Terdzo-HUNG-015

From Rinchen Terdzö

པདྨ་གསང་བའི་ཐིག་ལེའི་རྩ་རྒྱུད་པདྨ་ཟབ་པའི་བསྡུས་འགྲེལ་པདྨོའི་དྲྭ་བ་

pad+ma gsang ba'i thig le'i rtsa rgyud pad+ma zab pa'i bsdus 'grel pad+mo'i drwa ba

by  རྗེ་དྲུང་ཕྲིན་ལས་བྱམས་པ་འབྱུང་གནས་ (Jedrung Trinle Jampa Jungne)
revealed by  རྗེ་དྲུང་ཕྲིན་ལས་བྱམས་པ་འབྱུང་གནས་ (Jedrung Trinle Jampa Jungne)
in cycle  པདྨ་གསང་བའི་ཐིག་ལེ་ (Pad+ma gsang ba'i thig le)
Volume 63 (ཧཱུྃ་) / Pages 747-784 / Folios 1a1 to 19b4

[edit]

༄༅། །པདྨ་གསང་བའི་ཐིག་ལེའི་རྩ་རྒྱུད་པདྨ་ཟབ་པའི་བསྡུས་འགྲེལ་པདྨོའི་དྲྭ་བ་བཞུགས་སོ། ། བཅོམ་ལྡན་འདས་བདེ་བ་ཆེན་པོ་ཡེ་ཤེས་རྡོ་རྗེ་ཚེ་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །རྩ་རྒྱུད་པདྨ་ཟབ་པའི་བསྡུས་དོན་རྣམ་པར་འགྲེལ་བ་ལ། སྤྱིར་རྒྱུད་འདི་སྔ་འགྱུར་རྙིང་མ་ཡིན་ལ་དེ་ལ་ཡང་ཐེག་པ་རིམ་པ་དགུའི་རྣམ་པར་གཞག་པ་ལས་འདི་ནི་ནང་གི་རྒྱུད་སྡེ་ཨ་ཏིའི་མ་ཧཱ་ལྟར་དུ་བཤད་པ་ཡིན། དེ་ཡང་གསང་སྙིང་ལས། རབ་ལ་མཚན་བསྟན་འབྲིང་ལ་དབྱེ། །ཐ་མར་འབྲུ་གཉེར་བཀྲལ་བ་འོ། །ཞེས་གསུངས་པ་ལྟར་དབང་པོ་རབ་འབྲིང་ཐ་གསུམ་དང་། འཁོར་ལ་གདམས་ཤིང་བསྟན་པ་གཏད་པ་བཞི་ལས། རྩ་བའི་དང་པོ་དབང་པོ་རབ་ལ་མཚན་བསྟན་པའི་སྒོ་ནས་བཤད་ན། ཨོ་རྒྱན་མཁའ་འགྲོའི་སྐད་དུ་དང་བོད་སྐད་གཉིས་ལས། དང་པོ་ཨོ་རྒྱན་མཁའ་འགྲོའི་སྐད་དུ༔ ཌཱཀྐི་ཛྱིཥྛ་བཛྲ་ཀ་རི་ན་མ༔ གཉིས་པ་བོད་སྐད་དུ༔ པདྨ་ཟབ་པ་རྩ་བའི་རྒྱུད་ཞེས་པ་སྟེ། དེ་ཡང་པདྨ་ནི་མ་ཆགས་དྲི་མ་བྲལ་བ་སྟེ་འཁོར་འདས་ཀྱི་སྤྱི་གཞི་རང་གི་རིག་པ་གྲོལ་འཁྲུལ་གྱི་མཚན་མ་ལས་འདས་པ། གཞི་ཡི་གནས་སྐབས་དེ་ལྟར་ཡིན་ཡང་ལམ་དུས་སུ་སྒྲིབ་པ་རྣམ་པ་གསུམ་གྱིས་བསྒྲིབས་པ་རྣམས་ལམ་རིམ་པ་གཉིས་ལ་བརྟེན་ནས་སྦྱོང་བས་ཟབ་པ་སྟེ། དེ་ཁོ་ན་ཉིད་ཀྱི་གནས་ལུགས་རང་གིས་མངོན་སུམ་དུ་རྟོགས་པར་འགྱུར་བའི་ཐབས་ཁྱད་དུ་འཕགས་པ་ནི་འདིར་བཤད་བྱ་ཡིན་ཞིང་། རྩ་བའི་རྒྱུད་འདི་ལས་རིམ་པ་གཉིས་སོགས་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་འཕྲོ་བར་འགྱུར་ལ། འདིར་དེ་དག་གི་དོན་ཚང་ལ་མ་ནོར་བ་སྟོན་པ་ཡིན་པས་ན་དེ་སྐད་དོ།། །།རྩ་བའི་གཉིས་པ་དབང་པོ་འབྲིང་ལ་སྤྱི་དོན་རྣམ་པར་དབྱེ་བའི་སྒོ་ནས་བཤད་ན། དེ་ལ་ཡང་རྒྱུད་འབྱུང་བའི་རྒྱུ་གླེང་གཞི་དང་། རྐྱེན་གླེང་བསླང་བ་གཉིས་ལས། དང་པོ་གླེང་གཞི་ལ་ཡང་ཕྱག་འཚལ་བ་དང་། གླེང་གཞི་དངོས་སོ། །དང་པོ་ནི། བཅོམ་ལྡན་འདས་སོགས་ནས། ཕྱག་འཚལ་ལོ༔ རང་གིས་རང་རིག་མཇལ་བའི་ཕྱིར་ཕྱག་འཚལ་བ། དེ་ཡང་རྟག་ཆད་སོགས་མུ་བཞིའི་མཐའ་མ་ལུས་པ་དང་བྲལ་ཞིང་ཉོན་མོངས་འཆི་བདག་ལྷ་བུ་ཕུང་པོའི་བདུད་བཞི་དང་སྐྱེ་རྒ་ན་འཆི་སོགས་བཅོམ་པ། སྟོབས་བཅུ་མི་འཇིགས་བཞི་སོགས་དང་སྐུ་ལྔ་གསུང་ལྔ་ཐུགས་ལྔ་ཡོན་ཏན་ལྔ་ཕྲིན་ལས་ལྔ་སྟེ་འབྲས་བུའི་ཆོས། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། སྙིང་རྗེས་ཡོངས་གང་རྒྱུན་མི་ཆད་དང་འགོག་མེད་པ་སོགས་སངས་རྒྱས་ཀྱི་ཡོན་ཏན་དང་ལྡན་ཞིང་། ཟག་བཅས་ཉེ་བར་ལེན་པའི་ཕུང་པོའི་རྒྱུན་དང་རྣམ་པར་རྟོག་པའི་མཚན་མ་ལས་རིང་དུ་འདས་པ། དེ་ལྟ་བུའི་རང་བྱུང་གི་རིག་པ་དེ་ལ་འཁོར་འདས་ཀྱི་ཆོས་སུ་བརྟགས་པའི་དྲི་མ་དང་བྲལ་བས་པདྨ། རིག་པ་ལྷ་ཡི་ཕྱག་རྒྱར་ཤར་པ་ལ་སྐུ་མདུན་དང་རྒྱབ་མེད་པས་ན་ཀུན་ཏུ་ཞལ་ཏེ། དེ་ཡི་རང་ངོ་རང་གིས་ཤེས་པ་ལ་ཕྱག་འཚལ་ལོ་ཞེས་མིང་དུ་བཏགས་པའོ། །གཉིས་པ་གླེང་གཞི་དངོས་ལ་ཕུན་སུམ་ཚོགས་པ་བཞི་ལས། འདི་སྐད་བདག་གིས་སོགས་ནས། ཚོགས་ཐམས་ཅད་ཀྱིས༔ དུས་གསུམ་གྱི་མཚན་མ་ལས་འདས་པའི་དུས་ཕུན་སུམ་ཚོགས་པར། རྒྱ་གར་ཡང་མ་ཆད་ཕྱོགས་གང་དུ་ཡང་མ་ལྷུང་ཡངས་དོག་མཐོ་དམན་གྱི་འཛིན་པ་དང་བྲལ་བ་དབྱིངས་སྟོང་པ་ཉིད་རྡོ་རྗེ་བཙུན་མོའི་བྷ་གར། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་གསང་བ་ཆེན་པོའི་རོལ་པས་སྙོམས་པར་ཞུགས་པའི་གནས་ཕུན་སུམ་ཚོགས་པར། གོང་དུ་བཤད་པ་ལྟ་བུའི་བཅོམ་ལྡན་འདས་དེ་ཉིད་འཕོ་འགྱུར་གྱི་མཚན་མ་དང་བྲལ་བའི་བདེ་བའི་ཡེ་ཤེས་ཏེ་དེ་ནི་རྡོ་རྗེའི་ཆོས་བདུན་གྱི་སྒྲས་མཚོན་དུ་རུང་བ། སྐྱེ་འཆི་བགྲེས་རྒུད་དང་བྲལ་ཞིང་སངས་རྒྱས་དང་སེམས་ཅན་རྒྱུན་གཅིག་པའི་བདག་ཉིད་ཡིན་པས་ན་ཚེ་དཔག་ཏུ་མེད་པ་སྟེ་དེ་ཉིད་དབྱིངས་དང་ཡེ་ཤེས་གཉིས་མེད་ཀྱི་ཚུལ་གྱིས་རང་གི་རིག་མ་དང་སྙོམས་པར་ཞུགས་པའི་དགའ་བ་ཆེན་པོ་རྒྱུན་ཆད་པ་མེད་པས་རྟག་ཏུ་མཉེས་བཞིན་བཞུགས་སོ་ཞེས་པས་སྟོན་པ་ཕུན་སུམ་ཚོགས་པ། དེ་ཡི་འཁོར་ནི་གཙོ་བོ་དང་དབྱེ་བ་མེད་ཀྱང་རྩལ་ལས་ཤར་པའི་དགའ་བ་བཞིའི