Terdzo-JA-008

From Rinchen Terdzö

བླ་མ་དགོངས་པ་འདུས་པའི་ལས་བྱང་མེ་ཏོག་ཕྲེང་མཛེས་ཀྱི་མངོན་རྟོགས་ཅུང་ཟད་སྤྲོས་པ་དང་ཉེར་མཁོའི་ཟུར་འདེབས་ཉུང་ངུ་རིན་ཆེན་སྙིང་པོའི་ཟེའུ་འབྲུ་

bla ma dgongs pa 'dus pa'i las byang me tog phreng mdzes kyi mngon rtogs cung zad spros pa dang nyer mkho'i zur 'debs nyung ngu rin chen snying po'i ze'u 'bru

by  མཁའ་ཁྱབ་རྡོ་རྗེ་ (Fifteenth Karmapa Khakhyab Dorje)
revealed by  སངས་རྒྱས་གླིང་པ་ (Sangye Lingpa)
in cycle  བླ་མ་དགོངས་པ་འདུས་པ་ (Bla ma dgongs pa 'dus pa)
Volume 7 (ཇ) / Pages 95-136 / Folios 1a1 to 21b6

[edit]

༄༅། །བླ་མ་དགོངས་པ་འདུས་པའི་ལས་བྱང་མེ་ཏོག་ཕྲེང་མཛེས་ཀྱི་མངོན་རྟོགས་ཅུང་ཟད་སྤྲོས་པ་དང་ཉེར་མཁོའི་ཟུར་འདེབས་ཉུང་ངུ་ རིན་ཆེན་སྙིང་པོའི་ཟེའུ་འབྲུ་ཞེས་བྱ་བ་བཞུགས། ། གུ་རུ་ཤྲཱི་པདྨ་བཛྲ་ཡེ། མཁའ་ཁྱབ་རྒྱལ་བའི་སྐུ་རྡོ་རྗེ། །མཐའ་ཡས་གསུང་གི་རྡོ་རྗེའི་མཛོད། །གར་དབང་བདེ་མཆོག་ཐུགས་རྡོ་རྗེ། །རྡོ་རྗེ་ཅན་ཞབས་པདྨོར་འདུད། །དེ་ལ་འདིར་བླ་མ་དགོངས་འདུས་ལས་བྱང་མེ་ཏོག་ཕྲེང་མཛེས་ནི། ནང་ཨ་ནུའི་གཞུང་ལྟར་ལུས་དཀྱིལ་ལ་བརྟེན་ཅིང་། མདུན་བསྐྱེད་ལའང་སྒྲུབ་པར་རུང་བ་སྟེ། ཕྱི་ནང་གཞན་གསུམ་དོན་གྱི་དེ་ཉིད་གཅིག་ཏུ་འདུ་བའི་ཕྱིར་ཚིག་གཅིག་གིས་བདག་བསྒོམ་ལུས་དཀྱིལ་དང་། མདུན་བསྐྱེད་ཚོམ་བུའམ། རས་བྲིས་སོགས་ཀྱི་དཀྱིལ་འཁོར་དུ་བསྐྱེད་པས་འགྲུབ་ལ། དེའི་ཚུལ་མ་ཧཱ་གུ་རུ་རྡོ་རྗེ་འཆང་གིས་རང་གཞུང་ནི་སྒྲུབ་སྐོར་གཞན་དང་། འདི་ཉིད་ཡི་དམ་དུ་བྱེད་པའི་རྣལ་འབྱོར་པས་བཀའ་གཏེར་གྱི་དཀྱིལ་འཁོར་གང་གི་སྐབས་སུའང་སྦྱོར་དུ་རུང་བའི་ཆོ་ག །གཞུང་ཉུང་ངུའི་ཚིག་གིས་མདོར་དྲིལ་ཏེ་རྒྱུན་ཁྱེར་དུ་བྱ་བའི་ཆེད། མ་ཚང་ཁ་སྐོང་གི་ཚུལ་དུ་སྤེལ་བ་བསྒོམ་དོན་མངོན་རྟོགས་ཀྱི་ངག་འདོན་གཞུང་འདི་ཉིད་ཀྱི་དངོས་བསྟན། རྣལ་འབྱོར་པ་དགོངས་འདུས་ཀྱི་དཀྱིལ་འཁོར་ཆེན་པོའི་ཆོ་ག་སྤྱི་བྱེ་བྲག་ཐམས་ཅད་ལ་རང་བྱན་ཚུད་པ་དག་ལ་བསྟན་ཏེ་དགོངས་པས། ཤིན་ཏུ་བསྡུས་པ་ལས་མ་བྱུང་ཞིང་། དེང་སང་མོས་པ་དང་ལྡན་ཡང་། ཤེས་བརྩོན་ལོང་ཁྱབ་ཐམས་ཅད་དབུལ་པོར་གྱུར་པ་དག་གིས་མངོན་རྟོགས་དང་། ལས་བྱང་ཆེན་མོ་ནས་བཀླག་མི་ཁོམས་ཤིང་། དཀྱིལ་འཁོར་དང་། ལྷའི་བཞུགས་ཚུལ་ཇི་བཞིན་པ་ཁོང་དུ་མ་ཆུད་བཞིན་ལས་བྱང་མེ་ཕྲེང་བཀླགས་པའང་དོན་དུ་མི་འགྱུར་བར་མཐོང་ནས། འདིར་ཅུང་ཟད་ཀྱི་གསལ་ཁ་བགྱིས་པའང་མེ་ཏོག་ཕྲེང་མཛེས་ཉིད་ལས། འདི་ལྟར་ཕྲིན་ལས་རིམ་པ་ནི༔ ལུས་དཀྱིལ་ཉིད་དང་འབྲེལ་བ་སྟེ༔ རྒྱས་བསྡུས་ལོང་ཁྱབ་ཚུལ་དང་བསྟུན༔ ཞེས་རྗེས་སུ་གནང་བ་བསྩལ་བ་ལ་བརྟེན་ནས་བརྗོད་པ་ལ། གཞལ་ཡས་ཁང་བསྐྱེད་པ་ལའང་ལུས་དཀྱིལ་ཅུང་ཟད་གོ་བ་ཆགས་པའི་དབང་དུ་བཏང་བས། འདིར་འདོན་ཆ་མང་དུ་དོགས་པས་མ་སྤྲོས་ལ། སྔོན་འགྲོ་ལ་སོགས་པའི་ཉེར་མཁོ་ཕྲན་བུ་དང་། སྐུ་བསྐྱེད་པའི་མངོན་རྟོགས་དོན་འདུས་ཤིག་བརྗོད་པ་ནི། དེའང་འདིར་གཞི་ལུས་དཀྱིལ་འཁོར་དུ་ཤེས་པའི་དག་སྦྱོར་འདི་ཉིད་ཀྱི་ཁྱད་ཆོས་ཀྱི་གོ་དོན་ནི། ལུས་སྐྱེས་བུ་གན་རྐྱལ་དུ་གནས་པའི་ཚུལ་ལས་བརྩམས་ནས་བསྒོམ་དགོས་པར་བཞེད་ལ། ཡང་གསང་ཐུགས་སྒྲུབ་ཉི་ཟླ་ཁ་སྦྱོར་ལས། ཕྱི་ཞི་བའི་དབྱིབས་ནི་གང་སྐྱེས་བུ་གན་རྐྱལ་དུ་ཉལ་བའི་རྣམ་པར་བལྟས་པའི་ནང་དུ༔ དྲག་པོ་དུར་ཁྲོད་ཀྱི་གཞལ་ཡས་ཁང༔ ལ་སོགས་པ་གསུངས་པ་བཞིན་དང་། ཡང་དེ་ཉིད་ལས༔ གཞལ་ཡས་ཁང་དེ་དག་གི་ནང་ཕོ་བྲང་ལིང་ཚེ་དགུར་གནས་པ་སྟེ༔ རྩ་ཆུང་གཉིས་ཚངས་པའི་རྩ་ལ་ཟུག༔ རྩ་བོ་ཆེ་དང་ལོང་རྩ་གཉིས༔ ལག་པའི་བལྟ་རྩ་གཉིས༔ བརླ་རྩ་གཉིས་ཕན་ཚུན་འབྲེལ་བའི་རྩ་གཉིས༔ དེ་བཞི་ཀའི་རྩ་བ་སྲོག་རྩ་ཉིད་ལས་གྱེས་པས༔ ལིང་ཚེ་དགུ་པོ་སྲོག་རྩ་ལ་ཚང་ངོ༔ སོགས་དང་། ཀུན་གཞིའི་སེམས་ཀྱི་རང་བཞིན་རྟེན་སྲོག་རྩ་གསེར་གྱི་སྦུ་གུ་ལ་གནས་ཏེ༔ དེ་ནི་ལུས་ཀྱི་སྲོག་ཤིང་ཡིན་པས༔ དེར་གཙོ་མཆོག་པདྨ་བཛྲ་རྩལ་ཡབ་ཡུམ་འཁོར་དང་བཅས་པ་བཞུགས་པར་གསལ་ལོ༔ སྲོག་རྩའི་ཤར་ཕྱོགས་སྙིང་ཡིན་ཏེ༔ སྙིང་ལ་བརྟེན་ནས་རིགས་ཐམས་ཅད་འཆར་བར་བྱེད་དོ༔ སྙིང་ག་ཆོས་ཀྱི་ཕོ་བྲང་དུ་བུདྡྷ་ཐོད་ཕྲེང་རྩལ་ཡབ་ཡུམ་འཁོར་དང་བཅས་པ་བཞུགས་པར་གསལ་ལོ༔ སྲོག་རྩའི་ལྷོ་ཕྱོགས་མགོ་ཡིན་པས༔ མགོ་ལ་དབང་པོ་ལྔ་ཚང་ཞིང༔ ཡོན་ཏན་རྒྱས་པས༔ སྤྱི་བོར་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ་མི་བསྐྱོད་རྡོ་རྗེ་ཡབ་ཡུམ་འཁོར་དང་བཅས་པ་བཞུགས་པར་གསལ་ལོ༔ སྲོག་རྩའི་ནུབ་ཕྱོགས་མགྲིན་པ་སྟེ༔ མགྲིན་པར་ལས་མན་གྱི་རྩ་ཐམས་ཅད་འདུས་ཤིང་ནུབ་པས༔ མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་པདྨ་དབང་ཆེན་རྩལ་ཡབ་ཡུམ་འཁོར་དང་བཅས་པ་གསལ་ལོ། །སྲོག་རྩའི་བྱང་ཕྱོགས་ནི་ལྟེ་བ་ཡིན་ལ༔ སྲིད་པ་དང་པོ་ལྟེ་བ་ནས་ཆགས་པས༔ ལྟེ་བ་སྤྲུལ་པའི་འཁོར་ལོར་རིག་འཛིན་ཐོད་པ་རྩལ་ཡབ་ཡུམ་འཁོར་དང་བཅས་པ་གསལ་ལོ༔ སྲོག་རྩའི་ཤར་ལྷོ་གསང་བ་ཡིན་ཏེ༔ གསང་བ་རྩའི་གཙོ་བོ་ནས་སྒལ་ཚིག་མཁར་མ་ཞོན་ཅིང་གནས་པ་ཡིན་པས༔ གསང་གནས་བདེ་སྐྱོང་གི་འཁོར་ལོར་གུ་རུ་དྲག་པོ་རྩལ་ཡབ་ཡུམ་འཁོར་དང་བཅས་པ་གསལ་ལོ༔ སྲོག་རྩའི་ནུབ་བྱང་རྐང་པ་གཡས་པ་སྟེ༔ སྲོག་རྩའི་གཡས་ཀྱི་མཇུག་མ་རྩ་བོ་ཆེ་ནས༔ ལོང་རྩའི་གཡས་པའི་མཇུག་གི་བར་རྩ་བོ་ཆེ་ལ་ཐུག་ཅིང༔ རྐང་པ་ལོ་ཀའི་འཁོར་ལོར་དཔལ་རྟ་མགྲིན་ཡབ་ཡུམ་འཁོར་དང་བཅས་པ་གསལ་ལོ༔ སྲོག་རྩའི་བྱང་ཤར་རྐང་པ་གཡོན་པ་སྟེ༔ སྲོག་རྩ་གཡོན་པའི་མཇུག་རྩ་བོ་ཆེ༔ ལོང་རྩ་གཡོན་ནས་ཁྲིད་ནས༔ རྐང་པ་གཡོན་གྱི་གོང་ཁར་རྩ་ལ་ཐུག་ཅིང༔ རྐང་པ་རླུང་གི་འཁོར་ལོའི་སྟེང་དུ་དཔལ་གསང་བའི་བདག་པོ་ཡབ་ཡུམ་འཁོར་དང་བཅས་པ་གསལ་ལོ༔ སྲོག་རྩའི་ལྷོ་ནུབ་ནི་སྤྱི་བོ་སྟེ༔ ཚངས་པའི་རྩ་བཟང་གསེར་འདྲ་ལ་ཐུག་ཅིང་སངས་རྒྱས་དཔའ་བོ་ཐོད་པའི་དུམ་བུ་ཡབ་ཡུམ་འཁོར་བཅས་དང་ཐ་མ་རིགས་ལྔའི་བདག་ཉིད་གཟི་མདངས་དང་ལྡན་པར་གསལ་ཏེ༔ དེ་ཡང་ཚངས་པའི་རྩ་ནས་བྱིན་རླབས་འཇུག་ཅིང་ལུས་ཀུན་ལ་སྙོམས་པར་བྱེད་དོ༔ དཀྱིལ་འཁོར་གྱི་ཁ་ནི་པགས་པས་ལུས་ཁྱབ་པར་བཏུམ་པས༔ པགས་པའི་རྩ་ཕྲན་ལ༔ དཔའ་བོ་དཔའ་མོ་རྣམས་དང༔ མཁའ་འགྲོ༔ ཤུགས་འགྲོ༔ གིང་ཚོགས༔ དམ་ཅན་སྲུང་མ༔ ཕོ་ཉ་ལས་མཁན་དང་བཅས་པ་གསལ་ལོ༔ གསང་སྒོ་ལ་སོགས་པ་ནང་གི་སྒོ་བཞིར་བྱེད་གཟུགས་ཀྱི་ལྷ་མོ་བཞི༔ ལྟེ་བ་ལ་སོགས་པ་ཕྱིའི་སྒོ་བཞིར་ལྕགས་ཀྱུ༔ ཞགས་པ༔ ལྕགས་སྒྲོག༔ དྲིལ་ཁྲོལ་མ་བཞི་རྣམས་གསལ༔ དེ་ལྟར་གསལ་བ་རྣམས་ནི༔ བཞུགས་གནས་ཀྱི་རྩ་ཐམས་ཅད་གདོས་པོ་ཅན་ཤ་ཁྲག་རྩ་རྒྱུས་ཀྱི་ནར་ནུར་མ་ཡིན་པར༔ ཤེལ་གྱི་སྦུ་གུ་ལྟར་ཕྱི་ནང་མེད་པར་གསལ་ཞིང་དྭངས་བ་སྣང་ལ་རང་བཞིན་མ་གྲུབ་པའི་རྣམ་པ་ཅན༔ ལྷ་ཐམས་ཅད་ཀྱང་དབུ་མཐའ་ཡས༔ ཕྱག་མཐའ་ཡས༔ རྒྱན་ཆ་ལུགས་མཐའ་ཡས་པའི་རྣམ་པ་ཅན་ནམ༔ དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད་པའི་སྟངས་སྟབས་ཅན༔ མ་ཧཱ་ཡོ་ག་ལྟར་བསྟན་པའི་མངོན་རྟོགས་ནས་འབྱུང་བ་ལྟར་གྱི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ཅན༔ ཞལ་གཅིག་ཕྱག་གཉིས་པ་ཕྱི་ནང་གསང་གསུམ་ཚུལ་ལྟར་རམ༔ གཞན་ཡང་ཞི་བའི་ཚུལ་ལམ༔ ཁྲོ་བོ་དང༔ ཞི་མ་ཁྲོ༔ ཡབ་རྐྱང༔ ཡུམ་རྐྱང་ལ་སོགས་པའི་ཚུལ་ལམ༔ བླ་མ་ཡི་དམ་མཁའ་འགྲོ་ལ་སོགས་པ་སྟེ༔ མདོར་ན་རང་རང་གི་བློ་ལ་ཇི་ལྟར་བབས་ཤིང་འཐད་ནས༔ བློས་གང་ལྕོགས་ལྕོགས་སུ་གསལ་གདབ་པས་ཆོག༔ དེ་ཅིའི་ཕྱིར་ན༔ ཡེ་ཤེས་ཀྱི་ལྷ་ཐམས་ཅད་རྣམ་པ་གཅིག་ཏུ་ཐེར་ཟུག་ཅིང་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་རྣམས་ངེས་ངེས་རྟག་རྟག་པོ་མེད་དེ༔ ཐམས་ཅད་ཀྱང་ཆོས་ཀྱི་སྐུའི་རྣམ་འཕྲུལ་ལས༔ སྤྲུལ་པ་དང་ཡང་སྤྲུལ་དུ་མས་གདུལ་བྱ་སེམས་ཅན་གྱི་དོན་མཛད་པས༔ སེམས་ཅན་རྣམས་ཀྱི་སྣང་ཚུལ་དང་བསྟུན་པའི་སྐུར་གང་ལ་གང་འདུལ་དུ་བསྟན་པའི་ཕྱིར་རོ༔ དེ་སྐད་དུ་ཡང༔ སེམས་ཅན་མོས་པ་དུ་མའི་བློ༔ འཐད་པར་རྫུ་འཕྲུལ་སྣ་ཚོགས་ཀྱི༔ སྐུ་དང་གསུང་དང་ཐུགས་མཐའ་ཡས༔ སྤྲུལ་དང་ཡང་སྤྲུལ་ཚད་བཟུང་མེད༔ ཅེས་འབྱུང་བའི་ཕྱིར༔ ཞེས་པ་ལ་སོགས་པ་གདམས་པར་མཛད་པ་བཞིན་རྗེས་སུ་གནང་བའི་དོན་ལ་བཞུགས་པས་རྒྱས་བསྡུས་ཅུང་ཟད་ཀྱིས་བསླད་པའི་རྐྱེན་དུ་མི་འགྱུར་བར་མཐོང་ནས། རྩ་བའི་དགོངས་པ་དང་བསྟུན་ནས་བཤད་པ་ལ། དབང་དང་། སྒྲུབ་ཆེན། སྐོང་ཆོག་ཆེ་ཆུང་སོགས་ཀྱི་སྐབས་སྔོན་འགྲོ་སོགས་ཡན་ལག་གི་ཉེར་མཁོ་སྦྱོར་ལུགས་དེ་དག་གི་ལག་ལེན་ཁྲིགས་བསྡེབས་ཀྱི་གཞུང་དུ་བཀའ་བསྩལ་པ་ཉིད་སོར་བཞག་ལས་སྤྲོས་པ་མི་དགོས་ཤིང་། འདིར་ཚེས་བཅུ་ལྟ་བུར་མེ་ཕྲེང་རྐྱང་པ་སྒེར་ཐུབས་སུ་གཏང་སྐབས། ཉེ་བར་མཁོ་བ་འགའ་ཞིག་དང་བཅས་སྤྲོ་བ་ལ། ཐོག་མར་ཚིག་བདུན་གསོལ་འདེབས་རྗེས། མཎྜལ་ལས་འབྱུང་བའི་གསོལ་འདེབས་བསྡུས་པ་ནི། ཧྲཱིཿ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ བྱིན་རླབས་རྩ་བ་ཨོ་རྒྱན་ཆོས་ཀྱི་རྗེ༔ འགྲོ་མགོན་པདྨ་འབྱུང་གནས་སྤྲུལ་པའི་སྐུ༔ དྲིན་ཆེན་བླ་མ་མཆོག་ལ་གསོལ་བ་འདེབས༔ ཧྲཱི༔ བདེ་གཤེགས་ཐུགས་རྗེ་རོལ་པའི་མཁའ་དབྱིངས་ལས། །མ་འགག་རང་རྩལ་ཚོམ་བུ་དགུ་ཡི་ལྷ། །པདྨ་བཛྲ་བུདྡྷ་ཐོད་ཕྲེང་རྩལ། །མི་བསྐྱོད་རྡོ་རྗེ་པདྨ་དབང་ཆེན་མགོན། །རིག་འཛིན་ཐོད་རྩལ་དྲག་པོ་མེ་ཕྲེང་ཅན། །སངས་རྒྱས་དཔའ་བོ་རྟ་མགྲིན་དབང་གི་རྒྱལ། །ལག་ན་རྡོ་རྗེ་ལ་སོགས་དཀྱིལ་འཁོར་ལྷ། །ཡབ་ཡུམ་སྤྲུལ་འཁོར་བཅས་ལ་གསོལ་བ་འདེབས། །ཧྲཱི༔ ཞི་ཁྲོ་ཡི་དམ་འདུས་པའི་རང་བཞིན་ཅན༔ དངོས་གྲུབ་རྩ་བ་ཐུགས་རྗེ་སྤྱན་རས་གཟིགས༔ རྟ་མགྲིན་དབང་ཆེན་འཁོར་འདས་སྤྱི་དཔལ་གཙོ༔ ཡི་དམ་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས༔ ཧྲཱི༔ མ་མོ་མཁའ་འགྲོ་དབྱིངས་ཀྱི་གཙོ་མོ་སྟེ༔ བར་ཆད་སེལ་མཛད་རྡོ་རྗེ་ཕག་མོའི་སྐུ༔ རིགས་ཀྱི་ལྷ་མོ་གསང་བ་ཡེ་ཤེས་དབྱིངས༔ མ་སྲིང་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་ལ༔ བདག་གཞན་རབ་གུས་གདུང་བས་གསོལ་བ་འདེབས༔ ཁྱེད་ཀྱི་ཡེ་ཤེས་ཐུགས་རྗེའི་བྱིན་རླབས་ཀྱིས༔ མི་རྟོག་ཏིང་འཛིན་ཡེ་ཤེས་བསྐྱེད་དུ་གསོལ༔ ཉམས་རྟོགས་རིག་པའི་རྩལ་ཆེན་སྦར་དུ་གསོལ༔ སྐུ་གསུམ་ཞིང་ཁམས་འབྱོངས་བར་མཛད་དུ་གསོལ༔ བསྐྱེད་རྫོགས་དོན་གཉིས་འབྲས་བུ་ཁོང་ཆུད་ཅིང༔ ཕྱིར་མི་ལྡོག་པའི་ས་ཆེན་ཐོབ་ནས་ཀྱང༔ སེམས་ཅན་ཐམས་ཅད་སངས་རྒྱས་མ་ཐོབ་བར༔ འགྲོ་བའི་དོན་གཉིས་ལྷུན་འགྲུབ་འབྱུང་བར་ཤོག༔ ཅེས་པས་གསོལ་བ་གདབ༔ ཕུར་ཚུགས་སུ་གསོལ་བ་གདབ་པ་ནི༔ མོས་གུས་རྩེ་གཅིག་པའི་སྒོ་ནས། ཧྲཱི༔ དུས་གསུམ་གྱི་བླ་མ་ཡི་དམ་མཁའ་འགྲོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་ཅིང་མཛད་པའི་ཕྲིན་ལས་ལ་ཐ་དད་མི་མངའ་བར་གྱུར་པ༔ ཨོ་རྒྱན་ཆེན་པོ་གུ་རུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས་སོ༔ ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ཞེས་ཕུར་ཚུགས་སུ་མི་ཕྱེད་པའི་དད་པ་མོས་གུས་ཐུན་མོང་མ་ཡིན་པ་རྒྱུད་ལ་ལྷང་ལྷང་མ་སྐྱེས་ཀྱི་བར་དུ་གསོལ་བ་གདབ་བོ༔ དེ་ནས་ལས་ཐམས་ཅད་པའི་བུམ་པ་དང་དུང་ཞལ་བསྒྲུབ་པ་ནི། བུམ་པའི་སྟེང་དུ་དུང་ཞལ། གཟུངས་རྡོར་བཅས་འདུ་བྱས་ལ། ཨོཾ་བཛྲ་ཡཀྵ་ཧཱུྃ་གིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་ལས་ཕྱི་ནི་རིན་ཆེན་བུམ། །ནང་ནི་གཞལ་ཡས་མཚན་རྫོགས་པར། །བདུད་རྩིའི་མཚོ་དབུས་བཾ་ཡིག་དང་། །འདབ་སྟོང་ཟླ་བ་རྒྱས་པའི་སྟེང་། །ཧྲཱིཿདམར་ལས་བྱུང་རྟ་མཆོག་གི །ངོ་བོ་ཁྲོ་རྒྱལ་བདུད་རྩི་འཁྱིལ། །ལྗང་སྔོན་ཞལ་གཅིག་ཕྱག་གཉིས་ཀྱི། །ཐབས་སྦྱོར་ཕྱག་རྒྱས་བུམ་པ་བསྣམས། །ཞི་མ་ཁྲོ་འཛུམ་རིན་ཆེན་དང་། །རུས་པ་སྟག་ཤམ་ལ་སོགས་བརྒྱན། །བཞེངས་སྟབས་འཇའ་ཐིག་མེ་ཀློང་གསལ། །ཕྱི་རོལ་འདབ་བརྒྱད་ལ་གནས་པའི། ཁྲུས་ལྷ་དཀར་མོ་བུམ་འཛིན་མ། །ཞི་བའི་འཛུམ་དང་རྒྱན་མཛེས་བརྒྱད། །བཞེངས་སྟབས་གཙོ་དང་འཁོར་དུ་གསལ། །དུང་ཞལ་མི་དམིགས་སྟོང་པ་ལས། །པཾ་རཾ་པད་ཉིའི་གདན་ལ་ཧཱུྃ། །དེ་ལས་ཁྲོ་བོ་བགེགས་མཐར་བྱེད། །ལྗང་ནག་རབ་ཁྲོས་ཁྲོ་ཆས་རྫོགས། །གཡས་གཡོན་དབྱུག་པ་སྡིགས་མཛུབ་སྒྲེང་། །འདོར་སྟབས་པད་ཉི་མེ་དཔུང་འགྱིང་། །ཞི་ཁྲོ་གཉིས་ཀའི་གནས་གསུམ་དུ། །ཡིག་འབྲུ་གསུམ་མཚན་ལས་འོད་འཕྲོས། །ཡེ་ཤེས་མདུན་མཁར་སྤྱན་དྲངས་གྱུར། །བཛྲ་ས་མཱ་ཛཿཔདྨ་ཀཱ་མ་ལ་ཡ་སཏྭྃ། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿས་བསྟིམ། སླར་ཡང་དབང་ལྷ་སྤྱན་དྲངས་པར། །གསོལ་གདབ་དབང་བསྐུར་ཞི་བ་ལ། །རིགས་ལྔ་ཁྲོ་བོར་དོན་གྲུབ་ཀྱིས། །དབུ་བརྒྱན་ཡོན་ཏན་སྟོབས་རྫོགས་གྱུར། །ཨོཾ་བཛྲ་པུཥྤེ་དྷཱུ་པེ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ་ས་མཆོད་ཅིང་། བསྟོད་པར་འོས་པ་ཐམས་ཅད་ལ། །སོགས་ཀྱིས་བསྟོད། འཁྱིལ་པའི་ཐུགས་ཀར་ཧྲཱིཿདམར་དང་། །མཐར་བྱེད་ཐུགས་ཀར་ཧཱུྃ་ལྗང་མཐར། །སོ་སོའི་སྔགས་ཀྱིས་གཡས་སུ་བསྐོར། །བཟླས་པས་རྒྱུད་བསྐུལ་བདུད་རྩིའི་རྒྱུན། །བབ་པས་བུམ་པ་གང་བར་གྱུར། །གཟུངས་ཐག་བླངས་ལ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བརྒྱ་རྩ་ཙམ་དང་། ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུྃ་ཕཊ། ཅེས་ལྔ་བཅུ་ཙམ་བཟླས་ལ། ཁྲོ་བོ་ཆེན་པོས་དཀྱིལ་འཁོར་གྱི་བྱ་བ་མཐར་ཕྱིན་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་ཕྲིན་ལས་བཅོལ། ལྷ་འོད་དུ་ཞུ་ནས་ཆུ་དང་དབྱེར་མེད་དུ་གྱུར་པས་ཆུ་ནུས་པ་དང་ལྡན་པར་གྱུར། ཅེས་མོས་ལ་ལས་བུམ་གྱི་ཆུ་དུང་ཞལ་དུ་བསྲེ་བའམ། དུང་ཆུ་ཕར་བསྲེས་ཀྱང་རུང་། སྟབས་བདེ་ཞིག་ཏུ་བཞག་ལ། ཕྱིན་ཆད་བསང་གཏོར་ཐམས་ཅད་དེས་བྱ་དགོས་སོ། །བགེགས་གཏོར་གཏང་བ་ནི། རང་ཉིད་སྐད་ཅིག་དབང་ཆེན་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཁྲོ་ཞིང་འཛུམ་པའི་ཉམས་ཅན། དར་དང་རིན་པོ་ཆེ་རུས་པ་དུར་ཁྲོད་ཆས་རྣམས་ཀྱིས་སྤྲས་པ། དབུ་གཙུག་རལ་པའི་ཁྲོད་ན་རྟ་མགོ་ལྗང་ཞུར་གྱིས་མཚན་པ། ཕྱག་གཡས་བེ་ཅོན་དང་། གཡོན་སྡིགས་མཛུབ་སྒྲེང་བ། རབ་ཏུ་བརྗིད་པ། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་པད་ཉི་དགྲ་བགེགས་ཀྱི་གདན་ལ་འགྱིང་བའི་སྐུར་གྱུར། བགེགས་གཏོར། རཾ་ཡཾ་ཁཾ་གིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རང་རང་གི །ཡིད་མཐུན་སྣོད་དུ་ཁཾ་ཡིག་ལས། །གླུད་གཏོར་འདོད་ཡོན་ལྔ་ལྡན་པ། །སོ་སོའི་སྤྱོད་ཡུལ་བཞིན་དུ་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབས། ཨོཾ་བཛྲ་ཊཱ་ཀི་རཱ་ཛ་ཧཱུྃ་གིས་ཕོ་ཉ་སྤྲོས། བཛྲ་ཨཾ་ཀུ་ཤ་ཛཿས་བཀུག །ཨོཾ་སརྦ་བིགྷྣཱ་ན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ནས། བ་ལྱ་དི་སྭཱ་ཧཱཿ ལན་གསུམ་གྱིས་བསྔོས་ལ། ཧཱུྃ་ཧྲཱི༔ ཉོན་ཅིག་སོགས་མེ་ཕྲེང་གཞུང་ལྟར་ཀའ་བསྒོ་ནས། སེམས་བསྐྱེད་མཐའ་བར་བཏང་། མཆོད་པ་བྱིན་བརླབ་སྐབས་ཐོག་མར་དེ་ཉིད་ཀྱི་འོག་ནས་འབྱུང་བའི། ཕྱི་ནང་གསང་བའི་མཆོད་པ་འདི་དག་དང༔ སྨན་གཏོར་སོགས་ནས། སྣོད་བཅུད་རྒྱུ་རྐྱེན་རྟེན་འབྲེལ་ནུས་མཐུར་ལྡན༔ ཨོཾ་ཨཱཿཧཱུྃ༔ ཞེས་པའི་བར་ཡར་བླངས་པས་བསང་སྦྱང་སྤྱིར་བྱིན་གྱིས་བརླབས། དེ་ནས་གོང་གི །ཨོཾ༔ སྣང་སྲིད་འདོད་ཡོན་ལོངས་སྤྱོད་མཆོད་པའི་རྫས༔ སོགས་ནས། བ་ལིཾ་ཏེ་སྭཱ་ཧཱ༔ བར། ཨོཾ་ལས་འདོད་པའི་ཡོན་ཏན་རྣམ་པ་ལྔ༔ ཧཱུྃ་གིས་ཟག་མེད་ཡེ་ཤེས་བདུད་རྩིར་བསྒྱུར༔ ཏྲཱཾ་ལས་འཛད་མེད་ལོངས་སྤྱོད་ཕུན་སུམ་ཚོགས༔ ཧྲཱིཿཡིས་མགྲོན་རྣམས་རང་བཞིན་གནས་ནས་བཀུག༔ ཨཱཿཡིས་སོ་སོར་ཅི་འདོད་དགྱེས་པར་བསྐང༔ ཡེ་ཤེས་རྣམ་ལྔའི་ཆོ་འཕྲུལ་ཡི་གེ་ཡིས༔ རྒྱལ་བ་དགྱེས་པའི་མཆོད་པ་འབྱམས་ཀླས་སྤེལ༔ ཨོཾ་ཧཱུྃ་ཏྲཱཾ་སོགས་ལན་གསུམ་རྣམས་ཀྱིས་བྱེ་བྲག་སོ་སོར་བྱིན་གྱིས་བརླབས། འོག་གི་ཏིང་འཛིན་རྣམ་གསུམ་དང་། གཞི་ལུས་གཞལ་ཡས་ཁང་དུ་བསྐྱེད་པའི་མཐའི། བདེ་དྲོད་མེ་དཔུང་འཁྲིགས་པའི་དཀྱིལ་ཡངས་ནས༔ བར་བཏང་། དེ་ནས། ལིང་ཚེ་དགུ་ཡི་ལྷ་གནས་སོ་སོ་ལ། །རྣམ་ཤེས་འདབ་བརྒྱད་བརྡལ་བའི་གདན་གྱི་ལྟེར། །དགུ་རྫོགས་ཁྲི་དང་དབུས་ཕྱོགས་སྲོག་རྩ་ལ། །དྲེགས་པ་སེང་གླང་རྟ་མཆོག་རྨ་བྱ་དང་། །ཤང་ཤང་རྟེན་འབྲེལ་ལུགས་ལྡོག་གསེར་འཁོར་ཁྲི །འདབ་བརྒྱད་རྣམས་ལ་པདྨ་སྒོ་ཁྱམས་ལ། །ཞིང་རྐྱང་གདན་བཅས་གསལ་བའི་དབུས་ཀྱི་ལྟེར། །ཤེས་རིག་རྒྱལ་པོ་དཔལ་ཆེན་ཧེ་རུ་ཀ །དབང་ཆེན་དམར་སྨུག་དམར་དཀར་མཐིང་བའི་ཞལ། །དབུ་གཙུག་རྟ་གདོང་རྣམ་གསུམ་ཕྱོགས་བཅུར་རྔམས། །ཕྱག་དྲུག་གྲི་གུག་བེ་ཅོན་སྤུ་གྲི་གཡས། །ཐོད་ཁྲག་རི་རབ་རྒྱུ་ཞགས་གཡོན་གསུམ་ཕྱག །ཕོ་རྒྱུད་ཟིལ་གནོན་ཆེ་བཙན་ཟླ་མེད་པར། །རྡོ་རྗེ་ཕག་མོ་མཐིང་ནག་ཕག་ཞལ་ངུར། །གྲི་ཐོད་འཛིན་མ་མོ་རྒྱུད་ཟིལ་གནོན་འཁྱུད། །གཉིས་ཀ་མི་སྡུག་དྲག་པོའི་རྣམ་འགྱུར་ཉམས། །དཔལ་དང་དུར་ཁྲོད་ཆས་རྫོགས་མེ་ཀློང་བཞུགས། །ཡབ་ཡུམ་དབུ་གཙུག་པདྨ་ཉི་ཟླའི་སྟེང་། །དུས་གསུམ་སངས་རྒྱས་ཀུན་འདུས་ཨོ་རྒྱན་རྗེ། །སྣང་བའི་ངོ་བོ་པདྨ་བཛྲ་རྩལ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་འདོར་ཐབས་ཚུལ། །དམར་མཐིང་དཀར་དང་ཞི་ཁྲོ་ཕྱེད་མའི་ཞལ། །གཡས་གསུམ་རྡོ་རྗེ་རལ་གྲི་བདུད་རྩི་བུམ། །དྲིལ་བུ་བྷནྡྷ་ཁ་ཊྭཱཾ་གཡོན་གསུམ་ཕྱག །སྟོང་པའི་བདག་ཉིད་ལྷ་ལྕམ་གསང་བའི་ཡུམ། །དམར་མོ་ཌཱ་རུ་དུང་དམར་གཡས་གཡོན་འཁྱུད། །ཞབས་བཞི་བརྐྱང་བསྐུམ་དོར་སྟབས་གར་གྱིས་བགྲད། །ཡབ་ཡུམ་གཉིས་མེད་རུས་རྒྱན་དུར་ཁྲོད་ཆས། །ཞི་མ་ཁྲོ་འཛུམ་འཇའ་འོད་མེ་ཀློང་བཞུགས། །ཡབ་ཡུམ་གཉིས་མེད་རོལ་པའི་སྤྱི་གཙུག་ཏུ། །རིགས་བདག་འོད་དཔག་མེད་དང་བཅས་པ་གསལ། །ཧྲཱིཿ ཐབས་ཤེས་ཡབ་ཡུམ་བདེ་རོལ་ཆོ་འཕྲུལ་ལས། །ཅིར་ཡང་སྤྲུལ་པའི་ལྷ་ཚོགས་བསམ་མི་ཁྱབ། །ཞི་དང་ཁྲོ་ཚུལ་རྣམ་འགྱུར་བརྗོད་འདས་ཀྱང་། །རང་སྣང་བློ་ཡི་མོས་པས་གང་འདོད་གསལ། །ཧྲཱིཿ ཉོན་མོངས་ཚར་གཅོད་ཁྲོ་རྒྱལ་འབར་བ་དང་། །ཐུགས་རྗེ་འགྲོ་འདུལ་ཞི་ཚུལ་མཛེས་པའི་སྐུ །ཡབ་ཡུམ་སྲས་འཁོར་བཀའ་ཉན་བཅས་པ་སྟེ། །གདངས་གསལ་མ་འགག་རོལ་པའི་ཚུལ་བཞིན་བསྐྱེད། །ཕྱི་འཁོར་ཕྱོགས་མཚམས་པདྨ་འདབ་བརྒྱད་སྟེང་། །ཞེ་སྡང་རྡོ་རྗེ་མཐིང་ནག་རྡོར་དྲིལ་འཛིན། །བསྐྱེད་བྱེད་དམར་མོ་རྡོ་རྗེ་གྲི་གུག་འཁྱུད། །ང་རྒྱལ་རྡོ་རྗེ་རིན་ཆེན་རྡོར་དྲིལ་སེར། །འཇོམས་བྱེད་ལྗང་གུ་རིན་ཆེན་གྲི་ཐོད་འཁྱུད། །འདོད་ཆགས་རྡོ་རྗེ་པདྨ་རྡོར་དྲིལ་དམར། །བསྲེག་བྱེད་སྔོན་མོ་པདྨ་གྲི་ཐོད་འཁྱུད། །ཕྲག་དོག་རྡོ་རྗེ་རྒྱ་གྲམ་དྲིལ་བུ་ལྗང་། །ཙནྡྷ་སེར་མོ་རྒྱ་གྲམ་ཐོད་ཁྲག་འཁྱུད། །གཏི་མུག་རྡོ་རྗེ་འཁོར་ལོ་དྲིལ་འཛིན་སྨུག །རྨོངས་བྱེད་དཀར་མོ་ཁ་ཊྭཱཾ་ཐོད་ཁྲག་འཁྱུད། །བདེ་བའི་རྡོ་རྗེ་པད་ཞགས་དྲིལ་འཛིན་སེར། །ལཱ་མ་སྔོན་མོ་ལྕགས་ཀྱུ་ཐོད་ཁྲག་འཁྱུད། །མཚོ་སྐྱེས་རྡོ་རྗེ་བུམ་པ་དྲིལ་འཛིན་དམར། །མནྡྷ་ར་སྔོན་པདྨ་ཐོད་ཁྲག་འཁྱུད། ཁྲག་འཐུང་རྡོ་རྗེ་དགྲ་སཏྭ་དྲིལ་འཛིན་སྨུག །གསོད་བྱེད་ལྗང་གུ་སྤུ་གྲི་ཐོད་ཁྲག་འཁྱུད། །ཀུན་ཀྱང་སྤྱན་གསུམ་ཞི་མ་ཁྲོ་སྐྱིལ་ཀྲུང་། །དར་དང་རུས་པ་རིན་ཆེན་སྣ་ཚོགས་བརྒྱན། །ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་པདྨ་བཛྲ་ཧྲཱིཿ དྷཱུ་མ་གྷ་ཡེ་དྷཱ་ཀི་ནཱི་ན་མཿསྭཱ་ཧཱ། ཧྲཱིཿ ཤར་ཕྱོགས་སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས། །བུདྡྷ་ཐོད་ཕྲེང་དཀར་སྔོ་དམར་བའི་ཞལ། །འཁོར་ལོ་རྡོ་རྗེ་རྩེ་དགུ་ཞིང་དབྱུག་གཡས། །བུམ་པ་དྲིལ་བུ་ཞགས་པ་གཡོན་གསུམ་ཕྱག །དབྱིངས་ཕྱུག་སྔོན་མོ་རྒྱལ་མཚན་དུང་དམར་འཁྱུད། །ཞབས་བཞི་བརྐྱང་བསྐུམ་དོར་སྟབས་གར་གྱིས་བགྲད། །ཡབ་ཡུམ་རིན་ཆེན་རུས་པ་དུར་ཁྲོད་ཆས། ཁྲོ་ཆགས་མེ་ཡི་ཀློང་བཞུགས་ཕྱོགས་མཚམས་ལ། །བཛྲ་ཐོད་ཕྲེང་རྡོ་རྗེའི་ཐོ་གཡས་མཐིང་། །སྤྱན་མ་ཨུཏྤལ་ཟ་མ་ཏོག་དཀར་འཁྱུད། །རཏྣ་ཐོད་ཕྲེང་རིན་ཆེན་ཐོ་གཡས་སེར། །མ་མཱ་ཀི་སྔོན་གཡུ་ཡི་གྭ་འུ་འཁྱུད། །པདྨ་ཐོད་ཕྲེང་པདྨའི་ཐོ་གཡས་དམར། །གོས་དཀར་པདྨ་པད་སྡོང་འཛིན་མར་འཁྱུད། །ཀརྨ་ཐོད་ཕྲེང་རྒྱ་གྲམ་ཐོ་གཡས་ལྗང་། །སྒྲོལ་མ་བ་དན་དངུལ་བུམ་འཛིན་ལྗང་འཁྱུད། །རྡོ་རྗེ་མོས་པ་རྩལ་དཀར་བེ་ཅོན་གཡས། །བཻ་ཤྭ་དྷཱ་ཀི་ལྕགས་ཀྱུ་བྷན་འཁྱུད་མཐིང་། །རྡོ་རྗེ་མྱུ་གུ་དམར་སེར་རལ་གྲི་གཡས། །སརྦ་དྷཱ་ཀི་ཞགས་བྷན་ལྗང་སེར་འཁྱུད། །རྡོ་རྗེ་བཞད་པ་སྔོ་སྐྱ་མདའ་གཞུ་འགེངས། །ས་མ་དྷཱ་ཀི་ལྕགས་སྒྲོག་བྷན་མཐིང་འཁྱུད། །གར་དབང་དུད་ཁ་དགྲ་སཏྭ་གཡས་འཛིན་ལ། །ལོ་ཀ་དྷཱ་ཀི་དྲིལ་བྷན་ནག་མོས་འཁྱུད། །བཞད་པ་མ་གཏོགས་ཡབ་རྣམས་གཡོན་དྲིལ་བུ། །དར་དང་རིན་ཆེན་རུས་རྒྱན་སྐྱིལ་ཀྲུང་བཞུགས། །ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་བུདྡྷ་ཐོད་ཕྲེང་རྩལ་བཻ་རོ་ཙ་ན་ཨོཾ་སརྦ་བུདྡྷ་དྷཱ་ཀི་ནཱི་ཧཱུྃ། ཧྲཱིཿ ལྷོ་ཕྱོགས་མགོ་བོ་བདེ་ཆེན་འཁོར་ལོའི་དབུས། །མི་བསྐྱོད་རྡོ་རྗེ་སེར་དཀར་དམར་བའི་ཞལ། །གཡས་གསུམ་རལ་གྲི་མདུང་ཐུང་ཐོད་དབྱུག་ཕྱར། །སྟོང་གི་འཇིག་རྟེན་མེ་རླུང་གཡོན་གསུམ་ཕྱག༔ །བདེ་དབྱིངས་དམར་སེར་ཆོས་འབྱུང་དུང་དམར་སྟོབས། །ཞབས་བཞི་བརྐྱང་བསྐུམ་དོར་སྟབས་གར་གྱིས་བགྲད། །ཡབ་ཡུམ་རིན་ཆེན་རུས་པ་དུར་ཁྲོད་ཆས། ཁྲོ་འཛུམ་མེ་འོད་ཀློང་བཞུགས་ཕྱོག་མཚམས་ལ། །པད་འབྱུང་དཀར་དམར་རྡོར་བྷན་ཟ་ཧོར་ཆས། །གཡོན་ཕྱོགས་མཚོ་རྒྱལ་ཤེལ་གཞོང་བཅུད་བཀང་དཀར། །བློ་མཆོག་བེར་ཕོད་ཐོད་རྔ་པད་ཕོར་དཀར། །གཡོན་དུ་བདེ་འབྱོར་གསེར་གཞོང་ཟས་བཀང་སྔོ། །ཉི་འོད་དམར་སེར་ཁ་ཊྭཱཾ་ཉི་ཟེར་ཞགས། །རྒྱ་སྟག་ཁྲིར་བཞུགས་རྣལ་འབྱོར་སྤྱོད་པའི་ཆས། །གཡོན་ཕྱོགས་བདག་མེད་གཡུ་གཞོང་ཆང་བཀང་སེར། །སེང་སྒྲོག་མཐིང་ནག་རྡོ་རྗེ་སྡིགས་མཛུབ་སྒྲེང་། །དེ་གཡོན་ཕྲ་མེན་གཡུ་གཞོང་རྩིས་བཀང་སྔོ། །པད་སམ་བྷནྡྷ་མཆོག་སྦྱིན་དགེ་སློང་དཀར། །དེ་གཡོན་མཚོ་གླིང་མེ་ལོང་འཛིན་ལྗང་སྔོན། །པད་རྒྱལ་ཌ་རུ་མེ་ལོང་པད་ཕོར་དམར། །དེ་གཡོན་ཞི་མཚོ་མེ་ལོང་འཛིན་མ་དཀར། །ཤཱཀ་སེང་ས་གནོན་ལྷུང་བཟེད་ཐུབ་ཆེན་སེར། །གཡོན་དུ་དེ་མ་ཀཱ་ཤིའི་རས་འཛིན་དཀར། །གྲོ་ལོད་གཅེར་བུ་རུས་རྒྱན་རྡོར་ཕུར་སྨུག །དེ་གཡོན་བདུད་འདུལ་ཁྲོ་མོ་གྲི་ཐོད་མཐིང་། །བདུད་འདུལ་མ་གཏོགས་ཡུམ་རྣམས་ལྷ་མོའི་ཆས། །ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་ཨ་ཀྵོ་བྷྱཿབཛྲ་སུ་ཁ་དྷ་རི་ཧཱུྃ། ཧྲཱིཿ ནུབ་ཕྱོགས་མགྲིན་པ་ལོངས་སྤྱོད་འཁོར་ལོའི་དབུས། །པདྨ་དབང་ཆེན་དམར་དཀར་མཐིང་བའི་ཞལ། །གཡས་གསུམ་ཕྲེང་བ་རྔ་ཡབ་ལྕགས་ཀྱུ་འཛིན། །པད་སྡོང་གྭ་འུ་དབང་ཞགས་གཡོན་གསུམ་ཕྱག །རིག་བྱེད་དམར་སྐྱ་ཌཱ་རུ་ཐོད་ཁྲག་སྟོབས། །ཞབས་བཞི་བརྐྱང་བསྐུམ་དོར་སྟབས་གར་གྱིས་བགྲད། །ཡབ་ཡུམ་སྦྲུལ་སྟག་རིན་ཆེན་དུར་ཁྲོད་ཆས། ཁྲོ་ཆགས་མེ་ཀློང་རོལ་པའི་ཕྱོགས་མཚམས་ལ། །རྡོ་རྗེ་ཉི་མ་འཁོར་ལོ་དྲིལ་དམར་སེར། །ལེགས་སྐྱེས་སྔོན་མོ་མེ་ཏོག་ལྷན་འཛིན་འཁྱུད། །ཐོགས་མེད་རྒྱལ་པོ་དགྲ་སཏྭ་ཐོད་དབྱུག་མཐིང་། །ཕྲ་མེན་དབྱིངས་ཕྱུག་མགོ་ཕྲེང་ཐོད་འཁྱུད་དམར། །དབང་ཆེན་ཉི་མ་སྤུ་གྲི་ཞགས་འཛིན་དམར། །སྲིད་རྒྱལ་མི་སྙིང་བྷན་འཛིན་མཐིང་ནག་འཁྱུད། །གསེར་གྱི་ཉི་མ་རྒྱ་གྲམ་དྲིལ་ལྗང་ནག །ཉི་ཁྲོས་དམར་མོ་ལྕགས་སྒྲོག་བྷན་འཁྱུད་དམར། །རྡོ་རྗེ་ཁྲོ་བོ་མེ་དབལ་དབྱུག་ཐོགས་དཀར། །གར་དབང་ཕྲེང་བ་བྷན་འཛིན་དམར་ནག་འཁྱུད། །རྡོ་རྗེ་ཧཱུྃ་མཛད་རལ་གྲི་ཞགས་འཕེན་སྨུག །ལས་ཀྱི་དབང་ཆེན་གྲི་བྷན་ལྗང་ནག་འཁྱུད། །རོ་ལངས་སེར་ནག་བྷནྡྷ་རྔ་ཡབ་གདེངས། །ཆགས་བྱེད་རྡོ་རྗེ་ཐོད་ཁྲག་སྔོ་སྐྱས་འཁྱུད། །རྡོ་རྗེ་ཐོག་རྒོད་མཐིང་ནག་མདའ་གཞུ་འགེངས། །འབྱུང་ལྔའི་བདག་མོ་ཚོན་གྲུ་བྷན་འཁྱུད་དམར། །ཀུན་ཀྱང་རིན་ཆེན་རུས་རྒྱན་དོར་ཐབས་བཞེངས། །ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་པདྨེ་བྷ་ཤ་ཧ་དྷཱ་ཀི་ནཱི་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱཿ ཧྲཱིཿ བྱང་ཕྱོགས་ལྟེ་བ་སྤྲུལ་པའི་འཁོར་ལོའི་དབུས། །རིག་འཛིན་ཐོད་རྩལ་ལྗང་དཀར་དམར་བའི་ཞལ། །འཁོར་ལོ་རྡོ་རྗེ་རལ་གྲི་གཡས་གསུམ་ཕྱག །གཡོན་གསུམ་དྲིལ་བུ་ཞགས་པ་ཕུར་བུ་འཛིན། །ཉི་ཟླ་དམར་མོ་ཐོད་ཕྲེང་གྭ་འུ་སྟོབས། །ཞབས་བཞི་བརྐྱང་བསྐུམ་དོར་སྟབས་གར་གྱིས་བགྲད། །ཡབ་ཡུམ་རིན་ཆེན་རུས་རྒྱན་དུར་ཁྲོད་ཆས། ཁྲོ་ཆགས་མེ་འོད་ཀློང་འགྱིང་ཕྱོགས་མཚམས་ལ། །ལྷུན་གྲུབ་རིག་འཛིན་ཨ་རུ་བྷན་འཛིན་དཀར། །སྤྱན་གཅིག་དམར་སྐྱ་མེ་ཏོག་དྲིལ་འཛིན་འཁྱུད། །ཕྱག་ཆེན་རིག་འཛིན་ཁ་ཊྭཱཾ་ཐོད་ཆང་སེར། །དགྱེས་སྡེ་སྔོན་མོ་སྤོས་རེངས་དྲིལ་འཛིན་འཁྱུད། །ཚེ་དབང་རིག་འཛིན་བུམ་པ་ཐོད་འཛིན་དམར། །དབང་རྒྱལ་ལྗང་གུ་མར་མེ་དྲིལ་འཛིན་འཁྱུད། །རིག་པའི་རིག་འཛིན་ཌཱ་རུ་བྷན་འཛིན་ལྗང་། །རོ་ལངས་ནག་མོ་དུང་ཕོར་དྲིལ་འཛིན་འཁྱུད། །དམ་ཚིག་དབང་གི་སློབ་དཔོན་རྡོར་འཛིན་སྨུག །དམ་ཚིག་མཁའ་འགྲོ་ཞལ་ཟས་འཛིན་སྔོན་འཁྱུད། །མན་ངག་ལུང་གི་སློབ་དཔོན་པུསྟི་དམར། །བསྐུལ་བྱེད་ལྗང་གུ་གནྡྷེ་འཛིན་མས་འཁྱུད། །ཤེས་རབ་རྒྱུད་ཀྱི་སློབ་དཔོན་ནོར་འཛིན་ལྗང་། །བསྐྱེད་བྱེད་དཀར་མོ་ཤེལ་བུམ་འཛིན་མས་འཁྱུད། །ཉམས་སྐོང་སློབ་དཔོན་མཐིང་ནག་རྡོ་རྗེ་འཛིན། །ཚེ་འཛིན་དམར་མོ་ཞིང་གི་རྒྱལ་མཚན་འཁྱུད། །ཡབ་ཡུམ་གཡོན་ཕྱག་བྷནྡྷ་དྲིལ་བུ་བསྣམས། །རུས་པ་རིན་ཆེན་དར་རྒྱན་དོར་སྟབས་བཞེངས། །ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་ཨ་ཙརྻ་མ་ཧཱ་བཛྲ་ཤཱིནྟཾ་པདྨ་གྷུ་རུ་ཏི་བྷྱོ་དྷཱ་ཀི་ནི་ཧཱུྃ། ཧྲཱིཿ ཤར་ལྷོ་གསང་གནས་བདེ་སྐྱོང་འཁོར་ལོའི་དབུས། །མདོག་དམར་མེ་ཕྲེང་གཡས་དཀར་གཡོན་ཞལ་ལྗང་། །རྡོ་རྗེ་རྩེ་ལྔ་ཐོ་ལུམ་མེ་ཕུང་གཡས། །ཐོད་ཁྲག་སྡིག་པ་བམ་ཆེན་གཡོན་གསུམ་ཕྱག༔ སྲིད་པ་དམར་མོ་ཐོ་བ་བྷན་འཛིན་འཁྱུད། །ཞབས་བཞི་བརྐྱང་བསྐུམ་དོར་སྟབས་གར་གྱིས་བགྲད། །ཡབ་ཡུམ་རིན་ཆེན་རུས་རྒྱན་དུར་ཁྲོད་ཆས། །དབུ་གཙུག་ཁྱུང་དམར་སྤུ་གྲིའི་འདབ་གཤོག་གཡོ། །འདོམས་ནས་སྡིག་པ་མགོ་དགུ་རང་འདྲ་འཕྲོ། །མི་སྡུག་བསྐལ་མེའི་ཀློང་བཞུགས་ཕྱོགས་མཚམས་ལ། །ཡ་མ་ནག་པོ་བེ་ཅོན་ཐོད་ཁྲག་ཕྱར། །ཟ་བྱེད་ལྕགས་འཁོར་མཚོན་གྲུ་འཛིན་འཁྱུད་ནག །དྲང་དཀར་ནག་པོ་ཁྲམ་ཤིང་དགྲ་སཏྭ་གདེངས། །རེ་ཏི་ཁྲམ་ཤིང་ནད་རྐྱལ་འཛིན་འཁྱུད་མཐིང་། །སྲིན་པོ་གློག་ཕྲེང་ལྗང་ནག་ཐོག་སེར་འབེབ། ཁྲག་མིག་ཁྲག་ཕོར་ཁྲག་ཕུར་འཛིན་འཁྱུད་དམར། །མེ་དབལ་དམར་ནག་རལ་གྲི་རིན་ཆེན་འཛིན། །མོན་མོ་ཨུ་གྲི་ལྕགས་སྤྱང་འཛིན་འཁྱུད་ལྗང་། །གཟའ་བདུད་དུད་ཁ་མདའ་གཞུ་ཁྲམ་ཤིང་འཛིན། །ལྕམ་གཅིག་ནད་རྐྱལ་སྤུ་གྲི་འཛིན་འཁྱུད་དམར། །ཀླུ་བདུད་སེར་ནག་སྦྲུལ་ཞགས་ཆུ་སྲིན་གདེངས། །ཐོག་གི་བུ་ཡུག་ཐོག་དབལ་འཛིན་འཁྱུད་དམར། །ལྷ་ཆེན་དམར་པོ་རླུང་ཞགས་ལྕགས་ཀྱུ་བསྣམས། །ཨུ་མ་མེ་ལོང་གཏེར་སྒྲོམ་འཛིན་འཁྱུད་དམར། །མ་ཧཱ་ཀཱ་ལ་ཟངས་གྲི་ལྕགས་པར་མཐིང་། །དུང་སྐྱོང་རལ་གྲི་ནེའུ་རྐྱལ་འཛིན་འཁྱུད་ནག །ཐམས་ཅད་ཁྲོ་གཏུམ་ཆས་ལྡན་རྔམ་སྟབས་རོལ། །ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་བཛྲ་མ་ཧཱ་ཀྲོ་དྷ་ཨརྩིག་ནིརྩིག་མ་མ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཧྲཱིཿ ལྷོ་ནུབ་སྤྱི་གཙུག་རིགས་འདུས་འཁོར་ལོའི་དབུས། །སངས་རྒྱས་དཔའ་བོ་མཐིང་དཀར་དམར་བའི་ཞལ། །འཁོར་ལོ་ཟླ་བ་མེ་ཕུང་གཡས་གསུམ་ཕྱག༔ གཡོན་གསུམ་གཤོལ་མདའ་ཉི་མ་རླུང་ནག་བསྣམས། །དཔའ་མོ་དཀར་མོ་འཁོར་ལོ་བདུད་རྩི་སྟོབས། །ཞབས་གཉིས་བརྐྱང་བསྐུམ་དོར་སྟབས་གར་གྱིས་བགྲད། །ཡབ་ཡུམ་རིན་ཆེན་རུས་རྒྱན་དུར་ཁྲོད་ཆས། ཁྲོ་བཞད་མེ་འོད་ཀློང་རོལ་ཕྱོགས་མཚམས་སུ། །རྡོ་རྗེ་རིན་ཆེན་པདྨ་ལས་རབ་ཀྱི། །དཔའ་བོ་དཔའ་མོ་སྔོ་སེར་དམར་ལྗང་མདོག །ཡབ་རྣམས་རང་རྟགས་གཡས་ལ་དྲིལ་བུ་གཡོན། །ཡུམ་རྣམས་ཌཱ་རུ་ཕྲེང་བ་པད་སྡོང་དང་། །རལ་གྲི་གཡས་ཕྱག་གཡོན་རྣམས་བྷན་འཛིན་འཁྱུད། །རུས་པ་རིན་ཆེན་དར་བརྒྱན་བཞེངས་སྟབས་འགྱིང་། །འཛིན་སྒྲོལ་སྟོབ་རྒྱུག་གིང་ཆེན་མཐིང་སེར་དམར། །ལྗང་གུ་གཡས་རྣམས་ལྕགས་ཀྱུ་རལ་གྲི་དང་། །ཐོད་སྙིང་རྒྱུ་ཞགས་གཡོན་རྣམས་ཐོད་ཁྲག་རོལ། །རྡོ་རྗེ་རིན་ཆེན་པདྨ་ལས་གིང་མོ། །གཡས་རྣམས་རང་རྟགས་གཡོན་པས་དྲིལ་བུ་འཁྲོལ། །མདོག་གཟུགས་ཆ་ལུགས་རང་རང་ཡབ་དང་མཚུངས། །ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་བུདྡྷ་ཀ་པཱ་ལ་དཔའ་བོ་ཧཱུྃ་བུདྡྷི་པྲ་དྷཱ་ཀི་ནཱི་མ་མ་རུ་ལུ་སྭཱ་ཧཱ། ཧྲཱིཿ ནུབ་བྱང་རྐང་གཡས་ལོ་ཀའི་འཁོར་ལོའི་དབུས། །རྟ་མགྲིན་དམར་པོ་དཀར་དང་སྔོ་བའི་ཞལ། །གཡས་གསུམ་ཁ་ཊྭཱཾ་རྡོ་རྗེ་སྦྲུལ་ཞགས་འཛིན། །ཐོད་ཁྲག་དྲིལ་བུ་ལྕག་སྒྲོག་གཡོན་གསུམ་ཕྱག །ཙ་ཏི་སྨུག་ནག་ཏྲི་ཤུལ་དུང་དམར་སྟོབས། །ཞབས་བཞི་བརྐྱང་བསྐུམ་དོར་སྟབས་གར་གྱིས་བཞེངས། །ཡབ་ཡུམ་དུར་ཁྲོད་ཆས་བརྒྱན་མི་སྡུག་གཟུགས། །རབ་འབར་མེ་རིའི་ཀློང་བཞུགས་ཕྱོགས་མཚམས་ལ། །ཡེ་ཤེས་ཟིལ་གནོན་འཁོར་ལོ་རྡོ་རྗེ་དཀར། །མི་ཕམ་དམར་མོ་གྲི་གུག་ཐོད་འཛིན་འཁྱུད། །ལས་ཀྱི་ཟིལ་གནོན་དབྱུག་པ་དགྲ་སཏྭ་སེར། ཁྲོ་གཉེར་མ་སྔོན་ཨུཏྤལ་བྷན་འཛིན་འཁྱུད། །མ་མོ་ཟིལ་གནོན་ལྕགས་སྒྲོག་རྔེའུ་ཆུང་དམར། །སྤྱན་གཅིག་ལྗང་གུ་ལྕགས་སྒྲོག་བྷནྡྷ་འཁྲིལ། །བྱ་ཁྱུང་ཟིལ་གནོན་ལྗང་ནག་ཁྱུང་སྦྲུལ་འཛིན། །རྩ་འཇིབས་དམར་སེར་ལྕགས་ཕུར་བྷནྡྷ་འཁྱུད། །ཕོ་རྒྱུད་ཟིལ་གནོན་ཞིང་དབྱུག་རྒྱུ་ཞགས་སྨུག །རྡོ་རྗེ་ལས་དཀར་བེ་ཅོན་ཐོད་ཁྲག་འཁྱུད། །མོ་རྒྱུད་ཟིལ་གནོན་མཐིང་ནག་མདའ་གཞུ་འགེངས། །གཤིན་རྗེ་ལས་སེར་གསེར་གཞོང་བྷན་འཛིན་འཁྲིལ། །ཀླུ་འདུལ་དམར་པོ་དགྲ་སཏྭ་ཐོ་ལུམ་ཕྱར། །ཀླུ་མོ་ལས་ལྗང་སྦྲུལ་ཞགས་ཐོད་འཛིན་འཁྲིལ། །གནོད་སྦྱིན་འདུལ་བྱེད་ལྗང་དབྱུག་བམ་ཕུར་འཛིན། །གནོད་སྦྱིན་ལས་བྱེད་སྨུག་ནག་གྲི་བྷན་འཁྱུད། ཁྲོ་གཏུམ་རྒྱན་ཅན་མེ་དབུས་བཞེངས་སྟབས་རོལ། །ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་མ་མ་ཨེ་ཀ་ཛཱ་ཊི་ཧཱུྃ། ཧྲཱིཿ བྱང་ཤར་རྐང་གཡོན་རླུང་གི་འཁོར་ལོའི་དབུས། །ལག་ན་རྡོ་རྗེ་མཐིང་དཀར་དམར་བའི་ཞལ། །རྡོ་རྗེ་གྲི་གུག་སྦྲུལ་ཞགས་གཡས་གསུམ་ཕྱག །གཡོན་གསུམ་དྲིལ་བུ་ཐོད་ཁྲག་པདྨ་བསྣམས། །གསང་དབྱིངས་དམར་མོ་ཁ་ཊྭཱཾ་བྷན་དམར་སྟོབས། །ཞབས་གཉིས་བརྐྱང་བསྐུམ་དོར་སྟབས་གར་གྱིས་བགྲད། །ཡབ་ཡུམ་དཔལ་དང་དུར་ཁྲོད་ཆས་ཀྱིས་བརྗིད། །འཇིགས་རུང་གར་རོལ་ཕྱོགས་མཚམས་མདུན་རྒྱབ་ལ། །རྣམ་རྒྱལ་དཀར་པོ་འཁོར་ལོ་བེ་ཅོན་གདེངས། །མདའ་སྙེམས་སྔོ་སྐྱ་རྡོ་རྗེ་ཐོད་ཁྲག་འཁྱུད། །གཤིན་རྗེ་མཐིང་ནག་བེ་ཅོན་དགྲ་སཏྭ་འཛིན། །དུར་ཁྲོད་སེར་སྐྱ་རལ་གྲི་ཐོད་འཛིན་འཁྲིལ། །རྟ་མགྲིན་དམར་པོ་སྤུ་གྲི་ཞགས་པ་ཕྱར། །གཏུམ་མོ་དབྱུག་ཏོ་བྷནྡྷ་ལྗང་མོས་འཁྱུད། །འཁྱིལ་པ་ལྗང་གུ་རྒྱ་གྲམ་ཏྲི་ཤུལ་འཁྲོལ། །རླུང་འབྱིན་སྔོ་སྐྱ་རྔ་ཡབ་ཐོད་འཛིན་འཁྲིལ། །དབྱུག་སྔོན་དབྱུག་པ་མེ་ཐབ་འཛིན་མཐིང་ག །སྡེར་མོ་དམར་སེར་གྲི་ཐོད་བསྣམས་པས་འཁྱུད། །མི་གཡོ་ལྗང་ནག་རལ་གྲི་ཞགས་པ་འཛིན། །གཏུན་ཁུང་དམར་མོ་ཐོ་བ་ཐོད་ཁྲག་འཁྱུད། །འདོད་རྒྱལ་དམར་སྐྱ་བ་དན་རྔ་ཡབ་འཛིན། །སྙེམས་མ་ལྗང་གུ་བུམ་པ་ཐོད་ཁྲག་འཁྱུད། །སུམ་རྒྱལ་མཐིང་ནག་གྲི་གུག་སྦྲུལ་ཞགས་འཛིན། །སྐུལ་བྱེད་སེར་སྐྱ་རྩེ་གསུམ་ཐོད་ཁྲག་འཁྱུད། །ཧཱུྃ་དཀར་སྔོ་སྐྱ་ཐོ་བ་ཞགས་པ་འཛིན། །སྒྲ་འབྱིན་དཀར་མོ་འཁོར་ལོ་བྷནྡྷ་འཁྱུད། །སྟོབས་ཆེན་དུད་ཁ་ཐོ་བ་གཏུན་ཤིང་ཕྱར། །གསོད་བྱེད་སེར་མོ་དགྲ་སཏྭ་དུང་དམར་འཁྱུད། །ཐམས་ཅད་དྲག་གཏུམ་དུར་ཁྲོད་ཆས་ཀྱིས་བརྒྱན། །ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་བཛྲ་པཱ་ཎི་མ་ཧཱ་ཀྲོ་དྷཱ་མ་མ་སིདྡྷི་ཧཱུྃ། ཧྲཱིཿ ཕྱི་ཡི་ཤར་སྒོ་ལྟེ་བ་ལྷོ་ཡི་སྒོ །ནུ་གཡས་ནུབ་སྒོ་ཚངས་བུག་བྱང་གི་སྒོ །ནུ་གཡོན་རྣམས་སུ་སྒོ་མ་ཁ་གདོང་མ། །ཕག་ཁྱི་འུག་གདོང་དཀར་སེར་དམར་ལྗང་རྣམས། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་འཁྲོལ། །ནང་སྒོ་ཤར་ལྷོ་ཆུ་ལམ་ལྷོ་ནུབ་སྒོ །བཤང་ལམ་ནུབ་བྱང་ཁ་དང་བྱང་ཤར་སྒོ །སྣ་བུག་རྣམས་སུ་མཚམས་མ་བརྟན་བྱེད་མ། །ཕོ་ཉ་མཆེ་མ་འཇོམས་བྱེད་ཕྱེད་གཟུགས་ཅན། །རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་གྱིས། །མཚན་པའི་གྲི་གུག་གཡས་ལ་ཐོད་ཁྲག་གཡོན། །གཅེར་བུ་རུས་རྒྱན་གཡས་བསྐུམ་གཡོན་བརྐྱང་རོལ། །ཧྲཱིཿ སྟོད་སྨད་བར་ཁྱམས་བ་སྤུའི་གྲོང་ཁྱེར་དུ། །སྤྱི་མགྲིན་སྙིང་ལྟེའི་རྩ་འདབ་གྱེས་པ་ལས། །ཡུལ་ཆེན་ཉེར་བཞིའི་དཔའ་བོ་དཔའ་མོ་ནི། །ཐོད་དབྱུག་དཀར་པོ་རབ་གཏུམ་མ་དམར་མོ། །ཀེང་རུས་ཆེ་མཐིང་གཏུམ་མིག་དམར་སེར་མོ། །ཀེང་རུས་གཏུམ་ལྗང་འོད་ལྡན་མ་དམར་སེར། །ཐབས་ཤེས་གཡས་ན་རྡོ་རྗེ་ཌཱ་མ་རུ། །གཡོན་ཕྱག་ཐོད་ཁྲག་དྲིལ་བུ་ཤར་སྟོད་གནས། །མཆེ་གཙིགས་དཀར་མོ་སྣ་ཆེན་མ་དམར་མོ། །སུ་ར་བྷེ་སྔོན་བརྟན་མ་གསེར་གྱི་མདོག །འོད་དཔག་མེད་ལྗང་མིའུ་ཐུང་མ་དམར་སེར། །ཐབས་ཤེས་གཡས་ཕྱག་རིན་ཆེན་རལ་གྲི་འཛིན། །གཡོན་ཕྱག་ཐོད་ཁྲག་དྲིལ་འཛིན་ཤར་སྨད་གནས། །འོད་ལྡན་དཀར་མོ་ལང་ཀའི་བདག་མོ་དམར། །རྡོ་རྗེའི་སྐུ་མཐིང་ཤིང་གྲིབ་མ་སེར་མོ། །གཞོན་ནུ་ལྗང་གུ་ས་སྲུང་མ་དམར་སེར། །ཡབ་རྣམས་བགྲང་ཕྲེང་ཡུམ་རྣམས་ཌཱ་རུ་གཡས། །ཐོད་ཁྲག་དྲིལ་བུ་གཡོན་འཛིན་ལྟོ་སྟོད་གནས། །རྡོ་རྗེ་རལ་པ་དཀར་པོ་འོད་ཅན་དམར། །རབ་དགའ་སྔོན་པོ་རླུང་ཤུགས་མ་སེར་མོ། །ཧཱུྃ་མཛད་ལྗང་གུ་ཆང་འཐུང་མ་དམར་སེར། །ཐབས་ཤེས་ཕྱག་གཡས་བེ་ཅོན་ལྕགས་ཀྱུ་དང་། །གཡོན་པས་ཐོད་ཁྲག་དྲིལ་འཁྲོལ་ལྷོ་སྨད་བཞུགས། །རབ་བཟང་དཀར་པོ་གཙུག་ཕུད་མ་དམར་མོ། །རྡོ་རྗེ་བཟང་མཐིང་རབ་བཟང་མ་སེར་མོ། །འཇིགས་བྱེད་ལྗང་གུ་རྟ་རྣ་མ་དམར་སེར། །ཐབས་ཤེས་གཡས་ཕྱག་པདྨ་ཌཱ་རུ་འཛིན། །གཡོན་པས་ཐོད་ཁྲག་དྲིལ་འཁྲོལ་ནུབ་སྟོད་བརྟེན། །སྤྱན་མི་བཟང་དཀར་ཁ་གདོང་མ་དམར་མོ། །སྟོབས་ཆེན་སྔོན་པོ་འཁོར་ལོའི་ཤུགས་ཅན་སེར། །རིན་རྡོར་ལྗང་གུ་དུམ་སྐྱེས་མ་དམར་སེར། །ཡབ་ཕྱག་ཐོ་བ་ཡུམ་ཕྱག་དར་དཔྱངས་གཡས། །གཡོན་པས་ཐོད་ཁྲག་དྲིལ་འཛིན་ནུབ་སྨད་གནས། །རྟ་མགྲིན་དཀར་པོ་གླང་སྣ་མ་དམར་མོ། །ནམ་སྙིང་མཐིང་ནག་འཁོར་ལོའི་གོ་ཆ་སེར། །ཧེ་རུ་ཀ་ལྗང་རབ་དཔའ་མ་དམར་སེར། །ཐབས་ཤེས་གཡས་ཕྱག་རྒྱ་གྲམ་ཁ་ཊྭཱཾ་ག །གཡོན་པས་ཐོད་ཁྲག་དྲིལ་འཛིན་བྱང་སྟོད་བརྟེན། །པད་གར་དབང་དཀར་སྟོབས་ཆེན་མ་དམར་མོ། །སྣང་མཛད་སྔོན་པོ་འཁོར་ལོས་སྒྱུར་མ་སེར། །རྡོར་སེམས་ལྗང་གུ་བརྩོན་འགྲུས་མ་དམར་སེར། །ཡབ་ཡུམ་གཡས་ཕྱག་རྒྱ་གྲམ་ཌཱ་རུ་ཁྲོལ། །གཡོན་པས་ཐོད་ཁྲག་དྲིལ་འཛིན་བྱང་སྨད་བཞུགས། །ཐམས་ཅད་ཞི་ཚུལ་དར་གོས་རིན་ཆེན་རྒྱན། །གླུ་ལེན་ཐབས་ཤེས་གཉིས་གཉིས་གར་སྟབས་བཞེངས། །དེ་ལྟར་གྲངས་ཅན་གཞན་ཡང་གྲངས་འདས་འཁོར། །དཔའ་བོ་དཔའ་མོ་ལ་སོགས་དཔག་མེད་ཀྱང༔ །རྣམ་འགྱུར་ཆ་ལུགས་ཅིར་ཡང་སྟོན་བྱེད་ཅིང༔ །མ་འགག་ལྷུན་གྲུབ་རོལ་པའི་ཚལ་དུ་གསལ༔ །ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་ཡཀྵ་ས་མ་ཡ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཧཱུྃ་ཕཊ་ཡོ་གི་ནཱི་སརྦ་དུཥྚན་ཧཱུྃ་ཕཊཿ ཀུན་གྱི་གནས་གསུམ་འཁོར་ལོ་པདྨ་དང་། །རྡོ་རྗེ་འབྲུ་གསུམ་གྱིས་མཚན་དཀར་དམར་མཐིང་། །རྡོ་རྗེ་ལྟེ་སྦུབས་ཉི་དཀྱིལ་གདལ་བའི་སྟེང་། །ཧྲཱིཿས་མཚན་འོད་ཀྱིས་ཡེ་ཤེས་སྤྱན་དྲངས་གྱུར། །དེ་ལྟར་བསྐྱེད་ལ་ཚིག་བདུན་སྤྱན་འདྲེན་སྔོན་འགྲོས། གཞུང་གི་སྤྱན་འདྲེན་ནས་ཕྱག་འཚལ་གྱི་མཐའ་བར་དང་། དེ་ནས་ཕྱི་མཆོད་ནི། ཧཱུྃ་ཧྲཱི༔ དངོས་སུ་འབྱོར་དང་སོགས། རྒྱལ་བ་རྣམས་ལ་འབུལ༔ ཞེས་དང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི། ཨརྒྷཾ། པཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝིདྱཱ། ཤབྡ་པཱུ་ཛཿཧོཿ ནང་མཆོད་ནི། ཧཱུྃ་ཧྲཱིཿ ལྷ་མིའི་མཆོད་རྫས་སོགས། འབུལ་བར་བགྱི༔ ཞེས་དང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་རཱུ་པ། ཤབྡ། གནྡྷེ། རཱ་ས། སྤརྴེ་པཱུ་ཛ་ཧོཿ གསང་མཆོད་ནི། ཧཱུྃ་ཧྲཱིཿ འདོད་ཆགས་སོགས་ནས། ཚོགས་ལ་འབུལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་མ་ཧཱ་མཱཾ་ས། རཀྟ། ཀིཾ་ནི་རི་ཏི། བྷ་སུ་ཏ། ཙིཏྟ་པཱུ་ཛཿཧོཿ དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། ཧཱུྃ་ཧྲཱིཿ ཡབ་ཡུམ་གཉིས་མེད་སོགས་ནས། ལྷ་ལ་འབུལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་བྷོ་དྷི་ཙིཏྟ་མ་ཧཱ་པཱུ་ཛཿཧོཿ བདུད་རྩི་སྨན་མཆོད་ནི། ཧྲཱི༔ བྷནྡྷ་ཁོར་ཡུག་སོགས་ནས་བསྟོད་པའི་མཐའ་བར་མེ་ཕྲེང་རང་གཞུང་ལྟར་བཏང་། དེ་ནས་ལས་རླུང་ཡེ་ཤེས་སུ་སྨིན་པར་བྱེད་པའི་བཟླས་པ་ནི། སྐབས་འདིར་འབྲུ་གསུམ་རྡོར་བཟླས་མཛད་དེ། དེ་ཡང་ཉི་ཟླ་ཁ་སྦྱོར་ལས། ཨོཾ་ཨཱཿཧཱུྃ༔ ཞེས་པ་སྙིང་པོ་ཐམས་ཅད་འདུས་པའི་ཡི་གེ་གསུམ་པོ་དེ་གཞན་ལོག་ནས་འབྱུང་བའམ་བསྒྲུབ་རྒྱུ་ཅན་ཡོད་པ་མ་ཡིན་ཞིང་། རང་ལ་ཡེ་ནས་གནས། དེའི་ཆེད་དུ་མཆུ་སྦྱོར་གདངས་སྐད་ཕྲེད་གདང་བཅས་ནས་དུད་འགྲོ་དཀྲོགས་པ་ལྟར་བཟླ་མི་འཚལ། རང་བཞིན་རྒྱུན་འབྱུང་གིས་བཟླས་པས། རླུང་ནང་དུ་རྒྱུ་བ་ཨོཾ་གྱི་རང་བཞིན། ཁོང་དུ་གནས་པ་ཨཱཿཡི་ངོ་བོ། ཕྱིར་དབྱུང་བ་ཧཱུྃ་གི་རང་སྒྲར་འབྱུང་བ། རླུང་རྒྱུ་རྔུབ་གནས་གསུམ་འཁོར་གཅིག་ལ། ཨོཾ་ཨཱཿཧཱུྃ་འབྲུ་གསུམ་ཡོངས་འདུས་ཀྱི་བཟླས་པ་རྩོལ་བ་དང་བྲལ་བ་ཚར་རེ་རེ་འགྲུབ། དེ་ནས་རླུང་གི་རྒྱུ་བ་མ་ཆད་ཀྱི་བར་དུ་རང་བཞིན་གཤིས་ཀྱི་བཟླས་པ་ལ་རྒྱུན་ཆད་མེད་དེ། འགྲོ་འཆག་ཉལ་འདུག་ལ་སོགས་པའི་སྤྱོད་ལམ་གྱི་རྣམ་གྲངས་གང་བྱེད་ཀྱང་། འབྲུ་གསུམ་གྱི་བཟླས་པ་ལ་དབྲི་གཞོལ་རེས་འཇོག་ཐང་ལྷོད་ལ་སོགས་པ་གང་ཡང་མེད་པར་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་སྐྱེ་མེད་རང་བྱུང་རྡོ་རྗེའི་བཟླས་པ་བར་མཚམས་མེད་དོ། །དེ་ལྟར་ངོས་ཟིན་ཅིང་རྡོ་རྗེ་ཡེ་ཤེས་ཀྱི་བཟླས་པ་རྒྱུན་མ་ཆད་པས། མ་རིག་འཁོར་བ་ལས་ཀྱི་རླུང་ཞེས་ཐ་སྙད་ལས་འདས་ཏེ། དཔེར་ན་ཉི་མའི་སྙིང་པོ་ལ་མུན་པའི་སྐབས་མེད་པ་དང་འདྲའོ། །དེ་ཙམ་ན་འཁོང་བ་མ་སྤང་རང་སྤངས། ཐར་པ་མ་བགྲོད་རང་བགྲོད། སྒྲིབ་པ་མ་སྦྱང་རང་བྱང་། འགྲོ་དོན་མ་བྱས་རང་འགྲུབ། འབྲས་བུ་མ་བཙལ་རང་རྙེད། དམ་ཚིག་མ་བསྲུང་རང་བསྲུང་། སྤང་བླང་དགག་སྒྲུབ་འཁོར་འདས་ཐམས་ཅད་རང་སར་གྲོལ་ལོ། །རིམ་པ་དེས་ནི། འཁྲུལ་གཞིའི་རྩ་ལ་བེམ་རིག་གི་སྦྲེལ་ཐག་ལས་རླུང་འགྱུ་རྔུབ་འབྲུ་གསུམ་སྙིང་པོ་ཡེ་ཤེས་ཀྱི་སྲང་ལ་འཛུད་པར་བྱའོ། །ཞེས་སོགས་གསུངས་པ་ལྟར། འབྱིན་འཇུག་གནས་གསུམ་དུ་རང་བཞིན་ཤུགས་ཀྱིས་ཤེས་པས་རྡོར་བཟླས་ཇི་ལྟར་འོས་པ་བྱས་མཐར་། སྲུང་མའི་གཏོར་ཆོག་དང་། ཚོགས་མཆོད་སོགས་ལ་འཇུག །མདུན་བསྐྱེད་ཀྱིས་བཟླས་པ་དམིགས་གསལ་བྱ་དགོས་པ་ཡོད་ན། རྡོར་བཟླས་འཕྲོས་སུ་བཟླས་དམིགས་རྒྱས་པར་འདོད་ན་ཛཔ྄་དགོངས་ཚངས་པའི་ང་རོ་དང་། ལས་བྱང་ཆེན་མོ་སོགས་གུང་བསྒྲིགས་ཏེ་བྱ་དགོས་ལ། ས་བཅད་ཙམ་གྱིས་འཐུས་པར་འདོད་ན། ལྷ་ཚོགས་ཐུགས་ཀར་པད་སྟེང་ཧྲཱིཿ སྔགས་ཕྲེང་བསྐོར་བའི་འོད་ཀྱིས་དོན་གཉིས་བྱས། །སྣོད་བཅུད་རྩ་གསུམ་རྒྱལ་བའི་ཞིང་དུ་གྱུར། །ཚུར་འདུས་མཆོག་དང་ཐུན་མོང་དངོས་གྲུབ་ཐོབ། །ཞེས་བདག་མདུན་གཉིས་ཀར་དམིགས་པས་ཁྱབ་པར་བསྒོམས་ལ། གཙོ་དགུའི་སྔགས་གོང་གི་ལྷ་བསྐྱེད་སྐབས་ལྟར་དང་། སྤྱི་དྲིལ་ཆེན་མོ་ནི། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་དྷེ་ཝ་དྷཱ་ཀི་ནཱི༔ བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ༔ བཛྲ་མ་ཧཱ་ཀྲོ་ཏ་ཤཱིནྟ་ཀ༔ ཧྲཱི་མ་ཧ་རི་ནི་ས༔ར་ཙ་ཧྲི་སརྦ་སིདྡྷི༔ ཀཱ་ཡ་ཝཱ་ཀ་ཙིཏྟ༔ ཛྙཱ་ན་སཏྭ༔ ཨ་མི་དྷེ་ཝ༔ མ་མ་ཙིཏྟ་སཾ་བྷ་ཝ་ཨ་དྷིཥྛཱ་ནཾ༔ མ་མ་ཨཱ་ཡུརྫྙཱ་ན་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱ༔ སྤྱི་དྲིལ་འབྲིང་པོ་ནི། ཨོཾ་ཨཱཿཧཱུྃ་ཧྲཱི༔ བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་པ་རྣམས་དལ་ཁོམས་སྤྲོས་པ་དང་བསྟུན་ཞིང་། སྤྱི་དྲིལ་གང་རུང་ཅི་ནུས་བཟླ། འདིར་བདག་བསྐྱེད་གཙོ་བོར་བྱེད་པའི་དབང་གི་བསྙེན་ལུགས་ཡིན་ལ། དབང་དོན་སྒྲུབ་མཆོད་སོགས་མདུན་བསྐྱེད་གཙོ་བོར་བྱེད་ན། ཚོགས་མཆོད་རྒྱས་པའི་སྐབས། མངོན་རྟོགས་གོང་གསལ་གྱིས་བདག་བསྐྱེད་གྲུབ་པའི་གནས་གསུམ་བྱིན་བརླབ་དབུར། མདུན་བསྐྱེད་ཀྱི་དཀྱིལ་འཁོར་བསྒྲུབ་པ་ལ། ཐོག་མར་འབྱུང་བ་རིམ་བརྩེགས་ནི། ཨེཿ ཀུན་བཟང་མཁའ་ཀློང་ངང་དུ་དབྱེར་མེད་ཀྱང་། །ལོག་རྟོག་འཁོར་བའི་སྐྱེ་འགྲོ་བསྒྲལ་སླད་དུ། །འགག་མེད་ཡི་གེ་འབྲུ་ལྔའི་འཕྲོ་འདུ་ཡིས། །བདེ་གཤེགས་རིགས་ལྔའི་ཆོ་འཕྲུལ་འབྱུང་བ་ལྔ། །སྐུ་གསུམ་དབྱིངས་སུ་ཡེ་ནས་ལྷུན་གྲུབ་ཅིང་། །དཀྱིལ་འཁོར་ཕོ་བྲང་འདེགས་པའི་ཚུལ་དུ་ཤར། །ཨེ་ཡཾ་ར་སུཾ་ཀེཾ་རཾ། གཞལ་ཡས་ཁང་ནི། བྷྲཱུྃ། བྷྲཱུྃ་ལས་ཕོ་བྲང་རིན་ཆེན་གཞལ་ཡས་ཁང་། །ཡངས་ཤིང་རྒྱ་ཆེ་ཕྱི་ནང་མེད་པར་གསལ། །སྣ་ཚོགས་རིན་ཆེན་ལས་གྲུབ་ཉམས་རེ་དགའ། །ཟུར་བཞི་ལོགས་བཞི་རྟ་བབས་བང་རིམ་བཅས། །རྣམ་ཐར་སྒོ་བཞི་སྒོ་ཁང་ནོར་བུས་སྤྲས། །རིན་ཆེན་ལྔ་ལྡན་བརྩིག་པ་རིམ་ལྔ་ལས། །དཀར་སེར་དམར་ལྗང་ཕྱི་ནང་འོད་ཟེར་འཕྲོ། །རིན་ཆེན་ཕ་གུ་དུང་གི་སྤར་ཁབ་ཅན། །སྣ་ཚོགས་རཏྣའི་ཕྲེང་བ་ཟར་བུར་སྒྲེང་། །པུ་ཤུ་ཁོར་ཡུག་གདུགས་དང་རྒྱལ་མཚན་སོགས། །དར་དང་ལྷབ་ལྷུབ་ཅོད་པན་དུ་མས་བརྒྱན། །ཐུགས་རྗེ་ཞི་བའི་གཞལ་ཡས་ལྷུན་གྱིས་གྲུབ། །བྷྲཱུྃ་བི་ཤྭ་བི་ཤུདྡྷེ་རཏྣ་ཛྙཱ་ན་མཎྜལ་བྷྲཱུྃ། ཧཱུྃ། ཐུགས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་། །ཐབས་མཁས་ཐུགས་རྗེས་ལོག་རྟོག་ཚར་གཅོད་ཕྱིར། །པདྨ་དབང་ཆེན་ཁྲོས་པའི་དཀྱིལ་འཁོར་ནི། །སྐུ་གསུམ་བྷནྡྷ་སྐམ་རློན་ར་རིའི་མཁར། །ཕྲིན་ལས་རྣམ་བཞི་ཕྱོགས་བཞིར་སྒོ་བཞི་གསལ། །ཆོས་ཉིད་འགྱུར་མེད་གནམ་ལྕགས་གཟེར་ཆེན་གདབ། །ལྷ་ཀླུ་གཟའ་ཆེན་ཚངས་པ་རྒྱུ་སྐར་སོགས། །ཀ་བ་ཀ་ཞུ་གཞུ་གདུང་གྲལ་ཕྱམ་བྲེས། །ཞིང་པགས་ཉ་སྦྲུལ་ནང་ཁྲོལ་དབང་པོའི་ཚོགས། །བླ་བྲེ་འཕན་གདུགས་ཟར་ཚག་ཕོ་ལོང་འཕྱོ། །དམར་ཆེན་ཞམ་ཆུ་འབབ་ཅིང་རོ་ཚོགས་བཀྲམ། །ཕྱོགས་མཚམས་དུར་ཁྲོད་འབར་བའི་ར་བས་གཏམས། །མི་ཤིགས་སྲ་བརྟན་བསྲུང་བའི་གུར་ཁང་དབུས། །ཕོ་བྲང་རྩེ་མཐོན་པདྨ་རཱ་ག་དང་། །ནོར་བུ་རིན་ཆེན་དབང་གི་རྒྱལ་པོས་མཚན། །ལྟེ་བར་ལིང་ཚེ་དགུ་ཡི་དཀྱིལ་འཁོར་གསལ། །སྣ་ཚོགས་འདབ་བརྒྱད་ཉི་ཟླ་རིན་ཆེན་གདན། །ཕོ་བྲང་དགུ་བརྩེགས་དུར་ཁྲོད་གཞལ་ཡས་ཁང་། །རིམ་དགུའི་གནས་རྫོགས་དགུ་བརྩེགས་གདན་དང་བཅས། །དཀར་སེར་དམར་ལྗང་འཇའ་གུར་འོད་ཟེར་འཕྲོ། །དབང་ཆེན་འབར་བའི་ཕོ་བྲང་ལྷུན་གྱིས་གྲུབ། །བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཧེ་རུ་ཀ་ཛྙཱ་ན་མཎྜལ་ཧཱུྃ། པདྨ་སུརྻ་ཙནྡྲ་ཨ་ནྲྀ་ཏྲི་དེ་ཝ་དེ་ཝཱི་དྷཱ་ཀི་ནཱི་ཏི་ར་མཎྜ་ལ་ཧཱུྃ། ལྷ་ཚོགས་བསྐྱེད་པ་ནི། ཧཱུྃ་ཧྲཱིཿ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར། །དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ །ཕྲིན་ལས་མངའ་བདག་དཔའ་བོ་རྟ་མགྲིན་ཡབ། །དབང་ཆེན་དམར་སྨུག་དམར་དཀར་སོགས་གོང་གསལ་བཞིན། དྷཱུ་མ་གྷ་ཡེ་དྷཱ་ཀི་ནཱི་ན་མཿསྭཱ་ཧཱ། ཞེས་པའི་མཚམས་ཕྱོགས་མཚམས་ལྷ་བསྐྱེད་ཀྱི་ཚིག་རྐང་དང་པོ་དོར་བའི་མལ་དུ། ཧཱུྃ་ཧྲཱིཿ ཤར་ཕྱོགས་རྡོ་རྗེ་སྟོང་ལྡན་ཁྲི་སྟེང་དུ། །བུདྡྷ་ཐོད་ཕྲེང་དཀར་སྔོ་སོགས་འབྱིན་འཇུག་རིགས་འགྲེ་བས། ལྷོ་ཕྱོགས་རིན་ཆེན་སྟོང་ལྡན་ཁྲི་སྟེང་དུ། །ནུབ་ཕྱོགས་པདྨ་སྟོང་ལྡན་ཁྲི་སྟེང་དུ༔ བྱང་ཕྱོགས་རྒྱ་གྲམ་སྟོང་ལྡན་ཁྲི་སྟེང་དུ། །ཤར་ལྷོ་དགྲ་བགེགས་བསྣོལ་བའི་ཁྲི་སྟེང་དུ། །ལྷོ་ནུབ་ཤ་ཟ་མཁའ་འགྲོའི་ཁྲི་སྟེང་དུ། །ནུབ་བྱང་དྲེགས་པ་ཕོ་མོའི་ཁྲི་སྟེང་དུ། །བྱང་ཤར་ཀླུ་གདོན་ས་བདག་ཁྲི་སྟེང་དུ། །ཞེས་པ་རྣམས་སོ་སོར་བསྒྱུར་བ་དང་། ཧཱུྃ་ཧྲཱིཿ དཀྱིལ་འཁོར་ཆེན་པོའི་བར་མཚམས་ཕྱོགས་བཞི་ན། །ཞིང་ཆེན་གསར་རྙིང་བརྩེགས་པའི་ཁྲི་སྟེང་དུ། །དཔལ་གྱི་བཀའ་སྡོད་སྒོ་མ་ཁྲ་གདོང་དང་། །ཕག་ཁྱི་འུག་གདོང་དཀར་སེར་དམར་ལྗང་རྣམས། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་འཁྲོལ། །མཚམས་འཛིན་སྲུང་མ་གཤིན་རྗེ་བརྟན་བྱེད་མ། །ཕོ་ཉ་མཆེ་མ་འཇོམས་བྱེད་ཕྱེད་གཟུགས་ཅན། །རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་གྱིས། །མཚན་པའི་གྲི་གུག་གཡས་ལ་ཐོད་ཁྲག་གཡོན། །གཅེར་བུ་རུས་རྒྱན་གཡས་བསྐུམ་གཡོན་བརྐྱང་རོལ། ཁྱམས་ཀྱི་སྟོད་སྨད་དཔའ་བོ་དཔའ་མོ་ནི། །ཐོད་དབྱུག་དཀར་པོ་སོགས་ནས། སརྦ་དུཥྚན་ཧཱུྃ་ཕཊ༔བར་གྱིས་བསྐྱེད། དབང་དོན་དང་འབྲེལ་ན་སྐབས་འདིར་བུམ་པ་སྒྲུབ་ཚུལ་རྒྱས་འབྲིང་བསྡུས་པ་གོང་འོས་སྐབས་དང་བསྟུན་པའང་སྦྱར། གང་ལྟར་ཡང་ཐམས་ཅད་གྲུབ་པའི་མཐར། གནས་གསུམ་བྱིན་རླབས་ནི། ཀུན་གྱི་གནས་གསུམ་སོགས་གོང་གསལ་ལ་འཇུག་ཅིང་། སྤྱན་འདྲེན་ནས་བསྟོད་པའི་མཐའ་བར་གཞུང་མཐར་ཆགས་སུ་བཏང་རྗེས། བདག་བསྐྱེད་ལ་དམིགས་པའི་རྡོར་བཟླས་བརྒྱ་རྩ་ནས་ཉེར་ལྔའི་བར་དང་། སླར་བདག་མདུན་ཆབས་ཅིག་པས་བསྙེན་སྒྲུབ་ལ་འཇུག་པ་ནི། ཐོག་མར་ཛཔ྄་བསྐུལ་ནི། དངོས་ལྟར་ན། ཐོག་མར་ཀརྨ་ལས་བྱེད་པས་རྡོ་རྗེ་རྒྱལ་པོའི་གཙོས་འདུས་པ་རྣམས་བསྐུལ། དེ་ནས་མཆེད་ལྕམ་རྣམས་ཀྱིས་དཀྱིལ་འཁོར་པ་བསྐུལ་ཏེ་ཛཔ྄་ལ་འཇུག་པ་ཡིན་ནའང་། དེང་སང་འདྲ་འབག་གི་སྐབས་འདིར་འདུས་པ་རྣམས་ནས་ཆབས་ཅིག་མཛད་པའི་རྒྱུན་སྤྱི་འགྲེ་འཇགས་པ་ལྟར་ན། ཧཱུྃ་ཧྲཱིཿ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ། །སྐུ་ནི་གར་བསྒྱུར་རྫུ་འཕྲུལ་གློག་ལྟར་འཁྱུག །གསུང་ནི་ཆོས་སྒྲ་ཛཔ྄་དབྱངས་འབྲུག་ལྟར་སྒྲོག །ཐུགས་རྗེ་བརྩེ་བས་སྒྲུབ་མཆོག་རྣམས་ལ་དགོངས། །ཛཔ྄་ཀྱིས་རྒྱུད་བསྐུལ་རྡོ་རྗེའི་སྐུ་གསུང་ཐུགས། །བླ་མ་རྣམས་དང་ཡི་དམ་མཁའ་འགྲོའི་ཚོགས། །ཚོམ་བུ་དགུ་ཡི་ལྷ་ཚོགས་གཙོ་དང་འཁོར། །དམ་ཅན་ཆོས་སྐྱོང་རིག་འཛིན་ཚོམ་བུར་བཅས། །དངོས་དང་དངོས་མིན་འདུས་པ་རྒྱ་མཚོ་རྣམས། །ཐམས་ཅད་ཐུགས་དམ་བསྐུལ་ལོ་ཛཔ྄་ལ་བཞེངས། །རྩ་གསུམ་བྱིན་དབང་སྩོལ་ཕྱིར་ཛཔ྄་སྒྲ་སྒྲོགས། །སྲུང་མ་ནོར་ལྷ་འབྱུང་བ་གཞི་གནས་ལྷ། །ཕྲིན་ལས་ལེགས་འབྱོར་སྤེལ་ཕྱིར་ཛཔ྄་སྒྲ་སྒྲོགས། །སྒྲུབ་མཆོག་དང་དུ་ལེན་པའི་མཆེད་ལྕམ་རྣམས། །དེང་འདིར་ཛཔ྄་སྒྲ་སྒྲོག་པའི་དུས་ལ་བབས། །སྒོ་གསུམ་ཕྱག་རྒྱ་བསྒྱུར་བའི་དུས་ལ་བབས། །ཉོན་མོངས་དགྲ་བགེགས་འདུལ་བའི་དུས་ལ་བབས། །སྣ་ཚོགས་ཕྲིན་ལས་སྒྲུབ་པའི་དུས་ལ་བབས། །ཡེངས་མེད་ཏིང་འཛིན་སྒྲུབ་པའི་དུས་ལ་བབས། །མཛོད་ཅིག་སྔགས་ཀྱི་གླུ་གར་ད་མཛོད་ལ། །ཡེ་ཤེས་ལྷ་ཚོགས་འགྲུབ་པར་མཛད་དུ་གསོལ། །ཞེས་བསྐུལ་ནས་ཛཔ྄་བསྟོད་བྱ་བ་ནི། ཧཱུྃ་ཧྲཱིཿ དབང་ཆེན་ཟླ་གམ་གདེངས་པའི་དཀྱིལ་འཁོར་ན། །སྣ་ཚོགས་དར་ཟབ་རིན་ཆེན་བརྩེགས་པའི་ཁྲི །ཐབས་དང་ཤེས་རབ་ཉི་ཟླ་འོད་ཀྱི་དཀྱིལ། །ཆགས་བྲལ་པདྨ་འབར་བའི་གེ་སར་ལ། །སངས་རྒྱས་དགོངས་པ་ཡོངས་རྫོགས་གྲུབ་པའི་དཔལ། །བླ་མ་ཡི་དམ་མཁའ་འགྲོ་འཁོར་དང་བཅས། །བརྗིད་པའི་སྐུ་ལ་རང་རང་ཆས་རྣམས་རྫོགས། །གསུང་གི་སྙིང་པོ་སྒྲ་སྒྲོག་སྔགས་ཀྱི་སྐད། །ཐུགས་ནི་སྒྲོལ་མཛད་འགྱུར་མེད་ཡེ་ཤེས་སེམས། །ཛཔ྄་ཀྱིས་རྒྱུད་བསྐུལ་རྡོ་རྗེའི་སྐུ་གསུང་ཐུགས། །ཕཊ་ཀྱིས་སྤྲོས་པས་སྟོང་གསུམ་སྐུ་ཡིས་གང་། །མ་གསལ་བར་དུ་བསྐྱེད་ཅིང་འབད་པས་བསྒོམ། །མ་འགྲུབ་བར་དུ་ཏིང་འཛིན་མི་གཏང་ངོ་། །ཛཔ྄་དངོས་ཀྱི་ཐོག་མར་བསྙེན་པ་ལ། ཟླ་སྐར་ཕྲེང་བ་ལྟ་བུའི་དགོངས་པ་ནི། བདག་མདུན་གཙོ་མཆོག་རྣམས་ཀྱི་ཐུགས་རྩེ་མོ་གྱེན་ལ་བསྟན་པའི་ཙིཏྟ་མཆོང་གུར་ཕུབ་པ་ལྟ་བུའི་དབུས་ན། ཉི་ཟླའི་གྭའུ་ཁ་སྦྱོར་གྱི་ནང་དུ་སོ་སོའི་ཕྱག་མཚན་གཙོ་བོ་པདྨ་བཛྲ་རྩལ་ལ་པདྨ་དམར་པོའི་ལྟེ་བར་ཧྲཱིཿ དེ་བཞིན་དུ་ཕོ་བྲང་ཕྱོགས་མཚམས་ཀྱི་གཙོ་བོ་བརྒྱད་པོ་རིམ་པ་བཞིན། གསེར་འཁོར་རྩིབས་བརྒྱད་པའི་ལྟེ་བར་ཨོཾ་དཀར་པོ། རིན་པོ་ཆེ་སེར་པོ་ཟུར་བརྒྱད་པའི་ལྟེ་བར་ཏྲཱཾ་སེར་པོ། པདྨ་དམར་པོའི་ལྟེ་བར་ཧྲཱིཿདམར་པོ། སྣ་ཚོགས་རྡོ་རྗེའི་ལྟེ་བར་ཨ་ལྗང་གུ །གསེར་གྱི་མཆོད་རྟེན་གྱི་བུམ་པར་ཧཱུྃ་དམར་སྨུག །གནམ་ལྕགས་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་ཧཱུྃ་མཐིང་ནག །བེ་ཅོན་སྨུག་པོའི་ལྟེ་བར་ཧྲཱིཿདམར་པོ། གནམ་ལྕགས་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་སྔོན་པོ་རྣམས་ཀྱི་ཕྱི་རོལ་དུ། རང་རང་གི་སྙིང་པོས་བསྐོར་བ། རང་མདོག་གི་འོད་ཟླ་བ་ཉ་རྒྱས་པ་ལྟ་བུའི་ཟེར་དཔག་ཏུ་མེད་པ་འཕྲོ་བ། དེའི་མཐའ་སྐོར་དུ། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་པའི་ཡིག་འབྲུ་རྣམས་སྐར་མའི་ཕྲེང་བ་ལྟ་བུར་བཀྲ་ལམ་མེར་བསྐོར་བ་ལ། མདུན་ཕྱོགས་ཡི་གེ་ཨོཾ་ནས་གཡས་སྐོར་དུ་བཀླག་པའི་ཚུལ་གྱིས་ཆུ་བོའི་རྒྱུན་བཞིན་དུ་བཟླ་བར་བྱའོ། །ཞེས་གསལ་བཏབ་ནས་གཙོ་དགུའི་སྙིང་པོ་རྣམས་གཙོ་འཁོར་གྱི་རྣམ་པ་ཕྱེད་པར་བཟླས་པའི་མཇུག་ཏུ། སྒོ་མཚམས་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རང་རང་གི་སྲོག་ཡིག་གི་མཐར་བཟླ་བྱའི་སྔགས་ཀྱིས་གཡོན་སྐོར་དུ་འཁོར་བ། བདག་བསྐྱེད་ཐུགས་ཀའི་འོད་ཀྱིས་བསྐུལ་བས། སྔོན་གྱི་དམ་ཚིག་རྗེས་སུ་དྲན་ཏེ་ཕྲིན་ལས་ཐོགས་པ་མེད་པར་འགྲུབ་པར་མོས་ལ། སྲོག་གནད་ལ་དབབ་པའི་སྙིང་པོ་ཅུང་ཟད་བཟླའོ། །ཉེ་བསྙེན་འགལ་མེ་ཀླད་བསྐོར་གྱི་ཛཔ྄་ནི། བདག་མདུན་གྱི་ཐུགས་ཀའི་སྔགས་ཕྲེང་འཁོར་བཞིན་པ་ལས། སྔགས་ཀྱི་འོད་ཟེར་ཁྲ་ལམ་གྱིས་བྱུང་བ་རང་གི་ཞལ་ནས་ཐོན། མདུན་བསྐྱེད་ཀྱི་ཞལ་དུ་ཞུགས། ལྟེ་བ་ནས་ཚུར་བྱུང་། རང་གི་ལྟེ་བ་ནས་ཞུགས་ཏེ་འཁོར་བ་དང་། ཡབ་ཡུམ་འཁྲིལ་སྦྱོར་དུ་བཞུགས་པ་རྣམས་ཡབ་ཀྱི་ཞལ་ནས་ཐོན། ཡུམ་གྱི་ཞལ་དུ་ཞུགས། ཡུམ་གྱི་གསང་བ་ནས་བརྒྱུད། ཡབ་ཀྱི་གསང་བ་ནས་ཞུགས། སླར་ཐུགས་ཀ་ནས་བརྒྱུད། ཡབ་ཞལ་ནས་ཡུམ་ཞལ་དུ་ཞུགས་པ་ཅན་གྱི་འཁོར་ལོར་དམིགས་པས་སྤྱི་དྲིལ་འབྲིང་པོ་བཟླ། སྒྲུབ་པ་རྒྱལ་པོའི་ཕོ་ཉ་ལྟ་བུའི་ཛཔ྄་ནི། ལྷ་ཚོགས་ཐུགས་ཀར་ཉི་ཟླའི་དཀྱིལ་འཁོར་སྟེང་། །རྡོ་རྗེ་དཀར་པོའི་ལྟེ་བར་པདྨ་དམར། །དེ་ལྟེང་སྣང་བ་མཐའ་ཡས་དམར་ལ་དྭངས། །རྒྱན་མེད་སྐྱིལ་ཀྲུང་མཉམ་གཞག་བུམ་པའི་ནང་། །འབྲུ་གསུམ་བརྩེགས་བསྣམས་ཐུགས་ཀར་ཧྲཱིཿཡིས་མཚན། །སྐུ་ཡི་མདུན་ནས་སྔགས་ཕྲེང་གཡས་བཀོད་འཁོར། །བཟླས་པའི་སྒྲས་བསྐུལ་འོད་ཟེར་རང་སྒྲ་ཅན། །ཕར་འཕྲོས་ཕྱོགས་བཅུའི་རྒྱལ་མཆོད་ཐུགས་དམ་བསྐུལ། །སྔགས་འབྲུ་སྒྲ་འོད་དང་བཅས་སྤྱན་དྲངས་པ། །ཞལ་སྒོ་ནས་བྱུང་བསྐྱེད་པའི་སྔགས་ལ་ཐིམ། །སྒྲ་འོད་ཆེར་འབར་བུམ་ནང་འབྲུ་གསུམ་བསྐུལ། །དཔག་མེད་འོད་འཕྲོས་འཕགས་མཆོད་བྱིན་རླབས་དང་། །བརྟན་གཡོའི་བཅུད་བསྡུས་བུམ་ནང་བདུད་རྩིས་གང་། །བུམ་བཅོལ་ནས་ལུད་རྡོ་རྗེ་ལ་ཕོག་པས། །བདུད་རྩི་དཀར་པོར་བབ་པ་པདྨར་འཕྲོས། །དེ་ལས་དམར་པོའི་རྒྱུན་བབ་དཀར་དམར་རྒྱུན། །ཆེར་འཕེལ་ཡབ་ཡུམ་སྐུ་གང་བདེ་སྦྱོར་མཛད། །སྒྲ་འོད་གྱིས་བསྐུལ་རབ་འབྱམས་རྒྱལ་བ་རྣམས། །སྙོམས་ཞུགས་བདེ་རྒྱུན་བཀུག་ནས་སྒོ་གསུམ་ལ། །ཐིམ་པས་ཐུན་མོང་ཚེ་དཔལ་སྟོབས་འབྱོར་རྒྱས། །ཕྱག་ཆེན་མཆོག་དངོས་དཔལ་དང་རབ་འབྱམས་ལས། །གནས་སྐབས་མཐར་ཐུག་དོན་འབྲས་འགྲུབ་པར་གྱུར། །ཞེས་མོས་ལ་སྤྱི་དྲིལ་ཆེན་མོ་བཟླ། སླར་རིགས་དྲུག་གནས་སྦྱོང་ནི། དཀྱིལ་འཁོར་པའི་ཐུགས་ཀའི་འོད་ཟེར་རིགས་དྲུག་གི་གནས་སུ་འཕྲོས་པས་དེའི་བྱིན་རླབས་ཀྱིས། སོ་སོའི་སྡུག་བསྔལ་ཞི་ཞིང་སྡིག་སྒྲིབ་མ་ལུས་པ་བྱང་ནས། སྣོད་བཅུད་རྩ་གསུམ་ལྷ་དང་གཞལ་ཡས་སུ་གྱུར་པས། སྔགས་སྒྲ་ཏི་རི་རི་སྒྲོག་པར་བསམས་ལ། སྤྱི་དྲིལ་ཆེན་མོ་ཅུང་ཟད་བཟླ། སྒྲུབ་པ་ཆེན་པོ་བུང་བ་ཚང་ཞིག་གི་བཟླས་པ་ནི། དཀྱིལ་འཁོར་ལྷའི་ཐུགས་ཀའི་འོད་ཟེར་དཔག་ཏུ་མེད་ཅིང་བརྗོད་ཀྱིས་མི་ལངས་པ། སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་འཕྲོས་ཤིང་ཁམས་གསུམ་གྱི་སེམས་ཅན་ལ་ཕོག་པས། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་མ་ལུས་པ་བྱང་ཞིང་དག་ནས། ཐམས་ཅད་དུས་གཅིག་ལ་བླ་མ་ཡི་དམ་མཁའ་འགྲོ་ཤ་སྟག་ཏུ་གྱུར་ཏེ། དེ་རྣམས་ཐམས་ཅད་ཀྱི་ཛཔ྄་སྔགས་ཏི་རི་རི་སྒྲོག་པར་བསམས་ལ། སྤྱི་དྲིལ་ཆུང་བ་ཅི་ནུས་བཟླ། མཐར། དབང་དང་འབྲེལ་ན་བུམ་བཟླས་རིགས་ཀྱང་འདིར་སྦྱར། གང་ལྟར་ཡང་། དབྱངས་གསལ། ཡིག་བརྒྱ། རྟེན་སྙིང་རྣམས་སྦྲེལ་བ་ལན་གསུམ་གྱིས་སྔགས་ཀྱི་ནུས་པ་བསྐྱེད་དེ། ལྷག་ཆད་ཁ་བསྐང་ཞིང་བྱིན་རླབས་དང་དངོས་གྲུབ་བརྟན་པར་བྱས་ནས། ཧཱུྃ་ཧྲཱི༔ ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས་སུ་གསོལ༔ ཕྱི་ནང་གསང་བའི་ཛཔ྄་བསྙེན་མཆོད་པ་འབུལ༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་བསྟོད༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་མཐོལ་ལོ་བཤགས༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་པས་སྟོང་ཚིགས་ཕུལ་རྗེས་དབང་དོན་སྒྲུབ་མཆོད་སོགས་ཀྱི་སྐབས་ཕྲིན་ལས་བཅོལ་བ་ནི། ཧཱུྃ་ཧྲཱི༔ ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ རྩ་གསུམ་བླ་མ་དགོངས་འདུས་བཀའ་སྲུང་བཅས༔ ཤ་ཁྲག་བདུད་རྩིའི་མཆོད་གཏོར་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ རྣམ་བཞིའི་མཐུ་སྩོལ་དམ་ཉམས་དགྲ་བགེགས་སྒྲོལ། །དུས་རྣམས་རྟག་ཏུ་སྲུང་དང་ལས་མཛོད་ཅིག༔ ཅེས་པས་ཕྲིན་ལས་གསོལ། བཀའ་སྲུང་དམ་ཅན་སྤྱི་གཏོར་སྦྱོར་ན་གཏེར་གཞིའི་གོང་དང་། མི་སྦྱོར་ན་སྐབས་འདིར་ཆགས་མེད་ཞབས་ཀྱིས་མཛད་པའི་རྟ་ཤ་བཙན་གསུམ་གྱི་གཏོར་འབུལ་དབུར་སྤྱི་འགྲོའི་འགུགས་པ་སྔོན་དུ་འགྲོ་བས། རྟ་ནག །ཤ་ཟ་ཁ་མོ་ཆེ། བཙན་རྒོད་གསུམ་གྱི་གསོལ་ཀ་གོ་རིམ་འདི་ལྟར་གཏང་ཞིང་། བཟླས་པ་རྣམས་བྱ་མི་དགོས། དམ་སྤྱི་འདོན་སྐབས་གཏེར་གཞི་བཏང་། དེ་ནས་ལས་རྡོར་གྱིས་ཕྱག་གསུམ་སྔོན་དུ་འགྲོ་བས། ཚོགས་བསང་སྦྱང་བྱིན་གྱིས་བརླབ་པ་ལ་ཐུགས་གཏད་པར་ཞུ། ཞེས་ཞུས་ནས། མེ་ཕྲེང་གི་ཚོགས་བསང་སྦྱང་བྱིན་རླབས་མཐར། ཧ་ཧོཿཧྲཱི༔འི་རྗེས། ལས་རྡོར་གྱིས་ཕྱག་སྔོན་འགྲོས། ཚོགས་ཕྱི་མཆོད་འདོད་ཡོན་རྒྱན་གྱི་འཁོར་ལོར་འབུལ་བ་ལ་ཐུགས་གཏད་པར་ཞུ། ཞེས་བསྐུལ་ནས། ལས་རྡོར་པས་དཀྱིལ་འཁོར་མདུན་དུ་ཐབས་ཤེས་ཀྱི་ཚོགས་སྣོད་བཅས་བཏེགས་ལ། ཧཱུྃ་ཧྲཱི༔ དུར་ཁྲོད་གསང་ཆེན་སོགས་ནས། པཱུ་ཛ་ཧོ༔བར། ཡང་ལས་རྡོར་གྱིས་ཕྱག་གསུམ་སྔོན་འགྲོས། ཚོགས་ནང་མཆོད་དུར་ཁྲོད་དྲག་པོའི་དགྱེས་མཆོད་འབུལ་བ་ལ་ཐུགས་གཏད་པར་ཞུ། ཞེས་བསྐུལ་ནས། ཚོགས་དེ་ཉིད་སྣོད་བཅས་སླར་སློབ་དཔོན་གྱི་མདུན་དུ་བཀོད་པར་རཀྟས་བྲན་ལ། ཚོགས་སྣོད་དེ་ཉིད་ལས་ཀྱི་གཤིན་རྗེ་འབར་བའི་ཧོམ་ཁུང་དུ། ཚོགས་རྫས་གནོད་བྱེད་དགྲ་བགེགས་དངོས་སུ་གསལ་པ། རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་ཕོ་ཉ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ་ལ་སོགས་པ་རྣམས་ཀྱིས། གནོད་བྱེད་དགྲ་བགེགས་རང་དབང་མེད་པར་བཀུག་ཅིང་གཟུགས་ལ་བསྟིམ་པར་གྱུར། ཧཱུྃ་ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་འབར་བའི་ཚོགས༔ བཀའ་སྲུང་དམ་ཅན་ཆོས་སྐྱོང་བཅས་རྣམས་ཀྱི༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་དང༔ དགོངས་བརྒྱུད་རྣམ་པར་དག་པའི་བདེན་པ་དང༔ སྔགས་དང་ཕྱག་རྒྱ་ཏིང་འཛིན་བྱིན་རླབས་ཀྱི༔ བདེན་པ་དེ་ཡི་བཀའ་ལ་ཁྱོད་ཉོན་ཅིག༔ གལ་ཏེ་མི་ཉན་བཀའ་ལས་འདའ་བྱེད་ན༔ བདག་གཞན་ལྷ་དང་མཆེད་ལྕམ་ཐམས་ཅད་ལ༔ སྡང་བའི་དགྲ་དང་གནོད་པར་བྱེད་པའི་བགེགས༔ རུ་དྲ་ཟ་འདྲེ་ཕུང་འདྲེ་སྲི་རྣམས་ཀུན༔ སྐད་ཅིག་ཙམ་གྱིས་གཟུགས་ཕུང་འདི་ལ་ཁུག༔ བཛྲ་ཊཱཀྐི་རཱ་ཛ་ཧཱུྃ་ཛ༔ ཛཿཧཱུྃ་བཾ་ཧོ༔ བཛྲ་ཨཾ་ཀུ་ཤཱ་ཛ༔ བཛྲ་པཱ་ཤཱ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གྷནྜེ་ཧོ༔ ཞེས་བཀུག༔ མཚོན་ཆ་དངོས་སུ་བཤམ་མི་དགོས་ཤིང་། འདོན་ཚིག་དང་བསྟུན་སོ་སོའི་ཕྱག་རྒྱས་འདེབས་པའི་ཚུལ་བྱས་ལ། ཧཱུྃ་ཧྲཱི༔ གནོད་བྱེད་དགྲ་བགེགས་རུ་དྲ་བདུད་དཔུང་ལ༔ འབར་བའི་མཚོན་ཆ་ལྔ་ཡི་ཆར་འབེབ་པ༔ འཇོམས་བྱེད་ཐོ་བ་གཅོད་པའི་རལ་གྲི་དང༔ བརྡུང་བའི་དབྱུག་ཏོ་འགུགས་པའི་ལྕགས་ཀྱུ་དང༔ གཏུབ་པའི་སཏྭ་རེ་ལྔ་ལ་སོགས་པ་ཡིས༔ བསམ་པའི་སྙིང་ལ་ཕོག་ན་དུམ་བུ་སྟོང༔ གདུག་པའི་ལུས་ལ་ཕོག་ན་ཕྱེ་མ་བརྒྱ༔ སྨྲ་བའི་ལྕེ་ལ་ཕོག་ན་ལྐུགས་སུ་ཆུགས༔ གཟུགས་ཕུང་རྣམ་ཤེས་གཞོབ་ཏུ་བསྲེགས་ནས་ཀྱང༔ རྡུལ་ཕྲན་བཞིན་དུ་ཕྱེ་མར་བརླག་པར་བྱོས༔ ལས་ཕུར་བསྒྲིལ་ཞིང་འདེབས་པའི་ཚུལ་བྱས་ལ། རྡུལ་ཕྲན་རྡུལ་ཕྲན༔ ཕྱེ་མ་ཕྱེ་མ༔ དུམ་བུ་དུམ་བུ༔ ཤག་ཤག༔ མཱ་ར་ཡ། ཚལ་པ་ཚལ་པ་རྦད༔ ཨོཾ་བཛྲ་ཏིཀྵྞ་ཁ་ཐམ་མཱ་ར་ཡ་ཛ༔ ཞེས་བསྒྲལ་ཚུལ་བྱས་མཐར། བདུད་རྩི་བྲན་པའི་ཚོགས་དེ་ཉིད་སླར་དཀྱིལ་འཁོར་གྱི་མདུན་དུ་བཏེགས་ལ། ཧྲཱི༔ བསྟབ་བོ་བསྟབ་བོ་སོགས་ནས། ཁ་རཾ་ཁཱ་ཧི༔ བར་བརྗོད། ཕྱག་སྔོན་འགྲོས། ཚོགས་དང་པོ་ཚོགས་ཕུད་འབུལ་བ་ལ་ཐུགས་གཏད་པར་ཞུ། ཞེས་བསྐུལ་ནས་ཚོགས་དང་པོ་སྤྲོས་ནས་ཡར་ཕུལ་ལ། རོལ་ཅིག་རོལ་ཅིག་སོགས་ནས། པཱུ་ཛ་ཁཱ་ཧི༔ སླར་ཡང་ཕྱག་སྔོན་འགྲོས། ཚོགས་བར་པས་བཤགས་པའི་ཆོ་ག་ལ་ཐུགས་གཏད་པར་ཞུ། ཞེས་བསྐུལ་ནས། ཧོ༔ བདག་སོགས་མ་རིག་སོགས་ཡིག་བརྒྱ་བཅས་བརྗོད། ཡང་ཕྱག་སྔོན་འགྲོས། ཚོགས་ཐ་མས་བསྐང་བའི་རིམ་པ་ལ་ཐུགས་གཏད་པར་ཞུ། ཞེས་བསྐུལ་ནས། ཧཱུྃ་ཧྲཱི༔ བསྐང་ངོ་གསོལ་ལོ་སོགས་ནས། དངོས་གྲུབ་སྩོལ༔ བར་དང་། ཆགས་མེད་ཀྱི་གསུང་གཏོར་འབུལ་འཕྲོས་སུ་འབྱུང་བའི་སྐོང་བ་རྣམས་ཚང་བར་བཏང་། ལས་རྡོར་གྱིས་ཐབས་ཤེས་ཀྱིས་ཚོགས་བཏེགས་ལ། ཧོ༔ རྡོ་རྗེ་རྒྱལ་པོ་སོགས་བརྡ་ཡིས་འབུལ་ཞིང་། ལན་གནང་། མཆེད་བྱིངས་ལ་ཚོགས་བཏེགས་ནས་ཐམས་ཅད་ལ་བརྡའ་ཡིས་འབུལ་ལེན་སོགས་ཕྲེང་མཛེས་དཀྱུས་བཞིན་དང་། ལྷག་མའི་གོང་དུ། ལྷག་གཏོར་བྱིན་གྱིས་བརླབ་ཅིང་བསྔོ་བ་ལ་ཐུགས་གཏད་པར་ཞུ། ཞེས་བསྐུལ་ནས། ལྷག་གཏོར་ལ་བདུད་རྩི་བྲན་ཏེ། ཨོཾ་ཀ་པཱ་ལ་བ་སུ་ཏ་ར་ལི་ཀྲོཾ་ཀྲོཾ་དྷེ་ཝ་བྷྱོ། རུ་ལུ་རུ་ལུ་ཧཱུྃ། བ་ལིཾ་ཏ་མཎྜལ་ཧཱུྃ། ལྷག་མའི་གཏོར་མ་ངོ་བོ་རང་བཞིན་རྣམ་པར་དག་ཅིང་རྨད་དུ་བྱུང་བ། རྣམ་པ་ཤ་ཁྲག་རུས་པའི་རང་བཞིན་དམ་ཅན་རྒྱ་མཚོའི་དགྱེས་སྐོང་དམ་པར་གྱུར། ཨོཾ་ཨཱཿཧཱུྃ༔ ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབ། ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾཿཛཿཛཿ ཞེས་པས་ལྷག་མའི་མགྲོན་རྣམས་བཤུགས་པའི་སྒྲ་དྲག་པོས་སྤྱན་དྲངས་ལ། ཨོཾ་བཛྲ་པུཥྤེ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མེ་ཏོག་ལ་སོགས་པས་མཆོད་ནས། ཧཱུྃ་ཧྲཱི༔ དུར་ཁྲོད་གསང་བ་སོགས་ཀྱིས་ལྷག་མ་བཏང་། གཞུང་དེར་འདིར་ཛཔ྄་བཟླས་གསལ་བ་དཔེར་བརྗོད་བཅས་བསྟན་པའི་དོན་ནི་དབང་དང་། རྒྱས་པ་སོགས་ཀྱི་ལས་སྦྱོར་བྱེ་བྲག་དགོས་ན་སྦྱོར་བའི་ཚུལ་ཡིན་པར་སེམས་ལ། དཀར་ཆེན་རབ་འབྱམས་པའི་ཡིག་ཆ་སོགས་སུ་འདིར་བསྟན་པ་ལས་འཕྲོས་ཏེ། མཆོག་སྒྲུབ་ཀྱི་ཛཔ྄་བཟླ་བར་གསུངས་པའང་ཡོད། བདག་གི་བླ་མ་རྡོ་རྗེ་འཆང་ཆེན་པོས་མཆོག་སྒྲུབ་ཀྱི་བཟླས་པ་འདི་རུ་མི་མཛད་པའི་རྗེས་སུ་འབྲང་ཞིང་། དོན་ལའང་འདི་ཉིད་གནས་པར་སེམས། དེ་ནས་དམ་སྤྱི་སྦྱར་ན། གཏོར་འགུགས་གཏོར་འབུལ་བཅས་འདིར་གཏང་། གང་ལྟར་ཡང་བསྐུལ་ཆད་བརྟན་བཅས་གྲུབ་མཚམས། གྲལ་མདོར་གཏོར་སྣོད་སྦུབས་པར། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། དཀོན་མཆོག་གསུམ་དང་ཡི་དམ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་མཁའ་འགྲོ་ཆོས་སྐྱོང་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། ཁྱད་པར་དུ་བླ་མ་དགོངས་པ་འདུས་པའི་དཀྱིལ་འཁོར་ཚོམ་བུ་དགུའི་ལྷ་ཚོགས། རྟ་ནག །དྲེགས་པ། ཤ་ཟ་མ་མོ། བཙན་རྒོད་འབར་བ་སྤུན་བདུན་འཁོར་དང་བཅས་པའི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། གནོད་བྱེད་དམ་སྲི་རྒབ་འདྲེ་ཐམས་ཅད་གཏོར་གཞོང་རི་རབ་གསལ་བའི་འོག་ཏུ་ཁུག་ཅིག །ཅེས་པའི་འགུགས་པ་སྔོན་དུ་འགྲོ་བས། སློབ་དཔོན་གྱི་ཕྱག་གི་རྡོ་རྗེས་རྒྱ་གྲམ་དུ་བཀོད་ནས། རྟ་བྲོ་གྱེར་བས་གཏོར་གཞོང་ཁ་གྱེན་དུ་བསླངས་པར་འབྲུས་བཀང་ཞིང་འཐོར་བ་བཅས། བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས༔བཀྲ་ཤིས་དཔལ་འབྱོར་བདེ་ལེགས་ཕུན་ཚོགས་ཤིང༔ ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་ཡི༔ རྟག་ཏུ་ཐེག་ཆེན་ཆོས་ལ་སྤྱོད་པར་ཤོག༔ ཅེས་བརྗོད། ཚོགས་མཆོད་དཀྱུས་མ་ལྟར་ལ་རྗེས་ཀྱི་མཆོད་བསྟོད་མ་བྱས་ཀྱང་ཆོག་པར་མཛད་སྣང་། སྤྲོས་ཀྱང་མི་འགལ་ཞིང་། དབང་དོན་སྐབས་སུ་ཅིས་ཀྱང་མེད་དུ་མི་རུང་བས། ཧཱུྃ་ཧྲཱི༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ མེ་ཏོག་བདུག་སྤོས་མར་མེ་ཞལ་ཟས་དྲི༔ སྒྲ་དབྱངས་ཨརྒྷཾ་ལ་སོགས་མཆོད་པའི་སྤྲིན༔ ཕྱི་ནང་གསང་བ་བླ་མེད་དགྱེས་མཆོད་འབུལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཨརྒྷཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱཱ་ཤབྡ་པཱུ་ཛ་ཧོ༔ རུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་པཱུ་ཛ་ཧོ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་བ་སུ་ཏ་ཙིཏྟ་པཱུ་ཛ་ཧོ༔ བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་པས་མཆོད། ཧཱུྃ་ཧྲཱི༔ ཕྱི་ནང་གཞན་གསུམ་ལྷ་དང་ལྷ་མོའི་ཚོགས༔ བྱེད་པ་ཀུན་སྟོན་རྣམ་འཕྲུལ་ཡོངས་ཀྱི་མཛོད༔ འཁོར་འདས་རང་གྲོལ་བདེ་ཆེན་གཡུང་དྲུང་སྐུ༔ དཀྱིལ་འཁོར་རྫོགས་པའི་དཔལ་ལ་ཕྱག་འཚལ་བསྟོད༔ ཅེས་པས་བསྟོད༔ དངོས་གྲུབ་བླང་བ་སྦྱོར་མིན་སྐབས་དང་བསྟུན། དེ་ནས་ཉེས་བྱས་བཟོད་པར་གསོལ་ཞིང་ཡིག་བརྒྱ་ལན་གསུམ་སོགས་བཟླ། མདུན་བསྐྱེད་གཙོ་བོར་མི་བྱ་བའི་སྐབས་མི་དགོས་ཀྱང་། མདུན་བསྐྱེད་གཙོ་བོར་བྱེད་པའི་སྐབས། ཨོཾ། འདིར་ནི་རྟེན་དང་སོགས་ཀྱིས་བརྟན་བཞུགས་བྱ། བཀྲ་ཤིས་བརྗོད་པ་ནི། ཧཱུྃ་ཧྲཱི༔ རྒྱལ་བའི་སྐུ་ནི་སོགས་མེ་ཕྲེང་གཞུང་ལྟར་གྱེར། བསྡུ་རིམ། དམིགས་མེད་ལམ་ཁྱེར་གྱི་རྒྱུན་སྤྱོད། བསྔོ་བ། སྨོན་ལམ་བཅས་ཀྱི་མཐར། སྤྱི་བཞིན་སྨོན་ལམ་དང་ཤིས་བརྗོད་ཅི་རིགས་པས་མཐའ་བརྒྱན་པར་བྱའོ། ༈ །ཡང་འདིར་གསལ་འཁོར་གྱི་མངོན་རྟོགས་ལས་བྱང་ཚངས་སྒྲ་ལ་དམིགས་རྣམ་གསལ་བའི་ཆེད་དུ་སྦྱོར་བར་འདོད་ན། པདྨ་བཛྲ་ཡབ་ཡུམ་བསྐྱེད་ཟིན་པའི་ཚིག་མཚམས། ཕྱི་འཁོར་ཕྱོགས་མཚམས་པདྨ་འདབ་བརྒྱད་སྟེང༔ ཞེས་པའི་འཕྲོས་སུ། འདིར་གསལ། ཞེ་སྡང་རྡོ་རྗེ་མཐིང་ནག་རྡོར་དྲིལ་འཛིན༔ སོགས་ནས་བསྐྱེད་སྔགས་རྫོགས་ཀྱི་བར་བཏང་། དེ་ནས་ཚངས་སྒྲའི། ཧཱུྃ་ཧྲཱི༔ཤར་ཕྱོགས་རྡོ་རྗེ་སྟོང་ལྡན་སོགས་ནས། འདབ་བརྒྱད་པདྨའི་གདན་སྟེང་དུ༔ ཞེས་པའི་མཚམས། འདིར་གསལ། བཛྲ་ཐོད་ཕྲེང་བསྐྱེད་སྔགས་རྫོགས་ཀྱི་བར་བཏང་སྟེ། ཕྱོགས་མཚམས་ཀྱི་གཙོ་བོ་རྣམས་ཚངས་སྒྲ་དང་། འཁོར་རྣམས་འདིར་གསལ་ལྟར་སྦྱར་བ་ཐམས་ཅད་ལ་འགྲེ །སྒོ་མཚམས་པའི་སྐབས། ཧཱུྃ་ཧྲཱི༔ དཀྱིལ་འཁོར་ཆེན་པོའི་བར་མཚམས་སྒོ་བཞི་ན༔ ཞིང་ཆེན་གསར་རྙིང་བརྩེགས་པའི་ཁྲི་སྟེང་དུ༔ དཔལ་གྱི་བཀའ་སྡོད་སྒོ་མ་ཁྭ་གདོང་དང༔ ཕག་ཁྱི་འུག་གདོང་དཀར་སེར་དམར་ལྗང་རྣམས༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་འཁྲོལ༔ མཚམས་འཛིན་སྲུང་མ་གཤིན་རྗེ་བརྟན་བྱེད་མ༔ ཕོ་ཉ་མཆེ་མ་འཇོམས་བྱེད་ཕྱེད་གཟུགས་ཅན༔ རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་གྱིས༔ མཚན་པའི་གྲི་གུག་གཡས་ལ་ཐོད་ཁྲག་གཡོན༔ གཅེར་བུ་རུས་རྒྱན་གཡས་བསྐུམ་གཡོན་བརྐྱང་རོལ༔ ཁྱམས་ཀྱི་སྟོད་སྨད་དཔའ་བོ་དཔའ་མོ་ནི༔ ཐོད་དབྱུག་དཀར་པོ་སོགས་ནས། གཉིས་གཉིས་གར་སྟབས་བཞེངས། །བར་ཟུར་འདེབས་བཞིན་དང་། དེ་ནས་ཚངས་སྒྲ་ལས། སྣ་ཚོགས་གར་བསྒྱུར་ཆ་ལུགས་ཅིར་ཡང་སྟོན༔ སོགས་ཀྱིས་མཐར་དབྱུང་བས་འགྲུབ་བོ། །ཉི་ཟླའི་སྣང་བས་ཁྱོན་འདིར་བྱིན་རླབས་གཟིས། །སུས་ཀྱང་ཟླ་མེད་ད་ལྟའང་ཆེར་འབར་བའི། །བླ་མ་དགོངས་འདུས་ལས་བྱང་ཕྲེང་མཛེས་ཀྱི། །ཉེར་མཁོ་འདི་ཡང་ཀུན་ཕན་དཔྱིད་དུ་ཤོག །ཅེས་པ་འདིའང་འགྲོ་འདུལ་སྤྲུལ་པའི་གཏེར་ཆེན་ཁྱབ་བདག་བླ་མ་བདེ་ཆེན་ཟིལ་གནོན་ནམ་མཁའི་རྡོ་རྗེའི་ཞལ་སྔ་ནས་དང་། མང་ཐོས་དགེ་སློང་འཇམ་དཔལ་ཚུལ་ཁྲིམས་ཀྱིས་ལས་བྱང་བསྡུས་པར་ཉེར་མཁོ་ཚང་ཞིང་། ཁྱད་པར་བསྐྱེད་རིམ་མངོན་རྟོགས་བཟླས་དམིགས་བཅས་ཁ་གསལ་འདུས་ཚང་ཞིག་སྦྱོར་ཅིག་པར་ཡང་ཡང་བསྐུལ་བ་ལ་བརྟེན་ནས། ཀུན་རྨོངས་འདུ་གསུམ་པ། དཔལ་རང་བྱུང་བདེ་བའི་རྡོ་རྗེ་ཞེས་འབོད་པའི་སྔགས་བན། སངས་རྒྱས་ཀརྨ་པའི་སྐྱེས་རབས་བཅོ་ལྔ་པའི་མཚན་འཛིན་པས་མེ་འབྲུག་ལོར་བསམ་སྦྱོར་དག་ཅིང་རང་བཟོའི་ཉེས་པས་མ་སྦགས་པའི་ཚུལ་དུ་སྦྱར་བ་ལ། མི་ཤེས་པའི་དབང་གྱུར་ནོངས་པ་གང་མཆིས་པདྨ་གར་དབང་མགོན་པོར་བཤགས་ཤིང་། དགེ་བས་གསང་བསྟན་ཉིན་མོར་བྱེད་པའི་སྣང་བ་ཡུན་རིང་དུ་འཕེལ་བའི་རྒྱུར་གྱུར་ཅིག། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).