུམ་པ་མཚན་ཉིད་དང་ལྡན་པ་ལ༔ ཁ་རྒྱན་མགུལ་ཆིངས་དང༔ བུམ་རྫས་རྫོགས་པར་བྱས་ལ་བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང་གི་དབུས་སུ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་རྫོགས་པར་བསྒོམ༔ སྒྲུབ་བྱེད་ཀྱི་གང་ཟག༔ རབ་དགེ་སློང༔ འབྲིང་སྔགས་པ༔ ཐ་མ་ཡང་དགེ་ཚུལ་ཚུལ་ཁྲིམས་དང་ལྡན་པ་ལྔས་རྒྱུན་བྱ༔ གཅིག་གིས་ཁ་སྐོང་བྱ༔ ཐུན་དྲུག་ཏུ་ལས་བྱང་ལྟར་མཆོད་བསྟོད་ཚོགས་བྱའོ༔ མ་ཚར་བར་གྱི་ཐོ་རངས་ཉི་ཤར་ལ་གཏོར་དབང་བྱ༔ བུམ་དབང་བདུན༔ བུམ་དབང་སྦྱིན་བདག་ལ་བསྐུར་རོ༔ འདིའི་བསོད་ནམས་ནི༔ ཚེ་རིང་བ་དང༔ སྲུང་འཁོར་དང་ནད་གདོན་བྲལ་བ་དང༔ བྱད་ཁ་ཟློག་པ་དང༔ ལྟས་ངན་ཟློག་པ་དང༔ ཡམས་ཟློག་པ་དང༔ དམག་ཟློག་པ་དང༔ ལས་སོགས་གང་ཡང་འགྲུབ་བོ༔ སྡིག་སྒྲིབ་སྦྱང་ཞིང༔ བསྐལ་པ་སྟོང་དུ་བསགས་པའི་སྡིག་སྒྲིབ་བྱང་བར་འགྱུར་རོ༔ བར་སྐབས་སུ་ཚོགས་གཏོར་འབུལ་ཞིང༔ ཚར་དུས་སུ་ཡུལ་གྱི་མི་དང༔ དགེ་འདུན་ལ་སོགས་ཚོགས་འཁོར་ལ་སོགས་རྒྱ་ཆེན་བྱ༔ དཔོན་སློབ་རྣམས་འབུལ་བས་མཉེས་པར་བྱའོ༔ ལེའུ་བཅུ་བདུན་པའོ༔ ས་མ་ཡ༔ རྒྱ་རྒྱ༔ ༁ྃ༔ ཐུགས་རྗེ་ཆེན་པོ་བསྒོམས་ནས་གཤིན་ཆོག་དང་བདུན་ཚིགས་བྱེད་ན༔ དང་པོར་དཀྱིལ་འཁོར་ལེགས་པར་བྲིས༔ བུམ་པ་བཅའོ༔ ཕྱི་ནང་གི་མཆོད་པ་ཆ་ལྔ་བཤམ༔ སྨན་རག་གཏོར་མ་བཅའ༔ ས་རྒྱན་གནམ་རྒྱན་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་ཞིང་བཀོད་པ་ལེགས་པར་བྱའོ༔ དེ་ནས་ལས་བྱང་ལྟར༔ སྐྱབས་འགྲོ་ནས་གཞུང་བསྲང༔ བགེགས་གཏོར་སྦྱིན་ལ༔ རུས་བུའམ་དྲི་གོས་ལ་བགེགས་བསྐྲད༔ དཀྱིལ་འཁོར་འགྲམ་དུ་བཞག༔ ཕྱི་ནང་མཆོད་པ་རྒྱས་པ་དང༔ ཕྱག་བརྒྱ་དང༔ མ་ཎི་བརྒྱ་རྩ་རེ་དང་སྤེལ༔ ཚོགས་ལ་རོལ༔ རྗེས་ལ་རྟ་མགྲིན་གྱི་ང་རྒྱལ་གྱིས་གཤེད་བསྒྲལ༔ དཀྱིལ་འཁོར་གྱི་འགྲམ་དུ་རིགས་དྲུག་གི་དཀྱིལ་འཁོར་བྲིས་ལ༔ མཚན་རེ་བཞིན་འདོན་ནོ༔ གཤིན་པོ་ཚེ་འདས་རིགས་དྲུག་གི་ས་བོན་བཏང་སྟེ༔ རྣམ་ཤེས་ཐུགས་རྗེ་ཆེན་པོར་གྱུར་པར་བསམ༔ ཐུབ་པ་དྲུག་ལ་ཕྱག་བརྒྱ་རྩ་རེ་འཚལ༔ མ་ཎི་བརྒྱ་རྩ་རེ་བཟླས༔ ཚེ་འདས་མིང་འདི་ཞེས་བྱ་བ༔ དམྱལ་བའི་གནས་ནས་བཏོན་ཏེ༔ བདེ་བ་ཆེན་པོར་སངས་རྒྱས་སོ༔ ཞེས་འགྲེས་དེ་ཀུན་ལ་སྦྱར༔ དེ་ནས་རིགས་དྲུག་གི་དཀྱིལ་འཁོར་བཤིག༔ ས་བོན་བསྲེག༔ ཐུབ་པ་དྲུག་དང་མཚན་བྱང་རྣམས་དཀྱིལ་འཁོར་འགྲམ་དུ་བཞག༔ རྗེས་ཟས་གཏད་བྱའོ༔ དེ་ནས་བུམ་དབང་ལྟར་དབང་བསྐུར་བྱ༔ དེ་ནས་བསྟོད་པ་དང་ཛཔ྄་དབྱངས་བྱས་ཏེ༔ བདེ་བ་ཆེན་པོར་རྣམ་ཤེས་སྤར་ཏེ་ལམ་བསྟན་པར་བྱའོ༔ མཚན་བྱང་བསྲེག༔ སཱཙྪ་གདབ༔ རང་གནས་སུ་བསྐྱལ༔ དེ་ནས་ལས་བྱང་ལྟར་གཏོར་མ་གཏང༔ གསོལ་བ་བཏབ༔ དཀྱིལ་འཁོར་བསྡུ༔ བསྔོ་བ་བྱ༔ སྨོན་ལམ་བཏབ༔ གསོན་པོའི་དོན་དུ་ཚེ་འགུགས་དབང་བསྐུར༔ བཀྲ་ཤིས་བརྗོད་མ་ཎི་ཚར་རེ་བྱའོ༔ དེ་ལྟར་ཟས་འཚོལ་མ་ཡིན་གཞན་དོན་དུ་བྱམས་སྙིང་རྗེ་འབྱོངས་ནས༔ སེམས་ཅན་རྣམས་ཆུས་ཁྱེར་བ་ལ༔ གྲུས་སླེབ་པ་ལྟ་བུའི་དགེ་བ་དང༔ བསོད་ནམས་འབྱུང་བས་ཀུན་གྱི་དོན་དུ་བྱའོ༔ གཤིན་ཆོག་ངན་སོང་དོང་སྤྲུགས་ཞེས་བྱ་བའི་ལེའུ་སྟེ་བཅོ་བརྒྱད་པའོ༔ ས་མ་ཡ་རྒྱ་རྒྱ༔ ༁ྃ༔ ཐུགས་རྗེ་ཆེན་པོ་བསྒོམས་ནས་རོ་བསྲེག་པར་འདོད་ན༔ ས་གཙང་མར་ཤིང་བརྩེགས་ལ༔ དཀྱིལ་འཁོར་ཞལ་ཕྱེ༔ མཆོད་གཏོར་རྣམས་བཤམ༔ རོ་ལ་དང་པོ་བགེགས་བསྐྲད༔ མཆོད་རྫས་བྱིན་གྱིས་བརླབ༔ མེ་ཁུང་དཀྱིལ་འཁོར་དུ་བསྒོམ༔ དེ་ནས་རོ་ལ་བུམ་ཆུས་ཁྲུས་བྱ་ཞིང༔ གཤིན་པོ་ཚེ་ལས་འདས་པའི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་ཞི་ཞིང་བྱང་ནས༔ རྣམ་ཤེས་ཐུགས་རྗེ་ཆེན་པོའི་ཐུགས་སུ་སངས་རྒྱས་པར་གྱུར་ཅིག༔ ཅེས་བརྗོད་དབང་བསྐུར་རྒྱན་བཏགས༔ གོས་བསྐོན་ལ་ཐབ་ཏུ་བཅུག༔ བར་དེར་བསྲེག་རྫས་རྣམས་གསོག་ལ༔ བསྐྱེད་རིམ་བསྒོམ་རོལ་མོས་སྤྱན་དྲངས་པ་དང༔ མེ་སྤར་བས་སྙོམ་པར་བྱའོ༔ དེ་ནས་མཆོད་པ་དང་གཏོར་མ་དང༔ མར་ཁུ་དང༔ ཟས་སྣ་འབྲུ་སྣ་རྣམས་ཨོཾ་ཨཱཿཧཱུྃ་གསུམ་གྱིས་ལས་བྱང་ལྟར་བྱིན་གྱིས་བརླབ༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་འབུལ་བར་བསམ༔ མར་ཁུ་དགང་བླུག་གིས་འབུལ་ཞིང༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ གཤིན་པོ་ཚེ་ལས་འདས་ཤིང་ལུས་བརྗེས་པ་མིང་འདི་ཞེས་བྱ་བས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་ཞི་བ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ཚན་རེ་ནས་འབུལ་ཞིང་གསོལ་བ་བཏབ་བོ༔ གཞན་མི་ལྷག་རྣམས་ཀྱིས་བསྐོར་བ་བྱ་ཞིང་གསོལ་བ་བཏབ་བོ༔ མ་ཎི་འུར་རྒྱག་ཏུ་འཆམ་མོ༔ ཆོ་ག་པས་ལས་བྱང་ལྟར་གཞུང་བསྲང༔ ཚོགས་འབུལ་མཆོད་བསྟོད་གཤགས་པ་འབུལ༔ དེ་ལྟར་ཚར་བ་དང་གཏོར་མ་གཏང༔ དཀྱིལ་འཁོར་བསྡུ༔ བླ་མ་ཆེན་པོ་ཡིན་ན་ཞག་བདུན་གྱི་བར་ལ༔ མ་ཎི་རྒྱུན་མ་ཆད་པར་བསྐོར་བའི་རྒྱུན་བཟུང་བར་བྱའོ༔ དུས་དྲུག་ཏུ་ཚོགས་སྐོང་དང༔ ལས་བྱང་གཞུང་བསྲང༔ རུས་པའི་རྟགས་ཐོན་པ་དང༔ དཀྱིལ་འཁོར་བསྡུ༔ གཏོར་མ་གཏང༔ བསྔོ་བ་སྨོན་ལམ་རྒྱ་ཆེན་པོ་བཏབ་བོ༔ རྗེས་མི་མངོན་པར་བྱའོ༔ དེ་ལྟར་མེ་འབར་བའི་ཚེ་ཡང༔ ཧོ༔ ཆོས་སྐུ་དྲི་མེད་ཐུགས་རྗེ་ཆེ༔ སྤྱན་རས་གཟིགས་ཀྱི་ལྷ་ཚོགས་ལ༔ ཚེ་འདས་སེམས་ཉིད་མཆོད་པར་འབུལ༔ གཏི་མུག་དབྱིངས་སུ་ཐིམ་པར་མཛོད༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ བྱང་སེམས་རྣམ་པར་དག་པ་ཡི༔ རིག་སྟོང་བྷུདྡྷ་ཐུགས་རྗེ་ཆེར༔ ཚེ་འདས་ཕུང་པོ་མཆོད་པར་འབུལ༔ མ་དག་གཟུགས་ཀྱི་ཕུང་པོ་སྲེགས༔ མི་འགྱུར་རྡོ་རྗེ་ལྟ་བུའི་སྐུ༔ བཛྲ་ཐུགས་རྗེ་ཆེན་པོ་ལ༔ ཚེ་འདས་རྣམ་ཤེས་མཆོད་པར་འབུལ༔ ཞེ་སྡང་དུག་གསུམ་དག་པར་མཛོད༔ ཡིད་བཞིན་ནོར་བུ་ལྟ་བུ་ཡི༔ རཏྣ་ཐུགས་རྗེ་ཆེན་པོ་ལ༔ ཚེ་འདས་ཚོར་བ་མཆོད་པར་འབུལ༔ མ་དག་ང་རྒྱལ་ཕུང་པོ་སྲེགས༔ དྲི་མེད་པདྨ་ལྟར་དག་པའི༔ པདྨ་ཐུགས་རྗེ་ཆེན་པོ་ལ༔ ཚེ་འདས་འདུ་ཤེས་མཆོད་པར་འབུལ༔ འདོད་ཆགས་དུག་གསུམ་སྲེག་པར་མཛོད༔ ཕྲིན་ལས་ཡོངས་སུ་དག་པ་ཡི༔ ཀརྨ་ཐུགས་རྗེ་ཆེན་པོ་ལ༔ ཚེ་འདས་འདུ་བྱེད་མཆོད་པར་འབུལ༔ མ་དག་ཕྲག་དོག་ཕུང་པོ་སྲེག༔ དུས་གསུམ་སངས་རྒྱས་གཅིག་བསྡུས་པ༔ བླ་མ་རྒྱ་མཚོའི་ལྷ་ཚོགས་ལ༔ ཚེ་འདས་ཚོགས་བརྒྱད་མཆོད་པར་འབུལ༔ དྲི་མ་བརྒྱད་སྲེག་བྱིན་གྱིས་རློབས༔ བདེ་གཤེགས་གཅིག་དྲིལ་དྲེགས་པ་འཇོམས༔ རྟ་མགྲིན་དཔའ་བོ་རྒྱ་མཚོ་ལ༔ ཚེ་འདས་ལུས་འདི་མཆོད་པར་འབུལ༔ དུག་གསུམ་སྲེགས་ལ་ཡེ་ཤེས་སྤོར༔ བདེ་གཤེགས་ཡུམ་ཆེན་དངོས་གྲུབ་སྩོལ༔ མཁའ་འགྲོ་རྒྱ་མཚོའི་ལྷ་ཚོགས་ལ༔ ཚེ་འདས་གཟུང་འཛིན་མཆོད་པར་འབུལ༔ དུག་ལྔ་སྲེགས་ལ་བག་ཆགས་སྦྱོངས༔ བདེ་གཤེགས་བཀའ་བཞིན་སྒྲུབ་པ་ཡི༔ ཆོས་སྐྱོང་གཏེར་བདག་རྒྱ་མཚོ་ལ༔ ཚེ་འདས་ལས་སྒྲིབ་མཆོད་པར་འབུལ༔ སྐུ་གསུམ་མངོན་དུ་གྱུར་པར་མཛོད༔ རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ལ༔ ཚེ་འདས་སྐྱེ་མཆེད་མཆོད་པར་འབུལ༔ སྒྲིབ་པ་གཉིས་པོ་སྲེག་པ་དང༔ ཁམས་གསུམ་སྐྱེ་མེད་དབྱིངས་སུ་སྒྲོལ༔ རང་བཞིན་ལྷུན་གྱིས་གྲུབ་པ་ཡི༔ ཚོགས་གཉིས་ཟུང་འཇུག་ཕྲིན་ལས་འདིས༔ བར་དོར་གནས་པའི་སེམས་ཅན་རྣམས༔ ཐུགས་རྗེའི་ལྕགས་ཀྱུས་མྱུར་དུ་དྲོངས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཚེ་འདས་ཀྱི་སྡིག་སྒྲིབ་ཛྭ་ལ་རཾ༔ པཱུ་ཙ་ཁཱ་ཧི༔ ཞེས་མཚན་བྱང་བསྲེག་པའམ༔ རོའམ་རུས་པ་བསྲེག་པའམ༔ ཡང་ན་བསྲེག་པར་མཛོད་ལ་དག་པར་མཛོད་ཅེས་སྦྱར་སྟེ༔ བདུན་ཚིགས་ཀྱི་མཆོད་འབུལ་བྱས་ཀྱང་རུང་ངོ༔ རོ་སྲེག་སྒྲིབ་པ་ཀུན་དག་པར་བྱེད་པའོ༔ ལེའུ་བཅུ་དགུ་པའོ༔ ས་མ་ཡ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པས་སཱཙྪ་བཏབ་པར་འདོད་ན༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་ནས༔ འཇིམ་པའི་འབི་འབི་ལ་ཨོཾ་ཨཱཿཧཱུྃ་གསུམ་གྱིས་སྦྱོང༔ ཡང་ལན་གསུམ་གྱིས་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་ཏེ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སརྦ་ཏ་ཐཱ་ག་ཏ་རཱུ་པ་ཧཱུྃ༔ ཞེས་བརྗོད་དེ་བརྐོས་ཕོར་ནས་བཏོན་པ་དང༔ རྒྱ་མཚོ་དྲུག་གི་དཀྱིལ་འཁོར་དུ་ཁྲོང་བྱོན་པར་བསམ་ལ༔ གདན་མཐོ་བ་ལ་བཞུགས༔ ཕྱག་འཚལ༔ ན་བཟའ་བསྐོན༔ མཆོད་པ་འབུལ༔ བཀྲ་ཤིས་བརྗོད༔ རབ་ཏུ་གནས༔ ཚོགས་འཁོར་བསྐོར་ལ༔ ཇི་སྲིད་འཁོར་བའི་སེམས་ཅན་གནས་པའི་བར་དུ་མི་འཇིག་ཅིང༔ དེ་ལ་རེག་གམ༔ མཐོང་ངམ༔ དྲན་པ་ཡང༔ སྡིག་པ་ཐམས་ཅད་དག་པར་གསོལ་བ་བཏབ་བོ༔ གཞན་ཡང་བརྐོས་ཕོར་ནམ་མཁའ་དང༔ ཆུ་དང༔ རླུང་དང༔ མེ་དང་གང་སྣང་ལ་མཐར་སྔགས་བརྗོད་དེ་རེག་པས༔ ཐུགས་རྗེ་ཆེན་པོའི་ཕོ་བྲང་གྱུར་པར་བསམ་མོ༔ དེ་ནི་བསོད་ནམས་གསོག་པ་རྣམས་ཀྱི་མཆོག་ཡིན་ནོ༔ ལེའུ་སྟེ་ཉི་ཤུ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈ ཨེ་མ་ཧོ༔ བདག་འདྲ་ཤེལ་དཀར་མཚོ་སྒྲོན་གྱིས༔ སློབ་དཔོན་སྤྲུལ་སྐུའི་སྒྲུབ་སྡེ་བྱས༔ ཁྱད་པར་ཟབ་ཆོས་གདམས་པ་བཟུང༔ མོས་གུས་ལས་འཕྲོ་བྱིན་རླབས་ཞུགས༔ ཁྱད་པར་ལས་ཚོགས་ཟབ་སྐོར་འདི༔ མཉེས་པའི་མཎྜལ་ཚོགས་ཀྱི་འཁོར་ལོ་བསྐོར༔ ལན་གསུམ་ལུང་ཞུས་ཡི་གེར་བཏབ༔ མ་འོངས་སྐལ་ལྡན་རིགས་ཀྱི་བུ༔ བཛྲ་མིང་ཅན་དང་འཕྲད་ནས༔ འགྲོ་དྲུག་སྡུག་བསྔལ་སྐྱོབ་པར་ཤོག༔ ཟབ་ཆོས་ལ་སོགས་ལས་ཚོགས་ཉི་ཤུ་པའི་སྐོར་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈ ྈྈྈྈ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ བཀའ་རྒྱ༔ དམ་རྒྱ༔ གཏད་རྒྱ༔ གྷུ་ཧྱ༔ ཁ་ཐཾ༔ ས་མ་ཡ༔ མདོ་སྔགས་གཉིས་ཀྱི་བདག་པོ་རྡོ་རྗེ་གླིང་པས། ཚེས་བཅོ་ལྔའི་སྲོད་ལ་ཞུན་མར་འོད་ལ་དག་པར་ཕབ་བོ། །དགེའོ།། ༈ ༁ྃ༔ ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ལོ་རྒྱུས་ཐམས་ཅད་བཞུགས་པའི་དབུ་ཕྱོགས་ལགས་སོ། །ྈྈྈྈྈྈ འཕགས་པ་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ༔ ཨེ་མ་ཧོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཡི་དམ་ནང་ནས་མཆོག་གི་སྙིང༔ ཐུགས་རྗེ་ཆེན་པོ་རྩ་བའི་ལྷ༔ རྩ་གསུམ་ཡིད་བཞིན་ནོར་བུ་བསྟན༔ སྐལ་ལྡན་ཀུན་གྱིས་ཉམས་སུ་ལོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈ ཐུགས་རྗེ་ཆེན་པོ་རྩ་གསུམ་འདུས་པ་ཡིད་བཞིན་ནོར་བུ་འདི་ལ༔ དོན་རྣམ་པ་གསུམ་སྟེ༔ དང་པོ་ལོ་རྒྱུས༔ གཉིས་པ་སྒྲུབ་ཐབས༔ ཐ་མ་ལས་ཚོགས་སོ༔ དང་པོ་ལོ་རྒྱུས་ནི༔ གནས་ཆོས་དབྱིངས་སྤྲོས་བྲལ་བདེ་བ་ཆེན་པོའི་ཞིང་ཁམས་ན༔ སྣང་བ་མཐའ་ཡས་ཀུན་གཞི་ཡེ་ཐོག་གི་སངས་རྒྱས་སུ་བཞུགས་པའི་རྩལ༔ ཉི་ཟླའི་མདངས་ལྟ་བུའི་ཐུགས་རྗེ་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུར་ཤར་ཏེ༔ སེམས་ཅན་རྣམས་འཁོར་བ་དོང་ནས་སྤྲུགས་པ་ལས༔ སངས་རྒྱས་ཐམས་ཅད་དགོངས་པ་གཅིག་ཏུ་འདུས་པ༔ པདྨ་འབྱུང་གནས་འཁྲུངས་ཏེ༔ རྒྱ་གར་ཤར་ནུབ་ལ་སོགས་ཡུལ་གྲུ་བཅུ་དྲུག་ཆོས་ལ་བཙུད་ནས༔ བྲག་ཕུག་མཱ་ར་ཏི་ཀ་ན་སྒྲུབ་པ་ལ་བཞུགས་པའི་ཚེ་ན༔ སྐུ་ཐུགས་རྗེ་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུར་བསྟན་ཅིང་སེམས་ཅན་དོང་ནས་སྤྲུགས་པ་ལ༔ སངས་རྒྱས་ཐམས་ཅད་དགོངས་པ་གཅིག་ཏུ་འདུས་པའི་པདྨ་འབྱུང་གནས་དེས༔ སྐུ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་སྒྲུབ་ཐབས་བརྒྱ་རྩ་གཅིག་མཛད༔ དུར་ཁྲོད་བསིལ་བ་ཚལ་ན་བཞུགས་པའི་ཚེ༔ ཐུགས་རྗེ་ཆེན་པོ་ངན་སོང་ཀུན་སྐྱོབ་ཀྱི་ཟབ་ཁྲིད་བརྒྱ་རྩ་གཅིག་མཛད༔ གཡའ་རི་གོང་ན་བཞུགས་པའི་དུས་གསུང་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དང་རིགས་འདུས༔ ཡང་སྙིང་འདུས་པ་ལ་སོགས་ཀྱི་སྒྲུབ་ཐབས་སྟོང་ཕྲག་གཅིག་མཛད༔ ཁྱད་པར་གཏུམ་དྲག་འབར་བའི་དུར་ཁྲོད་ལ་བཞུགས་པའི་ཚེ༔ ཐུགས་རྗེ་ཆེན་པོ་བདེ་གཤེགས་འདུས་པ་འདི་ཉིད་ཞལ་བསྟན༔ སློབ་དཔོན་ཉིད་ལ་ལུང་བསྟན་དབང་བསྐུར༔ བླ་ན་མེད་པའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་འདི་མཛད་དོ༔ སློབ་དཔོན་གྱིས་ལྷ་ལྕམ་མན་དྷཱ་ར་བ་ལ་གཏད་ནས༔ ཉམས་སུ་བླངས་པས་ཕུང་པོ་ལྷག་མེད་དུ་སངས་རྒྱས༔ ཨོ་རྒྱན་ཉིད་བོད་དུ་བྱོན་པའི་ཚེ༔ དབུ་སྐྲ་ལྕང་ལོའི་ཁྲོད་དུ་དྲིལ་ནས་བྱོན༔ ལྷ་ལྕམ་ཤེལ་དཀར་བཟའ་ལ་གདམས་ནས་ཉམས་སུ་བླངས་ཏེ༔ བུམ་ཐང་བྱམས་པ་ལྷ་ཁང་གི་དབུ་རྩེའི་སྟེང་དུ༔ ཡི་གེར་བཏབ་ནས་མཚོ་མེ་ལོང་ཅན་ལ་གཏེར་དུ་སྦས༔ མ་འོངས་པའི་དུས་སུ་སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཅེས་སྨོན་ལམ་བཏབ་བོ༔ ལྷ་ལྕམ་ཉིད་དགུང་ལོ་སུམ་བརྒྱ་བཞུགས་ཏེ༔ སེང་གེ་རྫོང་གསུམ་པདྨའི་ཕུག་ཏུ་བསྒྲུབས་པས་ལུས་འཇའ་ལྟར་ཡལ་ལོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལྷ་ལྕམ་ཤེལ་དཀར་བཟའ་ཞེས་བྱ་བ་དེ་ཉིད་མིའི་ལུས་ལ་སངས་རྒྱས་ངོ་བོ་ཡིན་ཏེ༔ ཕྱི་ལྟར་ཡུམ་ཆེན་མོ༔ ནང་ལྟར་ཕག་མོ༔ གསང་བ་ལྟར་སྒྲོལ་མ༔ ཡང་གསང་ལྟར་རྣལ་འབྱོར་མ༔ བདག་མེད་མའམ༔ གོས་དཀར་མོ༔ བླ་མེད་ལྟར་ཀུན་ཏུ་བཟང་མོ༔ ཐིག་ལེ་ལྟར་དབྱིངས་ཀྱི་ཡུམ༔ ཡི་དམ་ལྟར་གསང་བ་ཡེ་ཤེས༔ ཚེ་ལྟར་གྲུབ་པའི་རྒྱལ་མོ༔ དུར་ཁྲོད་ལྟར་ནམ་མཁའ་རོ་ཟན་མ༔ ཁྲོས་དུས་ཨེ་ཀ་ཙཱ་ཏི༔ དོན་ལ་གཙུག་གི་རྒྱན་གཅིག་མ་ཡིན་ཏེ༔ ཐམས་ཅད་གཅིག་ཏུ་འདུས་པའི་སྤྲུལ་པ་དེ་ཉིད་ཀྱིས་སློབ་དཔོན་ཉིད་ལ་ཚོགས་ཀྱི་འཁོར་ལོ་བཤམས་ཏེ༔ གསེར་གཡུའི་མཎྜལ་ཕུལ་ཏེ༔ ཕྱག་འཚལ་ནས་ཞུས་པ༔ སློབ་དཔོན་རིན་པོ་ཆེ་བདག་བུད་མེད་ཀྱིས་ཡི་དམ་ཐམས་ཅད་གཅིག་ཏུ་འདུས་པ༔ བླ་མ་དང་དབྱེ་བ་མེད་པ༔ མཁའ་འགྲོ་དམ་ཅན་ཐམས་ཅད་གཅིག་འདུས་དྲིལ་ཏེ་སྒྲུབ་པའི་ཐབས༔ ཚིག་ཉུང་ལ་ཁ་གསལ་བ༔ ལག་ལེན་བདེ་བ་གཅིག་ཞུ་འཚལ་ཞེས་ཞུས་པས༔ སློབ་དཔོན་གྱིས་བཀའ་བསྩལ་པ༔ ཉོན་ཅིག་ལྷ་ལྕམ༔ དེ་ལྟ་བུའི་གདམས་པ་ཡོད་དེ༔ ཟབ་པའི་ཕྱིར་ལུས་ལོངས་སྤྱོད་ཀྱིས་ཞབས་ཏོག་བྱེད་ནུས་སམ་བྱས་པས༔ ནུས་ཞེས་ཁས་བླངས་ནས༔ སློབ་དཔོན་གྱི་དབུ་སྐྲའི་ཁྲོད་ནས་ཤོག་དྲིལ་དབྱུང་ནས་བཀའ་བསྩལ་པའོ༔ དེ་ལྟར་ལྷ་ལྕམ་ཉིད་ཞག་ཉི་ཤུ་རྩ་གཅིག་ལ་ཡི་དམ་ཞལ་མངོན་སུམ་དུ་བསྟན་ནས་བྱིན་གྱིས་བརླབས༔ མཆོག་ཐུན་མོང་བརྙེས་ནས་གྲུབ་པ་ཐོབ༔ སྐལ་ལྡན་གྱི་བུ་མོ་ཉི་ཤུ་རྩ་གཅིག་སྨིན་པར་བྱས་སོ༔ དེ་ནས་སྤེལ་བའི་གནས་མ་རྙེད་དེ༔ མ་འོངས་པའི་སེམས་ཅན་རྣམས་དྲང་བ་དང༔ ཁྱད་པར་སྙིགས་ལྔ་བདོ་བའི་དུས་གསང་སྔགས་དར་ལ་མ་སྨིན་པ་གཅིག་འབྱུང༔ ཚེ་ལོ་ཡང་ལྔ་བཅུ་ཁ་རལ༔ ནད་གདོན་མུ་གེ༔ མཚོན་གྱི་བསྐལ་པ་དར་བའི་ཚེ༔ སྐྱེས་བུ་སྙིང་སྟོབས་ཅན་བྱ་ཁྱིའི་ལོ་པ༔ ངེས་མེད་དུ་སྤྱོད་པ༔ ཨོ་རྒྱན་གྱི་བྱིན་གྱིས་བརླབས་པ་གཅིག་འབྱུང་གི༔ སྐལ་ལྡན་དེ་དང་འཕྲད་པར་གྱུར་ཅིག༔ འཕྲད་ནས་ཀྱང་སེམས་ཅན་རྣམས་སྨིན་གྲོལ་ལ་འཁོད་པར་ཤོག་ཅིག༔ དེའི་བར་ཐུབ་པར་སྲུངས་ཤིག༔ ཀླུ་བདུད་སྨན་ལྕམ་དཀར་མོ་གཉིས་ཀྱིས༔ དུས་ལ་བབས་ཚེ་ཆོས་བདག་པོའི་ལག་ཏུ་གཏོད་ཅིག༔ ཅེས་སྨོན་ལམ་བཏབ་བོ༔ བྲག་ཕུག་ཏུ་རྒྱ་བདུན་བཏབ་སྟེ༔ བསེའི་གྭའུར་བཅུག་ནས་གཏེར་དུ་སྦས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ཨེ་མ་ཧོ༔ སྙིགས་མའི་དུས་སུ་ཨོ་རྒྱན་ངས༔ ཐུགས་རྗེས་སེམས་ཅན་བསྐྱབ་བྱའི་ཕྱིར༔ ས་འོག་ས་བླར་གཏེར་གྱིས་བཀང༔ ཟབ་ཆོས་འདི་དང་འཕྲད་པའི་བུ༔ གུ་རུ་རྡོ་རྗེ་གླིང་པ་ཞེས༔ སྐལ་ལྡན་གཅིག་ཉིད་འབྱུང་ངམ་སྲིད༔ དེ་ལ་ཟབ་ཆོས་ལེན་པའི་བུ༔ བསྐལ་ཅན་གྲངས་ལས་འདས་པ་འབྱུང༔ ཁྱད་པར་འདི་ཉིད་དབང་བའི་སྣོད༔ འབྲིང་མཚམས་ཁས་སྟོད་ཅེས་པ་རུ༔ བྱི་ཁྱི་རུས་པ་འབྲུག་གི་ལོ༔ ཆོས་ཀྱི་དབང་ཕྱུག་ཅེས་པ་འབྱུང༔ སྐལ་ལྡན་དེ་ལ་ཆོས་འདི་གཏོད༔ ཐུགས་རྗེས་མ་ཎིའི་བསྟན་པ་དར༔ སངས་རྒྱས་བསྟན་པ་དར་བར་འགྱུར༔ དེ་ཉིད་ཚེ་འཕོས་དུས་ཉིད་དུ༔ གདུང་དང་རིང་བསྲེལ་ས་གཡོས་འབྱུང༔ དེ་དང་སུ་འཕྲད་དོན་དང་ལྡན༔ བདེ་བ་ཅན་དུ་ངེས་པར་འགྲོ༔ དེ་ལ་མཆོད་པའི་བུ་མཆོག་ནི༔ བསོད་ནམས་རཏྣ་ནཱ་ཐ་དང༔ ཕ་རོལ་ཕྱིན་དྲུག་རིགས་བཞིའི་མིང༔ གྲངས་མེད་བསམ་འདས་བརྗོད་མེད་འབྱུང༔ དེ་ཕྱིར་ས་ཡི་གཏེར་དུ་སྦས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཅེས་ལུང་བསྟན་ཏེ་སྨོན་ལམ་བཏབ་པའོ༔ ྈྈྈ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ རྡོ་རྗེ་གླིང་པའི་གཏེར་མའོ།། ༈ ༁ྃ༔ ཐུགས་རྗེ་ཆེན་པོ་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་རྩ་བ་བཞུགས་སོ༔ ྈ ྈྈྈྈྈྈ ྈ ྈྈྈ ྈྈྈྈ ྈྈྈྈྈྈ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ འཕགས་པ་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་གཙུག་གི་ནོར་བུ་ཞེས་བྱ་བ༔ དུས་གསུམ་འགྲོ་ལ་གཟིགས་པའི་བྱམས་མགོན་དེ་ལ་ཕྱག་འཚལ་ལོ༔ དད་པ་དང་ལྡན་པའི་སྒྲུབ་པ་པོ་དེས༔ གནས་མཚན་ཉིད་དང་ལྡན་པར་ཕྱིན་ལ༔ མཁོ་བའི་ཡོ་བྱད་བསགས༔ སྟན་བདེ་བ་ལ་འདུག་སྟེ༔ དཀྱིལ་འཁོར་མཆོད་ཚོགས་བཤམ༔ སྐྱབས་འགྲོ་སེམས་བསྐྱེད་ཚོགས་གསག་སྔོན་དུ་བཏང་ལ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཅེས་པས༔ སྣང་སྲིད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་གདོད་ནས་རྣམ་པར་དག་པ༔ ཆོས་སྐུ་སྤྲོས་པ་དང་བྲལ་བ་ཞིག་ཡིན་པ་ལ༔ སེམས་ཅན་རྣམས་ཀྱིས་དེ་ལྟར་ངོ་མ་ཤེས་ཏེ༔ ཁམས་གསུམ་དུ་འཁོར༔ རྒྱུད་དྲུག་ཏུ་འཁྱམས་པ་དེ་ལས་ཐར་བར་བྱ་བའི་ཕྱིར་དུ༔ ཚོགས་གཉིས་གསག་སྒྲིབ་གཉིས་སྦྱོང༔ ལུས་ངག་ཡིད་གསུམ་ལྷའམ་སྔགས་ལ་སོགས་པའི་རིམ་པ་ལ་བསླབ་སྙམ་དུ་སེམས་བསྐྱེད་ལ༔ དང་པོ་སྐད་ཅིག་དྲན་རྫོགས་སུ་བདག་ཉིད་ཀྱི་ལུས་ཐ་མལ་དུ་འདུག་པའི་སྙིང་ཁ་ནས༔ ཧྲཱིཿགནས་པ་ལས་མེ་འབར་ཏེ་ལུས་ཐུལ་གྱིས་ཚིག་པར་བསམ་ལ༔ ཧྲཱིཿལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སེམས་ཅན་ཐམས་ཅད་ལ་ཕོག༔ སྡིག་སྒྲིབ་དག༔ སེམས་ཅན་ཐམས་ཅད་དང༔ ཕྱི་སྣོད་ཀྱི་འཇིག་རྟེན་དུ་འཛིན་པ་ཞུ་ཞིང་དག༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་བརྗོད་པ་ཙམ་གྱིས་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་སྐུར་གྱུར་ནས་ཁྲིག་གིས་གང་བར་བསྒོམ་ཞིང་འོད་ཟེར་ཚུར་འདུས་སྟེ་རང་ལ་ཐིམ་པ་ཙམ་གྱིས༔ བདག་ཉིད་ཉི་མ་ཟླ་བའི་གདན་ལ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ༔ ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ༔ གཡས་ཀྱི་འོག་མ་ན་པདྨ་རཱ་གའི་ཕྲེང་བ་འདྲེན་པ༔ གཡོན་གྱི་འོག་མ་ན་མེ་ཏོག་པདྨའི་ཡུ་བ་ནས་འཛིན་པ༔ སྙན་གྱི་ཐད་དུ་ཁ་ཕྱེ་བ༔ ཞབས་སྐྱིལ་མོ་ཀྲུང་དུ་བཞུགས་པ༔ སྐུ་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ༔ དབུ་སྐྲ་རལ་པའི་ཐོར་ཚུགས་གྱེན་ལ་བཅིངས་པ༔ དར་གྱི་ཅོད་པན་ཅན༔ རིན་པོ་ཆེའི་རྩེ་བྲན་ལྔས་བརྒྱན་པ༔ དེའི་གཡས་ཕྱོགས་ན༔ དཔལ་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་པ༔ སྐུ་མདོག་དམར་པོ་ཕྱག་གཡས་པ་ན་གསེར་གྱི་ཌཱ་མ་རུ་བསྣམས་པ༔ ཕྱག་གཡོན་པ་ན་དངུལ་གྱི་དྲིལ་བུ་བསྣམས་པ༔ དབུ་གཙུག་ན་རྟ་སྐད་འཚེར་ཞིང་གར་བྱེད་པ༔ དཔའ་བོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བར་སྒོམ༔ གཡོན་གྱི་ཕྱོགས་ན་གསང་བ་ཡེ་ཤེས་ཀྱི་ཌཱ་ཀི་མ༔ སྐུ་མདོག་ཤིན་ཏུ་དམར་བ༔ ཞལ་གཅིག་ཕྱག་གཉིས་པ་སྤྱན་གསུམ་པ༔ ཕྱག་གཡས་གྲི་གུག་གཡོན་ཐོད་ཁྲག་བསྣམས་པ༔ རུས་པའི་རྒྱན་དྲུག་གིས་བརྒྱན་པ༔ ཨ་རལླིའི་སྒྲ་སྒྲོག་ཅིང་གར་ཐབས་མཛད་པ་ཙམ་གྱིས༔ མཁའ་འགྲོ་རྒྱ་མཚོའི་དབུས་ན་བཞུགས་ཤིང༔ སྣང་སྲིད་དབང་དུ་སྡུད་པ་དང་བྱིན་གྱིས་བརླབས་པར་སྒོམ་མོ༔ དེའི་སྤྱི་གཙུག་ན་སློབ་དཔོན་པདྨ་འབྱུང་གནས་སྐུ་མདོག་མཐིང་ནག་གཟི་བརྗིད་དང་ལྡན་པ༔ ཨ་ཙ་ར་ལོ་བརྒྱད་ཆ་བྱད་ཅན༔ རུས་པའི་རྒྱན་དྲུག་གིས་བརྒྱན་པ༔ ཌཱ་མ་རུ་དང་དྲིལ་བུ་གསིལ་པ༔ ཉི་ཟླ་པདྨའི་གདན་ལ་གར་ཐབས་སུ་བཞུགས་པ༔ བཀའ་བརྒྱུད་བླ་མ་དང༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང༔ བླ་མ་རྒྱལ་བ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་ཞིང་བཞུགས་ནས་བྱིན་གྱིས་བརླབ་པར་བསྒོམས་ལ༔ རླུང་ཐུབ་ཐང་དུ་བཟུང༔ དེའི་རྒྱབ་ཏུ་ཆོས་སྐྱོང་རྣམས་ཀྱིས་བར་ཆད་སེལ་བ༔ ཞབས་འོག་ནས་གཏེར་བདག་གིས་ལས་བྱེད་པ༔ མདོར་ན་རིགས་དྲུག་སེམས་ཅན་ཐམས་ཅད་མ་ཎིའི་སྒྲ་ཏི་རི་རི་བཟླས་པར་བསྒོམས་ལ༔ དང་པོ་བསྙེན་པ་བསྙེན་སྒྲུབ་དྲིལ་ཏེ་ཉིན་ཁྲི་མཚན་ཁྲི་བཟླས་སོ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཅེས་པའོ༔ དམིགས་པ་ནི༔ རང་གི་སྙིང་པདྨ་འདབ་མ་བརྒྱད་དུ་གྱེས་པའི་ལྟེ་བའི་སྟེང་ཉི་ཟླའི་གྭའུའི་དབུས་སུ༔ ཧྲཱིཿདམར་པོ་གཅིག་བསམ༔ དེ་ལ་ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿས་བསྐོར་བར་བསམ་ལ༔ དེ་གཡས་སྐོར་དུ་འཁོར་ཞིང་འོད་ཟེར་འཕྲོས་པས༔ བདེ་བར་གཤེགས་པ་མཆོད་དངོས་གྲུབ་བརྙེས༔ ཚུར་འདུས་རང་ལ་ཐིམ་ཡང་ཕར་འཕྲོས༔ སེམས་ཅན་གྱི་སྡིག་སྒྲིབ་སྦྱངས༔ ཐམས་ཅད་ཐུགས་རྗེ་ཆེན་པོར་གྱུར་པར་བསྒོམ་མོ༔ སྐབས་སུ་འདི་ཡང་བརྒྱ་རྩ་རེ་ཤམ་བུར་བཏག༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ དྷུ་མ་གྷ་ཡེ་ན་མཿཧྱ་གྷྲཱི་ཝ་ཧཱུྃ༔ ཧ་རི་ནི་ས༔ ར་ཙ་ཧྲི་ཡ༔ སརྦ་སིདྡྷི་ཧཱུྃ༔ ཞེས་པའི་འོད་ཟེར་སེམས་ཅན་ལ་ཕོག་པས༔ ཐམས་ཅད་རང་དབང་མེད་པར་དབང་དུ་འདུས་པར་བསམ་མོ༔ གར་འགྲོ་གར་གནས་ཀྱང་ཆོས་སྐྱོང་གིས་སྲུང༔ གཏེར་བདག་གིས་བཏེག༔ ཌཱ་ཀི་བཞིས་ལས་བྱེད་པར་བསམ་མོ༔ དེ་ལ་ཞག་གྲངས་ནི་རབ་ལ་ཞག་བདུན༔ འབྲིང་ལ་ཉི་ཤུ་རྩ་གཅིག༔ ཐ་མ་ལ་ཡང་ཟླ་བ་གསུམ་ལ་ཚད་དུ་ཕྱིན་ཅིང༔ གྲངས་ཀྱི་ཚད་ནི་འབུམ་ཕྲག་གསུམ་ཡིན་ནོ༔ འགྲུབ་པའི་རྟགས་ནི་ཉམས་དངོས་རྨི་ལམ་མོ༔ ཉམས་སུ་ལུང་སྟོན་པ་ཆོས་འཆད་པ༔ སྣང་བ་བན་བུན་པ༔ ཤེས་པ་འུར་བ་ལ་སོགས་གསང་སྔགས་སྤྱི་ལྟར་འབྱུང༔ རྨི་ལམ་དུ་ཐུགས་རྗེ་ཆེན་པོ་དང་མཇལ་བ༔ བུད་མེད་ཀྱིས་ཟས་གོས་ལོངས་སྤྱོད་བྱིན་པ༔ ཨོ་རྒྱན་ང་ཉིད་དང་འཕྲད་པ་ལ་སོགས་དང༔ ཉི་ཟླ་ཤར་བ་གྲུ་ཟམ་བཙུག་པ༔ གཅེར་བུར་ཕྱིན་པ༔ ཤེལ་རྙེད་པ་ལ་སོགས་འབྱུང༔ དངོས་སུ་ལུས་བདེ་བ༔ ངག་སྙན་པ༔ སེམས་གསལ་བ༔ ཉིན་མོ་མི་འདུས༔ ནུབ་མོ་མཁའ་འགྲོ་འདུ༔ བར་དུ་ཟས་གོས་འདུ༔ བླ་མས་བྱིན་གྱིས་བརླབ༔ ཡི་དམ་གྱིས་ལུང་སྟོན༔ མཁའ་འགྲོས་དངོས་གྲུབ་སྟེར༔ ཆོས་སྐྱོང་གཏེར་བདག་གིས་བར་ཆད་སེལ་བ་ལ་སོགས་པ་མཆོག་ཐུན་མོང་ཐམས་ཅད་འགྲུབ་ཅིང༔ ཁྱད་པར་ཨོ་རྒྱན་ཐུགས་རྗེ་ཆེན་པོ་དང་གཉིས་སུ་མེད་པར་སངས་རྒྱས་སོ༔ རྗེས་ནི༔ དེ་ལྟར་ལྷ་ཚོགས་གསལ་ལ་དེར་ཞེན་མེད་པ༔ རྟག་འཛིན་དུ་མ་འཐས་པ༔ ཡིན་ལུགས་སྟོང་གསལ་ལ་ལྷག་གེར་བཞག་གོ༔ སྐབས་སྐབས་སུ་ལས་བྱང་ལྟར་མཆོད་བསྟོད་དང་ཚོགས་ལ་འབད་དོ༔ དཀྱིལ་འཁོར་བསྡུ༔ དངོས་གྲུབ་བླང༔ དབང་ཞུ༔ ལས་གང་ཡིན་ལ་འཇུག་གོ༔ སྦྱོར་བ་བརྩམས་གཏང་རག་བཏང༔ བསྔོ་བ་སྨོན་ལམ་གྱི་རྒྱ་བཏབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ སྒྲུབ་ཐབས་གཙུག་གི་ནོར་བུ་འདི༔ ཐུགས་རྗེ་ཉིད་ལ་ལུང་ཞུས་ནས༔ ཕྱི་རབས་དོན་དུ་ཡི་གེར་བཀོད༔ ཤེལ་དཀར་ཁྱོད་ཀྱིས་ཉམས་སུ་ལོངས༔ སྐལ་ལྡན་དོན་དུ་གཏེར་དུ་སྦོས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ྈྈྈ ཐུགས་རྗེ་ཆེན་པོའི་རིགས་ཐམས་ཅད་ལ། འདི་ལས་སྒྲུབ་ཐག་ཉེ་བ་དང་བྱིན་རླབས་ཆེ་བ་མེད་པའི་ཕྱིར། བདག་ཉིད་ཀྱིས་ཡི་གེའི་རིས་སུ་བཏབ་པའོ། །དུས་ངན་སྐྱེས་པའི་སྤྲང་པོ་རྡོར་གླིང་པས། ཨོ་རྒྱན་གཏེར་རྙེད་ཡང་ཟབ་གདམས་པ་མཇལ། །ད་རེས་མི་ཡུལ་ཉག་གཅིག་འོང་བ་འདི། །འཁོར་ལོས་སྒྱུར་རྒྱལ་འདྲ་བའི་སྟོབས་མཆོག་མེད་ལགས་ཀྱང་། །སུ་རེག་ཆོས་ཀྱིས་ཕྱུག་པས་དོན་དང་ལྡན་པ་ཨ་ལ་ལ། དེང་ནས་འཁོར་བའི་སེམས་ཅན་མ་སྟོངས་བར། །བདག་དང་སྤྲུལ་སྐྱེས་སེམས་ཅན་དྲན་པ་དང་། །ཐུགས་རྗེས་རེ་འདོད་སྐོང་བར་ཤོག །གཏེར་སྟོན་རྡོ་རྗེ་གླིང་པའི་གཏེར་མའོ། །སརྦ་མངྒ་ལཾ།། ༈ ༁ྃ༔ བླ་མ་རྒྱལ་བ་རྒྱ་མཚོའི་སྒྲུབ་ཐབས་བཞུགས་སོ༔ ྈྈྈྈ བླ་མ་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ༔ བླ་མ་རྒྱ་མཚོ་བསྒྲུབ་པར་སུ་འདོད་པས༔ དབེན་པར་ཕྱིན་ལ་ཕྱི་ནང་མཚམས་བཅད་ནས༔ བདེ་བའི་སྟན་ལ་རང་ཉིད་སྐྱིལ་ཀྲུང་བྱ༔ ཕྱི་ནང་གཏོར་མཆོད་སྨན་རཀ་རྒྱ་ཆེན་བཤམ༔ སྐྱབས་འགྲོ་སེམས་བསྐྱེད་ཚོགས་བསགས་ཏེ༔ བགེགས་གཏོར་བྱིན་ལ་སྡིག་པ་མ་ལུས་བཤགས༔ དངོས་གཞི་རང་ཉིད་ཧྲཱིཿལས་མེ་འབར་བས༔ རྣམ་སྨིན་ལུས་བསྲེགས་ཉི་ཟླའི་སྟེང༔ བདག་ཉིད་ཨོ་རྒྱན་ཐོད་ཕྲེང་རྩལ༔ ཨ་ཙར་ཆ་ལུགས་ལོ་བརྒྱད་ཚུལ༔ མཐིང་ནག་རུས་པའི་རྒྱན་དྲུག་ཅན༔ མེ་ལོང་གཡེར་ཁ་དར་འཕྱང་འཕུལ༔ ཕྱག་གཡས་སེང་ལྡེང་ཅང་ཏེའུ་འཁྲོལ༔ གཡོན་པས་དངུལ་དཀར་དྲིལ་བུ་གསིལ༔ ཡུམ་ཆེན་ཤེལ་དཀར་མཚོ་སྒྲོན་འཁྲིལ༔ དཀར་མོ་བཅུ་དྲུག་གཞོན་ཚུལ་ལོ༔ གཡས་པས་མགུལ་འཁྱུད་གཡོན་པས་བདུད་རྩི་བསྣམས༔ ཞབས་གཉིས་ཡབ་གྱི་སྐེད་ལ་འཁྲིལ༔ རུས་རྒྱན་དར་འཕྱང་མཛེས་འཛུམ་བསྐྱེད༔ དེ་ཡི་གཡས་གཡོན་རྒྱབ་མདུན་དུ༔ རྩ་བརྒྱུད་དུས་གསུམ་བླ་མ་རྣམས༔ ཆ་ལུགས་མ་ངེས་གསལ་བར་བསྐྱེད༔ རླུང་བཟུང་ཐུབ་ཐང་མ་ཡེངས་བསྒོམ༔ དེ་ནས་བཟླས་པའི་རྣལ་འབྱོར་ནི༔ ཐུགས་ཀར་ཉི་སྟེང་ཧཱུྃ་ཉིད་ལ༔ གསང་སྔགས་འདི་ཡིས་བསྐོར་བར་བསྐྱེད༔ ངག་ཏུ་འབུམ་ཕྲག་གསུམ་དུ་བཟླས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ༔ སརྦ་སིདྡྷི་ཕ་ལ་ཧོ༔ སརྦ་ཌཱ་ཀི་ནཱི་ཙིཏྟ་ཧྲཱིང་ཧྲཱིང་ཛཿཛ༔ བདེ་གཤེགས་བླ་མའི་ཐུགས་བཅུད་དོ༔ སྙིང་ཁྲག་ལྟ་བུ་འདི་ཉིད་ལ༔ སུས་བཟླས་ཨོ་རྒྱན་ང་རང་དངོས༔ སྐབས་སུ་དངོས་གྲུབ་བླང་བྱ་ཞིང༔ ལས་བྱང་བཞིན་དུ་ཚོགས་མཆོད་གཏང༔ འགྲུབ་རྟགས་ཉམས་དངོས་རྨི་ལམ་དུ༔ ཨོ་རྒྱན་བདག་ཉིད་དངོས་སུ་འབྱུང༔ ལུང་སྟོན་ཆོས་འཆད་ལེགས་ཉེས་སྨྲ༔ ཚེ་གཅིག་སངས་རྒྱས་ཐོབ་པ་དང༔ གསང་སྔགས་ཡོན་ཏན་ཐམས་ཅད་འབྱུང༔ རྗེས་ལ་བསྔོ་བས་རྒྱས་གདབ་བྱ༔ མ་བཅོས་སྟོང་གསལ་ངང་ལ་བཞག༔ འདི་ལྟར་སྒྲུབ་ཐབས་རྒྱ་མཚོ་འདི༔ གསང་སྔགས་ཀུན་གྱི་བཅུད་ཡིན་པས༔ ཀུན་ལ་མི་སྤེལ་ཟུར་དུ་སྦས༔ ལས་ཅན་གཅིག་བརྒྱུད་སྤེལ་བར་བྱའོ༔ ཨོ་རྒྱན་པདྨའི་བརྒྱུད་འཛིན་ལ༔ གནད་ཀྱི་སྒྲུབ་ཐབས་འདི་མེད་ན༔ གཟུགས་ལ་སྙིང་མེད་ཅི་བཞིན་འདྲ༔ དེ་ཕྱིར་འདི་ཉིད་གཅེས་པར་ཆོངས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བླ་མའི་སྒྲུབ་པ་རྒྱ་མཚོ་རྫོགས་སོ༔ ྈྈྈ སྤྲུལ་སྐུ་རྡོ་རྗེ་གླིང་པའི་གཏེར་མའོ།། ༈ ༁ྃ༔ དཔའ་བོ་རྒྱ་མཚོའི་སྒྲུབ་ཐབས་བཞུགས་སོ༔ དཔའ་བོ་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ༔ གང་ཟག་ལས་ལྡན་རབ་རྣམས་ཀྱིས༔ བར་ཆད་གདུག་པ་ཚར་གཅད་ཕྱིར༔ དཔའ་བོ་རྟ་མགྲིན་བསྒྲུབ་འདོད་ན༔ དབེན་པར་མཚམས་བཅད་གཏོར་ཚོགས་བཤམ༔ བདེ་བའི་སྟན་ལ་འདུག་བྱས་ཏེ༔ སྐྱབས་འགྲོ་སེམས་བསྐྱེད་ཚོགས་བསགས་ལ༔ སྐད་ཅིག་དུར་ཁྲོད་ཆོས་འབྱུང་དབུས༔ མི་རོ་ཉི་ཟླའི་གདན་སྟེང་དུ༔ ཡི་གེ་ཧྲཱིཿཡིག་ཡོངས་གྱུར་པས༔ རང་ཉིད་རྟ་མགྲིན་དབང་གི་སྐུ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ གཡས་པས་གསེར་གྱི་ཌཱ་རུ་ཁྲོལ༔ གཡོན་པས་དངུལ་དཀར་དྲིལ་བུ་གསིལ༔ དབུ་གཙུག་རྟ་མགོ་ཕྱོགས་བཅུར་འཚེར༔ རུས་རྒྱན་ཁ་ཊྭཱཾ་གར་ཐབས་འཆམ༔ ཤར་དུ་རྡོ་རྗེ་དཔའ་བོ་དཀར༔ ལྷོ་རུ་རཏྣ་དཔའ་བོ་སེར༔ ནུབ་ཏུ་པདྨ་དཔའ་བོ་དམར༔ བྱང་དུ་ཀརྨ་དཔའ་བོ་ལྗང༔ གཞན་ཡང་དཔའ་བོ་བསམ་ལས་འདས༔ དུར་ཁྲོད་ཆས་བརྒྱན་འཇིགས་པའི་ཚུལ༔ ཞབས་གཉིས་འདོར་ཐབས་མེ་དཔུང་ཀློང༔ ཡུམ་ཆེན་ཕག་མོ་སྐུ་ལ་འཁྲིལ༔ དུར་ཁྲོད་ཆས་བརྒྱན་ཁྲོས་ཚུལ་ཅན༔ ཕག་ནག་ངུར་སྒྲ་ཕྱོགས་བཅུར་སྒྲོག༔ ཕྱག་གཉིས་གྲི་གུག་ཐོད་ཁྲག་བསྣམས༔ སྟེང་ཕྱོགས་སློབ་དཔོན་པདྨ་ལ༔ གྲུབ་ཐོབ་བརྒྱུད་པས་བསྐོར་བར་བསམ༔ ཁམས་གསུམ་ཟིལ་གནོན་ཧཱུྃ་སྒྲ་སྒྲོག༔ ཐུགས་ཀར་ཡེ་ཤེས་ཚོན་གང་བ༔ སྟོང་གསུམ་གཡོ་ཞིང་འཕར་ལྡེག་འགུལ་བར་བསྒོམ༔ ཐུགས་ཀར་ཧྲཱིཿལ་སྔགས་འདིས་བསྐོར༔ མ་ཡེངས་རླུང་བཟུང་སྔགས་འདི་བཟླས༔ ཨོཾ་ཨཱཿཧཱུྃ༔ བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་ཧཱུྃ༔ བཛྲ་བྷ་ར་ཧི༔ ཀྲོ་དྷི་ཀཱ་ལི༔ ར་ཙ་ཧྲི་ཡ༔ ཧུ་ལུ་ཧུ་ལུ་ཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ གནོད་བྱེད་མཱ་ར་ཡ་སོད༔ ཅེས་པ་འབུམ་ཕྲག་གསུམ་བཟླས་ཤིང༔ སྨྲ་བ་བཅད་ལ་གཏོར་ཚོགས་མཆོད༔ འོད་ཟེར་ཕར་འཕྲོས་བདེར་གཤེགས་མཆོད༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྡུས༔ ཡང་གཅིག་ཕར་ལ་འཕྲོས་པ་ཡིས༔ དྲེགས་པ་ཅན་རྣམས་ཚར་བཅད་དེ༔ ཐམས་ཅད་ཐུག་རྗེ་ཆེན་པོར་བསམ༔ འདི་ནི་གསང་སྔགས་སྙིང་ཡིན་པས༔ བྱད་ཟློག་སྲུང་འཁོར་བྱེད་པ་དང༔ མཛེ་གསོ་སྨྱོ་འདུལ་སེར་བ་སྲུང༔ བསད་པ་གསོ་བ་སྨན་དཔྱད་སོགས༔ ཕྲིན་ལས་གང་ཡང་ཐོགས་པ་མེད༔ ཕྱི་རབས་ཨོ་རྒྱན་བརྒྱུད་འཛིན་ལ༔ ཡང་གསང་གནད་འདི་མེད་པ་ན༔ བྱིས་པས་སྤུ་གྲིར་རྩེ་བ་འདྲ༔ གཅེར་བུར་མདའ་ཁ་འགྱེད་པ་འདྲ༔ འདི་ཡོད་སྡེ་བརྒྱད་གང་འདུལ་ཡང༔ བཙན་པོའི་མཁར་དུ་ཚུད་པ་འདྲ༔ རྡོ་རྗེའི་གོ་ཁྲབ་གོན་དང་མཚུངས༔ དེ་ཕྱིར་གཅེས་པར་སེམས་ལ་ཕུལ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ དཔའ་བོ་རྒྱ་མཚོའི་སྒྲུབ་ཐབས་ཤེལ་དཀར་བཟའ་རྡོ་རྗེ་མཚོའི་ཡི་གེའོ༔ ྈྈྈ དགེའོ།། ༈ ༁ྃ༔ མཁའ་འགྲོ་རྒྱ་མཚོའི་སྒྲུབ་ཐབས་བཞུགས་སོ༔ ྈྈྈ མཁའ་འགྲོ་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ༔ གང་ཟག་སྒྲུབ་བརྩོན་དམ་ཚིག་ཅན༔ མཁའ་འགྲོ་རྒྱ་མཚོ་བསྒྲུབ་འདོད་ན༔ དབེན་པར་མཚམས་བཅད་མཆོད་གཏོར་བཤམ༔ བདེ་བའི་སྟན་ལ་སྐྱིལ་ཀྲུང་བཅའ༔ སྐྱབས་འགྲོ་སེམས་བསྐྱེད་ཚོགས་བསགས་ལ༔ དངོས་གཞི་ཧཱུྃ་ལས་འོད་འཕྲོས་པས༔ གཞལ་ཡས་གྲུ་བཞི་སྒོ་བཞིའི་དབུས༔ ཆོས་འབྱུང་མི་རོ་པད་ཉིའི་སྟེང༔ བདག་ཉིད་གསང་ཡེ་མཁའ་འགྲོ་དམར༔ ཞལ་གཅིག་མཆེ་གཙིགས་སྤྱན་གསུམ་པ༔ ཕྱག་གཡས་གྲི་གུག་གཡོན་ཐོད་ཁྲག༔ རུས་པའི་རྒྱན་དྲུག་གར་སྟབས་འཆམ༔ ཨ་རལླི་ཡི་སྒྲ་སྒྲོག་ཅིང༔ སྤྱི་གཙུག་ཕག་ཞལ་ངུར་སྒྲ་ལྡིར༔ དུར་ཁྲོད་ཆས་བརྒྱན་མེ་དབུས་འགྱིང༔ ཁ་ཊྭཱཾ་རྩེ་གསུམ་མཆན་ཁུང་བསྣམས༔ རིགས་བཞི་མཁའ་འགྲོ་ཐམས་ཅད་དང༔ དཔའ་མོ་རྒྱ་མཚོའི་དབུས་ན་འགྱིང༔ སྤྱི་གཙུག་པདྨ་དེ་ཡི་གཙུག༔ ཚེ་དཔག་མེད་པ་བཞུགས་པར་སྒོམ༔ སྙིང་གར་ཐུགས་རྗེ་ཆེན་པོ་བསམ༔ གདན་འོག་ཆོས་སྐྱོང་སྲུང་མ་རྣམས༔ རིགས་དྲུག་སེམས་ཅན་དབང་སྡུད་ཅིང༔ ཀུན་ཀྱང་ཆོས་ལ་བཙུད་པར་བསམ༔ གསང་སྔགས་འདི་ཉིད་སྨྲ་བ་བཅད༔ ཉིན་ཞག་རྩ་གཅིག་བདུན་འབུམ་བཟླས༔ ཨོཾ་དྷུ་མ་གྷ་ཡེ་ན་མ་ཧ་རི་ནི་ས་ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ བ་སུ་སིདྡྷི་ནཱ་ནཱ༔ ཁ་དྷེ་སིདྡྷི་སརྦ་ཕ་ལ་ཧཱུྃ༔ སིདྡྷི་སྡུས་སྡུས་ཧཱུྃ༔ འོད་ཟེར་ཕར་འཕྲོས་འཕགས་པ་མཆོད༔ ཚུར་འདུས་དངོས་གྲུབ་བསྡུས་པར་བསམ༔ སྣང་ཚད་མཁའ་འགྲོར་ཤིགས་སེ་ཤིག༔ ས་གཞི་མེར་མེར་བཏེགས་པར་བསམ༔ དེ་ལྟར་སུས་བྱས་རྟགས་གསུམ་འཆར༔ ཐུན་མོང་ཚེ་རིང་དངོས་གྲུབ་འབྱུང༔ མཁའ་འགྲོ་སྡེ་ལྔས་ཟས་གོས་སྟེར༔ མཆོག་ཏུ་སངས་རྒྱས་སྐུ་གསུམ་ཐོབ༔ འདི་མེད་གསང་སྔགས་སྒྲུབ་འདོད་པ༔ ཁང་སྟོང་ནང་གི་རྐུན་མ་འདྲ༔ འདི་ཡོད་ཡིད་བཞིན་ནོར་རྙེད་ལྟར༔ སྐབས་སུ་ཚོགས་གཏོར་བསྟོད་པས་བསྐང༔ རྗེས་ལ་བསྔོ་བ་སྨོན་ལམ་བཏབ༔ འདི་འདྲའི་སྒྲུབ་ཐབས་ཡང་ཟབ་འདི༔ ཨོ་རྒྱན་བདག་གི་སྙིང་ཡིན་པས༔ ཤེལ་དཀར་རྡོ་རྗེ་མཚོ་ལ་གཏད༔ ཉམས་སུ་ལོངས་ལ་གཏེར་དུ་སྦོས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མཁའ་འགྲོ་རྒྱ་མཚོའི་སྒྲུབ་ཐབས་ཤེལ་དཀར་བཟའི་ཡི་གེའོ༔ ྈྈྈྈ ྈ གཏེར་སྟོན་རྡོ་རྗེ་གླིང་པའི་གཏེར་མའོ། །བཀྲ་ཤིས་སོ།། ༈ ༁ྃ༔ ཆོས་སྐྱོང་རྒྱ་མཚོའི་སྒྲུབ་ཐབས་བཞུགས་སོ༔ ྈྈྈྈ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཆོས་སྐྱོང་རྒྱ་མཚོའི་སྒྲུབ་ཐབས་བསྟན༔ ཕྱི་རབས་ཆོས་ལ་དགྲ་བྱུང་ན༔ རྟ་མགྲིན་སྤྲུལ་པ་རྡོར་ལེགས་ཀྱི༔ སྒྲུབ་ཐབས་འདི་ཡིས་དགྲ་སྲོག་ཆོད༔ འདི་ལ་སྔོན་འགྲོ་དངོས་གཞི་རྗེས༔ དང་པོ་དབེན་པའི་བྲག་ཕུག་སོང༔ ཤོག་ཤོག་དག་ལ་ལིངྒ་བྲིས༔ དགྲ་ཡི་མིང་རུས་ཟག་རྫས་བྱུག༔ ལྷ་དང་ཕྲལ་ལ་འགུག་གཞུག་བྱ༔ བྲུབ་ཁུང་ཞིག་གི་ནང་དུ་གཞུག༔ དེའི་སྟེང་གཏོར་མ་དམར་ཆེན་དང༔ རཀྟ་སྨན་དང་བདུད་རྩི་བཤམ༔ དེ་ནས་ཕྱི་ནང་མཚམས་བཅད་དེ༔ རང་ཉིད་བདེ་བའི་སྟན་ལ་འདུག༔ བྲིས་སྐུ་བཤམས་ལ་དམིགས་པ་གསལ༔ རང་ཉིད་རྟ་མགྲིན་བསྒོམས་པ་ཡི༔ མདུན་དུ་ཆོས་སྐྱོང་འཁོར་བཅས་བསྐྱེད༔ ཅི་བཅོལ་ཕྲིན་ལས་བྱེད་པར་བསྒོམ༔ ཆ་ལུགས་བསྟོད་བསྐུལ་ཇི་བཞིན་ནོ༔ སྙིང་པོ་འདི་ཉིད་སྨྲ་བ་བཅད༔ ཉིན་ཐུན་མཚན་ཐུན་རྒྱུན་དུ་བཟླས༔ ཨོཾ་བཛྲ་སཱ་དྷུ་ས་མ་ཡ༔ དགྲ་བོའི་སྲོག་ཆོད༔ སྙིང་ཐོན༔ དབུགས་འགམ༔ ཡ་ཡ་རྒྱུག་རྒྱུག༔ བྲེང་བྲེང༔ ལྟས་ངན་ཐོངས་ཤིག༔ དེ་ལ་ཞག་བདུན་འབད་པ་དང༔ ཐོག་ཚག་འོད་དང་མི་ནག་དང༔ དངོས་སུ་དགེ་བསྙེན་ཁོ་རང་འོང༔ དེ་དུས་གསོལ་མཆོད་དག་ལ་རེམ༔ དེ་ནས་གུང་གཉིས་ཟེར་གཉིས་བཞིར༔ འདི་ལྟར་ལས་ལ་བསྐུལ་བར་བྱ༔ ཧཱུྃ༔ རྟ་མགྲིན་སྤྲུལ་པ་རྡོ་རྗེ་ལེགས༔ བཞུགས་ནི་ནམ་མཁའི་དབྱིངས་ན་བཞུགས༔ གནས་ནི་རྒྱ་མཚོའི་གླིང་ན་གནས༔ ལས་ནི་འགྲོ་ཀུན་གྱི་སྲོག་གཅོད་བདག༔ གནས་འདིར་ཤ་ཁྲག་མཆོད་གཏོར་འབུལ༔ ཐུགས་དམ་དབང་གིས་བཞེས་མཛོད་ལ༔ དམ་ཉམས་དགྲ་སྲོག་ཆོད་ལ་ཤོག༔ ཆིབས་སུ་སེང་གེ་མགོ་ལྔ་ཆིབས༔ དགྲ་ལ་ལྟས་ངན་སྣ་ཚོགས་ཐོངས༔ སྐུ་ལ་བསེ་ཁྲབ་དཀར་པོ་གསོལ༔ དགྲ་ལ་ནད་ཡམས་ཆོ་འཕྲུལ་ཐོངས༔ ཕྱག་གཡས་ཞིང་གི་དབྱུག་པ་ཐོགས༔ དགྲ་བོའི་བདུན་རྒྱུད་ཆོད་ལ་ཤོག༔ གཡོན་པས་ཏྲི་ཤུལ་མི་སྙིང་འཛིན༔ དགྲ་བོའི་སྲོག་རྩ་དྲོངས་ལ་ཤོག༔ མཆེ་གཙིགས་རྔམས་པའི་སྲོག་ཟན་ཁྱོད༔ དགྲ་བོའི་བླ་འཁྱམས་འདིར་ཁུག་ལ༔ ཤ་ཁྲག་དམར་གཏོར་འདི་བཞེས་ལ༔ ཁྱོད་ཀྱི་བཀའ་ཉན་ཆོ་འཕྲུལ་ཡང༔ ལ་ལ་སྲོག་གཅོད་ཤན་པའི་རིགས༔ ལ་ལ་འདབ་ཆགས་བྱ་ཡི་རིགས༔ ལ་ལ་ལུས་མེད་སྐད་འཛིན་ཅིང༔ སྣ་ཚོགས་གཟུགས་ཅན་ཆོ་འཕྲུལ་འགྱེད༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ དགྲ་བོ་སྐད་ཅིག་ཡུད་ལ་སྒྲོལ༔ ཆོས་ཆོས་དེ་ནི་དགྲ་ལ་ཆོས༔ དགྲ་ལ་ལྟས་ངན་སྣ་དགུ་ཐོངས༔ ལ་ལ་སྤྲེལ་ཞོན་ཕུགས་སུ་ཐོངས༔ བོང་བུ་ཕྱིར་ཐག་སྒོ་རུ་ཐོངས༔ རྟ་ཕོ་གཡག་མགོ་ཐོག་ཏུ་ཐོངས༔ ཤ་བ་བྲོ་འཁྲབ་སྟེང་དུ་ཐོངས༔ ཁ་ནས་ཁྲག་སྐྱུག་དལ་ཡམས་ཐོངས༔ བྷྱོ་བྷྱོ་བྷྱོ༔ ཞེས་པས་བསྐུལ་ཅིང་ཕུད་གཏོར་རོ༔ ལིང་ག་བཏོན་ལ་གྲི་ཡིས་གཏུབ༔ བསད་རྟགས་སྣ་ཚོགས་འབྱུང་འགྱུར་ཞིང༔ ཉི་ཤུ་རྩ་གཅིག་ཞག་སོང་ནས༔ ལིང་ག་ཆ་གཅིག་མེ་ལ་བསྲེག༔ ཐལ་བ་རླུང་ལ་བསྐུར་ཏེ་བཏང༔ ཆ་གཅིག་ས་ཆུ་གཉིས་ལ་མནན༔ གཏོར་མ་དགྲ་ཡི་ཡུལ་ཕྱོགས་སུ༔ གཅེར་བུར་བསྐུལ་ཡང་བྱས་ལ་བཏང༔ དུས་བཞི་ཀུན་ཏུ་རྦད་པར་བྱ༔ དེ་ཡིས་དགྲ་བོ་རྩད་ནས་གཅོད༔ བསྟན་པ་འཇིག་ལ་ཉེན་ན་སྤྱོད༔ ཀུན་ལ་སྤེལ་ན་དམྱལ་བར་འགྲོ༔ དེ་བས་གཅིག་བརྒྱུད་དམ་པར་བྱ༔ རྣོ་བའི་མཚོན་ཡིན་གཅེས་པར་ཆོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཆོས་སྐྱོང་རྒྱ་མཚོའི་སྒྲུབ་ཐབས་སོ༔ ས་མ་ཡ༔ ྈྈྈྈ གཏེར་སྟོན་རྡོ་རྗེ་གླིང་པའི་གཏེར་མའོ།། ༈ ༁ྃ༔ གཏེར་བདག་རྒྱ་མཚོའི་སྒྲུབ་ཐབས་སོ༔ ྈྈྈ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ གཏེར་བདག་གནམ་སྨན་དཀར་མོའི་སྒྲུབ་ཐབས་མེ་ལོང་ཀུན་གསལ་བསྟན༔ ཕྱི་རབས་རྣམས་ཀྱིས་ཉམས་སུ་ལོངས༔ དབེན་པར་མཚམས་བཅད་མདའ་དར་ལ༔ མེ་ལོང་བཏགས་པ་འཕྱིང་དཀར་སྟེང༔ འབྲང་རྒྱས་མར་དཀར་བརྒྱན་པ་གཙུག༔ ཕུད་གཏོར་སྤོས་དང་གཏོར་ཚོགས་བཤམ༔ ནས་དཀར་བྲེ་གང་ལུག་ཤ་ཡི༔ ལག་པ་གཡས་པ་རྟེན་དུ་བཙུག༔ རང་ཉིད་ཁྲུས་བྱས་སྤོས་ཀྱིས་བདུག༔ བུ་མོ་བཅུ་དྲུག་ལོ་ལོན་པ༔ དར་དཀར་གོས་གོན་མེ་ལོང་ཐོགས༔ རིན་ཆེན་གསེར་གཡུས་བརྒྱན་པ་ལ༔ འཁོར་ཡང་བརྒྱ་སྟོང་བསྐོར་བར་བསམ༔ གསེར་སྐྱེམས་གཏོར་མ་མདའ་ཡིས་འབོད༔ ཀྱཻ༔ མ་གཅིག་གནམ་སྨན་ཤེལ་དཀར་རྡོ་རྗེ་མཚོ༔ རིན་ཆེན་གཏེར་གྱི་བདག་མོ་ཆེ༔ གཙང་མའི་ཕུད་ལ་འདིར་བྱོན་ཅིག༔ འབྲང་རྒྱས་མདའ་དར་རྟེན་ཡོད་དོ༔ སྣང་སྲིད་གསལ་བའི་པྲ་སྟོན་ཅིག༔ དགྲ་བགེགས་བསྒྲལ་བའི་ལས་མཛོད་ཅིག༔ ཅེས་བོས་གསང་སྔགས་འདི་བཟླས་སོ༔ ཨོཾ་ལས་སེའི་བུ་མོ༔ འདིར་ཤོག་པྲ་མོ་སྟོན༔ ཆུ་བུར་མིག་གི་སྒོ་ཕྱེས༔ གསལ་བ་ཡེ་ཤེས་ཀྱི་དོན་སྟོན་ཅིག༔ ཅེས་པ་བརྒྱ་ཕྲག་གཅིག་གམ་སྟོང་ཕྲག་གཅིག་བཟླས་སོ༔ དེའི་ཚེ་གནམ་སྨན་རྒྱུད་ལ་འབབ༔ འཇིག་རྟེན་ཀུན་ལ་ལེགས་ཉེས་སྟོན༔ ཟབ་ཕྱིར་རིན་ཆེན་ས་ལ་སྦས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈ གཏེར་བདག་རྒྱ་མཚོའི་སྒྲུབ་ཐབས་འདི། སྤྲུལ་སྐུ་རྡོ་རྗེ་གླིང་པས་གཏེར་ནས་གདན་དྲངས་པའོ། །འདི་ཉིད་ཀྱིས་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་ཤོག །སརྦ་མངྒ་ལཾ།། ༈ ༁ྃ༔ ཐུགས་རྗེ་ཆེན་པོ་ཀུན་འདུས་ཀྱི་དབང་མཆོག་རེག་པ་སངས་རྒྱས་བཞུགས་སོ༔ ྈྈྈྈྈ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ འཕགས་པ་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ༔ ཐུགས་རྗེ་ཆེན་པོའི་དབང་བཞི་ཡོངས་སུ་བསྐུར་བ་ནི་འདི་ཡིན་ཏེ༔ སྤྲོས་བཅས་དང༔ སྤྲོས་མེད་དང༔ གསང་དབང་དང༔ ཤེས་རབ་ཡེ་ཤེས་ཚིག་གི་ངོ་སྤྲོད་དོ༔ དེ་རྣམས་རེ་རེ་ལ་སྔོན་འགྲོ་དངོས་གཞི་རྗེས་རྣམས་ཡིན་ཏེ༔ དང་པོ་སྔོན་འགྲོ་ལ་གསུམ་སྟེ༔ བསྙེན་པ་བྱ་བ་དང༔ རྫས་གསག་པ་དང༔ དཀྱིལ་འཁོར་བྲི་ཞིང་སྐུར་བའི་བྱེ་བྲག་པའོ༔ དེ་ལ་དང་པོ་བསྙེན་པ་ནི༔ དབང་བསྐུར་བའི་སྔོན་དུ་བླ་མས་ཞག་བདུན་བསྙེན་པ་བྱའོ༔ རྫས་གསག་པ་ནི༔ དབང་རྫས་གང་དགོས་དང༔ མཆོད་རྫས་བཤམ་པའོ༔ དཀྱིལ་འཁོར་ནི༔ དང་པོར་སའི་ལྷ་མོ་བརྟན་མ་ལས་ས་བསླང༔ བར་དུ་བརྐོ༔ བརྟག་སྦྱངས་བཅག་ཅིང་གཟུང༔ ཐིག་གདབ༔ དཀྱིལ་འཁོར་བྲིས་ལ་གཞལ་ཡས་ཁང་དུ་བསྐྱེད་དོ༔ དེ་ནས་དབང་གི་དངོས་གཞི་ནི༔ ཕྱི་རོལ་དུ་སྦྱིན་སྲེག་གིས་སྡིག་སྒྲིབ་སྦྱོང༔ ཁྲུས་བྱ་སྐྱབས་གསོལ༔ ཞུ་བ་འབུལ༔ སྒོ་ར་བ་ལ་གནང་བ་བྱིན༔ ལས་ཀྱི་རྡོ་རྗེས་སྣ་ཁྲིད་ནང་དུ་འོང༔ ཁྲོ་བོས་བགེགས་བསྐྲད༔ ནང་དུ་བཏང་སྟེ་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱ༔ ཕོ་ཐམས་ཅད་གཡས༔ མོ་ཐམས་ཅད་གཡོན༔ ལས་ཚོགས་པ་དབུས༔ བླ་མ་བྱང་ཤར་ནས་བཞུགས་ཏེ༔ མཎྜལ་ཕུལ་ནས་ཞུ་བ་འབུལ༔ བླ་མས་དྲང་དོན་གྱི་ཆོས་བཤད༔ བར་ཆད་བསྐྲད༔ སྲུང་སྐུད་བཏག༔ སྐྱབས་འགྲོ་སེམས་བསྐྱེད་ལས་བྱང་ལྟར་གཞུང་བསྲང༔ ཚོགས་ལ་རོལ༔ བར་དེར་དམིགས་པ་བསྐྱེད་རིམ་ཕོག༔ སྙིང་པོ་སྟོང་ཕྲག་ཏུ་བཟླས་སོ༔ དེའི་དུས་སུ་སློབ་མ་རྣམས་ལ་ཆང་ཐོད་ཕོར་རེ་ལ་སྔགས་བརྒྱ་རྩ་རེ་བཏབ༔ ཆོས་འབྱུང་ཟུར་བརྒྱད་པ་བྲིས་ཏེ༔ རེ་རེ་བྱིན་ལ་བུའི་ལུས་ཁེངས་པར་བསམ༔ དེ་ནས་སློབ་མ་རྣམས་ལངས་སུ་བཅུག་ནས༔ ལག་པ་སྤྱི་གཙུག་ཏུ་ཆོས་འབྱུང་གི་ཕྱག་རྒྱ་བྱར་གཞུག༔ མིག་བཙུམ་སྙིང་གར་ཐུགས་རྗེ་ཆེན་པོ་བསྒོམ༔ སྤྱི་བོར་བླ་མ་བསྒོམ༔ གཡས་གཡོན་དུ་དཔའ་བོ་མཁའ་འགྲོ་རྣམས་ཀྱིས་བསྐོར༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་པ༔ གཡས་ཌཱ་མ་རུ་རུས་རྒྱན་ཅན༔ གཡོན་དྲིལ་བུ་གསིལ་བ༔ ཀུན་ཀྱང་ཨཱ་རལླིའི་སྒྲ་སྒྲོག་ཅིང་གར་སྟབས་སུ་ལིང་ལིང་བྱོན་པར་བསམས་ལ༔ བླ་མ་དེ་རྒྱལ་བ་རྒྱ་མཚོ་ལ་གསོལ་བ་འདེབས་སོ༔ ཡི་དམ་དེ་རྒྱལ་བ་རྒྱ་མཚོ་ལ་གསོལ་བ་འདེབས་སོ༔ དཔའ་བོ་དེ་རྒྱལ་བ་རྒྱ་མཚོ་ལ་གསོལ་བ་འདེབས་སོ༔ མཁའ་འགྲོ་དེ་རྒྱལ་བ་རྒྱ་མཚོ་ལགསོལ་བ༴ བཀའ་སྲུང་དེ་རྒྱལ་བ་རྒྱ་མཚོ་ལ༴ སློབ་དཔོན་དེ་པདྨ་འབྱུང་གནས་ལ་གསོལ༴ ཡི་དམ་དེ་ཐུགས་རྗེ་ཆེན་པོ་ལ༴ སྐལ་བཟང་དེ་སངས་རྒྱས་རྣམས་ལ༴ ཡི་དམ་དེ་དབང་ཆེན་རྟ་མགྲིན་ལ༴ མཁའ་འགྲོ་དེ་གསང་བ་ཡེ་ཤེས་ལ༴ བཀའ་སྲུང་དེ་དམ་ཅན་རྒྱ་མཚོ་ལ་གསོལ་བ་འདེབས་སོ༔ དབང་སྐུར་བྱིན་ཕོབ་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་བརྗོད་ཅིང་མ་ཎིའི་འུར་སྒྲ་བྱས་པས་ལུས་འགུལ༔ ངག་གདུང༔ སེམས་གཡོ་བས་འཁྲབ༔ གུ་གུལ་དང་ཚིལ་ཆེན་བསྲེག༔ རོལ་མོ་དཀྲོལ༔ རྒྱུག་འཆོམས་གར་རྩེད་ཀྱིས་སྣང་བ་བསྒྱུར༔ བྱིན་ཕེབས་པའི་རྟགས་ནི༔ ལུས་ལ་བབས་པས་འཕར་བ་དང༔ ངག་ལ་བབས་པས་སཾསྐྲིཏའི་སྐད་ལ་སོགས་བབ་ཅོལ་དུ་འབྱུང༔ སེམས་ལ་བབས་པས་བདེ་གསལ་མི་རྟོག་པ་ཆོས་ཉིད་ཀྱི་དོན་རྟོགས་པར་འགྱུར་རོ༔ དེའི་རྗེས་སུ་ལུས་སྐྱིལ་ཀྲུང་དུ་མཉམ་པར་བཞག་ལ་འདུག་གོ༔ མེ་ཏོག་བཀྲམ༔ མཎྜལ་འབུལ་ལ་ལས་ཀྱི་སློབ་དཔོན་གྱིས་ཕྱག་འཚལ་ཏེ་འདི་སྐད་ཞུ༔ ཧཱུྃ༔ ཐུགས་རྗེ་ཀུན་འདུས་དཀྱིལ་འཁོར་འདིར༔ བདག་ཅག་རབ་མོས་འཇུག་ལགས་པས༔ དབང་ཆེན་བླ་མ་ཁྱེད་ཀྱིས་ཀྱང༔ བདག་སོགས་སྨིན་པར་མཛད་དུ་གསོལ༔ ལན་གསུམ་བརྗོད༔ བླ་མས་འདི་སྐད་དོ༔ ཧོ༔ སྔོན་བསགས་ལས་ཅན་བུ་རྣམས་ལ༔ གསང་སྔགས་ཀུན་གྱི་སྒོ་དབྱེ་ཕྱིར༔ ཐུགས་རྗེ་ཀུན་འདུས་ལྷ་ཚོགས་ཀྱི༔ དབང་མཆོག་བཞི་རྫོགས་སྦྱིན་པར་བྱ༔ ཞེས་གནང་བ་སྦྱིན༔ དེ་ནས་སློབ་མ་རྣམས་ཀྱི་ངག་ཏུ་བདུད་རྩི་བྱིན༔ རྡོ་རྗེ་མགོ་ལ་བཞག༔ ཧཱུྃ༔ གསང་སྔགས་དབང་གི་དཀྱིལ་འཁོར་འདིར༔ ཞུགས་པའི་བུ་རྣམས་དམ་ཚིག་སྲུངས༔ ཉམས་ན་ན་རཀ་སྡུག་བསྔལ་མྱོང༔ བསྲུང་ན་བླ་མེད་སངས་རྒྱས་ཐོབ༔ ས་མ་ཡ་ཨ་མྲྀཏ་བཛྲ་ཧཱུྃ༔ ཞེས་པའི་རྗེས་ལ་དམ་ཚིག་གི་རྣམ་དབྱེ་བཤད༔ དེར་སློབ་མས་ཁས་བླངས༔ ཧོ༔ བླ་མས་གསུང་བཞིན་དམ་ཚིག་རིགས༔ བདག་ཅག་རྣམས་ཀྱིས་བསྲུང་བར་བྱ༔ ཐུགས་རྗེས་ཟུངས་ལ་སྡུག་བསྔལ་སྐྱོབས༔ རིགས་དྲུག་ཁམས་གསུམ་དོང་སྤྲུགས་ཤོག༔ དེ་ནས་ལྷ་ངོ་སྤྲད་པ་ནི༔ ཧོ༔ མ་རིག་སྡུག་བསྔལ་འཁོར་བར་འཁྱམས༔ གཉིས་འཛིན་བློ་རྨོངས་མིག་ཕྱེ་སྟེ༔ ཡེ་ཤེས་ལྔ་པོ་རང་གསལ་ནས༔ འཁོར་བའི་སྐྱེ་འགྲོ་ད་སྒྲོལ་ཅིག༔ ཅེས་མིག་དབྱེ་བར་བྱ༔ དཀྱིལ་འཁོར་ཕྱོགས་བཞི་ནས་ཕྱག་བཙལ་ལོ༔ དེ་ནས་དང་པོ་ལས་བུམ་གྱི་ཁྲུས་བྱས་པས་སྡིག་པ་དག་པར་བསམ༔ ཧོ༔ སྐུ་གསུམ་ཆུ་ཡི་དྲི་མ་བཀྲུས༔ དག་པའི་ཁྲུས་ཆུ་ཨ་ལ་ལ༔ སྔོན་གྱི་རྒྱལ་བས་བྱིན་བརླབས་ལྟར༔ སྡིག་སྒྲིབ་ཐམས་ཅད་བྱང་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་རྣམས་ནི་དབང་ཐམས་ཅད་ཀྱི་སྔོན་དུ་བཏང་ངོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈ གཉིས་པ་དངོས་གཞི་ལ་བཞི་ལས༔ དང་པོ་ལུས་སྨིན་པའི་དབང་ནི༔ གཙོ་བུམ་གདན་དྲངས་ཐུགས་རྗེ་ཆེན་པོ་དང་དབྱེ་བ་མེད་པར་བསམ་ལ་འདི་སྐད་དོ༔ ཧོ༔ ཆོས་རྣམས་དམིགས་མེད་སྤྲོས་དང་བྲལ༔ ངང་གིས་གསལ་སྟེ་ངོ་བོ་སྟོང༔ ཐུགས་རྗེ་འགག་མེད་རོལ་པའི་རྩལ༔ ཐུགས་རྗེ་རྒྱ་མཚོའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཨོ་རྒྱན་གྱི་སྐུ་བསྟན༔ དབུ་རྒྱན་མགོར་བསྐོན་ལ༔ ཧོ༔ དུས་གསུམ་བདེ་གཤེགས་གཅིག་དྲིལ་བ༔ ཨོ་རྒྱན་པདྨ་ཐོད་ཕྲེང་ཡིན༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ བླ་མ་རྒྱ་མཚོའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྟ་མགྲིན་གྱི་སྐུ་བསྟན༔ ཕུར་པ་མགོ་ལ་བཞག༔ ཧོ༔ སངས་རྒྱས་ཀུན་གྱི་ཡང་སྙིང་བཅུད༔ བཅོམ་ལྡན་རྟ་མཆོག་རྒྱལ་པོ་ཡིན༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ དཔའ་བོ་རྒྱ་མཚོའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གསང་བ་ཡེ་ཤེས་ཀྱི་སྐུ་བསྟན༔ ཐོད་ཆང་སྦྱིན་ཅིང༔ ཧོ༔ གསང་སྔགས་ཀུན་གྱི་འབྱུང་ཁུངས་ནི༔ ཡུམ་ཆེན་གསང་ཡེ་མཁའ་འགྲོ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ དཔའ་མོ་རྒྱ་མཚོའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རལ་གྲི་མགོ་ལ་བཞག༔ ཧོ༔ བདེ་གཤེགས་ཕྲིན་ལས་གཅིག་བསྡུས་པ༔ ཆོས་སྐྱོང་གཏེར་བདག་མཁའ་འགྲོ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཆོས་སྐྱོང་རྒྱ་མཚོའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་པའི་མཇུག་ལ་གཏོར་དབང་བསྐུར་བར་བྱའོ༔ སྤྲོས་བཅས་ཀྱི་དབང་རིན་པོ་ཆེ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈ གཏེར་རྒྱ༔ གཏད་རྒྱ༔ སྦས་རྒྱ༔ ྈྈྈྈྈ དེ་ནས་སྤྲོས་མེད་ཀྱི་དབང་བསྐུར་བ་ནི༔ སྔོན་འགྲོ་རྣམས་གོང་དུ་སོང་བ་དང༔ དངོས་གཞི་ནི༔ ཡི་གེ་ཨོཾ་གཅིག་གཏད་ལ༔ ཨོཾ༔ རང་བྱུང་རིག་པ་དུག་ལྔ་དག༔ ཡེ་ཤེས་ལྔ་ལྡན་རང་དབང་ཐོབ༔ ཡི་གེ་ཨོཾ་གྱིས་དབང་བསྐུར་བས༔ སྐུ་ལྔ་མཐར་ཕྱིན་དབང་ཐོབ་ཤོག༔ ཨོཾ་བཟླས༔ ཨཱཿགཏད་ལ༔ ཨཱ༔ རང་བྱུང་སྒྲ་ཚིག་ངོ་བོས་སྟོང༔ ལྷུན་གྲུབ་གདོད་མ་གཞི་ལ་རྫོགས༔ ཡི་གེ་ཨཱཿཡིས་དབང་བསྐུར་བས༔ འཁོར་འདས་རང་གྲོལ་དབང་ཐོབ་ཤོག༔ ཨཱཿབཟླས༔ ཧཱུྃ་གཏད་ལ༔ ཧཱུྃ༔ མ་བཅོས་རང་བྱུང་ལྷུག་པ་ལ༔ རྩོལ་བྲལ་ངང་ངམ་ཤུགས་ཀྱིས་གྲོལ༔ ཡི་གེ་ཧཱུྃ་གིས་དབང་བསྐུར་བས༔ བདེ་གཤེགས་ཐུགས་ཀྱི་དབང་ཐོབ་ཤོག༔ ཧཱུྃ་བཟླས༔ ཧྲཱིཿགཏད་ལ༔ ཧྲཱི༔ ཐུགས་རྗེ་ཆེན་པོ་ཀུན་འདུས་ཀྱི༔ གསང་དབང་ངག་ལ་བསྐུར་བྱའི་ཕྱིར༔ ཡི་གེ་ཧྲཱིཿཡིས་དབང་བསྐུར་བས༔ ཐུགས་རྗེ་ཆེན་པོའི་དབང་ཐོབ་ཤོག༔ ཧྲཱིཿབཟླས༔ ཨོཾ་གཏད་ལ༔ ཨོཾ་ནི་ཀུན་ཁྱབ་ཚད་མེད་བཞི་ཡི་ངང༔ སྣང་གསལ་འཛིན་མེད་རང་ཤར་དབང་བསྐུར་བས༔ ཡི་གེ་ཨོཾ་གྱིས་ལྷ་ཡི་དུཿཁ་སྐྱོབ༔ འཕོ་ལྟུང་སྡུག་བསྔལ་ཐམས་ཅད་ཞི་གྱུར་ཅིག༔ ཨོཾ་བཟླས༔ མ་གཏད་ལ༔ མ་ནི་བརྩེ་བས་ཀུན་ལ་བྱམས་པ་སྟེ༔ འགྲོ་དྲུག་ཀུན་ལ་ངང་གིས་ཐུགས་བརྩེ་བ༔ ཡི་གེ་མ་ཡིས་བུ་ལ་དབང་བསྐུར་བས༔ འཁོར་བའི་དུཿཁ་ཀུན་སྐྱོབ་དབང་ཐོབ་ཤོག༔ མ་བཟླས༔ ཎི་གཏད་ལ༔ ཎི་ནི་འཁོར་བར་ཞེན་པ་ལྡོག་པ་སྟེ༔ རང་བཞིན་ཤུགས་ཀྱིས་ཀུན་ལ་འོད་ཟེར་ཁྱབ༔ ཡི་གེ་ཎི་ཡིས་བུ་ལ་དབང་བསྐུར་བས༔ གཟུང་འཛིན་ཞེན་པ་རང་དག་དབང་ཐོབ་ཤོག༔ ཎི་བཟླས༔ པད་གཏད་ལ༔ པད་ནི་ཉོན་མོངས་ཡེ་ཤེས་ལྔ་རུ་བསྒྱུར༔ དུག་ལྔ་རང་གྲོལ་ཞིང་ལྔ་ལྷུན་གྲུབ་པ༔ སྐལ་ལྡན་བུ་ལ་པད་ཀྱིས་དབང་བསྐུར་བས༔ གཟུང་འཛིན་འཁོར་བ་གྲོལ་བའི་དབང་ཐོབ་ཤོག༔ པད་བཟླས༔ མེ་གཏད་ལ༔ མེ་ནི་འཁོར་བའི་ཆོས་རྣམས་བསྲེག་པའི་རྟགས༔ འཁོར་བས་མ་གོས་ཆོས་རྣམས་ཟད་པའི་རྟགས༔ ཡོངས་གྲོལ་བཟུང་མེད་མེ་ཡིས་དབང་བསྐུར་བས༔ སངས་རྒྱས་ཀུན་དང་དབྱེར་མེད་སངས་རྒྱས་ཤོག༔ མེ་བཟླས༔ ཧཱུྃ་གཏད་ལ༔ ཧཱུྃ་ནི་རྒྱལ་བ་རིགས་ལྔའི་ཐུགས་རྗེ་གཅིག་བསྡུས་པ༔ ཡོངས་ཁྱབ་སེམས་ནི་ངང་གིས་སྤྲོས་པ་བྲལ༔ སྒྱུ་ལུས་རང་གྲོལ་ཧཱུྃ་གིས་དབང་བསྐུར་བས༔ འཁོར་བ་དོང་ནས་སྤྲུགས་པའི་དབང་ཐོབ་ཤོག༔ ཧཱུྃ་བཟླས༔ མ་ཎིའི་སྒྲ་དབྱངས་ལྡིར༔ དེ་ནས་རྗེས་ལ་འོག་དང་མཚུངས༔ དེ་གསང་བ་བླ་ན་མེད་པ་སྤྲོས་མེད་ངག་སྨིན་པའི་དབང་ཡིན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ དམ་རྒྱ༔ ྈྈྈྈ དེ་ནས་ཤེར་དབང་བསྐུར་བ་ནི༔ སྔོན་འགྲོ་རྣམས་གོང་དུ་སོང་བ་དང༔ བུ་མོ་གཙང་མ་ལྔས་རྒྱན་དྲུག་བཏགས་ཏེ༔ དབུས་ཀྱི་རིག་མའི་དབང་བསྐུར་བ་ནི༔ བུམ་པར་སྦྲང་བླུགས་པ་ཐོགས་ལ༔ ཧཱུྃ༔ ཡུམ་ཆེན་གསང་ཡེ་བླ་མེད་དབང༔ སྐལ་ལྡན་བུ་ལ་བསྐུར་བ་ཡིས༔ ཉོན་མོངས་གཏི་མུག་རང་དག་ནས༔ ཆོས་དབྱིངས་ཡེ་ཤེས་དོན་རྟོགས་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཤར་གྱི་དེས་མེ་ལོང་དུ་འོ་མ་བླུགས་པ་ཐོགས་ལ༔ ཧཱུྃ༔ རྡོ་རྗེ་མཁའ་འགྲོ་བླ་མེད་དབང༔ སྐལ་ལྡན་བུ་ལ་བསྐུར་བ་ཡིས༔ ཉོན་མོངས་ཞེ་སྡང་རང་དག་ནས༔ མེ་ལོང་ཡེ་ཤེས་དོན་རྟོག་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ལྷོའི་དེས་ཐོད་པར་ཆང་བླུགས་ལ༔ ཧྲཱི༔ རིན་ཆེན་མཁའ་འགྲོ་བླ་མེད་དབང༔ སྐལ་ལྡན་བུ་ལ་བསྐུར་བ་ཡིས༔ ཉོན་མོངས་ང་རྒྱལ་རང་དག་ནས༔ མཉམ་ཉིད་ཡེ་ཤེས་ཐོབ་པར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ནུབ་ཀྱི་དེས་ཐོད་པར་བུར་ཆང་ཐོགས་ཏེ༔ ཧྲཱི༔ པདྨ་མཁའ་འགྲོ་བླ་མེད་དབང༔ སྐལ་ལྡན་བུ་ལ་བསྐུར་བ་ཡིས༔ ཉོན་མོངས་འདོད་ཆགས་རང་དག་ནས༔ སོར་རྟོག་ཡེ་ཤེས་ཐོབ་པར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ བྱང་གི་དེས་ཐོད་པར་འོ་མ་ཁྲག་སྦྱར་བྱིན་ལ༔ ཧྲཱི༔ ལས་ཀྱི་མཁའ་འགྲོ་བླ་མེད་དབང༔ སྐལ་ལྡན་བུ་ལ་བསྐུར་བ་ཡིས༔ ཉོན་མོངས་ཕྲག་དོག་རང་དག་ནས༔ བྱ་གྲུབ་ཡེ་ཤེས་དོན་རྟོགས་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ དེ་ནས་རྡོ་རྗེ་དྲིལ་བུ་གཏད་ལ༔ ཧོ༔ སྣང་བ་གཟུགས་ནི་ཡབ་ཡིན་ཏེ༔ སྟོང་པ་ཡུམ་གྱི་མཁའ་ལ་བསྐྱོད༔ རིག་སྟོང་གསལ་སྟོང་དྲན་སྟོང་དང༔ བདེ་སྟོང་འཁོར་འདས་དབྱེར་མེད་དོན༔ སྐལ་ལྡན་བུ་ལ་བརྡ་སྤྲད་པས༔ ཟང་ཐལ་ཆེན་པོའི་དབང་ཐོབ་ཤོག༔ དེ་ནི་ཤེས་རབ་ཡེ་ཤེས་སེམས་སྨིན་པའི་དབང་བསྐུར་བ་ཡིན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ ཟབ་རྒྱ༔ ྈྈྈྈྈ དེ་ནས་རྗེས་བྱའོ༔ ྈ ྈྈྈྈ ད་ནི་ཚིག་དབང་གི་དོན་ངོ་སྤྲོད་པ་ནི༔ ཧྲཱི༔ སྣང་བ་གསལ་ལ་གཟུང་བ་བྲལ༔ རྒྱལ་བ་རྒྱ་མཚོའི་དགོངས་པ་ལོངས༔ ཞེས་མེ་ལོང་བསྟན༔ ཧྲཱི༔ རིག་པ་རང་ཤར་ངོ་བོས་སྟོང༔ བླ་མ་རྒྱ་མཚོའི་ཐུགས་འདི་ལོངས༔ ཞེས་རྨ་བྱ་བསྟན༔ ཧོ༔ སྐྱེ་འགག་གཉིས་མེད་དངོས་འཛིན་བྲལ༔ དཔའ་བོ་རྒྱ་མཚོའི་དགོངས་པ་ལོངས༔ ཞེས་ཞུན་མར་བསྟན༔ ཧོ༔ ཚོགས་དྲུག་ཆགས་མེད་མ་ཞེན་སྤྱོད༔ མཁའ་འགྲོ་རྒྱ་མཚོའི་དགོངས་པ་ལོངས༔ ཞེས་པས་ཐོད་ཆང་སྦྱིན༔ ཧོ༔ རིག་པ་གདོད་ནས་སྤྲོས་པ་མེད༔ ཆོས་སྐྱོང་རྒྱ་མཚོའི་ཐུགས་འདི་ལོངས༔ ཞེས་པས་ཤེལ་རྡོ་བསྟན་ནོ༔ དེ་ནས་ལུས་ལྔ་ལྡན་བྱ༔ སེམས་མ་བཅོས་པར་བཞག༔ ཧོ༔ རང་རིག་མ་བཅོས་ལྷང་ངེ་བ༔ ཚོགས་དྲུག་མ་འགགས་ཝལ་ལེ་བ༔ སྣང་ཞིང་འཛིན་མེད་དོན་འདི་ལོངས༔ ཐུགས་རྗེ་ཆེན་པོའི་ཐུགས་ཡིན་པས༔ འདི་ལས་མ་ཡེངས་སངས་རྒྱས་ཡིན༔ ༔རིག་པ་རང་གྲོལ་དབང་ཐོབ་ཤོག༔ ཕཊ༔ ཅེས་བཞག་གོ༔ དེ་ལྟར་དབང་རེ་རེའི་བར་དུ་ངོ་སྤྲད་ཅིང་བཀྲ་ཤིས་མེ་ཏོག་རེ་འཐོར་རོ༔ དེ་ནི་ཚིག་དབང་རིན་པོ་ཆེ་ཞེས་བྱ་བ་བདེ་གཤེགས་རྒྱ་མཚོའི་ཐུགས་དང་དབྱེ་བ་མེད་པའི་དབང་མཆོག་ཡིན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈ ྈྈྈ དེ་ལྟར་དབང་རེ་རེའི་རྗེས་སུ་བླ་མ་ལ་མཎྜལ་ཕུལ་ལ་སློབ་མས་འདི་སྐད་ཞུ༔ ཧོ༔ བླ་མ་སངས་རྒྱས་སྐུ་གསུམ་རྗེ༔ བདག་ཅག་མ་རིག་སེམས་ཅན་ལ༔ ལུས་ངག་ཡིད་གསུམ་སྨིན་བྱའི་ཕྱིར༔ ཐུགས་རྗེ་ཀུན་འདུས་དཀྱིལ་འཁོར་གྱི༔ དབང་མཆོག་བསྐུར་པ་ངོ་མཚར་ཆེ༔ ཞེས་སྐྱེམས་དྲངས༔ དེར་བླ་མས་དབང་ཐོབ་པའི་ཡོན་ཏན་དང༔ མ་ཐོབ་པའི་སྐྱོན་བཤད༔ དབང་འདི་ཐོབ་ནས་སྐུ་བསྟན་ལ་ཐུགས་རྗེ་ཆེན་པོ་རྟག་ཏུ་བསྒོམ་དུ་བཞུག༔ སྙིང་པོ་བཟླ་རུ་གཞུག༔ རྫོགས་རིམ་བསྒོམ་དུ་གཞུག༔ དགའ་སྟོན་རྒྱ་ཆེན་པོ་ལ་རོལ་བར་བྱའོ༔ དེ་ནས་ལས་བྱང་ལྟར་ལྷག་གཏོར་གཏོང༔ ལྷག་ཆད་ཁ་བསྐང༔ དཀྱིལ་འཁོར་བསྡུ༔ བཀྲ་ཤིས་བརྗོད༔ ཡིག་བརྒྱ་བཟླས༔ བསྔོ་བ་སྨོན་ལམ་རྒྱ་ཆེར་གདབ༔ བདག་གིས་དགེ་བའི་རྩ་བ་འདི་ལྟ་བུ་བསགས་པ་ལ་བརྟེན་ནས་བདག་གི་ལུས་ངག་ཡིད་གསུམ་གྱིས་སྤྲུལ་པ་སྣ་ཚོགས་བཀྱེ་སྟེ༔ ཐུགས་རྗེ་ཆེན་པོས་འགྲོ་དྲུག་དོང་ནས་སྤྲུགས་པའི་དེད་དཔོན་དུ་གྱུར་ཅིག༔ ཨེ་མ༔ བདག་འདྲ་ཤེལ་དཀར་རྡོ་རྗེ་མཚོ་སྒྲོན་ལ༔ གསང་སྔགས་གནད་ཀྱི་དབང་ཟབ་འདི་འདྲ་བ༔ ཨོ་རྒྱན་ཐུགས་རྗེས་ཐུགས་མཛོད་བརྟོལ་ནས་གནང༔ ཉམས་སུ་བླངས་པས་རིག་འཛིན་ཆེན་པོ་ཐོབ༔ ཟབ་པའི་ཕྱིར་ན་རིན་ཆེན་ས་ལ་སྦས༔ ཕྱི་རབ་དོན་དུ་གབ་འཁྲུག་མེད་པར་ཕྱེ༔ གླིང་བཞི་འདི་ན་གདམས་པ་འདི་འདྲ་དཀོན༔ མ་འོངས་དུས་སུ་སྐལ་ལྡན་འགྲོ་བའི་མགོན༔ རྡོ་རྗེའི་མིང་ཅན་ཆོས་ལ་དབང་བ་འབྱུང༔ སྐལ་ལྡན་དེ་དང་འདི་ཉིད་འཕྲད་པར་ཤོག༔ གཏེར་བདག་ཀུན་གྱིས་ཐུབ་པར་སྲུང་མཛོད་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྡོ་རྗེ་གླིང་པས་ཨུ་མ་སྟེང་མཚོ་འགྲམ་ནས་གདན་དྲངས་པའོ། །༁ྃ༔ གཏོར་དབང་རྒྱ་མཚོའི་དོན་འདུས་གསལ་བ་བཞུགས༔ ༁ྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཐུགས་རྗེ་ཆེན་པོའི་གཏོར་དབང་གིས་སེམས་ཅན་ཀུན་ལ་འབྲེལ་པ་ཐོབ་པར་འདོད་པས༔ གནས་བཞི་མདོའམ༔ རིགས་དྲུག་གི་མང་ས་རུ༔ ནས་ཀྱི་ཚོམ་བུའི་སྟེང་དུ་གཏོར་མ་དཔེའུ་ཆུང་ལྟར་བཤམས་ལ༔ དར་རིམ་པ་ལྔས་གུར་ཕུབ༔ ཕྱི་ནང་གི་མཆོད་པ་བཤམས་ལ༔ ལས་བྱང་ལྟར་གཞུང་བསྲང་ཚོགས་ལ་རོལ༔ མཎྜལ་ཕུལ༔ ཞུ་བ་ཕུལ་ལ་གཏོར་མ་བཏེགས་ཏེ་འདི་སྐད་དོ༔ འོ༔ རིགས་ཀྱི་བུ་རྣམས་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་དབང་མཆོག་བཞི་རྫོགས་སུ་གཏོར་མ་ལ་བརྟེན་ནས་བསྐུར་བ་ཡིན་པས་ཐམས་ཅད་མོས་གུས་དུང་དུང་གྱིས་ལ༔ གཏོར་མ་འདིའི་སྣོད་གཞལ་ཡས་ཁང་ངམ་རི་བོ་ཏ་ལར་བསམ༔ ནང་གི་བུམ་པ་འདི་ཇོ་བོ་ཐུགས་རྗེ་ཆེན་པོར་སྒོམ༔ ནོར་བུ་འདི་བླ་མ་རྒྱ་མཚོར་བསམ༔ གཡས་ཕྱོགས་སུ་རྟ་མགྲིན་དཔའ་བོ་རྒྱ་མཚོ༔ གཡོན་དུ་གསང་ཡེ་མཁའ་འགྲོ་རྒྱ་མཚོ༔ པད་འདབ་རྣམས་ཆོས་སྐྱོང་གཏེར་བདག་རྒྱ་མཚོར་བསམ་ཞིང༔ མོས་གུས་དྲག་པོ་བྱས་པས༔ དེ་རྣམས་ཀྱི་སྐུ་ལས་འོད་ཟེར་དཀར་པོ་བབ༔ རང་གི་ལུས་སྒྲིབ་དག༔ བུམ་པའི་དབང་ཐོབ༔ ལྷ་བསྒོམ་པ་ལ་དབང༔ འབྲས་བུ་སྤྲུལ་སྐུ་ཐོབ༔ གཏོར་མ་མགྲིན་པར་བྱོན༔ དེ་རྣམས་ཀྱི་གསུང་ལས་འོད་ཟེར་དམར་པོ་བབ༔ ངག་སྒྲིབ་དག༔ གསང་བའི་དབང་ཐོབ༔ སྔགས་བཟླ་བ་ལ་དབང༔ འབྲས་བུ་ལོངས་སྤྱོད་རྫོགས་སྐུ་ཐོབ༔ གཏོར་མ་སྙིང་གར་བྱོན༔ དེ་རྣམས་ཀྱི་ཐུགས་ལས་འོད་ཟེར་མཐིང་ག་བབ༔ ཡིད་སྒྲིབ་དག༔ ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ རྫོགས་རིམ་བསྒོམས་པ་ལ་དབང༔ འབྲས་བུ་ཆོས་སྐུ་ཐོབ༔ གཏོར་མ་ལྟེ་བར་བྱོན༔ དེ་རྣམས་ཀྱི་ཡོན་ཏན་ཕྲིན་ལས་ཀྱི་འོད་ཟེར་ལྔ་ལྡན་བབ༔ རང་གི་ཤེས་བྱའི་དྲི་མ་དག༔ ཚིག་དབང་ཐོབ༔ གཞན་དོན་ལ་དབང༔ འབྲས་བུ་སྐུ་གསུམ་མངོན་དུ་གྱུར༔ དུག་ལྔ་དག༔ ཡེ་ཤེས་ལྔ་ཐོབ༔ མི་འགྱུར་བའི་གདིང་ལོན་པར་བསམ་ལ་ངག་ཏུ་མ་ཎི་ཟློས་ཤིག༔ ཅེས་རོལ་མོ་སྦིར་བར་བྱས་ལ་འདི་སྐད་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ༔ བླ་མ་རྒྱ་མཚོ་ཐམས་ཅད་དང༔ ཐུགས་རྗེ་རྒྱ་མཚོ་ཐམས་ཅད་དང༔ དཔའ་བོ་རྒྱ་མཚོ་ཐམས་ཅད་དང༔ དཔའ་མོ་རྒྱ་མཚོ་ཐམས་ཅད་དང༔ ཆོས་སྐྱོང་རྒྱ་མཚོ་ཐམས་ཅད་དང༔ གཏེར་བདག་རྒྱ་མཚོ་ཐམས་ཅད་ཀྱིས༔ དམ་རྫས་གཏོར་མའི་དབང་བསྐུར་བས༔ སྐུ་དབང་ལུས་ཀྱིས་ཐོབ་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་ཨོཾ༔ ཨོཾ་ཨཱཿཧཱུྃ༔ བླ་མ་རྒྱ་མཚོ་ཐམས་ཅད་དང༔ ཐུགས་རྗེ་རྒྱ་མཚོ༴ དཔའ་བོ་རྒྱ་མཚོ༴ དཔའ་མོ་རྒྱ་མཚོ༴ ཆོས་སྐྱོང་རྒྱ་མཚོ༴ གཏེར་བདག་རྒྱ་མཚོ༴ དམ་རྫས་གཏོར་མའི་དབང་བསྐུར་བས༔ གསུང་དབང་ངག་གིས་ཐོབ་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ བླ་མ་རྒྱ་མཚོ་ཐམས་ཅད་དང༔ ཐུགས་རྗེ་རྒྱ་མཚོ༴ དཔའ་བོ་རྒྱ་མཚོ༴ དཔའ་མོ་རྒྱ་མཚོ༴ ཆོས་སྐྱོང་རྒྱ་མཚོ༴ གཏེར་བདག་རྒྱ་མཚོ༴ དམ་རྫས་གཏོར་མའི་དབང་བསྐུར་བས༔ ཐུགས་དབང་ཡིད་ཀྱིས་ཐོབ་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ བླ་མ་རྒྱ་མཚོ་ཐམས་ཅད་དང༔ ཐུགས་རྗེ༴ དཔའ་བོ༴ དཔའ་མོ༴ ཆོས་སྐྱོང༴ གཏེར་བདག༴ དམ་རྫས་གཏོར་མའི་དབང་བསྐུར་བས༔ དོན་དབང་རིག་པས་ཐོབ་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་ཧྲཱི༔ ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་གཏོར་མའི་དབང་བསྐུར་བས༔ ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག༔ བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས༔ ཆོས་ཀྱི་སྐུ་དང་གཟུགས་སྐུ་རྣམ་གཉིས་ཐོབ༔ གནས་སྐབས་སུ་ནད་གདོན་ཞི༔ མཐར་ཐུག་སྐུ་གསུམ་ཐོབ༔ མྱུར་དུ་འཚང་རྒྱ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཅེས་བསྐུར༔ མེ་ཏོག་འཐོར༔ མཎྜལ་ཕུལ༔ བཀྲ་ཤིས་བརྗོད༔ བསྔོ་བ་སྨོན་ལམ་བྱའོ༔ བདག་ཤེལ་དཀར་བཟས་སློབ་དཔོན་གྱི་ཕྱག་ལེན་མ་ནོར་བ་ཡི་གེར་བཏབ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏོར་དབང་དོན་འདུས་གསལ་བ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ དམ་རྒྱ༔ ཁོ་བོ་རྡོ་རྗེ་གླིང་པས་ཨུ་མ་སྟེང་མཚོ་འགྲམ་ནས་གདན་དྲངས་པའོ། །༁ྃ༔ ཐུགས་རྗེ་ཆེན་པོའི་ཕྱི་སྒྲུབ་ཁྲོམ་ཆོས་ཆེན་མོ་བཞུགས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ འཕགས་པ་སྤྱན་རས་གཟིགས་དབང་ལ་ཕྱག་འཚལ་ལོ༔ ཐུགས་རྗེ་ཆེན་པོ་རིགས་ཀུན་འདུས་པའི་ལྷ་ཚོགས་ཀྱིས༔ སེམས་ཅན་རྣམས་ལ་ཁྲོམ་ཆོས་སུ་བྱེད་པར་འདོད་ན༔ མཆོད་སྟེགས་ཀྱི་སྟེང་དུ་མཎྜལ་ལ་སོགས་པའི་མཆོད་པ་རྣམས་བཤམས༔ བླ་མ་ཁྲི་མཐོན་པོར་བཞུགས་པ་ལ་མེ་ཏོག་གཏོར༔ མཎྜལ་འབུལ༔ སྦྱིན་བདག་ཞུ་བ་པོས་འདི་སྐད་དོ༔ སྤྱན་རས་གཟིགས་ཚབ་འགྲོ་བའི་སྐྱབས༔ འགྲོ་དྲུག་སྡུག་བསྔལ་བསྐྱབ་བྱའི་ཕྱིར༔ སོ་སོའི་སྒྲ་སྐད་གང་འཚམ་པར༔ བླ་མེད་ཆོས་འཁོར་བསྐོར་དུ་གསོལ༔ ཞེས་ལན་གསུམ་ཞུ༔ དེའི་རྗེས་ལ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སེམས་ཅན་ཐམས་ཅད་སྤྱན་རས་གཟིགས་ཀྱི་ཞིང་དུ་བགྲོད་པར་བྱ༔ དེའི་ཆེད་དུ་ཐུགས་རྗེ་ཆེན་པོའི་བསྒོམ་བཟླས་བྱ་སྙམ་དུ་བསམ་ལ༔ སངས་རྒྱས་པའི་ཆོས་ཉམས་སུ་བླང་བའི་གདམས་པ་ལག་ལེན་གྱི་གནད་འདི་ལ་དང་པོ་ཡིད་ཆེས་པའི་ལོ་རྒྱུས་ནི༔ སྣང་བ་མཐའ་ཡས་ཀྱིས་ཐུགས་རྗེ་ཆེན་པོ་ལ་གསུངས༔ དེས་པདྨ་འབྱུང་གནས་ལ་གསུངས༔ དེས་གཏེར་དུ་སྦས་པའོ༔ དེ་ནས་ཐུགས་རྗེ་ཆེན་པོའི་རྣམ་འཕྲུལ་རྡོ་རྗེ་གླིང་པས་གཏེར་ནས་གདན་དྲངས་ཏེ༔ རིམ་བཞིན་བརྒྱུད་པའོ༔ དེ་ཉིད་ཀྱི་གདམས་པ་བསྙེན་བསྒྲུབ་ཐམས་ཅད་གཅིག་ཏུ་དྲིལ་བ་ཡིན་ཏེ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས༔ སྔོན་འགྲོ་ནི་ཐོག་མར་སྐྱབས་འགྲོ་སྟེ༔ བདག་གཞན་བླ་མེད་ཅེས་པས་ལན་གསུམ་དུ་འགྲོ༔ སེམས་བསྐྱེད་ནི༔ བདག་གིས་འདི་བཟུང་ཞེས་པས་སེམས་བསྐྱེད་དོ༔ གསུམ་པ་ཚོགས་གསག་པ་ནི༔ མེ་ཏོག་བཀྲམ་ཞིང་མཎྜལ་ཕུལ་ལ་འདི་སྐད་དོ༔ བྱང་སེམས་ཞེས་པས་ཚོགས་གསོག་གོ༔ བར་དེར་བཀའ་སྲུང་ལ་གཏོར་མ་བཏང་སྟེ༔ བརྒྱུད་པའི་བླ་མ་ལ་གསོལ་བ་གདབ༔ རྗེས་མ་བཅོས་པར་ཀློད་པའི་ངང་ལས༔ འོ་ཁྱེད་རྣམས་གསོན་ཅིག༔ སྤྱིར་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོར་རང་ངོ་མ་ཤེས་པས་འཁྱམས་པ་ཡིན་ཅིང་རིགས་དྲུག་ཏུ་འཁོར༔ སྒོས་སུ་འོ་སྐོལ་རྣམས་སྐྱེ་བ་བཞིའི་སྡུག་བསྔལ་གྱིས་འབྲེལ་འདུག་པས༔ དེ་ལས་ཐར་བར་བྱེད་པའི་ཕྱིར༔ སྐད་ཅིག་གིས་རང་གི་རིག་པ་ཧྲཱིཿདམར་པོ་གཅིག་བསམ༔ དེ་ལས་འོད་འཕྲོས༔ སེམས་ཅན་གྱི་སྡིག་པ་སྦྱངས༔ ཐམས་ཅད་ཐུགས་རྗེ་ཆེན་པོར་གྱུར་པར་བསམ༔ བདེ་བར་གཤེགས་པ་མཆོད༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྡུས༔ ཡང་སྐད་ཅིག་གིས་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དུ་བསམ༔ ནང་བཅུད་ཀྱི་སེམས་ཅན་རྩ་གསུམ་རྒྱ་མཚོར་བསམ༔ ཡང་འོད་ཟེར་འཕྲོས་པས༔ སྐུ་གསུང་ཐུགས་ཀྱི་ཞིང་ཁམས་ནས༔ ཐུགས་རྗེ་ཆེན་པོ་སྤྱན་དྲངས་ཏེ་ཐིམ༔ རང་ལུས་མེ་འབར་ཏེ་ཚིག༔ ཧྲཱིཿའོད་དུ་ཞུ་བ་ལས་བྱང་ཆུབ་ལྔ་དང་ལྡན༔ དུག་ལྔ་དག༔ ཡེ་ཤེས་ལྔའི་ངོ་བོ༔ ཇོ་བོ་ཐུགས་རྗེ་ཆེན་པོ་སྐུ་མདོག་དམར་པོ༔ ཞལ་གཅིག་ཕྱག་བཞི་པ༔ ཞལ་པདྨ་ཁ་བྱེ་བ་འདྲ་བ་སྟེ་འཛུམ་མུ་ལེ་བ༔ དབུ་སྐྲ་ཐོར་ཚུགས་སུ་བྱས་པའི་ལྷག་མ་བསྙིལ་བ་ལ་རིན་པོ་ཆེའི་རྩེ་བྲན་ལྔས་བརྒྱན་པ༔ དར་གྱི་ཅོད་པན་ཅན༔ ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ༔ གཡས་འོག་མ་ན་དུང་གི་ཕྲེང་བ་མཐེབ་སྲིན་བར་ན་འདྲེན་པ༔ གཡོན་འོག་མ་ན་མེ་ཏོག་པདྨའི་ཡུ་བ་ནས་འཛིན་པ༔ རིན་པོ་ཆེ་སྣ་ཚོགས་ཀྱི་མགུལ་རྒྱན་དང༔ སེ་མོ་དོ་དང༔ དོ་ཤལ་དང༔ དཔུང་རྒྱན༔ ཕྱག་གདུབ༔ ཞབས་གདུབ༔ རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ༔ ཞབས་སྐྱིལ་མོ་ཀྲུང་དུ་འདུག་པའི་སྤྱི་གཙུག་ཏུ༔ ཨོ་རྒྱན་པདྨ་སྐུ་མདོག་དཀར་པོ་རྒྱན་དྲུག་ཅན༔ དེ་རྣམས་བསྐྱེད༔ ཕྱི་ནས་བལྟས་ན་ནང་གསལ་བ༔ ནང་ནས་བལྟས་ན་ཕྱི་གསལ་བ༔ འོད་ཟེར་སྣ་ཚོགས་སུ་འཕྲོ་བར་སྒོམས༔ དེའི་ཐུགས་ཀ་ན་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་ཧྲཱིཿདམར་པོ་གཅིག་བསམ༔ དེ་ནས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ གཡས་སྐོར་དུ་འཁོར་བར་བསམ༔ དེ་ནི་ཏིང་ངེ་འཛིན་གྱི་ལྷའོ༔ དེ་ནས་ཡི་གེ་དྲུག་པ་བརྗོད་པ་ཙམ་གྱིས་རྒྱལ་བ་བདེ་གཤེགས་ཐམས་ཅད་ཐུགས་རྗེ་ཆེན་པོའི་ངོ་བོར་ཁ་བ་བབས་པ་ལྟ་བུར་གྱུར་ཏེ༔ བདག་གཞན་ལ་ཐིམ་པར་བསམ་མོ༔ དེའི་ངང་ལ་གང་སྣང་ཐུགས་རྗེ་ཆེན་པོའི་སྐུ༔ གང་ཐོས་མ་ཎི་པདྨེའི་སྒྲ༔ གང་དྲན་ཐུགས་རྗེ་ཆེན་པོའི་ཐུགས་སུ་བསམ༔ མ་ཎིའི་སྒྲ་དབྱངས་བསྒྲག་གོ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཅེས་པ་ས་བཅུ་ནོན་པའི་སྙིང་པོ་འདི་བཟླས་ཏེ༔ ཧྲཱི༔ བདེ་གཤེགས་ངོ་བོ་ཐུགས་རྗེ་ཆེ༔ རིགས་དྲུག་དོང་ནས་སྤྲུགས་པའི་ཕྱིར༔ སྐུ་མདོག་དམར་པོ་འོད་ཟེར་འཕྲོ༔ རིག་པའི་རང་སྐུ་བྱིན་རླབས་ཅན༔ གསོལ་འདེབས་དབང་སྐུར་བྱིན་གྱིས་རློབས༔ སྒྲིབ་པ་ཀུན་སེལ་ཨ་ལ་ལ༔ མ་ཎི་ལྷ་ཡི་གནས་ནས་འདྲེན༔ འཕོ་ལྷུང་སྡུག་བསྔལ་འཇོམས་པ་ཡིན༔ མ་ཎི་ལྷ་མིན་གནས་ནས་འདྲེན༔ འཐབ་རྩོད་སྡུག་བསྔལ་འཇོམས་པ་ཡིན༔ མ་ཎི་མི་ཡི་གནས་ནས་འདྲེན༔ བརྒྱད་འགྱུར་སྡུག་བསྔལ་འཇོམས་པ་ཡིན༔ མ་ཎི་བྱོལ་སོང་གནས་ནས་འདྲེན༔ བཀོལ་སྤྱོད་སྡུག་བསྔལ་འཇོམས་པ་ཡིན༔ མ་ཎི་ཡི་དྭགས་གནས་ནས་འདྲེན༔ བཀྲེས་སྐོམ་སྡུག་བསྔལ་འཇོམས་པ་ཡིན༔ མ་ཎི་དམྱལ་བའི་གནས་ནས་འདྲེན༔ བཙོ་བསྲེག་སྡུག་བསྔལ་འཇོམས་པ་ཡིན༔ སྒྲ་དབྱངས་ཆོས་སྒྲ་ཏི་རི་རི༔ རིགས་དྲུག་དོང་སྤྲུགས་ཨ་ལ་ལ༔ བླ་མ་རྒྱ་མཚོའི་ལྷ་ཚོགས་ཀྱིས༔ སྟེང་ནས་བྱིན་གྱིས་བརླབ་པར་མཛོད༔ དཔའ་བོ་རྒྱ་མཚོའི་ལྷ་ཚོགས་ཀྱིས༔ གཡས་ཀྱི་ཕྱོགས་ནས་བར་ཆད་སོལ༔ མཁའ་འགྲོ་རྒྱ་མཚོའི་ལྷ་ཚོགས་ཀྱིས༔ གཡོན་གྱི་ཕྱོགས་ནས་བར་ཆད་སོལ༔ ཆོས་སྐྱོང་རྒྱ་མཚོའི་ལྷ་ཚོགས་ཀྱིས༔ རྒྱབ་ནས་ཕྱི་ནང་བར་ཆད་སོལ༔ མདུན་ནས་རིགས་དྲུག་སེམས་ཅན་རྣམས༔ དགེ་སྒྲུབ་མ་ཎི་ཏི་རི་རི༔ གཏེར་བདག་རྒྱ་མཚོ་ཐམས་ཅད་ཀྱིས༔ འོག་ནས་ཅི་བཅོལ་ལས་རྣམས་བྱེད༔ དམ་ཅན་རྒྱ་མཚོ་ཐམས་ཅད་ཀྱིས༔ མཆོག་ཐུན་ཕྲིན་ལས་བཞི་པོ་སྒྲུབ༔ དམ་ཆོས་རྒྱ་མཚོ་ཐམས་ཅད་ཀྱིས༔ སྐྱེ་བཞི་རྩད་གཅོད་བླ་མེད་ཁྲིད༔ མཐོང་བས་སྒྲིབ་བྱང་ཐོས་སངས་རྒྱས༔ དྲན་པས་བླ་མེད་འབྲས་བུ་ཐོབ༔ བཟླས་པས་ས་བཅུའི་འབྲས་བུ་ཐོབ༔ ཨེ་མ་རེག་པ་དོན་དང་ལྡན༔ བདེ་གཤེགས་ཡང་སྙིང་འདི་ཟློས་ཤིག༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ དེའི་ངང་ལ་སྣང་བ་སྐུའི་ཁྱེར་སོ་ནི༔ སྣོད་གཞལ་ཡས་ཁང༔ སེམས་ཅན་དང་གཟུགས་སུ་སྣང་བ་ཐམས་ཅད་ཐུགས་རྗེ་ཆེན་པོ་ཁྲོང་ཁྲོང་བསམ༔ གྲགས་པ་གསུང་གི་ཁྱེར་སོ་ནི༔ མེ་སྒྲ་ཆུ་སྒྲ་རླུང་སྒྲ་ལ་སོགས་པ་སྒྲ་ཐམས་ཅད་མ་ཎི་དི་རི་རི་ཡོད་པར་བསམ༔ དྲན་རྟོག་ཐུགས་ཀྱི་ཁྱེར་སོ་ནི༔ སེམས་ལ་ཅི་ཤར་ཐམས་ཅད༔ སྐྱེ་བ་མེད་པ་དངོས་པོ་གཤིས་ཀྱི་འདུག་ཚུལ་སྟོང་པ་ཉིད༔ འགག་པ་མེད་པ་རང་གྲོལ་ཡིན་ལུགས་གསལ་དྭངས༔ དབྱེར་མེད་ཆུ་ནང་གི་ཟླ་བ་ལྟར༔ སལ་ལེ་སིང་ངེ་སྣང་ལ་སྟོང་པ༔ གསལ་ལ་མ་ཞེན་པར་བྱའོ༔ དེ་ལྟར་བྱས་པས་ལུས་ཀྱི་སྡིག་པ་དག༔ ཐུགས་རྗེ་ཆེན་པོའི་སྐུ་དང་དབྱེར་མེད་དུ་སངས་རྒྱས༔ ངག་གི་སྡིག་པ་དག༔ ཐུགས་རྗེ་ཆེན་པོའི་གསུང་དང་དབྱེར་མེད་དུ་སངས་རྒྱས༔ ཡིད་ཀྱི་སྒྲིབ་པ་དག༔ ཐུགས་རྗེ་ཆེན་པོའི་ཐུགས་དང་དབྱེར་མེད་དུ་སངས་རྒྱས་སོ༔ གནས་སྐབས་འདིར་བདེ་གཤེགས་ཀུན་འདུས་དངོས་གྲུབ་འབྱུང༔ གསང་སྔགས་ཀྱི་ཡོན་ཏན་ཐམས་ཅད་འཆར༔ ཤི་དུས་འཇའ་དང་རིང་བསྲེལ་ལ་སོགས་འབྱུང༔ བར་དོར་ཐུགས་རྗེ་ཆེན་པོ་ཉིད་དང་གཉིས་སུ་མེད་པར་སངས་རྒྱས་སོ༔ མཐར་ཐུག་ཏུ་ལུས་ཐུགས་རྗེ་ཆེན་པོར་བསྒོམས་པས་སྤྲུལ་སྐུ་ཐོབ༔ སེམས་གང་འདུལ་གྱི་དོན་ནུས༔ རིགས་དྲུག་དོང་ནས་སྤྲུགས༔ ངག་མ་ཎི་བཟླས་པས་རྫོགས་སྐུ་ཐོབ༔ ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་སྟོན་ནུས༔ སོ་སོའི་སྐད་དང་འཚམ་པའི་དོན་ནུས༔ ཡིད་རྫོགས་རིམ་གསལ་སྟོང་བསྒོམས་པས་ཆོས་སྐུ་ཐོབ༔ སྒྲིབ་གཉིས་དག་པས་ཇི་ལྟ་ཇི་སྙེད་མཁྱེན༔ ནམ་མཁའི་མཐའ་ཁྱབ་ཀྱི་སེམས་ཅན་དོང་ནས་སྤྲུགས་པར་ནུས་སོ༔ དེའི་ཕྱིར་ཐམས་ཅད་ཀྱིས་ལྷ་ཐུགས་རྗེ་ཆེན་པོ་སྒོམས༔ ངག་མ་ཎི་པདྨེ་ཟློས༔ སྤྱོད་ལམ་དགེ་བ་བཅུ་པོ་སྒྲུབས༔ བླ་མ་མཚན་ལྡན་བསྟེན༔ ཚེ་འདིའི་བྱ་བ་ཐོངས༔ གནས་ཆེན་རི་ཁྲོད་འགྲིམ༔ གྲོགས་པོ་ཆོས་ལྡན་བསྟེན༔ ནོར་འཕགས་ནོར་གསོག༔ དུས་རྒྱུན་དུ་བྱ་བ་དེ་ལས་མ་ཡེངས་པར་མཛོད་ལ༔ མ་ཎི་བརྒྱ་ཚར་རེ་ཞག་རེ་ལ་མི་འདའ་བར་བཟླས་པའི་དམ་བཅའ་རེ་མཛོད་ཨང༔ ཅེས་བརྗོད་ལ་མེ་ཏོག་རེ་བཀྲམ་ལ་མཎྜལ་རེ་ཕུལ༔ བཀྲ་ཤིས་མེ་ཏོག་གཏོར་བར་བྱའོ༔ ཐུགས་རྗེ་ཆེན་པོའི་ཕྱི་སྒྲུབ་ཁྲོམ་ཆོས་ལ༔ ཨོ་རྒྱན་པདྨའི་ཕྱག་བཞེས་ཤེལ་དཀར་བཟས་ཡི་གེར་བཀོད་པའོ༔ ཨེ་མ་ཧོ་རེག་པ་དོན་དང་ལྡན༔ འདི་འདྲའི་གནད་ཟབ་གདམས་པ་འདི༔ སུ་འཕྲད་ཐུགས་རྗེའི་ཞིང་དུ་ཁྲིད༔ ཕྱི་རབས་སྐལ་ལྡན་སྐྱེས་བུ་ཀུན༔ འདི་ལྟར་ཐམས་ཅད་དགེ་ལ་བསྐུལ༔ རིགས་དྲུག་སྡུག་བསྔལ་སྐྱོབ་མཛོད་ཅིག༔ འདི་འདྲའི་སྒྲུབ་ཐབས་ཟབ་མོ་འདི༔ ཀུན་གྱིས་བྲིས་ཤིང་འདིར་འཆང་ཡང༔ ཐུགས་རྗེ་ཆེན་པོ་དངོས་ཡིན་ནོ༔ སྒྲུབས་ཤིག་དབང་སྐུར་ཅིག༔ ཤོད་ཅིག༔ རིགས་དྲུག་འཚོགས་པའི་དབུས་སུ་བཏོན་ལ་གཞན་དོན་སྤྱོད་ཅིག༔ བདག་ཤེལ་དཀར་བཟའ་ཡི་གདམས་པ་འདི༔ སུས་བྲིས་པ་དང༔ ལག་ན་འཆང་བ་རྣམས་ལུས་ངག་ཡིད་གསུམ་སྡིག་སྒྲིབ་དག་སྟེ་མྱུར་དུ་ཐུགས་རྗེ་ཆེན་པོ་དང༔ དབྱེར་མེད་པར་སངས་རྒྱས་པར་གྱུར་ཅིག༔ ྈྈྈ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ བཀའ་རྒྱའོ༔ ༈ ༁ྃ༔ ཐུགས་རྗེ་ཆེན་པོའི་ནང་སྒྲུབ་བཞུགས་སོ༔ ྈྈྈ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཐུགས་རྗེ་ཆེན་པོའི་ནང་སྒྲུབ་རྒྱུན་ཁྱེར་ནི༔ རང་ཉིད་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་སྐུ་མདོག་དམར་པོ༔ རྒྱན་མེད་གཅེར་བུར་ལངས་ཏེ་ཡོད་པ༔ གཡས་པས་ཤེལ་ཕྲེང་དང༔ གཡོན་པ་ན་ཁྲུས་བུམ་བསྣམས་པ༔ ཐུགས་ཀར་ཧྲཱིཿལ་ཡི་གེ་དྲུག་པས་བསྐོར་བར་བསམ་ལ༔ འོད་ཟེར་སྤྲོ་བསྡུ་བྱ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿལ་འུར་འདོན་བྱ་ཞིང་ཁྱེར་སོ་གསུམ་གོང་ལྟར་བྱའོ༔ སྐད་ཅིག་དྲན་རྫོགས་འཁོར་བ་དོང་སྤྲུགས་པའི་སྒྲུབ་ཐབས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ དམ་རྒྱ༔ ྈྈྈྈ ༈ ༁ྃ༔ ཐུགས་རྗེ་ཆེན་པོའི་གསང་སྒྲུབ་བཞུགས་སོ༔ ྈྈ ཐུགས་རྗེ་ཆེན་པོའི་གསང་སྒྲུབ་བསྟན་པ་ནི༔ རང་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་མཐིང་ཁ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་གཡོན་གཉིས་ཉི་ཟླ་བསྣམས་ནས༔ མ་རིག་པའི་མུན་པ་སེལ་བ༔ སྐུ་ལ་སྤྱན་སྟོང་ཕྱག་སྟོང་གིས་འགྲོ་དྲུག་སྡུག་བསྔལ་སྐྱོབ་པར་བསམ་ལ༔ ཐུགས་ཀར་ཉི་ཟླའི་སྟེང་ན་ཧྲཱིཿཡིག་གནས་པ་ལས་འོད་ཟེར་འཕྲོས༔ སྐྱེ་འགྲོ་ཐམས་ཅད་ཀྱང་ཧྲཱིཿརུ་དི་རི་རི་ཐུགས་རྗེ་ཆེན་པོར་བསམ་ལ༔ ཧྲཱིཿཞེས་པའི་འཕྲོ་འདུ་བྱ༔ ཉམས་ཀྱང་འཕར་ལྡེག་བྱེད་ཅིང་བཟླས་པར་བྱའོ༔ ཐུགས་སྒྲུབ་གསང་བའི་སྒྲུབ་ཐབས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ༈ ༁ྃ༔ འཕགས་པ་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ༔ འཕོ་བ་བསམ་ཆོག་མའི་གདམས་པ་འདི་ལ་དོན་གསུམ་སྟེ༔ སྔོན་དུ་འགྲོ་བ་ནི་གཏོར་ཚོགས་ཆེན་པོར་བཤམ༔ མཎྜལ་ཕུལ༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་སོང་ནས༔ བརྒྱུད་པ་ལ་གསོལ་བ་གདབ༔ དངོས་གཞི་ནི༔ འོ་བུ་རྣམས་ཡར་ལོངས་ལ༔ ལག་པ་སྤྱི་གཙུག་ཏུ་ཐལ་མོ་སྦྱོར་ལ༔ རྐང་པ་གཤིབས་རང་ལུས་ཁོང་སྟོང་དུ་བསྒོམས་པའི་སྙིང་ནང་ན༔ ཐུགས་རྗེ་ཆེན་པོ་ཚོན་གང་བ་གཅིག༔ གར་སྟབས་སུ་ཤིགས་སེ་རང་སེམས་དེར་འདུག་པར་གསལ་བཏབ་སྟེ༔ སྤྱི་གཙུག་ཁ་དེང་ངེ་བ་ན་ཡར་འཕར་བར་ཉུག་ཉུག་འདུག་པར་བསམ༔ ཧིཀ་ཅེས་པ་ཉི་ཤུ་རྩ་གཅིག་བཟླས་པའི་རྗེས་ལ༔ བདེ་བ་ཆེན་པོའི་ཞིང་ཁམས་སུ་ཕྱམ་སོང་བར་བསམ་ལ༔ ཐུགས་རྗེ་དེ་གྱུར་གྱིས་ཐོན༔ ལུས་བེམ་པོར་ཁྲེས་བཞག་གོ༔ རྗེས་ན་དེ་ཡང་ཡང་བསྒོམས་པས༔ ནམ་འཆི་ཁའི་ཚེ་མ་བསྒོམ་པར་སངས་རྒྱས་སོ༔ རྒྱ་བར་འགྱུར་རོ༔ བེམ་རིག་བྲལ་བའི་ཚེ༔ ཐུགས་རྗེ་ཆེན་པོ་རྒྱང་ལ་དོན་ནས༔ རང་གི་བླ་མའི་ཐུགས་ཀར་ཐིམ་པར་བསྒོམ༔ སེམས་ཅན་ཐ་མལ་བ་ལ་བྱེད་ན༔ སྤྱི་གཙུག་ནས་འཐེན་ཏེ༔ རིགས་ཀྱི་བུ་བདེ་བ་ཆེན་པོར་གཤེགས་ཤིག༔ འཇིག་རྟེན་འདི་ལ་མ་ཆགས་ཤིག༔ བྱས་པས་སྤྱི་བཙུག་ལས་དོན་ཏེ༔ འཇའ་རུ་འགྲོའོ༔ ཐམས་ཅད་ཀྱིས་མ་ཎི་འུར་རྒྱག་བཟླས་སོ༔ དམ་ཚིག་ཏུ་ཟླ་བ་རེའི་ཚེས་བཅུའི་ཉིན་ལན་རེ་གསོ་བར་བྱའོ༔ འཕོ་བ་མ་བསྒོམ་པར་སངས་རྒྱས་སོ༔ རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱའོ༔ ྈྈ ཁྲོམ་ཆོས་སུ་བྱེད་ཀྱང་དེ་ལྟར་བྱའོ༔ རྗེས་ལ་མཎྜལ་ཕུལ༔ བསྔོ་བ་བྱ༔ བཀྲ་ཤིས་བརྗོད་དོ༔ གཞན་འཆི་ཁ་རུ་ཡང་སྐད་ཆེན་པོས་རྣ་བར་བཏབ་པར་བྱའོ༔ རིགས་དྲུག་གང་ཚེ་འཕོ་བའི་རྣ་ལམ་དུ་སྒྲོགས་ཤིག༔ ཤོད་ཅིག༔ སྟོན་ཅིག༔ འབྲེལ་བ་ཐོགས་ཤིག༔ བདག་ཤེལ་དཀར་བཟའི་གདམས་པ་འདི༔ ལས་ཅན་རྣམས་ཀྱིས་སྤྱོད་པར་ཤོག༔ ྈྈྈྈྈ ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་འདི། གཏེར་སྟོན་རྡོ་རྗེ་གླིང་པས་གཏེར་ནས་གདན་དྲངས་པའོ།། ༈ ༁ྃ༔ ཐུགས་རྗེ་ཆེན་པོ་ཡིད་བཞིན་ནོར་བུའི་ཚེ་སྒྲུབ་བཞུགས་སོ༔ ྈྈྈ མགོན་པོ་ཚེ་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ༔ སྙིགས་མའི་དུས་སུ་ཚེའི་བར་ཆད་མང་བས༔ ཚེ་སྲིང་ཞིང་སྤེལ་བའི་དབང་འདི་ལ་འབད་པར་བྱའོ༔ དེ་ལ་སྦྱོར་དངོས་རྗེས་གསུམ་ལས༔ སྦྱོར་བ་ཟླ་བ་ཡར་ངོ་ལ་དཀྱིལ་འཁོར་བྲི༔ གཏོར་ཆོག་ཕྱི་ནང་གི་མཆོད་པ་དང༔ ས་རྒྱན་གནམ་རྒྱན་བཤམ༔ ཁྱད་པར་ཚེ་ཟན་སྤོད་ཀྱིས་སྦྲན་ལ༔ ཟར་བུམ་ལྟ་བུའི་རིལ་བུས་བསྐོར་བ་བཤམ༔ ཚེའི་མདའ་ལ་དར་སྣ་ལྔ་བཏགས༔ ཚེ་གཡུ་དང་ཚེ་གསེར་བཏགས༔ ཚེ་ཆང་ལ་མཆེད་གྲོགས་གང་ཡོད་ཀྱི་གྲངས་མར་རིལ་ལམ༔ སྦྲང་རིལ་བཞག༔ ཚེ་ནས་བྲེ་གང་བཞག༔ ཁྱད་པར་ཚེ་བུམ་ལ་མངར་གསུམ་བླུགས་པའི་བཅུད་ཀྱིས་བཀང་ལ༔ དཀྱིལ་འཁོར་ལྟེ་བར་བཞག༔ ཕྱི་ནང་གི་མཚམས་བཅད་དེ༔ བགེགས་བསྐྲད་ཐོ་བརྩིགས་ལ༔ དངོས་གཞི་ལས་གཞུང་བསྲང༔ ཁྱད་པར་སྔགས་པ་དམ་ཚིག་ཅན་བཞིའམ༔ དགེ་སློང་བཞིས་སྙིང་པོ་རྒྱུན་མི་ཆད་པར་བྱ༔ ལས་ཀྱི་རྡོ་རྗེས་ཆོ་ག་བྱ་བ་བརྩམ༔ སྤྱན་འདྲེན་ཟིན་ནས་སྦྱིན་སྲེག་གིས་ནད་གདོན་ཞི་བར་བྱ༔ ཚོགས་ལ་རོལ༔ བར་སྐབས་སུ་ཛཔ྄་བཟླས་ཤིང་འཆམ༔ ཁྱད་པར་ལྷ་ཚོགས་རྣམས་བུམ་པའི་ནང་ན་བཞུགས་པས༔ ཀུན་གྱིས་ཕྱག་གཡས་པ་ཚེ་བུམ་འཛིན་པ༔ གཡོན་པ་མདའ་དར་འཛིན་པ་བསྐྱེད་ཅིང༔ སྣང་སྲིད་ཀྱི་ཚེ་བཅུད་རྣམས་བསྡུས་པར་བསམ་ཞིང༔ སྔགས་འདི་བཟླས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་བཛྲ་རཏྣ་པདྨ་ཀརྨ་བྷུདྡྷ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ༔ ཚེ་བྷྲཱུྃ་གཡུ་བྷྲཱུྃ་གཡུ་ཚེ་བྷྲཱུྃ༔ ཨཱ་ཡུཿཛྙཱ་ན་གཡུ་ཚེ་བྷྲཱུྃ༔ གུ་རུ་དེ་ཝ་ཌཱ་ཀི་ནཱི༔ ཨཱ་ཡུ་སིདྡྷི་སྡུས་སྡུས་སྭཱ་ཧཱ༔ བར་སྐབས་སུ་དངོས་གྲུབ་བླངས༔ དེ་ནས་ཚེ་དགུག་ཅིང་ལྷ་ཚོགས་བསྐུལ་བ་ནི༔ ཧྲཱི༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ མཁའ་དང་མཉམ་པའི་སྐུ་མངའ་བ༔ ཚེ་ཡི་དངོས་གྲུབ་ཞུ་བའི་ཕྱིར༔ ཐུགས་དམ་དབང་གིས་ལས་ལ་བསྐུལ༔ ཕྱག་གིས་མདའ་དར་ད་སྐྱོད་ཅིག༔ བུམ་པའི་ནང་དུ་དཔལ་སྐྱེད་ཅིག༔ ཕྱོགས་བཞི་མཚམས་དང་སྟེང་འོག་ནས༔ ཚེ་ཡི་དངོས་གྲུབ་འདིར་སྡུས་ཤིག༔ སྟེང་ལྷའི་ཚེ་གཡང་དངོས་གྲུབ་སྡུས༔ འོག་གི་ཀླུ་ཡི་ཚེ་སྲོག་སྡུས༔ བདུད་ཕོའི་ལག་ནས་ཚེ་ཁུག་ཅིག༔ བདུད་མོའི་ལག་ནས་ཚེ་ཁུག་ཅིག༔ ལྷ་སྲིན་སྡེ་བརྒྱད་ལག་ནས་ཚེ་ཁུག་ཅིག༔ གདོན་དང་འབྱུང་པོའི་ལག་ནས་ཚེ་ཁུག་ཅིག༔ ཉི་མ་ཟླ་བའི་ལག་ནས་ཚེ་ཁུག་ཅིག༔ སྲེད་མེད་བུ་ཡི་ལག་ནས་ཚེ་ཁུག་ཅིག༔ དབང་ཕྱུག་སྲེད་མེད་ལག་ནས་ཚེ་ཁུག་ཅིག༔ དཀར་དམར་མདངས་ལྡན་ཚེ་ཁུག་ཅིག༔ ཚེ་ཡོ་བ་སྲོངས་ལ་ཆད་པ་མཐུད༔ བྲུལ་པ་རུག་ལ་འཐོར་པ་སྡུས༔ སྟོང་པ་ཁོངས་ལ་འགྱེལ་བ་སློངས༔ ལོ་བརྒྱ་ཐུབ་པའི་ཚེ་ཁུག་ཅིག༔ སྟོན་བརྒྱ་མཐོང་བའི་དཔལ་སྐྱོབས་ཤིག༔ ཅེས་པའི་མཇུག་ཏུ་ཛཔ྄་དབྱངས་བཟླས༔ ཕྱི་ནང་གི་མཆོད་བསྟོད་ཚོགས་རེ་ཡང་གཏང༔ ཧྲཱི༔ བླ་མ་རྒྱ་མཚོའི་སྐུ་མངའ་བ༔ ཚེ་ཡི་དངོས་གྲུབ་ཞུ་བའི་ཕྱིར༔ ཐུགས་དམ་དབང་གིས་ལས་ལ་བསྐུལ༔ ཕྱག་གིས་མདའ་དར་ད་སྐྱོད་ཅིག༔ བུམ་པའི་ནང་དུ་དཔལ་སྐྱེད་ཅིག༔ ཕྱོགས་བཞི་མཚམས་དང་སྟེང་འོག་ནས༔ ཚེ་ཡི་དངོས་གྲུབ་འདིར་སྡུས་ཤིག༔ སྟེང་ལྷའི་ཚེ་གཡང་དངོས་གྲུབ་སྡུས༔ འོག་གི་ཀླུ་ཡི་ཚེ་སྲོག་སྡུས༔ བདུད་ཕོའི་ལག་ནས་ཚེ་ཁུག་ཅིག༔ བདུད་མོའི་ལག་ནས་ཚེ་ཁུག་ཅིག༔ ལྷ་སྲིན་སྡེ་བརྒྱད་ལག་ནས༴ གདོན་དང་འབྱུང་པོའི་ལག་ནས༴ ཉི་མ་ཟླ་བའི་ལག་ནས༴ སྲེད་མེད་བུ་ཡི་ལག་ནས༴ དབང་ཕྱུག་སྲེད་མེད་ལག་ནས༴ དཀར་དམར་མདངས་ལྡན་ཚེ་ཁུག་ཅིག༔ ཚེ་ཡོ་བ་སྲོངས་ལ་ཆད་པ་མཐུད༔ བྲུལ་པ་རུག་ལ་འཐོར་པ་སྡུས༔ སྟོང་པ་ཁོངས་ལ་འགྱེལ་བ་སློངས༔ ལོ་བརྒྱ་ཐུབ་པའི་ཚེ་ཁུག་ཅིག༔ སྟོན་བརྒྱ་མཐོང་བའི་དཔལ་སྐྱོབས་ཤིག༔ ཅེས་པས་ཀུན་ལ་འགྲེས་འདི་ཤེས་པར་གྱིས། དཔའ་བོ་རྒྱ་མཚོའི་སྐུ་མངའ༴ མཁའ་འགྲོ་རྒྱ་མཚོའི༴ རྒྱལ་བ་རྒྱ་མཚོའི༴ ཆོས་སྐྱོང་རྒྱ་མཚོའི༴ གཏེར་བདག་རྒྱ་མཚོའི༴ བཀའ་སྲུང་རྒྱ་མཚོའི༴ ལས་མཁན་རྒྱ་མཚོའི༴ ཅེས་སོགས་གོང་ལྟར་གཏང་། དེ་ནས་རྒྱས་པར་བྱེད་ན་མཆོད་ཡོན་འབུལ༔ སྤྲོས་བཅས་ལྟར་གཏང༔ བསྡུས་པ་བྱེད་ན་བསྐྱེད་རིམ་ཕོག་ལ་ཚེ་བུམ་མགོ་ཐོག་ཏུ་བཞག༔ ཧྲཱི༔ བཅོམ་ལྡན་ཚེ་དཔག་མེད་པའི་སྐུ༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ རྩ་སྔགས་ཤམ་བུ་ལ་ཨཱ་ཡུ་ཥེ༔ ཨ་བྷི་ཥིཉྩ་ཨོཾ༔ ཞེས་བུམ་ཆུ་སྦྱིན༔ དེ་ནས་ཚེ་ཆང་མགྲིན་པར་བཞག༔ ཧྲཱི༔ བཅོམ་ལྡན་ཚེ་དཔག་མེད་པའི་སྐུ༔ བླ་མ་རྒྱ་མཚོའི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ༴ འཆི་མེད༴ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨཱ་ཡུ་ཥེ༔ ཨ་བྷི་ཥིཉྩ་ཨཱ༔ དེ་ནས་གསེར་གཡུ་མགོ་ལ་བཞག༔ ཧྲཱི༔ བཅོམ་ལྡན་ཚེ་དཔག་མེད་པའི་སྐུ༔ དཔའ་བོ་རྒྱ་མཚོའི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ༴ འཆི་མེད་ཚེ་ཡི༴ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི༴ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་མདའ་དར་ལག་ཏུ་གཏད༔ ཧྲཱི༔ བཅོམ་ལྡན་ཚེ་དཔག་མེད་པའི་སྐུ༔ ཆོས་སྐྱོང་རྒྱ་མཚོའི༴ སྐལ་ལྡན་བུ་ལ༴ འཆི་མེད་ཚེ་ཡི ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི༴ ཨ་བྷི་ཥིཉྩ་ཧྲཱི༔ དེ་ནས་དབང་བསྐུར་ཆང་བྱིན༔ ཧྲཱི༔ བཅོམ་ལྡན་ཚེ་དཔག་དཀར་མོའི་སྐུ༔ མཁའ་འགྲོ་རྒྱ་མཚོའི༴ སྐལ་ལྡན་བུ་ལ༴ འཆི་མེད་ཚེ་ཡི༴ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི༴ ཨ་བྷི་ཥིཉྩ་ཧྲཱི༔ དེ་ནས་ཚེ་ནས་གཏོར་ལ་གཏད༔ ཧྲཱི༔ བཅོམ་ལྡན་ཚེ་དཔག་མེད་པའི་སྐུ༔ གཏེར་བདག་རྒྱ་མཚོའི་ལྷ་ཚོགས་རྣམས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་ཧྲཱི༔ དེའི་རྗེས་ལ་མཎྜལ་ཕུལ་ཏེ༔ གཏོར་དབང་བསྐུར་བར་བྱ༔ རྗེས་ནི་དཀྱིལ་འཁོར་བསྡུ༔ བཀྲ་ཤིས་བརྗོད༔ བསྔོ་བ་སྨོན་ལམ་གྱི་རྒྱས་གདབ་བོ༔ དམ་ཚིག་ཏུ་མ་ཎི་བཟླས༔ སྲོག་གཅོད་སྤང་པར་བྱས་པས༔ ཚེ་རིང་ཞིང་ཡོན་ཏན་ཐམས་ཅད་འབྱུང་ངོ༔ ཚེ་སྒྲུབ་ཡིད་བཞིན་ནོར་བུ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དུས་ངན་སྐྱེས་པའི་ཇོ་སྲས་རྡོ་རྗེ་གླིང་པས། ཨུམ་སྟེང་མཚོ་ནས་ཟབ་གཏེར་བཏོན་ཡོད་དོ། །ལུང་ནས་བསྟན་པའི་ཆོས་བདག་སྐྱེས་མཆོག་ནི། །དྷརྨེ་ཤྭ་རའི་དོན་དུ་ལེགས་པར་བསྒྱུར། །མཁའ་འགྲོའི་བརྡ་སྐད་མ་ནོར་ལེགས་པར་ཕབ། དགེ་བ་འདི་ཡིས་འཁོར་འདས་སེམས་ཅན་རྣམས། །ཐུགས་རྗེའི་དྲུང་དུ་སངས་རྒྱས་ཐོབ་པར་ཤོག །དག་པར་ཡོད་པས་ཉམས་སུ་ལེན་པར་ཞུ། །འདི་ཡི་དགེ་བའི་རྩ་བ་དེས། །རྣམ་མཁྱེན་སངས་རྒྱས་ཐོབ་པར་ཤོག། ༈ ༁ྃ༔ ཐུགས་རྗེ་ཆེན་པོ་ཀུན་འདུས་ཀྱི་རྫོགས་རིམ་ཟབ་ཁྲིད་འཁོར་བ་དོང་སྤྲུགས་བཞུགས་སོ༔ ྈྈྈ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལ་ཕྱག་འཚལ་ལོ༔ རྫོགས་རིམ་ཟབ་ཁྲིད་བསྟན་པ་འདི༔ དང་པོ་སྔོན་དུ་འགྲོ་བས་ཁ་ཁྲིད་པ༔ གཉིས་པ་དངོས་གཞི་ངོ་སྤྲད་པ༔ གསུམ་པ་རྗེས་ཀྱི་མཐའ་སྐྱོང་བའོ༔ དང་པོ་ནི་སློབ་མ་དབེན་པར་ཁྲིད༔ གཏོར་དབང་བསྐུར་ལ་མཚམས་བཅད༔ ཐོག་མར་དལ་འབྱོར་རྙེད་དཀའ་ཞིང༔ ཆོས་དང་འཕྲད་པར་དཀའ་བ་ལ་ཞག་གསུམ་བློ་འབེབས་སུ་གཞུག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ལས་རྒྱུ་འབྲས་ཀྱི་བདེན་རྫུན་ལ་ཞག་གསུམ་གཞིག་ཏུ་གཞུག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་འཁོར་བའི་སྡུག་བསྔལ་ལ་ཞག་གསུམ་གཞིག་ཏུ་གཞུག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་འཆི་བ་མི་རྟག་པ་ལ་ཞག་གསུམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཆོས་མིན་གཞན་གྱིས་མི་ཕན་པ་ལ་ཞག་གསུམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཆོས་ཀུན་གྱི་སྔོན་འགྲོ་སྐྱབས་སུ་འགྲོ་བ་ལ་ཞག་གསུམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཐེག་པ་ཆེན་པོའི་སེམས་བསྐྱེད་ལ་ཞག་གསུམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཞག་གསུམ་སྡིག་པ་བཤགས་པ་ལ་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཚོགས་གསག་ཅིང་མཎྜལ་ཕུལ་བ་ལ་ཞག་གསུམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་བླ་མ་ལ་གསོལ་བ་འདེབས་པ་ལ་ཞག་གསུམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལྟར་སྔོན་དུ་འགྲོ་བ་ལ་ཁྲིད་རྐང་བཅུའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ ྈྈྈ དེ་ནས་དངོས་གཞི་ངོ་སྤྲད་པ་ནི༔ ཐོག་མར་ལུས་གློད༔ ངག་བསྡམ༔ སེམས་བསྒྲིམ་ལ་གོལ་བར་ཞག་གསུམ་བསྒོམ་དུ་གཞུག་གོ༔ ས་མ་ཡ༔ རྒྱ༔ དེ་ནས་མཉམ་གཞག་ཐོབ་པ་དང༔ སེམས་བྱུང་གནས་འགྲོ་གསུམ་ཁ་ལེགས་པར་གཞིག་སྟེ༔ ཞག་གསུམ་རྩད་བཅད་ནས༔ སེམས་ཀྱི་མཚང་རིག་གོ༔ ས་མ་ཡ༔ རྒྱ༔ དེ་ནས་སྣང་བ་སེམས་མིན་པ་ཨི་འདུག་ལྟ་རུ་བཅུག་པས༔ སེམས་ཀྱི་རྩལ་དུ་ཤེས་པ་ལ༔ ཞག་གསུམ་བཞག་གོ༔ ས་མ་ཡ་རྒྱ༔ དེ་ནས་སེམས་དེ་ལ་དངོས་པོ་ཨེ་འདུག་བལྟས་པས༔ དངོས་པོ་མེད་པར་སྟོང་པར་ཐག་ཆོད༔ དེ་ལ་ཞག་གསུམ་གཞིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་སྟོང་པ་དེ་ཆོས་སྐུ་ཡིན་ནམ༔ འཁོར་བ་ཡིན་བརྟགས་པས༔ སེམས་སྐྱེ་མེད་བློ་བྲལ་དུ་ཐག་ཆོད་པ་ཡིན༔ དེ་ལ་ཞག་གསུམ་བྱ༔ ས་མ་ཡ༔ དེ་ནས་ཕྱི་རོལ་གྱི་ཡུལ་ལ་འཕྲོར་བཅུག་ལ༔ འགགས་མེད་ཀྱི་རང་གྲོལ་དུ་ཤེས་ཏེ༔ རྟོག་འཛིན་གྱི་བྱུང་ས་སྐྱོང་བས༔ ཤར་ས་ལ་གཞི་མེད་དུ་ཤེས་ན་ཡིན༔ དེ་ལ་ཞག་གསུམ་བཏང་ངོ༔ ས་མ་ཡ༔ དེ་ནས་ཕྱི་རོལ་གྱི་ཡུལ་ལ༔ འཁོར་འདས་ཀྱི་ཁྱད་གང་གིས་འབྱེད་བརྟགས་པས༔ ངོ་ཤེས་མ་ཤེས་ཀྱིས་འབྱེད་པར་ཤེས་ཏེ༔ གང་ཤར་འཛིན་མེད་རང་གྲོལ་དུ་ཉམས་སུ་ལེན་པའི་མཚང་རིག་ན་ཡིན་པས༔ དེ་ལ་ཞག་གསུམ་བཏང་ངོ༔ ས་མ་ཡ༔ རྒྱ་རྒྱ༔ དེའི་དུས་སུ་རང་སྟོང་ཆོས་སྐུ༔ རང་གསལ་རྫོགས་སྐུ༔ རང་གྲོལ་སྤྲུལ་སྐུར་ངོ་སྤྲོད༔ ས་མ་ཡ་རྒྱ༔ དངོས་གཞི་ཁྲིད་རྐང་བརྒྱད་དོ༔ ས་མ་ཡ༔ རྒྱ་རྒྱ༔ ྈྈྈ རྗེས་ནི་དེ་ལྟར་ཞི་ལྷག་དབྱེར་མེད་ཀྱི་ངང་ནས་ཐུགས་རྗེ་ཆེན་པོ་བསྒོམ་དུ་བཅུག༔ སྟོང་གསལ་ལ་རྩལ་སྦྱང༔ ས་མ་ཡ༔ རྒྱ་རྒྱ༔ དེ་ནས་མ་ཎི་བཟླས་སུ་བཅུག་ལ༔ སྒྲ་གྲགས་སྟོང་དབྱེར་མེད་ལ་རྩལ་སྦྱོང་དུ་བཅུག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་དུག་ལྔ་རང་གྲོལ་དུ་བརྟགས་ལ་རིག་སྟོང་དབྱེར་མེད་ལ་རྩལ་སྦྱོང་དུ་བཅུག༔ ས་མ་ཡ༔ དེ་ནས་ཉམས་ལེན་འཕྲོ་བཅད་ནས༔ འཕོ་བའི་གདམས་པས༔ མ་བསྒོམ་པར་སངས་རྒྱས་པ་ལ་སྦྱང་དུ་བཅུག་གོ༔ ས་མ་ཡ༔ དེ་ནས་སྐུ་གསུམ་དབྱེར་མེད་དུ་སངས་མ་རྒྱས་ཀྱི་བར་དུ་མི་བསྒོམ་པ་ལ་མི་ཡེངས་ཤིང༔ སྟོང་པ་ཁ་ཡན་དུ་མི་གཏང་ཞིང༔ འོག་འགྱུས་བྱིང་རྨུགས་སུ་མི་བཏང་བ་ལ་འཕྲོ་བཅད་པས༔ རྒྱབ་སྐྱོར་དེ་མཐར་དབྱུང་བར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈ ཨེ་མ་ཧོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཐུགས་རྗེའི་ཐུགས་ཁྲིད་ཡང་ཟབ་འདི༔ ཟབ་ཕྱིར་ཤེལ་དཀར་བཟའ་ལ་གཏད༔ ཡི་གེར་བྲིས་ལ་གཏེར་ཏུ་སྦོས༔ ནམ་ཞིག་ཆོས་སྒོ་འདི་འབྱེད་དུས༔ གུ་རུ་རྡོ་རྗེ་གླིང་པ་འབྱུང༔ སྐལ་ལྡན་དེ་དང་འདི་འཕྲད་ནས༔ སེམས་ཅན་མང་པོའི་ལམ་སྣ་འདྲེན༔ ཆོས་འདིས་གྲོལ་བ་བརྗོད་འདས་འབྱུང༔ ཉམས་སུ་ལོངས་ཤིག་ཕྱི་རབས་རྣམས༔ འདི་ལྟར་ཟབ་ཁྲིད་གཅེས་པར་ཆོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་ཁྲིད་འཁོར་བ་དོང་སྤྲུགས་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ དམ་རྒྱ༔ བཀའ་རྒྱ༔ ཁོ་བོ་རྡོ་རྗེ་གླིང་པའི་གཏེར་མའོ། །མངྒ་ལཾ། །དགེའོ། །འདིའི་ཕྱི་མོ་མ་དག་ཆེ་ཞིང་བསྡུར་གཞི་གཞན་མ་རྙེད་ཀྱང་ངེས་རིགས་བཅོས་ཡོད། མ་ངེས་པ་སླར་དཔེ་དག་པར་སྒོ་བསྟུན་པས་དཔྱོད་ལྡན་གྱིས་འཆོས་པ་བྱུང་ན་ལེགས་ཞུ། ༈ སླར་ཡང་དཔེ་གཞན་དང་བསྟུན་ནས་ངེས་པ་རྣམས་ཞུས་ལགས།།

ཟབ་ཆོས་རིག་འཛིན་ཐུགས་ཐིག་ལས་བཀའ་སྲུང་དྲེགས་པའི་ལོ་རྒྱུས་ (Volume 38, Text 1)

༁ྃ༁ྃ༔ ཟབ་ཆོས་རིག་འཛིན་ཐུགས་ཐིག་ལས་བཀའ་སྲུང་དྲེགས་པའི་ལོ་རྒྱུས་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈ རྩ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་དུར་ཁྲོད་བསིལ་བ་ཚལ་ན་བཞུགས་པའི་ཚེ༔ རྡོ་རྗེ་གདན་དུ་མུ་སྟེགས་པ་ཤོར་ཏེ༔ ནང་པའི་ཆོས་འཁོར་ཀུན་བཤིག་ཅིང་གཏོར་ཏེ༔ ཕྱི་པའི་བསྟན་པ་ཆེར་འཕེལ་བའི་ཚེ༔ བསིལ་བ་ཚལ་གྱི་རང་བྱུང་མགོན་པོའི་རྡོ་སྐུའི་ཐུགས་ཀ་ནས་འོད་སྔོན་པོ་ཞིག་འཕྲོས་པའི་རྩེ་ལས༔ སྤྲུལ་པའི་མགོན་པོ་དྲེགས་པ་བཞི་འཁོར་དང་བཅས་པ་མེ་རླུང་གི་ཀློང་ནས་ཤར་ཏེ་མི་བཟད་པའི་ཆོ་འཕྲུལ་སྣ་ཚོགས་ཀྱིས་སྣང་སྲིད་ཐམས་ཅད་ཡོམ་ཡོམ་ཤིག་ཤིག་བྱུང་ཚེ་ང་རོའི་སྒྲ་ལས༔ ཀྱེ༔ ཤཱཀྱ་སེང་གེའི་བསྟན་པ་ལ༔ སྲུང་ཞིང་སྐྱོང་མཛད་དཔའ་བོ་ཆེས༔ ལོག་སྨྲ་ཕྱིར་རྒོལ་སྡེ་དཔུང་རྣམས༔ གཞོམ་ཞིང་ཕམ་པའི་དུས་ལ་བབས༔ ཞེས་བསྐུལ་ཏེ་སླར་ཡང་ཐུགས་ཀར་ཐིམ༔ དེའི་ཚེ་བདག་གིས་སྒྲུབ་ཐབས་ལས་སྦྱོར་དང་བཅས་པ་བྱས་ཏེ༔ མགོན་པོ་ཉིད་རྦད་ཅིང་བསྐུལ་བས༔ སད་སེར་དང་ནད་ཡམས་མི་མཐུན་པ་སྣ་ཚོགས་བྱུང་སྟེ༔ མུ་སྟེགས་ཀྱི་སྟོན་པ་ཐམས་ཅད་ཤི༔ བསྟན་པ་རང་ཞིག་ལ་སོང༔ ནང་པའི་བསྟན་པ་སྔར་ལྟར་འཕེལ་བར་གྱུར་ཏོ༔ དེའི་ཚེ་སྒྲུབ་ཐབས་རིམ་པ་གསུམ་དུ་བྱས་པ་ལས༔ འདི་ནི་བསྡུས་པ་སྟེ་ཟབ་ཅིང་འདྲིལ་བ་འོ་མའི་ནང་གི་རྩི་མར་ལྟ་བུའོ༔ ས་མ་ཡ༔ རིག་འཛིན་གཏེར་བདག་གླིང་པས་བྲག་དམར་གཡའ་མ་ལུང་ནས་སྤྱན་དྲངས་པའོ། །༁ྃ༁ྃ༔ ཟབ་ཆོས་རིག་འཛིན་ཐུགས་ཐིག་ལས༔ བཀའ་སྲུང་དྲེགས་པའི་སྒྲུབ་ཐབས་བཞུགས་སོ༔ ྈྈྈྈྈྈ རྩ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ བཀའ་སྲུང་དྲེགས་པ་སྒྲུབ་པ་ན༔ དབེན་གནས་དུར་ཁྲོད་དྲག་པོའི་སར༔ གནམ་ས་ཆོས་འབྱུང་དབྱིབས་ལྡན་པ༔ བྱ་རོག་ལྡིང་འདྲའི་བྲག་འདབས་སུ༔ གཡུལ་བཀྱེའི་ས་དང་ཕུང་ཤུལ་སའི༔ སྟེགས་བུ་མདའ་གང་གྲུ་བཞི་པ༔ ཁྲག་གིས་བྱུགས་སྟེང་མཎྜལ་བྲི༔ དེ་སྟེང་འབྲུ་ནག་བ་ལིཾ་ཏ༔ ཤ་ཁྲག་གིས་བརྒྱན་རྩེ་མོ་རུ༔ དར་ནག་གདུགས་ཕུབ་གཡས་གཡོན་དུ༔ སྨན་རཀ་ཕྱི་ནང་རྟེན་རྫས་དང༔ མཆོད་པ་མཐའ་དག་ཚོགས་པར་བཤམ༔ དེ་ནས་བདག་ཉིད་ཁྲུས་བྱས་ལ༔ བདེ་བར་འདུག་སྟེ་རྩ་གསུམ་ལྷར༔ གསལ་བའི་མདུན་དུ་མགོན་པོ་ཆེ༔ གཞུང་བཞིན་གསལ་བའི་ཐུགས་ཀ་རུ༔ སྲོག་གི་ཡི་གེ་གསལ་བར་བསྒོམ༔ སྙིང་པོ་འདི་ཉིད་བཟླ་བར་བྱ༔ ཨོཾ་མ་ཧཱ་ཀཱ་ལ་བི་ཀཱ་ལ་ཏྲི་ཡཾ་ཛཿཧཱུྃ་ཧཱུྃ་ཕཊ༔ ཅེས་པ་གྲངས་ཚད་འབུམ་ཚོ་ལྔ༔ དུས་བསྙེན་ཞག་ནི་ཉི་ཤུ་གཅིག༔ རབ་ཀྱིས་སྒྲུབ་མཚན་མ་ཐོབ་བར༔ ནན་ཏན་ཉམས་སུ་བླང་བྱ་འོ༔ མཐར་ནི་མཆོད་བསྟོད་གཤེགས་བསྡུ་སོགས༔ ལས་གཞུང་སྤྱི་ལྟར་ཤེས་པར་བྱ༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་འགྱུར་མེད་རྡོ་རྗེ་རྩལ་གྱིས་བྲག་དམར་གཡའ་མ་ལུང་གི་འཆི་མེད་རྡོ་རྗེའི་སྤོ་ནས་སྤྱན་དྲངས་པའོ། །༁ྃ༁ྃ༔ ཟབ་ཆོས་རིག་འཛིན་ཐུགས་ཐིག་ལས༔ བཀའ་སྲུང་གི་གཏོར་དབང་ཕྲིན་ལས་འབྱུང་གནས་ཞེས་བྱ་བ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈ སངས་རྒྱས་བསྟན་པ་བསྲུང་བ་དང༔ གདུག་པ་འདུལ་ཕྱིར་བསྙེན་སོང་གིས༔ བསྟན་པ་འཛིན་པའི་སྐྱེས་བུ་ལ༔ བཀའ་སྲུང་བྱིན་རླབས་སྲོག་གཏད་བྱ༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་རྟེན་མཆོད་མཎྜལ་དང༔ དམར་གཏོར་ཙཀླི་རྒྱན་ཅན་བཤམ༔ མདུན་དུ་དྲེགས་པ་འཁོར་བཅས་བསམ༔ བསྙེན་པ་བྱ་ཞིང་སྲོག་སྙིང་བགྲང༔ ཁྲུས་བྱས་བགེགས་བསལ་མཎྜལ་དབུལ༔ གུས་པས་གསོལ་བ་འདི་ལྟར་གདབ༔ བདེ་གཤེགས་བླ་མ་བདག་ལ་དགོངས༔ གདུག་པ་འདུལ་ཞིང་བསྟན་བསྲུང་ཕྱིར༔ བཀའ་སྲུང་དྲེགས་པ་ལྕམ་དྲལ་གྱི༔ བྱིན་རླབས་དབང་བསྐུར་བསྩལ་དུ་གསོལ༔ ཞེས་ཞུ་བླ་མས་འདི་སྐད་གསུང༔ གསོན་ཅིག་དད་ལྡན་སྙིང་གི་བུ༔ བསྟན་པ་རིན་ཆེན་བསྲུང་བ་དང༔ དམ་ཆོས་སྒྲུབ་པའི་བགེགས་ཞིའི་ཕྱིར༔ སྦྱིན་པར་བྱ་ཡི་གཞན་དུ་མིན༔ ཞེས་གསུངས་སླར་ཡང་འདི་སྐད་གསོལ༔ ཁྱོད་ཀྱིས་ཇི་ལྟར་བཀའ་བསྩལ་ལས༔ ནམ་ཡང་འདའ་བར་མི་བགྱི་འོ༔ ས་མ་ཡ་ཨ་མྲྀཏ་ཧཱུྃ༔ ཞེས་པས་དམ་ཆུ་སྦྱིན་ཞིང་བསྒྲག༔ དེ་ནས་སློབ་མ་སྐད་ཅིག་གིས༔ བཀའ་སྲུང་དྲེགས་པར་གཞུང་བཞིན་གསལ༔ སྒོ་གསུམ་བྱིན་བརླབ་ཡེ་ཤེས་བསྟིམ༔ ཨཱ་བེ་ཤ་ཡིས་བྱིན་དབབ་ལ༔ ཏིཥྛ་བཛྲས་གཉིས་མེད་བསྟིམ༔ དེ་ནས་གཏོར་མ་སྤྱི་བོར་བཞག༔ ཧཱུྃ༔ གཞན་གྱིས་མི་ཐུབ་དཔའ་བོ་ཆེ༔ བདུད་སྡེ་འཇོམས་མཛད་མཐུ་སྟོབས་ཅན༔ རྒྱལ་བའི་བསྟན་པའི་སྲོག་ཤིང་ཆེ༔ འཁོར་ལོས་སྒྱུར་བའི་སྟོབས་པོ་ཆེ༔ དཔལ་ལྡན་རྡོ་རྗེ་སྲིན་པོ་ཆེའི༔ སྐུ་ཡི་བྱིན་རླབས་འདིར་སྩོལ་ཅིག༔ ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་སརྦ་ས་མ་ཡ་བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ མགྲིན་པར་སྦྱིན་ཞིང་འདི་སྐད་དོ༔ ཧཱུྃ༔ བདེ་གཤེགས་ཀུན་གྱི་ནུས་པའི་འཕྲུལ༔ ཁྲོ་རྒྱལ་ཡོངས་ཀྱི་དཔལ་ཆེན་པོ༔ བསྟན་པ་སྐྱོང་མཛད་མཐུ་བོ་ཆེ༔ དཔལ་ལྡན་རྡོ་རྗེ་ནག་པོ་ཆེའི༔ གསུང་གི་ནུས་སྟོབས་བྱིན་རླབས་མཆོག༔ འདི་ལ་སྦྱིན་པར་མཛད་དུ་གསོལ༔ ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་སརྦ་ས་མ་ཡ་བཛྲ་བཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ སྙིང་གར་བཞག་ཅིང་འདི་སྐད་བརྗོད༔ ཧཱུྃ༔ ཡེ་ཤེས་དབྱིངས་ལས་མ་གཡོས་ཀྱང༔ གདུག་པ་བདུད་ཀྱི་སྡེ་འདུལ་བར༔ སངས་རྒྱས་ཀུན་གྱིས་དབང་བསྐུར་བའི༔ མཐུ་སྟོབས་དྲག་པོ་ཆེན་པོ་ཡི༔ ཐུགས་ཀྱི་བྱིན་རླབས་ནུས་པ་ཀུན༔ འདི་ལ་སྦྱིན་པར་མཛད་དུ་གསོལ༔ ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་སརྦ་ས་མ་ཡ་བཛྲ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ལྟེ་བར་བཞག་ཅིང་འདི་སྐད་དོ༔ ཧཱུྃ༔ དྲག་པོ་ཆེན་པོ་མ་རུངས་ཤུགས་ཆེ་བ༔ སྲིན་པོའི་དབང་པོ་བྱད་མའི་གཤེད་ཆེན་པོ༔ རྣལ་འབྱོར་དཔལ་མགོན་ཆེན་པོའི་ཡོན་ཏན་གྱི༔ བྱིན་རླབས་ནུས་པ་འདི་ལ་སྦྱིན་པར་མཛོད༔ ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་སརྦ་ས་མ་ཡ་བཛྲ་གུ་ཎ་ཨ་བྷི་ཥིཉྩ་སྭཱ༔ གསང་བར་བཞག་ཅིང་འདི་སྐད་བརྗོད༔ ཧཱུྃ༔ རྒྱལ་བསྟན་ཆོས་འཁོར་ཡོངས་ཀྱི་མགོན༔ དུར་ཁྲོད་ཀུན་གྱི་བདག་པོ་ཆེའི༔ དྲག་རྩལ་མི་བཟད་ཕྲིན་ལས་ཀྱི༔ སྟོབས་ནུས་འདི་ལ་སྦྱིན་པར་མཛོད༔ ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་སརྦ་ས་མ་ཡ་བཛྲ་ཀརྨ་ཨ་བྷི་ཥིཉྩ་ཧཱ༔ དེ་ནས་གཏོར་མ་ལག་ཏུ་གཏད་ལ༔ ཧཱུྃ༔ སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ༔ ཇི་ལྟར་ཁས་བླངས་དམ་བཅས་བཞིན༔ རྒྱལ་བའི་བསྟན་པ་སྐྱོང་བ་དང༔ དམ་ལྡན་རྡོ་རྗེའི་བུ་འདི་ཡི༔ མགོན་དང་དཔུང་གཉེན་བྲན་དང་གྲོགས༔ མཛད་ཅིང་དམ་ཚིག་གཅིག་པར་མཛོད༔ ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ཡ་སཱ་ན་རཱ་ཛ་སརྦ་ས་མ་ཡ་རཀྵནྟུ༔ དེ་ནས་མདུན་དུ་དགྲ་གཟུགས་ལ༔ དམིགས་བྱ་བསྟིམ་ཞིང་སློབ་བུ་ལ༔ ཕུར་བུ་གཏད་དེ་བསྒྲལ་དུ་གཞུག༔ བྷྱོ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་གཅིག་ཏུ་བསྡུས་པ་ཡི༔ དྲག་པོས་སྒྲོལ་བྱེད་མཐུ་དབང་འདི༔ ཁྱོད་ལ་སྦྱིན་བྱ་བླང་བར་གྱིས༔ ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ཡ་སརྦ་ས་མ་ཡ་གནོད་བྱེད་བྱད་མ་མཱ་ར་ཡ་རྦད༔ ཅེས་པས་སྦྱིན་ཞིང་དམ་ཚིག་བསྒྲག༔ ཡོན་འབུལ་དགའ་སྟོན་དག་ལ་སྤྱོད༔ བཀའ་སྲུང་དྲེགས་པའི་སྲོག་དབང་འདི༔ མ་འོངས་འགྲོ་ལ་ཕན་བྱའི་ཕྱིར༔ པདྨ་བདག་གིས་ཁྱོད་ལ་གདམས༔ ཀུན་ལ་སྤེལ་བར་མི་བྱ་འོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ྈྈྈ རིག་འཛིན་འགྱུར་མེད་རྡོ་རྗེས་བྲག་དམར་གཡའ་མ་ལུང་ནས་སྤྱན་དྲངས་པའོ། །༁ྃ༁ྃ༔ ཟབ་ཆོས་རིག་འཛིན་ཐུགས་ཐིག་ལས༔ བཀའ་སྲུང་དྲེགས་པའི་ལས་སྦྱོར་བཞུགས་སོ༔ ྈྈྈྈྈྈྈྈ རྩ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ བཀའ་སྲུང་དྲེགས་པའི་ལས་སྦྱོར་ནི༔ གནས་ནི་སྒྲུབ་པའི་དུས་ལྟ་བུར༔ ཕུང་ཤུལ་ས་ཡི་བྲུབ་ཁུང་དུ༔ དུག་ཤོག་དག་ལ་གྲི་ཁྲག་གིས༔ གནོད་བྱེད་གང་ཡིན་གཟུགས་བྲིས་པའི༔ དཔྲལ་བར་རུས་དང་སྙིང་གར་མིང༔ ནྲྀ་ཏྲིའི་ཁ་བསྒྱུར་ཡན་ལག་བཞིར༔ ཛཿཧཱུྃ་བཾ་ཧོཿའི་སྲོག་ཡིག་བྲི༔ གནོད་བྱེད་དག་གི་དྲི་མས་བྱུག༔ ཟན་གྱི་ཉ་བོའི་ཁོང་དུ་བཅུག༔ སྔོ་དམར་སྐུད་པས་ཡན་ལག་བཅིངས༔ དེ་སྟེང་ཤ་ཁྲག་གིས་བརྒྱན་པའི༔ གཏའ་གཏོར་དར་ནག་རྒྱན་ཅན་བཤམ༔ ཀེ་ཚེ་ཤང་ཚེ་ཡུངས་དཀར་ནག༔ རྦབ་རྡོ་ལྕགས་ཕུར་ལ་སོགས་བསགས༔ དེ་ནས་རང་ཉིད་དྲེགས་པར་གསལ༔ ཐུགས་ཀའི་གསང་སྔགས་ཕྲེང་བ་ལས༔ ལས་བྱེད་ཕོ་ཉ་གྲངས་མེད་སྤྲོས༔ གནོད་བྱེད་ཐམས་ཅད་འུབ་ཀྱིས་བསྡུས༔ མདུན་གྱི་རཱུ་པ་ཉིད་ལ་བསྟིམ༔ གནོད་བྱེད་བྱད་མ་ཨཾ་གུ་ཤ་ཛ༔ ཛཿཧཱུྃ་བཾ་ཧོ༔ དེ་ནས་དྲག་སྔགས་རྒྱལ་པོ་འདིས༔ གནོད་བྱེད་སྙིང་ལ་གཟིར་བར་བྱ༔ ཨོཾ་མ་ཧཱ་ཀཱ་ལ་ཏྲི་ཡཾ་ཛ༔ ཀཱ་ལི་དེ་བཱི་ཧཱུྃ་བྷྱོ་ཧཱུྃ༔ ནཱ་ག་རཀྴ་ཡ་མ་རཱ་ཛཿརཱ་ཧུ་ལ་རཀྴ་ས་ཏྲིག་ནན༔ ཨེ་ཧུར་ཐུམས་ཛ༔ གནོད་བྱེད་བྱད་མ་མཱ་ར་ཡ་རྦད༔ སྲོག་ལ་ཛ༔ སྙིང་ལ་རྦད༔ རྩ་ལ་བྲེང་ཤག༔ ཛ་ཁྲམ་ཡ་ཕཊ༔ ཅེས་བཟླས་ཐུན་གྱིས་རཱུ་པ་གཟིར༔ དགུ་འམ་གནམ་སྟོང་སྲོད་ཀྱི་ཚེ༔ དྲག་པོའི་ལས་ལ་སྦྱར་བ་ན༔ གནོད་བྱེད་སྡེ་དཔུང་འཇོམས་པར་འགྱུར༔ ས་མ་ཡ༔ གནོད་བྱེད་ཀྱི་རཱུ་པ་གོང་ལྟར་འགུགས་འདྲེན་བྱས་ལ༔ གླང་རུར་བཅུག་མཆོད་རྟེན་ནམ་ལམ་རྒྱ་གྲམ་དུ་རྩ་སྔགས་ཤམ་བུར་མཱ་ར་ཡ་ནན་བཏགས་ལ་མནན་ན་སྲེད་མེད་བུའི་སྟོབས་ཀྱང་འཇོམས་པར་འགྱུར་རོ༔ སཱ་མཱ་ཡཱ༔ ༁ྃ༔ ཡང་ལིདྒ་གོང་ལྟར་ལ༔ དགྲའི་རྐང་རྗེས་ཀྱི་སས་བྱུགས་པ་ཨོཾ་ཙ་ཏྲིག་ནན༔ ཨེ་ཧུར་ཐུམས་ཛཿབྱད་མ་མཱ་ར་ཡ་སོད༔ བྱེ་བ་བཟླས་པ་བཙན་གནས་པའི་བྲག་ལ་སྦས་ན་དགྲ་བོ་གཟེར་གྱིས་འདེབས་སོ༔ སཱ་མཱ་ཡཱ༔ ཡང་དགྲའི་རཱུ་པ་ཟག་རྫས་ཀྱིས་བྱུགས་པ༔ སྦྲུལ་ཤ༔ མཛེ་ཕོའི་ཁྲག༔ དུག་ཁྲག་རྣམས་དང་མཉམ་དུ༔ སྤྱང་ཀིའི་རྐང་རུས་སུ་བཅུག༔ ཡུགས་སྐྲས་བཅིང༔ རྩ་སྔགས་ལ་ནཱ་ག་རཱ་ཛ་བྱད་མ་སརྦ་མཱ་ར་ཡ་སོད༔ ཆིངས་ཆིངས༔ དུན་རྨུགས་ཁཱ་ཧི༔ ཞེས་བཟླས་ཏེ་ཀླུ་གནས་སར་སྦས་ན་དགྲ་བོ་རྣམས་མཛེས་འཆིའོ༔ ཡང་ཕུག་རོན་གྱི་ཁྲག༔ སྡིག་པའི་ཤ༔ བྱ་ལོང་གི་མིག༔ དངུལ་ཆུ་དུག་སྣ་མུ་ཟི་རྣམས་དུག་ཤིང་གི་མེ་ལ་བསྲེགས་ལ་རྩ་སྔགས་ལ་ཙཀྵུཿཐུམས་རྦད་དུ་ན་མཱ་ར་ཡ་ཛ༔ ཞེས་བཟླས་ཏེ་དུ་བ་དགྲ་ཁྱིམ་ལ་བཏང་ཞིང་རང་ལ་འཛེམ༔ དེས་ནི་དགྲ་བོ་འཁོར་བཅས་མིག་གི་དབང་པོ་འགྲིབ་པར་འགྱུར་རོ༔ སཱ་མཱ་ཡཱ༔ ཡང་དགྲ་བོའི་ཟག་པ་དང་སྡིག་གསོན་མཉམ་དུ་སྨྱུག་སྦུབས་སུ་བཅུག་སྟེ༔ དུ་ཏྲིག་ཀཱ་ལ་ཐུམས་རིལ་རྦད༔ གནོད་བྱེད་མཱ་ར་ཡ་ཛཿཤག་ཤག༔ ཅེས་བཟླས་ཏེ་བདུད་གནས་པའི་བྲག་ལ་སྦས་ན༔ ཟག་པ་ཟོས་ཚར་བ་དང་མཉམ་དུ་དགྲ་འཆི་བར་འགྱུར་རོ༔ སཱ་མཱ་ཡཱ༔ གནོད་བྱེད་དྲག་པོའི་ལས་མཐའ་འདི༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ བསྟན་པ་སྲུང་བའི་ཆེད་དུ་བཞག༔ ཀུན་ལ་མི་སྤེལ་གསང་བར་བྱ༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈ རིག་འཛིན་འགྱུར་མེད་རྡོ་རྗེ་རྩལ་གྱིས་བྲག་དམར་གཡའ་མ་ལུང་ནས་སྤྱན་དྲངས་པའོ། །༁ྃ༁ྃ༔ ཟབ་ཆོས་རིག་འཛིན་ཐུགས་ཐིག་ལས༔ བཀའ་སྲུང་དྲག་པོ་སྡེ་ལྔའི་སྐོང་གསོ་བདུད་དཔུང་ཀུན་འཇོམས་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈ རྩ་གསུམ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ བསྟན་སྲུང་ཀུན་གྱི་སྙིང་པོའི་བཅུད༔ བདུད་དགྲ་འཇོམས་པའི་གནམ་ལྕགས་འདི༔ དུས་ངན་སྙིགས་མ་སངས་རྒྱས་ཀྱི༔ བསྟན་པ་སྲུང་བའི་ལྕགས་རིར་བཞག༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ཉིད་བསྒྲུབ་ཅིང་མཆོད་པ་ལ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས༔ དང་པོ་དུར་ཁྲོད་དྲག་པོའི་སར༔ མཎྜལ་གཞི་མ་ནག་པོའི་སྟེང༔ སྒྲུབ་རྫས་མཆོད་སྤྲིན་ཚང་བར་བཤམ༔ གཞན་ཡང་གནས་ཀྱི་ཁང་པ་དེ༔ བག་དྲོ་ལྷུན་ཆགས་ཉིད་དུ་བྱ༔ དེ་ནས་བདེ་བའི་སྟན་ལ་འདུག༔ སྐྱབས་སེམས་བགེགས་བསལ་བདག་བསྐྱེད་སོགས༔ ལས་གཞུང་བཞིན་དུ་ཤེས་བྱས་ལ༔ དེ་ནས་མཆོད་པའི་ཡོ་བྱད་རྣམས༔ རཾ་ཡཾ་ཁཾ་གིས་བསྲེགས་སྦྱངས་བཀྲུས༔ སྟོང་པའི་ངང་ལས་རླུང་མེ་ཐོད་སྒྱེད་སྟེང༔ ཨ་ལས་ཐོད་པར་ཤ་ལྔ་བདུད་རྩི་ལྔ༔ ས་བོན་གྱིས་མཚན་སྟེང་དུ་འབྲུ་གསུམ་གྱི༔ འཕྲོ་འདུས་རྫས་ཞུ་ཉེས་སྐྱོན་དྲི་མ་སྦྱངས༔ ཡེ་ཤེས་བཅུད་དྲངས་གཉིས་མེད་བདུད་རྩི་ཆེས༔ བཀའ་སྲུང་འཁོར་བཅས་དགྱེས་སྐོང་ནུས་པར་བསམ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཞེས་པས་མཆོད་པ་བྱིན་བརླབས་ཏེ༔ བདག་ཉིད་རྣལ་འབྱོར་ལ་གནས་པའི༔ མདུན་དུ་སྲུང་མ་གསལ་བ་ནི༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་དྷརྨ་དྷཱ་ཏུ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ སྣང་གྲགས་འཁོར་འདས་ཆོས་ཀུན་སྟོང་པར་གྱུར༔ སྟོང་པའི་ངང་ལས་མདུན་དུ་རབ་འཇིགས་ཀྱི༔ དུར་ཁྲོད་ཆེན་པོ་འཇིགས་ཤིང་སྐྱི་གཡའི་དབུས༔ བྷྲཱུྃ་ལས་མཐིང་ནག་གྲུ་གསུམ་གཞལ་ཡས་ཁང༔ རྒྱ་ཁྱོན་ཆོས་དབྱིངས་དང་མཉམ་ལྟེ་བ་རུ༔ པདྨ་ཉི་ཟླ་དྲེགས་པ་བསྣོལ་བའི་སྟེང༔ མཐིང་ནག་ཧཱུྃ་ལས་སྐྱེས་པའི་ཁྲོ་བོའི་རྒྱལ༔ མ་ཧཱ་ཀཱ་ལ་དྲེགས་པ་ཀུན་འདུལ་ནི༔ ཞལ་བཞི་ཕྱག་བཞི་མི་བཟད་རྔམ་པའི་གཟུགས༔ གཡས་དཀར་གཡོན་དམར་དབུས་མཐིང་སྟེང་ཞལ་ལྗང༔ གཡས་པའི་ཕྱག་གཉིས་གྲི་གུག་རལ་གྲི་གདེངས༔ གཡོན་གཉིས་ཐོད་ཁྲག་རྡོ་རྗེའི་དབྱུག་པ་བསྣམས༔ དམར་སེར་རལ་པ་གྱེན་བརྫེས་ཁྲོ་ཆུང་སྤྲོ༔ གཡས་གཡོན་རྡོ་རྗེའི་གཤོག་པ་རྣམ་པར་གདེངས༔ དུར་ཁྲོད་ཆས་དང་དཔལ་གྱི་ཆས་བཅུས་སྤྲས༔ ཞབས་གཉིས་དོར་སྟབས་དྲེགས་པའི་སྙིང་གར་བརྫིས༔ གསང་བའི་ཡུམ་མཆོག་རེ་ཏི་སྔོ་སྐྱའི་མདོག༔ ཁ་ཊྭཱཾ་ནད་རྐྱལ་འཛིན་ཅིང་ཡབ་དང་འཁྲིལ༔ རབ་འཇིགས་མེ་དཔུང་འབར་བའི་ཀློང་དུ་གསལ༔ ཤར་དུ་ན་ལས་ཀླུ་བདུད་རྔམ་པའི་གཟུགས༔ མཐིང་ནག་སྦྲུལ་ཞགས་གྲི་གུག་ཕྱག་ན་བསྣམས༔ རལ་པ་གྱེན་བརྫེས་སྐུ་སྨད་སྦྲུལ་དུ་འཁྱིལ༔ དུར་ཁྲོད་ཆས་གསོལ་དྲེགས་པའི་འཁོར་གྱིས་བསྐོར༔ ལྷོ་རུ་ཡ་མ་རཱ་ཛ་གཤིན་རྗེའི་གཙོ༔ དམར་ནག་རྡོ་རྗེའི་ཐོད་དབྱུག་དུང་ཁྲག་འཐུང༔ དུར་ཁྲོད་ཆས་ལྡན་མ་ཧེ་སེར་ནག་ཞོན༔ རབ་འཇིགས་དྲེགས་པ་མང་པོའི་འཁོར་གྱིས་བསྐོར༔ ནུབ་ཏུ་རཱ་ཧུ་ལ་ཉིད་དམར་ནག་མདོག༔ ཆུ་སྲིན་ཞགས་པ་ཐོད་ཁྲག་ཕྱག་ན་བསྣམས༔ མིག་སྟོང་དང་ལྡན་ཆུ་སྲིན་དམར་སྐྱ་ཞོན༔ དུར་ཁྲོད་ཆས་གསོལ་དྲེགས་པའི་འཁོར་གྱིས་བསྐོར༔ བྱང་དུ་ཀྵ་ལས་སྲིན་པོ་སྨུག་ནག་ནི༔ གཡས་གཡོན་རལ་གྲི་དུང་ཁྲག་ཞལ་དུ་རྔུབ༔ དུར་ཁྲོད་ཆས་ལྡན་ཞབས་གཉིས་འདོར་སྟབས་བགྲད༔ ལས་བྱེད་དྲེགས་པ་མང་པོའི་འཁོར་གྱིས་བསྐོར༔ གཞན་ཡང་བཀའ་སྡོད་དྲེགས་པ་ལས་བྱེད་དང༔ ཤ་ཟ་བཤན་པ་སྤྲུལ་དང་ཡང་སྤྲུལ་བཅས༔ གསལ་བའི་ཐུགས་ཀའི་འོད་ཀྱིས་རང་འདྲ་བའི༔ ཡེ་ཤེས་སེམས་དཔའ་འཁོར་བཅས་སྤྱན་དྲངས་བསམ༔ སྦྱར་སྤོས་བསྲེག་ཅིང་རོལ་མོ་བསྒྲག༔ ང་རོའི་དབྱངས་ཀྱིས་སྤྱན་འདྲེན་ནི༔ ཧཱུྃ༔ ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཀྱང༔ གདུག་པ་འདུལ་ཕྱིར་ཁྲོ་བོའི་སྐུར་སྟོན་པ༔ སྲིན་པོའི་གཟུགས་ཅན་དྲེགས་པ་སྤྱན་འདྲེན་ན༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ༔ ལས་བྱེད་དྲེགས་པ་ཀླུ་བདུད་གཤིན་རྗེའི་རྒྱལ༔ དྲང་སྲོང་ཆེན་པོ་ཤ་ཟ་སྲིན་པོ་སོགས༔ རང་རང་སྤྲུལ་དང་ཡང་སྤྲུལ་བཀའ་ཉན་བཅས༔ དམ་ཚིག་དབང་གིས་གནས་འདིར་གཤེགས་སུ་གསོལ༔ བཞད་པའི་ང་རོ་འབྲུག་སྒྲ་སྟོང་ལྡིར་ཞིང༔ རྔམ་པའི་སྟང་སྟབས་སྲིད་པ་གསུམ་གཡོ་བ༔ འཇིག་རྟེན་འདས་དང་མ་འདས་འཁོར་གྱི་ཚོགས༔ ཕྱོགས་བཅུའི་ཞིང་ནས་གནས་འདིར་གཤེགས་སུ་གསོལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཛྙཱ་ན་ནཱ་ཐ་རེ་མ་ཏི་ས་མ་ཡ་ཛ༔ ནཱ་ག་རཀྴ་ཡ་མ་རཱ་ཛ་རཱ་ཧུ་ལ་རཀྴ་ས་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ སྤྱན་དྲངས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ རབ་འཇིགས་དུར་ཁྲོད་བསྐལ་མེ་འཁྲུགས་པའི་དབུས༔ ལོག་འདྲེན་དྲེགས་པ་པདྨ་ཉི་ཟླའི་སྟེང༔ དྲེགས་པ་ཀུན་འདུལ་ལྷ་མཆོག་འཁོར་དང་བཅས༔ ཕྲིན་ལས་བསྒྲུབ་ཕྱིར་བརྟན་པར་བཞུགས་སུ་གསོལ༔ པདྨ་ཙནྡྲ་སཱུརྻ་ཏི་ར་ས་མ་ཡ་ཏིཥྛ་ལྷན༔ ཞེས་པས་བཞུགས་གསོལ་དམ་ལ་བཞག༔ དེ་ནས་མཆོད་པའི་ལས་རིམ་ནི༔ ཧཱུྃ༔ དཔལ་ཆེན་མཐུ་སྟོབས་དབང་ཕྱུག་འཁོར་བཅས་ལ༔ མ་རུངས་ལོག་འདྲེན་དགྲ་དང་བགེགས་རྣམས་ཀྱི༔ དབང་པོ་ལྔ་དང་ཚིལ་ཆེན་དོན་སྙིང་ལྔ༔ ཤ་ཁྲག་དམར་གྱིས་བརྒྱན་པའི་གཏོར་མ་དང༔ དམར་ཆེན་རཀྟ་པཉྩ་ཨ་མྲྀཏ༔ མཐུན་རྫས་འདོད་པའི་ལོངས་སྤྱོད་བསམ་མི་ཁྱབ༔ མ་ལུས་དངོས་བཤམས་ཡིད་སྤྲུལ་དམ་པ་འདི༔ བསྟན་སྲུང་རྒྱལ་པོ་འཁོར་དང་བཅས་ལ་འབུལ༔ ཐུགས་རྗེ་ཐུགས་དམ་དབང་གིས་བཞེས་ནས་ཀྱང༔ སངས་རྒྱས་བསྟན་པ་གཉན་པོ་བསྲུང་དུ་གསོལ༔ སརྦ་པཱུ་ཛ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་མཆོད་བསྟོད་པ་བྱ་བ་ནི༔ ཧཱུྃ༔ རབ་འཇིགས་དུར་ཁྲོད་བསྐལ་མེ་འབར་བའི་ཀློང༔ རིག་འཛིན་སྲོག་ཤིང་རྣལ་འབྱོར་དགྲ་བླ་ཆེ༔ བསྟན་པའི་བཀའ་སྲུང་མཐུ་སྟོབས་རྫུ་འཕྲུལ་ཅན༔ དྲེགས་པ་ཀུན་འདུལ་ཁྱོད་ལ་བདག་བསྟོད་དོ༔ སྲིད་གསུམ་ཟིལ་གནོན་ཉམས་པ་རྩད་ནས་གཅོད༔ རྣམ་བཞིའི་ཕྲིན་ལས་ཅི་བཅོལ་ཐོགས་པ་མེད༔ ཐོད་ཕྲེང་རྩལ་གྱིས་དབང་བསྐུར་དམ་ཚིག་ཅན༔ ཤ་ཟ་ནག་པོ་ཁྱོད་ལ་བདག་བསྟོད་དོ༔ ཕྱོགས་བཞིའི་གནས་ནས་སངས་རྒྱས་བསྟན་པ་སྲུང༔ སྤྲུལ་པ་སྣ་ཚོགས་སྟོང་གསུམ་ཁྱབ་པར་འགྱེད༔ སྐྱེ་འགྲོའི་སྲོག་དབུགས་དྲོད་ལ་དབང་བྱེད་པའི༔ དྲེགས་པ་འཁོར་དང་བཅས་ལ་བདག་བསྟོད་དོ༔ དེ་ནས་ལས་ལ་རྦད་པ་ནི༔ ཧཱུྃ་བྷྱོ༔ སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ༔ ཁས་བླངས་མ་གཡེལ་དམ་ལ་འདུས༔ དྲག་པོའི་ལས་ལ་སྐུ་བསྐྱོད་འཚལ༔ མདོག་ནག་གཟུགས་ཐུང་གཟི་བརྗིད་ཆེ༔ གཡས་པ་གྲི་གུག་རལ་གྲི་འཛིན༔ གཡོན་པ་ཐོད་ཁྲག་རྩེ་གསུམ་ཕྱར༔ འབར་བའི་ཆས་ཀྱིས་སྐུ་ལ་བརྒྱན༔ སྤྲུལ་པ་སྣ་ཚོགས་ཕྱོགས་བཅུར་འགྱེད༔ འདིར་གཤེགས་ཤ་ཁྲག་གཏོར་མ་ལོངས༔ གདུག་པའི་དགྲ་བགེགས་མྱུར་དུ་སྒྲོལ༔ ཁྱོད་ཀྱི་ལས་བྱེད་དྲེགས་པ་བཞི༔ བཀའ་ཉན་འཁོར་དང་བཅས་པ་རྣམས༔ འདིར་གཤེགས་ཤ་ཁྲག་གཏོར་མ་ལོངས༔ གདུག་པའི་དགྲ་བགེགས་མྱུར་དུ་སྒྲོལ༔ དུས་ལ་བབ་བོ་ས་མ་ཡ༔ བྷྱོ་བྷྱོ་ཟློག་ཟློག༔ ཅེས་བསྐུལ་གཏོར་མ་དགྲ་ཕྱོགས་འཕང༔ དེ་ནས་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ དཔལ་ལྡན་དྲེགས་པ་འཁོར་དང་བཅས་པ་རྣམས༔ རྣམ་དག་ཐུགས་ཀྱི་རེ་བ་ཡོངས་གང་བས༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང༔ དཀོན་མཆོག་གསུམ་གྱི་དབུ་འཕང་ཆེར་མཐོ་ཞིང༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དང༔ ཁམས་གསུམ་འགྲོ་ཀུན་བདེ་སྐྱིད་རབ་ལྡན་ཅིང༔ བཅོལ་པའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ ཅེས་ཕྲིན་ལས་བཅོལ་ལོ༔ ཨ་ཏིའི་བསྟན་སྲུང་དྲག་པོ་སྡེ་ལྔ་ཡི༔ ལས་བྱང་བདུད་དཔུང་ཀུན་འཇོམས་འདི་ཉིད་ནི༔ ལོ་ཙཱ་བདག་གིས་ཡི་གེར་བཏབ་སྟེ་སྦས༔ སྐལ་ལྡན་དང་འཕྲད་བསྟན་སྲུང་མཚོན་ཆར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈྈྈྈྈྈྈྈྈྈ ྈྈ རིག་འཛིན་འགྱུར་མེད་རྡོ་རྗེས་བྲག་དམར་གཡའ་མ་ལུང་ནས་སྤྱན་དྲངས་པའི་གཏེར་ཤོག་སྔོ་ནག་ཞེང་སོར་བཞི་དཀྱུས་མཐོ་གང་བ་གཅིག་ལས་མཆིམས་ཕུ་འོད་གསལ་རྩེ་མོའི་མཚམས་ཁང་དུ་ཕབ་པའོ། །སརྦ་མངྒ་ལཾ།། །།

