Semantic search

From Rinchen Terdzö

རྩ་གསུམ་འོད་གསལ་སྙིང་ཏིག་ལས། རྒྱུད་ལུང་མན་ངག་གི་དགོངས་དོན་འདུས་གསལ་དུ་བཤད་པ་འོད་གསལ་ཡེ་ཤེས་ཉིན་བྱེད་ (Volume 63, Text 12)

༄༅། །རྩ་གསུམ་འོད་གསལ་སྙིང་ཏིག་ལས། རྒྱུད་ལུང་མན་ངག་གི་དགོངས་དོན་འདུས་གསལ་དུ་བཤད་པ་འོད་གསལ་ཡེ་ཤེས་ཉིན་བྱེད་ཅེས་བྱ་བ་བཞུགས་སོ། ། འོད་གསལ་ཐིག་ལེ་ཆེན་པོའི་དབྱིངས་སིམས་ཀྱང་། །འོད་གསལ་སྒྱུ་འཕྲུལ་དྲྭ་བའི་རོལ་སྒེག་ལས། །འོད་གསལ་རྩ་གསུམ་རྒྱ་མཚོའི་སྤྲིན་འཕྲོ་བའི། །འོད་གསལ་སྐུ་བརྙེས་པདྨ་ཐོད་ཕྲེང་རྒྱལ། །འོད་གསལ་ཡེ་ཤེས་དག་པའི་རང་རྩལ་ལས། །འོད་གསལ་སྙིང་གི་ཏི་གའི་ཡི་གེའི་སྤྲིན། །འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པའི་རྒྱན། །འོད་གསལ་དགོངས་དོན་འབྱེད་ལ་གནང་བ་སྩོལ། །འོད་གསལ་རྡོ་རྗེ་རྩེ་མོའི་གསེང་ལམ་ནས་ཡེ་ཤེས་རྡོ་རྗེའི་སྐུ་བརྙེས་པའི་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་དང་པཎ་ཆེན་བི་མ་ལ་དབྱེར་མེད་པའི་བདག་ཉིད་ཆེན་པོ། གངས་ཅན་བསྟན་པ་ཡོངས་རྫོགས་ཀྱི་སྒྲོན་མེར་བསམ་བཞིན་བྱོན་པའི་༧ཀུན་མཁྱེན་བླ་མ་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོ་གསང་མཚན་འོད་གསལ་སྤྲུལ་པའི་རྡོ་རྗེ་ལ། སངས་རྒྱས་གཉིས་པ་ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོས་བཀའ་བབ་ཆེན་པོ་བདུན་གྱི་མངའ་བདག་ཏུ་རྡོ་རྗེའི་ལུང་གིས་ཆེ་ཐང་དུ་བསྔགས་པའི་ངོ་མཚར་གྱི་རྣམ་ཐར་ཆེན་པོའི་གསང་མཛོད་ཀྱི་ཆ་ཤས། ཐུན་མོང་གི་གདུལ་བྱའི་སྤྱོད་ཡུལ་དུ་མངོན་སུམ་དུ་གྱུར་པའི་བཞི་པ་ཟབ་མོ་དགོངས་པའི་གཏེར་གྱི་བྱེ་བྲག །རྩ་གསུམ་འོད་གསལ་སྙིང་ཏིག་གི་ཆོས་སྐོར་ཟབ་ལ་རྒྱས་པར་བྱོན་པའི་འཕྲོ་གཞི་རྒྱུད་ལུང་མན་ངག་རྡོ་རྗེའི་ཚིག་གིས་ཇི་ལྟར་བསྟན་པའི་རྣམ་བཤད་འདུས་གསལ་དུ་དགོད་པ་ལ། ཀློང་ཆེན་སྙིང་གི་ཐིག་ལེའི་རིག་འཛིན་རྩ་རྒྱུད་ཐོད་པའི་དུམ་བུ་ལས། དེ་ཡང་རྒྱུད་ལུང་མན་ངག་གིཿ ཁྱད་པར་འདི་ནི་ཤེས་བྱ་སྟེཿ སྟོན་པས་བཀའ་བསྩལ་རྒྱུད་ཡིན་ལཿ ཞུ་བ་པོ་ཡིས་བསྡུས་པ་ལུངཿ དེ་ལ་གཅུས་དང་དཀྲུགས་དང་གབཿ ཇི་བཞིན་གསལ་བ་མན་ངག་སྟེཿ ཞེས་གསུངས་པ་ལྟར། དཀྱིལ་འཁོར་རྒྱ་མཚོའི་སྤྲོ་བསྡུའི་སྤྱི་མེས་སྟོན་པ་རིགས་ཀུན་ཁྱབ་བདག་གི་ཐུགས་རྒྱུད་དུ་ཆོས་ཉིད་རྡོ་རྗེའི་རང་སྒྲར་ཤར་བའི་རྩ་བཤད་མན་ངག་གི་རྒྱུད་མཐའ་དྲུག་ཚུལ་བཞིའི་སྒྲོམ་དུ་བཞུགས་པ་རིན་པོ་ཆེའི་མཛོད་ལྟ་བུ་དང་། དེའི་དགོངས་པ་ས་བཅུའི་དབང་ཕྱུག་རྣམས་ཀྱིས་བཀྲལ་བའི་ལུང་གསང་དོན་རྣམ་པར་འབྱེད་པ་མཛོད་ཀྱི་ལྡེའུ་མིག་ལྟ་བུར་གྱུར་པ་གྲུབ་པ་སྡེ་བདུན་ལྟ་བུ། དེ་དག་གི་གནད་ཀྱི་མན་ངག་གྲུབ་བརྙེས་རིག་འཛིན་རྣམས་ཀྱིས་སྐལ་ལྡན་ཉམས་ལེན་དུ་དྲིལ་བ་རང་སྐལ་ལག་བཅངས་སུ་སྤྱོད་པའི་རྣམ་གཞག་གསུམ་དུ་མཛད་པ་ལྟར་འདིར་ཡང་། རིག་འཛིན་རྩ་རྒྱུད་ཡེ་ཤེས་དྲྭ་བས་སྒྲུབ་གཞི་རྩ་བ་གསུམ་གྱི་འཕྲོ་གཞི་གཞི་ལམ་འབྲས་བུའི་དོན་གྱི་ངོ་བོ་མདོར་བསྟན། རྩ་གསུམ་སྒྲུབ་ཐབས་ལུང་གི་དུམ་བུས་བསྒྲུབ་བྱའི་རྣམ་པ་རྩ་གསུམ་དེ་དག་སྤྱིར་ཀུན་འདུས་ནོར་བུ་ལུགས་སུ་སྒྲུབ་པའི་ཚུལ་བྱེ་བྲག་ཏུ་བཤད། མན་ངག་འཇའ་ལུས་རྡོ་རྗེའི་ཚིག་རྐང་གིས་སྒྲུབ་བྱེད་སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པས་ཉམས་སུ་བླང་བྱའི་ལམ་རྒྱས་པར་བཤད་པའོ། །དང་པོ་ལའང་། མཚན་དོན། རྒྱུ་གླེང་གཞི། རྐྱེན་གླེང་བསླང་། འབྲས་བུ་རྒྱུད་དོན་དངོས། མཐར་གཏད་རྒྱ་དང་བཅས་ལྔ་ལས། དང་པོ་རྒྱ་བོད་ཀྱི་མཚན་གྱི་དོན་ནི། རྒྱ་གར་སྐད་དུ༔ ཤྲཱི་ཛྙཱ་ན་སོགས་ནས། ཅེས་བྱ་བ༔ ཞེས་པ་སྟེ། རང་རྒྱུད་དུ་ཉེས་པའི་སྐྱོན་ཐམས་ཅད་ཟད། ཡོན་ཏན་གྱི་འབྱོར་པ་མཐར་ཕྱིན་པའི་ཕྲིན་ལས་ཀྱིས་སེམས་ཅན་གྱི་དོན་རྟག་ཁྱབ་ལྷུན་གྲུབ་ཏུ་མཛད་པས་དོན་གཉིས་མཐར་ཕྱིན་པའི་ཕུན་སུམ་ཚོགས་པའི་དཔལ་དང་ལྡན་པ་ནི་སངས་རྒྱས་ཏེ། དེ་ལ་མངའ་བའི་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་ཐམས་ཅད་ཀྱི་སྙིང་པོ་ནི་ཡེ་ཤེས་ཏེ། རྫོགས་པ་ཆེན་པོའི་རྒྱུད་རང་ཤར་ལས། ཐ་དད་རང་བཞིན་འགྱུར་བ་མེད། །དེ་ཕྱིར་སྐུ་ལྔའི་ཡེ་ཤེས་ཏེ། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད། །དོན་ལ་དེ་བཞིན་གནས་པ་འོ། །ཞེས་དང་། མུ་ཏིག་ཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་སྐུ་ཉིད་ནི། །ཐུགས་ཀྱི་དཀྱིལ་ན་མ་བསྐྱེད་རྫོགས། །འགྱུར་བ་མེད་པའི་སྐུ་གཅིག་ནི། །ཀུན་ཏུ་ཁྱབ་པའི་ཚུལ་དུ་གནས། །ཞེས་སྐུ་ཡི་སྙིང་པོ་ཡེ་ཤེས་ཡིན་པས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་བདག་ཉིད་ཅན་ཏེ། དེ་ལ་དབྱེ་ན་ཆོས་སྐུ་གཞིར་གནས་ཀྱི་ཡེ་ཤེས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལྡན། ལོངས་སྐུ་མཚན་ཉིད་འཛིན་པའི་ཡེ་ཤེས་མེ་ལོང་ལྟ་བུ་སོགས་ལྔ། སྤྲུལ་སྐུ་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་མཁྱེན་པ་གཉིས་སུ་འབྱེད། དྲྭ་བ་ནི་འབྲེལ་བའི་དོན་ཏེ་ལམ་པའི་སྣང་ཚུལ་གྱིས། མ་དག་པ། དག་མ་དག་འདྲེས་མ། ཤིན་ཏུ་དག་པའི་ཚུལ་གྱིས་གཞི་ལམ་འབྲས་བུ་གསུམ་དུ་དབྱེ་ཡང་ངོ་བོ་ཆོས་ཉིད་བདག་གཅིག་གིས་འབྲེལ་ཞིང་། ཡེ་ཤེས་དེ་དག་ཀྱང་དབྱིངས་དང་རིག་པ་གཉིས་སུ་མེད་པའི་བདག་ཉིད་གཅིག་ཏུ་གྱུར་པ་ལས། ངོ་བོ་ནམ་ཡང་མཚན་ཉིད་ཐ་དད་མ་དམིགས་པས་མཚོན་བྱ་དོན་གྱི་རྒྱུད་ཅེས་བྱ་བ་སྟེ། སངས་རྒྱས་ཀྱི་ཡེ་ཤེས་བསམ་མི་ཁྱབ་པའི་རོལ་པ་རྩ་གསུམ་ཞི་ཁྲོ་གང་ལྟར་བཀོད་ཀྱང་འདི་ཁོ་ནའི་ཆོ་འཕྲུལ་ལས་བྱུང་ཞིང་སྣང་བའི་བདག་ཉིད་ཅན་ནི་དོན་གྱི་གནས་ཚུལ་ཏེ། དེ་ཉིད་གདུལ་བྱ་རྣམས་ལ་སྟོན་པའི་ཕྱིར་ཚིག་དང་ཡི་གེའི་རྣམ་པ་ཅིར་ཡང་འབྱུང་བ་ནི་སྒྲར་སྣང་བ་དང་། སྒྲར་གྲགས་པ་དང་། བརྡར་གྱུར་པ་ནི་མཚོན་བྱེད་ཚིག་གི་རྒྱུད་དེ། བརྗོད་བྱ་དང་རྗོད་བྱེད་ཐམས་ཅད་ཡེ་ཤེས་རྣམ་པ་ཐམས་ཅད་པའི་བདག་ཉིད་དུ་ཤེས་པར་བྱའོ། །གཉིས་པ་རྒྱུད་འབྱུང་བའི་རྒྱུ་གླེང་གཞི་ལ། ཕྱག་གིས་མདོར་བསྟན་པ། གླེང་གཞི་དངོས་སོ། །དང་པོ་ནི། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ༔ ཞེས་པ་སྟེ། དེ་ཡང་ཏིང་འཛིན་རྒྱལ་པོ་ལས། དག་པ་དྭངས་བ་འོད་གསལ་བ། །མི་འཁྲུགས་འདུས་མ་བྱས་པ་ཉིད། །ཅེས་གསུངས་པ་ལྟར། ཆོས་ཉིད་ལྟ་བའི་གནས་ལུགས་དོན་དམ་བདེན་པ་ཆོས་དབྱིངས་ཟབ་གསལ་གཉིས་སུ་མེད་པ་ནི་འཁོར་འདས་ཀུན་ལ་ཁྱབ་ཀྱང་། འཁོར་འདས་གང་གིའང་ཕྱོགས་སུ་མ་ལྷུང་ཞིང་ཉེས་པས་མ་གོས་པས་ཤིན་ཏུ་རྣམ་པར་དག་པའི་བདག་ཉིད་ཅན་ཏེ། ཡེ་ཤེས་དེའི་སྣང་བས་ཆོས་ཀྱི་དབྱིངས་ཀུན་ལ་ཁྱབ་ཅིང་ཟག་པ་མེད་པའི་ཡོན་ཏན་ཐམས་ཅད་དེ་ཡི་རྩལ་ལས་འཕྲོ་བ་གང་ལ། ཆོས་ཅན་ཀུན་རྫོབ་ཀྱི་བདེན་པ་ཤེས་བྱའི་ཆོས་ཐམས་ཅད་མ་འདྲེས་ཡང་དག་པར་གཟིགས་པའི་མཁྱེན་པ་ལ་སོ་སོར་རྟོགས་པའི་ཡེ་ཤེས་གསུང་པདྨའི་རིགས་ཀྱི་ཁྱབ་བདག་གི་ཚུལ་དུ་སྟོན་པ་སྣང་བ་མཐའ་ཡས་ཏེ། དེ་ནི་བདུད་བཞི་བཅོམ་ཞིང་ལེགས་པའི་ཡོན་ཏན་དྲུག་དང་ལྡན་པ་མཐའ་གཉིས་ལས་འདས་པའི་མྱ་ངན་ལས་འདས་པ་ཆེན་པོའི་གོ་འཕང་མངོན་སུམ་དུ་བརྙེས་པའི་སྟོན་པ། སྐུ་དང་ཡེ་ཤེས་ཀྱི་སྣང་བ་བསམ་མི་ཁྱབ་པའི་རྡོ་རྗེའི་གསུང་གི་ཕྲིན་ལས་ཀྱིས་ཆོས་ཀྱི་དབྱིངས་མཐའ་ཡས་པར་སྤྲོས་ཏེ་སྲིད་ཞིའི་ཕན་བདེའི་དཔལ་ཀུན་སྩོལ་བའི་བྱེད་པོ་གང་ལ། ཡེ་ཤེས་རང་སྣང་གི་འཁོར་དུས་ཆོས་གནས་བཅས་ཉིད་ལས་མི་གཞན་པའི་བདག་ཉིད་དུ་ལྷུན་གྱིས་གྲུབ་ཅིང་། ཟབ་གསལ་གཉིས་སུ་མེད་པའི་ཆོས་ཀྱི་སྣང་བ་ལ་འདུ་འབྲལ་དང་འཕེལ་སྒྲིབ་མེད་པར་ལོངས་སྤྱོད་པའི་ཕྱིར་ཚུལ་དེའི་གནས་ལུགས་ལ་ཡིད་ཆེས་ཤིང་ངོམས་པས་ཕྱག་འཚལ་བས་རྒྱུད་ཀྱི་དོན་མངོན་དུ་བྱེད་ནུས་པའི་ཕྱིར་གླེང་གཞིའི་མདོར་བསྟན་ཡང་ཞར་བྱུང་དུ་འབྱུང་བའོ། །གཉིས་པ་གླེང་གཞི་དངོས་ནི། འོག་མིན་པདྨ་དྲྭ་བ་རུ༔ ཞེས་པས་ཕུན་སུམ་ཚོགས་པ་ལྔ་ལས་དང་པོ་གནས་བསྟན་པ་སྟེ། འཁོར་འདས་ཀྱི་སྣང་ཆ་ཀུན་ལས་འདས་ཏེ་བླ་རུ་འཕགས་པས་འོག་མིན། སྣོད་བཅུད་ཐ་མལ་གྱི་འཁྲུལ་རྟོག་གི་ཉེས་པས་གཞར་ཡང་མ་གོས་ཤིང་རབ་འབྱམས་དག་པའི་ཞིང་གི་དཔལ་དང་ལྡན་པས་པདྨ། ཆོས་དབྱིངས་དེ་ལས་སྟོན་འཁོར་ཐམས་ཅད་སྣང་ཞིང་འཆར་བས་དྲྭ་བ་སྟེ། གནས་དེ་ཉིད་ཀྱི་ངང་ལས་ནམ་ཡང་འཕོ་འགྱུར་མེད་པར་བཞུགས་པ་རུ། འོད་སྣང་མཐའ་ཡས་སྟོན་པ་ཡིས༔ ཞེས་པས་སྟོན་པ་སྟེ་འོད་གསལ་བསམ་མི་ཁྱབ་པའི་སྣང་བ་མཐའ་ཡས་པ་འཕྲོ་བའི་ཡེ་ཤེས་དེ་ལས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཟག་པ་མེད་པའི་སྣང་བས་ཀུན་ཏུ་མཛེས་ཤིང་འཕེལ་འགྲིབ་མེད་པར་བཞུགས་པ་གསུང་རྡོ་རྗེ་རིགས་ཀུན་གྱི་ཁྱབ་བདག་ཏུ་གྱུར་པའི་སྟོན་པ་མཆོག་དེ་ཡིས། ལག་ན་ཆུ་སྐྱེས་ལ་སོགས་པའི༔ འཁོར་ལ་ ཞེས་འཁོར་ཏེ་ཉིད་ལས་མི་གཞན་པའི་འཁོར། ཐུགས་རྗེ་ཀུན་ཏུ་ཁྱབ་པའི་ཡེ་ཤེས་ཀྱི་རང་རྩལ་རིག་པའི་སྐྱེས་བུ་གསུང་པདྨའི་རིགས་ཀྱི་རང་རྟགས་ལག་ན་ཆུ་སྐྱེས་དཀར་པོ་བསྣམས་པ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གཙོ་བོར་གྱུར་པའི་རིགས་ལྔ་སེམས་དཔའ་ལྕམ་དྲལ། མཐར་བྱེད་བཞི་ལ་སོགས་པ་མཐའ་ཡས་པའི་དཀྱིལ་འཁོར་སྣང་བ་ཆེན་པོ་ཁྱབ་པར་བརྡལ་བས་བཞུགས་པ་ལ། དུས་གསུམ་དུས་མེད་དུས༔ ཞེས་དུས་ཏེ་སྟོན་འཁོར་གྱིས་ཁྱབ་བརྡལ་ཡེ་ཤེས་ཀྱི་འཁོར་ལོའི་ཆོས་ཀྱི་སྣང་བ་ལ་སྤྱོད་པ་ཡང་དུས་རེས་འགའ་ཙམ་མིན་པ་དུས་གསུམ་དུས་མེད་ཀྱི་དུས་གཉིས་མེད་མཉམ་པ་ཆེན་པོའི་བདག་ཉིད་དུ་ནམ་ཡང་འདུ་འབྲལ་མེད་པར་ཆོས་ཉིད་ཟབ་གསལ་གྱི་དགོངས་པ་ལ་ལྡང་འཇུག་མེད་པར་བཞུགས་པ་ལ། རྡོ་རྗེ་གསང་བའི་ཚིག་བསྟན་ཚེ༔ ཞེས་ཆོས་ཏེ་སྟོན་འཁོར་གཉིས་སུ་མེད་པའི་ཆོས་ཀུན་གྱི་གནས་ལུགས་དོན་གྱི་དགོངས་པ་ནི་རྟོག་གེ་དང་ཕལ་པའི་བློས་མི་ཕྱེད་པས་རྡོ་རྗེ། དེ་དག་གིས་སྒྲ་ཇི་བཞིན་དུ་རྟོགས་ཤིང་སྟོན་མི་ནུས་པས་གསང་བ། རྒྱལ་བའི་ཐུགས་རྗེ་ཐབས་མཁས་ཀྱི་རོལ་པས་དངོས་བརྒྱུད་ནས་དེ་རྟོགས་པར་བྱ་བའི་ཕྱིར་བརྗོད་མེད་བརྗོད་པའི་མཆོག་ཏུ་སྣང་བའི་ཚིག་གིས་བསྟན་པའི་ཚེ་དོན་ལ་ལོངས་སྤྱོད་དེ་སྟོན་འཁོར་དགོངས་པ་དབྱེར་མེད་ཀྱིས་བཞུགས་པ་སྟེ། སངས་རྒྱས་ཉག་གཅིག་གི་སྤྱོད་ཡུལ་དུ་གྱུར་པ་སྟེ་རྒྱུད་ཉིད་འབྱུང་བའི་གླེང་གཞི་མཐར་ཐུག་པའོ། །གསུམ་པ་རྐྱེན་གླེང་བསླང་བ་ནི། པདྨའི་སྤྱན་གྱིས་སོགས་ནས། འདི་སྐད་གསུང༔ ཞེས་པ་སྟེ་སྐབས་འདིར་བསྟན་བྱའི་གཙོ་བོ་གསུང་པདྨའི་རིགས་ཀྱི་སྒྱུ་འཕྲུལ་རྩ་བ་གསུམ་གྱི་ལྷ་སྔགས་ཏིང་འཛིན་དབང་དང་སྒྲུབ་ཐབས་ལས་ཚོགས་དམ་ཚིག་རྣམས་བསྟན་པར་བཞེད་ནས། ཉེ་བའི་འཁོར་མཁའ་ཁྱབ་ཀྱི་སེམས་ཅན་ལ་བརྩེ་ཆེན་ཡེ་ཤེས་ཀྱི་སྤྱན་རས་ནམ་ཡང་ཟུམ་པ་མེད་ཅིང་། གདུལ་དཀའ་སྡུག་བསྔལ་ཅན་ལ་ཐུགས་རྗེས་ལྷག་པར་དགོངས་པའི་རླན་དང་མ་བྲལ་བའི་པདྨ་འདབ་མ་རྣམ་པར་རྒྱས་པའི་སྤྱན་ཅན་འཕགས་པ་ཐུགས་རྗེའི་དབང་ཕྱུག་གིས། སླར་ཡང་གསོལ་པ། ཨེ་མ་ཞེས་ངོ་མཚར་ཆེན་པོ་ངེས་པ་དོན་གྱི་རྒྱུད་སྙིང་པོའི་དོན་ཟབ་མོའི་གནད་དུ་བསྡུ་ན་ཇི་ལྟར་ལགས་ཞེས་བསྐུལ་བའི་ཚུལ་གླེང་བསླང་ཏེ་གསོལ་བས། དཀྱིལ་འཁོར་གྱི་གཙོ་བོ་སྟོན་པ་འོད་དཔག་ཏུ་མེད་པའི་མགོན་པོ་ཡིས་ཡེ་ཤེས་ཀྱི་དགོངས་པའི་དོན་གདུལ་བྱ་གཞན་རྒྱུད་ཀྱིས་རྟོགས་ཤིང་གྲོལ་བས་རང་ཉིད་ཀྱི་གོ་འཕང་ལ་འགོད་པའི་ཐབས་སུ། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དོན་གསུང་སྒྲ་ཚིག་ཚངས་པའི་དབྱངས་རྣམ་པ་ཐམས་ཅད་པའི་བདག་ཉིད་ཅན་གྱི་རང་སྒྲས་འདི་སྐད་གསུངས་སོ། །བཞི་པ་འབྲས་བུ་རྒྱུད་དོན་དངོས་ལ། རྟོགས་བྱ་གཞི་ཡི་རྒྱུད། རྟོགས་བྱེད་ལམ་གྱི་རྒྱུད། རྟོགས་ཚད་མཐར་ཕྱིན་པ་འབྲས་བུའི་རྒྱུད་གསུམ་མོ། །དང་པོ་རྟོགས་བྱ་གཞི་ཡི་རྒྱུད་བཤད་པ་ནི། གཞི་དབྱིངས་ཀ་ནས་དག་སོགས་ནས། འཁོར་བར་འཁྱམས༔ ཞེས་པ་སྟེ་སྤྱིར་སངས་རྒྱས་དང་སེམས་ཅན་གཉིས་གཞི་དབྱིངས་ཀ་ནས་དག་པའི་ཆོས་ཉིད་ཀྱི་ཀློང་ན་བཟང་ངན་གཉིས་སུ་མེད་པར་གཟུང་འཛིན་འཁྲུལ་པ་ལས་འདས་ཡེ་སངས་རྒྱས་པ་སྟེ། དེའི་རྒྱུ་མཚན་སྣང་སྲིད་འཁོར་འདས་ཀྱི་ཆོས་སོགས་རྣམ་དབྱེ་ཡེ་ནས་མ་དམིགས་པའི་གཞི་ཀ་དག་ཆེན་པོའི་ངོ་བོ་ལ་བཟང་ངན་དང་སྤྲོས་པའི་མཚན་མ་གཞར་ཡང་མ་དམིགས་པའི་ཆོས་ཀྱི་དབྱིངས་རྣམ་ཀུན་མཆོག་ལྡན་གྱི་བདག་ཉིད་ལས། གཞི་སྣང་ཐུགས་རྗེའི་ཡེ་ཤེས་རིག་པའི་རང་རྩལ་འོད་གསལ་ལྷུན་གྲུབ་ཀྱི་སྣང་ཆ་ཕྱིར་གསལ་དུ་འཆར་བའི་ཚུལ་ལ། ཐོག་མའི་མགོན་པོ་ཀུན་ཏུ་བཟང་པོས་རིག་པའི་རང་སྣང་དུ་རྟོགས་ཏེ་གཞི་སྣང་ཡེ་ཤེས་སུ་ཤར་བས་སངས་རྒྱས། ཁམས་གསུམ་གྱི་སེམས་ཅན་རྣམས་རང་སྣང་དུ་མ་ཤེས་པར་གཟུང་འཛིན་གཉིས་འཛིན་དུ་ཞེན་པའི་དབང་གིས་འཁྲུལ་ཏེ་འཁོར་བར་འཁྱམས་ནས་གནས་དོན་ལུས་སུ་བག་ཆགས་ལ་སྤྱོད་པས། གཞི་ཆོས་ཉིད་གཅིག་ལས་གཞི་སྣང་གྲོལ་འཁྲུལ་གྱི་ལམ་གཉིས་སུ་བྱུང་བའོ། །གཉིས་པ་རྟོགས་བྱེད་ལམ་གྱི་རྒྱུད་ནི། དེ་སླད་སྨིན་ཞིང་སྦྱང་བའི་སོགས་ནས། དོན་གཉིས་སྤྱོད༔ ཅེས་པ་སྟེ་སེམས་ཅན་གྱི་མ་དག་འཁྲུལ་པའི་སྣང་བ་ཤར་ཡང་གཞི་ངོ་བོའི་གཤིས་ལ་སྒྲིབ་པས་མ་གོས་པའི་གནད་ཀྱིས། གནས་ལུགས་གཞི་ཡི་བཞུགས་ཚུལ་དང་དག་པ་ཡེ་ཤེས་ཀྱི་སྣང་བ་མཐུན་པ་ལམ་དུ་བྱས་པས་གཟུང་འཛིན་འཁྲུལ་པའི་སྣང་བ་གློ་བུར་པ་ཡིན་པའི་གནད་ཀྱིས་སྒྲིབ་པའི་དྲི་མ་དག་ནུས་པའི་ཕྱིར་དེའི་གཉེན་པོའི་སླད་དུ་རྒྱུད་དག་པར་སྨིན་ཞིང་མ་དག་པ་སྦྱོང་བའི་ཕྱིར་ལམ་བྱུང་བ་སྟེ། ལམ་ཐམས་ཅད་ཀྱི་རྩེ་མོ་གསང་སྔགས་རྡོ་རྗེ་ཐེག་པ་རྣལ་འབྱོར་བླ་མེད་ཀྱི་འཇུག་སྒོ་དབང་བསྐུར་ངེས་པའི་ལམ་ལ་འཇུག་པ་དབང་བཞི་ཡན་ལག་དང་བཅས་པ་ལ། རྩ་བའི་སྨིན་བྱེད་ཡེ་ཤེས་ཐིག་ལེ། ཕྱི་སྒྲུབ་ཀྱི་ལྷ་དབང་ཡེ་ཤེས་ཆར་འབེབ། དབང་བཞི་ཡེ་ཤེས་དཔལ་སྟེར། བྱིན་རླབས་བརྡ་ཡི་དབང་བཞི། གཏོར་དབང་བྱིན་རླབས་དཔལ་སྟེར། ཚེ་སྒྲུབ་འཆི་མེད་དྲྭ་བ། ཐོད་ཕྲེང་རིགས་ལྔ། གཤིན་རྗེ། རྟ་མགྲིན། རྣམ་འཇོམས། ཡང་དག །ཕུར་པ། ཕག་མོ་དཀར་མོ། དེའི་ཚེ་དབང་བཅས་སོ་སོའི་སྨིན་བྱེད་བཞུགས་པ་དང་། དབང་སྲོག་རྒྱུད་ལ་འཛིན་པ་འདའ་བར་དཀའ་བའི་ས་མ་ཡའི་དམ་ཚིག་རྩ་བ་ཡན་ལག་སྲོག་བཞིན་བསྲུང་བ། དབང་གིས་སྨིན་ཟིན་གྲོལ་བའི་ཐབས་ཕྱི་སྒྲུབ་སྒྱུ་འཕྲུལ་དྲྭ་བ་བླ་མ་སྤྲུལ་སྐུ་པདྨ་ཐོད་ཕྲེང་རྩལ་ཚེ་སྒྲུབ་བཅས་དང་། ཚེ་སྒྲུབ་འཆི་མེད་དྲྭ་བ། ནང་སྒྲུབ་པདྨ་དྲྭ་བ་ལོངས་སྐུ་འཕགས་མཆོག་སྙིང་རྗེའི་ལྷ་ཐུགས་རྗེ་ཆེན་པོ། གསང་སྒྲུབ་འོད་གསལ་དྲྭ་བ་ཆོས་སྐུ་སྐྱེ་མེད་སྣང་བ་མཐའ་ཡས་འོད་དཔག་མེད། ཡང་གསང་བླ་མ་དྲག་པོ་དམར་ཆེན་ཡི་དམ་དགོངས་འདུས། ཕྱི་སྒྲུབ་ལས་འཕྲོས་པ་གུ་རུ་ཐོད་ཕྲེང་སྡེ་ལྔའི་ལས་བཞི་མཆོག་གི་སྒྲུབ་ཐབས་ལས་ཚོགས། འཇམ་དཔལ་གཤིན་རྗེ། དབང་ཆེན་རྟ་ཚེ། རྡོ་རྗེ་རྣམ་འཇོམས། ཡང་དག །ཕུར་པ། ཕག་མོ་དཀར་མོ་དང་ཚེ་སྒྲུབ། བཀའ་སྲུང་གི་སྒྲུབ་ཐབས་བཅས། རང་རང་གི་བསྐྱེད་རྫོགས་ཟུང་འཇུག་གི་ཚུལ་དུ་སྒྲུབ་པའི་ལམ་ལ་བརྩོན་པས་བདེ་སྟོང་འོད་གསལ་དབྱིངས་རིག་ཟུང་འཇུག་གི་དོན་ཐིག་ལེ་ཉག་གཅིག་གི་སྦུབས་སུ་འཇུག་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་ལ་སྤྱོད་པའི་རིག་འཛིན་བཞིའི་ས་ལམ་བགྲོད་པས་གནས་སྐབས་དང་མཐར་ཐུག་གི་དོན་གཉིས་མཐར་ཕྱིན་པ་ལ་སྤྱོད་པར་འགྱུར་རོ། །གསུམ་པ་རྟོགས་ཚད་མཐར་ཕྱིན་འབྲས་བུའི་རྒྱུད་ནི། གཞི་ལ་ལམ་གྱིས་སོགས་ནས། ཐུགས་རྗེར་སྨིན༔ ཞེས་པ་སྟེ་གཞིའི་གནས་སྣང་དང་མཐུན་པའི་ལམ་གྱི་ཚུལ་ལ་སྒྲ་ཇི་བཞིན་དུ་སློབ་པས་མཚམས་སྦྱར་བས། འཁྲུལ་སྣང་གི་སྒྲིབ་པ་དག་སྟེ་འབྲས་བུ་སྐུ་བཞི་དབྱེར་མེད་ཀྱི་ཡོན་ཏན་གཞིའི་ཆོས་ཉིད་ལ་གདོད་ནས་བཞུགས་པ་མངོན་གྱུར་དུ་སད་ནས། ཟག་མེད་འབྲས་ཆོས་ཉེར་ལྔའི་ཡེ་ཤེས་དང་ཕྲིན་ལས་ཀྱི་སྣང་བ་བསམ་གྱིས་མི་ཁྱབ་པ། རྟག་ཁྱབ་ལྷུན་གྱིས་གྲུབ་པ་ངོ་བོ་རང་བཞིན་ཐུགས་རྗེར་སྨིན་ནས་མཐའ་གཉིས་ལ་མི་གནས་པའི་ལྷུན་གྲུབ་ཆེན་པོའི་དོན་ལ་སྤྱོད་ནུས་པའོ། །ལྔ་པ་མཐའ་རྟེན་གཏད་རྒྱ་དང་བཅས་པ་ནི། དེ་སྐད་སྟོན་པ་ཀུན་བཟང་སོགས་ནས། བདག་ལ་གདམས༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་སྟེ་ཚུལ་འདི་གལ་གནད་ཆེ་བར་གདམས་པ་སྟེ་རྡོ་རྗེའི་རྒྱུད་ཀྱི་དངོས་དོན་གཞི་ལམ་འབྲས་བུའི་རྣམ་གཞག་དེ་སྐད་ཁྱབ་བདག་སྟོན་པ་ཀུན་བཟང་གིས་སྔོན་བྱུང་དང་མ་འོངས་འབྱུང་འགྱུར་གྱི་ལམ་ཟབ་མོའི་སྐལ་པའི་སྣོད་དང་ལྡན་པ་ལ། རྒྱལ་བ་ཀུན་གྱི་གསུང་གི་གསང་བའི་སྙིང་པོའི་བཅུད་འདི་གདམས་པས། ཚུལ་བཞིན་ཉམས་སུ་ལེན་པ་ཐམས་ཅད་གོ་འཕང་མཐར་ཐུག་ཆོས་སྐུའི་ཡེ་ཤེས་ཐིག་ལེ་ཉག་གཅིག་ཏུ་མངོན་པར་བྱང་ཆུབ་ཅིང་སྨིན་པར་འགྱུར་རོ། །ས་མ་ཡ༔ དེ་ནས་གཏད་རྒྱ་ནི། གཞི་ལམ་འབྲས་གསུམ་གྱིས་བསྡུས་པའི་ཆོས་ཉིད་ཀྱི་དོན་རྗེས་སུ་མཚོན་པའི་རྡོ་རྗེའི་གནས་འདི་ནི་དུས་གསུམ་རྒྱལ་བ་ཀུན་གྱི་དགོངས་པ། ཆོས་ཕུང་བརྒྱད་ཁྲིས་གཏན་ལ་དབབ་བྱའི་ངེས་དོན་སྙིང་པོ། གབ་སྦས་ཀྱི་གསང་བ་ཟབ་མོའི་རྒྱས་བཏབ་པའི་སྟོན་པ་རྡོ་རྗེ་རྒྱལ་པོའི་དགོངས་པ་མཐར་ཐུག་འདིའི་དོན་ཚུལ་བཞིན་རྟོགས་ན་སྟོན་འཁོར་ཚོམ་བུ་གཅིག་ཏུ་སྨིན་པར་གདོན་མི་ཟ་བས། བསྐྱེད་པ་མ་ཧཱ། རྫོགས་པ་ཨ་ནུ། ཟུང་འཇུག་ཨ་ཏི་ཡོ་ག་གསུམ་གྱི་རྡོ་རྗེའི་ཏནྟྲ་ནི་འབུམ་ཕྲག་ཀུན་གྱི་ཡང་བཅུད་སྙིང་པོའི་མཐར་ཐུག་འདིའི་སྙིགས་མའི་གདུལ་བྱ་རྣམས་ལ་འདུལ་བྱེད་ཐབས་ཀྱི་གསང་བ་མཆོག་ཏུ་འགྱུར་བར་གཟིགས་ནས། གསུང་རྡོ་རྗེ་སྣང་བ་མཐའ་ཡས་པའི་རིག་རྩལ་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་བདེ་སྟོང་གཉིས་མེད་ཡེ་ཤེས་རྡོ་རྗེའི་ཐོལ་བྱུང་གི་སྙིང་རྗེའི་གླུ་ཡི་ཚུལ་གྱི་ཉིད་ལས་མི་གཞན་པའི་པདྨ་ཐོད་ཕྲེང་རྩལ་བདག་ལ་གདམས་པ་སྟེ། སྣང་ངོར་ན་རྣམ་པ་སྐུ་གསུམ་སྒྱུ་འཕྲུལ་དྲྭ་བའི་ཚུལ་དུ་བསྟན་ཀྱང་ངོ་བོ་དགོངས་ཀློང་ཡེ་ཤེས་ཀྱི་དབྱིངས་གཅིག་པའི་བདག་ཉིད་དུ་ཤེས་པར་བྱའོ། །སྤྱིར་རྡོ་རྗེའི་རྒྱུད་ཀྱི་གནས་འདི་ཞིབ་ཏུ་དབྱེ་ན་ཟབ་རྒྱས་ངོ་མཚར་ཆེ་བ་བཞུགས་ཀྱང་དགོངས་དོན་གསལ་བྱེད་མདོར་བསྡུས་ཙམ་ལས་དེང་སང་དཔྱོད་ལྡན་ཆོས་ལ་དོན་གཉེར་ཅན་ཤིན་ཏུ་དཀོན་པས་ཡི་གེའི་ཕུང་པོ་བརྩེགས་པའི་ངལ་བ་མ་བྱས་སོ།། ༈ །།གཉིས་པ་རྩ་གསུམ་སྒྲུབ་ཐབས་ལུང་གི་དུམ་བུས་བསྒྲུབ་བྱའི་རྣམ་པ་རྩ་གསུམ་དེ་དག་སྤྱིར་ཀུན་འདུས་ནོར་བུ་ལུགས་སུ་སྒྲུབ་ཚུལ་བྱེ་བྲག་ཏུ་བཤད་པ་ལ་གསུམ། ལོ་རྒྱུས་བརྗོད་པ། ལུང་གི་དོན་དངོས། ཕན་ཡོན་བསྟན་པའོ། །དང་པོ་ལའང་། མཚན་དང་། མཆོད་བརྗོད། ལོ་རྒྱུས་དངོས་དང་གསུམ་ལས། དང་པོ་ནི། རྩ་གསུམ་འོད་གསལ་སྙིང་ཏིག་ལས༔ རྩ་གསུམ་སྒྲུབ་ཐབས་ལུང་གི་དུམ་བུ་བཞུགས༔ ཞེས་པ་སྟེ། གོང་དུ་བསྒྲུབ་གཞི་གཞི་ལམ་འབྲས་བུ་བསྟན་པའི་རྒྱུད་ཀྱི་དགོངས་དོན་མངོན་དུ་བྱ་བའི་ཐབས། བསྒྲུབ་བྱ་རྩ་བ་གསུམ་གྱི་ལྷ་ཚོགས། སྒྲུབ་བྱེད་ཀྱི་ཐབས་སམ་གནད་རྒྱུད་ལས་བཏུས་པ་ལུང་གི་དུམ་བུ་བཞུགས། གཉིས་པ་མཆོད་བརྗོད་ནི། འཕགས་མཆོག་སྙིང་རྗེའི་ལྷ་ལ་འདུད༔ ཅེས་པ་སྟེ་སངས་རྒྱས་རྣམས་ཀྱི་ཆོས་ཉིད་སྐྱེ་མེད་ཀྱི་དགོངས་པའི་རང་གཤིས་མཁའ་ཁྱབ་གདུལ་བྱའི་ཡུལ་ལ་འབད་མེད་དུ་འཇུག་པའི་དམིགས་མེད་ཐུགས་རྗེ་ཆེན་པོའི་ཡེ་ཤེས་ནི་ངེས་པ་དོན་གྱི་འཕགས་མཆོག་སྙིང་རྗེ་ཆེན་པོ་སྟེ། དེ་ནི་གསང་སྔགས་ཀྱི་རྒྱུད་སྡེ་བཞི་ཀ་ནས་གསུང་པདྨའི་རིགས་ཀྱི་ཁྱབ་བདག་བདེ་བ་ཆེན་པོ་གར་གྱི་དབང་ཕྱུག་ཅེས་གྲགས་པ་གང་། དོན་ལ་ཆོས་སྐུ་གདོད་མའི་མགོན་པོ་འོད་སྣང་མཐའ་ཡས་ཉིད་ཕྱིར་གསལ་སྐུ་དང་ཞིང་གི་སྒྲོན་མེ་བཀོད་པའི་ཚེ། རང་སྣང་ལོངས་སྐུའི་སྟོན་པ་རྣམ་སྣང་གངས་ཆེན་མཚོའི་སྐུ་དང་ཞིང་གི་བཀོད་པ་བསམ་གྱིས་མི་ཁྱབ་པས་ཚངས་པ་རྔ་སྒྲ་རྡོ་རྗེ་སྙིང་པོའི་བཀོད་པ་སྟོན་པ་པོ་དང་ཐ་མི་དད་པའི་ལྷ་ལ་ཕྱག་གིས་བཏུད་དེ་སྤྲུལ་གཞི་ངོས་གཟུང་བའོ། །གསུམ་པ་ལོ་རྒྱུས་དངོས་ནི། བཀྲ་ཤིས་རང་བྱུང་བྲག་གི་ཕུག༔སོགས་ནས། ཚིག་འདི་བསྟན༔ ས་མ་ཡ༔ ཞེས་པ་སྟེ་སྤྱིར་རྒྱུད་ཀྱི་གླེང་གཞིར་གསལ་བ་བཞིན་སངས་རྒྱས་རྣམས་ཀྱི་ཡེ་ཤེས་རང་སྣང་གི་སྟོན་པས་ཆོས་ཀྱི་སྣང་བ་རྒྱུན་མི་ཆད་པར་དུས་བཞི་མཉམ་པ་ཉིད་དུ་སྤྱོད་པ་ལ་ཚད་གཟུང་མ་མཆིས་ཀྱང་། ཕྱོགས་རེའི་གདུལ་བྱ་རེ་རེའི་དོན་ཡང་རྒྱ་ཆེ་རྒྱུན་མི་ཆད་པ་འབྱུང་བའི་ཚུལ་དམིགས་མེད་ཡེ་ཤེས་ཀྱི་དགོངས་པས་གཟིགས་ཏེ་འགྲོ་བ་འདུལ་བའི་སྐབས་སུ་བབས་པ་ན། ཆོས་སྐུ་འོད་མཚན་སྟོང་འབར་དང་ལོངས་སྐུ་འགྲོ་འདུལ་འཕགས་མཆོག་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་གཟུགས་སྤྲུལ་སྐུ་པདྨ་ཐོད་ཕྲེང་རྩལ་དང་ལྷ་ལྕམ་མནྡཱ་རཿབ་གཉིས་ཀྱིས། རྒྱ་གར་ཤར་ཕྱོགས་བཀྲ་ཤིས་རང་བྱུང་བྲག་གི་ཕུག་མཱ་ར་ཏི་ཀའི་གཞལ་ཡས་སུ་འཆི་མེད་ཚེ་ཡི་རིག་འཛིན་སྒྲུབ་པའི་ཚེ་པདྨ་དྲྭ་བ་མགོན་པོ་ཚེ་དཔག་མེད་ཡབ་ཡུམ་གྱིས་དངོས་སུ་བྱོན་ནས་ཨོ་རྒྱན་བདག་ལ་དབང་བསྐུར་ཅིང་། ཚེ་རྒྱུད་བྱེ་བ་ཕྲག་བརྒྱ་བསྟན་ཏེ་སྟོན་འཁོར་དགོངས་པ་དབྱེར་མེད་དུ་བྱིན་གྱིས་བརླབས་པར་གྱུར་ནས་ནམ་མཁའ་ཇི་སྲིད་བར་རྡོ་རྗེའི་སྐུ་དེས་འགྲོ་བའི་དོན་མཛད་པའི་ངོ་མཚར་མངོན་དུ་གྱུར་པའི་ཚེ་རྡོ་རྗེ་གསང་བའི་ཚིག་འདི་ཡང་གདུལ་བྱ་ཐུན་མོང་རྣམས་འདུལ་བའི་ཕྱིར། རྩ་གསུམ་འོད་གསལ་སྙིང་ཏིག་གི་ཟབ་རྒྱས་རྨད་དུ་བྱུང་བའི་རྒྱུད་ཀྱི་དགོངས་དོན་ལུང་གི་ཚུལ་འདི་བསྟན་པར་གྱུར་ཏོ། །གཉིས་པ་ལུང་གི་དོན་དངོས་ལ་གཉིས། གང་བསྒྲུབ་པར་བྱ་བའི་གཞི། ཇི་ལྟར་སྒྲུབ་པའི་ཐབས་བསྟན་པའོ། །དང་པོ་ནི། ཆོས་རྣམས་ཀུན་གྱི་དེ་ཉིད་ནི༔སོགས་ནས། འདུས་པར་བལྟ༔ ཞེས་པའི་དོན་ཏེ། ངོ་བོའི་གནས་ཚུལ་གྱིས་གཞལ་ན་ཆོས་རྣམས་ཀུན་གྱི་དེ་ཉིད་ནི་བསམ་པ་དང་བརྗོད་པའི་ཡུལ་ལས་འདས་པ་གཉུག་མའི་དབྱིངས་རིག་པ་འོད་གསལ་ཐིག་ལེ་ཉག་གཅིག་གི་སྦུབས་སུ་འཇུག་པ་ལ། བཅིངས་པ་དང་གྲོལ་བའི་གནས་སྐབས་ཐ་དད་མེད་པར་ཡེ་སངས་རྒྱས་པ་སྣང་སྟོང་ཟུང་འཇུག་དབྱིངས་རིག་གཉིས་མེད་རང་བྱུང་གདོད་མའི་སངས་རྒྱས་ཀུན་ཏུ་བཟང་པོ་ཉིད། རྣམ་པའི་སྣང་ཚུལ་གྱིས་ཐབས་འོད་གསལ་སྣང་བའི་ཆ་འཆི་མེད་མཚོ་ལས་བརྫུས་ཏེ་སྐྱེས་པ་ལྷ་པདྨ་ཐོད་ཕྲེང་རྩལ་ཡབ་དང་། དབྱིངས་ཀ་དག་སྟོང་པའི་ཆ་མནྡཱ་རཿབ་ཡུམ་སྟེ། ཡབ་ཡུམ་གདོད་ནས་གཉིས་མེད་ཟུང་འཇུག་ཁ་སྦྱོར་བདེ་བ་ཆེན་པོ་བྲི་གང་དང་བྲལ་བའི་རང་བཞིན་གྱི་ཐུགས་རྗེ་མ་འགགས་རོལ་པའི་ཆོ་འཕྲུལ་ཡི་དམ་ཡོངས་རྫོགས་འདུས་པ་བླ་མ་དབང་ཆེན་པདྨ་དྲག་པོ་དང་ཐ་མི་དད་པའི་སྐུ་རུ་བསྒྲུབ་པར་བྱ་ཞིང་། དེ་ཡང་ཡེ་ཤེས་གཅིག་ཉིད་གང་འདུལ་སྒྱུ་འཕྲུལ་རྡོ་རྗེ་བཀོད་པའི་རོལ་མོར་འབྱམས་སུ་ཀླས་པར་སྟོན་ཀྱང་། དོན་དུ་ནི་སྣང་གྲགས་རིག་པ་གསུམ་པོ་ལྷ་དང་སྔགས་དང་ཆོས་སྐུ་རྩ་གསུམ་འདུས་པ་རང་རིག་བླ་མའི་ཡེ་ཤེས་གཅིག་ལས་གཞན་དུ་མ་དམིགས་པར་ཤེས་པས་བསྐྱེད་རྫོགས་ཀྱི་ཟབ་གནད་ཀུན་གྱི་འགག་དེར་བསྡུ་ཤེས་ན། མཆོག་ཐུན་གྱི་དངོས་གྲུབ་བདེ་མྱུར་དུ་ཐོབ་པའི་ཐབས་ལ་ནམ་ཡང་བསླུ་བ་མེད་པ་སྟེ། རྩ་གསུམ་ཀུན་འདྲིལ་སྙིང་པོའི་རྒྱུད་ལས། བླ་མ་སངས་རྒྱས་ཐོག་མར་བྱུང་བའི་དོན༔ རང་རིག་རྒྱལ་པོ་རང་གསལ་བླ་མའི་མཆོག༔ ཚོགས་མ་གསག་དང་མཐོང་བ་ཀུན་ཏུ་བཟང༔ དེ་ཕྱིར་ཀུན་བཟང་སྔོན་དུའང་བླ་མ་བྱུང༔ ཞེས་དང་། རྒྱལ་བ་ཀུན་གྱི་སྤྱི་གཟུགས་འདི་ཁོ་ན༔ ཆགས་ཤིང་ཞི་བས་འདུལ་ལ་ཞི་བ་དང༔ སྡང་ཞིང་ཁྲོ་བས་འདུལ་ལ་ཁྲོ་བོར་སྣང༔ ཅིར་ཡང་འཕྲུལ་པ་རྒྱལ་སྲས་པདྨ་འབྱུང༔ རང་རིག་བླ་མའི་རྒྱལ་པོར་བདག་གིས་བཤད༔ ཅེས་སོ། །གཉིས་པ་ཇི་ལྟར་སྒྲུབ་པའི་ཐབས་ནི། བཅོས་མིན་མོས་ཤིང་གདུང་བའི་སོགས་ནས། ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་པ་སྟེ། སྒྲུབ་གཞི་ངེས་དོན་གྱི་བླ་མ་མཆོག་གསུམ་རྩ་གསུམ་ལྷ་སྔགས་ཆོས་སྐུ་ཀུན་འདུས་ཀྱི་གནས་ལུགས་མངོན་སུམ་དུ་རྟོགས་བྱེད་ཐབས་ཀུན་གྱི་རྩ་བ་ནི་བཅོས་མ་མིན་པའི་མོས་གུས་ཆེ་ཞིང་དད་པས་གདུང་བའི་བློས་གསོལ་བ་འདེབས་པ་ཁོ་ན་ལ་རག་ལས་པ་སྟེ། ཨ་ཏི་བཀོད་པ་ཆེན་པོ་ལས། བླ་མ་སྒོམ་དང་བསྟོད་དང་བསམ་པ་ཡིས། །སངས་རྒྱས་འབྲས་བུ་ཅིག་ཅར་འགྲུབ་པར་ངེས། །ཞེས་གསུངས་པས། གསོལ་འདེབས་རྡོ་རྗེའི་ཚིག་རྐང་བདུན་པ་འདི་ཉིད་ཀྱིས་ཐུགས་རྒྱུད་བསྐུལ་ཏེ་ཡང་ཡང་བཟླ་བར་བྱ་ཞིང་། དེ་ཡང་རྩ་གསུམ་བདེ་གཤེགས་ཀུན་འདུས་ཀྱི་བླ་མའི་སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོའི་རོལ་པ་ལས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་གཏེར་བདག་དང་བཅས་པ་ཐམས་ཅད་ཤར་བར་ངེས་ཤེས་སྐྱེད། ཐག་བཅད་ལ། མོས་གུས་གདུང་བ་དྲག་པོས་ཉིན་མཚན་བར་མེད་དུ་གསོལ་བ་བཏབ་པས། མཆོག་ཐུན་དངོས་གྲུབ་མཐའ་དག་དེ་ཁོ་ནས་འགྲུབ་པ་ནི་ངེས་པའོ། །གུ་རུའི་གསོལ་འདེབས་ཀུན་གྱི་རྒྱལ་པོ་རྡོ་རྗེའི་ཚིག་རྐང་བདུན་པ་འདི་ཉིད་ལ་མཐའ་དྲུག་ཚུལ་བཞིའི་རྣམ་བཤད་ཟབ་ཅིང་རྒྱ་ཆེ་བ། ༧ཀུན་གཟིགས་མི་ཕམ་འཇམ་པའི་དབྱངས་ཀྱིས་ལེགས་བཤད་དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་བསྩལ་བར་རྒྱས་པར་བསྟན་པ་བཞིན། རྡོ་རྗེའི་ཚིག་རྐང་གཅིག་གིས་ཀྱང་བླ་རྫོགས་ཐུགས་གསུམ་གྱི་བསྐྱེད་རྫོགས་མན་ངག་དང་བཅས་ཞིབ་རྒྱས་སུ་བསྟན་པའང་ཤེས་ཤིང་བཤད་པར་བྱའོ། །གསུམ་པ་ཕན་ཡོན་བསྟན་པ་ནི། འདིས་ནི་སྣང་སྲིད་སྒྱུ་མར་སོགས་ནས། ཐིག་ལེ་ཆེན་པོར་གཤེགས༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་ཕྱིར་གསལ་སྟོན་འཁོར་གྱི་བཀོད་པ་ནང་དབྱིངས་སུ་བསྡུ་ཚུལ་དང་བཅས་ཞིབ་རྒྱས་སུ་བསྟན་པའོ།། ༈ །།གསུམ་པ་མན་ངག་འཇའ་ལུས་རྡོ་རྗེའི་ཚིག་རྐང་གིས་སྒྲུབ་བྱེད་སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པས་ཉམས་སུ་ལེན་བྱའི་ལམ་རྒྱས་པར་བཤད་པ་ལ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་སྔོན་འགྲོ་ལའང་།མཚན། མཆོད་བརྗོད། མདོར་བསྟན་པ་གསུམ་ལས། དང་པོ་ནི། རྩ་གསུམ་འོད་གསལ་སྙིང་ཏིག་ལས༔ མན་ངག་འཇའ་ལུས་རྡོ་རྗེའི་ཚིག་རྐང་བཞུགས༔ ཞེས་པ་སྟེ། དེ་ཡང་སྒྲུབ་བྱེད་རྒྱུད་ལུང་མན་ངག་གི་གནད་ཀྱིས། བསྒྲུབ་བྱ་བྱིན་རླབས་ཀྱི་རྩ་བ་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ། ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་ཆོས་སྐྱོང་གསུམ་སྟེ། སྒྲུབ་ཚུལ་བསྐྱེད་རྫོགས་རྫོགས་ཆེན་གང་གིས་སྒྲུབ་ཀྱང་གདོད་ནས་དག་པའི་འོད་གསལ་སེམས་ཀྱི་རྡོ་རྗེའི་ཆོས་ཉིད་གཅིག་ཏུ་འབབ་ཅིང་གཞོལ་བ་སྟེ། ཡེ་ཤེས་ཆེན་པོ་དེ་ཡི་གནས་སྣང་དང་མཐུན་པའི་ཟབ་ལམ་ཐམས་ཅད་ཀྱི་ཉིང་ཁུའི་བཅུད་ལྟ་བུ་ཡིན་པས་སྙིང་ཏིག་ཅེས་བྱ་བ་ལས། བརྗོད་པའི་དོན་དེ་རྟོགས་པའི་ཕྱིར་རྗོད་བྱེད་ཀྱི་ཚིག་རྩ་བ་གསུམ་གྱི་བསྐྱེད་རྫོགས་དབང་དང་བཅས་པའི་མན་ངག་ཚུལ་བཞིན་ཉམས་སུ་བླངས་པས། འབྲས་བུ་མི་སློབ་པའི་གོ་འཕང་འཇའ་ལུས་རྡོ་རྗེའི་གནས་ལ་ཡུད་ཀྱིས་སྦྱོར་ནུས་པའི་རྡོ་རྗེའི་གསུང་རྣམ་པ་ཐམས་ཅད་པའི་བདག་ཉིད་རང་བྱུང་ནཱ་དའི་རང་སྒྲར་ཤར་བའི་ཚིག་རྐང་བཞུགས་ཞེས་སོ། །གཉིས་པ་མཆོད་བརྗོད་ནི། རྩ་གསུམ་ཀུན་འདུས་ཐོད་ཕྲེང་རྩལ་ལ་འདུད༔ ཅེས་གསུངས་པའི་དོན། སངས་རྒྱས་ཀྱི་ཕྲིན་ལས་གང་འདུལ་གྱི་རོལ་པ་གདུལ་བྱའི་དོན་དུ་སྤྲོ་ན། ལྷའི་སྒོ་ནས་དབྱེ་བའི་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་ཚུལ་གྱིས་རྩ་གསུམ་ཞི་ཁྲོ་རབ་འབྱམས་ཀྱི་བཀོད་པ་བགྲངས་ཡས་སུ་སྟོན་པ་ཐམས་ཅད་ཀུན་ཀྱང་། ངོ་བོ་དཔལ་ལྡན་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་གཅིག་གི་ཡེ་ཤེས་ཀྱི་ཐིག་ལེར་འདུས་པ་སྟེ། སྤྱིར་དོན་གྱི་གནས་ལུགས་ངོ་བོའི་དབང་དུ་བྱས་ན་བླ་མ་ཐམས་ཅད་ལ་སངས་རྒྱས་ཀུན་གྱི་གསང་བ་གསུམ་འདུས་པར་གསུངས་ཀྱང་། སློབ་དཔོན་རིན་པོ་ཆེ་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་བདག་ཉིད་དུ་གསུངས་པ་གནས་སྣང་གཉིས་ཀ་ལ་དགོངས་པས་ཁྱད་པར་ཆེ་སྟེ། གུ་རུ་རིན་པོ་ཆེ་ཉིད་ཀྱི་རྡོ་རྗེའི་གསུང་ལས། ང་ཉིད་ཆོས་སྐུའི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་བརླབས༔ ལོངས་སྤྱོད་རྫོགས་སྐུའི་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར༔ སྤྲུལ་སྐུའི་སངས་རྒྱས་ཐམས་ཅད་ཀྱིས་བཀའ་བགྲོས་མཛད་དེ༔ ལྷོ་འཛམ་བུའི་གླིང་དུ་སངས་རྒྱས་ཀྱི་བསྟན་པ་དར་བར་བྱ་བ་དང༔ གསང་སྔགས་འབྲས་བུའི་ཆོས་ཀྱིས་འགྲོ་བ་འདྲེན་པའི་ཕྱིར༔ རིན་ཆེན་མཚོ་གླིང་པདྨའི་སྡོང་པོ་ལ༔ རང་བྱུང་སྤྲུལ་པའི་སྐུ་རུ་བརྡ་ཡིས་འོང༔ གང་ཞིག་ལས་ཅན་སྐྱེས་བུ་དད་པ་ཅན༔ བདག་ལ་གདུང་བའི་སེམས་ཀྱིས་གསོལ་འདེབས་ན༔ རྒྱུ་འབྲས་རྟེན་འབྲེལ་སྨོན་ལམ་ཁྱད་པར་གྱིས༔ སངས་རྒྱས་གཞན་བས་བདག་ཉིད་ཐུགས་རྗེ་མྱུར༔ མཚོ་རྒྱལ་མོས་པས་རྒྱུན་དུ་གསོལ་བ་ཐོབས༔ ཞེས་དང་། སྨོན་ལམ་གང་བཏབ་དེ་ཡིས་དེ་ཐོབ་བྱེད༔ གསོལ་བཏབ་པད་འབྱུང་ང་ལས་དགོས་འདོད་འབྱུང༔ ཞེས་ངོ་བོ་སངས་རྒྱས་ཐམས་ཅད་འདུས་པའི་ཐུགས་རྗེ་ཡེ་སྤྲུལ། རྣམ་པ་མཁྱེན་བརྩེ་ནུས་པའི་ཕྲིན་ལས་ཚད་མེད་པ་པདྨ་ཐོད་ཕྲེང་རྩལ་ནི། སྙིགས་དུས་ཀྱི་གདུལ་བྱ་སྤྱི་དང་ལྷག་པར་བོད་ཁ་བ་ཅན་གདུལ་ཞིང་དུ་སྨོན་ལམ་དང་ཐུགས་རྗེའི་འབྲེལ་བས་དེ་ལ་འདུད་ཅིང་གསོལ་བ་བཏབ་པས་འདོད་པའི་འབྲས་བུ་མྱུར་དུ་འབྱིན་པ་འགྱུར་རོ། །གསུམ་པ་མདོར་བསྟན་པ་ནི། འཁོར་འདས་ཆོས་ཀུན་གདོད་ནས་རྣམ་དག་ཀྱང༔ ཞེས་པ་སྟེ། སྦྱང་གཞི་དོན་གྱི་གནས་ལུགས་འཁོར་འདས་ཆོས་ཀུན་གདོད་ནས་རྣམ་དག་ཀ་དག་དག་པ་ཆེན་པོ་བསྟན་ཅིང་གཞི་དེ་ལྟར་ལགས་ཀྱང་། གཉིས་འཛིན་གློ་བུར་འཁྲུལ་པ་སྦྱང་བའི་ཕྱིར༔ ཞེས་སྦྱང་བྱ་གཞི་སྣང་ལྷུན་གྲུབ་ཀྱི་སྣང་ཆ་རང་སྣང་དུ་མ་ཤེས་པས་བདག་ཏུ་བཟུང་བའི་ལྷན་སྐྱེས་དང་ཀུན་བརྟགས་ཀྱི་མ་རིག་པས་གཉིས་འཛིན་མེད་སྣང་གློ་བུར་གྱི་འཁོར་ཆོས་འཁྲུལ་པ་སྦྱང་བའི་ཕྱིར། ཐུན་མོང་ཁྱད་པར་བླ་མེད་ལམ་མཆོག་འདི༔ ཞེས་སྦྱོང་བྱེད་ཐུན་མོང་ཀུན་བརྟགས་ཀྱི་ཞེན་པ་སྦྱོང་བྱེད་བསྐྱེད་རིམ། ཁྱད་པར་བག་ཆགས་ཀྱི་སྒྲིབ་པ་སྦྱོང་བྱེད་རྫོགས་རིམ། བླ་མེད་ལྷན་སྐྱེས་ཀྱི་སྒྲིབ་པ་སྦྱོང་བྱེད་ཟུང་འཇུག་རྡོ་རྗེ་སེམས་དཔའི་མན་ངག་ཐུན་མོང་མ་ཡིན་པའི་གསེང་ལམ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་ལམ་ཡོངས་རྫོགས་རྒྱུ་འབྲས་ཐེག་པ་ཀུན་གྱི་ཡང་སྙིང་། རྟོག་གེ་དང་རང་བཟོས་མ་བསླད་པའི་གསང་མཆོག་རྡོ་རྗེའི་ཚིག་རྐང་རྒྱུད་ཀྱི་རྒྱལ་པོའི་དགོངས་དོན་གྱི་ཡང་ཞུན་འདི་ལྟ་བུ་ནི། རང་བྱུང་མཚོ་སྐྱེས་རྡོ་རྗེ་བདག་གིས་བསྟན༔ ཞེས་སངས་རྒྱས་ཀུན་གྱི་གསུང་རྡོ་རྗེ་རང་བྱུང་གསང་སྔགས་ཀྱི་སློབ་དཔོན་གྱི་ཚུལ་དུ་བསྟན་པའི་ཚེ། ཨོ་རྒྱན་དྷ་ན་ཀོ་ཥའི་མཚོ་གླིང་ལས་ཕ་མའི་རྒྱུ་རྐྱེན་ལ་མ་ལྟོས་པར་རིག་པ་ཐོལ་སྐྱེས་ཀྱིས་འཁྲུངས་པ་རྡོ་རྗེའི་རིག་འཛིན་བདག་གིས་བསྟན་པ་ལྟར་ཉམས་སུ་བླངས་བས། སྦྱངས་འབྲས་སྐུ་དང་ཡེ་ཤེས་ཀྱི་དཔལ་ལ་སྤྱོད་པ་ནམ་ཡང་མི་བསླུ་བར་ཤུགས་ལ་བསྟན་ཏོ། །གཉིས་པ་དངོས་གཞི་ལ། ལམ་གྱི་འཇུག་སྒོ། ལམ་གྱི་གཞུང་ཤིང་། ལམ་གྱི་མྱུར་ལམ། ལམ་གྱི་སྦས་དོན། ལམ་གྱི་མན་ངག་གི་རིམ་པ་ལྔས་བསྟན་པའོ། །དང་པོ་ནི། དབང་ཐོབ་དམ་ཚིག་ལ་གནས་རྣལ་འབྱོར་པས༔ ཞེས་པ་ལྟར། གསང་སྔགས་ཆོས་ཀྱི་སྒོ་འབྱེད་དབང་གིས་མ་སྨིན་ན་ལམ་ལ་འཇུག་པ་ལྟ་ཅི་མན་ངག་གི་དཔེ་ཙམ་བལྟ་རྟོགས་མི་རུང་བས། མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་གྱིས་ཕྱི་ཕན་པ། ནང་ནུས་འཇུག །གསང་བ་ཟབ་མོའི་དབང་མཐའ་རྟེན་དང་བཅས་པ་ཐོབ་པས་རྒྱུད་སྣོད་རུང་དུ་སྨིན་པར་བྱས་ནས། དམ་ཚིག་ལ་ལེགས་པར་གནས་པའི་དད་བརྩོན་ཤེས་རབ་དང་ལྡན་པའི་སློབ་མའམ་རྣལ་འབྱོར་པས་རྒྱབ་རྟེན་མན་ངག་གི་ལམ་ལ་ཐོས་བསམ་གྱི་སྒྲོ་འདོགས་བཅད་ཅིང་ངེས་པ་རྙེད་པར་བྱས་ནས། གངས་ཁྲོད་རི་རྩེ་མཚོ་གླིང་ནགས་ཚལ་སོགས༔ ཤིན་ཏུ་དབེན་ཞིང་ཉམས་དགའི་གནས་མཆོག་ཏུ༔ ཞེས་རྣམ་གཡེང་དང་འདུ་འཛིའི་སྤྲོས་པ་མེད་ཅིང་དངོས་གྲུབ་སྒྲུབ་པའི་མཚན་ཉིད་ཚང་བའི་གནས་སུ། གཅིག་པུར་བདེ་བའི་སྟན་ལ་བག་ཕབ་སྟེ༔ ཞེས་ཚེ་འདིའི་སྤྲོས་པ་རྦད་ཀྱིས་བཅད་ནས་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་སྒོ་གསུམ་རྣལ་དུ་ཕབ་སྟེ་ཉམས་ལེན་གྱི་དྲོད་ཚད་ཐོབ་པར་བྱ་དགོས་སོ། །གཉིས་པ་ལམ་གྱི་གཞུང་ཤིང་བསྟན་པ་ལ། ཐུན་མོང་དང་། ཐུན་མིན་གཉིས་ལས། དང་པོ་ནི། དལ་འབྱོར་ལུས་འདི་སོགས། ཚིག་རྐང་བཞིས་ཆོས་སྒྲུབ་བྱེད་རྟེན་དལ་འབྱོར་རྙེད་དཀའ་བས་སྙིང་པོ་ལེན་དགོས་པ། ཆོས་ལ་བསྐུལ་བའི་རྐྱེན་སྣོད་བཅུད་མི་རྟག་པས་རྒྱུད་བསྐུལ་ཏེ་བློ་སྣ་བསྟུང་བ། ཆོས་ཀྱི་གནད་རྒྱུ་འབྲས་ལ་ཡིད་ཆེས་པས་དགེ་སྡིག་སྤང་བླང་དུ་བྱ་བ། ཆོས་ཀྱི་སྲོག་འཁོར་བའི་ཉེས་པ་མཐོང་བས་ངེས་པར་འབྱུང་བའི་བློ་བསྐྱེད་པའོ། །དེ་དག་ནི་མདོ་སྔགས་ཐུན་མོང་གི་ཐེག་པ་ཆེ་ཆུང་ཐམས་ཅད་ཀྱི་ལམ་གྱི་ཁོག་དབུབ་མེད་དུ་མི་རུང་བའི་གཅེས་གནད་དོ། །གཉིས་པ་ཐུན་མིན་ནི། བདག་གཞན་བྱང་ཆུབ་སོགས་ནས། མངོན་སུམ་ལྷུག་པའི་ཡེ་ཤེས་དེ་རུ་འཆར༔ ཞེས་པ་སྟེ། རྒྱུ་འབྲས་ཐེག་པ་ཆེ་ཆུང་གི་དགོངས་པ་ལྟར་སྐྱབས་འགྲོའི་རྣམ་གཞག་ཤེས་པས་ཉམས་སུ་ལེན་པར་བྱ་ཞིང་ཐེག་པ་ཆེན་པོའི་ལམ་ལྟར་རྒྱུ་འབྲས་ངོ་བོ་ཉིད་གསུམ་གྱིས་སྐྱབས་སུ་འགྲོ། ཐེག་ཆེན་ལམ་གྱི་རྩ་བ་ཀུན་རྫོབ་དོན་དམ་གྱི་སེམས་བསྐྱེད་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ལ་ཉམས་ལེན་གྱི་མཐིལ་བཅའ། སྡིག་ལྟུང་གི་གཉེན་པོར་རྡོར་སེམས་སྒོམ་བཟླས་ཀྱིས་ལས་ཉོན་གྱི་འཁྲུལ་རྟོག་སྦྱང་། ཚོགས་གསག་གི་སྙིང་པོ་སྐུ་གསུམ་གྱི་ཞིང་ཁམས་མཆོད་སྤྲིན་དུ་འབུལ་བས་དག་པའི་ཞིང་ཁམས་སྦྱང་། ལམ་འབྲས་ཀྱི་ཡོན་ཏན་སྤྱི་དང་རྡོ་རྗེའི་ཡེ་ཤེས་བཙན་ཐབས་སུ་འབེབ་པ་བླ་མའི་རྣལ་འབྱོར་གྱིས་བྱིན་རླབས་འཕོ་བས་དགོངས་བརྒྱུད་ཀྱི་ཡེ་ཤེས་བསྐྱེད་པ་སྟེ། དེ་ལྔ་ནི་བསྐྱེད་རྫོགས་རྫོགས་ཆེན་དང་བཅས་ལམ་གྱི་རྐང་རྡོ་ཐུན་མོང་མ་ཡིན་པ་ཟབ་ལ་ཁྱེར་བདེ་བའི་རྣལ་འབྱོར་རྨད་དུ་བྱུང་བའོ། །གསུམ་པ་ལམ་གྱི་མྱུར་ལམ་གསང་སྔགས་བླ་མེད་གཞི་མ་ཧཱ་ཡོ་གའི་དགོངས་པ་བསྐྱེད་རིམ་གྱི་རྣམ་གཞག་ལ་སྐུ་གསུམ་གྱི་བསྐྱེད་བཟླས་དངོས་དང་། ཡན་ལག་གི་ལྷའི་སྒྲུབ་ཐབས་ལ་སོགས་པ་དང་། བསྐྱེད་བཟླས་ཇི་ལྟར་ཉམས་སུ་ལེན་ཚུལ་ལོ། །དང་པོ་ལའང་གསུམ། དང་པོ་ཕྱི་སྤྲོས་པ་ཅན་བླ་མ་སྤྲུལ་སྐུ་པདྨ་ཐོད་ཕྲེང་རྩལ་གྱི་སྒྲུབ་པ་ནི། ཏིང་འཛིན་གསུམ་གྱིས་སོགས་ཏེ། ཏིང་འཛིན་གསུམ་གྱིས་བསྐྱེད་པའི་མངོན་བྱང་གི་ཆོ་གས་འཆི་མེད་པདྨ་ཐོད་ཕྲེང་ཆོས་སྐུ་རྡོ་རྗེ་འཆང་གསང་བ་འདུས་པའི་ལྷ་ཚོགས་བསྒོམ་ཞིང་བསྐྱེད་བཟླས་མངལ་སྐྱེས་ཀྱི་བག་ཆགས་སྦྱོང་བའི་བསྐྱེད་རིམ་ཚེ་སྒྲུབ་དང་བཅས་པ་དང་། འཆི་མེད་པདྨ་འབྱུང་གནས་ལ་ཐོད་ཕྲེང་རིགས་ལྔ་ལུས་དཀྱིལ་དུ་བཀོད་པའི་ཚེ་སྒྲུབ་འཆི་མེད་དྲྭ་བ། ཐོད་ཕྲེང་རིགས་ལྔའི་སོ་སོའི་སྒོས་སྒྲུབ་ལས་བཞིའི་ལས་ཚོགས་བཅས་དང་། གཉིས་པ་ནང་སྤྲོས་མེད་བླ་མ་ལོངས་སྐུ་ཐུགས་རྗེ་ཆེན་པོ་པདྨ་དྲྭ་བའི་སྒྲུབ་པ་སྟེ། སྐད་ཅིག་བདེ་སྟོང་སོགས་ལྟར་སྐད་ཅིག་གི་དབྱིངས་རིག་བདེ་སྟོང་ཟུང་འཇུག་གི་སྒྱུ་འཕྲུལ་ལས་སྒྱུ་མ་ལྟ་བུའི་སྐུས་འཕགས་མཆོག་སྙིང་རྗེ་ཆེན་པོའི་གཟུགས་སྐུ་བསྒྲུབ་ཅིང་བསྐྱེད་པ་དྲོད་གཤེར་སྐྱེ་བའི་བག་ཆགས་སྦྱོང་བའི་བསྐྱེད་རིམ་སྟེ། ཕྱག་རྒྱ་སྐུ་ཡི་རྣལ་འབྱོར་ནི༔ དབྱིངས་དང་རིག་པ་དབྱེར་མེད་ལས༔ ཟུང་འཇུག་སྒྱུ་མའི་དཀྱིལ་འཁོར་གསལ༔ ཞེས་སོ། །གསུམ་པ་གསང་བ་ཤིན་ཏུ་སྤྲོས་མེད་བླ་མ་ཆོས་སྐུ་འོད་དཔག་མེད་པའི་སྒྲུབ་པ་འོད་གསལ་དྲྭ་བ་ནི། མ་བསྐྱེད་ཡེ་རྫོགས་སོགས་ལྟར་སྐད་ཅིག་དྲན་རྫོགས་རྫུས་སྐྱེས་སྦྱོང་བའི་བསྐྱེད་རིམ་སྟེ་མ་བསྐྱེད་ཡེ་རྫོགས་ཆོས་སྐུའི་ཏིང་འཛིན་གྱི་འོད་སྣང་མཐའ་ཡས་དཀྱིལ་འཁོར་རང་ལ་ཤར་བ་ནི། ཁྲེགས་ཆོད་ཀ་དག་རིག་རྩལ་ལས༔ ལྷུན་གྲུབ་བསྐྱེད་རྫོགས་དབྱེར་མེད་པར༔ འཇུག་པ་ ཞེས་གསུངས་སོ། །གཞན་ཡང་ཡང་གསང་བླ་མ་དྲག་པོ་དམར་ཆེན་ཡི་དམ་དགོངས་འདུས་བཅས་དང་། གཉིས་པ་དེ་ལས་འཕྲོས་པ་ཡན་ལག་གི་ལྷའི་སྒྲུབ་ཚུལ་ནི། གཤིན་རྗེ་གཤེད་དམར་འཆི་བདག་ཟིལ་གནོན། རྟ་མགྲིན་འཆི་མེད་དབང་ཆེན་འདུས་པ། རྡོ་རྗེ་རྣམ་འཇོམས་སྒྲུབ་ཐབས་ལས་ཚོགས་དང་རྒྱུད་སྡེ་བཞི་འབྲེལ་གྱི་སྒྲུབ་ཚུལ། ཡང་ཕུར་ཁྲག་འཐུང་འདུས་པའི་དྲིལ་སྒྲུབ། ཕུར་པ་འདུས་པའི་དྲིལ་སྒྲུབ་བཅས་དང་། མཁའ་འགྲོ་ཕག་དཀར་ཡེ་ཤེས་སྣང་བ་ཚེ་སྒྲུབ་དང་བཅས། སྒོས་བཀའ་དེ་རྣམས་སོ་སོར་དབང་བཅས་བཞུགས་པ་སྟེ། དེ་ལྟར་བསྟན་པའི་རྣལ་འབྱོར་བླ་མེད་ཀྱི་བསྐྱེད་རིམ་ཐམས་ཅད་ཀྱི་ལམ་གནད་སྙིང་པོ་ནི་དག་རྫོགས་སྨིན་གསུམ་སྟེ། དེའི་ཚུལ་ནི་ཀུན་མཁྱེན་འཇིགས་མེད་གླིང་པས། མདོར་ན་སྣང་གྲགས་རིག་གསུམ་ཐ་མལ་དུ་སོང་བའི་བསྙེན་པས་ས་མི་ཆོད་པས། སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགསཿ སྒྲ་གྲགས་བདེ་ཆེན་སྔགས་སུ་དགཿ དྲན་རྟོག་འོད་གསལ་ཆོས་སྐུར་སྨིནཿ ཞེས་རང་ལུགས་ཀྱི་དག་རྫོགས་སྨིན་གསུམ་འདི་བསྙེན་པའི་མདོ་ཆིངས་ཆེན་པོ་ཡིན། ཞེས་གསུངས་པ་ལྟར། སྣོད་བཅུད་ཐ་མལ་དུ་སྣང་ཞིང་དེ་ལ་གཟུང་འཛིན་དུ་ཞེན་པས་འཁོར་བའི་རྒྱུ་འབྲས་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་སྟེ། མདོ་ལམ་ནས་འབྲས་བུ་སྡུག་བསྔལ་དུ་ཤེས་པར་བྱ་བ་དང་། དེའི་འཁྲུལ་རྒྱུ་ལས་ཉོན་ཀུན་འབྱུང་སྤང་བྱ་དང་། གཉེན་པོ་ལམ་བདེན་རྒྱུད་ལ་བརྟེན་བྱ། འགོག་པ་མངོན་དུ་བྱ་བར་གསུངས་པ་གང་། སྔགས་ལམ་ནས་སྣང་ཆའི་གནས་ལུགས་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་ལྷ་ཡི་སྐུ་དང་ཞིང་ཁམས་དངོས་ཞེན་དག་པ་ཡེ་ཤེས་ཕྱག་རྒྱའི་རོལ་པར་གདོད་ནས་མྱང་འདས་དང་མཐུན་པའི་འབྲས་བུ་གཞི་ལ་རྫོགས་པའི་བཞུགས་ཚུལ་ཤེས་པས། དག་པ་རབ་འབྱམས་སྣང་སྲིད་གཞིར་བཞེངས་ཀྱི་བསྐྱེད་རིམ་དུ་གསལ་ཏེ་སྡུག་ཀུན་གཉིས་སྤང་མི་དགོས་པར་འགོག་ལམ་གྱི་བདེན་པ་རུ་ཤར་བས་སྤང་བླང་མེད་པར་མཉམ་ཞིང་། ཆོས་ཉིད་རང་གི་ངོ་བོ་ལས་མི་འགྱུར་ཡང་རིག་རྩལ་རླུང་རིག་གཡོས་པ་རང་སྣང་རང་རྩལ་དུ་ངོ་མ་ཤེས་པས་ཆོས་ཅན་འཁྲུལ་པ་རང་རྒྱུད་དུ་ཁ་འཁྱལ་ཏེ་སྲིད་པའི་འཁྲུལ་འཁོར་བཀོད་པའི་བྱེད་པོ་ནི་ལས་རླུང་སྟེ། ཆོས་དང་གང་ཟག་གི་བདག་ཏུ་རྟོག་པའི་སེམས་དང་། ལུས། མིང་གསུམ་གྱིས་སྒྲ་ཚིག་རང་མཚན་དུ་ཞེན་ཅིང་གྲགས་པའི་གནད་ཤེས་པས་ལས་རླུང་གི་གཡོ་འཁྲུལ་དབུ་མར་ཞུགས་གནས་ཐིམ་གསུམ་གྱི་བྱེད་པས་བཅིངས་ནས། འཁོར་བ་དང་རྣམ་པ་མཐུན་པའི་སྲིད་པའི་འཆིང་ཞེན་ཐམས་ཅད་གནས་ཚུལ་གསུང་རྡོ་རྗེ་གཡོ་མེད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་བདག་ཉིད་རྡོ་རྗེའི་སྔགས་སུ་གདོད་ནས་དག་པའི་ཡིན་ལུགས། སྣང་ཚུལ་དུ་ཡང་མངོན་དུ་སད་པའི་ཐབས་གྲོལ་གྱི་མྱུར་ལམ་ཟབ་མོའི་གཞི་འདིང་བའི་གནད་ཀྱིས། མ་དག་གཉིས་སྣང་གི་དྲན་རྟོག་ཐམས་ཅད་གཞི་མེད་རྩ་བྲལ་དོན་གྱི་འོད་གསལ་ཆོས་སྐུ་རུ་དག་སྟེ་ཡེ་ཤེས་རྗེན་པའི་སྣང་བ་ལྷུག་པར་སྤྱོད་པའི་སྨིན་བྱེད་དུ་གྱུར་པ་ནི། མིང་བསྐྱེད་རིམ་དུ་བཏགས་ཀྱང་དོན་བསྐྱེད་རྫོགས་ཟུང་འཇུག་མཆོག་གི་དངོས་གྲུབ་ཀྱི་ཉེ་རྒྱུ་མ་ནོར་བའི་གནད་ཤེས་པས། སྐྱེ་གནས་བཞིའི་བག་ཆགས་སྦྱོང་ཚུལ་དང་སོ་སོའི་དག་རྫོགས་སྨིན་གསུམ་ཞིབ་པར་སྦྱོར་ཚུལ་སྤྱི་ལྟར་ཤེས་པར་བྱ་དགོས་སོ། །གསུམ་པ་བསྐྱེད་བཟླས་ཇི་ལྟར་ཉམས་སུ་ལེན་ཚུལ་ལ། ལྷའི་གསལ་སྣང་སྒྲུབ་པ། བོགས་འབྱིན་བཟླས་པ་གཉིས་ལས། དང་པོ་ནི། ཐུན་གཅིག་ལྷ་ཡི་གསལ་སྣང་སོགས་ཏེ་དེ་ལྟར་བསྐྱེད་རིམ་གྱི་ཐུན་གཅིག་ལྷ་ཡི་གསལ་སྣང་སྒྲུབ་པའི་ཚེ་རྣམ་པ་གསལ་བས་ཐ་མལ་དུ་སྣང་བའི་རྟོགས་པ་སྦྱང་། ང་རྒྱལ་བརྟན་པས་ལྷ་བདག་གཉིས་སུ་མེད་པའི་ངེས་ཤེས་ཀྱིས་བདག་རྟོག་གི་འཁྲུལ་པ་བཤིག །རྣམ་དག་དྲན་པས་བདེན་འཛིན་ཨ་འཐས་ཀྱི་ཞེན་པ་སྦྱང་སྟེ་གསལ་སྣང་ཚད་དུ་འདོན་པའི་ཚུལ་ལ་ཐུན་དང་པོར་བསླབ་སྟེ། ཡང་ཐུན་གཅིག་ལ་དེ་ལྟར་གསལ་བ་དེ་ཡང་སྒྲུབ་པའི་ཐབས་ཚུལ་ཐམས་ཅད་སྒྱུ་མ་ལྟ་བུ། མིང་ཚིག་སྨིག་རྒྱུ། སྤྱོད་ལམ་རྨི་ལམ། དངོས་པོ་གཟུགས་བརྙན། གནས་ཡུལ་དྲི་ཟའི་གྲོང་ཁྱེར། སྒྲ་ཐམས་ཅད་བྲག་ཆ། ལྷ་སྐུ་ཆུ་ཟླ། ཏིང་འཛིན་ཆུ་བུར། འདུ་འཕྲོ་མིག་ཡོར། ཆོ་འཕྲུལ་སྤྲུལ་པ་ལྟ་བུར་ཤེས་པར་བྱས་ཏེ་དམ་ཚིག་བཅུའི་སྒོ་ནས་ཉམས་སུ་བླངས་པས། སྣང་ཙམ་མ་འགགས་པ་ལས་རང་བཞིན་གང་ཡང་གྲུབ་པ་མེད་པའི་སྟོང་པའི་བདག་ཉིད་དུ་ཤེས་པའི་ལྟ་བའི་རྒྱས་ཡིས་གདབ། ཐུན་གཅིག་ལ་སྣང་ཡང་རང་བཞིན་མ་གྲུབ་པ། གསལ་ལ་འཛིན་པ་མེད་པ། བདེ་ལ་ཞེན་པ་མེད་པའི་སྒྱུ་མ་ལྟ་བུའི་སྣང་སྟོང་ཟུང་འཇུག་དབྱེར་མེད་ཀྱི་ཏིང་འཛིན་ལ་རྩལ་སྦྱང་ཞིང་ང་རྒྱལ་བསྒོམ། ཐུན་གཅིག་ལ་སྣང་གྲགས་རིག་པ་ཐམས་ཅད་ལྷ་དང་ཞིང་ཁམས་གསང་སྔགས་དང་ཆོས་ཉིད་དུ་གདོད་ནས་གནས་པ་བློས་རྩོལ་བས་བཀོད་མ་དགོས་པར། གཉིས་མེད་རང་རྩལ་མ་བསྒོམ་ལྷུན་གྲུབ་ཀྱི་བསྐྱེད་རིམ་དུ་མ་རོ་གཅིག་རང་བཞིན་ཡོངས་ཤེས་ཀྱི་ལྟ་བ་རྫོགས་པའི་རིམ་པས་རྩིས་ཟིན་པའི་སྐྱེད་རྫོགས་ཟུང་འཇུག་རོ་མཉམ་དགོངས་པའི་ངང་དུ་གནས་པ་ནི། བསྐྱེད་རིམ་གྱི་སྲོག་སྡོམ་གཟེར་བཞིའི་སྙིང་པོ་ཡིན་པས་དེ་དག་རིམ་པ་བཞིན་རྩལ་སྦྱང་། གོམས་ནས་ཕྲུགས་གཅིག་ཏུ་ཉམས་སུ་ལེན་པར་བྱའོ། །གཉིས་པ་བོགས་འབྱིན་བཟླས་པ་ནི། སྒྲར་བཅས་སྒྲ་མེད་བདེ་ཆེན་རྡོ་རྗེར་བཟླས༔ ཞེས་པ་སྟེ་དེ་ལྟར་བསྐྱེད་རིམ་གྱིས་གསལ་སྣང་སྒྲུབ་པའི་ཚེ་སྐྱོ་བའམ། ལྷ་ཡི་ཐུགས་རྒྱུད་བསྐུལ་བས་དངོས་གྲུབ་མཆོག་གི་གནས་ལ་མྱུར་དུ་སྦྱོར་བའི་ཕྱིར་བོགས་འབྱིན་བཟླས་པ་བྱ་དགོས་ཏེ། དེ་ཡང་ལྷ་སྔགས་གཉིས་མེད་ཀྱི་ངེས་ཤེས་དད་པ་བརྟན་པོས་བསྙེན་སྒྲུབ་ལས་སྦྱོར་གྱི་སྔགས་རྣམས་ལྕེ་མཆུའི་རྩོལ་བས་བཟླ་བ་ནི་ངག་བཟླས་སྒྲར་བཅས་དང་། ཐུགས་སྲོག་སྔགས་ལ་སེམས་འཛིན་གྱིས་ཡིད་བཟླས་སྒྲ་མེད། རླུང་བུམ་པ་ཅན་དང་སྦྱར་བའི་བདེ་ཆེན་འགོག་བཟླས། འབྱིན་འཇུག་གནས་གསུམ་ལྷ་གང་བསྒྲུབ་དེའི་སྔགས་སམ་རྡོ་རྗེའི་འབྲུ་གསུམ་དུ་ཤེས་པས་རྡོར་བཟླས་སམ། བུམ་པ་ཅན་དང་སྦྱར་བའི་རྡོ་རྗེར་བཟླས་པ་བྱ་ཞིང་། བཟླས་དམིགས་ཀྱི་རིམ་པ་ཡང་སྒྲུབ་ཐབས་སོ་སོའི་གཞུང་ལྟར་བྱ་བའོ། །བཞི་པ་ལམ་གྱི་སྦས་དོན་ལམ་ཨ་ནུའི་དགོངས་པ་ལྟར་བཤད་པ་ལ་གཉིས། རང་ལུས་དང་གཞན་ལུས་སོ། །དང་པོ་ལའང་སྔོན་འགྲོ། དངོས་གཞི། ལམ་གྱི་ཡན་ལག་གོ །དང་པོ་ནི། ལུས་སྦྱོང་རྣམ་པ་སོགས་ཏེ། སྦྱང་གཞི་ཤིན་ཏུ་ཕྲ་བའི་གཉུག་མའི་སྒོ་གསུམ་རྡོ་རྗེ་གསུམ་གྱི་བསྒྲུབ་གཞི་ལ། སྦྱོང་བྱེད་ཀྱི་ལམ་ཡང་རྩ་རླུང་ཐིག་ལེ་གསུམ་ལ་གནད་དུ་བསྣུན་པས། སྦྱངས་འབྲས་སྐུ་གསུང་ཐུགས་རྡོ་རྗེ་གཉིས་སུ་མེད་པ་མི་སློབ་ཟུང་འཇུག་གི་གོ་འཕང་མངོན་དུ་བྱེད་པ་ལ། སྔོན་འགྲོ་ལུས་སྦྱོང་གིས་རྩ་ཡི་མདུད་པ་བཤིགས་ཏེ་ཡེ་ཤེས་ཀྱི་དབུ་མའི་སྒོ་འབྱེད་པའི་ཕྱིར་རྣམ་པ་ཉི་ཤུའི་འཕྲུལ་འཁོར་གསུངས་པ་དང་འདིར་ཞལ་རྒྱུན་སོགས་ཕྱག་བཞེས་དམིགས་བསལ་མ་བྱུང་བས་རིགས་མཐུན་ཀློང་ཆེན་སྙིང་གི་ཐིག་ལེའི་རྩ་རླུང་གི་འཕྲུལ་འཁོར་ཉི་ཤུ་ལྟ་བུ་སྦྱོར་དུ་རུང་བར་སྙམ་ཞིང་། ངག་སྦྱོང་གིས་ལས་རླུང་གི་རྒྱུ་བ་འཆིང་ཞིང་དབུ་མར་ཞུགས་གནས་ཐིམ་གསུམ་གྱིས་ཡེ་ཤེས་ཀྱི་རླུང་སྒྲུབ་པའི་ཕྱིར་འབྲུ་གསུམ་རྡོ་རྗེའི་བཟླས་པ་སྟེ་དེ་ལམ་དུ་བྱེད་པ་དང་། ཡིད་སྦྱོང་གིས་སེམས་གཟུང་འཛིན་གྱི་རྟོག་པའི་གཡོ་འཁྲུལ་ཞི་ཕྱིར་ཕྱི་ལུས་ཀྱི་སྟོང་ར་རྩ་གསུམ་ལྷག་པའི་ལྷ་གང་ཡིན་དེའི་སྐུ་སྣང་སྟོང་སྒྲིབ་གཡོགས་དང་བྲལ་པ་དར་གྱི་གུར་ཕུབ་པ་ལྟ་བུ་དང་། ནང་རྩ་ཡི་སྟོང་ར་སྐུ་དབུས་དྲང་པོར་རྩ་དབུ་མ་མཚན་ཉིད་བཞི་ལྡན། གཡས་གཡོན་དུ་རོ་རྐྱང་གི་མར་སྣ་དབུ་མའི་ནང་ལྟེ་འོག་སོར་བཞི་ནས་ཆུད་ཅིང་། ཡར་སྣེ་ལྟག་པ་ནས་གུག་སྟེ་སྣ་བུག་གཉིས་སུ་ཆུད་པ། དེ་ཐམས་ཅད་སྟོང་སངས་འོད་ཀྱི་སྦུ་གུ་དྭངས་གསལ་སྒྲིབ་གཡོགས་དང་བྲལ་བར་བསྒོམ། གསང་བ་སེམས་ཀྱི་སྟོང་ར་སེམས་དུས་གསུམ་སྐྱེ་འགག་གནས་བྲལ་དངོས་པོ་མཚན་མ་གང་ཡང་མ་དམིགས་པའི་སྟོང་ཉིད་མཐའ་དབུས་བྲལ་བ། རོལ་པ་འགག་མེད་དུ་ཤར་ཡང་དམིགས་གཏད་དང་བྲལ་བ་བསྒོམ་པ་ལ་བློ་གཞག་པའོ། །གཉིས་པ་དངོས་གཞི་ནི། སྲོག་རྩོལ་ཁ་སྦྱོར་སོགས་ལྟར་སྲོག་ནི་ཐིག་ལེ་རྩོལ་བ་རླུང་སྟེ་དེ་གཉིས་རྟེན་བརྟེན་པ་ཡིན་པ་གནད་དུ་བསྣུན་པ་རྣམ་བཅས་ཀྱི་རྣལ་འབྱོར་ཏེ། དེའི་ཚུལ་ནི་ཕྱི་སྣོད་ནང་བཅུད་འཁོར་འདས་ཀྱི་དྭངས་བཅུད་ཐམས་ཅད་ཀུན་ལ་ཁྱབ་ཅིང་ཤིས་པའི་ནམ་མཁའི་རླུང་ཁ་དོག་མཐིང་གསལ་གྱི་རྣམ་པ་ལ་ཚེ་སྒྲུབ་གཙོ་བོར་བྱེད་ན་ཚེ་ཡི་བདུད་རྩིའི་རྣམ་པ། དབང་སྡུད་སྐབས་ཁམས་གསུམ་སྐྱེ་འགྲོ་ཐམས་ཅད་དང་གང་དབང་དུ་བསྡུ་བྱ་ཉིད་རླུང་སེམས་དྭངས་མའི་ཐིག་ལེའི་ངོ་བོ་ནམ་མཁའི་རླུང་གི་རྣམ་པར་རྔུབ་པ་སོགས་དང་། མཆོག་སྒྲུབ་གཙོར་བོར་བྱེད་ན་བདེ་ཆེན་ལྷན་སྐྱེས་ཡེ་ཤེས་ཀྱི་དྭངས་མའི་ངོ་བོར་སོགས་སྐབས་ཐོབ་དམིགས་པས་ཁ་བསྒྱུར་ཏེ། སྙིང་དབུས་མི་ཤིགས་པའི་ཐིག་ལེ་འོད་ལྔའི་རྣམ་པར་སྙིང་གར་གསལ་བར་ཐིམ་པར་བསམ་ལ་སྟེང་རླུང་རྔུབ། འོག་རླུང་བསྐུམ་ལ། ལྟེ་བར་ཁ་སྦྱོར་དུ་འཆིང་བས་སྣང་སྟོང་སྲིད་ཞིའི་ཆོས་ལ་དབང་བསྒྱུར་བའི་ཐབས་ཀྱི་མན་ངག་ལ་གནད་དུ་བསྣུན་པས། སྦྱོར་བ་བཞི་ལྡན་གྱིས་བུམ་ཅན་རླུང་གི་ཁུག་པ་བརྒྱའམ་བདུན་ཅུ་ཉེར་གཅིག་སོགས་ཐུན་རེ་ལ་གནད་དུ་བསྣུན་པ་སྲོག་རྩོལ་ཁ་སྦྱོར་རླུང་གི་རྣལ་འབྱོར་དང་། དེ་ལ་གོམས་ཤིང་བརྟན་པ་དང་རྩ་འཁོར་ལྔར་བླ་སྒྲུབ་སྒྱུ་འཕྲུལ་དྲྭ་བའི་སྐབས། རང་ཆོས་སྐུ་རྡོ་རྗེ་འཆང་དུ་གསལ་བ་ལ་ཐོད་ཕྲེང་རིགས་ལྔ་འཁོར་དཔའ་བོ་མཁའ་འགྲོའི་ཚོམ་བུ་བཅས་གསུངས་པས་མཚོན་རྩ་བ་གསུམ་སོ་སོར་དམིགས་པའི་ལྡེ་ཁ་བསྒྱུར་ཏེ། དབུ་མའི་མར་སྣར་ལྟེ་འོག་ཏུ་ཨ་ཤད་རླུང་གིས་བསྐུལ་ཏེ་འབར་བའི་དྲོད་ཀྱི་ཟེགས་མས་སྤྱི་བོར་དབུ་མའི་ཡར་སྣར་ཧཾ་ཡིག་མགོ་ཐུར་བསྟན་ལ་རེག་པས་ཐིག་ལེའི་དྭངས་མའི་ཟེགས་མ་ཆར་ལྟར་བྲུལ་བས། སྤྱི་བོ་ནས་ཡས་རིམ་གྱིས་བབས་པས་འབར་འཛག་གི་བདེ་དྲོད་སྤེལ་བའི་དགའ་བཞིའི་ཉམས་སྐྱོང་བས་དབང་བཞིའི་རྟོགས་པ་བསྐྱེད། སད་རྨི་གཉིད་འཐུག་སྙོམས་འཇུག་གི་གནས་སྐབས་བཞིའི་སྒྲིབ་པ་དག །སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་བཞིའི་བདག་ཉིད་དུ་བྱིན་གྱིས་བརླབས། ཆོས་ལོངས་སྤྲུལ་གསུམ་ངོ་བོ་ཉིད་སྐུ་བཞིའི་བདག་ཉིད་དུ་བྱང་ཆུབ་པར་བསམ་ཞིང་བདེ་སྟོང་ཡེ་ཤེས་ཆེན་པོའི་ངོ་བོ་ལ་བལྟ། སླར་ཡང་མས་བརྟན་གྱིས་ཀྱང་རྟོགས་པ་བསྐྱེད་ཅིང་ཉམས་བསྐྱང་། ཐུན་གྱི་མཐར་ཐུག་པ་ན་སྣོད་བཅུད་ཐམས་ཅད་རིམ་པར་དྭངས་མའི་རླུང་སེམས་ཀྱི་ངོ་བོར་བསྡུས་ནས་འོད་དུ་ཞུ་བ་རང་ལ་ཐིམ། རང་ཡང་འོད་གསལ་ཐིག་ལེ་ཆེན་པོའི་ངང་དུའམ་དབྱིངས་སུ་བསྡུས་ཤིང་ཐིམ་པར་བསམ་ལ་བཞག་ནས་རླུང་རིག་གཉིས་མེད་དུ་བསྲེ་བའི་རྣམ་མེད་ཀྱི་རྣལ་འབྱོར་ལ་རྩལ་འདོན་བྱའོ། །གསུམ་པ་ལམ་གྱི་ཡན་ལག་ནི། རྗེས་ཐོབ་ཉིན་མཚན་སྒྱུ་མའི་ལྷ་སྐུར་ལྡང༔ ཞེས་པ་ལྟར་དངོས་གཞི་མཉམ་བཞག་གི་ཉམས་མྱོང་བདེ་གསལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་སྣང་གྲགས་རིག་པའི་ཆོས་ཀུན་ལ་རྒྱས་བཏབ་སྟེ། སྣང་སྟོང་། གྲགས་སྟོང་། རིག་སྟོང་སྒྱུ་མ་རྨི་ལམ་ལྟ་བུའི་རྗེས་ཐོབ་ཏུ་ཞེན་མེད་སྒྱུ་མའི་ལམ་ཁྱེར་གྱིས་ཉིན་མཚན་སྒྱུ་མའི་ལྷ་སྐུར་ལྡང་ལ། བཟང་ངན་གང་ལའང་ཆེད་འཛིན་རྩིས་གདབ་རེ་དོགས་མི་བྱེད་པར་བཟང་ངན་ཐམས་ཅད་སྟོང་ཉིད་ནམ་མཁའ་ལྟ་བུར་ལམ་དུ་ཁྱེར། གཞན་ཡང་མཚན་མོའི་རྣལ་འབྱོར་མགྲིན་པའི་དབུས་སུ་ཨ་ཡིག་དམར་གསལ་ལ་རླུང་སེམས་བསྡུས་ཏེ་གཉིད་དུ་འགྲོ་བར་བྱས་པས་འོད་གསལ་ཟིན་པ་དང་། ཉིན་པར་སྒོ་གསུམ་གྱི་བྱ་སྤྱོད་རྨི་ལམ་དུ་ལམ་ཁྱེར་སྦྱངས་ལ། རྨི་ལམ་འཛིན་བསྒྱུར་སྤྲུལ་པ་སོགས་འདོད་ན་རྫོགས་རིམ་སྤྱི་ལྟར་ལམ་གྱི་བོགས་འབྱིན་དུ་བྱའོ། །གཉིས་པ་གཞན་ལུས་ནི། དངོས་ཡིད་ཕྱག་རྒྱའི་ལམ་གྱིས་བོགས་འབྱིན་བྱ༔ ཞེས་རང་ལུས་ཐབས་ཀྱི་རྣལ་འབྱོར་གྱིས་རླུང་སེམས་ལས་སུ་རུང་བས་ལམ་ལ་བོགས་འབྱིན་པའི་སླད་དངོས་རིག་གམ་ཡིད་རིག་གི་ཕྱག་རྒྱའི་ལམ་ལ་བསྟེན་ནས། དཔེ་ཡི་ཐབས་བྱས་པའི་དོན་གྱི་ཡེ་ཤེས་མངོན་དུ་རྟོགས་པར་བྱེད་པའི་ཐབས་ཀྱི་ཉེ་རྒྱུ་ལ་བོགས་འདོན་པར་བྱ་བའི་ཕྱིར་བསླབ་པས། དོན་དམ་ཡེ་ཤེས་ཀྱི་དེ་ཉིད་མངོན་དུ་རྟོགས་པར་བྱེད་པའང་རང་ཉམས་དང་བསྟུན་ཏེ་ཉམས་སུ་ལེན་པར་བྱའོ། །ལྔ་པ་ལམ་གྱི་མན་ངག་འབྲས་བུ་རྫོགས་པ་ཆེན་པོ་ཤིན་ཏུ་རྣལ་འབྱོར་གྱི་ཉམས་ལེན་ལ་གསུམ། སྐྱེ་འཆི་བར་དོའི་སྣང་བ་ལམ་དུ་ཁྱེར་བའོ། །དང་པོ་སྐྱེ་བ་ཚེ་འདིའི་ཉམས་ལེན་ལ། ལྟ་བ་ཀ་དག་གི་ཉམས་ལེན་དང་། སྒོམ་པ་ལྷུན་གྲུབ་ཀྱིས་བོགས་འབྱིན་གཉིས་ལས། དང་པོ་ནི། སྒོ་གསུམ་ཞེན་ལོག་སོགས་ནས། སྲང་དུ་གཞུག༔ ཅེས་པའི་བར་ཏེ། འདི་ལའང་ཁྱད་པར་གྱི་སྔོན་འགྲོས་ཕྱི་ནང་གི་འཁོར་འདས་རུ་ཤན་དབྱེ་བ་དང་། ལུས་སྦྱོང་། ངག་སྦྱོང་ལ་རྒྱས་གདབ། རྩལ་སྦྱང་། མཉེན་བཙལ། ལམ་གཞུག་བཞི། སེམས་སྦྱོང་བཅས་དང་། སྒོ་གསུམ་རྣལ་དབབ་དང་། སོར་གཞུག་བཅས་བགྱིས་པས་རྩོལ་བཅས་ཀྱི་བྱ་བ་ལ་བློ་མི་འཇུག་པར་ཞེན་པ་ལྡོག་པ་དང་། སྔོན་འགྲོ་དེ་དག་གིས་འཁྲུལ་པའི་བྱ་སྤྱོད་ལ་སྙིང་པོ་མེད་པར་ཤེས་པས་ཞེན་པ་ལོག་ཅིང་ལུས་སེམས་ཤིན་ཏུ་སྦྱངས་པའི་ཡོན་ཏན་སྐྱེ་བ་ཞི་གནས་ཀྱི་གཞི་ཐེངས་པ་ལ། སེམས་ཀྱི་འཁྲུལ་པའི་ཁང་བུ་བྱུང་གནས་འགྲོ་གསུམ་ཚོལ་བས་བཤིག་ནས་བྲལ་བར་བྱས་ཏེ། རིག་སྟོང་རྗེན་པ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལྡན་གྱི་ཡེ་ཤེས་ཚིག་དང་ཡིད་དཔྱོད་ཀྱིས་མ་བསླད་པའི་ཡེ་ཤེས་རྗེན་པ་འཕགས་པའི་རྟོགས་རིག་མཐར་ཐུག་ཐེག་ཆེན་འགོག་བདེན་ཉིད་ལྟ་བས་ངོ་སྤྲད་ཅིང་ཤེས་པར་བྱས་ལ། ལུས་གནད་སྐྱིལ་ཀྲུང་མཉམ་གཞག་གིས་མིག་མི་གཡོ་བར་ཐད་ཀར་གཞག་ལ། ཚོགས་དྲུག་གི་ཡུལ་སྣང་བཟང་ངན་ཆགས་སྡང་འཛིན་ཞེན་གྱི་འཁྲུལ་རྟོག་གིས་བཅས་བཅོས་སྤྲོ་བསྡུ་གང་གིས་ཀྱང་བཅོས་བསླད་དང་བྲལ་བའི་ངང་དུ་མ་བཅོས་པ་རིག་སྟོང་རྗེན་པའི་ཀློང་དུ་མཉམ་པར་བཞག་པས། ཅི་ཞིག་ན་སེམས་ཀྱི་འཇུར་མདུད་ཞིག་པའི་ཆོས་ཉིད་གཉུག་མའི་ངང་དུ་བཞག་པ་ནི་གནད་ཀྱི་ཉམས་ལེན་སྙིང་པོའི་སྲོག་ཏིག་སྟེ། དེའི་ཚེ་རྟོག་པ་བཟང་ངན་གང་བྱུང་ཡང་ཆེད་དུ་མི་བཀག་ཅིང་བཟོ་བཅོས་མི་བྱ། མ་བཅོས་གཉུག་མའི་ལྟ་བ་དང་མ་བྲལ་བར་བསྐྱངས་པས་རྩལ་གྱི་འཕྲོ་འདུ་ཐམས་ཅད་ཀྱིས་ཕན་གནོད་བསྒྱུར་བཅོས་གང་ཡང་མི་ནུས་པར་གཞི་ཐིམ་ལ་སོང་བའི་གནད་ངོས་ཟིན་ཏེ། རྒན་པོས་བུ་ཆུང་གི་སྤྱོད་པ་མཐོང་བ་ལྟར་རྩིས་གདབ་མེད་པར་སྐྱོང་བས་གོམས་པ་བརྟན་པའི་ཚེ། སྣང་སྤྱོད་ཐམས་ཅད་ལ་ཆོས་ཉིད་འདྲ་བའི་ཡེ་ཤེས་ཁོ་ནར་གདེང་འཆའ་ནུས་ཀྱི་བར་བསླབ་ཅིང་ཉིན་མཚན་འོད་གསལ་གྱི་འཁོར་ལོར་སྤྱོད་པའི་མན་ངག །ཉིན་པར་དབྱིངས་རིག་ཟུང་འཇུག་ལྟ་སྒོམ་སྤྱོད་པ་ཡེ་ཤེས་གཅིག་གི་རང་བཞིན་དུ་དག་པར་ལམ་ཁྱེར་དང་། སྲོད་ལ་དབང་པོ་གནད་དུ་བསྡུ་བས་ཤེས་པ་ནང་དུ་བསྡུ་བ་དང་། ནམ་གུང་ཤེས་བྱ་བུམ་པར་གཞུག་པ། ཐོ་རངས་ཡེ་ཤེས་རང་གསལ་གདབ་པའི་རྣལ་འབྱོར་བཞིའི་སྒོ་ནས་མཚན་བཅས་དང་མཚན་མེད་ཀྱི་དགེ་སྦྱོར་ཐམས་ཅད་ཆོས་ཉིད་ཡང་དག་གི་ཉམས་ལེན་གྱི་སྲང་དུ་གཞུག་ནས་གྲོགས་སུ་འགྱུར་བར་བསླབ་བོ། །གཉིས་པ་སྒོམ་པ་ལྷུན་གྲུབ་ཀྱིས་བོགས་འབྱིན་ནི། ལྷུན་གྲུབ་སྒོ་ཡུལ་རླུང་སོགས་ནས། མངོན་དུ་འགྱུར༔ ཞེས་པ་སྟེ། འོད་གསལ་ལྷུན་གྲུབ་ཀྱི་སྣང་བ་རིག་རྩལ་མ་འགགས་པའི་འཆར་ཆ་ཡིན་ཡང་། རྡོ་རྗེའི་ལུས་ལ་རྟེན་བརྟེན་པར་འབྲེལ་བའི་རྩ་རླུང་ཐིག་ལེ་རྣམས་གནད་དུ་གཅུན་ཏེ་དབྱིངས་རིག་གཟིར་ན་འོད་གསལ་སྣང་བཞིའི་ཡེ་ཤེས་གོང་འཕེལ་དུ་འགྱུར་བས། ཡེ་ཤེས་འཆར་བའི་སྒོ་མིག་གཟིགས་སྟངས་གསུམ། ཡེ་ཤེས་ཀྱི་རྟེན་རྩ་ཀ་ཏི་ཤེལ་སྦུག་འཆིང་བའི་ཕྱིར་ལུས་བཞུགས་སྟངས་གསུམ་དང་མ་བྲལ་བས། གནས་གཡའ་གངས་ཀྱི་ཁྲོད་སོགས་འདུ་འཛི་མེད་ཅིང་ཉི་ཟླ་འཆར་སྔ་ནུབ་ཕྱི་བའི་དབེན་པར་སྒོ་གསུམ་གྱི་བྱ་བ་དགུ་ཕྲུགས་སུ་བཏང་ནས། ཡེ་ཤེས་འཆར་བའི་ཡུལ་ནམ་མཁའ་སླད་བྱེད་ཀྱི་སྐྱོན་གསུམ་དང་བྲལ་བར་ཉི་ཟླ་འཆར་ནུབ་ཀྱི་ཟེར་གཉིས་ལ་ཐོག་མར་བརྟེན་ཅིང་། གོམས་ནས་ཉིན་མཚན་བར་མ་ཆད་དུ་རླུང་ཁ་ནས་དལ་གྱིས་རྒྱུ་ཞིང་ཅུང་ཟད་ཕྱིར་འཛིན་བྱས་ཏེ། རིག་པ་འཕྲོ་རྒོད་ཀྱི་རྐྱེན་དང་བྲལ་བར་གནད་དུ་གཅུན་པས། ཕྱི་ནང་གི་དབྱིངས་སྣང་འཇའ་ཟེར་དང་པོ་འཆར་བའི་སྟེང་དུ་རྡོ་རྗེ་ལུ་གུ་རྒྱུད་དང་ཐིག་ལེ་གསུམ་འབྲེལ་ཚུན་ཆད་དུ་འཆར་བའི་ཚེ། ཐིག་ལེའི་ར་བར་རིག་པ་རྡོ་རྗེ་ལུ་གུ་རྒྱུད་མི་གཡོ་བར་གཟིར་ཞིང་བསྐྱངས་པས་ནང་དུ་ཆོས་ཉིད་རྗེན་པའི་ཡེ་ཤེས་ཀྱི་མྱོང་བ་ཤར་བ་ཆོས་ཉིད་མངོན་སུམ། དེ་ལྟར་གོམས་པའི་སྣང་བའི་ཉམས་འཇའ་ཟེར་ཐིག་ལེས་རྒྱ་ཆེ་བ་ཡུལ་གྲུ་ཙམ་ཁྱབ་ཅིང་། ཐིག་ལེ་ལྔ་ཚོམ་གྱི་ཀློང་ངམ་ནང་དུ་སངས་རྒྱས་སྤྲུལ་པའི་སྐུའི་གཙུག་ཏོར་ཞལ་ཕྱག་ཐམས་ཅད་དང་། སྐུ་ཡུམ་དང་། རྒྱན་ཕྱག་མཚན་མེད་པ་འཆར་བ་ཉམས་སྣང་གོང་འཕེལ་གྱི་སྣང་བ་སྤྲུལ་སྐུའི་ཚོམ་བུ་འཆར་བ་དང་། སྣང་ཡུལ་ཐམས་ཅད་རིགས་ལྔ་ཡེ་ཤེས་ཀྱི་འཁོར་ལོ་ཞི་ཁྲོ་ལོངས་སྤྱོད་རྫོགས་པར་འཆར་ནས་སྣོད་བཅུད་མ་དག་པའི་སྣང་བ་ནུབ་ཅིང་། དགོངས་པ་ཆོས་ཉིད་ལས་མི་གཡོ་བའི་གདེང་ཁེལ་བ་རིག་པ་ཚད་ལ་ཕེབས་པ་དག་པ་རབ་འབྱམས་ཀྱིས་འཁོར་བའི་འཁྲུལ་རྟོག་གཞི་རྩ་དང་བཅས་པ་དག་སྟེ་སྣང་བའི་འཕེལ་རྫོགས་ནས། ཆོས་ཅན་ཀུན་རྫོབ་ཀྱི་སྣང་ཆ་ཆོས་ཉིད་གཏིང་གསལ་གྱི་སྦུབས་སུ་ཟད་ཅིང་སྡུད་པས་བློ་ལས་འདས་ཤིང་བྲལ་བ་གདོད་མའི་གཞི་ཀློང་དུ་འུབ་ཆུབ་པའི་དགོངས་པར་གདེང་ཁེལ་བ་དག་ནི། སྣང་བཞི་མཐར་སོན་ཆོས་ཟད་ཀྱི་རྣལ་འབྱོར་ཞེས་རྟེན་འདིར་འབྲས་བུའི་མཐར་ཐུག་གི་གོ་འཕང་མངོན་དུ་གྱུར་པས་ས་ལམ་མཐར་ཕྱིན་པའོ། །གཉིས་པ་འཆི་བའི་སུན་མ་ལམ་ཁྱེར་གྱི་གདམ་པ་ནི། གལ་ཏེ་ཚེ་འདིར་སོགས་ནས། རྣམ་པར་འཕོ༔ ཞེས་པ་སྟེ། དབང་པོ་འབྲིང་དག་གལ་ཏེ་ཚེ་འདིར་གྲོལ་ཚད་ཀྱི་གྲུབ་མཐའ་མངོན་དུ་མ་གྱུར་ནས་གདོད་མའི་ས་ལ་མ་སྙོགས་ན། ད་ལྟ་གོམས་པའི་འོད་གསལ་སྐྱེལ་མ་ལྟ་བུ་དང་འཆི་ཁའི་ཚེ་བར་དོ་དང་པོའི་རིག་སྟོང་འོད་གསལ་གྱི་སྣང་བ་སུན་མ་ལྟ་བུ་གཉིས་ནང་འཛོམ་སྟེ། ཚེས་བཅོ་ལྔའི་ཉི་མ་ནུབ་པ་དང་ཟླ་བ་ཤར་བའི་དུས་མཉམ་པ་ལྟ་བུའི་གཞི་ལམ་གྱི་འོད་གསལ་མ་བུ་འཕྲད་ནས་གྲོལ་བ་མངོན་དུ་བྱ་བ་འོད་གསལ་སྦུབས་སུ་འཇུག་པ་དང་། དེའི་དོན་ད་ལྟའང་རིག་པ་མིག །མིག་དབྱིངས་རིག་གམ་ནམ་མཁའ་ལ་གཏད་དེ་བསྲེ་བའི་ངང་ནས་སྦྱང་བ་དང་། འཆི་བའི་ཚེ་བླ་མ་མཆེད་གྲོགས་ཀྱིས་ངོ་སྤྲོད་གདབ་པ་དང་། དུས་མ་ཡིན་པའི་འཆི་བ་བསླུ་བའི་མན་ངག་དང་། དུས་ལ་བབས་ན་ཚེ་འདིའི་འཁྲི་བ་གཅད་ཅིང་བློ་མ་འཕྲེང་བས་འཆི་སྲིད་ཀྱི་གདམས་པ་གསལ་འདེབས་བྱ་བ་དང་། ཉམས་ཆག་བཤགས་པ་སོགས་བྱ། དེ་ཙམ་གདེང་དུ་མ་ཁེལ་ན་རང་གི་གཞི་ལུས་བླ་མ་རྩ་གསུམ་གང་མོས་སུ་གསལ་བའི་ལུས་དབུས་རྩ་དབུ་མ་ལྟེ་བ་ནས་སྤྱི་བོར་ཟུག་པའི་སྙིང་དབུས་སུ་རླུང་སེམས་དབྱེར་མེད་དྭངས་མའི་ངོ་བོ་ཡི་གེ་ཧྲཱིཿཡིག་གི་རྣམ་པར་གསལ་ཞིང་། སྤྱི་བོར་བླ་མ་དང་གཉིས་སུ་མེད་པའི་སྣང་བ་མཐའ་ཡས་གསལ་བ་ལ་མོས་གུས་བསྐྱེད་ཏེ་ཧིཀ྄་གི་སྒྲས་ཡང་ཡང་འཕོ་བས། ད་ལྟ་རྟགས་འབྱོངས་པར་སྦྱངས་ནས་འཆི་བའི་ཚེ་ལས་ལ་སྦྱར་བ་རླུང་སེམས་གོང་དུ་འཕོ་བའི་མན་ངག་ལ་བརྟེན་ནས་དག་པའི་ཞིང་དུ་འཕོ་བར་བྱའོ། །གསུམ་པ་བར་དོའི་ལམ་ཁྱེར་ནི། བར་དོ་རྣམ་གསུམ་སྐུ་གསུམ་ལམ་དུ་ཁྱེར༔ ས་མ་ཡ༔ ཞེས་པ་སྟེ། སྐྱེ་འཆིའི་མཚན་མ་དབྱིངས་སུ་དག་པས་རྟེན་འདིར་གྲོལ་བའི་གདེང་མ་འཐོབ་ན་བར་དོ་དང་པོར་འཆི་བ་ཆོས་སྐུ། གཉིས་པ་ཆོས་ཉིད་བར་དོར་འོད་གསལ་ལྷུན་གྲུབ་ལོངས་སྐུ་ཞི་ཁྲོའི་སྣང་བ། གསུམ་པ་སྲིད་པ་བར་དོ་རླུང་སེམས་ཀྱི་གཞན་དབང་སྤྲུལ་སྐུར་ལམ་དུ་ཁྱེར་བ་རྣམ་པ་གསུམ་པོ་གང་ལ་ཡང་སྟེ། སྤྱིར་བར་དོའི་སྣང་བ་ཐམས་ཅད་རང་སྣང་རིག་པའི་རྩལ་གྱི་རོལ་པ་ལས་མ་འདས་པས་དང་པོར་ངོ་ཤེས། ཤེས་ཐོག་ཏུ་གཞག །བཞག་ཐོག་ཏུ་གཞི་མེད་ལ་གྲོལ། གྲོལ་ཐོག་ལ་གདེང་ཁེལ་ནས་ཕྱིར་མི་ལྡོག་པའི་དབྱིངས་སུ་བཙན་ས་ཟིན་པས་སྐུ་གསུམ་གྱི་ས་ལ་གྲོལ་བ་སྟེ། སྣང་བའི་འཆར་ཚུལ་རེ་རེ་བཞིན་ལམ་དུ་བྱེད་ཅིང་ཁྱེར་ཚུལ་སོགས་ཁྲིད་གཞུང་གཞན་ལས་འབྱུང་བ་ལྟར་ཤེས་པར་བྱའོ། །གསུམ་པ་རྗེས་ལམ་ཀུན་གྱི་གྲོལ་ཚད་བསྟན་པ་ནི། ཐུན་མོང་གྲུབ་པ་སོགས་ནས་བརྡ་ཐིམ༔ བར་ཏེ་དེ་ལྟར་ཉམས་སུ་བླངས་པར་བྱས་པས། བསྐྱེད་རིམ་ལ་གཙོ་བོར་བརྟེན་པས་ནི་རྡོ་རྗེ་གུར་ལས། གང་ཕྱིར་དེས་ནི་དཀའ་བ་མིན། །མིག་སྨན་དང་ནི་རྐང་མགྱོགས་དང་། །རལ་གྲི་དང་ནི་ས་འོག་གྲུབ། །རིལ་བུ་དང་ནི་མཁའ་སྤྱོད་ཉིད། །མི་སྣང་བ་དང་བཅུད་ཀྱིས་ལེན། །གང་ཕྱིར་དེས་ནི་རྡོ་རྗེ་འཛིན། །མཉེས་པར་བྱས་ལས་མྱུར་དུ་ཐོབ། །ཅེས་གསུངས་པ་ལྟར་ཐུན་མོང་གི་གྲུབ་པ་བརྒྱད་དང་། འཇིགས་པ་བརྒྱད་ཞི་བ། འབྱོར་དྲུག་རྒྱས་པ། མོས་པ་བཞིས་སྐྱེ་འགྲོ་དབང་དུ་བྱ་བ། དྲག་ཤུལ་གྱི་ལས་ཆེན་བཅུ་གཉིས་ཀྱིས་དགྲ་བགེགས་འདུལ་བ་སོགས་ཐུན་མོང་གི་ཕྲིན་ལས་བཞི་དང་། ཚོགས་སྦྱོར་དང་མཐུན་པའི་རྣམ་སྨིན། མཐོང་ལམ་ཚེ་དབང་། དག་ས་གསུམ་ཕྱག་ཆེན། རྒྱུན་མཐའམ་སྐུ་ལྔ་ལྷུན་གྲུབ་ཀྱི་རིག་འཛིན་མངོན་དུ་གྱུར་པས་ས་ལམ་ཡོངས་སུ་རྫོགས་པ་མཆོག་གི་དངོས་གྲུབ་ཐོབ་པ་དང་། རྫོགས་རིམ་ལ་གཙོ་བོར་བརྟེན་པས་ནི། བདེ་སྟོང་མཚན་བཅས་ཀྱི་རྫོགས་རིམ་གྱིས་དབུ་མའི་མདུད་པ་ཉེར་གཅིག་གྲོལ་ཏེ་གཉུག་མའི་རྡོ་རྗེ་གསུམ་མངོན་དུ་གྱུར་པས་བདེ་སྟོང་ལྷན་སྐྱེས་ཀྱི་ཡེ་ཤེས་དང་མངོན་ཤེས་དང་རྫུ་འཕྲུལ་ལ་དབང་འབྱོར་བ་དང་། མཚན་མེད་རྫོགས་པ་ཆེན་པོའི་ལམ་ནས་བློ་བྲལ་ཆོས་ཉིད་གཉུག་མའི་དགོངས་པ་ཁྱབ་བརྡལ་ཀློང་དུ་གྲོལ་ཏེ་འོད་གསལ་བསམ་མི་ཁྱབ་པའི་གསང་མཛོད་ལ་སྤྱོད་པས། སྐུ་དང་ཡེ་ཤེས་ཀྱི་ཆོས་ཁམས་རྒྱ་མཚོ་ལྟ་བུར་དབང་འབྱོར་ནས་ནམ་མཁའ་ཇི་སྲིད་བར་སེམས་ཅན་གྱི་དོན་བྱེད་པའི་ཕྲིན་ལས་ལྷུན་གྱིས་གྲུབ་པའི་འབྲས་བུ་ལ་དབང་འབྱོར་བ་ངེས་པར་འགྲུབ་པའོ། །འོད་གསལ་གསང་བ་ཆེན་པོའི་ཡེ་ཤེས་མཆོག །འོད་གསལ་དགོངས་པ་མངོན་བྱེད་རྡོ་རྗེའི་ཚིག །འོད་གསལ་སྙིང་གི་ཏི་གའི་དགོངས་པའི་བཅུད། །འོད་གསལ་ཡེ་ཤེས་ཉིན་བྱེད་འདིར་གསལ་མཐུས། །འོད་གསལ་བསྟན་པའི་ཤིང་རྟ་ཕྱོགས་ཀུན་འདྲེན། །འོད་གསལ་དབྱིངས་སུ་འགྲོ་ཀུན་ངལ་འཚོས་ཏེ། །འོད་གསལ་བསམ་མི་ཁྱབ་པའི་གཞི་ཀློང་དུ། །འོད་གསལ་རྡོ་རྗེའི་ལམ་འདིས་ཁྲིད་གྱུར་ཅིག །འོད་གསལ་སྣང་བཞིའི་ལྟད་མོར་འབྱམས་ཀླས་པའི། །འོད་གསལ་སྙིང་པོའི་རྣལ་འབྱོར་བདག་གྱུར་ནས། །འོད་གསལ་འབའ་ཞིག་འཆར་བའི་དབེན་གནས་སུ། །འོད་གསལ་གྲུབ་པའི་དགའ་སྟོན་སྤྱོད་གྱུར་ཅིག །ཅེས་པའང་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པའི་མངའ་བདག་རིག་འཛིན་མཁས་དང་གྲུབ་བརྒྱའི་གཙུག་རྒྱན་ཀུན་མཁྱེན་༧འཇམ་པའི་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་ཚུལ་འདིས་སྨིན་གྲོལ་ཟབ་མོའི་སྐལ་བཟང་ལ་སྦྱོར་བའི་ཚེ། མན་ངག་འཇའ་ལུས་རྡོ་རྗེའི་ཚིག་རྐང་འདི་དགྱེས་པ་ཆེན་པོས་ལྗགས་བཤད་བཀའ་དྲིན་བསྩལ་པའི་སྐབས། གཏེར་ཆེན་རོལ་པའི་རྡོ་རྗེའི་མཆོག་སྤྲུལ་རིན་པོ་ཆེ་ཀརྨ་དྲི་མེད་འོད་ཟེར་ནས་བླ་མའི་ཞལ་རྒྱུན་ཟིན་བྲིས་སུ་འགོད་པར་གལ་ཆེ་ཞེས་བཀའ་ནན་ཡང་ཡང་བསྩལ་པ་དང་། ཁྲིད་རྒྱུན་མི་ཆད་པ་ལ་ཕན་ཕྱིར་འདི་ལྟར་བྲིས་ཞེས་འཁོར་ལོའི་མགོན་པོས་ཀྱང་རྟེན་དང་བཅས་བཀའ་ཡི་གནང་བ་ཐོབ་པ་བཞིན། འདུས་གསལ་སྙིང་པོ་མདོ་ཙམ་དུ་སྔགས་རིག་འཛིན་པའི་གཟུགས་བརྙན་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་བཀྲ་ཤིས་དཔལ་འབྱོར་དུ་འབོད་པས། འདན་ལྗོངས་ལྷ་དཀར་རི་ཁྲོད་གཡུ་ཤུག་ཟིལ་པ་མཐའ་ཡས་ཚལ་དུ་འཁྲིགས་པའི་དབེན་གནས་སུ་མིག་སྨན་ཐིག་ལེའི་ལྡིང་གུར་ལ་བརྟེན་པའི་སྐབས་བྲིས་པ། སླར་ཡང་གསལ་བར་བྱས་པས་ཟབ་གསང་རྡོ་རྗེ་སྙིང་པོའི་བསྟན་པ་དར་རྒྱས་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།

རྩ་གསུམ་འོད་གསལ་སྙིང་ཏིག་གི་བསྙེན་སྒྲུབ་ལ་ཉེར་མཁོའི་ཟུར་རྒྱན་རིག་འཛིན་གྲུབ་པའི་འཇུག་ངོགས་ (Volume 63, Text 13)

རྩ་གསུམ་འོད་གསལ་སྙིང་ཏིག་གི་བསྙེན་སྒྲུབ་ལ་ཉེར་མཁོའི་ཟུར་རྒྱན་རིག་འཛིན་གྲུབ་པའི་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཛྙཱ་ན་ཀཱ་ཡ་ཡེ། འོད་གསལ་སྣང་བ་ཆེན་པོའི་སྤྲིན། །རབ་འབྱམས་ལྷུན་གྲུབ་ཡེ་ཤེས་གཟུགས། །སྤྲོ་བསྡུའི་བྱེད་པོ་བླ་མ་རྗེར། །བཏུད་ནས་དེ་སྒྲུབ་ཐབས་ཚུལ་འཆད། །དེ་ལ་འདིར་དབང་ཐོབ་དམ་ཚིག་ལ་གནས་ཤིང་དད་བརྩོན་ཤེས་རབ་དང་ལྡན་པའི་སྒྲུབ་པ་པོས་རྡོ་རྗེ་ཐེག་པའི་རིམ་པ་དང་པོའི་མྱུར་ལམ་བསྐྱེད་རིམ་གྱི་སྒོ་ནས། རྩ་བ་དང་ཡན་ལག་གི་སྒྲུབ་ཐབས་རྣམས་ཀྱི་བསྙེན་བཟླས་ཇི་ལྟར་བྱ་ཚུལ་གྱི་ཟུར་རྒྱན་འབྲི་བ་ལ། ཐོག་མར་ཐུན་མོང་གི་སྔོན་འགྲོ་བློ་ལྡོག་རྣམ་པ་བཞིས་རྒྱུད་སྦྱངས། ཐུན་མོང་མ་ཡིན་པའི་སྔོན་འགྲོ་སྐྱབས་སེམས་དང་གསག་སྦྱོང་བླ་མའི་རྣལ་འབྱོར་གྱི་ཉམས་ལེན་རྡོ་རུས་འཕྲོད་པས་རྒྱུད་ལས་སུ་རུང་བར་བྱས་ནས། དངོས་གཞི་རྡོ་རྗེ་ཐེག་པའི་རིམ་པ་དང་པོའི་བསྐྱེད་རིམ་ལ། རྩ་གསུམ་སྤྱི་དང་བྱེ་བྲག་གི་སྒྲུབས་ཐབས་རྣམས་ཀྱི་བསྙེན་བཟླས་བྱ་ཚུལ་གྱི་ཟུར་རྒྱན་ནི། དང་པོ་ཐོག་མའི་ཉམས་ལེན་དུ་ཕྱི་སྒྲུབ་སྒྱུ་འཕྲུལ་དྲྭ་བ་ལ། དབེན་ཞིང་ཡིད་དང་མཐུན་པའི་གནས་སུ་སྒྲུབ་ཁང་བྱི་དོར་ལེགས་པར་བྱ། སྒྲུབ་པ་པོ་དང་མདུན་སྤྲོད་དུ་གཞུང་མཐུན་སྐུ་རྟེན་དང་མ་འབྱོར་ན་གུ་རུའི་ཞལ་ཐང་བཀྲམ་པའི་མདུན་དུ། ཞི་དཀྱིལ་སྤྱི་འགྲོའམ་མ་འབྱོར་ན་དར་དམར་པོའི་སྟེགས་ཁེབས་སྟེང་མཎྜལ་ལ་ཚོམ་བུ་གཙོ་འཁོར་ལྔ། དེ་རྒྱབ་བརྒྱད། དེ་རྒྱབ་བཞི་བཅས་བཀོད་པའི་ལྟེ་བར་མཉྫིའི་སྟེང་བྷནྡྷ་དུམ་བུ་གཅིག་པ་སེལ་མེད་ཀྱི་དམ་རྫས་ཀྱིས་བཀང་བའི་ཁར་འཁར་བའི་མེ་ལོང་གཡའ་བྲལ་སྟེང་། གུ་རུ་རྡོ་རྗེ་འཆང་ཡབ་ཡུམ་གྱི་སྐུ་དངོས་སམ་ཙཀླིའི་མདུན་རང་བྱུང་གི་མན་ཤེལ་བཀོད་པའི་སྟེང་དར་དམར་གྱི་གུར་ཕུབ། མདུན་དུ་འབྱོར་ན་ཆོས་དབང་བླ་མ་གསང་འདུས་ཀྱི་གཏོར་མ་ལྟ་བུའམ་བླ་གཏོར་དམར་ཟླུམ་སྤྱི་འགྲོའི་གཡས་གཡོན་དུ་སྨན་རཀ །ཆོས་སྐྱོང་གི་གཏོར་མ། ཉེར་སྤྱོད་བསྐོར་བཤམ་བྱ། ཡར་ངོའི་ཚེས་བཅུ་སོགས་གཟའ་སྐར་དུས་ཚོད་དགེ་ཞིང་ཤིས་པར་མཚམས་ལ་འཇུག་པའི་ཐོག་མར་དཀར་བགེགས། ཆད་བརྟན། ཚོགས་མཆོད་བཅས་འདུ་བྱ། སྒྲུབ་ཁང་གི་སྒོ་དྲུང་དུ་ཐོ་དཀར་པོ་བརྩིགས་ལ་རྒྱལ་ཆེན་སྡེ་བཞིའི་སྔགས་བྱང་འདོད་གསོལ་བྲིས་པ་བཙུགས། སྒྲུབ་པོའི་མདུན་དུ་འབྲུ་ཕོར། གུལ་ཡུངས། ཌཱ་རུ་རྡོར་དྲིལ། ནང་མཆོད། ཁྲུས་བུམ་རྫས་ལྡན་བཅས་འདུ་བྱ། བདེ་བའི་སྟན་ལ་བག་ཕེབས་ནས་ཀུན་སློང་ལེགས་པར་བཅོས། ངེས་འབྱུང་གི་བསམ་པ་དང་ལྡན་པས། རང་ཉིད་གུ་རུ་རྡོ་རྗེ་ཐོད་ཕྲེང་གི་སྐུར་གསལ་བས་གསེར་སྐྱེམས་དང་དཀར་གཏོར་བྱིན་རླབས་དང་། ཨཱ་ཀ་རོའི་སྔགས་ལན་གསུམ། གང་དག་འདིར་གནས་སོགས་དང་། མཆོད་སྦྱིན་གཏོར་མ་འདི་བཞེས་སོགས་ཀྱིས་ཡུལ་གཞིའི་བདག་པོ་ལ་འབུལ། སྒྲུབ་པ་ལ་བར་ཆད་མེད་པའི་ཕྲིན་ལས་བཅོལ། བགེགས་གཏོར་བྱིན་རླབས་དང་། ལས་བྱང་ལྟར་བཀའ་བསྒོས་ལ་ཕྱིར་དོར། ཡུངས་ཐུན་གྱིས་བྲབ། སྒྲུབ་ཁང་ཕྱི་ནང་དུ་གུ་གུལ་གྱིས་བདུག །རྒྱལ་ཐོའི་དྲུང་དུ་ཕྱིན་ལ། ཐོའི་མཆོད་གསོལ་དང་བརྟན་བཞུགས་སྤྱི་ལྟར་བྱས་ལ་སྒྲུབ་ཁང་ནང་དུ་འཇུག །བདེ་བའི་སྟན་ལ་འཁོད་ནས། ཧཱུྃ་ཧྲཱི༔ སྟེང་འོག་ཕྱོག་མཚམས་མཚོན་ཆའི་གུར་ཁང་སོགས་སྲུང་འཁོར་བསྒོམ། ལས་བྱང་གི་བརྒྱུད་འདེབས་ནས་བརྩམ། སྐྱབས་སེམས་ཡན་ལག་བདུན་པ་ལན་གསུམ་གསུམ་དང་། བརྡ་སྒོ་དབྱེ་བ་ནས་བརྩམ་བསྟོད་པའི་བར་མཐར་ཆགས་སུ་གཏང་། བསྙེན་བཟླས་དངོས་ལ་ཕྱི་གསོལ་འདེབས་ཀྱི་བསྙེན་པ། ནང་རྩ་གསུམ་སྤྱི་དྲིལ་དུ་སྒྲུབ་པ། གསང་བ་ལས་སྦྱོར་དང་ཧཱུྃ་བཟླས་བཅས་ཉམས་སུ་ལེན་པ་ལ། ཐོག་མར་བསྙེན་པ་འབུམ་ཕྲག་བཅུ་གཉིས་བཟླ་སྐབས་བཛྲ་གུ་རུ་སུམ་བརྒྱ་ཙམ་རེའི་མཐར་ཚིག་བདུན་ལན་རེ་སྦྱར་ཏེ་བཟླ། གཉིས་པ་ནང་ལྟར་རྩ་གསུམ་སྤྱི་དྲིལ་དུ་སྒྲུབ་པའི་སྐབས་དོ་ལིའི་དམིགས་པ་དང་སྒྲུབ་སྔགས་ཐོད་ཕྲེང་རྩལ་ལ་བཟླས་པའི་དངོས་གཞི་བྱ་ལ་སྒྲུབ་སྔགས་འབུམ་བཞིའི་ལས་རུང་དུ་འབྱོར་སྙམ། ལས་སྦྱོར་དམིགས་པ་དང་སྦྲགས་ལས་བཞིའི་སྔགས་ཤམ་སྦྱར་ལ་བཟླས་གྲངས་འབུམ་ཕྲག་གཅིག་བཟླ། མཐར་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་བཞི་དབྱེར་མེད་དུའམ་རོ་གཅིག་ངང་ཧཱུྃ་ལྔའི་བཟླས་པ་འབུམ་གཅིག་བྱ། དེ་དག་གྲུབ་པ་དང་ཚེ་ཡི་ཕྲིན་ལས་འཆི་མེད་སྲོག་སྒྲུབ་ཀྱི་ཁྱད་པར་ལས་སྦྱོར་ཚེ་སྒྲུབ་སྔགས་འབུམ་གཅིག་སོགས་ཅི་ལྟར་འོས་པ་བཟླ། ཐུན་གཤམ་དུ་ཧྲཱིཿའི་བཟླས་པ་དང་ཚེ་འགུགས་བཅས་བྱས་པས་རྩ་སྒྲུབ་ཀྱི་བསྙེན་ཚད་གྲུབ་བོ།། ༈ །།གཉིས་པ་ནང་སྒྲུབ་བླ་མ་ལོངས་སྐུ་པདྨ་དྲྭ་བ་སྤྱན་རས་གཟིགས་ཀྱི་བསྙེན་སྒྲུབ་བྱ་བ་ལ་མདུན་རྟེན་དཀྱིལ་འཁོར་དང་ཚོམ་བུ་གང་འབྱོར། གཏོར་མ་ཞི་གཏོར་ཟླུམ་པོ་པད་འདབ་ཅན། སྨན་དང་རཀྟ། ཉེར་སྤྱོད་སོགས་སྔ་མ་ལྟར་ལ། སྒྲུབ་རྟེན་གཙོ་བོ་བྷནྡྷ་ཚད་ལྡན་ནང་དུ་སྐྱེ་བདུན་རིལ་བུའི་བཀང་བའི་སྟེང་མེ་ལོང་ལ་སིནྡྷུ་རའི་རྡུལ་གྱིས་རྩ་སྔགས་བྲིས་པ། དེ་སྟེང་ཟུར་མང་ཤེལ་རྡོ་བཞག །ལས་བྱང་གཞུང་བསྲངས་ལ་བསྙེན་བཟླས་དངོས་ལ་བསྙེན་སྒྲུབ་གཉིས་ལས། དང་པོ་གཙོ་བོའི་བསྙེན་དམིགས་སྦྱར་ལ་ཡི་གེ་བདུན་པ་འབྲུ་འབུམ། གཉིས་པ་དོ་ལའི་དམིགས་པས་གཙོ་འཁོར་ཡོངས་རྫོགས་ཀྱི་སྒྲུབ་པ་ཞི་ཁྲོ་རྩ་གསུམ་སྤྱི་དྲིལ་འབུམ་བཞི་དང་། ཡོངས་སྙིང་ཐུགས་སྲོག་ཧྲཱིཿཡི་བཟླས་པ་ཅི་ནུས་བཟླ། རྫོགས་རིམ་ཐུགས་འོད་གསལ་གྱི་རྣལ་འབྱོར་སྒོམས་པ། གཏེར་གཞུང་ལས། འོད་གསལ་ཐུགས་ཀྱི་རྣལ་འབྱོར་ཏེ༔སོགས་ནི་བགེགས་སེལ་རྡོ་རྗེའི་འཕྲུལ་འཁོར་དང་སྲོག་ལྟར་ཉམས་སུ་ལེན་ནོ།། ༈ །།གསུམ་པ་གསང་སྒྲུབ་བླ་མ་ཆོས་སྐུའི་བསྙེན་སྒྲུབ་རྡོར་བཟླས་ལ་མདུན་སྟེགས་མཎྜལ་ཚོམ་བུར་ཤེལ་རྡོ་དང་སྐུ་གཟུགས། བླ་གཏོར་ཟླུམ་པོ་དམར་པོ་དང་སྨན་རཀ་ཉེར་སྤྱོད་སོགས་སྤྱི་ལྟར་བྱ། ལས་བྱང་བསྟོད་པའི་བར་གཏང་། བཟླས་པ་དངོས་ལ་བསྙེན་སྒྲུབ་རྡོར་བཟླས་གསུམ་ལས། དང་པོ་བསྙེན་པ་ཨ་མི་དྷེ་བ་འབུམ་དྲུག །གཉིས་པ་ཡོངས་རྫོགས་སྒྲུབ་པ་ཞི་ཁྲོ་སྤྱི་དྲིལ་འབུམ་བཞི། གསུམ་པ་དོན་དམ་རྡོ་རྗེའི་བཟླས་པ་བུམ་ཅན་དང་སྦྱར་བ་ཅི་ནུས་སམ། ཐུགས་སྲོག་ཧྲཱིཿཡིག་ངག་བཟླས་གཙོ་བོར་བྱེད་ན་འབུམ་གཅིག་བཅས་བྱའོ།། ༈ །།ཡང་གསང་བླ་མ་དྲག་པོའི་སྒྲུབ་པ་ནི། དཀྱིལ་འཁོར་དབུས་ཙནྡན་ནམ་སེང་ལྡེང་གང་རུང་གི་བསྙེན་པའི་ཕུར་པ་ཚད་ལྡན། དཔལ་གཏོར་དང་སྨན་རཀ་ཉེར་སྤྱོད་སྤྱི་ལྟར་བཤམ་ལ། ལས་བྱང་གཞུང་བསྲངས་ནས། བཟླས་པ་དངོས་ལ་བསྙེན་སྒྲུབ་ལས་གསུམ་ལས། དང་པོ་བླ་མ་དྲག་པོའི་ཐུགས་སྲོག་སྤྲོ་བསྡུའི་བསྙེན་པའི་བཟླས་པ་ནི་གྲངས་ཚད་བྱེ་བ། གཉིས་པ་ལུས་དཀྱིལ་གྱི་སྤྲོ་བསྡུའི་དམིགས་པས་རྩ་གསུམ་ཡོངས་རྫོགས་སྒྲུབ་པའི་དྲགས་སྔགས་མེ་དཔུང་མ་འབུམ་བཞི། གསུམ་པ་ལས་བཞིའི་དམིགས་པས་ཡང་གསང་ཧཱུྃ་གི་ལས་སྦྱོར་འབུམ་གཅིག་བྱའོ།། ༈ །།བུདྡྷ་ཐོད་ཕྲེང་ལ་སྨན་རཀ་གཏོར་མ་ཉེར་སྤྱོད་ཙམ་ལ་བརྟེན་ཏེ། ལས་གཞུང་བསྲངས་ལ། བསྙེན་པ་འབུམ་བཞི། སྒྲུབ་པ་འབུམ་གཅིག །ལས་སྦྱོར་ཁྲི་ཕྲག་བཅས་ཏེ་སྒྲུབ་བོ། ༧ །རྡོ་རྗེ་ཐོད་ཕྲེང་ལ་བསྙེན་སྔགས་འབུམ་བཞི། སྒྲུབ་སྔགས་འབུམ་གཅིག །ལས་སྦྱོར་ཁྲི། ༧ རཏྣ་ཐོད་ཕྲེང་ལ་བསྙེན་སྔགས་འབུམ་བཞི། སྒྲུབ་སྔགས་འབུམ་གཅིག །ལས་སྦྱོར་ཁྲི། ༧ པདྨ་ཐོད་ཕྲེང་ལ་བསྙེན་སྔགས་འབུམ་བཞི། སྒྲུབ་སྔགས་འབུམ་གཅིག །ལས་སྦྱོར་ཁྲི། ༧ ཀརྨ་ཐོད་ཕྲེང་ལ་བསྙེན་སྔགས་འབུམ་བཞི། སྒྲུབ་སྔགས་འབུམ་གཅིག །ལས་སྦྱོར་ཁྲི་དང་། སྨན་རཀ་གཏོར་མ་ཉེར་སྤྱོད་ཙམ་ལ་བརྟེན་པ་ཐོད་ཕྲེང་སྡེ་ལྔ་ཐམས་ཅད་ལ་མཚུངས་སོ།། ༈ །།རྡོ་རྗེ་རྣམ་འཇོམས་ལ་ཉམས་ལེན་རྒྱས་པ་བྱ་ན་རྒྱུད་སྡེ་བཞི་དང་སྦྱར་བའི་ལམ་རིམ་ཉམས་སུ་ལེན་ཚུལ་གཏེར་གཞུང་དང་གཞན་དུ་གསལ་ལ། བསྙེན་སྒྲུབ་སྤྱི་འགྲོས་ལྟར་ན་གཏོར་མ་ཉེར་སྤྱོད་ཙམ་ལ་བརྟེན་ཏེ། ལས་གཞུང་བསྲངས་ལ། ལྷ་སྔགས་ཀྱི་ཉེ་སྙིང་འབུམ་ཕྲག་གཅིག་བཟླ་ཞིང་གཟུངས་མདོ་གང་ནུས་བཀླགས་པས་རུང་སྙམ་མོ།། ༈ །།གཤིན་རྗེ་འཆི་བདག་ཟིལ་གནོན་ལ། རྒྱས་པར་སྤྲོ་ན་ཐོད་སྐུ་དང་། སྤྱིར་ནི་སྨན་རཀ་གཏོར་མ་ཉེར་སྤྱོད་ཙམ་གྱིས་རུང་། ལས་ཀྱི་གཞུང་བསྲངས་ལ། བསྙེན་སྒྲུབ་ལས་སྔགས་ཆིག་ཆོད་རྩ་བསྙེན་འབྲུ་བཅུ་བཞི་པ་གྲངས་ཀྱི་དབང་དུ་བྱས་ན་བདུན་འབུམ་མམ་ས་ཡ་བྱེ་བ་སྟེ་བསྙེན་ཚད་རྒྱས་འབྲིང་བསྡུས་གསུམ་གསུངས་པས་གང་མོས་བཟླ་བའོ།། ༈ །།རྟ་མགྲིན་འཆི་མེད་དབང་ཆེན་འདུས་པ་ལ་དཀྱིལ་འཁོར་སྟེང་སྒྲུབ་རྟེན་གཙོ་བོ་ཕུར་པ་རྟ་ཞལ་ཅན་དང་། ཚེ་རིལ་ཚེ་ཚང་། སྨན་རཀ་གཏོར་མ་ཉེར་སྤྱོད་བཅས་དང་། ལས་གཞུང་བསྲངས་ལ། བཟླས་གྲངས་ལ་བསྙེན་པ་འབུམ་བཞི། སྒྲུབ་པ་འབུམ་གཅིག །ལས་སྦྱོར་ཁྲི་འམ་འབུམ་གལ་ཆེ་ཆུང་དང་བསྟུན། རྫོགས་རིམ་སྒོམ་པར་འདོད་ན་གཏེར་གཞུང་ལྟར་བྱའོ།། ༈ །།ཡང་ཕུར་སྦྲགས་མ་ཁྲག་འཐུང་འདུས་པ་ལ། ཐོད་སྐུ་དང་བྷནྡྷ་ཚད་ལྡན་ནང་ཞུན་གྱི་མར་མེ། སྨན་རཀ་གཏོར་མ་ཉེར་སྤྱོད་བཅས་འདུ་བྱ། ལས་གཞུང་བསྲངས་ལ། བཟླས་པ་ལ་བསྙེན་སྒྲུབ་ལས་གསུམ་ལས། བསྙེན་པ་རུ་ལུ་འབུམ་ཁྲག་བརྒྱད། སྒྲུབ་པ་ཕུར་བསྙེན་འབུམ་བཞི། ལས་སྦྱོར་གཽ་རཱི་མ་བརྒྱད་སྡོམ་པས་ཁྲི་བརྒྱད་ཙམ་མོ།། ༈ །།ཕུར་པ་འདུས་པའི་དྲིལ་སྒྲུབ་ལ་དཀྱིལ་འཁོར་རམ་སྟེགས་བུའི་ཁར་སྒྲུབ་རྟེན་བསྙེན་ཕུར་དང་། སྨན་རཀ་གཏོར་མ་ཉེར་སྤྱོད་ཙམ་ལ་བརྟེན། ལས་ཀྱི་གཞུང་བསྲངས་ལ། བཟླས་གྲངས་ཕུར་བསྙེན་བསྙེན་སྒྲུབ་ལས་གསུམ་ཆིག་ཆོད་འབུམ་བཞི་དང་། རྣོ་སོ་སྤུ་གྲིའི་དྲག་སྔགས་དང་ཡོངས་འདུས་དྲག་པོའི་ཧཱུྃ་གླུ་ཡང་བྱ་བར་གསུངས། རྫོགས་རིམ་བྱང་སེམས་ཕུར་བུ་དང་རིག་པ་ཡེ་ཤེས་ཕུར་བུ་ཉམས་སུ་ལེན་འདོད་ན་གཏེར་གཞུང་དང་སྙན་བརྒྱུད་ཕུར་པའི་རྫོགས་རིམ་གབ་སྤྲད་དེ་ཉམས་ལེན་བྱའོ།། ༈ །།མཁའ་འགྲོ་ཕག་མོ་དཀར་མོ་ཉམས་ལེན་འདོད་ན་སྒྲུབ་རྟེན་ཆོག་ཁྲིགས་ཀྱི་གཞུང་གསལ་ལྟར་དང་། བཟླས་པའི་གྲངས་ཚད་རྩ་སྔགས་འབྲུ་འབུམ་མམ་འབུམ་བཞིའི་ལས་སུ་རུང་སྙམ། ཕག་དཀར་ཚེ་སྒྲུབ་སྦྱོར་ན་ཚེ་རྫས་བཤམས་ལ་རྩ་སྔགས་ཚེ་ཤམ་ཅན་འབུམ་བཞི་བཟླ་བར་གསུངས་སོ།། ༈ །།ཕུར་པ་འདུས་པའི་དྲིལ་སྒྲུབ་ལ་སྒྲུབ་རྟེན་རྫས་ཀྱི་ཕུར་པ་དང་། སྨན་རཀ་གཏོར་མཆོད་སྔ་མ་ལྟར་ལ། བསྙེན་སྔགས་ཀཱི་ལ་ཡ་འབྲུ་དགུ་པ་དང་། སྒྲུབ་སྔགས་འབྲུ་བཅུ་བཞི་པ་གཉིས་འབུམ་ཕྲག་བཞི་རེ། ལས་སྦྱོར་སྤུ་གྲི་ཁྲི་གཅིག་ཙམ་བཟླས་པས་རུང་སྙམ་མོ།། །།འདི་ལྟར་དིལ་མཁྱེན་རིན་པོ་ཆེས་མཛད་པ་ཡིན་ངེས་ཀྱི་ཡིག་གེ་ཕྱག་མཆན་ཕྱག་བྲིས་དངོས་ཀྱང་རེ་ཟུང་ཡོད་པ། རྗེ་ཡི་ཕྱག་དཔེའི་ཁྲོད་ནས་བྱུང་བ་བསྙེན་སྒྲུབ་ཉམས་བཞེས་མཁན་ལ་ཅུང་ཟད་ཕན་རེའི་དྭགས་པོ་སྤྲུལ་སྐུས་ཞལ་བཤུས་ནས་དཀྱུས་སུ་བཙུད་པ་ཡིན་ནོ། །མངྒ་ལཾ།། །།

པདྨ་གསང་བའི་ཐིག་ལེ་ལས༔ རྩ་རྒྱུད་པདྨ་ཟབ་པ་ (Volume 63, Text 14)

ྈ པདྨ་གསང་བའི་ཐིག་ལེ་ལས༔ རྩ་རྒྱུད་པདྨ་ཟབ་པ་བཞུགས་སོ༔ ྈྈྈྈྈྈ ཨོ་རྒྱན་མཁའ་འགྲོའི་སྐད་དུ༔ ཌཱཀྐི་ཛྱིཥྛ་བཛྲ་ཀ་རི་ན་མ༔ བོད་སྐད་དུ༔ པདྨ་ཟབ་པ་རྩ་བའི་རྒྱུད༔ བཅོམ་ལྡན་འདས་རང་བྱུང་པདྨ་ཀུན་ཏུ་ཞལ་ལ་ཕྱག་འཚལ་ལོ༔ འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན༔ རྒྱ་ཆད་ཕྱོགས་ལྷུང་ཡངས་དོག་མཐོ་དམན་དང་བྲལ་བ་རྡོ་རྗེ་བཙུན་མོའི་བྷ་ག་གསང་ཆེན་རོལ་པའི་ཞིང་ན༔ བཅོམ་ལྡན་འདས་བདེ་བ་ཆེན་པོ་ཡེ་ཤེས་རྡོ་རྗེ་ཚེ་དཔག་ཏུ་མེད་པ་དགའ་བ་ཆེན་པོས་རྟག་ཏུ་མཉེས་བཞིན་བཞུགས་སོ༔ དེ་ཡི་འཁོར་དུ་རང་དང་གཉིས་སུ་མེད་ཅིང་རྩལ་འགགས་མེད་དུ་འཕྲོ་བའི་ཆ་ལས༔ བཛྲ་ལཱ་སྱཻ་དང༔ བཛྲ་མཱ་ལྱེ་དང༔ བཛྲ་གཱིརྟཱི་དང༔ བཛྲ་ནིརྟཱི་དང༔ བཛྲ་པུཥྤེ་ལ་སོགས་པའི་ཕྱི་ནང་གི་རྡོ་རྗེ་ལྷ་མོ་རྣམས་རང་རང་གི་བདེ་སྟོང་ཟག་པ་མེད་པས་ཡོངས་སུ་མྱོས་བཞིན་པའི་འཁོར་གྱི་ཚོགས་ཐམས་ཅད་ཀྱིས༔ བཅོམ་ལྡན་འདས་ཀྱི་གསང་བའི་དཀྱིལ་འཁོར་ལ་མཆོད་པ་དུ་མས་མཆོད་བཞིན་རྡོ་རྗེའི་གླུ་ཡིས་ཡང་དག་པར་བསྐུལ་བ་ནི༔ ཨེ་མ་ཧོ༔ སངས་རྒྱས་ཀུན་གྱི་གསང་བ་མཆོག༔ རྡོ་རྗེ་བདུད་རྩི་དྲི་མེད་པ༔ ཡང་དག་ཡེ་ཤེས་ངོ་བོ་ལ༔ མཆོག་རིག་ཡེ་ཤེས་ནང་ནས་སྐྱེས༔ གཉིས་སུ་མེད་པའི་ཡེ་ཤེས་ཀྱིས༔ འགྲོ་བ་རྒྱུད་ལྔར་འཁྱམས་པའི་རྒྱུད༔ ཡོངས་སུ་གང་བའི་དངོས་གྲུབ་སྩོལ༔ ཅེས་ཞུས་པས་བཅོམ་ལྡན་འདས་ཀྱིས་བརྩེ་བར་དགོངས་ཏེ་རྡོ་རྗེའི་གླུ་བླངས་པ་ནི༔ ཨེ་མ་ཧོ༔ ཡེ་ནས་གསང་བ་ཐབས་ཀྱི་སྒོ༔ རང་བཞིན་མེད་པའི་བདག་ཉིད་ཅན༔ སྤྲོས་པ་འགག་པ་དང་བྲལ་ཞིང༔ སྤྲོས་པའི་མཚན་ལས་ཡང་དག་འདས༔ སྤྲོ་བྱ་སྤྲོ་བྱེད་ཡེ་ནས་དབེན༔ འཕྲོས་པའི་སྣང་ཆ་བརྡར་བཏགས་པ༔ འདི་ཞེས་རྒྱལ་བས་མཚོན་དུ་མེད༔ འཕྲོས་ཀྱང་འདིར་གནས་འདི་འོ་ཞེས༔ བརྟག་ཏུ་མེད་ཅིང་འགག་པ་དང༔ འགགས་པའི་ཡུལ་ཡང་ཡེ་ནས་དབེན༔ མེད་པ་མ་ཡིན་རྡོ་རྗེའི་རྒྱུད༔ མཚན་མས་གཞོམ་པར་མི་ནུས་པ༔ བདེ་བ་ཆེན་པོ་རྡོ་རྗེ་ཆེ༔ སངས་རྒྱས་ཉིད་ཀྱིས་ཀྱང་མི་བརྙེས༔ རང་གི་རང་རིག་དྲི་མ་མེད༔ ཨེ་མ་ཧོཿངོ་བོ་ཉིད་ཀྱིས་གསང༔ སྐྱེ་འགག་གནས་པ་དང་བྲལ་བ༔ དེ་ཉིད་མ་རྟོགས་ཐབས་ཀྱིས་ཆོད༔ སངས་རྒྱས་ཆོས་ཁམས་ཡེ་ནས་དག༔ ས་ཆུ་སྤྱན་དང་མཱ་མ་ཀཱི༔ མེ་རླུང་གོས་དཀར་དམ་ཚིག་སྒྲོལ༔ ནམ་མཁའ་དབྱིངས་ཀྱི་ཡུམ་ཆེན་དུ༔ གནས་དག་སྣང་ཡུལ་མཁའ་འགྲོ་མ༔ ཕུང་ཁམས་སངས་རྒྱས་ལྔའི་བདག་ཉིད༔ དབང་ཤེས་སེམས་དཔའ་སེམས་མ་དང༔ བྱང་བྱེད་ཡིད་ཆོས་རྣམ་པར་དག༔ གསེར་གླིང་ས་རྡོ་མི་རྙེད་བཞིན༔ ཡེ་ནས་རྣམ་པར་དག་པ་ལ༔ འཁྲུལ་ངོར་ཀུན་བརྟགས་སྣ་ཚོགས་སྣང༔ བརྟགས་ན་རྫུན་ཕུགས་རང་སར་རྡིབ༔ རང་བྱུང་རང་ཤར་སྤྲོས་མེད་དོ༔ ཞེས་གསུངས་ཏེ་དགྱེས་པ་ཆེན་པོས་རྣམ་པར་འཕྲུལ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ༔ ཞུ་བ་དང་གླུ་ཡི་རིམ་པ་སྟེ་དང་པོ་རྫོགས་སོ༔ ྈྈྈ སླར་ཡང་དགྱེས་པ་ཆེན་པོའི་སྤྲིན་ལས་དཀྱིལ་འཁོར་མངོན་པར་འདུ་མཛད་དེ༔ རྡོ་རྗེའི་གླུ་བླངས་པ་ནི༔ ཨེ་མ་ཧོ༔ ཐ་མལ་ཞེན་སྣང་སྦྱང་བའི་ཕྱིར༔ རིམ་པ་དང་པོའི་རྣལ་འབྱོར་བསྒོམ༔ མངལ་སྐྱེས་ལ་སོགས་རྣམ་པ་བཞི༔ སྦྱང་ཕྱིར་དེ་ཉིད་བཞི་དག་དང༔ སྐྱེ་མཆི་བར་དོ་ལ་སོགས་པའི༔ འཛིན་པ་སྦྱང་ཕྱིར་ཏིང་འཛིན་བསྒོམ༔ སྣོད་དང་བཅུད་ཀྱིས་བསྡུས་པའི་ཆོས༔ དག་པ་གསུམ་གྱི་རང་བཞིན་ཏེ༔ མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས༔ དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང༔ ཕྱོགས་བཅུ་སྟོང་ཁམས་ཡེ་ནས་དབེན༔ རང་བཞིན་དག་པའི་ཆོས་ཉིད་ལ༔ རང་གི་ངང་གིས་རྣམ་གྲོལ་པ༔ ཡུམ་ལྔ་དག་པའི་འབྱུང་རིམ་སྟེང༔ སངས་རྒྱས་ཡོན་ཏན་ལྷུན་རྫོགས་པའི༔ ཡེ་ཤེས་ཆེན་པོའི་མཎྜ་ལ༔ རྟོག་ཚོགས་ཡེ་ནས་ལྷར་དག་པའི༔ རིགས་ཀྱི་ཕྱག་རྒྱ་ཅིར་ཡང་སྣང༔ དང་པོ་རྒྱུ་ཡི་ས་བོན་སྒོམས༔ ནམ་མཁའ་གང་བར་སྤྲོ་ཞིང་བསྡུ༔ འཕེལ་འགྲིབ་བྲལ་བའི་རྒྱན་དུ་ཤར༔ དེ་ལས་ཕྱག་རྒྱ་གཅིག་པ་ཡི༔ རང་བཞིན་ཡེ་ཤེས་མངོན་དུ་བྱ༔ ཕྱག་རྒྱ་རྒྱ་ཆེར་སྤྲོས་པའི་མཐུས༔ སྣོད་བཅུད་ཐ་མལ་ཞེན་སྣང་སྦྱང༔ ཨེ་མ་ངོ་མཚར་རྨད་ཀྱི་ཆོས༔ སྒྲོ་བཏགས་མ་རིག་འཁྲུལ་པའི་ངོར༔ གཉིས་འཛིན་རྟོག་པའི་སྒྱུ་མ་ལ༔ མ་ཤེས་བྱིས་པ་ཨ་ཐང་ཆད༔ སྣ་ཚོགས་རང་རིག་སྤྲོས་བྲལ་བ༔ དུས་གསུམ་ཆ་བྲལ་བཞི་པ་ནི༔ དུས་མེད་རིག་པའི་ངོ་བོ་ལ༔ འཁོར་འདས་ཆོས་ཀུན་རྣམ་པར་རྫོགས༔ རྣམ་པའི་ཆ་ལ་སངས་རྒྱས་ཀྱི༔ མཛད་པའི་ཆོ་འཕྲུལ་ཡང་དག་བསྒྲུབ༔ བསྙེན་པ་ཟླ་བ་སྐར་ཕྲེང་སྟེ༔ གཡོ་ཐོབ་གོམས་བརྟན་མཐར་ཕྱིན་པའི༔ ས་མཱ་དྷིཿལ་རྟག་པར་བརྩོན༔ ཉེ་བར་བསྙེན་པ་རྒྱལ་པོ་ཡི༔ ཕྲིན་ལས་འབངས་ཀྱིས་སྒྲུབ་པ་བཞིན༔ སེམས་ཅན་བར་པ་དང་པོ་གསུམ༔ རྫོགས་པའི་སངས་རྒྱས་ས་ལ་སྦྱོར༔ སྒྲུབ་པ་མགལ་མེ་ཀླད་བསྐོར་ལྟར༔ ཐ་མལ་ཞེན་སྣང་རགས་པ་སྦྱང༔ སྒྲུབ་ཆེན་བུང་བ་ཚང་ཞིག་ལྟར༔ འཁོར་འདས་དག་མཉམ་ཆེན་པོར་སྦྱངས༔ དུས་ཀུན་སྲོག་སྡོམ་གཟེར་བཞི་གཅེས༔ ཤིན་ཏུ་སྦྱངས་པའི་རྣལ་འབྱོར་པས༔ རོ་སོལ་མཆོག་ཆེན་ཐོད་པར་སྦྱར༔ བསྙེན་སྔགས་འབར་བའི་རྣམ་པར་བསྒོམ༔ འོད་དང་དུ་བ་བྱུང་བ་ན༔ མཐོང་བྱེད་ལ་བྱུག་ས་འོག་གི༔ གཏེར་གྱི་དངོས་གྲུབ་ཡང་དག་འགྲུབ༔ གང་ལ་རེག་པའི་དངོས་པོ་རྣམས༔ རྡོ་རྗེ་ཅན་གྱིས་མཐོང་མི་འགྱུར༔ རྐང་པར་བྱུག་པ་ཙམ་གྱིས་ནི༔ མཁའ་འགྲོ་རྣམས་དང་སྐལ་པ་མཉམ༔ གྲི་ལྕགས་རལ་གྲི་རྫས་བྱུག་པ༔ ཁྱེར་ཏེ་བམ་ལ་བཏབ་པ་ཡིས༔ རལ་གྲི་ལ་སོགས་དངོས་གྲུབ་འཐོབ༔ བདུད་རྩི་འོད་ལྡན་དང་སྦྱར་བ༔ ཡུན་དུ་བརྟེན་པས་གཞོན་ནུར་འགྱུར༔ ས་འོག་བུག་པའི་སྒོར་སོང་ལ༔ རྫས་བཤམས་རྩེ་གཅིག་བཟླས་པ་ཡིས༔ རྡོ་རྗེ་ས་འོག་འགྲོ་བར་འགྱུར༔ ཨེ་མ་ངོ་མཚར་ཡ་མཚན་གྱི༔ ཆོ་འཕྲུལ་བསམ་ཡས་ལྷུན་གྲུབ་པ༔ རང་བྱུང་པདྨས་རང་ཤར་བའི༔ དགོངས་པའི་རྩལ་ལས་བྱུང་བའི་དོན༔ རྨད་དུ་བྱུང་བའི་ཕྱག་རྒྱ་ནི༔ ཐ་མལ་ཞེན་སྣང་སྦྱོང་བའི་ཕྱིར༔ སངས་རྒྱས་ཀུན་གྱི་མཛད་པ་ཡི༔ ཆོ་འཕྲུལ་ཟབ་མོ་ཁོ་ན་འོ༔ ཞེས་གསུངས་ཏེ་གསང་བ་ཟབ་མོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ༔ བུམ་དབང་དང་འབྲེལ་བའི་སྣང་སྟོང་བསྐྱེད་པའི་རིམ་པ་སྟེ་གཉིས་པ་རྫོགས་སོ༔ ྈྈྈྈྈ སླར་ཡང་བྱང་ཆུབ་ཀྱི་སེམས་སྤྲིན་རྣམ་པར་འཕྲོ་བས་བདེ་བ་ཆེན་པོའི་ཡེ་ཤེས་རྒྱས་པར་མཛད་དེ་རྡོ་རྗེ་གླུ་བླངས་པ་ནི༔ ཨེ་མ་ཧོ༔ ཨ་ལ་ལ་ལ་ལ་ཧོ༔ མི་འགྱུར་བདེ་བ་ཐབས་ཆེན་པོ༔ རྣམ་ཀུན་མཆོག་ལྡན་སྟོང་ཉིད་ཀྱི༔ དབྱིངས་སུ་སྙོམས་པར་ཞུགས་པ་ལས༔ འོད་གསལ་ཡེ་ཤེས་མངོན་དུ་འགྱུར༔ རྣམ་པ་ལམ་དུ་བྱེད་པའི་ཕྱིར༔ རང་ལུས་དངོས་པོའི་འཛིན་པ་བྲལ༔ སྟོང་ཉིད་དབྱིངས་སུ་འཇའ་ལྟར་ཤར༔ ལུས་དབུས་རྩ་གསུམ་གསལ་བཏབ་ལ༔ སྤྱི་བོ་བདེ་བ་ཆེན་པོ་ནི༔ ཐབས་ཀྱི་རྣམ་པ་ཐུར་དུ་ལྟ༔ མགྲིན་པ་རོ་འདུས་འཁོར་ལོ་ནི༔ ཤེས་རབ་རང་བཞིན་གྱེན་དུ་ཕྱོགས༔ སྙིང་ཁ་ཆོས་ཀྱི་འཁོར་ལོ་ནི༔ གདུགས་ཀྱི་རྣམ་པར་དབུབ་པའི་འོག༔ ལྟེ་བ་སྤྲུལ་པའི་འཁོར་ལོ་ནི༔ འདེགས་པའི་ཚུལ་གྱིས་གྱེན་དུ་གྱེས༔ གསང་གནས་བདེ་བ་བསྐྱེད་པའི་རྩ༔ ཁྱིམ་གྱི་ཚུལ་དུ་མཉམ་པར་འཁྱིལ༔ འབྱུང་བའི་དུག་རླུང་རྣམ་པར་བསལ༔ ཡེ་ཤེས་རང་མདངས་ཁ་སྦྱོར་བསླབ༔ རོ་རྐྱང་ལམ་ལས་བུས་པའི་རླུང༔ ལྟེ་འོག་མེ་གོང་ལ་རེག་པས༔ མེ་ལྕེ་ཏལ་གྱིས་འབར་བ་ཡིས༔ རྩ་གནས་ཉུག་ཉུག་ཁྱབ་པར་བསམ༔ རྒྱ་མཚོ་བསྐྱིལ་ཞིང་སྟེང་འོག་གི༔ སྒོ་གཉིས་བསྡམས་ལ་བུམ་པར་བྱ༔ ལྟེ་འོག་འཕུར་བརྡབ་དྲག་ཏུ་བྱ༔ རིམ་བཞིན་ལྟེ་བ་སྙིང་ཁར་སྦར༔ སྔ་མར་དྲོད་ཐོབ་ཕྱི་མར་འཇུག༔ མགྲིན་པ་ནས་བརྩམས་སྤྱི་བོར་སྦར༔ རྐང་པ་གཡས་གཡོན་ལག་པ་གཉིས༔ འཕུར་ཤད་བརྐྱང་སྟེ་དྲག་ཏུ་བརྡབ༔ གཡས་ཤད་གཡོན་ཤད་པུས་མོ་བརྡབ༔ རྡོར་སྐྱིལ་འབེབ་དང་བརྐྱང་སྟེ་འབེབ༔ རིམ་བཞིན་ནང་ལུས་གནས་ཁང་དང༔ མཐར་ནི་དཔག་ཚད་ཙམ་དུ་སྦར༔ དེ་ཡིས་བདེ་དྲོད་མེ་ལྟར་འབར༔ ཤིན་ཏུ་རྒུད་ན་ལྟེ་འོག་གི༔ ཕྱོགས་བཞིར་མེ་གོང་འབར་བ་བཞི༔ འུར་སྒྲ་བཅས་ཏེ་འབར་བར་བསམ༔ དྲོད་ཀྱི་འབེབ་ཆེན་རྣམ་བཞི་བྱ༔ དམིགས་པ་སྔར་ལྟར་སྤྱི་བོ་ཡི༔ འཁོར་ལོར་བྱང་ཆུབ་སེམས་ཀྱི་དངོས༔ ཟླ་ཞུན་ལྟ་བུའི་བྱང་སེམས་ཀྱི༔ ཐིག་ལེ་ཧཾ་ཡིག་ཐུར་དུ་ལྟ༔ བཅུ་དྲུག་ཟིལ་པ་སྐར་ལྟར་འཕྲོ༔ མེ་ལྕེ་རེག་པས་སེམས་རྒྱུན་བབས༔ འཁོར་ལོ་རྣམ་བཞིར་འབྲོས་འདེད་ཚུལ༔ ཡང་ཡང་བསྒོམས་པས་བདེ་དྲོད་འབར༔ ཁྲུ་གང་ཚད་ཀྱི་ཁྲི་འུའི་ཁར༔ རྒྱལ་པོ་སྒྱུ་མའི་ལོངས་སྤྱོད་འབེབ༔ འཛིན་པ་ཁྲོན་ཆུ་བསྐྱིལ་པ་ལྟར༔ འདྲེན་པ་ཧཱུྃ་རིང་ཧཱུྃ་ཐུང་དང༔ སྟག་མོའི་ཁོང་འདྲེན་དག་གིས་དྲངས༔ བཀྲམ་པ་རྒྱུ་སྐར་ཁྱིམ་འཛུད་དེ༔ འཕར་འཁྲབ་སེང་གེ་རྣམ་པར་རོལ༔ རྩེ་གཅིག་བསྒོམས་པས་རྩ་མདུད་གྲོལ༔ སྒོ་གསུམ་ཤིན་ཏུ་སྦྱངས་པ་ཐོབ༔ དག་པའི་རྟེན་འབྲེལ་མངོན་དུ་འགྱུར༔ གསང་བ་བྱང་ཆུབ་སེམས་ཀྱི་དབང༔ ཐོབ་ལས་ཡང་དག་དངོས་གྲུབ་འབྱུང༔ རྩ་རླུང་འཕོ་བའི་དྲི་མ་དག༔ འོད་གསལ་ཡེ་ཤེས་རང་ཤར་བའི༔ རྨད་བྱུང་གསང་བའི་ལམ་མཆོག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་གསུངས་སྟེ་རྡོ་རྗེ་བཙུན་མོའི་བྷ་ག་ལ་རྣམ་པར་སྙོམས་པར་ཞུགས་སོ༔ གསང་དབང་དང་འབྲེལ་བའི་གྲགས་སྟོང་གསུང་རྡོ་རྗེའི་རྣལ་འབྱོར་གྱི་རིམ་པ་སྟེ་གསུམ་པ་རྫོགས་སོ༔ ྈྈྈྈྈ སླར་ཡང་ཟུང་འཇུག་བདེ་བ་ཆེན་པོར་དགྱེས་པའི་རྡོ་རྗེའི་གླུ་བླངས་པ་ནི༔ ཨེ་མ་ཧོ༔ ཨེ་ཝཾ་མ་ཡ༔ ཨེ་ས་མ་ཡ་ཨ་ལ་ལ་ལ་ལ་ཧོ༔ མཁའ་འགྲོ་སྒྱུ་མ་བདེ་མཆོག་ནི༔ སངས་རྒྱས་ཀུན་གྱིས་མཉམ་པར་སྦྱོར༔ ཨེ་མ་ངོ་མཚར་ཡ་མཚན་ཆོས༔ བདེ་བ་ཆེན་པོའི་མན་ངག་བསྟན༔ རྩ་དང་རླུང་ལམ་སྦྱངས་པ་ཡིས༔ ཟླ་བ་ཡུམ་ལྔར་གསལ་བ་ཉིད༔ རྡོ་རྗེ་འཁྱུད་ཅིང་རོལ་པར་བསམ༔ སྔར་འདྲིས་ལྷ་མོ་སྟོང་པའི་གཟུགས༔ སྒྱུ་མའི་ཕྱག་རྒྱར་སྙོམས་ཞུགས་པ༔ བདེ་བ་སྟོབས་སུ་མ་གྱུར་ན༔ དམ་ཚིག་སྒྲོལ་མའི་འཕྲུལ་འཁོར་ལ༔ མཱ་མ་ཀཱི་ཡི་བྱིན་གྱིས་བརླབས༔ སྟོབས་སུ་གྱུར་པའི་བདེ་བ་ཆེ༔ གནས་ནས་བྱུང་བ་སེམས་འཕོ་ན༔ དར་དམར་གྱེན་ཕྱར་ཉི་ཟླ་ཟློག༔ རྒྱ་མཚོ་ཨར་གཏད་སྲིན་ཞལ་བསྡམ༔ ཧཱུྃ་རིང་སྒྲས་དྲངས་ཁྱབ་པར་བཀྲམ༔ འཕོ་མེད་ངེས་པའི་བརྟན་ཐོབ་ན༔ ལྷ་མོ་ཀླུ་མོ་རིགས་ངན་མོ༔ དབྱེ་འམ་ཡང་ན་མི་དབྱེ་བར༔ དྲང་ངེས་ཆོས་བཤད་རྒྱུད་གྲོལ་བར༔ དབང་བསྐུར་ཟབ་མོའི་སྣོད་རུང་བྱ༔ དབེན་པར་གནས་ལ་འདོད་པ་ཡི༔ སྒྱུ་རྩལ་ཇི་བཞིན་བདེ་བ་བསླང༔ རང་དང་ཕྱག་རྒྱ་ལྷ་རུ་བསྒོམ༔ མཁའ་གསང་རྡོ་རྗེ་པདྨར་བརླབས༔ ཐབས་འདིར་བརྟེན་ནས་རང་གནས་ཀྱི༔ ཡེ་ཤེས་མངོན་དུ་བྱེད་པར་བསམ༔ ཛཿཧཱུྃ་བཾ་ཧོས་སྙོམས་པར་ཞུགས༔ རུས་སྦལ་འགྲོས་ཀྱིས་དལ་བར་འབེབ༔ གཡོ་ལྡང་བྱང་ཆུབ་སེམས་ཀྱི་མཐུས༔ བདེ་བ་སྔ་འཇིག་ཕྱི་མར་འཇུག༔ འོད་གསལ་འཕོ་བ་མེད་པར་སྨོན༔ དགའ་བ་བཞི་པོ་ངོས་བཟུང་ལ༔ དུད་འགྲོའི་འགྱུར་བ་བཞི་ཡིས་ལྡོག༔ སྤྱི་བོར་བྱོན་པའི་མཐར་ཐུག་བར༔ མས་བརྟན་ཡེ་ཤེས་མངོན་དུ་བྱ༔ ཡང་ན་ཡུམ་མཁར་སྲིད་ཞི་ཡི༔ དྭངས་བཅུད་བསྡུས་ལ་རྣམ་པར་དྲངས༔ སྙིང་གར་སྲོག་གི་ཐིག་ལེར་བསྟིམ༔ འཆི་མེད་ཚེ་དབང་ངེས་པར་འགྲུབ༔ མཆོག་མཐའ་དགའ་བྲལ་ཡེ་ཤེས་ནི༔ མུན་པ་ལ་ནི་མར་མེ་ལྟར༔ བདེ་བ་ཆེན་པོ་འཕོ་མེད་པ༔ མཚོན་བྱེད་དཔེ་ཡི་བརྡས་མཚོན་ཏེ༔ མཚོན་བྱ་དོན་གྱི་ངོ་བོ་མཐོང༔ སངས་རྒྱས་ཁོ་ནའི་བརྣག་པ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་གསུངས་ཏེ་འོད་གསལ་ཀ་ནས་དག་པའི་དབྱིངས་སུ་སྙོམས་པར་ཞུགས་སོ༔ ཤེར་དབང་དང་འབྲེལ་བའི་བདེ་སྟོང་ཐུགས་རྡོ་རྗེའི་རྣལ་འབྱོར་གྱི་རིམ་པ་སྟེ་བཞི་པ་རྫོགས་སོ༔ ྈྈྈྈྈ སླར་ཡང་འཁོར་འདས་ཀ་ནས་དག་པའི་དབྱིངས་ལས་རྡོ་རྗེ་གསང་བའི་སྒྲ་རང་ཤར་བའི་ཚུལ་གྱིས་མངོན་པར་སྣང་བ༔ ཧོ༔ ཀ་ནས་དག་པའི་རང་རིག་པ༔ མངོན་དུ་བྱེད་པའི་ཐབས་ཟབ་མོ༔ གཞན་དུ་ཡོད་འོང་མ་མཆིས་ཏེ༔ རང་གི་རང་རིག་འོད་གསལ་བ༔ རང་བཞིན་ཡེ་ནས་གསང་བའི་དོན༔ རང་ལ་མངོན་པར་སྣང་བའི་ཕྱིར༔ མན་ངག་ལྡན་པའི་སློབ་དཔོན་གྱིས༔ ཚུལ་བཞིན་ལག་ཁྲིད་གཏན་ལ་དབབ༔ ལུས་སྦྱང་རྡོ་རྗེའི་འདུག་སྟངས་བྱ༔ ངག་སྦྱང་ཧཱུྃ་ནི་རིང་ཐུང་བརྗོད༔ སེམས་སྦྱང་བྱུང་གནས་འགྲོ་འོང་བཙལ༔ གཞི་རྩ་ཆོད་པའི་བར་དུ་བསླབ༔ ལུས་ངག་ཡིད་ཀྱི་བྱ་བ་ནི༔ མི་བྱ་མེད་པར་བྱས་པའི་མཐུས༔ འཁོར་འདས་རུ་ཤན་རྣམ་པར་དབྱེ༔ ཕྱི་སྣང་ནང་གི་ཕུང་པོ་ལ༔ རྒྱས་གདབ་རྩལ་སྦྱང་མཉེན་བཙལ་བས༔ ལུས་ངག་སེམས་ལ་ཤིན་སྦྱངས་འགྲུབ༔ དངོས་གཞི་རིག་རྩལ་དབང་ཐོབ་ནས༔ རང་བཞིན་ཡེ་ནས་གྲོལ་བའི་དབྱིངས༔ གནས་ལུགས་རང་གྲོལ་གཉེན་པོ་ཡིས༔ བསྐྱར་མི་དགོས་པ་ངོ་བོའི་གཤིས༔ རྣམ་རྟོག་སྔ་ཕྱི་མེད་པ་རུ༔ ཤར་ཙམ་ཉིད་ནས་རང་གྲོལ་བ༔ སྟོང་པའི་རང་བཞིན་རང་འོད་གསལ༔ གསལ་བའི་ཐུགས་རྗེ་འགག་པ་མེད༔ ངོ་བོ་གདོད་ནས་སྟོང་པ་ཉིད༔ མ་སྐྱེས་ཆོས་སྐུའི་བདག་ཉིད་ཅན༔ རང་བཞིན་གསལ་ལ་འཛིན་པ་མེད༔ མ་གཡོས་ལོངས་སྤྱོད་རྫོགས་པའི་བདག༔ ཐུགས་རྗེ་སྣ་ཚོགས་སྣང་བའི་རྩལ༔ མ་འགགས་སྤྲུལ་པ་སྐུ་ཡི་དངོས༔ འཁོར་འདས་འཁྲུལ་ངོར་བཏགས་པ་ཙམ༔ དོན་ལ་རང་རིག་སོ་མའི་ངང༔ དེ་ཡང་ཐ་མལ་ཤེས་པ་ཉིད༔ བཟོ་བཅོས་མེད་པར་ལྷུག་པར་གཞག༔ སྤྲོ་བསྡུ་མེད་པར་ས་ལེར་གཞག༔ དགག་སྒྲུབ་མེད་པར་རང་གར་གཞག༔ སྤང་བླང་མེད་པར་ཅོག་གེར་གཞག༔ འཛིན་པ་མེད་པར་ཐ་ལེར་གཞག༔ འདི་ཡིན་མེད་པར་ཆམ་མེར་གཞག༔ གང་ཡང་མཚོན་དུ་མེད་པའི་ངང༔ འདི་ཞེས་བརྗོད་མེད་ཀློང་དུ་གཞག༔ དེ་ཚེ་རྣམ་པར་རྟོག་པའི་ཚོགས༔ ཤར་ཙམ་ཉིད་ནས་ངོ་བོ་ཡི༔ ཀློང་དུ་རང་ཞིག་རང་གྲོལ་བ༔ སྦྲུལ་མདུད་ནམ་མཁར་བོར་བ་བཞིན༔ གཉེན་པོ་མེད་པར་གྲོལ་བར་འགྱུར༔ བོགས་འདོན་ནམ་མཁའ་སུམ་ཕྲུགས་བསྒོམ༔ ནངས་པར་རླུང་སེམས་རང་བབ་གཞག༔ རིག་པ་རྗེན་པའི་ངང་ཉིད་དུ༔ སྐྱེ་མེད་ཨ་ཡིག་ནམ་མཁར་སྒོམས༔ ཧ་ཞེས་རླུང་བུས་ཧ་རེར་གཞག༔ མདོར་ན་འདི་ཡིན་རྩིས་མེད་པར༔ ཧད་དེ་བ་ལ་གསལ་རིག་ཅན༔ མ་བཅོས་བདུན་ལྡན་ངོ་བོར་གནས༔ ཨེ་མ་སྙིང་ཕྱུང་ལག་མཐིལ་དུ༔ ལེགས་པར་བཀྲམས་པའི་མན་ངག་འདི༔ སངས་རྒྱས་ཉིད་ཀྱིས་རང་བཞིན་ཉིད༔ གསལ་བར་ཡང་དག་བསྟན་པ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་གསུངས་ཏེ་འོད་གསལ་ལྷུན་གྱིས་གྲུབ་པའི་དབྱིངས་སུ་སྙོམས་པར་ཞུགས་སོ༔ ཚིག་དབང་དང་འབྲེལ་བའི་ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་གྱི་རིམ་པ་སྟེ་ལྔ་པ་རྫོགས་སོ༔ ྈྈྈྈྈ སླར་ཡང་འོད་གསལ་ལྷུན་གྱིས་གྲུབ་པའི་དབྱིངས་ལས་རིག་གདངས་བརྗོད་མེད་ཀྱི་རང་སྒྲར་ཤར་བ་ནི༔ ཨེ་མ་ཧོ༔ ཀ་དག་འདུས་མ་བྱས་པའི་དབྱིངས༔ ལྷུན་གྲུབ་ཡེ་ཤེས་ཉི་ལྟར་ཤར༔ ཐུགས་རྗེ་འགགས་མེད་འོད་ཟེར་འཕྲོ༔ འཕོ་མེད་དབྱིངས་སུ་འུབས་ཆུབ་པའི༔ མྱུར་ལམ་ཟབ་ཅིང་རྨད་བྱུང་བ༔ ཐེག་པ་གཞན་ལ་མ་གྲགས་ཤིང༔ འོད་གསལ་རྡོ་རྗེ་སྙིང་པོ་ཡི༔ དགོངས་པའི་ཏི་ཀ་ཁྱད་འཕགས་པ༔ ཉམས་བླང་ཐོག་མར་ལུས་ངག་ཡིད༔ ཕྱི་ནང་བྱ་བ་དགུ་ཕྲུགས་གཏང༔ ལུས་གནད་སྐུ་གསུམ་བཞུགས་སྟངས་བྱ༔ རླུང་གནད་འགྲོ་འོང་དལ་བར་བསླབ༔ ཡུལ་གནད་ནམ་མཁའ་ཟེར་དང་སྦྲགས༔ སྒོ་གནད་ལྡོག་ཕབ་ཟུར་གྱིས་བལྟ༔ སེམས་གནད་འཛིན་པའི་སྤུ་རིས་བྲལ༔ སྙིང་ནས་མིག་ཏུ་འབྲེལ་བའི་རྩ༔ དཀར་འཇམ་ཤེལ་གྱི་སྦུ་གུ་ཅན༔ སྐྱོན་བྲལ་ཟེར་གྱིས་གོ་ཕྱེས་ཏེ༔ ཐིག་ལེ་སྟོང་པའི་དབྱིངས་རུམ་ནས༔ རིག་པ་རྡོ་རྗེ་ལུ་གུ་རྒྱུད༔ བདག་པོའི་རྗེས་འགྲོ་སྒྱུ་མའི་གར༔ མངོན་སུམ་ཙཀྵུའི་ལམ་དུ་སྣང༔ རྩེ་གཅིག་ཉིད་དུ་གོམས་བྱས་པས༔ དབྱིངས་སྣང་རེ་ལྡེ་ནས་བརྩམ་སྟེ༔ འོད་ལྔ་ཚོམ་བུར་འཆར་བ་དང༔ རིག་པ་སྐུ་རུ་སྨིན་པ་ལས༔ ཕྱེད་སྐུ་ཡང་དག་རྫོགས་ཀྱི་བར༔ དེ་ཡང་རིགས་གཅིག་རིགས་ལྔ་དང༔ རིགས་བརྒྱ་བསམ་མི་ཁྱབ་པར་སྣང༔ མཐར་ནི་ཕྱི་ནང་སྣང་བ་ཀུན༔ སྐུ་དང་ཞིང་ཁམས་རང་བཞིན་དུ༔ འོང་གྱུར་འདི་ལ་ཐེ་ཚོམ་མེད༔ སྣང་བ་ཇི་ལྟར་འཕེལ་ཆེ་ཡང༔ བྱིས་པས་ལྷ་ཁང་བལྟ་བ་ལྟར༔ འཛིན་མེད་ངང་དུ་ཆམ་མེར་གཞག༔ དབྱིངས་གསུམ་གཅིག་ཏུ་བསྲེ་བ་གནད༔ ཅོག་གཞག་ཚུལ་གྱི་ལྟ་བ་ཡིས༔ ལྷུན་གྲུབ་ཡེ་ཤེས་མངོན་དུ་བྱ༔ ཤིན་ཏུ་གོམས་པས་སྣང་བ་ཟད༔ ན་རོ་བདུན་བརྩེགས་རང་བཞིན་འཆར༔ ཆོས་ཉིད་མངོན་སུམ་ལྷག་གེར་མཐོང༔ ཉམས་ཀྱི་སྣང་བ་གོང་དུ་འཕེལ༔ རིག་པ་ཚད་ཕེབས་ཆེན་པོ་ཉིད༔ ཆོས་ཉིད་ཟད་པའི་ས་ལ་སྐྱོལ༔ དེ་ཚེ་སོར་མོར་རིག་པ་གཏད༔ འོད་གསལ་སྣང་བ་སླར་གསལ་ཏེ༔ འཆི་མེད་འོད་ཀྱི་སྐུ་རུ་འགྱུར༔ གཞན་དུ་སྒྲ་འོད་ཟེར་དང་བཅས༔ གདོས་བཅས་ཕུང་པོ་མི་སྣང་བར༔ ཟག་མེད་གཞོན་ནུ་བུམ་པའི་སྐུར༔ མངོན་པར་འཚང་རྒྱ་རྨད་དུ་བྱུང༔ སྒྲོན་མ་དྲུག་གི་དབྱིངས་རུམ་དུ༔ རིག་པའི་སྐྱེས་བུ་སྙོམས་ཞུགས་པས༔ འཁོར་འདས་རང་སར་གྲོལ་བའི་ཐབས༔ རྨད་དུ་བྱུང་བ་དོན་གྱི་སྙིང༔ ཡང་དག་གསང་བའི་བརྡའ་རུ་བསྟན༔ ས་མ་ཡ༔ ཨ་ཏི༔ གུ་ཧྱ༔ རྒྱ་རྒྱ་རྒྱ༔ ཞེས་གསུངས་ཏེ་བདེ་བ་ཆེན་པོ་འོད་གསལ་བའི་ཡེ་ཤེས་ཀྱིས་ཡང་དག་པར་དགྱེས་པར་གྱུར་ཏེ༔ དེ་ཁོ་ན་ཉིད་རབ་ཏུ་སྤྲོས་མེད་འོད་གསལ་བའི་རང་བཞིན་གྱི་རྣལ་འབྱོར་རྣམ་པར་དབྱེ་བ་སྟེ་དྲུག་པ་རྫོགས་སོ༔ ཟབ་གསང་ཐུགས་ཀྱི་སྙིང་པོ་འདི༔ རྒྱས་པར་བསྟན་ལས་མདོར་བསྡུས་ཏེ༔ རྣམ་པར་དྲིལ་བའི་སྙིང་པོའི་དོན༔ དགོངས་པའི་དབྱིངས་ལས་རང་ཤར་བས༔ མ་འགགས་གསང་བའི་བརྡའ་རུ་བསྟན༔ རྡོ་རྗེའི་རིག་པ་འཛིན་པ་དང༔ འཕུར་འགྲོ་དྷཱ་ཀིའི་ཚོགས་ལ་གཏད༔ དུས་ཀྱི་ཐ་མར་རང་སྣང་བས༔ ཡེ་ཤེས་ཆེན་པོར་རྒྱས་པར་འགྱུར༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ཨ་ཏི༔ གུ་ཧྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཁོ་བོ་རིག་འཛིན་བདུད་འཇོམས་རྡོ་རྗེ་བདག་སྔོན་སྨོན་རྟེན་འབྲེལ་གྱི་སྣང་བས་ཡོངས་སུ་བཟུང་སྟེ་མདོ་ཁམས་ཡེ་རྒྱལ་ནམ་མཁའ་མཛོད་ཀྱི་གསང་ཕུག་ནས་དངོས་གྲུབ་ཏུ་ཐོབ་པའི་ཤོག་སེར་མཁའ་འགྲོའི་བརྡ་ཡི་ཆོ་འཕྲུལ་ལས། ཡོངས་སུ་རྫོགས་པ་ས་ལ་སྤྱོད་པའི་གྲོང་ཁྱེར་བདེ་ཆེན་པདྨ་བཀོད་ཀྱི་གནས་ཀྱི་གཙོ་བོ་ཀུན་འདུས་བདེ་གཤེགས་ཕོ་བྲང་གི་བྱང་ཤར་མཁའ་འགྲོ་འདུ་བའི་གླིང་སྤང་ལྗོངས་སུ། ཟླ་ཞུན་ཐགས་སུ་བཏགས་པའི་ངང་ཚུལ་གྱི་ལྡིང་གུར་དུ་ལེགས་པར་གཏན་ལ་ཕབ་སྟེ་བཀོད་པ་ཕྱོགས་དུས་ཐམས་ཅད་དུ་བཀྲ་ཤིས་དགེ་ལེགས་ཀྱི་དཔལ་ཡོན་ཡོངས་སུ་དར་བའི་རྒྱུར་སིདྡྷི་རསྟུ།། །། ྈ ྈྈྈྈྈ པདྨ་ཟབ་པ་རྩ་བའི་རྒྱུད་ལས་མ་ཚང་བ་ཁ་སྐོང་མན་ངག་འཐོར་བུའི་རྒྱུད་ནི༔ དེ་ནས་འཁོར་གྱི་ཚོགས་རྣམས་ཀྱི་བདེ་བའི་རོལ་མོ་མཐའ་ཡས་པར་དཀྲོལ་ཏེ་སླར་ཡང་ཞུས་པ༔ ཨེ་མ༔ མགོན་པོ་འཆི་མེད་ཚེ་ཡི་ལྷ༔ དགྱེས་པའི་དབྱིངས་ལས་རང་ཤར་བའི༔ ཟབ་མོའི་རྒྱུད་ཀྱི་སྒྲ་བསྒྲགས་པས༔ ཀུན་ཀྱང་རྫོགས་པའི་གོ་འཕང་དུ༔ མངོན་པར་འཚང་རྒྱ་རྨད་དུ་བྱུང༔ སླར་ཡང་དགྱེས་པའི་སྤྲིན་ཆེན་པོས༔ མན་ངག་ཁ་འཐོར་བཤད་དུ་གསོལ༔ ཞེས་ཞུས་པས༔ བཅོམ་ལྡན་འདས་དགྱེས་པ་ཆེན་པོས་སླར་ཡང་འདི་སྐད་ཅེས་བཀའ་བསྩལ་ཏོ༔ ཉོན་ཅིག་འཁོར་གྱི་ཚོགས་རྣམས་ཉོན༔ རྣལ་འབྱོར་དད་ལྡན་ཁ་ཅིག་ལ༔ དང་པོ་ལམ་སྟེགས་གདམས་པ་བསྟན༔ ཁམས་གསུམ་འཁོར་བའི་གནས་རིས་ལས༔ ངེས་པར་འབྱུང་བས་ཐོག་དྲངས་ཏེ༔ ཕྱི་ནང་གསང་བ་དེ་ཁོ་ནའི༔ དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ༔ སྨོན་འཇུག་དོན་དམ་བྱང་སེམས་བསྐྱེད༔ སྟོབས་བཞིའི་སྒོ་ནས་སྡིག་ལྟུང་བཤགས༔ ཁྱད་པར་མཐུན་རྐྱེན་ཚོགས་རྫོགས་ཕྱིར༔ སྐུ་གསུམ་དག་པའི་མཎྜལ་འབུལ༔ བླ་མར་གསོལ་གདབ་མོས་གུས་བསྐྱེད༔ དེ་ནས་སྣང་སྟོང་བསྐྱེད་རིམ་སྒོམ༔ རིམ་བཞིན་འོད་སྐུ་གྲུབ་ཀྱི་བར༔ ལེགས་པར་ཉམས་བླངས་རིམ་གྱིས་ལམ༔ གཞན་ཡང་བླ་མའི་བྱིན་རླབས་དང༔ རང་གི་ལས་སྨོན་མཐུ་ལ་བརྟེན༔ གཅིག་ཆར་རྟོགས་གྲོལ་དུས་མཉམ་སྟེ༔ དབང་པོར་འཚམ་བཞིན་ཉམས་སུ་བླང༔ ཁྱད་པར་ཚོམ་བུ་ཚོགས་སྒྲུབ་ཀྱི༔ རྣལ་འབྱོར་ཟབ་མོར་འཇུག་འདོད་ན༔ ཕུན་སུམ་ཚོགས་པ་ལྔ་ལྡན་གྱི༔ སྒྲུབ་པ་ཆེན་པོའི་གཞི་ཡང་གཟུང༔ ཕྱི་ནང་མཚམས་བཅད་དཀྱིལ་འཁོར་བཞེངས༔ རྒྱན་འགོད་རྟགས་གདབ་མངའ་གསོལ་ཞིང༔ སྒྲུབ་པ་ལུང་གི་དམ་ཚིག་འབོགས༔ དངོས་གཞི་སེར་ཕྲེང་མཆེད་ལྕམ་རྣམས༔ རྣམ་དག་ལྷ་ཡི་ཏིང་འཛིན་བསྒོམ༔ ཡན་ལག་བཞི་ལྡན་སྒྲུབ་པ་ཆེའི༔ ཚུལ་ལ་རྩེ་གཅིག་མཉམ་བཞག་པས༔ ཟླ་དྲུག་ལོ་གཅིག་མཐར་བྱས་པའི༔ ལྕམ་དྲལ་ཚོམ་བུར་བཅས་པ་རྣམས༔ མངོན་པར་འཚང་རྒྱ་རྨད་དུ་འབྱུང༔ ཕན་འདོགས་ཚར་གཅོད་ལ་སོགས་པ༔ ལས་ཀུན་མྱུར་མགྱོགས་མེ་ཡིས་འགྲུབ༔ ཞི་བ་དཀར་སོགས་ཤར་བལྟས་དང༔ ཐབ་ཁུང་ཟླུམ་པོ་ཞི་བའི་སེམས༔ ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར༔ བསྲེག་བླུག་འབུལ་ལ་ལྷ་ཚོགས་བསྐྱེད༔ འཇིག་རྟེན་པ་དང་འདས་པ་ལ༔ དེ་བཞིན་རྒྱས་དབང་དྲག་པོར་འབུལ༔ ལས་འགྲུབ་མེ་ཡི་སྦྱོར་བ་འོ༔ གཞན་ཡང་དཀྱིལ་འཁོར་གཙོ་བོ་ཡི༔ དུང་ཁང་འབར་བར་ཁྲོ་བོ་དང༔ མགྲིན་པར་རིག་འཛིན་བླ་མའི་ཚོགས༔ སྙིང་ཁར་ཞི་བ་དབྱིངས་ཀྱི་ལྷ༔ མ་འདྲེས་ཚོམ་བུའི་ཚུལ་དུ་བསྒོམ༔ ཕྱི་ནང་གསང་བའི་མཆོད་པ་ནི༔ བརྒྱ་རྩ་འབུལ་ཞིང་ལྷ་ཚོགས་ཀྱི༔ མཚན་ནས་བརྗོད་ལ་ཕྱག་ཀྱང་འཚལ༔ ངག་གི་སྒྲིབ་པ་བཟླས་པས་སྦྱངས༔ ཡིད་ཀྱི་རྟོག་སྒྲིབ་ལྟ་བས་བཤགས༔ ཐུན་མོང་ཚོགས་ཀྱི་མཆོད་པས་བསྐང༔ དེས་ནི་ཉམས་ཆག་མ་ལུས་བཤགས༔ མཆོག་ཐུན་དངོས་གྲུབ་ངེས་པར་ཐོབ༔ ས་ཁམས་ཚེ་ཉམས་སཱཙྪ་གདབ༔ སྤྱན་མར་བསྐྱེད་ལ་རབ་ཏུ་གནས༔ ཆུ་ཁམས་ཚེ་ཉམས་ཆུ་སྦྱིན་བྱ༔ མཱ་མ་ཀཱིར་བསྐྱེད་ཕྲིན་ལས་བཅོལ༔ མེ་ཁམས་ཚེ་ཉམས་གོས་དཀར་མོ༔ དམར་བའི་བུད་ཤིང་འབུལ་ལ་གསོ༔ རླུང་ཁམས་ཚེ་ཉམས་ཁམས་མཐུན་གྱི༔ ཅོད་པན་དམ་ཚིག་སྒྲོལ་མར་བསྐྱེད༔ རི་རྩེར་མཐུན་པའི་རླུང་ལ་བསྐྱོད༔ ནམ་མཁའི་ཚེ་ཉམས་མཐོ་བའི་སར༔ ཁམས་གསུམ་བཅུད་རྣམས་ནམ་མཁར་བསྡུས༔ དབྱིངས་ཕྱུག་ངོ་བོར་ཁོང་དུ་མིད༔ ཐུན་མོང་སྐྱེ་མཆེད་ཡོངས་ཚང་ཞིང༔ ཤ་རྒྱས་སྲོག་ཆགས་ཚེ་ཐར་བྱ༔ ཀུན་ལ་སངས་རྒྱས་སྐུ་གཟུགས་བཞེངས༔ གསུང་སྒྲོགས་སེམས་ཅན་གནོད་འཚེ་སྤང༔ ཐུགས་ཀྱི་རྟེན་བཞེངས་མཆོད་པར་བརྩོན༔ རྟེན་འབྲེལ་མི་བསླུའི་བདེན་པ་ཡིས༔ ཚེ་རིང་དཔལ་འབྱོར་གོང་དུ་འཕེལ༔ ཨེ་མ་ངོ་མཚར་རྨད་བྱུང་བའི༔ ཟབ་མོའི་གནད་ཀྱི་གདམས་པ་འདི༔ ཡལ་བར་མ་འདོར་ཉམས་སུ་ལོངས༔ མ་འོངས་དྲག་སྤྱོད་སྙིགས་མའི་དུས༔ ལས་ཅན་ཆོས་བདག་སྐྱེས་བུ་ལ༔ ཕན་ཕྱིར་ཟབ་མོའི་གཏེར་དུ་གདམས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་གསུངས་ཏེ་སྟོན་འཁོར་དབྱེར་མེད་པའི་དགོངས་པས་ཡང་དག་པར་མཉེས་པར་གྱུར་ཏོ༔ ཞེས་པའང་ཁོ་བོ་བདུད་འཇོམས་རྡོ་རྗེའི་ཟབ་གཏེར་གྱི་གསང་བའི་མན་ངག་ཡང་དག་པའོ། །སརྦ་མངྒ་ལཾ། བཀྲ་ཤིས།། །།

པདྨ་གསང་བའི་ཐིག་ལེའི་རྩ་རྒྱུད་པདྨ་ཟབ་པའི་བསྡུས་འགྲེལ་པདྨོའི་དྲྭ་བ་ (Volume 63, Text 15)

༄༅། །པདྨ་གསང་བའི་ཐིག་ལེའི་རྩ་རྒྱུད་པདྨ་ཟབ་པའི་བསྡུས་འགྲེལ་པདྨོའི་དྲྭ་བ་བཞུགས་སོ། ། བཅོམ་ལྡན་འདས་བདེ་བ་ཆེན་པོ་ཡེ་ཤེས་རྡོ་རྗེ་ཚེ་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །རྩ་རྒྱུད་པདྨ་ཟབ་པའི་བསྡུས་དོན་རྣམ་པར་འགྲེལ་བ་ལ། སྤྱིར་རྒྱུད་འདི་སྔ་འགྱུར་རྙིང་མ་ཡིན་ལ་དེ་ལ་ཡང་ཐེག་པ་རིམ་པ་དགུའི་རྣམ་པར་གཞག་པ་ལས་འདི་ནི་ནང་གི་རྒྱུད་སྡེ་ཨ་ཏིའི་མ་ཧཱ་ལྟར་དུ་བཤད་པ་ཡིན། དེ་ཡང་གསང་སྙིང་ལས། རབ་ལ་མཚན་བསྟན་འབྲིང་ལ་དབྱེ། །ཐ་མར་འབྲུ་གཉེར་བཀྲལ་བ་འོ། །ཞེས་གསུངས་པ་ལྟར་དབང་པོ་རབ་འབྲིང་ཐ་གསུམ་དང་། འཁོར་ལ་གདམས་ཤིང་བསྟན་པ་གཏད་པ་བཞི་ལས། རྩ་བའི་དང་པོ་དབང་པོ་རབ་ལ་མཚན་བསྟན་པའི་སྒོ་ནས་བཤད་ན། ཨོ་རྒྱན་མཁའ་འགྲོའི་སྐད་དུ་དང་བོད་སྐད་གཉིས་ལས། དང་པོ་ཨོ་རྒྱན་མཁའ་འགྲོའི་སྐད་དུ༔ ཌཱཀྐི་ཛྱིཥྛ་བཛྲ་ཀ་རི་ན་མ༔ གཉིས་པ་བོད་སྐད་དུ༔ པདྨ་ཟབ་པ་རྩ་བའི་རྒྱུད་ཞེས་པ་སྟེ། དེ་ཡང་པདྨ་ནི་མ་ཆགས་དྲི་མ་བྲལ་བ་སྟེ་འཁོར་འདས་ཀྱི་སྤྱི་གཞི་རང་གི་རིག་པ་གྲོལ་འཁྲུལ་གྱི་མཚན་མ་ལས་འདས་པ། གཞི་ཡི་གནས་སྐབས་དེ་ལྟར་ཡིན་ཡང་ལམ་དུས་སུ་སྒྲིབ་པ་རྣམ་པ་གསུམ་གྱིས་བསྒྲིབས་པ་རྣམས་ལམ་རིམ་པ་གཉིས་ལ་བརྟེན་ནས་སྦྱོང་བས་ཟབ་པ་སྟེ། དེ་ཁོ་ན་ཉིད་ཀྱི་གནས་ལུགས་རང་གིས་མངོན་སུམ་དུ་རྟོགས་པར་འགྱུར་བའི་ཐབས་ཁྱད་དུ་འཕགས་པ་ནི་འདིར་བཤད་བྱ་ཡིན་ཞིང་། རྩ་བའི་རྒྱུད་འདི་ལས་རིམ་པ་གཉིས་སོགས་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་འཕྲོ་བར་འགྱུར་ལ། འདིར་དེ་དག་གི་དོན་ཚང་ལ་མ་ནོར་བ་སྟོན་པ་ཡིན་པས་ན་དེ་སྐད་དོ།། །།རྩ་བའི་གཉིས་པ་དབང་པོ་འབྲིང་ལ་སྤྱི་དོན་རྣམ་པར་དབྱེ་བའི་སྒོ་ནས་བཤད་ན། དེ་ལ་ཡང་རྒྱུད་འབྱུང་བའི་རྒྱུ་གླེང་གཞི་དང་། རྐྱེན་གླེང་བསླང་བ་གཉིས་ལས། དང་པོ་གླེང་གཞི་ལ་ཡང་ཕྱག་འཚལ་བ་དང་། གླེང་གཞི་དངོས་སོ། །དང་པོ་ནི། བཅོམ་ལྡན་འདས་སོགས་ནས། ཕྱག་འཚལ་ལོ༔ རང་གིས་རང་རིག་མཇལ་བའི་ཕྱིར་ཕྱག་འཚལ་བ། དེ་ཡང་རྟག་ཆད་སོགས་མུ་བཞིའི་མཐའ་མ་ལུས་པ་དང་བྲལ་ཞིང་ཉོན་མོངས་འཆི་བདག་ལྷ་བུ་ཕུང་པོའི་བདུད་བཞི་དང་སྐྱེ་རྒ་ན་འཆི་སོགས་བཅོམ་པ། སྟོབས་བཅུ་མི་འཇིགས་བཞི་སོགས་དང་སྐུ་ལྔ་གསུང་ལྔ་ཐུགས་ལྔ་ཡོན་ཏན་ལྔ་ཕྲིན་ལས་ལྔ་སྟེ་འབྲས་བུའི་ཆོས། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། སྙིང་རྗེས་ཡོངས་གང་རྒྱུན་མི་ཆད་དང་འགོག་མེད་པ་སོགས་སངས་རྒྱས་ཀྱི་ཡོན་ཏན་དང་ལྡན་ཞིང་། ཟག་བཅས་ཉེ་བར་ལེན་པའི་ཕུང་པོའི་རྒྱུན་དང་རྣམ་པར་རྟོག་པའི་མཚན་མ་ལས་རིང་དུ་འདས་པ། དེ་ལྟ་བུའི་རང་བྱུང་གི་རིག་པ་དེ་ལ་འཁོར་འདས་ཀྱི་ཆོས་སུ་བརྟགས་པའི་དྲི་མ་དང་བྲལ་བས་པདྨ། རིག་པ་ལྷ་ཡི་ཕྱག་རྒྱར་ཤར་པ་ལ་སྐུ་མདུན་དང་རྒྱབ་མེད་པས་ན་ཀུན་ཏུ་ཞལ་ཏེ། དེ་ཡི་རང་ངོ་རང་གིས་ཤེས་པ་ལ་ཕྱག་འཚལ་ལོ་ཞེས་མིང་དུ་བཏགས་པའོ། །གཉིས་པ་གླེང་གཞི་དངོས་ལ་ཕུན་སུམ་ཚོགས་པ་བཞི་ལས། འདི་སྐད་བདག་གིས་སོགས་ནས། ཚོགས་ཐམས་ཅད་ཀྱིས༔ དུས་གསུམ་གྱི་མཚན་མ་ལས་འདས་པའི་དུས་ཕུན་སུམ་ཚོགས་པར། རྒྱ་གར་ཡང་མ་ཆད་ཕྱོགས་གང་དུ་ཡང་མ་ལྷུང་ཡངས་དོག་མཐོ་དམན་གྱི་འཛིན་པ་དང་བྲལ་བ་དབྱིངས་སྟོང་པ་ཉིད་རྡོ་རྗེ་བཙུན་མོའི་བྷ་གར། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་གསང་བ་ཆེན་པོའི་རོལ་པས་སྙོམས་པར་ཞུགས་པའི་གནས་ཕུན་སུམ་ཚོགས་པར། གོང་དུ་བཤད་པ་ལྟ་བུའི་བཅོམ་ལྡན་འདས་དེ་ཉིད་འཕོ་འགྱུར་གྱི་མཚན་མ་དང་བྲལ་བའི་བདེ་བའི་ཡེ་ཤེས་ཏེ་དེ་ནི་རྡོ་རྗེའི་ཆོས་བདུན་གྱི་སྒྲས་མཚོན་དུ་རུང་བ། སྐྱེ་འཆི་བགྲེས་རྒུད་དང་བྲལ་ཞིང་སངས་རྒྱས་དང་སེམས་ཅན་རྒྱུན་གཅིག་པའི་བདག་ཉིད་ཡིན་པས་ན་ཚེ་དཔག་ཏུ་མེད་པ་སྟེ་དེ་ཉིད་དབྱིངས་དང་ཡེ་ཤེས་གཉིས་མེད་ཀྱི་ཚུལ་གྱིས་རང་གི་རིག་མ་དང་སྙོམས་པར་ཞུགས་པའི་དགའ་བ་ཆེན་པོ་རྒྱུན་ཆད་པ་མེད་པས་རྟག་ཏུ་མཉེས་བཞིན་བཞུགས་སོ་ཞེས་པས་སྟོན་པ་ཕུན་སུམ་ཚོགས་པ། དེ་ཡི་འཁོར་ནི་གཙོ་བོ་དང་དབྱེ་བ་མེད་ཀྱང་རྩལ་ལས་ཤར་པའི་དགའ་བ་བཞིའི་རང་མདངས་སྒེག་མོ་མ་སོགས་དང་། དགའ་བའི་ངོ་བོ་སྟོང་པ་བཞིའི་རང་བཞིན་ཅན་གྱི་མེ་ཏོག་མ་སོགས་ཏེ། དེ་དག་ཀྱང་རང་རང་གི་ངོ་བོ་བདེ་བ་དང་སྟོང་པ་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་ལུས་སེམས་ཡོངས་སུ་མྱོས་བཞིན་པའི་འཁོར་གྱི་ཚོགས་ཏེ། དེ་དག་གིས་ཀྱང་བཅོམ་ལྡན་འདས་ཀྱི་སྐུ་ལ་ཟག་མེད་བདེ་བ་ཆེན་པོའི་མཆོད་པ་རྒྱུན་མི་ཆད་པར་འབུལ་བ་ནི་འཁོར་ཕུན་སུམ་ཚོགས་པ། ཆོས་ཕུན་སུམ་ཚོགས་པ་ནི་དེ་ལྟ་བུའི་འཁོར་གྱི་ཚོགས་རྣམས་ཀྱིས་རྐྱེན་གླེང་བསླངས་པ་ལ་བརྟེན་ནས་རྒྱུད་གསུང་བ་སྟེ། གཉིས་པ་རྐྱེན་གླེང་བསླང་བ་ཆོས་ཕུན་ཚོགས་དེ་ལ་ཡང་གཟུང་འཛིན་རང་བཞིན་མེད་པར་བསྟན་པའི་ཕྱིར་གླེང་བསླང་བ་ནི། བཅོམ་ལྡན་འདས་ཀྱི་སོགས་ནས། གླུ་བླངས་པ་ནི༔ ཨེ་མ་ཧོ༔ ཞེས་ངོ་མཚར་བའི་ཆེད་དུ་བརྗོད་པ་སྔོན་དུ་འགྲོ་བས། སངས་རྒྱས་ཐམས་ཅད་ཀུན་གྱི་སྐུ་གསུང་ཐུགས་ཀྱི་གསང་བ་རྨད་དུ་བྱུང་བའི་མཆོག །མཚན་རྟོག་གིས་མི་ཕྱེད་པས་རྡོ་རྗེ་ཉོན་མོངས་གཟུང་འཛིན་གྱི་ནད་འཇོམས་པས་བདུད་རྩི་རྟག་ཆད་ལ་སོགས་བློ་ཡི་དྲི་མ་དང་བྲལ་བ་སྟེ་མེད་པ། དེ་ཁོ་ན་ཉིད་སངས་རྒྱས་ཀྱི་དགོངས་ཉམས་ཡང་དག་པའི་ཡེ་ཤེས་ཀྱི་ངོ་བོ་སྟོང་པ་ཉིད་ལ། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་རིག་པའི་ཡེ་ཤེས་རང་གི་ནང་ནས་སམ་སྟོང་པའི་དབྱིངས་ལས་རང་ཤར་པ་སྟེ་སྐྱེས་པ། དེ་ལྟ་བུའི་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས། འཕོ་འགྱུར་གྱི་དྲི་མ་དང་བྲལ་བའི་ཆོས་ཀྱི་བདུད་རྩི་མ་རྟོགས་པའི་འགྲོ་བ་ལམ་རྒྱུད་ལྔར་འཁྱམས་པའི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཡོངས་སུ་གང་བའི་དངོས་གྲུབ་སྩོལ་ཅིག་པའོ། །ཞེས་འཁོར་གྱིས་ཞུས་པས་བརྩེ་བའི་ཐུགས་རྗེ་སྐྱེས་ཏེ་ཆོས་གསུང་བའི་ཕྱིར་ལན་དུ་བཀའ་བསྩལ་བ་ལ་ཡང་འཛིན་སེམས་རང་བཞིན་མེད་པར་བསྟན་པ་དང་། གཟུང་ཡུལ་ལྷ་ཡི་འཁོར་ལོར་བསྟན་པ་གཉིས་ལས། དང་པོ་ནི། ཨེ་མ་ཧོ༔ ཡེ་ནས་སོགས་ནས། ཐབས་ཀྱིས་ཆོད༔ ཨེ་མ་ཧོ༔ ཞེས་དགྱེས་པའི་དབུག་དབྱུང་བ་སྔོན་དུ་འགྲོ་བས། ཡེ་ནས་གསང་བ་སྟེ་ལྷན་ཅིག་སྐྱེས་པའི་མ་རིག་པས་བསྒྲིབས་ཏེ་དོན་དམ་པའི་བདེན་པ་མ་མཐོང་། ཀུན་བརྟགས་ཀྱི་མ་རིག་པས་བསྒྲིབས་ཏེ་ཀུན་རྫོབ་ཀྱི་བདེན་པ་མ་མཐོང་། སྣང་སྟོང་དབྱེར་མེད་མ་ཤེས་པ་ངོ་བོ་ཉིད་ཀྱིས་གསང་བ། ཡུལ་དང་ཡུལ་ཅན་ཐ་དད་དུ་བཟུང་བས་དོན་དམ་ཡིད་དཔྱོད་དང་བྲལ་བར་མ་རྟོགས་པས་ཤིན་ཏུ་གསང་བ་སྟེ། དེ་ལྟར་སུས་ཀྱང་མ་མཐོང་བའི་སངས་རྒྱས་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པར་བྱེད་པའི་ཐབས་ཆོས་ཀྱི་སྒོ་བསྟན་པ་ལ་ཡང་། མིང་ཚིག་སོགས་བརྗོད་པའི་ཡུལ་ལས་འདས་ཤིང་རང་གི་རང་བཞིན་འདི་ལྟ་བུའོ་ཞེས་སུས་ཀྱང་མཚོན་དུ་མེད་པའི་བདག་ཉིད་ཅན། སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་རྩལ་སྣ་ཚོགས་སུ་སྤྲོས་པ་རྣམས་ཀྱང་འགག་པའི་མཐའ་དང་བྲལ་ཞིང་། རྩལ་སྣ་ཚོགས་སུ་སྤྲོས་པ་དེ་དག་ཀྱང་མཚན་རྟོག་གི་ཆ་ལས་ཡང་དག་པར་འདས་པ། སྤྲོ་བར་བྱ་བ་དང་སྤྲོ་བར་བྱེད་པོ་སོ་སོར་དབྱེ་བའི་ཆོས་ཡེ་ནས་དབེན་པ་སྟེ་མེད་པ། འཕྲོས་པའི་རང་བཞིན་ནམ་སྣང་ཆ་དེ་ལ་ཡང་བརྡའ་འམ་ཐ་སྙད་དུ་བཏགས་པའི་ཆོས་འདི་འོ་ཞེས་དུས་གསུམ་གྱི་རྒྱལ་བས་ཀྱང་མཚོན་པའི་ཡུལ་ལས་འདས་པ་སྟེ་མེད། རྩལ་སྣ་ཚོགས་འཕྲོས་པ་དེ་དག་ཀྱང་འདིར་གནས་སོ་ཞེས་སམ་འདི་ཉིད་ཡིན་ནོ་ཞེས་བརྟག་ཏུ་མེད་ཅིང་། དེ་བཞིན་དུ་མཐར་འགག་པ་དང་འགགས་པའི་ཡུལ་འདི་ནའོ་ཞེས་ཡེ་ནས་དབེན་པ་སྟེ་མེད་ལ། དེ་ལྟ་བུའི་སེམས་ཀྱི་རང་བཞིན་དེ་མེད་པ་ཕྱལ་བར་ཆད་པ་ཡང་མ་ཡིན་ཏེ་སངས་རྒྱས་ནས་སེམས་ཅན་གྱི་བར་རྒྱུ་གཅིག་པ་རྡོ་རྗེ་ལྟ་བུའི་རྒྱུད་དངོས་པོའི་གཤིས་ལ་མཚན་མས་གཞོམ་པར་མི་ནུས་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་རྡོ་རྗེའི་ཡེ་ཤེས་ཆེ་ནི། སངས་རྒྱས་ཉིད་ཀྱིས་ཀྱང་ཉིད་ལས་གཞན་དུ་གྱུར་པའི་ཆོས་རྡུལ་ཙམ་ཡང་མི་བརྙེས་པ་སྟེ་མ་གཟིགས་ཤིང་། རང་གི་རང་རིག་དྲི་མ་མེད་པ་འདི་ཉིད་ཆོས་ཀྱི་སྐུ་ཞེས་སྒྲས་བརྗོད་པ་ཙམ་ཡིན་ལ། རིག་པ་སྐད་ཅིག་མ་གཅིག་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་རྫོགས་པ་ལ་ཨེ་མ་ཧོ་ཞེས་ངོ་མཚར་བའི་བདག་ཉིད་ཅན་དེ་ལྟར་ཡིན་ཡང་། སེམས་ཅན་ཐམས་ཅད་གློ་བུར་གྱི་དྲི་མས་བསྒྲིབས་ཏེ་གོང་དུ་བཤད་པ་ལྟར་ངོ་བོ་ཉིད་ཀྱིས་གསང་བར་གྱུར་པ་སྟེ། སྐྱེ་འགག་གནས་པ་གསུམ་དང་བྲལ་བའི་གཉུག་མའི་དེ་ཁོ་ན་ཉིད་ཀྱི་གནས་ལུགས་མ་རྟོགས་པས་རང་གསང་ཐབས་ཀྱིས་ཆོད་པའི་བདག་ཉིད་ཅན་ཡིན་ནོ་ཞེས་བསྟན་པའོ། །དོན་གཉིས་པ་གཟུང་ཡུལ་ལྷ་ཡི་འཁོར་ལོར་བསྟན་པ་ལེ་རྗེས་དང་བཅས་པ་ནི། སངས་རྒྱས་ཆོས་ཁམས་སོགས་ནས། དང་པོ་རྫོགས་སོ༔ དེ་ལྟར་ནང་འཛིན་པའི་སེམས་གཞི་མེད་རྩ་བྲལ་དེ་ལྟར་ཡིན་ཡང་། ཕྱི་གཟུང་བའི་ཡུལ་དང་ཕུང་པོ་ལྔས་བསྡུས་པའི་ཆོས་ཐམས་ཅད་བདེན་གྲུབ་ཞིག་གོ་སྙམ་ན་མ་ཡིན་ཏེ། འདི་ལྟར་སྣང་བ་ཐམས་ཅད་རབ་རིབ་ཅན་གྱི་མིག་ལ་སྐྲ་ཤད་མཐོང་བ་ལྟར་ལོག་སྣང་ཁོ་ན་ལས། དོན་དུ་སངས་རྒྱས་ཐམས་ཅད་ཀྱི་སྣང་ངོར་གཟུང་ཡུལ་ཕྱི་ནང་ཆོས་ཁམས་ཐམས་ཅད་ཡེ་ནས་རྣམ་པར་དག་པའི་བདག་ཉིད་ཅན་ཏེ། འབྱུང་ལྔས་བསྡུས་པའི་སྣོད་ཀྱི་འཇིག་རྟེན་འདི་དག་ཀྱང་། ས་སངས་རྒྱས་སྤྱན་མ། ཆུ་མཱ་མ་ཀཱི །མེ་གོས་དཀར་མོ། རླུང་དམ་ཚིག་སྒྲོལ་མ། ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མའི་ཡུམ་ཆེན་གྱི་རང་བཞིན་དུ་གནས་སུ་དག་པས་སྣང་ཡུལ་ཐམས་ཅད་མཁའ་འགྲོ་མ་ལྔ་ཡི་རང་བཞིན་ཡིན་ལ། ནང་ཕུང་ཁམས་ལྔ་ཡི་ཚོགས་འདི་ཡང་སངས་རྒྱས་ལྔའི་བདག་ཉིད་གཟུགས་ཕུང་མི་བསྐྱོད་པ། ཚོར་བ་རིན་འབྱུང་། འདུ་ཤེས་སྣང་མཐའ། འདུ་བྱེད་དོན་གྲུབ། རྣམ་ཤེས་རྣམ་པར་སྣང་མཛད། མིག་གི་ཤེས་པ་གནས་སུ་དག་པ་སེམས་དཔའ་ས་སྙིང་། རྣ་བའི་ཤེས་པ་ནམ་མཁའི་སྙིང་པོ། སྣ་ཡི་ཤེས་པ་སྤྱན་རས་གཟིགས། ལྕེའི་རྣམ་ཤེས་ཕྱག་ན་རྡོ་རྗེ། མིག་གི་དབང་པོ་བྱམས་པ། རྣ་དབང་སྒྲིབ་སེལ། སྣ་དབང་ཀུན་བཟང་། ལྕེ་དབང་འཇམ་དཔལ། མིག་གི་ཡུལ་གཟུགས་སུ་སྣང་བ་གནས་སུ་དག་པ་སེམས་མ་རྡོ་རྗེ་སྒེག་མོ། དྲི་གནས་དག་རྡོ་རྗེ་ཕྲེང་བ་མ། སྒྲ་གནས་དག་གླུ་མ། རོ་གནས་དག་གར་མ། དུས་འདས་པའི་རྟོག་པ་གནས་སུ་དག་པ་མེ་ཏོག་མ། ད་ལྟའི་རྟོག་པ་གནས་དག་བདུག་སྤོས་མ། མ་འོངས་པ་གནས་དག་མར་མེ་མ། མ་ངེས་པ་གནས་དག་དྲི་ཆབ་མ་དང་། ཡིད་བྱེད་པ་པོ་གནས་སུ་དག་པ་ཀུན་ཏུ་བཟང་པོ། ཆོས་བྱ་བ་མོ་གནས་སུ་རྣམ་པར་དག་པ་ཀུན་ཏུ་བཟང་མོ་སྟེ། མདོར་ན་གསེར་གྱི་གླིང་དུ་ཕྱིན་ན་ས་རྡོ་ཕལ་པ་མི་རྙེད་པ་བཞིན། ཡེ་ནས་རྣམ་པར་དག་པའི་བདག་ཉིད་ཅན་ཡིན་ལ། སྒྲིབ་པ་གསུམ་གྱིས་བསྒྲིབས་པའི་གང་ཟག་མ་དག་འཁྲུལ་པའི་སྣང་ངོར་རི་ར་བ་ཁང་ཁྱིམ་སོགས་དང་བདེ་སྡུག་ཀུན་བརྟགས་སྣ་ཚོགས་པ་སྣང་ན་ཡང་། དོན་རང་གི་ངོ་བོའི་ཆ་ནས་ཞིབ་ཏུ་དཔྱད་ཅིང་བརྟགས་ན་བདེན་གྲུབ་ཏུ་གྱུར་པ་རྡུལ་ཙམ་ཡང་མ་མཆིས་ཏེ་གཏན་ཚིགས་ཆེན་པོ་རྣམ་པ་བཞིས་དཔྱད་པས་རྫུན་ཕུགས་རང་སར་རྡིབ་ནས་སྟོང་ཉིད་དུ་ཐག་ཆོད་ཅིང་། སྟོང་པའི་དབྱིངས་ལས་རང་བྱུང་ལྷ་ཡི་སྣང་ཆ་རང་ཤར་བ་འདི་དག་སྤྲོས་པ་མེད་པ་འོད་གསལ་བའི་བདག་ཉིད་དོ། །ཞེས་གསུངས་ཏེ་ལེའུ་འོག་མ་དཀྱིལ་འཁོར་གྱི་འཁོར་ལོ་རྣམ་པར་སྤྲོ་བའི་ཏིང་ངེ་འཛིན་ལ་ཞུགས་སོ། །འདི་ཡན་གྱིས་དབང་པོ་འབྲིང་གི་ངོར་སྤྱི་དོན་རྣམ་པར་གཏན་ལ་དབབ་པ་ལེའུ་དང་པོའི་དོན་འགྲེལ་སོང་ངོ་།། །།རྩ་བའི་གསུམ་པ་དབང་པོ་ཐ་མར་འབྲུ་གཉེར་བཀྲལ་བའི་སྒོ་ནས། འབྲས་བུ་ཡོངས་ཤེས་ཀྱི་རྒྱུད་དོན་དངོས་བཤད་པ་ལ་དབང་བཞིའི་ལམ་དང་འབྲེལ་བའི་རྣལ་འབྱོར་བསྟན་པ་ལས། དང་པོ་བུམ་དབང་དང་འབྲེལ་བའི་བསྐྱེད་པའི་རྣལ་འབྱོར་བཤད་པ་ལ། བསྐྱེད་རིམ་གྱི་རྣམ་གཞག་སྤྱིར་བསྟན་པ། ལྷ་ཡི་འཁོར་ལོ་རྟེན་དང་བརྟེན་པའི་རྣལ་འབྱོར་བཤད་པ། བསྙེན་སྒྲུབ་ཡན་ལག་བཞིའི་ཆིངས་བསྟན་པ། མཐར་ཕྱིན་པས་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཚུལ་རྗེས་འབྲེལ་བཅས་སོ། །དང་པོ་ལ་མདོར་བསྟན་དང་རྒྱས་བཤད་དོ། །དང་པོ་ནི། སླར་ཡང་དགྱེས་པ་སོགས་ནས། རྣལ་འབྱོར་བསྒོམ༔ ཨེ་མ་ཧོ༔ ཞེས་པས་དགྱེས་པའི་དབུགས་དབྱུང་ནས། ལེའུ་གོང་མར་འཁོར་འདས་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དག་པ་ལྷ་ཡི་རོལ་པར་བསྟན་ན་ཡང་། བློ་དམན་པའི་གང་ཟག་ཐ་མལ་པ་རྣམས་ཀྱི་ངོར་ལོག་པའི་ཞེན་སྣང་འདི་དག་སྦྱང་བའི་ཕྱིར་རིམ་པ་གཉིས་ལས་དང་པོ་བསྐྱེད་པའི་རྣལ་འབྱོར་བསྒོམ་པར་བྱའོ། །ཞེས་པས་བསྟན། གཉིས་པ་རྒྱས་བཤད་ལ། མངལ་སྐྱེས་ལ་སོགས་སོགས་ནས། རྣམ་གྲོལ་པ༔ དེ་ཡང་སྤྱིར་མངལ་སྐྱེས་ཀྱི་འཛིན་པ་སྦྱང་བའི་ཕྱིར་ཆོ་ག་གསུམ་བསྐྱེད་དེ་ས་བོན་དང་ཕྱག་མཚན་དེ་ལས་སྐུ་བསྐྱེད་པ་དང་། དྲོད་གཤེར་སྐྱེས་ཀྱི་འཛིན་པ་སྦྱང་ཕྱིར་ས་བོན་ལས་འོད་ཟེར་འཕྲོ་འདུ་བྱེད་དེ་བསྐྱེད་པ། སྒོང་སྐྱེས་སྦྱང་ཕྱིར་དང་པོ་རྒྱུ་ཡི་ཧེ་རུ་ཀ་དེ་ཡོངས་སུ་གྱུར་པ་ལས་འབྲས་བུའི་ཧེ་རུ་ཀ་བསྐྱེད་པ། བརྫུས་སྐྱེས་སྦྱང་ཕྱིར་སྐད་ཅིག་དྲན་རྫོགས་སུ་སྒོམ་པ་སྟེ་ཏིང་ངེ་འཛིན་རྣམ་པ་བཞིའམ། དེ་ཉིད་བཞིར་ཕྱེ་བ་དག་ཡོད་ཅིང་། གང་ལྟར་ཡང་ཀུན་རྫོབ་དང་དོན་དམ་པའི་བདེན་པས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་རྣམ་པར་དག་པ་ལྷག་པའི་ཆོས་སྐུ་ཆེན་པོའི་རང་བཞིན་སྟོང་པ་ཆེན་པོའི་རྣལ་འབྱོར་ལ་གནས་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཏེ། འདི་ལ་གནས་པས་མར་འཆི་བའི་སྲིད་པ་སྦྱོང་། ཡར་ཆོས་སྐུའི་ཡོན་ཏན་རྫོགས་པར་བྱེད། བར་སྟོང་ཉིད་སྙིང་རྗེ་སྒོམ་པའི་ལམ་སྨིན་པར་བྱེད། སྟོང་པ་ཉིད་དེ་ལྟ་བུའི་དོན་མ་རྟོགས་པའི་ནམ་མཁའ་མཉམ་པའི་འགྲོ་བ་ལ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་སྒྱུ་མ་ལྟ་བུའི་ཚུལ་ཅན་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་བསྒོམས་པས་མར་བར་དོའི་སྲིད་པ་སྦྱོང་། ཡར་ལོངས་སྐུའི་ཡོན་ཏན་རྫོགས། བར་སྙིང་རྗེ་སྒྱུ་མ་ལྟ་བུའི་ལམ་སྨིན་པར་བྱེད། སྟོང་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པའི་ངང་ལས་ས་བོན་སྒོམ་པ་རྒྱུ་ཡི་ཏིང་ངེ་འཛིན་ཏེ། འདིས་མར་སྐྱེ་བའི་སྲིད་པ་སྦྱོང་། ཡར་སངས་རྒྱས་སྤྲུལ་སྐུའི་ཡོན་ཏན་རྫོགས། བར་སྟོང་ཉིད་སྙིང་རྗེ་ཟུང་འཇུག་སྒྱུ་མ་ལྟ་བུའི་ལམ་སྒོམ་པ་སྨིན་པར་བྱེད། དེས་ན་སྐྱེ་འཆི་བར་དོ་ལ་སོགས་པའི་འཛིན་པ་སྦྱང་ཕྱིར་ཆོ་ག་གསུམ་གྱི་ཏིང་འཛིན་བསྒོམ་པར་བྱ་ཞིང་། མདོར་ན་བསྐྱེད་རིམ་གྱི་གྲུབ་མཐའ་སྣོད་དང་བཅུད་ཀྱིས་བསྡུས་པའི་ཆོས་འདི་དག་ཐམས་ཅད། སྣོད་འབྱུང་བ་ལྔ་ཡུམ་ལྔ། བཅུད་ཕུང་པོ་ལྔ་རྒྱལ་བ་ཡབ་ལྔ། རྒྱུད་རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་དག་པ་གསུམ་གྱི་རང་བཞིན་ཏེ། སྤྲོས་པ་ཕྱོགས་རེ་བ་ཆོད་པ་རྣམ་གྲངས་པའི་དོན་དམ་དང་སྤྲོས་པ་ཐམས་ཅད་ཆོད་པ་རྣམ་གྲངས་མ་ཡིན་པའི་དོན་དམ་གཉིས་སྐྱེ་མེད་དུ་མཉམ། ཡང་དག་དང་ལོག་པའི་ཀུན་རྫོབ་གཉིས་ཀ་སྒྱུ་མ་ལྟ་བུའི་ངང་དུ་མཉམ། རྟག་ཆད་ཀྱི་མཐའ་གཉིས་ཀ་སྟོང་ཉིད་དུ་མཉམ། དག་མ་དག་གི་སྣང་བ་གཉིས་ཀ་ལྷ་ཡི་འཁོར་ལོར་མཉམ་པ་སྟེ། མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས་འཁོར་འདས་ཀྱི་ཆོས་རྣམས་དག་པ་ལྷ་ཡི་དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་ཁམས་ཏེ་ཕྱོགས་བཅུ་དང་སྟོང་ཁམས་འཇིག་རྟེན་གྱི་ཚོགས་ཐམས་ཅད་ཡེ་ནས་བདེན་གྲུབ་ཏུ་གྱུར་པ་རྡུལ་ཙམ་ཡང་དབེན་པ་ཡིན་ལ། དེ་ལྟ་བུའི་དག་པ་གསུམ་དང་མཉམ་པ་བཞིའི་རང་བཞིན་དུ་རྣམ་པར་དག་པའི་ཆོས་ཉིད་ལ་རང་གི་ངོ་བོ་ཡེ་ནས་ངང་གིས་རྣམ་པར་གྲོལ་པ་ཡིན་ནོ། །གཉིས་པ་ལྷ་ཡི་འཁོར་ལོ་རྟེན་དང་བརྟེན་པའི་རྣལ་འབྱོར་བཤད་པ་ནི། ཡུམ་ལྔ་དག་པའི་སོགས་ནས། ཅིར་ཡང་སྣང༔ རྒྱུ་ཡི་ས་བོན་ཧྲཱིཿཡིག་ལས་འོད་ཟེར་འཕྲོས། འཕགས་པ་རྣམས་ལ་ཕྱི་ནང་གསང་བའི་མཆོད་པ་ཕུལ། སེམས་ཅན་ཐམས་ཅད་དུས་མ་ཡིན་པར་འཆི་བའི་འཇིགས་པ་བསལ། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས། ནམ་མཁའ་རླུང་མེ་ཆུ་ས་སྟེ་ཡུམ་ལྔ་དག་པའི་འབྱུང་བ་རིམ་བརྩེགས་ཀྱི་སྟེང་དུ་རི་རབ་ཕྱོགས་ཀྱི་ཁ་དོག་ཅན། དེ་ཡི་སྟེང་སྣ་ཚོགས་རྡོ་རྗེའི་དབུས་སུ་ནོར་བུ་ཆུ་ཤེལ་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞི་པ། རྩིག་པ་ལྔ་སྦྲགས་སྟེང་ཕ་གུ་སེར་པོ་ལ་རིན་པོ་ཆེ་དུ་མའི་ཕྲ་ཚོམ་མཛེས་པ། མུན་ཁང་ལ་མུ་ཏིག་གཙོ་བོར་གྱུར་པའི་རིན་པོ་ཆེ་དུ་མའི་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་བ། ནོར་བུ་ཆུ་ཤེལ་ལས་གྲུབ་པའི་ཤར་བུ་སྤྱི་བླུགས་ཐུར་དུ་འཕྱང་བ་ལྟ་བུ། ཛམ་བུ་ཆུ་བོའི་གསེར་ལས་གྲུབ་པའི་མདའ་ཡབ་པདྨའི་དབྱིབས་ཅན། ནང་ཀ་བ་བཞི་བཞིས་བཏེགས་པའི་ཐོག་གི་དབུས་ཕྱུར་བུར་ཕུབ་པའི་རྩེར་གསེར་སྦྱངས་ལས་གྲུབ་པའི་གཉྫི་ར་རྩེ་མོར་ལྷ་ཡི་ནོར་བུ་རིན་པོ་ཆེ་འོད་ཟེར་མཐའ་ཡས་པ་འཕྲོ་བས་བརྒྱན་པ། རྟ་བབས་ཀྱི་གཡས་གཡོན་དུ་བུམ་བཟང་ལས་ཐོན་པའི་དཔག་བསམ་གྱི་ཤིང་ལོ་འབྲས་མེ་ཏོག་གཡུར་དུ་ཟ་བ། རྟ་བབས་ཀྱི་རྩེར་ཆོས་འཁོར་གདུགས་དང་རི་དྭགས་ཕོ་མོས་བརྒྱན་པ། སྒོ་དང་སྒོ་ཁྱུད་ཀྱི་མཚམས་སུ་ཟླ་ཕྱེད་རྡོ་རྗེས་སྤྲས་པ། རྩིག་པའི་རྩ་བར་འདོད་ཡོན་གྱི་སྣམ་བུ་དམར་པོར་རིག་མ་བཅུ་དྲུག་མཆོད་རྫས་དུ་མ་ཐོགས་ཏེ་གནས་པ། ནང་གི་ཁྱམས་ཕྱོགས་ཀྱི་ཁ་དོག་ཅན། གཞན་ཡང་བཀྲ་ཤིས་རྟགས་རྫས་རྒྱལ་སྲིད་སྣ་བདུན་སོགས་མཆོད་སྤྲིན་བསམ་མི་ཁྱབ་པས་བསྐོར་བ་སྟེ། དེ་དག་གིས་ཀྱང་མར་སེམས་ཅན་འཁྲུལ་པའི་ལས་སྣང་སྣོད་ཀྱི་འཇིག་རྟེན་གནས་ཁང་ཉེར་སྤྱོད་འདོད་ཡོན་ལ་སོགས་པའི་འཛིན་པ་སྦྱོང་། ཡར་སངས་རྒྱས་ཀྱི་སར་ལམ་བྱང་ཆུབ་ཀྱི་ཆོས་སོ་བདུན་སྟོབས་བཅུ་མི་འཇིགས་བཞི་མ་འདྲེས་པའི་ཆོས་བཅོ་བརྒྱད་སོགས་སངས་རྒྱས་ཀྱི་ཡོན་ཏན་རྣམས་ལྷུན་གྲུབ་ཏུ་ཡོངས་སུ་རྫོགས། བར་དུ་དེ་ལྟ་བུའི་ལམ་སྒོམ་པ་རྣམས་གོང་ནས་གོང་དུ་སྨིན་པར་བྱེད་པ་སྟེ། ཡེ་ཤེས་ཆེན་པོའི་རྩལ་ཡོངས་སུ་རྫོགས་པའི་མཎྜ་ལ་འམ་དཀྱིལ་འཁོར་གྱི་འཁོར་ལོ་རྣམ་པར་བསྒོམ་པར་བྱའོ། །དེ་ལྟ་བུའི་གཞལ་ཡས་ཁང་གི་ནང་བཅུད་རྣམ་པར་དག་པ་ལྷ་ཡི་འཁོར་ལོ་སྒོམ་པའི་ཚུལ་ཡང་། རྟོག་ཚོགས་བརྒྱད་ཁྲི་བཞི་སྟོང་ཡེ་ནས་ལྷ་ཡི་རོལ་པར་དག་པའི་རིགས་ཀྱི་ཕྱག་རྒྱའམ་ལྷ་ཡི་སྐུ་ཅིར་ཡང་སྣང་བ་སྟེ་སྣ་ཚོགས་སྒོམ་པ་ཡིན་ལ། འདི་ལ་ཡང་། དང་པོ་རྒྱུ། དེ་ལས་ཕྱག་རྒྱ་གཅིག་པ། དེ་ལས་གཙོ་འཁོར་ཡོངས་རྫོགས་ཏེ། དང་པོ་ནི། དང་པོ་རྒྱུ་ཡི་སོགས་ནས། རྒྱན་དུ་ཤར༔ རྒྱུ་ཡི་ས་བོན་ཧྲཱིཿཡིག་དཀར་པོ་གསལ་ཞིང་འབར་བ་སྒོམས། དེ་ལ་དྲོད་ཐོབ་ནས་རིམ་བཞིན་ཤིན་ཏུ་ཕྲ་བའི་ཧྲཱིཿཡིག་གྲངས་མེད་པ་ནམ་མཁའ་གང་བར་སྤྲོ་ཞིང་སླར་དེ་དག་ས་བོན་ལ་བསྡུ་བར་བསླབ་ཅིང་། འཕེལ་འགྲིབ་བྲལ་བ་གསལ་བརྟན་གྱི་ཉམས་དང་ལྡན་པའི་རྒྱན་དུ་མ་ཤར་བར་དུ་སྦྱངས་པས་ཏིང་ངེ་འཛིན་གྱི་གཞི་འདིང་། གཉིས་པ་དེ་ལས་ཕྱག་རྒྱ་གཅིག་པ་ནི། དེ་ལས་ཕྱག་རྒྱ་སོགས་ནས། མངོན་དུ་བྱ༔ དེ་ལས་ཕྱག་རྒྱ་གཅིག་པ་ཡི་གཙོ་བོ་ཡབ་རྐྱང་བསྒོམ་ཞིང་། དེ་ཡང་དང་པོ་ཤིན་ཏུ་མཁས་པས་བྲིས་པའི་གཟུགས་བརྙན་ལ་ལེགས་པར་སེམས་གཏད་དེ། ཡིད་ཡུལ་དུ་ལམ་མེར་ཤར་བ་དང་དེ་འདྲ་བའི་གཟུགས་སུ་བསྒོམ། སྤྱི་བོ་ནས་གདན་ཁྲིའི་བར་དང་། གདན་ཁྲི་ནས་སྤྱི་བོའི་བར་སོགས་སུ་རིམ་བཞིན་གསལ་གདབ་སྟེ་མྱོང་བ་ཐོན་ངེས་བྱས་ལ། དེ་ཡང་རང་བཞིན་གཉུག་མའི་ཡེ་ཤེས་ལྷ་ཡི་ཕྱག་རྒྱར་ཤར་བ་སྟེ་བསྐྱེད་རྫོགས་ཟུང་འཇུག་གི་དོན་མངོན་དུ་བྱ་བ་ལ་བསླབ། གསུམ་པ་དེ་ལས་གཙོ་འཁོར་ཡོངས་རྫོགས་ནི། ཕྱག་རྒྱ་རྒྱ་ཆེར་སོགས་ནས། རྣམ་པར་རྫོགས༔ དེ་ནས་གཙོ་འཁོར་ཡོངས་རྫོགས་སྒོམ་པ་ལ། གོང་དུ་བཤད་པའི་གཞལ་ཡས་ཁང་གི་དབུས་སུ་ཁ་དོག་སྣ་ཚོགས་པའི་པདྨ་འདབ་མ་བརྒྱད་པའི་ལྟེ་བ་གེ་སར་གྱི་སྙིང་པོར་འོག་ཉི་མ་སྟེང་ཟླ་བ་སྟེ་གྭའུ་ཁ་སྦྱོར་གྱི་སྟེང་དུ། རང་གི་རིག་པའི་ངོ་བོ་ཧྲཱིཿཡིག་དཀར་པོ་གནས་པ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་བདེ་བ་ཆེན་པོ་འཆི་མེད་པདྨ་འབྱུང་གནས་གཞུང་བཞིན་བསྒོམས་པའི། ཕྱོགས་མཚམས་ཀྱི་པདྨའི་འདབ་མར་སྒེག་སོགས་མཆོད་པའི་ལྷ་མོ་དང་སྒོ་བཞིར་མགྱོགས་མ་བཞི་བཅས་ལྷ་ཡི་ཕྱག་རྒྱ་རྒྱ་ཆེར་སྤྲོས་པ་མ་འདྲེས་ཡོངས་སུ་རྫོགས་པ་ནམ་མཁའ་ལ་འཇའ་ཤར་པ་ལྟར་སྣང་ལ་རང་བཞིན་མེད་པའི་རྣལ་འབྱོར་ལ་བསླབ་ཅིང་། གདོད་ནས་དུག་ལྔ་ཡེ་ཤེས་ལྔའི་རང་བཞིན་དུ་དག་ཅིང་། ཕུང་ཁམས་ལས་དབང་ཐམས་ཅད་གདན་གསུམ་ཚང་བའི་ལྷ་ཡི་རོལ་པར་རང་ཤར་བ་ལ་དབང་བསྐུར་བ་དང་སྤྱན་འདྲེན་པ་སོགས་ཀྱི་སྤྲོས་མཚན་ལས་འདས་ཀྱང་། རྣམ་པའི་ཆ་ལ་ཐ་མལ་གྱི་ཞེན་པ་སྦྱང་བའི་ཕྱིར་ཡེ་ཤེས་པ་དགུག་ཅིང་བསྟིམ། རང་ལས་སྤྲུལ་པའི་ལྷ་མོ་མཐའ་ཡས་པས་ཕྱི་ནང་གསང་བའི་མཆོད་པ་ཕུལ་ཞིང་། གསང་གསུམ་ཡོན་ཏན་དྲན་པས་བསྟོད་པའི་རོལ་མོ་འཁྲོལ། དགོངས་རྒྱུད་རྟོགས་པའི་བྱིན་རླབས་འཕོ་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་བསྐུལ་བ་བཅས་སོང་ནས་སྤྲུལ་པའི་ལྷ་མོ་རྣམས་རང་ལ་བསྟིམ་མོ། །འདི་དག་གིས་ཀྱང་མར་འདོད་པའི་ཆོས་ལྔ་ལ་ལོངས་སྤྱོད་པ་སོགས་ཁམས་གསུམ་གྱི་ཞེན་སྣང་རགས་པ་སྦྱོང་། ཡར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་ཤིང་ཆོས་གཟུགས་ཀྱི་སྐུ་གཉིས་ཐོབ་སྟེ་ཞིང་གི་བཀོད་པ་བསམ་ལས་འདས་པ་ཐོབ་པའི་ཡོན་ཏན་རྫོགས། བར་དུ་དེ་དག་གི་མཐུ་སྒྲུབ་པ་རྣམས་གོང་ནས་གོང་དུ་སྨིན་པར་བྱེད་དོ། །འདི་དག་གི་སྐབས་སུ་དག་པ་དྲན་པའི་རྣལ་འབྱོར་ལ་ཡང་བསླབ་སྟེ། ཟག་པ་མེད་པའི་བདེ་བ་ཆེན་པོའི་ལང་ཚོས་གང་བས་སྐུ་མདོག་དཀར་ལ་དམར་མདངས་ཆགས་པ། ཆོས་སྐུ་མཚོན་པའི་ཞལ་གཅིག་པ་འགྲོ་ལ་རྗེས་སུ་ཆགས་པས་འཛུམ་པའི་མདངས་ཅན། ཕྱག་གཉིས་སྣང་སྟོང་ཟུང་འཇུག །གཡས་རྡོ་རྗེས་སྐྱེ་འཆིའི་རྟོག་པ་འཇོམས། གཡོན་ཚེ་བུམ་གྱིས་འཕོ་མེད་གཞོན་ནུ་བུམ་སྐུར་ཁམས་གསུམ་པོ་འུབས་ཆུབ་པ། བདེན་གཉིས་ཟུང་དུ་འཇུག་པའི་ཞབས་རྡོ་རྗེའི་སྐྱིལ་ཀྲུང་། ཤེས་རབ་སྟོང་པ་ཉིད་ཀྱི་རང་མདངས་ཡུམ་དང་འཁྲིལ་བ། ཆོས་ཀྱི་དབྱིངས་སྤྲོས་མཚན་ལས་འདས་པས་ཡུམ་རྒྱན་མེད་གཅེར་བུ། གཡས་མདའ་དར་གྱིས་སྲིད་ཞིའི་དྭངས་བཅུད་སྡུད་པ། གཡོན་ཚེ་བུམ་གྱིས་སྒྲུབ་ལ་འཆི་མེད་སྩོལ་བ། ཡབ་ཀྱི་སྐུ་ལ་རིན་པོ་ཆེའི་རྒྱན་བརྒྱད་དར་གྱི་ཆས་གོས་ལྔ་སོགས་ཀྱིས་བརྒྱན་པ་ནི་སངས་རྒྱས་ཀྱི་སྤངས་དང་རྟོགས་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ། ཡེ་ཤེས་ཀྱི་རྩལ་ལས་སྤྲུལ་པའི་ཆ་ཤས་མཐའ་ཀླས་པས་འགྲོ་བ་སྒྲོལ་བས་འོད་ཟེར་བསམ་ཡས་འཕྲོ་བ་སོགས་གཞི་འབྲས་སྦྲེལ་བའི་དག་པ་དྲན་པ་ལ་རྩེ་གཅིག་ཏུ་བསླབ་པའི་མཐུས་སྣོད་བཅུད་ཐ་མལ་སྣང་ཞེན་སྦྱང་། ཨེ་མ་ཞེས་ངོ་མཚར་བ་སྟེ། ཐ་མལ་གྱི་ཞེན་པ་སྦྱོང་བའི་རྨད་དུ་བྱུང་བའི་ཆོས་ནི་འདི་ཡིན་ཏེ། དེ་དག་ཐམས་ཅད་ཀྱང་མེད་པ་ལ་ཡོད་པའི་སྒྲོ་བཏགས་པ་མ་རིག་འཁྲུལ་པའི་གང་ཟག་རྣམས་ཀྱི་སྣང་ངོར། བདག་གཞན་གཉིས་སུ་འཛིན་པའི་རྟོག་པ་ཤིན་ཏུ་འཐས་པས་སྒྱུ་མ་ལྟ་བུའི་ཆོས་ཉིད་ཀྱི་དོན་འདི་མ་རྟོགས་པར། བདེ་སྡུག་དགྲ་གཉེན་སོགས་སུ་འཁྲུལ་ཏེ་དེ་ཁོ་ན་ཉིད་ཀྱི་གནས་ལུགས་མ་ཤེས་པའི་བྱིས་པ་ཐམས་ཅད་ཨ་ཐང་ཆད། རྣལ་འབྱོར་པ་ཐམས་ཅད་ལ་ནི་སྣ་ཚོགས་རང་གི་རིག་པ་སྤྲོས་པ་དང་བྲལ་བའི་ཀློང་། འདས་མ་འོངས་ད་ལྟ་སྟེ་དུས་གསུམ་གྱི་ཆ་དང་བྲལ་བའི་བཞི་པའི་ཆ་ནི་དུས་ཀྱི་འཛིན་པ་མེད་པའམ་སྤང་བའི་རིག་པའི་ངོ་བོ་འདི་ཞེས་མཚོན་དུ་མེད་པ་ནམ་མཁའ་ལྟ་བུའི་ངང་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀུན་རྣམ་པར་ཡོངས་སུ་རྫོགས་པ་སྟེ། དེ་ལྟ་བུའི་ལྷ་དང་རང་སེམས་རོ་མཉམ་གྱི་ངང་ལ་མཉམ་པར་གཞག །མདོར་ན་རང་གི་ཕུང་ཁམས་སྐྱེ་མཆེད་སྣོད་བཅུད་གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་ལྷ་ཡི་འཁོར་ལོ་དངོས་ཡིན་སྙམ་པའི་ང་རྒྱལ་བརྟན་པ་ལ་ཡང་ནས་ཡང་དུ་བསླབ་བོ། །དོན་གསུམ་པ་བསྙེན་སྒྲུབ་ཡན་ལག་བཞིའི་ཆིངས་བསྟན་པ་ལ། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། རྣམ་པའི་ཆ་ལས་སོགས་ནས། ཡང་དག་བསྒྲུབ༔ ངེས་དོན་དུ་འཁོར་འདས་ཐམས་ཅད་རིག་པའི་ངང་དུ་རོ་མཉམ་ནའང་། རྣམ་པའི་ཆ་ལ་སངས་རྒྱས་ཀྱི་མཛད་པ་བསྒྲུབ་པའི་ཕྱིར་སྤྲོ་བསྡུའི་ཏིང་ངེ་འཛིན་གྱི་ཆོས་ཕྲུལ་ཡང་དག་པར་བསྒྲུབ་པར་བྱའོ། །གཉིས་པ་རྒྱས་བཤད་ནི། བསྙེན་པ་ཟླ་བ་སོགས་ནས། གཟེར་བཞི་གཅེས༔ བསྙེན་པའི་སྐབས་སུ་ཟླ་བ་སྐར་ཕྲེང་ལྟ་བུ་སྟེ། ཡེ་ཤེས་སེམས་དཔའི་ཐུགས་ཀར་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་དབུས་སུ། ཏིང་འཛིན་སེམས་དཔའ་ཧྲཱིཿཡིག་གི་མཐར་བཟླ་བྱའི་སྔགས་ཕྲེང་གཡས་སུ་བསྐོར་བ་ལ་རྩེ་གཅིག་ཏུ་སེམས་གཏད། གཡོ་བའི་ཉམས་མི་བརྟན་པ། ཐོབ་པའི་ཉམས་ཅུང་ཟད་བརྟན་པ། གོམས་པའི་ཉམས་རབ་ཏུ་བརྟན་པ། བརྟན་པའི་ཉམས་མི་གཡོ་བ། མཐར་ཕྱིན་པའི་ཉམས་ཡེང་དུ་མེད་པ་སྟེ། དེ་ལྟར་མ་བྱུང་གི་བར་དུ་ས་མཱ་དྷིའི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་དུས་རྟག་པར་བརྩོན་པས་བསླབ་བོ། །ཉེ་བར་བསྙེན་པའི་སྐབས་སུ་རྒྱལ་པོ་ཡི་ཕྲིན་ལས་འབངས་ཀྱིས་སྒྲུབ་པ་བཞིན་སྔགས་ཕྲེང་མི་གཡོ་བར་འོད་ཟེར་དཔག་མེད་འཕྲོས་ཏེ་སེམས་ཅན་ཐ་མ་ཁམས་གསུམ་རྒྱུད་ལྔའི་འགྲོ་བ་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་ཏེ་གནས་སྐབས་མཐར་ཐུག་གི་བདེ་བ་ལ་བཞག །སེམས་ཅན་བར་པ་ཉན་ཐོས་རང་རྒྱལ་ཐམས་ཅད་འགོགས་པ་ལས་བསླངས་ཏེ་བྱང་ཆུབ་སེམས་དཔའི་ས་ལ་བཞག །སེམས་ཅན་དང་པོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ས་ནས་སར་སྤར་ཏེ་རྫོགས་པའི་སངས་རྒྱས་ཀྱི་ས་ལ་སྦྱོར་ཞིང་བཀོད་པ་སོགས་དམིགས་པའི་འཕྲོ་འདུ་ལ་བསླབ། སྒྲུབ་པའི་སྐབས་སྔགས་ཕྲེང་རྣམས་གཡས་སུ་མགལ་མེ་ཀླད་ལ་བསྐོར་བ་འཁོར་བ་ལྟར་འཁོར་བའི་འོད་ཟེར་འཕྲོས་འདུས་ཐ་མལ་གྱི་ཞེན་སྣང་རགས་པ་སྦྱངས་ཏེ། དྭངས་བཅུད་ཐམས་ཅད་འོད་ཟེར་འཇའ་ཚོན་གྱི་རྣམ་པར་བསྡུ་བའི་དམིགས་པ་བྱ། སྒྲུབ་ཆེན་སྐབས་སྔགས་རེ་རེ་ལས་ཀྱང་དེ་འདྲ་བ་བསམ་ལས་འདས་པ་བུང་བ་ཚང་ཞིག་ལྟར་འཕྲོས་ཏེ་མ་དག་པའི་སྣང་བ་སྦྱང་། འཁོར་འདས་ཐམས་ཅད་དག་པ་གསུམ་དང་མཉམ་པ་བཞིའི་བདག་ཉིད་ཆེན་པོར་སྦྱངས་པར་བྱས་པར་བསམ། དེ་ལྟ་བུའི་བསྐྱེད་རིམ་དུས་ཀྱི་གནས་སྐབས་ཀུན་ཏུ་སྲོག་སྡོམ་གཟེར་བཞི་དང་མ་བྲལ་བར་བྱ་སྟེ། གོང་དུ་བཤད་པའི་བསྐྱེད་རིམ་གྱི་ཏིང་ངེ་འཛིན་དང་མ་བྲལ་བ། ལྷག་ཆད་མྱུར་བུལ་གྱི་སྐྱོན་དང་བྲལ་བའི་སྔགས་བཟླ་བ། ལྷ་དང་རང་སེམས་རོ་མཉམ་གྱི་ངང་དུ་མཉམ་པར་གཞག་པ། འོད་ཟེར་སྤྲོ་བསྡུ་སོགས་སྒོམ་པ་སྟེ་དེ་ལྟ་བུའི་གཟེར་བཞི་དང་མ་བྲལ་བ་ཤིན་ཏུ་ནས་ཀྱང་གཅེས་པ་ཡིན་ནོ། །བཞི་པ་བསྐྱེད་རིམ་མཐར་ཕྱིན་པའི་རྣལ་འབྱོར་པས་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཚུལ་རྣམས་དང་ལམ་ལ་བསྔགས་པ་ལེ་རྗེས་བཅས་ནི། ཤིན་ཏུ་སྦྱངས་པའི་སོགས་ནས། གཉིས་པ་རྫོགས་སོ༔ གཞུང་དུ་བཤད་པ་བཞིན་རྟོགས་སླ་བས་འདིར་ཞིབ་ཏུ་བྲིར་མ་ལངས་ཤིང་། རྡོ་རྗེ་ས་འོག་ཏུ་འགྲོ་བའི་མན་ངག་རིགས་ཞིབ་པར་རྡོ་རྗེ་ས་འོག་གི་རྒྱུད་སོགས་ལས་རྟོགས་དགོས་ཤིང་། བླ་མའི་མན་ངག་ཡིད་ལ་འཆང་ཞིང་སེམས་རྩེ་གཅིག་པས་ལས་རབ་འབྱམས་འགྲུབ་པར་འགྱུར་རོ། །དེ་ལྟར་ཡ་མཚན་རྨད་དུ་བྱུང་བའི་ཆོས་ཐ་མལ་གྱི་མཚན་རྟོག་སྦྱོང་བའི་ཐབས་ཀྱི་ཆོ་འཕྲུལ་བསམ་ལས་འདས་པ། རྒྱུ་རྐྱེན་མེད་པར་རང་བྱུང་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱི་སྐུ་པདྨ་སམྦྷ་བའི་དགོངས་པའི་རྩལ་ལས་ཤར་པའི་ཆོས་རྨད་དུ་བྱུང་བ་ལྷ་སྐུ་ཕྱག་རྒྱ་སྒོམ་པའི་སྔགས་འདིས་ནི་སྣོད་བཅུད་ཐ་མལ་གྱི་ཞེན་པ་སྦྱོང་། རྣམ་སྨིན་རིག་འཛིན་གྱི་ས་བོན་ཐེབས། གསང་བ་སྔགས་ཀྱི་ཚོགས་ལམ་མཐར་ཕྱིན་པར་འགྱུར་བ་སོགས། སངས་རྒྱས་ཀྱིས་འགྲོ་བ་འདུལ་བའི་ཕྲིན་ལས་ཀྱི་མཛད་པའི་ཆོ་འཕྲུལ་ཟབ་མོ་ཁོ་ནའོ།། །།གཉིས་པ་གསང་དབང་དང་འབྲེལ་བའི་རྩ་རླུང་ཐིག་ལེའི་རྣལ་འབྱོར་བཤད་པ་ལ། གོ་དོན་སྤྱིར་བཤད་པ་དང་། མན་ངག་ཞིབ་ཏུ་དབྱེ་བ། འབྲས་བུ་མཐར་ཕྱིན་པའི་ཚུལ་དང་གསུམ་མོ། །དང་པོ་ནི། སླར་ཡང་བྱང་ཆུབ་སོགས་ནས། མངོན་དུ་འགྱུར༔ གོང་དུ་བསྐྱེད་རིམ་གྱི་ཆོས་བཤད་པའི་དེ་མ་ཐག་སླར་ཡང་གཙོ་བོ་ཡབ་ཡུམ་བདེ་བ་ཆེན་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་ནམ་མཁའི་སྤྲིན་ལྟར་འགྲོ་འོང་མེད་པའི་ཚུལ་གྱིས་རྣམ་པར་འཕྲོ་བས། གསང་བ་གསུམ་བདེ་བ་ཆེན་པོའི་ཡེ་ཤེས་ཤིན་ཏུ་རྒྱས་པར་མཛད་དེ་རྡོ་རྗེའི་གླུ་བླངས་པའི་ཚུལ་གྱིས་བཀའ་བསྩལ་པ་ནི། ཡབ་ཀྱིས་ཨེ་མ་ཧོ་ཞེས་བདེ་བ་ཆེན་པོ་ངོ་མཚར་བའི་སྒྲ་ཡིས་དབུགས་དབྱུང་བ་ལ། ཡུམ་གྱིས་ཨ་ལ་ལ་ལ་ལ་ཧོ་ཞེས་ཆོས་ཉིད་སྟོང་པ་ཉིད་ཀྱི་ངང་དུ་དབྱེར་མི་ཕྱེད་པའི་ལན་གདབ་པ་དང་། རང་གི་རིག་པ་མི་འགྱུར་བ་བདེ་བའི་ཐབས་ཆེན་པོ་དང་། རིག་པའི་ངོ་བོ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཤེས་རབ་སྟོང་པ་ཉིད་དེ། དེ་གཉིས་ཀྱི་དབྱིངས་སུ་ཟུང་དུ་འཇུག་པའམ་སྙོམས་པར་ཞུགས་པ་ལས་འོད་གསལ་བའི་ཡེ་ཤེས་མངོན་སུམ་དུ་མཐོང་བར་འགྱུར་བའི་ཕྱིར་རོ། །གཉིས་པ་མན་ངག་ཞིབ་ཏུ་དབྱེ་བ་རྒྱས་བཤད་ལ། དྲོད་ཀྱི་གཏུམ་མོ་དང་། བདེ་བའི་གཏུམ་མོ་གཉིས་སོ། །དང་པོ་ནི། རྣམ་པ་ལམ་དུ་སོགས་ནས། རྣམ་བཞི་བྱ༔ བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་དེ་ཉིད་རྣམ་པ་ལམ་དུ་བྱ་བས་རྟོགས་པར་བྱ་བའི་ཕྱིར། ཐོག་མར་རང་གི་ལུས་བདེ་ཆེན་ཆོས་སྐུ་ཚེ་དཔག་མེད་པདྨ་སམ་བྷ་ཝའི་སྐུ་དངོས་པོའི་འཛིན་པ་དང་བྲལ་བ་སྟོང་ཉིད་ནམ་མཁའི་དབྱིངས་སུ་འཇའ་ཤར་པ་ལྟར་སྣང་ལ་རང་བཞིན་མེད་པའི་བདག་ཉིད་དུ་གསལ་བའི། ལུས་དབུས་དྲང་པོར་རྩ་དབུ་མ་སྦོམ་ཕྲ་སྲིན་ལག་ཙམ་མར་སྣ་རྡོ་རྗེ་ཕྱེད་པའི་རྣམ་པས་གསང་གནས་སུ་སླེབ་པ། ཡར་སྣ་སྤྱི་བོར་ཟུག་པ། དེ་ཡི་གཡས་གཡོན་དུ་རོ་རྐྱང་གཉིས་མཐེའུ་ཆུང་གི་ཚད་ཙམ། མར་སྣ་ལྟེ་འོག་ནས་དབུ་མར་འདུས་པ། ཡར་སྣ་སྣ་བུག་གཉིས་སུ་ཟུག་པ། རྩ་གསུམ་ཀ་ཕྱི་དཀར་ལ་ནང་ཅུང་ཟད་དམར་མདངས་ཡོད་པ་གསལ་བཏབ་ལ། སྤྱི་བོ་བདེ་བ་ཆེན་པོའི་རྩ་འདབ་སོ་གཉིས་ནི་ཐབས་ཀྱི་རྣམ་པ་ཐུར་དུ་ལྟ་བ། མགྲིན་པ་རོ་འདུས་ཀྱི་འཁོར་ལོའི་རྩ་འདབ་བཅུ་དྲུག་ནི་ཤེས་རབ་རང་བཞིན་གྱེན་དུ་ཕྱོགས་པ། སྙིང་ཁ་ཆོས་ཀྱི་འཁོར་ལོའི་རྩ་འདབ་བརྒྱད་ནི་གདུགས་ཀྱི་རྣམ་པར་ཐུར་དུ་དབུབ་པའི་འོག །ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ་འདབ་བཅུ་གཉིས་ནི་འདེགས་པའི་ཚུལ་གྱིས་གྱེན་དུ་གྱེས་པ། གསང་གནས་བདེ་སྐྱོང་འཁོར་ལོའི་བདེ་བ་སྐྱེད་པའི་རྩ་འདབ་བཞི་ཐད་དྲང་ལས་ཅུང་ཐུར་དུ་ལྟ་བ་ཁྱིམ་གྱི་ཚུལ་དུ་མཉམ་པར་འཁྱིལ་བ་བཅས། དེ་དག་ཀྱང་རོ་རྐྱང་ལས་ཅུང་ཕྲ་བ། འཇའ་ལྟར་བཀྲ་བ། མེ་ལྟར་གསལ་བ། ཆུ་ཤིང་ལྟར་དྲང་བ། ཤོག་བུ་ལྟར་ཁོང་སྟོང་སྟེ་མཚན་ཉིད་བཞི་ལྡན་དུ་གསལ་གདབ་ལ། ཁོང་དུ་ཡོད་པའི་འབྱུང་བའི་དུག་ལྔ་དང་འདྲེས་པའི་རླུང་ཐམས་ཅད་ལག་ལེན་ལྟར་སངས་ཀྱིས་བུས་ཏེ་རྣམ་པར་བསལ། དག་པ་ཡེ་ཤེས་ལྔ་ཡི་རང་མདངས་ཕྱི་སྣོད་ནང་བཅུད་ཀྱི་དྭངས་མ་བསྡུ་བའི་དམིགས་པ་དང་སྦྲགས་སྟེང་འོག་གི་རླུང་ཁ་སྦྱོར་དུ་གཟུང་། མི་ཐུབ་པ་ན་གཡས་གཡོན་དུ་གནན། ཕྱི་ནང་དུ་གཞིལ། ཅིས་ཀྱང་མི་ཐུབ་པ་ན་མདའ་ལྟར་འཕེན་པ་སྟེ་ཡན་ལག་བཞི་ལྡན་གྱི་བུམ་ཅན་རབ་འབྲིང་ཐ་མའི་འབྱོངས་ཚད་མ་བྱུང་བར་འདི་ཁོ་ན་ལ་བསླབ། དེ་ལ་གོམས་པས་རོ་རྐྱང་ལམ་ལས་བུས་པའི་རླུང་ལྟེ་འོག་ཏུ་མེ་ཡི་གོང་བུ་ཤེས་རབ་ཡུམ་གྱི་ངོ་བོ་གསལ་བཏབ་སྟེ་དེ་ལ་རོ་རྐྱང་གི་རླུང་རེག་པར་བྱས་མ་ཐག་ཏུ་མེ་ལྕེ་ཏལ་གྱིས་འབར་བ་ཡིས། དེ་ལས་ཆེར་འབར་ཏེ་རྩ་གནས་ཐམས་ཅད་ཉུག་ཉུག་ཏུ་ཁྱབ་པར་བསམ་ལ་སྟེང་འོག་གི་རླུང་བསྡམ། གསུས་པ་རྒྱ་མཚོ་ལྟར་དགང་སྟེ་བསྐྱིལ་ཞིང་སྟེང་འོག་གི་སྒོ་གཉིས་བསྡམས་ལ་བུམ་པ་ཅན་གྱི་རླུང་སྦྱོར་བྱ། འདི་སྐབས་ལྟེ་འོག་འཕུར་བརྡབ་སོགས་དྲག་ཏུ་བྱ། དམིགས་རྩོལ་མ་བྱས་ཀྱང་ལྟེ་འོག་ཚ་འུར་གྱིས་བྱུང་བ་ན། རིམ་བཞིན་མེ་ལྕེས་ལྟེ་བ་སྙིང་ཁ་གང་བར་བསམ་ལ་སྦར། གོང་ལྟར་འཕུར་བརྡབ་སོགས་གང་དམིགས་སུ་བྱ། སྔ་མར་དྲོད་ཐོབ་རིམ་བཞིན་ཕྱི་མ་ལ་འཇུག །དེ་ནས་མགྲིན་པ་ནས་བརྩམས་སྤྱི་བོའི་བར་དུ་མེ་སྦར་ལ་གོང་བཞིན་བྱ། རྐང་པ་གཡས་གཡོན་ལག་པ་གཉིས་སོགས་མེ་ཡིས་བཀང་བ་ཕུར་ཤད་བརྐྱང་སྟེ་དྲག་ཏུ་བརྡབ་པར་བྱས་ལ་གཡས་ཤད་གཡོན་ཤད་བྱ་ཞིང་པུས་མོ་བརྡབ། རྡོ་རྗེ་སྐྱིལ་ཀྲུང་དུ་ཐོགས་འབེབ་དང་རྐང་གཉིས་བརྐྱང་སྟེ་འབེབ་བྱ། རིམ་བཞིན་ནང་ལུས་ཕྱི་རོལ་གནས་ཁང་དང་མཐར་ནི་དཔག་ཚད་ཙམ་དུ་མེ་སྦར་དམིགས་པ་བྱ་ཞིང་དེ་ཡིས་བདེ་བའི་ངོ་བོ་ཅན་གྱི་དྲོད་མེ་ལྟར་འབར་བར་འགྱུར་རོ། །དབང་པོ་ཤིན་ཏུ་རྒུད་པའི་གང་ཟག་ཡིན་ན་ལྟེ་འོག་གི་ཕྱོགས་བཞིར་མེ་ཡི་གོང་བུ་འབར་བ་བཞི་སྒྲོམ་འུར་སྒྲ་དང་བཅས་ཏེ་འབར་བར་བསམ་ལ་དྲོད་ཀྱི་འབེབ་ཆེན་རྣམ་བཞི་བྱའོ། །གཉིས་པ་བདེ་བའི་གཏུམ་མོ་ལ། དམིགས་པ་སྔར་ལྟར་སོགས་ནས། རྣམ་པར་རོལ༔ དམིགས་པ་རྩ་འདབ་སོགས་དང་མེ་དམིགས་སྔར་ལྟར་ལ་སྤྱི་བོ་ཡི་བདེ་ཆེན་འཁོར་ལོའི་དབུས་སུ་ཐིག་ལེ་བྱང་ཆུབ་སེམས་ཀྱི་རང་བཞིན་དངོས། ཟླ་བ་ཞུན་མ་ལྟ་བུའི་མདོག་ཅན་གྱི་བྱང་སེམས་ཀྱི་ཐིག་ལེ་ཡི་གེ་ཧཾ་ཡིག་མགོ་ཐུར་དུ་ལྟ་བ། མཐའ་སྐོར་དུ་དགའ་བ་བཅུ་དྲུག་གི་ངོ་བོ་ཐིག་ལེ་བཅུ་དྲུག་ཟིལ་པ་ཁྲོམ་མེ་སྐར་ལྟར་འཕྲོ་བ་གསལ་བཏབ་ལ་རླུང་སྦྱོར་གྱིས་བསྐུལ་བའི་ལྟེ་འོག་གི་མེ་འབར་བའི་མེ་ལྕེ་སྤྱི་བོའི་ཧཾ་ལ་རེག་པས་བྱང་ཆུབ་སེམས་ཀྱི་རྒྱུན་བབས། འཁོར་ལོ་རྣམ་པ་བཞིར་མེ་དང་ཐིག་ལེ་འབྲོས་འདེད་ཀྱི་ཚུལ་དུ་བབ་པར་ཡང་ཡང་བསྒོམས། དེ་ལ་གོམས་པར་བསླབ་པས་བདེ་དྲོད་མེ་ལྟར་འབར་བར་འགྱུར་ཞིང་། དེ་ཡང་ཐིག་ལེ་སྤྱི་བོ་ནས་མགྲིན་པར་བབས་པས་དགའ་བ། སྙིང་ཁར་བབས་པས་མཆོག་ཏུ་དགའ་བ། ལྟེ་བར་བབས་པས་ཁྱད་པར་དགའ་བ། གསང་གནས་སུ་བབས་པས་ལྷན་སྐྱེས་ཀྱི་དགའ་བ་སྟེ་མས་བརྟན་གྱི་དགའ་བ་ངོས་གཟུང་། ཁྲུ་གང་གི་ཚད་ཙམ་གྱི་ཁྲིའུའི་ཁར་སོགས་ཐབས་ལམ་འོག་སྒོའི་སྔོན་འགྲོ་ལུས་སྦྱང་ཡིན་ལ། རྒྱལ་པོ་སྒྱུ་མའི་ལོངས་སྤྱོད་འབེབས་པ་ཐིག་ལེ་གསང་གནས་སུ་འཛིན་པ་ཁྲོན་ཆུའམ་རྫིང་བུར་བསྐྱིལ་པ་ལྟར་བཟུང་ལ་བདེ་སྟོང་གི་རང་མདངས་བསྐྱང་ལ་སེམས་འཛིན། དེ་ནས་གསུས་པ་སྒལ་པར་སྦྱར་ལ་འདྲེན་པ་ཧཱུྃ་རིང་ཧཱུྃ་ཐུང་དང་སྟག་མོའི་ཁོང་འདྲེན་སོགས་འདྲེན་ཚུལ་དག་གིས་གྱེན་དུ་དྲངས་ལ་ཡས་བབ་ཀྱི་ཡེ་ཤེས་ངོས་གཟུང་། བཀྲམ་པ་རྒྱུ་སྐར་ཁྱིམ་དུ་འཛུད་པ་ལྟར་བྱ་སྟེ། འཕར་བ་དང་འཁྲབ་པ་དང་སེངྒེ་རྣམ་པར་རོལ་པའི་འཕྲུལ་འཁོར་ལ་སོགས་པས་ཐིག་ལེ་རྩ་འདབ་རྣམས་སུ་ཁྱབ་པར་དགྲམ་མོ། །གསུམ་པ་འབྲས་བུ་མཐར་ཕྱིན་པའི་ཚུལ་ལེ་རྗེས་བཅས་ནི། རྩེ་གཅིག་བསྒོམས་པས་སོགས་ནས། གསུམ་པ་རྫོགས་སོ༔ དེ་ལྟར་རྩེ་གཅིག་ཏུ་བསྒོམས་པས་འཁོར་ལོ་ལྔའི་རྩ་མདུད་གྲོལ། སྒོ་གསུམ་ཤིན་ཏུ་སྦྱངས་པ་ཐོབ། དག་པའི་རྟེན་འབྲེལ་མངོན་དུ་འགྱུར། ཚེ་ལ་དབང་བའི་རིག་འཛིན་འགྲུབ། གསང་བ་སྔགས་ཀྱི་སྦྱོར་ལམ་མཐར་ཕྱིན། མཐར་ཐུག་ལོངས་སྤྱོད་རྫོགས་སྐུ་ཐོབ་པའི་རྟེན་འབྲེལ་འགྲིགས། བཅུ་དྲུག་ལོན་པའི་ན་ཚོད། འཛེར་བག་དིག་ལྐུག་མེད་པའི་ངག །གསལ་སྟོང་གཡོ་མེད་ཀྱི་སེམས་སོགས་འགྲུབ། ཤིན་ཏུ་རྣམ་པར་དག་ཅིང་སྤྲོས་པ་མེད་པའི་ཡེ་ཤེས་རྒྱུད་ལ་འཆར་བའི་རྟེན་འབྲེལ་འགྲིགས་པར་གྱུར་ཅིང་། འདི་དག་ཀྱང་གསང་བ་བྱང་ཆུབ་སེམས་ཀྱི་དབང་ཐོབ་པ་ལས་དམ་ཚིག་མ་ཉམས་པ་དག་གིས་ཡང་དག་དངོས་གྲུབ་འདི་དག་ཐོབ་པ་འབྱུང་བར་འགྱུར་ཞིང་། འཕོ་བ་དང་བཅས་པའི་རྩ་རླུང་གི་དྲི་མ་རང་སར་དག །འོད་གསལ་བའི་ཡེ་ཤེས་རང་བཞིན་གྱིས་འཆར་བར་འགྱུར་བའི་རྨད་དུ་བྱུང་བའི་གསང་བའི་ལམ་མཆོག་ཡང་གསང་མཆོག་ཏུ་གྱུར་པའོ།། །།གསུམ་པ་ཤེར་དབང་དང་འབྲེལ་བ་བདེ་སྟོང་ཐུགས་རྡོ་རྗེ་ཕོ་ཉའི་ལམ་བཤད་པ་ལ། གོ་དོན་སྤྱིར་བཤད་པ་དང་། མན་ངག་རྒྱས་པར་བསྟན་པ། མཐར་ཕྱིན་འབྲས་བུའི་ཚུལ་དང་གསུམ། དང་པོ་ནི། སླར་ཡང་ཟུང་འཇུག་སོགས་ནས། མན་ངག་བསྟན༔ གོང་ལྟར་གསང་དབང་གི་ལམ་བཤད་པའི་དེ་མ་ཐག་སླར་ཡང་ཡབ་ཡུམ་སྣང་སྟོང་ཟུང་འཇུག་བདེ་བ་ཆེན་པོར་ཤིན་ཏུ་དགྱེས་པའི་རྡོ་རྗེའི་ནཱ་དའི་དབྱངས་གླུའི་ཚུལ་དུ་བླངས་པ་ནི། ཨེ་མ་ཧོ༔ཞེས་པ་རང་རིག་གི་ཡེ་ཤེས་ལ་ངམ་ཞིང་ངོ་མཚར་དང་། ཨེ་ཝཾ་མ་ཡ༔གཉིས་ཆོས་ཟུང་དུ་འཇུག་པ། ཨེ་ས་མ་ཡ་ཞེས་གསང་བ་ཆོས་ཀྱི་དབྱིངས་དང་ནམ་ཡང་མི་འབྲལ་བའི་བདེ་བ་ལ་སངས་རྒྱས་ཀུན་ཀྱང་རྟག་ཏུ་དགྱེས་པའི་ཚུལ་ཨ་ལ་ལ་ལ་ལ་ཧོ༔ ཕྱག་རྒྱའི་ལམ་མཁའ་འགྲོ་སྒྱུ་མ་བདེ་མཆོག་སྒྱུ་མའི་ཚུལ་ནི། སངས་རྒྱས་ཀུན་གྱིས་མཉམ་པར་སྦྱོར་ཞིང་། ལམ་འདི་ལ་མ་བརྟེན་པར་སྣང་གསུམ་འཕོ་བའི་བག་ཆགས་ཆ་ཕྲ་བ་སྦྱང་དཀའ་བས་ན་རྨད་དུ་བྱུང་བའི་ཐབས་འདི་ཨེ་མ་ཤིན་ཏུ་ངོ་མཚར་ཡ་མཚན་ཆེ་བའི་ཆོས་བདེ་བ་ཆེན་པོ་གཞན་ལུས་ཕོ་ཉའི་མན་ངག་བསྟན་པར་བྱའོ་ཞེས་པས་བསྟན། གཉིས་པ་མན་ངག་རྒྱས་པར་བསྟན་པ་ལ་རང་ལུས་དང་གཞན་ལུས་སོ། །དང་པོ་ནི། རྩ་དང་རླུང་ལམ་སོགས་ནས། བརྟན་ཐོབ་ན༔ གསང་དབང་སྐབས་བཤད་པ་བཞིན་རྩ་རླུང་གི་རྣལ་འབྱོར་ལ་ལེགས་པར་གོམས་པས། ཡན་ལག་ཡུམ་ལྔར་གསལ་བ་དང་སྙོམས་པར་ཞུགས་པར་མོས་པ་སོགས་ཐབས་ལམ་ཀུན་དང་མཚུངས། འདྲེན་བཀྲམ་ལྡོག་པ་ལ་དབང་ཐོབ་པས་ཐིག་ལེ་འཕོ་མེད་དུ་གྱུར་ན། གཉིས་པ་གཞན་ལུས་ནི། ལྷ་མོ་ཀླུ་མོ་སོགས་ནས། ངེས་པར་འགྲུབ༔ རིགས་ཅན་གསུམ་གྱི་མུ་དྲ་རྒྱུད་སྦྱངས་དབང་བསྐུར། འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས། མཁས་པ་བཞིས་དགའ་བ་ངོས་གཟུང་། ཡས་བབས་ཀྱི་ཡེ་ཤེས་ལ་མཉམ་པར་གཞག །སླར་དུད་འགྲོའི་འགྱུར་བཞིས་ལྡོག་པ་སྤྱི་བོར་སོན་པའི་མས་བརྟན་གྱི་ཡེ་ཤེས་མངོན་དུ་བྱས་ལ་ཡང་མཉམ་པར་གཞག །ཡང་ན་ཡུམ་མཁའ་ནས་སྲིད་ཞིའི་དྭངས་བཅུད་དྲངས་ཚུལ་ཐུན་མིན་ཚེ་སྒྲུབ་ཤིན་ཏུ་སྦྱངས་པའི་གང་ཟག་གིས་བྱ། གསུམ་པ་མཐར་ཕྱིན་འབྲས་བུའི་ཚུལ་ལེ་རྗེས་བཅས་ནི། མཆོག་མཐའ་དགའ་བྲལ་སོགས་ནས། བཞི་པ་རྫོགས་སོ༔ དེ་ལྟར་བསྒོམས་པས་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བ་དགའ་བྲལ་གྱི་ཡེ་ཤེས་དེ་ཉིད་ཀྱིས་མཚོན། བདེ་སྟོང་གཉིས་མེད་ཀྱི་རང་བཞིན་ལ་རྟག་ཏུ་བརྩོན་པས་རྩ་རླུང་ཐིག་ལེའི་དྲི་མ་ཆ་ཕྲ་བ་ཐམས་ཅད་དག་ནས་ཕྱག་ཆེན་རིག་འཛིན་གྲུབ། གསང་བ་སྔགས་ཀྱི་སྦྱོར་ལམ་མཐར་ཕྱིན། ཆོས་སྐུ་ཐོབ་པར་འགྱུར་བས་ན་ལམ་འདི་ནི་སངས་རྒྱས་ཀུན་གྱི་ཐུགས་ཀྱི་བརྣག་པ་ཁོ་ནའོ།། །།བཞི་པ་ཚིག་དབང་དང་འབྲེལ་བ་ཀ་དག་ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་གྱི་རིམ་པ་ལ། སྤྱིར་བཤད་པ། མན་ངག་རྒྱས་པར་བཤད་པ། མཐར་ཕྱིན་འབྲས་བུའི་ཚུལ་གསུམ་ལས། དང་པོ་ནི། སླར་ཡང་འཁོར་འདས་སོགས་ནས། སྣང་བའི་ཕྱིར༔ གོང་དུ་ཤེར་དབང་གི་ལམ་བཤད་པའི་དེ་མ་ཐག །སླར་ཡང་གཙོ་མཆོག་པདྨ་ཚེ་དཔག་མེད་ཡབ་ཡུམ་གཉིས་སུ་མེད་པའི་བདེ་སྟོང་གི་ཡེ་ཤེས་མཐར་ཕྱིན་པས། འཁོར་འདས་གཉིས་སུ་བཏགས་པའི་ཆོས་ཐམས་ཅད་རང་ངོར་ཀ་ནས་དག་པའི་དབྱིངས་ལས་བརྗོད་པ་མེད་པའི་རྡོ་རྗེ་གསང་བའི་སྒྲ་རང་ཤར་བའི་ཚུལ་གྱིས་བསྟན་ཅིང་སྐལ་ལྡན་དབང་རྣོན་གྱི་ངོར་མངོན་པར་སྣང་བ། ཧོ༔ཞེས་རང་བྱུང་གི་ཡེ་ཤེས་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ལ་ཤིན་ཏུ་དགྱེས་པའི་གླུ་སྔོན་དུ་འགྲོ་བས། འཁོར་འདས་ཀྱི་སྤྲོས་པ་ཐམས་ཅད་མ་དག་གློ་བུར་བའི་དྲི་མ་སྟེ་འཁྲུལ་མེད་སངས་རྒྱས་ཀྱི་གཟིགས་ངོར་འཁོར་བ་ཞེས་ཡེ་ནས་གྲུབ་པ་མེད་ཅིང་ཀ་ནས་དག་པའི་བདག་ཉིད་ཅན་ཏེ། དེ་ཉིད་རིག་པ་དང་མ་རིག་པའི་དབྱེ་བ་ལས། སེམས་ཅན་ཀུན་ལ་རྟག་ཏུ་ཁྱབ་པར་གནས་པས་རང་རིག་པ་བཞི་ཆ་གསུམ་བྲལ་གྱི་གཉུག་མའི་ཤེས་པ་སྟེ། དེ་ཉིད་མངོན་དུ་བྱེད་པའམ་མངོན་པར་སྣང་བའི་ཐབས་ཟབ་མོ། གཞན་ནས་སྒྲུབ་ཏུ་མེད་ཅིང་ཡོད་འོང་མ་མཆིས་པ་སྟེ་འགྲོ་འོང་དང་བྲལ་ལ། རང་གི་རང་རིག་པ་འོད་གསལ་བའི་བདག་ཉིད་ཅན་འདི་ཉིད། ཉེ་དྲགས་པས་ཡིད་མ་ཆེས། ཟབ་དྲགས་པས་བློར་མ་ཤོང་བས་རང་བཞིན་ཡེ་ནས་གསང་བའི་དོན་དབུལ་པོའི་ཁྱིམ་གྱི་གཏེར་ལྟ་བུ་འདི་ནི་རང་ལ་མངོན་སུམ་པར་སྣང་བའི་ཕྱིར་གང་བཤད་བྱའི་དོན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ། བསྟེན་བྱ་སློབ་དཔོན་དང་། དེས་བསྟན་པའི་ཆོས་གཉིས། དང་པོ་ནི། མན་ངག་ལྡན་པའི་སོགས་ནས། གཏན་ལ་དབབ༔ རྫོགས་པ་ཆེན་པོའི་མན་ངག་གི་དོན་འདི་ལེགས་པར་ཉམས་སུ་བླངས་ཤིང་གདུལ་བྱ་རྗེས་འཛིན་ནུས་པའི་ཐུགས་རྗེ་དང་ལྡན་པའི་སློབ་དཔོན་མཉེས་པ་གསུམ་གྱིས་ཚུལ་བཞིན་བསྟེན་ཏེ། རིམ་པ་ལྟར་གོང་མ་ལ་མྱོང་བ་ཐོན་རིམ་བཞིན་འོག་མ་ལག་ཁྲིད་ཀྱི་ཚུལ་དུ་གཏན་ལ་དབབ་སྟེ་བཤད་པར་བྱའོ། །གཉིས་པ་དེས་བསྟན་པའི་ཆོས་ལ་སྔོན་འགྲོ་དངོས་གཞི་རྗེས་སོ། །དང་པོ་ནི། ལུས་སྦྱང་རྡོ་རྗེའི་སོགས་ནས། ཤིན་སྦྱངས་འགྲུབ༔ ཐུན་གྱི་སྔོན་འགྲོ་བླ་མ་ལ་གསོལ་བ་དྲག་ཏུ་གདབ་ཅིང་ཉམས་རྟོགས་མཐར་ཕྱིན་པའི་ཆེད་དུ་གདུང་ཤུགས་ཀྱིས་འབོད་པས་རང་ལ་ཐིམ་པར་བསམ་སྟེ་མཉམ་པར་གཞག །དབེན་པར་སྟན་འབོལ་ཞིང་ཡངས་ལ་རྒྱ་ཆེ་བའི་ཁར་ལུས་གཅེར་བུར་ཨང་རག་ཙམ་གྱོན་ལ་རྡོ་རྗེའི་འདུག་སྟངས་བྱ། དམིགས་པ་རང་ལུས་རྡོ་རྗེ་སྔོན་པོ་རྩེ་གསུམ་པ་མེ་འབར་བར་བསམ་ལ་མི་ནུས་པ་ན་གང་དགར་འགྱེལ་དུ་བཅུག །ཅི་ཡང་མི་དམིགས་པའི་ངང་དུ་ཅུང་ཟད་འདུག །ཡང་གོང་བཞིན་སྒོམ་པ་བཅས་ཞག་གསུམ་ཙམ་འབད། ཡང་རང་ཐ་མལ་དུ་གནས་པའི་སྙིང་གར་ཧཱུྃ་མཐིང་ག་ཚད་དང་ལྡན་པ་ཁྲུ་གང་བ་ཞིག་བསྒོམ། དེ་ལས་ཧཱུྃ་མེ་ཡི་རང་བཞིན་དཔག་ཏུ་མེད་པ་བྱུང་། རང་ལུས་གང་བས་གདོས་བཅས་ཤ་ཁྲག་གི་ཚོགས་བག་ཆགས་དང་བཅས་པ་ཐམས་ཅད་རྩྭ་སྦུར་མེ་ཡིས་འཚིག་པ་ལྟར་དངོས་མེད་དུ་སྦྱངས། དེ་བཞིན་ཕྱི་རོལ་ས་རྡོ་རི་བྲག་དངོས་འཛིན་སྣང་བ་ཐམས་ཅད་བསྲེགས་ཏེ། ནམ་མཁའ་སྟོང་པར་རང་སེམས་ཧཱུྃ་ཡིག་ཏུ་གསལ་བ་ལ་སེམས་གཟུང་། ཡང་ཧཱུྃ་ལས་ཧཱུྃ་གི་ཚོགས་དཔག་མེད་འཕྲོས་ཏེ་ཕྱི་སྣོད་ནང་ལུས་ཁྲོལ་མར་ཕུག །ཡང་དེ་ཐམས་ཅད་རང་སེམས་ཧཱུྃ་ལ་ཐིམ། ཡང་ཧཱུྃ་གིས་ཡུལ་ལ་འཆིང་འགྲོལ་བྱ་བ་དང་ལམ་དུ་གཞུག་པ་སོགས་བྱ། འདི་དག་ཐུན་རེ་རེ་བཞིན་བསྒོམ། ཡང་དམྱལ་བ་ཡི་དྭགས་སོགས་ངན་འགྲོའི་གནས་སུ་སྐྱེས་པར་བསམ་ལ་སྡུག་བསྔལ་བྱ་བྱེད་སྤྱོད་ལམ་སེམས་ཐོག་ཏུ་བླང་། ལུས་ངག་ཏུ་བྱ། སྡུག་བསྔལ་མྱོང་བའི་ངོ་བོ་ལ་ལྟ། ཡང་ལྷ་མི་སོགས་བདེ་འགྲོར་སྐྱེས་པར་བསམ་ལ་དེ་དག་གི་བདེ་སྡུག་ཉམས་སུ་འདྲེས་ངེས་བྱ། ཡང་ཞིང་ཁམས་སུ་སྐྱེས་ཏེ་སངས་རྒྱས་མཇལ་ཞིང་ཆོས་ཉན་མཆོད་པ་ཕུལ་ལུང་བསྟན་དབུག་དབྱུང་བ་སོགས་བསམ། གཞན་ཡང་ལྷ་ཞི་བ་ཁྲོ་བོའི་ཆ་ལུགས་སྔགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་ལུས་ངག་སེམས་སུ་བླང་། དེ་དག་ཐམས་ཅད་ཉམས་སུ་མྱོང་མཁན་སེམས་སུ་ཐག་ཆོད། ལུས་ངག་ཡིད་ཀྱི་མངོན་ཞེན་ཆུང་བ་ན། སེམས་དེ་ལ་གཟུགས་ཁ་དོག་དངོས་པོར་གྲུབ་པ་འདུག་གམ་མི་འདུག །དང་པོ་བྱུང་བའི་ཁུངས། བར་དུ་གནས་པའི་ས། ཐ་མར་འགྲོ་བའི་ཡུལ་སོགས་ཁོ་ཐག་མ་ཆོད་བར་རྩད་གཅོད་དེ་རྩ་བྲལ་དུ་ངེས་པ་མ་རྙེད་བར་དུ་བསྒོམས་པས་ལུས་ངག་ཡིད་ཀྱི་ཤིན་སྦྱངས་འགྲུབ་སྟེ་ཏིང་ངེ་འཛིན་ཁྱད་པར་ཅན་གྱི་གཞི་འདིང་བར་འགྱུར་རོ། །གཉིས་པ་དངོས་གཞི་ལ། ཤིན་ཏུ་སྤྲོས་མེད་ཀ་དག་གི་ལམ་དང་ལེ་རྗེས། རབ་ཏུ་སྤྲོས་མེད་ལྷུན་གྲུབ་ཀྱི་རྣལ་འབྱོར་གཉིས། དང་པོ་ལ་དངོས་ནི། དངོས་གཞི་རིག་རྩལ་སོགས་ནས། ལྔ་པ་རྫོགས་སོ༔ ཐུགས་རྗེ་ལྡན་པའི་སློབ་དཔོན་ལས་རིག་པ་རྩལ་གྱི་དབང་ཐོབ་ནས་དབང་གི་སྐབས་སུ་ངོ་སྤྲད་པའི་བཞི་ཆ་གསུམ་བྲལ་གྱི་ཡེ་ཤེས། སྨྲ་བརྗོད་ཀྱི་ཡུལ་ལས་འདས་པ། བྱ་རྩོལ་བློ་ཡི་སྤྱོད་ཡུལ་དུ་མི་བཏུབ་པ། སྟོང་གསལ་རིག་པའི་སྙིང་པོ་ཅན། འཁོར་འདས་ཀྱི་ཆོས་ཀུན་གྱི་སྤྲོ་གཞི། འདུས་མ་བྱས་པ་གཉུག་མ་གཤིས་ཀྱི་ངང་དུ་སྤྲོ་བསྡུ་བྲལ་བར་བཞག་པ་སྟེ། ངོ་བོའི་གནས་ལུགས་དེ་ཉིད་རང་གི་རང་བཞིན་ཡེ་ནས་རྣམ་པར་གྲོལ་བ་ཀ་ནས་དག་པའི་དབྱིངས་ཀྱི་གནས་ལུགས་འཕོ་འགྱུར་དང་བྲལ་བ་རང་གྲོལ་རིག་པའི་གཤིས་ལུགས་ལས། རྣམ་པར་རྟོག་པ་འཕྲོས་ཀྱང་རང་ཐོག་ལས་མི་གཡོ་བས་རང་སར་ཕན་གནོད་མེད་པར་གྲོལ་བས་གཉེན་པོའི་རྣམ་རྟོག་གིས་བསྐྱར་མི་དགོས། རྣམ་རྟོག་སྔ་ཕྱི་མེད་པར། ཤར་བ་དང་གྲོལ་བ་དུས་མཉམ་པ། ངོ་བོའི་གཤིས་སམ་གནས་ལུགས་སྟོང་པ་ཆེན་པོ་ལས་རང་སྣང་འོད་གསལ་བ། དེ་ཡི་རྩལ་ཐུགས་རྗེའི་རྣམ་རོལ་རྒྱུན་མི་འཆད་ཅིང་འགག་པ་མེད་པ། སྟོང་པ་ཆོས་སྐུ། གསལ་བ་ལོངས་སྐུ། ཐུགས་རྗེ་སྤྲུལ་སྐུའི་བདག་ཉིད་དུ་ཐག་བཅད་དེ་བསྒོམ་པར་བྱའོ། །དེ་ལྟར་ཉམས་སུ་བླངས་པས་འཁོར་འདས་སུ་གྲགས་པའི་ཆོས་ཐམས་ཅད་མ་དག་འཁྲུལ་པའི་ངོར་བརྟགས་པ་ཙམ་ལས། དོན་ལ་རང་རིག་སོ་མ་གཉུག་མའི་གཤིས་ཀྱི་གནས་ལུགས་གཅིག་པུའི་ངང་དུ་རྫོགས་པ་སྟེ། དེ་ལྟར་མཉམ་པའི་ཚུལ་ཡང་། ཐ་མལ་གྱི་ཤེས་པ་དེ་ཉིད་བཟོ་བཅོས། སྤྲོ་བསྡུ། དགག་སྒྲུབ། སྤང་བླང་། ཞེན་འཛིན། ངེས་གཟུང་མེད་པར་བརྗོད་བྲལ་གྱི་ཀློང་དུ་མཉམ་པར་བཞག་ལ། དེ་ཡི་ཚེ་བཟང་ངན་གྱི་རྣམ་པར་རྟོག་པ་ཇི་ལྟ་བུ་ཞིག་འཕྲོས་ཀྱང་རིག་པའི་རང་ངོ་ལ་མཉམ་པར་བཞག་པས། ཕན་གནོད་མེད་པ་ཁང་སྟོང་དུ་རྐུན་མ་ཕྱིན་པ་བཞིན་རང་སར་གྲོལ་བ་ལ་བསླབ་པར་བྱའོ། །གཉིས་པ་བོགས་འདོན་འབྲས་བུ་ལ། དཔེ་ཕྱི་ཡི་ནམ་མཁའ་སྟོང་དྭངས་དང་། ནང་རང་སེམས་དྲི་མེད། དཔེ་ཅན་གསང་བ་འོད་གསལ་སྤྲོས་བྲལ་གྱི་དབྱིངས་གསུམ་ཕྲུགས་གཅིག་ཏུ་བསྲེས་ཏེ་སྒོམ་ལ་མཉམ་པར་གཞག་པར་བྱའོ། །ནངས་པར་ཐོ་རངས་རླུང་རིག་དྭངས་པའི་སྐབས་རླུང་སེམས་རང་བབས་སུ་གཞག །རིག་པ་རྗེན་པའི་ངང་ཉིད་ལས་མ་གཡོས་བཞིན་དུ། སྐྱེ་མེད་ཨ་ཡིག་མཐིང་ག་ནམ་མཁར་བསྒོམས་པ་ལ་རིག་པ་གཏད་དེ་ཧ་ཞེས་རླུང་ཕྱིར་བུས་ལ་ཅི་ལ་ཡང་མི་འཛིན་པར་རིག་པ་ཧ་རེ་སྤྲོ་བསྡུ་མེད་པར་གཞག་གོ །མདོར་བསྡུ་ན། རིག་པ་འདི་སྟོང་དང་མི་སྟོང་སོགས་དེར་འཛིན་ཡོད་ན་ལྟ་བ་རྣམ་དག་མ་ཡིན་པས། འདི་ཡིན་གྱི་རྩིས་གདབ་མེད་པར་རིག་པ་ཧད་དེ་བ་ལ་གསལ་རིག་གི་སྙིང་པོ་ཅན་དེའི་ཀློང་དུ་ཡེངས་མེད་དུ་གནས་པར་བྱ་བ་ལས། བཅོས་ཤིང་བསླད་པས་འཁོར་བར་འཆིང་བས་མ་བཅོས་པ་བདུན་དང་ལྡན་པའི་ངོ་བོར་རྟག་ཏུ་གནས་པར་བྱའོ། །ཨེ་མ་ཞེས་ངོ་མཚར་བ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པའི་མཐིལ་སྙིང་ཕྱུང་སྟེ་ལག་མཐིལ་དུ་ལེགས་པར་བཀྲམ་པའི་མན་ངག་འདི། སངས་རྒྱས་ཉིད་ཀྱིས་དགོངས་པའི་རང་བཞིན་ཇི་ལྟ་བ་ཉིད་གསལ་བར་ཡང་དག་པར་བསྟན་པ་འོ་སྟེ་ཡིན་ནོ། །དེས་ཤིན་ཏུ་སྤྲོས་མེད་ཀྱི་ལམ་བཤད་པ་སོང་ནས། གཉིས་པ་རབ་ཏུ་སྤྲོས་མེད་ལྷུན་གྲུབ་ཀྱི་རྣལ་འབྱོར་བཤད་པ་ལ། མདོར་བསྟན། རྒྱས་བཤད། མཐར་ཕྱིན་འབྲས་བུའོ། །དང་པོ་ནི། སླར་ཡང་འོད་གསལ་སོགས་ནས། ཁྱད་འཕགས་པ༔ ཨེ་མ་ཧོ༔ཞེས་རྨད་དུ་བྱུང་བའི་རྡོ་རྗེའི་གནས་ལ་ངོ་མཚར་བའི་གླུ་སྔོན་དུ་འགྲོ་བས། ཀ་དག་འདུས་མ་བྱས་པའི་དབྱིངས་སྤྲོས་པ་དང་བྲལ་བའི་ལྟ་བ་ཁྱད་པར་འཕགས་པ་གོང་དུ་བཤད་པ་དེ་ཉིད་ལ་དྲོད་ཐོབ་པས། ལྷུན་གྲུབ་ཀྱི་ཡེ་ཤེས་ཉི་མ་ལྟར་ཤར་ཞིང་ཐུགས་རྗེ་འགག་པ་མེད་པ་སྣང་བ་བཞིའི་འོད་ཟེར་འཕྲོ་བས། འཕོ་བཅས་ཀྱི་རྩ་རླུང་ཐིག་ལེའི་ཁམས་འཕོ་མེད་གཞོན་ནུ་བུམ་པ་སྐུའི་དབྱིངས་སུ་འུབས་ཆུབ་པའི་མྱུར་ལམ། བརྩོན་འགྲུས་ཅན་ལོ་ཟླ་ཙམ་གྱིས་མཆོག་གི་དངོས་གྲུབ་ལ་སྦྱོར་བས་ཟབ་ཅིང་རྨད་དུ་བྱུང་བ། ཐེག་པ་འོག་མ་གཞན་ལ་མ་གྲགས་ཤིང་ཐེག་པའི་རྩེ་མོ་འོད་གསལ་རྡོ་རྗེ་སྙིང་པོ་ཡི་ལམ། ཀུན་ཏུ་བཟང་པོའི་དགོངས་པའི་ཏི་ཀ་ཁྱད་པར་འཕགས་པ་ནི་བཤད་པར་བྱ་བའི་ཆོས་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ། ཉམས་བླང་ཐོག་མར་སོགས་ནས། མངོན་དུ་བྱ༔ དེ་ལྟ་བུའི་ལམ་ཉམས་སུ་བླང་བ་ལ། ཐོག་མར་ལུས་ངག་ཡིད་གསུམ་གྱིས་དགེ་མི་དགེའི་བྱ་བྱེད་སྤྱོད་ལམ་གཡེང་བ་སོགས་ཕྱི་ནང་བྱ་བ་དགུ་ཕྲུགས་ཐམས་ཅད་སྤངས་ཏེ་བཏང་ལ་ལམ་འདི་ཁོ་ན་ཉམས་སུ་ལེན་པར་བྱའོ། །དེ་ཡང་ལུས་གནད་སྐུ་གསུམ་གྱི་བཞུགས་སྟངས་སེངྒེ་གླང་ཆེན་དྲང་སྲོང་གསུམ་དང་མི་འབྲལ་བ་བྱ། རླུང་གནད་འགྲོ་འོང་དལ་བར་སྣ་ནས་མི་གཏང་བར་མཆུ་སོ་མ་རེག་ཙམ་གྱིས་ཁ་ནས་ཅུང་ཕྱིར་འཛིན་རིང་ཙམ་བྱ་བ་ལ་བསླབ། ཡུལ་གནད་ནམ་མཁར་ཟེར་གཉིས་དང་སྦྲགས་པའམ་ཆོས་ལོངས་སྤྲུལ་སྐུའི་རྟེན་ཉི་ཟླ་མར་མེ་སོགས་ལ་བརྟེན། སྒོ་གནད་མིག་ཕྱེད་བཙུམ་ཟིམ་བུས་བཞུགས་སྟངས་གསུམ་དང་སྦྲགས་ལ་ལྡོག་ཕབ་བམ་གྱེན་ཐུར་གཡས་གཡོན་ཟུར་གྱིས་བལྟ། སེམས་གནད་སྣང་བ་ལ་ཞེན་པ་དང་འཛིན་པའི་སྤུ་རིས་བྲལ་བས་རིག་པ་དབྱིངས་སྣང་ལ་ཐིམ་འགྲོ་བ་ལྟ་བུར་གཏད། དེ་ཡང་རང་གི་སྙིང་ཙིཏྟ་ཤ་ཡི་སྒྲོན་མེའི་དབུས་སུ་སྙིང་ནས་མིག་ཏུ་འབྲེལ་བའི་རྩ་དཀར་འཇམ་ཤེལ་གྱི་སྦུ་གུ་ཅན། རྒྱང་ཞགས་ཆུ་ཡི་སྒྲོན་མ་མིག་དང་འབྲེལ་བས། སྐྱོན་བྲལ་ཟེར་གྱིས་གོ་ཕྱེས་ཏེ། དབྱིངས་རྣམ་དག་གི་སྒྲོན་མ་ཟ་འོག་ཁ་ཕྱེས་པ་ལྟ་བུའི་ཀློང་དུ། ཐིག་ལེ་སྟོང་པའི་སྒྲོན་མ་རྫིང་བུར་རྡོ་བོར་བ་ལྟ་བུ་མུ་ཁྱུད་ཅན་གྱི་དབྱིངས་རུམ་ནས། རིག་པ་རྡོ་རྗེ་ལུ་གུ་རྒྱུད་གསེར་གྱི་སྐུད་པ་ལྟ་བུ་བདག་པོའི་སེམས་ཤེས་རབ་རང་བྱུང་གི་སྒྲོན་མའི་རྗེས་སུ་འགྲོ་བ་སྒྱུ་མ་ལྟ་བུའི་རོལ་གར་མཁན། མངོན་སུམ་ཙཀྵུ་སྟེ་མིག་ལམ་དུ་སྣང་བ་ལ། འཛིན་པ་བྲལ་བར་རྩེ་གཅིག་ཏུ་ཉམས་སུ་བླང་སྟེ་གོམས་པར་བྱས་པས། དབྱིངས་སྣང་རེ་ལྡེ་ནས་བརྩམ་སྟེ་སྨིན་མཚམས་དང་བྲལ་ཞིང་། ཐིག་ལེ་འོད་ལྔ་ཚོམ་བུའི་ཚུལ་དུ་འཆར་བ་དང་། རིག་པ་རིམ་གྱིས་དལ་བས་དབྱིངས་རིག་སྙོམས་པར་ཞུགས་ཏེ་རིག་པ་སྐུ་རུ་སྨིན་པ་ལས། ཕྱེད་སྐུ་དང་སྐུ་ཡང་དག་གམ་ཡོངས་སུ་རྫོགས་ཀྱི་བར། དེ་ཡང་རིགས་གཅིག་ནས་རིགས་ལྔ་དང་རིགས་བརྒྱ་རིགས་བསམ་གྱིས་མི་ཁྱབ་པར་སྣང་ཞིང་། མཐར་ནི་ཕྱི་ནང་གི་སྣང་བ་ཐམས་ཅད་ཀུན་སྐུ་དང་ཞིང་ཁམས་ཀྱི་རང་བཞིན་དུ་འོང་བར་འགྱུར་བ་འདི་ལ་ཐེ་ཚོམ་མེད་དོ། །སྣང་བའི་རིམ་པ་ཇི་ལྟར་འཕེལ་ཁ་ཆེ་ཡང་། བྱིས་པས་ལྷ་ཁང་བལྟ་བ་ལྟར་ཞེན་འཛིན་མེད་པར་ངང་དུ་ཆམ་མེར་གཞག་ལ། ཕྱི་དབྱིངས་ནམ་མཁའ། ནང་དབྱིངས་འོད་དང་འོད་ཁྱིམ། གསང་དབྱིངས་རིག་པ་ཀ་དག་སྟེ་དབྱིངས་དེ་གསུམ་གཅིག་ཏུ་བསྲེ་བ་གནད་དམ་པ་ཡིན་ནོ། །ལུས་མི་འགུལ་བ་རི་བོ་ཅོག་གཞག །མིག་མི་འགུལ་བ་རྒྱ་མཚོ་ཅོག་གཞག །ཡིད་མི་གཡོ་བ་རིག་པ་ཅོག་གཞག་གི་ཚུལ་གྱི་ལྟ་བ་ཟབ་མོའི་མཐུ་ཡིས། ལྷུན་གྲུབ་ཀྱི་ཡེ་ཤེས་མཐར་ཕྱིན་མངོན་དུ་འགྱུར་བར་བྱའོ། །གསུམ་པ་མཐར་ཕྱིན་འབྲས་བུ་ལེ་རྗེས་བཅས་ནི། ཤིན་ཏུ་གོམས་པས་སོགས་ནས། དྲུག་པ་རྫོགས་སོ༔ ཤིན་ཏུ་གོམས་པས་སྣང་བ་ཟད་པར་བྱ་དགོས་ཏེ། ཕྱི་ཉམས་སྣང་ན་རོ་བདུན་བརྩེགས་རང་བཞིན་འཆར་བ་ནས། ཆོས་ཉིད་མངོན་སུམ་ལྷག་གེར་མཐོང་བའི་སྐབས་སུ་དབྱིངས་སྣང་འོད་ཁྱིམ། ཡེ་ཤེས་ཐིག་ལེ་སྐུ་ལུ་གུ་རྒྱུད་དུ་སྣང་སྟེ་རིག་པ་དབྱིངས་སུ་ཚུད་ནས་ཐིག་ལེ་སུམ་འབྲེལ་དུ་འཆར་བ་ཚུན་ཆོས་ཉིད་མངོན་སུམ། དབྱིངས་རིག་སྨིན་མཚམས་དང་བྲལ་ཏེ་དབྱིངས་དང་ཐིག་ལེ་ཇེ་ཆེ་དང་ལུག་རྒྱུད་ཇེ་གསལ་ཇེ་བརྟན། ཐིག་ལེའི་ནང་དུ་ཕྱེད་སྐུའི་སྐུ་རྐྱང་འགུལ་འཕྲིག་མེད་པར་ཤར་བ་ཉམས་ཀྱི་སྣང་བ་གོང་དུ་འཕེལ་བ། ཐིག་ལེ་རེ་རེའི་ནང་དུ་རིགས་ལྔའི་ཞིང་ཁམས་འཆར་ཞིང་དེ་དག་རང་དང་འབྲེལ་བ་སྒོམ་མ་བསྒོམ་མེད་པར་རང་སྣང་བ་རིག་པ་ཚད་ཕེབས་ཆེན་པོ་ཉིད་དེ། ཕྱི་ཉམས་སྣང་ན་རོ་བདུན་བརྩེགས་ནས་རིམ་པར་ཟད་ཅིང་། ནང་སྒྱུ་ལུས་ཀྱི་ཆོས། གསང་བ་རྟོག་ཚོགས་ཐམས་ཅད་ཟད་པས་ཆོས་ཉིད་ཟད་པའི་ས་ལ་སྐྱོལ་ཞིང་། དེ་ཚེ་སོར་མོར་རིག་པ་གཏད་པས། འོད་གསལ་གྱི་སྣང་བ་སླར་གསལ་ཏེ། འཆི་མེད་འོད་ཀྱི་སྐུ་རུ་འགྲུབ་པར་འགྱུར་ལ། གཞན་དུའམ་མི་འདོད་ན། སྒྲ་འོད་ཟེར་དང་བཅས་གདོས་བཅས་ཀྱི་ཕུང་པོ་མི་སྣང་བར་འོད་ཀྱི་རང་བཞིན་དུ་གྲོལ་ནས་ཟག་པ་མེད་པ་གཞོན་ནུ་བུམ་པ་སྐུའི་དབྱིངས་སུ་མངོན་པར་འཚང་རྒྱ་བའི་ཐབས་རྨད་དུ་བྱུང་བའི་ལམ། སྒྲོན་མ་དྲུག་གི་དབྱིངས་རུམ་དུ་རིག་པའི་སྐྱེས་བུ་སྙོམས་པར་ཞུབས་པས་རིག་གདངས་དབྱེར་མེད་དུ་ཉམས་སུ་བླངས་པས། འཁོར་འདས་རོ་མཉམ་དུ་རང་སར་གྲོལ་བའི་ཐབས་རྨད་དུ་བྱུང་བའི་དོན་གྱི་ཡང་སྙིང་འདི་ནི་རྡོ་རྗེའི་ཚིག་ཏུ་ཡང་དག་པར་གསང་བའི་བརྡ་རུ་བསྟན་པ་ཡིན་ནོ། །རབ་ཏུ་སྤྲོས་མེད་འོད་གསལ་གྱི་ལམ་སྟེ་འདི་དག་ལ་བརྟེན་སྒོ་གསུམ་གྱི་བག་ཆགས་ཕྲ་བ་སྦྱངས། ལྷུན་གྲུབ་རིག་འཛིན་གྱི་གོ་འཕང་ཐོབ། ངོ་བོ་ཉིད་ཀྱི་སྐུ་མངོན་དུ་བྱེད་པར་འགྱུར་རོ།། །།རྩ་བའི་དོན་བཞི་པ་འཁོར་ལ་གདམས་ཤིང་བསྟན་པ་གཏད་པ་ནི། ཟབ་གསང་ཐུགས་ཀྱི་སོགས་ནས། བརྡ་ཐིམ༔ དངོས་སུ་རིག་པ་འཛིན་པ་དང་མཁའ་འགྲོ་མ། རྒྱུད་ནས་གདུལ་བྱ་སྐལ་ལྡན་གྱི་ཚོགས་ལ་ཡང་དག་པར་གཏད་པ་ནི་གོ་སླའོ། །སྐུ་གསུང་ཐུགས་ཀྱི་རྒྱ་གསུམ་གྱིས་སྣོད་ལྡན་ལ་སྤེལ། སྣོད་མིན་ལ་གསང་བར་གཉེར་དུ་གཏད་པའོ། །བསྡུས་འགྲེལ་འདི་ཡང་དགེ་སློང་བྱམས་པ་ཡར་འཕེལ་གྱི་ངོར་བྲིས་པ་ཡིན་ནོ། །སྲུང་མ་མཐུ་རྩལ་ཅན་གྱིས་བཀའ་འདི་སྲུངས་ཤིག །ས་མ་ཡ་རཀྵནྟུ།། །། ࿊ བསྡུས་འགྲེལ་འདི་བཞིན་གཏེར་ཆེན་མཆོག་ནས་གཞན་བསྐུལ་ངོར་ཞིབ་གཟིགས་དང་གཏན་འབེབ་ཉིས་བྲིས་སོགས་མ་མཛད་པར་གནང་བའི་དཔེ་རྒྱུན་འདྲ་ཞིང་། བདུད་འཇོམས་རིན་པོ་ཆེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཞུ་དག་ཡིག་སྐྱོན་བསལ་བའི་དཔེ་དང་ཡང་བསྡུར་ཀྱང་། ད་དུང་ས་བཅད་མ་ཟིན་པ་དང་འཁྲུགས་པ་སོགས་མང་བས། རྩ་རྒྱུད་རང་དང་ཞིབ་བསྡུར་གྱིས་རྩ་བའི་ཚིག་མཚམས་ཕྱེས་ནས་དཀྱུས་སུ་བཀོད་པ་སོགས་དག་བཅོས་མང་ཙམ་དཔའ་ཐལ་ལྟ་བུས། ཕྱིན་ཆད་དཔེ་རྒྱུན་རྣམ་དག་འཕེལ་བློས་རིན་གཏེར་ཞུ་དག་ཐ་མ་པ་པད་བཀོད་སྒམ་སྤྲུལ་པས་ཞུས་པ། ནོངས་པ་བཟོད་པར་གསོལ་ཞིང་འདི་ཕྱིའི་སྒྲིབ་པར་མ་གྱུར་ཅིག །དགེ་ལེགས་འཕེལ།། །།

