Terdzo-ZHI-001

From Rinchen Terdzö

འཇའ་ཚོན་གཏེར་བྱོན་དཔལ་མགོན་རྒྱས་པའི་ལས་ཚོགས་ནོར་བདག་ལྷ་གསུམ་གྱི་གཡང་སྐྱབས་ཆོ་ག་ལོངས་སྤྱོད་ཆར་འབེབ་

'ja' tshon gter byon dpal mgon rgyas pa'i las tshogs nor bdag lha gsum gyi g.yang skyabs cho ga longs spyod char 'beb

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  འཇའ་ཚོན་སྙིང་པོ་ (Jatsön Nyingpo)
Volume 51 (ཞི) / Pages 1-18 / Folios 1a1 to 9b3

First Text in Volume
[edit]

༄༅། །འཇའ་ཚོན་གཏེར་བྱོན་དཔལ་མགོན་རྒྱས་པའི་ལས་ཚོགས་ནོར་བདག་ལྷ་གསུམ་གྱི་གཡང་སྐྱབས་ཆོ་ག་ལོངས་སྤྱོད་ཆར་འབེབ་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བཱ་སུ་པ་ཏི་ཡེ། གསོལ་བཏབ་ཙམ་གྱིས་འདོད་རྒུའི་གྲུ་ཆར་འབེབ། །ཡིད་བཞིན་ནོར་བུ་རཏྣ་ཐོད་ཕྲེང་རྩལ། །དེ་སྤྲུལ་ནོར་ལྷའི་ཚོགས་ལ་གུས་བཏུད་ནས། །ཕོངས་སེམས་འབྱོར་པ་རྒྱས་པའི་ཚུལ་འདི་བསྐྲུན། །དུས་སྙིགས་མའི་མཐར་ཕྱི་སྣོད་ནང་བཅུད་ཀྱི་དཔལ་འབྱོར་ཉམས་ཤིང་རྒུད་པའི་དུས་སུ་འབྱོར་དྲུག་སྤེལ་བ་ལ་ཆེད་དུ་དགོངས་པའི་སྒྲུབ་ཐབས་ཟབ་མོ་འདི་ཉིད་ཉམས་སུ་ལེན་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ། རྟེན་གྱི་དཀྱིལ་འཁོར་མི་བསོད་ནམས་ཅན་གྱི་ཁང་ས་ཁྱིམ་ས་ཕྱུག་པོའི་ཞིང་ས་སོགས་ལས་བྱ་བར་གསུངས་པས། དེ་ལྟ་བུའི་སྟེགས་བུ་བྱས་པའམ་མཎྜལ་ལ་བྱུགས་པའི་སྟེང་དྲིའི་ཆག་ཆག་གདབ་པར་འབྲུ་དཀར་དྲི་བཟང་གིས་སྦགས་པས་དབུས་སུ་ཚོམ་བུ་ཆེ་བ་གཅིག་གཡས་གཡོན་དུ་ཆུང་བ་རེ་རེ་བཀོད་པའི་སྟེང་དུ། འབྱོར་ན་རྣམ་སྲས་གཙོ་འཁོར་གསུམ་ཀའམ་གཙོ་བོ་རྐྱང་པའི་སྐུ་གཟུགས་དང་མེད་ན་ཙཀ་ལི་ལ་སོགས་པ་རྟེན་ཙམ་བཞུགས་སུ་གསོལ་བའི་མདུན་ཕྱོགས་སུ་གཏོར་མ་བཤམ། སྐུ་བརྙན་གང་ཡང་མེད་ན་ཚོམ་བུའི་སྟེང་ཁྲིའུའི་ཁར་རིན་པོ་ཆེའི་སྣོད་གས་ཆག་མེད་པའི་ནང་དུ་འབྲུ་སྣའི་ཕྱེ་མ་ལ་དཀར་མངར་སྨན་སྣ་རིན་ཆེན་ཕྱེ་མ་བསྲེས་པས་དབུས་སུ་གྲུ་བཞི་འཇོང་སྟབས་ཉི་ཟླ་ནོར་བུས་བརྒྱན་པ། གཡས་སུ་འབྲང་རྒྱས་ནོར་གཟུགས། གཡོན་དུ་བཤོས་ལྡེམ་བཅས་གསུམ་ཀ་ཁ་དོག་སེར་པོ་ལ་རྒྱན་སྤྲོས་གང་མཛེས་དང་། དར་གདུགས་སེར་པོ་ཕུབ་པ། ཟས་སྣ་མར་ཐུད་རིལ་བུ་སོགས་ཀྱིས་བསྐོར་བ་བཀོད། རྒྱབ་ཕྱོགས་སུ་བུ་མང་པོའི་ལག་ནས་བྱུང་བའི་མདའ་མོ་རྒོད་སྒྲོ་མ་ཉམས་ཤིང་མདེའུ་རྣོ་ངར་ལྡན་པ་ལ་མེ་ལོང་དར་སྣ་གཡུ་བྱི་རུ་དུང་ཤོ་རྣམས་ཀྱིས་བརྒྱན་པ་བཙུགས། མདུན་སོགས་མཐའ་སྐོར་དུ་མི་ཁས་དྲག་གི་ཕོར་པའི་ནང་དུ་འབྲི་བརྒྱ་ལྟ་བུའི་མར་ཁུ་དང་སྙན་གྲགས་ཅན་ལས་བྱུང་བའི་ཆང་ཕུད་ཀྱིས་བཀང་། རས་དཀར་སེར་གྱི་སྒྱེའུ་ལ་སོགས་པའི་ནང་དུ་རྒྱལ་པོས་ཁྲལ་དང་ཕྱུག་པོས་དམ་བུན་བསྡུས་པ་ལྟ་བུའི་ཞིང་ས་བཟང་ལ་མང་བའི་ནས་དང་རྒྱ་བོད་ཀྱི་འབྲུ་སྣ་བླུགས་པས་བཀང་། ཚོང་དུས་ཆེན་པོའི་ནོར་སྣ། རྟ་ནོར་ལུག་ཁྱུ་མང་པོའི་སྤུ་སྣ། མི་ཚེ་རིང་པོའི་སྐྲ། བསོད་ནམས་ཅན་གྱི་སྨ་ར་དང་གོས་དུམ། དབང་ཐང་ཅན་གྱི་ཁྱེའུ་ཕོ་མོའི་སྐྲའམ་དྲི་མ། དེ་དག་གི་ལག་ནས་བྱུང་བ་དང་སྟོན་མོ་ཆེན་པོའི་ཟས་སྣ། སྐུ་གསུང་ཐུགས་རྟེན་བྱིན་ཅན། སྐྱེས་ཆེན་དམ་པ་རྣམས་ཀྱི་ན་བཟའ། གསོལ་རས། བྱིན་རླབས་ཅན་གྱི་དམ་རྫས་སོགས་ལ་ཕྱིའི་མིང་རྟགས་དང་བཅས་གཡང་གི་རྟེན་དུ་བྱ་བར་གསུངས་པ་ལྟར་གང་འཛོམ་ལེགས་པར་བསགས། མར་ཐུད་པར་བུ། མངར་གསུམ། ཤ་ཆང་འོ་ཞོ། ཕྱེ་མར་གསེར་སྐྱེམས། མདའ་དར་གཡབ་རྒྱུ་སོགས་སྤྱི་དང་མཐུན་པར་འདུ་བྱ། མདུན་ངོས་སུ་མཆོད་གཏོར་ཟླུམ་པོ། སྨན་རག །ཆུ་གཉིས་ཉེར་སྤྱོད་བཤམ། ཡི་དམ་ལྷ་གཞུང་གང་ལ་བྱས་ཀྱང་ཆོག་མོད་ཆོས་བཀའ་འདི་དང་འབྲེལ་མཚུངས་དཀོན་སྤྱི་གཏོང་བར་མཛད་པས་དེའི་མཆོད་གཏོར་རྣམས་གོང་དུ་བཤམ་པར་བྱའོ། །གཉིས་པ་དངོས་གཞི་ལ་བདག་མདུན་གཉིས་ལས། བདག་བསྐྱེད་བརྒྱུད་འདེབས་སྔོན་གཏོར་ནས་བརྩམ་ལས་གཞུང་བསྲངས་ཏེ། ཚོགས་དང་སྐོང་བཤགས་ཀྱི་བར་དུ་བཏང་། དེ་ནས་ཡི་དམ་གཞན་ཡིན་ན་ཡང་སྐད་ཅིག་གིས་བདག་ཉིད་པདྨ་འབྱུང་གནས་སུ་གསལ་བཏབ་ལ། མཆོད་གཏོར་ཆབ་བྲན། ཨ་མྲྀཏས་བསང་། ཨོཾ་སྭ་བྷཱ་བ་སོགས་ཀྱིས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེ་དང་པདྨ་ལ་སོགས་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་འབྲུ་གསུམ་འོད་དུ་ཞུ་བ་ལས་ཕྱི་ནང་གསང་བའི་མཆོད་རྫས། སྨན་གཏོར་རཀྟ་བདུད་རྩིའི་རྒྱ་མཚོ་འདོད་ཡོན་གྱི་སྤྲིན་ཕུང་འཛད་མེད་ནམ་མཁའ་མཛོད་ཀྱི་གཏེར་ཆེན་པོར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ། ཨོཾ་བཛྲ་སྥ་ར་ཎ་ཁཾ། ཞེས་བྱིན་བརླབ། མདུན་རྟེན། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས། རང་གི་མདུན་དུ་ལྕང་ལོ་ཅན་གྱི་དགའ་བའི་ཚལ་ཆེན་པོའི་དབུས་སུ་ནོར་བུ་རིན་པོ་ཆེའི་ཁང་བརྩེགས་འཁོར་ས་དང་བཅས་པའི་ནང་དུ། པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་བཻ་ལས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྐུ་མདོག་གསེར་བཙོ་མ་ལ་ཉི་མ་འབུམ་གྱི་འོད་ཕོག་པ་ལྟ་བུ་སེང་གེ་ལ་འཆིབ་པ༔ རྒྱལ་མཚན་དང་ནེའུ་ལེ་འཛིན་པ༔ གཡས་སུ་ཛམ་བྷ་ལ་སེར་པོ་བགྲང་ཕྲེང་དང་ནེའུ་ལེ་བསྣམས་པ༔ གཡོན་དུ་ལྷ་མོ་ནོར་རྒྱུན་མ་སེར་མོ་གཡས་མཆོག་སྦྱིན་དང་གཡོན་འབྲས་ཀྱི་སྙེ་མ་བསྣམས་པ༔ ཞབས་སྐྱིལ་ཀྲུང་དུ་བཞུགས་པའོ༔ དེའི་སྟེང་གི་ནམ་མཁའ་ལ་སྣང་སྲིད་ཟིལ་གནོན་པདྨ་འབྱུང་གནས་ལ་དཔའ་བོ་མཁའ་འགྲོའི་འཇའ་སྤྲིན་བཞིན་འཐིབས་ནས་བཞུགས་པ༔ གཞན་ཡང་ཡི་དམ་ལྷ་ཚོགས་ཆོས་སྐྱོང་སྲུང་མ་དང་བཅས་ཏེ་སྣང་ལ་རང་བཞིན་མ་གྲུབ་པར་བཞུགས་པའི་གནས་གསུམ་ལས་འོད་ཟེར་འཕྲོས༔ རང་བཞིན་གྱི་གནས་ནས་སྤྱན་དྲངས༔ དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་གྱུར༔ སྤོས་དཀར་ཙན་དན་དཀར་དམར་ག་པུར་ཨ་ག་རུ་སཱ་ལུའི་ཕྱེ་མ་སྦྱར་བའི་སྤོས་བསྲེག་ཅིང་དབྱངས་རོལ་བཅས་སྤྱན་དྲང་བ་ནི། ཧཱུྃ། ལྷོ་ནུབ་པདྨ་འོད་ཀྱི་གཞལ་ཡས་ནས། །ཡིད་བཞིན་ནོར་བུ་གུ་རུ་པདྨ་འབྱུང་། །རིགས་ལྔའི་དཔའ་བོ་མཁའ་འགྲོའི་འཁོར་དང་བཅས། །མོས་གུས་གདུང་བས་སྤྱན་འདྲེན་གཤེགས་སུ་གསོལ། །བཻ༔ བྱང་ཕྱོགས་མངའ་མཛད་གནོད་སྦྱིན་རྣམ་ཐོས་སྲས༔ ཛམ་ལྷ་ནོར་རྒྱུན་གནོད་སྦྱིན་བྱེ་བ་འབུམ༔ འདོད་ཡོན་ནོར་ལ་དབང་བསྒྱུར་རིན་ཆེན་ཆར་དུ་འབེབ༔ ཁྱེད་ཀྱིས་དངོས་གྲུབ་ཅི་འདོད་སྩོལ་བའི་ཕྱིར༔ ཐུགས་རྗེའི་དབང་གིས་འཁོར་བཅས་གཤེགས་སུ་གསོལ༔ ཨོཾ་རཏྣ་གུ་རུ་དྷཱ་ཀི་ནཱི་བཻ་ཤྲ་མ་ཎཱ་ཡ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་བཛྲ་ས་མ་ཡ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ དགོས་འདོད་ཆར་འབེབ་བླ་མ་ནོར་གྱི་ལྷ༔ དཔའ་བོ་ཌཱ་ཀི་སྤྲུལ་པ་ཡང་འཁོར་བཅས༔ རིན་ཆེན་དར་ཟབ་པདྨ་ཉི་ཟླའི་སྟེང༔ བཞུགས་ནས་བྱིན་རླབས་དངོས་གྲུབ་བསྩལ་དུ་གསོལ༔ བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ གནོད་སྦྱིན་རྒྱལ་པོ་འཁོར་དང་བཅས་པ་རྣམས༔ བདག་ལ་བརྩེ་ཕྱིར་གནས་འདིར་བྱོན་ནས་ཀྱང༔ དགྱེས་ཤིང་མི་གཡོ་བརྟན་པར་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ན་མོ༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་ཐམས་ཅད་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་བ་མ་ལུས་སྒྲོལ༔ ཡིད་བཞིན་ནོར་ལྟར་དངོས་གྲུབ་ཆར་འབེབ་པ༔ རིག་འཛིན་ནོར་ལྷའི་ཚོགས་ལ་ཕྱག་འཚལ་ལོ༔ གནོད་སྦྱིན་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ ནོར་ལ་དབང་སྒྱུར་འདོད་ཡོན་ཆར་དུ་འབེབ༔ དབུལ་བའི་གདུང་སེལ་མགོན་པོ་ཐུགས་རྗེ་ཅན༔ རྒྱལ་ཆེན་འཁོར་དང་བཅས་ལ་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ མཆོད་པ་ནི། ཧཱུྃ༔ བླ་མ་ནོར་ལྷ་རིག་འཛིན་མཁའ་འགྲོའི་ཚོགས༔ མགོན་པོ་གནས་སྐྱོང་འཁོར་དང་བཅས་པ་ལ༔ དངོས་སུ་འབྱོར་དང་ཡིད་ཀྱིས་བཤམས་ཤིང་སྤྲུལ༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་པ་ཡི༔ ཡོན་ཆབ་མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སྒྲ་སྙན་ཕྱི་ཡི་མཆོད་པ་དང༔ གཟུགས་སྒྲ་དྲི་རོ་རེག་བྱ་ནང་མཆོད་འབུལ༔ སྒེག་ཕྲེང་གླུ་གར་བདེ་སྐྱེད་ལྷ་མོའི་ཚོགས། །གླིང་བཞི་རི་རབ་ཉི་ཟླ་ནོར་བུའི་གཏེར། །དཔག་བསམ་ལྗོན་ཤིང་ཅང་ཤེས་འདོད་འཇོའི་བ། །མ་རྨོས་ལོ་ཏོག་སྨན་འབྲུ་དར་ཟབ་གོས། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་རིགས། །སྲིད་གསུམ་དཔལ་འབྱོར་ལོངས་སྤྱོད་ཇི་སྙེད་པ། །མཁའ་དབྱིངས་ཀུན་ཁྱབ་ནམ་མཁའ་མཛོད་ཀྱི་སྤྲིན། །གུས་པས་འབུལ་ལོ་དགྱེས་པར་བཞེས་ནས་ཀྱང་། །འཛད་མེད་ནོར་གྱི་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་རཏྣ་གུ་རུ་ཌཱ་ཀི་ནཱི་བཻ་ཤྲ་བ་ཎཱ་ས་པ་རི་བཱ་ར་ཨརྒྷཾ་ནས། ཤབྡ་སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ བསྟོད་པ་ནི། ཧཱུྃ་ཧྲཱི༔ འགྲོ་བའི་དོན་དུ་རང་བྱུང་འོད་དཔག་མེད༔ བཀྲ་ཤིས་ཡོན་ཏན་དུ་མས་བརྒྱན་པའི་སྐུ༔ འཇིག་རྟེན་མངའ་བསྒྱུར་པདྨ་རྒྱལ་པོའི་སྲས༔ མཁའ་འགྲོའི་ཚོགས་དང་བཅས་ལ་ཕྱག་འཚལ་བསྟོད༔ བྱང་ཕྱོགས་མངའ་མཛད་མགོན་པོ་ཐུགས་རྗེ་ཅན༔ འགྲོ་བ་ཉམ་ཐག་གྱུར་ཀུན་རྗེས་བཟུང་ནས༔ དབུལ་བའི་སྡུག་བསྔལ་སེལ་ལ་ཕྱག་འཚལ་བསྟོད༔ གནོད་སྦྱིན་རྒྱལ་པོ་རིན་ཆེན་གཏེར་གྱི་བདག༔ སྐུ་མདོག་སེར་གསལ་གསེར་གྱི་ལྷུན་པོའི་མདོག༔ བདུད་རྩིའི་ཆར་འབེབ་གསུང་ལ་ཕྱག་འཚལ་བསྟོད༔ ཐུགས་རྗེའི་དགོངས་པས་ཉམ་ཐག་མ་ལུས་གཟིགས༔ ནམ་མཁའ་མཛོད་ལ་མངའ་བརྙེས་གཟི་བརྗིད་ཅན༔ འགྲོ་བ་ཀུན་སྐྱོབ་ཐུགས་ལ་ཕྱག་འཚལ་བསྟོད༔ བྱང་ཕྱོགས་སྐྱོང་བའི་རྒྱལ་ཆེན་རྣམ་ཐོས་སྲས༔ ནོར་གྱི་བདག་པོ་ཨཱརྱ་ཛམ་བྷ་ལ༔ དབུལ་བ་སེལ་བའི་ལྷ་མོ་ནོར་རྒྱུན་མ༔ རྣམ་སྲས་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ལོངས་སྤྱོད་འདོད་ཡོན་དངོས་གྲུབ་ཆར་འབེབ་སྩོལ༔ བཤགས་པ་ནི། ཧཱུྃ༔ ཚེ་རབས་སྔོན་ནས་ད་ལྟ་འདིར་སྐྱེས་བར༔ ལུས་ངག་ཡིད་ཀྱིས་མི་དགེ་བསགས་པ་ཡིས༔ མགོན་པོ་འཁོར་བཅས་ཐུགས་དང་ཅི་འགལ་བ༔ དེ་དག་ཁྱེད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས༔ ཡིག་བརྒྱ་བརྗོད། བཟླས་དམིགས་ནི། བདག་མདུན་ཐུགས་ཀའི་འོད་ཟེར་སྤྲོ་བསྡུས་འཇིག་རྟེན་གྱི་ཁམས་ཐམས་ཅད་ནས༔ ཕྱི་སྣོད་ནང་བཅུད་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་བྱིན་རླབས་དང༔ ནོར་བུ་ཕྱྭ་གཡང་ལོངས་སྤྱོད་ཐམས་ཅད་སིབ་སིབ་བྱོན་ནས་མདུན་བསྐྱེད་ཀྱི་ཐུགས་ཀར་ཐིམ༔ འོད་དང་འོད་ཟེར་ཀྱི་ལི་ལི༔ སྣང་སྲིད་ཐམས་ཅད་ཡ་ལ་ལ༔ ཀར་ཀོར་འཁོར་ལ་འཁོར༔ མདོར་ན་སྲིད་པ་གསུམ་གྱི་བཀྲག་མདངས་འོད་ཟེར་ཕྱྭ་གཡང་ཐམས་ཅད་རྟགས་རྫས་རྟེན་ལ་ཐིམ་ཞིང༔ གནས་ཁང་ཐམས་ཅད་ཟླ་འོད་ཤར་བ་ལྟ་བུ་བྱས་ནས་བཀྲ་ཤིས་བྱིན་ཆགས་སྣུམ་འོད་དང་ལྡན་པར་གྱུར་པར་བསྒོམས་ལ། ཨོཾ་བཻ་ཤྲ་བ་ཎཱ་ཡ་སྭཱ་ཧཱ༔ གཙོ་བོ་འོ། །ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཛམ་ལྷ་སེར་པོ་འོ། །ཨོཾ་བཱ་སུ་དྷཱ་རི་ཎྱཻ་སྭཱ་ཧཱ༔ ནོར་རྒྱུན་མ་འོ། །གཙོ་བོ་ལ་སྟོང་ཕྲག་རེ་རེ་སོང་བ་དང་གཡས་གཡོན་ལྷའི་སྲོག་སྔགས་བརྒྱ་རྩ་རེ་བཟླ། ཐུན་སྐབས་སུ་དབྱངས་གསལ་རྟེན་སྙིང་ལན་གསུམ་བརྗོད་ལ། གཏོར་མ་འབུལ་བ་ནི། བསང་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་དུ་ཁཾ་ལས་གཏོར་མ་བདུད་རྩིའི་རྒྱ་མཚོ་འདོད་ཡོན་ལྔའི་སྤྲིན་ཕུང་འཕྲོ་བར་གྱུར། འབྲུ་གསུམ། ཨ་ཀཱ་རོས་བྱིན་གྱིས་བརླབ། ཨོཾ་རཏྣ་གུ་རུ་ཌཱ་ཀི་ནཱི་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཻ་ཤྲ་བ་ཎཱ་ཛམྦྷ་ལ་བཱ་སུ་དྷཱ་རི་ཎྱཻ་ས་པ་རི་བཱ་ར་མ་ཧཱ་བ་ལིཾ་ཏ་མ་ཧཱ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་འབུལ་ལ་ཕྲིན་ལས་བཅོལ་བ་ནི། ཧཱུྃ་ཧྲཱིཿ དཀོན་མཆོག་ཀུན་འདུས་གུ་རུ་མཁའ་འགྲོའི་ཚོགས། །རྣམ་སྲས་ལྕམ་དྲལ་ནོར་ལྷ་གཏེར་བདག་རྣམས། །མཆོད་གཏོར་བདུད་རྩིའི་རྒྱ་མཚོ་འདི་བཞེས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །བསོད་ནམས་ནོར་གྱི་དངོས་གྲུབ་བསྩལ་དུ་གསོལ། །ཛམ་གླིང་གཏེར་གྱི་དངོས་གྲུབ་བསྩལ་དུ་གསོལ། །ཅི་བསམ་དོན་རྣམས་ལྷུན་གྱིས་གྲུབ་པར་མཛོད། །ཅེས་ཕུལ། དེ་ལྟར་ཐུན་བཞིའམ་གསུམ་གྱི་རིམ་པས་ཞག་གསུམ་ལྔ་བདུན་ནམ་ཉེར་གཅིག་ཙམ་བསྒྲུབས་པས་ཚེ་བསོད་ལོངས་སྤྱོད་རྒྱས་པའི་རྟགས་ངེས་ཅན་དུ་འབྱུང་བར་གསུངས་སོ། །ཐུན་མཚམས་སུ་གཡང་འགུགས་བྱ་བ་ལ་ཐོག་མར་བྱིན་རླབས་འབེབ་པ་ནི། གནས་ཁང་འདི་ཉིད་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་ཕོ་བྲང་དངོས་སུ་གསལ་བའི་མདུན་དུ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ གཡས་སུ་ཛམ་བྷ་ལ་སེར་པོ༔ གཡོན་དུ་ནོར་རྒྱུན་མ་སེར་མོ༔ སྟེང་དུ་སློབ་དཔོན་པདྨ་འཇའ་འོད་ཀྱི་གུར་ཁྱིམ་དུ༔ ཟིལ་པ་ཕྲོམ་མེ༔ འོད་ཟེར་ཐིབ་ཐིབ་མཁའ་འགྲོ་སྡེ་ལྔས་བསྐོར་བ༔ གཞན་ཡང་སངས་རྒྱས་བྱང་སེམས་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དཀར་ཕྱོགས་གཞི་བདག་དང་བཅས་ཏེ་བཞུགས་པར་གྱུར༔ རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ མདུན་བསྐྱེད་ལ་ཕོག༔ དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས༔ འཇིག་རྟེན་ཁམས་ཀྱི་ཟས་ནོར་ལོངས་སྤྱོད་མི་ནོར་མངའ་ཐང་ཕྱྭ་གཡང་ཚེ་དང་བསོད་ནམས་ཐམས་ཅད་སྐད་ཅིག་གིས་གནས་འདིར་ཐིབ་ཐིབ་བྱོན་པར་གྱུར༔ ཅེས་མོས་ལ་སློབ་དཔོན་ཞྭ་ཆོས་གསོལ། མདའ་དར་གཡབ། སྤོས་དུད་དབྱངས་རོལ་བཅས། ཧཱུྃ༔ བསྟན་པ་འདི་ལ་ངོ་མཚར་རྨད་བྱུང་བའི༔ འཇིག་རྟེན་དབང་བསྒྱུར་པདྨ་རྒྱལ་པོ་ནི༔ རིགས་ནི་ཨོ་རྒྱན་རྒྱལ་པོའི་སྲས་སུ་འཁྲུངས༔ ཟ་ཧོར་ཡུལ་དུ་སྒྲོ་འདོགས་མ་ལུས་བཅད༔ བསིལ་བ་ཚལ་དུ་དངོས་གྲུབ་རྣམ་གཉིས་བརྙེས༔ ཁ་བ་ཅན་འདིར་བསྟན་པ་རྒྱས་པར་མཛད༔ ལྷོ་ནུབ་རྔ་ཡབ་སྲིན་པོའི་ཁ་གནོན་མཛད༔ མྱ་ངན་མི་འདའ་འགྲོ་བའི་གཉེན་གཅིག་པུ༔ སྐུ་གསུམ་དབྱེར་མེད་ཆེ་མཆོག་ཧེ་རུ་ཀ༔ མཉམ་མེད་བླ་མ་མཆོག་ཁྱེད་དུས་འདིར་དྲན༔ རྒྱལ་བའི་ཞིང་ཁམས་དག་པ་ཆེན་པོ་ནས༔ སྤྱན་འདྲེན་གཤེགས་གསོལ་བྱིན་རློབས་དབང་སྐུར་ཅིག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ༔ ཞེས་མོས་གུས་དང་བཅས་ཏེ་བརྗོད་པས་བྱིན་ཕེབས་པའི་རྟགས་འབྱུང་བར་བཤད་དོ། །དེ་ནས་གཡང་འགུགས་དངོས་ནི། བདག་མདུན་ཐ་མི་དད་པའི་ཐུགས་ཀའི་འོད་ཟེར་ཕྱོགས་ཐམས་ཅད་དུ་འཕྲོས་པས༔ འབྱུང་བ་ས་ཆུ་མེ་རླུང་གི་བཅུད་རྣམས་དང༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཡིག་འབྲུ་གསུམ་གྱི་རྣམ་པ་དང༔ སྐྱེ་འགྲོའི་ཤེས་རྒྱུད་ཐམས་ཅད་གསལ་སྟོང་འཇའ་ཟེར་གྱི་རང་བཞིན་ལས༔ བཀྲ་ཤིས་རྟགས་བརྒྱད༔ བཀྲ་ཤིས་རྫས་བརྒྱད་དང༔ རྒྱལ་སྲིད་སྣ་བདུན་ལ་སོགས་པའི་རྣམ་པར་བྱོན་པ་དང༔ བསམ་གཏན་བཞིའི་གནས་མན་ཆད་ནས༔ ལོངས་སྤྱོད་ཚེ་དང་ཕྱྭ་གཡང་ཐམས་ཅད་གནས་འདིར་སིབ་སིབ་བབས་པས༔ བདག་དང་རྒྱུ་སྦྱོར་རྣམས་ཀྱི་ཚེ་ཉམས་པ་ཚེ་གསོས༔ བསོད་ནམས་ཉམས་པ་རྣམས་བསོད་ནམས་དར་ཞིང་རྒྱས་པར་གྱུར༔ སྟོབས་དང་མངའ་ཐང་ཐམས་ཅད་སླར་དར་ཞིང་རྒྱས་པར་གྱུར༔ ཧཱུྃ་ཧྲཱི༔ གུ་རུ་པདྨའི་སྐུ་ལས་འོད་འཕྲོས་པས༔ རྡོ་རྗེ་མཁའ་འགྲོས་ལྷ་རྣམས་དབང་དུ་སྡུས༔ རིན་ཆེན་མཁའ་འགྲོས་ཡེ་ཤེས་དབང་དུ་སྡུས༔ པདྨ་མཁའ་འགྲོས་ཀླུ་རྣམས་དབང་དུ་སྡུས༔ ལས་ཀྱི་མཁའ་འགྲོས་མི་རྣམས་དབང་དུ་སྡུས༔ སྣ་ཚོགས་མཁའ་འགྲོས་ལྷ་མིན་དབང་དུ་སྡུས༔ མ་ཚོགས་ཤུགས་འགྲོས་སྐྱེ་འགྲོ་དབང་དུ་སྡུས༔ ཕྱི་ནང་གསང་བའི་ཕྱྭ་གཡང་འདིར་བྱོན་ཅིག༔ ཧཱུྃ༔ རྣམ་ཐོས་སྲས་དང་ཛམ་ལྷ་ནོར་རྒྱུན་མ༔ དུས་གསུམ་བདེ་གཤེགས་དཀོན་མཆོག་ཡི་དམ་ལྷ༔ མཁའ་འགྲོ་ཆོས་སྐྱོང་དམ་ཅན་གཞི་བདག་སོགས༔ དཀྱིལ་འཁོར་ལྷ་ཚོགས་རབ་འབྱམས་ཐམས་ཅད་ཀྱིས༔ ཕྱོགས་བཞི་མཚམས་བརྒྱད་ཕྱྭ་གཡང་འདིར་ཁུག་ཅིག༔ ཧཱུྃ༔ བདག་མདུན་ལྷ་ཚོགས་ཐུགས་ཀའི་འོད་ཟེར་གྱིས༔ སྟེང་འོག་བར་གསུམ་ལྷ་ཀླུ་མི་རྣམས་ཀྱི༔ ལོངས་སྤྱོད་མངའ་ཐང་སྙན་གྲགས་མི་ནོར་རྫས༔ དར་དཀར་གཡབ་ཅིང་ཀླད་ནས་སྤྱན་འདྲེན་ན༔ ཐོགས་པ་མེད་པར་ཕྱྭ་གཡང་འདིར་ཁུག་ཅིག༔ ཧཱུྃ༔ གུ་རུའི་རྣམ་འཕྲུལ་མཁའ་འགྲོ་ནོར་ལྷའི་ཚོགས༔ སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་བསམ་མི་ཁྱབ༔ ཇོ་བོ་དཀོན་མཆོག་གསུམ་པོའི་བྱིན་རླབས་དང༔ རིག་འཛིན་གྲུབ་ཐོབ་རྣམས་ཀྱི་ཐུགས་རྗེ་དང༔ ཞི་རྒྱས་དབང་དྲག་ཕྱྭ་གཡང་འདིར་ཁུག་ཅིག༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་ཕྱྭ་དང་གཡང་ལེན་པ༔ ཉི་ཟླ་བཞིན་དུ་ཤར་ཞིང་བྱོན༔ ལྷོ་ཡི་ཕྱོགས་ནས་ཕྱྭ་དང་གཡང་ལེན་པ༔ ལྷོ་སྤྲིན་བཞིན་དུ་འཐིབས་ཤིང་བྱོན༔ ནུབ་ཀྱི་ཕྱོགས་ནས་ཕྱྭ་དང་གཡང་ལེན་པ༔ ཆུ་བོ་བཞིན་དུ་འབབ་ཅིང་བྱོན༔ བྱང་གི་ཕྱོགས་ནས་ཕྱྭ་དང་གཡང་ལེན་པ༔ སྐྱི་སེར་བཞིན་དུ་འགྲིམ་ཞིང་བྱོན༔ སྟེང་གི་ཕྱོགས་ནས་ཕྱྭ་དང་གཡང་ལེན་པ༔ སྦྲང་ཆར་བཞིན་དུ་འབབ་ཅིང་བྱོན༔ འོག་གི་ཕྱོགས་ནས་ཕྱྭ་དང་གཡང་ལེན་པ༔ ལོ་ཏོག་བཞིན་དུ་སྨིན་ཞིང་བྱོན༔ ཁུ་ཡེ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ འཇམ་དཔལ་གཞོན་ནུའི་ཤེས་རབ་དང༔ སྤྱན་རས་གཟིགས་ཀྱི་ཐུགས་རྗེ་དང༔ ཕྱག་ན་རྡོ་རྗེའི་མཐུ་སྟོབས་དང༔ བླ་མེད་དཀོན་མཆོག་གསུམ་གྱི་བྱིན་རླབས་ཀྱིས༔ ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག༔ སངས་རྒྱས་སྟོང་རྩའི་བྱིན་རླབས་དང༔ དམ་པ་རིགས་བརྒྱའི་བྱིན་རླབས་དང༔ གནས་བརྟན་བཅུ་དྲུག་བྱིན་རླབས་དང༔ ཉེ་བའི་སྲས་བརྒྱད་བྱིན་རླབས་དང༔ ཐུབ་པ་དྲུག་གི་བྱིན་རླབས་དང༔ རྒྱལ་བ་རིགས་ལྔའི་བྱིན་རླབས་དང༔ རིགས་གསུམ་མགོན་པོའི་བྱིན་རླབས་དང༔ རྟ་ཕག་ཡབ་ཡུམ་བྱིན་རླབས་དང༔ རང་བྱུང་པདྨའི་བྱིན་རླབས་ཀྱིས༔ ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག༔ སྲིད་པའི་རྩེ་མོ་མན་ཆད་ནས༔ ན་རག་དུཿཁ་ཡན་ཆད་ཀྱི༔ ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག༔ མདོར་ན་གླིང་བཞི་གླིང་ཕྲན་དང༔ རྒྱ་གར་རྒྱ་ནག་ཧོར་དང་འཇང༔ བལ་ཡུལ་ཏི་སེ་མདོ་ཁམས་ཀྱི༔ ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག༔ དར་པོའི་དར་གཡང་འདིར་ཁུག་ཅིག༔ ཕྱུག་པོའི་ཕྱུག་གཡང་འདིར་ཁུག་ཅིག༔ བཙན་པོའི་བཙན་གཡང་འདིར་ཁུག་ཅིག༔ གཉན་པོའི་གཉན་གཡང་འདིར་ཁུག་ཅིག༔ རི་བོའི་རྩེ་ནས་ཕྱྭ་གཡང་ཁུག༔ རྒྱ་མཚོའི་གཏིང་ནས་ཕྱྭ་གཡང་ཁུག༔ མི་ནོར་ལོངས་སྤྱོད་ཕྱྭ་གཡང་ཁུག༔ རྟ་ཕྱུགས་སྤུ་ནག་ཕྱྭ་གཡང་ཁུག༔ ལོ་ཏོག་འབྲས་དྲུག་ཕྱྭ་གཡང་ཁུག༔ ད་ལྟ་ཉིད་དུ་འདིར་འདུས་ཤིག༔ མྱུར་བ་ཉིད་དུ་འདིར་འདུས་ཤིག༔ གནས་ཁང་འདི་ལ་བྱིན་ཕོབ་ཅིག༔ གཡང་རྫས་འདི་ལ་བཅུད་ཕོབ་ཅིག༔ མདའ་དར་འདི་ལ་འོད་ཟུག་ཅིག༔ བཀྲ་ཤིས་བྱིན་ཆགས་འདིར་འདུས་ཤིག༔ ཅེས་དབྱངས་དང་པོ་དལ་བུ༔ བར་དུ་བྲེལ༔ ཐ་མ་མྱུར་མགྱོགས་སུ་གྱེར་རོ༔ ཞག་གྲངས་མང་དུ་བྱེད་ན་ཐུན་རྗེས་མར་ཚོགས་ལ་རོལ། ལྷག་མ་གཏང་བ་ཕྱིན་ཕྲིན་ལས་གཞུང་བཞིན་བྱའོ། །གསུམ་པ་རྗེས་རིམ་ནི། རྟགས་མཐོང་བའམ་སྒྲུབ་ཞག་རྫོགས་པའི་ཐུན་རྗེས་མར་གོང་གི་གཏོར་འབུལ་རྫོགས་པ་དང་། སྦྱིན་བདག་སློབ་དཔོན་གྱི་མདུན་ངོས་སྟན་དཀར་འབྲུའི་དགའ་འཁྱིལ་བྲིས་པ་ལ་སྡོད་དུ་བཅོལ། སྤྲོས་པ་ཆེ་བར་བྱེད་ན་སྔགས་པའམ་བཙུན་པའི་རམ་འདེགས་སོགས་ཡུལ་ལུགས་དང་བསྟུན། བསྡུ་ན་བསང་བཏང་། མདའ་དར་གཡབ་ལ། སློབ་དཔོན་གྱིས་གཏེར་གཞུང་ལྟར་ལོ་རྒྱུས་རྒྱས་པར་བརྗོད་པའམ། དཀྱུས་ཙམ་དུ་གོང་གསལ་དམིགས་པ་ཁོ་ནས་འཐུས་པས་མཚམས་སྦྱོར་གྱི་ཁྱད་པར། ཐོག་མར་བྱིན་རླབས་འབེབ་པ་ཡིན་པས་དམིགས་པ་འདི་ལྟར་མཛོད། གནས་ཁང་འདི་ཉིད་སོགས་ནས། འོད་ཟེར་ཐིབ་ཐིབ་བྱོན་ནས་བྱུང་སྙམ་པ་མཛོད་ལ་མོས་གུས་སྐྱེད་ཅིག །ཅེས་དང་། དེ་ནས་ཕྱྭ་གཡང་འགུགས་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། བདག་མདུན་ཐ་མི་དད་པའི་སོགས་ནས། རྒྱས་པར་གྱུར་པའི་མོས་པ་མཛོད། ཅེས་མཚམས་སྦྱར་ལ་གཡང་འགུགས་གྱེར། དངོས་གྲུབ་བླང་བ་ནི། མདུན་གྱི་ལྷ་ཚོགས་རྣམས་ཀྱི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་ག་བར་མ་ཆད་པ་བྱུང་། ཁྱེད་རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་པར་མོས་ཤིག །ཧཱུྃ༔ བདེ་མཆོག་བདེ་སྤྱོད་ནམ་མཁའི་དཀྱིལ་ཡངས་ནས༔ རྒྱལ་བའི་དཀྱིལ་འཁོར་སྲས་བཅས་ཐུགས་དམ་ཅན༔ ཨོ་རྒྱན་གུ་རུ་པདྨ་འོད་འབར་གྱི༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་དངོས་གྲུབ་ནི༔ ཕྲིན་ལས་བཟང་པོ་ལྷུན་གྱིས་གྲུབ་པའི་དཔལ༔ བུམ་པ་བཟང་དང་དཔག་བསམ་ནོར་བུའི་ཚུལ༔ ད་ལྟ་ཉིད་དུ་བདག་ལ་བསྩལ་དུ་གསོལ༔ འགྱུར་མེད་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ འགག་མེད་གསུང་གི་དངོས་གྲུབ་བསྩལ་དུ་གསོལ༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཡོན་ཏན་རེ་སྐོང་དངོས་གྲུབ་བསྩལ་དུ་གསོལ༔ ཕྲིན་ལས་འགྲོ་འདུལ་དངོས་གྲུབ་བསྩལ་དུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཐུན་མོང་ཡིད་བཞིན་དངོས་གྲུབ་བསྩལ་དུ་གསོལ༔ བླ་མེད་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བརྗོད་ལ་དཀྱིལ་འཁོར་གྱི་མཐར་བཀོད་པའི་ཤ་ཆང་མར་ཐུད་སོགས་ཀྱི་ཕུད་དཀྱིལ་འཁོར་ལ་འབུལ། ལྷག་མ་ཡོན་བདག་ལ་སྦྱིན་ཏེ། དངོས་གྲུབ་ཀྱི་རྫས་རྣམས་ཡིག་འབྲུ་གསུམ་གྱི་རྣམ་པར་ཞུ་ནས་བདུད་རྩིའི་དྭངས་བཅུད་དུ་འཁྱིལ་པ་དེ་ཉིད་ལྷ་ལ་ཕུལ་བས་མཉེས་ནས་འདོད་དོན་བསྩལ། ཁྱེད་རང་གིས་རོལ་པས་མཆོག་ཐུན་མོང་གི་དངོས་གྲུབ་སྟན་ཐོག་འདི་ཉིད་དུ་ཐོབ་པར་མོས་ཤིག །དེ་ནས་མེ་ཏོག་འཐོར་ཏེ། ཞལ་ནས་གསུངས་པའི་ཚིགས་སུ་བཅད་པས་ཐོག་དྲང་ཤིས་བརྗོད་ཇི་ལྟར་འོས་པ་བྱས་ལ་སྦྱིན་བདག་རང་གནས་སུ་གཏང་། སྒྲུབ་པ་པོས་ཚོགས་ལ་རོལ། ལྷག་ཆོག་སོགས་ལས་གཞུང་ལྟར་བྱ་བ་ལས། རྗེས་ཆོག་སྐབས་མཆོད་ཁ་གསོས། མཆོད་བསྟོད་གོང་གསལ་ལྟར་བྱ། ནོང་བཤགས་དང་། བསྐྱེད་པའི་ལྷ་དམ་ཡེ་དབྱེར་མེད་རྟེན་ལ་བརྟན་བཞུགས་བྱས་ཏེ་གང་དུ་བཞུགས་པའི་སྒྲོམ་ལ་སོགས་པར་བཀུར་སྟི་དང་བཅས་ཏེ་བཞག་ལ་སྒོ་བསྡམ། རྟེན་སྙིང་བརྗོད་ལ་འབྲུ་འཐོར། མདུན་དུ་སྣོད་གཙང་མར་འབྲུ་སྣ་ཟས་སྣ་བྱུང་ངོ་ཅོག་གི་ཕུད་མཆོད། ལས་བྱང་གི་རྗེས་རིམ་རྣམས་གཞུང་བཞིན་བྱས་པས་འགྲུབ་བོ། །གཡང་གཞིའི་མཆོད་རྫས་རྣམས་ཕྱི་མི་ལ་མི་སྦྱིན་པར་དངོས་གྲུབ་ཏུ་རོལ། གཏོར་མ་མི་འཇོག་པའམ་འཇོག་ཡུལ་མེད་ན་གཞུང་ལས། ཡང་ན་སྒྲུབ་རྫས་ཀྱི་གཏོར་མ་རི་ཆེན་པོའི་མགོ་ལ་བསྐྱལ་ན༔ སྦྱིན་བདག་རྣལ་འབྱོར་པ་དབུ་འཕང་དགུང་བས་མཐོ༔ ཡང་ན་ཆུ་བོ་ཆེན་པོའི་གཞུང་ལ་འབུལ་ན༔ ཆོས་བརྒྱུད་དང་མི་རྒྱུད་ཆུ་བས་རིང༔ མེ་ཆེན་པོར་བསྲེགས་ན་བསོད་ནམས་མེ་འབར་བ་ལྟར་འོང་ངོ༔ ནགས་རི་ཆེན་པོ་དང་ཤིང་འབྲས་བུ་ཅན་གྱི་རྩ་བར་འབུལ་ན༔ དགོས་འདོད་ལྷུན་གྱིས་གྲུབ་པར་འགྱུར་རོ༔ ཡང་ན་ ཡུལ་དེའི་ཕྱོགས་བཞི་མཚམས་བརྒྱད་ཀྱི་ས་དབྱིབས་ལེགས་པ་རྣམས་སུ་སྨོན་ལམ་དང་ལྡན་པས་ཕུལ་ན༔ ལོངས་སྤྱོད་ཕུན་སུམ་ཚོགས་པར་འགྱུར་རོ༔ ཞེས་གསུངས་པ་ལྟར་ལ་ཐམས་ཅད་ལའང་ཚེ་དབང་ལོངས་སྤྱོད་རྒྱས་པའི་སྨོན་ལམ་རྒྱ་ཆེར་གདབ་བོ། །དེའི་ཕན་ཡོན་ཡང་གཞུང་ལས། དེ་ལྟར་བྱས་ན་བསོད་ནམས་དངོས་གྲུབ་ལོངས་སྤྱོད་འདོད་ཡོན་ནི་མེ་འབར་བ་ལྟར་ཡོང༔ ཁྱད་པར་མ་འོངས་དུས་ཀྱི་ཐ་མ་ལ༔ ཚེ་ཐུང་མི་རྣམས་དབུལ༔ ལོ་ཕྱུགས་ཞན༔ སའི་བཅུད་ཤོར༔ ཕྱྭ་གཡང་ཉམས་ནས་སྐྱེ་འགྲོ་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་དྲྭ་བར་ཆུད་པའི་དུས་སུ༔ ནོར་སྒྲུབ་ཟབ་མོའི་གཡང་ཆོག་འདི་བྱས་ན་ལུང་པ་ཐམས་ཅད་སྣུམ་ཞག་ཐིབ་ཀྱིས་འོངས༔ མི་ནད་ཕྱུགས་ནད་ཡམས་ནད་ལོ་ནད་རྒྱུན་ཆད་ནས༔ བསྐལ་པ་བཟང་པོ་སླར་ཡང་དར་བར་འགྱུར་རོ༔ ཞེས་སོགས་རྒྱས་པར་བསྟན་པ་ལྟར་རོ། ༈ །ཐོད་སྒྲུབ་སྦྲེལ་ན་ཐོད་བརྟག་དང་འཁོར་ལོ་ལ་སོགས་པའི་བཅའ་གཞི་འདི་ཉིད་དང་དགོངས་འདུས་རཏྣའི་ཐུགས་སྒྲུབ་སོགས་གཞན་ནས་འབྱུང་བ་ལྟར་བྱས་ལ་མདུན་རྟེན་དང་ལྷན་ཅིག་བཞག་ལ། མདུན་བསྐྱེད་བཟླས་པ་སྔོན་དུ་འགྲོ་བས་ཐོད་པ་ལ་སྤྲོ་བསྡུའི་དམིགས་པ་གཞུང་གསལ་དང་རྩ་བའི་བཟླས་པ་ཉིད་ཅི་ནུས་བྱ། གྲོལ་ཁ་ཞག་གཅིག་ཙམ་ལ་ལས་སྦྱོར་སྔགས་བཟླ། གཡང་འགུགས་དངོས་གྲུབ་ལེན་པ་རྣམས་དཀྱུས་ལྟར་བྱའོ། །བརྟན་གཡོའི་རྒུད་པ་སྟོན་མཐའི་སྤྲིན་བཞིན་ཡལ། །དཔལ་འབྱོར་ལོངས་སྤྱོད་དཔྱིད་ཀྱི་དགའ་ཚལ་རྒྱས། །མངོན་མཐོའི་ཡོན་ཏན་སྙེ་མ་གཡུར་ཟ་བས། །ངེས་ལེགས་ལུས་ཀྱི་ལང་ཚོ་རབ་འཕེལ་ཤོག །ཅེས་པའི་ཚུལ་འདི་གྲོང་སྔགས་པ་མཆོག་དམན་ཀུན་གྱིས་ཁ་རྒྱན་དུ་བྱེད་ཀྱང་མགོ་གཞུག་ཚང་བ་དཀོན་ཅིང་། དམ་པ་སྔ་མས་མཛད་པ་འགའ་རེ་ཡང་སོ་སོའི་གསུང་རྩོམ་ལ་གཞི་བྱས་པར་སྣང་བས། འདིར་རྩ་བའི་གཏེར་གཞུང་ལ་འཇའ་ཚོན་པ་ཉིད་ཀྱིས་ལྷོ་བྲག་གངས་དབེན་ནས་ཕྲན་གཏེར་དུ་བཞེས་པའི་རྣམ་སྲས་ལས་བྱང་ལེ་དྲུག་མ་བཀའ་བབས་བསྟན་པ་དར་རྒྱས་ལས་ཟམ་མ་ཆད་པར་བྱུང་བ་དང་སྦྲེལ་ཏེ། པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་དཔལ་ཀུན་སྤུངས་པའི་ཡང་ཁྲོད་ནོར་བདག་གནོད་སྦྱིན་ཆེན་པོའི་བསྟི་གནས་དང་ཉེ་བའི་དགའ་ཚལ་དུ་བགྱིས་པ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).