ཀརྨ་ཐོད་ཕྲེང་རྩལ་གུ་རུ་དར་ནག་བེར་ཆེན་གྱི་སྒྲུབ་ཐབས་ (Volume 12, Text 1)

༄༅༔ ཀརྨ་ཐོད་ཕྲེང་རྩལ་གུ་རུ་དར་ནག་བེར་ཆེན་གྱི་སྒྲུབ་ཐབས་བཞུགས་སོ༔ ༔ ྈྈྈ བཅོམ་ལྡན་འདས་ཕྲིན་ལས་ཀྱི་བདག་པོ་ལ་ཕྱག་འཚལ་ལོ༔ ཨོ་རྒྱན་པདྨའི་གསང་སྒྲུབ་འགྲོ་བ་ཀུན་འདུལ་འདི་ལ་གསུམ་སྟེ༔ སྦྱོར་བ་དང༔ དངོས་གཞི་དང༔ རྗེས་ཀྱི་དོན་བསྟན་པའོ༔ དང་པོ་ནི་སྒྲུབ་རྫས་བཤམ་པ་དང༔ རྟེན་བཀོད་པ་དང༔ སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་བྱ་བའོ༔ དང་པོ་ནི༔ དུར་ཁྲོད་དམ་བྲག་ཕུག་ཏུ་མཎྜལ་སྔོན་པོ་ཁ་གང་གི་སྟེང་དུ༔ རྡོ་རྗེ་རྒྱ་གྲམ་ལྗང་གུ་བྲིས་པའི་ལྟེ་བར་པདྨ་འདབ་བཞི་དམར་པོ་ལྟེ་བ་མཐིང་གས་བྲིས་པའི་ལྟེ་བར་གཏོར་མ་དཔེའུ་ཆུང་ལྟར་བཤམ༔ དེའི་གཡས་སུ་ཨ་མྲྀཏ༔ གཡོན་དུ་རཀྟ་བཤམ༔ ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ༔ གཞན་ཡང་ཚོགས་དང་གཏོར་མ་འབྱོར་ཚད་བཤམ༔ མཁར་རྔ་དང༔ ཐོད་པའི་རྔ་དང༔ རྐང་གླིང་དང༔ གསུར་ཆེན་གྱི་དུད་པ་གཏང་བར་བྱའོ༔ རྟེན་དགོད་པ་ནི༔ ཨོ་རྒྱན་ཕྲིན་ལས་སྐུ་ཚབ་ལྟ་བུའི་བྲིས་སྐུའམ་ ལུགས་སྐུ་ཞིག་དགོད༔ དེ་ནས་སྐྱབས་འགྲོ་བྱ་སྟེ༔ སངས་རྒྱས་ཐམས་ཅད་འདུས་པའི་སྐུ་ཨོ་རྒྱན་པདྨ་ཡིད་ལ་བྱས་ཏེ༔ འདི་སྐད་དོ༔ ན་མོ༔ དཀོན་མཆོག་གསུམ་གྱི་རང་བཞིན་བླ་མ་ལ༔ མཆོག་ཏུ་དད་པས་འདུད་ཅིང་སྐྱབས་སུ་མཆིའོ༔ ཞེས་སོ༔ དེ་ནས་སེམས་བསྐྱེད་པ་ནི༔ ཨེ་མ་ཧོ༔ མ་རྟོགས་འཁྲུལ་པའི་སེམས་ཅན་སྙིང་རེ་རྗེ༔ མཉམ་རྫོགས་བླ་མ་དག་གི་ཞིང་དུ་བསྒྲལ༔ ཞེས་ཚིག་དང་མཐུན་པར་སེམས་བསྐྱེད་དོ༔ དངོས་གཞི་ལ་གསུམ་སྟེ༔ ས་མཱ་དྷི་དང༔ མཆོད་པ་འབུལ་བ་དང༔ དབང་བསྐུར་བསྟན་པའོ༔ དང་པོ་སྐད་ཅིག་ཙམ་གྱིས་བདག་ཡི་དམ་དུ་གསལ་བའི་སྤྱི་གཙུག་ཉི་ཟླའི་སྟེང་དུ༔ ཨོ་རྒྱན་ཕྲིན་ལས་ཀྱི་སྐུ་ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་དབུ་གཙུག་རྡོ་རྗེ་འབར་བ་གཡས་ས་གནོན་རྒྱ་གྲམ་འཛིན་པ༔ གཡོན་པ་ཐོད་ཁྲག་བདུད་རྩིར་སྡུད་པ༔ སྐུ་མདོག་ལྗང་གུ་འོད་ཟེར་འཕྲོ་བ༔ དར་ནག་གི་བེར་གསོལ་ཟ་འོག་གི་ཕྱི་ཐུལ་ཅན༔ བྲག་གི་རི་མོས་བརྒྱན་པ་གསལ་བར་བསྒོམ༔ དམ་ཚིག་ཡེ་ཤེས་གཉིས་མེད་བསྟིམ༔ སྙིང་པོ་འདིས་བསྒྲུབ་པར་བྱའོ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཧྲཱིཾཿཀརྨ་གུ་རུ་ཧཱུྃ༔ ཞེས་ནུས་སྟོབས་བསྐྱེད་དེ་བཟླས་པས་ཉམས་འབར་བ་དང༔ བྱིན་འཐིབས་པ་དང༔ རིག་རྩལ་ཆེ་བར་འབྱུང་ངོ༔ མཆོད་པ་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ གསུམ་གྱིས་མཆོད་གཏོར་འདོད་ཡོན་ལྔར་བྱིན་གྱིས་བརླབས་ཏེ༔ འདི་སྐད་དུ་སྤྱན་དྲངས་ལ་མཆོད་པར་བྱའོ༔ ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ དྷ་ན་ཀོ་ཥའི་མཚོ་གླིང་དུ༔ པདྨའི་སྡོོང་པོ་གེ་སར་ལ༔ དྲི་མེད་པདྨ་རྒྱལ་པོར་འཁྲུངས༔ པདྨ་འབྱུང་གནས་ཆེན་པོར་གྲགས༔ འཁོར་དུ་མཁའ་འགྲོའི་སྤྲིན་ཕུང་གཏིབས༔ ལོག་འདྲེན་གདུག་པ་འདུལ་སླད་དུ༔ འཕགས་པ་སེང་གེ་སྒྲ་སྒྲོག་བྱོན༔ རྗེ་བཙུན་པདྨ་གཤེགས་སུ་གསོལ༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་པས༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ ཀརྨ་སིདྡྷི་ཧཱུྃ་ཨཱ༔ ཅེས་སྙིང་པོ་བརྒྱ་སྟོང་དུ་བགྲང་བར་བྱའོ༔ དེ་རྗེས་དབྱངས་སྙན་པོས་འདི་སྐད་དུ་མཆོད་ཅིང་བསྐུལ་ཏེ༔ ཧཱུྃ༔ རྗེ་བཙུན་པདྨ་དགོངས་སུ་གསོལ༔ རྒྱ་གྲམ་གུར་ཁང་གཞལ་ཡས་སུ༔ རྡོ་རྗེ་འབར་བའི་གདན་ལ་བཞུགས༔ བདག་ཅག་ལུས་ངག་ཡིད་དད་པས༔ དད་གུས་འདུད་ཅིང་སྐྱབས་སུ་མཆི༔ གསང་སྔགས་འཆོལ་བར་སྤྱད་ལ་སོགས༔ ཉམས་ཆག་སྡིག་སྒྲིབ་ཐམས་ཅད་བཤགས༔ ཕྱི་ནང་གསང་བའི་མཆོད་སྤྲིན་དང༔ ཀུན་བཟང་མཉེས་མཆོད་ཚོགས་མཆོད་འབུལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ས་མ་ཡ་ཛ༔ པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་བིདྱ༔ ཤབྡ༔ པཱུ་ཙ་ཧོ༔ ཨོཾ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཨཱཿསརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཧཱུྃ་མ་ཧཱ་རཀྟ་ཁཱ་ཧི༔ བྷོ་དྷི་ཙིཏྟ་མ་ཧཱ་ཡོ་གི་ནཱི་ཁཱ་ཧི༔ ཞེས་ལན་གསུམ་བརྗོད་པའི་རྗེས་ལ་འདི་སྐད་དུ༔ ཧྲཱི༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ ཕྲིན་ལས་མཐའ་རུ་དབྱུང་བའི་ཕྱིར༔ གུ་རུ་སེང་གེ་སྒྲ་སྒྲོག་རྩལ༔ ལོག་འདྲེན་གདུག་པ་ཚར་གཅོད་ཕྱིར༔ ཨེ་མ་རྗེ་བཙུན་ངོ་མཚར་ཆེ༔ གཡས་ན་ཕོ་རྒྱུད་ཐིབས་སེ་ཐིབ༔ ཐབས་ཀྱི་བདུད་འདུལ་ཆེམས་སེ་ཆེམ༔ གཡོན་ན་མོ་རྒྱུད་ཐིབས་སེ་ཐིབ༔ ཤེས་རབ་སྒྲོན་མ་ཡ་ལ་ལ༔ མདུན་ན་དཔའ་བོ་ཤ་ར་ར༔ མི་མཐུན་བདུད་དཔུང་ཐལ་བར་རློག༔ སླར་ཡང་བྲོ་བརྡུངས་ཁྲིགས་སེ་ཁྲིག༔ རྒྱབ་ན་ཆོས་སྐྱོང་སྤྲིན་ལྟར་གཏིབས༔ སངས་རྒྱས་བསྟན་པའི་བདུད་སྡེ་འཇོམས༔ སླར་ཡང་གར་བྱེད་ཤིགས་སེ་ཤིག༔ དཔའ་བོ་ཆེན་པོ་ཧཱུྃ་གླུ་སྒྱུར༔ ཕཊ་ཀྱི་བརྡའ་སྐད་སངས་སེ་སང༔ འགྲོ་བ་འདུལ་ཞིང་འགྲོ་བ་འདྲེན༔ ལྷ་སྲིན་སྡེ་བརྒྱད་ཟིལ་གྱིས་གནོན༔ བདུད་དང་བར་ཆད་ཐམས་ཅད་སོལ༔ འགྲོ་དོན་ཕྲིན་ལས་མཐར་ཕྱུངས་ཤིག༔ ཧྲཱིང་ཧྲཱིང་ཧྲཱིང་ཀརྨ་གུ་རུ་སརྦ་སིདྡྷི་ཧཱུྃ༔ བདུད་སྡེ་ལོག་འདྲེན་ཐམས་ཅད་སརྦ་ཤཱ་ཏྲཱུཾ་མཱ་ར་ཡ་ཕཊ༔ ཅེས་བརྒྱ་སྟོང་དུ་བགྲང་ངོ༔ དབང་ཞུ་བསྐུར་བསྟན་པ་ནི༔ ཨོ་རྒྱན་ཕྲིན་ལས་སྐུ་འདི་འཕྲད་པའི་སྐྱེས་བུ༔ སྐུ་དེ་ཉིད་རང་གི་སྤྱི་གཙུག་ཏུ་བཞུགས་ཏེ༔ རྒྱུན་སྔགས་དང་པོ་བགྲང་བས༔ རང་གི་ལུས་ལ་བ་སྤུ་གཡོ་བ་སྙམ་བྱེད་ན༔ སྐུས་འགྲོ་བ་འདུལ་བའི་དབང་ཐོབ་པ་ཡིན་ནོ༔ དེ་ནས་མགྲིན་པར་བཞག་སྟེ་རྒྱུན་སྔགས་གཉིས་པ་བགྲང་བས༔ ངག་སྨྲ་སྙིང་འདོད་ན༔ གསུང་གིས་འགྲོ་བ་འདུལ་བའི་དབང་ཐོབ་པ་ཡིན་ནོ༔ དེ་ནས་རང་གི་སྙིང་གར་བཞག་སྟེ༔ རྒྱུན་སྔགས་གསུམ་པ་བཟླས་པས་རིག་པའི་ངར་སྐྱེས་ན༔ ཐུགས་ཀྱིས་འགྲོ་བ་འདུལ་བའི་དབང་ཐོབ་པ་ཡིན་ནོ༔ དེ་ནས་གཞན་དོན་ལ་བརྩོན་པ་རྣམས་ལ༔ གོང་བཞིན་སྐུ་དང་རྟེན་གཏོར་དང་བཅས་པས་དབང་བསྐུར་ཏེ༔ སྔགས་ཀྱི་ཤམ་བུ་ནི༔ ཨ་བྷི་ཥིཉྩ་ཨོཾ༔ ཨ་བྷི་ཥིཉྩ་ཨཱ༔ ཨ་བྷི་ཥིཉྩ་ཧཱཱུྃ༔ ཞེས་སོ༔ དེ་ནས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་རང་གི་ཡི་དམ་ལྷའི་གཞུང་གིས་བསྐོར་བར་བྱའོ༔ དེའི་རྗེས་ལ་གཏོར་མའི་ཕུད་དང༔ མར་དང༔ ཕྱེ་དང༔ ཚྭ་སྦྱར་ཏེ་སྐྱེར་ཚེར་མེ་ལ་བླ་མ་ཡི་དམ་བསྐྱེད༔ སྔགས་གསུམ་ཤམ་བུར་ཛྭ་ལ་རཾ་སརྦ་སིདྡྷི་ཧཱུྃ༔ ཞེས་པས་མཆོད་པར་འབུལ་ལོ༔ དལ་བསྡུ༔ སྨོན་ལམ་གདབ་བོ༔ རྗེས་ཀྱི་དོན་ནི༔ སྐུ་ཡི་བསྟོད་པ་འདི་སེམས་ཅན་ཀུན་གྱི་རྣ་བར་བསྒྲག་པར་བྱའོ༔ ཀྱཻ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ ལོག་འདྲེན་གདུག་པ་འདུལ་བའི་ཕྱིར༔ བདུད་འདུལ་སེང་གེ་སྒྲ་སྒྲོག་སྐུ༔ མཁར་ཏི་ནག་ལ་རང་བྱུང་བ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྗང༔ ཕྱག་གཡས་བདུད་འདུལ་ས་ལ་གནོན༔ རྒྱ་གྲམ་འབར་བས་ཕྲིན་ལས་སྒྲུབ༔ གཡོན་པ་བདེ་ཆེན་མཉམ་པར་གནས༔ རིན་ཆེན་ཐོད་པས་དགོས་འདོད་སྐོང༔ སྤྱི་གཙུག་རྡོ་རྗེ་རིན་ཆེན་གདུགས༔ བསྟན་པ་མི་ནུབ་རྒྱལ་མཚན་འཛུགས༔ ལྗང་ནག་དྲག་ལས་འགྲོ་བ་འདུལ༔ ཞབས་གཉིས་སྐྱིལ་ཀྲུང་རྫོགས་སངས་རྒྱས༔ མི་མཐུན་ཕྱོགས་རྣམས་ཟིལ་གྱིས་གནོན༔ མཐའ་བེར་ནག་པོ་ལྟོ་དཔུང་ཅན༔ ཅིས་ཀྱང་མི་འགྱུར་སྐུ་རབ་བརྟན༔ དར་བེར་དམར་ཕྱམ་སྐུ་སྨད་གཡོགས༔ དམ་ཆོས་དར་ཞིང་རྒྱས་པར་མཛད༔ སྐུ་སྐེད་སྟོད་སྐོར་འཕང་ལོས་བརྒྱན༔ རྟེན་འབྲེལ་སྣ་ཚོགས་གཞན་དབང་བསྒྱུར༔ ཞལ་ནི་ཐེངས་གཅིག་མཐོང་བས་ཀྱང༔ ཕྱི་མ་ལྷ་མི་དག་པར་སྐྱེ༔ གང་ཞིག་པདྨའི་མཚན་འཛིན་ཅིང༔ སྐུ་ལ་མེ་ཏོག་འཐོར་བྱེད་པ༔ པདྨ་ཅན་གྱི་ཞིང་དུ་སྐྱེ༔ སྔོན་ནས་བསྒྲུབས་པས་ལས་འཕྲོར་ལྡན༔ ཨོ་རྒྱན་རིག་འཛིན་ཐམས་ཅད་ལ༔ ཐུགས་རྗེས་སྐྱོབ་ཅིང་བསྟེན་པ་ན༔ ངེས་པར་བདེ་བ་ཅན་དུ་སྐྱེ༔ བཞི་བཅོམ་དྲུག་ལྡན་མཐའ་གཉིས་འདས༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་བསྟོད༔ ཅེས་སྐབས་སུ་བསྟོད་པ་ཡང་བྱའོ༔ ཨོ་རྒྱན་པདྨའི་སྒྲུབ་ཐབས་འགྲོ་བ་འདུལ་བྱེད་ཅེས་བྱ་བ་རྫོགས་སོ༔ ྈྈྈ རྒྱ༔ རྒྱ༔ རྒྱ༔ ན་མོ་གུ་རུ༔ ཕྱི་རབས་འདི་འཕྲད་ལས་འཕྲོ་ཅན་གྱི་རྣལ་འབྱོར་པས༔ འདི་ལྟར་རང་གི་སྔོན་དུ་བསྒྲུབས་ཏེ་དབང་རྟགས་གོང་བཞིན་འབྱུང༔ ཁྱད་པར་ཨོ་རྒྱན་ང་ཡིས་དབང་བསྐུར་བར་བྱེད་དོ༔ ལས་ཅན་དེས་གང་སུ་ལ་དབང་བསྐུར་ཡང༔ ཨོ་རྒྱན་ངས་དབང་བསྐུར་བ་དང་ཁྱད་པར་མེད༔ གསང་བའི་ཡང་མཛོད་འདི་ནི་ཤིན་ཏུ་གཅེས་སོ༔ ྀཨཚ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་རུ་དར་ནག་བེར་ཆེན་གྱི་བསྙེན་པའི་ཡིག་ཆུང་ཟབ་དོན་སྙིང་པོ་ཞེས་བྱ་བ་བཞུགས་སོ། །གུ་རུ་པདྨ་སིདྡྷི་ཧཱུྃ། འདིར་ཆོས་དབང་གི་ཟབ་གཏེར་ཀརྨ་གུ་རུ་དར་ནག་བེར་ཆེན་གྱི་བསྙེན་སྒྲུབ་ལ་འཇུག་པར་འདོད་ན་དཀྱིལ་འཁོར་སྨན་གཏོར་རཀྟ་ཉེར་སྤྱོད་ཚོགས་འཁོར་སོགས་གཞུང་ལྟར་བཤམ་ཞིང་། དཀྱིལ་འཁོར་སྟེང་གཏོར་མ་ལྷ་ཙཀ་འཛུགས་པའམ་ཡང་ན་དཀྱིལ་འཁོར་དབུས་སུ་འབུར་སྐུ་བཀོད་ཅིང་མདུན་དུ་གཏོར་མ་བཀོད་ལ། དཀྱིལ་འཁོར་དབུས་ཀྱི་བྲིས་འབུར་གྱི་སྐུ་རྟེན་གང་ཡིན་དམིགས་ཡུལ་དུ་བྱས་ཏེ་གཞུང་ལྟར་སྐྱབས་སེམས་བྱ། སྐྱབས་ཡུལ་སྐུ་རྟེན་ཡིན་ཏེ། དེའི་རྒྱུ་མཚན་བླ་མ་གསང་འདུས་སྐབས། མདུན་དུ་བླ་མའི་གཞལ་ཡས་ཁང༔ ཕོ་བྲང་དབུས་ཀྱི་སྐུ་རྟེན་ཉིད༔ རང་གི་རེ་ལྟོས་བླ་མ་དང༔ དུས་གསུམ་བདེ་གཤེགས་ཡི་དམ་ལྷ༔ ཀུན་གྱི་ངོ་བོར་གྱུར་པ་ལ༔ ཞེས་གསུངས་པའི་ཕྱིར། དེ་ནས་རང་ལྷར་གསལ་བའི་སྤྱི་བོར་གུ་རུ་དར་ནག་བེར་ཆེན་གསལ་བཏབ་སྟེ། ཚིག་བདུན་མ་ལྟ་བུས་སྤྱན་དྲངས་ལ་བསྟིམ། གཟི་བྱིན་བསྐྱེད་པའི་ཕྱིར་ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཧྲཱིཾཿཀརྨ་གུ་རུ་ཧཱུྃ༔ ཞེས་པ་འདི་བསྙེན་པ་ཡིན་པས་ཅི་ནུས་སུ་བཟླ། བདག་བསྐྱེད་གཙོ་ཆེ་བར་བསྙེན་པར་བཤད་པས། བདག་བསྐྱེད་དངོས་ཡི་དམ་གཞན་ཡིན་ཡང་སྤྱི་བོར་གུ་རུ་བསྐྱེད་པ་བདག་བསྐྱེད་དང་དོན་གཅིག །སྐབས་དེར་མཆོད་གཏོར་གཞུང་ལྟར་བྱིན་གྱིས་བརླབ། ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ དྷ་ན་ཀོ་ཥའི་མཚོ་གླིང་དུ༔ ཞེས་སོགས་ཀྱིས་སྤྱན་དྲངས་པའི་ཡེ་ཤེས་དེ། སྤྱི་བོའི་གུ་རུ་ལ་ཡེ་ཤེས་པ་དྲངས་བསྟིམས་ཟིན་པས་མདུན་བསྐྱེད་ཀྱི་རྟེན་དམ་ཚིག་པ་དེ་ལ་བསྟིམ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཀརྨ་སིདྡྷི་ཧཱུྃ་ཨཱ༔ ཞེས་བཟླ་བ་འདི་སྒྲུབ་པའོ། །ཐུན་བཞིའམ་དྲུག་གང་བྱེད་ཀྱང་ཐུན་རེ་ལ་བསྙེན་སྒྲུབ་ཀྱི་སྔགས་གོང་འོག་གཉིས་ཆ་མཉམ་ལ་བཟླ། ཐུན་མཐར། ཧཱུྃ༔ རྗེ་བཙུན་པདྨ་དགོངས་སུ་གསོལ༔ ཞེས་སོགས་ཀྱིས་བདག་བསྐྱེད་སྤྱི་བོའི་གུ་རུ་དང་མདུན་བསྐྱེད་གུ་རུ་གཉིས་ཐུན་མོང་དུ་མཆོད་ཅིང་། འོག་ནས་འབྱུང་བའི་བསྟོད་པ། ཀྱཻ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ ལོག་འདྲེན་གདུག་པ་འདུལ་བའི་ཕྱིར༔ ཞེས་སོགས་ཀྱིས་བསྟོད། ཧྲཱི༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ ཕྲིན་ལས་མཐའ་རུ་དབྱུང་བའི་ཕྱིར༔ ཞེས་སོགས་ཀྱིས་བསྐུལ་ཏེ་ལས་སྦྱོར་གྱི་སྔགས་ལྟ་བུར་ཧྲཱིང་ཧྲཱིང་སོགས་ནས། མཱ་ར་ཡ་ཕཊ་ཀྱི་བར་ཅི་རིགས་སུ་བཟླ། དབང་ཞུ་བསྐུར་སྐབས་མདུན་གྱི་སྐུ་རྟེན་སྤྱི་བོར་བླངས་ཏེ་བསྙེན་སྔགས་བཟླ། མགྲིན་པར་བཞག་སྟེ་སྒྲུབ་སྔགས་བཟླ། སྙིང་གར་བཞག་སྟེ་ལས་སྦྱོར་གྱི་སྔགས་བཟླ། འདི་མན་གཞན་དོན་མ་གཏོགས་རང་དོན་ལ་མི་དགོས། ཚོགས་འཁོར་ནི་ཀརྨ་གུ་རུ་ལྟ་བུ་ནས་ལེན་ཞིང་། གཏོར་ཕུད་ཀྱི་སྦྱིན་སྲེག་ནི་གཞུང་གིས་ཤེས་སོ། །རྫོགས་རིམ་གཞུང་དུ་དམིགས་བསལ་མ་བྱུང་ཡང་། ལྷག་ཆད་སྐོང་བའི་ཡིག་བརྒྱ་དང་བཟོད་གསོལ་སྤྱི་ལྟར་བྱ། མདུན་གྱི་བྲིས་འབུར་གྱི་རྟེན་ལ་སུ་པྲ་ཏིཥྛས་མེ་ཏོག་གཏོར་ཞིང་བརྟན་བཞུགས་བྱ། སྤྱི་བོའི་བླ་མ་རང་ལ་བསྟིམ་ཞིང་། བསྔོ་སྨོན་ཤིས་བརྗོད་སྤྱི་ལྟར་རོ། །འདི་ཡང་གནས་བརྟན་རྡོ་རྗེ་འཛིན་པ་དགེ་སློང་ངག་དབང་དཀོན་མཆོག་གི་ཐུགས་དོགས་སེལ་ཕྱིར་དགེ་སློང་པདྨ་ཕྲིན་ལས་ཀྱིས་སྐད་ཅིག་ལ་བྲིས་པ་དགེ །མངྒ་ལཾ།། །།

... further results"{{{" can not be assigned to a declared number type with value 1.