པདྨ་གསང་བའི་ཐིག་ལེ་ལས༔ སྨིན་བྱེད་དབང་གི་བྱང་བུ་ (Volume 63, Text 16)

ྈ པདྨ་གསང་བའི་ཐིག་ལེ་ལས༔ སྨིན་བྱེད་དབང་གི་བྱང་བུ་བཞུགས༔ ྈྈྈ རྩ་གསུམ་ཀུན་འདུས་པདྨ་འབྱུང༔ མཚོ་སྐྱེས་རྒྱལ་བ་ལ་བཏུད་ནས༔ འཆི་མེད་རྟག་པ་རྡོ་རྗེའི་སྲོག༔ བསྒྲུབ་ཕྱིར་སྨིན་བྱེད་ཆོ་ག་བསྟན༔ ྈྈྈ བློ་ཆེན་རིན་པོ་ཆེའི་གང་ཟག༔ དེ་ཉིད་ཤེས་པའི་སློབ་དཔོན་ལ༔ བསྟེན་ཏེ་ཟབ་མོའི་ལམ་འདི་ཉིད༔ སྲོག་ལུས་གཅེས་རྒུའི་བདོག་པ་བཅས༔ ལྟོས་མེད་ཕུལ་ཏེ་དབང་བསྐུར་ཞུ༔ ནུས་པར་ལྡན་པའི་བླ་མ་ཡིས༔ བརྩོན་འགྲུས་ལྡན་པའི་སློབ་མ་ལ༔ རང་དང་གཞན་དོན་ནུས་གྱུར་པའི༔ དབང་བསྐུར་ཐོག་མར་གསོལ་བ་གདབ༔ ཀྱེ་ཧོཿརྡོ་རྗེ་འཛིན་རྒྱལ་པོ༔ བདག་ལ་དགོངས་པར་མཛད་དུ་གསོལ༔ ཁམས་གསུམ་འཁོར་བའི་གཡང་ས་ལས༔ སྒྲོལ་ཕྱིར་དབང་མཆོག་བསྩལ་དུ་གསོལ༔ ཞེས་པས་གསོལ་བཏབ་རིགས་བརྟགས་ལ༔ དབང་བསྐུར་བྱ་བའི་སྐལ་ལྡན་ན༔ སློབ་དཔོན་བདག་ཉིད་ནུས་ལྡན་ཕྱིར༔ རྩ་གསུམ་བསྙེན་པ་རྒྱས་པར་བྱ༔ དེ་ནས་ཐོག་མར་དབེན་གནས་སུ༔ སྣང་དང་མི་སྣང་བདག་པོ་ལས༔ དཀྱིལ་འཁོར་ས་གཞི་ལེགས་པར་བསླང༔ བཟུང་ཞིང་དབང་དུ་གྱུར་བྱས་ལ༔ རིན་པོ་ཆེ་ཡི་བུམ་པ་ནི༔ ལྔ་ཚན་ལྔ་ཡི་བཅུད་ཀྱིས་གཏམས༔ ཁ་རྒྱན་མགུལ་ཆིངས་དབུ་རྒྱན་དང༔ གཟུངས་ཐག་རྡོ་རྗེས་མངའ་གསོལ་ཏེ༔ དཀྱིལ་འཁོར་དབུས་སུ་ཡང་དག་བཀོད༔ བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང༔ ཚད་དང་མཚན་ཉིད་ཡོངས་རྫོགས་དབུས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་རྣམས༔ ཆུ་ཟླ་འཇའ་ཚོན་ལྟ་བུར་བསམ༔ སྔགས་མཐར་ཀ་ལ་ཤ་ཨ་བྷི་ཥིཉྩ་བྷྲཱུྃ༔ ཞེས་པའི་སྔགས་འདི་སྟོང་ཕྲག་བཟླས༔ སློབ་མའི་སྡིག་སྒྲིབ་བག་ཆགས་ཀུན༔ སྦྱང་ཕྱིར་ཞི་དྲག་ཕྱེད་མས་བསྔོ༔ དངོས་གཞི་ཐོག་མར་ཡེ་ཤེས་དབབ༔ སློབ་མ་ལངས་ཏེ་རྐང་པ་གཤིབ༔ ལག་པ་སྤྱི་བོར་ཐལ་མོ་སྦྱར༔ དམིགས་པ་སློབ་མ་ཧེ་རུ་ཀ༔ རྟ་མཆོག་རྒྱལ་པོར་གསལ་བ་ཡི༔ སྙིང་གར་ཆུ་སྐྱེས་ཉི་ཟླའི་དབུས༔ འཆི་མེད་ཡེ་ཤེས་ཚེ་དཔག་མེད༔ དེ་ཡི་ཐུགས་ཀར་མཁའ་འགྲོ་མ༔ གསང་བ་ཡེ་ཤེས་དམར་གསལ་མདངས༔ ཌཱ་རུ་དཀྲོལ་ཞིང་ཐོད་ཆང་བསྣམས༔ འོད་དམར་ཞགས་པས་བསྐོར་བ་ཡི༔ གསང་བར་གཡུང་དྲུང་རིས་དམར་པོ༔ གཡོན་ཕྱོགས་དྲག་ཏུ་འཁོར་བ་ལས༔ མཁའ་འགྲོ་བདེ་བའི་གར་དང་སྒྲས༔ སྲས་བཅས་རྒྱལ་རྣམས་དབང་མེད་བཀུག༔ སློབ་མའི་ལུས་ལ་ཐིམ་པར་བསམ༔ རྩ་བའི་སྔགས་མཐར་འབེབ་སྔགས་སྦྱར༔ ཆགས་པའི་རྡུལ་གྱིས་གོས་པའི་རས༔ བྱི་ལ་ནག་པོའི་བྲུན་དག་ནི༔ ཡི་དྭགས་མེ་ལ་བསྲེགས་པ་དང༔ ཅང་ཏེའུ་རོལ་མོའི་སྒྲ་ཡིས་དབབ༔ ལུས་ལ་ཕེབས་ན་མཆོང་དང་རྒྱུག༔ གར་འཁྲབ་ངག་ལ་བྱིན་ཕེབས་ན༔ སཾསྐྲྀཏ་དང་མཁའ་འགྲོའི་སྐད༔ ཐོལ་བྱུང་སྨྲ་ཞིང་ཡིད་ཕེབས་ན༔ བདེ་གསལ་མི་རྟོག་རྩོལ་མེད་སྐྱེ༔ དེ་ཚེ་བརྟན་པའི་སྔགས་རྒྱ་ཡིས༔ རྣལ་འབྱོར་ཡེ་ཤེས་བརྟན་པར་བྱ༔ ཀྱཻ་ཧོ༔ རྣལ་འབྱོར་ཆེན་པོ་བདེ་བ་ཆེ༔ ཡེ་ཤེས་ཆེན་པོ་གསལ་བ་ཆེ༔ དཀྱིལ་འཁོར་ཆེན་པོ་བདག་འཚལ་ན༔ དཔའ་བོ་ཆེན་པོས་གནང་དུ་གསོལ༔ ཞེས་པས་གསོལ་བ་གདབ་པ་ལས༔ དཀྱིལ་འཁོར་སྒོ་ཕྱེས་ལྷ་ངོ་བསྟན༔ ལུས་སྒྲིབ་དག་ཕྱིར་བུམ་པ་ནི༔ རྒྱན་ལྡན་པདྨ་ཅན་གྱིས་ཐོགས༔ སློབ་མའི་སྤྱི་བོར་བཞག་ཅིང་བསྐུར༔ ཧཱུྃ༔ བུམ་པ་ཟླུམ་པོ་ཆོས་སྐུའི་གཞལ་ཡས་ཁང༔ བུམ་རྫས་སྣང་བ་ལོངས་སྤྱོད་རྫོགས་པའི་དཔལ༔ གཉིས་མེད་ཟུང་འཇུག་འཆི་མེད་བདུད་རྩིའི་ཆུས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་པས༔ ལུས་ཀྱི་སྒྲིབ་དག་ཕུང་ཁམས་ལྷ་སྐུར་སྨིན༔ རིགས་ལྔ་རྒྱལ་བའི་དབང་མཆོག་ཡོངས་རྫོགས་ཏེ༔ རྣམ་སྨིན་རིག་འཛིན་ས་བོན་ཉེར་ཐོབ་ཤོག༔ བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ བཛྲྎ རཏྣྎཔདྨྎ ཀརྨྎ སྦྱར། རྗེས་འབྲེལ་ལྷ་ཡི་ཕྱག་རྒྱ་ལས༔ གཉིས་པ་སྤྲོས་ཏེ་སྤྱི་བོར་གཞག༔ ཨོཾ་ཨཱཿཧཱུྃ༔ ཆོས་སྐུ་སྟོང་གསལ་མ་བཅོས་སྤྲོས་དང་བྲལ༔ ལོངས་སྐུ་གསལ་ལ་མ་འདྲེས་གུ་རུའི་སྐུ༔ སྤྲུལ་སྐུ་སྣ་ཚོགས་ཐབས་ཀྱིས་འགྲོ་དོན་མཛད༔ སྔོན་ཚེ་པད་འབྱུང་ཁྱེད་དང་སྨོན་ལམ་གཅིག༔ ད་ལྟ་བདག་དང་སློབ་མའི་སྟངས་བཟུང་སྟེ༔ སྲོག་གི་ཕྱིར་ཡང་མི་གཏོང་སྒྲུབ་ལགས་ན༔ ཡེ་ཤེས་རབ་འབྱམས་དབང་ཆེན་བསྐུར་དུ་གསོལ༔ ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་སྐུ་གཟུགས་སྤྱི་བོར་གཞག༔ བཟླས་པའི་ལུང་སྦྱིན་སྔགས་ཀྱི་ཕྲེང༔ མགྲིན་པར་བཞག་ཏེ་དོན་དབང་བསྐུར༔ ཨཱ༔ བརྗོད་པ་ཀུན་གྱི་གཞི་རུ་གནས་གྱུར་པའི༔ ངག་ལ་རྡོ་རྗེའི་སྔགས་ཀྱི་དབང་བསྐུར་པས༔ གྲགས་སྟོང་རྡོ་རྗེའི་རོལ་མོར་འབྱམས་ཀླས་པ༔ མི་འགག་གསུང་གི་དབང་མཆོག་ཐོབ་པར་ཤོག༔ ཝཱ་ཀ་བཛྲ་ཨ་བྷི་ཥིཉྩ་ཨཱ༔ དྭངས་གསལ་མེ་ལོང་སྙིང་གར་གཏད༔ སྤྲོས་བྲལ་དོན་གྱི་ཐུགས་དབང་བསྐུར༔ ཧཱུྃ༔ མ་བཅོས་སྤྲོས་དང་བྲལ་བའི་རང་རིག་པ༔ འོད་གསལ་ཀ་ནས་དག་པ་གདོད་མའི་གཤིས༔ ཡེ་གྲོལ་ལྷུན་འབྱམས་དགོངས་པའི་སྲོག་གཏད་པས༔ མི་ཤིགས་ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ ཙིཏྟ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ སྒེག་སོགས་མཆོད་པའི་ལྷ་མོ་ཡིས༔ ཕྱག་རྒྱའི་གཟུགས་ཀྱི་མངའ་གསོལ་བྱ༔ ཏྲཱཾ༔ དགའ་བ་བཞི་དང་སྟོང་པ་བཞི༔ ལྷ་ཡི་ཕྱག་རྒྱར་རང་ཤར་བའི༔ སྒེག་སོགས་མཆོད་པའི་ལྷ་མོ་ཡི༔ ཡོན་ཏན་རབ་འབྱམས་དབང་མཆོག་བསྐུར༔ ཨོཾ་བཛྲ་ལཱ་སྱཻ་མཱ་ལྱེ་གཱིརྟཱི་ནིརྟཱི་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ཨཿཧཱུྃ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་སྦྱིན༔ ཧཱུྃ༔ ཁྱོད་ནི་རྡོ་རྗེ་སློབ་དཔོན་ཏེ༔ ལས་རྣམས་མ་ལུས་ཀུན་བྱོས་ཤིག༔ སྐུ་གསུང་ཐུགས་ཀྱི་དམ་གཟུང་ལ༔ ཁམས་གསུམ་དག་པའི་ས་ལ་སྐྱོལ༔ བཛྲ་ཀཱ་ཝ་ཙི་ས་མ་ཡ་བྷོ་དྷི་ཙིཏྟ་ཨཱ༔ ཕྲིན་ལས་སྒོ་མའི་སྐུ་གཟུགས་བསྟིམ༔ ཧྲཱི༔ ཚད་མེད་བཞི་པོ་གནས་དག་པའི༔ མི་ཤིགས་སྤྲུལ་པའི་སྒོ་མ་བཞི༔ ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་པས༔ ཕྲིན་ལས་རབ་འབྱམས་དབང་ཐོབ་ཤོག༔ ཛཿཧཱུྃ་བཾ་ཧོ་ཨ་བྷི་ཥིཉྩ་ཧཱུྃ༔ ཟབ་པའི་རྒྱུད་བཞིན་བསྐྱེད་རིམ་གྱི༔ རྣལ་འབྱོར་ཟབ་མོའི་མན་ངག་བསྟན༔ ཐུན་མོང་ཚེ་ཡི་དབང་བསྐུར་ལྟར༔ དངོས་གྲུབ་རྫས་ཀྱིས་ཞལ་བསྲོ་བྱ༔ ས་མ་ཡ༔ སྦས་རྒྱ༔ གཏེར་རྒྱ༔ ཟབ་རྒྱ༔ ྈྈྈ ཁོ་བོ་གསང་མིང་བདུད་འཇོམས་རྡོ་རྗེས་མདོ་ཁམས་ནམ་མཁའ་མཛོད་ཀྱི་གསང་ཕུག་གོང་མ་ནས་ལ་བསེའི་རྡོ་རྗེ་མཁྱིད་གང་བ་ཞིག་དངོས་གྲུབ་ཏུ་ཐོབ་པའི་སྨིན་བྱེད་དབང་གི་བྱང་བུ་ལས། མཁའ་འགྲོ་བརྡ་བཀྲོལ་གྱིས་གཏན་ལ་ཕབ་པ་བོད་ཡུལ་མཐའ་དབུས་བདེ་སྐྱིད་ཀྱི་དཔལ་ལ་སྤྱོད་ཅིང་མགོན་པོ་པདྨཱཀ་རའི་གོ་འཕང་འཐོབ་པའི་རྒྱུར་གྱུར་ཅིག། །། ྈ ྈྈྈ ཐུན་མོང་ཚེ་ཡི་དབང་བསྐུར་ནི༔ སློབ་མའི་རྒྱུད་སྦྱངས་སེམས་གཉིས་བསྐྱེད༔ ཀྱེ་ཧོ༔ ཐུགས་རྗེའི་བདག་ཉིད་སློབ་དཔོན་གྱིས༔ བདག་ཅག་འཁོར་བ་ལས་སྒྲོལ་ཕྱིར༔ འཆི་མེད་ཚེ་ཡི་དཀྱིལ་འཁོར་དུ༔ མ་སྨིན་སྨིན་བྱེད་དབང་བསྐུར་སྩོལ༔ ལན་གསུམ་གསོལ་གདབ་ཡེ་ཤེས་དབབ༔ བརྟན་པར་བྱས་རྗེས་ཚེ་བུམ་ནི༔ འཆི་མེད་ལྷ་ཡི་ཕྱག་རྒྱར་གསལ༔ ཨོཾ༔ མི་འགྱུར་སྙིང་པོ་འོད་གསལ་བ༔ རྡོ་རྗེའི་རང་བཞིན་འཕོ་འགྱུར་བྲལ༔ ལྷར་སྣང་ཡེ་ཤེས་ཕྱག་རྒྱ་ཆེ༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་རོ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་ཡེ་ཤེས་དབང་ཆེན་བསྐུར༔ ཨོཾ༔ བཀྲ་ཤིས་སྙིང་པོ་ཚེ་ཡི་དངོས༔ རྟག་པ་དམ་པ་རྡོ་རྗེའི་སྲོག༔ གྲུབ་པའི་བཅུད་ལེན་འཆི་མེད་དབྱིག༔ མྱང་པས་ཡེ་ཤེས་མཆོག་ཐོབ་བསམ༔ ཨོཾ་བཛྲ་ཨཱ་ཡུ་ཥེ་སིདྡྷི་ཕ་ལ་ཧཱུྃ༔ སྙིང་པོར་དྲིལ་བའི་དབང་བསྐུར་འདིས༔ ཐུན་མོང་ཚེ་ཡི་དངོས་གྲུབ་དང༔ ཁྱད་པར་མཆོག་ཏུ་མི་འགྱུར་བའི༔ ཡེ་ཤེས་འཐོབ་པར་ཐེ་ཚོམ་མེད༔ ྀཨཚ་བརྡ་ཐིམ༔

པདྨ་གསང་བའི་ཐིག་ལེའི་སྔོན་འགྲོའི་ངག་འདོན་ཉུང་ངུར་བསྡུས་པ་རྣམ་མཁྱེན་ཤིང་རྟ་ (Volume 63, Text 17)

༄༅། །པདྨ་གསང་བའི་ཐིག་ལེའི་སྔོན་འགྲོའི་ངག་འདོན་ཉུང་ངུར་བསྡུས་པ་རྣམ་མཁྱེན་ཤིང་རྟ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨཱཀ་ར་ཡེ། ཟབ་ལམ་གྱི་སྣོད་དུ་གྱུར་པའི་སྐལ་པ་དགེ་བའི་ལས་འཕྲོ་ཅན་དག་གིས་བྱ་བའི་གཙོ་བོ་སྔོན་དུ་འགྲོ་བའི་ཆོས་ལ་ཐུན་མོང་དང་ཐུན་མིན་གཉིས་ལས། དང་པོ་དབེན་པའི་གནས་སུ་སྟན་བདེ་བར་འཁོད་དེ། ལུས་གནད་དྲང་པོར་བསྲངས། རླུང་རོ་ལན་གསུམ་བསལ། དབུགས་ཕྱི་ནང་གི་རྒྱུ་བ་ཉེར་གཅིག་བར་བསྒྲངས་ཏེ་བསམ་གཏན་གྱི་སྣོད་དུ་རུང་བར་བྱས་ལ། ཐོག་མར་ཐུན་གྱི་སྔོན་འགྲོ་བླ་མ་ལ་གསོལ་བ་འདེབས་པ་ནི། ཨཿ རང་གི་སྤྱི་བོར་པདྨ་ཟླ་བའི་སྟེང་། །སངས་རྒྱས་ཀུན་འདུས་རྩ་བའི་བླ་མ་ནི། །རྣམ་པ་རྡོ་རྗེ་འཆང་གི་ཆ་ལུགས་ཅན། །བརྒྱུད་གསུམ་རིག་འཛིན་བླ་མའི་ཚོགས་དང་བཅས། །འཇའ་ཟེར་ཐིག་ལེ་འོད་ལྔ་འཁྲུགས་པའི་ཀློང་། །གསལ་སྟོང་མཉམ་གནས་ཆེན་པོར་བཞུགས་པར་གྱུར། །རྗེ་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས་སོ། །མ་རིག་མུན་པ་སེལ་བར་བྱིན་གྱིས་རློབས། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས་སོ། །འོད་གསལ་ཁོང་ནས་འཆར་བར་བྱིན་གྱིས་རློབས། །བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས་སོ། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་གསོལ་བ་ཕུར་ཚུགས་སུ་བཏབ་རྗེས། བླ་མའི་གནས་གསུམ་འབྲུ་གསུམ་ལ་སེམས་གཏད་དེ། ཨོཾ་ཨཱཿཧཱུྃ། གང་མང་བརྗོད་ལ་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་བསྲེས་ལ་མཉམ་པར་གཞག །དེ་ནས་ཐུན་མོང་སྤྱིའི་སྔོན་འགྲོ་ངེས་འབྱུང་གི་བློ་བཅོས་པ་འདི་ལྟར་འདོན་སྒོམ་བྱའོ། །དལ་བརྒྱད་འབྱོར་བཅུས་བརྒྱན་པའི་ལུས་རྟེན་འདི། །ཡང་ཡང་རྙེད་དཀའ་ཨུ་དུམ་ཝ་ར་འདྲ། །རྙེད་ན་དོན་ཆེ་ཡིད་བཞིན་ནོར་དང་མཚུངས། །དལ་འབྱོར་སྙིང་པོ་ལོན་པར་བྱིན་གྱིས་རློབས། །ཕྱི་སྣོད་འཇིག་རྟེན་མི་རྟག་མེ་ཆུས་འཇིག །ནང་བཅུད་སྐྱེ་འགྲོའི་ཚེ་སྲོག་རྟག་མི་ཐུབ། །སྐད་ཅིག་མི་སྡོད་འཆི་ལ་ཇེ་ཉེར་འགྲོ །འཆི་ཆོས་སྙིང་ནས་འགྲུབ་པར་བྱིན་གྱིས་རློབས། །འཆི་ཚེ་དཀར་ནག་ལས་འབྲས་རྗེས་སུ་འབྲང་། །དགེ་བས་བདེ་འགྲོ་སྡིག་པས་ངན་འགྲོར་འཕེན། །དཀར་ནག་ལས་ཀྱི་འབྲས་བུ་མི་བསླུ་བས། །དགེ་སྡིག་སྤང་བླང་ནུས་པར་བྱིན་གྱིས་རློབས། ཁམས་གསུམ་གནས་རིས་མཐོ་དམན་གར་སྐྱེས་ཀྱང་། །སྡུག་བསྔལ་གསུམ་གྱིས་རྟག་ཏུ་མནར་བའི་ཕྱིར། །འཁོར་བའི་གནས་ལས་ངེས་པར་འབྱུང་བའི་བློས། །ཐེག་མཆོག་ཟབ་མོའི་རྣལ་འབྱོར་བསྒོམ་པར་བྱ། །ཞེས་འདོན་སྒོམ་ནན་ཏན་དུ་བྱའོ།། །།གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ། ཐོག་མར་སྐྱབས་སུ་འགྲོ་བ་ལ་སྐྱབས་ཡུལ་གསལ་གདབ་པ་ནི། ཨཿ རང་མདུན་ནམ་མཁར་མཆོད་སྤྲིན་རྒྱ་མཚོའི་དབུས། །རིན་ཆེན་སེང་ཁྲི་པདྨ་ཟླ་བའི་སྟེང་། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ཉིད། །རྣམ་པ་རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས། །སྐུ་མདོག་དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན། །རང་འོད་སྙེམས་མ་གྲི་ཐོད་འཛིན་དང་སྦྱོར། །སྐུ་ཡི་གནས་ལྔར་བདེ་གཤེགས་རིགས་ལྔ་ལ། །དཔའ་བོ་མཁའ་འགྲོ་རྒྱ་མཚོའི་འཁོར་གྱིས་བསྐོར། །སྐྱབས་ཀུན་འདུས་པའི་བདག་ཉིན་ཆེན་པོར་གསལ། །བདག་དང་མཐའ་ཡས་སེམས་ཅན་མ་ལུས་ཀུན། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ཞིང་། །ཕྱི་ནང་གསང་བ་དོན་གྱི་སྐྱབས་སུ་འགྲོ། །ཞེས་གསལ་གདབ་ལ། ན་མོ༔ གདོད་ནས་དག་པ་གཉུག་མའི་བབ༔ འོད་གསལ་འདུས་མ་བྱས་པའི་གདངས༔ འཕོ་འགྱུར་མེད་པ་དོན་གྱི་ལྷར༔ གཉིས་མེད་ངང་ནས་སྐྱབས་སུ་མཆི༔ ཞེས་སྐྱབས་འགྲོ་དང་ཕྱག་འབུམ་ཐེར་གྲངས་གསག །ཐུན་མཐར། སྐྱབས་ཡུལ་རྣམས་ལས་འོད་ཟེར་དཀར་པོ་བྱུང་། །བདག་སོགས་འགྲོར་ཐིམ་སྒྲིབ་བྱང་འོད་དུ་ཞུ། །སྐྱབས་ཡུལ་ལ་ཐིམ་འཁོར་རྣམས་གཙོ་བོར་འདུས། །དེ་ཡང་མི་དམིགས་སྤྲོས་བྲལ་ཆེན་པོར་གཞག །གཉིས་པ་དོན་དམ་བྱང་ཆུབ་ཀྱི་སེམས་ལ་བློ་གཞག་པ་ནི། ཧོ༔ མེད་བཞིན་སྣང་བ་འཁྲུལ་པའི་འགྲོ༔ རང་རིག་ཆེན་པོར་རོ་མཉམ་ཡང༔ གསང་ཆེན་ཐབས་ཀྱིས་ཆོད་པ་རྣམས༔ ཡེ་ཤེས་དབྱིངས་སུ་འགོད་པར་བྱ༔ ཞེས་གྲངས་གསག །ཐུན་མཐར་དགེ་བ་བསྔོ། གསུམ་པ་སྡིག་སྒྲིབ་སྦྱོང་བ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། ཨཱཿ བདག་ཉིད་ཐ་མལ་སྤྱི་གཙུག་ཏུ། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །དཔལ་ལྡན་བླ་མ་རྡོ་རྗེ་སེམས། །དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན། །རང་འོད་རིག་མར་སྙོམས་པར་ཞུགས། །ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་མཐར། །སྔགས་ཀྱི་ཕྲེང་བས་བསྐོར་བར་བསམ། །སྐུ་དང་ཐུགས་ཀྱི་སྔགས་ཕྲེང་ལས། །འོད་ཟེར་བདུད་རྩིའི་རྒྱུན་བཅས་བབས། །རང་གི་ཚངས་པའི་སྒོ་ནས་ཞུགས། །ལུས་གང་ནད་གདོན་སྡིག་སྒྲིབ་དག །དྭངས་གསལ་འོད་ཀྱི་རང་བཞིན་གྱུར། །ཅེས་བརྗོད་ཅིང་བསམ་ལ། ཡི་གེ་བརྒྱ་པ་གྲངས་མང་བཟླ། ཐུན་མཐར། བླ་མ་རྡོ་རྗེ་སེམས་དཔའ་ཉིད། །དགྱེས་པ་ཆེན་པོས་འོད་དུ་ཞུ། །རང་ལ་ཐིམ་པས་རང་ཉིད་ཀྱང་། །སྣང་སྟོང་སེམས་དཔའི་སྐུ་རུ་གསལ། །ཞེས་བསམ་ལ། ཡིག་གེ་དྲུག་པ་གྲངས་མང་བརྗོད། སེམས་མ་བཅོས་གཉུག་མའི་ངང་ལ་གཞག །བཞི་པ་ཚོགས་གསག་མཎྜལ་ནི། ཚོམ་བུ་སོ་བདུན་མ་སྤྱི་ལྟར་དུ་ལན་གྲངས་ཁ་ཤས་ཕུལ་ཞིང་། གྲངས་གསོག་སྐབས་དངོས་གཞི་སྐུ་གསུམ་མཎྜལ་ནི། ཨོཾ་ཨཱཿཧཱུྃ། ཕྱི་སྣོད་འཇིག་རྟེན་མཎྜ་ལར། །མངོན་མཐོ་ལྷ་མིའི་འབྱོར་པས་བཀང་། །བླ་མ་སྤྲུལ་པའི་སྐུ་ལ་འབུལ། །རང་ལུས་སྣོད་ཀྱི་མཎྜ་ལར། ཁམས་དང་དབང་པོའི་མདངས་ཀྱིས་བརྒྱན། །བླ་མ་ལོངས་སྤྱོད་རྫོགས་སྐུར་འབུལ། །སྟོང་གསལ་དབྱིངས་ཀྱི་མཎྜ་ལར། །རིག་གདངས་འགགས་མེད་རྒྱན་གྱིས་སྤྲས། །བླ་མ་ཆོས་ཀྱི་སྐུ་ལ་འབུལ། ཁམས་གསུམ་སྣོད་བཅུད་རང་གྲོལ་ནས། །སྐུ་གསུམ་ཞིང་ཁམས་མངོན་གྱུར་ཤོག །ཨོཾ་ཨཱཿཧཱུྃ་སརྦ་གུ་རུ་མཎྜ་ལ་པཱུ་ཛ་མེ་གྷ་ཨཱཿཧཱུྃ། ཞེས་པས་འབུལ། ལྔ་པ་བྱིན་རླབས་འཇུག་པ་བླ་མའི་རྣལ་འབྱོར་ནི། ཨཿ སྣང་སྲིད་རྣམ་དག་འཇའ་ཟེར་ཐིག་ལེའི་ཀློང་། །རང་སེམས་རྣམ་དག་རྟ་མཆོག་ཧེ་རུ་ཀ །དམར་གསལ་རྡོ་རྗེ་ཕག་མོ་ཡུམ་དང་འཁྲིལ། །གྲི་གུག་ཐོད་འཛིན་ཕྱག་རྒྱ་ལྔ་ཡིས་སྤྲས། །སྤྱི་བོའི་ནམ་མཁར་འཇའ་ཚོན་འོད་ལྔའི་ཀློང་། །པདྨ་ཉི་ཟླ་མཛེས་པའི་གདན་གྱི་སྟེང་། །བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་ནི། །རྣམ་པ་འཆི་མེད་པདྨ་སམ་བྷ་ཝ། །དཀར་གསལ་མཛེས་འཛུམ་མཚན་དཔེའི་རྒྱན་གྱིས་བརྒྱན། །དབུ་ལ་འདབ་ལྡན་པདྨའི་སྙན་ཞུ་གསོལ། །ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་བུམ་བསྣམས། །ཤེས་རབ་རང་བཞིན་སྦས་ཚུལ་ཁ་ཊྭཱཾ་འཁྱུད། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་དྲང་པོར་བཞུགས། །ཐེག་དགུ་ཡོངས་སུ་རྫོགས་པའི་ཆས་ཀྱིས་བཀླུབས། །ཐུགས་ཀར་འོད་ལྔའི་ཐིག་ལེ་མཛེས་པའི་ཀློང་། །བདེ་ཆེན་རྡོ་རྗེ་ཆོས་སྐུ་ཚེ་དཔག་མེད། །དཀར་གསལ་མཉམ་གཞག་འཆི་མེད་ཚེ་བུམ་བསྣམས། །རང་འོད་ཡུམ་འཁྱུད་བདེ་སྟོང་ཡུམ་དང་འཁྲིལ། །ཕྱི་འཁོར་འོད་ལྔའི་དྲ་བས་མཛེས་པའི་ཀློང་། །གྲུབ་པའི་རིག་འཛིན་ཆེན་པོ་རྣམ་པ་བརྒྱད། །རྗེ་འབངས་གྲུབ་ཐོབ་རྒྱ་མཚོའི་འཁོར་གྱིས་བསྐོར། །གསལ་སྟོང་མཉམ་གནས་ཆེན་པོའི་ངང་དུ་གསལ། །ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ སོགས་ཚིག་བདུན་གསོལ་འདེབས་གྲངས་མང་བརྗོད་ལ་བྱིན་དབབ། ཨོཾ་ཨཱཿཧཱུྃ། འཆི་མེད་ཚེ་ཡི་ལྷ་ཚོགས་ལ༔ དག་མཉམ་ཆེན་པོར་གུས་ཕྱག་འཚལ༔ ཡུལ་དབང་མཉམ་སྦྱོར་མཆོད་སྤྲིན་འབུལ༔ ཀུན་བརྟགས་འཁྲུལ་པ་དབྱིངས་སུ་བཤགས༔ བློ་བྲལ་ཟབ་མོར་རྗེས་ཡི་རངས༔ བདེ་ཆེན་བརྡ་ཡི་ཆོས་འཁོར་སྐོར༔ འཕོ་བྲལ་ཆེན་པོར་བཞུགས་གསོལ་འདེབས༔ དགེ་ཚོགས་གཞོན་ནུ་བུམ་སྐུར་བསྔོ༔ ཞེས་ཡན་ལག་བདུན་པ་གྲངས་མང་བརྗོད་ཅིང་ཕྱག་འཚལ། དེ་ནས་གསོལ་བ་གདབ་པ་ནི། སངས་རྒྱས་ཀུན་འདུས་གུ་རུ་རིན་པོ་ཆེ། །བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་ལ། །མི་ཕྱེད་གདུང་བ་དྲག་པོས་གསོལ་བ་འདེབས། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཞེས་གྲངས་གསོག །ཐུན་མཐར། དཔལ་ལྡན་བླ་མའི་སྐུ་ཡི་གནས་བཞི་ལས། །འོད་ཟེར་བདུད་རྩི་རིམ་དང་ཅིག་ཅར་འཕྲོས། །རང་གི་གནས་བཞིར་ཐིམ་པས་སྒྲིབ་བཞི་དག །དབང་བཞི་ཐོབ་ཅིང་སྐུ་བཞི་མངོན་དུ་བྱས། །འཁོར་རྣམས་འོད་ཞུ་རྩ་བའི་བླ་མར་ཐིམ། །རྩ་བའི་བླ་མ་དཀོན་མཆོག་ཀུན་འདུས་ཉིད། །དགྱེས་པ་ཆེན་པོས་འོད་ཞུ་རང་ལ་ཐིམ། །རོ་མཉམ་ཀ་དག་ཆེན་པོའི་ངང་ལ་གཞག །ཅེས་མ་བཅོས་གཉུག་མའི་ཤེས་པ་བསྐྱང་ལ། ཐུན་ལས་ལྡང་བ་ན། དགེ་རྩ་རྫོགས་བྱང་དུ་བསྔོ་ཞིང་བཀྲ་ཤིས་ཀྱིས་མཚམས་སྦྱར་བར་བྱའོ། །ཞེས་པའང་ཉེར་མཁོའི་ཡན་ལག་ཏུ་བདུད་འཇོམས་ནམ་མཁའི་མིང་གིས་བྲིས་པ་དགེ། །།

པདྨ་གསང་བའི་ཐིག་ལེ་ལས། བརྒྱུད་པའི་གསོལ་འདེབས་བདུད་རྩིའི་ཟིལ་དངར་ (Volume 63, Text 18)

པདྨ་གསང་བའི་ཐིག་ལེ་ལས། བརྒྱུད་པའི་གསོལ་འདེབས་བདུད་རྩིའི་ཟིལ་དངར་བཞུགས་སོ། །ཨོཾ་ཨཱཿཧཱུྃ། ཀ་དག་སྤྲོས་པ་བྲལ་བའི་ཞིང་ཁམས་ན། །ཆོས་སྐུ་སྣང་བ་མཐའ་ཡས་ཚེ་ཡི་བདག །དུས་གསུམ་རྒྱལ་བ་དགོངས་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །ངེས་པ་ལྔ་དང་ལྡན་པའི་ཞིང་ཁམས་ན། །ལོངས་སྐུ་ཚེ་ལྷ་པདྨ་གར་གྱི་དབང་། །བརྡ་བརྒྱུད་རིག་འཛིན་སེམས་དཔའ་མཆོག་རྣམས་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །སྣ་ཚོགས་འགྲོ་འདུལ་སྤྲུལ་སྐུའི་ཞིང་ཁམས་ན། །ལྷུན་གྲུབ་རིག་འཛིན་པདྨ་ཀུན་ཏུ་འཆང་། །གང་ཟག་སྙན་བརྒྱུད་གྲུབ་ཐོབ་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །དྷུ་མ་ཐཱ་ལ་མཁའ་སྤྱོད་གྲོང་ཁྱེར་ན། །དྷཱ་ཀིའི་ཚོགས་རྗེ་སངས་རྒྱས་པདྨའི་ལྕམ། །གནས་ཡུལ་མཁའ་འགྲོ་བྱེ་བའི་ཚོགས་རྣམས་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །བོད་ཡུལ་སྒྲུབ་གནས་དབེན་པའི་རི་ཁྲོད་ན། །སྐད་གཉིས་སྨྲ་བ་དཀོན་མཆོག་འབྱུང་གནས་ཞབས། །རྗེ་འབངས་སྤྲུལ་པའི་འཁོར་ཚོགས་བསམ་ཡས་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །ཤར་ཕྱོགས་མེ་ལོང་བཀོད་པའི་ཞིང་ཁམས་ན། །གྲུབ་པའི་ཁྱུ་མཆོག་མཉམ་མེད་གྲགས་པ་དཔལ། །མཁས་ཤིང་གྲུབ་བརྙེས་འཁོར་ཚོགས་མཐའ་ཡས་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །རང་རིག་འོད་གསལ་བདེ་ཆེན་ཞིང་ཁམས་ན། །སྨོན་ལམ་ལས་སད་གཏེར་སྟོན་སྤྲུལ་པའི་སྐུ། །ཆོས་བདག་རིག་འཛིན་འཁོར་ཚོགས་བརྒྱུད་བཅས་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །སྣང་སྲིད་རྣམ་དག་འོད་གསལ་ཞིང་ཁམས་ན། །རྩ་གསུམ་སྤྱི་གཟུགས་འཆི་མེད་པདྨ་འབྱུང་། །དབྱིངས་ཀྱི་ཡུམ་ཆེན་མཉམ་སྦྱོར་བདེ་ཆེན་ལྷར། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །དགའ་བཞིའི་ལང་ཚོ་སྟོང་ཉིད་དྭངས་མར་འཁྱིལ། །གཽ་རཱི་མ་སོགས་གནས་ཀྱི་མ་མོ་བརྒྱད། །རྟོག་ཚོགས་རང་གྲོལ་མཆོད་པའི་ལྷ་མོར་ཤར། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །ཚད་མེད་བཞི་ལྡན་འབྱུང་བའི་དྭངས་བཅུད་སྡུད། །བདུད་བཞི་དབྱིངས་སྒྲོལ་ལས་བཞིའི་དངོས་གྲུབ་སྩོལ། །མགྱོགས་མ་སྒོ་སྲུང་ལས་ཀྱི་དྷཱ་ཀི་མར། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །མཚོ་སྐྱེས་རྒྱལ་བའི་ཐུགས་ཏིག་ཟབ་མོའི་ཆོས། །རྟག་ཏུ་སྲུང་ཞིང་སྒྲུབ་པོའི་ཕྲིན་ལས་སྒྲུབ། །ཤ་ཟ་དྷཱ་ཀི་ལྕམ་དྲལ་འཁོར་བཅས་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །སྔོན་འགྲོའི་ཆོས་ཀྱིས་བློ་རྒྱུད་ལེགས་པར་སྦྱངས། །སྨིན་བྱེད་དབང་ཐོབ་དམ་ཚིག་སྲོག་ལྟར་སྲུང་། །བསྐྱེད་པའི་རིམ་པས་སྣོད་བཅུད་ཞེན་སྣང་བཅོམ། །རླུང་སྔགས་དབྱེར་མེད་ངག་རླུང་སྔགས་སུ་དག །ཕྱག་རྒྱ་ལ་བསྟེན་དགའ་བདེའི་ཡེ་ཤེས་རྟོགས། །ཀ་དག་ལྷུན་གྲུབ་རྡོ་རྗེའི་གསེང་ལམ་ལས། །གཞོམ་བྲལ་འཆི་མེད་རྡོ་རྗེའི་སྲོག་འགྲུབ་སྟེ། །གཞོན་ནུ་བུམ་སྐུའི་སྦུབས་སུ་མངོན་བྱང་ཆུབ། །ཕྱིར་གསལ་ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུས། །ནམ་མཁའ་མཉམ་པའི་འགྲོ་བ་མ་ལུས་པ། །རྒྱལ་དབང་པདྨའི་གོ་འཕང་ལ་འགོད་ཤོག །ཞེས་པའང་དད་ཤེས་ཀྱི་བློ་མིག་ཡངས་པ་མགྲོན་གཉེར་བླ་མ་རིན་ཆེན་ནོར་བུ་ནས་ཡང་ཡང་བསྐུལ་བ་དང་། ཉེ་ཆར་མཁན་ཆེན་བླ་མ་ངག་དབང་ལེགས་གྲུབ་ཀྱི་གསུང་གིས་བསྐུལ་ངོར། འོད་སྟོང་གི་དྲྭ་བར་རྒྱུ་སྐར་མེ་བཞིའི་འཁོར་ལོ་མཛེས་པའི་ཉིན་པར་ཟབ་ཆོས་ཀྱི་སྐལ་པ་ཐོབ་པ་བདུད་འཇོམས་ནམ་མཁའི་རྡོ་རྗེས་བྲིས་པ་དགེ་ཞིང་བཀྲ་ཤིས།། །།

པདྨ་གསང་བའི་ཐིག་ལེ་ལས༔ འཆི་མེད་ཚེ་ཡི་ཕྲིན་ལས་ (Volume 63, Text 19)

ྈ པདྨ་གསང་བའི་ཐིག་ལེ་ལས༔ འཆི་མེད་ཚེ་ཡི་ཕྲིན་ལས་བཞུགས༔ ྈྈྈ སྐྱེ་འཆི་མི་མངའ་རྟག་པའི་སྐུ༔ འཕོ་འགྱུར་མཚན་མས་མི་ཕྱེད་ཅིང༔ རིག་སྟོང་འོད་གསལ་རྡོ་རྗེའི་སྲོག༔ དགོངས་པའི་ཐིག་ལེར་ཡང་དག་སྒྲུབ༔ ྈྈྈྈ སྔོན་འགྲོའི་ཆོས་ལ་རྣམ་གྲངས་བདུན༔ དང་པོ་སྐྱབས་ཡུལ་གསལ་གདབ་པར༔ ན་མོ༔ གདོད་ནས་དག་པ་གཉུག་མའི་བབ༔ འོད་གསལ་འདུས་མ་བྱས་པའི་གདངས༔ འཕོ་འགྱུར་མེད་པ་དོན་གྱི་ལྷར༔ གཉིས་མེད་ངང་ནས་སྐྱབས་སུ་མཆི༔ གཉིས་པ་དོན་དམ་བྱང་སེམས་བསྐྱེད༔ ཧོ༔ མེད་བཞིན་སྣང་བ་འཁྲུལ་པའི་འགྲོ༔ རང་རིག་ཆེན་པོར་རོ་མཉམ་ཡང༔ གསང་ཆེན་ཐབས་ཀྱིས་ཆོད་པ་རྣམས༔ ཡེ་ཤེས་དབྱིངས་སུ་འགོད་པར་བྱ༔ གསུམ་པ་ཚོགས་གསག་རྣལ་འབྱོར་ནི༔ འཆི་མེད་ཚེ་ཡི་ལྷ་ཚོགས་ལ༔ དག་མཉམ་ཆེན་པོར་གུས་ཕྱག་འཚལ༔ ཡུལ་དབང་མཉམ་སྦྱོར་མཆོད་སྤྲིན་འབུལ༔ ཀུན་བརྟགས་འཁྲུལ་པ་དབྱིངས་སུ་བཤགས༔ བློ་བྲལ་ཟབ་མོར་རྗེས་ཡི་རངས༔ བདེ་ཆེན་བརྡ་ཡི་ཆོས་འཁོར་སྐོར༔ འཕོ་བྲལ་ཆེན་པོར་བཞུགས་གསོལ་འདེབས༔ དགེ་ཚོགས་གཞོན་ནུ་བུམ་སྐུར་བསྔོ༔ བཞི་པ་སྲུང་མཚམས་རྣལ་འབྱོར་ནི༔ ཧཱུྃ༔ ང་ནི་ཡེ་ནས་ངང་གིས་ཁྲོ༔ ཁྲོ་ལ་ཁྲོས་པས་ཞི་མཛད་པའི༔ ཐུགས་རྗེ་ཁྲོས་དཔལ་རྟ་ཡི་རྒྱལ༔ རིག་རྩལ་འཕྲོ་འདུ་འབར་བའི་སྤྲིན༔ ཡེ་ཤེས་རོལ་པའི་རྒྱན་དུ་ཤར༔ ཉོན་ཅིག་མ་རིག་བདུད་དགྲའི་དཔུང༔ ཀུན་ཏུ་བརྟགས་པའི་གདོན་ཚོགས་ཀུན༔ ཡེ་ཤེས་རྒྱན་གྱི་གཏོར་མ་ལོངས༔ ཡོངས་གྲུབ་ཆོས་སྐུའི་ཀློང་དུ་དེངས༔ འཕོ་འགྱུར་མེད་པར་མཚམས་བཅད་དོ༔ ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ ལྔ་པ་རྡོ་རྗེའི་བྱིན་ཆེན་དབབ༔ ཧཱུྃ༔ རང་བཞིན་གདོད་ནས་རྣམ་དག་པ༔ ཞི་བ་ཆེན་པོའི་བྱིན་ཕོབ་ཅིག༔ ལོངས་སྤྱོད་ཡོངས་རྫོགས་རོལ་པའི་སྤྲིན༔ བདེ་བ་ཆེན་པོའི་བྱིན་ཕོབ་ཅིག༔ སྣ་ཚོགས་འགྲོ་འདུལ་སྤྲུལ་པའི་གར༔ བསམ་མི་ཁྱབ་པའི་བྱིན་ཕོབ་ཅིག༔ ཧཱུྃ༔ ལྷོ་ནུབ་རྔ་ཡབ་སྤྲུལ་པའི་ཞིང༔ འཆི་མེད་དག་པའི་གྲོང་ཁྱེར་ནས༔ བདེ་ཆེན་ཆོས་སྐུ་པདྨ་འབྱུང༔ རབ་འབྱམས་ཚེ་ལྷའི་ཚོགས་དང་བཅས༔ མི་མངོན་དབྱིངས་ནས་སྐུར་བཞེངས་ཤིག༔ གསང་བའི་གནས་འདིར་བྱིན་ཆེན་ཕོབས༔ ཚེ་མདའ་འདི་ལ་ཚད་ཅིག་སྟོན༔ སྒྲུབ་རྫས་འདི་ལ་ཞག་ཅིག་སྐྱིལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དཱེ་ཝ་དྷཱ་ཀི་ནཱི་ཛྙཱ་ན་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨ་ཨཱ༔ དྲུག་པ་ཕྱི་ནང་མཆོད་པ་བརླབ༔ ཨོཾ་ཨཱཿཧཱུྃ༔ སྣང་བ་རྣམ་དག་མཆོད་པའི་སྤྲིན༔ སྟོང་པ་འོད་གསལ་བདུད་རྩི་ཆེ༔ བདེ་ཆེན་རང་བྱུང་དམར་ཆེན་པོ༔ འདོད་ཡོན་དམ་རྫས་རྨད་དུ་བྱུང༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཱུ་ཛ་ཨ་མྲྀཏ་རཀྟ་བ་ལིངྟ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋ༔ བདུན་པ་རང་རིག་གསལ་གདབ་པ༔ ཧཱུྃ༔ གདོད་ནས་མ་སྐྱེས་སྤྲོས་དང་བྲལ༔ རྡོ་རྗེ་ཕུང་པོའི་ཡན་ལག་རྣམས༔ བདེན་དོན་འོད་གསལ་ཆེན་པོའི་ངང༔ རང་རིག་དབྱིངས་སུ་རང་གསལ་གདབ༔ ཨོཾ་ཨཱཿཧཱུྃ༔ གསང་གསུམ་རྡོ་རྗེའི་ངོ་བོར་བྱས༔ རབ་འབྱམས་སྒྲུབ་པའི་ཕྲིན་ལས་ཀྱི༔ སྔོན་འགྲོའི་རིམ་པ་ཟབ་མོ་འོ༔ ྈྈྈ ྈྈྈ ྈ ྈྈྈ བདེ་ཆེན་ཆོས་སྐུའི་གྲོང་ཁྱེར་བ༔ མངོན་སུམ་ལམ་དུ་ཁྱེར་བའི་ཐབས༔ ཕྲིན་ལས་དངོས་གཞིའི་རིམ་པ་ལ༔ རྡོ་རྗེའི་གནས་མཆོག་བརྒྱད་ཀྱིས་བསྟན༔ དང་པོ་བསྐྱེད་པའི་རྣལ་འབྱོར་ནི༔ ཨ༔ ཆོས་སྐུ་སྐྱེ་བ་མེད་པ་ལས༔ འགགས་མེད་རང་བྱུང་སྙིང་རྗེའི་སྤྲིན༔ ཐུགས་རྗེ་ཆེན་པོའི་རོལ་པ་ལས༔ རྒྱུ་ཡི་ཧྲཱིཿཡིག་འོད་དུ་འབར༔ འོད་འཕྲོས་སྣོད་བཅུད་དངོས་འཛིན་སྦྱངས༔ ཚུར་འདུས་འབྱུང་བའི་དྭངས་བཅུད་སྟེང༔ ནོར་བུ་ཆུ་ཤེལ་ལས་གྲུབ་པའི༔ བདེ་ཆེན་དག་པའི་གྲོང་ཁྱེར་ཆེ༔ ཚད་དང་མཚན་ཉིད་ཡོངས་རྫོགས་པའི༔ དབུས་མཁར་སྣ་ཚོགས་པདྨ་ནི༔ འདབ་བརྒྱད་གྱེས་པའི་ལྟེ་བ་རུ༔ ཐབས་ཤེས་ཉི་ཟླ་པདྨའི་སྟེང༔ རང་རིག་ཧྲཱིཿཡིག་ཡོངས་གྱུར་ལས༔ འཆི་མེད་མཚོ་སྐྱེས་པདྨ་འབྱུང༔ ཟག་མེད་དཀར་དམར་ལང་ཚོས་གང༔ བདེ་ཆེན་ཐིག་ལེར་འཁྱིལ་བའི་ཞལ༔ རྗེས་ཆགས་སྤྱན་ཟུང་འཛུམ་པའི་མདངས༔ སྣང་སྟོང་ཟུང་འཇུག་ཕྱག་གཉིས་ཀྱིས༔ རྡོ་རྗེ་ཚེ་ཡི་བུམ་པ་འཛིན༔ པང་དུ་རང་འོད་ལས་སྐྱེས་པའི༔ འཆི་མེད་ཡེ་ཤེས་མནྡཱ་ར༔ མདའ་དར་ཚེ་བུམ་བསྣམས་པས་འཁྲིལ༔ ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་གིས༔ དགྱེས་མཉམ་ཆེན་པོའི་དབྱིངས་སུ་སྦྱོར༔ ལོངས་སྤྱོད་རྫོགས་སྐུ་ཞི་བའི་ཆས༔ འོད་ཟེར་དྲུག་ཕྲག་བསམ་ཡས་འཕྲོ༔ ཕྱོགས་མཚམས་པདྨའི་འདབ་མ་ལ༔ ཤར་ཕྱོགས་ཀུན་ཏུ་དགའ་བའི་བདག༔ རྡོ་རྗེ་ལཱ་སྱཻ་སྐུ་མདོག་དཀར༔ ཕྱག་གཡས་སྣང་སྟོང་མེ་ལོང་འཛིན༔ ལྷོ་ཕྱོགས་མཆོག་ཏུ་དགའ་བའི་བདག༔ རྡོ་རྗེ་མཱ་ལྱེ་སྐུ་མདོག་སེར༔ རྡོ་རྗེ་དཀུར་བརྟེན་སྒེག་པའི་ཉམས༔ ནུབ་ཕྱོགས་ཁྱད་པར་དགའ་བའི་བདག༔ རྡོ་རྗེ་གཱིརྟཱི་སྐུ་མདོག་དམར༔ ཕྱག་གཉིས་སྐྱེ་མེད་གླིང་བུ་སྒྱུར༔ བྱང་ཕྱོགས་དགའ་བྲལ་ངོ་བོ་ཉིད༔ རྡོ་རྗེ་ནིརྟཱི་སྐུ་མདོག་ལྗང༔ བདེ་ཆེན་བརྡའ་ཡི་གར་ལ་བརྩོན༔ ཤར་ལྷོ་སྣང་སྟོང་པུཥྤེ་དཀར༔ ལྷོ་ནུབ་ཚོར་སྟོང་དྷཱུ་པེ་སེར༔ ནུབ་བྱང་བདེ་སྟོང་མར་མེ་དམར། །བྱང་ཤར་རིག་སྟོང་དྲི་ཆབ་མཐིང༔ སྒོ་བཞིར་ལས་བཞིའི་མགྱོགས་མ་ནི༔ དཀར་སེར་དམར་ལྗང་མདའ་དར་དང༔ ཚེ་བུམ་བསྣམས་ཤིང་གར་སྟབས་སྒྱུར༔ གཞན་ཡང་ཕྱོགས་མཚམས་སྟེང་འོག་ཀུན༔ འཇའ་ཟེར་དྭངས་མར་འཁྱིལ་བའི་ཀློང༔ ཕུང་ཁམས་སྐྱེ་མཆེད་ལས་དབང་ཡུལ༔ འོད་གསལ་དབྱིངས་སུ་རྣམ་དག་པའི༔ ལྷ་ཡི་འཁོར་ལོ་ཡོངས་རྫོགས་པ༔ མ་བསྐྱེད་ཡེ་ནས་རང་ཤར་བའི༔ དཀྱིལ་འཁོར་ཆེན་པོར་ལྷུན་གྲུབ་གྱུར༔ གཉིས་པ་ཡེ་ཤེས་ལྔའི་དབང་སྐུར༔ གདོད་ནས་དག་པའི་ཡེ་ཤེས་པ༔ རིགས་མཆོག་རྣམ་པ་ལྔ་ཡི་བདག༔ འོད་གསལ་ཆེན་པོའི་ཐིག་ལེ་རུ༔ རང་བཞིན་ངོ་བོར་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ གསུམ་པ་ཡེ་ཤེས་སྤྱན་དྲང་བསྟིམ༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཚོགས་བརྒྱད་གནས་དག་སྲིན་པོའི་གྲོང༔ ཕྱི་ནང་རོ་མཉམ་ཡེ་ཤེས་ཞིང༔ བདེ་ཆེན་རྔ་ཡབ་པདྨ་འོད༔ སྐུ་གསུམ་དབྱིངས་ཀྱི་ཞིང་ཁམས་ནས༔ འཆི་མེད་མཚོ་སྐྱེས་པདྨ་འབྱུང༔ མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས༔ དག་པ་དབྱིངས་ཀྱི་ཟེར་ཐག་ལས༔ རིག་གདངས་ཚོམ་བུའི་སྣང་ཆར་བཞེངས༔ འཕོ་བཅས་ལས་རླུང་རྩད་ནས་ཆོད༔ གཉིས་འཛིན་བདུད་དཔུང་གཞོམ་པའི་ཕྱིར༔ རང་རིག་རང་གསལ་ངང་ནས་གཤེགས༔ ཡེ་ཤེས་སྣང་ཆ་གོང་དུ་སྤོར༔ བློ་འདས་ཆོས་ཟད་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཨཱ་བཻ་ཤ་ཡ་ཨ་ཨ་ཨཱ༔ དབྱིངས་ནས་སྤྱན་དྲངས་ཡེ་ཤེས་ལྷ༔ དམ་ཚིག་དཀྱིལ་འཁོར་ཕྱག་རྒྱ་དང༔ དབྱེར་མེད་དགྱེས་མཉམ་ཆེན་པོའི་ངང༔ རྡོ་རྗེའི་ཡེ་ཤེས་བརྟན་པར་བསམ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ བཞི་པ་ཕྱག་དང་མཆོད་པས་མཉེས༔ ན་མོ༔ ཡེ་ནས་མ་བཅོས་ཆོས་ཀྱི་སྐུ༔ རང་སྣང་ཡེ་ཤེས་དཔལ་གྱི་ལྷ༔ གང་ལ་གང་འདུལ་སྤྲུལ་པའི་ཚུལ༔ དཀྱིལ་འཁོར་ལྷ་ལ་གུས་ཕྱག་འཚལ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཕྱི་ནང་གསང་བའི་མཆོད་པས་མཆོད༔ ཧཱུྃ༔ ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན༔ དབྱངས་གསལ་སྣ་ཚོགས་འདུ་འཕྲོ་འབར༔ མཁའ་ཁྱབ་མཆོད་པའི་ཕྱག་རྒྱར་ཤར༔ དགྱེས་མཉམ་རོལ་པའི་ཞིང་དུ་གྱུར༔ སརྦ་པཱུ་ཛ་ཧོ༔ ཞེས་པས་མཆོད་སྤྲིན་རྒྱས་པར་སྤེལ༔ ཨོཾ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སེམས་ཀྱིས་ཡིད་བཞིན་སྤྲིན་ཚོགས་སྤྲོ༔ ཉེར་སྤྱོད་འདོད་ཡོན་བསམ་ཡས་པ༔ བདེ་བ་ཆེན་པོའི་རྒྱན་དུ་རོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ༔ པུཥྤེ་པུ༔ ཨཱ་ལོ་ཀེ་ཧྲཱི༔ གྷནྡྷེ་གྷན༔ ཨོཾ༔ ཤ་ལྔ་བདུད་རྩིའི་དམ་ཚིག་རྫས༔ ཡེ་ཤེས་རིགས་ལྔ་ཞུ་བའི་བཅུད༔ རྒྱུ་དྲུག་སེམས་ཅན་ཀུན་སྒྲོལ་བ༔ བླ་ན་མེད་པའི་མཆོད་པས་མཆོད༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧཱི༔ ཨོཾ༔ སྟོང་པ་དབྱིངས་ཀྱི་གཏོར་གཞོང་དུ༔ སྣང་བ་རྣམ་དག་མཆོད་གཏོར་བཤམས༔ ཞེན་མེད་རང་གྲོལ་འདོད་ཡོན་འཕྲོ༔ རྒྱལ་བ་དགྱེས་པའི་སྤྲིན་དུ་འབུལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ སྲིད་གསུམ་ཆགས་པ་བསྒྲལ་པའི་ཁྲག༔ བདེ་བ་ཆེན་པོའི་རྦ་རླབས་འཕྱོ༔ འདོད་ཡོན་ལྷ་མོས་ནམ་མཁའ་གང༔ བདེ་ཆེན་གསང་བའི་རྫས་སུ་བཞེས༔ མ་ཧཱ་རཀྟ་ཁཱ་ཧི༔ ཧོ༔ སྒྱུ་འཕྲུལ་ཆེན་མོ་ཆགས་པ་ཆེ༔ གཟུགས་མཛེས་འཁྲིལ་ལྡེམ་ཀུན་ཏུ་སྐྱོད༔ མི་མོ་རྣམས་ཀྱི་རེག་བྱའི་དངོས༔ བྱིན་རླབས་ཐིམ་པའི་མཆོད་པར་བཞེས༔ མ་ཧཱ་ཡོ་གི་པཱུ་ཛ་ཧོ༔ ཨ༔ བདེ་བ་ཆེན་པོ་སྟོང་པ་ཆེ༔ འོད་གསལ་ཆེན་པོ་ཟུང་འཇུག་ཆེ༔ གཉིས་མེད་ཆེན་པོ་མཉམ་པ་ཆེ༔ དགྱེས་པ་ཆེན་པོའི་དབྱིངས་ཆེ་ཧོ༔ ལྔ་པ་རྡོ་རྗེའི་གླུ་ཡིས་བསྟོད༔ ཧཱུྃ༔ མ་བཅོས་སྤྲོས་བྲལ་ཆོས་ཀྱི་སྐུ༔ བདེ་ཆེན་ལྷུན་གྲུབ་ལོངས་སྤྱོད་རྫོགས༔ སྐྱེ་འཆི་སྤངས་པ་སྤྲུལ་པའི་སྐུ༔ དབྱེར་མེད་མཚོ་སྐྱེས་རྒྱལ་བར་བསྟོད༔ མཚན་དཔེའི་ལུས་ལྡན་རྡོ་རྗེའི་སྐུ༔ སྣང་སྟོང་གཉིས་མེད་ཡུམ་དང་སྦྱོར༔ ཐབས་ཤེས་རྡོ་རྗེ་བུམ་པ་འཛིན༔ རིག་འཛིན་རྒྱལ་བའི་གཙོ་ལ་བསྟོད༔ བརྗོད་དུ་མེད་ཀྱང་བརྗོད་པའི་གཞི༔ ཡི་གེ་འཁོར་ལོ་སྤྲུལ་པའི་སྤྲིན༔ གསང་ཆེན་གསང་བའི་འདུ་འཕྲོ་ཆེ༔ སྐྱེ་འགག་མེད་པའི་གསུང་ལ་བསྟོད༔ སྣང་སྲིད་གདོད་ནས་མཉམ་པ་ཆེ༔ ཡིད་དཔྱོད་ཚིག་གིས་མཚོན་མིན་པ༔ མི་འགྱུར་འོད་གསལ་བདེ་བ་ཆེ༔ རིག་སྟོང་རྡོ་རྗེའི་ཐུགས་ལ་བསྟོད༔ སངས་རྒྱས་ཁོ་ནའི་མ་འདྲེས་ཆོས༔ ཡོན་ཏན་ཉེར་ལྔ་ལྷུན་གྱིས་གྲུབ༔ དག་པ་རབ་འབྱམས་དབྱིངས་ཀྱི་རྒྱན༔ ཡོན་ཏན་བསམ་མི་ཁྱབ་ལ་བསྟོད༔ ཉི་མ་དང་ནི་འོད་ཟེར་བཞིན༔ འདུས་མ་བྱས་པའི་ཕྲིན་ལས་ནི༔ རྩོལ་མེད་འགྲོ་བའི་ཁམས་ལ་འཇུག༔ ཕྲིན་ལས་ཕ་མཐའ་ཡས་ལ་བསྟོད༔ དགའ་བ་བཞི་དང་སྟོང་བཞིའི་བདག༔ རྣམ་ཤེས་ཚོགས་བརྒྱད་གནས་དག་ཅིང༔ མཆོག་ཐུན་ཕྲིན་ལས་མྱུར་སྩོལ་བའི༔ ལྷ་མོ་མགྱོགས་མའི་ཚོགས་ལ་བསྟོད༔ ཚད་མེད་བཞི་ལྡན་སྒོ་མ་བཞི༔ ཡེ་ཤེས་རབ་འབྱམས་གཞལ་ཡས་ཁང༔ དག་མཉམ་དབྱེར་མེད་ལྷའི་འཁོར་ལོ༔ ཕ་མཐའ་ཡས་ལ་གུས་པས་བསྟོད༔ རྡོ་རྗེའི་གླུ་ཡིས་བསྟོད་པ་ཡིས༔ སྲིད་ལམ་དུབ་པའི་སེམས་ཅན་རྣམས༔ མ་རྟོགས་གསང་བའི་སྒོ་ཕྱེས་ཏེ༔ བརྗོད་མེད་གཞི་དོན་རིག་པར་ཤོག༔ དྲུག་པ་ཐུགས་དམ་གནད་ནས་བསྐུལ༔ ཧཱུྃ༔ མ་བཅོས་རིག་པ་འདུས་མ་བྱས༔ བདེ་ཆེན་བརྡ་ཡི་གྲོང་ཁྱེར་ནས༔ འཆི་མེད་ཆོས་སྐུ་སྣང་མཐའ་ཡས༔ སྒྲུབ་ལ་འཆི་མེད་མཆོག་སྩོལ་ཕྱིར༔ ཐུགས་དམ་བསྐུལ་ལོ་དངོས་གྲུབ་སྩོལ༔ དག་པ་རབ་འབྱམས་དབྱིངས་ཀྱི་རྒྱན༔ ངེས་པ་ལྔ་ལྡན་ཞིང་ཁམས་ནས༔ ལོངས་སྤྱོད་རྫོགས་སྐུ་སྤྱན་རས་གཟིགས༔ སྒྲུབ་ལ་འཆི་མེད་མཆོག་སྩོལ་ཕྱིར༔ ཐུགས་དམ་བསྐུལ་ལོ་དངོས་གྲུབ་སྩོལ༔ འཆི་མེད་གྲོང་ཁྱེར་པདྨ་འོད༔ རྔ་ཡབ་སྤྲུལ་པའི་ཞིང་ཁམས་ནས༔ པདྨ་འབྱུང་གནས་སྤྲུལ་པའི་སྐུ༔ སྒྲུབ་ལ་འཆི་མེད་མཆོག་སྩོལ་ཕྱིར༔ ཐུགས་དམ་བསྐུལ་ལོ་དངོས་གྲུབ་སྩོལ༔ སྒྲོན་དྲུག་དྭངས་མའི་ཞིང་ཁམས་ནས༔ འཆི་མེད་ཚེ་ཡི་མངའ་བདག་མོ༔ བདེ་ཆེན་ཡེ་ཤེས་མཚོ་རྒྱལ་མ༔ སྒྲུབ་ལ་འཆི་མེད་མཆོག་སྩོལ་ཕྱིར༔ ཐུགས་དམ་བསྐུལ་ལོ་དངོས་གྲུབ་སྩོལ༔ སྣང་སྲིད་དག་པ་རབ་འབྱམས་ཞིང༔ ཕྲིན་ལས་ཕ་མཐའ་ཡས་པ་ནས༔ ཟབ་གཏེར་སྒོ་འབྱེད་སྤྲུལ་པའི་སྐུ༔ སྒྲུབ་ལ་འཆི་མེད་མཆོག་སྩོལ་ཕྱིར༔ ཐུགས་དམ་བསྐུལ་ལོ་དངོས་གྲུབ་སྩོལ༔ འཆི་མེད་ཕྱག་རྒྱའི་དཀྱིལ་འཁོར་པ༔ ཡེ་ཤེས་ཕ་མཐའ་ཡས་པའི་བདག༔ ཕྲིན་ལས་བསམ་མི་ཁྱབ་པ་རྣམས༔ སྒྲུབ་ལ་འཆི་མེད་མཆོག་སྩོལ་ཕྱིར༔ ཐུགས་དམ་བསྐུལ་ལོ་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་སིདྡྷི་ཕ་ལ་ཧཱུྃ་ཨ༔ བདུན་པ་ཛཔ྄་ཀྱི་རྣལ་འབྱོར་ནི༔ རང་ཉིད་ལྷ་ཡི་སྐུར་གསལ་བའི༔ སྙིང་དབུས་དག་པའི་ཐིག་ལེ་རུ༔ བདེ་ཆེན་ཆོས་སྐུ་ཚེ་དཔག་མེད༔ དམར་གསལ་མཉམ་གཞག་ཚེ་བུམ་འཛིན༔ དེ་ཡི་ཐུགས་ཀར་ཉི་ཟླ་ཡི༔ ཐབས་ཤེས་གྭ་འུ་འབར་བའི་དབུས༔ མི་འགྱུར་ཐུགས་སྲོག་ཧྲཱིཿཡིག་མཐར༔ རྡོ་རྗེའི་སྔགས་ཀྱིས་བསྐོར་བ་ལས༔ གསལ་ཞིང་འབར་བའི་འོད་ཟེར་གྱིས༔ སྣོད་བཅུད་སྐྱེ་འགྲོའི་རྒུད་པ་སྦྱངས༔ འཁོར་འདས་དྭངས་བཅུད་ཚུར་འདུས་པས༔ བདེ་ཆེན་རྡོ་རྗེའི་སྐུ་རུ་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ ཞེས་པ་ཁོང་པའི་དབུགས་བཞིན་བཟླ༔ ཏིང་འཛིན་ལྡན་པའི་རྣལ་འབྱོར་གྱིས༔ རྩེ་གཅིག་ཟླ་བ་བདུན་བསྒོམས་ན༔ འཆི་མེད་རིག་འཛིན་ངེས་པར་འགྲུབ༔ བརྒྱད་པ་གྲུབ་པའི་རྟགས་མཐོང་ནས༔ རྡོ་རྗེའི་དངོས་གྲུབ་ཡང་དག་བླང༔ ཧཱུྃ༔ བདེ་ཆེན་ཆོས་སྐུའི་ལྷ་ཚོགས་པ༔ དང་པོ་བསྙེན་ཅིང་བར་དུ་བསྒྲུབས༔ ད་ལྟ་བདག་དང་གཉིས་སུ་མེད༔ གཉིས་མེད་རོལ་པའི་དཀྱིལ་འཁོར་པའི༔ མི་འགྱུར་སྐུ་ཡི་གསང་བ་ནས༔ རྣལ་འབྱོར་ལུས་ལ་བྱིན་གྱིས་རློབས༔ འགག་མེད་གསུང་གི་གསང་བ་ནས༔ རྣལ་འབྱོར་ངག་ལ་བྱིན་གྱིས་རློབས༔ འཁྲུལ་མེད་ཐུགས་ཀྱི་དཀྱིལ་འཁོར་ནས༔ རྣལ་འབྱོར་ཡིད་ལ་བྱིན་གྱིས་རློབས༔ ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ༔ ཁྱད་པར་དབང་བཅུའི་ཡེ་ཤེས་སྤེལ༔ མཆོག་ཏུ་ཆོས་ཉིད་ཟད་སར་སྐྱོལ༔ འོད་གསལ་འཕོ་ཆེན་དངོས་གྲུབ་སྩོལ༔ ཅེས་བརྗོད་དངོས་གྲུབ་རྫས་ལ་རོལ༔ འཆི་མེད་འདུས་པ་རྩ་བའི་རྒྱུད༔ བྱེ་བའི་ཡང་བཅུད་གནད་དུ་དྲིལ༔ མ་འོངས་དབང་ཆེན་དཀྱིལ་འཁོར་ལས༔ གྲགས་པའི་མིང་གིས་གཏེར་དུ་བླངས༔ རང་གཞན་སྐལ་ལྡན་དོན་བྱས་ཏེ༔ བཛྲ་ཀ་ཤི་ཉིད་ལ་གཏད༔ སླར་ཡང་མ་འོངས་རྩུབ་འགྱུར་དུས༔ བོད་ཁམས་ཀླ་ཀློའི་སྐབས་ཚོལ་ཞིང༔ བསྟན་པའི་ལྷག་མ་སྡུད་ཉེའི་སྐབས༔ འཇམ་དཔལ་ཆོས་ཀྱི་བཤེས་གཉེན་གྱིས༔ རྗེས་བཟུང་སྔགས་ཀྱི་རྣལ་འབྱོར་པ༔ བཛྲ་མིང་ཅན་རིག་རྩལ་ཅན༔ དེའི་སྤྱོད་ཡུལ་དུ་གྱུར་ཏེ༔ མཉམ་གཉིས་ཟུང་སོགས་བཅུ་ཕྲག་ལ༔ ཕན་པ་བླ་ན་མེད་པར་འགྱུར༔ ྈྈྈ ྈྈྈ ྈ ྈྈྈྈ ཡེ་ཤེས་གསང་བ་བསམ་མི་ཁྱབ༔ རང་རིག་ངོ་བོར་རོ་མཉམ་ཀྱང༔ རྣམ་པའི་ཚུལ་དུ་ལྷའི་འཁོར་ལོ༔ ཡན་ལག་བཞི་ལྡན་བསྙེན་ཅིང་སྒྲུབ༔ མཇུག་ཏུ་བསོད་ནམས་ཡེ་ཤེས་ཀྱི༔ ཚོགས་གཉིས་ཡོངས་སུ་རྫོགས་པའི་ཕྱིར༔ ཕྱི་ནང་གསང་བའི་ཚོགས་འཁོར་ནི༔ རྡོ་རྗེའི་གནས་མཆོག་བཅུ་རུ་བསྟན༔ དང་པོ་བྱིན་རླབས་ཡེ་ཤེས་འགུགས༔ ཐབས་ཤེས་དམ་ཚིག་རྫས་རྣམས་བསགས༔ འདུ་བར་འོས་རྣམས་གྲལ་དུ་འཁོད༔ རཾ་ཡཾ་ཁཾ༔ བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཡི་གེ་རཾ་ཡཾ་ཁཾ་གསུམ་འཕྲོས༔ དངོས་འཛིན་བག་ཆགས་བསྲེགས་གཏོར་སྦྱངས༔ སླར་ཡང་སྙིང་པོ་འབྲུ་གསུམ་འཕྲོས༔ ཡེ་ཤེས་བདུད་རྩིའི་ཕུང་པོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ རྩ་གསུམ་ཀུན་འདུས་པདྨ་འབྱུང༔ རབ་འབྱམས་ཚེ་ལྷའི་ཚོགས་དང་བཅས༔ གཞོན་ནུ་བུམ་སྐུའི་གཞལ་ཡས་ནས༔ གཞི་སྣང་ཡེ་ཤེས་ཆེན་པོར་བཞེངས༔ འཇའ་ཟེར་འོད་ཕུང་འཁྲིགས་པའི་དབུས༔ དག་པ་ལྷ་ཡི་སྣང་ཆར་གཤེགས༔ ཡེ་ཤེས་ཚོགས་ཀྱི་འདུ་བར་སྤྱོན༔ དབུ་སྐྲ་ཟུར་ཕུད་ལྡེམས་སེ་ལྡེམ༔ ལྕང་ལོའི་ཟར་བུ་ཏ་ལ་ལ༔ སྐྱེ་མེད་ཧཱུྃ་གླུ་དི་རི་རི༔ ཕཊ་ཀྱི་བརྡ་སྐད་སངས་སེ་སང༔ གླུ་ལེན་གར་སྟབས་ཁྱུགས་སེ་ཁྱུག༔ རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ༔ མཆོད་པའི་གནས་འདིར་གཤེགས་སུ་གསོལ༔ ཨེ་ཨཱ་རལླི་ཧྲིང་ཧྲིང་ཕཻཾ་ཕཻཾ་ཛ་ཛ༔ གཉིས་པ་ཚོགས་ཀྱི་མཆོད་པ་འབུལ༔ ཨོཾ་ཨཱཿཧཱུྃ༔ སྣང་བ་སྣོད་ཀྱི་ཀ་པཱ་ལར༔ སྲིད་པ་བཅུད་ཀྱི་ཚོགས་གཏོར་བཤམས༔ རྟེན་འབྱུང་སྒྱུ་མའི་འོད་ཟེར་འཕྲོ༔ བླ་མ་སྤྲུལ་པའི་སྐུ་ལ་འབུལ༔ རྡོ་རྗེ་ཕུང་པོའི་ཀ་པཱ་ལར༔ རྩ་རླུང་ཐིག་ལེའི་ཚོགས་གཏོར་བཤམས༔ དག་པ་ལྷ་ཡི་འདུ་འཕྲོ་འབར༔ བླ་མ་ལོངས་སྤྱོད་རྫོགས་སྐུར་འབུལ༔ མི་འགྱུར་དབྱིངས་ཀྱི་ཀ་པཱ་ལར༔ ཡེ་ཤེས་རབ་འབྱམས་ཚོགས་གཏོར་བཤམས༔ གཉིས་མེད་མཉམ་པའི་འོད་ཟེར་འཕྲོ༔ བླ་མ་ཆོས་ཀྱི་སྐུ་ལ་འབུལ༔ སྒྲོན་དྲུག་ཐིག་ལེའི་ཀ་པཱ་ལར༔ འོད་གསལ་སྣང་བཞིའི་ཚོགས་གཏོར་བཤམས༔ བདེ་བ་ཆེན་པོའི་འོད་ཟེར་འཕྲོ༔ བླ་མ་ངོ་བོ་ཉིད་སྐུར་འབུལ༔ པདྨ་བྷཉྫའི་བཟེད་ཁོང་དུ༔ ཤ་ལྔ་བདུད་རྩིའི་དམ་ཚིག་རྫས༔ ཡེ་ཤེས་རབ་འབྱམས་འོད་ཟེར་འཕྲོ༔ འདོད་ཡོན་ལྷ་མོས་ནམ་མཁའ་གང༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ སརྦ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ གསུམ་པ་ཐུགས་དམ་བསྐང་ཞིང་བཤགས་པ་ནི༔ ཧོ༔ དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ༔ བདག་ཅག་མ་རིག་གཏི་མུག་པས༔ ཐུན་མོང་དང་ནི་ཁྱད་པར་གྱི༔ རྩ་བ་ཡན་ལག་དམ་ཚིག་ལས༔ འགལ་ཞིང་ཉམས་པར་གྱུར་པ་ཀུན༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས༔ ཕྱི་ནང་གསང་བའི་དམ་ཚིག་གིས༔ ཐུགས་དམ་ཆོས་ཀྱི་དབྱིངས་སུ་བསྐང༔ ས་མ་ཡ་ཤུདྡྷེ་ཨ༔ བཞི་པ་ཉམས་པ་འགུགས་ཤིང་བསྒྲལ༔ ཧཱུྃ༔ ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ གཏུམ་ཆེན་རྔམས་པ་ཁྲོས་པའི་ལྷ༔ འབར་བ་ཆེན་པོའི་སྐུར་བཞེངས་ལ༔ བདག་ལྟ་གཉིས་འཛིན་བདུད་སྡེའི་དཔུང༔ མཚན་མ་རྫས་ཀྱི་རྟེན་ལ་ཁུག༔ ཤེས་རབ་རྡོ་རྗེའི་མཚོན་ཆེན་གྱིས༔ ལོག་རྟོག་འཁོར་བ་རྡུལ་དུ་རློགས༔ དུག་ལྔའི་རང་བཞིན་ཤ་ཁྲག་རུས༔ དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་བསྟབ༔ ཨ་ལི་ཨུ་ལི་ཏ་ལི་ཏ་པ་ལི་གྷ་ཎ་རཽ་ཌི་ཁ་རཾ་ཡོ་གི་ཁཱ་ཧི་ཧོ༔ ལྔ་པ་དམ་ཚིག་རྡོ་རྗེའི་རྫས༔ བརྡ་དང་བརྡ་ཡིས་འབུལ་ལེན་གྱིས༔ ནང་གི་བསྲེག་བླུག་མཆོག་ཏུ་རོལ༔ དྲུག་པ་གསང་བ་བདེ་ཆེན་གྱི༔ ཚོགས་འཁོར་རྒྱུད་ལས་འབྱུང་བཞིན་བྱ༔ དེ་དག་ཀུན་ཏུ་ཟབ་པའི་རྒྱུད༔ བཀླག་དང་ཁྱད་པར་ངོ་མཚར་བའི༔ ཚིག་ཆེན་བརྒྱད་དང་རྡོ་རྗེ་ཡི༔ གད་མོ་བཅུ་གཉིས་ལ་སོགས་པ༔ གླུར་བླངས་ཉམས་རྟོགས་གོང་དུ་སྤར༔ བདུན་པ་གསོག་འཇོག་སྤངས་པ་ཡི༔ ལྷག་གཏོར་ཞིང་གི་ལྤགས་པར་བཀྲམ༔ རྐང་གླིང་བཤུག་པའི་བརྡས་མཚོན་ཏེ༔ ཧྲཱིཾ་ཕཻཾ༔ མཁའ་འགྲོ་གིང་དང་ལངྐ་དང༔ འབར་མ་དབང་ཕྱུག་གནས་ཉུལ་ཀུན༔ དམ་ཚིག་གསང་བའི་གནས་སུ་བྱོན༔ སྔོན་ཚེ་ཁྲག་འཐུང་སྤྱན་སྔ་རུ༔ ཞལ་བཞེས་ཐ་ཚིག་ཇི་བཞིན་དུ༔ ལྷག་གཏོར་བདུད་རྩིའི་མཆོད་པ་བཞེས༔ བར་ཆད་ཀུན་སོལ་ཕྲིན་ལས་སྒྲུབས༔ མ་མ་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་ཁཱ་ཧི༔ བརྒྱད་པ་ཐ་ཚིག་བསྒྲག་པ་ནི༔ ཧཱུྃ༔ ཆོས་དབྱིངས་ཞི་བ་ཆེན་པོ་རུ༔ རང་བྱུང་ཆོས་སྐུའི་སྟོན་པ་ཡིས༔ རང་སྣང་འཁོར་ལ་ཆོས་བསྟན་ཚེ༔ དབྱིངས་ལས་ཤར་པའི་མཁའ་འགྲོ་ཡིས༔ རྟོག་ཚོགས་སྒྲོལ་བར་མ་ཆད་དམ༔ དེ་འོག་ལོངས་སྤྱོད་ཡོངས་རྫོགས་པར༔ བདེ་ཆེན་ཚེ་དཔག་མེད་མགོན་གྱིས༔ འོད་གསལ་བརྡ་ཡི་ཆོས་བསྟན་ཚེ༔ རང་རྩལ་རོལ་པའི་མཁའ་འགྲོ་མས༔ གཉིས་འཛིན་སྒྲོལ་བར་མ་ཆད་དམ༔ དེ་འོག་སྤྲུལ་པའི་ཞིང་ཁམས་སུ༔ འཆི་མེད་མཚོ་སྐྱེས་རྒྱལ་བ་ཡིས༔ ཟབ་དོན་ཆོས་འཁོར་བསྐོར་པའི་ཚེ༔ དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ཀྱིས༔ བདག་ལྟའི་དགྲ་བོ་སྒྲོལ་བ་དང༔ ཡེ་ཤེས་གོང་དུ་སྤོར་བ་ཡི༔ ཞལ་བཞེས་ཐ་ཚིག་རྗེས་དགོངས་ལ༔ རང་སྣང་རོལ་པའི་མཆོད་གཏོར་བཞེས༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ བཛྲ་ས་མ་ཡ་རཀྵནྟུ༔ དགུ་པ་བརྟན་མའི་ཚོགས་རྣམས་ལ༔ བཤལ་ཆུའི་བདུད་རྩིས་ཡང་དག་མཆོད༔ ཧཱུྃ༔ འཕོ་བ་བཅུ་གཉིས་གནས་དག་ཅིང༔ བདེན་དོན་ཡན་ལག་ཆེན་པོའི་ཀློང༔ དཔལ་གནས་མ་དང་ཡང་དག་ཤེས༔ ཁྱུང་བཙུན་ཀོང་ལྷ་གཡུ་བུན་མ༔ མེ་ཏོག་ཟླ་འོད་བྱང་གི་རྒྱལ༔ གསེར་ཐང་ཀུན་བཟང་ཤཱནྟིཾ་སོགས༔ བརྟན་མ་བཅུ་གཉིས་འཁོར་དང་བཅས༔ བཤལ་ཆུའི་བདུད་རྩི་འདི་བཞེས་ལ༔ ཕྱི་རུ་འཇིག་རྟེན་བདེ་བ་དང༔ ནང་དུ་རྣལ་འབྱོར་བར་ཆད་སོལ༔ གསང་བ་རྩ་རླུང་ཐིག་ལེ་བདེ༔ དོན་དམ་ལྷན་སྐྱེས་ཡེ་ཤེས་སྤོར༔ ཨོཾ་མ་མ་ལ་ལ་ལེ་ལེ་ཏཾ་ཏཾ་ཏེ་ཏེ་ཁ་རག་མ་མ་སྲིང་འགྲོ་མ་ཧཱུྃ་བྷྱོ་ཧཱུྃ༔ བཅུ་པ་རྡོ་རྗེའི་བྲོ་བརྡུང་བ༔ རྣམ་ཐར་གསུམ་གྱི་ཨེ་ཀློང་དུ༔ ཉོན་མོངས་བདག་ལྟའི་དགྲ་ཚོགས་རྣམས༔ ཡེ་ཤེས་རོལ་པའི་རྩལ་གྱིས་མནན༔ ནམ་ཡང་ལྡང་བར་མ་བྱེད་ཅིག༔ ཨོཾ་ལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ནན༔ ཞེས་པས་ཐར་མེད་ཨེ་རུ་གནན༔ ྈྈ ྈྈྈ ྈ ྈྈྈ གསུམ་པ་རྗེས་ཀྱི་རིམ་པ་ལ༔ མཆོད་ཅིང་བསྟོད་པ་བྱ་བ་དང༔ ནོངས་པ་བཤགས་པ་སྔོན་འགྲོ་བས༔ དངོས་གྲུབ་སྒྲུབ་པའི་རྫས་རྣམས་དང༔ ཐབས་ཤེས་བདེ་ཆེན་གསང་བ་ནས༔ ཡེ་ཤེས་གྲུབ་པའི་དབྱིག་ཆེན་པོ༔ འབད་རྩོལ་མེད་པའི་ངང་ལས་བླང༔ རིག་གདངས་རྡོ་རྗེ་ལུ་གུ་རྒྱུད༔ སྒྲོན་དྲུག་དབྱིངས་ཀྱི་ཟེར་ཐག་ལས༔ འཇའ་ལུས་ཆོས་སྐུར་དེངས་པའི་རྩལ༔ ལྷུན་གྲུབ་ཐེག་པའི་ལམ་མཆོག་ནས༔ རྣལ་འབྱོར་ལྡན་པས་ཡང་དག་བླང༔ ཧོ༔ མ་བསྐྱེད་ཡེ་ནས་རྫོགས་པའི་ལྷ༔ ཆོ་འཕྲུལ་ཆེན་པོའི་དཀྱིལ་འཁོར་པ༔ མཁའ་ལ་འཇའ་ཚོན་ཡལ་བ་ལྟར༔ འོད་གསལ་ཆོས་སྐུའི་ཀློང་དུ་ཐིམ༔ ཨ་ཨ་ཨ༔ སླར་ཡང་རང་དང་སྣང་བ་ཀུན༔ ཆུ་ལས་ཆུ་བུར་རྡོལ་པ་ལྟར༔ ཡེ་ཤེས་ཆེན་པོའི་ཕྱག་རྒྱར་ཤར༔ རྡོ་རྗེ་གསུམ་གྱི་ངོ་བོར་གྱུར༔ ཨོཾ་ཨཱཿཧཱུྃ༔ དགེ་བ་འདི་དང་དགེ་བ་གཞན༔ ཐམས་ཅད་གཅིག་ཏུ་བསྡོམས་བྱས་ནས༔ ཟག་མེད་ཆོས་སྐུའི་དབྱིངས་སུ་བསྔོ༔ འདུ་འབྲལ་མེད་པར་སངས་རྒྱས་ཤོག༔ ཨོཾ་ཨཱཿཧཱུྃ༔ ངོ་བོ་སྟོང་ཞིང་རང་བཞིན་གསལ༔ ཐུགས་རྗེ་སྣ་ཚོགས་སྣང་བའི་རྩལ༔ འགགས་པ་མེད་པར་རོལ་པའི་སྤྲིན༔ བདེ་བ་ཆེན་པོའི་བཀྲ་ཤིས་ཤོག༔ གཞི་གྲོལ་རིག་པ་ཀ་ནས་དག༔ གཞི་སྣང་ཡེ་ཤེས་ཕྱག་རྒྱ་ཆེ༔ ལྷུན་གྲུབ་ཐིག་ལེ་ཆེན་པོའི་སྦུབས༔ ཆོས་ཟད་བློ་འདས་བཀྲ་ཤིས་ཤོག༔ ྈྈྈ ྈྈྈྈ ས་མ་ཡ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ བརྡ་ཐིམ༔ ཁོ་བོ་རྡོ་རྗེའི་མིང་ཅན་ལ་ཁམས་ཀྱི་གླ་བ་རྐང་གཅིག་ཡེ་རྒྱལ་ནམ་མཁའ་མཛོད་ནས་དངོས་གྲུབ་ཏུ་ཐོབ་པ་ལས། ལས་བྱང་རྣམས་ཁྲིགས་སུ་བསྡེབས་ཏེ་བཀོད་པ་འདི་ལ་འབྲེལ་ཚད་རྣམས་གདོད་མའི་དབྱིངས་སུ་གྲོལ་བར་ཤོག །ས་མ་ཡ༔ རྒྱ་རྒྱ་རྒྱ༔

ཚེ་འགུགས་བསྐུལ་བྱང་ (Volume 63, Text 20)

ྈྈྈྈྈ བླ་མ་ཚེ་དཔག་མེད་ལ་འདུད༔ འཆི་མེད་ཚེ་བཅུད་འགུགས་པའི་སླད༔ མདའ་དར་གཡབ་ཅིང་དབྱངས་དང་བཅས༔ གདུང་བའི་ཤུགས་ཀྱིས་ཐུགས་དམ་བསྐུལ༔ ཧྲཱི༔ ཆོས་དབྱིངས་སྤྲོས་པ་ཀུན་དང་བྲལ༔ མི་ཤིགས་གཞོན་ནུ་བུམ་པའི་སྐུ༔ འོད་གསལ་རབ་འབྱམས་ཞིང་ཁམས་ནས༔ འཆི་མེད་ཆོས་སྐུ་པདྨ་འབྱུང༔ རྩ་གསུམ་རྒྱ་མཚོའི་སྤྱི་གཟུགས་ཆེ༔ འདུས་མ་བྱས་པའི་དབྱིངས་ནས་བཞེངས༔ འཕོ་བྲལ་རྟག་པ་དམ་པ་ཡི༔ ཡེ་ཤེས་ཆེན་པོའི་ཚེ་བཅུད་སྡུས༔ ངེས་པ་ལྔ་དང་ལྡན་པའི་ཞིང༔ ལོངས་སྤྱོད་ཡོངས་རྫོགས་ཕོ་བྲང་ནས༔ བདེ་ཆེན་ལོངས་སྐུ་པདྨའི་ཞལ༔ ཡོན་ཏན་རབ་འབྱམས་དབྱིངས་ནས་བཞེངས༔ ཟག་མེད་བདེ་བ་ཆེན་པོའི་དཔལ༔ བསམ་མི་ཁྱབ་པའི་ཚེ་བཅུད་སྡུས༔ ཐུགས་རྗེ་སྣ་ཚོགས་སྣང་བའི་རྩལ༔ མ་འགགས་རོལ་པའི་ཕོ་བྲང་ནས༔ འཆི་མེད་སྤྲུལ་སྐུ་མཚོ་སྐྱེས་རྗེ༔ གང་འདུལ་འགྲོ་བའི་དོན་དུ་བཞེངས༔ སྐྱེ་འཆི་བསྒྲེས་རྒུད་མེད་པ་ཡི༔ འཆི་མེད་ཡེ་ཤེས་ཚེ་བཅུད་སྡུས༔ ཡེ་ཤེས་དགུ་ཡི་རང་བཞིན་ལས༔ ཕྱག་རྒྱའི་གཟུགས་སུ་ཡོངས་ཤར་པའི༔ རིག་འཛིན་གྲུབ་ཐོབ་རྒྱ་མཚོ་ཡིས༔ ཡེ་ཤེས་དབྱིངས་ཀྱི་ཚེ་བཅུད་སྡུས༔ དགའ་བ་བཞི་དང་སྟོང་པ་བཞི༔ རྒྱུ་དང་འབྲས་བུའི་རང་བཞིན་ཅན༔ རྣམ་བཅས་མཛེས་མའི་སྐུར་སྣང་བས༔ ཕྲིན་ལས་རྒྱ་མཚོའི་ཚེ་བཅུད་སྡུས༔ ཚད་མེད་བཞི་ལྡན་སྒོ་མ་བཞིས༔ སྟེང་འོག་ཕྱོགས་མཚམས་ལ་སོགས་པའི༔ སྣོད་དང་བཅུད་ཀྱི་ལེགས་ཚོགས་དང༔ འཁོར་དང་མྱ་ངན་འདས་པ་ཡི༔ བཅུད་དང་མཐུ་ནུས་ཡོན་ཏན་རྣམས༔ ལྔ་ལྡན་འོད་ཀྱི་ཐིག་ལེ་དང༔ འཆི་མེད་བདུད་རྩིའི་རྣམ་པ་རུ༔ བདག་གནས་སྒྲུབ་པའི་རྫས་ལ་སྡུས༔ སྔོན་གྱི་ཐུགས་དམ་མ་གཡེལ་བར༔ འོད་གསལ་ཕྱག་རྒྱས་སྟོང་གསུམ་གང༔ འབྱུང་པོའི་ཚོགས་ཀྱིས་བརྐུས་ཏ་རེ༔ ཉམས་དང་ཡར་པ་ཐམས་ཅད་སྡུས༔ འོད་ལྔའི་རང་མདངས་ཤིགས་སེ་ཤིག༔ ཟེར་ཐག་མང་པོ་སྦྲེངས་སེ་སྦྲེང༔ ཐིག་ལེ་ཐིག་ཕྲན་ཡ་ལ་ལ༔ གྲུབ་པའི་དངུལ་ཆུ་ཇི་བཞིན་དུ༔ དགེ་ལེགས་མཚན་མ་ལམས་སེ་ལམ༔ མི་ཤིགས་དབྱིངས་ཀྱི་ཐིག་ལེར་སྡུས༔ རྟག་པ་དམ་པའི་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བཟླས་དགོངས་པའི་རྩལ་སྐྱེད་ལ༔ ཏིང་འཛིན་ལྡན་པས་ཡང་དག་སྡུས༔ གལ་ཏེ་འབྱུང་པོས་བླ་ཁྱེར་ན༔ བསྒྲུབ་བྱའི་གླུད་དང་མཐུན་རྫས་བཤམས༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས༔ ཞི་བའི་ཚིག་དང་བཅས་ནས་ཀྱང༔ བརྒྱ་རྩ་བརྒྱད་དུ་ཡང་དག་བསྔོ༔ རྩ་བའི་སྔགས་ཀྱི་ཤམ་བུ་རུ༔ རྫབ་རྫབ་རྫུབ་རྫུབ་བྷི་ཏྲ་ལྷོང་ལྷོང་ནྲྀ་ཁུག་ཛ་ཛ༔ ཞེས་པ་སྟོང་དུ་བཟླས་པས་འགྲུབ༔ ཐུན་མཚམས་ཚེ་བཅུད་འགུགས་པ་ཡི༔ དམིགས་པའི་སྦྱོར་བ་དྲག་ཏུ་བྱ༔ ས་མ་ཡ་རྒྱ༔ རིག་འཛིན་བདུད་འཇོམས་རྡོ་རྗེའི་ཤོག་སེར་ལས་བསྒྱུར་པ་དགེ། །། ྈྈྈྈ ྈ ྈྈ

པདྨ་གསང་བའི་ཐིག་ལེ་ལས། རྡོ་རྗེའི་ཆོས་སྲུང་རྣམས་ཀྱི་རྒྱུན་གསོལ་བསྟན་དགྲ་ཚར་གཅོད་ (Volume 63, Text 21)

པདྨ་གསང་བའི་ཐིག་ལེ་ལས། རྡོ་རྗེའི་ཆོས་སྲུང་རྣམས་ཀྱི་རྒྱུན་གསོལ་བསྟན་དགྲ་ཚར་གཅོད་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་པྲ་བ་ཀཱ་ར་ཡེ། གཏོར་མ་སྐྱེམས་ཕུད་སོགས་བཤམས་ལ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་བརླབས་ལ། ཀྱཻ། ཡེ་ཤེས་ལས་གྲུབ་དམ་ཅན་རྒྱ་མཚོའི་ཚོགས། །ཞི་ཆགས་ཁྲོ་བོའི་ཉམས་འགྱུར་གསུམ་དང་བཅས། །སངས་རྒྱས་བསྟན་པ་གཉན་པོ་སྲུང་སླད་དུ། །གནས་འདིར་སྤྱན་འདྲེན་མི་གཡོ་དགྱེས་པར་བཞུགས། །བྷྱོཿ ཀུན་ཏུ་བཟང་མོ་གནམ་ཞལ་དབྱིངས་ཕྱུག་མ། །མི་བསྲུན་དྲག་ཏུ་ཁྲོས་པ་ཨེ་ཀ་ཛཱཿ རིག་རྩལ་རོལ་པའི་ཁྲོ་རྒྱལ་རཱ་ཧུ་ལ། །ཟབ་མོའི་བསྟན་སྐྱོང་བཛྲ་སཱ་དྷུ་རྩལ། །སྦས་པའི་དཀོར་སྲུང་དུར་ཁྲོད་ངན་ནེ་མ། །གཏེར་གྱི་གཉེར་འཛིན་ལྷ་ཡི་དགེ་བསྙེན་ཆེ། །གཙོ་འཁོར་སྤྲུལ་པར་བཅས་པ་མ་ལུས་རྣམས། །འདོད་ཡོན་བདུད་རྩིའི་མཆོད་པ་འདི་བཞེས་ཤིག །དམར་ཆེན་རཀྟའི་བཏུང་བ་འདི་བཞེས་ཤིག །ཤ་ཁྲག་རུས་པའི་ཞལ་ཟས་འདི་བཞེས་ཤིག །བ་ལིང་རྒྱན་གྱི་མཆོད་པ་འདི་བཞེས་ཤིག །མཆོད་པ་བཞེས་ལ་ཕྱི་ནང་གསང་བ་ཡི། །བར་ཆད་དགྲ་བགེགས་ཐལ་བ་རྡུལ་དུ་རློགས། །ཟབ་གཏེར་བསྟན་པ་ཕྱོགས་དུས་ཀུན་ཏུ་སྤེལ། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་མཆོད་གཏོར་གཙང་སར་གཤེགས། ཞེས་པའང་དགེ་འཕེལ་མཚན་ནས་བསྐུལ་བའི་ངོར་རྗེ་དྲུང་པས་བྲིས་པ་དགེ། །།

དཔལ་ལྡན་སྟག་ལུང་པའི་ཟབ་ཆོས་གཏེར་གྱི་སྲུང་མ་བཛྲ་ཀ་ཤའི་མཆོད་སྤྲིན་ (Volume 63, Text 22)

དཔལ་ལྡན་སྟག་ལུང་པའི་ཟབ་ཆོས་གཏེར་གྱི་སྲུང་མ་བཛྲ་ཀ་ཤའི་མཆོད་སྤྲིན་བཞུགས་སོ། །ཧཱུྃ། གྲུབ་གནས་ཆེ་དང་ཉེ་བའི་ས། །སྤྲག་ལུང་ཝ་རཱ་ཎ་སིའི་མདོ། །འཕྲང་ཀ་སྲིན་མོ་རི་ཡི་རྒྱུད། །རྒྱབ་རི་དཔངས་མཐོ་རྒྱུད་བཟང་ཞིང་། །གཡས་རི་ཁྲོ་ལ་གཏུམ་དྲག་རྔམ། །གཡོན་རི་སྐྱེ་མེད་ཟངས་ཀྱི་མདོག །མདུན་རི་རིན་ཆེན་སྤུངས་པ་འདྲ། ཁྲི་གདུགས་ཉི་མ་འོད་གསལ་ལ། །དགུང་སྔོན་རྒྱ་ཆེ་དཔངས་མཐོ་བ། །གཙང་ཆབ་ཆེ་ཞིང་རྒྱུན་རིང་འབབ། །ས་གཞི་གཤིན་ལ་ཁྱབ་ཆེ་བ། །མི་མིན་མཚན་མོ་རྒྱུ་བའི་སྲང་། །སྐད་རིགས་མི་གཅིག་སྐྱེ་བོའི་ལམ། །རྟ་མཆོག་རྒྱལ་པོའི་དཀྱིལ་འཁོར་ནི། །སྲུང་བྱེད་མ་མོ་རྡོ་རྗེ་གསལ། ཁྱོད་སྔོན་པདྨ་སཾ་བྷ་ཝས། །ཕྱག་རྒྱ་གཉན་པོས་ཟིལ་གྱིས་མནན། །བཀའ་འབངས་བགྱིས་པར་རྩིས་ལ་ཕབ། །ཟབ་མོ་ཆོས་ཀྱི་སྲུང་མར་བསྐོས། །དགྱེས་མཛད་གྲགས་པ་དཔལ་ཞབས་ལ། །ཆོས་སྒོ་བཅུ་ཕྲག་གཅིག་དང་བདུན། །ཉམས་པ་མེད་པར་ཕྱག་ཏུ་གཏད། །སླད་ནས་དགྲ་རྒྱུད་ལ་སོགས་པའི། །ཟབ་གཏེར་འཛིན་པའི་གཉེར་ཁ་བཅོལ། ཁས་བླངས་དམ་བཅས་དྲན་མཛོད་ལ། །བདག་གི་མཆོད་སྦྱིན་གཏོར་མ་བཞེས། །སངས་རྒྱས་བསྟན་པ་རིན་ཆེན་སྲུངས། །ཨ་བ་དྷཱུ་ཏིའི་གསུང་རབ་རྣམས། །དར་ཞིང་རྒྱས་པའི་ཕྲིན་ལས་མཛོད། །དེ་ལ་འཚེ་བའི་དགྲ་འདྲེ་སོད། །ཆོས་དེར་མོས་པའི་སྡོང་གྲོགས་མཛོད། །མི་བསྲུན་མཐའ་ཡི་དམག་དཔུང་ཟློགས། །དཔལ་ལྡན་སྟག་ལུང་བཀའ་བརྒྱུད་ཀྱི། །ངེས་དོན་བསྟན་པ་རྒྱས་པ་ཡི། །ཕྲིན་ལས་རྒྱ་ཆེན་མཛད་པ་དང་། །འགྲོ་ཀུན་བདེ་བའི་ལས་མཛོད་ཅིག །ཅེས་པའང་སྟག་ལུང་པ་དགེ་སློང་ངག་དབང་བཀྲ་ཤིས་དཔལ་གྲུབ་ཀྱིས་བྲིས་པའོ། །མངྒ་ལཾ།། །།

ཚོགས་བསྡུས་བདེ་ཆེན་འཁོར་ལོ་ (Volume 63, Text 23)

ཚོགས་བསྡུས་བདེ་ཆེན་འཁོར་ལོ་བཞུགས། །ཐབས་ཤེས་དམ་ཚིག་རྫས་རྣམས་ནི། །སེར་སྣས་མ་སྦགས་ལེགས་པར་བཤམས། ཨོཾ་ཨཱཿཧཱུྃ། བདེ་སྐྱོང་བནྡྷའི་སྣོད་ཡངས་པར། །ཚོགས་རྫས་འདོད་ཡོན་རོལ་པའི་རྒྱན། །བདེ་བ་ཆེན་པོའི་ལོངས་སྤྱོད་འདིའི། །འཆི་མེད་ཚེ་ཡི་ལྷ་ཚོགས་མཆོད། །གསང་གསུམ་དམ་ཚིག་ཉམས་པ་བཤགས། །ཐུགས་དམ་བསྐངས་ལ་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ལྷག་གཏོར་འབུལ་ལོ་ཕྲིན་ལས་སྒྲུབས། །མ་ཧཱ་ག་ན་ཙཀྲ་པཱུ་ཛ་ཁ་ཧི། ཞེས་པའང་ཉེར་མཁོའི་ཡན་ལག་ཏུ་སྤེལ་བ་དགེ །མངྒ་ལཾ།། །།

རྩ་གསུམ་ཚེ་ལྷའི་དཀྱིལ་འཁོར་པདྨ་གསང་བའི་ཐིག་ལེའི་བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག་ཡེ་ཤེས་ཆུ་བོ་ (Volume 63, Text 24)

༄༅། །རྩ་གསུམ་ཚེ་ལྷའི་དཀྱིལ་འཁོར་པདྨ་གསང་བའི་ཐིག་ལེའི་བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག་ཡེ་ཤེས་ཆུ་བོ་བཞུགས་སོ། ། ན་མོ་པདྨཱཀ་ར་ཡེ། འཆི་མེད་ཚེ་ལྷའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླང་བར་འདོད་པས། ཐོག་མར་བུམ་པ་སྒྲུབ་པ་ནི། བུམ་པ་བཅུད་ལྡན་ཆས་ཀྱིས་སྤྲས་པ་དཀྱིལ་འཁོར་གྱི་དབུས་སུ་བཀོད་ཅིང་མཆོད་པས་བསྐོར་ཏེ་དུང་ཞལ་གྱི་ཆུ་དང་གཟུངས་ཐག་གིས་མཚན་པ་འདུ་བྱས་ལ། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང༔ ཚད་དང་མཚན་ཉིད་ཡོངས་རྫོགས་དབུས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་རྣམས༔ ཆུ་ཟླ་འཇའ་ཚོན་ལྟ་བུར་གསལ༔ རང་སྲོག་སྔགས་ཀྱི་འོད་ཟེར་ནི། །གཟུང་ཐག་ལ་འཁྲིལ་བུམ་ནང་སོང་། །བུམ་ལྷའི་སྐུ་ལས་བདུད་རྩིའི་རྒྱུན། །བབས་པས་བུམ་པ་ཡོངས་གང་གྱུར། །སྔགས་མཐར། ཀ་ལ་ཤ་ཨ་བྷི་ཥིཉྩ་བྷྲཱུྃ༔ ཞེས་སྟོང་དུ་ཚང་བར་བཟླས་མཐར་ཡེ་ཤེས་ལྷ་ཚོགས་སོགས་བརྗོད་ལ་སྟོང་ཚིགས་འབུལ། ཨོཾ་ཨཱཿཧཱུྃ་ཞེས་པས་མཆོད་ཡོན་ཕུལ་པས་བུམ་པའི་ལྷ་བདེ་སྟོང་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་བུམ་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ། ལས་བུམ་ལ་གཟུངས་ཐག་བཀོད་དེ། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། ལས་བུམ་ནང་དུ་པད་ཉིའི་སྟེང་། ཁྲོ་ཆེན་རྟ་མགྲིན་སྐུ་མདོག་དམར། །དབྱུག་ཏོ་ཞགས་འཛིན་དེའི་སྐུ་ལས། །བབས་པའི་བདུད་རྩིས་བུམ་པ་གང་། །ཨོཾ་ཧྱ་གྷྲྀ་ཝ་ཧཱུྃ་ཕཊཿ ཅེས་བརྒྱ་རྩ་བརྒྱད་བཟླས་མཐར། ཨོཾ་ཨཱཿཧཱུྃ་ཞེས་པས་མཆོད་ཡོན་ཕུལ་པས་བུམ་ལྷ་འོད་དུ་ཞུ་བས་བདུད་རྩིའི་ཆུར་གྱུར་པ་དངོས་པོ་གང་ལ་འཐོར་བའི་ཉེས་སྐྱོན་ཐམས་ཅད་སྦྱོང་བའི་ནུས་པ་དང་ལྡན་པར་བསམ་ལ། ཚེ་འགུགས་སོགས་བརྗོད། ཚོགས་ལ་རོལ་པའི་སྔོན་དུ། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ། དྲག་སྔགས་རོལ་མོ་དང་བཅས་པས་བགེགས་བསྐྲད། མཎྜལ་རྒྱས་བསྡུས་གང་རིགས་འབུལ་བ་སོང་ནས། ཐལ་མོ་མེ་ཏོག་དང་བཅས་པས། ཀྱེ་ཧོ་རྡོ་རྗེ་འཛིན་རྒྱལ་པོ༔ བདག་ལ་དགོངས་པར་མཛད་དུ་གསོལ༔ ཁམས་གསུམ་འཁོར་བའི་གཡང་ས་ལས༔ སྒྲོལ་ཕྱིར་དབང་མཆོག་བསྩལ་དུ་གསོལ༔ ལན་གསུམ། ཨོཾ་ཙཀྵུར་བནྡྷ་ཝ་ར་མ་ན་ཡེ་ཧཱུྃ་གིས་མིག་དར་འཆིང་། ཨཱ་ཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་ཐོགས། ན་མོ༔ གདོད་ནས་དག་པ་གཉུག་མའི་བབ༔ འོད་གསལ་འདུ་མ་བྱས་པའི་གདངས༔ འཕོ་འགྱུར་མེད་པ་དོན་གྱི་ལྷར༔ གཉིས་མེད་ངང་ནས་སྐྱབས་སུ་མཆི༔ ལན་གསུམ། ཧོ༔ མེད་བཞིན་སྣང་བ་འཁྲུལ་པའི་འགྲོ༔ རང་རིག་ཆེན་པོར་རོ་མཉམ་ཡང༔ གསང་ཆེན་ཐབས་ཀྱིས་ཆོད་པ་རྣམས༔ ཡེ་ཤེས་དབྱིངས་སུ་འགོད་པར་བྱ༔ གསུམ། འཆི་མེད་ཚེ་ཡི་ལྷ་ཚོགས་ལ༔ དག་མཉམ་ཆེན་པོར་གུས་ཕྱག་འཚལ༔ ཡུལ་དབང་མཉམ་སྦྱོར་མཆོད་སྤྲིན་འབུལ༔ ཀུན་བརྟགས་འཁྲུལ་པ་དབྱིངས་སུ་བཤགས༔ བློ་བྲལ་ཟབ་མོར་རྗེས་ཡི་རངས༔ བདེ་ཆེན་བརྡ་ཡི་ཆོས་འཁོར་སྐོར༔ འཕོ་བྲལ་ཆེན་པོར་བཞུགས་གསོལ་འདེབས༔ དགེ་ཚོགས་གཞོན་ནུ་བུམ་སྐུར་བསྔོ༔ ལན་གསུམ། སྙིང་ཁར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་རང་བཞིན་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བསྒོམ་ལ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་སེམས་གཟུང་། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པ་དཱ་ཡ་མི༔ ཞེས་རྡོ་རྗེ་སྙིང་གར་རེག །ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ དམ་ཚིག་ཉམས་ན་སྲེག་པར་བྱེད༔ དམ་ཚིག་བསྲུང་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ ཨོཾ་པཉྩ་ཨ་མྲྀཏ་ཨུ་དཱ་ཀ་ཋ་ཋ་ཧཱུྃ༔ ཞེས་སྦྱིན། རྡོ་རྗེ་མགོར་བཞག་ལ་སློབ་དཔོན་བཀའ་གཉན་པར་གདམས་པ་ནི། བདག་ནི་རྡོ་རྗེ་སློབ་དཔོན་སྟེ༔ ཁྱོད་ཀྱིས་ང་ལ་བརྙས་མ་བྱེད༔ གལ་ཏེ་བརྙས་པར་བྱེད་པ་ན༔ དམྱལ་བ་ཆེན་པོར་ལྟུང་ཏ་རེ༔ རྡོ་རྗེ་སྙིང་ཁར་བཞག་སྟེ་གསང་བ་མི་སྨྲ་བ་གདམས་པ་ནི། འདི་ནི་དམ་ཚིག་རྡོ་རྗེ་སྟེ༔ ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས༔ གལ་ཏེ་ཚུལ་འདི་སྨྲས་ན་ནི༔ དེ་མ་ཐག་ཏུ་དྲལ་ཏེ་གཤེགས༔ བཛྲ་ས་མ་ཡ་རཀྵནྟུ༔ ཞེས་སྐུ་གསུང་ཐུགས་གསུམ་གྱི་དམ་གཞག་སོང་ནས། ཨོཾ་ཧྱ་གྲཱྀ་ཝ་ཧཱུྃ་ཕཊཿཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྒོ་གསུམ་དངོས་འཛིན་མི་དམིགས་པར། །རང་ཉིད་དཔལ་ཆེན་ཧེ་རུ་ཀ༔ རྟ་མཆོག་རྒྱལ་པོར་གསལ་བ་ཡི༔ སྙིང་གར་ཆུ་སྐྱེས་ཉི་ཟླའི་དབུས༔ འཆི་མེད་ཡེ་ཤེས་ཚེ་དཔག་མེད༔ དེ་ཡི་ཐུགས་ཀར་མཁའ་འགྲོ་མ༔ གསང་བར་ཡེ་ཤེས་དམར་གསལ་མདངས༔ ཌཱ་རུ་དཀྲོལ་ཞིང་ཐོད་ཆང་བསྣམས༔ འོད་དམར་ཞགས་པས་བསྐོར་བ་ཡི༔ གསང་བར་གཡུང་དྲུང་རིས་དམར་པོ༔ གཡོན་ཕྱོགས་དྲག་ཏུ་འཁོར་བ་ལས༔ མཁའ་འགྲོ་བདེ་བའི་གར་དང་སྒྲས༔ སྲས་བཅས་རྒྱལ་རྣམས་དབང་མེད་བཀུག༔ རང་གི་ལུས་ལ་ཐིམ་པར་བསམ༔ སྤྲོ་ན་བྱིན་འབེབ་དབྱངས་དང་བཅས་གྱེར་བ་ནི། ཧཱུྃ༔ རང་བཞིན་གདོད་ནས་རྣམ་དག་པ༔ ཞི་བ་ཆེན་པོའི་བྱིན་ཕོབ་ཅིག༔ ལོངས་སྤྱོད་ཡོངས་རྫོགས་རོལ་པའི་སྤྲིན༔ བདེ་བ་ཆེན་པོའི་བྱིན་ཕོབ་ཅིག༔ སྣ་ཚོགས་འགྲོ་འདུལ་སྤྲུལ་པའི་གར༔ བསམ་མི་ཁྱབ་པའི་བྱིན་ཕོབ་ཅིག༔ ཧཱུྃ༔ ལྷོ་ནུབ་རྔ་ཡབ་སྤྲུལ་པའི་ཞིང༔ འཆི་མེད་དག་པའི་གྲོང་ཁྱེར་ནས༔ བདེ་ཆེན་ཆོས་སྐུ་པདྨ་འབྱུང༔ རབ་འབྱམས་ཚེ་ལྷའི་ཚོགས་དང་བཅས༔ མི་མངོན་དབྱིངས་ནས་སྐུར་བཞེངས་ཤིག༔ གསང་བའི་གནས་འདིར་བྱིན་ཆེན་ཕོབས༔ ཚེ་མདའ་འདི་ལ་ཚད་ཅིག་སྟོན༔ སྒྲུབ་རྫས་འདི་ལ་ཞག་ཅིག་སྐྱིལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ རྩ་སྔགས་མཐར། སཏྭཾ་བྷ་ཡ་སཏྭཾ་བྷ་ཡ། ར་ར་ར་ར། ཙཱ་ལ་ཡ་ཙཱ་ལ་ཡ། ཧྲིཾ་ཧྲིཾ། ཕེཾ་ཕེཾ། ཧཱུྃ་ཨཱཿཧ་ཛྷཻཾཿ ཞེས་དྲག་ཏུ་བརྗོད་ཅིང་རོལ་མོའི་སྒྲ་དལ་བྲེལ་སྤེལ་མ་དང་བཅས་ཏེ་ཡེ་ཤེས་འབེབ་པའི་རྫས་གཞུང་མཐུན་བདུག །ཡེ་ཤེས་ཕེབས་པའི་རྟགས་བྱུང་ན་དེ་ཉིད་བྱང་ཆུབ་སྙིང་པོའི་བར་བརྟན་པར་བསམ་ལ། ཏིཥྛ་བཛྲཿ ཞེས་རྡོ་རྗེ་མེ་ཏོག་དང་བཅས་པ་སྤྱི་བོར་གཞག །ཀྱེ་ཧོ༔ རྣལ་འབྱོར་ཆེན་པོ་བདེ་བ་ཆེ༔ ཡེ་ཤེས་ཆེན་པོ་གསལ་བ་ཆེ༔ དཀྱིལ་འཁོར་ཆེན་པོ་བདག་འཚལ་ན༔ དཔའ་བོ་ཆེན་པོས་གནང་དུ་གསོལ༔ ལན་གསུམ། ཛཿཧཱུྃ་བཾ་ཧོཿས་དཀྱིལ་འཁོར་གྱི་ནང་དུ་འཇུག་པར་གྱུར་པར་མོས་ལ། དཀྱིལ་འཁོར་པའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་འཕྲོས། མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བར་བསམ་ལ། ཨོཾ་བཛྲ་ཙཀྵུ་པྲ་བེ་ཤ་ཡ་ཕཊཿ ཅེས་མིག་དར་བསལ། ཧོཿ འདི་ནི་མཚོན་བྱེད་དཔེ་ཡི་དཀྱིལ་འཁོར་ཏེ། །མཚོན་བྱ་དོན་གྱི་དཀྱིལ་འཁོར་རང་ལ་གནས། །རང་རིག་ཡེ་ཤེས་བླ་མའི་དཀྱིལ་འཁོར་ཉིད། །འདི་ཞེས་བརྗོད་མེད་རང་བྱུང་ཆོས་ཀྱི་སྐུ། །དེ་ཉིད་མཐོང་བས་ཚེ་རབས་སྡིག་ལྟུང་དག །ཡེ་ཤེས་ལྷ་དང་རོ་མཉམ་ལྷན་ཅིག་སྐྱེས། །དེ་ཕྱིར་མཆོག་ཏུ་གུས་ཤིང་སྤྲོ་བར་བྱ། །ཧོཿ སྔོན་ནས་འབྲེལ་པའི་ལྷ་མཆོག་ལ། །རིག་པའི་མེ་ཏོག་འདི་ཕུལ་བས། །སྔོན་ནས་ལས་འཕྲོ་གང་ཡོད་པའི། །ཡི་དམ་ལྷ་ལ་འབབ་པར་ཤོག །པུཥྤེ་པྲ་ཏཱིཙྪ་གྷྲིཧྣ་ཧོཿ ཞེས་ཚོམ་བུའི་དཀྱིལ་འཁོར་དུ་མེ་ཏོག་དོར། ཨོཾ་པྲ་ཏི་གྷྲིཧྣ་སཏྭཾ་ཨི་མཾ་སཏྭ་མ་ཧཱ་བཱ་ལ། ཞེས་མེ་ཏོག་སྤྱི་བོར་བཀོད། དེས་དཀྱིལ་འཁོར་དུ་འཇུག་པའི་ཆོས་སོང་ནས། ཞུགས་ཏེ་མངོན་པར་དབང་བསྐུར་བ་ལ་མཎྜལ་ཕུལ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་སྦྱིན་ཇི་ལྟར་བསྩལ་པ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཅེས་ལན་གསུམ། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་ནམ་མཁའ་གང་བར་སྤྱན་དྲངས། དེ་རྣམས་ཀྱི་ཕྱག་ན་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བ་ཐོགས་ཏེ་མངོན་པར་དབང་བསྐུར་བར་བསམ་ལ། ཧཱུྃ༔ བུམ་པ་ཟླུམ་པོ་ཆོས་སྐུའི་གཞལ་ཡས་ཁང༔ བུམ་རྫས་སྣང་བ་ལོངས་སྤྱོད་རྫོགས་པའི་དཔལ༔ གཉིས་མེད་ཟུང་འཇུག་འཆི་མེད་བདུད་རྩིའི་ཆུས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་པས༔ ལུས་ཀྱི་སྒྲིབ་དག་ཕུང་ཁམས་ལྷ་སྐུར་སྨིན༔ རིགས་ལྔ་རྒྱལ་བའི་དབང་མཆོག་ཡོངས་རྫོགས་ཏེ༔ རྣམ་སྨིན་རིག་འཛིན་ས་བོན་ཉེར་ཐོབ་ཤོག༔ བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ བཛྲྎ རཏྣྎ པདྨྎ ཀརྨྎ ཞེས་སྦྱར། དེས་མཚན་མ་རྫས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་པ་ཐོབ། ལུས་ཀྱི་སྒྲིབ་པ་དག །ལུས་སྣང་སྟོང་ཆུ་ཟླ་ལྟ་བུ་ལྷ་ཡི་བསྐྱེད་རིམ་སྒོམ་པ་ལ་དབང་། རྣམ་སྨིན་རིག་འཛིན་གྱི་ས་བོན་ཐེབས། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །གསང་བའི་དབང་གི་ཆེད་དུ་མཎྜལ། ཨེ་མ་ཧོ༔ ངོ་མཚར་རྨད་དུ་བྱུང་བ་ཡི༔ རྡོ་རྗེ་བདུད་རྩི་དྲི་མེད་མཆོག༔ མ་རིག་ཉེས་པ་འཇོམས་བྱེད་པ༔ གསང་བའི་དམ་པ་བདག་ལ་སྩོལ༔ ལན་གསུམ། དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བའི་སྒྲ་དང་འོད་ཟེར་གྱིས་སངས་རྒྱས་ཐམས་ཅད་འོད་དུ་ཞུ་ནས་ཡབ་ཀྱི་ཞལ་དུ་ཞུགས། སྐུ་ཡི་དབྱིབས་བརྒྱུད་རྡོ་རྗེ་ནོར་བུའི་ལམ་ནས་ཡུམ་གྱི་པདྨོར་འཁྱིལ་པ་བདག་ལ་བསྩལ་བར་གྱུར། ཨེ་མ་ཧོ༔ འདི་ནི་སངས་རྒྱས་ཐམས་ཅད་ཀྱི༔ གསང་གསུམ་ལས་བྱུང་རྡོ་རྗེའི་ཆུ༔ མྱང་བས་མ་རིག་ཉེས་པ་འཇོམས༔ ཚེ་ལ་དབང་བའི་རིག་འཛིན་འགྲུབ༔ ཨ་ཧོ་མ་ཧཱ་སུ་ཁ་སིདྡྷི་ས་མ་ཡ༔ དེས་གསང་བའི་དབང་བསྐུར་པ་ཐོབ། ངག་གི་སྒྲིབ་པ་དག །བདག་བྱིན་གྱིས་རློབ་པའི་རྣལ་འབྱོར་སྒོམ་པ་ལ་དབང་། ཚེ་དབང་རིག་འཛིན་གྱི་ས་བོན་ཐེབས། ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པར་གྱུར། ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཆེད་དུ་མཎྜལ། ཨེ་མ་ཧོ༔ རབ་ཏུ་ཞི་བའི་བདག་ཉིད་ཀྱི༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ནི༔ རྡོ་རྗེ་སྦྱོར་ལས་ཡང་དག་བྱུང༔ མངའ་བདག་ཆེན་པོས་བདག་ལ་སྩོལ༔ ལན་གསུམ། མཚན་ཉིད་ལྡན་པའི་རིག་མ་ནི༔ སངས་རྒྱས་མ་ལུས་པང་བཀོད་དེ༔ ཡང་དག་ཐར་པ་བརྟེན་པའི་ཕྱིར༔ སྙིང་གི་བུ་ལ་གདམ་པར་བྱ༔ ཨོཾ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང༔ ཐབས་འདིར་བརྟེན་ནས་རྫོགས་སངས་རྒྱས༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་འགྲུབ༔ རྨོངས་པ་གང་ཞིག་འདི་སྤོང་བ༔ དེ་ལ་མཆོག་གི་དངོས་གྲུབ་མེད༔ གཟུངས་མ་ཡིད་འོང་ཉམས་དགའ་བ༔ བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བསྔགས༔ འཁོར་ལོའི་གནས་བཞིའི་དགའ་བ་ཆེ༔ བདེ་ཆེན་ཆོས་ཉིད་རྟོགས་པར་གྱིས༔ བྷཉྫ་མོཀྵ་ཧོ༔ ཞེས་གཏད་པས་རིག་མ་དེས་གསང་བའི་གནས་ལ་སྤྲོ་བ་འདྲི་བ་ནི། བུད་མེད་རྣམས་ལ་རབ་གུས་ཤིང༔ བཤང་ལྕི་ཁུ་ཁྲག་ལ་སོགས་བཟའ༔ པདྨོར་བདེ་བའི་འོ་བྱེད་པར༔ བུ་ཁྱོད་ཅི་དགར་སྤྲོ་འམ་སྨྲོས༔ ལན་གདབ་པ། བཤང་ལྕི་ལ་སོགས་དྭངས་བས་ཟ༔ བུད་མེད་རྣམས་ལ་རྟག་པར་གུས༔ བྷ་གའི་པདྨོར་འོ་བྱེད་པར༔ བདག་ནི་ཅི་དགར་སྤྲོ་ལགས་སོ༔ དེ་ནས་ལྷ་མོ་དེས་དབྱིངས་ཕྱུག་གསང་བའི་རྩ་བསྟན་ཏེ། ང་ཡི་བྷ་ག་གསང་ཆེན་འདི༔ སངས་རྒྱས་ཀུན་གྱི་བཞུགས་གནས་ཡིན༔ དབབ་གཟུང་ལྡོག་ཁྱབ་སྦྱོར་བ་ཡིས༔ བདེ་ཆེན་ཆོས་ཉིད་རྟོགས་པར་གྱིས༔ ཞེས་པས་པང་དུ་འཁོད་པ་ལ། རང་ཉིད་བདེ་བ་ཆེན་པོ་པདྨ་སམ་བྷ་ཝ་རིག་མ་ལྷ་ལྕམ་མནྡཱཿར་བ། མཁའ་གསང་རྡོ་རྗེ་དང་པདྨ། ཐབས་འདི་ལ་བརྟེན་ནས་རང་གནས་ཀྱི་ཡེ་ཤེས་མངོན་དུ་བྱའོ་སྙམ་པས་སྙོམས་པར་ཞུགས་པར་བསམ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཞེས་སྙོམས་པར་ཞུགས་པས་དགའ་བྲལ་གྱི་རང་ངོ་བསྐྱང་ངོ་། །དེས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པ་ཐོབ། ཡིད་ཀྱི་དྲི་མ་དག །ལམ་གཞན་ལུས་ཕོ་ཉའི་རྣལ་འབྱོར་སྒོམ་པ་ལ་དབང་། ཕྱག་ཆེན་རིག་འཛིན་གྱི་ས་བོན་ཐེབས། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པར་བསམ། དེ་ཁོ་ན་ཉིད་ཀྱི་དབང་གི་ཆེད་དུ་མཎྜལ། ཨེ་མ་ཧོ༔ ཀུན་ཏུ་བཟང་པོ་ཆེ་བའི་མཆོག༔ སངས་རྒྱས་ཀུན་གྱི་བདག་ཉིད་ཆེ༔ དཀྱིལ་འཁོར་གཙོ་བོའི་བཀའ་དྲིན་གྱིས༔ རབ་ཏུ་སྤྲོས་མེད་དབང་བསྐུར་སྩོལ༔ ལན་གསུམ། གསུམ་པའི་དབང་གི་མཚོན་བྱེད་དུ་བྱས་ཏེ་མཚོན་བྱ་དོན་དམ་པའི་རང་ངོ་ལ་མཉམ་པར་བཞག་སྟེ། ཨེ་མ་ཧོ༔ རང་བྱུང་རིག་པའི་སྐྱེས་བུ་ཉོན༔ བཞི་ཆ་གསུམ་བྲལ་གདོད་མའི་གཤིས༔ ཀུན་ལ་ཁྱབ་པ་ནམ་མཁའ་བཞིན༔ སྨྲར་མེད་མྱོང་བའི་བདག་ཉིད་ཅན༔ སྟོང་དང་མི་སྟོང་བློ་ལས་འདས༔ མཐའ་བརྒྱད་གྲུབ་མཐས་མ་རེག་པ༔ ཡིད་དཔྱོད་འཛིན་པའི་འཕྲང་ལས་གྲོལ༔ འདི་ནི་མཆོག་གི་རྡོ་རྗེ་སྟེ༔ ཟབ་མོའི་དོན་འདི་སུས་སྒོམ་པ༔ སངས་རྒྱས་གཅེར་མཐོང་ཨེ་མ་ཧོ༔ ཞེས་མཉམ་པར་གཞག །ལྷུན་གྲུབ་ཀྱི་སྣང་བ་མཚོན་པའི་ཤེལ་དང་རྨ་བྱའི་མདོངས་བསྟན་ཏེ། གཞིར་གནས་ཀུན་ཏུ་བཟང་པོ་ཉིད༔ བཞུགས་སྟངས་གསུམ་དང་གཟིགས་སྟངས་གསུམ༔ ལྷུན་གྲུབ་དག་པའི་གནད་ལྡན་པས༔ ཙཀྵུའི་ལམ་དུ་མངོན་སུམ་མཐོང༔ སྣང་བ་བཞི་པོ་མཐར་ཕྱིན་ནས༔ ཟག་མེད་འོད་ལུས་འགྲུབ་པར་འགྱུར༔ དེས་ཚིག་ལས་འདས་པ་དོན་དམ་གྱི་དབང་ཐོབ། སྙོམས་འཇུག་གི་སྒྲིབ་པ་དག །ཀ་དག་དང་ལྷུན་གྲུབ་ཀྱི་ལམ་སྒོམ་པ་ལ་དབང་། ལྷུན་གྲུབ་རིག་འཛིན་གྱི་ས་བོན་ཐེབས། ཡེ་ཤེས་བླ་མའི་ས་ནོན། འབྲས་བུ་ངོ་བོ་ཉིད་སྐུའི་གོ་འཕང་རྒྱུད་ལ་བཞག་པར་བསམ། གཙོ་བོས་ཇི་ལྟར་སོགས་དམ་ཚིག་ཁས་བླང་། གཏང་རག་མཎྜལ་བཅས་སྤྱི་ལྟར་རོ། །ཞེས་པའང་ཉེར་མཁོའི་ཡན་ལག་ཏུ་ཆོས་ཀྱི་བདག་པོས་སྤེལ་བ་དགེ། །།

གུ་རུའི་ཐུགས་སྒྲུབ་བདེར་གཤེགས་འདུས་པ་དང་པདྨ་གསང་བའི་ཐིག་ལེ་གང་ལའང་སྦྱར་དུ་རུང་བའི། ཞི་ཁྲོའི་སྐོང་བཤགས་ཀྱི་ཆོ་ག་ཀུན་བཟང་ཁྲུས་ཆབ་ (Volume 63, Text 25)

༄༅། །གུ་རུའི་ཐུགས་སྒྲུབ་བདེར་གཤེགས་འདུས་པ་དང་པདྨ་གསང་བའི་ཐིག་ལེ་གང་ལའང་སྦྱར་དུ་རུང་བའི། ཞི་ཁྲོའི་སྐོང་བཤགས་ཀྱི་ཆོ་ག་ཀུན་བཟང་ཁྲུས་ཆབ་ཅེས་བྱ་བ་བཞུགས་སོ། ། རྩ་གསུམ་ཀུན་འདུས་པདྨ་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་གསོ་ཞིང་དངོས་གྲུབ་ཀྱི་སྐལ་པ་རང་གི་རྒྱུད་ལ་ཉེ་བར་འགྱུར་བའི་ཕྱིར་སྐོང་བཤགས་ཀྱི་ཆོ་ག་བྱ་བར་འདོད་པས། གཏེར་གཞུང་རྡོ་རྗེའི་ཚིག་རྐང་ལས། གཞན་ཡང་དཀྱིལ་འཁོར་གཙོ་བོ་ཡི༔ དུང་ཁང་འབར་བར་ཁྲོ་བོ་དང༔ མགྲིན་པར་རིག་འཛིན་བླ་མའི་ཚོགས༔ སྙིང་ཁར་ཞི་བ་དབྱིངས་ཀྱི་ལྷ༔ མ་འདྲེས་ཚོམ་བུའི་ཚུལ་དུ་བསྒོམ༔ ཕྱི་ནང་གསང་བའི་མཆོད་པ་ནི༔ བརྒྱ་རྩ་འབུལ་ཞིང་ལྷ་ཚོགས་ཀྱི༔ མཚན་ནས་བརྗོད་ལ་ཕྱག་ཀྱང་འཚལ༔ ངག་གི་སྒྲིབ་པ་བཟླས་པས་སྦྱངས༔ ཡིད་ཀྱི་རྟོག་སྒྲིབ་ལྟ་བས་བཤགས༔ ཐུན་མོང་ཚོགས་ཀྱི་མཆོད་པས་བསྐང༔ དེས་ནི་ཉམས་ཆག་མ་ལུས་བཤགས༔ མཆོག་ཐུན་དངོས་གྲུབ་ངེས་པར་ཐོབ༔ ཅེས་གསུངས་པའི་བསྟན་དོན་ཉམས་སུ་བླང་བར་འདོད་པས། སྒྲུབ་གཞི་རྩ་གསུམ་ཚེ་ལྷའི་དཀྱིལ་འཁོར་གྱི་སྟེང་དུ་ཞི་བ་དང་ཁྲོ་བོའི་དཀྱིལ་འཁོར་སྟེང་འོག་གི་ཚུལ་དུ་རབ་རྡུལ་ཚོན། འབྲིང་རས་བྲིས། ཐ་མ་ལྷ་གྲངས་ཀྱི་ཚོམ་བུ་བཀོད་པའི་སྟེང་བུམ་པ་བཅུད་ལྡན་ཆས་ཀྱིས་སྤྲས་པའི་ཁར་ཐོད་པ་བདུད་རྩིའི་བཀང་བ། དེ་སྟེང་མེ་ལོང་སིནྡྷུ་རས་བརྡལ་བར་ཆོས་འབྱུང་མཱུྃཿཡིག་གིས་མཚན་པ་དར་དམར་གྱིས་བཀབ་པའི་སྟེང་འཇའ་ཤེལ་དང་བཅས་པ་བཤམས། ༼ཚེ་འབྲང་དང་རིལ་ཆང་མདའ་དར་རྣམས་ཀྱང་དགོས་ན་བཤམས།མཆན།༽ དཀྱིལ་འཁོར་གྱི་མཐའ་སྐོར་དུ་ཚེ་ལྷའི་སྒྲུབ་གཏོར་དང་ཞི་བ་དང་ཁྲོ་བོའི་གཏོར་མ། སྨན་དང་རཀྟ་གཏོར་ཚོགས་ཉེར་སྤྱོད་བཅས་བརྒྱ་རྩ་ལ་སོགས་པ་ཅི་འབྱོར་བའི་མཆོད་པའི་རྣམ་གྲངས་དག་གཙང་བཀོད་ལེགས་སུ་བཀྲམ། སྒྲུབ་གཞི་ལྷ་ཡི་དཀྱིལ་འཁོར་སྣང་སྲིད་དག་པ་རབ་འབྱམས་ཡེ་གྲོལ་ལྷུན་རྫོགས་ཀྱི་དགོངས་པ་སྲོག་ཏུ་གཟུང་། བསྐྱེད་རིམ་ལྷ་ཡི་སྣང་ཆ་བདག་ཉིད་འཆི་མེད་པདྨ་ཚེ་དཔག་མེད་ཀྱི་སྐུ་ཡི་གནས་སུ་ཞི་ཁྲོའི་ལྷ་ཚོགས་གསལ་འདེབས་པ། ཨ༔ ཆོས་སྐུ་སྐྱེ་བ་མེད་པ་ལས༔ སོགས་ནས། དཀྱིལ་འཁོར་ཆེན་པོར་ལྷུན་གྲུབ་གྱུར༔ ཞེས་པའི་འདོན་འཕྲོས་སུ། བྷྲཱུྃ་བི་ཤྭ་བི་ཤུདྡྷེ༔ བདག་ཉིད་འཆི་མེད་ཚེ་དཔག་མེད་མགོན་གྱི༔ ཀླད་པ་དུང་ཁང་དུར་ཁྲོད་གཞལ་ཡས་ཁང༔ ལྟེ་བར་འཁོར་ལོ་རྩིབས་བཞིར་པད་ཉིའི་སྟེང༔ ཁྱུང་དོམ་ཁྱུ་མཆོག་སྟག་གཟིག་རྣམས་ཀྱི་ཁྲིར༔ དབུས་སུ་བུདྡྷ་ཧེ་རུ་ཀཿདཔལ་ནི༔ སྨུག་ནག་འཁོར་ལོ་གཡས་ལ་དུང་ཁྲག་གཡོན༔ བུདྡྷ་ཀྲོ་དྷཱི་ཤྭ་རཱི་གཉིས་མེད་འཁྲིལ༔ ཤར་དུ་བཛྲ་ཧེ་རུ་ཀཿདཔལ་ནི༔ མཐིང་ནག་རྡོ་རྗེ་གཡས་ལ་དུང་ཁྲག་གཡོན༔ བཛྲ་ཀྲོ་དྷཱི་ཤྭ་རཱི་གཉིས་མེད་འཁྲིལ༔ ལྷོ་རུ་རཏྣ་ཧེ་རུ་ཀཿདཔལ་ནི༔ སེར་ནག་རིན་ཆེན་གཡས་ལ་དུང་ཁྲག་གཡོན༔ རཏྣ་ཀྲོ་དྷཱི་ཤྭ་རཱི་གཉིས་མེད་འཁྲིལ༔ ནུབ་ཏུ་པདྨ་ཧེ་རུ་ཀཿདཔལ་ནི༔ དམར་ནག་པདྨ་གཡས་ལ་དུང་ཁྲག་གཡོན༔ པདྨ་ཀྲོ་དྷཱི་ཤྭ་རཱི་གཉིས་མེད་འཁྲིལ༔ བྱང་དུ་ཀརྨ་ཧེ་རུ་ཀཿདཔལ་ནི༔ ལྗང་ནག་རྒྱ་གྲམ་གཡས་ལ་དུང་ཁྲག་གཡོན༔ ཀརྨ་ཀྲོ་དྷཱི་ཤྭ་རཱི་གཉིས་མེད་འཁྲིལ༔ རྩིབས་མཆན་དུར་ཁྲོད་རྣམས་སུ་ཞིང་གི་གདན༔ ཤར་ལྷོར་གོའུ་རཱི་དཀར་མོ་ཞིང་དབྱུག་འཛིན༔ ལྷོ་ནུབ་ཙོའུ་རཱི་སེར་མོ་མདའ་གཞུ་འགེངས༔ ནུབ་བྱང་པྲ་མོ་དམར་མོ་ཆུ་སྲིན་འཛིན༔ བྱང་ཤར་བཻ་ཏ་ལྗང་ནག་རྡོ་རྗེ་འཛིན༔ ཕྱི་ཡི་མཚམས་ཀྱི་གྲུ་ཆད་བཞི་པོ་ལ༔ ཤར་ལྷོར་ཙཎྜ་སེར་སྐྱ་ཞིང་དབྱུག་འཛིན༔ ལྷོ་ནུབ་སྨེ་ཤ་ལྗང་དམར་བྷན་གྲི་འཛིན༔ ནུབ་བྱང་གྷསྨ་ལྗང་ཁུ་རལ་གྲི་འཛིན༔ བྱང་ཤར་པུཀྐ་མཐིང་སྐྱ་རྒྱུ་མ་འདྲེན༔ ཁྱམས་ཀྱི་ཕྱོགས་མཚམས་བརྒྱད་ལ་ཞིང་གདན་ལ༔ ཤར་དུ་སེང་ཧ་དཀར་མོ་ཞིང་ཆེན་ཟ༔ ལྷོ་རུ་བྱཱ་གྲྀ་དམར་མོ་ལག་གཉིས་བསྣོལ༔ ནུབ་ཏུ་སྲྀ་ལ་ཝ་གདོང་རྒྱུ་མ་ཟ༔ བྱང་དུ་ཤྭ་ན་མཐིང་ནག་བྱིས་སྙིང་འདྲེན༔ ཤར་ལྷོར་གྲྀ་ཌྷ་རྒོད་མགོ་ཞིང་ལུས་ཕྲལ༔ ལྷོ་ནུབ་ཀཾ་ཀ་མཐིང་ནག་ཞིང་ཕྲག་ཁུར༔ ནུབ་བྱང་ཁཱ་ཁ་ནག་མོ་རལ་གྲི་ཕྱར༔ བྱང་ཤར་ཨུ་ལུ་མཐིང་ནག་རྡོ་རྗེ་འཛིན༔ ཤར་སྒོར་རྟ་གདོང་དཀར་མོ་ལྕགས་ཀྱུ་འཛིན༔ ལྷོ་སྒོར་ཕག་གདོང་སེར་མོ་ཞགས་པ་འཛིན༔ ནུབ་སྒོར་སེང་གདོང་དམར་མོ་ལྕགས་སྒྲོག་བསྣམས༔ བྱང་སྒོར་སྦྲུལ་གདོང་ལྗང་མོ་དྲིལ་བུ་འཛིན༔ དེ་ཡི་ཕྱི་རིམ་འཁོར་ཡུག་ཆེན་མོ་རུ༔ དབང་ཕྱུག་ཆེན་མོ་ཉི་ཤུ་རྩ་བརྒྱད་ནི༔ ཕྱོགས་ཀྱི་མདོག་ཅན་རྡོ་རྗེ་རིན་པོ་ཆེ༔ པདྨ་རྒྱ་གྲམ་འཛིན་ཅིང་སྣ་ཚོགས་གཟུགས༔ གདོད་ནས་ལྷུན་གྱིས་གྲུབ་པའི་སྐུ་རུ་བསམ༔ མགྲིན་པ་རོ་འདུས་འཁོར་ལོའི་གཞལ་ཡས་སུ། །པདྨ་འདབ་བརྒྱད་ལྟེ་བའི་གེ་སར་ལ། །རྣམ་པར་སྨིན་པའི་རིག་འཛིན་ཆེན་པོ་ནི། །སྐུ་མདོག་དམར་གསལ་རང་འོད་ཡུམ་དང་འཁྲིལ། །ཤར་དུ་ས་ལ་གནས་པའི་རིག་འཛིན་ནི། །དཀར་གསལ་མདངས་ལྡན་རང་འོད་ཡུམ་དང་འཁྲིལ། །ལྷོ་ཕྱོགས་ཚེ་ལ་དབང་བའི་རིག་འཛིན་ནི། །སེར་གསལ་མདངས་ལྡན་རང་འོད་ཡུམ་དང་འཁྲིལ། །ནུབ་ཕྱོགས་ཕྱག་རྒྱ་ཆེན་པོའི་རིག་འཛིན་ནི། །དམར་གསལ་མདངས་ལྡན་རང་འོད་ཡུམ་དང་འཁྲིལ། །བྱང་ཕྱོགས་ལྷུན་གྱིས་གྲུབ་པའི་རིག་འཛིན་ནི། །ལྗང་གསལ་མཛེས་འཛུམ་རང་འོད་ཡུམ་དང་འཁྲིལ། །ཡབ་ཡུམ་རྡོར་དྲིལ་གྲི་གུག་ཐོད་ཁྲག་འཛིན། །བརྐྱང་བསྐུམ་གར་གྱིས་འཇའ་འོད་ཀློང་དུ་བཞུགས། །སྙིང་ཁར་རིན་ཆེན་འབར་བའི་གཞལ་ཡས་ཁང༔ འཁོར་ལོ་རྩིབས་བཞིའི་དབུས་དང་ཕྱོགས་རྣམས་སུ༔ སེང་གེ་གླང་ཆེན་རྟ་མཆོག་རྨ་བྱ་དང༔ ཤང་ཤང་ཁྲི་དང་པདྨ་ཟླ་བའི་སྟེང༔ དབུས་སུ་རྣམ་པར་སྣང་མཛད་སྐུ་མདོག་དཀར༔ འཁོར་ལོ་དྲིལ་བུ་འཛིན་ཅིང་སྐྱིལ་ཀྲུང་བཞུགས༔ དབྱིངས་ཕྱུག་སྔོན་མོ་འཁོར་ལོ་དྲིལ་འཛིན་འཁྱུད༔ ཤར་དུ་མི་བསྐྱོད་རྡོར་སེམས་སྐུ་མདོག་མཐིང༔ རྡོ་རྗེ་དྲིལ་བུ་འཛིན་ཅིང་སྐྱིལ་ཀྲུང་བཞུགས༔ སྤྱན་མ་དཀར་མོ་རྡོ་རྗེ་དྲིལ་འཛིན་འཁྱུད༔ ལྷོ་རུ་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར༔ རིན་ཆེན་དྲིལ་བུ་འཛིན་ཅིང་སྐྱིལ་ཀྲུང་བཞུགས༔ མཱ་ཀཱི་སེར་མོ་རིན་ཆེན་དྲིལ་འཛིན་འཁྱུད༔ ནུབ་ཏུ་སྣང་བ་མཐའ་ཡས་སྐུ་མདོག་དམར༔ པདྨ་དྲིལ་བུ་འཛིན་ཅིང་སྐྱིལ་ཀྲུང་བཞུགས༔ གོས་དཀར་དམར་མོ་པདྨ་དྲིལ་འཛིན་འཁྱུད༔ བྱང་དུ་དོན་ཡོད་གྲུབ་པ་སྐུ་མདོག་ལྗང༔ རལ་གྲི་དྲིལ་བུ་འཛིན་ཅིང་སྐྱིལ་ཀྲུང་བཞུགས༔ སྒྲོལ་མ་ལྗང་གསལ་རལ་གྲི་དྲིལ་འཛིན་འཁྱུད༔ རྩིབས་མཆན་རྣམས་སུ་ནང་གི་སེམས་དཔའ་ནི༔ ཤར་ལྷོར་ས་སྙིང་དཀར་པོ་མྱུ་གུ་འཛིན༔ ལཱ་སྱཻ་དཀར་མོ་མེ་ལོང་འཛིན་པས་འཁྱུད༔ ལྷོ་ནུབ་ནམ་སྙིང་སེར་གསལ་རིན་ཆེན་འཛིན༔ མཱ་ལྱེ་སེར་མོ་ཕྲེང་བ་འཛིན་པས་འཁྱུད༔ ནུབ་བྱང་སྤྱན་རས་གཟིགས་དམར་པདྨ་འཛིན༔ གཱིརྟཱི་དམར་མོ་པདྨ་འཛིན་པས་འཁྱུད༔ བྱང་ཤར་གསང་བདག་མཐིང་ག་རྡོ་རྗེ་འཛིན༔ ནིརྟཱི་ལྗང་མོ་གར་བསྒྱུར་མཛད་ཅིང་འཁྱུད༔ གྲུ་ཆད་རྣམས་སུ་ཕྱི་ཡི་སེམས་དཔའ་ནི༔ ཤར་ལྷོར་བྱམས་པ་དཀར་སེར་ཀླུ་ཤིང་འཛིན༔ པུཥྤེ་དཀར་མོ་མེ་ཏོག་འཛིན་པས་འཁྱུད༔ ལྷོ་ནུབ་སྒྲིབ་སེལ་དམར་སེར་མེ་ཏོག་འཛིན༔ དྷཱུ་པེ་སེར་མོ་སྤོས་ཕོར་འཛིན་པས་འཁྱུད༔ ནུབ་བྱང་ཀུན་བཟང་དམར་ལྗང་སྙེ་མ་འཛིན༔ མར་མེ་དམར་མོ་མར་མེ་འཛིན་པས་འཁྱུད༔ བྱང་ཤར་འཇམ་དཔལ་ལྗང་སྐྱ་ཨུཏྤལ་འཛིན༔ དྲི་ཆབ་ལྗང་མོ་དུང་ཕོར་འཛིན་པས་འཁྱུད༔ ཀུན་ཀྱང་གཡོན་པས་དྲིལ་བུ་འཛིན་པ་འོ༔ ཤར་ནུབ་གཉིས་སུ་རིན་ཆེན་པདྨ་དང༔ ཉི་ཟླའི་གདན་ལ་ཀུན་བཟང་ཡབ་ཡུམ་ནི༔ མཐིང་གསལ་མཉམ་གཞག་མཛད་ཅིང་སྐྱིལ་ཀྲུང་བཞུགས༔ ཁྱམས་ཀྱི་ཕྱོགས་མཚམས་རྣམས་སུ་ཐུབ་པ་དྲུག༔ བརྒྱ་བྱིན་དཀར་པོ་རིན་ཆེན་པི་ཝཾ་སྒྲེང༔ ཐགས་བཟང་ལྗང་ཁུ་རལ་གྲི་གོ་ཆ་བསྣམས༔ ཤཱཀ་ཐུབ་སེར་པོ་གསེག་ཤང་པར་བུ་འཛིན༔ སེང་གེ་རབ་བརྟན་མཐིང་གསལ་གླེགས་བམ་འཛིན༔ ཁ་འབར་དམར་པོ་ཟས་ཀྱི་སྒྲོམ་བུ་བསྣམས༔ ཆོས་རྒྱལ་ནག་པོ་མེ་ཆུ་འཛིན་པ་རྣམས༔ ཆགས་བྲལ་ཆོས་གོས་གསུམ་གསོལ་སྤྲུལ་སྐུའི་ཚུལ༔ སྒོ་བཞིར་ཉི་མ་འབར་བའི་གདན་རེ་ལ༔ ཤར་སྒོར་ཁྲོ་བོ་སྟོབས་ཆེན་སྐུ་མདོག་སྨུག༔ གཡས་པས་རྡོ་རྗེ་གཡོན་པས་དུང་ཁྲག་འཛིན༔ གནོད་སྦྱིན་དཀར་མོ་ལྕགས་ཀྱུ་འཛིན་པས་འཁྲིལ༔ ལྷོ་སྒོར་ཁྲོ་བོ་གཤིན་རྗེ་སྐུ་མདོག་སེར༔ གཡས་པས་བེ་ཅོན་གཡོན་པས་ཐོད་ཁྲག་བསྣམས༔ འཇིགས་བྱེད་སེར་མོ་ཞགས་པ་འཛིན་པས་འཁྲིལ༔ ནུབ་སྒོར་ཁྲོ་བོ་རྟ་མགྲིན་སྐུ་མདོག་དམར༔ གཡས་པས་ཐོད་དབྱུག་སྦྲུལ་དཀྲིས་ཐོད་ཁྲག་བསྣམས༔ གསོད་བྱེད་དམར་མོ་ལྕགས་སྒྲོག་འཛིན་པས་འཁྲིལ༔ བྱང་སྒོར་ཁྲོ་བོ་བདུད་རྩི་འཁྱིལ་པ་ལྗང༔ གཡས་པས་རྒྱ་གྲམ་གཡོན་པས་ཐོད་ཁྲག་འཛིན༔ མཐར་བྱེད་ལྗང་མོ་དྲིལ་བུ་འཛིན་པས་འཁྲིལ༔ འོད་ཟེར་འབར་ཞིང་ཐིག་ལེ་འཁྲུགས་པའི་ཀློང༔ ཆ་ལུགས་རྒྱན་རྫོགས་བདེ་ཆེན་ངོ་བོར་བསམ༔ གདོད་ནས་དག་པའི་ཡེ་ཤེས་པ༔ ཞེས་སོགས་ནས། ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ དེ་ལྟར་གསལ་བའི་གནས་གསུམ་དང་ཐུགས་ཀའི་ས་བོན་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་དཔག་ཏུ་མེད་པ་འཕྲོས་པས། ཕྱོགས་བཅུ་དུས་བཞིའི་བླ་མ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས་བཛྲ་ས་མཱ་ཛཿ དབྱངས་དང་རོལ་མོའི་འགྱུར་བ་དང་བཅས་ཏེ། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ ཞེས་སོགས་ནས། བློ་འདས་ཆོས་ཟད་དངོས་གྲུབ་སྩོལ༔ ཧཱུྃ། འོག་མིན་མེ་རི་འབར་བའི་ཞིང་། །གསང་ཆེན་རོལ་པའི་དུར་ཁྲོད་ནས། །ལྔ་བཅུ་རྩ་བརྒྱད་ཁྲོ་བོའི་ལྷ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཧཱུྃ། འོག་མིན་ཆོས་དབྱིངས་ཕོ་བྲང་ན། །རིག་པ་འཛིན་པའི་སར་བཞུགས་པའི། །དབྱིངས་ལས་རིག་རྩལ་སྐུར་བཞེངས་པ། །རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས། །དད་དང་གདུང་བས་སྤྱན་འདྲེན་ན། །མོས་པའི་གནས་འདིར་གཤེགས་སུ་གསོལ། །ཧཱུྃ། དྭངས་མ་ལྔ་ལྡན་འོད་ལྔའི་ཞིང་། །མི་ཤིགས་ཐིག་ལེའི་ཞིང་ཁམས་ནས། །བཞི་བཅུ་རྩ་གཉིས་རྒྱལ་བའི་ལྷ། །མ་ལུས་འཁོར་བཅས་གཤེགས་སུ་གསོལ། །ཧཱུྃ། ལྷུན་གྲུབ་ཐིག་ལེ་ཆེན་པོའི་ཀློང་། །འོད་གསལ་ཀ་དག་ཞིང་ཁམས་ནས། །རྩ་གསུམ་རྒྱལ་བའི་ལྷ་ཚོགས་རྣམས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་རྣལ་འབྱོར་བདག་ཅག་གི། །ལུས་ངག་ཡིད་ལ་ཡེ་ཤེས་སྐྱེད། །མཆོག་ཐུན་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ བཛྲ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨ་ཨཱ༔ དབྱིངས་ནས་སྤྱན་དྲངས་ཡེ་ཤེས་ལྷ༔ ཞེས་སོགས་ནས་ཕྱག་འཚལ་མཆོད་པ་རྣམས་གཞུང་ལྟར་ནས། བདུད་རྩི་སྨན་མཆོད་ཀྱི་སྐབས་བརྒྱུད་མཆོད་ནི། ཨོཾ་ཨཱཿཧཱུྃ། ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས། །སྤྲུལ་པའི་སྐུར་སྣང་པདྨ་ཀུན་ཏུ་འཆང་། །གསང་བའི་གཟུངས་མ་རྒྱལ་ཡུམ་མཁར་ཆེན་བཟའ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། ལང་འགྲོ་ལོ་ཙཱ་མཉམ་མེད་གྲགས་པ་དཔལ། །སྤྲུལ་པའི་གཏེར་སྟོན་ཆོས་བདག་བརྒྱུད་པར་བཅས། །རབ་འབྱམས་ཚེ་ལྷའི་དཀྱིལ་འཁོར་ལྷ་ཚོགས་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། ཁྲག་འཐུང་རིགས་ལྔ་གནས་ཡུལ་ཞིང་སྐྱོང་མ། །སྤོར་བྱེད་སྒོ་སྐྱོང་དབང་ཕྱུག་མ་མོའི་ཚོགས། ཁྲག་འཐུང་འབར་བའི་དཀྱིལ་འཁོར་ལྷ་ཚོགས་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། རྣམ་སྨིན་ཚེ་དབང་སར་གནས་རིག་པ་འཛིན། །ཕྱག་རྒྱ་ཆེན་པོ་ལྷུན་གྱི་གྲུབ་པ་ཡི། །རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། ཞི་བ་རིགས་ལྔ་སེམས་དཔའ་སེམས་མ་དང་། །འགྲོ་འདུལ་ཐུབ་དྲུག་སྤྲུལ་པའི་སྒོ་བ་བཞི། །བཞི་བཅུ་རྩ་གཉིས་ཞི་བའི་ལྷ་ཚོགས་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་མགོན་གཟའ་རྡོར་ཞིང་སྐྱོང་མ་མོ་བཅས། །གཏེར་གྱི་གཉེར་འཛིན་ལྷ་ཡི་དགེ་བསྙེན་སོགས། །སྣང་སྲིད་དག་པ་རབ་འབྱམས་དཀྱིལ་འཁོར་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། སརྦ་སིདྡྷི་ཧྲཱིཿ ཞེས་བདུད་རྩི་གནས་གསུམ་དུ་རེག་ལ་དངོས་གྲུབ་བླང་། གཏོར་མ་དང་རཀྟའི་མཆོད་པ་ནས་བརྩམ་བསྟོད་པའི་མཇུག་བརྗོད་མེད་གཞི་དོན་རིག་པར་ཤོག༔ ཅེས་པའི་འཕྲོས་སུ། ཧཱུྃ། རིག་རྩལ་རོལ་པའི་འཕྲོ་འདུ་ལས། །དུང་ཁང་འབར་བའི་གཞལ་ཡས་སུ། ཁྲག་འཐུང་རོལ་པའི་ལྷ་ཚོགས་རྣམས། །སྒེག་ཅིང་དཔའ་བ་མི་སྡུག་སྐུ། །རྒོད་པ་དྲག་ཤུལ་འཇིགས་རུང་གསུང་། །སྙིང་རྗེ་རྔམས་ཞི་ཡེ་ཤེས་ཐུགས། །འཁོར་བ་དབྱིངས་སྒྲོལ་ཕྲིན་ལས་ལྡན། །ལྔ་བཅུ་རྩ་བརྒྱད་ལྷ་ལ་བསྟོད། །ཧཱུྃ། ལོངས་སྤྱོད་འཁོར་ལོའི་གཞལ་ཡས་སུ། །རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས། །ཞི་ཆགས་ཁྲོ་བོའི་ཉམས་བརྒྱས་སྒེག །ཁམས་གསུམ་འཁོར་བའི་བག་ཆགས་བསྒྲལ། །ཡེ་ཤེས་རིག་རྩལ་གོང་དུ་སྤར། །རིག་འཛིན་དཔའ་བོ་མཁའ་འགྲོ་ལ། །ལུས་ངག་ཡིད་གསུམ་གུས་པས་བསྟོད། །ཧཱུྃ། ཐུགས་ཉིད་དྭངས་མའི་ཐིག་ལེ་རུ། །ལྔ་ལྡན་འོད་ཀྱི་གུར་ཁང་དབུས། །ཕུང་ལྔ་རྣམ་དག་གཤེགས་པ་ལྔ། །འབྱུང་ལྔ་དག་པའི་ཡུམ་དང་འཁྲིལ། །དབང་ཡུལ་སེམས་དཔའ་སེམས་མ་དང་། །ཡིད་ཆོས་གནས་དག་ཀུན་བཟང་ཡུམ། །ཉོན་དྲུག་ཐུབ་དྲུག་ལུས་ཆོས་བཞི། །རྟག་ཆད་མཐའ་དག་སྒོ་སྲུང་བརྒྱད། །བཞི་བཅུ་རྩ་གཉིས་ཞི་བའི་ཚོགས། །འཁོར་འདས་རང་གྲོལ་ལྷ་ལ་བསྟོད། །དེ་ནས། ཧཱུྃ༔ མ་བཅོས་རིག་པ་འདུ་མ་བྱས༔ ཞེས་སོགས་ཛཔ྄་བསྐུལ་ནས་བརྩམ་བཟླས་པའི་ཐོག་མར། རང་སྣང་ཡེ་ཤེས་ཀྱི་འཁོར་ལོ་ལས་གཉིས་པ་ཞིག་འཕྲོས་ཏེ་མདུན་གྱི་ནམ་མཁར་མེ་རི་འདབས་འབྱར་གྱི་ཚུལ་དུ་བཞུགས་པར་བསམ་ལ། བདག་མདུན་ལྷ་ཡི་སྐུར་གསལ་བའི༔ ཞེས་སོགས་ནས་གཞུང་གི་བཟླས་པ་སོང་ནས། ཨོཾ་ཨཱཿཧཱུྃ། རང་ཉིད་རྩ་གསུམ་ཀུན་འདུས་མཚོ་སྐྱེས་རྗེའི། །དུང་ཁང་འབར་བར་ཁྲོ་བོའི་དཀྱིལ་འཁོར་དང་། །མགྲིན་པའི་འཁོར་ལོར་རིག་འཛིན་བླ་མའི་ཚོགས། །སྙིང་ཁར་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ། །དེ་དག་སྐུ་ལས་འོད་ཟེར་རབ་འཕྲོས་ཤིང་། །དུག་ལྔ་སྒྲིབ་པའི་འཁྲུལ་སྣང་ཀུན་བཅོམ་སྟེ། །འོད་གསལ་ཡེ་ཤེས་ཀློང་དུ་གསལ་བར་བསམ། ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཞེས་གང་མང་བཟླ། བུམ་པ། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང༔ ཚད་དང་མཚན་ཉིད་ཡོངས་རྫོགས་དབུས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ། །ཆུ་ཟླ་འཇའ་ཚོན་ལྟ་བུར་གསལ༔ རང་སྲོག་སྔགས་ཀྱི་འོད་ཟེར་ནི། །གཟུང་ཐག་ལ་འཁྲིལ་བུམ་ནང་སོང་། །བུམ་ལྷའི་སྐུ་ལས་བདུད་རྩིའི་རྒྱུན། །བབས་པས་བུམ་པ་ཡོངས་གང་གྱུར། །རྩ་སྔགས་མཐར་ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཀ་ལ་ཤ་ཨ་བྷི་ཥིཉྩ་བྷྲཱུྃ༔ ཞེས་སྟོང་དུ་ཚང་བར་བཟླས་མཐར། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་སོགས་བརྗོད་ལ་སྟོང་ཚིགས་འབུལ། ཨོཾ་ཨཱཿཧཱུྃ་ཞེས་པའི་མཆོད་ཡོན་ཕུལ་བས་བུམ་པའི་ལྷ་བདེ་སྟོང་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་བུམ་ཆུ་དང་རོ་གཅིག་ཏུ་གྱུར། ལས་བུམ་ལ་གཟུངས་ཐག་བཀོད་དེ། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། ལས་བུམ་ནང་དུ་པད་ཉིའི་སྟེང་། ཁྲོ་ཆེན་རྟ་མགྲིན་སྐུ་མདོག་དམར། །དབྱུག་ཏོ་ཞགས་འཛིན་དེའི་སྐུ་ལས། །བབས་པའི་བདུད་རྩིས་བུམ་པ་གང་། །ཨོཾ་ཧྱ་གྲཱྀ་ཝ་ཧཱུྃ་ཕཊཿ ཅེས་བརྒྱ་རྩ་བཟླས་མཐར། ཨོཾ་ཨཱཿཧཱུྃ་ཞེས་པས་མཆོད་ཡོན་ཕུལ་བས་བུམ་ལྷ་འོད་དུ་ཞུ་བས་བདུད་རྩིའི་ཆུར་གྱུར་པ་དངོས་པོ་གང་ལ་འཐོར་བའི་ཉེས་སྐྱོན་ཐམས་ཅད་སྦྱོང་བའི་ནུས་པ་དང་ལྡན་པར་བསམ་མོ། །སྐབས་འདིར་རིགས་དྲུག་གནས་སྦྱོང་གི་དམིགས་པ་སྤྲོ་ན། རང་ཉིད་དཀྱིལ་འཁོར་ལྷ་ཚོགས་ཀྱི། །སྐུ་གསུང་ཐུགས་ཀྱི་གསང་བ་ལས། །འོད་ཟེར་འཇའ་ཚོན་ལྟ་བུའི་ཚོགས། །སྔགས་ཀྱི་རང་སྒྲ་སྒྲོག་བཞིན་འཕྲོས། ཁམས་གསུམ་སྣོད་བཅུད་འོད་ཀྱིས་གང་། །རིགས་དྲུག་གནས་རྣམས་དོང་ནས་སྤྲུག །དམིགས་ཡུལ་གཙོར་བྱས་སེམས་ཅན་རྣམས། །སངས་རྒྱས་གོ་འཕང་འཐོབ་པར་བསམ། ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཞེས་ཞི་ཁྲོ་རྩ་སྔགས་གསུམ་གྱི་མཐར། མ་མ་ཀོ་ལིཾ་ས་མནྟ༔ སརྦ་པཱ་པཾ་བི་ཤུདྡྷེ་སྭཱ་ཧཱ༔ ཞེས་དང་ཡི་གེ་བརྒྱ་པ་ཡང་ཅུང་ཟད་བཟླ། བྱེ་མ་དང་ཡུངས་དཀར་ལ་ཕུ་གདབ་བོ།། ༼ཚེ་འགུགས་དགོས་ན་ཟུར་བྱང་ལྟར་འདིར་གྱེར།མཆན།༽ དེ་ནས་སྤྱི་དང་བྱེ་བྲག་གི་སྲུང་མའི་གཏོར་འབུལ་སོང་ནས། དེ་ནས་བསོད་ནམས་གསག་པའི་ཕྱིར། ཕྱི་ཡི་མཆོད་པ་འབུལ་བ་ནི། ཧཱུྃ་ཧྲཱི༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་དང༔ མཁའ་འགྲོ་ཆོས་སྐྱོང་བཅས་པ་ལ༔ བདག་སོགས་ཚོགས་གཉིས་གསག་པའི་ཕྱིར༔ སྟོང་གསུམ་འདི་འམ་གཞན་དག་ན༔ ཡན་ལག་བརྒྱད་ལྡན་ཆུ་བོ་ཀུན༔ རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ ལུས་ངག་ཡིད་གསུམ་སྒྲིབ་དག་ནས༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ ཧཱུྃ་ཧྲཱི༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་དང༔ མཁའ་འགྲོ་ཆོས་སྐྱོང་བཅས་པ་ལ༔ བདག་སོགས་ཚོགས་གཉིས་གསག་པའི་ཕྱིར༔ སྟོང་གསུམ་འདི་འམ་གཞན་དག་ན༔ དག་བྱེད་སྨན་དང་སྤོས་ཆུའི་རིགས༔ རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ ལུས་ངག་ཡིད་གསུམ་སྒྲིབ་དག་ནས༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ ཧཱུྃ་ཧྲཱི༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་དང༔ མཁའ་འགྲོ་ཆོས་སྐྱོང་བཅས་པ་ལ༔ བདག་སོགས་ཚོགས་གཉིས་གསག་པའི་ཕྱིར༔ སྟོང་གསུམ་འདི་འམ་གཞན་དག་ན༔ ངོ་མཚར་མེ་ཏོག་ལྟ་ན་སྡུག༔ རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ ལུས་ངག་ཡིད་གསུམ་སྒྲིབ་དག་ནས༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ ཧཱུྃ་ཧྲཱི༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་དང༔ མཁའ་འགྲོ་ཆོས་སྐྱོང་བཅས་པ་ལ༔ བདག་སོགས་ཚོགས་གཉིས་གསག་པའི་ཕྱིར༔ སྟོང་གསུམ་འདི་འམ་གཞན་དག་ན༔ ལྷན་ཅིག་སྐྱེས་དང་སྦྱར་པའི་དྲི༔ རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ ལུས་ངག་ཡིད་གསུམ་སྒྲིབ་དག་ནས༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ ཧཱུྃ་ཧྲཱི༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་དང༔ མཁའ་འགྲོ་ཆོས་སྐྱོང་བཅས་པ་ལ༔ བདག་སོགས་ཚོགས་གཉིས་གསག་པའི་ཕྱིར༔ སྟོང་གསུམ་འདི་འམ་གཞན་དག་ན༔ ཉི་ཟླ་ལ་སོགས་སྣང་གསལ་སྒྲོན༔ རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ ལུས་ངག་ཡིད་གསུམ་སྒྲིབ་དག་ནས༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ ཧཱུྃ་ཧྲཱི༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་དང༔ མཁའ་འགྲོ་ཆོས་སྐྱོང་བཅས་པ་ལ༔ བདག་སོགས་ཚོགས་གཉིས་གསག་པའི་ཕྱིར༔ སྟོང་གསུམ་འདི་འམ་གཞན་དག་ན༔ བདེ་བ་སྐྱེད་པའི་དྲི་ཡི་ཆབ༔ རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ ལུས་ངག་ཡིད་གསུམ་སྒྲིབ་དག་ནས༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ ཧཱུྃ་ཧྲཱི༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་དང༔ མཁའ་འགྲོ་ཆོས་སྐྱོང་བཅས་པ་ལ༔ བདག་སོགས་ཚོགས་གཉིས་གསག་པའི་ཕྱིར༔ སྟོང་གསུམ་འདི་འམ་གཞན་དག་ན༔ དཀར་གསུམ་མངར་གསུམ་བཟའ་བཅའི་རིགས༔ རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ ལུས་ངག་ཡིད་གསུམ་སྒྲིབ་དག་ནས༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ ཧཱུྃ་ཧྲཱི༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་དང༔ མཁའ་འགྲོ་ཆོས་སྐྱོང་བཅས་པ་ལ༔ བདག་སོགས་ཚོགས་གཉིས་གསག་པའི་ཕྱིར༔ སྟོང་གསུམ་འདི་འམ་གཞན་དག་ན༔ སྙན་འགྱུར་རོལ་མོའི་སྒྲ་དབྱངས་སོགས༔ རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ ལུས་ངག་ཡིད་གསུམ་སྒྲིབ་དག་ནས༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ དེ་ནས་ནང་མཆོད་འབུལ་བ་ནི། ཧཱུྃ༔ སྤྱི་གཙུག་བདེ་ཆེན་བྷནྡྷ་རུ༔ གོ་རོ་ཙ་ནའི་བདུད་རྩིས་བཀང༔ འདི་ནི་བདུད་རྩི་སྨན་གྱི་མཆོག༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ མགྲིན་པ་ལོངས་སྤྱོད་བྷནྡྷ་རུ༔ དམར་གསལ་བྱང་སེམས་བདུད་རྩིས་བཀང༔ འདི་ནི་བདུད་རྩི་སྨན་གྱི་མཆོག༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ སྙིང་ག་ཆོས་དབྱིངས་བྷནྡྷ་རུ༔ བྱང་ཆུབ་སེམས་ཀྱི་བདུད་རྩིས་བཀང༔ འདི་ནི་བདུད་རྩི་སྨན་གྱི་མཆོག༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ ལྟེ་བ་སྤྲུལ་པའི་བྷནྡྷ་རུ༔ སེར་གསལ་དྲི་ཆེན་བདུད་རྩིས་བཀང༔ འདི་ནི་བདུད་རྩི་སྨན་གྱི་མཆོག༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ གསང་བ་བདེ་སྐྱོང་བྷནྡྷ་རུ༔ དག་བྱེད་དྲི་ཆུའི་བདུད་རྩིས་བཀང༔ འདི་ནི་བདུད་རྩི་སྨན་གྱི་མཆོག༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ དེ་ནས་གསང་མཆོད་འབུལ་བ་ནི། ཧཱུྃ༔ གཏི་མུག་བསྒྲལ་པའི་བྷནྡྷ་རུ༔ ཆོས་ཀྱི་དབྱིངས་ཀྱི་རཀྟས་བཀང༔ ཆགས་མེད་རཀྟའི་མཆོད་པ་འདིས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ འདོད་ཆགས་བསྒྲལ་པའི་བྷནྡྷ་རུ༔ སོར་རྟོག་ཡེ་ཤེས་རཀྟས་བཀང༔ ཆགས་མེད་རཀྟའི་མཆོད་པ་འདིས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ ཞེ་སྡང་བསྒྲལ་པའི་བྷནྡྷ་རུ༔ མེ་ལོང་ཡེ་ཤེས་རཀྟས་བཀང༔ ཆགས་མེད་རཀྟའི་མཆོད་པ་འདིས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ ང་རྒྱལ་བསྒྲལ་པའི་བྷནྡྷ་རུ༔ མཉམ་ཉིད་ཡེ་ཤེས་རཀྟས་བཀང༔ ཆགས་མེད་རཀྟའི་མཆོད་པ་འདིས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ ཕྲག་དོག་བསྒྲལ་པའི་བྷནྡྷ་རུ༔ བྱ་གྲུབ་ཡེ་ཤེས་རཀྟས་བཀང༔ ཆགས་མེད་རཀྟའི་མཆོད་པ་འདིས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། ཧཱུྃ༔ ཞིང་ཆེན་ལྤགས་པའི་གཏོར་གཞོང་དུ༔ ཤ་དང་རུས་པའི་གཏོར་མ་བཤམས༔ དབང་པོ་རྣམ་ལྔས་བརྒྱན་པ་འདིས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ འཁོར་ལོ་ལྔ་ཡི་གཏོར་གཞོང་དུ༔ བདུད་རྩི་ལྔ་ཡི་གཏོར་མ་བཤམས༔ དོན་སྣོད་ལྔ་ཡིས་བརྒྱན་པ་འདིས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ དྭངས་གསལ་རྩ་ཡི་གཏོར་གཞོང་དུ༔ ཡེ་ཤེས་ཀློང་ལྔའི་གཏོར་མ་བཤམས༔ དཀར་དམར་ཐིག་ལེས་བརྒྱན་པ་འདིས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ ཐབས་དང་ཤེས་རབ་གཏོར་གཞོང་དུ༔ རྩ་རླུང་ཐིག་ལེའི་གཏོར་མ་བཤམས༔ བདེ་བ་ཆེན་པོས་བརྒྱན་པ་འདིས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ ཀུན་ཁྱབ་དབྱིངས་ཀྱི་གཏོར་གཞོང་དུ༔ རང་གསལ་ཡེ་ཤེས་གཏོར་མ་བཤམས༔ སྣ་ཚོགས་སྣང་བས་བརྒྱན་པ་འདིས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ ཕྱི་ནང་གསང་གསུམ་ཁོ་ན་ཉིད། །ཐམས་ཅད་འདུས་པའི་མཆོད་པ་ནི། །ཧཱུྃ༔ ཐབས་དང་ཤེས་རབ་བྷནྡྷ་རུ༔ དགའ་བའི་རང་བཞིན་ཚོགས་གཏོར་བཤམས༔ རྨད་དུ་བྱུང་བའི་མཆོད་པ་འདིས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ གཉིས་མེད་མཉམ་སྦྱོར་བནྡྷ་རུ༔ མཆོག་གི་དགའ་བའི་ཚོགས་གཏོར་བཤམས༔ རྨད་དུ་བྱུང་བའི་མཆོད་པ་འདིས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ དཀར་དམར་འབབ་པའི་བྷནྡྷ་རུ༔ ཁྱད་པར་དགའ་བའི་ཚོགས་གཏོར་བཤམས༔ རྨད་དུ་བྱུང་བའི་མཆོད་པ་འདིས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ བྱང་སེམས་འདྲེས་པའི་བྷནྡྷ་རུ༔ དགའ་བྲལ་ཡེ་ཤེས་ཚོགས་གཏོར་བཤམས༔ རྨད་དུ་བྱུང་བའི་མཆོད་པ་འདིས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ བདེ་བ་གྱེན་འཁྱིལ་བྷནྡྷ་རུ༔ ལུགས་ལྡོག་དགའ་བཞིའི་ཚོགས་གཏོར་བཤམས༔ རྨད་དུ་བྱུང་བའི་མཆོད་པ་འདིས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ མཉམ་རྫོགས་ཡེ་ཤེས་མཆོད་པ་ནི། ཧཱུྃ༔ ཕུང་པོ་ལུས་ཀྱི་ཀོང་བུ་རུ༔ རྩ་གསུམ་འཁོར་ལོའི་སྡོང་བུ་བཙུག༔ བདུད་རྩི་རྣམ་ལྔའི་མར་ཁུས་གཏམས༔ ཡེ་ནས་དག་པའི་མེ་སྦར་བ༔ རྨད་དུ་བྱུང་བའི་སྣང་གསལ་འདིས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ ཡབ་ཡུམ་ཐབས་ཤེས་ཀོང་བུ་རུ༔ བྱང་ཆུབ་སེམས་ཀྱི་མར་ཁུས་གཏམས༔ རླུང་གི་འགྲོ་འོང་སྡོང་བུ་བཙུག༔ བདེ་བ་ཆེན་པོས་མེ་སྦར་བ༔ རྨད་དུ་བྱུང་བའི་སྣང་གསལ་འདིས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ སྣང་བ་བདེ་བའི་ཀོང་བུ་རུ༔ མཆེད་པ་གསལ་བའི་མར་ཁུས་གཏམས༔ ཐོབ་པ་མི་རྟོག་སྡོང་བུ་བཙུག༔ འོད་གསལ་ཡེ་ཤེས་མེ་སྦར་བ༔ རྨད་དུ་བྱུང་བའི་སྣང་གསལ་འདིས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ ཡུལ་སྣང་སྟོང་པའི་ཀོང་བུ་རུ༔ དབང་པོའི་བྱེད་ལས་མར་ཁུས་གཏམས༔ རྣམ་ཤེས་ཚོགས་བརྒྱད་སྡོང་བུ་བཙུག༔ གཉིས་མེད་སྤྲོས་བྲལ་མེ་སྦར་བ༔ རྨད་དུ་བྱུང་བའི་སྣང་གསལ་འདིས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ སྐྱེ་བ་མེད་པའི་ཀོང་བུ་རུ༔ འགག་པ་མེད་པའི་མར་ཁུས་གཏམས༔ འགྲོ་འོང་གནས་མེད་སྡོང་བུ་བཙུག༔ ཕྱི་ནང་ཟང་ཐལ་མེ་སྦར་བ༔ རྨད་དུ་བྱུང་བའི་སྣང་གསལ་འདིས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ བཅས་སོ།། ༈ །།སྐབས་འདིར་རིགས་དྲུག་གནས་སྦྱོང་བྱ་བར་སྤྲོ་ན་ཚེ་འདས་གནས་འདྲེན་སྐབས་ལྟར་ཚིག་ཁ་ཅུང་ཟད་བསྒྱུར་ནས་འདིར་བྱའོ།། ༈ །།དེ་ནས་དང་པོ་ལུས་སྒྲིབ་སྦྱོང་ཕྱིར་མཚན་ནས་བརྗོད་ཅིང་ཕྱག་འཚལ་བ་ནི། ཨེ་མ་ཧོ༔ ཆོས་དབྱིངས་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་འདིར༔ ཕྱོགས་བཅུ་དུས་བཞི་རྒྱལ་བ་སྲས་དང་བཅས༔ ཐུགས་རྗེས་འགྲོ་བའི་དོན་ཕྱིར་གཤེགས་སུ་གསོལ༔ རིན་ཆེན་པདྨ་ཉི་ཟླའི་གདན་ལ་བཞུགས༔ ཀུན་བཟང་མཆོད་པའི་སྤྲིན་གྱིས་མཆོད་པར་བགྱི༔ ཨ་ལ་ལ་ཧོ༔ དོན་དམ་ཆོས་དབྱིངས་ཡུམ་གྱི་བྷ་གའི་ཀློང༔ མཁའ་དབྱིངས་ཡངས་པའི་དཀྱིལ་འཁོར་ཆེན་པོ་ན༔ བཞུགས་པའི་ཕྱོགས་བཅུ་དུས་གསུམ་བདེ་བར་གཤེགས༔ རྒྱལ་བ་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་རབ་ཏུ་འཕྲོ༔ མཉེན་ལྕུག་འཁྲིལ་ལྡེམ་ཞི་བའི་ཚུལ་དགུ་ལྡན༔ སངས་རྒྱས་བཞི་བཅུ་གཉིས་ལ་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྲུབ་ཅིང༔ བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག༔ ཆོས་དབྱིངས་ཡེ་ཤེས་མཆོག་ལ་མངའ་བརྙེས་པའི༔ ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ༔ ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༔ གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ༔ ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི༔ རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ༔ ངོ་མཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམ༔ དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་མཛད་མ༔ བདེ་སྟོང་ཟུང་འཇུག་ཡབ་ཀྱི་སྐུ་ལ་འཁྲིལ༔ རིགས་ཀྱི་ཡུམ་མཆོག་རྣམས་ལ་ཕྱག་འཚལ་ལོ༔ རྣམ་ཤེས་དབང་པོ་དག་པས་ཐུགས་དང་གསུང༔ བདེ་བར་གཤེགས་པ་རྣམས་ཀྱི་སྲས་མཆོག་སྟེ༔ ཉོན་མོངས་སྤྱོད་པའི་རྐྱེན་དང་བྲལ་བ་ཡི༔ སེམས་དཔའ་ཆེན་པོ་བརྒྱད་ལ་ཕྱག་འཚལ་ལོ༔ སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་བཅས༔ བདུག་སྤོས་མེ་ཏོག་སྣང་གསལ་དྲི་ཆབ་མ༔ རྒྱལ་བའི་དཀྱིལ་འཁོར་མཆོད་པས་མཉེས་མཛད་མ༔ མཆོད་པའི་ལྷ་མོ་བརྒྱད་ལ་ཕྱག་འཚལ་ལོ༔ དྲག་ཤུལ་ཐབས་ཀྱིས་འགྲོ་བ་འདུལ་མཛད་ཅིང༔ བདུད་ཀྱི་དཔུང་དང་བགེགས་ཚོགས་རྣམ་པར་འཇོམས༔ ཚད་མེད་བཞི་ལྡན་སྒོ་བཞི་ཐུབ་པར་སྲུང༔ ཏ་ཀྲྀཏ་སྒོ་བ་བཞི་ལ་ཕྱག་འཚལ་ལོ༔ རྟག་ཆད་ལྟ་འབྱིན་གསང་བ་ཡུམ་གྱི་ངང༔ མི་མཐུན་ཕྱོགས་འཇོམས་རབ་འཇིགས་ཁྲོ་མོའི་ཚུལ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ༔ ཡེ་ཤེས་སྒོ་མ་བཞི་ལ་ཕྱག་འཚལ་ལོ༔ སྟེང་འོག་ཕྱོགས་བཞི་འཇིག་རྟེན་འདུལ་བའི་གཙོ༔ ཉོན་མོངས་དྲུག་འཇོམས་རྒྱུད་དྲུག་དག་པར་སྦྱོང༔ འགྲོ་དྲུག་འདྲེན་ཕྱིན་སྤྲུལ་པའི་སྐུར་སྟོན་པ༔ བཅོམ་ལྡན་ཐུབ་པ་དྲུག་ལ་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ སྒྱུ་འཕྲུལ་ཞི་བའི་ལྷ་ཚོགས་འདི་དག་གི༔ མཚན་ནི་ལན་གཅིག་བརྗོད་བྱེད་ཅིང༔ གང་གིས་གུས་པས་ཕྱག་འཚལ་ན༔ ཉམས་ཆག་བསྐངས་ནས་དངོས་གྲུབ་ཐོབ༔ དེ་ཕྱིར་གུས་པས་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ ཁྲོ་བོ་རྨད་དུ་བྱུང་བའི་དཀྱིལ་འཁོར་ནས༔ སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང༔ རྒོད་དང་གཤེ་ལ་ཁྲོ་བར་བསྟན་པ་དང༔ སྙིང་རྗེ་རྔམས་དང་ཞི་བར་སྐུར་སྟོན་པ༔ འབར་བ་ལྔ་བཅུ་བརྒྱད་ལ་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ ཆོས་སྐུ་སྐྱེ་མེད་ངང་ལས་མ་གཡོས་ཀྱང༔ གཟུགས་སྐུ་འཇིགས་པའི་ཆ་ལུགས་སྐུར་སྟོན་པ༔ གདུག་པ་འདུལ་མཛད་ཁྲོ་ཆེན་འབར་བའི་སྐུ༔ དཔལ་ཆེན་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ ཁྲོ་རྒྱལ་དབང་ཕྱུག་སྐུ་ལ་འཁྲིལ་མཛད་ཅིང༔ དགྱེས་པ་བསྐྱེད་ཕྱིར་དུང་ཁྲག་ཡབ་ལ་སྟོབ༔ ཁྲོ་མོ་མི་བཟད་འབར་བའི་སྤྲིན་འཕྲོ་མ༔ ཀྲོ་དྷཱི་ཤྭ་རཱི་ཡུམ་ལ་ཕྱག་འཚལ་ལོ༔ ཐུགས་རྗེ་ཐབས་མཁས་མ་རུངས་འདུལ་མཛད་ཅིང༔ ཡེ་ཤེས་མཚོན་ཆས་ཉོན་མོངས་མ་ལུས་འཇོམས༔ སྲིད་གསུམ་བླ་མེད་དབྱིངས་སུ་སྒྲོལ་མཛད་པ༔ རིགས་བཞིའི་ཁྲག་འཐུང་ཚོགས་ལ་ཕྱག་འཚལ་ལོ༔ ཁྲག་འཐུང་སོ་སོའི་ཡབ་ཀྱི་སྐུ་ལ་འཁྲིལ༔ ཁྲོ་མོའི་གཟུགས་ཀྱིས་ལོག་ལྟ་ཟིལ་གྱིས་གནོན༔ འགྲོ་རྣམས་ཐུགས་རྗེས་འདྲེན་ཕྱིར་མཛད་པའི་ཡུམ༔ རིགས་བཞིའི་ཁྲོ་མོ་ཡུམ་ལ་ཕྱག་འཚལ་ལོ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན༔ སྒེག་མོ་ལ་སོགས་འབར་བའི་ཉམས་ལྡན་ཞིང༔ ཡེ་ཤེས་སྐུ་མཆོག་འཇིགས་བྱེད་རྒྱན་གྱིས་བཞུགས༔ གོའུ་རཱི་ཁྲོ་མོ་བརྒྱད་ལ་ཕྱག་འཚལ་ལོ༔ ནམ་མཁའི་ལུས་ཅན་གར་ཡང་ཐོགས་པ་མེད༔ འདོད་དགུར་སྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ༔ མ་སྲིང་བྱམས་པའི་ཚུལ་དུ་གྲོགས་མཛད་མ༔ སིང་ཧ་ཕྲ་མེན་བརྒྱད་ལ་ཕྱག་འཚལ་ལོ༔ རྡོ་རྗེ་གདོང་མོ་ཕོ་ཉ་མགྱོགས་མ་བཞི༔ འགུགས་དང་འཆིང་སྡོམ་མྱོས་པའི་ལས་ཀུན་མཛད༔ ཤར་ལྷོ་ནུབ་བྱང་སྒོ་བཞི་ཐུབ་པར་སྲུང༔ སྒོ་སྲུང་ཁྲོ་མོ་བཞི་ལ་ཕྱག་འཚལ་ལོ༔ དཔལ་གྱི་འཁོར་ཚོགས་བཛྲ་ཨཱ་རལླི༔ མཁའ་འགྲོ་ཤུགས་འགྲོ་མ་ཚོགས་དབང་ཕྱུག་མ༔ སྲིན་མོའི་ཆ་ལུགས་འཇིགས་པའི་མགོ་བརྙན་ཅན༔ རྣལ་འབྱོར་ཉི་ཤུ་བརྒྱད་ལ་ཕྱག་འཚལ་ལོ༔ ཕྱོགས་བཅུ་དྲེག་པ་བསྣོལ་བའི་གདན་སྟེང་དུ༔ ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་ཀློང༔ མི་དགེ་ཚར་གཅོད་དགེ་བཅུ་དོན་དུ་བསྐུལ༔ ཕྱོགས་བཅུའི་ཁྲོ་རྒྱལ་རྣམས་ལ་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས་འདི་དག་གི༔ མཚན་ནི་ལན་གཅིག་བརྗོད་བྱེད་ཅིང༔ གང་གིས་གུས་པས་ཕྱག་འཚལ་ན༔ ཉམས་ཆག་བསྐངས་ནས་དངོས་གྲུབ་ཐོབ༔ དེ་ཕྱིར་གུས་པས་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ དུས་གསུམ་སངས་རྒྱས་ཡོན་ཏན་ཀུན་རྫོགས་ཤིང༔ གདུལ་བྱ་མ་ལུས་སྨིན་ཅིང་གྲོལ་མཛད་པ༔ བླ་མ་རིག་འཛིན་ཚོགས་ལ་ཕྱག་འཚལ་ལོ༔ སྐྱེ་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ༔ ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ༔ ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ༔ མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ༔ མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ༔ དུས་གསུམ་རྒྱལ་བ་ཀུན་གྱི་བསྒྲུབ་པའི་གནས༔ ཚོགས་གཉིས་རྫོགས་ནས་ཡོན་ཏན་མཐར་ཕྱིན་པ༔ སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག་འཚལ་ལོ༔ འབྱུང་བ་ལྔ་ལས་སྐུར་བཞེངས་པ༔ རྟག་པའི་རྒྱལ་མོ་ལྔ་ལ་ཕྱག་འཚལ་ལོ༔ རང་བཞིན་དབྱིངས་ལས་གྲུབ་པ་མོ༔ དབྱིངས་ཕྱུག་ལྷ་མོ་ལྔ་ལ་ཕྱག་འཚལ་ལོ༔ རྒྱུ་འབྲས་བྱང་ཆུབ་སེམས་དཔའི་སྤྲུལ་པ་སྟེ༔ མཁའ་འགྲོ་སུམ་ཅུ་གཉིས་ལ་ཕྱག་འཚལ་ལོ༔ ག་ཎ་པ་ཏིའི་སྤྲུལ་པ་སྟེ༔ གིང་ཕོ་རྣམས་ལ་ཕྱག་འཚལ་ལོ༔ ལྷ་མོ་དཔའ་མོའི་སྤྲུལ་པ་སྟེ༔ གིང་མོ་རྣམས་ལ་ཕྱག་འཚལ་ལོ༔ འཇིག་རྟེན་ཁམས་ལ་མངའ་མཛད་མ༔ འཇིགས་བྱེད་དཔལ་འབར་རལ་པ་ཅན༔ འདོད་པའི་རོ་ལ་ཆགས་པ་མོ༔ མ་མོ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང༔ བཀའ་བཞིན་རྗེས་སུ་སྒྲུབ་པའི་གྲོགས་མཛད་མ༔ དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ༔ གཉིས་པ་ངག་གི་སྡིག་སྒྲིབ་སྦྱོང་བ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ནི། ཨཱཿ རང་གི་སྤྱི་བོར་པད་ཟླའི་སྟེང་། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ནི། །དྲི་མེད་སྟོན་ཀའི་ཟླ་བའི་མདངས། །རྡོ་རྗེ་དྲིལ་བུ་འཛིན་པའི་རྒྱས། །ཡུམ་ཆེན་སྙེམས་མ་དཀར་མོ་འཁྲིལ། །ཐུགས་ཀར་ཟླ་སྟེང་ཧཱུྃ་གི་མཐར། །ཡིག་བརྒྱའི་སྔགས་ཀྱིས་བསྐོར་བ་དང་། །སྙོམས་འཇུག་བདེ་རོལ་སྦྱོར་མཚམས་ནས༔ བདུད་རྩི་བྱང་ཆུབ་སེམས་རྒྱུན་བབས། །རང་གི་སྤྱི་གཙུག་ནས་ཞུགས་ཏེ། །ལུས་ཀྱི་ནང་གང་སྡིག་སྒྲིབ་དག །སྟོང་གསལ་འོད་ཀྱི་སྐུ་རུ་གྱུར། །ཨ་ལ་ལ་ཧོ༔ བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལཱ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ༔ ཤྲེ་ཡཱཾཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན྄༔ སརྦ་ཏ་ཐཱ་ག་ཏ༔ བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་ཝ༔ མ་ཧཱ་ས་མ་ཡ་སཏྭ་ཨཱ༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ ཡང་སྙིང་ཡིག་གེ་བརྒྱ་པ་འདི༔ བདུན་ནམ་ཉི་ཤུ་རྩ་གཅིག་གམ༔ བརྒྱ་དང་རྩ་བརྒྱད་བརྗོད་གྱུར་ན༔ མཚམས་མེད་ལྔ་ཡི་སྡིག་པ་བྱང༔ ཉམས་ཆག་ཀུན་ཀྱང་བྱང་གྱུར་ནས༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ སྲས་ཀྱི་དམ་པར་དགོངས་པར་འགྱུར༔ ཧོ༔ རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་དགོངས༔ རྒྱལ་བའི་བཀའ་དང་བླ་མའི་ལུང༔ ཇི་བཞིན་མ་སྤྱད་ལུང་དང་འགལ༔ གསང་སྔགས་དམ་ཚིག་ཉམས་ཆག་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་ནི༔ མི་འཆབ་མི་སྦེད་མཐོལ་ལོ་བཤགས༔ བླ་མ་རྡོ་རྗེ་སློབ་དཔོན་དང༔ མཆེད་དང་ལྕམ་དྲལ་ལ་སོགས་པ༔ ཁམས་གསུམ་སེམས་ཅན་ཐམས་ཅད་ལ༔ མཚམས་མེད་ལྔ་དང་ཉེ་བ་ལྔ༔ ལྕི་བ་བཞི་དང་ལོག་པ་བརྒྱད༔ མི་དགེ་བཅུ་ཡི་ལས་བགྱིས་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་བཤགས་པར་བགྱི༔ གསང་སྔགས་ཕྱི་ནང་དཀྱིལ་འཁོར་དུ༔ རྡོ་རྗེ་སློབ་དཔོན་མཆེད་ལྕམ་ལ༔ མ་གུས་ཉེས་པར་བྱས་ལ་སོགས༔ སྐུ་ཡི་དམ་ཚིག་ཉམས་ཆག་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་བཤགས་པར་བགྱི༔ བསྐྱེད་རྫོགས་བཟླས་སྒོམ་བར་ཆོད་ཅིང༔ ཚོགས་དང་གཏོར་མ་ཆག་ལ་སོགས༔ གསུང་གི་དམ་ཚིག་ཉམས་ཆག་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་བཤགས་པར་བགྱི༔ ཉམས་དང་མ་སྨིན་སེམས་ཅན་ལ༔ གསང་བ་བསྒྲགས་པ་ལ་སོགས་པ༔ ཐུགས་ཀྱི་དམ་ཚིག་ཉམས་ཆག་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་བཤགས་པར་བགྱི༔ སྤྱད་བྱ་ལྔ་དང་མི་སྤང་ལྔ༔ བླང་བྱ་ལྔ་དང་བསྒྲུབ་བྱ་ལྔ༔ ཤེས་པར་བྱ་བ་ལྔ་ལ་སོགས༔ ཡན་ལག་དམ་ཚིག་ཉམས་ཆག་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་བཤགས་པར་བགྱི༔ ཉ་སྟོང་ཚེས་བརྒྱད་ལ་སོགས་དུས་ཀྱི་མཆོད་པ་ཆག༔ བསྙེན་སྒྲུབ་ཏིང་འཛིན་མ་གསལ་ལྟ་བ་ལོག༔ ཕུད་དང་གཙང་སྦྲ་མ་མཆིས་འབགས་བཙོག་ཤོར༔ ལེ་ལོ་སེར་སྣའི་དབང་དུ་གྱུར་པ་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་བཤགས་པར་བགྱི༔ འདི་ནས་གཟུང་སྟེ་བྱང་ཆུབ་མཆིས་ཀྱི་བར༔ སྡིག་པ་མི་དགེའི་ལས་སུ་གྱུར་པ་ཀུན༔ ལུས་དང་སྲོག་ལ་བབས་ཀྱང་མི་བགྱིད་པར༔ རྒྱལ་བ་ཁྱེད་ཀྱི་སྤྱན་སྔར་དམ་བཅའ་འོ༔ ཁྱེད་ཀྱི་ཐུགས་རྗེས་བཏང་སྙོམས་མ་མཛད་པར༔ བྱམས་བརྩེ་ལྡན་པས་བུ་བཞིན་བསྐྱང་དུ་གསོལ༔ དེ་ལྟར་མཐོལ་ཞིང་བཤགས་པས་རྡོ་རྗེ་སེམས་དཔའ་དགྱེས་ཤིང་འཛུམ་པ་དང་བཅས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་དག་གོ་ཞེས་གནང་བ་བསྩལ་ཏེ་རང་ལ་ཐིམ་པར་བསམ་མོ། །གསུམ་པ་ཡིད་ཀྱི་རྟོག་སྒྲིབ་སྦྱོང་བ་ཆོས་ཉིད་དོན་གྱི་བཤགས་པ་ནི། གདོད་ནས་མ་སྐྱེས་ཆོས་ཀྱི་སྐུ༔ གཉིས་མེད་རོ་མཉམ་ལོངས་སྤྱོད་རྫོགས༔ མ་འགགས་རོལ་པ་སྤྲུལ་པའི་སྐུ༔ ཕྱག་འཚལ་བླ་མ་མཁའ་འགྲོ་ལ༔ དངོས་འབྱོར་ཡིད་ལས་བྱུང་བ་ཡི༔ ཕྱི་ནང་གསང་བའི་མཆོད་སྤྲིན་རྣམས༔ ཆོས་དབྱིངས་ནམ་མཁའི་ཀློང་ཡངས་ནས༔ རྣམ་འཕྲུལ་གུས་པའི་ཡིད་ཀྱིས་མཆོད༔ ཐོག་མེད་དུས་ནས་ད་ལྟའི་བར༔ རང་བཞིན་དང་ནི་བཅས་པ་ཡི༔ སྒོ་གསུམ་མི་དགེའི་ལས་རྣམས་ཀུན༔ རང་གྲོལ་རིག་པའི་ཀློང་དུ་བཤགས༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ བདག་དང་དབྱེར་མེད་རོ་མཉམ་ལ༔ བདག་ཏུ་བཟུང་བ་མཐོལ་ལོ་བཤགས༔ དྲན་རྟོག་ཆོས་ཉིད་རང་རྩལ་ལ༔ ཡེ་གྲོལ་བསྐྱར་གཞི་མེད་པ་ཡི༔ བལྟ་བྱ་ལྟ་བྱེད་མེད་པ་ལ༔ ངོ་བལྟ་བྱས་པ་མཐོལ་ལོ་བཤགས༔ སེམས་ཉིད་ཡེ་གྲོལ་འཁོར་ཡུག་འདི༔ ཡིད་བྱེད་བསྒོམ་པའི་ཡུལ་ལས་འདས༔ བསྒོམ་བྱ་སྒོམ་བྱེད་མེད་པ་ལ༔ སྟོང་ཉིད་བསྒོམས་པ་མཐོལ་ལོ་བཤགས༔ ཆོས་དབྱིངས་བརྡལ་བའི་ཡོ་ལངས་ལ༔ སྤང་བླང་སྤྱོད་པ་ཨ་ཐང་ཆད༔ སྤྱད་བྱ་སྤྱོད་བྱེད་མེད་པ་ལ༔ བླང་དོར་སྤྱོད་པ་མཐོལ་ལོ་བཤགས༔ རིག་པ་བཅིང་གྲོལ་མེད་པ་ལ༔ ས་ལམ་འབད་པས་གྲོལ་བ་མཚར༔ འཐོབ་བྱ་ཐོབ་བྱེད་མེད་པ་ལ༔ སྤང་ཐོབ་འབྲས་བུ་མཐོལ་ལོ་བཤགས༔ དྲན་པ་རང་གྲོལ་ཐིག་ལེའི་ངང༔ ཁྱབ་བརྡལ་ནམ་མཁའི་འཁོར་ཡུག་ལ༔ དྲན་པས་བཟུང་དང་མ་གཟུང་མེད༔ དྲན་པས་སྒྲོག་བཅིངས་མཐོལ་ལོ་བཤགས༔ ཐམས་ཅད་ཆོས་དབྱིངས་རོལ་པ་ལ༔ ཡེངས་དང་མ་ཡེངས་ག་ལ་ཡོད༔ ཡེ་ནས་སྐྱེ་མེད་རྒྱ་ཡན་ལ༔ མ་ཡེངས་སེམས་འཛིན་མཐོལ་ལོ་བཤགས༔ སེམས་ཉིད་ནམ་མཁའ་ལྟ་བུ་ལ༔ གང་གིས་གློད་ཅིང་སྒྲིམ་པར་ནུས༔ བྱ་རྩོལ་སྤྲོས་པའི་ཡུལ་ལས་འདས༔ འབད་རྩོལ་སྒྲིམ་གློད་མཐོལ་ལོ་བཤགས༔ རིས་མེད་སྟོང་པ་ནམ་མཁའི་ངང༔ བཙལ་བས་རྙེད་པར་མི་འགྱུར་ཏེ༔ འབད་རྩོལ་འདུ་བྱེད་འཁྲུལ་པའི་ལམ༔ རིག་འཚོལ་སྡུག་བཙིར་མཐོལ་ལོ་བཤགས༔ མ་ཡེངས་རྣམ་རྟོག་ངོས་བཟུང་ནས༔ དེ་ཉིད་གློད་ཅིང་དེ་ཉིད་བལྟ༔ འདི་ཡང་འདུ་བྱེད་འཁྲུལ་པའི་ལམ༔ ཡེ་དག་རོལ་པར་མཐོལ་ལོ་བཤགས༔ བྱས་པའི་ཆོས་ཀྱིས་སངས་མི་རྒྱ༔ བློ་ཡི་ཆོས་ཀྱིས་རང་ཉིད་འཆིང༔ གང་ལ་དམིགས་ཀྱང་ཡིན་ལུགས་སྒྲིབ༔ དམིགས་མེད་ཆོས་དབྱིངས་ཀློང་དུ་བཤགས༔ ས་ལམ་དྲོད་རྟགས་རེ་བས་བཅིང༔ ཉམས་རྟོགས་རོ་ལ་ཆགས་པས་ཕུང༔ སྨིག་སྒྱུའི་ཆུ་ཡིས་རང་ཉིད་བསླུས༔ བྱར་མེད་ཡེ་གྲོལ་ཀློང་དུ་བཤགས༔ མི་རྟོག་གནས་པའི་འཁོར་ཡུག་ངང༔ བདེ་གསལ་མི་རྟོག་ཏིང་འཛིན་དང༔ སྟོང་ཉིད་བློ་བྲལ་རིས་མེད་སོགས༔ མྱོང་ཞེན་སྐྱེ་མེད་ཀློང་དུ་བཤགས༔ དོན་དམ་ཆོས་དབྱིངས་སྤྲོས་བྲལ་ངང༔ བསམ་མེད་དམིགས་མེད་བརྗོད་མེད་སོགས༔ གོ་མྱོང་ཡིད་ཀྱིས་གཏད་སོ་རྣམས༔ རིས་མེད་བསམ་འདས་ཀློང་དུ་བཤགས༔ ཐོས་བསམ་འབད་རྩོལ་སྒོམ་པ་དང༔ མི་བསྒོམ་མི་རྟོག་བྱར་མེད་སོགས༔ གང་ལྟར་བྱས་ཀྱང་བཅོས་མའི་ལམ༔ མ་བཅོས་ཆོས་སྐུའི་ཀློང་དུ་བཤགས༔ གཏང་བཞག་འགུགས་དང་ཆེད་འཛིན་སྒོམ༔ སྒྲིམ་ཀློད་ངོ་བལྟ་ལ་སོགས་དང༔ རྟག་ཆད་བསམ་གཞིག་ཡིད་བྱེད་ལམ༔ བྱར་མེད་ཀ་དག་ཀློང་དུ་བཤགས༔ མ་བྱས་དགེ་ལ་རྗེས་ཡི་རང༔ སྐྱེ་མེད་ཆོས་འཁོར་བསྐོར་བ་དང༔ སྐྱེ་འཆི་མེད་པར་རྟག་བཞུགས་ནས༔ ཇི་སྲིད་ནམ་མཁའི་མཐར་ཐུག་བར༔ མི་ངལ་འགྲོ་བ་འདྲེན་པར་ཤོག༔ དེ་ནས་སྒོ་གསུམ་ཐུན་མོང་གི་དམ་ཚིག་ཉམས་པ་བསྐང་བ་ཚོགས་ཀྱི་མཆོད་པ་ནི། རཾ་ཡཾ་ཁཾ༔ བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ སོགས་ནས། སརྦ་ག་ན་ཙཀྲ་པཱུ་ཛ་ཧོ༔ ཚོགས་བར་པ་བསྐང་བའི་མགོ་ལ། སྐོང་རྫས་རྣམས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་བསམ་ལ་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་བརླབས་ཏེ། ཧཱུྃ༔ མ་བཅོས་སྤྲོས་བྲལ་གནས་ལུགས་མངོན་གྱུར་པའི༔ རྒྱལ་བ་དགོངས་པ་བརྒྱུད་པའི་ཐུགས་དམ་བསྐང༔ ཏིང་འཛིན་མཆོག་བརྙེས་བརྡ་ཡི་བརྒྱུད་པ་སྟེ༔ རིག་འཛིན་རིག་པ་བརྒྱུད་པའི་ཐུགས་དམ་བསྐང༔ བཀའ་ལུང་ལྷག་ཆད་མེད་པའི་གང་ཟག་མཆོག༔ སྙན་ཁུངས་བརྒྱུད་པའི་བླ་མའི་ཐུགས་དམ་བསྐང༔ བཀའ་བརྒྱུད་གཏེར་དུ་སྦས་པའི་བྱ་ར་བ༔ མཁའ་འགྲོ་གཏད་རྒྱ་བརྒྱུད་པའི་ཐུགས༴ མ་འོངས་ལས་འཕྲོ་ཅན་ལ་ལུང་སྟོན་པའི༔ སྨོན་ལམ་དབང་བསྐུར་བརྒྱུད་པའི་ཐུགས༴ ཤེས་བྱ་ཐམས་ཅད་རྣམ་པ་ཀུན་མཁྱེན་པའི༔ དུས་གསུམ་སངས་རྒྱས་རྣམས་ཀྱི་ཐུགས༴ འགྲོ་ཀུན་ཞི་བདེའི་གནས་སུ་འདྲེན་མཛད་པའི༔ གསུང་མཆོག་དམ་ཆོས་རྣམས་ཀྱི་ཐུགས༴ ས་དང་ལམ་ལ་གནས་ནས་ཞིང་མཆོག་སྐྱོང༔ འཕགས་པའི་དགེ་འདུན་རྣམས་ཀྱི་ཐུགས༴ ལྟ་སྒོམ་མཁྱེན་པ་མཆོག་ལ་མངའ་བརྙེས་པའི༔ སྐྱེ་མཆོག་བླ་མ་རྣམས་ཀྱི་ཐུགས༴ དངོས་གྲུབ་ཐོགས་པ་མེད་པར་སྟེར་མཛད་པའི༔ ཡི་དམ་རྒྱལ་བ་ཞི་ཁྲོའི་ཐུགས༴ ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་བའི༔ མཁའ་འགྲོ་དམ་ཅན་རྣམས་ཀྱི་ཐུགས༴ མ་སྐྱེས་རང་བཞིན་གདོད་ནས་དག་པ་སྟེ༔ རང་བཞིན་སྤྲོས་བྲལ་ཆོས་སྐུའི་ཐུགས༴ དུག་ལྔ་ཡེ་ཤེས་ལྔ་ཡི་ངོ་བོར་སྨིན༔ ཞི་བ་ལོངས་སྤྱོད་རྫོགས་སྐུའི་ཐུགས༴ རང་སྣང་མ་འགགས་གཞན་སྣང་དེར་སྟོན་པའི༔ སྤྲུལ་སྐུ་འགྲོ་དོན་མཛད་པའི་ཐུགས༴ ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ བཞི་བཅུ་རྩ་གཉིས་རྒྱལ་བའི་ཐུགས༴ ཁྲག་འཐུང་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ལྔ་བཅུ་རྩ་བརྒྱད་ཁྲོ་བོའི་ཐུགས༴ སྐུ་མཆོག་འགྱུར་བ་མེད་པའི་དཀྱིལ་འཁོར་ནས༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་ཐུགས༴ གསུང་མཆོག་འགག་པ་མེད་པའི་དཀྱིལ་འཁོར་ནས༔ པདྨ་གསུང་གི་ལྷ་ཚོགས་ཐུགས༴ ཐུགས་མཆོག་གཡོ་བ་མེད་པའི་དཀྱིལ་འཁོར་ནས༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་ཐུགས༴ ཡོན་ཏན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ བདུད་རྩི་ཡོན་ཏན་ལྷ་ཚོགས་ཐུགས༴ ཕྲིན་ལས་དྲག་པོ་སྒྲོལ་བྱེད་དཀྱིལ་འཁོར་ནས༔ ཕུར་པ་ཕྲིན་ལས་ལྷ་ཚོགས་ཐུགས༴ ཤ་ཁྲག་རྒྱ་མཚོར་འཁྱིལ་བའི་དཀྱིལ་འཁོར་ནས༔ རྦོད་གཏོང་མ་མོའི་ལྷ་ཚོགས་ཐུགས༴ ཐུགས་རྗེ་གདུང་འཚོབ་སྐུ་ཡི་དཀྱིལ་འཁོར་ནས༔ རིག་འཛིན་བླ་མའི་ལྷ་ཚོགས་ཐུགས༴ དམ་རྫས་རྫ་ལྟར་ལྷག་པའི་དཀྱིལ་འཁོར་ནས༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་ཐུགས༴ དགྲ་བགེགས་གདུག་པ་འདུལ་བའི་དཀྱིལ་འཁོར་ནས༔ དམོད་པ་དྲག་སྔགས་ལྷ་ཚོགས་ཐུགས༴ དཔལ་གྱི་སྤྱན་སྔར་རང་རྟགས་སྲོག་སྙིང་ཕུལ༔ དམ་ཅན་རྒྱ་མཚོ་རྣམས་ཀྱི་ཐུགས༴ སངས་རྒྱས་བསྟན་པ་སྲུང་བར་ཞལ་བཞེས་པའི༔ མཐུ་ཆེན་དཔལ་མགོན་ལྕམ་དྲལ་ཐུགས༴ སྔགས་ཀྱི་རྒྱུད་སྡེ་བསྟན་པའི་བྱ་ར་མཛད༔ སྔགས་བདག་སྔགས་སྲུང་རྣམས་ཀྱི་ཐུགས༴ སློབ་དཔོན་ཆེན་པོའི་བཀའ་ཡིས་གཉེར་དུ་གཏད༔ གཏེར་བདག་གཏེར་སྲུང་རྣམས་ཀྱི་ཐུགས༴ ཚུལ་བཞིན་སྒྲུབ་པ་བྱེད་པའི་གྲོགས་མཛད་པའི༔ གཞི་བདག་གཞི་སྲུང་རྣམས་ཀྱི་ཐུགས༴ འཇིག་རྟེན་ཁམས་འདིར་མཐུ་དང་ལྡན་པའི་བདག༔ དྲེགས་པའི་སྡེ་དཔོན་སུམ་ཅུའི་ཐུགས༴ ཟློག་པས་མི་བཟློག་སྔགས་ཟློག་མཁན་གྱི་གཤེད༔ དཔལ་མགོན་མ་ནིང་ནག་པོའི་ཐུགས༴ སྟོང་ཁམས་འདི་ན་དྲག་རྩལ་གཟེར་གྱི་བདག༔ གཟའ་བདུད་ཆེན་པོ་དཔལ་འབར་ཐུགས༴ མཐུ་ནུས་ཐོགས་མེད་དགྲ་བགེགས་ཀུན་གྱི་གཤེད༔ སྲུང་མ་ཨེ་ཀ་ཛཱ་ཏིའི་ཐུགས༴ ཨ་ཏི་བླ་མེད་བཀའ་ཡི་བྱ་ར་མཛད༔ ཤན་པ་སྲོག་སྒྲུབ་ནག་མོའི་ཐུགས༴ དམ་ལ་གནས་ཤིང་གནོད་བྱེད་སྒྲོལ་མཛད་པའི༔ གནོད་སྦྱིན་ཤན་པ་དམར་ནག་ཐུགས༴ སངས་རྒྱས་བསྟན་པ་སྲུང་བར་ཞལ་བཞེས་པའི༔ དམ་ཅན་རྡོ་རྗེ་ལེགས་པའི་ཐུགས༴ ལོངས་སྤྱོད་རིན་ཆེན་གཏེར་ལ་མངའ་བརྙེས་པའི༔ ནོར་བདག་གནོད་སྦྱིན་རྣམས་ཀྱི་ཐུགས༴ ལས་ཀྱི་མཐའ་སྡུད་འཇམ་དཔལ་ཐུགས་ཀྱི་སྲས༔ སྲུང་མ་ནཱ་ག་རཀྴའི་ཐུགས༴ ལྷ་ཁང་གཙུག་ལག་སྐྱོང་བར་ཞལ་བཞེས་པའི༔ རྒྱལ་པོ་ལི་བྱིན་ཧཱ་རའི་ཐུགས༴ སྲིད་པ་བོད་ཀྱི་སྲོག་བདག་ཆེན་པོ་ནི༔ བདུད་པོ་ཡབ་རྗེ་ནག་པོའི་ཐུགས༴ གཏོར་ལེན་རྣལ་འབྱོར་སྐྱོང་བར་ཞལ་བཞེས་པའི༔ བོད་སྐྱོང་བརྟན་མ་བཅུ་གཉིས་ཐུགས༴ བསྐང་ངོ་བསྐལ་པའི་བར་དུ་ཐུགས་དམ་བསྐང༔ བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་བསྐང༔ སྦྱོར་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྦྱོར༔ སྒྲོལ་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྒྲོལ༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང༔ རྩ་བརྒྱད་སྟོང་ལ་སྦྱར་བའི་བདུད་རྩི་དང༔ ཁྱད་པར་རྨད་དུ་བྱུང་བའི་གཏོར་མ་དང༔ འབྲུ་བཅུད་སྟོང་ལ་སྦྱར་བའི་ཛ་གད་དང༔ པདྨ་མཱཾ་སར་བཅས་པའི་རཀྟ་དང༔ ཛཔ྄་དང་གར་འཆམ་གིང་དང་སྟངས་སྟབས་དང༔ སྣང་གསལ་འོད་ཀྱི་ཞུན་མར་གསལ་བ་དང༔ སྟོང་གསལ་དབྱེར་མེད་ལྟ་སྒོམ་མཐར་ཐུག་དང༔ ཚོགས་ཀྱི་ལོངས་སྤྱོད་རྒྱ་ཆེན་འདི་དག་གིས༔ སྐྱེས་མཆོག་བླ་མ་རྣམས་ཀྱི་ཐུགས་དམ་བསྐང༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་ཐུགས༴ ལས་བྱེད་མཁའ་འགྲོ་རྣམས་ཀྱི་ཐུགས༴ གཏེར་བདག་གཏེར་སྲུང་རྣམས་ཀྱི་ཐུགས༴ གཞི་བདག་གཞི་སྲུང་རྣམས་ཀྱི་ཐུགས༴ མཆོད་ཡུལ་གོང་མ་རྣམས་ཀྱི་ཐུགས༴ སྦྱིན་ཡུལ་འོག་མ་རྣམས་ཀྱི་ཐུགས༴ རིགས་དྲུག་ཕ་མ་རྣམས་ཀྱི་ཐུགས༴ ལན་ཆགས་མགྲོན་གྱུར་རྣམས་ཀྱི་ཐུགས༴ ཐམས་ཅད་ཐུགས་དམ་གཉན་པོ་དེས་བསྐངས་ལ༔ གཡར་དམ་སོར་ཆུད་དངོས་གྲུབ་བསྩལ་དུ་གསོལ༔ དེ་ནས་ཞི་བ་གནས་དག་གི་བསྐང་བ་ནི། ཨོཾ༔ ཡིད་ཀྱི་རྣམ་ཤེས་གནས་དག་པ༔ ཀུན་ཏུ་བཟང་པོའི་ཐུགས་དམ་བསྐང༔ ཆོས་ཀྱི་ངོ་བོ་གནས་དག་པ༔ ཀུན་ཏུ་བཟང་མོའི་ཐུགས༴ ཕུང་པོ་ལྔ་པོ་གནས་དག་པ༔ རྒྱལ་བ་ཡབ་ལྔའི་ཐུགས༴ འབྱུང་བ་ལྔ་པོ་གནས་དག་པ༔ རྒྱལ་བ་ཡུམ་ལྔའི་ཐུགས༴ རྣམ་ཤེས་ཚོགས་བརྒྱད་གནས་དག་པ༔ སེམས་དཔའ་བརྒྱད་ཀྱི་ཐུགས༴ རྣམ་ཤེས་ཡུལ་བརྒྱད་གནས་དག་པ༔ སེམས་མ་བརྒྱད་ཀྱི་ཐུགས༴ ལུས་ཀྱི་ཆོས་བཞི་གནས་དག་པ༔ ཁྲོ་བོ་བཞི་ཡི་ཐུགས༴ རྟག་ཆད་མུ་བཞི་གནས་དག་པ༔ ཁྲོ་མོ་བཞི་ཡི་ཐུགས༴ ཉོན་མོངས་དྲུག་པོ་གནས་དག་པ༔ ཐུབ་པ་དྲུག་གི་ཐུགས་དམ་བསྐང༔ ཁྲོ་བོ་གནས་གྱུར་གྱི་བསྐང་བ་ནི། ཧཱུྃ༔ ཀུན་གཞི་ཡིད་ཆོས་གནས་གྱུར་པ༔ དཔལ་ཆེན་ཡབ་ཡུམ་ཐུགས་དམ་བསྐང༔ ཉོན་མོངས་དུག་ལྔ་གནས་གྱུར་པ༔ ཁྲག་འཐུང་ཡབ་ལྔའི་ཐུགས༴ འབྱུང་བ་ལུས་ལྔ་གནས་གྱུར་པ༔ ཁྲག་འཐུང་ཡུམ་ལྔའི་ཐུགས༴ རྣམ་བཞིའི་རྟོག་པ་གནས་གྱུར་པ༔ ཧེ་རུ་ཀཿབཞིའི་ཐུགས༴ སྐྱེ་གནས་བཞི་པོ་གནས་གྱུར་པ༔ ཀྲོ་དྷཱི་རིགས་བཞིའི་ཐུགས༴ རྣམ་འགྱུར་ཚོགས་བརྒྱད་གནས་གྱུར་པ༔ ཁྲོ་མོ་བརྒྱད་ཀྱི་ཐུགས༴ རྣམ་འགྱུར་ཡུལ་བརྒྱད་གནས་གྱུར་པ༔ ཕྲ་མེན་བརྒྱད་ཀྱི་ཐུགས༴ རྟག་ཆད་མཐའ་བཞི་གནས་གྱུར་པ༔ སྒོ་མ་བཞི་ཡི་ཐུགས༴ སྣ་ཚོགས་རྟོག་པ་གནས་གྱུར་པ༔ དབང་མོ་ཉེར་བརྒྱད་ཐུགས༴ མི་ཤིགས་སྐུ་ཡི་ཐུགས་དམ་བསྐང༔ འགག་མེད་གསུང་གི་ཐུགས༴ འགྱུར་མེད་ཐུགས་ཀྱི་ཐུགས༴ ཡོན་ཏན་མི་ཟད་ཐུགས༴ ཕྲིན་ལས་རྒྱན་གྱི་ཐུགས༴ ཡེ་ཤེས་འཁོར་ལོའི་ཐུགས་དམ་བསྐང༔ ཉམས་ཆག་ཐམས་ཅད་བསྐང་གྱུར་ཅིག༔ རྟོག་སྒྲིབ་ཐམས་ཅད་དག་གྱུར་ཅིག༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ དེ་ནས་ལས་གཞུང་གི་ཧོ༔ དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ༔ ཞེས་སོགས་ནས་ཞལ་བསྟབ་ཀྱི་བར་སོང་ནས། དེ་ནས་བདག་ཉིད་འཇུག་ཅིང་བྱིན་རླབས་དབང་ལེན་བྱ་བ་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་སོགས་ཁྲུས་བགེགས་མཎྜལ་ནས་རྗེས་ཀྱི་གཏང་རག་གི་མཎྜལ་ཕུལ་བའི་བར་སོང་ནས། བདག་ཉིད་འཇུག་ཅིང་དབང་བླང་བ་དང་བཅས་པས་དབང་བཞིའི་དམ་ཚིག་ཉམས་པ་སོར་ཆུད་པར་བསམ། དེ་ནས་ཚོགས་ལ་རོལ་ཞིང་སྨོན་ལམ་གདབ་པ་ནི། ཧོ༔ རབ་འབྱམས་དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ༔ བདག་ཅག་རྣལ་འབྱོར་མཆེད་དང་ལྕམ་དྲལ་གྱིས༔ དམ་ཚིག་ཆེན་པོའི་མཆོད་པ་ཕུལ་པའི་མཐུས༔ ཉམས་ཆག་རྟོག་སྒྲིབ་མུན་པ་དབྱིངས་སུ་སངས༔ མཆོག་ཐུན་དངོས་གྲུབ་ཡེ་ཤེས་སྣང་བ་རྒྱས༔ བླ་མ་ཡི་དམ་མཁའ་འགྲོས་རྗེས་བཟུང་ནས༔ རྡོ་རྗེའི་ལམ་ལས་རྣམ་གྲོལ་འབྲས་བུའི་མཆོག༔ དཀའ་བ་མེད་པར་ཚེ་འདིར་འགྲུབ་པར་ཤོག༔ ནམ་ཞིག་མི་རྟག་སྐྱེ་འཆི་བྱུང་སྲིད་ཚེ༔ ཡེ་ཤེས་སྒྲོན་མེའི་སྣང་བས་ཤུལ་མཚོན་ཏེ༔ འོག་མིན་བདེ་ཆེན་ཞིང་དུ་དབུགས་ཕྱུང་ནས༔ ཕྱམ་གཅིག་ལྷན་སྐྱེས་ཡེ་ཤེས་སྐུ་འགྲུབ་ཤོག༔ དེ་ལྟར་མཐོལ་ཞིང་བཤགས་པ་ཡིས༔ བདག་ཅག་གསང་སྔགས་སྒོར་ཞུགས་རྣམས༔ རྩ་བ་ཡན་ལག་དམ་ཚིག་གི༔ ཉམས་ཆག་ཐམས་ཅད་བསྐངས་གྱུར་ཅིག༔ མཆོག་དང་ཐུན་མོང་ལ་སོགས་ཏེ༔ དངོས་གྲུབ་ཐམས་ཅད་ཐོབ་གྱུར་ཅིག༔ ཏ་ན་ག་ཎའི་ལྟ་སྤྱོད་དབང༔ སེམས་ཀྱི་རྟོགས་པ་ཐོབ་གྱུར་ཅིག༔ དེ་ལྟ་བུ་ཡི་འགྱོད་ཚངས་ཀྱིས༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ ལུས་ངག་ཡིད་གསུམ་སྒྲིབ་བྱང་ཞིང༔ ན་རཀ་གནས་ཀྱང་དོང་སྤྲུགས་ནས༔ འགྲོ་དྲུག་གནས་ནས་ཐར་གྱུར་ཅིག༔ ལམ་ལྔ་ས་བཅུའི་རིམ་པ་རྣམས༔ སྐད་ཅིག་ཉིད་ལ་བགྲོད་གྱུར་ཅིག༔ རིག་འཛིན་རྒྱལ་བའི་ཞིང་དུ་གྲགས༔ སངས་རྒྱས་སྐུ་གསུམ་ཐོབ་པར་ཤོག༔ དེ་ལས་བྱུང་བའི་དགེ་བ་ཡིས༔ གསང་སྔགས་རྡོ་རྗེ་ཐེག་པ་རྣམས༔ བཀའ་བཙན་བྱིན་ཆེ་དར་གྱུར་ཅིག༔ ཀུན་ཀྱང་སངས་རྒྱས་ཐོབ་པར་ཤོག༔ གསང་སྔགས་འདི་བསྒྲགས་རྒྱལ་ཁམས་སུ༔ མི་ནད་ཕྱུགས་ནད་ཞི་གྱུར་ཅིག༔ མི་དང་ལོ་ཕྱུགས་ལེགས་གྱུར་ཅིག༔ དགེ་འདུན་དགེ་བཅུ་སྤྱོད་གྱུར་ཅིག༔ དེ་ནས་ལྷག་མ་ནས་བརྩམ་ལས་བྱང་མཐར་དབྱུང་ལ། རྗེས་ཀྱི་གཏང་རག་གི་བསྟོད་པའི་སྐབས། བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ༔ ཐུགས་རྗེ་ཐབས་མཁས་རྒྱ་ཆེ་སྤྲུལ་པའི་སྐུ༔ ཞི་ཁྲོ་སྐུ་གསུམ་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་ཤྭ་ལོ་ཀ་གཅིག་པུས་བསྟོད། རྟེན་ཡོད་མེད་དང་འབྲེལ་བརྟན་བཞུགས་གཤེགས་གསོལ་གང་འོས་བྱ། བདག་བསྐྱེད་བསྡུ་ལྡང་དགེ་བསྔོ་ཤིས་བརྗོད་སོགས་གཞུང་ལྟར་བྱས་པས་གྲུབ་བོ། །ཞི་ཁྲོ་རབ་འབྱམས་རྒྱལ་བའི་ལྷ། །དཀྱིལ་འཁོར་གཅིག་ཏུ་བསྒྲུབས་བྱས་ཏེ། །དམ་ཚིག་ཉམས་ཆག་གསོ་བའི་ཐབས། །གཏེར་གཞུང་ཇི་བཞིན་བསྡེབས་པའི་དགེས། །བདག་ཅག་སྔགས་ཀྱི་སྒོར་ཞུགས་རྣམས། །རྩ་བ་ཡན་ལག་གིས་བསྡུས་པའི། །ཉམས་ཆག་མ་ལུས་སོར་ཆུད་དེ། །སྐུ་ལྔའི་འབྲས་བཟང་མྱུར་སྨིན་ཤོག །ཅེས་པའང་རྩ་གསུམ་པདྨ་གསང་ཐིག་དང་། ཐུགས་སྒྲུབ་བདེ་གཤེགས་འདུས་པ་གང་ལའང་སྦྱར་དུ་རུང་བའི་ཞི་ཁྲོའི་སྐོང་བཤགས་ཀྱི་ཆོ་ག་འདི་ཡང་གཏེར་གཞུང་རྡོ་རྗེའི་གསུང་ལ་འཐད་ལྡན་མན་ངག་གིས་ཟུར་བརྒྱན་ཏེ་བདུད་འཇོམས་ནམ་མཁའི་རྡོ་རྗེས་ངག་ནས་སྨྲས་རིམ་བཞིན་བློ་གསལ་དཔལ་ལྡན་མཁས་མཆོག་ནས་དག་ཅིང་མགྱོགས་པར་བྲིས་པ་ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན་བཟང་པདྨཱཀ་རའི་གོ་འཕང་ལ་འགོད་པའི་རྒྱུར་གྱུར་ཅིག །སིདྡྷི་རསྟུ།། །།

རིགས་དྲུག་གནས་སྦྱོང་གི་སྲེག་གཏོར་སྦྱོང་བའི་དམིགས་བཟླས་ཟུར་བྱང་ (Volume 63, Text 26)

རིགས་དྲུག་གནས་སྦྱོང་གི་སྲེག་གཏོར་སྦྱོང་བའི་དམིགས་བཟླས་ཟུར་བྱང་ནི། མདུན་བསྐྱེད་དཀྱིལ་འཁོར་གཙོ་དང་འཁོར། །ཡབ་ཡུམ་སྙོམས་ཞུགས་བྱང་སེམས་སྤྲིན། །འོད་ཟེར་མེ་ལྕེ་ལྟ་བུར་འཕྲོས།། རང་གི་ལུས་ཀྱི་གནས་དྲུག་ཏུ། །རིགས་དྲུག་ས་བོན་དྲུག་་་རྐང་མཐིལ་གཡས་གཡོན་དུ་དུ། གསང་བར་པྲེ། ལྟེ་བར་ཏྲི། སྙིང་གར་ནྲྀ། ཨོག་མར་སུ། དཔྲལ་བར་ཨ།གསལ་བར། །ཐོག་མེད་དུས་ནས་བསགས་པ་ཡི། །ལས་དང་བག་ཆགས་ཐམས་ཅད་བསྡུས། །ཡེ་ཤེས་ཆེན་པོའི་འོད་ཟེར་གྱིས། །ས་བོན་ཐུལ་གྱིས་བསྲེགས་པར་བསམ་ལ། ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཞེས་ཞི་ཁྲོ་རིག་འཛིན་རྩ་སྔགས་གསུམ་གྱི་མཐར། མ་མ་ཀོ་ལིཾ་ས་མནྟ༔ སརྦ་པཱ་པཾ་བི་ཤུདྡྷེ་སྭཱ་ཧཱ༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ལས་སྔགས་མཐར། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་ཚིནྡྷ་ཚིནྡྷ་སརྦ་ནྲྀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་ཏྲཊ་ཏྲཊ་སརྦ་ཨ་སུ་ར་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་བྷྲིཏ་བྷྲིཏ་སརྦ་སུ་ར་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་། རིགས་དྲུག་ཏུ་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་ཡེ་ཤེས་འོད་ཟེར་གྱི་མེས་སྦྱངས་པར་གྱུར། སྔགས་ཀྱིས་བརླབས་པའི་བྱེ་ཡུངས་ཀྱིས་བྲབ་སྟེ། ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ མ་མ་ཀོ་ལིཾ་ས་མནྟ༔ སརྦ་པཱ་པཾ་བི་ཤུདྡྷེ་སྭཱ་ཧཱ༔ ཞེས་དང་ཡིག་བརྒྱའི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སརྦ་པཱ་པཾ་ཨཱ་ཝ་ར་ཎ་བྷསྨིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་ཚིནྡྷ་ཚིནྡྷ་སརྦ་ནྲྀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་ཏྲཊ་ཏྲཊ་སརྦ་ཨ་སུ་ར་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་བྷྲིཏ་བྷྲིཏ་སརྦ་སུ་ར་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཅེས་སྡིག་སྒྲིབ་བསྲེགས་པའི་ཐལ་བ་ཆོས་ཉིད་རླུང་གིས་གཏོར་བར་མོས། བྱང་སེམས་ཆུ་ཡིས་འཁྲུལ་པས་བག་ཆགས་ཆ་ཤས་དང་བཅས་པ་སྦྱངས་པར་བསམ་ལ། ཨོཾ། ཏིལ་གྱི་གང་བུ་བཞིན་གང་བའི། །རྒྱལ་བས་བུམ་པ་བཟུང་ནས་ནི། །འདི་ཉིད་དུ་ནི་བླུགས་མཛད་པས། །བག་ཆགས་མ་ལུས་དག་གྱུར་ཅིག །ཞེས་དང་། ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ མ་མ་ཀོ་ལིཾ་ས་མནྟ༔ སརྦ་པཱ་པཾ་བི་ཤུདྡྷེ་སྭཱ་ཧཱ༔ ཞེས་དང་ཡིག་བརྒྱའི་མཐར། ཨོཾ་སརྦ་པཱ་པཾ་ཨཱ་ཝ་ར་ཎ་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་ཚིནྡྷ་ཚིནྡྷ་སརྦ་ནྲྀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་ཏྲཊ་ཏྲཊ་སརྦ་ཨ་སུ་ར་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་བྷྲིཏ་བྷྲིཏ་སརྦ་སུ་ར་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཞེས་པས་བཀྲུའོ།། །།

པདྨ་གསང་བའི་ཐིག་ལེ་ལས། ཚེ་འདས་གནས་འདྲེན་ཐུགས་རྗེའི་ལྕགས་ཀྱུ་ (Volume 63, Text 27)

༄༅། །པདྨ་གསང་བའི་ཐིག་ལེ་ལས། ཚེ་འདས་གནས་འདྲེན་ཐུགས་རྗེའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨཱཀ་ར་ཡེ། འདིར་པདྨ་གསང་བའི་ཐིག་ལེ་རྩ་གསུམ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་དུ་ཚེ་འདས་གནས་འདྲེན་གྱི་ཆོ་ག་བགྱི་བར་འདོད་པས། དཀྱིལ་འཁོར་གྱི་ལྷོ་ཕྱོགས་སྟེགས་བུ་ཁེབས་ཀྱིས་བཀབ་པའི་ཁར་པདྨ་འདབ་བརྒྱད་འཁོར་ལོས་མཚན་པའི་ལྟེ་བར་ཚེ་འདས་ཀྱི་མིང་བྱང་བག་ཆགས་ཀྱི་རྟེན་དྲི་གོས་སོགས་དང་བཟའ་བཏུང་མྱོང་གྲོལ་གྱིས་སྦགས་པ། བྱེ་ཡུངས་སྦྱོང་ཆས་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱ་ཞིང་། བསྙེན་པའི་སྐབས་རིགས་དྲུག་གནས་སྦྱོང་གི་དམིགས་པ་དང་བཅས་ཏེ་སྒྲིབ་སྦྱང་གི་སྔགས་གང་མང་བཟླས་ལ་བྱེ་ཡུངས་སོགས་ལ་ཕུས་གདབ། བདག་འཇུག་གམ་རིག་པའི་མེ་ཏོག་དོར་ཞིང་གནང་བ་ནོད་པ་བཅས་སོང་ནས། དངོས་གཞི་ལ། བྱང་བུ་ལས་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་མིང་བྱང་ནྲྀ་ལས་ཚེ་འདས་ཀྱི་གཟུགས་གསོན་པོའི་རྣམ་པ་ཇི་ལྟ་བ་བཞིན་དུ། དཀྱིལ་འཁོར་གྱི་ལྷ་ཚོགས་ལ་གུས་པ་དང་བཅས་ཏེ་འཁོད་པར་བསམ་ལ། བདག་མདུན་གཙོ་འཁོར་གྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་དཔག་ཏུ་མེད་པ་འཕྲོས་པས། དམིགས་ཡུལ་གྱི་རྣམ་ཤེས་ཁམས་གསུམ་རིགས་དྲུག་གི་གནས་གང་དུ་གནས་ཀྱང་སྐད་ཅིག་ཨ་ཡིག་གི་རྣམ་པས་བཀུག་སྟེ་མིང་ཡིག་རྟེན་དང་གཉིས་སུ་མེད་པར་ཐིམ་པར་བསམ་ལ། བདེན་པའི་སྟོབས་བརྗོད་པ་ནི། ལྕགས་ཀྱུའི་ཕྱག་རྒྱ་དང་བཅས། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་ཅིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུའང་རྩ་གསུམ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་འཁོར་དང་བཅས་པའི་བདེན་པས། དམིགས་ཡུལ་ཚེ་ལས་འདས་པའི་རྣམ་པར་ཤེས་པ་ཁམས་གསུམ་རིགས་དྲུག་གི་གནས་གང་ན་གནས་ཀྱང་སྐད་ཅིག་གིས་དམིགས་པའི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ནྲྀ་བཛྲ་ཨཾ་ཀུ་ཤ་ཛཿ ཞེས་དང་། སརྦ་པཱ་པཾ་ཨཱ་ན་ཡ་ཧཱུྃ། ཞེས་སྡིག་པ་དང་བཅས་བཀུག །ཛཿཧཱུྃ་བཾ་ཧོཿ ཕྱག་རྒྱ་བཞིས་བཅིང་སྟེ་བྱམས་པ་ཆེན་པོའི་ངང་དུ་གནས་པར་བསམ། བགེགས་གཏོར་བཤམས་ལ། རཾ་ཡཾ་ཁཾ་གིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསམ་ལ། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་བརླབས། བཛྲ་ཨཱ་ཀརྵཱ་ཡ་ཛས་མགྲོན་འགུགས། ཨ་ཀཱ་རོ་ལན་གསུམ་གྱིས་ཁྱབ་པར་བསྔོས་ལ། ཧཱུྃ༔ ང་ནི་ཡེ་ནས་ངང་གིས་ཁྲོ༔ ཁྲོ་ལ་ཁྲོས་པས་ཞི་མཛད་པའི༔ ཐུགས་རྗེ་ཁྲོས་དཔལ་རྟ་ཡི་རྒྱལ༔ རིག་རྩལ་འཕྲོ་འདུ་འབར་བའི་སྤྲིན༔ ཡེ་ཤེས་རོལ་པའི་རྒྱན་དུ་ཤར༔ ཉོན་ཅིག་མ་རིག་བདུད་དགྲའི་དཔུང༔ ཀུན་ཏུ་བརྟགས་པའི་གདོན་ཚོགས་ཀུན༔ ཡེ་ཤེས་རྒྱན་གྱི་གཏོར་མ་ལོངས༔ ཡོངས་གྲུབ་ཆོས་སྐུའི་ཀློང་དུ་དེངས༔ འཕོ་འགྱུར་མེད་པར་མཚམས་བཅད་དོ༔ ཞེས་བགེགས་གཏོར་བཏང་། ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊཿཀྱིས་སྲུང་འཁོར་བརྟན་པོར་བསྒོམ། དེ་ནས་རིགས་དྲུག་གནས་སྦྱོང་གི་དམིགས་པ་ནི། རང་ཉིད་དཀྱིལ་འཁོར་གཙོ་བོ་ཡི། །ལག་གཡས་ཉི་མར་རིགས་ལྔ་དང་། །གཡོན་པ་ཟླ་བར་ཡུམ་ལྔ་གསལ། །ཡབ་ཡུམ་སྙོམས་ཞུགས་བྱང་སེམས་སྤྲིན། །འོད་ཟེར་མེ་ལྕེ་ལྟ་བུར་འཕྲོས། །སློབ་མའི་ལུས་ཀྱི་གནས་དྲུག་ཏུ། །རིགས་དྲུག་ས་བོན་དྲུག་་་རྐང་མཐིལ་གཡས་གཡོན་དུ་དུ། གསང་བར་པྲེ། ལྟེ་བར་ཏྲི། སྙིང་གར་ནྲྀ། ཨོག་མར་སུ། དཔྲལ་བར་ཨ།གསལ་བར། །ཐོག་མེད་དུས་ནས་བསགས་པ་ཡི། །ལས་དང་བག་ཆགས་ཐམས་ཅད་བསྡུས། །ཡེ་ཤེས་ཆེན་པོའི་འོད་ཟེར་གྱིས། །ས་བོན་ཐུལ་གྱིས་བསྲེགས་པར་བསམ། ཐལ་མོ་གཟེང་བསྐུམ་གྱི་ཕྱག་རྒྱས། ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཞེས་ཞི་ཁྲོ་རིག་འཛིན་རྩ་སྔགས་གསུམ་གྱི་མཐར། མ་མ་ཀོ་ལིཾ་ས་མནྟ༔ སརྦ་པཱ་པཾ་བི་ཤུདྡྷེ་སྭཱ་ཧཱ༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ལས་སྔགས་མཐར། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་ཚིནྡྷ་ཚིནྡྷ་སརྦ་ནྲྀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་ཏྲཊ་ཏྲཊ་སརྦ་ཨ་སུ་ར་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་བྷྲིཏ་བྷྲིཏ་སརྦ་སུ་ར་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཅེས་བརྗོད་ལ། སྔགས་ཀྱིས་བརླབས་པའི་བྱེ་ཡུངས་ཀྱིས་བྲབ་སྟེ། ལས་སྔགས་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སརྦ་པཱ་པཾ་ཨཱ་ཝ་ར་ཎ་བྷསྨིཾ་ཀུ་རུ་སྭཱ་ཧཱ། ཞེས་སྡིག་སྒྲིབ་བསྲེགས་པའི་ཐལ་བ་ཆོས་ཉིད་རླུང་གིས་གཏོར་བར་མོས། བྱང་སེམས་ཆུ་ཡིས་འཁྲུལ་པས་བག་ཆགས་ཆ་ཤས་དང་བཅས་པ་སྦྱངས་པར་བསམ་ལ། ཨོཾ། ཏིལ་གྱི་གང་བུ་བཞིན་གང་བའི། །རྒྱལ་བས་བུམ་པ་བཟུང་ནས་ནི། །འདི་ཉིད་དུ་ནི་བླུགས་མཛད་པས། །བག་ཆགས་མ་ལུས་དག་གྱུར་ཅིག །ལས་སྔགས་མཐར། སརྦ་པཱ་པཾ་ཨཱ་ཝ་ར་ཎ་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པས་བཀྲུ། དེ་ནས། ཇི་ལྟར་བལྟམས་པ་སོགས་དང་། རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་དྲི་མ་མི་མངའ་ཡང་། །ཚེ་འདས་སྒོ་གསུམ་སྒྲིབ་སྦྱང་ཕྱིར། །གཙང་མའི་ཆབ་ཀྱིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དང་། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲིའི་རབ་བསྒོས་པས་སྐུ་ཕྱི་འོ། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་དྷ་ན་སྭཱ་ཧཱ། ཞེས་སྐུ་ཕྱིས་པའི་ཁྲུས་ཆུ་སླར་ཡང་བུམ་པར་བླུགས་པས་མིང་བྱང་སོགས་རྟེན་ལ་བཀྲུ་ཞིང་། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང་། །གཏོང་བ་དྲི་ཡིས་ལེགས་བགོས་ཆུ། ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱི་འོ། །དེ་བཞིན་དུ་སྦྱིན་པའི་གནས་སུ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ། ཅེས་དང་། སེར་སྣའི་གནས་སུ། ཁྲིམས་འཆལ། ཁོང་ཁྲོ། ལེ་ལོ། རྣམ་གཡེང་། ཤེས་འཆལ་རྣམས་སུ་བསྒྱུར་བ་ཕར་ཕྱིན་དྲུག་རེ་རེ་བཞིན། རྩ་སྔགས་གསུམ་དང་མ་མ་ཀོ་ལིཾ་སོགས་ཡིག་བརྒྱ་སྦྱར་བའི་སྔགས་དང་བཅས་ཏེ་བཀྲུས་པས། ཚེ་འདས་ཀྱི་རྣམ་ཤེས་ཨ་དཀར་པོ་དྲི་མ་མེད་པར་གྱུར་ཏེ་དཀྱིལ་འཁོར་དུ་འཇུག་པའི་སྐལ་པ་དང་ལྡན་པར་བསམ་ལ། བདག་འཇུག་ལྟར་ཁྲུས་བགེགས་མཎྜལ་ནས་དབང་ལེན་རྫོགས་པར་བྱས་པའི་ནང་གསེས་བུམ་དབང་གི་མཇུག་ཏུ་ཞི་ཁྲོའི་ལྷ་དབང་བཀོལ་བྱང་ལྟར་དང་། གསུང་བཟླས་པའི་ལུང་བླང་སྐབས་ཞི་ཁྲོ་དང་རིག་འཛིན་གྱི་ཛཔ྄་བཟླ་བ་སོགས་ཁྱད་པར་རྒྱས་བསྡུས་སྐབས་བསྟུན་བྱའོ། །དེ་ནས་དབང་བཞི་ཡོངས་རྫོགས་གཏང་རག་མཎྜལ་དང་བཅས་རྫོགས་ནས། བཟའ་བཏུང་རྣམས། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་ལན་གསུམ་དུ་བསྔོས་ལ། ཨོཾ། ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། །ཟད་པ་མེད་པའི་ལོངས་སྤྱོད་འདི། །འདོད་ཡོན་རྒྱ་མཚོའི་སྤྲིན་ཆེན་པོ། །དགྱེས་ཤིང་བདེ་བ་ཆེན་པོར་བཞེས། །ཨོཾ་བཛྲ་རཱུ་པ་ཤབྡ་གྷནྡྷེ་ར་ས་སྤརྴེ་ཀཱ་མ་གུ་ཎཿཔྲ་ཏཱིཙྪ་སྭཱ་ཧཱ། ཞེས་བཟའ་བཏུང་མེར་བསྲེག །སངས་རྒྱས་བྱང་སེམས་ཀྱི་མཚན་དང་ཐོས་གྲོལ་སོགས་བརྗོད། དེ་ནས་ལམ་སྦྱང་བསྟན་པ་ནི། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །དཀོན་མཆོག་རིན་ཆེན་ལས་བྱུང་བ། །དཀོན་མཆོག་རིན་ཆེན་འོད་ཟེར་གྱི། །རིན་ཆེན་ཕྲེང་བ་རྣམ་དག་པ། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བླ་ན་མེད་པའི་ཁྱད་པར་ལམ། །བྱང་ཆུབ་བར་ཆད་མེད་པའི་ལམ། །རྣམ་པར་དག་པའི་ལམ་བགྲོད་དེ། །སངས་རྒྱས་གོ་འཕང་ཐོབ་པར་ཤོག །ཨོཾ་རཏྣེ་རཏྣེ་མ་ཧཱ་རཏྣེ་རཏྣ་བི་ཛཿཡེ་སྭཱ་ཧཱ། དེ་ནས་ལམ་བསྟན་པ་ནི། ཀྱེ་མ་ཚེ་འདས་རིགས་ཀྱི་བུ། །འཁོར་བའི་གནས་རིས་གར་སྐྱེས་ཀྱང་། །སྡུག་བསྔལ་གསུམ་གྱི་རང་བཞིན་ལ། །དེ་ལ་མ་ཆགས་མ་ཞེན་པར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ། །ཆོས་ཉིད་བདེན་པ་དྲན་པར་གྱིས། །ལམ་ལྔ་རང་བཞིན་མེད་པ་སྟེ། །སྒྱུ་མ་ལྟ་བུའི་ངང་དུ་རྟོགས། །འོད་གསལ་སྙིང་པོ་ཡིད་ཀྱི་ལུས། །རྡུལ་དང་བྲལ་བའི་ཞིང་དུ་སོང་། །འདི་ནས་ཤར་གྱི་ཕྱོགས་རོལ་ན། །མངོན་པར་དགའ་བའི་ཞིང་ཁམས་ཡོད། །མགོན་པོ་མི་འཁྲུག་རྒྱལ་བ་བཞུགས། །སུ་ཞིག་དེ་ཡི་མཚན་འཛིན་པ། །ཞིང་མཆོག་དེ་རུ་སྐྱེ་བར་འགྱུར། ཁྱེད་ཀྱང་མགོན་པོ་དེ་ཡི་མཚན། །ཡིད་ལ་བཟུང་ནས་གསོལ་བ་ཐོབས། །ཐེ་ཚོམ་མེད་པའི་ངང་ཉིད་ལས། །རང་བྱུང་རྡོ་རྗེའི་འགྲོས་ཀྱིས་སོང་། །ཞིང་མཆོག་དེ་རུ་སྐྱེ་བར་འགྱུར། །ཚེ་འདས་ཀྱི་རྣམ་ཤེས་ཨ་ཐུང་གི་རྣམ་པས་སྤྱི་བོ་ནས་ཐོན། མགོན་པོ་མི་འཁྲུག་པའི་ཐུགས་ཀར་ཐིམ་པར་བསམ་ལ། ཨ་ཞེས་མཉམ་པར་གཞག །བདག་མདུན་དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་མེ་ལྕེ་ལྟ་བུ་འཕྲོས། མ་དག་འཁོར་བའི་བག་ཆགས་ཀྱི་རྟེན་ཐམས་ཅད་ལྷག་མེད་དུ་བསྲེགས་པར་བསམ་ལ། ཨོཾ༔ ཡེ་ཤེས་ལྔ་ཡི་མེ་བྱུང་བས༔ ཚེ་འདས་དུག་ལྔའི་སྒོ་གསུམ་གྱི༔ སྡིག་སྒྲིབ་ཉོན་མོངས་བུད་ཤིང་བསྲེགས༔ དབྱིངས་ཡེ་ཟུང་འཇུག་སངས་རྒྱས་ཤོག༔ ཨོཾ་སརྦ་པཱ་པཾ་བི་ཤུདྡྷེ་ཨགྣ་ཡེ་ཛྭ་ལ་རཾ༔ ཞེས་བྱང་བུ་བསྲེག །གཟུངས་སྔགས་ཁྱད་པར་ཅན་རྣམས་བཟླ་བཞིན་དུ་བྱང་ཐལ་འདམ་དང་བསྲེས་ཏེ་སཱཙྪ་གདབ། ཆོས་སྐུ་ལས་གཟུགས་སྐུར་བཞེངས་པར་བསམ་ལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་མེ་ཏོག་འཐོར་ལ་བརྟན་བཞུགས་དང་། བསྔོན་སྨོན་ཁྱད་པར་ཅན་གྱིས་རྒྱས་གདབ་པ་སོགས་སྤྱི་ལྟར་བྱའོ། །ཞེས་པའང་མདོ་སྨད་གསེར་ཐར་དུང་དཀར་དགོན་གྱི་མཆོག་སྤྲུལ་ནས་གསུང་བསྐུལ་གནང་བ་ལྟར་བདུད་འཇོམས་ནམ་མཁའི་རྡོ་རྗེས་བྲིས་པ་འབྲེལ་ཚད་ཐམས་ཅད་མངོན་པར་དགའ་བའི་ཞིང་དུ་སྐྱེ་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །། གོང་གི་བྱང་སྲེག་ཤྭ་ལོ་ཀ་འདི་གཏེར་ཁ་གཞན་ནས་བླངས་ཏེ་ཁ་སྐོང་དུ་བསྡེབས་ཤིང་ཅུང་ཟད་ཕྲི་སྣོན་བགྱི་བ་པོ་ནི་ཛྙཱ་ནའོ།།

པདྨ་གསང་ཐིག་གནས་འདྲེན་སྐབས་བདག་འཇུག་གི་དབང་ནང་ནང་གསེས་སྐུ་གསུང་ཐུགས་དབང་སོགས་སྦྱོར་དགོས་པའི་ཟུར་བྱང་དཀྱུས་བཀོད་ (Volume 63, Text 28)

པདྨ་གསང་ཐིག་གནས་འདྲེན་སྐབས་བདག་འཇུག་གི་དབང་ནང་ནང་གསེས་སྐུ་གསུང་ཐུགས་དབང་སོགས་སྦྱོར་དགོས་པའི་ཟུར་བྱང་དཀྱུས་བཀོད་ཡིན། བུམ་དབང་གི་ཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་པའི་མཚམས། དེའི་རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ལ། དང་པོ་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བ་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་སྤྲོས་ཏེ་ཁྱེད་རང་གི་དཔྲལ་བར་ཐིམ་པས་རྡོ་རྗེ་སྐུ་ཡི་བྱིན་རླབས་ལུས་ལ་ཞུགས་པར་མོས་ཤིག །གཙོ་སྐུ་ཐོགས་ལ། ཨོཾ་ཨཱཿཧཱུྃ༔ ཆོས་སྐུ་སྟོང་གསལ་མ་བཅོས་སྤྲོས་དང་བྲལ༔ ལོངས་སྐུ་གསལ་ལ་མ་འདྲེས་གུ་རུའི་སྐུ༔ སྤྲུལ་སྐུ་སྣ་ཚོགས་ཐབས་ཀྱིས་འགྲོ་དོན་མཛད༔ སྔོན་ཚེ་པད་འབྱུང་ཁྱེད་དང་སྨོན་ལམ་གཅིག༔ ད་ལྟ་བདག་དང་སློབ་མའི་སྟངས་བཟུང་སྟེ༔ སྲོག་གི་ཕྱིར་ཡང་མི་གཏོང་སྒྲུབ་ལགས་ན༔ ཡེ་ཤེས་རབ་འབྱམས་དབང་ཆེན་བསྐུར་དུ་གསོལ༔ ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དང་། ཧཱུྃ། ཆོས་རྣམས་རྣམ་དག་སོགས་ལྷ་དབང་ཟུར་བྱང་འདིར་སྦྱར་ནས། གཉིས་པ་གསུང་བཟླས་པ་སྔགས་ཀྱི་ལུང་སྦྱིན་པ་ནི། ལྷ་ཚོགས་རྣམས་ཀྱི་མགྲིན་པ་ནས་སྔགས་ཀྱི་ཕྲེང་བ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་གི་མགྲིན་པར་ཐིམ་པས་གསུང་གི་བྱིན་རླབས་རྒྱུད་ལ་ཞུགས་པར་བསམ་ལ་ཕྲེང་བ་སྦྲེལ་ཏེ། རྩ་སྔགས་ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ལན་གསུམ་རེ་བཟླ། དེ་བརྟན་པར་བྱ་བའི་སླད་དུ་སྔགས་ཕྲེང་མགྲིན་པར་བཞག་སྟེ་དབང་བསྐུར་བར་བསམ་ལ། ཨཱ༔ བརྗོད་པ་ཀུན་གྱི་གཞི་རུ་གནས་གྱུར་པའི༔ ངག་ལ་རྡོ་རྗེའི་སྔགས་ཀྱི་དབང་བསྐུར་པས༔ གྲགས་སྟོང་རྡོ་རྗེའི་རོལ་མོར་འབྱམས་ཀླས་པ༔ མི་འགག་གསུང་གི་དབང་མཆོག་ཐོབ་པར་ཤོག༔ ཝཱ་ཀ་བཛྲ་ཨ་བྷི་ཥིཉྩ་ཨཱ༔ ཐུགས་འོད་གསལ་གྱི་དགོངས་པ་ངོ་སྤྲད་པའི་སླད་དུ་དྭངས་གསལ་མེ་ལོང་སྙིང་གར་བཞག་སྟེ། སྤྲོས་བྲལ་དོན་གྱི་ཡེ་ཤེས་རྒྱུད་ལ་འཕོས་པའི་མོས་པ་མཛོད་ཅིག །ཧཱུྃ༔ མ་བཅོས་སྤྲོས་དང་བྲལ་བའི་རང་རིག་པ༔ འོད་གསལ་ཀ་ནས་དག་པ་གདོད་མའི་གཤིས༔ ཡེ་གྲོལ་ལྷུན་འབྱམས་དགོངས་པའི་སྲོག་གཏད་པས༔ མི་ཤིགས་ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ ཙིཏྟ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་རྡོ་རྗེའི་སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ་པ་ལ། སྒེག་སོགས་མཆོད་པའི་ལྷ་མོ་ལས་རང་སྣང་གི་སྐུ་གཉིས་པ་རེ་འཕྲོས་ཏེ་འདོད་ཡོན་གྱི་རོལ་པས་མངའ་གསོལ་བའི་མོས་པ་མཛོད་ཅིག །ཏྲཱཾ༔ དགའ་བ་བཞི་དང་སྟོང་པ་བཞི༔ ལྷ་ཡི་ཕྱག་རྒྱར་རང་ཤར་བའི༔ སྒེག་སོགས་མཆོད་པའི་ལྷ་མོ་ཡི༔ ཡོན་ཏན་རབ་འབྱམས་དབང་མཆོག་བསྐུར༔ ཨོཾ་བཛྲ་ལཱ་སྱཻ་མཱ་ལྱེ་གཱིརྟཱི་ནིརྟཱི་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ཨཱཿཧཱུྃ༔ བརྗོད་ཅིང་མངའ་གསོལ། དེ་ནས་རྡོ་རྗེ་དྲིལ་བུ་ལག་ཏུ་གཏད་ཅིང་བདག་པོ་ཆེན་པོའི་དབང་བསྐུར་བ་ནི། ཧཱུྃ༔ ཁྱོད་ནི་རྡོ་རྗེ་སློབ་དཔོན་ཏེ༔ ལས་རྣམས་མ་ལུས་ཀུན་བྱོས་ཤིག༔ སྐུ་གསུང་ཐུགས་ཀྱི་དམ་བཟུང་ལ༔ ཁམས་གསུམ་དག་པའི་ས་ལ་སྐྱོལ༔ བཛྲ་ཀཱ་ཝཱ་ཙི་ས་མ་ཡ་བྷོ་དྷི་ཙིཏྟ་ཨཱ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་སྦྱིན། དཀྱིལ་འཁོར་གྱི་ཕྲིན་ལས་སྒོ་མའི་སྐུ་ལས་སྐུ་གཉིས་པ་རེ་འཕྲོས་ཏེ་ཁྱེད་རང་གི་ལག་ཏུ་གཏད་པས་ལས་བཞིའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་བསམ་ལ། ཧྲཱི༔ ཚད་མེད་བཞི་པོ་གནས་དག་པའི༔ མི་ཤིགས་སྤྲུལ་པའི་སྒོ་མ་བཞི༔ ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་པས༔ ཕྲིན་ལས་རབ་འབྱམས་དབང་ཐོབ་ཤོག༔ ཛཿཧཱུྃ་བཾ་ཧོཿཨ་བྷི་ཥིཉྩ་ཧཱུྃ༔ དེས་མཚན་མ་རྫས་ཀྱི་དཀྱིལ་འཁོར་དུ་བུམ་པའི་སོགས་གསང་དབང་ནས་བདག་འཇུག་མཐར་དབྱུང་། འདི་ལྟར་བདག་འཇུག་ནང་མི་གསལ་བ་དབང་ཆེན་ནང་འགྲོ་དགོས་པ་འདོན་ཆོག་དཀྱུས་མའི་སྐབས་འཇུག་བདེར་ཟུར་བྱང་བཟོས་པ་ཡིན་ཞིང་། སྐུ་དང་གསུང་བཟླས་ལུང་ཙམ་ལས་གཞན་དགོས་མིན་གསལ་ཁ་མི་འདུག་ཀྱང་། རྩ་དཀྱིལ་གྱི་ལྷ་སྔགས་ཡོངས་རྫོགས་དང་བདག་ཆེན་དབང་བཅས་དབང་ཆོག་དཀྱུས་ལྟར་བྱས་པས་མི་རུང་བ་མེད་སྙམ་གྱིས་ཟབ་ཆོས་ཁྱད་པར་ཅན་འདི་རང་གཞན་ལག་ཏུ་ལེན་པའི་སྐབས་འདྲ་བྱུང་ན་འཇུག་པ་བདེ་ཕྱིར་དྭགས་པོ་སྤྲུལ་སྐུས་འདི་ལྟར་དཀྱུས་སུ་བྲིས་པ་ཡིན་ནོ།། །།

དམ་པ་རིགས་བརྒྱ་རིག་འཛིན་དང་བཅས་པའི་ལྷ་དབང་གི་བཀོལ་བྱང་ (Volume 63, Text 29)

དམ་པ་རིགས་བརྒྱ་རིག་འཛིན་དང་བཅས་པའི་ལྷ་དབང་གི་བཀོལ་བྱང་བཞུགས་སོ། །ཧཱུྃ། ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྱིས་གྲུབ། །བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག །ནམ་མཁའི་མཐའ་བཞིན་ཀུན་ལ་སྙོམས་མཛད་པ། །ཀུན་བཟང་ཡབ་ཡུམ་གཉིས་ཀྱིས་དབང་བསྐུར་རོ། །ཧཱུྃ་ཨ་ཨ་བྷི་ཥིཉྩ་མི། ཧཱུྃ། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་པས་དབང་བསྐུར་རོ། །ཧཱུྃ་ཨོཾ་སྭཱ་ཨཱཾཿཧཱ་ཨ་བྷི་ཥིཉྩ་མི། ཧཱུྃ། ངོ་མཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམ། །དུས་གསུམ་རྒྱལ་བ་ཐམས་ཅད་སྐྱེད་མཛད་མ། །རིགས་ཀྱི་ཡུམ་གྱུར་རྣམས་ཀྱིས་དབང་བསྐུར་རོ། །མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ཨ་བྷི་ཥིཉྩ་མི། ཧཱུྃ། རྣམ་ཤེས་དབང་པོ་དག་པས་སྐུ་གསུང་ཐུགས། །བདེ་བར་གཤེགས་པ་རྣམས་ཀྱི་སྲས་མཆོག་སྟེ། །སེམས་དཔའ་ཆེན་པོ་བརྒྱད་ཀྱིས་དབང་བསྐུར་རོ། །མ་ཧཱ་སཏྭ་ཨ་བྷི་ཥིཉྩ་མི། ཧཱུྃ། སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་ཅན། །ནམ་མཁའ་མཉམ་པའི་མཆོད་པས་རྒྱལ་བ་མཆོད། །བྱང་ཆུབ་ལྷ་མོའི་ཚོགས་ཀྱིས་དབང་བསྐུར་རོ། །བོ་དྷི་དེ་ཝཱི་ཨ་བྷི་ཥིཉྩ་མི། ཧཱུྃ། བདུག་སྤོས་མེ་ཏོག་མར་མེ་དྲི་ཆབ་མ། །རྒྱལ་བ་རྒྱ་མཚོ་རྣམས་ལ་མཆོད་འབུལ་མ། །མཆོད་པའི་ལྷ་མོ་རྣམས་ཀྱིས་དབང་བསྐུར་རོ། །པཱུ་ཛ་དེ་ཝཱི་ཨ་བྷི་ཥིཉྩ་མི། ཧཱུྃ། དྲག་ཤུལ་ཐབས་ཀྱིས་འགྲོ་བ་འདུལ་མཛད་པ། །ཚད་མེད་བཞི་ལྡན་སྒོ་བཞི་ཐུབ་པར་བསྲུང་། །ཏ་ཀྲྀཏ་སྒོ་བ་བཞི་ཡིས་དབང་བསྐུར་རོ། །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཨ་བྷི་ཥིཉྩ་མི། ཧཱུྃ། རྟག་ཆད་མཐར་ཕྱིན་གསང་བ་ཡུམ་གྱི་ངང་། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མ། །སྒོ་མ་ཆེན་མོ་བཞི་ཡིས་དབང་བསྐུར་རོ། །ཛཿཧཱུྃ་བཾ་ཧོཿཨ་བྷི་ཥིཉྩ་མི། ཧཱུྃ། སྟེང་འོག་ཕྱོགས་བཞི་འཇིག་རྟེན་འདུལ་མཛད་གཙོ། །ཉོན་མོངས་དྲུག་འཇོམས་རྒྱུད་དྲུག་དག་པར་སྦྱོང་། །བཅོམ་ལྡན་ཐུབ་པ་དྲུག་གིས་དབང་བསྐུར་རོ། །སརྦ་མུ་ནི་ཨ་བྷི་ཥིཉྩ་མི། ༼རིག་འཛིན་དཔའ་བོ་ཡབ་ཡུམ་གྱི་ལྷ་དབང་འཇའ་ཚོན་ཞི་ཁྲོ་ལས་བྱུང་བ། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རིག་འཛིན་དཔའ་བོ་ཡབ་ཡུམ་གྱི༔ དབང་ཆོག་དམ་པ་འདི་བསྐུར་བས༔ བདེ་སྟོང་ཡེ་ཤེས་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་ཌཱཀྐི་ནཱི་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ་ཨ་བྷི་ཥིཉྩ་ཧཱུྃ༔༽ ཧཱུྃ། འཇིགས་བྱེད་འདས་པའི་དུས་ན་མངོན་བྱུང་བ། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི། །དཔལ་ཆེན་ཧེ་རུ་ཀཿརྣམས་ཀྱིས་དབང་བསྐུར་རོ། །སརྦ་ཤྲཱི་ཧེ་རུ་ཀཿཨ་བྷི་ཥིཉྩ་མི། ཧཱུྃ། ཁྲོ་མོ་དབང་ཕྱུག་སྐུ་ལ་འཁྲིལ་མཛད་ཅིང་། །མཁའ་འགྲོ་མི་བཟད་འབར་བའི་སྤྲིན་འཕྲོ་མ། །གདུག་པ་འདུལ་མཛད་ཡུམ་གྱིས་དབང་བསྐུར་རོ། །སརྦ་ཀྲོ་དྷཱི་ཤྭ་རཱི་ཨ་བྷི་ཥིཉྩ་མི། ཧཱུྃ། བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །ཡེ་ཤེས་སྐུ་མཆོག་འཇིགས་བྱེད་རྒྱན་གྱིས་བརྒྱན། ཁྲོ་མོ་ཆེན་མོ་བརྒྱད་ཀྱིས་དབང་བསྐུར་རོ། །ཧ་ཨ་བྷི་ཥིཉྩ་མི། ཧཱུྃ། ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །ཕྲ་མེན་ཆེན་མོ་བརྒྱད་ཀྱིས་དབང་བསྐུར་རོ། །ཧེ་ཨ་བྷི་ཥིཉྩ་མི། ཧཱུྃ། རྡོ་རྗེ་གདོང་མོ་ཕོ་ཉ་མགྱོགས་མ་བཞི། །ཤར་ལྷོ་ནུབ་བྱང་སྒོ་བཞི་ཐུབ་པར་སྲུང་། །སྒོ་སྐྱོང་ཁྲོ་མོ་བཞི་ཡིས་དབང་བསྐུར་རོ། །ཛ་ཧཱུྃ་བཾ་ཧོཿཨ་བྷི་ཥིཉྩ་མི། ཧཱུྃ། དཔལ་གྱི་འཁོར་ཚོགས་བཛྲ་ཨཱ་རལླི། །མཁའ་ལ་ཤུགས་འགྲོ་མ་ཚོགས་དབང་ཕྱུག་མ། །རྣལ་འབྱོར་ཉི་ཤུ་བརྒྱད་ཀྱིས་དབང་བསྐུར་རོ། །བྷྱོ་བྷྱོ་བྷྱོ་བྷྱོ་ཨ་བྷི་ཥིཉྩ་མི། ཤིན་ཏུ་བསྡུ་ན། མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །ཞི་ཁྲོ་རབ་འབྱམས་རྒྱལ་བས་དབང་བསྐུར་རོ། །ཞེས་དང་རྩ་སྔགས་སམ་ཡི་གེ་བརྒྱ་པའི་མཐར། བཛྲི་བྷ་ཝ་ཨ་བྷི་ཥིཉྩ་མི། ཞེས་དབང་བསྐུར་པས། འདི་ལྟར་ཆོས་ཐམས་ཅད་དམ་པ་རིགས་བརྒྱའི་ངོ་བོར་དག་ཅིང་། དེ་ཡང་རང་སེམས་ལྷག་པ་བདེན་གཉིས་དབྱེར་མེད་གསང་ཆེན་རིགས་གཅིག་ཏུ་རྣམ་པར་དག་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད་དོ།། །།

པདྨ་གསང་བའི་ཐིག་ལེ་ལས། བླ་བླུ་བྱ་ཚུལ་སྲོག་འཚོའི་ལྗོན་ཤིང་ (Volume 63, Text 30)

པདྨ་གསང་བའི་ཐིག་ལེ་ལས། བླ་བླུ་བྱ་ཚུལ་སྲོག་འཚོའི་ལྗོན་ཤིང་བཞུགས་སོ། །ན་མོ་གུ་རུ་ཨཱ་ཡུརྫྙཱ་ན་བྷྱཿ པདྨ་གསང་བའི་ཐིག་ལེ་དང་འབྲེལ་བར་བླ་བླུ་བྱ་ཚུལ་གཏེར་གཞུང་ཚིག་ཟིན་ལྟར་བསྒྲུབ་པ་ལ། བསྒྲུབ་བྱའི་བླ་རྟེན། ཕོ་ལ་མདའ་དང་། མོ་ལ་འཕང་། བླ་གཡུ། བླ་ནས། བླ་ཕོར་སོགས་བླ་རྟེན་རྣམས་འདུ་བྱས་ལ། ཚིག་རིས་གཅིག་གིས་བདག་མདུན་དབྱེར་མེད་དུ་བསྒྲུབས་ལ། བཟླས་པ་ཅི་ནུས་བྱས་ཤིང་། ཁྱད་པར་བླ་ཚེ་འགུགས་པའི་ཆེད་དུ་ཉེར་སྤྱོད་སྣ་ཚོགས་བཤམས་ཤིང་། དཀར་གསུམ་ཟས་སྣ་འབྲུ་སྨན་སོགས་བཟང་ཤིང་བསྲེགས་ཏེ། རཾ་ཡཾ་ཁཾ་གིས་བསང་། ཨོཾ་ཨཱཿཧཱུྃ་གསུམ་གྱིས་བྱིན་བརླབས། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་རྒྱས་པར་སྤེལ་ལ། ཀྱེ། བསླུ་མེད་སྐྱབས་གནས་དཀོན་མཆོག་གསུམ། །རྒྱུད་སྡེ་བཞི་དྲུག་ཡི་དམ་ལྷ། །ཉན་རང་བྱང་སེམས་འཕགས་པའི་འཁོར། །བྱིན་རླབས་རྩ་བ་བླ་མ་དང་། །དངོས་གྲུབ་ཀུན་སྩོལ་ལྷག་པའི་ལྷ། །ལེགས་པར་བྱིན་རློབ་མཁའ་འགྲོ་མ། །ཕྲིན་ལས་རྣོ་མྱུར་ཆོས་སྐྱོང་སྡེ། །གཙང་རིས་དཔལ་མགོན་བདུན་ཅུ་ལྔ། །ཕྱོགས་སྐྱོང་འབྱུང་བ་བཞི་ཡི་ལྷ། །སྤར་སྨེ་དར་གུད་ཟླ་ཞག་དུས། །གཟའ་སྐར་ཡུལ་གཞི་གནས་ཀྱི་བདག །མ་ལུས་ལུས་པ་མེད་རྣམས་ལ། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། །བདུག་སྤོས་སྣང་གསལ་དྲི་བཟང་ཆབ། །ཞལ་ཟས་རོལ་མོ་འདོད་ཡོན་ལྔ། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན། །སྨན་གཏོར་རཀྟའི་དམ་ཚིག་རྫས། །བདེ་ཆེན་སྦྱོར་བའི་རིག་མ་འབུམ། །སྣང་སྟོང་འཛིན་བྲལ་མཆོད་པའི་ཚོགས། ཁྱད་པར་དྲི་བཟང་སྨན་འབྲུ་ཟས། །བཟང་ཤིང་ཞུགས་སྦར་དུད་པའི་སྤྲིན། །ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་མཆོག །རྡོ་རྗེ་བདུག་སྤོས་ལྷ་མོ་འབུམ། །འདོད་ཡོན་མཁོ་དགུ་ཆར་ལྟར་འབེབ། །མི་གཙང་ཉམས་རྒུད་རྨུགས་འཐིབས་བསང་། །རོལ་པས་ཟག་མེད་བདེ་བ་བསྐྱེད། །དགྱེས་པ་ཆེན་པོའི་སྤྲིན་དུ་འབུལ། །བདག་དང་རྒྱུ་སྦྱོར་སྦྱིན་བདག་གི། །བླ་ཚེ་ཉམས་པ་སོར་ཆུད་ལ། །འཕོ་བཅས་ལས་རླུང་རྒྱུ་བ་ཆོད། །འཕོ་མེད་རྟག་པ་དམ་པའི་ཚེ། །རླུང་སེམས་དྭངས་མའི་ཐིག་ལེར་སྡུས། །མི་འགྱུར་མི་ཤིགས་བརྟན་པར་མཛོད། །ཅེས་པས་མཆོད་ཅིང་། ཤ་ཁྲག་འབྲུ་སྨན་སྦྱར་བའི་གསུར་མཆོད་འབྱུང་པོའི་རྒྱུ་སྲང་སོགས་ལ་བསྲེགས་ཏེ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ལན་གསུམ་དང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་ཁྱབ་པར་བསྔོས་ལ། ཀྱེ། འཇིག་རྟེན་འདས་དང་མ་འདས་པའི། །སྡེ་བརྒྱད་འབྱུང་པོ་ཤ་ཟའི་ཚོགས། །ལོག་འདྲེན་མི་བསྲུན་དྲེགས་པའི་སྡེ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། །བླ་དང་ཚེ་སྲོག་ལ་བརྐུ་བའི། །གནོད་བྱེད་གདོན་བགེགས་ཐམས་ཅད་ལ། །ཤ་ཁྲག་འབྲུ་སྨན་སྦྱར་པ་ཡི། །བསྲེག་རྫས་འདོད་ཡོན་ལྔ་ལྡན་པ། །འཕྲལ་གྱི་ཟས་གོས་ཉེར་སྤྱད་དང་། །ཡུན་གྱི་མི་ཟད་འདོད་རྒུའི་གཏེར། །ནམ་མཁའ་མཛོད་ཀྱི་སྤྲིན་ཆེན་པོ། །འབུལ་བ་བདག་གིས་མ་ནོར་ལ། །བཞེས་པ་ཁྱེད་ཀྱིས་མ་ནོར་བར། །དགྱེས་པ་ཆེན་པོས་ལོངས་སྤྱད་ནས། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། །བླ་ཚེ་བརྐུས་པ་ཚུར་ལ་གཏོད། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཁྱོགས། །ཟོས་པ་སྐྱུགས་ལ་འགྲས་པ་ཞི། །མཁོན་པ་སྡུམས་ལ་བྱང་སེམས་བསྐྱེད། །མཆོད་སྦྱིན་འདི་ཡིས་ཚིམས་གྱིས་ལ། །མ་ཉེ་མ་འཁོར་མ་གནོད་པར། །མཐའ་དམག་གདུག་པར་ཟ་ཁ་གཏོད། །འདི་རུ་མ་འདུག་ཕྱིར་དེངས་ཤིག །ཅེས་དྲག་སྔགས་བརྗོད་ལ་བསྐྲད། དེ་ནས་བླ་འགུགས་དམིགས་བཟླས་ནི། ཧཱུྃ། བདག་མདུན་དཀྱིལ་འཁོར་ལྷ་ཚོགས་ཀྱི། །སྐུ་གསུང་ཐུགས་ཀྱི་གསང་བ་ལས། །འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་འཕྲོས། །དེ་ལས་ལྷ་མོ་མགྱོགས་མའི་ཚོགས། །གྲངས་མེད་ཉི་ཟེར་རྡུལ་ཕྲན་ལྟར། །སྟེང་འོག་ཕྱོགས་མཚམས་ཁྱབ་པར་གང་། །རང་དང་བསྒྲུབ་བྱའི་བླ་ཚེ་སྲོག །ཉམས་དང་ཕྲོགས་དང་འཁྱམས་པ་རྣམས། །འོད་ཀྱི་ཐིག་ལེ་ཟེར་ཐག་ཕྲེང་། །ཨ་ནྲྀ་ཧཱུྃ་དང་ཁྱད་པར་དུ། །ནྲྀ་ཡིག་ལྗང་གུའི་རྣམ་པར་བཀུག །བླ་ཚེ་སྲོག་གི་རྟེན་ལ་སྟིམས། །འཆི་མེད་ཡེ་ཤེས་སྐུ་འགྲུབ་ཤོག །རྩ་སྔགས་བརྗོད་པའི་ཤམ་བུར། ཨོཾ་རྫབ་རྫབ་རྫུབ་རྫུབ་བྷི་ཏྲ་ལྷོང་ལྷོང་ནྲྀ་ཁུག་ཛ་ཛ༔ ཞེས་བླ་འགུགས་སྔགས་བཟླས་མཐར། སྐབས་སུ་མདའ་དར་གཡབ་ལ་གཞུང་གསལ་ཚེ་འགུགས་ལན་མང་བསྐྱར། ཀྱཻ། དཀོན་མཆོག་གསུམ་གྱི་བདེན་པ་དང་། །རྩ་གསུམ་ལྷ་ཡི་བྱིན་རླབས་དང་། །ལྷ་སྔགས་ཕྱག་རྒྱ་བདེན་པའི་མཐུས། །བསྒྲུབ་བྱའི་བླ་ཚེ་བརྐུས་དང་ཕྲོགས། །འཁྱམས་དང་ཡར་པ་ཐམས་ཅད་ཀུན། །བླ་རྟེན་རྣམས་ལ་མྱུར་དུ་ཁུག །ཅེས་པའང་བརྗོད། ཚེ་པྲ་བརྟགས་མཐར། ཚེ་སྦ་བ་ནི། ཨ༔ འབྱུང་ལྔའི་ཁམས་ནས་ཡར་པའི་ཚེ༔ ཡུམ་ལྔའི་ཀློང་དུ་ཕྱག་རྒྱས་བཏབ༔ འཕོ་འགྱུར་མེད་པ་རྡོ་རྗེའི་ཚེ༔ གཞོམ་མེད་ཀློང་དུ་ཨ་ཏི་ཧོ༔ ཞེས་དང་དབྱངས་གསལ་རྟེན་སྙིང་བརྗོད་ལ་རྒྱས་གདབ། བསྲུང་བྱར་ཚེ་དབང་བསྐུར་ཞིང་། བླ་རྟེན་རྣམས་གཏད། བཀྲ་ཤིས་བརྗོད་ལ་མཐར་དབྱུང་ངོ་། །དབང་བཅུ་མངའ་བ་རྡོ་རྗེའི་གསུང་། །འཐད་ལྡན་ཚིག་གི་ལམ་དུ་དྲངས། །འདིས་ཀྱང་འཆི་བས་དུབ་པའི་འགྲོ། །འཆི་མེད་གོ་འཕང་འཐོབ་ཕྱིར་བསྔོ། །ཞེས་པའང་རིམ་གཉིས་ཟབ་མོའི་རྣལ་འབྱོར་གུ་རུ་ཨཱ་ཡུནྡྲི་དང་བཛྲ་མིང་ཅན་ཟུང་གིས་བསྐུལ་ངོར་བདུད་འཇོམས་ནམ་མཁའི་རྡོ་རྗེས་བྲིས་པ་དགེ་ཞིང་བཀྲ་ཤིས།། །།

པདྨ་གསང་བའི་ཐིག་ལེ་ལས། ཕྲིན་ལས་རྣམ་པ་བཞི་མྱུར་དུ་སྒྲུབ་པའི་སྲེག་བླུག་གི་ཆོ་ག་སྣ་ཚོགས་ནོར་བུའི་བང་མཛོད་ (Volume 63, Text 31)

༄༅། །པདྨ་གསང་བའི་ཐིག་ལེ་ལས། ཕྲིན་ལས་རྣམ་པ་བཞི་མྱུར་དུ་སྒྲུབ་པའི་སྲེག་བླུག་གི་ཆོ་ག་སྣ་ཚོགས་ནོར་བུའི་བང་མཛོད་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨཱཀ་ར་ཡ། ཡེ་ཤེས་འབར་བའི་མེ་ལྕེ་ཡིས། །འཁྲུལ་རྟོག་ཚང་ཚིང་སྲེག་མཛད་ཅིང་། །ཚོགས་གཉིས་སྣང་བ་རྒྱས་མཛད་པའི། །འཆི་མེད་དཀྱིལ་འཁོར་ལྷ་ལ་འདུད། །དེ་མཉེས་བྱེད་པའི་ཐབས་ཀྱི་སྒོ། །མྱུར་མགྱོགས་ཁྱད་པར་འཕགས་པའི་ལམ། །ཕྲིན་ལས་རྣམ་བཞིའི་འགྱུར་བ་ཅན། །ནོར་བུ་སྣ་ཚོགས་མདོག་ཅན་སྤེལ། །དེ་ཡང་པདྨ་ཟབ་པ་རྩ་བའི་རྒྱུད་ཀྱི་ཁ་སྐོང་མན་ངག་འཐོར་བུའི་རྒྱུད་ལས། ཕན་འདོགས་ཚར་གཅོད་ལ་སོགས་པ༔ ལས་ཀུན་མྱུར་མགྱོགས་མེ་ཡིས་འགྲུབ༔ ཞི་བ་དཀར་སོགས་ཤར་བལྟས་དང༔ ཐབ་ཁུང་ཟླུམ་པོ་ཞི་བའི་སེམས༔ ནད་གདོན་སྡིག་སྒྲིབ་ཞི་བའི་ཕྱིར༔ སྲེག་བླུག་འབུལ་ལ་ལྷ་ཚོགས་བསྐྱེད༔ འཇིག་རྟེན་པ་དང་འདས་པ་ལ༔ དེ་བཞིན་རྒྱས་དབང་དྲག་པོར་འབུལ༔ ལས་འགྲུབ་མེ་ཡི་སྦྱོར་བ་འོ༔ ཞེས་གསུངས་པ་ལྟར་ལག་ཏུ་བླང་བ་ལ། གང་དུ་བྱ་བའི་གཞིར། ས་གླུད་གཏོར་མ་གསེར་སྐྱེམས་ཉེར་སྤྱོད་སོགས་བཤམས་ལ། བདག་ཉིད་ལྷའི་རྣལ་འབྱོར་དང་ལྡན་པས། མཆོད་གཏོར་རྣམས་ལས་ཆུས་བྲན། ཧྱ་གྲཱྀ་ཝས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ། ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསམ་ལ་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱི་བྱིན་གྱིས་བརླབས། ཨ་ཀཱ་རོ་མུ་ཁཾ་གིས་བསྔོས་ལ། ཀྱཻ། དགོངས་ཤིག་ས་བདག་ལྷ་ཀླུ་འཇིག་རྟེན་སྐྱོང་། །གནས་དང་ཡུལ་གྱི་བདག་པོར་གྱུར་པ་ཀུན། །རིན་ཆེན་ས་གླུད་མཆོད་གཏོར་འདི་བཞེས་ལ། །བདག་གིས་གནས་འདིར་བྱང་ཆུབ་སྒྲུབ་པ་ལ། །ཀོ་ལོང་རུ་ང་ཕྲག་དོག་མ་མཛད་པར། །རིན་ཆེན་གཏེར་གྱི་ས་འདི་བསྩལ་དུ་གསོལ། །རྣལ་འབྱོར་བསམ་པ་འགྲུབ་པའི་ཕྲིན་ལས་མཛོད། །བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪ། ཞེས་མཆོད་གཏོར་གཙང་སར་གཤེགས། ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་ཀྱི་ངང་དུ་བལྟས་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་སྔགས་ལན་གསུམ་བརྗོད་ཅིང་དེ་ཉིད་ཀྱི་དོན་བསམ་པས་ས་གཞི་དྲི་མ་མེད་པར་སྦྱང་ངོ་།། ༈ །།དེ་ལ་ཐོག་མར་ཞི་བ་ལས་ཐམས་ཅད་པའི་སྲེག་བླུག་ལ་སྦྱོར་བ་དང་དངོས་གཞི་རྗེས་གསུམ། དང་པོ་ལ་ཆོ་གར་མ་གཏོགས་པའི་སྦྱོར་བ་ནི། བཀྲ་ཤིས་པའི་ས་ལ་སྟེག་བུ་གྲུ་བཞི་ཁོད་སྙོམས་པར་བྱས་པའི་སྟེང་དུ། དྲི་བཟང་དང་བ་བྱུང་ལྔ་བདུད་རྩི་དང་སྦྱར་བས་ཆག་ཆག་བཏབ་ལ། ཚངས་ཟུར་གྱི་ཐིག་སྤྱི་དང་མཐུན་པར་གདབ། དབུས་ནས་ཁྲུ་ཕྱེད་ཀྱི་ཟླུམ་པོར་བསྐོར་བའི་ཕྱི་རོལ་དུ་སོར་བཞིའི་ཚད་ཅན་གྱི་མཆུ་དང་ཁ་ཁྱེར་བསྐོར་ལ། ཟུར་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། ཐབ་ཀྱི་དབུས་སུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ། ཟླུམ་བསྐོར་ཐ་མར་མེ་རི་དང་། ཕྱི་མཐར་རྡོ་རྗེའི་ཕྲེང་བ་དང་བཅས་པར་ནག་པོ་སོགས་ཚོན་སེལ་གྱིས་མ་གོས་པར་བྲི། སྲོག་ཆགས་མེད་པའི་བའི་ལྕི་བ་སྐམ་པོ་ཟླུམ་པོར་བརྩེགས་ལ་དཀར་པོའི་དར་གྱིས་བཀབ་སྟེ། མེ་ཏོག་དང་འབྲུ་དཀར་པོ་ལས་བཅོས་པའི་གཏོར་མ་དཀར་ཟླུམ་པད་འདབ་ཅན། ཤེལ་སོགས་རིན་པོ་ཆེའི་རིགས་ཁ་དོག་དཀར་པོ་དང་། སྡིག་པ་ཞི་བ་ལ་ཏིལ་སོགས་ཁྱད་པར་གྱི་རྫས་གང་མང་བསགས། འོ་མ་ཅན་གྱི་ཤིང་ཁྲུ་གང་གི་ཚད་དུ་ལོང་བའི་ཡམ་ཤིང་། སྣོད་ཀྱང་དབྱིབས་ཟླུམ་པོ་ཁ་དོག་དཀར་པོ། ཚེས་གྲངས་ཡར་ངོ་ལྟ་བུ་དང་། སྒྲུབ་པ་པོ་ཆས་གོས་དཀར་པོ་ཞི་བའི་སེམས་དང་ལྡན་པའི་བཟང་པོའི་འདུག་སྟངས་ཀྱིས་ཁ་ཤར་དུ་ཕྱོགས་པས་འཁོད་ལ། གཡས་གཡོན་དུ་མཆོད་སྲེག་གི་རྫས། དགང་གཟར་བླུག །མར་ཁུ། མེ་ཡོལ། རྡོ་རྗེ་དྲིལ་བུ་སོགས་འོག་ཏུ་དགོས་པའི་ཡོ་བྱད་མ་ཚང་བ་མེད་པར་འདུ་བྱའོ། །གཉིས་པ་ཆོ་གར་གཏོགས་པའི་སྦྱོར་བ་ནི། བདག་གི་རྣལ་འབྱོར་བཟླས་པའི་མཐར་ཐུག་པའི་བར་སོང་ནས། རང་ཉིད་གཙོ་བོའི་ང་རྒྱལ་གྱིས་ལངས་ཏེ་སྲེག་བླུག་གི་བྱ་བ་ལ་འཇུག་པར་བསམ་ལ། རྡོར་དྲིལ་བསང་སྦྱང་། སྟོང་པའི་ངང་ལས་ཨཱཿལས་རྡོ་རྗེ་རྩེ་ལྔ་པ་ཐབས་ཀྱི་རང་བཞིན། མཱུྃ་ལས་དྲིལ་བུ་ཤེས་རབ་ཀྱི་ངོ་བོ། གཉིས་ཀའང་དོན་དམ་པར་བྱང་ཆུབ་སེམས་ཀྱི་བདག་ཉིད་དོ། །ཞེས་བསམ་ལ་རྡོ་རྗེ་གསོར་ལ་དྲིལ་བུ་དཀྲོལ། ཨོཾ་བཛྲ་གྷཎྜེ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ། པྲ་ཙཱ་ལི་ཏེ། པྲ་ཛྙཱ་པཱ་ར་མི་ཏ། ནཱ་ད་སཾ་བྷ་བེ་བཛྲ་དྷརྨ་ཧྲྀ་ད་ཡ། སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། ཞེས་བརྗོད་ལ་བྱིན་བརླབས། དགང་བླུག་བསང་སྦྱང་། སྟོང་པའི་ངང་ལས་དགང་བླུག་ཐབས་དང་ཤེས་རབ་ཀྱི་རང་བཞིན་དངོས་གྲུབ་འབྱུང་བའི་དམ་ཚིག་གི་ཡོ་བྱད་དུ་གྱུར་པར་བསམ། མཆོད་སྲེག་གི་རྫས་རྣམས་བསང་སྦྱང་། ཧཱུྃ། རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །རང་བྱུང་མཆོད་པའི་ཕུང་པོ་ནི། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུ། །དཔག་ཡས་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡའི་བར་དང་། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋ། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིང་ཏ་བྷ་ལ་བྷ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋ། ཞེས་ལན་གསུམ་རེས་བྱིན་བརླབས། སྲེག་རྫས་བདུད་རྩིས་བྲན་ལ་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ཅིང་། ཨོཾ་སྭཱ་ཧཱ། ཕྱག་རྒྱ་དེ་ཡམ་ཤིང་ལ། ཨོཾ་ཨཱཿསྭཱ་ཧཱ། ཞུན་མར་ལ། ཨོཾ་ཤྲཱིཾ་སྭཱ་ཧཱ། འབྲུ་རྣམས་ལ། ཨོཾ་ཛྲིཾ་སྭཱ་ཧཱ། རྫས་གཞན་རྣམས་ལ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། རྫས་རྣམས་ཀྱི་མ་དག་པའི་ཉེས་སྐྱོན་ཐམས་ཅད་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་བདུད་རྩིའི་བཅུད་ཅན་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ཞི་བའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་བསམ་ལ། ཨོཾ་བི་མ་ལ་ཨགྣེ་ཡེ་སྭཱ་ཧཱ། ཞེས་སོགས་སྔགས་རྣམས་ལན་གསུམ་གསུམ་བརྗོད་པས་བྱིན་གྱིས་བརླབ་བོ། །དེ་ནས་བགེགས་གཏོར། རཾ་ཡཾ་ཁཾ་གིས་བསང་། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབ། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ལན་གསུམ་སྔགས་རྒྱ་དང་བཅས་པས་བསྔོས། ཧཱུྃ༔ ང་ནི་ཡེ་ནས་ངང་གིས་ཁྲོ༔ ཁྲོ་ལ་ཁྲོས་པས་ཞི་མཛད་པའི༔ ཐུགས་རྗེ་ཁྲོས་དཔལ་རྟ་ཡི་རྒྱལ༔ རིག་རྩལ་འཕྲོ་འདུ་འབར་བའི་སྤྲིན༔ ཡེ་ཤེས་རོལ་པའི་རྒྱན་དུ་ཤར༔ ཉོན་ཅིག་མ་རིག་བདུད་དགྲའི་དཔུང༔ ཀུན་ཏུ་བརྟགས་པའི་གདོན་ཚོགས་ཀུན༔ ཡེ་ཤེས་རྒྱན་གྱི་གཏོར་མ་ལོངས༔ ཡོངས་གྲུབ་ཆོས་སྐུའི་ཀློང་དུ་དེངས༔ འཕོ་འགྱུར་མེད་པར་མཚམས་བཅད་དོ༔ ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ ཅེས་བགེགས་གཏོར་བསྔོ་ཞིང་མཚམས་བཅད། དེ་ནས་གཙུབ་ཤིང་ངམ་དགོན་པ་ལས་བྱུང་བའི་དུ་བ་མེད་པའི་མེ་སྦར་ཏེ། ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ། རླུང་གཡབ་ཀྱིས་གཡབ་ཅིང་། ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད། ཧཱུྃ་ལན་བདུན་བཟླས་ཏེ་མར་ཁུས་ཀྱང་གསོ་འོ། །དེ་ནས་ཀུ་ཤ་སྔོ་ལྗང་དྲི་མ་མེད་པ་ལས་ཆུས་བྲན་ཏེ། ཧྱ་གྲཱྀ་ཝས་བསང་ལ། ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་ནི་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབ་མའི་སྙིང་། །བདག་གི་གེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །སྭཱ་ཧཱ། ཞེས་བརྗོད་དེ་ཀུ་ཤ་གཉིས་གཉིས་ཀྱི་རྩེ་མོ་གཤིབས་པ་དག་སྒྲུབ་པོའི་གཡོན་ངོས་ཀྱི་ཐབ་ཀྱི་ཁ་ཁྱེར་ནས་རིམ་པར་རྩེ་མོ་ཤར་དང་ལྷོ་ནུབ་བྱང་དུ་བསྟན་པ་དགྲམ་ཞིང་རྒྱབ་མ་རྣམས་ཀྱི་རྩེ་མོ་མདུན་མ་རྣམས་ཀྱི་རྩ་བས་ནོན་པར་བྱ་ཞིང་། སླར་ཐབ་ཏུ་རྩེ་མོ་ཤར་དུ་བསྟན་པའི་ཀུ་ཤ་བ་ལང་གི་རྣ་བ་ལྟ་བུ་ཧ་ཅང་མི་རིང་བས་གཡོགས།། །།གཉིས་པ་དངོས་གཞིའི་དང་པོ་འཇིག་རྟེན་པའི་མེ་ལྷ་མཆོད་པ་ནི། དེ་ནས་ཐབ་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་ཞི་བའི་ཐབ་ཁུང་ཟླུམ་པོ་ཁ་དོག་དཀར་པོ་མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་སྣ་ཚོགས་པདྨ་དང་ཟླ་བའི་ལྟེ་བར་རྡོ་རྗེ་རྩེ་ལྔ་པ། ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བ་དང་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ་ཞི་བའི་མེ་དཀར་གསལ་གཡས་སུ་འབར་བའི་ཀློང་དུ། པཾ་ལས་པདྨ་དང་མ་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་རཾ་ཡིག་ཡོངས་སུ་གྱུར་པ་ལས་ཞི་བའི་མེ་ལྷ་སྐུ་མདོག་དཀར་པོ། གཡས་མེ་ཡི་འཁོར་ལོ་དང་གཡོན་རིལ་བ་སྤྱི་བླུགས་འཛིན་པ་དྲང་སྲོང་གི་ཆ་བྱད་ཅན། ར་སྐྱེས་དཀར་པོའི་གདན་ལ་བཞུགས་པ། རིགས་ཀྱི་བདག་པོ་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་ཅིང་། དྲང་སྲོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པ། བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་དང་བཅས་པ་སྤྱན་དྲང་པར་བསམ་ལ། ལག་གཡས་མི་འཇིགས་པའི་ཕྱག་རྒྱ་དང་བཅས་མཐེ་བོང་གཡབ་ལ། ཨོཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །མི་མཐུན་འཇིགས་བརྒྱད་ཞི་བའི་ཕྱིར། །དྲང་སྲོང་ཆེན་པོ་ད་ཚུར་ཤོག །ཆིབས་སུ་ར་སྐྱེས་ཁམ་པ་འཆིབ། །ཕྱག་ན་མེ་ཡི་འཁོར་ལོ་བསྣམས། །ཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝན་ཨགྣ་ཡེ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿ ཞེས་མདུན་གྱི་ནམ་མཁར་བྱོན་པར་བསམ། ལས་སྔགས་བརྗོད་ཅིང་ལས་ཆུས་བྲན་ཏེ་ཕྱིར་འབྲང་གི་བགེགས་བསྐྲད། ཛཿཧཱུྃ་བཾ་ཧོཿས་དམ་ཡེ་དབྱེར་མེད་དུ་བསྟིམ། བཛྲ་ས་མ་ཡ་ཏིཥྛ་ལྷན། ཞེས་གདན་ལ་བཞུགས། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སྭཱ་ཧཱ། ཞེས་པས་མཆོད་ཡོན་སྦྲེང་། ཨ་ཏི་པཱུ་ཧོས་ཕྱག་འཚལ། ཨོཾ། ཕྱི་ནང་གསང་གསུམ་མཆོད་པའི་སྤྲིན། །དཔག་མེད་ནམ་མཁའ་གང་བའི་ཚོགས། །མེ་ལྷ་འཁོར་དང་བཅས་ལ་འབུལ། །བཞེས་ནས་ཕྲིན་ལས་སྒྲུབ་ཏུ་གསོལ། །ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་མཆོད། ཧཱུྃ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྩོལ་མཛད་པའི། །བདག་གཞན་དོན་སྒྲུབ་ས་ལ་བཞུགས། །འཛིན་མཛད་མེ་ལྷ་ཉིད་ལ་འདུད། །ཅེས་པས་བསྟོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བུམ་པའི་ཆུས་དབང་བསྐུར། ཨོཾ་རཏྣ་ཨ་ལཾ་ཀཱ་རཿསྭཱ་ཧཱ། ཞེས་པས་དུང་ཤེལ་སོགས་རིན་པོ་ཆེའི་རྒྱན་ཕུལ། དེ་ནས་བྱོན་སྐྱེམས་ནི། མེ་ལྷ་ཞལ་འཛུམ་པ་དང་བཅས་ཅུང་ཟད་གདངས་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་གིས་མཚན་པས་སྲེག་བླུག་གི་བདུད་རྩི་དྲངས་ནས་གསོལ་བས་མཉེས་པར་བསམ་ལ། དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་དགང་བླུག་བཟུང་ལ། ཨོཾ་བི་མ་ལ་ཨགྣེ་སྭཱ་ཧཱ། ཞེས་བླུག་གཟར་གྱིས་མར་ཁུ་ལན་བདུན་བཀང་སྟེ་པུས་མོའི་ཕྱིར་མི་འདའ་བར་གཡས་སུ་བསྐོར་ཞིང་། ཨོཾ་པཱ་བ་ཀཿཨགྣ་ཡེ་ཞེས་པའི་མཐར། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྤེལ་ཚིག་དང་བཅས་ལན་གསུམ་དུ་འབུལ་ཞིང་མེ་པྲ་བརྟག །དེས་མཚོན་ཏེ་རྫས་གཞན་ལ། ཡམ་ཤིང་། ཨོཾ་བཻ་ཤྭེ་ཧསྟ་བཛྲ་ཡེ་སྭཱ་ཧཱ། མར་ཁུ། ཨོཾ་བི་མ་ལ་ཨགྣ་ཡེ་སྭཱ་ཧཱ། ཏིལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ། ཞོ་ཟན་དང་ཟས་མཆོག །ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། འབྲས། ཨོཾ་བཛྲ་པུཥྚཱ་ཡ་སྭཱ་ཧཱ། སོ་བ། ཨོཾ་བཛྲ་བཱི་ཛཱ་ཡ་སྭཱ་ཧཱ། ནས། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། སྲན་མ། ཨོཾ་མ་ཧཱ་བ་ལ་ཡ་སྭཱ་ཧཱ། གྲོ། ཨོཾ་བཛྲ་གྷསྨ་རི་ཡེ་སྭཱ་ཧཱ། དཱུརྦ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཀུ་ཤ །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ། རྫས་གཞན་རྣམས། ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་པུ་ལེ་མ་ཧཱ་ད་ར་བཻ་ཤྭེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པ་རྣམས་ཀྱི་མཐར། བདག་ཅག་དཔོན་སློབ་ཡོན་མཆོད་སོགས་གོང་གི་སྤེལ་ཚིག་བརྗོད་ལ་གྲངས་ཇི་ལྟར་རིགས་པ་འབུལ། དེ་དག་གི་སྐབས་སུ། སྲེག་རྫས་བདུད་རྩིའི་རྒྱུན་ཕུལ་པ་མེ་ལྷས་བཞེས་ཏེ་སྐུ་གསུང་ཐུགས་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། བདག་ལ་ཕོག་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་བསྲེགས། ཡང་འོད་ཟེར་བདུད་རྩིའི་རྒྱུན་ཅན་གྱིས་ཁྲུས་བྱས་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་པར་བསམ་མོ། །མཐར་དགང་བླུག་ལན་གསུམ་དང་། ཨ་ཀཱ་རོའི་སྔགས་ཀྱིས་གཏོར་མ་བསྔོས་ལ་སྐབས་འདིར་དངོས་སུ་མི་འབུལ། བསྟོད་པ་ནི། ཧཱུྃ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །ཚངས་དབང་འཇིག་རྟེན་མགོན་གྱི་སྲས། །འདོད་པ་ཐམས་ཅད་སྟེར་མཛད་པ། །བདག་གཞན་དོན་གཉིས་བརྩོན་ལ་བཞུགས། །དྲང་སྲོང་ཆེན་པོ་ཉིད་ལ་འདུད། །དམ་བཅས་བཞིན་དུ་མེ་ཡི་ལས། །ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་དང་ཐལ་མོ་སྦྱར་ལ། ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་སྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི། བྱད་ཕུར། རྦོད་གཏོང་། ཆག་ཆེ། ཉམ་ང་། དགྲ་རྐུན། བྱད་མ། བསམ་ངན་སྦྱོར་རྩུབ་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་དང་། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་བག་ཆགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ལས་བཅོལ། ཡི་གེ་བརྒྱ་པ་ལན་གསུམ་བརྗོད་ལ་ལྷག་ཆད་ཁ་བསྐང་ངོ་། །གཉིས་པ་འདས་པའི་མེ་ལྷ་མཆོད་པ་ལ་གཉིས། སྒྲུབ་མཆོད་དང་མ་འབྲེལ་བ་དང་། འབྲེལ་བའོ། །དང་པོ་ནི་བུད་ཤིང་ཅུང་ཟད་ཁ་གསོས། ཐབ་ལས་ཆུས་བསང་། དམ་ཚིག་མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་རྩ་གསུམ་ཚེ་ཡི་ལྷ་ཚོགས་རྟེན་དང་བརྟེན་པར་བཅས་པ་གསལ་ལ་རྫོགས་པ་འོད་ཟེར་ དཀར་པོའི་ ཕྲེང་བ་མཁའ་ཁྱབ་ཏུ་སྤྲོ་བར་བསམ་ལ། ཨ༔ ཆོས་སྐུ་སྐྱེ་བ་མེད་པ་ལས༔ སོགས་སྤྱན་འདྲེན་བཞུགས་གསོལ་ཕྱག་མཆོད་བསྟོད་པའི་བར་སོང་ནས། འོག་གི་བྱོན་སྐྱེམས་ནས་བརྩམ་སྲེག་བླུག་རྫོགས་པར་འབུལ། གཉིས་པ་གལ་ཏེ་སྒྲུབ་མཆོད་དང་འབྲེལ་ན། བུད་ཤིང་ཁ་གསོས་ལ། ཧཱུྃ། རིག་པའི་རྒྱལ་པོ་མེ་ལྷ་ཡི། །ཐུགས་ཀ་འབྱམས་ཀླས་ཆོས་དབྱིངས་སུ། །སྣོད་བཅུད་དངོས་འཛིན་དག་པའི་དབུས། །ནོར་བུ་ཆུ་ཤེལ་ལས་གྲུབ་པའི༔ བདེ་ཆེན་དག་པའི་གྲོང་ཁྱེར་ཆེ༔ ཚད་དང་མཚན་ཉིད་ཡོངས་རྫོགས་པའི༔ དབུས་མཁར་སྣ་ཚོགས་པདྨ་ནི༔ འདབ་བརྒྱད་གྱེས་པའི་ལྟེ་བ་རུ༔ ཐབས་ཤེས་ཉི་ཟླ་པདྨར་བཅས༔ མ་བསྐྱེད་ཡེ་རྫོགས་ཚུལ་དུ་གསལ། །དེ་ནས་སྤྱན་འདྲེན་པ་ནི། དབྱངས་དང་རོལ་མོ་བཅས་ཏེ། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ སོགས་ནས། ཨཱ་བཻ་ཤ་ཡ་ཨ་ཨ་ཨཱ༔ ཞེས་སྒྲུབ་དཀྱིལ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་པར་བསམ་ལ་གཙོ་འཁོར་གྱི་སྔགས་བརྗོད་བཞིན་སྒྲུབ་དཀྱིལ་ལས་མཎྜལ་མེ་ཏོག་གིས་མཚོན་པ་སྤྱན་དྲངས་ཏེ་གཙོ་འཁོར་སོ་སོའི་སྔགས་ཀྱི་མཐར། ས་མ་ཡ་ཏིཥྛ་ལྷན། ཞེས་སྤྱན་དྲངས་པ་སླར་ཡང་གསལ་གདབ་པའི་ཚུལ་གྱིས། ཧཱུྃ། བདེ་ཆེན་ཡེ་ཤེས་དཀྱིལ་འཁོར་གྱི། །དབུས་མཁར་སྣ་ཚོགས་པདྨ་ནི༔ འདབ་བརྒྱད་གྱེས་པའི་ལྟེ་བ་རུ༔ ཐབས་ཤེས་ཉི་ཟླ་པདྨའི་སྟེང༔ ཧྲཱིཿཡིག་དཀར་པོ་ཡོངས་གྱུར་ལས༔ འཆི་མེད་མཚོ་སྐྱེས་པདྨ་འབྱུང༔ སོགས་ནས། དཀྱིལ་འཁོར་ཆེན་པོར་ལྷུན་གྲུབ་གྱུར༔ ཅེས་པས་གསལ་གདབ། དེ་ནས་ལས་བྱང་ལྟར་བཞུགས་གསོལ་མཆོད་བསྟོད་དང་བཅས་པ་སོང་ནས། སྒྲུབ་མཆོད་དང་འབྲེལ་མ་འབྲེལ་གང་ལྟར་ཡང་། དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཐམས་ཅད་ལས་ཟླ་བ་ཆུ་ཤེལ་ལྟ་བུའི་འོད་ཟེར་དཀར་པོའི་ཕྲེང་བ་མཁའ་ཁྱབ་ཏུ་འཕྲོ་བས་ཞི་བའི་ཕྲིན་ལས་མཛད་པར་བསམ་ལ་སྲེག་རྫས་འབུལ་བ་ནི། ཧཱུྃ། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་འབར་བའི་སྦྱིན་སྲེག་འདི། །འཆི་མེད་ཚེ་ལྷའི་དཀྱིལ་འཁོར་ལྷ་ལ་འབུལ། །ཞི་བའི་ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ། །དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་རྡོ་རྗེ་དཀར་པོའི་རྣམ་པ་ཅན་དང་། གཟར་བུ་གཉིས་ཀྱི་ཁ་ལ་ཧཱུྃ་ཡིག་གིས་མཚན་པས་སྲེག་བླུག་གི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བས་མཉེས་པར་བསམ་ལ། རྩ་སྔགས་ལ་གོང་ལྟར་འདོད་གསོལ་དང་བཅས་པ་སྦྱར་ཏེ་བྱོན་སྐྱེམས་ནས་བརྩམ་རྫས་རྣམས་རྫོགས་པར་འབུལ། རྫས་རྣམས་རྫོགས་པའི་སྐབས། ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་རིག་པའི་ལྷ་མོ་རྣམས་ཀྱིས་ཟླ་བ་ཆུ་ཤེལ་གྱི་བུམ་པ་བདུད་རྩི་དཀར་པོས་གང་བ་འཛིན་པས་བསྒྲུབ་བྱའི་སྟེང་ཕྱོགས་ནས་ཁྲུས་བྱས་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་པར་བསམ་ལ། སླར་ཡང་དགང་བླུག་སྔར་བཞིན་འབུལ། ཨོཾ་བཛྲ་ཝསཏྲ་ཡེ་སྭཱ་ཧཱས་གོས་གསར་པ་དང་། ཨོཾ་བཛྲ་ཏམ་བུ་ལཱ་ཡ་སྭཱ་ཧཱ། ཞེས་སོ་རྩི་འབུལ། ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་བ་ལིངྟ་མ་ཧཱ་རཀྟ་མ་ཧཱ་ཡོ་གི་དྷརྨ་དྷཱ་ཏུ་པཱུ་ཛཿཧོཿ ཞེས་སྔགས་ཙམ་གྱིས་ཉེར་སྤྱོད་སྨན་གཏོར་རཀྟ་སོགས་ཕྱི་ནང་གི་མཆོད་པ་འབུལ། ཧཱུྃ༔ མ་བཅོས་སྤྲོས་བྲལ་ཆོས་ཀྱི་སྐུ༔ བདེ་ཆེན་ལྷུན་གྲུབ་ལོངས་སྤྱོད་རྫོགས༔ སྐྱེ་འཆི་སྤངས་པ་སྤྲུལ་པའི་སྐུ༔ དབྱེར་མེད་མཚོ་སྐྱེས་རྒྱལ་བར་བསྟོད༔ ཅེས་བསྟོད་ལ། ཧོཿ བཅོམ་ལྡན་འདས་རྩ་གསུམ་འཆི་མེད་ཚེ་ཡི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས། བདག་ཅག་དཔོན་སློབ་ཡོན་མཆོད་སོགས་ནས། མཛད་དུ་གསོལ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་མེ་ལྷའི་སྐབས་ལྟར་ཕྲིན་ལས་གསོལ་བ་བྱ། མ་རྙེད་ཡོངས་སུ་མ་ཚང་དང་། །སོགས་ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང་། སྒྲུབ་མཆོད་དང་མི་འབྲེལ་ཚེ། ཨོཾ། ཁྱོད་ཀྱིས་སེམས་ཅན་སོགས་ཀྱི་གཤེགས་གསོལ་བྱ། འབྲེལ་ཚེ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་སྒྲུབ་པའི་དཀྱིལ་འཁོར་ལ་གཤེགས་ཏེ། གཞལ་ཡས་ཁང་གདན་དང་བཅས་པ་རང་ལ་ཐིམ་པར་བསམ་ལ་བཀུར་སྟི་དང་བཅས་ཏེ་ཚོམ་བུ་དཀྱིལ་འཁོར་གྱི་རང་གནས་སུ་སྤྱན་དྲངས་ཏེ་བསྟིམ་མོ།། །།གསུམ་པ་རྗེས་ཀྱི་བྱ་བ་ལ། འཇིག་རྟེན་པའི་མེ་ལྷ་གཟི་བརྗིད་དང་ལྡན་པ་སླར་ཡང་གསལ་བར་བསམ་ལ་བྱོན་སྐྱེམས་བཞིན་དགང་བླུག་ཕུལ། སྲེག་རྫས་སོ་སོའི་སྔགས་མཐར། ཨོཾ་པཱ་བ་ཀཿཨགྣ་ཡེ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་། རྫས་དང་ཡོ་བྱད་མ་ཚང་བ། ཏིང་ངེ་འཛིན་མ་གསལ་བ། ཆོ་ག་ལྷག་ཆད་དུ་གྱུར་པ་སོགས་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་དང་། གོས་ཟུང་སོ་རྩི་སྔགས་དང་བཅས་ཕུལ། ཨོཾ་བཛྲ་པུཥྤེ་ནས་ཤབྡའི་བར་གྱིས་མཆོད་ཅིང་། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་བསྟོད། ཨ་ཀཱ་རོ་སོགས་ཀྱིས་གཏོར་མ་ཐབ་ཏུ་འབུལ་ཞིང་། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ། མ་རྙེད་ཡོངས་སུ་མ་ཚང་དང་། །སོགས་ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང་། བདག་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས། །ཇི་བཞིན་དུས་སུ་ཚུར་བྱོན་ལ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་བཛྲ་མུཿ ཞེས། མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པའི་མེ་ལྷ་རང་གི་སྙིང་ཁར་ཐིམ་པར་བསམ། ལས་མཇུག་བྲོ་ཡིས་བརྡུང་བ་ནི། བྲོ་ར་ཟླུམ་པོར་བསྐོར་ལ་ཞི་བའི་སེམས་ཀྱིས། རྣམ་ཐར་གསུམ་གྱི་ཨེ་ཀློང་དུ༔ ཉོན་མོངས་བདག་ལྟའི་དགྲ་ཚོགས་རྣམས༔ ཡེ་ཤེས་རོལ་པའི་རྩལ་གྱིས་མནན༔ ནམ་ཡང་ལྡང་བར་མ་བྱེད་ཅིག༔ ཨོཾ་ལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ནན༔ ཞེས་པས་བྲོ་བརྡུང་། དགེ་བསྔོ་བཀྲ་ཤིས་སོགས་སྤྱི་ལྟར་བྱས་པས་འགྲུབ་བོ། །སྦྱིན་སྲེག་བྱས་པའི་མེ་དཀྲུག་བརྡལ་མི་བྱ་བར་རང་ཞིར་འཇོག །ལོང་མེད་ན་འོ་ཆབ་ཀྱིས་གཞིལ་ཏེ་ཐལ་སོལ་ཆུ་བོ་ཆེན་པོར་དོར་བར་བྱའོ།། །། ༈ གཉིས་པ་རྒྱས་པ་ལས་ཐམས་ཅད་པའི་སྲེག་བླུག་ནི། ཐབ་དྲི་བཟང་དང་བ་བྱུང་ལྔ་བདུད་རྩི་དང་སྦྱར་བས་ཆག་ཆག་བཏབ་ལ། ཚངས་ཟུར་གྱི་ཐིག་སྤྱི་ལྟར་བཏབ་པའི་དབུས་ནས་ལོགས་ངོས་ཁྲུ་རེ་གཞལ་བའི་སར་གྲུ་བཞིར་བཅད་པའི་ཕྱི་རོལ་དུ་སོར་བརྒྱད་པའི་མཆུ་དང་ཁ་ཁྱེར་གྱིས་བསྐོར། ཐབ་དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་ཟུར་དྲུག་པའི་རིན་པོ་ཆེས་མཚན་པའམ་ཡང་ན་རིན་ཆེན་རྐྱང་པས་ཀྱང་རུང་། མུ་རན་ལ་མེ་རི་སེར་པོ་གཡས་སྐོར། དེའི་ཁ་ཁྱེར་དང་ཟུར་བཞི་ལ་རིན་པོ་ཆེའི་ཕྲེང་བས་བསྐོར་བ་བྲི། ཐམས་ཅད་ཁ་དོག་སེར་པོ། བཅད་ཚོན་སོགས་ཀྱང་ངུར་སྨྲིག་གམ་ཚོན་ཇི་ལྟར་རིགས་པ་ལས་ནག་པོ་སོགས་ཚོན་སེལ་གྱིས་མ་ཕོག་པ་གལ་ཆེའོ། །དེར་ཚེར་མ་མེད་པའི་འབྲས་བུ་ཅན་གྱི་ཤིང་འོ་མར་བཅས་པའི་གུར་གུམ་གྱི་ཆབ་ཀྱིས་བྲན་པ་གྲུ་བཞིར་བརྩེགས། མེ་ཏོག་སེར་པོ་གྲོ་དང་རྒུན་འབྲུམ་སོགས་ལས་བཅོས་པའི་གཏོར་མ་གྲུ་བཞི་པད་འདབ་ཅན། འབྲས་བུ་ཅན་གྱི་ཡམ་ཤིང་ཁྲུ་གང་བ་མངར་གསུམ་དང་མར་ཁུས་སྦགས་པ། ཤིང་ཏོག་དང་མེ་ཏོག་རིན་པོ་ཆེ་སེར་པོ། ཁྱད་པར་དུ་ཚེ་འཕེལ་བ་ལ་དཱུརྦ་སོགས་གང་གཙོ་བོ་བྱེད་པའི་རྫས་མང་དུ་བསགས། སྣོད་ཀྱང་དབྱིབས་གྲུ་བཞི། ཁ་དོག་སེར་པོ། ཚེས་བརྒྱད་དང་བཅོ་ལྔ་སོགས་སྔ་དྲོའི་ཆ་ལ་སློབ་དཔོན་ཆས་གོས་སེར་པོ་དང་བཅས་བཟང་པོའི་འདུག་སྟངས་ཀྱིས་ཁ་བྱང་དུ་བལྟས་པས་འཁོད་ལ་ལས་རིམ་ལ་འཇུག །གོང་གི་ཚིག་རིས་ཞི་བ་དང་དཀར་པོ་སོགས་ལ། རྒྱས་མཛད་དང་། སེར་གསལ་སོགས་སུ་ཁ་བསྒྱུར། རྒྱལ་རིགས་ཀྱི་ཁྱིམ་དང་གཙུབ་ཤིང་ལས་བྱུང་བའི་མེ་སྦར། ཐབ་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་རྒྱས་པའི་ཐབ་ཁུང་སེར་པོ་དབྱིབས་གྲུ་བཞི་མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་རིན་པོ་ཆེ་སེར་པོ་དང་། ཁ་ཁྱེར་དང་ཟུར་བཞིར་རིན་པོ་ཆེས་མཚན་པ་དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་འཕྲོ་བ་མཚན་ཉིད་ཡོངས་སུ་རྫོགས་པའི་དབུས་སུ་རྒྱས་པའི་མེ་སེར་གསལ་དུ་འབར་བའི་ཀློང་དུ། རྒྱས་པའི་མེ་ལྷ་སེར་པོ་གནོད་སྦྱིན་སྒེག་པའི་ཉམས་ལྡན་ཕྱག་གཡས་ན་རྒྱས་མཛད་མེ་ཡི་འཁོར་ལོ་དང་གཡོན་ན་རིལ་བ་སྤྱི་བླུགས་འཛིན་པ་དྲང་སྲོང་གི་ཆ་བྱད་ཅན། ར་སྐྱེས་སེར་པོའི་གདན་ལ་བཞུགས་པ། རིགས་ཀྱི་བདག་པོ་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་ཅིང་སོགས་དང་། སྤྱན་འདྲེན་སྐབས། མི་མཐུན་འཇིགས་བརྒྱད་མལ་དུ། ཚེ་བསོད་འབྱོར་དྲུག་རྒྱས་པའི་ཕྱིར། །ཞེས་སྦྱར། བྱོན་སྐྱེམས་སྐབས། མཐེབ་མཛུབ་རྩེ་སྤྲད་རིན་པོ་ཆེའི་ཁུ་ཚུར་གྱིས་དགང་བླུག་བཟུང་། འདོད་གསོལ་སྐབས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་ཡོན་ཏན་ཡེ་ཤེས་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཞེས་སྦྱར། དམིགས་པ་ནི། སྲེག་རྫས་ཕུལ་པས་མེ་ལྷ་མཉེས་ཏེ་འོད་ཟེར་གསེར་མདོག་ཉི་མ་ལྟ་བུ་འཕྲོས་པའི་རྩེ་ལས་འཆི་མེད་ཀྱི་བདུད་རྩི་དང་། ནོར་བུའི་ཆར་བབས་ཏེ་གནས་ལུས་ལོངས་སྤྱོད་ཐམས་ཅད་འབྱོར་ཞིང་རྒྱས་པར་བསམ། འདོད་གསོལ་སྐབས། ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་སྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་སྙན་གྲགས་དབང་ཐང་གཟི་བརྗིད་ལང་ཚོ་ལོངས་སྤྱོད་འཁོར་འབངས་མངའ་རིས་ཆུས་སྲིད་དར་ཞིང་རྒྱས་པར་མཛད་དུ་གསོལ། ཁྱད་པར་དུའང་མཁྱེན་བརྩེ་ནུས་མཐུ་ཉམས་རྟོགས་ཡོན་ཏན་དཀར་པོའི་བསམ་སྦྱོར་ཐམས་ཅད་གོང་ནས་གོང་དུ་འཕེལ་བ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་ལེགས་མ་ལུས་པ་ཡར་ངོའི་ཟླ་བ་བཞིན་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ་པུཥྚིཾ་ཀུ་རུ་ཨོཾ། ཞེས་སྦྱར། འདས་པའི་སྐབས། དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཐམས་ཅད་ལས་གསེར་བཙོ་མ་ལྟ་བུའི་འོད་ཟེར་ཞིང་ཁམས་ཐམས་ཅད་ཁྱབ་པར་འཕྲོས་པས་རྒྱས་པའི་ཕྲིན་ལས་མཛད་པར་བསམ། བྱོན་སྐྱེམས་སྐབས། དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་རིན་པོ་ཆེ་སེར་པོའི་རྣམ་པ་ཅན་དང་། གཟར་བུ་གཉིས་ཀྱི་ཁ་ལ་བྷྲཱུྃ་ཡིག་གིས་མཚན་པས་སྲེག་བླུག་གི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བས་མཉེས་པར་བསམ། རྫས་རྣམས་རྫོགས་ནས་ལས་འཆོལ་བའི་ཚེ། ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་རིགས་ཀྱི་ལྷ་མོ་རྣམས་ཀྱིས་གསེར་གྱི་བུམ་པ་བདུད་རྩི་དང་རིན་པོ་ཆེས་གང་བ་འཛིན་པས་བསྒྲུབ་བྱའི་སྟེང་ཕྱོགས་ནས་བདུད་རྩི་དང་རིན་པོ་ཆེའི་ཆར་ཕབ་པས་ལུས་དང་ཁྱིམ་གང་། ཚེ་དང་བསོད་ནམས་ལོངས་སྤྱོད་ཐམས་ཅད་རྒྱས་པར་བསམ། མཆོད་བསྟོད་ཀྱི་རྗེས། ཧོཿ བཅོམ་ལྡན་འདས་རྩ་གསུམ་འཆི་མེད་ཚེ་ཡི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས། བདག་ཅག་དཔོན་སློབ་ཡོན་མཆོད་སོགས་ནས། མཛད་དུ་གསོལ་པུཥྚིཾ་ཀུ་རུ་ཨོཾ། ཞེས་མེ་ལྷའི་སྐབས་ལྟར་ཕྲིན་ལས་གསོལ་བ་བྱ། རྗེས་ཆོག་མེ་ལྷའི་སྲེག་རྫས་མཐར། ཨོཾ་པཱ་བ་ཀཿཨགྣ་ཡེ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས་ནོངས་པ་གང་བགྱིས་པའི་ཉེས་ཚོགས་ཞི་སྟེ། སྲིད་ཞིའི་ལེགས་ཚོགས་ཐམས་ཅད་རྒྱས་པར་གྱུར་ཅིག་པུཥྚིཾ་ཀུ་རུ་ཨོཾ། ཞེས་འབུལ། བྲོ་བརྡུང་སྐབས་རྒྱས་པའི་སེམས་དང་བྲོ་ར་གྲུ་བཞིར་བཅས་ལ། རྣམ་ཐར་གསུམ་གྱི་ཨེ་ཀློང་དུ༔ ཉོན་མོངས་བདག་ལྟའི་དགྲ་ཚོགས་རྣམས༔ ཡེ་ཤེས་རོལ་པའི་རྩལ་གྱིས་མནན༔ ནམ་ཡང་ལྡང་བར་མ་བྱེད་ཅིག༔ ཨོཾ་ལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ནན༔ ཞེས་ལས་གཞུང་ལྟར་བྲོ་བརྡུང་། མེ་ཡི་བྱ་བ་ཞི་བ་ལྟར་ལ་ཐལ་སོལ་བང་མཛོད་དུ་སྦའོ།། །། ༈ གསུམ་པ་དབང་གི་སྦྱིན་སྲེག་ནི། སྟེགས་བུ་མྱོས་བྱེད་དང་ཆོས་སྨན་གྱིས་བྱུགས་ཤིང་སིནྡྷུ་ར་བརྡལ་བའི་སྟེང་དུ། དབུས་སུ་ཟླ་གམ་རྒྱར་མཐོ་དོ། སྲིད་དུ་ཁྲུ་གང་བ་པདྨ་འདབ་བརྒྱད་ལྕགས་ཀྱུས་མཚན་པ། དེ་རྒྱབ་སོར་བརྒྱད་པའི་མཆུ་དང་ཁ་ཁྱེར་ལ་མེ་རི་དམར་པོ་གཡོན་སྐོར་དང་། མེ་ཏོག་དམར་པོ་ལྕགས་ཀྱུའི་ཕྲེང་བ། ཟུར་ལའང་དེ་ལྟར་བྲི། དམར་པོའི་གཞི་ལ་དེ་དང་མི་ཟློས་པའི་དམར་སེར་ལྟ་བུས་གཅད། ཁ་དོག་མི་མཐུན་པའི་ཚོན་སེལ་མི་རྒྱག་པ་འདི་གནད་དུ་ཆེའོ། །དེ་སྟེང་ཁ་དོག་དམར་པོའི་ཤིང་ཁྲུ་གང་བ་མྱོས་བྱེད་ཀྱིས་བྲན་པ་ཟླ་གམ་དུ་བརྩེགས། བུ་རམ་དང་འབྲས་དམར་རམ་བུའི་ཕྱེ་མ་སོགས་མར་ལ་བསྲེས་པའི་དབང་གི་གཏོར་མ་དམར་པོ་དབྱིབས་ཟླ་གམ་པད་འདབ་ལྔ་པ། སྨན་རཀ །ཏིལ་མར་གྱི་མར་ཁུ། ཙནྡ་དམར་པོ་སོགས་སྐྱུར་བའི་ཤིང་སྡོང་སོར་ལྔ་པའམ་གསུམ་པ་བུ་རམ་དང་མར་ཁུས་རྩེ་མོ་དང་། སིནྡྷུ་ར་དང་མཚལ་གྱིས་རྩ་བ་བྱུགས་པ། ཤིང་ཐོག་དམར་པོ་དང་། དར་དམར། ཁྱད་པར་གྱི་རྫས་མེ་ཏོག་དམར་པོ། མངར་གསུམ། རཀྟ་སོ་ལྔ། བྱེ་རུ་སོགས་རིན་པོ་ཆེ་དམར་པོ། སྣོད་སྤྱད་རྣམས་དབྱིབས་ཟླ་གམ་དང་ཁ་དོག་དམར་པོ། དུས་དམར་ཕྱོགས་ཀྱི་ཚེས་བཅུ་སོགས་ཀྱི་དགོང་མོའི་ཆར། སློབ་དཔོན་ཆས་གོས་དམར་པོ་ཆགས་པའི་སེམས་དང་ལྡན་པས་པད་སྐྱིལ་གྱིས་ཁ་ནུབ་ཏུ་ཕྱོགས་པས་འཁོད། འདོན་བྱ་ཞི་བ་དང་དཀར་པོ་སོགས་ལ། དབང་དང་དམར་པོ། དབང་མཛད་དང་དམར་གསལ་སོགས་བསྒྱུར་རོ། །རོལ་མོ་མཁན་དང་སྨད་འཚོང་མའི་ཁྱིམ་ནས་བྱུང་བའི་མེ་སྦར། ཐབ་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་དབང་གི་ཐབ་ཁུང་ཁ་དོག་དམར་པོ་ཟླ་གམ་གྱི་དབྱིབས་ཅན་མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་པདྨ་དམར་པོའི་ལྟེ་བར་ལྕགས་ཀྱུ་དང་། ཁ་ཁྱེར་དང་ཟུར་བཞིར་མེ་ཏོག་དམར་པོ་དང་ལྕགས་ཀྱུས་མཚན་པ་དྭངས་གསལ་འོད་ཟེར་འཕྲོ་བ་རྒྱ་དཔངས་སོགས་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ་དབང་གི་མེ་དམར་གསལ་དུ་འབར་བའི་དབུས་སུ། དབང་གི་མེ་ལྷ་དམར་པོ་ཆགས་པའི་ཉམས་ཅན་ཕྱག་གཡས་དབང་མཛད་མེ་ཡི་འཁོར་ལོ་དང་གཡོན་རིལ་བ་སྤྱི་བླུགས་འཛིན་པ་དྲང་སྲོང་གི་ཆ་བྱད་ཅན། ར་སྐྱེས་དམར་པོའི་གདན་ལ་བཞུགས་པ་རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་ཅིང་ཞེས་བསྒྱུར། སྤྱན་འདྲེན་སྐབས། ཁམས་གསུམ་སྲིད་གསུམ་དབང་སྡུད་ཕྱིར། །ཞེས་དང་། བྱོན་སྐྱེམས་སྐབས། ལག་པ་ཁུ་ཚུར་སྲིན་མཛུབ་རྩེ་སྤྲད་པའི་པདྨའི་ཕྱག་རྒྱས་དགང་བླུག་བཟུང་། འདོད་གསོལ་སྐབས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱིས་རླུང་སེམས་སྣང་བ་ཡིད་ལ་འདོད་པའི་དོན་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོ། ཞེས་སྦྱར། དམིགས་པ་ནི། འོད་ཟེར་དམར་པོ་ལྕགས་ཀྱུའི་རྡུལ་ཅན་ཉི་ཟེར་ལྟར་འཕྲོས་པས་ཁམས་གསུམ་སྲིད་གསུམ་འཇིག་རྟེན་ལས་འདས་པ་དང་མ་འདས་པའི་དཔལ་འབྱོར་དངོས་གྲུབ་ཤེས་རབ་ཡེ་ཤེས་ཐམས་ཅད་དབང་དུ་འདུས་པར་བསམ། འདོད་གསོལ་སྐབས། ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་སྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་འཇིག་རྟེན་ཁམས་ཀྱི་ལྷ་འདྲེ་མི་གསུམ། རྒྱལ་བློན་བཙུན་མོ། འགྲོ་བ་ཕོ་མོ། ཟས་ནོར་ལོངས་སྤྱོད། དྲེགས་ལྡན་མི་དང་མི་མིན་མཐའ་དག་རང་དབང་མེད་པར་ཆོས་བཞིན་དབང་དུ་འདུ་བར་མཛད་དུ་གསོལ། རྩ་བ་གསུམ་གྱི་བྱིན་རླབས་དངོས་གྲུབ་རླུང་སེམས་སྣང་བ་ཐམས་ཅད་དབང་དུ་འདུ་བར་མཛད་དུ་གསོལ། མདོར་ན་འཁོར་འདས་ལམ་གསུམ་མཆོག་ཐུན་མོང་གི་དངོས་གྲུབ་ཡིད་ལ་འདོད་པ་གང་མཆིས་པ་ཐམས་ཅད་ཐོགས་པ་མེད་པར་དབང་དུ་འདུ་བར་མཛོད་ཅིག་ཝཱ་ཤཾ་ཀུ་རུ་ཧོ། ཞེས་སྦྱར། དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཐམས་ཅད་ལས་འཆར་ཁའི་ཟེར་ཐག་ལྟ་བུའི་འོད་དམར་འཁོར་འདས་ཐམས་ཅད་དུ་ཁྱབ་པར་འཆར་བས་དབང་གི་ཕྲིན་ལས་མཛད་པར་བསམ། བྱོན་སྐྱེམས་སྐབས། དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་ཞིང་ཆགས་པ་དང་བཅས་ཅུང་ཟད་གདངས་པའི་ལྗགས་པདྨ་དམར་པོའི་རྣམ་པ་ཅན་དང་། གཟར་བུ་གཉིས་ཀྱི་ཁ་ལ་ཧྲཱིཿཡིག་གིས་མཚན་པས་སྲེག་བླུག་གི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བས་མཉེས་པར་བསམ། ལས་བཅོལ་བའི་ཚེ། ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་རིགས་ཀྱི་ལྷ་མོ་རྣམས་ཀྱིས་པདྨ་རཱ་གའི་བུམ་པ་བདུད་རྩི་དམར་པོས་གང་བ་འཛིན་པས་བསྒྲུབ་བྱའི་སྟེང་ཕྱོགས་ནས་དབང་བསྐུར་བས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་མོས་པ་རྣམ་པ་བཞིས་དབང་དུ་བསྡུ་བའི་ནུས་མཐུ་ལ་མངའ་བརྙེས་པར་བསམ། མཆོད་བསྟོད་རྗེས། ཧོཿ བཅོམ་ལྡན་འདས་རྩ་གསུམ་འཆི་མེད་ཚེ་ཡི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས། བདག་ཅག་དཔོན་སློབ་ཡོན་མཆོད་སོགས་ནས། འདུ་བར་མཛོད་ཅིག་ཝཱ་ཤཾ་ཀུ་རུ་ཧོ། ཞེས་མེ་ལྷའི་སྐབས་ལྟར་ཕྲིན་ལས་གསོལ་བ་བྱ། རྗེས་ཆོག་མེ་ལྷའི་སྲེག་རྫས་འབུལ་སྐབས། ཨོཾ་པཱ་བ་ཀཿཨགྣ་ཡེ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱིས་ནོངས་པ་གང་བགྱིས་པའི་ཉེས་ཚོགས་ཐམས་ཅད་ཞི་ཞིང་། རླུང་སེམས་སྣང་བ་ཡིད་ལ་འདོད་པའི་དོན་ཐམས་ཅད་མྱུར་བ་ཉིད་དུ་དབང་དུ་འདུ་བར་གྱུར་ཅིག་ཝཱ་ཤཾ་ཀུ་རུ་ཧོ། ཞེས་བརྗོད། བྲོ་བརྡུང་སྐབས་ཆགས་པའི་སེམས་ཀྱིས་བྲོ་ར་ཟླ་གམ་དུ་བསྐོར་ལ། རྣམ་ཐར་གསུམ་གྱི་ཨེ་ཀློང་དུ༔ ཉོན་མོངས་བདག་ལྟའི་དགྲ་ཚོགས་རྣམས༔ ཡེ་ཤེས་རོལ་པའི་རྩལ་གྱིས་མནན༔ ནམ་ཡང་ལྡང་བར་མ་བྱེད་ཅིག༔ ཨོཾ་ལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ནན༔ ཞེས་ལས་བྱང་ལྟར་བྲོ་བརྡུང་། ཐབ་ཀྱི་མེ་རང་ཞིའམ་ཆང་གིས་གཞིལ་ཏེ་ཐལ་སོལ་རི་རྩེར་རླུང་ལ་ཕྱར་བའམ་ཆུ་ཆེན་དུ་བསྐྱལ་ལོ།། །། ༈ བཞི་པ་དྲག་པོའི་སྲེག་བླུག་ལ། དྲག་པོའི་ཐབ་ཁུང་གྲུ་གསུམ་ཁ་ཁྱེར་རིམ་པ་གསུམ་གྱི་རྣམ་པ་ལྟེ་བར་ཆོས་འབྱུང་མཐིང་ནག་རཾ་ཡིག་གིས་མཚན་པ་བྲི། དཀར་པོ་ལ་སོགས་པའི་ཚོན་སེལ་གྱིས་མ་གོས་པར་དུག་ཤིང་ལ་དུག་ཁྲག་གིས་བྲན་པའི་ཧོམ་གྲུ་གསུམ་དུ་བརྩེགས། ཚེར་མ་ཅན་གྱི་ཤིང་ལ་ཚ་བ་གསུམ་གྱིས་བྲན་པའི་ཡམ་ཤིང་དང་། མར་ནག་ཚིལ་ཞུན་གྱིས་སྦགས་པ། དགྲ་བགེགས་མིང་རུས་བླ་དྭགས་དང་བཅས་པའི་ལིང་ག་གྲངས་ལྡན། དྲག་པོའི་རྫས་ལྕགས་ཟངས་རྡོ་ཕྱེ། ཤ་སྣ་དུག་དང་བསྲེས་པའི་རིལ་བུ། མར་ནག་རྨེ་ནལ་གྱི་ཁྲག་གིས་སྦགས་པ། ཏིལ་དང་ཡུངས་དཀར། ཚ་བ་གསུམ། ཟག་རྫས་བག་ཕྱེ་དང་བསྲེས་པའི་རིལ་བུ་བཅས་རྫས་རྣམས་ལྕགས་སམ་ཐོད་སྣོད་དུ་རིམ་པར་བཀོད། འབྲུ་ནག་དང་ཁྲག་སྐྱེམས་སྦྱར་བའི་དྲག་པོའི་གཏོར་མ་གྲུ་གསུམ་དབལ་ཅན། ཁྲག་གི་མཆོད་ཡོན། དབང་པོའི་མེ་ཏོག་སོགས་དྲག་པོའི་ཉེར་སྤྱོད་དང་། སློབ་དཔོན་ཆས་གོས་ནག་པོ་དང་ལྡན་པས་གཏུམ་པའི་སེམས་ཀྱིས་ཁ་ལྷོར་ཕྱོགས་པས་འཁོད། མཆོད་རྫས་བྱིན་རླབས་སྐབས། སྟོང་པའི་ངང་ལས་ཨཱཿལས་ཐོད་པའི་སྣོད་དུ་དགྲ་བགེགས་བསྒྲལ་པ་ལས་བྱུང་བའི་མཆོད་སྤྲིན་ནམ་མཁའི་མཐའ་ཀླས་པ་རྒྱས་པར་འགེངས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས་ཤབྡའི་བར་དང་། སྨན་རཀ་གཏོར་སྔགས་སྦྱར་བས་བྱིན་བརླབས། སྲེག་རྫས་རྣམས་བསང་སྦྱང་། སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་ཐོད་པའི་སྣོད་དུ་ནྲྀ་ཏྲི་ལས་བྱུང་བའི་དགྲ་བགེགས་ཀྱི་ཤ་ཁྲག་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་སོ་སོའི་མཚན་ཉིད་ཡོངས་སུ་རྫོགས་པ་ནམ་མཁའི་ཁམས་གང་བར་གྱུར། རྩ་སྔགས་མཐར། ནྲྀ་ཏྲི་ཨ་མུ་ཀ་མཱ་ར་ཡ་ཛཿཛཿ ཞེས་བྱིན་བརླབས། མེ་ཐབ་བསྐྱེད་སྐབས་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི་དྲག་པོའི་ཐབ་ཁུང་གྲུ་གསུམ་མཐིང་ནག་བང་རིམ་གསུམ་ལྡན་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་དུ། ར་སྐྱེས་ཁམ་པ་ལ་གནས་པའི་ཟ་བྱེད་མེ་ལྷ་མཐིང་ནག་ཁྲོ་གཏུམ་གྱི་ཚུལ་ཅན་འཇིགས་སུ་རུང་བ། གཡས་དྲག་པོའི་མེ་ཧོམ་དང་གཡོན་རིལ་བ་སྤྱི་བླུགས་འཛིན་པ་དོན་ཡོད་གྲུབ་པའི་དབུ་རྒྱན་ཅིང་ཞེས་སྦྱར། སྤྱན་འདྲེན་སྐབས། དགྲ་བགེགས་གདུག་པ་ཚར་གཅོད་ཕྱིར། །ཞེས་དང་། བྱོན་སྐྱེམས་སྐབས། མེ་ལྷའི་ལྗགས་རྡོ་རྗེའི་རྩེ་མོ་གཅིག་པར་རཾ་དང་དགང་བླུག་གི་རྩེར་ཧཱུྃ་མཐིང་ནག་འབར་བས་མཚན་པས་སྲེག་བླུག་གི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བས་མཉེས་པར་བསམ་པ་དང་། དགང་བླུག་ཁྲོ་བོའི་ཁུ་ཚུར་གྱིས་བཟུང་ནས་པུས་མོ་ལས་ནང་དུ་མི་འདའ་བར་གཡོན་དུ་བསྐོར་ཞིང་། ཨོཾ་ཨགྣ་ཡེ་དཱི་བྱ་དཱི་བྱ་བི་ཤུདྡྷེ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བ་ཧ་ན་ཡ། བདག་ཅག་དཔོན་སློབ་རྒྱུ་སྦྱོར་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་འགལ་རྐྱེན་མི་མཐུན་པའི་ཕྱོགས་སྤྱི་དང་། ཁྱད་པར་བསམ་པ་ངན་པ་ཡིད་ལ་འཆང་ཞིང་སྦྱོར་བ་རྩུབ་མོ་ལག་ཏུ་ལེན་པའི་དགྲ་བོ་ཆེ་གེ་མོ་བྱད་མ་རྦོད་གཏོང་དང་བཅས་པ་ཐམས་ཅད་མཱ་ར་ཡ་རྦད། ཅེས་ལན་གསུམ་གྱིས་ཕུལ་ལ། ན་མོ། རིག་པའི་རྒྱལ་པོ་དྲང་སྲོང་མེ་ལྷ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་སྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་མཛད་ནས་བདག་གི་ཕྲིན་ལས་མ་ལུས་པ་སྒྲུབ་ཏུ་གསོལ། ཞེས་བརྗོད། ཡམ་ཤིང་། ཨགྣ་ཡེ་བདག་ཅག་དཔོན་སློབ་རྒྱུ་སྦྱོར་སོགས་ནས་སྔར་བཞིན། མཱ་ར་ཡ་རྦད། ཅེས་དང་། མར་ཁུ། ཨགྣ་ཡེ་བདག་ཅག་དཔོན་སློབ་རྒྱུ་སྦྱོར་སོགས། རྫས་གཞན་རྣམས། ཨོཾ་ཨགྣེ་ཀྲོ་དྷ་ཡ་དགྲ་བགེགས་ཤ་ཏྲུན་མཱ་ར་ཡ་ཛྭ་ལ་རཾ་ཧཱུྃ་ཕཊ། བདག་ཅག་དཔོན་སློབ་རྒྱུ་སྦྱོར་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་བྱད་མ་རྦོད་གཏོང་དང་བཅས་པའི་ཕུང་ཁམས་སྐྱེ་མཆེད་བླ་ཚེ་སྲོག་དབུགས། ལོངས་སྤྱོད་མངའ་ཐང་དང་བཅས་པ་ལྷག་མ་མེད་པར་བཞེས་ལ་མིང་ཙམ་མེད་པར་ཐལ་བར་བརླག་པར་མཛོད་ཅིག །ཅེས་རྫས་རྣམས་གྲངས་ཚང་བར་འབུལ། འདོད་གསོལ་སྐབས། ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་སྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་མཛད་ནས། བདག་ཅག་དཔོན་སློབ་རྒྱུ་སྦྱོར་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་འབྱུང་པོ་དམ་སྲི་སྒབ་འདྲེ་བྱད་མ་རྦོད་གཏོང་དང་བཅས་པ་ཚར་གཅོད་པར་མཛད་དུ་གསོལ་སརྦ་ཤ་ཏྲུན་མཱ་ར་ཡ་ཕཊ། ཅེས་ཕྲིན་ལས་གསོལ། འདས་པའི་སྐབས། ལྷ་ཚོགས་ཐམས་ཅད་སྐུ་མདོག་ཆར་སྤྲིན་ལྟར་གནག་ཅིང་བཟོད་པར་དཀའ་བའི་གཟི་བྱིན་ཅན་དྲག་པོའི་བསྲེག་བྱ་ཟ་བའི་ལས་ལ་རྔམས་པར་བསམ། བྱོན་ཟན་ནི། ཡེ་ཤེས་ཀྱི་ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེའི་རྩེ་མོ་གཅིག་པར་རཾ་དང་། དགང་བླུག་གི་རྩེར་ཧཱུྃ་མཐིང་ནག་འབར་བས་མཚན་པས་སྲེག་བླུག་གི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བས་མཉེས་པར་བསམ་ལ། མར་ཁུ་རྩ་སྔགས་བདུན་གྱིས་དགང་ཞིང་། ཨོཾ་ཨགྣ་ཡེ་དཱི་བྱ་སོགས་ནས། མཱ་ར་ཡ་རྦད། ཅེས་པའི་བར་འཇིག་རྟེན་པའི་སྐབས་བཞིན་འབུལ། དེ་ནས་དམིགས་བྱའི་རཱུ་པ་སོགས་རྫས་རྣམས་ལ་འགུགས་གཞུག་ལན་གསུམ་སོགས་དང་། ཧཱུྃ༔ ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ གཏུམ་ཆེན་རྔམས་པ་ཁྲོས་པའི་ལྷ༔ འབར་བ་ཆེན་པོའི་སྐུར་བཞེངས་ལ༔ བདག་ལྟ་གཉིས་འཛིན་བདུད་སྡེའི་དཔུང༔ མཚན་མ་རྫས་ཀྱི་རྟེན་ལ་ཁུག༔ ཤེས་རབ་རྡོ་རྗེའི་མཚོན་ཆེན་གྱིས༔ ལོག་རྟོག་འཁོར་བ་རྡུལ་དུ་རློགས༔ དུག་ལྔའི་རང་བཞིན་ཤ་ཁྲག་རུས༔ དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་བསྟབ༔ ཨ་ལི་ཨུ་ལི་ཏ་ལི་ཏ་པ་ལི་གྷ་ཎ་རཽ་ཌི་ཁ་རཾ་ཡོ་གི་ཁཱ་ཧི་ཧོ༔ ཞེས་བརྗོད་ལ་ཁ་སྦྱོར་དབྱེ་བའི་སྦྱོར་བ་བྱ། ཧཱུྃ། ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་དང་། །དམ་ཉམས་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་འདི། །བཅོམ་ལྡན་ཚེ་ཡི་ལྷ་ཚོགས་ཞལ་དུ་འབུལ། །བཞེས་ནས་དགྲ་བགེགས་མ་ལུས་བསྒྲལ་དུ་གསོལ། །རྩ་སྔགས་ཀྱི་མཐར་གནོད་བྱེད་དགྲ་བགེགས་བྱད་མའི་ཙིཏྟ་ཛྭ་ལ་རཾ་བྷིནྡྷ་ཡ་བྷིནྡྷ་ཡ་ཧཱུྃ་ཕཊ་ཛྭ་ལ་རཾ་ཁཱ་ཧི༔ ཞེས་རྫས་རྣམས་འབུལ། གྲངས་རྫོགས་པ་ན། ན་མོ། རྩ་གསུམ་ཚེ་ཡི་ལྷ་ཚོགས་རྣམས་ཀྱིས་བདག་ཅག་དཔོན་སློབ་རྒྱུ་སྦྱོར་སོགས་སྤེལ་ཚིག་གོང་ལྟར་བྱ། ཚུལ་དེས་ཇི་ཙམ་གྱི་གྲངས་རྫོགས་པར་ཕུལ་བའི་མཐར། གོས་ཟུང་དང་སོ་རྩི་འབུལ། མཆོད་བསྟོད་རྗེས། ཧོཿ བཅོམ་ལྡན་འདས་རྩ་གསུམ་འཆི་མེད་ཚེ་ཡི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས། བདག་ཅག་དཔོན་སློབ་རྒྱུ་སྦྱོར་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་འབྱུང་པོ་དམ་སྲི་སྒབ་འདྲེ་བྱད་མ་རྦོད་གཏོང་དང་བཅས་པ་ཚར་གཅོད་པར་མཛད་དུ་གསོལ་སརྦ་ཤ་ཏྲུན་མཱ་ར་ཡ་ཕཊ། ཅེས་མེ་ལྷའི་སྐབས་ལྟར་ཕྲིན་ལས་གསོལ་བ་བྱ་བ་ནས་བརྩམ་གཤེགས་སུ་གསོལ་བའི་བར་གོང་གི་ལས་གཞན་བཞིན་བྱ། རྗེས་ཆོག་མེ་ལྷའི་སྲེག་རྫས་སྐབས། ཨོཾ་པཱ་བ་ཀཿཨགྣ་ཡེ་བདག་ཅག་དཔོན་སློབ་རྒྱུ་སྦྱོར་འཁོར་དང་བཅས་པས་ནོངས་པ་གང་བགྱིས་པའི་ཉེས་ཚོགས་ཐམས་ཅད་ཞི་སྟེ། དགྲ་བགེགས་ལོག་འདྲེན་ཐམས་ཅད་ཚར་གཅོད་པར་གྱུར་ཅིག་མཱ་ར་ཡ་རྦད། ཅེས་པས་འབུལ། བྲོ་བརྡུང་སྐབས་ཁྲོས་པའི་སེམས་ཀྱིས་བྲོ་ར་གྲུ་གསུམ་དུ་བསྐོར་ལ། རྣམ་ཐར་གསུམ་གྱི་ཨེ་ཀློང་དུ༔ ཉོན་མོངས་བདག་ལྟའི་དགྲ་ཚོགས་རྣམས༔ ཡེ་ཤེས་རོལ་པའི་རྩལ་གྱིས་མནན༔ ནམ་ཡང་ལྡང་བར་མ་བྱེད་ཅིག༔ ཨོཾ་ལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ནན༔ ཞེས་ལས་བྱང་ལྟར་བྲོ་བརྡུང་། བདག་བསྐྱེད་དཀྱིལ་འཁོར་གྱི་མཇུག་བསྡུ་བསྔོ་སྨོན་ཤིས་བརྗོད་ཀྱི་བར་ལས་གཞུང་ལྟར་མཐར་དབྱུང་། མེ་དུག་ཁྲག་གི་ཆུས་བསད་པའི་ཐལ་སོལ་ལ་འགུགས་གཞུག་དང་གནས་མི་ལྡང་བའི་ཕྱིར་གནན་པར་བྱའོ།། །། ༈ དེ་ལྟར་ཕྱི་ཡི་སྲེག་བླུག་གི་བྱ་བ་འདི་དག །སྤྲོས་པ་མེད་པའི་རྣལ་འབྱོར་ལ་གཞོལ་བར་འདོད་པ་རྣམས་ཀྱིས་ཟས་ཟ་བའི་ཚེ་འབྲུ་གསུམ་གྱི་བྱིན་གྱིས་བརླབས་ནས། ལག་པའི་དགང་བླུག་གིས་ཁའི་ཐབ་ཁུང་དུ་ཕུལ་བས་གཏུམ་མོའི་མེས་སྦྱངས་ཏེ་ཕུང་ཁམས་ཀྱི་ལྷ་ཐམས་ཅད་མཉེས་པར་བསམ་པ་ནང་དང་། ཡུམ་གྱི་མཁའི་ཐབ་ཁུང་དུ་རྗེས་སུ་ཆགས་པའི་མེས་ཧཾ་ཡིག་བདེ་བ་ཆེན་པོར་ཞུ་སྟེ་རོ་རྐྱང་གི་དགང་བླུག་གིས་ཕུལ་བས་ཕུང་ཁམས་ཀྱི་ལྷ་རྣམས་མཉེས་པར་བསམ་པ་གསང་བ་དང་། སྐྱེ་མེད་རང་བྱུང་ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ་བདེ་ཆེན་བྱང་ཆུབ་སེམས་ཀྱི་མེར་ཐབས་ཤེས་ཟུང་འཇུག་གི་དགང་བླུག་གིས་གཉིས་སྣང་མཚན་མའི་སྲེག་རྫས་ཐམས་ཅད་ཕུལ་བས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་རོ་མཉམ་དུ་འགྱུར་བའི་གནས་ལ་རྩེ་གཅིག་ཏུ་བརྩོན་པར་ཡང་གསང་གི་སྲེག་བླུག་རྣམས་བྱའོ། །འདིར་འབད་དགེ་བ་གང་མཆིས་པས། །བདག་དང་མཐའ་ཡས་སེམས་ཅན་ཀུན། །ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང་། །སྐུ་བཞིའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་མདོ་སྨད་གསེར་ཐར་དུང་དཀར་དགོན་གྱི་མཆོག་སྤྲུལ་ནས་དོ་གལ་ཆེན་པོས་བསྐུལ་བ་བཞིན་བདུད་འཇོམས་ནམ་མཁའི་རྡོ་རྗེས་བྲིས་པ་ལས་བཞིའི་ཕྲིན་ལས་ལྷུན་གྱིས་གྲུབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།

བླ་མའི་ཐུགས་སྒྲུབ་པདྨ་གསང་བའི་ཐིག་ལེ་ལས། རྩ་བའི་དབང་བསྐུར་རྒྱས་པའི་ཆོ་ག་བཀླག་ཆོག་ཏུ་བསྡེབས་པ་ཡེ་ཤེས་ཆུ་རྒྱུན་ (Volume 63, Text 32)

༄༅། །བླ་མའི་ཐུགས་སྒྲུབ་པདྨ་གསང་བའི་ཐིག་ལེ་ལས། རྩ་བའི་དབང་བསྐུར་རྒྱས་པའི་ཆོ་ག་བཀླག་ཆོག་ཏུ་བསྡེབས་པ་ཡེ་ཤེས་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། ། ན་མོ་རཏྣ་གུ་རུ་པདྨཱཀ་ར་ཡེ། ཀུན་ཁྱབ་ཆོས་ཀྱི་སྐུ་ལས་དགོངས་བརྒྱུད་དང་། །ལྷུན་གྲུབ་ལོངས་སྤྱོད་རྫོགས་ལས་བརྡའ་ཡི་བརྒྱུད། །ཐུགས་རྗེའི་རིག་རྩལ་གང་ཟག་སྙན་བརྒྱུད་དེ། །བརྒྱུད་གསུམ་རིག་འཛིན་བླ་མས་ཤིས་པ་སྩོལ། །རྩ་གསུམ་ཀུན་འདུས་པདྨ་སཾ་བྷ་ཝའི། །དགོངས་བཅུད་མཐར་ཐུག་པདྨ་ཟབ་པ་ཡི། །སྤྲོས་བཅས་སྤྲོས་མེད་ཤིན་ཏུ་རབ་སྤྲོས་མེད། །སྨིན་བྱེད་ཡེ་ཤེས་ཆུ་རྒྱུན་ཁྲིགས་སུ་བསྡེབ། །འདི་ལ་གསུམ་སྦྱོར་དངོས་རྗེས་སོ། །དང་པོ་ལའང་ཆོ་གར་མ་གཏོགས་དང་གཏོགས་པའོ། །དང་པོ་ནི། དུར་ཁྲོད་སོགས་གནས་དབེན་ཞིང་ཟིལ་དང་ལྡན་པར་རྩ་གསུམ་གྱི་སྣང་བརྙན་བཀྲམ་པའི་མདུན། གཞི་མ་དུལ་བ་ཡིན་ན་སའི་ཆོ་ག་སྤྱི་ལྟར་བྱ། སྒྲུབ་ཁང་རྙིང་པ་སོགས་ལ་མི་དགོས། གང་ལྟར་ཡང་སྟེགས་བུ་ཁོད་སྙོམས་པར་དྲི་ཡིས་ཆག་ཆག་གདབ་པའི་ཁར་རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་གཞལ་ཡས་སྒོ་རྫོགས་ཀྱི་དབུས་སུ་པདྨ་འདབ་བརྒྱད་གེ་སར་དང་བཅས་པར་ལྷ་ཡི་མཚན་མ་རང་མདོག་དང་མཐུན་པ་གྲངས་མཉམ་བཀོད་པའམ། ཡང་ན་མཎྜལ་དུ་འབྲུའི་ཚོམ་བུ་ལྷ་གྲངས་བཀོད་པས་ཀྱང་རུང་ལ། གང་ལྟར་དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་ཁར་བུམ་པ་བཅུད་ལྡན་ཆས་ཀྱིས་སྤྲས་པའི་ཁར་ཐོད་པ་མཚན་ལྡན་གསང་རྫས་ཨ་མྲྀཏ་སྦྱར་བས་བཀང་བ་དར་དམར་གྱིས་ཁ་བཀབ་པའི་སྟེང་དུ་མན་ཤེལ་དང་། གཞན་ཡང་རིག་ཙཀ་དང་གཙོ་འཁོར་སྒོ་མ་དང་བཅས་པའི་ཙཀ་ལི། སྔགས་ཕྲེང་། མེ་ལོང་། རྡོར་དྲིལ། སྨན་རཀ་གཏོར་གསུམ། མེ་ཏོག །མིག་དར། བགེགས་གཏོར། ཞལ་ཟས་སོགས་འོག་ཏུ་དགོས་པའི་ཡོ་བྱད་རྣམས་མ་ཚང་བ་མེད་པར་འདུ་བྱའོ། །གཉིས་པ་ཆོ་གར་གཏོགས་པའི་སྦྱོར་བ་ནི། བརྒྱུད་འདེབས་ནས་བརྩམ་ཚེ་ཡི་ཕྲིན་ལས་གཏང་ཞིང་བཟླས་པའི་ཐོག་མར། རྩ་སྔགས་མཐར་ཕཊ་ཛཿཞེས་པས་ཛཔ྄་ཁང་དབྱེས་ལ། རང་སྣང་ཡེ་ཤེས་ཀྱི་འཁོར་ལོ་ལས་གཉིས་པ་ཞིག་འཕྲོས་ཏེ་མདུན་གྱི་ནམ་མཁར་མེ་རི་འདབས་འབྱོར་གྱི་ཚུལ་དུ་བཞུགས་པར་མོས་ལ། བདག་མདུན་ལྷ་ཡི་སྐུར་གསལ་བའི༔ སྙིང་དབུས་དག་པའི་ཐིག་ལེ་རུ༔ བདེ་ཆེན་ཆོས་སྐུ་ཚེ་དཔག་མེད༔ དམར་གསལ་མཉམ་གཞག་ཚེ་བུམ་འཛིན༔ དེ་ཡི་ཐུགས་ཀར་ཉི་ཟླ་ཡི༔ ཐབས་ཤེས་གྭ་འུ་འབར་བའི་དབུས༔ མི་འགྱུར་ཐུགས་སྲོག་ཧྲཱིཿཡིག་མཐར༔ རྡོ་རྗེའི་སྔགས་ཀྱིས་བསྐོར་བ་ལས༔ གསལ་ཞིང་འབར་བའི་འོད་ཟེར་གྱིས༔ སྣོད་བཅུད་སྐྱེ་འགྲོའི་རྒུད་པ་སྦྱངས༔ འཁོར་འདས་དྭངས་བཅུད་ཚུར་འདུས་པས༔ བདེ་ཆེན་རྡོ་རྗེའི་སྐུ་རུ་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ དམིགས་གནད་དང་ལྡན་པའི་བཟླས་པ་ཅི་ནུས་མཐར། དབྱངས་གསལ་རྟེན་སྙིང་ལན་གསུམ་བརྗོད་ལ་ལྷག་ཆད་ཁ་བསྐང་། བུམ་པ། ཨ་མྲྀཏ་བསང་། སྭ་བྷཱ་ཝས་སྦྱང་། བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང༔ ཚད་དང་མཚན་ཉིད་ཡོངས་རྫོགས་དབུས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་རྣམས༔ ཆུ་ཟླ་འཇའ་ཚོན་ལྟ་བུར་བསམ༔ རང་སྲོག་སྔགས་ཀྱི་འོད་ཟེར་ནི། །གཟུང་ཐག་ལ་འཁྲིལ་བུམ་ནང་སོང་། །བུམ་ལྷའི་སྐུ་ལས་བདུད་རྩིའི་རྒྱུན། །བབས་པས་བུམ་པ་ཡོངས་གང་གྱུར། །སྔགས་མཐར་ཀ་ལ་ཤ་ཨ་བྷི་ཥིཉྩ་བྷྲཱུྃ༔ ཞེས་སྟོང་དུ་ཚང་བར་བཟླས་མཐར། ཡེ་ཤེས་ལྷ་ཚོགས་སོགས་བརྗོད་ལ་སྟོང་ཚིགས་འབུལ། ཨོཾ་ཨཱཿཧཱུྃ་ཞེས་པས་མཆོད་ཡོན་ཕུལ་པས་བུམ་པའི་ལྷ་བདེ་སྟོང་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་བུམ་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ་ལ། ལས་བུམ་ལ་གཟུངས་ཐག་བཀོད་དེ། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། ལས་བུམ་ནང་དུ་པད་ཉིའི་སྟེང་། ཁྲོ་ཆེན་རྟ་མགྲིན་སྐུ་མདོག་དམར། །དབྱུག་ཐོ་ཞགས་འཛིན་དེའི་སྐུ་ལས། །བབས་པའི་བདུད་རྩིས་བུམ་པ་གང་། །ཨོཾ་ཧྱ་གྲཱྀ་ཝ་ཧཱུྃ་ཕཊཿ ཅེས་བརྒྱ་རྩ་བརྒྱད་བཟླས་མཐར། ཨོཾ་ཨཱཿཧཱུྃ་ཞེས་པས་མཆོད་ཡོན་ཕུལ་པས་བུམ་ལྷ་འོད་དུ་ཞུ་བས་བདུད་རྩིའི་ཆུར་གྱུར་པ་དངོས་པོ་གང་ལ་འཐོར་བའི་ཉེས་སྐྱོན་ཐམས་ཅད་སྦྱོང་བའི་ནུས་པ་དང་ལྡན་པར་བསམ། ཚེ་དབང་དང་འབྲེལ་ན་བཅས་བཤོམ་སྐབས་བུམ་པ་དང་ཚེ་རྫས་སོགས་བཤམས་ལ་སྐབས་འདིར་ཚེ་འགུགས་བརྗོད་ཅིང་རྩ་སྔགས་གང་མང་བཟླས་ལ་དམིགས་པས་ཁྱབ་པར་བྱ། དེ་ནས་བཀའ་གཏེར་སྲུང་མའི་གཏོར་བསྔོས་དང་། གཞུང་གི་ཚོགས་བྱིན་རླབས་ནས་བརྩམ་བསྟབ་པའི་མཐར་ཐུག་པའི་བར་གཏོང་ཞིང་། བདག་ཉིད་འཇུག་པ་ལ་ཁྲུས་དང་མཎྜལ་ནས་གཏང་རག་གི་བར་འོག་ཏུ་བཤད་པའི་དབང་རྣམས་ཁ་བསྒྱུར་འདོར་ལེན་ཕྲན་བུ་དང་བཅས་བརྗོད་པའམ། ཅིས་ཀྱང་མི་ལྕོགས་ན་རིག་པའི་མེ་ཏོག་དོར་བས་བདག་ཉིད་འཇུག་ཅིང་སློབ་མ་གཞུག་པར་གནང་བ་ནོད་པ་བཅས་སྤྱི་ལྟར་བྱ་ཞིང་དཀྱིལ་འཁོར་ཡོལ་བས་སྒྲིབ་བོ། །གཉིས་པ་དངོས་གཞི་དབང་བསྐུར་བ་ལ་འཇུག་པའི་ཆོས་དང་དབང་བསྐུར་བ་གཉིས་ལས། དང་པོ་ནི། སློབ་མ་རྣམས་ཕྱི་རོལ་དུ་ལས་ཁྲུས་བྱ། ཏིང་ལོ་ཆངས་བུ་གཏོར་མ་རྣམས་བཤམས་ལ། རཾ་ཡཾ་ཁཾ་གིས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་བསམ་ལ། ཨོཾ་ཨཱཿཧཱུྃ་གིས་བརླབས། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏ་སོགས་ལན་གསུམ་གྱིས་ཞི་བ། སུམྦྷ་ནི་སོགས་ལན་གསུམ་གྱིས་ཞི་དྲག་ཕྱེད་མ། ཧཱུྃ༔ ང་ནི་ཡེ་ནས་ངང་གིས་ཁྲོ༔ ཁྲོ་ལ་ཁྲོས་པས་ཞི་མཛད་པའི༔ ཐུགས་རྗེ་ཁྲོས་དཔལ་རྟ་ཡི་རྒྱལ༔ རིག་རྩལ་འཕྲོ་འདུ་འབར་བའི་སྤྲིན༔ ཡེ་ཤེས་རོལ་པའི་རྒྱན་དུ་ཤར༔ ཉོན་ཅིག་མ་རིག་བདུད་དགྲའི་དཔུང༔ ཀུན་ཏུ་བརྟགས་པའི་གདོན་ཚོགས་ཀུན༔ ཡེ་ཤེས་རྒྱན་གྱི་གཏོར་མ་ལོངས༔ ཡོངས་གྲུབ་ཆོས་སྐུའི་ཀློང་དུ་དེངས༔ འཕོ་འགྱུར་མེད་པར་མཚམས་བཅད་དོ༔ ཞེས་དང་། རྟ་སྔགས་ལན་གསུམ་དང་ཡུངས་ཐུན་བཅས་ཀྱིས་དྲག་པོས་སྦྱངས་ནས། ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ཀྱིས་སྲུང་བའི་འཁོར་ལོས་ཕྱོགས་མཚམས་གཏམས་པ་སོང་ནས། སེམས་བསྐྱེད་གསལ་གདབ་སྔོན་དུ་འགྲོ་བས་ཆོས་བཤད་ཀྱི་ཁྱད་པར། དེ་ལ་འདིར་བསྐལ་བཟང་སྒྲོན་མེ་སྟོང་རྩའི་ནང་ནས་ཐུགས་བསྐྱེད་ཀྱི་གོ་ཆ་སུས་ཀྱང་འགྲན་དུ་མི་བཟོད་པ་སྟོན་མཆོག་མཉམ་མེད་ཤཱཀྱའི་རྒྱལ་པོ་དེ་ཉིད་ཀྱིས་ཆོས་འཁོར་མཐའ་ཀླས་པ་ཞིག་བསྐོར་པ་ཐམས་ཅད། ཕུང་པོར་བསྡུས་ན་ཉོན་མོངས་པའི་རྟོག་ཚོགས་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོ་ཆོས་ཀྱི་ཕུང་པོ་ཡང་དེ་ཉིད་ཀྱི་གྲངས་དང་མཉམ་ཞིང་། སྡེ་ཚན་དུ་བསྡུས་ན་གླེང་གཞི་དང་སྐྱེས་རབས་ལ་སོགས་པའི་མཚོན་སྡེ་སྣོད་རྣམ་པ་བཅུ་གཉིས་ཀྱི་ཚུལ་དང་། དབང་པོའི་རིམ་པ་དང་མཚུངས་པར་བསྡུས་ན། མཚན་ཉིད་རྒྱུ་ཡི་ཐེག་པ་དང་། འབྲས་བུ་རྡོ་རྗེའི་ཐེག་པ་རྣམ་པ་གཉིས་སུ་འདུ་བ་ཡིན་ཏེ། ཀུན་བྱེད་ལས། མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་སྔགས་ཀྱི་ཐེག་པ་འོ། །ཞེས་གསུངས་པ་ལྟར་ཐེག་པ་གཉིས་སུ་དབྱེ་བ་དང་དགུར་དབྱེ་བ་སོགས་རྣམ་གྲངས་མང་དུ་མཆིས་པ་ལས། ད་ལམ་གྱི་སྐབས་སུ་བབ་པ་ལ་སློབ་དཔོན་མ་ཏི་ཙི་ཏྲའི་ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར་མཚན་ཉིད་རྒྱུ་ཡི་ཐེག་པ་རིང་བའི་དབང་དུ་བཏང་སྟེ། ཉེ་ལམ་གསང་སྔགས་རྡོ་རྗེ་ཐེག་པའི་འཇུག་སྒོ་དབང་བསྐུར་བའི་སྐབས་སུ་བབ་པ་ཡིན། དེ་ལའང་གསང་སྔགས་གསར་རྙིང་གཉིས་ལས། འདིར་གསང་སྔགས་རྙིང་མ། དེ་ལའང་བཀའ་གཏེར་དག་སྣང་སྟེ་བབ་སོ་གསུམ་དུ་མཆིས་པ་ལས། འདིར་ནི་ཟབ་མོ་གཏེར་གྱི་ཕྱོགས་སུ་གཏོགས་པ་ཡིན། དེ་ལའང་རྒྱུད་དང་སྒྲུབ་ཐབས་གཉིས་སུ་བཞུགས་པ་ལས། ད་ལམ་གྱི་སྐབས་སུ་བབ་པ་གསུང་རྡོ་རྗེ་པདྨ་གར་དབང་གི་རྒྱུད་དང་། དེ་ཉིད་དཀྱིལ་འཁོར་ཡོངས་ཀྱི་གཙོ་མཆོག་ཏུ་བཞེངས་པ་མ་ཧཱ་གུ་རུ་སྣང་སྲིད་ཟིལ་གནོན་རྩལ། ངོ་བོའི་ཆ་ལས་དཔལ་ཆེན་ཆེ་མཆོག་ཡང་དག་ཧེ་རུ་ཀ་གོའུ་རཱི་ལྷ་མོ་བརྒྱད་ཀྱི་སྣང་ཆར་བཞེངས་པ་སྟེ། མདོར་ན་དཀྱིལ་འཁོར་ཡོངས་ཀྱི་གཙོ་མཆོག་བདེ་བ་ཆེན་པོ་པདྨ་སཾ་བྷ་ཝ་ལོངས་སྐུ་ཚེ་དཔག་མེད་ཀྱི་སྣང་ཆར་ཤར་བའི་སྒྲུབ་ཐབས་ཟབ་མོ་འདི་ཉིད། ཁོ་བོ་བདུད་འཇོམས་ནམ་མཁའི་རྡོ་རྗེས་མདོ་ཁམས་ཡེལ་བྲག་ནམ་མཁའ་མཛོད་ཀྱི་གུ་རུའི་གསང་ཕུག་ནས་དངོས་གྲུབ་ཏུ་ཐོབ་པ་འདི་ཉིད་ཀྱི་དཀྱིལ་འཁོར་དུ། རྩ་བའི་སྨིན་བྱེད་རྒྱས་པ་བསྒྲུབ་པར་བགྱི་བ་ལ། དཀྱིལ་འཁོར་དུ་འཇུག་པའི་ཆོས་དང་ཞུགས་ནས་མངོན་པར་དབང་བསྐུར་བ་གཉིས་ལས། དང་པོ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཞེས་མཚམས་སྦྱར་ལ་འབུལ་དུ་གཞུག །དེ་ནས་བླ་མ་དཀྱིལ་འཁོར་གྱི་གཙོ་བོར་བཞེངས་པ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོཿརྡོ་རྗེ་འཛིན་རྒྱལ་པོ༔ བདག་ལ་དགོངས་པར་མཛད་དུ་གསོལ༔ ཁམས་གསུམ་འཁོར་བའི་གཡང་ས་ལས༔ སྒྲོལ་ཕྱིར་དབང་མཆོག་བསྩལ་དུ་གསོལ༔ ལན་གསུམ། སྔོན་ཆད་བརྡ་དང་བརྡ་ཅན་གྱི་དཀྱིལ་འཁོར་མ་མཐོང་བ་ལ་མཚོན་བྱེད་མིག་དར་འཆིང་བར་ཞུ། ཨོཾ་ཙཀྵུར་བྷནྡྷ་ཝ་ར་མ་ན་ཡེ་ཧཱུྃ། ཞེས་མིག་དར་བཅིང་། རིགས་ཀྱི་ལྷ་དང་དངོས་གྲུབ་ཀྱི་མཚན་མ་ངེས་པར་བྱ་བའི་ཕྱིར་མེ་ཏོག་པདྨའི་ཆུན་པོ་རེ་ཐོགས་པར་བསམ་ལ། ཨཱ་ཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་བཀྱེ། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་སྐྱབས་ཡུལ་ནམ་མཁའ་གང་བར་བཞུགས་པའི་སྤྱན་སྔར་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ན་མོ༔ གདོད་ནས་དག་པ་སོགས་ལན་གསུམ། ཡུལ་མཆོག་དེ་དག་གི་སྤྱན་སྔར་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོ༔ མེད་བཞིན་སྣང་བ་སོགས་ལན་གསུམ། ཚོགས་གསག་ཡན་ལག་བརྒྱད་པ་འདིའི་རྗེས་ཟློས། འཆི་མེད་ཚེ་ཡི་ལྷ་ཚོགས་སོགས་ལན་གསུམ། དེ་ནས་ཀུན་རྫོབ་དང་དོན་དམ་གྱི་སེམས་གསལ་གདབ་པ་ནི། ཁྱེད་རང་རྣམས་ཀྱི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་རང་བཞིན་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བསྒོམ་ལ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་སེམས་གཟུང་བ་འདིའི་རྗེས་ཟློས། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པ་དཱ་ཡ་མི༔ ཞེས་ལན་གསུམ་རྗེས་ཟློས་བྱར་གཞུག །སྔགས་དེ་ཉིད་བརྗོད་བཞིན་དུ་རྡོ་རྗེ་སྙིང་གར་བཞག་སྟེ་བརྟན་པར་བྱ། གསང་སྔགས་དབང་གི་དམ་ཚིག་ཁོ་ན་ལ་རག་ལས་པས་དམ་ཚིག་གི་གནས་སུ་འགོད་པ་ལ་རྡོ་རྗེའི་ཆུ་ནན་གྱི་ཁེ་ཉན་བསྒྲག་པ་ནི། མནའ་ཆུ་བླུད་ལ། ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ དམ་ཚིག་ཉམས་ན་སྲེག་པར་བྱེད༔ དམ་ཚིག་བསྲུང་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ ཨོཾ་པཉྩ་ཨ་མྲྀཏ་ཨུ་དཱ་ཀ་ཋ་ཋ་ཧཱུྃ༔ ཞེས་སྦྱིན། རྡོ་རྗེ་མགོར་བཞག་ལ། སློབ་དཔོན་བཀའ་གཉན་པར་གདམས་པ་ནི། བདག་ནི་རྡོ་རྗེ་སློབ་དཔོན་ཏེ༔ ཁྱོད་ཀྱིས་ང་ལ་བརྙས་མ་བྱེད༔ གལ་ཏེ་བརྙས་པར་བྱེད་པ་ན༔ དམྱལ་བ་ཆེན་པོར་ལྟུང་ཏ་རེ༔ རྡོ་རྗེ་སྙིང་གར་བཞག་སྟེ། གསང་བ་མི་སྨྲ་བར་གདམས་པ་ནི། འདི་ནི་དམ་ཚིག་རྡོ་རྗེ་སྟེ༔ ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས༔ གལ་ཏེ་ཚུལ་འདི་སྨྲས་ན་ནི༔ དེ་མ་ཐག་ཏུ་དྲལ་ཏེ་གཤེགས༔ བཛྲ་ས་མ་ཡ་རཀྵནྟུ༔ དེ་ནས་ནང་འཇུག་གི་ཐོག་མར་ཡེ་ཤེས་པ་དབབ་པ་ནི། སློབ་མ་ལངས་ཏེ་རྐང་པ་གཤིབ་ལག་པ་སྤྱི་བོར་ཐལ་མོ་སྦྱར། རླུང་བུམ་པ་ཅན་འཛིན་དུ་བཅུག །དམིགས་པ་འདི་ལྟར་གསལ་གདབ་བོ། །ལས་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྒོ་གསུམ་དངོས་འཛིན་མི་དམིགས་པར། །སློབ་མ་དཔལ་ཆེན་ཧེ་རུ་ཀ༔ རྟ་མཆོག་རྒྱལ་པོར་གསལ་བ་ཡི༔ སྙིང་གར་ཆུ་སྐྱེས་ཉི་ཟླའི་དབུས༔ འཆི་མེད་ཡེ་ཤེས་ཚེ་དཔག་མེད༔ དེ་ཡི་ཐུགས་ཀར་མཁའ་འགྲོ་མ༔ གསང་བ་ཡེ་ཤེས་དམར་གསལ་མདངས༔ ཌཱ་རུ་དཀྲོལ་ཞིང་ཐོད་ཆང་བསྣམས༔ འོད་དམར་ཞགས་པས་བསྐོར་བ་ཡི༔ གསང་བར་གཡུང་དྲུང་རིས་དམར་པོ༔ གཡོན་ཕྱོགས་དྲག་ཏུ་འཁོར་བ་ལས༔ མཁའ་འགྲོ་བདེ་བའི་གར་དང་སྒྲས༔ སྲས་བཅས་རྒྱལ་རྣམས་དབང་མེད་བཀུག༔ སློབ་མའི་ལུས་ལ་ཐིམ་པར་བསམ༔ སྤྲོ་ན་བྱིན་འབེབ་དབྱངས་དང་བཅས་གྱེར་བ་ནི། ཧཱུྃ༔ རང་བཞིན་གདོད་ནས་རྣམ་དག་པ༔ ཞི་བ་ཆེན་པོའི་བྱིན་ཕོབ་ཅིག༔ ལོངས་སྤྱོད་ཡོངས་རྫོགས་རོལ་པའི་སྤྲིན༔ བདེ་བ་ཆེན་པོའི་བྱིན་ཕོབ་ཅིག༔ སྣ་ཚོགས་འགྲོ་འདུལ་སྤྲུལ་པའི་གར༔ བསམ་མི་ཁྱབ་པའི་བྱིན་ཕོབ་ཅིག༔ ཧཱུྃ༔ ལྷོ་ནུབ་རྔ་ཡབ་སྤྲུལ་པའི་ཞིང༔ འཆི་མེད་དག་པའི་གྲོང་ཁྱེར་ནས༔ བདེ་ཆེན་ཆོས་སྐུ་པདྨ་འབྱུང༔ རབ་འབྱམས་ཚེ་ལྷའི་ཚོགས་དང་བཅས༔ མི་མངོན་དབྱིངས་ནས་སྐུར་བཞེངས་ཤིག༔ གསང་བའི་གནས་འདིར་བྱིན་ཆེན་ཕོབས༔ ཚེ་མདའ་འདི་ལ་ཚད་ཅིག་སྟོན༔ སྒྲུབ་རྫས་འདི་ལ་ཞག་ཅིག་སྐྱིལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ རྩ་སྔགས་མཐར། སཏྭཾ་བྷ་ཡ་སཏྭཾ་བྷ་ཡ། ར་ར་ར་ར། ཙཱ་ལ་ཡ་ཙཱ་ལ་ཡ། ཧྲིཾ་ཧྲིཾ། ཕེཾ་ཕེཾ། ཧཱུྃ་ཨཱཿཧ་ཛྷཱཻཾཿ ཞེས་དྲག་ཏུ་བརྗོད་ཅིང་རོལ་མོའི་སྒྲ་དལ་བྲེལ་སྤེལ་མ་དང་བཅས་ཏེ་ཡེ་ཤེས་འབེབ་པའི་རྫས་གཞུང་མཐུན་བདུག །ཡེ་ཤེས་ཕེབས་པའི་རྟགས་བྱུང་ན་དེ་ཉིད་བྱང་ཆུབ་སྙིང་པོའི་བར་དུ་བརྟན་པར་བསམ་ལ། ཏིཥྛ་བཛྲ་ཞེས་རྡོ་རྗེ་མེ་ཏོག་དང་བཅས་པ་སྤྱི་བོར་བཞག །དེ་ནས་དཀྱིལ་འཁོར་ནང་དུ་གཞུག་པར་གསོལ་བ་གདབ་པ་འདིའི་རྗེས་ཟློས། ཀྱཻ་ཧོ༔ རྣལ་འབྱོར་ཆེན་པོ་བདེ་བ་ཆེ༔ ཡེ་ཤེས་ཆེན་པོ་གསལ་བ་ཆེ༔ དཀྱིལ་འཁོར་ཆེན་པོ་བདག་འཚལ་ན༔ དཔའ་བོ་ཆེན་པོས་གནད་དུ་གསོལ༔ ལན་གསུམ། ཛཿཧཱུྃ་བཾ་ཧོ་པྲ་བེ་ཤ་ཡ་ཕཊཿ དཀྱིལ་འཁོར་གྱི་སྒོ་བཞི་ཤག་གི་ཕྱེ་བར་གྱུར། ཡོལ་བ་བསལ། སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་འཕྲོས་མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བར་བསམ་ལ། ཨོཾ་བཛྲ་ཙཀྵུ་པྲ་ཝེ་ཤ་ཡ་ཕཊཿ ཞེས་པས་མིག་དར་དབྱེ། ལྷ་ངོ་བསྟན་པ་ནི། འདི་ན་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པདྨ་འདབ་བརྒྱད་གེ་སར་དང་བཅས་པའི་ལྟེ་བར་ཉི་མ་དང་ཟླ་བའི་སྟེང་དུ། བདེ་བ་ཆེན་པོ་པདྨ་སཾ་བྷ་ཝ་གཟུངས་མ་མེ་ཏོག་མནྡཱ་རཿབ་དང་མཉམ་པར་སྦྱོར་བ། ཕྱོགས་མཚམས་ཀྱི་འདབ་མར་སྒེག་སོགས་མཆོད་པའི་ལྷ་མོ་སྒོ་མ་མགྱོགས་མ་བཞི་དང་བཅས་པ་དག་པ་རབ་འབྱམས་ལྷ་ཡི་དཀྱིལ་འཁོར་ཆེན་པོར་མངོན་སུམ་དུ་མཐོང་བའི་མོས་པ་གྱིས་ལ་དད་མོས་སྤྲོ་བ་རྒྱ་ཆེན་པོ་བསྐྱེད་ཅིང་། དེ་ནས་སྔར་བྱིན་པའི་མེ་ཏོག་དེ་ཉིད་རང་རིགས་ཀྱི་ལྷ་གང་ཡིན་པ་ལ་འབབ་པར་ཤོག་ཅིག་སྙམ་པའི་མོས་པ་དང་བཅས་ཏེ་ཚིག་འདིའི་རྗེས་ཟློས་གྱིས་ལ་ཚོམ་བུའི་དཀྱིལ་འཁོར་དུ་འདོར་བ་ཞུ། ཧོཿ སྔོན་ནས་འབྲེལ་པའི་ལྷ་མཆོག་ལ། །རིག་པའི་མེ་ཏོག་འདི་ཕུལ་བས། །སྔོན་ནས་ལས་འཕྲོ་གང་ཡོད་པའི། །ཡི་དམ་ལྷ་ལ་འབབ་པར་ཤོག །པུཥྤེ་པྲ་ཏཱིཙྪ་གྷྲིཧྣ་ཧོཿ ཞེས་པའི་མེ་ཏོག་དོར་ལ་རིགས་བརྟགས། མེ་ཏོག་རང་རིགས་ཀྱི་ལྷས་བཟུང་སྟེ་དངོས་གྲུབ་ཅོད་པཎ་གྱི་ཚུལ་དུ་སྤྱི་བོར་བཅིངས་པར་མོས་ལ། ཨོཾ་པྲ་ཏི་གྷྲིཧྣ་སཏྭཾ་ཨི་མཾ་སཏྭ་མ་ཧཱ་བཱ་ལ། ཞེས་མེ་ཏོག་སྤྱི་བོར་བཀོད། དེ་དག་གིས་འཇུག་པའི་ཆོས་འཁོར་དང་བཅས་པ་གྲུབ་ནས། གཉིས་པ་ཞུགས་ནས་མངོན་པར་དབང་བསྐུར་བ་ལ། ཐོག་མར་སྤྲོས་བཅས་བུམ་པའི་དབང་གསན་པའི་ཆེད་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་སྦྱིན་ཇི་ལྟར་བསྩལ་པ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཅེས་གསུམ། དེ་ནས་སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་ནམ་མཁའ་གང་བར་སྤྱན་དྲངས། དེ་རྣམས་ཀྱི་ཕྱག་ན་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བ་ཐོགས་ཏེ་མངོན་པར་དབང་བསྐུར་བར་བསམ་ལ། ཧཱུྃ༔ བུམ་པ་ཟླུམ་པོ་ཆོས་སྐུའི་གཞལ་ཡས་ཁང༔ བུམ་རྫས་སྣང་བ་ལོངས་སྤྱོད་རྫོགས་པའི་དཔལ༔ གཉིས་མེད་ཟུང་འཇུག་འཆི་མེད་བདུད་རྩིའི་ཆུས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་པས༔ ལུས་ཀྱི་སྒྲིབ་དག་ཕུང་ཁམས་ལྷ་སྐུར་སྨིན༔ རིགས་ལྔ་རྒྱལ་བའི་དབང་མཆོག་ཡོངས་རྫོགས་ཏེ༔ རྣམ་སྨིན་རིག་འཛིན་ས་བོན་ཉེར་ཐོབ་ཤོག༔ བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ བཛྲྎ རཏྣྎ པདྨྎ ཀརྨྎ ཞེས་སྦྱར་ལ་མགོ་བོའི་གནས་ལྔར་བཞག་ཅིང་དབང་བསྐུར་ཏེ་བུམ་ཆུ་ངག་ཏུ་བླུད། དེའི་རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ལ། དང་པོ་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བ་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་སྤྲོས་ཏེ་ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པས་རྡོ་རྗེ་སྐུ་ཡི་བྱིན་རླབས་ལུས་ལ་ཞུགས་པར་མོས་ཤིག །ཨོཾ་ཨཱཿཧཱུྃ༔ ཆོས་སྐུ་སྟོང་གསལ་མ་བཅོས་སྤྲོས་དང་བྲལ༔ ལོངས་སྐུ་གསལ་ལ་མ་འདྲེས་གུ་རུའི་སྐུ༔ སྤྲུལ་སྐུ་སྣ་ཚོགས་ཐབས་ཀྱིས་འགྲོ་དོན་མཛད༔ སྔོན་ཚེ་པད་འབྱུང་ཁྱེད་དང་སྨོན་ལམ་གཅིག༔ ད་ལྟ་བདག་དང་སློབ་མའི་སྟངས་བཟུང་སྟེ༔ སྲོག་གི་ཕྱིར་ཡང་མི་གཏོང་སྒྲུབ་ལགས་ན༔ ཡེ་ཤེས་རབ་འབྱམས་དབང་ཆེན་བསྐུར་དུ་གསོལ༔ ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ གཉིས་པ་གསུང་བཟླས་པ་སྔགས་ཀྱི་ལུང་བླང་བ་ནི། ལྷ་ཚོགས་རྣམས་ཀྱི་མགྲིན་པ་ནས་སྔགས་ཀྱི་ཕྲེང་བ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས་གསུང་གི་བྱིན་རླབས་རྒྱུད་ལ་ཞུགས་པར་བསམ་ལ་ཕྲེང་བ་སྦྲེལ་ཏེ་རྩ་སྔགས་ལན་གསུམ་རྗེས་ཟློས་བྱར་གཞུག །དེ་བརྟན་པར་བྱ་བའི་སླད་དུ་སྔགས་ཕྲེང་མགྲིན་པར་བཞག་སྟེ་དབང་བསྐུར་བར་བསམ་ལ། ཨཱ༔ བརྗོད་པ་ཀུན་གྱི་གཞི་རུ་གནས་གྱུར་པའི༔ ངག་ལ་རྡོ་རྗེའི་སྔགས་ཀྱི་དབང་བསྐུར་པས༔ གྲགས་སྟོང་རྡོ་རྗེའི་རོལ་མོར་འབྱམས་ཀླས་པ༔ མི་འགག་གསུང་གི་དབང་མཆོག་ཐོབ་པར་ཤོག༔ ཝཱ་ཀ་བཛྲ་ཨ་བྷི་ཥིཉྩ་ཨཱ༔ ཐུགས་འོད་གསལ་གྱི་དགོངས་པ་ངོ་སྤྲད་པའི་སླད་དུ་དྭངས་གསལ་མེ་ལོང་སྙིང་གར་བཞག་སྟེ། སྤྲོས་བྲལ་དོན་གྱི་ཡེ་ཤེས་རྒྱུད་ལ་འཕོས་པའི་མོས་པ་མཛོད་ཅིག །ཧཱུྃ༔ མ་བཅོས་སྤྲོས་དང་བྲལ་བའི་རང་རིག་པ༔ འོད་གསལ་ཀ་ནས་དག་པ་གདོད་མའི་གཤིས༔ ཡེ་གྲོལ་ལྷུན་འབྱམས་དགོངས་པའི་སྲོག་གཏད་པས༔ མི་ཤིགས་ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ ཙིཏྟ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་རྡོ་རྗེའི་སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ་པ་ལ། སྒེག་སོགས་མཆོད་པའི་ལྷ་མོ་ལས་རང་སྣང་གི་སྐུ་གཉིས་པ་རེ་འཕྲོས་ཏེ་འདོད་ཡོན་གྱི་རོལ་པས་མངའ་གསོལ་བའི་མོས་པ་མཛོད་ཅིག །ཏྲཱཾ༔ དགའ་བ་བཞི་དང་སྟོང་པ་བཞི༔ ལྷ་ཡི་ཕྱག་རྒྱར་རང་ཤར་བའི༔ སྒེག་སོགས་མཆོད་པའི་ལྷ་མོ་ཡི༔ ཡོན་ཏན་རབ་འབྱམས་དབང་མཆོག་བསྐུར༔ ཨོཾ་བཛྲ་ལཱ་སྱཻ་མཱ་ལྱེ་གཱིརྟཱི་ནིརྟཱི་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ཨཱཿཧཱུྃ༔ བརྗོད་ཅིང་མངའ་གསོལ། དེ་ནས་རྡོ་རྗེ་དྲིལ་བུ་ལག་ཏུ་གཏད་ཅིང་བདག་པོ་ཆེན་པོའི་དབང་བསྐུར་བ་ནི། ཧཱུྃ༔ ཁྱོད་ནི་རྡོ་རྗེ་སློབ་དཔོན་ཏེ༔ ལས་རྣམས་མ་ལུས་ཀུན་བྱོས་ཤིག༔ སྐུ་གསུང་ཐུགས་ཀྱི་དམ་བཟུང་ལ༔ ཁམས་གསུམ་དག་པའི་ས་ལ་སྐྱོལ༔ བཛྲ་ཀཱ་ཝ་ཙི་ས་མ་ཡ་བྷོ་དྷི་ཙིཏྟ་ཨཱ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་སྦྱིན། དཀྱིལ་འཁོར་གྱི་ཕྲིན་ལས་སྒོ་མའི་སྐུ་ལས་སྐུ་གཉིས་པ་རེ་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་ལག་ཏུ་གཏད་པས་ལས་བཞིའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་བསམ་ལ། ཧྲཱི༔ ཚད་མེད་བཞི་པོ་གནས་དག་པའི༔ མི་ཤིགས་སྤྲུལ་པའི་སྒོ་མ་བཞི༔ ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་པས༔ ཕྲིན་ལས་རབ་འབྱམས་དབང་ཐོབ་ཤོག༔ ཛཿཧཱུྃ་བཾ་ཧོཿཨ་བྷི་ཥིཉྩ་ཧཱུྃ༔ དེ་དག་གི་མཚན་མ་རྫས་ཀྱི་དཀྱིལ་འཁོར་དུ་སྤྲོས་བཅས་བུམ་པའི་དབང་བསྐུར་པ་ཐོབ། ལུས་ཀྱི་སྒྲིབ་པ་དག །ལམ་སྣང་སྟོང་ཆུ་ཟླ་ལྟ་བུ་ལྷ་ཡི་བསྐྱེད་རིམ་སྒོམ་པ་ལ་དབང་། རྣམ་སྨིན་རིག་འཛིན་གྱི་ས་བོན་ཐེབས། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །དེ་ལྟར་བུམ་པའི་དབང་བསྐུར་པ་དང་འབྲེལ་བའི་ལམ་སྣང་སྟོང་ཆུ་ཟླ་ལྟ་བུའི་བསྐྱེད་རིམ་བསྒོམ་པའི་ཚུལ་ཡང་རྡོ་རྗེའི་རྒྱུད་ཀྱི་ཚིག་དོན་ལ་གསན་པས་ཁྱབ་པར་གདའ། ཞེས་བརྗོད་ལ་རྩ་བའི་རྒྱུད་ཀྱི་དབུ་ནས་ལེའུ་དང་པོ་དང་། དེ་རྗེས་མ་ཚང་ཁ་སྐོང་གི་རྒྱུད་ཡོངས་རྫོགས། དེ་ནས་ལེའུ་གཉིས་པའི་རྗེས་བར་ཚང་བ་དལ་བར་བརྗོད། དེ་ནས་ཟུར་གསལ་ཐུན་མོང་ཚེ་ཡི་དབང་བསྐུར་སྐབས་འདིར་བྱ། གཉིས་པ་སྤྲོས་མེད་གསང་བའི་དབང་བསྐུར་བ་ནི། བླ་མ་ལོངས་སྤྱོད་ཡོངས་རྫོགས་ཚེ་མཐའ་ཡས་པའི་སྤྱན་སྔར་བཅུ་གསུམ་ལོན་པའི་རིག་མ་རྒྱན་དང་ལྡན་པ་དང་། གསེར་ལ་སོགས་པའི་མཎྜལ་ཕུལ་བར་མོས་ལ་ཞིང་ཁམས་འབུལ་དུ་གཞུག །ཐལ་མོ་སྙིང་གར་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོ༔ ངོ་མཚར་རྨད་དུ་བྱུང་བ་ཡི༔ རྡོ་རྗེ་བདུད་རྩི་དྲི་མེད་མཆོག༔ མ་རིག་ཉེས་པ་འཇོམས་བྱེད་པ༔ གསང་བའི་དམ་པ་བདག་ལ་སྩོལ༔ ལན་གསུམ། དེ་ནས་བླ་མ་པདྨ་འབྱུང༔ རིག་མ་བདེ་ཆེན་མནྡཱ་ར༔ མཉམ་སྦྱོར་དགའ་བའི་སྒྲ་དང་ནི༔ བདེ་བའི་འོད་ཀྱིས་སད་བྱས་པའི༔ ཕྱོགས་བཅུའི་རྒྱལ་བ་མ་ལུས་པ༔ ཞལ་ཞུགས་སྐུ་ཡི་དབྱིབས་བརྒྱུད་ནས༔ མཁའ་གསང་པདྨོ་བདེ་ཆེན་པོར༔ དཀར་དམར་འདྲེས་པའི་བྱང་སེམས་ཀྱི༔ རྣམ་པར་འོད་ཞུ་འཁྱིལ་པ་ཉིད༔ ཡུམ་གྱི་མཁའ་ལས་ལྕེ་ཡིས་བླང༔ ཞེས་མོས་ལ་ཀ་པཱ་ལའི་བདུད་རྩི་ལྕེ་ཐོག་ཏུ་བཞག་ལ། ཨེ་མ་ཧོ༔ འདི་ནི་སངས་རྒྱས་ཐམས་ཅད་ཀྱི༔ གསང་གསུམ་ལས་བྱུང་རྡོ་རྗེའི་ཆུ༔ མྱང་བས་མ་རིག་ཉེས་པ་འཇོམས༔ ཚེ་ལ་དབང་བའི་རིག་འཛིན་འགྲུབ༔ ཨ་ཧོ་མ་ཧཱ་སུ་ཁ་སིདྡྷི་ས་མ་ཡ༔ དེ་ལྟར་གསང་བའི་དབང་བསྐུར་པས། ངག་གི་སྒྲིབ་པ་དག །བདག་བྱིན་གྱིས་བརླབ་པའི་རྣལ་འབྱོར་སྒོམ་པ་ལ་དབང་། ཚེ་དབང་རིག་འཛིན་གྱི་ས་བོན་ཐེབས། ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པར་མོས་ཤིག །དེ་ལྟར་གསང་དབང་དང་འབྲེལ་བའི་ལམ་རིམ་རྩ་རླུང་ཐིག་ལེའི་རྣལ་འབྱོར་བསྒོམ་པའི་ཚུལ་ཡང་འདི་ལ་གསན་པས་ཁྱབ་པར་གདའ། ཞེས་བརྗོད་ལ་སླར་ཡང་བྱང་ཆུབ་ཀྱི་སོགས་ལེའུ་གསུམ་པ་མཇུག་ཡན་རྫོགས་པར་འདོན། གསུམ་པ་ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ། བླ་མ་འཆི་མེད་ཆོས་སྐུའི་རང་བཞིན་གསལ་བའི་སྤྱན་སྔར་བཅུ་དྲུག་ལོན་པའི་རིག་མ་རྒྱན་གྱིས་སྤྲས་པ་དང་། གསེར་གཡུའི་མཎྜལ་འབུལ་བར་བསམ་ལ་ཞིང་ཁམས་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོ༔ རབ་ཏུ་ཞི་བའི་བདག་ཉིད་ཀྱི༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ནི༔ རྡོ་རྗེ་སྦྱོར་ལས་ཡང་དག་བྱུང༔ མངའ་བདག་ཆེན་པོས་བདག་ལ་སྩོལ༔ ལན་གསུམ། མཚན་ཉིད་ལྡན་པའི་རིག་མ་ནི༔ སངས་རྒྱས་མ་ལུས་པང་བཀོད་དེ༔ ཡང་དག་ཐར་པ་བརྟེན་པའི་ཕྱིར༔ སྙིང་གི་བུ་ལ་གདམ་པར་བྱ༔ དངོས་སམ་རིག་ཙཀ་གཏད་ལ། ཨོཾ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང༔ ཐབས་འདིར་བརྟེན་ནས་རྫོགས་སངས་རྒྱས༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་འགྲུབ༔ རྨོངས་པ་གང་ཞིག་འདི་སྤོང་བ༔ དེ་ལ་མཆོག་གི་དངོས་གྲུབ་མེད༔ གཟུངས་མ་ཡིད་འོང་ཉམས་དགའ་བ༔ བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བསྔགས༔ འཁོར་ལོའི་གནས་བཞིའི་དགའ་བ་ཆེ༔ བདེ་ཆེན་ཆོས་ཉིད་རྟོགས་པར་གྱིས༔ བྷཉྫ་མོཀྵ་ཧོ༔ ཞེས་གཏད་པས་རིག་མ་དེས་གསང་བའི་གནས་ལ་སྤྲོ་བ་དྲི་བ་ནི་འདི་ལ་གསན་པས་ཁྱབ་སྟེ། བུད་མེད་རྣམས་ལ་རབ་གུས་ཤིང༔ བཤང་ལྕི་ཁུ་ཁྲག་ལ་སོགས་བཟའ༔ པདྨོར་བདེ་བའི་འོ་བྱེད་པར༔ བུ་ཁྱོད་ཅི་དགར་སྤྲོ་འམ་སྨྲོས༔ ལན་གདབ་པ་འདིའི་རྗེས་ཟློས། བཤང་ལྕི་ལ་སོགས་དྭངས་བས་ཟ༔ བུད་མེད་རྣམས་ལ་རྟག་པར་གུས༔ བྷ་གའི་པདྨོར་འོ་བྱེད་པར༔ བདག་ནི་ཅི་དགར་སྤྲོ་ལགས་སོ༔ དེ་ནས་ལྷ་མོ་དེས་དབྱིངས་ཕྱུག་གསང་བའི་རྩ་བསྟན་ཏེ། ང་ཡི་བྷ་ག་གསང་ཆེན་འདི༔ སངས་རྒྱས་ཀུན་གྱི་བཞུགས་གནས་ཡིན༔ དབབ་གཟུང་ལྡོག་ཁྱབ་སྦྱོར་བ་ཡིས༔ བདེ་ཆེན་ཆོས་ཉིད་རྟོགས་པར་གྱིས༔ ཞེས་པས་པང་དུ་འཁོད་པ་ལ། སློབ་མ་བདེ་བ་ཆེན་པོ་པདྨ་སམ་བྷ་ཝ་རིག་མ་ལྷ་ལྕམ་མནྡཱ་རཿབ། མཁའ་གསང་རྡོ་རྗེ་དང་པདྨ། ཐབས་འདི་ལ་བརྟེན་ནས་རང་གནས་ཀྱི་ཡེ་ཤེས་མངོན་དུ་བྱའོ་སྙམ་པས་སྙོམ་པར་ཞུགས་པར་བསམ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨུ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཞེས་སྙོམ་པར་ཞུགས་པས་དགའ་བྲལ་གྱི་རང་ངོ་བསྐྱང་དུ་གཞུག །དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པས། ཡིད་ཀྱི་དྲི་མ་དག །ལམ་གཞན་ལུས་ཕོ་ཉའི་རྣལ་འབྱོར་སྒོམ་པ་ལ་དབང་། ཕྱག་ཆེན་རིག་འཛིན་གྱི་ས་བོན་ཐེབས། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པར་བསམ། དེ་ལྟར་ཤེར་དབང་བསྐུར་པ་དང་འབྲེལ་བའི་ལམ་གྱི་རིམ་པ་གཞན་ལུས་བདེ་བ་ཆེན་པོའི་རྣལ་འབྱོར་བསྒོམ་པ་ཡང་འདི་ལ་གསན་པས་ཁྱབ་པར་གདའ། ཞེས་བརྗོད་ལ། སླར་ཡང་ཟུང་འཇུག་སོགས་ནས། བཞི་པ་རྫོགས་སོ༔ ཞེས་པའི་བར་བརྗོད། དེ་ནས་བཞི་པ་རབ་ཏུ་སྤྲོས་མེད་དེ་ཁོ་ན་ཉིད་ཀྱི་དབང་བསྐུར་ཞུ་བའི་སླད་དུ་བླ་མ་ཀུན་ཏུ་བཟང་པོ་ངོ་བོ་ཉིད་སྐུའི་སྤྱན་སྔར་བུ་དང་། ཆུང་མ། རིན་པོ་ཆེ་དང་། ནོར་ལ་སོགས་པ་གཅེས་རྒུའི་བདོག་པ་འབུལ་བའི་མོས་པས་མཎྜལ་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོ༔ ཀུན་ཏུ་བཟང་པོ་ཆེ་བའི་མཆོག༔ སངས་རྒྱས་ཀུན་གྱི་བདག་ཉིད་ཆེ༔ དཀྱིལ་འཁོར་གཙོ་བོའི་བཀའ་དྲིན་གྱིས༔ རབ་ཏུ་སྤྲོས་མེད་དབང་བསྐུར་སྩོལ༔ ལན་གསུམ། དེ་ནས་བརྒྱུད་གསུམ་རིག་འཛིན་བླ་མ་ལ་གསོལ་བ་འདེབས་པ་འདི་རྩེ་གཅིག་པའི་ཡིད་ཀྱིས་གནང་བ་ཞུ། ཨོཾ་ཨཱཿཧཱུྃ༔ ཀ་དག་ཆོས་དབྱིངས་ཞིང་ཁམས་ན༔ ཆོས་སྐུ་ཀུན་ཏུ་བཟང་པོ་དང༔ དབྱེར་མེད་རྩ་བའི་བླ་མ་ལ༔ དགོངས་བརྒྱུད་དག་པའི་འཁོར་གྱིས་བསྐོར༔ རྣལ་འབྱོར་གདུང་བས་གསོལ་བ་འདེབས༔ ཀ་དག་གཞི་ཐོག་ཕེབས་པ་ཡི༔ འོད་གསལ་དགོངས་པས་བྱིན་གྱིས་རློབས༔ ཡོན་ཏན་ལྷུན་རྫོགས་ཞིང་ཁམས་ན༔ ལོངས་སྐུ་རིགས་ལྔའི་སངས་རྒྱས་དང༔ དབྱེར་མེད་རྩ་བའི་བླ་མ་ལ༔ བརྡ་བརྒྱུད་རིག་པའི་འཁོར་གྱིས་བསྐོར༔ རྣལ་འབྱོར་གདུང་བས་གསོལ་བ་འདེབས༔ ཀ་དག་གཞི་ཐོག་ཕེབས་པ་ཡི༔ འོད་གསལ་དགོངས་པས་བྱིན་གྱིས་རློབས༔ གང་འདུལ་རོལ་པའི་ཞིང་ཁམས་ན༔ སྤྲུལ་སྐུ་རིགས་གསུམ་མགོན་པོ་དང༔ དབྱེར་མེད་རྩ་བའི་བླ་མ་ལ༔ སྙན་བརྒྱུད་སྤྲུལ་པའི་འཁོར་གྱིས་བསྐོར༔ རྣལ་འབྱོར་གདུང་བས་གསོལ་བ་འདེབས༔ ཀ་དག་གཞི་ཐོག་ཕེབས་པ་ཡི༔ འོད་གསལ་དགོངས་པས་བྱིན་གྱིས་རློབས༔ ལང་ཀ་དཔལ་གྱི་གྲོང་ཁྱེར་ཆེ༔ བདེ་ཆེན་པདྨ་འོད་ཞིང་ན༔ རྩ་གསུམ་ཀུན་འདུས་པདྨ་འབྱུང༔ དབྱེར་མེད་རྩ་བའི་བླ་མ་ལ༔ རིག་འཛིན་གྲུབ་ཐོབ་རྒྱ་མཚོས་བསྐོར༔ རྣལ་འབྱོར་གདུང་བས་གསོལ་བ་འདེབས༔ ཀ་དག་གཞི་ཐོག་ཕེབས་པ་ཡི༔ ལུས་ལ་སྐུ་ཡི་བྱིན་གྱིས་རློབས༔ རྡོ་རྗེའི་སྐུ་རུ་འགྲུབ་པར་མཛོད༔ ངག་ལ་གསུང་གི་བྱིན་གྱིས་རློབས༔ འགག་མེད་ནཱ་དར་འགྲུབ་པར་མཛོད༔ ཡིད་ལ་ཐུགས་ཀྱི་བྱིན་གྱིས་རློབས༔ འོད་གསལ་ཐུགས་སུ་འགྲུབ་པར་མཛོད༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱཀྐི་ནཱི་སརྦ་མཎྜལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཧཱུྃ་ཨ་ཨཱ༔ ཞེས་པས་བྱིན་དབབ། དེ་ནས་སློབ་མ་རྣམ་སྣང་གི་ཆོས་བདུན་བཅས་ལ་སེམས་དུས་གསུམ་སྤྲོས་པ་བཅད་ལ། བླ་མས་ཕཊཿདྲག་པོ་ཞིག་བརྗོད་རྗེས། སེམས་གང་ཡིན་ཞེས་ལན་གསུམ་རྟབ་རྟབ་ཏུ་དྲིས་པས། སྨྲ་བསམ་ཡང་བརྗོད་དུ་མེད་པའི་དོན་མངོན་དུ་གྱུར་པ་ལ་ངོ་སྤྲད་པ་ནི། ཨེ་མ་ཧོ༔ རང་བྱུང་རིག་པའི་སྐྱེས་བུ་ཉོན༔ བཞི་ཆ་གསུམ་བྲལ་གདོད་མའི་གཤིས༔ ཀུན་ལ་ཁྱབ་པ་ནམ་མཁའ་བཞིན༔ སྨྲར་མེད་མྱོང་བའི་བདག་ཉིད་ཅན༔ སྟོང་དང་མི་སྟོང་བློ་ལས་འདས༔ མཐའ་བརྒྱད་གྲུབ་མཐས་མ་རེག་པ༔ ཡིད་དཔྱོད་འཛིན་པའི་འཕྲང་ལས་གྲོལ༔ འདི་ནི་མཆོག་གི་རྡོ་རྗེ་སྟེ༔ ཟབ་མོའི་དོན་འདི་སུས་སྒོམ་པ༔ སངས་རྒྱས་གཅེར་མཐོང་ཨེ་མ་ཧོ༔ ལྷུན་གྲུབ་རིག་འཛིན་གོ་འཕང་ཐོབ༔ ཡེ་ཤེས་བླ་མའི་ས་ནོན་གྱུར༔ དེའི་རྗེས་འབྲེལ་དུ་ཀ་དག་རིག་པ་རྩལ་གྱི་ལམ་རིམ་ནི་འདི་ལ་གསན་པས་ཁྱབ་པར་གདའ། སླར་ཡང་འཁོར་འདས་སོགས། ལྔ་པ་རྫོགས་སོ༔ ཞེས་པའི་བར་བརྗོད། དེ་ནས་ལྷུན་གྲུབ་ཀྱི་དགོངས་ཉམས་ངོ་སྤྲད་པ་ནི། ཤེལ་དང་རྨ་བྱའི་མདོངས་སྒྲོ་བསྟན་ཏེ། གཞིར་གནས་ཀུན་ཏུ་བཟང་པོ་ཉིད༔ བཞུགས་སྟངས་གསུམ་དང་གཟིགས་སྟངས་གསུམ༔ ལྷུན་གྲུབ་དག་པའི་གནད་ལྡན་པས༔ ཙཀྵུའི་ལམ་དུ་མངོན་སུམ་མཐོང༔ སྣང་བ་བཞི་པོ་མཐར་ཕྱིན་ནས༔ ཟག་མེད་འོད་ལུས་འགྲུབ་པར་འགྱུར༔ ཞེས་བརྗོད། དེ་ལྟར་ལྷུན་གྲུབ་ཀྱི་ལམ་ལས་སྣང་བ་བཞིའི་ལམ་མཐར་ཕྱིན་པའི་གནད་ལ་གོམས་པའི་ཚུལ་ཡང་འདི་ལ་གསན་པས་ཁྱབ་སྟེ། སླར་ཡང་འོད་གསལ་སོགས་ནས་རྩ་རྒྱུད་མཐའ་རྫོགས་པའི་བར་བཀླག །དེ་དག་གིས་ཚིག་ལས་འདས་པ་དོན་དམ་གྱི་དབང་ཐོབ། སྙོམ་འཇུག་གི་སྒྲིབ་པ་དག །ཀ་དག་དང་ལྷུན་གྲུབ་ཀྱི་ལམ་སྒོམ་པ་ལ་དབང་། ལྷུན་གྲུབ་རིག་འཛིན་གྱི་ས་བོན་ཐེབས། ཡེ་ཤེས་བླ་མའི་ས་ནོན། འབྲས་བུ་ངོ་བོ་ཉིད་སྐུའི་གོ་འཕང་རྒྱུད་ལ་བཞག་པར་བསམ་མོ། །དེ་ལྟར་དབང་བསྐུར་ཡོངས་སུ་རྫོགས་པ་ལ་ནམ་མཁའ་གང་བའི་རྩ་གསུམ་རྒྱལ་བ་རབ་འབྱམས་རྣམས་ཀྱིས་ཤིས་པ་བརྗོད་པས་མངའ་གསོལ་ཞིང་། རྡོ་རྗེའི་བདེན་ཚིག་གི་མེ་ཏོག་ཆར་དུ་བསྙིལ་བས་དབང་དོན་གྱི་ཡེ་ཤེས་རྒྱུད་ལ་བརྟན་པར་མོས་ཤིག །ཅེས་བརྗོད་ཞལ་ནས་གསུངས་པའི་བཀྲ་ཤིས་ཀྱི་ཐོག་དྲངས། ཨོཾ་ཨཱཿཧཱུྃ༔ ངོ་བོ་སྟོང་ཞིང་སོགས་ལས་བྱང་ལྟར་བརྗོད་དོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། དེ་དག་གི་སྒོ་ནས་བདེ་བ་ཆེན་པོ་པདྨ་སམ་བྷ་ཝའི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་བསྐུར་བའི་རིམ་པ་ཟབ་མོ་ལེགས་པར་ཕུལ་གྲུབ་པས། སྐབས་སུ་ཐོབ་པའི་དམ་ཚིག་དང་སྡོམ་པ་མི་ཉམས་པར་སྲུང་བར་ཞལ་གྱིས་བཞེས་པ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་ལན་གསུམ། དབང་བསྐུར་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་སླད་དུ་མཎྜལ། ལུས་ལོངས་སྤྱོད་འབུལ་བ་འདིའི་རྗེས་ཟློས། དེང་ནས་བརྩམ་སྟེ་སོགས་བརྗོད། དགེ་བསྔོ་སྤྱི་ལྟར་བྱ། དེ་ནས་སློབ་དཔོན་གྱིས་ཚོགས་ལ་རོལ་བ་སོགས་ལས་བྱང་མཐར་དབྱུང་བས་འགྲུབ་བོ། །གསུང་གི་རྡོ་རྗེ་པདྨ་སམ་བྷ་ཝའི། །གསང་གསུམ་ནུས་བཅུད་སྨིན་བྱེད་བུམ་པ་བཟང་། །མཚམས་སྦྱོར་རིན་ཆེན་དྲྭ་བས་མཛེས་བྱས་པས། །འགྲོ་ཀུན་སྐུ་བཞིའི་གོ་འཕང་ཐོབ་གྱུར་ཅིག །ཅེས་པའང་དད་ཤེས་ཀྱི་ནོར་ཅན་ཐུབ་བསྟན་འཇིགས་མེད་ཀྱིས་བསྐུལ་བ་དང་མཚུངས་མེད་མཆོག་གི་སྤྲུལ་པའི་སྐུ་གང་གི་ཐུགས་ཀྱི་བཞེད་པ་སྐོང་བའི་སླད་དུ་བདུད་འཇོམས་ནམ་མཁའི་རྡོ་རྗེས་ངག་ནས་སྨྲས་རིམ་བཞིན་བློ་གསལ་དགེ་སློང་གྲགས་པ་བསྟན་བཟང་གིས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།

པདྨ་གསང་བའི་ཐིག་ལེ་ལས། ཐུན་མོང་ཚེ་ཡི་དབང་བསྐུར་འཆི་མེད་གྲུབ་པའི་བཅུད་ལེན་ (Volume 63, Text 33)

༄༅། །པདྨ་གསང་བའི་ཐིག་ལེ་ལས། ཐུན་མོང་ཚེ་ཡི་དབང་བསྐུར་འཆི་མེད་གྲུབ་པའི་བཅུད་ལེན་ཞེས་བྱ་བ་བཞུགས་སོ། ། ན་མོ་པདྨཱཀ་ར་ཡེ། དཀྱིལ་འཁོར་ཀུན་གྱི་ཁྱབ་པའི་བདག །འཆི་མེད་པདྨ་སམ་བྷ་ཝར། །སྒོ་གསུམ་གུས་པས་རབ་བཏུད་དེ། །ཚེ་ཡི་དབང་བསྐུར་འཇུག་བདེར་བསྡེབ། །འདི་ལ་གསུམ། སྦྱོར་དངོས་རྗེས་སོ། །དང་པོ་ནི། སྟེགས་བུའི་ཁར་མཎྜལ་ཚོམ་བུ་ལྷ་གྲངས་བཀོད་པའི་སྟེང་མཉྫིའི་ཁར་ཚེ་འབྲང་བུམ་གཟུགས་རྒྱན་སྤྲོས་ཅན། གཡས་གཡོན་དུ་ཐབས་ཤེས་ཀྱི་རྫས་ཚེ་རིལ། ཚེ་ཆང་། མདའ་དར། སྨན་རཀ་གཏོར་གསུམ། ཉེར་སྤྱོད། སྔོན་འགྲོའི་གཏོར་མ་སོགས་དགོས་པའི་ཡོ་བྱད་འདུ་བྱའོ། །དེ་ནས་འཆི་མེད་ཚེ་ཡི་ཕྲིན་ལས་བཏང་སྟེ། བཟླས་པའི་ཐོག་མར་ཛཔ྄་ཁང་དབྱེས་ལ། བདག་མདུན་ལྷ་ཡི་སྐུར་གསལ་བའི༔ སྙིང་དབུས་དག་པའི་སོགས་ཀྱིས་བདག་མདུན་སྒྲུབ་རྫས་རྣམས་དམིགས་བཟླས་ཀྱིས་ཁྱབ་པར་བྱས་ལ། རྩ་སྔགས་ཅི་འགྲུབ་བཟླ། བདག་མདུན་གཙོ་འཁོར་རྣམས་ཀྱི་སྐུ་ལས་ལྷ་མོ་མགྱོགས་མའི་སྤྲུལ་པ་ཉི་ཟེར་གྱི་རྡུལ་ལྟར་འཕྲོས་པས། རང་གཞན་གྱི་བླ་ཚེ་ཆད་ཉམས་ཡར་པ་ཐམས་ཅད་འོད་ཟེར་ཐིག་ལེ་ཁ་དོག་ལྔ་ལྡན་གྱི་རྣམ་པར་བསྡུས་ཏེ་བདག་གནས་སྒྲུབ་པའི་རྫས་ལ་ཐིམ་པར་བསམ་ལ། གཞུང་གསལ་ཚེ་འགུགས་ལན་གསུམ་སོགས་གྱེར་ཞིང་། སྟོང་ཚིགས་མཆོད་བསྟོད་འབུལ། རིག་པའི་མེ་ཏོག་དོར་ཞིང་སློབ་མ་འཇུག་པར་གནང་བར་ཞུ་བ་བཅས་སོང་ནས། གཉིས་པ་དངོས་གཞི་དབང་བསྐུར་བ་ལ། སློབ་མ་རྣམས་ལས་ཁྲུས་བྱ། བགེགས་གཏོར་བྱིན་གྱིས་བརླབས་ནས་ལས་བྱང་ལྟར་བགེགས་གཏོར་བཏང་ཞིང་སྲུང་འཁོར་བསྒོམ། གྲལ་དུ་འཁོད་དེ་སེམས་བསྐྱེད་གསལ་གདབ་སྤྱི་ལྟར་སོང་ནས་ཆོས་བཤད་ཀྱི་ཁྱད་པར། དེ་ཡང་ཇི་སྐད་དུ། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པའི་ཞལ་སྔ་ནས། འཁོར་བར་སྲོག་ལས་གཅེས་པ་ནི། །འགའ་ཡང་ཡོད་པ་མ་ཡིན་ཏེ། །དེ་བས་མྱུར་དུ་ཐབས་མང་པོས། །འཆི་བ་བླུ་བ་ཡང་དག་བརྩམ། །ཞེས་གསུངས་པ་ལྟར། འཆི་བ་བླུ་བའི་ཐབས་མདོ་རྒྱུད་བསྟན་བཅོས་རྣམས་སུ་མཐའ་ཀླས་པར་གསུངས་པ་ལས། ད་ལམ་སྐབས་སུ་བབས་པ། དུས་གསུམ་ཀུན་མཁྱེན་མ་ཧཱ་གུ་རུའི་ཐུགས་ཏིག་པདྨ་ཟབ་པ་རྩ་བའི་རྒྱུད་དང་རྗེས་སུ་འབྲེལ་བའི་ཐུན་མོང་ཚེ་ཡི་དབང་བསྐུར་ཟབ་མོ་སྒྲུབ་པ་ལ་བདག་ཉིད་ཀྱིས་བགྱི་བར་འོས་པའི་རིམ་པ་རྣམས་སྔོན་དུ་ལེགས་པར་སོང་བ་ཡིན་པས། ཁྱེད་རྣམས་ཀྱི་བྱ་བའི་ཐོག་མར་འཆི་མེད་ཚེ་ཡི་དབང་བསྐུར་གསན་པའི་ཆེད་དུ་མཎྜལ། དེ་ལྟར་མཎྜལ་གྱིས་མཚམས་སྦྱར་ནས་བླ་མ་དང་གཉིས་སུ་མེད་པའི་སྐྱབས་ཡུལ་ནམ་མཁའ་གང་བར་བཞུགས་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས། ན་མོ༔ གདོད་ནས་དག་པ་སོགས་ལན་གསུམ། ཡུལ་མཆོག་དེ་དག་གི་སྤྱན་སྔར་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོ༔ མེད་བཞིན་སྣང་བ་སོགས་གསུམ། རྒྱུན་བཤགས་ཡན་ལག་བརྒྱད་པ་འདིའི་རྗེས་ཟློས། འཆི་མེད་ཚེ་ཡི་སོགས་ལན་གསུམ། ཁྱད་པར་འཆི་མེད་ཚེ་ཡི་དབང་བསྐུར་ཞུ་བའི་ཆེད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོ༔ ཐུགས་རྗེའི་བདག་ཉིད་སློབ་དཔོན་གྱིས༔ བདག་ཅག་འཁོར་བ་ལས་སྒྲོལ་ཕྱིར༔ འཆི་མེད་ཚེ་ཡི་དཀྱིལ་འཁོར་དུ༔ མ་སྨིན་སྨིན་བྱེད་དབང་བསྐུར་སྩོལ༔ ལན་གསུམ། དེ་ནས་དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པ་ལ་དམིགས་པ་འདི་བཞིན་དུ་མཛོད། ལས་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྒོ་གསུམ་དངོས་འཛིན་མི་དམིགས་པར། །སློབ་མ་དཔལ་ཆེན་ཧེ་རུ་ཀ༔ རྟ་མཆོག་རྒྱལ་པོར་གསལ་བ་ཡི༔ སྙིང་གར་ཆུ་སྐྱེས་ཉི་ཟླའི་དབུས༔ འཆི་མེད་ཡེ་ཤེས་ཚེ་དཔག་མེད༔ དེ་ཡི་ཐུགས་ཀར་མཁའ་འགྲོ་མ༔ གསང་བ་ཡེ་ཤེས་དམར་གསལ་མདངས༔ ཌཱ་རུ་དཀྲོལ་ཞིང་ཐོད་ཆང་བསྣམས༔ འོད་དམར་ཞགས་པས་བསྐོར་བ་ཡི༔ གསང་བར་གཡུང་དྲུང་རིས་དམར་པོ༔ གཡོན་ཕྱོགས་དྲག་ཏུ་འཁོར་བ་ལས༔ མཁའ་འགྲོ་བདེ་བའི་གར་དང་སྒྲས༔ སྲས་བཅས་རྒྱལ་རྣམས་དབང་མེད་བཀུག༔ སློབ་མའི་ལུས་ལ་ཐིམ་པར་བསམ༔ སྤྲོ་ན་བྱིན་འབེབ་དབྱངས་དང་བཅས་གྱེར་ལ། སྔགས་མཐར། སཏྭམ་བྷ་ཡ་སཏྭམ་བྷ་ཡ། ར་ར་ར་ར། ཙཱ་ལ་ཡ་ཙཱ་ལ་ཡ། ཧྲིཾ་ཧྲིཾ། ཕེཾ་ཕེཾ། ཧཱུྃ་ཨཱཿཧ་ཛྷཻཾཿ ཞེས་རོལ་མོའི་སྒྲ་དང་བཅས་ཏེ་བྱིན་དབབ། ཏིཥྛ་བཛྲཿ ཞེས་རྡོ་རྗེ་མེ་ཏོག་དང་བཅས་སྤྱི་བོར་བཞག་སྟེ་བརྟན་པར་བྱ། དངོས་གཞི་དབང་བསྐུར་བ་ལ་ཐོག་མར་ཚེ་བཅུད་འགུགས་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད་ཅིག །བདག་མདུན་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་དང་། ལྷ་མོ་མགྱོགས་མའི་སྤྲུལ་པ་ཉི་ཟེར་གྱི་རྡུལ་འཁྲིགས་པ་ལྟར་སྟོང་གསུམ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་བར་འཕྲོས་པས། ས་ཆུ་མེ་རླུང་སོགས་འབྱུང་བ་ཆེན་པོ་བཞིའི་བཅུད་དྭངས་མ། ནང་བཅུད་ཀྱི་སེམས་ཅན་ཕྱོགས་སྐྱོང་རྒྱལ་ཆེན་ཚངས་པ་བརྒྱ་བྱིན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སོགས་ཀྱི་ཚེ་དང་བསོད་ནམས། དཔལ་དང་བཀྲག་མདངས་གཟི་བརྗིད། དྲང་སྲོང་རིག་འཛིན་ཚེ་ལ་དབང་བ་རྣམས་ཀྱི་མཐུ་སྟོབས་ནུས་པ་ཚེ་ཡི་དངོས་གྲུབ། འཕགས་ཚོགས་འཇིག་རྟེན་ལས་འདས་པ་སངས་རྒྱས་བྱང་སེམས། ཉན་ཐོས་རང་རྒྱལ་རྣམས་ཀྱི་ཚེ་ཡི་བྱིན་རླབས། ཁྱད་པར་བསྒྲུབ་བྱ་རྣམས་ཀྱི་བླ་ཚེ་ཡར་པ། འཐོར་བ། བྱད་མ་གདོན་བགེགས་འབྱུང་པོས་བརྐུས་ཕྲོགས་ཁྱེར་པ་ཐམས་ཅད་དྭངས་མའི་ཐིག་ལེ་འོད་ཟེར་ཁ་དོག་སྣ་ཚོགས། སྲོག་རྟེན་ཨ་ནྲྀ་ཧཱུྃ་གསུམ་གྱི་རྣམ་པ་དཔག་ཏུ་མེད་པར་སྤྱན་དྲངས་ཏེ་མདུན་བསྐྱེད་སྒྲུབ་རྫས་རྣམས་ལ་སིབ་སིབ་ཐིམ་པས། གྲུབ་པའི་དངུལ་ཆུ་བཞིན་དུ་དགེ་ལེགས་དཔལ་ཡོན་གྱི་སྣང་བ་མཆོག་ཏུ་འབར་བའི་དྭངས་མ་ཐིག་ལེ་ཆེན་པོར་གྱུར་པར་བསམ་ལ་ཚེ་འགུགས་དབྱངས་དང་བཅས་ཏེ་གྱེར། དེ་ནས་ཚེ་ཡི་འབྲང་རྒྱས་འདི་ཉིད་སྣོད་བཅུད་ཡོངས་རྫོགས་རབ་འབྱམས་ཚེ་ལྷའི་དཀྱིལ་འཁོར་ཆེན་པོར་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པས། ལྷ་ཚོགས་རྣམས་ཀྱི་གནས་གསུམ་དང་གཙོ་བོའི་ཕྱག་མཚན་ཚེ་བུམ་དང་གསང་བའི་སྦྱོར་མཚམས་ནས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབས། ཁྱེད་རང་གི་ལུས་ཀྱི་ནང་ཐམས་ཅད་གང་། དབང་བཞིའི་རིམ་པ་ཐོད་རྒལ་དུ་ཐོབ། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ཚེ་ཡི་དངོས་གྲུབ་ཐམས་ཅད་ཐོབ་པའི་མོས་པ་མཛོད་ཅིག །ཨོཾ༔ མི་འགྱུར་སྙིང་པོ་འོད་གསལ་བ༔ རྡོ་རྗེའི་རང་བཞིན་འཕོ་འགྱུར་བྲལ༔ ལྷར་སྣང་ཡེ་ཤེས་ཕྱག་རྒྱ་ཆེ༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་རོ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྤྱི་བོར་བཞག་ཅིང་དབང་བསྐུར། ལག་གཡས་སུ་ཐབས་ཀྱི་རྫས་ཚེ་ཡི་རིལ་བུ་བྱིན་པ་མྱང་པས་བདེ་ཆེན་རྡོ་རྗེའི་ཚེ་ལ་མངའ་བརྙེས་པའི་མོས་པ་མཛོད་ཅིག །ཨོཾ༔ བཀྲ་ཤིས་སྙིང་པོ་ཚེ་ཡི་དངོས༔ རྟག་པ་དམ་པ་རྡོ་རྗེའི་སྲོག༔ གྲུབ་པའི་བཅུད་ལེན་འཆི་མེད་དབྱིག༔ མྱང་པས་ཡེ་ཤེས་མཆོག་ཐོབ་བསམ༔ ཨོཾ་བཛྲ་ཨཱ་ཡུ་ཥེ་སིདྡྷི་ཕ་ལ་ཧཱུྃ༔ ལག་གཡོན་དུ་ཤེས་རབ་ཀྱི་རྫས་ཚེ་ཡི་བདུད་རྩི་བྱིན་པ་ལ་བརྟེན། རྣམ་ཀུན་མཆོག་ལྡན་ཡེ་ཤེས་ཆེན་པོའི་ཚེ་ལ་མངའ་བརྙེས་པའི་མོས་པ་མཛོད་ཅིག །ཨོཾ༔ བཀྲ་ཤིས་སྙིང་པོ་སོགས་ནས། སིདྡྷི་ཕ་ལ་ཧཱུྃ༔ དེ་ལྟར་ལུས་ཀྱི་ནང་ཐམས་ཅད་འཆི་མེད་ཚེ་ཡི་བདུད་རྩིས་གང་བ་དྭངས་མའི་དྭངས་མ་ཐམས་ཅད་ཁྱེད་རང་རྟ་མགྲིན་དུ་གསལ་བའི་སྙིང་གར་ཧཱུྃ་གི་ཁོག་པར་ནྲྀ་ཡིག་ཨས་མཚན་པ་ལ་ཐིམ་པས་འཆི་མེད་རྡོ་རྗེའི་སྲོག་འགྲུབ། ཚེ་རྟེན་དེ་ཉིད་ཡི་གེ་ཧཱུྃ་ཁ་སྦྱོར་གྱི་རྒྱས་བཏབ་པས་གཞོམ་ཞིག་འཕོ་འགྱུར་དང་བྲལ་བའི་རྡོ་རྗེའི་ཚེ་ཐོབ་པའི་མོས་པ་མཛོད་ཅིག །ཨ༔ འབྱུང་ལྔའི་ཁམས་ནས་ཡར་པའི་ཚེ༔ ཡུམ་ལྔའི་ཀློང་དུ་ཕྱག་རྒྱས་བཏབ༔ འཕོ་འགྱུར་མེད་པ་རྡོ་རྗེའི་ཚེ༔ གཞོམ་མེད་ཀློང་དུ་ཨ་ཏི་ཧོ༔ ཞེས་མདའ་དར་སྤྱི་བོར་རྒྱ་གྲམ་དུ་བཞག་ཅིང་རྒྱས་གདབ། དེ་ལྟར་འཆི་མེད་ཚེ་ཡི་དབང་བསྐུར་ཡོངས་སུ་རྫོགས་པ་ལ་ནམ་མཁའ་གང་བའི་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་ཤིས་པ་བརྗོད་པས་མངའ་གསོལ་བའི་མོས་མཛོད་ཅིག །ཅེས་བརྗོད་ལ། དཀོན་མཆོག་གསུམ་གྱི་བཀྲ་ཤིས་སོགས་བརྗོད། རྗེས་ཀྱི་རིམ་པ་ལ། དམ་ཚིག་ཁས་བླང་། གཏང་རག་འབུལ་བ། དགེ་བ་བསྔོ་བ་སོགས་སྤྱི་ལྟར་བྱས་པས་འགྲུབ་བོ། །ཞེས་པའང་ཉེར་མཁོའི་ཡན་ལག་ཏུ་བདུད་འཇོམས་ནམ་མཁའི་རྡོ་རྗེས་བྲིས་པ་འགྲོ་ཀུན་འཆི་བའི་འཇིགས་པ་ལས་མྱུར་དུ་གྲོལ་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།

པདྨ་གསང་བའི་ཐིག་ལེ་ལས། རྒྱུན་གྱི་རྣལ་འབྱོར་ཕྱག་རྒྱ་ལམ་རྫོགས་ (Volume 63, Text 34)

པདྨ་གསང་བའི་ཐིག་ལེ་ལས། རྒྱུན་གྱི་རྣལ་འབྱོར་ཕྱག་རྒྱ་ལམ་རྫོགས་ཞེས་བྱ་བ་བཞུགས་སོ། །ན་མོ་པདྨཱཀ་ར་ཡེ། སྤྲོས་པ་མེད་པའི་དོན་ལ་མཉམ་པར་བཞག་པས་རྣམ་པ་ལམ་བྱེད་ལྷ་ཡི་ཕྱག་རྒྱ་བསྒོམ་པ་ནི། ན་མོ༔ གདོད་ནས་དག་པ་གཉུག་མའི་བབ༔ འོད་གསལ་འདུས་མ་བྱས་པའི་གདངས༔ འཕོ་འགྱུར་མེད་པ་དོན་གྱི་ལྷར༔ གཉིས་མེད་ངང་ནས་སྐྱབས་སུ་མཆི༔ ཧོ༔ མེད་བཞིན་སྣང་བ་འཁྲུལ་པའི་འགྲོ༔ རང་རིག་ཆེན་པོར་རོ་མཉམ་ཡང༔ གསང་ཆེན་ཐབས་ཀྱིས་ཆོད་པ་རྣམས༔ ཡེ་ཤེས་དབྱིངས་སུ་འགོད་པར་བྱ༔ ཞེས་སྐྱབས་སེམས་ལན་གསུམ་རེ་བརྗོད། ཨ༔ ཆོས་སྐུ་སྐྱེ་བ་མེད་པ་ལས༔ འགགས་མེད་རང་བྱུང་སྙིང་རྗེའི་སྤྲིན༔ ཐུགས་རྗེ་ཆེན་པོའི་རོལ་པ་ལས༔ རྒྱུ་ཡི་ཧྲཱིཿཡིག་འོད་དུ་འབར༔ འོད་འཕྲོས་སྣོད་བཅུད་དངོས་འཛིན་སྦྱངས༔ ཕྱི་སྣོད་དག་པའི་གྲོང་ཁྱེར་དབུས། །སྣ་ཚོགས་པདྨ་ཉི་ཟླའི་སྟེང་། །རང་རིག་ཧྲཱིཿཡིག་ཡོངས་གྱུར་ལས༔ འཆི་མེད་མཚོ་སྐྱེས་པདྨ་འབྱུང༔ ཟག་མེད་དཀར་དམར་ལང་ཚོས་གང༔ བདེ་ཆེན་ཐིག་ལེར་འཁྱིལ་བའི་ཞལ༔ རྗེས་ཆགས་སྤྱན་ཟུང་འཛུམ་པའི་མདངས༔ སྣང་སྟོང་ཟུང་འཇུག་ཕྱག་གཉིས་ཀྱིས༔ རྡོ་རྗེ་ཚེ་ཡི་བུམ་པ་འཛིན༔ པང་དུ་རང་འོད་ལས་སྐྱེས་པའི༔ འཆི་མེད་ཡེ་ཤེས་མནྡཱ་ར༔ མདའ་དར་ཚེ་བུམ་བསྣམས་པས་འཁྲིལ༔ ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་གིས༔ དགྱེས་མཉམ་ཆེན་པོའི་དབྱིངས་སུ་སྦྱོར༔ ལོངས་སྤྱོད་རྫོགས་སྐུ་ཞི་བའི་ཆས༔ འོད་ཟེར་དྲུག་ཕྲག་བསམ་ཡས་འཕྲོ༔ རབ་འབྱམས་ཚེ་ལྷའི་འཁོར་དང་བཅས། །རིགས་མཆོག་རྣམ་པ་ལྔ་ཡི་བདག༔ སྐུ་གསུང་ཐུགས་ཀྱི་ངོ་བོར་རྫོགས། །ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨ་ཨཱ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་བ་ལིངྟ་མ་ཧཱ་རཀྟ་མ་ཧཱ་ཡོ་གི་དྷརྨ་དྷཱ་ཏུ་པཱུ་ཛཿཧོཿ ཧཱུྃ༔ མ་བཅོས་སྤྲོས་བྲལ་ཆོས་ཀྱི་སྐུ༔ བདེ་ཆེན་ལྷུན་གྲུབ་ལོངས་སྤྱོད་རྫོགས༔ སྐྱེ་འཆི་སྤངས་པ་སྤྲུལ་པའི་སྐུ༔ དབྱེར་མེད་མཚོ་སྐྱེས་རྒྱལ་བར་བསྟོད༔ ཅེས་བརྗོད་ལ། ལྷ་སྐུའི་ཕྱག་རྒྱ་དྭངས་གསལ་རྙོགས་པ་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟར་བསྒོམས་ལ། གསལ་བརྟན་གྱི་ཉམས་མ་སྐྱེས་བར་སྦྱང་ཞིང་། དག་པ་དྲན་པ་ལ་བསླབ་པ་དང་། ང་རྒྱལ་ལ་སེམས་གཟུང་། དེས་སྐྱོ་ན། རང་ཉིད་ལྷ་ཡི་སྐུར་གསལ་བའི༔ སྙིང་དབུས་དག་པའི་ཐིག་ལེ་རུ༔ བདེ་ཆེན་ཆོས་སྐུ་ཚེ་དཔག་མེད༔ དམར་གསལ་མཉམ་གཞག་ཚེ་བུམ་འཛིན༔ དེ་ཡི་ཐུགས་ཀར་ཉི་ཟླ་ཡི༔ ཐབས་ཤེས་གྭ་འུ་འབར་བའི་དབུས༔ མི་འགྱུར་ཐུགས་སྲོག་ཧྲཱིཿཡིག་མཐར༔ རྡོ་རྗེའི་སྔགས་ཀྱིས་བསྐོར་བ་ལས༔ གསལ་ཞིང་འབར་བའི་འོད་ཟེར་གྱིས༔ སྣོད་བཅུད་སྐྱེ་འགྲོའི་རྒུད་པ་སྦྱངས༔ འཁོར་འདས་དྭངས་བཅུད་ཚུར་འདུས་པས༔ བདེ་ཆེན་རྡོ་རྗེའི་སྐུ་ཐོབ་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ ཞེས་པའི་བཟླས་དམིགས་ལ་རྩེ་གཅིག་ཏུ་བརྩོན་བཞིན་རྟགས་ཐོན་བར་དུ་བཟླ། ཐུན་ལས་ལྡང་བར་བརྩམ་པ་ན། ཧོ༔ མ་བསྐྱེད་ཡེ་ནས་རྫོགས་པའི་ལྷ༔ ཆོ་འཕྲུལ་ཆེན་པོའི་དཀྱིལ་འཁོར་པ༔ མཁའ་ལ་འཇའ་ཚོན་ཡལ་བ་ལྟར༔ འོད་གསལ་ཆོས་སྐུའི་ཀློང་དུ་ཐིམ༔ ཨ་ཨ་ཨ༔ སླར་ཡང་རང་དང་སྣང་བ་ཀུན༔ ཆུ་ལས་ཆུ་བུར་རྡོལ་པ་ལྟར༔ ཡེ་ཤེས་ཆེན་པོའི་ཕྱག་རྒྱར་ཤར༔ རྡོ་རྗེ་གསུམ་གྱི་ངོ་བོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཞེས་པས་རྟག་ཆད་ཀྱི་མཐའ་བསལ། དགེ་བ་འདི་དང་དགེ་བ་གཞན༔ ཐམས་ཅད་གཅིག་ཏུ་བསྡོམས་བྱས་ནས༔ ཟག་མེད་ཆོས་སྐུའི་དབྱིངས་སུ་བསྔོ༔ འདུ་འབྲལ་མེད་པར་སངས་རྒྱས་ཤོག༔ ཅེས་པས་དགེ་བ་རྫོགས་བྱང་དུ་བསྔོ་ལ། ཨོཾ་ཨཱཿཧཱུྃ༔ ངོ་བོ་སྟོང་ཞིང་རང་བཞིན་གསལ༔ ཐུགས་རྗེ་སྣ་ཚོགས་སྣང་བའི་རྩལ༔ འགགས་པ་མེད་པར་རོལ་པའི་སྤྲིན༔ བདེ་བ་ཆེན་པོའི་བཀྲ་ཤིས་ཤོག༔ གཞི་གྲོལ་རིག་པ་ཀ་ནས་དག༔ གཞི་སྣང་ཡེ་ཤེས་ཕྱག་རྒྱ་ཆེ༔ ལྷུན་གྲུབ་ཐིག་ལེ་ཆེན་པོའི་སྦུབས༔ ཆོས་ཟད་བློ་འདས་བཀྲ་ཤིས་ཤོག༔ ཅེས་བཀྲ་ཤིས་ཀྱི་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་པར་བྱའོ། །ཞེས་པའང་ཀོང་ཡུལ་སྒོམ་ཆེན་ཨོ་རྒྱན་རང་གྲོལ་གྱི་ཐུགས་དམ་རྒྱུན་ཁྱེར་དུ་བདུད་འཇོམས་ནམ་མཁའི་རྡོ་རྗེས་བྲིས་པ་དགེ། །།

འཆི་མེད་རྩ་གསུམ་ཀུན་འདུས་པདྨ་གསང་བའི་ཐིག་ལེའི་བསྙེན་སྒྲུབ་ཇི་ལྟར་བྱ་བའི་ཚུལ་ཅུང་ཟད་བཀོད་པ་རིམ་གཉིས་གྲུབ་པའི་ཤིང་རྟ་ (Volume 63, Text 35)

༄༅། །འཆི་མེད་རྩ་གསུམ་ཀུན་འདུས་པདྨ་གསང་བའི་ཐིག་ལེའི་བསྙེན་སྒྲུབ་ཇི་ལྟར་བྱ་བའི་ཚུལ་ཅུང་ཟད་བཀོད་པ་རིམ་གཉིས་གྲུབ་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨཱཀ་ར་ཡེ། སྤྲོས་བྲལ་གཞོན་ནུ་བུམ་པའི་སྐུ། ཁྱད་ཆོས་དྲུག་ལྡན་གདོད་མའི་མགོན། །ཀུན་བཟང་ཚེ་དཔག་མེད་པ་ལ། །བཏུད་ནས་སྙིང་པོའི་རིམ་པ་བྲི། །འདིར་རྩ་གསུམ་ཀུན་འདུས་པདྨ་གསང་བའི་ཐིག་ལེ་ཚེ་དཔག་མེད་ཀྱི་བསྙེན་པའི་རིམ་པ་ལ་འཇུག་པར་འདོད་པའི་གང་ཟག་རྣམས། ཁམས་གསུམ་འཁོར་བའི་གནས་རིགས་མཐའ་དག་མེ་ཡི་འོབས་དང་སྲིན་མོའི་གླིང་དུ་ཤེས་པས་ཡིད་འབྱུང་སྟེ། གནས་སྐབས་ཀྱི་བདེ་འབྱོར་ལྟར་སྣང་བ་རྣམས་ཀྱང་དུག་དང་འདྲེས་པའི་ཁ་ཟས་ལྟར་ཉེས་པ་དུ་མའི་རྩ་བར་ཤེས་ཤིང་། ཚེ་ཐུང་ནམ་མཇུག་གི་སྦྲང་བུ་ལྟ་བུའི་རྟེན་འདི་ལ་དལ་འབྱོར་དོན་ལྡན་གྱི་སྙིང་པོ་བླང་བར་འདོད་པས། གནས་གྲོགས་མཐུན་རྐྱེན་ཕུན་སུམ་ཚོགས་པའི་གནས་སུ། ཟླ་བ་གང་ཡང་རུང་བའི་ཡར་ངོའི་གྲལ་ཚེས་བཟང་པོར། དཀོན་མཆོག་གི་རྟེན་སྤྱི་དང་ཁྱད་པར་འདིའི་སྐུ་རྟེན་བྲིས་འབུར་གང་རིགས་བཀྲམ་པའི་མདུན་དུ། རས་བྲིས་ཀྱི་དཀྱིལ་འཁོར་ལྷ་གནས་སུ་སྐུ་འམ་ཕྱག་མཚན་ཐིག་ལེས་མཚན་པ་བཀྲམ་པའི་སྟེང་འཕྲུལ་སྟེགས་སུ་བུམ་པ་ཉེར་ལྔའི་རྫས་ལྡན་རྒྱུན་འབབ་ཀྱི་ཆུ་སྣས་བཀང་བའི་ཁར། ཐོད་པར་མྱོས་བྱེད་སྨན་ཕབས་སྦྱར་བ། མེ་ལོང་དང་ཤེལ་རྡོ་སོགས་བརྩེགས་མར་བཤམས། གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང་། རྒྱབ་ཕྱོགས་ཚེ་འབྲང་བུམ་གཟུགས་རྒྱན་སྤྲོས་ཅན། གཙོ་འཁོར་གྱི་སྐུ་ཙཀ །མདུན་ཕྱོགས་སུ་སྨན་རཀ་གཏོར་གསུམ། ཆད་བརྟན་དང་གཏེར་སྲུང་གི་གཏོར་མ་རྒྱུན་བཞག་གི་མཐར་ཉེར་སྤྱོད་བསྐོར་བཤམས་སམ་ཕྲེང་ཚར་གང་རུང་གི་བཀོད་མཛེས་སུ་བཤམས་ཤིང་། བདེ་བའི་སྟན་ནང་ཚངས་ཅན་བཏིང་བའི་སྟན་གྱི་འོག་ཏུ་ས་དཀར་གྱིས་གཡུང་དྲུང་གཡས་སྐོར་དུ་བྲིས་པའི་ཁར་འཁོད་ལ། སྒྲུབ་ཁང་གི་གཞིར་སྔར་དཀྱིལ་འཁོར་མ་བཞེངས་པ་ཡིན་ན་ས་ཡི་ཆོ་ག་གསང་བ་སྤྱི་ལྟར་བྱ། སྒྲུབ་ཁང་རྙིང་པ་ཡིན་ན་མི་དགོས་ཤིང་། གང་ལྟར་སྒོ་དྲུང་དུ་ཐོ་དཀར་པོ་འཛུག་ལ་བདུད་རྩི་འཁྱིལ་པ་དང་རྒྱལ་ཆེན་བཞིའི་སྔགས་མཐར་སྒྲུབ་པ་འདི་མཐར་མ་ཕྱིན་གྱི་བར་ཕྱི་ཡི་བར་ཆད་ནང་དུ་མ་གཏང་། ནང་གི་དངོས་གྲུབ་ཕྱིར་མ་གཏང་བར་བསྲུང་མཚམས་ཀྱི་ཕྲིན་ལས་མཛད་དུ་གསོལ། ཞེས་བྲིས་པ་འཛུག །དཀར་དམར་གཏོར་མ་མཐེབ་རིལ་གྱིས་བརྒྱན་པ་དང་། གསེར་སྐྱེམས་བཤམས་ལ། ཨོཾ་ཧྱ་གྲཱྀ་ཝ་ཧཱུྃ་ཕཊཿ རང་ཉིད་སྐད་ཅིག་གིས་དཔལ་ཆེན་པོ་ཧེ་རུ་ཀ་གཡས་དབྱུག་ཐོ་དང་གཡོན་ཐོད་ཁྲག་འཛིན་པ། འབར་བའི་གར་དགུ་དང་ལྡན་ཞིང་དུར་ཁྲོད་དྲག་པོའི་ཆས་ཀྱིས་བརྒྱན་པ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་གནས་པར་བསམ་ལ། གོང་གི་སྔགས་བརྒྱ་རྩ་བཟླ། མཆོད་གཏོར། ཧྱ་གྲཱྀ་ཝས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་ཡིད་དང་མཐུན་པའི་སྣོད་རྣམས་སུ་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་གཏོར་མ་འདོད་དགུའི་རྒྱ་མཚོ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་བསམ་ལ། ཨོཾ་ཨཱཿཧཱུྃ། ལན་གསུམ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཁྲོ་བོ་བདུད་རྩི་འཁྱིལ་པ་ལ་རྒྱལ་པོ་ཆེན་པོ་བཞིས་བསྐོར་བ་སྤྱན་དྲངས། ཨོཾ་བཛྲ་ས་མཱ་ཛཿ ས་མ་ཡ་ཏིཥྛ་ལྷན། ལྷ་ཚོགས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་དགྱེས་པར་བསམ་ལ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཙ་ཏུར་མ་ཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་བསྔོས། ཧཱུྃ། དཔལ་ཆེན་ཁྲོ་བོ་བདུད་རྩི་འཁྱིལ། །རྒྱལ་པོ་ཆེན་པོ་སྡེ་བཞི་བཅས། །སྔོན་གྱི་ཐུགས་དམ་མ་གཡེལ་བར། །དངོས་གྲུབ་ཆེན་པོ་འཐོབ་ཀྱི་བར། །ཕྱི་ནང་གསང་བའི་བར་ཆད་སྲུངས། །མཚམས་ཀྱི་ཕྲིན་ལས་མཛད་དུ་གསོལ། །བཛྲ་ས་མ་ཡ་ཏིཥྛ་ལྷན། ཞེས་མེ་ཏོག་འཐོར་ནང་དུ་སོང་ལ་བགེགས་གཏོར་ཆབ་ཀྱིས་བྲན་ཏེ། སྔགས་བསྔོས་ལན་གསུམ་བྱས་ལ། ལས་བྱང་ལྟར་བསྔོ་ཞིང་བགེགས་བསྐྲད། བསྲུང་བའི་འཁོར་ལོ་བརྟན་པར་བསྒོམ། དེ་ནས་གདན་དུ་འཁོད་ལ། ཐོག་མར་ཞག་གསུམ་སོགས་སུ། ཟུར་གསལ་སྔོན་འགྲོའི་ཆོས་རྣམས་བཤར་སྒོམ་གྱི་ཚུལ་དུ་ཉམས་སུ་བླངས། དེ་ནས་དགོང་ཐུན་གྱི་མགོ་བརྩམ་ནས་བསྐྱེད་བཟླས་ལ་འཇུག་སྟེ་ཐོག་མར་མཆོད་པ་བྱིན་རླབས། གནས་ཡུལ་བྱིན་འབེབ་བཅས་སོང་ནས། ལྟ་སྒོམ་ཁྱད་པར་ཅན་དག་གིས་རང་རིག་གསལ་གདབ་ཙམ་གྱིས་སྣང་སྲིད་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་ཤེས་པས་བཟླས་པ་ལ་འཇུག་པ་ཡིན་ཡང་། དེ་ལྟར་ཉམས་འོག་ཏུ་མ་ཆུད་པས། ཐོག་མར་ཆོས་ཐམས་ཅད་མཚན་འཛིན་གྱི་སྤྲོས་པ་ལས་འདས་པའི་སྟོང་པ་ཉིད་ཀྱི་ངང་ལས། དེ་ལྟར་མ་རྟོགས་པའི་འགྲོ་བ་ལ་སྙིང་རྗེ་སྒྱུ་མ་ལྟ་བུ་ཀུན་ལ་ཁྱབ་པས། སྟོང་པ་དང་སྙིང་རྗེ་ཟུང་དུ་འཇུག་པ་ལས་རྒྱུ་ཡི་ས་བོན་བསྐྱེད་དེ། དེ་ལས་གཞལ་ཡས་ཁང་དང་ལྷ་ཚོགས་གཙོ་འཁོར་གྱི་སྣང་ཆར་ཤར་བ་ཐམས་ཅད་མེ་ལོང་ནང་གི་གཟུགས་བརྙན་བཞིན། སྣང་ལ་འཛིན་པ་མེད་པ་ཆུ་ཟླ་ལྟ་བུའི་བསྐྱེད་རིམ་ལ་བསླབས་ཏེ། མཚན་རྟོག་གི་བག་ཆགས་འཇོམས་པའི་ཕྱིར་སྤྱན་དྲངས་ཤིང་བསྟིམས་ལ། རང་ལས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་འཕྲུལ་དགའི་འདོད་ཡོན་ལྟར་མཆོད་ཅིང་། བརྟན་གཡོའི་སྒྲ་སྐད་ཐམས་ཅད་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ལ་བསྟོད་པའི་རོལ་མོ་འཁྲོལ་བར་བསམ་ལ་བསྟོད། ཛཔ྄་ཀྱི་ཐོག་མར་ལྷ་དང་རིག་འཛིན་རྣམས་ཀྱི་ཐུགས་དམ་བསྐུལ་བའི་མོས་གུས་རྩེ་གཅིག་པས་ཛཔ྄་བསྐུལ་བརྗོད་མཐར། བསྐྱེད་རིམ་གྱི་སྣང་ཆ་རེ་རེ་བཞིན་གསལ་འདེབས་ཀྱིས་བསྒོམ། གོམས་པ་ན་ལྷ་སྐུ་གཙོ་འཁོར་གཞལ་ཡས་ཁང་དང་བཅས་པ་ལམ་གྱིས་གསལ་གདབ། དེས་སྐྱོ་ན། ཞལ་གཅིག་ཐིག་ལེ་ཉག་གཅིག །ཕྱག་གཉིས་ཐབས་ཤེས་ཟུང་འཇུག །རྒྱན་ཆ་སངས་རྒྱས་ཀྱི་ཡོན་ཏན། ཡབ་ཡུམ་སྣང་སྟོང་དབྱེར་མེད། དགའ་བ་བཞི་དང་སྟོང་པ་བཞི་ཚད་མེད་བཞི་ཡི་རང་མདངས་འཁོར་གྱི་ལྷ་ཚོགས། བྱང་ཆུབ་ཀྱི་ཆོས་ཡོངས་སུ་དག་པས་གཞལ་ཡས་ཁང་སོགས་ཤེས་པ་དང་། ཡང་རེས་འགའ། རང་གི་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཕྱི་ནང་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་ཡེ་ནས་འབྱུང་བཞི་ཡུམ་བཞི། ཕུང་པོ་རིགས་ལྔ། སྐྱེ་མཆེད་བཅུ་གཉིས་སེམས་དཔའ་སེམས་མ་སོགས་སུ་ཡེ་ནས་ཡིན་པ་ལ་ཡིན་པར་ཤེས་པའི་ང་རྒྱལ་བརྟན་པ་སོགས་རེས་མོས་སུ་བསྒོམ་ཞིང་འདྲེས་པར་བྱ། དེ་དག་གིས་སྐྱོ་བ་ན། བཟླས་པའི་དམིགས་པ། དང་པོ་བསྙེན་པ་ནི། རང་གི་སྙིང་འོད་ཀྱི་ཐིག་ལེའི་ཀློང་དུ། ཚེ་དཔག་མེད་པ་ཡབ་རྐྱང་རྒྱན་ཆས་ཡོངས་རྫོགས་ཀྱི་ཐུགས་ཀར་སྟེང་ཟླ་བ་འོག་ཉི་མའི་གྭའུ་ཁ་སྦྱར་བའི་ནང་དབུས་སུ། ཧྲཱིཿཡིག་དམར་པོ་སྤུས་བྲིས་པ་ལྟ་བུ་མར་མེ་ལྟར་འབར་བ། དེའི་མཐའ་སྐོར་དུ་མདུན་ནས་བརྩམ་གཡས་སུ་བཀོད་དེ་རྩ་སྔགས་མུ་ཏིག་གི་རྡོག་མ་ལྟར་དཀར་ཧྲམ་མེ་འོད་འཕྲོ་བ་གཡོ་མེད་དུ་གནས་པ་ལ་སེམས་གཟུང་། དེ་ཡང་དམིགས་པ་རྣམས་མི་གསལ་ན། རོ་རས་ལ་མཚལ་གྱིས་ཧྲཱིཿཡིག་ཚད་དང་ལྡན་པ་བྲིས་པར་ཡིད་དམིགས་འཇུག་པ་དྲིལ་ཏེ་བལྟས་པས་དབང་ཡུལ་དུ་མིག་བཙུམ་ཡང་གསལ་བ་ན་སྙིང་གར་བཀོད། དེ་བཞིན་སྔགས་ཕྲེང་ཡང་བྲིས་པ་ལ་བལྟས་ཏེ་འབྲུ་རེ་རེ་བཞིན་སྙིང་གར་བཀོད། ལམ་གྱིས་གསལ་བ་ན་ཐོག་མར་ཧྲཱིཿཡིག་དང་། དེ་ནས་སྔགས་ཀྱི་ཕྲེང་བ་ལ་སེམས་གཏད་དེ་རྩ་སྔགས་མགྱོགས་བུལ་ནོར་འཁྲུལ་གྱི་སྐྱོན་དང་བྲལ་བར་བཟླ་བ་ནི། བསྙེན་པ་ཟླ་བ་སྐར་ཕྲེང་གི་དགོངས་པ་ཡིན། གཉིས་པ་ཉེ་བར་བསྙེན་པ་ནི། ཡང་སྔ་མའི་དམིགས་པ་དང་འབྲེལ་བའི་བཟླས་གྲངས་ཐེམས་ནས། ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་སྣ་ཚོགས་སྤོས་རེང་གི་དུད་པ་ལྟ་བུ་བུན་ལོང་ལོང་འཕྲོ་བས། དམྱལ་བ་ཚ་གྲང་། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་བཀོལ་སྤྱོད། མི་བྲེལ་ཕོངས། ལྷ་མིན་འཐབ་རྩོད། ལྷ་འཕོ་ལྟུང་སྡུག་བསྔལ་སྦྱངས། དེ་དག་གུ་རུའི་གོ་འཕང་ལ་བཀོད། ཡང་འོད་ཟེར་དེས་ཉན་ཐོས་སོགས་འགོག་པའི་བསམ་གཏན་ལ་སྙོམས་པར་ཞུགས་པ་རྣམས་ལ་འོད་དེས་རེག་པས་དེ་ལས་ལྡངས་ཏེ་ཐེག་པ་ཆེན་པོའི་གོ་འཕང་ལ་བཀོད། བྱང་སེམས་འཕགས་པ་རྣམས་ལ་འོད་དེས་རེག་པས་ས་ནས་སར་འཕར་ཞིང་རྫོགས་པའི་བྱང་ཆུབ་ཐོབ། སངས་རྒྱས་ཐམས་ཅད་ཀྱི་སྤྱན་སྔར་འཕྲོས་པས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ཞིང་། མྱ་ངན་ལས་འདའ་བར་བཞེད་པ་རྣམས་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྐལ་པའམ་བསྐལ་པ་ལས་ལྷག་པར་བཞུགས་པར་གསོལ་བ་འདེབས་པ་སོགས། རྒྱལ་པོའི་ཕོ་ཉ་བྲན་མངག་གི་དམིགས་པའི་འཕྲོ་འདུ་ལ་འབད་དེ་སྔགས་བཟླ། གསུམ་པ་སྒྲུབ་པའི་དམིགས་པ་ནི། ཡང་སྔ་མའི་དམིགས་པ་དང་འབྲེལ་བའི་བཟླས་གྲངས་ཐེམས་ནས། ཐུགས་ཀའི་སྔགས་ཀྱི་ཕྲེང་བ་འོད་ཟེར་རང་སྒྲ་དང་བཅས་གཡོན་དུ་དྲག་པོར་འཁོར་བ་ལས། ཡི་གེ་སོ་སོ་ལས་འོད་སྣང་མར་མེ་ལྟར་འཕྲོས་ཏེ་ཕྱི་ནང་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་སྟོང་པར་སྦྱངས་ཏེ་དག་པའི་ཞིང་དུ་གྱུར་པར་བསམ་ལ་མགལ་མེ་ཀླད་བསྐོར་གྱི་དམིགས་པ་དང་བཅས་སྔགས་བཟླ། བཞི་པ་སྒྲུབ་པ་ཆེན་པོ་ནི། ཐུགས་ཀའི་སྔགས་ཕྲེང་ལས་སྐུ་དང་སྔགས་ཕྲེང་དཔག་ཏུ་མེད་པ་བུང་བ་ཚང་ཞིག་པ་ལྟར་འཕྲོས། སྟོང་གསུམ་སྣོད་ཀྱི་འཇིག་རྟེན་སྲིད་པ་བཅུད་ཀྱི་སེམས་ཅན་སོགས་བརྟན་གཡོའི་དངོས་པོ་ཐམས་ཅད་ལ་ཕོག་པས། སྣོད་ཐམས་ཅད་དག་པའི་བདེ་ཆེན་གྱི་ཞིང་ཁམས། བཅུད་ཀྱི་སེམས་ཅན་ཐམས་ཅད་ལྷ་ཡི་སྣང་ཆ། སྒྲ་རུ་གྲགས་པ་ཐམས་ཅད་སྔགས་ཀྱི་རང་སྒྲ། དྲན་རྟོག་མ་ལུས་པ་ཐུགས་ཡེ་ཤེས་ཀྱི་རོལ་པར་ཤར་ཏེ། སྣང་སྲིད་དག་པ་རབ་འབྱམས་ལྷ་ཡི་འཁོར་ལོ་འབའ་ཞིག་ཏུ་གྱུར་ཏེ་བུང་བ་ཚང་ཞིག་པ་ལྟར་དམིགས་ལ་སྔགས་གྲངས་ཐེམས་པར་བྱ་བ་སྟེ། གྲངས་ཀྱི་བསྙེན་པ་འབྲུ་འབུམ་ཁ་སྐོང་འབུམ་གསུམ་བཅས། རྩོད་དུས་འདིར་བཞི་འགྱུར་དུ་བཟླ་བར་གསུངས་པ་ལྟར་བྱ། གྲངས་ཐེམས་ནས་ལས་སྦྱོར་གྱི་བཟླས་པའི་སྐབས། རང་གི་ཐུགས་ཀའི་སྔགས་ཕྲེང་གི་འོད་ཟེར་གྱིས་འཁོར་གྱི་ལྷ་ཚོགས་རྣམས་ལ་བསྐུལ་བས། དེ་དག་གི་སྐུ་ལས་རང་འདྲ་བའི་སྐུ་ཉི་ཟེར་གྱི་རྡུལ་འཁྲིགས་པ་ལྟར་མཐའ་ཀླས་པ་འཕྲོས། ས་ཆུ་མེ་རླུང་ཉི་ཟླ་རྩི་ཤིང་ནགས་ཚལ་སོགས་བརྟེན་པ་སྣོད་ཀྱི་དྭངས་མ་དང་། ཚངས་དང་བརྒྱ་བྱིན་རྒྱལ་ཆེན་བཞི། ལྷ་དང་རིག་འཛིན་གྲུབ་པ་དྲང་སྲོང་སོགས་འཇིག་རྟེན་ན་ཆེ་བར་གྲགས་པ་ཟག་བཅས་འཁོར་བ་པ་དང་། ཟག་མེད་མྱང་འདས་སངས་རྒྱས་བྱང་སེམས་ཉན་ཐོས་དགྲ་བཅོམ་ལ་སོགས་པའི་མཁྱེན་བརྩེ་ནུས་པའི་ཡེ་ཤེས། ཚེ་དང་བསོད་ནམས་སྲིད་ཞིའི་དཔལ་ཡོན་དྭངས་བཅུད་མ་ལུས་པ་ལྔ་ལྡན་འོད་ཀྱི་ཐིག་ལེ། ཨ་ནྲྀ་ཧཱུྃ་གསུམ་བཀྲ་ཤིས་རྟགས་བརྒྱད། དགེ་ལེགས་གྲུབ་པའི་རྫས། བཅུད་ལེན་གྲུབ་པའི་ཐིག་ལེའི་རྣམ་པ་དཔག་ཏུ་མེད་པར་སྤྱན་དྲངས་ཏེ། རང་གི་སྙིང་དབུས་མི་ཤིགས་པའི་ཐིག་ལེར་བསྟིམ་ཞིང་། མདུན་རྟེན་ཚེ་རྫས་རྣམས་ལའང་ཡང་ཡང་བསྟིམ་ཞིང་ཛཔ྄་བཟླ་ལ་ཚེ་འགུགས་ཀྱང་གྱེར། །ཐུན་མཐར་ཚེ་རྟེན་སྙིང་ཁའི་ས་བོན་ལ་བརྟན་གཡོའི་དྭངས་བཅུད་བསྡུས་ཤིང་ཉི་ཟླའི་གྭའུ་ཁ་བསྒྲིགས། །ཕྱི་རོལ་ནས་རིགས་ལྔ་དང་ཡུམ་ལྔའི་ཕྱག་རྒྱས་གོ་མཚམས་མེད་པར་གཏམས་པར་བསམ་ཞིང་སྐྱེ་འཆི་བགྲེས་རྒུད་བྲལ་བ་གཉུག་མ་མི་ཤིགས་པའི་རང་ངོ་ལ་མཉམ་པར་བཞག་གོ །ཚུལ་དེས་ཕྲིན་ལས་ཀྱི་བཟླས་པ་སུམ་ཆ་ཙམ་སོང་ནས། བསྙེན་སྒྲུབ་ཁ་སྐོང་དུ་རྒྱས་པའི་བསྲེག་བླུག་ཀྱང་བྱའོ། །དེ་ལྟར་ཐུན་བཞིའམ་གསུམ་སོགས་གང་རུང་གིས་ཉམས་སུ་བླང་ཞིང་། དགོང་ཐུན་གྱི་མཇུག་ཏུ་སྲུང་མའི་གཏོར་འབུལ་ཡང་བྱ། རྒྱུན་དུ་འགྲུབ་ན་ལེགས་ཤིང་མ་འགྲུབ་ཀྱང་དུས་བཟང་གི་སྐབས་སུ་ཚོགས་ཀྱི་མཆོད་པ་ཡང་རྒྱས་པར་བྱའོ། །དེ་ལྟར་གྲངས་དུས་རྟགས་ཀྱི་བསྙེན་པ་ཐེམས་ནས་ཡར་ངོ་གཟའ་སྐར་བཟང་བར་སྒྲུབ་པ་གྲོལ་བའི་སྐབས། མཆོད་པ་རྣམས་གསར་དུ་བཤམས་ཤིང་ཚོགས་ཀྱི་མཆོད་པ་ཡང་གཙང་ལ་རྒྱས་པར་འདུ་བྱ། ཐོར་ཐུན་གྱི་མཇུག་ཏུ་ཐུགས་དམ་བསྐུལ་ཚིག་ལན་གསུམ་དབྱངས་དང་བཅས་པ་བརྗོད་མཐར་བདག་འཇུག་ལྟར་དབང་ལེན་བྱ་ཞིང་། དངོས་གྲུབ་གྱི་རྫས་ལ་རོལ། ཚོགས་ཀྱི་མཆོད་པས་ཞལ་བསྲོ་ཞིང་། ཆད་བརྟན་རྒྱུན་བཞག་དང་། སྲུང་མའི་གཏོར་མ་ཕུལ། རྟ་བྲོ་ནས་བརྩམ་རྗེས་ཀྱི་མཆོད་བསྟོད་སོང་ནས། རྒྱལ་ཐོ་ལ་གཏང་རག་མཆོད་པ་ཕུལ་ཏེ་གཤེགས་གསོལ་བྱ། དཀྱིལ་འཁོར་རྗེས་བསྡུ་བསྔོ་སྨོན་བཀྲ་ཤིས་སོགས་བྱས་ཏེ་མཚམས་ཁད་ཀྱིས་གྲོལ་བར་བྱའོ། །དེ་ལྟར་ཚུལ་བཞིན་ཉམས་སུ་བླང་ན་རིང་པོར་མི་ཐོགས་པར་འཆི་མེད་རྟག་པ་དམ་པའི་གོ་འཕང་ཐོབ་པ་ནི་ངེས་པ་ཁོ་ནའོ། །རྩ་གསུམ་ཚེ་ལྷའི་དཀྱིལ་འཁོར་ཆེར། །ཉེ་བར་བསྙེན་པའི་ཚུལ་བརྗོད་དགེས། །འགྲོ་བ་འདི་དག་རྒྱལ་བ་བཞིན། །མངོན་པར་སངས་རྒྱས་རྒྱུ་རུ་བསྔོའོ། །ཞེས་པའང་དད་དམ་གྱི་བློ་གྲོས་ཡངས་པ་བཙུན་མ་སྙན་གྲགས་བཟང་མོའི་བསྐུལ་ངོར་བདུད་འཇོམས་ནམ་མཁའི་རྡོ་རྗེས་ཟིན་བྲིས་སུ་སྤེལ་བ་སརྦ་མངྒ་ལཾ།། །།

བླ་མ་དགོངས་པ་འདུས་པ་ལས༔ བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱི་ཡང་གསང་རྩ་བའི་ཐུགས་སྒྲུབ་གསལ་བྱེད་ཐུགས་ཀྱི་ནོར་བུ་ (Volume 7, Text 1)

༁ྃ༔ བླ་མ་དགོངས་པ་འདུས་པ་ལས༔ བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱི་ཡང་གསང་རྩ་བའི་ཐུགས་སྒྲུབ་གསལ་བྱེད་ཐུགས་ཀྱི་ནོར་བུ་བཞུགས་སོ༔ ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཧཱུྃ༔ ཕྱི་རབས་སྐལ་ལྡན་སེང་ཕྲུག་སྙིང་གི་བུ༔ རྩ་གསུམ་དྲིལ་སྒྲུབ་ཨོ་རྒྱན་སྲོག་ཕུར་འདི༔ རྩེ་གཅིག་ཕུར་ཚུགས་ཉམས་སུ་སུས་བླངས་པ༔ ང་དང་འབྲལ་མེད་ཅི་འདོད་འབྱུང་ངོ་བུ༔ སྤྱི་སྒྲུབ་གཞན་རྣམས་ནམ་མཁའ་ལྟ་བུ་འམ༔ སྐར་ཚོགས་ལྟ་བུར་གྲངས་མང་ཆ་ཚང་ཡང༔ འདི་ནི་ཐུགས་སྒྲུབ་ཉི་ཟླ་ལྟ་བུ་སྟེ༔ གཅིག་ཆོག་བློ་བདེ་དོན་གྱི་བཅུད་ཕུར་ལས༔ དགོངས་འདུས་མདོ་འཛིན་རྩ་བའི་མན་ངག་ཡིན༔ འདི་ཉིད་ཉམས་སུ་ལེན་པའི་གང་ཟག་ནི༔ དད་པ་དམ་ཚིག་བརྩོན་འགྲུས་སྙིང་རྗེར་ལྡན༔ ཁོག་ཡང་བློ་བརྟན་གསང་ཐུབ་གཅིག་པུར་གནས༔ ཆགས་མེད་ཞེན་བྲལ་ཚེ་འདི་བློ་ཡིས་ཐོངས༔ གཞན་དོན་གཉེར་ལེན་མཚན་ལྡན་ཐོད་བཞིན་ཁུར༔ ཐེ་ཚོམ་ཡིད་གཉིས་བྲལ་གྱིས་བསྒྲུབ་པར་བྱ༔ གནས་ནི་རི་སུལ་གངས་འདབས་ནགས་ཁྲོད་གླིང༔ དུར་ཁྲོད་བས་མཐའ་སྒྲུབ་གནས་དབེན་པ་འམ༔ ཡང་ན་ཉམས་དགའ་བག་དྲོ་བྱིན་ཆགས་ཤིང༔ ཡིད་མཐུན་བྱུང་ན་གྲོང་ཁྱེར་ཡིན་ཡང་རུང༔ གནས་དེར་ཡར་ཚེས་གཟའ་སྐར་བཟང་པོའི་དུས༔ བསྙེན་དང་བསྒྲུབ་པ་ལས་སྦྱོར་རྣམ་གསུམ་བྱ༔ དང་པོ་བསྙེན་པ་ཚ་བ་དམར་ཐག་འདི༔ འཇིག་རྟེན་བྱ་བཞག་བསྐྱུངས་ལ་འབད་པས་བསྙེན༔ རྟགས་རྣམས་རྫོགས་ནས་སྒྲུབ་པའི་ལས་ལ་འཇུག༔ འདི་རྟགས་མ་རྫོགས་བསྒྲུབ་དང་ལས་སྦྱར་ན༔ དར་ལ་མ་སྨིན་འཆལ་ཞིང་བྱིན་རླབས་ཡལ༔ བར་ཆད་བདུད་ཀྱིས་འཚེ་བ་མང་འབྱུང་འགྱུར༔ རྟགས་རྣམས་རྫོགས་ནས་བསྒྲུབ་ཅིང་ལས་སྦྱར་ན༔ ཅི་འདོད་དངོས་གྲུབ་ཡིད་བཞིན་ཆར་ལྟར་འབབ༔ མཆོག་དོན་འགྲུབ་ཅིང་ཐུན་མོང་སྨོས་ཅི་དགོས༔ དེ་ཕྱིར་འདི་ཉིད་རྟགས་རྫོགས་བར་དུ་བསྒྲུབ༔ ས་མ་ཡ༔ སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན་པ་ལ་སོགས་སྔོན་དུ་འགྲོ་བའི་ཆོས་རྣམས་སྤྱི་གཞུང་ལྟར་རྒྱས་བསྡུས་བློས་སྐབས་དང་བསྟུན་པར་བྱས་ལ༔ གསལ་བྱེད་ཐུགས་ཀྱི་ནོར་བུ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་གྱི་བསྙེན་པ་ལ་འཇུག་པ་ནི༔ སྐད་ཅིག་དྲན་པའི་ཏིང་ངེ་འཛིན་གསལ་བ་ལས༔ པཾ་ལས་པདྨ༔ ཨ་ལས་ཟླ་བ༔ རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ༔ རང་ཉིད་བཅོམ་ལྡན་འདས་དཔལ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཁྲོ་ཞིང་གཏུམ་པ་དབུ་སྐྲ་རལ་པ་ཁམ་ནག་གྱེན་དུ་འཕྱོ་བའི་ཁྲོད་དུ་རྟ་མགོ་ལྗང་ཞུར་རྔོག་མ་དམར་པོ་ལེ་བརྒན་མེ་ལྟར་དུ་འབར་བ་ལས་མགར་གྱི་ཚྭ་ཚྭ་ལྟ་བུའི་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟར་འཕྲོས་པས་ཁམས་གསུམ་དབང་དུ་སྡུད་པ༔ ཞལ་ནས་རྟ་སྐད་སྟོང་གསུམ་དུ་གྲགས་པ་ལྟར་འཚེར་བས་སྲིད་གསུམ་ཟིལ་གྱིས་གནོན་པ༔ ཐོད་པ་སྐམ་པོ་ལྔ་དང་རིན་པོ་ཆེའི་རྩེ་བྲན་གྱིས་བརྒྱན་པ༔ ཞལ་གདངས་མཆེ་བ་བཞི་གཙིགས་ཤིང་ལྗགས་འདྲིལ་བ༔ སྤྱན་གསུམ་དམར་ཟླུམ་གློག་ལྟར་འཁྱུག་པ༔ སྨིན་མ་ཨག་ཚོམ་མེ་ལྟར་དུ་འབར་ཞིང་འཕྱོ་བ༔ གླང་ཆེན་གྱི་སྟོད་གཡོགས་སྟག་ལྤགས་ཀྱི་ཤམ་ཐབས༔ ཞིང་ལྤགས་ཀྱི་སྐེད་དཀྲིས་དང༔ ཡན་ལག་ཐམས་ཅད་རིན་པོ་ཆེའི་གདུ་བུ་དང་སྦྲུལ་གྱིས་དཀྲིས་པ༔ ཐོད་རློན་ལྔ་བཅུ་རྩ་གཅིག་གི་ག་ཤལ་སོགས་ཏེ་དུར་ཁྲོད་ཀྱི་ཆས་བརྒྱད་དང་རུས་པའི་རྒྱན་དྲུག་གིས་བརྒྱན་པ༔ དར་སྣ་ཚོགས་ཀྱི་ཅོད་པན་འཕུར་ཞིང་ཕྱག་གཡས་པས་རྡོ་རྗེ་གྲི་གུག་ནམ་མཁར་འཕྱར་བ༔ གཡོན་པས་ཐོད་པ་ཁྲག་གིས་བཀང་བ་པུས་མོའི་ཐད་དུ་གདེངས་པ༔ གསུས་ཁྱིམ་ཆེ་བ་ཉ་སུལ་རགས་པ༔ ཤིན་ཏུ་ཁྲོ་ཞིང་གཏུམ་པ་གནོད་སྦྱིན་དང་སྲིན་པོ་ཁྲོས་པའི་ཆ་ལུགས་ཅན་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ་གཅིག་ཏུ་ལམ་གྱིས་གསལ་བའི་ཐུགས་ཀར༔ རང་གི་སྙིང་ཁྲག་པཾ་ལས་བདུད་རྩིའི་རྒྱ་མཚོ་ཟངས་དམར་འོ་མས་བཀང་བ་ལྟ་བུར་གྱུར་པའི་དཀྱིལ་དུ༔ སྙིང་དེ་ཉིད་པདྨའི་སྡོང་པོ་བརྩེགས་པ༔ སྙིང་གི་རྩ་ཐམས་ཅད་ཕྱིར་གྱེས་པ་ལས་པད་སྡོང་གི་ཡལ་ག་ལོ་འདབ་མེ་ཏོག་གི་རྣམ་པར་གཡུར་ཆགས་པ༔ དཔེར་ན་དཔག་བསམ་ཤིང་ཆེན་གྱི་ལོ་འདབ་རྒྱས་པ་ལྟར་བཀྲག་གསལ་ཞིང༔ དར་རྒྱས་ལྷུན་ཆགས་པ་གཅིག་བསམ་པའི་སྙིང་གི་རྩེ་མོ་པདྨ་འདབ་བཞིའི་ཟེའུ་འབྲུ་དང་བཅས་པ༔ མེ་ཏོག་པདྨ་དམར་པོ་ཁ་བྱེ་མ་འཕྲལ་ལྟ་བུ་དམར་སི་རེ་བ་གཅིག་ཏུ་གྱུར་པའི་ཟེའུ་འབྲུའི་སྟེང་དུ༔ སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་དམར་ལ་དྭངས་ཤིང་འོད་གསལ་བ་ལས་ཀྱང་འོད་ཟེར་དམར་པོའི་ཟིལ་པ་ཕྲུམ་ཕྲུམ་པ༔ ལོ་བརྒྱད་ལོན་པའི་ན་ཚོད་ཙམ་ལ་ཤིན་ཏུ་མཛེས་པ༔ ཞལ་གཅིག་ཕྱག་གཉིས་ཞབས་སྐྱིལ་ཀྲུང་མཛད་པའི་པང་དུ༔ ཡུམ་ལྷ་ལྕམ་མེ་ཏོག་མནྡཱ་ར་བ་བཞུགས་པ༔ ཕྱག་གཉིས་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་དང༔ གཡོན་ཀ་པཱ་ལ་ཟག་པ་མེད་པའི་བདུད་རྩིས་ཕྱུར་གྱིས་གང་བ་བསྣམས་པ༔ ཕྱག་རྒྱ་བསྣོལ་བའི་ཚུལ་གྱིས་ཡུམ་གྱི་སྐེད་པར་འཁྱུད་པ༔ ཡུམ་ཡང་སྐུ་མདོག་གུར་གུམ་གྱི་མེ་ཏོག་དར་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་གྲི་གུག་དང༔ ཐོད་པ་བདུད་རྩིས་ཕྱུར་གྱིས་བཀང་བ་འཛིན་པས་ཡབ་ལ་འཁྱུད་པ༔ ཡབ་ཡུམ་གཉིས་རྒྱན་མེད་གཅེར་བུ་རྗེན་ཅེ་རེ་བ༔ ཞལ་འཛུམ་མདངས་ཀྱིས་སྦྱར་ཞིང༔ སྤྱན་གསུམ་གསུམ་མངའ་བ་ཅུང་ཟད་ཟླུམ་པར་གཟིགས་པ༔ པདྨ་འདབ་མ་བཞིའི་སྟེང་དུ༔ གཙོ་བོ་ཡབ་ཡུམ་ལ་བསྙེན་པའི་དུས་སུ་ཞལ་ནང་དུ་གཟིགས་པའི་མདུན་དུ༔ རྡོ་རྗེ་མཁའ་འགྲོ་སྔོན་མོ་ཕྱག་གཡས་རྡོ་རྗེ༔ ཡབ་ཡུམ་གྱི་གཡས་ཕྱོགས་སུ་རིན་ཆེན་མཁའ་འགྲོ་སེར་མོ་གཡས་རིན་པོ་ཆེ༔ གཡོན་ཕྱོགས་སུ་ལས་ཀྱི་མཁའ་འགྲོ་ལྗང་གུ་ཕྱག་གཡས་རྒྱ་གྲམ༔ རྒྱབ་ཏུ་པདྨ་མཁའ་འགྲོ་དམར་མོ་ཕྱག་གཡས་པདྨ་བསྣམས་ཤིང༔ གཡོན་པ་ཐམས་ཅད་ཐོད་པ་བདུད་རྩིས་ཕྱུར་གྱིས་གང་བ་ཐུགས་ཀར་གཏད་པ༔ རྒྱན་མེད་གཅེར་བུ་ནུ་མ་འབུར་ཞིང་བྷ་ག་རྒྱས་པ༔ གཞོན་ཤ་ཆགས་པ༔ ལང་ཚོ་དང་ལྡན་པ༔ དབུ་སྐྲ་སིལ་བུས་སྐུ་རྒྱབ་ནོན་པ༔ གཙོ་བོ་ཡབ་ཡུམ་གྱི་གདན་རྡོ་རྗེ་དཀར་པོ་ཕྱེད་པདྨའི་ཟེའུ་འབྲུ་ནང་དུ་ནུབ་ཅིང༔ ཕྱེད་ཡབ་ཡུམ་སྐྱིལ་ཀྲུང་མཛད་པའི་ཞབས་ལ་རེག་པ༔ ཌཱ་ཀི་བཞི་ནི་ཡས་མན་གང་ལའང་མ་རེག་པར་གར་ཐབས་སུ་བཞུགས་པ༔ དེ་དག་ཡབ་ཡུམ་འཁོར་དང་བཅས་པ་རྣམས་ཡེ་ཤེས་ལྔའི་འཇའ་གུར་ནང་ན་བཞུགས་པར་བསམ་པའི་གཙོ་བོའི་ཐུགས་ཀར་ཧྲཱིཿདམར་པོ་འོད་ཙེ་རེ་བ་གཅིག་གིས་མཐའ་སྐོར་དུ༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་ཌཱ་ཀི་ནཱི༔ ཧ་ཡ་གྲཱི་ཝ་ཧྲཱིཿམ་ཧ་རི་ནི་ས་ཧཱུྃ༔ ཅེས་པས་འོད་ཀོར་རེ་བས་བསྐོར་བ་ལ་ཤེས་པ་གཏད༔ དེ་ནས་རང་གི་དད་པ་དང་མོས་པ་གུས་པ་དུང་དུང་བྱ་ཞིང་གསོལ་བ་བཏབ་པའི་ཚུལ་གྱིས༔ ཡིད་གཞན་དུ་མ་གཡོས་པར་དམིགས་པ་གསལ་བར་བཟླས་པ་དེ་ཉིད་བྱས་པ་ཙམ་གྱིས༔ ཡིག་འབྲུ་ཐམས་ཅད་ཧྲཱིཿདེ་ཉིད་དུ་གཡས་སྐོར་དུ་འུ་རུ་རུ་བསྐོར་ཞིང་འཁོར་བ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོ་ཞིང་རང་བཞིན་གྱི་གནས་ནས་སློབ་དཔོན་པདྨ་ཡབ་ཡུམ༔ ཁྱད་པར་དུ་ལྷོ་ནུབ་སྲིན་པོའི་གྲོང་ཁྱེར་ནས་འོད་ཟེར་དང་བཅས་ཏེ་མཁའ་འགྲོ་བཞིས་བསྐོར་བ་བྱོན་ནས་ཐུགས་ཀའི་ལྷ་ཚོགས་ལ་ཐིམ་པས་གཉིས་མེད་དུ་ཁྲུགས་ཀྱིས་འདྲེས་པར་བསམ་ཞིང་བཟླས་པ་བྱས་པས༔ ཡི་གེ་ཐམས་ཅད་འཁོར་ཞིང༔ ཨོཾ་ཨཱཿཧཱུྃ་གསུམ་ལས་འོད་འཕྲོས་གཙོ་བོའི་སྐུ་གསུང་ཐུགས་ཀྱི་རྒྱུད་བསྐུལ་ཏེ༔ གསུང་གི་སྙིང་པོ་བསྒྲགས༔ སྐུས་གར་སྟབས་ཀྱི་ཚུལ་དུ་བདེ་བ་བསྐྱེད༔ ཐུགས་ཀྱི་བརྩེ་བས་བདག་ལ་དགོངས༔ བཛྲ་གུ་རུ་པདྨ་ཞེས་པ་ལས་འོད་འཕྲོས་ཡོན་ཏན་ཕྲིན་ལས་ཀྱི་རྒྱུད་བསྐུལ་ཞིང༔ ཡོན་ཏན་གྱིས་སྔགས་ཀྱི་ནུས་པ་བསྐྱེད༔ ཕྲིན་ལས་ཀྱིས་འདོད་པའི་དོན་ཐམས་ཅད་བསྒྲུབ༔ ཌཱ་ཀི་ནཱི་ཞེས་པ་ལས་འོད་ཟེར་འཕྲོས་པས་ཡུམ་གྱི་རྒྱུད་བསྐུལ༔ རང་སྔགས་བགྲང་ཞིང་སྐུ་ལུས་ཀྱི་བདེ་བ་གཡོས་པས༔ ཡབ་ཡུམ་གསང་བའི་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་གྱི་རྒྱུན་བབས་པས་གདན་རྡོ་རྗེ་ལ་ཕོག༔ རྡོ་རྗེ་ལས་བདུད་རྩི་དཀར་པོ་བབས༔ པདྨ་ལ་ཕོག༔ པདྨ་ལས་བདུད་རྩི་དམར་པོ་བྱུང་སྟེ་བདུད་རྩི་དཀར་དམར་གྱི་རྒྱུན༔ བདུད་རྩིའི་རྒྱ་མཚོ་ལ་བབས་པས༔ བདུད་རྩིའི་རྒྱ་མཚོ་ངང་ལྷུད་ལྷུད་ལུད་ནས༔ སྤྱི་གཙུག་མན་རྐང་མཐིལ་ཡན་ཆད་བདུད་རྩི་དཀར་དམར་དང་ཡབ་ཡུམ་གྱི་བྱང་སེམས་དང་བཅས་པས་མེར་གྱིས་གང་སྟེ་ཞོ་རྐྱལ་འོ་མས་གང་བ་ལྟར་གྱུར༔ ཧ་རི་ནི་ས་ལས་འོད་འཕྲོས་པས༔ མཁའ་འགྲོའི་ཐུགས་ཀར་ཕོག༔ རང་སྲོག་གནད་ནས་བསྐུལ་བ་ལྟར་གྱུར་ཏེ༔ གར་སྟབས་བྱེད་ཅིང་གཙོ་བོ་ཡབ་ཡུམ་ལ་འོད་ཀྱི་ལི་ལི་བསྐོར་ཞིང༔ ཕྱག་གཡས་ཀྱི་ཕྱག་མཚན་གྱིས༔ གཡོན་པའི་ཀ་པཱ་ལའི་བདུད་རྩི་གཙོ་བོ་ཡབ་ཡུམ་ལ་གཏོར་ཞིང༔ གཙོ་བོ་ཡབ་ཡུམ་དགྱེས་པའི་དངོས་གྲུབ་བདག་ལ་གནང་སྟེ༔ མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པར་བསམ༔ ཧ་ཡ་གྲཱི་ཝ་ལས་འོད་ཟེར་འཕྲོས་པས༔ བདག་ཉིད་རྟ་མགྲིན་ལ་ཕོག་པས༔ རྟ་མགྲིན་གྱི་ཐུགས་རྒྱུད་བསྐུལ་ཏེ༔ རྟ་མགྲིན་གྱི་སྐུའི་བ་སྤུའི་བུ་ག་ནས༔ ཁྲོ་ཆུང་ནས་འབྲས་ཙམ་བསམ་གྱིས་མི་ཁྱབ་པ་འཕྲོ་ཞིང༔ བདག་ཉིད་ཀྱི་ལུས་ངག་ཡིད་གསུམ་དཀར་པོ་དགེ་བའི་ལས་སྒྲུབ་ཅིང་ཁྱད་པར་དུ་སྒྲུབ་པ་ལ་བར་དུ་གཅོད་པའི་གནོད་བྱེད་དགྲ་བགེགས་ཐམས་ཅད་ཐལ་བའི་རྡུལ་བཞིན་དུ་བརླག་པར་བསམ༔ དེ་ལྟར་དམིགས་པ་མ་ཡེངས་པར་བྱ༔ ཁྱད་པར་དུ་བདུད་རྩི་དཀར་དམར་གྱི་རྒྱུན་བབས་པས་ལུས་ཐམས་ཅད་མེར་གྱིས་གང་བ་ལ་དམིགས་པ་ཡང་ཡང་བྱ་ཞིང་བཟླས་པ་རྒྱུན་མ་ཆད་པ་གསལ་དག་ཆུ་བོའི་རྒྱུན་བཞིན་བཟླ༔ དེ་ལྟར་བཟླས་པ་བྱེད་པའི་དུས་ན༔ དང་པོ་སྤྲོ་བ་བསྐྱེད་པའི་རྟགས་ལ༔ བསྙེན་པ་འབུམ་ཙམ་ཐེམ་ནས༔ དར་འཕྱར་བ་དང༔ དུང་འབུད་པ་ལ་སོགས་ཏེ་རོལ་མོའི་སྒྲ་སྒྲོག་པ་དང༔ སྔགས་ཀྱི་རང་སྒྲ་དི་རི་རི་སྒྲོག་པ་ལ་སོགས་པ་འབྱུང༔ དེ་ནས་རིམ་གྱིས་རྟགས་འབྱུང་བ་ལས༔ དང་པོ་སྐུ་ཡི་རྟགས་ལ༔ རི་ལ་འཛེགས་པ་དང༔ གོས་གསར་པ་དྲི་མ་མེད་པ་གོན་པ་དང༔ ཁྲུས་དང་བསྐོར་བ་བྱས་པ༔ ནམ་མཁའ་ལ་འཕུར་བ༔ རྡོ་རྗེ་དྲིལ་བུ་ལ་སོགས་པ་ཕྱག་མཚན་མིས་སྟེར་བའམ་རང་གིས་རྙེད་པ་རྣམས་འབྱུང༔ དེ་ནས་གསུང་གི་རྟགས་ལ༔ སྤོས་ཀྱི་ངད་པ་ཆི་ལི་བ་དང༔ མེ་ཏོག་སྣ་ཚོགས་པ་དང༔ ཁྱད་པར་དུ་མེ་ཏོག་དམར་པོ་དང༔ རོལ་མོའི་སྒྲ་ཆེན་པོའམ༔ སྔགས་ཀྱི་རང་སྒྲ་དང༔ བྲིས་པ་དང༔ བར་སྣང་ལ་རང་ཤར་བ་དང༔ ཕ་རོལ་གྱི་ལྕེས་བཏོན་པ་རྣམས་འབྱུང༔ དེ་ནས་ཐུགས་ཀྱི་རྟགས་ལ༔ མཁའ་ལ་ཉི་ཟླ་ཤར་བ་དང༔ འོད་དང་འཇའ་ཤར་བ་དང༔ ཤེལ་དང༔ མེ་ལོང་མང་པོ་དང༔ ཕྲེང་བ་གཏད་པ་དང༔ བག་དྲོ་ཉམས་དགའ་བ་དང༔ ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་རྣམས་འབྱུང༔ དེ་ནས་དངོས་གྲུབ་ཀྱི་ལྟས་ལ༔ བདུད་རྩི་ཀ་པཱ་ལའི་ནང་དུ་འཐུང་བ་དང༔ ཟས་ཀྱི་རིགས་སྣ་ཚོགས་པ་སྟེར་བ་དང༔ སྨན་དང་འབྲུ་ཤིང་ཐོག༔ རིན་པོ་ཆེ་དར་ཟབ་ལ་སོགས་སྟེར་བ༔ སྤང་ལྕི་སྐམ་པོ༔ འབུད་ཤིང་ལ་སོགས༔ མདོར་ན་དངོས་གྲུབ་ཀྱི་རྫས་གཞན་གྱིས་སྟེར་བ་དང༔ རྙེད་པ་རྣམས་ཡང་ཡང་འབྱུང༔ དེ་ནས་གྲུབ་པའི་རྟགས་རིན་པོ་ཆེ་ལ་སོགས་པའི་གཏེར་ཁུང་མང་པོ་རྡོལ་བ་དང༔ གཞན་གྱི་དེད་དཔོན་བྱེད་ཅིང་ཐམས་ཅད་ཀྱིས་རང་ལ་ཕྱག་འཚལ་བ་ལ་སོགས་ཏེ་བཀུར་སྟི་ཕུན་སུམ་ཚོགས་པ་བྱེད་ཅིང་གུས་པ་དང༔ བུད་མེད་རྒྱན་ལྡན་མང་པོས་རང་ལ་ཕྱག་བསྐོར་བ་བྱེད་པ་དང༔ ཆོས་བཤད་པ་དང༔ ལུས་ལ་བདེ་བ་དཔག་ཏུ་མེད་པ་སྐྱེ་ཞིང་ཁམས་གཡོ་བ་དང༔ བཀྲག་དང་གཟི་མདངས་འབར་བ་དང༔ བླ་མ་ཡི་དམ་ཌཱ་ཀི་ལ་སོགས་པ་མངོན་དུ་མཇལ་ཞིང་ཆོས་བཤད་པས་བརྡ་དབང་བསྐུར་བ་སོགས་བྱིན་རླབས་ཀྱི་ལྟས་དཔག་ཏུ་མེད་པ༔ རབ་མངོན་སུམ༔ འབྲིང་ཉམས་སྣང༔ ཐ་མ་ཡང་རྨི་ལམ་དུ་འོང༔ རྣལ་འབྱོར་པ་སྒྲུབ་པ་པོ་དེ་ཉིད་ལས་འཕྲོ་ལྡན་ཞིང་སྒྲིབ་པ་ཆུང་ན༔ རྟགས་རྣམས་ཆལ་ཆོལ་ནར་མར་མྱུར་དུ་འོང་བ་ཡང་ཡོད༔ དེ་ལྟར་རྟགས་རྣམས་མ་བྱུང་གི་བར་དུ་བསྒྲུབ༔ ཟང་ཟིང་གི་རྟགས་མ་བྱུང་ཡང༔ ལུས་ལ་བདེ་བ་སྐྱེ༔ ངག་ལ་ནུས་པ་འབར༔ སེམས་ལ་རྟོགས་པ་འཆར་ན་གྲུབ་རྟགས་དངོས་གཞི་ཡིན༔ རྟགས་ཅི་ལྟར་བྱུང་བ་བཞིན་དད་པ་མོས་གུས་ཀྱི་གདུང་བ་བསྐྱེད་ལ་བསྙེན་པ་ནན་ཆེར་བྱ༔ དུས་བཟང་ཌཱ་ཀི་རྒྱུ་བའི་སྐབས་རྣམས་སུ་ཚོགས་གཏོར་ཅི་འབྱོར་བ་བཤམས་ལ་གསོལ་བ་དྲག་པོ་གདབ༔ ཉམས་སྐྱོ་པ་རྐྱེན་ཕྲན་ཕྲིན་བྱུང་ན་གྲོགས་སུ་ཁྱེར་ལ་ཐོག་འགེལ་བྱ༔ ཐུན་འཇོག་པའི་སྐབས་སུ་ཐམས་ཅད་ཐུགས་ཀའི་ཧྲཱིཿལ་འུབས་ཀྱིས་བསྡུས་ལ་ཧྲཱིཿནམ་མཁའ་ལ་འཇའ་ཡལ་བ་ལྟར་བཏང་ལ་རྣམ་པར་མི་རྟོག་པའི་ངང་ལས་སྤྱོད་ལམ་རྣམས་ཅི་བདེར་བྱ༔ བསྔོ་བ་དང་སྨོན་ལམ་གྱིས་རྒྱས་གདབ་བོ༔ འདི་ཡི་དམ་ཚིག་ལ་གྲིབ་ཀྱི་རིགས་མཐའ་དག་ལ་འཛེམ༔ དྲག་ཤུལ་ཅན་གྱི་སྤྱོད་ལམ་མི་བྱ༔ དམེ་ཤ་ཅན་གྱི་ཟས་སྤང༔ རྟགས་དང་མཚན་མ་ཅི་བྱུང་ཡང་སློབ་དཔོན་མིན་པ་གཞན་ལ་མི་བསྒྲག༔ སྔགས་བགྲང་བ་དང་བསྙེན་པའི་སྤྱོད་ཚུལ་གཞན་གྱིས་མ་རིག་པར་བྱ༔ གསང་སྔགས་སྤྱོད་པའི་དུས་མ་གཏོགས་པ་གོས་ནག་དང་གདན་ནག་ལ་མི་སྤྱད༔ ཕོར་སྡེར་ཁ་ཆག་ཞབས་རྡོལ་གྱི་ནང་དུ་བཟའ་བཏུང་མི་བྱ༔ བྱང་སེམས་མ་ཉམས་པར་བྱ༔ བུད་མེད་ཀྱི་རིགས་ལ་མི་སྨོད༔ གཞན་ལ་སྐུར་བ་མི་བཏབ༔ ཆོས་དང་མི་མཐུན་ཞིང་དོ་གལ་མ་བབས་པར་རྫུན་མི་སྨྲ༔ སྐུ་གསུང་ཐུགས་ཀྱི་རྟེན་དང་རང་གི་ཆོས་ཞུས་པའི་བླ་མ་མིན་པ་གཞན་ལ་ཕྱག་མི་འཚལ༔ ང་རྒྱལ་ཁེ་གྲགས་འགྲན་སེམས་མི་བྱ༔ གཞན་གྱི་རྐྱེན་བཟློག་དང་གདོན་འདུལ་མི་བྱ༔ རོ་བག་དང་འཁོན་ལ་འཛེམ༔ དེ་ལྟར་བསྙེན་པ་གཞུང་ལྟར་བྱས་ནས༔ དམ་ཚིག་ཚུལ་བཞིན་བསྲུངས་ན༔ རབ་ཟླ་བ་གཅིག༔ འབྲིང་གཉིས༔ ཐ་མས་ཀྱང་ཟླ་བ་གསུམ་ལ་མི་འགྲུབ་མི་སྲིད་ཅིང༔ ཅི་ལྟར་སྐལ་མེད་དང་ནི་འཕྲད་པར་མི་འགྱུར༔ གལ་ཏེ་འཕྲད་ནས་བསྒྲུབ་ན་ཟླ་བ་བདུན་གྱིས་འགྲུབ་པ་ལ་གདོན་མི་ཟའོ༔ འདི་ལ་བསྙེན་པ་དྲོད་རྟགས་ཐོན་ནས་སྒྲུབ་པ་དང་ལས་སྦྱོར་གང་བྱས་ཐམས་ཅད་འགྲུབ་ལ༔ ཁྱད་པར་དུ་འདི་ཉིད་ཀྱི་ཡང་སྒྲུབ་པ་ལས་སྦྱོར་དང་བཅས་པ་རྣམས་ལ་ནི་བྱན་ཚུད་པར་འགྱུར་རོ༔ ལན་གཅིག་ལེགས་པོར་བསྒྲུབས་ནས་དམ་ཚིག་རྣམས་བྱེད་ཚུལ་སྤྱི་མཐུན་གྱིས་ཆོག༔ སྒྲུབ་པ་གཞན་རྣམས་ནི་འབྲས་དང་འདྲ་ཞིང༔ འདི་ཉིད་འབྲས་ཀྱི་སྙིང་པོའི་བཅུད་དང་འདྲའོ༔ ས་མ་ཡ༔ ཨེ་མ༔ ང་ཡི་རྗེས་འཇུག་སྐལ་ལྡན་ལས་ཅན་ཀུན༔ བླ་མ་བསྒྲུབ་དང་ཡི་དམ་གང་གི་རིགས༔ མཁའ་འགྲོ་ལ་སོགས་ཇི་ལྟར་བསྒྲུབ་འདོད་ཀྱང༔ ངོ་བོ་ང་ལ་རྣམ་པ་གཞན་གྱི་གཟུགས༔ སྐུ་མདོག་ཕྱག་མཚན་སྟངས་སྟབས་ལ་སོགས་པ༔ བསྒྲུབ་པར་གྱུར་ན་གང་འདོད་འགྲུབ་འགྱུར་ཞིང༔ ཇི་ལྟར་འདོད་པའི་དངོས་གྲུབ་སྩོལ་བར་ནུས༔ དེ་ཚེ་ཐེ་ཚོམ་ཡིད་གཉིས་སྤོངས་ལ་སྒྲུབས༔ ལྷ་དེའི་ཐུགས་ཀར་འཁྲུལ་འཁོར་གོང་ལྟར་སྒོམས༔ བཛྲ་གུ་རུ་པདྨ་ལ་སོགས་པའི༔ སྙིང་པོའི་གཤམ་དུ་གང་བསྒྲུབ་སྙིང་པོ་དང༔ ལས་སྔགས་ཤམ་བུ་ལ་སོགས་གང་འདོད་གདགས༔ ཇི་ལྟར་འདོད་པ་འགྲུབ་འགྱུར་གདོན་མི་ཟ༔ ཡིད་བཞིན་ནོར་མཆོག་མཆོད་ན་འདོད་དགུ་འབྱུང༔ རིན་ཆེན་གཏེར་གྱི་བང་མཛོད་ཕྱེས་གྱུར་ན༔ ཅི་འདོད་བླངས་པས་ཆོག་པ་སྨོས་ཅི་དགོས༔ གཏེར་མཆོག་ཡིད་བཞིན་ཐུགས་སྲས་བུ་དང་སྤྲོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ ཁ་ཐཾ༔ གསང་སྒྲུབ་གསལ་བྱེད་ཐུགས་ཀྱི་ནོར་བུ་ལས༔ རྩ་བའི་བསྙེན་པ་རིན་ཆེན་གཏེར་གྱི་བང་མཛོད༔ ཨོ་རྒྱན་པདྨའི་ལྟོ་ཚིལ་བྲུས་ཏེ༔ བློ་དམན་མཚོ་རྒྱལ་བདག་གིས་ཐེམས་ལ་མནན་ཏེ་རིན་ཆེན་གཏེར་དུ་བསྐུངས་པའོ༔ སྤྲུལ་པའི་སྐྱེས་མཆོག་སངས་རྒྱས་གླིང་པས་པུ་རི་ཕུག་མོ་ཆེ་ནས་བཏོན་པའོ། །མངྒ་ལཾ།། །།

བླ་མ་དགོངས་པ་འདུས་པ་ལས༔ རྩ་བ་གསུམ་གྱི་ཐུགས་སྒྲུབ་གསལ་བྱེད་ཐུགས་ཀྱི་ནོར་བུའི་སྒྲུབ་པ་དང་ལས་སྦྱོར་ (Volume 7, Text 2)

༁ྃ༔ བླ་མ་དགོངས་པ་འདུས་པ་ལས༔ རྩ་བ་གསུམ་གྱི་ཐུགས་སྒྲུབ་གསལ་བྱེད་ཐུགས་ཀྱི་ནོར་བུའི་སྒྲུབ་པ་དང་ལས་སྦྱོར་བཞུགས༔ ན་མོ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ༔ སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་མཛོད་ཆེན་པོ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ༔ བླ་མ་ཡི་དམ་མཁའ་འགྲོའི་དགོངས་པ་ཡོངས་སུ་རྫོགས་པ་ལས༔ ཡང་གསང་རྩ་བའི་ཐུགས་སྒྲུབ་གསལ་བྱེད་ཐུགས་ཀྱི་ནོར་བུ་ལས༔ བསྙེན་པ་ཐེམས་ཤིང་གྲུབ་པའི་རྟགས་རིན་པོ་ཆེའི་གཏེར་ཁུང་མང་པོ་རྡོལ་བ་དང༔ རང་ལ་ཐམས་ཅད་ཀྱིས་བཀུར་སྟི་ཕུ་དུད་ཕྱག་བྱེད་ཅིང༔ རང་གིས་གཞན་གྱི་དེད་དཔོན་བྱེད་པ་ལ་སོགས་པའི་མཚན་མ་བྱུང་ངམ༔ མཐར་ཡང་དངོས་གྲུབ་བརྙེས་པའི་ལྟས་སམ༔ སྐུ་གསུང་ཐུགས་ཀྱི་རྟགས་ཐུན་མོང་མ་ཡིན་པ་བྱུང་ན༔ སྒྲུབ་པ་ལས་སྦྱོར་ལ་འཇུག་པ་ལ་སྤྱི་དང་བྱེ་བྲག་གཉིས་ལས༔ སྤྱིར་ནི་དགོངས་འདུས་ཀྱི་སྒྲུབ་པ་ཆེན་པོའི་སྒྲོམ་དྲུག་དང༔ དངོས་གྲུབ་འབྱུང་བྱེད་བདུད་རྩིའི་སྒྲུབ་པ་རྣམས་པྲ་ཁྲིད་གསལ་བའི་མེ་ལོང་གིས་ཁོག་ཕུབ་ལ༔ གཞུང་སོ་སོ་ནས་འབྱུང་བ་ལྟར་ཅི་འགྲུབ་འགྲུབ༔ རྣལ་འབྱོར་པ་རང་གི་སྣང་ཚུལ་འདོད་བློ་དང་བསྟུན་ལ་བྱ་ཞིང༔ དེ་དག་སོ་སོར་གང་པ་སྒྲུབ་བརྟགས་ཐོན་ཕན་ཆད༔ ལས་སྦྱོར་ནི་གང་ལ་གང་དགོས་རང་གཞན་གྱི་དོན་རིམ་པར་སྤྲོས་པ་རྣམས་དང་བསྐྱེད་རྫོགས་ཐམས་ཅད་ལ་ལོངས་སྤྱོད་པར་བྱའོ༔ བྱེ་བྲག་ཏུ་སྒྲུབ་པ་དང༔ ལས་སྦྱོར་གཉིས་ཀྱི་ཐོག་མར་སྒྲུབ་པ་ནི༔ སྤྱི་དོན་གསུམ༔ སྔོན་འགྲོ༔ དངོས་གཞི༔ རྗེས་སོ༔ སྤྱི་དོན་དང་པོ་སྔོན་དུ་འགྲོ་བ་ལ་ལྔ་སྟེ༔ ཡོ་བྱད་གསག་ཅིང་སྒྲུབ་པ་ལ་འཇུག་པ༔ བཅས་གཤོམ༔ ཚོགས་གསག་པ༔ སྒྲིབ་པ་སྦྱོང་བ༔ མཚམས་བཅད་པའོ༔ དང་པོ་ཡོ་བྱད་གསག་པ་ནི༔ ཐུན་མོང་ཁྱད་པར་གཉིས་ལས༔ ཐུན་མོང་གི་ཡོ་བྱད་དུ༔ དགྲ་ཟློག་གི་མཚོན༔ ནད་ཟློག་གི་སྨན༔ སྒྲུབ་བརྒྱག་སྤོག་ཆོག་གི་ཡུན་ཚད་ལྡང་བ༔ ཁམས་གསོ་བར་བྱེད་པ་བཅུད་ལེན་གྱི་བཟའ་བཏུང༔ ལུས་སྐྱོང་བྲན་བྱེད་པའི་གོས་གདན་ལ་སོགས་དང༔ མཆོད་པ་དང༔ གཏོར་མ་དང་ཚོགས་ཀྱི་ཡོ་བྱད་དང་སྨན་རཀྟ་ལ་སོགས་པ་གང་ལ་གང་དགོས༔ སྒྲུབ་གཡོག༔ མཆེད་ལྕམ་སྒྲུབ་པའི་གྲོགས་ཚུལ་དང་མཐུན་པ་བདུན་ནམ༔ བདུན་གསུམ་ཉེར་གཅིག་ལས་མི་མང་ཞིང༔ བཀའ་ཉན་གུས་སྡོད་དམ་ཚིག་ལ་གནས་པ༔ ཐ་ན་ཆུ་ཤིང་ཡན་ཆད་མ་ཚང་བ་མེད་པ་ཚགས་སུ་ཚུད་པར་བྱ་ཞིང༔ མདོར་ན་སྒྲུབ་པ་ལ་ཞུགས་ནས༔ མཚམས་མ་ཐོན་གྱི་བར་དུ་ཕྱི་ནས་ཅི་ཡང་རྩོལ་སྒྲུབ་ཀྱི་རྣམ་གཡེང་མི་དགོས་པར་ཐམས་ཅད་སྟ་གོན་དུ་བྱེད་པ་གལ་ཆེ༔ གལ་ཏེ་སྒྲུབ་འཕྲོ་ལ་ཕྱི་ནས་བཙལ་དགོས་པ་བྱུང་ན༔ གསེང་བར་དུ་བདུད་བགེགས་ཞུགས་ཤིང་སྒྲུབ་པ་ཞུད་པར་འགྱུར་བ་ལ་སོགས་པའི་སྐྱོན་མང་བས༔ དེའི་གནད་ཤེས་པར་བྱེད་པ་གལ་ཆེའོ༔ ཁྱད་པར་གྱི་ཡོ་བྱད་ནི༔ སྒྲུབ་རྫས༔ རྟེན་རྫས༔ དངོས་གྲུབ་ཀྱི་རྫས་གསུམ་ལས༔ དང་པོ་ནི༔ བླ་མ་ཆོས་སྐུའི་སྒྲུབ་རྫས་ཤེལ་ཟུར་མང་སྐྱོན་མེད་སྒོ་ཅན༔ ལོངས་སྐུའི་སྒྲུབ་རྫས་མེ་ལོང་གས་ཆག་སྤུ་རིས་མེད་པ་མཐོ་སྐོར་མ༔ མ་འཛོམ་ན་སོར་བཞི་ལས་མི་ཆུང་བ༔ སྤྲུལ་སྐུའི་སྒྲུབ་རྫས༔ རབ་དཀྱིལ་འཁོར་དགུ་པོའི་ལྷ་གྲངས་ཚང་བ༔ འབྲིང་གཙོ་བོ་དགུ༔ ཐ་ན་བླ་མ་རྟ་མགྲིན་ཕག་མོ་གསུམ་གྱི་སྐུ་དར་རས་ཤོག་གུ་གང་འཛོམ་གྱི་ངོས་ལ་བྲིས་པ་ཙཀླི༔ ཡི་དམ་ཞི་བའི་སྒྲུབ་རྫས་དར་སྣ་ལྔ༔ ཁྲོ་བོའི་སྒྲུབ་རྫས་ཐོད་པ་མཚན་ལྡན༔ ཞི་དྲག་ཕྱེད་མའི་སྒྲུབ་རྫས་བུམ་པ་ཚད་ལྡན་སྐྱོན་མེད༔ མཁའ་འགྲོ་ཕྱིའི་སྒྲུབ་རྫས་ཟངས་ཀྱི་གྭའུ༔མཐོ་འཁྱུད་ལས་མི་ཆུང་བ་ཆེ་ཆུང་སྐབས་དང་བསྟུན། ནང་གི་སྒྲུབ་རྫས༔ གསེར༔ དངུལ༔ གཡུ༔ དུང༔ བྱེ་རུ༔ མུ་ཏིག༔ གསང་བའི་སྒྲུབ་རྫས་བྱང་སེམས་དཀར་དམར་རོ༔ རྟེན་རྫས་ནི༔ རྩ་བ་གསུམ་གྱི་སྲོག་འཁོར་དཔེའུ་རིས་ནས་འབྱུང་བ་ལྟར་རོ༔ དངོས་གྲུབ་ཀྱི་རྫས་བདུད་རྩི་ཨ་མྲྀཏ༔ སིནྡྷུ་ར༔ བླ་མ་ཡབ་ཡུམ་གྱི་བྱང་སེམས་དཀར་དམར༔ བཟང་པོ་དྲུག༔ ག་པུར༔ ཙནྡན་དཀར་དམར༔ རུ་རྟ༔ གི་ཝཾ༔ ཨ་རུ་ར་གསེར་མདོག༔ དབང་པོ་ལག་པ༔ སྦྲང་རྩི༔ བུ་རམ༔ ར་དཀར༔ བ་དམར༔ འབྲི་ཟལ་མོ་གསུམ་གྱི་མར་ཆང༔ འབྲུ་སྣ་ལྔ༔ ཤིང་འབྲས་སྣ་ཚོགས༔ ཟས་སྣ་ཚོགས་རྣམས་སོ༔ གཞན་ཡང་བླ་མ་ཡི་དམ་མཁའ་འགྲོ་འདུ་ཞིང་དགྱེས་པ་སྐོང་བར་བྱེད་པའི་རྫས༔ པད་ཞུ༔ དར་ཐོད༔ དབུ་རྒྱན༔ ལྡིང་བེར༔ བྷན་སྣོད༔ གྲི་གུག༔ རྡོ་རྗེ༔ དྲིལ་བུ༔ ཁ་ཊྭཱཾ༔ ཐོད་པ་ལྟག་སྤྲོད༔ ཅང་ཏེའུ༔ མི་རྐང་གླིང་བུ༔ གསུར་ཆེན་ཞུན་ཆེན་གྱི་མར་མེ་ལ་སོགས་མཛེས་ཤིང་ཡིད་དུ་འོང་བའི་སྤྱན་གཟིགས་ཅི་འཛོམ་བསག་པར་བྱའོ༔ དེ་ལྟར་ཡོ་བྱད་རྣམས་འཚོགས་ནས་སྒྲུབ་པ་བྱེད་པ་ལ་གསུམ༔ གནས༔ དུས༔ བྱེད་ཚུལ་གསུམ་ལས༔ གནས་ནི་གང་རུང་རུང་དུ་མ་ཡིན་པར་རབ་གནས་ཡུལ་དུར་ཁྲོད༔ འབྲིང་སྔར་མི་མ་འགྲིམ་པ་དབེན་ཞིང་ཉམས་དགའ་བ་བག་དྲོ་ལ་བྱིན་ཆགས་པའམ༔ ཡང་ན་སྔར་གྱི་གྲུབ་ཐོབ་རྣམས་ཀྱི་ཞབས་ཀྱིས་བཅག་པའི་ཕྱོགས་ཏེ༔ མདོར་ན་བཀྲ་ཤིས་ཡིད་འོང་སྒྲུབ་པ་འཕེལ་བའི་ས་ཕྱོགས༔ ཐ་མ་ཡང་སྐྱེ་བོ་ཕལ་པའི་ཁྲོད་མ་ཡིན་པར༔ གྲོང་ཡུལ་ལས་རྒྱང་རིང་བ༔ འདུ་འཛི་རྣམ་གཡེང་གི་ས་དང༔ མི་མ་ཡིན་དྲག་པོའི་རྒྱུ་སྲང་དང༔ འབྲོག་ཁང་དང་ལུང་པའི་ཤུལ་ལམ་མ་ཟུག་པ༔ ནགས་ཁྲོད༔ བས་མཐའ༔ བྲག་ཕུག༔ གངས་ཞོལ་ལ་སོགས་པ་ཤིན་ཏུ་དབེན་པའི་གནས་བཙལ་ཞིང་དེ་རྣམས་སུ་བསྒྲུབ་པར་བྱའོ༔ དུས་ཀྱང་ནམ་ཡིན་དུ་བྱར་མི་རུང་ཞིང༔ ར་བ་བཞི་གང་རུང་གི་ཚེས་བརྒྱད༔ བཅུ༔ བཅོ་ལྔ་གསུམ་གང་འཕྲོད་དང༔ གཟའ་དར་ལ་སྐར་མ་བཟང་བའི་སྔ་དྲོ་དང་པོ་ལ་བབ་པའི་དུས་སུ་འཇུག་པར་བྱའོ༔ བྱེད་ཚུལ་ནི༔ རང་འདོད་ཁེ་གྲགས་ལོ་འདོད་འགྲན་སེམས་ཚུལ་འཆོས་ལ་སོགས་པའི་རྣམ་པ་ཅན་དུ་མ་ཡིན་ཞིང༔ སྙིང་ཐག་པ་ནས་གཞན་དོན་གྱི་བསམ་པས་དད་པ་མོས་གུས་ཀྱི་ཤུགས་དྲག་པོ་བསྐྱེད་དེ༔ སྒྲུབ་པའི་དབུ་བཙུག་ནས་གཞུག་ཐོན་གྱི་བར་དུ་འཆི་བདག་ལས་ཀྱི་ཕོ་ཉ་བ་བྱུང་ཡང་གཡོ་བ་མེད་པའི་ངང་ནས༔ བྱ་བ་གཞན་བཟང་ངན་གང་གིས་ཀྱང་བར་མ་ཆོད་པར་སྨྲ་བ་བཅད་དེ༔ མཐར་དབྱུང་བར་བྱའོ༔ སྒྲུབ་པ་མི་འཕེལ་ཞིང་འཕྲོ་ལུས་པར་འགྱུར་བའི་རྐྱེན་ཅི་བྱུང་ཡང་བར་ཆད་དུ་ཤེས་པར་བྱས་ཏེ། ཐིས་ཕུར་དུ་བཅས་ལ་འདུན་པ་རྩེ་གཅིག་ཏུ་བསྒྲུབ་པར་བྱའོ༔ གཉིས་པ་བཅས་བཤམ་པ་ནི༔ ཕྱི་ནང་གསང་བ་གསུམ་ལས༔ ཕྱིའི་བཅས༔ སྒྲུབ་ཁང་གི་སྟེང་དུ་ཅོད་པན་དམར་པོ་བཙུག༔ ཕྱོགས་བཞིར་ཐོ་དཀར་པོ་རང་ལུས་དང་མཉམ་པ་རེ་རེ་བཙུགས་ལ༔ རྒྱལ་ཆེན་སྡེ་བཞིར་དམིགས་ཤིང་མངའ་གསོལ་རབ་ཏུ་གནས་པ་དང་བཅས་པས༔ ཕྱིའི་བར་ཆད་བྱེད་པའི་གནོད་བྱེད་འབྱུང་པོ་མི་མིན་མི་རུ་བརྫུ་བ༔ ལྷ་མིན་ལྷ་རུ་བརྫུ་བ་ལ་སོགས་ནང་དུ་མི་གཏང་ཞིང༔ ནང་གི་དངོས་གྲུབ་ཕྱིར་མི་ཡལ་བའི་མཚམས་ཆོད་ཅིག༔ ཅེས་སོགས་བཀའ་བསྒོ་བ་དང་གཉེར་གཏད༔ ཕྲིན་ལས་གཞོལ་བ་རྣམས་སྒྲུབ་པ་ཆེན་པོ་ནས་འབྱུང་བའམ༔ ལས་གཞུང་ལྟར་བྱ༔ གཞན་ཡང་དམ་སྲི་མནན་པ༔ སྒོ་བྱང་གདགས་པ་རྣམས་ཀྱང་པྲ་ཁྲིད་ནས་འབྱུང་བ་ལྟར་བྱ༔ དེ་ལས་གཞན་ཡང་ཡུལ་རིས་གཞི་བདག་ལྷ་ཀླུ་རྣམས་དང༔ འབྱུང་པོའི་ཚོགས་དང་བཅས་པ་རྣམས་ལ་སོ་སོར་ཚིམས་པའི་གཏོར་མ་ཡང་བྱིན་ལ༔ བསྐྲད་གཟིར་བཀའ་བསྒོ་བདེན་པའི་སྟོབས་བརྗོད་པ་རྣམས་སྤྱི་དང་མཐུན་པ་བྱའོ༔ ནང་གི་བཅས་ནི༔ དེ་ལྟར་བཅས་རྣམས་གྲུབ་པ་དང་སྒྲུབ་པ་པོ་རྣམས་མ་གཏོགས་སུ་ཡང་ནང་དུ་འགྲིམ་མི་གཞུག་པར་ཡོལ་བ་རིམ་པ་གསུམ་བྱས་ཏེ༔ ཕྱི་མ་ལ་སྒྲུབ་གཡོག༔ བར་མའི་ནང་དུ་སྒྲུབ་པ་བྱེད་པའི་གྲོགས་གང་ཡོད༔ ནང་མ་ལ་རང་ཉིད་དང་བཅས་ཡོད་པར་བྱ༔ དེ་ནས་ཞག་གི་བར་དུ་གནས་སྲུང་བའི་དམིགས་པ་དང་བཅས་པས་མགྲོན་རྣམ་བཞི་ལ་གཏོར་མ་ཅི་མང་དུ་འབུལ༔ གྲུབ་ན་སྤྲོས་བཅས་བུམ་དབང་ནས་འབྱུང་བ་ལྟར་སའི་ཆོ་ག་ཡང་བྱ༔ མ་གྲུབ་ཀྱང་སའི་ལྷ་མོ་འཁོར་བཅས་ལ་གསེར་སྐྱེམས་ཕུལ་ཏེ་སྒྲུབ་པའི་སྟོང་གྲོགས་གྱིས་ཤིག་པའི་བཀའ་བསྒོ༔ དེ་ནས་དཀྱིལ་འཁོར་འདོམ་གང་གྲུ་བཞི་དཔངས་སུ་མཐོ་གང་བ་ཁོད་སྙོམས་ཞིང་ངོས་འཇམ་པར་བཟོས་པ་ལ་ཆང་ལ་ཨ་མྲྀཏའམ༔ སིནྡྷུ་རའི་ཁ་ཚར་བཏབ་པས་ཆག་ཆག་གདབ༔ རྩ་བ་གསུམ་དང་ཁྲོ་བོ་བཅུའི་སྔགས་བརྗོད༔ ཚོན་སྣ་ལྔས་དཀྱིལ་འཁོར་ཕོ་བྲང་ལྟེ་བ་ཟླུམ་པོ་མུ་ཁྱུད་དང་བཅས་པའི་རྒྱབ་ཏུ་པདྨ་འདབ་བཞི༔ དེ་རྒྱབ་མུ་ཁྱུད་དང་བཅས་པའི་པདྨ་འདབ་བརྒྱད་པ་སྟེ༔ གཞན་ཐམས་ཅད་སྤྱི་དང་མཐུན་པར་བྲིས་པའི་དབུས་སུ་ཁྲིའུ་ནས་སྣོད་བཤམ༔ དེ་དག་གི་གནས་ཐམས་ཅད་དུ་ལྷ་གྲངས་སམ་ཙཀླི་གང་འབྱོར་རྒྱས་བསྡུས་སྐབས་དང་སྦྱར་ལ་བཀོད༔ ཕྱི་རོལ་དུ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་སྲུང་མ་དང་འཇིག་རྟེན་སྐྱོང་བྱེད་དང་བཅས་པའི་གཏོར་མ་རྒྱན་ལྡན་དང༔ ཕྱི་ནང་མཆོད་རྫས་སྨན་དང་རཀྟ་ལ་སོགས་པ་རྣམས་སྤྱི་དང་མཐུན་པར་བཤམས་ཤིང༔ བདག་ཉིད་ནུབ་ཕྱོགས་ཨུ་རྒྱན་ལ་ཁ་ལྟ་བའི་བཀོད་པ་དང༔ ས་རྒྱན་གནམ་རྒྱན་ལ་སོགས་དར་གྱི་ཅོད་པན་དང༔ ལྡ་ལྡི་གང་འབྱོར་བྲེས་སྟེ་མདོར་ན་བཀོད་ལེགས་ཤིང་བག་དྲོ་བ༔ བླ་མ་ཡི་དམ་མཁའ་འགྲོ་ལ་སོགས་དཀོན་མཆོག་གསུམ་གྱི་སྐུ་རྟེན་རིས་སུ་བྲིས་པ༔ འབུར་དུ་བཀོད་པ་དང༔ གསུང་རྟེན་གླེགས་བམ་ལ་སོགས་པ་མཆོད་པའི་སྤྱན་གཟིགས་དང་བཅས་པ་ཅི་འབྱོར་བཤམ་པར་བྱའོ༔ གསང་བའི་བཅས་ནི༔ སྔར་བསྟན་པའི་རྫས་རྣམས་ཏེ༔ དེ་ཡང་དངོས་གྲུབ་ཀྱི་རྫས་རྣམས་ཆ་སྙོམས་ལ་ལེགས་པར་བཏུལ་ཞིང༔ ཆང༔ སྦྲང༔ བུ་རམ༔ མར་རྣམས་ཀྱིས་སྦྲུས་པའི་རིལ་བུ་རི་དྭགས་ཀྱི་རིལ་མ་ཙམ་དུ་བསྒྲིལ་བ་་་རིལ་བུའི་བུངས་ཨ་རུ་ར་དང་འབྲུ་སྣ་ལས་བྱས་ཤིང་གཟའ་སྐར་ཚེས་གྲངས་བཟང་པོ་ལ་སྟ་གོན་བྱའོ་་་ལ༔ མཚལ་དང་སིནྡྷུ་རའི་གོས་བསྐོན་པས་ཐོད་པ་ཁེངས་པར་བྱ༔ བུམ་པ་ཚད་ལྡན་གྱི་ནང་དུ༔ བུམ་རྫས་ཉེར་ལྔ་དང་ལྡན་པའི་རྒྱུན་འབབས་ཀྱི་ཆུས་སུམ་ཆ་གཉིས་ཙམ་གང་བར་བྱས་ལ༔ ཁ་རྒྱན་མགུལ་ཆིངས་ཀྱིས་སྤྲས་ཏེ་གཟུངས་ཐག་དང་བཅས་ལ་དཀྱིལ་འཁོར་གྱི་དབུས་སུ་ཁྲིའི་སྟེང་དུ་བཞག༔ དེའི་ཁ་རྒྱན་གྱི་སྟེང་དུ་དངོས་གྲུབ་ཀྱི་རྫས་སྣོད་ཐོད་པ་བཞག་པའི་ཁ་མེ་ལོང་ལ་སིནྡྷུ་རའི་དལ་བྲིས་པས་བཅད༔ དེའི་སྟེང་དུ་ཟངས་ཀྱི་གྭའུར༔ ཤེལ༔ རཏྣ་རྣམས༔ བྱང་སེམས་དཀར་པོ་དར་དཀར་པོ༔ དམར་པོ་དར་དམར་དུ་གཏུམས་པ་སྐུ་རྟེན་ཙཀླི་རྩ་བ་གསུམ་གྱི་སྲོག་འཁོར༔ རང་གི་བླ་མའི་དབུ་སྐྲ༔ མཚན༔ ཚེམས༔ གཞན་ཡང་བྱིན་རླབས་ཀྱི་རྫས་ཅི་སྙེད་རྣམས་དར་དམར་པོ་གྲ་ཟུར་དང་ཁ་མ་ཉམས་པས་དྲིལ་ལ་བཞག༔ དེ་རྣམས་བརྩེགས་པའི་སྟེང་དུ་དར་སྣ་ལྔའི་ལྡིང་གུར་ཕུབ་ཅིང་དར་དམར་མཐིང་གི་ཡོལ་བས་བསྐོར་བར་བྱའོ༔ དེ་ལྟར་ཕྱི་ནང་གསང་གསུམ་གྱི་བཅས་དང་གཞན་ཡང་མཛེས་ཤིང་འོས་པའི་བཅས་གང་ལ་གང་དགོས་ཡིད་དང་མཐུན་པར་དྭངས་སྤྲོ་བག་དྲོ་ཉམས་དགའ་ཡ་ལེ་བར་བཤམས་ཤིང༔ བཀོད་པར་བྱས་པས༔ རང་བཞིན་གྱིས་བླ་མ་ཡི་དམ་མཁའ་འགྲོ་འདུ་ཞིང་བྱིན་རླབས་འཇུག་པའི་དགོས་པ་ཡོད་པས་སོ༔ རྫས་འཛོམ་ཡང་བཅས་མ་ལེགས་ན་ཡིད་དང་མི་མཐུན་ཅིང༔ དམིགས་པ་མི་གསལ༔ བག་མི་ཕེབ༔ དང་བ་མི་སྤྲོ༔ དེས་བྱིན་ཕེབ་པར་མི་འགྱུར་ཞིང་གཡེང་བས་ཤིན་ཏུ་བཀོད་ལེགས་པ་གནད་ཆེའོ༔ གསུམ་པ་ཚོགས་གསག་པའི་རིམ་པ་ཕྱི་ནང་གསང་གསུམ་ལས༔ དེ་ལྟར་བཅས་རྣམས་གྲུབ་ནས༔ ཕྱིའི་ཚོགས་ཉེ་འཁོར་དུ་ཡོད་པའི་མཆེད་གྲོགས་ལ་སོགས་པ་སྔ་ཐོག་ཏུ་བསྒོས་པར་ཡར་མཆོད་མར་སྦྱིན་དང༔ སཱཙྪ་ཆུ་གཏོར༔ ཆོས་འདོན༔ གཏོར་མ་ལ་སོགས་པ་བྱར་གཞུག༔ དེས་ཕྱིའི་བར་ཆད་མི་འབྱུང་ཞིང་སྒྲུབ་པ་མཐར་ཕྱིན་པའི་དགོས་པ་ཡོད༔ ནང་གི་ཚོགས་བླ་མ་ཡི་དམ་མཁའ་འགྲོ་སྒྲུབ་པ་པོ་དང་བཅས་པ་ཐམས་ཅད་གཏོར་ཚོགས་ཀྱི་འཁོར་ལོ་རྒྱས་པ་ཞིག་གིས་དགྱེས་པ་བསྐང༔ གསང་བའི་ཚོགས་སུ༔ བླ་མ་ཡི་དམ་མཁའ་འགྲོ་ལ་མཎྜལ་གྱི་མཆོད་པ་ཉེར་གཅིག་གམ༔ བརྒྱ་རྩ་བརྒྱད་ལ་སོགས་པ་ཅི་འགྲུབ་སྐབས་དང་བསྟུན་ལ་འབུལ༔ དེས་ནང་གི་བར་ཆད་མི་འབྱུང་ཞིང་མྱུར་དུ་གྲུབ་པ་ཐོབ་པའི་དགོས་པ་དང༔ མཆོག་ཐུན་མོང་གི་དངོས་གྲུབ་བཟང་པོ་འབད་མེད་དུ་འབྱུང་བའི་དགོས་པ་ཡོད་ཅིང༔ གྲུབ་ན་སྒྲུབ་པ་བྱེད་པའི་དུས་དང་རྣམ་པ་ཐམས་ཅད་དུའང༔ སྐབས་སུ་ཚོགས་གཏོར་དང་སྐོང་གསོལ་ལ་བརྩོན་པར་བྱའོ༔ བཞི་པ་སྒྲིབ་པ་སྦྱོང་བ་ནི༔ ཕྱི་ལུས་ཀྱི་སྒྲིབ་པ་སྦྱོང་བ་དང༔ ནང་ངག་གི༔ གསང་བ་སེམས་ཀྱི་འོ༔ ཕྱི་ལུས་ཀྱི་སྒྲིབ་པ་སྦྱོང་བ་ནི༔ སྒྲུབ་པ་ལ་ཞུགས་ནས་མ་འགྲུབ་ཀྱི་བར་དུའམ༔ སྔ་ཐོག་ནས་ཀྱང་རུང་སྟེ༔ ཕྱི་བསྐོར་བ༔ ལུས་གནད༔ འཕྲུལ་འཁོར་གྱི་བྱ་བ་ལ་བརྩོན་པར་བྱས་པས༔ ལུས་ཀྱི་སྡིག་སྒྲིབ་ཉེས་ལྟུང་དག་ནས༔ ལུས་ཡེ་ཤེས་ལྷའི་སྣང་བ་དང༔ རྩ་ཡི་དྲྭ་མིག་ཐམས་ཅད་མཐོང་བར་འགྱུར་རོ༔ ནང་ངག་གི་སྒྲིབ་པ་སྦྱོང་བ་ནི༔ བཟླས་པ་བྱེད་པའི་ཐུན་འགོ་ལ༔ ཡི་གེ་བརྒྱ་པ་ཉི་ཤུ་རྩ་གཅིག་རེ་མ་ཆད་པར་བཟླས་པས༔ ངག་གི་སྡིག་སྒྲིབ་བྱང་ཞིང་ནུས་པ་འབྱུང་བར་འགྱུར་རོ༔ གསང་བ་སེམས་ཀྱི་སྒྲིབ་པ་སྦྱོང་བ་ནི༔ ཡི་གེ་བརྒྱ་པ་བཟླ་བའི་ཚེ༔ བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྤྱི་དང་མཐུན་པར་བསྐྱེད་ཅིང་སྒྲིབ་པ་སྦྱོང་བའི་དམིགས་པ་བྱ༔ སྔར་བྱས་པའི་སྡིག་པ་ལ་འགྱོད་པ་དྲག་པོ་བསྐྱེད༔ ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བྱེད་སྙམ་དུ་སྙིང་ཐག་པ་ནས་བློས་བཅད་པས་སྡིག་སྒྲིབ་བྱང་ནས༔ ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་འབྱུང༔ མདོར་ན་ཡེ་ཤེས་ཀྱི་ལྷ་སྒྲུབ་པ་ལ་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་བྱང་འཚལ་ཏེ༔ དཔེར་ན་གསེར་ལ་འོད་ཡོད་ཀྱང་བྱི་དོར་ལ་སོགས་པ་གཡའ་སེལ་བའི་ཐབས་མ་བྱས་ན་འོད་མི་འབྱིན་པ་ལྟར༔ རྣལ་འབྱོར་པའི་ལུས་ངག་ཡིད་གསུམ་ཡེ་ཤེས་ལྷའི་དཀྱིལ་འཁོར་གསུམ་གྱི་རང་བཞིན་ཡིན་ཡང༔ སྒོ་གསུམ་གྱི་སྒྲིབ་པ་སྦྱོང་བའི་ཐབས་ལ་མ་འབད་ན་དེའི་རྩལ་མི་འབྱིན་པའོ༔ དེའི་གནད་ཤེས་པར་བྱས་ལ༔ སྒྲུབ་པའི་ཐུན་མཚམས་ཀྱི་སྐབས་སུ་བཤགས་སྦྱོང་དང་སྒྲིབ་པ་སྦྱོང་བའི་ཐབས་ལ་འབད་པར་བྱེད་པ་གལ་ཆེའོ༔ ལྔ་པ་མཚམས་བཅད་པ་ནི༔ མངོན་རྟོགས་ཆེན་པོའི་སྔོན་འགྲོ་ནས་འབྱུང་བ་ལྟར༔ སྲུང་བའི་འཁོར་ལོ་བསྒོམ་ཞིང་ནང་གི་མཚམས་གཅོད་གྱེར་ལ༔ ཁྲོ་བོ་བཅུ་ལ་སྲུང་མཚམས་ཀྱི་གཉེར་གཏད་དྲག་པོ་བྱ༔ སྐབས་སྐབས་སུ་སྲུང་མཚམས་ཁ་གསོ་རྣམས་སྤྱི་མཐུན་དུ་བྱའོ༔ དེས་གནས་སྐབས་སུ་སྒྲུབ་པ་ལ་བར་ཆད་མི་འབྱུང་བར་སྒྲུབ་པ་མཐར་སྐྱོལ་ལ༔ མཐར་ཐུག་ཐར་པ་དང་ཐམས་ཅད་མཁྱེན་པ་སྒྲུབ་པ་ལ་བར་ཆད་ཀྱི་རིགས་གང་ཡང་མི་འབྱུང་བར་མྱུར་དུ་འབྲས་བུ་བརྙེས་པར་འགྱུར་རོ༔ སྤྱི་དོན་གཉིས་པ་དངོས་གཞི་ལ་ལྔ་སྟེ༔ ལྷ་བསྒོམ་པ༔ བཟླས་པ་བྱ་བ༔ ཐུན་མཚམས་ཀྱི་རྣལ་འབྱོར༔ དྲོད་ཚད་བརྟགས་པ༔ དམ་ཚིག་བསྟན་པའོ༔ དང་པོ་ལྷ་བསྒོམ་པ་ལ༔ བདག་བསྐྱེད་མདུན་བསྐྱེད༔ ཡེ་ཤེས་པ་དགུག་གཞུག་བསྲེ་བསྣན་བྱེད་པ་སྟེ༔ བདག་བསྐྱེད་ཀྱི་རིམ་པ་འདི་ལྟར་གསལ་བར་བྱའོ༔ དེ་ཡང་ཐོག་མར༔ བདག་ཉིད་སྐད་ཅིག་གིས་དཔལ་རྟ་མགྲིན་རབ་ཏུ་ཁྲོས་པའི་ཚུལ་ཅན༔ ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པར་གསལ་བ་ལས༔ འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས༔ བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་ལ་ཕོག་པས་ཚར་བཅད༔ རིགས་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པ་བག་ཆགས་སྡིག་སྒྲིབ་སྦྱངས་ནས་ཡེ་ཤེས་ལྷའི་ངོ་བོར་གནས་བསྒྱུར༔ ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ལ་སོགས་འཕགས་ཚོགས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་བ་ཙམ་གྱིས༔ མདུན་གྱི་ནམ་མཁར་སྤུང་གིས་བྱོན་པར་དམིགས་པ་ལ༔ ཕྱག་འཚལ་བ༔ མཆོད་པ་འབུལ་བ༔ སྡིག་པ་བཤགས་པ༔ དགེ་བ་ལ་རྗེས་སུ་ཡི་རང་བ༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ༔ མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་གདབ་པ་དགེ་རྩ་བྱང་ཆུབ་ཏུ་བསྔོ་བ༔ ཁྱད་པར་དུ་མཎྜལ་འབུལ་ཞིང་གསོལ་བ་གདབ་པ་རྣམས་གཞན་ནས་འབྱུང་བ་ལྟར་བྱ་ཞིང༔ ཏིང་ངེ་འཛིན་རྣམ་པ་གསུམ་དང་ལྡན་པར་བྱས་ཏེ༔ དེ་ཡང་ཐོག་མར་ངག་ནས༔ ཨོཾ་མ་ཧཱ་ཤཱུ་ཛྙཱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཅེས་བརྗོད་པ་ཙམ་གྱིས༔ སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པར་ལྟ་བ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང༔ ཨོཾ་དྷརྨ་དྷཱ་ཏུ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཞེས་པས་སྟོང་ཞིང་བདག་མེད་པར་མ་རྟོགས་པའི་འགྲོ་བ་ཐམས་ཅད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཐུན་མོང་མ་ཡིན་པ་རྒྱུད་ལ་བསྐྱེད་པའི་ཀུན་སྣང་གི་ཏིང་ངེ་འཛིན་དང༔ ཨཱོཾ་བཛྲ་ཙིཏྟ་ཧཱུྃ༔ ཞེས་པས་སྙིང་རྗེ་བར་གྱུར་པའི་སེམས་ཅན་དེ་རྣམས་ཀྱི་དོན་དུ་མངོན་པར་ལྷགས་པ་བདག་གི་རྣམ་པར་ཤེས་པ་ཡི་གེ་ཧྲཱིཿདམར་པོ་ཚེག་དྲག་དང་ལྡན་པ་མཁའ་ལྡིང་རྒྱལ་པོ་གཟན་ལ་ལྷགས་པ་ལྟར་ཉི་ཟླ་པད་མའི་གདན་སྟེང་དུ་ཕེབ་པར་གསལ་བ་རྒྱུའི་ཏིང་ངེ་འཛིན་ཏེ༔ དེ་ལྟར་ཏིང་ངེ་འཛིན་གསུམ་གྱི་ངང་དུ་དར་ཅིག་གནས་པར་བྱའོ༔ དེ་ནས་ངག་ཏུ༔ ཨཱོཾ་ཨཱཿཧཱུྃ་ཧྲཱི་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ ཧ་ཡ་གྲཱི་ཝ་ཧྲཱིཿམ་ཧ་རི་ནི་ས་ཧཱུྃ༔ ཞེས་བརྗོད་པ་ཙམ་གྱིས་སྒྲུབ་ཁང་དེ་ཉིད་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེའི་འོད་ཟེར་ལས་གྲུབ་པའི་གཞལ་ཡས་ཁང་ཕྱི་ནང་མེད་པར་གསལ་ཞིང་འོད་འབར་བ་གྲུ་བཞི་སྒོ་བཞི་རྟ་བབས་བང་རིམ་ཆར་ཁེབས་ནོར་བུ་དབང་གི་རྒྱལ་པོའི་ཏོག་དང་བཅས་པ་ཡངས་ཤིང་རྒྱ་ཆེ་བ༔ ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་འོད་ཟེར་དམར་པོ་རབ་ཏུ་འཁྲུགས་པའི་དབུས་སུ༔ བཾ་ལས་བདུད་རྩིའི་རྒྱ་མཚོ་དང་མེ་རེ་བའི་ནང་དུ༔ པཾ་ལས་པདྨའི་སྡོང་པོ་ཡལ་ག་དང་ལོ་འདབ་རབ་ཏུ་རྒྱས་ཤིང་ལྟེ་བ་པདྨ་དམར་པོ་འདབ་མ་བརྒྱད་པའི་ཟེའུ་འབྲུ་དང་བཅས་པའི་སྟེང་ཉི་མ་དང་ཟླ་བ་བརྩེགས་པའི་གདན་སྟེང་དུ༔ རྒྱུའི་ས་བོན་རང་གི་རྣམ་པར་ཤེས་པའི་ངོ་བོ་ལས་གྲུབ་པའི་ཧྲཱིཿདམར་པོ་དེ་དག་བབས་པ་ལས་འོད་འཕྲོས༔ འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་སླར་འོད་ཚུར་འདུས་ཧྲཱིཿལ་ཐིམ་པས༔ ཧྲཱིཿདེ་ཉིད་ཡོངས་སུ་གྱུར་པ་ལས་རང་ཉིད་པདྨ་འབྱུང་གནས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཞི་ཞིང་འཛུམ་པའི་མདངས་དང་ལྡན་པ་གཅེར་བུ་རུས་པའི་རྒྱན་དྲུག་གིས་སྤྲས་ཤིང༔ ཕྱག་གཡས་པ་གསེར་གྱི་རྡོ་རྗེ་གཡོན་ཐོད་པ་བདུད་རྩིས་བཀང་བ་བསྣམས་ཤིང་ཐུགས་ཀར་བསྣོལ་ཐབས་སུ་ཡུམ་ལ་འཁྱུད་པ་གཡས་སུ་ཅུང་ཞིག་འགྱིང་ཞིང་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པའི་པང་དུ་ཡུམ་ལྷ་ལྕམ་མེ་ཏོག་མན་དཱ་ར་བ་རྡོ་རྗེ་ཕག་མོའི་ཆ་ལུགས་ཅན༔ མཐིང་ནག་ཕག་ཞལ་སྤྱི་བོར་འབུར་ཞིང༔ ཕྱག་གཉིས་གཡས་གཡོན་གྲི་གུག་ཐོད་ཁྲག་འཛིན་པ་བཅས་ཡབ་ལ་འཁྱུད་པ༔ དར་དང་རིན་པོ་ཆེ་རུས་པའི་རྒྱན་གྱིས་བརྒྱན་ཅིང་ཅུང་ཟད་ཁྲོས་པའི་ཚུལ་ཅན་དུ་བསྐྱེད་པར་བྱ་ཞིང༔ ཡབ་ཡུམ་གཉིས་སྐུ་གཟི་བརྗིད་ཀྱི་ཉམས་དང་ལྡན་པ༔ ལང་ཚོ་དར་ལ་བབས་པ་སྣང་ལ་རང་བཞིན་མ་གྲུབ་པར་གསལ་བའི་སྤྱི་བོར་ཨཱོཾ༔ མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དང་ཧྲཱིཿབཀོད་པ་ལས་འོད་ཟེར་འཕྲོས་པས༔ རང་བཞིན་གྱི་གནས་ན་ཨོ་རྒྱན་ཡབ་ཡུམ་གྱི་ཐུགས་ཀར་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ༔ དམ་ཚིག་དབང་གིས་སྐད་ཅིག་ཡུད་ཙམ་ལ་འཁོར་མཁའ་འགྲོ་བྱེ་བ་འབུམ་སྡེའི་ཚོགས་དང་བཅས་པ་བྱོན་ནས༔ བདག་དམ་ཚིག་པ་ལ་ཐིམ་ཞིང་གཉིས་སུ་མེད་པར་དམིགས་ལ༔ ཧཱུྃ་ཧྲཱི༔ རང་བཞིན་ལྷུན་རྫོགས་ཕོ་བྲང་ནས༔ ཨོ་རྒྱན་པདྨ་ཡབ་ཡུམ་ལ༔ འཁོར་དུ་དཔའ་བོ་མཁའ་འགྲོ་དང༔ ཡི་དམ་ཞི་ཁྲོའི་ཚོགས་ཀྱིས་བསྐོར༔ བདག་ཉིད་དད་པས་སྤྱན་འདྲེན་གྱིས༔ ཐུགས་རྗེ་དམ་ཚིག་དབང་གིས་ནི༔ སྐད་ཅིག་ཙམ་གྱིས་གཤེགས་སུ་གསོལ༔ བདག་དང་གཉིས་མེད་བརྟན་པར་བཞུགས༔ སྐུ་གསུང་ཐུགས་མཆོག་གྲུབ་ནས་ཀྱང༔ མཆོག་དང་ཐུན་མོང་དངོས་གྲུབ་དང༔ དབང་དང་བྱིན་རླབས་འདིར་སྩོལ་ཅིག༔ ཨཱོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ས་མ་ཡཱ༔ ཛཿཧཱུྃ་བཾ་ཧོ༔ ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཕེཾ་ཕེཾ༔ པདྨ་ཀ་མ་ལཱ་ཡ་སཏྭཾ༔ ཞེས་བརྗོད་པ་ཙམ་གྱིས་ཀྱང་གོང་ལྟར་དབྱེར་མེད་དུ་བསྲེ་བསྣན་བྱས་པས་འཁོར་བླ་མ་ཡི་དམ་མཁའ་འགྲོ་དཔག་ཏུ་མེད་པ་གངས་རི་ལ་སྤྲིན་ཕུང་གཏིབས་པ་ལྟར་བསྐོར་ཞིང་བྱིན་གྱིས་བརླབས་པར་དམིགས་ལ༔ ཨཱོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཅེས་བརྒྱ་ཕྲག་རེ་བཟླ་བར་བྱའོ༔ དེ་ལྟར་བདག་བསྐྱེད་ཀྱི་དམིགས་པ་བརྟན་པ་དང༔ མདུན་བསྐྱེད་བསྒོམ་པ་ནི༔ རྫས་ཀྱི་དཀྱིལ་འཁོར་མི་དམིགས་སྟོང་པར་སྦྱངས་པའི་ངང་ལས༔ ཕོ་བྲང་རིན་ཆེན་གཞལ་ཡས་ཁང་གོང་ལྟར་གསལ་བའི་དབུས་སུ༔ གདན་པདྨ་འདབ་བཞི༔ དེའི་ཕྱི་རོལ་དུ་པདྨ་འདབ་མ་བརྒྱད༔ དེ་དག་རེ་རེ་དབུས་དང་བཅས་པར་ཉི་མ་ཟླ་བའི་གདན་བཀོད་པའི་དབུས་སུ༔ བཅོམ་ལྡན་འདས་པདྨ་བཛྲ་རྩལ་ཡབ་ཡུམ༔ པདྨ་འདབ་བཞིའི་ཤར་དུ༔ རྡོ་རྗེ་མཁའ་འགྲོ་དང་རྡོ་རྗེ་དཔའ་བོ་ཡབ་ཡུམ༔ ལྷོར་རིན་ཆེན་མཁའ་འགྲོ་དང་རིན་ཆེན་དཔའ་བོ་ཡབ་ཡུམ༔ ནུབ་ཏུ་པདྨ་མཁའ་འགྲོ་དང་པདྨ་དཔའ་བོ་ཡབ་ཡུམ༔ བྱང་དུ་ལས་ཀྱི་མཁའ་འགྲོ་དང་ལས་ཀྱི་དཔའ་བོ་ཡབ་ཡུམ༔ དེ་རྒྱབ་པདྨ་འདབ་བརྒྱད་ཀྱི་ཤར་དུ༔ བུདྡྷ་ཐོད་ཕྲེང་རྩལ་ཡབ་ཡུམ༔ ལྷོར་མི་བསྐྱོད་རྡོ་རྗེ་རྩལ་ཡབ་ཡུམ༔ ནུབ་ཏུ་པདྨ་དབང་ཆེན་རྩལ་ཡབ་ཡུམ༔ བྱང་དུ་རིག་འཛིན་ཐོད་པ་རྩལ་ཡབ་ཡུམ༔ ཤར་ལྷོར་དྲག་པོ་མེ་ཕྲེང་རྩལ་ཡབ་ཡུམ༔ ལྷོ་ནུབ་ཏུ་སངས་རྒྱས་དཔའ་བོ་ཐོད་པའི་དུམ་བུ་རྩལ་ཡབ་ཡུམ༔ ནུབ་བྱང་དུ་རྟ་མགྲིན་དབང་ཆེན་ཡབ་ཡུམ༔ བྱང་ཤར་དུ་ལག་ན་རྡོ་རྗེ་ཡབ་ཡུམ༔ དེ་རྣམས་ཀྱང་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ལ་སོགས་པ་གཞན་ནས་འབྱུང་བ་ལྟར་བསྐྱེད་ཅིང༔ ཡེ་ཤེས་པ་དགུག་གཞུག་བསྲེ་བསྣན་རྣམས་ཀྱང་སྤྱི་དང་མཐུན་པར་བྱའོ༔ དེ་དག་རྣམས་ལའང་སོ་སོའི་འཁོར་དང༔ བླ་མ་ཡི་དམ་མཁའ་འགྲོ་ལ་སོགས་པ་འཕགས་པའི་ཚོགས་སྤྲུལ་པ་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པས་བསྐོར་བ་བག་དྲོ་ལྷུབས་སེ་བཞུགས་པར་བསྒོམས་པ་རྣམས་ལ་ཕྱི་ནང་གི་མཆོད་པ་འབུལ་བ་དང༔ བསྟོད་པ་ལ་སོགས་པ་རྣམས་གཞན་ནས་འབྱུང་བ་ལྟར་བྱའོ༔ གྲུབ་ན་ལས་གཞུང་ཆེན་མོའམ་བསྡུས་པ་གང་ལྕོགས་ཀྱང་བསྲང་བར་བྱའོ༔ གཉིས་པ་བཟླས་པ་བྱ་བ་ནི༔ བཟླས་པ་དངོས་དང༔ བཟླ་ཚུལ་གཉིས་ལས༔ བཟླས་པ་དངོས་ནི༔ བདག་བསྐྱེད་ཀྱི་བཟླས་པ་གོང་དུ་བསྟན་པ་ལྟར་རོ༔ རྒྱུན་གྱི་བཟླས་པ༔ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷཱ་ཀི་ནཱི༔ ཧ་ཡ་གྲཱི་ཝ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱ༔ ཞེས་པ་སྟེ༔ མཚན་མ་དྲོད་རྟགས་མ་བྱུང་གི་བར་བཟླའོ༔ བཟླ་ཚུལ་ནི༔ ནངས་པར་ནམ་ལངས་ནས༔ དགོང་མོ་ཉི་མ་དམར་ཐག་ཆད་ཀྱི་བར་དུ་ཤུབ་བུར་བཟླ༔ དམིགས་པའི་འཁྲུལ་འཁོར་རང་གིས་བཟླས་པ་ཙམ་གྱིས༔ ལྕེ་ཟླ་གམ་དམར་པོ་དབང་གི་དཀྱིལ་འཁོར་གྱི་དབུས་སུ་ཧྲཱིཿདམར་པོ་ཁྲུ་གང་བའི་མཐར་སྔགས་ཀྱང་བྱེ་རུའི་ཕྲེང་བ་ལྟར་དམར་ཧྲཾ་མེ་བས་གཡས་སྐོར་དུ་བསྐོར་ཞིང་འུ་རུ་རུ་འཁོར་བ་ལས་འོད་ཟེར་འཕྲོས༔ མདུན་བསྐྱེད་ཀྱི་ལྷ་རྣམས་ཀྱི་ཐུགས་ཀར་ཕོག༔ རྒྱུད་བསྐུལ་ཞིང༔ དེ་དག་ཐམས་ཅད་ཀྱིས་ཀྱང༔ རང་གི་ཅི་ལྟར་བཟླས་པ་ལྟར་ཏི་རི་རི་བཟླ་བར་བསམ༔ ས་སྲོས་ནས་ནངས་པར་ནམ་མ་ལངས་བར་དུ་དཀྱིལ་འཁོར་བསྐོར་ཞིང༔ གསང་མཐོན་པོར་འཛབ་དབྱངས་སུ་བྱའོ༔ དམིགས་པའི་འཁྲུལ་འཁོར་ཡང་རང་གཞན་ཕྱི་ནང་གི་ལྷ་ཚོགས་ཡབ་ཡུམ་འཁོར་དང་བཅས་པ་ཐམས་ཅད་ཀྱི་ཐུགས་ཀར་ཉི་མའི་དལ་གྱི་སྟེང་དུ་ཧྲཱིཿདམར་པོ་རེ་རེའི་མཐར་སྔགས་ཀྱི་ཕྲེང་བ་དམར་པོས་བསྐོར་ཞིང༔ ཐམས་ཅད་ཀྱིས་བཟླས་པ་སྔགས་ཀྱི་ཛཔ྄་སྒྲ་ཏི་རི་རི་སྒྲོག་པས་སྔགས་ཀྱི་ཕྲེང་བ་རྣམས་ཀྱི་ལི་ལི་འཁོར་བ་ལས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་འཕྲོས་པས༔ སྣང་སྲིད་ཀྱི་སྐྱེ་འགྲོ་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་ལྷ་བླ་མ་ཡི་དམ་མཁའ་འགྲོའི་རང་བཞིན་དུ་གྱུར་ནས༔ སྔགས་སྒྲ་སྒྲོག་པར་བསམས་ལ༔ ཛཔ྄་བསྙེན་ཆེ་བ་མ་ཡིན༔ ཆུང་བ་མ་ཡིན༔ དྲག་པ་མ་ཡིན༔ ཞན་པ་མ་ཡིན༔ དལ་བ་མ་ཡིན༔ བུལ་བ་མ་ཡིན་ཞིང་ཁོད་སྙོམས་པར་བཟླའོ༔ དེ་ཡང་ལུས་ངག་ཡིད་གསུམ་དཀྱིལ་འཁོར་རྣམ་པ་གསུམ་དང་མ་བྲལ་བར་བྱེད་པ་གནད་ཆེ་ཞིང༔ ཐ་མལ་གྱི་སྤྱོད་ཚུལ༔ སྒེག་ཆོས༔ བཏང་སྙོམས་ཡ་མ་ཟུང༔ ཆེད་མེད༔ འབོག་ཆོས་སུ་མ་སོང་བར༔ ལུས་ངག་ཡིད་གསུམ་གྲུང་ཧུར་བཏོན་པའི་ཀློང་ནས་བསྒྲུབ་པ་ལ་འབད་པ་གལ་ཆེའོ༔ གསུམ་པ་ཐུན་མཚམས་ཀྱི་རྣལ་འབྱོར་ནི༔ ནངས་ནུབ་གཉིས༔ གུང་གཉིས་དང་བཞིར་གཏོར་མ་གསོས་ཏེ་སྨན་རཀ་སྦྲེངས་ལ༔ སྨན་རག་གཏོར་གསུམ་གྱི་ཆོ་ག་གཞུང་ཚུགས་པས༔ ལྷ་ཚོགས་རྣམས་ལ་སྨན་རག་གཏོར་གསུམ་འབུལ༔ བསྟོད་པ་བྱ༔ མི་ལག་གིས་ལྕོགས་ན་ལས་གཞུང་དང་བསྟུན་པའི་ཆོ་ག་སྐོང་གསོ་དང་བཅས་པ་བྱ༔ རྒྱུན་དུ་མ་གྲུབ་ཀྱང་ཅི་འགྲུབ་ཏུ་བྱ་ཞིང༔ རྒྱུན་དུ་གཏོར་མ་མ་ཆག་པར་བསྔོ་བ་གལ་ཆེའོ༔ ཨརྒྷཾ་ལ་སོགས་པའི་མཆོད་པས་ཀྱང་མཆོད་པར་བྱ༔ རང་གི་བཟའ་བཏུང་རྣམས་ལ་ལོངས་སྤྱོད་པའི་ཚེ་ཡང༔ ཕལ་པའི་སྤྱོད་ཡུལ་དུ་མ་ཡིན་པར་ཟས་ཀྱི་རྣལ་འབྱོར་ནས་འབྱུང་བའི་ཚུལ་དང་མཐུན་པར་སྤྱོད་པར་བྱའོ༔ བཞི་པ་དྲོད་ཚད་ནི༔ དེ་ལྟར་ཚུལ་བཞིན་དུ་འབད་དེ་བསྒྲུབས་པས༔ སྤྱིར་གྲུབ་པ་བརྙེས་པའི་རྟགས་སྤྱི་དང་མཐུན༔ ཁྱད་པར་དུ་མཆོག་གི་ལྟས༔ ལུས་ལ་བདེ་བ་རྒྱས༔ ངག་ལ་ནུས་པ་འབར༔ སེམས་ལ་རྟོགས་པ་ཤར༔ སྣང་སྲིད་ཐམས་ཅད་བདེན་མེད་དུ་ཤར་བ་ལ་སོགས་པའི་ལྟས་དཔག་ཏུ་མེད་པ་དང༔ ཐུན་མོང་གི་ལྟས་སྒྲུབ་ཁང་ལས་འོད་འཕྲོ༔ འཇའ་གུར་ཕུབ༔ ནང་དུ་དྲི་བཟང་གི་ངད་པ་འཕྱོ༔ སྒྲུབ་པ་པོ་རིག་པ་འུར༔ གསལ་སྣང་འཆར༔ སྔགས་སྒྲ་སྒྲོག༔ ལྷ་ཞལ་སྟོན་པ་རྣམས་འབྱུང་བ་དང༔ ཉམས་བན་བུན་གྱི་སྣང་བ་འཆར་ཚུལ་དང༔ རྨི་ལམ་གྱི་འབྱུང་ཚུལ་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་ཅིང་འདིར་སྤྲོས་ཀྱིས་མི་རྫོགས་ཏེ༔ མདོར་བསྡུས་པས་དངོས་གྲུབ་ཀྱི་ལྟས་ཐུན་མོང་མ་ཡིན་པ་ཆིལ་གྱི་བྱུང་ནས་ལས་ལ་སྦྱར་བར་བྱའོ༔ དེ་ཡང་རབ་ཟླ་བ་གཅིག་ནས་འབྱུང༔ འབྲིང་གཉིས༔ ཐ་མ་ཟླ་བ་གསུམ་ནས་མི་འབྱུང་མི་སྲིད་དོ༔ གང་ཟག་ལ་ལར་བར་ཆད་དངོས་གྲུབ་ཏུ་བརྫུས་ནས་འབྱུང་ཉེན་ཡོད་པས༔ དེའི་བྱེ་བྲག་ཤེས་པ་གནད་ཆེ་ཞིང༔ བཟང་ངན་གྱི་ལྟས་ཅི་བྱུང་ཡང་བཟང་སྙམ་ངན་སྙམ་མ་ཞུགས་པར་ལྟ་བ་གཡོ་མེད་ཀྱི་གཟེར་གྱིས་ཐེབས་པར་བྱེད་པ་གལ་ཆེའོ༔ མཆོག་དོན་ཡེ་ཤེས་བསྒྲུབ་དོན་གཉེར་བ་ལ་ནི་ཐུན་མོང་གི་ལྟས་དང་ཆོ་འཕྲུལ་གྱི་མཚན་མ་ལ༔ སྨོས་སུ་མེད་ཅིང་གལ་མ་མཆིས་པར་གསུངས་ཀྱང༔ ལམ་གྱི་དྲོད་རྟགས་ཙམ་དུ་འཆར་སྒོ་མི་འགག་པའི་ཕྱིར་ཤེས་པར་བྱའོ༔ ཉམས་སྣང་དྲོད་ཚད་ཙམ་དུ་རྟགས་ཀྱི་རིམ་པ་ཐམས་ཅད་ལ་རེ་དོགས་ཀྱི་འཆིང་བ་འཇུག་པའི་ཉེན་ཡོད་པས༔ གཡེལ་མེད་གལ་མ་མཆིས་སུ་བོར་པ་གནད་ཡིན་ནོ༔ ལྔ་པ་དམ་ཚིག་བསྟན་པ་ནི༔ སྤྱིར་སྒྲུབ་པ་པོ་རྣམས་གསང་སྔགས་ཡོངས་ཀྱི་དམ་ཚིག་རྣམས་དང་ལྡན་པར་བྱེད་པ་གལ་ཆེ་ཞིང༔ ཁྱད་པར་དུ་ཕྱི་ནང་གི་མཚམས་ཁྲིགས་ཕྱེད་པ་དང༔ མ་ཞུད་པ་དང༔ གཞན་དང་ངག་མ་འདྲེས་པ་དང༔ དངོས་གྲུབ་ཕྲ་མོ་ལ་མ་ཆགས་པ་དང༔ བསྐྱེད་རིམ་ལ་གསལ་ཐེབས་པ་དང༔ རྫོགས་རིམ་གྱི་གནད་ཀྱིས་ཟིན་པ་དང༔ བསྐྱེད་རྫོགས་ཡ་མ་ཟུང་དུ་མ་ཤོར་བ་དང༔ ཆོས་མིན་ཅན་གྱི་བཟའ་བཏུང་ཁོང་དུ་མ་སོང་བ་དང༔ དབུ་བཙུགས་ནས་མཚམས་མ་གྲོལ་གྱི་བར་དུ་ནང་གི་སྤྱད་པ་ལ་སོགས་པའི་རྫས་དང༔ ཡོ་བྱད་གང་ཡང་ཕྱིར་མི་ཁྱེར༔ ཕྱིའི་ཡོ་བྱད་ཀྱི་རིགས་མེ་ཆུ་ཤིང་གསུམ་མ་གཏོགས་པ་གཞན་ཅི་ཡང་ནང་དུ་མི་འཇུག་པ་དང༔ སྔགས་ཀྱི་དམ་སེལ་མ་ཞུགས་པ་དང༔ སྒྲུབ་ཁང་དུ་ཚུལ་མི་མཐུན་ཅིང༔ ལུས་ངག་ཡིད་གསུམ་གྱི་རྣལ་འབྱོར་མ་དག་པ་དང༔ བུད་མེད་ཀྱི་རིགས་ཀྱང་རིགས་བཟང་པོ་ཁྱད་པར་ཅན་ནམ༔ རང་གི་གཟུང་མའམ༔ གྲོང་པའི་ཆོས་ཀྱིས་མ་གོས་པའི་དབང་པོ་དྭངས་པའི་རིགས་མ་གཏོགས་པ་གཞན་གང་ཡང་མི་གཞུག༔ ཁམས་ཀྱི་ཐིག་ལེ་མ་ཉམས་པར་བྱ༔ ཁམས་ལ་མི་འཕྲོད་པའི་བཟའ་བཏུང་མི་བརྟེན་ཅིང༔ འགྲང་ལྟོགས་སྙོམས་པར་བྱེད་པ་དང༔ ཐེ་ཚོམ་དང་ཡིད་གཉིས་མི་བྱ་ཞིང༔ རྟགས་ཚད་མི་བསྒུག༔ སྒྲུབ་པའི་བརྩོན་འགྲུས་ལ་ཐང་ལྷོད་དྲག་གཞན་རེས་འཇོག་ཅན་མ་ཡིན་པར་ཆུ་བོ་ཆེན་པོ་རྒྱུན་འབབས་ཀྱི་གཞུང་ལྟ་བུར་ཀྱུ་རུ་རུ་བྱེད་པ་དང༔ གཞན་ཡང་གསང་སྔགས་བླ་མེད་ཀྱི་སྒྲུབ་པའི་དམ་ཚིག་རྣམས་དང་ལྡན་པར་བྱེད་པ་གལ་ཆེའོ༔ དེ་ལྟར་དམ་ཚིག་རྣམས་དང་ལྡན་པས་གཞུང་ལྟར་བསྒྲུབས་ཕན་ཆད་བར་ཆད་མེད་ཅིང་དོན་འབྲས་མྱུར་དུ་འགྲུབ་པར་འགྱུར་རོ༔ རྣལ་འབྱོར་པ་གང་ལ་ལ་ལྟ་བ་གནས་ལུགས་ཀྱི་གདིང་དང་ལྡན་པས་དམ་ཚིག་ལ་ལྟོས་མི་འཚལ་ཞེས་སྨྲ་བར་བྱེད་པ་ཁྱོད༔ འོ་ན་དངོས་གྲུབ་དང་ལྷ་བསྒྲུབ་ཀྱང་མི་འཚལ་ཏེ༔ ལྟ་བའི་གདིངས་དང་ལྡན་ཞིང༔ ཁྱོད་ཀྱི་ལྟ་བ་གནས་ལུགས་དེ་ལ་དམ་ཚིག་མི་དགོས་པའི་ཕྱིར་རོ༔ ཚིག་དོན་འབྲེལ་མ་ཆགས་ཤིང་མུ་ཅོར་སྨྲ་བ་རྣམས་ལ་འབྲས་བུ་རྒྱབ་ཀྱིས་ཕྱོགས་པས༔ རྒྱུ་འབྲས་ཞིབ་ཚགས་དང་ལྡན་པས་དམ་ཚིག་ནན་ཏན་བྱེད་པ་གལ་ཆེའོ༔ སྤྱི་དོན་གསུམ་པ་རྗེས་ཀྱི་བྱ་བ་ནི༔ སྒྲུབ་པ་སྤྱི་དང་མཐུན་ཞིང༔ ཁྱད་པར་དུ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་གཏང་རག་གི་མཆོད་པ་གཏོར་མ་དང༔ ཚོགས་ཀྱི་ཡོ་བྱད་རྒྱས་པ་གཅིག་བཤམས་ལ་སྐོང་གསོ་དང་བཅས་པ་འབུལ༔ སྦྱིན་སྲེག་ཉེར་གཅིག་ལ་སོགས་ཅི་འགྲུབ་རྣམས་བྱའོ༔ དལ་ལ་སོགས་པའི་བཅས་རྣམས་གང་གིས་ཀྱང་མ་མཐོང་ཞིང༔ སྒྲུབ་པ་པོ་རྣམས་ཀྱང་མཚམས་སླར་དམ་དུ་བཅད་པར་བྱའོ༔ དེ་དག་གི་རིམ་པས་སྒྲུབ་པ་བསྟན་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ ༁ྃ༔ ན་མོ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ༔ ལས་ལ་སྦྱར་བ་ལ་གཉིས་ཏེ༔ མཆོག་གི་ལས་སྦྱོར་དང༔ ཐུན་མོང་གིའོ༔ དང་པོ་ལ་ནི༔ བདག་བསྐྱེད་སྔ་མ་ལྟར་ལས༔ མདུན་བསྐྱེད་ཟངས་ཀྱི་གའུར༔ བླ་མ་ཡི་དམ་ཆོས་སྐུའི་རྣམ་པར་བསྐྱེད༔ མེ་ལོང་གི་དལ་དུ་ལོངས་སྤྱོད་རྫོགས་པའི་སྐུའི་རྣམ་པ་ཅན་བསྐྱེད༔ བུམ་པའི་ནང་དུ་སྤྲུལ་པ་སྐུའི་རྣམ་པ་ཅན་དུ་བསྐྱེད་པར་བྱས་ཏེ༔ དེ་ཡང་བླ་མ་ཐོད་ཕྲེང་རྩལ་ལ་རིགས་ལྔ༔ ཡི་དམ་དཔལ་རྟ་མགྲིན་ལ་དཔའ་བོ་བཞིས་བསྐོར་བ༔ མཁའ་འགྲོ་རྡོ་རྗེ་ཕག་མོ་ལ་རིགས་བཞིའི་མཁའ་འགྲོས་བསྐོར་བར་བསྐྱེད་དེ༔ དམ་ཚིག་པ་བསྐྱེད་ཅིང་ཡེ་ཤེས་པ་བཀུག་ལ་ལས་རིམ་ལ་སོགས་པ་སྤྱི་དང་མཐུན་པར་བྱ་ཞིང༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷཱ་ཀི་ནཱི་ཧ་ཡ་གྲཱི་ཝ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་དྷེ་ཝ་དྷཱ་ཀི་ནཱི་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་བཛྲ་དྷརྨ་དྷཱ་ཏུ་སརྦ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱ༔ ཞེས་བཟླས་པས་གའུ་མེ་ལོང་བུམ་པར་གསལ་བའི་ལྷ་རྣམས་ཀྱི་ཐུགས་དམ་བསྐུལ་ཞིང་བཟླས་པ་ཏི་རི་རི་བྱས་པས་ཕྱོགས་དུས་ཀྱི་བླ་མ་ཡི་དམ་མཁའ་འགྲོ་དཔག་ཏུ་མེད་པ་སྤྱན་དྲངས་ནས༔ ལྷ་རྣམས་ལ་སིབ་སིབ་ཐིམ༔ ལྷ་རྣམས་ཀྱི་སྐུ་གསུང་ཐུགས་ལས་བདུད་རྩིའི་རྒྱུན་འོད་ཟེར་གྱི་ཚུལ་དུ་འཕྲོས་ཤིང་ཀ་པཱ་ལའི་རིལ་བུ་ལ་ཐིམ་པ་ཙམ་གྱིས་རིལ་བུ་ཐམས་ཅད་འོད་དུ་ལྟེམས་ཀྱིས་ཞུ་ནས་ཐོད་པ་མེར་གྱིས་གང་ནས༔ ཐོད་པའི་ཚངས་བུག་ནས་མར་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་ངང་ནར་གྱིས་བྱུང་ནས༔ རང་གི་སྤྱི་བོ་ཚངས་པའི་བུ་གར་བབས་པས་ལུས་ཐམས་ཅད་མེར་གྱིས་ཁེངས་ཤིང༔ ལུས་སེམས་ཐམས་ཅད་བདེ་སྟོང་ཡེ་ཤེས་ཆེན་པོའི་ཉམས་ཀྱིས་རྒྱས་ཏེ༔ མཆོག་དོན་བླ་མེད་ཡེ་ཤེས་ཆེན་པོའི་དངོས་གྲུབ་དམ་པ་ཐོབ་པར་བསམ་པའི་དམིགས་པ་ཡེངས་མེད་དུ་བྱ་ཞིང་བཟླས་པ་ཞག་ཉེར་གཅིག་འབད་པས༔ མཆོག་གི་དངོས་གྲུབ་འབྱུང་བའི་ལྟས་སྤྱི་དང་མཐུན་པར་འབྱུང༔ ཐུན་མཚམས་ཀྱི་བྱེད་ཚུལ་སྒྲུབ་པའི་དུས་དང་འདྲ་བ་ལས་ཁྱད་པར་དུ༔ དམིགས་མེད་ཀྱི་རྒྱས་གདབ་པའི་ངང་ནས་ཀྱང་བཟླས་པ་བརྒྱ་ཕྲག་རེ་བཟླ་བར་བྱའོ༔ དེས་ནི་ཐུན་མོང་གི་ཟང་ཟིང་འདུ་ལོང་ལ་སོགས་པ་མི་འབྱུང་ཞིང༔ ནང་དུ་ཉམས་རྟོགས་དང༔ བདེ་སྟོང་ཟག་པ་མེད་པའི་ཡེ་ཤེས་རྒྱུད་ལ་ལྷང་ལྷང་སྐྱེ་བར་འགྱུར་རོ༔ རྗེས་ཀྱི་བྱེད་ཚུལ་འོག་ནས་འབྱུང་བ་ལྟར་རོ༔ ཐུན་མོང་གི་ལས་སྦྱོར་ནི༔ བདག་བསྐྱེད་མདུན་བསྐྱེད་སྔ་མ་ལྟར་ལས་ཁྱད་པར་དུ༔ འོག་ནས་འབྱུང་བའི་བཟླས་པ་བྱས་པ་ཙམ་གྱིས༔ མདུན་གྱི་བླ་མ་ཡི་དམ་མཁའ་འགྲོ་འཁོར་དང་བཅས་པའི་ཐུགས་ཀ་ནས་སྤྲུལ་པའི་ཕོ་ཉ་དངོས་འདྲ་བ་ཕྱག་གཉིས་གཡས་གཡོན་ལྕགས་ཀྱུ་ཞགས་པ་བསྣམས་པ་དཔག་ཏུ་མེད་པ་ཕྱོགས་ཐམས་ཅད་དུ་འཕྲོས་པས༔ སྣང་སྲིད་ཀྱི་ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་ཚེ་དང་བསོད་ནམས༔ དཔལ་དང་འབྱོར་པ་སྙན་པ་དང་གྲགས་པ་ལ་སོགས་དབང་དུ་བསྡུས་རུང་ཐམས་ཅད་དབང་དུ་བསྡུས་ནས་ཀ་པཱ་ལའི་རིལ་བུ་ལ་སིབ་སིབ་བཀུག་ནས༔ བཀུག་མཁན་དང་བཅས་པ་ཐིམ་ནས་རིལ་བུ་བཀྲག་དང་གཟི་མདངས་རབ་ཏུ་རྒྱས་ཤིང༔ རོ་བཅུད་ནུས་པ་ཕུན་སུམ་ཚོགས་པ་དང་ལྡན་ཏེ༔ ཕྲིན་ལས་རྣམ་བཞི་འགྲུབ་པའི་དངོས་གྲུབ་ཡིད་བཞིན་གྱི་བཅུད་རྫས་ཆེན་པོར་གྱུར་པར་བསམ་ཞིང༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷཱ་ཀི་ནཱི་ཧ་ཡ་གྲཱི་ཝ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་དྷེ་ཝ་དྷཱ་ཀི་ནཱི་ཛྙཱ་ན་སིདྡྷི་སརྦ་དྷརྨ་སིདྡྷི་ཨ་ཀྲ་སིདྡྷི་ཨཱ་ཡུཿསིདྡྷི་པུཎྱེ་སིདྡྷི་བ་སུ་སིདྡྷི་ཁེ་དྷ་སིདྡྷི༔ སརྦ་སིདྡྷི་ཕ་ལ༔ ཨཾ་གུ་ཤ་ཛཿཝ་ཤཾ་ཀུ་རུ་ཧཱུྃ་སྭཱ་ཧཱ༔ ཞེས་ཆུ་བོ་ཆེན་པོའི་རྒྱུན་ལྟར་བཟླས་ཤིང༔ ཐུན་བར་དུས་སུ་དབང་གི་སྦྱིན་སྲེག་རེ་བྱས་ལ༔ འདོད་ཡོན་གྱི་ཡོ་བྱད་ཅི་འབྱོར་རེ་འབུལ་ཞིང༔ ལྷ་ཚོགས་རྣམས་ལ་དངོས་གྲུབ་རེ་ཞུ་བ་དང༔ སྣང་བ་དབང་སྡུད་ཀྱི་ཕྲིན་ལས་བསྐུལ་པ་དང་འདོད་གསོལ་བརྗོད༔ སྨན་རག་གཏོར་གསུམ་ལ་སོགས་པའི་མཆོད་པ་འབུལ་བ་རྣམས་གཞན་ནས་འབྱུང་བ་ལྟར་བྱའོ༔ དེ་ལྟ་བུའི་ཚུལ་གྱིས་ཞག་ཉེར་གཅིག་ལ་སོགས་པ༔ དངོས་གྲུབ་ཀྱི་ལྟས་མ་བྱུང་བར་དུ་བསྒྲུབ༔ ལྟས་ནི་སྤྱི་དང་མཐུན་ཞིང་སྔར་བསྟན་པ་དང་མཚུངས་པའོ༔ དེ་ལྟར་བསྒྲུབ་པ་དང་ལས་སྦྱོར་ཚར་ནས༔ དུས་ཚོད་གཟའ་སྐར་ཚེས་གྲངས་བཟང་ཞིང་ཡར་ངོ་ལ་བབ་པའི་སྔ་དྲོ་དང་པོ་ལ་གཏོར་མ་ཚོགས་མཆོད་རྒྱས་པ་གཅིག་ཕུལ་ལ༔ སྒྲུབ་པ་ཁ་སྐོང་ཁོག་དབུབ་ནས་འབྱུང་བ་ལྟར༔ དངོས་གྲུབ་བླང་བའི་ལས་རིམ་བྱས་ཏེ༔ ལྷ་ཡེ་ཤེས་པ་གཏང་རག་གི་མཆོད་པས་དགྱེས་པར་བྱས་ཏེ་རང་བཞིན་གནས་སུ་གཤེགས༔ དམ་ཚིག་པ་རང་གི་ཐུགས་ཀར་བསྡུ་བའམ༔ ཡང་ན་དམ་ཚིག་ཡེ་ཤེས་དབྱེར་མེད་དུ༔ བདག་བསྐྱེད་མདུན་བསྐྱེད་ཐམས་ཅད་ཕྱམ་བརྡལ་ཀ་དག་གི་ངང་དུ་སྤྲོ་བསྡུ་མེད་པར་བཞག་པར་བཤད་ཀྱང༔ འདིའི་ལུགས་ཀྱི་ཡེ་ཤེས་པ་དང༔ དམ་ཚིག་པ་ཐམས་ཅད་གའུའི་རྟེན་ལ་བསྟིམ༔ དངོས་གྲུབ་ཀྱི་བཅུད་ཐམས་ཅད་ཐོད་པའི་རིལ་བུ་ལ་བསྟིམ༔ བདག་ཉིད་ལུས་ངག་ཡིད་གསུམ་གདལ་ཁྱབ་ཆེན་པོའི་ཀློང་དུ་མཉམ་པར་གཞག༔ གའུ་མ་ཕྱེས་པར་འབྲལ་མེད་དུ་བཅངས༔ ཐོད་པའི་རིལ་བུ་སྒྲུབ་རྟེན་གྱི་རུ་མ་ཙམ་མ་གཏོགས་པར༔ ཐོ་རངས་དངོས་གྲུབ་བླང་བའི་དམིགས་པ་བྱ་ཞིང༔ ལས་སྔགས་ཉེར་གཅིག་གམ་བརྒྱ་རྩ་བརྒྱད་ལ་སོགས་པ་ལོང་ཁྱབ་དང་བསྟུན་ཏེ་བཟླས་ནས་བདུན་བདུན་རེ་ནངས་རེ་བཞིན་ཟའོ༔ དངོས་གྲུབ་བླང་བའི་དམིགས་པ་ནི༔ རིལ་བུ་ལྕེའི་སྟེང་དུ་སླེབ་པ་ཙམ་གྱིས་རང་གི་ལུས་ངག་ཡིད་གསུམ་གྱི་རྒྱུད་ལ༔ བླ་མ་ཡི་དམ་མཁའ་འགྲོ་འཁོར་དང་བཅས་པས་མཆོག་ཐུན་མོང་གི་དངོས་གྲུབ་ཀྱི་བཅུད་ཆར་ཆེན་པོ་ཕབ་པར་བསམ༔ རིལ་བུ་གཞན་གང་གིས་ཀྱང་མ་མཐོང་བར་བྱ༔ བུམ་པའི་བདུད་རྩི་རང་དང༔ སྒྲུབ་གྲོགས་ཐམས་ཅད་ཀྱིས་འཐུང་བ་དང་ཁྲུས་ལ་སོགས་པ་བྱ༔ སྒྲུབ་ཐོད་ནང་དུ་གའུ་དངོས་གྲུབ་རྫས་ཀྱི་ལོངས་སྤྱོད་གང་འཛོམ་དང་ལྷན་ཅིག་ཏུ་བཞུགས༔ དེ་མེ་ལོང་གིས་ཁ་བཅད་ཅིང་དར་སྣ་མང་པོས་དྲིལ་ཏེ༔ སུས་ཀྱང་ལག་མ་བརྒྱུད་པར་རང་གར་འགྲོ་གར་སྡོད་དུ་ལུས་དང་གྲིབ་མ་ལྟར་བཅང་ཞིང་འདུ་འབྲལ་མེད་པར་བྱ༔ དུས་བཟང་གི་སྐབས་སུ་ཞག་ལྔ་གསུམ་བདུན་སོགས་སྒྲུབ་མཆོད༔ རབ་ཟླ་བ་རེ་ལ་ལན་རེ༔ འབྲིང་ཟླ་བ་བཞི་ལ་ལན་རེ༔ ཐ་མ་ཡང་ལོ་རེ་ལ་ལན་རེ་ཅིས་ཀྱང་བྱའོ༔ གཞན་ཡང་ཞ་ཐོད་རྐང་གླིང་ལ་སོགས་པའི་རྫས་རྣམས་ཀྱང་བཅང་ཞིང༔ ལས་སྦྱོར་ལ་སོགས་པའི་དུས་ལ་ལོངས་སྤྱད༔ ཞག་གསུམ་མམ་སྲུང་མཚམས་ཧུར་འདོན་མི་བྱ་ཞིང༔ གཞན་གྱི་དབང་དུ་རང་མ་སོང་བར་བྱ༔ དུས་རྒྱུན་དུ་རྒྱལ་པོ་ལྟ་བུའི་སྤྱོད་པས་དཀྱིལ་འཁོར་རྣམ་པ་གསུམ་གྱི་ངང་ནས་སྤྱོད་ལམ་བྱའོ༔ ལོངས་སྤྱོད་ཅི་བྱུང་ཡང་ཡར་མཆོད་མར་སྦྱིན་བྱ༔ ཕྱི་རོལ་གྱི་ཐོ་རྒྱལ་ཆེན་དུ་དམིགས་པ་ལ་གཏང་རག་གི་མཆོད་པ་བཏང་ལ་རང་གནས་སུ་གཤེགས་ཤིང་ཐོ་བསྒྱེལ༔ སྒོ་བྱང་བྱས་པ་ལ་སོགས་པ་ཡོད་ནའང་བཀྲོལ༔ སྒྲུབ་པ་ཚར་བའི་དགའ་སྟོན་ཅི་འབྱོར་བྱ༔ འགྲོ་བ་གང་འདུས་པ་ཐམས་ཅད་བླ་མེད་བྱང་ཆུབ་ཀྱི་ལམ་ལ་བཀོད༔ བློ་སེམས་རྒྱ་སྐྱེད་ཅིང་གཞན་དོན་རྒྱ་ཆེན་པོ་ལ་འབད་པ་ལ་སོགས་ཐེག་པ་མཆོག་གི་སྤྱོད་པ་ཚུལ་ལུགས་དང་མཐུན་པར་བྱེད་པ་གལ་ཆེའོ༔ ྀཨཚ༔ བླ་མ་དགོངས་པ་འདུས་པ་ལས༔ ཡང་གསང་རྩ་བའི་ཐུགས་སྒྲུབ་ཀྱི༔ སྒྲུབ་དང་ལས་སྦྱོར་རྣམ་པ་གཉིས༔ བསྐྱེད་རིམ་ཚ་བ་དམར་ཐག་འདི༔ གུད་དུ་སྦས་པའི་ཡིག་ཆུང་སྟེ༔ འདི་ལྡན་སྐྱེས་བུ་དགོངས་འདུས་ཀྱི༔ ཆོས་ལ་བྱན་ཚུད་རང་དབང་ཐོབ༔ བདག་གཞན་དོན་འབྲས་རྩོལ་མེད་འགྲུབ༔ འདི་ནི་ཡིད་བཞིན་ནོར་ལྟ་བུ༔ དགོས་འདོད་འབྱུང་བའི་བང་མཛོད་ཡིན༔ ཨོ་རྒྱན་ང་ཡི་སྙིང་ཚིལ་ཡིན༔ ད་ལྟ་མངའ་བདག་ཡབ་སྲས་དང༔ མ་འོངས་རྗེས་འཇུག་དོན་སླད་དུ༔ ཟབ་ཁྱད་མངོན་དུ་ཕྱུང་བ་འོ༔ ཕྱི་རབས་འདི་འཕྲད་སྐྱེས་བུས་ཀྱང༔ ཀུན་ལ་འཆོལ་བར་མ་ཡིན་ཞིང༔ དགོངས་འདུས་ཆོས་བདག་རྩ་བའི་བུ༔ སྐལ་ལྡན་ལས་ཅན་མ་གཏོགས་པ༔ གཞན་ལ་མ་སྤེལ་ཕུར་དུ་འཆང༔ སྤེལ་ན་དྷཱ་ཀིའི་བཀའ་ཆད་དང༔ དངོས་གྲུབ་མི་འབྱུང་བར་ཆད་རྒྱུ༔ དེ་ཕྱིར་གསང་རྒྱ་གཅིག་བརྒྱུད་དམ༔ གསུམ་བརྒྱུད་དག་ལས་མི་མང་གཅེས༔ ཐེམས་ལ་མ་བཏབ་རྒྱ་ཡིས་བཏབ༔ དེ་ཕྱིར་གནད་དོན་ཤེས་པར་གྱིས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ ཁཐཾ༔ དྷ་ཐིམ༔ གུ་ཧྱ༔ བསྐྱེད་རིམ་ཚ་བ་དམར་ཐག་ཅེས་བྱ་བ་གུད་དུ་སྦས་པ་གསང་རྒྱ༔

བླ་མའི་སྲོག་འཁོར་དར་དཀར་པོ་ལ་བྱིན་རླབས་ཅན་གྱི་རྫས་ཀྱིས་བྲི་བ་ (Volume 7, Text 3)

བླ་མའི་སྲོག་འཁོར་དར་དཀར་པོ་ལ་བྱིན་རླབས་ཅན་གྱི་རྫས་ཀྱིས་བྲི་བ་ནི༔ ལྟེ་བར་བླ་མ་རྡོ་རྗེ་འཆང་གི་ཆ་ལུགས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ཏེ་འཛིན་པ༔ ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན་གྱི་ཐུགས་ཀར་ཨཱོཾ༔ དེ་རྒྱབ་མུ་ཁྱུད་ལ༔ དབུའི་སྟེང་ནས་སྔགས་མགོ་ཕྱིར་བསྟན་ལ༔ ཨཱོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཙིཏྟ་ཧྲིང་ཧྲིང་ཛཿཛ༔ ཅེས་པ་བྲི༔ དེ་རྒྱབ་པདྨ་འདབ་བརྒྱད་ཀྱི་དབུའི་སྟེང་ནས་རིམ་པར༔ ཨཱོཾ་མ་ཧཱ་གུ་རུ་ཙིཏྟ་ཧྲིང༔ ཞེས་བྲི༔ དེ་རྒྱབ་མུ་ཁྱུད་ལ༔ ཨཱོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨ་སིདྡྷི་ཧཱུྃ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་སརྦ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱ༔ ཞེས་བྲི༔ དེ་རྒྱབ་མུ་ཁྱུད་ལ༔ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཛྙཱ་ན་སིདྡྷི༔ དྷརྨཱ་སིདྡྷི༔ ཨ་ཀྲ་སིདྡྷི༔ ཨཱ་ཡུཿསིདྡྷི༔ པུཎྱེ་སིདྡྷི༔ བ་སུ་སིདྡྷི༔ ཁེ་དྷ་སིདྡྷི༔ སརྦ་སིདྡྷི་ཕ་ལ་ཨཾ་ཀུ་ཤ་ཛཿཝ་ཤཾ་ཀུ་རུ་ཧཱུྃ་སྭཱ་ཧཱ༔ དེ་རྒྱབ་མུ་ཁྱུད་ལ༔ ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨ༔ ཀ་ཁ་ག་གྷ་ང༔ ཙ་ཚ་ཛ་ཛྙ་ཉ༔ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ་ཀྵ༔ ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུནྟེ་ཥཱན་ཏ་ཐཱ་ག་ཏོ་ཧྱ་བ་དཏ་ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ༔ ཞེས་པ་བྲིའོ༔ ཡི་དམ་སྲོག་འཁོར་དར་དམར་པོ་ལ་རིན་པོ་ཆེའི་ཁུ་བས་བྲི་བ་ནི༔ དབུས་སུ་རྟ་མགྲིན་གྲི་གུག་ཐོད་ཁྲག་ཅན་གྱི་ཐུགས་ཀར་ཨཱཿབྲི༔ དེ་རྒྱབ་མུ་ཁྱུད་ལ༔ དབུ་ཡི་སྟེང་ནས་འགོ་བཟུང་སྟེ༔ ཨཱོཾ་བཛྲ་མ་ཧཱ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ༔ སརྦ་སིདྡྷི་ཕ་ལ་ཧཱུྃ་ཕཊ་སྭཱ་ཧཱ༔ ཙིཏྟ་ཧྲིང་ཧྲིང་ཛཿཛ༔ ཞེས་བྲི༔ དེ་རྒྱབ་མུ་ཁྱུད་ལ་འཁོར་ལོ་རྩིབས་བརྒྱད་ཀྱི་སྟེང་ནས་རིམ་པར༔ ཨཱོཾ་ཧ་ཡ་གྲཱི་ཝ་ཙིཏྟ་ཧྲིང་ཧྲིང༔ ཞེས་པ་བྲི༔ དེ་རྒྱབ་མུ་ཁྱུད་ལ༔ ཨཱོཾ་བཛྲ་མ་ཧཱ་ཀྲོ་ཏ་ཧ་ཡ་གྲཱི་ཝ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་སརྦ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱ༔ ཞེས་བྲི༔ དེ་རྒྱབ་མུ་ཁྱུད་ལ༔ ཨཱོཾ་དྷེ་ཝ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་བ༔ ར་ཙ་ཧྲི་ཡ༔ ཛྙཱ་ན་སིདྡྷི༔ ཞེས་སོགས་བླ་མའི་སྲོག་འཁོར་དང་འདྲ༔ དེ་རྒྱབ་མུ་ཁྱུད་ལ༔ ཨཱ་ལི་ཀཱ་ལི་རྟེན་འབྲེལ་སྙིང་པོ་རྣམས་བྲིའོ༔ མཁའ་འགྲོའི་སྲོག་འཁོར་དར་མཐིང་ནག་ལ་པདྨ་རཀྟ་དང་སིནྡྷུ་རས་བྲི་བ་ནི༔ རྡོ་རྗེ་ཕག་མོ་སྤྱི་ལྟར་ལྟེ་བར་བྲི་ཐུགས་ཀར་ཧཱུྃ་བྲི༔ ཕྱིའི་མུ་ཁྱུད་ལ༔ དབུའི་སྟེང་ནས༔ ཨཱོཾ་བཛྲ་བྷཱ་རཱ་ཧཱི༔ ཀྲོ་ཏཱི་ཀཱ་ལཱི་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཕཊ༔ ཙིཏྟ་ཧྲིང་ཧྲིང་ཛཿཛ༔ ཞེས་བྲི༔ དེ་རྒྱབ་མུ་ཁྱུད་འདབ་བརྒྱད་ལ༔ ཨཱོཾ་བཛྲ་བྷཱ་ར་ཧཱི་ཙིཏྟ་ཧྲིང༔ ཞེས་འབྲུ་རེ་བྲི༔ དེ་རྒྱབ་མུ་ཁྱུད་ལ༔ ཨཱོཾ་བཛྲ་བཻ་རོ་ཙ་ནཱི་ཡཻ༔ བཛྲ་བྷཱ་རཱ་ཧཱི༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་སརྦ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱ༔ ཞེས་བྲི༔ དཔེ་ལ་ལར། དེ་རྒྱབ་གསུམ་ག་ལ་མུ་ཁྱུད་གཉིས་འགྲིགས་ཕྲ་མོ་རེ་འདུག །ཅེས་པའང་སྣང་། མཆན། དེ་རྒྱབ་མུ་ཁྱུད་ལ༔ ཨོཾ་སརྦ་དྷཱ་ཀི་ནཱི༔ བཛྲ་བྷཱ་རཱ་ཧཱི་ཀྲོ་ཏཱི་ཀཱ་ལཱི་ཧ་རི་ནི་ས༔ ཛྙཱ་ན་སིདྡྷི༔ དྷརྨཱ་སིདྡྷི་སོགས་གོང་ལྟར་བྲི༔ དེ་རྒྱབ་མུ་ཁྱུད་ལ་ཨཱ་ལི་ཀཱ་ལི་ཡེ་དྷརྨཱ་རྣམས་བྲིའོ༔ ཐམས་ཅད་ལྷའི་དབུ་སྟེང་ནས་འགོ་བརྩམ་སྟེ་སྔགས་མགོ་ཕྱིར་བསྟན་ལ་གཡས་སྐོར་དུ་བྲིའོ༔ མེ་ལོང་སིནྡྷུ་རའི་དཀྱིལ་འཁོར་གྱི་ལྟེ་བར་པདྨ་འདབ་བཞི༔ དེའི་རྒྱབ་ཏུ་པདྨ་འདབ་བརྒྱད༔ དེ་རྒྱབ་འཁོར་ལོ་རྩིབས་དྲུག་རྩིབས་མཆན་ལ་དགའ་བ་འཁྱིལ་པ་རེ་རེ༔ དེ་རྒྱབ་མུ་ཁྱུད་ཡངས་པ་གཅིག་ལ༔མེ་ལོང་གི་རི་མོ༔ སྒྲུབ་པའི་མཎྜལ་ཕོ་བྲང་པད་མ་འདབ་བཞི༔ དེ་རྒྱབ་འདབ་མ་བརྒྱད་དུ་སྣང༔ མངྒ་ལཾ༔

བླ་མ་དགོངས་པ་འདུས་པ་ལས༔ སྔོན་དུ་འགྲོ་བའི་ཆོས་སྤྱོད་ཡན་ལག་བདུན་པ༔ སྒོ་འབྱེད་འཕྲུལ་གྱི་ལྡེ་མིག་འཕྲུལ་གྱི་སྙིང་པོ་ (Volume 7, Text 4)

༁ྃ༔ བླ་མ་དགོངས་པ་འདུས་པ་ལས༔ སྔོན་དུ་འགྲོ་བའི་ཆོས་སྤྱོད་ཡན་ལག་བདུན་པ༔ སྒོ་འབྱེད་འཕྲུལ་གྱི་ལྡེ་མིག་འཕྲུལ་གྱི་སྙིང་པོ་ཞེས་བྱ་བ་བཞུགས་སོ༔ ༔ ན་མོ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ༔ བླ་མ་དགོངས་པ་འདུས་པ་ལས༔ ཡན་ལག་དང་པོའི་ཆོས་སྤྱོད་ནི༔ འདི་ལྟར་རྣལ་འབྱོར་པས་ཤེས་བྱ༔ ཨོཾ་ཨཱཿཧཱུྃ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ བླ་མ་སངས་རྒྱས་བྱང་སེམས་འཕགས་པའི་ཚོགས༔ ཡི་དམ་ཞི་ཁྲོ་དྷཱ་ཀི་ཆོས་སྐྱོང་དང༔ བཀའ་སྲུང་དམ་ཅན་ཕོ་མོར་བཅས་པ་ཀུན༔ ཨོཾ་ཨཱཿཧཱུྃ༔ རྣམ་དག་དབྱིངས་ནས་གཤེགས་བཞུགས་མི་མངའ་ཡང༔ ཁམས་གསུམ་སྲིད་གསུམ་འགྲོ་དྲུག་འདྲེན་སླད་དུ༔ བདེ་ཆེན་ཡངས་པའི་ཕོ་བྲང་ཆེན་པོ་འདིར༔ ཐུགས་རྗེས་ཡུད་ཙམ་གཅིག་གིས་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ༔ ཐབས་ཤེས་དྲི་མེད་ཉི་ཟླ་པདྨའི་གདན༔ ལྷོད་འབོལ་དར་ཟབ་རིན་ཆེན་བརྩེགས་པའི་ཁྲི༔ སྤྱི་གཙུག་བདེ་ཆེན་དག་པའི་གདན་སྟེང་དུ༔ འགྲོ་བའི་དོན་དུ་བརྟན་པར་བཞུགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ༔ ལུས་ཀྱིས་དྭངས་བས་སྤྱི་བོར་ཐལ་སྦྱར་ཞིང༔ བདེ་མཉེན་འཁྱུག་བཅས་མ་ལྔ་ས་ལ་ཕབ༔ འགྲེང་ལྡང་ལྡན་པའི་གུས་པས་ཕྱག་འཚལ་ལོ༔ རྩ་གསུམ་སྐུ་ཡི་གཟི་མདངས་ལུས་ལ་ཕོབ༔ ཨོཾ་ཨཱཿཧཱུྃ༔ ངག་སྙན་འགྱུར་དབྱངས་གུས་པར་ལྡན་པ་ཡིས༔ སྐུ་གསུང་ཐུགས་ཀྱི་ཆེ་བའི་ཡོན་ཏན་དང༔ མཛད་པའི་ཕྲིན་ལས་བརྗོད་བཅས་ཕྱག་འཚལ་ལོ༔ འགག་མེད་གསུང་གི་བྱིན་བརླབ་ངག་ལ་སྩོལ༔ ཨོཾ་ཨཱཿཧཱུྃ༔ ལྷག་བསམ་རྣམ་དག་གདུང་ཤུགས་ལྡན་པ་ཡིས༔ དུས་གསུམ་བདེར་གཤེགས་རྩ་གསུམ་ཡོན་ཏན་རྣམས༔ སྐད་ཅིག་དྲན་རྫོགས་བསམ་པས་ཕྱག་འཚལ་ལོ༔ བདེ་གསལ་མི་རྟོགས་ཡིད་ལ་བསྐྱེད་དུ་གསོལ༔ ཨོཾ་ཨཱཿཧཱུྃ༔ ལྷན་ཅིག་སྐྱེས་སྦྱོར་མེ་ཏོག་བདུག་སྤོས་དང༔ མར་མེ་དྲི་ཆབ་ཞལ་ཟས་རོལ་མོའི་སྒྲ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ ལུས་ངག་ཡིད་གུས་ལྡན་པས་འབུལ་བར་བགྱི༔ ཨོཾ་ཨཱཿཧཱུྃ༔ གླིང་བཞི་གླིང་ཕྲན་རི་རབ་རི་བདུན་དང༔ རོལ་མཚོ་ཉི་ཟླ་སྐར་ཕྲན་འབབ་ཆུར་བཅས༔ ལྟེང་ཀ་ཀོ་མོག་ཡན་ལག་བརྒྱད་ལྡན་ཀུན༔ མཆོད་པར་འབུལ་གྱིས་འགྲོ་བའི་དོན་དུ་བཞེས༔ ཨོཾ་ཨཱཿཧཱུྃ༔ གསེར་དངུལ་གཡུ་དང་མར་གད་ཨིནྡྲ་རྙིལ༔ མུ་ཏིག་པདྨ་རཱ་ག་རྡོ་ཡི་སྙིང༔ བཻ་ཌཱུརྻ་དང་མན་ཤེལ་བྱེ་རུ་སོགས༔ རཏྣའི་རིགས་འབུལ་ཐུགས་རྗེས་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ༔ ག་པུར་ཙནྡན་གུར་གུམ་སི་ལ་དང༔ ཛ་ཏི་རྣམ་རྒྱལ་སྙིང་པོ་ཞོ་ཤའི་ཚོགས༔ ཉོན་མོངས་ནད་འཇོམས་སྨན་གྱི་རིགས་རྣམས་ཀུན༔ སྒོ་གསུམ་མོས་བློས་རྩ་བ་གསུམ་ལ་འབུལ༔ ཨོཾ་ཨཱཿཧཱུྃ༔ གྲོ་འབྲས་ཁྲེ་དང་སོ་བ་ཡུངས་དཀར་དང༔ ཏིལ་ནས་སྲན་མར་བཅས་ཏེ་འབྲུ་ཡི་རིགས༔ ལྷག་པའི་བསམ་པས་ཉེ་བར་འབུལ་ལགས་ན༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ༔ བླ་མ་ཡི་དམ་ཞི་ཁྲོ་དྷཱ་ཀི་ཡི༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ རྩ་བ་ཡན་ལག་དམ་ཚིག་ཉམས་པ་ཀུན༔ རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས༔ ཨོཾ་ཨཱཿཧཱུྃ༔ སྲོག་བཅད་མ་བྱིན་བླང་དང་མི་ཚང་སྤྱོད༔ རྫུན་ཚིག་ཕྲ་མ་ཚིག་རྩུབ་ངག་འཁྱལ་དབྱེན༔ བརྣབ་སེམས་གནོད་སེམས་ལོག་པར་ལྟ་ལ་སོགས༔ མི་དགེ་བཅུ་པོ་བགྱིས་རྣམས་མཐོལ་ལོ་བཤགས༔ ཨོཾ་ཨཱཿཧཱུྃ༔ གཞན་ཡང་བདག་སོགས་འགྲོ་བ་རྣམས་ཀྱིས་ནི༔ འདས་དང་མ་འོངས་ད་ལྟ་དུས་གསུམ་དུ༔ ལུས་ངག་ཡིད་ཀྱིས་མི་དགེ་ཅི་བགྱིས་པ༔ མཐོལ་ཞིང་བཤགས་ནས་སླན་ཆད་མི་བགྱིད་སྡོམ༔ ཨོཾ་ཨཱཿཧཱུྃ༔ དུས་གསུམ་འཕགས་པའི་དགེ་བ་བགྱིས་པ་ནི༔ ཟག་བཅས་ཟག་མེད་བགྱིས་དང་བགྱིད་བརྩལ་བ༔ བགྱིད་འགྱུར་གང་ཡིན་དེ་དག་ཐམས་ཅད་ལ༔ བདག་སོགས་དྭངས་བས་རྗེས་སུ་ཡི་རང་ངོ༔ ཨོཾ་ཨཱཿཧཱུྃ༔ དུས་གསུམ་བདེ་གཤེགས་རྒྱལ་བ་སྲས་བཅས་དང༔ ས་བཅུའི་དབང་ཕྱུག་འཕགས་པའི་ཚོགས་རྣམས་ཀྱིས༔ ཕྱི་ནང་བླ་མེད་ཐེག་ཆེན་ཆོས་འཁོར་ལོ༔ འཁོར་བ་མ་སྟོངས་བར་དུ་བསྐོར་བར་སྐུལ༔ ཨོཾ་ཨཱཿཧཱུྃ༔ དེ་དག་མཁའ་ཀློང་ཡངས་པའི་ངང་ཉིད་ལས༔ ཐུགས་རྗེའི་ཟེར་ལྡན་སྨོན་འཇུག་ལྡན་པ་པོ༔ སྡུག་བསྔལ་འདམ་དུ་བྱིང་རྣམས་བསྐྱབ་སླད་དུ༔ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས༔ ཨོཾ་ཨཱཿཧཱུྃ༔ དེ་ལྟར་ཕྱག་འཚལ་མཆོད་འབུལ་སྡིག་པ་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས༔ དེ་དག་ཐམས་ཅད་བྱང་ཆུབ་ཆེན་པོར་བསྔོ༔ ཨོཾ་ཨཱཿཧཱུྃ༔ དེ་ལྟར་སྒོ་གསུམ་དྭངས་བས་དུས་དྲུག་ཏུ༔ ཡན་ལག་བདུན་སོགས་དགེ་བ་བགྱིས་པ་དང༔ བགྱིད་འགྱུར་བགྱིད་པར་གྱུར་པའི་བསོད་ནམས་ཀྱིས༔ འགྲོ་དྲུག་སེམས་ཅན་ཐར་ལམ་བགྲོད་པར་ཤོག༔ ཨོཾ་ཨཱཿཧཱུྃ༔ གནས་སྐབས་སུ་ཡང་ཡུལ་རིས་རྒྱལ་ཁམས་སུ༔ བཀྲ་ཤིས་བདེ་ལེགས་དཔལ་འབྱོར་ཕུན་སུམ་ཚོགས༔ དཀར་པོ་དགེ་བའི་ཕྱོགས་རྣམས་དར་ནས་ཀྱང༔ འགྲོ་རྣམས་ཐེག་ཆེན་ཆོས་ལ་སྤྱོད་པར་ཤོག༔ ཨོཾ་ཨཱཿཧཱུྃ༔ དེ་ཡི་རྒྱུ་རྐྱེན་འབྲས་བུར་བཅས་པ་ཡིས༔ ནག་པོ་བདུད་ཀྱི་ཕྱོགས་རྣམས་ཕམ་པ་དང༔ ཉེས་དགུ་ཞི་ཞིང་ལེགས་དགུ་དར་ནས་ཀྱང༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ༔ ཁྱད་པར་ཐེག་ཆེན་ཆོས་རྣམས་སྤྱོད་པའི་ཚེ༔ བཀའ་སྲུང་རྣམས་ཀྱིས་རུ་ང་མི་བགྱིད་ཅིང༔ མཐུ་དཔལ་ལྡན་པའི་དགེ་བསྙེན་ཁྱེད་རྣམས་ཀྱིས༔ ཆོས་བྱེད་སྒྲུབ་པ་པོ་ཡི་གྲོགས་མགོན་གྱིས༔ ཨོཾ་ཨཱཿཧཱུྃ༔ དེ་ལྟར་བགྱིས་པའི་དགེ་བའི་རྩ་བ་ནི༔ དམིགས་བཅས་དམིགས་མེད་ཟུང་འཇུག་ཅི་བསགས་པ༔ བླ་མེད་རྡོ་རྗེ་ཐེག་པར་བསྔོ་བར་བགྱི༔ འགྲོ་དྲུག་རྣམ་མཁྱེན་སངས་རྒྱས་ཐོབ་པར་ཤོག༔ ཨེ་མ་ཧོ༔ ཕྱི་རབས་རྗེས་འཇུག་སྐལ་ལྡན་ཕོ་མོ་རྣམས༔ ཐུན་མགོ་འམ་ནི་ཉིན་མཚན་དུས་དྲུག་ཏུ༔ དམ་ཆོས་སྟོན་པའི་ཚེ་ན་འདི་བཟླས་ཤིང༔ བསམ་གཏན་དང་པོས་རྟག་ཏུ་དྲན་གྱུར་ན༔ དགེ་བ་དེ་ཡི་བསོད་ནམས་ཅི་མཆིས་པ༔ སངས་རྒྱས་སྟོང་གི་ཡོན་ཏན་རྫོགས་པ་དང༔ ས་ལམ་རིམ་གྱིས་བགྲོད་ནས་ཐེག་ཆེན་སར༔ བླ་མེད་རྡོ་རྗེ་འཛིན་པའི་གོ་འཕང་བགྲོད༔ གནས་སྐབས་སུ་ཡང་ཤེས་རབ་ཕུན་ཚོགས་ཤིང༔ མི་བརྗེད་གཟུངས་ཐོབ་ཅི་བསམ་ཆོས་བཞིན་འགྲུབ༔ དེ་ཡི་ཕྱིར་ན་ཕྱི་རབས་སྐལ་ལྡན་ཀུན༔ འདི་ལ་འབད་རྩོལ་ལྡན་པས་ཉམས་སུ་ལོངས༔ སྙིང་པོ་ལོན་ནས་གཞན་ལ་སྟོན་ཞིང་སྤེལ༔ སྒོ་འབྱེད་འཕྲུལ་གྱི་ལྡེ་མིག་འཕྲུལ་གྱི་སྙིང་པོ་ཞེས་བྱ་བ༔ ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཕྱི་རབས་ཀྱི་དོན་དུ་མཛད་པ་འདི༔ མཚོ་རྒྱལ་བདག་གིས་ཟིན་བྲིས་སུ་བཏབ་ནས་གཏེར་དུ་སྦས༔ སྐྱེས་བུ་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ པུ་རི་ཕུག་མོ་ཆེ་ནས་བདག་འདྲ་སངས་རྒྱས་གླིང་པས་བཏོན་པའོ།། །།

གསོལ་འདེབས་སོགས་ལྡེབ་ (Volume 7, Text 5)

གསོལ་འདེབས་བསྡུས་པ་ནི༔ ཧྲཱི༔ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ བྱིན་རླབས་རྩ་བ་ཨོ་རྒྱན་ཆོས་ཀྱི་རྗེ༔ འགྲོ་མགོན་པདྨ་འབྱུང་གནས་སྤྲུལ་པའི་སྐུ༔ དྲིན་ཅན་བླ་མ་མཆོག་ལ་གསོལ་བ་འདེབས༔ ཧྲཱི༔ ཞི་ཁྲོ་ཡི་དམ་འདུས་པའི་རང་བཞིན་ཅན༔ དངོས་གྲུབ་རྩ་བ་ཐུགས་རྗེ་སྤྱན་རས་གཟིགས༔ རྟ་མགྲིན་དབང་ཆེན་འཁོར་འདས་སྤྱི་དཔལ་གཙོ༔ ཡི་དམ་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས༔ ཧྲཱི༔ མ་མོ་མཁའ་འགྲོ་ཡོངས་ཀྱི་གཙོ་མོ་སྟེ༔ བར་ཆད་སེལ་མཛད་རྡོ་རྗེ་ཕག་མོའི་སྐུ༔ རིགས་ཀྱི་ལྷ་མོ་གསང་བ་ཡེ་ཤེས་དབྱིངས༔ མ་མོ་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་ལ༔ བདག་གཞན་རབ་གུས་གདུང་བས་གསོལ་བ་འདེབས༔ ཁྱེད་ཀྱི་ཡེ་ཤེས་ཐུགས་རྗེའི་བྱིན་རླབས་ཀྱིས༔ མི་རྟོག་ཏིང་འཛིན་ཡེ་ཤེས་བསྐྱེད་དུ་གསོལ༔ ཉམས་རྟོགས་རིག་པའི་རྩལ་ཆེན་སྦར་དུ་གསོལ༔ སྐུ་གསུམ་ཞིང་ཁམས་འབྱོངས་པར་མཛད་དུ་གསོལ༔ བསྐྱེད་རྫོགས་བདེན་གཉིས་འབྲས་བུ་ཁོང་ཆུད་ཅིང༔ ཕྱིར་མི་ལྡོག་པའི་ས་ཆེན་ཐོབ་ནས་ཀྱང༔ སེམས་ཅན་ཐམས་ཅད་སངས་རྒྱས་མ་ཐོབ་བར༔ འགྲོ་བའི་དོན་གཉིས་ལྷུན་གྲུབ་འབྱུང་བར་ཤོག༔ ཅེས་གསོལ་བ་བཏབ༔ ཕུར་ཚུགས་སུ་གསོལ་བ་འདེབས་པ་ནི༔ མོས་གུས་རྩེ་གཅིག་པའི་སྒོ་ནས༔ ཧྲཱིཿ དུས་གསུམ་གྱི་བླ་མ་ཡི་དམ་མཁའ་འགྲོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོ་གྱུར་ཅིང་མཛད་པའི་ཕྲིན་ལས་ལ་ཐ་དད་མི་མངའ་བར་གྱུར་པ་ཨོ་རྒྱན་ཆེན་པོ་གུ་རུ་པདྨ་འབྱུང་གནས་ལ་གསོལ་བ་་་་་་་་འདེབས་སོ༔ ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ཞེས་ཕུར་ཚུགས་སུ་མི་ཕྱེད་པའི་དད་པས་མོས་གུས་ཐུན་མོང་མ་ཡིན་པ་རྒྱུད་ལ་ལྷང་ལྷང་མ་སྐྱེས་བར་དུ་གསོལ་བ་གདབ་བོ༔ ཞེས་པའང་མཎྜལ་གྱི་ཆོ་ག་ཡིད་བཞིན་ནོར་བུ་ལས་སོ། །མཎྜལ་བསྡུས་པ་ནི། བདག་གཞན་གྱི་ལུས་ལོངས་སྤྱོད་ལ་སོགས་པ་མཆོད་པའི་དངོས་པོ་རྣམ་པར་དག་པ་ཅི་མཆིས་པ་ཐམས་ཅད་མཎྜལ་དུ་བློས་བླངས་ལ་འབུལ་ཞིང༔ ཕྱོགས་བཅུར་དུས་བཞིར་བཞུགས་པའི་སངས་རྒྱས་བྱང་སེམས་འཕགས་པའི་ཚོགས་རྣམས་དང༔ བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་དམ་ཅན་རྒྱ་མཚོར་བཅས་པ་ལ༔ ལྷ་མིའི་འདོད་ཡོན་ལོངས་སྤྱོད་དཔལ་འབྱོར་བཟང་པོས་ཉེར་སྤྲས་མཎྜལ་འདི༔ བདག་གཞན་སྒོ་གསུམ་མོས་བློས་འབུལ་གྱིས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ སརྦ་བུདྡྷ་བོ་དྷི་སཏྭ༔ བཛྲ་མ་ཧཱ་ཀྲོ་ཏ༔ ཧ་རི་ནི་ས༔ ར་ཙ་ཧྲི་ཡ༔ མ་ཧཱ་ཀ་རུ་ཎི་ཀ་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ ཞེས་པས་མཎྜལ་ཕུལ་ལ༔ ལུས་ངག་ཡིད་གསུམ་གདུང་ཤུགས་མོས་གུས་དང་ལྡན་པས་ཐལ་མོ་སྦྱར་ནས༔ ཀྱེ་ཀྱེ༔ དུས་གསུམ་སངས་རྒྱས་བླ་མ་ཨོ་རྒྱན་རྗེ༔ དངོས་གྲུབ་གཏེར་འབྱུང་ཡི་དམ་ཞི་ཁྲོའི་ཚོགས༔ བར་ཆད་བགེགས་འདུལ་མཁའ་འགྲོ་ཆོས་སྐྱོང་རྣམས༔ འགྲོ་བ་སེམས་ཅན་ཀུན་གྱི་གཉེན་གཅིག་པོ༔ མགོན་པོ་མཆོག་གྱུར་རྣམས་ལ་གསོལ་བ་འདེབས༔ སྐྱབས་མེད་འཁོར་བར་འཁྱམས་ལ་ཐུགས་རྗེས་ཟུངས༔ བླ་མ་ཡི་དམ་མཁའ་འགྲོ་འདུས་པའི་སྐུ༔ རིགས་གཙོ་རྡོ་རྗེ་སེམས་དཔའ་འོད་དཔག་མེད༔ རེ་བའི་སྐྱབས་གནས་ལྟོས་པའི་གཉེན་གཅིག་པོ༔ བདག་སོགས་རེ་ས་ཁྱེད་ལས་གཞན་མེད་པས༔ འཁོར་བའི་གཅོང་རོང་ཟབ་མོ་ཉམ་ང་བ༔ ཉོན་མོངས་སྡུག་བསྔལ་འདམ་ནས་དྲང་དུ་གསོལ༔ འགྱུར་མེད་རྗེ་བཙུན་པདྨ་བཛྲ་རྩལ༔ ཁྱོད་ལ་བདག་ཉིད་སྒོ་གསུམ་བྲན་དུ་འབུལ༔ གནས་སྐབས་མཐར་ཐུག་བྱེ་བྲག་ཐམས་ཅད་དུ༔ བདེ་སྡུག་རེ་ལྟོས་འདུན་སྟངས་ཁྱེད་ཤེས་པས༔ བླ་མེད་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཐུན་མོང་ཡིད་བཞིན་དངོས་གྲུབ་བསྩལ་དུ་གསོལ༔ གནས་སྐབས་བདེ་འབྲས་དངོས་གྲུབ་བསྩལ་དུ་གསོལ༔ བྱིན་རླབས་དབང་གི་དངོས་གྲུབ་བསྩལ་དུ་གསོལ༔ བླ་མ་ཡི་དམ་མཁའ་འགྲོས་ཕྲིན་ལས་མཛོད༔ དབང་བཞི་བསྐུར་ཅིང་རྒྱུད་བཞི་སྨིན་པ་དང༔ ཕྲིན་ལས་རྣམ་བཞིའི་འགྲོ་དོན་མཐར་ཕྱིན་ནས༔ བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀུན༔ ཁྱེད་དང་དབྱེར་མེད་གཅིག་པར་གྱུར་ནས་ཀྱང༔ འགྲོ་རྣམས་འདྲེན་པའི་བླ་མར་བདག་གྱུར་ཏེ༔ ཇི་སྲིད་འཁོར་བ་དོང་ནས་མ་སྤྲུགས་བར༔ དེ་སྲིད་ཐེག་ཆེན་ཆོས་ཀྱི་འཁོར་ལོ་ནི༔ སྐྱོ་དུབ་མེད་པར་ཁྱེད་ལྟར་བསྐོར་བར་ཤོག༔ སྤྱི་དྲིལ་ཆེན་མོ་ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་དྷེ་ཝ་དྷཱ་ཀི་ནཱི༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ༔ བཛྲ་མ་ཧཱ་ཀྲོ་དྷ་ཤཱནྟི་ཀ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་སརྦ་སིདྡྷི༔ ཀཱ་ཡ་ཝཱ་ཀ་ཙིཏྟ༔ ཛྙཱ་ན་སཏྭ་ཨ་མི་དྷེ་ཝ༔ མ་མ་ཙིཏྟ་སཾ་བྷ་ཝ་ཨ་དྷིཥྛ་ནཾ༔ མ་མ་ཨཱ་ཡུརྫྙཱ་ན་སིདྡྷི་ཕ་ལ༔ བར་དང་། དྷརྨ་ཀཱ་ཡ་སརྦ་ཀརྨ་སིདྡྷི་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་པས་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གསོལ་བ་གདབ༔ ༈ ཛཔ྄་བསྐུལ་ཞིང་བཟླས་པ་བྱ་བ་ནི༔ ཧཱུྃ་ཧྲཱི༔ དུར་ཁྲོད་གསང་ཆེན་རོལ་པའི་དཀྱིལ་འཁོར་འདིར༔ ཟླ་གམ་འདབ་བརྒྱད་བརྩེགས་པའི་ཁྲི་སྟེང་དུ༔ ཐབས་དང་ཤེས་རབ་ཉི་ཟླ་འོད་ཀྱི་དཀྱིལ༔ མ་ཆགས་པདྨ་འབར་བའི་གེ་སར་ལ༔ དུས་གསུམ་རྒྱལ་བ་འདུས་པའི་སྐུ་གསུང་ཐུགས༔ བླ་མ་ཡི་དམ་ཞི་ཁྲོ་དྷཱ་ཀི་དང༔ ཕྲིན་ལས་བཞི་སྒྲུབ་དཔའ་བོ་དཔའ་མོའི་ཚོགས༔ ཡབ་ཡུམ་འཁོར་བཅས་སྤྲུལ་པའི་ཆ་ལུགས་ནི༔ སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང༔ རྒོད་དང་གཤེ་དང་སྙིང་རྗེ་རྔམ་པར་སྟོན༔ འབར་བ་ཞི་དང་ཁྲོ་སོགས་གར་དགུར་ལྡན༔ བརྗིད་པའི་སྐུ་ལ་དུར་ཁྲོད་ཆས་རྣམས་རྫོགས༔ གསུང་གི་སྙིང་པོ་སྒྲ་སྒྲོག་སྔགས་དང་བཅས༔ ཐུགས་ནི་སྒྲོལ་འགྱུར་སྲོག་བཅས་ཡེ་ཤེས་སེམས༔ ཛཔ྄་ཀྱིས་རྒྱུད་བསྐུལ་མི་གཡོ་སྐུ་གསུང་ཐུགས༔ ཕཊ་ཀྱིས་སྤྲོས་པས་སྟོང་གསུམ་སྐུ་ཡིས་གང༔ ཧཱུྃ་གིས་བསྡུས་པས་ཡུམ་གྱི་མཁའ་ལ་འཁྱིལ༔ ཡབ་ཡུམ་གསང་བའི་གནས་ནས་ཐུགས་ཀར་ཐིམ༔ མ་གསལ་བར་དུ་བསྐྱེད་ཅིང་འབད་པས་བསྒོམ༔ མ་གྲུབ་བར་དུ་ཏིང་འཛིན་མི་གཏང་ཞིང༔ ཡེངས་མེད་རྩེ་གཅིག་གུས་པས་བསྒྲུབ་པར་བགྱི༔ ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་པདྨ་བཛྲ་ཧྲཱི༔ དྷཱུ་མ་གྷ་ཡེ་དྷཱ་ཀི་ནཱི་ན་མ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་བུདྡྷ་ཐོད་ཕྲེང་རྩལ་བཻ་རོ་ཙ་ན་ཨོཾ༔ སརྦ་བུདྡྷ་དྷཱ་ཀི་ནཱི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་བཛྲ་ཨཀྵོ་བྷྱ༔ བཛྲ་སུ་ཁ་དྷ་རི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་པདྨེ་བྷ་ཤ་ཧ༔ དྷཱ་ཀི་ནཱི་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་ཨ་ཙརྱ་མ་ཧཱ་བཛྲ་ཤིནྟཾ་པདྨ་གྷུ་རུ་ཏི་བྷྱོཿདྷཱ་ཀི་ནཱི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་བཛྲ་མ་ཧཱ་ཀྲོ་དྷ་ཨརྩིག་ནིརྩིག༔ མ་མ་རུ་ལུ་རུ་ལུ་ཧཱུྃ་བྷྱོཿཧཱུྃ༔ ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་བུདྡྷ་ཀ་པཱ་ལི་དཔའ་བོ་ཧཱུྃ༔ བུདྡྷི་པྲ་དྷཱ་ཀི་ནཱི་མ་མ་རུ་ལུ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ༔ མ་མ་ཨེ་ཀ་ཙ་ཏི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་བཛྲ་པཱ་ཎི་མ་ཧཱ་ཀྲོ་དྷ༔ མ་མ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་ཡཀྴ་ས་མ་ཡ༔ ཧྲཱིཿམ་ཧཱ་རི་ནི་ས༔ ར་ཙ་ཧྲི་ཡ༔ མ་མ་ཡོ་གི་ནི་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཧཱུྃ་ཧྲཱི༔ ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས་སུ་གསོལ༔ ཕྱི་ནང་གསང་བའི་ཛཔ྄་བསྙེན་མཆོད་པར་འབུལ༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་བསྟོད༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་མཐོལ་ལོ་བཤགས༔ ཐོད་ཕྲེང་རྩལ་དང༔ བཛྲ་མ་ཧཱ་ཀྲོ་དྷ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲིཿཡ་སརྦ་དྷཱ་ཀི་ནཱི་ཧཱུྃ༔ ཞེས་པས་ཛཔ྄་བསྐུལ་བ་དང་ཛཔ྄་དང་ཛཔ྄་བསྟོད་རྣམས་བྱ༔ བསྟོད་པ་བསྡུས་པ་ནི། ཧཱུྃ་ཧྲཱི༔ འདུས་པ་ཡོངས་ཀྱི་གཙོ་མཆོག་ཧེ་རུ་ཀ༔ པདྨ་བཛྲ་ཚོགས་ལ་ཕྱག་འཚལ་བསྟོད༔ ཡེ་ཤེས་གཙོ་མཆོག་ཐུགས་མཆོག་འབར་བའི་ངང༔ བུདྡྷ་ཐོད་ཕྲེང་ཚོགས་ལ་ཕྱག་འཚལ་བསྟོད༔ འགྱུར་མེད་ཡོན་ཏན་ཐམས་ཅད་རབ་རྫོགས་པའི༔ མི་བསྐྱོད་རྡོ་རྗེའི་ཚོགས་ལ་ཕྱག་འཚལ་བསྟོད༔ མ་ཆགས་སྐྱོན་བྲལ་ཁམས་གསུམ་དབང་དུ་སྡུད༔ པདྨ་དབང་ཆེན་ཚོགས་ལ་ཕྱག་འཚལ་བསྟོད༔ ཕྲིན་ལས་མངའ་བདག་གདུག་པ་མ་ལུས་འདུལ༔ ཐོད་ཕྲེང་རྩལ་ཆེན་ཚོགས་ལ་ཕྱག་འཚལ་བསྟོད༔ ཁྲོ་གཏུམ་དྲག་ཤུལ་སྔགས་བདག་དྲེགས་པའི་གཙོ༔ མདོག་དམར་མེ་ཕྲེང་ཚོགས་ལ་ཕྱག་འཚལ་བསྟོད༔ དཔའ་བོ་དཔའ་མོ་གཙོ་མཆོག་འདུས་པའི་སྐུ༔ སངས་རྒྱས་དཔའ་བོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཁྲོ་རྒྱལ་དབང་ཆེན་འབར་བ་ཟིལ་གནོན་གཙོ༔ རྟ་མགྲིན་ཡབ་ཡུམ་ཚོགས་ལ་ཕྱག་འཚལ་བསྟོད༔ གཟའ་ཀླུ་ས་བདག་བྲན་བཀོལ་དམངས་སུ་འབེབ༔ ལག་ན་རྡོ་རྗེའི་ཚོགས་ལ་ཕྱག་འཚལ་བསྟོད༔ བླ་མ་ཡི་དམ་དཔའ་བོ་མཁའ་འགྲོའི་ཚོགས༔ ཆོས་སྐྱོང་བཀའ་སྡོད་སྲུང་མ་ལས་མཁན་བཅས༔ ཐམས་ཅད་དགོངས་འདུས་ཞི་ཁྲོ་འབར་བའི་ཚོགས༔ ཆེ་བའི་ཆེ་མཆོག་ངོ་མཚར་རྨད་བྱུང་བ༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྫོགས༔ ཐབས་མཁས་ཐུགས་རྗེས་སྤྲུལ་བསྒྱུར་དུ་མ་ཡིས༔ མཆོག་དང་ཐུན་མོང་དངོས་གྲུབ་ཡོངས་སྩོལ་ཞིང༔ སྐལ་ལྡན་རྣམས་ལ་ཡེ་ཤེས་སྤོར་མཛད་པ༔ བླ་མ་དགོངས་འདུས་དཀྱིལ་འཁོར་ལྷ་ཚོགས་ལ༔ དགའ་མགུ་དྭངས་བའི་ཚུལ་གྱིས་ཕྱག་འཚལ་བསྟོད༔ དབང་བཞི་བསྐུར་དང་རྒྱུད་བཞི་སྨིན་ལ་སོགས༔ ཕྲིན་ལས་རྣམ་བཞིའི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་པ་ལ་སོགས་པས་བསྟོད༔ ཞེས་པ་རྣམས་ལས་བྱང་ཚངས་པའི་སྒྲ་དབྱངས་ལས་ཁོལ་དུ་ཕྱུངས་པ་དགེ། ༈ རྩ་སྔགས་སྤྱི་དྲིལ་ཆེན་མོ་ནི། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་དྷེ་ཝ་དྷཱ་ཀི་ནཱི༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ༔ བཛྲ་མ་ཧཱ་ཀྲོ་དྷ་ཤཱནྟི་ཀ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་སརྦ་སིདྡྷི༔ ཀཱ་ཡ་ཝཱ་ཀ་ཙིཏྟ༔ ཛྙཱ་ན་སཏྭ་ཨ་མི་དྷེ་ཝ༔ མ་མ་ཙིཏྟ་སཾ་བྷ་ཝ་ཨ་དྷིཥྛ་ནཾ༔ མ་མ་ཨཱ་ཡུརྫྙཱ་ན་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱ༔ བསྡུས་པ་ཡང་སྙིང་དུ་དྲིལ་བ་ནི། ཨོཾ་ཨཱ་ཧཱུྃ་ཧྲཱི༔ བཛྲ་གྷུ་རུ་དྷེ་ཝ་དྷཱཀྐི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་པའོ།། །།

བྱིན་དབབ་པ་ (Volume 7, Text 6)

བྱིན་དབབ་པ་ནི༔ ཧཱུྃ་ཧྲཱི༔ དུས་གསུམ་རྒྱལ་སྲས་པདྨ་ཐོད་ཕྲེང་རྩལ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་དང་བཅས༔ དཔའ་བོ་དཔའ་མོ་དམ་ཅན་རྒྱ་མཚོ་རྣམས༔ ཀུན་ཀྱང་ཡེ་ནས་ཆོས་སྐུ་སྐྱེ་མེད་ལས༔ སྤྲུལ་བསྒྱུར་གཟུགས་སྐུས་འགྲོ་དོན་མཛད་པའི་ཕྱིར༔ ཐུགས་དམ་རྒྱུད་བསྐུལ་དབྱིངས་ནས་སྐུ་བཞེངས་འཚལ༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ ཆོས་ཀྱི་དབྱིངས་ནས་འགྲོ་དོན་སྐུར་སྤྲུལ་ལ༔ རྣལ་འབྱོར་མཆེད་ལྕམ་རིག་འཛིན་སྒྲུབ་པ་པོས༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་བྱའི་ཕྱིར༔ བླ་མ་ཡི་དམ་མཁའ་འགྲོ་སྲུང་མའི་ཚོགས༔ སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་རྣམས༔ རྫུ་འཕྲུལ་མཁའ་ལ་སྤྲིན་ལྟར་གཏིབས་ནས་ཀྱང༔ བྱིན་རླབས་མཆོག་དང་ཐུན་མོང་དངོས་གྲུབ་རྣམས༔ གཡེལ་བ་མེད་པར་དུས་འདིར་ཆར་ལྟར་ཕོབ༔ བླ་མ་ཡི་དམ་མཁའ་འགྲོ་སྲུང་མའི་ཚོགས༔ མཛད་པའི་རྣམ་ཐར་ཆོ་འཕྲུལ་བསམ་མི་ཁྱབ༔ སྤྲུལ་པ་ཡང་སྤྲུལ་དྷཱ་ཀི་ཕོ་ཉར་བཅས༔ སྐུ་ཡི་རྣམ་འགྱུར་གར་སྟབས་གློག་ལྟར་འཁྱུག༔ གསུང་གི་གདངས་སྐད་ང་རོ་འབྲུག་ལྟར་སྒྲོག༔ བརྩེ་བའི་ཐུགས་རྗེའི་བྱིན་རླབས་ཆར་ལྟར་འབེབ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ དཀྱིལ་འཁོར་གཞལ་ཡས་འདི་ལ་བྱིན་གཅིག་ཕོབ༔ ཕྱི་ནང་གསང་དབང་མ་ལུས་བསྐུར་དུ་གསོལ༔ རྣལ་འབྱོར་སྒྲུབ་མཆོག་རྣམས་ལ་བྱིན་གྱིས་རློབས༔ ཕོ་བྲང་ཆེན་པོ་འདི་ལ་བརྟན་པར་བཞུགས༔ དཔལ་ཆེན་ཁྱེད་ཀྱི་མཐུ་རྩལ་ནུས་པ་ཕྱུངས༔ རྟགས་དང་མཚན་མ་མ་ལུས་བསྟན་དུ་གསོལ༔ མཁྱེན་བརྩེ་ནུས་མཐུའི་ཐུགས་དམ་དུས་ལ་བབ༔ མ་གཡེལ་མ་གཡེལ་བླ་མ་ཡི་དམ་ལྷ༔ མ་གཡེལ་མ་གཡེལ་དཔའ་བོ་མཁའ་འགྲོའི་ཚོགས༔ རང་བཞིན་གནས་ནས་སྐུ་བསྐྱོད་འདིར་གཤེགས་ལ༔ དབང་ཆེན་ཁྱེད་ཀྱིས་བདག་ལ་དབང་སྐུར་ལ༔ བྱིན་ཆེན་ཁྱེད་ཀྱིས་བདག་ལ་བྱིན་ཕོབ་ཅིག༔ བླ་མ་སྐུ་ཡི་ཡེ་ཤེས་གཟི་བརྗིད་ཆེ༔ རྣལ་འབྱོར་ལུས་ལ་བདེ་བ་བསྐྱེད་དུ་གསོལ༔ ཡི་དམ་གསུང་གི་བྱིན་རླབས་ནུས་པར་ལྡན༔ སྒྲུབ་པ་མཐར་ཕྱིན་དངོས་གྲུབ་བསྩལ་དུ་གསོལ༔ མཁའ་འགྲོ་ཐུགས་ཀྱི་དགོངས་པ་ཀློང་དུ་གྱུར༔ ཇི་བསམ་ཡིད་བཞིན་འགྲུབ་པར་མཛད་དུ་གསོལ༔ དཔལ་ཆེན་ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་དྷེ་ཝ་དྷཱ་ཀི་ནཱི༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ༔ བཛྲ་མ་ཧཱ་ཀྲོ་དྷ་ཤཱནྟི་ཀ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་སརྦ་སིདྡྷི༔ ཀཱ་ཡ་ཝཱ་ཀ་ཙིཏྟ༔ ཛྙཱ་ན་སཏྭ་ཨ་མི་དྷེ་ཝ༔ མ་མ་ཙིཏྟ་སཾ་བྷ་ཝ་ཨ་དྷིཥྛ་ནཾ༔ མ་མ་ཨཱ་ཡུརྫྙཱ་ན་སིདྡྷི་ཕ་ལ༔ ཨཱ་ཝེ་ཤ་ཡ་སཏྭཾ་བྷ་ཡ་ར་ར་ར་ར་ཙཱ་ལ་ཡ་ཧཱུྃ༔ ཨཱཿཛྷཻཾ་ས་མ་ཡ་ཨ་ཝེ་ཤ་ཡ་ཧྲིཾ་ཧྲིཾ༔ ཕེཾ་ཕེཾ༔ ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཞེས་པས་ཡེ་ཤེས་བྱིན་ཆེན་དབབ་ཅིང་ཛཔ྄་དང་བཅས་པས་བྲོ་གར་འཁྲབ་པ་ལ་སོགས་བྱའོ༔ ལས་བྱང་ཚངས་པའི་སྒྲ་དབྱངས་ལས་སོ།། །།

བླ་མ་དགོངས་པ་འདུས་པ་ལས༔ ཕྲིན་ལས་ལམ་ཁྱེར་བསྡུས་པ་མེ་ཏོག་ཕྲེང་མཛེས་ (Volume 7, Text 7)

༁ྃ༔ བླ་མ་དགོངས་པ་འདུས་པ་ལས༔ ཕྲིན་ལས་ལམ་ཁྱེར་བསྡུས་པ་མེ་ཏོག་ཕྲེང་མཛེས་བཞུགས་སོ༔ ན་མོ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ༔ དགོངས་འདུས་ཁ་སྐོང་ལས་བྱང་མདོར་བསྡུས་ཤིང༔ ཕྱི་རབས་དོན་དུ་ཚོགས་གཉིས་གསག་ཕྱིར་བརྗོད༔ དཀྱིལ་འཁོར་གཏོར་མཆོད་བཀོད་པའི་བྱེ་བྲག་དང༔ བགེགས་གཏོར་བཏང་སྟེ་བཀའ་བསྒོ་མཚམས་གཅོད་གྱེར༔ ཡན་ལག་བདུན་པ་སྐྱབས་འགྲོ་སེམས་བསྐྱེད་བྱ༔ མཆོད་གཏོར་སྨན་རཀ་བསང་སྦྱང་བྱིན་གྱིས་བརླབ༔ ཏིང་འཛིན་གསུམ་གསལ་གཞལ་ཡས་ལྷ་ཚོགས་བསྐྱེད༔ སྤྱན་འདྲེན་བཞུགས་གསོལ་དབང་བསྐུར་རྒྱས་གདབ་ཅིང༔ ཕྱག་འཚལ་ཕྱི་ནང་གསང་མཆོད་སྨན་རཀ་སྦྲེང༔ གཏོར་འབུལ་བསྟོད་པ་ཚོགས་ཀྱི་ཡོ་བྱད་བཤམ༔ བསང་སྦྱང་བྱིན་བརླབ་ཚོགས་གྱེར་བསྐང་གསོ་བྱ༔ ལྷག་མ་འཛབ་བསྐུལ་གང་འདོད་ལས་སྦྱོར་འབད༔ ཆད་མདོ་བརྟན་མ་བསྐྱངས་ནས་རྟ་བྲོ་བརྡུང༔ དངོས་གྲུབ་བླངས་ལ་བཤགས་པ་བཀྲ་ཤིས་བརྗོད༔ དལ་བསྡུ་དམིགས་མེད་རྒྱས་གདབ་བསྔོ་བ་བྱ༔ བསྡུས་དོན་རྐང་གྲངས་རིམ་པ་ཨེ་མ་ཧོ༔ ལྷ་བསྒྲུབ་དཀྱིལ་འཁོར་བྲི་འམ་ཚོམ་བུ་བཀོད༔ འབྱོར་ཚོགས་གཏོར་མ་བག་དྲོ་རྒྱན་ལྡན་དང༔ ཕྱི་ནང་མཆོད་སོགས་སྨན་རག་གཡས་གཡོན་བཤམ༔ གཞན་ཡང་བླ་མ་ཡི་དམ་ཌཱ་ཀི་ཡི༔ སྐུ་གསུང་ཐུགས་རྟེན་དཀོན་མཆོག་མཆོད་སྤྲིན་རྣམས༔་་་བཀོད་པའི་བྱེ་བྲག །མཆན། མཛེས་ཤིང་ཡིད་འོང་བག་དྲོ་བཀྲམ་པར་བྱ༔ དེ་ནས་བགེགས་དང་འབྱུང་པོའི་གཏོར་མ་ནི༔ འབྲས་ཆེན་བཤོས་ཆང་ཏིང་ལོ་མར་མེ་བཤམ༔ ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་ཅི་འདོད་དམིགས༔ རང་ཉིད་དབང་ཆེན་རྟ་མགྲིན་འབར་བར་བསྐྱེད༔ རྟ་སྐད་སྒྲོག་ཅིང་བགེགས་འདུལ་ངར་ལྡན་གསལ༔ བཀའ་བསྒོ་ནི༔ ཧཱུྃ་ཧྲཱི༔ ཉོན་ཅིག་བགེགས་དང་ལོག་འདྲེན་འབྱུང་པོའི་ཚོགས༔ བདེ་གཤེགས་རྒྱལ་བ་རྣམས་ཀྱི་བཀའ་བྱུང་ཞིང༔ ཁྲོ་རྒྱལ་འབར་བའི་ཕོ་བྲང་འདེབས་འཚལ་བས༔ འདོད་ཡོན་མཆོད་སྦྱིན་གཏོར་མ་འདི་སྣོམས་ལ༔ ཁྱེད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས༔ གལ་ཏེ་མི་འགྲོ་བཀའ་ལས་འདའ་བྱེད་ན༔ བདག་ཉིད་ཁྲོ་རྒྱལ་དབང་ཆེན་རབ་ཁྲོས་ནས༔ ལུས་སེམས་མ་ལུས་བརླག་པར་གདོན་མི་ཟ༔ ཨོཾ་ཨཱཿཧཱུྃ་སརྦ་བིགྷ་ནཱན༔ ན་མ༔ སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱ༔ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀ་ཧྞེ་དཾ་བ་ལིཾ་ཏེ་སྭཱ་ཧཱ༔ སརྦ་བིགྷ་ནཱན་གཙྪ༔ ཨོཾ་སུཾ་བྷ་ནི་ཕཊ༔ ཧ་ཡ་གྲཱི་ཝ་ཧཱུྃ༔ མཚམས་གཅོད༔ ཧཱུྃ་ཧྲཱི༔ ཡེ་ཤེས་རོལ་པ་དབང་གི་དཀྱིལ་འཁོར་འདིར༔ ཡེ་ནས་རྣམ་དག་ལྷ་ཡི་རང་བཞིན་ལ༔ བདུད་བགེགས་ལོག་འདྲེན་བར་ཆད་མིང་ཡང་མེད༔ མཚམས་ཀྱི་དཀྱིལ་འཁོར་རང་བཞིན་ལྷུན་གྱིས་གྲུབ༔ བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཤུ་ཛྙཱ་ན་མ་ཧཱ་རཀྵཾ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཡན་ལག་བདུན་པ༔ ཀྱེ༔ ཕྱོགས་བཅུའི་སྐྱབས་གནས་དཀོན་མཆོག་བདག་ལ་དགོངས༔ འགྲོ་རྣམས་སྐྱོབ་པའི་མགོན་དང་དཔུང་མཛོད་ཅིག༔ དུས་འདི་ནས་བཟུང་རྫོགས་སངས་མ་རྒྱས་བར༔ མགོན་པོ་མཆོག་གྱུར་རྣམས་ལ་ཕྱག་འཚལ་ལོ༔ བདག་གཞན་ལུས་དང་ལོངས་སྤྱོད་མཆོད་པར་འབུལ༔ ཉམས་ཆག་ཉེས་ལྟུང་བསགས་རྣམས་མཐོལ་ཞིང་བཤགས༔ དུས་གསུམ་དགེ་བར་གྱུར་ལ་རྗེས་ཡི་རང༔ བླ་མེད་ཐེག་ཆེན་ཆོས་འཁོར་བསྐོར་དུ་གསོལ༔ རྒྱལ་བ་མྱ་ངན་མི་འདའ་བཞུགས་པར་གསོལ༔ བདག་གཞན་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ༔ སྐྱབས་འགྲོ༔ སྐྱབས་གནས་དཀོན་མཆོག་རྣམས་ལ་སྐྱབས་སུ་མཆི༔ སེམས་བསྐྱེད༔ སྔོན་ཆད་རྒྱལ་བའི་མཛད་པ་རྨད་བྱུང་ལྟར༔ དེ་བཞིན་བདག་གིས་དུས་འདི་ནས་བརྩམ་བྱ༔ འགྲོ་བ་ཡོངས་ཀྱི་བླ་མར་བདག་གྱུར་ཅིག༔ མཆོད་པ་བསང་སྦྱང་བྱིན་གྱིས་བརླབ༔ ཨོཾ༔ སྣང་སྲིད་འདོད་ཡོན་ལོངས་སྤྱོད་མཆོད་པའི་རྫས༔ ཨཱ༔ རྣམ་དག་ལྷ་ཚོགས་དགྱེས་པ་སྐོང་བར་བྱེད༔ ཧཱུྃ༔ གཟུགས་སྒྲ་དྲི་རོ་རེག་བྱ་ནུས་བཅུད་ལྡན༔ ཧོཿ ཕྱི་ནང་གསང་བའི་མཆོད་པ་བླ་ན་མེད༔ ཨཱོཾ་ཨཱཿཧཱུྃ་ཧོཿབཛྲ་ཨརྒྷཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝིདྱཱ་ཤབྡ་ཨཱོཾ་ཨཱཿཧཱུྃ༔ རཱུ་པ་ཤབྡ་གྷནྡྷེ་རཱ་ས་སྤརྴེ་ཨཱོཾ་ཨཱཿཧཱུྃ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་བ་སུ་ཏ་ཙིཏྟ་ཨོཾ་ཨཱཿཧཱུྃ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ བདུད་རྩི་བྱིན་གྱིས་བརླབ༔ ཨཱོཾ༔ བྷནྡྷ་ཁོར་ཡུག་བདུད་རྩིའི་སྣོད་ཆེན་པོར༔ དུག་ལྔ་དབྱིངས་སྒྲོལ་རང་བྱུང་ཡེ་ཤེས་རྫས༔ ཟག་མེད་བདེ་ཆེན་ལྷུན་གྲུབ་བདུད་རྩིར་འཁྱིལ༔ ལྷ་རྣམས་དགྱེས་པ་སྐོང་བའི་བཅུད་དུ་གྱུར༔ ཨཱོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ རཀྟ་བྱིན་གྱིས་བརླབ༔ ཨཱཿ དབྱིངས་ཀྱི་རང་བཞིན་སྟོང་ཉིད་ཀ་པཱ་ལར༔ ཡེ་ཤེས་ཆེན་པོ་བདེ་བའི་རཀྟ་མཆོག༔ དབྱིངས་དང་ཡེ་ཤེས་བདེ་སྟོང་དམར་འོད་འདྲེས༔ ཁུ་བ་རཀྟའི་རྒྱ་མཚོ་རྦ་རླབས་འཁྲུགས༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ གཏོར་མ་བྱིན་གྱིས་བརླབ༔ ཧཱུྃ༔ སྣོད་ཀྱི་འཇིག་རྟེན་ཡངས་པའི་གཞོང་པ་རུ༔ བཅུད་ཀྱི་སྐྱེ་འགྲོ་བ་ལིཾ་ཆེན་པོར་སྦྱར༔ རྒྱུ་རྐྱེན་རྟེན་འབྲེལ་ནུས་པས་བྱིན་བརླབས་ནས༔ ཀུན་རྫོབ་མཚན་མའི་བག་ཆགས་སྐྱོན་དང་བྲལ༔ ཨཱོཾ་ཨཱཿཧཱུྃ༔ མ་ཧཱ་བ་ལིཾ་ཏ་བྷ་ཏ་བ་ལིཾ་ཏེ་སྭཱ་ཧཱ༔ ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཕྱི་ནང་གསང་བའི་མཆོད་པ་འདི་དག་དང༔ སྨན་གཏོར་རཀྟ་གཏོར་མར་བཅས་པ་རྣམས༔ ཡེ་ནས་རང་བྱུང་དག་པར་ལྷུན་གྲུབ་ཕྱིར༔ བསང་སྦྱང་བྱིན་རླབས་མཚན་མའི་མཐའ་ལས་འདས༔ འོན་ཀྱང་ཀུན་རྫོབ་སྒྱུ་མའི་བག་ཆགས་རྣམས༔ རྣམ་འཕྲུལ་རོལ་པས་བསངས་ཤིང་བྱིན་གྱིས་བརླབས༔ རཾ་ཡཾ་ཁཾ༔ ཨཱོཾ་ཨཱཿཧཱུྃ༔ ཡེ་ཤེས་མེ་ཡིས་ཉོན་མོངས་བག་ཆགས་བསྲེག༔ སྐྱོད་བྱེད་རླུང་གིས་མཚན་འཛིན་བག་རྡུལ་གཏོར༔ དག་བྱེད་ཆུ་ཡིས་ཀུན་རྫོབ་དྲི་མ་བཀྲུ༔ བསྲེགས་གཏོར་བཀྲུས་པས་རྟོག་པའི་སྐྱོན་དང་བྲལ༔ རཾ་སྥ་ར་ཎ་ཕཊ༔ ཡཾ་སྥ་ར་ཎ་ཕཊ༔ ཁཾ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཨཱོཾ་ཨཱཿཧཱུྃ༔ ཨཱོཾ་ནི་སྤེལ་བྱེད་སྐུ་ཡི་ཡིག་འབྲུར་གསལ༔ ཨཱཿནི་སྦྱོང་བྱེད་གསུང་གི་ཡིག་འབྲུར་གསལ༔ ཧཱུྃ་ནི་སྒྱུར་བྱེད་ཐུགས་ཀྱི་ཡིག་འབྲུར་གསལ༔ དཔག་མེད་རྣམ་དག་ཡེ་ཤེས་ཆེན་པོར་གྱུར༔ སྐུ་གསུང་ཐུགས་མཆོག་ཨོཾ་དང་ཨཱཿཧཱུྃ་གིས༔ སྣོད་བཅུད་རྒྱུ་རྐྱེན་རྟེན་འབྲེལ་ནུས་མཐུར་ལྡན༔ ཨཱོཾ་ཨཱཿཧཱུྃ༔ ཏིང་འཛིན་རྣམ་གསུམ་ལས༔ དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི༔ ཧཱུྃ་ཧྲཱི༔ སྣང་སྲིད་འཁོར་འདས་གཉིས་བསྡུས་ཆོས་རྣམས་ཀུན༔ སྟོང་ཞིང་བདག་མེད་ནམ་མཁའ་ལྟ་བུ་ལ༔ བྱེད་སྤྱོད་བླང་དོར་འཛིན་པའི་མཐའ་ལས་འདས༔ དེ་བཞིན་ཉིད་དུ་པདྨ་རྒྱལ་པོས་སྨྲ༔ ཨཱོཾ་མ་ཧཱ་ཤཱུ་ཛྙཱ་ཏཱ་ཛྙཱ་ན་སྭ་བྷཱ་ཝ་ཧཱུྃ༔ ཀུན་སྣང་གི་ཏིང་ངེ་འཛིན་ནི༔ དེ་ལྟར་མ་རྟོགས་འཁྲུལ་པར་གྱུར་པ་ཡི༔ ལྟར་སྣང་སྐྱེ་འགྲོའི་འགྲོ་བ་ཉོན་རེ་མོངས༔ བཟོད་མེད་གདུང་བའི་བློ་ཡིས་རབ་བཟུང་སྟེ༔ ཀུན་སྣང་ཙམ་དུ་བདག་གིས་བསྒྲལ་བར་བགྱི༔ དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཧཱུྃ༔ རྒྱུའི་ཏིང་ངེ་འཛིན་ནི༔ ཧྲཱི༔ དོན་དམ་དབྱིངས་ལས་འབར་བའི་ཆོ་འཕྲུལ་ཤར༔ སྣ་ཚོགས་སྤྲུལ་པའི་གར་བྱེད་གློག་ལྟར་འཁྱུག༔ རྒྱུ་ཡི་ཧེ་རུ་དམར་གསལ་མེ་འོད་འཕྲོ༔ ཐུགས་རྗེའི་ཞལ་ཕྱག་རྣམ་འགྱུར་བསམ་མི་ཁྱབ༔ ཙིཏྟ་པདྨ་བཛྲ་ཧཱུྃ༔ གཞལ་ཡས་ཁང་བསྐྱེད་པ༔ བྷྲཱུྃ༔ འབྱུང་བ་མེ་རླུང་འཁྲུགས་པའི་ཕོ་བྲང་དབུས༔ ཟླ་གམ་དམར་ཆེན་འབར་བའི་ཀློང་དཀྱིལ་དུ༔ གདལ་ཁྱབ་པགས་པས་རབ་གཡོགས་ཀེང་རུས་མཁར༔ ཤ་ཁྲག་ཕུང་པོ་འདུས་པའི་གཞལ་ཡས་ཁང༔ དབང་པོ་སྒོ་བཞི་ཉི་ཟླའི་སྐར་ཁུང་ཅན༔ ཡན་ལག་རྟ་བབས་སྐྲ་ཡི་བ་དན་ཕྱར༔ རྩ་རྒྱུས་དྲྭ་བ་རྒྱུ་མའི་ཕྲེང་ལོང་མཛེས༔ ཙིཏྟའི་ཕོ་ལོང་ཞིང་གི་གཡང་གཞི་བྲེས༔ ཐོད་པའི་ཚངས་ཁང་སྤྱི་གཙུག་ཕྱུར་བུའི་ཏོག༔ བདེ་དྲོད་མེ་དཔུང་འཁྲིགས་པའི་དཀྱིལ་ཡངས་ནས༔ རྣམ་ཤེས་འདབ་བརྒྱད་བརྡལ་བའི་གདན་སྟེང་དུ༔ ཐབས་དང་ཤེས་རབ་ཉི་ཟླ་གེ་སར་སྟེང༔ ལྷ་བསྐྱེད་པ༔ ཤེས་རིག་རྒྱལ་པོ་དཔལ་ཆེན་ཧེ་རུ་ཀ༔ སྣང་བའི་ངོ་བོ་པདྨ་བཛྲ་རྩལ༔ སྟོང་པའི་བདག་ཉིད་ལྷ་ལྕམ་གསང་བའི་ཡུམ༔ གཉིས་མེད་འཁྲིལ་སྦྱོར་བདེ་སྟོང་ལྷན་ཅིག་རོལ༔ ཨཱོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་པདྨ་བཛྲ་ཧྲཱི༔ དྷུ་མ་གྷ་ཡེ་དྷཱ་ཀི་ནཱི་ན་མཿསྭཱ་ཧཱ༔ ཧྲཱི༔ ཐབས་ཤེས་ཡབ་ཡུམ་བདེ་རོལ་ཆོ་འཕྲུལ་ལས༔ ཅིར་ཡང་སྤྲུལ་པའི་ལྷ་ཚོགས་བསམ་མི་ཁྱབ༔ ཞི་དང་ཁྲོ་ཚུལ་རྣམ་འགྱུར་བརྗོད་འདས་ཀྱང༔ རང་སྣང་བློ་ཡིས་མོས་པས་གང་འདོད་གསལ༔ ཧྲཱི༔ ཉོན་མོངས་ཚར་གཅོད་ཁྲོ་རྒྱལ་འབར་བ་དང༔ ཐུགས་རྗེས་འགྲོ་འདུལ་ཞི་ཚུལ་མཛེས་པའི་སྐུ༔ ཡབ་ཡུམ་སྲས་འཁོར་བཀའ་ཉན་བཅས་པ་སྟེ༔ གདངས་གསལ་མ་འགག་རོལ་པའི་ཚུལ་བཞིན་བསྐྱེད༔ ཧྲཱི༔ ཕྱོགས་དང་ཕྱོགས་མཚམས་པདྨ་འདབ་བརྒྱད་སྟེང༔ བུདྡྷ་ཐོད་ཕྲེང་ཡབ་ཡུམ་སྲས་དང་འཁོར༔ མི་བསྐྱོད་རྡོ་རྗེ་ཡབ་ཡུམ་སྲས་དང་འཁོར༔ པདྨ་དབང་ཆེན་ཡབ་ཡུམ་སྲས་དང་འཁོར༔ རིག་འཛིན་ཐོད་རྩལ་ཡབ་ཡུམ་སྲས་དང་འཁོར༔ མདོག་དམར་མེ་ཕྲེང་ཡབ་ཡུམ་སྲས་དང་འཁོར༔ སངས་རྒྱས་དཔའ་བོ་ཡབ་ཡུམ་སྲས་དང་འཁོར༔ དཔལ་ཆེན་རྟ་མགྲིན་ཡབ་ཡུམ་སྲས་དང་འཁོར༔ ལག་ན་རྡོ་རྗེ་ཡབ་ཡུམ་སྲས་དང་འཁོར༔ ཀུན་ཀྱང་སྤྲུལ་དང་ཡང་སྤྲུལ་བཀའ་ཉན་ཚོགས༔ སྐུ་མདོག་ཕྱག་མཚན་རྣམ་འགྱུར་དུ་མ་སྟེ༔ གཅིག་ཏུ་མ་ངེས་ཆོ་འཕྲུལ་སྣ་ཚོགས་སྟོན༔ སྣང་སྟོང་མ་འགག་ལྷན་ནེ་ལྷང་ངེར་གསལ༔ བུདྡྷ་ཐོད་ཕྲེང་རྩལ་བཻ་རོ་ཙ་ན་ཨཱོཾ༔ སརྦ་བུདྡྷ་དྷཱ་ཀི་ནཱི་ཧཱུྃ༔ ཨཀྵོ་བྷྱཿབཛྲ་སུ་ཁ་དྷ་རི་ཧཱུྃ༔ པདྨེ་བྷ་ཤ་ཧ༔ དྷཱ་ཀི་ནཱི་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ ཨ་ཙརྻ་མ་ཧཱ་བཛྲ་ཤཱནྟི་པདྨ་ཀུ་རུ་ཏི་བྷྱོ་དྷཱ་ཀི་ནཱི་ཧཱུྃ༔ ཨརྩིག་ནིརྩིག་མ་མ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བུདྡྷ་ཀ་པཱ་ལ་དཔའ་བོ་ཧཱུྃ༔ བུདྡྷི་པྲ་དྷཱ་ཀི་ནཱི་མ་མ་རུ་ལུ་སྭཱ་ཧཱ༔ བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་མ་མ་ཨེ་ཀ་ཛཱ་ཊཱི་ཧཱུྃ༔ བཛྲ་པཱ་ཎི་མ་ཧཱ་ཀྲོ་དྷ་མ་མ་སིདྡྷི་ཧཱུྃ༔ ཧྲཱི༔ སྟོད་སྨད་བར་ཁྱམས་བ་སྤུའི་གྲོང་ཁྱེར་དུ༔ དཔའ་བོ་དཔའ་མོ་ལ་སོགས་དཔག་མེད་ཀྱང༔ རྣམ་འགྱུར་ཆ་ལུགས་ཅིར་ཡང་སྟོན་བྱེད་ཅིང༔ མ་འགག་ལྷུན་གྲུབ་རོལ་པའི་ཚུལ་དུ་གསལ༔ ཧ་རི་ནི་ས་ར་ཙ་ཧྲི་ཡ་ཧཱུྃ༔ སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱིཿ རང་བྱུང་ཐུགས་རྗེ་མ་འགག་རོལ་པའི་སྐུ༔ སྤྱན་འདྲེན་བཞུགས་སུ་གསོལ་བར་མི་དམིགས་ཀྱང༔ ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས༔ རྩལ་སྣང་དབྱིངས་ནས་རོལ་ཅིང་གཤེགས་སུ་གསོལ༔ རྣམ་དག་ཨོ་རྒྱན་བཀོད་པའི་ཕོ་བྲང་ནས༔ པདྨ་བཛྲ་འཁོར་བཅས་གཤེགས་སུ་གསོལ༔ ཤར་ཕྱོགས་ཕོ་བྲང་རི་བོ་ཏ་ལ་ནས༔ བུདྡྷ་ཐོད་ཕྲེང་འཁོར་བཅས་གཤེགས་སུ་གསོལ༔ ལྷོ་ཕྱོགས་གྱད་མཁར་བརྩེགས་པའི་ཕོ་བྲང་ནས༔ མི་བསྐྱོད་རྡོ་རྗེ་འཁོར་བཅས་གཤེགས་སུ་གསོལ༔ ནུབ་ཕྱོགས་སོ་ས་གླིང་གི་ཕོ་བྲང་ནས༔ པདྨ་དབང་ཆེན་འཁོར་བཅས་གཤེགས་སུ་གསོལ༔ བྱང་ཕྱོགས་མ་ག་དྷཱ་ཡི་ཕོ་བྲང་ནས༔ ཐོད་པ་རྩལ་ཆེན་འཁོར་བཅས་གཤེགས༴ ཤར་ལྷོ་བསིལ་བ་ཚལ་གྱི་ཕོ་བྲང་ནས༔ དྲག་པོ་མེ་ཕྲེང་འཁོར་བཅས་གཤེགས་སུ་གསོལ༔ ལྷོ་ནུབ་དགའ་བ་ཚལ་གྱི་དུར་ཁྲོད་ནས༔ དཔའ་བོ་ཐོད་དུམ་འཁོར་བཅས་གཤེགས༴ ནུབ་བྱང་རབ་ཏུ་རྒྱུ་བའི་དུར་ཁྲོད་ནས༔ དཔའ་བོ་རྟ་མགྲིན་འཁོར་བཅས་གཤེགས༴ བྱང་ཤར་ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ ལག་ན་རྡོ་རྗེ་འཁོར་བཅས་གཤེགས༴ ཀུན་ཀྱང་མ་འགག་ཆོ་འཕྲུལ་སྤྱོད་པའི་ཚུལ༔ གང་ལ་གང་འདུལ་ཕྲིན་ལས་སྣ་ཚོགས་བདག༔ ཆོ་འཕྲུལ་དུ་མར་རོལ་ཅིང་གཤེགས་སུ་གསོལ༔ འཁོར་གྱི་དྷཱ་ཀི་ཤུགས་འགྲོའི་ཚོགས་རྣམས་ཀུན༔ དོན་གྱི་དབྱིངས་ལས་ལྷུན་གྲུབ་གཅིག་མོད་ཀྱང༔ གནས་སྐབས་ཡུལ་དོན་བྲན་གྱི་ཚུལ་སྣང་ཞིང༔ མཐུ་སྟོབས་རྩལ་ལྡན་ནུས་པའི་ཤུགས་དང་བཅས༔ བདག་སོགས་མོས་པའི་བུ་ལ་རབ་དགོངས་ནས༔ མ་ཐོགས་མྱུར་དུ་གནས་འདིར་གཤེགས་སུ་གསོལ༔ ཐུགས་རྗེ་བརྩེ་བས་གནས་འདིར་གཤེགས་ནས་ཀྱང༔ དཀྱིལ་འཁོར་ཆེན་པོའི་ལུས་ལ་བྱིན་ཆེན་ཕོབ༔ སྒྲུབ་མཆོག་མཆེད་ལྕམ་ངག་ལ་དབང་ཞིག་སྐུར༔ བརྒྱུད་འཛིན་མོས་པའི་སེམས་ལ་བྱིན་གྱིས་རློབས༔ མཆོག་དང་ཐུན་མོང་དངོས་གྲུབ་རྣམ་གཉིས་སྩོལ༔ ཨཱོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ༔ ཨེ་ཨཱ་རལླི་ཧྲཱིང་ཧྲཱིང༔ ཕེཾ་ཕེཾ༔ ཛཿཧཱུྃ་བཾ་ཧོ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱི༔ སྒྱུ་ལུས་ཕོ་བྲང་བཀོད་པའི་གཞལ་ཡས་འདིར༔ བཞུགས་པའི་དུར་ཁྲོད་ལྷུན་གྲུབ་ཉམས་རེ་དགའ༔ ཕོ་བྲང་རིན་ཆེན་དམ་པ་བྱིན་རེ་ཆགས༔ དབང་ཆེན་པདྨ་འདབ་བརྒྱད་མདངས་དང་ལྡན༔ ཐབས་ཤེས་ཉི་ཟླ་བརྩེགས་པའི་འོད་ཟེར་འཕྲོ༔ རང་རང་བཞུགས་པའི་གདན་ཁྲི་ཡངས་པའི་སྟེང༔ ལྷ་རྣམས་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཐུགས་རྗེའི་འཕྲོ་འདུ་རོལ་པ་གཏན་ལ་ཕོབ༔ ཨཱོཾ་ཨཱཿཧཱུྃ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ ཙིཏྟ་བཛྲ་ཛྙཱ་ན་པདྨ་ཀ་མ་ལཱ་ཡ་སཏྭཾ༔ དབང་བསྐུར་བ་ནི༔ ཧཱུྃ་ཧྲཱི༔ རིགས་མཆོག་དག་པ་འོད་དཔག་མེད་པའི་སྐུ༔ རྒྱལ་ཚབ་དམ་པར་དབང་མཛད་བཅོམ་ལྡན་འདས༔ རིགས་ལྔ་ཡུམ་ལྔའི་ཚོགས་དང་བཅས་རྣམས་ཀྱིས༔ བྱིན་རླབས་དབང་བསྐུར་དམ་པ་དེང་འདིར་སྩོལ༔ ཨཱོཾ་ཨཱཿཧཱུྃ་ཧྲཱིཿསྭཱ་ཧཱ༔ ཨ་བྷི་ཥིཉྩ་ཏུ་མཱཾ༔ རྒྱས་གདབ་པ་ནི༔ ཧྲཱི༔ ལྷུན་གྲུབ་རྒྱལ་བ་དམ་ཚིག་སེམས་དཔའི་སྐུ༔ ཐུགས་རྗེའི་སྤྲུལ་པ་ཡེ་ཤེས་སེམས་དཔའི་ཚོགས༔ གདོད་ནས་གཉིས་མེད་བརྡལ་བའི་ཀློང་ཡངས་སུ༔ ཆུ་ལ་ཆུ་བཞག་ལྟ་བུར་ཨེ་མ་ཧོ༔ མ་དག་ལྟར་སྣང་གཉིས་འཛིན་འཁྲུལ་པའི་བློས༔ ཕན་ཚུན་སོ་སོར་མཚན་མ་རང་དགར་བཟུང༔ དེང་ནས་དབྱེར་མེད་དུ་མ་རོ་གཅིག་ཏུ༔ དོན་གྱི་དབྱིངས་སུ་འདའ་བར་མི་བགྱིད་དོ༔ ཨཱོཾ་མ་ཧཱ་ཤཱུ་ཛྙཱ་ཏཱ་ས་མ་ཡ་ཧཱུྃ༔ ས་མ་ཡ་སཏྭཾ་ར་ཧོ་ཧཾ༔ ཕྱག་འཚལ་བ་ནི༔ ཨེ་མ་ཧོ༔ ཆོས་སྐུ་ནམ་མཁའ་ལྟ་བུར་དབྱེར་མེད་ཅིང༔ ལོངས་སྐུ་གསལ་སྟོང་མ་འདྲེས་སོ་སོར་གསལ༔ སྤྲུལ་སྐུ་གང་ལ་ཅི་འདུལ་ཕྲིན་ལས་བདག༔ སྐུ་གསུམ་བླ་མ་རྣམས་ལ་ཕྱག་འཚལ་ལོ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང༔ ལོངས་སྐུ་ཁྲོ་ཚུལ་ལོག་འདྲེན་གདུག་པ་འདུལ༔ སྤྲུལ་སྐུ་རྣམ་འགྱུར་དུ་མའི་ཆ་ལུགས་ཅན༔ ཡི་དམ་དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ ཆོས་སྐུ་སྟོང་ཉིད་དཔའ་མོ་ཡུམ་གྱི་མཁའ༔ ལོངས་སྐུ་བདེ་ཆེན་དཔའ་བོ་ཡབ་ཀྱི་དབྱིངས༔ བདེ་སྟོང་མཁའ་དབྱིངས་འཁོར་བཅས་སྤྲུལ་པའི་ཚོགས༔ ཆོ་འཕྲུལ་སྲས་བཅས་རྣམས་ལ་ཕྱག་འཚལ་ལོ༔ ན་མོ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ དྷརྨ་ཀཱ་ཡ༔ སཾ་བྷོ་ཀཱ་ཡ༔ ནིརྨཱ་ཀཱ་ཡ༔ ཨ་ཏི་པུ་ཧོ༔ པྲ་ཏཱི་ཛ་ཧོ༔ ཕྱི་མཆོད་འབུལ་བ་ནི༔ ཧཱུྃ་ཧྲཱི༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ མེ་ཏོག་བདུག་སྤོས་མར་མེ་ཞལ་ཟས་དྲི༔ སྒྲ་དབྱངས་ཨརྒྷཾ་ལ་སོགས་མཆོད་པའི་སྤྲིན༔ ཕྱི་མཆོད་རྣམ་དག་རྒྱལ་བ་རྣམས་ལ་འབུལ༔ ནང་མཆོད༔ ལྷ་མིའི་མཆོད་རྫས་འདོད་ཡོན་ལོངས་སྤྱོད་ཚོགས༔ གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པའི༔ རང་བྱུང་ནང་མཆོད་ཀུན་བཟང་སྤྲིན་ཕུང་ལྟར༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ་བར་བགྱི༔ གསང་མཆོད༔ འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཆེ༔ ཕྲག་དོག་ཤ་ཁྲག་རྒྱུས་པ་ནང་རོལ་ཏེ༔ ཙིཏྟར་བཅས་རྣམས་དུག་ལྔ་ཕུང་པོའི་རྫས༔ གསང་མཆོད་རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ༔ དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི༔ ཡབ་ཡུམ་གཉིས་མེད་མཁའ་གསང་རོལ་པ་ལས༔ བདུད་རྩི་བྱང་ཆུབ་སེམས་ཀྱི་བཅུད་འཕྲོ་ཞིང༔ བདེ་སྟོང་ལྷན་ཅིག་སྐྱེས་སྦྱོར་མཉམ་གནས་པ༔ བླ་མེད་མཆོད་པ་རང་སྣང་ལྷ་ལ་འབུལ༔ ཨཱོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཨརྒྷཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་དྱཱ་ཤབྡ་པཱུ་ཛ་ཧོ༔ རཱུ་པ་ཤབྡ་གྷནྡྷེ་རཱ་ས་སྤརྴེ་པཱུ་ཛ་ཧོ༔ མ་ཧཱ་མཱཾ་ས་རཀྟ་ཀི་ནི་རི་ཏི་བ་སུ་ཏ་ཙིཏྟ་པཱུ་ཛ་ཧོ༔ བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ བདུད་རྩི་སྨན་མཆོད༔ ཧྲཱི༔ བྷནྡྷ་ཁོར་ཡུག་ཡངས་པའི་སྣོད་ཆེན་པོར༔ དབྱིངས་དང་ཡེ་ཤེས་གཉིས་སྦྱོར་བདུད་རྩི་མཆོག༔ རང་བྱུང་གདོད་ནས་རྣམ་པར་དག་པའི་རྫས༔ རྒྱུ་དྲུག་རྐྱེན་བཞི་བདུད་རྩི་ར་སཱ་ཡ༔ རང་བྱུང་འདུས་པའི་དཀྱིལ་འཁོར་ལྷ་རྣམས་ལ༔ རྣམ་དག་བདུད་རྩི་དམ་རྫས་དགྱེས་མཆོད་འབུལ༔ ཨཱོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཐུགས་རྗེའི་རྩལ་སྣང་དཀྱིལ་འཁོར་ལྷ་རྣམས་ལ༔ རྣམ་དག་བདུད་རྩི་དམ་རྫས་དགྱེས་མཆོད་འབུལ༔ ཨཱོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ མ་འགག་སྤྲུལ་པའི་དཀྱིལ་འཁོར་ལྷ་རྣམས་ལ༔ རྣམ་དག་བདུད་རྩི་དམ་རྫས་དགྱེས་མཆོད་འབུལ༔ ཨཱོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ མོས་པའི་བློས་བཟུང་དཀྱིལ་འཁོར་ལྷ་རྣམས་ལ༔ རྣམ་དག་བདུད་རྩི་དམ་རྫས་དགྱེས་མཆོད་འབུལ༔ ཨཱོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ འདུས་བྱས་ལྟར་སྣང་དཀྱིལ་འཁོར་ལྷ་རྣམས་ལ༔ རྣམ་དག་བདུད་རྩི་དམ་རྫས་དགྱེས་མཆོད་འབུལ༔ ཨཱོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ དམ་ཚིག་གཉན་གྱི་སྲུང་མ་ཐམས་ཅད་ལ༔ རྣམ་དག་བདུད་རྩི་དམ་རྫས་དགྱེས་མཆོད་འབུལ༔ ཨཱོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ འཁོར་འདས་ལྷ་དང་འགྲོ་བ་ཐམས་ཅད་ལ༔ རྣམ་དག་བདུད་རྩི་དམ་རྫས་དགྱེས་མཆོད་འབུལ༔ ཨཱོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ རཀྟ་འབུལ་བ་ནི༔ ཧྲཱི༔ དུང་ཆེན་སྣོད་དུ་དམར་ཆེན་རྦ་རླབས་འཕྱོ༔ རྟེན་འབྲེལ་བཅུ་གཉིས་རཀྟའི་བ་གམ་འཁྲིགས༔ གུ་ཧྱ་མཱུ་ལ་རཀྟར་བཅས་པ་རྣམས༔ བཀྲམ་པའི་ལྷ་ཚོགས་རྣམས་ལ་འབུལ་བར་བགྱི༔ ཨཱོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ ཧཱུྃ་ཧྲཱི༔ དབྱིངས་རིག་མ་བུའི་བྱུར་འདྲེ་རབ་བསྒྲལ་ཏེ༔ གཉིས་སྣང་རྟོག་པའི་བཅུད་ཆེན་གཏོར་མར་སྦྱར༔ འཕྲོ་འདུའི་རླངས་ལས་སྣ་ཚོགས་རྒྱུ་རྐྱེན་འདུས༔ དཀར་སེར་དམར་ལྗང་མཐིང་ནག་འོད་ཟེར་འཕྲོ༔ ཁ་མངར་སྐྱུར་རྩུབ་རོ་བཅུད་ནུས་པར་ལྡན༔ ཚོགས་དྲུག་ཡུལ་སྣང་གཏོར་མ་བརྗིད་ལྡན་འདི༔ ཆོ་འཕྲུལ་དུ་མས་བསྲེགས་སྦྱངས་བཀྲུས་ཤིང་བསྒྱུར༔ རྣམ་དག་བདུད་རྩིའི་ཞལ་ཟས་ཆེན་པོ་སྟེ༔ ཡེ་ཤེས་རབ་འབྱམས་མཆོད་པ་ཆེན་པོའི་རྫས༔ བྱིན་རླབས་མཁྱེན་ལྡན་རྩ་བརྒྱུད་བླ་མ་དང༔ རང་སྣང་རྣམ་དག་ཡི་དམ་ལྷ་ཡི་ཚོགས༔ སྤྲུལ་པས་འགྲོ་འདུལ་མཁའ་འགྲོ་ཆོས་སྐྱོང་ལ༔ མཆོད་པར་འབུལ་གྱིས་བླང་དོར་མེད་པར་བཞེས༔ འདུས་བྱས་རྫས་སྦྱར་སྣོད་བཅུད་ཕུན་སུམ་ཚོགས༔ ཚོགས་གཉིས་སྤེལ་ཕྱིར་རྒྱུ་རྐྱེན་གཏོར་མ་འདི༔ མཛེས་པའི་དཀར་ཐིག་དམར་གུར་བདུད་རྩིས་བརླན༔ སྣ་ཚོགས་ཅོད་པན་ལྡིང་གུར་བརྗིད་ལྡན་ཕུབ༔ འདོད་ཡོན་ལོངས་སྤྱོད་བཟའ་བཏུང་བྲན་པ་འདི༔ བླ་མ་རྣམས་དང་ཡི་དམ་མཁའ་འགྲོའི་ཚོགས༔ དཔའ་བོ་དཔའ་མོ་དམ་ཅན་ཆོས་སྐྱོང་དང༔ མཆོད་འོས་བཀའ་སྡོད་སྲུང་མར་བཅས་ལ་འབུལ༔ ཐུགས་རྗེ་ཐུགས་དམ་དབང་གིས་བཞེས་སུ་གསོལ༔ དགྱེས་ཤིང་རོལ་པ་ཆེན་པོར་བཞེས་ནས་ཀྱང༔ བདག་གཞན་འགྲོ་བས་ཇི་ལྟར་འདོད་པ་ཡི༔ དོན་འབྲས་མྱུར་དུ་འགྲུབ་པར་མཛད་དུ་གསོལ༔ ཨཱོཾ་ཨཱཿཧཱུྃ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་ནས་བསྟོད་པ་བྱ་བ་ལ༔ ཧཱུྃ་ཧྲཱི༔ ཐུགས་རྗེའི་རོལ་པ་དབང་གི་དཀྱིལ་འཁོར་དུ༔ དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་བདག༔ འགྲོ་བ་ཡོངས་ཀྱི་དཔལ་མགོན་ཨོ་རྒྱན་རྗེ༔ པདྨ་བཛྲ་རྩལ་ལ་ཕྱག་འཚལ་བསྟོད༔ དོན་གྱི་དབྱིངས་ལ་ཆ་ལུགས་མི་མངའ་ཡང༔ གདུལ་བྱ་མོས་བློའི་སྣང་ཚུལ་ཇི་བཞིན་དུ༔ རྣམ་འགྱུར་དུ་མས་ཕྲིན་ལས་གཞན་དོན་མཛད༔ རྒྱན་དང་ཆ་ལུགས་རྫོགས་ལ་ཕྱག་འཚལ་བསྟོད༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་འདོར་ཐབས་ཚུལ༔ དམར་མཐིང་དཀར་དང་ཞི་ཁྲོ་ཕྱེད་མའི་ཞལ༔ གཡས་གསུམ་རྡོ་རྗེ་རལ་གྲི་བདུད་རྩི་བུམ༔ དྲིལ་བུ་བནྡྷ་ཁ་ཊྭཱཾ་གཡོན་གསུམ་ཕྱག༔ གཉིས་མེད་བདེ་སྦྱོར་ལྷ་ལྕམ་གསང་བའི་ཡུམ༔ དམར་མོ་ཌཱ་རུ་དུང་དམར་གཡས་གཡོན་འཁྱུད༔ ཡབ་ཡུམ་གཉིས་མེད་རུས་རྒྱན་དུར་ཁྲོད་ཆས༔ གར་དགུའི་ཉམས་ལྡན་སྐུ་ལ་ཕྱག་འཚལ་བསྟོད༔ ཡབ་ཡུམ་བདེ་རོལ་འབར་འཛག་འཕྲོས་པ་ལས༔ གཟུགས་སྐུའི་ལྷ་ཚོགས་རྣམ་འཕྲུལ་དུ་མ་ཤར༔ གཙོ་འཁོར་ཡབ་ཡུམ་སྲས་ཀྱི་ཚུལ་སྟོན་ཅིང༔ སྤྲུལ་སྒྱུར་སྣ་ཚོགས་འགྱེད་ལ་ཕྱག་འཚལ་བསྟོད༔ བྷུདྡྷ་ཐོད་ཕྲེང་དཀར་སྔོ་དམར་བའི་ཞལ༔ འཁོར་ལོ་རྡོ་རྗེ་རྩེ་དགུ་ཞིང་དབྱུག་གཡས༔ བུམ་པ་དྲིལ་བུ་ཞགས་པ་གཡོན་གསུམ་ཕྱག༔ དབྱིངས་ཕྱུག་སྔོན་མོ་རྒྱལ་མཚན་དུང་དམར་འཁྱུད༔ ཡབ་ཡུམ་གཉིས་སུ་མེད་ལ་ཕྱག་འཚལ་བསྟོད༔ མི་བསྐྱོད་རྡོ་རྗེ་སེར་དཀར་དམར་བའི་ཞལ༔ གཡས་གསུམ་རལ་གྲི་མདུང་ཐུང་ཐོད་དབྱུག་ཕྱར༔ སྟོང་གི་འཇིག་རྟེན་མེ་རླུང་གཡོན་གསུམ་ཕྱག༔ བདེ་དབྱིངས་དམར་སེར་ཆོས་འབྱུང་དུང་དམར་སྟོབ༔ ཡབ་ཡུམ་གཉིས་མེད་འཁྲིལ་ལ་ཕྱག་འཚལ་བསྟོད༔ པདྨ་དབང་ཆེན་དཀར་དམར་མཐིང་བའི་ཞལ༔ གཡས་གསུམ་ཕྲེང་བ་རྔ་ཡབ་ལྕགས་ཀྱུ་འཛིན༔ པད་སྡོང་གྭ་འུ་དབང་ཞགས་གཡོན་གསུམ་ཕྱག༔ རིག་བྱེད་དམར་སྐྱ་ཌཱ་རུ་ཐོད་ཁྲག་སྟོབ༔ ཡབ་ཡུམ་གཉིས་སུ་མེད་ལ་ཕྱག་འཚལ་བསྟོད༔ རིག་འཛིན་ཐོད་རྩལ་ལྗང་དཀར་དམར་བའི་ཞལ༔ འཁོར་ལོ་རྡོ་རྗེ་རལ་གྲི་གཡས་གསུམ་ཕྱག༔ གཡོན་གསུམ་དྲིལ་བུ་ཞགས་པ་ཕུར་བུ་འཛིན༔ ཉི་ཟླ་དམར་མོ་ཐོད་ཕྲེང་ག་འུ་སྟོབ༔ ཡབ་ཡུམ་གཉིས་མེད་འཁྲིལ་ལ་ཕྱག་འཚལ་བསྟོད༔ མདོག་དམར་མེ་ཕྲེང་གཡས་དཀར་གཡོན་ལྗང་ཞལ༔ རྡོ་རྗེ་རྩེ་ལྔ་ཐོ་ལུམ་མེ་དཔུང་གཡས༔ ཐོད་ཁྲག་སྡིག་པ་བམ་ཆེན་གཡོན་གསུམ་ཕྱག༔ སྲིད་པ་དམར་མོ་ཐོ་བ་བྷནྡྷ་འཁྱུད༔ ཡབ་ཡུམ་གཉིས་སུ་མེད་ལ་ཕྱག་འཚལ་བསྟོད༔ སངས་རྒྱས་དཔའ་བོ་མཐིང་དཀར་དམར་བའི་ཞལ༔ འཁོར་ལོ་ཟླ་བ་མེ་དཔུང་གཡས་གསུམ་ཕྱག༔ གཡོན་གསུམ་གཤོལ་མདའ་ཉི་མ་རླུང་ནག་བསྣམས༔ དཔའ་མོ་དཀར་མོ་འཁོར་ལོ་བདུད་རྩི་སྟོབ༔ ཡབ་ཡུམ་གཉིས་མེད་འཁྲིལ་ལ་ཕྱག་འཚལ་བསྟོད༔ རྟ་མགྲིན་དམར་པོ་དཀར་དང་སྔོ་བའི་ཞལ༔ གཡས་གསུམ་ཁ་ཊྭཱཾ་རྡོ་རྗེ་སྦྲུལ་ཞགས་འཛིན༔ ཐོད་ཁྲག་དྲིལ་བུ་ལྕགས་སྒྲོག་གཡོན་གསུམ་ཕྱག༔ ཙ་ཏི་སྨུག་ནག་ཏྲི་ཤུལ་དུང་དམར་སྟོབ༔ ཡབ་ཡུམ་གཉིས་སུ་མེད་ལ་ཕྱག་འཚལ་ལོ༔ ལག་ན་རྡོ་རྗེ་མཐིང་ནག་དཀར་དམར་ཞལ༔ རྡོ་རྗེ་གྲི་གུག་སྦྲུལ་ཞགས་གཡས་གསུམ་ཕྱག༔ གཡོན་གསུམ་ཐོད་ཁྲག་དྲིལ་བུ་པདྨ་བསྣམས༔ གསང་དབྱིངས་དམར་མོ་ཁ་ཊྭཱཾ་བྷན་དམར་སྟོབ༔ ཡབ་ཡུམ་གཉིས་སུ་མེད་ལ་ཕྱག་འཚལ་བསྟོད༔ ཀུན་ཀྱང་ཡབ་ཡུམ་རུས་རྒྱན་དུར་ཁྲོད་ཆས༔ ཡབ་རྣམས་ཞབས་བཞི་འདོར་སྟབས་བདུད་བཞི་མནན༔ ཡུམ་རྣམས་དཔལ་ཆེན་ཡབ་ཀྱི་སྐེད་ལ་འཁྱུད༔ ཞི་དང་ཁྲོ་གར་མཛད་ལ་ཕྱག་འཚལ་བསྟོད༔ ཕྱི་ནང་གཞན་གསུམ་ལྷ་དང་ལྷ་མོའི་ཚོགས༔ བྱེད་པ་ཀུན་སྟོན་རྣམ་འཕྲུལ་ཡོངས་ཀྱི་མཛོད༔ འཁོར་འདས་རང་གྲོལ་བདེ་ཆེན་གཡུང་དྲུང་སྐུ༔ དཀྱིལ་འཁོར་རྫོགས་པའི་དཔལ་ལ་ཕྱག་འཚལ་བསྟོད༔ འདོད་ཡོན་ལོངས་སྤྱོད་ཚོགས་ཀྱི་ཡོ་བྱད་ནི༔ བཟའ་བཏུང་བཅའ་སོགས་འབྱོར་ལྡན་བཤམས་ནས་ཀྱང༔ རྡོ་རྗེ་དང་བཅས་བདུད་རྩིའི་ཟེར་གཏོར་ཏེ༔ ཨཱོཾ་བཛྲ་ཨ་མྲྀཏ་ཀུནྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཀྱིས་བསང་སྦྱང༔ ཧོ༔ ཞལ་ཟས་ཚོགས་ལ་ཉེས་པ་མ་མཆིས་ཀྱང༔ བཤམས་པའི་རྫས་ཀྱི་འབག་བཙོག་དྲི་མ་རྣམས༔ རཾ་ཡཾ་ཁཾ་གིས་བསྲེག་གཏོར་སྦྱང་བྱས་ཤིང༔ ཉེས་པའི་སྐྱོན་བྲལ་ལེགས་པའི་ཡོན་ཏན་ལྡན༔ རཾ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཡཾ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཁཾ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ བྱིན་བརླབས༔ ཨཱོཾ་ལས་འོད་འཕྲོས་དབྱིངས་དང་མཉམ་པར་སྤེལ༔ ཨཱཿལས་འོད་འཕྲོས་རྟོག་ཚོགས་འཁྲུལ་པ་སྦྱངས༔ ཧཱུྃ་ལས་འོད་འཕྲོས་ཡེ་ཤེས་བདུད་རྩིར་བསྒྱུར༔ ཧ་ལས་འོད་འཕྲོས་འདོད་ཡོན་སྣང་སྲིད་བཀང༔ ཧོཿལས་འོད་འཕྲོས་ལྷ་རྣམས་དགྱེས་པ་བསྐངས༔ ཧྲཱིཿལས་འོད་འཕྲོས་མགྲོན་རྣམས་ཚིམ་ཞིང་ངོམས༔ ཨཱོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ འབུལ་བ་ནི༔ ཧཱུྃ་ཧྲཱིཿ དུར་ཁྲོད་གསང་ཆེན་རོལ་པའི་དཀྱིལ་འཁོར་འདིར༔ ཚོགས་ཀྱི་ཡོ་བྱད་གཞུང་བཞིན་བཤམས་ནས་ཀྱང༔ བསངས་སྦྱངས་བྱིན་བརླབས་རོ་བཅུད་ནུས་པར་ལྡན༔ སྒྲུབ་རྫས་གཉན་པོའི་ཚོགས་དང་བཅས་པ་རྣམས༔ བླ་མ་ཡི་དམ་མཁའ་འགྲོ་རྣམས་ལ་འབུལ༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་གཉན་བསྐངས་ཏེ༔ སྒྲུབ་མཆོག་བུ་ལ་དངོས་གྲུབ་རྣམ་གཉིས་སྩོལ༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ བསྟབ་པ་བྱ་བ་ནི༔ ཧྲཱིཿ བསྟབ་བོ་བསྟབ་བོ་ལྷ་ཚོགས་ཞལ་དུ་བསྟབ༔ བླ་མ་ཡི་དམ་མཁའ་འགྲོ་ཞལ་ཕྱེས་ཤིག༔ ཆོས་སྐྱོང་དམ་ཅན་སྲུང་མ་ཞལ་ཕྱེས་ཤིག༔ སྟོན་པ་རྡོ་རྗེ་རྒྱལ་པོ་ཞལ་ཕྱེས་ཤིག༔ གཟུང་མ་ཀུན་ཏུ་བཟང་མོ་ཞལ་ཕྱེས་ཤིག༔ འདུས་པའི་མཆེད་དང་ལྕམ་དྲལ་ཞལ་ཕྱེས་ཤིག༔ གནོད་བྱེད་གཟུགས་ཕུང་ཤ་ཁྲག་ཞལ་དུ་བསྟབ༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ ཚོགས་ཕུད་མཆོད༔ རོལ་ཅིག་རོལ་ཅིག་འདོད་ཡོན་ཚོགས་ལ་རོལ༔ ཞལ་ཟས་རོལ་པ་ཚོགས་ཀྱི་མཆོད་པ་འབུལ༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ ཚོགས་བཤགས༔ ཧོ༔ བདག་སོགས་མ་རིག་ལུས་ངག་ཡིད་གསུམ་གྱིས༔ བག་མེད་སྤྱོད་པས་དམ་ལས་འགལ་གྱུར་ཏེ༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དང་ཅི་འགལ་བ༔ ཞལ་ཟས་ཚོགས་ཀྱི་མཆོད་པས་མཐོལ་བཤགས་ན༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་སོར་ཆུད་དེ༔ སྒྲིབ་མེད་ཚངས་པའི་དངོས་གྲུབ་བསྩལ་དུ་གསོལ༔ ཨཱོཾ་ཨཱཿཧཱུྃ་ག་ཎ་ཙཀྲ་སཏྭ་ས་མ་ཡ༔ ཞེས་ཚང་བར་བརྗོད༔ སྐོང་གསོ་ནི༔ ཧཱུྃ་ཧྲཱི༔ བསྐང་ངོ་གསོལ་ལོ་མཆོད་དོ་ཐུགས་དམ་བསྐང༔ འདོད་ཡོན་ལོངས་སྤྱོད་རྫས་ཀྱིས་ཐུགས་དམ་བསྐང༔ བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་བསྐང༔ སྒྲོལ་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྒྲོལ༔ སྦྱོར་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྦྱོར༔ ཡེ་སྒྲོལ་ཡེ་སྦྱོར་ཆེན་པོས་ཐུགས་དམ་བསྐང༔ ལྟ་བ་ཀློང་དུ་གྱུར་པས་ཐུགས་དམ་བསྐང༔ སྒོམ་པ་ཡེངས་འཁྲུལ་རྐྱེན་དང་བྲལ་བས་བསྐང༔ སྤྱོད་པ་བླང་དོར་ཚུལ་འཆོས་བྲལ་བས་བསྐང༔ འབྲས་བུ་ལྷུན་གྲུབ་ཕྱོགས་ལྷུང་མེད་པས་བསྐང༔ བཀའ་བརྒྱུད་བླ་མ་རྣམས་ཀྱི་ཐུགས་དམ་བསྐང༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང༔ དཔའ་བོ་མཁའ་འགྲོ་རྣམས་ཀྱི་ཐུགས་དམ་བསྐང༔ དམ་ཅན་ཆོས་སྐྱོང་རྣམས་ཀྱི་ཐུགས་དམ་བསྐང༔ རྡོ་རྗེ་སློབ་དཔོན་གཉན་གྱི་ཐུགས་དམ་བསྐང༔ འདུས་པའི་མཆེད་ལྕམ་རྣམས་ཀྱི་ཐུགས་དམ་བསྐང༔ རིགས་དྲུག་ཕ་མ་རྣམས་ཀྱི་ཐུགས་དམ་བསྐང༔ ཐུགས་དམ་བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ཅེས་པས་དང་པོ་ལྷ་རྣམས་མཆོད་ནས་ཀྱང༔ བར་དུ་འདུས་པ་རྒྱ་མཚོས་རོལ་བྱས་ཏེ༔ ཐོག་མར་རྡོ་རྗེ་སློབ་དཔོན་འདི་སྐད་མཆོད༔ ཧོ༔ རྡོ་རྗེ་རྒྱལ་པོ་ཡབ་ཡུམ་དགོངས་སུ་གསོལ༔ ཉེས་པའི་སྐྱོན་བྲལ་འདོད་ཡོན་ལོངས་སྤྱོད་རྫས༔ བླ་མེད་དགྱེས་མཆོད་ཚོགས་ཀྱི་ཞལ་ཟས་འདི༔ འགྲོ་བའི་དོན་ཕྱིར་བླང་དོར་མེད་པར་བཞེས༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཞེས་པས་ཕྱག་རྒྱ་པད་སྐོར་ལྡན་པས་དྲང༔ སྟོན་པས་དགྱེས་པའི་ཚུལ་གྱིས་འདི་སྐད་བླང༔ ཨེ་མ་ཧོ༔ གདོད་ནས་རྣམ་དག་ཟག་མེད་བདུད་རྩིའི་བཅུད༔ འདོད་ཡོན་མ་སྤངས་རང་དག་ཆགས་བྲལ་རྐྱེན༔ ཡིད་བཞིན་གཏེར་མཆོག་བླ་མེད་ཁྱད་པར་ཆེ༔ འགྲོ་བའི་དོན་ཕྱིར་བདག་གིས་བླངས་ཏེ་རོལ༔ ཨ་ཧོཿམ་ཧཱ་སུ་ཁ༔ དེ་ནས་རིམ་བཞིན་མཆེད་ལྕམ་རྣམས་ལ་དྲང༔ དགོངས་ཤིག་རོལ་ཅིག་མཆེད་ལྕམ་རྣལ་འབྱོར་རྣམས༔ བླ་མེད་ཐེག་པ་མཆོག་གི་ཞལ་ཟས་འདི༔ གཉིས་མཉམ་དགག་སྒྲུབ་བླང་དོར་མེད་ཚུལ་གྱིས༔ རང་བཞིན་གཅིག་པའི་དབྱིངས་སུ་ད་རོལ་ཅིག༔ འདུས་པ་རྒྱ་མཚོས་འདི་སྐད་བརྡ་ཡིས་བླང༔ ཨེ་མ་ཧོ༔ སྐྱེ་འགག་གནས་གསུམ་མཐའ་བྲལ་དོན་གྱི་དབྱིངས༔ ཆོ་འཕྲུལ་ག་ཎའི་རྟེན་འབྲེལ་ཚུལ་དང་ལྡན༔ ལྷན་ཅིག་སྐྱེས་སྦྱོར་ཟབ་མོ་གསང་མཆོག་རྫས༔ དུ་མ་རོ་གཅིག་ངང་དུ་བླང་བར་བགྱིའོ༔ གུ་ཧྱ་སིདྡྷི་ཨ་ལ་ལ་ཧོ༔ ཚོགས་ལྷག་ཡོངས་བསྡུས་གཙོ་བོའི་ཞལ་ཆབ་བྲན༔ བདུད་རྩིར་བྱིན་བརླབས་འདི་སྐད་ཕུལ་ཏེ་གཤེགས༔ ཨཱོཾ་ཨཱཿཧཱུྃ༔ ཧཱུྃ་ཧྲཱི༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ བླ་མེད་དོན་གྱི་ཆོ་ག་བརྩམས་ནས་ཀྱང༔ རོལ་པ་ཚོགས་ཀྱི་ཡོ་བྱད་རབ་བཤམས་ཏེ༔ དང་པོ་ཕུད་ཀྱིས་དཀྱིལ་འཁོར་ལྷ་རྣམས་མཆོད༔ བར་དུ་ཚོགས་ཀྱིས་འདུས་པ་རྒྱ་མཚོ་བསྐངས༔ ཐ་མ་ཕུད་ལྷག་བཤལ་ཆུའི་གཏོར་མ་འདི༔ ཡེ་ཤེས་བདུད་རྩིའི་རྒྱ་མཚོར་བྱིན་བརླབས་ནས༔ སྒྱུ་ལུས་བཀོད་པའི་གྲོང་ཁྱེར་ལ་གནས་པའི༔ དཔལ་གྱི་བཀའ་ཉན་དམ་ཚིག་གྲོགས་མཛད་མ༔ འབུམ་ཕྲག་ཡངས་པའི་ལས་བྱེད་ཚོགས་ལ་འབུལ༔ དང་པོར་ཕུད་ལ་དབང་བ་ཕུད་ལ་རོལ༔ བར་དུ་ཚོགས་ལ་དགྱེས་པ་ཚོགས་ལ་རོལ༔ ཐ་མ་ལྷག་ལ་དབང་བ་ལྷག་མ་ལོངས༔ དཔལ་གྱི་བཀའ་འབབ་ལྷག་མའི་ལོངས་སྤྱོད་འདི༔ གང་གིས་དབང་བ་ཐམས་ཅད་ཚིམས་ནས་ཀྱང༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ལས་མཛོད་ཅིག༔ ཨཱོཾ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སཱི་སྭཱ་ཧཱ༔ སྐབས་འདིར་ལྷར་གསལ་འཛབ་བསྙེན་དག་ལ་འབད༔ ཨཱོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སྭཱ་ཧཱ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲིཿཡ་ཨ་ཏྲི་ནྲྀ་ཛཿ སརྦ་ཨངྒུ་ཤ་ཙིཏྟ་ཧྲཱིང་ཧྲཱིང་སརྦ་བ་སུ་སིདྡྷི་ཀུ་རུ་སྭཱ་ཧཱ༔ ཞེས་དང་གཞན་ཡང་ཅི་ལྟར་འདོད་པ་ཡི༔ ལྷ་བསྙེན་ལ་སོགས་རང་རང་གཞུང་བཞིན་བཟླ༔ དམིགས་པའི་སྤྲོ་བསྡུ་གང་རིགས་ཁ་བསྒྱུར་འབད༔ གཏོར་མར་སྨན་རཀ་སྦྲེང་ཞིང་གཟི་བྱིན་བསྐྱེད༔ རོལ་མོ་དང་བཅས་ལྷ་རྣམས་འདི་ལྟར་བསྐུལ༔ ཧཱུྃ་ཧྲཱི༔ ཆོས་སྐུ་སྐྱེ་མེད་ཞི་བའི་ངང་ཉིད་ལས༔ ལོངས་སྐུ་མཚན་དང་དཔེ་བྱད་དཔལ་འབར་ཞིང༔ སྤྲུལ་སྐུ་ཅིར་ཡང་འགྱུར་བའི་ལྷ་ཚོགས་རྣམས༔ ཐུགས་དམ་དབྱིངས་ནས་བཞེངས་ཏེ་སྐུ་བསྐྱོད་འཚལ༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ བཞེངས་ཤིག་བཞེངས་ཤིག་འབར་བའི་ཀློང་ནས་བཞེངས༔ མཛོད་ཅིག་མཛོད་ཅིག་མངོན་སྤྱོད་ཕྲིན་ལས་མཛོད༔ བར་ཆད་དགྲ་བགེགས་རུ་དྲ་རྡུལ་དུ་རློག༔ བླ་མ་ཡི་དམ་དྷཱ་ཀིའི་ཚོགས་བཅས་རྣམས༔ ཞལ་ཟས་བདུད་རྩིའི་མཆོད་གཏོར་འདི་བཞེས་ལ༔ མཐུན་རྐྱེན་བསྒྲུབ་ཅིང་འགལ་རྐྱེན་བཟློག་པ་དང༔ ཕྲིན་ལས་རྣམ་བཞི་མྱུར་དུ་འགྲུབ་པར་མཛོད༔ བཀའ་སྲུང་ཕོ་ཉ་ལས་བྱེད་ཆོས་སྐྱོང་ཚོགས༔ གཡོག་དང་ཡང་གཡོག་སྤྲུལ་པར་བཅས་པ་རྣམས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ སྡང་བའི་དགྲ་དང་གནོད་པར་བྱེད་པའི་བགེགས༔ ཟ་བའི་འདྲེ་དང་ཕུང་བའི་སྲི་རྣམས་ཀུན༔ སྐད་ཅིག་ཡུད་ཙམ་གྱིས་ནི་མེད་པར་མཛོད༔ གང་ཞིག་བླ་མ་ལ་སྡང་སྤུན་ལ་འཁུ༔ འགྲོ་ལ་གནོད་ཅིང་བསྟན་པའི་དགྲ་བོ་རྣམས༔ ཤ་ཟོ་ཁྲག་འཐུངས་བདུན་བརྒྱུད་རྩད་ནས་ཆོད༔ འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཏེ༔ ཕྲག་དོག་ལ་སོགས་ཉོན་མོངས་དབྱིངས་སུ་སྒྲོལ༔ འཁུ་འཕྲིག་གཉིས་འཛིན་ཉེས་ཚོགས་ཉམ་ང་བ༔ ཐར་པའི་གེགས་བྱེད་བར་ཆད་རྡུལ་དུ་རློག༔ མཐུན་རྐྱེན་བསྒྲུབ་ཅིང་འགལ་རྐྱེན་བཟློག་པ་དང༔ བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ སྐབས་འདིར་མཆེད་དང་ལྕམ་དྲལ་ཐམས་ཅད་ཀྱང༔ བྲོ་གར་ལ་སོགས་རོལ་རྩེད་སྣ་ཚོགས་དང༔ ཉམས་བསྐྱང་བརྟུལ་ཞུགས་སྤྱོད་པ་ཐོགས་མེད་བྱ༔ ཞི་རྒྱས་དབང་དང་མངོན་སྤྱོད་ལ་སོགས་པའི༔ ཕྲིན་ལས་ཁ་བསྒྱུར་གང་འདོད་བརྩམ་བྱ་ཞིང༔ ཁ་སྐོང་དང་བཅས་རང་རང་གཞུང་ནས་བཙལ༔ ཇི་ལྟར་འདོད་རྣམས་རྣལ་འབྱོར་བརྩོན་པར་བྱ༔ གཏོར་མ་ཕྱིར་དཔག་བདུད་རྩི་རཀྟ་བྲན༔ སྔོན་གྱི་ཐ་ཚིག་ཆད་མདོ་འདི་ལྟར་གྱེར༔ ཧཱུྃ་བྷྱོ༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ རང་བཞིན་ལྷུན་གྲུབ་ཆོས་དབྱིངས་ཕོ་བྲང་དུ༔ ཐོག་མའི་མགོན་པོ་སྟོན་པ་ཀུན་བཟང་གིས༔ རང་བྱུང་འོད་ལྔའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ སྤྲུལ་པ་ཚོགས་དྲུག་དྷཱ་ཀི་ཤུགས་འགྲོ་ཡིས༔ སོ་སོའི་ཡུལ་སྣང་རང་གཟུགས་བསྟན་ནས་ཀྱང༔ ཅིར་སྣང་གཏོར་མ་ལེན་པར་མ་ཆད་དམ༔ འགྱུར་མེད་བསྟན་པ་སྲུང་བར་མ་ཆད་དམ༔ དུག་ལྔའི་དགྲ་བགེགས་བསྒྲལ་བར་མ་ཆད་དམ༔ སྔོན་གྱི་ཞལ་བཞེས་དམ་ལས་མ་འདའ་བར༔ རང་བཞིན་དག་པའི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ དེ་འོག་བར་གྱི་བསྐལ་པ་དབུས་མ་ལ༔ ཏིང་འཛིན་སྟོན་པ་ཡེངས་མེད་རྒྱལ་པོ་ཡིས༔ བག་ཡོད་ཤེས་བཞིན་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ འགྱུ་བྱེད་ཕྲ་རགས་ལྷ་སྲིན་སྡེ་བརྒྱད་ཀྱིས༔ སོ་སོའི་སྒྲིབ་གཡོགས་མེད་པར་གཟུགས་བསྟན་ནས༔ རང་གྲོལ་གཏོར་མ་ལེན་པར་མ་ཆད་དམ༔ འབྱམས་ཡུག་བསྟན་པ་སྲུང་བར་མ་ཆད་དམ༔ རྣམ་རྟོག་རྐུན་བུ་བསྒྲལ་བར་མ་ཆད་དམ༔ བརྗེད་ངས་ཐེར་ལ་འདོན་པར་མ་ཆད་དམ༔ སྔོན་གྱི་ཆད་དོན་ཐ་ཚིག་རྗེས་དགོངས་ལ༔ ཅིར་སྣང་རང་གྲོལ་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ དེ་འོག་བར་གྱི་བསྐལ་པ་སྙིགས་མ་ལ༔ རྒྱུ་རྐྱེན་ལས་འདས་པདྨ་འབྱུང་གནས་དང༔ གློ་བུར་ལྟར་སྣང་རྗེ་འབངས་གྲོགས་བཅས་ཀྱིས༔ མོས་པའི་བློས་བཟུང་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ ཀུན་རྫོབ་མཚན་མའི་བཀའ་སྲུང་ཐམས་ཅད་ཀྱིས༔ རྣམ་རྟོག་ཡིད་ཀྱི་རང་གཟུགས་བསྟན་ནས་ཀྱང༔ ཡིད་དཔྱོད་གཏོར་མ་ལེན་པར་མ་ཆད་དམ༔ རང་བབས་བསྟན་པ་བསྲུང་བར་མ་ཆད་དམ༔ རྣམ་གཡེངས་དགྲ་བགེགས་བསྒྲལ་བར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཡེ་ཤེས་བཅུད་ལྡན་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ད་དུས་དེང་སང་བསྐལ་པའི་སྙིགས་མ་ལ༔ སྐྱེ་རྒ་ན་འཆི་འགྱུར་བའི་ཕོ་བྲང་དུ༔ ལོང་མེད་བརྩོན་འགྲུས་སྔགས་འཆང་བདག་ཅག་གིས༔ སྐྱོ་ཤས་མོས་གུས་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ ཀུན་རྫོབ་ལྟར་སྣང་འདུས་བྱས་ལྷ་འདྲེ་ཡིས༔ མངོན་སུམ་མི་རྟག་རང་གཟུགས་བསྟན་ནས་ཀྱང༔ འཁྲུལ་སྣང་གཏོར་མ་ལེན་པར་མ་ཆད་དམ༔ གཉན་པོའི་བསྟན་པ་བསྲུང་བར་མ་ཆད་དམ༔ བསླུ་བྲིད་དགྲ་བགེགས་བསྒྲལ་བར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ དྲན་སྣང་སོ་མའི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ གཏོར་གཞོང་བཤལ་ཆུས་བརྟན་མ་བསྐྱང་བ་ནི༔ བྷྱོ༔བརྟན་མ་སྐྱོང་མཛད་མ་སྲིང་རྒྱ་མཚོའི་ཚོགས༔ ཕྱི་ནང་གཞན་སོགས་བཀའ་ཡི་བྱ་ར་བ༔ དམ་ཚིག་གཉན་གྱི་གྲོགས་མཛད་དྷཱ་ཀི་རྣམས༔ སྤྲུལ་དང་ཡང་སྤྲུལ་བྲན་དང་བཅས་རྣམས་ཀྱང༔ རྣམ་འགྱུར་ཆ་ལུགས་ཅིར་ཡང་སྟོན་བྱེད་ཅིང༔ ལས་སུ་སངས་རྒྱས་བསྟན་པ་གཉན་པོ་སྲུང༔ ཟས་དང་སྐོམ་དུ་ཤ་དང་ཁྲག་ལ་དགྱེས༔ འདིར་གཤེགས་རྫས་ཀྱི་གཏོར་མ་འདི་བཞེས་ལ༔ བཀའ་དང་བསྟན་པ་ཡུན་དུ་སྲུང་བ་དང༔ འཁོར་དང་གང་ཟག་རྟག་ཏུ་སྐྱོང་བ་དང༔ རྣལ་འབྱོར་སྒྲུབ་པ་པོ་ཡི་གྲོགས་མཛོད་ཅིག༔ བསྟན་སྐྱོང་སྲུང་མ་རྣམས་ཀྱིས་རྟག་ཏུ་སྐྱོངས༔ གནོད་བྱེད་འགུགས་གཞུག་བྱས་ཏེ་གཏོར་གཞོང་སྦུབ༔ གཏོར་གཞོང་རི་རབ་མནན་དམིགས་རྟ་བྲོ་བརྡུང༔ ཧཱུྃ་ཧྲཱི༔ བླ་མའི་བྱིན་རླབས་ཡི་དམ་ཏིང་འཛིན་དང༔ མཁའ་འགྲོའི་མཐུ་རྩལ་མཆེད་ལྕམ་རྫུ་འཕྲུལ་གྱིས༔ གནོད་བྱེད་བདུད་དང་དགྲ་བགེགས་རུ་དྲའི་ཚོགས༔ ཉོན་མོངས་ལ་སོགས་ཐར་པའི་གེགས་བྱེད་རྣམས༔ ཕོ་བྲང་རི་རབ་ཆེན་པོའི་འོག་ཏུ་མནན༔ སྟེང་དུ་ཁྲོ་རྒྱལ་བརྟུལ་ཞུགས་བྲོ་བརྡུངས་པས༔ བླ་མེད་བྱང་ཆུབ་མཆོག་སེམས་མ་སྐྱེས་བར༔ མནན་པ་ཡིན་གྱིས་ལྡང་བར་མ་བྱེད་ཅིག༔ ཨཱོཾ་ཨཱཿཧཱུྃ་སྟཾ་བྷ་ཡ་མཱ་ར་ཡ་ནན༔ ནང་ལོག་དངོས་གྲུབ་རྫས་རྣམས་ལག་ཏུ་ཐོགས༔ དཀྱིལ་འཁོར་བསྐོར་ཞིང་དངོས་གྲུབ་སྩོལ་དམིགས་ལ༔ ཧཱུྃ་ཧྲཱི༔ བདེ་ཆེན་ཡངས་པ་ཆེན་པོའི་ཕོ་བྲང་ནས༔ བྱིན་རླབས་མཆོག་སྩོལ་བླ་མ་ཆོས་ཀྱི་སྐུ༔ ཇི་ལྟར་འདོད་འབྱུང་ཡིད་བཞིན་གཏེར་གྱི་མཛོད༔ བྱིན་རླབས་སྨིན་གྲོལ་དངོས་གྲུབ་བསྩལ་དུ་གསོལ༔ སྣང་ལ་མ་འགག་ཅིར་སྣང་གཞལ་ཡས་ནས༔ དངོས་གྲུབ་ཀུན་སྟེར་ཡི་དམ་ལོངས་སྤྱོད་རྫོགས༔ ཞི་དང་ཁྲོ་ཚུལ་དགོས་འདོད་ཀུན་འབྱུང་བ༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ མཐུ་སྟོབས་ནུས་པ་མཐར་ཕྱིན་ཕོ་བྲང་ནས༔ ཕྲིན་ལས་མངའ་བདག་དྷཱ་ཀི་སྤྲུལ་པའི་སྐུ༔ རྫུ་འཕྲུལ་སྣ་ཚོགས་སྟོན་ཅིང་བྱ་ར་བྱེད༔ རྣམ་བཞིའི་ལས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཡོངས་ཀྱི་གཙོ་མཆོག་ཨོ་རྒྱན་ཐོད་ཕྲེང་རྩལ༔ ཁྱོད་ལ་རྩེ་གཅིག་གུས་པས་གསོལ་འདེབས་ཀྱིས༔ བླ་མེད་མཆོག་དང་ཐུན་མོང་ཡིད་བཞིན་སོགས༔ དངོས་གྲུབ་དམ་པ་དེང་འདིར་བསྩལ་དུ་གསོལ༔ འཆི་མེད་ཚེ་དང་ཟས་ནོར་ལོངས་སྤྱོད་སོགས༔ གནས་སྐབས་བདེ་སྐྱིད་དངོས་གྲུབ་བསྩལ་དུ་གསོལ༔ སྐྱེ་འགག་གནས་གསུམ་མཐའ་བྲལ་སྐུ་གསུང་ཐུགས༔ ངོ་བོ་རང་བཞིན་ཐུགས་རྗེ་ཡངས་པའི་ཀློང༔ ལུས་ངག་ཡིད་གསུམ་སྨིན་གྲོལ་ས་ལ་སྦྱོར༔ ཡང་དག་དོན་འབྲས་བཅུད་ཀྱི་དངོས་གྲུབ་སྩོལ༔ དངོས་གྲུབ་སྩལ་དང་སྩོལ་བར་མི་དམིགས་ཀྱང༔ ཁྱེད་དང་བདག་གཉིས་གཡར་དམ་གཅིག་པའི་གནད༔ འགྲོ་ལ་ཕན་ཕྱིར་བདག་གིས་སྩོལ་བགྱིད་ན༔ དམ་ཚིག་དབང་གིས་ཅི་འདོད་དངོས་གྲུབ་སྩོལ༔ ཨཱོཾ་ཨཱཿཧཱུྃ་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཨ་ལ་ལ་ཧོ༔ ཞེས་པས་དངོས་གྲུབ་རྫས་རྣམས་ལོངས་སྤྱོད་དོ༔ དེ་ནས་ཉེས་བྱས་བཤགས་པ་འདི་སྐད་དོ༔ ཀྱེ་ཀྱེ༔ དུས་གསུམ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ ཐུགས་རྗེ་བརྩེ་བས་བྲེང་ཙམ་བདག་ལ་དགོངས༔ བློ་ནོར་བླུན་རྨོངས་འཁྲུལ་པ་བདག་འདྲ་ཡིས༔ དད་གདུང་གུས་པས་ལྷ་མཆོག་བསྒྲུབ་སླད་དུ༔ ཕྲིན་ལས་ཆོ་གའི་ཚུལ་འདི་བརྩམས་ལགས་ཀྱང༔ མ་རིག་སྒྲིབ་པས་ཉེས་ལྟུང་ཕོག་གྱུར་ན༔ ཡེ་ཤེས་ལྷ་ལ་གཙང་སྨེ་མི་མངའ་ཡང༔ ཁྱེད་ཀྱི་འབངས་སུ་གྱུར་པའི་སྲུང་མ་རྣམས༔ གཡེལ་བར་གྱུར་པའི་ལས་བགྱིས་བཟོད་པར་གསོལ༔ ཉེས་ལྟུང་སྒྲིབ་པའི་ཚོགས་རྣམས་མཐོལ་ཞིང་བཤགས༔ ཕྱིན་ཆད་བདག་ལ་ནོངས་པར་མ་གྱུར་ཅིག༔ ཅེས་སོགས་གཞན་ཡང་ཡི་གེ་བརྒྱ་པ་ཡིས༔ ལྷག་ཆད་ཁ་བསྐང་བཤགས་པ་གང་འཐད་བྱ༔ མེ་ཏོག་འཐོར་ཞིང་འདི་སྐད་ཤིས་པ་བརྗོད༔ ཧཱུྃ་ཧྲཱི༔ རྒྱལ་བའི་སྐུ་ནི་རི་རྒྱལ་ལྷུན་པོ་ལྟར༔ གཟི་བརྗིད་ལྷུན་ཆགས་བདུད་དཔུང་ཟིལ་གྱིས་གནོན༔ བལྟ་བས་མི་ངོམས་འགྱུར་མེད་རྡོ་རྗེ་སྟེ༔ ཡིད་བཞིན་ནོར་མཆོག་སྐུ་ཡི་བཀྲ་ཤིས་ཤོག༔ རྒྱལ་བའི་གསུང་ནི་ཚངས་པའི་སྒྲ་དབྱངས་ལྟར༔ འུར་ཏིང་སིང་ཁྲོལ་ཆོས་དབྱངས་འབྲུག་སྒྲ་སྒྲོག༔ འགྲོ་རྣམས་དབྱངས་ཆེན་བདུད་རྩིས་ངོམས་པར་མཛད༔ རང་བྱུང་འགགས་མེད་གསུང་གི་བཀྲ་ཤིས་ཤོག༔ རྒྱལ་བའི་ཐུགས་ནི་རྐྱེན་བྲལ་ནམ་མཁའ་ལྟར༔ ཀུན་ཁྱབ་བདེ་གསལ་མི་རྟོག་ཐུགས་རྗེ་ཅན༔ འགྲོ་རྣམས་ཡལ་བར་མི་འདོར་བུ་བཞིན་སྐྱོང༔ མཁྱེན་བརྩེ་ཡེ་ཤེས་ཐུགས་ཀྱི་བཀྲ་ཤིས་ཤོག༔ རྒྱལ་བ་རྣམས་ཀྱི་ཡོན་ཏན་དཔག་ཡས་ཤིང༔ འཁོར་འདས་དབྱེར་མེད་ལྷུན་འབྱམས་ཡོངས་ལ་མངའ༔ གཏིང་ཟབ་ཡངས་པ་བདུད་རྩིའི་ཆར་རྒྱུན་འབེབ༔ ཡོན་ཏན་མི་ཟད་མཆོག་གི་བཀྲ་ཤིས་ཤོག༔ རྒྱལ་བའི་ཕྲིན་ལས་ཡོངས་ལ་མངའ་བརྙེས་པས༔ ཐབས་དང་ཤེས་རབ་མཛད་པ་དུ་མ་ཡི༔ མཐུ་སྟོབས་རྩལ་གྱིས་འགྲོ་བ་སྒྲོལ་བར་མཛད༔ ཕྲིན་ལས་མཐར་ཕྱིན་བཀྲ་ཤིས་ཡོངས་ཁྱབ་ཤོག༔ ༈ སྣོད་བཅུད་སྐྱེ་འགྲོ་ལྷ་དང་བཅས་པ་རྣམས༔ སྒྱུ་ལུས་གཞལ་ཡས་ཁང་དུ་གསལ་ལ་བསྡུ༔ དེ་ཡང་ཤེས་རིག་ལྷ་ཚོགས་བསྐྱེད་ལ་སྟེ༔ དེ་ཡང་འཁོར་རྣམས་གཙོ་བོ་ཡབ་ཡུམ་ལ༔ ཡུམ་ཉིད་ཡབ་ལ་ཡབ་ཀྱང་ས་བོན་ལ༔ ས་བོན་བར་སྣང་འཇའ་འམ་ཆུ་བུར་ལྟར༔ དམིགས་མེད་རྒྱས་གདབ་གང་ཤར་འཕྲོ་འདུ་རྣམས༔ རང་གར་ངང་བཞག་བཅོས་བསླད་མི་བྱ་བར༔ ཆད་མེད་རྒྱ་ཡན་ཅོག་བཞག་ལྷུག་པར་བོར༔ རང་ལུགས་བབས་གནས་དབྱིངས་རིག་མ་བུ་འདྲེས༔ གདོད་མའི་སངས་རྒྱས་ཉིད་དང་མཇལ་བར་གྱུར༔ དེ་ལྟའི་ཚུལ་འདི་རྣལ་འབྱོར་རྒྱལ་པོས་བལྟ༔ མཆོད་གཏོར་ལ་སོགས་ཡོ་བྱད་དཀྱིལ་འཁོར་རྣམས༔ དངོས་གྲུབ་བླང་དང་གཤེགས་པ་གང་འཐད་བྱ༔ ལས་རྗེས་མི་མངོན་ཡང་ན་གང་མཛེས་ཏེ༔ རྗེས་ཀྱི་ཚུལ་ལུགས་རྣལ་འབྱོར་ཉམས་དང་སྦྱར༔ དེ་ལས་བྱུང་དང་གཞན་ཡང་དགེ་བའི་རྒྱུན༔ བྱས་དང་བྱེད་འགྱུར་གཞན་ལ་ཡི་རང་སྟེ༔ བདག་གཞན་དགེ་རྩ་ཐེག་ཆེན་སར་བསྔོས་ལ༔ འཁོར་གསུམ་དམིགས་མེད་ངང་ལ་གནས་པར་བྱ༔ ཆོས་ཀྱི་དབྱིངས་ཀྱི་ངང་ལས་རྒྱུན་བྱུང་བ༔ དམིགས་བཅས་དམིགས་མེད་ཟུང་འཇུག་དགེ་བའི་ལས༔ འདིས་མཚོན་བདག་གཞན་བྱས་བྱེད་ཡི་རང་སོགས༔ བླ་མེད་ཐེག་པ་ཆེན་པོར་བསྔོ་བར་བགྱི༔ བདག་དང་མཐའ་ཡས་འགྲོ་བ་མ་ལུས་ཀུན༔ དགེ་བའི་རྩ་བ་འདི་ལ་བརྟེན་ནས་ནི༔ ཚེ་རབས་ལས་ཀྱི་སྡིག་སྒྲིབ་ཡོངས་བྱང་ནས༔ ཟབ་ཡངས་ཆོས་མཛོད་ཀློང་དུ་གྲོལ་བར་ཤོག༔ ཅེས་པ་ལ་སོགས་བསྔོ་བ་སྨོན་ལམ་རིགས༔ ཇི་ལྟར་འདོད་བཞིན་མཆེད་ལྕམ་རྣམས་ཀྱིས་བྱ༔ གཞན་ཡང་རྗེས་ཀྱི་བྱ་བ་སྤྱི་དང་མཐུན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་ལྟར་ཕྲིན་ལས་རིམ་པ་ནི༔ ལུས་དཀྱིལ་ཉིད་དང་འབྲེལ་བ་སྟེ༔ རྒྱས་བསྡུས་ལོང་ཁྱབ་ཚུལ་དང་བསྟུན༔ བདག་བསྐྱེད་ལྷ་ཡི་རྣལ་འབྱོར་དང༔ མདུན་དུའང་སྐུ་གཟུགས་དཀྱིལ་འཁོར་སོགས༔ དམིགས་རྟེན་གང་འཐད་བཀྲམ་བྱ་ཞིང༔ མཆོད་གཏོར་ལ་སོགས་ཚུལ་བཞིན་བཤམ༔ ཆོ་ག་གཞན་དང་འབྲེལ་ན་ཡང༔ རང་གཞུང་ཚུལ་ལ་ཆོ་ག་འདི༔ ལྷག་ཆད་མེད་པར་བརྩམས་གྱུར་ན༔ བྱིན་རླབས་དངོས་གྲུབ་ལ་སོགས་པ༔ རྣལ་འབྱོར་ཇི་ལྟར་བསམ་བཞིན་འགྲུབ༔ འདི་ནི་ཀུན་གྱི་ཁ་སྐོང་སྟེ༔ མདོར་བསྡུས་པདྨ་བཛྲས་བཀོད༔ ལས་ཅན་བུ་དང་འཕྲད་པར་ཤོག༔ ས་མ་ཡ༔ སྦས་རྒྱ༔ གཏེར་རྒྱ༔ གཏད་རྒྱ༔ བརྡ་ཐིམ༔ ཕྲིན་ལས་ལམ་ཁྱེར་བསྡུས་པ་མེ་ཏོག་ཕྲེང་མཛེས་ཞེས་བྱ་བ༔ མཆིམས་ཕུ་བྲེ་གུའི་དགེའུར་སློབ་དཔོན་ཆེན་པོ་པདྨས་མཛད་པ་ལ༔ ཕྱི་རབས་ཀྱི་རྣལ་འབྱོར་དོན་ཆེད་དུ་མཚོ་རྒྱལ་བདག་གིས་ཟིན་བྲིས་སུ་བཏབ་ནས་དབུས་རི་ནག་པོའི་ལྟོང༔ཨོ་རྒྱན་གྱི་སྒྲུབ་གནས་པུ་རི་ཕུག་ཆེན་དུ་རྒྱ་རིམ་པ་དགུས་བསྡམས་ནས་གཏེར་དུ་སྦས་པའོ༔ སྤྲུལ་སྐུ་སངས་རྒྱས་གླིང་པ་གར་གྱི་དབང་ཕྱུག་རོལ་པ་ཡེ་ཤེས་རྩལ་གྱིས་གཏེར་ནས་གདན་དྲངས་པ་ལགས་སོ།། །།

བླ་མ་དགོངས་པ་འདུས་པའི་ལས་བྱང་མེ་ཏོག་ཕྲེང་མཛེས་ཀྱི་མངོན་རྟོགས་ཅུང་ཟད་སྤྲོས་པ་དང་ཉེར་མཁོའི་ཟུར་འདེབས་ཉུང་ངུ་རིན་ཆེན་སྙིང་པོའི་ཟེའུ་འབྲུ་ (Volume 7, Text 8)

༄༅། །བླ་མ་དགོངས་པ་འདུས་པའི་ལས་བྱང་མེ་ཏོག་ཕྲེང་མཛེས་ཀྱི་མངོན་རྟོགས་ཅུང་ཟད་སྤྲོས་པ་དང་ཉེར་མཁོའི་ཟུར་འདེབས་ཉུང་ངུ་ རིན་ཆེན་སྙིང་པོའི་ཟེའུ་འབྲུ་ཞེས་བྱ་བ་བཞུགས། ། གུ་རུ་ཤྲཱི་པདྨ་བཛྲ་ཡེ། མཁའ་ཁྱབ་རྒྱལ་བའི་སྐུ་རྡོ་རྗེ། །མཐའ་ཡས་གསུང་གི་རྡོ་རྗེའི་མཛོད། །གར་དབང་བདེ་མཆོག་ཐུགས་རྡོ་རྗེ། །རྡོ་རྗེ་ཅན་ཞབས་པདྨོར་འདུད། །དེ་ལ་འདིར་བླ་མ་དགོངས་འདུས་ལས་བྱང་མེ་ཏོག་ཕྲེང་མཛེས་ནི། ནང་ཨ་ནུའི་གཞུང་ལྟར་ལུས་དཀྱིལ་ལ་བརྟེན་ཅིང་། མདུན་བསྐྱེད་ལའང་སྒྲུབ་པར་རུང་བ་སྟེ། ཕྱི་ནང་གཞན་གསུམ་དོན་གྱི་དེ་ཉིད་གཅིག་ཏུ་འདུ་བའི་ཕྱིར་ཚིག་གཅིག་གིས་བདག་བསྒོམ་ལུས་དཀྱིལ་དང་། མདུན་བསྐྱེད་ཚོམ་བུའམ། རས་བྲིས་སོགས་ཀྱི་དཀྱིལ་འཁོར་དུ་བསྐྱེད་པས་འགྲུབ་ལ། དེའི་ཚུལ་མ་ཧཱ་གུ་རུ་རྡོ་རྗེ་འཆང་གིས་རང་གཞུང་ནི་སྒྲུབ་སྐོར་གཞན་དང་། འདི་ཉིད་ཡི་དམ་དུ་བྱེད་པའི་རྣལ་འབྱོར་པས་བཀའ་གཏེར་གྱི་དཀྱིལ་འཁོར་གང་གི་སྐབས་སུའང་སྦྱོར་དུ་རུང་བའི་ཆོ་ག །གཞུང་ཉུང་ངུའི་ཚིག་གིས་མདོར་དྲིལ་ཏེ་རྒྱུན་ཁྱེར་དུ་བྱ་བའི་ཆེད། མ་ཚང་ཁ་སྐོང་གི་ཚུལ་དུ་སྤེལ་བ་བསྒོམ་དོན་མངོན་རྟོགས་ཀྱི་ངག་འདོན་གཞུང་འདི་ཉིད་ཀྱི་དངོས་བསྟན། རྣལ་འབྱོར་པ་དགོངས་འདུས་ཀྱི་དཀྱིལ་འཁོར་ཆེན་པོའི་ཆོ་ག་སྤྱི་བྱེ་བྲག་ཐམས་ཅད་ལ་རང་བྱན་ཚུད་པ་དག་ལ་བསྟན་ཏེ་དགོངས་པས། ཤིན་ཏུ་བསྡུས་པ་ལས་མ་བྱུང་ཞིང་། དེང་སང་མོས་པ་དང་ལྡན་ཡང་། ཤེས་བརྩོན་ལོང་ཁྱབ་ཐམས་ཅད་དབུལ་པོར་གྱུར་པ་དག་གིས་མངོན་རྟོགས་དང་། ལས་བྱང་ཆེན་མོ་ནས་བཀླག་མི་ཁོམས་ཤིང་། དཀྱིལ་འཁོར་དང་། ལྷའི་བཞུགས་ཚུལ་ཇི་བཞིན་པ་ཁོང་དུ་མ་ཆུད་བཞིན་ལས་བྱང་མེ་ཕྲེང་བཀླགས་པའང་དོན་དུ་མི་འགྱུར་བར་མཐོང་ནས། འདིར་ཅུང་ཟད་ཀྱི་གསལ་ཁ་བགྱིས་པའང་མེ་ཏོག་ཕྲེང་མཛེས་ཉིད་ལས། འདི་ལྟར་ཕྲིན་ལས་རིམ་པ་ནི༔ ལུས་དཀྱིལ་ཉིད་དང་འབྲེལ་བ་སྟེ༔ རྒྱས་བསྡུས་ལོང་ཁྱབ་ཚུལ་དང་བསྟུན༔ ཞེས་རྗེས་སུ་གནང་བ་བསྩལ་བ་ལ་བརྟེན་ནས་བརྗོད་པ་ལ། གཞལ་ཡས་ཁང་བསྐྱེད་པ་ལའང་ལུས་དཀྱིལ་ཅུང་ཟད་གོ་བ་ཆགས་པའི་དབང་དུ་བཏང་བས། འདིར་འདོན་ཆ་མང་དུ་དོགས་པས་མ་སྤྲོས་ལ། སྔོན་འགྲོ་ལ་སོགས་པའི་ཉེར་མཁོ་ཕྲན་བུ་དང་། སྐུ་བསྐྱེད་པའི་མངོན་རྟོགས་དོན་འདུས་ཤིག་བརྗོད་པ་ནི། དེའང་འདིར་གཞི་ལུས་དཀྱིལ་འཁོར་དུ་ཤེས་པའི་དག་སྦྱོར་འདི་ཉིད་ཀྱི་ཁྱད་ཆོས་ཀྱི་གོ་དོན་ནི། ལུས་སྐྱེས་བུ་གན་རྐྱལ་དུ་གནས་པའི་ཚུལ་ལས་བརྩམས་ནས་བསྒོམ་དགོས་པར་བཞེད་ལ། ཡང་གསང་ཐུགས་སྒྲུབ་ཉི་ཟླ་ཁ་སྦྱོར་ལས། ཕྱི་ཞི་བའི་དབྱིབས་ནི་གང་སྐྱེས་བུ་གན་རྐྱལ་དུ་ཉལ་བའི་རྣམ་པར་བལྟས་པའི་ནང་དུ༔ དྲག་པོ་དུར་ཁྲོད་ཀྱི་གཞལ་ཡས་ཁང༔ ལ་སོགས་པ་གསུངས་པ་བཞིན་དང་། ཡང་དེ་ཉིད་ལས༔ གཞལ་ཡས་ཁང་དེ་དག་གི་ནང་ཕོ་བྲང་ལིང་ཚེ་དགུར་གནས་པ་སྟེ༔ རྩ་ཆུང་གཉིས་ཚངས་པའི་རྩ་ལ་ཟུག༔ རྩ་བོ་ཆེ་དང་ལོང་རྩ་གཉིས༔ ལག་པའི་བལྟ་རྩ་གཉིས༔ བརླ་རྩ་གཉིས་ཕན་ཚུན་འབྲེལ་བའི་རྩ་གཉིས༔ དེ་བཞི་ཀའི་རྩ་བ་སྲོག་རྩ་ཉིད་ལས་གྱེས་པས༔ ལིང་ཚེ་དགུ་པོ་སྲོག་རྩ་ལ་ཚང་ངོ༔ སོགས་དང་། ཀུན་གཞིའི་སེམས་ཀྱི་རང་བཞིན་རྟེན་སྲོག་རྩ་གསེར་གྱི་སྦུ་གུ་ལ་གནས་ཏེ༔ དེ་ནི་ལུས་ཀྱི་སྲོག་ཤིང་ཡིན་པས༔ དེར་གཙོ་མཆོག་པདྨ་བཛྲ་རྩལ་ཡབ་ཡུམ་འཁོར་དང་བཅས་པ་བཞུགས་པར་གསལ་ལོ༔ སྲོག་རྩའི་ཤར་ཕྱོགས་སྙིང་ཡིན་ཏེ༔ སྙིང་ལ་བརྟེན་ནས་རིགས་ཐམས་ཅད་འཆར་བར་བྱེད་དོ༔ སྙིང་ག་ཆོས་ཀྱི་ཕོ་བྲང་དུ་བུདྡྷ་ཐོད་ཕྲེང་རྩལ་ཡབ་ཡུམ་འཁོར་དང་བཅས་པ་བཞུགས་པར་གསལ་ལོ༔ སྲོག་རྩའི་ལྷོ་ཕྱོགས་མགོ་ཡིན་པས༔ མགོ་ལ་དབང་པོ་ལྔ་ཚང་ཞིང༔ ཡོན་ཏན་རྒྱས་པས༔ སྤྱི་བོར་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ་མི་བསྐྱོད་རྡོ་རྗེ་ཡབ་ཡུམ་འཁོར་དང་བཅས་པ་བཞུགས་པར་གསལ་ལོ༔ སྲོག་རྩའི་ནུབ་ཕྱོགས་མགྲིན་པ་སྟེ༔ མགྲིན་པར་ལས་མན་གྱི་རྩ་ཐམས་ཅད་འདུས་ཤིང་ནུབ་པས༔ མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་པདྨ་དབང་ཆེན་རྩལ་ཡབ་ཡུམ་འཁོར་དང་བཅས་པ་གསལ་ལོ། །སྲོག་རྩའི་བྱང་ཕྱོགས་ནི་ལྟེ་བ་ཡིན་ལ༔ སྲིད་པ་དང་པོ་ལྟེ་བ་ནས་ཆགས་པས༔ ལྟེ་བ་སྤྲུལ་པའི་འཁོར་ལོར་རིག་འཛིན་ཐོད་པ་རྩལ་ཡབ་ཡུམ་འཁོར་དང་བཅས་པ་གསལ་ལོ༔ སྲོག་རྩའི་ཤར་ལྷོ་གསང་བ་ཡིན་ཏེ༔ གསང་བ་རྩའི་གཙོ་བོ་ནས་སྒལ་ཚིག་མཁར་མ་ཞོན་ཅིང་གནས་པ་ཡིན་པས༔ གསང་གནས་བདེ་སྐྱོང་གི་འཁོར་ལོར་གུ་རུ་དྲག་པོ་རྩལ་ཡབ་ཡུམ་འཁོར་དང་བཅས་པ་གསལ་ལོ༔ སྲོག་རྩའི་ནུབ་བྱང་རྐང་པ་གཡས་པ་སྟེ༔ སྲོག་རྩའི་གཡས་ཀྱི་མཇུག་མ་རྩ་བོ་ཆེ་ནས༔ ལོང་རྩའི་གཡས་པའི་མཇུག་གི་བར་རྩ་བོ་ཆེ་ལ་ཐུག་ཅིང༔ རྐང་པ་ལོ་ཀའི་འཁོར་ལོར་དཔལ་རྟ་མགྲིན་ཡབ་ཡུམ་འཁོར་དང་བཅས་པ་གསལ་ལོ༔ སྲོག་རྩའི་བྱང་ཤར་རྐང་པ་གཡོན་པ་སྟེ༔ སྲོག་རྩ་གཡོན་པའི་མཇུག་རྩ་བོ་ཆེ༔ ལོང་རྩ་གཡོན་ནས་ཁྲིད་ནས༔ རྐང་པ་གཡོན་གྱི་གོང་ཁར་རྩ་ལ་ཐུག་ཅིང༔ རྐང་པ་རླུང་གི་འཁོར་ལོའི་སྟེང་དུ་དཔལ་གསང་བའི་བདག་པོ་ཡབ་ཡུམ་འཁོར་དང་བཅས་པ་གསལ་ལོ༔ སྲོག་རྩའི་ལྷོ་ནུབ་ནི་སྤྱི་བོ་སྟེ༔ ཚངས་པའི་རྩ་བཟང་གསེར་འདྲ་ལ་ཐུག་ཅིང་སངས་རྒྱས་དཔའ་བོ་ཐོད་པའི་དུམ་བུ་ཡབ་ཡུམ་འཁོར་བཅས་དང་ཐ་མ་རིགས་ལྔའི་བདག་ཉིད་གཟི་མདངས་དང་ལྡན་པར་གསལ་ཏེ༔ དེ་ཡང་ཚངས་པའི་རྩ་ནས་བྱིན་རླབས་འཇུག་ཅིང་ལུས་ཀུན་ལ་སྙོམས་པར་བྱེད་དོ༔ དཀྱིལ་འཁོར་གྱི་ཁ་ནི་པགས་པས་ལུས་ཁྱབ་པར་བཏུམ་པས༔ པགས་པའི་རྩ་ཕྲན་ལ༔ དཔའ་བོ་དཔའ་མོ་རྣམས་དང༔ མཁའ་འགྲོ༔ ཤུགས་འགྲོ༔ གིང་ཚོགས༔ དམ་ཅན་སྲུང་མ༔ ཕོ་ཉ་ལས་མཁན་དང་བཅས་པ་གསལ་ལོ༔ གསང་སྒོ་ལ་སོགས་པ་ནང་གི་སྒོ་བཞིར་བྱེད་གཟུགས་ཀྱི་ལྷ་མོ་བཞི༔ ལྟེ་བ་ལ་སོགས་པ་ཕྱིའི་སྒོ་བཞིར་ལྕགས་ཀྱུ༔ ཞགས་པ༔ ལྕགས་སྒྲོག༔ དྲིལ་ཁྲོལ་མ་བཞི་རྣམས་གསལ༔ དེ་ལྟར་གསལ་བ་རྣམས་ནི༔ བཞུགས་གནས་ཀྱི་རྩ་ཐམས་ཅད་གདོས་པོ་ཅན་ཤ་ཁྲག་རྩ་རྒྱུས་ཀྱི་ནར་ནུར་མ་ཡིན་པར༔ ཤེལ་གྱི་སྦུ་གུ་ལྟར་ཕྱི་ནང་མེད་པར་གསལ་ཞིང་དྭངས་བ་སྣང་ལ་རང་བཞིན་མ་གྲུབ་པའི་རྣམ་པ་ཅན༔ ལྷ་ཐམས་ཅད་ཀྱང་དབུ་མཐའ་ཡས༔ ཕྱག་མཐའ་ཡས༔ རྒྱན་ཆ་ལུགས་མཐའ་ཡས་པའི་རྣམ་པ་ཅན་ནམ༔ དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད་པའི་སྟངས་སྟབས་ཅན༔ མ་ཧཱ་ཡོ་ག་ལྟར་བསྟན་པའི་མངོན་རྟོགས་ནས་འབྱུང་བ་ལྟར་གྱི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ཅན༔ ཞལ་གཅིག་ཕྱག་གཉིས་པ་ཕྱི་ནང་གསང་གསུམ་ཚུལ་ལྟར་རམ༔ གཞན་ཡང་ཞི་བའི་ཚུལ་ལམ༔ ཁྲོ་བོ་དང༔ ཞི་མ་ཁྲོ༔ ཡབ་རྐྱང༔ ཡུམ་རྐྱང་ལ་སོགས་པའི་ཚུལ་ལམ༔ བླ་མ་ཡི་དམ་མཁའ་འགྲོ་ལ་སོགས་པ་སྟེ༔ མདོར་ན་རང་རང་གི་བློ་ལ་ཇི་ལྟར་བབས་ཤིང་འཐད་ནས༔ བློས་གང་ལྕོགས་ལྕོགས་སུ་གསལ་གདབ་པས་ཆོག༔ དེ་ཅིའི་ཕྱིར་ན༔ ཡེ་ཤེས་ཀྱི་ལྷ་ཐམས་ཅད་རྣམ་པ་གཅིག་ཏུ་ཐེར་ཟུག་ཅིང་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་རྣམས་ངེས་ངེས་རྟག་རྟག་པོ་མེད་དེ༔ ཐམས་ཅད་ཀྱང་ཆོས་ཀྱི་སྐུའི་རྣམ་འཕྲུལ་ལས༔ སྤྲུལ་པ་དང་ཡང་སྤྲུལ་དུ་མས་གདུལ་བྱ་སེམས་ཅན་གྱི་དོན་མཛད་པས༔ སེམས་ཅན་རྣམས་ཀྱི་སྣང་ཚུལ་དང་བསྟུན་པའི་སྐུར་གང་ལ་གང་འདུལ་དུ་བསྟན་པའི་ཕྱིར་རོ༔ དེ་སྐད་དུ་ཡང༔ སེམས་ཅན་མོས་པ་དུ་མའི་བློ༔ འཐད་པར་རྫུ་འཕྲུལ་སྣ་ཚོགས་ཀྱི༔ སྐུ་དང་གསུང་དང་ཐུགས་མཐའ་ཡས༔ སྤྲུལ་དང་ཡང་སྤྲུལ་ཚད་བཟུང་མེད༔ ཅེས་འབྱུང་བའི་ཕྱིར༔ ཞེས་པ་ལ་སོགས་པ་གདམས་པར་མཛད་པ་བཞིན་རྗེས་སུ་གནང་བའི་དོན་ལ་བཞུགས་པས་རྒྱས་བསྡུས་ཅུང་ཟད་ཀྱིས་བསླད་པའི་རྐྱེན་དུ་མི་འགྱུར་བར་མཐོང་ནས། རྩ་བའི་དགོངས་པ་དང་བསྟུན་ནས་བཤད་པ་ལ། དབང་དང་། སྒྲུབ་ཆེན། སྐོང་ཆོག་ཆེ་ཆུང་སོགས་ཀྱི་སྐབས་སྔོན་འགྲོ་སོགས་ཡན་ལག་གི་ཉེར་མཁོ་སྦྱོར་ལུགས་དེ་དག་གི་ལག་ལེན་ཁྲིགས་བསྡེབས་ཀྱི་གཞུང་དུ་བཀའ་བསྩལ་པ་ཉིད་སོར་བཞག་ལས་སྤྲོས་པ་མི་དགོས་ཤིང་། འདིར་ཚེས་བཅུ་ལྟ་བུར་མེ་ཕྲེང་རྐྱང་པ་སྒེར་ཐུབས་སུ་གཏང་སྐབས། ཉེ་བར་མཁོ་བ་འགའ་ཞིག་དང་བཅས་སྤྲོ་བ་ལ། ཐོག་མར་ཚིག་བདུན་གསོལ་འདེབས་རྗེས། མཎྜལ་ལས་འབྱུང་བའི་གསོལ་འདེབས་བསྡུས་པ་ནི། ཧྲཱིཿ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ བྱིན་རླབས་རྩ་བ་ཨོ་རྒྱན་ཆོས་ཀྱི་རྗེ༔ འགྲོ་མགོན་པདྨ་འབྱུང་གནས་སྤྲུལ་པའི་སྐུ༔ དྲིན་ཆེན་བླ་མ་མཆོག་ལ་གསོལ་བ་འདེབས༔ ཧྲཱི༔ བདེ་གཤེགས་ཐུགས་རྗེ་རོལ་པའི་མཁའ་དབྱིངས་ལས། །མ་འགག་རང་རྩལ་ཚོམ་བུ་དགུ་ཡི་ལྷ། །པདྨ་བཛྲ་བུདྡྷ་ཐོད་ཕྲེང་རྩལ། །མི་བསྐྱོད་རྡོ་རྗེ་པདྨ་དབང་ཆེན་མགོན། །རིག་འཛིན་ཐོད་རྩལ་དྲག་པོ་མེ་ཕྲེང་ཅན། །སངས་རྒྱས་དཔའ་བོ་རྟ་མགྲིན་དབང་གི་རྒྱལ། །ལག་ན་རྡོ་རྗེ་ལ་སོགས་དཀྱིལ་འཁོར་ལྷ། །ཡབ་ཡུམ་སྤྲུལ་འཁོར་བཅས་ལ་གསོལ་བ་འདེབས། །ཧྲཱི༔ ཞི་ཁྲོ་ཡི་དམ་འདུས་པའི་རང་བཞིན་ཅན༔ དངོས་གྲུབ་རྩ་བ་ཐུགས་རྗེ་སྤྱན་རས་གཟིགས༔ རྟ་མགྲིན་དབང་ཆེན་འཁོར་འདས་སྤྱི་དཔལ་གཙོ༔ ཡི་དམ་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས༔ ཧྲཱི༔ མ་མོ་མཁའ་འགྲོ་དབྱིངས་ཀྱི་གཙོ་མོ་སྟེ༔ བར་ཆད་སེལ་མཛད་རྡོ་རྗེ་ཕག་མོའི་སྐུ༔ རིགས་ཀྱི་ལྷ་མོ་གསང་བ་ཡེ་ཤེས་དབྱིངས༔ མ་སྲིང་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་ལ༔ བདག་གཞན་རབ་གུས་གདུང་བས་གསོལ་བ་འདེབས༔ ཁྱེད་ཀྱི་ཡེ་ཤེས་ཐུགས་རྗེའི་བྱིན་རླབས་ཀྱིས༔ མི་རྟོག་ཏིང་འཛིན་ཡེ་ཤེས་བསྐྱེད་དུ་གསོལ༔ ཉམས་རྟོགས་རིག་པའི་རྩལ་ཆེན་སྦར་དུ་གསོལ༔ སྐུ་གསུམ་ཞིང་ཁམས་འབྱོངས་བར་མཛད་དུ་གསོལ༔ བསྐྱེད་རྫོགས་དོན་གཉིས་འབྲས་བུ་ཁོང་ཆུད་ཅིང༔ ཕྱིར་མི་ལྡོག་པའི་ས་ཆེན་ཐོབ་ནས་ཀྱང༔ སེམས་ཅན་ཐམས་ཅད་སངས་རྒྱས་མ་ཐོབ་བར༔ འགྲོ་བའི་དོན་གཉིས་ལྷུན་འགྲུབ་འབྱུང་བར་ཤོག༔ ཅེས་པས་གསོལ་བ་གདབ༔ ཕུར་ཚུགས་སུ་གསོལ་བ་གདབ་པ་ནི༔ མོས་གུས་རྩེ་གཅིག་པའི་སྒོ་ནས། ཧྲཱི༔ དུས་གསུམ་གྱི་བླ་མ་ཡི་དམ་མཁའ་འགྲོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་ཅིང་མཛད་པའི་ཕྲིན་ལས་ལ་ཐ་དད་མི་མངའ་བར་གྱུར་པ༔ ཨོ་རྒྱན་ཆེན་པོ་གུ་རུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས་སོ༔ ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ཞེས་ཕུར་ཚུགས་སུ་མི་ཕྱེད་པའི་དད་པ་མོས་གུས་ཐུན་མོང་མ་ཡིན་པ་རྒྱུད་ལ་ལྷང་ལྷང་མ་སྐྱེས་ཀྱི་བར་དུ་གསོལ་བ་གདབ་བོ༔ དེ་ནས་ལས་ཐམས་ཅད་པའི་བུམ་པ་དང་དུང་ཞལ་བསྒྲུབ་པ་ནི། བུམ་པའི་སྟེང་དུ་དུང་ཞལ། གཟུངས་རྡོར་བཅས་འདུ་བྱས་ལ། ཨོཾ་བཛྲ་ཡཀྵ་ཧཱུྃ་གིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་ལས་ཕྱི་ནི་རིན་ཆེན་བུམ། །ནང་ནི་གཞལ་ཡས་མཚན་རྫོགས་པར། །བདུད་རྩིའི་མཚོ་དབུས་བཾ་ཡིག་དང་། །འདབ་སྟོང་ཟླ་བ་རྒྱས་པའི་སྟེང་། །ཧྲཱིཿདམར་ལས་བྱུང་རྟ་མཆོག་གི །ངོ་བོ་ཁྲོ་རྒྱལ་བདུད་རྩི་འཁྱིལ། །ལྗང་སྔོན་ཞལ་གཅིག་ཕྱག་གཉིས་ཀྱི། །ཐབས་སྦྱོར་ཕྱག་རྒྱས་བུམ་པ་བསྣམས། །ཞི་མ་ཁྲོ་འཛུམ་རིན་ཆེན་དང་། །རུས་པ་སྟག་ཤམ་ལ་སོགས་བརྒྱན། །བཞེངས་སྟབས་འཇའ་ཐིག་མེ་ཀློང་གསལ། །ཕྱི་རོལ་འདབ་བརྒྱད་ལ་གནས་པའི། ཁྲུས་ལྷ་དཀར་མོ་བུམ་འཛིན་མ། །ཞི་བའི་འཛུམ་དང་རྒྱན་མཛེས་བརྒྱད། །བཞེངས་སྟབས་གཙོ་དང་འཁོར་དུ་གསལ། །དུང་ཞལ་མི་དམིགས་སྟོང་པ་ལས། །པཾ་རཾ་པད་ཉིའི་གདན་ལ་ཧཱུྃ། །དེ་ལས་ཁྲོ་བོ་བགེགས་མཐར་བྱེད། །ལྗང་ནག་རབ་ཁྲོས་ཁྲོ་ཆས་རྫོགས། །གཡས་གཡོན་དབྱུག་པ་སྡིགས་མཛུབ་སྒྲེང་། །འདོར་སྟབས་པད་ཉི་མེ་དཔུང་འགྱིང་། །ཞི་ཁྲོ་གཉིས་ཀའི་གནས་གསུམ་དུ། །ཡིག་འབྲུ་གསུམ་མཚན་ལས་འོད་འཕྲོས། །ཡེ་ཤེས་མདུན་མཁར་སྤྱན་དྲངས་གྱུར། །བཛྲ་ས་མཱ་ཛཿཔདྨ་ཀཱ་མ་ལ་ཡ་སཏྭྃ། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿས་བསྟིམ། སླར་ཡང་དབང་ལྷ་སྤྱན་དྲངས་པར། །གསོལ་གདབ་དབང་བསྐུར་ཞི་བ་ལ། །རིགས་ལྔ་ཁྲོ་བོར་དོན་གྲུབ་ཀྱིས། །དབུ་བརྒྱན་ཡོན་ཏན་སྟོབས་རྫོགས་གྱུར། །ཨོཾ་བཛྲ་པུཥྤེ་དྷཱུ་པེ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ་ས་མཆོད་ཅིང་། བསྟོད་པར་འོས་པ་ཐམས་ཅད་ལ། །སོགས་ཀྱིས་བསྟོད། འཁྱིལ་པའི་ཐུགས་ཀར་ཧྲཱིཿདམར་དང་། །མཐར་བྱེད་ཐུགས་ཀར་ཧཱུྃ་ལྗང་མཐར། །སོ་སོའི་སྔགས་ཀྱིས་གཡས་སུ་བསྐོར། །བཟླས་པས་རྒྱུད་བསྐུལ་བདུད་རྩིའི་རྒྱུན། །བབ་པས་བུམ་པ་གང་བར་གྱུར། །གཟུངས་ཐག་བླངས་ལ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བརྒྱ་རྩ་ཙམ་དང་། ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུྃ་ཕཊ། ཅེས་ལྔ་བཅུ་ཙམ་བཟླས་ལ། ཁྲོ་བོ་ཆེན་པོས་དཀྱིལ་འཁོར་གྱི་བྱ་བ་མཐར་ཕྱིན་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་ཕྲིན་ལས་བཅོལ། ལྷ་འོད་དུ་ཞུ་ནས་ཆུ་དང་དབྱེར་མེད་དུ་གྱུར་པས་ཆུ་ནུས་པ་དང་ལྡན་པར་གྱུར། ཅེས་མོས་ལ་ལས་བུམ་གྱི་ཆུ་དུང་ཞལ་དུ་བསྲེ་བའམ། དུང་ཆུ་ཕར་བསྲེས་ཀྱང་རུང་། སྟབས་བདེ་ཞིག་ཏུ་བཞག་ལ། ཕྱིན་ཆད་བསང་གཏོར་ཐམས་ཅད་དེས་བྱ་དགོས་སོ། །བགེགས་གཏོར་གཏང་བ་ནི། རང་ཉིད་སྐད་ཅིག་དབང་ཆེན་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཁྲོ་ཞིང་འཛུམ་པའི་ཉམས་ཅན། དར་དང་རིན་པོ་ཆེ་རུས་པ་དུར་ཁྲོད་ཆས་རྣམས་ཀྱིས་སྤྲས་པ། དབུ་གཙུག་རལ་པའི་ཁྲོད་ན་རྟ་མགོ་ལྗང་ཞུར་གྱིས་མཚན་པ། ཕྱག་གཡས་བེ་ཅོན་དང་། གཡོན་སྡིགས་མཛུབ་སྒྲེང་བ། རབ་ཏུ་བརྗིད་པ། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་པད་ཉི་དགྲ་བགེགས་ཀྱི་གདན་ལ་འགྱིང་བའི་སྐུར་གྱུར། བགེགས་གཏོར། རཾ་ཡཾ་ཁཾ་གིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རང་རང་གི །ཡིད་མཐུན་སྣོད་དུ་ཁཾ་ཡིག་ལས། །གླུད་གཏོར་འདོད་ཡོན་ལྔ་ལྡན་པ། །སོ་སོའི་སྤྱོད་ཡུལ་བཞིན་དུ་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབས། ཨོཾ་བཛྲ་ཊཱ་ཀི་རཱ་ཛ་ཧཱུྃ་གིས་ཕོ་ཉ་སྤྲོས། བཛྲ་ཨཾ་ཀུ་ཤ་ཛཿས་བཀུག །ཨོཾ་སརྦ་བིགྷྣཱ་ན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ནས། བ་ལྱ་དི་སྭཱ་ཧཱཿ ལན་གསུམ་གྱིས་བསྔོས་ལ། ཧཱུྃ་ཧྲཱི༔ ཉོན་ཅིག་སོགས་མེ་ཕྲེང་གཞུང་ལྟར་ཀའ་བསྒོ་ནས། སེམས་བསྐྱེད་མཐའ་བར་བཏང་། མཆོད་པ་བྱིན་བརླབ་སྐབས་ཐོག་མར་དེ་ཉིད་ཀྱི་འོག་ནས་འབྱུང་བའི། ཕྱི་ནང་གསང་བའི་མཆོད་པ་འདི་དག་དང༔ སྨན་གཏོར་སོགས་ནས། སྣོད་བཅུད་རྒྱུ་རྐྱེན་རྟེན་འབྲེལ་ནུས་མཐུར་ལྡན༔ ཨོཾ་ཨཱཿཧཱུྃ༔ ཞེས་པའི་བར་ཡར་བླངས་པས་བསང་སྦྱང་སྤྱིར་བྱིན་གྱིས་བརླབས། དེ་ནས་གོང་གི །ཨོཾ༔ སྣང་སྲིད་འདོད་ཡོན་ལོངས་སྤྱོད་མཆོད་པའི་རྫས༔ སོགས་ནས། བ་ལིཾ་ཏེ་སྭཱ་ཧཱ༔ བར། ཨོཾ་ལས་འདོད་པའི་ཡོན་ཏན་རྣམ་པ་ལྔ༔ ཧཱུྃ་གིས་ཟག་མེད་ཡེ་ཤེས་བདུད་རྩིར་བསྒྱུར༔ ཏྲཱཾ་ལས་འཛད་མེད་ལོངས་སྤྱོད་ཕུན་སུམ་ཚོགས༔ ཧྲཱིཿཡིས་མགྲོན་རྣམས་རང་བཞིན་གནས་ནས་བཀུག༔ ཨཱཿཡིས་སོ་སོར་ཅི་འདོད་དགྱེས་པར་བསྐང༔ ཡེ་ཤེས་རྣམ་ལྔའི་ཆོ་འཕྲུལ་ཡི་གེ་ཡིས༔ རྒྱལ་བ་དགྱེས་པའི་མཆོད་པ་འབྱམས་ཀླས་སྤེལ༔ ཨོཾ་ཧཱུྃ་ཏྲཱཾ་སོགས་ལན་གསུམ་རྣམས་ཀྱིས་བྱེ་བྲག་སོ་སོར་བྱིན་གྱིས་བརླབས། འོག་གི་ཏིང་འཛིན་རྣམ་གསུམ་དང་། གཞི་ལུས་གཞལ་ཡས་ཁང་དུ་བསྐྱེད་པའི་མཐའི། བདེ་དྲོད་མེ་དཔུང་འཁྲིགས་པའི་དཀྱིལ་ཡངས་ནས༔ བར་བཏང་། དེ་ནས། ལིང་ཚེ་དགུ་ཡི་ལྷ་གནས་སོ་སོ་ལ། །རྣམ་ཤེས་འདབ་བརྒྱད་བརྡལ་བའི་གདན་གྱི་ལྟེར། །དགུ་རྫོགས་ཁྲི་དང་དབུས་ཕྱོགས་སྲོག་རྩ་ལ། །དྲེགས་པ་སེང་གླང་རྟ་མཆོག་རྨ་བྱ་དང་། །ཤང་ཤང་རྟེན་འབྲེལ་ལུགས་ལྡོག་གསེར་འཁོར་ཁྲི །འདབ་བརྒྱད་རྣམས་ལ་པདྨ་སྒོ་ཁྱམས་ལ། །ཞིང་རྐྱང་གདན་བཅས་གསལ་བའི་དབུས་ཀྱི་ལྟེར། །ཤེས་རིག་རྒྱལ་པོ་དཔལ་ཆེན་ཧེ་རུ་ཀ །དབང་ཆེན་དམར་སྨུག་དམར་དཀར་མཐིང་བའི་ཞལ། །དབུ་གཙུག་རྟ་གདོང་རྣམ་གསུམ་ཕྱོགས་བཅུར་རྔམས། །ཕྱག་དྲུག་གྲི་གུག་བེ་ཅོན་སྤུ་གྲི་གཡས། །ཐོད་ཁྲག་རི་རབ་རྒྱུ་ཞགས་གཡོན་གསུམ་ཕྱག །ཕོ་རྒྱུད་ཟིལ་གནོན་ཆེ་བཙན་ཟླ་མེད་པར། །རྡོ་རྗེ་ཕག་མོ་མཐིང་ནག་ཕག་ཞལ་ངུར། །གྲི་ཐོད་འཛིན་མ་མོ་རྒྱུད་ཟིལ་གནོན་འཁྱུད། །གཉིས་ཀ་མི་སྡུག་དྲག་པོའི་རྣམ་འགྱུར་ཉམས། །དཔལ་དང་དུར་ཁྲོད་ཆས་རྫོགས་མེ་ཀློང་བཞུགས། །ཡབ་ཡུམ་དབུ་གཙུག་པདྨ་ཉི་ཟླའི་སྟེང་། །དུས་གསུམ་སངས་རྒྱས་ཀུན་འདུས་ཨོ་རྒྱན་རྗེ། །སྣང་བའི་ངོ་བོ་པདྨ་བཛྲ་རྩལ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་འདོར་ཐབས་ཚུལ། །དམར་མཐིང་དཀར་དང་ཞི་ཁྲོ་ཕྱེད་མའི་ཞལ། །གཡས་གསུམ་རྡོ་རྗེ་རལ་གྲི་བདུད་རྩི་བུམ། །དྲིལ་བུ་བྷནྡྷ་ཁ་ཊྭཱཾ་གཡོན་གསུམ་ཕྱག །སྟོང་པའི་བདག་ཉིད་ལྷ་ལྕམ་གསང་བའི་ཡུམ། །དམར་མོ་ཌཱ་རུ་དུང་དམར་གཡས་གཡོན་འཁྱུད། །ཞབས་བཞི་བརྐྱང་བསྐུམ་དོར་སྟབས་གར་གྱིས་བགྲད། །ཡབ་ཡུམ་གཉིས་མེད་རུས་རྒྱན་དུར་ཁྲོད་ཆས། །ཞི་མ་ཁྲོ་འཛུམ་འཇའ་འོད་མེ་ཀློང་བཞུགས། །ཡབ་ཡུམ་གཉིས་མེད་རོལ་པའི་སྤྱི་གཙུག་ཏུ། །རིགས་བདག་འོད་དཔག་མེད་དང་བཅས་པ་གསལ། །ཧྲཱིཿ ཐབས་ཤེས་ཡབ་ཡུམ་བདེ་རོལ་ཆོ་འཕྲུལ་ལས། །ཅིར་ཡང་སྤྲུལ་པའི་ལྷ་ཚོགས་བསམ་མི་ཁྱབ། །ཞི་དང་ཁྲོ་ཚུལ་རྣམ་འགྱུར་བརྗོད་འདས་ཀྱང་། །རང་སྣང་བློ་ཡི་མོས་པས་གང་འདོད་གསལ། །ཧྲཱིཿ ཉོན་མོངས་ཚར་གཅོད་ཁྲོ་རྒྱལ་འབར་བ་དང་། །ཐུགས་རྗེ་འགྲོ་འདུལ་ཞི་ཚུལ་མཛེས་པའི་སྐུ །ཡབ་ཡུམ་སྲས་འཁོར་བཀའ་ཉན་བཅས་པ་སྟེ། །གདངས་གསལ་མ་འགག་རོལ་པའི་ཚུལ་བཞིན་བསྐྱེད། །ཕྱི་འཁོར་ཕྱོགས་མཚམས་པདྨ་འདབ་བརྒྱད་སྟེང་། །ཞེ་སྡང་རྡོ་རྗེ་མཐིང་ནག་རྡོར་དྲིལ་འཛིན། །བསྐྱེད་བྱེད་དམར་མོ་རྡོ་རྗེ་གྲི་གུག་འཁྱུད། །ང་རྒྱལ་རྡོ་རྗེ་རིན་ཆེན་རྡོར་དྲིལ་སེར། །འཇོམས་བྱེད་ལྗང་གུ་རིན་ཆེན་གྲི་ཐོད་འཁྱུད། །འདོད་ཆགས་རྡོ་རྗེ་པདྨ་རྡོར་དྲིལ་དམར། །བསྲེག་བྱེད་སྔོན་མོ་པདྨ་གྲི་ཐོད་འཁྱུད། །ཕྲག་དོག་རྡོ་རྗེ་རྒྱ་གྲམ་དྲིལ་བུ་ལྗང་། །ཙནྡྷ་སེར་མོ་རྒྱ་གྲམ་ཐོད་ཁྲག་འཁྱུད། །གཏི་མུག་རྡོ་རྗེ་འཁོར་ལོ་དྲིལ་འཛིན་སྨུག །རྨོངས་བྱེད་དཀར་མོ་ཁ་ཊྭཱཾ་ཐོད་ཁྲག་འཁྱུད། །བདེ་བའི་རྡོ་རྗེ་པད་ཞགས་དྲིལ་འཛིན་སེར། །ལཱ་མ་སྔོན་མོ་ལྕགས་ཀྱུ་ཐོད་ཁྲག་འཁྱུད། །མཚོ་སྐྱེས་རྡོ་རྗེ་བུམ་པ་དྲིལ་འཛིན་དམར། །མནྡྷ་ར་སྔོན་པདྨ་ཐོད་ཁྲག་འཁྱུད། ཁྲག་འཐུང་རྡོ་རྗེ་དགྲ་སཏྭ་དྲིལ་འཛིན་སྨུག །གསོད་བྱེད་ལྗང་གུ་སྤུ་གྲི་ཐོད་ཁྲག་འཁྱུད། །ཀུན་ཀྱང་སྤྱན་གསུམ་ཞི་མ་ཁྲོ་སྐྱིལ་ཀྲུང་། །དར་དང་རུས་པ་རིན་ཆེན་སྣ་ཚོགས་བརྒྱན། །ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་པདྨ་བཛྲ་ཧྲཱིཿ དྷཱུ་མ་གྷ་ཡེ་དྷཱ་ཀི་ནཱི་ན་མཿསྭཱ་ཧཱ། ཧྲཱིཿ ཤར་ཕྱོགས་སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས། །བུདྡྷ་ཐོད་ཕྲེང་དཀར་སྔོ་དམར་བའི་ཞལ། །འཁོར་ལོ་རྡོ་རྗེ་རྩེ་དགུ་ཞིང་དབྱུག་གཡས། །བུམ་པ་དྲིལ་བུ་ཞགས་པ་གཡོན་གསུམ་ཕྱག །དབྱིངས་ཕྱུག་སྔོན་མོ་རྒྱལ་མཚན་དུང་དམར་འཁྱུད། །ཞབས་བཞི་བརྐྱང་བསྐུམ་དོར་སྟབས་གར་གྱིས་བགྲད། །ཡབ་ཡུམ་རིན་ཆེན་རུས་པ་དུར་ཁྲོད་ཆས། ཁྲོ་ཆགས་མེ་ཡི་ཀློང་བཞུགས་ཕྱོགས་མཚམས་ལ། །བཛྲ་ཐོད་ཕྲེང་རྡོ་རྗེའི་ཐོ་གཡས་མཐིང་། །སྤྱན་མ་ཨུཏྤལ་ཟ་མ་ཏོག་དཀར་འཁྱུད། །རཏྣ་ཐོད་ཕྲེང་རིན་ཆེན་ཐོ་གཡས་སེར། །མ་མཱ་ཀི་སྔོན་གཡུ་ཡི་གྭ་འུ་འཁྱུད། །པདྨ་ཐོད་ཕྲེང་པདྨའི་ཐོ་གཡས་དམར། །གོས་དཀར་པདྨ་པད་སྡོང་འཛིན་མར་འཁྱུད། །ཀརྨ་ཐོད་ཕྲེང་རྒྱ་གྲམ་ཐོ་གཡས་ལྗང་། །སྒྲོལ་མ་བ་དན་དངུལ་བུམ་འཛིན་ལྗང་འཁྱུད། །རྡོ་རྗེ་མོས་པ་རྩལ་དཀར་བེ་ཅོན་གཡས། །བཻ་ཤྭ་དྷཱ་ཀི་ལྕགས་ཀྱུ་བྷན་འཁྱུད་མཐིང་། །རྡོ་རྗེ་མྱུ་གུ་དམར་སེར་རལ་གྲི་གཡས། །སརྦ་དྷཱ་ཀི་ཞགས་བྷན་ལྗང་སེར་འཁྱུད། །རྡོ་རྗེ་བཞད་པ་སྔོ་སྐྱ་མདའ་གཞུ་འགེངས། །ས་མ་དྷཱ་ཀི་ལྕགས་སྒྲོག་བྷན་མཐིང་འཁྱུད། །གར་དབང་དུད་ཁ་དགྲ་སཏྭ་གཡས་འཛིན་ལ། །ལོ་ཀ་དྷཱ་ཀི་དྲིལ་བྷན་ནག་མོས་འཁྱུད། །བཞད་པ་མ་གཏོགས་ཡབ་རྣམས་གཡོན་དྲིལ་བུ། །དར་དང་རིན་ཆེན་རུས་རྒྱན་སྐྱིལ་ཀྲུང་བཞུགས། །ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་བུདྡྷ་ཐོད་ཕྲེང་རྩལ་བཻ་རོ་ཙ་ན་ཨོཾ་སརྦ་བུདྡྷ་དྷཱ་ཀི་ནཱི་ཧཱུྃ། ཧྲཱིཿ ལྷོ་ཕྱོགས་མགོ་བོ་བདེ་ཆེན་འཁོར་ལོའི་དབུས། །མི་བསྐྱོད་རྡོ་རྗེ་སེར་དཀར་དམར་བའི་ཞལ། །གཡས་གསུམ་རལ་གྲི་མདུང་ཐུང་ཐོད་དབྱུག་ཕྱར། །སྟོང་གི་འཇིག་རྟེན་མེ་རླུང་གཡོན་གསུམ་ཕྱག༔ །བདེ་དབྱིངས་དམར་སེར་ཆོས་འབྱུང་དུང་དམར་སྟོབས། །ཞབས་བཞི་བརྐྱང་བསྐུམ་དོར་སྟབས་གར་གྱིས་བགྲད། །ཡབ་ཡུམ་རིན་ཆེན་རུས་པ་དུར་ཁྲོད་ཆས། ཁྲོ་འཛུམ་མེ་འོད་ཀློང་བཞུགས་ཕྱོག་མཚམས་ལ། །པད་འབྱུང་དཀར་དམར་རྡོར་བྷན་ཟ་ཧོར་ཆས། །གཡོན་ཕྱོགས་མཚོ་རྒྱལ་ཤེལ་གཞོང་བཅུད་བཀང་དཀར། །བློ་མཆོག་བེར་ཕོད་ཐོད་རྔ་པད་ཕོར་དཀར། །གཡོན་དུ་བདེ་འབྱོར་གསེར་གཞོང་ཟས་བཀང་སྔོ། །ཉི་འོད་དམར་སེར་ཁ་ཊྭཱཾ་ཉི་ཟེར་ཞགས། །རྒྱ་སྟག་ཁྲིར་བཞུགས་རྣལ་འབྱོར་སྤྱོད་པའི་ཆས། །གཡོན་ཕྱོགས་བདག་མེད་གཡུ་གཞོང་ཆང་བཀང་སེར། །སེང་སྒྲོག་མཐིང་ནག་རྡོ་རྗེ་སྡིགས་མཛུབ་སྒྲེང་། །དེ་གཡོན་ཕྲ་མེན་གཡུ་གཞོང་རྩིས་བཀང་སྔོ། །པད་སམ་བྷནྡྷ་མཆོག་སྦྱིན་དགེ་སློང་དཀར། །དེ་གཡོན་མཚོ་གླིང་མེ་ལོང་འཛིན་ལྗང་སྔོན། །པད་རྒྱལ་ཌ་རུ་མེ་ལོང་པད་ཕོར་དམར། །དེ་གཡོན་ཞི་མཚོ་མེ་ལོང་འཛིན་མ་དཀར། །ཤཱཀ་སེང་ས་གནོན་ལྷུང་བཟེད་ཐུབ་ཆེན་སེར། །གཡོན་དུ་དེ་མ་ཀཱ་ཤིའི་རས་འཛིན་དཀར། །གྲོ་ལོད་གཅེར་བུ་རུས་རྒྱན་རྡོར་ཕུར་སྨུག །དེ་གཡོན་བདུད་འདུལ་ཁྲོ་མོ་གྲི་ཐོད་མཐིང་། །བདུད་འདུལ་མ་གཏོགས་ཡུམ་རྣམས་ལྷ་མོའི་ཆས། །ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་ཨ་ཀྵོ་བྷྱཿབཛྲ་སུ་ཁ་དྷ་རི་ཧཱུྃ། ཧྲཱིཿ ནུབ་ཕྱོགས་མགྲིན་པ་ལོངས་སྤྱོད་འཁོར་ལོའི་དབུས། །པདྨ་དབང་ཆེན་དམར་དཀར་མཐིང་བའི་ཞལ། །གཡས་གསུམ་ཕྲེང་བ་རྔ་ཡབ་ལྕགས་ཀྱུ་འཛིན། །པད་སྡོང་གྭ་འུ་དབང་ཞགས་གཡོན་གསུམ་ཕྱག །རིག་བྱེད་དམར་སྐྱ་ཌཱ་རུ་ཐོད་ཁྲག་སྟོབས། །ཞབས་བཞི་བརྐྱང་བསྐུམ་དོར་སྟབས་གར་གྱིས་བགྲད། །ཡབ་ཡུམ་སྦྲུལ་སྟག་རིན་ཆེན་དུར་ཁྲོད་ཆས། ཁྲོ་ཆགས་མེ་ཀློང་རོལ་པའི་ཕྱོགས་མཚམས་ལ། །རྡོ་རྗེ་ཉི་མ་འཁོར་ལོ་དྲིལ་དམར་སེར། །ལེགས་སྐྱེས་སྔོན་མོ་མེ་ཏོག་ལྷན་འཛིན་འཁྱུད། །ཐོགས་མེད་རྒྱལ་པོ་དགྲ་སཏྭ་ཐོད་དབྱུག་མཐིང་། །ཕྲ་མེན་དབྱིངས་ཕྱུག་མགོ་ཕྲེང་ཐོད་འཁྱུད་དམར། །དབང་ཆེན་ཉི་མ་སྤུ་གྲི་ཞགས་འཛིན་དམར། །སྲིད་རྒྱལ་མི་སྙིང་བྷན་འཛིན་མཐིང་ནག་འཁྱུད། །གསེར་གྱི་ཉི་མ་རྒྱ་གྲམ་དྲིལ་ལྗང་ནག །ཉི་ཁྲོས་དམར་མོ་ལྕགས་སྒྲོག་བྷན་འཁྱུད་དམར། །རྡོ་རྗེ་ཁྲོ་བོ་མེ་དབལ་དབྱུག་ཐོགས་དཀར། །གར་དབང་ཕྲེང་བ་བྷན་འཛིན་དམར་ནག་འཁྱུད། །རྡོ་རྗེ་ཧཱུྃ་མཛད་རལ་གྲི་ཞགས་འཕེན་སྨུག །ལས་ཀྱི་དབང་ཆེན་གྲི་བྷན་ལྗང་ནག་འཁྱུད། །རོ་ལངས་སེར་ནག་བྷནྡྷ་རྔ་ཡབ་གདེངས། །ཆགས་བྱེད་རྡོ་རྗེ་ཐོད་ཁྲག་སྔོ་སྐྱས་འཁྱུད། །རྡོ་རྗེ་ཐོག་རྒོད་མཐིང་ནག་མདའ་གཞུ་འགེངས། །འབྱུང་ལྔའི་བདག་མོ་ཚོན་གྲུ་བྷན་འཁྱུད་དམར། །ཀུན་ཀྱང་རིན་ཆེན་རུས་རྒྱན་དོར་ཐབས་བཞེངས། །ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་པདྨེ་བྷ་ཤ་ཧ་དྷཱ་ཀི་ནཱི་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱཿ ཧྲཱིཿ བྱང་ཕྱོགས་ལྟེ་བ་སྤྲུལ་པའི་འཁོར་ལོའི་དབུས། །རིག་འཛིན་ཐོད་རྩལ་ལྗང་དཀར་དམར་བའི་ཞལ། །འཁོར་ལོ་རྡོ་རྗེ་རལ་གྲི་གཡས་གསུམ་ཕྱག །གཡོན་གསུམ་དྲིལ་བུ་ཞགས་པ་ཕུར་བུ་འཛིན། །ཉི་ཟླ་དམར་མོ་ཐོད་ཕྲེང་གྭ་འུ་སྟོབས། །ཞབས་བཞི་བརྐྱང་བསྐུམ་དོར་སྟབས་གར་གྱིས་བགྲད། །ཡབ་ཡུམ་རིན་ཆེན་རུས་རྒྱན་དུར་ཁྲོད་ཆས། ཁྲོ་ཆགས་མེ་འོད་ཀློང་འགྱིང་ཕྱོགས་མཚམས་ལ། །ལྷུན་གྲུབ་རིག་འཛིན་ཨ་རུ་བྷན་འཛིན་དཀར། །སྤྱན་གཅིག་དམར་སྐྱ་མེ་ཏོག་དྲིལ་འཛིན་འཁྱུད། །ཕྱག་ཆེན་རིག་འཛིན་ཁ་ཊྭཱཾ་ཐོད་ཆང་སེར། །དགྱེས་སྡེ་སྔོན་མོ་སྤོས་རེངས་དྲིལ་འཛིན་འཁྱུད། །ཚེ་དབང་རིག་འཛིན་བུམ་པ་ཐོད་འཛིན་དམར། །དབང་རྒྱལ་ལྗང་གུ་མར་མེ་དྲིལ་འཛིན་འཁྱུད། །རིག་པའི་རིག་འཛིན་ཌཱ་རུ་བྷན་འཛིན་ལྗང་། །རོ་ལངས་ནག་མོ་དུང་ཕོར་དྲིལ་འཛིན་འཁྱུད། །དམ་ཚིག་དབང་གི་སློབ་དཔོན་རྡོར་འཛིན་སྨུག །དམ་ཚིག་མཁའ་འགྲོ་ཞལ་ཟས་འཛིན་སྔོན་འཁྱུད། །མན་ངག་ལུང་གི་སློབ་དཔོན་པུསྟི་དམར། །བསྐུལ་བྱེད་ལྗང་གུ་གནྡྷེ་འཛིན་མས་འཁྱུད། །ཤེས་རབ་རྒྱུད་ཀྱི་སློབ་དཔོན་ནོར་འཛིན་ལྗང་། །བསྐྱེད་བྱེད་དཀར་མོ་ཤེལ་བུམ་འཛིན་མས་འཁྱུད། །ཉམས་སྐོང་སློབ་དཔོན་མཐིང་ནག་རྡོ་རྗེ་འཛིན། །ཚེ་འཛིན་དམར་མོ་ཞིང་གི་རྒྱལ་མཚན་འཁྱུད། །ཡབ་ཡུམ་གཡོན་ཕྱག་བྷནྡྷ་དྲིལ་བུ་བསྣམས། །རུས་པ་རིན་ཆེན་དར་རྒྱན་དོར་སྟབས་བཞེངས། །ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་ཨ་ཙརྻ་མ་ཧཱ་བཛྲ་ཤཱིནྟཾ་པདྨ་གྷུ་རུ་ཏི་བྷྱོ་དྷཱ་ཀི་ནི་ཧཱུྃ། ཧྲཱིཿ ཤར་ལྷོ་གསང་གནས་བདེ་སྐྱོང་འཁོར་ལོའི་དབུས། །མདོག་དམར་མེ་ཕྲེང་གཡས་དཀར་གཡོན་ཞལ་ལྗང་། །རྡོ་རྗེ་རྩེ་ལྔ་ཐོ་ལུམ་མེ་ཕུང་གཡས། །ཐོད་ཁྲག་སྡིག་པ་བམ་ཆེན་གཡོན་གསུམ་ཕྱག༔ སྲིད་པ་དམར་མོ་ཐོ་བ་བྷན་འཛིན་འཁྱུད། །ཞབས་བཞི་བརྐྱང་བསྐུམ་དོར་སྟབས་གར་གྱིས་བགྲད། །ཡབ་ཡུམ་རིན་ཆེན་རུས་རྒྱན་དུར་ཁྲོད་ཆས། །དབུ་གཙུག་ཁྱུང་དམར་སྤུ་གྲིའི་འདབ་གཤོག་གཡོ། །འདོམས་ནས་སྡིག་པ་མགོ་དགུ་རང་འདྲ་འཕྲོ། །མི་སྡུག་བསྐལ་མེའི་ཀློང་བཞུགས་ཕྱོགས་མཚམས་ལ། །ཡ་མ་ནག་པོ་བེ་ཅོན་ཐོད་ཁྲག་ཕྱར། །ཟ་བྱེད་ལྕགས་འཁོར་མཚོན་གྲུ་འཛིན་འཁྱུད་ནག །དྲང་དཀར་ནག་པོ་ཁྲམ་ཤིང་དགྲ་སཏྭ་གདེངས། །རེ་ཏི་ཁྲམ་ཤིང་ནད་རྐྱལ་འཛིན་འཁྱུད་མཐིང་། །སྲིན་པོ་གློག་ཕྲེང་ལྗང་ནག་ཐོག་སེར་འབེབ། ཁྲག་མིག་ཁྲག་ཕོར་ཁྲག་ཕུར་འཛིན་འཁྱུད་དམར། །མེ་དབལ་དམར་ནག་རལ་གྲི་རིན་ཆེན་འཛིན། །མོན་མོ་ཨུ་གྲི་ལྕགས་སྤྱང་འཛིན་འཁྱུད་ལྗང་། །གཟའ་བདུད་དུད་ཁ་མདའ་གཞུ་ཁྲམ་ཤིང་འཛིན། །ལྕམ་གཅིག་ནད་རྐྱལ་སྤུ་གྲི་འཛིན་འཁྱུད་དམར། །ཀླུ་བདུད་སེར་ནག་སྦྲུལ་ཞགས་ཆུ་སྲིན་གདེངས། །ཐོག་གི་བུ་ཡུག་ཐོག་དབལ་འཛིན་འཁྱུད་དམར། །ལྷ་ཆེན་དམར་པོ་རླུང་ཞགས་ལྕགས་ཀྱུ་བསྣམས། །ཨུ་མ་མེ་ལོང་གཏེར་སྒྲོམ་འཛིན་འཁྱུད་དམར། །མ་ཧཱ་ཀཱ་ལ་ཟངས་གྲི་ལྕགས་པར་མཐིང་། །དུང་སྐྱོང་རལ་གྲི་ནེའུ་རྐྱལ་འཛིན་འཁྱུད་ནག །ཐམས་ཅད་ཁྲོ་གཏུམ་ཆས་ལྡན་རྔམ་སྟབས་རོལ། །ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་བཛྲ་མ་ཧཱ་ཀྲོ་དྷ་ཨརྩིག་ནིརྩིག་མ་མ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཧྲཱིཿ ལྷོ་ནུབ་སྤྱི་གཙུག་རིགས་འདུས་འཁོར་ལོའི་དབུས། །སངས་རྒྱས་དཔའ་བོ་མཐིང་དཀར་དམར་བའི་ཞལ། །འཁོར་ལོ་ཟླ་བ་མེ་ཕུང་གཡས་གསུམ་ཕྱག༔ གཡོན་གསུམ་གཤོལ་མདའ་ཉི་མ་རླུང་ནག་བསྣམས། །དཔའ་མོ་དཀར་མོ་འཁོར་ལོ་བདུད་རྩི་སྟོབས། །ཞབས་གཉིས་བརྐྱང་བསྐུམ་དོར་སྟབས་གར་གྱིས་བགྲད། །ཡབ་ཡུམ་རིན་ཆེན་རུས་རྒྱན་དུར་ཁྲོད་ཆས། ཁྲོ་བཞད་མེ་འོད་ཀློང་རོལ་ཕྱོགས་མཚམས་སུ། །རྡོ་རྗེ་རིན་ཆེན་པདྨ་ལས་རབ་ཀྱི། །དཔའ་བོ་དཔའ་མོ་སྔོ་སེར་དམར་ལྗང་མདོག །ཡབ་རྣམས་རང་རྟགས་གཡས་ལ་དྲིལ་བུ་གཡོན། །ཡུམ་རྣམས་ཌཱ་རུ་ཕྲེང་བ་པད་སྡོང་དང་། །རལ་གྲི་གཡས་ཕྱག་གཡོན་རྣམས་བྷན་འཛིན་འཁྱུད། །རུས་པ་རིན་ཆེན་དར་བརྒྱན་བཞེངས་སྟབས་འགྱིང་། །འཛིན་སྒྲོལ་སྟོབ་རྒྱུག་གིང་ཆེན་མཐིང་སེར་དམར། །ལྗང་གུ་གཡས་རྣམས་ལྕགས་ཀྱུ་རལ་གྲི་དང་། །ཐོད་སྙིང་རྒྱུ་ཞགས་གཡོན་རྣམས་ཐོད་ཁྲག་རོལ། །རྡོ་རྗེ་རིན་ཆེན་པདྨ་ལས་གིང་མོ། །གཡས་རྣམས་རང་རྟགས་གཡོན་པས་དྲིལ་བུ་འཁྲོལ། །མདོག་གཟུགས་ཆ་ལུགས་རང་རང་ཡབ་དང་མཚུངས། །ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་བུདྡྷ་ཀ་པཱ་ལ་དཔའ་བོ་ཧཱུྃ་བུདྡྷི་པྲ་དྷཱ་ཀི་ནཱི་མ་མ་རུ་ལུ་སྭཱ་ཧཱ། ཧྲཱིཿ ནུབ་བྱང་རྐང་གཡས་ལོ་ཀའི་འཁོར་ལོའི་དབུས། །རྟ་མགྲིན་དམར་པོ་དཀར་དང་སྔོ་བའི་ཞལ། །གཡས་གསུམ་ཁ་ཊྭཱཾ་རྡོ་རྗེ་སྦྲུལ་ཞགས་འཛིན། །ཐོད་ཁྲག་དྲིལ་བུ་ལྕག་སྒྲོག་གཡོན་གསུམ་ཕྱག །ཙ་ཏི་སྨུག་ནག་ཏྲི་ཤུལ་དུང་དམར་སྟོབས། །ཞབས་བཞི་བརྐྱང་བསྐུམ་དོར་སྟབས་གར་གྱིས་བཞེངས། །ཡབ་ཡུམ་དུར་ཁྲོད་ཆས་བརྒྱན་མི་སྡུག་གཟུགས། །རབ་འབར་མེ་རིའི་ཀློང་བཞུགས་ཕྱོགས་མཚམས་ལ། །ཡེ་ཤེས་ཟིལ་གནོན་འཁོར་ལོ་རྡོ་རྗེ་དཀར། །མི་ཕམ་དམར་མོ་གྲི་གུག་ཐོད་འཛིན་འཁྱུད། །ལས་ཀྱི་ཟིལ་གནོན་དབྱུག་པ་དགྲ་སཏྭ་སེར། ཁྲོ་གཉེར་མ་སྔོན་ཨུཏྤལ་བྷན་འཛིན་འཁྱུད། །མ་མོ་ཟིལ་གནོན་ལྕགས་སྒྲོག་རྔེའུ་ཆུང་དམར། །སྤྱན་གཅིག་ལྗང་གུ་ལྕགས་སྒྲོག་བྷནྡྷ་འཁྲིལ། །བྱ་ཁྱུང་ཟིལ་གནོན་ལྗང་ནག་ཁྱུང་སྦྲུལ་འཛིན། །རྩ་འཇིབས་དམར་སེར་ལྕགས་ཕུར་བྷནྡྷ་འཁྱུད། །ཕོ་རྒྱུད་ཟིལ་གནོན་ཞིང་དབྱུག་རྒྱུ་ཞགས་སྨུག །རྡོ་རྗེ་ལས་དཀར་བེ་ཅོན་ཐོད་ཁྲག་འཁྱུད། །མོ་རྒྱུད་ཟིལ་གནོན་མཐིང་ནག་མདའ་གཞུ་འགེངས། །གཤིན་རྗེ་ལས་སེར་གསེར་གཞོང་བྷན་འཛིན་འཁྲིལ། །ཀླུ་འདུལ་དམར་པོ་དགྲ་སཏྭ་ཐོ་ལུམ་ཕྱར། །ཀླུ་མོ་ལས་ལྗང་སྦྲུལ་ཞགས་ཐོད་འཛིན་འཁྲིལ། །གནོད་སྦྱིན་འདུལ་བྱེད་ལྗང་དབྱུག་བམ་ཕུར་འཛིན། །གནོད་སྦྱིན་ལས་བྱེད་སྨུག་ནག་གྲི་བྷན་འཁྱུད། ཁྲོ་གཏུམ་རྒྱན་ཅན་མེ་དབུས་བཞེངས་སྟབས་རོལ། །ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་མ་མ་ཨེ་ཀ་ཛཱ་ཊི་ཧཱུྃ། ཧྲཱིཿ བྱང་ཤར་རྐང་གཡོན་རླུང་གི་འཁོར་ལོའི་དབུས། །ལག་ན་རྡོ་རྗེ་མཐིང་དཀར་དམར་བའི་ཞལ། །རྡོ་རྗེ་གྲི་གུག་སྦྲུལ་ཞགས་གཡས་གསུམ་ཕྱག །གཡོན་གསུམ་དྲིལ་བུ་ཐོད་ཁྲག་པདྨ་བསྣམས། །གསང་དབྱིངས་དམར་མོ་ཁ་ཊྭཱཾ་བྷན་དམར་སྟོབས། །ཞབས་གཉིས་བརྐྱང་བསྐུམ་དོར་སྟབས་གར་གྱིས་བགྲད། །ཡབ་ཡུམ་དཔལ་དང་དུར་ཁྲོད་ཆས་ཀྱིས་བརྗིད། །འཇིགས་རུང་གར་རོལ་ཕྱོགས་མཚམས་མདུན་རྒྱབ་ལ། །རྣམ་རྒྱལ་དཀར་པོ་འཁོར་ལོ་བེ་ཅོན་གདེངས། །མདའ་སྙེམས་སྔོ་སྐྱ་རྡོ་རྗེ་ཐོད་ཁྲག་འཁྱུད། །གཤིན་རྗེ་མཐིང་ནག་བེ་ཅོན་དགྲ་སཏྭ་འཛིན། །དུར་ཁྲོད་སེར་སྐྱ་རལ་གྲི་ཐོད་འཛིན་འཁྲིལ། །རྟ་མགྲིན་དམར་པོ་སྤུ་གྲི་ཞགས་པ་ཕྱར། །གཏུམ་མོ་དབྱུག་ཏོ་བྷནྡྷ་ལྗང་མོས་འཁྱུད། །འཁྱིལ་པ་ལྗང་གུ་རྒྱ་གྲམ་ཏྲི་ཤུལ་འཁྲོལ། །རླུང་འབྱིན་སྔོ་སྐྱ་རྔ་ཡབ་ཐོད་འཛིན་འཁྲིལ། །དབྱུག་སྔོན་དབྱུག་པ་མེ་ཐབ་འཛིན་མཐིང་ག །སྡེར་མོ་དམར་སེར་གྲི་ཐོད་བསྣམས་པས་འཁྱུད། །མི་གཡོ་ལྗང་ནག་རལ་གྲི་ཞགས་པ་འཛིན། །གཏུན་ཁུང་དམར་མོ་ཐོ་བ་ཐོད་ཁྲག་འཁྱུད། །འདོད་རྒྱལ་དམར་སྐྱ་བ་དན་རྔ་ཡབ་འཛིན། །སྙེམས་མ་ལྗང་གུ་བུམ་པ་ཐོད་ཁྲག་འཁྱུད། །སུམ་རྒྱལ་མཐིང་ནག་གྲི་གུག་སྦྲུལ་ཞགས་འཛིན། །སྐུལ་བྱེད་སེར་སྐྱ་རྩེ་གསུམ་ཐོད་ཁྲག་འཁྱུད། །ཧཱུྃ་དཀར་སྔོ་སྐྱ་ཐོ་བ་ཞགས་པ་འཛིན། །སྒྲ་འབྱིན་དཀར་མོ་འཁོར་ལོ་བྷནྡྷ་འཁྱུད། །སྟོབས་ཆེན་དུད་ཁ་ཐོ་བ་གཏུན་ཤིང་ཕྱར། །གསོད་བྱེད་སེར་མོ་དགྲ་སཏྭ་དུང་དམར་འཁྱུད། །ཐམས་ཅད་དྲག་གཏུམ་དུར་ཁྲོད་ཆས་ཀྱིས་བརྒྱན། །ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་བཛྲ་པཱ་ཎི་མ་ཧཱ་ཀྲོ་དྷཱ་མ་མ་སིདྡྷི་ཧཱུྃ། ཧྲཱིཿ ཕྱི་ཡི་ཤར་སྒོ་ལྟེ་བ་ལྷོ་ཡི་སྒོ །ནུ་གཡས་ནུབ་སྒོ་ཚངས་བུག་བྱང་གི་སྒོ །ནུ་གཡོན་རྣམས་སུ་སྒོ་མ་ཁ་གདོང་མ། །ཕག་ཁྱི་འུག་གདོང་དཀར་སེར་དམར་ལྗང་རྣམས། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་འཁྲོལ། །ནང་སྒོ་ཤར་ལྷོ་ཆུ་ལམ་ལྷོ་ནུབ་སྒོ །བཤང་ལམ་ནུབ་བྱང་ཁ་དང་བྱང་ཤར་སྒོ །སྣ་བུག་རྣམས་སུ་མཚམས་མ་བརྟན་བྱེད་མ། །ཕོ་ཉ་མཆེ་མ་འཇོམས་བྱེད་ཕྱེད་གཟུགས་ཅན། །རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་གྱིས། །མཚན་པའི་གྲི་གུག་གཡས་ལ་ཐོད་ཁྲག་གཡོན། །གཅེར་བུ་རུས་རྒྱན་གཡས་བསྐུམ་གཡོན་བརྐྱང་རོལ། །ཧྲཱིཿ སྟོད་སྨད་བར་ཁྱམས་བ་སྤུའི་གྲོང་ཁྱེར་དུ། །སྤྱི་མགྲིན་སྙིང་ལྟེའི་རྩ་འདབ་གྱེས་པ་ལས། །ཡུལ་ཆེན་ཉེར་བཞིའི་དཔའ་བོ་དཔའ་མོ་ནི། །ཐོད་དབྱུག་དཀར་པོ་རབ་གཏུམ་མ་དམར་མོ། །ཀེང་རུས་ཆེ་མཐིང་གཏུམ་མིག་དམར་སེར་མོ། །ཀེང་རུས་གཏུམ་ལྗང་འོད་ལྡན་མ་དམར་སེར། །ཐབས་ཤེས་གཡས་ན་རྡོ་རྗེ་ཌཱ་མ་རུ། །གཡོན་ཕྱག་ཐོད་ཁྲག་དྲིལ་བུ་ཤར་སྟོད་གནས། །མཆེ་གཙིགས་དཀར་མོ་སྣ་ཆེན་མ་དམར་མོ། །སུ་ར་བྷེ་སྔོན་བརྟན་མ་གསེར་གྱི་མདོག །འོད་དཔག་མེད་ལྗང་མིའུ་ཐུང་མ་དམར་སེར། །ཐབས་ཤེས་གཡས་ཕྱག་རིན་ཆེན་རལ་གྲི་འཛིན། །གཡོན་ཕྱག་ཐོད་ཁྲག་དྲིལ་འཛིན་ཤར་སྨད་གནས། །འོད་ལྡན་དཀར་མོ་ལང་ཀའི་བདག་མོ་དམར། །རྡོ་རྗེའི་སྐུ་མཐིང་ཤིང་གྲིབ་མ་སེར་མོ། །གཞོན་ནུ་ལྗང་གུ་ས་སྲུང་མ་དམར་སེར། །ཡབ་རྣམས་བགྲང་ཕྲེང་ཡུམ་རྣམས་ཌཱ་རུ་གཡས། །ཐོད་ཁྲག་དྲིལ་བུ་གཡོན་འཛིན་ལྟོ་སྟོད་གནས། །རྡོ་རྗེ་རལ་པ་དཀར་པོ་འོད་ཅན་དམར། །རབ་དགའ་སྔོན་པོ་རླུང་ཤུགས་མ་སེར་མོ། །ཧཱུྃ་མཛད་ལྗང་གུ་ཆང་འཐུང་མ་དམར་སེར། །ཐབས་ཤེས་ཕྱག་གཡས་བེ་ཅོན་ལྕགས་ཀྱུ་དང་། །གཡོན་པས་ཐོད་ཁྲག་དྲིལ་འཁྲོལ་ལྷོ་སྨད་བཞུགས། །རབ་བཟང་དཀར་པོ་གཙུག་ཕུད་མ་དམར་མོ། །རྡོ་རྗེ་བཟང་མཐིང་རབ་བཟང་མ་སེར་མོ། །འཇིགས་བྱེད་ལྗང་གུ་རྟ་རྣ་མ་དམར་སེར། །ཐབས་ཤེས་གཡས་ཕྱག་པདྨ་ཌཱ་རུ་འཛིན། །གཡོན་པས་ཐོད་ཁྲག་དྲིལ་འཁྲོལ་ནུབ་སྟོད་བརྟེན། །སྤྱན་མི་བཟང་དཀར་ཁ་གདོང་མ་དམར་མོ། །སྟོབས་ཆེན་སྔོན་པོ་འཁོར་ལོའི་ཤུགས་ཅན་སེར། །རིན་རྡོར་ལྗང་གུ་དུམ་སྐྱེས་མ་དམར་སེར། །ཡབ་ཕྱག་ཐོ་བ་ཡུམ་ཕྱག་དར་དཔྱངས་གཡས། །གཡོན་པས་ཐོད་ཁྲག་དྲིལ་འཛིན་ནུབ་སྨད་གནས། །རྟ་མགྲིན་དཀར་པོ་གླང་སྣ་མ་དམར་མོ། །ནམ་སྙིང་མཐིང་ནག་འཁོར་ལོའི་གོ་ཆ་སེར། །ཧེ་རུ་ཀ་ལྗང་རབ་དཔའ་མ་དམར་སེར། །ཐབས་ཤེས་གཡས་ཕྱག་རྒྱ་གྲམ་ཁ་ཊྭཱཾ་ག །གཡོན་པས་ཐོད་ཁྲག་དྲིལ་འཛིན་བྱང་སྟོད་བརྟེན། །པད་གར་དབང་དཀར་སྟོབས་ཆེན་མ་དམར་མོ། །སྣང་མཛད་སྔོན་པོ་འཁོར་ལོས་སྒྱུར་མ་སེར། །རྡོར་སེམས་ལྗང་གུ་བརྩོན་འགྲུས་མ་དམར་སེར། །ཡབ་ཡུམ་གཡས་ཕྱག་རྒྱ་གྲམ་ཌཱ་རུ་ཁྲོལ། །གཡོན་པས་ཐོད་ཁྲག་དྲིལ་འཛིན་བྱང་སྨད་བཞུགས། །ཐམས་ཅད་ཞི་ཚུལ་དར་གོས་རིན་ཆེན་རྒྱན། །གླུ་ལེན་ཐབས་ཤེས་གཉིས་གཉིས་གར་སྟབས་བཞེངས། །དེ་ལྟར་གྲངས་ཅན་གཞན་ཡང་གྲངས་འདས་འཁོར། །དཔའ་བོ་དཔའ་མོ་ལ་སོགས་དཔག་མེད་ཀྱང༔ །རྣམ་འགྱུར་ཆ་ལུགས་ཅིར་ཡང་སྟོན་བྱེད་ཅིང༔ །མ་འགག་ལྷུན་གྲུབ་རོལ་པའི་ཚལ་དུ་གསལ༔ །ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་ཡཀྵ་ས་མ་ཡ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཧཱུྃ་ཕཊ་ཡོ་གི་ནཱི་སརྦ་དུཥྚན་ཧཱུྃ་ཕཊཿ ཀུན་གྱི་གནས་གསུམ་འཁོར་ལོ་པདྨ་དང་། །རྡོ་རྗེ་འབྲུ་གསུམ་གྱིས་མཚན་དཀར་དམར་མཐིང་། །རྡོ་རྗེ་ལྟེ་སྦུབས་ཉི་དཀྱིལ་གདལ་བའི་སྟེང་། །ཧྲཱིཿས་མཚན་འོད་ཀྱིས་ཡེ་ཤེས་སྤྱན་དྲངས་གྱུར། །དེ་ལྟར་བསྐྱེད་ལ་ཚིག་བདུན་སྤྱན་འདྲེན་སྔོན་འགྲོས། གཞུང་གི་སྤྱན་འདྲེན་ནས་ཕྱག་འཚལ་གྱི་མཐའ་བར་དང་། དེ་ནས་ཕྱི་མཆོད་ནི། ཧཱུྃ་ཧྲཱི༔ དངོས་སུ་འབྱོར་དང་སོགས། རྒྱལ་བ་རྣམས་ལ་འབུལ༔ ཞེས་དང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི། ཨརྒྷཾ། པཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝིདྱཱ། ཤབྡ་པཱུ་ཛཿཧོཿ ནང་མཆོད་ནི། ཧཱུྃ་ཧྲཱིཿ ལྷ་མིའི་མཆོད་རྫས་སོགས། འབུལ་བར་བགྱི༔ ཞེས་དང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་རཱུ་པ། ཤབྡ། གནྡྷེ། རཱ་ས། སྤརྴེ་པཱུ་ཛ་ཧོཿ གསང་མཆོད་ནི། ཧཱུྃ་ཧྲཱིཿ འདོད་ཆགས་སོགས་ནས། ཚོགས་ལ་འབུལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་མ་ཧཱ་མཱཾ་ས། རཀྟ། ཀིཾ་ནི་རི་ཏི། བྷ་སུ་ཏ། ཙིཏྟ་པཱུ་ཛཿཧོཿ དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། ཧཱུྃ་ཧྲཱིཿ ཡབ་ཡུམ་གཉིས་མེད་སོགས་ནས། ལྷ་ལ་འབུལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་བྷོ་དྷི་ཙིཏྟ་མ་ཧཱ་པཱུ་ཛཿཧོཿ བདུད་རྩི་སྨན་མཆོད་ནི། ཧྲཱི༔ བྷནྡྷ་ཁོར་ཡུག་སོགས་ནས་བསྟོད་པའི་མཐའ་བར་མེ་ཕྲེང་རང་གཞུང་ལྟར་བཏང་། དེ་ནས་ལས་རླུང་ཡེ་ཤེས་སུ་སྨིན་པར་བྱེད་པའི་བཟླས་པ་ནི། སྐབས་འདིར་འབྲུ་གསུམ་རྡོར་བཟླས་མཛད་དེ། དེ་ཡང་ཉི་ཟླ་ཁ་སྦྱོར་ལས། ཨོཾ་ཨཱཿཧཱུྃ༔ ཞེས་པ་སྙིང་པོ་ཐམས་ཅད་འདུས་པའི་ཡི་གེ་གསུམ་པོ་དེ་གཞན་ལོག་ནས་འབྱུང་བའམ་བསྒྲུབ་རྒྱུ་ཅན་ཡོད་པ་མ་ཡིན་ཞིང་། རང་ལ་ཡེ་ནས་གནས། དེའི་ཆེད་དུ་མཆུ་སྦྱོར་གདངས་སྐད་ཕྲེད་གདང་བཅས་ནས་དུད་འགྲོ་དཀྲོགས་པ་ལྟར་བཟླ་མི་འཚལ། རང་བཞིན་རྒྱུན་འབྱུང་གིས་བཟླས་པས། རླུང་ནང་དུ་རྒྱུ་བ་ཨོཾ་གྱི་རང་བཞིན། ཁོང་དུ་གནས་པ་ཨཱཿཡི་ངོ་བོ། ཕྱིར་དབྱུང་བ་ཧཱུྃ་གི་རང་སྒྲར་འབྱུང་བ། རླུང་རྒྱུ་རྔུབ་གནས་གསུམ་འཁོར་གཅིག་ལ། ཨོཾ་ཨཱཿཧཱུྃ་འབྲུ་གསུམ་ཡོངས་འདུས་ཀྱི་བཟླས་པ་རྩོལ་བ་དང་བྲལ་བ་ཚར་རེ་རེ་འགྲུབ། དེ་ནས་རླུང་གི་རྒྱུ་བ་མ་ཆད་ཀྱི་བར་དུ་རང་བཞིན་གཤིས་ཀྱི་བཟླས་པ་ལ་རྒྱུན་ཆད་མེད་དེ། འགྲོ་འཆག་ཉལ་འདུག་ལ་སོགས་པའི་སྤྱོད་ལམ་གྱི་རྣམ་གྲངས་གང་བྱེད་ཀྱང་། འབྲུ་གསུམ་གྱི་བཟླས་པ་ལ་དབྲི་གཞོལ་རེས་འཇོག་ཐང་ལྷོད་ལ་སོགས་པ་གང་ཡང་མེད་པར་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་སྐྱེ་མེད་རང་བྱུང་རྡོ་རྗེའི་བཟླས་པ་བར་མཚམས་མེད་དོ། །དེ་ལྟར་ངོས་ཟིན་ཅིང་རྡོ་རྗེ་ཡེ་ཤེས་ཀྱི་བཟླས་པ་རྒྱུན་མ་ཆད་པས། མ་རིག་འཁོར་བ་ལས་ཀྱི་རླུང་ཞེས་ཐ་སྙད་ལས་འདས་ཏེ། དཔེར་ན་ཉི་མའི་སྙིང་པོ་ལ་མུན་པའི་སྐབས་མེད་པ་དང་འདྲའོ། །དེ་ཙམ་ན་འཁོང་བ་མ་སྤང་རང་སྤངས། ཐར་པ་མ་བགྲོད་རང་བགྲོད། སྒྲིབ་པ་མ་སྦྱང་རང་བྱང་། འགྲོ་དོན་མ་བྱས་རང་འགྲུབ། འབྲས་བུ་མ་བཙལ་རང་རྙེད། དམ་ཚིག་མ་བསྲུང་རང་བསྲུང་། སྤང་བླང་དགག་སྒྲུབ་འཁོར་འདས་ཐམས་ཅད་རང་སར་གྲོལ་ལོ། །རིམ་པ་དེས་ནི། འཁྲུལ་གཞིའི་རྩ་ལ་བེམ་རིག་གི་སྦྲེལ་ཐག་ལས་རླུང་འགྱུ་རྔུབ་འབྲུ་གསུམ་སྙིང་པོ་ཡེ་ཤེས་ཀྱི་སྲང་ལ་འཛུད་པར་བྱའོ། །ཞེས་སོགས་གསུངས་པ་ལྟར། འབྱིན་འཇུག་གནས་གསུམ་དུ་རང་བཞིན་ཤུགས་ཀྱིས་ཤེས་པས་རྡོར་བཟླས་ཇི་ལྟར་འོས་པ་བྱས་མཐར་། སྲུང་མའི་གཏོར་ཆོག་དང་། ཚོགས་མཆོད་སོགས་ལ་འཇུག །མདུན་བསྐྱེད་ཀྱིས་བཟླས་པ་དམིགས་གསལ་བྱ་དགོས་པ་ཡོད་ན། རྡོར་བཟླས་འཕྲོས་སུ་བཟླས་དམིགས་རྒྱས་པར་འདོད་ན་ཛཔ྄་དགོངས་ཚངས་པའི་ང་རོ་དང་། ལས་བྱང་ཆེན་མོ་སོགས་གུང་བསྒྲིགས་ཏེ་བྱ་དགོས་ལ། ས་བཅད་ཙམ་གྱིས་འཐུས་པར་འདོད་ན། ལྷ་ཚོགས་ཐུགས་ཀར་པད་སྟེང་ཧྲཱིཿ སྔགས་ཕྲེང་བསྐོར་བའི་འོད་ཀྱིས་དོན་གཉིས་བྱས། །སྣོད་བཅུད་རྩ་གསུམ་རྒྱལ་བའི་ཞིང་དུ་གྱུར། །ཚུར་འདུས་མཆོག་དང་ཐུན་མོང་དངོས་གྲུབ་ཐོབ། །ཞེས་བདག་མདུན་གཉིས་ཀར་དམིགས་པས་ཁྱབ་པར་བསྒོམས་ལ། གཙོ་དགུའི་སྔགས་གོང་གི་ལྷ་བསྐྱེད་སྐབས་ལྟར་དང་། སྤྱི་དྲིལ་ཆེན་མོ་ནི། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་དྷེ་ཝ་དྷཱ་ཀི་ནཱི༔ བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ༔ བཛྲ་མ་ཧཱ་ཀྲོ་ཏ་ཤཱིནྟ་ཀ༔ ཧྲཱི་མ་ཧ་རི་ནི་ས༔ར་ཙ་ཧྲི་སརྦ་སིདྡྷི༔ ཀཱ་ཡ་ཝཱ་ཀ་ཙིཏྟ༔ ཛྙཱ་ན་སཏྭ༔ ཨ་མི་དྷེ་ཝ༔ མ་མ་ཙིཏྟ་སཾ་བྷ་ཝ་ཨ་དྷིཥྛཱ་ནཾ༔ མ་མ་ཨཱ་ཡུརྫྙཱ་ན་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱ༔ སྤྱི་དྲིལ་འབྲིང་པོ་ནི། ཨོཾ་ཨཱཿཧཱུྃ་ཧྲཱི༔ བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་པ་རྣམས་དལ་ཁོམས་སྤྲོས་པ་དང་བསྟུན་ཞིང་། སྤྱི་དྲིལ་གང་རུང་ཅི་ནུས་བཟླ། འདིར་བདག་བསྐྱེད་གཙོ་བོར་བྱེད་པའི་དབང་གི་བསྙེན་ལུགས་ཡིན་ལ། དབང་དོན་སྒྲུབ་མཆོད་སོགས་མདུན་བསྐྱེད་གཙོ་བོར་བྱེད་ན། ཚོགས་མཆོད་རྒྱས་པའི་སྐབས། མངོན་རྟོགས་གོང་གསལ་གྱིས་བདག་བསྐྱེད་གྲུབ་པའི་གནས་གསུམ་བྱིན་བརླབ་དབུར། མདུན་བསྐྱེད་ཀྱི་དཀྱིལ་འཁོར་བསྒྲུབ་པ་ལ། ཐོག་མར་འབྱུང་བ་རིམ་བརྩེགས་ནི། ཨེཿ ཀུན་བཟང་མཁའ་ཀློང་ངང་དུ་དབྱེར་མེད་ཀྱང་། །ལོག་རྟོག་འཁོར་བའི་སྐྱེ་འགྲོ་བསྒྲལ་སླད་དུ། །འགག་མེད་ཡི་གེ་འབྲུ་ལྔའི་འཕྲོ་འདུ་ཡིས། །བདེ་གཤེགས་རིགས་ལྔའི་ཆོ་འཕྲུལ་འབྱུང་བ་ལྔ། །སྐུ་གསུམ་དབྱིངས་སུ་ཡེ་ནས་ལྷུན་གྲུབ་ཅིང་། །དཀྱིལ་འཁོར་ཕོ་བྲང་འདེགས་པའི་ཚུལ་དུ་ཤར། །ཨེ་ཡཾ་ར་སུཾ་ཀེཾ་རཾ། གཞལ་ཡས་ཁང་ནི། བྷྲཱུྃ། བྷྲཱུྃ་ལས་ཕོ་བྲང་རིན་ཆེན་གཞལ་ཡས་ཁང་། །ཡངས་ཤིང་རྒྱ་ཆེ་ཕྱི་ནང་མེད་པར་གསལ། །སྣ་ཚོགས་རིན་ཆེན་ལས་གྲུབ་ཉམས་རེ་དགའ། །ཟུར་བཞི་ལོགས་བཞི་རྟ་བབས་བང་རིམ་བཅས། །རྣམ་ཐར་སྒོ་བཞི་སྒོ་ཁང་ནོར་བུས་སྤྲས། །རིན་ཆེན་ལྔ་ལྡན་བརྩིག་པ་རིམ་ལྔ་ལས། །དཀར་སེར་དམར་ལྗང་ཕྱི་ནང་འོད་ཟེར་འཕྲོ། །རིན་ཆེན་ཕ་གུ་དུང་གི་སྤར་ཁབ་ཅན། །སྣ་ཚོགས་རཏྣའི་ཕྲེང་བ་ཟར་བུར་སྒྲེང་། །པུ་ཤུ་ཁོར་ཡུག་གདུགས་དང་རྒྱལ་མཚན་སོགས། །དར་དང་ལྷབ་ལྷུབ་ཅོད་པན་དུ་མས་བརྒྱན། །ཐུགས་རྗེ་ཞི་བའི་གཞལ་ཡས་ལྷུན་གྱིས་གྲུབ། །བྷྲཱུྃ་བི་ཤྭ་བི་ཤུདྡྷེ་རཏྣ་ཛྙཱ་ན་མཎྜལ་བྷྲཱུྃ། ཧཱུྃ། ཐུགས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་། །ཐབས་མཁས་ཐུགས་རྗེས་ལོག་རྟོག་ཚར་གཅོད་ཕྱིར། །པདྨ་དབང་ཆེན་ཁྲོས་པའི་དཀྱིལ་འཁོར་ནི། །སྐུ་གསུམ་བྷནྡྷ་སྐམ་རློན་ར་རིའི་མཁར། །ཕྲིན་ལས་རྣམ་བཞི་ཕྱོགས་བཞིར་སྒོ་བཞི་གསལ། །ཆོས་ཉིད་འགྱུར་མེད་གནམ་ལྕགས་གཟེར་ཆེན་གདབ། །ལྷ་ཀླུ་གཟའ་ཆེན་ཚངས་པ་རྒྱུ་སྐར་སོགས། །ཀ་བ་ཀ་ཞུ་གཞུ་གདུང་གྲལ་ཕྱམ་བྲེས། །ཞིང་པགས་ཉ་སྦྲུལ་ནང་ཁྲོལ་དབང་པོའི་ཚོགས། །བླ་བྲེ་འཕན་གདུགས་ཟར་ཚག་ཕོ་ལོང་འཕྱོ། །དམར་ཆེན་ཞམ་ཆུ་འབབ་ཅིང་རོ་ཚོགས་བཀྲམ། །ཕྱོགས་མཚམས་དུར་ཁྲོད་འབར་བའི་ར་བས་གཏམས། །མི་ཤིགས་སྲ་བརྟན་བསྲུང་བའི་གུར་ཁང་དབུས། །ཕོ་བྲང་རྩེ་མཐོན་པདྨ་རཱ་ག་དང་། །ནོར་བུ་རིན་ཆེན་དབང་གི་རྒྱལ་པོས་མཚན། །ལྟེ་བར་ལིང་ཚེ་དགུ་ཡི་དཀྱིལ་འཁོར་གསལ། །སྣ་ཚོགས་འདབ་བརྒྱད་ཉི་ཟླ་རིན་ཆེན་གདན། །ཕོ་བྲང་དགུ་བརྩེགས་དུར་ཁྲོད་གཞལ་ཡས་ཁང་། །རིམ་དགུའི་གནས་རྫོགས་དགུ་བརྩེགས་གདན་དང་བཅས། །དཀར་སེར་དམར་ལྗང་འཇའ་གུར་འོད་ཟེར་འཕྲོ། །དབང་ཆེན་འབར་བའི་ཕོ་བྲང་ལྷུན་གྱིས་གྲུབ། །བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཧེ་རུ་ཀ་ཛྙཱ་ན་མཎྜལ་ཧཱུྃ། པདྨ་སུརྻ་ཙནྡྲ་ཨ་ནྲྀ་ཏྲི་དེ་ཝ་དེ་ཝཱི་དྷཱ་ཀི་ནཱི་ཏི་ར་མཎྜ་ལ་ཧཱུྃ། ལྷ་ཚོགས་བསྐྱེད་པ་ནི། ཧཱུྃ་ཧྲཱིཿ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར། །དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ །ཕྲིན་ལས་མངའ་བདག་དཔའ་བོ་རྟ་མགྲིན་ཡབ། །དབང་ཆེན་དམར་སྨུག་དམར་དཀར་སོགས་གོང་གསལ་བཞིན། དྷཱུ་མ་གྷ་ཡེ་དྷཱ་ཀི་ནཱི་ན་མཿསྭཱ་ཧཱ། ཞེས་པའི་མཚམས་ཕྱོགས་མཚམས་ལྷ་བསྐྱེད་ཀྱི་ཚིག་རྐང་དང་པོ་དོར་བའི་མལ་དུ། ཧཱུྃ་ཧྲཱིཿ ཤར་ཕྱོགས་རྡོ་རྗེ་སྟོང་ལྡན་ཁྲི་སྟེང་དུ། །བུདྡྷ་ཐོད་ཕྲེང་དཀར་སྔོ་སོགས་འབྱིན་འཇུག་རིགས་འགྲེ་བས། ལྷོ་ཕྱོགས་རིན་ཆེན་སྟོང་ལྡན་ཁྲི་སྟེང་དུ། །ནུབ་ཕྱོགས་པདྨ་སྟོང་ལྡན་ཁྲི་སྟེང་དུ༔ བྱང་ཕྱོགས་རྒྱ་གྲམ་སྟོང་ལྡན་ཁྲི་སྟེང་དུ། །ཤར་ལྷོ་དགྲ་བགེགས་བསྣོལ་བའི་ཁྲི་སྟེང་དུ། །ལྷོ་ནུབ་ཤ་ཟ་མཁའ་འགྲོའི་ཁྲི་སྟེང་དུ། །ནུབ་བྱང་དྲེགས་པ་ཕོ་མོའི་ཁྲི་སྟེང་དུ། །བྱང་ཤར་ཀླུ་གདོན་ས་བདག་ཁྲི་སྟེང་དུ། །ཞེས་པ་རྣམས་སོ་སོར་བསྒྱུར་བ་དང་། ཧཱུྃ་ཧྲཱིཿ དཀྱིལ་འཁོར་ཆེན་པོའི་བར་མཚམས་ཕྱོགས་བཞི་ན། །ཞིང་ཆེན་གསར་རྙིང་བརྩེགས་པའི་ཁྲི་སྟེང་དུ། །དཔལ་གྱི་བཀའ་སྡོད་སྒོ་མ་ཁྲ་གདོང་དང་། །ཕག་ཁྱི་འུག་གདོང་དཀར་སེར་དམར་ལྗང་རྣམས། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་འཁྲོལ། །མཚམས་འཛིན་སྲུང་མ་གཤིན་རྗེ་བརྟན་བྱེད་མ། །ཕོ་ཉ་མཆེ་མ་འཇོམས་བྱེད་ཕྱེད་གཟུགས་ཅན། །རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་གྱིས། །མཚན་པའི་གྲི་གུག་གཡས་ལ་ཐོད་ཁྲག་གཡོན། །གཅེར་བུ་རུས་རྒྱན་གཡས་བསྐུམ་གཡོན་བརྐྱང་རོལ། ཁྱམས་ཀྱི་སྟོད་སྨད་དཔའ་བོ་དཔའ་མོ་ནི། །ཐོད་དབྱུག་དཀར་པོ་སོགས་ནས། སརྦ་དུཥྚན་ཧཱུྃ་ཕཊ༔བར་གྱིས་བསྐྱེད། དབང་དོན་དང་འབྲེལ་ན་སྐབས་འདིར་བུམ་པ་སྒྲུབ་ཚུལ་རྒྱས་འབྲིང་བསྡུས་པ་གོང་འོས་སྐབས་དང་བསྟུན་པའང་སྦྱར། གང་ལྟར་ཡང་ཐམས་ཅད་གྲུབ་པའི་མཐར། གནས་གསུམ་བྱིན་རླབས་ནི། ཀུན་གྱི་གནས་གསུམ་སོགས་གོང་གསལ་ལ་འཇུག་ཅིང་། སྤྱན་འདྲེན་ནས་བསྟོད་པའི་མཐའ་བར་གཞུང་མཐར་ཆགས་སུ་བཏང་རྗེས། བདག་བསྐྱེད་ལ་དམིགས་པའི་རྡོར་བཟླས་བརྒྱ་རྩ་ནས་ཉེར་ལྔའི་བར་དང་། སླར་བདག་མདུན་ཆབས་ཅིག་པས་བསྙེན་སྒྲུབ་ལ་འཇུག་པ་ནི། ཐོག་མར་ཛཔ྄་བསྐུལ་ནི། དངོས་ལྟར་ན། ཐོག་མར་ཀརྨ་ལས་བྱེད་པས་རྡོ་རྗེ་རྒྱལ་པོའི་གཙོས་འདུས་པ་རྣམས་བསྐུལ། དེ་ནས་མཆེད་ལྕམ་རྣམས་ཀྱིས་དཀྱིལ་འཁོར་པ་བསྐུལ་ཏེ་ཛཔ྄་ལ་འཇུག་པ་ཡིན་ནའང་། དེང་སང་འདྲ་འབག་གི་སྐབས་འདིར་འདུས་པ་རྣམས་ནས་ཆབས་ཅིག་མཛད་པའི་རྒྱུན་སྤྱི་འགྲེ་འཇགས་པ་ལྟར་ན། ཧཱུྃ་ཧྲཱིཿ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ། །སྐུ་ནི་གར་བསྒྱུར་རྫུ་འཕྲུལ་གློག་ལྟར་འཁྱུག །གསུང་ནི་ཆོས་སྒྲ་ཛཔ྄་དབྱངས་འབྲུག་ལྟར་སྒྲོག །ཐུགས་རྗེ་བརྩེ་བས་སྒྲུབ་མཆོག་རྣམས་ལ་དགོངས། །ཛཔ྄་ཀྱིས་རྒྱུད་བསྐུལ་རྡོ་རྗེའི་སྐུ་གསུང་ཐུགས། །བླ་མ་རྣམས་དང་ཡི་དམ་མཁའ་འགྲོའི་ཚོགས། །ཚོམ་བུ་དགུ་ཡི་ལྷ་ཚོགས་གཙོ་དང་འཁོར། །དམ་ཅན་ཆོས་སྐྱོང་རིག་འཛིན་ཚོམ་བུར་བཅས། །དངོས་དང་དངོས་མིན་འདུས་པ་རྒྱ་མཚོ་རྣམས། །ཐམས་ཅད་ཐུགས་དམ་བསྐུལ་ལོ་ཛཔ྄་ལ་བཞེངས། །རྩ་གསུམ་བྱིན་དབང་སྩོལ་ཕྱིར་ཛཔ྄་སྒྲ་སྒྲོགས། །སྲུང་མ་ནོར་ལྷ་འབྱུང་བ་གཞི་གནས་ལྷ། །ཕྲིན་ལས་ལེགས་འབྱོར་སྤེལ་ཕྱིར་ཛཔ྄་སྒྲ་སྒྲོགས། །སྒྲུབ་མཆོག་དང་དུ་ལེན་པའི་མཆེད་ལྕམ་རྣམས། །དེང་འདིར་ཛཔ྄་སྒྲ་སྒྲོག་པའི་དུས་ལ་བབས། །སྒོ་གསུམ་ཕྱག་རྒྱ་བསྒྱུར་བའི་དུས་ལ་བབས། །ཉོན་མོངས་དགྲ་བགེགས་འདུལ་བའི་དུས་ལ་བབས། །སྣ་ཚོགས་ཕྲིན་ལས་སྒྲུབ་པའི་དུས་ལ་བབས། །ཡེངས་མེད་ཏིང་འཛིན་སྒྲུབ་པའི་དུས་ལ་བབས། །མཛོད་ཅིག་སྔགས་ཀྱི་གླུ་གར་ད་མཛོད་ལ། །ཡེ་ཤེས་ལྷ་ཚོགས་འགྲུབ་པར་མཛད་དུ་གསོལ། །ཞེས་བསྐུལ་ནས་ཛཔ྄་བསྟོད་བྱ་བ་ནི། ཧཱུྃ་ཧྲཱིཿ དབང་ཆེན་ཟླ་གམ་གདེངས་པའི་དཀྱིལ་འཁོར་ན། །སྣ་ཚོགས་དར་ཟབ་རིན་ཆེན་བརྩེགས་པའི་ཁྲི །ཐབས་དང་ཤེས་རབ་ཉི་ཟླ་འོད་ཀྱི་དཀྱིལ། །ཆགས་བྲལ་པདྨ་འབར་བའི་གེ་སར་ལ། །སངས་རྒྱས་དགོངས་པ་ཡོངས་རྫོགས་གྲུབ་པའི་དཔལ། །བླ་མ་ཡི་དམ་མཁའ་འགྲོ་འཁོར་དང་བཅས། །བརྗིད་པའི་སྐུ་ལ་རང་རང་ཆས་རྣམས་རྫོགས། །གསུང་གི་སྙིང་པོ་སྒྲ་སྒྲོག་སྔགས་ཀྱི་སྐད། །ཐུགས་ནི་སྒྲོལ་མཛད་འགྱུར་མེད་ཡེ་ཤེས་སེམས། །ཛཔ྄་ཀྱིས་རྒྱུད་བསྐུལ་རྡོ་རྗེའི་སྐུ་གསུང་ཐུགས། །ཕཊ་ཀྱིས་སྤྲོས་པས་སྟོང་གསུམ་སྐུ་ཡིས་གང་། །མ་གསལ་བར་དུ་བསྐྱེད་ཅིང་འབད་པས་བསྒོམ། །མ་འགྲུབ་བར་དུ་ཏིང་འཛིན་མི་གཏང་ངོ་། །ཛཔ྄་དངོས་ཀྱི་ཐོག་མར་བསྙེན་པ་ལ། ཟླ་སྐར་ཕྲེང་བ་ལྟ་བུའི་དགོངས་པ་ནི། བདག་མདུན་གཙོ་མཆོག་རྣམས་ཀྱི་ཐུགས་རྩེ་མོ་གྱེན་ལ་བསྟན་པའི་ཙིཏྟ་མཆོང་གུར་ཕུབ་པ་ལྟ་བུའི་དབུས་ན། ཉི་ཟླའི་གྭའུ་ཁ་སྦྱོར་གྱི་ནང་དུ་སོ་སོའི་ཕྱག་མཚན་གཙོ་བོ་པདྨ་བཛྲ་རྩལ་ལ་པདྨ་དམར་པོའི་ལྟེ་བར་ཧྲཱིཿ དེ་བཞིན་དུ་ཕོ་བྲང་ཕྱོགས་མཚམས་ཀྱི་གཙོ་བོ་བརྒྱད་པོ་རིམ་པ་བཞིན། གསེར་འཁོར་རྩིབས་བརྒྱད་པའི་ལྟེ་བར་ཨོཾ་དཀར་པོ། རིན་པོ་ཆེ་སེར་པོ་ཟུར་བརྒྱད་པའི་ལྟེ་བར་ཏྲཱཾ་སེར་པོ། པདྨ་དམར་པོའི་ལྟེ་བར་ཧྲཱིཿདམར་པོ། སྣ་ཚོགས་རྡོ་རྗེའི་ལྟེ་བར་ཨ་ལྗང་གུ །གསེར་གྱི་མཆོད་རྟེན་གྱི་བུམ་པར་ཧཱུྃ་དམར་སྨུག །གནམ་ལྕགས་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་ཧཱུྃ་མཐིང་ནག །བེ་ཅོན་སྨུག་པོའི་ལྟེ་བར་ཧྲཱིཿདམར་པོ། གནམ་ལྕགས་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་སྔོན་པོ་རྣམས་ཀྱི་ཕྱི་རོལ་དུ། རང་རང་གི་སྙིང་པོས་བསྐོར་བ། རང་མདོག་གི་འོད་ཟླ་བ་ཉ་རྒྱས་པ་ལྟ་བུའི་ཟེར་དཔག་ཏུ་མེད་པ་འཕྲོ་བ། དེའི་མཐའ་སྐོར་དུ། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་པའི་ཡིག་འབྲུ་རྣམས་སྐར་མའི་ཕྲེང་བ་ལྟ་བུར་བཀྲ་ལམ་མེར་བསྐོར་བ་ལ། མདུན་ཕྱོགས་ཡི་གེ་ཨོཾ་ནས་གཡས་སྐོར་དུ་བཀླག་པའི་ཚུལ་གྱིས་ཆུ་བོའི་རྒྱུན་བཞིན་དུ་བཟླ་བར་བྱའོ། །ཞེས་གསལ་བཏབ་ནས་གཙོ་དགུའི་སྙིང་པོ་རྣམས་གཙོ་འཁོར་གྱི་རྣམ་པ་ཕྱེད་པར་བཟླས་པའི་མཇུག་ཏུ། སྒོ་མཚམས་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རང་རང་གི་སྲོག་ཡིག་གི་མཐར་བཟླ་བྱའི་སྔགས་ཀྱིས་གཡོན་སྐོར་དུ་འཁོར་བ། བདག་བསྐྱེད་ཐུགས་ཀའི་འོད་ཀྱིས་བསྐུལ་བས། སྔོན་གྱི་དམ་ཚིག་རྗེས་སུ་དྲན་ཏེ་ཕྲིན་ལས་ཐོགས་པ་མེད་པར་འགྲུབ་པར་མོས་ལ། སྲོག་གནད་ལ་དབབ་པའི་སྙིང་པོ་ཅུང་ཟད་བཟླའོ། །ཉེ་བསྙེན་འགལ་མེ་ཀླད་བསྐོར་གྱི་ཛཔ྄་ནི། བདག་མདུན་གྱི་ཐུགས་ཀའི་སྔགས་ཕྲེང་འཁོར་བཞིན་པ་ལས། སྔགས་ཀྱི་འོད་ཟེར་ཁྲ་ལམ་གྱིས་བྱུང་བ་རང་གི་ཞལ་ནས་ཐོན། མདུན་བསྐྱེད་ཀྱི་ཞལ་དུ་ཞུགས། ལྟེ་བ་ནས་ཚུར་བྱུང་། རང་གི་ལྟེ་བ་ནས་ཞུགས་ཏེ་འཁོར་བ་དང་། ཡབ་ཡུམ་འཁྲིལ་སྦྱོར་དུ་བཞུགས་པ་རྣམས་ཡབ་ཀྱི་ཞལ་ནས་ཐོན། ཡུམ་གྱི་ཞལ་དུ་ཞུགས། ཡུམ་གྱི་གསང་བ་ནས་བརྒྱུད། ཡབ་ཀྱི་གསང་བ་ནས་ཞུགས། སླར་ཐུགས་ཀ་ནས་བརྒྱུད། ཡབ་ཞལ་ནས་ཡུམ་ཞལ་དུ་ཞུགས་པ་ཅན་གྱི་འཁོར་ལོར་དམིགས་པས་སྤྱི་དྲིལ་འབྲིང་པོ་བཟླ། སྒྲུབ་པ་རྒྱལ་པོའི་ཕོ་ཉ་ལྟ་བུའི་ཛཔ྄་ནི། ལྷ་ཚོགས་ཐུགས་ཀར་ཉི་ཟླའི་དཀྱིལ་འཁོར་སྟེང་། །རྡོ་རྗེ་དཀར་པོའི་ལྟེ་བར་པདྨ་དམར། །དེ་ལྟེང་སྣང་བ་མཐའ་ཡས་དམར་ལ་དྭངས། །རྒྱན་མེད་སྐྱིལ་ཀྲུང་མཉམ་གཞག་བུམ་པའི་ནང་། །འབྲུ་གསུམ་བརྩེགས་བསྣམས་ཐུགས་ཀར་ཧྲཱིཿཡིས་མཚན། །སྐུ་ཡི་མདུན་ནས་སྔགས་ཕྲེང་གཡས་བཀོད་འཁོར། །བཟླས་པའི་སྒྲས་བསྐུལ་འོད་ཟེར་རང་སྒྲ་ཅན། །ཕར་འཕྲོས་ཕྱོགས་བཅུའི་རྒྱལ་མཆོད་ཐུགས་དམ་བསྐུལ། །སྔགས་འབྲུ་སྒྲ་འོད་དང་བཅས་སྤྱན་དྲངས་པ། །ཞལ་སྒོ་ནས་བྱུང་བསྐྱེད་པའི་སྔགས་ལ་ཐིམ། །སྒྲ་འོད་ཆེར་འབར་བུམ་ནང་འབྲུ་གསུམ་བསྐུལ། །དཔག་མེད་འོད་འཕྲོས་འཕགས་མཆོད་བྱིན་རླབས་དང་། །བརྟན་གཡོའི་བཅུད་བསྡུས་བུམ་ནང་བདུད་རྩིས་གང་། །བུམ་བཅོལ་ནས་ལུད་རྡོ་རྗེ་ལ་ཕོག་པས། །བདུད་རྩི་དཀར་པོར་བབ་པ་པདྨར་འཕྲོས། །དེ་ལས་དམར་པོའི་རྒྱུན་བབ་དཀར་དམར་རྒྱུན། །ཆེར་འཕེལ་ཡབ་ཡུམ་སྐུ་གང་བདེ་སྦྱོར་མཛད། །སྒྲ་འོད་གྱིས་བསྐུལ་རབ་འབྱམས་རྒྱལ་བ་རྣམས། །སྙོམས་ཞུགས་བདེ་རྒྱུན་བཀུག་ནས་སྒོ་གསུམ་ལ། །ཐིམ་པས་ཐུན་མོང་ཚེ་དཔལ་སྟོབས་འབྱོར་རྒྱས། །ཕྱག་ཆེན་མཆོག་དངོས་དཔལ་དང་རབ་འབྱམས་ལས། །གནས་སྐབས་མཐར་ཐུག་དོན་འབྲས་འགྲུབ་པར་གྱུར། །ཞེས་མོས་ལ་སྤྱི་དྲིལ་ཆེན་མོ་བཟླ། སླར་རིགས་དྲུག་གནས་སྦྱོང་ནི། དཀྱིལ་འཁོར་པའི་ཐུགས་ཀའི་འོད་ཟེར་རིགས་དྲུག་གི་གནས་སུ་འཕྲོས་པས་དེའི་བྱིན་རླབས་ཀྱིས། སོ་སོའི་སྡུག་བསྔལ་ཞི་ཞིང་སྡིག་སྒྲིབ་མ་ལུས་པ་བྱང་ནས། སྣོད་བཅུད་རྩ་གསུམ་ལྷ་དང་གཞལ་ཡས་སུ་གྱུར་པས། སྔགས་སྒྲ་ཏི་རི་རི་སྒྲོག་པར་བསམས་ལ། སྤྱི་དྲིལ་ཆེན་མོ་ཅུང་ཟད་བཟླ། སྒྲུབ་པ་ཆེན་པོ་བུང་བ་ཚང་ཞིག་གི་བཟླས་པ་ནི། དཀྱིལ་འཁོར་ལྷའི་ཐུགས་ཀའི་འོད་ཟེར་དཔག་ཏུ་མེད་ཅིང་བརྗོད་ཀྱིས་མི་ལངས་པ། སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་འཕྲོས་ཤིང་ཁམས་གསུམ་གྱི་སེམས་ཅན་ལ་ཕོག་པས། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་མ་ལུས་པ་བྱང་ཞིང་དག་ནས། ཐམས་ཅད་དུས་གཅིག་ལ་བླ་མ་ཡི་དམ་མཁའ་འགྲོ་ཤ་སྟག་ཏུ་གྱུར་ཏེ། དེ་རྣམས་ཐམས་ཅད་ཀྱི་ཛཔ྄་སྔགས་ཏི་རི་རི་སྒྲོག་པར་བསམས་ལ། སྤྱི་དྲིལ་ཆུང་བ་ཅི་ནུས་བཟླ། མཐར། དབང་དང་འབྲེལ་ན་བུམ་བཟླས་རིགས་ཀྱང་འདིར་སྦྱར། གང་ལྟར་ཡང་། དབྱངས་གསལ། ཡིག་བརྒྱ། རྟེན་སྙིང་རྣམས་སྦྲེལ་བ་ལན་གསུམ་གྱིས་སྔགས་ཀྱི་ནུས་པ་བསྐྱེད་དེ། ལྷག་ཆད་ཁ་བསྐང་ཞིང་བྱིན་རླབས་དང་དངོས་གྲུབ་བརྟན་པར་བྱས་ནས། ཧཱུྃ་ཧྲཱི༔ ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས་སུ་གསོལ༔ ཕྱི་ནང་གསང་བའི་ཛཔ྄་བསྙེན་མཆོད་པ་འབུལ༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་བསྟོད༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་མཐོལ་ལོ་བཤགས༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་པས་སྟོང་ཚིགས་ཕུལ་རྗེས་དབང་དོན་སྒྲུབ་མཆོད་སོགས་ཀྱི་སྐབས་ཕྲིན་ལས་བཅོལ་བ་ནི། ཧཱུྃ་ཧྲཱི༔ ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ རྩ་གསུམ་བླ་མ་དགོངས་འདུས་བཀའ་སྲུང་བཅས༔ ཤ་ཁྲག་བདུད་རྩིའི་མཆོད་གཏོར་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ རྣམ་བཞིའི་མཐུ་སྩོལ་དམ་ཉམས་དགྲ་བགེགས་སྒྲོལ། །དུས་རྣམས་རྟག་ཏུ་སྲུང་དང་ལས་མཛོད་ཅིག༔ ཅེས་པས་ཕྲིན་ལས་གསོལ། བཀའ་སྲུང་དམ་ཅན་སྤྱི་གཏོར་སྦྱོར་ན་གཏེར་གཞིའི་གོང་དང་། མི་སྦྱོར་ན་སྐབས་འདིར་ཆགས་མེད་ཞབས་ཀྱིས་མཛད་པའི་རྟ་ཤ་བཙན་གསུམ་གྱི་གཏོར་འབུལ་དབུར་སྤྱི་འགྲོའི་འགུགས་པ་སྔོན་དུ་འགྲོ་བས། རྟ་ནག །ཤ་ཟ་ཁ་མོ་ཆེ། བཙན་རྒོད་གསུམ་གྱི་གསོལ་ཀ་གོ་རིམ་འདི་ལྟར་གཏང་ཞིང་། བཟླས་པ་རྣམས་བྱ་མི་དགོས། དམ་སྤྱི་འདོན་སྐབས་གཏེར་གཞི་བཏང་། དེ་ནས་ལས་རྡོར་གྱིས་ཕྱག་གསུམ་སྔོན་དུ་འགྲོ་བས། ཚོགས་བསང་སྦྱང་བྱིན་གྱིས་བརླབ་པ་ལ་ཐུགས་གཏད་པར་ཞུ། ཞེས་ཞུས་ནས། མེ་ཕྲེང་གི་ཚོགས་བསང་སྦྱང་བྱིན་རླབས་མཐར། ཧ་ཧོཿཧྲཱི༔འི་རྗེས། ལས་རྡོར་གྱིས་ཕྱག་སྔོན་འགྲོས། ཚོགས་ཕྱི་མཆོད་འདོད་ཡོན་རྒྱན་གྱི་འཁོར་ལོར་འབུལ་བ་ལ་ཐུགས་གཏད་པར་ཞུ། ཞེས་བསྐུལ་ནས། ལས་རྡོར་པས་དཀྱིལ་འཁོར་མདུན་དུ་ཐབས་ཤེས་ཀྱི་ཚོགས་སྣོད་བཅས་བཏེགས་ལ། ཧཱུྃ་ཧྲཱི༔ དུར་ཁྲོད་གསང་ཆེན་སོགས་ནས། པཱུ་ཛ་ཧོ༔བར། ཡང་ལས་རྡོར་གྱིས་ཕྱག་གསུམ་སྔོན་འགྲོས། ཚོགས་ནང་མཆོད་དུར་ཁྲོད་དྲག་པོའི་དགྱེས་མཆོད་འབུལ་བ་ལ་ཐུགས་གཏད་པར་ཞུ། ཞེས་བསྐུལ་ནས། ཚོགས་དེ་ཉིད་སྣོད་བཅས་སླར་སློབ་དཔོན་གྱི་མདུན་དུ་བཀོད་པར་རཀྟས་བྲན་ལ། ཚོགས་སྣོད་དེ་ཉིད་ལས་ཀྱི་གཤིན་རྗེ་འབར་བའི་ཧོམ་ཁུང་དུ། ཚོགས་རྫས་གནོད་བྱེད་དགྲ་བགེགས་དངོས་སུ་གསལ་པ། རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་ཕོ་ཉ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ་ལ་སོགས་པ་རྣམས་ཀྱིས། གནོད་བྱེད་དགྲ་བགེགས་རང་དབང་མེད་པར་བཀུག་ཅིང་གཟུགས་ལ་བསྟིམ་པར་གྱུར། ཧཱུྃ་ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་འབར་བའི་ཚོགས༔ བཀའ་སྲུང་དམ་ཅན་ཆོས་སྐྱོང་བཅས་རྣམས་ཀྱི༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་དང༔ དགོངས་བརྒྱུད་རྣམ་པར་དག་པའི་བདེན་པ་དང༔ སྔགས་དང་ཕྱག་རྒྱ་ཏིང་འཛིན་བྱིན་རླབས་ཀྱི༔ བདེན་པ་དེ་ཡི་བཀའ་ལ་ཁྱོད་ཉོན་ཅིག༔ གལ་ཏེ་མི་ཉན་བཀའ་ལས་འདའ་བྱེད་ན༔ བདག་གཞན་ལྷ་དང་མཆེད་ལྕམ་ཐམས་ཅད་ལ༔ སྡང་བའི་དགྲ་དང་གནོད་པར་བྱེད་པའི་བགེགས༔ རུ་དྲ་ཟ་འདྲེ་ཕུང་འདྲེ་སྲི་རྣམས་ཀུན༔ སྐད་ཅིག་ཙམ་གྱིས་གཟུགས་ཕུང་འདི་ལ་ཁུག༔ བཛྲ་ཊཱཀྐི་རཱ་ཛ་ཧཱུྃ་ཛ༔ ཛཿཧཱུྃ་བཾ་ཧོ༔ བཛྲ་ཨཾ་ཀུ་ཤཱ་ཛ༔ བཛྲ་པཱ་ཤཱ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གྷནྜེ་ཧོ༔ ཞེས་བཀུག༔ མཚོན་ཆ་དངོས་སུ་བཤམ་མི་དགོས་ཤིང་། འདོན་ཚིག་དང་བསྟུན་སོ་སོའི་ཕྱག་རྒྱས་འདེབས་པའི་ཚུལ་བྱས་ལ། ཧཱུྃ་ཧྲཱི༔ གནོད་བྱེད་དགྲ་བགེགས་རུ་དྲ་བདུད་དཔུང་ལ༔ འབར་བའི་མཚོན་ཆ་ལྔ་ཡི་ཆར་འབེབ་པ༔ འཇོམས་བྱེད་ཐོ་བ་གཅོད་པའི་རལ་གྲི་དང༔ བརྡུང་བའི་དབྱུག་ཏོ་འགུགས་པའི་ལྕགས་ཀྱུ་དང༔ གཏུབ་པའི་སཏྭ་རེ་ལྔ་ལ་སོགས་པ་ཡིས༔ བསམ་པའི་སྙིང་ལ་ཕོག་ན་དུམ་བུ་སྟོང༔ གདུག་པའི་ལུས་ལ་ཕོག་ན་ཕྱེ་མ་བརྒྱ༔ སྨྲ་བའི་ལྕེ་ལ་ཕོག་ན་ལྐུགས་སུ་ཆུགས༔ གཟུགས་ཕུང་རྣམ་ཤེས་གཞོབ་ཏུ་བསྲེགས་ནས་ཀྱང༔ རྡུལ་ཕྲན་བཞིན་དུ་ཕྱེ་མར་བརླག་པར་བྱོས༔ ལས་ཕུར་བསྒྲིལ་ཞིང་འདེབས་པའི་ཚུལ་བྱས་ལ། རྡུལ་ཕྲན་རྡུལ་ཕྲན༔ ཕྱེ་མ་ཕྱེ་མ༔ དུམ་བུ་དུམ་བུ༔ ཤག་ཤག༔ མཱ་ར་ཡ། ཚལ་པ་ཚལ་པ་རྦད༔ ཨོཾ་བཛྲ་ཏིཀྵྞ་ཁ་ཐམ་མཱ་ར་ཡ་ཛ༔ ཞེས་བསྒྲལ་ཚུལ་བྱས་མཐར། བདུད་རྩི་བྲན་པའི་ཚོགས་དེ་ཉིད་སླར་དཀྱིལ་འཁོར་གྱི་མདུན་དུ་བཏེགས་ལ། ཧྲཱི༔ བསྟབ་བོ་བསྟབ་བོ་སོགས་ནས། ཁ་རཾ་ཁཱ་ཧི༔ བར་བརྗོད། ཕྱག་སྔོན་འགྲོས། ཚོགས་དང་པོ་ཚོགས་ཕུད་འབུལ་བ་ལ་ཐུགས་གཏད་པར་ཞུ། ཞེས་བསྐུལ་ནས་ཚོགས་དང་པོ་སྤྲོས་ནས་ཡར་ཕུལ་ལ། རོལ་ཅིག་རོལ་ཅིག་སོགས་ནས། པཱུ་ཛ་ཁཱ་ཧི༔ སླར་ཡང་ཕྱག་སྔོན་འགྲོས། ཚོགས་བར་པས་བཤགས་པའི་ཆོ་ག་ལ་ཐུགས་གཏད་པར་ཞུ། ཞེས་བསྐུལ་ནས། ཧོ༔ བདག་སོགས་མ་རིག་སོགས་ཡིག་བརྒྱ་བཅས་བརྗོད། ཡང་ཕྱག་སྔོན་འགྲོས། ཚོགས་ཐ་མས་བསྐང་བའི་རིམ་པ་ལ་ཐུགས་གཏད་པར་ཞུ། ཞེས་བསྐུལ་ནས། ཧཱུྃ་ཧྲཱི༔ བསྐང་ངོ་གསོལ་ལོ་སོགས་ནས། དངོས་གྲུབ་སྩོལ༔ བར་དང་། ཆགས་མེད་ཀྱི་གསུང་གཏོར་འབུལ་འཕྲོས་སུ་འབྱུང་བའི་སྐོང་བ་རྣམས་ཚང་བར་བཏང་། ལས་རྡོར་གྱིས་ཐབས་ཤེས་ཀྱིས་ཚོགས་བཏེགས་ལ། ཧོ༔ རྡོ་རྗེ་རྒྱལ་པོ་སོགས་བརྡ་ཡིས་འབུལ་ཞིང་། ལན་གནང་། མཆེད་བྱིངས་ལ་ཚོགས་བཏེགས་ནས་ཐམས་ཅད་ལ་བརྡའ་ཡིས་འབུལ་ལེན་སོགས་ཕྲེང་མཛེས་དཀྱུས་བཞིན་དང་། ལྷག་མའི་གོང་དུ། ལྷག་གཏོར་བྱིན་གྱིས་བརླབ་ཅིང་བསྔོ་བ་ལ་ཐུགས་གཏད་པར་ཞུ། ཞེས་བསྐུལ་ནས། ལྷག་གཏོར་ལ་བདུད་རྩི་བྲན་ཏེ། ཨོཾ་ཀ་པཱ་ལ་བ་སུ་ཏ་ར་ལི་ཀྲོཾ་ཀྲོཾ་དྷེ་ཝ་བྷྱོ། རུ་ལུ་རུ་ལུ་ཧཱུྃ། བ་ལིཾ་ཏ་མཎྜལ་ཧཱུྃ། ལྷག་མའི་གཏོར་མ་ངོ་བོ་རང་བཞིན་རྣམ་པར་དག་ཅིང་རྨད་དུ་བྱུང་བ། རྣམ་པ་ཤ་ཁྲག་རུས་པའི་རང་བཞིན་དམ་ཅན་རྒྱ་མཚོའི་དགྱེས་སྐོང་དམ་པར་གྱུར། ཨོཾ་ཨཱཿཧཱུྃ༔ ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབ། ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾཿཛཿཛཿ ཞེས་པས་ལྷག་མའི་མགྲོན་རྣམས་བཤུགས་པའི་སྒྲ་དྲག་པོས་སྤྱན་དྲངས་ལ། ཨོཾ་བཛྲ་པུཥྤེ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མེ་ཏོག་ལ་སོགས་པས་མཆོད་ནས། ཧཱུྃ་ཧྲཱི༔ དུར་ཁྲོད་གསང་བ་སོགས་ཀྱིས་ལྷག་མ་བཏང་། གཞུང་དེར་འདིར་ཛཔ྄་བཟླས་གསལ་བ་དཔེར་བརྗོད་བཅས་བསྟན་པའི་དོན་ནི་དབང་དང་། རྒྱས་པ་སོགས་ཀྱི་ལས་སྦྱོར་བྱེ་བྲག་དགོས་ན་སྦྱོར་བའི་ཚུལ་ཡིན་པར་སེམས་ལ། དཀར་ཆེན་རབ་འབྱམས་པའི་ཡིག་ཆ་སོགས་སུ་འདིར་བསྟན་པ་ལས་འཕྲོས་ཏེ། མཆོག་སྒྲུབ་ཀྱི་ཛཔ྄་བཟླ་བར་གསུངས་པའང་ཡོད། བདག་གི་བླ་མ་རྡོ་རྗེ་འཆང་ཆེན་པོས་མཆོག་སྒྲུབ་ཀྱི་བཟླས་པ་འདི་རུ་མི་མཛད་པའི་རྗེས་སུ་འབྲང་ཞིང་། དོན་ལའང་འདི་ཉིད་གནས་པར་སེམས། དེ་ནས་དམ་སྤྱི་སྦྱར་ན། གཏོར་འགུགས་གཏོར་འབུལ་བཅས་འདིར་གཏང་། གང་ལྟར་ཡང་བསྐུལ་ཆད་བརྟན་བཅས་གྲུབ་མཚམས། གྲལ་མདོར་གཏོར་སྣོད་སྦུབས་པར། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། དཀོན་མཆོག་གསུམ་དང་ཡི་དམ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་མཁའ་འགྲོ་ཆོས་སྐྱོང་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། ཁྱད་པར་དུ་བླ་མ་དགོངས་པ་འདུས་པའི་དཀྱིལ་འཁོར་ཚོམ་བུ་དགུའི་ལྷ་ཚོགས། རྟ་ནག །དྲེགས་པ། ཤ་ཟ་མ་མོ། བཙན་རྒོད་འབར་བ་སྤུན་བདུན་འཁོར་དང་བཅས་པའི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། གནོད་བྱེད་དམ་སྲི་རྒབ་འདྲེ་ཐམས་ཅད་གཏོར་གཞོང་རི་རབ་གསལ་བའི་འོག་ཏུ་ཁུག་ཅིག །ཅེས་པའི་འགུགས་པ་སྔོན་དུ་འགྲོ་བས། སློབ་དཔོན་གྱི་ཕྱག་གི་རྡོ་རྗེས་རྒྱ་གྲམ་དུ་བཀོད་ནས། རྟ་བྲོ་གྱེར་བས་གཏོར་གཞོང་ཁ་གྱེན་དུ་བསླངས་པར་འབྲུས་བཀང་ཞིང་འཐོར་བ་བཅས། བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས༔བཀྲ་ཤིས་དཔལ་འབྱོར་བདེ་ལེགས་ཕུན་ཚོགས་ཤིང༔ ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་ཡི༔ རྟག་ཏུ་ཐེག་ཆེན་ཆོས་ལ་སྤྱོད་པར་ཤོག༔ ཅེས་བརྗོད། ཚོགས་མཆོད་དཀྱུས་མ་ལྟར་ལ་རྗེས་ཀྱི་མཆོད་བསྟོད་མ་བྱས་ཀྱང་ཆོག་པར་མཛད་སྣང་། སྤྲོས་ཀྱང་མི་འགལ་ཞིང་། དབང་དོན་སྐབས་སུ་ཅིས་ཀྱང་མེད་དུ་མི་རུང་བས། ཧཱུྃ་ཧྲཱི༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ མེ་ཏོག་བདུག་སྤོས་མར་མེ་ཞལ་ཟས་དྲི༔ སྒྲ་དབྱངས་ཨརྒྷཾ་ལ་སོགས་མཆོད་པའི་སྤྲིན༔ ཕྱི་ནང་གསང་བ་བླ་མེད་དགྱེས་མཆོད་འབུལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཨརྒྷཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱཱ་ཤབྡ་པཱུ་ཛ་ཧོ༔ རུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་པཱུ་ཛ་ཧོ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་བ་སུ་ཏ་ཙིཏྟ་པཱུ་ཛ་ཧོ༔ བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་པས་མཆོད། ཧཱུྃ་ཧྲཱི༔ ཕྱི་ནང་གཞན་གསུམ་ལྷ་དང་ལྷ་མོའི་ཚོགས༔ བྱེད་པ་ཀུན་སྟོན་རྣམ་འཕྲུལ་ཡོངས་ཀྱི་མཛོད༔ འཁོར་འདས་རང་གྲོལ་བདེ་ཆེན་གཡུང་དྲུང་སྐུ༔ དཀྱིལ་འཁོར་རྫོགས་པའི་དཔལ་ལ་ཕྱག་འཚལ་བསྟོད༔ ཅེས་པས་བསྟོད༔ དངོས་གྲུབ་བླང་བ་སྦྱོར་མིན་སྐབས་དང་བསྟུན། དེ་ནས་ཉེས་བྱས་བཟོད་པར་གསོལ་ཞིང་ཡིག་བརྒྱ་ལན་གསུམ་སོགས་བཟླ། མདུན་བསྐྱེད་གཙོ་བོར་མི་བྱ་བའི་སྐབས་མི་དགོས་ཀྱང་། མདུན་བསྐྱེད་གཙོ་བོར་བྱེད་པའི་སྐབས། ཨོཾ། འདིར་ནི་རྟེན་དང་སོགས་ཀྱིས་བརྟན་བཞུགས་བྱ། བཀྲ་ཤིས་བརྗོད་པ་ནི། ཧཱུྃ་ཧྲཱི༔ རྒྱལ་བའི་སྐུ་ནི་སོགས་མེ་ཕྲེང་གཞུང་ལྟར་གྱེར། བསྡུ་རིམ། དམིགས་མེད་ལམ་ཁྱེར་གྱི་རྒྱུན་སྤྱོད། བསྔོ་བ། སྨོན་ལམ་བཅས་ཀྱི་མཐར། སྤྱི་བཞིན་སྨོན་ལམ་དང་ཤིས་བརྗོད་ཅི་རིགས་པས་མཐའ་བརྒྱན་པར་བྱའོ། ༈ །ཡང་འདིར་གསལ་འཁོར་གྱི་མངོན་རྟོགས་ལས་བྱང་ཚངས་སྒྲ་ལ་དམིགས་རྣམ་གསལ་བའི་ཆེད་དུ་སྦྱོར་བར་འདོད་ན། པདྨ་བཛྲ་ཡབ་ཡུམ་བསྐྱེད་ཟིན་པའི་ཚིག་མཚམས། ཕྱི་འཁོར་ཕྱོགས་མཚམས་པདྨ་འདབ་བརྒྱད་སྟེང༔ ཞེས་པའི་འཕྲོས་སུ། འདིར་གསལ། ཞེ་སྡང་རྡོ་རྗེ་མཐིང་ནག་རྡོར་དྲིལ་འཛིན༔ སོགས་ནས་བསྐྱེད་སྔགས་རྫོགས་ཀྱི་བར་བཏང་། དེ་ནས་ཚངས་སྒྲའི། ཧཱུྃ་ཧྲཱི༔ཤར་ཕྱོགས་རྡོ་རྗེ་སྟོང་ལྡན་སོགས་ནས། འདབ་བརྒྱད་པདྨའི་གདན་སྟེང་དུ༔ ཞེས་པའི་མཚམས། འདིར་གསལ། བཛྲ་ཐོད་ཕྲེང་བསྐྱེད་སྔགས་རྫོགས་ཀྱི་བར་བཏང་སྟེ། ཕྱོགས་མཚམས་ཀྱི་གཙོ་བོ་རྣམས་ཚངས་སྒྲ་དང་། འཁོར་རྣམས་འདིར་གསལ་ལྟར་སྦྱར་བ་ཐམས་ཅད་ལ་འགྲེ །སྒོ་མཚམས་པའི་སྐབས། ཧཱུྃ་ཧྲཱི༔ དཀྱིལ་འཁོར་ཆེན་པོའི་བར་མཚམས་སྒོ་བཞི་ན༔ ཞིང་ཆེན་གསར་རྙིང་བརྩེགས་པའི་ཁྲི་སྟེང་དུ༔ དཔལ་གྱི་བཀའ་སྡོད་སྒོ་མ་ཁྭ་གདོང་དང༔ ཕག་ཁྱི་འུག་གདོང་དཀར་སེར་དམར་ལྗང་རྣམས༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་འཁྲོལ༔ མཚམས་འཛིན་སྲུང་མ་གཤིན་རྗེ་བརྟན་བྱེད་མ༔ ཕོ་ཉ་མཆེ་མ་འཇོམས་བྱེད་ཕྱེད་གཟུགས་ཅན༔ རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་གྱིས༔ མཚན་པའི་གྲི་གུག་གཡས་ལ་ཐོད་ཁྲག་གཡོན༔ གཅེར་བུ་རུས་རྒྱན་གཡས་བསྐུམ་གཡོན་བརྐྱང་རོལ༔ ཁྱམས་ཀྱི་སྟོད་སྨད་དཔའ་བོ་དཔའ་མོ་ནི༔ ཐོད་དབྱུག་དཀར་པོ་སོགས་ནས། གཉིས་གཉིས་གར་སྟབས་བཞེངས། །བར་ཟུར་འདེབས་བཞིན་དང་། དེ་ནས་ཚངས་སྒྲ་ལས། སྣ་ཚོགས་གར་བསྒྱུར་ཆ་ལུགས་ཅིར་ཡང་སྟོན༔ སོགས་ཀྱིས་མཐར་དབྱུང་བས་འགྲུབ་བོ། །ཉི་ཟླའི་སྣང་བས་ཁྱོན་འདིར་བྱིན་རླབས་གཟིས། །སུས་ཀྱང་ཟླ་མེད་ད་ལྟའང་ཆེར་འབར་བའི། །བླ་མ་དགོངས་འདུས་ལས་བྱང་ཕྲེང་མཛེས་ཀྱི། །ཉེར་མཁོ་འདི་ཡང་ཀུན་ཕན་དཔྱིད་དུ་ཤོག །ཅེས་པ་འདིའང་འགྲོ་འདུལ་སྤྲུལ་པའི་གཏེར་ཆེན་ཁྱབ་བདག་བླ་མ་བདེ་ཆེན་ཟིལ་གནོན་ནམ་མཁའི་རྡོ་རྗེའི་ཞལ་སྔ་ནས་དང་། མང་ཐོས་དགེ་སློང་འཇམ་དཔལ་ཚུལ་ཁྲིམས་ཀྱིས་ལས་བྱང་བསྡུས་པར་ཉེར་མཁོ་ཚང་ཞིང་། ཁྱད་པར་བསྐྱེད་རིམ་མངོན་རྟོགས་བཟླས་དམིགས་བཅས་ཁ་གསལ་འདུས་ཚང་ཞིག་སྦྱོར་ཅིག་པར་ཡང་ཡང་བསྐུལ་བ་ལ་བརྟེན་ནས། ཀུན་རྨོངས་འདུ་གསུམ་པ། དཔལ་རང་བྱུང་བདེ་བའི་རྡོ་རྗེ་ཞེས་འབོད་པའི་སྔགས་བན། སངས་རྒྱས་ཀརྨ་པའི་སྐྱེས་རབས་བཅོ་ལྔ་པའི་མཚན་འཛིན་པས་མེ་འབྲུག་ལོར་བསམ་སྦྱོར་དག་ཅིང་རང་བཟོའི་ཉེས་པས་མ་སྦགས་པའི་ཚུལ་དུ་སྦྱར་བ་ལ། མི་ཤེས་པའི་དབང་གྱུར་ནོངས་པ་གང་མཆིས་པདྨ་གར་དབང་མགོན་པོར་བཤགས་ཤིང་། དགེ་བས་གསང་བསྟན་ཉིན་མོར་བྱེད་པའི་སྣང་བ་ཡུན་རིང་དུ་འཕེལ་བའི་རྒྱུར་གྱུར་ཅིག། །།

བླ་མ་དགོངས་པ་འདུས་པའི་རྒྱུན་གྱི་ཉམས་ལེན་ (Volume 7, Text 9)

བླ་མ་དགོངས་པ་འདུས་པའི་རྒྱུན་གྱི་ཉམས་ལེན་བཞུགས་སོ། །ན་མོ་གུ་རུ་དྷེ་བ་དྷཱ་ཀི་ནཱི་བྷྱ༔ འདིར་བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་བླ་མ་དགོངས་པ་འདུས་པའི་གསེར་ཆོས་ལས་བྱུང་བའི་རྒྱུན་ཁྱེར་སྒྲུབ་ཐབས་ནི། འབྱོར་ན་མདུན་དུ་སྨན་རཀ་གཏོར་མ་ཉེར་སྤྱོད་དང་བཅས་པ་བཤམ། ཚོགས་ཞིང་གསལ་བཏབ་ལ། ཀྱཻ༔ ཕྱོགས་བཅུའི་སྐྱབས་གནས་དཀོན་མཆོག་བདག་ལ་དགོངས༔ འགྲོ་རྣམས་སྐྱོབ་པའི་མགོན་དང་དཔུང་མཛོད་ཅིག༔ དུས་འདི་ནས་བཟུང་རྫོགས་སངས་མ་རྒྱས་བར༔ མགོན་པོ་མཆོག་གྱུར་རྣམས་ལ་ཕྱག་འཚལ་ལོ༔ བདག་གཞན་ལུས་དང་ལོངས་སྤྱོད་མཆོད་པར་འབུལ༔ ཉམས་ཆག་ཉེས་ལྟུང་བསགས་རྣམས་མཐོལ་ཞིང་བཤགས༔ དུས་གསུམ་དགེ་བར་གྱུར་ལ་རྗེས་ཡི་རང༔ བླ་མེད་ཐེག་ཆེན་ཆོས་འཁོར་བསྐོར་དུ་གསོལ༔ རྒྱལ་བ་མྱ་ངན་མི་འདའ་བཞུགས་པར་གསོལ༔ བདག་གཞན་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ༔ སྐྱབས་གནས་དཀོན་མཆོག་རྣམས་ལ་སྐྱབས་སུ་མཆི༔ སྔོན་ཆད་རྒྱལ་བའི་མཛད་པ་རྨད་བྱུང་ལྟར༔ དེ་བཞིན་བདག་གིས་དུས་འདི་ནས་བརྩམ་བྱ༔ འགྲོ་བ་ཡོངས་ཀྱི་བླ་མར་བདག་གྱུར་ཅིག༔ ཅེས་པས་རྒྱུད་སྦྱངས་ཏེ་ཚོགས་ཞིང་རྣམས་རང་ལ་བསྟིམ། དངོས་སུ་བཤམས་པའི་མཆོད་པ་ཡོད་ན་བསང་སྦྱང་། ཨོཾ༔ སྣང་སྲིད་འདོད་ཡོན་ལོངས་སྤྱོད་མཆོད་པའི་རྫས༔ ཨཱ༔ རྣམ་དག་ལྷ་ཚོགས་དགྱེས་པ་སྐོང་བར་བྱེད༔ ཧཱུྃ༔ གཟུགས་སྒྲ་དྲི་རོ་རེག་བྱ་ནུས་བཅུད་ལྡན༔ ཧོ༔ ཕྱི་ནང་གསང་བའི་མཆོད་པ་བླ་ན་མེད༔ ཨོཾ་ཨཱཿཧཱུྃ་ཧོ༔ ཞེས་བྱིན་གྱིས་བརླབ། བདག་བསྐྱེད་ནི། ཧཱུྃ་ཧྲཱིཿ སྟོང་པ་ཉིད་དང་སྙིང་རྗེ་ཆེའི་རང་བཞིན། །ཟུང་འཇུག་ཧྲཱིཿལས་རྒྱུ་ཡི་ཧེ་རུ་ཀ །མ་འགག་རང་བྱུང་ལྷུན་གྲུབ་གཞལ་ཡས་ཁང་། །དྭངས་གསལ་འོད་ཕུང་འཁྲིགས་པའི་ཀློང་ཡངས་སུ། །རང་རིག་པདྨ་བཛྲ་དམར་གསལ་མདངས། །དམར་མཐིང་དཀར་བའི་ཞལ་གསུམ་ཕྱག་དྲུག་གིས། །རྡོར་དྲིལ་རལ་གྲི་བྷཉྫ་བུམ་པ་དང་། ཁ་ཊྭཱཾ་ག་འཛིན་ལྷ་ལྕམ་གསང་བའི་ཡུམ། །དམར་མོ་ཌཱ་རུ་དུང་དམར་འཛིན་དང་སྦྱོར། །གར་དགུའི་ཉམས་ལྡན་འབར་བའི་ཆས་ཀྱིས་བརྗིད། །བུདྡྷ་ཐོད་ཕྲེང་མི་བསྐྱོད་རྡོ་རྗེ་རྩལ། །པདྨ་དབང་ཆེན་རིག་འཛིན་ཐོད་པ་རྩལ། །མདོག་དམར་མེ་ཕྲེང་སངས་རྒྱས་དཔའ་བོ་དང་། །རྟ་མགྲིན་ཕྱག་ན་རྡོ་རྗེ་ལ་སོགས་པ། །རང་རང་ཡུམ་འཁོར་བཀའ་ཉན་སྤྲུལ་པར་བཅས། །རྣམ་རོལ་མ་འགག་སྒྱུ་འཕྲུལ་རྡོ་རྗེའི་སྤྲིན། །གང་འདུལ་མོས་པའི་དཔལ་དུ་ལྷམ་མེར་གསལ། ཧཱུྃ་ཧྲཱི༔ རང་བྱུང་ཐུགས་རྗེ་མ་འགག་རོལ་པའི་སྐུ༔ སྤྱན་འདྲེན་བཞུགས་སུ་གསོལ་བར་མི་དམིགས་ཀྱང༔ ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས༔ རྩལ་སྣང་དབྱིངས་ནས་རོལ་ཅིང་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨེ་ཨཱ་རལླི་ཧྲཱིང་ཧྲཱིང༔ ཕེཾ་ཕེཾ༔ ཛཿཧཱུྃ་བཾ་ཧོ༔ ཙིཏྟ་བཛྲ་ཛྙཱ་ན་པདྨ་ཀ་མ་ལཱ་ཡ་སཏྭཾ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿསྭཱ་ཧཱ༔ ཨ་བྷི་ཥིཉྩ་ཏུ་མཱཾ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཧཱུྃ་ཧྲཱི༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ མེ་ཏོག་བདུག་སྤོས་མར་མེ་ཞལ་ཟས་དྲི༔ སྒྲ་དབྱངས་ཨརྒྷཾ་ལ་སོགས་མཆོད་པའི་སྤྲིན༔ ཕྱི་ནང་གསང་བ་བླ་མེད་དགྱེས་མཆོད་འབུལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཨརྒྷཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པཱུ་ཛ་ཧོ༔ རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་པཱུ་ཛ་ཧོ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནཻ་རི་ཏི་བ་སུ་ཏ་ཙིཏྟ་པཱུ་ཛ་ཧོ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ་ཧྲཱི༔ ཕྱི་ནང་གཞན་གསུམ་ལྷ་དང་ལྷ་མོའི་ཚོགས༔ བྱེད་པ་ཀུན་སྟོན་རྣམ་འཕྲུལ་ཡོངས་ཀྱི་མཛོད༔ འཁོར་འདས་རང་གྲོལ་བདེ་ཆེན་གཡུང་དྲུང་སྐུ༔ དཀྱིལ་འཁོར་རྫོགས་པའི་དཔལ་ལ་ཕྱག་འཚལ་བསྟོད༔ བཟླས་དམིགས་ནི། ལྷ་ཚོགས་ཐུགས་ཀར་པད་ཟླ་ཉི་སྟེང་ཧྲཱི༔ །སྔགས་ཕྲེང་བསྐོར་བའི་འོད་ཀྱིས་དོན་གཉིས་བྱས། །སྣོད་བཅུད་རྩ་གསུམ་རྒྱལ་བའི་ཞིང་དུ་གྱུར། །ཚུར་འདུས་མཆོག་དང་ཐུན་མོང་དངོས་གྲུབ་ཐོབ། །ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་དགོངས་འདུས་རྩ་བའི་བསྙེན་པ་སྤྱི་དྲིལ་འབྲིང་པོ་ཅི་ནུས་བཟླ། ཤེས་ཤིང་སྤྲོ་ན་སྤྱི་དྲིལ་ཆེན་མོ་དང་གཙོ་དགུའི་སྙིང་པོ་སོགས་ཀྱང་བཟླ་ཆོག །ལུས་དཀྱིལ་བྱེད་ན་ངག་བཟླས་དེ་དག་གཙོར་མི་བྱེད་པར་འབྲུ་གསུམ་རླུང་དང་སྦྱར་བའི་རྡོར་བཟླས་བྱ། གང་ལྟར་ཡང་མཇུག་ཏུ་མཆོད་བསྟོད་མདོར་བསྡུས། ཁ་སྐོང་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་བརྗོད། ཧཱུྃ་ཧཱུྃ་ཧཱུྃ་དཀྱིལ་འཁོར་གྱི་ལྷ་འོད་གསལ་ཆོས་ཉིད་དུ་བསྡུ། ཕཊ་ཕཊ་ཕཊ་ཀྱིས་སླར་རང་བྱུང་གཉུག་མའི་ལྷར་ལྡང་། སྣོད་བཅུད་དཀྱིལ་འཁོར་གསུམ་གྱི་རོལ་པར་བལྟས་ལ། བླ་མ་ཡི་དམ་མཁའ་འགྲོ་དགོངས་སུ་གསོལ། །བདག་གཞན་འགྲོ་བ་མ་ལུས་ཐམས་ཅད་ཀྱིས། །སྒོ་གསུམ་གྱིས་བསགས་དགེ་བ་ཇི་སྙེད་པ། །བྱང་ཆུབ་ཆེན་པོའི་དབྱིངས་སུ་བསྔོ་བར་བགྱི། །བླ་མེད་དོན་གྱི་འབྲས་བུ་མཆོག་ཐོབ་ཤོག །ཅེས་བསྔོ་སྨོན་བྱའོ། །ཞེས་ཆོས་རྒྱལ་གཏེར་བདག་གླིང་པ་དང་ཀུན་གཟིགས་མཁྱེན་བརྩེའི་དབང་པོས་མཛད་པའི་རྒྱུན་ཁྱེར་ལ་སླར་ཡང་གཞུག་མཐུད་ཀྱིས་གསལ་བར་བྱེད་པ་པོ་པདྨ་གར་དབང་བློ་གྲོས་མཐའ་ཡས་སོ། །ཨོཾ་ཨཱཿཧཱུྃ་ཧྲཱི༔ བཛྲ་གུ་རུ་པདྨ་སིདྡྷི་དྷེ་ཝ་དྷཱ་ཀི་ནཱི༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ༔ བཛྲ་མ་ཧཱ་ཀྲོ་དྷ་ཤཱནྟི་ཀ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་སརྦ་སིདྡྷི༔ ཀཱ་ཡ་ཝཱ་ཀ་ཙིཏྟ༔ ཛྙཱ་ན་སཏྭ་ཨ་མི་དྷེ་ཝ༔ མ་མ་ཙིཏྟ་སཾ་བྷ་ཝ་ཨ་དྷིཥྛཱ་ནཾ༔ མ་མ་ཨཱ་ཡུརྫྙཱ་ན་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱ༔ སྤྱི་དྲིལ་ཆེན་མོའོ།། །།

བླ་མ་དགོངས་འདུས་ཀྱི་བཀའ་སྲུང་ཆོས་སྲུང་གཏེར་སྲུང་གི་གཏོར་ཆོག་རྒྱུན་ཁྱེར་བསྡུས་པ་ (Volume 7, Text 10)

༁ྃ༔ བླ་མ་དགོངས་འདུས་ཀྱི་བཀའ་སྲུང་ཆོས་སྲུང་གཏེར་སྲུང་གི་གཏོར་ཆོག་རྒྱུན་ཁྱེར་བསྡུས་པ་བཞུགས་སོ༔ ཧྲཱི༔ སྟོང་ཉིད་སྤྲོས་བྲལ་ཆོས་དབྱིངས་དག་པ་ལས༔ རིག་པ་ཡེ་ཤེས་ཕྱག་རྒྱའི་སྐུར་གསལ་བའི༔ ཤེས་རབ་རང་སྣང་ཁྲོ་རྒྱལ་དབང་གི་ལྷ༔ ཡབ་ཡུམ་སྲས་དང་འཁོར་དང་སྤྲུལ་པ་བཅས༔ ཞི་བའི་ངང་ལས་དྲག་པོའི་སྐུར་བཞེངས་ལ༔ དབང་གི་རྟ་སྐད་མཚེར་ཞིང་ད་ཚུར་བྱོན༔ རྫུ་འཕྲུལ་ཤུགས་ཀྱིས་གནས་འདིར་གཤེགས་སུ་གསོལ༔ ཡུམ་ཆེན་ཨེ་ཀ་ཛཱ་ཊི་གཤེགས་སུ་གསོལ༔ སྲས་མཆོག་གནོད་སྦྱིན་ཤན་པ་གཤེགས་སུ་གསོལ༔ བཀའ་སྡོད་སྡེ་བརྒྱད་འཁོར་བཅས་གཤེགས་སུ་གསོལ༔ གནོད་བྱེད་ཕོ་མོ་བསྣོལ་བའི་གདན་སྟེང་དུ༔ ཁྲོ་རྒྱལ་རྟ་མགྲིན་ནག་པོ་འཁོར་བཅས་རྣམས༔ དགྱེས་པའི་ཚུལ་གྱིས་བརྟན་པར་བཞུགས་སུ་གསོལ༔ ཧ་ཡ་གྲཱི་ཝ་ཨེ་ཀ་ཛཱ་ཊི་ཡཀྴ་ཡཀྴ་ས་མ་ཡ༔ ཨེ་ཧྱེ་ཧི་ས་པ་རི་ཝཱ་ར་ས་མ་ཡ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་སཏྭཾ༔ ཏིཥྛ་ལྷན༔ བཛྲ་ས་མ་ཡ་ཧཱུྃ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱི་ཛ་ཧོ༔ ཧྲཱི༔ ཁྲོ་རྒྱལ་སྐུ་ལ་ཉོན་མོངས་མི་མངའ་ཡང༔ འགྲོ་བའི་ཉོན་མོངས་ལས་སྒྲིབ་སྦྱང་སླད་དུ༔ ཡན་ལག་བརྒྱད་ལྡན་རྣམ་པར་དག་པའི་ཆབ༔ འཇའ་ཚོན་སྣ་ཚོགས་མདོག་འདྲའི་མེ་ཏོག་དང༔ མཁའ་དབྱིངས་སྤྲིན་ཚོགས་ལྟ་བུའི་བདུག་སྤོས་དང༔ ཉི་ཟླ་ལྟ་བུར་གསལ་བའི་མར་མེ་དང༔ བདུད་རྩི་ལྟ་བུའི་བྱུག་མཆོག་དམ་པ་དང༔ རི་རབ་ལྟ་བུར་བརྗིད་པའི་ཞལ་ཟས་དང༔ ཚངས་པའི་དབྱངས་སྙན་རོལ་མོའི་མཆོད་པ་དང༔ རཀྟའི་ཡོན་ཆབ་དབང་པོའི་མེ་ཏོག་དང༔ གསུར་ཆེན་བདུག་སྤོས་ཞུན་ཆེན་གསལ་བའི་མེ༔ མཁྲིས་སྦྱར་གསང་ཆེན་དྲི་ཆབ་མཱཾ་སའི་བཤོས༔ རྐང་གླིང་ཐོད་རྔའི་སྒྲ་ཆེན་ལ་སོགས་དང༔ ལྷན་ཅིག་སྐྱེས་སྦྱོར་ཟུང་འཇུག་དམ་པའི་རྫས༔ རྩ་བརྒྱད་ཡན་ལག་སྟོང་ལ་སྦྱར་བའི་སྨན༔ གནོད་བྱེད་དགྲ་བགེགས་བསྒྲལ་པའི་ཁྲག་ཆེན་པོ༔ གཏོར་མའི་ངོ་བོ་ཡེ་ཤེས་རྒྱ་མཚོའི་ཚོགས༔ རྟ་མགྲིན་ནག་པོ་འཁོར་དང་བཅས་ལ་འབུལ༔ ཐུགས་དམ་གཉན་པོ་བསྐང་ཕྱིར་བཞེས་སུ་གསོལ༔ རྣལ་འབྱོར་བསམ་པ་བསྒྲུབ་ཕྱིར་བཞེས་སུ་གསོལ༔ གནོད་བྱེད་དགྲ་བགེགས་བསྒྲལ་ཕྱིར་བཞེས་སུ་གསོལ༔ སངས་རྒྱས་བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ༔ བཞེས་ནས་ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཀརྨ་ཀྲོ་དྷ་ཧ་ཡ་གྲཱི་ཝ༔ ཀྲོ་དྷཱི་ཤྭ་རི་ཨེ་ཀ་ཛཱ་ཊཱི༔ ཡཀྴ་ཡཀྴ༔ རཱ་ཙ་ཏྲཀ་རཀྴ༔ ཁ་མུན་ཏྲ༔ ཏྲི་དུ་རུ༔ དུ་དུ་ཧ་ར་ཏི༔ ཤུ་ལ་ར་ཏྲི་བཛྲ་སཱ་དྷུ་རཱ་ཙ་ཡཀྴ༔ ནཱ་ག་རཱ་ཙ༔ རཱ་ཧུ་ལ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་པཱུ་ཛ་ཁཱ་ཧི༔ གུ་ཧྱ་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ མ་ཧཱ་མཎྜལ་པཱུ་ཛ་ཧོ༔ ཨཱོཾ་བཛྲ་ཨརྒྷཾ་སོགས་ པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱཱ་ཤབྡ་པཱུ་ཛ་ཨཱཿཧཱུྃ༔ ཧྲཱི༔ ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང༔ གདུག་པ་ཅན་རྣམས་སྙིང་རྗེས་རབ་སྒྲོལ་བ༔ བདུད་བཞིའི་དཔུང་འཇོམས་དཔའ་བོ་རྟ་མགྲིན་དཔལ༔ གར་གྱི་དབང་ཕྱུག་སྐུ་ལ་ཕྱག་འཚལ་བསྟོད༔ ཆེ་བཙན་དཔེ་མེད་ཁམས་གསུམ་འགྲན་ཟླ་མེད༔ སྐུ་མདོག་ནག་རྔམ་རབ་བརྗིད་འཇིགས་པའི་སྐུ༔ འཁོར་དུ་ལྷ་སྲིན་གདུག་པའི་ཚོགས་ཀྱིས་བསྐོར༔ ཡབ་ཡུམ་སྲས་འཁོར་བཅས་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱི༔ ལྷ་ཡི་ལྷ་མཆོག་པདྨ་དབང་གི་ལྷ༔ དུས་རྣམས་རྟག་ཏུ་ཁྲོ་རྒྱལ་ཁྱོད་བསྒྲུབས་ཏེ༔ སྲོག་གི་ཕྱིར་ཡང་ཡི་དམ་མི་སྤོང་ན༔ ཡེ་ཤེས་ཐུགས་རྗེའི་སྤྱན་གྱིས་གཟིགས་སུ་གསོལ༔ ཁྲོ་རྒྱལ་འཁོར་བཅས་ཁྱོད་ཀྱི་གཟི་བརྗིད་ཀྱིས༔ བར་ཆད་བགེགས་ཀྱི་ཚོགས་རྣམས་བསལ་ནས་ཀྱང༔ བྱམས་པའི་ཞལ་བཟང་དངོས་སུ་བསྟན་པ་དང༔ སྒྲུབ་པའི་འབྲས་བུ་དུས་འདིར་བསྟན་དུ་གསོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧ་ཡ་གྲཱི་ཝ་སརྦ་སིདྡྷི་ཧཱུྃ༔ དེ་ནས་བསྙེན་པའི་མན་ངག་ཏུ་འདུག་པ་ནི༔ ཨཱོཾ་ཧྱ་གྷྲཱི་ཝ་ཧཱུྃ༔ ཨཿཡཿམཿདུཿརུཿཙཿཤཿནཿཙིཏྟ་ཧྲཱིང་ཧྲཱིང་ཛ༔ ཅེས་བཟླའོ༔ ཧཱུྃ༔ ལྗོན་ཤིང་བྲག་རིས་གཏམས་པའི་ཕོ་བྲང་ནས༔ སངས་རྒྱས་བསྟན་པ་སྲུང་བའི་མཐུ་རྩལ་ཅན༔ བཙན་རྒོད་འབར་བ་མ་རུངས་མཆེད་སྡེ་བདུན༔ དམ་ཚིག་དབང་གིས་གནས་འདིར་གཤེགས་སུ་གསོལ༔ སྲུང་མ་ཀླུ་བཙན་འབར་བ་སྤུན་བདུན་ལ༔ འཁོར་དུ་བཙན་རྒོད་སུམ་བརྒྱ་དྲུག་ཅུས་བསྐོར༔ དཔལ་གྱི་བཀའ་ཉན་དགེ་བསྙེན་མཆེད་བདུན་ལ༔ དཀོར་བདག་སྐྱེས་བུ་ཆེན་པོ་སྟོང་སྡེས་བསྐོར༔ ནོར་སྲུང་རྒྱལ་པོ་གནོད་སྦྱིན་མཆེད་བདུན་ལ༔ དངོས་གྲུབ་སྟེར་མཛད་གནོད་སྦྱིན་ས་ཡས་བསྐོར༔ ཀུན་ཀྱང་དཔལ་གྱི་བཀའ་ཉན་མཐུ་རྩལ་ཅན༔ སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་རྣམས༔ སྔོན་ཚེ་སློབ་དཔོན་པདྨའི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་བཞིན་དུ་ད་ཚུར་བྱོན༔ ནཱ་ག་ཙནྟྲི་ཏ་ས་མ་ཡ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཧྲཱི༔ སངས་རྒྱས་བསྟན་པ་སྲུང་བའི་མཐུ་རྩལ་ཅན༔ བཙན་རྒོད་དགེ་བསྙེན་གནོད་སྦྱིན་འཁོར་བཅས་ལ༔ དཀར་གསུམ་མངར་གསུམ་ཤ་ཁྲག་ལ་སོགས་པ༔ རང་རང་དགྱེས་པའི་རྫས་མཆོག་གཏོར་མ་འབུལ༔ ཐུགས་དམ་གཉན་པོ་བསྐང་ཕྱིར་བཞེས་སུ་གསོལ༔ གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ༔ ཕྱི་ནང་གསང་བ་བཀོད་པའི་མཆོད་པ་འབུལ༔ ཤ་ཁྲག་དམར་གྱིས་བརྒྱན་པའི་གཏོར་ཆེན་པོ༔ དམ་རྫས་བདུད་རྩིར་བྱིན་གྱིས་བརླབས་པ་འདི༔ འབར་བ་སྤུན་བདུན་འཁོར་དང་བཅས་ལ་འབུལ༔ སྤྲུལ་པ་ཡང་སྤྲུལ་ཚོགས་རྣམས་དགྱེས་པར་རོལ༔ ཞི་རྒྱས་དབང་དང་དྲག་པོ་ལ་སོགས་པའི༔ ཕྲིན་ལས་རྣམ་བཞིའི་ལས་རྣམས་འགྲུབ་པར་མཛོད༔ མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ལ་ཁཱ་ཧི༔ མ་ཧཱ་ག་ཎ་པཱུ་ཛ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧྲཱི༔ མཆོད་དོ་བསྟོད་དོ་སྲུང་མའི་ཚོགས༔ བཙན་རྒོད་འབར་བ་མཐུ་རྩལ་ཅན༔ སྤྲུལ་པའི་ཀླུ་བཙན་རྒྱུག་པའི་ཚེ༔ དགྲ་དང་བགེགས་ཀྱི་སྲོག་རྩ་གཅོད༔ དགེ་བསྙེན་ཆེན་པོར་སྤྲུལ་ཙ་ན༔ མ་རུངས་འཇིགས་པའི་ཆོ་འཕྲུལ་ཅན༔ གནོད་སྦྱིན་ཆེན་པོར་སྤྲུལ་པའི་ཚེ༔ སྒྲུབ་པ་པོ་ལ་དངོས་གྲུབ་སྟེངས༔ མི་བརྫུ་དགུ་བརྫུ་སྟོབས་པོ་ཆེ༔ སངས་རྒྱས་བསྟན་པའི་བྱ་ར་བ༔ རིན་ཆེན་གཏེར་གྱི་སྲུང་མ་མཆོག༔ རྫུ་འཕྲུལ་ཅན་ལ་བདག་བསྟོད་དོ༔ རང་རང་དགྱེས་པའི་མཆོད་གཏོར་འབུལ༔ ཐུགས་དམ་གཉན་པོ་དེས་བསྐངས་ལ༔ སྔར་བྱས་ལས་ཀྱི་གཏང་རག་དང༔ ཕྱིས་བྱེད་ལས་ཀྱི་གཉེར་ཟས་མཛོད༔ སྡང་བའི་དགྲ་བོ་རྩད་ནས་ཆོད༔ གནོད་བྱེད་བགེགས་ཀྱི་དམག་དཔུང་ཤིགས༔ དགྲ་བགེགས་མ་ལུས་ཆམ་ལ་ཕོབ༔ ཉིན་གསུམ་ཉིན་གྱི་བྱ་ར་དང༔ མཚན་གསུམ་མཚན་གྱི་མེལ་ཚེ་གྱིས༔ བདག་ལ་སྡང་བའི་དགྲ་བྱུང་ན༔ གཉེན་འདུན་ཡིན་ཡང་མྱུར་དུ་སྒྲོལ༔ སྔོན་གྱི་དམ་ཚིག་དགྱེས་དགོངས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཕྱི་ནང་གསང་གསུམ་གྱི་དྲིལ་སྒྲུབ་སྔགས་ནི༔ ཨོཾ་ནཱ་ག་ཙནྟྲི་ཙ་ར་རཱ་ཏྲི༔ གིང་ཀ་ར༔ ཡཀྴ་ཡཀྴ་ས་མ་ཡ་ཧཱུྃ་ཕཊ༔ ཅེས་བཟླའོ༔ ཧཱུྃ་བྷྱོ༔ སངས་རྒྱས་བསྟན་པ་གཉན་པོ་སྲུང་བ་དང༔ གསང་སྔགས་བཀའ་ཡི་སྲུང་མ་མཐུ་མོ་ཆེ༔ རྣལ་འབྱོར་སྒྲུབ་པ་པོ་ཡི་དགྲ་བླ་མོ༔ ཤ་ཟ་དྷཱ་ཀི་བདུད་མོ་ཁ་མོ་ཆེ༔ སྐད་ཅིག་ཉིད་ལ་གནས་འདིར་གཤེགས་སུ་གསོལ༔ གནོད་བྱེད་དགྲ་བགེགས་བསྒྲལ་པའི་གདན་ལ་བཞུགས༔ ཁྱོད་སྔོན་སློབ་དཔོན་པདྨ་ཐོད་ཕྲེང་གིས༔ དཔལ་གྱི་བསམ་ཡས་མཆིམས་ཕུའི་གེ་གོང་དུ༔ རྩ་གསུམ་ལྷ་ཡི་དཀྱིལ་འཁོར་ཞལ་ཕྱེས་ནས༔ ཡང་ཟབ་བཀའ་ཡི་ཆོས་སྲུང་གཉེར་བྱང་གཏད༔ ནམ་ཞིག་ལས་ལྡན་བསྟན་པ་སྤེལ་བའི་ཚེ༔ བཤད་སྒྲུབ་བསྟན་པ་མཐའ་རུ་རྒྱས་བྱེད་ཅིང༔ དམ་ལྡན་རྣལ་འབྱོར་བུ་བཞིན་སྐྱོང་དགོས་པའི༔ བཀའ་བསྒོས་དམ་ཚིག་རྡོ་རྗེ་སྤྱི་བོར་བཞག༔ ཅི་ལྟར་རྒྱལ་བའི་བཀའ་ལས་མ་འདའ་བར༔ དངོས་འབྱོར་ཡིད་སྤྲུལ་མཐུན་རྫས་དཔག་མེད་པ༔ སྨན་རག་གཏོར་མའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ སྔོན་ལས་འཕྲལ་རྐྱེན་བར་ཆད་ཞི་བ་དང༔ ཚེ་དཔལ་ལོངས་སྤྱོད་མངའ་ཐང་རྒྱས་པ་དང༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་མཛོད༔ མི་དང་མི་མིན་བར་ཆད་ཞི་བར་མཛོད༔ བཤད་སྒྲུབ་བསྟན་པ་དུས་འདིར་རྒྱས་པར་མཛོད༔ དབང་སྡུད་ལྷ་མི་དབང་དུ་འདུ་བར་མཛོད༔ མ་ཧཱ་རཀྟ་སུ་རཱ་ཀེ༔ སུ་རོ་ཀི༔ བ་སུ་ཏ་ཧཱུྃ་ཧྲཱི་ཋཱ༔ ལན་གསུམ༔ བྷྱོ་ཤ་ཟ་དྷཱ་ཀི་མ་མོ་ས་པ་རི་ཝཱ་ར་བ་ལིཾ་ཏ་ཁཱ་ཧི༔ ནྲྀ་ཏྲི་མ་ཧཱ་རཀྟ་སུ་རཱ་ཀིཾ་ནི་རི་ཏི་བ་སུ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བདུན་གྱིས་འབུལ༔ བསྙེན་སྔགས་ནི༔ བྷྱོ་ཤ་ཟ་དྷཱ་ཀི་མ་མོ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ༔ ཞེས་བཟླ༔ ༈ སྐོང་བ་བསྡུས་པ་ནི༔ ཧཱུྃ་ཧྲཱི༔ ཟླ་གམ་དམར་པོ་དབང་གི་དཀྱིལ་འཁོར་ནས༔ རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་ནི༔ མ་ཆགས་སྐྱོན་བྲལ་ཡོན་ཏན་རྫོགས་པའི་སྐུ༔ འདུས་པ་ཀུན་གྱི་གཙུག་རྒྱན་ཐུགས་དམ་བསྐང༔ དུས་གསུམ་རྒྱལ་བ་ཀུན་གྱིས་རབ་བསྔགས་ཤིང༔ པད་སྡོང་ལས་བྱུང་མཚོ་སྐྱེས་འགྱུར་མེད་པ༔ ངོ་བོ་གཅིག་ལས་རྣམ་འཕྲུལ་དཔག་མེད་འགྱེད༔ རྡོ་རྗེ་པདྨ་འབྱུང་གནས་ཐུགས་དམ་བསྐང༔ ཤེས་རབ་དཔལ་ཕྲེང་མཁའ་འགྲོ་ཡོངས་ཀྱི་གཙོ༔ གཉིས་མེད་དག་པ་དགའ་བཞིའི་ཡེ་ཤེས་སྐྱེད༔ དབྱིངས་ཀྱི་ཡུམ་ཆེན་བདེ་སྟོང་ཟག་པ་མེད༔ ལྷ་ལྕམ་མནྡཱ་ར་བའི་ཐུགས་དམ་བསྐང༔ དུས་གསུམ་སངས་རྒྱས་ཀུན་གྱི་དགོངས་པ་འདུས༔ ཡོན་ཏན་ཕྲིན་ལས་མི་ཟད་དཔལ་འབར་བ༔ མཚན་དང་དཔེ་བྱད་བྱིན་རླབས་ཀུན་གྱི་མཛོད༔ དུས་གསུམ་བླ་མ་རྣམས་ཀྱི་ཐུགས་དམ་བསྐང༔ དཔལ་ཆེན་ཞི་ཁྲོ་ཡབ་ཡུམ་སྲས་དང་བཅས༔ རྣམ་འགྱུར་ཆ་ལུགས་སྤྲུལ་བསྒྱུར་དུ་མའི་བདག༔ དཀྱིལ་འཁོར་དགུ་རྫོགས་དངོས་གྲུབ་མཛོད་ཆེན་པོ༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང༔ ཕོ་རྒྱུད་ཆེ་བཙན་དཔའ་བོ་རྟ་མཆོག་དཔལ༔ གར་གྱི་དབང་ཕྱུག་སྲིད་གསུམ་འགྲན་ཟླ་མེད༔ ཞི་ཁྲོ་འབར་བ་སྣང་སྟོང་སྒྱུ་མའི་སྐུ༔ སྟོབས་ཆེན་མ་རུངས་འདུལ་མཛད་ཐུགས་དམ་བསྐང༔ དེ་ཡི་ཡུམ་མཆོག་རྡོ་རྗེ་ཕག་མོའི་སྐུ༔ མོ་རྒྱུད་ཆེ་བཙན་རྟོག་མེད་མཁའ་དབྱིངས་མ༔ སྟོང་ཉིད་ཡེ་ཤེས་སྤྱི་དཔལ་དྷཱ་ཀིའི་ཚུལ༔ འགྱུར་མེད་དོན་སྟོན་མ་ཡི་ཐུགས་དམ་བསྐང༔ རྣལ་འབྱོར་སྲོག་འཛིན་བསྟན་པའི་བྱ་ར་མ༔ སྤྲུལ་པའི་གར་བསྒྱུར་ཕྲིན་ལས་ཐོགས་མེད་སྒྲུབ༔ མཐུ་སྟོབས་ཕོ་ཉ་མྱུར་མགྱོགས་གློག་ལྟར་འཁྱུག༔ མ་མོ་མཁའ་འགྲོའི་ཚོགས་ཀྱི་ཐུགས་དམ་བསྐང༔ ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོ་མཐའ་ཡས་ཀྱི༔ བླ་མ་དཀོན་མཆོག་ཡི་དམ་འཕགས་པའི་ཚོགས༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་དང༔ བཀའ་སྲུང་མཆོད་པའི་རྟེན་གྱུར་ཐམས་ཅད་ལ༔ ལྷ་མིའི་མཆོད་རྫས་རྣམ་དག་རྣམ་མང་པོ༔ དངོས་བཤམས་ཡིད་སྤྲུལ་རྒྱན་གྱིས་བརྒྱན་པ་གང༔ ཕྱི་ནང་གསང་བཀོད་མཆོད་པའི་བྱེ་བྲག་རྣམས༔ མོས་བློས་འབུལ་གྱིས་བཞེས་ལ་ཐུགས་དམ་བསྐང༔ མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཞལ་ཟས༔ གདུགས་དང་རྒྱལ་མཚན་བ་དན་ཅོད་པན་འཕུར༔ གཟུགས་སྒྲ་དྲི་རོ་རེག་བྱ་འདོད་ཡོན་རྫས༔ ཕྱི་མཆོད་རྣམ་དག་འབུལ་གྱིས་ཐུགས་དམ་བསྐང༔ སྣོད་བཅུད་ལུས་དང་ལོངས་སྤྱོད་ལས་བྱུང་བའི༔ རྒྱན་གྱི་རྣམ་འགྱུར་གར་སྟབས་སྒྱུར་ལ་སོགས༔ འབྱུང་བ་ལྔས་བསྡུས་ནང་གི་མཆོད་པ་འདི༔ ཚོགས་གཉིས་སྤེལ་ཕྱིར་འབུལ་གྱིས་ཐུགས་དམ་བསྐང༔ སྦྱོར་སྒྲོལ་དུག་ལྔ་དུག་གསུམ་ཤ་རུས་བཅས༔ དབང་ལྔ་སྨན་རཀ་གཏོར་མ་ཐོད་གླིང་སྒྲ༔ དཀར་དམར་འབར་འཛག་ག་ཎ་ཙ་ཀྲས་བསྐོར༔ གསང་མཆོད་ཏིང་འཛིན་བསྐྱེད་ཕྱིར་བཞེས་སུ་གསོལ༔ འཇིག་རྟེན་འདི་འམ་འཇིག་རྟེན་ལས་འདས་པའི༔ མཆོད་པའི་རྣམ་གྲངས་མཆོད་འོས་ཅི་མཆིས་པ༔ བཀོད་པ་ཁྱད་པར་འཕགས་པའི་ཚོགས་ཀུན་ཀྱང༔ ཡོངས་རྫོགས་ལྷ་ལ་འབུལ་གྱིས་ཐུགས་དམ་བསྐང༔ ཧཱུྃ་ཧྲཱི༔ ཐུགས་དམ་གཉན་པོ་སྐོང་བའི་དམ་རྫས་ནི༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་རྣམ་སྤྲུལ་པའི༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ ཕྱི་ནང་གསང་མཆོད་སྨན་རག་གཏོར་མ་དང༔ གྷ་ནའི་ལོངས་སྤྱོད་སྐྱེ་འགྲོའི་གཟུགས་སྣང་བཅས༔ བཟའ་དང་བཅའ་དང་བཏུང་བའི་བྱེ་བྲག་དང༔ ཐབས་དང་ཤེས་རབ་ལས་བྱུང་བཅུད་ཆེན་པོ༔ མཆོག་ཆེན་མཆོག་ཕྲན་མཚན་ལྡན་ཟ་ལེ་འབྲི༔ ཤེལ་སྒོང་ལུག་དང་ཙ་ར་མཁའ་ལྡིང་མདངས༔ དབང་པོའི་མེ་ཏོག་གསུར་ཆེན་བདུག་སྤོས་དྲི༔ ཞུན་ཆེན་སྣང་གསལ་རྡོ་རྗེ་དྲི་ཡི་ཆུ༔ ཤ་རུས་ཞལ་ཟས་རྐང་གླིང་ཐོད་རྔའི་སྒྲ༔ སྙན་པའི་དབྱངས་དང་མཐུན་པའི་རྫས་ལ་སོགས༔ ཐུན་མོང་ཁྱད་པར་རྨད་དུ་བྱུང་བ་ཡིས༔ ཁྱེད་རྣམས་ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ ཁྱེད་རྣམས་ཐུགས་དམ་གཉན་པོ་བསྐངས་ནས་ཀྱང༔ བདག་ཅག་དཔོན་སློབ་རྒྱུ་སྦྱོར་འཁོར་བཅས་ཀྱི༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་སོར་ཆུད་ནས༔ འདོད་པའི་དོན་རྣམས་མྱུར་དུ་འགྲུབ་པ་དང༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ་ཧྲཱི༔ མཆོད་དུ་མེད་དེ་གཉིས་མེད་རོལ་པས་མཆོད༔ བསྐང་དུ་མེད་དེ་སྐྱེ་མེད་ངང་དུ་བསྐང༔ སྦྱོར་དུ་མེད་དེ་ཟུང་འཇུག་ཆེན་པོར་སྦྱོར༔ བསྒྲལ་དུ་མེད་དེ་མཉམ་ཉིད་ཆེན་པོར་བསྒྲལ༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོའི་ཐུགས་དམ་བསྐང༔ ཧྲཱི༔ དབང་ཆེན་མེ་རླུང་འཁྲུག་པའི་དཀྱིལ་འཁོར་ནས༔ རབ་འཇིགས་དུར་ཁྲོད་འབར་བའི་གཞལ་ཡས་སུ༔ དབང་གི་དབང་མཆོག་རྟ་མགྲིན་དབང་གི་ལྷ༔ ཡབ་ཡུམ་སྲས་འཁོར་བཅས་པ་ཐམས་ཅད་ལ༔ འདོད་ཆགས་ཞེ་སྡང་གཏི་མུག་ལས་བྱུང་བའི༔ ཉོན་མོངས་ཤ་ཁྲག་རུས་པའི་མཆོད་པ་འབུལ༔ ཐུགས་དམ་གཉན་པོ་བསྐང་ཕྱིར་བཞེས་སུ་གསོལ༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ འདོད་ཡོན་རབ་རྒྱས་སྨན་རག་གཏོར་ཚོགས་འདིས༔ དཔའ་བོ་རྟ་མགྲིན་རྒྱལ་པོའི་ཐུགས་དམ་བསྐང༔ གནོད་བྱེད་དགྲ་བགེགས་བསྒྲལ་ཕྱིར་བཞེས་སུ་གསོལ༔ ཡུམ་མཆོག་ཨེ་ཀ་ཙཱ་ཏིའི་ཐུགས་དམ་བསྐང༔ གནོད་བྱེད་དགྲ་བགེགས་བསྒྲལ་ཕྱིར་བཞེས་སུ་གསོལ༔ སྲས་མཆོག་གནོད་སྦྱིན་དམར་པོའི་ཐུགས་དམ་བསྐང༔ གནོད་བྱེད་དགྲ་བགེགས་བསྒྲལ་ཕྱིར་བཞེས་སུ་གསོལ༔ ཕོ་ཉ་ལས་མཁན་སྤྲུལ་པ་ལ་སོགས་པ༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་ཐུགས་ངམ་བསྐང༔ གནོད་བྱེད་དགྲ་བགེགས་བསྒྲལ་ཕྱིར་བཞེས་སུ་གསོལ༔ ཕྱི་ནང་བསྟན་པ་སྲུང་བར་ཁས་བླངས་པའི༔ ཤ་ཟ་ཁ་མོ་ཆེ་ཡི་ཐུགས་དམ་བསྐང༔ ནག་མོ་དྲེད་མོའི་གདོང་དང་ཅེ་སྤྱང་གདོང༔ སྤྱང་གདོང་ཝ་གདོང་རྣམས་ཀྱི་ཐུགས་དམ་བསྐང༔ ཤ་ཟ་སྨན་མོ་ཀླུ་མོ་བཙན་མོ་སོགས༔ སྲུང་མ་དམ་ཅན་རྣམས་ཀྱི་ཐུགས་དམ་བསྐང༔ གནོད་བྱེད་དགྲ་བགེགས་བསྒྲལ་ཕྱིར་བཞེས་སུ་གསོལ༔ ཀླུ་བཙན་འབར་བ་སྤུན་བདུན་ཐུགས་དམ་བསྐང༔ བཙན་འཁོར་སུམ་བརྒྱ་དྲུག་ཅུའི་ཐུགས་དམ་བསྐང༔ རཱ་ཙ་དགེ་བསྙེན་མཆེད་བདུན་ཐུགས་དམ་བསྐང༔ དཀོར་བདག་སྐྱེས་བུ་སྟོང་སྡེའི་ཐུགས་དམ་བསྐང༔ ནོར་ལྷ་གནོད་སྦྱིན་མཆེད་བདུན་ཐུགས་དམ་བསྐང༔ གཏེར་བདག་གནོད་སྦྱིན་ས་ཡའི་ཐུགས་དམ་བསྐང༔ སྨན་དང་རཀྟ་བདུད་རྩིའི་ཁུ་བ་བཅས༔ སྦྲུས་པའི་ཨརྒྷཾ་འབྲས་ཆེན་གཙང་མའི་བཤོས༔ བྱུག་པའི་ཞུན་ཆེན་བདུག་པའི་གསུར་ཆེན་དྲི༔ མཛེས་པའི་བ་དན་གཡབ་དར་བརྟེན་པའི་རྫས༔ སྟག་གཟིགས་རྒྱལ་མཚན་མདུང་དམར་བ་དན་བཅས༔ ཐུགས་དམ་གཉན་པོ་བསྐང་ཕྱིར་བཞེས་སུ་གསོལ༔ ཁྱེད་ཀྱི་ཐུགས་དམ་གཉན་པོ་དེས་བསྐངས་ལ༔ བདག་གི་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ༔ འདོད་ཡོན་ལྔ་ལས་བྱུང་བའི་ཚོགས་མཆོད་འདིས༔ རྟ་མགྲིན་ནག་པོ་ཡབ་ཡུམ་སྲས་དང་འཁོར༔ ཀླུ་བཙན་དགེ་བསྙེན་གནོད་སྦྱིན་མཆེད་བདུན་དང༔ དྷཱ་ཀི་ཁ་མོ་ཆེ་ཡི་ཐུགས་དམ་བསྐང༔ ཐུགས་དམ་བསྐངས་ནས་དྲག་པོའི་ཕྲིན་ལས་མཛོད༔ སྡང་བའི་དགྲ་དང་གནོད་པར་བྱེད་པའི་བགེགས༔ ཟ་བའི་འདྲེ་དང་ཕུང་བའི་སྲི་ལ་སོགས༔ བསྟན་ལ་འཚེ་ཞིང་སེམས་ཅན་ཡོངས་ལ་གནོད༔ བསྒྲལ་བའི་ཞིང་དུ་གྱུར་པ་གང་ཡིན་རྣམས༔ འཁོར་བཅས་ཁྱེད་ཀྱིས་མྱུར་བསྒྲལ་ཕྲིན་ལས་མཛོད༔ ཕ་རོལ་མི་དང་མི་མ་ཡིན་པ་ཡི༔ བསམ་སྦྱོར་ངན་པ་ཐམས་ཅད་བཟློག་ཏུ་གསོལ༔ ཨོཾ་ཨཱཿཧཱུྃ་ཧོ༔ བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས༔ སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ༔ མཐོལ་ལོ་བཤགས་སོ་བྱང་ཞིང་དག་གྱུར་ཅིག༔ ༈ དེ་ནས་བསྐུལ་པ་བསྡུས་པ་ནི། ཧཱུྃ༔ མ་གཡེལ་མ་གཡེལ་བླ་མ་རིག་འཛིན་ཚོགས༔ ཆོས་སྐུ་སྐྱེ་བ་མེད་པའི་ངང་ཉིད་ལས༔ སྐྱེ་བའི་ཆོ་འཕྲུལ་ལོངས་སྤྱོད་རྫོགས་སྐུར་སྤྲུལ༔ སྤྲུལ་སྐུས་འགྲོ་བ་འདྲེན་དོན་མཛད་པ་ཡི༔ ཕྱོགས་བཅུ་དུས་གསུམ་བདེ་གཤེགས་བཅོམ་ལྡན་འདས༔ དོན་དམ་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ མཚན་དཔེས་རབ་བརྒྱན་བླ་མ་ལོངས་སྤྱོད་རྫོགས༔ ཐུགས་རྗེས་འགྲོ་འདུལ་བླ་མ་སྤྲུལ་པའི་སྐུ༔ དོན་གྱི་དབྱིངས་ལ་ཅ་ཅོ་མི་མངའ་ཡང༔ གང་ལ་གང་འདུལ་ཚུལ་དུ་དབྱིངས་ནས་བཞེངས༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ བསྐུལ་ལོ་བསྐུལ་ལོ་འགྲོ་བའི་དོན་ལ་སྐུལ༔ མཛོད་ཅིག་མཛོད་ཅིག་མངོན་སྤྱོད་ཕྲིན་ལས་མཛོད༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཉོན་མོངས་དུག་ལྔའི་དགྲ་འདྲེ་དབྱིངས་སུ་སྒྲོལ༔ ཐབས་མཁས་ཐུགས་རྗེའི་སྐུ་ཤུགས་མ་ཆུང་བར༔ སྡུག་བསྔལ་འཁོར་བའི་འཁྲུལ་འཁོར་བཟློག་ཏུ་གསོལ༔ ཧཱུྃ༔ གསང་ཆེན་རོལ་པའི་དཀྱིལ་འཁོར་ཆེན་པོ་ནས༔ དགུ་ཀློང་འཁྲུགས་པ་ཨེ་ཡི་གཞལ་ཡས་ཁང༔ འབྱུང་བ་རང་འོད་འཁྲུགས་པའི་དཀྱིལ་འཁོར་ནས༔ ཡི་དམ་མཁའ་འགྲོའི་ཚོགས་རྣམས་སྐུ་བཞེངས་འཚལ༔ བཞེངས་ཤིག་བཞེངས་ཤིག་རང་རང་གནས་ནས་བཞེངས༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་སྐུལ༔ མཛོད་ཅིག་མཛོད་ཅིག་དྲག་པོའི་ཕྲིན་ལས་མཛོད༔ པདྨ་བཛྲ་འཁོར་བཅས་སྐུ་བཞེངས་འཚལ༔ བུདྡྷ་ཐོད་ཕྲེང་འཁོར་བཅས་སྐུ་བཞེངས་འཚལ༔ མི་བསྐྱོད་རྡོ་རྗེ་འཁོར་བཅས་སྐུ་བཞེངས་འཚལ༔ པདྨ་དབང་ཆེན་འཁོར་བཅས་སྐུ་བཞེངས་འཚལ༔ ཐོད་པ་རྩལ་ཆེན་འཁོར་བཅས་སྐུ་བཞེངས་འཚལ༔ དྲག་པོ་མེ་ཕྲེང་འཁོར་བཅས་སྐུ་བཞེངས་འཚལ༔ སངས་རྒྱས་དཔའ་བོ་འཁོར་བཅས་སྐུ་བཞེངས་འཚལ༔ དབང་ཆེན་རྟ་མགྲིན་འཁོར་བཅས་སྐུ་བཞེངས་འཚལ༔ ལག་ན་རྡོ་རྗེ་འཁོར་བཅས་སྐུ་བཞེངས་འཚལ༔ རང་རང་གནས་ནས་སྐུ་བཞེངས་འདིར་གཤེགས་ལ༔ ཕྲིན་ལས་མྱུར་མགྱོགས་དྲག་པོའི་ལས་མཛོད་ཅིག༔ ངང་ཉིད་དོན་གྱི་དབྱིངས་ལས་མ་གཡོས་ཀྱང༔ གནས་སྐབས་གཟུགས་སྐུས་འགྲོ་བའི་དོན་མཛད་ཅིང༔ གནོད་བྱེད་གདུག་པའི་དགྲ་བགེགས་བསྒྲལ་བའི་ཕྱིར༔ རྣམ་འགྱུར་ཁྲོ་ཚུལ་འཇིགས་པའི་ཆ་ལུགས་ལ༔ ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་རྐན་སྒྲ་རྡེབ༔ སྤྱན་གསུམ་དམར་པོ་གྲུ་གསུམ་སྡང་མིག་བགྲད༔ སྨིན་མ་ཨག་ཚོམ་མེ་འབར་གྱེན་དུ་འཕྱོ༔ དབུ་སྐྲ་རལ་པ་ཁམ་ནག་གཙུག་ཏུ་འཁྱིལ༔ ཐོད་སྐམ་རིན་ཆེན་རྩེ་བྲན་སྦྲུལ་གྱིས་དཀྲིས༔ གཞན་ཡང་དུར་ཁྲོད་ཆས་དང་རུས་པས་བརྒྱན༔ སྣ་ཚོགས་རིན་ཆེན་དར་དང་ལྷབ་ལྷུབ་སྤྲས༔ རྣམ་འགྱུར་དོར་སྟབས་བགྲད་ཅིང་འགྱིང་བག་ཚུལ༔ མི་སྲུན་དྲག་ཤུལ་འབར་བའི་གར་སྟབས་འཁྱུག༔ ཞལ་ནས་དྲག་པོ་སྔགས་ཀྱི་འབྲུག་སྒྲ་སྒྲོག༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་ཐལ་བའི་རྡུལ་དུ་རློགས༔ ཧཱུྃ༔ སྣང་སྲིད་ཐམས་ཅད་ཡུམ་གྱི་བྷ་གའི་ཀློང༔ བདེ་སྟོང་འཁྲུགས་པ་ཆགས་པའི་དཀྱིལ་འཁོར་ནས༔ དུས་གསུམ་སངས་རྒྱས་ཐམས་ཅད་སྐྱེད་མཛད་མ༔ མ་མོ་མཁའ་འགྲོའི་ཚོགས་རྣམས་སྐུ་བཞེངས་འཚལ༔ བཞེངས་ཤིག་བཞེངས་ཤིག་རང་བཞིན་དབྱིངས་ནས་བཞེངས༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་སྐུལ༔ མཛོད་ཅིག་མཛོད་ཅིག་དྲག་པོའི་ཕྲིན་ལས་མཛོད༔ ཕྱི་ནང་གསང་གསུམ་མ་མོ་མཁའ་འགྲོའི་ཚོགས༔ ཡོངས་ཀྱི་གཙོ་གྱུར་རྡོ་རྗེ་ཕག་མོའི་སྐུ༔ འཁོར་གྱི་དྷཱ་ཀི་ཤུགས་འགྲོར་བཅས་རྣམས་ཀྱང༔ རང་རང་དགྱེས་པའི་མཆོད་གཏོར་འདི་བཞེས་ལ༔ ཕྲིན་ལས་མྱུར་མགྱོགས་གནོད་བྱེད་དགྲ་བགེགས་སྒྲོལ༔ བསྟན་པ་སྲུང་བའི་ལས་འདི་མྱུར་དུ་མཛོད༔ མ་ཚོགས་དྷཱ་ཀིའི་ཐུགས་དམ་དུས་ལ་བབ༔ ཧཱུྃ༔ སངས་རྒྱས་བསྟན་པ་སྲུང་བྱེད་ཅིང༔ དཀྱིལ་འཁོར་མུ་རན་སྐྱོང་བ་ཡི༔ ཆོས་སྐྱོང་སྲུང་མ་མཐུ་རྩལ་ཅན༔ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ མ་གཡེལ་མ་གཡེལ་ཆོས་སྐྱོང་ཚོགས༔ བསྟན་པ་སྲུང་བའི་དུས་ལ་བབ༔ ཕྲིན་ལས་སྒྲུབ་པའི་དུས་ལ་བབ༔ དགྲ་བགེགས་བསྒྲལ་བའི་དུས་ལ་བབ༔ མཐུ་རྩལ་ཕྱུང་བའི་དུས་ལ་བབ༔ འབར་མ་ཕོ་ཉ་རྫུ་འཕྲུལ་ཅན༔ གར་གྱི་དབང་ཕྱུག་ཁྲོ་རྒྱལ་དཔལ༔ རྟ་མཆོག་རྒྱལ་པོ་ཧེ་རུ་ཀ༔ དོན་གྱིས་སངས་རྒྱས་ཡིན་མོད་ཀྱང༔ མཛད་པའི་ཆོ་འཕྲུལ་དུ་མ་ལས༔ རྣམ་པ་སྣ་ཚོགས་ཆ་ལུགས་ཅན༔ བྲན་གྱི་ཚུལ་དུ་བཀའ་སྲུང་མཛད༔ འཁོར་དུ་སྡེ་བརྒྱད་ཚོགས་ཀྱིས་བསྐོར༔ ཡབ་ཡུམ་སྲས་འཁོར་ཡང་སྤྲུལ་བཅས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཧྲཱི༔ གཞན་ཡང་སྲུང་མ་དམ་ཚིག་ཅན༔ ཕྱི་ནང་བཀའ་ཡི་བྱ་ར་བ༔ གཙང་རིགས་དཔལ་མགོན་བདུན་ཅུ་སོགས༔ དབང་ཕྱུག་གིང་དང་བརྟན་མ་དང༔ འབར་མ་ཕོ་ཉ་ལ་སོགས་ཏེ༔ དམ་ཅན་རྒྱ་མཚོ་ཐམས་ཅད་ཀྱང༔ རྣམ་འགྱུར་ཆ་ལུགས་དུ་མ་ལ༔ ཁྲོ་གཏུམ་འཇིགས་གཟུགས་རྔམ་པའི་ཚུལ༔ ལ་ལ་ཞི་འཛུམ་སྒེག་བཞད་བཅས༔ གོས་སུ་ཤུན་ལྤགས་རོ་རས་དང༔ ཞིང་ལྤགས་དར་ཟབ་རེ་ལྡེ་གྱོན༔ ལ་ལ་གཅེར་བུ་རལ་པ་ཅན༔ དེ་བཞིན་རྒྱན་ཡང་མ་ངེས་ཤིང༔ ཐོད་ཕྲེང་སྦྲུལ་སོགས་དུར་ཁྲོད་ཆས༔ རིན་ཆེན་རུས་པའི་རྒྱན་གྱིས་སྤྲས༔ གནས་ཀྱང་ནམ་མཁའི་དབྱིངས་ལ་སོགས༔ རྒྱ་མཚོ་དུར་ཁྲོད་བས་མཐའ་འགྲིམ༔ ལས་སུ་སངས་རྒྱས་བསྟན་པ་སྲུང༔ ཟས་སུ་ཤ་ཁྲག་རྐང་མར་ཟ༔ སྐོམ་དུ་ཁྲག་རྣག་ཆུ་སེར་འཐུང༔ བཀའ་སྲུང་ཕོ་ཉ་ལས་མཁན་ཚོགས༔ འབོད་པའི་དུས་སུ་སྙན་མ་སྲ༔ གཡབ་པའི་དུས་སུ་སྤྱན་མ་རྟུལ༔ བསྟེན་པའི་དུས་སུ་རྒྱང་མ་རིང༔ བསྐུལ་བའི་ཚེ་ན་བང་མ་བུལ༔ རྦད་པའི་དུས་སུ་མཐུ་མ་ཆུང༔ བཅོལ་བའི་ཚེ་ན་རྩལ་མ་ཞན༔ སོ་སོས་ཇི་ལྟར་འདོད་པ་ཡི༔ མཐུན་རྫས་མཆོད་གཏོར་འདི་བཞེས་ལ༔ སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ༔ ཇི་ལྟར་ཁས་བླངས་དམ་བཅས་ལྟར༔ སངས་རྒྱས་བསྟན་པ་སྲུང་བ་དང༔ དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད༔ སྒྲུབ་ལ་བར་ཆད་བྱེད་པའི་བགེགས༔ མི་དང་མི་མིན་བདུད་ཀྱི་ཚོགས༔ ཐམས་ཅད་མ་ལུས་རྡུལ་དུ་རློགས༔ ཁས་བླངས་བཞིན་དུ་བདག་གིས་བསྐུལ༔ དམ་བཅས་བཞིན་དུ་ཁྱོད་ཀྱིས་སྒྲུབས༔ ལྡེམ་མེ་རྒྱང་ངེ་མ་མཛད་པར༔ སྐུ་ཤུགས་ཕྱུངས་ལ་མཐུ་དཔུང་སྐྱེད༔ སྡང་བར་བྱེད་པའི་དགྲ་བོ་སོད༔ གནོད་པར་བྱེད་པའི་བགེགས་དཔུང་ཤིགས༔ ཕ་རོལ་བསམ་སྦྱོར་ངན་པ་ཟློག༔ དམ་ཚིག་ཅན་གྱི་གྲོགས་མཛོད་ལ༔ དམ་ཉམས་རྣམས་ཀྱི་སྙིང་ཁྲག་འཐུངས༔ བཀའ་དང་བསྟན་པ་སྲུང་བ་དང༔ འཁོར་དང་གང་ཟག་ཐམས་ཅད་སྐྱོངས༔ བདག་གིས་ཅི་ལྟར་བཅོལ་བ་ཡི༔ ཕྲིན་ལས་མ་ལུས་འགྲུབ་པར་མཛོད༔ ཧཱུྃ༔ བདག་ནི་རྣལ་འབྱོར་དམ་ཚིག་ཅན༔ རིག་འཛིན་རྒྱལ་བའི་ཞལ་ཚབ་ཆེ༔ དབང་ཆེན་འབར་བའི་སྤྲུལ་པ་ཡིན༔ ཁྱོད་ནི་སྲུང་མ་ཐུགས་དམ་ཅན༔ རྒྱལ་བས་བསྔགས་པའི་ཕོ་ཉ་བ༔ ཆོས་སྐྱོང་སྲུང་མ་མཐུ་རྩལ་ཅན༔ དམར་གྱི་གཏོར་མ་འདི་བཞེས་ལ༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ མཆིམས་ཕུའི་བྲག་བཙན་དུས་ལ་བབ༔ གཡུ་ལུང་གངས་བཙན་དུས་ལ་བབ༔ སྤ་རི་སྤ་བཙན་དུས་ལ་བབ༔ ཀོང་མ་གྲིབ་བཙན་དུས་ལ་བབ༔ སྤུ་རི་སྤུ་བཙན་དུས་ལ་བབ༔ བྲག་དམར་རྫོང་བཙན་དུས་ལ་བབ༔ སྟག་མ་རོང་བཙན་དུས་ལ་བབ༔ དགེ་བསྙེན་ཆེན་པོའི་དུས་ལ་བབ༔ རྡོ་རྗེ་དྲག་པོའི་དུས་ལ་བབ༔ དབང་བཙན་ཆེན་པོའི་དུས་ལ་བབ༔ ཡེ་ཤེས་རྩལ་གྱི་དུས་ལ་བབ༔ རྡོ་རྗེ་མཆོག་རྒོད་དུས་ལ་བབ༔ རྡོ་རྗེ་སྲུང་མའི་དུས་ལ་བབ༔ རྡོ་རྗེ་དགྲ་འཇོམས་དུས་ལ་བབ༔ རྡོ་རྗེ་ལེགས་པའི་དུས་ལ་བབ༔ གནོད་སྦྱིན་ཆེན་པོའི་དུས་ལ་བབ༔ གང་བ་བཟང་པོའི་དུས་ལ་བབ༔ གནོད་སྦྱིན་འབྲོག་གནས་དུས་ལ་བབ༔ ཡཀྴ་ཀཱ་ལའི་དུས་ལ་བབ༔ གནོད་སྦྱིན་ཁྱུང་གདོང་དུས་ལ་བབ༔ གནོད་སྦྱིན་ཆུ་འབེབ་དུས་ལ་བབ༔ གནོད་སྦྱིན་གངས་དཀར་དུས་ལ་བབ༔ གནོད་སྦྱིན་བདུད་འཇོམས་དུས་ལ་བབ༔ སྤྲུལ་པ་ཉི་ཤུ་རྩ་གཅིག་སོགས༔ འཁོར་དང་བཅས་པའི་དུས་ལ་བབ༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ས་མ་ཡ་བྷྱོ་བྷྱོ༔ ཧཱུྃ་བྷྱོ༔ རྒྱ་མཚོ་ཆེན་པོའི་ཕ་རོལ་གྱི༔ འཇིག་རྟེན་མཁའ་འགྲོའི་དུར་ཁྲོད་དེར༔ རཀྟའི་ཁྲག་ལྦུ་འཁྲིགས་པ་ལ༔ ཞིང་ཆེན་ལྷུ་དུམ་བརྩེགས་མར་ལངས༔ ཀེང་རུས་གྲམ་ཁྲོད་འཁྲོལ་བའི་དབུས༔ ཅེ་སྤྱང་ངར་སྐད་ཀྱུ་རུ་རུ༔ འདྲེ་སྲིན་ཧ་ཧའི་སྒྲ་སྒྲོག་པ༔ འཇིགས་ཤིང་ཡ་ངའི་དུར་ཁྲོད་ནས༔ བསྟན་སྲུང་མ་མོ་ལས་མཁན་མ༔ ཤ་ཟ་དྷཱ་ཀི་ཁ་མོ་ཆེ༔ འཁོར་བཅས་འདིར་གཤེགས་གཏོར་མ་བཞེས༔ སྡང་བའི་དགྲ་བོ་རྡུལ་དུ་རློགས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོ་ཤ་ཟ་དྷཱ་ཀི་དགྲ་བགེགས་ཀྱི་སྲོག་ལ་མཱ་ར་ཡ་བྷྱོ༔ དེ་ལྟར་གཏོར་འབུལ་ཉུང་བསྡུས་དང་། སྐོང་བ། བསྐུལ་བསྡུས་བཅས་ཆ་ཚང་བ་འདི་བཞིན་ཨ་རཱ་གས་བསྒྲིགས་པ་ལ་ཉེས་འགལ་གང་མཆིས་ཆོས་སྐྱོང་སྲུང་མའི་ཚོགས་ལ་བཤགས་པས། འཕྲལ་གྱི་རྐྱེན་དང་ཡུན་གྱི་སྒྲིབ་པར་མི་འགྱུར་ཞིང་། དགེ་བས་པདྨ་བཛྲ་མྱུར་དུ་འགྲུབ་པར་གྱུར་ཅིག །འདི་དག་ཐམས་ཅད་ཚིག་མཚམས་ཟུར་ཙམ་རེ་མ་གཏོགས་གཏེར་གཞུང་ཁོ་ན་བསྒྲིགས་པས་བྱིན་རླབས་ཆེའོ།། །།

བླ་མ་དགོངས་པ་འདུས་པ་ལས་དོན་དབང་བདུད་རྩིའི་ཐིགས་པ་བཀླག་ཆོག་ཏུ་བཀོད་པ་བདུད་རྩིའི་ཆུ་རྒྱུན་ (Volume 7, Text 11)

༄༅། །བླ་མ་དགོངས་པ་འདུས་པ་ལས་དོན་དབང་བདུད་རྩིའི་ཐིགས་པ་བཀླག་ཆོག་ཏུ་བཀོད་པ་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཡཻ། རིགས་བརྒྱའི་ཁྱབ་བདག་བླ་མ་ཧེ་རུ་ཀ །བདེ་ཆེན་ཡེ་ཤེས་རོལ་པའི་ཚོམ་བུ་དགུ །བཀའ་སྡོད་བཅས་ལ་འདུད་ཅིང་གསོལ་འདེབས་ན། །གནང་བ་སྩོལ་ཞིང་སྒོ་གསུམ་བྱིན་གྱིས་རློབས། །བྱིན་རླབས་དངོས་གྲུབ་ཕྲིན་ལས་ཀུན་གྱི་མཛོད། །རབ་འབྱམས་རྩ་གསུམ་དགོངས་པ་གཅིག་འདུས་པའི། །སྨིན་བྱེད་དོན་ཟབ་བདུད་རྩིའི་བཅུད་ཐིགས་ནི། །མྱོང་བས་རབ་ཞིའི་འཆི་མེད་འགྲུབ་འདི་འོ། །བླ་མ་དགོངས་པ་འདུས་པའི་སྨིན་བྱེད་རྣམས་ཀྱི་དོན་བཅུད་ཡོངས་སུ་བསྡུས་པ་འདི་ཉིད་ནོད་པར་འདོད་པའི་སྐལ་པ་བཟང་པོ་ཅན་དག་གིས། ཐོག་མར་གཡོ་ཟོལ་འུར་སྒྲོག་ཐོབ་ཆོས་ཀྱི་ཕྱིར་མ་ཡིན་པར་གུས་པ་ཆེན་པོའི་དོན་གཉེར་གྱིས་སློབ་དཔོན་སྤྱིར་མཚན་ཉིད་དང་ལྡན་ཞིང་སྒོས་སུ་ཆོས་འདིའི་སྨིན་གྲོལ་བརྒྱུད་པ་ཐ་དད་ཀྱི་བཀའ་སྲོལ་གསུམ་དང་ལྡན་ལ་བསྐྱེད་རྫོགས་ཉམས་ལེན་བགྱིས་པ་ཞིག་ལ་གསོལ་བ་གདབ། དེས་ཀྱང་བསྐྱེད་རིམ་ཡོ་ག་རྣམ་གསུམ་བཀའ་སྲོལ་གང་རུང་འབྲེལ་པས་སྤྱི་དྲིལ་འབྲིང་པོ་སོགས་འབུམ་ཕྲག་བཟླས་ལ་དབང་བསྐུར་གྱི་དོན་དུ་བསྙེན་པ་ཁ་གསོ་བས་ལས་སུ་རུང་བར་བྱ། དེ་ནས་དབང་གི་ལས་རིམ་ལ་འཇུག་པ་ལ་སྒྲུབ་གནས་གསར་པ་དང་རྡུལ་ཚོན་གྱི་ཕྱོགས་ལ་སའི་ཆོ་ག་རིམ་པ་ལྔ་གཞུང་གསལ་བྱ་དགོས་ཀྱང་། སྐབས་འདིར་སྒྲུབ་གནས་རྙིང་པར་རས་་བྲིས་དང་འབྲེལ་བའི་དབང་དུ་བྱས་ཏེ་གཤམ་གསལ་གཏོར་མ་ཕུལ་བ་ཙམ་ཞིག་ཕྱག་ལེན་དུ་མཛད་པ་ལས་གཞན་དག་མི་དགོས་པས། དངོས་ལ་གསུམ། སྔོན་དུ་འགྲོ་བ་སྟ་གོན་གྱི་རིམ་པ། དབང་དོན་དཀྱིལ་འཁོར་སྒྲུབ་པ། དབང་བསྐུར་མཐའ་རྟེན་དང་བཅས་པའོ། །དང་པོ་ལ་བཞི། བདག་བྱིན་གྱིས་བརླབ་པ། ལྷ། བུམ་པ། སློབ་མ་སྟ་གོན་ནོ། །དང་པོ་ནི། དུས་ཕུན་སུམ་ཚོགས་པར་གནས་ཁང་གཙང་མ་རྒྱན་གྱིས་སྤྲས་པའི་གུང་དུ་རྩ་བ་གསུམ་གྱི་རྟེན་དགྲམ། སྨན་རཀ་གཏོར་མ། ཕྱི་མཆོད་རྣམས་བཤམ། སྔོན་གཏོར་དཀར་བགེགས་འདུ་བྱས་ལ། ཆོག་ཁྲིགས་བྱ་ཁྱུང་དང་རྩེ་ལེ་སོགས་ལྟར་ནུས་ན་མཆོག་ཡིན་པས་གཞན་དུ་ཤེས་ལ་འདིར་ལས་བྱང་མེ་ཕྲེང་ཙམ་དང་འབྲེལ་བའི་དབང་དུ་བྱས་ཏེ། ཚིག་བདུན་གསོལ་འདེབས། ཧྲཱི༔ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ སོགས་སྔོན་དུ་འགྲོ་བས་དཀར་གཏོར། རཾ་ཡཾ་ཁཾ། རཏྣ་པཉྩ་ཨོཾ་ཨཱཿཧཱུྃ། གིས་བསང་ཞིང་བྱིན་བརླབ། བྷཱུ་མི་པ་ཏི་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲངས། སྔགས་དེའི་གཤམ། ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་བསྔོས་ལ། ཀྱེ༔ ས་འོག་ས་སྟེང་ས་བླར་གནས་པ་ཡི༔ ལྷ་ཀླུ་ས་བདག་ཕོ་མོ་སྡེ་དང་དཔུང༔ རང་རང་གཡོག་འཁོར་བྲན་དང་བཅས་རྣམས་ཀྱིས༔ རིན་ཆེན་མཆོད་གཏོར་ས་གླུད་འདི་བཞེས་ལ༔ བཟང་པོའི་ས་འདི་བདག་ལ་བསྩལ་དུ་གསོལ༔ གནོད་གདུག་འཚེ་བའི་བསམ་པ་རབ་ཞི་ནས༔ དགའ་མགུ་རངས་པའི་སེམས་དང་ལྡན་པ་ཡིས༔ བཀྲ་ཤིས་ཆོས་མཐུན་དགེ་བའི་སྟོངས་གྲོགས་མཛོད༔ བྷཱུ་མི་པ་ཏི་ས་པ་རི་བཱ་ར་གཙྪས་གཤེགས། ལས་བྱང་མེ་ཏོག་ཕྲེང་མཛེས་ལྟར་བགེགས་གཏོར་བཏང་ལ་བཀའ་བསྒོས་མཚམས་བཅད་ནས་བསྟོད་པའི་བར་མཐར་ཆགས་སུ་བཏང་། ལྷ་རྣམས་ཀྱི་གནས་གསུམ་དུ་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གསུམ་གསལ་ལ། དབུགས་ནང་དུ་འཇུག་པ་ཨོཾ་དཀར། གནས་པ་ཨཱཿདམར། དབྱུང་བ་ཧཱུྃ་མཐིང་དུ་དམིགས་ཏེ་འབྱུང་འཇུག་གནས་གསུམ་ཆ་སྙོམས་པས་སྐྱེ་མེད་རྡོ་རྗེའི་བཟླས་པ་ཅི་ནུས་བྱ། ངག་བཟླས་སྤྲོ་ན། ལྷ་རྣམས་ཀྱི་ཐུགས་ཀར་ཉི་ཟླའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདམར་པོའི་མཐར་སྔགས་ཕྲེང་གིས་བསྐོར་བར་བསམས་ལ། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་ཅི་ནུས་བཟླའོ། །གཉིས་པ་ནི། དཀྱིལ་འཁོར་གྱི་དབུས་སུ་མཎྜལ་དྲིའི་ཐིག་ལེ་ལྷ་གྲངས་སམ་གཙོ་འཁོར་དགུ་དང་སྒོ་མཚམས་བརྒྱད་སོགས་མཚོན་བྱེད་དགོད། གཙོ་དགུའི་སྔགས་དང་སྤྱི་དྲིལ་འབྲིང་པོ་བརྗོད་ལ་འབྲུ་དཀར་གྱི་ཚོམ་བུ་གཙོ་འཁོར་ཕྱེད་པར་དགོད། སྔགས་རྣམས་མི་ལྕོགས་ན་ཨོཾ་ཨཱཿཧཱུྃ་བཟླས་པས་རུང་། དེའི་སྟེང་དུ་རྐང་གསུམ་ལ་བུམ་པ་སོ་ལྔའི་རྫས་དང་དྲི་བཟང་ཆུའི་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དམར་པོ་གཟུངས་ཐག་དང་ལྡན་པ་བཞག །ལས་བུམ་ལྗང་གུ་བྱང་ཤར་དུ་བཞག །སྨན་རཀ་གཏོར་གསུམ། ཕྱི་མཆོད་རྣམས་བཤམས་ལ་མེ་ཕྲེང་ལྟར་ཕྱི་ནང་གསང་མཆོད་བྱིན་གྱིས་བརླབ། འཁྱིལ་པའི་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་ཀེང་རུས་ཀྱི་རི་རབ་དང་བཅས་པའི་སྟེང་དུ་བྷྲཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་གསལ་བའི་ནང་དུ་གཙོ་འཁོར་རིམ་པ་དང་མཐུན་པའི་ཐེག་པ་དགུ་རྫོགས་ཀྱི་གདན། དབུས་སུ་འཁོར་ལོ་དང་བཅས་པའི་པདྨ་འདབ་བརྒྱད་ཡངས་ཤིང་རྒྱ་ཆེ་བའི་ལྟེ་བར་ཐབས་མཆོག་ཟླ་བའི་གདན་ཤེས་རབ་ཉི་མའི་གདན་གཉིས་མེད་པདྨའི་གདན་གྱི་སྟེང་དུ་ཧྲཱིཿདམར་པོ་ཡོངས་སུ་གྱུར་པ་ལས་གཙོ་མཆོག་པདྨ་བཛྲ་རྩལ་དམར་མཐིང་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ་རལ་གྲི་བུམ་པ། གཡོན་གསུམ་དྲིལ་བུ་བྷནྡྷ་ཁ་ཊྭཱཾ་འཛིན་པ། དར་དང་རུས་པ་དང་རིན་པོ་ཆེའི་རྒྱན་དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་པ། གར་དགུའི་ཉམས་དང་ལྡན་པའི་པང་དུ་ལྷ་ལྕམ་མནྡཱ་ར་བ་དམར་མོ་ཌཱ་མ་རུ་དང་ཐོད་པ་འཛིན་ཅིང་ཕྱག་རྒྱ་ལྔས་བརྒྱན་པས་འཁྱུད་པ་ལ་ཞེ་སྡང་རྡོ་རྗེ་ལ་སོགས་པ་ཡབ་ཡུམ་བཅུ་དྲུག་གིས་བསྐོར་བ། དེའི་ཕྱི་རོལ་པད་འདབ་བརྒྱད་ཀྱི་ཤར་དུ་བུདྡྷ་ཐོད་ཕྲེང་རྩལ་ཡབ་ཡུམ་འཁོར་དང་བཅས་པ། ལྷོར་མི་བསྐྱོད་རྡོ་རྗེ་རྩལ་ཡབ་ཡུམ་འཁོར་དང་བཅས་པ། ནུབ་ཏུ་པདྨ་དབང་ཆེན་རྩལ་ཡབ་ཡུམ་འཁོར་དང་བཅས་པ། བྱང་དུ་རིག་འཛིན་ཐོད་པ་རྩལ་ཡབ་ཡུམ་འཁོར་དང་བཅས་པ། ཤར་ལྷོར་གུ་རུ་དྲག་པོ་རྩལ་ཡབ་ཡུམ་འཁོར་དང་བཅས་པ། ལྷོ་ནུབ་ཏུ་སངས་རྒྱས་དཔའ་བོ་ཡབ་ཡུམ་འཁོར་དང་བཅས་པ། ནུབ་བྱང་དུ་དཔལ་རྟ་མགྲིན་ཡབ་ཡུམ་འཁོར་དང་བཅས་པ། བྱང་ཤར་དུ་ལག་ན་རྡོ་རྗེ་ཡབ་ཡུམ་འཁོར་དང་བཅས་པ། སྒོ་བཞིར་སྒོ་མ་གདོང་ཅན་བཞི། མཚམས་བཞིར་མཚམས་མ་ཕྱེད་གཟུགས་བཞི། བར་ཁྱམས་སུ་དཔའ་བོ་དཔའ་མོ་ཉེར་བཞི། ཁོར་ཡུག་ལ་གཙང་རིས་དཔལ་མགོན་དམ་ཅན་སྲུང་མའི་འཁོར་དང་བཅས་པ་ཐམས་ཅད་རང་རང་གི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པ་གསལ་བར་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་ཡེ་ཤེས་སེམས་དཔའ་དངོས་འདྲ་བ་སྤྱན་དྲངས། བཛྲ་ས་མཱ་ཛཿ ཞེས་པ་ཙམ་གྱིས་གསལ་བཏབ་ལ། ལས་བྱང་མེ་ཕྲེང་གི་སྤྱན་འདྲེན་ནས་བསྟོད་པའི་བར་བཏང་། དངོས་སྟ་ཞག་གིས་བར་བཅད་པ་སོགས་ལོངས་ཁྱབ་དང་ལྡན་ན་ཚོགས་ཀྱང་ལྷག་མའི་བར་དུ་བྱ། གང་ལྟར། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་མ་ཧཱ་ཀྲོ་ཏ་རཀྵཾ་རཀྵཾ་ཧཱུྃ་ཕཊ་སྭཱ་ཧཱ༔ ཞེས་པའི་འཛབ་བསྙེན་ཅི་འགྲུབ་བཟླས་ལ། མདུན་དུ་རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་བཀྲ་ལམ་གྱིས་གསལ་བར་དམིགས་པ་ལ་མོས་གུས་ཀྱི་གདུང་བ་བསྐྱེད་དེ་ཐལ་མོ་སྦྱར་ལ། ཧོ༔ བླ་མ་ཡི་དམ་མཁའ་འགྲོ་ལ་སོགས་པའི༔ དཀྱིལ་འཁོར་ལྷ་ཚོགས་འཁོར་བཅས་དགོངས་སུ་གསོལ༔ རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་མཆོད་པ་དང༔ འདུས་པའི་མཆེད་ལྕམ་ཁྱེད་ཀྱི་རྗེས་གཞུག་ཕྱིར༔ བདག་ཉིད་སྟོན་པ་རྡོ་རྗེ་ཆེ་གེ་མོས༔ སང་ནི་དཀྱིལ་འཁོར་ཡོངས་རྫོགས་བྲི་བར་བྱ༔ ཁྱེད་རྣམས་ཀྱིས་ནི་ཐུགས་རྗེས་བརྩེར་དགོངས་ལ༔ བྱིན་གྱིས་བརླབ་པ་རྒྱ་ཆེན་མཛད་དུ་གསོལ༔ ཞེས་པ་ལན་གསུམ་གྱིས་གསོལ་བ་གདབ། སླར་ཡང་ཕྱི་ནང་གསང་མཆོད་སོགས་སྔགས་ཙམ་གྱིས་འབུལ། ཧཱུྃ་ཧྲཱི༔ ཕྱི་ནང་གཞན་གསུམ་ལྷ་དང་ལྷ་མོའི་ཚོགས༔ བྱེད་པ་ཀུན་སྟོན་རྣམ་འཕྲུལ་ཡོངས་ཀྱི་མཛོད༔ འཁོར་འདས་རང་གྲོལ་བདེ་ཆེན་གཡུང་དྲུང་སྐུ༔ དཀྱིལ་འཁོར་རྫོགས་པའི་དཔལ་ལ་ཕྱག་འཚལ་བསྟོད༔ ཅེས་ཤློ་ཀ་གཅིག་གིས་བསྟོད་དོ། །གསུམ་པ་ནི། སྐབས་འདིར་བུམ་པ་བཤམས་པ་དེ་ཉིད་ཡིན་པས་བསྐྱེད་བཟླས་མི་དགོས་ལ། ཤེས་ཤིང་ལྕོགས་ན་གོང་གི་བུམ་པ་བཅའ་སྐབས་བུམ་སྒྲུབ་ལྟར་སོ་སོའི་སྔགས་རྣམས་བརྗོད། འོན་ཀྱང་དཀྱུས་འདིར་མ་འགྲུབ་ཀྱང་ཆོག །ལས་བུམ་བསང་སྦྱང་། སྟོང་པའི་ངང་ལས་ལས་ཀྱི་བུམ་པ་མཚན་ཉིད་དང་ལྡན་པ་ཕྱི་བུམ་པ་ལ་ནང་གཞལ་ཡས་ཁང་གི་རྣམ་པར་གསལ་བའི་བུམ་ནང་གི་བཅུད་བདུད་རྩིའི་རྒྱ་མཚོར་འཁྱིལ་པའི་དབུས་སུ་པཾ་ལས་པདྨའི་སྡོང་པོ་ཡན་ལག་རགས་ལ་ལོ་འདབ་རྒྱས་པའི་སྙིང་པོར་པདྨ་དམར་པོ་འདབ་མ་བརྒྱད་རབ་ཏུ་གྱེས་པའི་སྟེང་དུ་ཟླ་བའི་གདན་ལ། ཡི་གེ་ཧྲཱིཿདམར་པོ་ཡོངས་སུ་གྱུར་པ་ལས། ངོ་བོ་རྟ་མགྲིན་ལ་རྣམ་པ་ཁྲོ་བོ་བདུད་རྩི་འཁྱིལ་པ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་ཁྲོ་ཞིང་འཛུམ་པ་ལས་ཀྱང་མཆེ་བ་ཅུང་ཟད་གཙིགས་པ། ཕྱག་གཉིས་བདུད་རྩི་ཐབས་སྦྱོར་གྱི་བར་ན་བུམ་པ་བདུད་རྩིས་བཀང་བ་བསྣམས་པ། ཞི་མ་ཁྲོའི་རྒྱན་ཆ་ལུགས་རྣམས་དང་ལྡན་པར་གསལ་བའི་ཕྱི་རོལ་པདྨའི་འདབ་མ་བརྒྱད་ལ། བདུད་རྩི་ཁྲུས་ཀྱི་ལྷ་མོ་དཀར་མོ་བདུད་རྩིའི་བུམ་པ་འཛིན་པ་བརྒྱད་དར་དང་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ་བཞེངས་པའི་ཚུལ་དུ་གསལ་བའི་གནས་གསུམ་འབྲུ་གསུམ་དང་ཐུགས་སྲོག་ཧྲཱིཿལས་འོད་འཕྲོས། རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ སླར་ཡང་ཐུགས་ཀའི་འོད་ཀྱིས་དབང་ལྷ་སྤྱན་དྲངས་པ་རྣམས་ཀྱིས་དབང་བསྐུར་སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་ལྔས་དབུར་བརྒྱན། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པར་འོས་པ་སོགས་ཀྱིས་བསྟོད། ཐུགས་ཀར་ཧྲཱིཿཡིག་དམར་པོའི་མཐའ་སྐོར་དུ་སྔགས་ཀྱིས་གཡས་སྐོར་དུ་འཁོར་ཞིང་སྔགས་འབྲུ་དང་སྐུའི་ཆ་ཐམས་ཅད་ནས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། བརྒྱ་རྩ་དང་། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ༔ སྡིག་པ་དང་སྒྲིབ་པ་སརྦ་པཱ་པཾ་ད་ཧ་ན་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པའང་ཅུང་ཟད་བཟླ། ལྷ་འོད་དུ་ཞུ་བས་བུམ་ཆུ་ནུས་པ་དང་ལྡན་པར་གྱུར། ཅེས་མོས། བཞི་པ་ནི། གདབ་ཕུར་རྫས་བཞི་སོགས་འདུ་བྱ། གཞུང་ལས་ས་བཅད་བཅུ་གསུམ་དུ་བསྟན་ཏེ། ཁྲུས་བགེགས་མཚམས་གསུམ་ཕྱག་མཎྜལ། །ཆོས་བཤད་སྐྱབས་སེམས་སྡོམ་བྱིན་རླབས། །ཤིང་སོགས་རྫས་བཞི་སྦྱིན་པའོ། །དེ་ལ་དང་པོ་ཁྲུས་ནི། སློབ་མ་རྣམས་ཕྱི་རོལ་དུ་ལས་བུམ་གྱི་ཆུས་ཁྲུས་བྱས་ལ། ཧཱུྃ། བདེ་གཤེགས་རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་ཆུས། །སྐལ་ལྡན་སློབ་མའི་ལུས་ངག་ཡིད་གསུམ་ལ། །གནས་པའི་ཉེས་སྐྱོན་དྲི་མའི་ཚོགས་རྣམས་ཀུན། །བཀྲུ་བར་བགྱི་འོ་བྱང་ཞིང་དག་གྱུར་ཅིག །ཅེས་དང་གོང་གི་སྔགས་ཤམ་བུ་ཅན་བརྗོད་ལ་སྒོ་གསུམ་གྱི་ཉེས་སྐྱོན་སྡིག་སྒྲིབ་དག་པར་མོས། །གཉིས་པ་བགེགས་བསྐྲད་པ་ནི། ཁྲུས་ཆུས་བརྫིས་པའི་ཟན་ལ་ངར་མིའམ་ཆངས་བུ་བྱས་པ་སྣོད་དུ་བཞག །རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ལན་གསུམ། གླུད་གཏོར་འདོད་པའི་ཡོན་ཏན་དཔག་ཏུ་མེད་པར་གྱུར། སརྦ་བིགྷྣན་ཨཱ་ཀརྵ་ཡ་ཛཿ དེང་འདིར་རྡོ་རྗེའི་སློབ་མ་རྣམས་ཀྱི་ཚེ་སྲོག་ལ་བར་ཆད་བྱེད་ཅིང་དབང་བསྐུར་བ་ལ་འཚེ་བར་བྱེད་པའི་གནོད་བྱེད་འབྱུང་པོ་གདོན་བགེགས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་གླུད་གཏོར་འདིས་ཚིམས་པར་གྱིས་ལ་གནོད་པའི་བསམ་སྦྱོར་སྤོངས་ལ་རང་གནས་སུ་དེངས་ཤིག །ཅེས་དང་། ཧཱུྃ་ཧྲཱི༔ ཉོན་ཅིག་བགེགས་དང་སོགས་མེ་ཕྲེང་ལྟར་བརྗོད་ལ་དྲག་སྔགས་རོལ་མོ་གུ་གུལ་ཡུངས་ཐུན་སོགས་ཀྱིས་བསྐྲད་དོ། །གསུམ་པ་མཚམས་བཅད་པ་ནི། སྤྲོས་པ་ལ་དགའ་ན་ཕུར་པ་བཅུ་ཕྱོགས་མཚམས་སུ་བཏབ་ནས་ཁྲོ་བཅུའི་མཚམས་གཅོད་རྒྱས་པ་བུམ་དབང་ལྟར་བྱ་བ་ཡིན་ཡང་། ས་བཅད་ཙམ་དུ་གདབ་ཕུར་གཅིག་ཕྱོགས་བཅུར་འདྲིལ་ལ་མཐར་དཀྱིལ་འཁོར་གྱི་མཐའ་རུ་གཟུག་སྟེ། ཧཱུྃ། དཀྱིལ་འཁོར་སྒྲུབ་ལ་བར་ཆད་བྱེད་པ་ཡི། །ཕྱོགས་བཅུའི་གནས་ནས་དགྲ་དང་བགེགས་བྱུང་ན། །ཡེ་ཤེས་ཁྲོ་བཅུ་ཡབ་ཡུམ་འཁོར་བཅས་རྣམས། །བརྟན་པར་བཞུགས་ལ་བསྲུང་མཚམས་ལས་མཛོད་ཅིག །ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་བི་ཛ་ཡ་མ་མ་རཀྵ་ཧཱུྃ༔ ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་ཡ་མཱནྟ་ཀ་མ་མ་རཀྵ་ཧཱུྃ༔ ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་ཧ་ཡ་གྲཱི་ཝ་མ་མ་རཀྵ་ཧཱུྃ༔ ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་ཨ་མྲྀཏ་ཀུཎྜ་ལཱི་མ་མ་རཀྵ་ཧཱུྃ༔ ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་ནཱི་ལ་དཎྜ་མ་མ་རཀྵ་ཧཱུྃ༔ ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་ཨཱརྻ་ཨ་ཙ་ལ་མ་མ་རཀྵ་ཧཱུྃ༔ ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་ཏཱ་ཀི་རཱ་ཙ་མ་མ་རཀྵ་ཧཱུྃ༔ ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་ཏྲཻ་ལོ་ཀྱ་བི་ཛ་ཡ་མ་མ་རཀྵ་ཧཱུྃ༔ ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཀཱ་ར་མ་མ་རཀྵ་ཧཱུྃ༔ ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་མ་ཧཱ་བ་ལ་མ་མ་རཀྵ་ཧཱུྃ༔ ཞེས་དང་། མེ་ཕྲེང་གི །ཡེ་ཤེས་རོལ་པ་སོགས་བརྗོད། སློབ་མའི་གནས་ལྔར་སྣ་ཚོགས་རྡོ་རྗེའམ། རྒྱ་གྲམ་དུ་བཞག་ལ། ཨོཾ་བཛྲ་ཀརྨ་སརྦ་ཀཱ་ཡ་ཝཱ་ཀ་ཙིཏྟ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བརྗོད་དོ། །བཞི་པ་ཕྱག་འཚལ་བ་ནི། མདུན་གྱི་ནམ་མཁར་བླ་མ་ཡི་དམ་མཁའ་འགྲོ་ལ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་བྱང་ཆུབ་སེམས་དཔའ་དམ་ཅན་སྲུང་མ་དང་བཅས་པའི་ཚོགས་དཔག་ཏུ་མེད་པས་བསྐོར་ནས་བཞུགས་པར་བསམས་ལ། མཆེད་ལྕམ་ཐམས་ཅད་ཀྱིས་དད་པ་མོས་གུས་ཀྱི་གདུང་བ་དྲག་པོ་བསྐྱེད་དེ༔ གསང་སྔགས་བླ་མེད་ཀྱི་དབང་ཡོངས་སུ་རྫོགས་པ་ཞུ་བའི་སླད་དུ་ཕྱག་འཚལ་བར་བགྱིད་སྙམ་དུ་མོས་ལ་ཕྱག་འཚལ་བཞིན་དུ་འདིའི་ལད་མོ་མཛོད་ཅིག །ཨེ་མ་ཧོ༔ ཆོས་སྐུ་ནམ་མཁའ་སོགས་སྔགས་བཅས་མེ་ཕྲེང་ལྟར་བརྗོད། ལྔ་པ་མཎྜལ་དང་། དྲུག་པ་ཆོས་བཤད་སྤྱི་མཐུན་ལྟར་སྟབས་བདེ་བས་ནུས་ན་དྲང་ངེས་ཀྱི་ཆོས་བཤད་སྤྱི་མཐུན་རྒྱས་པར་བྱ། འདིར་ས་བཅད་ཙམ་དུ། མ་གྱུར་ནམ་མཁས་ཁྱབ་པའི་སྐྱེ་དགུ་མཐའ་དག་འཁོར་བ་སྡུག་བསྔལ་གྱི་ཆུ་བོ་ལས་བསྒྲལ་ཏེ་ཀུན་བཟང་འོད་མི་འགྱུར་བ་པདྨ་བཛྲ་རྩལ་གྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་བླ་མ་དགོངས་པ་འདུས་པའི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་ནོད་ལ་གྲོལ་བྱེད་ཀྱི་ལམ་རིམ་གཉིས་ཟབ་མོ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཐུགས་བསྐྱེད་དང་། ཆོས་གསན་པའི་ཀུན་སྤྱོད་ཚུལ་བཞིན་དུ་མཛད་ནས་གསན་པར་ཞུ། །དེ་ལ་གསན་བྱའི་ཆོས་ཁྱད་པར་དུ་འཕགས་པ་གསང་སྔགས་སྔ་འགྱུར་རྙིང་མའི་བཀའ་སྲོལ་ཟབ་པ་གཏེར་གྱི་ཕྱོགས་འདི་ལ། ལམ་གྱི་ལུས་ཡོངས་སུ་རྫོགས་པའི་གཏེར་ཆེན་དང་། ཕན་གནོད་ལས་ཀྱི་ཁ་ཚར་ཅི་རིགས་པའི་གཏེར་ཕྲན་གཉིས་སུ་མཆིས་པ་ལས་འདིར་སྔ་མ་ཡིན། དེ་ལའང་སྒྲུབ་སྡེ་སྤྱི་དང་བྱེ་བྲག །བླ་རྫོགས་ཐུགས་གསུམ་གྱིས་མཚོན་རྣམ་གྲངས་མཐའ་ཡས་པར་མཆིས་པ་ལས། དུས་གསུམ་མཁྱེན་པ་པདྨ་ཐོད་ཕྲེང་རྩལ་གྱི་ཐུགས་ཀྱི་བརྣག་པ་མཐར་ཐུག་པ། ཡོ་ག་རྣམ་པ་གསུམ་གྱི་དགོངས་བཅུད་ཕྱོགས་གཅིག་ཏུ་དྲིལ་བ། ཟབ་ཅིང་རྒྱས་ལ་མ་འཛིངས་ཤིང་ཁ་ཚང་བ། འཇིག་རྟེན་ན་ཨུ་དུམྦ་ར་ལྟར་ཤིན་ཏུ་དཀོན་ཅིང་གཅིག་ལས་གཉིས་སུ་མི་འབྱུང་བ་ནི་དགོངས་འདུས་རྣམ་པ་བཞི་ཡིན་ལ། དེ་དག་གིའང་ཐོག་མར་གྱུར་པ་བླ་མ་དགོངས་པ་འདུས་པ་ཞེས་བྱ་བ་བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་དུས་གསུམ་དུ་འབྱོན་པར་དཀའ་བ་གྲོལ་བ་བཞི་ལྡན་གྱི་ཟབ་ཆོས་ཉི་ཟླ་ལྟར་གྲགས་པ་འདི་ནི། ཆོས་དབྱིངས་འོད་གསལ་ཆེན་པོའི་ཀློང་དུ་ཀུན་བཟང་འོད་མི་འགྱུར་བ་ཆེན་པོས་ཉིད་ལས་མི་གཞན་པའི་འཁོར་རྣམས་ལ་རྩ་རྒྱུད་པད་སྡོང་བརྩེགས་པ་ལ་སོགས་པ་ཆོས་ཉིད་ཀྱི་རང་སྒྲར་ཕྱུངས་ཏེ་དགོངས་པ་བརྡ་དང་རིག་པའི་ཚུལ་གྱིས་བརྒྱུད། དེ་ཉིད་ཨོ་རྒྱན་དྷ་ན་ཀོ་ཥར་ངོ་མཚར་པདྨའི་སྡོང་པོ་ལ་འགྲོ་བ་འདུལ་བའི་ཕྱིར་སྤྲུལ་པའི་སྐུར་སྟོན་པ་ན། ཁྱབ་བདག་པདྨ་བཛྲ་རྩལ་གྱི་དཀྱིལ་འཁོར་མངོན་པར་སྣང་བར་མཛད་ནས་རིག་འཛིན་དྷཱ་ཀིའི་འཁོར་མཐའ་ཡས་པ་ལ་རྒྱུད་དང་གདམས་པ་བསྩལ། འཕགས་པའི་ཡུལ་དུ་ཟ་ཧོར་རྒྱལ་པོ་ཚོམ་བུ་དང་བཅས་པ་ལ་སོགས་པ་སྐལ་ལྡན་དུ་མ་སྨིན་གྲོལ་ལ་བཀོད། བོད་ཀྱི་ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སྤྱན་དྲངས་པའི་ཚེ་བསམ་ཡས་མཆིམས་ཕུ་ལ་སོགས་པར་རྗེ་འབངས་ཉི་ཤུ་རྩ་ལྔ་མཆན་བུ་དང་བཅས་པ། རྗེ་འབངས་འདུས་པ་ཕྱི་མ་སོགས་ལ་སྔ་ཕྱི་བར་གསུམ་དུ་དབང་རྒྱུད་གདམས་ངག་རྫོགས་པར་བསྩལ་ཅིང་ཆོས་སྐོར་མཐའ་དག་མ་འོངས་པའི་དོན་དུ་རིན་པོ་ཆེའི་གཏེར་དུ་བཙས་པ་ལ། ཇི་སྐད་དུ། སྒྲུབ་པ་མ་བྱས་གྲུབ་ཐོབ་ཡིན་ཟེར་མང་། །རང་ཉིད་མ་སྨིན་དབང་བསྐུར་བྱེད་དུ་འདོད། །པུ་རི་ཕུག་མོ་ཆེར་སྦས་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་།།གཏེར་སྟོན་སངས་རྒྱས་གླིང་པ་ཞེས་བྱ་འབྱུང་། །ཞེས་ལུང་གིས་བསྟན་པ་ལྷ་སྲས་འབྲིང་པོ་དམ་འཛིན་མུ་རུབ་བཙད་པོ་ཡེ་ཤེས་རོལ་པ་རྩལ་གྱི་ཡང་སྲིད་གཏེར་སྟོན་གྲུབ་ཐོབ་ཐམས་ཅད་ཀྱི་རྒྱལ་པོ། མཆོག་གི་གླིང་པ་ལྔའི་ཡ་གྱལ་སངས་རྒྱས་གླིང་པ་གར་གྱི་དབང་ཕྱུག་རོལ་པ་ཡེ་ཤེས་རྩལ་གྱིས་དབུས་རི་ནག་པོའི་གདོང་པུ་རི་གསང་བའི་ཕུག་ཆེན་ནས་གདམས་སྐོར་ཡོངས་སུ་རྫོགས་པ་དང་། བླ་དཀར་དུང་གི་སྒོ་མོ་ནས་རྒྱུད་ཀྱི་སྐོར་རྣམས་སྤྱན་དྲངས་ནས་མ་བུ་བསྡེབས་ཏེ། ཆོས་བདག་བུམ་འཛིན་ཉེར་གཅིག །བུདྡྷ་མཆེད་དྲུག །རྡོ་རྗེའི་གདུང་བཞི་སོགས་ཀྱིས་བསྟན་པའི་རྒྱལ་མཚན་ཕྱོགས་དུས་ཀུན་ཏུ་ཕྱར་ཞིང་། ཁྱད་པར་ཐམས་ཅད་མཁྱེན་པ་རྒྱལ་བའི་དབང་པོ་འཛམ་གླིང་རོལ་པའི་རྡོ་རྗེ་དང་དེ་བཞིན་གཤེགས་པ་རྣམས་ཀྱིས་འཛིན་སྤེལ་མཛད་པས་གངས་ཅན་གྱི་ལྗོངས་ན་འགྲན་མེད་རྩོད་བྲལ་ཨོ་རྒྱན་ཆེན་པོའི་རྗེས་འཇུག་སྤྱིའི་སྙིང་ནོར་དུ་གྲུབ་པ་འདི་ཉིད་གཏེར་ཆོས་གཞན་གང་དང་ཡང་མི་མཉམ་པའི་ཟབ་ཅིང་དཀོན་ལ་གཙིགས་སུ་བསྡམས་པའི་བཀའ་ནན་རང་གཏེར་དང་གཞན་གཏེར་རྣམས་སུ་ཆེས་མང་ཞིང་། ཁྱད་པར་ཞལ་གདམས་ཐུགས་ཀྱི་ཚལ་པ་ལས། གཞན་ཡང་ཟབ་མོ་དགོངས་པ་འདུས་པ་ནི༔ མཐོང་ཐོས་དྲན་རེག་ངན་སོང་སྐྱེ་གནས་སྐྱོབ༔ གང་ཞིག་གླེགས་བམ་སྤྱི་བོར་རེག་ཙམ་ཡང༔ ངན་སོང་སྒོ་ཁེགས་ཐར་པའི་ལམ་སྣ་ཟིན༔ ཞེས་དང་། འདི་མཐོང་ཐོས་རེག་འདི་དང་གང་འབྲེལ་པའི༔ སེམས་ཅན་རིགས་གྱུར་ལས་ཀྱི་མཐའ་སྟོངས་ཤིང༔ སྣང་བ་མཐའ་ཡས་ཞིང་མཆོག་དམ་པ་རུ༔ འཁོད་པར་གྱུར་ན་ཉམས་སུ་ལེན་རྣམས་ནི༔ ཚེ་གཅིག་ལུས་གཅིག་གྲོལ་བར་སྨོས་ཅི་དགོས༔ ཞེས་སོགས་རྡོ་རྗེའི་གསུང་གིས་ལན་གཅིག་མིན་པར་བསྔགས་པའི་རྔ་སྒྲ་བསྒྲགས་པར་མཛད་པ་དེ་ཉིད་ཀྱི་རྩ་བའི་སྨིན་བྱེད་དོན་དབང་བདུད་རྩིའི་ཐིགས་པ་བསྒྲུབ་པར་བགྱི་བ་ལ་སྔོན་འགྲོ་སྟ་གོན་གྱི་རིམ་པ་དང་། དངོས་གཞི་དབང་བསྐུར་བ་གཉིས་སུ་ཡོད་པ་ལས་ཐོག་མར་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་ཞིང་ཁམས་འབུལ་བར་ཞུ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །བདུན་པ་སྐྱབས་སེམས་འབོགས་པ་ནི། ཐེག་པ་ཆེ་ཆུང་གཉིས་ཀའི་གཞི་དང་རྩ་བར་གྱུར་པ་སྐྱབས་སེམས་ཀྱི་སྡོམ་པ་བླང་བའི་སླད་དུ་བླ་མ་དང་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་དམ་ཅན་སྲུང་མ་དང་བཅས་པའི་སྤྱན་སྔར་གསག་སྦྱོང་ཡན་ལག་བདུན་པ་ཚུལ་བཞིན་དུ་བྱ་བའི་ཏིང་ངེ་འཛིན་དང་ལྡན་པས་འདིའི་རྗེས་ཟློས་མཛོད། འགྲུབ་ན་ཡན་ལག་བདུན་པ་སྒོ་འབྱེད་འཕྲུལ་གྱི་ལྡེའུ་མིག་རྗེས་ཟློས་བྱ་དགོས་ཀྱང་། སྐབས་འདིར་མེ་ཕྲེང་ལྟར། ཀྱེ་ཀྱེ༔ ཕྱོགས་བཅུའི་སྐྱབས་གནས་སོགས་ནས། བྱང་ཆུབ་ཆེན་པོར་བསྔོ༔ བར། བདག་གཞན་ནམ་མཁས་ཁྱབ་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་དཀོན་མཆོག་རྩ་བ་གསུམ་ལ་སྐྱབས་སུ་མཆི་ཞིང་སྨོན་པ་དང་འཇུག་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་པར་བགྱིའོ་སྙམ་པས་རྗེས་ཟློས། ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན་དང༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ སྐྱབས་གནས་དཀོན་མཆོག་ཐམས་ཅད་ལ༔ བདག་གཞན་གུས་པས་སྐྱབས་སུ་མཆི༔ དུས་འདི་ནས་ནི་སྙིང་པོའི་བར༔ འགྲོ་བ་རྣམས་ཀྱི་དོན་སླད་དུ༔ བྱང་ཆུབ་སེམས་མཆོག་རིན་པོ་ཆེ༔ བསྐྱེད་ཅིང་བསླབ་པའི་དོན་ལ་འཇུག༔ མ་བརྒལ་བ་རྣམས་བསྒྲལ་བ་དང༔ མ་གྲོལ་བ་རྣམས་དགྲོལ་བ་དང༔ དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང༔ འགྲོ་ཀུན་མྱ་ངན་འདས་ལ་འགོད༔ ལན་གསུམ། བརྒྱད་པ་སྡོམ་པ་འབོགས་པ་ནི། རིགས་ལྔ་སྤྱི་དང་ཁྱད་པར་གྱིས་བསྡུས་པ་ལ་སོགས་པ་རིག་པ་འཛིན་པའི་དམ་ཚིག་དང་སྡོམ་པ་མཐའ་དག་བཟུང་བར་བགྱིའོ་སྙམ་པས་རྗེས་ཟློས། ཀྱེ་ཧོ༔ དཀྱིལ་འཁོར་ལྷ་ཚོགས་འཁོར་དང་བཅས༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ ཇི་ལྟར་རྡོ་རྗེ་འཆང་སོགས་རྣམས༔ རྡོ་རྗེ་རིན་ཆེན་པདྨ་ལས༔ དེ་བཞིན་གཤེགས་པའི་རིགས་རྣམས་ལ༔ སྡོམ་པའི་ཚུལ་ལ་གནས་པ་ལྟར༔ བདག་མིང་འདི་ཞེས་བགྱི་བས་ཀྱང༔ དུས་འདི་ཉིད་ནས་བཟུང་ནས་སུ༔ ཇི་སྲིད་རྫོགས་སངས་མ་རྒྱས་བར༔ གཙོ་བོས་ཇི་ལྟར་བསྒོས་པ་བཞིན༔ རྡོ་རྗེ་རིན་ཆེན་པདྨ་ལས༔ དེ་བཞིན་གཤེགས་པའི་རིགས་རྣམས་ཀྱི༔ སྡོམ་པ་མ་ལུས་བཟུང་ནས་ཀྱང༔ གདམས་ངག་བསླབ་པའི་དོན་རྣམས་ལ༔ ཡེངས་མེད་རྟག་ཏུ་འཇུག་པར་བགྱིད༔ ཀུན་ཀྱང་ཀུན་བཟང་ས་ལ་འགོད༔ ལན་གསུམ། དགུ་པ་གནས་གསུམ་བྱིན་གྱིས་བརླབ་པ་ནི། ཁྱེད་རང་རྣམས་སྐད་ཅིག་གིས་རྒྱུའི་ཧེ་རུ་ཀ་དཔལ་རྡོ་རྗེ་སེམས་དཔའི་ངོ་བོར་ལམ་གྱིས་བསྐྱེད་པའི་གནས་གསུམ་དུ། རྡོ་རྗེ་སློབ་དཔོན་གྱིས་ཕྱག་གཡས་རྡོ་རྗེ་དང་བཅས་པའི་མཐེབ་སྲིན་གྱིས་དྲི་ཆབ་བླངས་ལ་མས་རིམ་ནས། ཧཱུྃ་ཨཱཿཨོཾ༔ ཞེས་རྒྱས་གདབ་ཅིང་སླར། ཨོཾ་ཨཱཿཧཱུྃ། ཞེས་པ་ལག་པ་ཁ་སྦུབས་ཀྱི་ཕྱག་རྒྱས་བྱིན་གྱིས་བརླབས་པ་ཙམ་གྱིས། སྤྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ༔ མགྲིན་པར་ཨཱཿལས་པདྨ་དམར་པོ་ཨཱཿས་མཚན་པ༔ སྙིང་གར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་སྤྲོས་ཏེ༔ དེ་ཉིད་དུ་སློབ་མའི་ལུས་ངག་ཡིད་གསུམ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་རོལ་པ་རྒྱན་གྱི་འཁོར་ལོར་གྱུར་པ་ལ་མཆོད་པའི་བྱེ་བྲག་རྣམས་ཀྱིས་མཆོད་པར་མོས་ཤིག །ཕྱི་མཆོད་འབུལ་བའི་ཚུལ་བྱས་ལ། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་སོགས་ ཤབྡའི་བར་སྦྱར། དེས་ནི་དབང་བསྐུར་བྱེད་པ་ལ་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དབང་རྟགས་ས་བོན་བཞག་པ་ཡིན་ནོ། །བཅུ་པ་སོ་ཤིང་དོར་བ་ནི། སོ་ཤིང་ཚད་ལྡན་དང་། མཎྜལ་ཚོམ་བུ་ལྔ་བཀོད་པ་འདུ་བྱས་ལ་གཉིས་ཀ་བསང་སྦྱང་། སྟོང་པའི་ངང་ལས་ཚོམ་བུ་རྒྱལ་བ་རིགས་ལྔའི་དཀྱིལ་འཁོར་དུ་གྱུར། ཚད་དང་ལྡན་པའི་སོ་ཤིང་འདི་ཉིད་ཁྱེད་རང་རྣམས་ཀྱིས་རྡོ་རྗེ་ཐལ་སྦྱར་གྱི་ཕྱག་རྒྱས་སོ་རྩ་འབྲུ་བའི་ཚུལ་གྱིས། ཨོཾ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་བཛྲ་ཧཱ་ས་ཧ༔ ཞེས་པས་དོར་བ་ཙམ་གྱིས་རང་གི་རྒྱུད་ལ་ཡོད་པའི་ཉོན་མོངས་པ་དུག་ལྔ་པོ་སོ་ཤིང་ཡེ་ཤེས་ལྔ་ལྡན་ལ་ཐིམ། དེ་མདུན་གྱི་རིགས་ལྔ་ལ་ཐིམ། དེ་དག་རང་བཞིན་གནས་སུ་གཤེགས་པར་མོས་ལ་སྔགས་བརྗོད་ལ་ཚོམ་བུའི་དཀྱིལ་འཁོར་དུ་དོར་ཅིག །ཅེས་དོར་དུ་གཞུག །སོ་ཤིང་གང་ལ་བབ་པའི་རིགས་ཀྱི་དངོས་གྲུབ་དང༔ མཚམས་སུ་ཕྲན་བུ༔ སྟེང་དུ་མཁའ་སྤྱོད༔ འོག་ཏུ་རྩེ་མོ་བསྟན་ན་ས་སྤྱོད་ཐོབ་ཅིང༔ ལོག་མིན་དུ་ལྟུང་ན་དངོས་གྲུབ་མི་འབྱུང་བའི་སྟེང་དུ་བར་ཆད་འབྱུང་བའི་རྟགས་ཡིན་པས༔ བཟློག་པའི་ཆོ་ག་ལ་འབད་པར་བྱའོ༔ བཅུ་གཅིག་པ་སྐྱོར་ཆུ་བླུད་པ་ནི། དུང་ཞལ་གྱི་ཆུ་བཾ་ལས་བྱུང་བའི་བདུད་རྩིར་གྱུར༔ བཾ༔ ལན་བདུན། ལག་པ་གཡས་སུ་བྱིན་པ་དེ་ཉིད་ཧུབ་གསུམ་འཐུངས་པས་ངག་གི་ཉེས་སྐྱོན་ཐམས་ཅད་དག་པར་མོས་མཛོད། ཨོཾ་ཧྲཱིཿབི་ཤུདྡྷེ་སརྦ་དྷརྨ་སརྦ་པཱ་པཾ་ནིཤྩ་སྱ་སརྦ་སཾ་ཤོ་དྷ་ནི༔ སརྦ་བི་ཀ་ཝཱན་ཨ་པཱ་ན་ཡེ་སྭཱ་ཧཱ༔ ཞེས་སྦྱིན། བཅུ་གཉིས་པ་སྲུང་སྐུད་གདགས་པ་ནི། སྐུད་པ་དམར་པོ་སུམ་བསྒྲིལ་རྩ་གསུམ་བཟླས་པ་བྱས་ཏེ་རྡོ་རྗེའི་མདུད་པ་གསུམ་དང་ལྡན་པས། བར་ཆད་སྲུང་བའི་ཕྱིར་ཕོ་ཡི་དཔུང་པ་གཡོན། མོའི་གཡས་སུ་གདགས་ཤིང་། ཨོཾ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ བུདྡྷ་མཻ་ཏྲི་སརྦ་རཀྵ་རཀྵ་སརྦཱ་ན་སྭཱ་ཧཱ༔ ཞེས་དང་བདུད་རྩིའི་ཐིག་ལེ་མདུད་མཚམས་སུ་བཏབ་པ་ལ་རྡོ་རྗེའི་རྒྱས་གདབ་པས། སློབ་མའི་ལུས་ལ་བགེགས་དང་ལོག་འདྲེན་འབྱུང་པོ་གང་གིས་ཀྱང་མི་ཚུགས་པའི་གོ་ཆ་དང་ལྡན་པར་གྱུར། བཅུ་གསུམ་པ་ཀུ་ཤ་སྦྱིན་པ་ནི། ཡི་གེ་དྷཱིཿདང་ཧཱུྃ་ལས་བྱུང་བའི་ཀུ་ཤ་ཁྱེད་རང་རྣམས་ཀྱི་ཕྱག་གཡས་གཡོན་དུ་ཟུངས་ཤིག ཨོཾ་བཛྲ་ཏཱིཀྵྞ་བཾ། ཞེས་བྱིན་ལ། སྔགས་འདིའི་རྗེས་ཟློས་དང་བཅས་ཏེ་བཟུང་མཛོད། ཨོཾ་བཛྲ་ཏིག་ན་དྷཱིཿསིདྡྷི་ཧཱུྃ༔ ཞེས་པས་བླངས་ལ། གཡས་པ་སྔས། གཡོན་པ་གདན་གྱི་དོན་དུ་ཟུངས་ཤིག །རིམ་པ་དེ་རྣམས་ཀྱིས་ནི་སློབ་མ་ལྷག་པརགནས་པ་བྱ་བ་སྨིན་བྱེད་དབང་བསྐུར་བའི་སྣོད་དུ་རུང་བའི་རྟེན་འབྲེལ་དང་། དངོས་གྲུབ་མྱུར་བར་བྱེད་པ་སློབ་མ་སྟ་གོན་དུ་གཞུག་པའི་ཆོ་ག་ལེགས་པར་གྲུབ་པ་ཡིན་པས་དགེ་རྩ་སེམས་ཅན་གྱི་དོན་དུ་བསྔོ་བར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་གྱེས་སོ། །སློབ་དཔོན་གྱིས་སྟ་གོན་གྱི་ལྷ་ལ་མཆོད་བསྟོད་རྒྱས་བསྡུས་གང་འགྲུབ་བྱ། རྡོར་དྲིལ་ཐོགས་ལ། ཧཱུྃ་ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ སློབ་མ་རྣམས་ལ་བརྩེ་བ་དང༔ ཁྱེད་རྣམས་འཁོར་བཅས་མཆོད་པའི་ཕྱིར༔ སང་ནི་དཀྱིལ་འཁོར་བྲི་བར་བགྱིད༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ ཁྱེད་ཞབས་པདྨའི་ཐུགས་རྗེ་ཡིས༔ བཀའ་དྲིན་ཞུ་བ་གནང་བར་མཛོད༔ བདག་ཉིད་རྡོ་རྗེ་ཆེ་གེ་མོས༔ ཁྱེད་ཀྱི་ཆོ་ག་བགྱིད་ལགས་ན༔ བདག་དང་སློབ་མར་བཅས་པ་ལ༔ བརྩེར་དགོངས་ཚོགས་པའི་དཀྱིལ་འཁོར་དུ༔ བྱིན་རླབས་རྒྱ་ཆེན་མཛད་དུ་གསོལ༔ ཞེས་འགྲུབ་ན་ཕྱོགས་བཞི་ནས་གསོལ་བ་ལན་བཞི་གདབ་ཅིང་། མ་འགྲུབ་ན་ལན་གཅིག་གིས་དེར་མོས། སླར་ཡང་སྔགས་ཙམ་གྱིས་མཆོད། ཨོཾ་བཛྲ་ཨུཏྟིཥྚ་བཛྲ་ཧཱུྃ༔ ཞེས་འདེགས་པའི་སྔགས་རྒྱས་ཡེ་ཤེས་པ་རྣམས་མདུན་གྱི་ནམ་མཁར་བཞུགས། དམ་ཚིག་པ་རང་གི་ཐུགས་ཀར་ཐིམ་པར་གྱུར། ཅེས་མོས་ལ་དངོས་སྟ་ཞག་གིས་བར་བཅད་ན་སྲུང་མའི་གཏོར་འབུལ་དང་། ལས་བྱང་གི་མཇུག་བསྡུ་བར་བྱའོ། །གཉིས་པ་དབང་དོན་དཀྱིལ་འཁོར་སྒྲུབ་པ་ལ་སྦྱོར་བ་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པའི་དབུས་སུ་མཉྫིལ་སྔར་སྟ་གོན་བྱས་པའི་རྣམ་བུམ། དེའི་ཁ་རྒྱན་གསེབ་བམ་མདུན་གང་བདེར་གཙོ་དགུའི་ཙཀླི །བུམ་པའི་རྒྱབ་མདུན་གང་བདེར་ཁྲིའུ་ལ་བཏགས་གྲོལ་གླེགས་བམ་རབ་གནས་ཅན་དར་གྱི་ན་བཟས་བཀླུབས་པ། ཤར་དུ་མིང་དབང་རྡོར་དྲིལ། ལྷོར་དབུ་རྒྱན། ནུབ་ཏུ་རྡོ་རྗེ། བྱང་དུ་དྲིལ་བུ། མཚམས་རྣམས་སུ་འོག་ནས་འབྱུང་བའི་ཕྱག་མཚན། རྒྱན་ཆ། པུསྟི། ཕྲེང་བ་དམར་པོ། ཆང་དང་ཟས་སྣ། གསང་དབང་ཐོད་པའི་བདུད་རྩི་མངར་གསུམ་དང་སྦྱར་བ། རིག་ཙཀ །འཇའ་ཤེལ་རྣམས་བཀོད། རྒྱབ་མདུན་གང་བདེར་རྩ་བ་གསུམ་གྱི་གཏོར་མ་རྒྱན་དང་དར་གུར་ཕུབ་པའི་གཡས་གཡོན་དུ་སྨན་རཀ །བྱང་ཤར་དུ་ལྕགས་སྣོད་དུ་དྲེགས་པའི་སྤྱི་གཏོར་ཟུར་གསུམ་དམར་པོ་ཐེབས་ཀྱུ་གྲངས་ངེས་མེད་ཀྱིས་བསྐོར་བ་རྒྱན་ལྡན་དང་མཉམ་དུ་གྲི་གུག་ཐོད་ཁྲག་དང་འཛོམ་ན་སྲོག་འཁོར་མ་འཛོམ་ན་དུག་ཤོག་གྲུ་བཞི་ལ་སྡེ་བརྒྱད་ས་བོན་བྲིས་པ་བཞག །རྒྱབ་ངོས་སུ་ཨོ་རྒྱན་རིན་པོ་ཆེའི་སྐུ་རྟེན་བྱིན་རླབས་ཅན་དང་། མཐའ་རྟེན་བྱིན་རླབས་གཏོར་མའི་བརྡ་དབང་སྦྲེལ་ན་དེ་ནས་བཤད་པའི་གཏོར་ཆེན་ཡང་བཀོད། ཆུ་གཉིས་ཉེར་སྤྱོད་གཡས་སྐོར་དུ་བཤམ། གཞན་ཡང་སྔོན་གཏོར། བཀའ་གཏེར་ཆོས་སྲུང་གསུམ་གྱི་གཏོར་འབུལ། ཚོགས་ཀྱི་ཡོ་བྱད། ཆད་བརྟན་རྣམས་དང། དུང་ཆུ། མིག་དར་མེ་ཏོག་སོགས་ཉེ་བར་མཁོ་བ་རྣམས་མ་ཚང་བ་མེད་པར་བྱའོ། །དངོས་གཞི་ལ་བཞི། བདག་བསྐྱེད་བསྙེན་པ། མདུན་བསྐྱེད་སྒྲུབ་པ། བུམ་བསྐྱེད་ལས་སྦྱོར་གྱི་ཚུལ། གསུམ་ཀ་ལ་ཐུན་མོང་དུ་མཆོད་བསྟོད་བྱ་བའོ། །དང་པོ་ནི། དངོས་སྟ་ཉིན་གཅིག་ལ་སྔར་སོང་བ་དེ་ཀས་འཐུས་པས་འདིར་བསྐྱར་མི་དགོས་ལ། ཞག་གིས་བཅད་ན་ཕྱིར་ནང་གོང་དུ་ཇི་སྐད་སྨོས་པའི་བདག་བསྐྱེད་བཟླས་པ་དང་བཅས་པ་བྱའོ། །དེ་དག་གི་སྐབས་སུ་སློབ་མ་རྣམས་ལའང་ཡིག་བརྒྱ་དང་ཡེ་ཤེས་སྐུ་མཆོག་བརྗོད་དུ་གཞུག །གཉིས་པ་ནི། མཆོད་པ་རྣམས་བྱིན་བརླབ། བསང་སྦྱང་བ་ནས་བསྟོད་པའི་བར་གོང་དུ་ལྷ་སྟ་གོན་གྱི་སྐབས་སུ་བཤད་པ་ཐམས་ཅད་འདིར་བླངས། སྤྱན་འདྲེན་གྱི་སྐབས་སྟ་གོན་གྱི་ལྷ་ནམ་མཁར་བཞུགས་པ་རྣམས་ཀྱང་བསྟིམ། བསྟོད་པ་གྲུབ་ནས་འཛབ་བཟླ་བ་ན། ལྷ་ཚོགས་ཐུགས་ཀར་ཉི་ཟླའི་དཀྱིལ་འཁོར་སྟེང་། །རྡོ་རྗེ་དཀར་པོའི་ལྟེ་བར་པདྨ་དམར། །དེ་སྟེང་སྣང་བ་མཐའ་ཡས་དམར་ལ་དྭངས། །རྒྱན་མེད་སྐྱིལ་ཀྲུང་མཉམ་གཞག་བུམ་པའི་ནང་། །འབྲུ་གསུམ་བརྩེགས་བསྣམས་ཐུགས་ཀར་ཧྲཱིཿཡིས་མཚན། །སྐུ་ཡི་མདུན་ནས་སྔགས་ཕྲེང་གཡས་སུ་འཁོར། །རང་སྒྲ་དང་བཅས་འོད་ཟེར་དཔག་མེད་འཕྲོས། །དབྱིངས་ནས་སྔགས་འབྲུ་སྤྱན་དྲངས་ཐིམ་པ་ཡིས། །གཟི་བརྗིད་རབ་འབར་སྔགས་སྒྲ་འབྲུག་ལྟར་བསྒྲགས། །འོད་ཀྱིས་བུམ་ནང་འབྲུ་གསུམ་བསྐུལ་བ་ཡིས། །དེ་ལས་འོད་འཕྲོས་འཕགས་མཆོད་བྱིན་རླབས་དང་། །སྐྱེ་འགྲོའི་དྭངས་བཅུད་ཚུར་བསྡུས་བུམ་པ་གང་། །བདུད་རྩི་ལུད་པས་རྡོ་རྗེ་པདྨ་ལས། །དཀར་དམར་རྒྱུན་བབས་ཡབ་ཡུམ་སྐུ་ལུས་ཁེངས། །བདེ་རྒྱས་སྦྱོར་བའི་འོད་ཀྱིས་རྩ་གསུམ་ལྷ། །བསྐུལ་ཏེ་སྙོམས་འཇུག་མཛད་པའི་སྦྱོར་མཚམས་ནས། །བྱང་སེམས་རྒྱུན་བྱུང་སྒོ་གསུམ་ལ་ཐིམ་པས། །ཚེ་བསོད་དཔལ་འབྱོར་སྟོབས་ནུས་དར་ཞིང་རྒྱས། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན་ཐོབ་གྱུར། །ཅེས་མོས་ལ། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་དྷེ་ཝ་དྷཱ་ཀི་ནཱི༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ༔ བཛྲ་མ་ཧཱ་ཀྲོ་ཏ་ཤཱནྟི་ཀ༔ ཧྲཱིཿམ་ཧ་རི་ནི་ས༔ ར་ཙ་ཧྲི་ཡ༔ སརྦ་སིདྡྷི༔ ཀཱ་ཡ་ཝཱ་ཀ་ཙིཏྟ༔ ཛྙཱ་ན་སཏྭ༔ ཨ་མི་དྷེ་ཝ༔ མ་མ་ཙིཏྟ་སཾ་བྷ་ཝ་ཨ་དྷིཥྛཱ་ནཾ༔ མ་མ་ཨཱ་ཡུཿཛྙཱ་ན་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱ༔ ཞེས་སྤྱི་དྲིལ་ཆེན་མོ་ཅི་ནུས་བཟླ། གཙོ་དགུ་སོ་སོའི་བསྙེན་པ་དང་སྤྱི་དྲིལ་འབྲིང་པོ་རྣམས་ཀྱང་ནུས་ན་བཟླའོ། །གསུམ་པ་ནི། བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རྣམ་རྒྱལ་བུམ་པ་མཚན་ཉིད་ཡོངས་སུ་རྫོགས་པ་ཕྱི་བུམ་པའི་རྣམ་པ་ལ་ནང་གཞལ་ཡས་ཁང་སྒོ་གྲུ་རྟ་བབས་རྒྱན་དང་བཅས་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་དབུས་དང་ཕྱོགས་མཚམས་རྣམས་ལ་པདྨ་འདབ་མ་བརྒྱད་བརྒྱད་ཟེའུ་འབྲུས་མཚན་པ་རྣམས་ཀྱི་ལྟེ་བར་པདྨ་ཉི་ཟླའི་གདན་རེ་རེ་དང་བཅས་པའི་དབུས་ཀྱི་གདན་སྟེང་དུ་ཧྲཱིཿདམར་པོ་་་སོགས་གོང་ལྟར་ལ། བཛྲ་ས་མཱ་ཛཿ ཧྲཱིཿ མ་ལུས་ཕྱོགས་ན་བཞུགས་པ་ཡི། །བདེ་གཤེགས་རྒྱལ་བ་སྲས་བཅས་རྣམས། །དད་པས་བདག་གིས་སྤྱན་འདྲེན་ན། །ཐུགས་རྗེས་དགོངས་ནས་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿ པདྨ་ཀ་མ་ལཱ་ཡ་སཏྭཾ། ཨརྒྷཾ་པུཥྤེ་སོགས། བཛྲ་ས་མཱ་ཛ་སཏྭཾ། ཛཿཧཱུྃ་བཾ་ཧོཿ ཡེ་ཤེས་པ་དང་དམ་ཚིག་པ་གཉིས་སུ་མེད་པར་ཆུ་དང་འོ་མ་འདྲེས་པ་ལྟར་གྱུར། སླར་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་རིགས་ལྔ་འཁོར་བཅས་སྤྱན་དྲངས་པ་རྣམས་ལ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས། ཤབྡ་པཱུ་ཛ་ཨཱཿཧཱུྃ། ཞེས་སྤྱན་དྲངས་ཤིང་མཆོད་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་རིགས་ལྔ་འཁོར་བཅས་ཀྱིས་དབང་བསྐུར་བར་བསམ་ཞིང་། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བཛྲ་སཾ་བྷ་བ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བུམ་ཆུ་དང་བཅས་ཏེ་དབང་བསྐུར་བས་ལུས་ཐམས་ཅད་གང་། དྲི་མ་དག །དབང་བཞི་ཐོབ། ཆུའི་ལྷག་མ་ཡར་ལུད་པས་རིགས་སོ་སོ་ལ་སོ་སོས་དབུར་བརྒྱན་པར་བསམས། མཆོད་པ་བྱིན་བརླབས་ལ། རྒྱལ་བ་རྒྱ་མཚོའི་མཆོད་རྫས་ལས་གྲུབ་པ། །ཞིང་ཁམས་རྒྱ་མཚོར་མཆོད་ཡོན་རྒྱ་མཚོའི་ཚོགས། །ཡོན་ཏན་རྒྱ་མཚོ་བུམ་པའི་ལྷ་ཚོགས་ལ། །དད་པ་རྒྱ་མཚོས་འབུལ་ལོ་དབང་བསྐུར་སྩོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། དེས་འགྲེས་ཏེ་ཞབས་བསིལ་ནས་རོལ་མོའི་བར་འབུལ། བསྟོད་པ་ནི། ཧཱུྃ་ཧྲཱི༔ བླ་མ་ཡི་དམ་དཔའ་བོ་མཁའ་འགྲོའི་ཚོགས༔ ཆོས་སྐྱོང་བཀའ་སྡོད་སྲུང་མ་ལས་མཁན་བཅས༔ ཐམས་ཅད་དགོངས་འདུས་ཞི་ཁྲོ་འབར་བའི་ཚོགས༔ ཆེ་བའི་ཡོན་ཏན་ངོ་མཚར་རྨད་བྱུང་བ༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྫོགས༔ ཐབས་མཁས་ཐུགས་རྗེས་སྤྲུལ་བསྒྱུར་དུ་མ་ཡིས༔ མཆོག་དང་ཐུན་མོང་དངོས་གྲུབ་ཡོངས་སྩོལ་ཞིང༔ སྐལ་ལྡན་རྣམས་ལ་ཡེ་ཤེས་སྤོར་མཛད་པ༔ བླ་མ་དགོངས་འདུས་དཀྱིལ་འཁོར་ལྷ་ཚོགས་ལ༔ དགའ་གུས་དང་བའི་ཚུལ་གྱིས་ཕྱག་འཚལ་བསྟོད༔ དབང་བཞི་བསྐུར་དང་རྒྱུད་བཞི་སྨིན་ལ་སོགས༔ ཕྲིན་ལས་རྣམ་བཞིའི་དངོས་གྲུབ་བསྩལ་དུ་གསོལ༔ གཟུངས་ཐག་འཐེན་ལ། སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ནས་སོང་བས། བུམ་ནང་གི་ལྷའི་ཐུགས་ཀར་ཕོག་སྟེ་རྒྱུད་བསྐུལ། སྐུའི་ཆ་ཐམས་ཅད་ནས་བདུད་རྩིའི་རྒྱུན་བབས་པས་བུམ་པ་རྣམས་མེར་གྱིས་གང་བར་གྱུར། སྤྱི་དྲིལ་ཆེ་འབྲིང་དང་། བུམ་བཟླས་དངོས། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཀ་ལཱ་ཤ་སརྦ་སིདྡྷི་ཧཱུྃ༔ ཞེས་ཅི་ནུས་བཟླ། མཐར་ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ་ཧྲཱི༔ ཕྱི་ནང་གཞན་གསུམ་ལྷ་དང་ལྷ་མོའི་ཚོགས༔ བྱེད་པ་ཀུན་སྟོན་རྣམ་འཕྲུལ་ཡོངས་ཀྱི་མཛོད༔ འཁོར་འདས་རང་གྲོལ་བདེ་ཆེན་གཡུང་དྲུང་སྐུ༔ དཀྱིལ་འཁོར་རྫོགས་པའི་དཔལ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། བུམ་པའི་ལྷ་ཚོགས་རྣམས་ཀྱིས་བདག་དང་སློབ་མ་རྣམས་ལ་དབང་གི་རྟོགས་པ་ཕུན་སུམ་ཚོགས་པ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། དུང་ཆུ་ཕུལ་ལ། བཛྲ་མུཿ ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་ས་བོན་སྔགས་འབྲུ་དང་བཅས་པ་འོད་དུ་ལྟེམ་གྱིས་ཞུ་བས་བདུད་རྩིར་གྱུར་པར་བསམ། དངོས་སྟ་སྦྲེལ་ན་ལས་བུམ་སྒྲུབ་པ་གོང་དུ་སོང་བས་འཐུས་ལ། ཞག་གིས་ཕྱེ་ན་སྐབས་འདིར་ལས་བུམ་བསྒྲུབ་པ་བསྐྱར། སྔགས་ཤམ་བུ་ཅན་དེ་མི་དགོས། མཐར། ཁྲོ་བོ་བདུད་རྩི་འཁྱིལ་པས་དཀྱིལ་འཁོར་གྱི་བྱ་བ་མཐར་ཕྱིན་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་འདོད་དོན་གསོལ་ལ་རྣམ་བུམ་དུ་ཆུ་ཐིགས་བླུག་པར་བྱའོ། །བཞི་པ་ནི། སླར་མཆོད་ཁ་གསོ། ལྕོགས་ན་བྱིན་རླབས་ཀྱང་བསྐྱར་ནས་བྱས་ཏེ། ཕྱི་མཆོད་ནི། ཧཱུྃ༔ བདུད་རྩི་འཇམ་ལེགས་འོ་མའི་རྒྱ་མཚོ་སྟེ༔ དྲི་བྲལ་ཡན་ལག་བརྒྱད་དང་ལྡན་པའི་ཆུ༔ གཙང་ལ་དྲི་བསུང་ལྡན་པ་འདི་དག་ནི༔ བདེ་གཤེགས་རྒྱལ་བ་ཐུགས་རྗེ་ཅན་ལ་འབུལ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་ཨཱཿཧཱུྃ༔ ཞེས་པས་མཆོད་ཡོན་དང་། རྒྱལ་བའི་སྐུ་ལ་དྲི་མ་མི་མངའ་ཡང༔ འགྲོ་བའི་ཉོན་མོངས་བག་ཆགས་སྦྱང་སླད་དུ༔ ཆུ་གཙང་སྤོས་དང་ལྡན་པའི་ཁྲུས་ཆབ་འདིས༔ ཞལ་དང་ཕྱག་ཞབས་སྐུ་ཁྲུས་གསོལ་བར་བགྱི༔ སྔགས་སྔ་མ་ལྟར་ལ་ཨརྒྷཾ་མལ་དུ། པྲ་བ་ར་སཏྐ་ར་ཞེས་སྦྱར། མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང༔ བཤོས་གཙང་སྒྲ་དབྱངས་གཟུགས་སྒྲ་དྲི་རོ་རེག༔ དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་མཆོད་སྤྲིན་ཚོགས༔ རྩ་གསུམ་ཞི་ཁྲོ་འཁོར་དང་བཅས་ལ་འབུལ༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་བུདྡྷ་བོ་དྷི་སཏྭ་བཛྲ་མ་ཧཱ་ཀྲོ་ཏ་བཛྲ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ མགོ་མཇུག་རྣམས་གོང་གིས་འདྲེས་ཏེ། དྷཱུ་པེ་ནས་ཤབྡའི་བར་དང་། རཱུ་པ། ཤབྡ། གནྡྷེ། རཱ་ས། སྤརྴེ་རྣམས་སྦྱར། ནང་མཆོད་ནི། ཧོ༔ དབང་པོ་རྣམ་ལྔའི་མེ་ཏོག་གསུར་ཆེན་སྤོས༔ ཞུན་ཆེན་མར་མེ་མཁྲིས་པའི་གནྡྷེ་དང༔ བདུད་རྩི་ཞལ་ཟས་རྐང་གླིང་ཐོད་རྔ་རྣམས༔ རྩ་གསུམ་ཞི་ཁྲོའི་དཀྱིལ་འཁོར་ཚོགས་ལ་འབུལ༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་བུདྡྷ་བོ་དྷི་སཏྭ་བཛྲ་མ་ཧཱ་ཀྲོ་ཏ་མ་ཧཱ་པཱུ་ཛ་ཧོ༔ གསང་མཆོད་ནི། ཡབ་ཡུམ་གཉིས་སུ་མེད་པའི་མཁའ་གསང་ནས༔ བྱང་ཆུབ་སེམས་ལྡན་ཐབས་དང་ཤེས་རབ་བཅུད༔ དངོས་གྲུབ་དགའ་བཞིའི་ཡེ་ཤེས་བདེ་ཆེན་མཆོག༔ རྣམ་རོལ་རྩ་གསུམ་ཞི་ཁྲོ་དགྱེས་པར་ཚིམས༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་བུདྡྷ་བོ་དྷི་སཏྭ་བཛྲ་མ་ཧཱ་ཀྲོ་ཏ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ དེ་ཁོ་ན་ཉིད་མཆོད་ནི། ནམ་མཁའ་ཡེ་ཤེས་ཀུན་བཟང་ཡངས་པའི་ཀློང༔ འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཆེ༔ ཕྲག་དོག་རྣམ་རོལ་བདེ་ཆེན་དགྱེས་པའི་རོ༔ མཆོད་དུ་མེད་དེ་གཉིས་མེད་རོལ་པས་མཆོད༔ མ་ཧཱ་སུ་ཁ་དྷརྨ་དྷཱ་ཏུ་ཛྙཱ་ན་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ སྨན་མཆོད། ཧྲཱི༔ བནྡྷ་ཁོར་ཡུག་སོགས་དང་། རཀྟ། ཧྲཱི༔ དུང་ཆེན་སྣོད་དུ་སོགས་མེ་ཕྲེང་ལྟར་འབུལ། གཏོར་མ་ནི། ཧཱུྃ༔ སྣོད་དང་བཅུད་དུ་རབ་ལྡན་ཞིང༔ རྫས་སྔགས་ཏིང་འཛིན་འཕྲོ་འདུ་ཡིས༔ བཟང་པོར་བྱས་པའི་གཏོར་མ་འདི༔ བླ་མ་ལྷ་དང་དྷཱ་ཀིར་བཅས༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ ཐུགས་དམ་བསྐང་ཕྱིར་བཞེས་སུ་གསོལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཞེས་འབུལ། སྐབས་འདིར་ཆོས་སྲུང་སྤྱིའི་གཏོར་འབུལ་དམ་ཅན་སྤྱི་གཏོར་ཙམ་བྱ་ཞིང་། སྒེར་སྲུང་ཆགས་མེད་རིན་པོ་ཆེས་མཛད་པའི་རྟ་ནག་ཤ་ཟ་བཙན་གསུམ་གྱི་གཏོར་འབུལ་བྱ། དེ་ནས་ཚོགས་བྱིན་གྱིས་བརླབ་པ་ནས་སྐོང་བ་ཡན་མེ་ཕྲེང་ལྟར་ལ་ཆགས་མེད་ཀྱི་སྐོང་བསྡུས་ཀྱང་སྦྱར། འོག་ཏུ་འབྱུང་བའི་བྱིན་འབེབས་ཀྱི་སྔགས་མེ་ཏོག་ལ་ཅི་འགྲུབ་བཏབ་པའང་ལོགས་སུ་བཞག །བཏགས་གྲོལ་གླེགས་བམ་སྐད་ཅིག་གིས་རྩ་གསུམ་ཞི་ཁྲོའི་དཀྱིལ་འཁོར་དུ་གསལ་བ་ལ་དབྱིངས་ནས་ཡེ་ཤེས་པ་སྤྱན་དྲངས་ཏེ་ཐིམ་པར་མོས་ལ་མེ་ཕྲེང་དབུ་ནས་འབྱུང་བ་ལྟ་བུའི་ཡན་ལག་བདུན་པ་རྒྱས་བསྡུས་གང་འགྲུབ་བྱས་ལ། སྤྱོད་ཡུལ་འགྲིགས་ན་སློབ་དཔོན་དང་དཀྱིལ་འཁོར་གཉིས་ཀ་དང་། མ་འགྲིགས་ན་དཀྱིལ་འཁོར་ལ་ཡོལ་བ་བཏང་ངོ་། །གསུམ་པ་དབང་བསྐུར་མཐའ་རྟེན་དང་བཅས་པ་ལ་གསུམ། དཀྱིལ་འཁོར་དུ་འཇུག་པའི་ཆོ་ག །དབང་བསྐུར་བ་དངོས། རྗེས་ཀྱི་ལས་རིམ་མོ། །དང་པོ་ལ་གཞུང་གི་དགོངས་པས་བཅུ་གསུམ་དུ་གསུངས་ཏེ། དང་པོ་སློབ་དཔོན་གྱིས་དཀྱིལ་འཁོར་པ་ལ་གནང་བ་ཞུ་བ་ནི། སྒོ་བཞིར་ཞུགས་པར་མོས་ལ། ཀྱེ༔ དཀྱིལ་འཁོར་ཆེན་པོའི་སྒོ་སྲུང་ཆེན་མོ་བཞི༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མ༔ དད་ལྡན་སློབ་མ་སྨིན་ཕྱིར་དབང་བསྐུར་ན༔ ཕོ་བྲང་ནང་བཞུགས་དཀྱིལ་འཁོར་ལྷ་དང་སྤྲོད༔ ཅེས་ཞུས་པ་ཙམ་གྱིས་དཀྱིལ་འཁོར་གྱི་སྒོ་བཞི་ཕྱེས་ཞིང༔ དཀྱིལ་འཁོར་ལྷ་ཚོགས་འཁོར་དང་བཅས་པས་དབང་རྫོགས་པར་བསྐུར་ནས༔ ཁྱོད་ཀྱིས་སྐལ་ལྡན་སྐྱེས་བུ་རྣམས་ལ་དབང་བསྐུར་བར་གྱིས་ཤིག༔ ཅེས་གནང་བ་བྱིན་ཅིང་དངོས་གྲུབ་ཐོབ་པར་བསམས་ལ་ནུས་ན་བདག་འཇུག་བླང་། མི་ནུས་ན་རིག་པའི་མེ་ཏོག་དོར་རོ། །གཉིས་པ་ཁྲུས་དང་སྒོ་སྲུང་ཞུ་ལེན་ནི། སྒོའི་ཕྱི་རོལ་དུ་ཁྲུས་གོང་ལྟར་བྱ། ལས་ཀྱི་སློབ་དཔོན་རྡོར་དྲིལ་དང་བཅས་ཏེ་མཚམས་སྦྱོར་སྤྱི་ལྟར་བྱས་ལ་མིག་དར་དམར་པོས་གཡོགས་ཤིང་མེ་ཏོག་གཏད། ཁྱེད་རང་རྣམས་དཀྱིལ་འཁོར་ཕྱིའི་སྒོ་དྲུང་ནས་སྒོ་སྲུང་ལ་གནང་བ་ཞུ་བའི་མོས་པས་འདིའི་རྗེས་ཟློས། ཀྱེ༔ སྒོ་སྲུང་ཁྲོ་བོ་མི་བཟད་འབར་བའི་སྐུ༔ ཕྱག་ན་མཚོན་ཐོགས་བར་ཆད་དགྲ་བགེགས་འཇོམས༔ སྐལ་ལྡན་འཇུག་ཅིང་སྐལ་མེད་སྐྲོད་པར་བྱེད༔ བདག་ཅག་སྐལ་ལྡན་ཡིན་ཕྱིར་ནང་དུ་ཐོངས༔ ཞེས་ཞུས་པ་ལ་ནང་ནས་སྒོ་བས་ལན་བྱིན་པར་མོས་ཤིག །ཧཱུྃ་ཧཱུྃ༔ ང་ནི་སྟོན་པས་མངགས་པའི་ཕོ་ཉ་སྟེ༔ ཕོ་བྲང་སྒོ་སྲུང་སྐལ་མེད་དམ་ཉམས་དང༔ བར་ཆད་དགྲ་བགེགས་འཇོམས་ཤིང་གདུག་པ་འདུལ༔ ཁྱེད་ཅག་སུ་ཡིན་ཅི་འདོད་ང་ལ་སྨྲོས༔ ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས། བདག་ཅག་སྐལ་ལྡན་དད་པ་དམ་ཚིག་ཅན༔ བླ་མ་ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་དུ༔ འཇུག་ཅིང་དབང་ཞུ་དངོས་གྲུབ་རྣམ་གཉིས་འདོད༔ ཁྱོད་ནི་སྒོ་ཡི་སྲུང་མ་ཐུགས་རྗེ་ཅན༔ ངེས་པའི་བཀའ་གསང་གཉན་པོའི་སྒོ་འདི་ཕྱེས༔ ཞེས་གསོལ་བ་ལ་གནང་བ་བྱིན་པར་མོས་ཤིག །ཧཱུྃ་ཧཱུྃ༔ སྐལ་ལྡན་དད་པ་དམ་ཚིག་དང་ལྡན་ཞིང༔ སྟོན་པའི་བཀའ་བསྒྲུབ་དམ་ལ་གནས་བྱེད་ན༔ དངོས་གྲུབ་འདོད་ཕྱིར་ཐེ་ཚོམ་ལོག་ལྟ་སྤོངས༔ མོས་གུས་སྤྲོ་བ་སྐྱེད་ལ་ནང་དུ་ཤོག༔ ཅེས་བརྗོད་ཅིང་སྒོ་ཕྱེས་ལ་ནང་དུ་བཏང་། གསུམ་པ་མཚམས་གཅོད་སྲུང་འཁོར་ནི། འབྱུང་གཏོར་བཤམས་ལ་བྱིན་རླབས་ནས་སྲུང་འཁོར་གྱི་བར་སྟ་གོན་སྐབས་ལྟར་བྱ། ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་མ་མ་རཀྵ་རཀྵ་ཧཱུྃ༔ ཞེས་ལན་བདུན་ནམ་གསུམ་བརྗོད་དོ། །བཞི་པ་སྡིག་སྒྲིབ་སྦྱོང་ཞིང་བསོད་ནམས་གསག་པ་ནི། ཐོག་མར་སྡིག་སྒྲིབ་སྦྱང་བའི་སླད་དུ་ཁྱེད་རང་རྣམས་ཀྱི་སྤྱི་བོར་པདྨ་དང་ཟླ་བའི་གདན་ལ་དཔལ་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་དར་དང་རིན་པོ་ཆེས་བརྒྱན་པ། ཞབས་སེམས་སྐྱིལ་གྱིས་བཞུགས་པའི་ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་གི་མཐར་ཡིག་བརྒྱས་བསྐོར་བ། མོས་གུས་ཀྱིས་བཟླས་པ་བྱས་པས་ཐུགས་སྲོག་སྔགས་ཕྲེང་དང་སྐུའི་ཆ་ཐམས་ཅད་ནས་བདུད་རྩིའི་རྒྱུན་བབས་ཏེ་སྤྱི་བོ་ནས་ཞུགས་པས་སྡིག་སྒྲིབ་ནད་གདོན་ཐམས་ཅད་དག །ལུས་ཤེལ་སྒོང་དྲི་མ་མེད་པ་ལྟར་གྱུར་པར་མོས་ལ་ཡིག་བརྒྱ་ལྷན་ཅིག་ཏུ་བརྗོད་པར་ཞུ། ཞེས་ཡིག་བརྒྱ་ཉེར་གཅིག་ཙམ་བཟླ། མཐར་རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་རང་ལ་ཐིམ་པས་བྱིན་གྱིས་བརླབས་པར་མོས་ཤིག །དེ་ནས་ཚོགས་གསག་པའི་སླད་དུ་མཎྜལ་རྒྱས་པར་འབུལ་ཞིང་ཕྱག་དགུ་ཕྲུགས་སུ་འཚལ་ནས་རང་རང་གི་གྲལ་དུ་འཁོད་པར་ཞུ། ཞེས་བྱས་ལ་ཤེས་ཤིང་སྤྲོ་ན་མཎྜལ་ཆོ་ག་ཚུལ་བདུན་ཡིད་བཞིན་ནོར་བུ་ལྟར་རམ། མི་ཤེས་ན་སྤྱི་མཐུན་རྒྱས་པར་འབུལ་བ་སོགས་བྱར་གཞུག །ལྔ་པ་ཡོལ་སྒོ་དབྱེ་ཞིང་ཞུ་གནང་བྱ་བ་ནི། ཁྱེད་རང་རྣམས་ཐལ་མོ་མེ་ཏོག་དང་བཅས་ཏེ་རྩ་བ་གསུམ་དང་ཡོལ་འཛིན་གྱི་སྒོ་མ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོ༔ བདེ་བར་གཤེགས་པ་བཅོམ་ལྡན་འདས༔ སངས་རྒྱས་ཀུན་གྱི་བདག་ཉིད་གཙོ༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ ཚད་མེད་བཞི་ལྡན་སྒོ་མ་བཞི༔ སྤྲུལ་པ་ཡང་སྤྲུལ་བཅས་རྣམས་ཀྱིས༔ སྒོ་ཕྱེས་ཐར་པའི་གྲོང་སྟོན་ཅིང༔ བླ་མེད་བྱང་ཆུབ་ལམ་བགྲོད་འཚལ༔ ཐུགས་རྗེ་ཆེན་པོས་ད་དགོངས་འཚལ༔ ལན་གསུམ་མཐར་མེ་ཏོག་གཏོར་ལ་ཡོལ་བ་ཕྱེ། རྡོ་རྗེ་སློབ་དཔོན་ཞལ་མངོན་སུམ་དུ་གྱུར་པ་ལ་མེ་ཏོག་འཐོར་ཞིང་གསོལ་བ་འདེབས་པའི་རྗེས་ཟློས། ཀྱེ༔ བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང༔ དཀྱིལ་འཁོར་ལྷ་ཚོགས་མ་གཏོགས་པའི༔ སྐྱབས་དང་སྐྱོབ་པ་མ་མཆིས་པས༔ ཁྱེད་ཀྱི་ཐུགས་རྗེས་བདག་བསྐྱབ་གསོལ༔ ལན་གསུམ། བླ་མས། ཀྱེ་ཧོ༔ འདིར་འདུས་མཆེད་ལྕམ་སྐལ་བཟང་རིགས་ཀྱི་བུ༔ ཁྱེད་རྣམས་འདོད་པ་ཅི་འདོད་བདག་གིས་སྦྱིན༔ དམ་ཚིག་བསྲུང་སེམས་དད་པའི་ཤུགས་བསྐྱེད་དེ༔ ཐེ་ཚོམ་སོམ་ཉི་མེད་པར་འདོད་དོན་སྨྲོས༔ ཞེས་དྲིས་པའི་ལན་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བླ་མ་རྡོ་རྗེ་འཛིན་པ་དགོངས་སུ་གསོལ༔ བདག་ནི་འབྲས་བུ་གསང་སྔགས་དོན་གཉེར་ཕྱིར༔ ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་འདོད་ན༔ ཐུགས་རྗེས་དེང་འདིར་བདག་ལ་གནང་བར་མཛོད༔ དྲུག་པ་གསང་བར་གཉེར་གཏད་པ་ནི། བླ་མས་རྡོ་རྗེ་གདེངས་ལ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ ཁྱེད་རྣམས་ལས་སད་འཁྲུལ་པ་ཞིག༔ རིགས་ཀྱི་བུ་མཆོག་ཁྱོད་ཡིན་པས༔ ངས་ཁྱོད་ཀུན་བཟང་རིགས་ལྔ་ཡི༔ དལ་དུ་བཅུག་ཅིང་ཡེ་ཤེས་དབབ༔ དངོས་གྲུབ་མ་ལུས་ཁྱོད་ཀྱིས་ཐོབ༔ དངོས་གྲུབ་དཀྱིལ་འཁོར་འདི་དག་ནི༔ མ་མཐོང་རྣམས་ལ་མ་སྨྲ་གསང༔ གལ་ཏེ་མ་གསང་སྨྲས་གྱུར་ན༔ དམ་ཚིག་ཉམས་ཏེ་དམྱལ་བར་ལྟུང༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ རིགས་ལྔ་ཡེ་ཤེས་རྣམ་པ་ལྔ༔ ཁྱོད་ཀྱི་སྙིང་ལ་ཞུགས་པ་སྟེ༔ འདི་སྨྲས་ཡེ་ཤེས་ལྷ་དང་བྲལ༔ མ་སྨྲས་གསང་བ་གཉེར་ཐུབ་ན༔ ཡེ་ཤེས་ལྷ་དང་ལྷན་ཅིག་ཏུ༔ བླ་མེད་དོན་བརྙེས་ཐེ་ཚོམ་མེད༔ དེ་ཕྱིར་གསང་གཉེར་མ་ཉམས་སྲུངས༔ བདུན་པ་དམ་ལ་བཞག་པ་ནི། སློབ་མ་རྣམས་ཀྱི་སྤྱི་བོར་རྡོ་རྗེ་བཞག །ལྕེ་ལ་བདུད་རྩི་བླུད་ཅིང་། ཧཱུྃ་ཧྲཱི༔ འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ༔ འགྱུར་མེད་ཡེ་ཤེས་རྡོ་རྗེ་སྦྱིན༔ བསྒོས་པའི་དམ་ཚིག་མ་ཉམས་སྲུངས༔ བསྲུངས་ན་དངོས་གྲུབ་ཐམས་ཅད་ཐོབ༔ ཉམས་ན་དམྱལ་བར་སྲེག་པར་བྱེད༔ དེ་ཕྱིར་དམ་ཚིག་མ་ཉམས་པར༔ དམ་ཚིག་རྡོ་རྗེའི་ཆུ་འདི་འཐུངས༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ ཨ་མྲྀཏ་ས་མ་ཡ་སྭཱ་ཧཱ༔ འོ་སྐལ་ལྡན་ཁྱོད་རྣམས་ཀྱི་སྟོན་པ་བླ་མ་ཡི་དམ་མཁའ་འགྲོ་ཡིན་པས༔ སྟོན་པ་རྣམས་ཀྱི་བཀའ་བཞིན་དུ༔ རྡོ་རྗེ་སློབ་དཔོན་བདག་གིས་ཀྱང་ཁྱེད་རྣམས་ལ་དམ་ཚིག་བཀའ་ཕོག་པ་ལས་མ་འདའ་ཞིག༔ གལ་ཏེ་འདའ་ན་མྱུར་དུ་རྡོ་རྗེ་དམྱལ་བར་ལྟུང་ནས་ཐར་པའི་དུས་མེད་པར་འགྱུར་རོ༔ ཞེས་དམ་ཚིག་བསྒྲག །ནུས་ན་དམ་ཚིག་གི་རྣམ་དབྱེ་བཤད་དོ། །བརྒྱད་པ་ཡེ་ཤེས་པ་དབབ་པ་ནི། དེ་དག་གིས་དཀྱིལ་འཁོར་ཕྱིའི་འཇུག་པ་རྣམས་སོང་ནས། དབང་གི་དངོས་གཞིར་གྱུར་པ་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པ་ལ། ཁྱེད་རང་རྣམས་ལུས་གནད་རྣམ་སྣང་གི་ཆོས་བདུན་ལྡན་དུ་བྱ། ངག་གནད་སྲོག་རྩོལ་ཁ་སྦྱོར་དུ་བཅིང་། ཡིད་ཀྱི་གནད་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད། གནས་ཁང་བདེ་ཆེན་པདྨ་དབང་གི་གཞལ་ཡས་ཀྱི་ཁང་པར་གདན་པདྨ་ཉི་མའི་སྟེང་དུ་ཁྱེད་རང་རྣམས་སྐད་ཅིག་གིས་རྩ་གསུམ་ཡོངས་འདུས་དབང་ཆེན་རྟ་མགྲིན་སྐུ་མདོག་དམར་པོ་གྲི་གུག་ཐོད་པ་འཛིན་ཅིང་དཔལ་དང་དུར་ཁྲོད་ཆས་་་་་་་ཀྱིས་བརྒྱན་པ་ལ་ཡུམ་ཕག་མོ་མཐིང་ནག་གྲི་ཐོད་འཛིན་པས་འཁྱུད་པ༔ ཞབས་བརྐྱང་བསྐུམ་འདོར་སྟབས་ཀྱིས་མེ་འོད་ཀློང་དུ་འགྱིང་ཞིང་བརྗིད་པའི་སྙིང་གི་ནང་དུ་གཡུང་དྲུང་དགའ་བ་འཁྱིལ་པ་དམར་པོའི་ལྟེ་བར་ཟླ་བ་ཉ་གང་བའི་སྟེང་དུ་ཡཾ་གིས་མཚན་པ༔ གཡུང་དྲུང་གི་ཡན་ལག་བཞི་ལ་ཧ་རི་ནི་ས་བཞིས་མཚན་པ༔ ཡཾ་ལས་རླུང་གིས་བསྐྱོད་པས་གཡུང་དྲུང་སྙིང་དང་བཅས་པ་གཡོན་དུ་ཀྱི་ལི་ལི་འཁོར་བར་བསམ་ཞིང་མ་ཡེངས་པར་གྱིས་ཤིག༔ ཅེས་བྱས་ལ་སྔགས་བཏབ་པའི་མེ་ཏོག་འཐོར། དྲིལ་བསིལ་དང་བཅས་སྔགས་ལན་གསུམ་བརྗོད། སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀའི་སྔགས་འཁོར་ལས་འོད་ཟེར་འཕྲོས་རིགས་ལྔ་ལ་སོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་རང་བཞིན་གྱི་གནས་ནས་ཐིབ་ཐིབ་བྱོན་ཅིང་སློབ་བུ་རྣམས་ཀྱི་སྙིང་གར་སིབ་སིབ་ཐིམ་ནས་འཁྲབ་ཅིང་གར་བྱེད་པར་སྒོམས་ཤིག༔ འབེབ་པའི་རྫས་དང་རོལ་མོའི་སྒྲ་སྦྱར་ལ་ཚངས་སྒྲ་ལས་འབྱུང་བའི་བྱིན་འབེབས་སམ། མི་སྤྲོ་ན། སྔོན་བསྐལ་མ་ལན་གསུམ་དང་། སྤྱི་དྲིལ་ཆེ་འབྲིང་གི་ཤམ་དུ། ཨཱ་བེ་ཤ་ཡ༔ སཏྭཾ་བྷ་ཡ༔ ར་ར་ར་ར༔ ཙཱ་ལ་ཡ་ཧཱུྃ༔ ཨཱ་ཛྷཻཾ༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཞེས་བཏགས་པ་དྲག་ཏུ་བརྗོད་དོ། །དེ་ལྟར་དབབ་པའི་ཡེ་ཤེས་པའི་རྒྱུན་དེ་ཉིད་ཇི་སྲིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་མི་ཉམས་བརྟན་པར་བྱས་པའི་མོས་པ་མཛོད། རྡོ་རྗེ་དང་དྲིལ་བུས་གནས་གསུམ་དུ་རྒྱས་གདབ་ལ། རྩ་སྔགས་ཀྱི་མཐར། ཛྙཱ་ན་སཏྭ་ཏིཥྛ་བཛྲ༔ ཞེས་བརྟན་པར་བྱ། །དགུ་པ་ནང་སྒོ་དབྱེ་ཞིང་པྲ་ལྟས་བརྟག་པ་ནི། ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་ནས་གཡས་སྐོར་གྱིས་ཕྱག་འཚལ་ཞིང་སྒོ་མ་རྣམས་ལ་གསོལ་བ་འདེབས་པར་མོས་ཏེ་འདིའི་རྗེས་ཟློས། ཀྱེ་ ཤར་གྱི་ཕྱོགས་ན་བཞུགས་པ་ཡི༔ སྒོ་སྲུང་རྡོ་རྗེ་ལྕགས་ཀྱུ་མ༔ ཤར་གྱི་ཕྱོགས་ཀྱི་སྒོ་ཕྱེས་ལ༔ བདག་ཅག་ཡི་དམ་ལྷ་དང་སྤྲོད༔ ཀྱེ་ ལྷོ་ཡི་ཕྱོགས་ན་བཞུགས་པ་ཡི༔ སྒོ་སྲུང་རྡོ་རྗེ་ཞགས་པ་མ༔ ལྷོ་ཡི་ཕྱོགས་ཀྱི་སྒོ་ཕྱེས་ལ༔ བདག་ཅག་ཡི་དམ་ལྷ་དང་སྤྲོད༔ ཀྱེ་ ནུབ་ཀྱི་ཕྱོགས་ན་བཞུགས་པ་ཡི༔ སྒོ་སྲུང་རྡོ་རྗེ་ལྕགས་སྒྲོག་མ༔ ནུབ་ཀྱི་ཕྱོགས་ཀྱི་སྒོ་ཕྱེས་ལ༔ བདག་ཅག་ཡི་དམ་ལྷ་དང་སྤྲོད༔ ཀྱེ་ བྱང་གི་ཕྱོགས་ན་བཞུགས་པ་ཡི༔ སྒོ་སྲུང་རྡོ་རྗེ་དྲིལ་བུ་མ༔ བྱང་གི་ཕྱོགས་ཀྱི་སྒོ་ཕྱེས་ལ༔ བདག་ཅག་ཡི་དམ་ལྷ་དང་སྤྲོད༔ ཅེས་ཞུས་པ་ཙམ་གྱིས་སྒོ་མ་རྣམས་ཀྱིས་དཀྱིལ་འཁོར་ཆེན་པོའི་སྒོ་བཞི་ཤགས་ཀྱིས་ཕྱེས་པར་བསམས་ལ། ཁ་དོག་བརྟག་པ་ནི། ཁྱེད་རང་རྣམས་མིག་དར་གྱི་འོག་ནས་ཕོ་བྲང་གི་དབུས་སུ་ལྟོས་ལ་ཁ་དོག་ཅི་ལྟར་མཐོང་བ་སྨྲོས་ཤིག །ཅེས་དྲི། ཁ་དོག་དཀར་པོ་མཐོང་ན་ཞི་བ། སེར་པོས་རྒྱས་པ། དམར་པོས་དབང་། ནག་པོས་མངོན་སྤྱོད། ལྗང་གུའམ་མཐིང་གས་མཆོག །ཁ་དོག་ཁྲ་བོར་མཐོང་ན་ལས་སྣ་ཚོགས་སུ་འགྲུབ་པ་ཡིན་ནོ། །ཞེས་ལུང་བསྟན། བཅུ་པ་མེ་ཏོག་དོར་བ་ནི། ཁྱེད་རང་རྣམས་ཀྱིས་སྔོན་ནས་འབྲེལ་བའི་རིགས་ཀྱི་ལྷ་ལ་མེ་ཏོག་འབུལ་བའི་དོན་དུ་ཐོག་མར་སློབ་དཔོན་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ བླ་མ་ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་དུ༔ ལྷ་དང་མཇལ་ཕྱིར་མེ་ཏོག་དོར་བགྱིད་ན༔ སྟོན་པས་བཀའ་སྟོན་ཐུགས་རྗེའི་གསང་སྒོ་ཕྱེས༔ གང་ལ་འབྲེལ་ཡོད་དེ་ལ་སྤྲད་པར་འཚལ༔ ཞེས་ཞུས་པའི་ལན་དུ༔ སློབ་དཔོན་གྱིས༔ རིགས་དང་ལྡན་པའི་སྐྱེས་མཆོག་རྣམས༔ དཀྱིལ་འཁོར་ཆེན་པོའི་ལྷོ་སྒོ་ནས༔ ལས་ཀྱི་རྡོ་རྗེས་བསྒོས་པ་བཞིན༔ སྨོན་ལམ་ཐོབ་ལ་ཅོད་པན་དོར༔ ཅེས་གནང་བ་སྦྱིན༔ དེ་ནས་ཁྱེད་རང་རྣམས་ཀྱིས་ཅོད་པན་ཐལ་མོ་སྦྱར་བའི་བར་དུ་ཐོགས་ལ་དཀྱིལ་འཁོར་གྱི་ལྷོ་ཕྱོགས་ནས་འབུལ་བཞིན་པས་དམོད་བོར་བ་འདིའི་རྗེས་ཟློས། ཨེ་མ་ཧོ༔ རྩ་བ་གསུམ་གྱི་དཀྱིལ་འཁོར་དུ༔ མེ་ཏོག་ཅོད་པན་འདི་དོར་བས༔ སྔོན་ཚེ་གང་ལ་སྦྱངས་པའི་ལྷ༔ གང་ཡིན་དེ་ལ་བབ་པར་ཤོག༔ རྩ་སྔགས་ཀྱི་མཐར། པྲ་ཏཱིཙྪ་ཀུ་སུ་མཱན་ཛ་ལི་ནཱ་ཐ་ཧོ༔ ཞེས་པས་དོར། དེའང་དཀྱིལ་འཁོར་དུ་དངོས་སུ་འདོར་མི་བདེ་ན་ཚོམ་བུའི་དཀྱིལ་འཁོར་ཕོ་བྲང་དངོས་སུ་མོས་པས་འདོར་བའང་ཕྱག་ལེན་དུ་འབྱུང་བ་ལྟར་བྱས་པས་ཆོག་ལ། གང་དུ་ཕོག་པའི་རིགས་བརྟགས་ལ་དེ་དང་མཐུན་པའི་གསང་མཚན་གཙོ་བོའི་མཚན་དང་མཐུན་པའམ་མཚན་ལས་གྲས་པ་བཏགས། སྤྱི་ཙམ་དུ། དཀྱིལ་འཁོར་ཚོམ་བུ་དགུ་འཁོར་དང་བཅས་པ་ཁྱབ་བདག་པདྨ་བཛྲ་རྩལ་གྱི་ཡེ་ཤེས་ཀྱི་རང་སྣང་དུ་ཤར་བ་ཡིན་པས། ཁྱེད་རང་རྣམས་ཀྱིས་མེ་ཏོག་གཙོ་བོ་ལ་ཕོག་པར་ཤེས་པས་དེ་ཉིད་ལྷག་པའི་ལྷར་འཛིན་ན་དངོས་གྲུབ་རྣམ་པ་གཉིས་ཀ་འཐོབ་པར་འགྱུར་བ་ཡིན་ནོ། །བཅུ་པ་གསང་མཚན་བཏགས་ཤིང་མིག་དབྱེ་བ་ནི། ཕུལ་བའི་མེ་ཏོག་དེ་ཉིད་སློབ་དཔོན་གྱིས་བླངས་ལ་སློབ་མ་རྣམས་ཀྱི་གནས་གསུམ་དུ་གཏུགས་ཤིང་སྦྱིན་ལ། ཧྲཱི༔ རྩ་བ་གསུམ་གྱི་དཀྱིལ་འཁོར་དུ༔ མེ་ཏོག་ཕུལ་བའི་བྱིན་རླབས་ཀྱིས༔ སྐུ་གསུང་ཐུགས་ལ་ཐིམ་ནས་ཀྱང༔ དངོས་གྲུབ་ཁྱོད་ལ་སྦྱིན་པར་བྱ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་པྲ་ཏི་གྲྀཧྞ་ཧོཿ མ་ཧཱ་བ་ལ་ཧཱུྃ༔ ཞེས་དང་སྔར་བླ་མེད་ཀྱི་གསང་མཚན་མེད་པ་ལྟ་བུར་སྤྱི་ཙམ་དུ། ཁྱེད་རྣམས་ཀྱི་གསང་བའི་མཚན་དུ་དཔལ་པདྨ་མཆོག་གྲུབ་རྩལ་ཞེས་བྱ་བར་ཟུངས་ཤིག །གསེར་ཐུར་ཐོགས་ལ། ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ཡིས༔ ཁྱོད་ཀྱི་མ་རིག་ལྡོངས་པའི་མིག༔ ཡེ་ཤེས་སྤྱན་དུ་དབྱེ་བར་བྱ༔ དེ་བཞིན་ཉོན་མོངས་འགྲོ་བ་རྣམས༔ ཡེ་ཤེས་སྤྱན་དང་ལྡན་པར་ཤོག༔ ཨོཾ་ཛྙཱ་ན་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ མ་རིག་རྨོངས་པའི་སྒྲིབ་གཡོགས་དང་བྲལ་ནས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པར་གྱུར་པའི་མོས་པ་མཛོད་ཅིག །ཅེས་གདོང་གཡོགས་བཀྲོལ། བཅུ་གཉིས་པ་ལྷ་ངོ་སྤྲད་ཅིང་རྣམ་དག་བཤད་པ་ནི། དེ་ལྟར་ཡེ་ཤེས་ཀྱི་མིག་ཐོབ་ནས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་དུ་མཐོང་བར་གྱུར་པ་ནི། འབྱུང་བ་རིམ་བརྩེགས་ཀེང་རུས་ཀྱི་རི་རབ་དང་བཅས་པའི་སྟེང་དུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་སོགས་ལྷ་སྟ་གོན་སྐབས་ལྟར་བརྗོད་པ་ལས། པདྨའི་གདན་གྱི་སྟེང་དུ། གཙོ་མཆོག་པདྨ་བཛྲ་རྩལ་སོགས་ནས། ཡོངས་སུ་རྫོགས་པ། དེའང་ཡུམ་ལྔའི་མཁའ་ཀློང་རྣམ་པར་དག་པའི་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པ། བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམ་པར་དག་པའི་གཞལ་ཡས་ཁང་། རྣམ་ཤེས་ཚོགས་བརྒྱད་ཀུན་གཞི་དང་བཅས་པ་རྣམ་པར་དག་པ་ཚོམ་བུ་དགུའི་ལྷ་ཚོགས། ཉོན་མོངས་པའི་རྟོག་ཚོགས་རྣམས་པར་དག་པ་འཁོར་གྱི་ཚུལ་དུ་སྣང་བ་སྟེ། མདོར་ན་སྦྱང་གཞི་རང་སེམས་བདེ་བར་གཤེགས་པའི་སྙིང་པོ་སྦྱོང་བྱེད་ལམ་གྱི་ཆོས་རྣམས་ཀྱིས་གློ་བུར་འཁྲུལ་པའི་དྲི་མ་བསལ་བས་སྦྱངས་འབྲས་དག་པ་གཉིས་ལྡན་སྐུ་དང་ཡེ་ཤེས་ཀྱི་ཆོས་སུ་ཤར་བའི་དོན་རྟོགས་པར་གྱིས་ཤིག །བཅུ་གསུམ་པ་ཛཔ྄་བཟླ་བ་གཞུང་དུ་འབྱུང་བ་ནི་སྒྲུབ་ཆེན་དང་འབྲེལ་བའི་དབང་དུ་མཛད་པ་སྟེ། དེ་ལྟར་ན་མཚམས་བཅད་སྟ་གོན་སྐོར་སྔོན་དུ་སོང་ནས། དངོས་གཞིའི་ཐོག་མར་འདི་ཡན་ཆད་གྲུབ་པར་བྱས་ནས། བསྙེན་སྒྲུབ་གྲུབ་པའི་སྐབས་བུམ་དབང་མན་ཆད་བསྐུར་བ་ཡིན་པས་སྐབས་འདིར་ནི་མི་དགོས། དེ་དག་གིས་དཀྱིལ་འཁོར་ཕྱི་ནང་དུ་འཇུག་པའི་ཆོས་འཁོར་དང་བཅས་པ་གྲུབ་པ་ལགས་སོ། །གཉིས་པ་དབང་བསྐུར་བ་དངོས་ལ་བདུན། ཕྱི་བུམ་པའི་དབང་། ནང་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་། གསང་བ་རྡོ་རྗེ་སློབ་དཔོན་གྱི་དབང་། དེ་ཁོ་ན་ཉིད་དོན་དམ་པ་ཅན་གྱི་དབང་། ཡོན་ཏན་རིན་ཆེན་མཆོད་རྫས་ཀྱི་དབང་། ཕྲིན་ལས་བཀའ་ཉན་དྲེགས་པའི་སྲོག་དབང་། ཡོངས་རྫོགས་བཀའ་གཏད་རྗེས་སུ་གནང་བའི་དབང་དང་བདུན། སོ་སོའི་ནང་གསེས་དང་བཅས་པའོ། །དང་པོ་ནི། ཞུགས་ནས་མངོན་པར་དབང་བསྐུར་བ་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཡོན་ཏན་ཕྲིན་ལས་བཀའ་གཏད་ནང་གསེས་དང་བཅས་པ་རིམ་བཞིན་སྒྲུབ་པའི་ཐོག་མར་ཕྱི་བུམ་པའི་དབང་ལ་རིག་པའི་དབང་ལྔ་དང་མཐའ་རྟེན་གཉིས་སུ་ཡོད་པའི་དང་པོ་རིག་པའི་དབང་ལྔ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོ༔ གཙོ་བོ་སྟོན་པ་རྡོ་རྗེ་རྒྱལ་པོ་དང༔ རྒྱལ་ཚབ་རྒྱལ་ཐེབས་གཟུང་མར་བཅས་པ་དང༔ བཀྲམ་པའི་དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ༔ བདག་ཅག་སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ གསང་སྔགས་སྙིང་པོ་བཅུད་ཀྱི་མཐར་ཐུག་མཆོག༔ སྨིན་བྱེད་རིག་པའི་དབང་ལྔ་བསྐུར་དུ་གསོལ༔ ལན་གསུམ། དེ་ལ་ཐོག་མར་མི་བསྐྱོད་པའི་སྒོ་ནས་ཆུའི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། རྣམ་བུམ་བཏེགས་ལ། བསང་སྦྱང་། སྟོང་པའི་ངང་ལས་སློབ་མ་དབང་རྫས་པད་ཟླའི་གདན་ལ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་མི་བསྐྱོད་པ་ཡབ་ཡུམ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་དར་དང་རིན་པོ་ཆེས་བརྒྱན་པ། ཞབས་སྐྱིལ་ཀྲུང་དུ་བཞུགས་པར་གྱུར། དེ་ལྟར་བུམ་པ་གཞལ་ཡས་ཁང་གི་ནང་དུ་བཅོམ་ལྡན་འདས་མི་བསྐྱོད་པ་ཡབ་ཡུམ་ཡེ་ཤེས་སེམས་དཔའི་རང་བཞིན་ལ། གདན་གསུམ་ཚང་བའི་དབང་ལྷ་རྣམས་ཀྱིས་བསྐོར་བ་ལས༔ དབང་བསྐུར་བ་ཙམ་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱིས་དབང་བསྐུར༔ བྱང་ཆུབ་སེམས་དཔའ་བརྒྱད་ཀྱིས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད༔ རིག་མ་བརྒྱད་ཀྱིས་རྡོ་རྗེའི་གླུ་བླངས༔ ཁྲོ་བོ་བཅུས་བར་ཆད་ཀྱི་བགེགས་བསྐྲད༔ མཆོད་པའི་ལྷ་མོ་བཅུ་དྲུག་གིས་མཆོད་པའི་སྤྲིན་ཕུང་གཏིབས་པར་གྱུར༔ ཧཱུྃ་ཧྲཱི༔ བུམ་པ་ཆོས་དབྱིངས་དག་པའི་གཞལ་ཡས་ཁང༔ བདུད་རྩི་ཡིད་བཞིན་རྒྱ་མཚོ་འཁྱིལ་བ་ཡི༔ བཅོམ་ལྡན་མི་བསྐྱོད་རྒྱལ་པོའི་དབང་མཆོག་འདི༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་བསྐུར་བར་བྱའོ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བུདྡྷ་བོ་དྷི་སཏྭ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་བཛྲ་ཀ་ལཱ་ཤ་ཨཱོཾ་ཨཱཿབཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ བཛྲ་སཏྭ་ཧཱུྃ༔ ཞེས་བུམ་པ་སྤྱི་བོར་བཞག །བུམ་ཆུ་བླུད་ཅིང་ཁྲུས་བྱས་པས། དབང་གི་ཆུ་རྒྱུན་རྐང་མཐིལ་ཡན་ཆད་རྐྱལ་གྲོད་འོ་མས་གང་བ་བཞིན་དུ་ངང་མེར་གྱིས་གང༔ ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན་པར་དམིགས་ཤིང༔ ཛཿཧཱུྃ་བཾ་ཧོ༔ དབང་གི་ལྷ་རྣམས་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག །དེས་མི་བསྐྱོད་པའི་སྒོ་ནས་བུམ་པའི་དབང་ཐོབ༔ ཞེ་སྡང་གི་སྒྲིབ་པ་དག་ནས༔ རྣམ་པར་ཤེས་པའི་ཕུང་པོ་གནས་འགྱུར༔ མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས་ཏེ༔ རྡོ་རྗེ་རིགས་ཀྱི་བག་ཆགས་རྒྱུད་ལ་བཞག་པའི་རྟེན་འབྲེལ་འགྲིགས་པའོ༔ གཉིས་པ་རིན་ཆེན་འབྱུང་ལྡན་གྱི་སྒོ་ནས་དབུ་རྒྱན་ཅོད་པན་གྱི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། ཅོད་པན་ཐོགས་ལ་བསང་སྦྱང་། སྟོང་པའི་ངང་ལས་སློབ་མ་དབང་རྫས་པད་ཟླའི་གདན་ལ་ཏྲཱཾ་ལས་རིན་པོ་ཆེ་ཏྲཱཾ་གིས་མཚན་པ་ལས་རིན་ཆེན་འབྱུང་ལྡན་ཡབ་ཡུམ་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་ཅིང་དར་དང་རིན་པོ་ཆེས་བརྒྱན་པ། ཞབས་སྐྱིལ་ཀྲུང་དུ་བཞུགས་པར་གྱུར། དེ་ལྟར་དབུ་རྒྱན་གཞལ་ཡས་ཁང་དུ་གྱུར་པའི་ནང་དུ་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ཡབ་ཡུམ་ཡེ་ཤེས་སེམས་དཔའི་རང་བཞིན་ལ་སོགས་གོང་ལྟར། གཏིབས་པར་གྱུར་བར་བརྗོད་པ་ནི་འོག་མ་རྣམས་ལའང་འགྲེའོ། །ཧཱུྃ་ཧྲཱི༔ ཁམས་གསུམ་རེ་འདོད་སྐོང་བའི་རྒྱལ་པོ་ཆེ༔ ཡིད་བཞིན་ནོར་བུ་རིན་ཆེན་གཏེར་གྱི་མཆོག༔ དབུ་རྒྱན་དར་དཔྱང་ལྡན་པས་དབང་བསྐུར་རོ༔ འགྲོ་བའི་རེ་འདོད་སྐོང་བའི་རྒྱལ་པོར་ཤོག༔ ཨོཾ་ན་མ༔སོགས་སྔགས་གོང་ལྟར་ལ། དྷཱ་ཀི་ནཱི་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ༔ ཨཱོཾ་ཨཱཿབཛྲ་མུ་ཀུཊ་ཨ་བྷི་ཥིཉྩ་ཏྲཱཾ༔ སུ་ར་ཏེ་སཏྭཾ༔ ཨ་ཧོཿབཛྲ་ཏུ་ཥྱ་ཧོ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ རྣམ་བུམ་གྱི་ཆུ་འཐོར་ལ། ཨཱོཾ་ཨཱཿབཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ རཏྣ་སཾ་བྷ་བ་ཏྲཱཾ༔ སློབ་མའི་རྒྱུད་ཡོན་ཏན་གྱིས་གང་ནས་སངས་རྒྱས་རིགས་རྣམ་པ་ལྔས་དབུ་ལ་བརྒྱན་པར་གྱུར། ཛཿཧཱུྃ་བཾ་ཧོ༔ དབང་གི་ལྷ་རྣམས་ཁྱེད་རང་ལ་ཐིམ་པར་མོས་ཤིག །དེས་རིན་ཆེན་འབྱུང་ལྡན་གྱི་སྒོ་ནས་དབུ་རྒྱན་ཅོད་པན་གྱི་དབང་ཐོབ༔ ང་རྒྱལ་གྱི་སྒྲིབ་པ་དག༔ ཚོར་བའི་ཕུང་པོ་གནས་འགྱུར༔ མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས༔ རིན་ཆེན་རིགས་ཀྱི་བག་ཆགས་རྒྱུད་ལ་བཞག་པའི་རྟེན་འབྲེལ་འགྲིགས་པའོ༔ གསུམ་པ་འོད་དཔག་མེད་ཀྱི་སྒོ་ནས་རྡོ་རྗེའི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། རྡོ་རྗེ་ཐོགས་ལ་བསང་སྦྱང་། སྟོང་པའི་ངང་ལས་སློབ་མ་དབང་རྫས་པད་ཟླའི་གདན་ལ་ཧྲཱིཿལས་པདྨ་ཧྲཱིཿས་མཚན་པ་ལས་འོད་དཔག་མེད་ཡབ་ཡུམ་དམར་པོ་པདྨ་དང་དྲིལ་བུ་འཛིན་ཅིང་དར་དང་རིན་པོ་ཆེས་བརྒྱན་པ། ཞབས་སྐྱིལ་ཀྲུང་དུ་བཞུགས་པར་གྱུར། དེ་ལྟར་རྡོ་རྗེ་གཞལ་ཡས་ཁང་དུ་གྱུར་པའི་ནང་དུ་བཅོམ་ལྡན་འདས་འོད་དཔག་མེད་ཡབ་ཡུམ་ཡེ་ཤེས་སེམས་དཔའི་རང་བཞིན་ལ་སོགས་གོང་ལྟར་བྱ། རྡོ་རྗེ་སྤྱི་བོར་བཞག་ཅིང་ལག་ཏུ་གཏད་ལ། ཧཱུྃ་ཧྲཱི༔ དུས་གསུམ་སངས་རྒྱས་ཀུན་གྱི་རྡོ་རྗེ་ཡི༔ ཕྱག་མཚན་དབང་གིས་དེང་ཁྱོད་དབང་བསྐུར་བས༔ འདི་དེ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ འགྱུར་མེད་རྡོ་རྗེ་རབ་ཏུ་འགྲུབ་ཕྱིར་ཟུངས༔ སྔགས་མཐར། པདྨ་བཛྲ་ཨ་བྷི་ཥིཉྩ་ཧྲཱི༔ ཨཱོཾ་ཨཱཿབཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ པདྨ་དྷ་ར་ཧྲཱི༔ སངས་རྒྱས་ཐམས་ཅད་ཀྱི་གསུང་གི་ནུས་པ་ཡོངས་སུ་རྫོགས་ཤིང་དབང་འབྱོར་པར་གྱུར། ཛཿཧཱུྃ་བཾ་ཧོ༔ དབང་གི་ལྷ་རྣམས་ཁྱེད་རང་ལ་ཐིམ་པར་མོས་ཤིག །དེས་སྣང་བ་མཐའ་ཡས་ཀྱི་སྒོ་ནས་རྡོ་རྗེའི་དབང་ཐོབ༔ འདོད་ཆགས་ཀྱི་སྒྲིབ་པ་དག༔ འདུ་ཤེས་ཀྱི་ཕུང་པོ་གནས་འགྱུར༔ སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས༔ པདྨ་རིགས་ཀྱི་བག་ཆགས་རྒྱུད་ལ་བཞག་པའི་རྟེན་འབྲེལ་འགྲིགས་པའོ༔ བཞི་པ་དོན་ཡོད་གྲུབ་པའི་སྒོ་ནས་དྲིལ་བུའི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། དྲིལ་བུ་ཐོགས་ལ་བསང་སྦྱང་། སྟོང་པའི་ངང་ལས་སློབ་མ་དབང་རྫས་པད་ཟླའི་གདན་ལ་ཨཱཿལས་རལ་གྲི་ཨཱཿས་མཚན་པ་ལས་དོན་ཡོད་གྲུབ་པ་ཡབ་ཡུམ་ལྗང་གུ་རལ་གྲི་དང་དྲིལ་བུ་འཛིན་ཅིང་དར་དང་རིན་པོ་ཆེས་བརྒྱན་པ། ཞབས་སྐྱིལ་ཀྲུང་དུ་བཞུགས་པར་གྱུར། དེ་ལྟར་དྲིལ་བུ་གཞལ་ཡས་ཁང་དུ་གྱུར་པའི་ནང་དུ་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་ཡབ་ཡུམ་ཡེ་ཤེས་སེམས་དཔའི་རང་བཞིན་ལ་སོགས་གོང་ལྟར། དྲིལ་བུ་སྤྱི་བོར་བཞག་ཅིང་ལག་ཏུ་གཏད་ལ། ཧཱུྃ་ཧྲཱི༔ དོན་དམ་ཆོས་ཉིད་སྟོང་པའི་སྒྲ༔ གསུང་དབྱངས་དྲུག་ཅུ་མཚོན་པ་ཡི༔ དྲིལ་བུའི་དབང་མཆོག་དམ་པ་འདི༔ སྐལ་ལྡན་ཁྱོད་ལ་བསྐུར་བར་བྱ༔ སྔགས་མཐར། ཀརྨ་གཎྜེ་ཨ་བྷི་ཥིཉྩ་ཨཱ༔ ཨཱོཾ་ཨཱཿབཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཨ་མོ་གྷ་སིདྡྷི་ཨཱ༔ སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་མཐུ་སྟོབས་ཐོགས་པ་མེད་པའི་དབང་ཐོབ་པར་གྱུར། དེས་དོན་ཡོད་གྲུབ་པའི་སྒོ་ནས་དྲིལ་བུའི་དབང་ཐོབ༔ ཕྲག་དོག་གི་སྒྲིབ་པ་དག༔ འདུ་བྱེད་ཀྱི་ཕུང་པོ་གནས་འགྱུར༔ བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས༔ ལས་ཀྱི་རིགས་ཀྱི་བག་ཆགས་རྒྱུད་ལ་བཞག་པའི་རྟེན་འབྲེལ་འགྲིགས་པའོ༔ ལྔ་པ་རྣམ་པར་སྣང་མཛད་ཀྱི་སྒོ་ནས་མིང་གི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། རྡོ་རྗེ་དང་བཅས་པའི་དྲིལ་བུ་དང་འཁོར་ལོ་ཐོགས་ལ། བསང་སྦྱང་། སྟོང་པའི་ངང་ལས་སློབ་མ་དབང་རྫས་པད་ཟླའི་གདན་ལ་ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ་ལས་རྣམ་པར་སྣང་མཛད་ཡབ་ཡུམ་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་ཅིང་དར་དང་རིན་པོ་ཆེས་བརྒྱན་པ། ཞབས་སྐྱིལ་ཀྲུང་དུ་བཞུགས་པར་གྱུར། དེ་ལྟར་རྡོར་དྲིལ་གཞལ་ཡས་ཁང་དུ་གྱུར་པའི་ནང་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཡབ་ཡུམ་ཡེ་ཤེས་སེམས་དཔའི་རང་བཞིན་ལ་སོགས་གོང་ལྟར། དབང་རྫས་སྤྱི་བོར་བཞག་ལ། ཧཱུྃ་ཧྲཱི༔ རྣམ་པར་སྣང་མཛད་དག་པ་ཆེ༔ མིང་བཏགས་བདུད་ལས་རྣམ་པར་རྒྱལ༔ མིང་གི་དབང་བསྐུར་ཆེན་པོ་འདི༔ སྐལ་ལྡན་ཁྱོད་ལ་སྦྱིན་པར་བྱ༔ སྔགས་མཐར། བུདྡྷ་ནཱམ་ཨ་བྷི་ཥིཉྩ་ཨཱོཾ༔ ཨཱོཾ་ཨཱཿབཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ བཻ་རོ་ཙ་ན་ཨཱོཾ༔ གསང་བའི་མིང་ནས་བོས་ཏེ༔ ཨོཾ་ དག་ཅིང་གསལ་བའི་རང་བཞིན་ཏེ༔ སྐྱོན་བྲལ་སེམས་ཉིད་རིན་པོ་ཆེ༔ ཡེ་ཤེས་རྣམ་པ་ལྔ་ལྡན་གྱིས༔ སྲིད་པ་གསུམ་ལ་དབང་བསྒྱུར་ཤོག༔ ཅེས་དབང་བསྐུར་བ་ཙམ་གྱིས། སངས་རྒྱས་ཐམས་ཅད་ཀྱིས་ཉེ་བར་དགོངས་ཤིང་སྲིད་པ་གསུམ་གྱི་འཆིང་བ་ལས་རྣམ་པར་གྲོལ་ཏེ༔ སྐུ་གསུམ་ཡེ་ཤེས་ལྔ་ཡོངས་སུ་རྫོགས་པར་གྱུར༔ ཛཿཧཱུྃ་བཾ་ཧོ༔ དབང་གི་ལྷ་རྣམས་ཁྱེད་རང་ལ་ཐིམ་པར་མོས་ཤིག །དེས་རྣམ་པར་སྣང་མཛད་ཀྱི་སྒོ་ནས་མིང་གི་དབང་ཐོབ༔ ཉོན་མོངས་པ་གཏི་མུག་གི་སྒྲིབ་པ་དག༔ གཟུགས་ཀྱི་ཕུང་པོ་གནས་འགྱུར༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས༔ དེ་བཞིན་གཤེགས་པའི་རིགས་ཀྱི་བག་ཆགས་རྒྱུད་ལ་བཞག་པའི་རྟེན་འབྲེལ་འགྲིགས་པའོ༔ དེ་རྣམས་ཀྱིས་རིག་པའི་དབང་ལྔ་གྲུབ་ནས་མཐའ་རྟེན་གྱི་དབང་ཞུ་བའི་དོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ རྡོ་རྗེ་འཛིན་པ་ལ་སོགས་དཀྱིལ་འཁོར་ལྷས༔ ཐུགས་རྗེས་ཡོངས་བཟུང་རིག་པའི་དབང་ལྔ་གནང༔ སླད་ཀྱང་མཐའ་རྟེན་བྱིན་རླབས་རྗེས་གནང་ནི༔ བརྩེ་བས་དེང་འདིར་བདག་ལ་གནང་དུ་གསོལ༔ རིགས་ལྔའི་སྐུ་རྟེན་སློབ་མའི་གནས་ལྔར་གཏད་ཅིང་། རིགས་ཀྱི་ཡེ་ཤེས་སེམས་དཔའ་ལྔ་པོ་འཁོར་བཅས་གནས་ཐ་དད་དུ་ཐིམ་པར་བསམས་ལ༔ ཧཱུྃ་ཧྲཱི༔ སངས་རྒྱས་ཀུན་གྱི་རང་བཞིན་སྐུ༔ རྣམ་པར་སྣང་མཛད་ལ་སོགས་པའི༔ དེ་བཞིན་གཤེགས་པའི་རིགས་རྣམས་དང༔ སངས་རྒྱས་ཀུན་གྱི་རང་བཞིན་གསུང༔ སྣང་བ་མཐའ་ཡས་ལ་སོགས་པའི༔ གསུང་མཆོག་པདྨའི་རིགས་རྣམས་དང༔ སངས་རྒྱས་ཀུན་གྱི་རང་བཞིན་ཐུགས༔ རྡོ་རྗེ་སེམས་དཔའ་ལ་སོགས་པའི༔ ཐུགས་མཆོག་རྡོ་རྗེའི་རིགས་རྣམས་དང༔ སངས་རྒྱས་ཡོན་ཏན་དགོས་འདོད་འབྱུང༔ རིན་ཆེན་འབྱུང་ལྡན་ལ་སོགས་པའི༔ ཡོན་ཏན་རིན་ཆེན་རིགས་རྣམས་དང༔ སངས་རྒྱས་ཀུན་གྱི་ཕྲིན་ལས་བདག༔ དོན་ཡོད་གྲུབ་པ་ལ་སོགས་པའི༔ མངོན་སྤྱོད་ཕྲིན་ལས་རིགས་རྣམས་ཀྱིས༔ སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ རིགས་རྣམས་མ་ལུས་ཡོངས་རྫོགས་ཤིང༔ འགྲོ་དོན་ཀུན་སྤྱོད་དབང་ཐོབ་ཤོག༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ བཻ་རོ་ཙ་ན་ཨཱོཾ༔ པདྨ་དྷེ་ཝ་ཧྲཱིཿ བཛྲ་སཏྭ་ཧཱུྃ༔ རཏྣ་སཾ་བྷ་ཝ་ཏྲཱཾ༔ ཨ་མོ་གྷ་སིདྡྷི་ཨཱ༔ ཨ་བྷི་ཥིཉྩ་མཱཾ༔ སྐལ་ལྡན་ཁྱེད་རྣམས་ལ་སངས་རྒྱས་སྐུ་ལྔ་གནས་ལྔར་གཏད་དེ་དབང་བསྐུར་པ་ལ་བརྟེན་ནས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་ལོངས་སྤྱོད་པའི་དབང་དང་ལྡན་པར་གྱུར་ཅིག༔ ཅེས་མེ་ཏོག་འཐོར། གཉིས་པ་ནང་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་སྟེ༔ དེ་དག་ཞུ་བའི་དོན་དུ་མཎྜལ་འབུལ་བར་ཞུ། གསོལ་འདེབས་རྗེས་ཟློས། ཀྱེ་ཧོཿསྟོན་པ་རྡོ་རྗེ་འཛིན༔ བདག་ཅག་མོས་པའི་བུ་རྣམས་ལ༔ རྡོ་རྗེ་རྒྱལ་པོ་བཀའ་ཡི་དབང༔ རབ་འབྱམས་ཡོངས་རྫོགས་བསྐུར་དུ་གསོལ༔ ལན་གསུམ། ཁྱེད་རང་རྣམས་སྐད་ཅིག་གིས་དཀྱིལ་འཁོར་གཙོ་མཆོག་པདྨ་བཛྲ་རྩལ་གྱི་སྐུར་གསལ་ཐོབ་ཅིག །ཐོག་མར་སྐུའི་དབང་ལ་དཀྱིལ་འཁོར་གཙོ་བོ་དགུའི་སྐུ་རྟེན་སྤྱི་བོར་བཞག་པ་ཙམ་གྱིས་ཚོམ་བུ་དགུའི་ལྷ་ཚོགས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་མཛོད། སྐུ་རྟེན་རྣམས་རིམ་པར་སྤྱི་བོར་བཞག་ལ། ཧཱུྃ་ཧྲཱི༔ དབུས་ནས་རང་བྱུང་གྲུབ་པའི་ལྷ༔ གཙོ་མཆོག་པདྨ་བཛྲ་རྩལ༔ ཡབ་ཡུམ་འཁོར་དང་བཅས་རྣམས་ཀྱིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལྷ་དང་དབྱེར་མེད་གྱུར་ནས་ཀྱང༔ ཆགས་བྲལ་འགྲོ་དོན་སྤྱོད་པར་ཤོག༔ ཨོཾ་ཨཱཿཧཱུྃ༔ གུ་རུ་ཤྲཱི་པདྨ་བཛྲ་ཧྲཱི༔ དྷུ་མ་གྷ་ཡེ་དྷཱ་ཀི་ནཱི་ན་མ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ་ཧྲཱི༔ ཤར་ནས་རང་བྱུང་གྲུབ་པའི་ལྷ༔ བཅོམ་ལྡན་བུདྡྷ་ཐོད་ཕྲེང་རྩལ༔ ཡབ་ཡུམ་འཁོར་དང་བཅས་རྣམས་ཀྱིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལྷ་དང་དབྱེར་མེད་གྱུར་ནས་ཀྱང༔ ཆགས་བྲལ་འགྲོ་དོན་སྤྱོད་པར་ཤོག༔ ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི༔ བུདྡྷ་ཐོད་ཕྲེང་རྩལ༔ བུདྡྷ་དྷཱ་ཀི་ནཱི་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ་ཧྲཱི༔ ལྷོ་ནས་རང་བྱུང་གྲུབ་པའི་ལྷ༔ བཅོམ་ལྡན་མི་བསྐྱོད་རྡོ་རྗེ་རྩལ༔ ཡབ་ཡུམ་འཁོར་དང་བཅས་རྣམས་ཀྱིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལྷ་དང་དབྱེར་མེད་གྱུར་ནས་ཀྱང༔ ཆགས་བྲལ་འགྲོ་དོན་སྤྱོད་པར་ཤོག༔ ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི༔ བཛྲ་ཨཀྵོ་བྷྱ་ཀྲོ་དྷཱི་ཤྭ་རཱི་དྷཱ་ཀི་ནཱི་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ་ཧྲཱི༔ ནུབ་ནས་རང་བྱུང་གྲུབ་པའི་ལྷ༔ བཅོམ་ལྡན་པདྨ་དབང་ཆེན་རྩལ༔ ཡབ་ཡུམ་འཁོར་དང་བཅས་རྣམས་ཀྱིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལྷ་དང་དབྱེར་མེད་གྱུར་ནས་ཀྱང༔ ཆགས་བྲལ་འགྲོ་དོན་སྤྱོད་པར་ཤོག༔ ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི༔ པདྨེ་བྷ་ཤ་ཧ༔ དྷཱ་ཀི་ནཱི་ཀུ་རུ་ཀུལླེ་ཧྲཱིཿཨ་བྷི་ཥིཉྩ་མཱཾ༔ ཧཱུྃ་ཧྲཱི༔ བྱང་ནས་རང་བྱུང་གྲུབ་པའི་ལྷ༔ བཅོམ་ལྡན་རིག་འཛིན་ཐོད་པ་རྩལ༔ ཡབ་ཡུམ་འཁོར་དང་བཅས་རྣམས་ཀྱིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལྷ་དང་དབྱེར་མེད་གྱུར་མེད་ཀྱང༔ ཆགས་བྲལ་འགྲོ་དོན་སྤྱོད་པར་ཤོག༔ ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི༔ བཛྲ་ཨ་ཙརྻ་ཀ་པཱ་ལི་སཱུརྻ་ཙནྡྲ་ཀ་པཱ་ལེ་མཱ་ལེ་ཡོ་གི་ནཱི་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ་ཧྲཱི༔ ཤར་ལྷོ་མཚམས་ནས་རང་བྱུང་གྲུབ་པའི་ལྷ༔ བཅོམ་ལྡན་མདོག་དམར་མེ་ཕྲེང་རྩལ༔ ཡབ་ཡུམ་འཁོར་དང་བཅས་རྣམས་ཀྱིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལྷ་དང་དབྱེར་མེད་གྱུར་ནས་ཀྱང༔ ཆགས་བྲལ་འགྲོ་དོན་སྤྱོད་པར་ཤོག༔ ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི༔ ཀྲོ་ཏ་ཨརྩིག་ནིརྩིག་མ་མ་རུ་ལུ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ་ཧྲཱི༔ ལྷོ་ནུབ་མཚམས་ནས་རང་བྱུང་གྲུབ་པའི་ལྷ༔ བཅོམ་ལྡན་བུདྡྷ་དཔའ་བོ་ཐོད་དུམ་རྩལ༔ ཡབ་ཡུམ་འཁོར་དང་བཅས་རྣམས་ཀྱིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལྷ་དང་དབྱེར་མེད་གྱུར་ནས་ཀྱང༔ ཆགས་བྲལ་འགྲོ་དོན་སྤྱོད་པར་ཤོག༔ ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི༔ བུདྡྷ་ཀ་པཱ་ལི་དཔའ་བོ་ཧཱུྃ༔ བུདྡྷི་པྲ་དྷཱ་ཀི་ནཱི་མ་མ་རུ་ལུ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ་ཧྲཱི༔ ནུབ་བྱང་མཚམས་ནས་རང་བྱུང་གྲུབ་པའི་ལྷ༔ བཅོམ་ལྡན་རྟ་མགྲིན་དབང་ཆེན་རྒྱལ༔ ཡབ་ཡུམ་འཁོར་དང་བཅས་རྣམས་ཀྱིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལྷ་དང་དབྱེར་མེད་གྱུར་ནས་ཀྱང༔ ཆགས་བྲལ་འགྲོ་དོན་སྤྱོད་པར་ཤོག༔ ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི༔ བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་མ་མ་ཨེ་ཀ་ཙཱ་ཏི་གུ་ཧྱ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ་ཧྲཱིཿ བྱང་ཤར་མཚམས་ནས་རང་བྱུང་གྲུབ་པའི་ལྷ༔ དཔལ་ཆེན་ལག་ན་རྡོ་རྗེ་རྩལ༔ ཡབ་ཡུམ་འཁོར་དང་བཅས་རྣམས་ཀྱིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལྷ་དང་དབྱེར་མེད་གྱུར་ནས་ཀྱང༔ ཆགས་བྲལ་འགྲོ་དོན་སྤྱོད་པར་ཤོག༔ ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི༔ བཛྲ་པཱ་ཎི་མ་ཧཱ་ཀྲོ་ཏ་མ་མ་གུ་ཧྱ་ཨ་བྷི་ཥིཉྩ་མཱཾ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་བླ་མ་ཡི་དམ་མཁའ་འགྲོ་དགོངས་འདུས་ཀྱི་དཀྱིལ་འཁོར་དགུ་རྫོགས་ལྷ་ཚོགས་རྣམས་ཀྱི་སྐུའི་དབང་བསྐུར་པ་འདི་ལ་བརྟེན་ནས་སྐུ་ཕྱག་རྒྱ་བསྒོམ་པའི་རྣལ་འབྱོར་ལ་མངའ་བརྙེས་པར་གྱུར་ཅིག༔ དེས་ནི་རྩ་གསུམ་འཁོར་དང་བཅས་པའི་བསྐྱེད་རིམ་བསྒོམ་པ་ལ་དབང་ཞིང༔ དངོས་གྲུབ་རྣམ་གཉིས་མྱུར་དུ་བརྙེས་ནས་འབྲས་བུ་སྤྲུལ་པའི་སྐུ་ཐོབ་པར་འགྱུར་རོ༔ གཉིས་པ་གསུང་གི་དབང་བསྐུར་བ་ལ་མོས་པ་འདི་བཞིན་དུ་མཛོད། ཡི་གེ་དཔའ་བོ་འབྲུ་ལྔ་སྐུ་གསུང་ཐུགས་ཀྱི་སྙིང་པོ༔ ཨཱ་ལི་ཀཱ་ལི༔ རྟེན་འབྲེལ་སྙིང་པོ༔ རྩ་གསུམ་སྙིང་པོ་དང་ཉེ་སྙིང་རྣམས་རྡོ་རྗེ་སློབ་དཔོན་ཡེ་ཤེས་ལྷའི་ཐུགས་ཀ་ནས་ཞལ་ལ་བརྒྱུད་དེ༔ སློབ་མ་དམ་ཚིག་པར་གསལ་བའི་ཞལ་དུ་ཕྲེང་བ་ལ་བརྒྱུད་དེ་ཞུགས་ཤིང༔ སྙིང་གའི་ས་བོན་ཧྲཱིཿདམར་པོ་གསལ་བ་ལ་སིབ་སིབ་ཐིམ་པར་མོས་ཤིག༔ ཕྲེང་བ་སྦྲེལ་ལ་འབྲུ་ལྔ་འབྲུ་གསུམ་དབྱངས་གསལ་རྟེན་སྙིང་རྣམས་དང་། གཙོ་དགུའི་སྙིང་པོ། སྤྱི་དྲིལ་ཆེ་འབྲིང་རྣམས་རྗེས་ཟློས་ལན་གསུམ་གསུམ་བྱར་གཞུག །སྔགས་བྱང་སྤྱི་བོར་བཞག་ལ། ཧཱུྃ་ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ སྙིང་པོ་སྔགས་ཀྱི་འབྲུ་དང་བཅས༔ ཐབས་ཤེས་ཨཱ་ལི་ཀཱ་ལིའི་སྒྲ༔ གཉིས་མེད་རྟེན་འབྲེལ་སྙིང་པོའི་སྔགས༔ རང་བྱུང་ཡིག་འབྲུའི་དབང་བསྐུར་བས༔ སྔགས་ལ་བརྟན་པ་ཐོབ་ནས་ཀྱང༔ སྐྱེ་མེད་རྡོ་རྗེ་མངོན་འགྱུར་ཞིང༔ ཕྲིན་ལས་ཐོགས་མེད་འགྲུབ་པར་ཤོག༔ སྔགས་རྣམས་ཀྱི་མཐར། ཨ་བྷི་ཥིཉྩ་མཱཾ༔ ཞེས་དང་། སྔགས་ཀྱི་དབང་བསྐུར་བ་འདི་ལ་བརྟེན་ནས་བླ་མ་ཡི་དམ་མཁའ་འགྲོ་ལ་སོགས་པ་རྒྱལ་བ་ཡོངས་རྫོགས་ཐམས་ཅད་ཀྱི་གསུང་སྙིང་པོ་ལ་ལོངས་སྤྱོད་ཅིང་མངའ་བརྙེས་པའི་དབང་དང་ལྡན་པར་གྱུར་ཅིག༔ དེ་ལྟ་བུའི་ཚུལ་གྱིས་དབང་བསྐུར་བས་བླ་མ་ཡི་དམ་མཁའ་འགྲོ་འཁོར་དང་བཅས་པའི་སྔགས་བཟླས་པ་ལ་དབང་ཞིང༔ དངོས་གྲུབ་རྣམ་གཉིས་བརྙེས་ཏེ་ནུས་པའི་སྟོབས་རྒྱས་འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་འགྱུར་རོ༔ གསུམ་པ་ཐུགས་ཀྱི་དབང་བསྐུར་བ་ནི། དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཕྱག་མཚན་གྱི་ཚོགས་ཆར་བབས་པ་ལྟར་བྱུང་ནས་ཁྱེད་རང་རྣམས་ཀྱི་གནས་ལྔར་ཐིམ་པར་མོས་ཤིག །ཕྱག་མཚན་རྣམས་ཀྱི་ཙཀླི་གནས་ལྔར་གཏུག་ལ། ཧཱུྃ་ཧྲཱི༔ ཡེ་ཤེས་འཁོར་ལོ་རྒྱུན་ཆད་མེད༔ ཆོས་ཉིད་རྡོ་རྗེ་འགྱུར་བ་མེད༔ ནོར་བུ་རིན་ཆེན་དགོས་འདོད་འབྱུང༔ པདྨ་ཆགས་བྲལ་དྲི་མ་མེད༔ ཕྲིན་ལས་རྣམ་བཞི་ཐོགས་མེད་རྒྱལ༔ ཆོས་དབྱིངས་ཚངས་པའི་གནྡྷེ་སྒྲོག༔ བྷནྡྷ་བདུད་རྩི་བཅུད་དང་ལྡན༔ ཕུར་པས་བར་ཆད་དགྲ་བགེགས་འཇོམས༔ ཁ་ཊྭཱཾ་དུག་གསུམ་རྩད་ནས་གཅོད༔ ལྕགས་ཀྱུས་སྣང་བ་དབང་དུ་སྡུད༔ ཞགས་པས་ཉོན་མོངས་འཆིང་བར་བྱེད༔ ལྕགས་སྒྲོག་འབར་བས་བདུད་བཞི་འདུལ༔ ཅང་ཏེའུ་རྟོག་བྲལ་ཆོས་སྒྲ་སྒྲོག༔ ཐུགས་རྗེ་ཡིད་བཞིན་ཕྱག་མཚན་ཏེ༔ སྐྱེ་མེད་ཆོས་སྐུའི་དོན་མཚོན་ཞིང༔ སྐྱེས་མཆོག་བུ་ལ་དབང་བསྐུར་བས༔ ཀུན་བཟང་དགོངས་པའི་དོན་རྟོགས་ཤིང༔ འགྲོ་བ་སྨིན་གྲོལ་མཆོག་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་དྷརྨ་ཙིཏྟ་ཨ་བྷི་ཥིཉྩ་མཱཾ༔ སྐྱེས་བུ་ཁྱོད་ལ་ཐུགས་ཕྱག་མཚན་གྱིས་དབང་བསྐུར་བ་འདི་ལ་བརྟེན་ནས་དགོས་འདོད་རེ་བ་ཡིད་བཞིན་དུ་བསྐངས་ནས༔ སྐྱེ་མེད་རབ་འབྱམས་ཆོས་སྐུའི་དོན་མ་ནོར་བར་མངོན་སུམ་དུ་རྟོགས་ཤིང་ཁོང་དུ་ཆུད་པའི་དབང་ཐོབ་པར་གྱུར་ཅིག༔ དེས་ནི་བླ་མ་ཡི་དམ་མཁའ་འགྲོ་ལ་སོགས་པ་རྒྱལ་བ་ཐམས་ཅད་ཀྱི་དགོངས་པ་ལོན་ཅིང་འབྲས་བུ་ཆོས་སྐུ་ཐོབ་པར་འགྱུར་རོ༔ བཞི་པ་ཡོན་ཏན་གྱི་དབང་བསྐུར་བ་ནི། ཁྱེད་རང་རྣམས་ལ་རུས་པའི་རྒྱན་དྲུག །དུར་ཁྲོད་ཀྱི་ཆས་བརྒྱད། རིན་པོ་ཆེའི་རྒྱན། དར་གྱི་ཆུན་འཕྱང་གིས་བརྒྱན་པར་མོས་ཤིག །ཙཀླི་གཏད་ལ། ཧཱུྃ་ཧྲཱི༔ ཕ་རོལ་ཕྱིན་དྲུག་རྟགས་ཀྱི་རྒྱན༔ རྣམ་ཤེས་ཚོགས་བརྒྱད་རང་གྲོལ་ཆས༔ དགོས་འདོད་རེ་སྐོང་རིན་པོ་ཆེ༔ ཕྲིན་ལས་འགྲོ་འདུལ་དར་འཕྱང་མཛེས༔ ཡོན་ཏན་ཀུན་འབྱུང་རྒྱན་གྱི་དབང༔ སྐྱེས་བུ་ཁྱོད་ལ་བསྐུར་བ་ཡིས༔ སངས་རྒྱས་ཡོན་ཏན་རབ་བསྒྲུབ་ཅིང༔ ཐོགས་མེད་འགྲོ་དོན་སྤྱོད་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་རཏྣ་སརྦ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་མཱཾ༔ སྐལ་ལྡན་ཁྱོད་ལ་ཡོན་ཏན་རིན་ཆེན་འདོད་འབྱུང་རྒྱན་གྱི་རྒྱལ་པོས་དབང་བསྐུར་བས༔ སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རིན་པོ་ཆེ་གཏེར་གྱི་མཛོད་འཛིན་ཅིང་སེམས་ཅན་ཐམས་ཅད་ལ་དགོས་འདོད་རེ་བ་ཡིད་བཞིན་དུ་བསྐངས་ནས༔ འགྲོ་དོན་ཆགས་ཐོགས་མེད་པར་འབྱུང་བ་ལ་མངའ་བརྙེས་པའི་དབང་དང་ལྡན་པར་གྱུར་ཅིག༔ དེས་རྒྱལ་བ་ཐམས་ཅད་ཀྱི་ལོངས་སྤྱོད་ཡིད་བཞིན་རྒྱན་གྱི་རོལ་པ་ལ་དབང་འབྱོར་ཞིང་འབྲས་བུ་མི་འགྱུར་རྡོ་རྗེའི་སྐུ་ཐོབ་པར་འགྱུར་རོ༔ ལྔ་པ་ཕྲིན་ལས་ཀྱི་དབང་ནི་ཉན་བཤད་སྒོམ་གསུམ་གྱི་ཆས་རྣམས་གཏད་དེ་རྗེས་སུ་གནང་བར་མོས་ཤིག །སློབ་མའི་ལག་གཡས་སུ་དུང་། གཡོན་དུ་པུསྟི། མདུན་དུ་རྡོ་རྗེ་དྲིལ་བུ། ཕྲེང་བ། བུམ་པ། གཏོར་མ། ཉན་བཤད་སྒོམ་གསུམ་གྱི་ཆས། སྒྲུབ་རྟེན་གཏོར་མ་རྣམས་བཞག་ལ། ཧཱུྃ་ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་སྒྲུབ་པ་དང༔ བསྐྱེད་རྫོགས་ཟབ་མོའི་དོན་ལ་མངའ་བརྙེས་ཤིང༔ ཐོས་བསམ་སྒོམ་གསུམ་ཕྲིན་ལས་ཐོགས་པ་མེད༔ རང་གཞན་དོན་སྤྱོད་དབང་འདི་བསྐུར་བྱས་ནས༔ རྒྱལ་བ་ཡོངས་ཀྱི་ཕྲིན་ལས་སྒྲུབ་ལ་བརྩོན༔ འགྲོ་དོན་ཕྱོགས་མེད་སྤྱོད་པའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་མཱཾ༔ སྐྱེས་བུ་ཁྱོད་ལ་ཕྲིན་ལས་འགྲོ་འདུལ་གྱི་དབང་བསྐུར་བས་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་བསྒྲུབ་ཅིང༔ འགྲོ་བའི་དོན་སྐྱོ་དུབ་མེད་པར་སྤྱོད་པའི་དབང་དང་ལྡན་པར་གྱུར་ཅིག༔ དེས་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་བསྒྲུབ་པ་འགྲོ་བའི་དོན་ཕྱོགས་མེད་དུ་སྤྱོད་པ་ལ་དབང་ཞིང༔ འབྲས་བུ་མངོན་པར་བྱང་ཆུབ་པའི་སྐུ་ཐོབ་པར་འགྱུར་རོ༔ དེ་ལྟར་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་དབང་ཐོབ་ནས༔ བླ་མ་ཡི་དམ་མཁའ་འགྲོ་ལ་སོགས་པའི་བསྐྱེད་རྫོགས་ཟབ་མོའི་ཆོས་ཐམས་ཅད་ལ་ཉམས་སུ་ལེན་ཅིང་དབང་འབྱོར་ཐོབ་པའི་སྐལ་པ་དང་ལྡན་པར་འགྱུར་རོ༔ གསུམ་པ་གསང་བ་རྡོ་རྗེ་སློབ་དཔོན་གྱི་དབང་ལ། རང་དོན་ཀུན་ཏུ་བཟང་པོར་རྟོགས་པ་བསྐྱེད་ཅིང༔ གཞན་དོན་དུ་སྨིན་བྱེད་ཀྱི་ཕྲིན་ལས་བསྐུལ་བའི་དབང་གཉིས་ཞུ་བའི་དོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོཿསྟོན་པ་དགོངས་སུ་གསོལ༔ རྩ་བ་གསུམ་གྱི་དཀྱིལ་འཁོར་དུ༔ རྡོ་རྗེ་སློབ་དཔོན་བཀའ་ཡི་དབང༔ བརྩེ་བས་བདག་ལ་བསྐུར་དུ་གསོལ༔ ལན་གསུམ། འགྲུབ་ཏུ་རུང་ན་སློབ་མའི་ལུས་ལ་རུས་རྒྱན་ལ་སོགས་པའི་རྒྱན་གྱིས་སྤྲས་ནས་གདན་ལ་བཞག །ལག་ཏུ་རྡོ་རྗེ་དྲིལ་བུ་གཏང་ཅིང་། ཁྱེད་རང་རྣམས་སེང་གེས་བཏེགས་པའི་རྡོ་རྗེ་རིན་པོ་ཆེའི་ཁྲི་ལ་རིགས་ཐམས་ཅད་ཀྱི་ཁྱབ་བདག་ཀུན་ཏུ་བཟང་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་སྐུ་མདོག་མཐིང་ཀ་རྒྱན་གྱིས་བརྒྱན་པར་བསྒོམས་ཏེ༔ བླ་མའི་རྟོགས་ཚོགས་ཀྱི་ཡོན་ཏན་ཐམས་ཅད་སློབ་མའི་རྒྱུད་ལ་འཕོས་པར་མོས་ཤིག །ཧཱུྃ་ཧྲཱི༔ ཐབས་དང་ཤེས་རབ་གཉིས་མེད་པའི༔ སྣང་སྟོང་རྡོ་རྗེ་དྲིལ་བུ་འདི༔ དབྱེར་མེད་རྟག་ཏུ་འདི་ཟུངས་ལ༔ སྟོང་ཉིད་སྙིང་རྗེའི་སྙིང་པོ་ཡི༔ ཀུན་བཟང་རྡོ་རྗེ་འཛིན་ཁྱོད་ཀྱིས༔ འགྲོ་ཀུན་རྗེས་སུ་འཛིན་པར་གྱིས༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་བཛྲ་སརྦ་དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨ་བྷི་ཥིཉྩ་མཱཾ༔ འོ་སྐལ་ལྡན་ཁྱོད་ལ་རྡོ་རྗེ་དྲིལ་བུ་གཏད་ཅིང༔ ཀུན་ཏུ་བཟང་པོར་ཆེ་བ་བསྐྱེད་པ་ཙམ་གྱིས་རྣམ་པ་ཐམས་ཅད་མཁྱེན་པའི་ས་ཐོབ་ནས་སངས་རྒྱས་ཀུན་གྱི་རང་བཞིན་ཀུན་ཏུ་བཟང་པོའི་དགོངས་པ་ཀློང་ཡངས་རབ་འབྱམས་རང་རྩལ་གྱི་དབང་ཐོབ་པ་ཡིན་ནོ༔ རང་གི་སེམས་སྐྱེ་བ་མེད་པ་ཆོས་ཀྱི་སྐུར་སངས་རྒྱས་ཏེ༔ འདི་ལྟར་གྱི་སྣང་བ་ཐམས་ཅད་མ་སྤངས་གནས་སུ་དག་ནས༔ སྐུ་གསུམ་འདུ་འབྲལ་མེད་པར་འགྲོ་བའི་དོན་དཔག་ཏུ་མེད་པ་འགྲུབ་པར་འགྱུར་རོ༔ རྣམ་བུམ་ཐོགས་ལ། ཧཱུྃ་ཧྲཱི༔ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས༔ ཕྱག་ན་བདུད་རྩིའི་བུམ་པ་བསྣམས༔ གཉིས་མེད་བྱང་ཆུབ་སེམས་ཀྱི་ཆུས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དབང་རྣམས་རབ་ཏུ་བརྟན་ནས་ཀྱང༔ སྣང་སྲིད་གཞལ་ཡས་ཁང་གི་ནང༔ ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས༔ ལྷ་དང་ལྷ་མོར་ལྷུན་གྱིས་གྲུབ༔ ཐུགས་རྗེས་རོལ་པའི་ཕྲིན་ལས་ཀྱིས༔ འགྲོ་དོན་ཐོགས་པ་མེད་པར་སྤྱོད༔ ཕྱག་རྒྱ་རོལ་པའི་དབང་འདི་ཡོངས་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ སརྦ་དྷརྨ་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཨཱཿ སིདྡྷི་ཕ་ལ་ཧཱུྃ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་སིདྡྷི་ཕ་ལ་ཧཱུྃ༔ དྷརྨ་ཀཱ་ཡ༔ སཾ་བྷོ་ཀཱ་ཡ༔ ནིར་མ་ཀཱ་ཡ༔ སརྦ་དྷརྨ་ཀརྨ་ཨ་བྷི་ཥིཉྩ་མཱཾ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཀ་ལཱ་ཤ་ཨ་བྷི་ཥིཉྩ་མཱཾ༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་རྡོ་རྗེ་སློབ་དཔོན་གྱི་དབང་བརྟན་པར་བྱེད་པ་བཅུད་འདུས་བུམ་པའི་དབང་བསྐུར་བ་ཙམ་གྱིས༔ ཕྱི་ནང་སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་དང་ལྷའི་རང་བཞིན༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ལྷ་དང་ལྷ་མོར་གྱུར་པ་ཡིན་པས༔ དེ་ལྟར་ཡེ་ནས་ཡིན་པར་ཤེས་པར་གྱིས་ལ༔ ཕྱི་ནང་ཐམས་ཅད་ལ་བརྙས་པ་མ་བྱེད༔ དག་སྣང་དང་མོས་པ་རྒྱུན་ཆད་མེད་པའི་ངང་ནས་མཆོད་བསྟོད་བཀུར་སྟི་རྒྱ་ཆེན་པོ་གྱིས༔ སེམས་ཅན་ཐམས་ཅད་ཀྱང་བདེ་བར་གཤེགས་པའི་སྙིང་པོ་ཅན་ཡིན་པས༔ དང་དུ་བླང་ཞིང་བསྒྲུབ་པའི་རྒྱུར་ངོ་ཤེས་པར་གྱིས་ཤིག༔ ཅེས་བརྡ་དོན་སྤྲད་ལ་བུམ་ཆུ་འཐུང་བ་དང་ལྷག་མས་ཁྲུས་བྱར་གཞུག །ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིས་ལུས་ཐམས་ཅད་གང་ནས་དེ་ཉིད་ཀྱི་ཡེ་ཤེས་སྐྱེད་པར་མོས་ཤིག །དེ་ལྟར་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བས་རང་གཞན་དོན་གཉིས་མཐར་ཕྱིན་པར་འགྱུར་བ་ལ་དབང་འབྱོར་པའོ༔ དེ་ཡན་ཆད་ཀྱིས་ཕྱི་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་སྤྲོས་བཅས་བུམ་པའི་དབང་གྲུབ་པ་ཡིན་ནོ༔ འདི་མན་ཆད་ནི་དད་པ་དམ་ཚིག་ཉམས་ལེན་མཁན་སྣོད་དང་ལྡན་ངེས་པ་ལས་བསྐུར་དུ་མི་རུང་ཞིང་། སྣོད་དང་ལྡན་ཀྱང་བདུན་ནམ་ཉེར་གཅིག་ལས་མང་བ་ལ་མི་བསྐུར་རོ། །བཞི་པ་དེ་ཁོ་ན་ཉིད་དོན་དམ་བཅུད་ཀྱི་དབང་ལ་རྣམ་གྲངས་དྲུག་ཏུ་ཡོད་པའི་དང་པོ་ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་ནང་སྤྲོས་མེད་གསང་བའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ༔ རྡོ་རྗེ་འཛིན་ཞབས་བཀའ་དྲིན་གྱིས༔ དེང་བདག་བླ་མེད་བྱ་བ་ཐོབ༔ དེ་ཕྱིར་གསང་བའི་དབང་མཆོག་གིས༔ དད་ལྡན་རྗེས་སུ་བཟུང་དུ་གསོལ༔ ལན་གསུམ། བླ་མ་ཀུན་བཟང་ཡབ་ཡུམ་སྙོམས་འཇུག་མཛད་པའི་སྒྲས༔ བླ་མ་ཡི་དམ་མཁའ་འགྲོ་ཡང་ཡབ་ཀྱི་ཞལ་དུ་ཞུགས༔ ཐུགས་ཀར་ཞུ༔ ཡབ་ཡུམ་སྙོམས་འཇུག་མཛད་པའི་གསང་བ་ནས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་དཀར་དམར་གྱི་རྒྱུན་བབས༔ སློབ་མ་ཧེ་རུ་ཀའི་ངོ་བོར་གསལ་བའི་ལྕེ་སྟེང་དུ་ཕེབ་པ་ཙམ་གྱིས༔ སློབ་མའི་ལུས་ཐམས་ཅད་བདུད་རྩི་དཀར་དམར་གྱིས་ཁེངས་པས་བདེ་སྟོང་ཟག་པ་མེད་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཤིག༔ ཀ་པཱ་ལའི་བདུད་རྩི་སྦྱིན་ལ། ཧཱུྃ་ཧྲཱི༔ བླ་མ་ཧེ་རུ་ཀ་དཔལ་ཡབ་ཡུམ་གྱི༔ མཁའ་གསང་ལས་བྱུང་བླ་མེད་བདུད་རྩི་ཡིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ རྣམ་གྲོལ་བདེ་ཆེན་ཡེ་ཤེས་མཆོག་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ གུ་ཧྱ་མ་ཧཱ་སིདྡྷི་ཨ་བྷི་ཥིཉྩ་མཱཾ༔ སྤོས་རོལ་བཅས་ཀྱིས་ཉམས་སྤར་ལ། དེ་ལྟར་བྱིན་པའི་བདུད་རྩི་སྔགས་འདིའི་རྗེས་ཟློས་བཅས་མྱང་མཛོད། ཨ་ཧོ་མ་ཧཱ་སིདྡྷི་ཕ་ལ་ཧཱུྃ༔ སུ་ཁཾ༔ ཞེས་བརྗོད། བདུད་རྩི་མྱངས་པ་ཙམ་གྱིས་ལུས་བདུད་རྩིས་གང༔ ངག་གི་སྒྲིབ་པ་དག༔ འོད་དཔག་མེད་ཀྱི་སྐུར་གྱུར་པར་བསམ༔ དེས་བླ་མ་ལོངས་སྐུ་ལས་མཁའ་གསང་གི་དཀྱིལ་འཁོར་དུ༔ གསང་དབང་སྤྲོས་མེད་ངེས་པ་དོན་གྱི་དབང་ཐོབ༔ ངག་གི་སྒྲིབ་པ་དག༔ རང་བྱིན་གྱིས་བརླབ་པ་ལ་དབང༔ ས་བོན་ཐེབས་པ་དང་མཚུངས་ཏེ༔ ལོངས་སྐུ་ཐོབ་རུང་གི་རྟེན་འབྲེལ་འགྲིགས་པའོ༔ གཉིས་པ་སེམས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་གསང་བ་ཤིན་ཏུ་སྤྲོས་མེད་ཀྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ། གསོལ་འདེབས་རྗེས་ཟློས། ཀྱེ་ཧོ༔ ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས༔ དེང་བདག་བླ་མེད་བྱ་བ་ཐོབ༔ དེ་ཕྱིར་ཤེས་རབ་ཡེ་ཤེས་དབང༔ སྨིན་པར་བྱ་ཕྱིར་བསྐུར་དུ་གསོལ༔ ལན་གསུམ། རིག་ཙཀ་གཏད་ལ། ཨེ་མ་ཧོ༔ གཟུང་མ་མཆོག་འདི་བགྲོད་པའི་ལམ༔ བསྟེན་འོས་རྒྱལ་བ་རྣམས་ཀྱིས་གཟིགས༔ འཁྲུལ་འཁོར་རིམ་པས་སྦྱངས་པ་ཡིས༔ བདེ་བ་མཆོག་འདི་མྱོང་བར་མཛོད༔ སེམས་དཔའ་ནོར་བུ་པདྨ་ཡིས༔ རྡོ་རྗེ་སྐྱིལ་ཀྲུང་ལྡན་པར་བལྟ༔ དེ་ལྟར་གཏད་པའི་རིག་མ་དེས་ཀྱང་ཐར་པ་བསྟེན་པར་སྐུལ་བར་མོས་ཤིག །ཨེ་མ་བདག་གི་གསང་བའི་མཁའ༔ བདེ་ཆེན་མཆོག་ནི་ཡང་དག་ལྡན༔ གང་ཞིག་ཆོ་གས་བསྟེན་བྱེད་པ༔ དེ་ཡི་མདུན་དུ་བདག་གནས་སོ༔ ཧེ་རུ་ཀ་དཔལ་དགྱེས་ལགས་སམ༔ བྱ་བ་གསང་བ་ཅི་བཞིན་བྱ༔ རྣལ་འབྱོར་རྒྱལ་པོ་ཁྱོད་ཉིད་ཀྱིས༔ དཀྱིལ་འཁོར་འདིར་ཡང་རྟག་གཞུག་མཛོད༔ བློ་ཆེན་སྲེད་དང་བྲལ་བའི་ངང༔ དགའ་བཞིའི་ཡེ་ཤེས་མཆོག་ལ་རེག༔ བཛྲ་མོཀྵ་ཧོ༔ ཞེས་གསུངས་ཏེ་པང་དུ་བྱོན་པར་གྱུར། དེ་ནས་ཁྱེད་རང་སློབ་མ་རྣམས་ཁྱབ་བདག་པདྨ་བཛྲ་རྩལ་དང་གཟུང་མ་ལྷ་ལྕམ་མནྡཱ་ར་བར་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པས་ལུས་ངག་ཡིད་གསུམ་ལ་སོགས་ཁམས་དང་སྐྱེ་མཆེད་ཐམས་ཅད་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས༔ ཁྱད་པར་དུ་ཡུམ་གྱི་གསང་བའི་མཁའ་དབྱིངས་ཨཱཿལས་པདྨ་དམར་པོ་འདབ་མ་ལྔ་པ་ཟེའུ་འབྲུ་ཨཱཾཿགིས་མཚན་པ༔ ཡབ་ཀྱི་རྡོ་རྗེ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བ་ཧཱུྃ་གིས་མཚན་པར་དམིགས་ཤིང༔ གཉིས་ཀའི་བུ་གའི་སྒོ་ཕཊ་སེར་པོས་བཀག་པར་བསམས་ལ་སྙོམས་པར་འཇུག་པའི་མོས་པ་མཛོད། སྤོས་དང་རོལ་མོ་བསྒྲགས་ལ། ཨོཾ་ཤཱི་ཤཱི་ཤཱི༔ ཧེ་ཧེ་ཧེ་སྭཱ་ཧཱ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ རཱ་ཧོ་ཧཾ༔ རཱ་ག་ཡཱ་མི༔ ཞེས་བཟླས་ཤིང་ཡེ་ཤེས་དབབ། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཁྱེད་རང་ཡབ་ཡུམ་གཉིས་ཀྱི་ལུས་ལ་ཐིམ་ཞིང་བདེ་བ་གཡོས་པས་སྤྱི་བོའི་ཧཾ་ལས་བྱང་སེམས་ཀྱི་རྒྱུན་མགྲིན་པར་བབས་པས་དགའ་བའི་ཡེ་ཤེས༔ སྙིང་གར་བབས་པས་མཆོག་དགའི་ཡེ་ཤེས༔ ལྟེ་བར་བབས་པས་དགའ་བྲལ་གྱི་ཡེ་ཤེས༔ གསང་བར་བབས་པས་ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་མངོན་དུ་བྱས་པར་མོས་ཤིག༔ ཅེས་དང་། ཨེ་མ་ ཐབས་དང་ཤེས་རབ་གཡོ་བའི་རང་བཞིན་བདེ་ཆེན་པོ༔ མཆོག་གི་དེ་ཉིད་ཡང་དག་མཚོན་ཕྱིར་བརྟན་པར་ཟུངས༔ གཡོ་མེད་ཀྱིས་ནི་རབ་བརྟན་རྡོ་རྗེ་སྐྱིལ་ཀྲུང་ལ༔ སེམས་ནི་ནོར་བུའི་ནང་དུ་སོན་པར་བལྟས་ཏེ་ཞོག༔ ས་མ་ཡ༔ གུ་ཧྱ༔ མ་ཧཱ་སིདྡྷི༔ སརྦ་དྷ་ཐིམ༔ ཨ་ཧཾ༔ ཞེས་ངོ་སྤྲད། དེས་ཡིད་ཀྱི་སྒྲིབ་པ་དག་ནས་མི་བསྐྱོད་པའི་སྐུར་གྱུར་པར་མོས་ཤིག༔ དེ་ལྟར་ན་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ བླ་མ་ཆོས་ཀྱི་སྐུ་ལས་ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ ཡིད་ཀྱི་སྒྲིབ་པ་དག༔ དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ལ་དབང༔ མྱུ་གུ་སྐྱེས་པ་དང་འདྲ་སྟེ་ཆོས་སྐུ་ཐོབ་རུང་གི་རྟེན་འབྲེལ་འགྲིགས་པའོ༔ གསུམ་པ་རང་བཞིན་དབྱིངས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་དེ་ཁོ་ན་ཉིད་རབ་ཏུ་སྤྲོས་མེད་ཀྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ༔ གསོལ་འདེབས་རྗེས་ཟློས། ཀྱེ་ཧོ༔ ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས༔ གཙོ་བོ་དབང་བསྐུར་རྣམ་གསུམ་ཐོབ༔ དེ་རིང་རིན་ཆེན་བཞི་པའི་དབང༔ སློབ་དཔོན་གྱིས་ནི་བསྐུར་དུ་གསོལ༔ ལན་གསུམ། ཁྱེད་རང་རྣམས་ཕན་ཚུན་གཅིག་ལ་གཅིག་མ་རེག་པར་ལུས་རྣམ་སྣང་གི་ཆོས་བདུན་བཅའ་བར་ཞུ། འོ་ཁྱོད་རང་རྣམས་ལུས་སོག་ཕོན་ཐག་པ་བཅད་པ་བཞིན་དུ་ཤིག་གེ༔ ངག་པི་ཝཾ་གི་རྒྱུན་ཐག་ཆད་པ་ལྟར་ཝལ་ལེ༔ སེམས་ནམ་མཁའ་རྡུལ་དང་བྲལ་བ་ལྟར་སང་ངེར་ཞོག་ཅིག༔ ཅེས་བསྒོས་ཏེ༔ དར་ཅིག་དེ་ཀའི་ངང་ལ་བཞག༔ དེ་ནས་སློབ་མའི་སྙིང་གར་རྡོ་རྗེ་བཞག་ལ༔ ཀྱེ་ཧོཿསྐལ་ལྡན་རིགས་ཀྱི་བུ༔ ཆོས་རྣམས་ནམ་མཁའ་ལྟ་བུ་སྟེ༔ ནམ་མཁའ་ལ་ནི་མཚན་ཉིད་མེད༔ རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད༔ ཁྱོད་རང་ཡང་ནི་དེ་ཡི་ཕ༔ དེ་བཞིན་ཉིད་ལ་མ་ཡེངས་ལྟོས༔ བལྟས་ཙམ་ཉིད་ནས་གཞི་རྩ་བྲལ༔ གཞི་མེད་རྩ་བྲལ་ཨེ་མ་ཧོ༔ ཧཱུྃ་ཧྲཱི༔ རྩ་བ་གསུམ་གྱི་ལྷ་ཚོགས་ཀྱི༔ ཚིག་གི་དབང་མཆོག་ཟབ་མོ་འདི༔ སྐལ་ལྡན་ཁྱོད་ལ་བསྐུར་པ་ཡིས༔ དབང་བཞི་ཡོངས་སུ་རྫོགས་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཙ་ཏུར་ཨ་བྷི་ཥིཉྩ་ཧཱུྃ་ཧྲཱི༔ ཞེས་དབང་བསྐུར་ཞིང་བརྡ་དོན་སྤྲད། དེས་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་བླ་མ་ངོ་བོ་ཉིད་ཀྱི་སྐུ་ལས༔ དེ་ཁོ་ན་ཉིད་རབ་ཏུ་སྤྲོས་མེད་ཚིག་དབང་རིན་པོ་ཆེ་ཐོབ༔ ཡིད་ཀྱི་སྒྲིབ་པ་དག༔ རྫོགས་པའི་རིམ་པ་བསྒོམ་པ་ལ་དབང༔ སྟོན་ཐོག་ཐོབ་པ་དང་འདྲ་སྟེ་ངོ་བོ་ཉིད་ཀྱི་སྐུ་ཐོབ་རུང་གི་རྟེན་འབྲེལ་འགྲིགས་པའོ༔ བཞི་པ་ལྷུན་གྲུབ་རང་གསལ་གྱི་དཀྱིལ་འཁོར་ལ་བརྟེན་ནས་བླ་མེད་ཐོད་རྒལ་རིག་པའི་རྩལ་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་འདེབས་རྗེས་ཟློས། ཨེ་མ་ཧོ༔ བླ་མ་ཀུན་བཟང་དཔལ་ཆེན་ཆེ་བའི་མཆོག༔ ཀ་དག་དགོངས་པའི་མཁའ་ཀློང་འཁྱིལ་པ་ནས༔ འཁོར་འདས་ཡོངས་སྒྲོལ་ཆེན་པོའི་དབང་མཆོག་ནི༔ མངོན་སུམ་རྩལ་ཆེན་ལྷང་ངེར་བསྐུར་དུ་གསོལ༔ ལན་གསུམ། ཁྱེད་རང་རྣམས་ཆོས་སྐུའི་བཞུགས་སྟངས་སེང་ཆེན་གྱི་འཁྲུལ་འཁོར་དང་ལྡན་པས༔ ཉི་མའི་དཀྱིལ་འཁོར་སྤྲིན་དང་བྲལ་བའི་ཟུར་ལ་གཟིགས་སྟངས་བཅུན་པས་རང་བཞིན་མངོན་སུམ་དུ་སྐུ་དང་ཐིག་ལེ་བཀྲ་ཤིག་གེ་གསལ་བར་མཐོང་བར་མོས་ཤིག །རྡོ་རྗེ་སེམས་དཔའི་མེ་ལོང་སྤྱི་བོར་བཞག །བུ་ཀྱེ་ ལྟོས་ཤིག་ལྟོས་ཤིག་དབྱིངས་ལ་ལྟོས༔ ཡིད་དཔྱོད་འཛིན་པའི་ཁུངས་བརྡིབས་ནས༔ མངོན་སུམ་ཆོས་ཀྱི་སྐུར་སྣང་བ༔ མ་ཡེངས་མདུང་ཚུགས་དེ་ལ་གཏོད༔ སྣང་ལ་རང་བཞིན་མ་གྲུབ་སྟེ༔ ངོ་བོ་སྨྲ་བརྗོད་མཐའ་དང་བྲལ༔ རང་བཞིན་སྒྲིབ་གཡོགས་བྲལ་བར་སྣང༔ ཐུགས་རྗེ་ཀུན་ཁྱབ་ལུ་གུ་རྒྱུད༔ འདི་ནི་གདོད་ནས་ཉིད་ལ་བཞུགས༔ གཞན་ནས་མ་བྱུང་གཞིར་བཞག་ཉིད༔ འདི་མཐོང་དོན་ཆེན་སྐལ་བཟང་མཆོག༔ བུ་ཁྱོད་དེང་ནས་འབྲས་བུ་བརྙེས༔ ཀུན་བཟང་རྩལ་རྫོགས་དབང་ཆེན་ཐོབ༔ རྩོལ་བྲལ་སྒྲིབ་མེད་ཡེ་སངས་རྒྱས༔ དཔེར་ན་ཤེལ་དང་མེ་ལོང་བཞིན༔ ཕན་ཚུན་མངོན་སྣང་རང་བཞིན་བྲལ༔ ཆོས་ཀུན་གྲོལ་བའི་ཆོ་འཕྲུལ་ཏེ༔ དེ་དོན་སེམས་ཀྱི་ཕུར་དུ་འཆང༔ དུས་གསུམ་རྒྱལ་བའི་དབང་ལུང་རྫོགས༔ ཞེས་པས་དབང་བསྐུར་ཞིང་། དེའི་བརྡ་དོན་ངོ་སྤྲད་པ་ནི། འདི་ལ་གསན་པས་ཁྱབ་སྟེ། ཐལ་འགྱུར་ལས༔ ལུ་གུ་རྒྱུད་དུ་གཅེར་མཐོང་བས༔ རྣམ་རྟོག་འགྱུ་བའི་དྲན་པ་འགག༔ བྱ་ལམ་ནམ་མཁར་འགྲོ་བ་བཞིན༔ ཆོས་ཀྱི་དབྱིངས་ལས་འགྲོ་ས་མེད༔ གཞན་མེད་རིག་སྣང་རྣམ་དག་ལ༔ འཁྲུལ་པར་སྣང་བའི་རྒྱུ་རྐྱེན་ཟད༔ དབྱིངས་དང་རིག་པ་འབྲལ་མེད་པས༔ ལུ་གུ་རྒྱུད་ཀྱི་འཕེལ་སྣང་སྟོན༔ རིག་པའི་ངོ་བོ་ལུ་གུ་རྒྱུད༔ འདས་དང་མ་འོངས་ད་ལྟ་ལ༔ སུས་ཀྱང་བྱས་པ་མ་ཡིན་པས༔ དེས་ན་འདུས་མ་བྱས་པ་ཉིད༔ ལུ་གུ་རྒྱུད་ཀྱི་རང་བཞིན་ནི༔ རྣམ་པར་རྟོག་པ་ཀུན་དག་པས༔ མ་འཁྲུལ་པ་ཡི་སངས་རྒྱས་སོ༔ ཞེས་གསུངས་པ་ལྟར་རོ། །དེས་ཀུན་རྫོབ་དང་དོན་དམ་བྱང་ཆུབ་སེམས་གཉིས་མེད་ལྷུན་གྲུབ་རང་གསལ་འོད་ཀྱི་དཀྱིལ་འཁོར་དུ༔ བླ་མ་སྐུ་བཞི་ཡོངས་རྫོགས་ཧེ་རུ་ཀའི་སྐུ་ལས༔ བླ་མེད་ཐོད་རྒལ་རང་རིག་རྩལ་གྱི་དབང་ཐོབ༔ བསྒྲིབ་བྱ་སྒྲིབ་བྱེད་དང༔ དག་བྱ་དག་བྱེད་ཀྱི་མཐའ་ལས་འདས་པས་བསྐྱེད་རྫོགས་གཉིས་མེད་ཀྱི་ཀློང་དུ་དབང་འབྱོར་ཐོབ༔ འབྲས་བུ་བཅུད་དུ་སྨིན་ནས་རྒྱུར་མི་ལྡོག་པའི་གདིང༔ དཔེར་ན་ཏིལ་འབྲུ་མར་དུ་གྲུབ་པ་དང་མཚུངས་ཤིང༔ ཆོས་ཀྱི་སྐུ་བཅོས་བསླད་དང་བྲལ་བ་ཡེ་གཞིའི་སྟེང་དུ་ཕེབ་པའི་རྟེན་འབྲེལ་འགྲིགས་པའོ༔ ལྔ་པ་སྣང་སྲིད་གཞི་རྫོགས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་རྒྱས་འདེབས་ཀྱི་དབང་གོང་མ་ཞུ་བའི་ཡོན་དུ་མཎྜལ་འབུལ། གསོལ་འདེབས་རྗེས་ཟློས། ཀྱེ་ཧོཿརྡོ་རྗེ་འཛིན་པ་དགོངས་སུ་གསོལ༔ བདག་ནི་ཚེ་རབས་ལས་དང་སྐལ་ལྡན་ཕྱིར༔ སྟོན་པས་རྗེས་བཟུང་སྨིན་གྲོལ་ས་ལ་བཀོད༔ ད་ནི་སྲིད་གསུམ་གདར་ཤ་གཅོད་པ་ཡི༔ རྒྱས་འདེབས་ཆེན་མོའི་དབང་མཆོག་བསྐུར་དུ་གསོལ༔ ལན་གསུམ། སྐབས་འདིར་གཞུང་གསལ་གྱི་ཆས་སོགས་དེང་སང་དཀྱུས་ཀྱི་ཕྱག་ལེན་དུ་མི་འགྲིགས་པས་བླ་མས་ཅང་ཏེའུ་བསྣམས་ནས་བཞེངས་ཏེ་རྟོགས་པའི་གདིང་བསྐྱེད། སློབ་མ་རྣམས་སྟོད་གཡོགས་ཕུད་ལ་ཐལ་ཆེན་བྱུགས་ཤིང་ཌཱ་མ་རུ་གཏད་ནས་ལངས་བཅུག་ལ། འོ་སྐལ་ལྡན་རིགས་ཀྱི་བུ་རྣམས་ཉོན་ཅིག༔ ཁྱོད་ཅག་གསང་སྔགས་བླ་མེད་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་ཟབ་མོའི་སྒོར་བཅུག༔ བླ་མ་ཡི་དམ་མཁའ་འགྲོ་རྣམས་ཀྱིས་རྗེས་སུ་བཟུང༔ ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་བར་བྱས་ཏེ་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་ཤིང༔ ལུས་ཀྱི་སྤྱོད་ལམ་རྣམ་འགྱུར་ཅི་བྱས་ཀྱང་སྐུ་གསུམ་དུ་གྲོལ་བའི་ཕྱིར༔ བྱ་བྱེད་ཐམས་ཅད་ཆོས་ཉིད་ཀྱི་རོལ་པ༔ ངག་ཏུ་ཅ་ཅོ་ཅི་སྨྲས་ཀྱང་སྨྲ་བསམ་བརྗོད་བྲལ་དུ་གྲོལ་བས༔ ཅི་སྨྲས་ཐམས་ཅད་སྔགས་ཀྱི་རང་སྒྲ༔ སེམས་ཀྱི་རྟོག་ཚོགས་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་ཀྱི་བསམ་གཏན་དུ་གྲོལ་བས༔ རང་སེམས་རྟོགས་གྲོལ་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར་ཏེ༔ དེ་ལྟར་ལུས་ངག་ཡིད་གསུམ་ཆོས་ཉིད་ཀྱི་རོལ་པ་ལས་མ་འདས་པའི་ཕྱིར༔ འཁོར་འདས༔ བདག་གཞན༔ བཟང་ངན༔ དབང་པོ་རྣོ་རྟུལ༔ སྐྱེ་རྒ་ན་འཆི་ལ་སོགས་པ་ཐམས་ཅད་གཉིས་མེད་རོལ་པར་འུབ་ཆུབ༔ ཀ་དག་ཆོས་ཉིད་མངོན་སུམ་གྱི་རོལ་པ་ཆེན་པོའི་ཀློང་དུ་རང་གྲོལ་བས༔ ད་བསྐྱར་གཞི་མེད༔ རྒྱུ་ཟད་རྐྱེན་ཟད༔ འབྲས་བུ་ཟད་ཅིང་ཁམས་གསུམ་དུ་འཁོར་བའི་མིང་མེད་པས༔ བཟང་ངན་དང་བླང་དོར་གྱི་གདོས་ཐག་བཅད་དེ༔ སྲིད་པ་གསུམ་གྱི་གདར་ཤ་ཆོད་ནས་གདའ་བས་ཕཊ་ཀྱིས་སྣང་བ་ཐམས་ཅད་ཐུག་ཕྲད་རང་གྲོལ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བས༔ ལུས་སྣང་སྟོང་སྒྱུ་མའི་གྲོང་ཁྱེར་དང་འདྲ་སྟེ་རང་ཡན་ལ་ཐོངས༔ ངག་གྲགས་སྟོང་བྲག་ཆའི་ཅ་ཅོ་དང་འདྲ་སྟེ་ཆེད་མེད་དུ་བོར༔ ཡིད་གསལ་སྟོང་བར་སྣང་གི་རི་མོ་དང་འདྲ་སྟེ་རང་བབས་སུ་ཞོག༔ ཅེས་ངར་དང་བཅས་པས་བརྗོད་ལ༔ བླ་མས་སྣ་དྲངས་ཤིང་དཔོན་སློབ་ཐམས་ཅད་རྣམ་པར་རྟོག་པ་སྣ་མི་བསྐྱིལ་བར་ལུས་གར་སྟབས། ངག་ཧཱུྃ་ཕཊ་ཀྱི་སྒྲ །ཡིད་གང་ཤར་ལྟོས་མེད་རྩིས་གདབ་ཐམས་ཅད་དང་བྲལ་བར་རྒྱ་ཡན་དུ་བཏང་ཞིང་དེའི་ངོ་བོ་བསྐྱངས་ལ་མཐར། ཁྱེད་རང་རྣམས་སྒོ་གསུམ་ཟོ་ཀློད་ལ་འཁོད་དེ་ངོ་སྤྲད་པ་འདི་ལ་གསན་འཚལ། དེའང་། ཐལ་འགྱུར་ལས༔ སྣང་བ་འཁྲུལ་པའི་རང་བཞིན་ནི༔ ཡེ་ཤེས་ཡིན་པ་སྔར་མ་མཐོང༔ རྟོག་བཅས་འཁྲུལ་པའི་གཞི་མེད་པས༔ ཀུན་གྱིས་ཆོས་སྐུ་ཆེན་པོར་རྟོགས༔ འཁྲུལ་པ་རང་རྟོག་རྒྱུན་ཆད་དོ༔ དེ་ལྟར་འཁྲུལ་མེད་སྣང་བ་ནི༔ ཡེ་ནས་གྲོལ་བའི་གནད་ལས་བྱུང༔ འགྲོ་བའི་ཕུང་པོ་སངས་རྒྱས་སྐུ༔ ཡེ་ནས་ཡིན་པ་སུས་མ་རིག༔ ཕུང་པོ་སངས་རྒྱས་མངའ་བདག་ཏུ༔ རྩ་གནས་ཡི་གེ་གྲུབ་ལས་བྱུང༔ ཆུ་བུར་མིག་ལ་ཡེ་ཤེས་ནི༔ རང་སྣང་ཡིན་པར་སུས་མ་མཐོང༔ དེ་ལ་འཁྲུལ་པའི་སྣང་བ་ནི༔ སྒྲོན་མའི་གནས་ལས་བྱུང་བའོ༔ གཞན་ཡང་ལུས་ཀྱི་སྤྱོད་ལམ་ནི༔ སྐུ་གསུམ་དག་དང་གྲོལ་བའི་ཕྱིར༔ བྱ་བྱེད་ཐམས་ཅད་ཆོས་ཉིད་དོ༔ ངག་ཏུ་ཅི་ལྟར་སྨྲས་པ་ཀུན༔ གསང་སྔགས་གསང་བའི་བཟླས་པ་སྟེ༔ ཡིག་འབྲུ་རྣམ་འཕྲུལ་གནད་ལས་བྱུང༔ འགྲོ་བའི་སེམས་ཀྱི་རྟོག་ཚོགས་ཀུན༔ བསམ་གཏན་ཡིན་པར་ཅི་ལ་ཤེས༔ རང་སེམས་རྟོགས་ན་གྲོལ་བས་ན༔ དེ་ནི་འབྱུང་བའི་གནད་ལས་བྱུང༔ དེ་ལྟར་ཐམས་ཅད་ཆོས་ཉིད་ལས༔ བསླབ་པར་བྱ་བ་གང་མེད་ཅིང༔ བཞག་པར་བྱ་བ་ཅུང་ཟད་མེད༔ གང་ཡང་མེད་པའི་ཆོས་ཉིད་དོ༔ བྱ་བྱེད་བརྗོད་དང་བསམ་པ་ལ༔ འཁོར་འདས་གྲོལ་བའི་གནད་བརྟགས་ཏེ༔ སངས་མ་རྒྱས་པ་གཅིག་ཀྱང་མེད༔ ཁམས་གསུམ་འཁོར་བ་དོང་སྤྲུགས་སོ༔ གཞན་ཡང་ཁམས་གསུམ་སེམས་ཅན་ཀུན༔ ལུས་ངག་ཡིད་ལས་མ་འདས་པས༔ སྐུ་གསུམ་གཞན་དུ་བཙལ་མི་དགོས༔ བཙལ་ཡང་རྙེད་པའི་གནས་མེད་དོ༔ མ་བྱུང་བྱུང་ས་མེད་པ་ལ༔ བལྟས་པས་མཐོང་བ་ངོ་མཚར་ཆེ༔ ངོ་མཚར་ཆེན་པོའི་རོལ་པ་ནི༔ སངས་རྒྱས་སེམས་ཅན་འབྱེད་པ་མེད༔ ནམ་མཁའ་ལ་ནི་སྤྲིན་བཞིན་དུ༔ རང་བྱུང་རང་ལ་རྫོགས་པའི་གཞི༔ ཆོས་ཉིད་མངོན་སུམ་ཁྱད་པར་གྱིས༔ དབང་པོ་རྣོ་དང་བརྟུལ་མེད་པས༔ སེམས་ཅན་ཐམས་ཅད་སངས་རྒྱས་ལས༔ གཞན་དུ་གནས་པ་མ་ཡིན་ནོ༔ ལུས་ཅན་སེམས་ཀྱིས་ཁྱབ་པའི་ཕྱིར༔ སངས་རྒྱས་མ་ཡིན་སེམས་ཅན་མིན༔ ས་བོན་ལ་ནི་འབྲས་བུ་བཞིན༔ རང་རིག་རང་བཞིན་གཤིས་ཀྱི་གནད༔ བརྗོད་པ་ཚིག་གིས་མ་ཡིན་པར༔ དང་པོའི་ཡུལ་ལ་གསལ་སྣང་བས༔ གཅེར་མཐོང་གྲོལ་བའི་བདག་ཉིད་དོ༔ གཞན་ཡང་རྐྱེན་གྱི་སེམས་ཅན་རྣམས༔ སངས་མ་རྒྱས་པ་གཅིག་ཀྱང་མེད༔ རང་སྣང་ཡེ་ཤེས་ཆོས་མཐུན་ཕྱིར༔ འཁོར་བ་ཡེ་ནས་ཡོད་མ་ཡིན༔ དེ་ཕྱིར་རང་རང་སངས་རྒྱས་སོ༔ སྐྱེ་བ་ཉིད་ནི་རྟོགས་པ་ལ༔ མངལ་དུ་གནས་པ་ཆོས་ཀྱི་དབྱིངས༔ ལུས་སེམས་འདུས་པ་དབྱིངས་རིག་འབྲེལ༔ ལུས་སུ་སྣང་བ་སྐུ་གསུམ་སྟེ༔ རྒས་པ་ཆོས་ཟད་འཁྲུལ་སྣང་འགག༔ ན་བ་ཆོས་རྣམས་ཉམས་སུ་མྱོང༔ ཤི་བ་སྟོང་པ་ངོས་བཟུང་མེད༔ དེས་ན་སེམས་ཅན་སངས་རྒྱས་སོ༔ དེ་ཡང་ཆོས་ཉིད་མངོན་སུམ་གནད༔ མཐོང་བ་ཙམ་གྱིས་ཤེས་པ་དང༔ དེ་ཤེས་པ་ཡིས་རྟོགས་པ་དང༔ རྟོགས་པ་ཙམ་གྱིས་གྲོལ་བར་འགྱུར༔ གྲོལ་ཞེས་བཀྲོལ་བ་མ་ཡིན་ཏེ༔ ནམ་མཁའ་དག་ནི་ནམ་མཁའ་ལ༔ ཐིམ་ནས་རང་བཞིན་དམིགས་མེད་པས༔ རིས་མེད་ཆ་ཤས་ཡོད་མ་ཡིན༔ མངོན་སུམ་རྙེད་པའི་གང་ཟག་ལ༔ ཁམས་གསུམ་འཁོར་བའི་མིང་མེད་པས༔ སྲིད་གསུམ་གདར་ཤ་ཆོད་པ་འོ༔ ཞེས་གསུངས་ཏེ། མདོར་ན་ཐོད་རྒལ་གྱི་རྩལ་དབང་གོང་མ་གཉིས་ཀྱི་དོན༔ གཞི་ཡེ་སངས་རྒྱས་པས་བསྐྱར་གཞི་མེད༔ ལམ་མངོན་སངས་རྒྱས་པས་བགྲོད་རྒྱུ་མེད༔ འབྲས་བུ་མངོན་སངས་རྒྱས་པས་གྲོལ་རྒྱུ་མེད་པར་ངོ་ཤེས་པར་གྱིས་ཤིག༔ དེས་ནི་ཀ་དག་ཡེ་ཀློང་ཆེན་པོའི་དཀྱིལ་འཁོར་དུ༔ བླ་མ་མངོན་སུམ་དུ་མཐོང་གྲོལ་གྱི་སྐུ་ལས་འཁོར་འདས་གཉིས་མེད་ཕྱམ་བརྡལ་གྱི་དབང་ཐོབ༔ སྒྲིབ་པ་ཡེ་དག་ནས་འབྲས་བུ་ཡོངས་རྫོགས་སྤྱི་ལྟོས་ཆེན་མོ་ཐ་སྙད་ཀྱི་ཆོས་ཐམས་ཅད་མིང་གི་བརྗོད་བྱར་བྱས་ཏེ༔ འཕོ་འགྱུར་མེད་པའི་སྐུ་མི་སྣང་བ་ཆེན་པོ་ཉིད་ཀྱི་རྟེན་འབྲེལ་འགྲིགས་པའོ༔ དྲུག་པ་པུསྟིའི་དབང་ལུང་རིགས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་བཏགས་གྲོལ་གྱི་རྒྱུད་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་འདེབས་རྗེས་ཟློས། ཀྱེ་ཧོཿབླ་མ་རྡོ་རྗེ་འཛིན༔ ཡེ་ཐོག་དང་པོའི་བསྟན་པ་མགོན༔ སྲས་གཅིག་ཅོད་པན་ལུང་དབང་ནི༔ དེང་འདིར་བདག་ལ་བསྐུར་དུ་གསོལ༔ ལན་གསུམ། སློབ་མའི་མགོ་ལ་རིགས་ལྔའི་སྐུ་རྟེན་དབུ་རྒྱན་བཀོན༔ ལག་ཏུ་རྡོ་རྗེ་དྲིལ་བུ་གཏད༔ བཏགས་གྲོལ་དར་སྣ་ལྔའི་ལྕིབས་ཀྱིས་བླངས་པ་སྙིང་གར་བཟུང་ལ༔ ཨོཾ་ཨཱཿཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཡེ་ཐོག་དང་པོའི་སངས་རྒྱས་ཀྱི༔ དགོངས་པ་བླ་ན་མེད་པའི་དོན༔ མ་གསུང་གསུངས་པ་མེད་པའི་ཆོས༔ ཡང་ཞུན་གསེར་གྱི་སྙིང་པོ་འདི༔ གདུལ་བྱ་འདུལ་ཕྱིར་པུསྟི་འགྲིམ༔ མཐོང་ཐོས་རེག་དོན་ལྡན་པ་སྟེ༔ རང་གྲོལ་ཆེན་པོར་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་བུདྡྷ་པུ་ཏྲ་ཨེ་ཀ་གུ་ཧྱ་སྤུ་རི་ས་མ་ཏནྟྲ་ཨ་བྷི་ཥིཉྩ་མཱཾ༔ ཅེས་དབང་བསྐུར། ཚར་གཅིག་བཀླགས་ནས། འདིའི་ཚིག་ཁ་ཏོན་དུ་བརྗོད་ནས་དོན་ཡིད་ལ་གྱིས༔ གླེགས་བམ་ལུས་ལ་ཆོངས་ཤིག༔ ཅེས་བསྒོ །དེའང་རྒྱུད་ཉིད་ལས༔ འདི་འཛིན་རྣལ་འབྱོར་སྐལ་ཆེ་བས༔ ལན་གསུམ་འདི་ཡི་ཚིག་ཀུན་ཀྱང༔ ལྷག་དང་ཆད་པ་མེད་པར་ནི༔ རྡོ་རྗེ་ལྕེ་ཡི་སུས་བརྗོད་པ༔ འདི་ཡང་དེ་དང་མཉམ་པར་ཡང༔ འགྱུར་བ་འདི་ལ་ཐེ་ཚོམ་མེད༔ ཅེས་པ་དང༔ སེམས་ཅན་ཀུན་གྱི་བསམ་པ་དང༔ སངས་རྒྱས་རྣམས་ཀྱི་དགོངས་པ་ནི༔ ཅི་ལྟར་མཐུན་པའི་ཆོས་ཀུན་ནི༔ འདི་ཡི་སྟོན་པར་ནུས་པ་ཡིན༔ སངས་རྒྱས་རྣམས་ཀྱི་ཐུགས་དང་གཅིག༔ རྡོ་རྗེ་འཛིན་པའི་དགོངས་པ་དང༔ དབྱེར་མི་ཕྱེད་པར་འདིས་འགྱུར་རོ༔ དེ་ཕྱིར་བསྟན་པའི་མེ་རོ་ཡིན༔ ཞེས་པ་དང༔ དུས་གནད་ལས༔ རང་བྱུང་ཆེན་པོའི་ཡི་གེ་རྣམས༔ རིན་ཆེན་གསེར་གྱིས་བྲིས་ནས་ནི༔ གླེག་བམ་སོར་ནི་བཞི་ཡི་ཚད༔ སྣ་ཚོགས་དར་གྱིས་དྲིལ་ནས་ནི༔ རང་གི་སྤྱི་བོར་བཟུང་ན་ཡང༔ འདི་ཡང་སྤྲུལ་པའི་ཡོན་ཏན་ཐོབ༔ ཅེས་སོགས་གསུངས་པའི་ཕྱིར༔ ཇི་སྲིད་འཚོ་བའི་བར་དུ་འཆང་བ་དང༔ ནམ་ཚེའི་དུས་བྱས་པའི་ཚེ་ཡང་ཕུང་པོ་དང་མ་བྲལ་བར་ལྷན་ཅིག་བཞུ་བ་ལ་སོགས་པ་གདམས་ངག་ལས་འབྱུང་བ་ལྟར་ལག་ལེན་དུ་ཐེབས་པར་གྱིས་ཤིག༔ དེས་ནི་ངེས་ལུང་བསྟན་པ་རང་བབས་ཀྱི་པོད་དབང་ཡོངས་སུ་རྫོགས་པར་ཐོབ་པ་ཡིན་ནོ༔ རྩ་བའི་ལྔ་པ་ཡོན་ཏན་རིན་པོ་ཆེའི་དངོས་གྲུབ་མཆོད་རྫས་ཀྱི་དབང་ཞུ་བའི་དོན་དུ་མཎྜལ་ཕུལ། གསོལ་འདེབས་རྗེས་ཟློས། ཀྱེ་ཧོཿཀུན་བཟང་ཧེ་རུ་ཀ༔ རྩ་གསུམ་ཡོངས་རྫོགས་དཀྱིལ་འཁོར་དུ༔ དངོས་གྲུབ་ཡོན་ཏན་བཅུད་ཀྱི་དབང༔ དེང་འདིར་བདག་ལ་བསྐུར་དུ་གསོལ༔ ལན་གསུམ། ཤ་ཆང་ཤིང་ཏོག་སོགས་ཚོགས་དང་དངོས་གྲུབ་ཀྱི་རྫས་སྦྱིན་ལ། དམ་ཚིག་གི་རྫས་ལ་རོལ་པས་རང་རང་གིས་ཅི་ལྟར་འདོད་པའི་དངོས་གྲུབ་ཐམས་ཅད། བླ་མ་ཡི་དམ་མཁའ་འགྲོས་ཆར་ལྟར་ཕབ་ནས། དགོས་འདོད་ཀྱི་རེ་བ་ཡིད་བཞིན་དུ་བསྐངས་པར་མོས་ཤིག །ཧཱུྃ་ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་དུ༔ ཡོན་ཏན་ཡོངས་རྫོགས་བླ་མེད་མཆོད་པའི་རྫས༔ དཀྱིལ་འཁོར་ལྷ་ཚོགས་མཆོད་པས་དགྱེས་པ་དང༔ འདུས་པའི་མཆེད་ལྕམ་འདོད་འབྱུང་དངོས་གྲུབ་མཆོག༔ ཡིད་བཞིན་དགོས་འདོད་བཅུད་ཀྱི་དབང་མཆོག་འདི༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་བསྐུར་བ་ཡིས༔ དབུལ་ཕོངས་རྒྱུན་ཆད་རེ་འདོད་བསྐངས་ནས་ཀྱང༔ ཅི་བསམ་དོན་རྣམས་ལྷུན་གྱིས་གྲུབ་པར་ཤོག༔ རྩ་སྔགས་ཀྱི་མཐར། མ་ཧཱ་སརྦ་སིདྡྷི་ཕ་ལ་རཏྣ་བ་སུ་སིདྡྷི་ཨ་བྷི་ཥིཉྩ་མཱཾ༔ དེ་ལྟར་སངས་རྒྱས་རྣམས་ཀྱི་ཡོན་ཏན་འདོད་འབྱུང་གི་དབང་བསྐུར་བས༔ རྩ་བ་གསུམ་གྱི་ལྷ་ཚོགས་མཆོད་པས་དགྱེས༔ དམ་ཅན་ཆོས་སྐྱོང་སྲུང་མ་ཐུགས་དམ་བསྐང༔ སྒྲུབ་པ་པོ་དཔོན་སློབ་ཐམས་ཅད་ལ་དངོས་གྲུབ་ཅི་འདོད་འབྱུང་བར་འགྱུར་བ་ལ་སོགས་པ༔ སྨིན་བྱེད་ཀྱི་དགོས་པ་མང་དུ་ཡོད་དོ༔ དྲུག་པ་བཀའ་ཉན་དྲེགས་པའི་སྲོག་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་འདེབས་རྗེས་ཟློས། ཀྱེ་ཧོཿདཔལ་ཆེན་ཧེ་རུ་ཀ་དཔལ་བླ་མ་རྗེ༔ སངས་རྒྱས་བསྟན་པ་སྲུང་ཞིང་རྣལ་འབྱོར་བདག༔ བར་ཆད་སེལ་ཞིང་གནོད་བྱེད་འདུལ་བའི་ཕྱིར༔ བཀའ་ཉན་ལས་བྱེད་དྲེགས་པའི་སྲོག་དབང་བསྐུར་དུ་གསོལ༔ ལན་གསུམ། དེ་ནས་སློབ་མའི་སྤྱི་བོར་རྩ་གསུམ་གྱི་སྐུ་རྟེན་བཞག༔ ལག་གཡས་སུ་གྲི་གུག་གཡོན་དུ་ཐོད་ཁྲག་གཏད༔ མདུན་དུ་བཀའ་ཉན་བསྟན་སྲུང་དྲེགས་པའི་སྤྱི་གཏོར་རང་གཟུགས་ཀྱིས་བརྒྱན་པ་བཞག༔ འོག་ཏུ་སྲོག་འཁོར་གདན་དུ་གཞུག་ཅིང༔ ཁྱེད་རང་རྣམས་རྩ་གསུམ་ཡོངས་འདུས་དབང་ཆེན་ཧེ་རུ་ཀའི་ང་རྒྱལ་ཆེན་པོ་དང་ལྡན་པའི་ངང་ནས། དབང་ཇི་ལྟར་བསྐུར་བའི་ཚུལ་དང་མཐུན་པར། དྲེགས་པ་སྲུང་མ་ཐམས་ཅད་འདུས་ཏེ༔ བདག་གིས་ཅི་ལྟར་བཅོལ་བའི་ལས་བསྒྲུབ་ཅིང༔ བཀའ་ཉན་ལས་བྱེད་གསུང་སྡོད་དམ་ལ་འདུས་ནས༔ བདག་གིས་ཕྲིན་ལས་གང་བཅོལ་ཐམས་ཅད་ཐོགས་པ་མེད་པར་བསྒྲུབས་པར་མོས་ཤིག༔ ཤ་ཆེན་གྱི་དུད་པ་བཏང༔ རྐང་གླིང་དང་ཐོད་རྔ་ལ་སོགས་པའི་རོལ་མོ་བསྒྲགས་ལ༔ ཧཱུྃ་ཧྲཱི༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀའི༔ བཀའ་ཉན་དྲེགས་པ་ཁྱེད་རྣམས་ལ༔ བདེན་སྟོབས་བརྗོད་ནས་བཀའ་བསྒོའི་ཚེ༔ ཇི་ལྟར་ཁས་བླངས་དམ་བཅས་བཞིན༔ དོ་ནུབ་རྡོ་རྗེ་སློབ་དཔོན་ངས༔ དཀྱིལ་འཁོར་གཉན་པོའི་ཕོ་བྲང་དུ༔ དམ་ལ་གནས་པའི་སྲུང་མ་རྣམས༔ སྐལ་ལྡན་རིགས་ཀྱི་བུ་འདི་དང༔ དམ་ཚིག་གཅིག་ཏུ་བསྡུས་པའི་ཕྱིར༔ སྲུང་མ་གཉན་པོར་གཉེར་གཏད་པས༔ དབང་བསྐུར་སྔོན་གྱི་ཐ་ཚིག་ཟུངས༔ སླད་ཀྱི་སྡོང་གྲོགས་སྲུང་མ་མཛོད༔ གཉེར་དུ་གཏད་དོ་ས་མ་ཡ༔ ཞེས་པས་དབང་བསྐུར་ཞིང་སྤྲོ་ན་བཀའ་བསྒོ་གཉེར་གཏད་ཀྱང་བྱ། འདི་ནི་གང་རུང་ལ་མི་བསྐུར་ཞིང་བཀའ་རྒྱ་བསྡམ་པ་གནད་ཡིན། དེ་ལྟར་དབང་བསྐུར་བས༔ དེང་ཕྱིན་ཆད་དྲེགས་པ་ལས་ལ་ཁོལ་བ་དང༔ འཁུ་ལྡོག་མི་བྱེད་པར་དམ་ལ་གནས་ཤིང༔ ཕྲིན་ལས་སྒྲུབ་པར་འགྱུར་བའི་དགོས་པ་ཡོད་པས་ཁྱེད་རྣམས་ཀྱིས་ཀྱང་དེང་ཕྱིན་ཆད་བསྙེན་སྒྲུབ་གཏོར་འབུལ་གསོལ་སྐོང་ཆགས་སུ་མི་རུང་བས་ཇི་ལྟར་ནུས་པ་བྱ་དགོས་སོ། །བདུན་པ་བཀའ་གཏད་རྗེས་སུ་གནང་བའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་འདེབས་རྗེས་ཟློས། ཀྱེ་ཧོ༔ བཀའ་དྲིན་ཅན་གྱི་བླ་མ་དགོངས༔ རྩ་བ་གསུམ་གྱི་དཀྱིལ་འཁོར་དུ༔ ཡོངས་རྫོགས་དབང་གནང་རྗེས་ཡི་རངས༔ སླར་ཡང་སེམས་ཅན་དོན་སླད་དུ༔ བདག་ཅག་སྐལ་བར་ལྡན་པ་ལ༔ ཡོངས་རྫོགས་བཀའ་བབ་རྗེས་གནང་ནི༔ བརྩེ་བར་དགོངས་ཏེ་གནང་དུ་གསོལ༔ ལན་གསུམ། སློབ་མའི་སྤྱི་བོར་ཨོ་རྒྱན་གྱི་སྐུ་རྟེན་བཞག༔ ལག་ཏུ་རྡོ་རྗེ་དྲིལ་བུ༔ གླེགས་བམ༔ ཕྲེང་བ་དམར་པོ༔ རྣམ་རྒྱལ་བུམ་པ་རྣམས་གཏད་ལ༔ ཨེ་མ་ཧོ༔ དེང་ནས་བརྩམ་སྟེ་བུ་ཁྱོད་ལ༔ བདག་གིས་ཇི་ལྟར་བསྒོས་པ་ལྟར༔ གཞན་གྱི་བླ་མ་བགྱིད་ནས་ཀྱང༔ དབང་བསྐུར་ཆོས་བཤད་སྡོམ་པ་ཕོག༔ བཀའ་གཏད་ལུང་བྱིན་སྨིན་པ་དང༔ ཐམས་ཅད་གྲོལ་བར་གྱིས་ཤིག་བུ༔ ཞེས་བརྗོད་ཅིང་སླར་ཡང་མེ་ཏོག་འཐོར་ལ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ རྡོ་རྗེ་ཐེག་པའི་བསྟན་པ་དར་བ་དང༔ བླ་མེད་ཆོས་ཀྱི་གཎྜི་སྒྲོག་པར་ཤོག༔ ཞི་རྒྱས་དབང་དྲག་ལ་སོགས་ཕྲིན་ལས་རྣམས༔ ཐོགས་པ་མེད་པར་རྟག་ཏུ་འགྲུབ་པར་ཤོག༔ བསླབ་གསུམ་ཆོས་ཀྱི་རྒྱལ་མཚན་འཛུགས་པ་དང༔ སྲིད་པའི་སྡུག་བསྔལ་རྒྱ་མཚོ་སྐེམ་པར་ཤོག༔ ཅེས་དང༔ གཞན་ཡང་ཤིས་བརྗོད་རྒྱས་པར་སྤེལ། མེ་ཏོག་འཐོར་ཞིང་ཡེ་དྷར་བརྗོད། རོལ་མོ་བསྒྲག་པར་བྱའོ། །དེས་ནི་གཞན་ལ་ཕན་ཐོགས་ཤིང་འགྲོ་དོན་ཕྱོགས་རིས་མེད་པར་ཤུགས་འབྱུང་དུ་འགྲུབ་པར་འགྱུར་བའི་རྟེན་འབྲེལ་འགྲིགས་པ་ཡིན་ནོ༔ ཞེས་རྟོགས་པ་བསྐྱེད་དོ། །དབང་འདི་ཁོ་ན་བསྐུར་བ་ཡིན་ན་སྐབས་འདིར་བྱིན་རླབས་གཏོར་མའི་བརྡ་དབང་ཐོན་ན་ལེགས་སོ། །སྤྱི་དོན་གསུམ་པ་རྗེས་ཀྱི་ལས་རིམ་ལ་གཉིས། དབང་དང་། དཀྱིལ་འཁོར་གྱི་རྗེས་རིམ་མོ། །དང་པོ་ནི། དེ་ལྟར་ན་ཆོ་ག་དེ་རྣམས་ཀྱི་སྒོ་ནས་བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་སངས་རྒྱས་གཉིས་པ་ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོའི་ཐུགས་ཀྱི་ཐིག་ལེ་མཐར་ཐུག་པ་ཉི་ཟླ་ལྟར་གྲགས་པའི་ཟབ་ཆོས་བླ་མ་དགོངས་པ་འདུས་པའི་དོན་དབང་བདུད་རྩིའི་ཐིགས་པ་ཚང་ལ་མ་ནོར་བར་བསྐུར་ཟིན་པ་ལགས་པས། སྤྱིར་རྡོ་རྗེ་ཐེག་པའི་དམ་ཚིག་རྩ་བ་སྐུ་གསུང་ཐུགས། ཡན་ལག་ཉི་ཤུ་རྩ་ལྔ། དེ་ལས་གྱེས་པའི་ས་མ་ཡ་འབུམ་སྡེ་རྣམས་སྲོག་ལྟར་དུ་གཅེས་པར་བསྲུང་ཞིང་། ཁྱད་པར་གྱི་དམ་ཚིག་དབང་རྟགས་སྐུ་གསུང་ཐུགས་རྟེན་སྤྱི་དང་བྱེ་བྲག་པ་རྣམས་འཆང་ཞིང་འདི་ཉིད་ཀྱི་བསྙེན་སྒྲུབ་ཕྲིན་ལས་ལ་རྟག་ཏུ་བརྩོན་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་གསུམ། དབང་བཞི་མཐའ་རྟེན་བཅས་རྫོགས་པར་ཐོབ་པའི་སྐུ་དྲིན་གཏང་རག་གི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་འཚལ། ཞེས་འབུལ་དུ་གཞུག །བླ་མ་མཆེད་ལྕམ་དཀྱིལ་འཁོར་གྱི་ལྷ་དང་བཅས་པ་ལ་དད་གུས་སྤྲོ་བ་ཆེན་པོ་དང་ལྡན་པས་བཀའ་དྲིན་གསོལ་བ་འདིའི་རྗེས་ཟློས་མཛོད། ཀྱེ༔ གཙོ་བོ་རྡོ་རྗེ་འཛིན་རྒྱལ་པོ༔ དཀྱིལ་འཁོར་ལྷ་ཚོགས་སྒྲུབ་པའི་ལྷ༔ མཆེད་དང་ལྕམ་དྲལ་མོས་པའི་རྟེན༔ ཁྱེད་ཀྱི་ཐུགས་རྗེ་ཕྲིན་ལས་ཀྱི༔ བཀའ་དྲིན་གྱིས་ནི་གུས་པར་བསྐྱབས༔ མ་སྨིན་པ་རྣམས་སྨིན་པ་དང༔ མ་གྲོལ་བ་རྣམས་གྲོལ་བ་དང༔ སྡུག་བསྔལ་འཁོར་བའི་འདམ་ནས་བཏོན༔ བླ་མེད་ཐེག་ཆེན་གནས་སུ་བསྐྱལ༔ བཀའ་དྲིན་ཆེ་འོ་བླ་མ་རྗེ༔ བཀའ་དྲིན་ཆེ་འོ་དཀྱིལ་འཁོར་ལྷ༔ བཀའ་དྲིན་ཆེ་འོ་མཆེད་དང་གྲོགས༔ ཞེས་པས་བཀའ་དྲིན་ཞུ། སླར་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་ཚོགས་དང་བཅས་པ་ཀུན་བཟང་མཆོད་པའི་སྤྲིན་ཕུང་ཆེན་པོར་སྤྲུལ་ཏེ་ཕུལ་ན་ཆ་ཤས་ནས་བཞེས་ལ་ལོངས་སྤྱོད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམ་སྟེ་སོགས་གསུམ། དེ་ལྟར་དབང་བསྐུར་ཐོབ་པ་ལས་བྱུང་བའི་དགེ་རྩ་དང་རང་གཞན་མཁའ་ཁྱབ་ཀྱི་འགྲོ་བ་མ་ལུས་པའི་དུས་གསུམ་དགེ་རྩ་གཅིག་ཏུ་བསྡམས་ནས་མི་གནས་པའི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བ་དང་། འདིའི་སྒོ་ནས་རང་གཞན་གྱི་དོན་ནམ་མཁའ་དང་མཉམ་པར་བསྒྲུབ་པར་ཞུ། བསོད་ནམས་འདི་ཡིས་སོགས་བསྔོ་སྨོན་རྒྱ་ཆེར་བྱས་ལ་སློབ་མ་རྣམས་རང་གནས་སུ་གཏང་ངོ་། །གཉིས་པ་ནི། སླར་བྱིན་རླབས་ཀྱི་རྒྱུན་མི་ཉམས་བརྟན་པའི་ཕྱིར་དུ་སློབ་དཔོན་གྱིས་བཟླས་པ་ཅི་འགྲུབ་བྱ་ཞིང་ཏིང་ངེ་འཛིན་གྱི་དབང་བསྐུར་བླང་། གཏེར་སྲུང་དང་དྲེགས་པའི་གཏོར་མ་གསོས་ལ་མཆོད་ཕྲེང་གསོལ་སྐོང་རྒྱས་བསྡུས་ཅི་འགྲུབ་སྐབས་དང་བསྟུན་པར་བྱ། ཚོགས་ལ་རོལ་ཞིང་ལྷག་མ་བཏང་། དམ་ཅན་གཏོར་འབུལ་སོགས་བྱ། བསྐུལ་དང་ཆད་མདོ་བསྒྲག །བརྟན་མ་བསྐྱང་ཞིང་རྟ་བྲོ་བརྡུང་། མཆོད་པ་ཁ་གསོས་ལ་མཆོད་བསྟོད་རྒྱས་བསྡུས་ཅི་འགྲུབ་བྱ་ཞིང་དངོས་གྲུབ་བླང་། ནོངས་བཤགས་དང་བཀྲ་ཤིས་བརྗོད། མདུན་བསྐྱེད་ཡེ་ཤེས་པ་བརྟན་བཞུགས་བྱ་ཞིང་དམ་ཚིག་པ་རང་ལ་བསྡུ། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་གྱི་བར་དུ་མེ་ཕྲེང་ལྟར་མཐར་དབྱུང་བས་གྲུབ་བོ། །ངོ་མཚར་ཆོས་འདིར་ཨོ་རྒྱན་རྡོ་རྗེའི་བཀས། །བསྔགས་པར་མཛད་ཀྱི་འདོད་ཞེན་བརྗོད་པས་མིན། །རིམ་གཉིས་རྒྱུད་ལ་སྦྱོར་བའི་སྐལ་མེད་ཀྱང་། །འདི་ཙམ་འབྲེལ་ཡང་དོན་ལྡན་ཕྱིར་དུ་འབད། །རྡོ་རྗེ་ཐེག་པའི་གསང་བ་གཅིག་བསྡུས་པ། །གང་གི་སྒོ་འབྱེད་ཤིང་རྟར་འདི་གྱུར་ནས། །སྨིན་གྲོལ་ཛམྦུའི་སྙེ་མས་ལུས་ཅན་གྱི། །ཐར་པའི་སྲོག་རྩ་ཡུན་རིང་འཚོ་བར་ཤོག །སྐྱེ་ཀུན་ཆོས་འདིར་དབང་བསྒྱུར་ཆེ་བརྙེས་ཏེ། །གསུང་གི་རྡོ་རྗེའི་དགོངས་པ་སྐོང་བ་ལ། །པདྨ་བཛྲ་རྩལ་གྱི་གསང་གསུམ་དང་། །ཡོན་ཏན་ཕྲིན་ལས་མཉམ་པ་ཉིད་གྱུར་ཅིག །གང་འདིའི་རྩ་བའི་གཞུང་ཁ་གསལ་བས་ལྷན་ཐབས་དང་ཁྲིགས་ཆགས་མ་དགོས་ཀྱང་། རྙིང་མ་བ་རྣམས་ཀྱིས་རང་རང་གི་ཕྱག་སྲོལ་ཐ་དད་པས་རྒྱས་འགེབས་པ་ལས་གཞུང་དོན་ཐོ་མེད་དུ་བཏང་བ་དང་། གསར་མའི་ལུགས་འཛིན་ཕལ་ཆེར་འདི་རིགས་ལ་གང་བྱུང་དེས་ཆོག་གིས་རྣམ་པར་འཁྱམས་པར་མཐོང་ནས་གཞུང་དངོས་ཀྱི་དགོངས་པ་ལ་གཞན་གྱི་རིགས་འགྲེས་མེད་ཅིང་། ལུགས་འདིའི་ཤིང་རྟ་བྱ་ཁྱུང་པ་དང་རྩེ་ལེ་རིན་པོ་ཆེའི་དགོངས་པ་དང་འབྱོར་བར་བྱ་སླ་བལྟས་ཆོག་གི་ཚུལ་དུ་བྱམས་མགོན་པདྨའི་མཚན་ཅན་གྱི་ཞབས་རྡུལ་ལ་སྤྱི་བོས་རེག་པ་སྔགས་རིག་འཛིན་པ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས། དཔལ་སྤུངས་ཡང་ཁྲོད་དེ་བཱི་ཀོ་ཊི་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།

བླ་མ་དགོངས་པ་འདུས་པ་ལས། བྱིན་རླབས་གཏོར་མའི་བརྡ་དབང་གསལ་བར་བྱེད་པ་བདུད་རྩིའི་སྤྲིན་ཆར་ (Volume 7, Text 12)

༄༅། །བླ་མ་དགོངས་པ་འདུས་པ་ལས། བྱིན་རླབས་གཏོར་མའི་བརྡ་དབང་གསལ་བར་བྱེད་པ་བདུད་རྩིའི་སྤྲིན་ཆར་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཡཻ། དབང་དང་བྱིན་རླབས་དངོས་གྲུབ་ཀྱི། །འབྱུང་གནས་པདྨ་བཛྲ་རྩལ། །རྩ་གསུམ་ཀུན་འདུས་ཞབས་ལ་འདུད། །ཐུགས་རྗེས་བརྩེར་དགོངས་བྱིན་རླབས་སྩོལ། །དབང་བསྐུར་བྱིན་རླབས་ཐམས་ཅད་ཀྱི་རྩ་བའམ་སྙིང་པོར་གྱུར་པ་གཏོར་མའི་བརྡ་དབང་བསྐུར་བའི་ཚུལ་ནི། བུམ་དབང་ཆེན་མོའི་དོན་དབང་སོགས་དཀྱིལ་འཁོར་དང་འབྲེལ་བའི་ཞར་བྱུང་ཡིན་ན་དེ་ཉིད་ལ་བརྟེན་ནས་མཐའ་རྟེན་གྱི་ཚུལ་དུ་བསྐུར་བ་ལས་བཅའ་གཞི་ཟུར་དུ་མི་དགོས། འདི་ཁོ་ན་ལོགས་སུ་བྱེད་ན་རས་བྲིས་ཀྱི་དཀྱིལ་འཁོར་རམ་མ་འཛོམ་ན་འབྲུའི་ཚོམ་བུ་གཙོ་འཁོར་དགུ་དགོད། དེ་སྟེང་རྐང་གསུམ་ཁར་རིན་པོ་ཆེའི་སྣོད་དུ་སྤོད་སྦྱར་བདུད་རྩིས་སྦྲུས་པའི་དཔལ་བཤོས་རིན་ཆེན་འབར་བ་ཟུར་བརྒྱད་པ་བརྗིད་ལྡན་པད་འདབ་ཀྱིས་སྤྲས་པ་ལ། འཁོར་བརྒྱད་ཀྱིས་བསྐོར་བ་རྒྱན་སྤྲོས་ཅན། དཀར་ཐིག་དམར་གུར་དར་གདུགས་ཀྱིས་བརྒྱན་ཅིང་ཟས་སྣས་བསྐོར་བ་བཤམ། ཉེ་ལོགས་གཡས་སུ་བདུད་རྩིའི་ཀ་པཱ་ལ་དང་། གཡས་གཡོན་སྨན་རཀ །མདུན་དུ་ཕྱི་མཆོད་ཕྲེང་ཚར་དུ་བཤམ། ལས་བུམ་དང་ཕྲིན་ལས་ལ་དགོས་པའི་ཚོགས་གཏོར་སོགས་འདུ་བྱ། དབང་སྒྲུབ་ལས་བྱང་རྒྱས་བསྡུས་རྒྱུན་ཁྱེར་སོགས་གང་ལ་བརྟེན་ཀྱང་རུང་། བདག་དང་གཏོར་མ་གཉིས་ཀ་དགོངས་འདུས་རྩ་བ་གསུམ་གྱི་དཀྱིལ་འཁོར་ཡོངས་རྫོགས་སུ་བསྐྱེད་ཅིང་ཡེ་ཤེས་པ་གྲངས་མེད་བསྟིམ་པ་སོགས་ཕྲིན་ལས་ཀྱི་རིམ་པ་བདག་མདུན་གཉིས་ཆར་ལ་དམིགས་ཏེ་བྱ། བཟླས་པའི་སྐབས་སྤྱི་སྔགས་རྣམས་ཁྱུག་ཙམ་བཏང་ནས་དམིགས་བསལ་གྱི་བཟླས་པ་ཅི་འགྲུབ་བྱ་དགོས་པས། ལས་བྱང་ཆུང་བ་མེ་ཕྲེང་ལ་མཚོན་ན་སྔོན་འགྲོ་ནས་བསྟོད་པའི་བར་གྲུབ་པ་དང་། གཙོ་དགུ་སྤྱི་དྲིལ་སོགས་ཅུང་ཟད་རེ་བཟླས་ནས། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི༔ ཛྙཱ་ན་སཏྭ་མ་ཧཱ་བ་ལིཾ་ཏ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་པའི་འཛབ་བརྒྱ་ཕྲག་ཡན་ཆད་ཅི་འགྲུབ་བཟླས་ལ་སྟོང་ཚིགས་ཕུལ། བཀའ་སྲུང་གཏོར་འབུལ། ཚོགས་མཆོད་སྐོང་བ་ཡན་ཆད་གྲུབ་པ་དང་། ལས་བུམ་དུ་རྡོར་སེམས་བསྐྱེད་བཟླས་སྤྱི་འགྲེ་བྱས་ལ་བྱིན་བརླབས། དེ་ནས་སློབ་མ་རྣམས་ལ་ཕྱི་རོལ་དུ་ཁྲུས་བྱ། ནང་དུ་འཁོད་པ་དང་སློབ་དཔོན་གྱིས་ལས་བྱང་མེ་ཕྲེང་ལྟར་བགེགས་གཏོར་བཏང་ཞིང་བགེགས་བསྐྲད་སྲུང་འཁོར་བྱས་ལ། ཁྱེད་རང་རྣམས་ཀྱི་སྤྱི་བོར་པདྨ་དང་ཟླ་བའི་གདན་ལ་བླ་མ་དང་གཉིས་སུ་མེད་པའི་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་ལ་ཞི་ཞིང་འཛུམ་པ། དར་དང་རིན་པོ་ཆེའི་རྒྱན་ཅན། ཕྱག་གཡས་རྡོ་རྗེ་ཐུགས་ཀར་གཏོད་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། ཞབས་སེམས་དཔའི་སྐྱིལ་ཀྲུང་དུ་བཞུགས་པའི་ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་ཡིག་བརྒྱའི་ཕྲེང་བས་བསྐོར་བ་ལ་མོས་གུས་བྱས་པས་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབས། ལུས་ཕྱི་ནང་ཐམས་ཅད་བཀྲུས་པས་སྡིག་སྒྲིབ་ཉེས་ལྟུང་ནད་གདོན་ཐམས་ཅད་སྐད་ཅིག་ལ་དག །ལུས་སྟོང་གསལ་འོད་ཀྱི་གོང་བུར་གྱུར་པར་བསྒོམས་ལ་ཡི་གེ་བརྒྱ་པ་ལྷན་ཅིག་གསུང་བར་ཞུ། ཞེས་དམིགས་པའི་བརྡ་སྤྲད་ལ་ཡིག་བརྒྱ་ཉེར་གཅིག་ཙམ་བརྗོད་དུ་གཞུག །སྤྱི་བོའི་རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་རང་ལ་ཐིམ་པས་ཁྱེད་རང་རྣམས་ཀྱང་རྡོ་རྗེ་སེམས་དཔའི་སྐུར་གྱུར་པར་མོས་ཤིག །མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་གདབ། མཚམས་སྦྱོར་གྱི་ཁྱད་པར། དེའང་རྡོ་རྗེ་ཐེག་པའི་ཆོས་ཀྱི་སྒོ་ཐོག་མར་འབྱེད་པ་སྨིན་བྱེད་དབང་གི་རིམ་པ་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཞིག་མཆིས་པ་ལས། འདིར་དབང་དང་བྱིན་རླབས་ཐམས་ཅད་ཀྱི་རྩ་བའམ་སྙིང་པོར་གྱུར་པ་གཏོར་མའི་དབང་བསྐུར་བགྱི་བ་ཡིན་ཏེ། ལུང་ལས། གཏོར་མ་ནི་ལས་ཐམས་ཅད་པའོ༔ གཏོར་མ་ནི་དངོས་གྲུབ་ཀྱི་རྒྱ་མཚོ་ཆེན་པོའོ༔ གཏོར་མ་ནི་ཚོགས་ཐམས་ཅད་རྫོགས་པའི་རྩ་བའོ༔ གཏོར་མ་ནི་བྱིན་རླབས་ཐམས་ཅད་ཀྱི་འབྱུང་རྐྱེན་ནོ༔ གཏོར་མ་ནི་དབང་ཐམས་ཅད་ཀྱི་དབང་མཆོག་གོ༔ ཞེས་པ་ལ་སོགས་བསྔགས་པ་དུ་མ་འབྱུང་བ་ཡིན་ལ། དེའང་གསང་སྔགས་གསར་རྙིང་གི་རྒྱུད་དང་མན་ངག་སོ་སོའི་ངེས་པས་གྲུབ་པའི་སློབ་དཔོན་རྣམས་ཀྱི་བཀའ་སྲོལ་མི་འདྲ་བ་མཐའ་ཡས་པ་མཆིས་པ་ལས། འདིར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་གསང་གསུམ་ཕྲིན་ལས་དང་བཅས་པ་གཅིག་ཏུ་བསྡུས་པ། འཆི་མེད་རྡོ་རྗེའི་སློབ་དཔོན་ཆེན་པོ་པདྨཱ་ཀ་རས་ཨོ་རྒྱན་དང་ཟ་ཧོར་དང་ཁྱད་པར་བོད་ཀྱི་རྗེ་འབངས་སྐལ་ལྡན་རྣམས་ལ་ཐུགས་ཀྱི་གསང་མཛོད་བརྟོལ་ནས་ཁྱད་པར་གྱི་མནོག་ཆོས་སུ་བསྩལ་ཞིང་། མ་འོངས་པའི་གདུལ་བྱ་ལ་བརྩེ་བས་དགོངས་ཏེ་བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་ཏུ་གཏམས་པ་མཆོག་གི་གླིང་པ་ལྔའི་ཡ་གྱལ་སྤྲུལ་པའི་སྐྱེས་མཆོག་སངས་རྒྱས་གླིང་པས་སྤྱན་དྲངས་པའི་ཟབ་ཆོས། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་དགོངས་པ། རིག་འཛིན་གྲུབ་ཐོབ་ཐམས་ཅད་ཀྱི་ཐུགས་བཅུད། བཀའ་ཐམས་ཅད་ཀྱི་སྙིང་པོ། བསྟན་བཅོས་ཐམས་ཅད་ཀྱི་མཐར་ཐུག །མན་ངག་ཐམས་ཅད་ཀྱི་རྩ་བ། ཉམས་ལེན་ཐམས་ཅད་ཀྱི་མདོ་འགགས། གྲུབ་མཐའ་ཐམས་ཅད་ཀྱི་ཞེ་ཕུགས། གསང་ཆོས་འཕྲུལ་གྱི་ཞུན་ཐིག །འབྲེལ་ཚད་སངས་རྒྱས་ཀྱི་སར་སྒྲོལ་བར་བྱེད་པ། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་དགོངས་པ་འདུས་པ། གངས་ཅན་གྱི་ལྗོངས་སུ་ཉི་ཟླ་ལྟར་གྲགས་པའི་ཆོས་སྡེ་ཆེན་པོ་ལས། རྒྱུད་སྨིན་པར་བྱེད་པ་དབང་གི་སྐོར་ལས་བྱུང་བའི་བྱིན་རླབས་གཏོར་མའི་བརྡ་དབང་བསྒྲུབ་པར་བགྱི་བ་ལ་སོགས་སྤྱི་ལྟར་ནས་མཎྜལ་འབུལ་དུ་གཞུག །བླ་མ་དང་དཀྱིལ་འཁོར་དབྱེར་མི་ཕྱེད་པའི་མདུན་དད་ཅིང་གུས་པ་ཆེན་པོས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛད་པར་ཞུ། ཧཱུྃ༔ བྱིན་རླབས་རྩ་བ་བླ་མ་རྣམས་ལ་གསོལ་བ་འདེབས༔ དངོས་གྲུབ་རྩ་བ་ཡི་དམ་རྣམས་ལ་གསོལ་བ་འདེབས༔ ཕྲིན་ལས་རྩ་བ་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས༔ བླ་མས་བྱིན་གྱིས་བརླབ་ཅིང་སྨིན་པར་མཛད་དུ་གསོལ༔ ཡི་དམ་ལྷ་ཡིས་བྱིན་གྱིས་བརླབ་ཅིང་གྲོལ་བར་མཛད་དུ་གསོལ༔ མཁའ་འགྲོའི་ཚོགས་ཀྱིས་བྱིན་གྱིས་བརླབ་ཅིང་བར་ཆད་བསལ་དུ་གསོལ༔ ལན་གསུམ། བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་རྩ་གསུམ་ཆོས་སྲུང་རབ་འབྱམས་ནམ་མཁའ་གང་བར་བཞུགས་པའི་སྤྱན་སྔར། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཚོགས་གསག་ཅིང་སྡིག་པ་སྦྱོང་བ་དང་། དགེ་བའི་རྩ་བ་སྤེལ་ཞིང་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་རྣམས་ཚུལ་བཞིན་དུ་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཀྱེ་ཀྱེ༔ ཕྱོགས་བཅུའི་སྐྱབས་གནས་དཀོན་མཆོག་བདག་ལ་དགོངས༔ འགྲོ་རྣམས་སྐྱོབ་པའི་མགོན་དང་དཔུང་མཛོད་ཅིག༔ དུས་འདི་ནས་བཟུང་རྫོགས་སངས་མ་རྒྱས་བར༔ མགོན་པོ་མཆོག་གྱུར་རྣམས་ལ་ཕྱག་འཚལ་ལོ༔ བདག་གཞན་ལུས་དང་ལོངས་སྤྱོད་མཆོད་པར་འབུལ༔ ཉམས་ཆག་ཉེས་ལྟུང་བསགས་རྣམས་མཐོལ་ཞིང་བཤགས༔ དུས་གསུམ་དགེ་བར་གྱུར་ལ་རྗེས་ཡི་རང༔ བླ་མེད་ཐེག་ཆེན་ཆོས་འཁོར་བསྐོར་དུ་གསོལ༔ རྒྱལ་བ་མྱ་ངན་མི་འདའ་བཞུགས་པར་གསོལ༔ བདག་གཞན་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ༔ སྐྱབས་གནས་དཀོན་མཆོག་རྣམས་ལ་སྐྱབས་སུ་མཆི༔ སྔོན་ཆད་རྒྱལ་བའི་མཛད་པ་རྨད་བྱུང་ལྟར༔ དེ་བཞིན་བདག་གིས་དུས་འདི་ནས་བརྩམ་བྱ༔ འགྲོ་བ་ཡོངས་ཀྱི་བླ་མར་བདག་གྱུར་ཅིག༔ ལན་གསུམ། མ་ལྕོགས་ན་ཡན་ཆད་ཚར་གཅིག་དང་། སྐྱབས་གནས་དཀོན་མཆོག་མན་ཆད་ལན་གསུམ་བྱས་ཀྱང་ཆོག་གོ །དེ་ནས་བྱིན་རླབས་ཀྱི་གཞི་འགོད་པའི་སླད་དུ་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་ལུས་དྲང་པོར་བསྲང་། ངག་རླུང་ཁ་སྦྱོར་དུ་བཟུང་། ཡིད་གཞན་དུ་མ་ཡེངས་པར་དམིགས་པ་རྩེ་གཅིག་ཏུ་སྒོམས་ཤིག །སློབ་དཔོན་ཁྱབ་བདག་པདྨ་བཛྲ་རྩལ་དངོས་སུ་གསལ་བའི་མདུན་ཏུ་ཁྱེད་རང་སློབ་མ་རྣམས་སྐད་ཅིག་ལ། ཕོ་ཐམས་ཅད་དཔལ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཁྲོ་གཏུམ་ཁྲོ་བོའི་ཆ་ལུགས་དུ་མ་དང་ལྡན་ཞིང༔ སྤྱི་བོའི་རྟ་མགོ་ལྗང་ཞུར་རྟ་སྐད་སྒྲོག་པ༔ ཕྱག་གཉིས་གྲི་གུག་ཐོད་ཁྲག་འཛིན་ཅིང་དཔའ་བོ་དབང་ཆེན་རོལ་པའི་གར་སྟབས་མཛད་པ་ཙམ་གྱིས་སྣང་སྲིད་སྐྱེ་འགྲོ་ཕོ་ཐམས་ཅད་ཀྱང་རྟ་མགྲིན་དུ་གྱུར་ནས་འདུས་ཏེ་གར་ཤིག་ཤིག༔ ཞལ་ནས་དྲག་པོའི་ཧཱུྃ་སྒྲ་ཏི་རི་རི་སྒྲོག་པར་བསམ། མོ་ཐམས་ཅད་ཡུམ་རྡོ་རྗེ་ཕག་མོ་མཐིང་ནག་ཞལ་གཅིག་ཕྱག་གཉིས་གཅེར་བུ་རལ་པ་ཅན་ཁྲོ་མོའི་ཆ་ལུགས་དུ་མ་དང་ལྡན་པ་ལས་ཀྱང༔ སྤྱི་གཙུག་ཕག་ཞལ་ནག་པོ་ངུར་སྒྲ་སྒྲོག་པ༔ ཕྱག་གཉིས་གཡས་གཡོན་གྲི་གུག་ཐོད་ཁྲག་འཛིན་ཅིང༔ དཔའ་མོའི་སྟངས་སྟབས་ཀྱིས་གར་སྟབས་མཛད་པ་ཙམ་གྱིས༔ སྣང་སྲིད་སྐྱེ་འགྲོ་མོ་ཐམས་ཅད་ཀྱང༔ ཡུམ་རྡོ་རྗེ་ཕག་མོར་གྱུར་ནས་འདུས་ཏེ༔ སྐུས་གར་སྟབས་མཛད༔ གསུང་གིས་གད་རྒྱངས་དང་ཕཊ་སྒྲ་སྒྲོག་པར་བསམ༔ སླར་རྡོ་རྗེ་སློབ་དཔོན་ཨོ་རྒྱན་པདྨ་ཐོད་ཕྲེང་རྩལ་སྤྲུལ་སྐུའི་ཆ་ལུགས་ཅན་དུ་གསལ་བའི་ཐུགས་ཀ་ནས་ཧྲཱིཿདམར་པོ་ལས་འོད་ཟེར་དམར་པོ་ལྕགས་ཀྱུའི་རྣམ་པ་ཅན་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་དཔའ་བོ་དཔའ་མོ་དམ་ཅན་སྲུང་མ་་་དང་བཅས་པ་ཐམས་ཅད་ལ་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ་ནས་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་གྱུར་པའི་མོས་པ་དང་བཅས་ཏེ་རིག་པ་ལ་ངར་བསྐྱེད་ཅིང་རྟོག་པ་ཁ་ཡན་དུ་གཏང་འཚལ། དབྱངས་རོལ་འབེབ་པའི་རྫས་སམ་སྦྱར་སྤོས་དྲི་ཞིམ་པོའི་དུད་པ་བཏང་ལ། ཧཱུྃ་ཧྲཱི༔ བཞེངས་ཤིག་རྩ་བ་གསུམ་བཞེངས་ཤིག༔ རང་རང་གནས་ནས་སྐུ་བསྐྱོད་འཚལ༔ ཨོཾ། སྐུ་ཡི་བྱིན་གྱིས་བརླབ་ཏུ་གསོལ༔ ལུས་ཀྱི་སྒྲིབ་པ་སྦྱང་དུ་གསོལ༔ ལྷ་དབང་ལུས་ལ་བསྐུར་དུ་གསོལ༔ སྐུ་མི་འགྱུར་ཚེ་ཡི་དངོས་གྲུབ་སྩོལ༔ ཨཱ༔ གསུང་གི་བྱིན་གྱིས་བརླབ་ཏུ་གསོལ༔ ངག་གི་སྒྲིབ་པ་སྦྱང་དུ་གསོལ༔ སྔགས་དབང་ངག་ལ་བསྐུར་དུ་གསོལ༔ གསུང་སྙིང་པོ་ལུང་གི་དངོས་གྲུབ་སྩོལ༔ ཧཱུྃ༔ ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ༔ སེམས་ཀྱི་སྒྲིབ་པ་སྦྱོང་དུ་གསོལ༔ ཆོས་དབང་སེམས་ལ་བསྐུར་དུ་གསོལ༔ ཐུགས་སྐྱེ་མེད་རྡོ་རྗེའི་དངོས་གྲུབ་སྩོལ༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས༔ ཡེ་ཤེས་ལྔ་ཡི་དབང་སྐུར་ཅིག༔ བརྒྱུད་འཛིན་བུ་ལ་བྱིན་གྱིས་རློབས༔ དབང་རྣམས་རྫོགས་པར་བསྐུར་དུ་གསོལ༔ ཅེས་དང་སྤྱི་དྲིལ་ཆེ་འབྲིང་ཆུང་བའི་མཐར། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་སཏྭམྦྷ་ཡ། ར་ར་ར་ར། ཙཱ་ལ་ཡ་ཙཱ་ལ་ཡ། ཨ་ཛྷེཾ་ས་མ་ཡ་ཨཱ་བེ་ཤ་ཡ་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱཿ ཞེས་བཏགས་པ་དྲག་ཏུ་བརྗོད་ལ་དབབ། དེ་ལྟར་ཕབ་པའི་ཡེ་ཤེས་པའི་རྒྱུན་དེ་ཉིད་བྱང་ཆུབ་མ་ཐོབ་པའི་བར་དུ་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ་ཛྙཱ་ན་ས་མ་ཡ་སཏྭཾ་ཧོ༔ ཡ་ཐཱ་སུ་ཁཾ༔ ཞེས་བརྗོད་ལ་རྡོ་རྗེ་མགོ་བོར་རྒྱ་གྲམ་དུ་བཞག །ཁྱེད་རང་རྣམས་སེམས་དུས་གསུམ་རྟོག་པའི་རྗེས་ཕྱིར་མི་སྤྲོ་བར་རང་མལ་དུ་ལྷོད་དེ་ཀློད་ལ་དར་ཅིག་བཅས་བཅོས་མེད་པར་མཉམ་པར་ཞོག་ཅིག༔ ཅེས་ཅུང་ཟད་མཉམ་པར་འཇོག་ཏུ་བཅུག་ལ་དོན་གྱི་ཡེ་ཤེས་བརྟན་པར་བྱ། དེ་ནས་གཏོར་མ་ཐོགས་ལ། དངོས་གཞི་གཏོར་མའི་བརྡ་ལ་བརྟེན་ནས་རྩ་བ་གསུམ་གྱི་བྱིན་རླབས་རིམ་པར་བསྒྲུབ་པའི་ཐོག་མར་བླ་མའི་སྐུའི་བྱིན་རླབས་བགྱི་བ་ལ་དམིགས་པ་འདི་བཞིན་དུ་མཛོད། གཏོར་མ་འདི་དང་ཐ་དད་མེད་པ་པདྨ་འབྱུང་གནས་ཞེས་དུས་གསུམ་གྱི་བླ་མ་ཐམས་ཅད་འདུས་པའི་ངོ་བོ་སྤྲུལ་སྐུའི་ཆ་ལུགས་ཅན་དཀར་ལ་དམར་བའི་མདངས་ཆགས་པ༔ ཞལ་གཅིག་ཕྱག་གཉིས་གཡས་གསེར་གྱི་རྡོ་རྗེ༔ གཡོན་བདུད་རྩིའི་ཀ་པཱ་ལ་བསྣམས་པ༔ སྐུ་ལ་ན་བཟའ་ཟ་བེར་དང༔ སྣམ་སྦྱར་ཆོས་གོས་གསོལ་བ༔ དབུ་ལ་པད་ཞྭ་ལ་དར་སྣ་མེ་ལོང་རྒོད་འཕྲུས་བརྒྱན་པ་མནབས་ཤིང༔ གཞན་ཡང་མཛེས་པའི་ཆ་ལུགས་དུ་མས་སྤྲས་ཏེ་གཟི་བརྗིད་ཀྱི་ཉམས་དང་ལྡན་པར་གསལ་བ་ལ༔ ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་དང༔ དུས་གསུམ་སྐུ་གསུམ་བླ་མའི་ཚོགས་ཀྱིས་བསྐོར་བར་དམིགས་པའི་སྐུ་གསུང་ཐུགས་ལས་འོད་ཟེར་དཀར་དམར་མཐིང་ག་འཕྲོས་ཤིང་ལུས་ངག་ཡིད་གསུམ་ལ་ཕོག་པས༔ དེ་དག་གི་སྡིག་སྒྲིབ་ཆག་ཉམས་ཐམས་ཅད་སངས་སངས་དག་ནས༔ ལུས་བདེ་བ་དང་ལྡན༔ ལྷ་དབང་ལུས་ལ་ཐོབ༔ ངག་ནུས་པ་དང་ལྡན༔ སྔགས་དབང་ངག་ལ་ཐོབ༔ སེམས་བདེ་བ་དང་ལྡན༔ ཆོས་དབང་སེམས་ལ་ཐོབ་ནས༔ ལུས་ངག་ཡིད་གསུམ་ཐམས་ཅད་སྨིན་ཅིང་གྲོལ་ཏེ༔ དུག་གསུམ་ངང་གིས་ཞི༔ སྐུ་གསུམ་ལྷུན་གྱིས་གྲུབ་པར་གྱུར་པའི་མོས་པ་མཛོད༔ ཧཱུྃ་ཧྲཱི༔ ཆོས་སྐུ་སྐྱེ་མེད་ངང་ལས་མ་གཡོས་ཀྱང༔ ལོངས་སྐུ་གསལ་ལ་མ་འདྲེས་གུ་རུའི་སྐུ༔ སྤྲུལ་སྐུ་སྣ་ཚོགས་ཐབས་ཀྱིས་འགྲོ་བ་འདུལ༔ སྐུ་གསུམ་མ་འདྲེས་གསལ་ཞིང་ཡོངས་སུ་རྫོགས༔ སྔོན་ཚེ་པད་འབྱུང་ཁྱེད་དང་སྨོན་ལམ་གཅིག༔ ད་ལྟ་བདག་དང་སློབ་མའི་སྟངས་ཟུངས་ཤིག༔ སྲོག་གི་ཕྱིར་ཡང་མི་གཏང་བསྒྲུབ་ལགས་སོ༔ དེ་ཕྱིར་ཁྱེད་ཀྱི་མཁྱེན་བརྩེའི་ཡེ་ཤེས་ཀྱིས༔ སྐལ་ལྡན་སྐྱེས་མཆོག་རིགས་ཀྱི་བུ་རྣམས་ལ༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ༔ ཡེ་ཤེས་དབང་ཆེན་རབ་འབྱམས་ཡོངས་རྫོགས་ཤོག༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ གུ་རུ་དྷརྨ་ཀཱ་ཡ༔ ཀཱ་ཡ་སིདྡྷི་ཨ་བྷི་ཥིཉྩ་ཨཱོཾ༔ གུ་རུ་ནིརྨ་ཀཱ་ཡ༔ ཝཱ་ཀ་སིདྡྷི་ཨ་བྷི་ཥིཉྩ་ཨཱ༔ གུ་རུ་སམྦོ་ཀཱ་ཡ༔ ཙིཏྟ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གཏོར་མ་སྤྱི་བོར་བཞག །གཉིས་པ་ཡི་དམ་གསུང་གི་བྱིན་རླབས་བགྱི་བ་ལ་དམིགས་པ་འདི་བཞིན་དུ་མཛོད། གཏོར་མ་འདི་དང་གཉིས་སུ་མེད་པར་ཡི་དམ་ཐམས་ཅད་འདུས་པའི་ངོ་བོ་དཔལ་རྟ་མགྲིན་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ་ལ༔ ཡི་དམ་ཞི་ཁྲོ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་དཔག་ཏུ་མེད་པས་བསྐོར་བ་རྣམས་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པ་ཙམ་གྱིས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དང༔ ཁྱད་པར་དུ་སྙིང་གར་ཕོག་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་བསྩལ་ནས་སེམས་ཀྱི་འདོད་རྒུ་འགྲུབ་པར་མོས་ཤིག༔ ཧཱུྃ་ཧྲཱི༔ བདེ་མཆོག་བདེ་སྤྱོད་ནམ་མཁའི་ཀློང་ཡངས་ནས༔ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་ཅན༔ རྒྱལ་བ་ཞི་ཁྲོ་ཡབ་ཡུམ་འཁོར་བཅས་ཀྱི༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་དངོས་གྲུབ་མཆོག༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པའི་དཔལ༔ བུམ་པ་བཟང་དང་དཔག་བསམ་ནོར་བུའི་ཚུལ༔ དེང་འདིར་སྐལ་ལྡན་རྣམས་ལ་བསྩལ་དུ་གསོལ༔ སྐུ་གསུང་ཐུགས་མཆོག་ཡོན་ཏན་ཕྲིན་ལས་ཀྱི༔ བྱིན་རླབས་དབང་ཆེན་རབ་འབྱམས་བསྐུར་ནས་ཀྱང༔ བླ་མེད་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཐུན་མོང་ཡིད་བཞིན་དངོས་གྲུབ་བསྩལ་དུ་གསོལ༔ ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ བཛྲ་མ་ཧཱ་ཀྲོ་ཏ་ཤཱནྟི་ཀ༔ ཀཱ་ཡ་སིདྡྷི་ཨཱོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ སརྦ་དྷེ་བ་ཨ་བྷི་ཥིཉྩ་མཱཾ༔ ཞེས་གཏོར་མ་མགྲིན་པར་བཞག །གསུམ་པ་མཁའ་འགྲོ་ཐུགས་ཀྱི་བྱིན་རླབས་བགྱི་བ་ལ་དམིགས་པ་འདི་བཞིན་དུ་མཛོད། གཏོར་མ་འདི་དང་དབྱེར་མེད་པ་དྷཱ་ཀི་ཐམས་ཅད་འདུས་པའི་ངོ་བོ༔ ཡུམ་རྡོ་རྗེ་ཕག་མོ་རྒྱན་ཆ་ལུགས་དང་ལྡན་པ་ལ༔ སངས་རྒྱས༔ རྡོ་རྗེ༔ རིན་ཆེན༔ པདྨ༔ ལས་ཀྱི་དྷཱ་ཀི་ལ་སོགས་མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་དམ་ཅན་དཔའ་བོ་དཔའ་མོ་དང་བཅས་པ་བསམ་གྱིས་མི་ཁྱབ་པས་བསྐོར་བ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས༔ ཕྲིན་ལས་བསྒྲུབས༔ བར་ཆད་བསལ༔ འདོད་དགུ་སྦྱིན་པར་མོས་ཤིག༔ ཧཱུྃ་ཧྲཱི༔ གཏོར་སྣོད་བྷནྡྷ་གཞལ་ཡས་ཆོས་ཀྱི་དབྱིངས༔ གཏོར་མ་འདོད་ཡོན་རྣམ་ལྔ་ཡེ་ཤེས་ལྔ༔ དྷཱ་ཀིའི་སྐུ་མཆོག་བདེ་ཆེན་འདུ་འབྲལ་མེད༔ རྣམ་དག་བདུད་རྩི་བླ་མེད་མཆོད་པའི་རྫས༔ གཉིས་མེད་དབྱིངས་སུ་དམ་ཚིག་གཉན་པོར་བསྲེ༔ མ་མོ་མཁའ་འགྲོ་དབང་དུ་འདུ་བ་དང༔ ཕྲིན་ལས་རྣམ་བཞིས་འགྲོ་བ་འདུལ་སླད་དུ༔ སྤྲུལ་པ་མང་པོ་ལས་ལ་འགྱེད་པའི་ཕྱིར༔ དབང་རྣམས་ཡོངས་སུ་རྫོགས་པ་ཐོབ་པར་ཤོག༔ ཧྲཱིཿམ་ཧ་རི་ནི་ས༔ ར་ཙ་ཧྲི་ཡ༔ སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ སརྦ་སིདྡྷི་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཀརྨ་སིདྡྷི་ཧཱུྃ༔ ཞེས་སྙིང་ག །ལྟེ་བ། གསང་གནས་རྣམས་སུ་བཞག་ཅིང་ལག་པར་གཏད། ནམ་མཁར་བཞུགས་པའི་ལྷ་གཏོར་མ་དང་གཉིས་སུ་མེད་པ་བླ་མ་རྣམས་སྤྱི་བོ། ཡི་དམ་མགྲིན་པ། དྷཱ་ཀི་སྙིང་གའི་གནས་སུ་ཐིམ་པར་མོས་ཤིག །དཀར་རྒྱན་ལ་འབྲུ་གསུམ་དང་སྤྱི་དྲིལ་སོགས་སྔགས་ཀྱིས་བཏབ་པ་སྤྱི་བོར་བྱུག །ཀ་པཱ་ལའི་བདུད་རྩི་ལྕེ་ལ་བླུད། རྡོ་རྗེ་དང་དྲིལ་བུས་སྙིང་གར་རྒྱས་བཏབ་ལ། ཨོཾ་ཨཱཿཧཱུྃ༔ བླ་མ་རྣམས་ཀྱི་བྱིན་རླབས་རྒྱ༔ ལུས་ལ་བདེ་བ་བསྐྱེད་དུ་གསོལ༔ ཡི་དམ་རྣམས་ཀྱི་དངོས་གྲུབ་རྒྱ༔ ངག་ལ་ནུས་པ་སྤར་དུ་གསོལ༔ དྷཱ་ཀིའི་ཚོགས་ཀྱི་ཕྲིན་ལས་རྒྱ༔ སེམས་ཀྱི་འདོད་དགུ་བསྒྲུབ་ཏུ་གསོལ༔ སྒྲུབ་མཆོག་མོས་པའི་བུ་རྣམས་ལ༔ བྱིན་གྱིས་བརླབ་པར་མཛད་ནས་ཀྱང༔ དངོས་གྲུབ་བདུད་རྩིའི་ཆར་ཆེན་ཕོབས༔ ཕྲིན་ལས་དགོས་འདོད་རེ་བ་སྐོངས༔ དེ་དག་རྣམས་ཀྱིས་གཏོར་དབང་དངོས་གཞིའི་བྱིན་རླབས་རྒྱས་འདེབས་དང་བཅས་པ་གྲུབ་ནས། རྗེས་རྟོག་པ་མདོར་བསྡུས་བརྗོད་པ་ནི། གསང་སྔགས་སྔ་འགྱུར་བའི་ལུགས་ལ་ལས་ཐམས་ཅད་གཏོར་མས་བྱེད་པས་གཏོར་མ་ལ་ཤེས་པ་གསུམ་ལྡན་བཞི་ལྡན་དྲུག་ལྡན་རྣམས་སུ་བཤད་པ་ལས་བཞི་ལྡན་ལྟར་ན༔ ཇི་སྐད་དུ༔ གཏོར་མ་ལ་ཡང་མཚོན་བྱེད་བཞི༔ བྱིན་རླབས་དབང་དུས་བླ་མ་འམ༔ ཡི་དམ་དྷཱ་ཀི་ལ་སོགས་དམིགས༔ དེ་བཞིན་དངོས་གྲུབ་འདོད་པ་ཡིས༔ བདུད་རྩིར་དམིགས་རོལ་གང་འདོད་འབྱུང༔ བགེགས་ཀྱི་སྦྱོར་བ་བཤིག་པའི་ཚེ༔ རྣོ་ངར་ལྡན་པའི་མཚོན་ཆར་དམིགས༔ མཆོག་དང་ཐུན་མོང་བསྐང་ཚེ་ནི༔ འདོད་ཡོན་ལོངས་སྤྱོད་མཆོད་པའི་སྤྲིན༔ སྐོང་བའི་རྫས་རྣམས་སོ་སོར་དམིགས༔ དེ་སོགས་རྣམ་བཞི་མོས་པས་མཚོན༔ གང་ཡང་ལས་ཀྱི་སྦྱོར་བས་ཤེས༔ ཞེས་གསུངས་པ་ལྟར་ལས་ད་ལྟའི་སྐབས་སུ་བབས་པ་དབང་དུས་ལྷའམ་བླ་མར་ཤེས་པས་བྱིན་རླབས་ནོད་པ་གྲུབ་ཟིན་ནས། མཐའ་རྟེན་ཏུ་བདུད་རྩིར་ཤེས་པས་དངོས་གྲུབ་བླང་བ་ཡིན་པས་འདུན་པ་འདི་བཞིན་མཛད་འཚལ། གཏོར་མའི་ཡེ་ཤེས་ལོགས་སུ་བྱེ་ནས་མདུན་གྱི་ནམ་མཁར་བཞུགས་པར་གྱུར། གཏོར་མ་ལ་བདུད་རྩི་བྲན་ལ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་རླུང་མེ་ཐོད་པའི་སྒྱེད་པུ་གསུམ་ལ་བརྟེན་པའི་ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་སོ་སོའི་ས་བོན་དང་བཅས་པའི་སྟེང་དུ་ཨོཾ་ཨཱཿཧཱུྃ། རླུང་གཡོས། མེ་སྦར། རྫས་རྣམས་ཞུ་ཞིང་ཁོལ། འབྲུ་གསུམ་ལས་འོད་ཟེར་འཕྲོས། རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ཏེ་འབྲུ་གསུམ་ལ་ཐིམ། དེའང་འོད་དུ་ཞུ་ནས་འདྲེས་པས་དམ་ཡེ་གཉིས་སུ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། དཀྱིལ་འཁོར་པ་རྣམས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་བདུད་རྩིའི་བཅུད་དྲངས་ཏེ་གསོལ་བས་མཉེས་པར་གྱུར། སྨན་རཀ་སྦྲེང་ལ། གཙོ་དགུའམ་སྤྱི་དྲིལ་འབྲིང་པོ་ཙམ་གྱི་གཤམ་དུ། ཨི་དཾ་བ་ལིཾ་ཏ་པཉྩ་ཨ་མྲྀཏ་རཀྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཕུལ་ལ། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ་ཧྲཱི༔ ཕྱི་ནང་གཞན་གསུམ་ལྷ་དང་ལྷ་མོའི་ཚོགས༔ བྱེད་པ་ཀུན་སྟོན་རྣམ་འཕྲུལ་ཡོངས་ཀྱི་མཛོད༔ འཁོར་འདས་རང་གྲོལ་བདེ་ཆེན་གཡུང་དྲུང་སྐུ༔ དཀྱིལ་འཁོར་རྫོགས་པའི་དཔལ་ལ་ཕྱག་འཚལ་བསྟོད༔ ཅེས་ཤློཀ་གཅིག་གིས་བསྟོད། རྩ་གསུམ་དགོངས་འདུས་ལྷ་ཚོགས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་ཞུ། ལྷ་ཚོགས་དགྱེས་པའི་ཞམ་ཆུ་བདུད་རྩིའི་རྒྱུན་དངོས་གྲུབ་ཅི་འདོད་འབྱུང་བར་གྱུར། ཨོཾ་ཨཱཿཧཱུྃ་ཧྲཱི༔ བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་པའི་འཛབ་བཟླ་བཞིན་པར་གཏོར་མའི་ཆ་ཤས་བདུད་རྩི་དང་སྦྱར་ཏེ་སྦྱིན། ཟག་མེད་བདུད་རྩིའི་བཅུད་ཀྱིས་ལུས་ཐམས་ཅད་གང་ཞིང་རྡོ་རྗེའི་ལང་ཚོ་རྒྱས། མཆོག་ཐུན་མོང་གི་དངོས་གྲུབ་གཅིག་ཆར་དུ་ཐོབ་པ་ལ་བླ་མ་དང་དཀྱིལ་འཁོར་པའི་ལྷ་རྣམས་ཀྱིས་ཤིས་པ་བརྗོད་པས་མངའ་གསོལ་བར་མོས་ཤིག །མེ་ཏོག་འཐོར་ཞིང་ཤིས་བརྗོད་ཇི་ལྟར་འོས་པ་བྱ། ཡེདྷར་བརྗོད། རོལ་མོ་བསྒྲག་གོ །དེ་དག་གིས་གཏེར་ཆོས་ཐམས་ཅད་ཀྱི་རྒྱལ་པོ་བླ་མ་དགོངས་པ་འདུས་པའི་བྱིན་རླབས་གཏོར་མའི་བརྡ་དབང་ལེགས་པར་བསྐུར་གྲུབ་པ་ཡིན་པས་རྩ་གསུམ་དགོངས་པ་འདུས་པ་ཡི་དམ་དུ་བཟུང་ཞིང་རྩ་བ་དང་ཡན་ལག་གི་དམ་ཚིག་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་བཅས་བྱས་ལ་སློབ་མ་གྱེས། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ་ནས་བསྔོ་སྨོན་རྒྱུན་སྤྱོད་ཡན་མེ་ཕྲེང་ལྟར་ཚང་བར་བྱའོ། །སྒོ་གསུམ་སྙོམས་འཇུག་སྒྲིབ་བཅས་གཏོར། །ཡེ་ཤེས་རྣམ་བཞིའི་དྭངས་མ་རྒྱས། །རྟག་པའི་རྡོ་རྗེར་རབ་སྨིན་ནས། །མཁའ་ཁྱབ་འགྲོ་ཀུན་ཡོངས་སྒྲོལ་ཤོག །ཅེས་རང་གཞན་ལ་ཉེར་མཁོ་ཁྱེར་བདེའི་སླད་དུ་པདྨ་གར་གྱི་དབང་ཕྱུག་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ། རྩ་བའི་གཏེར་གཞུང་ལ་ཁ་གསལ་ལག་ལེན་ཁྱེར་བདེས་བརྒྱན་ཏེ་བྲིས་པ་དགེ་ལེགས་འཕེལ།། །།

བླ་མ་དགོངས་པ་འདུས་པ་ལས། ཡང་གསང་རྩ་བའི་ཐུགས་སྒྲུབ་གསལ་བྱེད་ཐུགས་ཀྱི་ནོར་བུའི་བསྙེན་སྒྲུབ་མདོར་བསྡུས་བྱ་བའི་ཚུལ་གནད་ཀྱི་དོན་གསལ་ (Volume 7, Text 13)

༄༅། །བླ་མ་དགོངས་པ་འདུས་པ་ལས། ཡང་གསང་རྩ་བའི་ཐུགས་སྒྲུབ་གསལ་བྱེད་ཐུགས་ཀྱི་ནོར་བུའི་བསྙེན་སྒྲུབ་མདོར་བསྡུས་བྱ་བའི་ཚུལ་ གནད་ཀྱི་དོན་གསལ་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཡཻ། ངོ་བོ་རང་བཞིན་ཐུགས་རྗེ་དབྱེར་མེད་ཀྱང་། །བྱིན་རླབས་དངོས་གྲུབ་ཕྲིན་ལས་རྣམ་འགྱུར་དུ། །རྩ་གསུམ་རྒྱལ་བའི་འཁོར་ལོར་ཤར་བ་གང་། །སྙིང་དབུས་བཀོད་ནས་གནད་ཀྱི་ཟིན་ཏིག་དབྱེ། །དེའང་སྔ་འགྱུར་ཟབ་མོ་གཏེར་གྱི་དབུས་སུ་ཉི་ཟླ་ལྟར་གྲགས་པ་རྣམ་པར་གསལ་ཅིང་བྱིན་རླབས་ཀྱི་གཟི་བརྗིད་དང་ཟབ་མོའི་ཕྲིན་ལས་རྟག་ཅིང་ཁྱབ་པ་བླ་མ་དགོངས་པ་འདུས་པ་ལ་བསྐྱེད་རིམ་གྱི་ཕྱོགས་སུ་བསྙེན་སྒྲུབ་ཀུན་གྱི་རྩ་བ་ནི་ནོར་བུ་པད་ཕྲེང་ཉིད་ཡིན་ཡང་སྤྲོས་པ་རྒྱས་དྲག་པ་དང་དུས་ཟླ་བ་བཅུ་་་་་་་་གསུམ་འགོར་བ་སོགས་ཀྱིས་དེང་སང་འགྲུབ་མཁན་དཀོན། ལུགས་འདིའི་བསྙེན་སྒྲུབ་ཐམས་ཅད་ལ་བར་གཅོད་བསལ་བ་གོང་བསྙེན་གྱི་མན་ངག་དཔའ་བོ་རྐྱང་སྒྲུབ་ཉིད་སྔོན་དུ་འགྲོ་དགོས་ཀྱང་འདིར་སྤྲོས་པ་ཉེར་བསྡུའི་དབང་དུ་བྱས་ཏེ་མ་བཀོད་ལ། ཟབ་བསྡུས་གསང་བའི་དཀར་ཆག་ལས། བསྙེན་པ་ཀུན་གྱི་ཡང་སྙིང་བསྡུས་པ་ནི༔ གསལ་བྱེད་ཐུགས་ཀྱི་ནོར་བུ་གནད་ཆེ་བས༔ ཡང་གསང་རྩ་བའི་ཐུགས་སྒྲུབ་སེམས་ལ་འཆང༔ འདི་ལ་མོས་ཤིང་བརྩོན་འགྲུས་ལྡན་པར་ནི༔ བསྙེན་རྟགས་ཐོན་པར་སུས་འབད་དངོས་གྲུབ་འབྱུང༔ དེ་ཕྱིར་ཡེངས་མེད་རྟག་ཏུ་འདི་ལ་འབུངས༔ ཞེས་རྩ་གསུམ་དྲིལ་སྒྲུབ་ཨོ་རྒྱན་སྲོག་ཕུར་དགོངས་འདུས་མདོ་འཛིན་རྩ་བའི་མན་ངག་ཏུ་བསྔགས་པ་འདི་ཉིད་རྩ་བ་གསུམ་གྱི་རྩ་བའི་ཐུགས་སྒྲུབ་བསྐྱེད་རིམ་ཀུན་གྱི་མདོ་འཛིན་ཡིན་པས་འདི་ལ་བསྙེན་པ་རྟགས་རྫོགས་སུ་ཐེམས་ན་རྩ་བའི་སྒྲུབ་ཆེན་དྲུག །ཡན་ལག་གི་སྒྲུབ་ཕྲན་དྲུག་སོགས་སྒྲུབ་པ་དབང་བསྐུར་ལས་སྦྱོར་གྱི་རིགས་ཐམས་ཅད་ལ་རང་དབང་ཅན་དུ་འགྱུར་བ་ཡིན་པས། དེའི་ལག་ལེན་བཤད་པ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལའང་སྤྱི་དང་ཁྱད་པར་གཉིས་ལས། སྤྱིར་ནི་ཕྱག་བསྐོར་བཀའ་བསྒྲག་སཱཙྪ་ཆབ་གཏོར་གླུད་བསྔོ་སོགས་གང་འགྲུབ་བྱ། བསྙེན་སྒྲུབ་ལ་བར་དུ་གཅོད་པའི་གེགས་བཟང་ངན་ཅི་ཞིག་བྱུང་ཡང་དེའི་དབང་དུ་མ་ཤོར་བ་དང་། བྱང་ཆུབ་སེམས་ཀྱི་འཕེན་པ་ཁོ་ན་དང་ལྡན་པས་སེམས་བསྐྱེད་ཀྱི་སྣ་ཁ་མ་ལོག་པ་གལ་ཆེ། ཁྱད་པར་ཉམས་ཆག་སྐོང་བའི་ཕྱིར་རྡོར་སེམས་སྒོམ་བཟླས། གཞན་ཡང་མཎྜལ་སྐོང་བཤགས་ཚོགས་མཆོད་ཀྱིས་མཚོན་སྒྲིབ་སྦྱོང་ཚོགས་གསོག་ཅི་ཙམ་ནུས་པ་བྱས་ན་དངོས་གཞི་འགྲུབ་སླ་ཞིང་རྟགས་མྱུར་བར་འགྱུར་རོ། །གཉིས་པ་དངོས་གཞི་ལ་གཉིས། བསྙེན་པ་ཚ་བ་དམར་ཐག །སྒྲུབ་པ་ཐུགས་ཀྱི་ནོར་བུའོ། །དང་པོ་ནི། འདི་ཉིད་ཀྱི་བསྙེན་སྒྲུབ་གང་ལ་འཇུག་ཀྱང་ར་བ་བཞིའི་ཚེས་བརྒྱད། བཅུ། བཅོ་ལྔ་གང་རུང་། གཟའ་སྐར་བཟང་བའི་སྔ་དྲོའི་ཆར་འཇུག་པར་བྱ་ཡི་ནམ་བདེ་ལ་འཇུག་མི་རུང་བར་གསུངས་པ་ལྟར། འོག་གི་ཐུགས་ནོར་སྒྲུབ་པ་དངོས་གཞིའི་སྐབས་སུ་ཅི་ནས་འགྲིགས་པར་བྱས་ལ་སྔ་དྲོའི་ཆར་དབུ་གཟུག །སྤྲོས་མེད་ཀྱི་བདག་བསྐྱེད་ཡིན་པས་མཆོད་གཏོར་བཤམ་བཀོད་ཀྱི་རིམ་པ་ཅིའང་མི་དགོས་ཀྱང་དུས་གཉན་རྣམས་སུ་ཚོགས་སྐོང་དགོས་པ་དང་། རྒྱུན་གྱི་ཚོགས་གསག་ཆེད་དུ། འབྱོར་ན་བྲིས་སྐུ་སོགས་རྟེན་བཀྲམ་པའི་མདུན་སྟེགས་ཀྱི་ཁར་མཎྜལ་ཚོམ་བུ་དགུ་པ་དང་བདག་བསྐྱེད་ཀྱི་མཆོད་གཏོར་དཔལ་གཏོར་དམར་པོ་གཙོ་འཁོར་དགུ་པ་རྒྱན་ལྡན་བཀོད་པའི་གཡས་གཡོན་་་་དུ་སྨན་རཀ །མདུན་དུ་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར། བཀའ་སྲུང་གཏོར་འབུལ། བགེགས་གཏོར། ཚོགས་ཆད་བརྟན་སོགས་འདུ་བྱ། བསྙེན་སྒྲུབ་ལ་ཞུགས་ཀར་ཕྱི་ནང་གསང་ཁྲུས། ཕྱི་གཡེན་ལ་དཀར་གཏོར་བསྔོ་ཞིང་མཚམས་ཐོ་འཇོག་པ་སོགས་སྤྱི་ལྟར་བྱས་ཀྱང་ལེགས་ལ་སྐབས་འདིར་ངེས་པར་མ་བྱས་ཀ་མེད་ཀྱང་མ་གསུངས་སོ། །དེ་ལ་ཐོག་མར་ཐུན་འགོར། ཚིག་བདུན་གསོལ་འདེབས། མཎྜལ་གསོལ་འདེབས་བསྡུས་པ། ཕུར་ཚུགས་གསོལ་འདེབས། ལས་བྱང་མེ་ཕྲེང་ལྟར་བགེགས་གཏོར། མཚམས་གཅོད། ཡན་ལག་བདུན་པ་སྐྱབས་སེམས་བཅས་གྲུབ་ནས། རྡོར་སེམས་སྒོམ་བཟླས་སྒྲུབ་ཐབས་འཕྲུལ་གྱི་དུམ་བུ་ལས་འབྱུང་བ་ནི། རང་ཉིད་ཐ་མལ་གནས་པ་ཡི༔ སྤྱི་བོར་པདྨ་ཟླ་བའི་སྟེང༔ ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་སེམས༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔ ཞབས་གཉིས་སྐྱིལ་ཀྲུང་ཕྱེད་པའི་ཚུལ༔ ལོངས་སྤྱོད་རྫོགས་པའི་ཆ་ལུགས་གསལ༔ གནས་གསུམ་འབྲུ་གསུམ་ཡི་གེས་མཚན༔ ཨོཾ་ཨཱཿཧཱུྃ༔ དེ་ལས་འོད་འཕྲོས་ཡེ་ཤེས་པ༔ སྤྱན་དྲངས་ལྷ་དང་དབྱེར་མེད་གྱུར༔ རིགས་ལྔ་ལ་སོགས་སྤྱན་དྲངས་ལ༔ དབང་བསྐུར་རིགས་བདག་རྒྱ་ཡིས་གདབ༔ དེ་ཡི་ཐུགས་ཀར་ཧཱུྃ་ཡིག་ལ༔ ཨོཾ་བཛྲ་སཏྭ་ས་མ་ཡ། སོགས། ཤེལ་ལྟར་གཡས་སུ་བསྐོར་བ་ཡི༔ ཧཱུྃ་དང་ཡིག་བརྒྱ་བཅས་པ་ལས༔ འོད་ཟེར་བདུད་རྩིའི་རྒྱུན་བྱུང་ནས༔ རང་གི་ཚངས་པའི་བུ་གར་བབ༔ ཚེ་རབས་ལས་ཀྱི་སྡིག་སྒྲིབ་དང༔ གནས་སྐབས་རྐྱེན་དང་བར་ཆད་རྣམས༔ མི་གཙང་རྣག་ཁྲག་འབུ་སྲིན་ཚུལ༔ གཤང་གཅི་ལྟ་བུར་བུད་ནས་ཀྱང༔ ལུས་ཉིད་ཤེལ་སྒོང་དྲི་མེད་ལྟར༔ གསལ་སྟོང་རྗེན་པར་གྱུར་ནས་ཀྱང༔ ལུས་ངག་ཡིད་གསུམ་ཉེས་བྱས་དག༔ ཅེས་པའི་དམིགས་པ་རྩེ་གཅིག་པས་སྔར་བྱས་ཀྱི་སྡིག་པ་ལ་འགྱོད་ཅིང་ཕྱིན་ཆད་མི་བྱེད་པའི་སྡོམ་སེམས་དང་བཅས་ཡིག་བརྒྱ་དང་ཡང་སྙིང་ཅི་འགྲུབ་བཟླས་ལ་མཐར། རང་ལུས་འོད་དུ་ཞུ་ནས་ཀྱང༔ རྡོ་རྗེ་སེམས་དཔའི་ཐུགས་ཀར་ཐིམ༔ རྡོ་རྗེ་སེམས་དཔའ་ཡིག་འབྲུར་བཅས༔ དམིགས་མེད་འཇའ་ལྟར་ཡལ་བར་གྱུར༔ ཅེས་པ་སྟེ་བཟླས་པའང་ཐུན་རེ་རེའི་འགོར་ཉེར་གཅིག་རེ་མ་ཆག་པར་བྱ་བ་གལ་ཆེའོ། །དེ་ནས་རྩ་བསྙེན་རང་གཞུང་ལྟར། སྐད་ཅིག་དྲན་པའི་ཏིང་འཛིན་གསལ་བ་ལས༔སོགས་ནས། ཧ་རི་ནི་ས་ཧཱུྃ༔ བཟླས་པ་དེ་ཉིད་བྱས་པ་ཙམ་གྱིས༔ནས། ཁྲུགས་ཀྱིས་འདྲེས་པར་བསམ༔ བར་ངག་ཏུ་བརྗོད། མན་ཆད་དམིགས་པ་རྣམས་རིམ་ཅན་དུ་བསྒོམ་དགོས་པས་ཐོག་མ་ནས་འདོན་མི་དགོས། གཞུང་གསལ་གྱི་དམིགས་པ་རྣམས་ལ་ཡིད་རྩེ་གཅིག་པས་བསྙེན་པ་འབྲུ་ཉེར་གསུམ་པ་བཟླ། ཁྱད་པར་སྣང་བ་ལ་སྟོང་པའི་རྒྱས་ཐེབས་པས་གསལ་ལ་འཛིན་པ་མེད་པ་ནམ་མཁའི་འཇའ་ཚོན་ལྟ་བུ། སྟོང་པ་ལ་སྣང་བའི་རྒྱས་ཐེབས་པས་སྟོང་ལ་འགག་པ་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ། གསལ་སྟོང་འཛིན་མེད་དུ་ཡེ་ནས་ལྷུན་གྱིས་གྲུབ་པས་མ་བསྒྲིབས་རང་གསལ་རྗེན་པ་ཆུ་ནང་གི་ཟླ་བ་ལྟ་བུ། མདོར་ན་ལུས་སྣང་སྟོང་། ངག་གྲགས་སྟོང་། ཡིད་རིག་སྟོང་ཟུང་འཇུག་གི་དགོངས་པ་རྣམ་པ་གསུམ་གྱིས་བསྐྱེད་རྫོགས་ཡ་བྲལ་རྟག་ཆད་ཀྱི་གོལ་སའི་མཐའ་སྤངས་པའི་དྲན་ཤེས་བརྟན་པོས་ཐུན་དང་ཐུན་མཚམས་སུའང་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་བསླབ་པ་ནི་ཐམས་ཅད་དུ་གལ་ཆེ། ཐུན་གྲོལ་སྐབས་ཆད་ལྷག་ཁ་སྐོང་དུ་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་ལན་གསུམ་གསུམ་དང་། གཞུང་གསལ་ལྟར་བདག་བསྐྱེད་བསྡུ་ཞིང་བསྔོ་སྨོན་བྱ། བགེགས་གཏོར་ཉིན་དང་པོ་དེ་ལས་མི་དགོས། གཞན་ཐུན་ཐམས་ཅད་ལ་འདོན་ཚུལ་དེ་ཁོ་ན་ལས་ཁྱད་པར་མེད་ལ། སྲོད་དགོང་གང་རུང་གི་རྗེས་སུ་ཆགས་མེད་ཞབས་ཀྱིས་བསྡུས་པའི་བཀའ་སྲུང་གསུམ་པོའི་གཏོར་འབུལ་རེ་མ་ཆག་པ་དང་། ནུབ་དང་པོར་ཚོགས་སྐོང་བྱ་དགོས་པས་བདག་བསྐྱེད་བསྡུ་ལྡང་གྲུབ་ནས། སླར་ཡང་ལས་བྱང་མེ་ཕྲེང་གི་མངོན་རྟོགས་ནས་བཟུང་སྟེ་མཐར་ཆགས་སུ་བཏང་བའམ། མི་འགྲུབ་ན་ཚོགས་མཆོད་རྐྱང་པ་ཁོལ་འདོན་བྱས་ལ་ལྷག་མ་གྲུབ་ནས་ཚོགས་མགྲོན་ནམ་མཁར་བཞུགས་པ་ལ་མཆོད་བསྟོད་མདོར་བསྡུས་དང་བཟོད་གསོལ། རྟེན་ལ་བརྟན་བཞུགས་ཤིས་བརྗོད་བྱས་པས་འགྲུབ་བོ། །གཞན་ཡང་གནད་གདམས་ལས། བསྙེན་པ་གཏན་ལ་མ་ཕེབ་ཀྱི་བར་དུ་ལུས་ངག་ཡིད་ཀྱི་སྒྲིབ་པ་སྦྱོང་བ་དང༔ རྒྱུ་བསོད་ནམས་ཀྱི་ཚོགས་གསག་པར་བྱ་བའི་ཆེད་དུ༔ ལུས་ཕྱག་དང་བསྐོར་བ་འཁྲུལ་འཁོར༔ ངག་སྔགས་དང་བཟླས་བརྗོད་གསོལ་འདེབས༔ ཡིད་མ་ཡེངས་པའི་ངང་ནས༔ བླ་མ་ཡི་དམ་མཁའ་འགྲོའི་མངོན་རྟོགས་གསལ་གདབ་ཅིང༔ དད་པ་མོས་གུས་ཀྱི་ཤུགས་བསྐྱེད༔ སཱཙྪ་གདབ་པ་དང༔ གཏོར་མའི་ལས་རིམ་ལ་འབད༔ དེས་བསྙེན་པའི་བྱ་བ་མཐར་ཕྱིན་པར་འགྱུར་རོ༔ ཞེས་གསུངས་པ་ལྟར་ཐུན་མཚམས་རྣམས་སུ་ཧ་ཅང་མི་གཡེང་ཞིང་ཚོགས་གསག་སྒྲིབ་སྦྱོང་གི་སྟོབས་ཆེ་བའི་དགེ་སྦྱོར་ཅི་རིགས་དང་། ཁྱད་པར་ཡན་ལག་བདུན་པ་སྒོ་འབྱེད་འཕྲུལ་གྱི་ལྡེའུ་མིག་དང་། མཎྜལ་རང་གཞུང་ལྟར་ཡང་ཡང་འབུལ། ཚེས་བཅུ་སོགས་དུས་བཟང་རྣམས་སུ་ལས་བྱང་མེ་ཕྲེང་ལྟར་ཚོགས་སྐོང་གཏང་། མོས་པའི་གདུང་ཤུགས་ཆེན་པོས་གསོལ་བ་དྲག་ཏུ་གདབ། རྩ་བ་དང་ཡན་ལག་གི་དམ་ཚིག་སྤྱི་རྣམས་གཞིར་བཞག་སྒྲུབ་པ་ཁྱད་པར་གྱི་དམ་ཚིག་ཉེར་ལྔ་པོ་དང་། ལྷག་པར་འདི་ཉིད་ལས་གསུངས་པའི་ཁྱད་པར་གྱི་དམ་ཚིག་བཅུ་དྲུག་པོ་སྲོག་ལྟར་བསྲུང་། འདིར་གྲངས་བསྙེན་གྱི་ངེས་པ་དམིགས་གསལ་མ་གསུངས་ཤིང་། དུས་བསྙེན་རབ་ཟླ་བ་གཅིག །འབྲིང་གཉིས། ཐ་མ་ཟླ་བ་གསུམ། ཡང་མཐས་ཟླ་བ་བདུན་ལ་འགྲུབ་པར་གསུངས་ཤིང། གྲུབ་པའི་རྟགས་ཐོག་མར་སྤྲོ་བ་བསྐྱེད་པའི་ལྟས། བར་དུ་སྐུ་གསུང་ཐུགས་རྟགས། མཐར་དངོས་གྲུབ་དང་གཏན་ལ་ཕེབ་པའི་མཚན་མ་བཅས་རབ་ལ་གཅིག་ཆར། འབྲིང་ལ་མ་ངེས་པ། ཐ་མ་ལ་རིམ་བཞིན། ཡང་མཐའ་ལའང་རྟགས་དྲུག་པོ་ལས་ཐོ་རེ་བ་མི་འབྱུང་མི་སྲིད་ཅིང་། མ་བྱུང་ན་རང་ཉིད་དམ་ཚིག་ལ་སྐྱོན་ཡོད་པའམ་སེམས་ཡེངས་པས་ལན་པའི་ཕྱིར་སྐྱོན་བཅོས་ནས་འབད་པས་བསྒྲུབ། གཞུང་གསལ་གྲུབ་པའི་རྟགས་ཚད་ལྡན་རྫོགས་ན་རབ། ཐ་ནའང་སྣ་རེ་ཙམ་བྱུང་ནས་སྒྲུབ་པ་ལ་འཇུག་པར་བྱ་ཞིང་། སྤྱིར་ནི་འདི་ཉིད་མཆོག་སྒྲུབ་ཀྱི་སྙིང་པོ་ཁོ་ན་ཡིན་པས་གྲངས་ལ་ཚད་གཟུང་མེད་པར་དུང་ཕྱུར་སོགས་ཇི་ཙམ་འགྲུབ་པར་བཟླ་བར་བྱ་བ་ཉིད་དོ། །སྐབས་འདིར་མཚམས་ཀྱི་བཅད་ཁྲིགས་ཧ་ཅང་དམ་པོ་མི་དགོས་ཀྱང་བསྒྲུབ་པར་འཇུག་པ་ལ་བསྙེན་པའི་རྟགས་ཚད་རྫོགས་དགོས། རྟགས་རྫོགས་པར་བྱེད་པ་ལ་དམ་ཚིག་ཐུབ་ཅིང་སེམས་མ་ཡེངས་པ་དང་ངག་བཟླས་གཞན་ཚིག་གིས་བར་མ་ཆོད་པ་དགོས་པས་ན་གང་ཟག་མཆོག་ལ་ཚད་གཟུང་མེད་ཅིང་། འབྲིང་དང་ཐ་མ་རྣམས་ཀྱིས་སོ་མཚམས་ཕྱེད་པ་ཞིག་བྱས་ན་བཟང་ངོ་། །དེ་ལྟར་གྲུབ་ནས་བསྙེན་པའི་ཁ་སྐོང་དུ་སྒྲུབ་པའི་བར་ཆད་སེལ་བའི་ཆེད་དུ་ཞི་བའི་སྦྱིན་སྲེག་བསྙེན་པའི་བཅུ་ཆའམ་ཅི་འགྲུབ་བྱ་སྟེ། དེའི་ཚུལ་ནི་བྱ་ཁྱུང་པ་སོགས་ཀྱི་ཡིག་ཆ་ལྟར་རམ། བསྡུས་པ་ཞིག་ལོགས་སུ་བྲིས་ཡོད་ལ་གསང་བ་སྤྱི་ལྟར་བྱས་པས་ཀྱང་རུང་ཞིང་། སྐབས་དེར་རྫས་སྔགས་ཀྱི་གོང་དུ་སྦྲེལ་དགོས་པའི་ལྷ་སྔགས་ནི་འདི་ཉིད་ཀྱི་བསྙེན་སྒྲུབ་ལས་གསུམ། སྔགས་སྐབས་སོ་སོ་དང་བསྟུན་ཏེ་སྦྲེལ་དགོས་པས་འདིར་ནི་བསྙེན་སྔགས་ཉིད་ལ་སྦྲེལ་ལོ། །གཉིས་པ་སྒྲུབ་པ་ནི། གོང་གསལ་བསྙེན་པ་ལེགས་པར་ཐེམས་ནས་རྩ་བ་ཡན་ལག་གི་སྒྲུབ་པ་གང་ལ་འཇུག་ཀྱང་ཆོག་མོད། འདིར་ཟབ་བསྡུས་བཅུད་དྲིལ་གྱི་སྒྲུབ་པ་ཁྱད་པར་དུ་བསྟན་པ་ནི། གསང་བའི་དཀར་ཆག་ལས། གསལ་བྱེད་ཐུགས་ཀྱི་ནོར་བུ་ཞེས་བྱ་བ༔ རྩ་བ་གསུམ་གྱི་སྒྲུབ་པའི་ཡང་སྙིང་ཡིན༔ དེ་ལ་གཅེས་པའི་ཡིག་ཆུང་ལྷན་ཐབས་ནི༔ ལས་བྱང་མདོར་བསྡུས་མེ་ཏོག་ཕྲེང་མཛེས་ཏེ༔ ལྷ་མཆོད་སྒྲུབ་སོགས་ལས་རྣམས་ཀུན་ལ་གཅེས༔ ལྷ་ཚོགས་དགྱེས་ཤིང་དངོས་གྲུབ་སྩོལ་བར་འགྱུར༔ ཞེས་གསུངས་པ་ལྟར་གུད་སྦས་གཅིག་བརྒྱུད་ཟབ་ཁྱད་མངོན་ཕྱུངས་གསལ་བྱེད་ཐུགས་ཀྱི་ནོར་བུའི་སྒྲུབ་པ་བྱ་བ་ལ། ཐོག་མར་ཡོ་བྱད་སྟ་གོན་ཏུ་བྱ་དགོས་པ། སྒྲུབ་ཅིང་རྟག་དུ་བཅང་བའི་རྟེན་རྫས་གལ་ཆེ་བ། གཙོ་དགུའི་སྐུ་ཙཀ །བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱི་ཙཀྲ་བླ་རྡོ། རང་བྱུང་ཤེལ་རྡོ། དེ་རྣམས་གཞུག་སྣོད་ཟངས་སོགས་རིན་པོ་ཆེའི་གྭའུ་སོར་བཞི་པ་གྲུ་བཞི། ཐོད་པ་མཚན་ལྡན། ཁ་ཁེབས་མེ་ལོང་ཡང་འགྲུབ་ན་མཐར་འཇའ་རིས་སོགས་དཔེའིུ་རིས་ལྟར། དངོས་གྲུབ་ཀྱི་རྫས་ཚང་བ་རིལ་བུ་དྲིལ་ལ་སྐམ་ཐག་ཆོད་པ་རྣམས་སྒྲུབ་གཞུང་ཉིད་དང་དཔེའུ་རིས་ལས་གསལ་བ་ལྟར་སྔ་ཚགས་སུ་ཚུད་པར་བྱ། གཞན་ཡང་རས་བྲིས་ཀྱི་དཀྱིལ་འཁོར། བུམ་པ། རྩ་གསུམ་ཆོས་སྲུང་དང་བཅས་པའི་གཏོར་མ་རྣམས་དང་། ཚོགས་དང་མཆོད་གཏོར་སོགས་ཕྲིན་ལས་ལ་ཉེ་བར་མཁོ་བ་རྣམས་ཀྱང་ཚང་བར་གསག་གོ །དེ་ནས་བསྙེན་པ་ཁ་སྐོང་བཅས་གྲུབ་པའི་རྗེས་དེ་ཉིད་དུ། ཀ་ཆ་དང་ཡི་གེ་གཏོང་ལེན་སོགས་དགོས་པ་ཡོད་ན་སྐབས་འདིར་གང་དགོས་རྫོགས་པར་བྱ་ཞིང་། དངོས་གཞིའི་སྐབས་དེ་དག་ཞུད་པར་འགྱུར་བའི་རྒྱུ་ཡིན་པས་ཤིན་ཏུ་སྤངས་ཏེ་མཚམས་དམ་དུ་བཅད་དགོས། དངོས་གཞི་གོང་གསལ་གྱི་ཟླ་ཚེས་ཞིག་འགྲིགས་པར་བྱས་ལ་དབུ་གཟུག་སྟེ། སྒྲུབ་ཁང་བྱི་དོར་བྱ། སྐུ་གསུང་ཐུགས་རྟེན། བླ་རེ་སོགས་རྒྱན་དང་ཡོ་བྱད་ཅི་འབྱོར་བཀྲམ། སྒྲུབ་ཁང་སྟེང་དུའང་རིགས་ཀྱི་ཅོད་པན་པདྨ་དམར་པོའི་དབྱིབས་ཅན་དར་རས་དམར་པོ་ལས་བཅོས་པ་གཟུག་པར་གསུངས་པ་ལྟར་མཚོན་བྱེད་གྲུབ་ན་ལེགས། རང་ཉིད་ནུབ་ཏུ་ཕྱོགས་པ་དང་ཞལ་སྤྲོད་འོང་བའི་སྟེགས་བུ་ཁེབས་ལྡན་ལ་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པའི་དབུས་སུ་ཁྲིའུའི་ཁར་བུམ་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་དམར་པོས་སྤྲས་པའི་ཁར་དངོས་གྲུབ་རྫས་ཀྱི་རིལ་བུས་བཀང་བའི་་ཐོད་པ་མཚན་ལྡན་གཡོ་འགུལ་མི་འབྱུང་བར་བཞག་ལ། མེ་ལོང་ལ་སིནྡྷུ་ར་སྲབ་མཐུག་སྙོམས་ཤིང་ཡུན་ཏུ་རི་མོ་ཟུབ་པར་མི་འགྱུར་བར་བརྡལ་ལ་ཐུགས་ནོར་རང་ལུགས་དཀྱིལ་འཁོར་དཔེའུ་ཆུང་ལྟར་བྲིས་པས་བཀབ། དེ་སྟེང་སྐུ་ཙཀ་འཁོར་ལོ་ཤེལ་རྡོ་བྱིན་རླབས་ཅན་གྱི་རྟེན་དང་དམ་རྫས་ཀྱིས་བཀང་བའི་གྭའུ་དབུ་ཞབས་མདུན་རྒྱབ་མ་ནོར་བར་བཞག་ལ་དར་དམར་གྱི་གུར་ཕུབ། རྟེན་རྣམས་གཟུངས་ཐག་གི་སྣེ་རང་གིས་ལག་པར་སླེབ་ངེས་བྱ། དཀྱིལ་འཁོར་མཐའ་སྐོར་དུ་གཏོར་མ་རྣམས་ཀྱིས་བསྐོར། འཛོམས་ན་སྒབ་སྐོར་བརྒྱབ། མ་འཛོམ་ནའང་དར་དཀར་དམར་མཐིང་གསུམ་གྱི་ཡོལ་གུར་བྲེ་བ་ནི་གཞུང་གི་དངོས་བསྟན་ཡིན་ལ། དེའང་མི་འཛོམ་ན་དར་རས་གང་འཛོམ་གྱི་ཡོལ་བས་དཀྲི །དེ་རྒྱབ་སྨན་རཀ་གཏོར་གསུམ། ཞི་དྲག་མཆོད་ཕྲེང་སོགས་བག་དྲོ་བྱིན་ཆགས་བཀོད་ལེགས་སུ་བཤམ་མོ། འདི་ཉིན་སྔ་དྲོ་རྒྱུན་ཁྱེར་གྱི་བདག་བསྐྱེད་བཟླས་པ་བཅས་བྱས་ལ། ཕྱིའི་ས་བདག་ལྷ་ཀླུ་ལ་དཀར་གཏོར་བཏང་། སྡེ་བརྒྱད་གསེར་སྐྱེམས་ཀྱིས་མཚོན་གསེར་སྐྱེམས་དང་ཡུལ་ལུགས་བསང་མཆོད་ཀྱང་བྱས་ལ་སྒྲུབ་པ་ལ་བར་གཅོད་མི་འབྱུང་ཞིང་སྡོང་གྲོགས་བྱེད་པའི་ཕྲིན་ལས་བཅོལ། རྒྱལ་ཆེན་ཐོ་འཛུག་སྔར་མ་བྱས་པའམ། བྱས་ཀྱང་གཏོར་མཆོད་གསར་དུ་བཤམས་ལ་བསྐྱེད་བསྟིམ་གཏོར་འབུལ་ཕྲིན་བཅོལ་བྱས་ལ་འདི་ཕྱིན་ཆད་མཚམས་ཤིན་ཏུ་དམ་པོར་བཅད་དོ། །དེ་ནས་ཉིན་དང་པོར་ཐུན་གཉིས། རྗེས་མ་རྣམས་སུ་བཞི་རེའི་དབང་དུ་བྱས་ཏེ། ཐོག་མར་ཕྱི་ཐུན་ལ། གསོལ་འདེབས་རྣམས་དང་། བགེགས་གཏོར་བཏང་། ལས་བྱང་མེ་ཏོག་ཕྲེང་མཛེས་ཀྱི་བགེགས་བསྐྲད་བརྗོད་ལ་ཡུངས་ཐུན་གུ་གུལ་དུད་པ་སོགས་ཚམ་རྔམ་བྱ། ཧཱུྃ་ཧྲཱི༔ ཡེ་ཤེས་རོལ་པ་སོགས་མཚམས་བཅད། རང་གཞུང་ལས། བདག་ཉིད་སྐད་ཅིག་གི་ནས། སྤུང་གིས་བྱོན་པར་གྱུར༔ ཡན་དང་། མེ་ཕྲེང་གི ཀྱེ་ཀྱེ༔ ཕྱོགས་བཅུའི་སྐྱབས་གནས་སོགས་སྐྱབས་སེམས་ལན་གསུམ། རྡོར་སེམས་སྒོམ་བཟླས་འཕྲོས། ལས་བྱང་ཚངས་སྒྲའི་མཎྜལ་ལམ་སྤྱི་འགྲོ་འབུལ། གསོལ་འདེབས་དེ་ལྟར་རམ། དཔེ་མེད་ན་ཚིག་བདུན་གསོལ་འདེབས་དབང་ལེན་བཅས་བྱ། སྔར་འཕྲོས་ཕྱི་ནང་མཆོད་པ་བྱིན་བརླབ། དེ་ནས་རང་གཞུང་ལྟར། ཨོཾ་མ་ཧཱ་ཤཱུ་ཛྙཱ་ཏཱ་སོགས་ནས། བདག་བསྐྱེད་བཟླས་པའི་བར་བཏང་ལ་ཐུན་བཞི་རེ་རེ་བཞིན། སྤྱི་དྲིལ་འབྲིང་པོ་སུམ་བརྒྱ་ཉེར་ལྔ་ཙམ་རེ་བཟླས་ཏེ་ཉིན་རེ་སྟོང་ཕྲག་ཙམ་རེ་འགྲོ་བར་བྱའོ། །དེ་ནས་མདུན་བསྐྱེད་ནི། ཨོཾ་སྭ་བྷཱ་བས་སྦྱང་། རང་གཞུང་ལྟར། རྫས་ཀྱི་དཀྱིལ་འཁོར་མི་དམིགས་པར་སྟོང་པར་སྦྱངས་པའི་ངང་ལས༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་ནས། འོད་ཟེར་དམར་པོ་རབ་ཏུ་འཁྲུགས་པའི་དབུས་སུ༔ གདན་པདྨ་འདབ་བཞི༔ སོགས་ནས། རྒྱན་ཆ་ལུགས་ལ་སོགས་པ་མ་འདྲེས་ཡོངས་རྫོགས་སུ་གསལ་བར་གྱུར༔ ལས་བྱང་ལྟར། བྷྲཱུྃ༔ འབྱུང་བ་མེ་རླུང་འཁྲུགགས་པའི་སོགས་ནས། སྤྱན་འདྲེན་སྐབས་སྔོན་བསྐལ་མ་བཅས། ས་མ་ཡ་སཏྭཾ་ར་ཧོ་ཧཾ༔ ཡན། སྒྲུབ་གཞུང་ལས། དེ་དག་རྣམས་ལའང་སོགས་ནས། བཞུགས་པར་བསྒོམ༔ བར། ལས་བྱང་ནས། ཨེ་མ་ཧོ༔ ཆོས་སྐུ་ནམ་མཁའ་ནས། བསྟོད་པ་རྫོགས་ཀྱི་བར་བཏང་། དཔེ་འཛོམ་ན་ལས་བྱང་ཆེ་བའི་འཛབ་བསྐུལ་བྱ། རང་གཞུང་ལས། ལྕེ་ཟླ་གམ་དམར་པོ་སོགས་ཀྱི་དམིགས་གནད་དང་བཅས་སྒྲུབ་པའི་སྙིང་པོ་འབྲུ་བཞི་བཅུ་པ་ཉིད་གོང་བས་ཐོས་ཙམ་གྱི་ཤུབ་བུར་རྩེ་གཅིག་དུ་བཟླ། ཐུན་མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་གསུམ་གསུམ་བརྗོད། ཧཱུྃ་ཧྲཱི༔ ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས་སུ་གསོལ༔ ཕྱི་ནང་གསང་བའི་ཛཔ྄་བསྙེན་མཆོད་པ་འབུལ༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་བསྟོད༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་མཐོལ་ལོ་བཤགས༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་པས་བསྙེན་པ་ཕུལ། མཆོད་པ་ཕྱི་ནང་བསྟོད་པ་རྣམས་རྒྱས་པར་བྱ་དགོས་ཀྱང་དཔེ་གཞན་མི་འཛོམ་ན་སླར་ཡང་མེ་ཕྲེང་ལྟར་བྱ། རྟ་ནག །ཤ་ཟ། བཙན་རྒོད་གསུམ་གྱི་གཏོར་འབུལ་དང་། ཆོས་སྲུང་གཏོར་འབུལ་ཆག་མེད་གཞན་དགོས་ནའང་སྐབས་འདིར་བྱ་ཆོག །བདག་བསྐྱེད། ཧཱུྃ་ཧཱུྃ་ཧཱུྃ་གིས་སྟོང་པར་བསྡུ། ཕཊ་ཕཊ་ཕཊ་ཀྱིས་ལྷ་སྐུར་ལྡང་། མདུན་བསྐྱེད་སྒྲུབ་པ་གྲོལ་གྱི་བར་མི་བསྡུ། བསྔོ་སྨོན་སྤྱི་མཐུན་བྱའོ། །སྤྲོ་ན་མན་ངག་ལས་འབྱུང་བ་ལྟར་ཛཔ྄་བཅོལ་ནི། མདུན་བསྐྱེད་ལ་དམིགས་ཏེ། དཀྱིལ་འཁོར་ལྷ་ཚོགས་འཁོར་དང་བཅས་རྣམས་ཀྱིས། རྣལ་འབྱོར་བདག་ཅག་ཐུན་མཚམས་བྱ་བའི་བར། །གྲགས་སྟོང་རྡོ་རྗེའི་སྔགས་སྒྲ་འུ་རུ་རུར། །བཟླ་བའི་ཕྲིན་ལས་གཡེལ་མེད་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་ཞལ་གྱིས་བཞེས་ཏེ་ཛཔ྄་སྒྲ་དི་རི་རི་སྒྲོག་པར་བསམ་མོ། སྲོད་ཐུན་ལ་གསོལ་འདེབས། མཚམས་གཅོད་ནས་བཟུང་བདག་མདུན་སྒྲུབ་ཚུལ་སྔར་དང་འདྲ་བ་ལས། མདུན་བསྐྱེད་བཟླས་དམིགས། རང་གཞན་ཕྱི་ནང་གི་སོགས་ནས་གཟུང་ལ་ཐུན་མགོར་ཛཔ྄་དབྱངས་ཀྱི་རྣམ་པ་དང་བཅས་དཀྱིལ་འཁོར་ལ་བསྐོར་བ་བདུན་ལ་སོགས་པ་གང་ནུས་བྱ་ཞིང་། སླར་མལ་དུ་ཞུགས་ནས་སྐད་གསང་ཅུང་ཟད་མཐོ་བས་ཛཔ྄་བཟླ་ཞིང་བསྐོར་བའང་མོས་པས་ཙམ་བྱའོ། །ཐུན་མཐར་བསྙེན་བསྟོད་དང་། ཕྱི་ནང་གསང་མཆོད་སྨན་རཀ་གཏོར་གསུམ་སྔགས་ཙམ་གྱིས་འབུལ། ཧཱུྃ་ཧྲཱི༔ ཕྱི་ནང་གཞན་གསུམ་ལྷ་དང་ལྷ་མོའི་ཚོགས༔ བྱེད་པ་ཀུན་སྟོན་རྣམ་འཕྲུལ་ཡོངས་ཀྱི་མཛོད༔ འཁོར་འདས་རང་གྲོལ་བདེ་ཆེན་གཡུང་དྲུང་སྐུ༔ དཀྱིལ་འཁོར་རྫོགས་པའི་དཔལ་ལ་ཕྱག་འཚལ་བསྟོད༔ ཅེས་ཤློ་ཀ་གཅིག་གིས་བསྟོད། དེ་ནས་ལས་བྱང་ཆེན་མོའི་རྗེས་ཆོག་སྐབས་ཀྱི། ཧཱུྃ་ཧྲཱི༔ འདུས་པ་ཡོངས་ཀྱི་གཙོ་བོ་སོགས་ཀྱིས་བསྟོད། དེ་ནས་ལས་བྱང་མེ་ཕྲེང་ལྟར་ཚོགས་དང་། ཆགས་མེད་རིན་པོ་ཆེས་མཛད་པའི་མདངས་སྐོང་བསྡུས་པ་སོགས་མཐར་ཆགས་སུ་གཏང་། ལྷག་མ་བཙོན་འཛིན་བྱ་དགོས་པས་དཀྱིལ་འཁོར་ལྷོ་ནུབ་ཀྱི་འོག་ཏུ་སྣོད་གཙང་མར་བླུགས་ལ་ཁ་བཀབ། མེ་ཕྲེང་བསྙེན་པ། བསྐུལ། དངོས་གྲུབ་ལེན་ཆོག །བསྡུ་རིམ་བཅས་མི་དགོས། བདག་བསྐྱེད་བསྡུ་ལྡང་སྔར་ལྟར། བཀྲ་ཤིས་བསྔོ་སྨོན་རྣམས་གྲུབ་ནས། དྲག་སྔགས་མེ་ཕུང་མ་བརྗོད་ལ་ཐུན་གཏོར་ཏེ་ཉུ་ལེ་བསྐྲད། སྲུང་འཁོར་བསྒོམ། བྱིན་འབེབ་ལས་བྱང་ཆེན་མོ་སོགས་སམ་དཔེ་མེད་ན། བཞེངས་ཤིག་པདྨ་སོགས་བརྗོད་ལ་ཛཔ྄་དབྱངས་ལན་གསུམ་བྱས་པས་འགྲུབ་བོ། །ཉིན་གཉིས་པའི་ཐོར་ཐུན་ལ་གསོལ་འདེབས། ལས་བྱང་མེ་ཕྲེང་ལྟར་བགེགས་གཏོར། མཚམས་གཅོད་མན་ཆད། བཟླས་དམིགས་བསྐོར་བ་སོགས་སྔར་ཉིན་དགོང་ཐུན་ཇི་བཞིན་པ་ལ། ནམ་ལངས་ཐུན་གྲོལ་སྐབས་བསྙེན་བསྟོད། མཆོད་བསྟོད་རྣམས་དགོང་ཐུན་ལྟར་ལ། བདག་བསྐྱེད་བསྡུ་ལྡང་དང་འཕྲོས་སུ་ཉུ་ལེ་བསྐྲད་པ། བྱིན་འབེབ། ཛཔ྄་དབྱངས་བཅས་བྱ། ཞོགས་ཐུན་ལ་གསོལ་འདེབས། མཚམས་གཅོད། སྐྱབས་སེམས་ཕྱིན་སྔར་ལྟར་ལ། མདུན་བསྐྱེད་བཟླས་དམིགས། ལྕེ་ཟླ་གམ་དམར་པོ་སོགས་བསྐྱུར། ཐུན་མཐར་མཆོད་བསྟོད་རྒྱས་པར་བྱ། དགོང་སྲོད་གཉིས་སྔ་ཉིན་ལྟར་རོ། །འདིར་ཡང་སྒྲུབ་པའི་གྲངས་ཚད་དམིགས་བསལ་མ་གསུངས་ཤིང་། དུས་རབ་ཟླ་བ་གཅིག །འབྲིང་གཉིས། ཐ་མ་གསུམ་དང་རྟགས་ཚད་ཀྱིས་གཏན་ལ་ཕབ་པར་གསུངས་ཀྱང་དབང་པོའི་ཁྱད་པར་སོགས་ཀྱིས་དེ་ལ་ངེས་པ་མེད་པས་ཡུན་རིང་ན་མི་འཁྱོངས་ལ། ཐུང་ན་བསྙེན་གྲངས་ཅུང་ཟད་ལས་མི་འགྲོ་བས་སྒྲུབ་པ་ཟླ་གཅིག་ལྷག་ཙམ་བྱེད་པའི་དབང་དུ་བྱས་ཏེ་དེ་ལྟ་བུའི་ཚུལ་གྱིས་ཞག་གྲངས་བདུན་གསུམ་ཞོག་ཐུན་ཞིགས་ལ་ཚང་བའི་སྔ་ནུབ་དང་། འདིའི་དགོང་མོར་ཚོགས་གཏོར་ཅི་འབྱོར་བཟང་དུ་བཤམས་ལ་ཚོགས་སྐོང་དང་། བཀའ་སྲུང་གསོལ་སྐོང་རྣམས་གང་རྒྱས་བྱ། འདི་ཉིན་རྒྱས་པའི་སྲེག་བླུགས་ཅི་འགྲུབ་འབུལ། ཕྱིར་ནང་ནས་ལས་སྦྱོར་ལ་འཇུག་པར་བྱའོ། །དེ་ལ་གཉིས་ཏེ། མཆོག་གི་ལས་སྦྱོར་ནི། སྒྲུབ་པ་ཁ་སྐོང་བཅས་གྲུབ་པའི་རྗེས་ཐོག་དེ་ཉིད་དུ་མཆོད་གཏོར་ཁ་གསོ། ཐོར་ཐུན་ལ་གསོལ་འདེབས་ནས་བརྩམ། བདག་བསྐྱེད་བཟླས་པ་ཡན་སྒྲུབ་པའི་དུས་དང་འདྲ། མདུན་བསྐྱེད། སྭ་བྷཱ་བས་སྦྱང་། རྫས་ཀྱི་དཀྱིལ་འཁོར་མི་དམིགས་པ་སྟོང་པར་སྦྱངས་པའི་ངང་ལས༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེའི་འོད་ཟེར་ལས་གྲུབ་པའི་གཞལ་ཡས་ཁང་ཕྱི་ནང་མེད་པར་གསལ་ཞིང་འོད་འབར་བ་གྲུ་བཞི་སྒོ་བཞི་རྟ་བབས་བང་རིམ་ཆར་ཁེབ་ནོར་བུ་དབང་གི་རྒྱལ་པོའི་ཏོག་དང་བཅས་པ་ཡངས་ཤིང་རྒྱ་ཆེ་བ༔ ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་འོད་ཟེར་དམར་པོ་རབ་ཏུ་འཁྲུགས་པའི་དབུས་སུ༔ རྩ་བ་གསུམ་གྱི་དཀྱིལ་འཁོར་ཐོ་བརྩེགས་སུ་གསལ་བར་གྱུར། རིན་ཆེན་གྭ་འུའི་དཀྱིལ་འཁོར་དབུས། །པདྨ་ཉི་ཟླའི་གདན་སྟེང་དུ། །གུ་རུ་ཐོད་ཕྲེང་རིགས་ལྔའི་སྐུ །རིགས་ཀྱི་ཁ་དོག་གཟི་བརྗིད་འབར། །ཕྱག་གཡས་རང་རྟགས་ཕྱག་མཚན་དང་། །གཡོན་པས་ཐོད་པ་བདུད་རྩིའི་སྟེང་། །བཅུད་ཀྱིས་གང་བའི་བུམ་པ་འཛིན། །སྐུ་ལ་ཟབ་བེར་སྣམ་སྦྱར་དང་། །དབུ་ལ་ཤ་བའི་སྙེན་ཞུ་གསོལ། །སྙེན་ཞུར་དར་སྣ་མེ་ལོང་ལྔ། །རྒོད་ཀྱི་ཐེའུ་ཕྲན་རྣམས་ཀྱིས་སྤྲས། །སྙན་ཡོབ་གསེར་གྱི་འཁོར་ལོ་དང་། །ཕྱག་ཞབས་དུང་གི་གདུ་བུ་འཁྲོལ། །གཉིས་མེད་ཡུམ་མཆོག་སྦས་པའི་ཚུལ། །མཆན་ཁུང་གཡོན་དུ་ཁ་ཊྭཱཾ་ག །རྒྱན་རྫོགས་གྱེན་དུ་བསླང་བ་འཆང་། །སྐྱིལ་ཀྲུང་འགྱིང་བག་ཚུལ་གྱིས་བཞུགས། །དགྱེས་འཛུམ་འགྲོ་ལ་ཐུགས་རྗེས་གཟིགས། །བླ་མ་ཆོས་སྐུའི་དཀྱིལ་འཁོར་གསལ། །འཁོར་གྱི་བླ་མ་རིག་འཛིན་ནི། །སྐུ་གསུམ་བླ་མ་བརྒྱུད་པ་དང་། །ཕྱོགས་དུས་རྒྱལ་བའི་ཚོགས་ཀྱིས་བསྐོར། །ཀུན་ཀྱང་ཆ་ལུགས་སྣ་ཚོགས་པ། །གཅིག་ཏུ་མ་ངེས་དུ་མའི་ཚུལ། །ཆར་སྤྲིན་འཐིབ་པ་ལྟ་བུར་གསལ། །རིན་ཆེན་མེ་ལོང་དཀྱིལ་འཁོར་དབུས། །ཉི་ཟླ་པདྨ་རོ་སྟེང་དུ། །རྟ་མགྲིན་དབང་ཆེན་སྐུ་མདོག་དམར། །ཞལ་གཅིག་ཕྱག་གཉིས་སྤྱི་བོའི་གཙུག །རྟ་མགོ་དབང་སྐད་ཕྱོགས་བཅུར་སྒྲོག །གཡས་གཡོན་གྲི་གུག་ཐོད་ཁྲག་བསྣམས། །རུས་རྒྱན་རིན་ཆེན་དུར་ཁྲོད་ཆས། །བརྐྱང་བསྐུམ་འགྱིང་བག་འདོར་སྟབས་ཚུལ། །ཕྱོགས་བཞིར་དཔའ་བོ་སྡེ་བཞི་པོ། །སྐུ་མདོག་རིགས་ཀྱི་ཁ་དོག་ལ། །རང་རྟགས་གྲི་གུག་ཐོད་ཁྲག་འཛིན། །རྒྱན་དང་ཆ་ལུགས་གཙོ་དང་མཐུན། །ཀུན་ཀྱང་དུར་ཁྲོད་མེ་ཀློང་བཞུགས། །ཡི་དམ་ལོངས་སྐུའི་དཀྱིལ་འཁོར་གསལ། །ཚོམ་བུ་དགུ་ཡི་ལྷ་ཚོགས་སོགས། །ཞི་ཁྲོ་རབ་འབྱམས་དཔག་མེད་བསྐོར། །བག་དྲོ་གཟི་བརྗིད་འོད་འབར་བཞུགས། །རིན་ཆེན་བུམ་པའི་དཀྱིལ་འཁོར་དབུས། །ཉི་ཟླ་པདྨ་རོ་སྟེང་དུ། །བཅོམ་ལྡན་རྡོ་རྗེ་རྣལ་འབྱོར་མ། །ཞལ་གཅིག་ཕྱག་གཉིས་མཐིང་ནག་མདོག། །ཕྱག་གཡས་ཟངས་གྲི་ནམ་མཁར་ཕྱར། །གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན། ཁྲོ་ཞལ་སྤྱན་གསུམ་སྡང་མིག་བགྲད། །སྨིན་མཚམས་ཁྲོ་གཉེར་གྲུ་གསུམ་བསྡུས། །དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ། །ཐུར་སིལ་སྐུ་སྟོད་ཁྱབ་པར་གཏིབས། །སྤྱི་གཙུག་རྟོག་མེད་ཕག་ཞལ་འཕྱོ། །གཞོན་ཚུལ་ནུ་མ་བྷ་ག་རྒྱས། །རིན་ཆེན་དུར་ཁྲོད་རུས་པས་བརྒྱན། །དཔའ་བོ་ཡབ་མཆོག་སྦས་པའི་ཚུལ། ཁ་ཊྭཱཾ་ག་ལ་འཁྱུད་མཛད་དེ། །བདེ་མཉེན་གར་སྟབས་རོལ་པས་གནས། །དབུ་ལ་སངས་རྒྱས་རིགས་ལྔས་མཚན། །ཉམས་དང་གཟི་བརྗིད་ལྡན་པ་ཡི། །ཕྱོགས་བཞིར་རིགས་འདུས་དྷཱ་ཀི་མ། །སྐུ་མདོག་རིགས་ཀྱི་ཁ་དོག་ལ། །ཕྱག་མཚན་ཕྱག་གཡས་རང་རྟགས་དང་། །གཡོན་པས་ཁྲག་བཀང་ཀ་པཱ་ལ། །རྒྱན་དང་ཆ་ལུགས་གཙོ་མོར་མཚུངས། །མེ་རླུང་འོད་ལྔ་འཁྲིགས་པའི་དབུས། །མཁའ་འགྲོ་སྤྲུལ་སྐུའི་དཀྱིལ་འཁོར་གསལ། །དཔའ་བོ་དཔའ་མོ་སྒོ་མཚམས་སོགས། །དྷཱ་ཀི་དམ་ཅན་སྲུང་མས་བསྐོར། །ཀུན་གྱི་གནས་གསུམ་འབྲུ་གསུམ་དང་། །ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། །རྩ་བ་གསུམ་གྱི་ཐུགས་རྒྱུད་བསྐུལ། །སྤྲིན་ཕུང་གཏིབས་པ་ལྟར་བྱོན་ནས། །དམ་ཚིག་པ་ལ་ཐིམ་པར་གྱུར། །ཞེས་ལྷ་བསྐྱེད་ནས། སྤྱན་འདྲེན་རྩ་སྒྲུབ་ནོར་བུ་པད་ཕྲེང་ལས་འབྱུང་བ་འདི་ལྟར། ཧཱུྃ་ཧྲཱི༔ ལྷོ་ནུབ་སྲིན་པོའི་ཕོ་བྲང་ནས༔ རིག་འཛིན་པདྨ་ཐོད་ཕྲེང་རྩལ༔ ཁྱོད་ལ་མོས་པས་བདག་གདུང་ཞིང༔ དད་པ་དང་ནི་དམ་ཚིག་གིས༔ མ་ཐོགས་མྱུར་དུ་སྤྱན་འདྲེན་གྱིས༔ ཐུགས་རྗེས་དགོངས་ནས་གཤེགས་སུ་གསོལ༔ བླ་མའི་ཚོགས་དང་གཤེགས་སུ་གསོལ༔ ཡི་དམ་ཚོགས་དང་གཤེགས་སུ་གསོལ༔ མཁའ་འགྲོའི་ཚོགས་དང་གཤེགས་སུ་གསོལ༔ དཔའ་བོའི་ཚོགས་དང་གཤེགས་སུ་གསོལ༔ དཔའ་མོའི་ཚོགས་དང་གཤེགས་སུ་གསོལ༔ གིང་གི་ཚོགས་དང་གཤེགས་སུ་གསོལ༔ དམ་ཅན་ཚོགས་དང་གཤེགས་སུ་གསོལ༔ གཤེགས་ནས་གནས་འདིར་བཞུགས་སུ་གསོལ༔ བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ སྒྲུབ་མཆོག་བདག་ལ་དབང་ཞིག་སྐུར༔ གཞལ་ཡས་ཁང་ལ་བྱིན་ཕོབ་ལ༔ བསྒྲུབ་རྫས་གཉན་ལ་ནུས་པ་སྐྱེད༔ བདག་ཅག་མཆེད་དང་ལྕམ་དྲལ་རྣམས༔ ཁྱེད་ཀྱི་རྗེས་སུ་ད་ཞུགས་ན༔ ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ༔ ལུས་ལ་བདེ་བ་བསྐྱེད་དུ་གསོལ༔ ངག་ལ་ནུས་པ་སྤར་དུ་གསོལ༔ སེམས་ཀྱི་འདོད་དགུ་བསྒྲུབ་ཏུ་གསོལ༔ བདེ་ཆེན་ལམ་སྣ་དྲང་དུ་གསོལ༔ འགྲོ་རྣམས་བདེ་ལ་བཀོད་དུ་གསོལ༔ ལོག་རྟོག་འཁྲུལ་པ་བཟློག་ཏུ་གསོལ༔ ཡང་དག་རྡོ་རྗེའི་དོན་རྟོགས་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ དྷེ་བ་དྷཱ་ཀི་ནཱི༔ ས་མ་ཡ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ པདྨ་ཀ་མ་ལཱ་ཡ་སཏྭཾ༔ བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་སིདྡྷི་སིདྡྷི་ཧོ༔ ཞེས་པའི་མཚམས་སུ་མེ་ཕྲེང་གི་བཞུགས་གསོལ། དབང་བསྐུར་རྒྱས་གདབ། ཕྱག་འཚལ་མཆོད་པ་རྣམས་ཀྱི་བར་མཐར་ཆགས་སུ་གཏང་། བསྟོད་པ་མེ་ཕྲེང་དེ་བོར་ལ། མཆོད་ཕྲེང་ལས་འབྱུང་བ། ཧཱུྃ༔ བསྟོད་འོས་བསྔགས་པར་བྱ་བའི་མཆོག༔ སངས་རྒྱས་ཆོས་ཚོགས་བྱང་ཆུབ་སེམས༔ ཕྱོགས་བཅུ་མཐའ་ཡས་མུ་མེད་ན༔ བཞུགས་པ་རྣམས་ལ་ཕྱག་འཚལ་བསྟོད༔ དུས་གསུམ་མཁྱེན་པའི་བླ་མ་རྗེ༔ དྲན་པ་ཙམ་གྱིས་ཉོན་མོངས་འཇོམས༔ འགྲོ་བའི་དཔལ་མགོན་རིན་པོ་ཆེ༔ བླ་མ་རྣམས་ལ་ཕྱག་འཚལ་བསྟོད༔ ཞི་དང་ཁྲོ་ཚུལ་དུ་མའི་བདག༔ དངོས་གྲུབ་ཀུན་གྱི་མཛོད་ཆེན་པོ༔ དཔའ་གཏུམ་རྔམ་པའི་ཆ་ལུགས་ཅན༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་བསྟོད༔ མཐུ་སྟོབས་མངའ་བདག་ལོག་འདྲེན་འདུལ༔ ཁྲོ་བོ་གཏུམ་པའི་ཆ་ལུགས་ཅན༔ སྲིན་པོའི་གཟུགས་ཅན་སྤྲུལ་པ་འགྱེད༔ དམ་ཅན་ཚོགས་ལ་ཕྱག་འཚལ་བསྟོད༔ གཞན་ཡང་བསྟོད་པར་འོས་པ་ཡི༔ འཇིག་རྟེན་འདས་དང་མ་འདས་པའི༔ ལྷ་དང་སྤྲུལ་པ་ཡང་སྤྲུལ་བཅས༔ གཙོ་འཁོར་རྣམས་ལ་གུས་པས་བསྟོད༔ ཅེས་བརྗོད། བཟླས་དམིགས་རང་གཞུང་ལྟར། གྭའུ་མེ་ལོང་བུམ་པར་སོགས་ནས། དངོས་གྲུབ་དམ་པ་ཐོབ་པར་བསམ༔བར། ཐུན་མོང་མ་ཡིན་པའི་བཟླས་པ་ཅི་འགྲུབ་མཐར་འདི་སོགས་ཐུན་བཞི་ཀར་ཐུན་གྲོལ་བ་དང་ཐུན་མཚམས་ཀྱི་བྱ་བ་སྔ་མ་ལྟར་སྒྲུབ་པའི་སྐབས་ཇི་ལྟ་བར་བྱ། ཐུན་མཚམས་སུ་ཐུན་མོང་གི་འདུ་བས་མཆོག་གི་དངོས་གྲུབ་ལ་མི་སྒྲིབ་པའི་ཆེད་དུ་རྣམ་པར་མི་རྟོག་པའི་ངང་ནས་མཆོག་ལས་ཀྱི་བཟླས་པ་དེ་ཉིད་བརྒྱ་རྩ་རེ་འདྲེན།དེ་ལྟར་མཆོག་གི་ལས་སྦྱོར་ཞག་གྲངས་བདུན་ཕྲག་གཅིག་ཚང་བའི་དགོང་མོ་དབང་གི་དུས་ཤིག་ནས་འགོ་བརྩམ། ཞག་གྲངས་གསུམ་ལ་ཐུན་མོང་ལས་སྦྱོར་བྱ་སྟེ། གཞུང་ཚང་མ་སྔར་ལྟར་ལ། མདུན་བསྐྱེད་ཀྱི་བསྙེན་དམིགས་རང་གཞུང་ལྟར། མདུན་གྱི་བླ་མ་ཡི་དམ་སོགས་ནས། བཅུད་རྫས་ཆེན་པོར་གྱུར༔ བར་དང་། ཐུན་ལས་ཀྱི་བཟླས་པ་ཉིད་འདྲེན་ཞིང་། ཐུན་བར་དུ་མི་རྟོག་པའི་ངང་ནས་སྔགས་བཟླ་བ་དེ་མི་དགོས། རྫས་གཅིག་ལ་བརྟེན་པའི་དབང་གི་སྦྱིན་སྲེག་ཅི་འགྲུབ་རེ་བྱ། དེའི་ཚུལ་ནི་ཡིག་ཆ་ལོགས་སུ་ཡོད་པ་ལྟར་རམ། ཤིན་ཏུ་བསྡུ་ན། སྔར་ནས་བརྩིགས་ཐབ་ཁྱེར་བདེ་རྡོ་ལེབ་སྟེང་སོགས་བཟོས་པ་འཛོམ་ན་རབ། མ་འཛོམ་ན། ས་སྟེགས་དྲི་ཆབ་ཀྱིས་བསྒོས་པར་འབྲུའི་ཚོམ་བུ་ལྔ་བཀོད་པའི་ཁར། ཤུག་པ་མཛོ་མོ་ཤིང་སེ་བ་སྟག་ཚེར་སོགས་ཟླ་གམ་དུ་བརྩིག །སྐད་ཅིག་གིས་མེ་ཐབ་ཏུ་མེ་ལོང་ལ་གཟུགས་བརྙན་ཤར་བའི་ཚུལ་གྱིས་རྩ་བ་གསུམ་གྱི་ལྷ་ཚོགས་གཉིས་པ་དབང་གི་ཆ་ལུགས་གསལ། མེ་ཏོག་དམར་པོ། སིནྡྷུ་ར། ཟས་སྨན་འབྲུ་སྣ། དར་ཟབ། རིན་ཆེན། མངར་གསུམ། ཆོས་སྨན་དང་ལྡན་པའི་མ་ད་ན་སོགས་མྱོས་བྱེད་ཀྱི་རྫས་རྣམས་བསང་སྦྱང་། ཨ་ཀཱ་རོས་བྱིན་བརླབ། ལས་སྦྱོར་སྔགས་ཀྱིས་གྲངས་གང་རུང་ཕུལ། ཕྱི་ནང་གསང་བ་སྨན་རཀ་སོགས་སྔགས་ཙམ་གྱིས་མཆོད། ཕྱི་ནང་གསང་གསུམ་སོགས་ཤློ་ཀས་བསྟོད། མེ་ཕྲེང་ལྟར་དངོས་གྲུབ་བསྐུལ། དབང་གི་འདོད་གསོལ་གང་ཤེས་བརྗོད་ལ་མེ་ཏོག་དམར་པོ་ཐབ་ཏུ་འབུལ་མཐར་ལྷ་ཚོགས་རྣམས་དཀྱིལ་འཁོར་པ་དང་དབྱེར་མེད་དུ་གྱུར་པར་མོས། དེ་ལྟར་ཞག་གསུམ་གྲུབ་མཚམས་ཐོར་ཐུན་དགོང་ཐུན་སྔར་ལྟར་ལ་ཉིན་མོ་དབང་གི་སྦྱིན་སྲེག་ཅི་འགྲུབ་བླུགས། སྐབས་འདིར་དམ་ཚིག་ཉམས་ཆག་སྐོང་ཞིང་དངོས་གྲུབ་ཀྱི་རྟེན་འབྲེལ་དུ་ཚོགས་ཀྱི་འཁོར་ལོ་རྒྱས་པར་དགོས་པས་ཅི་ཙམ་འབྱོར་པའི་ཚོགས་རྫས་བུངས་བསྐྱེད་ལ་དགོང་ཐུན་སོགས་སུ་ཚོགས་དང་སྐོང་བ་རྒྱས་པར་བྱའོ། །གསུམ་པ་རྗེས་ཀྱི་ལས་རིམ་ལ་དཀྱིལ་འཁོར་དང་འབྲེལ་བ་དང་། རྒྱུན་སྤྱོད་དང་འབྲེལ་བ་གཉིས་ལས། དང་པོ་ནི། གཟའ་སྐར་དུས་ཚེས་བཟང་བ་ཞིག་ལ་སྔར་ནས་བསྒྲིགས་པའི་ཐོར་ཐུན་ཉུ་ལེ་བསྐྲད་པ་ཡན་སྔ་མགྱོགས་སུ་གྲུབ་པར་བྱས། བཀའ་སྲུང་བསྡུས་ཙམ་བཏང་། ཕྲིན་ལས་བཞིའི་འབྲང་རྒྱས་སོགས་དངོས་གྲུབ་དང་ཚོགས་ཀྱི་རྫས་ཕྱག་ལེན་ལྟར་བཟང་དུ་བཤམ། ཚོགས་བྱིན་བརླབ་ནས་བརྩམ་སྐོང་བསྡུས་ཡན་རྫོགས་པར་བྱ། སླར་མཚམས་གཅོད་ཚིག་གང་རུང་བརྗོད་ལ་ཡུངས་ཐུན་གཏོར། ཧཱུྃ་ཧྲཱི༔ ཡེ་ཤེས་རོལ་པ་སོགས་ཀྱིས་དངོས་གྲུབ་ལ་བར་དུ་གཅོད་པ་བསྐྲད་ཅིང་མཚམས་གཅད། བྱིན་འབེབ་གང་འོས་དང། ཡེ་ཤེས་སྐུ་མཆོག་དང་ཡིག་བརྒྱས་ནོངས་པ་བཤགས། མཆོག་ཐུན་ལས་སྦྱོར་གྱི་བཟླས་དམིགས་གསལ་བཏབ། བཟླས་པ་གཉིས་ཀྱང་ཛཔ྄་དབྱངས་བཅས་ཅི་ལྕོགས་བྱས་ལ་ཁ་གསོ། མེ་འཕྲེང་གི །ཧཱུྃ་ཧྲཱི༔ བདེ་ཆེན་ཡངས་པ་ཆེན་པོའི་སོགས་ཀྱིས་དངོས་གྲུབ་བསྐུལ། སྒྲུབ་རྟེན་རྣམས་གནས་གསུམ་དུ་གཏུགས་ལ་དབང་བླང་། བུམ་ཆུ་དང་རིལ་བུ་མྱང་ལ་སླར་བཞུགས། བརྡའི་འབུལ་ལེན་སྔོན་དུ་འགྲོ་བས་ཚོགས་རྫས་དང་དངོས་གྲུབ་ཀྱི་རྫས་ལ་ལོངས་སྤྱོད་ཅིང་སྨོན་ལམ་བཀྲ་ཤིས་ཀྱི་དགའ་སྟོན་གང་འོས་སྤེལ། ལྷག་ཆོག་སྐབས་ལྷག་མ་ཐམས་ཅད་ཕྱི་རོལ་གོམ་པ་བདུན་ཅུའི་སར་མེ་སྒྲོན་བཅས་བསྐྱལ། བསྐུལ་དང་། ཆད་བརྟན། རྟ་བྲོ་ཡན་བྱ། སླར་མཆོད་ཁ་གསོ། གཏོང་རག་དང་མཆོད་བསྟོད་ལས་བྱང་མེ་ཕྲེང་ལྟར་བྱིན་རླབས་སྔོན་དུ་འགྲོ་བས་ཕྱི་མཆོད་ནས་བསྟོད་པའི་བར་རྒྱས་པར་བྱ། ཡིག་བརྒྱ་མང་དུ་བཟླ་ཞིང་ཉེས་བཤགས་དང་། བཀྲ་ཤིས་མེ་ཕྲེང་ལྟར་བརྗོད། བརྟན་བཞུགས་སྤྱི་མཚམས་རྗེས་ཡེ་དྷར་དང་། སུ་པྲ་ཏིཥྛ་ཅི་འགྲུབ་བཟླས། མདུན་བསྐྱེད་དམ་ཡེ་དབྱེར་མེད་གའུའི་རྟེན་དང་། དངོས་གྲུབ་ཀྱི་རྫས་རྣམས་ཐོད་པའི་རིལ་བུ་ལ་བསྟིམ་སྟེ་རང་གིས་བཅང་ལུགས་གཞུང་ལྟར་བྱ། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན་བཅས་གྲུབ་ནས། རྒྱལ་ཐོ་གཏོར་འབུལ་བཅས་བཀྲོལ། ཞག་ཤས་གནས་སྲུང་བའི་ཚེ་ཚོགས་གཏོར་རེ་འབུལ་བ་དང། ཐེག་པ་ཆེན་པོའི་བསྔོ་སྨོན་བཀྲ་ཤིས་གང་རྒྱས་སུ་བྱའོ། །གཉིས་པ་རྒྱུན་སྤྱོད་རང་གཞུང་དུ་གསལ་བ་ལྟར་འདི་ཉིད་ཀྱི་བསྐྱེད་རྫོགས་གང་རུང་གི་རྣལ་འབྱོར་མི་ཆག་པ་དང་། དུས་བཞིའམ་ལོ་བསྟར་བཞིན་སྒྲུབ་ལ་བརྩོན་པ་དང་། ནངས་རེ་བཞིན་ལས་སྔགས་ཅི་འགྲུབ་བཟླ་བས་རིལ་བུ་ལ་ལོངས་སྤྱོད། རྒྱལ་པོ་ལྟ་བུའི་སྤྱོད་པས་སྣང་སེམས་རང་དབང་དུ་བྱེད་ཅིང་ལོངས་སྤྱོད་ཅི་བྱུང་མཆོད་སྦྱིན་ལ་གཏང་། རང་རིགས་ཀྱི་རྟགས་དང་མི་འབྲལ་བར་བྱ། གཞན་ཡང་དོན་བསྡུས་ཐུགས་ཀྱི་སྙིང་པོ་ལས། དེ་ཡི་ངང་ལས་རྒྱུན་ཁྱེར་ཆོས༔ རང་ལུས་པདྨ་འབྱུང་གནས་བསྒོམ༔ བསྐྱེད་རིམ་ཀུན་གྱི་སྙིང་པོ་ཡིན༔ འཕགས་པའི་ཚོགས་རྣམས་བཀུག་ཅིང་བསྟིམ༔ དབང་བསྐུར་ཀུན་གྱི་སྙིང་པོ་ཡིན༔ སེམས་ཉིད་སྤྲོས་བྲལ་ངང་ལ་བཞག༔ རྫོགས་རིམ་ཀུན་གྱི་སྙིང་པོ་ཡིན༔ གྲགས་སྟོང་སྙིང་པོ་ཧྲཱིཿཡིག་བཟླ༔ བཟླས་བརྗོད་གསང་སྔགས་སྙིང་པོ་ཡིན༔ རྒྱུ་ཡི་ཐིག་ལེ་འཛག་མེད་བསྲུང༔ ཟུང་འཇུག་བསྒོམ་པའི་སྙིང་པོ་ཡིན༔ གནོང་འགྱོད་མེད་པའི་སྤྱོད་པ་སྤྱད༔ དམ་ཚིག་ཀུན་གྱི་སྙིང་པོ་ཡིན༔ ཞེས་གསུངས་པ་དང་རྟག་ཏུ་མ་བྲལ་བར་བྱའོ། །བསྙེན་སྒྲུབ་སྤྱིའི་སྤང་བླང་དང་། ཡན་ལག་གི་རྣལ་འབྱོར་ཉམས་སུ་ལེན་པའི་ཚུལ་རྣམས་ནི་སྔར་བྲིས་པའི་འདི་ཉིད་ཀྱི་བསྙེན་ཡིག་རྒྱས་པ་སོགས་ལས་རྟོགས་པར་བྱ་དགོས་སོ། །འདིའང་གཞུང་ནས་སྒྲུབ་ཆེན་གྱི་སྒྲོམ་དུ་གཞུག་པར་བསྟན་པ་ལྟར་ན། རབ་ཚོམ་བུ་ཚོགས་སྒྲུབ། འབྲིང་དཔའ་བོ་ཆིག་སྒྲུབ་ཀྱི་ལུགས་སུ་བྱས་ཏེ། སྒྲུབ་ཁོག་པྲ་ཁྲིད་ཆེན་མོ་སོགས་དང་སྦྲེལ་དགོས་ཀྱང་། འབྱོར་བརྩོན་དམན་པས་དེ་ཙམ་ཡང་འགྲུབ་པར་དཀའ་བས་འདིར་ནི་ཉམ་ཆུང་ཆོས་འདོད་ལ་ཕན་པའི་བསམ་པས་སྒྲུབ་མཆོད་རྐྱང་པའི་ལུགས་སུ་བཀོད་ཅིང་གཞུང་དང་ཡང་མི་འགལ་ཏེ། གང་ཟག་སྤྲོས་འབྱོར་ཆེ་ཆུང་དང་བསྟུན་པས་ཉམས་ལེན་ཆོག་པ་ནི་གཞུང་སྤྱི་དང་བྱེ་བྲག་འདི་ཉིད་ཀྱི་ལག་ཁྲིད་སོགས་ལས་ཀྱང་གསལ་བར་གསུངས་པའི་ཕྱིར་རོ། །འདིར་སྤྲོས་པ་བསྡུས་ཏེ་བཤད་པའི་སྒྲུབ་རྫས་ཙམ་ཡང་མི་འཛོམ་པ་དག་གིས་བསྙེན་སྒྲུབ་བཤོལ་ནི་མི་དགོས་ཏེ་གང་ཟག་མོས་པ་བརྟན་པོ་ཅན་གྱིས་ནི། བདག་བསྐྱེད་ལུས་ལ་བསྟེན་ཅིང་། མདུན་བསྐྱེད་ཚོམ་བུ་དང་གཏོར་མ་ཙམ་ལ་བསྟེན་པ་ཙམ་གྱིས་ཀྱང་འགྲུབ་པ་གསང་སྔགས་རྙིང་མའི་ཁྱད་ཆོས་ཡིན་ཏེ། ལག་ཁྲིད་གབ་པ་མངོན་ཕྱུང་ལས། གཞི་ལ་ཐུན་མོང་མ་ཡིན་པའི་དད་པ་འགྱུར་མེད་དང༔ བརྩོན་འགྲུས་ཀྱི་ལྕག་འཆི་བ་མི་རྟག་རྒྱུད་ལ་བསྐྱེད་པ་དང༔ སྐྱིད་སྡུག་ལེགས་ཉེས་མཐོ་དམན་ཅི་བྱུང་ཡང༔ ལྷ་མཆོག་ཐུགས་རྗེའི་བདག་ཉིད་ཅན་ཁྱེད་རང་མཁྱེན༔ སྙམ་པའི་ཐག་ཆོད་དུ་རྦད་ཀྱིས་བཅད་པའི་དབང་པོར༔ སྐུ་རྟེན་ཙཀ་ལི་ལ་སོགས་པ་འདུ་འབྲལ་མེད་པར་བཅང༔ རྫས་དེ་རྣམས་ཀྱིས་ཆོག་སྟེ༔ དེ་ལ་རྫས་མཆོག་དཀར་པོ་གསུམ་ལྡན་བྱ་བ་ཡིན༔ རང་བཞིན་གྱིས་ཤུགས་འབྱུང་དུ་བྱུང་ན༔ གཞུང་སོ་སོ་ནས་བཤད་པའི་སྒྲུབ་རྟེན་དཀྱིལ་འཁོར་མཆོད་གཏོར་རྣམས་ཀྱང་ལེགས་པར་བཤམ༔ ཞེས་གསུངས་པ་ལྟར་དད་གུས། བརྩོན་འགྲུས། ཡི་དམ་གྱི་ལྷ་ལ་ཐུན་མོང་མིན་པའི་ཡིད་ཆེས་བཅས་གསུམ་པོ་དེ་དག་ནམ་དུའང་གལ་ཆེ། ཚོམ་བུ་དང་བུམ་གཏོར་ཙམ་ལ་བརྟེན་ནས་འདིའི་སྒྲུབ་པ་བྱེད་ན་ལས་སྦྱོར་སྐབས། གའུ་མེ་ལོང་གི་ཚིག་བོར་ལ་དམིགས་པས་དེ་དག་ཐོ་བརྩེགས་སུ་བསྒོམ་དགོས་པའང་ཤེས་པར་བྱའོ། །ཆོས་འདི་མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །བདེ་ཅན་ཞིང་ལས་ཕྱིར་མི་ལྡོག་པའི་ལུང་། །རྡོ་རྗེ་བཞིན་དུ་འགྱུར་བ་མི་སྲིད་པས། །སྐལ་པ་ཅན་རྣམས་ཡིད་ཆེས་དང་ལེན་འཚལ། །གང་འདིའི་གསང་བའི་རྒྱ་མཚོ་འཛིན་པ་ལ། །ངལ་མེད་ངང་པའི་རྒྱལ་པོར་འགྲན་ལས་རྒྱལ། །ཐབས་ཤེས་འདབ་མས་རིམ་གཉིས་ལྷ་ལམ་བགྲོད། །བདེ་ལྡན་པད་མཚོ་མཛེས་པའི་རྒྱན་གྱུར་ཅིག །ཟབ་ཆོས་འདི་ཉིད་ཀྱི་དབང་ལུང་ཙམ་ནི་སྔ་འགྱུར་བ་ཆབས་ཅིག་གྲྭ་གཤོག་གི་འཆད་ཉན་དུ་དར་ཡང་བསྐྱེད་རྫོགས་ཉམས་ལེན་དཀོན་ཞིང་། བསྙེན་སྒྲུབ་ལག་ལེན་ཁ་ཅིག་རང་གཞུང་གི་དགོངས་པ་དང་མི་འབྱོར་བའང་མཐོང་ནས་རང་ཉིད་ཀྱིས་སྔར་བྱས་པའི་བསྙེན་ཡིག་རྒྱས་པ་ལས་འཕྲལ་མཁོའི་སྣེ་སེལ་དུ། པདྨའི་རིག་པ་འཛིན་པ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བསྡེབས་པ་དགེ་ལེགས་འཕེལ།། །།

བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་ལས་བྱང་ལེའུ་གསུམ་པ་གུ་རུ་བཛྲ་བྷོ་ཊས་གནམ་ལྕགས་འབར་བའི་བྲག་ལོགས་རྟ་མགྲིན་སྒྲུབ་ཕུག་མཁའ་འགྲོའི་གསང་མཛོད་ཆེན་མོ་ནས་གདན་དྲངས་པ་ (Volume 7, Text 14)

༄༅༔ བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་ལས་བྱང་ལེའུ་གསུམ་པ་གུ་རུ་བཛྲ་བྷོ་ཊས་གནམ་ལྕགས་འབར་བའི་བྲག་ལོགས་རྟ་མགྲིན་སྒྲུབ་ཕུག་མཁའ་འགྲོའི་གསང་མཛོད་ཆེན་མོ་ནས་གདན་དྲངས་པ་བཞུགས་སོ། ། ན་མོ༔ དཔལ་ལྡན་སངས་རྒྱས་པདྨ་སྐྱེས༔ ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ༔ སངས་རྒྱས་ཀུན་གྱི་རང་བཞིན་ཅན༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་འདུད༔ བསོད་ནམས་ཚོགས་ཆེན་མྱུར་རྫོགས་ཤིང༔ བླ་མེད་བྱང་ཆུབ་ཐོབ་བྱའི་ཕྱིར༔ སྒྲུབ་པའི་ལས་བྱང་ལེའུ་གསུམ་སྟེ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི༔ རེ་རེ་ལའང་བཅུ་བཅུས་བསྟན༔ སྔོན་འགྲོ་ལ་བཅུ་སྒྲུབ་རྫས་བཤམ༔ སྐྱབས་འགྲོ་སེམས་བསྐྱེད་བསོད་ནམས་གསག༔ མཚམས་གཅོད་སྒོ་དབྱེ་བརྡའ་ཕྱག་འཚལ༔ དམ་བཅའ་བྱིན་དབབ་མཆོད་བཤགས་བྱ༔ དངོས་གཞིའི་ལས་རིམ་ཆོས་བཅུ་ལ༔ ཏིང་འཛིན་རྣམ་གསུམ་གཞལ་ཡས་ལྷ༔ སྤྱན་དྲངས་བཞུགས་གསོལ་ཕྱག་འཚལ་དང༔ མཆོད་པའི་ཚོགས་འབུལ་བསྟོད་པ་བྱ༔ བཤགས་པ་འཛབ་བཟླས་དངོས་གྲུབ་བླང༔ རྗེས་ཀྱི་ལས་རིམ་རྣམ་པ་བཅུ༔ ཚོགས་དང་ལྷག་ཆོག་ཐུགས་དམ་བསྐུལ༔ ཆད་མདོ་བརྟན་སྐྱོང་བྲོ་བྱ་ཞིང༔ དལ་བསྡུ་ཁ་བསྐང་བཀྲ་ཤིས་བརྗོད༔ བསྔོ་བ་བྱ་དང་སུམ་ཅུ་ཡིས༔ འདི་ཉིད་ལས་བྱང་རྩ་ཐོར་འདེབས༔ སྐལ་ལྡན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ སྔོན་འགྲོ་སྒྲུབ་པའི་རྫས་ལ་གསུམ༔ རྟེན་གྱི་དམ་རྫས་མཆོད་རྫས་གསག༔ དཀྱིལ་འཁོར་ས་ཆོག་མཐར་རྫོགས་ནས༔ བྷན་དྷ་བདུད་རྩི་རྣམ་ལྔ་སྦྱར༔ ཧཱུྃ༔ བཀའ་གསང་རྨད་བྱུང་དཀྱིལ་འཁོར་དུ༔ བདུད་རྩི་ལྔ་ཡིས་ཆག་ཆག་འདེབས༔ བྱུང་དང་འབྱུང་འགྱུར་དཀྱིལ་འཁོར་མཆོག༔ ཡེ་ཤེས་ལྔ་རྫོགས་གཞལ་ཡས་གསལ༔ ཨོཾ་སརྦ་པཉྩ་གུ་ཧྱ་མཎྜ་ལ་ཏྲཱཾ༔ ཞེས་བརྗོད་ཐིག་སྐུད་ལྔ་བསྒྲིལ་ལ༔ བྱང་སེམས་དཀར་དམར་འཕྲོད་སྦྱར་བསྩལ༔ ཐིག་སྣ་རང་གི་རིག་མ་འམ༔ བུ་མོ་མཚན་ལྡན་ལག་ཏུ་གཏད༔ མཁའ་གསང་བྱིན་རླབས་སྦྱོར་མཚམས་ནས༔ ཡེ་ཤེས་ལྷ་ཚོགས་དཀྱིལ་འཁོར་བསྐྱེད༔ གདབ་ཐབས་སྤྱི་དང་འདྲ་བ་ལ༔ བྲི་ཐབས་སོ་སོའི་གཞུང་དུ་ཤེས༔ རྟེན་རྫས་སོ་སོའི་གཞུང་བཞིན་ནམ༔ འོན་ཏེ་དབུས་སུ་གཏོར་ཆེན་སྟེང༔ བླ་མའི་སྐུ་དང་པད་འདབ་ལ༔ ཐོད་ཕྲེང་རྩལ་གྱི་སྐུ་བཞི་དང༔ རིན་ཆེན་ཟུར་བརྒྱད་མཚན་བརྒྱད་ལྷ༔ ཌཱ་ཀི་དཔའ་བོ་རིག་འཛིན་བཀོད༔ གཞན་ཡང་དཀོན་མཆོག་བདེ་གཤེགས་ཀྱི༔ སྐུ་གསུང་ཐུགས་རྟེན་མ་ལུས་དགྲམ༔ མཆོད་པའི་རྫས་ཀྱང་གཞུང་བཞིན་ནམ༔ ཕྱི་ཡི་མཆོད་པ་རྣམ་ལྔ་ཤར༔ ནང་གི་མེ་ཏོག་རྣམ་པ་ལྔ༔ གསུར་ཆེན་སྤོས་དང་དྲི་ཆབ་ཆུ༔ ཤ་ཆེན་བཤོས་དང་ཞུན་ཆེན་མེ༔ རྐང་གླིང་ཐོད་རྔ་ཌཱ་དྲིལ་ལྷོ༔ གཏོར་མ་ལྷ་གྲངས་མཉམ་པ་དང༔ ཚོགས་ཀྱི་མཆོད་པ་ཅི་ཆེ་བྱེད༔ ཐོད་པ་དུམ་གཉིས་དུམ་གསུམ་བཞི༔ བདུད་རྩི་སྨན་རག་གིས་བཀང་པ༔ སྒོ་བཞིར་བཀོད་དང་གྲུ་བཞིར་ནི༔ བདུད་རྩིའི་ནང་བལྟས་འཆར་བ་ནུབ༔ ཞུན་མར་ལྷ་གྲངས་མཉམ་པ་དང༔ དངོས་གྲུབ་རྫས་དང་ཚོགས་འཁོར་བཤམ༔ དར་དང་ཞིང་གི་འཕན་གདུགས་གྲམ༔ སྒྲུབ་པའི་རྫས་གསོག་རིམ་པ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་སྐྱབས་འགྲོ་སེམས་བསྐྱེད་ནི༔ སྒོ་གསུམ་ཡིད་དད་འདི་སྐད་དོ༔ ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ བླ་མ་བདེ་གཤེགས་འདུས་པའི་གསུང༔ རྩ་བ་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ བླ་མ་བདེ་གཤེགས་འདུས་པའི་ཐུགས༔ སྐུ་གསུམ་བླ་མའི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ན་མོ༔ སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མེད་སངས་རྒྱས་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དོན་བྱེད་པར་སེམས་བསྐྱེད་དོ༔ སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མེད་དམ་ཆོས་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དོན་བྱེད་པར་སེམས་བསྐྱེད་དོ༔ སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མེད་དགེ་འདུན་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དོན་བྱེད་པར་སེམས་བསྐྱེད་དོ༔ གསུམ་པ་ཚོགས་གཉིས་གསག་པ་ནི༔ ཕྱི་ནང་གསང་བ་གསུམ་ཡིན་ཏེ༔ དཀོན་མཆོག་གསུམ་དང་རྩ་གསུམ་ལྷ༔ སྐུ་གསུམ་མདུན་གྱི་ནམ་མཁར་བསྒོམ༔ ཨོཾ་ཨཱཿཧཱུྃ༔ དཀོན་མཆོག་གསུམ་པོ་གཤེགས་སུ་གསོལ༔ པདྨའི་གདན་ལ་བཞུགས་སུ་གསོལ༔ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ དཀོན་མཆོག་གསུམ་ལ་མཆོད་པ་འབུལ༔ སྡིག་པ་མི་དགེ་སོ་སོར་བཤགས༔ དགེ་བ་ཀུན་ལ་རྗེས་ཡི་རང༔ ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ༔ མྱ་ངན་མི་འདའ་གསོལ་བ་འདེབས༔ དགེ་བ་སེམས་ཅན་དོན་དུ་བསྔོ༔ བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ལོ་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་ཡི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ སེམས་ཅན་དོན་ལ་བཞུགས་སུ་གསོལ༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ཨོཾ་ཨཱཿཧཱུྃ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གཤེགས༔ སྐུ་གསུམ་ཞིང་ཁམས་ཀློང་དུ་བཞུགས༔ གཉིས་སུ་མེད་པར་ཕྱག་འཚལ་ལོ༔ ཕྱི་ནང་རྟོག་ཚོགས་མཆོད་པ་འབུལ༔ རང་སེམས་སངས་རྒྱས་མ་རྟོགས་བཤགས༔ སྐུ་གསུམ་རང་ཆས་རྗེས་ཡི་རང༔ ལྟ་སྒོམ་སྤྱོད་འབྲས་ཆོས་འཁོར་བསྐོར༔ འཁོར་འདས་མཉམ་ཉིད་ངང་དུ་བཞུགས༔ བདག་གཞན་གཉིས་མེད་དོན་དུ་བསྔོ༔ རང་གསལ་ཆོས་ཉིད་དོན་རྟོགས་ཤོག༔ བཅུ་གསུམ་རྣམ་པར་དག་པ་ལས༔ བཞི་པ་བགེགས་ལ་བཀའ་བསྒོ་ནི༔ རང་ཉིད་དབང་ཆེན་དུ་གསལ་བས༔ སྔོན་འགྲོའི་གཏོར་མ་ཕྱིར་ཕུལ་ལ༔ བསང་སྦྱང་བྱིན་རླབས་འདི་སྐད་བརྗོད༔ ཧཱུྃ་ཧྲཱི༔ བླ་མ་རྣམས་ཀྱི་བྱིན་རླབས་དང༔ ཡི་དམ་ལྷ་ཡི་ཏིང་འཛིན་དང༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ ལོག་པར་འདྲེན་པ་བདུད་ཀྱི་ཚོགས༔ འདི་རུ་མ་འདུག་གཞན་དུ་དེངས༔ གལ་ཏེ་མི་འགྲོ་བར་གཅོད་ན༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས༔ ཁྱོད་ཀྱི་ལུས་ངག་ཡིད་གསུམ་རྣམས༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛད༔ དེ་བས་འདི་རུ་མ་འདུག་གཞན་དུ་དེངས༔ ཨོཾ་ཨཱཿཧཱུྃ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ སརྦ་བྷཱུ་ཏ་ཡ་སརྦ་བྷཱུ་ཏ་ཡ༔ ཨུཙྪཱ་ཏ་ཡ་ཨུཙྪ་ཏ་ཡ་ཧཱུྃ་ཕཊ༔ ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ༔ གྲྀཧྞ་གྲྀཧྞ་ཧཱུྃ༔ གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོ༔ བྷ་ག་ཝཱན་བི་དྱཱ་རཱ་ཛཱ་ཡ་ཧཱུྃ་ཕཊ༔ མཚམས་གཅོད་ནི༔ ཧཱུྃ་ཧྲཱི༔ ང་ནི་ཡེ་ནས་ངང་གིས་ཁྲོ༔ མཚམས་གཅོད་ཁྲོ་བོས་ནམ་མཁའ་གང༔ བགེགས་འདུལ་ཁྲོ་བོའི་རོལ་མཚམས་ལས༔ སུ་ཡང་འདའ་བར་མ་བྱེད་ཅིག༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ རཏྣ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ པདྨ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ ཀརྨ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ བྷུདྡྷ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ ལྔ་པ་བརྡ་སྒོ་དབྱེ་བ་ནི༔ ཧྲཱི༔ སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང༔ བཅུད་ཀྱི་སེམས་ཅན་ལྷ་ཡི་ཚོགས༔ གཉིས་འཛིན་ལོག་ལྟས་སྒོ་བཅད་པ༔ ཡེ་ཤེས་འཆར་སྒོ་ད་ཕྱེས་ཤིག༔ བྷྲཱུྃ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་པས་སྣོད་བཅུད་གཞལ་ཡས་ལྷར་གསལ་གདབ༔ དྲུག་པ་བརྡ་ཕྱག་འཚལ་བ་ནི༔ ཧཱུྃ༔ རང་བྱུང་ཡེ་ཤེས་རིག་པའི་ལྷ༔ མ་རྟོགས་རང་ངོ་མ་ཤེས་པས༔ ཡེ་ནས་འགྲོགས་ཀྱང་ཞལ་མ་མཇལ༔ རང་གསལ་བརྡའ་ཡི་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ ཞེས་པས་གཉིས་མེད་བརྡ་ཕྱག་འཚལ༔ བདུན་པ་དམ་བཅའ་བཟུང་བ་ནི༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་རྣམས༔ ཐོག་མེད་དུས་ནས་ཡི་དམ་ལྷ༔ ད་ལྟ་བདག་དང་གཉིས་སུ་མེད༔ སྲོག་ཕྱིར་མི་གཏོང་སྒྲུབ་དམ་བཅའ༔ ཨོཾ་བཛྲ་ཙིཏྟ་ཧཱུྃ༔ ཞེས་བསྒྲུབ་པར་དམ་བཅའ་འོ༔ བརྒྱད་པ་བྱིན་དབབ་པ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ རྣམ་དག་སྐུ་གསུམ་ཞིང་ཁམས་ནས༔ བླ་མ་ཡི་དམ་མཁའ་འགྲོ་རྣམས༔ ལྷུན་གྲུབ་དཀྱིལ་འཁོར་འདིར་གཤེགས་ལ༔ དབང་སྐུར་བྱིན་ཕོབ་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་བཛྲ་ས་མ་ཡ་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་པས་བྱིན་དབབ་རོལ་མོ་བསྒྲག༔ དགུ་པ་མཆོད་པ་བྱིན་གྱིས་བརླབ༔ ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ ཞེས་པས་ཕྱི་ནང་གི་དངོས་འཛིན་གྱི་དྲི་མ་དག་ཅིང་སྟོང་པར་སྦྱངས༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་གྱི་་་དང་པོས་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསམ༔ གཉིས་པས་མི་འཛད་ཅིང་མང་དུ་སྤེལ༔ གསུམ་པས་འདོད་ཡོན་ལྷ་མོས་ཁ་བརྒྱན་པར་བསམ༔ ཨོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ༔ སྣོད་ཉིད་བྷནྡྷ་སྟོང་གསུམ་མཉམ༔ བཅུད་ཉིད་ཡེ་ཤེས་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ གཏོར་མ་འདོད་ཡོན་ཕུང་པོར་བསམ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ རཀྟ་བདུད་རྩི་དམར་པོར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝིདྱཱ་ཤབྡ་ཨཱཿཧཱུྃ༔ ཕྱི་མཆོད་རྣམ་ལྔ་བྱིན་གྱིས་བརླབ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཀིཾ་ནི་རི་ཏི་མ་ཧཱ་པཉྩ་པཱུ་ཙ་ཧོ༔ ནང་མཆོད་རྣམ་ལྔ་བྱིན་གྱིས་བརླབ༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་པཱུ་ཙ་ཧོ༔ གསང་བ་བྱང་སེམས་བྱིན་གྱིས་བརླབ༔ བཅུ་པ་བཤགས་པ་བྱ་བ་ནི༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ ཁྱེད་ནི་རྣམ་དག་དྲི་མེད་ལྷ༔ བདག་ནི་ཉོན་མོངས་སྒྲིབ་པས་བསྒྲིབས༔ ཉམས་ཆག་སྡིག་སྒྲིབ་མཐོལ་ལོ་བཤགས༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་བཛྲ་ས་མ་ཡ༔ སརྦ་དྷརྨཱཿསྭ་བྷ་ཝ་ཤུདྡྷོ྅་ཧཾ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཞེས་པས་གནོང་འགྱོད་སེམས་ཀྱིས་བཤགས༔ སྔོན་འགྲོའི་ལེའུ་དང་པོ་འོ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་ལས་རིམ་ལ༔ དང་པོ་ཏིང་འཛིན་རྣམ་གསུམ་ཁོག་དབུབ་ནི༔ ཨོཾ༔ ཆོས་རྣམས་དམིགས་མེད་སྨྲ་བརྗོད་བྲལ༔ བློ་འདས་ཆོས་སྐུའི་དེ་བཞིན་ཉིད༔ ཨཱ༔ བློ་བྲལ་དེ་ཡི་ངང་ཉིད་ལས༔ སེམས་ཅན་ཀུན་ཁྱབ་སྙིང་རྗེ་བསྒོམ༔ ཧཱུྃ༔ སྟོང་ཉིད་སྙིང་རྗེས་འགྲོ་དོན་མཛད༔ རང་རིག་ཧྲཱིཿལས་རྡོ་རྗེར་གསལ༔ ཧྲཱི༔ རྡོ་རྗེའི་འོད་ལས་གཞལ་ཡས་ཁང༔ པདྨ་རིན་ཆེན་འབར་བ་སྤེལ༔ འཇའ་ཚོན་བྲེས་པ་ལྟ་བུའི་ནང༔ བདུད་བཞི་ཉི་ཟླ་པདྨའི་སྟེང༔ རྡོ་རྗེ་གནས་འགྱུར་དྲན་རྫོགས་སུ༔ རྟ་མགྲིན་ཞལ་གཅིག་ཕྱག་གཉིས་དམར༔ གྲི་གུག་ཐོད་ཁྲག་རྟ་སྐད་སྒྲོག༔ ཁ་ཊྭཱཾ་རུས་རྒྱན་བརྐྱང་བསྐུམ་བཞུགས༔ ཕག་མོ་མཐིང་ནག་ཕག་སྐད་ངུར༔ ཆ་ལུགས་ཡབ་འདྲ་མེ་དཔུང་ཀློང༔ སྤྱི་བོར་ཐོད་ཕྲེང་རྩལ་མཐིང་ག༔ སྐྱིལ་ཀྲུང་རྡོར་དྲིལ་རུས་རྒྱན་ཅན༔ པང་གཡོན་མཚོ་རྒྱལ་དཀར་མོ་འཁྲིལ༔ ཕྱག་གཉིས་མགུལ་འཁྱུད་བདུད་རྩི་སྟོབས༔ དེ་ཡི་ཕྱི་རོལ་པད་འདབ་བཞིར༔ ཐོད་ཕྲེང་རིགས་བཞི་ཡབ་ཡུམ་བསྐྱེད༔ ཤར་དུ་བཛྲ་ཐོད་ཕྲེང་ནི༔ དཀར་པོ་རྡོ་རྗེ་དྲིལ་བུ་བསྣམས༔ རྡོ་རྗེ་ཕག་མོ་ཡུམ་དང་འཁྲིལ༔ རིན་ཆེན་རུས་པའི་རྒྱན་ཆ་འཁྲོལ༔ ཕྱག་གཉིས་གཙོ་བོ་ཡབ་ལ་འཁྱུད༔ ཡབ་ཡུམ་དཀར་དམར་མདངས་ལྡན་བསྒོམ༔ ལྷོ་རུ་རཏྣ་ཐོད་ཕྲེང་ནི༔ སེར་པོ་རིན་ཆེན་དྲིལ་བུ་བསྣམས༔ རིན་ཆེན་ཕག་མོ་ཡུམ་དང་འཁྲིལ༔ གྲི་གུག་ཐོད་ཁྲག་རྒྱན་ལྡན་བསྒོམ༔ ནུབ་ཏུ་པདྨ་ཐོད་ཕྲེང་ནི༔ དམར་པོ་པདྨ་དྲིལ་བུ་བསྣམས༔ པདྨ་ཕག་མོ་ཡུམ་དང་འཁྲིལ༔ གྲི་གུག་ཐོད་ཁྲག་རྒྱན་ལྡན་བསྒོམ༔ བྱང་དུ་ཀརྨ་ཐོད་ཕྲེང་ནི༔ ལྗང་གུ་རྒྱ་གྲམ་དྲིལ་བུ་བསྣམས༔ ཀརྨ་ཕག་མོ་ཡུམ་དང་འཁྲིལ༔ གྲི་གུག་ཐོད་ཁྲག་རྒྱན་ལྡན་བསྒོམ༔ རིན་ཆེན་ཟུར་བརྒྱད་འཛུམ་དག་ལ༔ གང་ལ་གང་འདུལ་མཚན་བརྒྱད་གསལ༔ ཤར་དུ་པདྨ་འབྱུང་གནས་དཀར༔ ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་བཞུགས༔ རྡོ་རྗེ་བྷཉྫ་ཁ་ཊྭཱཾ་བསྣམས༔ སྙེན་ཞུ་རྒོད་སྒྲོ་དར་སྣས་བརྒྱན༔ སྙན་ཆ་རིན་ཆེན་འབར་བས་སྤྲས༔ ལེ་བརྒན་ཆོས་གོས་པ་ཏྲ་རིས༔ ཟབ་བེར་སྦྲགས་མ་སྐུ་ལ་གསོལ༔ ཨ་ཙར་ལོ་བརྒྱད་གཞོན་ཚུལ་བསྒོམ༔ ལྷོ་རུ་བློ་ལྡན་མཆོག་སྲེད་དཀར༔ ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་བཞུགས༔ སྐུ་ལ་དར་དཀར་ན་བཟའ་གསོལ༔ དར་ཐོད་རིན་ཆེན་ཨུཏྤལ་བརྒྱན༔ ཕྱག་གཉིས་ཐོད་རྔ་པད་ཕོར་བསྣམས༔ ཞི་ཚུལ་དང་ལྡན་བསྒོམ་པར་བྱ༔ ནུབ་ཏུ་ཉི་མ་འོད་ཟེར་ནི༔ ཞལ་གཅིག་ཕྱག་གཉིས་ཞི་མ་ཁྲོ༔ སྐུ་མདོག་དམར་སེར་སྐྱིལ་ཀྲུང་བཞུགས༔ གཅེར་བུ་སྟག་ཤམ་རུས་རྒྱན་ཅན༔ ཕྱག་གཡས་ཁ་ཊྭཱཾ་རྩེ་གསུམ་གསོར༔ གཡོན་པ་སྡིགསམཛུབ་མཛད་པར་བསྒོམ༔ བྱང་དུ་སེང་གེ་སྒྲ་སྒྲོག་ནི༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ མུ་སྟེགས་གདན་ལ་འདོར་སྟབས་བཞུགས༔ སྤྱན་བསྒྲད་ཞལ་གདངས་སེང་སྐད་སྒྲོག༔ ཐོར་ཚུགས་དར་ནག་ཅོད་པན་ཅན༔ སྐུ་ལ་སེང་གླང་སྟག་ལྤགས་དཀྲིས༔ ཕྱག་གཡས་ལྕགས་ཀྱི་རྡོ་རྗེ་གསོར༔ གཡོན་པ་སྡིགས་མཛུབ་མེ་འབར་བསྒོམ༔ ཤར་ལྷོ་པདྨ་སམ་བྷ་ཝ༔ སྐུ་མདོག་དཀར་སྨུག་སྐུ་ཤ་རྒྱས༔ གཞོན་ཚུལ་དགེ་སློང་ཆ་བྱད་ཅན༔ གསེར་གྱི་ཆོས་གོས་དར་ཤམ་གསོལ༔ ཕྱག་གཉིས་ཐོད་པ་སྐྱབས་སྦྱིན་མཛད༔ སྐྱིལ་ཀྲུང་བདེ་ཉམས་ལྡན་པར་བསྒོམ༔ ལྷོ་ནུབ་པདྨ་རྒྱལ་པོ་ནི༔ ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་བཞུགས༔ སྐུ་མདོག་དམར་སེར་ཞི་མ་ཁྲོ༔ དར་དམར་བེར་ཕྱམ་སྐུ་ལ་གསོལ༔ ཕྱག་གཡས་ལྕགས་སྒྲོག་དྷཱ་དྲིལ་བསྣམས༔ གཡོན་པ་མེ་ལོང་འཛིན་པར་བསྐྱེད༔ ནུབ་བྱང་ཤཱཀྱ་སེངྒེ་ནི༔ གསེར་མདོག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་རྡོ་རྗེ་ས་གནོན་མཛད༔ གཡོན་པ་ལྷུང་བཟེད་བདུད་རྩིས་བཀང༔ རབ་བྱུང་ཆ་ལུགས་ཆོས་གོས་དམར༔ སྐྱིལ་ཀྲུང་འོད་འཕྲོ་གསལ་བར་བསྒོམ༔ བྱང་ཤར་རྡོ་རྗེ་གྲོ་ལོད་ནི༔ སྐུ་མདོག་དམར་ནག་ཁྲོས་པའི་ཚུལ༔ སྤྱན་བསྒྲད་ཨམ་གཙིགས་ཨག་ཚོམས་ཅན༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་གདེངས༔ གཡོན་པ་ཕུར་པས་དགྲ་སྙིང་གཟིར༔ བརྐྱང་བསྐུམ་མི་མགོའི་དོ་ཤལ་ཅན༔ ཆིབས་སུ་སྟག་མོའི་སྟེང་ན་འགྱིང༔ སྐུ་ལས་ཁྲོ་ཆུང་འཕྲོ་བར་བསྒོམ༔ ཕོ་བྲང་ཕྱོགས་བཞིའི་པད་འདབ་བཞིར༔ རིགས་བཞི་མཁའ་འགྲོ་ཡབ་ཡུམ་བསྐྱེད༔ སྣ་ཚོགས་པད་སྐོར་ཕྱི་མ་ལ༔ རིག་འཛིན་དྷཱ་ཀི་ཆོས་སྐྱོང་སོགས༔ དངོས་གྲུབ་སྟེར་ཞིང་བར་ཆད་སེལ༔ ཆར་སྤྲིན་ལྟ་བུར་འཐིབས་པར་བསམ༔ སྐུ་གསུང་ཐུགས་སུ་བྱིན་བརླབ་ཅིང༔ ཡེ་ཤེས་ལྔ་ཡི་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་སྭཱ་ཧྲཱིཿཨཱ༔ ཅེས་པས་གཞལ་ཡས་ལྷ་གསལ་གདབ༔ གསུམ་པ་གདུང་དབྱངས་སྙན་པོས་སྤྱན་དྲང་པ་ནི༔ ཧཱུྃ་ཧྲཱི༔ སྔོན་གྱི་བསྐལ་པ་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧྲཱི༔ མ་ཆགས་སྐྱོན་གྱིས་མ་གོས་པའི༔ པདྨ་འབྱུང་གནས་གཤེགས་སུ་གསོལ༔ ཡོན་ཏན་ཐམས་ཅད་རབ་རྫོགས་པའི༔ པདྨ་སཾ་བྷ་གཤེགས་སུ་གསོལ༔ ཤེས་བྱ་ཀུན་ལ་མ་རྨོངས་པའི༔ བློ་ལྡན་མཆོག་སྲེད་གཤེགས་སུ་གསོལ༔ ཁམས་གསུམ་དབང་དུ་སྡུད་མཛད་པའི༔ པདྨ་རྒྱལ་པོ་གཤེགས་སུ་གསོལ༔ རྨོངས་པའི་མུན་སེལ་འགྲོ་བ་འདྲེན༔ ཉི་མ་འོད་ཟེར་གཤེགས་སུ་གསོལ༔ ལོག་འདྲེན་བདུད་བཞི་འཇོམས་མཛད་པའི༔ ཤཱཀྱ་སེང་གེ་གཤེགས་སུ་གསོལ༔ མུ་སྟེགས་དམ་སྲི་འདུལ་མཛད་པའི༔ སེང་གེ་སྒྲ་སྒྲོག་གཤེགས་སུ་གསོལ༔ དྲེགས་པ་དགྲ་བགེགས་ཚར་གཅོད་པའི༔ རྡོ་རྗེ་གྲོ་ལོད་གཤེགས་སུ་གསོལ༔ ཧྲཱི༔ ཡུལ་གྱི་མིང་ནི་རྔ་ཡབ་གླིང༔ ཟངས་མདོག་དཔལ་རིའི་གནས་མཆོག་ཏུ༔ པདྨ་འོད་ཀྱི་གཞལ་ཡས་སུ༔ སྒྲུབ་པ་མཐར་ཕྱིན་དངོས་གྲུབ་བརྙེས༔ པདྨ་ཐོད་ཕྲེང་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧྲཱི༔ བདེ་ཆེན་འབར་བའི་གཞལ་ཡས་ནས༔ དབང་གི་རྒྱལ་པོ་རྟ་མཆོག་དཔལ༔ རྡོ་རྗེ་ཕག་མོ་ཡུམ་དང་བཅས༔ དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ ཕྱོགས་བཞི་མཚམས་བརྒྱད་གཞལ་ཡས་ནས༔ རིགས་བཞིའི་མཁའ་འགྲོ་གཤེགས་སུ་གསོལ༔ བདུད་འདུལ་གིང་བཞི་གཤེགས་སུ་གསོལ༔ དཔའ་བོ་དཔའ་མོ་གཤེགས་སུ་གསོལ༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ མཁའ་འགྲོ་དཔའ་བོ་མ་ལུས་དང༔ རིག་འཛིན་ཆོས་སྐྱོང་ཐམས་ཅད་བྱོན༔ དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམ༔ དར་གྱི་ཅོད་པན་པུ་རུ་རུ༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ སིལ་སྙན་མང་པོ་སི་ལི་ལི༔ རྒྱན་ཆ་མང་པོ་ཁྲོ་ལོ་ལོ༔ རོལ་མོ་མང་པོ་འུ་རུ་རུ༔ དཔའ་བོའི་བྲོ་བརྡུང་ཁྲབས་སེ་ཁྲབ༔ དཔའ་མོའི་གླུ་ལེན་ཀྱུ་རུ་རུ༔ ཡི་དམ་ལྷ་ཚོགས་ཡ་ལ་ལ༔ མཁའ་འགྲོ་མ་ཚོགས་ཐིབས་སེ་ཐིབ༔ ཆོས་སྐྱོང་ལས་བྱེད་ཁྱུགས་སེ་ཁྱུག༔ ཞུབ་ཅན་སྟོང་སྡེ་སི་ལི་ལི༔ ལྷ་སྲིན་སྡེ་བརྒྱད་ཤ་ར་ར༔ གཡས་ན་ཕོ་རྒྱུད་ཐིབས་སེ་ཐིབ༔ གཡོན་ན་མོ་རྒྱུད་སྤུངས་སེ་སྤུང༔ དར་གྱི་རུ་མཚོན་པུ་རུ་རུ༔ མཁའ་འགྲོའི་བརྡ་སྐད་དི་རི་རི༔ དཔའ་བོའི་བཤུགས་གླུ་ཀྱུ་རུ་རུ༔ དཔའ་མོའི་གར་བྱེད་ཤིགས་སེ་ཤིག༔ ཧཱུྃ་གི་སྣང་གླུ་དི་རི་རི༔ ཕཊ་ཀྱི་བརྡ་སྐད་སངས་སེ་སང༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ མོས་པའི་བུ་ལ་བྱིན་གྱིས་རློབས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ བཛྲ་ས་མ་ཡ་ཛ༔ སིདྡྷི་ཕ་ལ་ཧཱུྃ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ༔ ཙིཏྟ་ཧྲིང་ཧྲིང་ཛཿཛཿཧཱུྃ་བཾ་ཧོ༔ ཞེས་པས་སྤྱན་དྲངས་ཉམས་བསྐྱང་ངོ༔ བཞི་པ་བཞུགས་སུ་གསོལ་བ་ནི༔ ཧྲཱི༔ རིན་ཆེན་གཞལ་ཡས་ཉམས་རེ་དགའ༔ དུར་ཁྲོད་གནས་མཆོག་བྱིན་རེ་ཆེ༔ པདྨ་འདབ་བཞི་མདངས་རེ་ཆེ༔ ཉི་ཟླ་བརྩེགས་པ་འོད་རེ་གསལ༔ རྟོག་མེད་རོ་གདན་བག་རེ་དྲོ༔ བཞུགས་པའི་གནས་མཆོག་དང་རེ་སྤྲོ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ དགྱེས་ཤིང་མི་གཡོ་བརྟན་པར་བཞུགས༔ མོས་པའི་བུ་ལ་ཞལ་བསྟན་འཚལ༔ གསུང་གི་གདམས་པའི་གནད་སྒྲོག་འཚལ༔ ཐུགས་ཀྱི་དགོངས་པའི་སྒོ་དབྱེ་འཚལ༔ འགྲོ་བའི་དོན་དུ་སྐུ་བཞུགས་འཚལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཅེས་བརྗོད་གཉིས་མེད་བརྟན་བཞུགས་བསམ༔ ལྔ་པ་ཕྱག་འཚལ་བ་ནི༔ ཨེ་མ་ཧོ༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་བ་འདྲེན༔ ཡིད་བཞིན་དངོས་གྲུབ་ཆར་འབེབ་པའི༔ ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ སྤྲོས་བྲལ་བདེ་ཆེན་ཀུན་བཟང་མོ༔ རྡོ་རྗེ་སྨན་གཅིག་མཚོ་རྒྱལ་ཡུམ༔ བདེ་སྟོང་དབྱེར་མེད་ཐབས་ཤེས་སྦྱོར༔ ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ༔ བྱ་བྱེད་ཡིད་ཆོས་རྣམ་པར་དག༔ ཐུགས་རྗེའི་རྩལ་གྱིས་འགྲོ་བ་འདྲེན༔ དྲག་པོའི་ཚུལ་གྱིས་དགྲ་བགེགས་སྒྲོལ༔ དབང་ཆེན་རྟ་ཕག་ཡབ་ཡུམ་ལ༔ གཉིས་མེད་གུས་པས་ཕྱག་འཚལ་ལོ༔ སྣང་བ་ཡབ་ལ་སྟོང་པ་ཡུམ༔ མཁའ་འགྲོ་གིང་ལ་ཕྱག་འཚལ་ལོ༔ ཐམས་ཅད་ཆོས་ཀྱི་དབྱིངས་སུ་སྒྲོལ༔ སྲུང་མའི་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱི་ཙ་ཧོ༔ མཎྜལ་རྒྱས་བསྡུས་ཅི་རིགས་བྱ༔ དྲུག་པ་མཆོད་པའི་ཚོགས་འབུལ་བ༔ ཕྱི་ནང་གསང་བ་སྨན་རག་གཏོར༔ དུར་ཁྲོད་རྫས་ཀྱིས་བསྐང་བའོ༔ ཕྱིའི་མཆོད་པ་ནི༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ ལྷ་རྫས་ཕྱི་མཆོད་འབུལ་བ་ནི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སྒྲ་སྙན་ཡིད་འོང་རྣམས༔ སྤྱན་ཤངས་ཐུགས་ཀ་སྐུ་ལུས་དང༔ ཞལ་དང་སྙན་དུ་མཆོད་པ་འབུལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱཱ་ཤབྡ་པཱུ་ཙ་ཧོ༔ ནང་གི་མཆོད་པ་ནི༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ རང་བྱུང་ནང་མཆོད་འབུལ་བ་ནི༔ དབང་པོ་ལྔ་ཡི་མེ་ཏོག་མཆོད༔ གསུར་ཆེན་བདུག་སྤོས་དྲི་ཡིས་མཆོད༔ ཞུན་ཆེན་སྣང་གསལ་མར་མེས་མཆོད༔ རྡོ་རྗེ་དྲི་ཆུའི་བྱུགས་པས་མཆོད༔ བདུད་རྩི་དྲི་ཆེན་ཞལ་ཟས་མཆོད༔ རྐང་གླིང་ཐོད་པའི་རྔ་སྒྲས་མཆོད༔ དུག་གསུམ་སྐུ་གསུང་ཐུགས་སུ་མཆོད༔ དུག་ལྔ་ཡེ་ཤེས་ལྔ་རུ་མཆོད༔ སྣང་སྲིད་ཕྱག་རྒྱ་བཞི་རུ་མཆོད༔ འཁོར་འདས་ཐམས་ཅད་གཉིས་མེད་བཞེས༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ མ་ཧཱ་པཉྩ་པཱུ་ཙ་ཧོ༔ གསང་བའི་མཆོད་པ་ནི༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ གཉིས་མེད་གསང་མཆོད་འབུལ་བ་ནི༔ ཡབ་ཡུམ་གཉིས་མེད་མཁའ་གསང་ལས༔ བྱང་སེམས་དཀར་དམར་བདེ་བའི་རྒྱུན༔ བདེ་བའི་རོ་སྙོམས་མཆོད་པར་འབུལ༔ སྐུ་ལུས་རྒྱས་ཕྱིར་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་དྷཱ་ཀི་ནཱི༔ བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་པཱུ་ཙ་ཧོ༔ སྨན་མཆོད་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ༔ བདུད་རྩི་སྨན་གྱི་མཆོད་པ་འབུལ་བ་ནི༔ རྩ་བརྒྱད་སྟོང་སྦྱར་བདུད་རྩི་ཨ་མྲྀ་ཏ༔ དུག་ལྔ་གནས་འགྱུར་ཡེ་ཤེས་གྲུབ་པའི་རྫས༔ རོ་མཆོག་ཡོན་ཏན་ཀུན་ལྡན་མཆོད་པ་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ སརྦ་པཉྩ་ཨ་མྲྀཏ་ཁཱ་རཾ་ཁཱ་ཧི༔ ཞེས་པས་ཟུར་བཀོལ་ལྟར་རྒྱས་པར་མཆོད་རྗེས་དངོས་གྲུབ་བླང་བ་ནི༔ ཧྲཱི༔ མཚུངས་མེད་བྷནྡྷ་འབར་བའི་སྣོད་མཆོག་ཏུ༔ ཡེ་ཤེས་ལྔ་རྫོགས་དངོས་གྲུབ་རྒྱ་མཚོའི་རྫས༔ མཐེབ་སྲིན་ཐབས་ཤེས་ཕྱག་རྒྱས་མྱོང་བ་ཡིས༔ ནད་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཀཱ་ཡ་སིདྡྷི་ཨཱོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ རཀྟའི་མཆོད་པ་ནི༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ རཀྟའི་མཆོད་པ་འབུལ་བ་ནི༔ ཆོས་དབྱིངས་ཡུམ་གྱི་བྷ་ག་རུ༔ ཆོས་ཉིད་རོལ་པའི་རཀྟ་བསྐྱིལ༔ ཆོས་ཅན་མཚན་མའི་རྦ་རླབས་འཁྲུགས༔ བླ་མ་ཡི་དམ་མཁའ་འགྲོ་མཆོད༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ ནམ་མཁའ་ཡངས་པའི་བྷ་ག་རུ༔ འབྱུང་བཞི་སྣོད་བཅུད་རཀྟ་བསྐྱིལ༔ སྒོ་གསུམ་འདོད་ཡོན་རྦ་རླབས་འཁྲུགས༔ བླ་མ་ཡི་དམ་མཁའ་འགྲོ་མཆོད༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ རུ་སྦལ་ཁོག་པའི་བྷ་ག་རུ༔ ཁྲག་སྣ་ལྔ་ཡི་རཀྟ་བསྐྱིལ༔ སྦྱངས་བསྒྱུར་སྤེལ་བའི་རྦ་རླབས་འཁྲུགས༔ བླ་མ་ཡི་དམ་མཁའ་འགྲོ་མཆོད༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ གཏོར་མས་མཆོད་པ་ནི༔ ཧཱུྃ་ཧྲཱི༔ རྗེ་བཙུན་པདྨ་གཤེགས་སུ་གསོལ༔ གདུང་བ་དྲག་པོས་གསོལ་བ་འདེབས༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ འདོད་ཡོན་ལྔ་ཡི་མཆོད་པ་འབུལ༔ བ་ལིཾ་རྒྱན་གྱི་མཆོད་པ་འབུལ༔ སྨན་རཀ་བདུད་རྩིའི་མཆོད་པ་འབུལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ ཏིང་འཛིན་རྩེ་གཅིག་མཆོད་པ་འབུལ༔ བླ་མ་རིག་འཛིན་མཆོད་པ་བཞེས༔ ཡི་དམ་ལྷ་ཚོགས་མཆོད་པ་བཞེས༔ མཁའ་འགྲོའི་ཚོགས་རྣམས་མཆོད་པ་བཞེས༔ གིང་གི་ཚོགས་རྣམས་མཆོད་པ་བཞེས༔ དཔའ་བོའི་ཚོགས་རྣམས་མཆོད་པ་བཞེས༔ དཔའ་མོའི་ཚོགས་རྣམས་མཆོད་པ་བཞེས༔ དམ་ཅན་ཚོགས་རྣམས་མཆོད་པ་བཞེས༔ སྲུང་མའི་ཚོགས་རྣམས་མཆོད་པ་བཞེས༔ རྣལ་འབྱོར་ཕོ་མོ་དམ་རེ་གཙང༔ མཁའ་འགྲོའི་ཚོགས་རྣམས་དང་རེ་སྤྲོ༔ དུར་ཁྲོད་གནས་མཆོག་ཉམས་རེ་དགའ༔ ཞིང་ཆེན་བླ་བྲེས་རྒྱན་དང་ལྡན༔ ཤ་སྣ་སྙིང་སྣ་བསམ་མི་ཁྱབ༔ སྤྲོ་དགའ་གནས་ཀྱི་མཆོད་པ་བཞེས༔ ཧྲཱི༔ སྣང་བ་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ༔ སྲིད་པ་བཅུད་ཀྱི་སེམས་ཅན་གཏོར་མར་སྦྱར༔ དཔལ་གྱི་གཏོར་མ་བརྗིད་ལྡན་འགྱིང་བ་འདི༔ རི་རྒྱལ་ལྷུན་པོ་བས་ཀྱང་དཔང་རེ་མཐོ༔ མ་མོའི་གཏོར་མ་པདྨས་བསྐོར་བ་འདི༔ གླིང་བཞི་གླིང་ཕྲན་བས་ཀྱང་བཀོད་རེ་ལེགས༔ དཀར་གྱི་ཐིག་གདབ་དམར་གྱི་གུར་ཕུབ་པ༔ གསེར་གྱི་རི་བདུན་བས་ཀྱང་བརྗིད་རེ་ཆེ༔ རཀྟ་དམར་གྱི་ཨརྒྷཾ་སྦྲེང་བ་འདི༔ རྒྱ་མཚོའི་མཆིང་སྣམ་བས་ཀྱང་རྒྱ་རེ་ཆེ༔ བདུད་རྩི་སྨན་གྱིས་གཏོར་མར་སྦྲེངས་པ་འདི༔ ལྷ་ཡི་ཞལ་ཟས་བས་ཀྱང་རོ་རེ་བདའ༔ དཀར་རྩི་དམར་རྩི་ཤ་ཆེན་དྲི་ཆེན་དང༔ དྲི་ཆུ་བྱུགས་པའི་རྫས་ཏེ་རྣམ་པ་ལྔ༔ སེང་གེ་གླང་ཆེན་རྟ་དང་རྨ་བྱ་ཁྱུང༔ མཆོག་ཆེན་མི་ལ་སོགས་ཏེ་ཤ་སྣ་ལྔ༔ མ་ཧཱ་མཱཾ་ས་ལ་སོགས་ཤ་སྣ་སྟོང༔ མ་ཧཱ་ཙིཏྟ་ལ་སོགས་སྙིང་སྣ་སྟོང༔ མ་ཧཱ་རཀྟ་ལ་སོགས་ཁྲག་སྣ་སྟོང༔ བ་སུ་ཏ་དང་ནང་ཁྲོལ་རྣམ་པ་ལྔ༔ དབང་པོ་ལྔ་དང་གོ་རོ་ཙ་ན་དང༔ ཤིང་ཐོག་མེ་ཏོག་འབྲུ་སྣ་སྨན་རྣམས་དང༔ ཟན་དང་ཁུར་བ་ཐུག་པའི་བྱེ་བྲག་དང༔ མར་ཐུད་ཕྲུམ་དང་ཞོ་དང་འོ་མ་དང༔ རྩི་དང་ཙཱ་རུ་རྩི་ཆེན་གོ་སྙོད་དང༔ ལྒ་དང་ལན་ཚྭ་སྤོད་ཀྱི་བྱེ་བྲག་དང༔ རི་སྒོག་ཀླུང་སྒོག་ཤ་མོ་སྣ་ཚོགས་དང༔ བཟའ་དང་བཅའ་དང་བཏུང་བའི་བྱེ་བྲག་དང༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ འདོད་ཡོན་ལྔ་ཡི་མཆོད་པ་སྣ་ཚོགས་པ༔ རྟོག་མེད་བློ་ཡིས་ཀུན་ནས་བསྡུས་བྱས་ཤིང༔ ཏིང་འཛིན་དགོངས་བརྒྱུད་དག་པས་བྱིན་བརླབས་ཏེ༔ བདུད་རྩིར་གྱུར་པའི་གཏོར་མ་ཆེན་པོ་འདིས༔ རྡོ་རྗེ་སློབ་དཔོན་ཐུགས་དམ་སྐོང་གྱུར་ཅིག༔ ཡི་དམ་ལྷ་ཚོགས་ཐུགས་དམ་སྐོང་གྱུར་ཅིག༔ མཁའ་འགྲོ་སྡེ་བཞིའི་ཐུགས་དམ་སྐོང་གྱུར་ཅིག༔ དཔའ་བོ་གིང་གི་ཐུགས་དམ་སྐོང་གྱུར་ཅིག༔ དམ་ཅན་སྲུང་མའི་ཐུགས་དམ་སྐོང་གྱུར་ཅིག༔ མཆོད་པར་འོས་པའི་ཐུགས་དམ་སྐོང་གྱུར་ཅིག༔ སྒྲུབ་རྟེན་མཐུན་རྫས་ཀྱི་མཆོད་པ་ནི༔ དམ་རྫས་གཏོར་ཆེན་བཤམས་པ་དང༔ བདུད་རྩི་སྨན་མཆོད་སྦྲེང་བ་དང༔ འདོད་ཡོན་ལོངས་སྤྱོད་སྤུངས་པ་རྣམས༔ བླ་མ་ཡི་དམ་མཁའ་འགྲོ་དང༔ ཆོས་སྐྱོང་སྲུང་མ་བསྟེན་ཕྱིར་འབུལ༔ ཐུགས་དམ་ཉམས་ཆག་གཉན་སྐོངས་ལ༔ གཡར་དམ་སོར་སྩོལ་དངོས་གྲུབ་ཞུ༔ མཁའ་འགྲོའི་མཆོད་འབུལ་ཟུར་དུ་གསལ༔ བདུན་པ་བསྟོད་པ་བྱ་བ་ནི༔ ཧཱུྃ་ཧྲཱི༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ སྐུ་ནི་མི་འགྱུར་ཀུན་ཏུ་བཟང་པོའི་སྐུ༔ གསུང་ནི་མི་འགག་མཉམ་ཉིད་རིག་པའི་གསུང༔ ཐུགས་ནི་མི་གཡོ་སྨྲ་བསམ་བརྗོད་ལས་འདས༔ སྐུ་གསུང་ཐུགས་ལྡན་པདྨ་རྒྱལ་ལ་བསྟོད༔ འགྲོ་བའི་དོན་དུ་རང་བྱུང་འོད་དཔག་མེད༔ བཀྲ་ཤིས་ཡོན་ཏན་དུ་མས་བརྒྱན་པའི་སྐུ༔ འཇིག་རྟེན་དབང་བསྒྱུར་པདྨ་རྒྱལ་པོའི་སྲས༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ༔ རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ༔ དབང་གི་ལས་མཛད་པདྨ་ཐོད་ཕྲེང་རྩལ༔ མངོན་སྤྱོད་ལས་མཛད་ཀརྨ་ཐོད་ཕྲེང་རྩལ༔ ཐམས་ཅད་ལྷུན་གྲུབ་བྷུདྡྷ་ཐོད་ཕྲེང་རྩལ༔ ཕྲིན་ལས་རྫོགས་པའི་རྗེ་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ མ་ཆགས་སྐྱོན་གྱིས་མ་གོས་པའི༔ པདྨ་འབྱུང་གནས་སྐུ་ལ་བསྟོད༔ ཡོན་ཏན་ཐམས་ཅད་རབ་རྫོགས་པའི༔ པདྨ་སཾ་བྷའི་སྐུ་ལ་བསྟོད༔ ཤེས་བྱ་ཀུན་ལ་མ་རྨོངས་པའི༔ བློ་ལྡན་མཆོག་སྲེད་སྐུ་ལ་བསྟོད༔ ཁམས་གསུམ་དབང་དུ་སྡུད་མཛད་པའི༔ པདྨ་རྒྱལ་པོའི་སྐུ་ལ་བསྟོད༔ རྨོངས་པའི་མུན་སེལ་འགྲོ་བ་འདྲེན༔ ཉི་མ་འོད་ཟེར་སྐུ་ལ་བསྟོད༔ ལོག་འདྲེན་བདུད་བཞི་འཇོམས་མཛད་པའི༔ ཤཱཀྱ་སེང་གེའི་སྐུ་ལ་བསྟོད༔ མུ་སྟེགས་དམ་སྲི་འདུལ་མཛད་པའི༔ སེང་གེ་སྒྲ་སྒྲོག་སྐུ་ལ་བསྟོད༔ དྲེགས་པ་དགྲ་བགེགས་ཚར་གཅོད་པའི༔ རྡོ་རྗེ་གྲོ་ལོད་སྐུ་ལ་བསྟོད༔ བདེ་བ་ཐམས་ཅད་རབ་རྫོགས་པའི༔ ཡེ་ཤེས་མཁའ་འགྲོའི་སྐུ་ལ་བསྟོད༔ སྣང་བ་མ་འགག་ཐུགས་རྗེ་ཆེན་པོའི་སྐུ༔ རྟ་མགྲིན་དབང་གི་སྐུ་ལ་ཕྱག་འཚལ་བསྟོད༔ སྐྱེ་མེད་རྣམ་དག་ཆོས་དབྱིངས་དག་པའི་ཀློང༔ རྡོ་རྗེ་ཕག་མོ་ཡུམ་ལ་ཕྱག་འཚལ་བསྟོད༔ སྐྱེ་འགག་གཉིས་སུ་མེད་པའི་མཁའ་དབྱིངས་ལས༔ ཐུགས་རྗེས་མ་འགག་ཅིར་ཡང་སྟོན་ཅིང་སྤྲུལ༔ དཔའ་བོ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཆོས་སྐྱོང་སྲུང་མའི་ཚོགས་ལ་ཕྱག་འཚལ་བསྟོད༔ བརྒྱད་པ་ཉམས་ཆག་སྐོང་བ་ནི༔ ཧཱུྃ༔ སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ༔ བླ་མ་རྡོ་རྗེ་སེམས་དཔའི་སྐུ༔ སྐུ་མདོག་ཤེལ་འདྲའི་ཐུགས་ཀ་ནས༔ ཟླ་སྟེང་ཧཱུྃ་ལ་ཡིག་བརྒྱས་བསྐོར༔ དེ་ལས་བདུད་རྩིའི་ཆུ་རྒྱུན་བབས༔ ཉམས་ཆག་སྡིག་སྒྲིབ་དག་པར་བསྒོམ༔ ཧོ༔ དགོངས་ཤིག་བླ་མ་ཡི་དམ་མཁའ་འགྲོ་དགོངས༔ ཐོག་མེད་དུས་ནས་ད་ལྟར་ཐུག་གི་བར༔ མ་རིག་བདག་ཅག་ལུས་དང་ངག་སེམས་ཀྱིས༔ རྡོ་རྗེ་སློབ་དཔོན་ཐུགས་དང་འགལ་བ་དང༔ འགྲོ་ལ་གནོད་བྱས་རྡོ་རྗེ་སྤུན་ལ་འཁུས༔ ཏིང་འཛིན་མི་གསལ་སྔགས་ཀྱི་སྒྲ་ཟུར་ཉམས༔ མཆོད་ལ་མི་བརྩོན་བསྙེན་སྒྲུབ་གཡེལ་ལ་སོགས༔ མི་སྤང་བླང་དང་སྤང་བྱ་ངོ་མ་ཤེས༔ གསང་སྔགས་འཆོལ་དང་ཐེག་པ་གཞན་ལ་སྨད༔ རྒྱུ་འབྲས་ཁྱད་བསད་བཏང་སྙོམས་ལེ་ལོར་ལུས༔ མཚམས་མེད་ལྔ་དང་མི་དགེ་བཅུ་སོགས་སྤྱད༔ ཚོར་དང་མ་ཚོར་དམ་ལས་འགལ་གྱུར་པ༔ གནོང་ངོ་འགྱོད་དོ་མི་སྦེད་མཐོལ་ལོ་བཤགས༔ ཕྱིན་ཆད་མི་བགྱིད་སྡོམ་པར་བགྱིད་ལགས་སོ༔ བཟོད་པ་ཆེན་པོའི་ངང་དུ་ཡར་བཞེས་ལ༔ གཉིས་མེད་ཚངས་པ་ཆེན་པོའི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་གུ་རུ་སཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ གུ་རུ་སཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ ཨུ་ནུ་རཀྟོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲི་ཡ༔ ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏ༔ བཛྲ་མཱ་མེ་མུཉྩ༔ བཛྲི་བྷ་ཝ༔ མ་ཧཱ་ས་མ་ཡ༔ བཛྲ་སཏྭ་ཨ་ཧཱུྃ༔ བརྒྱ་འམ་ཉེར་གཅིག་བཟླས་པ་ཡིས༔ ཉམས་ཆག་ཐམས་ཅད་བསྐང་བར་འགྱུར༔ དགུ་པ་འཛབ་ལ་གསུམ་ཡིན་ཏེ༔ བསྙེན་སྒྲུབ་ལས་ལ་སྦྱར་བ་འོ༔ བསྙེན་དུས་བླ་མ་སྤྱི་བོར་བསྒོམ༔ གསོལ་འདེབས་ཚུལ་དུ་འཛབ་འདི་བཟླ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སྒྲུབ་དུས་བླ་མ་རང་གསལ་གདབ༔ གསང་སྔགས་འདུས་པའི་ཡང་སྙིང་བཟླ༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ བཛྲ་ས་མ་ཡ་ཛ༔ སིདྡྷི་ཕ་ལ་ཧཱུྃ་ཨཱ༔ གར་སྟབས་འཆམས་ཤིང་ཉམས་རྟོགས་བསྐྱང༔ ལས་སྦྱོར་དུས་སུ་མཁའ་འགྲོའི་ཚོགས༔ དམིགས་པས་བསྐུལ་ཞིང་ཡང་སྙིང་བཟླ༔ ཧྲཱིཿམ་ཧ་རི་ནི་ས༔ ར་ཙ་ཧྲི་ཡ༔ ཙིཏྟ་ཧྲིང་ཧྲིང་ཛཿཛ༔ སརྦ་སིདྡྷི་ཤཱནྟིཾ་པུཥྚིཾ་བ་ཤཾ་མཱ་ར་ཡ་རྦད༔ ཞི་རྒྱས་དབང་དྲག་ཤམ་བུར་གདགས༔ འཛབ་དགོངས་འཕྲོ་འདུ་གཞུང་བཞིན་ནོ༔ བརྒྱ་སྟོང་ཁྲི་འབུམ་རྟགས་དང་སྦྱར༔ བཅུ་པ་དངོས་གྲུབ་བླང་བ་ནི༔ ཨེ་མ་ཧོ༔ རྗེ་བཙུན་ཨོ་རྒྱན་པདྨ་ལ༔ རྣལ་འབྱོར་བདག་ཅག་མོས་གུས་བྱེད༔ གསོལ་བ་སྙིང་གི་དཀྱིལ་ནས་འདེབས༔ བྱིན་རླབས་ཐུགས་ཀྱི་ཀློང་ནས་ཞུ༔ རྣམ་དག་སྐུ་ཡི་སྒོ་ཕྱེས་ལ༔ རྣལ་འབྱོར་བདག་ལ་ཞལ་བསྟན་འཚལ༔ སྐུ་མཚན་དང་དཔེ་བྱད་བྱིན་རླབས་ཀྱིས༔ བདག་གི་ལུས་ཀྱི་སྒྲིབ་པ་བྱང་བ་དང༔ ནད་མེད་བདེ་བ་འབར་བ་དང༔ འཆི་མེད་ཚེ་ཡི་དངོས་གྲུབ་ཞུ༔ དྲི་མེད་གསུང་གི་སྒོ་ཕྱེས་ལ༔ རྣལ་འབྱོར་བདག་ལ་གསུང་སྒྲོག་འཚལ༔ གསུང་སྙིང་པོ་ལུང་གི་བྱིན་རླབས་ཀྱིས༔ བདག་གི་ངག་གི་སྒྲིབ་པ་བྱང་བ་དང༔ འགག་མེད་ནུས་པ་ཆེ་བ་དང༔ ཚངས་པ་གསུང་གི་དངོས་གྲུབ་ཞུ༔ ཟབ་མོ་ཐུགས་ཀྱི་སྒོ་ཕྱེས་ལ༔ རྣལ་འབྱོར་བདག་ལ་ཏིང་འཛིན་འཚལ༔ ཐུགས་ཡེ་ཤེས་ལྔ་ཡི་བྱིན་རླབས་ཀྱིས༔ བདག་གི་ཡིད་ཀྱི་སྒྲིབ་པ་བྱང་བ་དང༔ རྣམ་རྟོག་དག་ནས་རྟོགས་པ་འཆར༔ ཆོས་ཉིད་ཟབ་མོའི་དངོས་གྲུབ་ཞུ༔ ཨེ་མ་ཧོ༔ ཉི་མ་ཟླ་བ་ལྟ་བུའི་གུ་རུ་རིན་པོ་ཆེ༔ མ་རིག་མུན་པ་སེལ་བའི་དངོས་གྲུབ་ཞུ༔ རྒྱ་མཚོའི་མཆིང་སྣམ་ལྟ་བུའི་གུ་རུ་རིན་པོ་ཆེ༔ ཡོན་ཏན་རྒྱ་མཚོ་ལྟ་བུའི་དངོས་གྲུབ་ཞུ༔ སྨན་མཆོག་རྒྱལ་པོ་ལྟ་བུའི་གུ་རུ་རིན་པོ་ཆེ༔ ཉོན་མོངས་ནད་ལས་གྲོལ་བའི་དངོས་གྲུབ་ཞུ༔ འཁོར་ལོས་སྒྱུར་རྒྱལ་ལྟ་བུའི་གུ་རུ་རིན་པོ་ཆེ༔ སྣང་སྲིད་དབང་དུ་འདུས་པའི་དངོས་གྲུབ་ཞུ༔ བུམ་བཟང་དཔག་བསམ་ལྟ་བུའི་གུ་རུ་རིན་པོ་ཆེ༔ དགོས་འདོད་ཤུགས་ལས་འབྱུང་བའི་དངོས་གྲུབ་ཞུ༔ ཡིད་བཞིན་ནོར་བུ་ལྟ་བུའི་གུ་རུ་རིན་པོ་ཆེ༔ བདག་གཞན་དོན་གཉིས་འགྲུབ་པའི་དངོས་གྲུབ་ཞུ༔ དངོས་གྲུབ་འཛད་པ་མེད་པའི་གུ་རུ་རིན་པོ་ཆེ༔ དགོས་འདོད་ཕུན་སུམ་ཚོགས་པའི་དངོས་གྲུབ་ཞུ༔ དཔའ་བོ་སེང་གེ་ལྟ་བུའི་གུ་རུ་རིན་པོ་ཆེ༔ བདུད་དང་བར་ཆད་བཟློག་པའི་དངོས་གྲུབ་ཞུ༔ སྤྲུལ་པ་སྒྱུ་མ་ལྟ་བུའི་གུ་རུ་རིན་པོ་ཆེ༔ ཕྲིན་ལས་རྣམ་བཞི་འགྲུབ་པའི་དངོས་གྲུབ་ཞུ༔ སྤྲོས་བྲལ་ནམ་མཁའ་ལྟ་བུའི་གུ་རུ་རིན་པོ་ཆེ༔ ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཞུ༔ སྐུ་ཡི་བྱིན་རླབས་ཆེ་བའི་གུ་རུ་རིན་པོ་ཆེ༔ གསུང་གདམས་པ་ཟབ་པའི་གུ་རུ་རིན་པོ་ཆེ༔ ཐུགས་མཁྱེན་པ་ཆེ་བའི་གུ་རུ་རིན་པོ་ཆེ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ ཅེས་པས་འཛབ་བསྐུལ་དངོས་གྲུབ་བླང༔ དངོས་གཞིའི་ལེའུ་སྟེ་གཉིས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་ཆོ་ག་ལ༔ དང་པོ་ཚོགས་ཀྱི་བསྐང་བ་ནི༔ སྐབས་འདིར་གོང་གི་བགེགས་བསྐྲད་བྱ༔ བདུད་རྩི་ཚོགས་ལ་གཏོར་ཞིང་བསང༔ ཨོཾ་སརྦ་དྲ་བྱཾ་བི་ཤོ་དྷ་ན་ཧཱུྃ་ཕཊ༔ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཚོགས་འཁོར་སྦྱང་ཕྱིར་ཡི་གེ་སྤྲོ༔ རཾ་ལས་མེ་བྱུང་དངོས་འཛིན་བསྲེགས༔ ཡཾ་ལས་རླུང་བྱུང་བག་ཆགས་གཏོར༔ ཁཾ་ལས་ཆུ་བྱུང་གཉིས་འཛིན་བཀྲུས༔ དེ་ཕྱིར་རཾ་ཡཾ་ཁཾ་ཞེས་བྱ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ བྱིན་གྱིས་བརླབ་ཕྱིར་ཡི་གེ་སྤྲོ༔ ཨོཾ་གྱིས་འདོད་ཡོན་སྣང་སྲིད་གང༔ ཨཱ༔ཡིས་ཡེ་ཤེས་བདུད་རྩིར་གྱུར༔ ཧཱུྃ་གིས་རྣམ་པར་རྟོག་པ་སྦྱངས༔ ཧྲཱིཿཡིས་ལྷ་ཚོགས་དགྱེས་སྐོང་བསམ༔ དེ་ནས་ཚོགས་ལ་སྤྱན་དྲངས་པ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས༔ དམ་ཚིག་དཀྱིལ་འཁོར་གནས་འདིར་བཞུགས༔ བདག་ཅག་གུས་པས་ཕྱག་འཚལ་ལོ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ མཛེས་སྙན་དྲི་ཞིམ་རོ་བདའ་ཞིང༔ རེག་བདེ་གླུ་གར་ཆོས་ཡིད་ཚིམ༔ འདོད་ཡོན་མཆོད་པས་ཐུགས་དམ་བསྐང༔ ཐུགས་དམ་བསྐང་བ་རྣམ་གསུམ་སྟེ༔ སྐུ་དང་གསུང་དང་ཐུགས་སུ་བསྐང༔ སྐུ་ལ་རྫས་ཀྱིས་བསྐང་བྱ་སྟེ༔ མཆོད་པའི་རྫས་སུ་གྱུར་ཚད་བསྟབ༔ ལག་གཡས་མར་མེ་གཡོན་ངོས་སུ༔ བདུད་རྩིའི་ཐོད་པ་རེ་རེ་ཐོགས༔ དཀྱིལ་འཁོར་བསྐོར་ཞིང་འཆམས་སྟབས་བྱ༔ བཤགས་ཚིག་གསུང་ལ་བསྐང་བྱ་ནི༔ ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་གནས་འདི་རུ༔ གསང་བའི་དཀྱིལ་འཁོར་གཞུང་བཞིན་བཤམས་ནས་ཀྱང༔ སྒྲུབ་རྫས་གཉན་པོ་གཞུང་བཞིན་བཀྲམ་ལགས་ན༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི༔ ཐུགས་དམ་ཉམས་ཆག་ཐམས་ཅད་ཉེར་བསྐངས་ཏེ༔ རྣལ་འབྱོར་བདག་གི་གཡར་དམ་སོར་སྩོལ་ཅིག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་པ་བསྐྱར་ཞིང་ལན་བདུན་བསྐང༔ སྐོང་བའི་ཆོ་ག་གཞན་ཡང་བྱ༔ རྗེས་སུ་ན་རག་ལ་སོགས་ཏེ༔ རུ་ཟུང་བཞི་ཡི་བཤགས་པ་བྱ༔ ལྟ་བས་ཐུགས་ལ་བསྐང་བ་ནི༔ ཧཱུྃ༔ ཀུན་གཞི་མ་བཅོས་ཀློང་ཡངས་ནས༔ རང་རིག་རང་གསལ་ཀུན་ཏུ་བཟང༔ གདོད་ནས་རྣམ་དག་ཆོས་ཀྱི་སྐུ༔ དབྱེར་མེད་བདེ་བ་ཆེན་པོ་ལ༔ བསྐང་དང་བཤགས་བྱ་བཤགས་པའི་ཡུལ༔ རྣམ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔ ཆོས་ཀྱི་སྐུ་ལ་ཉམས་པ་མེད༔ དེ་ལྟར་རྟོགས་ན་བསྐང་བཤགས་མཆོག༔ ཨ་ཨ༔ དེ་ནས་ཚོགས་ཕུད་རིམ་གསུམ་སྤྲོ༔ དང་པོ་ཕུད་ཀྱིས་མཆོད་པ་ནི༔ ཧཱུྃ་ཧྲཱི༔ རྟོག་མེད་སྤྲོས་བྲལ་ཆོས་སྐུའི་ཕོ་བྲང་དུ༔ ཀུན་བཟང་རིགས་ལྔ་ཨོ་རྒྱན་པདྨ་དང༔ རྩ་བ་བརྒྱུད་པའི་བླ་མ་དམ་པ་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ འགག་མེད་རྣམ་དག་ལོངས་སྐུའི་ཕོ་བྲང་དུ༔ ཡི་དམ་ཞི་ཁྲོ་ཕྱི་ནང་ལྷ་ཚོགས་དང༔ རྟ་ཕག་ཡབ་ཡུམ་འཁོར་དང་བཅས་པ་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཕྲིན་ལས་རྣམ་དག་སྤྲུལ་སྐུའི་ཕོ་བྲང་དུ༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང༔ མ་ནིང་མཆེད་གསུམ་འཁོར་དང་བཅས་པ་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ ག་ཎ་ཙཀྲ་པཱུ་ཙ་ཁཱ་ཧི༔ བར་པ་བཤགས་པ་ནི། ཧྲཱི༔ ཐོག་མེད་དུས་ནས་ད་ལྟ་ཐུག་གི་བར༔ མ་རིག་བདག་ཅག་ལུས་དང་ངག་སེམས་ཀྱིས༔ རྡོ་རྗེ་སློབ་དཔོན་ཐུགས་དང་ཅི་འགལ་བ༔ ཞལ་ཟས་ཚོགས་ཀྱི་མཆོད་པས་བཤགས་པར་བགྱི༔ ཐོག་མེད་དུས་ནས་ད་ལྟར་ཐུག་གི་བར༔ མ་རིག་བདག་ཅག་ལུས་དང་ངག་སེམས་ཀྱིས༔ ཡི་དམ་ལྷ་ཚོགས་ཐུགས་དང་ཅི་འགལ་བ༔ ཞལ་ཟས་ཚོགས་ཀྱི་མཆོད་པས་བཤགས་པར་བགྱི༔ ཐོག་མེད་དུས་ནས་ད་ལྟར་ཐུག་གི་བར༔ མ་རིག་བདག་ཅག་ལུས་དང་ངག་སེམས་ཀྱིས༔ མཁའ་འགྲོ་ཆོས་སྐྱོང་ཐུགས་དང་ཅི་འགལ་བ༔ ཞལ་ཟས་ཚོགས་ཀྱི་མཆོད་པས་བཤགས་པར་བགྱི༔ བཛྲ་ས་མ་ཡ་སཏྭཾ༔ ཐ་མ་དགྲ་གཟུགས་ཕུར་པས་གཟིར༔ ཧཱུྃ༔ གུ་རུ་པདྨ་ཐོད་ཕྲེང་རྩལ༔ རྡོ་རྗེ་ཕུར་པས་དགྲ་སྙིང་གཟིར༔ གནོད་བྱེད་ཕོ་མོ་རྡུལ་དུ་རློག༔ དུག་གསུམ་ཤ་ཁྲག་ཞལ་དུ་བསྟབ༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ ཡི་དམ་དཔལ་ཆེན་ཧེ་རུ་ཀ༔ ཕྱག་མཚན་གྲི་གུག་དགྲ་སྙིང་གཟིར༔ གནོད་བྱེད་ཕོ་མོ་རྡུལ་དུ་རློག༔ དུག་གསུམ་ཤ་ཁྲག་ཞལ་དུ་བསྟབ༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁ་ཧི༔ དཔལ་གྱི་མཁའ་འགྲོ་དྲག་རྩལ་ཅན༔ ཕྱག་གི་མཚོན་ཆས་དགྲ་སྙིང་གཟིར༔ གནོད་བྱེད་ཕོ་མོ་རྡུལ་དུ་རློག༔ དུག་གསུམ་ཤ་ཁྲག་ཞལ་དུ་བསྟབ༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ བཛྲ་ས་མ་ཡ་ཛ༔ ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ ཅེས་བསྒྲལ་ཞིང་བསྟབ་པ་ནི༔ བླ་མ་ཡི་དམ་མཁའ་འགྲོ་ཞལ་ཕྱེ་ཞིག༔ བག་ཆགས་ཀུན་སྦྱོང་འཁོར་བའི་ལམ་དགག་ཕྱིར༔ དགྲ་བགེགས་བསྒྲལ་པའི་དུག་གསུམ་ཤ་ཁྲག་རུས༔ ཟ་བྱེད་མི་འགྱུར་ཆོས་ཉིད་ཀློང་དུ་རོལ༔ མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ མ་ཧཱ་ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ ཞེས་གོང་གི་རཀྟ་ཚར་གཅིག་འབུལ༔ དེ་ནས་སྨན་མཆོད་འབུལ་ཞིང་བྲན༔ ཧཱུྃ༔ འཆི་མེད་སརྦ་པཉྩ་ཨ་མྲྀ་ཏ༔ རོ་ཡི་ཁམས་རྣམས་སློང་བར་བྱེད༔ དུག་གི་ཕུང་པོ་འཇོམས་པར་བྱེད༔ རྩི་ཐོག་སྨན་གྱི་མཆོད་པས་ཐུགས་དམ་བསྐང༔ སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ དེ་ནས་ཚོགས་ཀྱི་ཡོ་བྱད་བཏེགས༔ རྡོ་རྗེ་སློབ་དཔོན་དབྱངས་བཅས་དྲང༔ ཧཱུྃ༔ གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས༔ འདི་ལ་ཐེ་ཚོམ་བྱར་མི་རུང༔ བྲམ་ཟེ་གདོལ་པ་ཁྱི་དང་ཕག༔ རང་བཞིན་གཅིག་ཏུ་དགོངས་ཏེ་རོལ༔ པད་ཀོར་ལག་པ་བསྣོལ་མས་དྲང༔ ཧོ༔ རིན་ཐང་མེད་ལས་ལེགས་འོངས་ཆོས༔ གཟུང་དང་འཛིན་པ་རྣམ་པར་སྤངས༔ འདོད་ཆགས་དྲི་མ་དང་བྲལ་བའི༔ དེ་ཁོ་ན་ཉིད་ལ་བདག་ཕྱག་འཚལ༔ ཅེས་བརྗོད་པདྨའི་ཕྱག་རྒྱས་བླང༔ ཁམ་གཅིག་བཅད་ལ་འདི་སྐད་རོལ༔ ཞལ་ཟས་ཚོགས་མཆོད་དམ་པ་འདི༔ འདོད་ཡོན་མ་སྤངས་ལོངས་སྤྱོད་རྒྱན༔ དངོས་གྲུབ་སྣ་ཚོགས་འདི་ལས་འབྱུང༔ ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ༔ ཨ་ལ་ལ་ཧོ༔ ཞེས་པས་རོལ༔ མཇུག་ཏུ་སྨོན་ལམ་གདབ་པ་ནི༔ ཚོགས་ཀྱི་འཁོར་ལོ་ཕུལ་བའི་བསོད་ནམས་ཀྱིས༔ མི་ཟད་གཏེར་ལ་ལོངས་སྤྱོད་ཅིང༔ ཡེ་ཤེས་སྣང་བ་རབ་གསལ་ནས༔ དག་པ་ཆེན་པོའི་ས་ཐོབ་ཤོག༔ དེ་རྗེས་ལྷག་མས་མཆོད་པ་ནི༔ ཧཱུྃ་ཧྲཱི༔ སྐྱེ་མེད་ཀློང་ལས་འགག་མེད་རྩལ༔ བླ་མ་ཡི་དམ་མཁའ་འགྲོར་ཤར༔ འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ དང་པོ་ཕུད་ཀྱིས་མི་མཆོད་དུ༔ དཔལ་ཆེན་ཧེ་རུ་ཀ་ཕུད་ཀྱི་བདག༔ བར་དུ་ལྷག་མས་མི་མཆོད་དུ༔ འཁོར་ཚོགས་རྒྱ་མཚོ་ལྷག་ལ་དགྱེས༔ ཐ་མ་གཅིག་ཏུ་མི་བསྲེ་རུ༔ གཉིས་མེད་ཆོས་སྐུ་གཅིག་ལས་བྱུང༔ ཧཱུྃ༔ དབང་ཆེན་བཀའ་ཉན་ལྷག་སྡུད་མ༔ རིགས་བཞི་གིང་དང་ཤུགས་འགྲོར་བཅས༔ དབང་ཕྱུག་མ་སྲིང་མཁའ་འགྲོ་མ༔ འབར་མ་གིང་ལང་ཕོ་ཉའི་ཚོགས༔ འབུམ་ཕྲག་ཡངས་པའི་སྡེ་བརྒྱད་རྣམས༔ འདིར་གཤེགས་ལྷག་མའི་གཏོར་མ་བཞེས༔ སྔོན་ཚེ་དཔལ་གྱི་བཀའ་ལུང་བཞིན༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྷུདྡྷ་དྷཱ་ཀི་ནཱི་པྲ་ཏཱིཙྪ་ཨི་དཾ་བ་ལིཾ་ཏ་ཁཱ་ཧི༔ བཛྲ་རཏྣ་པདྨ་ཀརྨ་ལོ་ཀ་དྷཱ་ཀི་ནཱི་པྲ་ཏཱིཙྪ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་བཏང་ལྷག་མའི་རིམ་པ་འོ༔ གསུམ་པ་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ་ཧྲཱི༔ མ་གཡེལ་མ་གཡེལ་རིག་འཛིན་ཚོགས༔ མ་གཡེལ་མ་གཡེལ་ཡི་དམ་ལྷ༔ མ་གཡེལ་མ་གཡེལ་མཁའ་འགྲོའི་ཚོགས༔ མ་གཡེལ་མ་གཡེལ་གིང་གི་ཚོགས༔ མ་གཡེལ་མ་གཡེལ་དཔའ་མོའི་ཚོགས༔ མ་གཡེལ་མ་གཡེལ་དམ་ཅན་ཚོགས༔ མ་གཡེལ་མ་གཡེལ་སྲུང་མའི་ཚོགས༔ རྗེས་འཇུག་བྱིན་གྱིས་བརླབ་བྱའི་ཕྱིར༔ ཁྱེད་ཀྱི་ཐུགས་དམ་གནད་ནས་བསྐུལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་འབྱུང་གནས་ཐུགས་དམ་བསྐུལ༔ བསིལ་བ་ཚལ་གྱི་དུར་ཁྲོད་ནས༔ པདྨ་སམྦྷའི་ཐུགས་དམ་བསྐུལ༔ རཱ་ག་རཀྟའི་གནས་མཆོག་ནས༔ བློ་ལྡན་མཆོག་སྲེད་ཐུགས་དམ་བསྐུལ༔ དགའ་བ་ཚལ་གྱི་དུར་ཁྲོད་ནས༔ པདྨ་རྒྱལ་པོའི་ཐུགས་དམ་བསྐུལ༔ སོ་ས་གླིང་གི་དུར་ཁྲོད་ནས༔ ཉི་མ་འོད་ཟེར་ཐུགས་དམ་བསྐུལ༔ ཟ་ཧོར་རྒྱལ་པོའི་ཡུལ་དབུས་ནས༔ ཤཱཀྱ་སེང་གེའི་ཐུགས་དམ་བསྐུལ༔ མ་ག་ཏ་ཡི་གནས་མཆོག་ནས༔ སེངྒེ་སྒྲ་སྒྲོག་ཐུགས་དམ་བསྐུལ༔ སྟག་ཚང་སེངྒེ་བསམ་འགྲུབ་ནས༔ རྡོ་རྗེ་གྲོ་ལོད་ཐུགས་དམ་བསྐུལ༔ ཟངས་མདོག་དཔལ་རིའི་གནས་མཆོག་ནས༔ ཐོད་ཕྲེང་རྩལ་གྱི་ཐུགས་དམ་བསྐུལ༔ དཔལ་ཆེན་ཧེ་རུ་རྟ་སྐད་སྒྲོག༔ དཔའ་བོ་ཡབ་ཀྱི་ཐུགས་དམ་བསྐུལ༔ མཁའ་འགྲོ་ཕག་མོ་ངུར་སྒྲ་འབྱིན༔ དཔའ་མོ་ཡུམ་གྱི་ཐུགས་དམ་བསྐུལ༔ རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་གྱིས༔ འཇིགས་བརྒྱད་སྐྱོབ་ཕྱིར་ཐུགས་དམ་བསྐུལ༔ རིན་ཆེན་མཁའ་འགྲོ་ཡབ་ཡུམ་གྱིས༔ འབྱོར་དྲུག་སྤེལ་ཕྱིར་ཐུགས་དམ་བསྐུལ༔ པདྨ་མཁའ་འགྲོ་ཡབ་ཡུམ་གྱིས༔ མོས་བཞི་སྡུད་ཕྱིར་ཐུགས་དམ་བསྐུལ༔ ལས་ཀྱི་མཁའ་འགྲོ་ཡབ་ཡུམ་གྱིས༔ དགྲ་བགེགས་ཚར་གཅོད་ཐུགས་དམ་བསྐུལ༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་དང༔ རིག་འཛིན་མཁའ་འགྲོ་ཤུགས་འགྲོར་བཅས༔ དབུ་ལ་རིན་ཆེན་རྒྱན་གྱིས་བརྒྱན༔ རུས་པའི་རྒྱན་ཆ་ཁྲོ་ལོ་ལོ༔ སིལ་སྙན་མང་པོ་སི་ལི་ལི༔ རྒྱན་ཆ་མང་པོ་པུ་རུ་རུ༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ ཁྱེད་ཀྱི་ཐུགས་དམ་རྒྱུད་བསྐུལ་ལོ༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཞི་རྒྱས་དབང་དྲག་ལ་སོགས་པའི༔ ཕྲིན་ལས་རྣམ་བཞི་ཁྱོད་ཀྱིས་སྒྲུབས༔ བསྒྲལ་བའི་ཞིང་བཅུ་ཁྱེད་ཀྱིས་སྒྲོལ༔ སངས་རྒྱས་བསྟན་པ་ཁྱེད་ཀྱིས་སྲུངས༔ དཀོན་མཆོག་དབུ་འཕང་ཁྱེད་ཀྱིས་བསྟོད༔ རྣལ་འབྱོར་སྐུ་དགྲ་ཁྱེད་ཀྱིས་ཐུལ༔ འབྱུང་བཞིའི་བར་ཆད་ཁྱེད་ཀྱིས་སོལ༔ དུག་ལྔའི་རྣམ་རྟོག་ཞི་བར་མཛོད༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཅེས་བསྐུལ་དངོས་གྲུབ་བླང་བ་ནི༔ གཏོར་མ་དང་ནི་བདུད་རྩི་ལ༔ གུ་རུའི་གནས་གསུམ་འོད་འཕྲོས་ཐིམ༔ བདུད་རྩིར་གྱུར་བསམ་རྩ་སྔགས་ཤམ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ ལན་གསུམ་བརྗོད་ལ་ཚིག་འདིས་བསྐུལ༔ ཧཱུྃ་ཧྲཱི༔ བདེ་མཆོག་བདེ་སྤྱོད་ནམ་མཁའི་དཀྱིལ་ཡངས་ནས༔ རྒྱལ་བའི་དཀྱིལ་འཁོར་སྲས་བཅས་ཐུགས་དམ་ཅན༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ རྟ་ཕག་ཡབ་ཡུམ་འཁོར་དང་བཅས་པ་ཡིས༔ སྐུ་གསུང་ཐུགས་དམ་མཉམ་སྦྱོར་དངོས་གྲུབ་མཆོག༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པའི་དཔལ༔ བུམ་པ་བཟང་པོ་དཔག་བསམ་ནོར་བུའི་ཚུལ༔ ད་ལྟ་ཉིད་དུ་བདག་ལ་བསྩལ་དུ་གསོལ༔ འགྱུར་མེད་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ འགག་མེད་གསུང་གི་དངོས་གྲུབ་བསྩལ་དུ་གསོལ༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཡོན་ཏན་རེ་སྐོང་དངོས་གྲུབ་བསྩལ་དུ་གསོལ༔ ཕྲིན་ལས་རྣམ་བཞིའི་དངོས་གྲུབ་བསྩལ་དུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཟད་མེད་ནོར་གྱི་དངོས་གྲུབ་བསྩལ་དུ་གསོལ༔ ཐུན་མོང་ཡིད་བཞིན་དངོས་གྲུབ་བསྩལ་དུ་གསོལ༔ བླ་མེད་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་བརྗོད་གཏོར་མ་ཁམ་གསུམ་ཟ༔ བདུད་རྩི་ཧུབ་གསུམ་འཐུང་ཞིང་རོལ༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ༔ ཐུགས་དམ་བསྐུལ་བའི་རིམ་པ་འོ༔ བཞི་པ་ཆད་མདོ་བསྒྲག་པ་ནི༔ ཧཱུྃ་ཧྲཱི༔ སྔོན་ཚེ་འདས་དུས་བསྐལ་པ་དང་པོ་ལ༔ འོག་མིན་གནས་མཆོག་བདེ་ཆེན་ཕོ་བྲང་དུ༔ བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀས༔ དཔལ་གྱི་རྟ་སྐད་ཐེངས་གསུམ་བསྒྲགས་ནས་ནི༔ སྣང་སྲིད་མ་མོ་ཐམས་ཅད་དབང་དུ་བསྡུས༔ ཐ་ཚིག་གསུམ་གྱིས་དམ་ལ་བཏགས་པའི་ཚེ༔ ཕག་མོ་ལ་སོགས་མཁའ་འགྲོ་བྱེ་བ་བརྒྱས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བ་དང༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ བཅོལ་པའི་ཕྲིན་ལས་སྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཤ་ཁྲག་རྒྱན་གྱིས་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ དེ་འོག་དུས་ཀྱི་བསྐལ་པ་དབུས་མ་ལ༔ བྲག་དམར་བསམ་ཡས་ཨརྻ་པཱ་གླིང་དུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང༔ ལོ་ཙཱ་ཆེན་པོ་བཻ་རོ་ཙ་ན་ཡིས༔ དཔལ་ཆེན་ཡོངས་རྫོགས་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ དུར་ཁྲོད་གནས་པའི་མཁའ་འགྲོ་སྡེ་བརྒྱད་དང༔ དྲེགས་པ་སྡེ་བརྒྱད་བརྟན་མ་བཅུ་གཉིས་རྣམས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བ་དང༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཤ་ཁྲག་རྒྱན་གྱི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ དེ་འོག་དུས་ཀྱི་བསྐལ་པ་ཐ་མ་ལ༔ རྔ་ཡབ་གླིང་ཕྲན་ཟངས་མདོག་དཔལ་རིའི་རྩེར༔ སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་དང༔ རིག་འཛིན་ཆོས་བདག་རྡོ་རྗེ་གླིང་པ་ཡིས༔ བླ་མ་ཡི་དམ་མཁའ་འགྲོ་བཀའ་འདུས་ཀྱི༔ གསང་བའི་སྒྲུབ་ཆེན་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ མཁའ་འགྲོ་གིང་དང་ཆོས་སྐྱོང་གཏེར་བདག་གིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བ་དང༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ བཅོལ་པའི་ཕྲིན་ལས་སྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདས་བར༔ ཤ་ཁྲག་རྒྱན་གྱི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ ལྔ་པ་བརྟན་མ་བསྐྱང་བ་ནི༔ ཐོད་རྔ་བརྡུང་ཞིང་རྐང་གླིང་འབུད༔ གཏོར་མ་ཕྱིར་བཏེགས་འདི་སྐད་དོ༔ ཧཱུྃ་བྷྱོ༔ དམ་ལ་བཏགས་པའི་མ་སྲིང་བརྟན་མའི་ཚོགས༔ བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ༔ དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང༔ གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང༔ འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ༔ བདུད་མོ་བཞི་ཡང་འདིར་གཤེགས་གཏོར་མ་བཞེས༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཤ་མེད་གངས་དཀར་རྡོ་རྗེ་གཡུ་སྒྲོན་མ༔ ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ༔ གསེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་དང༔ རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ༔ གནོད་སྦྱིན་བཞི་ཡང་འདིར་གཤེགས་གཏོར་མ་བཞེས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང༔ བཙན་ལ་རོལ་པའི་རྡོ་རྗེ་སྨན་གཅིག་མ༔ གཡུ་ཡི་དྲིལ་བུ་རྡོ་རྗེ་གཟུགས་ལེགས་མ༔ སྨན་བཙུན་ཁུག་ཆོས་རྡོ་རྗེ་གཡར་མོ་བསིལ༔ སྨན་མོ་བཞི་ཡང་འདིར་གཤེགས་གཏོར་མ་བཞེས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ བརྟན་མ་བཅུ་གཉིས་སྨན་ཕྲན་འབུམ་དང་བཅས༔ བྲན་གཡོག་འཁོར་བཅས་འདིར་གཤེགས་གཏོར་མ་བཞེས༔ རྣལ་འབྱོར་བདག་ཅག་རྒྱུ་སྦྱོར་སྦྱིན་བདག་གི༔ བར་གཅོད་གདོན་བགེགས་རིམས་དང་གནོད་པའི་ཚོགས༔ མི་མཐུན་ཕྱོགས་ཀུན་ཞི་ཞིང་བཟློག་པ་དང༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ མ་མ་ཧྲིང་ཧྲིང་ཛཿཛཿཨི་དཾ་བ་ལིཾ་ཏ་ཁཱ་ཧི༔ གཏོར་གཞོང་བཤལ་ལ་བརྟན་མ་བསྐྱང༔ དྲུག་པ་གཏོར་མནན་བྱ་བ་ནི༔ རྟ་བྲོ་གཏོར་གཞོང་ཁ་སྦུབས་ལ༔ བསྟན་པའི་རུ་ཏྲ་བར་ཆད་བགེགས༔ དགུག་གཞུག་བསྐལ་པའི་མཐར་མནན་བསམ༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ སྟཾ་བྷ་ཡ་ནན༔ གནོད་བྱེད་དགྲ་བགེགས་སརྦ་ཤ་ཏྲཱུཾ་སྟཾ་བྷ་ཡ་རཀྵ་མཱ་ར་ཡ་ལཾ་ནན༔ ཅེས་བརྗོད་དབང་ཆེན་སྐུར་བསྒོམས་ལ༔ རང་འདྲའི་སྤྲུལ་པས་འཇིག་རྟེན་གང༔ དགྲ་བགེགས་རྡུལ་དུ་བརླག་པར་བསམ༔ རིགས་པ་ངར་བསྐྱེད་བྲོ་འདི་བརྡུང༔ ཧཱུྃ་ཧྲཱི༔ རྟ་ཡི་བརྟུལ་ཞུགས་ཆེན་པོ་ཡི༔ བདག་ཉིད་ཆེན་པོའི་སྐུར་བསྒོམ་ཏེ༔ ཀུན་ཏུ་བཟང་མོའི་མཁའ་དབྱིངས་སུ༔ ཞིང་བཅུ་བསྒྲལ་བའི་ལྔ་ཕུང་ལ༔ རྩ་གསུམ་ཁྲོས་པའི་བྲོ་བརྡུངས་པས༔ ཉོན་མོངས་དུག་ལྔ་གཏན་ནས་གཅོད༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ༔ དུག་གསུམ་འཇོམས་པའི་བྲོ་བརྡུངས་པས༔ སྔོན་གྱི་དམ་ཚིག་ཆེན་པོ་བསྐངས༔ མ་ཚོགས་མཁའ་འགྲོའི་དཀྱིལ་འཁོར་དུ༔ རྟ་མགྲིན་ཁྲོས་པའི་བྲོ་བརྡུངས་པས༔ རྣལ་འབྱོར་བསྐང་བའི་ཆོ་ག་རྫོགས༔ དབང་ཆེན་གར་གྱི་དཀྱིལ་འཁོར་དུ༔ བདུད་བཞི་འཇོམས་པའི་བྲོ་བརྡུངས་པས༔ ཁམས་གསུམ་བསྒྲལ་བའི་ཆོ་ག་རྫོགས༔ ཕྱག་བརྙན་ཚོགས་ཀྱི་དཀྱིལ་འཁོར་དུ༔ བཀའ་འདས་བསྒྲལ་བའི་བྲོ་བརྡུངས་པས༔ རུ་ཏྲ་མཐར་མནན་ཆོ་ག་རྫོགས༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཕྲིན་ལས་རྣམ་བཞིའི་བྲོ་བརྡུང་ངོ་༔ བདུན་པ་དཀྱིལ་འཁོར་བསྡུ་བ་ནི༔ རྡུལ་ཚོན་མཐའ་ནས་རྡོ་རྗེས་བསྡུས༔ ཏིང་འཛིན་དཀྱིལ་འཁོར་རང་ལ་བསྡུ༔ རང་ཉིད་མཁའ་ལ་སྤྲིན་དེངས་ལྟར༔ སྐྱེ་མེད་སྤྲོས་བྲལ་ཆེན་པོར་བཞག༔ ཧཱུྃ༔ སྐྱེ་མེད་ཆོས་སྐུའི་ངང་ཉིད་ལས༔ འགག་མེད་རང་རྩལ་སྐུ་རུ་ཤར༔ ཕྲིན་ལས་རྣམ་བཞི་མཐར་ཕྱིན་ནས༔ སླར་ཡང་སྐྱེ་མེད་ཀློང་དུ་བསྡུ༔ ཨོཾ་ཨཱཿཧཱུྃ་བཛྲ་མུ༔ རྩ་གསུམ་ཡེ་ཤེས་ལྷ་ཡི་ཚོགས༔ དེ་རིང་ཆོས་ཀྱི་དབྱིངས་སུ་གཤེགས༔ ཐུགས་རྗེས་འགྲོ་བའི་དོན་ལ་བྱོན༔ ཆོ་ག་ལྷག་ཆད་གྱུར་པ་དང༔ མ་འབྱོར་བ་དང་ཉམས་པ་ཀུན༔ དེ་ཀུན་མགྲོན་གྱིས་བཟོད་པར་མཛད༔ ཅེས་པས་དཀྱིལ་འཁོར་བསྡུ་བར་བྱ༔ བརྒྱད་པ་ལྷག་ཆད་ཁ་བསྐང་ནི༔ དབྱངས་གསལ་དང་ནི་ཡིག་བརྒྱ་བརྗོད༔ དེ་རྗེས་ཀུན་གཞི་མ་བཅོས་བཞག༔ དེ་ཡིས་ཉམས་ཆག་ཁ་བསྐང་འགྱུར༔ སྟོང་ཉིད་ཧད་པོའི་མཐའ་དགག་ཕྱིར༔ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས༔ མེ་ལོང་གཟུགས་བརྙན་ཙམ་དུ་གསལ༔ སྤྱོད་ལམ་རྣམ་བཞིས་འགྲོ་དོན་སྤྱད༔ འབྲས་བུ་སྐུ་ལྔ་ཡེ་ཤེས་ལྔ༔ མཆོག་ཐུན་དངོས་གྲུབ་སྨོས་ཅི་དགོས༔ ཁ་སྐོང་རྒྱུན་གྱི་རྣལ་འབྱོར་རོ༔ དགུ་པ་བཀྲ་ཤིས་བརྗོད་པ་ནི༔ སྨོན་ལམ་བཀྲ་ཤིས་ཐུན་མོང་འདི༔ སྒྲུབ་མཆེད་ཀུན་གྱིས་བརྗོད་པར་བྱ༔ ཨེ་མ་ཧོཿ བདག་གིས་འགྲོ་བ་ཀུན་དོན་དུ༔ བསྐལ་པ་དཔག་མེད་ཚུན་ཆད་ནས༔ ཐ་མ་ད་ལྟར་ཐུག་གི་བར༔ བདག་གི་ལུས་ངག་ཡིད་གསུམ་གྱིས༔ བླ་མ་སྐྱེས་མཆོག་ཡི་དམ་ལྷ༔ སངས་རྒྱས་བྱང་སེམས་ཌཱ་ཀིའི་ཚོགས༔ བསྒོམས་བསྒྲུབས་མཆོད་ཅིང་བསྟོད་པ་དང༔ བྲིས་བཀླགས་བཅངས་ཤིང་ཀུན་ཆུབ་བགྱིས༔ འབྲས་བུ་དུས་འདིར་སྨིན་གྱུར་ཅིང༔ ཀུན་མཁྱེན་ཡེ་ཤེས་མཆོག་ཐོབ་ཤོག༔ གཞན་ཡང་ཕྱོགས་བཅུ་དུས་གསུམ་གྱི༔ དྲིན་ཅན་བླ་མའི་ཐུགས་དགོངས་རབ་རྫོགས་ནས༔ དུས་གསུམ་ཕ་མས་ཐོག་དྲངས་པའི༔ འགྲོ་དྲུག་སེམས་ཅན་མ་ལུས་ཀུན༔ བླ་མ་མཆོག་གིས་བཟུང་ནས་ཀྱང༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ཤེས་བྱའི་དོན་ལ་མ་རྨོངས་པའི༔ བླ་མ་དམ་པའི་བཀྲ་ཤིས་ཤོག༔ དངོས་གྲུབ་རྣམ་གཉིས་མྱུར་སྩོལ་བའི༔ ཡི་དམ་ལྷ་ཡི་བཀྲ་ཤིས་ཤོག༔ གཞན་དོན་དཔག་མེད་འགྲུབ་མཛད་པའི༔ མཁའ་འགྲོ་རྣམས་ཀྱི་བཀྲ་ཤིས་ཤོག༔ གང་ལ་བསམས་པའི་དོན་སྒྲུབ་པའི༔ དོན་གྲུབ་མཆོག་གི་བཀྲ་ཤིས་ཤོག༔ སྐུ་གསུང་ཐུགས་ཀྱི་བྷ་ག་ལ༔ ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག༔ གཞན་ཡང་བཀྲ་ཤིས་ཚིག་ཏུ་བརྗོད༔ བཅུ་པ་བསྔོ་བ་བྱ་བ་ནི༔ དེ་ལྟར་དགེ་བ་བྱང་ཆུབ་ཏུ༔ བདག་སོགས་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས༔ བསོད་ནམས་ཚོགས་གཉིས་དགེ་བ་ཅི་བསགས་པ༔ རྣམ་པ་ཐམས་ཅད་མཁྱེན་པའི་ས་རུ་བསྔོ༔ བདག་གཞན་དོན་གཉིས་འཁོར་བ་གཏན་སྤྲུགས་ཤོག༔ ཅེས་བརྗོད་བདག་གཞན་དོན་དུ་བསྔོ༔ རྗེས་ཀྱི་ལེའུ་སྟེ་གསུམ་པ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ཟབ་རྒྱ༔ བཀའ་རྒྱ༔ དམ་རྒྱ༔ བླ་མའི་ཐུགས་སྒྲུབ་གསང་བ་འདུས་པའི་ལས་བྱང་ལེའུ་གསུམ་པ་རྫོགས་སོ༔ ས་མ་ཡ༔ གཏེར་སྟོན་རྡོ་རྗེ་གླིང་པ་བདག་གིས་ཆུ་མོ་གླང་གི་ལོ་སྨིན་དྲུག་ཟླ་བའི་ཚེས་བཅུ་ལ་གནམ་ལྕགས་འབར་བའི་བྲག་ལོགས་རྟ་མགྲིན་ཕུག་པ་ཨོ་རྒྱན་མཁའ་འགྲོའི་གསང་མཛོད་ཆེན་མོ་ནས་གདན་དྲངས་པའོ། །འཕགས་མཆོག་དེ་ཉིད་ཀྱི་བརྒྱུད་པའི་ཐ་ཤལ་པ་རྡོ་རྗེ་དབང་དྲག་རྒྱ་མཚོར་འབོད་པས་གངས་ཅན་ལྷོ་ཡི་མཆོད་སྡོང་གཅིག་པུ་པདྨ་བཀོད་པ་ལོངས་སྤྱོད་རྫོགས་པའི་ཕོ་བྲང་ཤེལ་གྱི་ལྷུན་པོ་འབར་བ་མཁའ་རིའི་གངས་མགུལ་གཉན་ལུང་རྡོ་རྗེའི་གདན་གྱི་སྔགས་འཕེལ་བཀྲ་ཤིས་གནམ་སྡིངས་ཆེན་པོའི་ཆོས་དབྱིངས་ཕོ་བྲང་དུ་དག་པར་བགྱིས་ཤིང་ཕབ་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ་ཀུརྺནྟུ།། །།

མཁའ་འགྲོ་སྡེ་ལྔའི་མཆོད་བསྟོད་ཟུར་བཀོལ་འདུས་པ་བླ་མའི་ཐུགས་སྒྲུབ་གསང་བ་འདུས་པའི་ལས་བྱང་གི་ལྷན་ཐབས་སུ་སྦྱར་བ་ (Volume 7, Text 15)

མཁའ་འགྲོ་སྡེ་ལྔའི་མཆོད་བསྟོད་ཟུར་བཀོལ་འདུས་པ་བླ་མའི་ཐུགས་སྒྲུབ་གསང་བ་འདུས་པའི་ལས་བྱང་གི་ལྷན་ཐབས་སུ་སྦྱར་བ་བཞུགས་སོ། །ཧཱུྃ་ཧྲཱི༔ སྐྱེ་མེད་ཆོས་དབྱིངས་ཕོ་བྲང་ནས༔ སྟོང་ཉིད་ཡེ་ཤེས་མཁའ་འགྲོ་མ༔ དབྱིངས་དང་ཡེ་ཤེས་གཉིས་མེད་པར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ལུས་གནས་རྩ་ཡི་གཞལ་ཡས་ནས༔ སེམས་ཉིད་ཡེ་ཤེས་མཁའ་འགྲོ་མ༔ བདེ་སྟོང་གཉིས་སུ་དབྱེར་མེད་པར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ རང་བྱུང་དུར་ཁྲོད་གནས་བརྒྱད་ནས༔ རིགས་ལྔའི་མཁའ་འགྲོ་སྡེ་བརྒྱད་སོགས༔ དངོས་གྲུབ་སྟེར་ཞིང་བར་ཆད་སེལ༔ ཕྲིན་ལས་སྒྲུབ་ཕྱིར་གཤེགས་སུ་གསོལ༔ ཅེས་པས་སྤྱན་དྲངས༔ མཆོད་པ་ནི༔ ཧྲཱི༔ ཡེ་ཤེས་མཁའ་འགྲོ་བགྱི་བ་དེ༔ ཆོས་ཀྱི་ཆོས་ཉིད་མ་ལགས་སམ༔ འཁོར་འདས་ཐམས་ཅད་མཆོད་པར་འབུལ༔ རྡོ་རྗེ་མཁའ་འགྲོ་བགྱི་བ་དེ༔ སེམས་ཀྱི་སེམས་ཉིད་མ་ལགས་སམ༔ སྣང་སྲིད་ཐམས་ཅད་མཆོད་པར་འབུལ༔ རིན་ཆེན་མཁའ་འགྲོ་བགྱི་བ་དེ༔ སྣ་ཚོགས་སྤྲུལ་སྐུ་མ་ལགས་སམ༔ མཉམ་ཉིད་སྤྲོས་བྲལ་མཆོད་པར་འབུལ༔ པདྨ་མཁའ་འགྲོ་བགྱི་བ་དེ༔ ཆགས་མེད་སྐྱོན་བྲལ་མ་ལགས་སམ༔ གཟུང་འཛིན་བྲལ་བའི་མཆོད་པ་འབུལ༔ ལས་ཀྱི་མཁའ་འགྲོ་བགྱི་བ་དེ༔ ལས་ཀྱི་ཕྱག་རྒྱ་མ་ལགས་སམ༔ ཕུང་པོ་ལྔ་ཡི་མཆོད་པ་འབུལ༔ ཤ་ཟ་མཁའ་འགྲོ་བགྱི་བ་དེ༔ གཏོར་ལེན་ཕོ་མོ་མ་ལགས་སམ༔ ཤ་ཁྲག་དམར་གྱི་མཆོད་པ་འབུལ༔ དམ་རྫས་གཏོར་མ་འདི་དག་ཀུན༔ གཉིས་མེད་མཉམ་པའི་ངང་དུ་འབུལ༔ བླང་དོར་མེད་པའི་ཚུལ་གྱིས་བཞེས༔ ཐིམ་པའི་ཚུལ་དུ་དགྱེས་པར་རོལ༔ བླ་མ་ཡི་དམ་མཁའ་འགྲོ་དང༔ ཆོས་སྐྱོང་སྲུང་མ་འཁོར་བཅས་རྣམས༔ དམ་རྫས་རྒྱན་གྱི་གཏོར་མ་བཞེས༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ གཏོར་མ་ཁྱེད་ལ་ཕར་ཕུལ་བས༔ དངོས་གྲུབ་བདག་ལ་ཚུར་སྩོལ་ཅིག༔ ཚེ་སྲིངས་ནོར་སྤེལ་བདེ་ལེགས་སྒྲུབས༔ འཁོར་སྲུངས་རྐྱེན་ཟློག་བར་ཆོད་སོལ༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ མ་ཧཱ་མཱཾ་ས་ལ་ཁཱ་ཧཱི༔ མ་ཧཱ་རཀྟ་ལ་ཁཱ་ཧཱི༔ མ་ཧཱ་པཉྩ་ལ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ལ་ཁ་ཧི༔ ཞེས་སོགས་འབྱོར་ཚོགས་ཅི་ཆེར་འབུལ༔ བསྟོད་པ་ནི༔ ཧཱུྃ་ཧྲཱི༔ མཐའ་བྲལ་སྟོང་ཉིད་ནམ་མཁའི་ཀློང༔ མ་འགག་རང་གསལ་ལོངས་སྤྱོད་རྫོགས༔ སྤྲུལ་པའི་དཔའ་བོ་འབུམ་ཕྲག་འགྱེད༔ རྟ་མཆོག་དབང་གི་སྐུ་ལ་བསྟོད༔ སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ༔ ཆོས་དབྱིངས་ཡེ་ཤེས་མཁའ་འགྲོ་མ༔ བདེ་སྟོང་རྟོགས་པའི་ཡེ་ཤེས་སྤོར༔ ཕག་མོ་ཡུམ་ལ་ཕྱག་འཚལ་བསྟོད༔ ཆོས་སྐུ་ཡེ་ནས་རྣམ་པར་དག༔ སྟོང་གསལ་འཛིན་མེད་ལོངས་སྤྱོད་རྫོགས༔ སྤྲུལ་སྐུའི་རང་བཞིན་ཅིར་ཡང་སྣང༔ མཁའ་འགྲོ་རྒྱ་མཚོའི་ཚོགས་ལ་བསྟོད༔

བླ་མ་བཀའ་བརྒྱད་འདུས་པའི་དབང་བསྐུར་ཆེན་མོ་བཀླག་ཆོག་ཏུ་བཀོད་པ་རིན་ཆེན་དབྱིག་གི་རྫིང་བུ་ (Volume 7, Text 16)

༄༅། །བླ་མ་བཀའ་བརྒྱད་འདུས་པའི་དབང་བསྐུར་ཆེན་མོ་བཀླག་ཆོག་ཏུ་བཀོད་པ་རིན་ཆེན་དབྱིག་གི་རྫིང་བུ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཡཻ། ཡེ་ཤེས་རོལ་པའི་ཆོ་འཕྲུལ་བསམ་ཡས་ཀྱང་། །འོད་གསལ་དབྱིངས་ལས་མ་གཡོས་རིགས་ཀུན་བདག །གུ་རུའི་ཞབས་པད་གཙུག་གི་ནོར་བུ་ལ། །བཀོད་ནས་དགོངས་བརྒྱུད་དབང་དང་བྱིན་རླབས་སྩོལ། །རིགས་ལྔ་དངོས་མཚུངས་གླིང་ཆེན་རྣམ་ལྔ་ལས། །རྡོ་རྗེའི་མཚན་ཅན་ཟབ་གཏེར་རྒྱ་མཚོའི་དབྱིག །འདུས་པ་སྐོར་བཞིའི་ཐོག་མ་བླ་སྒྲུབ་ཀྱི། །སྨིན་བྱེད་བདུད་རྩི་སྐལ་ལྡན་སྲོག་འཚོར་སྤེལ། །བླ་མ་བཀའ་བརྒྱད་འདུས་པའི་དབང་གིས་སྐལ་ལྡན་གྱི་རྒྱུད་སྨིན་པར་བྱེད་པ་ལ། ཐེམས་བྱང་ལས། སྤྲོས་བཅས་བུམ་པའི་དབང་བསྐུར་དང༔ སྤྲོས་མེད་གཏོར་མའི་དབང་བསྐུར་དང༔ ཤིན་ཏུ་སྤྲོས་མེད་དོན་དབང་གསུམ༔ རང་གཞན་དོན་བྱེད་དབང་གསུམ་ཡིན༔ ཞེས་རྣམ་གྲངས་གསུམ་དུ་གསུངས་པའི་དང་པོ་སྤྲོས་བཅས་བུམ་པ་དང་འབྲེལ་བའི་དབང་མོ་ཆེ་བསྐུར་བ་ལ་སྒྲུབ་ཆེན་དང་སྦྲེལ་བའི་ཚུལ་ནི་ལག་ལེན་མི་ཐེབས་པས་དབང་རྐྱང་གི་ཁོངས་སུ་སྒྲུབ་ཁོག་ནས་བཤད་པའི་སློབ་མ་སྟ་གོན་དང་སྒྲུབ་དབང་རྣམས་འདུས་པར་མཛད་པ་རྗེ་བླ་མའི་ཕྱག་བཞེས་ལྟར་འཆད་པ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལ་གསུམ། ས་ཆོག་སྟ་གོན། དཀྱིལ་འཁོར་གྱི་གཤོམ་བཀོད་དོ། །དང་པོ་ནི། སྒྲུབ་གནས་རྙིང་པ་ལ་རྒྱས་པར་མི་དགོས་པས་མདོ་ཙམ་སྤྲོ་ན། དཀྱིལ་འཁོར་གང་དུ་བྱ་བའི་གནས་སུ་དཀར་གཏོར་དང་བགེགས་གཏོར་བཤམ། བདག་ཉིད་རྩ་གསུམ་ཀུན་འདུས་བླ་མའི་ང་རྒྱལ་ལ་གནས་པས་རཾ་ཡཾ་ཁཾ་གིས་བསང་སྦྱང་། རཏྣ་པཉྩ་ཨོཾ་ཨཱཿཧཱུྃཿགིས་བརླབ། བྷཱུ་མི་པ་ཏི་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿས་མགྲོན་དགུག །བྷཱུ་མི་པ་ཏི་ས་པ་རི་བཱ་ར་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་འབུལ། ས་བདག་ལྷ་ཀླུ་འཁོར་དང་བཅས༔ གཏོར་མ་དམ་པ་འདི་བཞེས་ལ༔ བདག་གི་སྒྲུབ་པ་མ་ཐོན་བར༔ ཁྱེད་ལ་གནས་འདི་བདག་གཡར་གྱིས༔ ཅི་བདེ་བར་ནི་གཞན་དུ་དེངས༔ སྔགས་མཐར་གཙྪ་བཏགས་པས་གཤེགས། བགེགས་གཏོར་བསང་སྦྱང་བྱིན་རླབས་སྤྱི་ལྟར་བྱ། སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་དགུག །སརྦ་བྷཱུ་ཏ་བྷྱཿན་མཿསརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོ། ཧཱུྃ༔ ཡང་དག་དོན་ལ་མི་མོས་པའི༔ མི་དང་མི་མིན་ལོག་འདྲེན་བགེགས༔ ལན་ཆགས་རེ་གཏོར་འདི་ཁྱེར་ལ༔ གནས་འདིའི་ཁོར་ཡུག་ཚུན་ཆད་དུ༔ སྐད་ཅིག་ཙམ་ཡང་འདའ་མ་བྱེད༔ གལ་ཏེ་ང་ཡི་བཀའ་འདས་ན༔ རྟ་མགྲིན་དྲག་པོ་ཐུགས་ཁྲོས་ནས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློག༔ ཅེས་གཏོར་མ་ཕྱིར་དོར། ཧཱུྃ༔ དུས་གསུམ་བླ་མ་ཐོད་ཕྲེང་གི༔ མངགས་གཞུག་ཕོ་ཉའི་ལས་མཛད་པ༔ རྟ་མགྲིན་སྒྲོལ་བྱེད་དྲག་པོའི་ལྷ༔ དེང་འདིར་སྒྲུབ་པ་མཆོག་འདི་མ་བརྙེས་བར༔ བར་ཆད་གདོན་རྣམས་མ་ལུས་ཕྱིར་བསྐྲད་དོ༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་ཧཱུྃ་ཕཊ༔ ཅེས་དང་སུམ་བྷ་ནི་སོགས་ཡུངས་ཐུན་གུ་གུལ་དུད་པས་བསྐྲད། བྷན་དྷར་བདུད་རྩི་རྣམ་ལྔ་ཆང་དང་སྦྱར་བ་སྟེགས་བུར་འཐོར་ལ། ལས་བྱང་ལེའུ་གསུམ་པའི་དབུ་ནས་འབྱུང་བའི། ཧཱུྃ༔ བཀའ་གསང་རྨད་དུ་བྱུང་བའི་སོགས་ཀྱིས་ཆག་ཆག་གདབ། གཉིས་པ་སྟ་གོན་ལ་གསུམ་ལས་ལྷ་ལྷག་གནས་ནི། སྟེགས་བུར་འབྲུ་དཀར་ཀྱི་ཚོམ་བུ་དགུ་བཀོད། མཆོད་གཏོར་བཤམས་ལ་ལས་བྱང་ལྟར་བྱིན་བརླབ། སྒྲུབ་པའི་གཞི་རང་བྱུང་ཡེ་ཤེས་ཀྱི་གཞལ་མེད་ཁང་ཆེན་པོར་བླ་མ་བདེ་གཤེགས་ཡོངས་རྫོགས་བཀའ་འདུས་ཀྱི་ལྷ་ཚོགས་དྭངས་པའི་མཁའ་ལ་འཇའ་ཚོན་ཤར་བ་ལྟར་སྐད་ཅིག་གིས་གསལ་བར་གྱུར། ཅེས་གདོད་ནས་གྲུབ་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བཏབ་ལ་མཆོད་བསྟོད་བྱ། བླ་མ་བདེ་གཤེགས་མཁའ་འགྲོ་གནས་འདིར་གཤེགས༔ ཉི་ཟླ་པད་གདན་མཛེས་ལ་དགྱེས་པར་བཞུགས༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་མཆོད་སྤྲིན་ཀུན་གྱིས་མཆོད༔ སྔོན་ནས་ད་བར་མི་དགེ་ཅི་བསགས་བཤགས༔ དུས་གསུམ་དགེ་སྤྱོད་མཛད་ལ་ཡི་རང་འབུལ༔ བདག་གཞན་ཡོངས་གྲོལ་ཆོས་འཁོར་བསྐོར་དུ་གསོལ༔ འགྲོ་དོན་མྱ་ངན་མི་འདའ་བཞུགས་སུ་གསོལ༔ ཞེས་ཡན་ལག་བཅུ་པས་ཚོགས་བསགས། སྙན་གསན་དབབ་པ་ནི། ཐལ་མོ་སྦྱར་ལ། ཧོ༔ དུས་གསུམ་རྒྱལ་བ་འདུས་པའི་གཙོ༔ ཐུགས་རྗེ་བྱིན་བརླབ་བྱང་སེམས་ལྡན༔ དགོངས་པ་རྣ་བརྒྱུད་ཐུགས་རྒྱུད་མངའ༔ རྒྱུད་གྲོལ་བྱང་ཆུབ་ལམ་ལ་འཛུད༔ དུས་གསུམ་བླ་མ་སྐུ་དྲིན་ཅན༔ ཐམས་ཅད་གསན་ཅིང་དགོངས་སུ་གསོལ༔ དཀྱིལ་འཁོར་བཟང་པོ་ངས་བྲིས་ནས༔ བདག་ཅག་བསྙེན་སྒྲུབ་ལས་གཞུང་བསྲང༔ སྟ་གོན་ལ་ནི་གནས་པར་མཛོད༔ ལན་གསུམ་བརྗོད། སེ་གོལ་གསུམ་བྱས་ལ་ལྷ་རྣམས་བར་སྣང་འོད་ཀྱི་དྲྭ་བར་བཞུགས་པར་མོས། ཚོམ་བུ་དང་མཆོད་གཏོར་རྣམས་བསྡུའོ། །གཉིས་པ་བུམ་པ་སྟ་གོན་ནི། རྣམ་རྒྱལ་བུམ་པ་མགུལ་ཆིངས་སྔོན་པོ། བུམ་རྫས་སོ་ལྔ། ལས་བུམ་མགུལ་ཆིངས་སྔོ་ནག་བུམ་རྫས་ཉེར་ལྔ་རིགས་ལྔའི་ཕྱག་མཚན་ལྡན་པ་མདུན་དུ་བཞག །གུ་གུལ་དུད་པས་བདུག །ཡུངས་ཀར་གྱིས་བྲབ། ཧཱུྃ་བཞིའི་སྔགས་བརྗོད་པས་བགེགས་བསྐྲད། གོ་ཆའི་ཕྱག་རྒྱ་གཏུག་ལ། ཨོཾ་ན་མཿས་མནྟ་བུདྡྷཱ་ནཱཾ་བཛྲ་ཀཱ་བཱ་ཙི་ཧཱུྃ་ཕཊ༔ རྡོ་རྗེའི་ཞུ་ལུགས་གྱོན་པར་བསམ། དྲི་ཆབ་བུམ་པའི་ནང་དུ་བླུགས་ལ། ཨོཾ་སྭ་བྷཱ་བ་བི་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་བི་ཤུདྡྷོ་ཧཾ༔ དེ་ནས་སྤོས་ཀྱིས་བདུག་ལ། ཨོཾ་ཤུ་བྷ་ཀ་རི་ས་ཏི་ཧཱུྃ༔ ཞེས་བུམ་པར་མཐུ་བྱིན་བསྐྱེད། ཨོཾ་ཙ་ཏུར་མ་ཧཱ་མུ་དྲ་ཀ་ལཀྵ་སིདྡྷི་མུ་སིདྡྷི་ཧཱུྃ་ཨོཾ་སྭཱ་ཨཾ་ཧཱ༔ ཞེས་བྱིན་གྱིས་བརླབས་ལ་སྟེགས་བུའི་དབུས་དང་གཡོན་མདུན་དུ་ཁ་རྒྱན་དང་བཅས་ཏེ་བཞག །མཆོད་གཏོར་བཤམས་ལ་བྱིན་རླབས་མདོར་བསྡུས་བྱ། བུམ་པ་བསང་སྦྱང་། སྟོང་པའི་ངང་ལས། བྷྲཱུྃ་ལས་ཕྱི་རིན་པོ་ཆེའི་བུམ་པའི་རྣམ་པ་ལ་ནང་གཞལ་ཡས་ཁང་བདུད་རྩིའི་རྒྱ་མཚོ་འཁྱིལ་པའི་དབུས་སུ། བླ་མ་བདེ་གཤེགས་ཡོངས་རྫོགས་བཀའ་རྣམས་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མཚོ་རྫིང་དྭངས་པར་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། སྔགས་ཙམ་གྱིས་མཆོད། ཤློཀ་གཅིག་གིས་བསྟོད། གཟུངས་ཐག་བླངས་ལ། རང་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་འཕྲོས། བུམ་པའི་ལྷ་རྣམས་ལ་ཕོག །སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཀྱི་བཅུད་དུ་འཁྱིལ་བར་བསམ། བསྙེན་སྒྲུབ་ཀྱི་སྔགས་བཟླ། མཐར། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིའི་མཆོད་ཡོན་ཕུལ་བས་ལྷ་རྣམས་འོད་དུ་ཞུ་བ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར། དེ་ནས་ལས་བུམ་བསང་སྦྱང་། སྟོང་པའི་ངང་ལས་བུམ་པ་གཞལ་ཡས་ཁང་དུ་གསལ་བའི་ནང་དུ་པད་ཉི་ལ་ཧཱུྃ་ལས་དཔལ་རྡོ་རྗེ་རྣམ་འཇོམས་མཐིང་ནག་གཡས་རྡོ་རྗེ་རྒྱ་གྲམ༔ གཡོན་དྲིལ་བུ་འཛིན་པ༔ ཐུགས་སྲོག་ཧཱུྃ་ལ་སྙིང་པོས་བསྐོར་བར་དམིགས་ལ༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ༔ ཧུ་ལུ་ཧུ་ལུ༔ ཏིཥྛ་ཏིཥྛ༔ བྷནྡྷ་བྷནྡྷ༔ ཧ་ན་ཧ་ན༔ ཨ་མྲྀཏེ་ཧཱུྃ་ཕཊ༔ ཅེས་པ་དང་། བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨེ་ཧོ་ཤུདྡྷེ༔ ཡཾ་ཧོ་ཤུདྡྷེ༔ རཾ་ཧོ་ཤུདྡྷེ༔ ལཾ་ཧོ་ཤུདྡྷེ༔ བཾ་ཧོ་ཤུདྡྷེ་ཨཱ༔ ཞེས་པའི་སྔགས་བརྒྱ་རྩ་བཟླས་ལ། རྡོ་རྗེ་རྣམ་པར་འཇོམས་པས་བགེགས་ཐམས་ཅད་ཚར་གཅོད་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་ཕྲིན་ལས་གསོལ། གསུམ་པ་སློབ་མ་སྟ་གོན་ནི། མཎྜལ་མེ་ཏོག་སོ་ཤིང་སྲུང་སྐུད་སྣ་ལྔ། ཀུ་ཤ་རྣམས་ཉེ་བར་བསྡོག །སློབ་མ་རྣམས་ལས་བུམ་གྱི་ཁྲུས་བྱ། བགེགས་གཏོར་གོང་སྨོས་སམ་སྤྱི་ལྟར་བཏང་ལ་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་གདབ་དང་ཆོས་བཤད་ཅི་རིགས་བྱས་ལ། འདིར་སྐབས་སུ་བབས་པ། གསང་སྔགས་རྡོ་རྗེ་ཐེག་པ་སྔ་འགྱུར་རྙིང་མ་ལ་བཀའ་གཏེར་གྱི་སྲོལ་ཀ་ཆེན་པོ་གཉིས་སུ་དབྱེ་བ་ལས་ཟབ་མོ་གཏེར་གྱི་ཆོས། དེ་ལ་ཕྱོགས་བཞི་དབུས་ལྔའི་གཏེར་ཁ་ཆེན་པོ་ལྔར་ཡོད་པའི་ནང་ནས་དབུས་གཏེར་ཟུག་པ་རྩ་བ་ལྟ་བུ། སྤྲུལ་པའི་གཏེར་ཆེན་རྡོ་རྗེ་གླིང་པའི་ཟབ་གཏེར་གྱི་གཙོ་བོ་འདུས་པ་སྐོར་བཞིའི་ཐོག་མར་བླ་མ་བཀའ་རྣམས་འདུས་པའི་སྨིན་བྱེད་བསྒྲུབ་པ་ལ་སྔོན་འགྲོ་སྟ་གོན་དང་དངོས་གཞི་དབང་བསྐུར་བ་གཉིས་སུ་ཡོད་པ་ལས། ཐོག་མར་སློབ་མ་ལྷག་པར་གནས་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །སྙིམས་པ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད༔ ཧོ༔ བླ་མ་སློབ་དཔོན་དགོངས་སུ་གསོལ༔ བླ་མ་ཡིད་བཞིན་ནོར་བུ་དང༔ ཡི་དམ་དངོས་གྲུབ་འབྱུང་བ་དང༔ མཁའ་འགྲོ་དངོས་གྲུབ་སྩོལ་བ་ཡི༔ སྐུ་གསུང་ཐུགས་རྗེས་བཟུང་སླད་དུ༔ བདག་ལ་གནང་བ་སྦྱིན་པར་ཞུ༔ ལན་གསུམ། གནང་བ་སྦྱིན་པ་ལགས་པས་སྙན་གཏོད་འཚལ། ཧོ༔ སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱོད༔ རྩ་བ་གསུམ་གྱི་དཀྱིལ་འཁོར་དུ༔ དད་ཅིང་འཇུག་པར་འཚལ་ལགས་ན༔ དེ་བཞིན་བདག་གིས་གནང་བར་བྱའོ༔ ཞེས་དང་། བུ་ཁྱོད་འཁོར་བའི་སྡུག་བསྔལ་ལས༔ ཐར་པའི་མགོན་གྱུར་དཀོན་མཆོག་གསུམ༔ ཡིད་ཀྱིས་དམིགས་ལ་ཕྱག་འཚོལ་ཅིག༔ སྐྱབས་འགྲོ་སྡིག་པ་རབ་བཤགས་གྱིས༔ མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་རྡོ་རྗེ་ཐོད་ཕྲེང་རྩལ་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་ཏེ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་བདག་གཞན་མཁའ་ཁྱབ་ཀྱི་སེམས་ཅན་མཐའ་དག་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི་ཞིང་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྙིང་ནས་འགྱོད་པས་བཤགས་སོ་སྙམ་པ་དང་། སེམས་ཅན་གྱི་དོན་དུ་བྱང་ཆུབ་དོན་དུ་གཉེར་བ་སྨོན་པ་དང་། དེའི་ཕྱིར་དུ་གསང་སྔགས་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་གཉན་པོར་ཞུགས་ཏེ་ལམ་ཚུལ་བཞིན་བསྒྲུབ་པར་དམ་བཅའ་བ་འཇུག་པ་དང་། དེ་དག་ཐམས་ཅད་འཁོར་གསུམ་སྤྲོས་པ་དང་བྲལ་བའི་ལྟ་བས་ཟིན་པ་དོན་དམ་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་གསལ་ཐོབ་ལ་འདིའི་རྗེས་ཟློས། བླ་མ་པདྨ་ཐོད་ཕྲེང་རྩལ༔ ཡི་དམ་མཁའ་འགྲོ་མ་ལུས་དགོངས༔ བླ་མ་དཀོན་མཆོག་གསུམ་པོ་ལ༔ བྱང་ཆུབ་དག་ལ་མ་རེག་བར༔ སྐྱབས་ཀྱི་མཆོག་ཆེན་དག་ཏུ་བཟུང༔ སྔོན་བསགས་ལས་ཀྱི་སྡིག་སྒྲིབ་བཤགས༔ འགྲོ་དོན་སངས་རྒྱས་ཐོབ་བྱའི་ཕྱིར༔ སྨོན་པའི་བྱང་ཆུབ་སེམས་སུ་བསྐྱེད༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ༔ ལན་གསུམ། ཡུལ་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་སྟོབས་བཞི་ཚང་བའི་སྒོ་ནས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་སྤྱི་དང་ཁྱད་པར་སྡོམ་པ་གསུམ་དང་འགལ་བའི་ཉམས་ཆག་ཉེས་ལྟུང་ཐམས་ཅད་སྙིང་ནས་བཤགས་པའི་བློས་འདིའི་རྗེས་ཟློས། ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ ཁྱེད་ནི་རྣམ་དག་དྲི་མེད་ལ༔ བདག་ནི་སྒྲིབ་པ་ཉོན་མོངས་བསྒྲིབས༔ ཉམས་ཆག་སྡིག་སྒྲིབ་མཐོལ་ལོ་བཤགས༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ས་མ་ཡ༔ སརྦ་དྷརྨཱཿསྭཱ་བྷཱ་ཝ་ནཱཾ༔ སོ་ཤིང་གཏད་ཅིང་ར་བ་འདུ་བྱས་ལ། དེ་ནས་དངོས་གྲུབ་ཀྱི་མཚན་མ་བརྟག་པའི་སླད་དུ་སོ་ཤིང་མཚན་ཉིད་དང་ལྡན་པ་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་ལྟོས་མེད་དུ་འདོར་བར་ཞུ། ཧོ༔ བླ་མས་གནང་བའི་སོ་ཤིང་འདི༔ བླ་མ་བཀའ་འདུས་ལྷར་བརྟག་ཕྱིར༔ མཎྜལ་དབུས་སུ་བདག་འདོར་གྱིས༔ གང་ཡིན་ཕོ་བྲང་ཕྱོགས་དེར་བབས༔ ཞེས་འདོར་དུ་གཞུག །སོ་ཤིང་གི་རྩེ་མོ་གང་དུ་ཕྱོགས་པ་དེ་དང་མཐུན་པའི་རིགས་ཀྱི་ལྷའི་དངོས་གྲུབ་འགྲུབ་པར་འགྱུར་བ་ཡིན་ནོ། །སྲུང་སྐུད་ཁ་དོག་ལྔ་པ་རྡོ་རྗེའི་མདུད་པ་བཏབ། རྩ་སྔགས་ཀྱིས་སྔགས་ལ། སྔགས་ཀྱིས་བཏབ་པའི་སྲུང་སྐུད་སྐྱེས་པའི་དཔུང་པ་གཡོན་དང་བུད་མེད་ཀྱི་གཡས་སུ་བཅིངས་པས་ལུས་ལ་རྡོ་རྗེའི་གོ་ཁྲབ་ཏུ་གྱུར་ནས་སྒོ་གསུམ་ལ་བར་ཆད་མི་མཐུན་པའི་ཕྱོགས་རྣམས་བསྲུང་བར་མོས་ཤིག །ཧཱུྃ༔ ཡེ་ཤེས་ལྔ་ལྡན་སྲད་བུ་འདིས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ༔ བཛྲ་གུ་རུའི་སྔགས་ཀྱིས་བཏབ༔ སློབ་བུའི་སྒོ་གསུམ་བསྲུང་བར་བྱའོ༔ ཞེས་དང་སྔགས་བཟླ་བཞིན་པས་བཅིང་། ཀུ་ཤ་ལས་སྔགས་དང་དྲི་ཆུས་བསང་། དག་བྱེད་རྩྭ་མཆོག་ཀུ་ཤའི་ཆུན་པོ་ཆུང་བ་སྔས་དང་ཆེ་བ་སྟན་གྱི་དོན་དུ་ཟུངས་ལ་དོ་ནུབ་རྨི་ལམ་བཟང་ངན་གྱི་མཚན་མ་བརྟག་པར་གྱིས་ཤིག །ཧོ༔ ལས་འཕྲོ་སྐལ་ལྡན་རིགས་ཀྱི་བུ༔ ཀུ་ཤ་གཙང་མའི་རྩྭ་མཆོག་འདི༔ དངོས་གྲུབ་རྟགས་མཚན་གསལ་བྱའི་ཕྱིར༔ ཁྱོད་ཉིད་ཉལ་བའི་སྔས་སྟན་གྱིས༔ རྨི་ལམ་བཟང་ངན་བདག་ལ་སྨྲོས༔ ཞེས་ཕྱག་རྒྱ་བསྣོལ་མས་ལག་གཡས་གཡོན་དུ་གཏད། དེ་རྣམས་ཀྱིས་སློབ་མ་སྟ་གོན་དུ་གནས་པའི་ཆོས་རྣམས་གྲུབ། དངོས་གཞི་སླད་ནས་འབྱུང་བ་ལགས་སོ། །ཞེས་དང་དགེ་བསྔོ་བྱས་ལ་སློབ་མ་གྲོལ་ལོ། །གསུམ་པ་དབང་རྫས་གཤམ་བཀོད་ནི། སྟེགས་བུའི་སྟེང་དཀྱིལ་འཁོར་སྒོ་རྫོགས་སམ་བླ་མའི་ཕོ་བྲང་གནམ་བབས་མའི་མཎྜལ་གྱི་དབུས་སུ་རྣམ་རྒྱལ་བུམ་པའི་ཁ་རྒྱན་ལ་ཐོད་ཕྲེང་རྩལ་དང་རྟ་ཕག་ཡབ་ཡུམ་སྐུ་ཙཀ་གིས་བརྒྱན་པ་དང་། དེ་མཉམ་ཐོད་ཕྲེང་སྡེ་ལྔ་དང་མཁའ་འགྲོ་རིགས་ལྔ་ཡབ་ཡུམ་ཕྱོགས་བསྡུས་ཀྱི་ཙཀླི་བཞག །དེ་སྟེང་འཕྲུལ་སྟེགས་ལ་བྷནྡྷ་མཚན་བཟང་དུམ་བུ་གཅིག་པ་འབྲུ་སྨན་གྱིས་བཀང་བའི་ནང་དུ་གསང་འདུས་ཡབ་ཡུམ་གྱི་སྐུ་བཞག །དེ་སྟེང་མཉྫི་ལ་གཏོར་མ་རིན་ཆེན་ཟུར་བརྒྱད་དར་གདུགས་ཀྱིས་སྤྲས་པ་བཀོད། ཤར་དུ་པད་འབྱུང་ཟ་ཧོར་མའི་སྐུ །ལྷོར་ཐོད་པའི་སྣོད་དུ་དཔལ་གཏོར་དང་བློ་ལྡན་མཆོག་སྲེད། ནུབ་ཏུ་རྨ་བྱའི་སྒྲོ་མར་མེ་དང་ཉི་མ་འོད་ཟེར། བྱང་དུ་ཀ་པཱ་ལ་ཆང་གིས་བཀང་བ་མེ་ལོང་དང་སེང་གེ་སྒྲ་སྒྲོག །ཤར་ལྷོར་ཐོད་ཆང་དང་པདྨ་སམྦྷ། ལྷོ་ནུབ་ཏུ་མེ་ལོང་དང་པདྨ་རྒྱལ་པོ། ནུབ་བྱང་དུ་རྡོར་དྲིལ་དང་ཤཱཀྱ་སེང་གེ །བྱང་ཤར་དུ་སེང་ལྡེང་ཕུར་པ། ཨོ་རྒྱན་དང་རྡོ་རྗེ་གྲོ་ལོད་རྣམས་ཀྱི་སྐུ་ཙཀ །མདུན་དུ་མ་ནིང་གཏོར་མ་ལ་སྐུ་ཙག་དར་གདུགས་ཅན་དང་། ཕུར་པ། རལ་གྲི་རྣམས་བཞག །གཞན་གང་བདེར་གསང་རྫས་ཐོད་ཆང་། རིག་ཙག །ཆོས་བཀའ་འདི་ཉིད་ཀྱི་གླེགས་བམ། མར་མེ། བུར་ཆང་། པདྨ་འདབ་དྲུག་སྟེང་མཆོད་རྟེན་བང་རིམ་དགུ་པ། རྒྱལ་སྲིད་དང་རྟགས་བརྒྱད་སོ་སོར་བྲིས་པ་རྣམས་ཀྱང་བཀོད། ཤར་དུ་ཆུ་གཉིས་ཉེར་སྤྱོད། ལྷོར་དྲག་མཆོད། ནུབ་ཏུ་སྨན་གཏོར་རཀྟ། བྱང་དུ་ཚོགས་ཀྱི་ཡོ་བྱད་བཤམ། མར་མེ་ལྷ་གྲངས་སོགས་མཆོད་པ་ཅི་རྒྱས་དང་། ཆོས་སྲུང་གཏོར་འབུལ། སྔོན་གཏོར། ཆད་བརྟན། ལས་བུམ། མིག་དར། ཅོད་པན། དུང་ཞལ་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །གཉིས་པ་དངོས་གཞི་ལ་གཉིས། དབང་དོན་སྒྲུབ་མཆོད། དབང་བསྐུར་བ་དངོས་སོ། །དང་པོ་ནི། ལས་བྱང་རྒྱས་པ་འགྲུབ་ན་ལེགས་ཀྱང་དཀྱུས་ལ་མདོར་བསྡུ་བའི་དབང་དུ་བྱས་ཏེ། ཚིག་བདུན་དང་བརྒྱུད་འདེབས་སྔོན་དུ་འགྲོ་བས། ལས་བྱང་ལེའུ་གསུམ་པའི་སྐྱབས་སེམས་ཚོགས་གསག་བྱ། བགེགས་གཏོར་བྱིན་རླབས་བསྔོ་བ་རྣམས་སྤྱི་ལྟར་ལ། བཀའ་བསྒོ་ནས་བརྩམ་སྟེ་མཐར་ཆགས་སུ་གཏང་ལ་བདག་མདུན་དབྱེར་མེད་དུ་བསྒོམ། སྤྱན་འདྲེན་གྱི་རྗེས་སུ་ཟུར་གསལ་མཁའ་འགྲོའི་སྤྱན་འདྲེན་དང་། མཆོད་པའི་རྗེས་མཆོད་པ། བསྟོད་པའི་རྗེས་བསྟོད་པ་རྣམས་སྦྱར། ཉམས་ཆག་སྐོང་བའི་ཡིག་བརྒྱ་ཉེར་གཅིག་ཙམ་བཟླ། རྟོགས་དགོངས་དམན་ན་མདུན་དཀྱིལ་གྱི་གོ་སར་ཛཔ྄་ཁང་དབྱེ། བཟླས་དམིགས་གསང་འདུས་སོགས་བླ་སྒྲུབ་སྤྱི་དང་མཐུན་པར་གསལ་བཏབ་ལ། བསྙེན་སྒྲུབ་ཀྱི་་ཛཔ྄་ཅི་ནུས་དང་ལས་སྦྱོར་བཅུ་ཆ་ཙམ་བཟླ། དབང་ལེན་དམིགས་པ་དང་བཅས་དངོས་གྲུབ་བླང་ཚིག་བརྗོད། མ་ནིང་གཙོར་གྱུར་ཆོས་སྐྱོང་དང་གཏེར་སྲུང་ལ་གཏོར་མ་ཕུལ། ཚོགས་བྱིན་རླབས་ནས་བཟུང་སྨན་མཆོད་བར་གཏང། སྐབས་འདིར་དབང་ལ་འཇུག་ན་ལག་ལེན་སྤྱི་དང་མཐུན། ཡང་ན་ཚོགས་རོལ་ལྷག་ཆོག་བསྐུལ་བ་དངོས་གྲུབ་བླང་བའི་བར་བཏང་ནས། དབང་བསྐུར་བའང་གཞུང་འདིའི་དགོངས་པར་སྣང་བས་གང་བདེར་བྱ་ཆོག །གང་ལྟར་སློབ་མ་གཞུག་པའི་གནང་བ་ནོད་པ་བཅས་གྲུབ་པར་བྱས་ལ་དཀྱིལ་འཁོར་ཡོལ་བས་བསྒྲིབ་བོ། །གཉིས་པ་དབང་བསྐུར་བ་དངོས་ལ་གཉིས། འཇུག་པ་དང་། དབང་དངོས་སོ། །དང་པོ་ནི། སློབ་མ་རྣམས་ལ་ཕྱི་རོལ་དུ་ཁྲུས་བྱ། བགེགས་གཏོར་བཏང་། ནང་དུ་འཇུག་པ་ན་བགེགས་བསྐྲད་ཅིང་མཚམས་གཅོད་ལས་བྱང་ལྟར་བཏང་གྲལ་ལ་འཁོད་ནས་མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། དེའང་ཆོས་ཀྱི་དབྱིངས་འོད་གསལ་སྙིང་པོ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཀློང་དུ་བླ་མ་ཆོས་ཀྱི་སྐུ་ཐོག་མའི་མགོན་པོ་འོད་མི་འགྱུར་བ་སྲིད་ཞི་ཀུན་གྱི་ཁྱབ་བདག་ཆེན་པོ་གདོད་ནས་མཉམ་པ་ཉིད་ཀྱི་ངང་དུ་བཞུགས་པ་ལས་མ་གཡོས་བཞིན་དུ། པདྨ་གངས་ཆེན་མཚོ་རིགས་ལྔ་ལོངས་སྤྱོད་ཡོངས་སུ་རྫོགས་པའི་ཞིང་དང་སྐུའི་བཀོད་པ་སེམས་ཅན་གྱི་ཁམས་དང་ཆོས་ཀྱི་དབྱིངས་ཇི་སྲིད་པ་དེ་སྲིད་རང་བཞིན་ལྷུན་གྱིས་གྲུབ་པའི་རྒྱན་སྟུག་པོ་བཀོད་པའི་རོལ་རྩལ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མུ་མཐའ་མེད་པ་རེ་རེ་བཞིན་བསྟན་པ་གཉིས་ལྡན་གྱི་བླ་མ་དང་། གུ་རུ་མཚན་མཆོག་བརྒྱད་སོགས་འགྲོ་བའི་ཁམས་དབང་མོས་པ་ཚད་ལས་འདས་པ་གང་འདུལ་དེར་སྟོན་གྱི་རྣམ་པར་འཕྲུལ་པ་སངས་རྒྱས་མཛད་པའི་རོལ་མོ་བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་སྤྲིན་དུ་འཕྲོ་བ་ལས། བྱེ་བྲག་རྒྱལ་བ་ཤཱཀྱའི་དབང་པོའི་གདུལ་ཞིང་མི་མཇེད་ཀྱི་འཇིག་རྟེན་སྤྱི་དང་། ཁྱད་པར་ཡུལ་གྱི་སྙིགས་མ་པྲེ་ཏ་མུན་གླིང་ཁ་བ་ཅན་གྱི་རྒྱལ་ཁམས། དུས་ཀྱི་སྙིགས་མ་རྩོད་ལྡན་གྱི་རྒུད་པ་མཐར་ཐུག་པས་རྒྱལ་དང་རྒྱལ་སྲས་གཞན་གྱི་ཐུགས་རྗེའི་འཇུག་པ་བརྟུལ་བ་ལྟར་སྣང་བ་ན། གུ་རུ་རིན་པོ་ཆེ་འདི་ཉིད་ཀྱི་ཕྲིན་ལས་ནུས་པའི་རྩལ་ཤུགས་སྟོབས་སུ་གྱུར་པས་མི་དང་མི་མ་ཡིན་པའི་གདུལ་བྱ་རྒྱུད་མ་རུངས་ཤིང་མི་སྲུན་ལ་གདུལ་དཀའ་བ་མཐའ་དག་དངོས་དང་བརྒྱུད་ནས་སྤྲུལ་པའི་རོལ་གར་དང་འདུལ་ཐབས་ཀྱི་ཆོ་འཕྲུལ་སྣ་ཚོགས་པས་འདུལ་ཞིང་སྲིད་མཚོ་གཏིང་ནས་སྤྲུགས་ཏེ་ཕྱམ་གཅིག་ཐར་པའི་ཁ་ལོ་གྱེན་དུ་སྒྱུར་བ་ལ་ནམ་ཡང་གཡེལ་བ་མི་མངའ་བས། སངས་རྒྱས་ལས་ཀྱང་བཀའ་དྲིན་ཕུལ་དུ་བྱུང་བ་ཨོ་རྒྱན་སློབ་དཔོན་པདྨ་ཐོད་ཕྲེང་རྩལ་དེ་ཉིད་ཀྱིས་གངས་ཅན་གྱི་ལྗོངས་འདིར་རྒྱལ་བསྟན་ཉིན་བྱེད་ཐོག་མར་གསལ་བར་མཛད་པའི་སྐབས་སུ། ཉིད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལྔ་ཕྲག་ལྔའི་ཡེ་ཤེས་ཀྱི་རོལ་པ་ལས་བྱུང་བ་གྲུབ་པའི་དབང་ཕྱུག་རྗེ་འབངས་ཉེར་ལྔ་གཙོ་བོར་གྱུར་པའི་སྐལ་ལྡན་གྱི་གང་ཟག་རྣམས་ལ་གསང་ཆེན་བླ་ན་མེད་པའི་སྨིན་གྲོལ་གྱི་བདུད་རྩི་སོ་སོའི་སྐལ་པ་དང་་་་འཚམ་པ་བསམ་གྱིས་མི་ཁྱབ་པ་ཞིག་བསྩལ་པ་ཐམས་ཅད་ཀྱི་ནང་ནས་ཡང་ཟབ་ཉེ་ལམ་བླ་ན་མ་མཆིས་པ་འདི་ཉིད་ནི། རང་གཞུང་ལས། འབྲས་བུ་སངས་རྒྱས་ཐེག་པ་ཡི༔ རྒྱུད་དང་ལུང་དང་མན་ངག་ལས༔ ཚོགས་གཉིས་མྱུར་རྫོགས་སྙིང་པོ་ཡི༔ དོན་རྟོགས་སངས་རྒྱས་སྒྲུབ་འདོད་ན༔ བླ་མ་དག་ནི་བསྒྲུབ་པར་བྱ༔ ཞེས་གསུངས་པ་ལྟར་སངས་རྒྱས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པ་དེ་ཉམས་སུ་ལེན་པ་ལ་སྒྲུབ་ཐབས་བསམ་གྱིས་མི་ཁྱབ་པ་གཅིག་མཛད་ནའང་བདག་འདྲ་པདྨས་རང་གི་སྒྲུབ་པ་རང་གིས་བྱས་ཏེ་ཐུགས་གཏེར་རྣམས་ཀྱི་ཡང་ཟབ་དམ་པ་འདི་ལས་ལྷག་པ་བོད་དུ་བྱིན་པ་མེད་ཅིང་བཻ་རོ་ཁྱེད་ལ་གཏད་པ་ས་མ་ཡ༔ ཞེས་གསུངས་པ་ལྟར། སྒྲུབ་ཐབས་ཐམས་ཅད་ཀྱི་སྙིང་པོ་བླ་མ་སྒྲུབ་པ། བླ་སྒྲུབ་ཐམས་ཅད་ཀྱི་རྒྱལ་པོ་གུ་རུའི་ཐུགས་སྒྲུབ། ཐུགས་སྒྲུབ་བྱེ་བ་ཕྲག་བརྒྱའི་ནང་ནས་ཁྱད་པར་དུ་གྱུར་པ་བླ་མ་བདེ་གཤེགས་ཡོངས་རྫོགས་བཀའ་རྣམས་འདུས་པའི་ཆོས་སྐོར་འདི་ཉིད་གུ་རུ་ཉིད་ཀྱི་རྒྱལ་ཚབ་ཏུ་བསྔགས་པ་སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་ལ་དམིགས་གསལ་དུ་བསྩལ་ཏེ་ཕྱི་རབས་གདུལ་བྱའི་དོན་དུ་ངམ་ཤོད་གནམ་ལྕགས་བྲག་གི་གསང་ཕུག་ཆེན་མོར་མི་ཤིགས་པའི་ཕྱག་རྒྱས་བཏབ་ནས་གཏེར་དུ་སྦས་པ། འདུལ་བའི་སྐབས་སུ་བབས་པ་ན། ཇི་སྐད་དུ། སྟོད་ལུང་ཡུལ་དུ་ཕག་ཚང་ཁྱུ་གཅིག་འབྱུང༔ ས་བཙན་རི་མགོ་རེ་ལ་རྫོང་ཆུང་རེ༔ ལ་རྩུབ་འཕྲང་རྩུབ་བཀག་མེད་ཁྱུ་ཡིས་འཚོ༔ ཀོང་པོ་བུ་ཆུར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་འབྱུང༔ ཨོ་རྒྱན་རྡོ་རྗེ་གླིང་པ་ཞེས་བྱ་འབྱུང༔ ཞེས་སོགས་རྡོ་རྗེའི་ལུང་མང་པོས་མགྲིན་གཅིག་ཏུ་བསྔགས་པ་རྣམ་སྣང་ལོ་ཙཱ་བ་ཉིད་སྤྲུལ་པའི་གཏེར་སྟོན་ཆེན་པོའི་ཚུལ་དུ་བྱོན་པ་ཨོ་རྒྱན་རྡོ་རྗེ་གླིང་པ་དགུང་གྲངས་བཅོ་ལྔ་བཞེས་པའི་ཚེ་གཏེར་གནས་དེ་ཉིད་ནས་གུ་རུ་ཉིད་ཀྱིས་དངོས་སུ་བསྩལ་པའི་འདུས་པ་སྐོར་བཞི། སྙིང་ཐིག་བཅུ་གསུམ་གཙོ་བོར་གྱུར་པའི་གཏེར་ཁ་བརྒྱ་དང་བརྒྱད་བཞེས་ཏེ་ཆོས་རྟེན་དམ་རྫས་སོགས་གྲོལ་བ་བཞིའི་ཕྲིན་ལས་རྒྱ་མཚོའི་མཐར་ཐུག་བར་སྤེལ་བར་མཛད་ཀྱང་། དེང་སང་མཚན་ཙམ་དུ་གྱུར་པ་ན་རྒྱལ་སྲས་ལྷ་རྗེ་མཆོག་གྲུབ་རྒྱལ་པོ་ཉིད་གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་དུ་བཞེས་པར་ལུང་བསྟན་པ་ལས་ཡང་སྲིད་བཅུ་གསུམ་པ། གཏེར་སྟོན་རྒྱལ་པོ་ལྔའི་ཡ་གྱལ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་བཀའ་གཏེར་ཡོངས་རྫོགས་ཀྱི་བཀའ་བབས་ཆེན་པོ་བདུན་དུ་བཞུགས་པ་ལས། གཏེར་སྟོན་བརྒྱ་རྩར་གྲགས་པ་རྣམས་ཀྱི་གཏེར་ཆོས་མཐའ་དག་གུ་རུ་རིན་པོ་ཆེ་དང་གཏེར་སྟོན་སོ་སོའི་ཡེ་ཤེས་ཀྱི་སྐུས་རིམ་པར་བྱིན་གྱིས་བརླབས་ཤིང་སྨིན་གྲོལ་གདམས་པའི་མཛོད་གཏད་ཅིང་། ཁྱད་པར་གཏེར་ཆེན་འདི་ཉིད་ཀྱི་དུས་སུ་བདེ་བའི་ནུས་འབྱིན་ཞིང་སྐྱེས་ཌཱ་ཀིའི་རྣམ་པར་རོལ་པར་བསྟན་པའི་སྐབས་སུའང་ཉིད་ཀྱི་གཏེར་ཆོས་མཐའ་དག་མ་འོངས་པར་སྤེལ་བའི་གཉེར་གདམས་མཛད་པ་ལྟར་སྔོན་གནས་རྗེས་སུ་དྲན་པ་དང་། གཏེར་ཆེན་ཉིད་ཀྱི་ཡེ་ཤེས་ཀྱི་སྐུས་ཡང་ནས་ཡང་དུ་བྱིན་གྱིས་བརླབས་ཤིང་རྗེས་སུ་གནང་བ་ལྟར་ཟབ་ཆོས་འདི་དག་གི་སྨིན་གྲོལ་ཤིང་རྟའི་ལམ་སྲོལ་གསར་དུ་འབྱེད་པའི་བཀའ་དྲིན་བསྩལ་པ་བླ་མ་ཡོངས་རྫོགས་བཀའ་རྣམས་འདུས་པའི་དབང་བསྐུར་རྣམ་པ་གསུམ་གྱི་གཙོ་བོ་སྤྲོས་བཅས་བུམ་པའི་དབང་ཆེན་བསྐུར་བ་ལ་བདག་ཉིད་ཀྱི་བགྱི་བར་འོས་པ་རྣམས་གྲུབ་ཟིན། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་དཀྱིལ་འཁོར་དུ་འཇུག་པའི་ཆོས་དང་། ཞུགས་ནས་མངོན་པར་དབང་བསྐུར་བ་གཉིས་སུ་ཡོད་པ་ལས། ཐོག་མར་དཀྱིལ་འཁོར་ཆེན་པོར་འཇུག་པའི་ཡོན་དུ་དམིགས་ཏེ་ཞིང་ཁམས་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །དཀྱིལ་འཁོར་གྱི་གཙོ་བོ་དང་བླ་མ་དབྱེར་མེད་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ བླ་མ་དཔལ་ལྡན་ཐོད་ཕྲེང་རྩལ༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ སྙིགས་མའི་སེམས་ཅན་འཁོར་འཁྱམས་རྣམས༔ སངས་རྒྱས་ས་ལ་དྲང་བའི་ཕྱིར༔ བླ་མ་ཡོངས་རྫོགས་དབང་ཁང་དུ༔ འཇུག་ཅིང་བཟླས་སྒྲུབ་དབང་བསྐུར་ཞུ༔ ཞེས་ལན་གསུམ། ཡང་བླ་མས། ཧོ༔ སྔོན་སྦྱངས་སྐལ་པར་མ་ལྡན་ན༔ འཇུག་པར་དཀའ་ལ་ཉེས་དམིགས་ཆེ༔ བཀའ་འདས་འདིར་སྡུག་ཕྱི་མར་བརླག༔ ལས་འཕྲོ་མེད་ན་ཕྱིར་ཡང་དེངས༔ ཡོད་དམ་ཡལ་གམ་སྲུང་ནུས་སམ༔ ཞེས་དྲིས་པའི་ལན་བཏབ་པ་འདིའི་རྗེས་ཟློས་མཛོད། ཧོ༔ བདག་ནི་སྐལ་ལྡན་རིགས་ཀྱི་བུ༔ དཀྱིལ་འཁོར་འདི་རུ་འཇུག་སྤྲོ་བས༔ བླ་མས་ཅི་གསུང་གཡར་དམ་རྣམས༔ བཀའ་ལས་འདས་ན་མགོ་བོ་ཁོས༔ ཞེས་ཁས་བླང་དུ་གཞུག །དེ་ནས་བླ་མས་དམ་ཚིག་གི་རྡོར་དྲིལ་དང་བུམ་པ་ལག་ཏུ་ཐོགས་རྒྱལ་ཐེབ་ཀྱིས་བདུད་རྩི་སྦྱིན་ལ། ཧཱུྃ༔ ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ ཁྱོད་ནི་སྔོན་ཆད་ཁམས་གསུམ་འཁོར་བར་འཁྱམས༔ དུག་ལྔའི་རྦ་ལ་རབ་ཏུ་གཡེངས༔ བསམ་གཏན་མཁར་སོ་མི་རྩིག་པར༔ བར་དོའི་གནས་སུ་རབ་ཏུ་གཡེངས༔ ཚུལ་ཁྲིམས་རྣམ་དག་མི་སྲུང་བར༔ རོ་མྱོགས་འདམ་ལ་རབ་ཏུ་གཡེངས༔ བཟོད་པའི་གོ་ཆ་མི་གྱོན་པར༔ བར་དོའི་འཕྲང་ལ་རབ་ཏུ་གཡེངས༔ ཤེས་རབ་མིག་རྣམས་ལོང་གྱུར་ནས༔ མུན་པའི་གླིང་དུ་རབ་ཏུ་གཡེངས༔ སྦྱིན་པ་ཕྱོགས་མེད་མི་གཏོང་བར༔ ཡི་དྭགས་གནས་སུ་རབ་ཏུ་གཡེངས༔ ཚེ་འདིའི་གཏན་འདུན་བྱེད་བྱེད་ནས༔ ཕྱི་མའི་གནས་སུ་རབ་ཏུ་གཡེངས༔ ཁྱོད་དེ་ན་འདུག་པའི་གནས་དེ་ནི༔ ཁམས་གསུམ་རིགས་དྲུག་ས་འཁོར་ཡིན༔ འདི་ནི་བདེ་ཆེན་ཨོ་རྒྱན་གནས༔ ཚེ་འདི་བློ་ཡིས་གཏོང་ཕོད་ན༔ གནས་འདིར་བདག་གི་ངག་ལ་ཉོན༔ ཁས་ལོངས་མནའ་ཆུ་འཐུང་བར་གྱིས༔ དམ་ཚིག་གི་ཆུ་འདི་ཉིད་སྙིང་དབུས་སུ་ཐིམ་ནས་དམ་བསྲུང་ན་ཡེ་ཤེས་སེམས་དཔར་གྱུར་ནས་དངོས་གྲུབ་སྩོལ་བ་དང་མ་བསྲུང་ན་ཡཀྴ་གནོད་སྦྱིན་དུ་གྱུར་ནས་སྙིང་སྲེག་ཅིང་དམྱལ་བར་འཕེན་པར་འགྱུར་བའི་དོན་གོ་བར་གྱིས་ཤིག །དུང་ཞལ་གྱི་ཆུ་བླུད་ལ། ཧཱུྃ༔ དམྱལ་ཆུ་ཁྲོ་ཆུ་ཁོལ་མ་འདི༔ དམ་བསྲུང་འཐུངས་པས་དངོས་གྲུབ་འབྱུང༔ མ་བསྲུང་མནར་མེད་དམྱལ་བར་ལྟུང༔ ཨ་མྲྀཏ་ཕཊ་ཛ༔ རྡོ་རྗེ་མགོར་བཞག་ལ། ཧཱུྃ༔ རྡོ་རྗེ་འདི་ནི་རྟ་མཆོག་དཔལ༔ ཁྱོད་ཀྱི་མགོ་ལ་བཞག་པ་ཡིས༔ དམ་ཚིག་ཐུབ་ན་མཆོག་ཐུན་འགྲུབ༔ མ་ཐུབ་མགོ་བོ་བརྒྱར་འགས་འགྱུར༔ ཨོཾ་བཛྲ་ཐ་ཐ་ཀ་ཧཱུྃ་ དེ་ནས་རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་ཐེག་པ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་འཇུག་སྒོ་སྐྱབས་འགྲོ་སེམས་བསྐྱེད་ཚོགས་གསག་ཡན་ལག་བཅུ་པ་རྣམས་རིམ་པར་བྱ་དགོས་པས། ཐོག་མར་བླ་མ་བདེ་གཤེགས་ཡོངས་རྫོགས་ཀྱི་དཀྱིལ་འཁོར་མཆོག་གསུམ་རྩ་གསུམ་སྐུ་གསུམ་ཀུན་འདུས་ཀྱི་བདག་ཉིད་ཆེན་པོ་ལ་བདག་གཞན་མཁའ་ཁྱབ་ཀྱི་འགྲོ་བ་མཐའ་དག་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སྒོ་གསུམ་མི་ཕྱེད་གུས་པས་སྐྱབས་སུ་འགྲོ་བའི་བློ་རྩེ་གཅིག་པས་འདིའི་རྗེས་ཟློས། ན་མོ༔ བླ་མ་བདེ་གཤེགས་སོགས་ལས་བྱང་ལྟར་ཤོ་ལོ་ཀ་གསུམ་ལན་གསུམ། མཁའ་ཁྱབ་གྱི་ཕ་མ་སེམས་ཅན་མཐའ་དག་བླ་མ་སངས་རྒྱས་རིན་པོ་ཆེའི་གོ་འཕང་ལ་འགོད་པར་བྱའོ་སྙམ་པའི་སྨོན་པ་དང་། དེའི་ཆེད་དུ་བླ་མ་ཡོངས་རྫོགས་བཀའ་རྣམས་འདུས་པའི་དཀྱིལ་འཁོར་དུ་ཞུགས་ནས་བླ་མ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱས་ཏེ་གང་ལ་གང་འདུལ་གྱི་ཕྲིན་ལས་རྣམ་བཞིས་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བའི་དོན་བགྱིའོ་སྙམ་པ་འཇུག་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གསལ་ཐོབ་ལ་འདིའི་རྗེས་ཟློས། སེམས་བསྐྱེད་འགྲོ་བ་སོགས་ཤྭ་ལོ་ཀ་གསུམ་ལན་གསུམ། ཁྱད་པར་ཅན་གྱི་སྐྱབས་ཡུལ་དེ་དག་ཚོགས་ཀྱི་ཞིང་དུ་བྱས་ཏེ། ཕྱི་ལྟར་ན་དཀོན་མཆོག་གསུམ། ནང་ལྟར་ན་རྩ་བ་གསུམ། གསང་བ་ལྟར་ན་སྐུ་གསུམ་གྱི་བདག་ཉིད་ཅན་དུ་བཞུགས་པ་ལ་ཡེ་ཤེས་པ་སྤྱན་དྲང་ཞིང་བཞུགས་སུ་གསོལ་བ། ཕྱག་འཚལ་ཞིང་མཆོད་པ་འབུལ་བ། སྡིག་པ་བཤགས་ཤིང་དགེ་བ་ལ་རྗེས་སུ་ཡི་རང་བ། ཆོས་འཁོར་བསྐོར་བར་བསྐུལ་ཞིང་མྱ་ངན་ལས་མི་འདའ་བར་བཞུགས་སུ་གསོལ་བ། དགེ་རྩ་བྱང་ཆུབ་ཆེན་པོར་བསྔོ་ཞིང་སྨོན་ལམ་གདབ་པ་སྟེ་ཡན་ལག་བཅུ་པའི་དོན་གསལ་ཐོབ་ལ་ཚིག་འདིའི་རྗེས་ཟློས། ཨོཾ་ཨཱཿཧཱུྃ༔ དཀོན་མཆོག་གསུམ་པོ་སོགས་ཚར་གསུམ་རྗེས་ཟློས་བྱར་གཞུག །མཚམས་སྦྱོར་དང་སྔགས་སྤྱི་མཐུན་བརྗོད་ལ་མིག་དར་དང་ཅོད་པན་གཏད། དཀྱིལ་འཁོར་དུ་གཞུག་པར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོ༔ ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་རུ༔ སངས་རྒྱས་ཀུན་དང་གཉིས་མེད་དཔལ༔ བླ་མ་རྡོ་རྗེ་སློབ་དཔོན་དགོངས༔ བདག་ཅག་སྒོ་འདིར་གཞུག་པར་ཞུའོ༔ བླ་མས། ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་འདིར༔ འཇུག་སྤྲོ་དངོས་གྲུབ་འཚལ་བ་ན༔ ལྷ་དང་སྙིང་པོ་སྒྲུབ་པ་ཡི༔ དམ་ཚིག་གཉན་པོ་སྲུང་ནུས་སམ༔ ཞེས་དྲིས་པའི་ལན་བཏབ་པར་མོས་ལ་རྗེས་ཟློས། ཧོ༔ བླ་མས་གང་གསུང་བཀའ་བཞིན་དུ༔ རྡོ་རྗེ་ཐོད་ཕྲེང་དཀྱིལ་འཁོར་གྱི༔ དངོས་གྲུབ་རྣམ་གཉིས་ནོད་འཚལ་ཕྱིར༔ དམ་ཚིག་གཉན་པོ་ཤིན་ཏུ་སྲུངས༔ ཞེས་བསྒོས་ཏེ་དཀྱིལ་འཁོར་པ་ལ་བླ་མས་གསོལ་བ་གདབ་པ་ནི། ཧཱུྃ༔ བླ་མ་བཀའ་འདུས་ལྷ་ཚོགས་དགོངས༔ སེམས་ཅན་སྡུག་བསྔལ་བསྒྲལ་བའི་ཕྱིར༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ ཕོ་བྲང་དམ་པ་འདི་ཉིད་དུ༔ བདག་གི་སློབ་མ་གཞུག་པར་བགྱི༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས༔ ཞེས་གསོལ། ཡེ་ཤེས་གྱི་སྒོ་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ ཡེ་ཤེས་དཀྱིལ་འཁོར་སྒོ་བཞི་རུ༔ བདག་ནི་འཇུག་པར་འཚལ་ལགས་ཀྱིས༔ བླ་མ་བཀའ་བརྒྱད་དྷཱ་ཀིའི་ཚོགས༔ ཞལ་མཇལ་གསུང་ཉན་དབང་བསྐུར་ཞུ༔ བླ་མས། བླ་མ་ཡི་དམ་དཀྱིལ་འཁོར་ལྷ༔ ཡེ་ནས་རང་བྱུང་རང་གི་སེམས༔ བསྐལ་པ་སྔོན་འདས་དུས་སུ་ཞལ་མ་མཇལ༔ ཡེ་ཤེས་སྒོ་ཕྱེ་དུག་ལྔའི་ཐེམ་བསལ་ན༔ ཡེ་ཤེས་རང་སྣང་ལྷ་ལ་ཕྱག་འཚོལ་ཅིག༔ དཀྱིལ་འཁོར་གྱི་ལྷ་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང། ཐོག་མེད་ནས་བསགས་པའི་ཉམས་ཆག་རྟོག་སྒྲིབ་ཐམས་ཅད་སྙིང་ནས་འགྱོད་པ་ཆེན་པོས་བཤགས་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཧོ༔ དགོངས་ཤིག་བླ་མ་ཡི་དམ་མཁའ་འགྲོ་དགོངས༔ཞེས་སོགས་ལས་བྱང་དངོས་གཞིའི་ས་བཅད་བརྒྱད་པ་ནས་འབྱུང་བ་ལྟར་བྱ་སྟེ་འདི་ནི་སྒྲུབ་ཁོག་ལས་རུ་ཟུང་བཞིའི་བཤགས་པ་བྱ་ཞེས་པའི་དོན་ནོ། །མེ་ཏོག་ཕུལ་བའི་སྔོན་འགྲོ་དོན་དམ་བྱང་ཆུབ་སེམས་ཀྱི་མཎྜལ་འབུལ་བར་མོས་ལ་འདིའི་རྗེས་ཟློས། ཧཱུྃ་ཧོ༔ བླ་མ་མཚན་བརྒྱད་དཀྱིལ་འཁོར་དུ༔ བདག་ཅག་འཇུག་པར་མོས་པའི་ཕྱིར༔ རིག་པ་བྱང་སེམས་མཎྜལ་འདི༔ ཡེ་ཤེས་སྐུ་ལྔས་བརྒྱན་ཏེ་འབུལ༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ ལྷ་དེས་བདག་ལ་ཞལ་བསྟན་འཚལ༔ ཁྱེད་རང་རྣམས་ལ་སྔར་བྱིན་པའི་ཅོད་པན་དེ་ཉིད་ཚེ་རབས་སྔོན་ནས་འབྲེལ་བའི་རིགས་ཀྱི་ལྷ་གང་ཡིན་པ་ལ་ཕོག་པར་ཤོག་ཅིག་སྙམ་པའི་འདུན་པ་རྩེ་གཅིག་པ་དང་ཚིག་འདིའི་རྗེས་ཟློས་བཅས་འདོར་བར་ཞུ། ཧཱུྃ༔ བདེ་ཆེན་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ རིན་ཆེན་བྱང་ཆུབ་སེམས་ཀྱི་མེ་ཏོག་འདི༔ སྐུ་གསུང་ཐུགས་ཀྱི་དབྱིངས་སུ་བདག་འབུལ་གྱིས༔ དངོས་གྲུབ་རྣམ་གསུམ་བདག་ལ་བསྩལ་དུ་གསོལ༔ བྷོ་དྷི་ཙིཏྟ་ཨ་མྲྀཏ་པཱུ་ཙ་ཧོ༔ ཞེས་པས་དཀྱིལ་འཁོར་དངོས་སམ་ཕྱག་མཚན་དང་ཚོམ་བུ་སོགས་སུ་འདོར་དུ་གཞུག་ལ་རིགས་ངེས་པར་བྱ། དབང་ཆོག་ལས་འདིར་སྲུང་སྐུད་འཆིང་བར་གསུངས་ཀྱང་སྟ་གོན་སྔོན་དུ་སོང་ན་སྐབས་འདིར་མ་བྱས་ཀྱང་ཆོག །དེ་ནས་གསོལ་བ་གདབ་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། དེའང་སྐྱེས་པ་རྣམས་ཀྱི་ལུས་གིང་ཕོ་དང་། བུད་མེད་རྣམས་ཀྱི་ལུས་གིང་མོ་ཐོར་ཚུགས་དང་ལྡན་པ་རེར་གསལ་བའི་སྤྱི་གཙུག་ཏུ་རང་གི་བླ་མ་དགྱེས་པས་དགོངས་ཏེ་བཞུགས་པ། ཕོ་བྲང་གི་དབུས་ན་བླ་མ་ཐོད་ཕྲེང་རྩལ་བདེ་གཤེགས་ཡོངས་རྫོགས་འདུས་པའི་ལྷ་ཚོགས་ཁྲ་ལམ་མེར་བཞུགས་པ་ལ་དྷཱ་ཀི་གིང་དང་བཅས་པས་བསྐོར་བ།དེ་དག་ཀྱང་གདོས་བཅས་མ་ཡིན་པ་གསལ་ལ་རང་བཞིན་མེད་པ་སྣང་ལ་དངོས་པོར་མ་གྲུབ་པར་གསལ་ཐོབ་ལ་མཆི་མ་འཁྲུགས་པ་ཙམ་གྱི་མོས་གུས་གདུང་ཤུགས་དྲག་ཏུ་བསྐྱེད་ལ་གསོལ་བ་རྩེ་གཅིག་ཏུ་ཐོབ་ཅིག །ཀྱེ་ཀྱེ་བླ་མ་རིན་པོ་ཆེ༔ སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ འགྲོ་བ་ཀུན་གྱི་གཉེན་གཅིག་པོ༔ མགོན་མེད་བདག་ལ་ཐུགས་རྗེས་ཟུངས༔ བླ་མ་རྡོ་རྗེ་སེམས་དཔའ་ཆེ༔ རེ་ཞིང་ལྟོས་པའི་རྟེན་གཅིག་པོ༔ བདག་ལ་རེ་ས་གཞན་ན་མེད༔ སྡུག་བསྔལ་འདམ་ནས་དྲང་དུ་གསོལ༔ རྗེ་བཙུན་དམ་པ་ཐོད་ཕྲེང་རྩལ༔ ཁྱེད་ལ་བདག་ཉིད་བྲན་དུ་འབུལ༔ སྐྱིད་སྡུག་རེ་ས་ཁྱེད་ཤེས་པས༔ བླ་མེད་མཆོག་གི་དངོས་གྲུབ་སྩོལ༔ བླ་མ་སངས་རྒྱས་ཕྲིན་ལས་མཛད༔ བདག་ལ་དབང་སྐུར་བྱིན་གྱིས་རློབས༔ མཐའ་ཡས་སེམས་ཅན་མ་ལུས་པ༔ འདྲེན་པའི་བླ་མར་བདག་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ས་མ་ཡ་ཛཿཧ་རི་ནི་ས་ཧྲཱིཿམ་ར་ཙ་ཧྲི་ཡ་བཛྲ་ཨཱ་ཡུཿསིདྡྷི་ཧཱུྃ༔ སྔགས་འདི་རྣམས་ཀྱང་ལན་གསུམ་རེ་བཟླ་བར་ཞུ། ཞེས་བརྗོད་ལ་འོག་གི་སྔགས་རྣམས་ལན་གསུམ་རེ་དང་། བར་གྱི་ཕན་ཡོན་ཚིག་རྐང་རེ་རེ་རྣམས་ཀྱང་བླ་མས་ཚར་རེ་བརྗོད་ལ། ཨོཾ་བཛྲ་གུ་རུ་པདྨ་ཛྙཱ་ན་སིདྡྷི་ཧཱུྃ༔ བླ་མའི་ས་ནོན་གང་བསམ་འགྲུབ༔ ཨོཾ་བཛྲ་གུ་རུ་པདྨ་སཾ་བྷ་ཝ་ཧཱུྃ༔ ཡོན་ཏན་ནམ་མཁའི་མཐའ་དང་མཉམ༔ ཨོཾ་བཛྲ་གུ་རུ་པདྨ་རཱ་ཙ་པ་ཤཾ་ཀུ་རུ་ཧཱུྃ༔ ཁམས་གསུམ་མ་ལུས་དབང་དུ་འདུས༔ ཨོཾ་བཛྲ་གུ་རུ་སིངྷ་གྷཎྜྷེ་དྷརྨ་དྷཱ་ཏུ་ཧཱུྃ་ཕཊ༔ བདག་ཉིད་སྨྲ་བའི་སེངྒེ་འམ༔ དྲག་པོ་སྒྲོལ་བའི་ཐོག་ལྟར་འགྱུར༔ ཨོཾ་བཛྲ་གུ་རུ་ཛྙཱ་ན་པྲ་ཛྙཱ་སིདྡྷི་ཧཱུྃ་ཧྲཱི༔ བློ་ལྡན་ཤེས་བྱ་ཀུན་མཁྱེན་འགྱུར༔ ཨོཾ་བཛྲ་གུ་རུ་སཱུརྻ་སརྦ་དྷརྨ་སིདྡྷི་ཧཱུྃ༔ མ་ལུས་ངེས་པར་ཆོས་ལ་འཁོད༔ ཨོཾ་བཛྲ་གུ་རུ་ཤཱཀྱ་སེང་གེ་སརྦ་ཤ་ཏྲཱུཾ་ཧཱུྃ་ཕཊ༔ གང་ལ་བཏབ་ཀྱང་བདུད་བཞི་ཕམ༔ ཨོཾ་བཛྲ་གུ་རུ་རྡོ་རྗེ་གྲོ་བོ་ལོད་ལོ་ཀ་སིདྡྷི་ཧཱུྃ༔ གང་ལྟར་བསམ་པ་ཡིད་བཞིན་འགྲུབ༔ ཨོཾ་བཛྲ་མ་ཧཱ་ཀཱ་ལ་རཱ་ཧུ་ལ་རཾ་གྷ་ན་གྷཱུ་ཡ་སིདྡྷི་ཧཱུྃ་ཕཊ༔ དེས་ནི་ལོག་ལྟ་སྐད་ཅིག་སྒྲོལ༔ ཅེས་པས་མཚོན་སྔགས་འདི་དག་བཟླས་པའི་ཕན་ཡོན་ཚད་མེད་པར་འགྱུར་བ་ལགས་སོ། །དེ་ནས་དབང་གི་གཞི་འགོད་པ་ལ་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་ལུས་གནད་དྲང་པོར་བསྲང་། ངག་གནད་སྲོག་རྩོལ་ཁ་སྦྱོར་དུ་འཆིངས། སེམས་ཀྱི་གནད་གཞན་དུ་མ་ཡེངས་པར་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ཁྱེད་རང་རྣམས་ཀྱི་སྙིང་གར་གཡུང་དྲུང་འཁྱིལ་པ་རེ་རེ། དེའི་སྟེང་ན་བླ་མ་རྩ་གསུམ་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་བཞུགས་པ་ལ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རབ་འབྱམས་དང་། དཀྱིལ་འཁོར་ལྷ་ཚོགས་རྣམས་ལས་རྩ་གསུམ་རྒྱལ་བ་སྲས་དང་བཅས་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་ལམ་ལམ་བྱོན་ནས་ཐིམ་པར་མོས་ཤིག །འབེབ་པའི་རྫས་བདུག །དབྱངས་རྔ་རོལ་མོས་བསྐུལ་ལ། ཧཱུྃ་ཧཱུྃ༔ ཡུལ་གྱི་མིང་ནི་ཀ་དག་ཡངས༔ ཀུན་ཏུ་བཟང་པོ་དེ་ན་བཞུགས༔ སྣ་ཚོགས་འོད་ཟེར་བྱིན་རེ་ཆེ༔ དབང་བསྐུར་ན་བུན་དེ་ན་འཐིབས༔ གནས་འདིར་བྱིན་ཕོབ་དབང་བསྐུར་ཞུ༔ ཧཱུྃ༔ ཡུལ་གྱི་མིང་ནི་ཨོ་རྒྱན་ཡུལ༔ དུར་ཁྲོད་མིང་ནི་སྤྲིན་འཁྲུགས་དབུས༔ ཧེ་རུ་ཀ་ཡི་མཆོད་ཁང་ན༔ སྣ་ཚོགས་འོད་ཟེར་བྱིན་རེ་ཆེ༔ དབང་བསྐུར་ན་བུན་དེ་ན་འཐིབས༔ གནས་འདིར་བྱིན་ཕོབ་དབང་བསྐུར་ཞུ༔ ཧཱུྃ༔ ཡུལ་མིང་བྲུ་ཤ་བསིལ་བ་ཚལ༔ ཧཱུྃ་ཆེན་ཀཱ་རས་བྱིན་དབང་སྐུར༔ ཧཱུྃ༔ ཡུལ་མིང་བྷེ་ཏ་བྱ་ཁང་བརྩེགས༔ ཀླུ་སྒྲུབ་དྷེ་བས་བྱིན་དབང་སྐུར༔ ཧཱུྃ༔ ཡུལ་མིང་བྷང་ག་བྱང་ཆུབ་རྟེན༔ བྷི་མ་མི་ཏྲས་བྱིན་དབང་སྐུར༔ ཧཱུྃ༔ ཡུལ་གྱི་མིང་ནི་ཟངས་གླིང་ཡུལ༔ བྷཱིར་བ་པ་ཡིས་བྱིན་དབང་སྐུར༔ ཧཱུྃ༔ ཡུལ་གྱི་ཁང་གླིང་དུར་ཁྲོད་ནས༔ ནཱ་གཱརྫུ་ནས་བྱིན་དབང་སྐུར༔ ཧཱུྃ༔ ལི་ཡུལ་སྨུག་ནག་མཆོད་རྟེན་ནས༔ རོམྦུ་གྷུ་ཡས་བྱིན་དབང་སྐུར༔ ཧཱུྃ༔ རྒྱ་ནག་མཆོད་རྟེན་ཐོད་མཁར་བརྩེགས༔ ཛྙཱ་ན་སཱུ་ཏྲས་བྱིན་དབང་སྐུར༔ ཧཱུྃ༔ ཐོ་གར་མཆོད་རྟེན་བྷ་རུ་ཤ༔ ཤྲཱི་སིང་ཧས་བྱིན་དབང་སྐུར༔ ཧཱུྃ༔ ཟ་ཧོར་མཆོད་རྟེན་བདེ་བྱེད་བརྩེགས༔ པདྨ་འབྱུང་གནས་དེ་ན་བཞུགས༔ སྣ་ཚོགས་འོད་ཟེར་བྱིན་རེ་ཆེ༔ དབང་བསྐུར་ན་བུན་དེ་ན་འཐིབས༔ གནས་འདིར་བྱིན་ཕོབ་དབང་བསྐུར་ཞུ༔ ཧཱུྃ༔ བོད་ཡུལ་སྟག་ཚང་མཆིམས་ཕུ་སོགས༔ གྲུབ་ཐོབ་ཉེར་ལྔ་དེ་ན་བཞུགས༔ སྣ་ཚོགས་འོད་ཟེར་བྱིན་རེ་ཆེ༔ དབང་བསྐུར་ན་བུན་དེ་ན་འཐིབས༔ གནས་འདིར་བྱིན་ཕོབ་དབང་བསྐུར་ཞུ༔ ཧཱུྃ༔ ཡང་གསང་དགེ་གོང་བདེ་ཕུག་ན༔ བཻ་རོ་ཡེ་ཤེས་དེ་ན་བཞུགས༔ ས་མ་ཡ་དགོངས་དངོས་གྲུབ་བརྙེས༔ བདག་ལ་དབང་སྐུར་ཐུགས་འབེབ་འཚལ༔ ཅེས་དང་གོང་གི་སྔགས་ཚང་བ་དང་། ལས་བྱང་སྤྱན་འདྲེན་གྱི་སྔགས་བཅས་བརྗོད་ལ་བྱིན་དབབ། དེ་ལྟར་ཡེ་ཤེས་དབབ་པའི་བྱིན་རླབས་ཀྱི་རྒྱུན་སྒོ་གསུམ་ལ་རབ་ཏུ་གནས་པར་མོས་ཤིག །ཏིཥྛ་བཛྲ༔ ཞེས་མེ་ཏོག་མགོར་བཞག །དེ་ནས་སྤྱན་དབྱེ་བར་ཞུ་བ་འདིའི་རྗེས་ཟློས་མཛོད། ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ སེམས་ཅན་ལས་ཀྱིས་བསྐལ་བ་རྣམས༔ མ་རིག་རྨོངས་པའི་སེམས་ཅན་ཡིན༔ ཤིན་ཏུ་ལྡོངས་པར་གྱུར་ལགས་ན༔ ཉོན་མོངས་སྒྲིབ་པ་བསལ་དུ་གསོལ༔ ཨ་ས་མེ་ཧཱུྃ༔ མིག་ཐུར་ཐོགས་ལ། བླ་མའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་བྱུང་། མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བའི་མོས་པ་མཛོད། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས༔ ཐུར་མས་ལིང་ཐོག་བསལ་བ་ལྟར༔ མ་རིག་ལྡོངས་པའི་ལིང་ཐོག་རྣམས༔ བླ་མ་ཨོ་རྒྱན་མཚན་བརྒྱད་ལྷ༔ ཡི་དམ་རྟ་མགྲིན་མཁའ་འགྲོའི་དལ༔ མ་མཐོང་མ་རིག་སྒྲིབ་པ་རྣམས༔ བླ་མ་དྷཱ་ཀིས་ད་བསལ་གྱིས༔ དུས་རྣམས་ཀུན་ཏུ་བཀའ་དྲིན་ཁུར༔ ཙཀྵུཿཔྲ་ཝེ་ཤ་ཡ་ཕཊ༔ ཅེས་པས་གདོང་བསལ། ཕྱག་ཤིང་གིས་མཚོན་ལ། ཧཱུྃ༔ བུ་ཁྱོད་རྩོལ་སེམས་མ་ཆུང་བར༔ བླ་མ་ཡི་དམ་དྷཱ་ཀིའི་ཚོགས༔ མངོན་སུམ་ཕོ་བྲང་འདི་ལ་ལྟོས༔ འདི་ལ་དད་པ་རབ་ཏུ་སྐྱེད༔ དངོས་གྲུབ་ཐམས་ཅད་འདིས་ཐོབ་འགྱུར༔ ཅེས་བསྐུལ་ལ། སྤྲོ་ན་དོན་རྟགས་རྒྱས་པར་བཤད་དགོས་ཀྱང་མདོ་ཙམ་དུ། ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་ཡས་ཁང་རྒྱན་བཀོད་པ་ཡོངས་སུ་རྫོགས་པའི་དབུས་སུ། བྱ་བྱེད་ཡིད་ཆོས་རྣམ་པར་དག་པ་དབང་ཆེན་རྟ་ཕག་ཡབ་ཡུམ་གྱི་སྤྱི་གཙུག་ཏུ་དཀྱིལ་འཁོར་ཁྱབ་བདག་རྡོ་རྗེ་ཐོད་ཕྲེང་ཡབ་ཡུམ། ཕྱོགས་བཞིར་ཡེ་ཤེས་རྣམ་བཞིའི་རང་བཞིན་ཐོད་ཕྲེང་རིགས་བཞི། རིན་ཆེན་ཟུར་བརྒྱད་ལ་ཚོགས་བརྒྱད་གནས་སུ་དག་པ་གུ་རུ་མཚན་བརྒྱད། པད་འདབ་ཕྱི་ནང་རྣམས་སུ་བདེ་སྟོང་ཟུང་དུ་འཇུག་པའི་རང་རྩལ་རིགས་བཞིའི་དཔའ་བོ་དང་མཁའ་འགྲོ་མ་བཀའ་སྡོད་ཆོས་སྐྱོང་གི་ཚོགས་དང་བཅས་པ་སྟེ། མདོར་ན་བླ་མ་བདེ་གཤེགས་ཡོངས་རྫོགས་བཀའ་འདུས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་བཞིན་དུ་མཇལ་བར་མོས་ལ་དད་གུས་སྤྲོ་བ་རྒྱ་ཆེན་པོ་སྐྱེད་མཛོད། གསང་སྔགས་རྡོ་རྗེ་ཐེག་པའི་རྩ་བ་ནི་དབང་། དབང་གི་རྩ་བ་ནི་དམ་ཚིག་ཁོ་ན་ལ་རག་ལས་པས་སླར་ཡང་ནན་ཏན་དུ་བསྒྲག་པར་བྱ་བ་ལགས་ཏེ། ཧཱུྃ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི༔ ད་ལྟ་འདི་རུ་བཅས་པ་བཞིན༔ སྲོག་ལ་བབས་ཀྱང་མ་གཏང་ཅིག༔ ཡན་ལག་རྣམས་ཀྱང་རྟག་ཏུ་སྲུངས༔ ས་མ་ཡ་རཀྵ་ཧཱུྃ༔ དེང་ནས་བརྩམ་སྟེ་དམ་ཚིག་བླངས་འདས་ཀྱི་ཁེ་ཉེན་རྣམས་ཡིད་ལ་ངེས་པའི་སྒོ་ནས་སྤྱི་དང་ཁྱད་པར་ལྷག་པས་བསྡུས་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་མཐའ་དག་ཚུལ་བཞིན་བསྲུང་བར་བྱ་དགོས་སོ། །དེ་ལྟར་བགྱིའོ་སྙམ་དུ་དམ་བཅའ་བ་འདིའི་རྗེས་ཟློས། ཧཱུྃ༔ རྡོ་རྗེ་སློབ་དཔོན་བཀའ་དྲིན་ཆེ༔ བཀའ་བཞིན་བགྱིད་དོ་དམ་ཚིག་བསྲུང༔ རྟག་ཏུ་ཐུགས་རྗེས་བཟུང་བ་དང༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ས་མ་ཡ་ན་ར་ཀན༔ དེ་དག་གིས་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཚུལ་བཞིན་གྲུབ་པ་ལགས་སོ། །ཞུགས་ནས་མངོན་པར་དབང་བསྐུར་བའི་ཐོག་མར་ཅོད་པན་སྤྱི་བོར་བཅིངས་ཤིང་རིགས་དང་མཐུན་པའི་གསང་མཚན་གདགས་པར་མོས་ཤིག །སྔར་མེ་ཏོག་གང་ལ་ཕོག་པའི་རིགས་དང་མཐུན་པའི་གསང་མཚན་སོ་སོར་གདགས་དགོས། སྤྱི་ཙམ་དུ་སྔར་ཕུལ་བའི་ཅོད་པན་སྤྱི་བོར་བཞག་ལ། ཧཱུྃ༔ སྔོན་ཚེ་ཚེ་རབས་གྲངས་མེད་ནས༔ དགེ་བའི་སྟོབས་ཀྱིས་བསྟེན་པའི་ལྷ༔ དེ་རིང་ཁྱོད་དང་ཞལ་མཇལ་གྱིས༔ གསང་མཚན་དམ་ཚིག་མ་བརྗེད་པར༔ དབང་རྟགས་ཅོད་པན་འདི་ཟུངས་ཤིག༔ ཨོཾ་བཛྲ་པུཥྤེ་ཨ་བྷི་ཥིཉྩ་མཱཾ༔ ཧོ༔ རིགས་ཀྱི་བུ་གསང་མཚན་རྡོ་རྗེ་ཐོད་ཕྲེང་རྩལ་ཞེས་བྱ་བ་ཁྱོད་ཀྱིས་དབང་རྟགས་ཀྱི་ཅོད་པན་འདི་ཟུངས་ལ༔ ཚུལ་བཞིན་མནོས་པའི་དམ་ཚིག་སྲུངས་དང༔ མྱུར་དུ་སྐུ་གསུམ་ཐོབ་ནས་གཞན་དོན་དཔག་མེད་འགྲུབ་པར་འགྱུར་རོ༔ ཞེས་དང་ཤིས་བརྗོད་ཤོ་ལོ་ཀ་གཅིག་ཙམ་བྱ། མེ་ཏོག་འཐོར། རོལ་མོ་བསྒྲག་གོ །སྤྲོས་བཅས་བུམ་དབང་ཆེན་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བླ་མ་དབང་ཆེན་འགྲོ་བའི་མགོན༔ བུམ་པའི་དབང་མཆོག་ལ་བརྟེན་ནས༔ བདག་ཅག་སྐལ་ལྡན་བུ་རྣམས་ལ༔ སྤྲོས་བཅས་བུམ་དབང་བསྐུར་དུ་གསོལ༔ ཞེས་ལན་གསུམ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་ནམ་མཁའ་གང་བ་སྤྱན་དྲངས་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བ་ཐོགས་ཏེ་དབང་བསྐུར་བར་མོས་ཤིག །རྣམ་བུམ་ཐོགས་ལ། ཧཱུྃ༔ བུམ་པ་གཞལ་ཡས་ཁང་གི་ནང༔ རྩ་བ་གསུམ་གྱི་ལྷ་ཚོགས་བཞུགས༔་་བླ་མ་ཡིན་ན་བླ་མའི་ལྷ་ཚོགས་བཞུགས། ཡི་དམ་མཁའ་འགྲོ་གང་བྱེད་རིགས་འགྲེའོ། །ཕྱི་ནང་གསང་བས་བསྙེན་བསྒྲུབས་ནས༔ སྐུ་གསུང་ཐུགས་ཀྱི་དབང་མཆོག་རྣམས༔ སློབ་བུའི་ལུས་ངག་ཡིད་ལ་ཕབ༔ དབང་བཞི་རྫོགས་པར་ཐོབ་གྱུར་ནས༔ སྐུ་བཞི་མཐའ་རུ་ཕྱིན་པར་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ ཨ་བྷི་ཥིཉྩ་ཨོཾ༔ ཨཱ༔ ཧཱུྃ༔ ཧྲཱི༔ ཞེས་བུམ་པ་མགོར་བཞག །བུམ་ཆུ་སྦྱིན། སླར་བུམ་པ་ཐོགས་མེ་ཏོག་འཐོར་ལ། རིགས་ཀྱི་བུ་ཁྱོད་ལ་བུམ་པ་འདིའི་དབང་བསྐུར་བས༔ ཕྱི་ནང་སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་དུ་ཤེས་པའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག༔ ཕྱག་རྒྱ་བཞིའི་དབང་བསྐུར་བས་བདུད་བཞི་ཟིལ་གྱིས་གནོན་པའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག༔ རིགས་ཀྱི་བུ་ཁྱོད་ལ་བུམ་པའི་ཁ་རྒྱན་གྱི་དབང་བསྐུར་བས་བསྒྲུབ་པའི་འབྲས་བུ་མྱུར་དུ་སྨིན་པའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག༔ རིགས་ཀྱི་བུ་ཁྱོད་ལ་མགུལ་ཆིངས་ཀྱི་དབང་བསྐུར་བས་གཞན་དོན་དཔག་མེད་བྱེད་ཅིང་སྡོམ་པ་དང་དམ་ཚིག་མཐར་ཕྱིན་པའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག༔ རིགས་ཀྱི་བུ་ཁྱོད་ལ་བུམ་ཆུའི་དབང་བསྐུར་བས་རང་ལུས་རླུང་རིག་ཐམས་ཅད་བསྐྱེད་རྫོགས་ཟུང་འཇུག་ཏུ་འབྲེལ་བའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག༔ རིགས་ཀྱི་བུ་ཁྱོད་ལ་བུམ་པའི་ནང་གི་འོ་མའི་དབང་བསྐུར་བས་སྒྲིབ་པ་རྣམ་པ་གཉིས་མྱུར་དུ་དག་པའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག༔ འབྲས་བུ་རྣམ་པ་ལྔའི་དབང་བསྐུར་བས༔ མུ་གེའི་བསྐལ་པ་ནས་ཐར་ནས་སྐུ་གསུམ་གྱི་འབྲས་བུ་ཐོབ་པའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག༔ སྨན་རྣམ་པ་ལྔའི་དབང་བསྐུར་བས་ནད་བཞི་བརྒྱ་རྩ་བཞི་ལས་གྲོལ་བའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག༔ དྲི་རྣམ་པ་ལྔའི་དབང་བསྐུར་བས་ཕ་རོལ་ཏུ་ཕྱིན་པ་བཅུ་དང་ལྡན༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག༔ རིན་ཆེན་ལྔའི་དབང་བསྐུར་བས་ཡོན་ཏན་ཡིད་བཞིན་དང་ལྡན་པ་མཚོན་གྱི་བསྐལ་པ་ནས་ཐར་སེམས་ཅན་གྱི་རེ་བ་སྐོང་བའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག༔ སྙིང་པོ་རྣམ་ལྔའི་དབང་བསྐུར་བས་དུག་ལྔ་དག་ཡེ་ཤེས་ལྔ་དང་ལྡན་སྐུ་ལྔ་མཐར་ཕྱིན་པའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག༔ དབང་པོ་ལྔའི་དབང་བསྐུར་བས་དོན་གཉིས་མཐར་ཕྱིན་སྐུ་གཉིས་ཀྱིས་བསྐལ་པ་མ་སྟོངས་ཀྱི་བར་དུ་འགྲོ་བ་སེམས་ཅན་དཔག་ཏུ་མེད་པའི་དོན་བྱེད་པའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག༔ གཟུངས་ཐག་རྣམ་པ་ལྔའི་དབང་བསྐུར་བས་སེམས་ཅན་རྣམས་ཉོན་མོངས་པའི་སྡུག་བསྔལ་ལས་སྐྱོབ་ཅིང༔ ཐུགས་རྗེས་འཛིན་པའི་མཐུ་རྒྱུན་མི་འཆད་ཅིང་སྟོང་ཉིད་སྙིང་རྗེ་དབྱེར་མེད་དུ་འབྲེལ་བའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག༔ བུམ་རྒྱན་བཀོད་པ་གཟི་བྱིན་དང་བཅས་པས་དབང་བསྐུར་བས་ཞི་རྒྱས་དབང་དྲག་བཞིའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཅེས་སྨོན་ལམ་བརྗོད། དབང་བསྐུར་དངོས་གཞི་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། སློབ་དཔོན་དགོངས་སུ་གསོལ༔ བདག་མིང་འདི་ཞེས་བགྱི་བ་གུ་རུ་ཐོད་ཕྲེང་རྩལ་གྱི་དབང་ལ་འཇུག་འཚལ་བས༔ རྡོ་རྗེ་ཐོད་ཕྲེང་རྩལ་བདག་ལ་དགོངས་སུ་གསོལ༔ བདག་གི་ལས་དང་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ༔ ཁམས་གསུམ་འཁོར་བ་ལས་དབུགས་དབྱུང་བ་དང༔ གཟེང་བསྟོད་པ་དང་འཁོར་བའི་རྒྱ་མཚོ་ལས་བསྒྲལ་བར་བྱིན་གྱིས་བརླབ་ཏུ་གསོལ༔ རང་རིག་ཡེ་ཤེས་རྟོགས་པ་དང༔ འགྲོ་བའི་དེད་དཔོན་དུ་དབང་བསྐུར་དུ་གསོལ༔ དབང་གི་ཆུ་བོ་བཞི་བུམ་པ་གང་བྱོར་སྩོལ་ཅིག༔ ཅེས་ཞུ། དེ་ལྟར་གསོལ་བ་བཏབ་ནས་དམིགས་པ་འདི་ལྟར་དུ་མཛོད་ཅིག །ཁྱེད་རང་རྣམས་ཀྱི་སྤྱི་བོའི་གཙུག་ཏུ་གུ་རུ་ཡབ་ཡུམ་སྦྱོར་བ་མཛད་པའི་བྱིན་རླབས་བྱང་སེམས་བབས་པས༔ སྐུ་གསུང་ཐུགས་ཀྱི་ཡི་གེ་གནས་གསུམ་དུ་བྱུང༔ སྤྱི་བོར་བྱུང༔ བུམ་དབང་ཐོབ༔ གཞལ་ཡས་ཁང་སྒོམ་ནུས་པ་ཡིན༔ ལུས་ཀྱི་སྒྲིབ་པ་བྱང༔ སྐུའི་དངོས་གྲུབ་ཐོབ༔ སྣང་མཛད་སྤྲུལ་སྐུའི་དབང་ཐོབ་བོ༔ མགྲིན་པར་བྱུང༔ གསང་དབང་ཐོབ༔ སྙིང་པོ་གྱེར་ཚིག་ཆོས་བཤད་རྩ་རླུང་སྒོམ་ནུས་པའོ༔ ངག་སྒྲིབ་བྱང༔ སྐུ་གསུམ་ཡོངས་རྫོགས་ཐོབ༔ གསུང་གི་རྒྱས་ཐེབས༔ གྲགས་ཚད་ཆོས་ཉིད་ཀྱི་རང་སྒྲ་ལོངས་སྤྱོད་རྫོགས་སྐུ་ཐོབ་བོ༔ སྙིང་གར་བབས༔ ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ མུ་དྲཱ་དང་བཅས་ཆོས་ཉིད་རང་རྩལ་འབྱོར་པའི་ཏིང་ངེ་འཛིན་རྫོགས་རིམ་སྒོམ་ནུས་པ་ཡིན་ནོ༔ ཡིད་སྒྲིབ་བྱང༔ ཡིད་ལ་དྲན་ཚད་སྐྱེས་གྲོལ་ཆོས་ཉིད་དུ་དྲན་པས་སྐྱེ་མེད་ཐུགས་ཀྱི་རྒྱས་ཐེབས༔ རྟོགས་ཚད་ཆོས་ཉིད་དུ་འཆར༔ འབྲས་བུ་ཆོས་སྐུ་ཐོབ་བོ༔ ལྟེ་བར་བབས༔ ཚིག་དབང་རིན་པོ་ཆེ་ཐོབ་པར་གྱུར་པའི་མོས་པ་མཛོད༔ འདི་ལྟར་གཏོར་མ་ལ་སོགས་པའི་དབང་རྫས་རྣམས་རིམ་པ་བཞིན་དུ་སྤྱི་བོར་བཞག་པས་བུམ་དབང་ཐོབ། མགྲིན་པར་བཞག་པས་གསང་དབང་ཐོབ། སྙིང་གར་བཞག་པའི་ཚེ་བླ་མ་དང་རང་སེམས་དབྱེར་མེད་དུ་འདྲེས་པར་ཤེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་། དེའི་རྗེས་ལ་སེམས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་དེ་ངོས་བཟུང་ལ་མཉམ་པར་བཞག་པ་ནི་དེ་ཁོ་ན་ཉིད་ཀྱི་དབང་ཡིན་པའི་དོན་ཤེས་པར་མཛོད་ཅིག །གཏོར་མ་དང་ཤར་གྱི་པད་འབྱུང་སྐུ་གནས་གསུམ་དུ་བཞག་ལ། ཨོཾ༔ སྐུ་ཡི་བྱིན་གྱིས་བརླབ་ཏུ་གསོལ༔ ལུས་ལ་གཟི་བྱིན་བསྐྱེད་དུ་གསོལ༔ ལུས་ཀྱི་སྒྲིབ་པ་སྦྱང་དུ་གསོལ༔ ལྷ་དབང་ལུས་ལ་བསྐུར་དུ་གསོལ༔ སྐུ་མི་འགྱུར་ཚེ་ཡི་དངོས་གྲུབ་སྩོལ༔ ཨཱ༔ གསུང་གི་བྱིན་གྱིས་བརླབ་ཏུ་གསོལ༔ ངག་གི་སྒྲིབ་པ་སྦྱང་དུ་གསོལ༔ སྔགས་དབང་ངག་ལ་བསྐུར་དུ་གསོལ༔ གསུང་སྙིང་པོ་ལུང་གི་དངོས་གྲུབ་སྩོལ༔ ངག་ལ་ནུས་པ་དབྱུང་དུ་གསོལ༔ ཧཱུྃ༔ ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ༔ སེམས་ཀྱི་སྒྲིབ་པ་སྦྱང་དུ་གསོལ༔ ཐུགས་སྐྱེ་མེད་རྡོ་རྗེའི་དངོས་གྲུབ་སྩོལ༔ སེམས་ལ་རྟོགས་པ་བསྐྱེད་དུ་གསོལ༔ སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རློབས༔ ཡེ་ཤེས་ལྔ་ཡི་དབང་སྐུར་ཅིག༔ བརྒྱུད་འཛིན་བུ་འདི་བྱིན་གྱིས་རློབས༔ དབང་བཞི་རྫོགས་པར་ཐོབ་གྱུར་ཅིག༔ ཅེས་དང་རྩ་སྔགས་བརྗོད། དེས་ནི་ཡོད་མེད་ཀྱི་དོན་རིག་ཅིང་ཉམས་ཐོད་རྒལ་དུ་འཆར་བ་ཡིན་ནོ༔ རྣམ་བུམ་དང་ཐོད་ཕྲེང་རྩལ་རྟ་ཕག་གི་སྐུ་རྣམས་གནས་གསུམ་དུ་བཞག་ལ། རིགས་ཀྱི་བུ་དབང་གི་དོན་རྟོགས་པར་གྱིས་ཤིག །ཨོཾ༔ བུམ་པ་སྤྲོས་བྲལ་ཟླུམ་པོའི་ནང༔ སྐྱེ་མེད་བྱང་ཆུབ་སེམས་ཀྱི་ཆུས༔ རྣམ་རྟོག་མ་རིག་དྲི་མ་འཁྲུ༔ ཆོས་སྐུ་སྤྲོས་བྲལ་བདེ་ཆེན་ཆུས༔ གཟུང་འཛིན་འཁོར་བའི་བག་ཆགས་འཁྲུ༔ རང་བྱུང་ཡེ་ཤེས་སེམས་ཉིད་ཆུས༔ དུག་ལྔ་དུག་གསུམ་དབྱིངས་སུ་འཁྲུ༔ ཉོན་མོངས་བག་ཆགས་ཀུན་བྱང་ནས༔ རྡོ་རྗེ་ཐོད་ཕྲེང་ཡབ་ཡུམ་དབང༔ བཞི་རྫོགས་ཡེ་ཤེས་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ས་མ་ཡ་ཛཿཧ་རི་ནི་ས་ར་ཙ་ཧྲིཿཡ་བཛྲ་ཨཱ་ཡུཿསིདྡྷི་ཧཱུྃ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ ཞེས་ཁྲུས་བྱ་ངག་ཏུ་བླུད་དོ། །དེས་ནི་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཤར་ལྷོའི་བྷནྡྷ་དང་པདྨ་སམྦྷའི་སྐུ་གནས་གསུམ་དུ་བཞག་ལ། ཨཱ༔ ཐོད་པ་ཟླུམ་པོ་ཆོས་ཉིད་དབྱིངས་ཀྱི་ངང༔ འཆི་མེད་ཡེ་ཤེས་བདུད་རྩིའི་ཆང་གིས་བཀང༔ ཤ་ལྔ་བདུད་རྩི་རིགས་ལྔ་ཡེ་ཤེས་ལྔ༔ ཉོན་མོངས་བདུད་འཇོམས་རིགས་ལྔ་སྐུ་ལྔར་བསྐྱེད༔ གཉིས་མེད་ངང་དུ་ཆོས་ཉིད་རོལ་པར་བསྐྱེད༔ མ་བཅོས་རང་བྱུང་བདེ་ཆེན་བྱང་ཆུབ་སེམས༔ ཆོས་ཉིད་བདུད་རྩི་རྣམ་རྟོག་བདུད་ལས་རྒྱལ༔ པདྨ་སམྦྷ་ཡོན་ཏན་མཆོག་གི་དབང༔ བཞི་རྫོགས་ཡེ་ཤེས་ཆེན་པོའི་དབང་ཐོབ་ཤོག༔ ཨོཾ་བཛྲ་གུ་རུ་པདྨ་སམྦྷ་ཝ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ དེས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་སྣ་ཚོགས་ཀྱི་དངོས་གྲུབ་ཐམས་ཅད་བརྙེས་པར་འགྱུར་རོ། །ལྷོ་ནུབ་ཀྱི་མེ་ལོང་དང་པདྨ་རྒྱལ་པོ་གནས་གསུམ་དུ་བཞག་ལ། ཧཱུྃ༔ མེ་ལོང་ཟླུམ་པོ་ཆོས་སྐུ་དྲི་མ་མེད༔ དག་ཅིང་གསལ་ལ་རྙོག་པ་མེད་པར་དྭངས༔ གཟུང་བརྙན་གསལ་ལ་ངོས་བཟུང་རྣམ་རྟོག་བྲལ༔ སེམས་ཉིད་རྣམ་དག་གསལ་ལ་མི་འགག་ཅིང༔ གཟུང་འཛིན་མཚན་མའི་དངོས་པོ་ཡུལ་ལས་འདས༔ བྱང་ཆུབ་སེམས་ཀྱི་ཆོ་འཕྲུལ་ཅི་ཤར་ཀྱང༔ གསལ་སྟོང་མ་འགག་དབྱིངས་ལ་གསལ་འགྲིབ་མེད༔ དབང་བཞིའི་ཡེ་ཤེས་རྫོགས་པའི་དབང་མཆོག་འདི༔ པདྨ་རྒྱལ་པོ་ཁམས་གསུམ་དབང་སྡུད་པའི༔ ཆུ་བོ་ཆེན་པོ་བུ་ལ་སྦྱིན་པར་བྱའོ༔ ཨོཾ་བཛྲ་གུ་རུ་པདྨ་རཱ་ཙ་པ་ཤཾ་ཀུ་རུ་ཧཱུྃ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ དེས་ནི་ཁམས་གསུམ་སྲིད་པ་གསུམ་ལ་དབང་བསྒྱུར་བར་འགྱུར་རོ། །ལྷོའི་གཏོར་མ་དང་བློ་མཆོག་སྐུ་གནས་གསུམ་དུ་བཞག་ལ། ཧྲཱི༔ ཐོད་པ་གཏོར་སྣོད་གཞལ་ཡས་ཆོས་ཀྱི་དབྱིངས༔ གཏོར་མ་འདོད་ཡོན་སྣ་ལྔ་ཡེ་ཤེས་ལྔ༔ གུ་རུའི་སྐུ་མཆོག་བདེ་ཆེན་འདུ་འབྲལ་མེད༔ རྣམ་དག་དཀར་པོ་དྲི་མེད་ཚངས་མགྲིན་དུ༔ མཆོད་རྫས་གཉིས་མེད་དབྱིངས་སུ་དམ་ཚིག་བསྲེ༔ བློ་ལྡན་མཆོག་སྲེད་དབང་མཆོག་ཐོབ་པར་ཤོག༔ ཨོཾ་གུ་རུ་ཛྙཱ་ན་པྲ་ཛྙཱ་སིདྡྷི་ཧཱུྃཿཧྲཱིཿཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ དེས་ནི་རྨོངས་པ་མ་ལུས་པ་འཇོམས་ཤིང་ཐོགས་པ་མེད་པའི་བློ་གྲོས་དང་ལྡན་པར་འགྱུར་རོ། །ནུབ་ཀྱི་རྨ་བྱ་མར་མེ་དང་ཉི་ཟེར་གྱི་སྐུ་གནས་གསུམ་དུ་བཞག་ལ། ཧཱུྃ༔ ཀུན་གཞི་མ་རིག་མུན་ནག་འཐིབས་པ་ལ༔ ཡེ་ཤེས་ལྔ་ལྡན་ཟེར་ལྔ་མདངས་དང་ལྡན༔ ཕྲིན་ལས་རྣམ་བཞིས་འགྲོ་བ་འདུལ་མཛད་དེ༔ སྤྲུལ་པ་མང་པོས་འཁོར་བ་དོང་སྤྲུགས་པ༔ རྨ་བྱ་མེ་ལོང་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་བཛྲ་གུ་རུ་སཱུརྻ་སརྦ་དྷརྨ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ དེས་ནི་སྐྱེ་འགྲོ་མ་ལུས་པ་ཐམས་ཅད་ཆོས་ལ་འཁོད་པར་འགྱུར་རོ། །ནུབ་བྱང་གི་ཤཱཀ་སེང་སྐུ་གནས་གསུམ་དུ་བཞག །རྡོ་རྗེ་དྲིལ་བུ་ལག་ཏུ་གཏད་ལ། ཧཱུྃ༔ འདི་ནི་ཚུལ་ཁྲིམས་རྡོ་རྗེ་སྟེ༔ ཕ་རོལ་ཕྱིན་པ་དྲུག་དང་ལྡན༔ ཤེས་རབ་ཆེན་པོས་འགྲོ་བ་འདྲེན༔ ཐབས་ཀྱིས་ཆོས་གསུང་བདེ་སྦྱོར་པ༔ ཤཱཀྱ་སེངྒེའི་དབང་ཐོབ་ཤོག༔ ཨོཾ་གུ་རུ་ཤཱཀྱ་སེང་གེ་སཏྭ་ཨ་བྷི༴ དེས་ནི་བདུད་བཞི་ལས་གྱུར་པའི་བར་ཆད་ཐམས་ཅད་འཇོམས་པར་འགྱུར་རོ། །བྱང་གི་མེ་ལོང་ཐོད་ཆང་། སེང་སྒྲོག་སྐུ་གནས་གསུམ་དུ་བཞག་ལ། ཧཱུྃ༔ གདོད་ནས་རྣམ་དག་འགྱུར་མེད་རིག་པ་འདི༔ བདུད་དང་མུ་སྟེགས་ལོག་རྟོག་ཀུན་དག་པ༔ རང་གསལ་འགྱུ་གྲོལ་རེ་དོགས་བྲལ་བ་ཡི༔ བདུད་རྩི་མེ་ལོང་བྷནྡྷས་དབང་བསྐུར་བས༔ སེང་གེ་སྒྲ་སྒྲོག་དབང་མཆོག་ཐོབ་པར་ཤོག༔ ཨོཾ་བཛྲ་གུ་རུ་སིངྷ་གྷཎྜྷེ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ དེས་ནི་སྨྲ་བའི་སེང་གེ་དང་མཚུངས་པར་བདུད་དང་མུ་སྟེགས་ཐམས་ཅད་འདུལ་བའི་མཐུ་རྩལ་རྫོགས་པར་འགྱུར་རོ། །བྱང་ཤར་གྱི་སེང་ཕུར། ཨོ་རྒྱན་དང་གྲོ་ལོད་ཀྱི་སྐུ་གནས་གསུམ་དུ་བཞག་ལ། ཧཱུྃ༔ སྣང་བ་ཆོས་སྐུ་སྟོང་པ་སངས་པོ་ལ༔ འཛིན་མེད་རང་གྲོལ་གཉིས་འཛིན་མཚན་མ་བུད༔ སྤྱི་འབྱམས་ཐེག་རྫོགས་སྣ་ཚོགས་ཡུལ་བུད་པ༔ དྲེགས་པ་དགྲ་བགེགས་ཚར་གཅོད་གྲོ་ལོད་དབང༔ སྐལ་ལྡན་བུ་ཡིས་བཞི་རྫོགས་ཐོབ་པར་ཤོག༔ ཨོཾ་བཛྲ་གུ་རུ་དྷེ་ཝ་ལོ་ཀ་བཛྲ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ དེས་ནི་གང་ལྟར་བསམ་པ་ཐམས་ཅད་ཐོགས་པ་མེད་པར་ཡིད་བཞིན་དུ་འབྱུང་བར་འགྱུར་རོ། །ཐོད་ཕྲེང་རིགས་ལྔ་དང་གིང་ཡབ་ཡུམ་བཞིའི་སྐུ་གནས་གསུམ་དུ་བཞག་ལ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང༔ ལོངས་སྐུ་གསལ་ལ་མ་འདྲེས་གུ་རུའི་སྐུ༔ སྤྲུལ་སྐུ་སྣ་ཚོགས་ཐབས་ཀྱིས་འགྲོ་བ་འདུལ༔ སྐུ་གསུམ་ངང་གིས་མཉམ་ཞིང་མ་འདྲེས་གསལ༔ སྔོན་ཚེ་ཐོད་ཕྲེང་པད་འབྱུང་སྨོན་ལམ་གཅིག༔ ད་ལྟ་བདག་གི་སློབ་མའི་སྟངས་ཟུངས་ཤིག༔ སྲོག་གི་ཕྱིར་ཡང་མི་གཏང་བསྒྲུབ་ལགས་སོ༔ ཡེ་ཤེས་དབང་ཆེན་རབ་འབྱམས་ཀུན་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་ཏྲཱཾ་ཧྲཱི༔ ར་ཙ་ཧྲི་ཡ་ཧ་རི་ནི་ས་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ དེས་ནི་པདྨའི་སྒྲུབ་ཐབས་ཐམས་ཅད་ཀྱི་དབང་བསྐུར་ཡོངས་སུ་རྫོགས་པ་ཐོབ་པར་འགྱུར་རོ། །ཆོས་སྐྱོང་གཏོར་མ། མ་ནིང་སྐུ། ཕུར་པ་རལ་གྲི་གནས་གསུམ་དུ་བཞག་ལ། ཧཱུྃ༔ སྐྱེ་མེད་ངང་རྣལ་ཀློང་ལས་མ་གཡོས་ཀྱང༔ གཟུགས་སྐུ་འཇིགས་བྱེད་རྣམ་སྤྲུལ་ཅིར་ཡང་སྟོན༔ མ་འགག་གཉིས་འཛིན་དགྲ་བགེགས་སྐད་ཅིག་སྒྲོལ༔ ཐར་པ་དོན་དམ་དབྱིངས་སུ་རབ་སྦྱོར་བ༔ སྲོག་གི་ཤན་པ་གཟའ་བདུད་ཆེན་པོའི་དབང༔ སྒྲོལ་བྱེད་ཕུར་པ་སྲིད་གསུམ་རྩད་གཅོད་གྲི༔ སྐལ་ལྡན་བུ་ལ་བསྐུར་ཐོབ་བཞི་རྫོགས་ཏེ༔ བསྟན་འཇིག་དགྲ་བོ་སྐད་ཅིག་སྒྲོལ་་་འདི་ཟུར་དུ་བྱ་རང་གི་སློབ་བརྒྱུད་མི་འཛིན་པ་ལ་མི་སྦྱིན།མཆན་་་བར་ཤོག༔ ཨོཾ་བཛྲ་མ་ཧཱ་ཀཱ་ལ་རཱ་ཧུ་ལ་རཾ་སིདྡྷི་གྷ་ན་གྷུ་ཡ་ཏྲག་རཀྨོ་ཛ་ལཾ་ཨེ་ཡ་མ་བ་དུ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ དེས་ནི་བསྟན་པ་ལ་གནོད་པའི་དགྲ་བགེགས་ཐམས་ཅད་ཚར་གཅོད་པའི་ནུས་སྟོབས་རྫོགས་པར་འགྱུར་རོ། །སྲུང་མའི་དབང་འདི་བརྒྱུད་འཛིན་མ་གཏོགས་ཁྱབ་གདལ་དུ་མི་བསྐུར་གསུངས། དེ་ལྟར་དབང་བསྐུར་པ་ཐམས་ཅད་ལ་བཞི་བཞིར་ཡོད་པས་རེ་རེ་ལའང་དབང་བཞི་དོན་གྱིས་ཚང་བ་སྟེ། དེ་རྣམས་ཀྱིས་བུམ་པའི་དབང་རྗེས་འབྲེལ་བཅས་གྲུབ་པ་ཡིན་ནོ། །སྒྲུབ་ཁོག་ནས་འབྱུང་བའི་བསྙེན་སྒྲུབ་ཀྱི་དབང་བསྐུར་བར་འདོད་ན་སྐབས་འདིར་སྦྱར་བར་བྱ་སྟེ། སྒྲུབ་པ་ལུང་གི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བླ་མ་དཔལ་ལྡན་རྡོ་རྗེ་འཛིན༔ བུམ་པ་ལྕང་ལོ་བྷནྡྷ་དང༔ བདུད་རྩི་ཚེ་སོགས་དབང་གི་མཆོག༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་ཞུ༔ བླ་མས་གནང་བ་སྦྱིན་པ། ཧོ༔ བདེ་ཆེན་བཀོད་པའི་གཞལ་ཡས་འདིར༔ སྐལ་ལྡན་བུ་ཁྱོད་གུས་འདུད་ན༔ རྡོ་རྗེ་བླ་མའི་གཡར་དམ་སྲུངས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྦྱིན༔ ཁྱེད་རང་རྣམས་དབང་སྟེགས་པདྨ་འདབ་བརྒྱད་ཀྱི་སྟེང་དུ་འཁོད་པར་མོས། བྷནྡྷ་ཐོད་ཕྲེང་རིགས་ལྔའི་རང་བཞིན་ཅན་གྱིས་དབང་བསྐུར་བས་བླ་མ་བདེ་གཤེགས་ཡོངས་རྫོགས་ཀྱི་ཡེ་ཤེས་སྐུའི་དབང་དང་བྱིན་རླབས་རྫོགས་པར་མོས་ཤིག །དཀྱིལ་འཁོར་དབུས་ཀྱི་བྷནྡྷ་མགོར་བཞག་ལ། ཧཱུྃ༔ མཐིང་ནག་གྲུ་གསུམ་འགྱུར་བ་མེད་པའི་སྐུ༔ རྟག་ཏུ་ཧཱུྃ་ཆེན་ཀློང་དུ་འཁྱིལ་བ་ཡི༔ བདེ་ཆེན་བྱང་ཆུབ་སེམས་སུ་མངོན་རྫོགས་ཏེ༔ རྡོ་རྗེ་ཐོད་ཕྲེང་ཡབ་ཡུམ་དབང་བསྐུར་རོ༔ དཀར་པོ་ཆོས་ཉིད་ཡངས་ཤིང་གསལ་བའི་སྐུ༔ མཁའ་མཉམ་དབྱིངས་ཕྱུག་མ་བརྒྱད་རྟག་རོལ་ཅིང༔ སྲིད་པའི་ཆོས་ལ་ཡིད་བཞིན་དབང་གྱུར་པའི༔ བུདྡྷ་ཐོད་ཕྲེང་ཡབ་ཡུམ་དབང་བསྐུར་རོ༔ སེར་པོ་ཡིད་བཞིན་ཡོན་ཏན་རྒྱས་པའི་སྐུ༔ རིན་ཆེན་སྤྱི་སྒོ་བརྒྱད་སོགས་རོལ་པའི་སྐུ༔ འདོད་དགུ་ཡིད་བཞིན་རེ་བ་སྐོང་མཛད་པའི༔ རཏྣ་ཐོད་ཕྲེང་ཡབ་ཡུམ་དབང་བསྐུར་རོ༔ ཆགས་པ་མི་གཏོང་དབང་གི་རྒྱལ་པོ་སྟེ༔ དབང་ཕྱུག་གཏེར་ལྡན་ལྔ་དང་འཁྲིལ་བ་ཡིས༔ འཁོར་བ་མ་ལུས་མྱ་ངན་འདས་བསྡུས་ནས༔ པདྨ་ཐོད་ཕྲེང་ཡབ་ཡུམ་དབང་བསྐུར་རོ༔ ལྗང་གུ་་་བཀའ་བརྒྱད་བདེ་འདུས་སྒྲུབ་ཁོག་ཆེན་མོ་ནས་ཁ་བསྐང་བའོ། །མཆན། ཕྲིན་ལས་ཅིར་ཡང་འགྱུར་བ་ཡིས༔ སྣ་ཚོགས་ཐབས་ཀྱིས་འགྲོ་བ་ཀུན་འདུལ་བ༔ བསྙེན་པ་སྦྱངས་པའི་གནད་དང་ལྡན་པ་ཡིས༔ ཀརྨ་ཐོད་ཕྲེང་ཡབ་ཡུམ་དབང་བསྐུར་རོ༔ ཐོད་ཕྲེང་རིགས་ལྔ་ཡེ་ཤེས་ལྔ་བྱིན་གྱིས༔ སྐལ་ལྡན་བུ་ལ་དབང་མཆོག་བསྐུར་དུ་གསོལ༔ སྐུ་ལྔ་ཡེ་ཤེས་ལྔ་དང་དབྱེར་མེད་པའི༔ རྟོགས་པའི་ཐུགས་རྗེས་དུག་ལྔ་རང་གྲོལ་ཤོག༔ འདིར་སྒྲུབ་གཞུང་དུ་བྷནྡྷ་དགུ་དང་ལྔ་སོགས་བཤད་ཀྱང་འདིར་ལག་ལེན་བདེ་བའི་ཆེད་དུ་བྱས་པའོ། །གསུང་ཞི་ཁྲོ་ཀུན་འདུས་ཀྱི་སྔགས་ཀྱིས་དབང་བསྐུར་བས་བླ་མ་བདེ་གཤེགས་ཡོངས་རྫོགས་ཀྱི་སྙིང་པོ་ལུང་གི་དབང་དང་བྱིན་རླབས་རྫོགས་པར་མོས་ལ་ཞི་བ་ཀུན་འདུས་ཀྱི་སྙིང་པོ་འདིའི་རྗེས་ཟློས། ཨོཾ་ཨཱཿཧཱུྃཿབཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ས་མ་ཡ་ཛཿཧ་རི་ནི་ས་ཧྲཱིཿམ་ར་ཙ་ཧྲི་ཡ་བཛྲ་ཨཱ་ཡུཿསིདྡྷི་ཧཱུྃ༔ ལན་གསུམ། བླ་མའི་ཐུགས་སྲོག་འདི་བརྗོད་པས༔ བཀའ་འདུས་ལྷ་ཚོགས་ཡོངས་བསྙེན་ཅིང༔ འབུམ་ཚོ་གཉིས་ཀྱིས་མཆོག་ཐུན་གྱི༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ༔ འགྲོ་དོན་ནུས་པའི་དབང་ཐོབ་ཤོག༔ དྲག་པོ་ལྷ་བརྒྱད་འདུས་པའི་སྙིང་པོ་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ་ཨར་ཙིག་ནིར་ཙིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཕཊ་ཧྲཱིཿཏྲཱཾ་བཛྲ་ཡཀྵ་རཾ་ཨཱཿཧཱུྃ་ཕཊ༔ དགྲ་བགེགས་གནོད་བྱེད་མཱ་ར་ཡ་མྱོགས༔ ལན་གསུམ། ཧཱུྃ༔ གསང་བའི་དྲག་སྔགས་འདི་བརྗོད་ཅིང༔ ཁྲི་ཕྲག་གཅིག་གི་གྲངས་བཟླས་ན༔ དྲག་པོ་ལྷ་བརྒྱད་ཡོངས་བསྙེན་ནས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ༔ འགྲོ་དོན་ནུས་པའི་དབང་ཐོབ་ཤོག༔ རྣམ་རྒྱལ་བུམ་པ་སྤྱི་བོར་བཞག་པས་བླ་མ་བདེ་གཤེགས་ཡོངས་རྫོགས་ཀྱི་འོད་གསལ་དགོངས་པའི་དབང་དང་བྱིན་རླབས་རྫོགས་པར་མོས་ཤིག །རྣམ་བུམ་མགོར་བཞག་ལ། ཧཱུྃ༔ ཐུགས་ལས་བརྡོལ་བའི་མན་ངག་གསང་ཆེན་འདི༔ སྤྲོས་བྲལ་ཆོས་སྐུ་སྟོང་གསལ་འཛིན་པ་མེད༔ སྐལ་ལྡན་མཆོག་གི་དངོས་གྲུབ་དམ་པའི་གཟུངས༔ ཐོགས་མེད་མཐུ་མངའ་རྫས་མཆོག་དམ་པ་འདིས༔ དབང་བསྐུར་གཉིས་མེད་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཅེས་བུམ་ཆུ་སྤྱི་བོར་བླུག་ཅིང་ངག་ཏུ་བླུད། དེ་ནས་ལས་སློབ་ཀྱིས། ཧོ༔ དེ་ལྟར་སྤྲོས་བཅས་ཀྱི་དབང་ཐོག་མ་འདི་བསྐུར་པ་ལ་ཡོན་ཏན་ཅི་མཆིས༔ འབྲས་བུ་གང་ཐོབ་བསྟན་དུ་གསོལ༔ ཞེས་ཞུ། བླ་མས། ཧོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ཉོན་ཅིག༔ དེ་ལྟར་དཀྱིལ་འཁོར་ཆེན་པོའི་ཤར་སྒོ་འདི་ནས་བུམ་པའི་དབང་བསྐུར་བ་ལ་བརྟེན་ནས༔ ལུས་ཀྱི་སྒྲིབ་པ་དག༔ བསྐྱེད་རིམ་ལྷ་བསྒོམ་པ་ལ་དབང༔ འབྲས་བུ་སྤྲུལ་པའི་སྐུ་ཐོབ༔ དམ་ཚིག་ལུས་ཀྱིས་སྲུངས་ཤིང༔ ཡོན་ཏན་ལུས་ལ་བདེ་བ་རྒྱས༔ ས་བརྒྱད་པ་མན་ཆད་ནོན༔ ཕྲིན་ལས་ཞི་བའི་ལས་འགྲུབ་པ་ཡིན་ནོ༔ སྤྲོས་མེད་གསང་བའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བླ་མ་དབང་ཆེན་འགྲོ་བའི་མགོན༔ བྱང་སེམས་དབང་ཆོག་ལ་བརྟེན་ནས༔ བདག་ཅག་སྐལ་ལྡན་བུ་རྣམས་ལ༔ སྤྲོས་མེད་གསང་དབང་བསྐུར་དུ་གསོལ༔ ལན་གསུམ། བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བའི་སྒྲ་དང་དགའ་བའི་འོད་ཟེར་གྱིས་ནམ་མཁའ་གང་བར་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་སྤྱན་དྲངས་ཏེ་སྐུ་ལ་ཐིམ། ཐམས་ཅད་ཀྱང་ཆགས་པ་ཆེན་པོས་ཞུ་བའི་བྱང་ཆུབ་སེམས་ཀྱི་རྒྱུན་མཁའ་གསང་ནས་བབས་པ་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པ་དེ་ཉིད་ཁྱེད་རང་རྣམས་ཀྱིས་མྱངས་པས་རྩ་ཁམས་ཐམས་ཅད་ཁྱབ། བདེ་སྟོང་བརྗོད་བྲལ་གྱི་ཉམས་མྱོང་སྐྱེས་པར་མོས་ཤིག །གསང་ཐོད་ཀྱི་བདུད་རྩི་སྦྱིན་ལ། ཧཱུྃ༔ བླ་མ་ལྷ་ཚོགས་ཡབ་ཡུམ་རྣམས༔ གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས༔ སྐལ་ལྡན་ངག་ལ་དབང་བསྐུར་བས༔ བདེ་ཆེན་གསང་བའི་དབང་ཐོབ་ཤོག༔ རྩ་སྔགས་ཤམ་བུར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ བྱང་སེམས་བདུད་རྩི་ཁར་ཟུངས། མ་མིད་པ་ལ་ཕཊ་བརྗོད་ཅིག །བྱ། བརྗོད་པར་འདོད་ཀྱང་བརྗོད་མི་ཤེས་པ་ལྟར་ཆོས་ཐམས་ཅད་ཀྱི་གནས་ལུགས་སྨྲ་བསམ་བརྗོད་པ་དང་བྲལ་བའི་དོན་གོ་བར་གྱིས་ཤིག༔ ལས་སློབ་ཀྱིས། ཧོ༔ དེ་ལྟར་སྤྲོས་མེད་ཀྱི་དབང་གཉིས་པ་འདི་བསྐུར་པ་ལ་བརྟེན་ནས༔ འབྲས་བུ་གང་ཐོབ་བསྟན་དུ་གསོལ༔ ཅེས་ཞུ། བླ་མས། ཧོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ཉོན་ཅིག༔ དཀྱིལ་འཁོར་ཆེན་པོའི་ལྷོ་སྒོ་རུ༔ དུས་ནམ་ཕྱེད་ལ་གསང་དབང་སྔགས་ཀྱི་རྒྱས་པའི་དབང་བསྐུར་བས༔ ངག་གི་སྒྲིབ་པ་དག༔ ངག་ལ་ནུས་པ་འབར༔ དམ་ཚིག་ངག་གིས་སྲུང་བར་རིགས༔ ཤ་ལྔ་བདུད་རྩི་ལྔ་བསྟེན་པར་རིགས༔ རྗེས་སུ་བསྐྱེད་རྫོགས་གཉིས་བསྒོམ་པར་དབང༔ ས་དགུ་པ་ནོན༔ ཕྲིན་ལས་དབང་གི་ལས་འགྲུབ༔ འབྲས་བུ་ལོངས་སྤྱོད་རྫོགས་སྐུ་ཐོབ་བོ༔ ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས། ཧོ༔ བླ་མ་དབང་ཆེན་འགྲོ་བའི་མགོན༔ ཕྱག་རྒྱའི་དབང་ཆོག་ལ་བརྟེན་ནས༔ བདག་ཅག་སྐལ་ལྡན་བུ་རྣམས་ལ༔ སྤྲོས་མེད་ཤེར་དབང་བསྐུར་དུ་གསོལ༔ ལན་གསུམ། རིག་ཙཀ་གཏད་ལ། མཚན་ཉིད་དང་ལྡན་པའི་རིག་མ་གཟུགས་དང་ལང་ཚོ་ཕུལ་དུ་བྱུང་བ་ལག་ཏུ་གཏད་པར་མོས་ཤིག །སྣ་ཚོགས་གཟུགས་ཅན་སེམས་ལ་བསྒོམ༔ འགྲོ་བ་གསུམ་པོ་འདི་ཡི་བདག༔ རྩ་སྔགས་ཤམ་བུར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཁྱེད་རང་གུ་རུ་ཐོད་ཕྲེང་རྩལ་རིག་མ་ཡེ་ཤེས་ཀྱི་མཁའ་འགྲོ་མ། མཁའ་གསང་རྡོ་རྗེ་དང་པདྨ། ཐབས་འདི་ལ་བརྟེན་ནས་མཆོག་ཏུ་མི་འགྱུར་བའི་ལྷན་སྐྱེས་བདེ་ཆེན་མངོན་དུ་བྱ་བའི་འདུན་པ་བཅས་འདུ་ཤེས་གསུམ་དང་ལྡན་པས་སྙོམས་པར་ཞུགས་པས་ཡས་བབ་དང་མས་བརྟན་གྱི་དགའ་བ་བཅུ་དྲུག་གི་མཐར་་་་་་་ལྷན་ཅིག་སྐྱེས་པའི་བདེ་ཆེན་ཡེ་ཤེས་ཉམས་སུ་མྱོང་བར་མོས་ལ་དེའི་རང་ངོ་ལ་ལྟོས་ལ་མཉམ་པར་ཞོག་ཅིག ཧོ༔ བདེ་ལ་སེམས་བཟུང་སྟོང་ལ་སྦྱོངས༔ གཉིས་མེད་ངང་དུ་གནས་བྱ་ཞིང༔ ཟག་མེད་མ་བཅོས་རང་བྱུང་བཞག༔ སྐུ་གསུམ་རང་གྲོལ་ངོ་མཚར་ཆེ༔ ཨ་ཧོ་མ་ཧཱ་སུ་ཁ་ཧོ༔ ཞེས་ངོ་སྤྲད་ལ། ལས་སློབ་ཀྱིས། ཧོ༔ དེ་ལྟར་དབང་གསུམ་པ་བསྐུར་པའི་ཡོན་ཏན་དང་འབྲས་བུ་གང་མཆིས་བསྟན་དུ་གསོལ༔ ཞེས་ཞུ། བླ་མས། ཧོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ཉོན་ཅིག༔ དཀྱིལ་འཁོར་ཆེན་པོའི་ནུབ་ཕྱོགས་སུ༔ དུས་སྲོད་ཀྱི་འཇིངས་ཡོལ་ལ༔ ཕྱག་རྒྱ་ཡེ་ཤེས་ཀྱི་དབང་བསྐུར་བས༔ ཡིད་ཀྱི་སྒྲིབ་པ་དག༔ ཡིད་ལ་རྟོགས་པ་འཆར༔ དམ་ཚིག་ཡིད་ཀྱིས་སྲུང་བར་རིགས༔ རྟེན་ཕྱག་རྒྱ་བསྟེན་དུ་རུང༔ ས་བཅུ་པ་ནོན༔ ཕྲིན་ལས་རྒྱས་པའི་ལས་འགྲུབ༔ འབྲས་བུ་སྐྱེ་མེད་ཆོས་སྐུ་ཐོབ་བོ༔ རབ་ཏུ་སྤྲོས་མེད་དབང་བཞི་པ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བླ་མ་དབང་ཆེན་འགྲོ་བའི་མགོན༔ ཚིག་གི་དབང་ཆོག་ལ་བརྟེན་ནས༔ བདག་ཅག་སྐལ་ལྡན་བུ་རྣམས་ལ༔ བཞི་པའི་དབང་མཆོག་བསྐུར་དུ་གསོལ༔ ལན་གསུམ། དེ་ལ་ཐོག་མར་ལྟ་བའི་ངོ་སྤྲད་པ་ནི། ཁྱེད་རང་རྣམས་ལྟ་སྟངས་ནམ་མཁའ་ལ་གཏོད་ཅིག །ཧཱུྃ༔ ལྟོས་ཤིག་ལྟོས་ཤིག་རིགས་ཀྱི་བུ༔ མདུན་གྱི་ནམ་མཁའ་འདི་ལ་ལྟོས༔ གསལ་ལ་དྭངས་བ་མཐའ་དང་བྲལ༔ གང་ལ་འཛིན་མེད་བདེ་ཆེན་འདི༔ ལྟ་བ་ཕྱོགས་ལྷུང་མཐའ་བྲལ་ཡིན༔ འདི་ཉིད་དོན་ལ་གནས་པར་གྱིས༔ དུས་གསུམ་སངས་རྒྱས་དགོངས་པ་ཡིན༔ ཨ་ཏི་ཧོ༔ སྒོམ་པའི་ངོ་སྤྲོད་ནི་མར་མེ་གསལ་ལ་མི་རྟོག་པས་མཚོན་པར་མཛོད་ཅིག །མར་མེ་བཏེགས་ལ། ཧཱུྃ༔ ལྟོས་ཤིག་ལྟོས་ཤིག་སྐལ་ལྡན་བུ༔ རང་གི་སེམས་ལ་ནང་དུ་ལྟོས༔ གསལ་ལ་མི་རྟོག་མ་ཡེངས་པ༔ མར་མེ་རླུང་གིས་མ་བསྐྱོད་འདྲ༔ སྒོམ་པ་རང་གསལ་འཛིན་མེད་འདི༔ འདི་ཡི་དོན་ལ་རྟག་ཏུ་སྒོམས༔ དུས་གསུམ་སངས་རྒྱས་དགོངས་པ་ཡིན༔ ཐེག་དགུའི་སྒོམ་གྱི་ཡང་རྩེ་འོ༔ ཨ་ཏི་ཧོ༔ འབྲས་བུའི་ངོ་སྤྲོད་ནི། བདུད་རྩི་འདི་མ་མིད་པར་ཕཊ་བརྗོད། དེ་ལྟར་བྱས་པས་བརྗོད་པར་འདོད་ཀྱང་བརྗོད་མི་ཤེས་པ་ལྟར་སྨྲ་བརྗོད་བྲལ་བའི་དོན་ཤེས་པར་གྱིས་ཤིག༔ བདུད་རྩི་སྦྱིན་ལ། ཧཱུྃཿ ལྟོས་ཤིག་ལྟོས་ཤིག་སྐལ་ལྡན་ཁྱོད༔ ཆོས་སྐུ་འགྱུར་མེད་དོན་ལ་ལྟོས༔ སྨྲ་བསམ་བརྗོད་མེད་མཐའ་ལས་འདས༔ མགུལ་པ་ཆུས་བཀང་སྨྲ་འདོད་འདྲ༔ གང་ཡང་མ་གྲུབ་སྟོང་པའི་ངང༔ མི་སྐྱེ་མི་འགག་ཆོས་ཀྱི་སྐུ༔ འབྲས་བུ་མི་འགྱུར་གདིང་ལྡན་ཡིན༔ འདི་ཡི་དོན་ལ་གནས་པར་གྱིས༔ དུས་གསུམ་སངས་རྒྱས་འདི་ལ་གནས༔ ཨ་ཏི་ཧོ༔ སྤྱོད་པའི་ངོ་སྤྲོད་ནི་གར་སྟབས་ཅི་དགར་སྒྱུར་བས་རང་གྲོལ་རང་ལས་མ་གཡོས་པའི་དོན་ངེས་པར་གྱིས་ཤིག །ལག་པས་གར་སྟབས་སྣ་ཚོགས་བྱེད་དུ་གཞུག་ལ། ཧཱུྃ༔ ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ རང་བྱུང་ཡེ་ཤེས་རོལ་པ་ལ༔ མ་འགག་ཐབས་ཀྱི་རྒྱལ་པོ་ཡིས༔ གར་གནང་སངས་རྒྱས་མཛད་སྤྱོད་ལ༔ ཅི་བདེར་སྤྱོད་པས་རང་སར་གྲོལ༔ སྤྱོད་པ་སྤྱི་འབྱམས་ཡང་དོག་མེད༔ བླ་མ་ཐོད་ཕྲེང་སྤྱོད་པ་ཡིན༔ ཨ་ཏི་ཧོ༔ ད་ནི་རྒྱུད་ལུང་མན་ངག་ཡོངས་རྫོགས་ཀྱི་དབང་བསྐུར་བ་ཡིན་པས་དབང་རྫས་མཆོད་རྟེན་བང་རིམ་དགུ་པ་རྒྱུ་འབྲས་ཀྱི་ཐེག་པ་ཡོངས་སུ་རྫོགས་པ་འདིས་མཚོན་ཏེ་ཚིག་གི་དོན་ལ་རྗེས་སུ་རྟོགས་ཤིང་ངེས་ཤེས་སྐྱེད་མཛོད། པདྨ་འདབ་དྲུག་སྟེང་མཆོད་རྟེན་བང་རིམ་དགུ་པ་བཞག་པ་ཐོགས་ལ། ཧཱུྃ༔ དེ་ལྟར་ལྟ་སྒོམ་སྤྱོད་འབྲས་འདི༔ སུས་ཐོབ་དོན་ལ་རབ་གནས་ན༔ ཐེག་པ་སྤྱི་འབྱམས་དབང་ཆེན་ཐོབ༔ དབང་རྣམས་དེ་ལས་རབ་ཏུ་འཕྲོས༔ དེ་ཕྱིར་དབང་གི་རྒྱལ་པོ་ཡིན༔ ཧཱུྃ༔ བསྐྱེད་དང་རྫོགས་དང་རྫོགས་པ་ཆེ༔ འདི་ལས་འཕྲོས་པ་གྲོལ་ལམ་སྟེ༔ ཏིང་འཛིན་རྣམ་གསུམ་དབང་ཆེན་གསུམ༔ ཆོ་ག་གསུམ་དང་ལྷ་གསལ་འདེབས༔ བྱིན་རླབས་དབང་བསྐུར་ཡེ་ཤེས་བསྟིམ༔ ཕྱི་ནང་གསང་བའི་ཕྱག་རྒྱས་མཆོད༔ བསྟོད་བསྐུལ་འཛབ་བསྙེན་འབུལ་ལ་སོགས༔ བསྐྱེད་རིམ་གྲོལ་བའི་ལམ་ཡིན་ཏེ༔ ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན༔ རང་སེམས་རྩལ་སྦྱོང་ཆེན་པོ་འོ༔ ཧཱུྃ༔ ལྷ་རྣམས་གནས་སུ་རྫོགས་རིམ་ནི༔ ཡིད་ནི་ཡབ་ལ་ཆོས་ནི་ཡུམ༔ ཕུང་པོ་ཡབ་ལ་འབྱུང་བ་ཡུམ༔ རྣམ་ཤེས་ཡབ་ལ་ཡུལ་ལྔ་ཡུམ༔ དབང་པོ་ལྔ་ཡབ་དུས་བཞི་ཡུམ༔ ཉོན་མོངས་དྲུག་ནི་སྤྲུལ་པའི་སྐུ༔ ལུས་ཆོས་ཡབ་ལ་མུ་བཞི་ཡུམ༔ ཐབས་ནི་ཡབ་ལ་ཤེས་རབ་ཡུམ༔ ཏིང་འཛིན་དེ་ལྟར་ཤེས་པས་ན༔ མ་བཀག་མ་བསྒྲུབ་རང་ལྷར་གནས༔ རང་བྱུང་གནས་འགྱུར་རྫོགས་རིམ་ཡིན༔ ཧཱུྃ༔ རང་བྱུང་ལྷུན་གྲུབ་རྫོགས་ཆེན་ནི༔ སངས་རྒྱས་ཐབས་མཁས་ཐུགས་རྗེ་ཡིས༔ ཐེག་སྒོ་བསམ་མི་ཁྱབ་གསུངས་ཀྱང༔ ཐམས་ཅད་བློ་ཡི་བྲིད་ཐབས་ཡིན༔ ཆོས་རྣམས་ཐམས་ཅད་སེམས་ལ་རྫོགས༔ ཆོས་ཀུན་བདེ་བ་དབྱེར་མེད་པས༔ ཐམས་ཅད་ཡིན་ལ་གང་ཡང་མིན༔ སངས་རྒྱས་མཐར་ཐུག་ཆོས་ཀྱི་སྐུ༔ ཀུན་ལ་རྫོགས་ཏེ་ངོ་མ་ཤེས༔ ཧོ་ཧོ༔ ཧཱུྃ༔ འཁོར་བ་དང་ནི་མྱ་ངན་འདས༔ འཁྲུལ་སྣང་འཛིན་པས་གཉིས་སུ་བྱུང༔ ཡང་དག་དོན་ལ་དབྱེ་བ་མེད༔ གཉིས་ཀ་རང་གི་སེམས་ལ་རྫོགས་པ་ཧོ༔ ཧཱུྃ༔ ཆོས་སུ་འཛིན་པ་ཐམས་ཅད་ནི༔ སྤྲོས་པ་བློ་ཡི་ཆོས་ཡིན་ཕྱིར༔ སྐུ་གསུམ་རང་ཡང་གྲངས་སུ་ཟད༔ འདུས་བྱས་ཆོས་དབང་སངས་མི་རྒྱའོ༔ ཧཱུྃ༔ སངས་རྒྱས་ཆོས་སུ་འཛིན་ཚད་ནི༔ མཐར་ཐུག་འཁྲུལ་བློ་ཆེན་པོ་ཡིན༔ སངས་རྒྱས་ཆོས་མིན་གཅིག་གི་རྒྱ༔ བློ་ལས་འདས་ཤིང་ཡིད་དཔྱོད་བྲལ༔ ཡང་རྩེ་རྫོགས་ཆེན་ཨེ་མ་ཧོ༔ ཧཱུྃ༔ རྒྱས་བསྡུས་རིམ་པ་རང་ལུགས་བཞིན༔ རིམ་པ་དབང་གིས་བགྲོད་པར་བྱ༔ ས་མ་ཡ་ནི་ཤེལ་སྒོང་ལྟར༔ གཞི་ནི་དམ་ཚིག་གཙང་མས་བཟུང༔ ཏིང་འཛིན་ལུས་དང་གྲིབ་མ་ལྟར༔ ཉམས་སུ་ཏིང་ངེ་འཛིན་གྱིས་ལོང༔ མན་ངག་གར་ཆང་འཐུང་བ་ལྟར༔ དོན་ནི་མན་ངག་ཟབ་མོས་བསྒྲུབ༔ ལྟ་བ་ནམ་མཁར་མདུང་བསྐོར་བཞིན༔ ཐག་དང་འཕང་ནི་ལྟ་བས་བཅད༔ སྤྱོད་པ་མི་ཤ་ལྗེན་པ་བཞིན༔ ལ་ནི་སྤྱོད་པས་དོར་བར་བྱ༔ ཟུང་དུ་སྦྲེལ་བས་གོལ་ས་མེད༔ ཚིག་ཏུ་རྟོག་ལ་མ་བརྟེན་པར༔ སྐུ་གསུམ་དོན་ནི་གཅིག་ཏུ་དྲིལ༔ མཐའ་དྲུག་རྒྱུད་ལ་རྫོགས་པར་བྱ༔ མཐར་ཐུག་དོན་དམ་ནང་ནས་འཆར༔ ནམ་མཁའ་ལ་ནི་ནམ་མཁའ་བཞིན༔ ཐམས་ཅད་སྟོང་པའི་ངང་ལ་གནས༔ ཧོ༔ མ་བཙལ་ཡེ་ནས་རྫོགས་པའི་དབང༔ བསྐུར་ཐོབ་མཚོན་པའི་མཐའ་བཞི་གྲོལ༔ དབང་བཞི་བསྐུར་བས་དྲི་མ་དག༔ ལྷན་ཅིག་པ་ཀུན་བཏགས་བརྗོད་ཞེན༔ བློ་དངོས་མུ་མཐའ་རང་སར་གྲོལ༔ གྲོལ་མ་གྲོལ་ཡང་རྣམ་པར་དག༔ བསྐུར་ཐོབ་རང་དག་ངོ་མཚར་ཆེ༔ ཧཱུྃ༔ ཆོས་ཉིད་མཐའ་ཡས་དཀྱིལ་འཁོར་ན༔ རང་བྱུང་འོད་གསལ་བླ་མ་བཞུགས༔ དེ་ལ་བདེ་གཤེགས་ཡོངས་རྫོགས་པས༔ སྣང་སྲིད་འཁོར་བའི་སེམས་ཅན་ལ༔ མུ་མཐའ་ཡོངས་གྲོལ་དབང་བསྐུར་བས༔ གསང་སྔགས་བཀའ་རྣམས་ཡོངས་སུ་རྫོགས༔ བླ་མ་ཡོངས་རྫོགས་དབང་ཐོབ་ཤོག༔ ཅེས་བརྗོད་ལས་སློབ་ཀྱིས། ཧོ༔ ཚིག་དབང་རིན་པོ་ཆེ་བསྐུར་བའི་ཡོན་ཏན་དང་འབྲས་བུ་གང་ལགས༔ ཞེས་ཞུ། བླ་མས། ཧོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ཉོན་ཅིག༔ དཀྱིལ་འཁོར་ཆེན་པོའི་བྱང་ཕྱོགས་སུ༔ དུས་ཐོ་རངས་ཉི་ཤར་གྱི་ཚེ༔ ཚིག་དབང་རིན་པོ་ཆེས་ངོ་སྤྲད་པས༔ ལུས་ངག་ཡིད་གསུམ་གྱི་ཤེས་སྒྲིབ་དག༔ ནུས་པ་གསུམ་ཀ་འབྱུང༔ དམ་ཚིག་སྲུང་མཚམས་དང་བྲལ༔ བརྟེན་བྱ་སྤང་བླང་མེད༔ རྗེས་ཐབས་ཤེས་དབྱེར་མེད་དུ་གྱུར༔ ས་བཅུ་གཅིག་ཀུན་ཏུ་འོད་ནོན༔ ཕྲིན་ལས་བཞི་ཀ་འགྲུབ༔ འབྲས་བུ་སྐུ་ལྔས་གཞན་དོན་བྱེད་དོ༔ དེའི་ཕྱིར་སྤྲོ་བར་སེམས་ཤིག༔ ཅེས་བརྗོད་དོ། །དཀྱིལ་འཁོར་དབང་ཕྱུག་རྟ་ཕག་ཡབ་ཡུམ་གྱི་དགོངས་པའི་དབང་ཁྱད་པར་བ་ཞུ་བའི་ཡོན་དུ་མཎྜལ་ཕུལ། རྟ་ཕག་སྐུ་དང་རྡོར་དྲིལ་ཐོགས་ལ། རང་རིག་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་རྟ་ཕག་ཡབ་ཡུམ་དང་གདོད་ནས་གྲུབ་པ་རང་བྱུང་དགོངས་པའི་གདིང་བསྐྱེད་མཛོད། ཧཱུྃ༔ རང་རིག་ཡེ་ཤེས་བདེ་ཆེན་འབྱམས༔ ཐུགས་མཆོག་འགྱུར་མེད་དེ་ལ་གནས༔ བཅོམ་ལྡན་རྟ་ཕག་ཡབ་ཡུམ་སྟེ༔ དུས་གསུམ་དུས་མེད་དུས་ཀྱི་མཆོག༔ སེམས་ཉིད་གང་ཤར་ཡི་དམ་ཡིན༔ བསམ་གྱིས་མི་ཁྱབ་ཁྱེད་ཀྱི་སྲས༔ གཉིས་མེད་ཡེ་ཤེས་དཀྱིལ་འཁོར་ཆེ༔ རང་རིག་རང་མཐོང་རང་རིག་གསལ༔ དེ་ཉིད་གང་མཐོང་སྤྱན་འབྱེད་པ༔ གོམས་སྟོབས་ལམ་ནུས་དཀྱིལ་འཁོར་མཐོང༔ ཀུན་ལ་དབང་སྒྱུར་རང་རིག་ཆེ༔ རྩལ་ཆེན་རྫོགས་པ་རང་དབང་མཆོག༔ ལྟ་བ་ཐེག་པ་སྤྱི་འབྱམས་ཉིད༔ ཁོང་དུ་ཆུད་པའི་རྣམ་གྲངས་ཡིན༔ འདི་ཉིད་གསང་བ་བླ་མེད་དེ༔ གསུམ་རྫོགས་བརྗོད་པ་ཀུན་ཡོངས་རྫོགས༔ མཉམ་ཉིད་ཡེ་ཤེས་ཆེན་པོ་སྟེ༔ གཅིག་དང་དུ་མར་འཛིན་ལས་གྲོལ༔ འོད་གསལ་གཞི་དང་ལམ་འབྲས་བུ༔ སེམས་ཉིད་ཆོས་ཉིད་ངོ་བོ་ཉིད༔ ཐབས་ཤེས་སྣང་སྟོང་ཟུང་འཇུག་ཕྱིར༔ རྟ་ཕག་བདེ་སྟོང་ཟུང་འཇུག་རོལ༔ འདི་ལ་སྒྲིབ་དང་མི་སྒྲིབ་མེད༔ དབྱེར་མེད་ཡེ་ཤེས་བླ་མ་སྟེ༔ རྫོགས་པ་ཆེན་པོའི་ས་ཞེས་བྱའོ༔ དེ་ལ་བསྟན་བྱ་ཡོད་མིན་ཅིང༔ སྟོན་པར་བྱེད་པ་མེད་ཉིད་བསྟན༔ རྟགས་རྣམས་ཀུན་གྱི་མཆོག་གྱུར་ཅིང༔ སྣང་དང་སྲིད་པ་ཇི་སྙེད་བརྡ༔ རྣམ་པར་རྟོག་པ་ཐམས་ཅད་རྫས༔ དེ་དགོངས་སེལ་མེད་ལྷག་པ་མེད༔ འགྲན་ཟླ་མེད་པར་དེ་ཡིས་ནུས༔ ཀུན་གྱི་མཆོག་གྱུར་འབྲས་བུ་འོ༔ རང་སེམས་གསལ་ལ་ངོས་བཟུང་མེད༔ བཀའ་བརྒྱུད་ལྷུན་གྲུབ་ཡེ་ཤེས་སྐུ༔ གཉིས་མེད་འཛིན་བྲལ་ཐུགས་རྗེའི་གསུང༔ རང་རིག་ཡང་དག་རྡོ་རྗེའི་ཐུགས༔ རང་བྱུང་རིག་པར་དབང་བསྐུར་རོ༔ རྟ་ཕག་གཉིས་མེད་དབྱིངས་སྦྱོར་ཤོག༔ ཧྲཱིཿམ་ཧཱ་རི་ནི་ས་ར་ཙ་ཧྲི་ཡ་ཧྱ་གྲཱི་ཝ་བྷཱ་ར་ཧི་ཀྲོ་ཏཱི་ཀཱ་ལི་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ ཞེས་བརྗོད་ལ་སྐུ་སྤྱི་བོ། ་དྲིལ་བུ་མགྲིན་པར། རྡོ་རྗེ་སྙིང་གར་བཞག །བླ་མ་ཐོད་ཕྲེང་དགོངས་པ་ནི༔ བླ་མ་ཡི་དམ་མཁའ་འགྲོ་རྣམས༔ ལོགས་ན་ཡོད་པ་མ་ཡིན་ཏེ༔ ཡེ་ནས་བདག་མེད་གཞལ་ཡས་ཁང༔ འཁོར་བས་མ་གོས་པདྨར་གསལ༔ དགོས་འདོད་འབྱུང་བས་རིན་པོ་ཆེ༔ ཀུན་གཞི་ཀློང་ཡངས་ཡུམ་གྱི་་་ཕག་མོ།མཁའ༔ ཡིད་ཀྱི་བྱེད་པ་རྟ་མགྲིན་ཡབ༔ མི་སྐྱེ་མི་འགག་ཆོས་ཀྱི་སྐུ༔ ཡེ་ནས་བདག་མེད་སྤྲོས་དང་བྲལ༔ བླ་མ་རང་རིག་ཀུན་ཏུ་བཟང༔ བདེ་ཆེན་རྣམ་དག་མཚོ་རྒྱལ་་་ལྷ་ལྕམ་མན་དྷཱ་ར་བ།ཡུམ༔ རྟོག་ཚོགས་རང་གྲོལ་དཔའ་བོ་སྟེ༔ འགྱུར་མེད་ཐག་ཆོད་མཁའ་འགྲོ་མ༔ དེ་ལྟར་རང་བཞིན་ལྷུན་གྱིས་གྲུབ༔ རང་བྱུང་དངོས་གྲུབ་བསམ་ཡས་པ༔ སྐྱེ་མེད་ཆོས་སྐུའི་རང་རྩལ་ཡིན༔ སྐྱེ་མེད་གདིང་ཆེན་དེ་རྟོགས་ན༔ གཞི་མེད་རྩ་བྲལ་ལྷན་སྐྱེས་འཆར༔ མཚན་བརྒྱད་དྷཱ་ཀི་རང་ལ་རྫོགས༔ ཐོད་ཕྲེང་ཆོས་སྐྱོང་རང་ལ་གནས༔ པདྨ་འབྱུང་གནས་རང་ལ་རྫོགས༔ གཉེན་པོས་མི་ཤིགས་འགྱུར་བ་མེད༔ རྡོ་རྗེ་སེམས་དཔའ་རང་ལ་རྫོགས༔ དེ་ལྟར་དགོངས་ན་ཀུན་ཏུ་བཟང༔ དེ་ལྟར་མ་དགོངས་བླ་མ་ཉིད༔ མཚན་བཅས་དངོས་སུ་གྲུབ་འདོད་ཅིང༔ ལུང་སྟོན་དངོས་སུ་རེ་བ་ནི༔ ཐུན་མོང་ཕྲན་ཚེགས་འགྲུབ་སྲིད་ཀྱང༔ ཐར་པའི་གེགས་བྱེད་དོན་དང་འགལ༔ འདི་ལྟར་དགོངས་ན་འདྲེ་སྒྲུབ་ཀྱང༔ བླ་མ་ཆོས་ཀྱི་སྐུ་དང་མཇལ༔ ཅི་ཕྱིར་དེ་ལས་མི་འདའི་ཕྱིར༔ རང་སེམས་ཆོས་སྐུར་བློ་ཐག་ཆོད༔ མཆོག་དང་ཐུན་མོང་དངོས་གྲུབ་འབྱུང༔ དེ་ནི་དགོངས་པ་དམ་པ་འོ༔་་་གྲུབ་རྟགས་རྣམས་སྒྲུབ་ཆེན་ན་གསལ་ལོ། །ཞེས་གསུངས་པའི་དགོངས་པ་ལས་ནམ་ཡང་མ་གཡོས་པར་མཛོད་ཅིག །དངོས་གྲུབ་བླང་བ་སྐབས་འདིར་མ་བྱས་ཀྱང་ཆོག་མོད། གཞུང་དོན་མི་ཆད་པའི་ཕྱིར་སྤྲོས་ན་འགལ་བ་མེད་པས་དབང་གཏོར་དང་བདུད་རྩི་མདུན་དུ་བཀོད་ལ། གཏོར་མ་དང་བདུད་རྩི་ལ་གུ་རུའི་གནས་གསུམ་ནས་ཡི་གེ་ལྔ་བྱུང་བ་ཕོག་པས་བདུད་རྩིར་གྱུར་ཅིང་དངོས་གྲུབ་ཏུ་མེར་མེར་སོང་བར་བསམ་ཞིང་། ཧཱུྃ༔ བདེ་མཆོག་བདེ་སྤྱོད་ནམ་མཁའི་དཀྱིལ་ཡངས་ནས༔ རྒྱལ་བའི་དཀྱིལ་འཁོར་སྲས་བཅས་ཐུགས་དམ་ཅན༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་གི༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་དངོས་གྲུབ་མཆོག༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པའི་དཔལ༔ བུམ་པ་བཟང་པོ་དཔག་བསམ་ནོར་བུའི་ཚུལ༔ ད་ལྟ་ཉིད་དུ་བདག་ལ་བསྩལ་དུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ འཛད་མེད་ནོར་གྱི་དངོས་གྲུབ་བསྩལ་དུ་གསོལ༔ འགྱུར་མེད་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ འགག་མེད་གསུང་གི་དངོས་གྲུབ་བསྩལ་དུ་གསོལ༔ སྤྲོས་བྲལ་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ལོ་བརྒྱ་ཐུབ་པའི་དངོས་གྲུབ་བསྩལ་དུ་གསོལ༔ སྟོན་བརྒྱ་མཐོང་བའི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་བསྐུལ། གཏོར་མའི་ཆ་ཤས་དང་བདུད་རྩི་དཔོན་སློབ་ཀུན་གྱིས་རོལ་ལ། ཧཱུྃ༔ དགོས་འདོད་འབྱུང་བའི་དངོས་གྲུབ་འདི༔ དུས་གསུམ་བླ་མས་གཙོར་བྱས་ནས༔ བདག་ཅག་མཆེད་ལྕམ་སྐལ་ལྡན་རྣམས༔ ཐེ་ཚོམ་བར་ཆད་མེད་པ་རུ༔ ད་ལྟ་དགྱེས་པར་རོལ་པར་འཚལ༔ ཅེས་དྲང་། པད་ཀོར་བྱ་ཞིང་། ཨོཾ༔ སྐུ་ཡི་དངོས་གྲུབ་སྐྱེ་འཆི་མེད༔ ཨ་ལ་ལ་སྟེ་བསྩལ་དུ་གསོལ༔ གསུང་གི་དངོས་གྲུབ་འགག་པ་མེད༔ ཨ་ལ་ལ་སྟེ་བསྩལ་དུ་གསོལ༔ ཐུགས་ཀྱི་དངོས་གྲུབ་འཁྲུལ་པ་མེད༔ ཨ་ལ་ལ་སྟེ་དངོས་གྲུབ་སྩོལ༔ སྐུ་གསུམ་རྣམ་དག་སྤྲོས་པ་མེད༔ ཨ་ལ་ལ་སྟེ་དངོས་གྲུབ་སྩོལ༔ ཅེས་རོལ་ལོ༔ དེ་ནས་བསྟོད་པ་བྱ༔ ཧཱུྃ༔ སྐྱེ་འགག་འགྱུར་མེད་སྐུ་གསུང་ཐུགས་དང་ལྡན༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་བསྒྲལ་སླད་དུ༔ ཕྲིན་ལས་རྣམ་བཞིས་རེ་བ་ཐམས་ཅད་སྐོང༔ པདྨ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ ཅེས་དཔོན་སློབ་ལྷན་ཅིག་ཏུ་བྱས་ལ། མཐར་སློབ་དཔོན་གྱིས། ཀྱེ་ཧོ༔ སྐལ་ལྡན་རིགས་ཀྱི་བུ་དགོངས་དང༔ དེ་ལྟར་དབང་བསྐུར་བའི་ཡུལ་དང༔ ཞུ་མཁན་དང༔ བསྐུར་ཐོབ་ཐམས་ཅད་རང་རིག་བྱང་ཆུབ་ཀྱི་སེམས་ཀྱི་ཆོ་འཕྲུལ་མིན་པ་ཅི་འདུག༔ གདའ་ན་ཚོལ་ཅིག༔ དེ་མ་རྙེད་ན་སེམས་ཀྱིས་བཙལ་ཏེ༔ སངས་པའམ༔ སྟོང་པ༔ ངོས་བཟུང་ཨེ་རྙེད༔ རྙེད་ན་གང་ནས་བྱུང༔ གང་དུ་ཅི་ལྟར་གནས༔ དབྱིབས་དང་ཁ་དོག་ཅིར་འདུག༔ མ་རྙེད་སྟོར་ན་སྟོང་པའི་ངོས་བཟུང་ཅིར་གདའ༔ ཡེ་ནས་སྟོང་པ་ཞིག་ཡིན་ནམ་དངོས་པོ་བརླག་པའི་སྟོང་པ་ཞིག་ཡིན༔ སྣང་སྟོང་གཉིས་སུ་མེད་པས་སྟོང་ཞེས་བྱ༔ ད་ལྟ་ཁྱེད་ཀྱི་ཤེས་པ་ངོས་བཟུང་དང་བྲལ་ཏེ༔ བརྗོད་བྲལ་གྱི་དོན་ལ་གཏོར་མ་གཏོར་རྩིས་གདབ་མེད་པས༔ ཆོས་ཉིད་ལ་དབང་བསྒྱུར་བས་དབང་ཞེས་བྱ༔ དོན་ལ་འཛིན་ཞེན་གཉིས་མེད་ཆོས་ཉིད་ཀྱི་རྩལ་ཐམས་ཅད་རང་བྱུང་དུ་གྱུར་པས་དེ་ཁོ་ན་ཉིད་ཚིག་དབང་རིན་པོ་ཆེ་ཞེས་བྱ་སྟེ་སྣང་བ་གང་ཤར་གསལ་སྟོང་ལྷུག་པར་ལོངས་སྤྱོད་དོ༔ ཆོས་ཐམས་ཅད་ཀྱི་རྩ་བ་ཟིན༔ འཁོར་འདས་ཀྱི་སྟོང་སྲོག་ཆོད༔ དབང་ཆེན་རབ་འབྱམས་ཡིན༔ ཞེས་བསྐུར་བ་འདི་ཉམས་སུ་དེ་ཁོ་ན་ལྟར་བླངས་པས༔ བདེ་གསལ་མི་རྟོག་པའི་ཉམས་ཤིག་སྐྱེའོ༔ དེ་ཁོ་ན་གྲུབ་རྟགས་རབ་ཡིན་པས་ངང་གིས་མ་ཡེངས་པར་བསྐྱང་ངོ༔ དེ་ནས་ཆོས་བཀའི་པུསྟི་ལག་ཏུ་གཏད། སྤྱི་བོར་ཅོད་པན་གདགས་ཏེ་ཡོངས་རྫོགས་ཀྱི་བཀའ་གཏད་ཅིང་གཞན་དོན་སྒྲུབ་པའི་གནང་བ་སྦྱིན་པ་ཡིན་པས་ངེས་ཤེས་སྐྱེད་ཅིག །དེ་ལྟར་བྱས་ལ། དུས་འདི་ཕྱིན་ཆད་རྒྱལ་བའི་སྲས༔ ཁམས་གསུམ་སྒྲོལ་བའི་སློབ་དཔོན་དབང༔ གནས་ལྔ་མཁས་པའི་པཎྜིའི་དབང༔ གཞི་མེད་རྩ་བྲལ་རིག་པའི་དབང༔ དབང་དོན་ལྷུར་ལེན་པོ་ཏིའི་དབང༔ བཀའ་གཏད་ཡོངས་རྫོགས་བཀའ་འདུས་དབང༔ བྱིན་རླབས་རང་བབས་མཁའ་འགྲོའི་དབང༔ བརྡ་རྟགས་ཕྱག་རྒྱ་ལྔ་ཡི་དབང༔ འགྱུར་མེད་ཐིག་ལེ་ཤོག་སེར་དབང༔ སྐལ་ལྡན་བུ་ལ་སྦྱིན་པར་བྱ༔ ད་ནི་པདྨ་གཉིས་མེད་དུ༔ བུ་ཡིས་འགྲོ་དོན་བརྩོན་བྱས་ལ༔ བདེ་ཆེན་ཞིང་དུ་འཁྲིད་པར་བྱ༔ ཞེས་གནང་བ་བྱའོ། །དེ་རྣམས་ཀྱིས་དབང་གི་དངོས་གཞི་གྲུབ་ནས་མཐའ་རྟེན་དུ། རྒྱལ་སྲིད་རིན་པོ་ཆེ་རྣམ་པ་བདུན་དང་བཀྲ་ཤིས་པའི་རྟགས་བརྒྱད་ཀྱིས་མདུན་བདར་ཏེ་མངའ་གསོལ་བར་མོས་ཤིག །སྣ་བདུན་སྦྱིན་ལ། ཧཱུྃ༔ འཁོར་ལོ་རིན་ཆེན་དབང་བཅུ་ལྡན༔ འཁོར་བའི་འཁོར་ལོ་རྒྱུན་བཅད་ནས༔ ཆོས་ཀྱི་འཁོར་ལོ་བསྐོར་བྱེད་ཅིང༔ ས་བཅུའི་འབྲས་བུའི་དབང་ཐོབ་ཤོག༔ ཙཀྲ་རཏྣ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ བཙུན་མོ་རིན་ཆེན་བསོད་ནམས་གཏེར༔ ཕ་རོལ་ཕྱིན་བཅུའི་གཟུགས་དང་ལྡན༔ ཚེ་དང་ལོངས་སྤྱོད་རྒྱས་པ་དང༔ ཡིད་བཞིན་དཔལ་འབྱོར་དབང་ཐོབ་ཤོག༔ པྲ་ཛྙཱ་པཱ་ར་མི་ཏཱ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ ནོར་བུ་རིན་ཆེན་མཆོག་གསུམ་གནས༔ བསོད་ནམས་ཚོགས་ཆེན་མྱུར་རྫོགས་བྱེད༔ དགོས་འདོད་ཡིད་བཞིན་ཆར་ལྟར་འབེབ༔ ལྷག་མཐོང་ཤེས་རབ་དབང་ཐོབ་ཤོག༔ རཏྣ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ ཁྱིམ་བདག་རིན་ཆེན་ནོར་བདུན་ལྡན༔ གང་ལ་ཅི་འདུལ་དཔག་བསམ་འདྲ༔ གཞན་དོན་ཚོགས་གཉིས་མྱུར་རྫོགས་བྱེད༔ ཤེས་བྱ་ཐོགས་མེད་དབང་ཐོབ་ཤོག༔ མ་ཧཱ་མ་ཎི་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ བློན་པོ་རིན་ཆེན་དམག་དཔོན་མཆོག༔ བརྩོན་འགྲུས་གོ་གྱོན་འཁོར་བ་འཇོམས༔ ཐབས་ལྡན་སྐྱབས་མཆོག་དབང་ཐོབ་ནས༔ འཇིག་ཚོགས་ལྟ་བ་འཇོམས་པར་ཤོག༔ མ་ཧཱ་ཏཱ་རཏྣ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ རྟ་མཆོག་རིན་ཆེན་ས་ལམ་བགྲོད༔ འཁོར་བའི་རྒྱ་མཚོར་སྤྲིན་ཤུགས་འཆང༔ བདེ་ཆེན་ཐར་ལམ་ཞིང་དུ་ཕྱིན༔ རྫུ་འཕྲུལ་རྐང་བཞིའི་དབང་ཐོབ་ཤོག༔ ཀཱ་མ་ཨ་ཤྭཱ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ གླང་པོ་རིན་ཆེན་དོན་དམ་ཐེག་པ་ཆེ༔ བདུད་སྡེ་དཔུང་བཅས་རབ་འབྱམས་དཔུང་དང་ལྡན༔ སྟོབས་བཅུས་བདག་གཞན་དོན་བྱེད་ཅིང༔ ཡང་དག་སྙིང་པོའི་དོན་རྟོགས་ཤོག༔ ཧསྟི་རཏྣ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ རིགས་ཀྱི་བུ་རྣམས་ལ་རིན་ཆེན་སྣ་བདུན་གྱི་དབང་འདི་བསྐུར་བས༔ ཕུན་སུམ་ཚོགས་པ་ལྔ་དང༔ འཕགས་པའི་ནོར་བདུན་དང་ལྡན་ནས་གཞན་དོན་དཔག་ཏུ་མེད་པ་འགྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ རྟགས་བརྒྱད་རེ་རེ་བཞིན་གཏད་ལ། ཧཱུྃ༔ སྐྱོབས་པ་གསེར་གདུགས་བླ་ན་མེད༔ འགྲོ་དྲུག་ཚད་གདུང་སེལ་བར་ཤོག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ སི་རཀྵ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ གསེར་ཉ་ཤེས་རབ་མིག་དང་ལྡན༔ འཁོར་འདས་ཆོས་རྣམས་འབྱེད་པར་ཤོག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཧྲིཿནི་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ དུང་དཀར་གསུང་དབྱངས་ང་རོ་ལྡན༔ ཆོས་ཀྱི་སྒྲ་ཡིས་ཀུན་ཁྱབ་ཤོག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ས་མ་ཏྲི་ཡ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ པདྨ་དྲི་མེད་མདངས་དང་ལྡན༔ ཆོས་སྒོ་ཀུན་ལ་མཁས་པའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་སྭཱ༔ ཧཱ་ཏི་ཀ་ཏི་ཡེ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ བུམ་པ་དགོས་འདོད་ཀུན་འབྱུང་བས༔ སེམས་ཅན་སྨིན་ཅིང་གྲོལ་བར་ཤོག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཏིཥྚ་ཀ་ལ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ དཔལ་བེའུ་ཇི་ལྟ་ཇི་སྙེད་མཁྱེན༔ ཐོས་བསམ་སྒོམ་གསུམ་མཐར་ཕྱིན་ཤོག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ རྒྱལ་མཚན་ཐེག་ཆེན་རྩེ་མོ་སྟོན༔ བསྟན་པ་མི་ནུབ་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ བྷི་ཤ་དྷེ་ཨ་བྷི་ཥིཉྩ་ཨཱ༔ འཁོར་ལོས་འགྲོ་དྲུག་སྡུག་བསྔལ་སྐྱོབ༔ འཁོར་བ་དོང་སྤྲུགས་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཙཀྲ་ཨ་བྷི་ཥིཉྩ་ཨཱ༔ རིགས་ཀྱི་བུ་རྣམས་ལ་བཀྲ་ཤིས་རྫས་བརྒྱད་ཀྱི་དབང་བསྐུར་བས༔ རྒྱལ་བུ་རྒྱལ་སར་ཐོན་པ་ལ༔ རྒྱལ་ཕྲན་རྣམས་ཀྱིས་མངའ་གསོལ་བ་ལྟར༔ དབང་བཞི་ཡོངས་སུ་རྫོགས་པ་དང་གཞན་དོན་དཔག་མེད་འགྲུབ་པའི་དབང་དམ་པ་ཐོབ་པར་འགྱུར་བ་ཡིན་ནོ༔ དེ་ནས་མཚམས་སྦྱོར་སྤྱི་ལྟར་བྱས་ལ་ཞལ་ནས་གསུངས་པའི་ཐོག་དྲང་། བཀྲ་ཤིས་རྒྱས་པར་བརྗོད། མེ་ཏོག་འཐོར། རོལ་མོ་འཁྲོལ། དེ་ལྟར་ན་དེ་དག་རྣམས་ཀྱི་སྒོ་ནས་སྤྲུལ་པའི་གཏེར་ཆེན་རྡོ་རྗེ་གླིང་པའི་ཟབ་གཏེར་གྱི་གཙོ་བོ་འདུས་པ་སྐོར་བཞིའི་ཐོག་མར་བླ་མ་བདེ་གཤེགས་ཡོངས་རྫོགས་བཀའ་རྣམས་འདུས་པའི་དཀྱིལ་འཁོར་དུ་དབང་བསྐུར་ཐོབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ། དམ་ཚིག་བསྒྲག་བཟུང་། གཏང་རག་མཎྜལ། ལུས་འབུལ་དགེ་བསྔོ་རྣམས་བྱས་ལ་སློབ་མ་གྱེས་སོ། །གསུམ་པ་རྗེས་ནི། ཚོགས་ལ་རོལ་ཞིང་ལྷག་མ་དང་ཐུགས་དམ་བསྐུལ། དེ་དག་སྔར་གྲུབ་ན་སྲུང་མའི་གཏོར་མ་བཏང་། ཆད་བརྟན་འབུལ་རྟ་བྲོ་བརྡུང་། རྗེས་ཀྱི་མཆོད་བསྟོད་བླ་སྒྲུབ་སྤྱི་ལ་མ་བཤད་པས་མ་བྱས་ཀྱང་རུང་། བཟོད་གསོལ་དང་། དབྱངས་གསལ་ཡིག་བརྒྱ་ལན་གསུམ་བརྗོད་ལ་ལྷག་ཆད་ཁ་བསྐང། རས་བྲིས་སོགས་རྟེན་ཡོད་ན་ཡེ་ཤེས་པ་བརྟན་བཞུགས་དང་དམ་ཚིག་གི་དཀྱིལ་འཁོར་བསྡུ་ལྡང་། སྨོན་ལམ། བཀྲ་ཤིས། བསྔོ་བ་བཅས་ལས་བྱང་ལྟར་བགྱིས་པས་ལེགས་པར་གྲུབ་བོ། །དང་བས་དོན་གཉེར་ལྷག་བློས་འབད་རློམས་ཀྱང་། །ནོར་འཁྲུལ་དྲི་མ་རྩ་གསུམ་ཐུགས་རྗེའི་ཆུས། །ལེགས་སྦྱོངས་གྲུབ་གཉིས་ལང་ཚོ་དར་བབས་པས། །ཡིད་ཅན་ཐར་པའི་མགྲོན་དུ་འགུགས་ནུས་ཤོག །མོས་དགེ་དཔྱིད་ཀྱི་དཔལ་མོས་བསུས་པ་ཡི། །གསང་བསྟན་མཆོག་འདིའི་དབྱར་གྱི་དགའ་ཚལ་བཞད། །གནས་སྐབས་མཐར་ཐུག་བདེ་སྐྱིད་ཆོས་འཕེལ་བས། །འཇིག་རྟེན་གསུམ་པོ་ཡུན་རིང་སྐྱོང་གྱུར་ཅིག །ཅེས་རིགས་བརྒྱའི་ཁྱབ་བདག་བཀའ་དྲིན་མཉམ་མེད་ཀུན་མཁྱེན་བླ་མ་རིན་པོ་ཆེས་བཀའ་ཡི་རྗེས་སུ་གནང་བ་དང་། རང་ཉིད་ཀྱིས་ཀྱང་སྨིན་བྱེད་ཀྱི་རྒྱུན་ལ་ཕན་པའི་ལྷག་བློས་དྲངས། གཏེར་གཞུང་གི་ཡིག་ཆ་མ་བུ་རྣམས་ཀྱང་གུང་བསྒྲིགས་ཏེ་ཀུན་ཚང་བཀླག་ཆོག་གི་ཚུལ་དུ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོའི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།

བླ་མ་བཀའ་རྣམས་འདུས་པའི་དོན་དབང་བསྐུར་བའི་ཡི་གེ་རིན་ཆེན་དབྱིག་གི་སྙིང་པོ་ (Volume 7, Text 17)

༄༅། །བླ་མ་བཀའ་རྣམས་འདུས་པའི་དོན་དབང་བསྐུར་བའི་ཡི་གེ་རིན་ཆེན་དབྱིག་གི་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་ར་ཝེ། ཁྱབ་བདག་རྡོ་རྗེ་ཐོད་ཕྲེང་དང་། །དབྱེར་མེད་བླ་མ་ལ་བཏུད་ནས། །བཀའ་རྣམས་འདུས་པའི་དོན་དབང་གི །ལག་ལེན་ཉུང་ངུ་རྣམ་གསལ་བཀོད། །འདི་ལ་གཉིས། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་སྒྲུབ་ཅིང་དབང་བསྐུར་བའོ། །དང་པོ་ནི། རྟེན་གྱི་སྤྱན་སྔར་སྟེགས་བུ་ལ་དཀྱིལ་འཁོར་གནམ་བབ་མ་རྡུལ་ཚོན་ནམ་རས་བྲིས་གང་རུང་བཀོད་པའི་དབུས་སུ་ཁྲིའུ་ལ། རྣམ་བུམ་མགུལ་ཆིངས་བཅུད་དང་ལྡན་པའི་ཁར་ཐོད་པ་བདུད་རྩི་ཨ་མྲྀཏས་བཀང་བ་བཞག་ལ་མེ་ལོང་སིནྡྷུ་རའི་ཐིག་ལེ་ལྔ་ཚོམ་གྱིས་བརྒྱན་པས་བཀབ། དེ་སྟེང་ཤེལ་རྡོ་དང་གུ་རུའི་སྐུ་ཙཀ་བཞུགས་སུ་གསོལ། གཤམ་དུ་གཏོར་དབང་སྦྲེལ་བར་སྤྲོ་ན། མདུན་རྒྱབ་གང་བདེར་གཏོར་མ་རིན་ཆེན་ཟུར་བརྒྱད་སྐུ་ཙཀ་དར་གདུགས་ཀྱིས་བརྒྱན་པ་བཀོད། སྨན་རཀ་གཏོར་གསུམ་དང་ཕྱི་མཆོད་རྣམས་སྤྱི་ལྟར་བཤམ། ལས་བུམ། མིག་དར། གཏོར་ཚོགས་སོགས་ཉེ་བར་མཁོ་བ་རྣམས་ཀྱང་འདུ་བྱའོ། །གཉིས་པ་ལ། དང་པོ་སྒྲུབ་མཆོད་ནི། ལས་བྱང་ལེའུ་གསུམ་པའི་སྐྱབས་སེམས་ནས་བཟླས་པ་དང་། དབང་བླང་བ་ཡན་གཏད། ལས་བུམ་རྟ་སྔགས་ཀྱིས་བྱིན་བརླབ། སློབ་མ་གཞུག་པར་གནང་བ་ནོད་དོ། །གཉིས་པ་དབང་བསྐུར་བ་ནི། སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་གཏོར་བཏང་ལ་བཀའ་བསྒོ་ཞིང་མཚམས་བཅད། སེམས་བསྐྱེད་གསལ་བཏབ་ལ། འདིར་གསན་པར་བྱ་བ། མདོ་སྔགས་ཀྱི་ཆོས་ཐམས་ཅད་ཀྱི་ཡང་རྩེ་གསང་སྔགས་རྡོ་རྗེ་ཐེག་པའི་བསྐྱེད་རྫོགས་ཇི་སྙེད་པའི་སྲོག་དང་སྙིང་པོར་གྱུར་པ་ལམ་ཟབ་བླ་མ་སྒྲུབ་པའི་ཐབས་མང་དུ་མཆིས་པ་ཐམས་ཅད་ཀྱི་ནང་ནས་བླ་ན་མ་མཆིས་པ།ཕྱོགས་དུས་རྒྱལ་བ་སྲས་དང་བཅས་པའི་གསང་གསུམ་ཕྲིན་ལས་དང་བཅས་པ་གཅིག་ཏུ་བསྡུས་པའི་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་་་་རྩལ་ཉིད་ཀྱིས་རྡོ་རྗེའི་ཚིག་ཏུ་བསྟན་པའི་ཟབ་པ་དང་རྒྱ་ཆེ་བའི་སྒྲུབ་ཐབས་མཐའ་ཡས་པར་མཆིས་པ་རྣམས་ཀྱི་ནང་ནས་ངོ་མཚར་རྨད་དུ་བྱུང་བ་བླ་མ་བདེ་གཤེགས་ཡོངས་རྫོགས་བཀའ་འདུས་ཀྱི་ཆོས་སྐོར་རྣམས། སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་ཉིད་རིག་འཛིན་སྔགས་འཆང་ཆེན་པོའི་སྐུར་བསྟན་ནས་གཏེར་སྟོན་རྒྱལ་པོ་ལྔ་ཡི་གསུམ་པར་བྱོན་པ་ཨོ་རྒྱན་རྡོ་རྗེ་གླིང་པས། ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་ཏེ་དངོས་དང་བརྒྱུད་ནས་བསྟན་འགྲོའི་དོན་མཐའ་ཡས་པར་མཛད་པ་འདི་ལ་དབང་གི་ཆོ་ག་རྒྱས་འབྲིང་བསྡུས་པའི་ཚུལ་དུ་བཞུགས་པ་ལས། འདིར་སྨིན་བྱེད་ཐམས་ཅད་ཀྱི་སྙིང་པོ་ཟླུམ་པོ་བཞིའི་བརྡ་ལ་བརྟེན་པའི་དོན་དབང་ཟབ་མོ་སྐུར་བར་བྱེད་པ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །མཚམས་སྦྱོར་སྤྱི་མཐུན་བཅས་འབྲུ་གསུམ་གྱིས་མིག་དར་སྦྱིན། ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སློབ་དཔོན་བདག་ལ་དགོངས་སུ་གསོལ༔ སྔོན་ཆད་ལམ་ལོག་འཁོར་བར་འཁྱམས༔ སྲིད་པའི་མཚོ་ལས་བསྒྲལ་སླད་དུ༔ བླ་མའི་དཀྱིལ་འཁོར་བསྟན་དུ་གསོལ༔ ལན་གསུམ། བདག་གཞན་སེམས་ཅན་ཐམས་ཅད་བླ་མ་རྩ་གསུམ་ཀུན་འདུས་ལ་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆིའོ་སྙམ་པའི་བློས་འདིའི་རྗེས་ཟློས། ན་མོ༔ བླ་མ་བདེ་གཤེགས་སོགས་ཤློཀ་གཅིག་ལན་གསུམ། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེའི་གོ་འཕང་ལ་འགོད་པའི་ཕྱིར་དུ་དཀྱིལ་འཁོར་གཉན་པོར་འཇུག་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་གསལ་ཐོབ་ལ་འདིའི་རྗེས་ཟློས། སེམས་བསྐྱེད་འགྲོ་བ་སོགས་ཤློཀ་གཅིག་ལན་གསུམ། ཡུལ་མཆོག་དེ་དག་གི་སྤྱན་སྔར་ཚོགས་གསག་ཡན་ལག་བཅུ་པ་ཚུལ་བཞིན་བྱ་བའི་བློས་འདིའི་རྗེས་ཟློས། བླ་མ་བདེ་གཤེགས་མཁའ་འགྲོ་གནས་འདིར་གཤེགས༔ ཉི་ཟླ་པད་གདན་མཛེས་ལ་དགྱེས་པར་བཞུགས༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་མཆོད་སྤྲིན་ཀུན་གྱིས་མཆོད༔ སྔོན་ནས་ད་བར་མི་དགེ་ཅི་བསགས་བཤགས༔ དུས་གསུམ་དགེ་སྤྱོད་མཛད་ལ་ཡི་རང་འབུལ༔ བདག་གཞན་ཡོངས་གྲོལ་ཆོས་འཁོར་བསྐོར་དུ་གསོལ༔ འགྲོ་དོན་མྱ་ངན་མི་འདའ་བཞུགས་སུ་གསོལ༔ སྙིང་པོ་མ་གྱུར་སེམས་ཅན་དོན་དུ་བསྔོ༔ གནས་ལུགས་ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ལན་གསུམ། དེ་ནས་དབང་གི་གཞི་དགོད་ཅིང་ཡེ་ཤེས་དབབ་པ་ཡིན་པས་ཁྱེད་རང་རྣམས་ལུས་ངག་ཡིད་གསུམ་གྱི་གནད་བཅིང་། སྒོ་ལྔའི་ཤེས་པ་ནང་དུ་བསྡུས་ལ་ཡིད་རྩེ་གཅིག་པས་མོས་གུས་བསྐྱེད་ཅིང་དམིགས་པ་འདི་ལྟར་སྒོམས་ཤིག །ཁྱེད་རང་རྣམས་ཡེ་ཤེས་ཀྱི་མཁའ་འགྲོ་མར་གསལ་བའི་སྙིང་གར་གཡུང་དྲུང་དམར་པོ་གཡས་སུ་འཁྱིལ་བ། རྭ་བཞི་ལ་ཧ་རི་ནི་སའི་ཡི་གེ་གསལ། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་བསྐུལ་བས་གཡུང་དྲུང་གཡས་སུ་དྲག་ཏུ་འཁོར། བླ་མ་སྐུ་གསུམ་གྱི་ཞིང་ཁམས་རབ་འབྱམས་དང་དཀྱིལ་འཁོར་ལྷ་ཚོགས་རྣམས་ལས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཕྱག་རྒྱ་སྔགས་དང་ཕྱག་མཚན་འོད་ཟེར་གྱི་རྣམ་པར་ནམ་མཁའ་གང་བ་ཙམ་དུ་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་མོས་ཤིག །འབེབ་པའི་རྫས་བདུག །དབྱངས་རོལ་བཅས་ཚིག་བདུན་གསོལ་འདེབས་དང་། བྱིན་འབེབ་དང་སྤྱན་འདྲེན་གྱི་སྔགས་བརྗོད། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བརྟན་པར་མོས་ཤིག །ཏིཥྛ་བཛྲ༔ ཞེས་རྡོ་རྗེ་མགོར་བཞག །མ་རིག་པའི་སྒྲིབ་གཡོགས་བསལ་ནས་ཡེ་ཤེས་རང་སྣང་གི་དཀྱིལ་འཁོར་མངོན་དུ་མཐོང་བར་མོས་ཤིག །ལེགས་འོངས་བུ་ཁྱོད་སྐལ་པ་བཟང༔ མ་རིག་ལིང་ཐོག་ང་ཡིས་བསལ༔ རྩ་བ་གསུམ་གྱི་དཀྱིལ་འཁོར་བསྟན༔ དམ་ཚིག་རྩེ་གཅིག་ཐུབ་པར་སྲུངས༔ ཞེས་གདོང་བསལ། ཧཱུྃ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི༔ ད་ལྟ་འདི་རུ་བཅས་པ་བཞིན༔ སྲོག་ལ་བབ་ཀྱང་མ་གཏང་ཞིག༔ ཡན་ལག་རྣམས་ཀྱང་རྟག་ཏུ་སྲུངས༔ ས་མ་ཡ་རཀྵ་ཧཱུྃ༔ ཞེས་དམ་ཆུ་སྦྱིན། ཇི་སྐད་བསྒོས་པའི་དམ་ཚིག་རྣམས་ཚུལ་བཞིན་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཧཱུྃ་ རྡོ་རྗེ་སློབ་དཔོན་བཀའ་དྲིན་ཆེ༔ བཀའ་བཞིན་བགྱིད་དོ་དམ་ཚིག་སྲུངས༔ རྟག་ཏུ་ཐུགས་རྗེས་བཟུང་བ་དང༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ས་མ་ཡ་ན་ར་ཀན༔ ཞེས་བརྗོད་དུ་གཞུག །དེ་ནས་དབང་བསྐུར་དངོས་གཞི་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། འཁོར་བའི་འདམ་རྫབ་རྒྱ་མཚོ་ལ༔ བྱིང་བ་སྐྱབས་མེད་བདག་ལ་སྐྱོབས༔ དབང་བཞིའི་རིམ་པ་རྫོགས་པར་སྐུར༔ མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ལན་གསུམ། དབང་དངོས་གཞི་ལ་འདི་ལྟར་བུམ་པ་ལ་སོགས་པའི་དབང་རྣམ་པ་ལྔ་པོ་རེ་རེ་ལའང་ནང་གསེས་ཀྱི་བཞི་བཞིར་དབྱེ་བའི་རྣམ་པ་ཉི་ཤུས་བྱང་ཆུབ་པའི་བདག་ཉིད་ཅན་དུ་བསྐུར་བ་ཡིན་པས་སོ་སོའི་སྐབས་སུ་བབས་པའི་ཚིག་དོན་རྣམས་ལ་་་་་་་་་་ཐུགས་རྩེ་གཅིག་ཏུ་གཏོད་ཅིང་ངེས་ཤེས་བསྐྱེད་མཛོད། བུམ་པ་ཐོགས་ལ། ཧཱུྃ༔ བུམ་པ་ཟླུམ་པོ་ཆོས་སྐུ་སྐྱེ་བ་མེད༔ བུམ་རྫས་བྱང་ཆུབ་སེམས་འདི་འགག་པ་མེད༔ སྐྱེ་འགག་གཉིས་མེད་བྱང་ཆུབ་སེམས་ཀྱི་ཆུས༔ གཟུང་འཛིན་འཁྲུལ་པའི་བག་ཆགས་དྲི་མ་ཁྲུས༔ ལས་དང་ཉོན་མོངས་བག་ཆགས་ཀུན་དག་ནས༔ དབང་བཞིའི་ཡེ་ཤེས་རྫོགས་པའི་དབང་ཐོབ་ཤོག༔ རྩ་སྔགས་མཇུག །ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ ཞེས་བརྗོད་ལ་སྤྱི་བོར་བཞག་ཅིང་བུམ་ཆུ་འཐོར། ཡང་སྔགས་བརྗོད་ལ་མགྲིན་པར་བཞག་སྟེ་བུམ་ཆུ་བླུད། སྙིང་གར་གཏད་ལ། དེ་ལྟར་བུམ་པ་སྤྱི་བོར་བཞག་ཅིང་ཁྲུས་བྱས་པས་བུམ་དབང་། མགྲིན་པར་བཞག་ཅིང་བུམ་ཆུ་སྦྱིན་པ་གསང་དབང་། སྙིང་གར་གཏད་ནས་ཚིག་དོན་ངོ་སྤྲད་པ་ནི། ཆོས་སྐུ་སྐྱེ་མེད་མཚོན་པའི་བུམ་པ་ཟླུམ་པོའི་ནང་དུ་འགག་མེད་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་བཀང་བས་དབང་བསྐུར་བས་གཟུང་འཛིན་འཁྲུལ་པའི་དྲི་མ་དག་པར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང། གཉིས་མེད་ཟུང་འཇུག་རིག་སྟོང་གི་ངོ་བོར་མཉམ་པར་གཞག་པ་དབང་བཞི་པ་སྟེ་བུམ་པ་ལ་བརྟེན་པའི་དང་པོའི་དབང་བཞི་ཡོངས་སུ་རྫོགས་པ་ཐོབ་པ་ཡིན་ནོ། །བྷནྡྷའི་བདུད་རྩི་ཐོགས་ལ། ཨཱ༔ ཐོད་པ་ཟླུམ་པོ་ཆོས་དབྱིངས་བདེ་ཆེན་ནང༔ བདུད་རྩི་ལྔ་ལྡན་འཆི་མེད་བཅུད་ཀྱིས་གཏམས༔ ཉོན་མོངས་དུག་ལྔ་རིགས་ལྔ་སྐུ་ལྔར་གྱུར༔ གཉིས་མེད་ངང་ནས་ཐབས་ཤེས་རོལ་པར་སྦྱོར༔ འཁོར་འདས་གཉིས་མེད་བདུད་ལས་རྣམ་པར་རྒྱལ༔ དབང་བཞི་ཡོངས་སུ་རྫོགས་པའི་དབང་ཐོབ་ཤོག༔ རྩ་སྔགས། ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ སྤྱི་བོར་བཞག་ཅིང་འཐོར། མགྲིན་པར་བཞག་ཅིང་མྱང་དུ་གཞུག །བསྙེན་སྒྲུབ་ལས་གསུམ་གྱི་སྔགས་འདི་རྣམས་ཀྱི་རྗེས་ཟློས་མཛད་པར་ཞུ། ལས་བྱང་ལྟར་སྔགས་གསུམ་པོ་རྗེས་ཟློས་བྱར་གཞུག །སྙིང་གར་གཏད་ལ། དེ་ལྟར་ཐོད་པ་སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་བཞག་ཅིང་བཟླས་ལུང་དང་བདུད་རྩི་སྦྱིན་པ་གསང་དབང་། སྙིང་གར་གཏད་ནས་ཚིག་དོན་ངོ་སྤྲོད་པ་ནི། ཆོས་དབྱིངས་སྤྲོས་བྲལ་མཚོན་པའི་ཐོད་པ་ཟླུམ་པོའི་ནང་དུ། བདེ་ཆེན་ཡེ་ཤེས་ཀྱི་བདུད་རྩིས་དབང་བསྐུར་བས་ཉོན་མོངས་པ་ལྔ་སྐུ་དང་ཡེ་ཤེས་སུ་གནས་འགྱུར་བར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང། གཉིས་མེད་ཟུང་འཇུག་རིག་སྟོང་གི་ངོ་བོར་མཉམ་པར་གཞག་པ་དབང་བཞི་པ་སྟེ་ཐོད་པ་ལ་བརྟེན་པའི་གཉིས་པའི་དབང་བཞི་ཡོངས་སུ་རྫོགས་པ་ཐོབ་པ་ཡིན་ནོ། །མེ་ལོང་ཐོགས་ལ། ཧཱུྃ༔ མེ་ལོང་ཟླུམ་པོ་ཆོས་སྐུ་སྐྱེ་བ་མེད༔ ཚོགས་དྲུག་གསལ་ཡང་རྙོགས་མེད་བདེ་སྟོང་ངང༔ དགའ་བཞིའི་ངོས་ཟིན་ཐིག་ལེ་རང་ས་ཟིན༔ སེམས་ཉིད་གསལ་སྟོང་འཛིན་མེད་ངང་ན་གནས༔ གཟུང་འཛིན་མཚན་མའི་དངོས་པོ་ཀུན་ལས་འདས༔ དབང་བཞི་ཡོངས་སུ་རྫོགས་པའི་དབང་ཐོབ་ཤོག༔ རྩ་སྔགས། ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ མེ་ལོང་སྤྱི་བོར་བཞག་ལ་དཔྲལ་བར་སིནྡྷུ་རའི་ཐིག་ལེ་བཀོད། མགྲིན་པར་བཞག་ཅིང་དེར་ཐིག་ལེ་བཀོད་ལ། ཀྱཻ་གསང་མཚན་རྡོ་རྗེ་ཐོད་ཕྲེང་རྩལ་ཞེས་བྱ་བའོ། །ཞེས་གདགས། སྙིང་གར་གཏད་ཅིང་ཐིག་ལེ་བྱས་ལ། དེ་ལྟར་མེ་ལོང་གི་དཀྱིལ་འཁོར་སྤྱི་བོར་བཞག་ཅིང་དཔྲལ་བར་ཐིག་ལེ་བྱས་པ་བུམ་དབང་། མགྲིན་པར་བཞག་ཅིང་གསང་མཚན་གདགས་ནས་ཐིག་ལེ་བྱས་པ་གསང་དབང་། སྙིང་གར་གཏད་ནས་ཚིག་དོན་ངོ་སྤྲོད་པ་ནི། ཆོས་དབྱིངས་སྐྱེ་བ་མེད་པ་མཚོན་པའི་མེ་ལོང་ཟླུམ་པོ་ལ་རང་བྱུང་བདེ་བ་ཆེན་པོ་སིནྡྷུ་རའི་ཐིག་ལེས་བརྒྱན་པས་དབང་བསྐུར་བས་བདེ་སྟོང་ཟུང་འཇུག་དགའ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་།གཉིས་མེད་ཟུང་འཇུག་རིག་སྟོང་གི་ངོ་བོར་མཉམ་པར་གཞག་པ་དབང་བཞི་པ་སྟེ་མེ་ལོང་ལ་བརྟེན་པའི་གསུམ་པའི་དབང་བཞི་་་་ཡོངས་སུ་རྫོགས་པ་ཐོབ་པ་ཡིན་ནོ། །ཤེལ་རྡོ་ཐོགས་ལ། ཧྲཱི༔ ཀུན་གཞིའི་དབྱིངས་ལས་རྟོག་པ་ཅི་ཤར་ཡང༔ ཤར་ཙམ་ཉིད་ནས་རྟོག་པའི་ངོ་བོ་སྟོང༔ གསལ་ལ་འཛིན་མེད་ཆུ་ཟླ་འཇའ་ཚོན་འདྲ༔ ཉོན་མོངས་ལྔ་དག་ཡེ་ཤེས་ལྔ་མཐར་ཕྱིན༔ གསལ་སྟོང་འཛིན་མེད་ལྟ་སྒོམ་སྤྱོད་འབྲས་དབང༔ སྐལ་ལྡན་རིགས་ཀྱི་བུ་ཡིས་ཐོབ་པར་ཤོག༔ རྩ་སྔགས། ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ ཤེལ་རྡོ་སྤྱི་བོར་དང་མགྲིན་པར་བཞག །སྙིང་གར་གཏད་ལ། དེ་ལྟར་ཤེལ་དཀར་སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་བཞག་པ་གསང་དབང་། སྙིང་གར་གཏད་ཅིང་ཚིག་དོན་ངོ་སྤྲད་པ་ནི། ཤེལ་ལ་རྐྱེན་དང་འཕྲད་པས་འོད་ཟེར་སྣ་ཚོགས་སུ་ཤར་ཡང་། དེ་ཉིད་ཕྱི་ནང་གང་དུའང་མི་གནས་པ་ལྟར་རང་རིག་པའི་ཀློང་དུ་འཁོར་འདས་ཀྱི་སྣང་བ་སྣ་ཚོགས་སུ་སྣང་ཡང་སྐྱེ་འགག་གནས་གསུམ་དང་བྲལ་བར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། གཉིས་མེད་ཟུང་འཇུག་རིག་སྟོང་གི་ངོ་བོར་མཉམ་པར་གཞག་པ་དབང་བཞི་པ་སྟེ་རྡོ་རྗེ་སེམས་དཔའི་མེ་ལོང་ལ་བརྟེན་པའི་ཀ་དག་གི་དབང་བཞི་ཡོངས་སུ་རྫོགས་པ་ཐོབ་པ་ཡིན་ནོ། །གུ་རུའི་སྐུ་འབག་དང་ཕྲེང་བ་ཐོགས་ལ། ཧཱུྃ༔ ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང༔ ལོངས་སྐུ་གསལ་ལ་མ་འདྲེས་རྩ་གསུམ་ལྷ༔ སྤྲུལ་སྐུ་སྣ་ཚོགས་ཐབས་ཀྱིས་འགྲོ་བ་འདུལ༔ སྐུ་གསུམ་ངང་གིས་མཉམ་ཞིང་མ་འདྲེས་གསལ༔ སྔོན་ཚེའི་དུས་ན་ཁྱེད་དང་སྨོན་ལམ་གཅིག༔ ད་ལྟ་རང་དང་སློབ་མའི་སྟངས་ཟུངས་ལ༔ སྲོག་གི་ཕྱིར་ཡང་མི་གཏོང་བསྒྲུབ་ལགས་ན༔ ཡེ་ཤེས་དབང་ཆེན་རབ་འབྱམས་ཀུན་རྫོགས་ཤོག༔ རྩ་སྔགས་ ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ སྐུ་འབག་སྤྱི་བོར་བཞག །ཕྲེང་བ་ལག་ཏུ་གཏད་ཅིང་སྐུ་སྙིང་གར་གཏད་ལ། དེ་ལྟར་སྐུ་འབག་སྤྱི་བོར་བཞག་པ་བུམ་དབང་། ཕྲེང་བ་ལག་ཏུ་གཏད་པ་གསང་དབང་། སྐུ་སྙིང་གར་གཏད་ཅིང་ཚིག་དོན་ངོ་སྤྲོད་པ་ནི། སེམས་ཉིད་གདོད་ནས་སྤྲོས་པ་དང་བྲལ་ཞིང་འོད་གསལ་བ་གུ་རུའི་ཐུགས་དང་དབྱེར་མེད་རོ་གཅིག་ཏུ་མཉམ་པར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། གཉིས་མེད་ཟུང་འཇུག་རིག་སྟོང་གི་ངོ་བོར་མཉམ་པར་གཞག་པ་དབང་བཞི་པ་སྟེ་སྐུ་འབག་ལ་བརྟེན་པའི་རིག་པ་རྩལ་གྱི་དབང་བཞི་ཡོངས་སུ་རྫོགས་པ་ཐོབ་པ་ཡིན་ནོ། །སྐབས་འདིར་རྩ་དབང་མ་ཐོབ་པ་སོགས་ལ་གཏོར་དབང་བསྐུར་བར་སྤྲོ་ན། དེ་ནས་བྱིན་རླབས་ཡོངས་རྫོགས་གཏོར་མའི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། གཏོར་སྣོད་ཡེ་ཤེས་རིན་ཆེན་འབར་བའི་གཞལ་མེད་ཁང་རྒྱན་དང་བཀོད་པ་ཚད་མེད་པའི་ནང་དུ་གཏོར་མ་ཉིད་བླ་མ་བདེ་གཤེགས་ཡོངས་རྫོགས་འདུས་པའི་དཀྱིལ་འཁོར་ལྷ་ཚོགས་མངོན་སུམ་བཞིན་དུ་གསལ་བའི་གནས་གསུམ་ནས་རྡོ་རྗེའི་ཡེ་ཤེས་ཀྱི་ངོ་བོ་འོད་ཟེར་དཀར་དམར་མཐིང་གསུམ་རིམ་དང་གཅིག་ཅར་དུ་འཕྲོས། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ། དབང་བཞི་རྩལ་རྫོགས་སུ་ཐོབ། སྒོ་གསུམ་དང་ཤེས་བྱའི་དྲི་མ་སྦྱངས། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བྱིན་རླབས་དང་དངོས་གྲུབ་མ་ལུས་པ་སྟན་ཐོག་གཅིག་ཏུ་ཐོབ་པར་མོས་ཤིག །གཏོར་ཆེན་ཐོགས་ལ། ཨོཾ༔ སྐུ་ཡི་བྱིན་གྱིས་བརླབ་ཏུ་གསོལ༔ ལུས་ལ་གཟི་བྱིན་བསྐྱེད་དུ་གསོལ༔ ལུས་ཀྱི་སྒྲིབ་པ་སྦྱང་དུ་གསོལ༔ ལྷ་དབང་ལུས་ལ་བསྐུར་དུ་གསོལ༔ སྐུ་མི་འགྱུར་ཚེ་ཡི་དངོས་གྲུབ་སྩོལ༔ ཨཱ༔ གསུང་གི་བྱིན་གྱིས་བརླབ་ཏུ་གསོལ༔ ངག་གི་སྒྲིབ་པ་སྦྱང་དུ་གསོལ༔ སྔགས་དབང་ངག་ལ་བསྐུར་དུ་གསོལ༔ གསུང་སྙིང་པོ་ལུང་གི་དངོས་གྲུབ་སྩོལ༔ ངག་ལ་ནུས་པ་དབྱུང་དུ་གསོལ༔ ཧཱུྃ༔ ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ༔ སེམས་ཀྱི་སྒྲིབ་པ་སྦྱང་དུ་གསོལ༔ ཐུགས་སྐྱེ་མེད་རྡོ་རྗེའི་དངོས་གྲུབ་སྩོལ༔ སེམས་ལ་རྟོགས་པ་བསྐྱེད་དུ་གསོལ༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས༔ ཡེ་ཤེས་ལྔ་ཡི་དབང་སྐུར་ཅིག༔ བརྒྱུད་འཛིན་བུ་འདི་བྱིན་གྱིས་རློབས༔ དབང་བཞི་རྫོགས་པར་ཐོབ་གྱུར་ཅིག༔ བསྙེན་སྒྲུབ་སྔགས་དང་། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་བརྗོད་ཅིང་གཏོར་མ་གནས་གསུམ་དུ་རེག །མཐར། གཏོར་མའི་ལྷ་ཚོགས་འོད་དུ་ཞུ་སྟེ་ཁྱེད་རང་རྣམས་ལ་ཐིམ་པས་བླ་མ་བདེ་གཤེགས་ཡོངས་རྫོགས་འདུས་པའི་གསང་བ་གསུམ་དང་དབྱེར་མེད་པར་གྱུར། རྡོ་རྗེ་བདུད་རྩིའི་བཅུད་དུ་འཁྱིལ་བ་མགྲིན་པར་མྱང་བས་དངོས་གྲུབ་རྣམ་པ་གཉིས་བདེ་བླག་ཏུ་ཐོབ་པར་མོས་ཤིག །གཏོར་མའི་ཆ་ཤས་དང་བདུད་རྩི་སྦྱིན། དེ་ནས་རྩ་སྔགས་བརྗོད་བཞིན་དུ་སློབ་བུ་རྣམས་ལ་མེ་ལོང་ངོར་ཁྲུས་བྱ། མེ་ཏོག་དཀར་པོ་ལ་རྟེན་སྙིང་བརྒྱ་རྩ་བརྒྱད་བཟླས་པ་འཐོར་ཞིང་། ཧོ༔ དབང་བསྐུར་བྱིན་བརླབས་བླ་མའི་སྲས༔ ལུས་ངག་ཡིད་གསུམ་སྨིན་གྱུར་ནས༔ འཁོར་འདས་ཆོས་ལ་དབང་བསྒྱུར་བའི༔ དབང་དང་དངོས་གྲུབ་རབ་གནས་ཤོག༔ ཅེས་རྩ་སྔགས་མཇུག་ཏུ་ཡེ་དྷརྨ་བཟླས། ཧོ༔ དབང་ཐིམ་པར་གྱུར་ཅིག༔ གསལ་བར་གྱུར་ཅིག༔ མཆེད་པར་གྱུར་ཅིག༔ འབར་བར་གྱུར་ཅིག༔ རྒྱས་པར་གྱུར་ཅིག༔ དབང་དུ་གྱུར་ཅིག༔ སྨིན་པར་གྱུར་ཅིག༔ སྨིན་གྲོལ་རིག་པ་རྟོགས་པར་གྱུར་ཅིག༔ བརྟན་པར་གྱུར་ཅིག༔ གྲོལ་བར་གྱུར་ཅིག༔ རྟག་ཏུ་གཙོ་བོའི་ལྷ་གང་ཡིན་པ་དང་དབྱེར་མེད་དུ་གྱུར་ཅིག༔ ཅེས་དང་ཤིས་བརྗོད་རྒྱས་པར་སྤེལ་ལ་མེ་ཏོག་འཐོར། དེ་དག་གིས་གཏེར་ཆེན་རྡོ་རྗེ་གླིང་པའི་ཟབ་ཆོས་བླ་མ་བདེ་གཤེགས་ཡོངས་རྫོགས་བཀའ་འདུས་ཀྱི་སྨིན་བྱེད་སྙིང་པོ་བསྡུས་པ་བསྐུར་གྲུབ་པ་ལགས་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་བླངས། གཏོང་རག །ལུས་འབུལ། དགེ་བསྔོ་བཅས་བྱ། སློབ་དཔོན་གྱིས་ཚོགས་ཡོད་ན་ཚོགས་མཆོད། གཏོར་སྐྱོང་སོགས་ལས་བྱང་གི་མཇུག་ཡོངས་རྫོགས་མཐར་དབྱུང་། ཚོགས་མཆོད་མེད་པའི་སྤྲོས་པ་བསྡུ་ན་མཆོད་བསྟོད་མདོར་བསྡུས། ནོངས་བཤགས། བརྟན་བཞུགས། བསྡུ་ལྡང་། སྨོན་ལམ་ཤིས་བརྗོད། བསྔོ་བའི་བར་དུ་བྱའོ། །དོན་དབང་ཟབ་མོས་རྒྱུད་སྨིན་ནས། །དོན་དམ་རང་རིག་བླ་མ་དང་། །དབྱེར་མེད་ཐུགས་ཀྱི་ཐིག་ལེར་ཆུབ། །གཞན་དོན་སྲིད་མཐར་རྒྱས་གྱུར་ཅིག །ཅེས་པའང་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ཟབ་ཆོས་འདི་ཉིད་འཕེལ་ཞིང་རྒྱས་པའི་བཙས་སུ་དམིགས་ཏེ་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།

ཐུགས་སྒྲུབ་ཡང་སྙིང་འདུས་པའི་གསོལ་འདེབས་ཡིད་བཞིན་ནོར་བུ་ (Volume 7, Text 18)

༄༅། །ཐུགས་སྒྲུབ་ཡང་སྙིང་འདུས་པའི་གསོལ་འདེབས་ཡིད་བཞིན་ནོར་བུ་ཞེས་བྱ་བ་བཞུགས་སོ། ། ཨོཾ་ཨཱཿཧཱུྃ་གུ་རུ་སིདྡྷི་ཧཱུྃ༔ ཧྲཱིཿ ནུབ་ཕྱོགས་བདེ་བ་ཆེན་པོའི་ཞིང་ཁམས་སུ། །ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས། །ཀ་དག་སྤྲོས་བྲལ་རྟོགས་པར་བྱིན་གྱིས་རློབས། །ཤར་ཕྱོགས་རི་བོ་ཏ་ལའི་ཕོ་བྲང་དུ། །ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས། །བྱམས་དང་སྙིང་རྗེ་འབྱོངས་པར་བྱིན་གྱིས་རློབས། །རྔ་ཡབ་པད་མ་འོད་ཀྱི་གཞལ་ཡས་སུ། །སྤྲུལ་སྐུ་པད་མ་ཡབ་ཡུམ་ལ་གསོལ་བ་འདེབས། །ཕྲིན་ལས་རྣམ་བཞི་འགྲུབ་པར་བྱིན་གྱིས་རློབས། །ནུབ་ཕྱོགས་ལང་ཀ་བརྩེགས་པའི་དུར་ཁྲོད་དུ། །གུ་རུ་པད་མ་ཐོད་ཕྲེང་ལ་གསོལ་བ་འདེབས། །རྩ་རླུང་བདེ་དྲོད་འབྱོངས་པར་བྱིན་གྱིས་རློབས། །ཤར་ཕྱོགས་བསིལ་བ་ཚལ་གྱི་དུར་ཁྲོད་དུ། །གུ་རུ་རྡོ་རྗེ་ཐོད་ཕྲེང་ལ་གསོལ་བ་འདེབས། །སྒྱུ་ལུས་བར་དོ་འབྱོངས་པར་བྱིན་གྱིས་རློབས། །དབུས་འགྱུར་མ་ག་དྷ་ཡི་གནས་མཆོག་ཏུ། །གུ་རུ་བུདྡྷ་ཐོད་ཕྲེང་ལ་གསོལ་བ་འདེབས། །རྨི་ལམ་འོད་གསལ་འབྱོངས་པར་བྱིན་གྱིས་རློབས། །ལྷོ་ཕྱོགས་སྐུ་ལ་རྫོགས་པའི་དུར་ཁྲོད་དུ། །གུ་རུ་རཏྣ་ཐོད་ཕྲེང་ལ་གསོལ་བ་འདེབས། །མཉམ་ཉིད་ཕྱག་ཆེན་རྟོགས་པར་བྱིན་གྱིས་རློབས། །བྱང་ཕྱོགས་པདྨ་བརྩེགས་པའི་དུར་ཁྲོད་དུ། །གུ་རུ་ཀརྨ་ཐོད་ཕྲེང་ལ་གསོལ་བ་འདེབས། །སྙེམས་ཐག་ནང་ནས་ཆོད་པར་བྱིན་གྱིས་རློབས། །བསམ་ཡས་མཆིམས་ཕུ་བྲག་གི་དབེན་གནས་སུ། །ཐུགས་སྲས་རྗེ་འབངས་གྲོགས་ལྔ་ལ་གསོལ་བ་འདེབས། །ཚེ་འདིར་རིག་འཛིན་འགྲུབ་པར་བྱིན་གྱིས་རློབས། །གྲུ་ཤུལ་བདེ་ཆེན་གླིང་གི་ཕོ་བྲང་དུ། །གུ་རུ་རཏྣ་གླིང་པ་ལ་གསོལ་བ་འདེབས། །རིགས་དྲུག་སྐྱེ་སྒོ་ཆོད་པར་བྱིན་གྱིས་རློབས། །སྨོན་ལམ་ལས་འཕྲོ་ལྡན་པའི་ཕོ་བྲང་ནས། །རྒྱལ་སྲས་ཚེ་དབང་གྲགས་པ་ལ་གསོལ་བ་འདེབས། །བདག་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །རང་བཞིན་རྣམ་དག་ལྷུན་གྲུབ་ཕོ་བྲང་ནས། །སྲས་མཆོག་ངག་དབང་གྲགས་པ་ལ་གསོལ་བ་འདེབས། །ཕྱོགས་མེད་གདུལ་བྱ་སྨིན་པར་བྱིན་རློབས། །ཞིང་ཁམས་མ་ངེས་སོ་སོའི་ཕོ་བྲང་དུ། །གཏེར་སྟོན་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས། །རང་གཞན་དོན་གཉིས་སྤྱོད་པར་བྱིན་གྱིས་རློབས། །སྨོན་ལམ་ལས་འཕྲོ་ལྡན་པའི་ཕོ་བྲང་དུ། །རྗེ་བཙུན་པུཎྱེ་རསྨི་ལ་གསོལ་བ་འདེབས། །སྒྲུབ་བརྒྱུད་བསྟན་པ་དར་བར་བྱིན་གྱིས་རློབས། །སྤྱི་གཙུག་ཉི་ཟླ་པད་མའི་གདན་སྟེང་དུ། །དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །གཉལ་སྨད་དགེ་རི་གསང་བའི་བྲག་ཕུག་ཏུ། །དམ་ཆོས་ཡང་སྙིང་འདུས་པ་ལ་གསོལ་བ་འདེབས། །འགྲོ་དོན་ཕྱོགས་མེད་འབྱུང་བར་བྱིན་གྱིས་རློབས། །རྩ་ཁམས་དག་པ་ལུས་ཀྱི་དཀྱིལ་འཁོར་དུ། །ཡི་དམ་ཞི་ཁྲོའི་ལྷ་ཚོགས་ལ་གསོལ་བ་འདེབས། །ཐབས་ཤེས་ཟུང་འཇུག་རྟོགས་པར་བྱིན་གྱིས་རློབས། །བཀའ་དང་དམ་ཚིག་གསང་བའི་དཀྱིལ་འཁོར་དུ། །བསྟན་སྲུང་དམ་ཅན་རྒྱ་མཚོ་ལ་གསོལ་བ་འདེབས། །རྐྱེན་ངན་བར་ཆད་ཞི་བར་བྱིན་གྱིས་རློབས། །གར་བཞུགས་ས་ཕྱོགས་དབེན་པའི་རི་ཁྲོད་དུ། །མཆེད་གྲོགས་ཆོས་མཛད་ཡོངས་ལ་གསོལ་བ་འདེབས། །དག་སྣང་ཕྱོགས་མེད་འབྱོངས་པར་བྱིན་གྱིས་རློབས། །བཀའ་དྲིན་ཅན་གྱི་བླ་མ་དྲིན་ཆེན་རྣམས། །ངེས་འབྱུང་སྐྱོ་ཤས་དྲག་པོས་ཀུན་བསླངས་ནས། །མི་མེད་ལུང་སྟོང་དབེན་པའི་རི་ཁྲོད་དུ། །ཆགས་མེད་ཚེ་འདིའི་སྣང་བ་རིང་སྤངས་ནས། །ཚེ་སྒྲུབ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །ཆོས་མིན་བསམ་པ་སྐད་ཅིག་མི་སྐྱེ་ཞིང་། །བླ་མའི་བྱིན་རླབས་ལེགས་པར་ཞུགས་པའི་མཐུས། །ཆོས་བརྒྱད་ཚེ་འདིའི་སྣང་བ་མི་སྐྱེ་བར། །སྙིང་ནས་འཆི་བ་དྲན་པའི་བརྩོན་འགྲུས་ཀྱིས། །བདག་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །རྟག་ཏུ་ཉམས་ལེན་བརྩོན་འགྲུས་ལྡན་པ་དང་། །བར་ཆད་བདུད་ཀྱིས་ནམ་ཡང་མི་ཚུགས་ཤིང་། །ཡོན་ཏན་རྟོགས་པ་ཡར་ངོའི་ཟླ་བ་ལྟར། །གོང་ནས་གོང་དུ་འཕེལ་བར་བྱིན་གྱིས་རློབས། །རིགས་དྲུག་འཁོར་བའི་འགྲོ་བ་ཉམ་ཐག་རྣམས། །བདག་བས་གཞན་གཅེས་སྙིང་གི་ཁུར་ཁྱེར་ནས། །ཐམས་ཅད་མ་ལུས་བདག་གིས་སྒྲོལ་བ་དང་། །འཁོར་བ་དོང་ནས་སྤྲུགས་པར་བྱིན་གྱིས་རློབས། །ཅེས་ཐུགས་སྒྲུབ་ཡང་སྙིང་འདུས་པའི་གསོལ་འདེབས་ཡིད་བཞིན་ནོར་བུ་ཞེས་བྱ་བ་འདི་ནི་གཏེར་སྒྲུབ་མངའ་འབུལ་ཚར་བའི་ཉིན་པར་གུ་རུའི་གསུང་འཛིན་གཏེར་སྟོན་རཏྣ་གླིང་པས་མཛད་པའོ། །མངྒ་ལཾ།། །།

ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས༔ ལས་བྱང་རིན་ཆེན་ཕྲེང་བ་ (Volume 7, Text 19)

<!TCC Tibetan character 3,182 undefined in unicode!>༔ ༔ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས༔ ལས་བྱང་རིན་ཆེན་ཕྲེང་བ་ཞེས་བྱ་བ་བཞུགས་སོ༔ མ་བཅོས་སྤྲོས་བྲལ་ཆོས་ཀྱི་སྐུ༔ དཔལ་ལྡན་སངས་རྒྱས་པདྨ་སྐྱེས༔ ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་འདུད༔ བསོད་ནམས་ཚོགས་ཆེན་ཡོངས་རྫོགས་ནས༔ བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར༔ ཡང་གསང་སྒྲུབ་པའི་ལས་བྱང་ལས༔ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ༔ སྔོན་འགྲོ་ཐུན་མོང་ཆོས་བརྒྱད་དེ༔ བཀའ་བསྒོ་མཚམས་བཅད་བརྡ་སྒོ་དབྱེ༔ བརྡ་ཕྱག་དམ་བཅའ་མཆོད་བྱིན་རླབས༔ དམ་བཤགས་མ་འདྲེས་རང་གསལ་གདབ༔ དངོས་གཞིའི་གཞུང་ཁྲིད་ཉི་ཤུ་སྟེ༔ ཏིང་འཛིན་རྣམ་གསུམ་འབྱུང་རིམ་བརྩེགས༔ གཞལ་ཡས་ལྷ་བསྐྱེད་རང་དབང་བསྐུར༔ སྤྱན་འདྲེན་བཞུགས་གསོལ་ཕྱག་མཆོད་འབུལ༔ སྨན་གཏོར་རཀྟ་སྦྱོར་སྒྲོལ་དང༔ བསྟོད་བཤགས་འཛབ་བཟླས་གནད་ནས་བསྐུལ༔ རྗེས་ཀྱི་ལས་འགྲིགས་བཅུ་བཞི་སྟེ༔ སྐོང་གསོ་ཚོགས་ལྷག་ཐུགས་དམ་བསྐུལ༔ ཐ་ཚིག་གཏོར་དབང་ཚེ་འགུགས་ཤིང༔ ཆད་མདོ་གཏོར་སྐྱོང་རྟ་བྲོ་དང༔ དཀྱིལ་འཁོར་དལ་བསྡུ་རྒྱུན་སྤྱོད་བྱ༔ སྨོན་ལམ་མཐའ་རྒྱས་ཤིས་པ་བརྗོད༔ འདི་དག་ལས་གཞུང་རྩ་ཐོར་བསྡེབས༔ སྐལ་ལྡན་གཅིག་དང་འཕྲད་ནས་ཀྱང༔ གསང་སྔགས་བསྟན་པའི་སྲོག་ཏུ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྔོན་འགྲོ་ཐུན་མོང་ལས་བརྒྱད་ལས༔ དང་པོ་བགེགས་ལ་བཀའ་བསྒོ་བ་ནི༔ ཧཱུྃ༔ བླ་མ་རྣམས་ཀྱི་བྱིན་རླབས་དང༔ ཡི་དམ་ལྷ་ཡི་ཏིང་འཛིན་དང༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ ལོག་པར་འདྲེན་པ་བདུད་ཀྱི་ཚོགས༔ འདི་རུ་མ་འདུག་གཞན་དུ་དེངས༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ དབང་ཆེན་ཁྲོས་པའི་ཏིང་འཛིན་གྱིས༔ ཁྲོ་བོ་ཁྲོ་མོའི་ཚོགས་སྤྲོས་ནས༔ ཁྱོད་ཀྱི་ལུས་ངག་ཡིད་དང་བཅས༔ རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར༔ དེ་བས་མ་འདུག་གཞན་དུ་དེངས༔ ཨོཾ་སུམྦྷ་ནི་སུམྦྷ་ནི་ཧཱུྃ༔ གྲྀཧྞ་གྲྀཧྞ་ཧཱུྃ༔ གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོ༔ བྷ་ག་ཝཱན༔ བིདྱཱ་རཱ་ཛཱ་ཡ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ད་ཧ་ད་ཧ་པ་ཙ་པ་ཙ་ཧ་ན་ཧ་ན་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ༔ ཧཱུྃ༔ ང་ནི་ཡེ་ནས་ངང་གིས་ཁྲོ༔ མཚམས་གཅོད་ཁྲོ་བོས་ནམ་མཁའ་གང༔ བགེགས་འདུལ་ཁྲོ་མོའི་རོལ་མཚམས་ལས༔ སུ་ཡང་འདའ་བར་མ་བྱེད་ཅིག༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱིཿ བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ གཉིས་པ་མཚམས་བཅད་པ་ནི༔ ཧཱུྃ༔ ང་ནི་རབ་འཇིགས་དབང་གི་སྐུ༔ ཁྲོ་ཚོགས་མང་པོ་སྤྲིན་ལྟར་གཏིབས༔ མཚོན་ཆ་མེ་དཔུང་གློག་ལྟར་འགྱུ༔ བཀའ་དང་མཚམས་ལས་མ་འདའ་ཞིག༔ ཨོཾ་བཛྲ་པདྨ་ཀྲོ་དྷ༔ བཛྲ་ཙཀྲ་ཏཱིཀྵྞ་ཀརྨཱ་ཀཱི་ལ་ཡ༔ ཛྭ་ལ་རཾ་བྷི་ཤ་ཀྲོ་དྷ་ཧཱུྃ་ཕཊ༔ གསུམ་པ་བརྡ་སྒོ་དབྱེ་བ་ནི༔ ཧཱུྃ༔ སྣང་སྲིད་འཁོར་འདས་བདེ་ཆེན་ཞིང་དུ་བརྡལ༔ སྣོད་བཅུད་གཟུགས་སྣང་ཡེ་ནས་ལྷ་རུ་གསལ༔ དེ་ཉིད་མ་རྟོགས་རང་གསང་ཐབས་ཀྱིས་བཅད༔ རང་གསལ་སྙིང་པོ་བརྡ་ཡི་སྒོ་དབྱེ་འཚལ༔ བྷྲཱུྃ་སཾསྐྲྀ་ཏ་ཛྙཱ་ན་སྭཱ་བྷཱ་ཝ་པྲ་ཝེ་ཤ་ཡ་ཕཊ༔ བརྡ་ཕྱག་འཚལ་བ་ནི༔ ཧཱུྃ༔ ཀུན་བཟང་ཁྱབ་བརྡལ་རང་བྱུང་སྙིང་པོའི་དོན༔ མ་རིག་གཉིས་འཛིན་རྟོགས་པའི་རྐྱེན་དབང་གིས༔ ཡེ་ནས་རང་གསལ་གཉིས་མེད་དོན་དམ་མཇལ༔ རང་ངོ་རང་གསལ་དོན་གྱིས་མཇལ་ཕྱག་འཚལ༔ ས་མ་ཡ་ཨ་ཏི་པཱུ་ཧོ༔ བཞི་པ་དམ་བཅའ་བྱིན་དབབ་པ་ནི། ཧཱུྃ༔ ཆོས་དབྱིངས་རྣམ་དག་སྐྱེ་མེད་ཕོ་བྲང་ནས༔ སྐྱེ་འགག་འགྱུར་མེད་སྤྲོས་པའི་མཐའ་བྲལ་ཡང༔ ཐུགས་རྗེའི་དམ་བཅའ་དུས་ལས་མི་གཡེལ་ཕྱིར༔ བླ་མ་རིག་འཛིན་ཡི་དམ་དྷཱ་ཀིའི་ཚོགས༔ དུས་གསུམ་བདེ་གཤེགས་རྒྱལ་བ་མ་ལུས་རྣམས༔ ཐུགས་དམ་དབང་གིས་བདག་ལ་བརྩེར་དགོངས་ནས༔ མི་མངོན་དབྱིངས་ནས་གནས་འདིར་སྐུར་བཞེངས་ཤིག༔ བྱིན་ཆེན་དབབ་ཅིང་དབང་ཆེན་བསྐུར་དུ་གསོལ༔ གསང་བའི་དཀྱིལ་འཁོར་དམ་རྫས་མ་ལུས་ལ༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་གསོལ༔ ཨོཾ་བཛྲ་ས་མ་ཡ་ཛ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་བྷ་ག་ཝཱན༔ སརྦ་ས་མ་ཡ༔ ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ལྔ་པ་མཆོད་པ་བྱིན་གྱིས་བརླབ་པ་ནི༔ ཨོཾ་སྭ་བྷཱ་ཝ་བི་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝཱ་བི་ཤུདྡྷོ་྅ཧཾ༔ དངོས་འཛིན་དྲི་མ་དག་ཅིང་སྟོང་པར་སྦྱངས༔ ཨོཾ་ཨཱཿཧཱུྃ་གིས་སྤེལ༔ སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ༔ མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བྷ་ལ་བྷ་ཏི་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋ༔ མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋ༔ ཞེས་སྨན་གཏོར་རཀྟ་བྱིན་གྱིས་བརླབ༔ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ༔ བཛྲ་དྷཱུ་པེ་ཨཱ་ཧཱུྃ༔ བཛྲ་ཨཱ་ལོ་ཀེ་ཨཱ་ཧཱུྃ༔ བཛྲ་གནྡྷེ་ཨཱ་ཧཱུྃ༔ བཛྲ་ནཻ་ཝི་དྱཱ་ཨཱ་ཧཱུྃ༔ ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་མ་ཧཱ་པཉྩ་ཨོཾ་ཨཱཿཧཱུྃ༔ བྷོ་དྷི་ཙིཏྟ་ག་ཎ་གུ་ཧྱ་པཱུ་ཙ་ཧོ༔ དེ་ནས་ཕྱི་ནང་གསང་གསུམ་གྱི་མཆོད་པ་བྱིན་གྱིས་བརླབས་ཤིང་ཚིག་གིས་གསལ་གདབ་པ་ནི༔ ཧཱུྃ༔ གསང་བ་བླ་མའི་དཀྱིལ་འཁོར་དུ༔ ཕྱི་ནང་གསང་བའི་མཆོད་སྤྲིན་རྣམས༔ སྣང་སྲིད་ཐམས་ཅད་ཡོངས་བཀང་ནས༔ གུས་པས་འབུལ་གྱིས་བཞེས་སུ་གསོལ༔ དྲུག་པ་དམ་བཅའ་བཟུང་སྟེ་སོར་མོ་རྣམས་བསྣོལ་ཏེ་ནང་དུ་བསྡམས་ལ༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་བདེ་གཤེགས་རྣམས༔ དུས་གསུམ་འདུ་འབྲལ་མེད་པའི་དཀྱིལ་འཁོར་འདིར༔ སེམས་ཉིད་ངང་དུ་མ་འདྲེས་ཡོངས་རྫོགས་ལ༔ སྐད་ཅིག་ཙམ་ཡང་མི་གཏོང་བསྒྲུབ་པར་བགྱི༔ ཙིཏྟ་བཛྲ་ས་མཱ་ཏི་ཧཱུྃ༔ བདུན་པ་བཤགས་པ་བྱ་བ་ནི༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ ཁྱེད་ནི་རྣམ་དག་དྲི་མ་མེད༔ བདག་ནི་ཉོན་མོངས་སྒྲིབ་པས་བསྒྲིབས༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ བཛྲ་ས་མ་ཡ་ཤུདྡྷེ་ཨཱ༔ བརྒྱད་པ་རང་གསལ་གདབ་པ་ནི༔ ལངས་ཏེ་པད་ཀོར་བྱ་ཞིང༔ ཧཱུྃ༔ རྩ་བ་གསུམ་གྱི་དཀྱིལ་འཁོར་ཆེན་པོ་འདིར༔ སྐྱེ་མེད་ངང་ལས་ཐུགས་རྗེའི་འོད་ཟེར་ཤར༔ བདག་དང་དབྱེར་མེད་དབང་གི་དཀྱིལ་འཁོར་འདིར༔ ཞི་དང་ཁྲོ་གར་གཙོ་དང་འཁོར་དུ་གསལ༔ ཡེ་ནས་རང་བྱུང་རང་ལ་ཤར་བའི་ཕྱིར༔ སྟོང་པའི་ངང་དུ་མ་འདྲེས་རང་གསལ་གདབ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་ས་མ་ཡ་སཏྭཾ༔ དངོས་གཞིའི་ཏིང་འཛིན་རྣམ་གསུམ་ལས༔ དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི༔ ཨོཾ༔ ཆོས་སྐུ་མི་འགྱུར་རྡོ་རྗེ་ཡི༔ པདྨའི་རྒྱལ་པོས་འདི་སྐད་སྨྲ༔ དང་པོ་ཆོས་རྣམས་དམིགས་མེད་ཅིང༔ བསམ་བརྗོད་བྲལ་བའི་རྫོགས་པ་ཆེ༔ བློ་འདས་ཆོས་སྐུ་མི་འགྱུར་བའི༔ དེ་བཞིན་ཉིད་ཀྱི་ཏིང་འཛིན་བསྒོམ༔ གཉིས་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི༔ ཨཱ༔ བློ་བྲལ་དེ་ཡི་ངང་ཉིད་ལས༔ མ་རིག་འཁྲུལ་པས་བསྒྲིབས་པ་ཡི༔ སེམས་ཅན་མ་ལུས་ཀུན་ཁྱབ་པའི༔ བརྩེ་བའི་སྙིང་རྗེ་ཆེན་པོ་བསྒོམ༔ གསུམ་པ་རྒྱུ་ཡི་ཏིང་ངེ་འཛིན་ནི༔ ཧཱུྃ༔ སྟོང་ཉིད་སྙིང་རྗེའི་ངང་ཅན་དེས༔ འགྲོ་དོན་དཔག་མེད་བྱེད་པ་ལ༔ རང་རིག་གསེར་གྱི་རྡོ་རྗེ་ནི༔ ཡི་གེ་ཧྲཱིཿཡིས་མཚན་པར་བསྒོམ༔ ཨོཾ་ཤཱུ་ཛྙཱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ དྷརྨཱ་དྷཱ་ཏུ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ ཧྲཱིཿབཛྲ་ཙིཏྟ་ས་མ་ཡ་ཧྲཱི༔ འབྱུང་བ་རིམ་བརྩེགས་ནི༔ ཧཱུྃ༔ ཡི་གེ་ཧྲཱིཿཡི་འཕྲོ་འདུ་ལས༔ མེ་ཆུ་རླུང་གི་བསྐལ་པ་སྟོང༔ སྟོང་ཉིད་ནམ་མཁའི་རང་བཞིན་ལས༔ རང་བྱུང་སྐྱེད་བྱེད་ཡི་གེ་བདུན༔ ཨེ་ཡཾ་རཾ་སུམ་ཀེཾ་རཾ་བྷྲཱུྃ༔ མཁའ་ལ་སྟོབས་ཆེན་རླུང་གིས་བཏེགས༔ རཀྟའི་རྒྱ་མཚོ་ཞིང་ཆེན་བདལ༔ ཀིཾ་རུས་བསྐལ་པའི་མེ་འབར་གསལ༔ དེ་ནས་གཞལ་ཡས་ཁང་བསྐྱེད་པ་ནི༔ ཧཱུྃ༔ རྡོ་རྗེ་བྷྲཱུྃ་གྱུར་གཞལ་ཡས་ཁང༔ བདེ་ཆེན་ཕོ་བྲང་འོད་དུ་འབར༔ འཇའ་ཚོན་བྲེས་པ་ལྟ་བུའི་ནང༔ པད་འདབ་ཕྱི་ནང་མུ་ཁྱུད་བཅས༔ གྲུ་ཆད་བར་ཁྱམས་སྒོ་རྣམས་མཛེས༔ བྷནྡྷ་སྐམ་རློན་སྤེལ་མར་བརྩིགས༔ གནམ་ལྕགས་འབར་བའི་གཟེར་གྱིས་གདམས༔ གཟའ་དང་རྒྱུ་སྐར་ལྷ་ཀླུ་ཡི༔ གདུང་དང་དྲལ་ཕྱམ་ཀ་བ་དང༔ ཀ་ཞུ་ཡ་ཐེམ་མ་ཐེམ་བྱས༔ ཐོག་ནི་ཞིང་ཆེན་བརྡལ་བ་ལ༔ ཉི་ཟླ་འཇའ་ཚོན་འོད་དུ་འབར༔ ཕྱི་ནང་ཟང་ཐལ་འོད་ཀྱི་ཀློང༔ མ་བཅོས་ལྷུན་གྲུབ་ངོ་མཚར་ཆེ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཨེ་ཛྙཱ་ན་ཙཀྲ་མ་དྷ་ལ་བྷྲཱུྃ༔ རཱུ་དྲ་ཀྲོ་ཏི་ཏི་ར་བཾ༔ མ་སཱུརྻ་མ་དྷ་ལ༔ ཨ་ཙན་དྲ་མ་དྷ་ལ༔ པཾ་པདྨ་མ་དྷ་ལ༔ ཧཱུྃ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ དམ་ཚིག་པ་བསྐྱེད་པ་ནི༔ ཧཱུྃ༔ ཕོ་བྲང་གཞལ་ཡས་དཀྱིལ་འཁོར་དབུས༔ ཐུགས་སྲོག་ཧྲཱིཿཡི་འཕྲོ་འདུ་ལས༔ བདུད་བཞི་ཉི་ཟླ་པདྨའི་སྟེང༔ བདག་ཉིད་དབང་ཆེན་ཡབ་ཡུམ་སྐུ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ དབུ་གཙུག་རྟ་ཞལ་ཕག་གདོང་མཚན༔ གཡས་གཡོན་གྲི་གུག་ཐོད་ཁྲག་བསྣམས༔ ཞབས་གཉིས་བརྐྱང་བསྐུམ་འཁྲིལ་སྦྱོར་ཚུལ༔ དུར་ཁྲོད་རུས་རྒྱན་མེ་ཀློང་བཞུགས༔ དབུ་གཙུག་པད་སྡོང་ཉི་ཟླའི་སྟེང༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ ཨ་ཙར་གཞོན་ཚུལ་དཀར་དམར་ཞལ༔ ཕྱག་གཡས་རྡོ་རྗེ་བྷནྡྷ་གཡོན༔ མཐིང་ནག་ཟབ་བེར་ཆོས་གོས་དམར༔ པད་ཞྭ་སྒྲོ་དར་མེ་ལོང་བརྒྱན༔ སྙན་ཆ་མགུལ་རྒྱན་ཁ་ཊྭཱཾ་འཛིན༔ སྐྱིལ་ཀྲུང་གཟི་བརྗིད་འོད་འབར་བསམ༔ དེ་ཉིད་གནས་གྱུར་དྲན་རྫོགས་སུ༔ རང་རིག་བླ་མ་རྡོ་རྗེ་འཛིན༔ མཐིང་ནག་སྤྱན་གསུམ་ཐོར་ཚུགས་ཅན༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔ ཕྱག་གཡོན་དྲིལ་བུ་ཡུམ་ལ་འཁྱུད༔ སྐྱིལ་ཀྲུང་རིན་ཆེན་རྒྱན་དྲུག་སྤྲས༔ དེ་ཡི་པང་གཡོན་རིག་མ་ནི༔ ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་མ༔ མདངས་ལྡན་བཅུ་དྲུག་ལོན་པའི་ཚུལ༔ གཅེར་བུ་སྐྲ་གྲོལ་རྒྱན་དྲུག་མཛེས༔ ཕྱག་གཡས་གྲི་གུག་མགུལ་ནས་འཁྱུད༔ གཡོན་པས་ཐོད་ཁྲག་ཡབ་ལ་སྟོབ༔ ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ༔ ཟུང་འཇུག་བདག་ཉིད་ཆེན་པོར་བསྒོམ༔ ཕྱོགས་བཞི་པདྨ་འདབ་བཞིའི་སྟེང༔ ཤར་དུ་རྡོ་རྗེ་ཐོད་ཕྲེང་རྩལ༔ རྡོ་རྗེ་དྷཱ་རུ་ལྕགས་ཀྱུ་བསྣམས༔ སྐུ་མདོག་དཀར་པོ་དར་དཀར་གསོལ༔ ལྷོ་རུ་རཏྣ་ཐོད་ཕྲེང་རྩལ༔ རིན་ཆེན་དྷཱ་རུ་ཞགས་པ་བསྣམས༔ སྐུ་མདོག་སེར་པོ་དར་སེར་གསོལ༔ ནུབ་ཏུ་པདྨ་ཐོད་ཕྲེང་རྩལ༔ པདྨ་དྷཱ་རུ་ལྕགས་སྒྲོག་བསྣམས༔ སྐུ་མདོག་དམར་པོ་དར་དམར་གསོལ༔ བྱང་དུ་ཀརྨ་ཐོད་ཕྲེང་རྩལ༔ རྒྱ་གྲམ་དྷཱ་རུ་དྲིལ་བུ་བསྣམས༔ སྐུ་མདོག་ལྗང་གུ་དར་ལྗང་གསོལ༔ ཐུགས་ཀར་བྷུདྡྷ་ཐོད་ཕྲེང་རྩལ༔ འཁོར་ལོ་དྷཱ་རུ་བྷནྡྷ་བསྣམས༔ སྐུ་མདོག་སྨུག་པོ་ཟབ་བེར་གསོལ༔ ཀུན་ཀྱང་ན་བཟའ་སྦྲགས་མ་ལ༔ གཟི་བརྗིད་མདངས་དང་ལྡན་པར་བསྐྱེད༔ དེ་ཡི་ཕྱི་རིམ་འདབ་བརྒྱད་ལ༔ ཤར་དུ་པདྨ་འབྱུང་གནས་མཐིང༔ རྩེ་ལྔ་གཡས་ལ་སྡིགས་མཛུབ་གཡོན༔ གཅེར་བུ་ཡུམ་དང་འཁྲིལ་བར་བསྐྱེད༔ ལྷོ་ཕྱོགས་བློ་ལྡན་མཆོག་སྲེད་དཀར༔ དྷཱ་རུ་གཡས་ལ་པད་ཕོར་གཡོན༔ སྔགས་འཆང་གཟི་བརྗིད་ལྡན་པར་བསྐྱེད༔ ནུབ་ཕྱོགས་ཉི་མ་འོད་ཟེར་སེར༔ ཁ་ཊྭཱཾ་གཡས་ལ་ཉི་ཟེར་གཡོན༔ རྣལ་འབྱོར་སྤྱོད་པའི་ལུགས་སུ་བསྐྱེད༔ བྱང་ཕྱོགས་སེང་གེ་སྒྲ་སྒྲོག་མཐིང༔ རྡོ་རྗེ་གཡས་ལ་སྡིགས་མཛུབ་གཡོན༔ རབ་འཇིགས་ཁྲོ་བོའི་ཚུལ་དུ་བསྐྱེད༔ ཤར་ལྷོར་པདྨ་སཾ་བྷ་དཀར༔ པད་ཕོར་གཡས་ལ་སྐྱབས་སྦྱིན་གཡོན༔ དགེ་སློང་གཞོན་ཚུལ་ལྡན་པར་བསྐྱེད༔ ལྷོ་ནུབ་པདྨ་རྒྱལ་པོ་དམར༔ དྷཱ་རུ་གཡས་ལ་མེ་ལོང་གཡོན༔ རྒྱལ་པོ་གཟི་བརྗིད་ལྡན་པར་བསྐྱེད༔ ནུབ་བྱང་ཤཱཀྱ་སེང་གེ་སེར༔ རྡོ་རྗེ་གཡས་ལ་ལྷུང་བཟེད་གཡོན༔ སྤྲུལ་སྐུ་ཤཱཀྱ་ཐུབ་པར་བསྐྱེད༔ བྱང་ཤར་རྡོ་རྗེ་གྲོ་ལོད་སྨུག༔ རྡོ་རྗེ་གཡས་ལ་ཕུར་པ་གཡོན༔ གཏུམ་དྲག་རྔམ་ཞིང་འཇིགས་པར་བསྐྱེད༔ ཕྱི་རིམ་པད་སྐོར་བཅུ་དྲུག་ལ༔ རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་དང༔ རིན་ཆེན་མཁའ་འགྲོ་ཡབ་ཡུམ་དངཿ པདྨ་མཁའ་འགྲོ་ཡབ་ཡུམ་དངཿ ལས་ཀྱི་མཁའ་འགྲོ་ཡབ་ཡུམ་རྣམས༔ གཅེར་བུ་རུས་པའི་རྒྱན་དྲུག་མཛེས༔ སྐུ་མདོག་རིགས་ཀྱི་ཕྱག་མཚན་འཛིན༔ གཞན་ཡང་རྡོ་རྗེ་རིན་ཆེན་དང༔ པདྨ་ལས་ཀྱི་ཤུགས་འགྲོར་བཅས༔ གྲི་གུག་ཐོད་ཁྲག་ཁ་ཊྭཱཾ་འཛིན༔ ཕྱི་རོལ་བར་ཁྱམས་འཁོར་ཡུག་ལ༔ བདག་སྐྱོབས་ལྷ་དང་རིག་འཛིན་ཚོགས༔ མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྣམས༔ གླུ་ལེན་གར་བྱེད་རོལ་མོ་སྒྲོག༔ འདོད་ཡོན་ལོངས་སྤྱོད་སྤྲིན་ལྟར་གཏིབས༔ ཕྲིན་ལས་བསྒྲུབ་ཅིང་བར་ཆད་སེལ༔ དེ་ལྟར་ཡོངས་རྫོགས་ལྷ་རྣམས་ཀྱང༔ དངོས་འཛིན་རང་རྒྱུད་མ་ཡིན་པར༔ ནམ་མཁའ་ལ་ནི་འཇའ་ཚོན་བཞིན༔ སྣང་ལ་རང་བཞིན་མེད་པར་བསྒོམ༔ འཛིན་པས་མ་བཅོས་གསལ་བར་བསྐྱེད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ བུདྡྷ༴ བཛྲ༴ རཏྣ༴ པདྨ༴ ཀརྨ་ཐོད་ཕྲེང་རྩལ་ས་མ་ཡ་ཛཿཛ༔ བཛྲ་གུ་རུ་པདྨ་འབྱུང་གནས་ས་མ་ཡ་ཛཿཛ༔ པདྨ་སཾ་བྷ་ཝ་ས་མ་ཡ་ཛཿཛ༔ བློ་ལྡན་མཆོག་སྲེད་ས་མ་ཡ་ཛཿཛ༔ པདྨ་རཱ་ཛ་ས་མ་ཡ་ཛཿཛ༔ སཱུརྻ་འོད་ཟེར་ས་མ་ཡ་ཛཿཛ༔ ཤཱཀྱ་སེང་གེ་ས་མ་ཡ་ཛཿཛ༔ སེང་གེ་སྒྲ་སྒྲོག་ས་མ་ཡ་ཛཿཛ༔ བཛྲ་གྲོ་ལོད་ས་མ་ཡ་ཛཿཛ༔ བཛྲ་ཀྲོ་དྷཱ་ཧ་ཡ་གྲཱི་ཝ་བཛྲ་ཝཱ་ར་ཧི༔ ཧྲཱི་མ་ཧ་རི་ནི་ས༔ ར་ཙ་ཧྲི་ཡ༔ དྷཱ་ཀི་ནཱི་བཛྲ་གིང་ཀ་ར༔ གུ་རུ་དྷེ་ཝཱ་དྷཱ་ཀི་ནཱི༔ སརྦ་ས་མ་ཡ་ཛ་ཛཿ བྱིན་རླབས་དབང་བསྐུར་བྱ་བ་ནི༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ དམ་ཚིག་གསང་བའི་དཀྱིལ་འཁོར་འདིར༔ སྐུ་གསུང་ཐུགས་ཀྱིས་བྱིན་རློབས་ལ༔ ཡེ་ཤེས་ལྔ་ཡི་དབང་སྐུར་ཅིག༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་སྭཱ་ཨཱཾ་ཧཱ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ས་མ་ཡ་ཛ་ཛ༔ བརྒྱད་པ་སྤྱན་དྲང་བ་ནི༔ ཧཱུྃ་ཧྲཱི༔ སྔོན་གྱི་བསྐལ་པ་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ དྷ་ན་ཀོ་ཤའི་མཚོ་གླིང་དུ༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ བསིལ་བ་ཚལ་གྱི་དུར་ཁྲོད་དུ༔ ཡོན་ཏན་སྣ་ཚོགས་དངོས་གྲུབ་བརྙེས༔ པདྨ་སཾ་བྷ་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ རཱ་ག་ར་ཏའི་གནས་མཆོག་ཏུ༔ ཐམས་ཅད་མཁྱེན་པའི་དངོས་གྲུབ་བརྙེས༔ བློ་ལྡན་མཆོག་སྲེད་ཅེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ དགའ་བ་ཚལ་གྱི་དུར་ཁྲོད་དུ༔ ཁམས་གསུམ་དབང་སྡུད་དངོས་གྲུབ་བརྙེས༔ པདྨ་རྒྱལ་པོ་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ སོ་ས་གླིང་གི་དུར་ཁྲོད་དུ༔ འགྲོ་བ་འདུལ་བའི་དངོས་གྲུབ་བརྙེས༔ ཉི་མ་འོད་ཟེར་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཟ་ཧོར་རྒྱལ་པོའི་ཡུལ་དབུས་སུ༔ བདུད་འདུལ་དྲག་པོའི་དངོས་གྲུབ་བརྙེས༔ ཤཱཀྱ་སེང་གེ་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ མ་ག་དྷ་ཡི་གནས་མཆོག་ཏུ༔ མུ་སྟེགས་འདུལ་བའི་དངོས་གྲུབ་བརྙེས༔ སེང་གེ་སྒྲ་སྒྲོག་ཅེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ སྟག་ཚང་སེང་གེ་བསམ་འགྲུབ་ཏུ༔ དྲེགས་པ་ཚར་གཅོད་དངོས་གྲུབ་བརྙེས༔ རྡོ་རྗེ་གྲོ་ལོད་ཅེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཡུལ་གྱི་མིང་ནི་རྔ་ཡབ་གླིང༔ ཟངས་མདོག་དཔལ་རིའི་རྩེ་མོ་ན༔ པདྨ་འོད་ཀྱི་གཞལ་ཡས་སུ༔ སྒྲུབ་པ་མཐར་ཕྱིན་དངོས་གྲུབ་བརྙེས༔ རྡོ་རྗེ་ཐོད་ཕྲེང་རྩལ་དུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧཱུྃ༔ བདེ་ཆེན་འབར་བའི་དཀྱིལ་འཁོར་ནས༔ དབང་གི་རྒྱལ་པོ་རྟ་མཆོག་དཔལ༔ རྡོ་རྗེ་ཕག་མོ་ཡུམ་དང་བཅས༔ དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ ཕྱོགས་བཞི་མཚམས་བརྒྱད་གཞལ་ཡས་ནས༔ རིགས་བཞི་མཁའ་འགྲོ་ཡུམ་དང་བཅས༔ བདུད་འདུལ་གིང་བཞི་གཤེགས་སུ་གསོལ༔ དཔའ་བོ་དཔའ་མོ་གཤེགས་སུ་གསོལ༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ དཔའ་བོ་མཁའ་འགྲོ་མ་ལུས་དང༔ རིག་འཛིན་ཆོས་སྐྱོང་ཐམས་ཅད་བྱོན༔ དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམ༔ དར་གྱི་ཅོད་པན་པུ་རུ་རུ༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ སིལ་སྙན་མང་པོ་སི་ལི་ལི༔ རྒྱན་ཆ་མང་པོ་ཁྲ་ལ་ལ༔ རོལ་མོ་མང་པོ་ཏི་རི་རི༔ དཔའ་བོའི་བྲོ་བརྡུང་ཁྲབས་སེ་ཁྲབ༔ དཔའ་མོའི་གླུ་ལེན་ཀྱུ་རུ་རུ༔ ཡི་དམ་ལྷ་ཚོགས་ཡ་ལ་ལ༔ མཁའ་འགྲོ་མ་ཚོགས་ཐིབས་སེ་ཐིབ༔ ཆོས་སྐྱོང་ལས་བྱེད་ཁྱུགས་སེ་ཁྱུག༔ ཞུབ་ཅན་སྟོང་སྒྲ་སི་ལི་ལི༔ ལྷ་སྲིན་སྡེ་བརྒྱད་ཤ་ར་ར༔ གཡས་ན་ཕོ་རྒྱུད་ཐིབས་སེ་ཐིབ༔ གཡོན་ན་མོ་རྒྱུད་སྤུངས་སེ་སྤུང༔ དར་གྱི་རུ་མཚོན་ལྷུབས་སེ་ལྷུབ༔ དྲི་ཞིམ་ངད་པ་ཐུ་ལུ་ལུ༔ མཁའ་འགྲོའི་བརྡ་སྐད་ཏི་རི་རི༔ དཔའ་བོའི་བཤུད་གླུ་ཀྱུ་རུ་རུ༔ དཔའ་མོས་གར་བྱེད་ཤིགས་སེ་ཤིག༔ ཧཱུྃ་གི་སྣང་གླུ་ཏི་རི་རི༔ ཕཊཿཀྱི་བརྡ་སྐད་སངས་སེ་སང༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ གུ་རུའི་འཛབ་བཟླས་ཤིང༔ རྔ་ཡབ་ཀྱི་གླིང་ནས་ལྷོ་ནུབ་ཀྱི་ནམ་མཁའ་ལ་ཐིབས་ཀྱིས་བྱོན་པར་བསམ་མོ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ རིན་ཆེན་ཕོ་བྲང་ཉམས་རེ་དགའ༔ དུར་ཁྲོད་གཞལ་ཡས་བྱིན་རེ་ཆེ༔ པདྨ་འདབ་བརྒྱད་མདངས་དང་ལྡན༔ ཉི་ཟླ་བརྩེགས་པ་འོད་རེ་གསལ༔ རྟོག་མེད་རོ་གདན་བག་རེ་དྲོ༔ བཞུགས་པའི་གནས་སུ་དང་རེ་སྤྲོ༔ གུ་རུ་ཡི་དམ་མཁའ་འགྲོའི་ཚོགས༔ དགྱེས་ཤིང་བྱིན་གྱིས་བརླབ་ཕྱིར་བཞུགས༔ མོས་པའི་བུ་ལ་ཞལ་སྟོན་འཚལ༔ གསུང་གི་གདམས་པའི་གནད་བསྒྲག་འཚལ༔ ཐུགས་ཀྱི་དགོངས་པའི་སྒོ་དབྱེ་འཚལ༔ འགྲོ་བའི་དོན་ལ་སྐུ་བཞུགས་འཚལ༔ གུ་རུ་དྷེ་ཝཱ་དྷཱ་ཀི་ནཱི་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཨེ་མ་ཧོ༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ༔ ཡིད་བཞིན་དངོས་གྲུབ་ཆར་འབེབ་པའི༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ སྤྲོས་བྲལ་བདེ་ཆེན་ཀུན་བཟང་མོ༔ རྡོ་རྗེ་སྨན་གཅིག་མཚོ་རྒྱལ་མ༔ བདེ་སྟོང་གཉིས་མེད་ཐབས་ཤེས་སྦྱོར༔ ཡབ་ཡུམ་གཉིས་མེད་ཕྱག་འཚལ་ལོ༔ བྱ་བྱེད་ཡིད་ཆོས་རྣམ་པར་དག༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ༔ དབང་ཆེན་རྟ་མཆོག་ཡབ་ཡུམ་ལ༔ གཉིས་མེད་གུས་པས་ཕྱག་འཚལ་ལོ༔ སྣང་བ་ཡབ་ལ་སྟོང་པ་ཡུམ༔ མཁའ་འགྲོ་གིང་ལ་ཕྱག་འཚལ་ལོ༔ ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོལ༔ ཆོས་སྐྱོང་སྲུང་མའི་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ དེ་ནས་ཕྱི་མཆོད་འབུལ་བ་ནི༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ ལྷ་རྫས་ཕྱི་མཆོད་འབུལ་བ་ནི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སིལ་སྙན་ཡིད་འོང་རྣམས༔ སྤྱན་ཤངས་ཐུགས་ཀ་སྐུ་ལུས་དང༔ ཞལ་དུ་སྙན་དུ་མཆོད་པ་འབུལ༔ གུ་རུ་དྷེ་བ་དྷཱ་ཀི་ནཱི་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱཱ་ཤབྡ་པཱུ་ཙ་ཧོ༔ དེ་ནས་ནང་མཆོད་འབུལ་བ་ནི༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ རང་བྱུང་ནང་མཆོད་འབུལ་བ་ནི༔ དབང་པོ་རྣམ་ལྔའི་མེ་ཏོག་འབུལ༔ གསུར་ཆེན་བདུག་སྤོས་དྲི་ཡིས་མཆོད༔ ཞུན་ཆེན་སྣང་གསལ་མར་མེས་མཆོད༔ རྡོ་རྗེ་དྲི་ཆུའི་བྱུག་པས་མཆོད༔ བདུད་རྩི་དྲི་ཆེན་ཞལ་ཟས་མཆོད༔ རྐང་གླིང་ཐོད་པའི་རྔ་སྒྲས་མཆོད༔ དུག་གསུམ་སྐུ་གསུང་ཐུགས་སུ་མཆོད༔ དུག་ལྔ་ཡེ་ཤེས་ལྔ་རུ་མཆོད༔ སྣང་སྲིད་ཕྱག་རྒྱ་བཞི་རུ་མཆོད༔ ནང་གི་མཆོད་པ་བཞེས་སུ་གསོལ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ མ་ཧཱ་པཉྩ་པཱུ་ཙ་ཧོ༔ དེ་ནས་གསང་མཆོད་འབུལ་བ་ནི༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ གཉིས་མེད་གསང་མཆོད་འབུལ་བ་ནི༔ ཡབ་ཡུམ་གཉིས་མེད་མཁའ་གསང་ནས༔ བྱང་སེམས་དཀར་དམར་བདེ་བས་མཆོད༔ བདེ་བའི་རོ་སྙོམ་མཆོད་པར་འབུལ༔ སྐུ་ལུས་རྒྱས་ཕྱིར་བཞེས་སུ་གསོལ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་པཱུ་ཙ་ཧོ༔ དེ་ནས་སྨན་མཆོད་འབུལ་བ་ནི༔ ཧཱུྃ༔ རང་བྱུང་གདོད་ནས་རྣམ་པར་དག༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས༔ རྒྱུད་ལྔའི་སེམས་ཅན་ཀུན་སྒྲོལ་ཕྱིར༔ དུག་ལྔ་སེལ་བའི་བདུད་རྩི་ཆེ༔ ཨོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཧཱུྃ༔ རྩ་བརྒྱད་སྟོང་སྦྱར་ཨ་མྲྀཏ༔ འཆི་མེད་གསང་བའི་བདུད་རྩི་འདི༔ བླ་མ་ཡི་དམ་མཁའ་འགྲོ་མཆོད༔ བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཐམས་ཅད་ལ་མཚན་དོན་སྦྱར་རོ༔ ལྕེ་ཡི་དམ་ཚིག་བདུད་རྩི་ལ༔ རྡོ་རྗེ་ཅན་གྱི་ཧཱུྃ་བསྒོམ་སྟེ༔ མཐེབ་སྲིན་ཐབས་ཤེས་ཕྱག་རྒྱ་ཡིས༔ མྱོང་བས་དངོས་གྲུབ་མཆོག་ཐོབ་འགྱུར༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ དེ་ནས་དངོས་གྲུབ་བླང་ངོ༔ དེ་ནས་གཏོར་མ་འབུལ་བ་ནི༔ ཧཱུྃ༔ རྗེ་བཙུན་པདྨ་གཤེགས་སུ་གསོལ༔ གདུང་བ་དྲག་པོས་གསོལ་འདེབས་ཀྱིས༔ མཁའ་འགྲོའི་ཚོགས་དང་བཅས་པ་ལ༔ འདོད་ཡོན་ལྔ་ཡི་མཆོད་པ་འབུལ༔ བྷ་ལིང་རྒྱན་གྱི་མཆོད་པ་འབུལ༔ སྨན་རཀ་བདུད་རྩིའི་མཆོད་པ་འབུལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ ཏིང་འཛིན་རྩེ་གཅིག་མཆོད་པ་འབུལ༔ བླ་མ་རིག་འཛིན་མཆོད་པ་བཞེས༔ ཡི་དམ་ལྷ་ཚོགས་མཆོད་པ་བཞེས༔ མཁའ་འགྲོའི་ཚོགས་རྣམས་མཆོད་པ་བཞེས༔ གིང་གི་ཚོགས་རྣམས་མཆོད་པ་བཞེས༔ དཔའ་བོའི་ཚོགས་རྣམས་མཆོད་པ་བཞེས༔ དཔའ་མོའི་ཚོགས་རྣམས་མཆོད་པ་བཞེས༔ དམ་ཅན་ཚོགས་རྣམས་མཆོད་པ་བཞེས༔ རྣལ་འབྱོར་ཕོ་མོ་དམ་རེ་གཙང༔ མཁའ་འགྲོའི་ཚོགས་རྣམས་དང་རེ་སྤྲོ༔ དུར་ཁྲོད་གནས་མཆོག་ཉམས་རེ་དགའ༔ ཞིང་ཆེན་བླ་རེ་རྒྱན་དང་ལྡན༔ ཤ་སྣ་སྙིང་སྣ་བསམ་མི་ཁྱབ༔ སྤྲོ་དགའ་གནས་ཀྱི་མཆོད་པ་འབུལ༔ ཧཱུྃ༔ སྣང་བ་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ༔ སྲིད་པ་བཅུད་ཀྱི་སེམས་ཅན་གཏོར་མར་སྦྱར༔ དཔལ་གྱི་གཏོར་མ་བརྗིད་ལྡན་འགྱིང་བ་འདི༔ རི་རབ་ལྷུན་པོ་བས་ཀྱང་དཔང་རེ་མཐོ༔ མ་མོའི་གཏོར་མ་པདྨས་བསྐོར་བ་འདི༔ གླིང་བཞི་གླིང་ཕྲན་བས་ཀྱང་བཀོད་རེ་ལེགས༔ དཀར་གྱི་ཐིག་གདབ་དམར་གྱི་གུར་ཕུབ་པ༔ གསེར་གྱི་རི་བདུན་བས་ཀྱང་བརྗིད་རེ་ཆེ༔ རཀྟ་དམར་གྱི་ཨརྒྷཾ་སྦྲེང་བ་འདི༔ རྒྱ་མཚོ་མཆིང་སྣམ་བས་ཀྱང་རྒྱ་རེ་ཆེ༔ བདུད་རྩི་སྨན་ཕུད་གཏོར་མར་སྦྲེང་བ་འདི༔ ལྷ་ཡི་ཞལ་ཟས་བས་ཀྱང་རོ་རེ་མངར༔ དཀར་རྩི་དམར་རྩི་ཤ་ཆེན་དྲི་ཆེན་དང༔ དྲི་ཆུ་བྱུག་པའི་རྫས་ཏེ་རྣམ་པ་ལྔ༔ སེང་གེ་གླང་ཆེན་རྟ་དང་བ་གླང་དང༔ མཆོག་ཆེན་མི་ལ་སོགས་ཏེ་རྣམ་པ་ལྔ༔ མ་ཧཱ་མཱཾ་ས་ལ་སོགས་ཤ་སྣ་སྟོང༔ མ་ཧཱ་རཀྟ་ལ་སོགས་ཁྲག་སྣ་སྟོང༔ མ་ཧཱ་ཙིཏྟ་ལ་སོགས་སྙིང་སྣ་སྟོང༔ བ་སུ་ཏ་དང་ནང་རོལ་རྣམ་པ་ལྔ༔ དབང་པོ་ལྔ་དང་གོ་རོ་ཙ་ན་དང༔ ཤིང་ཐོག་མེ་ཏོག་འབྲུ་སྣ་སྨན་རྣམས་དང༔ ཟན་དང་ཁུར་བ་ཐུག་པའི་བྱེ་བྲག་དང༔ མར་ཐུད་ཕྲུམ་དང་ཞོ་རྩི་འོ་མར་བཅས༔ ཙིཏྟ་ཙ་རུ་རྩི་ཆེན་གོ་སྙོད་དང༔ ལྒ་དང་ལན་ཚྭ་སྤོད་ཀྱི་བྱེ་བྲག་དང༔ རི་སྒོག་ཀླུང་སྒོག་ཤ་མོང་སྣ་ཚོགས་དང༔ བཟའ་དང་བཅའ་དང་བཏུང་བའི་བྱེ་བྲག་དང༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ འདོད་ཡོན་ལྔ་ལྡན་མཆོད་པ་སྣ་ཚོགས་ཀུན༔ ཐོགས་མེད་བློ་ཡིས་ཐམས་ཅད་ཀུན་བསྡུས་ཏེ༔ ཏིང་འཛིན་དགོངས་རྒྱུད་དག་པས་བྱིན་བརླབས་ཏེ༔ བདུད་རྩིར་གྱུར་པའི་གཏོར་མ་ཆེན་པོ་འདིས༔ རྡོ་རྗེ་སློབ་དཔོན་ཐུགས་དམ་བསྐང་གྱུར་ཅིག༔ ཡི་དམ་ལྷ་ཚོགས་ཐུགས་དམ་བསྐང་གྱུར་ཅིག༔ མཁའ་འགྲོ་སྡེ་བཞིའི་ཐུགས་དམ་བསྐང་གྱུར་ཅིག༔ དཔའ་བོ་གིང་བཞིའི་ཐུགས་དམ་བསྐང་གྱུར་ཅིག༔ དམ་ཅན་སྲུང་མའི་ཐུགས་དམ་བསྐང་གྱུར་ཅིག༔ མཆོད་པར་འོས་པའི་ཐུགས་དམ་བསྐང་གྱུར་ཅིག༔ མ་ཧཱ་བྷ་ལིང་ཏ༔ ཨ་མྲྀ་ཏ་མ་ཧཱ་རཀྟ་ཁཱ་ཧི༔ རཀྟའི་མཆོད་པ་ནི༔ ཧཱུྃ༔ སྲིད་གསུམ་གདུག་པ་བསྒྲལ་པའི་ཁྲག༔ འཁོར་འདས་མཉམ་ཉིད་བྷནྡྷར་བསྐྱིལ༔ བདེ་ཆེན་རཀྟའི་མཆོད་པ་ཡིས༔ རྩ་བ་གསུམ་གྱི་ཐུགས་དམ་བསྐང༔ མ་ཧཱ་རཀྟ་ཁཱ་ཧི༔ སྦྱོར་བའི་མཆོད་པ་འབུལ་བ་ནི༔ ཧཱུྃ༔ སྣང་སྲིད་ཐབས་ཤེས་ཡབ་ཡུམ་དུ༔ དོན་དམ་འཁོར་འདས་གཉིས་མེད་སྦྱོར༔ གཉིས་མེད་བྱང་ཆུབ་སེམས་ཀྱི་རྒྱུས༔ རྒྱལ་བ་རྒྱ་མཚོ་མཉེས་གྱུར་ཅིག༔ ཛཿཧཱུྃ་བཾ་ཧོ༔ པདྨ་ཡོ་གི་ནི་མུ་དྲ་པྲ་ཝེ་ཤ་ཡ་ཕཊ༔ དེ་ནས་བསྒྲལ་མཆོད་ནི༔ ཧཱུྃ༔ སྟོང་ཉིད་དོན་རྟོགས་བློ་ཡིས་ནི༔ སྣང་སྲིད་འཁོར་འདས་གཅིག་ཏུ་བསྒྲལ༔ བློ་ངན་འཁོར་བའི་རྒྱུན་བཅད་དོ༔ རྒྱལ་བའི་ཐུགས་དམ་བསྐང་གྱུར་ཅིག༔ མ་ཏྲཾ་རཱུ་ཏྲ་པྲ་ཝེ་ཤ་ཡ་ཕཊ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧྲཱི༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་བྱོན་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ སྐུ་ནི་མི་འགྱུར་ཀུན་ཏུ་བཟང་པོའི་སྐུ༔ གསུང་ནི་མི་འགག་མཉམ་ཉིད་རིག་པའི་གསུང༔ ཐུགས་ནི་མི་གཡོ་སྨྲ་བསམ་བརྗོད་ལས་འདས༔ སྐུ་གསུང་ཐུགས་ལྡན་པདྨའི་རྒྱལ་ལ་བསྟོད༔ འགྲོ་བའི་དོན་དུ་རང་བྱུང་འོད་དཔག་མེད༔ བཀྲ་ཤིས་ཡོན་ཏན་དུ་མས་བརྒྱན་པའི་སྐུ༔ འཇིག་རྟེན་མངའ་བསྒྱུར་པདྨ་རྒྱལ་པོའི་སྲས༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ༔ རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ༔ དབང་གི་ལས་མཛད་པདྨ་ཐོད་ཕྲེང་རྩལ༔ དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ༔ ཐམས་ཅད་ལྷུན་གྲུབ་བུདྡྷ་ཐོད་ཕྲེང་རྩལ༔ ཕྲིན་ལས་རྫོགས་པའི་རྗེ་ལ་ཕྱག་འཚལ་བསྟོད༔ བླ་མ་ཆོས་སྐུའི་བསྟོད་པ་ནི༔ ཧཱུྃ༔ དུས་གསུམ་བདེ་གཤེགས་སྐུ་ལྔའི་བདག་ཉིད་འཆང༔ རྒྱལ་བའི་རྣམ་འཕྲུལ་པདྨ་འབྱུང་གནས་ནི༔ དྲི་མེད་རྣམ་དག་མཐིང་གསལ་ནམ་མཁའི་མདོག༔ ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དྲིལ་བུས་མཚན༔ ཐབས་ཤེས་དབྱེར་མེད་ཟུང་འཇུག་བདེ་བའི་ཚུལ༔ ཡེ་ཤེས་ལྔ་ལྡན་རིགས་ལྔས་དབུ་ལ་བརྒྱན༔ ལོངས་སྤྱོད་རབ་རྫོགས་དར་གྱི་ཅོད་པན་མཛེས༔ འཛུམ་པའི་མདངས་ལྡན་བྱམས་པའི་འོད་ཟེར་ཅན༔ ཕ་རོལ་ཕྱིན་དྲུག་རུས་པའི་རྒྱན་གྱིས་མཛེས༔ རྣམ་དག་བདེ་ཆེན་རལ་པའི་ཐོར་ཚུགས་ཅན༔ མཛེས་པའི་སྐུ་ལ་རིན་ཆེན་རྒྱན་གྱིས་སྤྲས༔ མཉམ་པའི་སྐྱིལ་ཀྲུང་པདྨའི་གདན་ལ་བཞུགས༔ ཐབས་མཆོག་དེ་ཡི་སྐུ་ལ་མཉམ་སྦྱོར་མ༔ ཡེ་ཤེས་མཚོ་རྒྱལ་རྡོ་རྗེ་ཕག་མོའི་ཚུལ༔ གཞོན་ནུ་ལང་ཚོ་བཅུ་དྲུག་ལོན་པའི་སྐུ༔ དཀར་དམར་མདངས་ལྡན་དབུ་སྐྲ་ཐུར་དུ་འཕྱངས༔ བདེ་བའི་རང་བཞིན་ནུ་མ་བྷ་ག་རྒྱས༔ མཛེས་པའི་ཚུལ་འཆང་ཡབ་ཀྱི་ཞལ་དུ་སྦྱོར༔ ཕྱག་གཡས་གྲི་གུག་ཡབ་ཀྱི་མགུལ་ནས་འཁྱུད༔ གཡོན་པས་ཐོད་ཁྲག་དགྱེས་ཕྱིར་ཡབ་ལ་སྟོབས༔ ཕྱག་རྒྱ་ལྔ་འཆང་རུས་པའི་རྒྱན་དྲུག་མཛེས༔ ཟུང་འཇུག་བདེ་ཆེན་ཞབས་གཉིས་ཡབ་ལ་འཁྲིལ༔ རྟོག་མེད་བདེ་ཆེན་ཡབ་ཡུམ་རོལ་པའི་གར༔ དྲི་མེད་རྣམ་དག་སྐུ་ལ་ཕྱག་འཚལ་བསྟོད༔ བླ་མ་ལོངས་སྐུའི་བསྟོད་པ་ནི༔ ཧཱུྃ༔ སྐྱེ་མེད་ངང་ནས་ལོངས་སྤྱོད་རྫོགས་པའི་སྐུ༔ བདེ་གཤེགས་ཡོངས་རྫོགས་ཕྲིན་ལས་འདུས་པའི་དཔལ༔ ལྷུན་གྲུབ་རིགས་འདུས་གཙོ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ དཀར་གསལ་མདངས་ལྡན་དྲི་མ་མེད་པའི་སྐུ༔ ཉོན་མོངས་ཞི་མཛད་རྡོ་རྗེ་དྲིལ་བུ་བསྣམས༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ ཨོཾ༔ སྐུ་ཡི་རང་བཞིན་སྨུག་ནག་བརྗིད་པའི་མདངས༔ ལྷུན་གྱིས་གྲུབ་པའི་འཁོར་ལོ་དྲིལ་བུ་བསྣམས༔ བུདྡྷ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ ཨཱ༔ འགག་མེད་བདེ་ཆེན་པད་མ་རཱ་གའི་མདོག༔ གསུང་གི་དབང་ཕྱུག་པདྨ་དྲིལ་བུ་བསྣམས༔ པདྨ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ སྭཱ༔ གསེར་གྱི་མདོག་ཅན་ཡོན་ཏན་རྒྱས་པའི་སྐུ༔ ཡོན་ཏན་རྒྱས་མཛད་རིན་ཆེན་དྲིལ་བུ་བསྣམས༔ རཏྣ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ ཧཱ༔ ཀུན་གྱི་བདག་ཉིད་སྐུ་མདོག་ལྗང་སེར་མཛེས༔ ཕྲིན་ལས་རབ་རྫོགས་རྒྱ་གྲམ་དྲིལ་བུ་བསྣམས༔ ཀརྨ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ བླ་མ་སྤྲུལ་སྐུའི་བསྟོད་པ་ནི༔ ཧཱུྃ༔ དུས་གསུམ་བདེར་གཤེགས་རྒྱལ་བའི་སྲས་ཆེན་པོ༔ ཀུན་གྱི་བདག་ཉིད་རྡོ་རྗེ་ཐོད་ཕྲེང་རྩལ༔ ཞལ་གཅིག་ཕྱག་གཉིས་དཀར་ལ་དམར་བའི་མདངས༔ སྡེ་སྣོད་གསུམ་གྱིས་བརྒྱན་པའི་ཆོས་གོས་གསོལ༔ ཐམས་ཅད་ཡོངས་རྫོགས་ཟ་འོག་བེར་ཆེན་ལ༔ ལྷུན་གྲུབ་བདེ་ཆེན་གསེར་གྱི་ཧ་རིས་ཅན༔ མི་འགྱུར་སྙིང་པོ་རྡོ་རྗེའི་སྐ་རགས་བཅིང༔ ཐེག་པ་ཡོངས་རྫོགས་པད་ཞྭ་མཐོན་མཐིང་ལ༔ མ་རིག་མུན་སེལ་ཐབས་ཤེས་ཉི་ཟླས་བརྒྱན༔ ཡེ་ཤེས་ལྔ་ལྡན་དར་གྱི་ཅོད་པན་འཕུར༔ ས་བཅུའི་མགོན་པོ་དབུ་སྐྲ་སིལ་བུར་བསིལ༔ གཞོན་ནུའི་ཚུལ་མཛེས་གསེར་གྱི་སྙན་ཆ་འཁྲོལ༔ སྐུ་གསུམ་འཆང་བ་ནོར་བུའི་མགུལ་རྒྱན་སྤྲས༔ ཐབས་ཤེས་འགྱུར་མེད་རྡོ་རྗེ་གསོར་བར་མཛད༔ ཆགས་དང་རྟོག་མེད་བྷནྡྷ་བསྣམས་པའི་ཚུལ༔ སྐུ་གསུམ་མཚོན་ཕྱིར་མི་མགོ་སྐམ་གཤེར་རློན༔ དུག་གསུམ་རྩད་གཅོད་ཁ་ཊྭཱཾ་རྩེ་གསུམ་བརྒྱན༔ མཛེས་པའི་ངང་ཚུལ་སྤྱན་གཉིས་ཞི་མ་ཁྲོ༔ ཐུགས་རྗེའི་རང་བཞིན་ཟླ་བ་རྒྱས་པའི་ཞལ༔ སྐྱོན་གྱིས་མ་གོས་པད་སྡོང་མཛེས་པའི་སྟེང༔ མི་འགྱུར་བདེ་ཆེན་རྡོ་རྗེའི་སྐྱིལ་ཀྲུང་མཛད༔ ཕྲིན་ལས་རྣམ་བཞི་མཁའ་འགྲོའི་འཁོར་གྱིས་བསྐོར༔ སྤྲུལ་པའི་སྐུ་ལ་མཚན་དང་དཔེ་བྱད་རྫོགས༔ ཀུན་འདུས་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ མཚན་བརྒྱད་ཀྱི་བསྟོད་པ་ནི༔ ཧྲཱི༔ མ་ཆགས་སྐྱོན་གྱིས་མ་གོས་པའི༔ པདྨ་འབྱུང་གནས་སྐུ་ལ་ཕྱག་འཚལ་བསྟོད༔ ཡོན་ཏན་ཐམས་ཅད་རབ་རྫོགས་པའི༔ པདྨ་སམ་བྷའི་སྐུ་ལ་ཕྱག་འཚལ་བསྟོད༔ ཤེས་བྱ་ཀུན་ལ་མ་རྨོངས་པའི༔ བློ་ལྡན་མཆོག་སྲེད་སྐུ་ལ་ཕྱག་འཚལ་བསྟོད༔ ཁམས་གསུམ་སྲིད་གསུམ་དབང་སྡུད་པའི༔ པདྨ་རྒྱལ་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ རྨོངས་པའི་མུན་སེལ་འགྲོ་བ་འདུལ༔ ཉི་མ་འོད་ཟེར་སྐུ་ལ་ཕྱག་འཚལ་བསྟོད༔ ལོག་འདྲེན་བདུད་བཞི་ཚར་གཅོད་པའི༔ ཤཱཀྱ་སེང་གེའི་སྐུ་ལ་ཕྱག་འཚལ་བསྟོད༔ མུ་སྟེགས་དམ་སྲི་འདུལ་མཛད་པའི༔ སེང་གེ་སྒྲ་སྒྲོག་སྐུ་ལ་ཕྱག་འཚལ་བསྟོད༔ དྲེགས་པ་དགྲ་བགེགས་ཚར་གཅོད་པའི༔ རྡོ་རྗེ་གྲོ་ལོད་སྐུ་ལ་ཕྱག་འཚལ་བསྟོད༔ སྣང་བ་མ་འགག་ཐུགས་རྗེ་ཆེན་པོའི་སྐུ༔ རྟ་མགྲིན་དབང་གི་སྐུ་ལ༔ སྐྱེ་མེད་རྣམ་དག་ཆོས་དབྱིངས་དག་པའི་ཀློང༔ རྡོ་རྗེ་ཕག་མོ་ཡུམ་ལ་ཕྱག་འཚལ་བསྟོད༔ སྐྱེ་འགག་གཉིས་སུ་མེད་པའི་མཁའ་དབྱིངས་ལས༔ ཐུགས་རྗེ་མ་འགག་ཅིར་ཡང་སྟོན་ཅིང་སྤྲུལ༔ དཔའ་བོ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ དམ་ཚིག་གི་བཤགས་པ་བྱ་བ་ནི༔ ཧཱུྃ༔ བླ་མ་རིག་འཛིན་མཁའ་འགྲོ་དགོངས༔ རང་རིག་བླ་མ་ཀུན་ཏུ་བཟང༔ མ་རྟོགས་གཉིས་འཛིན་བློས་བཟུང་བ༔ དབྱེར་མེད་ཀློང་དུ་བཟོད་པར་གསོལ༔ ཨོཾ་གུ་རུ་སཏྭ་ས་མ་ཡ༔ སོགས། ཞེས་ཡིག་བརྒྱ་བཟླས་སོ༔ དེ་ནས་འཛབ་ལ་འཇུག་སྟེ༔ ཚིག་གིས་གསལ་གདབ་འདི་སྐད་བསྐུལ༔ ཧཱུྃ༔ གསང་འདུས་བླ་མའི་དཀྱིལ་འཁོར་དུ༔ ཕོ་བྲང་མཐའ་དབུས་མེད་པ་ཡི༔ བདེ་ཆེན་འོད་ཀྱི་གཞལ་ཡས་སུ༔ པདྨ་སྟོང་ལྡན་ཉི་ཟླའི་སྟེང༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ སྐུ་གསུམ་སྐུ་ལྔ་མཚན་བརྒྱད་བཅས༔ མཁའ་འགྲོ་སྡེ་བཞི་ཤུགས་འགྲོ་དང༔ གིང་དང་དཔའ་བོ་དཔའ་མོའི་ཚོགས༔ དམ་ཅན་བཀའ་སྡོད་སྲུང་མར་བཅས༔ སྐྱེ་མེད་ཆོས་སྐུའི་ཀློང་ཡངས་ནས༔ འགག་མེད་གསུང་གི་སྔགས་སྒྲ་སྒྲོག༔ ཛཔ྄་ཀྱིས་སྐུ་གསུམ་གནད་ནས་བསྐུལ༔ སྤྲོས་པས་རྒྱལ་བ་མཆོད་པས་མཉེས༔ བསྡུས་པས་དངོས་གྲུབ་བདག་ལ་ཐིམ༔ བསྙེན་སྒྲུབ་མཐའ་རུ་མ་ཕྱིན་བར༔ སྲོག་གི་ཕྱིར་ཡང་མི་གཏོང་ངོ༔ རིག་པ་ཧུར་ཕྱུང་ཉམས་རྟོགས་སྤར༔ བསྙེན་དུས་བླ་མ་སྤྱི་བོར་བསྒོམ༔ གསོལ་འདེབས་ཚུལ་དུ་ཛཔ྄་འདི་བཟླ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སྒྲུབ་དུས་བླ་མ་སྙིང་གར་བསྒོམ༔ མཆོད་བསྟོད་ཚུལ་དུ་ཛཔ྄་འདི་བཟླ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ བཛྲ་ས་མ་ཡ་ཛ༔ སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ལས་སྦྱོར་བླ་མ་རང་གསལ་གདབ༔ ཕྲིན་ལས་སྒྲུབ་པའི་ཚུལ་དུ་བཟླ༔ ཧྲཱི་མ་ཧ་རི་ནི་ས་ར་ཙ་ཧྲི་ཡ༔ ཙིཏྟ་ཧྲིང་ཧྲིང་ཛཿཛ༔ བདུན་འབུམ་ཉི་ཁྲི་རྟགས་དང་སྦྱར༔ སྐབས་སུ་དྲག་པོའི་ཧཱུྃ་བསྒྲུབ་བྱ༔ གནད་ནས་བསྐུལ་ཞིང་དངོས་གྲུབ་བླང་བ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ དང་པོ་བསྙེན་ཅིང་བར་དུ་བསྒྲུབས༔ ད་ལྟ་བདག་དང་གཉིས་སུ་མེད༔ འདིར་འདུས་རྣལ་འབྱོར་བདག་ཅག་གིས༔ དཀྱིལ་འཁོར་གསུམ་དུ་བསྙེན་ཅིང་བསྒྲུབས༔ བསྙེན་སྒྲུབ་ལས་སྦྱོར་མཐའ་རུ་ཕྱིན༔ དེང་སང་སྐྱ་རེངས་དང་པོ་ཤར༔ རྡོ་རྗེ་སྲིན་པོའི་ནམ་ལངས་ཉེ༔ དངོས་གྲུབ་འབྱུང་བའི་དུས་ལ་བབ༔ རྒྱལ་བ་ཐུགས་རྗེའི་རང་བཞིན་ལ༔ གནད་ནས་བསྐུལ་བརྡ་མི་འཚལ་ཡང༔ དེང་སང་ཐུགས་དམ་གནད་ནས་བསྐུལ༔ གསང་བ་ཐུགས་ཀྱི་དཔལ་བེ་འུ་ནས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཞེས་པད་ཀོར་བྱ་ཞིང་ཐལ་མོ་སྦྱར༔ ཕྱི་ནང་འཆམས་ཤིང་དངོས་གྲུབ་བླང༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་རྗེས་ཀྱི་ལས་ཁྲིད་བཅུ་བཞི་ལས༔ དང་པོ་ཐུགས་དམ་བསྐང་བ་ནི༔ སྤྱན་གཟིགས་རྫས་ཀྱིས་སྐུ་ལ་བསྐང༔ བཤགས་པའི་ཚིག་གིས་གསུང་ལ་བསྐང༔ མཐའ་བྲལ་ལྟ་བས་ཐུགས་ལ་བསྐང༔ མཆོད་པས་ཐུན་མོང་དུ་བསྐང་བའོ༔ དེ་ལ་རྣལ་འབྱོར་པ་རྣམས་མཆོད་པའི་རྫས་སུ་གྱུར་ཚད་དང༔ ཚོགས་དང་མར་མེ་བདུད་རྩི་དང༔ དྲིལ་བུ་ལ་སོགས་ཐོགས་ལ༔ དཀྱིལ་འཁོར་ལ་འཆམས་སྟབས་སུ་བསྐོར༔ དེ་ནི་འདོད་ཡོན་རྫས་ཀྱིས་སྐུ་ལ་བསྐང་བའོ༔ དེ་ནས་བཤགས་པའི་ཚིག་གིས་གསུང་ལ་བསྐང་བ་ནི༔ ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ གསང་བའི་དཀྱིལ་འཁོར་གཞུང་བཞིན་བཤམས་ནས་ཀྱང༔ སྒྲུབ་རྫས་གཉན་པོ་གཞུང་བཞིན་བཀྲམ་ལགས་ན༔ རྡོ་རྗེ་སློབ་དཔོན་ཐུགས་དམ་བསྐང་གྱུར་ཅིག༔ ཡི་དམ་ལྷ་ཚོགས་ཐུགས་དམ་བསྐང་གྱུར་ཅིག༔ མཁའ་འགྲོ་ཆོས་སྐྱོང་ཐུགས་དམ་བསྐང་གྱུར་ཅིག༔ དམ་ཅན་སྲུང་མའི་ཐུགས་དམ་བསྐང་གྱུར་ཅིག༔ བླ་མ་ཡི་དམ་མཁའ་འགྲོའི་ཐུགས་དམ་བསྐང་གྱུར་ནས༔ རྣལ་འབྱོར་བདག་གི་གཡར་དམ་སོར་སྩོལ་ཅིག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ལྟ་བས་ཐུགས་ལ་བསྐང་བ་ནི༔ ཀུན་གཞི་མ་བཅོས་ཀློང་ཡངས་ནས༔ རང་རིག་རང་གསལ་ཀུན་ཏུ་བཟང༔ གདོད་ནས་མ་སྐྱེས་ཀུན་བཟང་མོ༔ དབྱེར་མེད་བདེ་བ་ཆེན་པོ་ལ༔ བསྐང་དང་བཤགས་བྱ་བཤགས་པའི་ཡུལ༔ རྣམ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔ ཆོས་ཀྱི་སྐུ་ལ་གཉིས་སུ་མེད༔ གཉིས་མེད་རྟོགས་པས་ཐུགས་དམ་བསྐང༔ མཆོད་པས་ཐུན་མོང་དུ་བསྐང་བ་ནི༔ ཧཱུྃ༔ དམ་རྫས་གཏོར་ཆེན་བཤམས་པ་ཡང༔ མ་དང་མཁའ་འགྲོ་བསྟེན་ཕྱིར་འབུལ༔ བདུད་རྩི་སྨན་མཆོད་སྦྲེང་བ་ཡང༔ མ་དང་མཁའ་འགྲོ་བསྟེན་ཕྱིར་འབུལ༔ བྷནྡྷ་རཀྟས་བཀང་བ་ཡང༔ མ་དང་མཁའ་འགྲོ་བསྟེན་ཕྱིར་འབུལ༔ དུར་ཁྲོད་རྫས་མཆོག་བཀྲམ་པ་ཡང༔ མ་དང་མཁའ་འགྲོ་བསྟེན་ཕྱིར་འབུལ༔ རྐང་གླིང་ཐོད་པའི་རྔ་སྒྲ་ཡང༔ མ་དང་མཁའ་འགྲོ་བསྟེན་ཕྱིར་འབུལ༔ ཞུན་ཆེན་སྣང་གསལ་བལྟམས་པ་ཡང༔ མ་དང་མཁའ་འགྲོ་བསྟེན་ཕྱིར་འབུལ༔ མཱཾ་སའི་གསུར་དུད་བཏང་བ་ཡང༔ མ་དང་མཁའ་འགྲོ་བསྟེན་ཕྱིར་འབུལ༔ རྡོ་རྗེ་དྲི་ཆུའི་བྱུག་པ་ཡང༔ མ་དང་མཁའ་འགྲོ་བསྟེན་ཕྱིར་འབུལ༔ འདོད་ཡོན་རོ་མཆོག་སྤུངས་པ་ཡང༔ མ་དང་མཁའ་འགྲོ་བསྟེན་ཕྱིར་འབུལ༔ ཐུགས་དམ་གཉན་པོ་བསྐངས་ནས་ཀྱང༔ གཡར་དམ་གཉན་པོ་སོར་སྩོལ་ཅིག༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་མ་ཧཱ་པཉྩ༔ མ་ཧཱ་བ་ལིཾ་ཏ༔ མ་ཧཱ་རཀྟ་ཁཱ་ཧི་ཁཱ་ཧི༔ དགོངས་པས་མཆོད་པ་ནི༔ ཧཱུྃ༔ དམ་རྫས་རྒྱན་གྱི་མཆོད་པ་འདི་དག་ཀུན༔ གཉིས་མེད་མཉམ་པའི་ངང་དུ་འབུལ་ལགས་ན༔ བླང་དོར་མེད་པའི་ཚུལ་གྱིས་བཞེས་ནས་ཀྱང༔ ཐིམ་པའི་ཚུལ་གྱིས་དགྱེས་པ་ཆེན་པོར་རོལ༔ དེ་ནས་ཚོགས་འཁོར་བྱ་བ་ནི༔ ཚོགས་ཀྱི་ཡོ་བྱད་འཚོགས་ཚད་བཤམས་ལ༔ སྭ་བྷཱ་ཝས་སྦྱང༔ དྲི་ཆུ་དང་བདུད་རྩི་གཏོར་ལ༔ ཨོཾ་སརྦ་དྲ་བྱཾ་ཤོ་དྷ་ནི་ཧཱུྃ་ཕཊ༔ ཅེས་བསང༔ དེ་ནས་སྤྱན་དྲང་བ་ནི༔ ཧཱུྃ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ དབང་ཆེན་ཡབ་ཡུམ་གཙོ་དང་འཁོར༔ མཁའ་འགྲོ་དཔའ་བོ་གིང་དང་བཅས༔ སྐུ་ལ་སྒྲིབ་སེམས་མི་མངའ་ཡང༔ འགྲོ་རྣམས་བསོད་ནམས་གསག་པའི་ཕྱིར༔ ཡེ་ཤེས་ཚོགས་ལ་གཤེགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་སཏྭཾ༔ དེ་ནས་ཚོགས་ཕྲིན་གདབ་པ་ནི༔ བླ་མའི་མདུན་དུ་ཐལ་སྦྱར་པུས་བཙུགས་ལ༔ ཧོ་དགོངས་སུ་གསོལ་ལོ༔ སྤྲོས་པ་མེད་པའི་དབྱིངས༔ རང་བཞིན་རྣམ་པར་དག་པ་ན༔ ཨོ་རྒྱན་ཡབ་ཡུམ་མཁའ་འགྲོ་སྡེ་བཞིའི་ཚོགས་དང་བཅས་པ༔ དབང་ཆེན་ཡབ་ཡུམ་ཞི་ཁྲོའི་ལྷ་ཚོགས༔ དམ་ཅན་སྲུང་མ་དང་བཅས་པ༔ འདིར་འདུས་ཀྱི་རིག་འཛིན་རྡོ་རྗེ་སློབ་དཔོན༔ རྣལ་འབྱོར་ཕོ་མོའི་ཚོགས་རྣམས་དགོངས་སུ་གསོལ༔ རྒྱལ་བ་རྒྱ་མཚོའི་ཚོགས་ཁྱེད་རྣམས་ཀྱི་ཐུགས་དམ་བསྐང་ཞིང་རྣལ་འབྱོར་པ་བདག་གི་གཡར་དམ་སྩོལ་བའི་ཕྱིར༔ ཚོགས་འཁོར་གཞུང་བཞིན་དུ་འབུལ་ལགས་ན༔ ཐུགས་རྗེས་དགོངས་ཏེ་བཞེས་པར་ཅི་གནང༔ ཞེས་ཞུའོ༔ སློབ་དཔོན་གྱིས༔ ཧོ༔ བླ་མ་ཡང་སྙིང་འདུས་པའི་དཀྱིལ་འཁོར་ལྷ་རྣམས་དང༔ རྡོ་རྗེ་སློབ་དཔོན་རྣལ་འབྱོར་ཕོ་མོ་མཆེད་དང་ལྕམ་དྲལ་རྣམས་ཀྱི་ཐུགས་རྗེས་ཡལ་བར་མི་དོར་བའི་ཕྱིར༔ གསོལ་བར་གནང་གིས་འབྱོར་ཚོགས་གཞུང་བཞིན་དུ་དྲོངས་ཤིག༔ ཨ་ལ་ལ་ཧོ༔ དེ་ནས་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཚོགས་འཁོར་སྦྱང་ཕྱིར་ཡི་གེ་སྤྲོ༔ རཾ་ལས་མེ་བྱུང་དངོས་འཛིན་བསྲེག༔ ཡཾ་ལས་རླུང་བྱུང་བག་ཆགས་གཏོར༔ ཁཾ་ལས་ཆུ་བྱུང་གཉིས་འཛིན་བཀྲུས༔ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ བྱིན་གྱིས་བརླབ་པའི་ཡི་གེ་སྤྲོ༔ ཧཱུྃ་གིས་རྣམ་པར་རྟོག་པ་སྦྱངས༔ ཨཱཿཡིས་ཡེ་ཤེས་བདུད་རྩིར་བསྒྱུར༔ ཨོཾ་གྱིས་འདོད་ཡོན་སྣང་སྲིད་ཁེངས༔ ཧྲཱིཿཡིས་མཐོང་སྣང་ལྷ་ཚོགས་དགྱེས༔ དེ་ནས་ཚོགས་ཕུད་རིམ་གསུམ་སྤྲོས་ཏེ༔ དང་པོ་མཆོད་པ་ནི༔ ཧཱུྃ༔ བདེ་བར་གཤེགས་སོ་བཅོམ་ལྡན་འདས༔ སངས་རྒྱས་ཀུན་གྱི་བདག་ཉིད་ཆེ༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱིཿག་ཎ་ཙཀྲ་པཱུ་ཙ་ཁཱ་ཧི༔ བར་པ་བཤགས་པ་ནི། ཧཱུྃ༔ སྔོན་བྱུང་དུས་ནས་ད་ལྟའི་བར༔ མ་རིག་བདག་ལུས་ངག་སེམས་ཀྱིས༔ རྩ་བ་ཡན་ལག་ཆག་ཉམས་སོགས༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ ཐ་མ་དགྲ་གཟུགས་ཕུར་པས་གཟིར་བ་ནི༔ ཧཱུྃ༔ ཆེ་མཆོག་པདྨ་ཐོད་ཕྲེང་རྩལ༔ རྔམ་དྲག་གཏུམ་པའི་རང་བཞིན་ལས༔ ཡཀྴ་མི་དབལ་སྐར་ལྟར་འཁྲུགས༔ ལས་ཀྱི་ཕོ་ཉས་སྟོང་གསུམ་ཁེངས༔ གཡས་པས་རྡོ་རྗེ་ཕུར་པ་འདྲིལ༔ གཡོན་པས་ལྕགས་ཀྱུ་ཞགས་པ་འཛིན༔ དགྲ་བགེགས་སྒྲོལ་བའི་དུས་ལ་བབ༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ ནྲྀ་ཏྲི་ཤ་ཏྲཱུཾ་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ༔ བསྟབ་པ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཞལ་ཕྱེས་ཤིག༔ ཁམས་གསུམ་ཡོངས་སྒྲོལ་དགྲ་བགེགས་ཞལ་དུ་བསྟབ༔ རྔམས་བྱེད་ཧོམ་ཁུང་ཡངས་པའི་མགུལ་དུ་སྟིམས༔ འཁོར་འདས་མཉམ་ཉིད་ངང་དུ་མཆོད་པར་བཞེས༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་ནས་རིམ་པར་དྲངས་ཏེ༔ ཧོ༔ གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས༔ འདི་ལ་ཐེ་ཚོམ་བྱར་མི་རུང༔ བྲམ་ཟེ་ཁྱི་དང་གདོལ་པ་ཕག༔ རང་བཞིན་གཅིག་ཏུ་དགོངས་ཏེ་རོལ༔ ཞེས་པས་དྲང་བར་བྱའོ༔ དེ་ནས་རྡོ་རྗེ་སློབ་དཔོན་གྱིས་པདྨའི་ཕྱག་རྒྱ་དང་བཅས་པས་འདི་སྐད་དོ༔ ཨ་ལ་ལ་ཧོ༔ རིན་ཐང་མེད་ལ་ལེགས་འོང་ཆོས༔ འདོད་ཆགས་དྲི་མ་རྣམ་པར་དག༔ གཟུང་དང་འཛིན་པ་ཀུན་སྤངས་པའི༔ དེ་བཞིན་ཉིད་ལ་བདག་ཕྱག་འཚལ༔ ཞེས་པས་ལག་ཏུ་བཞེས་ཏེ་རོལ་ལོ༔ དེ་བཞིན་དུ་མཆེད་དང་ལྕམ་དྲལ་ལ་དྲང་ངོ༔ དེ་ནས་ལྷག་མ་རྣམས་རིམ་གྱིས་བསྡུས་ཏེ༔ རྡོ་རྗེ་སློབ་དཔོན་གྱིས་ཁ་ཆུས་བྲན༔ ལྷག་ཕུད་བསྲེ་སྟེ༔ ཧཱུྃ༔ དང་པོ་ཕུད་ཀྱིས་མི་མཆོད་རྒྱུ༔ བླ་མ་ཡི་དམ་ཕུད་ཀྱི་བདག༔ དེ་ནས་ལྷག་མས་མི་མཆོད་རྒྱུ༔ འཁོར་ཚོགས་རྒྱ་མཚོ་ལྷག་ལ་དགྱེས༔ ཐ་མ་གཅིག་ཏུ་མི་བསྲེ་རྒྱུ༔ ཆོས་ཉིད་ཡེ་ནས་རྒྱུ་འབྲས་གཅིག༔ ལྷག་མ་ཁ་ཆུས་མི་བྲན་རྒྱུ༔ ཁྱོད་དང་ང་གཉིས་དམ་ཚིག་གཅིག༔ ཧཱུྃ༔ དཔལ་གྱི་བཀའ་ཉན་ཚོགས་ཀྱི་ལྷག་སྡུད་རྣམས༔ དབང་གི་བཀའ་ཉན་མ་མོ་མཁའ་འགྲོའི་ཚོགས༔ ལས་རྣམས་ཞལ་གྱིས་བཞེས་པའི་དམ་ཅན་རྣམས༔ དཔལ་གྱི་བཀའ་སྡོད་ཅི་བགྱིས་བཀའ་ཉན་ཚོགས༔ མཁའ་འགྲོ་གིང་བཅས་ལང་ཀའི་ཚོགས་དང་བཅས༔ དུར་ཁྲོད་བདག་མོ་མ་བདུན་སྲིང་བཞི་དང༔ འབར་མ་ཕོ་ཉ་དབང་ཕྱུག་ཉི་ཤུ་བརྒྱད༔ དུར་ཁྲོད་ཆས་གསོལ་འཇིགས་པའི་སྒེག་ཚུལ་ཅན༔ མེ་ཏོག་ཆུན་འཕྱངས་དྲིལ་བུའི་སྐ་རགས་ཅན༔ ཕྱག་ན་རཏྣའི་གཞོང་ཐོགས་གཏོར་ལེན་མ༔ ལྷག་གཏོར་འདི་བཞེས་དཔལ་གྱི་བཀའ་ལུང་བཞིན༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཨོཾ་ཨུཙྪིཥྚ་བྷ་ལིང་ཏ་བཛྲ་ཨ་ཏི་ཏྲ་ཤ་ས་མ་ཡ་ཁཱ་ཧི་ཁཱ་ཧི༔ ཧཱུྃ་ཧྲཱིཿབྷྱོ་བྷྱོ༔ ཞེས་པས་བཏང་ངོ༔ དེ་ནས་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ༔ མ་གཡེལ་མ་འཕང་རིག་འཛིན་ཚོགས༔ མ་གཡེལ་མ་འཕང་མཁའ་འགྲོའི་ཚོགས༔ མ་གཡེལ་མ་འཕང་གིང་གི་ཚོགས༔ མ་གཡེལ་མ་འཕང་དཔའ་བོའི་ཚོགས༔ མ་གཡེལ་མ་འཕང་དཔའ་མོའི་ཚོགས༔ མ་གཡེལ་མ་འཕང་དམ་ཅན་ཚོགས༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ རང་བཞིན་གནས་ནས་སྐུ་སྐྱོད་ལ༔ མཁའ་འགྲོའི་ཚོགས་དང་གཤེགས་སུ་གསོལ༔ གིང་གི་ཚོགས་དང་གཤེགས་སུ་གསོལ༔ དཔའ་བོའི་ཚོགས་དང་གཤེགས་སུ་གསོལ༔ དཔའ་མོའི་ཚོགས་དང་གཤེགས་སུ་གསོལ༔ དམ་ཅན་ཚོགས་དང་གཤེགས་སུ་གསོལ༔ ཆོས་ཀྱི་དབྱིངས་ནས་སྐུ་སྐྱོད་ལ༔ རྡོ་རྗེ་ཕག་མོས་བྱིན་གྱིས་རློབས༔ དུར་ཁྲོད་གནས་ནས་སྐུ་སྐྱོད་ལ༔ རིགས་བཞི་མཁའ་འགྲོས་བྱིན་གྱིས་རློབས༔ ནམ་མཁའི་དབྱིངས་ནས་སྐུ་བསྐྱོད་ལ༔ རྡོ་རྗེ་ཕྲ་མེན་བྱིན་གྱིས་རློབས༔ རྒྱ་མཚོའི་གླིང་ནས་སྐུ་སྐྱོད་ལ༔ གླིང་བཞི་མཁའ་འགྲོས་བྱིན་གྱིས་རློབས༔ ཕྱོགས་བཞིའི་མཚམས་ནས་སྐུ་སྐྱོད་ལ༔ ལས་བྱེད་མཁའ་འགྲོས་བྱིན་གྱིས་རློབས༔ གངས་དཀར་རྩེ་ནས་སྐུ་སྐྱོད་ལ༔ རྡོ་རྗེ་གིང་ཆེན་བྱིན་གྱིས་རློབས༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་ཞིག་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ དེ་ནས་ཐུགས་དམ་ཐ་ཚིག་གིས་གནད་ནས་བསྐུལ་བ་ནི༔ ཧཱུྃ༔ ཡུལ་གྱི་མིང་ནི་རྔ་ཡབ་གླིང༔ ཟངས་མདོག་དཔལ་རིའི་རྩེ་མོ་རུ༔ པདྨ་འོད་ཀྱི་གཞལ་ཡས་སུ༔ གནས་མཆོག་དམ་པ་ཉམས་རེ་དགའ༔ གནས་མཆོག་ཉམས་སུ་མི་དགའ་རྒྱུ༔ རྗེ་བཙུན་པདྨ་ཐོད་ཕྲེང་དང༔ ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་གཉིས༔ སྐྱེ་ཤི་མེད་པའི་སྐུ་བརྙེས་ནས༔ སྲིན་པོ་རྣམས་ལ་དམ་ཆོས་སྟོན༔ མཁའ་འགྲོ་རྣམ་བཞིའི་འཁོར་གྱིས་བསྐོར༔ གིང་ཆེན་སྡེ་བཞི་བྲན་དུ་ཁོལ༔ ལྷ་སྲིན་སྡེ་བརྒྱད་ཕོ་ཉར་འགྱེད༔ གདོང་དམར་སྲིན་པོ་ཐབས་ཀྱིས་འདུལ༔ དབུ་ལ་རིན་ཆེན་རྒྱན་གྱིས་བརྒྱན༔ རུས་པའི་རྒྱན་ཆ་ཁྲོ་ལོ་ལོ༔ སིལ་སྙན་མང་པོ་སི་ལི་ལི༔ ཅོད་པན་དར་འཕྱང་པུ་རུ་རུ༔ རོལ་མོ་མང་པོ་ཏི་རི་རི༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་ཞིག་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཞི་རྒྱས་དབང་དྲག་སོ་སོ་ཡི༔ ཕྲིན་ལས་མྱུར་དུ་ཁྱེད་ཀྱིས་སྒྲུབས༔ བསྒྲལ་བའི་ཞིང་བཅུ་ཁྱེད་ཀྱིས་སྒྲོལ༔ སངས་རྒྱས་བསྟན་པ་ཁྱེད་ཀྱིས་སྲུངས༔ དཀོན་མཆོག་དབུ་འཕང་ཁྱེད་ཀྱིས་བསྟོད༔ རྣལ་འབྱོར་སྐུ་དགྲ་ཁྱེད་ཀྱིས་ཐུལ༔ ལྷ་འདྲེ་མི་གསུམ་དབང་དུ་སྡུས༔ འབྱུང་བཞིའི་ནད་རྣམས་ཁྱེད་ཀྱིས་སོལ༔ དུག་ལྔའི་རྣམ་རྟོག་ཞི་བར་མཛོད༔ དེ་རྗེས་གཏོར་དབང་བསྐུར་བ་ནི༔ གཏོར་མ་བསྙེན་སྒྲུབ་ཀྱི་དུས་ན་ལྷ་དང་མཆོད་རྫས་སུ་ཤེས་པ༔ དབང་གི་དུས་རྩ་བ་གསུམ་ཡོངས་རྫོགས་སུ་ཤེས་པ༔ རྗེས་སུ་རོལ་དུས་སུ་དངོས་གྲུབ་ཏུ་ཤེས་པ་དང་གསུམ་གྱིས་རྩ་གསུམ་ཡོངས་རྫོགས་ཀྱི་གཏོར་མ་དེ་དབང་ཚིག་གིས་བསྐུར་ཞིང་འདི་སྐད་དོ༔ ཧཱུྃ༔ གསང་བ་བླ་མེད་རྒྱལ་བའི་དཀྱིལ་འཁོར་དུ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་འདུས་པའི་དཔལ༔ དུས་གསུམ་བླ་མ་རྣམས་དང་གཅིག་པ་ལ༔ དངོས་གྲུབ་ཀུན་འབྱུང་ལྷ་དང་གཉིས་སུ་མེད༔ མ་མོ་མཁའ་འགྲོ་དབང་དུ་སྡུད་པའི་ཕྱིར༔ དམ་རྫས་གཏོར་ཆེན་མཆོག་གི་དངོས་གྲུབ་ཞུ༔ རྗེ་བཙུན་བླ་མ་པདྨ་ཐོད་ཕྲེང་རྩལ༔ འགྱུར་མེད་སྐུ་ཡི་སྒོ་ཕྱེས་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ རྣམ་དག་གསུང་གི་སྒོ་ཕྱེས་ལ༔ ཚངས་དབྱངས་དྲུག་ཅུའི་དངོས་གྲུབ་སྩོལ༔ སྤྲོས་བྲལ་ཐུགས་ཀྱི་སྒོ་ཕྱེས་ལ༔ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ༔ བུམ་པ་བཟང་དང་དཔག་བསམ་ནོར་བུའི་ཚུལ༔ དགོས་འདོད་ཡིད་བཞིན་འགྲུབ་པའི་དངོས་གྲུབ་སྩོལ༔ འགྱུར་མེད་སྐུ་ཡི་དངོས་གྲུབ་སྩོལ༔ འགག་མེད་གསུང་གི་དངོས་གྲུབ་སྩོལ༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཡོན་ཏན་རེ་སྐོང་དངོས་གྲུབ་སྩོལ༔ ཕྲིན་ལས་འགྲོ་འདུལ་དངོས་གྲུབ་སྩོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ འཛད་མེད་ནོར་གྱི་དངོས་གྲུབ་སྩོལ༔ རྒྱུད་འཛིན་སྲིད་ཀྱི་དངོས་གྲུབ་སྩོལ༔ ཐུན་མོང་ཡིད་བཞིན་དངོས་གྲུབ་སྩོལ༔ བླ་མེད་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཨ་བྷི་ཥིཉྩ་ཨཱ༔ ཞེས་པས་དབང་བཞི་བླང་ཞིང་གཞན་ལ་ཡང་བསྐུར་རོ༔ དེ་ནས་ཚེ་འགུགས་པ་ནི༔ རྒྱས་པར་སྒྲུབ་ཆེན་དུ་ཤེས་ལ༔ བསྡུས་པ་བྱ་ན༔ ཟན་གྱི་ཚེ་བུམ་པདྨ་འདབ་བཞི་དང༔ ཚེ་རིལ་གྱིས་བསྐོར༔ ཁ་རྒྱན་རྩེ་ལ་རྡོ་རྗེ་ཉི་ཟླ་རྟ་མགོས་མཚན་པའི་ནང་དུ་བདུད་རྩིས་བཀང༔ ཚེ་ཆང་ལ་མར་གྱི་ཟེ་ཁ་བྱ༔ ཚེ་བུམ་དེ་ཉིད་མི་དམིགས་པ་ལས༔ ཚེ་དཔག་མེད་ཇི་ལྟ་བ་བཞིན་བསྐྱེད༔ བླ་མ་ཡི་དམ་མཁའ་འགྲོ་རྣམས་ཀྱིས་ཚེ་བཅུད་ཐམས་ཅད་བསྡུས་པར་བསམ་ཞིང༔ ཨོཾ་བཛྲ་ཨཱ་ཡུ་ཛྙཱ་ན་ཧཱུྃ་བྷྲཱུྃ༔ སིདྡྷི་ཕ་ལ་ཧཱུྃ་ཧྲཱི༔ ཞེས་ཅི་འགྲུབ་བཟླས་པར་བྱའོ༔ དེ་ནས་ཚེ་ཡི་མདའ་དར་དམར་པོ་གཡབ་ཅིང་འདི་སྐད་དོ༔ ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྐུ་མདོག་དམར་པོ་ལོངས་སྤྱོད་རྫོགས༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ གསང་བ་ཐུགས་ཀྱི་བུམ་པ་ནས༔ སྙིང་པོ་ཐུགས་ཀྱི་ཨཱ་ཡུ་སྩོལ༔ བདག་ཅག་རྡོ་རྗེའི་ཚེ་ཐོབ་ཤོག༔ ཅེས་པས་ཡང་ཡང་བསྐུལ༔ དེའི་རྗེས་སུ་ཚེ་དཔག་མེད་ཀྱི་སྙིང་པོ་བཟླས་ཤིང་དབང་བསྐུར༔ དངོས་གྲུབ་ཏུ་རོལ་ཞིང་ཚེ་ཆང་བཏུང་ངོ༔ དེ་ནས་ཆད་མདོ་བྱ་བ་ནི༔ གཏོར་མ་དཔག༔ རྔ་བརྡུང༔ དུད་འབུད༔ རཀྟ་བྲན་ལ་འདི་སྐད་དོ༔ བྷྱོ༔ སྔོན་ཚེ་འདས་དུས་བསྐལ་པ་དང་པོ་ལ༔ འོག་མིན་གནས་མཆོག་བདེ་ཆེན་ཕོ་བྲང་དུ༔ བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀས༔ རྟ་སྐད་གསུམ་བསྒྲགས་སྣང་སྲིད་མ་མོ་བསྡུས༔ ཐ་ཚིག་གསུམ་གྱིས་དམ་ལ་བཏགས་པའི་ཚེ༔ ཕག་མོ་ལ་སོགས་མཁའ་འགྲོ་བྱེ་བ་བརྒྱས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ གཡར་དམ་ཅན་ལ་དངོས་གྲུབ་སྩོལ་བ་དང༔ བཀའ་ཡི་གཏོར་མ་བླང་བར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལ་མ་འདའ་བར༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ བྷྱོ༔ དེ་འོག་བར་གྱི་བསྐལ་པ་དབུས་མ་ལ༔ བྲག་དམར་བསམ་ཡས་ཨརྻ་པཱ་གླིང་དུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང༔ སློབ་མའི་དྭངས་མ་རྗེ་འབངས་གྲོགས་ལྔ་ཡིས༔ དབང་ཆེན་ཡོངས་རྫོགས་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ དུར་ཁྲོད་གནས་པའི་མཁའ་འགྲོ་སྡེ་བརྒྱད་དང༔ དྲེགས་པ་སྡེ་བརྒྱད་བརྟན་མ་བཅུ་གཉིས་ཀྱིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ གཡར་དམ་ཅན་ལ་དངོས་གྲུབ་སྩོལ་བ་དང༔ བཀའ་ཡི་གཏོར་མ་བླང་བར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལ་མ་འདའ་བར༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ བྷྱོ༔ དེ་འོག་བར་གྱི་བསྐལ་པ་ཐ་མ་ལ༔ ལྷོ་བྲག་མཁར་ཆུ་གཉན་གྱི་དབེན་གནས་སུ༔ སློབ་དཔོན་པདྨ་མཁར་ཆེན་མཚོ་རྒྱལ་དང༔ ནམ་མཁའི་སྙིང་པོ་ལང་གྲོ་ལོ་ཙཱ་ཡིས༔ ཡང་གསང་བླ་མའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ དབང་ཕྱུག་ཉེར་བརྒྱད་མཁའ་འགྲོ་སུམ་ཅུ་གཉིས༔ གིང་དང་ལང་ཀ་བརྟན་མར་བཅས་པ་ཡིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ གཡར་དམ་ཅན་ལ་དངོས་གྲུབ་སྩོལ་བ་དང༔ བཀའ་ཡི་གཏོར་མ་བླང་བར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལ་མ་འདའ་བར༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ བྷྱོ༔ དེ་འོག་ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ རྔ་ཡབ་གླིང་ཕྲན་ཟངས་མདོག་དཔལ་རིའི་རྩེར༔ སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་དང༔ རིག་འཛིན་སྔགས་འཆང་རཏྣ་གླིང་པ་ཡིས༔ རྩ་བ་གསུམ་གྱི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ བསེ་ལང་མཁའ་འགྲོ་བཀའ་སྡོད་སྒྲོལ་གིང་བཞི༔ གཏེར་སྲུང་དམ་ཅན་རྒྱ་མཚོར་བཅས་པ་ཡིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ གཡར་དམ་ཅན་ལ་དངོས་གྲུབ་སྩོལ་བ་དང༔ བཀའ་ཡི་གཏོར་མ་བླང་བར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལ་མ་འདའ་བར༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ བྷྱོ༔ གདུག་པའི་དམ་ཉམས་དགྲ་དང་བགེགས༔ བསྟན་པའི་རུ་ཏྲ་མ་གཏོགས་པའི༔ སྟེང་འོག་ཕྱོགས་མཚམས་གནས་པ་ཡི༔ ལྷ་ཀླུ་གཞི་བདག་སྐུ་བཟུར་ཅིག༔ གཏོར་ཟོར་དགྲ་དང་བགེགས་ལ་འཕེན༔ ཀུན་ཀྱང་གྲོགས་མཛོད་དམག་དཔུང་སྐྱེད༔ ཅེས་གཏོར་མ་བཏེག་གོ༔ དེ་ནས་བརྟན་མ་སྐྱོང་བ་ནི༔ བྷྱོ༔ འཇིག་རྟེན་བོད་ཁམས་སྐྱོང་བ་བརྟན་མའི་ཚོགས༔ བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ༔ དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང༔ གངས་ཀྱི་གཡུ་བུན་རྡོ་རྗེ་ཀུན་ཏུ་བཟང༔ འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ༔ བདུད་མོ་ཆེན་མོ་དབང་ཆེན་ཁྱེད་བཞི་ཡང༔ འདིར་གཤེགས་བཀའ་ཡི་གཏོར་མ་འདི་ལོང་ལ༔ དམ་བཅས་བཞིན་དུ་བཅོལ་བའི་ཕྲིན་ལས་མཛོད༔ ཤ་མེད་གངས་དཀར་རྡོ་རྗེ་གཡུ་སྒྲོན་མ༔ ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ༔ གཏེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་དང༔ རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ༔ གནོད་སྦྱིན་ཆེན་མོ་མཐུ་ཆེན་ཁྱེད་བཞི་ཡང༔ འདིར་གཤེགས་བཀའ་ཡི་གཏོར་མ་འདི་ལོང་ལ༔ དམ་བཅས་བཞིན་དུ་བཅོལ་བའི་ཕྲིན་ལས་མཛོད༔ ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང༔ བཙན་ལ་རོལ་པའི་རྡོ་རྗེ་སྨན་གཅིག་མ༔ གཡུ་ཡི་དྲིལ་བུ་རྡོ་རྗེ་ཟི་ལེ་མ༔ སྨན་བཙུན་ཁུག་ཆོས་རྡོ་རྗེ་གཡར་མོ་བསིལ༔ སྨན་མོ་ཆེན་མོ་བཞིན་མཛེས་ཁྱེད་བཞི་ཡང༔ འདིར་གཤེགས་བཀའ་ཡི་གཏོར་མ་འདི་ལོང་ལ༔ དམ་བཅས་བཞིན་དུ་བཅོལ་པའི་ཕྲིན་ལས་མཛོད༔ བྷྱོ༔ བརྟན་མ་སྐྱོང་མཛད་མ་སྲིང་ཁྱེད་རྣམས་ཀྱང༔ དཔོན་གཡོག་མང་པོ་སྨན་ཕྲན་འབུམ་དང་བཅས༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང༔ སློབ་མ་མཐུ་ཆེན་རླངས་ཆེན་དཔལ་སེང་གིས༔ རྣལ་འབྱོར་ཚོགས་ཀྱི་གྲལ་དུ་བཅུག་ནས་ཀྱང༔ རུ་དྲ་བསྒྲལ་བའི་ཞིང་ཆེན་གདན་ལ་བཞག༔ དབང་བསྐུར་དབང་རྟགས་སྤྱི་བོར་ཅོད་པན་བཏགས༔ དམ་ཚིག་གཉན་གྱི་བདུད་རྩི་ལྕེ་ལ་བཞག༔ དབང་རྟགས་རྡོ་རྗེ་ཕུར་པ་ལག་ཏུ་གཏད༔ གསང་སྔགས་འཆང་བའི་བྲན་དུ་ཁས་བླངས་ནས༔ མ་འོངས་ཐར་པ་ཐོབ་པར་ལུང་ཡང་བསྟན༔ ད་རུང་ཁྱེད་རྣམས་འཇིག་རྟེན་མ་འདས་ཀྱི༔ འཇིག་རྟེན་མ་འདས་བར་དུ་དམ་བཅས་བཞིན༔ འདིར་གཤེགས་བཀའ་ཡི་གཏོར་མ་འདི་ལོང་ལ༔ དམ་བཅས་བཞིན་དུ་བཅོལ་བའི་ཕྲིན་ལས་མཛོད༔ མ་མ་ཧྲིང་ཧྲིང་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་བརྟན་མ་སྐྱོང་ཞིང༔ རྗེས་ལ་གཏོར་གཞོང་བདུད་རྩིས་བཤལ་ལ་ཡང་མཆོད་དོ༔ དེ་ནས་རྟ་བྲོ་ནི༔ གཏོར་གཞོང་རི་རབ་འོག་ཏུ་དགྲ་བགེགས་དགུག་གཞུག་དྲག་ཏུ་བྱས་ཏེ༔ མཆེད་ལྕམ་རྣམས་ལུ་གུ་རྒྱུད་དུ་སྦྲེལ་ཏེ༔ དང་པོ་གླུ་བྲོའི་ལྷ་ཚོགས་སྤྱན་དྲང་བ་ནི༔ ཧཱུྃ༔ གསང་འདུས་བླ་མའི་དཀྱིལ་འཁོར་དུ༔ དགྲ་བགེགས་དམ་སྲི་བསྒྲལ་བའི་ཕྱིར༔ རྟ་མགྲིན་ཁྲོ་རྒྱལ་སྤྲུལ་པར་བཅས༔ མཁའ་འགྲོའི་ཚོགས་དང་བཅས་ནས་ནི༔ ཐབས་དང་ཤེས་རབ་འབྲེལ་བའི་ལས༔ གླུ་བྲོ་གར་གྱིས་ཐུགས་དམ་བསྐུལ༔ རྒྱུན་ཆད་མེད་པར་རབ་བརྟན་ཞིང༔ བྲོ་ནི་འབར་བའི་ཕྱག་རྒྱ་ཡིན༔ རྒྱལ་བ་སྟོང་དང་མཉམ་པར་སྦྱོར༔ གླུ་ནི་ཚངས་པའི་དབྱངས་ཀྱིས་འདྲེན༔ མ་དང་མཁའ་འགྲོའི་ཐུགས་དམ་བསྐུལ༔ ཚིག་ནི་དོན་དམ་རྟོགས་པའི་ཚིག༔ འཁོར་འདས་གཉིས་སུ་མེད་པར་རྟོགས༔ འདི་ནི་གླུ་དང་གར་གྱི་བརྡ༔ དུས་གསུམ་རྒྱལ་བ་ཞི་ཁྲོ་བསྐུལ༔ གར་ནི་ཁྱབ་གདལ་རིག་པའི་གར༔ ཞིང་ཁམས་ཕྱོགས་བཅུར་ཁྱབ་པར་བྱེད༔ ཕྱག་རྒྱ་བསྣོལ་བ་ལུ་གུ་རྒྱུད༔ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ གླུ་བྲོ་གར་ལ་གཤེགས་སུ་གསོལ༔ ཞེས་བྲོ་བསྐོར་རོ༔ དེ་ནས་བྲོས་མནན་ཏེ༔ ཧཱུྃ༔ གསང་འདུས་བླ་མའི་དཀྱིལ་འཁོར་དུ༔ བར་ཆད་དམ་སྲི་འདུལ་བའི་ལྷ༔ དབང་ཆེན་རྔམ་པའི་སྒྲ་སྒྲོག་ཅིང༔ དཔལ་གྱི་རྟ་སྐད་ཙེ་རེ་རེ༔ ཁྲོ་བོའི་འབྲུག་སྒྲ་ཏི་རི་རི༔ རོལ་པའི་རྟ་བྲོ་ཆེམས་སེ་ཆེམས༔ བདུད་དང་དམ་སྲི་རྡུལ་དུ་རློག༔ སྔོན་གྱི་ཐུགས་དམ་བསྐང་བའི་ཕྱིར༔ ཀུན་ཏུ་བཟང་མོའི་མཁའ་དབྱིངས་སུ༔ ཁམས་གསུམ་ཡོངས་སྒྲོལ་ཆེན་པོའི་བྲོ༔ ཟ་བྱེད་ཕོ་ཉའི་དཀྱིལ་འཁོར་དུ༔ དུག་ལྔ་རུས་པའི་ཕུང་པོ་ལ༔ གཅན་གཟན་ཆེན་པོའི་བྲོ་བརྡུངས་པས༔ བདག་ཏུ་ལྟ་བའི་ཞེ་སྡང་བཅོམ༔ ཁྲག་འཐུང་ཆེན་པོའི་དཀྱིལ་འཁོར་དུ༔ རཀྟའི་རྒྱ་མཚོ་འཁྱིལ་པ་ལ༔ མ་ཚོགས་མཁའ་འགྲོའི་བྲོ་བརྡུངས་པས༔ ཀུན་ཏུ་ཞེན་པའི་འདོད་ཆགས་བཅོམ༔ རྔམ་ཆེན་འཁྲུག་པའི་དཀྱིལ་འཁོར་དུ༔ མཱཾ་ས་ཤ་ཆེན་སྤུངས་པ་ལ༔ སྡེར་ཆགས་འདུས་པའི་བྲོ་བརྡུངས་པས༔ རྨོངས་པའི་གཏི་མུག་ངོ་བོ་བཅོམ༔ གཏུམ་ཆེན་འཁྲུགས་པའི་དཀྱིལ་འཁོར་དུ༔ དབང་པོ་ཡན་ལག་རྫོགས་པ་ལ༔ གཤོག་པ་རྡོ་རྗེའི་བྲོ་བརྡུངས་པས༔ ཀུན་ཏུ་རྨོངས་པའི་ཕྲག་དོག་བཅོམ༔ འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་དུ༔ དབུས་ཀྱི་ཁྲི་རྐང་ཟླུམ་པོ་ལ༔ རྡོ་རྗེ་མཆུ་ཡི་བྲོ་བརྡུངས་པས༔ བདག་ཏུ་འཛིན་པའི་ང་རྒྱལ་བཅོམ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ༔ དུག་གསུམ་འཇོམས་པའི་བྲོ་བརྡུངས་པས༔ སྔོན་གྱི་དམ་ཚིག་ཆེན་པོ་བསྐང༔ མ་ཚོགས་དྷཱ་ཀིའི་ད་ལ་རུ༔ སྟན་གྷན་སྤྲུལ་པའི་ལས་བྱས་པས༔ ཁམས་གསུམ་བསྒྲལ་བའི་ཆོ་ག་རྫོགས༔ ཕྱག་བརྙན་ཆེན་པོའི་ད་ལ་རུ༔ བཀའ་འདས་བསྒྲལ་བའི་ལས་བྱས་པས༔ རཱུ་ཏྲ་མནན་པའི་ཆོ་ག་རྫོགས༔ ཨོཾ་ཧྲཱིཿབཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་ལཾ༔ ཧཱུྃ་ལཾ༔ སུཾ་ལཾ༔ སཏྭཾ་བྷ་ཡ་ནན༔ དགྲ་བགེགས་སརྦ་ཤ་ཏྲུཾ་སཏྭཾ་བྷ་ཡ་ནན༔ ཞེས་ས་རིམ་པ་དགུས་གཡོགས་སོ༔ དཀྱིལ་འཁོར་མཐའ་ནས་རྡོ་རྗེས་བསྡུ་ཞིང༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་སྟོང་པའི་ངང་ཉིད་ལས༔ ཡང་གསང་བླ་མའི་དཀྱིལ་འཁོར་འཇའ་ལྟར་ཤར༔ འགྲོ་ཀུན་སྲིད་པའི་མཚོ་ལས་རབ་བསྒྲལ་ནས༔ སྐྱེ་མེད་ཆོས་དབྱིངས་ངང་དུ་བཛྲ་མུ༔ ཞེས་དང༔ ཨཱ་ལི་ཀཱ་ལི༔ ཡི་གེ་བརྒྱ་པ་བཟླའོ༔ རྒྱུན་སྤྱོད་བྱ་བ་ནི༔ རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་ཏེ༔ ཧཱུྃ༔ སྣང་སྟོང་ཟུང་འཇུག་བདེ་ཆེན་ལྷ་ཡི་སྐུ༔ སྒོ་གསུམ་དཀྱིལ་འཁོར་གསུམ་གྱི་ངང་ཉིད་ལས༔ ཐུགས་རྗེའི་རང་བཞིན་གདུལ་བྱའི་དཔལ་དུ་ཤར༔ ཕྲིན་ལས་རྣམ་བཞིས་འགྲོ་བའི་དོན་བྱའོ༔ དེ་ནས་སྨོན་ལམ་བཏབ་སྟེ༔ ན་མོ༔ བདག་གིས་བླ་མ་བསྒྲུབས་ལ་སོགས༔ དུས་གསུམ་ཚོགས་གཉིས་ཅི་བསགས་པའི༔ འབྲས་བུ་དུས་འདིར་སྨིན་གྱུར་ཅིག༔ ཡོན་ཏན་མ་ལུས་ཡོངས་རྫོགས་ནས༔ ཕྲིན་ལས་གང་བརྩམ་མྱུར་འགྲུབ་ཅིང༔ བདག་གཞན་གཉིས་མེད་སངས་རྒྱས་ཤོག༔ ཅེས་སྨོན་ལམ་གཞན་ཡང་རྒྱ་ཆེར་བཏབ་བོ༔ དེ་ནས་མེ་ཏོག་འཐོར་ཞིང་བཀྲ་ཤིས་བརྗོད༔ ཧོ༔ ཆོས་སྐུའི་བཀྲ་ཤིས་མཐའ་ཡས་འོད་དཔག་མེད༔ མི་འགྱུར་རྡོ་རྗེ་སྐུ་ཡི་བཀྲ་ཤིས་ཤོག༔ ལོངས་སྐུའི་བཀྲ་ཤིས་བྱམས་མགོན་ཐུགས་རྗེ་ཅན༔ འགག་མེད་ཚངས་དབྱངས་གསུང་གི་བཀྲ་ཤིས་ཤོག༔ སྤྲུལ་སྐུའི་བཀྲ་ཤིས་རིག་འཛིན་ཐོད་ཕྲེང་རྩལ༔ གདུལ་བྱ་དཔལ་འབྱོར་རྒྱས་པའི་བཀྲ་ཤིས་ཤོག༔ གསང་ཡུམ་བཀྲ་ཤིས་མཁའ་འགྲོ་མཚོ་རྒྱལ་མ༔ བདེ་སྟོང་རྒྱུན་ཆད་མེད་པའི་བཀྲ་ཤིས་ཤོག༔ གདམས་པའི་བཀྲ་ཤིས་ཡང་གསང་བླ་མེད་ཆོས༔ གསང་སྔགས་བསྟན་པ་དར་རྒྱས་བཀྲ་ཤིས་ཤོག༔ རྡོ་རྗེ་སློབ་དཔོན་སྒྲུབ་པའི་མཆེད་དང་ལྕམ༔ དུས་གསུམ་འདུ་འབྲལ་མེད་པའི་བཀྲ་ཤིས་ཤོག༔ བསྙེན་སྒྲུབ་མཐར་ཕྱིན་འདི་ཡི་བྱིན་རླབས་ཀྱིས༔ འགྲོ་རྣམས་བདེ་ཆེན་ཞིང་དུ་སྐྱེ་བ་དང༔ ཏིང་འཛིན་ཟས་ཀྱིས་རྟག་ཏུ་འཚོ་བྱེད་ཅིང༔ ཐོག་མའི་རང་བཞིན་ས་ལ་འཁོད་པར་ཤོག༔ ཅེས་རྣལ་འབྱོར་པ་རྣམས་ཀྱིས་བཀྲ་ཤིས་བརྗོད༔ དགའ་སྟོན་བྱ་ཞིང་ཚོགས་འཁོར་རོལ༔ བཀྲ་ཤིས་པའི་གླུ་དང་བྲོ་ལ་སོགས་པ་ཡང་བྱའོ༔ རྒྱ་རྒྱ་རྒྱ༔ ཨོ་རྒྱན་གྱི་ཐུགས་སྒྲུབ་ཡང་སྙིང་འདུས་པའི་ལས་བྱང་རིན་ཆེན་ཕྲེང་བ་ཞེས་བྱ་བ་སློབ་དཔོན་པདྨས་གསུང་བཞིན་དུ༔ བདག་འདྲ་ནམ་མཁའི་སྙིང་པོ་ཡིས༔ གཉལ་སྨད་དགེ་རིའི་བྲག་ཕུག་ཏུ༔ ཡི་གེར་བཀོད་པ་འདི་ཡོངས་སུ་རྫོགས་པའོ༔ ཨེ་མ་བདག་འདྲ་རིག་འཛིན་པདྨ་ཐོད་ཕྲེང་གིས༔ ཀུན་གྱི་སྙིང་པོ་བླ་མའི་ཐུགས་སྒྲུབ་བརྩམས༔ སྤེལ་བའི་དུས་མིན་མ་འོངས་དུས་ཀྱི་ཕྱིར༔ རྗེ་འབངས་གྲོགས་ལྔས་བསྐུལ་ཕྱིར་བདག་གིས་བཤད༔ དུས་ཀྱི་ཐ་མ་ལྔ་བཅུ་ཁ་རལ་དུས༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་ནས་ཀྱང༔ གསང་སྔགས་མི་ནུབ་བསྟན་པའི་སྒྲོན་མེར་ཤོག༔ རྒྱ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉལ་སྨད་དགེ་རི་གསང་བའི་དབང་ཕུག་ནས། །རྟ་ཡི་ལོ་ལ་གུ་རུ་རཏ་གླིང་ངས། །གསང་སྔགས་མི་ནུབ་བསྟན་པའི་རྒྱལ་མཚན་འདི། །བཏོན་ནས་ཤོག་སེར་ངོས་ལ་ཞལ་བཤུས་སོ། །དགེའོ། ཤུ་བྷཾ།། །།

ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། དབང་གི་རྫོང་ཆེན་ཡན་ལག་དང་བཅས་མ་བུ་གུང་བསྡེབས་ཀྱི་ཡི་གེ་རྣམ་གྲོལ་བྱིན་རླབས་རོལ་པ་ (Volume 7, Text 20)

༄༅། །ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། དབང་གི་རྫོང་ཆེན་ཡན་ལག་དང་བཅས་མ་བུ་གུང་བསྡེབས་ཀྱི་ཡི་གེ་རྣམ་གྲོལ་བྱིན་རླབས་རོལ་པ་ཞེས་བྱ་བ་བཞུགས་སོ། ། ན་མོ་མ་ཧཱ་གུ་རུ་ཏྲི་ཀཱ་ཡེ་ཤྭ་རྭ་ཡ། བརྟན་གཡོ་འཁོར་འདས་མ་ལུས་ཁྱབ་པའི་བདག །གསང་སྔགས་རྒྱུད་སྡེ་རྒྱ་མཚོ་འབྱུང་བའི་གནས། །སྐུ་གསུམ་ཞིང་གི་སྟོན་པ་ཨོ་རྒྱན་རྗེ། །བྱང་ཆུབ་བར་དུ་རིགས་ཀྱི་བདག་པོར་བསྙེན། །གང་གི་ཐུགས་སྒྲུབ་བྱེ་བ་ཕྲག་བརྒྱའི་བཅུད། །ཉི་འོག་ས་སྟེང་དཀོན་པའི་ཡང་སྙིང་འདུས། །སྨིན་ལམ་བརྒྱུད་པའི་ཕྱག་བཞེས་རྒྱ་ཆེ་བས། །དཀྱུས་ཀྱི་ལག་ལེན་སྙིང་པོར་དྲིལ་ཏེ་བཀོད། །གུ་རུའི་ཐུགས་སྒྲུབ་ཀུན་གྱི་སྲོག་ཏིག་མཐར་ཐུག་ཏུ་བསྔགས་པ་ཡང་སྙིང་འདུས་པའི་དབང་བསྐུར་བ་ལ། རྒྱས་པ་སྒྲུབ་ཆེན་ཁོག་དབུབ་རྫོང་ཆེན་ལྟར་དཔོན་སློབ་ཟབ་རྒྱ་བརྟགས་ཤིང་སློབ་མ་རྗེས་བཟུང་སོགས་སྔོན་འགྲོ་བཅུ་གསུམ་ནང་། རྒྱན་འགོད་རྗེས་དབང་བྱང་བཀོལ་བ་ལྟར་བསྲེ་བསྣན་དང་ནུས་པའི་དབང་བསྐུར་རྣམས། དངོས་གཞི་གཞུང་བསྲང་དང་དབང་བསྙེན་སོགས་དོན་བརྒྱད་ཀྱིས་བསྟན་པ་ལྟར་བསྙེན་སྒྲུབ་ཞག་གྲངས་ཉེར་གཅིག་ལ་སོགས་པའི་ཁོངས་སུ་སློབ་མ་ཐུན་མོང་བ་ལ་དབང་གི་རྫོང་ཆེན་དང་གཏོར་དབང་ཡིད་བཞིན་ནོར་བུ། ཐུན་མོང་མ་ཡིན་པ་ལ་གསང་དབང་གསེར་གྱི་ཐེམ་སྐས། བརྒྱུད་འཛིན་ལ་གདམས་པ་གཏད་པ། སྨན་སྒྲུབ་དང་སྦྲེལ་ན་དེའི་དབང་བསྐུར་བཅས་རྫོགས་པར་བྱས་ནས་མཆོག་གི་དངོས་གྲུབ་ཆེན་པོ་བླང་། རྗེས་གཏེར་སྦ་བ་སོགས་ས་བཅད་བཅུ་གཉིས་ཀྱིས་བསྙེན་པའི་དོན་རྣམས་སྨིན་སློབ་ཀྱི་ཚུལ་དུ་བྱ་བ་ཡིན་ལ། འབྲིང་སྒྲུབ་ཆེན་མི་འགྲུབ་པའི་དབང་བསྐུར་དཀྱུས་མའི་ལུགས། བསྡུས་པ་གཏོར་མའི་བྱིན་རླབས་གསུམ་དུ་མཆིས་པ་ལས་སྐབས་འདིར་ཕྱག་ལེན་འབྲིང་པོ་ལྟར་བཀོད་པ་ལ་དོན་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ལ། བསྙེན་པའི་དོན་དུ་གསོལ་གདབ་གནང་སྦྱིན་སོགས་མི་དགོས་ཏེ་དེང་སང་དབང་བསྐུར་དཀྱུས་ལ་ལག་ལེན་འདེབས་པ་མེད་པའི་ཕྱིར་རོ། །ས་ཆོག་ཀྱང་སྒྲུབ་གནས་རྙིང་པ་དང་རས་བྲིས་ཕྱོགས་ལ་མི་དགོས་པས། ས་བཅད་ཙམ་དུ་བདག་ཉིད་དབང་ཆེན་གྱི་ང་རྒྱལ་དང་ལྡན་པས། དཀར་གཏོར་བྱིན་བརླབས་ལ། ས་བདག་ལྷ་ཀླུ་ལྟ་བུ་གང་འཐད་ཀྱིས་ཕུལ། སྔོན་འགྲོ་དངོས་ལ་གསུམ། བུམ་པ། ལྷ། སློབ་མ་སྟ་གོན་ནོ། །དེ་ལ་དང་པོ་གཉིས་ཆབས་ཅིག་ཏུ་བཤད་ན་བདེ་བས། གུ་རུའི་རྟེན་བཀྲམ་པའི་མདུན་དུ་སྟེགས་བུ་ཁེབས་ལྡན་སྟེང་མཎྜལ་ལ་དྲིའི་ཐིག་ལེ་དབུས་སུ་གཅིག་གམ་སུམ་བརྩེགས། དེ་རྒྱབ་བཞི། དེ་རྒྱབ་བརྒྱད། དེ་རྒྱབ་བཅུ་དྲུག་བྱས་པའི་སྟེང་དུ་བསྙེན་སྒྲུབ་སྔགས་རྣམས་བརྗོད་བཞིན་དུ་འབྲུ་དཀར་གྱི་ཚོམ་བུ་གཙོ་འཁོར་བྱེ་བྲག་ཕྱེད་པར་དགོད། དེའི་སྟེང་མཉྫི་ལ་བུམ་པ་བཀོད་དེ་དེའང་ཐོག་མར་གུ་གུལ་དུད་པས་བདུག་ཅིང་ཧཱུྃ་བཞིའི་སྔགས་ཀྱིས་བགེགས་བསྐྲད། ཨོཾ་ཤུདྡྷེ་སརྦ་དྷརྨཱཿསྭ་བྷ་ཝ་བི་ཤུདྡྷོ྅་ཧཾ༔ ཞེས་འོ་མ་དང་ཆུ་གཙང་བླུགས། ཨོཾ་ཨ་མྲྀཏ་པཉྩ་སིདྡྷི་ཨོཾ་ཨཱཿཧཱུྃ༔ ཞེས་ཤ་ལྔ་བདུད་རྩི་ལྔའམ་མ་འབྱོར་ན་ཆོས་སྨན་བླུགས། ཨོཾ་པུཥྤེ་པཉྩ་སིདྡྷི་ཨོཾ་ཨཱཿཧཱུྃ༔ འབྲུ་ལྔ། ཨོཾ་རཏྣ་པཉྩ་སིདྡྷི་ཨོཾ་ཨཱཿཧཱུྃ༔ རིན་པོ་ཆེ་ལྔ། ཨོཾ་ཨཱཿཧཱུྃ་ཏྲཱཾ་ཧྲཱིཿསིདྡྷི་ཨོཾ་ཨཱཿཧཱུྃ༔ སྨན་ལྔ། ཨོཾ་གརྦྷ་པཉྩ་སིདྡྷི་ཨོཾ་ཨཱཿཧཱུྃ༔ སྙིང་པོ་ལྔ། ཨོཾ་དྷཱུ་པེ་པཉྩ་སིདྡྷི་ཨོཾ་ཨཱཿཧཱུྃ༔ སྤོས་ལྔའམ་དྲི་ལྔ་རྣམས་བླུགས། ཨོཾ་ནེ་ཏྲ་ག་པ་ཙ་སིདྡྷི་ཨོཾ་ཨཱཿཧཱུྃ༔ དར་སྣའི་མགུལ་ཆིངས་བྱ། ཨོཾ་བྲྀཀྵ་པླཀྴ་ཕ་ལ་སིདྡྷི་ཨོཾ་ཨཱཿཧཱུྃ༔ འབྲས་བུ་ཅན་གྱི་ཤིང་གིས་ཁ་བརྒྱན། ཨོཾ་བཛྲ་པ་ཏི་ཀ་པ་ར་ཏ་ལ་སིདྡྷི་ཨོཾ་ཨཱཿཧཱུྃ༔ ཞེས་གཟུངས་ཐག་བཏགས་ལ་བཞག་གོ །མདུན་དུ་སྨན་རཀ་གཏོར་གསུམ། ཕྱི་མཆོད་སོགས་བཤམ། གཞན་ཡང་ལས་ཀྱི་བུམ་པ། སྟ་གོན་རྫས་རྣམས་ཀྱང་འདུ་བྱ་ཞིང་། དབང་རྫས་འོག་ཏུ་བཤད་པ་ཐམས་ཅད་སྐབས་འདིར་ཚོགས་པར་བྱ་བ་ནི་སྤྱིར་སྔ་འགྱུར་གཏེར་མའི་ཕྱོགས་དང་། ཁྱད་པར་ཆོས་རྒྱལ་རཏྣ་གླིང་པའི་ཕྱག་སྲོལ་དྲི་མ་མེད་པ་ཡིན་པས་དེ་ལྟར་དུ་བྱའོ། །དེ་ནས་སྤྲོ་ཞིང་ནུས་ན་ཐོག་མར་ལས་བྱང་ཚར་གཅིག་གིས་བདག་བསྐྱེད་བཟླས་པ་དང་བཅས་པ་བྱ། དེ་ནས་རྣམ་རྒྱལ་བུམ་པར་བསྐྱེད་བསྟིམ་མཆོད་བསྟོད་ཅི་འགྲུབ་བཟླས་པ་འོད་ཞུ་བཅས་ཟིན་ནས་ལས་བུམ་བསྒྲུབ། སླར་ལས་བྱང་མཆོད་བསྟོད་སོགས་རྒྱས་པ་ཚར་གཅིག་གི་མཇུག་ཏུ་གསོལ་གདབ་བཅས་ལྷ་སྟ་གོན་བྱ་དགོས་པ་ཡིན་ལ། སློབ་དཔོན་བསྐྱེད་རྫོགས་ཀྱི་ཏིང་འཛིན་གོམས་ཤིང་སྤྲོས་པ་ཆེར་མི་ལྕོགས་པས་ནི་དེ་དག་ཆབས་ཅིག་ཏུ་བྱ་ཆོག་ཅིང་། ཕྲིན་ལས་ཀྱང་གཞུང་འདི་ཉིད་ཀྱི་ལས་བྱང་ཆེན་མོ་གཏང་ཐུབ་ན་མཆོག་ཏུ་གྱུར་པས་སྨོས་མ་དགོས། ཁ་ཅིག་གིས་རྩ་གསུམ་མཆོད་ཕྲེང་ནང་ཐུགས་སྒྲུབ་ལས་བྱང་གི་མངོན་རྟོགས་ཙམ་བཙུད་ནས་ཁྱེར་བདེར་བྱེད་པར་སྣང་ཡང་། མཆོད་ཕྲེང་ནི་གཏེར་འབྱུང་ཉིད་དུ་གསལ་བ་བཞིན་གཏེར་སྟོན་གཞན་གྱི་གཏེར་ལྷག་ལུས་པའམ་གཏེར་ཚབ་ཏུ་བཞག་པ་ཞིག་སྟེས་དབང་གིས་ཕྱག་ཏུ་བྱུང་བ་ཙམ་ལས་ཐུགས་སྒྲུབ་ཀྱི་ཆ་ལག་མ་ཡིན་ཞིང་མགོ་མཐའ་ཚང་བའང་མི་བཞུགས་ལ་ཕྱི་ནང་གསང་མཆོད་ལས་བྱང་དངོས་ལས་ཀྱང་རྒྱས་པ་སོགས་འབྲེལ་ཆགས་པ་ཞིག་མི་འབྱུང་བས། བླ་སྒྲུབ་ཞལ་གདམས་གཏེར་ཁ་ཕལ་ཆེར་ཚིག་མཐུན་པར། སྤྱིར་ནི་རང་རང་ལུགས་བཞིན་ལ༔ ཁྱད་པར་ལས་བྱང་ལེ་བརྒྱད་ཤིས༔ ཞེས་དང་། ཀློང་གསལ་སྙིང་ཐིག་ཐོད་ཕྲེང་རྩལ་གྱི་རྩ་སྒྲུབ་ལས། སྒྲུབ་པ་དངོས་ནི་ལས་བྱང་ལེའུ་བརྒྱད་པ་ལ་བརྟེན་པར་ཤིས་སོ༔ ཞེས་དངོས་སུ་གསུངས་པ་མ་ཟད། ཆོས་དབང་དང་རཏྣ་གཉིས་གཏེར་ཁ་མ་བུ་ཡིན་པས་འབྲེལ་ཆགས་པ་དང་། ཚིག་ཚོགས་རྒྱས་བསྡུས་ཙམ་ལས་ལྷ་སྔགས་ལ་ཁྱད་པར་ཅིའང་མེད་ཅིང་ཚིག་རིས་ཕལ་ཆེར་ཡང་འདྲ་བ་སོགས་རྒྱུ་མཚན་མང་པོས་བླ་མ་གསང་འདུས་ཀྱི་ལས་བྱང་ལེའུ་བརྒྱད་པ་ཉིད་གཏང་བ་ཆེས་ལེགས་སོ། །གང་ལྟར་བརྒྱུད་འདེབས་སྐྱབས་སེམས་བཀའ་བསྒོ་ནས་བརྩམ་མཐར་ཆགས་སུ་བཏང་བའི་ལྷ་བསྐྱེད་སྐབས་ཚིག་རིས་གཅིག་གིས་བདག་མདུན་སོ་སོར་བསྐྱེད་པ་གྲུབ་མཚམས། བུམ་པ་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་བུམ་པ་རིན་པོ་ཆེའི་གཞལ་ཡས་ཁང་གི་ནང་དུ་པདྨ་ཉི་ཟླའི་སྟེང་དུ་ཡི་གེ་ཧྲཱིཿདམར་པོ་འོད་དུ་ཞུ་བ་ལས། བུམ་ལྷ་དབང་ཆེན་ཡབ་ཡུམ་སྐུ༔ ཞལ་གཅིག་སོགས་རྒྱས་པར་བསྐྱེད། ཐུགས་སྲོག་གི་འོད་ཀྱིས་དོན་གཉིས་བྱས། ཡེ་ཤེས་པ་བཀུག་པར་མོས་ལ། སྤྱན་འདྲེན་མན་ཆད་ཚར་གཅིག་གིས་བདག་མདུན་བུམ་ལྷ་སོ་སོར་དམིགས་ཤིང་། བཟླས་པ་བདག་མདུན་ལ་དམིགས་པ་སོང་ནས། གཟུངས་ཐག་བླངས་ཏེ། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། །ཞེས་དམིགས་ལ་བཟླས་པ་ཅི་རིགས་བྱ། མཐར་མཆོད་བསྟོད་མདོར་བསྡུས་དང་། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས། བུམ་པའི་ལྷ་འོད་དུ་ཞུ་ནས་རྡོ་རྗེ་བདུད་རྩིའི་ཆུ་རྒྱུན་དུ་གྱུར་པར་མོས། ལས་བུམ་སྟོང་པའི་ངང་ལས་བྷྲཱུྃ་ལས་ཕྱི་བུམ་པ་ལ་ནང་གཞལ་ཡས་ཁང་མཚན་ཉིད་རྫོགས་པའི་དབུས་སུ་པད་ཉིའི་གདན་ལ་ཧཱུྃ་ལས་ཁྲོ་བོ་བདུད་རྩི་འཁྱིལ་པ་ལྗང་ནག་ཕྱག་གཡས་རྒྱ་གྲམ། གཡོན་སྡིགས་མཛུབ་ཀྱི་རྩེ་ལ་མེ་འབར་བ། ཁྲོ་བོའི་ཆས་ཐམས་ཅད་དང་ལྡན་པར་གསལ་བའི་ཐུགས་ཀར་ཉི་སྟེང་ཧཱུྃ་ལ་སྔགས་ཀྱིས་བསྐོར་བར་གྱུར། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། བརྒྱ་ཙམ་བཟླས་ལ། ཁྲོ་བོའི་དབང་པོ་འོད་དུ་ཞུ་བས་དག་བྱེད་ཡེ་ཤེས་ཀྱི་ཆུ་བོ་ནུས་པ་དང་ལྡན་པར་གྱུར། དེ་ནས་སྟ་གོན་གྱི་ལྷ་ལ་དམིགས་ཏེ་སྤོས་དང་ཐལ་སྦྱར་བཅས། ཧོ༔ དགོངས་ཤིག་བླ་མ་རིག་འཛིན་གཙོ༔ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས༔ མ་ལུས་བདག་ལ་དགོངས་སུ་གསོལ༔ རྒྱལ་བ་སྲས་བཅས་མཆོད་པ་དང༔ སློབ་བུ་ཁྱོད་ཀྱི་རྗེས་འཇུག་ཕྱིར༔ བདག་ཉིད་ཆེ་གེ་ཞེས་བྱ་བས༔ ནངས་པར་རྒྱལ་བའི་དཀྱིལ་འཁོར་བྲི༔ ཐུགས་རྗེས་བདག་ལ་དགོངས་ནས་ནི༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ཞེས་གསོལ་བ་གདབ་བོ། །སྐབས་འདིར་བསྲེག་ཐབས་དཀར་པོ་ཟླུམ་པོ་མེ་སྦར་བ་ལ་རྩ་གསུམ་ལྷ་རྣམས་སྐད་ཅིག་གིས་གསལ་བ་ལ། མར་ཁུ། འོ་མ་ཅན་གྱི་ཡམ་ཤིང་། ཏིལ་དཀར་པོ། ཡུངས་ཀར། ཕྱེ་མར་སོགས་བསྲེག་རྫས་ཇི་ལྟར་འབྱོར་བ་འབྲུ་གསུམ་གྱིས་བདུད་རྩིར་བྱིན་བརླབས་ལ། རྩ་སྔགས་ཤམ་བུར། བདག་ཅག་རྣམས་ཀྱི་མི་མཐུན་བར་ཆད་ཐམས་ཅད་ཞི་བ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ཅི་རིགས་སུ་ཕུལ་ལ་ལྷ་མི་དམིགས་པར་བཞག་པ་ནི་མེ་མཆོད་མདོར་བསྡུས་པའོ། །གསུམ་པ་སློབ་མ་སྟ་གོན་ལ་སྡོམ་ནི། ཁྲུས་དང་ཡོན་འབུལ་ཞུ་གནང་བྱ། །ཚོགས་གསག་སྐྱབས་འགྲོ་སྡོམ་པ་བཟུང་། །གནས་གསུམ་བྱིན་རླབས་སོ་ཤིང་དོར། །སྤྲོ་སྐྱེད་སྲུང་སྐུད་ཀུ་ཤ་སྦྱིན། །ཅེས་རྣམ་གྲངས་བཅུ་གཅིག་ཡོད་པའི་དང་པོ་ནི། སློབ་མ་རྣམས། ཇི་ལྟར་བལྟམས་པ་སོགས་དང་ལས་བུམ་གྱི་ཆུས་ཁྲུས་བྱ། གཉིས་པ་ནི། མེ་ཏོག་བཀྱེ་བསྡུ་བྱས་ལ། འོ་ན། མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཚེ་གཅིག་ལུས་གཅིག་ལ་རིགས་རྣམས་ཀུན་འདུས་བླ་མ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་ཐུགས་སྒྲུབ་ཀུན་གྱི་མཐར་ཐུག་ཡང་སྙིང་འདུས་པའི་སྨིན་བྱེད་ཀྱི་དབང་བསྐུར་ནོད་ལ་རིམ་གཉིས་ཉམས་སུ་བླང་བར་བགྱིའོ་སྙམ་པ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཅིང་། དད་གུས་ཤེས་རབ་དང་ལྡན་པས་མ་ཡེངས་པར་གསན་འཚལ། དེ་ལ་འོ་སྐོལ་རྣམས་སྐྱེ་བར་དཀའ་བ་འཛམ་བུའི་གླིང་དུ་སྐྱེས། ཐོབ་པར་དཀའ་བ་དལ་འབྱོར་བཅོ་བརྒྱད་དང་ལྡན་པའི་མི་ལུས་རིན་པོ་ཆེ་ཐོབ། མཇལ་བར་དཀའ་བ་བླ་མ་དགེ་བའི་བཤེས་གཉེན་མཇལ་ཞིང་ཐོས་པར་དཀའ་བ་ཐེག་པ་ཆེན་པོ་དམ་པའི་ཆོས་ཟབ་མོ་ཐོས་པའི་སྐབས་འདིར། ཐར་པའི་ལམ་སྣ་ཅིས་ཀྱང་ཟིན་པར་བྱེད་དགོས། ད་རེས་ལམ་སྣ་མ་ཟིན་ན་ཤི་བའི་འོག་ཏུ་མཐའ་མེད་པའི་འཁོར་བ་ན་འཁོར་དུས་འོག་ནས་འོག་ཏུ་འགྲོ་བ་ལས་ཆོས་ཀྱི་སྒྲ་མི་ཐོས། དེ་བས་ད་ལྟ་མི་ལུས་རིན་པོ་ཆེ་བརྒྱ་ལ་རེས་འགའ་ཞིག་ཐོབ་དུས་འདིར་འབད་དགོས་ཏེ། ཚེ་མི་རྟག་ནུབ་རིའི་གྲིབ་མ་དང་འདྲ། འཆི་བ་ལ་སྐད་ཅིག་ཐང་ཅིག་གིས་ཉེར་འགྲོ །འཆི་བའི་དུས་སུ་ཆོས་མ་ཡིན་པ་གང་གིས་ཀྱང་མི་སྟོངས། ཆོས་ལའང་བྱེད་ལུགས་བསམ་གྱིས་མི་ཁྱབ་ཀྱང་། རྫོགས་པའི་སངས་རྒྱས་ཀྱི་བསྟན་པའི་དམ་པའི་ཆོས་ལ་ཚུལ་བཞིན་དུ་འཇུག་དགོས། དམ་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་ཐམས་ཅད་ཀྱང་། ཐེག་པ་ཆེ་ཆུང་གཉིས་སུ་ཐམས་ཅད་འདུ། ཐེག་པ་ཆེན་པོ་ལ་སྔགས་མཚན་ཉིད་གཉིས་ལས། རང་རེ་རྣམས་འབྲས་བུ་གསང་སྔགས་ཀྱི་ཐེག་པ་ནས་འཇུག །འདི་ལའང་དཀྱིལ་འཁོར་སོ་སོ་ནས་འཇུག་པ་སྤྲོས་པ་དང་བཅས་པའི་ལུགས་དང་། ལམ་ཟབ་བླ་མའི་དཀྱིལ་འཁོར་ནས་འཇུག་པ་སྤྲོས་པ་མེད་པ་གཉིས་ལས། བླ་མའི་རིམ་པ་ནས་འཇུག་སྟེ་དཀྱིལ་འཁོར་ཐམས་ཅད་འདུས་པའི་མངའ་བདག་ཡིན་པའི་ཕྱིར། ཕག་མོ་མངོན་འབྱུང་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཉིད། །ཅེས་པ་དང་། དགོངས་འདུས་ལས། བསྐལ་པ་སྟོང་གི་སངས་རྒྱས་ལས། །བླ་མ་གཉན་པ་ཤེས་པར་བྱ། །ཅི་ཕྱིར་བསྐལ་པའི་སངས་རྒྱས་རྣམས། །བླ་མ་དག་ལ་བསྟེན་ནས་བྱུང་། །བླ་མ་མེད་པའི་གོང་རོལ་ནས། །སངས་རྒྱས་བྱ་བའི་མིང་ཡང་མེད། །ཅེས་པ་དང་། །ཆུབ་པར་རོལ་པ་ལས། གང་གིས་བསྐལ་པ་བྱེ་བ་རུ། །ལྷ་སྐུ་འབུམ་ཕྲག་བསྒོམས་པ་བས། །བླ་མ་སྐད་ཅིག་དྲན་པ་ཙམ། །འདི་ནི་བསོད་ནམས་ཕ་མཐའ་ཡས། །དཀྱིལ་འཁོར་མ་ལུས་ཐམས་ཅད་ཀྱང་། །བླ་མའི་དཀྱིལ་འཁོར་ཉིད་དུ་འདུས། །རྒྱལ་བའི་ཐུགས་དགོངས་མ་ལུས་ཀྱང་། །བླ་མའི་ཐུགས་དགོངས་ཉིད་དུ་འདུས། །བླ་མ་མཆོག་གིས་བྱིན་བརླབས་ན། །རྒྱལ་བ་ཀུན་གྱིས་བྱིན་བརླབས་འགྱུར། །དཀྱིལ་འཁོར་ཀུན་གྱིས་དབང་བསྐུར་འགྱུར། །ཅེས་གསུངས་སོ། །དེའང་བླ་མ་མཚན་ཉིད་དང་ལྡན་པ་གྲུབ་པ་ཐོབ་ངེས་པ་གཅིག་གི་རྩ་བའི་དཀྱིལ་འཁོར་དུ་ཞུགས་དགོས་པ་ལས། འདིར་དཔལ་ཨོ་རྒྱན་གྱི་གུ་རུ་པདྨ་འབྱུང་གནས་ཞེས་བྱ་བ། སངས་རྒྱས་སྣང་བ་མཐའ་ཡས་དངོས་བླ་མར་སྤྲུལ་ནས་འཛམ་བུའི་གླིང་དུ་རང་བྱོན་པ། མཚན་ཐོས་པ་ཙམ་གྱིས་ངན་སོང་དང་འཁོར་བ་ལས་སྐྱོབ་པ། སྐུ་ཆེ་བའི་ཡོན་ཏན་མངལ་གྱི་དྲི་མས་མ་གོས་པར་མེ་ཏོག་པདྨའི་སྡོང་པོ་ལས་རང་བྱུང་སྟེ། མཚན་དང་དཔེ་བྱད་ཀྱི་དཔལ་རབ་ཏུ་འབར་བ། གསུང་ཆེ་བའི་ཡོན་ཏན་ཕྱི་ནང་གསང་བའི་ཆོས་ཀྱི་འཁོར་ལོ་གདུལ་བྱའི་མོས་པ་དང་མཐུན་པར་བསྐོར་བ། ཐུགས་ཆེ་བའི་ཡོན་ཏན་ཤེས་བྱ་ཐམས་ཅད་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཏིང་འཛིན་དང་། མངོན་པར་ཤེས་པ་རྒྱ་མཚོའི་མཐར་སོན་པ། ཡོན་ཏན་ཆེ་བ་སྟོབས་བཅུ་མི་འཇིགས་པ་བཞི་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཐམས་ཅད་ཡོངས་སུ་རྫོགས་པ། ཕྲིན་ལས་ཆེ་བ་སེམས་ཅན་གྱི་གནས་རིས་ཐམས་ཅད་ལ་གང་ལ་གང་འདུལ་གྱི་སྤྲུལ་པས་དོན་མཛད་དེ་ཕྲིན་ལས་བཞི་ལྷུན་གྱིས་གྲུབ་པས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་བཞུགས་ནས་གཞན་དོན་ཡིད་བཞིན་གྱི་ནོར་བུ་ལྟ་བུར་འབྱུང་བ་དེ་ཉིད་སྒྲུབ་པའི་ཐབས་རྣམས་ཀྱིའང་ཡང་ཟབ་སྙིང་པོར་གྱུར་པ་སྟེ། རང་གཞུང་ལས། རིག་འཛིན་སྔགས་འཆང་པདྨ་བདག་འདྲ་ཡིས༔ སྐུ་ལྔ་མཚན་བརྒྱད་རྣམ་ཐར་དཔག་མེད་ལས༔ མ་འོངས་དོན་ཕྱིར་སྒྲུབ་ལུགས་དཔག་མེད་བརྩམས༔ ཀུན་ཀྱང་ཡང་ཟབ་མཐར་ཐུག་ཉི་ཚེ་སྟེ༔ སྙིང་པོ་ཡང་སྙིང་འདུས་པ་འདི་ལས་མེད༔ སྙིང་གི་ཡང་བཅུད་སྲོག་ཐིག་འདི་ཁོ་ན༔ ཞེས་བསྔགས་པར་མཛད་པའི་དཀྱིལ་འཁོར་དུ་གཞུག་པ་ལ་སྔོན་འགྲོ་སྟ་གོན་གྱི་བྱ་བ་དང་། དངོས་གཞི་དབང་བསྐུར་བའི་རིམ་པ་གཉིས་སུ་ཡོད་པའི་ཐོག་མར་སློབ་མ་ལྷག་པར་གནས་པའི་ཆོས་རྣམས་ཞུ་བའི་ཡོན་ཏུ་ཞིང་ཁམས་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །གསུམ་པ་ནི། ཕྱག་སྙིམས་པ་མེ་ཏོག་དང་བཅས་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ༔ དུས་གསུམ་སངས་རྒྱས་ཀུན་ཏུ་བཟང༔ བླ་མ་སངས་རྒྱས་དགོངས་སུ་གསོལ༔ བདག་ཅག་ཁྱེད་ཀྱི་རྗེས་སུ་འཇུག༔ ཐུན་མོང་མཆོག་གི་སྐྱབས་འགྲོ་དང༔ སོ་ཐར་བྱང་སེམས་དམ་ཚིག་སྡོམ༔ བླ་མ་མཆོག་གི་ས་ཐོབ་ཕྱིར༔ མགོན་པོས་བདག་ལ་གནང་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་སྣོད་ལྡན་དུ་རིག་ནས་ཐུགས་རྗེ་སྐྱེས་ཏེ་གནང་བ་བསྩལ་བ་ཡིན་ཏེ། ཀྱེ་མ་སྐལ་བཟང་ལས་ཅན་རྣམས༔ བླ་མེད་བླ་མའི་གསང་སྒྲུབ་བསྟན༔ འདས་དང་མ་བྱོན་ད་ལྟར་གྱི༔ རྒྱལ་བ་མ་ལུས་ཐམས་ཅད་ཀྱང༔ གསང་སྔགས་ཆོ་ག་འདི་མཁྱེན་པས༔ བླ་མ་རྡོ་རྗེ་འཛིན་ཐོབ་ཅིང༔ ཀུན་བཟང་བླ་མ་རྡོ་རྗེ་འཛིན༔ བདུད་ཀྱི་དཔུང་ཡང་འདི་ཡིས་བཏུལ༔ ཁྱེད་ཀྱང་བླ་མེད་མཆོག་ཐོབ་ཕྱིར༔ འདི་ཡི་རྗེས་སུ་ཀུན་ཞུགས་མཛོད༔ ཅེས་གནང་བ་སྦྱིན་ནོ། །བཞི་པ་ནི། མདུན་གྱི་ནམ་མཁར་བླ་མ་སྐུ་གསུམ་རྟ་ཕག་ཡབ་ཡུམ་སོགས་ཡང་སྙིང་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་རྩ་གསུམ་ཆོས་སྐྱོང་སྲུང་མའི་ཚོགས་སྤྲིན་གཏིབས་པ་ལྟ་བུས་བསྐོར་ཏེ་བཞུགས་པའི་སྤྱན་སྔར་བདུན་རྣམ་དག་ཚུལ་བཞིན་དུ་བགྱི་བའི་འདུན་པས་འདིའི་རྗེས་ཟློས། རང་རིག་ལྷ་ལ་ཕྱག་འཚལ་ལོ༔ མ་འགག་རང་གསལ་མཆོད་པ་འབུལ༔ མུ་བཞིར་ལྟུང་བ་མཐོལ་ལོ་བཤགས༔ དུས་གསུམ་མཉམ་ཉིད་རྗེས་ཡི་རང༔ འཁོར་བ་དོང་ནས་སྤྲུགས་པར་བསྐུལ༔ ཀ་དག་ཟང་ཐལ་རྗེན་པར་བཞུགས༔ ཀུན་ཀྱང་རང་རིག་རྟོགས་པར་བསྔོ༔ སྐུ་གསུམ་ཡོངས་རྫོགས་ཐོབ་པར་ཤོག༔ ལན་གསུམ། ལྔ་པ་ནི། ལམ་ལོག་པ་ལས་སྐྱོབ་ཅིང་སངས་རྒྱས་ཀྱི་ཐེག་པ་མཐའ་དག་གི་གཞི་རྟེན་སྐྱབས་སུ་འགྲོ་བའི་རྗེས་ཟློས། ཀྱེ༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ རྐང་གཉིས་གཙོ་བོ་སངས་རྒྱས་དང༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་མཆོག་ཕྱིར་མི་ལྡོག་པ་ལ༔ བདག་ནི་གུས་པས་སྐྱབས་སུ་མཆི༔ དུས་གསུམ་སངས་རྒྱས་བླ་མ་ལ༔ འདི་བཟུང་བླ་མེད་བྱང་ཆུབ་བར༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ དཔའ་བོ་དཔའ་མོ་ཆོས་སྐྱོང་བཅས༔ བྱང་ཆུབ་སེམས་དཔའ་སློབ་དཔོན་ལ༔ བདག་ནི་གུས་པས་སྐྱབས་སུ་མཆི༔ ལན་གསུམ་བརྗོད། དྲུག་པ་ནི། རྡོ་རྗེའི་ཡེ་ཤེས་ཟབ་མོས་སྨིན་པར་བྱེད་པ་ལ་རྒྱུད་ཐ་མལ་ལས་འཕགས་པ་ཞིག་དགོས་པས། གཞན་གནོད་གཞིར་བཅས་ལས་ལོག་པ་སོ་སོ་ཐར་པའི་སྡོམ་པ་བླངས་ནས་བསྲུང་བར་བགྱིའོ་སྙམ་པས་རྗེས་ཟློས། བླ་མ་མཆོག་གི་སྤྱན་སྔ་རུ༔ ལུས་ངག་ཡིད་ཀྱིས་འགྲོ་བ་ལ༔ གནོད་པ་སྤང་ཞིང་དགེ་ཚོགས་བསྒྲུབ༔ དགེ་ཚུལ་དགེ་སློང་བྱང་ཆུབ་སེམས༔ སོ་སོ་ཐར་པའི་སྡོམ་པ་ལ༔ བདག་ནི་རྒྱུན་དུ་གནས་ཤིང་བསྲུང༔ ལན་གསུམ། ལམ་དམན་པ་ལས་སྐྱོབ་ཅིང་གཞན་ཕན་གཞིར་བཅས་སྒྲུབ་པ་ཐེག་པ་ཆེན་པོར་སེམས་བསྐྱེད་པའི་ཐོག་མར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པའི་རྒྱུ་ལ་དམ་བཅའ་བ་སྨོན་པ་སེམས་བསྐྱེད་འདིའི་རྗེས་ཟློས། ཧོ༔ དུས་གསུམ་བླ་མ་མཆོག་དགོངས་ཤིག༔ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ ཕ་མའི་འདུ་ཤེས་ཉེར་བཞག་སྟེ༔ མ་བརྒལ་བ་རྣམས་བསྒྲལ་བ་དང༔ མ་གྲོལ་བ་རྣམས་དགྲོལ་བ་དང༔ དབུགས་མ་དབྱུང་རྣམས་དབུགས་དབྱུང་ཕྱིར༔ སྨོན་པ་བྱང་ཆུབ་སེམས་བསྐྱེད་དོ༔ ལན་གསུམ། སངས་རྒྱས་ཐོབ་བྱེད་ཀྱི་བསླབ་པ་བླངས་ནས་འབྲས་བུ་ལ་དམ་བཅའ་བ་འཇུག་པ་སེམས་བསྐྱེད་འདིའི་རྗེས་ཟློས། སྔོན་གྱི་བདེ་གཤེགས་རྒྱལ་བ་རྣམས༔ སྒོ་གསུམ་སྡོམ་ལ་གནས་པ་ལྟར༔ འདི་བཟུང་འཁོར་བ་མ་སྟོངས་བར༔ བླ་མེད་འཇུག་པའི་བྱང་ཆུབ་སེམས༔ བདག་ཅག་རྣམས་ཀྱིས་བསྐྱེད་པར་བགྱི༔ ཕར་ཕྱིན་དྲུག་སློབ་སྡོམ་གསུམ་བཟུང༔ བདག་གིས་སྡོམ་བསྲུང་མ་གྲོལ་སྒྲོལ༔ དབུགས་དབྱུང་མྱ་ངན་འདས་ལ་འགོད༔ ལན་གསུམ། ཁྱད་པར་གྱི་མྱུར་ལམ་རྡོ་རྗེ་ཐེག་པའི་སྒོར་ཞུགས་པ་ལ་མེད་དུ་མི་རུང་བ་རྩ་བའི་བརྟུལ་ཞུགས་རིགས་ལྔ་ཐུན་མོང་དང་ཁྱད་པར་གྱི་སྡོམ་པ་རྣམས་བཟུང་བའི་བློས་རྗེས་ཟློས། དཀོན་མཆོག་གསུམ་བཟུང་མི་གཏོང་བསྒྲུབ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཡིན༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ རིན་ཆེན་རིགས་ཀྱི་སྡོམ་པ་ཡིན༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་དང་ཆོས་རྣམས་བཤད༔ པདྨ་རིགས་ཀྱི་སྡོམ་པ་ཡིན༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་དུ་བརྩོན་པར་བྱ༔ ལས་ཀྱི་རིགས་ཀྱི་སྡོམ་པ་ཡིན༔ ཅེས་ལན་གསུམ་གྱིས་ཁས་བླང་དུ་གཞུག །གསང་སྔགས་ཀྱི་དམ་ཚིག་ས་མ་ཡ་འབུམ་སྡེར་གསུངས་པ་རྣམས་རྩ་བ་དང་ཡན་ལག་གཉིས་སུ་འདུས་པ་ཡིན་ཞིང་དེ་དག་དེང་ནས་བརྩམ་སྟེ་ཚུལ་བཞིན་དུ་བསྲུང་དགོས་པས་དམ་ཚིག་བསྒྲག་པ་འདི་ལ་སྙན་གཏོད་འཚལ། དཀོན་མཆོག་ལ་གུས་འགྲོ་ལ་བརྩེ༔ རྩ་བ་ཡན་ལག་དམ་ཚིག་སྲུངས༔ ལུས་དང་སྲོག་ལ་བབ་གྱུར་ཀྱང༔ རྩ་བའི་དམ་ཚིག་འདའ་མི་བྱ༔ ཞེས་སྤྲོ་ན་དེའི་དོན་རྒྱས་པར་བཤད་དོ། །བདུན་པ་ནི། དེ་ནས་ཁྱེད་རང་རྣམས་སྐད་ཅིག་གིས་པད་ཟླའི་གདན་ལ་བླ་མ་རྡོ་རྗེ་འཆང་མཐིང་ནག་སྤྱན་གསུམ་ཐོར་ཚུགས་དར་དང་རིན་ཆེན་རུས་པའི་རྒྱན་གྱིས་སྤྲས་ཤིང་ཕྱག་གཉིས་རྡོར་དྲིལ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་པང་དུ་ཡུམ་ཡེ་ཤེས་མཁའ་འགྲོ་དཀར་དམར་གྲི་ཐོད་འཛིན་པས་འཁྱུད་པའི་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་ངོ་བོ་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གི་རྒྱས་བཏབ་པར་མོས་ཤིག །འབྲུ་གསུམ་བརྗོད་ལ་དྲིའི་ཐིག་ལེ་བྱ། ལྕེ་ལ་བདུད་རྩི་བཞག །དེ་ལྟར་གསལ་བའི་གནས་གསུམ་ལས་འོད་ཟེར་འཕྲོས་ཕྱོགས་བཅུ་དུས་བཞིའི་བླ་མ་རིག་འཛིན་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་རྡོ་རྗེ་གསུམ་གྱི་ལྷ་ཚོགས་ཀྱི་རྣམ་པར་བྱོན་ཏེ་ཁྱེད་རང་རྣམས་ལ་ཐིམ་པས་ཐ་མལ་པའི་སྒོ་གསུམ་གཞིར་གནས་ཀྱི་རྡོ་རྗེ་གསུམ་དུ་སད་དེ་རྒྱུད་ཡེ་ཤེས་ཆེན་པོས་གང་བར་མོས་ཤིག །ཛཿཧཱུྃ་བཾ་ཧོཿབརྗོད་ལ་རོལ་མོ་བྱ། ཡེ་ཤེས་པ་དེ་བརྟན་པར་བྱས་པར་མོས་ཤིག །རྡོ་རྗེ་མེ་ཏོག་དང་བཅས་པ་སྤྱི་བོར་བཞག་སྟེ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ༔ དེ་ལྟར་ཁྱེད་རང་གི་སྒོ་གསུམ་རྡོ་རྗེ་གསུམ་དུ་གནས་གྱུར་པ་དེ་རིགས་ཁམས་སད་པའི་ཐོག་མ། སྡོམ་པ་དམ་ཚིག་གི་རྩ་བ། འབྲས་བུར་སྨིན་བྱེད་ཀྱི་ས་བོན་ཡིན་པས་མཆོད་ཅིང་བསྟོད་པས་མངའ་གསོལ་བར་མོས་ཤིག །ཉེར་སྤྱོད་སོགས་བཏེགས་ལ། ཕྱི་ནང་གསང་མཆོད་བསྟོད་པ་བཅས་མདོར་བསྡུས་སུ་བྱ། ཐོག་མ་མེད་པ་ནས་ད་ལྟའི་བར་དུ་བསགས་པའི་ཉམས་ཆག་ཉེས་ལྟུང་ཅི་མཆིས་པ་ཐམས་ཅད་རྡོ་རྗེ་གསུམ་གྱི་ཀློང་དུ་བཟོད་པར་གསོལ་བའི་མོས་པས་ཡིག་བརྒྱ་བཤགས་ཚིག་བཅས་པའི་རྗེས་ཟློས་མཛད་པར་ཞུ། ཡིག་བརྒྱ་ལན་གསུམ་དང་། མགོན་པོ་བདག་ནི་སོགས་བརྗོད་དོ། །བརྒྱད་པ་ནི། མཎྜལ་ཚོམ་བུ་དགུ་པ་དགོད། སོ་ཤིང་གཏད་ལ། དངོས་གྲུབ་ཀྱི་ལྟས་བརྟག་པའི་ཕྱིར་དུ་སོ་ཤིང་མཚན་ཉིད་དང་ལྡན་པ་ཐལ་སྦྱར་གྱི་བར་དུ་ཟུངས་ལ་སོ་བྲུད་ཅིང་སྡིག་སྒྲིབ་སྐྱུག་པའི་མོས་པ་དང་ཚིག་འདིའི་རྗེས་ཟློས་བཅས་ཚོམ་བུའི་སྟེང་དུ་འདོར་བར་ཞུ། བླ་མ་ཡི་དམ་མཁའ་འགྲོ་ཡིས༔ བདག་ལ་དངོས་གྲུབ་བཟང་པོ་སྟོན༔ ཧཱ་ས་ཧཱ༔ དེ་ལྟར་དོར་བས་རྩེ་མོ་དབུས་སུ་བསྟན་ན་མཆོག་གི་དངོས་གྲུབ། ཕྱོགས་བཞིར་ཕྲིན་ལས་བཞི། མཚམས་སུ་བུམ་པ་བཟང་པོ་སོགས་ལས་ཕྲན་ཚེགས་འགྲུབ་ཅིང་། དབུས་དང་ཕྱོགས་བཞིས་རིགས་ལྔའི་དངོས་གྲུབ་ཀྱང་མཚོན་པ་ཡིན་ནོ། །ཞེས་ལུང་བསྟན། དགུ་པ་ནི། ཕྱིར་མི་ལྡོག་པའི་ཆེད་དུ་ཟབ་མོའི་ཆོས་བཤད་པ་ནི་འདི་ལ་གསན་འཚལ། ཀྱེ་མ་རིགས་ལྡན་བུ་རྣམས་ཉོན༔ བླ་མེད་འདི་འདྲའི་དཀྱིལ་འཁོར་མཆོག༔ ཨུ་དུམྦ་རའི་མེ་ཏོག་མཚུངས༔ འདི་རུ་གང་ཞུགས་སྡིག་སྒྲིབ་དག༔ མཐོང་བས་བདེ་ཆེན་ཞིང་ལ་རེག༔ ཚུལ་བཞིན་སྒྲུབས་ཤིག་བསོད་ནམས་ཆེ༔ སྤྲོ་བ་དང་ནི་དགའ་བ་སྐྱེད༔ བཅུ་པ་ནི། སྲུང་སྐུད་དམར་པོ་ལྔ་བསྒྲིལ་རྩ་སྔགས་བཟླས་ཤིང་རྡོ་རྗེའི་མདུད་པ་བཏབ་པ་སྐྱེས་པའི་དཔུང་པ་གཡོན། བུད་མེད་ཀྱི་གཡས་སུ་བཅིངས་ཏེ། རྡོ་རྗེའི་མདུད་པ་དཔུང་པར་བཅིངས་པས་ཁྱེད་རང་གི་སྒོ་གསུམ་བར་དུ་གཅོད་པའི་ཕྱོགས་ལས་སྲུང་བའི་རྡོ་རྗེའི་གོ་དང་ལྡན་པར་མོས་ཤིག །མདུད་པའི་སྟེང་རྡོ་རྗེས་རྒྱ་གྲམ་དུ་རེག་ལ། བཛྲ་རཀྵ་ཧཱུྃ༔ བཅུ་གཅིག་པ་ནི། ཀུ་ཤའི་ཕོན་པོ་ཆེ་ཆུང་གཉིས་ལ། ཨོཾ་ཨཱཿཧཱུྃ་བཟླས་པ་ལག་གཡས་གཡོན་དུ་སྦྱིན་ལ། སྒོ་གསུམ་གྱི་ཉེས་པ་མ་ལུས་པ་གཙང་བའི་རྟེན་འབྲེལ་དང་ཁྱད་པར་རྨི་ལམ་མི་འཁྲུགས་པར་བྱ་བའི་ཕྱིར་དག་བྱེད་རྩ་མཆོག་གི་ཕོན་པོ་ཆུང་བ་སྔས་དང་ཆེ་བ་སྟན་གྱི་དོན་དུ་ཟུངས་ལ༔ རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་ཀྱིས་བདག་ལ་དགེ་དང་མི་དགེའི་ལྟས་ཐམས་ཅད་བསྟན་དུ་གསོལ༔ ཅེས་དམོད་བོར་ཏེ་བླ་མ་དང་དཀྱིལ་འཁོར་གྱི་ཕྱོགས་སུ་མགོ་བོ་བསྟན་ཏེ་ཉལ་བས་ནངས་པར་རྨི་ལམ་གང་བྱུང་ངེད་ལ་སྨྲ་དགོས་པ་ཡིན་ནོ། །དེས་སྟ་གོན་གྱི་རིམ་པ་རྣམས་ལེགས་པར་གྲུབ་པས་དགེ་བ་གཞན་དོན་དུ་བསྔོ་བར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་རྣམས་གྱེས། སློབ་དཔོན་གྱིས་སྟ་གོན་གྱི་ལྷ་ལ་མཆོད་བསྟོད་མདོར་བསྡུས་སམ། ཡང་ན་བདག་མདུན་ཆབས་ཅིག་ཏུ་དམིགས་ཏེ་སྔར་མ་སོང་ན་ཚོགས་སྐོང་། སྲུང་མའི་གཏོར་འབུལ། རྗེས་ཆོག་རྫོགས་པར་བྱས་ལ། གཤེགས་བསྡུའི་སྐབས། སྟ་གོན་གྱི་ལྷ་རྣམས་མདུན་གྱི་ནམ་མཁར་འོད་ཀྱི་དྲྭ་བའི་ནང་དུ་བཞུགས་པར་གྱུར། བཛྲ་ས་མཱ་ཛཿ ས་མ་ཡ་སཏྭཾཿ ཞེས་བརྗོད་དོ། །གཉིས་པ་དངོས་གཞི་ལ་གསུམ། སྒྲུབ་རྫས་ཀྱི་དཀྱིལ་འཁོར་འདུ་བྱ་བ། དབང་དོན་དུ་བདག་མདུན་སྒྲུབ་པ། དབང་བསྐུར་བའི་ལས་རིམ་དངོས་ལ་འཇུག་པའོ། །དང་པོ་ནི། རས་བྲིས་ཞི་དཀྱིལ་སྤྱི་མཐུན་ལ་ཁྱད་ཆོས་རྣམས་དབང་གི་དཀྱིལ་འཁོར་རྣམ་དག་སྐབས་སུ་འབྱུང་བ་ལྟར་ཚད་ལྡན་དཀྲམ། མེད་ན་མཎྜལ་ལ་ལྷ་གྲངས་ཀྱི་ཚོམ་བུ་བཀོད་པའི་ཁར་རྣམ་རྒྱལ་བུམ་པ་དང་། དེའི་ཁར་ལྡིང་ཁྲི་མཐོ་བ་ལ་བླ་མའི་གཏོར་ཆེན་རིན་ཆེན་འབར་བ་སྐུ་ཙཀ་དར་གདུགས་ཀྱིས་བརྒྱན་པ་དགོད། ཡོད་ན་སྐུ་གསུམ་སྒྲུབ་པའི་སྐུ་འབག་ཀྱང་བཤམ། གཡས་སུ་ཐོད་པ་ཆང་དང་ཨ་མྲྀཏས་བཀང་བའི་ཁར་མེ་ལོང་ལ་སིནྡྷུ་རའི་ཐིག་ལེ་བྱས་པ་བཞག །གཡོན་དུ་རྩ་གསུམ་སྐུ་དང་དབང་ཕྲེང་ཤེལ་རྡོ་སྟེགས་བཅས། རྒྱབ་ཏུ་བནྡྷ་མཚན་ལྡན་ཆོས་སྨན་མངར་གསུམ་ཆང་སྦྱར་གྱིས་བཀང་བའི་ཁར་མེ་ལོང་ཆང་གིས་བརླན་ཏེ་སིནྡྷུ་ར་བརྡལ་བ་ལ་ཆོས་འབྱུང་བསྣོལ་མའི་ནང་དུ་དཔའ་བོ་ཡབ་ཡུམ་གྱི་ས་བོན་བཅུ་དང་། མཐའ་སྐོར་དུ་རིག་འཛིན་བརྒྱུད་པའི་མཚན་ཐམས་ཅད་ཤོང་དཀའ་བས། དཔེར་ན། ཨོཾ་ཨཱཿརྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་བརྒྱུད་གང་ཟག་སྙན་བརྒྱུད་ལས་འཕྲོ་གཏེར་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག་ཧཱུྃ། ཞེས་པ་ཙམ་བྲིས་པ་བཞག །དཀྱིལ་འཁོར་དབུས་སུ་ལྷ་ཙཀ་རྣམས་དང་ཐོད་ཕྲེང་སྡེ་ལྔའི་དབང་རྫས། མཐའ་སྐོར་དུ་རྗེས་གནང་ཕྲིན་ལས་ཀྱི་དབང་ཆས་བརྒྱད། མདུན་དུ་མཆོད་གཏོར་དང་སྨན་རཀ །སྲུང་མའི་གཏོར་འབུལ། ཞི་མཆོད་བསྐོར་བཤམ། གཞན་ཡང་དམ་ཆུ་མིག་དར་མེ་ཏོག་ཐུར་མ་སོགས་དབང་ལ་མཁོ་བའི་ཆས་ཕྲན་ཚེགས་རྣམས་དང་། སྔོན་གཏོར། ཚོགས་ཀྱི་ཡོ་བྱད། ཆད་བརྟན་སོགས་ཕྲིན་ལས་དཀྱུས་ལ་དགོས་པ་རྣམས་ཚགས་སུ་ཚུད་པར་བྱའོ། །དེ་ནས་ཡིག་བརྒྱ་དབྱངས་གསལ་རྟེན་སྙིང་ལན་གསུམ་གསུམ་བཟླ་ཞིང་མེ་ཏོག་འཐོར་ལ་ཤིས་པ་བརྗོད། ནམ་མཁར་བཞུགས་པའི་སྟ་གོན་གྱི་ལྷ་རྣམས་དཀྱིལ་འཁོར་དང་སྒྲུབ་རྫས་ལ་ཐིམ་པར་མོས་ཏེ། སྤོས་རོལ་བཅས། ཧཱུྃ༔ ཆོས་སྐུ་སྐྱེ་མེད་སྤྲོས་བྲལ་དག་པ་ལས༔ འགྲོ་བའི་དོན་ཕྱིར་གཟུགས་སྐུ་གཉིས་སུ་སྤྲུལ༔ སྨོན་ལམ་སྟོབས་ཀྱིས་འགྲོ་བའི་དོན་བྱའི་ཕྱིར༔ གསང་བའི་དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས༔ ཞེས་བརྗོད་དོ། །གཉིས་པ་ནི། གོང་སྨོས་ལྟར་ལས་བྱང་རྒྱས་བསྡུས་གང་རུང་གིས་གཞུང་བསྲངས། ཚིག་རིས་གཅིག་གིས་བདག་མདུན་སོ་སོར་བསྐྱེད་བསྟིམ་མཆོད་བསྟོད་བཟླས་པ་ཅི་འགྲུབ་བྱ། རྒྱབ་ངོས་བཤམས་པའི་ཐོད་ཆང་ལ་དམིགས་ཏེ། སྐད་ཅིག་གིས་རྩ་བ་གསུམ་གྱི་ལྷ་ཚོགས་དཔག་ཏུ་མེད་པ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་གྱུར། སྔགས་ཙམ་གྱིས་མཆོད། མ་བཅོས་སྤྲོས་བྲལ་མས་བསྟོད། ལྷ་རྣམས་སྙོམས་པར་ཞུགས་པའི་བྱང་སེམས་བདུད་རྩིའི་རྒྱུན་བབས་པས་ཐོད་པ་གང་བར་མོས་ལ་ཛཔ྄་སྔགས་ཅུང་ཟད་བཟླ་ཞིང་བདུད་རྩི་ལག་མཆོད་ལས་གཞུང་ལྟར་བྱ། སྲུང་མ་སྤྱི་དང་གཏེར་སྲུང་སྒོས་ཀྱི་གཏོར་འབུལ་སོགས་ཀྱང་བྱས་གྲུབ་ནས་ཚོགས་ལ་མ་རོལ་པའི་གོང་དེར་རིག་པའི་མེ་ཏོག་དོར་བ་ཙམ་གྱིས་བདག་ཉིད་འཇུག་ལ་གནང་བ་ནོད་པར་བྱའོ། །གསུམ་པ་ལའང་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་སྦྱོར་བ་འཇུག་པའི་ཆོས་ལ་བཅུ་གསུམ་སྟེ། ཁྲུས་དང་སྒོ་ཞུས་གསོལ་བ་གདབ། །བགེགས་བསྐྲད་ཡོན་ཕུལ་ཞུ་གནང་བྱ། །རྒྱུད་སྦྱོང་དམ་བཞག་ཡེ་ཤེས་དབབ། །སྒོ་དབྱེ་མེ་ཏོག་མིག་དར་བསལ། །དལ་བསྟན་རྣམ་དག་བཤད་པ་འོ། །དང་པོ་ནི། ལས་སློབ་ཀྱིས་སྒོའི་ཕྱི་རོལ་དུ་སློབ་མ་རྣམས་ལས་བུམ་གྱིས་ཁྲུས་བྱ། གཉིས་པ་ནི། བརྒྱུད་པའི་གསོལ་འདེབས་འདོན་ལ་ཚོགས་ཁང་ལན་གསུམ་བསྐོར་བར་གསུངས་པ་ལྟར་འགྲུབ་ཏུ་རུང་ན་བྱ། སྤྱོད་ཡུལ་སོགས་མ་འགྲིགས་ན་དེར་མོས་ཏེ་བླ་མ་སྐུ་གསུམ་གསོལ་འདེབས་བརྗོད། དེའང་མ་ཤེས་ན་མོས་གུས་བསྐྱེད་ལ་གསོལ་འདེབས་སྙིང་པོ་བཛྲ་གུ་རུ་བཟླ །སྔོན་ཆད་དཀྱིལ་འཁོར་གཉན་པོ་འདིར་མ་ཞུགས་ཤིང་མ་རིག་པའི་སྒྲིབ་གཡོགས་དང་བཅས་པ་མཚོན་བྱེད་རས་ཡུག་དམར་པོས་གདོང་གཡོགས་པར་མོས་ཤིག་བྱས་ལ་སྤྱན་དར་དགབ། སླད་ནས་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་སྟོང་པར་མཇལ་དུ་མི་བཏུབ་པས་ཕྱག་རྟེན་ཏུ་ཡང་ཞིང་མ་ཉམས་པའི་རིན་པོ་ཆེའི་མེ་ཏོག་རེ་ཐོགས་པར་མོས་ཤིག་བྱས་ལ་འབྲུ་གསུམ་གྱིས་ཅོད་པན་སྤྲད། དེ་ནས་ཐོག་མར་ཕྱིའི་སྒོ་དྲུང་ནས་སྒོ་སྲུང་ཁྲོ་བོ་འཇིགས་པའི་གཟུགས་ཅན་ལ་སྒོ་དབྱེ་བར་གསོལ་བ་འདེབས་པའི་མོས་པས་འདིའི་རྗེས་ཟློས་མཛོད། ཀྱེ་ཁྲོ་བོ་མི་བཟད་འཇིགས་པའི་སྐུ༔ མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས༔ བདེ་གཤེགས་རྒྱལ་བའི་ཕོ་བྲང་སྲུང༔ བདག་ཅག་འཁོར་བ་ལས་སྒྲོལ་ཞིང༔ ཐར་པའི་གྲོང་དུ་འཇུག་པའི་ཕྱིར༔ ཁྱེད་ཀྱིས་གནང་སྟེ་གཏང་དུ་གསོལ༔ ལན་གསུམ་ཞུས་པའི་ལན་དུ། ཁྱོད་ཅག་སུ་ཡིན་ཅི་བྱེད་པ༔ ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས། བདག་ཅག་སྐལ་ལྡན་རིགས་ཀྱི་བུ༔ བླ་མེད་གསང་བའི་དཀྱིལ་འཁོར་དུ༔ རིགས་ཀྱི་བདག་ཉིད་བླ་མ་ལ༔ སྨིན་བྱེད་དབང་གི་སྐུ་དྲིན་ཞུ༔ ཞེས་ཞུས་པས་ལས་ཀྱི་སློབ་དཔོན་གྱིས་རྡོ་རྗེའི་ལམ་ལ་ཁྲིད་དེ་སྒོའི་ནང་དུ་ཞུགས་ནས་ཡོལ་བའི་ཕྱི་རོལ་དུ་འཁོད་པར་མོས་ཤིག་བྱས་ལ་ནང་དུ་ཁྲིད། གསུམ་པ་ནི། ཐོག་མར་སློབ་དཔོན་ཉིད་སངས་རྒྱས་ཀུན་འདུས་སུ་མོས་པས་རྗེས་སུ་བཟུང་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་གྱི་རང་བཞིན་སྐུ༔ སློབ་དཔོན་ཁྱོད་ལ་བདག་སྐྱབས་མཆི༔ སྡུག་བསྔལ་འཁོར་བའི་རྒྱ་མཚོ་ལས༔ གཙོ་བོ་ཁྱེད་ཀྱིས་བསྒྲལ་དུ་གསོལ༔ ལན་གསུམ་ཞུས་པའི་ལན་དུ། ཀྱེ་མ་བློ་བཟང་སྐལ་ལྡན་རྣམས༔ ཉོན་མོངས་ཉེས་པའི་ཚོགས་སྤངས་ནས༔ ཚེ་གཅིག་མྱང་འདས་ལམ་སྦྱོར་བ༔ བླ་མ་གསང་བའི་སྒྲུབ་དབང་གི༔ དཀྱིལ་འཁོར་འདི་མཐོང་ཐོས་པས་ཀྱང༔ ཁམས་གསུམ་འཁོར་བའི་གནས་ལས་གྲོལ༔ བཀའ་བཞིན་བསྒྲུབ་པར་དམ་བྱེད་དམ༔ ཞེས་དྲིས་པའི་ལན་བཏབ་པ་འདིའི་རྗེས་ཟློས། སྒྲུབ་པའི་དཀྱིལ་འཁོར་དང་བཅས་པའི༔ ལྷ་རྣམས་ལ་ཡང་ཕྱག་འཚལ་ལོ༔ ཅི་གསུང་བཀའ་ལས་བདག་མི་འདའ༔ ཐར་པའི་ཕོ་བྲང་དམ་པ་རུ༔ མགོན་པོས་བདག་ཅག་གཞུག་ཏུ་གསོལ༔ ཞེས་ཞུས་ལ་ཡོལ་བ་བསལ། བཞི་པ་ནི། བགེགས་གཏོར་ཆང་བུ་དང་བཅས་པ། རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་ཧོ༔ལན་གསུམ་གྱིས་བརླབ། ལྕགས་ཀྱུའི་ཕྱག་རྒྱས། ཨོཾ་སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛ༔ ཞེས་མགྲོན་དགུག །ཨོཾ་སརྦ་བིགྷ་ཱན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིཾ་ཏ་སྭཱ་ཧཱཿ ལན་གསུམ་གྱིས་བསྔོ། ཧཱུྃ་ཧྲཱི༔ བླ་མ་རྣམས་ཀྱི་སོགས་བཀའ་བསྒོ་ཞིང་དྲག་སྔགས་རོལ་མོ་ཡུངས་ཐུན་སོགས་ཀྱིས་བགེགས་བསྐྲད། ཧཱུྃ༔ ང་ནི་ཡེ་ནས་སོགས་ཀྱིས་མཚམས་བཅད་ལ་སྲུང་འཁོར་བརྟན་པོར་བསྒོམ་མོ། །བཞི་པ་ནི། མེ་ཏོག་བཀྱེ་བསྡུ་སེམས་བསྐྱེད་གསལ་འདེབས། ནུས་ན་ཆོས་ཀྱི་ཆེ་བ་སོགས་མཚམས་སྦྱོར་ཆོས་བཤད་ཅི་རིགས་བྱ། མདོར་བསྡུ་ན། དེའང་གསན་བྱའི་ཆོས་ཐེག་པ་ཐམས་ཅད་ཀྱི་ཡང་བཅུད་ལམ་ཟབ་མོ་བླ་མ་སྒྲུབ་པ་རྣམས་ཀྱི་ནང་ནས་ཕུལ་དུ་ཕྱིན་ཅིང་གོང་ན་མེད་པ་གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བར་བྱེད་པ་ཡིན་ཞིང་། གུ་རུ་རིན་པོ་ཆེ་འདི་ཉིད་ནི། སྔོན་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་དུ་ཀུན་ཏུ་བཟང་པོ་ཆོས་ཀྱི་སྐུའི་སྟོན་པར་མངོན་པར་རྫོགས་པ་སངས་རྒྱས་ནས། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ན་ད་ལྟ་ལོངས་སྐུ་སྣང་བ་མཐའ་ཡས་ཀྱི་རྣམ་པར་བཞུགས་པ་ལས། འཛམ་བུའི་གླིང་གི་འགྲོ་བ་འདུལ་བར་གཟིགས་ཏེ། སྣང་བ་མཐའ་ཡས་ཀྱི་ཐུགས་ཀ་ནས་འོད་ཟེར་གྱི་རྩེ་ལ་འོད་ཀྱི་ཁྱེའུ་མཚན་དང་དཔེ་བྱད་དུ་འབར་བ་ཞིག་ཨོ་རྒྱན་གྱི་ནུབ་ཕྱོགས་དྷ་ན་ཀོ་ཥའི་མཚོ་གླིང་གི་པདྨའི་སྡོང་པོའི་སྟེང་དུ་འཕྲོས་པ་ཉིད། རྒྱལ་པོ་ཨིནྡྲ་བྷཱུ་ཏིས་སྤྱན་དྲངས་ཏེ། ནུབ་ཕྱོགས་ཨོ་རྒྱན་གྱི་རྒྱལ་པོར་མངའ་གསོལ་ནས། ཆེ་བའི་རྫུ་འཕྲུལ་དང་མཛད་པ་དུ་མས་ཨོ་རྒྱན་དང་རྒྱ་གར་གྱི་ཡུལ་རྣམས་བཏུལ་ཅིང་། དུར་ཁྲོད་ཆེན་པོ་བརྒྱད་ན་སྤྲུལ་པ་མཚན་བརྒྱད་བཞུགས་ནས་མཁའ་འགྲོ་མ་རྣམས་ཀྱི་དོན་མཛད་པ་ལས། བོད་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ཁྲི་སྲོང་ལྡེའུ་བཙན་གྱིས་དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་ས་འདུལ་དུ་སྤྱན་དྲངས་ཏེ་རྒྱལ་འབངས་ཐམས་ཅད་བདེ་ལ་བཀོད། སངས་རྒྱས་ཀྱི་བསྟན་པ་དར་རྒྱས་སུ་མཛད་པའི་དུས་སུ་མཆིམས་ཕུར་ཚོགས་ཀྱི་འཁོར་ལོ་བསྐོར་ནས་མངའ་བདག་རྗེ་འབངས་ཀྱིས་ཕྱག་འཚལ་ཏེ་ཞུས་པ། ཀྱེ་སློབ་དཔོན་ཆེན་པོ་ལགས། བདག་བོད་འབངས་ཐམས་ཅད་བསོད་ནམས་དང་ལྡན་པས་ད་ལྟ་ནི་ཁྱེད་ལྟ་བུའི་སློབ་དཔོན་སྤྲུལ་པའི་སྐུ་དངོས་དང་མཇལ། ཕྱི་ནང་གསང་བའི་ཆོས་མང་པོ་ནི་ཐོས། གསང་སྔགས་ལྷའི་དཀྱིལ་འཁོར་དུ་མའི་དབང་བསྐུར་བ་ནི་ཐོབ། ཡི་དམ་ལྷའི་དཀྱིལ་འཁོར་ལ་བརྟེན་ནས་འཚང་རྒྱ་བའི་ཐབས་མཆིས་ལགས་ཀྱང་། བླ་མའི་ལམ་དང་དལ་དུ་ཞུགས་ནས་འཚང་རྒྱ་བའི་ཐབས་བླ་མ་སྤྲུལ་པའི་སྐུ་ཉིད་ལ་བསྟེན་པ་ཞིག །ད་ལྟར་བདག་ཅག་རྗེ་འབངས་དང་ཕྱི་རབས་ཀྱི་འགྲོ་བ་བླ་མ་ཉིད་ཀྱི་གདུལ་བྱར་གྱུར་པ་རྣམས་ལ་ཅིས་ཀྱང་ཞུ་འཚལ། ཞེས་ཞུས་པའི་ཚེ། མ་ཧཱ་གུ་རུས་བཀའ་བསྩལ་པ། ཀྱེ་མངའ་བདག་རྗེ། ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཐབས་དང་སྒོ་ནི་བསམ་གྱིས་མི་ཁྱབ་ཀྱང་། བསྡུ་ན་ཚེ་གཅིག་གིས་འཚང་རྒྱ་བར་བྱེད་པ་ལ་ཡི་དམ་ལྷའི་དཀྱིལ་འཁོར་དུ་དབང་བསྐུར་ནས་བསྐྱེད་རྫོགས་ཟབ་མོའི་དོན་ཉམས་སུ་ལེན་པ་དང་། བླ་མའི་ཐུགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ནས་བསྐྱེད་རྫོགས་ཟབ་མོའི་དོན་ཉམས་སུ་ལེན་པ་གཉིས་སུ་འདུས་སོ། །ཡི་དམ་ལྷའི་ལམ་ནི་རིམ་གྱིས་དབང་པོ་སྦྱོང་བའི་ལས་ཅན་རྣམས་འཇུག་པ་ཡིན་ཏེ། བསྡུ་ན་གསང་སྔགས་ཕྱི་ནང་གཉིས་སུ་འདུའོ། །བླ་མའི་ལམ་ནི་དབང་པོ་གཅིག་ཅར་བ་སྔོན་སོང་སྦྱངས་པའི་ལས་འཕྲོ་སད་པ་རྣམས་འཇུག་པ་ཡིན་ཏེ། བསྡུ་ན་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ཀུན་འདུས་སྤྱིའི་སྒྲུབ་པ་དང་། ལས་ཕྲན་ཚེགས་པ་བྱེ་བྲག་རྐྱང་པར་སྒྲུབ་པ་གཉིས་སུ་བསྡུས་ཏེ་བསྟན་པ་ཡིན་ནོ། །ཞེས་བཀའ་བསྩལ་ནས། རིག་འཛིན་འདུས་པ་སྤྱིའི་རྒྱུད་དང་བྱེ་བྲག་གི་རྒྱུད་ལ་བརྟེན་ནས་རིག་འཛིན་སློབ་དཔོན་གྱི་སྒྲུབ་པ་རྣམས་མཛད་དེ། དཀྱིལ་འཁོར་ཡོངས་སུ་རྫོགས་པ་ལྟར་སྒྲུབ་པ་དང་ལྷ་ཡབ་ཡུམ་རེའམ། དཔའ་བོ་གཅིག་པ་ལ་སོགས་པ་ཡན་ལག་གི་ཆ་ཤས་རྐྱང་བ་རེའི་སྒོ་ནས་གང་ཟག་རེ་སྨིན་གྲོལ་ལ་འགོད་པའི་རིམ་པ་རྣམས་གསུངས་པ་ལས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་དཀར་ཆག་ཏུ་བཏབ་སྟེ། རིན་པོ་ཆེ་སའི་གཏེར་དུ་སྦས་པ་རྣམས། དུས་ཕྱིས་སྨོན་ལམ་སད་པའི་གང་ཟག་གཏེར་སྟོན་རིམ་པར་བྱོན་པ་རྣམས་ཀྱིས་བཏོན་ནས་འགྲོ་དོན་མཐའ་དབུས་ཀུན་ཏུ་ཁྱབ་ཅིང་། ཐམས་ཅད་ཀྱང་ཁྱད་པར་འཕགས་པ་འབའ་ཞིག་པ་སྟེ། ཇི་སྐད་དུ། ཨེ་མ་ཧོ༔ བདག་འདྲ་པདྨ་འབྱུང་གནས་ངས༔ རང་གི་སྒྲུབ་པ་རང་གིས་བརྩམས༔ སུ་འཕྲད་བདེ་ཆེན་ཞིང་དུ་སྦྱོར༔ ཅེས་གསུངས་པས་མཚོན་ནུས་ལ། སྐབས་སུ་བབས་པ་འདི་ནི་རང་གཞུང་ལས། ཐུགས་ཀྱི་གསང་སྒྲུབ་ཡང་སྙིང་འདུས་པ་འདི༔ ས་འོག་ཀུན་གྱི་གཏེར་གཅིག་སྙིང་པོའི་བཅུད༔ པདྨ་བདག་གི་ཐུགས་བཅུད་མིན་རེ་ཀན༔ ལུང་ཐོབ་ཙམ་ཡང་བདག་གི་ཐུགས་རྗེས་སྐྱོབ༔ ཉམས་སུ་ལེན་རྣམས་ཚེ་གཅིག་སངས་རྒྱས་ཐོབ༔ ཤིན་ཏུ་ཟབ་ཕྱིར་དགེ་རིའི་བྲག་ལ་སྦས༔ ཞེས་ཐུགས་སྒྲུབ་ཀུན་གྱི་ཡང་སྙིང་བྱིན་རླབས་དངོས་གྲུབ་ཀུན་འདུས་བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་མར་བསྔགས་པ་འདི་ཉིད་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་རཏྣ་གླིང་པས་གཉལ་སྨད་དགེ་རི་སྤྱང་དམར་ཆོས་རྫོང་གི་གསང་ཕུག་དམར་པོ་གླང་རུའི་དབྱིབས་འདྲ་བ་ནས་སྤྱན་དྲངས་པ་སྟེ། དེ་ལ་སྨིན་གྲོལ་གྱི་སྐོར་ཚོ་ཆེན་པོ་གཉིས་ལས་ད་ལམ་སྨིན་བྱེད་དབང་བསྐུར་ཡན་ལག་དང་བཅས་པ་སྒྲུབ་པའི་སྐབས་སུ་བབས་པ་ཡིན། དེ་ལ་སྟ་གོན་གྱི་སྐོར་རྣམས་སྔོན་དུ་སོང་ཟིན་པས། དབང་དངོས་ལ་ཐོག་མར་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་གྲུབ་ནས་ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་ཏུ་མཎྜལ་ཞིག་འབུལ་བར་ཞུ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །ལྔ་པ་ནི། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པ་ལ་མི་ཕྱེད་གུས་པ་ཆེན་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པའི་རྗེས་ཟློས། ཀྱེ༔ བླ་མ་རྡོ་རྗེ་འཛིན་པ་དང༔ དཀྱིལ་འཁོར་ལྷ་ཚོགས་སྤངས་ནས་ནི༔ སྐྱོབ་པ་གཞན་ན་མི་མངའ་བས༔ ཁྱེད་ཀྱི་ཐུགས་རྗེས་བདག་བཟུང་འཚལ༔ ཞེས་ལན་གསུམ་ཞུའོ། །བླ་མས་གནང་བ་ནི། ཀྱེ༔ ཁྱེད་རྣམས་སྣོད་ལྡན་བསོད་ནམས་བསགས༔ ཡང་གསང་བླ་མའི་དཀྱིལ་འཁོར་འདིར༔ བདག་གིས་ཁྱེད་རྣམས་སྨིན་བྱེད་ཅིང༔ འདོད་པའི་དོན་འགྲུབ་དམ་པ་སྦྱིན༔ དེ་ལྟར་ཐུགས་རྗེས་རྗེས་སུ་བཟུང་བའི་གནང་བ་ཐོབ་པ་ལ། སླར་ཡང་དབང་བསྐུར་གྱི་བཀའ་དྲིན་སྩོལ་བར་གསོལ་བ་འདེབས་པའི་རྗེས་ཟློས་མཛོད། ཀྱེ༔ བླ་མ་གསང་སྔགས་ཆེ་བའི་མཆོག༔ བདག་ནི་འབྲས་བུ་གསང་སྔགས་ཀྱིས༔ སྨིན་ཅིང་གྲོལ་བར་འདོད་པས་ན༔ ཐུགས་རྗེས་བདག་ལ་གནང་བར་མཛོད༔ ལན་གསུམ་ཞུས་པ་ལ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ ཁྱེད་རྣམས་ལས་སད་འཁྲུལ་པ་ཞིག༔ ངས་ཁྱོད་བླ་མ་གསང་འདུས་ཀྱི༔ དལ་དུ་གཞུག་ཅིང་ཡེ་ཤེས་དབབ༔ དངོས་གྲུབ་ཐམས་ཅད་ཁྱོད་ཀྱིས་ཐོབ༔ གསང་བའི་དཀྱིལ་འཁོར་ཆེན་པོ་འདི༔ མ་མཐོང་བ་ལ་སྨྲས་ན་ནི༔ དམ་ཚིག་ཉམས་ནས་དམྱལ་བར་ལྟུང༔ ཐུབ་པར་སྲུངས་ཤིག་སྐལ་ལྡན་རྣམས༔ ཞེས་བརྗོད་དོ། །དྲུག་པ་ནི། སྟ་གོན་སྐབས་སུ་སྨྲོས་པ་ལྟར་ཡན་ལག་བདུན་པ་དང་། སྐྱབས་འགྲོ་སོགས་དེ་ལྟར་རམ་བསྡུ་ན། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔སོགས་ལན་གསུམ། ཁྱད་པར་གྱི་སེམས་བསྐྱེད་པ་འདིའི་རྗེས་ཟློས། སེམས་བསྐྱེད་འགྲོ་བ་ཀུན་དོན༔སོགས་ལན་གསུམ་བྱའོ། །བདུན་པ་ནི། དེ་ནས་ཡེ་ཤེས་པ་དབབ་པའི་སྔོན་དུ་འགྲོ་བ་དཀྱིལ་འཁོར་ལྷ་ལ་བསྟེན་ཏེ་སྒོ་གསུམ་གྱི་ཉེས་པ་འགོག་པའི་སྒོ་ནས་དམ་ལ་བཞག་པ་ཡིན་པས་དོན་གོ་བར་གྱིས་ཤིག །སློབ་མའི་སྤྱི་བོར་རྡོ་རྗེ་བཞག་སྟེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཡེ་ཤེས་རྡོ་རྗེ་སྐྱེད་བྱེད་པ༔ གསང་བའི་དཀྱིལ་འཁོར་དམ་པ་འདི༔ ཁྱོད་ཀྱིས་སྨྲས་ན་ཉམས་གྱུར་ཏེ༔ མནར་མེད་གནས་སུ་སྐྱེ་བར་འགྱུར༔ བཛྲ་ས་མ་ཡ་ཧཱུྃ༔ མགྲིན་པར་བཞག་སྟེ། དུས་གསུམ་སངས་རྒྱས་གསང་བའི་ལམ༔ དཀྱིལ་འཁོར་གསང་བ་བླ་མེད་འདི༔ ཁྱོད་ཀྱིས་སུ་ལའང་སྨྲ་མི་བྱ༔ གལ་ཏེ་སྨྲས་ན་དམ་ཚིག་ཉམས༔ བཛྲ་ས་མ་ཡ་ཨཱ༔ དེ་ནས་སྙིང་གར་བཞག་སྟེ། ཧཱུྃ༔ དེ་རིང་བླ་མ་གསང་འདུས་ལྷ༔ ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས༔ གལ་ཏེ་ཚུལ་འདི་སྨྲས་ན་ནི༔ དེ་མ་ཐག་ཏུ་དྲལ་ཏེ་གཤེགས༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ རྡོ་རྗེའི་ཆུ་ནན་ལ་བརྟེན་ཏེ་ཕན་ཡོན་བཤད་པ་དང་། ཁེ་ཉེན་གཉིས་ཀའི་སྒོ་ནས་དམ་ལ་བཞག་པ་ཡིན་ཏེ། ལས་བུམ་གྱི་ཆུ་སྦྱིན་ཅིང་། ཧཱུྃ༔ འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ༔ དམ་ཚིག་ཉམས་ན་སྲེག་པར་བྱེད༔ དམ་ཚིག་བསྲུང་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ ཨོཾ་བཛྲ་ཨུ་ད་ཀ་ཋཱ༔ དེ་ནས་བདུད་རྩི་སྦྱིན་ཞིང་། ཧཱུྃ༔ འདི་ནི་ཡེ་ཤེས་བདུད་རྩི་སྟེ༔ དམ་མེད་དམྱལ་བའི་གནས་སུ་ལྟུང༔ དམ་བསྲུང་དངོས་གྲུབ་མཆོག་ཐོབ་འགྱུར༔ དེ་ཕྱིར་དམ་ལས་མ་འདའ་ཞིག༔ ཨོཾ་ཨ་མྲྀཏ་ས་མ་ཡ་ཧཱུྃ༔ རྡོ་རྗེ་སློབ་དཔོན་བཀའ་གཉན་པར་བསྟན་ཏེ་གནད་ལ་བཀར་ནས་དམ་ཚིག་བསྒྲག་པ་ནི། རྡོ་རྗེ་དང་ཕྲེང་བ་སྤྱི་བོར་བཞག་སྟེ། ཧཱུྃ༔ དེང་ནས་བརྩམ་སྟེ་བུ་ཁྱོད་ཀྱི༔ རྡོ་རྗེ་འཛིན་པ་ང་ཡིན་གྱིས༔ ང་ཡིས་ཅི་ལྟར་བསྒོ་བའི་བཀའ༔ ཁྱོད་ཀྱིས་འདའ་བར་མི་རུང་ངོ༔ ང་ཡི་བཀའ་འདས་བརྙས་པ་ན༔ མནར་མེད་རྡོ་རྗེ་དམྱལ་བ་ནས༔ ཐོན་ཅིང་ཐར་པའི་དུས་མེད་དོ༔ དེ་ཕྱིར་དམ་ལས་མ་འདའ་ཞིག༔ ཨོཾ་བཛྲ་ས་མ་ཡ་རཀྵ་ཧཱུྃ༔ བརྒྱད་པ་ནི། ད་ནི་དབང་གི་གཞིའམ་རྩ་བར་གྱུར་པ་ཡེ་ཤེས་པ་དབབ་པ་ལ་ཁྱེད་རང་རྣམས་ཐལ་མོ་སྤྱི་བོར་བརྐྱངས་ལ། ལུས་ལི་གྲི་ལྟར་བསྒྲིམ། རླུང་ཁ་སྦྱོར་དུ་འཆིང་། ཡིད་གཞན་དུ་མ་ཡེངས་པར་རང་ལུས་རྡོ་རྗེ་ཕག་མོ་དམར་མོ་གྲི་ཐོད་དང་ཁ་ཊྭཱཾ་འཛིན་ཅིང་ཞབས་བརྐྱང་བསྐུམ་མེ་འོད་ཀྱི་ཀློང་དུ་བཞུགས་པའི་སྙིང་གི་དཀྱིལ་དུ་གཡུང་དྲུང་དམར་པོ་རེ་བསྒོམ། དེའི་དཀྱིལ་དུ་ཟླ་བའི་དཀྱིལ་དུ་ཡཾ་རེ་བསྒོམ། གཡུང་དྲུང་གི་ཡན་ལག་བཞི་ལ་ཧ་རི་ནི་ས་བཞིས་མཚན་པ་གསལ་ཐོབ་ཅིག༔ སློབ་དཔོན་གྱིས་སྔགས་བརྗོད་པའི་རྐྱེན་གྱིས་ཡཾ་ལས་རླུང་གཡོས་ཏེ། གཡུང་དྲུང་སྙིང་ཡིག་འབྲུ་དང་བཅས་པ་ཐམས་ཅད་གཡོན་དུ་རླུང་འཁོར་བ་ལྟར་འུར་སྒྲ་དང་བཅས་ཏེ་དྲག་ཏུ་འཁོར། དེའི་ཚེ་རྩ་གསུམ་གྱི་ལྷ་ཚོགས་དང་། ཁྱད་པར་དུ་ཨོ་རྒྱན་རིག་འཛིན་མཁའ་འགྲོའི་ཚོགས་དང་བཅས་པ་ཁ་བ་བབས་པ་ལྟར་སྤྱི་བོ་ནས་སྙིང་ནང་དུ་བབ་ཅིང་གར་བྱེད་པ་ལ་ཤེས་པ་རྩེ་གཅིག་ཏུ་གཏོད་མཛོད། འབེབ་པའི་རྫས་བདུག །རོལ་མོ་བསྒྲག་ལ་སྤྲོ་ན་སྤྱན་འདྲེན་བརྗོད། བསྡུ་ན་སྔགས་ཙམ་གྱིས་འཐུས། གང་ལྟར། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཧྲཱིཿམ་ཧཱ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛ༔ ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་དྲག་ཏུ་བཟླས་ལ་བྱིན་དབབ་བོ། །དགུ་པ་ནི། དེ་ནས་ཁྱེད་རང་རྣམས་ལས་ཀྱི་རྡོ་རྗེས་ཁྲིད་དེ་དཀྱིལ་འཁོར་སྒོ་བཞིར་གཡས་སྐོར་དུ་ཕྱག་གསུམ་གསུམ་འཚལ་ནས་སྒོ་བ་རྣམས་ལ་གསོལ་བ་འདེབས་པའི་མོས་པས་རྗེས་ཟློས། ཀྱེ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུམ་གསང་བའི་སྒོ་སྲུང་བ༔ ལྷུན་གྱིས་གྲུབ་པའི་རིག་འཛིན་གྱིས༔ ཕོ་བྲང་ཤར་གྱི་སྒོ་ཕྱེས་ལ༔ བདག་ཅག་བླ་མ་ལྷ་དང་སྤྲོད༔ ཚེ་ལ་དབང་བའི་རིག་འཛིན་གྱིས༔ ཕོ་བྲང་ལྷོ་ཡི་སྒོ་ཕྱེས་ལ༔ བདག་ཅག་བླ་མ་ལྷ་དང་སྤྲོད༔ རྣམ་པར་སྨིན་པའི་རིག་འཛིན་གྱིས༔ ཕོ་བྲང་ནུབ་ཀྱི་སྒོ་ཕྱེས་ལ༔ བདག་ཅག་བླ་མ་ལྷ་དང་སྤྲོད༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱིས༔ ཕོ་བྲང་བྱང་གི་སྒོ་ཕྱེས་ལ༔ བདག་ཅག་བླ་མ་ལྷ་དངསྤྲོད༔ ཅེས་གསོལ་བ་བཏབ་པས་སྒོ་བཞི་ཤག་གིས་ཕྱེས་པར་མོས་ཤིག །བཅུ་པ་ནི། རང་རིགས་ཀྱི་ལྷ་དང་མཇལ་བའི་ཕྱིར་མེ་ཏོག་དོར་བ་ནི་སྔར་བྱིན་པའི་ཅོད་པན་དེ་ཉིད་སོ་སོ་ལ་ཚེ་རབས་སྔོན་ནས་འབྲེལ་བའི་ལྷག་པའི་ལྷ་གང་ཡིན་པ་ལ་ཕོག་པར་ཤོག་ཅིག་སྙམ་དུ་བསམས་ལ་དཀྱིལ་འཁོར་དུ་ལྟོས་པ་མེད་པར་འདིའི་རྗེས་ཟློས་དང་ལྷན་ཅིག་ཏུ་དོར་ཅིག །ཀྱེ༔ གསང་འདུས་བླ་མའི་ཕོ་བྲང་དུ༔ འབྲེལ་བའི་མེ་ཏོག་འདི་དོར་བས༔ སྔོན་ནས་ལས་འཕྲོས་གང་འབྲེལ་བའི༔ ཡི་དམ་ལྷ་དང་འཕྲད་པར་ཤོག༔ ཨོཾ་པུཥྤེ་སིདྡྷི་པྲ་ཏི་གྲྀཧྞ་ཧོ༔ དེའང་དཀྱིལ་འཁོར་དངོས་ལ་སྟབས་མ་བདེ་ན་རིགས་ལྔའི་ཕྱག་མཚན་ནམ་ཚོམ་བུ་བཀོད་པ་ལ་དེར་མོས་ནས་དོར་རོ། །མེ་ཏོག་གང་དུ་ཕོག་པའི་ལྷ་ངོས་བཟུང་སྟེ། ཁྱོད་ཀྱི་ལྷག་པའི་ལྷ་འདི་ཡིན་ནོ། །ཞེས་ངོ་སྤྲད་ཅིང་གསང་མཚན། ཤར་དུ་གུ་རུ་རྡོ་རྗེ་རྩལ༔ ལྷོ་རུ་རཏྣ་རྡོ་རྗེ་རྩལ༔ ནུབ་ཏུ་པདྨ་རྡོ་རྗེ་རྩལ༔ བྱང་དུ་ཀརྨ་རྡོ་རྗེ་རྩལ༔ དབུས་སུ་རྡོ་རྗེ་འདུས་པ་རྩལ༔ ཅེས་སོ་སོར་གདགས། སྤྱི་ཙམ་དུ། དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཁྱབ་བདག་གུ་རུ་ཉིད་ཀྱི་ཡེ་ཤེས་ཀྱི་རང་སྣང་ཁོ་ནར་གྲུབ་པས་ཁྱེད་རྣམས་ཀྱི་ལྷག་པའི་ལྷ་རྩ་གསུམ་ཀུན་འདུས་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་ཡིན་ལ། གསང་བའི་མཚན་རྡོ་རྗེ་འདུས་པ་རྩལ་ཞེས་བྱ་བ་ཡིན་པས་དེ་ཉིད་བསྒོམ་པ་དང་ལས་རབ་འབྱམས་བསྒྲུབ་པར་བྱ་དགོས་ཤིང་། ཅོད་པན་དེ་ཉིད་དབང་རྟགས་སུ་སྤྱི་བོར་བཅིངས་པར་མོས་ཤིག །ཅོད་པན་སླར་སྤྱི་བོར་བཞག །དེ་ནི་དབང་ལ་སྔ་བ་ཅོད་པན་ལྷ་དང་འབྲེལ་བའི་དབང་ངོ་། །བཅུ་གཅིག་པ་ནི། དེ་ནས་མིག་དབྱེ་བར་གསོལ་བ་འདེབས་པའི་རྗེས་ཟློས། ཀྱེ༔ རྡོ་རྗེ་འཛིན་པ་དགོངས་སུ་གསོལ༔ བདག་ཅག་ཐོག་མེད་དུས་དག་ནས༔ མ་རིག་ཉོན་མོངས་མུན་པས་བསྒྲིབས༔ ཐབས་མཁས་ཐུགས་རྗེའི་གསེར་ཐུར་གྱིས༔ མ་རིག་ལྡོངས་པ་བསལ་དུ་གསོལ༔ ལན་གསུམ། རྡོ་རྗེའི་ཕྱག་རྒྱས་གསེར་ཐུར་ཐོགས་ལ། ཧཱུྃ༔ སྟོན་པ་རྡོ་རྗེ་འཛིན་པ་ཡིས༔ ཁྱོད་ཀྱི་འཁོར་བའི་མ་རིག་མིག༔ ཤེས་རབ་ཐབས་དང་ཏིང་འཛིན་གྱིས༔ ཡེ་ཤེས་སྤྱན་དུ་དབྱེ་བར་བྱའོ༔ ཨོཾ་བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་སྤྱན་དར་བསལ་ལོ། །བཅུ་གཉིས་པ་ནི། དེ་ལྟར་ཁྱེད་རྣམས་ཀྱི་ཐོག་མེད་ནས་བསྒྲིབས་པའི་མ་རིག་པ་ཐབས་དང་རྟེན་འབྲེལ་གྱི་མཐུས་བསལ་བས་དྲི་མེད་ཡེ་ཤེས་ཀྱི་མིག་ཐོབ་སྟེ་རང་བྱུང་རང་ཤར་བླ་མའི་དཀྱིལ་འཁོར་མངོན་སུམ་དུ་མཐོང་བར་མོས་ཤིག །ཀྱེ་མ་རིགས་ཀྱི་བུ་རྣམས་ལྟོས༔ ཁྱེད་རྣམས་ལས་སད་སྐལ་པ་བཟང༔ དཀྱིལ་འཁོར་ཆེན་པོ་འདི་ལ་ལྟོས༔ ལུས་ངག་ཡིད་ཀྱིས་དད་པར་གྱིས༔ དད་པའི་ཡིད་ཀྱིས་དགའ་བ་སྒོམས༔ དངོས་གྲུབ་ཆེན་པོ་ཁྱོད་ཀྱིས་ཐོབ༔ དམ་ཚིག་སྔགས་ལ་བརྩོན་པར་གྱིས༔ ཞེས་སྤྲོ་བ་བསྐྱེད་ལ་གཟེངས་བསྟོད་དོ། །བཅུ་གསུམ་པ་ནི། ཕྱག་ཤིང་ཐོགས་ལ། ཀྱེ་རིགས་ཀྱི་བུ་རྣམས༔ དཀྱིལ་འཁོར་ཕོ་བྲང་ཆེན་པོ་འདིའི་དོན་མདོ་ཙམ་བསྟན་ན༔ དབུས་སུ་པདྨ་འདབ་བཞི་དབུས་དང་ལྔར་བྱུང་བ་ནི༔ ཡེ་ཤེས་ལྔའི་ངོ་བོ་གུ་རུ་སྐུ་ལྔར་མཚོན་པ་ཡིན་ནོ༔ མུ་ཁྱུད་གསུམ་དུ་བྱུང་བ་འདི༔ སྐུ་གསུམ་དུ་མཚོན་པ་ཡིན་ནོ༔ རིན་ཆེན་ཟུར་བརྒྱད་མཛེས་པ་འདི༔ རྣམ་ཐར་བརྒྱད་མཚོན་པ་ཡིན་ནོ༔ དེའི་ཕྱི་རིམ་པདྨ་འདབ་བརྒྱད་ནི་ཕྲིན་ལས་མཚན་བརྒྱད་གདུལ་བྱའི་རེ་བ་སྐོང་བར་མཚོན་པ་ཡིན་ནོ༔ དེའི་ཕྱི་རིམ་པད་འདབ་བཅུ་དྲུག་ཏུ་བསྐོར་བ་འདི༔ མཁའ་འགྲོ་དང་ཤུགས་འགྲོ་ཡབ་ཡུམ་བཅུ་དྲུག་གནས་ཏེ༔ བཅུ་དྲུག་ཡེ་ཤེས་བླ་མའི་ས་མཚོན་པ་ཡིན་ནོ༔ ཚད་མེད་བཞི་དང་ལྡན་ཕྱིར་གྲུ་ཆད་དོ༔ ཆོས་ཐམས་ཅད་མཉམ་པ་ཉིད་དུ་གདལ་བའི་ཕྱིར་སྒོ་ཁྱམས་ཀྱིས་མཚོན་པ་ཡིན་ནོ༔ ཡེ་ཤེས་ལྔའི་ངོ་བོ་པན་རག༔ ལོངས་སྤྱོད་ཡོངས་སུ་རྫོགས་པས་འདོད་ཡོན་གྱི་ལྷ་མོ༔ ཡོན་ཏན་ཐམས་ཅད་རྒྱས་པས་ཕ་གུ༔ ཉོན་མོངས་དྲི་མ་དག་ཕྱིར་དྲྭ་ཕྱེད༔ ཡོན་ཏན་དུ་མས་འགྲོ་དོན་མཛད་ཕྱིར་ད་རུ་ཀ༔ ཉེས་པའི་དྲི་མ་དག་ཕྱིར་དུང་གི་སོ་བད༔ འཕགས་ལམ་བརྒྱད་དང་ལྡན་ཕྱིར་ཀ་བ་བརྒྱད༔ དགའ་བ་བཞི་ལམ་དུ་ཁྱེར་བས་རྟ་བབས༔ འཁོར་བའི་སྐྱོན་གྱིས་མ་གོས་པས་པདྨ༔ འགྲོ་དོན་དཔག་མེད་མཛད་ཕྱིར་ཆོས་འཁོར༔ བྱམས་པ་ཆེན་པོ་མངའ་བས་གདུགས༔ དབེན་པའི་རྟགས་སུ་རི་དྭགས༔ ཟབ་མོའི་ཆོས་རྣམས་སྟོན་པས་རྒྱལ་མཚན་དང་དར་འཕྱངས༔ འགྲོ་དོན་མཐའ་དག་འགྲུབ་པའི་ཕྱིར་པད་ཕྲེང༔ གཉེན་པོས་གཞིག་ཏུ་མེད་པའི་ཕྱིར་རྡོར་ར༔ དུག་ལྔ་སྲེག་པའི་རྟགས་སུ་མེ་རི༔ རྣམ་རྟོག་འཛིན་པ་དག་ཕྱིར་དུར་ཁྲོད༔ ཆོས་སྐུ་འགྱུར་མེད་རྟགས་སུ་བུམ་པ༔ རྩ་རླུང་རྒྱས་པའི་རྟགས་སུ་ཁ་རྒྱན༔ སྟོབས་ལྔ་རྫོགས་པའི་རྟགས་སུ་མགུལ་ཆིངས་དང་གཟུངས་ཐག༔ དངོས་གྲུབ་ཐོབ་པའི་རྟགས་སུ་བྷནྡྷ༔ སྡིག་སྒྲིབ་དག་པའི་རྟགས་སུ་མེ་ལོང༔ བྱིན་གྱིས་རློབ་པའི་རྟགས་སུ་སྐུ་འབག༔ ཕྲིན་ལས་འགྲུབ་པའི་རྟགས་སུ་གཏོར་ཆེན༔ ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་རྟགས་སུ་མདའ་དར་དང་མེ་ལོང་རལ་གྲི༔ གང་ལ་གང་འདུལ་གྱིས་གདུལ་བྱའི་ཡིད་འདྲེན་པའི་རྟགས་སུ་ས་རྒྱན་དང་གནམ་རྒྱན་ལ་སོགས་ཐམས་ཅད་ཡོངས་སུ་རྫོགས་པར་མཚོན་པའི་བརྡ་དོན་ཡིན་ནོ༔ ཞེས་རྒྱས་པར་བཤད་དོ། །དངོས་གཞི་ལ་བཅུ་སྟེ། གསོལ་གདབ་རྩ་བའི་དབང་ལྔ་དང་། །སྨོན་ལམ་ཡེ་ཤེས་ལྔ་སྐུ་ལྔ། །མཚན་བརྒྱད་སྡེ་ལྔ་ལུང་གསུམ་སྦྱིན། །མཆོག་དབང་ཕྲིན་ལས་རྗེས་གནང་ངོ་། །དེ་ལ་དང་པོ་ནི། དེ་རྣམས་ཀྱིས་དཀྱིལ་འཁོར་དུ་འཇུག་པའི་ཆོས་འཁོར་དང་བཅས་པ་གྲུབ་པ་ཡིན་པས། དངོས་གཞི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཞིག་ཕུལ་མཛོད། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ༔ བླ་མ་ཀུན་བཟང་རིག་འཛིན་གཙོ༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ བླ་མས་བདག་ཅག་སྨིན་པར་མཛོད༔ ལན་གསུམ། གཉིས་པ་ནི། ཁྱེད་རང་རྣམས་དཀྱིལ་འཁོར་ཆེན་པོའི་ཤར་སྒོར་རྡོ་རྗེ་རིན་པོ་ཆེ་སེང་གེའི་ཁྲི་ལ་པདྨ་དང་ཟླ་བའི་སྟེང་དུ་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་ཡུམ་དང་བཅས་པའི་རྣམ་པས་འཁོད་པར་མོས། དེ་ནས་དབང་རྣམས་རིམ་པར་བསྐུར་བའི་ཐོག་མར་རྩ་བའི་དབང་རྣམ་པ་ལྔ་བསྐུར་བ་ལ། འདི་ལྟར་བུམ་པ་ལ་སོགས་པའི་དབང་རྫས་ལྔ་པོ་རེ་རེ་བཞིན་ཡང་གནས་གསུམ་དུ་བཞག་ནས་མཐར་ཚིག་དོན་ངོ་སྤྲོད་པ་རྣམས་རིམ་པ་བཞིན་དབང་བཞིའི་བདག་ཉིད་ཅན་དུ་བསྐུར་བ་ལས་རྣམ་པ་ཉི་ཤུས་བྱང་ཆུབ་པ་ཞེས་བྱ་བ་ཡིན་ལ། དེ་ལ་དང་པོ་བུམ་པས་དབང་བསྐུར་བ་ནི། བླ་མ་དང་དཀྱིལ་འཁོར་གྱི་ལྷ་དབྱེར་མ་མཆིས་པས་འདི་ལྟར་དབང་རྣམས་རིམ་པ་བཞིན་བསྐུར་བ་ལས་སྤང་བྱའི་དྲི་མ་རྣམས་དག་ཅིང་ཐོབ་བྱའི་ཡོན་ཏན་ཐམས་ཅད་ཐོབ་པར་གྱུར་སྙམ་པའི་མོས་པ་མཛོད། ཨོཾ༔ བུམ་པ་སྤྲོས་བྲལ་ཟླུམ་པོ་ནི༔ སྐྱེ་མེད་བྱང་ཆུབ་སེམས་ཀྱི་ཆུས༔ རྣམ་རྟོག་མ་རིག་དྲི་མ་འཁྲུད༔ ཆོས་སྐུ་སྤྲོས་བྲལ་བདེ་ཆེན་ཆུས༔ གཟུང་འཛིན་འཁོར་བའི་བག་ཆགས་འཁྲུད༔ རང་བྱུང་ཡེ་ཤེས་སེམས་ཉིད་ཆུས༔ དུག་གསུམ་དུག་ལྔ་དབྱིངས་སུ་འཁྲུད༔ ཉོན་མོངས་བག་ཆགས་ཀུན་སྦྱངས་ནས༔ དབང་བཞི་ཡེ་ཤེས་རྫོགས་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཨ་བྷི་ཥིཉྩ་ཨོཾ༔ ཞེས་བུམ་པ་སྤྱི་བོར་བཞག །སྔགས་ལན་གསུམ་བརྗོད་པ་འོག་མ་རྣམས་ལའང་འགྲེ །དང་པོས་སྤྱི་བོར་བཞག་ནས་ཁྲུས་བྱས་པ་བུམ་དབང་། གཉིས་པས་བུམ་ཆུ་བླུད་པ་གསང་དབང་། གསུམ་པས་དབྱིངས་རིག་ཟུང་འབྲེལ་གྱི་ཚིག་དོན་ངོ་སྤྲད་པ་ནི་ཤེས་རབ་ཡེ་ཤེས། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པའོ། །ཐོད་པ་མགྲིན་པར་བཞག་ལ། ཨཱ༔ ཐོད་པ་ཟླུམ་པོ་ཆོས་ཉིད་དབྱིངས་ཀྱི་ངང༔ འཆི་མེད་བདུད་རྩི་ཆང་གིས་རབ་ཏུ་བཀང༔ ཤ་ལྔ་བདུད་རྩི་རིགས་ལྔ་ཡེ་ཤེས་ལྔ༔ ཉོན་མོངས་དུག་འཇོམས་རིགས་ལྔ་སྐུ་ལྔར་བསྐྱེད༔ གཉིས་མེད་ངང་དུ་ཆོས་ཉིད་རོལ་པར་སྦྱོར༔ མ་བཅོས་རང་བྱུང་བདེ་ཆེན་བྱང་ཆུབ་སེམས༔ ཆོས་ཉིད་བདུད་རྩི་རྣམ་རྟོག་བདུད་ལས་རྒྱལ༔ དབང་བཞི་ཡེ་ཤེས་རྫོགས་པའི་དབང་ཐོབ་ཤོག༔ གོང་གི་རྩ་སྔགས་ཤམ་བུར། ཨ་བྷི་ཥིཉྩ་ཨཱ༔ དང་པོས་ཐོད་པ་མགྲིན་པར་བཞག་པ་བུམ་དབང་། བདུད་རྩི་བླུད་པ་གསང་དབང་། དུག་ལྔ་ཡེ་ཤེས་ལྔར་སྦྱོར་བའི་ཚིག་དོན་ངོ་སྤྲད་པ་ནི་ཤེས་རབ་ཡེ་ཤེས། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པའོ། །མེ་ལོང་སྙིང་གར་བཞག་ལ། ཧཱུྃ༔ མེ་ལོང་ཟླུམ་པོ་ཆོས་སྐུ་དྲི་མ་མེད༔ དག་ཅིང་གསལ་ལ་རྙོག་པ་མེད་པར་དྭངས། གཟུགས་བརྙན་གསལ་ལ་ངོས་བཟུང་འཛིན་པ་བྲལ༔ སེམས་ཉིད་རྣམ་དག་གསལ་ལ་མ་འགག་པ༔ གཟུང་འཛིན་མཚན་མ་དངོས་པོའི་ཡུལ་ལས་འདས༔ བྱང་ཆུབ་སེམས་ཀྱི་ཆོ་འཕྲུལ་ཅིར་ཡང་གསལ༔ སྟོང་གསལ་མ་འགག་དབྱིངས་ནས་གསལ་འགྲིབ་མེད༔ དབང་བཞི་ཡེ་ཤེས་རྫོགས་པའི་དབང་ཐོབ་ཤོག༔ རྩ་སྔགས་ཤམ་བུར། ཨ་བྷི་ཥིཉྩ་ཧཱུྃ༔ མེ་ལོང་སྙིང་གར་བཞག་པས་བུམ་དབང་། ཐིག་ལེ་བྱས་པ་གསང་དབང་། རིག་པ་གསལ་ལ་མ་འགག་པར་ངོ་སྤྲད་པ་ཤེས་རབ་ཡེ་ཤེས། སེམས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པའོ། །བཞི་པ་གཏོར་མ་གནས་བཞིར་གཏུག་ལ། ཧྲཱི༔ གཏོར་སྣོད་བྷནྡྷ་གཞལ་ཡས་ཆོས་ཀྱི་དབྱིངས༔ གཏོར་མ་འདོད་ཡོན་རྣམ་ལྔ་ཡེ་ཤེས་ལྔ༔ གུ་རུའི་སྐུ་མཆོག་བདེ་ཆེན་འདུ་འབྲལ་མེད༔ རྣམ་དག་བདུད་རྩི་བླ་མ་མཆོད་པའི་རྫས༔ གཉིས་མེད་དབྱིངས་སུ་དམ་ཚིག་གཉན་པོ་བསྲེ༔ མ་མོ་མཁའ་འགྲོ་དབང་དུ་བསྡུ་བ་དང༔ ཕྲིན་ལས་རྣམ་བཞིས་འགྲོ་བ་འདུལ་སླད་དུ༔ སྤྲུལ་པ་མང་པོ་ལས་ལ་འགྱེད་པའི་ཕྱིར༔ དབང་བཞི་ཡེ་ཤེས་རྫོགས་པའི་དབང་ཐོབ་ཤོག༔ རྩ་སྔགས་ཤམ་བུར། ཨ་བྷི་ཥིཉྩ་ཧྲཱི༔ གཏོར་མ་སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་གཏད་ནས་གཏོར་ཟན་མྱང་བ་གསང་དབང་། སྙིང་གར་གཏད་དེ་ཚིག་དོན་ངོ་སྤྲད་པ་ཤེས་རབ་ཡེ་ཤེས། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པའོ། །ལྔ་པ་སྐུ་འབག་བསྙེན་སྒྲུབ་ལྟར་བཞེངས་པ་གནས་གསུམ་དུ་བཞག་ལ། ཧཱུྃ༔ ཆོས་སྐུ་ཡེ་ནས་རྣམ་དག་ངོ་བོ་ལ༔ དབྱེར་མེད་དག་པའི་ལོངས་སྐུའི་ཕྱག་རྒྱར་གསལ༔ རྒྱལ་བའི་སྤྱི་གཟུགས་རྡོ་རྗེ་འཆང་ཆེན་སྐུ༔ རྣམ་འཕྲུལ་དག་པ་པདྨ་ཐོད་ཕྲེང་ཞེས༔ སྐུ་གསུམ་ཡོངས་སུ་རྫོགས་པའི་བདེ་བ་ཆེ༔ འཛིན་རྟོག་དག་ཕྱིར་ཕྱག་རྒྱས་དབང་བསྐུར་རོ༔ རྩ་སྔགས་ཤམ་བུར། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་སྐུ་སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་བཞག་པ་གསང་དབང་། སྙིང་གར་བཞག་སྟེ་བླ་མ་དང་རང་སེམས་དབྱེར་མེད་དུ་ངོ་སྤྲད་པ་ནི་ཤེས་རབ་ཡེ་ཤེས། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པའོ། །དེ་ལྟར་རྩ་བའི་དབང་རྣམ་པ་ལྔ་ལ་བཞི་བཞིར་ཕྱེ་བས་ན་རྣམ་པ་ཉི་ཤུས་བྱང་ཆུབ་པ་ཞེས་བྱ་བ་དབང་བཞིའི་མངོན་པར་རྟོགས་པའི་བྱིན་རླབས་ཐོད་རྒལ་དུ་ཐོབ་པར་འགྱུར་བ་ཡིན་ནོ། །གསུམ་པ་ནི། དེ་ནས་བདེན་ཚིག་གི་སྟོབས་ལ་བརྟེན་ཏེ་རྗེས་འབྲེལ་སྨོན་ལམ་གྱི་དབང་བརྒྱད་བསྐུར་བས་ཇི་ལྟར་སྨོན་པའི་འབྲས་བུ་རྩོལ་མེད་དུ་འགྲུབ་པའི་མོས་འདུན་སྐྱེད་འཚལ། རྣམ་བུམ་སྤྱི་བོར་བཞག་བུམ་ཆུ་སྦྱིན་ལ། ཧཱུྃ༔ ཡེ་ཤེས་བདུད་རྩིས་མ་རིག་དྲི་མ་བཀྲུ༔ སྒྲིབ་གཉིས་དག་ནས་སྐུ་གསུམ་མཆོག་ཐོབ་ཤོག༔ མགུལ་ཆིངས་རྣམ་ལྔ་ཡེ་ཤེས་ལྔ་དང་ལྡན༔ སྐུ་ལྔ་ཡེ་ཤེས་ལྔ་ཡི་དབང་ཐོབ་ཤོག༔ གཟུངས་ཐག་རྡོ་རྗེ་ཐབས་ཤེས་གཉིས་སུ་མེད༔ མི་ཤིགས་རྡོ་རྗེ་ཚེ་ཡི་དབང་ཐོབ་ཤོག༔ ཕུན་སུམ་ཚོགས་པ་དཔག་བསམ་ཁ་རྒྱན་ཤིང༔ དགོས་འདོད་ཆར་ལྟར་འབེབ་པའི་དབང་ཐོབ་ཤོག༔ ཅེས་བརྗོད་ལ་མེ་ཏོག་འཐོར་ཞིང་རོལ་མོ་བསྒྲག །དེ་ནས་ལས་སློབ་ཀྱིས་རྣམ་རྒྱལ་བུམ་པའི་ཆུ་གྲལ་བསྐོར་གྱིས་འཐོར་ལ། ཧཱུྃ༔ བུམ་རྫས་རིན་ཆེན་ལྔ་ཡིས་དབང་བསྐུར་བས༔ བུ་ཁྱོད་རིན་ཆེན་ལྔ་ལ་སྤྱོད་པར་ཤོག༔ བུར་སྦྲང་ལ་སོགས་སྙིང་པོས་དབང་བསྐུར་བས༔ བུ་ཁྱོད་ཚེ་དབང་ཁ་དོག་སྟོབས་ལྡན་ཤོག༔ ནས་སོགས་འབྲུ་སྣ་ལྔ་ཡིས་དབང་བསྐུར་བས༔ བུ་ཁྱོད་ནམ་མཁའི་མཛོད་ལ་ལོངས་སྤྱོད་ཤོག༔ ག་པུར་ཙནྡན་ལ་སོགས་དབང་བསྐུར་བས༔ བཞི་བརྒྱ་རྩ་བཞིའི་ནད་ལས་གྲོལ་བར་ཤོག༔ ཅེས་བུམ་ཆུ་སྤྱི་བོར་བླུགས། ངག་ཏུ་བླུད་ཅིང་ཁྲུས་བྱའོ། །བཞི་པ་ནི། ཡེ་ཤེས་ལྔའི་རྟགས་ཀྱི་ཕྱག་རྒྱས་རིམ་པར་དབང་བསྐུར་བས་སྒྲིབ་པ་ལྔ་དག་ནས་སྐུ་ལྔའི་གོ་འཕང་མངོན་དུ་ཐོབ་པའི་སྐལ་པ་ཅན་དུ་མོས་ཤིག །ལག་ཏུ་རྡོ་རྗེ་གཏད་ཅིང་། ཧཱུྃ༔ ཉོན་མོངས་ཞེ་སྡང་དག་བྱེད་པའི༔ མེ་ལོང་ཡེ་ཤེས་དབང་བསྐུར་བས༔ རྡོ་རྗེ་ཐོད་ཕྲེང་ཐུགས་ཀྱི་དབང༔ སྐལ་ལྡན་ཁྱོད་ལ་ཡོངས་རྫོགས་ཤོག༔ བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ གྲི་གུག་ཁ་ཊྭཱཾ་གཏད་ཅིང་། ཧཱུྃ༔ ཉོན་མོངས་འདོད་ཆགས་དག་བྱེད་པའི༔ ཀུན་རྟོག་ཡེ་ཤེས་དབང་བསྐུར་བས༔ པདྨ་ཐོད་ཕྲེང་གསུང་གི་དབང༔ སྐལ་ལྡན་ཁྱོད་ལ་ཡོངས་རྫོགས་ཤོག༔ པདྨ་ཨ་བྷི་ཥིཉྩ་ཧྲཱི༔ རྡོ་རྗེ་དྲིལ་བུ་གཏད་ཅིང་། ཧཱུྃ༔ ཉོན་མོངས་གཏི་མུག་དག་བྱེད་པའི༔ ཆོས་དབྱིངས་ཡེ་ཤེས་དབང་བསྐུར་བས༔ བུདྡྷ་ཐོད་ཕྲེང་སྐུ་ཡི་དབང༔ སྐལ་ལྡན་ཁྱོད་ལ་ཡོངས་རྫོགས་ཤོག༔ བུདྡྷ་ཨ་བྷི་ཥིཉྩ་ཨོཾ༔ དབུ་རྒྱན་ནམ་པྲོག་ཞུ་བཀོན་ཅིང་། ཧཱུྃ༔ ཉོན་མོངས་ང་རྒྱལ་དག་བྱེད་པའི༔ མཉམ་ཉིད་ཡེ་ཤེས་དབང་བསྐུར་བས༔ རཏྣ་ཐོད་ཕྲེང་ཡོན་ཏན་དབང༔ སྐལ་ལྡན་ཁྱོད་ལ་ཡོངས་རྫོགས་ཤོག༔ རཏྣ་ཨ་བྷི་ཥིཉྩ་ཏྲཱཾ༔ རྒྱ་གྲམ་མམ་རལ་གྲི་གཏད་ཅིང་། ཧཱུྃ༔ ཉོན་མོངས་ཕྲག་དོག་དག་བྱེད་པའི༔ བྱ་གྲུབ་ཡེ་ཤེས་དབང་བསྐུར་བས༔ ཀརྨ་ཐོད་ཕྲེང་ཕྲིན་ལས་དབང༔ སྐལ་ལྡན་ཁྱོད་ལ་ཡོངས་རྫོགས་ཤོག༔ ཀརྨ་ཨ་བྷི་ཥིཉྩ་ཧཱ༔ ལྔ་པ་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལས་ལྷའི་སྐུ་གཉིས་པ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན། ཁྱེད་རང་ལྷར་གསལ་བ་ལ་ཐིམ་པས་ལྷ་སོ་སོའི་བྱིན་རླབས་དང་ཡོན་ཏན་རྒྱུད་ལ་ཐོབ་པར་མོས་ཤིག །དབང་ཙཀ་རྣམས་གནས་གསུམ་དུ་གཏུག །དེ་ལ་ཐོག་མར་ཐོད་ཕྲེང་སྡེ་ལྔ་ཐོགས་ལ། ཧཱུྃ༔ རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ འགྲོ་དོན་ལྷུན་གྱིས་གྲུབ་པའི་བདག་ཉིད་དཔལ༔ སྤྲུལ་སྐུ་འགྲོ་དོན་རྫོགས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ༔ ནད་གདོན་ཞི་བྱེད་ངོ་བོར་དབང་བསྐུར་ལྷུན་གྲུབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ འགྲོ་དོན་ལྷུན་གྱིས་གྲུབ་པའི་བདག་ཉིད་དཔལ༔ སྤྲུལ་སྐུ་ཕྲིན་ལས་རྫོགས་མཛད་རཏྣ་ཐོད་ཕྲེང་རྩལ༔ ཚེ་བསོད་རྒྱས་པའི་ངོ་བོར་དབང་བསྐུར་ལྷུན་གྲུབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཏྲཱཾ༔ ཧཱུྃ༔ རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ འགྲོ་དོན་ལྷུན་གྱིས་གྲུབ་པའི་བདག་ཉིད་དཔལ༔ སྤྲུལ་སྐུ་ཕྲིན་ལས་རྫོགས་མཛད་པདྨ་ཐོད་ཕྲེང་རྩལ༔ ཁམས་གསུམ་དབང་སྡུད་ངོ་བོར་དབང་བསྐུར་ལྷུན་གྲུབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ འགྲོ་དོན་ལྷུན་གྱིས་གྲུབ་པའི་བདག་ཉིད་དཔལ༔ སྤྲུལ་སྐུ་ཕྲིན་ལས་རྫོགས་མཛད་ཀརྨ་ཐོད་ཕྲེང་རྩལ༔ དགྲ་བགེགས་ཚར་གཅོད་ངོ་བོར་དབང་བསྐུར་ལྷུན་གྲུབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཀརྨ་ཐོད་ཕྲེང་རྩལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཕཊ༔ ཧཱུྃ༔ རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ འགྲོ་དོན་ལྷུན་གྱིས་གྲུབ་པའི་བདག་ཉིད་དཔལ༔ སྤྲུལ་སྐུ་ཕྲིན་ལས་རྫོགས་མཛད་བུདྡྷ་ཐོད་ཕྲེང་རྩལ༔ ཐམས་ཅད་ལྷུན་གྲུབ་ངོ་བོར་དབང་བསྐུར་ལྷུན་གྲུབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བུདྡྷ་ཐོད་ཕྲེང་རྩལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ༔ དྲུག་པ་ནི། མཚན་བརྒྱད་ཐོགས་ལ། ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ ལོངས་སྐུ་འགྲོ་དོན་ལྷུན་གྱིས་གྲུབ༔ མ་ཆགས་སྐྱོན་བྲལ་ལོངས་སྤྱོད་རྫོགས༔ པདྨ་འབྱུང་གནས་དབང་བསྐུར་ཡོངས་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཛྙཱ་ན་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ ལོངས་སྤྱོད་རབ་རྫོགས་སྤྲུལ་པའི་སྐུ༔ ཡོན་ཏན་རབ་རྫོགས་འགྲོ་དོན་མཛད༔ པདྨ་སཾ་བྷ་བ་ཡི་དབང་བསྐུར་ཡོངས་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སཾ་བྷ་བ་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ ལོངས་སྤྱོད་རབ་རྫོགས་སྤྲུལ་པའི་སྐུ༔ ཤེས་བྱ་མ་རྨོངས་བློ་ལྡན་སྐུ༔ བློ་ལྡན་མཆོག་སྲེད་དབང་བསྐུར་ཡོངས་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཛྙཱ་ན་པྲ་ཛྙཱ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ ལོངས་སྤྱོད་རབ་རྫོགས་སྤྲུལ་པའི་སྐུ༔ ཁམས་གསུམ་སྲིད་གསུམ་དབང་སྡུད་སྐུ༔ པདྨ་རྒྱལ་པོའི་དབང་བསྐུར་ཡོངས་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་རཱ་ཙ་ཨ་ནྲྀ་ཨེ་པ་ཤཾ་ཀུ་རུ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ ལོངས་སྤྱོད་རབ་རྫོགས་སྤྲུལ་པའི་སྐུ༔ གདུལ་བྱའི་རེ་སྐོང་འགྲོ་འདུལ་སྐུ༔ ཉི་མ་འོད་ཟེར་དབང་བསྐུར་ཡོངས་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་སཱུརྻ་སརྦ་དྷརྨ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ ལོངས་སྤྱོད་རབ་རྫོགས་སྤྲུལ་པའི་སྐུ༔ ལྟ་ལོག་བདུད་འཇོམས་དཔའ་བོའི་སྐུ༔ ཤཱཀྱ་སེང་གེའི་དབང་བསྐུར་ཡོངས་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཤཱཀྱ་སིཾ་ཧ་སརྦ་པྲ་མ་ཡ་སརྦ་ཤཱ་ཏྲཱུཾ་ཧཱུྃ་ཕཊ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ ལོངས་སྤྱོད་རབ་རྫོགས་སྤྲུལ་པའི་སྐུ༔ མུ་སྟེགས་ཚར་གཅོད་སེང་སྒྲའི་སྐུ༔ འཕགས་པ་སེང་སྒྲའི་དབང་བསྐུར་ཡོངས་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་སིཾ་ཧ་གྷཎྜེ་དྷརྨ་དྷཱ་ཏུ་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ ལོངས་སྤྱོད་རབ་རྫོགས་སྤྲུལ་པའི་སྐུ༔ དགྲ་བགེགས་ཚར་གཅོད་དྲག་པོའི་སྐུ༔ རྡོ་རྗེ་གྲོ་ལོད་དབང་བསྐུར་ཡོངས་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་གྲོ་བོ་ལོད་ལོ་ཀ་སརྦ་ཧཱུྃ་ཕཊ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བདུན་པ་ནི། རྟ་ཕག་གིང་བཞི་ཐོགས་ལ། ཧཱུྃ༔ བྱ་བྱེད་ཡིད་ཆོས་དག་པའི་ངང་ཉིད་ལས༔ འཁོར་འདས་གཉིས་མེད་མཚོན་པ་ཡབ་ཡུམ་སྟེ༔ ཐབས་ཤེས་དབྱེར་མེད་རྟ་ཕག་གསང་བའི་སྐུ༔ ཟུང་འཇུག་བདེ་ཆེན་ཡི་དམ་ལྷ་ཡི་དབང༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་ཡོངས་རྫོགས་ཤོག༔ ཧྲཱིཿཧ་ཡ་གྲཱི་ཝ་མ་ཧཱ་བཛྲ་བཱ་རཱ་ཧི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མེ་ལོང་ཡེ་ཤེས་གསལ་བའི་ངང་ཉིད་ལས༔ ཐབས་ཤེས་འགྲོ་འདུལ་ཡིད་བཞིན་རེ་སྐོང་བ༔ རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་གཉིས་སུ་མེད༔ ཞེ་སྡང་ཡུལ་འཛིན་དག་པའི་དབང་བསྐུར་བས༔ མི་མཐུན་རྐྱེན་ཞི་ཕྲིན་ལས་ལྷུན་གྲུབ་ཤོག༔ ར་བཛྲ་གིང་ཀ་ར༔ ཧ་བཛྲ་དྷཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མཉམ་ཉིད་ཡེ་ཤེས་གསལ་བའི་ངང་ཉིད་ལས༔ ཐབས་ཤེས་འགྲོ་འདུལ་ཡིད་བཞིན་རེ་སྐོང་བ༔ རིན་ཆེན་མཁའ་འགྲོ་ཡབ་ཡུམ་གཉིས་སུ་མེད༔ ང་རྒྱལ་ཡུལ་འཛིན་དག་པའི་དབང་བསྐུར་བས༔ ཚེ་དབང་རབ་རྒྱས་ཕྲིན་ལས་ལྷུན་གྲུབ་ཤོག༔ ཙ་རཏྣ་གིང་ཀ་ར༔ རི་རཏྣ་དྷཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སོར་རྟོག་ཡེ་ཤེས་གསལ་བའི་ངང་ཉིད་ལས༔ ཐབས་ཤེས་འགྲོ་འདུལ་ཡིད་བཞིན་རེ་བ་སྐོང༔ པདྨ་མཁའ་འགྲོ་ཡབ་ཡུམ་གཉིས་སུ་མེད༔ འདོད་ཆགས་ཡུལ་འཛིན་དག་པའི་དབང་བསྐུར་བས༔ སྣང་སྲིད་དབང་འདུས་ཕྲིན་ལས་ལྷུན་གྲུབ་ཤོག༔ ཧྲཱིཿཔདྨ་གིང་ཀ་ར༔ ནི་པདྨ་དྷཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བྱ་གྲུབ་ཡེ་ཤེས་གསལ་བའི་ངང་ཉིད་ལས༔ ཐབས་ཤེས་འགྲོ་འདུལ་ཡིད་བཞིན་རེ་བ་སྐོང༔ ཀརྨ་མཁའ་འགྲོ་ཡབ་ཡུམ་གཉིས་སུ་མེད༔ ཕྲག་དོག་ཡུལ་འཛིན་དག་པའི་དབང་བསྐུར་བས༔ དགྲ་བགེགས་ཚར་གཅོད་ཕྲིན་ལས་ལྷུན་གྲུབ་ཤོག༔ ཡ་ཀརྨ་གིང་ཀ་ར༔ ས་ཀརྨ་དྷཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་རིམ་པར་བསྐུར་རོ། །བརྒྱད་པ་ལ་གསུམ། དང་པོ་སྐུ་ལྷ་བསྒོམ་པའི་ལུང་ནི། རྩ་གསུམ་སྐུ་མེ་ལོང་དུ་ཤར་བ་བསྟན་ལ། ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ་རྣམས་ཉོན༔ ཡི་དམ་ལྷ་ལ་རང་རྒྱུད་ཀྱིས་བཟུང་བའི༔ རྟག་བརྟན་ཐེར་ཟུག་མི་བསྒོམ་སྣང་སྟོང་སྟེ༔ སྣང་ལ་མ་གྲུབ་སྒྱུ་མ་ལྟ་བུར་སྒོམས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་བསྐྱེད་རིམ་རྣམ་པ་གསལ་བ་རྣམ་དག་དྲན་པ་ང་རྒྱལ་བརྟན་པའི་སྒོ་ནས་སྣང་སྟོང་སྒྱུ་མ་ལྟ་བུར་སྒོམས་ཤིག །གཉིས་པ་གསུང་བཟླས་པའི་ལུང་ནི། བདུད་རྩི་ལྕེ་ལ་བཞག་ཅིང་། ཀྱེ་མ་ཉོན་ཅིག་རིགས་ལྡན་སྐྱེས་བུ་རྣམས༔ སྒྲ་གྲགས་ཐམས་ཅད་བཟླས་བརྗོད་སྙིང་པོའི་སྔགས༔ འཛིན་མེད་བྲག་ཅ་ལྟ་བུའི་བཟླས་པ་བྱ༔ བསྙེན་སྒྲུབ་ཐེམ་ནས་ཡི་དམ་ལྷ་དང་མཇལ༔ སྙིང་པོ་འདི་རྣམས་ཀྱི་རྗེས་ཟློས་མཛད་པར་ཞུ། ཕྲེང་བ་སྦྲེལ་ལ་སྔགས་རྣམས་ལན་གསུམ་གསུམ་རྗེས་ཟློས་བྱར་གཞུག །བསྙེན་སྒྲུབ་ལས་གསུམ་གྱི་སྔགས་རྣམས་སྐྱོན་སྤངས་ཡོན་ཏན་དང་དམིགས་པའི་འཕྲོ་འདུ་ལྡན་པས་གྲགས་སྟོང་ཆུ་བོའི་རྒྱུན་བཞིན་དུ་ཟློས་ཤིག །གསུམ་པ་ཐུགས་ཏིང་ངེ་འཛིན་སྒོམ་པའི་ལུང་ནི། མན་ཤེལ་དྭངས་པ་ཞིག་གཏད་ལ། ཀྱེ་ཧོ༔ རིགས་ལྡན་བུ་རྣམས་མ་ཡེངས་འདི་ལ་ལྟོས༔ཕྱི་གསལ་ནང་གསལ་སྣ་ཚོགས་འགག་མེད་གསལ༔ གསལ་སྟོང་ཟུང་འཇུག་ཕྱོགས་འཛིན་བློ་དང་བྲལ༔ མ་བཅོས་སྤྲོས་བྲལ་རང་སེམས་སོ་མར་ཞོག༔ ལྷ་དང་སྔགས་ཀྱིས་མཚོན་པའི་སྣང་སེམས་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་གདོད་མ་ཉིད་ནས་སྟོང་ཉིད་འོད་གསལ་ཆོས་སྐུ་ཕྱག་རྒྱ་ཆེན་པོའི་རང་བཞིན་དུ་ངོ་ཤེས་པར་གྱིས་ལ་སྲོག་སྡོམ་གཟེར་བཞིའི་ཏིང་ངེ་འཛིན་དང་མི་འབྲལ་བར་ཞུ། དེ་རྣམས་ཀྱིས་བུམ་པའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །སྐུའི་བྱིན་རླབས་ཞུགས། རྡོ་རྗེ་དྲིལ་བུ་སོགས་བཅང་བྱའི་དམ་ཚིག་བསྟན་ཅིང་བསྐྱེད་རིམ་བསྒོམ་པ་ལ་དབང་། སྐལ་པ་ས་བརྒྱད་པ་དང་མཉམ། ཕྲིན་ལས་ཞི་བ་དང་དྲག་པོའི་ལས་རྣམས་འགྲུབ། འབྲས་བུ་སྤྲུལ་པའི་སྐུ་འཐོབ་པར་འགྱུར་རོ། །ཞེས་རྟོགས་པ་བརྗོད། དགུ་པ་ལ་གསུམ་ལས། དང་པོ་གསང་དབང་ནི། དེས་བུམ་དབང་འཁོར་བཅས་གྲུབ་ནས་མཆོག་གི་དབང་གོང་མ་གསུམ་བསྐུར་བའི་ཐོག་མར་གསང་བའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ། གཟུང་མ་ཡིད་འོང་མཚན་ཉིད་དང་ལྡན་པ་ཕུལ་བའི་མོས་པས་གསོལ་འདེབས་ཀྱི་རྗེས་ཟློས། ཀྱེ་ཧོ༔ བླ་མེད་བདེ་ཆེན་མཆོག་ཁྱོད་བདེ་བ་ཆེ༔ ཧེ་རུ་ཀ་དཔལ་བདེ་བའི་ཡབ་ཆེན་པོ༔ བདེ་ལ་བརྩོན་མཛད་བྱང་ཆུབ་ཡང་དག་དཔལ༔ དྲི་མེད་བདུད་རྩི་བླ་མེད་མཆོག་གི་དབང༔ ངག་སྒྲིབ་དག་ཕྱིར་གསུང་གི་མཆོག་སྟེར་མཛད༔ བྱང་ཆུབ་བདེ་ཆེན་ཡང་དག་མཆོག་ཐོབ་མཛོད༔ སྔོན་ཆད་ལུས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་། ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་རྣམས་ལངས་ལ་ཐལ་མོ་སྦྱར་ཏེ་དམིགས་པ་རང་ཉིད་རྡོ་རྗེ་ཕག་མོར་གསལ་བའི་ལྟེ་བར་ཆོས་འབྱུང་སུམ་བརྩེགས་ཀྱི་དཀྱིལ་དུ་རྡོ་རྗེ་ཕག་མོ་ནས་འབྲས་ཙམ་ལ་་་་ཤེས་པ་དྲག་ཏུ་གཏོད་ཅིག །བླ་མས་རྩ་སྔགས་བརྗོད་ཅིང་རོལ་མོ་བྱ། དཀྱིལ་འཁོར་དུ་ཞུགས་པའི་བརྡར་གདོང་གཡོགས་སོལ། འོ་སྐལ་ལྡན་རིགས་ཀྱི་བུ་ཉོན་ཅིག༔ གོང་གི་བུམ་དབང་སྟོན་པ་ནི༔ སྤྲོས་བཅས་ཕྱི་ཡི་རྡུལ་ཚོན་ཡིན༔ འདི་ནི་རང་ལུས་ནང་གི་དལ༔ རྩ་ཁམས་འཁོར་ལོ་འབྱུང་བ་ལྔ༔ ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཀུན༔ ཡེ་ནས་སྣོད་བཅུད་ལྷ་རུ་གནས༔ འདི་ཉིད་ཁྱོད་ཀྱིས་གསལ་བར་གྱིས༔ ཞེས་ངོ་སྤྲད། བླ་མ་དབང་ཆེན་རྟ་མགྲིན་དང་། གཟུང་མ་རྡོ་རྗེ་ཕག་མོར་གསལ་བའི་ཡབ་ཀྱི་རྡོ་རྗེ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པར་བསྐྱེད་པའི་བུ་གར་ཧཱུྃ་སྔོན་པོ་བསམ། ཡུམ་གྱི་པདྨ་པཾ་ལས་པདྨ་འདབ་མ་བརྒྱད་ཀྱི་དབུས་སུ་ཕཊ་ལྗང་གུས་མཚན་པ། ཡབ་ཀྱི་གསང་བ་བུདྡྷའི་ངོ་བོ་ལ། ཡུམ་མཁའ་རྒྱལ་བའི་གཞལ་ཡས་སུ་གསལ་བ། སྙོམས་འཇུག་གི་བདེ་བ་བསྐྱེད་པས་དྭངས་མ་ཡུམ་གྱི་མཁར་བབས་པ་ཐོད་པའི་བདུད་རྩི་དང་མཉམ་པར་བསྲེས་ནས་ཁྱེད་རང་རྣམས་ཀྱི་ལྗགས་ཐོག་ཏུ་བསྩལ་བར་མོས་ཤིག །བདུད་རྩི་ཐོད་པ་རྒྱབ་ཕྱོགས་སུ་བཀོད་པ་དེ་ཁར་སྦྱིན་ལ། ཀྱེ་ཧོཿསྐལ་ལྡན་རིགས་ཀྱི་བུ༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱིས༔ བྱང་ཆུབ་སེམས་དཔའ་དམ་པའི་མཆོག༔ སྲས་ལ་དབང་བསྐུར་ཅི་བཞིན་དུ༔ དེ་བཞིན་གསང་བའི་བྱང་སེམས་ཀྱིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ ཨོཾ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧ་རི་ནི་ས་ར་ཙ་ཧྲི་ཡ༔ བོ་དྷི་ཙིཏྟ་ཨ་མྲྀཏ་པཉྩ་ཧཱུྃ༔ དེ་ལྟར་བྱིན་པའི་བདུད་རྩི་བྱང་སེམས་ཀྱི་རྒྱུན་ཁྱེད་རང་རྣམས་ལྷར་གསལ་བའི་ལྗགས་རྡོ་རྗེ་རྩེ་གསུམ་པ་ནས་མགྲིན་པའི་ཡར་ལ་ཝ་བརྒྱུད་དབུ་མའི་ནང་དུ་ཞུགས་ཏེ་རྩ་གནས་ཐམས་ཅད་གང་བས་ལུས་སེམས་ལ་བདེ་བས་གང་བར་མོས་ཤིག །ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱིས༔ གསང་བའི་དམ་ཚིག་ཆེན་པོ་འདི༔ བདུད་རྩི་ལྔ་དང་བྱང་ཆུབ་སེམས༔ བླ་མེད་གསང་བ་མཆོག་གི་རྫས༔ དུས་གསུམ་རྒྱལ་བ་ཀུན་དང་མཚུངས༔ འདི་དག་མི་སྤངས་རྒྱུན་དུ་བསྟེན༔ འདི་ནི་གསང་དམ་བླ་ན་མེད༔ མ་ཉམས་སྲུངས་ཤིག་རིགས་ཀྱི་བུ༔ ཞེས་དམ་ཚིག་འབོག་གོ །དེས་གསང་བའི་དབང་ཐོབ༔ ངག་སྒྲིབ་དག༔ གསུང་གི་བྱིན་རླབས་ཞུགས༔ ཤ་ལྔ་བདུད་རྩི་ལྔ་བསྟེན་ཅིང་རྫོགས་རིམ་བསྒོམ་པར་དབང༔ སྐལ་པ་ས་དགུ་པ་དག་དང་མཉམ༔ ཕྲིན་ལས་དབང་གི་ལས་རྣམས་འགྲུབ༔ འབྲས་བུ་ལོངས་སྤྱོད་རྫོགས་སྐུ་འཐོབ་པར་འགྱུར་རོ༔ གཉིས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོ༔ ཀུན་ཏུ་བདེ་ཆེན་ཆོས་དབྱིངས་མི་ཕྱེད་བདག༔ ཡང་དག་ཕྱག་རྒྱ་རྣལ་འབྱོར་བླ་མེད་འབྱུང༔ བདག་ཉིད་ཆེན་པོས་དེ་ཉིད་སྩོལ་བར་མཛོད༔ ཉོན་མོངས་ལས་སྐྱོབ་བདག་ཉིད་སྨིན་པར་མཛོད༔ དེ་ནས་དམ་ཚིག་དང་གནང་བ་སྦྱིན་པ་ནི། ཀྱེ་མ་གསང་བའི་དམ་ཚིག་སྲུངས༔ བུད་མེད་མི་སྤང་དང་དུ་ལོངས༔ ཚངས་སྤྱོད་དོན་གནས་བདེ་ཆེན་སྤྱོད༔ དངོས་གྲུབ་འདིས་འགྲུབ་སྤངས་ན་བརླག༔ ཉམས་ན་ན་རག་སྡུག་བསྔལ་སྤྱོད༔ དེ་ཕྱིར་ཚུལ་བཞིན་ཁྱོད་ཀྱིས་སྤྱོད༔ ཅེས་དམ་ཚིག་དང་གནང་བ་བསྩལ་པའི་ལན་གསོལ་བ་འདིའི་རྗེས་ཟློས། སྲོག་དང་བྱ་དགའ་ཆེན་པོ་སོགས༔ གང་གི་ཕྱིར་ཡང་མི་གཏོང་བསྲུང༔ ན་ར་ཀན༔ བྷ་གའི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་། ཡེ་ཤེས་པ་དབབ་པའི་སླད་དུ་སོགས་གོང་ལྟར་ལ། དྲག་ཏུ་གཏོད་ཅིག །ལྟེ་བར་རྡོ་རྗེ་ཕག་མོ་ཡུམ༔ ཡུངས་འབྲུ་ཙམ་ནི་ཕྲ་བ་ལ༔ བདེ་བའི་རང་བཞིན་གར་བྱེད་པས༔ བ་སྤུའི་བུ་ག་ཀུན་ཀྱང་གང༔ མ་ཡེངས་གསལ་བར་སྒོམས་ཤིག་བུ༔ རྩ་སྔགས་དང་རོལ་མོ་བྱ། དཀྱིལ་འཁོར་དུ་ཞུགས་པའི་བརྡར་གདོང་གཡོགས་སོལ། མཚན་ཉིད་དང་ལྡན་པའི་རིག་མ་ལ་ཕྱག་འཚལ་ཞིང་མེ་ཏོག་ཕུལ་བ་དེ་ཉིད་ལུས་གཅེར་བུར་ཕྱུང་སྟེ་མཁའི་པདྨོ་བསྟན་ནས་འདི་སྐད་གསུང་བར་མོས་ཤིག །ཀྱེ་མ༔ ང་ཡི་བྷ་ག་གསང་ཆེན་འདི༔ གུས་པའི་ཡིད་ཀྱིས་སུས་བསྟེན་པ༔ དངོས་གྲུབ་ཐམས་ཅད་འདི་ལས་འབྱུང༔ ཁྱོད་ཀྱིས་སྤྲོ་དགའ་དང་བཅས་སྤྱོད༔ ཨོཾ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ ཧ་རི་ནི་ས༔ ར་ཙ་ཧྲི་ཡ༔ ཨན་ཛ་ལི་ཧོ༔ དེ་ནས་སློབ་དཔོན་གྱིས་ཕྱག་རྒྱའི་སྲིན་ལག་གཡོན་ནས་བཟུང་སྟེ་ཁྱེད་རང་རྣམས་ལ་གཏད་པར་མོས་ཤིག །རིག་ཙཀ་ཐོགས་ལ། ཧཱུྃ༔ ཡེ་ཤེས་ལྷ་མོ་དགའ་བའི་ངང་ཚུལ་ཅན༔ ཟག་མེད་བདེ་ཆེན་བདེ་བའི་གནས་འབྱིན་མ༔ འདི་ལ་སྤྱོད་ཅིག་རྟག་ཏུ་གུས་པས་བསྟེན༔ ཨོཾ་མ་ཧཱ་སུ་ཁ་ཧོ༔ ཁྱེད་རང་རྣམས་དབང་ཆེན་རྟ་མགྲིན་དང་། རིག་མ་རྡོ་རྗེ་ཕག་མོར་སོགས་གོང་ལྟར་ལས། སྙོམས་འཇུག་གི་བདེ་བ་བསྐྱེད་པས་ལུགས་འབྱུང་དང་ལུགས་ལྡོག་གི་དགའ་བཞིའི་ཡེ་ཤེས་རིམ་པར་སྐྱེས་ཏེ། མཐར་ལྷན་ཅིག་སྐྱེས་པའི་བདེ་ཆེན་ཉམས་སུ་མྱོང་ཞིང་བརྟན་པར་གྱུར་པའི་མོས་པ་མཛོད། དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ ཡིད་ཀྱི་སྒྲིབ་པ་དག༔ ཐུགས་ཀྱི་བྱིན་རླབས་ཞུགས༔ ཤེས་རབ་ཕྱག་རྒྱ་བསྟེན་ཅིང་ཐིག་ལེ་བསྒོམ་པར་དབང༔ སྐལ་པ་ས་བཅུ་དག་དང་མཉམ༔ ཕྲིན་ལས་རྒྱས་པའི་ལས་རྣམས་འགྲུབ༔ འབྲས་བུ་ཆོས་སྐུ་འཐོབ་པར་འགྱུར་རོ༔ གསུམ་པ་ཚིག་དབང་ནི། དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པའི་རྗེས་ཟློས། ཀྱེ་ཧོ༔ བླ་མ་ཀུན་བཟང་ཆེ་བའི་མཆོག༔ རང་རིག་ཡེ་ཤེས་ངོ་བོ་ལ༔ བདག་ཉིད་དག་པའི་ངེས་མཆོག་སྐྱེས༔ འདི་ཉིད་རྟོགས་ཕྱིར་བླ་མ་མཆོག༔ རྗེས་ཞུགས་དལ་དབང་བདག་གིས་འཚལ༔ རྣམ་པ་ཀུན་ཏུ་མཆོག་གྱུར་པའི༔ བཞི་པའི་དབང་མཆོག་བསྐུར་དུ་གསོལ༔ ཞེས་ཞུས་པའི་ལན་དུ། ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ བསྲུང་དུ་མེད་པའི་མཆོག་ཆེན་པོ༔ ཐམས་ཅད་རོ་སྙོམས་ཀུན་རྫོགས་ཆེ༔ གང་ཤར་ཆོས་དབྱིངས་རོལ་པར་ཤར༔ བློ་ཡིས་མ་བཅོས་ཡེ་དག་སྲུངས༔ འདས་ན་ལོག་སྤྱོད་འཁོར་བར་ལྟུང༔ ཞེས་དམ་ཚིག་དང་གནང་བ་སྦྱིན་པའི་ལན་གསོལ་བ་འདིའི་རྗེས་ཟློས། མ་འདྲེས་ཡོངས་རྫོགས་རྣམ་དག་དང༔ མ་བཅོས་བློ་བྲལ་རང་བཞིན་བསྲུང༔ ན་ར་ཀན༔ ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་རྣམས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་འཁོད་པའི་སྨིན་ཕྲག་ཏུ་གཡུང་དྲུང་ནས་ཙམ་ཞིག་གཡོན་དུ་འཁོར་བ་ལ་དམིགས་པ་རྩེ་གཅིག་ཏུ་གཏོད་ཅིག །བླ་མས་རྩ་སྔགས་བརྗོད་ཅིང་རོལ་མོ་བྱ། རྩ་བརྒྱུད་བླ་མ་སོགས་ཡེ་ཤེས་པ་ཆར་བབས་པ་ལྟར་བྱོན་ནས་ཐིམ་པར་དམིགས། དེ་ནས་རྡོ་རྗེའི་ཚིག་གིས་དབང་བསྐུར་ཏེ། ཀྱེ་ཧོ༔ ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ སེམས་ཉིད་ཡེ་ནས་རྣམ་པར་དག༔ མ་འགག་རང་རྩལ་ཅིར་ཡང་སྣང༔ མེ་ལོང་ནང་གི་གཟུགས་བརྙན་བཞིན༔ སྤང་བླང་རྩིས་གདབ་བློ་ལས་འདས༔ མ་སྐྱེས་མི་འགྱུར་སྤང་བླང་བྲལ༔ གསལ་ལ་རྟོག་མེད་ངང་གིས་དྭངས། རྟོག་ཚོགས་ཤར་གྲོལ་རང་བྱུང་གསལ༔ འདི་ཞེས་བརྗོད་བྲལ་འདིར་ངོ་གསལ༔ དཔེར་ན་ལྐུགས་པའི་རྨི་ལམ་བཞིན༔ འདི་ཞེས་བརྗོད་ཚིག་སྨྲ་མི་ཤེས༔ དེ་ཉིད་རང་རིག་ཡིན་ལུགས་ལ༔ ས་ལེ་སིང་ངེ་ཧྲིག་གེ་བ༔ ཝལ་པོ་རྗེས་མེད་སེང་ངེ་བ༔ གནས་ལུགས་ཉམས་སུ་ལོང་ཞིག་གསལ༔ ཚིག་བརྗོད་མཚོན་ལས་འདས་པའི་དོན༔ དཔེར་ན་གཞོན་ནུའི་བདེ་བ་འདྲ༔ འདི་ནི་རྒྱལ་བའི་དགོངས་པ་སྟེ༔ གང་གིས་བརྗོད་མིན་ལྷན་ཅིག་སྐྱེས༔ ཡེ་ཤེས་རིག་པའི་རྩལ་དབང་སྟེ༔ ཐམས་ཅད་ཡོངས་རྫོགས་ལྷུན་གྲུབ་ཆེ༔ བུ་ཁྱོད་འདི་དོན་འབྲལ་མི་བྱ༔ ཀུན་ཏུ་བཟང་དང་སྐལ་པ་མཉམ༔ ཞེས་བརྗོད་ལ་དར་ཅིག་མཉམ་པར་གཞག །དེས་ནི་ལུས་ངག་ཡིད་གསུམ་སྒྲིབ་པ་དག༔ ཚིག་གི་དབང་ཐོབ་ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཞུགས༔ བསྟེན་བྱ་སྤང་བླང་རྟོག་ཚོགས་དང་བྲལ་བ་སྟེ༔ རྗེས་ནི་ཟུང་འཇུག་བདེ་ཆེན་བསྒོམ་པར་གནང༔ ས་ནི་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ཐོབ༔ ཕྲིན་ལས་རྣམ་བཞི་ཀུན་ལ་དབང་ཞིང༔ འབྲས་བུ་ནི་སྐུ་ལྔ་ལྷུན་གྲུབ་ཆོས་ཀྱི་སྐུ་འཐོབ་པར་འགྱུར་རོ༔ ཞེས་རྟོགས་པ་བསྐྱེད་དོ། །བཅུ་པ་ནི། དེ་ལྟར་དབང་བཞི་ཡོངས་སུ་རྫོགས་པར་གྲུབ་པའི་མཐའ་རྟེན་རྗེས་གནང་ཕྲིན་ལས་ཀྱི་དབང་བརྒྱད་རིམ་པར་བསྐུར་བ་ཡིན་པས་ཕྲིན་ལས་དེ་དང་དེ་དག་ལ་མངའ་བརྙེས་པའི་མོས་པ་མཛོད་ཅིག །ལག་ཏུ་འཁོར་ལོ་གཏད་དེ། དུས་གསུམ་རྒྱལ་བའི་དམ་ཆོས་རྣམས༔ འཁོར་བའི་སྲིད་མཚོ་བསྒྲལ་བྱའི་ཕྱིར༔ བློ་ལྡན་ཁྱོད་ཀྱིས་ཆོས་འཁོར་སྐོར༔ ཨོཾ་དྷརྨ་ཙཀྲ་ཧཱུྃ༔ དུང་གཏད་དེ། སྟོང་དང་སྙིང་རྗེ་རང་བྱུང་སྒྲ༔ སོ་སོའི་སྐད་དུ་ཆོས་སྒྲ་སྒྲོགས༔ ཕྱི་ནང་གསང་གསུམ་ཆོས་དབང་བསྐུར༔ ཨོཾ་དྷརྨ་བྷ་ཤ་ཧཱུྃ༔ དྲིལ་བུ་གཏད་དེ། ཧཱུྃ༔ ཡན་ལག་བཅུ་གཉིས་ཐེག་རིམ་དགུ༔ མ་འདྲེས་ཡོངས་རྫོགས་ཆོས་རྣམས་ལ༔ སྟོང་ཉིད་དྲིལ་བུའི་སྒྲ་སྒྲོག་མཛོད༔ ཨོཾ་ཤཱུནྱ་ཏཱ་ཤབྡ་ཧཱུྃ༔ པུསྟི་གཏད་དེ། སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་ཆོས༔ གདུལ་བྱ་གང་འདུལ་ཆོས་སྟོན་ལྟར༔ ཁྱོད་ཀྱིས་འགྲོ་ཀུན་སྒྲོལ་བར་གྱིས༔ ཨོཾ་དྷརྨ་དྷཱ་ཏུ་ཧཱུྃ༔ ལས་ཀྱི་རྡོ་རྗེ་གཏད་དེ། ཞི་རྒྱས་དབང་དྲག་མངོན་སྤྱོད་སོགས༔ ཕྲིན་ལས་རྣམ་བཞི་བསྡུ་བ་བཞིས༔ བློ་ཆེན་ཁྱོད་ཀྱིས་གང་འདུལ་མཛོད༔ ཨོཾ་བཛྲ་པཱ་ཤ་ཧཱུྃ༔ དགང་བླུགས་ཀྱི་གཟར་བུ་གཏད་དེ། ཉོན་མོངས་ལ་སོགས་དུག་ལྔ་བསྲེག༔ ཕྲིན་ལས་གང་བརྩམ་མྱུར་འགྲུབ་ཕྱིར༔ མེ་མཆོད་སྦྱིན་སྲེག་བརྩོན་པར་གྱིས༔ ཨོཾ་བཛྲ་ཧོམ་ཡེ་ཧཱུྃ༔ གཏོར་མ་གཏད་དེ། རྩ་བ་གསུམ་མཉེས་དངོས་གྲུབ་ཐོབ༔ བར་ཆད་སེལ་ཅིང་ཕྲིན་ལས་འགྲུབ༔ མཆོད་གཏོར་སྐོང་གིས་ཁྱོད་ཀྱིས་འབོད༔ ཨོཾ་བ་ལིཾ་ཏ་མ་ཧཱ་སརྦ་སིདྡྷི་ཧཱུྃ༔ ཕུར་པ་གཏད་དེ། ཧཱུྃ༔ བདག་འཛིན་གྲོལ་ནས་ཁམས་གསུམ་སྒྲོལ༔ བཏབ་པས་དགྲ་བགེགས་རྡུལ་དུ་རློག༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་མཱ་ར་ཡ་ཕཊ༔ ཅེས་བསྐུར་རོ། །དེ་ནས་མེ་ཏོག་འཐོར་ལ་ཤིས་བརྗོད་དང་རྟེན་སྙིང་བརྗོད། གསུམ་པ་རྗེས་ལ་གཉིས་ལས་དང་པོ་ནི། དེ་ལྟར་ཐུགས་སྒྲུབ་ཡང་སྙིང་འདུས་པའི་བུམ་དབང་སྤྱི་སྡོམ་བརྒྱད་ལ་ཕྲ་མོར་ཕྱེ་བའི་དྲུག་ཅུ་རྩ་གཉིས། མཆོག་དབང་གསུམ་དང་བཅས་པ་ལེགས་པར་གྲུབ་པ་ཡིན་པས། རྗེས་ནི། མཉམ་སྦྱོར་གསང་རྒྱུད་ལས༔ བུ་དང་ཆུང་མ་ནོར་གྱི་དབྱིག༔ རབ་ཏུ་གཅེས་དང་ཡིད་འཐད་འབུལ༔ སྤང་དག་ལན་གསུམ་ཚར་བའི་རྗེས༔ སྒྱུ་ལུས་བླ་མའི་བྲན་དུ་འབུལ༔ ཞེས་སོགས་གསུངས་པས། དོན་གྱི་བླ་མ་ལ་བཞེད་པ་མི་མངའ་ཡང༔ རང་ཉིད་བསོད་ནམས་ཚོགས་ཆེན་རྫོགས་པ་དང༔ གནས་སྐབས་དང་ནི་མཐར་ཐུག་རྟེན་འབྲེལ་གྱིས༔ སྐྱེ་བ་ཀུན་ཏུ་ལོངས་སྤྱོད་ལྡན་པ་དང༔ རྒྱུའི་ཚོགས་ལ་བརྟེན་ནས་འབྲས་བུ་རྫོགས་པའི་སངས་རྒྱས་ཐོབ་པའི་ཕྱིར༔ ཅི་ཡོད་ཕངས་སེམས་དང་གསོག་འཇོག་མེད་པར་བླ་མ་ལ་འབུལ་དགོས་པར་གསུངས་པས་དེ་ལྟར་འབུལ་བའི་བློས་གཏང་རག་གི་མཎྜལ་རྒྱས་པ་རེ་མཛད་འཚལ། ཞེས་འབུལ་དུ་གཞུག །གཉིས་པ་དམ་ཚིག་རྒྱས་གདབ་པ་ནི། བུམ་ཆུ་ལྷག་མས་མཆེད་རྣམས་ཁྲུས་བྱས་ཏེ། བླ་མས་ལྕེ་ལ་བདུད་རྩི་དང་། སྤྱི་བོར་རྡོ་རྗེ་བཞག་ལ། ཀྱེ། སྐལ་ལྡན་རིགས་ཀྱི་བུ་རྣམས་ཉོན༔ ཐུན་མོང་སྔོན་འགྲོ་ནས་བརྩམ་སྟེ༔ སོ་ཐར་བྱང་སེམས་རིགས་ལྔའི་སྡོམ༔ བླ་མེད་སྔགས་ཀྱི་དམ་ཚིག་ཀུན༔ བྱང་ཆུབ་མ་ཐོབ་བར་དུ་ནི༔ སྲོག་གི་ཕྱིར་ཡང་མ་གཏང་ཞིག༔ དམ་ཉམས་ཚེ་ཐུང་ནད་མང་ཞིང༔ བཀའ་སྲུང་ནག་པོ་སྲོག་བདུད་ཀྱིས༔ ལོ་མི་འགྱང་བར་ཇུར་མིད་བྱེད༔ ཤི་ནས་རྡོ་རྗེ་དམྱལ་བར་ལྟུང༔ བསྐལ་པར་ཐར་མེད་སྡུག་བསྔལ་སྤྱོད༔ དེ་ཕྱིར་སྲུངས་ཤིག་སྐལ་ལྡན་རྣམས༔ ཐུགས་སྒྲུབ་སྙིང་པོའི་དབང་འདི་ཉིད༔ གནས་ཁང་འདི་ཡི་ཕྱི་རོལ་དུ༔ ཚིག་ཙམ་རླུང་གི་ཕྱོགས་སུ་ཡང༔ ཟག་ཏུ་མི་རུང་དམ་དུ་སྲུངས༔ ཞེས་དམ་བསྒྲག་གོ །ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ་རྣམས༔ དམ་ཚིག་ལ་སྤྱིར་བསམ་གྱིས་མི་ཁྱབ་ཀྱང༔ རྩ་བ་སྐུ་གསུང་ཐུགས་སུ་འདུས་སོ༔ དེ་ལ་སྐུ་ཡི་དམ་ཚིག་ཏུ༔ རྡོ་རྗེ་སློབ་དཔོན་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་མཁའ་འགྲོ་ཆོས་སྐྱོང༔ མཆེད་དང་ལྕམ་དྲལ་རྡོ་རྗེ་སྤུན༔ མདོར་ན་རང་ལུས༔ སེམས་ཅན་ཐམས་ཅད་དང་འབྱུང་བ་ལྔ་ལ་སོགས་པ་ཐམས་ཅད་ལ་མི་གུས་པ༔ རྐུ་འཕྲོག་གསོད་གཅོད༔ བརྡེག་བཙོག༔ ངག་སྨྲས་མི་དགེ་བར་གྱུར་པ་ཐམས་ཅད་ལ་དམ་ཚིག་བསྲུང་ངོ༔ དོན་ལ་ཕྱི་ནང་སྣོད་བཅུད་ཐམས་ཅད་ཡི་དམ་ལྷའི་ངོ་བོར་མ་གྱུར་པ་མེད་པས་ཤིན་ཏུ་བསྲུང་དགོས་སོ༔ གསུང་གི་དམ་ཚིག་ཏུ༔ རྡོ་རྗེ་སློབ་དཔོན་གྱིས་ཅི་གསུང་གི་བཀའ་མི་བཅག༔ སངས་རྒྱས་ནས་གང་ཟག་ཕལ་པའི་གསུང་ཡན་ཆད་ལ་བརྙས་པར་མི་བྱ་ཞིང་གུས་པར་བྱ༔ མདོར་ན་འགྲོ་བའི་སྐད་དང་འབྱུང་བའི་རང་སྒྲ་ལ་སོགས་ཐམས་ཅད་ལ༔ ཁོང་ཁྲོ་ཞེ་སྡང་སྤངས་ཏེ༔ ཐམས་ཅད་སྔགས་སྒྲ་དང་སངས་རྒྱས་ཀྱི་གསུང་དུ་མོས་པར་བྱའོ༔ ཐུགས་ཀྱི་དམ་ཚིག་ཏུ་མི་དགེ་བའི་རྟོག་པ་སྐད་ཅིག་མ་ཡན་ཆད་སྤངས་ལ༔ དགེ་བ་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་དུས་རྒྱུན་ཆད་མེད་པར་བྱའོ༔ ནང་གི་དམ་ཚིག་ལ༔ སྐུའི་དམ་ཚིག་ཏུ༔ ཡི་དམ་ལྷའི་བསྐྱེད་རིམ་རྒྱུན་ཆད་མེད་པར་བསྒོམ༔ གསུང་གི་དམ་ཚིག་ཏུ༔ སྔགས་ཀྱི་བཟླས་བརྗོད་རྒྱུན་མི་བཅད༔ ཐུགས་ཀྱི་དམ་ཚིག་ཏུ༔ རྫོགས་རིམ་ཕྱག་རྒྱ་ཆེན་པོ་དང་མི་འབྲལ་བར་བྱའོ༔ དེ་ལྟར་དམ་ཚིག་གཉན་པོ་བསྲུངས་པ་ལ་བརྟེན་ནས༔ ཡོན་ཏན་གནས་སྐབས་དང་མཐར་ཐུག་གཉིས་ལས༔ གནས་སྐབས་སུ་ཚེ་རིང་ནད་མེད༔ ཅི་བསམ་འགྲུབ་ཅིང་ཕྲིན་ལས་བཞི་སོགས་གང་བརྩམ་འགྲུབ་བོ༔ མཐར་ཐུག་རྫོགས་པའི་སངས་རྒྱས་ཐོབ་སྟེ༔ སྐུ་གསུམ་ཡེ་ཤེས་ལྔ་ལ་སོགས་པ་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་སྤྱོད་པར་འགྱུར་ཏེ༔ གཟུགས་སྐུ་རྣམ་གཉིས་ཀྱིས་འགྲོ་བའི་དོན་གང་ལ་གང་འདུལ་དུ་སྤྲུལ་ཏེ་སེམས་ཅན་གྱི་དོན་དཔག་མེད་དུ་འགྲུབ་པར་འགྱུར་རོ༔ དེ་ལྟར་ཇི་སྐད་བཤད་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ལེགས་པར་བླངས་ནས་ཚུལ་བཞིན་བསྲུང་བའི་མོས་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། ལུས་ལོངས་སྤྱོད་འབུལ་བ་དགེ་བསྔོ་སྤྱི་ལྟར་བྱས་ལ་སློབ་མ་རྣམས་གྱེས་སོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་གཏང་། བཀའ་སྲུང་གཏོར་སྐྱོང་། བསྐུལ་དང་ཆད་བརྟན་རྟ་བྲོ་རྣམས་གྲུབ་ནས་གཏོར་མ་ལ་བརྟེན་པའི་དངོས་གྲུབ་བླང་། གཏང་རག་མཆོད་བསྟོད་ལུགས་འདིར་ངེས་པར་དགོས་པ་ནི་མ་ཡིན་ལ་སྤྱི་ལྟར་བྱས་ན་ཡང་འདི་འགལ་བ་མེད། ནོངས་བཤགས་བརྟན་བཞུགས་སོགས་སྤྱི་དང་མཐུན་ཅིང་བདག་བསྐྱེད་བསྡུ་བ་དང་བསྔོ་སྨོན་ཤིས་བརྗོད་ཀྱི་བར་ལས་བྱང་རྒྱས་བསྡུས་གང་འབྲེལ་གྱི་ལུགས་བཞིན་མཐར་ཆགས་སུ་བྱའོ། །ཡིད་བཞིན་ནོར་ལྟར་དགོས་འདོད་ཀུན་ཚང་ཞིང་། །དཔག་བསམ་ཤིང་ལྟར་ཡན་ལག་འདྲིལ་ཞིང་རྫོགས། །སུས་སྒྲུབ་གུ་རུའི་ཐུགས་རྗེས་མྱུར་འཛིན་པའི། །རྡོ་རྗེའི་ཡལ་གམ་བཞེས་འདིར་འབྲེལ་བའི་མཐུས། །སྐྱེ་འདིར་རྒྱལ་དབང་པདྨས་རྗེས་བཟུང་སྟེ། །རྡོ་རྗེ་བཞི་ཡི་ཡེ་ཤེས་རྒྱུད་ལ་ཞུགས། །འཁོར་བ་མ་སྟོངས་བར་དུ་མཁའ་མཉམ་གྱི། །འགྲོ་ཀུན་ཕྲིན་ལས་མཉམ་པ་ཉིད་གྱུར་ཅིག །དེ་ལྟར་ཐུགས་སྒྲུབ་ཡང་སྙིང་འདུས་པའི་དབང་བསྐུར་དཀྱུས་མའམ་འབྲིང་པོ་ཕྱག་ལེན་གྱིས་བརྒྱན་ཏེ་བཀླག་ཆོག་གི་ཚུལ་དུ་བཀོད་པ་འདིའང་། པདྨ་ཐོད་ཕྲེང་རྩལ་དང་རྣམ་དབྱེར་མེད་པའི་རྡོ་རྗེའི་སློབ་དཔོན་ཆེན་པོ་པདྨ་དབང་ཆེན་ལ་སོགས་པའི་བྱིན་རླབས་ཐོབ་པ་སྔགས་རིག་འཛིན་པ་པདྨ་གར་གྱི་དབང་ཕྱུག་བློ་གྲོས་མཐའ་ཡས་པའི་སྡེས་དཔལ་སྤུངས་ཡང་ཁྲོད་དེ་བཱི་ཀོ་ཊི་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྦྱར་བ་དགེ་ལེགས་འཕེལ།། །།

གུ་རུའི་ཐུགས་སྒྲུབ་ཡང་སྙིང་འདུས་པའི་གསང་ཁྲིད་རིགས་ལྔ་ལས། གཏུམ་མོའི་ཁྲིད་ཀྱི་བསྒོམ་རིམ་གསལ་བྱེད་ཉི་ཟླ་ཁ་སྦྱོར་བདེ་ཆེན་ཆོས་སྐུ་མཛུབ་ཚུགས་ (Volume 7, Text 21)

༄༅། །གུ་རུའི་ཐུགས་སྒྲུབ་ཡང་སྙིང་འདུས་པའི་གསང་ཁྲིད་རིགས་ལྔ་ལས། གཏུམ་མོའི་ཁྲིད་ཀྱི་བསྒོམ་རིམ་གསལ་བྱེད་ཉི་ཟླ་ཁ་སྦྱོར་བདེ་ཆེན་ཆོས་སྐུ་མཛུབ་ཚུགས་ཞེས་བྱ་བ་བཞུགས་སོ། ། ཨེ་མ་ཧོཿ དྲི་བྲལ་པདྨ་ལས་འཁྲུངས་སྤྲུལ་པའི་སྐུ །རྒྱལ་ཀུན་འདུས་གཟུགས་གུ་རུ་རྡོ་རྗེ་འཆང་། །གསང་བའི་མཛོད་འཛིན་དྷཱ་ཀི་རྣམ་གཉིས་དང་། །སྨོན་ལམ་དབང་བསྒྱུར་ལང་གྲོ་ལོ་ཙཱ་བ། །ཟབ་གཏེར་སྤྱི་མེས་མངའ་བདག་རཏྣ་གླིང་། །ཐུགས་ཀྱི་སྲས་མཆོག་ཚེ་དབང་གྲགས་པ་སོགས། །ཡི་དམ་དབང་ཆེན་ཡབ་ཡུམ་གཙོ་དང་འཁོར། །དཔལ་མགོན་མ་ནིང་ཨེ་ཀ་ཛཱ་ཊི་དང་། །རྡོ་རྗེ་ལེགས་པ་འཁོར་ཚོགས་བཀའ་སྡོད་བཅས། །རྩ་བ་གསུམ་ལ་རྩེ་གཅིག་གསོལ་བཏབ་པས། །བཀའ་ཡི་གནང་བ་སྩོལ་ལ་བྱིན་གྱིས་རློབས། །འདིར་བླ་མ་ཡང་སྙིང་འདུས་པའི་གསང་ཁྲིད་རིགས་ལྔ་ལས་པདྨ་ཐོད་ཕྲེང་འདོད་ཆགས་ཀྱི་ངོ་བོ་སྦྱོང་བ་དང་འབྲེལ་བ་གཏུམ་མོ་རྩ་རླུང་གི་མན་ངག་ཟབ་མོ་འཆད་པ་ལ། ཐོག་མར་སློབ་དཔོན་ཉམས་མྱོང་དང་ལྡན་པས། སློབ་མ་དད་བརྩོན་ཤེས་རབ་དང་ལྡན་པ་ལ་ཡང་སྙིང་འདུས་པའི་དབང་བཞི་ཡོངས་རྫོགས་གསང་བའི་དབང་མཆོག་དང་བཅས་པས་སྨིན་པར་བྱས་ནས། ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོ་བཅས། ཆོས་སྤྱོད་ལམ་རིམ་ལྟར་རྒྱུད་ཐོག་ཏུ་སྨིན་ངེས་བྱ། སྐུ་གསུམ་སྒྲུབ་པ་རབ་ལོ་གསུམ། འབྲིང་ཟླ་བ་བཅོ་བརྒྱད། ཐ་ན་ཡང་ཟླ་བ་གསུམ་གསུམ་གཞུང་བཞིན་རྡོར་བཟླས་དང་། བུམ་ཅན་རླུང་ལ་སྦྱར་བ་སོགས་ཚད་ལྡན་བགྱིས་པའི་རྣལ་འབྱོར་པས། ཟབ་ལམ་རྩ་རླུང་ཉམས་སུ་ལེན་པ་ལ། དབེན་ཞིང་མཐུན་རྐྱེན་འཛོམ་པའི་གནས་སུ། ཚེ་འདིའི་ངོ་བསྲུང་འཇིག་རྟེན་གྱི་སྤྲོས་པ་རྣམས་དོར་ལ། བླ་མ་ཡི་དམ་དྷཱ་ཀི་སོགས་རྩ་བ་གསུམ་ལ་རྩེ་གཅིག་ཏུ་གསོལ་བ་བཏབ་ལ། འཆི་བ་བྲང་འོག་ཏུ་བཅུག་སྟེ་འདི་ཉིད་རྩེ་གཅིག་ཏུ་ཉམས་སུ་ལེན་པར་བྱའོ། །དང་པོ་གཏུམ་མོའི་ཁྲིད་ལ་གསུམ་སྟེ། སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པའོ། །དང་པོ་ལུས་ཀྱི་སྟོང་ར་བསྒོམ་པ་སྟེ། རང་ལུས་སྟོང་པ་ཕྲུ་མ་ཕུས་བཏབ་པ་ལྟ་བུའི་ལུས་ཀྱི་སྤྱི་བོ་ནས་སོར་མོའི་རྩེ་ཚུན་སྟོང་སང་ངེ་བ། ཁ་དོག་དཀར་ལ་དམར་མདངས་ཆགས་པ་རྒྱ་སྐྱེགས་ཀྱི་ཁུ་བ་ལྟ་བུ་གསལ་ཞིང་སྟོང་པ་འོད་ཀྱི་རང་བཞིན་ཅན་དུ་བསྒོམ་མོ། །དེ་ཁོ་ན་ཉིད་ལ་ཞག་བདུན་གསུམ་བར་རྩེ་གཅིག་ཏུ་སྦྱང་ངོ་། །དེ་ནས་རང་ཉིད་རྡོ་རྗེ་རྣལ་འབྱོར་མའི་སྐུ་སྟོང་ར་ལུས་ཚད་ཙམ་གོང་བཞིན་སྤྱི་བོ་ནས་སོར་མོ་ཡན་སྟོང་སང་ངེ་བསྒོམ། དེ་ཡང་ཐོད་སྐམ་ལྔ་ཡི་དབུ་རྒྱན། རུས་པའི་རྒྱན་དྲུག །སྤྱི་བོ་ན་ཕག་ཞལ་གྱེན་དུ་ཕྱོགས་པ། དབུ་སྐྲ་དམར་སེར་ཕྱེད་བཅིངས་ཕྱེད་གྲོལ་བ། ཞབས་གཡས་བསྐུམ་གཡོན་བརྐྱང་བས་པད་ཉི་བམ་རོའི་གདན་ལ་བཞེངས་སྟབས་ཀྱིས་བཞུགས་པ། ཕྱག་གཡས་རྡོ་རྗེས་མཚན་པའི་གྲི་གུག་ནམ་མཁའ་ལ་འཕྱར་ཞིང་གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། གྲུ་མོ་ན་ཡབ་དབང་ཆེན་མཚོན་པའི་ཁ་ཊྭཱཾ་ག་རྡོ་རྗེས་མཚན་པ་གཡོན་ཕྱོགས་སུ་བཅུག་པ། དེ་ཡང་ཡེ་ཤེས་ལྔ་ཡི་མེ་ཕུང་དབུས་ན་བཞུགས་པར་གསལ་བཏབ། གཉིས་པ་རྩའི་སྟོང་ར་བསྒོམ་པ་ནི། ལུས་ཀྱི་དབུས་སུ་རྩ་དབུ་མ་མདའ་སྙུག་ཙམ་ཡར་སྣེ་སྤྱི་བོ་དང་མར་སྣེ་གསང་གནས་སུ་ཟུག་པར་བསྒོམ་ཞིང་རླུང་རོ་བསལ་བ་ལ། དང་པོ་རླུང་གི་འགྲོ་འོང་བརྟགས་ལ་ཆ་མཉམ་དུ་བཞག །དེ་ནས་རླུང་ནང་དུ་རྔུབ་ལ་ཡུན་དུ་མི་བཟུང་བར། རླུང་སྣ་ནས་ཕྱིར་བཏང་ལ་དམིགས་པ་ལུས་ཀྱི་བ་སྤུའི་བུ་ག་ཐམས་ཅད་ནས་རྩ་རླུང་གི་གེགས་སྐྱོན་ལས་ཉོན་གྱི་སྒྲིབ་པ་དང་བཅས་པ་དུད་པ་སྔོ་དམར་གྱི་རྣམ་པར་ཕྱིར་ཐོན་པར་དམིགས་ལ་ལན་གསུམ་བུས། དེ་ནས་སྣ་སྒོའི་ཐད་སོར་བཅུ་དྲུག་གི་ཚད་དུ་དང་པོ་ས་རླུང་སེར་པོ་སོར་བཞི། ཆུ་རླུང་སྔོན་པོ་སོར་བཞི། མེ་རླུང་དམར་པོ་སོར་བཞི། རླུང་གི་རླུང་ལྗང་གུ་སོར་བཞི་གསལ་བའི་ཚད་དུ་རླུང་བཏང་། ཕྱི་ལ་ཡང་ཡུད་ཙམ་འཛིན་པ་་་གསར་པ་རྣམས་ཀྱིས་ཡུན་རིང་འཛིན་མི་ཉན་མཆན། ཁ་དོག་གི་རླུང་དང་བསྲེས་ཏེ་སྟོང་ཉིད་དང་འདྲེས་ངེས་བྱ། དེ་ནས་དལ་བུས་ནང་དུ་རྔུབ་ལ་ལྟེ་འོག་ཏུ་ཆིལ་གྱིས་མནན། སླར་ཡང་རླུང་འདོན་པ་དང་སྐེད་པ་བསྐོར་བ་དང་ལུས་སྤྲུག་པ་འབུད་པ་རྣམས་ལྷན་ཅིག་ཏུ་ལུས་ཚུགས་མ་ཉམས་པར་སི་ལི་ལི་འབུད་ཅིང་སྤྲུག་ལ་དམིགས་པ་ནི་གོང་བཞིན་ནོ། །གཉིས་པ་ནི། དང་པོ་རྩལ་མ་སྦྱང་བ་ལ། རླུང་བུམ་པ་ཅན་དང་པོ་འཛིན་བཏང་བྱས་ལ་ལྟེ་འོག་ཏུ་ཆིལ་གྱིས་མནན། དམིགས་པ་ནི་རྩ་དབུ་མ་མདའ་སྙུག་འབྲིང་པོ་ཙམ་ཡར་སྣེ་སྤྱི་བོ་ནས། མར་སྣེ་གསང་གནས་སུ་ཟུག་པ་བུག་པ་ཧ་རེ་བར་ཡོད་པར་བསྒོམ། ལག་གཉིས་བསྣོལ་ཏེ་རྡོ་རྗེའི་ཁུ་ཚུར་ནུ་མའི་སྟེང་དུ་མནན་ཏེ་བུམ་ཅན་ཁུག་པ་སུམ་ཅུ་ཙམ་ལ་འཛིན། གསུམ་པ་ནི། ལག་གཉིས་རྡོ་རྗེའི་ཁུ་ཚུར་བརླ་སྟེང་དུ་གཟུག་ལ་དབུ་མའི་མར་སྣེ་གསང་བའི་ནང་དུ་ཧཱུྃ་མཐིང་ནག་ཚོན་གང་ཙམ་གཅིག་བསྒོམ། རླུང་ལྟེ་འོག་ཆིལ་གྱིས་མནན་འོག་རླུང་ཡར་འཐེན་ལ། ཧཱུྃ་དེ་གྱེན་དུ་ཡར་དྲངས་ཁོང་འདྲེན་དང་བཅས་ཏེ། སྤྱི་གཙུག་ཁྲུ་གང་ཙམ་དུ་ཐོན་པར་བསམ། དམིགས་པ་དང་སྟོང་འདྲེན་རླུང་སྦྲགས་་་ཧཱུྃ་གསང་བར་བཞག་པ་དང་མི་དམིགས་པར་བསམས་ལ་སླར་ཡང་ཧཱུྃ་བསྒོམས་ལ་སྔར་ལྟར་གྱེན་དུ་དྲང་གསུངས།ལ། ལན་སུམ་ཅུ་ཙམ་སྦྱང་། བཞི་པ་ནི། ལུས་ཙོག་པུར་བྱས་ལ་འབོལ་ཆུང་ཚང་འོག་ཏུ་བཅུག་ལ་ལག་གཉིས་པུས་མོར་འཁྱུད་དེ་རླུང་ཆིལ་གྱིས་མནན། འོག་སྒོ་ལྷོད་ལ་རླུང་སྔོ་སངས་ཀྱིས་འོག་སྒོ་ནས་དབང་ཆེན་གསེར་གྱི་ས་གཞིའི་འོག་ཏུ་སོང་བར་བསམ། ཡང་རླུང་བཏང་བ་དང་ལྷན་ཅིག་འོག་སྒོ་བསྡམ་པ་དང་། སྟེང་རླུང་བཏང་སྟེ་སྤྱི་བོ་ནས་སྔོ་སངས་ཀྱིས་ཐོན་ཏེ་ལྷ་གནས་སུམ་ཅུ་རྩ་གསུམ་དུ་སོང་བར་བསྒོམས་ལ་རླུང་ཁུག་སུམ་ཅུ་བར་སྦྱང་ངོ་། །ལྔ་པ་ལ། དང་པོ་རྐང་མཐིལ་གཉིས་སྦྱར་སོར་རྩེ་སར་བཙུགས་ལ། ལུས་གནད་ལེགས་པར་བསྲང། ལག་གཉིས་སྒྲེང་སྟེ་སྤྱི་བོར་ཐལ་མོ་སྦྱར་མགྲིན་པ་ཅུང་ཟད་གུག་སྒལ་ཚིགས་བསྲངས་ལ་རླུང་ཁུག་སུམ་ཅུ་ཙམ་ལ་སྦྱང་ངོ་། །རླུང་སེམས་གཉིས་མེད་དུ་འཇོག་པ་གནད། དེ་ནས་ལུས་གནད་ཆོས་བདུན་ལེགས་པར་བཅས། རང་ལུས་རྡོ་རྗེ་མཐིང་ནག་རྩེ་གསུམ་ཁྲུ་གང་ཙམ་དུ་བསྒོམས་ལ་ལྟེ་བར་རིག་པའི་ངོ་བོ་ཧཱུྃ་མཐིང་ནག་ཡུངས་འབྲུ་ཙམ་དུ་བསྒོམ། རླུང་རྔུབ་པ་དང་བསྟུན་ལྟེ་བར་ཧཱུྃ་དང་བསྲེས་ལ་རིག་པ་གཏད། གཞིལ་བ་དང་བསྟུན་རྡོ་རྗེའི་རྭ་ནས་ཧཱུྃ་དེ་མར་སོང་རྡོ་རྗེའི་རྭ་རྩེར་ཕྱིར་སླེབ་རླུང་བཏང་བ་དང་བཅས་ཏེ་རྡོ་རྗེའི་རྭ་ལམ་སྟོང་པར་བརྒྱུད་དེ་ཡར་རྩེར་དྲངས། རྔུབ་པ་དང་བསྟུན་ཏེ་མར་སོང་ནས་ལྟེ་བར་སླེབས། ཡང་ཧཱུྃ་ལ་རིག་པ་གཏད་དེ་རླུང་ཇི་ལྕོགས་ཙམ་དུ་བཟུང་ལ་དགང་གཞིལ་སོགས་སྔར་ལྟར་བཏང་ངོ་། །དེ་རྣམས་ཀྱི་དགོས་པ་ལ་ཡང་ལུས་ངག་ཡིད་གསུམ་གྱི་མ་དག་པ་རྣམས་སྦྱངས་ནས་དག་པ་སྐུ་གསུམ་དུ་སྨིན་པ་དང་། རྩ་དང་རླུང་གི་ལམ་སྦྱོང་བ་ཡིན་ཏེ་གནད་ཆེ་བས། ཆུ་འདྲེན་ཁར་ཡུར་བ་གད་བྱས་པ་དང་འདྲ་སྟེ། གནས་སྐབས་སུ་རླུང་དབུ་མར་ཚུད་ཅིང་མཐར་ཐུག་རྡོ་རྗེ་འཆང་འགྲུབ་པའི་དགོས་པ་ཡོད་པས། འདི་རྣམས་གནད་དུ་ཆུད་པར་བརྩོན་ཞིང་སྦྱང་བ་གལ་ཆེའོ། །དྲུག་པ་ནི་དངོས་གཞི་གཏུམ་མོ་བསྒོམ་པ་ལ། རང་ཉིད་རྡོ་རྗེ་རྣལ་འབྱོར་མའི་སྟོང་ར་ལུས་ཚད་ཙམ་གོང་བཞིན་གསལ་བཏབ། གཡས་གཡོན་དུ་རོ་རྐྱང་གཉིས་དེ་ལས་ཅུང་ཕྲ་བར་ཡར་སྣེ་སྨིན་མཚམས་ནས་སྣ་སྒོར་ཟུག་པ། མར་སྣེ་ལྟེ་འོག་ནས་དབུ་མར་ཚུད་པ་ཡི་གེ་ཆའི་འཕོངས་ལྟ་བུར་ཡོད་པའི། སྤྱི་བོ་བདེ་ཆེན་གྱི་འཁོར་ལོར་རྩ་འདབ་སུམ་བརྒྱ་དང་དྲུག་ཅུ་ཁ་འོག་ཏུ་ལྟ་བ། མགྲིན་པ་ལོངས་སྤྱོད་འཁོར་ལོར་རྩ་འདབ་བཅུ་དྲུག་ཁ་གྱེན་དུ་ལྟ་བ། སྙིང་ག་ཆོས་ཀྱི་འཁོར་ལོར་རྩ་འདབ་སུམ་ཅུ་རྩ་གཉིས་ཁ་མར་ལྟ་བ། ལྟེ་བ་སྤྲུལ་པའི་འཁོར་ལོར་རྩ་འདབ་དྲུག་ཅུ་རྩ་བཞི་ཁ་གྱེན་དུ་ལྟ་བ། རྩ་གསུམ་དང་རྩ་འཁོར་རྣམས་ཕྱི་དཀར་ལ་ནང་དམར་བ་གསལ་ཞིང་སྟོང་པ་ཕྲུ་མ་ཕུས་བཏབ་པ་ལྟར་བསྒོམ། རྩ་གསུམ་འདུས་མདོར་ལྟེ་འོག་སོར་བཞི་མཚམས་ན་ཆོས་འབྱུང་བསྣོལ་མའི་དབུས་སུ་ཉི་གདན་གྱི་སྟེང་དུ་ཨ་ཤད་ཡེ་ཤེས་ཀྱི་མེ་རྣོ་ཞིང་འཁྱུག་པ་ཁ་དོག་དམར་བ། རེག་བྱ་ཚ་བ་གཡོ་ཞིང་བསྐྱོད་པ་མྱུར་བ་ཕེཾ་གྱི་སྒྲ་སྒྲོག་པར་བསམ། དབུ་མའི་ཡར་སྣེའི་སྤྱི་བོར་སྣ་ཚོགས་རྡོ་རྗེས་ཕྱི་ནས་ཁ་བཀབ་པའི་ལྟེ་བར་ཟླ་གདན་དབུ་མའི་ཁ་བཅད་པའི་ཚུལ་དུ་ཡོད་པར་བསམ། དེའི་ངོས་ནས་ཧཾ་དཀར་པོ་མགོ་ཐུར་བསྟན་གདོང་མདུན་དུ་ལྟ་བ། ཧཾ་གི་མཐར་སྐོར་ཟླ་གདན་གྱི་ངོས་སུ་དགའ་བ་བཅུ་དྲུག་མཚོན་པའི་ཐིག་ལེ་ཡུངས་འབྲུ་ཙམ་བཅུ་དྲུག །དེ་རྣམས་ཤིན་ཏུ་ཕྲ་བ་དབུ་མའི་ནང་དུ་ཚུད་པར་བསྒོམ། ལུས་གནད་མེ་ཐབ་དྲུག་ཆིངས་སམ་ཆོས་བདུན་སོགས་གང་བདེར་བྱས་ལ། རླུང་རོ་དགུ་ཕྲུགས་སུ་བསལ་བ་ནི། ལག་གཡས་པུས་སྟེང་དུ་བཞག །ཁ་དོག་ལྔ་ལྡན་གྱི་རླུང་གཡས་པ་རོ་མ་ནས་རྔུབ་ལ་ལག་གཡོན་པའི་སྲིན་ལག་གིས་སྣ་བུག་གཡས་བཀབ། དེ་ནས་ལུས་འཆུན་དང་ལྡན་པས་དཔུང་མགོ་གཡས་གཡོན་དུ་ལན་གསུམ་གསུམ་དུ་བསྐོར་ལ་གཡོན་ཕྱོགས་ནས་རླུང་ཕྱིར་བཏང་། དམིགས་པ་ནི་གཡས་རོ་མ་ནས་ཡེ་ཤེས་ལྔ་ཡི་རླུང་ཞུགས། གཡས་ཕྱོགས་ཀྱི་སྟོང་པ་རྩ་འཁོར་རྣམས་ཀྱི་ནང་ནས་ལས་ཉོན་རྩ་རླུང་གི་གེགས་སྐྱོན་དང་བཅས་པ་ཡེ་ཤེས་ཀྱི་རླུང་གིས་མར་དེད་དེ་རྩ་གསུམ་འདུས་མདོ་ནས་བརྒྱུད་གཡོན་རྐྱང་མའི་ལམ་ནས་གཡོན་ཕྱོགས་ཀྱི་ལས་ཉོན་གེགས་སྐྱོན་དང་བཅས་པ་དེད་དེ་སྣ་བུག་གཡོན་ནས་དུད་པ་སྔོ་དམར་གྱི་རྣམ་པར་ཕྱིར་ཐོན་པར་བསམས་ལ་ཕྱིར་བསལ། ཡང་ལག་པ་གཡོན་པུས་སྟེང་དུ་བཞག་སྣ་བུག་གཡོན་ནས་ལྔ་ལྡན་གྱི་རླུང་རྔུབ་ཅིང་། གཡས་ཀྱི་སྲིན་ལག་གིས་སྣ་བུག་གཡོན་བཀབ་རླུང་ཞུགས་པ་གཡོན་རྐྱང་མའི་ལམ་བརྒྱུད་དཔུང་མགོ་གཡས་གཡོན་དུ་བསྐོར་བ་གེགས་སྐྱོན་བསལ་བ་སོགས་གོང་བཞིན་ནོ། །དེ་ནས་ཆ་སྙོམས་སུ་རྔུབ་ཅིང་ལྔ་ལྡན་གྱི་རླུང་རོ་རྐྱང་ནས་ཞུགས་ལ་གཉིས་ཀ་པུས་སྟེང་དུ་བཞག་དཔུང་མགོ་ལྷན་ཅིག་ཏུ་གཡས་གཡོན་དུ་བསྐོར་ཞིང་རྩ་གསུམ་འཁོར་ལོ་བཞི་ལྡན་དང་བཅས་པའི་གེགས་སྐྱོན་རྣམས་སྔོ་དམར་གྱི་རྣམ་པར་གཡས་་་་་་་་་གཡོན་ནས་བསལ། དེ་ནས་ཐད་ཀར་མཉམ་དུ་ལན་གསུམ་བསལ། དེ་ནས་རླུང་ལྟེ་འོག་ཏུ་མནན་ཏེ་རླུང་གིས་རྩ་ཁེངས་པ་དང་ལྷན་ཅིག་ཏུ་ཁ་སྣ་གཉིས་ནས་འདོན་ཞིང་དམིགས་པ་ནི་ལས་ཉོན་རྩ་རླུང་གི་གེགས་སྐྱོན་དང་བཅས་པ་བ་སྤུའི་བུ་ག་ཀུན་ནས་དུད་པ་སྔོ་དམར་གྱི་རྣམ་པར་ཕྱིར་ཐོན་པར་དམིགས་ལ་ལུས་ཅུང་ཟད་སྤྲུག་པ་དང་བཅས་ཏེ་ལན་གསུམ་ཕྱིར་བསལ། དེ་ནས་ལུས་གནད་གང་ཡིན་གོང་བཞིན་ལེགས་པར་བསྲང་སྟེ། རླུང་ཕྱིར་བཏང་བ་དང་བསྟུན་ཁ་དོག་ལྔ་ལྡན་གྱི་རླུང་དང་བསྲེས་ཏེ་ཕྱིར་སོར་བཅུ་དྲུག་གི་ཚད་དུ་གང་ལྕོགས་སུ་འཛིན། དེ་ནས་དལ་བུས་རོ་རྐྱང་གི་ལམ་བརྒྱུད་དེ་རྩ་གསུམ་འདུས་མདོ་ཨ་ཤད་ཡེ་ཤེས་ཀྱི་མེ་ལ་རླུང་ཕོག་པས་མེ་ལ་སྦུད་པ་བཏབ་པ་ལྟར་ཆེར་འབར་ནས་རེག་བྱ་ཚ་བ་མགར་གྱི་ལྕགས་སྲེག་ལྟར་དམར་ཉུག་ཉུག་ཏུ་འབར་བས་ལྟེ་བའི་རྩ་འཁོར་ཐམས་ཅད་མེས་གང་བར་བསམ། སྟེང་རླུང་མནན། འོག་རླུང་ཡུད་ཙམ་འཐེན། མི་ཐུབ་ལ་ཁད་གཡས་ནས་རྔུབ་ཆུང་དང་བཅས་ཏེ། རོ་མ་ནས་ཅུང་ཟད་གཞིལ། ཡང་གཡོན་ནས་རྔུབ་ཆུང་བྱས་ཏེ་རྐྱང་མ་ནས་གཞིལ། ཡང་ཆ་མཉམ་དུ་རྔུབ་ཆུང་བྱས། མཉམ་དུ་གཞིལ། དེ་ནས་དང་པོ་ཤུགས་ཆུང་བ། བར་དུ་ཆེ་བར། མཐར་ཆུང་བར་མ་ལུས་པར་ལྷག་མེད་དུ་སྔ་མ་བཞིན་དུ་རླུང་ཕྱི་ནང་བསྲེས་ལ་ཕྱིར་ཅུང་ཟད་འཛིན། དེ་ནས་དལ་བུས་ནང་དུ་རྔུབ། དེ་ནས་ལྟེ་བར་དམིགས་ཏེ་རླུང་ཁུག་སུམ་ཅུ་ཙམ་དུ་འཛིན། ཡང་རླུང་གནད་དང་དམིགས་པ་གོང་བཞིན་མེ་ཚ་བ་རྣོ་པ་རྩུབ་བ་བྲེལ་བར་འབར་ཏེ་སྙིང་ཁར་རེག་རེག་ཡོད་པར་བསྒོམ། ལྟེ་བ་མན་ཆད་མེ་ཡི་རང་བཞིན་ལྕགས་སྲེག་ལྟར་ཚ་བར་བསྒོམ། དེ་ནས་མེ་ཡི་དྲོད་ཀྱིས་སྤྱི་བོའི་ཤཾ་ལས་ཐིག་ལེ་དཀར་པོ་དངུལ་ཆུ་ལྟ་བུ་ངང་རྒྱུན་རྒྱུན་དུ་སྙིང་ཁར་མེ་ལ་མ་རེག་ཙམ་དུ་བབས་པས་མེ་མར་བྲོས་ཏེ་ལྟེ་བར་ཐིམ། མེ་ཡར་འབར་དུས་ཐིག་ལེ་སྤྱི་བོའི་ཧཾ་ལ་བསྟིམ། ཡང་དམིགས་པ་དེ་བཞིན་ལ་རླུང་སེམས་དྲིལ་ལ་རླུང་ཁུག་སུམ་ཅུ་ཙམ་གང་ལྕོགས་འཛིན་གཏང་བྱ། དེ་ཁོ་ན་ལ་ཉིན་མཚན་དྲིལ་ལ་ཞག་གྲངས་བཅུ་བཞི་ལ་འབད་དོ། །གཏུམ་མོ་ཁོ་ན་དྲོད་ཀྱི་དམིགས་པ་ལ་ལུས་གནད་མེ་ཐབ་དྲུག་ཆིངས་བྱས། རྩ་འཁོར་སྟོང་ར་རྣམས་གོང་བཞིན་གསལ་བཏབ་པའི་ངང་ནས་རླུང་རོ་དགུ་ཕྲུག་བསལ། རླུང་རྔུབ་དགང་གཞིལ་བ་སོགས་སྔ་མ་བཞིན་ལ་དམིགས་པ་ནི་ཨ་ཤད་ལ་རླུང་ཕོག་པས་མེ་དུམ་དུམ་ཆད་དེ་རྩ་གསུམ་ལྟེ་བའི་རྩ་འཁོར་མན་ཆད་མེས་ཆིལ་གྱིས་གང་བར་དམིགས་ལ། རྩ་འཁོར་གྱི་སྣེ་བཅད་ཁ་སྟོང་པར་ཡོད་པ་ལས་མེ་ཕྱིར་ཐོན་རྐང་སོར་ཡན་ཆད་མེ་དམར་འུར་གྱིས་སོང་བར་བསམས་ལ་ལྟེ་བ་མན་ཆད་ལ་རླུང་ཁུག་བཅུ་དང་དམིགས་པ་སྦྲགས། ཡང་མེ་ཆེར་འབར། སྙིང་གའི་རྩ་འཁོར་དང་ལག་སོར་ཚུན་མེ་དམར་འུར་གྱིས་སོང་བར་བསམ། དེ་ནས་མེ་ཡར་འབར་མགྲིན་པའི་རྩ་འཁོར་དང་སྟོང་ར་མེས་གང་། དེ་ནས་ཡར་འབར་སྤྱི་བོའི་རྩ་འཁོར་སྟོང་ར་དང་བཅས་པ་མེས་གང་། འཁོར་ལོ་གསུམ་ལ་ཡང་གོང་བཞིན་རླུང་ཁུག་བཅུ་རེ་དང་སྦྲགས། དེ་ནས་མེ་ཡར་འབར་སྤྱི་བོ་ནས་ཁྲུ་གང་ཙམ་དུ་ཆེར་འབར། ལུས་ཀྱི་བ་སྤུའི་བུ་ག་རྣམས་ལས་ཀྱང་མེ་ཕྱིར་ཐོན་ཏེ་མེ་ཕུང་ལྟ་བུ་ལ་སེམས་སྦྱང་། དེ་ནས་སྤྱི་བོའི་མེ་མར་རང་ལྷར་གསལ་བའི་པད་གདན་འོག་ནས་ཐོན་ཡར་རྒྱབ་ཕྱོགས་ནས་མེ་ལྟེ་བར་ཐོན་ཏེ་འབར་བར་བསྒོམ། ལུས་ནི་བསྐལ་བའི་མེ་ལྟར་ཚ་པའི་ངར་དང་ལྡན་པའི་དྲོད་ཀྱིས་ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་ཚ་འུར་གྱིས་སོང་བར་བསམས་ལ་རླུང་ཁུག་པ་བཅུ་ཙམ་དུ་འཛིན། དེ་ནས་ལག་གཉིས་པུས་མགོར་བཞག་ལ་རོ་སྟོད་གཡས་གཡོན་དུ་དཀྱུ་བ་གསུམ་གསུམ་བྱ། ལུས་གནད་ཤིགས་ཀྱིས་བཤིག་ལ་ལག་གཉིས་པུས་སྟེང་དུ་བཀབ་རླུང་བཏང་བ་དང་། རླུང་ཁ་སྣ་ནས་སི་ལི་ལི་སྤྲུག་པ་དང་བསྟུན་ཏེ་གཡས་ནས་གཡོན་ཕྱོགས་སུ་བཏང་། ཡང་གཡོན་ནས་གཡས་ཕྱོགས་སུ་དེ་བཞིན་བྱ། ཡང་ཆ་སྙོམས་སུ་སྤྲུག་ཅིང་ཐད་ཀར་བཏང་། དེ་ནས་འབེབ་གདན་གྱི་ཁར་རང་དམིགས་པ་གོང་བཞིན་ལ་རླུང་བུམ་ཅན་དང་སྦྲགས་ཏེ་དང་པོ། འབེབ་ཆུང་བཅུ། དེ་ནས་བར་འབེབ་བཅུ། དེ་ནས་འབེབ་ཆེན་བཅུ་བྱའོ། །འདི་ནི་དྲོད་ཆུང་བ་ལ་མེ་དམིགས་ཏེ་དྲོད་ཀྱི་བོགས་འདོན་ཁོ་ནའོ། །དེ་ནས་དྲོད་སྐྱེས་པ་དང་འབར་འཛག་བདེ་བ་བསྒོམ་པ་ནི། རང་ལུས་སྟོང་ར་རྩ་འཁོར་རྣམས་གོང་བཞིན་ལ། རླུང་རོ་དགུ་ཕྲུག་བསལ་ནས་ཁ་དོག་ལྔ་ལྡན་གྱི་རླུང་ནང་དུ་ཞུགས་པ་ཨ་ཤད་ལ་ཕོག་པས་མེ་དམར་ཉུག་ཉུག་ཏུ་འབར་ལྟེ་བའི་རྩ་འཁོར་རྣམས་མེ་ཡིས་གང་། མར་སྟོང་རའི་སྨད་མེས་གང་། དེ་བཞིན་སྙིང་ག །མགྲིན་པ། སྤྱི་བོ་རྣམས་སུ་རླུང་ཁུག་པ་རེས་་་བཅུ་རེ་སོགས་ལོང་ཁྱབ་དང་བསྟུན་གསུང་། རིམ་པར་འབར་བས་རྩ་གསུམ་འཁོར་ལོ་རྣམས་མེ་ཡིས་གང་བས། དེ་ཡི་དྲོད་ཀྱིས་སྤྱི་བོའི་ཧཾ་ལས་ཐིག་ལེ་དཀར་པོ་གསལ་ཞིང་སྣུམ་པ་དངུལ་ཆུའི་མདོག་ལྟ་བུ་ངང་ཆིལ་གྱིས་ཞུན་ཐིག་གི་ཚུལ་དུ་བྱུང་བས་རླུང་ཁུག་པ་བཅུས་སྤྱི་བོའི་རྩ་འཁོར་ཐམས་ཅད་ངང་ཆིལ་གྱིས་གང་བར་བསམ། ཡང་དེ་བཞིན་མགྲིན་པ་སྙིང་ག་ལྟེ་བ་རྣམས་སུ་རིམ་བཞིན་བཅུ་རེ་ཡིས་དགང་། དེ་ནས་མར་བབས་སྟོང་ར་གསང་གནས་སོར་རྩེ་ཡན་ལ་རླུང་ཁུག་བཅུ་ཡིས་ཐིག་ལེ་མར་དབབ་ཅིང་བཀང་བ་སྟེ། ཆིག་བསྡམས་རླུང་ཁུག་བརྒྱ་དང་བརྒྱད་ཀྱིས། རྩ་འཁོར་སྟོང་ར་དང་བཅས་པ་ཐིག་ལེ་དཀར་དམར་གཉིས་ཁྲུག་གིས་འདྲེས་ཤིང་ཁེངས་པར་བསམ། དེ་ཡང་གོང་དུ་ཐིག་ལེ་འཛག་པའི་སྐབས་སུ་སྤྱི་བོར་དགའ་བ། མགྲིན་པར་མཆོག་དགའ། སྙིང་གར་ཁྱད་དགའ། ལྟེ་བར་ལྷན་ཅིག་སྐྱེས་པའི་དགའ་བ། གསང་གནས་སུ་དགའ་བྲལ་ཏེ། གནས་སོ་སོར་ཐིག་ལེ་འཛག་པའི་སྐབས་སུ་སོ་སོའི་བདེ་བ་ངོས་བཟུང་ཞིང་སྟོང་ཉིད་ཀྱི་རྒྱས་ཐེབས་ཤིང་བདེ་སྟོང་འདྲེས་ངེས་སུ་བྱའོ། །དེ་ནས་རོ་སྟོད་གཡས་གཡོན་དུ་གསུམ་གསུམ་དཀྱུ་ལ། སྐྱིལ་ཀྲུང་ཤིགས་ཀྱི་བཤིགས་ལ་གོང་བཞིན་ཧ་སྤྲུག་བྱ། དེ་ནས་བསམ་གཏན་འབོལ་ཆུང་ཚང་འོག་ཏུ་བཅུག་ལ། ལག་གཉིས་ནུ་སྟོད་དུ་རྡོ་རྗེའི་ཁུ་ཚུར་བརྐྱངས་ལ། རྐང་སོར་སར་བཙུགས་ལ་ཙོག་པུར་ལུས་གནད་ལེགས་པར་བསྲངས་ལ། ཁོང་འདྲེན་ནི་ལྟོ་བ་སྒལ་པ་ལ་སྦྱར་ལ། མིག་གྱེན་དུ་བསྒྲད། ལྕེ་ཡ་རྐན་དུ་གཏད་ལ་སྟོང་འདྲེན་ཧཱུྃ་རིང་ལྔ་ཙམ་གྱིས་དཀར་དམར་ལུས་ཀྱི་བཅུད་རྣམས་གསང་གནས་ནས་སྤྱི་བོའི་བར་རིམ་པར་སྐར་མདའ་ཆད་པ་ལྟར་ཧཱུྃ་རིང་སྟོང་འདྲེན་དང་བཅས་པས་གཡས་གཡོན་དབུས་གསུམ་ནས་ཡར་དྲངས་སོ། །ཡང་གོང་བཞིན་མས་བརྟན་གྱི་དགའ་བ་བཞི་ནི། གསང་གནས་སུ་དགའ་བ་སོགས་དགའ་བཞི་གོ་ལྡོག་གིས་ཡར་ལ་བདེ་སྟོང་གི་གཟེར་གྱིས་ཐེབ་པར་སྦྱང་ངོ་། །དེ་ནས་བཅུད་དཀར་དམར་རྣམས་སྤྱི་བོའི་ཧཾ་ལ་འདུས་པར་བསམས་ལ་ལུས་གནད་བཤིགས་ལ་ཡར་ལངས་ནས་ལུས་གནད་སྒུར་པོར་བསྡད་ལ་ལག་གཉིས་པུས་སྟེང་དུ་བཀབ་སྟེ་དྲག་ཏུ་སི་ལི་ལི་ལན་བདུན་ཙམ་སྤྲུག་པ་དང་ཧ་འདོན་པ་སྦྲགས་ལ་སྤྲུག་་་་་་གོ །སླར་ཡང་བཅུད་དཀར་དམར་རྣམས་ལུས་དང་རྩ་གནས་ཀུན་ལ་ཆར་བབ་པ་ལྟར་ཐིམ་པས་ལུས་བཀྲག་མདངས་འོད་དང་ལྡན་པར་བསྒོམས་ལ། ཆོས་བདུན་དང་ལྡན་པས་མཉམ་གཞག་ཁོ་ན་ལ་རླུང་རང་བབས་སུ་བཞག་སྟེ། ཅི་གནས་སུ་བཞག་ལ་ཡུན་ཇི་ཙམ་ཐུབ་པ་དང་བསྟུན་ཏེ་བསྐྱང་ངོ་། །དེ་ནས་ཟབ་ལམ་གྱི་སྔོན་འགྲོའི་འཁྲུལ་འཁོར་དང་། གསང་ཁྲིད་རིགས་ལྔའི་འཁྲུལ་འཁོར་ཉེར་གཅིག་པ་སོགས་བྱའོ། །དེ་ནས་བདེ་བ་ཆུང་བ་ལ་དེས་ཀྱང་བདེ་བ་མ་སྐྱེས་ན། བདེ་བའི་བོགས་འདོན་འདི་ལྟར་རོ། །རང་ཉིད་དབང་ཆེན་གྱི་སྟོང་ར་གསལ་བཏབ་ཅིང་སྐུའི་རྒྱན་ཆ་ལུགས་དག་དྲན་སོགས་འབྲུ་འགྲེལ་མུན་སེལ་སྒྲོན་མེ་བཞིན་ལ་རྩ་གསུམ་འཁོར་ལོ་ལྔ་ལྡན་དུ་བསྒོམ་ཞིང་། རྩ་འཁོར་བཞི་པོ་གོང་བཞིན་ལ། གསང་བར་རྩ་འདབ་ཉེར་བརྒྱད་དབུ་མའི་མར་སྣེ་གསང་བའི་རྡོ་རྗེར་ཟུག་པ། ལྟེ་བར་ཧཱུྃ་ཡིག་མགོ་ཐུར་བསྟན་དུ་བསམ། དེ་ནས་རང་གི་མདུན་དུ་མཚན་ཉིད་དང་ལྡན་པའི་ཌཱ་ཀི་མི་མོའི་ཚུལ་སེམས་ཆགས་སུ་རུང་བ་ཞིག་གསལ་བ་ལ་བརྩེ་ཚིག་དང་། འོ་བྱེད་པ་སོགས་ཆགས་པའི་རྣམ་འགྱུར་བྱེད་པར་བསམ། བདེ་བ་ཆེར་མ་གཡོས་ཀྱི་བར་དུ་དེར་བསླབ། བདེ་བ་ཆེར་རྒྱས་པ་དང་རིག་མ་དེ་ཉིད་སྐད་ཅིག་གིས་གནས་འགྱུར་ཏེ་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར་པ་དེ་ཉིད་དང་། རང་ཉིད་དབང་ཆེན་དང་ཞལ་སྦྱོར་དུ་བསྒོམ་ཞིང་། མཐར་རྡོ་རྗེ་རྣལ་འབྱོར་མ་ཡང་འོད་དུ་ཞུ་ནས་རང་གི་ལྟེ་བའི་ཨ་ཤད་ལ་ཐིམ་པས་དེ་ཉིད་དྲོད་ཀྱི་རྣམ་པས་སྤྱི་བོའི་ཧཾ་ལ་ཐིམ་པར་བསྒོམ་ཞིང་། སྟོད་རླུང་ཅུང་མནན་ལ་སྲིན་ཞལ་གྱི་འབྱེད་འཛུམ་མང་དུ་བྱ་ཞིང་། བདེ་བ་ཆེ་ཆུང་དང་བསྟུན་ཏེ་རྩ་འཁོར་ལྔ་ལྡན་དུ་བདེ་བ་ཆེ་ན་རྩ་འཁོར་གོང་མ་རྣམས་ནས་ཡར་ལྡོག་ཅིང་ཆུང་ན་གསང་གནས་བར་འབེབ་པ་སོགས་རྒྱུད་ཚོད་དང་བསྟུན་པར་བྱ། བདེ་བ་རྒྱས་ན་འདྲེན་བཀྲམ་འཁྲུལ་འཁོར་སོགས་ཉེར་གཅིག་པ་དང་འབར་འཛག་གཞུང་གི་ཧ་སྤྲུག་དང་གཡང་མོའི་སྒང་སྤྲུག་སོགས་བྱའོ། །དེས་ཀྱང་མ་སྐྱེས་ན་རང་ཉིད་པད་འབྱུང་གཅེར་བུ་ཐོར་ཚུགས་རུས་པའི་རྒྱན་ཅན་རྩ་འཁོར་དང་གསང་གནས་ཀྱི་ཧཱུྃ་སོགས་གོང་ལྟར་གསལ་བ་ལས་ཡུམ་མཚོ་རྒྱལ་གྱི་རྣམ་པ་མི་མོ་ལོ་བཅུ་དྲུག་ལོན་པའི་ལང་ཚོ་ཅན་རང་དང་འཁྲིལ་བར་གསལ་བཏབ་ལ་ལུས་ཀྱི་འདུག་སྟངས་ཚང་རའི་འོག་ཏུ་འབོལ་ཆུང་བཏིང་ལ་རྐང་པའི་ལོང་བུ་གཉིས་གཤིབ་སྟེ་རྡོ་རྗེ་དེ་ཡི་བར་དུ་བཅུག་ལ་ཡུམ་གྱི་མཁའ་པདྨ་དམར་པོ་འདབ་བརྒྱད་ཟེའུ་འབྲུ་ཨས་མཚན་་་་་་་བསྲུབ་པར་བསྒོམ་ཞིང་ལུས་ཀྱི་བསྒུལ་བསྐྱོད་ཅུང་ཟད་རེ་དང་གོང་གི་དམིགས་པ་སྦྲགས་ལ་ཐིག་ལེ་དང་པོ་སྤྱི་བོ་ནས་མགྲིན་པའི་བར་ཕབ་ལ། ཡང་གྱེན་དུ་ལྡོག །དེ་བཞིན་བདེ་བ་འབྱོང་རིམ་བཞིན་རྩ་འཁོར་སོ་སོའི་ཐད་ནས་གྱེན་དུ་ལྡོག་་་འདི་སྐབས་ཧཱུྃ་གི་ཞབས་ཀྱུས་ཡུམ་གྱི་དྭངས་མའི་དམར་ཆ་དང་རང་གི་དཀར་ཆ་བཅས་ཡར་ཧཱུྃ་གིས་དྲངས་ལ་སྤྱི་བོའི་ཧཾ་ལ་བསྟིམ་པར་བསམ། དེ་ནས་ཐིག་ལེ་ལྟེ་བའི་རྩ་འཁོར་ཕྱིན་ལས་ཕབ་མི་བྱ། དེ་ནས་ལྡོག་བཀྲམ་འཁྲུལ་འཁོར་སོགས་གོང་བཞིན་བྱ། དེ་ལྟར་ཟབ་ལམ་བསྒོམ་པའི་ཐིག་ལེ་རང་སྲོག་ལས་གཅེས་པར་འཛིན་དགོས་པས། ཐིག་ལེ་གཏང་རེ་ན་ར་ཀན་སྙམ་དུ་བྱའོ། །འཁྲུལ་འཁོར་སྒང་སྤྲུག་སོགས་གོང་ལྟར་དང་ཉེར་གཅིག་པ་སོགས་བྱའོ། །བདེ་བ་རྒྱས་དྲགས་ཏེ་ཐིག་ལེ་འཆོར་བར་སྙམས་ན་ལུས་གནད་ནི། ལག་གཉིས་རྡོ་རྗེའི་ཁུ་ཚུར་ནུ་སྟེང་དུ་བཞག་ལ་རྐང་པ་སེམས་སྐྱིལ་བྱས་ལ་དམིགས་པ་གོང་བཞིན་ལ་ཁོང་འདྲེན་ཧཱུྃ་རིང་ཧཱུྃ་ཐུང་སུམ་ཅུ་ཙམ་གྱིས་རིག་པ་སྤྱི་བོར་གཏད་ཅིང་དྲངས་ཏེ། མཐར་མི་དམིགས་པར་བཞག་གོ །ལུས་རྒུད་དེ་བདེ་བ་མ་རྒྱས་ན་བཅུད་ཅན་གྱི་ཟས་བརྟེན་ཅིང་བླ་མ་ལ་གསོལ་བ་བཏབ་ཅིང་དབང་བཞི་ཡང་ཡང་བླང་། ཡང་སྙིང་འདུས་པའི་ཚོགས་དང་སྐོང་བཤགས་ལ་འབད། མཁའ་འགྲོའི་བཤགས་འབུམ་དང་། ཆོས་སྲུང་གི་གསོལ་མཆོད་བཅས་ལ་འབད་དོ། །གཞན་གེགས་སེལ་རྣམས་ཀྱང་གཞུང་གི་གེགས་སེལ་བཀའ་རྒྱ་མ་དང་། ཞལ་གདམས་གནད་ཀྱི་ཕྲེང་བ་ལ་སོགས་གཞུང་བཞིན་བྱའོ། །དེ་ལྟར་ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས་གསང་ཁྲིད་རིགས་ལྔའི་པདྨ་ཐོད་ཕྲེང་རྩལ་གྱི་གཏུམ་མོའི་ཁྲིད་དང་འབྲེལ་བའི་ཟུར་རྒྱན་མདོར་བསྡུས་འདི་ཡང་། རང་རེས་བླ་མ་སྐུ་གསུམ་གྱི་སྒྲུབ་པ་བགྱིས་སྐབས། གཏེར་ཆེན་རཏྣ་གླིང་པ་དང་། ཌཱ་ཀི་མ་མང་པོ་བཅས་པས་རྩ་ཐིག་རླུང་གི་ཁྲིད་འདི་རྣམས་དང་། སྔ་སོར་ཆད་པའི་གསང་ཁྲིད་གཞུང་གི་འཁྲུལ་འཁོར་རྣམས་བདག་ལ་གནང་བའི་ཉམས་སྣང་ཡང་ཡང་དུ་ཤར་བས། དེ་ནས། ཨོ་རྒྱན་སངས་རྒྱས་གཉིས་པ་དང་དབྱེར་མེད་པ་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པའི་སྤྱན་སྔར་གོང་གི་དག་སྣང་ལོ་རྒྱུས་རྣམས་ཞུས་པས། རྗེ་རིན་པོ་ཆེ་ཉིད་ཀྱི་ཐུགས་ལ་ཡང་དེ་ལྟར་འཁྲུངས་འདུག་པ་བདག་གི་དེ་དང་ཁྱད་པར་མི་འདུག་པས། དེ་ནས་རིན་པོ་ཆེས་དེ་ལྟར་བགྱིས་པས་སྔོན་གྱི་འཁྲུལ་འཁོར་ཆད་སོང་བ་དག་སྣང་གིས་སླར་སོར་ཆུད་པ་ཡིན་པས་སྤེལ་བར་བྱས་ན་ལེགས་ལམ་ཆེ་ཞེས་བཀའ་ཕེབས་པ་དང་། ཉེ་བར་རང་གི་གཅེན་བསོད་དབང་གིས་ཡང་སྙིང་འདུས་པའི་གསང་ཁྲིད་རིགས་ལྔའི་ཁྲིད་ཡིག་དགོས་ཞེས་ཡང་ཡང་ནན་གྱིས་བསྐུལ་བས། ཡི་གེའི་ལམ་དུ་མ་བཀོད་པར་དམིགས་པ་དང་འཁྲུལ་འཁོར་རྣམས་ངག་ཁྲིད་དུ་བགྱིས་པས་དེ་ལ་ཡང་དྲོད་རྟགས་དང་ཡོན་ཏན་སྐྱེ་ཚུལ་སོགས་གེགས་མེད་དུ་གྱུར་ཀྱང་། སླར་ཡང་ལོ་ལྔའི་བར་དུ་གསང་རྒྱས་བཏབ་པས། དེ་ནས་དད་དམ་མཚུངས་བྲལ་མགོན་པོ་ནས་སྔ་སོར་རྩ་རླུང་གི་ཁྲིད་རྣམས་བདག་ལ་ཞུས་པ་དང་སླར་འདིའི་ཟུར་རྒྱན་ཁྲིད་ཡིག་དམིགས་བསལ་ཞིབ་རྒྱས་ཤིག་དགོས་ཞེས། ལྷ་རྫས། ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི་འདོན་ཆའི་པོད་བཅས་བསྐུལ་མ་ཡང་ཡང་བྱུང་བ་དང་། ཕྱི་ནང་གི་རྟེན་འབྱུང་བཀའ་ཡི་གནང་བ་བཅས་ཐོབ་པས། སྤྲུལ་པའི་གཏེར་ཆེན་རཏྣ་གླིང་པའི་ཟབ་ཆོས་རྣམས་ལ་མོས་པ་རྩེ་གཅིག་ཏུ་འཛིན་པའི། མི་སྨྱོན་ཚོགས་གཉིས་ཀྱིས་གསང་ཁྲིད་གཞུང་སོར་བཞག་དང་། རང་གི་དག་སྣང་ཉམས་མྱོང་བཅས་བསྟུན་ནས་བྲིས་པ་འདི་ལ་ཉེས་འགལ་མཆིས་ན་རྩ་བ་གསུམ་ལ་བཤགས་ཤིང་དགེ་བས་འབྲེལ་ཚད་ཐམས་ཅད་ཀུན་བཟང་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་ཐོབ་པར་གྱུར་ཅིག།ཇི་ལྟར་བདག་གིས་སྨྲས་པ་བཞིན་བསྐུལ་བ་པོ་རང་གི་ལུང་ཟིན་ཉིད་ཀྱིས་ཡི་གེའི་ལམ་དུ་མེ་སྟག་སྤྲེལ་ཟླའི་ཡར་ཚེས་གཅིག་ལ་མདོ་སྔགས་བཤད་སྒྲུབ་གླིང་གི་ཆོས་གྲྭ་ཆེན་པོའི་ཉེ་ཆར་སྒྲུབ་ཁང་བདེ་ཆེན་མཐར་ཕྱིན་དུ་བགྱིས་པའོ། །སརྦ་མངྒ་ལཾ། མ་ཧཱ་སུ་ཁ་ཛ་ཡནྟུ། ཤུ་བྷཾ། ཆོས་འདི་ཨོ་རྒྱན་ཆེན་པོའི་བཀའ་བཞིན་དུ། །དཔལ་ལྡན་ཡེ་ཤེས་མགོན་པོ་མ་ནིང་དང་། །དམ་ཅན་སྡེ་དགུའི་ལྷ་ཚོགས་འཁོར་བཅས་ཀྱིས། །རྟག་པར་སྲུང་ཞིང་སྤེལ་ལ་བྱ་ར་མཛོད། །སྣོད་མིན་ལོག་ལྟ་ཅན་གྱིས་འཁྱེར་སྲིད་ན། །བཀའ་ཡི་ཆད་པ་ཆོད་ལ་རྡུལ་དུ་རློག །དམ་ལྡན་རྣམས་ལ་སྤེལ་ཞིང་སྡོང་གྲོགས་མཛོད། །འདི་ནི་ཤིན་ཏུ་གསང་བར་འོས་པས་དམ་ལྡན་གྱི་སློབ་མ་ལོ་དང་ཟླ་བར་བླ་མར་བསྟེན་ནུས་ཤིང་ཉམས་སུ་ལེན་ངེས་མ་གཏོགས་པ་གང་ལ་ཡང་མི་སྟོན་པར་བླ་མ་ཡི་དམ་མཁའ་འགྲོའི་བཀའ་རྒྱ་ཡིན་པས་དེ་ལྟར་གསང་ཞིང་ཉམས་སུ་ལེན་པར་གཅེས་སོ།། །།

བླ་མའི་ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས་དམར་ཁྲིད་རིགས་ལྔའི་རྡོ་རྗེ་ཐོད་ཕྲེང་ཞེ་སྡང་གི་ངོ་བོ་སྦྱོང་བ་སྒྱུ་ལུས་བར་དོའི་ཁྲིད་ཀྱི་ཟུར་རྒྱན་བལྟས་ཆོག་ཏུ་བཀོད་པ་ (Volume 7, Text 22)

༄༅། །བླ་མའི་ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས་དམར་ཁྲིད་རིགས་ལྔའི་རྡོ་རྗེ་ཐོད་ཕྲེང་ཞེ་སྡང་གི་ངོ་བོ་སྦྱོང་བ་སྒྱུ་ལུས་བར་དོའི་ཁྲིད་ཀྱི་ཟུར་རྒྱན་བལྟས་ཆོག་ཏུ་བཀོད་པ་བཞུགས་སོ། ། གཞི་དབྱིངས་ལྷུན་གྲུབ་རྒྱལ་བའི་ཕོ་བྲང་དུ། །རིགས་ཀུན་ཁྱབ་བདག་རྒྱལ་དབང་པདྨ་འབྱུང་། །ཞེ་སྡང་རྣམ་དག་རྡོ་རྗེ་ཐོད་ཕྲེང་རྩལ། །མ་ལུས་འདུས་གཟུགས་བླ་མ་མཆོག་ལ་འདུད། །བླ་མ་ཡང་སྙིང་འདུས་པའི་གསང་ཁྲིད་རིགས་ལྔ་ལས། རྡོ་རྗེ་ཐོད་ཕྲེང་ཞེ་སྡང་གི་ངོ་བོ་སྦྱོང་བ་སྒྱུ་ལུས་བར་དོའི་ཁྲིད་ཀྱི་ཟུར་རྒྱན་ཅུང་ཟད་སྨྲ་བ་ནི། ཐོག་མར་མ་དག་པའི་སྒྱུ་ལུས་སྦྱོང་བ། དབེན་གནས་མི་མེད་ཉམས་དགའ་བ་ནམ་མཁའ་རྒྱ་ཆེར་མཐོང་བའི་སར་གཅིག་པུར་སྡོད་ལ་དངོས་པོ་གང་མཐོང་བ་ཐམས་ཅད་སྒྱུ་མ་ཡིན་རང་སྣང་སྟོང་པ་ཡིན་སྙམ་དུ་སེམས་ཀྱི་རང་རྩལ་ཅི་ཤར་གསལ་སྟོང་བརྗོད་མེད་དུ་བཞག །ཡང་རང་གི་མཐོང་སྣང་གནམ་ས་ཉི་ཟླ་འབྱུང་བཞི་སོགས་སྒྱུ་ལུས་སྦྱོང་ཚུལ་གཏེར་གཞུང་དུ་ཞིབ་པར་འདུག་པས་བླ་མའི་མན་ངག་ལྟར་ལེགས་པར་བསྒོམ། ཅུང་ཟད་སྤྲོས་པ་ནི་ཕྱི་རོལ་གྱི་སྣང་བ་ཅི་ཤར་བ་ཐམས་ཅད་སྒྱུ་མ་ཡིན་རང་སྣང་སྟོང་པ་ཡིན་སྙམས་ལ་སྦྱང། རང་གི་ཕ་མ་ཉེ་དུ་སེམས་ལ་བརྩེ་བའི་གཉེན་འདུན་སོགས་ཤི་ནས་རོ་རུལ་འབུ་ཡིས་ཟིང་ངེ་བར་ཡོད་པར་བསྒོམས་ལ། སེམས་སྡུག་པ་དང་སྙིང་རྗེ་བ་སོགས་བྱུང་ན་འདི་ཡང་རང་སྣང་སྟོང་པ་ཡིན་སྒྱུ་མ་ཡིན་སྙམས་ལ་སྦྱང་། ཡང་རང་གི་གནས་མལ་ནོར་ལོངས་སྤྱོད་ཐམས་ཅད་དགྲ་ཡིས་ཁྱེར་ཏེ་གཅིག་ཀྱང་མེད་པར་གནས་མལ་ཀྱང་དགྲ་བོས་བཤིགས་ནས་ཤུལ་མེད་དུ་བཏང་བར་བསམ་ལ་རང་གཅིག་པུར་སྡུག་བསྔལ་བར་ཡོད་པ་དེ་ཡི་ངོ་བོ་ལ་བལྟས་པས་རང་སྣང་སྟོང་པ་ཡིན་སྒྱུ་མ་ཡིན་སྙམས་ལ་རང་སྣང་དུ་སྦྱང་། ཡང་རང་འཁོར་དང་ལོངས་སྤྱོད་སྡོད་གནས་སོགས་ཕུན་སུམ་ཚོགས་པ་འཁོར་ལོས་བསྒྱུར་རྒྱལ་ལྟ་བུར་བསྒོམས་ལ་འདི་ལྟའི་ལོངས་སྤྱོད་མངའ་ཐང་ཡང་སྒྱུ་མ་རྨི་ལམ་རང་སྣང་སྟོང་པ་ཡིན་པར་གོང་བཞིན་དུ་སྦྱང་། ཡང་རང་ཉིད་ལ་ཕྱོགས་ཐམས་ཅད་ནས་བསྙེན་བཀུར་བསྔགས་བརྗོད་དཔག་མེད་བྱེད་པ་འདི་ཡང་གྲགས་སྟོང་རང་སྣང་སྟོང་པ་རང་སེམས་འཁྲུལ་པ་ཡིན་སྙམས་ལ་སྦྱང་། དེ་ལྟར་གནས་སྐབས་རང་གི་གྲོགས་ལོངས་སྤྱོད་འགྲོ་འདུག་སྤྱོད་ལམ་བཟང་ངན་བདེ་སྡུག་སྒྲ་སྐད་སྣ་ཚོགས་ཅི་ཤར་བ་ཐམས་ཅད་རང་སྣང་སྟོང་པ་སྒྱུ་མ་རྨི་ལམ་ཡིན་སྙམས་ལ་གོང་བཞིན་དུ་སེམས་སྟོང་ཉིད་དུ་བཞག་ལ་བསྒོམ། སྔོན་རྣམ་རྟོག་སྐྱེས་ཀྱང་མི་རྟག་ཡལ་ནས་སྟོང་པར་སོང་། ད་ལྟར་ཤར་བའི་རྟོག་ཚོགས་ཀྱང་སྟོང་པ་སྒྱུ་མར་སྦྱང་། མ་འོངས་པ་ཅི་ཤར་ཡང་སྒྱུ་མ་སྟོང་པར་སྦྱང་། འདི་ལྟར་དུས་གསུམ་གྱི་རྟོག་ཚོགས་ཐམས་ཅད་མེད་བཞིན་དུ་སྣང་བ་རྟག་ཐུབ་མེད་དེ་སྒྱུ་མ་ཁོ་ན་ཡིན་སྙམས་ལ་སྦྱང་། གཉིས་པ་དག་པའི་སྒྱུ་ལུས་སྦྱོང་བ་ལ། བདེ་བ་ཅན་སོགས་རིགས་ལྔའི་ཞིང་ཁམས་སོ་སོར་ཕྱིན་ནས་རྒྱལ་བ་རྣམས་ལ་ཆོས་ཞུ་བ་དང་མཆོད་པ་འབུལ་བ་དང་། བསྟོད་དབྱངས་བརྗོད་པ་དང་། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་དེར་བྱོན་ནས་བདག་ལ་དབང་བསྐུར་བ་དང་། བྱིན་གྱིས་བརླབས་པར་བསྒོམས་ལ། ཡང་འདི་རྣམས་ཀྱང་རང་སྣང་སྟོང་པ་སྒྱུ་མ་ལྟ་བུ་ཡིན། དངོས་སུ་གྲུབ་པ་མེད་སྙམས་ལ་རང་སེམས་གསལ་སྟོང་དུ་སྦྱང་། དེ་ནས་རང་ཉིད་པདྨ་དང་ཟླ་བའི་གདན་ལ་ཧྲཱིཿཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་འཕགས་པ་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་ཕྱག་མཚན་རྒྱན་ཆ་གཞུང་བཞིན་གསལ་བཏབ་ལ་དེ་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་བདག་དམ་ཚིག་པ་ལ་ཐིམ་པར་བསམས་ལ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་བསྡུས་ནས་རང་ལ་བསྐོར་བ་ལན་གསུམ་རྒྱབ་དེར་འཁོད་པས། རང་གི་གནས་གསུམ་ནས་ཡིག་འབྲུ་གསུམ་སྤྲོས་པར་བྱས་ལ་ཨོཾ་ཨཱཿཧཱུྃ་ལན་བདུན་བརྗོད་ལ་དེ་རྣམས་ལ་ཡིག་འབྲུ་གསུམ་ཕོག་པས་དེ་ཐམས་ཅད་ཀྱང་ཐུགས་རྗེ་ཆེན་པོའི་སྐུར་གྱུར་པར་བསམས་ལ་ཅུང་ཟད་བཞག །འདི་ཐམས་ཅད་ཀྱང་དངོས་སུ་གྲུབ་པ་མེད། སྣང་བཞིན་སྟོང་པ་གསལ་སྟོང་སྒྱུ་མའི་རང་བཞིན་ཡིན་སྙམས་ལ་སྦྱང་། དེ་ནས་ལུས་ཆོས་བདུན་དང་ལྡན་པས་ཕཊཿདྲག་པོ་བརྗོད་ལ་དེ་ཐམས་ཅད་སྟོང་པ་རྗེས་མེད་དུ་ཡལ་བར་བསམས་ལ་རང་སེམས་ནམ་མཁའི་དབྱིངས་སུ་དབྱིངས་རིག་དབྱེར་མེད་དུ་མཉམ་པར་གཞག །འདི་ལྟར་སྣང་བ་ཐམས་ཅད་སྒྱུ་མའི་རང་བཞིན་ཁོ་ན་སྟེ་རྟག་བརྟན་མེད་སྙམས་ལ་སྦྱང་ངོ་། །ཡང་བར་དོ་སྒྱུ་ལུས་ལ་ཡང་གཉིས་ཏེ། ཆོས་ཉིད་བར་དོ་དང་། སྲིད་པ་བར་དོའོ། །དང་པོ་གནས་མལ་དུ་རང་ཉིད་འཆི་བར་བསམས་ལ་ལུས་ལ་ན་ཚ་དྲག་པོ་བཟོད་མེད་ཤོར་བར་བསམ་གཉེན་འདུན་དང་མཆེད་གྲོགས་རྣམས་ཀྱིས་ཀྱང་མཐའ་སྐོར་ནས་མོ་རྩིས་སྨན་དཔྱད་བྱེད་ཅིང་སྲུང་བཟློག་རིམ་གྲོ་རྣམས་ཀྱིས་ཀྱང་མ་ཕན་པར་རང་ཤི་བར་གདའ་བསམ་ཞིང་བསྒོམ། ཤི་བ་ཡང་རང་སྣང་སྟོང་པ་སྒྱུ་མ་འཁྲུལ་རྟོག་ཡིན་སྙམས་ལ་སྟོང་པར་སྦྱང་། སེམས་སྟོང་ཉིད་ལ་ཐུན་རེ་བཞག །དེ་ནས་རང་ཉིད་ཤི་བ་ན་ལུས་ཀྱི་ཟུངས་ཤོར་ཏེ་དབང་པོ་རྣམས་རིམ་གྱིས་འགགས་ནས་སྣང་མཆེད་ཐོབ་གསུམ་རྣམས་ཤར་ཚུལ་རྒྱས་པ་ཐོས་གྲོལ་ནང་ལྟར་བསྒོམ་ཞིང་ཅུང་ཟད་སྨྲ་བ་ནི། བར་དོ་དང་པོ་ཆོས་སྐུའི་ལམ་ཁྱེར་ནི། དེ་ནས་མིག་སོགས་དབང་པོ་ལྔ་ཡི་སྣང་བ་རིམ་བཞིན་འགགས་ནས་གཟུགས་སྣང་བ་ནུབ། སྣང་བ་ཐིམ་ཞིང་དེ་ནས་ས་ཆུ་ལ་ཐིམ་པས་ལུས་འགུལ་སྐྱོད་མི་ནུས་ཤིང་ཟུངས་ཤོར། ཆུ་མེ་ལ་ཐིམ་པས་སྐོམ་དད་ཆེ་ཞིང་ཁ་ཆུ་མིག་ཆུ་སོགས་སྐམ་ཞིང་ལུས་ཀྱི་བཀྲག་མདངས་ཤོར། མེ་རླུང་ལ་ཐིམ་པས་ལུས་ཀྱི་དྲོད་རྣམས་རིམ་པར་ཡལ་དབུགས་ཐུང་དུ་སོང་། རླུང་རྣམ་ཤེས་ལ་ཐིམ་པས་ཕྱི་རོལ་གྱི་སྣང་བ་འགགས། དེ་ཡི་ཚེ་སྡིག་ཅན་རྣམས་ལ་གནད་གཅོད་ཀྱི་སྡུག་བསྔལ་དཔག་ཏུ་མེད་པ་འབྱུང་། སྡོམ་པ་གསུམ་དང་ལྡན་ཞིང་དགེ་བའི་ལས་སྤྱོད་པ་རྣམས་ལ། བླ་མ་དང་ཡི་དམ་གྱི་ལྷ་ཌཱ་ཀི་རྣམས་དང་ཡེ་ཤེས་ཀྱི་ས་ལ་གནས་པའི་ཆོས་སྐྱོང་སྲུང་མ་རྣམས་དང་བཅས་པས་བསུ་བའོ། །དེ་ནས་ཕྱི་དབུགས་ཆད་དེ་དངོས་ཞེན་རག་པའི་སྣང་བ་ཐམས་ཅད་འགགས་ཤིང་། དེ་ནས་ནང་དབུགས་གནས་པའི་དང་པོ་རྟོག་པ་ཐིམ་པས་ཕྱི་རྟགས་སུ་ཟླ་བ་ཤར་བ་ལྟ་བུ་དང་། ནང་རྟགས་སུ་དུ་བ་དང་སྨྲིག་རྒྱུ་སྒྱུ་མ་ལྟ་བུ་ཡོང་། སྣང་བ་ཉེར་ཐོབ་ཀྱི་སྐབས་དེ་མཆེད་པ་ལ་ཐིམ་ཞེ་སྡང་གི་རྟོག་པ་ཐམས་ཅད་འགགས། ནང་རྟགས་མེ་ཁྱེར། མཆེད་པའི་སྐབས་དེ་སྣང་བ་ཉེར་ཐོབ་ལ་ཐིམ། འདོད་ཆགས་ཀྱི་རྟོག་པ་ཐམས་ཅད་འགགས། ཕྱི་རྟགས་ནག་ལམ་དང་སྒྲ་གཅན་གྱི་སྣང་བ་འབྱུང་། ནང་གི་རྟགས་སུ་བུམ་ནང་དུ་མར་མེ་སྦར་བ་ལྟ་བུར་གསལ། སྣང་བ་ཉེར་ཐོབ་འོད་གསལ་ལ་ཐིམ་པས་གཏི་མུག་གི་རྟོག་པ་ཐམས་ཅད་འགགས། ཤིན་ཏུ་ཕྲ་བ་ལ་ཐིམ་པས་ཕྱིའི་རྟགས་སུ་སྐྱ་རེངས་དང་པོ་ཤར་བ་ལྟ་བུ་འབྱུང་། ནང་གི་རྟགས་སུ་སྟོན་གནམ་སྤྲིན་མེད་པ་ལྟ་བུ་གསལ་དྭངས་སུ་འཆར། བཞི་པ་འོད་གསལ་ཆེན་པོ་ཤར་བའི་སྐབས་འཆི་སྲིད་དངོས་གཞིའི་སྐབས་སུ་བར་དོ་དང་པོ་ཤར་བའི་སྐབས་ཡིན་པས་གདམས་ངག་ཡོད་པ་རྣམས་ཀྱིས་བར་དོ་དང་པོར་ཆགས་སྡང་གི་འཁྲི་བ་བཅད་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་མཎྜལ་དུ་འབུལ། གང་ཤར་ཐམས་ཅད་རང་སྣང་དུ་སྦྱངས། ཐིམ་རིམ་རྣམས་ཤར་བའི་སྟེང་དུ་མ་བཅོས་ལྷུག་པར་བཞག་པས་ཤར་གྲོལ་དུ་སོང་བ་ལ་མའི་འོད་གསལ། མ་བསྒོམས་པར་སྟོང་ཉིད་འོད་གསལ་ཚུར་ལ་ཤར་བས་གཞིའི་འོད་གསལ་ཞེས། དེ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུ་ངོས་ཟིན་པས་གཞི་ལམ་འོད་གསལ་གཅིག་ཏུ་གྱུར། དབང་པོ་རབ་དེར་སྐད་ཅིག་ཏུ་འཕོས་ཏེ་ཞིང་གང་འདོད་དུ་སངས་རྒྱས། འབྲིང་ཞག་གསུམ་བདུན་སོགས་གང་འདོད་དུ་འོད་གསལ་དུ་གནས། དེ་ནས་ལུགས་ལྡོག་གི་སྣང་བའི་སྟེང་དུ་ཟུང་འཇུག་གི་སྐུར་ལངས་ནས་སྤྱི་བོ་ནས་འཕོས་པས་བདེ་བ་ཅན་སོགས་དག་པའི་ཞིང་གང་འདོད་དུ་རིག་པ་གཏད་པས་འཕོ། སྦྱངས་པ་ཅུང་ཟད་དམན་པ་རྣམས་ཀྱང་ས་ལམ་རྣམས་རིམ་གྱིས་ངོ་འཕྲོད་ནས་རྡོ་རྗེ་འཛིན་པར་འགྱུར་རོ། །དེ་ལྟ་བུ་གོང་དུ་སྨྲས་པ་རྣམས་ཀྱང་རང་ཤི་སྟེ་ཤར་བར་བསམ་ཞིང་འདི་ལྟ་བུ་རང་ལ་ཤར་བ་ཡང་སྒྱུ་མ་རྨི་ལམ་རང་སྣང་སྟོང་པ་འཁྲུལ་པ་ཡིན་སྙམས་ལ་སྟོང་ཉིད་དུ་སྦྱང་། བླ་མའི་མན་ངག་ལྟར་ཉམས་སུ་བླངས་ཤིང་འདི་ལྟར་ཤི་བའི་སྣང་བ་ཡང་རྨི་ལམ་སྒྱུ་མ་ལྟ་བུ་ཡིན་སྙམས་ལ་སྟོང་ཉིད་དུ་སྦྱང་ཞིང་བསྒོམ། དེ་ནས་ཕྱི་ནང་སྣོད་བཅུད་གཟུགས་སྒྲ་དྲི་རོ་རེག་བྱ་བྱེད་སྤྱོད་གྲོགས་དང་ཡུལ་ནོར་དངོས་པོའི་སྣང་བ་ཅི་ཤར་བ་ཐམས་ཅད་བར་དོའི་སྣང་བ་ཡིན། རང་སྣང་སྟོང་པ་སྒྱུ་མ་ཡིན་སྙམས་ལ་སྟོང་ཉིད་དུ་སྦྱང་། ལུས་འདི་ཡང་བར་དོ་རང་སྣང་གི་ཡིད་ལུས་རང་སྣང་སྟོང་པ་རྨི་ལམ་སྒྱུ་མ་ཡིན་སྙམས་ལ་སྦྱང་། རྣ་བར་སྒྲ་ཐོས་ཀྱང་རང་སྣང་སྟོང་པའི་རང་སྒྲ །དེ་བཞིན་གཟུགས་སྣང་དྲན་རྟོག་ཅི་ཤར་ཡང་བར་དོ་རང་སྣང་སྟོང་པར་བདེན་མེད་ནམ་མཁའ་ལྟ་བུར་བསམས་ལ་སྟོང་ཉིད་དུ་སྦྱང་། དེ་ནས་རང་ཉིད་ཤི་ནས་བར་དོའི་རྣམ་ཤེས་གཏད་མེད་དུ་སོང་བ་གཡང་སར་ལྷུང་བ་དང་། ཁ་ཆར་རླུང་ནག་གིས་དེང་པ་དང་གཅོང་རོང་མུན་པའི་སྨག་ཏུ་གཅན་གཟན་དང་། མི་སྲུན་དྲག་པོའི་ང་རོ་སྒྲོག་ཅིང་འཇིགས་ཤིང་ཡ་ང་བ་བསམ་པ་དང་མེ་དང་ཆུར་བྱིང་བ་དང་སྲོག་གཅོད་ཀྱི་གཤེད་མས་འདོད་པ་དང་མཚོན་ཆ་རྒྱབ་པ་སོགས་རང་ཤི་ནས་བར་དོའི་འཇིགས་པ་མི་བཟོད་པ་སྣ་ཚོགས་བྱུང་བར་བསམ་ཞིང་འདི་ཡང་སྒྱུ་མ་བར་དོ་རང་སྣང་སྟོང་པ་འཁྲུལ་པ་ཡིན་སྙམས་ལ་རང་སེམས་སྐྱེ་མེད་སྟོང་པ་ཡིན་སྙམས་ལ་གསལ་སྟོང་བརྗོད་མེད་བློ་འདས་རྫོགས་པ་ཆེན་པོའི་ངང་ལ་མཉམ་་་པར་གཞག་ཅིང་གོང་བཞིན་དུ་སྦྱང་། དེ་ནས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་སྒྲ་འོད་ཟེར་གསུམ་གྱིས་གང་ཞིང་སྐུ་ཞི་དྲག་བཀྲག་ལ་ཉམ་ང་བ་འོད་ལྔའི་རང་བཞིན་འཕྲོ་བ་དུ་མ་སྣ་ཚོགས་ཤར་བར་བསམ་ཞིང་འདི་ཡང་བར་དོའི་སྣང་བ་ཡིན་ཧཱུྃ་ཧཱུྃ་དང་ཕཊ་ཕཊ་ཀྱི་སྒྲ་སྒྲོག་པ་ཡང་མ་གྲུབ་བཞིན་དུ་སྣང་བ་བདེན་མེད་སྒྲ་རྣམས་སྟོང་པའི་རང་སྒྲ །འོད་རྣམས་ཡེ་ཤེས་ཀྱི་རང་འོད་ཟེར་རྣམས་ཆོས་ཉིད་ཀྱི་རང་ཟེར། སྐུ་རྣམས་རང་བྱུང་རང་ཤར་གྱི་དམ་པ་རིགས་བརྒྱ་དོན་ལ་གང་ཡང་གྲུབ་པ་མེད་པ་རང་སེམས་སྟོང་པ་སྒྱུ་མ་རྨི་ལམ་བར་དོ་ཡིན་སྙམས་ལ་གོང་བཞིན་དུ་སྟོང་ཉིད་རང་སྣང་དུ་སྦྱང་ངོ་། །དེ་ནས་རང་ཉིད་བར་དོའི་སྐབས་སུ་གཤིན་རྗེས་དགེ་སྡིག་ལེགས་ཉེས་ཀྱི་སྟངས་འཛིན་ཞིང་དགེ་སྡིག་གི་ལེགས་ཉེས་དབྱེ་ཞིང་གཤིན་རྗེའི་རྒྱལ་པོ་དང་ལས་མཁན་མགོ་བསྙན་སྣ་ཚོགས་རྣམས་ཀྱིས་འཇིགས་པའི་སྒྲ་སྒྲོག་ཅིང་རྡེག་འཚོག་བྱེད་ཅིང་མཚོན་ཆ་སྣ་ཚོགས་པས་བརྡུང་བར་བསམ་ཞིང་འདི་ཡང་རང་སྣང་སྟོང་པ་ཡིན། རྨི་ལམ་སྒྱུ་མ་ཡིན་དོན་ལ་གྲུབ་པ་མེད་སྙམས་ལ་གོང་བཞིན་སྟོང་ཉིད་དུ་སྦྱང་ཞིང་བསྒོམ། དེ་ནས་རང་ཉིད་སྐྱེ་གནས་ཚོལ་དུ་ཡོད་པ་ལ་དབང་མེད་དུ་གསོད་གཅོད་ཀྱི་གཤེད་མས་དེད་ཅིང་ལྕགས་ཀྱི་ཁང་པར་ཚུད་པ་དང་། མེ་དཔུང་དུ་འཇུག་པ་དང་། ཅུང་ཟད་མུན་པའི་སྨག་ཏུ་འཇུག་པར་བསམ་པ་སོགས་དམྱལ་བར་སྐྱེ་བའི་མཚན་མའོ། །སྡོང་དུམ་དང་བྱ་སྐྱིབས་ཕུག་པ་སྟོང་པ་སོགས་སུ་འཇུག་པ་ནི་ཡི་དྭཱགས་སུ་སྐྱེ་བའོ། །མུན་ནག་འཐུག་པོ་དང་ཐུར་དུ་འགྲོ་བ་དུད་འགྲོར་སྐྱེ་བའི་མཚན་མའོ། །ངང་པས་བརྒྱན་པའི་མཚོ་ཤར་གླིང་། བ་གླང་གིས་བརྒྱན་པ་ནུབ་གླིང་། རྟ་ཡིས་བརྒྱན་པ་བྱང་གླིང་། ཁང་བཟང་ལོངས་སྤྱོད་སྣ་ཚོགས་དང་ཕ་མའི་འདུ་འཕྲོད་མཐོང་བ་ནི་ལྷོ་འཛམ་བུ་གླིང་། ཁང་བཟང་རིན་པོ་ཆེའི་ཐེམ་སྐས་ལྷ་ཡི་ལོངས་སྤྱོད་སྣ་ཚོགས་དེ་རྣམས་ཀྱི་ནང་དུ་ཚུད་པ་ནི་ལྷར་སྐྱེ་བའི་མཚན་མའོ། །དེ་ལྟར་འཁྲུལ་ཞིང་དྲི་ཟ་མངལ་ཚོལ་བའི་འཁྲུལ་སྣང་ཡིན་སྙམས་ལ་རིགས་དྲུག་ཀྱང་སྒྱུ་མ་ཡིན། རྨི་ལམ་རང་སྣང་སྟོང་པ་ཡིན་སྙམས་ལ་སྐྱེ་གནས་ངན་པ་རྣམས་སུ་མི་འགྲོ །བདེན་མེད་ཡིན་དོན་ལ་གྲུབ་པ་མེད་སྒྱུ་མ་ཡིན་བསམ་ཞིང་སེམས་སྐྱེ་མེད་ཡིན་སྙམས་ལ་མ་བཅོས་པའི་ངང་དུ་མཉམ་པར་གཞག་ལ་གོང་བཞིན་སྦྱང་ངོ་། །དེ་ནས་རང་ཉིད་བདེ་བ་ཅན་ནམ་མངོན་དགའི་ཞིང་སོགས་རིགས་ལྔའི་ཞིང་ཁམས་གང་འདོད་དུ་ཤེས་པ་གཏད་དེ། ཡང་ཞིང་དེར་ཕྱིན་ཞིང་རྒྱལ་བ་འཁོར་བཅས་ཞལ་མཇལ་ཞིང། མཆོད་པ་འབུལ་བ་དང་། ཆོས་གསུང་པར་བསམ་ཞིང་སེམས་སྐྱེ་མེད་དུ་བཞག་ལ་རང་སྣང་དུ་སྦྱང་བ་གོང་བཞིན་སྦྱང་། དེ་ནས་སྐྱེ་བ་སྤྲུལ་པའི་སྐུར་སྦྱང་བ་ནི། མངལ་ངན་པ་གོང་དུ་བཤད་པ་དེ་རྣམས་སུ་མི་འགྲོ་ཞིང་བཀག་ལ་འཛམ་བུའི་གླིང་ཆོས་དར་བའི་ཡུལ་བླ་མ་དགེ་བའི་བཤེས་གཉེན་བཟང་པོ་མཇལ་བའི་ཕྱོགས་སུ། ཕ་མ་གྲུབ་ཐོབ་ཡབ་ཡུམ་མམ་རིགས་ཆེ་ཞིང་འབྱོར་པ་དང་ལྡན་པ་ཆོས་སྤྱོད་པའི་སྐལ་པ་ཡོད་པར་བསམ་བཞིན་དུ་བླ་མ་དཀོན་མཆོག་ལ་གསོལ་བ་འདེབས་ལ། མངལ་ངན་པ་རྣམས་བཀག་བཟང་པོ་དེ་ལྟ་བུ་ལ་ཆགས་སྡང་མི་སེར་སོགས་སྤངས་ལ་ཕ་མ་རྟ་ཕག་ཡབ་ཡུམ་དུ་བསྒོམ། རང་ཉིད་པདྨ་འབྱུང་གནས་ཐུགས་རྗེ་ཆེན་པོ་ཚེ་དཔག་མེད་གསང་བའི་བདག་པོ་རྫོགས་པའི་སངས་རྒྱས་སོགས་གང་འདོད་དུ་བསྒོམས་ལ་ཡི་དམ་ཡབ་ཡུམ་སྦྱོར་མཚམས་སུ་འཇུག་ལ་ཟླ་དགུ་ཞག་བཅུ་ཡི་བར་དུ་ཏིང་ངེ་འཛིན་བསྒོམ་ཞིང་། དེ་ནས་སྐྱེ་བ་སྤྲུལ་སྐུ་དེ་ཉིད་སེམས་ཅན་ཀུན་གྱི་དོན་དུ་སྐུ་ཚེ་རྫུ་འཕྲུལ་མཛད་སྤྱོད་ཐམས་ཅད་པདྨ་འབྱུང་གནས་ལྟ་བུར་གྱུར་ཏེ་ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་བསམ་ཞིང་སྦྱངས་ལ། དེ་ནས་འདི་ལྟར་སྣང་བ་རྣམས་ཀྱང་བར་དོ་རང་སྣང་སྒྱུ་མ་ཡིན་སྙམས་ལ་གོང་བཞིན་དུ་ཡང་ཡང་དུ་སྦྱང་ངོ་། །དེ་ལྟར་སྦྱངས་པའི་ཕན་ཡོན་ཀྱང་། གཏེར་གཞུང་དུ། རྡོ་རྗེའི་གསུང་ལས། དེས་ནི་གཏད་མེད་སྒྱུ་ལུས་ཀྱི་སྣང་བ་སྦྱངས་ཏེ༔ བར་དོ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་སྟེ༔ ཚེ་གཅིག་གིས་རྫོགས་པའི་སངས་རྒྱས་ཐོབ་པར་འགྱུར་རོ༔ འདི་ལྟར་སྒྱུ་ལུས་དང་བར་དོ་སྦྱོང་ཚུལ་གཏེར་གཞུང་དུ༔ དབང་པོ་ཡང་རབ་མ་གཏོགས་གོ་དཀའ་བར་འདུག་པས་བློ་དམན་རྣམས་ཀྱིས་ཀྱང་གོ་བདེ་བར་ངག་ཁྲིད་ལྟར། བླ་མའི་མན་ངག་གིས་བརྒྱན་པ་དགོས་ཞེས་རྣམ་འདྲེན་བླ་མ་ལྷོ་ལོང་དཀར་སྤྲུལ་སྐུ་རིན་པོ་ཆེའི་གཙོས་རང་སློབ་དམ་ལྡན་རྣམས་ཀྱིས་ཡང་ཡང་བསྐུལ་བའི་ངོར། ཞལ་ངོ་མ་ལྡོག་པར་གཏེར་གཞུང་སོར་བཞག་དང་། བླ་མ་དམ་པ་རྣམས་མདུན་ནས་སྒྱུ་ལུས་དང་། བར་དོའི་སྦྱོང་ཚུལ་ཞལ་ཁྲིད་ཐོབ་པ་རྣམས་ཀྱིས་ཟུར་བརྒྱན་ཏེ། ག་ཎའི་མིང་གིས་ཐུན་བར་དུ་གང་དྲན་སྨྲས། ཡི་གེ་པ་ནི་དད་དམ་མཚུངས་བྲལ་དགེ་སློང་རྟོགས་ལྡན་ཡོན་ཏན་རྒྱ་མཚོས་བྲིས།། །།

བླ་མའི་ཐུགས་སྒྲུབ་ཡང་སྙིང་འདུས་པའི་བུདྡྷ་ཐོད་ཕྲེང་གཏི་མུག་གི་ངོ་བོ་སྦྱོང་བ་རྨི་ལམ་འོད་གསལ་ཁྲིད་ཀྱི་ཟུར་རྒྱན་བལྟས་གསལ་ (Volume 7, Text 23)

༄༅། །བླ་མའི་ཐུགས་སྒྲུབ་ཡང་སྙིང་འདུས་པའི་བུདྡྷ་ཐོད་ཕྲེང་གཏི་མུག་གི་ངོ་བོ་སྦྱོང་བ་རྨི་ལམ་འོད་གསལ་ཁྲིད་ཀྱི་ཟུར་རྒྱན་བལྟས་གསལ་བཞུགས་སོ། ། འོད་གསལ་ལྷུན་གྲུབ་བདེ་ཆེན་ཕོ་བྲང་ནས། །གཏི་མུག་རྣམ་དག་བུདྡྷ་ཐོད་ཕྲེང་རྩལ། །གང་འདུལ་དེར་སྟོན་བླ་མ་རྡོ་རྗེ་འཆང་། །གསོལ་བ་འདེབས་སོ་བཀའ་ཡི་གནང་བ་སྩོལ། །བླ་མའི་ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། བུདྡྷ་ཐོད་ཕྲེང་གཏི་མུག་གི་ངོ་བོ་སྦྱོང་བ་རྨི་ལམ་འོད་གསལ་གྱི་ཁྲིད་ཀྱི་ཟུར་རྒྱན་མདོར་བསྡུས་སུ་སྨྲ་བ་ལ། གནས་དབེན་པར་དཀོར་ཟས་དང་དམ་ཉམས་སྡིག་ཅན་གྱི་ཟས་གོས་སོགས་སྤངས་ཏེ། ཁྲུས་དང་གཙང་སྦྲ་སོགས་བྱ་ཞིང་ཉམས་སུ་ལེན་པ་དོན་གསུམ་གྱིས་སྟོན་ཏེ། རྨི་ལམ་བཟུང་བ་དང། སྣ་ཚོགས་སུ་སྤེལ་བ་དང་། བསྒྱུར་ནས་གཏན་ལ་དབབ་པ་དང་། རིག་པ་འོད་གསལ་དུ་སྦྱང་ཞིང་རང་བཞིན་འོད་གསལ་འཁྲུལ་མེད་དུ་སྦྱང་བའོ། །དང་པོ་རྨི་ལམ་བཟུང་བ་ལ་ནི། ཉིན་པར་གྱི་སྣང་བ་ཅི་ཤར་ཐམས་ཅད་རྨི་ལམ་ཡིན་སྦྱང་དགོས་སྙམ་པའི་འདུན་པ་བཏད། ཟ་འཐུང་འགྲོ་འདུག་སྤྱོད་ལམ་ཐམས་ཅད་བདག་གཉིད་དུ་སོང་སོང་ནས་རྨི་ལམ་དུ་ཤར་བ་ཡིན། རང་སྣང་སྟོང་པ་ཡིན་སྙམས་ལ་རང་སེམས་ཀ་དག་གི་ངང་ལ་བཞག །ཡང་ལུས་འདི་ཡང་རྨི་ལམ་གྱི་ལུས་ཡིན་པས་འདི་རང་སྣང་ཡིན་སྦྱང་དགོས། རང་ཉིད་རིགས་དྲུག་གི་གནས་སོ་སོར་སྤྲུལ་བསྒྱུར་སྣ་ཚོགས་ཀྱིས་སྦྱོང་ཚུལ་ནི། དང་པོ་དམྱལ་བ་ཚ་གྲང་གི་སྡུག་བསྔལ་བསད་གཏུབ་ཡ་ང་བ་སྣ་ཚོགས་མཐོང་བར་བསམས་ལ་འདི་ཐམས་ཅད་རྨི་ལམ་བསྒྱུར་དགོས། རང་ཉིད་ཡི་དམ་གང་ཡིན་ནམ་བུདྡྷ་ཐོད་ཕྲེང་སོགས་ཡང་ན་ཐུགས་རྗེ་ཆེན་པོ་ཕྱག་བཞི་པ་གཞུང་བཞིན་བསྒོམ། ཐུགས་ཀར་ཧྲཱིཿཡིག་གི་མཐར་ཡི་གེ་དྲུག་པ་འཁོད་པར་བསམ། དེ་ལས་འོད་ཟེར་འཕྲོས་པས་རྒྱལ་བ་རྣམས་མཆོད། བྱིན་རླབས་བསྡུས་ཏེ་རང་ལ་ཐིམ། སླར་ཡང་འོད་ཟེར་འཕྲོས་དམྱལ་བའི་སེམས་ཅན་རྣམས་ལ་ཕོག་པས་དེ་ཐམས་ཅད་སྡུག་བསྔལ་དང་འཇིགས་སྐྲག་བྲལ་ནས་ཐུགས་རྗེ་ཆེན་པོར་གྱུར་པར་བསམས་ལ་སྦྱང་། ཡང་དེ་བཞིན་དུ་ཡི་དྭགས། དུད་འགྲོ །མི། ལྷ་མིན། ལྷ་སོགས་སུ་རང་ཉིད་རྨི་ལམ་དུ་དེ་རྣམས་སོ་སོར་སྤྲུལ་ཏེ་གོང་བཞིན་སོ་སོའི་འཁྲུལ་སྣང་སྦྱང་བ། བཀྲེས་སྐོམ་གླེན་ལྐུག །སྐྱེ་རྒ་ན་འཆི། འཐབ་རྩོད། ཕམ་ལྟུང་སོགས་རང་ཐུགས་རྗེ་ཆེན་པོར་གྱུར་ཏེ། སྦྱོང་ཚུལ་རྣམས་གོང་བཞིན་དུ་འཕྲུལ་ཤེས་པར་བྱའོ། །དེ་ཡང་ཉིན་མོར་དེ་ལྟར་བར་མེད་དུ་སྦྱངས་པས། མཚན་མོར་གཉིད་དུ་སོང་དུས་བག་ཆགས་སད་དགོས་པས་ཉིན་མོར་རྨི་ལམ་ཡིན་སྙམས་ལ་ནན་ཏན་དུ་སྦྱང་དགོས། ཡང་ད་ལྟའི་སྣང་བ་གང་ཤར་རྨི་ལམ་ཡིན་པས་ཡི་དམ་གྱི་ལྷར་བསྒྱུར་སྙམས་ལ་ཡི་དམ་གྱི་ལྷ་གང་འདོད་སྐུ་ཞི་ཁྲོ་གང་རིགས་སུ་གྱུར་པར་བསམས་ལ་སྦྱང་། ཡང་རང་ཉིད་རྨི་ལམ་ཡིན་སྙམས་ལ་རང་ལ་གདོན་གང་གི་གནོད་པ་ཡོད་པ་དེ་ལྟ་བུ་རྨི་ལམ་དུ་དེ་ལྟར་རྨིས་པར་བསམས་ལ། དེར་རང་རང་འདུལ་བའི་གཉན་པོ་ཡི་དམ་གྱི་ལྷར་རང་ཉིད་སྤྲུལ་ཏེ་གདོན་རྣམས་བཏུལ་ནས་གནོད་པ་མེད་པར་ཁས་བླངས་ནས་སྲོག་སྙིང་སོགས་ཕུལ་པར་བསམ། ལྷར་བསྒྱུར་ཚུལ་ནི། རྒྱལ་གདོན་འདུལ་བར་གུར་དྲག །ཀླུ་གདོན་དུ་ཁྱུང་། གཟའ་གདོན་དུ་གསང་བདག །མོ་གདོན་དུ་ཁྲོས་མ། གདོན་ཐམས་ཅད་འདུལ་བའི་གཉེན་པོ་རྟ་མགྲིན་ནག་པོ་སོགས་གང་རིགས་སུ་གོང་བཞིན་དུ་སྦྱང་ངོ་། །དེ་ལྟ་བུ་ཡང་ཉིན་མོར་བར་མེད་དུ་སྦྱང་དགོས། ཡང་བསྒྱུར་བ་ནི། རྨི་ལམ་དུ་མེ་ལྟ་བུ་རྨིས་ན་ཆུར་བསྒྱུར། ཆུར་འདུག་པ་སྣང་ན་མེར་བསྒྱུར། ས་ཡང་ཤིང་དུ་བསྒྱུར། ཤིང་སར་བསྒྱུར་བ་སོགས་འབྱུང་བ་གཅིག་ལ་གཅིག་བསྒྱུར་བར་བསམས་ལ་སྦྱང་། རྨི་ལམ་དུ་གཟུགས་སྣ་ཚོགས་མང་པོར་ཤར་བ་གཅིག་ཏུ་བསྒྱུར། གཅིག་ཤར་བ་མང་པོར་བསྒྱུར་བ་དང་། རྟ་ལྟ་བུ་རྨིས་ན་གླང་པོ་ཆེར་བསྒྱུར་བ་སོགས་གཅིག་གཅིག་ལ་བསྒྱུར་བར་བསམ་ཞིང་སྦྱང་། དེ་ནས་རང་ཉིད་ཀྱི་སྣང་བ་རྨི་ལམ་ཡིན་པས་རང་བྱར་སྤྲུལ་ཏེ། གངས་རི། ཙ་རི་སོགས་གནས་ཁྱད་པར་ཅན་རྣམས་ལ་བསྐོར་བ་བྱེད་པར་བསམ། དེ་ནས་རང་ཉིད་རི་བོ་མཆོག་རབ་ལ་བསྐོར་བ་བྱེད་ཅིང་འཕུར་ནས་་་སོང་བས་འཛམ་བུ་གླིང་། བ་གླང་སྤྱོད། སྒྲ་མི་སྙན། ལུས་འཕགས་གླིང་སོགས་གླིང་བཞི་ལ་ཡང་ལྟ་ཞིང་བསྐོར་བར་བསམས་ལ་སྦྱང་། ཡང་རང་ཉིད་རྨི་ལམ་གྱི་སྣང་བ་ཡིན་པས་བདེ་བ་ཅན་སོགས་རིགས་ལྔའི་ཞིང་ཁམས་རང་གང་འདོད་དུ་འཕུར་ནས་འགྲོ་བར་བསམ་ཞིང་། དེར་ཕྱིན་ནས་འོད་དཔག་མེད་སོགས། རང་གང་མོས་ཀྱི་སངས་རྒྱས་དེ་མཇལ་ནས། དེ་ལ་ཕྱག་འཚལ་ཞིང་ཉེས་ལྟུང་བཤགས་ཤིང་ཕྱིན་ཆད་བསྡོམ་ཞིང་རང་ལས་སྤྲོས་པའི་མཆོད་པ་སྣ་ཚོགས་པ་ཕུལ་བ་སོགས་ཡན་ལག་བདུན་པ་ཕུལ་བས། བདག་ལ་དབང་བསྐུར་བ་དང་། བྱིན་གྱིས་བརླབས་པ་དང་། དབུགས་དབྱུང་ཞིང་ལུང་བསྟན་ཐོབ་པ་སོགས་སྤེལ་བསྒྱུར་ཡང་ཡང་སྦྱང་ངོ་། །རྨི་ལམ་བཟུང་བ་ཉིན་མོར་སྐུ་ཕྲ་མོ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན། །དེ་ཁོ་ན་ཉིད་ཐིག་ལེར་བཟུང་བའོ། །དེ་ནས་དང་པོ་བླ་མ་ལ་རྨི་ལམ་ཟིན་པའི་གསོལ་བ་ཡང་ཡང་བཏབ། དེ་ནས་ཉལ་ཏེ་གཉིད་ལོག་ཁར་རྨི་ལམ་ཟིན་པར་བྱའོ་སྙམ་པའི་འདུན་པ་ཡང་ཡང་དུ་བཏང་ལ་རང་གི་དཔྲལ་བའི་དཀྱིལ་དུ་ཆོས་འབྱུང་དཀར་པོ་གྲུ་གསུམ་པ་ཞིག་བསྒོམ། རང་རྟ་མགྲིན་དུ་གསལ་བའི་མགྲིན་པར་པདྨ་དམར་པོ་འདབ་མ་བཅུ་དྲུག་ལྟེ་བར་རྡོ་རྗེ་སེམས་དཔའ་ཚོན་གང་བ་ཞིག་གསལ་བཏབ། དེ་མགྲིན་པ་ནས་དཔྲལ་བའི་ཆོས་འབྱུང་ནས་ཐོན་ཏེ། རང་མདུན་ཁྲུ་གང་ཙམ་གྱི་ནམ་མཁར་ལྷང་ངེར་བཞུགས་པར་བསྒོམ། གཉིད་ལོག་བསམས་ནས་རྨི་ལམ་ཡིན་སྙམ་དུ་བསྒོམ། གཉིད་དུ་ཆེར་འགྲོ་ཁར་ཡང་སྐུ་དེ་མར་དཔྲལ་བའི་ཆོས་འབྱུང་ནས་བྱུང་། མགྲིན་པའི་པདྨའི་ལྟེ་བར་སྔར་བཞིན་དུ་འཁོད་པར་བསམས་ལ་རྟོག་པས་བར་མ་ཆོད་པར་སེམས་རྩེ་གཅིག་ཏུ་བཟུང་ངོ། །དེ་ལྟར་ཡང་ཡང་དུ་བསྒོམས་པས་ཟིན་པར་འགྱུར་རོ། །དེས་མ་ཟིན་ན། ཡང་མགྲིན་པའི་པད་འདབ་བཅུ་དྲུག་གི་དཀྱིལ་དུ་ཧཱུྃ་མཐིང་ག་ཕྲའུ་ཞིག་བསྒོམ། དེ་གོང་བཞིན་དཔྲལ་བའི་ཆོས་འབྱུང་ནས་ཐོན། མདུན་གྱི་ནམ་མཁར་འཁོད། དཔྲལ་བའི་ཆོས་འབྱུང་ནས་མར་བྱུང་། མགྲིན་པར་སྔར་བཞིན་འཁོད་དེ་རྟོག་པ་གཞན་དུ་བར་མ་ཆོད་པར་སྒོམ་ཚུལ་གོང་དང་འདྲ། དེ་ལྟར་ནན་ཏན་བགྱིས་པས་ཟིན་པར་འགྱུར་རོ། །དེས་ཀྱང་མ་ཟིན་ན་མགྲིན་པར་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་འོད་འཕྲོ་བ་ཚོན་གང་བ་གཅིག་བསྒོམས་ལ་བཟུང་ཚུལ་སོགས་གོང་མ་གཉིས་དང་འདྲ་བས་འགྲེས་ཤེས་པར་བྱའོ། །དེ་ལྟར་བགྱིས་པས་ཟིན་ན་ཉིན་སྣང་ལྟར་སྤེལ་བསྒྱུར་གཏན་ལ་དབབ་པ་རྣམས་གོང་དུ་བཤད་ཟིན་པ་ལྟར་བྱའོ། །ཉལ་སྟབས་ནི་སེང་གེ་ཉལ་སྟབས་གཞོག་གཡས་ས་ལ་ཕབ། ལག་གཡས་ཀྱི་མཐེ་བོང་གིས་མགྲིན་པའི་འཕར་རྩ་གཡས་པ་མནན། སྲིན་ལག་གིས་སྣ་བུག་ཆར་ཏེ་ཉལ། གོང་མ་རྣམས་ཀྱིས་མ་ཟིན་ན་སྤྱི་བོའི་ཧཾ་ལས་ཐིག་ལེ་དཀར་པོ་སྲན་མ་ཙམ་མར་བྱུང་། གསང་གནས་ནས་དམར་པོ་སྲན་མ་ཙམ་ཡར་བྱུང་། དེ་ནས་སྙིང་ལ་བསྐོར་བ་བྱེད་ཅིང་འབྲོས་འདེད་དུ་ཡར་མར་འབྲེལ་བར་བསྒོམ། གཉིད་ལ་ཆེར་འགྲོ་དུས་ཐིག་ལེ་གཉིས་འཕྲད་ནས། གཅིག་ལ་གཅིག་ཐིམ་ནས་འོད་དུ་ཡལ་བར་བསྒོམས་ལ་བཟུང་ངོ་། །དེ་ལྟར་ཟིན་ནས་སྦྱང་སྤེལ་བསྒྱུར་བ་གཏན་ལ་དབབ་པ་སོགས་གོང་བཞིན་དུ་བྱའོ། །འོད་གསལ་དངོས་གཞི་སྦྱང་བ་ནི། གཙང་སྦྲ་དང་ཡོ་བྱད་སོགས་གོང་བཞིན་ལ། མཆེད་གྲོགས་དམ་ཚིག་གཙང་བ་དང་བཅས། དབེན་གནས་སུ་བསྒོམ་ཐག་ཚུགས་ཤིང་སོགས་དགོས་པའི་ཡོ་བྱད་འདུ་བྱས་ལ་ཡང་སྙིང་འདུས་པའི་ལས་བྱང་གཞུང་བཞིན་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་བཅས་ཀྱི་ཚོགས་མཆོད་སྐོང་བཤགས་སོགས་རྒྱ་ཆེར་སྔོན་དུ་བཏང་ངོ་། །སྡོད་གནས་མུན་ཁང་གསལ་ཁུང་ཁབ་ཀྱི་རྩེ་འགྲོ་བ་ཙམ་ཡང་མེད་པར་བྱས་ལ། ཤར་ཕྱོགས་སུ་གསལ་ཁུང་ཆུང་ངུ་བསྐྱུར། དེ་ཡང་གསལ་འོད་མེད་པར་ཐིམ་བུས་དམ་པར་ཆར་ལ། འབོལ་གདན་གྱི་ཁར་རྐང་པའི་མཐིལ་གཉིས་སྤྲད་པུས་མོ་གཉིས་གདན་ཁར་ཕྱིར་སྤྲད། ལག་གཉིས་རྡོ་རྗེ་ཁུ་ཚུར་རྟིང་པའི་ཐད་ནས་གཤང་རྩར་བཅར་ལ་ཐུར་དུ་བཏང་། སྒོམ་ཐག་དམ་པོར་འཆིངས་ལ་སྒལ་ཚིགས་བསྲང་། དཔུང་མགོ་བརྒྱངས་མགྲིན་པ་ཅུང་འགུགས་མིག་གཉིས་བར་སྣང་ཧད་པོར་གཏད་དེ་རིག་པ་ཀ་དག་གི་ངང་དུ་ཁྲེགས་ཆོད་ཁོ་ནར་བཞག །རྣམ་རྟོག་གིས་བར་མ་ཆོད་པར་བྱས། དེ་ལྟར་སྦྱངས་པས་དང་པོ་དུ་བ་ལྟ་བུ་དང་། སྨིག་རྒྱུ་རྒྱུ་བ་ལྟ་བུ་ཡོང་། དེ་ནས་མེ་སྟག་དང་འོད་ཟེར་ཁྲ་ཁྱུག་ཁྱུག་སོགས་འབྱུང་ངོ་། །དེ་ནས་རྩོལ་བས་ཆེར་བསྒོམས་པས། ཟ་འོག་གི་རི་མོ་འདྲ་བ་དང་། འོད་དཀར་པོ་དང་ཐིག་ལེ་དཀར་སེར་དམར་ལྗང་མཐིང་ག་མ་ངེས་པ་སྣ་ཚོགས་འཆར་བ་དང་། ལུ་གུ་རྒྱུད་དང་ཐིག་ལེའི་དབུས་སུ་ཡིག་འབྲུ་ཕྱག་མཚན་སྐུ་ཞི་དྲག་སོགས་རིམ་པར་ཐོད་རྒལ་གྱི་འཆར་སྒོ་བཞིན་དུ་འཆར་རོ། །འདི་ལ་ཡང་ཐོད་རྒལ་ཉི་ཁྲིད་སོགས་ལ་སྔོན་དུ་སྦྱངས་པ་ཡོད་ན་འདི་ཡི་སྣང་ཚུལ་ཡང་འབྱུང་སླ་ཞིང་ལེགས། མིན་ཀྱང་འདི་ལྟར་བགྱིས་པས་གོང་བཞིན་སྦྱངས་པས་རིམ་པར་འབྱུང་ངོ་། །དེ་ལྟར་དབང་པོ་ཡང་རབ་རྣམས་ཀྱིས་ཞག་གསུམ་ལྔ་བདུན་ལ་སོགས་ཅི་རིགས་སུ་གཞུང་དུ་གསུངས་བཞིན་སྦྱང་ངོ་། །ཐམས་ཅད་བདུན་ཕྲག་གསུམ་བཞི་ལྔ་སོགས་ཀྱི་བར་དུ་སྦྱངས་ན་འཆར་སྒོ་རྣམས་ལེགས་པར་འབྱུང་བས། དེང་སང་དུས་དབང་གིས་དེ་ལྟར་མཛད་ན་ལེགས། དེ་ནས་ཞག་གང་ཡང་རུང་བར་ཁྲིད་ཚར་རྗེས་སུ། ཤར་གྱི་དཀར་ཁུང་རིམ་པར་དང་པོ་གསལ་འོད་ཆུང་ངུ་ནས་རིམ་པར་ཇེ་ཆེར་བྱ་དགོས། དང་པོ་ནས་དཀར་ཁུང་རྫོགས་པར་ཕྱེ་བ་དང་། སྒོ་ཕྱིར་གློ་བུར་དུ་ཐོན་པ་སོགས་བྱས་ན་གེགས་ཆེན་པོར་འགྱུར་བས་སློབ་དཔོན་གྱི་མན་ངག་ཞལ་ཁྲིད་ལེགས་པར་བསླབ་ལ་མཁས་པར་བྱའོ། །དེ་ལྟར་ཉམས་སུ་བླངས་པས་ད་ལྟ་ཉིད་དུ་བར་དོ་གཏན་ལ་ཕབ་སྟེ༔ ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་གྱུར་པ་ཡིན་ནོ༔ གཞུང་དུ་གསུངས་འདུག་པས་དེ་ལྟར་སྦྱང་འཚལ། རྗེས་སུ་ཁྲིད་ཚར་ཡང་ནམ་གུང་མུན་པའི་སྨག་ཏུ་གོང་བཞིན་སྦྱང་བ་དང་། མིག་གཉིས་མཛུབ་མོ་རྣམས་ཀྱིས་ཡུན་རིང་མནན་ལ་ཧད་ཀྱིས་ནམ་མཁར་ལྟ་བ་སོགས་ཅི་ལྟར་རིགས་པ་ཉམས་སུ་བླང་ངོ་། །དེ་ནས་རང་བཞིན་གྱི་འོད་གསལ་མཚན་ལ་བཟུང་བ་ནི། དེ་ནས་མལ་སར་ལུས་ཙོག་པུར་བསྒོམ་ཐག་འཆིང་། ཚུགས་ཤིང་བཏང་ལ་མགྲིན་པ་དང་མགོ་བོ་ཡང་མ་ཡོ་བར་བྱས། དང་པོ་བླ་མ་ལ་འོད་གསལ་ཟིན་པའི་གསོལ་བ་ཕུར་ཚུགས་སུ་བཏབ། དབང་བཞི་བླངས་རྗེས་སུ་འདུན་པ་རྩེ་གཅིག་ཏུ་རང་གི་སྙིང་གི་དཀྱིལ་དུ་ཐིག་ལེ་དཀར་པོ་མཐེ་བོང་ཙམ་འོད་ཟེར་དཀར་པོ་འཕྲོ་བ་འོད་ཀྱིས་རང་ལུས་ཀྱང་ཟང་ཐལ་དུ་ཐལ་ལེ་གསལ་བ། སྟོང་གསུམ་འཇིག་རྟེན་གྱི་ཁམས་ཐམས་ཅད་དེའི་འོད་ཀྱིས་གང་ཞིང་གསལ་བར་བསྒོམ། རྟོག་པ་གཞན་དུ་བར་མ་ཆོད་པར་རིག་པ་ཐིག་ལེ་ལ་གཏད་དེ་གཉིད་དུ་སོང་བས་དེས་ཟིན་པར་འགྱུར་རོ། །དེས་མ་ཟིན་ན་གསོལ་འདེབས་དང་ལུས་གནད་གོང་བཞིན་ལ། སྙིང་གར་བླ་མ་རྡོ་རྗེ་སེམས་དཔའ་ཚོན་གང་བ་བསྒོམ། དེའི་འོད་ཀྱིས་གོང་བཞིན་གསལ་བར་བསྒོམ། དེ་ལ་སེམས་གཏད་དེ་གཉིད་དུ་སོང་བས་ཟིན་པར་འགྱུར་རོ། །དེས་མ་ཟིན་ན་གོང་བཞིན་སྙིང་གར་བླ་མ་གསལ་བའི་ཐུགས་ཀར་ཐིག་ལེ་དཀར་པོ་སྲན་མ་ཙམ་དེའི་འོད་ཀྱིས་འཇིག་རྟེན་ཁམས་ཐམས་ཅད་འོད་ཀྱིས་ཟང་ཐལ་ལེ་སྣང་སྲིད་བླ་མའི་རང་བཞིན་འོད་གསལ་གྱི་ངང་ལ་བཟུང་ངོ་། །དེ་ལྟར་བསྐྱངས་པས་གཞུང་དེ་ཉིད་ལས། འཐུག་པོའི་འོད་གསལ་རྨི་ལམ་མེད་ཅིང་རྟོག་པ་རང་འགགས་སུ་སོང་བ་དང༔ སྲབ་མོའི་འོད་གསལ་ནི་ཡུལ་ཁམས་གནས་མལ་འཁོར་དང་ནོར་རྫས་ལ་སོགས་སྒྲིབ་མེད་དུ་ཟང་ཐལ་ལེ་བ་དང༔ དེ་ལྟར་འཆར་གསུངས། གོང་མ་རྣམས་ཀྱིས་མ་ཟིན་ན་ཞིབ་པར་བླ་མའི་ཞལ་ལུང་ལྟར་ཅུང་ཟད་སྤྲོས་ཏེ་སྨྲ་བ་ནི། ཉིན་ཞག་ཆ་གཉིས་གསུམ་གཉིད་སྤང་སྟེ་གཉིད་དུ་སང་འགྲོ་ཚེ། ངོ་ལ་ཆུ་བརྡེག་པ་སོགས་བྱ་ཞིང་གཉིད་དུ་འགྲོ་བ་སྤང་། དེ་ནས་གཉིད་དུ་དབང་མེད་དུ་འགྲོ་ཚེའི་གུང་མོར་ཁ་ཟས་བཅུད་ཅན། ཞོ་དང་ཐུག་པ་སོགས་བརྟེན་ནས་མལ་སར་སྡོད་ནས་ལུས་གནད་བསྲངས་ནས་སྒོམ་ཐག་ཚུགས་ཤིང་སོགས་བཏང་ཚུལ་གོང་བཞིན་བྱས་ལ། གསོལ་བ་འདེབས་པ་ཡང་གོང་བཞིན་ལ། བླ་མ་སྙིང་ཁར་བསྒོམ། གཉིད་དུ་ཆེར་འགྲོ་ཁར་བླ་མ་འོད་དུ་ཞུ་ནས་རང་སེམས་དང་དབྱེར་མེད་དུ་ཁྲེགས་ཆོད་ཀ་དག་གི་ངང་ལ་བཞག་པས། རྣ་བར་འུར་སྒྲ་དང་མཐོང་སྣང་དངོས་ཞེན་རྣམས་རིམ་གྱིས་གཟི་ཐོམ་འགྲོ་བར་རིག་པ་མ་ཡེངས་པར་བཞག་པས་ཟིན་ནོ། །རང་བཞིན་འོད་གསལ་ནི། རིག་པ་རང་གསལ་རྟོག་མེད་སྤྲོས་མེད་རྗེན་ནེ་ནམ་མཁའ་གཡའ་དག་པ་ལྟར་གནས་པ་དེའོ། །དེ་ལྟར་ངོས་ཟིན་ན། རྟགས་སུ་མཆེད་གྲོགས་ཀྱིས་སྔོན་ནས་གཉིད་དུ་འགྲོ་ཁ་ནས་རྩར་འདུག་ནས་བལྟས་པས་སྔུར་བ་མེད་པ་དང་ཁ་ཆུ་སྣ་ཆུ་མི་བསྡུ་ཞིང་། ངོ་འཛུམ་མདངས་དང་ལྡན་པ་བྱུང་ན་འོད་གསལ་ཟིན་རྟགས་ཡིན་པས་བཞག །མ་ཟིན་པའི་རྟགས་མགོ་བོ་དབང་མེད་ཡོ་ཞིང་། སྔུར་པ་ཧར་སྒྲ་སོགས་འདོན་ཞིང་ཁ་ཡོ་ཞིང་ཁ་སྣ་ནས་ཁ་ཆུ་སྣ་ཆུ་སོགས་བྱུང་ན་མ་ཟིན་པའི་རྟགས་ཡིན་པས་གཉིད་དཀྲོག་ལ་ཡང་གསོལ་འདེབས་སོགས་གོང་བཞིན་བྱས་ལ་སྔ་མ་བཞིན་འོད་གསལ་བཟུང་གཉིད་དུ་གཞུག །དེ་མ་ཐག་པར་མཆེད་གྲོགས་ཀྱིས་མཆུ་རྣ་བར་གཏད་དེ། ཤུབ་བུར་མིང་ནས་བོས་ལ་གཉིད་དུ་སོང་བས་སེམས་མ་ཡེངས་འོད་གསལ་ཟུངས་ཞེས་ལན་གསུམ་སྒྲ་ཇེ་ཆུང་དུ་སོང་བས་བརྗོད། དེས་ཀྱང་མ་ཟིན་ན། དེ་ལྟར་ཡང་ཡང་བསྐྱར་བས་ཟིན་པར་འགྱུར་རོ། །རྟགས་རྨི་ལམ་མེད་པར་གོང་དུ་གཏེར་གཞུང་ལས་གསུང་པ་བཞིན་འགྱུར་རོ། །དེ་ལྟར་སྦྱངས་པའི་ཕན་ཡོན་ནི། གཏེར་གཞུང་རྡོ་རྗེའི་གསུང་ལས། འདི་ལྟར་འབྱོངས་པས་ནི་ཕྱིས་བར་དོ་མེད་དོ༔ ཕྱིའི་དབུག་ཆད་རྣམ་པར་ཤེས་པ་ནམ་མཁའ་ལ་ཐིམ་པའི་དུས་སུ་རིག་པ་སྐད་ཅིག་མའི་དང་པོ་ལ་སངས་རྒྱའོ༔ དེ་ལྟར་གསུངས་འདུག་པས་ཀུན་གྱིས་གོ་བར་གྱིས་ལ་ཉམས་སུ་ལོངས། འདི་ལྟར་རྨི་ལམ་དང་འོད་གསལ་གྱི་སྦྱོང་ཚུལ་མདོར་བསྡུས་འདི་ཡང་། རང་སློབ་དམ་ལྡན་ཡང་སྙིང་འདུས་པའི་སྐུ་གསུམ་སྒྲུབ་པ་ལོ་གསུམ་གྲུབ་ནས། ཕྱི་ནང་གསང་གསུམ་ཉམས་སུ་ཚུལ་བཞིན་བླངས་པ་རྣམས་ཀྱིས་གསང་ཁྲིད་བལྟས་ཆོག་ངག་ཁྲིད་ལྟར་བྲི་དགོས་ཞེས་ཡང་ཡང་བསྐུལ་བས་ཞལ་ངོ་མ་ལྡོག་ཙམ་དུ། མི་སྨྱོན་གཱ་ཎའི་མིང་གིས་གཏེར་གཞུང་སོར་བཞག །བླ་མའི་མན་ངག་གིས་ཟུར་བརྒྱན་ཏེ་གང་དྲན་ཐུན་མཚམས་སུ་སྨྲས་པ། དད་དམ་མཚུངས་བྲལ་རང་སློབ་དགེ་སློང་ཆུ་གསོལ་རྟོགས་ལྡན་གྱིས་ཡི་གེར་བྲིས་པའོ།། །།

ཐུགས་སྒྲུབ་ཡང་སྙིང་འདུས་པའི་དམར་ཁྲིད་རིགས་ལྔ་ལས་རཏྣ་ཐོད་ཕྲེང་མཉམ་ཉིད་ཕྱག་རྒྱ་ཆེན་པོའི་ཁྲིད་ཀྱི་ཟུར་རྒྱན་བལྟས་གསལ་ (Volume 7, Text 24)

༄༅། །ཐུགས་སྒྲུབ་ཡང་སྙིང་འདུས་པའི་དམར་ཁྲིད་རིགས་ལྔ་ལས་རཏྣ་ཐོད་ཕྲེང་མཉམ་ཉིད་ཕྱག་རྒྱ་ཆེན་པོའི་ཁྲིད་ཀྱི་ཟུར་རྒྱན་བལྟས་གསལ་བཞུགས་སོ།། ཐམས་ཅད་མཉམ་ཉིད་ཆོས་སྐུ་མཁའ་ལྟར་དག །རང་བྱུང་རང་གསལ་བླ་མ་པདྨ་འབྱུང་། །མི་གཡོ་མཉམ་ཉིད་རཏྣ་ཐོད་ཕྲེང་རྩལ། །གང་འདུལ་དེར་སྣང་བླ་མ་མཆོག་ལ་འདུད། །མཉམ་ཉིད་ཕྱག་རྒྱ་ཆེན་པོའི་ཁྲིད། སྒོམ་པའི་གནད་རྣམས་མ་འཆུག་པར་བླ་མ་ལ་ཞུ་ཞིང་ཉམས་སུ་བླངས་པས་རྫོགས་རིམ་ཁྲེགས་ཆོད་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ། ཐོག་མར་བླ་མས་ཀྱང་ཕ་རོལ་གྱི་ཤེས་རྒྱུད་དང་བསྟུན་ནས། ལས་དང་པོ་པ་རིམ་གྱིས་ཁྲིད་ཚུལ་དང་། དབང་པོ་འབྲིང་ལ་གང་ཤར་ལྷན་སྐྱེས་སུ་ངོ་སྤྲོད་པ་དང་། རབ་ལ་གཅིག་ཅར་དུ་ངོ་སྤྲོད་པའོ། །དེ་ལྟར་བླ་མས་ཀྱང་སྟོན་མཁས་པ་བློ་ཚོད་དང་འཚམ་པར་རིམ་གྱིས་ཁྲིད་ཚུལ་ནི། གནས་དབེན་པར་སློབ་དཔོན་གྱི་མདུན་དུ། སློབ་མ་ལུས་གནད་ཆོས་བདུན་དང་ལྡན་པར་བསྡད་ལ། སེམས་ཀྱི་བྱུང་གནས་འགྲོ་གསུམ་རྩད་བཅད་པ་ནི། རང་གི་སེམས་སྣ་ཚོགས་དྲན་མཁན་འདི། དང་པོ་གང་ནས་འོང་དང་། ད་ལྟ་ཇི་ལྟར་འདུག །ཕྱིས་གང་དུ་འགྲོ་བརྟགས་པས། འདི་ནས་འོང་། འདི་ལྟར་འདུག །འདིར་འགྲོ་སོགས་མེད་པར་གསལ་སྟོང་དུ་འདུག་ན་རང་སྣང་སྟོང་པར་ངོ་སྤྲོད། དང་པོ་ཞི་གནས་རྟེན་ཅན་དུ་བསྒོམ་པ་ནི། མདུན་དུ་ཤིང་བུའམ་རྡེའུ་སོགས་དམིགས་རྟེན་གང་ཡང་རུང་བ་བཞག་ལ། མིག་མི་འགུལ་བར་སེམས་ཀྱི་འགྱུ་བྱེད་རྩད་བཅད་དེ་ས་ལེ་བ་ལ་བཞག །དེར་གནས་ཤིང་གཞན་དུ་མི་འཕྲོ་བར་གསལ་སྟོང་དུ་བཞག །རྣ་བའི་སྒྲ་སོགས་གཞན་དུ་འགྱུ་ན་ཡང་འགྱུ་མཁན་རྩད་བཅད་ལ་དེ་ཐོག་ཏུ་བཞག་ལ་གོང་བཞིན་སྦྱངས་པས་གང་ཤར་བའི་ཐོག་ཏུ་ལུས་ཀྱང་ཡོད་དུ་མི་ཚོར་བར་སྣང་མེད་དུ་ཁྲིག་གེར་འདུག་པ་དེ་ལ། བླ་མ་དང་སློབ་མ་གཉིས་ཀས་ལྷན་དུ་ཕཊཿདྲག་པོ་བརྗོད་ཅིང་གནས་ཉམས་ཞེན་འཛིན་ཅན་དེ་བཤིགས་ལ་གང་ཤར་དུ་བཏང་བས་གསལ་སྟོང་རྗེན་ནེ་འདུག་ན་ཡུན་ཐུང་ལ་གྲངས་མང་བར་བསྒོམ། དེ་ནས་རང་གི་སྙིང་ཁར་འོད་ཀྱི་ཐིག་ལེ་མེ་ལོང་ཆུང་བ་ཙམ། དེ་ཡི་དཀྱིལ་ན་ཐིག་ལེ་སྲན་མ་ཙམ་འོད་འཕྲོ་བ་ལ་སེམས་གཏད་དོ། །ཞག་བདུན་ཕྲག་ཙམ་ལ་རྩེ་གཅིག་ཏུ་བསྒོམ། དེ་ནས་གཏད་མེད་དུ་བཟུང་བ་ནི། རྟེན་གང་ཡང་མེད་པར་གང་ཤར་གྱི་སྟེང་དུ་ཅི་ཡང་མི་སེམས་པར་སྙམ་བྱེད་ཀྱི་བློ་དང་བྲལ་བའི་ངང་ནས་རང་ས་ཟང་ཐ་ལེར་བཞག་གོ །དེ་ཚེ་རྣམ་རྟོག་ཕྲའུས་འོག་འགྱུ་འགྲོ་བ་དང་། ཡིན་མིན་སྙམ་པ་མེད་པ་སོགས་གསལ་སྟོང་གི་ཉམས་ལ་ཞེན་འཛིན་གྱིས་མ་བཅིང་པར་ལྟ་སྟངས་མདུན་གྱི་ནམ་མཁར་གཏད་དེ་དབྱིངས་རིག་བསྲེས་ལ་རིག་པ་ཀ་དག་གི་ངང་ལ་ཁྲིག་གེར་བཞག་ལ་བསྒོམ་མོ། །དེ་ལྟར་གཏན་ལ་ཕབ་པས་རང་བབས་སུ་འདུག་སྟེ་རྣམ་རྟོག་འགྱུ་དྲན་ཐམས་ཅད་རང་བབས་སུ་ཞི་ནས་སེམས་གསལ་སྟོང་བརྗོད་མེད་ལྷན་ནེ་གནས་པ་ཞིག་འོང་བ་དེ། སེམས་ཀྱི་གནས་ཆ་ཡིན་པས་སྒོམ་གྱི་དངོས་གཞི་ཡིན། དེ་ཐོག་ནས་ལྷག་མཐོང་ངོ་སྤྲད་པ་ནི། འཁྱག་ཆུར་ཞུ་བ་ལྟ་བུ་དང་། མཚོ་ལ་རླབས་བྱུང་བ་བཞིན་གང་ཤར་གྱི་ཐོག་ཏུ་བཞག་པས་གསལ་སྟོང་ལྷག་གེར་བརྗོད་མེད་དུ་འདུག་པ། གཏེར་གཞུང་རྡོ་རྗེའི་གསུང་ལས། གང་ཤར་སྟོང་ཉིད་དུ་ས་ལེ་བ༔ རང་བཞིན་གསལ་དྭངས་སུ་ཧྲིག་གེར་བརྗོད་མེད༔ དེ་ནས་འགྱུ་རྟོག་ལ་སོགས་ཇི་ལྟར་སྣང་ཡང་བརྟག་དཔྱད་མི་བྱ༔ འགོག་ཀྱང་མི་འགོག་རང་ངོ་རང་གིས་གསལ་ཙམ་པའི་ངང་དུ་ས་ལེ་ཧྲིག་གེ་རྗེན་ནེ་ཟང་ཐལ་ལེ་བསྒོམ་མོ༔ དེ་ཚེ་འཛིན་མེད་དུ་ས་ལེ་བའི་ངང་ནས་མདངས་མ་འགག་པར་ཡུལ་མེད་དུ་རྗེན་ནེ་ལྷག་གེ་བ་འབྱུང་ངོ༔ དེ་ལ་ལྷག་མཐོང་གི་ངོ་བོ་ཟེར་ཏེ༔ དེ་ལྟར་གསུངས་པ་བཞིན་བསྒོམ་ཞིང་བསྒོམ་བྱ་སྒོམ་བྱེད་མེད་པ་གསལ་སྟོང་འཛིན་མེད་འདི་ཞེས་བརྗོད་དུ་མེད་པ། གསལ་རིག་རྗེན་ནེ་བའི་གནས་ལུགས་དེ་དྲན་པའི་རྩིས་བཟུང་སྟེ་སྟོང་ཉིད་ཧད་པོ་སྟོང་པ་འདི་ཡིན་སྙམ་དུ་མི་གཏོང་ངོ་། །སྒོམ་འདི་ཡིན་གྱི་འཛིན་པ་མི་བྱ་སྟེ། དེ་ཡི་རང་ངོ་རང་གིས་རིག་ཙམ་དུ་འཛིན་མེད་དུ་རང་བབས་སུ་བཞག་གོ །ཐོག་མ་རིག་པ་སྐད་ཅིག་མའི་སྟེང་དུ་བཞག་པས་གང་ཤར་བ་ཐམས་ཅད་གསལ་སྟོང་འཛིན་མེད་དུ་འདུག་པ་ནི། ཞི་ལྷག་ཟུང་འཇུག་ཏུ་གསུངས། དེ་ལྟར་གནས་ལུགས་ངོ་འཕྲོད་ནས་གེགས་སེལ་བོགས་འདོན་རྒྱས་པ་ཞལ་གདམས་གནད་ཀྱི་ཕྲེང་བ་གེགས་སེལ་བཀའ་རྒྱ་མ་རྣམས་སུ་གསལ། དེ་ལྟར་གང་ཤར་འཛིན་མེད་སྤྲོས་པའི་མཐའ་ཐམས་ཅད་བྲལ་བར་སྐྱོང་ངོ་། །བདེ་གསལ་མི་རྟོག་པའི་ཉམས་གང་ཤར་ལ་སྒོམ་བྱེད་ཀྱི་སྙེམས་པ་མེད་པས་རྟག་པར་འཛིན་པའི་དངོས་འཛིན་གོལ་ས་ཆོད། རང་གི་རིག་པ་སྟོང་གསལ་མཐའ་དབུས་དང་བྲལ་བ་ཞེན་འཛིན་བྲལ་བ་རྟོགས་པས་ཆད་པའི་མཐའ་བསལ། དོན་གྱི་གནས་ལུགས་ངོ་བོ་སྟོང་པ། རང་བཞིན་གསལ་བ། འཛིན་རྟོག་དང་བྲལ་བ། མཐའ་བྲལ་གྱི་ངོ་བོ་མ་བཅོས་ལྷུག་པར་བཞག་པས་ངོ་བོ་རང་སར་མཐོང་བས་གཉིས་ཀའི་གོལ་ས་ཆོད་པ་ཡིན་གསུངས། གཏེར་གཞུང་རྡོ་རྗེའི་གསུང་ལས། དེ་ལྟ་བུའི་བསྒོམ་པ་ནི་སངས་རྒྱས་ཀྱི་དགོངས་པ་སྐྱོན་མེད་ཡིན་ལ༔ དེ་ལྟར་གསུངས་པ་སོགས་ནི་གོལ་ས་གཅོད་པ། གནས་ལུགས་ཀྱི་སྐྱོང་ཚུལ། ས་ལམ་གྱི་བགྲོད་ཚུལ་སོགས། གཏེར་གཞུང་ཕྱག་རྒྱ་ཆེན་པོའི་ཁྲིད་གཞུང་དུ་རྒྱས་པར་སྤྲོས་བཞིན་དང་། གོལ་ས་གཅོད་པ་ནི། བདེ་བའི་ཉམས་དྲོད་ཁ་ཅན་དེ་ལ་འདི་ཡིན་གྱིས་བཅིངས་ཏེ། དེ་ལ་ཆགས་ན་འདོད་ཁམས་སུ་གོལ། གསལ་བ་ལ་དེ་བཞིན་ཆགས་ནས་འཛིན་ན་གཟུགས་ཁམས་སུ་གོལ། དེས་ན་བདེ་བ། སྟོང་པ། གསལ་བ། མི་རྟོག་པ་གང་ཤར་ཡང་མི་ཆགས། མི་འཛིན་པར་རང་བབས་སུ་བློ་འདས་སྤྲོས་མེད་དུ་བཞག །དེ་ཡི་དུས་སུ་མཉམ་གཞག་གི་དུས་གསལ་རིག་རྗེན་པ་བློ་འདས་ཀ་དག་བརྗོད་མེད་དུ་ཁྲིག་གེར་འདུག །རྗེས་ཐོབ་ཀྱི་སྐབས་གང་ཤར་བ་དེ་རིག་ཐོག་ནས་ཁྲིག་གེར་འཛིན་མེད་དུ་རྗེན་པར་གང་སྣང་བ་ངོ་འཛིན་མེད་དུ་ཁྲིག་གེར་འདུག་པ། གང་ཤར་བ་ཐམས་ཅད་སྣང་ཡང་འཛིན་མེད་དུ་གསལ་སྟོང་རྗེན་ནེ་འདུག་པ་ལ་རྟོག་ལྡན་གྱི་རྣལ་འབྱོར་ཞེས་དེ་ལ་བྱའོ། །གཞུང་དུ་གསུངས། དེ་ནས་གོལ་འཆུག་མེད་པའི་རྣལ་འབྱོར་པ་ལ་ལམ་ལྔ་ཡི་བགྲོད་ཚུལ་ནི། གནས་ལུགས་ཀྱི་རྟོགས་པ་མངོན་དུ་གྱུར་པས་འདི་ལྟར་མ་རྟོགས་པ་ལ་སྙིང་རྗེ་སྒྱུ་མ་ཙམ་དུ་སྐྱེས་ཏེ། རྒྱུ་འབྲས་ལས་ཡིད་ཆེས་པས། ཏིང་ངེ་འཛིན་ལ་དྲོད་ཐོབ་པ་ནི་ཚོགས་ལམ་ཡིན་ཞེས། གཞུང་དུ་གསུངས། དེ་ལྟར་ཉམས་སུ་བླངས་པས་སེམས་ཡུལ་མེད་མཐའ་བྲལ་བློ་འདས་སུ་ཤེས་ཤིང་ངོ་བོ་མཐོང་བ་ནི་དེ་ཡང་སྦྱོར་ལམ་ཡིན་ཞེས་གཞུང་དུ་བཤད། དེ་ནས་སྣང་སྲིད་སྟོང་གསུམ་ཡུལ་མེད་དུ་གསལ། ཉོན་མོངས་པའི་སྒྲིབ་པ་དག་སྟེ། གང་ཤར་ཐམས་ཅད་རང་སྣང་སྟོང་པར་ཤར་ཏེ། ཆུ་དང་རླབས། ནམ་མཁའ་ལ་རླུང་རྒྱུ་བ་ལྟར་གང་ཤར་བ་འཛིན་མེད་བློ་འདས་སུ་གྲོལ་ནས་རྒྱུ་འབྲས་སྟོང་པར་རྟོགས་པ་དེ་ལ་མཐོང་ལམ་ཞེས་གཞུང་དུ་གསུངས། དེ་ནས་སྣང་སེམས་འདྲེས་ཏེ། ཡུལ་སྣང་ཐ་མི་དད་པར་རང་སེམས་མངོན་དུ་གྱུར་ཏེ་སྟོང་པ་རྒྱུ་འབྲས་སུ་ཤར་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཐམས་ཅད་དབྱེར་མེད་རོ་གཅིག་ཏུ་གྱུར་རྟེན་འབྲེལ་མངོན་དུ་གྱུར། དེ་ནས་མཉམ་ཉིད་བཞག་པས་ཡུལ་དང་བྲལ་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཐམས་ཅད་རང་སེམས་སྟོང་པར་མེ་ལོང་གཟུགས་བརྙན་ཤར་བ་ལྟར་གཉིས་མེད་རང་སར་གྲོལ་བ། རྗེས་ཐོབ་ལ་ཡུལ་སྣང་སྒྱུ་མ་ལྟར་ཕྲ་མོ་ཙམ་ཡོད་པ་སྒོམ་ལམ་ཡིན་ཞེས་གཞུང་ལས་གསུངས། དེ་ནས་བརྩོན་འགྲུས་བསྐྱེད་རྒྱུན་བསྲིང་ཉམས་སུ་བླངས་པས་འཁོར་འདས་སྐྱེ་འགག་གཉིས་མེད་རྟོགས་བརྗོད་ཀྱི་མཐའ་ཟད། བསྒོམ་བྱ་སྒོམ་བྱེད་མེད་པར་རང་སེམས་མངོན་དུ་གྱུར་པས་ཤེས་བྱའི་སྒྲིབ་པ་དག །ཆོས་རྣམས་ཐམས་ཅད་རང་སེམས་སུ་ཤར་ཏེ་ཐོག་མའི་རིག་པ་སྐད་ཅིག་མ་མངོན་དུ་གྱུར་པ་དེ་མཐར་ཕྱིན་པའི་ལམ་ཡིན་ཞེས་གཞུང་ལས་གསུངས། དེ་ལྟར་ཉམས་སུ་བླངས་པས་ལྟ་བ་གོང་མ་རྣམས་ལ། འཕྲོ་རྒོད་དུ་འདུག་ན་བསྒྲིམ། བྱིངས་སམ་རྨུག་ན་བསྲིང་། འབྱམས་སམ་འཐས་ན་རིག་པ་དྲུང་ཕྱུང་ངོ་། །རྗེས་སུ་འཁྲུལ་པ་འབྱམས་ཀླས་པའམ། གོང་མ་དེ་རྣམས་ལ་ཞེན་འཛིན་གྱིས་བཅིངས་སམ། སེམས་ཀྱི་རྙོག་མ་ལྡངས་ཏེ་བལྟ་མི་འདོད་པ་བསྐྱུར་སྙིང་འདོད་པ་སོགས་གེགས་བྱུང་ན་ཕཊཿདྲག་པོ་བརྗོད་ལ་དེ་རྗེས་གཉུག་མའི་རང་ངོ་བལྟ་ཞིང་དབྱིངས་རིག་བསྲེ །དེ་ལྟར་གེགས་ནམ་བྱུང་ལ་ཕཊཿབརྗོད་ལ་གོང་བཞིན་སྦྱང་། བོགས་འདོན་ཡང་གང་ཤར་གྱི་སྟེང་དུ་རིག་པ་དྲུང་ཕྱུང་ལ་ཁྲེགས་ཆོད་འཛིན་མེད་དུ་ཟང་ཐལ་ལེ་བཞག །སྣོད་ལྡན་གྱི་སློབ་མ་ཚེ་འདིའི་སྣང་ཤས་ཆུང་བ། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་རྙེད་པ་བརྩོན་འགྲུས་ཆེ་ཞིང་ཤེས་རབ་ལྡན་པ། སྔོན་གྱི་ལས་འཕྲོ་བཟང་བས་རྫོགས་པ་ཆེན་པོ་ཁྲེགས་ཆོད་ཀྱི་ལྟ་བ་ལ་མོས་ཤིང་། སྟོང་ཉིད་བློ་རུ་ཤོང་བ། བློ་ཆེ་ཞིང་གཞི་བརྟན་པ་རྣམས་ལ་རྫོགས་པ་ཆེན་པོ་གཞི་ཁྲེགས་ཆོད་ཀ་དག་ཕྱག་རྒྱ་ཆེན་པོ་བཙན་ཐབས་སུ་ངོ་སྤྲོད་པ་དབང་ཐམས་ཅད་ཀྱི་རྩ་བ་རིག་པའི་རྩལ་དབང་ཞེས་ཀྱང་བྱ་བ། བླ་མས་སློབ་མ་ལ་ཐུགས་རྒྱུད་བྱིན་རླབས་འཕོ་བའི་དབང་བསྐུར་ཞེས་ཀྱང་བྱ་བ། དེ་ངོ་སྤྲོད་པ་ལ། དབེན་གནས་མི་མེད་ཉམས་དགའ་བ། རྒྱལ་བ་གོང་མས་བྱིན་གྱིས་བརླབས་པའི་གནས་རིའམ། བླ་མས་བྱིན་གྱིས་བརླབས་པའི་གནས་མཐོ་ཞིང་གསལ་ལ་སྣང་བ་དྭངས་པ་སེར་བུ་འཚུབ་མས་མི་གོས་པར་ནམ་མཁའ་མཐོ་ལ་རྒྱ་ཆེར་མཐོང་བའི་སར། ནམ་མཁའ་སྤྲིན་བྲལ་གཡའ་དག་པའི་དུས་སུ། བླ་སློབ་གཉིས་ཀས་ཆོས་བདུན་དང་ལྡན་པས་ལྟ་སྟངས་ནམ་མཁར་གཏད་ལ། བླ་མས་ཕཊཿདྲག་པོ་བརྗོད་པའི་ལྷན་དུ་སློབ་མས་ཀྱང་ལྷན་ཅིག་ཏུ་ཕཊཿབརྗོད་ལ་གང་ཤར་ཐོག་ཏུ་ནམ་མཁར་དབྱིངས་རིག་བསྲེས་ལ་བཞག་པས་དེ་མ་ཐག་པར་འདི་ཞེས་བརྗོད་དུ་མེད་པ། བློ་འདས་ཀ་དག་ཏུ་ངོ་སྤྲོད་པའོ། །དེ་ངོ་འཕྲོད་ནས་རྟོག་པར་གང་ཤར་བ་ཐམས་ཅད་དེ་ལྟ་བུའི་ངང་ལ་མ་ཡེངས་པར་སྐྱོང་ཞིང་ཕཊཿབརྗོད་ལ་དབྱིངས་རིག་བསྲེ་ཞིང་གོང་བཞིན་སྦྱང་། དེ་ལྟར་ཉོན་མོངས་དུག་ལྔའི་རྟོག་པ་སོགས་རྐྱེན་དྲག་པོ་ཤར་ཚེ་ཕཊཿདྲག་པོ་བརྗོད་ལ་རང་བབས་སུ་བཞག་ལ་ཉམས་སུ་བླངས་པས་དང་པོ་གཡོ་ཞིང་སྐྱོང་དཀའ་བར་འདུག་ན་བརྩོན་འགྲུས་བསྐྱེད། རིག་པ་ཧུར་ཕྱུང་ལ་ཕཊཿབརྗོད་ཅིང་དབྱིངས་རིག་བསྲེས་པས་སེལ། དེ་ནས་གང་ཤར་ཐམས་ཅད་རང་རིག་གི་ཀློང་དུ་སྣང་ཞིང་དེར་འཛིན་དང་བྲལ་བ་བློ་འདས་ཀ་དག་ཏུ་བཞག །དེ་ནས་རྩོལ་བ་མེད་པར་གང་ཤར་ཐམས་ཅད་བློ་འདས་ཕྱག་རྒྱ་ཆེན་པོའི་རོལ་པར་ཤར་ནས་ཉིན་མཚན་མེད་པར་སྒོམ་འཁོར་ཡུག་ཏུ་མ་གྱུར་བར་བརྩོན་འགྲུས་བསྐྱེད་ལ་ཉམས་སུ་བླང་། དེ་ལྟར་གོང་བཞིན་ཉམས་སུ་བླངས་པས། རྐྱེན་གང་གིས་ཀྱང་མི་འཇིགས་པ། བསྒོམ་བྱ་སྒོམ་བྱེད་མེད་པས་འཁོར་འདས་དབྱེར་མེད་དུ་རྟོགས་ནས་ཡར་སངས་རྒྱས་ལ་མི་རེ། མར་ངན་སོང་ལ་མི་སྐྲག་པ། འདི་དོན་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་བཟོད་མེད་དུ་ཤར་བ། རྟག་ཆད་གཉིས་ཀྱི་མཐའ་དང་བྲལ་ནས། དེ་ལྟ་བུའི་རིག་རྩལ་མ་འགག་པའི་ཀློང་དུ་གཞི་ལམ་གྱི་ཡོན་ཏན་ཐམས་ཅད་གཅིག་ཅར་དུ་རྫོགས་ནས། ཚེ་གཅིག་ཏུ་སངས་རྒྱས་པའི་མན་ངག་འདི་ནི་ཐུན་མོང་མ་ཡིན་པར་བཀའ་དྲིན་སུམ་ལྡན་བླ་མའི་ཞལ་ནས་ཐོབ། དེ་ལྟར་ཉམས་སུ་བླངས་པས་ཕན་ཡོན་ཀྱང་། གཏེར་གཞུང་ཕྱག་རྒྱ་ཆེན་པོའི་ཁྲིད་ལས། དེ་ལྟར་སྣང་སྲིད་ཕྱག་རྒྱ་ཆེན་པོར་རོལ་པས༔ གཉིས་འཛིན་གྱི་འཁྲུལ་པ་རང་སར་གྲོལ་ནས་སངས་རྒྱས་ཀྱི་དགོངས་པ་ལ་སྤྱོད་དེ༔ ཚེ་གཅིག་གིས་མགོན་པོ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་བྱེད་པའི་གདམས་པའོ༔ ཞེས་གསུངས་པ་ལྟར། འདི་ཉིད་ལ་བརྩོན་འགྲུས་བསྐྱེད་ཅིང་ཉམས་སུ་བླངས་ན་མཆོག་ཏུ་འགྱུར་བས་དེ་ལྟར་མཛོད། སྤྲང་པོ་བདག་གིས་ཚེ་གཅིག་ཉམས་བླངས་ནས། །ཡིད་ཆེས་ཁུངས་བཙུན་ཕ་ནོར་སྙིང་ཐིག་འདི། །སྙིང་འདྲའི་བུ་སློབ་དམ་ལྡན་རྣམས་ལ་གཏད། །སྙིང་ལ་ཆོངས་ཤིག་སྣོད་ལྡན་རྣམས་ལ་སྟོན། །ཅེས་གསང་ཁྲིད་རིགས་ལྔའི་ཕྱག་རྒྱ་ཆེན་པོའི་ཁྲིད་ཀྱི་ཟུར་རྒྱན་ཅུང་ཟད་སྤྲོས་པ་འདི་ཡང་། རང་སློབ་དམ་ལྡན་ཆུ་གསོལ་རྟོགས་ལྡན་གྱིས་ངག་ཁྲིད་ལྟར་ཁྲིད་གཞུང་གི་ཟུར་རྒྱན་བལྟས་ཆོག་དགོས་ཞེས་ཡང་ཡང་བསྐུལ་བས་ཞལ་ངོ་མ་ལྡོག་པར། གཏེར་གཞུང་སོར་བཞག་བླ་མའི་མན་ངག་གིས་བརྒྱན་ཏེ། གཏད་མེད་གུ་ཡངས་གང་ཤར་སྤྱོད་པའི་མི་སྨྱོན། གཱ་ཎའི་མིང་གིས་གང་དྲན་སྨྲས་པ་ལ། །འགལ་བ་མཆིས་ན་ཨོ་རྒྱན་རྗེ་ལ་བཤགས། །དགེ་བས་འགྲོ་ཀུན་རང་སེམས་མངོན་གྱུར་ནས། །ཀུན་བཟང་པད་འབྱུང་གོ་འཕང་ཐོབ་པར་ཤོག །ཡི་གེ་པ་ནི་བསྐུལ་བ་པོ་ཡིས་བགྱིས། །དགེའོ།། །།

ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། གསང་ཁྲིད་རིམ་པ་ལྔའི་ནང་ནས་བོག་འདོན་གཅོད་ཁྲིད་ཀྱི་ཟིན་བྲིས་ (Volume 7, Text 25)

ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། གསང་ཁྲིད་རིམ་པ་ལྔའི་ནང་ནས་བོག་འདོན་གཅོད་ཁྲིད་ཀྱི་ཟིན་བྲིས་བཞུགས་པའི་དབུའོ།། བདུད་བཞི་འདུལ་མཛད་དཔལ་ཆེན་ཧེ་རུ་ཀ །ཀརྨ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ནས། །བདག་དང་བདག་འདྲ་གཞན་ལའང་ཕན་པའི་ཕྱིར། །ཟབ་ཆོས་ཐུགས་སྒྲུབ་ཡང་སྙིང་འདུས་པ་ཡི། །བོགས་འདོན་གཅོད་ཁྲིད་ལྷན་ཐབས་འདིར་བཀོད་བྱ། །ཆོས་བདག་གཏེར་སྲུང་ཌཱ་ཀིས་བཀའ་གནང་ཞིང་། །བརྩེ་བའི་ཐུགས་རྗེས་བྱིན་རླབས་དངོས་གྲུབ་སྩོལ། །དེ་ལ་རྣལ་འབྱོར་པ་ཐུགས་སྒྲུབ་ཀྱི་དབང་རྒྱས་བསྡུས་གང་རུང་ཐོབ་ཅིང་། སྐུ་གསུམ་སྒྲུབ་པ་གསུམ་ཀའམ་རེ་རེ། ཡང་ན་ཀུན་དྲིལ་ཡིད་བཞིན་ནོར་བུའི་བསྙེན་པ་ཐེམ་པ། གསང་ཁྲིད་རིམ་ལྔའམ། ཐུགས་སྒྲུབ་ཀྱི་བསྐྱེད་རྫོགས་ལ་ངེས་ཤེས་ཐོབ་པའི་རྣལ་འབྱོར་པས། རང་གི་རྟོག་པ་བོགས་འདོན་པའམ། གདུལ་བྱ་གཞན་ལ་ཕན་པའི་ཕྱིར་དུ་གཉན་ཐོག་བཅད་པར་བྱ་སྟེ། དང་པོ་གང་དུ་འགྲོ་བསམ་པའི་གནས་དེ་གསང་བ་གལ་ཆེ་སྟེ། ང་འདི་ན་འགྲོ་རྒྱུ་ཡིན་མི་སྨྲ །གལ་ཏེ་རིངས་ཀྱང་ཟིལ་གནོན་འཕང་མ་ཚར་བར་དུ་གསང་བར་བྱའོ། །ཟིལ་གནོན་ནི། ཕཊཿ རང་ཉིད་རྣལ་འབྱོར་མ་མཐིང་ནག་འཇིགས་སུ་རུང་བའི་ཐུགས་ཀ་ནས་གནམ་ལྕགས་ཀྱི་རྡོ་རྗེ་རི་བོ་ཙམ་གཅིག་འཕྲོས་ནས། མདའ་འཕངས་པ་ལྟར་སོང་། གཉན་ས་དེ་ལ་ཕོག་པས་ས་གཞི་ཐམས་ཅད་རྩམ་གཞོང་བསིགས་པ་ལྟར་གྱུར། རི་ཉིལ་མཚོ་དཀྲུགས་ཤིང་ཐམས་ཅད་བཅག་ལམ་བསྣོགས་བྲག་དང་ཕ་ཝང་ཐམས་ཅད་ཆག་ནས་རྡུལ་དུ་བརླག །དེ་ནས་རྡོ་རྗེ་དེ་ཡོངས་སུ་གྱུར་པ་ལྟར་ཁྲོས་མ་མཐིང་ནག་དགུར་གྱུར་ཏེ། ཕྱོགས་མཚམས་བརྒྱད་དབུས་དང་དགུ་ནས་བསྲུངས་པས་ལྷ་འདྲེ་ཐམས་ཅད་གར་ཡང་འགྲོ་དབང་མེད་པར་བསྒོམ། ཡང་ས་ཆ་རྒྱུས་མེད་པ་ལ་ཟིལ་གནོན་འཕེན་པ་ནི། རང་ཕག་མོ་མཐིང་ནག་གི་ཐུགས་ཀ་ནས། གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་འཕྲོས་པས་ས་ཆ་དེ་རྩམ་གཞོང་བསིགས་པ་ལྟར་གྱུར། ཕཊཿ དེ་ཡོངས་སུ་གྱུར་པ་ལས་དཔའ་བོ་ཌཱ་ཀིར་གྱུར། དེ་རྒྱབ་མི་ནག་ལག་སྦྲེལ་གྱི་གུར། དེ་རྒྱབ་མུན་ནག་གི་གུར་ཁང་དུ་གྱུར་ནས། ལྷ་འདྲེ་ཐམས་ཅད་གར་ཡང་འགྲོ་དབང་མེད་པར་བསྒོམ། དེ་ནས་ཁྱིམ་ནས་སྒོར་འགྲོ་ཚེ། ཕཊཿ རང་གི་སྤྱི་བོར་བླ་མ་དང་ཀརྨ་ཐོད་ཕྲེང་རྩལ་བསྒོམས་ལ། ལུས་གདོན་གནས་གདོན་གྱིས་གཙོར་བྱས། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཕྱིར་གཉན་ས་རི་ཁྲོད་དུ་འགྲོ་སྙམ་དུ་སེམས་བསྐྱེད་ལ། ལུས་ལོངས་སྤྱོད་ཁ་རྗེ་དབང་ཐང་དང་བཅས་པ་ཀརྨ་ཐོད་ཕྲེང་རྩལ་ལ་ཕུལ་བར་བསྒོམ། གསོལ་འདེབས་ཀྱང་བྱ། དེ་ནས་ལུས་འདི་རོའི་ཚུལ། རིག་པ་འདི་རོ་ཁུར་མི། གཉན་ས་དེ་དུར་ཁྲོད། ལྷ་འདྲེ་རྣམས་བྱ་དང་གཅན་གཟན་གྱི་ཚུལ་དུ་དམིགས་ལ་གཉན་སའི་ས་མགོ་མ་མཐོང་བར་དུ་འགྲོ །ས་མགོ་མཐོང་ནས། ཕཊཿ རང་ཉིད་རྗེ་བཙུན་མ་དམར་མོ་གཅིག་ཏུ་གྱུར། མི་རྐང་གི་གླིང་བུ་ཚག་ཚག་འབུད་པས་ལྷ་འདྲེ་ཐམས་ཅད་འདར་ཆོམ་ཆོམ་བྱེད་ཅིང་། ལམ་དེའི་ལྷ་འདྲེ་ཐམས་ཅད་རང་དབང་མེད་པར་འདུས་ནས་རང་ལ་བསྐོར་ནས་འགྲོ་བར་བསྒོམ། མ་ཡེངས་པར་འགྲོ །ལམ་དུ་ཆུ་གཅིག་ཤིང་གཅིག་བྲག་ཟུར་ཕ་ཝང་རྟགས་ཅན་འདུག་ན། ཕཊཿ བརྗོད་ཅིང་། གཉན་སར་མ་ཕྱིན་བར་དུ་འགྲོ །དེ་ནི་ལམ་གྱི་དབང་སྡུད་དང་སོ་པ་གཟིར་བ་གཉིས་ཀ་ཡིན་ནོ། །དེ་ནས་གཉན་ས་དེར་ཕྱིན་ནས། ད་ཅིའི་ཟིལ་གནོན་དུས་ཀྱི་ཁྲོས་མ་དབུས་མ་དེ་རང་ལ་བསྟིམ། ཕཊཿ ཕྱོགས་མཚམས་ཀྱི་མཁའ་འགྲོ་ནག་མོ་བརྒྱད་དེས་སྔར་ལྟར་བསྲུངས་པས་གནས་དེའི་ལྷ་འདྲེ་དང་ལམ་ནས་ཁྲིད་པའི་ལྷ་འདྲེ་ཐམས་ཅད་གར་ཡང་འགྲོ་དབང་མེད་པར་བསྒོམས་ལ། ཕཊཿ བརྗོད་ཅིང་རྐང་དུང་འབུད་དོ། ༈ །དེ་ནས་གཉན་མིག་གསལ་བ་ནི། ཆུ་མིག་མགོ་གཅིག་པའི་མགོ །གཉིས་པའི་བར། མགོ་གསུམ་པ་ཡན་གྱི་འདུས་མདོ། །དགུ་ཡན་གྲངས་མེད་ཀྱི་དཀྱིལ་སྐམ་པ་ས་ཆ་གདུགས་རྒྱལ་མཚན་རིན་པོ་ཆེ་མཆོད་རྟེན་འདྲ་བའི་རྩེ། པདྨ་དཔལ་བེའུ་དུང་ཕུག་པ་འདྲ་བའི་དཀྱིལ། གསས་མཁར་མང་པོ་དང་སྨན་ཡམ་གྱི་དཀྱིལ། ལུང་གསུམ་དང་སྒང་གསུམ་གྱི་འདུས་མདོ། ཁང་པ་འདྲེ་ཅན་ལྷ་ཁང་དཀོར་ཁང་གི་སྒོ་ཐེམ། ཁང་རལ་གྱི་མཛོད་སྒོ །མཁར་གྱི་ཞོལ་ར། ཆུ་བོའི་ཁུག་སོ་དང་ཆུ་འདུས་སྣ། མཚོའི་དཀྱིལ་སྣ། སྒང་པོའི་སྣ། ཐང་ཆེན་ལམ་རྒྱ་གྲམ་ཚོང་འདུས་རྣམས་ཀྱི་དཀྱིལ། བྱ་དང་མི་དང་སྦལ་པ་གྱེན་དུ་རྒྱུག་འདྲའི་སྙིང་ཁ། གླང་ཆེན་གྱི་གཙུག །སེང་གེའི་གཡུ་རལ། དུད་འགྲོའི་རྭ་བར། ནགས་འཐུག་པོའི་སྲབ་ས། སྲབ་པའི་འཐུག་ས། མདོར་ན་གནས་དེའི་གནད་ཆེ་ཞིང་ཕར་ཞེན་པས། དཔེར་ན་མིའི་སྙིང་ལྟ་བུ་ལ་རང་འདུག་གོ །དུད་འགྲོའི་རྭ་རྩེ་གཅན་གཟན་མཆེ་བ་ལྟ་བུ་ལ་འདུག་མི་རུང་ངོ་། །དེ་ཡང་གཉན་ས་ཆེན་པོ་ཡིན་ན། གཅོད་དཔོན་རང་གང་གཉན་སར་བསྡད། དེ་མཆན་གཉན་ས་གཅིག་ན་ནད་པ་བཞག །དེ་མཆན་གཉན་ས་གཅིག་ལ་ཐབ་ཀ་བཅའོ། །ནད་པ་དང་གཅོད་དཔོན་ཐག་ཉེ་བ་གལ་ཆེའོ། །གཉན་ས་ཆུང་ན་གཉན་སར་ནད་པ་བཞག །དེ་མཆན་གཉན་སར་གཅོད་པ། དེ་མཆན་ཐབ་ཀ་བཅའོ། །ཡང་གཉན་སའི་ས་མིག་མ་རྙེད་པའམ། ན་བུན་གྱིས་བཏུམས་ནས་མ་རྙེད་ན། ཕཊཿ རང་ཉིད་ཕག་མོ་མཐིང་ནག་སྐུ་ལ་མི་ལྤགས་གསོལ་བར་བསམ། དྷ་དྲིལ་འཁྲོལ་ཞིང་ཕཊཿསྒྲ་དང་བཅས་པས་གར་སྟབས་འཆམས་ཤིང་ས་ཆ་དེར་བསྐོར་བ་བྱས་ལ། སྦྲིད་ཟིང་ངེ་བའམ། སྐྱི་ཤ་ཟ་བའམ། སྐྲག་ཛབ་པའམ། འཇིགས་འུབ་འུབ་པའམ། བག་དྲོ་བ་ཉམས་དགའ་ཡ་ལེ་བ། དེ་འདྲ་གར་བྱུང་ས་དེར་བསྡད། དེ་ནས་གུར་རམ་ཁྲ་ཐེར་ཅོག་པུའམ། གཡབ་དེར་ཕུབ་ལ། གུར་དེ་རྡོ་རྗེ་ཕག་མོ་སྐུ་མདོག་དཀར་མོ། ཆོན་ཐག་འཇའ་ཚོན་གྱི་དྲ་བ། ཆོན་ཕུར་རྣམས་རིགས་བཞི་མཁའ་འགྲོར་བསྒོམ། ཕུར་པ་རྣམས་ཤར་ནས་རིམ་པར། ཧ་བཛྲ་ཌཱ་ཀི་ནཱི་ཧཱུྃ༔ རི་རཏྣ་ཌཱ་ཀི་ནཱི་ཧཱུྃ༔ ནི་པདྨ་ཌཱ་ཀི་ནཱི་ཧཱུྃ༔ ས་ཀརྨ་ཌཱ་ཀི་ནཱི་ཧཱུྃ༔ ཞེས་དང་གུར་ལ། ཨོཾ་བྷུདྡྷ་ཌཱ་ཀི་ནཱི་ཧཱུྃ༔ དེ་ལྟར་བྱིན་གྱིས་བརླབས་ནས་མི་འགོང་པ་དམ་ཚིག་གོ །དེ་ནས་དེའི་ནང་དུ་ཉལ་ས་བདེ་མོ་གཅིག་བཅས། ས་དེའི་ཤིང་ལོ་སྣ་ཚོགས་བཏིང་། ཕཊཿ ཉལ་ཞབས་དེར་ལྕགས་ཁང་གྲུ་གསུམ་ཁ་རུབ་ལ་གཏིང་ཟབ་པ། རྒྱ་ཆེ་ལ་རྔམས་འཐུག་པ་གཅིག་ཏུ་གྱུར། སྟན་མཆན་ཁུང་དུ་བཅུག་ལ། ཕཊཿ རང་རྗེ་བཙུན་མ་དམར་མོ་ཕྱག་གཡས་གཡང་གཞི་གཡབ་ཅིང་། གཡོན་རྐང་གླིང་ཚག་ཚག་འབུད་པ་གཅིག་ཏུ་བསྒོམ། ཅོག་བུའི་ཕྱོགས་བཞིར་རྐང་དུང་འབུད། རང་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུར་འཕྲོས་པས་ལྷ་འདྲེ་ཐམས་ཅད་རང་དབང་མེད་པར་བཀུག་པར་བསྒོམ། ཕཊཿབརྗོད། ལྷ་འདྲེ་འདུས་རབ་གཉན་འབོད་བྱེད། ནད་པ་ཡོད་ན། ནད་པ་འདིའི་དང་པོ་ནད་ཀྱི་སྣ་འདྲེན་པ། བར་དུ་ནད་ཀྱི་ཚང་བཅའ་བ། ཐ་མ་ནད་ལ་མི་ཕན་པར་བྱེད་པ། ཚེ་ལ་རྐུ་བ་སྲོག་ལ་འཇབ་པ་ཐམས་ཅད་ཚུར་འདུས་ཤིག །ཅེས་འབོད་པ་བྱ། ལྷ་འདྲེ་ཐམས་ཅད་རང་གི་དྲུང་དུ་འཁོད། ཕྱི་ནས་མཁའ་འགྲོ་བརྒྱད་པོས་བསྲུངས་པས་འགྲོ་དབང་མེད་པར་བསམ། གནས་གདོན་ལུས་གདོན་གཉིས་ཞབས་ལྕགས་ཁང་དུ་ཚུད་པར་བསྒོམས་ལ་འགུག་གཞུག་ལན་གསུམ་བྱེད། གཉན་སར་ཇག་རྐུན་འོང་དོགས་ན། ཕཊཿ ལྕགས་ཁང་ཁ་ལྕགས་སྲོག་གི་དྲྭ་བས་བཀབ་པའི་དྲ་མིག་ཏུ་རྣིྲ་མགོ་མཐུར་བསྟན་གྲངས་མེད་ལས་བྱུང་བའི་ཇག་རྐུན་ཐམས་ཅད་མགོ་མཐུར་དུ་རྐང་པ་དྲྭ་བ་ལ་ཐོགས་པར་བསྒོམས་ལ་འགུག་གཞུག་སྐབས་སུ་བྱའོ། །དེ་ནས་སྟན་དེ་མི་ལྤགས་ཀྱི་གཡང་གཞིར་གྱུར་པས་ལྕགས་ཁང་དེའི་ཁ་བཀབ་པར་བསམས་ལ་སྟན་བཏིང་། དེ་ནས་རྐང་དུང་བུས་ལ། ནད་པ་ཡོད་ན་ལྷ་འདྲེ་ཐམས་ཅད་ལ་འབོད་པ་ཆེན་པོ་བྱས་ལ། ༈ འཽ་ལྷ་འདྲེ་ཁྱེད་རྣམས་ཉོན་ཅིག །མི་འདིའི་ལུས་ལ་ནད་བྱུང་ནས་འོང་བ་ཡིན་པས། མི་འདི་ད་ལྟ་ཉིད་ལ་སྐད་ཅིག་ཉིད་དུ་མནར་མེད་པའི་དམྱལ་བར་བསྐྱུར་ནས་གཏན་དུ་ཐར་དུས་མེད་པ་གཅིག་གྱིས། ལུས་འདི་ད་ལྟ་ཉིད་དུ་ཟོ་ལ་ལྷག་མ་ཏིལ་འབྲུ་ཙམ་ཡང་མེད་པ་གཅིག་ད་ལྟ་སྐད་ཅིག་ཉིད་དུ་གྱིས། ནད་རིགས་བཞི་བརྒྱ་རྩ་བཞི། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། བྱིས་པའི་གདོན་ཆེན་བཅོ་ལྔ། གློ་བུར་ཉི་ཁྲི་ཆིག་སྟོང་ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཐམས་ཅད་ད་ལྟ་སྐད་ཅིག་ཉིད་ལ་ཐོངས། ན་མི་ཐུབ་ཤི་མི་ཐུབ་དབུགས་ཕྱི་ནང་དུ་རྒྱུ་མི་ཐུབ་པ་གཅིག་ད་ལྟ་ཉིད་ལ་མ་བྱེད་པ་ན་ར་ཀན། ད་ལྟ་ཉིད་དུ་དེ་མི་བྱེད་ན་ནད་འདི་དང་གདོན་འདི་ལོང་། ལུས་དང་ལུས་གདོན་ཕྲོལ། གལ་ཏེ་དེ་གཉིས་གཅིག་མི་བྱེད་ན། ང་གནས་འདིར་ཅི་སྲིད་འཁོར་བ་མ་སྟོང་གི་བར་དུ་འདུག །མཛེ་ཤ་དམེ་ཤ་ནལ་ཤའི་ཐང་མར་བརྡལ། མཛེ་ཁྲག་དམེ་ཁྲག་ཡུག་ས་མའི་མངལ་ཁྲག་དུག་ཁྲག་གི་རྒྱ་མཚོ་བསྐྱིལ། དཀར་ཐབ་དམར་ཐབ་སྔོ་ཐབ་སྣ་ཚོགས་བཏང་། རྫས་རྒོད་ཀྱི་དུ་བས་ཡུལ་ཁམས་བཀང་། བྲག་བཤིགས་ཤིང་གཅོད་མཚོ་དང་ཆུ་མིག་དཀྲུག །རི་བསྙིལ་གསས་མཁར་བརྫོགས། གནམ་ས་ཁ་ཞབས་བཟློག །ནམ་མཁའ་འདི་མ་ཞིག་གི་བར་དུ་ཁྱོད་ལྷ་འདྲེ་རྣམས་དང་འབྲལ་བ་མེད་པར་སྐད་ཅིག་ཀྱང་གཡོ་འགུལ་མི་བྱེད་དོ། །ཞེས་བརྗོད། དེ་བསམ་ཡང་བསམ། དེ་བས་ད་ལྟ་ཉིད་དུ་ཕྲིན་ལས་སྒྲུབས་ཤིག །ཕཊཿ །ཅེས་ལན་གསུམ་བརྗོད། ནད་པ་མེད་ན་ལྷ་འདྲེ་ལ་འབོད་པ་བྱས་ལ། ཁྱོད་རྣམས་ཉོན་ཅིག །ཁྱོད་རྣམས་ལ་བདག་གིས་དམ་པའི་ཆོས་བཤད། བྱང་ཆུབ་ཏུ་སེམས་བསྐྱེད་ནས་སངས་རྒྱས་ཀྱི་ས་ལ་འགོད་པའི་ཕྱིར་འོང་བ་ཡིན་པས། བདག་གི་ཕྲིན་ལས་སྒྲུབས་ཤིག །ཆར་འབོད་ཡིན་ན། སེམས་ཅན་ཐམས་ཅད་མུ་གེའི་འཇིགས་པ་ལས་སྐྱོབ་པའི་དོན་དུ་ཆར་འབེབ་པའི་ཕྱིར་དུ་འོང་བ་ཡིན་པས། འཛམ་གླིང་ཁྱབ་པའི་ཆར་ཆེན་པོ་ཕོབ། གལ་ཏེ་དེ་ཙམ་མེད་ན་ཡུལ་ཆེ་གེ་རྣམས་སུ་ཆར་ཆེན་པོ་ཕོབ། དེ་ལྟར་མི་བྱེད་ན། ཞེས་སོགས་གོང་ལྟར་བརྗོད། དེ་ནས་སྟན་ཐོག་ཏུ་འདུག་པ་དང་མཉམ་དུ། རང་ཉིད་ཁྲོས་མ་མཐིང་ནག་འཇིགས་སུ་རུང་བ་ཐོ་བ་དང་ལྕགས་ཀྱུ་བསྣམས་པར་བསྒོམ། ཧཱུྃ་ལན་བདུན་བརྗོད་པས་སྐུ་ལས་ཁྲོ་མོ་རང་འདྲ་བ་གྲངས་མེད་པ་འཕྲོས་པས། ཕྱི་རོལ་ཐམས་ཅད་ཁྲོ་མོའི་གུར་དུ་གྱུར་ནས་ལྷ་འདྲེ་གར་ཡང་འགྲོ་དབང་མེད་པར་གྱུར་པས། ཟིལ་གྱིས་ནོན་ནས་རང་ལ་ཐལ་མོ་སྦྱར་ནས་བཀའ་ཉན་པར་བསྒོམ། ཕཊཿ མདུན་གྱི་ནམ་མཁར་སྐྱབས་ཡུལ་དཀོན་མཆོག་གསུམ་དང་ཐུགས་སྒྲུབ་ཀྱི་ལྷ་ཚོགས་ཐམས་ཅད་ནམ་མཁའ་ལ་སྤྲིན་ཕུང་ལྟར་བཞུགས་པར་བསྒོམ། ཕཊཿ རང་ཉིད་ཐ་མལ་པར་གྱུར་ཏེ་ལྷ་འདྲེ་རྣམས་ཀྱང་རང་གི་རམ་བུ་བཀྱག་ནས་སྐྱབས་འགྲོ་སེམས་བསྐྱེད་མཉམ་དུ་བྱེད་པར་བསྒོམས་ལ། ཀྱེ་མ་ཀྱེ་མ་མི་རྟག་འཁོར་བའི་ཆོས༔ ཞེས་སོགས་བརྗོད་ཅིང་ལྷ་འདྲེ་ལ་སྙིང་རྗེ་བསྐྱེད་ཅིང་། ན་མོ་འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ ཞེས་སོགས་གཞུང་ལྟར་སྐྱབས་སེམས། རྡོར་སེམས་སྒོམ་བཟླས། མཎྜལ་བླ་མའི་རྣལ་འབྱོར་རྣམས་བྱ། དེ་ནས་གཉན་མིག་ཏུ་ཐབ་ཁ་བཅས་ལ། འོ་ཅི་སྲིད་སངས་མ་རྒྱས། བྱང་མ་ཆུབ། བྱམས་པ་མགོན་པོ་མ་བྱོན་བར་དུ། ལྷ་འདྲེ་ཁྱེད་རྣམས་དང་འབྲལ་བ་མེད་པར་གནས་འདི་ན་ཕོ་བྲང་བཏབ་པ་ཡིན་ནོ། །བརྗོད། ཐབ་གསུར་ཤོར་དོགས་ན་ཐབ་འཕྲག་ཡང་བྱེད་ཐབས། དང་པོ་ནས་སྣོད་གཅིག་ཏུ་འོ་མ་ཆང་ཇ་སོགས་བླུགས་ལ་དེའི་ནང་དུ་མེ་གཅིག་བཅུག་ལ། གཅིག་གིས་ཐབ་ཐལ་ཞེས་འབོད་དོ། །གལ་ཏེ་ཐབ་གསུར་ཤོར་ན། གཅོད་པ་སློབ་དཔོན་ཐམས་ཅད་ཁྲོས་མ་དམར་མོར་བསྒོམས་ལ། ཀུན་གྱི་ཐབ་འདུལ་བརྗོད་ཅིང་ཕཊཿམང་དུ་བརྗོད་པས་ཐུགས་ཀ་ནས་གསེར་གྱི་རྡོ་རྗེ་དང་ལྕགས་ཀྱི་རྡོ་རྗེ་གཉིས་རེས་མོས་སུ་འཕྲོས་ནས། ཁོའི་གནས་ཁང་བཤིགས་ནས་ཁོ་ལ་རྒྱབ་བསྡིགས་བྱས་པས་གར་ཡང་འགྲོ་དབང་མེད་པར་བསྒོམ། ཡང་ན་ཐབ་འདུལ་དམིགས་པ་ནི། རང་གི་ཤ་ཁྲག་ཉིལ་གྱིས་སོང་བ་ལྷ་འདྲེ་ཐབ་བདག་ཐམས་ཅད་ཀྱིས་ཟོས་འཐུང་ཚིམ་ཞིང་དགྱེས། ཐབ་བདག་དེའི་ནད་དང་ཐབ་ཀྱི་རླངས་པ་ཐམས་ཅད་ལ་ཐིམ་པར་བསམ། ཐབ་ཀྱི་ནད་དང་ཐབ་རླངས་ཐམས་ཅད་བདག་ལ་ཐིམ་པར་གྱུར། ཕཊཿ ཅེས་བརྗོད་དེ། དམིགས་མེད་དུ་བཞག །འདི་ཚོའི་དམིགས་པ་ཀུན་གྱིས་བཟུང་བ་གལ་ཆེའོ། །དེ་མིན་ཐབ་གསུར་ཤོར་ན་ཤུ་ཐོར་འོང་བས་ཇ་ཧུབ་ནམ་འཕུར་ཤོར་ཡང་དམིགས་པ་བྱ་དགོས། དེ་རྣམས་སྔོན་འགྲོ་ཡིན་ནོ། །ྀཨཚ། ས་མཱ་ཡ། དངོས་གཞི་ལ། དཀར་བགེགས་ནི་མི་བྱེད། དེ་མིན་མཆོད་གཏོར་ཡང་བསྡུས་པ་གཅིག་བཤམ། ལྷ་འདྲེ་དེ་རྣམས་སངས་རྒྱས་ཀྱི་ས་ལ་འགོད་པའི་ཆེད་དུ་བསྐྱེད་རྫོགས་ཉམས་སུ་ལེན་པར་བྱ་སྙམ་དུ་སེམས་བསྐྱེད་ལ། རང་གིས་རྒྱུན་ཁྱེར་གྱི་ཐུགས་སྒྲུབ་མང་ཉུང་གང་རུང་ངམ། ཉུང་བ་ཙམ་བྱས། དེ་ཡང་མཚམས་གཅོད་ནི་མི་བྱེད། ཐུན་མཚམས་ཡིན་པས་ཐུན་རེ་མ་རྫོགས་བར་སྲུང་འཁོར་ལྕགས་ཁང་གི་ཁ་དེར་བསྒོམ་ཆོག །གཏོར་བསྔོས་སོགས་ཚང་བར་བྱས། ཐུན་བསྡུས་མི་དམིགས་པར་བྱས། དེ་ནི་སྔ་ཕྱི་ནམ་བྱེད་ཀྱང་ཐུན་ལ་མི་བརྩི། དེ་མིན་པའི་ཐུན་རི་བོས་གསེར་ཞུ་གྱོན་དུས། ཉིན་ཕྱེད་དང་པོ། གྲིབ་ཆེན་འདུས་དུས། སྲོད་སྐར་མ་ཤར་དུས་མཚན་ཕྱེད་དང་དུས་དྲུག་ལ་ཐུན་བཟུང་། ཐུན་དྲུག་ཀ་ལ་དང་པོ། ཕཊཿ རང་ཉིད་རྗེ་བཙུན་མར་གསལ་བའི་ཐུགས་ཁ་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུར་འཕྲོས། གནོད་བྱེད་ཐམས་ཅད་དང་སྣང་སྲིད་ཀྱི་ལྷ་འདྲེ་ཁྱད་པར་དུ་གནས་གདོན་དང་ལུས་གདོན་ཐམས་ཅད་རང་དབང་མེད་པར་བཀུག་ལ། ཐམས་ཅད་ཁྲོམ་ཚོགས་པ་ལྟར་རང་གི་མཐའ་སྐོར་དུ་དཔུང་ངེ་བཀོད། གནོད་བྱེད་རྣམས་འོག་གི་ལྕགས་ཁང་དུ་ཚུད་པར་དམིགས། ཀྱེ་མ་འདི་ཐམས་ཅད་འཁོར་བ་མཐའ་མེད་དུ་འཁྱམས་ཤིང་ད་རུང་ཡང་ངན་སོང་དུ་ཡང་ནས་ཡང་དུ་འཁོར་བ་འདི་སྙིང་རེ་རྗེ། ཞེས་ཞེ་ཐག་པ་ནས་བསྒོམས་ལ། ཀྱེ་མ་ཀྱེ་མ་མི་རྟག་འཁོར་བའི་ཆོས། ཞེས་རྒྱང་འབོད་བྱེད། མདུན་གྱི་ནམ་མཁར་རྩ་བ་གསུམ་གྱི་ལྷ་ཚོགས་དམིགས་ལ། ལྷ་འདྲེ་དང་རིགས་དྲུག་ཐམས་ཅད་ཀྱིས་རམ་བུ་བྱེད་པར་བསམས་ལ། སྐྱབས་འགྲོ་སེམས་བསྐྱེད་གཞུང་ལྟར་བྱེད། རྡོར་སེམས་མཎྜལ་བླ་མའི་རྣལ་འབྱོར་བྱས་ལ། བླ་མ་སྤྲུལ་སྐུའི་གསོལ་འདེབས་སོགས་དང་ཐུགས་སྒྲུབ་གསོལ་འདེབས་སོགས་བྱས། དེ་ཡང་རང་དང་ནད་པའི་ནད་གདོན་ཞི་བའི་ཕྱིར་སྐྱབས་འགྲོ་སོགས་བྱས་ན་མི་རུང་བས། ལྷ་འདྲེ་འཁོར་བའི་སྡུག་བསྔལ་ལས་སྐྱོབ་པའི་ཕྱིར་སྐྱབས་འགྲོ །ལྷ་འདྲེ་བྱང་ཆུབ་ཐོབ་པའི་ཕྱིར་དུ་སེམས་བསྐྱེད། ལྷ་འདྲེ་ཚོགས་རྫོགས་ཕྱིར་མཎྜལ། ལྷ་འདྲེའི་རྒྱུད་བྱིན་གྱི་བརླབ་ཕྱིར་བླ་མའི་རྣལ་འབྱོར་དང་གསོལ་འདེབས་བྱེད་པ་ཡིན། བྱེད་ལུགས་འདྲ་སྟེ་བསམ་ལུགས་མི་འདྲའོ། །དེ་ཡང་སྐྱབས་ཡུལ་རྣམས་མཁའ་ལ་མི་བསྡུ་བར་བཞག །དེ་ཟིལ་གནོན་ཡང་ཡིན། མཎྜལ་དེ་ལ་འབུལ། རྡོར་སེམས་དུས་ལྷ་འདྲེ་ཐམས་ཅད་དང་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོར་རྡོར་སེམས་བསྒོམས་ལ་བདུད་རྩིའི་རྒྱུན་གྱིས་བཀྲུ་བར་བྱེད། རྡོར་སེམས་ཐམས་ཅད་རང་གི་རྡོར་སེམས་ལ་བསྟིམས་ནས་རང་ལ་བསྟིམ་པ་སོགས་བྱ། བླ་མའི་རྣལ་འབྱོར་དུས་ཀྱང་བླ་མའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། ལྷ་འདྲེའི་གནས་གསུམ་ལ་ཐིམ་པས་རྒྱུད་སྨིན་ཅིང་གྲོལ་བར་བསྒོམ། དེ་ནས་རང་ལ་བྱང་སེམས་ཀྱི་དབང་བསྐུར་སོགས་གཞུང་ལྟར་བྱས། དེ་ནས་རང་ཉིད་སྐད་ཅིག་ཐུགས་རྗེ་ཆེན་པོར་བསྒོམས་ལ། གནོད་བྱེད་ལྷ་འདྲེས་གཙོ་བྱས་སེམས་ཅན་ཐམས་ཅད་ཕ་མ་དྲིན་ཆེན་ཁོ་ན་ཡིན། འདི་ཐམས་ཅད་བདེ་བ་ཐམས་ཅད་དང་ལྡན། བདེ་བའི་རྒྱུ་དགེ་བའི་རྩ་བ་ཕུན་སུམ་ཚོགས་པ་དང་ལྡན་ན་ཅི་མ་རུང་། ཞེ་ཐག་པ་ནས་བསྒོམས་ལ། དབུགས་ཕར་བཏང་བ་དང་མཉམ་དུ་རང་གི་དགེ་བ་དང་བདེ་བ་ཐམས་ཅད་གདོན་དང་གཞི་བདག་གིས་གཙོས་པའི་སེམས་ཅན་ཐམས་ཅད་ལ་གཅིག་ཀྱང་མ་ལུས་པར་སིབ་ཀྱིས་ཐིམ་པས། ཁོང་རྣམས་གནས་སྐབས་སུ་བདེ་སྐྱིད་ཕུན་སུམ་ཚོགས་ནས། མྱུར་དུ་སངས་རྒྱ་བའི་སྐལ་པ་ཅན་དུ་གྱུར་པར་བསྒོམས་ལ། བདག་གི་བདེ་དགེ་མ་ལུས་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །ཅེས་བརྗོད། ལྷ་འདྲེ་དང་གནོད་བྱེད་ཀྱིས་གཙོ་བྱས་སེམས་ཅན་ཐམས་ཅད་སྔར་ཡང་འཁོར་བ་མཐར་མེད་དུ་འཁྱམས། ད་རུང་ཡང་གནོད་སེམས་དང་གདུག་རྩུབ་ཀྱིས་ངན་སོང་མཐའ་མེད་དུ་འཁྱམ་དགོས་པ་སྙིང་རེ་རྗེ། འདི་རྣམས་འཁོར་བའི་སྡུག་བསྔལ་ཐམས་ཅད་དང་བྲལ། སྡུག་བསྔལ་གྱི་རྒྱུ་སྡིག་པ་མི་དགེ་བའི་བསམ་སྦྱོར་དང་བྲལ་ན་ཅི་མ་རུང་། ཞེ་ཐག་པ་ནས་བསྒོམ། རླུང་ཚུར་རྔུབ་པ་དང་བསྟུན། ལྷ་འདྲེ་གཞི་བདག་གནོད་བྱེད་ཀྱིས་གཙོས་བྱས་སེམས་ཅན་ཐམས་ཅད་སྡུག་བསྔལ་སྡིག་སྒྲིབ་ཐམས་ཅད་གཅིག་མ་ལུས་ཚུར་སིབ་ཀྱིས་རང་གི་ཐུགས་ཀའི་ཧྲཱིཿཡིག་ལ་ཐིམ་པས། མེ་ལྕེ་ལ་ཤིང་བསྣན་པ་ལྟར་སྒྲིབ་པ་དང་སྡུག་བསྔལ་ཐམས་ཅད་སང་གིས་བསྲེགས་ནས། རང་དང་ཧྲཱིཿཡིག་སྔར་བས་བཀྲག་མདངས་རྒྱས་པར་བསྒོམ། ལྷ་འདྲེ་སེམས་ཅན་ཐམས་ཅད་ཟག་མེད་ཀྱི་བདེ་བ་དམ་པ་དང་མ་བྲལ་ན་དགའ་བ་ལ་སྙམ་པ་དང་། ལྷ་འདྲེ་སེམས་ཅན་ཐམས་ཅད་ཕ་མ་ཡིན་པར་མཉམ་པས་ཐམས་ཅད་ཁྱད་མེད་པའི་བཏང་སྙོམས་བསྒོམ། རྒྱས་པར་སྤྲོ་ན་ལུས་སྦྱིན་མང་ཉུང་གང་རིགས་གཅིག་ཁ་སབ་རུང་ལ། མ་བྱས་ཀྱང་རང་གཞུང་འདིས་ཆོག་པས། ཉམས་ལེན་རྩ་བ་ཆོས་སྤྱོད་ལམ་རིམ་ནས་གསུངས་པའི་ཀུ་སུ་ལུ་པའི་ཚོགས་གསོག་དང་། གསང་ཁྲིད་གཞུང་གི་ཐོད་ཞལ་མའི་དམིགས་པ་འདི་གཉིས་ཡིན་པས། ཐུན་རེ་ལ་དམིགས་པ་བརྒྱ་རྩའམ། ལོ་གྲངས་སམ་ཉེར་གཅིག་གམ། ཟིན་དཀའ་ན་ཚར་བདུན་རེ་ཙམ་བྱེད། དེ་ཡང་ནམ་མཁའ་གོ་འབྱེད་དུས་བསྲེ་བ་གལ་ཆེ་སྟེ། རང་གི་ལུས་ཀྱི་ནང་དུ་རྩ་དབུ་མ་གསང་གནས་ནས་སྤྱི་གཙུག་བར་དུ་སྦ་ལྕག་ཙམ་ཟང་ཐལ་དུ་ཡོད་པར་བསྒོམས་ལ། ལྟེ་འོག་སོར་བཞི་ན་རང་གི་རྣམ་ཤེས་བླ་ཚེའི་ངོ་བོ་ཐིག་ལེ་དཀར་དམར་མདངས་ཅན། བྱ་མ་སར་གྱི་སྒོ་ང་འམ། རྒྱ་སྲན་རློན་པ་ཙམ་གཅིག་བསྒོམ། དེ་ནས་ནད་པ་དང་འཁོར་དང་རྟ་ཁལ་རྣམས་ཀྱི་རྣམ་ཤེས་ཐིག་ལེ་སྦར་པ། གསང་གནས་ནས་ལྟེ་འོག་རང་གི་ཐིག་ལེ་ལ་བསྟིམ། དེ་ནས་ཕཊཿཅེས་ཐིག་ལེ་སྤྱི་བོ་ནས་རྒྱང་སྟེ་ཐོན་ནས། སྤྱི་བོའི་ནམ་མཁའ་ལ་རྡོ་རྗེ་ཕག་མོ་གཞུང་ལྟར་གསལ་བའི་ཐུགས་ཀར་བསྟིམ། རྣལ་འབྱོར་མ་ཡང་རྩ་བ་གསུམ་གྱི་ལྷ་ཚོགས་ལ་ཐིམ། དེ་ཡང་འཇའ་ཡལ་བ་ལྟར་དམིགས་མེད་དུ་དར་གཅིག་བཞག་ལ་དབྱིངས་རིག་བསྲེ། སླར་ཡང་རང་སེམས་རྗེ་བཙུན་མ་ཆུ་ལ་ཉ་ལྡང་བ་ལྟར་བྱོན། འཁོར་དང་རྟ་ཁལ་ནད་པའི་རོ་རྣམས་རང་གི་རོ་ལ་བསྟིམ། དེ་ནི་རོ་བསྲེའོ། ༈ །དེ་ནས་བདག་གི་ལུས་ཚོགས་མཆོད་དམིགས་པ་ནི་ཁྲིད་གཞུང་ལྟར་ཡིན་ལ། ཕཊཿ དཀར་འགྱེད་ནི་རོ་དེ་བདུད་རྩི་འོ་མའི་རྐྱལ་པ་ལྟ་བུ་དཀར་གསུམ་མངར་གསུམ་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་ལ་སོགས་པར་གྱུར་ནས་དཀོན་མཆོག་མཆོད། ཕཊཿ བསྟེན་རྫས་བསྒྲུབ་རྫས་སུ་གྱུར་ནས་ཆོས་སྐྱོང་བསྐང་། ཕཊཿ རང་གི་ཙིཏྟ་འདོད་པའི་བཟའ་གཏུང་ལོངས་སྤྱོད་དུ་གྱུར་ནས་རིགས་དྲུག་ཚིམ། ཕཊཿ ལན་ཆགས་བུ་ལོན་བྱང་། ཕཊ༔ འབྲུ་སྨན་རིན་ཆེན་དར་ཟབ་གོ་ཁྲབ་ཏུ་གྱུར་ནས་གཞི་བདག་མཉེས། ཕཊཿ བདུད་རྩི་ཀླུ་སྨན་སྣ་ཚོགས་སུ་གྱུར་ནས་ཀླུ་ནད་སེལ་བར་བསྒོམ། ཕཊཿ དབང་ཆུང་བ་རྣམས་རང་རང་གི་ལོངས་སྤྱོད་ཅི་འདོད་པའི་ལྷག་མ་ཐོབ་པར་དམིགས། ༈ དམར་འགྱེད་ནི། ཕཊཿ རང་ཉིད་རྗེ་བཙུན་མས་གྲི་གུག་གིས་ལྤགས་པ་བཤུས་ནས་བཏིང་ནས་སྟོང་གསུམ་ཁྱབ། དེའི་སྟེང་དུ་བམ་རོ་ལ་གྲི་གུག་ཚད་ཙམ་གྱིས་ཤ་རི་ཁྲག་མཚོ་བཙོས་བསྲེགས་རློན་གསུམ་ཅི་འདོད་པར་གྱུར་པ་ལ། ལྷ་འདྲེ་ཤ་ཁྲག་ལ་དགའ་བ་ཐམས་ཅད་ཀྱིས་ལྷག་མེད་དུ་ཟོས་པས་དགའ་མགུ་ཡི་རང་བར་བསྒོམ། དེ་ནས་ཐུན་མཚམས་ཐམས་ཅད་དུ་ནད་པའི་དོན་ཡིན་ན་ནད་སོ་སོའི་དམིགས་པ་གཞན་ནས་འབྱུང་བས་རྒྱས་བཏབ་པའམ། རང་གཞུང་གེགས་སེལ་ནས་བྱུང་བའི་དམིགས་པ་གནད་དུ་བསྣུན། བོགས་འདོན་ཡིན་ན། བྱམས་སྙིང་རྗེ་སྒྱུ་ལུས་བསྐྱེད་རིམ་སྟོང་ཉིད་གང་ལ་བོགས་འདོན་པ་དེའི་དམིགས་པ་གཞུང་ན་ཡོད་ལྟར་འབད། དེ་ལྟར་བྱས་པས་སློང་རྟགས་མ་བྱུང་ན། རང་ཉིད་རྗེ་བཙུན་མ་ནག་མོ་འཇིགས་སུ་རུང་བར་བསྐྱེད་ལ་བརྟུལ་ཞུགས་བྱ་སྟེ། མཚོ་ཡིན་ན་ཕྱག་གཡས་གསེར་གྱི་རྡོ་རྗེས་མཚོ་དེ་དང་ཀླུའི་ཕོ་བྲང་ཐམས་ཅད་དཀྲུག་པར་བསྒོམ། ན་བ་ལ་ཕྱག་ན་འཇོར་བསྣམས་པས་ཁོའི་གནས་ཁང་དང་བཅས་པ་རྨིངས་ནས་རློག་པར་བསྒོམ། བྲག་ལ་ཕྱག་གཡས་གནམ་ལྕགས་གྱི་རྡོ་རྗེ་ཁོའི་གནས་ཁང་ལ་བརྒྱབ་པས་ཤིག་ཤིག་བྱེད་པར་བསྒོམ། ཤིང་ལ་ཕྱག་ན་གསེར་གྱི་ཟོར་བ་བསྣམས་པས་ཁོའི་བ་སྤུ་སྨ་ར་ཨག་ཚོམ་ཅོ་ཐོ་ཐམས་ཅད་བྲེག་པར་བསྒོམ། རི་ལ་རྡོ་རྗེ་བརྒྱབ་པས་ཐལ་ཕུང་ལ་གྱད་བརྒྱབ་པ་ལྟར་བསྒོམ། དེ་རྣམས་དངོས་སུ་གཞུང་ནས་བྱེད་པ་ལྟར་གསུངས་ཀྱང་། དངོས་སུ་བྱེད་ན་ཤན་པ་ལག་དམར་དང་འདྲ་བར་གསུངས་པས། ཡིད་ཀྱིས་བྱེད་རྒྱུ་ཡིན་ནོ། །ཐབ་བཏད་གསུངས་པ་ཡང་དངོས་སུ་མི་རུང་བས། དམིགས་པ་དཀར་ཐབ་དམར་ཐབ་ཆེན་པོ་གཉན་ས་དེར་བཏང་རྒྱུ་འུར་རི་ཉིལ་བ་ཙམ་དུ་བསྒོམ་མོ། །གཞུང་ལྟར་ཕུར་པ་ཐོགས་ལ་སྟངས་སྟབས་འཆམ་མོ། །དེ་ཡང་མགར་བ་དང་སོལ་ཁང་མགར་བྱེད་པ་རྨི་བ་ཉམས་ལ་ལྕགས་རྡུང་བའི་སྒྲ་དང་། ས་འོག་ནས་སྒྲ་གྲགས་པ་རྐང་པ་སྦྲིད་ཆིལ་ཆིལ་བྱེད་ན་སྟེང་འོག་གི་ཐོག་ཡོད་ལ། ཚྭ་ཚྭ་དང་ཟེར་སྒྲ་ཙིར་སྒྲ་གྲགས་ན་ད་ལྟ་ཉིད་དུ་འོང་། ཐོག་སྲུང་སྟེང་གི་ནམ་མཁར་གསེར་གྱི་འཁོར་ལོའི་ལྟེ་བར་ཤཱཀྱ་ཐུབ་པ། རྩིབས་སྟོང་ལ་སངས་རྒྱས་སྟོང་། རང་ཉིད་རྗེ་བཙུན་མ་རིགས་ལྔས་དབུ་བརྒྱན་པའི་ཐུགས་ཀར་ཉི་ཟླ་ཁ་སྦྱོར་ནང་དུ་ནད་པ་རྟ་ཁལ་བསྲུང་བྱ་ཐམས་ཅད་བཙུད། རང་གྱི་ཕྱོགས་མཚམས་མཁའ་འགྲོ་མའི་རྭ་གུར། རྐང་ཞབས་སུ་གཡུའི་གྲོད་པ་ཆེན་པོ་གཅིག་བསྒོམ་ལ་ཐོག་སྲུང་ཡིན། རང་གི་ཐུགས་ཀ་ནས་གསེར་གྱི་རྡོ་རྗེ་འཕྲོས་ཐོག་སེར་བདག་པོ་དང་བཅས་པ་མཐའི་རྒྱ་མཚོའི་ཕར་འགྲམས་སུ་རྒྱང་བཏང་བར་བསྒོམས་ལ་ཕཊཿདྲག་ཏུ་བརྗོད་སྡིགས་མཛུབ་བྱའོ། །དེ་ནས་དགེ་སྦྱོར་ཐུན་དུ་བཅད་པས་སློང་ཚད་ནི་དངོས་སུ་ཡང་རང་ལ་མ་ཉེས་ཁ་ཡོག་དང་འབར་ཤ་སྐུར་འདེབས་བྱེད་པ། བཀྱིག་བརྡུང་གསོད་གྲབ་བྱེད་པ། སློབ་དཔོན་མཆེད་གྲོགས་སྔར་མཐུན་པ་རྣམས་བྱེ་བ་འགྲས་པ། འབྲུག་གློག་ཐོག་སེར་རླུང་ཐོག་རྦབ་འོང་བ། འབོད་པ་འགྲམ་ལྕག་རྡེག་པ། སྐྲགས་ཟིང་བ་སྤུ་ལོང་བ་ལུས་བསྔངས་ཤིང་རྔུལ་བ་འོང་། རྨི་ལམ་དུ་ཡང་ཆོ་འཕྲུལ་སྣ་ཚོགས་བརྗོད་ཀྱིས་མི་ལང་ངོ་། ནང་སློང་ནད་སྣ་ཚོགས་དང་གློ་བུར་དུ་སྐྲགས་སྔངས་འབྱུང་ངོ་། །གསང་སློང་ཐེ་ཚོམ་འཁུ་འཁྲིག་དང་ཉོན་མོངས་ཀྱི་རྣམ་རྟོག་སྣ་ཚོགས་སྔར་བས་ཆེ་བ་འབྱུང་ངོ་། ཁྱད་པར་དུ་གཟུགས་མཛེས་པར་སྤྲུལ་ནས་བསླུ་བ་དང་། མི་སྡུག་པར་སྤྲུལ་ནས་མ་སྡོད་ཟེར་བ་དང་། འཆི་དུས་འདེབས་པ་དང་། ལྷ་དང་བླ་མར་སྤྲུལ་ནས་ཆོས་དང་འགལ་བའི་ལུང་སྟོན་པ་རྣམས་སློང་ཚད་དོ། །དེ་ནས་ཉམས་ལེན་ངང་ལ་བསྡད་པས། ཆོད་ཚད་དམ་ཚར་ཚད་ནི། ནད་པ་ཡོད་ན། རུ་བ་སྐྱས་པ་ཚོང་པའི་སྒར་བཀྱག་པ། དམག་འུར་བྲོས་ཞོག་དང་། སྐྱེ་ཤིང་ཆག་པ། ཆུ་མིག་སྐམ་པ། བཅིང་ཐག་བཅད་པ། བུད་མེད་ངུ་བ་དང་། བུད་མེད་ཤི་བ་བསྲེགས་པ། དུད་འགྲོ་བཏག་པ་གྲོལ་བ། ཟས་ནོར་མི་ལ་ཤོར་བ། གོས་ཕུད་པ། གཅེར་བུར་བུད་པ། གྲོང་ཞིག་པ། ཁོང་ཁྲག་ཤད་པ། ཁྲུས་བྱེད་པ། ངོ་ཤེས་པའི་སེམས་ཅན་ཤི་བ་དང་བསྲེགས་པ་དང་། ཤ་ཉེ་ཤི་བ་དང་། ནོར་ཤོར་བ་ཆུ་སྐམ་པ། ཤིང་སྐམ་པ་རི་མེ་ཤོར་བ། སྲོ་ཤིག་འབུ་སྲིན་སེམས་ཅན་བུད་པ། གོས་རུལ་ཕུད་པ། སྐྱུག་སྦྱངས་དྲི་ཆེན་དྲི་ཆུ་འདོར་བ། ལུད་སྙིགས་ཕྱག་པ། ལྷ་ཁང་འགྱེལ་པ། ཁྲག་རྣག་ཆུ་སེར་འཛག་པ། ན་ཚ་སྔར་བས་ཆུང་ཞིང་ལུས་ཡང་ཟ་མ་འདོད་པ་རྣམས་ནད་ཆོག་རྟགས་སོ། ༈ །ནད་པ་མེད་ན་འཐབ་པ་དུ་མ་བྱས་པ། ཕོ་བྲང་བསྟན་པ། གློ་སྙིང་སོགས་སྲོག་འཕྲོག་པ། ཚུར་གཏད་པ། མེ་ཏོག་དཀར་སེར་ཐུ་བ་དང་། ཆོ་འཕྲུལ་ཞི་བ་སོགས་བཟང་རྟགས་སྤྱི་དང་མཐུན་ཞིང་། ཕྱག་འཚལ་ཞིང་རྫས་ཁྱད་པར་ཅན་སྟེར་ན་ཚར་ཚད་ཡིན་ནོ། །དེ་ཡང་དངོས་སུ་འབུལ་བ་སོགས་སྙད་སྙོད་མེད་པར་བྱུང་ན་ཆོད་རྟགས། ཟས་ནོར་སྙད་སྙོད་མེད་པར་བྱུང་ན་མ་ཆོད་པའོ། །རྨི་རྟགས་བཟང་ཡང་ཡིད་མི་བདེ་ན་མ་ཆོད། རྨི་ལྟས་ཚར་ཚད་བརྡའ་ཅི་བྱུང་བས་ཡིད་བདེ་ན་ཆོད་རྟགས་སོ། །དད་པ་དག་སྣང་སྐྱེ་བ། ཏིང་འཛིན་གསལ་བ། རྟོགས་པ་ལ་བོགས་བྱུང་ན་ཆོད་རྟགས་སོ། །དེ་ཡང་ངོ་ཤེས་པ་རྣམས་ལུས་གདོན། ངོ་མི་ཤེས་པ་རྨི་བ་གནས་གདོན། དང་པོ་ངོ་ཤེས་པ་རྒྱབ་ནས་ངོ་མི་ཤེས་པར་འགྱུར་ན། གནས་གདོན་ལུས་གདོན་དུ་བརྫུས་པ་ཡིན། དང་པོ་ངོ་མི་ཤེས་པ་དེ་ནས་ཤེས་པར་འགྱུར་ན། ལུས་གདོན་གནས་གདོན་དུ་བརྫུས་པ་ཡིན། སྔར་ནས་རྒྱུན་དུ་རྨི་བའི་གདོན་རྨི་རྣམས་ལུས་གདོན། ངོ་མི་སྟོན་ཞིང་འགྱུར་ལྡོག་ཆེ་ན་གནས་གདོན་ཡིན་ནོ། །དེ་ཡང་དང་པོ་ལུས་གདོན་ཆོ་འཕྲུལ་བྱུང་དེ་ནས་གནས་གདོན་ཆོ་འཕྲུལ་བྱུང་ན་གཉན་ས་ཞན་པ་ཡིན་ནོ། །སྔོན་དུ་གཉན་སའི་ཆོ་འཕྲུལ་རྗེས་ནས་ལུས་གདོན་གྱི་རྟགས་བྱུང་ན་གཉན་ས་འབྲིང་ཡིན། གཉན་སའི་ཆོ་འཕྲུལ་རྟག་པར་བྱུང་ལུས་གདོན་འོང་རྒྱུ་མ་རྙེད་ན་གཉན་ས་ཆེན་པོ་ཡིན་ནོ། །ཆོ་འཕྲུལ་འདྲ་བའི་ཚར་ཚད་ནི། ཚུར་ལ་མཚོན་བརྒྱབ་པའི་རྭ་ཅོས་བརྡུང་བ་མཆེ་བས་རྨས་པ། རང་བཤས་པ། ཉེ་དུ་གང་དམར་ཤི་བ། རང་གི་ཁང་པ་འགྱེལ་པ། མེ་ལ་ཤོར་བ། ཟོག་རྩིས་གང་ཆེ་བོར་བ། དགྲ་ལ་ཤོར་བ། དུག་ཟོས་པ། རང་གིས་རང་ཟོས་པ། ཁྱུང་སྦྲུལ་ཉ་ཡིས་རང་མིད་པ། རང་ལུས་རྡུལ་བཞིན་གཏོར་བ། རང་གི་སྙིང་རང་གིས་ཟོས་པ། གཞན་གྱི་གློ་སྙིང་རང་ལ་བྱིན་པ་རྣམས་ཆོ་འཕྲུལ་འདྲ་ཡང་ཚར་ཚད། ཚར་ཚད་འདྲ་བའི་ཆོ་འཕྲུལ་ནི། བུད་མེད་རིགས་མི་འདྲ་བ་མང་པོས་བཀུར་སྟི་བྱེད་པ་དང་། གཤིན་པོ་མང་པོས་བཀུར་སྟི་བསུ་སྐྱེལ་བྱེད་པ་དང་། ཞྭ་ནག་པོ་དང་སྔོན་པོ་གྱོན་པ། གདན་སྔོན་པོ་དང་ནག་པོ་བཏིང་བ། གོས་སྔོན་ཁྲབ་གོས་ནག་བལ་ནག །སྦང་མ་ཚྭ་གཡེར་ཤ་ཁྲག་རློན་པ་དང་ཤ་བཙོས་པ་རྣམས་ཕུལ་བ་དང་། སྒོག་པ་དང་སྔོ་ཚང་ཟོས་པ། གྲོ་མ་དང་རམ་པ་མོན་བུ་མར་ནག་ལྕགས་སྤྱད་བུ་རམ་ནག་འདུར་བྱེད་པ། མེ་ཏོག་གསར་པའི་གླིང་དུ་ཕྱིན་པ་རྣམས་མགོ་གཡོགས་ཡིན་པས་ད་རུང་འདུག་གོ །སེམས་ཅན་རང་རྒྱུད་པ་དང་ཆོ་འཕྲུལ་གཉིས་ཀྱི་དབྱེ་བ་ནི། རང་གི་ཉལ་ས་སོགས་སུ་སྦྲུལ་དང་སྦལ་པ་སོགས་སེམས་ཅན་གདའ་ན། ཕཊཿ རང་ཉིད་རྗེ་བཙུན་མ་མཐིང་ནག་གི་ཐུགས་ཀ་ནས་མདའ་རྒོད་སྒྲོ་མ་ཉེར་གཅིག་གནམ་ལྕགས་ཀྱི་མདེའུ་ཚྭ་ཚྭ་ཁོལ་བ་འཕྲོས། སེམས་ཅན་དེའི་སྙིང་དཀར་ནག་མཚམས་སུ་བརྒྱབ་པས་ཐལ་བ་བུན་ནེ་སོང་བར་བསྒོམས་ལ། ཕཊཿཤར་དྲག་པོ་ཉེར་གཅིག་བྱའོ། །ངེས་སེམས་ཅན་དེ་ཆེར་སོང་ངམ་ཆུང་དུ་སོང་ངམ་སྟེང་དུ་མཆོང་བྱུང་ན་ཆོ་འཕྲུལ་ཡིན་པས། ཕཊཿ སེམས་ཅན་དེ་འཇིགས་སུ་རུང་བ་གཅིག་ཏུ་གྱུར་པའི་ཁའི་ནང་དུ་རང་འཛུལ་བས་ཁོས་ཟོས་པར་བསྒོམས་ལ། རང་གི་ཁོག་སྨད་བརྗེས་ལ་ཁོའི་ཐོག་ཏུ་འདུག་ལ་ཕུག་པར་བྱའོ། །ཡང་གོང་དུ་དམིགས་པ་དང་ཕཊཿཤར་བྱས་པས་སེམས་ཅན་དེ་བྲོས་ནས་ཐལ་ན་སེམས་ཅན་རང་ག་ཡིན་གར་འགྲོར་བཏང་ལ་རྗེས་སུ་ཐེ་ཚོམ་མི་བྱེད་པ་གལ་ཆེའོ། །སེམས་ཅན་རང་གི་སྟེང་དུ་བསྡད་ན་བསད་པས་སྡིག་ཆེའོ། །ཆོ་འཕྲུལ་གྱི་སེམས་ཅན་ལ་རྣམ་རྟོག་གིས་འཇིགས་པར་བྱས་ན་རང་ལ་ནད་སོགས་བར་ཆད་འོང་བས་སྙེམས་ཐག་ཆོད་པར་བྱའོ། །ནུབ་མོ་ལྷ་འདྲེ་དང་ཇག་རྐུན་མ་འབྱེད་ན། ཕཊཿ རང་ཉིད་ཁོའི་ཁ་ནང་དུ་ཞུགས་པས་ཁོས་རང་ལུས་ཟོས་བར་བསྒོམས་ལ། ཕཊཿ དྲག་ཏུ་བརྗོད་པས་ལྷ་འདྲེ་ཡིན་ན་མེད་ནས་འགྲོ །དེ་ནས་སྟོང་ཉིད་ངང་ལ་བཞག་པར་བྱའོ། །གལ་ཏེ་གཉན་ས་འམ་དུས་གཞན་དུ་མིའི་དགྲ་བྱུང་ནས་ཆས་ཀ་ཤོར་ན། བྱམས་སྙིང་རྗེ་བསྒོམས་ནས་བསྔོ་བ་བྱས་ཏེ་གནོད་ལན་དུ་ཕན་བྱས་ན་གཅོད་པ་རབ་ཡིན་ནོ། །དེ་མ་ཐུབ་ན་རྗེས་ས་བཟུང་ལ་གཉན་ས་དེའམ་གཞན་དུ་ཚར་ཚད་མ་བྱུང་བར་དུ་མཐའ་གཏད་བྱེད། ཚར་ཚད་བྱུང་ནས་མནན་པ་སོགས་ཞལ་ལས་ཤེས་སོ། །གཅོད་ཀྱི་གེགས་སེལ་བ་ནི། གཉན་སར་སློང་ཆོ་འཕྲུལ་བྱུང་ནས་བྲོས་པ་དང་སློང་གིས་ནད་སོགས་བྱུང་བ་དང་། སློང་གིས་ནད་པ་ཐུ་བ་ལ་སྐྲགས་ནས་ཁྱིམ་དུ་ཁྲིད་ནས་གཏོ་དགེ་རིམ་འགྲོ་བྱས་ན། གཅོད་ལོག་པ་ཡིན་པས་རང་ལ་ཡང་མི་དགེ་བ་དུ་མ་འབྱུང་། ནད་པ་མྱུར་དུ་འཆི་བས་སླར་གཉན་ས་དེ་ཉིད་དུ་སོང་ལ་ཚར་ཚད་མ་བྱུང་བར་དུ་བསྡད། ཁྱད་པར་དུ་རང་ཉིད་མཁའ་འགྲོ་ཁམ་ནག་གཟི་བརྗིད་དང་ལྡན་པར་བསྒོམ། ཕྱག་གཡས་གནམ་དང་གཡོན་ས་བཟུང་ནས་གནམ་ས་ཆ་ལང་ལྟར་བརྡབ་པས། ལྷ་འདྲེ་རྣམས་བཅར་ཞིང་སྐྲགས་ནས་སྐད་ངན་ཙེར་ཙེར་ཁས་བླངས་དམ་བཅས་པར་བསྒོམ་ཞིང་ཚར་ཚད་མ་བྱུང་བར་དུ་གཟིར་བར་བྱའོ། །ཡུན་རིང་དུ་བསྡད་ཀྱང་རྟགས་ཅི་ཡང་མེད་ན་གཅོད་རྡུགས་པ་ཡིན་པས་མཐའ་གཏད་གང་རུང་གཅིག་བྱའོ། །ཡང་རྨི་ལམ་དུ་བུ་ལོན་སོད་སྟེང་བདས་པ་དང་། ཁམ་ཆུ་དུམ་སྟེང་ཟློག་ཟེར་བ་དང་གྱེན་ལ་འགྲོ་བ་དེ་ཐུར་ལ་འགྲོ་ཆིས་བྱེད། གོས་ཕུད་ནས་གྱོན་ཆིས། ཁྲལ་སོད་རྒྱབ་དེད་པ། སྤྱད་པ་ཁྱེར་རྒྱབ་གཏད་པ། སེམས་ཅན་གྲོལ་བ་བཏག་ཆིས། གོས་ནག་བསྐོན་ཆིས། མི་རྣམས་ངོ་འཛུམ་ནག་པ། ཞིང་རྨོ་ཆིས་བྱེད་པ་རྣམས་བསྡད་ཡུན་རིང་ནས་གཅོད་འབྱམས་པའི་རྟགས་ཡིན་པས་མྱུར་དུ་སྤོའོ། །གལ་ཏེ་མ་སྤོས་ན་ནད་པ་ལ་ནད་སྣ་ཚོགས་ནི་འོང་ངོ་། །གཉན་ས་ནས་ཉིན་སྐོར་ལ་སོང་ཞག་པོ་ཐོག་ན་གཅོད་བུག་པ་ཡིན་པས་གཉན་ས་དེར་རང་ཉིད་ཡོད་པར་བསྒོམས་ལ་ཉམས་ལེན་བྱ་སྟེ། གཅོད་བུག་ན་དམིགས་པའི་རྒྱང་ཞགས་གཅེས། །ཞེས་གསུངས་སོ། །གཉན་ས་མ་ཆོད་པར་འགྲོ་དགོས་བྱུང་ན། གཅོད་རལ་པ་ཡིན་པས། རང་ཉིད་རྗེ་བཙུན་མར་བསྐྱེད་ལ་འོད་ཟེར་ལྕགས་ཀྱུ་ལྟ་བུས་ལྷ་འདྲེ་ཐམས་ཅད་བསྡུས་ཏེ། རང་གི་མལ་ཞབས་རྡེའུ་གཅིག་ལ་ཧཱུྃ་བྲིས་པ་ལ་བསྟིམ། སོར་མཛུབ་ཌཱ་ཀི་སྡེ་ལྔས་གནས་པོ་དེ་ཙེར་གྱིས་བཟུང་བར་བསྒོམས་ལ་སྣོད་ལྕགས་ཀྱི་པར་བུར་བསྒོམས་པའི་ནང་དུ་བཅུག །ཁ་སྦྲུལ་ནག་གིས་བཅིངས་ལ་ལུས་ལ་འཆང་ཞིང་ཞབས་སུ་བཅུག་ལ། རང་གར་འདུག་ཀྱང་གཉན་ས་དེ་ཡིན་པར་བསྒོམས་ལ་ཉམས་ལེན་བྱ། གཅོད་པ་མང་པོའི་ནང་ན་གཅིག་འགྲོ་ན། དཔོན་དེས་འགྲོ་མི་བྱས་ཐལ་ནས། རང་ཉིད་རྗེ་བཙུན་མའི་ཐུགས་ཀ་ནས་གནམ་ལྕགས་ཀྱི་རྡོ་རྗེ་དཔག་མེད་འཕྲོས་པས། རྡོ་རྗེའི་གུར་དུ་གྱུར་པའི་ནང་དུ་གཅོད་སྒར་ཚུད་པར་བསྒོམ། གཅོད་རབ་རྡོ་རྗེའི་གོར་ཞེས་པའི་དོན་ནོ། །ཡང་འདུག་ས་དེ་གཉན་མིག་མ་ནོན་ནས་དེའི་གཉན་ས་གཞན་དུ་གདའ་ན་གཅོད་འཁྱམས་པ་ཡིན་པས། ས་དེའི་གཉན་མིག་གར་གདའ་ནས་ས་རྡོ་ཤིང་གསུམ་བླངས་ལ་རང་གི་ཞབས་སུ་བཅུག་གོ །དེ་ནས་ཚར་ཚད་བྱུང་ཡང་ཞག་གཅིག་བསྡད་ལ་མགོ་སྐོར་དང་རྗེས་བསྙེག་ཨེ་འདུག་བརྟག །དེ་ནས་ཕྱིར་ནང་ལུས་སྦྱིན་ཚར་གཅིག་བྱས། ནམ་མཁའི་སྐྱབས་ཡུལ་གཤེགས་པའམ་རང་ལ་བསྡུ། བྷུདྡྷ་ཌཱ་ཀི་ནཱི་ཧཱུྃ། ཞེས་སོགས་བརྗོད་ཅིང་ཕུར་པ་རྣམས་ཕྱུངས་ལ། ཟིལ་གནོན་གྱི་མཁའ་འགྲོ་མ་རྣམས་རང་གི་ཐུགས་ཀར་བསྡུ། སྟན་བཀྱག་རྡོ་རྗེ་ལ་ཡོད་ན་སྐུད་པ་བཀྲོལ། ལྕགས་ཁང་ནང་གི་གནས་གདོན་ལུས་གདོན་རྣམས་རྒྱ་གྲོག་ཚང་རློག་པ་ལྟར་ཡར་བུད་པར་བསྒོམ། དེ་ནས་དཀར་ནག་ཤན་འབྱེད། ལྷ་འདྲེ་རལ་ཁྲིད་ནི་མདུན་དུ་རྡེའུ་གཅིག་བཞག་ལ་རང་ཁྲོས་མར་བསྒོམ། བདེན་སྟོབས་བརྗོད་ལ། ལྷ་འདྲེ་ཁྱེད་རྣམས་ཀྱི་ནང་ནས་བདག་གི་བཀའ་ལ་མི་ཉན་གསུང་མི་སྡོད་ཕྲིན་ལས་མི་བསྒྲུབ་དངོས་གྲུབ་མི་སྟེར། མགོ་སྐོར་རྗེས་བསྙག་ཕྱི་འབྲང་བྱེད་པའི་ལྷ་འདྲེ་གང་ཡིན་པ་ཐམས་ཅད་རྡེའུ་འདི་ལ་ཁུག་ཅིག །ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཅེས་རྡོར་དྲིལ་བཟུང་བའི་དམིགས་པ་ལྟར་ཁྱེར། དེ་ནས་ཁ་ཆར་བབ་ནས་འགྲོ་དཀའ་ན། མལ་སྟན་ཐམས་ཅད་བསྲེག་ཅིང་། རང་གཞན་ཀུན་རྗེ་བཙུན་མ་དམར་མོ་བསྒོམ། ཀུན་གྱིས་ཚེར་ལྕག་བྲ་མས་གོ་ཁ་བཤད་ཅིང་། ངེད་རྣམས་གནས་སྤོ་བ་ཡིན་པས། གནས་སུ་མ་སླེབ་བར་ཁ་ཆར་མ་གཏང་ཞིག །བརྗོད། གནས་དེའི་ལྷ་ཀླུ་ས་བདག་བྲ་མའི་ལྕག་ཚན་གྱིས་བཤད་པས་ཁ་ཆར་མི་བཏང་བར་ཁས་བླངས། དབང་པོ་སྒོ་ལྔ་ནས་མེ་འུ་རུ་རུ་འབར་ནས་ལྷ་ཀླུ་སྣང་སྲིད་ཚིག་ལ་ཁད་དུ་བསྒོམ་ཞིང། ཕཊཿ བརྒྱ་བརྗོད་ཅིང་ནམ་མཁའ་དྭངས་ཤིང་ཉི་མ་ཚ་བར་བསྒོམ། དེ་ནས་ཁལ་མ་ཡང་བཀལ་ལ། ཕཊཿ སྔར་གྱི་ལྕགས་ཁང་རིན་པོ་ཆེའི་ས་གཞིའི་དབུས་ན་རང་དང་ལྷ་འདྲེ་སློབ་དཔོན་དང་མིའི་ཚུལ་དུ་བསྒོམས་ལ་སྐྱབས་སེམས་དང་། རང་ཉིད་ཐུགས་རྗེ་ཆེན་པོ་ཁ་སར་པཱ་ཎིར་བསྒོམས་ལ་ཡིག་དྲུག་བརྒྱ་བཟླས། ཐུགས་ཀའི་ཧྲཱིཿདང་ཡིག་འབྲུ་ལས་བདུད་རྩི་འདོད་ཡོན་ཕུན་སུམ་ཚོགས་པ་སྤྲོས། ལྷ་འདྲེའི་སྡིག་སྒྲིབ་སྡུག་བསྔལ་སྣད་པ་སྨས་འགྲམ་གནས་ཁང་ཞིག་རལ་ལོངས་སྤྱོད་ཤོར་གོད་བཀྲག་མདངས་ཉམས་པ་ཐམས་ཅད་སོས། སྔར་བས་ཀྱང་དར་ཞིང་རྒྱས་ནས་ལྷ་འདྲེ་གཞན་རྣམས་ཟིལ་གྱིས་ནོན་པར་བསྒོམ། ཕཊཿ རང་ཉིད་མཁའ་འགྲོ་མ་དཀར་མོ་དང་མདུན་དུ་ཡུམ་ཆེན་མོ་སེར་མོ་བསྒོམས་པའི་བར་དུ་ལྷ་འདྲེ་ཐམས་ཅད་འཁོད་པ་ལ། རང་མདུན་བསྐྱེད་ཐུགས་ཀར་ཨཱཿདཀར་སེར་ལས་བདུད་རྩི་བབ་པས་ལྷ་འདྲེ་ཐམས་ཅད་སྔར་ལྟར་སོས་ཤིང་གཟི་བརྗིད་རྒྱས་པར་བསྒོམས་ལ། ག་ཏེ་བཟླས། ཕཊཿ ལྷ་འདྲེ་ཐམས་ཅད་རབ་ཏུ་དགའ་ནས་བྱིས་པ་དཀར་པོ་མཛེས་ཤིང་ཡིད་དུ་འོང་བའི་རོ་གཅིག་འཆི་མེད་ཚེའི་དངོས་གྲུབ་ཏུ་ཕུལ། ཕཊཿ རང་ཉིད་རྗེ་བཙུན་མའི་གྲི་གུག་གིས་བླངས་ཐོད་པར་བཅུག་གྲི་གུག་བརྒྱབ་པས་དམར་ལྟེམས་སེ་སོང་བ། རཾ་ཡཾ་ཁཾཿ ཐུགས་ཁ་ནས་མེ་ཆུ་རླུང་གསུམ་འཕྲོས་བསྲེགས་སྦྱངས་བཀྲུས། ཨོཾ་ཨཱཿཧཱུྃ། དྭངས་མ་ཟག་མེད་ཀྱི་བདུད་རྩིར་གྱུར་པ་རང་གིས་འཐུང་བས་གཟི་བརྗིད་ཕུན་སུམ་ཚོགས་ཏེ་ཚེའི་དངོས་གྲུབ་ཐོབ་པར་བསྒོམ། སྔར་གྱི་རྡོ་རྗེ་ལ་ཁྲིད་པ་ཡོང་ན་ཡིག་བརྒྱ་བཟླས་ཤིང་རྡོ་ལ་ཕུ་བྱ། རྡོ་ཐུགས་རྗེ་ཆེན་པོར་བྱིན་གྱིས་བརླབས་ལ། སྔར་གྱི་གཉན་ས་ལ་རང་གི་རྒྱབ་བསྟེན་ལ་འཕང་། ལྷ་འདྲེ་གནས་སུ་སོང་བར་བསྒོམ། ཡིག་བརྒྱ་དང་ཀཾ་ཀ་ནི་བརྗོད་ཅིང་མལ་ས་ཐབ་ཀ་བཤིགས། འགྲུབ་ན་རྡོ་ལ་ཡིག་དྲུག་བརྐོས་ལ་རབ་གནས་བྱ། ལྷ་འདྲེའི་ཕྱག་དང་མཆོད་པའི་གནས་སུ་བྱིན་གྱིས་བརླབས་ལ་བཞག །ཕཊཿ རང་གི་ཤ་ཁྲག་གི་གཉན་ས་དེ་ལྟེམ་མེ་གང་བ་ལ་ལྷ་འདྲེས་བགོ་བཤའ་བྱེད་པར་བསྒོམས་ལ། འོ་ང་ཡི་གནས་པོ་གནས་བདག་ཆེན་པོ་འདི་ལ། ཁྱོད་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་ཀྱིས་གནོད་འཚེ་མ་བྱེད། གལ་ཏེ་བྱས་ན་ཡེ་ཤེས་ལྷའི་དམག་འདྲེན། གནམ་ལྕགས་རྡོ་རྗེའི་སྒྱོགས་རྒྱབ། ཡུངས་ཀར་གྱི་ཐུན་བྲབ། འཁོར་ལོའི་རྩིབས་ལ་བསྐྱོན། དེ་བས་ལུས་ཤ་ཁྲག་གི་སྦྱིན་པ་འདིས་ཚིམ་པར་གྱིས་ལ། སྤྱིའི་ལྷ་འདི་ཐམས་ཅད་ཀྱིས་གནས་བདག་འདི་ལ་གནོད་པ་མ་བྱེད་པར། དགའ་མགུ་བྱང་ཆུབ་ཀྱི་སེམས་དང་ལྡན་ནས་སོ་སོ་རང་རང་གནས་སུ་བྱེར་ཅིག །གྱེས་ཤིག་སོང་ཞིག །བརྗོད། དེ་ནས་རང་འགྲོ་དུས། ཕཊཿ རང་ཉིད་ཀེང་རུས་ཀྱི་མཁའ་འགྲོ་མ་ཤ་ཁྲག་རྐང་དང་ཆུ་རྒྱུས་མེད་པ། ངང་སིང་ངེ་བ། རྐང་དང་ལྷུ་ཚིགས་ནས་མེ་འབར་ཞིང་དུ་བ་འཐུལ་བ་ཞལ་ནས། ཧ་ཧ་ཧི་ཧི་ཧུ་ཧུ་ཧེ་ཧེ་ཧོ་ཧོ་ཧཾ་ཧ༔ གད་རྒྱངས་བཅུ་གཉིས་སྒྲོག་ཅིང་ནམ་མཁའ་ལ་ཇེ་མཐོ་འགྲོ་བར་བསྒོམ། ཕྱི་ལྟས་མི་བྱེད། གཉན་ས་དང་གནས་ཁང་གཉིས་ཀ་མི་མཐོང་སར་ཐོ་བརྩིག་ཁྲོཾ་བྲིས་ལ་ཁ་ཕར་བསྟན། ཁྲོཾ་ཁྲོཾ་ཁྲོཾ་ཁྱུང་ནག་མེ་གཤོག་ཅན་གསུམ་ལག་སྦྲེལ་ནས་ཁ་ཕྱིར་གྱུ་ནས་ཡོད་པར་བསྒོམ། ཕཊཿ རང་དང་གནས་ཁང་འོད་ཀྱི་སྣམ་བུས་འབྲེལ་པ་ལ། རང་ཉིད་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་གཅིག་འོད་ཀྱི་ལམ་ནས་ཁྱིམ་དུ་ཕྱིན་པར་བསྒོམས་ལ་འོང་ངོ་། །གཅོད་མགོ་གཟབ་པ་གཙང་རྒྱལ་ཡུར་ཆུད་ཡིན་ཞེས་གསུངས་པས། དང་པོ་གཉན་ས་གང་དུ་གཅོད་པ་དེ་ཆོད་ངེས་བྱས་པས་དེ་ཕྱིན་ཆད་ལམ་དུ་འགྲོ །གཅོད་འཕྲོ་གཟབ་པ་རྣལ་འབྱོར་དམ་ཚིག་ཡིན་གསུངས་པས། གཉན་ས་གང་དུ་བཅད་ནས་ཁྱིམ་དུ་འོང་བའི་ས་དེ་ཆོད་ངེས་བྱས་པས་བཀྲ་ཤིས་སོ། །དེ་ཡང་ཨོ་རྒྱན་པདྨའི་གཏེར་གཅོད་ལས། འདུས་བྱས་ཀྱི་ཟས་ནོར་དཔག་མེད་དངོས་སུ་བཏང་བ་བས། ཞེན་འཛིན་དང་བྲལ་བའི་དམིགས་པས་ལུས་སྦྱིན་པར་བཏང་ཞིང་དགེ་སྦྱོར་ཐུན་རེས་བསོད་ནམས་ཆེའོ། །ཕལ་པའི་གནས་སུ་ལོ་གཅིག་བསྒོམས་པ་ལས། གཉན་ས་རི་ཁྲོད་དུ་ཞག་གཅིག་ཉམས་ལེན་བྱེད་པ་འགྱུར་ཆེ། ཆོས་སྤྱིའི་ཉམས་ལེན་རྒྱུན་དང་ཟླ་བ་གཅིག་བྱས་པ་བས། བདུད་གཅོད་པའི་གདམ་པ་ཐུན་གཅིག་ཉམས་སུ་བླངས་པས་ལམ་རྟགས་མྱུར། ལར་ཆོ་འཕྲུལ་དང་། བར་ཆད་ཅི་བྱུང་ཡང་། བདག་ལ་བསྲུང་དུ་གསོལ་བརྒྱ་ཐམ་པ་བས། སོད་ཅིག་ཟོ་ཞིག །ཁྱེར་ཅིག་ཅེས་པའི་ཚིག་གིས་དགའ་བ་ཡིན། ལྷ་སྲུང་བརྒྱ་ལ་ར་མདའ་བཟློག་པ་བས། ལྷ་འདྲེ་སྟོང་ལ་ཟ་རྒྱུ་བཅོལ་བས་དགའ་བ་ཡིན། ལུས་སྲུང་བརྒྱ་བཏག་པ་བས། ན་དགའ་ཤི་སྐྱིད་ལན་གཅིག་དགའ་བ་ཡིན། ཞེས་གསུངས་སོ། །ཞེས་པ་འདི་ནི་གསང་ཁྲིད་རིམ་ལྔ་ཡི། །བོགས་འདོན་གཅོད་ཀྱི་ཁྲིད་ཀྱི་ལྷན་ཐབས་སུ། །པདྨའི་གཏེར་གཅོད་ལ་སོགས་གཅོད་གཞུང་དང་། །ཤེས་རབ་བླ་མ་ལ་སོགས་ཀཿཐོག་གི །ཚིག་ཉུང་དོན་འདུས་གོ་བདེ་གསལ་བར་བཀོད། །འདི་བྲིས་ཉེས་པ་ཆོས་བདག་ཌཱ་ཀི་དང་། །གཏེར་སྲུང་དམ་ཅན་རྣམས་ལ་རབ་ཏུ་བཤགས། །འདི་བྲིས་དགེ་བས་ཉམས་ལེན་རྟོགས་པའི་བོགས། །ཡར་ངོའི་ཟླ་བ་བཞིན་དུ་རབ་འཕེལ་ནས། །པདྨ་འབྱུང་གནས་ཚེ་འདིར་འགྲུབ་གྱུར་ཅིག །དེ་སྐད་སྨྲས་གང་རཱ་གའི་མིང་ཅན་དེས། །དབེན་པའི་ཁང་བུར་ཕན་པའི་བསམ་པས་བཀོད། །བྷ་ཝནྟུ། ས་མ་ཡ། ྀཨཚ།། །།

བླ་མ་ནོར་བུ་རྒྱ་མཚོ་ལས༔ རྩ་བ་གསུམ་གྱི་ལས་བྱང་ནོར་བུ་པདྨའི་ལྗོན་ཤིང་ (Volume 7, Text 26)

བླ་མ་ནོར་བུ་རྒྱ་མཚོ་ལས༔ རྩ་བ་གསུམ་གྱི་ལས་བྱང་ནོར་བུ་པདྨའི་ལྗོན་ཤིང་བཞུགས་སོ༔ མ་བཅོས་སྤྲོས་བྲལ་ཆོས་སྐུ་སྤྲོས་དང་བྲལ༔ དཔལ་ལྡན་སངས་རྒྱས་པདྨ་སྐྱེས༔ ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་འདུད༔ བསོད་ནམས་ཡེ་ཤེས་ཚོགས་ཆེན་མྱུར་རྫོགས་ཤིང༔ བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར༔ ཡང་གསང་སྒྲུབ་པའི་ལས་བྱང་འདི༔ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ༔ སྔོན་འགྲོ་ལ༔ དང་པོ་རྫས་བཤམ༔ སྐྱབས་འགྲོ་སེམས་བསྐྱེད་ཚོགས་གསག་ཅིང༔ བཀའ་བསྒོ་མཚམས་བཅད་བརྡ་སྒོ་དབྱེ༔ དམ་བཅའ་བྱིན་དབབ་མཆོད་བྱིན་བརླབ༔ བཤགས་བྱ་སྔོན་འགྲོའི་ལས་རིམ་བཅུ་གཅིག་ཤེས༔ གཉིས་པ་དངོས་གཞིའི་རིམ་པ་ནི༔ ཏིང་འཛིན་རྣམ་གསུམ་འབྱུང་རིམ་བརྩེགས༔ གཞལ་ཡས་ལྷ་བསྐྱེད་རང་དབང་བསྐུར༔ སྤྱན་དྲངས་བཞུགས་གསོལ་ཕྱག་འཚལ་ཞིང༔ མཆོད་འབུལ་སྨན་རག་གཏོར་འབུལ་དང༔ བསྟོད་བཤགས་འཛབ་བཟླས་ཚོགས་འཁོར་འབུལ༔ དངོས་གཞིའི་ལས་རིམ་བཅུ་གཅིག་སྟེ༔ གསུམ་པ་རྗེས་ཀྱི་ལས་རིམ་ནི༔ དངོས་གྲུབ་བླང་དང་ལྷག་མཆོད་ཐུག་དམ་བསྐུལ༔ ཆད་མདོ་བརྟན་སྐྱོང་རྟ་བྲོ་དང༔ ད་ལ་བསྡུ་ཁ་སྐོང་བཀྲ་ཤིས་སྨོན་ལམ་བརྗོད༔ རྗེས་ཀྱི་ལས་རིམ་བཅུ་གཅིག་པ༔ མཚོ་རྒྱལ་ང་ཡིས་ལེགས་བཀོད་ཅིང༔ རིན་ཆེན་ས་ལ་གཏེར་དུ་སྦས༔ ལས་ཅན་གཅིག་གི་དཔལ་གྱུར་ནས༔ གསང་སྔགས་བསྟན་པའི་སྲོག་ཏུ་ཤོག༔ ས་མ་ཡཿ རྒྱ་རྒྱ་རྒྱ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་སོགས་མཐའ་ཡས་སེམས་ཅན་ཀུན༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ གཉིས་པ་སེམས་བསྐྱེད་པ་ནི༔ ན་མོ༔ སེམས་བསྐྱེད་འགྲོ་བ་གཞན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དོན་བྱེད་པར་སེམས་བསྐྱེད་དོ༔ གསུམ་པ་ཚོགས་གསག་པ་ནི༔ སྐུ་གསུམ་བླ་མ་གཤེགས་སུ་གསོལ༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་གསུམ་མཆོད་པར་འབུལ༔ སྡིག་པ་མི་དགེ་སོ་སོར་བཤགས༔ དུས་གསུམ་དགེ་ཚོགས་རྗེས་ཡི་རང༔ བླ་མེད་གསང་སྔགས་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་གཞན་དོན་བཞུགས༔ དགེ་བ་བྱང་ཆུབ་ཐོབ་ཕྱིར་བསྔོ༔ སྐུ་གསུམ་འབྲས་བུ་ཐོབ་པར་ཤོག༔ ཅེས་ཚོགས་གསག་པར་བྱའོ༔ བཞི་པ་བཀའ་བསྒོ་བ་ནི༔ བདག་ཉིད་དཔལ་རྟ་མགྲིན་དུ་གསལ་བའི་ང་རྒྱལ་གྱིས་འདི་སྐད་དོ༔ ཧཱུྃ༔ བླ་མ་རྣམས་ཀྱི་བྱིན་རླབས་དང༔ ཡི་དམ་ལྷ་ཡི་ཏིང་འཛིན་དང༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ ལོག་པར་འདྲེན་པ་བདུད་ཀྱི་ཚོགས༔ འདི་རུ་མ་འདུག་གཞན་དུ་དེངས༔ གལ་ཏེ་མི་འགྲོ་སྡོད་གྱུར་ན༔ དབང་ཆེན་ཁྲོས་པའི་ཏིང་འཛིན་གྱིས༔ ཁྱོད་ཀྱི་ལུས་ངག་ཡིད་གསུམ་པོ༔ རྡུལ་ཕྲན་བཞིན་དུ་བརླག་པར་བྱེད༔ ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ༔ གྲྀཧྞ་གྲྀཧྞ་ཧཱུྃ༔ གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོ༔ བྷ་ག་བཱན༔ བཛྲ་བིདྱཱ་རཱ་ཙ་ཡ་ཧཱུྃ་ཕཊ༔ ལྔ་པ་མཚམས་བཅད་པ་ནི༔ ཧཱུྃ༔ ང་ནི་ཡེ་ནས་ངང་གིས་ཁྲོ༔ མཚམས་གཅོད་ཁྲོ་བོས་ནམ་མཁའ་གང༔ བགེགས་འདུལ་ཁྲོ་བོའི་རོལ་མཚམས་ལས༔ སུ་ཡང་འདའ་བར་མ་བྱེད་ཅིག༔ གུ་རུ་དེ་བ་ཌཱ་ཀི་ནཱི་བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ དྲུག་པ་བརྡ་སྒོ་དབྱེ་བ་ནི༔ ཧྲཱི༔ སྣང་སྲིད་འཁོར་འདས་གཞལ་ཡས་ཁང༔ སྣོད་བཅུད་གཟུགས་སྣང་ཡེ་ནས་ལྷ༔ གཉིས་འཛིན་ལོག་ལྟས་སྒོ་བཅད་ཅིང༔ རང་གསལ་སྙིང་པོའི་བརྡ་སྒོ་ཕྱེ༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ ཧྲཱི༔ རིག་པ་རང་བྱུང་ཡེ་ཤེས་ལྷ༔ མ་རིག་རྟོག་པའི་རྐྱེན་དབང་གིས༔ ཡེ་ནས་རང་དང་གཉིས་མེད་པ༔ རང་ངོ་ཤེས་པས་བརྡ་ཕྱག་འཚལ༔ ན་མོ་པུ་རུ་ཤ་ཡ་ཧོ༔ བདུན་པ་དམ་བཅའ་བ་ནི༔ ཧྲཱི༔ བླ་མ་ཡི་དམ་ཌཱ་ཀིའི་ཚོགས༔ དུས་གསུམ་འབྲལ་མེད་དཀྱིལ་འཁོར་འདིར༔ བདག་དང་གཉིས་མེད་ཡོངས་རྫོགས་ལྷ༔ སྲོག་གི་ཕྱིར་ཡང་མི་སྤོང་བསྒྲུབ༔ བཛྲ་ཙིཏྟ་ས་མ་ཡ་ཏིཥྛ་ཧཱུྃ༔ བརྒྱད་པ་བྱིན་དབབ་པ་ནི༔ ཧཱུྃ༔ ཆོས་དབྱིངས་རྣམ་དག་ཕོ་བྲང་ནས༔ སྐྱེ་འགག་འགྱུར་མེད་སྤྲོས་དང་བྲལ༔ ཐུགས་རྗེ་དམ་བཅའ་མི་གཡེལ་བར༔ བླ་མ་ཡི་དམ་ཌཱ་ཀིའི་ཚོགས༔ ཐུགས་དམ་དབང་གིས་བརྩེར་དགོངས་ལ༔ མི་མངོན་དབྱིངས་ནས་འདིར་གཤེགས་ཤིག༔ གསང་བའི་དཀྱིལ་འཁོར་འདིར་བཞུགས་ལ༔ དབང་སྐུར་བྱིན་ཕོབ་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ༔ བཛྲ་ས་མ་ཡ་ཛ༔ གུ་རུ་དེ་བ་ཌཱ་ཀི་ནཱི༔ བྷ་ག་བཱན་སརྦ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ དགུ་པ་མཆོད་རྫས་བྱིན་རླབས་ནི༔ ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ་྅ཧཾ༔ དངོས་འཛིན་གྱི་དྲི་མ་དག་ཅིང་སྟོང་པར་སྦྱངས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་གིས་སྤེལ༔ བདུད་རྩི་བྱིན་གྱིས་བརླབ་པ་ནི༔ ཨོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ གཏོར་མ་བྱིན་གྱིས་བརླབ་པ་ནི༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བཱ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ རཀྟ་བྱིན་གྱིས་བརླབ་པ་ནི༔ ཨོཾ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋཱ༔ ཕྱི་མཆོད་བྱིན་གྱིས་བརླབ་པ་ནི༔ ཨོཾ་བཛྲ་པུཥྤེ༔ དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པཱུ་ཛ་ཧོ༔ ནང་མཆོད་བྱིན་གྱིས་བརླབ་པ་ནི༔ ཨོཾ་མ་ཧཱ་རཀྟ་ཀིཾ་ནི་རི་ཏི་མ་ཧཱ་པཉྩ་པཱུ་ཛ་ཧོ༔ གསང་མཆོད་བྱིན་གྱིས་བརླབ་པ་ནི༔ ཨོཾ་ཨཱཿཧཱུྃ༔ བོ་དྷི་ཙིཏྟ་ག་ན་གུ་ཧྱ་པཱུ་ཛ་ཧོ༔ ཞེས་མཆོད་རྫས་བྱིན་གྱིས་བརླབ་བོ༔ བཅུ་པ་བཤགས་པ་བྱ་བ་ནི༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ ཁྱེད་ནི་རྣམ་དག་དྲི་མ་མེད༔ བདག་ནི་ཉོན་མོངས་སྒྲིབ་པས་བསྒྲིབས༔ ཉམས་ཆག་སྡིག་སྒྲིབ་མཐོལ་ལོ་བཤགས༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ ཧྲཱི༔ རྩ་བ་གསུམ་གྱི་དཀྱིལ་འཁོར་དུ༔ སྐྱེ་མེད་ངང་ལས་ཐུགས་རྗེའི་ཟེར༔ བདག་དང་དབྱེར་མེད་དཀྱིལ་འཁོར་འདིར༔ རྩ་གསུམ་བླ་མ་གཙོ་འཁོར་བཅས༔ ཡེ་ནས་རང་བྱུང་རང་གསལ་ཤར༔ སྟོང་པའི་ངང་དུ་མ་འདྲེས་གསལ༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་ས་མ་ཡ་སཏྭཾ༔ དངོས་གཞི་བསྐྱེད་པའི་རིམ་པ་ལ༔ དང་པོ་ཏིང་འཛིན་རྣམ་གསུམ་ནི༔ ཨོཾ༔ ཆོས་རྣམས་དམིགས་མེད་སྨྲ་བརྗོད་བྲལ༔ བློ་འདས་ཆོས་སྐུ་དེ་བཞིན་ཉིད༔ དེ་བཞིན་ཉིད་ཀྱི་ཏིང་འཛིན་གྱི༔ ཨཱ༔ བློ་བྲལ་དེ་ཡི་ངང་ཉིད་ལས༔ སེམས་ཅན་ཀུན་ལ་ཁྱབ་པ་ཡི༔ བརྩེ་བའི་སྙིང་རྗེ་ཆེན་པོར་བསྒོམ༔ གཉིས་པ་འབྱུང་བ་རིམ་བརྩེགས་བསྒོམ་པ་ནི༔ ཧཱུྃ༔ སྟོང་ཉིད་སྙིང་རྗེས་འགྲོ་དོན་མཛད༔ རང་རིག་ཧྲཱིཿལས་རྡོ་རྗེར་གསལ༔ འོད་འཕྲོས་འབྱུང་ལྔའི་བསྐལ་པ་སྟོང༔ སྟོང་ཉིད་ནམ་མཁའ་ལྟ་བུ་ལ༔ རང་བྱུང་སྐྱེ་རྒྱུའི་ཡི་གེ་བདུན༔ ཨེཿཡཾཿརཾཿཁཾཿརཿཀེཾཿབྷྲཱུྃ༔ ཨེ་ལས་ནམ་མཁའ་མཐའ་དབུས་བྲལ༔ ཡཾ་ལས་རླུང་གཡོས་རཾ་མེ་འབར༔ ཁཾ་ལས་ཆུ་བྱུང་ས་གཞི་བརྡལ༔ ར་ལས་རཀྟའི་རྒྱ་མཚོ་འཁྱིལ༔ ཀེཾ་ལས་རུས་པའི་རི་རབ་དཀར༔ གསུམ་པ་གཞལ་ཡས་ལྷ་བསྐྱེད་རང་དབང་བསྐུར་བ་ནི༔ དེ་སྟེང་བྷྲཱུྃ་ལས་གཞལ་ཡས་ཁང༔ བདེ་ཆེན་ཕོ་བྲང་འོད་དུ་འབར༔ འཇའ་ཚོན་བྲེས་པ་ལྟ་བུའི་ནང༔ པད་འདབ་ཕྱི་ནང་མུ་ཁྱུད་མཛེས༔ གྲུ་ཆད་བར་ཁྱམས་སྒོ་རྣམས་རྫོགས༔ གཟའ་དང་རྒྱུ་སྐར་ལྷ་ཀླུ་ཡི༔ གདུང་དང་དྲལ་ཕྱམ་ཀ་བ་དང༔ རྡོ་རྗེ་ཐེམ་པ་ཀ་ཞུ་རྣམས༔ གནམ་ལྕགས་ཁྲོ་ཆུའི་གཟེར་གྱིས་བསྡམ༔ ཐོག་ནི་ཞིང་ཆེན་བརྡལ་བ་ལ༔ རྟ་བབས་ཆོས་འཁོར་གསེར་གདུགས་མཛེས༔ ཉི་ཟླ་འཇའ་ཚོན་འོད་དུ་འབར༔ ཕྱི་ནང་མེད་པ་འོད་ཀྱི་ཀློང༔ ཧཱུྃ༔ ཕོ་བྲང་གཞལ་ཡས་དཀྱིལ་འཁོར་དབུས༔ ཐུགས་སྲོག་ཧྲཱིཿལས་འོད་འཕྲོས་པས༔ བདུད་བཞི་ཉི་ཟླ་པདྨའི་སྟེང༔ བདག་ཉིད་དབང་ཆེན་ཡབ་ཡུམ་སྐུ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ དབུ་གཙུག་རྟ་ཞལ་ཕག་གདོང་མཚན༔ གཡས་གཡོན་གྲི་གུག་ཐོད་ཁྲག་བསྣམས༔ ཞབས་གཉིས་བརྐྱང་བསྐུམ་འཁྲིལ་སྦྱོར་ནས༔ དུར་ཁྲོད་རུས་བརྒྱན་མེ་ཀློང་བཞུགས༔ དབུ་གཙུག་པད་སྡོང་ཉི་ཟླའི་སྟེང༔ གུ་རུ་པདྨ་ཐོད་ཕྲེང་ནི༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་པ༔ ལོ་བརྒྱད་བྱིས་པའི་ངང་ཚུལ་ཅན༔ ཕྱག་གཡས་རྡོ་རྗེ་བྷནྡྷ་གཡོན༔ པད་ཞྭ་རྒོད་སྒྲོ་ཅོད་པན་ཅན༔ སྙན་ཆ་མགུལ་རྒྱན་ཁ་ཊྭཱཾ་འཛིན༔ ཟ་འོག་སྨུག་བེར་ཆོས་གོས་དམར༔ སྐྱིལ་ཀྲུང་གཟི་བརྗིད་འོད་འབར་གསལ༔ དེ་ཡི་སྤྱི་གཙུག་ཉི་ཟླའི་སྟེང༔ ཧྲཱི༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ སྐྱིལ་ཀྲུང་རྡོར་དྲིལ་རུས་རྒྱན་ཅན༔ པང་གཡོན་མཚོ་རྒྱལ་དཀར་མོ་འཁྲིལ༔ བཅུ་དྲུག་ལོན་པའི་གཞོན་ཚུལ་ཅན༔ གཡས་པས་གྲི་གུག་མགུལ་ནས་འཁྱུད༔ གཡོན་པས་ཐོད་ཁྲག་ཡབ་ལ་སྟོབ༔ གསལ་འཚེར་གཟི་བརྗིད་ལྡན་པར་བསྐྱེད༔ དེ་ཡི་ཕྱི་རོལ་པད་འདབ་བཞིར༔ ཤར་དུ་བཛྲ་ཐོད་ཕྲེང་ནི༔ དཀར་པོ་རྡོ་རྗེ་དྲིལ་བུ་བསྣམས༔ རྡོ་རྗེ་ཕག་མོ་ཡུམ་དང་འཁྱུད༔ གྲི་གུག་ཐོད་ཁྲག་རྒྱན་ལྡན་བསྒོམ༔ ལྷོ་རུ་རཏྣ་ཐོད་ཕྲེང་ནི༔ སེར་པོ་རིན་ཆེན་དྲིལ་བུ་བསྣམས༔ རིན་ཆེན་ཕག་མོ་ཡུམ་དང་འཁྲིལ༔ གྲི་གུག་ཐོད་ཁྲག་རྒྱན་ལྡན་བསྒོམ༔ ནུབ་ཏུ་པདྨ་ཐོད་ཕྲེང་ནི༔ དམར་པོ་པདྨ་དྲིལ་བུ་བསྣམས༔ པདྨ་ཕག་མོ་ཡུམ་དང་འཁྲིལ༔ གྲི་གུག་ཐོད་ཁྲག་རྒྱན་ལྡན་བསྒོམ༔ བྱང་དུ་ཀརྨ་ཐོད་ཕྲེང་ནི༔ ལྗང་གུ་རྒྱ་གྲམ་དྲིལ་བུ་བསྣམས༔ ཀརྨ་ཕག་མོ་ཡུམ་དང་འཁྲིལ༔ གྲི་གུག་ཐོད་ཁྲག་རྒྱན་ལྡན་བསྒོམ༔ རིན་ཆེན་ཟུར་བརྒྱད་གཞལ་ཡས་མཛེས༔ ཤར་དུ་པདྨ་འབྱུང་གནས་མཐིང༔ རྩེ་ལྔ་གཡས་ལ་སྡིགས་མཛུབ་གཡོན༔ གཅེར་བུ་ཡུམ་དང་འཁྲིལ་བར་བསྐྱེད༔ ལྷོ་རུ་བློ་ལྡན་མཆོག་སྲེད་དཀར༔ ཐོད་རྔ་གཡས་ལ་པད་ཕོར་གཡོན༔ སྐྱིལ་ཀྲུང་དར་དཀར་ན་བཟའ་གསོལ༔ དར་ཐོད་རིན་ཆེན་དབུར་བརྒྱན་བསྐྱེད༔ ནུབ་ཏུ་ཉི་མ་འོད་ཟེར་སེར༔ གཡས་པས་ཁ་ཊྭཱཾ་གཡོན་སྡིགས་མཛུབ༔ ཉི་ཟེར་ཞགས་པ་སྟག་ཤམ་ཅན༔ རུས་པའི་རྒྱན་དྲུག་ལྡན་པར་བསྐྱེད༔ བྱང་དུ་སེང་གེ་སྒྲ་སྒྲོག་མཐིང༔ གཡས་པས་ལྕགས་རྡོར་གཡོན་སྡིགས་མཛུབ༔ སེང་གླང་སྟོད་གཡོགས་ཅོད་པན་ཅན༔ སྟག་ཤམ་ཞབས་གཉིས་དོང་སྟབས་བསྐྱེད༔ ཤར་ལྷོར་པདྨ་སཾ་བྷ་དཀར༔ གཡས་པས་པད་ཕོར་གཡོན་སྐྱབས་སྦྱིན༔ དར་དམར་ཤམ་ཐབས་ཆོས་གོས་སེར༔ གཞོན་ཚུལ་དགེ་སློང་ཆས་ལྡན་བསྐྱེད༔ ལྷོ་ནུབ་པདྨ་རྒྱལ་པོ་དམར༔ ཌཱ་རུ་གཡས་ལ་མེ་ལོང་གཡོན༔ དར་དམར་ཤམ་ཐབས་སྐུ་ལ་གསོལ༔ རྒྱལ་པོ་གཟི་བརྗིད་ལྡན་པར་བསྐྱེད༔ ནུབ་བྱང་ཤཱཀྱ་སེང་གེ་སེར༔ ས་གནོན་གཡས་ལ་ལྷུང་བཟེད་གཡོན༔ རབ་བྱུང་ཆ་ལུགས་ཆོས་གོས་དམར༔ སྤྲུལ་སྐུ་ཤཱཀྱ་ཐུབ་པར་བསྐྱེད༔ བྱང་ཤར་རྡོ་རྗེ་གྲོ་ལོད་སྨུག༔ རྡོ་རྗེ་གཡས་ལ་ཕུར་པ་གཡོན༔ སྤྱན་གསུམ་སྟག་གི་སྟེང་ན་འགྱིང༔ གཏུམ་དྲག་རྔམ་ཞིང་བརྗིད་པར་བསྐྱེད༔ སྣ་ཚོགས་པད་སྐོར་ཕྱི་མ་ལ༔ རིགས་བཞི་མཁའ་འགྲོ་དཔའ་བོ་དང༔ ཕྱོགས་བཞི་ཤུགས་འགྲོ་འཁོར་དང་བཅས༔ གཅེར་བུ་རུས་པའི་རྒྱན་དྲུག་མཛེས༔ སྐུ་མདོག་རིགས་ཀྱི་ཕྱག་མཚན་བསྣམས༔ ཕྱི་རོལ་བར་ཁྱམས་ཁོར་ཡུག་ལ༔ རིག་འཛིན་ཆོས་སྐྱོང་དམ་ཅན་ཚོགས༔ དངོས་གྲུབ་སྟེར་ཞིང་བར་ཆད་སེལ༔ གླུ་ལེན་གར་བྱེད་རོལ་མོ་སྒྲོག༔ འདོད་ཡོན་མཆོད་པ་སྣ་ཚོགས་གཏིབས༔ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས༔ ཆར་སྤྲིན་ལྟ་བུར་འཐིབས་པར་བསམ༔ སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་ཤིང༔ ཡེ་ཤེས་ལྔ་ཡི་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་སྭཱ་ཧྲཱིཿཧཱ༔ བཞི་པ་སྤྱན་འདྲེན་པ་ནི་འདི་སྐད་དོ༔ ཧྲཱི༔ སྔོན་གྱི་བསྐལ་པ་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ དྷ་ན་ཀོ་ཥའི་མཚོ་གླིང་དུ༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཧྲཱི༔ ཨོ་རྒྱན་ནུབ་བྱང་དྷ་ནའི་མཚོ༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་གཤེགས་སུ་གསོལ༔ ཡུལ་གྱི་མིང་ནི་རྒྱ་གར་ཡུལ༔ བསིལ་བ་ཚལ་གྱི་དུར་ཁྲོད་དུ༔ ཡོན་ཏན་སྣ་ཚོགས་དངོས་གྲུབ་བརྙེས༔ པདྨ་སཾ་བྷ་གཤེགས་སུ་གསོལ༔ ཨོ་རྒྱན་ཡུལ་གྱི་ཤར་ཕྱོགས་དངོས༔ ཕོ་བྲང་རི་བོ་ཏ་ལ་རུ༔ ཐམས་ཅད་མཁྱེན་པའི་དངོས་གྲུབ་བརྙེས༔ བློ་ལྡན་མཆོག་སྲེད་གཤེགས་སུ་གསོལ༔ ཨོ་རྒྱན་ཡུལ་གྱི་བྱང་ཤར་མཚམས༔ དགའ་བ་ཚལ་གྱི་དུར་ཁྲོད་དུ༔ ཁམས་གསུམ་དབང་སྡུད་དངོས་གྲུབ་བརྙེས༔ པདྨ་རྒྱལ་པོ་གཤེགས་སུ་གསོལ༔ ཡུལ་གྱི་མིང་ནི་རྒྱ་གར་ཡུལ༔ སོ་ས་གླིང་གི་དུར་ཁྲོད་དུ༔ འགྲོ་བ་འདུལ་བའི་དངོས་གྲུབ་བརྙེས༔ ཉི་མ་འོད་ཟེར་གཤེགས་སུ་གསོལ༔ ཨོ་རྒྱན་ཡུལ་གྱི་ཤར་ལྷོ་མཚམས༔ ཟ་ཧོར་རྒྱལ་པོའི་ཡུལ་དབུས་སུ༔ བདུད་འདུལ་དྲག་པོའི་དངོས་གྲུབ་བརྙེས༔ ཤཱཀྱ་སེང་གེ་གཤེགས་སུ་གསོལ༔ ཡུལ་གྱི་མིང་ནི་རྒྱ་གར་ཡུལ༔ གྲོང་ཁྱེར་མིང་ནི་མ་ག་དྷཱ༔ མུ་སྟེགས་འདུལ་བའི་དངོས་གྲུབ་བརྙེས༔ སེང་གེ་སྒྲ་སྒྲོག་གཤེགས་སུ་གསོལ༔ ཡུལ་གྱི་མིང་ནི་བོད་ཀྱི་ཡུལ༔ སྟག་ཚང་སེང་གེ་བསམ་འགྲུབ་ཏུ༔ དྲེགས་པ་ཚར་གཅོད་དངོས་གྲུབ་བརྙེས༔ རྡོ་རྗེ་གྲོ་ལོད་གཤེགས་སུ་གསོལ༔ ཧྲཱི༔ ཡུལ་གྱི་མིང་ནི་རྔ་ཡབ་གླིང༔ ཟངས་མདོག་དཔལ་རིའི་རྩེ་མོ་རུ༔ པདྨ་འོད་ཀྱི་གཞལ་ཡས་སུ༔ གྲུབ་པ་མཐར་ཕྱིན་དངོས་གྲུབ་བརྙེས༔ པདྨ་ཐོད་ཕྲེང་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧྲཱི༔ བདེ་ཆེན་འབར་བའི་གཞལ་ཡས་ནས༔ དབང་གི་རྒྱལ་པོ་རྟ་མཆོག་དཔལ༔ རྡོ་རྗེ་ཕག་མོ་ཡུམ་དང་བཅས༔ དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ ཕྱོགས་བཞི་མཚམས་བརྒྱད་གཞལ་ཡས་ནས༔ རིགས་བཞི་མཁའ་འགྲོ་གཤེགས་སུ་གསོལ༔ བདུད་འདུལ་གིང་བཞི་གཤེགས་སུ་གསོལ༔ དཔའ་བོ་དཔའ་མོ་གཤེགས་སུ་གསོལ༔ ཧཱུྃ༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ མཁའ་འགྲོ་དཔའ་བོ་མ་ལུས་དང༔ རིག་འཛིན་ཆོས་སྐྱོང་ཐམས་ཅད་བྱོན༔ དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམ༔ དར་གྱི་ཅོད་པན་པུ་རུ་རུ༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ སིལ་སྙན་མང་པོ་སི་ལི་ལི༔ རྒྱན་ཆ་མང་པོ་ཁྲོ་ལོ་ལོ༔ རོལ་མོ་མང་པོ་དི་རི་རི༔ དཔའ་བོའི་བྲོ་བརྡུང་ཁྲབས་སེ་ཁྲབ༔ དཔའ་མོའི་གླུ་ལེན་ཀྱུ་རུ་རུ༔ ཡི་དམ་ལྷ་ཚོགས་ཡ་ལ་ལ༔ མཁའ་འགྲོ་མ་ཚོགས་ཐིབས་སེ་ཐིབ༔ ཆོས་སྐྱོང་ལས་བྱེད་ཁྱུགས་སེ་ཁྱུག༔ ཞུབ་ཆེན་སྟོང་གདངས་སི་ལི་ལི༔ ལྷ་སྲིན་སྡེ་བརྒྱད་ཤ་ར་ར༔ གཡས་ན་ཕོ་རྒྱུད་ཐིབས་སེ་ཐིབ༔ གཡོན་ནས་མོ་རྒྱུད་ཐིབས་སེ་ཐིབ༔ དར་གྱི་རུ་མཚོན་ལྷུབས་སེ་ལྷུབ༔ མཁའ་འགྲོའི་བརྡ་སྐད་དི་རི་རི༔ དཔའ་བོའི་བཤུགས་གླུ་ཀྱུ་རུ་རུ༔ དཔའ་མོའི་གར་བྱེད་ཤིགས་སེ་ཤིག༔ ཧཱུྃ་གི་སྣང་གླུ་ཀྱུ་རུ་རུ༔ ཕཊ་ཀྱི་བརྡ་སྐད་སངས་སེ་སང༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིང་ཧྲཱིང་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ ཅེས་པས་རྩ་བ་གསུམ་བྱོན་པར་བསམས་ལ༔ ལྔ་པ་བཞུགས་སུ་གསོལ་བ་ནི༔ ཧྲཱི༔ རིན་ཆེན་གཞལ་ཡས་ཉམས་རེ་དགའ༔ དུར་ཁྲོད་གནས་མཆོག་བྱིན་རེ་ཆེ༔ པདྨ་འདབ་བཞི་མདངས་རེ་གསལ༔ ཉི་ཟླ་བརྩེགས་པ་འོད་རེ་གསལ༔ རྟོག་མེད་རོ་གདན་བག་རེ་བྲོ༔ བཞུགས་པའི་གནས་མཆོག་དང་རེ་སྤྲོ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ དགྱེས་ཤིང་མི་གཡོ་བརྟན་པར་བཞུགས༔ མོས་པའི་བུ་ལ་ཞལ་བསྟན་འཚལ༔ གསུང་གི་གདམས་པའི་གནད་དགྲོལ་འཚལ༔ ཐུགས་ཀྱི་དགོངས་པའི་སྒོ་དབྱེ་འཚལ༔ འགྲོ་བའི་དོན་དུ་སྐུ་བཞུགས་འཚལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཅེས་པས་བདག་དང་གཉིས་སུ་མེད་པར་བཞུགས་པར་བསམ༔ དྲུག་པ་ཕྱག་འཚལ་བ་ནི༔ ཨེ་མ་ཧོ༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་འདྲེན༔ ཡིད་བཞིན་དངོས་གྲུབ་ཆར་འབེབ་པའི༔ ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ སྤྲོས་བྲལ་བདེ་ཆེན་ཀུན་བཟང་མོ༔ རྡོ་རྗེ་སྨན་གཅིག་མཚོ་རྒྱལ་ཡུམ༔ བདེ་སྟོང་གཉིས་མེད་ཐབས་ཤེས་སྦྱོར༔ ཡབ་ཡུམ་གཉིས་སུ་མེད་ལ་ཕྱག་འཚལ་ལོ༔ བྱ་བྱེད་ཡིད་ཆོས་རྣམ་པར་དག༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་འདྲེན༔ དྲག་པོའི་ཚུལ་གྱིས་དགྲ་བགེགས་སྒྲོལ༔ དབང་ཆེན་རྟ་ཕག་ཡབ་ཡུམ་ལ༔ གཉིས་མེད་གུས་པས་ཕྱག་འཚལ་ལོ༔ སྣང་བ་ཡབ་ལ་སྟོང་པ་ཡུམ༔ མཁའ་འགྲོ་གིང་ལ་ཕྱག་འཚལ་ལོ༔ ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོལ༔ སྲུང་མའི་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ བདུན་པ་ཕྱི་ནང་གསང་མཆོད་འབུལ་བ་ལ༔ ཕྱི་ཡི་མཆོད་པ་ནི༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ ལྷ་རྫས་ཕྱི་མཆོད་འབུལ་བ་ནི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སྒྲ་སྙན་ཡིད་འོང་རྣམས༔ སྤྱན་ཤངས་ཐུགས་དང་སྐུ་ལུས་དང༔ ཞལ་དང་སྙན་དུ་མཆོད་པར་འབུལ༔ ཨོཾ་ཨཱཿཧཱུྃ༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་བཛྲ་པུཥྤེ༔ དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པཱུ་ཛ་ཧོ༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ རང་བྱུང་ནང་མཆོད་འབུལ་བ་ནི༔ དབང་པོ་ལྔ་ཡི་མེ་ཏོག་མཆོད༔ བསུར་ཆེན་བདུག་སྤོས་དྲི་ཡིས་མཆོད༔ ཞུན་ཆེན་སྣང་གསལ་མར་མེས་མཆོད༔ རྡོ་རྗེ་དྲི་ཆུའི་བྱུགས་པས་མཆོད༔ བདུད་རྩི་དྲི་ཆེན་ཞལ་ཟས་མཆོད༔ རྐང་གླིང་ཐོད་པའི་རྔ་སྒྲས་མཆོད༔ དུག་གསུམ་སྐུ་གསུང་ཐུགས་སུ་མཆོད༔ དུག་ལྔ་ཡེ་ཤེས་ལྔ་རུ་མཆོད༔ སྣང་སྲིད་ཕྱག་རྒྱ་བཞི་རུ་མཆོད༔ འཁོར་འདས་ཐམས་ཅད་གཉིས་མེད་བཞེས༔ ཨོཾ་ཨཱཿཧཱུྃ༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་མ་ཧཱ་པཉྩ་པཱུ་ཛ་ཧོ༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ གཉིས་མེད་གསང་མཆོད་འབུལ་བ་ནི༔ ཡབ་ཡུམ་གཉིས་མེད་མཁའ་གསང་ནས༔ བྱང་སེམས་དཀར་དམར་བདེ་བའི་རྒྱུན༔ བདེ་བའི་རོ་སྙོམས་མཆོད་པར་འབུལ༔ སྐུ་ལུས་རྒྱས་ཕྱིར་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་བོ་དྷི་ཙིཏྟ་པཱུ་ཛ་ཧོ༔ བརྒྱད་པ་སྨན་རཀ་འབུལ་བ་ནི༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ བདུད་རྩི་སྨན་མཆོད་འབུལ་བ་ནི༔ རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས༔ རྒྱུད་ལྔ་སེམས་ཅན་ཀུན་སྒྲོལ་ཕྱིར༔ དུག་ལྔ་སེལ་བའི་ཨ་མྲྀ་ཏ༔ རྩ་བརྒྱད་སྟོང་ལས་སྦྱར་བའི་བདུད་རྩི་འདིས༔ བླ་མ་ཡི་དམ་མཁའ་འགྲོ་མཆོད༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཞེས་ཐམས་ཅད་ཀྱི་མཚན་ནས་བཏོན་ནས་སྦྱར་རོ༔ རཀྟ་འབུལ་བ་ནི༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ རཀྟའི་མཆོད་པ་འབུལ་བ་ནི༔ སྲིད་གསུམ་གདུག་པ་བསྒྲལ་པའི་ཁྲག༔ འཁོར་འདས་མཉམ་ཉིད་བྷནྡྷ་རུ༔ ཡེ་ཤེས་གསལ་བའི་བཅུད་དུ་གཏམས༔ འཁོར་བ་ཆོས་སྐུར་དག་བྱའི་ཕྱིར༔ བདེ་ཆེན་རཀྟའི་མཆོད་པ་ཡིས༔ བླ་མ་ཡི་དམ་མཁའ་འགྲོ་མཆོད༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ ཧྲཱི༔ རྗེ་བཙུན་བླ་མ་གཤེགས་སུ་གསོལ༔ གདུང་བ་དྲག་པོས་གསོལ་འདེབས་ཀྱིས༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ འདོད་ཡོན་ལྔ་ཡི་མཆོད་པ་འབུལ༔ བ་ལིཾ་རྒྱན་གྱི་མཆོད་པ་འབུལ༔ སྨན་རཀ་བདུད་རྩིའི་མཆོད་པ་འབུལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ ཏིང་འཛིན་རྩེ་གཅིག་མཆོད་པ་འབུལ༔ ཧྲཱི༔ བླ་མ་རིག་འཛིན་མཆོད་པ་བཞེས༔ ཡི་དམ་ལྷ་ཚོགས་མཆོད་པ་བཞེས༔ མཁའ་འགྲོའི་ཚོགས་རྣམས་མཆོད་པ་བཞེས༔ དཔའ་བོའི་ཚོགས་རྣམས་མཆོད་པ་བཞེས༔ དཔའ་མོའི་ཚོགས་རྣམས་མཆོད་པ་བཞེས༔ གིང་གི་ཚོགས་རྣམས་མཆོད་པ་བཞེས༔ དམ་ཅན་ཚོགས་རྣམས་མཆོད་པ་བཞེས༔ སྲུང་མའི་ཚོགས་རྣམས་མཆོད་པ་བཞེས༔ རྣལ་འབྱོར་ཕོ་མོ་དམ་རེ་གཙང༔ མཁའ་འགྲོའི་ཚོགས་རྣམས་དང་རེ་སྤྲོ༔ དུར་ཁྲོད་གནས་མཆོག་ཉམས་རེ་དགའ༔ ཞིང་ཆེན་བླ་རེའི་རྒྱན་དང་ལྡན༔ ཤ་སྣ་སྙིང་སྣ་བསམ་མི་ཁྱབ༔ སྤྲོ་དགའ་གནས་ཀྱི་མཆོད་པ་བཞེས༔ དགུ་པ་གཏོར་མ་འབུལ་བ་ནི༔ ཧྲཱི༔ སྣང་བ་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ༔ སྲིད་པ་བཅུད་ཀྱི་སེམས་ཅན་གཏོར་མར་སྦྱར༔ དཔལ་གྱི་གཏོར་མ་བརྗིད་ལྡན་འགྱིང་བ་འདི༔ རི་རྒྱལ་ལྷུན་པོ་བས་ཀྱང་དཔང་རེ་མཐོ༔ མ་མོའི་གཏོར་མ་པདྨས་བསྐོར་བ་འདི༔ གླིང་བཞི་གླིང་ཕྲན་བས་ཀྱང་བཀོད་རེ་ལེགས༔ དཀར་གྱི་ཐིག་བཏབ་དམར་གྱི་གུར་ཕུབ་པ༔ གསེར་གྱི་རི་བདུན་པས་ཀྱང་བརྗིད་རེ་ཆེ༔ བདུད་རྩི་སྨན་གྱིས་གཏོར་མར་བྲན་པ་འདི༔ ལྷ་ཡི་ཞལ་ཟས་བས་ཀྱང་རོ་རེ་བདའ༔ རཀྟ་དམར་གྱི་ཨརྒྷཾ་བྲན་པ་འདི༔ རྒྱ་མཚོ་ཆེན་པོ་བས་ཀྱང་རྒྱ་རེ་ཆེ༔ དཀར་རྩི་དམར་རྩི་ཤ་ཆེན་དྲི་ཆེན་དང༔ དྲི་ཆུ་བྱུག་པའི་རྫས་ཏེ་རྣམ་པ་ལྔ༔ སེང་གེ་གླང་ཆེན་རྟ་དང་རྨ་བྱ་ཁྱུང༔ མཆོག་ཆེན་མི་ལ་སོགས་ཏེ་རྣམ་པ་ལྔ༔ མ་ཧཱ་མཱཾ་ས་ལ་སོགས་ཤ་སྣ་སྟོང༔ མ་ཧཱ་ཙིཏྟ་ལ་སོགས་སྙིང་སྣ་སྟོང༔ མ་ཧཱ་རཀྟ་ལ་སོགས་ཁྲག་སྣ་སྟོང༔ བ་སུ་ཏ་དང་ནང་ཁྲོལ་རྣམ་པ་ལྔ༔ དབང་པོ་ལྔ་དང་གོ་རོ་ཙ་ན་དང༔ ཤིང་ཐོག་མེ་ཏོག་འབྲུ་སྣ་སྨན་རྣམས་དང༔ ཟན་དང་ཁུར་བ་ཐུག་པའི་བྱེ་བྲག་དང༔ མར་ཐུད་ཕྲུམ་དང་ཞོ་དང་འོ་མ་དང༔ རྩི་དང་ཙ་རུ་རྩི་ཆེན་གོ་སྙོད་དང༔ ལྒ་དང་ལན་ཚྭ་སྤོད་ཀྱི་བྱེ་བྲག་དང༔ རི་སྒོག་ཀླུང་སྒོག་ཤ་མོ་སྣ་ཚོགས་དང༔ བཟའ་དང་བཅའ་དང་བཏུང་བའི་བྱེ་བྲག་དང༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ འདོད་ཡོན་རྣམ་ལྔའི་མཆོད་པ་སྣ་ཚོགས་ཀུན༔ ཐོགས་མེད་བློ་ཡིས་ཐམས་ཅད་ཀུན་བསྡུས་ནས༔ ཏིང་འཛིན་དགོངས་བརྒྱུད་དག་པས་བྱིན་བརླབས་ཤིང༔ བདུད་རྩིར་གྱུར་པའི་གཏོར་མ་ཆེན་པོ་འདིས༔ རྡོ་རྗེ་སློབ་དཔོན་ཐུགས་དམ་བསྐང་གྱུར་ཅིག༔ ཡི་དམ་ལྷ་ཚོགས་ཐུགས་དམ་བསྐང་གྱུར་ཅིག༔ མཁའ་འགྲོའི་ཚོགས་རྣམས་ཐུགས་དམ་བསྐང་གྱུར་ཅིག༔ དཔའ་བོ་གིང་བཞིའི་ཐུགས་དམ་བསྐང་གྱུར་ཅིག༔ དམ་ཅན་སྲུང་མའི་ཐུགས་དམ་བསྐང་གྱུར་ཅིག༔ མཆོད་པར་འོས་པའི་ཐུགས་དམ་བསྐང་གྱུར་ཅིག༔ དམ་རྫས་གཏོར་ཆེན་བཤམས་པ་དང༔ བདུད་རྩི་སྨན་མཆོད་སྦྲེང་བ་དང༔ བྷནྡྷ་རཀྟས་བཀང་བ་དང༔ དུར་ཁྲོད་ཆས་བརྒྱད་བཤམས་པ་དང༔ རྐང་གླིང་ཐོད་རྔ་སྒྲོག་པ་དང༔ ཞུན་ཆེན་སྣང་གསལ་མར་མེ་དང༔ མཱཾ་སའི་བསུར་དུད་གཏོང་བ་དང༔ འདོད་ཡོན་ལོངས་སྤྱོད་སྤུངས་པ་ཡིས༔ བླ་མ་ཡི་དམ་མཁའ་འགྲོ་དང༔ ཆོས་སྐྱོང་སྲུང་མ་གཏེར་བདག་རྣམས༔ ཐུགས་དམ་ཉམས་ཆག་གཉན་བསྐངས་ལ༔ གཡར་དམ་སོར་སྩོལ་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་ཌཱ་ཀི་ནཱི་མ་ཧཱ་བ་ལིཾ་ཏ་ལ་ཁཱ་ཧིཿ མ་ཧཱ་ཨ་མྲྀཏ་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་ག་ཎ་ཙཀྲ་ལ་ཁཱ་ཧི༔ བཅུ་པ་བསྟོད་པ་བྱ་བ་ནི་འདི་སྐད་དོ༔ ཧྲཱི༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་བྱོན་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ སྐུ་ནི་མི་འགྱུར་ཀུན་ཏུ་བཟང་པོའི་སྐུ༔ གསུང་ནི་མི་འགག་མཉམ་ཉིད་རིག་པའི་གསུང༔ ཐུགས་ནི་མི་གཡོ་སྨྲ་བསམ་བརྗོད་ལས་འདས༔ སྐུ་གསུང་ཐུགས་ལྡན་པདྨ་རྒྱལ་ལ་བསྟོད༔ འགྲོ་བའི་དོན་དུ་རང་བྱུང་འོད་དཔག་མེད༔ བཀྲ་ཤིས་ཡོན་ཏན་དུ་མས་བརྒྱན་པའི་སྐུ༔ འཇིག་རྟེན་དབང་བསྒྱུར་པདྨ་རྒྱལ་པོའི་སྲས༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ༔ རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ༔ དབང་གི་ལས་མཛད་པདྨ་ཐོད་ཕྲེང་རྩལ༔ མངོན་སྤྱོད་ལས་མཛད་ཀརྨ་ཐོད་ཕྲེང་རྩལ༔ ཐམས་ཅད་ལྷུན་གྲུབ་བུདྡྷ་ཐོད་ཕྲེང་རྩལ༔ ཕྲིན་ལས་རྫོགས་པའི་དཔལ་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ མ་ཆགས་སྐྱོན་གྱིས་མ་གོས་པའི༔ པདྨ་འབྱུང་གནས་སྐུ་ལ་ཕྱག་འཚལ་བསྟོད༔ ཡོན་ཏན་ཐམས་ཅད་རབ་རྫོགས་པའི༔ པདྨ་སཾ་བྷའི་སྐུ་ལ་ཕྱག་འཚལ་བསྟོད༔ ཤེས་བྱ་ཀུན་ལ་མ་རྨོངས་པའི༔ བློ་ལྡན་མཆོག་སྲེད་སྐུ་ལ་ཕྱག་འཚལ་བསྟོད༔ ཁམས་གསུམ་དབང་དུ་སྡུད་མཛད་པའི༔ པདྨ་རྒྱལ་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ རྨོངས་པའི་མུན་སེལ་འགྲོ་བ་འདུལ༔ ཉི་མ་འོད་ཟེར་སྐུ་ལ་ཕྱག་འཚལ་བསྟོད༔ ལོག་འདྲེན་བདུད་བཞི་འདུལ་མཛད་པའི༔ ཤཱཀྱ་སེང་གེའི་སྐུ་ལ་ཕྱག་འཚལ་བསྟོད༔ མུ་སྟེགས་དམ་སྲི་འདུལ་མཛད་པ༔ སེངྒེ་སྒྲ་སྒྲོག་སྐུ་ལ་ཕྱག་འཚལ་བསྟོད༔ དྲེགས་པའི་དགྲ་བགེགས་ཚར་གཅོད་པའི༔ རྡོ་རྗེ་གྲོ་ལོད་སྐུ་ལ་ཕྱག་འཚལ་བསྟོད༔ སྣང་བ་མ་འགག་ཐུགས་རྗེ་ཆེན་པོའི་སྐུ༔ རྟ་མགྲིན་དབང་གི་སྐུ་ལ་ཕྱག་འཚལ་བསྟོད༔ སྐྱེ་མེད་རྣམ་དག་ཆོས་དབྱིངས་དག་པའི་ཡུམ༔ རྡོ་རྗེ་ཕག་མོ་ཡུམ་ལ་ཕྱག་འཚལ་བསྟོད༔ སྐྱེ་འགག་གཉིས་སུ་མེད་པའི་མཁའ་དབྱིངས་ལས༔ ཐུགས་རྗེ་མ་འགག་ཅིར་ཡང་སྟོན་ཅིང་སྤྲུལ༔ དཔའ་བོ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཆོས་སྐྱོང་སྲུང་མའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་ཌཱ་ཀི་ནཱི༔ མ་ཧཱ་ཧྲྀ་ད་ཡ་ཨོཾ༔ ན་མོ༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ རང་རིག་བླ་མ་རྡོ་རྗེ་འཛིན༔ མ་རྟོགས་གཉིས་འཛིན་བློས་བཟུང་བ༔ དབྱེར་མེད་ཀློང་དུ་བཟོད་པར་གསོལ༔ ཨོཾ་གུ་རུ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་གུ་རུ་སཏྭ༔ ཏྭེ་ནོ་པ་ཏིཥྛ༔ དྲྀདྡྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲི་ཡཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏ་བཛྲ་གུ་རུ་མཱ་མེ་མུཉྩ་བཛྲ་གུ་རུ་སམྦྷ་ཝ༔ མ་ཧཱ་ས་མ་ཡ་སཏྭ་ཨཱ༔ བརྒྱའམ་ཉེར་གཅིག་བདུན་གྱིས་ཉམས་ཆག་སྐོང་བར་འགྱུར༔ བཅུ་གཅིག་པ་འཛབ་བཟླ་བ་ལ་གསུམ༔ བསྙེན་སྒྲུབ་ལས་ལ་སྦྱོར་བ་ནི༔ བསྙེན་དུས་བླ་མ་སྤྱི་བོར་བསྒོམ༔ གསོལ་འདེབས་ཚུལ་དུ་འཛབ་འདི་བཟླ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དབང་ཞུ་དངོས་གྲུབ་བླང་བར་བྱ༔ སྒྲུབ་དུས་བླ་མ་རང་གསལ་གདབ༔ མཆོད་བསྟོད་ཚུལ་དུ་འཛབ་འདི་བཟླ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ལས་སྦྱོར་དུས་སུ་རང་གསལ་གདབ༔ ཕྲིན་ལས་སྒྲུབ་པའི་ཚུལ་དུ་བཟླ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲཱིང་ཧྲཱིང་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ བརྒྱ་སྟོང་ཁྲི་འབུམ་རྟགས་དང་སྦྱར༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ དང་པོ་བསྙེན་ཅིང་བར་དུ་བསྒྲུབས༔ ད་ལྟ་བདག་དང་གཉིས་སུ་མེད༔ བསྙེན་སྒྲུབ་ལས་སྦྱོར་མཐའ་རུ་ཕྱིན༔ དེང་སང་སྐྱ་རེངས་དང་པོ་ཤར༔ རྡོ་རྗེ་སྲིན་པོའི་ནམ་ལངས་ཉེ༔ དངོས་གྲུབ་འབྱུང་བའི་དུས་ལ་བབ༔ རྒྱལ་བ་ཐུགས་རྗེའི་རང་བཞིན་ལ༔ གནད་ནས་བསྐུལ་འདེབས་མི་འཚལ་ཡང༔ དེང་སང་ཐུགས་དམ་གནད་ནས་བསྐུལ༔ གསང་བ་ཐུགས་ཀྱི་དཔལ་བེའུ་ནས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ པད་སྐོར་ཕྱག་རྒྱས་བླང་ངོ༔ འདི་ནི་དངོས་གཞིའི་རིམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་རྗེས་ཀྱི་རིམ་པ་ནི༔ དང་པོ་ཚོགས་བྱ་བ་ནི༔ བདུད་རྩི་ཚོགས་ལ་གཏོར་ཞིང་བསང༔ ཨོཾ་སརྦ་དྲ་བྱཾ་ཤོ་དྷ་ནི་ཧཱུྃ་ཕཊ༔ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཚོགས་འཁོར་སྦྱང་ཕྱིར་ཡི་གེ་སྤྲོ༔ རཾ་ཡཾ་ཁཾ༔ རཾ་ལས་མེ་བྱུང་དངོས་འཛིན་བསྲེགས༔ ཡཾ་ལས་རླུང་བྱུང་བག་ཆགས་གཏོར༔ ཁཾ་ལས་ཆུ་བྱུང་གཉིས་འཛིན་བཀྲུས༔ དེ་ཕྱིར་རཾ་ཡཾ་ཁཾ་ཞེས་བྱ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ བྱིན་གྱིས་རློབ་པའི་ཡི་གེ་སྤྲོ༔ ཧཱུྃ་གིས་རྣམ་པར་རྟོག་པ་སྦྱངས༔ ཨཱཿཡིས་ཡེ་ཤེས་བདུད་རྩིར་བསྒྱུར༔ ཨོཾ་གྱིས་འདོད་ཡོན་སྣང་སྲིད་གང༔ ཧྲཱིཿཡིས་ལྷ་ཚོགས་དགྱེས་པར་བསམ༔ དེ་ནས་ཚོགས་ལ་སྤྱན་འདྲེན་པ་ནི༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས༔ བླ་མེད་གསང་བའི་དཀྱིལ་འཁོར་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ སྐུ་དང་གསུང་དང་ཐུགས་སུ་བསྐང༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ མཛེས་སྙན་དྲི་ཞིམ་རོ་བདའ་ཞིང༔ རེག་བདེ་གླུ་གར་ཆོས་ཡིད་ཚིམས༔ འདོད་ཡོན་མཆོད་པས་ཐུགས་དམ་བསྐང༔ བཤགས་ཚིག་གདུངས་བས་འདི་སྐད་དོ༔ ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ གསང་བའི་དཀྱིལ་འཁོར་གཞུང་བཞིན་བཤམས་ནས་ཀྱང༔ སྒྲུབ་རྫས་གཉན་པོ་གཞུང་བཞིན་བཀྲམ་ལགས་ན༔ བླ་མ་ཡི་དམ་མཁའ་འགྲོའི་ཐུགས་དམ་སྐོང་གྱུར་ཅིག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ སྐབས་འདིར་སྐོང་གསོ་གཞན་ཡང་བྱའོ༔ ཀུན་གཞི་མ་བཅོས་ཀློང་ཡངས་ནས༔ རང་རིག་རང་གསལ་ཀུན་ཏུ་བཟང༔ གདོད་ནས་མ་སྐྱེས་ཀུན་བཟང་མོ༔ དབྱེར་མེད་བདེ་བ་ཆེན་པོ་ལ༔ བསྐང་དང་བཤགས་བྱ་བཤགས་པའི་ཡུལ༔ རྣམ་རྟོག་སྤྲོས་བྲལ་ཆོས་ཀྱི་སྐུ༔ ཆོས་ཀྱི་སྐུ་ལ་ཉམས་པ་མེད༔ དེ་ལྟར་རྟོགས་ན་སྐོང་བཤགས་མཆོག༔ ཐུགས་དམ་ཉམས་ཆག་གཉན་བསྐངས་ལ༔ རྣལ་འབྱོར་བདག་གི་གཡར་དམ་སྩོལ༔ དེ་ནས་ཚོགས་ཕུད་རིམ་པ་གསུམ་བྱ༔ དང་པོ་ཕུད་ཀྱིས་མཆོད་པ་ནི༔ བདེ་བར་གཤེགས་སོ་བཅོམ་ལྡན་འདས༔ སངས་རྒྱས་ཀུན་གྱི་བདག་ཉིད་ཆེ༔ ཨོ་རྒྱན་པདྨ་འབྱུང་གནས་དང༔ རྩ་བརྒྱུད་བླ་མའི་ཚོགས་རྣམས་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཚོགས་བཤགས་བྱ་བ་ནི༔ སྔོན་བྱུང་དུས་ནས་ད་ལྟ་ཐུག་གི་བར༔ མ་རིག་དབང་གིས་བདག་ལུས་ངག་སེམས་ཀྱིས༔ རྡོ་རྗེ་སློབ་དཔོན་ཐུགས་དང་ཅི་འགལ་བ༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས་པར་བགྱི༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ འཆི་མེད་སརྦ་པཉྩ་ཨ་མྲྀཏ༔ རོ་ཡིས་ཁམས་ནི་སློང་བར་བྱེད༔ དུག་གི་ཕུང་པོ་འཇོམས་པར་བྱེད༔ རྩི་ཐོག་སྨན་གྱི་མཆོད་པ་བཞེས༔ སརྦ་པཉྩ་ཨ་མྲྀཏ་ལ་ཁཱ་ཧི༔ ཐ་མ་དགྲ་གཟུགས་དབལ་ལ་གཏད༔ ང་རོའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ༔ ཆེ་མཆོག་པདྨ་ཐོད་ཕྲེང་རྩལ༔ རྔམ་དྲག་གཏུམ་པའི་རང་བཞིན་ལ༔ ཡཀྴ་མེ་དབལ་སྐར་ལྟར་འཁྲུགས༔ ལས་ཀྱི་ཕོ་ཉས་སྟོང་གསུམ་གང༔ གཡས་པས་རྡོ་རྗེ་ཕུར་པ་འདྲིལ༔ གཡོན་པས་ལྕགས་ཀྱུ་ཞགས་པ་འཛིན༔ དགྲ་བགེགས་སྒྲོལ་བའི་དུས་ལ་བབ༔ རྡུལ་ཕྲན་བཞིན་དུ་བརླག་པར་བྱེད༔ ནྲྀ་ཏྲི་ཤཱ་ཏྲཱུཾ་མཱ་ར་ཡ་ཕཊ༔ བླ་མ་ཡི་དམ་མཁའ་འགྲོ་ཞལ་ཕྱེས་ཤིག༔ ཁམས་གསུམ་ཡོངས་སྒྲོལ་དགྲ་བགེགས་ཞལ་དུ་བསྟབ༔ རྔམས་བྱེད་ཧ་ཁུང་ཡངས་པའི་མགུལ་དུ་བསྟིམས༔ ཟ་བྱེད་མི་འགྱུར་ཆོས་ཀྱི་དབྱིངས་སུ་རོལ༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་དགྲ་བགེགས་འབྱུང་པོ་བསྒྲལ་པའི་ཤ་དང་རུས་པ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་ནས་སློབ་བུས་ཚོགས་བཏེགས་ལ་འདི་སྐད་དོ༔ ཧོ༔ གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས༔ འདི་ལ་ཐེ་ཚོམ་བྱར་མི་རུང༔ བྲམ་ཟེ་གདོལ་པ་ཁྱི་ཕག་རྗེ༔ རང་བཞིན་གཅིག་ཏུ་དགོངས་ཏེ་རོལ༔ ཅེས་དྲང་ངོ༔ བླ་མས་བླང་བ་ནི༔ ཧོ༔ རིན་ཐང་མེད་ལས་ལེགས་འོང་ཆོས༔ འདོད་ཆགས་དྲི་མ་རྣམ་པར་དག༔ གཟུང་དང་འཛིན་པ་ཀུན་སྤངས་པའི༔ དེ་བཞིན་ཉིད་ལ་བདག་ཕྱག་འཚལ༔ ཨ་ལ་ལ་ཧོ༔ ཧོ༔ ཞལ་ཟས་ཚོགས་མཆོད་དམ་པ་འདི༔ འདོད་ཡོན་མ་སྤངས་ལོངས་སྤྱོད་རྒྱན༔ དངོས་གྲུབ་སྣ་ཚོགས་འདི་ལས་འབྱུང༔ ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ༔ ཨ་ལ་ལ་ཧོ༔ ཞེས་བརྗོད་ཅིང་པདྨའི་ཕྱག་རྒྱས་བླང༔ ཁམ་གསུམ་གསོལ་ལ་སྨོན་ལམ་གདབ༔ ཚོགས་ཀྱི་འཁོར་ལོ་ཕུལ་བའི་བསོད་ནམས་ཀྱིས༔ མི་ཟད་གཏེར་ལ་ལོངས་སྤྱོད་ཅིང༔ ཡེ་ཤེས་སྣང་བ་རང་གསལ་ནས༔ ཀ་དག་ཆེན་པོའི་ས་ཐོབ་ཤོག༔ གཞན་ལའང་སྤེལ་ལོ༔ གཉིས་པ་ལྷག་མ་ཁ་ཆུས་བྲན་ལ༔ ཧཱུྃ༔ དང་པོ་ཕུད་ཀྱིས་མི་མཆོད་དུ༔ བླ་མ་ཡི་དམ་ཕུད་ཀྱི་བདག༔ བར་དུ་ཚོགས་ཀྱིས་མི་མཆོད་དུ༔ མ་དང་མཁའ་འགྲོ་ཚོགས་ལ་དགྱེས༔ ཐ་མ་ལྷག་མས་མི་མཆོད་དུ༔ དཔལ་གྱི་བཀའ་ཉན་ལྷག་ལ་དགྱེས༔ དབང་ཕྱུག་མ་སྲིང་མཁའ་འགྲོ་མ༔ འབར་མ་གིང་ལང་ཕོ་ཉའི་ཚོགས༔ འབུམ་ཕྲག་ཡངས་པའི་སྡེ་བརྒྱད་རྣམས༔ འདིར་གཤེགས་ལྷག་མའི་གཏོར་མ་བཞེས༔ སྔོན་ཚེ་དཔལ་གྱི་བཀའ་ལུང་བཞིན༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཨོཾ་ཨུ་ཙྪིཥྚ་བཛྲ་ཨ་ཏི་ཏྲ་ཤ་ས་མ་ཡ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཧྲཱིཿབྷྱོ་བྷྱོ༔ གསུམ་པ་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ༔ མ་གཡེལ་མ་གཡེལ་རིག་འཛིན་ཚོགས༔ མ་གཡེལ་མ་གཡེལ་ཡི་དམ་ཚོགས༔ མ་གཡེལ་མ་གཡེལ་མཁའ་འགྲོའི་ཚོགས༔ མ་གཡེལ་མ་གཡེལ་དཔའ་བོའི་ཚོགས༔ མ་གཡེལ་མ་གཡེལ་དཔའ་མོའི་ཚོགས༔ མ་གཡེལ་མ་གཡེལ་གིང་གི་ཚོགས༔ མ་གཡེལ་མ་གཡེལ་དམ་ཅན་ཚོགས༔ རྗེས་འཇུག་བྱིན་གྱིས་བརླབ་པའི་ཕྱིར༔ ཁྱེད་ཀྱི་ཐུགས་དམ་གནད་ནས་སྐུལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་འབྱུང་གནས་ཐུགས་དམ་སྐུལ༔ སྡེ་སྣོད་ཐུགས་ཀྱི་ཀློང་ན་གསལ༔ པདྨ་སཾ་བྷའི་ཐུགས་དམ་སྐུལ༔ ཐོས་བསམ་ལྡན་པས་འགྲོ་བ་འདུལ༔ བློ་ལྡན་མཆོག་སྲེད་ཐུགས་དམ་སྐུལ༔ འཁོར་བར་མ་ཆགས་རོལ་རྩེད་མཛད༔ པདྨ་རྒྱལ་པོའི་ཐུགས་དམ་སྐུལ༔ གཞན་དོན་ཕྲིན་ལས་ལོ་འདབ་རྒྱས༔ ཉི་མ་འོད་ཟེར་ཐུགས་དམ་སྐུལ༔ འདུལ་ཁྲིམས་ལྡན་པའི་དགེ་སློང་མཛད༔ ཤཱཀྱ་སེང་གེའི་ཐུགས་དམ་སྐུལ༔ གནོད་སྦྱིན་རྫོང་དུ་དམ་སྲི་བཏུལ༔ སེངྒེ་སྒྲ་སྒྲོག་ཐུགས་དམ་སྐུལ༔ སྙན་པའི་སྒྲ་ཡིས་ཀུན་ལ་ཁྱབ༔ རྡོ་རྗེ་གྲོ་ལོད་ཐུགས་དམ་སྐུལ༔ ཟངས་མདོག་དཔལ་རིའི་གནས་མཆོག་ནས༔ ཐོད་ཕྲེང་རྩལ་གྱི་ཐུགས་དམ་སྐུལ༔ བདེ་ཆེན་དབང་གི་གཞལ་ཡས་ནས༔ རྟ་ཕག་ཡབ་ཡུམ་ཐུགས་དམ་སྐུལ༔ རྡོ་རྗེ་རིན་ཆེན་པདྨ་དང༔ ལས་དང་རིགས་བཞི་མཁའ་འགྲོ་ནི༔ ཡབ་ཡུམ་སྲས་འཁོར་བཅས་པ་རྣམས༔ ལས་བཞི་བསྒྲུབ་ཕྱིར་ཐུགས་དམ་སྐུལ༔ གིང་དང་ཤུགས་འགྲོ་དམ་ཅན་བཅས༔ དབུ་ལ་རིན་ཆེན་རྒྱན་གྱིས་བརྒྱན༔ རུས་པའི་རྒྱན་ཆ་ཁྲོ་ལོ་ལོ༔ སིལ་སྙན་མང་པོ་སི་ལི་ལི༔ ཅོད་པན་དར་དཔྱངས་པུ་རུ་རུ༔ རོལ་མོ་མང་པོ་དི་རི་རི༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཞི་རྒྱས་དབང་དྲག་སོ་སོ་ཡི༔ ཕྲིན་ལས་རྣམ་བཞི་ཁྱེད་ཀྱིས་སྒྲུབས༔ བསྒྲལ་བའི་ཞིང་བཅུ་ཁྱེད་ཀྱིས་སྒྲོལ༔ སངས་རྒྱས་བསྟན་པ་ཁྱེད་ཀྱིས་སྲུངས༔ དཀོན་མཆོག་དབུ་འཕང་ཁྱེད་ཀྱིས་བསྟོད༔ ལྷ་འདྲེ་མི་གསུམ་ཁྱེད་ཀྱིས་ཐུལ༔ འབྱུང་བཞིའི་ནད་རྣམས་ཁྱེད་ཀྱིས་སོལ༔ དུག་ལྔའི་རྣམ་རྟོག་ཞི་བར་མཛོད༔ བཞི་པ་དངོས་གྲུབ་བླང་བ་ནི༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ཧྲཱི༔ གུ་རུའི་གནས་གསུམ་འོད་འཕྲོས་ཐིམ༔ གཏོར་མ་བདུད་རྩི་དངོས་གྲུབ་རྫས༔ རང་དབང་བསྐུར་ལ་འདི་སྐད་དོ༔ ཧྲཱི༔ བདེ་མཆོག་བདེ་སྤྱོད་ནམ་མཁའི་དཀྱིལ་ཡངས་ནས༔ རྒྱལ་བའི་དཀྱིལ་འཁོར་སྲས་བཅས་ཐུགས་དམ་སྐུལ༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ ཡུམ་དང་གཉིས་མེད་བདེ་བར་རོལ༔ རིགས་བཞི་སྤྲུལ་པའི་མཚན་བརྒྱད་ཀྱིས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ པདྨ་དབང་ཆེན་ཡི་དམ་ལྷ༔ རྡོ་རྗེ་ཕག་མོ་ཤེས་རབ་ཡུམ༔ གཉིས་མེད་ཐབས་ཤེས་རོལ་པ་ལས༔ ཟུང་འཇུག་བདེ་ཆེན་དངོས་གྲུབ་སྩོལ༔ ཆོས་རྣམས་ཀུན་གཞི་ཡངས་པའི་ཀློང༔ སྐུ་གསུམ་བླ་མ་འཁོར་དང་བཅས༔ སྐུ་གསུམ་མཉམ་སྦྱོར་དངོས་གྲུབ་སྩོལ༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔ བུམ་པ་བཟང་པོ་ནོར་བུའི་ཚུལ༔ ད་ལྟ་ཉིད་དུ་བསྩལ་དུ་གསོལ༔ འགྱུར་མེད་སྐུ་ཡི་དངོས་གྲུབ་སྩོལ༔ འགག་མེད་གསུང་གི་དངོས་གྲུབ་སྩོལ༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཡོན་ཏན་རེ་སྐོང་དངོས་གྲུབ་སྩོལ༔ ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ འཛད་མེད་ནོར་གྱི་དངོས་གྲུབ་སྩོལ༔ རྒྱུད་འཛིན་གྲོགས་ཀྱི་དངོས་གྲུབ་སྩོལ༔ པུ་ཏྲ་མི་ཡི་དངོས་གྲུབ་སྩོལ༔ འཇམ་འཁྲིལ་གོས་ཀྱི་དངོས་གྲུབ་སྩོལ༔ ཞིམ་མངར་ཟས་ཀྱི་དངོས་གྲུབ་སྩོལ༔ དྲགས་པོ་མཐུ་ཡི་དངོས་གྲུབ་སྩོལ༔ བླ་མེད་མཆོག་གི་དངོས་གྲུབ་སྩོལ༔ ལྔ་པ་ཆད་མདོ་བྱ་བ་ནི༔ ཧཱུྃ་ཧྲཱི༔ སྔོན་ཚེ་འདས་དུས་བསྐལ་པ་དང་པོ་ལ༔ འོག་མིན་གནས་མཆོག་བདེ་ཆེན་ཕོ་བྲང་དུ༔ བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀས༔ རྟ་སྐད་ཐེངས་གསུམ་སྣང་སྲིད་མ་མོ་བཏུལ༔ ཐ་ཚིག་གསུམ་གྱིས་དམ་ལ་བཏགས་པའི་ཚེ༔ ཕག་མོ་ལ་སོགས་མཁའ་འགྲོ་བྱེ་བ་བརྒྱས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བ་དང༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ བཅོལ་པའི་ཕྲིན་ལས་སྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ དེ་འོག་དུས་ཀྱི་བསྐལ་པའི་དབུས་མ་ལ༔ བྲག་དམར་བསམ་ཡས་ཨརྻ་པ་གླིང་དུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང༔ སློབ་མའི་དམ་པ་རྗེ་འབངས་གྲོགས་གསུམ་གྱིས༔ དབང་ཆེན་ཡོངས་རྫོགས་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ དུར་ཁྲོད་གནས་པའི་མཁའ་འགྲོ་སྡེ་བརྒྱད་དང༔ དྲེགས་པ་སྡེ་བརྒྱད་བརྟན་མ་བཅུ་གཉིས་ཀྱིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བ་དང༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ དེ་འོག་དུས་ཀྱི་བསྐལ་པ་ཐ་མ་ལ༔ རྔ་ཡབ་གླིང་ཕྲན་ཟངས་མདོག་དཔལ་རིའི་རྩེར༔ སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་དང༔ རིག་འཛིན་སྔགས་འཆང་པདྨ་གླིང་པ་ཡིས༔ ཡང་གསང་བླ་མེད་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ སྔགས་བདག་དྲེགས་པ་ཆོས་སྐྱོང་གཏེར་བདག་གིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བ་དང༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ བཅོལ་པའི་ཕྲིན་ལས་སྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ དྲུག་པ་བརྟན་མ་བསྐྱང་བ་ནི༔ གཏོར་མ་ཕྱིར་བཏེགས་ལ་འདི་སྐད་དོ༔ ཧཱུྃ་བྷྱོ༔ དམ་ལ་བཏགས་པའི་མ་སྲིང་བརྟན་མའི་ཚོགས༔ བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ༔ དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང༔ གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང༔ འབྲོག་ཆེན་འཁོར་འདུས་རྡོ་རྗེ་བགེགས་ཀྱི་གཙོ༔ བདུད་མོ་བཞི་ཡང་འདིར་གཤེགས་གཏོར་མ་བཞེས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཤ་མེད་གངས་དཀར་རྡོ་རྗེ་གཡུ་སྒྲོན་མ༔ ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ༔ གཏེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་སྒྲོན༔ རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྩལ༔ གནོད་སྦྱིན་བཞི་ཡང་འདིར་གཤེགས་གཏོར་མ་བཞེས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང༔ བཙན་ལ་རག་མོ་རྡོ་རྗེ་སྨན་གཅིག་མ༔ གཡུ་ཡི་དྲིལ་བུ་རྡོ་རྗེ་ཟུ་ལེ་མ༔ སྨན་བཙུན་ཁུག་ཆོས་རྡོ་རྗེ་གཡར་མོ་བསིལ༔ སྨན་བཙུན་བཞི་ཡང་འདིར་གཤེགས་གཏོར་མ་བཞེས༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བརྟན་མ་བཅུ་གཉིས་སྨན་ཕྲན་འབུམ་དང་བཅས༔ བྲན་གཡོག་འཁོར་བཅས་གཏོར་མ་འདི་ལོངས་ལ༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ བར་ཆད་དགྲ་བགེགས་ནད་དང་གནོད་པའི་ཚོགས༔ མི་མཐུན་ཕྱོགས་རྣམས་ཞི་དང་བཟློག་པ་དང༔ རྒྱུ་སྦྱོར་རྐྱེན་ངན་བཟློག་པའི་ཕྲིན་ལས་མཛོད༔ མ་མཿ ཧྲཱིང་ཧྲཱིང༔ བ་ལིཾ་ཏ་ཁཱ་ཧི༔ བདུན་པ་གཏོར་མནན་བྱ་བ་ནི༔ རུ་དྲ་དགུག་གཞུག་མཐར་མནན་བྱ༔ དེ་ནས་བདག་ཉིད་དབང་ཆེན་བསྒོམ༔ གཏོར་གཞོང་ཁ་སྦུབ་བསྐལ་པའི་རུ་དྲ་མནན་པར་བསམ༔ ང་རོའི་དབྱངས་ཀྱིས་འདི་སྐད་དོ༔ ཀུན་བཟང་ཡབ་ཡུམ་མཁའ་དབྱིངས་སུ༔ ཞིང་བཅུ་བསྒྲལ་བའི་ལྔ་ཕུང་ལ༔ རྩ་གསུམ་ཁྲོས་པའི་བྲོ་བརྡུངས་པས༔ ཉོན་མོངས་དུག་ལྔ་གཏན་ནས་བཅོམ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ༔ དུག་གསུམ་འཇོམས་པའི་བྲོ་བརྡུངས་པས༔ སྔོན་གྱི་དམ་ཚིག་ཆེན་པོར་དགོངས༔ དབང་ཆེན་གར་གྱི་དཀྱིལ་འཁོར་དུ༔ བདུད་བཞི་འཇོམས་པའི་བྲོ་བརྡུངས་པས༔ ཁམས་གསུམ་བསྒྲལ་བའི་ཆོ་ག་རྫོགས༔ མཁའ་འགྲོའི་ཚོགས་ཀྱི་དཀྱིལ་འཁོར་དུ༔ ལྟ་ངན་འཇོམས་པའི་བྲོ་བརྡུངས་པས༔ རྣལ་འབྱོར་སྐོང་བའི་ཆོ་ག་རྫོགས༔ ཕྱག་བརྙན་ཚོགས་ཀྱི་དཀྱིལ་འཁོར་དུ༔ བཀའ་འདས་བསྒྲལ་བའི་བྲོ་བརྡུངས་པས༔ རུ་དྲ་མཐར་མནན་ཆོ་ག་རྫོགས༔ ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་སཏྭམྦྷ་ཡ་ནན༔ དགྲ་བགེགས་སརྦ་ཤཱ་ཏྲཱུཾ་སཏྭམྦྷ་ཡ་རཀྵ་མཱ་ར་ཡ་ནན༔ བརྒྱད་པ་དཀྱིལ་འཁོར་བསྡུ་བ་ནི༔ ཆོས་རྣམས་མི་དམིགས་པར་རྒྱས་འདེབས་ལ་འདི་སྐད་དོ༔ སྐྱེ་མེད་ཆོས་སྐུའི་ངང་ཉིད་ལས༔ འགག་མེད་རང་གསལ་སྐུ་གསུམ་ཤར༔ ཕྲིན་ལས་རྣམ་བཞི་མཐར་ཕྱིན་ནས༔ སླར་ཡང་སྐྱེ་མེད་ངང་དུ་བསྡུ༔ ཨོཾ་ཨཱཿཧཱུྃ་བཛྲ་མུ༔ དེ་རིང་ཉིད་ལ་གཤེགས་ནས་ཀྱང༔ གཏན་དུ་གཤེགས་པ་མ་ཡིན་ཏེ༔ སླར་ཡང་འབྱོན་པར་མཛད་དུ་གསོལ༔ ཆོ་ག་ལྷག་ཆད་གྱུར་པ་དང༔ མ་འབྱོར་བ་དང་ཉམས་པ་དང༔ དེ་ཀུན་མགོན་པོས་བཟོད་པར་གསོལ༔ ཨཱ་ལི་ཀཱ་ལིས་ཁ་བསྐང་ངོ༔ རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་ཏེ༔ ཧཱུྃ༔ སྣང་སྟོང་དབྱེར་མེད་ལྷ་ཡི་སྐུ༔ སྒོ་གསུམ་དཀྱིལ་འཁོར་ངང་ཉིད་ལས༔ ཐུགས་རྗེའི་རང་བཞིན་དཔལ་དུ་ཤར༔ ཕྲིན་ལས་རྣམ་བཞིས་འགྲོ་དོན་བྱེད༔ ན་མོ༔ རྩ་གསུམ་བླ་མ་བསྒྲུབས་ལ་སོགས༔ དུས་གསུམ་ཚོགས་གཉིས་གང་བསགས་རྣམས༔ འབྲས་བུ་དུས་འདིར་སྨིན་གྱུར་ཅིག༔ ཡོན་ཏན་མ་ལུས་ཡོངས་རྫོགས་ནས༔ ཕྲིན་ལས་རྣམ་བཞི་འགྲུབ་པ་དང༔ བདག་གཞན་ཆོས་སྐུ་ཐོབ་པར་ཤོག༔ བཅུ་པ་བཀྲ་ཤིས་བརྗོད་པ་ནི༔ ཆོས་སྐུའི་བཀྲ་ཤིས་མཐའ་ཡས་འོད་དཔག་མེད༔ རྡོ་རྗེ་མི་འགྱུར་སྐུ་ཡི་བཀྲ་ཤིས་ཤོག༔ ལོངས་སྐུའི་བཀྲ་ཤིས་བྱམས་མགོན་ཐུགས་རྗེ་ཅན༔ འགག་མེད་ཚངས་དབྱངས་གསུང་གི་བཀྲ་ཤིས་ཤོག༔ སྤྲུལ་སྐུའི་བཀྲ་ཤིས་རིག་འཛིན་ཐོད་ཕྲེང་རྩལ༔ གདུལ་བྱ་དཔག་མེད་འབྱོར་རྒྱས་བཀྲ་ཤིས་ཤོག༔ གསང་ཡུམ་བཀྲ་ཤིས་མཁའ་འགྲོ་མཚོ་རྒྱལ་མ༔ བདེ་སྟོང་རྒྱུན་ཆད་མེད་པའི་བཀྲ་ཤིས་ཤོག༔ ཆོས་ཀྱི་བཀྲ་ཤིས་བླ་མའི་ཡང་སྙིང་མཛོད༔ གསང་སྔགས་བསྟན་པ་མཐའ་རྒྱས་བཀྲ་ཤིས་ཤོག༔ རྡོ་རྗེ་སློབ་དཔོན་སྒྲུབ་པའི་མཆེད་ལྕམ་རྣམས༔ དུས་གསུམ་འདུ་འབྲལ་མེད་པའི་བཀྲ་ཤིས་ཤོག༔ བསྙེན་སྒྲུབ་མཐར་ཕྱིན་དེ་ཡི་བྱིན་རླབས་ཀྱིས༔ འགྲོ་རྣམས་བདེ་ཆེན་ཞིང་དུ་སྐྱེ་བ་དང༔ ཏིང་འཛིན་ཟས་ཀྱིས་རྟག་ཏུ་འཚོ་བྱེད་ཅིང༔ བདག་གཞན་གདོད་མའི་ས་ལ་ཕྱིན་པར་ཤོག༔ བཅུ་གཅིག་པ་སྨོན་ལམ་གདབ་པ་ནི༔ ན་མོ༔ བདག་གཞན་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་ཅི་བསགས་པ༔ རྣམ་པ་ཐམས་ཅད་མཁྱེན་པའི་ས་རུ་བསྔོ༔ བདག་གཞན་དོན་གཉིས་བླ་མེད་རབ་ཐོབ་ཤོག༔ གསང་སྒྲུབ་བླ་མའི་ལས་བྱང་ལེའུ་གསུམ་པ༔ ནོར་བུ་པདྨའི་ལྗོན་ཤིང་ཞེས་བྱ་བ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ བཀའ་རྒྱ༔ གསང་རྒྱ༔ ལྷོ་བྲག་སྨན་མདོ་ནས་རིག་འཛིན་པདྨ་གླིང་པས་གདན་དྲངས་པའོ།། །།