་རང་མདངས་སྒེག་མོ་མ་སོགས་དང་། དགའ་བའི་ངོ་བོ་སྟོང་པ་བཞིའི་རང་བཞིན་ཅན་གྱི་མེ་ཏོག་མ་སོགས་ཏེ། དེ་དག་ཀྱང་རང་རང་གི་ངོ་བོ་བདེ་བ་དང་སྟོང་པ་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་ལུས་སེམས་ཡོངས་སུ་མྱོས་བཞིན་པའི་འཁོར་གྱི་ཚོགས་ཏེ། དེ་དག་གིས་ཀྱང་བཅོམ་ལྡན་འདས་ཀྱི་སྐུ་ལ་ཟག་མེད་བདེ་བ་ཆེན་པོའི་མཆོད་པ་རྒྱུན་མི་ཆད་པར་འབུལ་བ་ནི་འཁོར་ཕུན་སུམ་ཚོགས་པ། ཆོས་ཕུན་སུམ་ཚོགས་པ་ནི་དེ་ལྟ་བུའི་འཁོར་གྱི་ཚོགས་རྣམས་ཀྱིས་རྐྱེན་གླེང་བསླངས་པ་ལ་བརྟེན་ནས་རྒྱུད་གསུང་བ་སྟེ། གཉིས་པ་རྐྱེན་གླེང་བསླང་བ་ཆོས་ཕུན་ཚོགས་དེ་ལ་ཡང་གཟུང་འཛིན་རང་བཞིན་མེད་པར་བསྟན་པའི་ཕྱིར་གླེང་བསླང་བ་ནི། བཅོམ་ལྡན་འདས་ཀྱི་སོགས་ནས། གླུ་བླངས་པ་ནི༔ ཨེ་མ་ཧོ༔ ཞེས་ངོ་མཚར་བའི་ཆེད་དུ་བརྗོད་པ་སྔོན་དུ་འགྲོ་བས། སངས་རྒྱས་ཐམས་ཅད་ཀུན་གྱི་སྐུ་གསུང་ཐུགས་ཀྱི་གསང་བ་རྨད་དུ་བྱུང་བའི་མཆོག །མཚན་རྟོག་གིས་མི་ཕྱེད་པས་རྡོ་རྗེ་ཉོན་མོངས་གཟུང་འཛིན་གྱི་ནད་འཇོམས་པས་བདུད་རྩི་རྟག་ཆད་ལ་སོགས་བློ་ཡི་དྲི་མ་དང་བྲལ་བ་སྟེ་མེད་པ། དེ་ཁོ་ན་ཉིད་སངས་རྒྱས་ཀྱི་དགོངས་ཉམས་ཡང་དག་པའི་ཡེ་ཤེས་ཀྱི་ངོ་བོ་སྟོང་པ་ཉིད་ལ། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་རིག་པའི་ཡེ་ཤེས་རང་གི་ནང་ནས་སམ་སྟོང་པའི་དབྱིངས་ལས་རང་ཤར་པ་སྟེ་སྐྱེས་པ། དེ་ལྟ་བུའི་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས། འཕོ་འགྱུར་གྱི་དྲི་མ་དང་བྲལ་བའི་ཆོས་ཀྱི་བདུད་རྩི་མ་རྟོགས་པའི་འགྲོ་བ་ལམ་རྒྱུད་ལྔར་འཁྱམས་པའི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཡོངས་སུ་གང་བའི་དངོས་གྲུབ་སྩོལ་ཅིག་པའོ། །ཞེས་འཁོར་གྱིས་ཞུས་པས་བརྩེ་བའི་ཐུགས་རྗེ་སྐྱེས་ཏེ་ཆོས་གསུང་བའི་ཕྱིར་ལན་དུ་བཀའ་བསྩལ་བ་ལ་ཡང་འཛིན་སེམས་རང་བཞིན་མེད་པར་བསྟན་པ་དང་། གཟུང་ཡུལ་ལྷ་ཡི་འཁོར་ལོར་བསྟན་པ་གཉིས་ལས། དང་པོ་ནི། ཨེ་མ་ཧོ༔ ཡེ་ནས་སོགས་ནས། ཐབས་ཀྱིས་ཆོད༔ ཨེ་མ་ཧོ༔ ཞེས་དགྱེས་པའི་དབུག་དབྱུང་བ་སྔོན་དུ་འགྲོ་བས། ཡེ་ནས་གསང་བ་སྟེ་ལྷན་ཅིག་སྐྱེས་པའི་མ་རིག་པས་བསྒྲིབས་ཏེ་དོན་དམ་པའི་བདེན་པ་མ་མཐོང་། ཀུན་བརྟགས་ཀྱི་མ་རིག་པས་བསྒྲིབས་ཏེ་ཀུན་རྫོབ་ཀྱི་བདེན་པ་མ་མཐོང་། སྣང་སྟོང་དབྱེར་མེད་མ་ཤེས་པ་ངོ་བོ་ཉིད་ཀྱིས་གསང་བ། ཡུལ་དང་ཡུལ་ཅན་ཐ་དད་དུ་བཟུང་བས་དོན་དམ་ཡིད་དཔྱོད་དང་བྲལ་བར་མ་རྟོགས་པས་ཤིན་ཏུ་གསང་བ་སྟེ། དེ་ལྟར་སུས་ཀྱང་མ་མཐོང་བའི་སངས་རྒྱས་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པར་བྱེད་པའི་ཐབས་ཆོས་ཀྱི་སྒོ་བསྟན་པ་ལ་ཡང་། མིང་ཚིག་སོགས་བརྗོད་པའི་ཡུལ་ལས་འདས་ཤིང་རང་གི་རང་བཞིན་འདི་ལྟ་བུའོ་ཞེས་སུས་ཀྱང་མཚོན་དུ་མེད་པའི་བདག་ཉིད་ཅན། སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་རྩལ་སྣ་ཚོགས་སུ་སྤྲོས་པ་རྣམས་ཀྱང་འགག་པའི་མཐའ་དང་བྲལ་ཞིང་། རྩལ་སྣ་ཚོགས་སུ་སྤྲོས་པ་དེ་དག་ཀྱང་མཚན་རྟོག་གི་ཆ་ལས་ཡང་དག་པར་འདས་པ། སྤྲོ་བར་བྱ་བ་དང་སྤྲོ་བར་བྱེད་པོ་སོ་སོར་དབྱེ་བའི་ཆོས་ཡེ་ནས་དབེན་པ་སྟེ་མེད་པ། འཕྲོས་པའི་རང་བཞིན་ནམ་སྣང་ཆ་དེ་ལ་ཡང་བརྡའ་འམ་ཐ་སྙད་དུ་བཏགས་པའི་ཆོས་འདི་འོ་ཞེས་དུས་གསུམ་གྱི་རྒྱལ་བས་ཀྱང་མཚོན་པའི་ཡུལ་ལས་འདས་པ་སྟེ་མེད། རྩལ་སྣ་ཚོགས་འཕྲོས་པ་དེ་དག་ཀྱང་འདིར་གནས་སོ་ཞེས་སམ་འདི་ཉིད་ཡིན་ནོ་ཞེས་བརྟག་ཏུ་མེད་ཅིང་། དེ་བཞིན་དུ་མཐར་འགག་པ་དང་འགགས་པའི་ཡུལ་འདི་ནའོ་ཞེས་ཡེ་ནས་དབེན་པ་སྟེ་མེད་ལ། དེ་ལྟ་བུའི་སེམས་ཀྱི་རང་བཞིན་དེ་མེད་པ་ཕྱལ་བར་ཆད་པ་ཡང་མ་ཡིན་ཏེ་སངས་རྒྱས་ནས་སེམས་ཅན་གྱི་བར་རྒྱུ་གཅིག་པ་རྡོ་རྗེ་ལྟ་བུའི་རྒྱུད་དངོས་པོའི་གཤིས་ལ་མཚན་མས་གཞོམ་པར་མི་ནུས་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་རྡོ་རྗེའི་ཡེ་ཤེས་ཆེ་ནི། སངས་རྒྱས་ཉིད་ཀྱིས་ཀྱང་ཉིད་ལས་གཞན་དུ་གྱུར་པའི་ཆོས་རྡུལ་ཙམ་ཡང་མི་བརྙེས་པ་སྟེ་མ་གཟིགས་ཤིང་། རང་གི་རང་རིག་དྲི་མ་མེད་པ་འདི་ཉིད་ཆོས་ཀྱི་སྐུ་ཞེས་སྒྲས་བརྗོད་པ་ཙམ་ཡིན་ལ། རིག་པ་སྐད་ཅིག་མ་གཅིག་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་རྫོགས་པ་ལ་ཨེ་མ་ཧོ་ཞེས་ངོ་མཚར་བའི་བདག་ཉིད་ཅན་དེ་ལྟར་ཡིན་ཡང་། སེམས་ཅན་ཐམས་ཅད་གློ་བུར་གྱི་དྲི་མས་བསྒྲིབས་ཏེ་གོང་དུ་བཤད་པ་ལྟར་ངོ་བོ་ཉིད་ཀྱིས་གསང་བར་གྱུར་པ་སྟེ། སྐྱེ་འགག་གནས་པ་གསུམ་དང་བྲལ་བའི་གཉུག་མའི་དེ་ཁོ་ན་ཉིད་ཀྱི་གནས་ལུགས་མ་རྟོགས་པས་རང་གསང་ཐབས་ཀྱིས་ཆོད་པའི་བདག་ཉིད་ཅན་ཡིན་ནོ་ཞེས་བསྟན་པའོ། །དོན་གཉིས་པ་གཟུང་ཡུལ་ལྷ་ཡི་འཁོར་ལོར་བསྟན་པ་ལེ་རྗེས་དང་བཅས་པ་ནི། སངས་རྒྱས་ཆོས་ཁམས་སོགས་ནས། དང་པོ་རྫོགས་སོ༔ དེ་ལྟར་ནང་འཛིན་པའི་སེམས་གཞི་མེད་རྩ་བྲལ་དེ་ལྟར་ཡིན་ཡང་། ཕྱི་གཟུང་བའི་ཡུལ་དང་ཕུང་པོ་ལྔས་བསྡུས་པའི་ཆོས་ཐམས་ཅད་བདེན་གྲུབ་ཞིག་གོ་སྙམ་ན་མ་ཡིན་ཏེ། འདི་ལྟར་སྣང་བ་ཐམས་ཅད་རབ་རིབ་ཅན་གྱི་མིག་ལ་སྐྲ་ཤད་མཐོང་བ་ལྟར་ལོག་སྣང་ཁོ་ན་ལས། དོན་དུ་སངས་རྒྱས་ཐམས་ཅད་ཀྱི་སྣང་ངོར་གཟུང་ཡུལ་ཕྱི་ནང་ཆོས་ཁམས་ཐམས་ཅད་ཡེ་ནས་རྣམ་པར་དག་པའི་བདག་ཉིད་ཅན་ཏེ། འབྱུང་ལྔས་བསྡུས་པའི་སྣོད་ཀྱི་འཇིག་རྟེན་འདི་དག་ཀྱང་། ས་སངས་རྒྱས་སྤྱན་མ། ཆུ་མཱ་མ་ཀཱི །མེ་གོས་དཀར་མོ། རླུང་དམ་ཚིག་སྒྲོལ་མ། ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མའི་ཡུམ་ཆེན་གྱི་རང་བཞིན་དུ་གནས་སུ་དག་པས་སྣང་ཡུལ་ཐམས་ཅད་མཁའ་འགྲོ་མ་ལྔ་ཡི་རང་བཞིན་ཡིན་ལ། ནང་ཕུང་ཁམས་ལྔ་ཡི་ཚོགས་འདི་ཡང་སངས་རྒྱས་ལྔའི་བདག་ཉིད་གཟུགས་ཕུང་མི་བསྐྱོད་པ། ཚོར་བ་རིན་འབྱུང་། འདུ་ཤེས་སྣང་མཐའ། འདུ་བྱེད་དོན་གྲུབ། རྣམ་ཤེས་རྣམ་པར་སྣང་མཛད། མིག་གི་ཤེས་པ་གནས་སུ་དག་པ་སེམས་དཔའ་ས་སྙིང་། རྣ་བའི་ཤེས་པ་ནམ་མཁའི་སྙིང་པོ། སྣ་ཡི་ཤེས་པ་སྤྱན་རས་གཟིགས། ལྕེའི་རྣམ་ཤེས་ཕྱག་ན་རྡོ་རྗེ། མིག་གི་དབང་པོ་བྱམས་པ། རྣ་དབང་སྒྲིབ་སེལ། སྣ་དབང་ཀུན་བཟང་། ལྕེ་དབང་འཇམ་དཔལ། མིག་གི་ཡུལ་གཟུགས་སུ་སྣང་བ་གནས་སུ་དག་པ་སེམས་མ་རྡོ་རྗེ་སྒེག་མོ། དྲི་གནས་དག་རྡོ་རྗེ་ཕྲེང་བ་མ། སྒྲ་གནས་དག་གླུ་མ། རོ་གནས་དག་གར་མ། དུས་འདས་པའི་རྟོག་པ་གནས་སུ་དག་པ་མེ་ཏོག་མ། ད་ལྟའི་རྟོག་པ་གནས་དག་བདུག་སྤོས་མ། མ་འོངས་པ་གནས་དག་མར་མེ་མ། མ་ངེས་པ་གནས་དག་དྲི་ཆབ་མ་དང་། ཡིད་བྱེད་པ་པོ་གནས་སུ་དག་པ་ཀུན་ཏུ་བཟང་པོ། ཆོས་བྱ་བ་མོ་གནས་སུ་རྣམ་པར་དག་པ་ཀུན་ཏུ་བཟང་མོ་སྟེ། མདོར་ན་གསེར་གྱི་གླིང་དུ་ཕྱིན་ན་ས་རྡོ་ཕལ་པ་མི་རྙེད་པ་བཞིན། ཡེ་ནས་རྣམ་པར་དག་པའི་བདག་ཉིད་ཅན་ཡིན་ལ། སྒྲིབ་པ་གསུམ་གྱིས་བསྒྲིབས་པའི་གང་ཟག་མ་དག་འཁྲུལ་པའི་སྣང་ངོར་རི་ར་བ་ཁང་ཁྱིམ་སོགས་དང་བདེ་སྡུག་ཀུན་བརྟགས་སྣ་ཚོགས་པ་སྣང་ན་ཡང་། དོན་རང་གི་ངོ་བོའི་ཆ་ནས་ཞིབ་ཏུ་དཔྱད་ཅིང་བརྟགས་ན་བདེན་གྲུབ་ཏུ་གྱུར་པ་རྡུལ་ཙམ་ཡང་མ་མཆིས་ཏེ་གཏན་ཚིགས་ཆེན་པོ་རྣམ་པ་བཞིས་དཔྱད་པས་རྫུན་ཕུགས་རང་སར་རྡིབ་ནས་སྟོང་ཉིད་དུ་ཐག་ཆོད་ཅིང་། སྟོང་པའི་དབྱིངས་ལས་རང་བྱུང་ལྷ་ཡི་སྣང་ཆ་རང་ཤར་བ་འདི་དག་སྤྲོས་པ་མེད་པ་འོད་གསལ་བའི་བདག་ཉིད་དོ། །ཞེས་གསུངས་ཏེ་ལེའུ་འོག་མ་དཀྱིལ་འཁོར་གྱི་འཁོར་ལོ་རྣམ་པར་སྤྲོ་བའི་ཏིང་ངེ་འཛིན་ལ་ཞུགས་སོ། །འདི་ཡན་གྱིས་དབང་པོ་འབྲིང་གི་ངོར་སྤྱི་དོན་རྣམ་པར་གཏན་ལ་དབབ་པ་ལེའུ་དང་པོའི་དོན་འགྲེལ་སོང་ངོ་།། །།རྩ་བའི་གསུམ་པ་དབང་པོ་ཐ་མར་འབྲུ་གཉེར་བཀྲལ་བའི་སྒོ་ནས། འབྲས་བུ་ཡོངས་ཤེས་ཀྱི་རྒྱུད་དོན་དངོས་བཤད་པ་ལ་དབང་བཞིའི་ལམ་དང་འབྲེལ་བའི་རྣལ་འབྱོར་བསྟན་པ་ལས། དང་པོ་བུམ་དབང་དང་འབྲེལ་བའི་བསྐྱེད་པའི་རྣལ་འབྱོར་བཤད་པ་ལ། བསྐྱེད་རིམ་གྱི་རྣམ་གཞག་སྤྱིར་བསྟན་པ། ལྷ་ཡི་འཁོར་ལོ་རྟེན་དང་བརྟེན་པའི་རྣལ་འབྱོར་བཤད་པ། བསྙེན་སྒྲུབ་ཡན་ལག་བཞིའི་ཆིངས་བསྟན་པ། མཐར་ཕྱིན་པས་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཚུལ་རྗེས་འབྲེལ་བཅས་སོ། །དང་པོ་ལ་མདོར་བསྟན་དང་རྒྱས་བཤད་དོ། །དང་པོ་ནི། སླར་ཡང་དགྱེས་པ་སོགས་ནས། རྣལ་འབྱོར་བསྒོམ༔ ཨེ་མ་ཧོ༔ ཞེས་པས་དགྱེས་པའི་དབུགས་དབྱུང་ནས། ལེའུ་གོང་མར་འཁོར་འདས་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དག་པ་ལྷ་ཡི་རོལ་པར་བསྟན་ན་ཡང་། བློ་དམན་པའི་གང་ཟག་ཐ་མལ་པ་རྣམས་ཀྱི་ངོར་ལོག་པའི་ཞེན་སྣང་འདི་དག་སྦྱང་བའི་ཕྱིར་རིམ་པ་གཉིས་ལས་དང་པོ་བསྐྱེད་པའི་རྣལ་འབྱོར་བསྒོམ་པར་བྱའོ། །ཞེས་པས་བསྟན། གཉིས་པ་རྒྱས་བཤད་ལ། མངལ་སྐྱེས་ལ་སོགས་སོགས་ནས། རྣམ་གྲོལ་པ༔ དེ་ཡང་སྤྱིར་མངལ་སྐྱེས་ཀྱི་འཛིན་པ་སྦྱང་བའི་ཕྱིར་ཆོ་ག་གསུམ་བསྐྱེད་དེ་ས་བོན་དང་ཕྱག་མཚན་དེ་ལས་སྐུ་བསྐྱེད་པ་དང་། དྲོད་གཤེར་སྐྱེས་ཀྱི་འཛིན་པ་སྦྱང་ཕྱིར་ས་བོན་ལས་འོད་ཟེར་འཕྲོ་འདུ་བྱེད་དེ་བསྐྱེད་པ། སྒོང་སྐྱེས་སྦྱང་ཕྱིར་དང་པོ་རྒྱུ་ཡི་ཧེ་རུ་ཀ་དེ་ཡོངས་སུ་གྱུར་པ་ལས་འབྲས་བུའི་ཧེ་རུ་ཀ་བསྐྱེད་པ། བརྫུས་སྐྱེས་སྦྱང་ཕྱིར་སྐད་ཅིག་དྲན་རྫོགས་སུ་སྒོམ་པ་སྟེ་ཏིང་ངེ་འཛིན་རྣམ་པ་བཞིའམ། དེ་ཉིད་བཞིར་ཕྱེ་བ་དག་ཡོད་ཅིང་། གང་ལྟར་ཡང་ཀུན་རྫོབ་དང་དོན་དམ་པའི་བདེན་པས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་རྣམ་པར་དག་པ་ལྷག་པའི་ཆོས་སྐུ་ཆེན་པོའི་རང་བཞིན་སྟོང་པ་ཆེན་པོའི་རྣལ་འབྱོར་ལ་གནས་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཏེ། འདི་ལ་གནས་པས་མར་འཆི་བའི་སྲིད་པ་སྦྱོང་། ཡར་ཆོས་སྐུའི་ཡོན་ཏན་རྫོགས་པར་བྱེད། བར་སྟོང་ཉིད་སྙིང་རྗེ་སྒོམ་པའི་ལམ་སྨིན་པར་བྱེད། སྟོང་པ་ཉིད་དེ་ལྟ་བུའི་དོན་མ་རྟོགས་པའི་ནམ་མཁའ་མཉམ་པའི་འགྲོ་བ་ལ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་སྒྱུ་མ་ལྟ་བུའི་ཚུལ་ཅན་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་བསྒོམས་པས་མར་བར་དོའི་སྲིད་པ་སྦྱོང་། ཡར་ལོངས་སྐུའི་ཡོན་ཏན་རྫོགས། བར་སྙིང་རྗེ་སྒྱུ་མ་ལྟ་བུའི་ལམ་སྨིན་པར་བྱེད། སྟོང་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པའི་ངང་ལས་ས་བོན་སྒོམ་པ་རྒྱུ་ཡི་ཏིང་ངེ་འཛིན་ཏེ། འདིས་མར་སྐྱེ་བའི་སྲིད་པ་སྦྱོང་། ཡར་སངས་རྒྱས་སྤྲུལ་སྐུའི་ཡོན་ཏན་རྫོགས། བར་སྟོང་ཉིད་སྙིང་རྗེ་ཟུང་འཇུག་སྒྱུ་མ་ལྟ་བུའི་ལམ་སྒོམ་པ་སྨིན་པར་བྱེད། དེས་ན་སྐྱེ་འཆི་བར་དོ་ལ་སོགས་པའི་འཛིན་པ་སྦྱང་ཕྱིར་ཆོ་ག་གསུམ་གྱི་ཏིང་འཛིན་བསྒོམ་པར་བྱ་ཞིང་། མདོར་ན་བསྐྱེད་རིམ་གྱི་གྲུབ་མཐའ་སྣོད་དང་བཅུད་ཀྱིས་བསྡུས་པའི་ཆོས་འདི་དག་ཐམས་ཅད། སྣོད་འབྱུང་བ་ལྔ་ཡུམ་ལྔ། བཅུད་ཕུང་པོ་ལྔ་རྒྱལ་བ་ཡབ་ལྔ། རྒྱུད་རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་དག་པ་གསུམ་གྱི་རང་བཞིན་ཏེ། སྤྲོས་པ་ཕྱོགས་རེ་བ་ཆོད་པ་རྣམ་གྲངས་པའི་དོན་དམ་དང་སྤྲོས་པ་ཐམས་ཅད་ཆོད་པ་རྣམ་གྲངས་མ་ཡིན་པའི་དོན་དམ་གཉིས་སྐྱེ་མེད་དུ་མཉམ། ཡང་དག་དང་ལོག་པའི་ཀུན་རྫོབ་གཉིས་ཀ་སྒྱུ་མ་ལྟ་བུའི་ངང་དུ་མཉམ། རྟག་ཆད་ཀྱི་མཐའ་གཉིས་ཀ་སྟོང་ཉིད་དུ་མཉམ། དག་མ་དག་གི་སྣང་བ་གཉིས་ཀ་ལྷ་ཡི་འཁོར་ལོར་མཉམ་པ་སྟེ། མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས་འཁོར་འདས་ཀྱི་ཆོས་རྣམས་དག་པ་ལྷ་ཡི་དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་ཁམས་ཏེ་ཕྱོགས་བཅུ་དང་སྟོང་ཁམས་འཇིག་རྟེན་གྱི་ཚོགས་ཐམས་ཅད་ཡེ་ནས་བདེན་གྲུབ་ཏུ་གྱུར་པ་རྡུལ་ཙམ་ཡང་དབེན་པ་ཡིན་ལ། དེ་ལྟ་བུའི་དག་པ་གསུམ་དང་མཉམ་པ་བཞིའི་རང་བཞིན་དུ་རྣམ་པར་དག་པའི་ཆོས་ཉིད་ལ་རང་གི་ངོ་བོ་ཡེ་ནས་ངང་གིས་རྣམ་པར་གྲོལ་པ་ཡིན་ནོ། །གཉིས་པ་ལྷ་ཡི་འཁོར་ལོ་རྟེན་དང་བརྟེན་པའི་རྣལ་འབྱོར་བཤད་པ་ནི། ཡུམ་ལྔ་དག་པའི་སོགས་ནས། ཅིར་ཡང་སྣང༔ རྒྱུ་ཡི་ས་བོན་ཧྲཱིཿཡིག་ལས་འོད་ཟེར་འཕྲོས། འཕགས་པ་རྣམས་ལ་ཕྱི་ནང་གསང་བའི་མཆོད་པ་ཕུལ། སེམས་ཅན་ཐམས་ཅད་དུས་མ་ཡིན་པར་འཆི་བའི་འཇིགས་པ་བསལ། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས། ནམ་མཁའ་རླུང་མེ་ཆུ་ས་སྟེ་ཡུམ་ལྔ་དག་པའི་འབྱུང་བ་རིམ་བརྩེགས་ཀྱི་སྟེང་དུ་རི་རབ་ཕྱོགས་ཀྱི་ཁ་དོག་ཅན། དེ་ཡི་སྟེང་སྣ་ཚོགས་རྡོ་རྗེའི་དབུས་སུ་ནོར་བུ་ཆུ་ཤེལ་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞི་པ། རྩིག་པ་ལྔ་སྦྲགས་སྟེང་ཕ་གུ་སེར་པོ་ལ་རིན་པོ་ཆེ་དུ་མའི་ཕྲ་ཚོམ་མཛེས་པ། མུན་ཁང་ལ་མུ་ཏིག་གཙོ་བོར་གྱུར་པའི་རིན་པོ་ཆེ་དུ་མའི་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་བ། ནོར་བུ་ཆུ་ཤེལ་ལས་གྲུབ་པའི་ཤར་བུ་སྤྱི་བླུགས་ཐུར་དུ་འཕྱང་བ་ལྟ་བུ། ཛམ་བུ་ཆུ་བོའི་གསེར་ལས་གྲུབ་པའི་མདའ་ཡབ་པདྨའི་དབྱིབས་ཅན། ནང་ཀ་བ་བཞི་བཞིས་བཏེགས་པའི་ཐོག་གི་དབུས་ཕྱུར་བུར་ཕུབ་པའི་རྩེར་གསེར་སྦྱངས་ལས་གྲུབ་པའི་གཉྫི་ར་རྩེ་མོར་ལྷ་ཡི་ནོར་བུ་རིན་པོ་ཆེ་འོད་ཟེར་མཐའ་ཡས་པ་འཕྲོ་བས་བརྒྱན་པ། རྟ་བབས་ཀྱི་གཡས་གཡོན་དུ་བུམ་བཟང་ལས་ཐོན་པའི་དཔག་བསམ་གྱི་ཤིང་ལོ་འབྲས་མེ་ཏོག་གཡུར་དུ་ཟ་བ། རྟ་བབས་ཀྱི་རྩེར་ཆོས་འཁོར་གདུགས་དང་རི་དྭགས་ཕོ་མོས་བརྒྱན་པ། སྒོ་དང་སྒོ་ཁྱུད་ཀྱི་མཚམས་སུ་ཟླ་ཕྱེད་རྡོ་རྗེས་སྤྲས་པ། རྩིག་པའི་རྩ་བར་འདོད་ཡོན་གྱི་སྣམ་བུ་དམར་པོར་རིག་མ་བཅུ་དྲུག་མཆོད་རྫས་དུ་མ་ཐོགས་ཏེ་གནས་པ། ནང་གི་ཁྱམས་ཕྱོགས་ཀྱི་ཁ་དོག་ཅན། གཞན་ཡང་བཀྲ་ཤིས་རྟགས་རྫས་རྒྱལ་སྲིད་སྣ་བདུན་སོགས་མཆོད་སྤྲིན་བསམ་མི་ཁྱབ་པས་བསྐོར་བ་སྟེ། དེ་དག་གིས་ཀྱང་མར་སེམས་ཅན་འཁྲུལ་པའི་ལས་སྣང་སྣོད་ཀྱི་འཇིག་རྟེན་གནས་ཁང་ཉེར་སྤྱོད་འདོད་ཡོན་ལ་སོགས་པའི་འཛིན་པ་སྦྱོང་། ཡར་སངས་རྒྱས་ཀྱི་སར་ལམ་བྱང་ཆུབ་ཀྱི་ཆོས་སོ་བདུན་སྟོབས་བཅུ་མི་འཇིགས་བཞི་མ་འདྲེས་པའི་ཆོས་བཅོ་བརྒྱད་སོགས་སངས་རྒྱས་ཀྱི་ཡོན་ཏན་རྣམས་ལྷུན་གྲུབ་ཏུ་ཡོངས་སུ་རྫོགས། བར་དུ་དེ་ལྟ་བུའི་ལམ་སྒོམ་པ་རྣམས་གོང་ནས་གོང་དུ་སྨིན་པར་བྱེད་པ་སྟེ། ཡེ་ཤེས་ཆེན་པོའི་རྩལ་ཡོངས་སུ་རྫོགས་པའི་མཎྜ་ལ་འམ་དཀྱིལ་འཁོར་གྱི་འཁོར་ལོ་རྣམ་པར་བསྒོམ་པར་བྱའོ། །དེ་ལྟ་བུའི་གཞལ་ཡས་ཁང་གི་ནང་བཅུད་རྣམ་པར་དག་པ་ལྷ་ཡི་འཁོར་ལོ་སྒོམ་པའི་ཚུལ་ཡང་། རྟོག་ཚོགས་བརྒྱད་ཁྲི་བཞི་སྟོང་ཡེ་ནས་ལྷ་ཡི་རོལ་པར་དག་པའི་རིགས་ཀྱི་ཕྱག་རྒྱའམ་ལྷ་ཡི་སྐུ་ཅིར་ཡང་སྣང་བ་སྟེ་སྣ་ཚོགས་སྒོམ་པ་ཡིན་ལ། འདི་ལ་ཡང་། དང་པོ་རྒྱུ། དེ་ལས་ཕྱག་རྒྱ་གཅིག་པ། དེ་ལས་གཙོ་འཁོར་ཡོངས་རྫོགས་ཏེ། དང་པོ་ནི། དང་པོ་རྒྱུ་ཡི་སོགས་ནས། རྒྱན་དུ་ཤར༔ རྒྱུ་ཡི་ས་བོན་ཧྲཱིཿཡིག་དཀར་པོ་གསལ་ཞིང་འབར་བ་སྒོམས། དེ་ལ་དྲོད་ཐོབ་ནས་རིམ་བཞིན་ཤིན་ཏུ་ཕྲ་བའི་ཧྲཱིཿཡིག་གྲངས་མེད་པ་ནམ་མཁའ་གང་བར་སྤྲོ་ཞིང་སླར་དེ་དག་ས་བོན་ལ་བསྡུ་བར་བསླབ་ཅིང་། འཕེལ་འགྲིབ་བྲལ་བ་གསལ་བརྟན་གྱི་ཉམས་དང་ལྡན་པའི་རྒྱན་དུ་མ་ཤར་བར་དུ་སྦྱངས་པས་ཏིང་ངེ་འཛིན་གྱི་གཞི་འདིང་། གཉིས་པ་དེ་ལས་ཕྱག་རྒྱ་གཅིག་པ་ནི། དེ་ལས་ཕྱག་རྒྱ་སོགས་ནས། མངོན་དུ་བྱ༔ དེ་ལས་ཕྱག་རྒྱ་གཅིག་པ་ཡི་གཙོ་བོ་ཡབ་རྐྱང་བསྒོམ་ཞིང་། དེ་ཡང་དང་པོ་ཤིན་ཏུ་མཁས་པས་བྲིས་པའི་གཟུགས་བརྙན་ལ་ལེགས་པར་སེམས་གཏད་དེ། ཡིད་ཡུལ་དུ་ལམ་མེར་ཤར་བ་དང་དེ་འདྲ་བའི་གཟུགས་སུ་བསྒོམ། སྤྱི་བོ་ནས་གདན་ཁྲིའི་བར་དང་། གདན་ཁྲི་ནས་སྤྱི་བོའི་བར་སོགས་སུ་རིམ་བཞིན་གསལ་གདབ་སྟེ་མྱོང་བ་ཐོན་ངེས་བྱས་ལ། དེ་ཡང་རང་བཞིན་གཉུག་མའི་ཡེ་ཤེས་ལྷ་ཡི་ཕྱག་རྒྱར་ཤར་བ་སྟེ་བསྐྱེད་རྫོགས་ཟུང་འཇུག་གི་དོན་མངོན་དུ་བྱ་བ་ལ་བསླབ། གསུམ་པ་དེ་ལས་གཙོ་འཁོར་ཡོངས་རྫོགས་ནི། ཕྱག་རྒྱ་རྒྱ་ཆེར་སོགས་ནས། རྣམ་པར་རྫོགས༔ དེ་ནས་གཙོ་འཁོར་ཡོངས་རྫོགས་སྒོམ་པ་ལ། གོང་དུ་བཤད་པའི་གཞལ་ཡས་ཁང་གི་དབུས་སུ་ཁ་དོག་སྣ་ཚོགས་པའི་པདྨ་འདབ་མ་བརྒྱད་པའི་ལྟེ་བ་གེ་སར་གྱི་སྙིང་པོར་འོག་ཉི་མ་སྟེང་ཟླ་བ་སྟེ་གྭའུ་ཁ་སྦྱོར་གྱི་སྟེང་དུ། རང་གི་རིག་པའི་ངོ་བོ་ཧྲཱིཿཡིག་དཀར་པོ་གནས་པ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་བདེ་བ་ཆེན་པོ་འཆི་མེད་པདྨ་འབྱུང་གནས་གཞུང་བཞིན་བསྒོམས་པའི། ཕྱོགས་མཚམས་ཀྱི་པདྨའི་འདབ་མར་སྒེག་སོགས་མཆོད་པའི་ལྷ་མོ་དང་སྒོ་བཞིར་མགྱོགས་མ་བཞི་བཅས་ལྷ་ཡི་ཕྱག་རྒྱ་རྒྱ་ཆེར་སྤྲོས་པ་མ་འདྲེས་ཡོངས་སུ་རྫོགས་པ་ནམ་མཁའ་ལ་འཇའ་ཤར་པ་ལྟར་སྣང་ལ་རང་བཞིན་མེད་པའི་རྣལ་འབྱོར་ལ་བསླབ་ཅིང་། གདོད་ནས་དུག་ལྔ་ཡེ་ཤེས་ལྔའི་རང་བཞིན་དུ་དག་ཅིང་། ཕུང་ཁམས་ལས་དབང་ཐམས་ཅད་གདན་གསུམ་ཚང་བའི་ལྷ་ཡི་རོལ་པར་རང་ཤར་བ་ལ་དབང་བསྐུར་བ་དང་སྤྱན་འདྲེན་པ་སོགས་ཀྱི་སྤྲོས་མཚན་ལས་འདས་ཀྱང་། རྣམ་པའི་ཆ་ལ་ཐ་མལ་གྱི་ཞེན་པ་སྦྱང་བའི་ཕྱིར་ཡེ་ཤེས་པ་དགུག་ཅིང་བསྟིམ། རང་ལས་སྤྲུལ་པའི་ལྷ་མོ་མཐའ་ཡས་པས་ཕྱི་ནང་གསང་བའི་མཆོད་པ་ཕུལ་ཞིང་། གསང་གསུམ་ཡོན་ཏན་དྲན་པས་བསྟོད་པའི་རོལ་མོ་འཁྲོལ། དགོངས་རྒྱུད་རྟོགས་པའི་བྱིན་རླབས་འཕོ་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་བསྐུལ་བ་བཅས་སོང་ནས་སྤྲུལ་པའི་ལྷ་མོ་རྣམས་རང་ལ་བསྟིམ་མོ། །འདི་དག་གིས་ཀྱང་མར་འདོད་པའི་ཆོས་ལྔ་ལ་ལོངས་སྤྱོད་པ་སོགས་ཁམས་གསུམ་གྱི་ཞེན་སྣང་རགས་པ་སྦྱོང་། ཡར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་ཤིང་ཆོས་གཟུགས་ཀྱི་སྐུ་གཉིས་ཐོབ་སྟེ་ཞིང་གི་བཀོད་པ་བསམ་ལས་འདས་པ་ཐོབ་པའི་ཡོན་ཏན་རྫོགས། བར་དུ་དེ་དག་གི་མཐུ་སྒྲུབ་པ་རྣམས་གོང་ནས་གོང་དུ་སྨིན་པར་བྱེད་དོ། །འདི་དག་གི་སྐབས་སུ་དག་པ་དྲན་པའི་རྣལ་འབྱོར་ལ་ཡང་བསླབ་སྟེ། ཟག་པ་མེད་པའི་བདེ་བ་ཆེན་པོའི་ལང་ཚོས་གང་བས་སྐུ་མདོག་དཀར་ལ་དམར་མདངས་ཆགས་པ། ཆོས་སྐུ་མཚོན་པའི་ཞལ་གཅིག་པ་འགྲོ་ལ་རྗེས་སུ་ཆགས་པས་འཛུམ་པའི་མདངས་ཅན། ཕྱག་གཉིས་སྣང་སྟོང་ཟུང་འཇུག །གཡས་རྡོ་རྗེས་སྐྱེ་འཆིའི་རྟོག་པ་འཇོམས། གཡོན་ཚེ་བུམ་གྱིས་འཕོ་མེད་གཞོན་ནུ་བུམ་སྐུར་ཁམས་གསུམ་པོ་འུབས་ཆུབ་པ། བདེན་གཉིས་ཟུང་དུ་འཇུག་པའི་ཞབས་རྡོ་རྗེའི་སྐྱིལ་ཀྲུང་། ཤེས་རབ་སྟོང་པ་ཉིད་ཀྱི་རང་མདངས་ཡུམ་དང་འཁྲིལ་བ། ཆོས་ཀྱི་དབྱིངས་སྤྲོས་མཚན་ལས་འདས་པས་ཡུམ་རྒྱན་མེད་གཅེར་བུ། གཡས་མདའ་དར་གྱིས་སྲིད་ཞིའི་དྭངས་བཅུད་སྡུད་པ། གཡོན་ཚེ་བུམ་གྱིས་སྒྲུབ་ལ་འཆི་མེད་སྩོལ་བ། ཡབ་ཀྱི་སྐུ་ལ་རིན་པོ་ཆེའི་རྒྱན་བརྒྱད་དར་གྱི་ཆས་གོས་ལྔ་སོགས་ཀྱིས་བརྒྱན་པ་ནི་སངས་རྒྱས་ཀྱི་སྤངས་དང་རྟོགས་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ། ཡེ་ཤེས་ཀྱི་རྩལ་ལས་སྤྲུལ་པའི་ཆ་ཤས་མཐའ་ཀླས་པས་འགྲོ་བ་སྒྲོལ་བས་འོད་ཟེར་བསམ་ཡས་འཕྲོ་བ་སོགས་གཞི་འབྲས་སྦྲེལ་བའི་དག་པ་དྲན་པ་ལ་རྩེ་གཅིག་ཏུ་བསླབ་པའི་མཐུས་སྣོད་བཅུད་ཐ་མལ་སྣང་ཞེན་སྦྱང་། ཨེ་མ་ཞེས་ངོ་མཚར་བ་སྟེ། ཐ་མལ་གྱི་ཞེན་པ་སྦྱོང་བའི་རྨད་དུ་བྱུང་བའི་ཆོས་ནི་འདི་ཡིན་ཏེ། དེ་དག་ཐམས་ཅད་ཀྱང་མེད་པ་ལ་ཡོད་པའི་སྒྲོ་བཏགས་པ་མ་རིག་འཁྲུལ་པའི་གང་ཟག་རྣམས་ཀྱི་སྣང་ངོར། བདག་གཞན་གཉིས་སུ་འཛིན་པའི་རྟོག་པ་ཤིན་ཏུ་འཐས་པས་སྒྱུ་མ་ལྟ་བུའི་ཆོས་ཉིད་ཀྱི་དོན་འདི་མ་རྟོགས་པར། བདེ་སྡུག་དགྲ་གཉེན་སོགས་སུ་འཁྲུལ་ཏེ་དེ་ཁོ་ན་ཉིད་ཀྱི་གནས་ལུགས་མ་ཤེས་པའི་བྱིས་པ་ཐམས་ཅད་ཨ་ཐང་ཆད། རྣལ་འབྱོར་པ་ཐམས་ཅད་ལ་ནི་སྣ་ཚོགས་རང་གི་རིག་པ་སྤྲོས་པ་དང་བྲལ་བའི་ཀློང་། འདས་མ་འོངས་ད་ལྟ་སྟེ་དུས་གསུམ་གྱི་ཆ་དང་བྲལ་བའི་བཞི་པའི་ཆ་ནི་དུས་ཀྱི་འཛིན་པ་མེད་པའམ་སྤང་བའི་རིག་པའི་ངོ་བོ་འདི་ཞེས་མཚོན་དུ་མེད་པ་ནམ་མཁའ་ལྟ་བུའི་ངང་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀུན་རྣམ་པར་ཡོངས་སུ་རྫོགས་པ་སྟེ། དེ་ལྟ་བུའི་ལྷ་དང་རང་སེམས་རོ་མཉམ་གྱི་ངང་ལ་མཉམ་པར་གཞག །མདོར་ན་རང་གི་ཕུང་ཁམས་སྐྱེ་མཆེད་སྣོད་བཅུད་གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་ལྷ་ཡི་འཁོར་ལོ་དངོས་ཡིན་སྙམ་པའི་ང་རྒྱལ་བརྟན་པ་ལ་ཡང་ནས་ཡང་དུ་བསླབ་བོ། །དོན་གསུམ་པ་བསྙེན་སྒྲུབ་ཡན་ལག་བཞིའི་ཆིངས་བསྟན་པ་ལ། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། རྣམ་པའི་ཆ་ལས་སོགས་ནས། ཡང་དག་བསྒྲུབ༔ ངེས་དོན་དུ་འཁོར་འདས་ཐམས་ཅད་རིག་པའི་ངང་དུ་རོ་མཉམ་ནའང་། རྣམ་པའི་ཆ་ལ་སངས་རྒྱས་ཀྱི་མཛད་པ་བསྒྲུབ་པའི་ཕྱིར་སྤྲོ་བསྡུའི་ཏིང་ངེ་འཛིན་གྱི་ཆོས་ཕྲུལ་ཡང་དག་པར་བསྒྲུབ་པར་བྱའོ། །གཉིས་པ་རྒྱས་བཤད་ནི། བསྙེན་པ་ཟླ་བ་སོགས་ནས། གཟེར་བཞི་གཅེས༔ བསྙེན་པའི་སྐབས་སུ་ཟླ་བ་སྐར་ཕྲེང་ལྟ་བུ་སྟེ། ཡེ་ཤེས་སེམས་དཔའི་ཐུགས་ཀར་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་དབུས་སུ། ཏིང་འཛིན་སེམས་དཔའ་ཧྲཱིཿཡིག་གི་མཐར་བཟླ་བྱའི་སྔགས་ཕྲེང་གཡས་སུ་བསྐོར་བ་ལ་རྩེ་གཅིག་ཏུ་སེམས་གཏད། གཡོ་བའི་ཉམས་མི་བརྟན་པ། ཐོབ་པའི་ཉམས་ཅུང་ཟད་བརྟན་པ། གོམས་པའི་ཉམས་རབ་ཏུ་བརྟན་པ། བརྟན་པའི་ཉམས་མི་གཡོ་བ། མཐར་ཕྱིན་པའི་ཉམས་ཡེང་དུ་མེད་པ་སྟེ། དེ་ལྟར་མ་བྱུང་གི་བར་དུ་ས་མཱ་དྷིའི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་དུས་རྟག་པར་བརྩོན་པས་བསླབ་བོ། །ཉེ་བར་བསྙེན་པའི་སྐབས་སུ་རྒྱལ་པོ་ཡི་ཕྲིན་ལས་འབངས་ཀྱིས་སྒྲུབ་པ་བཞིན་སྔགས་ཕྲེང་མི་གཡོ་བར་འོད་ཟེར་དཔག་མེད་འཕྲོས་ཏེ་སེམས་ཅན་ཐ་མ་ཁམས་གསུམ་རྒྱུད་ལྔའི་འགྲོ་བ་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་ཏེ་གནས་སྐབས་མཐར་ཐུག་གི་བདེ་བ་ལ་བཞག །སེམས་ཅན་བར་པ་ཉན་ཐོས་རང་རྒྱལ་ཐམས་ཅད་འགོགས་པ་ལས་བསླངས་ཏེ་བྱང་ཆུབ་སེམས་དཔའི་ས་ལ་བཞག །སེམས་ཅན་དང་པོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ས་ནས་སར་སྤར་ཏེ་རྫོགས་པའི་སངས་རྒྱས་ཀྱི་ས་ལ་སྦྱོར་ཞིང་བཀོད་པ་སོགས་དམིགས་པའི་འཕྲོ་འདུ་ལ་བསླབ། སྒྲུབ་པའི་སྐབས་སྔགས་ཕྲེང་རྣམས་གཡས་སུ་མགལ་མེ་ཀླད་ལ་བསྐོར་བ་འཁོར་བ་ལྟར་འཁོར་བའི་འོད་ཟེར་འཕྲོས་འདུས་ཐ་མལ་གྱི་ཞེན་སྣང་རགས་པ་སྦྱངས་ཏེ། དྭངས་བཅུད་ཐམས་ཅད་འོད་ཟེར་འཇའ་ཚོན་གྱི་རྣམ་པར་བསྡུ་བའི་དམིགས་པ་བྱ། སྒྲུབ་ཆེན་སྐབས་སྔགས་རེ་རེ་ལས་ཀྱང་དེ་འདྲ་བ་བསམ་ལས་འདས་པ་བུང་བ་ཚང་ཞིག་ལྟར་འཕྲོས་ཏེ་མ་དག་པའི་སྣང་བ་སྦྱང་། འཁོར་འདས་ཐམས་ཅད་དག་པ་གསུམ་དང་མཉམ་པ་བཞིའི་བདག་ཉིད་ཆེན་པོར་སྦྱངས་པར་བྱས་པར་བསམ། དེ་ལྟ་བུའི་བསྐྱེད་རིམ་དུས་ཀྱི་གནས་སྐབས་ཀུན་ཏུ་སྲོག་སྡོམ་གཟེར་བཞི་དང་མ་བྲལ་བར་བྱ་སྟེ། གོང་དུ་བཤད་པའི་བསྐྱེད་རིམ་གྱི་ཏིང་ངེ་འཛིན་དང་མ་བྲལ་བ། ལྷག་ཆད་མྱུར་བུལ་གྱི་སྐྱོན་དང་བྲལ་བའི་སྔགས་བཟླ་བ། ལྷ་དང་རང་སེམས་རོ་མཉམ་གྱི་ངང་དུ་མཉམ་པར་གཞག་པ། འོད་ཟེར་སྤྲོ་བསྡུ་སོགས་སྒོམ་པ་སྟེ་དེ་ལྟ་བུའི་གཟེར་བཞི་དང་མ་བྲལ་བ་ཤིན་ཏུ་ནས་ཀྱང་གཅེས་པ་ཡིན་ནོ། །བཞི་པ་བསྐྱེད་རིམ་མཐར་ཕྱིན་པའི་རྣལ་འབྱོར་པས་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཚུལ་རྣམས་དང་ལམ་ལ་བསྔགས་པ་ལེ་རྗེས་བཅས་ནི། ཤིན་ཏུ་སྦྱངས་པའི་སོགས་ནས། གཉིས་པ་རྫོགས་སོ༔ གཞུང་དུ་བཤད་པ་བཞིན་རྟོགས་སླ་བས་འདིར་ཞིབ་ཏུ་བྲིར་མ་ལངས་ཤིང་། རྡོ་རྗེ་ས་འོག་ཏུ་འགྲོ་བའི་མན་ངག་རིགས་ཞིབ་པར་རྡོ་རྗེ་ས་འོག་གི་རྒྱུད་སོགས་ལས་རྟོགས་དགོས་ཤིང་། བླ་མའི་མན་ངག་ཡིད་ལ་འཆང་ཞིང་སེམས་རྩེ་གཅིག་པས་ལས་རབ་འབྱམས་འགྲུབ་པར་འགྱུར་རོ། །དེ་ལྟར་ཡ་མཚན་རྨད་དུ་བྱུང་བའི་ཆོས་ཐ་མལ་གྱི་མཚན་རྟོག་སྦྱོང་བའི་ཐབས་ཀྱི་ཆོ་འཕྲུལ་བསམ་ལས་འདས་པ། རྒྱུ་རྐྱེན་མེད་པར་རང་བྱུང་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱི་སྐུ་པདྨ་སམྦྷ་བའི་དགོངས་པའི་རྩལ་ལས་ཤར་པའི་ཆོས་རྨད་དུ་བྱུང་བ་ལྷ་སྐུ་ཕྱག་རྒྱ་སྒོམ་པའི་སྔགས་འདིས་ནི་སྣོད་བཅུད་ཐ་མལ་གྱི་ཞེན་པ་སྦྱོང་། རྣམ་སྨིན་རིག་འཛིན་གྱི་ས་བོན་ཐེབས། གསང་བ་སྔགས་ཀྱི་ཚོགས་ལམ་མཐར་ཕྱིན་པར་འགྱུར་བ་སོགས། སངས་རྒྱས་ཀྱིས་འགྲོ་བ་འདུལ་བའི་ཕྲིན་ལས་ཀྱི་མཛད་པའི་ཆོ་འཕྲུལ་ཟབ་མོ་ཁོ་ནའོ།། །།གཉིས་པ་གསང་དབང་དང་འབྲེལ་བའི་རྩ་རླུང་ཐིག་ལེའི་རྣལ་འབྱོར་བཤད་པ་ལ། གོ་དོན་སྤྱིར་བཤད་པ་དང་། མན་ངག་ཞིབ་ཏུ་དབྱེ་བ། འབྲས་བུ་མཐར་ཕྱིན་པའི་ཚུལ་དང་གསུམ་མོ། །དང་པོ་ནི། སླར་ཡང་བྱང་ཆུབ་སོགས་ནས། མངོན་དུ་འགྱུར༔ གོང་དུ་བསྐྱེད་རིམ་གྱི་ཆོས་བཤད་པའི་དེ་མ་ཐག་སླར་ཡང་གཙོ་བོ་ཡབ་ཡུམ་བདེ་བ་ཆེན་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་ནམ་མཁའི་སྤྲིན་ལྟར་འགྲོ་འོང་མེད་པའི་ཚུལ་གྱིས་རྣམ་པར་འཕྲོ་བས། གསང་བ་གསུམ་བདེ་བ་ཆེན་པོའི་ཡེ་ཤེས་ཤིན་ཏུ་རྒྱས་པར་མཛད་དེ་རྡོ་རྗེའི་གླུ་བླངས་པའི་ཚུལ་གྱིས་བཀའ་བསྩལ་པ་ནི། ཡབ་ཀྱིས་ཨེ་མ་ཧོ་ཞེས་བདེ་བ་ཆེན་པོ་ངོ་མཚར་བའི་སྒྲ་ཡིས་དབུགས་དབྱུང་བ་ལ། ཡུམ་གྱིས་ཨ་ལ་ལ་ལ་ལ་ཧོ་ཞེས་ཆོས་ཉིད་སྟོང་པ་ཉིད་ཀྱི་ངང་དུ་དབྱེར་མི་ཕྱེད་པའི་ལན་གདབ་པ་དང་། རང་གི་རིག་པ་མི་འགྱུར་བ་བདེ་བའི་ཐབས་ཆེན་པོ་དང་། རིག་པའི་ངོ་བོ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཤེས་རབ་སྟོང་པ་ཉིད་དེ། དེ་གཉིས་ཀྱི་དབྱིངས་སུ་ཟུང་དུ་འཇུག་པའམ་སྙོམས་པར་ཞུགས་པ་ལས་འོད་གསལ་བའི་ཡེ་ཤེས་མངོན་སུམ་དུ་མཐོང་བར་འགྱུར་བའི་ཕྱིར་རོ། །གཉིས་པ་མན་ངག་ཞིབ་ཏུ་དབྱེ་བ་རྒྱས་བཤད་ལ། དྲོད་ཀྱི་གཏུམ་མོ་དང་། བདེ་བའི་གཏུམ་མོ་གཉིས་སོ། །དང་པོ་ནི། རྣམ་པ་ལམ་དུ་སོགས་ནས། རྣམ་བཞི་བྱ༔ བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་དེ་ཉིད་རྣམ་པ་ལམ་དུ་བྱ་བས་རྟོགས་པར་བྱ་བའི་ཕྱིར། ཐོག་མར་རང་གི་ལུས་བདེ་ཆེན་ཆོས་སྐུ་ཚེ་དཔག་མེད་པདྨ་སམ་བྷ་ཝའི་སྐུ་དངོས་པོའི་འཛིན་པ་དང་བྲལ་བ་སྟོང་ཉིད་ནམ་མཁའི་དབྱིངས་སུ་འཇའ་ཤར་པ་ལྟར་སྣང་ལ་རང་བཞིན་མེད་པའི་བདག་ཉིད་དུ་གསལ་བའི། ལུས་དབུས་དྲང་པོར་རྩ་དབུ་མ་སྦོམ་ཕྲ་སྲིན་ལག་ཙམ་མར་སྣ་རྡོ་རྗེ་ཕྱེད་པའི་རྣམ་པས་གསང་གནས་སུ་སླེབ་པ། ཡར་སྣ་སྤྱི་བོར་ཟུག་པ། དེ་ཡི་གཡས་གཡོན་དུ་རོ་རྐྱང་གཉིས་མཐེའུ་ཆུང་གི་ཚད་ཙམ། མར་སྣ་ལྟེ་འོག་ནས་དབུ་མར་འདུས་པ། ཡར་སྣ་སྣ་བུག་གཉིས་སུ་ཟུག་པ། རྩ་གསུམ་ཀ་ཕྱི་དཀར་ལ་ནང་ཅུང་ཟད་དམར་མདངས་ཡོད་པ་གསལ་བཏབ་ལ། སྤྱི་བོ་བདེ་བ་ཆེན་པོའི་རྩ་འདབ་སོ་གཉིས་ནི་ཐབས་ཀྱི་རྣམ་པ་ཐུར་དུ་ལྟ་བ། མགྲིན་པ་རོ་འདུས་ཀྱི་འཁོར་ལོའི་རྩ་འདབ་བཅུ་དྲུག་ནི་ཤེས་རབ་རང་བཞིན་གྱེན་དུ་ཕྱོགས་པ། སྙིང་ཁ་ཆོས་ཀྱི་འཁོར་ལོའི་རྩ་འདབ་བརྒྱད་ནི་གདུགས་ཀྱི་རྣམ་པར་ཐུར་དུ་དབུབ་པའི་འོག །ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ་འདབ་བཅུ་གཉིས་ནི་འདེགས་པའི་ཚུལ་གྱིས་གྱེན་དུ་གྱེས་པ། གསང་གནས་བདེ་སྐྱོང་འཁོར་ལོའི་བདེ་བ་སྐྱེད་པའི་རྩ་འདབ་བཞི་ཐད་དྲང་ལས་ཅུང་ཐུར་དུ་ལྟ་བ་ཁྱིམ་གྱི་ཚུལ་དུ་མཉམ་པར་འཁྱིལ་བ་བཅས། དེ་དག་ཀྱང་རོ་རྐྱང་ལས་ཅུང་ཕྲ་བ། འཇའ་ལྟར་བཀྲ་བ། མེ་ལྟར་གསལ་བ། ཆུ་ཤིང་ལྟར་དྲང་བ། ཤོག་བུ་ལྟར་ཁོང་སྟོང་སྟེ་མཚན་ཉིད་བཞི་ལྡན་དུ་གསལ་གདབ་ལ། ཁོང་དུ་ཡོད་པའི་འབྱུང་བའི་དུག་ལྔ་དང་འདྲེས་པའི་རླུང་ཐམས་ཅད་ལག་ལེན་ལྟར་སངས་ཀྱིས་བུས་ཏེ་རྣམ་པར་བསལ། དག་པ་ཡེ་ཤེས་ལྔ་ཡི་རང་མདངས་ཕྱི་སྣོད་ནང་བཅུད་ཀྱི་དྭངས་མ་བསྡུ་བའི་དམིགས་པ་དང་སྦྲགས་སྟེང་འོག་གི་རླུང་ཁ་སྦྱོར་དུ་གཟུང་། མི་ཐུབ་པ་ན་གཡས་གཡོན་དུ་གནན། ཕྱི་ནང་དུ་གཞིལ། ཅིས་ཀྱང་མི་ཐུབ་པ་ན་མདའ་ལྟར་འཕེན་པ་སྟེ་ཡན་ལག་བཞི་ལྡན་གྱི་བུམ་ཅན་རབ་འབྲིང་ཐ་མའི་འབྱོངས་ཚད་མ་བྱུང་བར་འདི་ཁོ་ན་ལ་བསླབ། དེ་ལ་གོམས་པས་རོ་རྐྱང་ལམ་ལས་བུས་པའི་རླུང་ལྟེ་འོག་ཏུ་མེ་ཡི་གོང་བུ་ཤེས་རབ་ཡུམ་གྱི་ངོ་བོ་གསལ་བཏབ་སྟེ་དེ་ལ་རོ་རྐྱང་གི་རླུང་རེག་པར་བྱས་མ་ཐག་ཏུ་མེ་ལྕེ་ཏལ་གྱིས་འབར་བ་ཡིས། དེ་ལས་ཆེར་འབར་ཏེ་རྩ་གནས་ཐམས་ཅད་ཉུག་ཉུག་ཏུ་ཁྱབ་པར་བསམ་ལ་སྟེང་འོག་གི་རླུང་བསྡམ། གསུས་པ་རྒྱ་མཚོ་ལྟར་དགང་སྟེ་བསྐྱིལ་ཞིང་སྟེང་འོག་གི་སྒོ་གཉིས་བསྡམས་ལ་བུམ་པ་ཅན་གྱི་རླུང་སྦྱོར་བྱ། འདི་སྐབས་ལྟེ་འོག་འཕུར་བརྡབ་སོགས་དྲག་ཏུ་བྱ། དམིགས་རྩོལ་མ་བྱས་ཀྱང་ལྟེ་འོག་ཚ་འུར་གྱིས་བྱུང་བ་ན། རིམ་བཞིན་མེ་ལྕེས་ལྟེ་བ་སྙིང་ཁ་གང་བར་བསམ་ལ་སྦར། གོང་ལྟར་འཕུར་བརྡབ་སོགས་གང་དམིགས་སུ་བྱ། སྔ་མར་དྲོད་ཐོབ་རིམ་བཞིན་ཕྱི་མ་ལ་འཇུག །དེ་ནས་མགྲིན་པ་ནས་བརྩམས་སྤྱི་བོའི་བར་དུ་མེ་སྦར་ལ་གོང་བཞིན་བྱ། རྐང་པ་གཡས་གཡོན་ལག་པ་གཉིས་སོགས་མེ་ཡིས་བཀང་བ་ཕུར་ཤད་བརྐྱང་སྟེ་དྲག་ཏུ་བརྡབ་པར་བྱས་ལ་གཡས་ཤད་གཡོན་ཤད་བྱ་ཞིང་པུས་མོ་བརྡབ། རྡོ་རྗེ་སྐྱིལ་ཀྲུང་དུ་ཐོགས་འབེབ་དང་རྐང་གཉིས་བརྐྱང་སྟེ་འབེབ་བྱ། རིམ་བཞིན་ནང་ལུས་ཕྱི་རོལ་གནས་ཁང་དང་མཐར་ནི་དཔག་ཚད་ཙམ་དུ་མེ་སྦར་དམིགས་པ་བྱ་ཞིང་དེ་ཡིས་བདེ་བའི་ངོ་བོ་ཅན་གྱི་དྲོད་མེ་ལྟར་འབར་བར་འགྱུར་རོ། །དབང་པོ་ཤིན་ཏུ་རྒུད་པའི་གང་ཟག་ཡིན་ན་ལྟེ་འོག་གི་ཕྱོགས་བཞིར་མེ་ཡི་གོང་བུ་འབར་བ་བཞི་སྒྲོམ་འུར་སྒྲ་དང་བཅས་ཏེ་འབར་བར་བསམ་ལ་དྲོད་ཀྱི་འབེབ་ཆེན་རྣམ་བཞི་བྱའོ། །གཉིས་པ་བདེ་བའི་གཏུམ་མོ་ལ། དམིགས་པ་སྔར་ལྟར་སོགས་ནས། རྣམ་པར་རོལ༔ དམིགས་པ་རྩ་འདབ་སོགས་དང་མེ་དམིགས་སྔར་ལྟར་ལ་སྤྱི་བོ་ཡི་བདེ་ཆེན་འཁོར་ལོའི་དབུས་སུ་ཐིག་ལེ་བྱང་ཆུབ་སེམས་ཀྱི་རང་བཞིན་དངོས། ཟླ་བ་ཞུན་མ་ལྟ་བུའི་མདོག་ཅན་གྱི་བྱང་སེམས་ཀྱི་ཐིག་ལེ་ཡི་གེ་ཧཾ་ཡིག་མགོ་ཐུར་དུ་ལྟ་བ། མཐའ་སྐོར་དུ་དགའ་བ་བཅུ་དྲུག་གི་ངོ་བོ་ཐིག་ལེ་བཅུ་དྲུག་ཟིལ་པ་ཁྲོམ་མེ་སྐར་ལྟར་འཕྲོ་བ་གསལ་བཏབ་ལ་རླུང་སྦྱོར་གྱིས་བསྐུལ་བའི་ལྟེ་འོག་གི་མེ་འབར་བའི་མེ་ལྕེ་སྤྱི་བོའི་ཧཾ་ལ་རེག་པས་བྱང་ཆུབ་སེམས་ཀྱི་རྒྱུན་བབས། འཁོར་ལོ་རྣམ་པ་བཞིར་མེ་དང་ཐིག་ལེ་འབྲོས་འདེད་ཀྱི་ཚུལ་དུ་བབ་པར་ཡང་ཡང་བསྒོམས། དེ་ལ་གོམས་པར་བསླབ་པས་བདེ་དྲོད་མེ་ལྟར་འབར་བར་འགྱུར་ཞིང་། དེ་ཡང་ཐིག་ལེ་སྤྱི་བོ་ནས་མགྲིན་པར་བབས་པས་དགའ་བ། སྙིང་ཁར་བབས་པས་མཆོག་ཏུ་དགའ་བ། ལྟེ་བར་བབས་པས་ཁྱད་པར་དགའ་བ། གསང་གནས་སུ་བབས་པས་ལྷན་སྐྱེས་ཀྱི་དགའ་བ་སྟེ་མས་བརྟན་གྱི་དགའ་བ་ངོས་གཟུང་། ཁྲུ་གང་གི་ཚད་ཙམ་གྱི་ཁྲིའུའི་ཁར་སོགས་ཐབས་ལམ་འོག་སྒོའི་སྔོན་འགྲོ་ལུས་སྦྱང་ཡིན་ལ། རྒྱལ་པོ་སྒྱུ་མའི་ལོངས་སྤྱོད་འབེབས་པ་ཐིག་ལེ་གསང་གནས་སུ་འཛིན་པ་ཁྲོན་ཆུའམ་རྫིང་བུར་བསྐྱིལ་པ་ལྟར་བཟུང་ལ་བདེ་སྟོང་གི་རང་མདངས་བསྐྱང་ལ་སེམས་འཛིན། དེ་ནས་གསུས་པ་སྒལ་པར་སྦྱར་ལ་འདྲེན་པ་ཧཱུྃ་རིང་ཧཱུྃ་ཐུང་དང་སྟག་མོའི་ཁོང་འདྲེན་སོགས་འདྲེན་ཚུལ་དག་གིས་གྱེན་དུ་དྲངས་ལ་ཡས་བབ་ཀྱི་ཡེ་ཤེས་ངོས་གཟུང་། བཀྲམ་པ་རྒྱུ་སྐར་ཁྱིམ་དུ་འཛུད་པ་ལྟར་བྱ་སྟེ། འཕར་བ་དང་འཁྲབ་པ་དང་སེངྒེ་རྣམ་པར་རོལ་པའི་འཕྲུལ་འཁོར་ལ་སོགས་པས་ཐིག་ལེ་རྩ་འདབ་རྣམས་སུ་ཁྱབ་པར་དགྲམ་མོ། །གསུམ་པ་འབྲས་བུ་མཐར་ཕྱིན་པའི་ཚུལ་ལེ་རྗེས་བཅས་ནི། རྩེ་གཅིག་བསྒོམས་པས་སོགས་ནས། གསུམ་པ་རྫོགས་སོ༔ དེ་ལྟར་རྩེ་གཅིག་ཏུ་བསྒོམས་པས་འཁོར་ལོ་ལྔའི་རྩ་མདུད་གྲོལ། སྒོ་གསུམ་ཤིན་ཏུ་སྦྱངས་པ་ཐོབ། དག་པའི་རྟེན་འབྲེལ་མངོན་དུ་འགྱུར། ཚེ་ལ་དབང་བའི་རིག་འཛིན་འགྲུབ། གསང་བ་སྔགས་ཀྱི་སྦྱོར་ལམ་མཐར་ཕྱིན། མཐར་ཐུག་ལོངས་སྤྱོད་རྫོགས་སྐུ་ཐོབ་པའི་རྟེན་འབྲེལ་འགྲིགས། བཅུ་དྲུག་ལོན་པའི་ན་ཚོད། འཛེར་བག་དིག་ལྐུག་མེད་པའི་ངག །གསལ་སྟོང་གཡོ་མེད་ཀྱི་སེམས་སོགས་འགྲུབ། ཤིན་ཏུ་རྣམ་པར་དག་ཅིང་སྤྲོས་པ་མེད་པའི་ཡེ་ཤེས་རྒྱུད་ལ་འཆར་བའི་རྟེན་འབྲེལ་འགྲིགས་པར་གྱུར་ཅིང་། འདི་དག་ཀྱང་གསང་བ་བྱང་ཆུབ་སེམས་ཀྱི་དབང་ཐོབ་པ་ལས་དམ་ཚིག་མ་ཉམས་པ་དག་གིས་ཡང་དག་དངོས་གྲུབ་འདི་དག་ཐོབ་པ་འབྱུང་བར་འགྱུར་ཞིང་། འཕོ་བ་དང་བཅས་པའི་རྩ་རླུང་གི་དྲི་མ་རང་སར་དག །འོད་གསལ་བའི་ཡེ་ཤེས་རང་བཞིན་གྱིས་འཆར་བར་འགྱུར་བའི་རྨད་དུ་བྱུང་བའི་གསང་བའི་ལམ་མཆོག་ཡང་གསང་མཆོག་ཏུ་གྱུར་པའོ།། །།གསུམ་པ་ཤེར་དབང་དང་འབྲེལ་བ་བདེ་སྟོང་ཐུགས་རྡོ་རྗེ་ཕོ་ཉའི་ལམ་བཤད་པ་ལ། གོ་དོན་སྤྱིར་བཤད་པ་དང་། མན་ངག་རྒྱས་པར་བསྟན་པ། མཐར་ཕྱིན་འབྲས་བུའི་ཚུལ་དང་གསུམ། དང་པོ་ནི། སླར་ཡང་ཟུང་འཇུག་སོགས་ནས། མན་ངག་བསྟན༔ གོང་ལྟར་གསང་དབང་གི་ལམ་བཤད་པའི་དེ་མ་ཐག་སླར་ཡང་ཡབ་ཡུམ་སྣང་སྟོང་ཟུང་འཇུག་བདེ་བ་ཆེན་པོར་ཤིན་ཏུ་དགྱེས་པའི་རྡོ་རྗེའི་ནཱ་དའི་དབྱངས་གླུའི་ཚུལ་དུ་བླངས་པ་ནི། ཨེ་མ་ཧོ༔ཞེས་པ་རང་རིག་གི་ཡེ་ཤེས་ལ་ངམ་ཞིང་ངོ་མཚར་དང་། ཨེ་ཝཾ་མ་ཡ༔གཉིས་ཆོས་ཟུང་དུ་འཇུག་པ། ཨེ་ས་མ་ཡ་ཞེས་གསང་བ་ཆོས་ཀྱི་དབྱིངས་དང་ནམ་ཡང་མི་འབྲལ་བའི་བདེ་བ་ལ་སངས་རྒྱས་ཀུན་ཀྱང་རྟག་ཏུ་དགྱེས་པའི་ཚུལ་ཨ་ལ་ལ་ལ་ལ་ཧོ༔ ཕྱག་རྒྱའི་ལམ་མཁའ་འགྲོ་སྒྱུ་མ་བདེ་མཆོག་སྒྱུ་མའི་ཚུལ་ནི། སངས་རྒྱས་ཀུན་གྱིས་མཉམ་པར་སྦྱོར་ཞིང་། ལམ་འདི་ལ་མ་བརྟེན་པར་སྣང་གསུམ་འཕོ་བའི་བག་ཆགས་ཆ་ཕྲ་བ་སྦྱང་དཀའ་བས་ན་རྨད་དུ་བྱུང་བའི་ཐབས་འདི་ཨེ་མ་ཤིན་ཏུ་ངོ་མཚར་ཡ་མཚན་ཆེ་བའི་ཆོས་བདེ་བ་ཆེན་པོ་གཞན་ལུས་ཕོ་ཉའི་མན་ངག་བསྟན་པར་བྱའོ་ཞེས་པས་བསྟན། གཉིས་པ་མན་ངག་རྒྱས་པར་བསྟན་པ་ལ་རང་ལུས་དང་གཞན་ལུས་སོ། །དང་པོ་ནི། རྩ་དང་རླུང་ལམ་སོགས་ནས། བརྟན་ཐོབ་ན༔ གསང་དབང་སྐབས་བཤད་པ་བཞིན་རྩ་རླུང་གི་རྣལ་འབྱོར་ལ་ལེགས་པར་གོམས་པས། ཡན་ལག་ཡུམ་ལྔར་གསལ་བ་དང་སྙོམས་པར་ཞུགས་པར་མོས་པ་སོགས་ཐབས་ལམ་ཀུན་དང་མཚུངས། འདྲེན་བཀྲམ་ལྡོག་པ་ལ་དབང་ཐོབ་པས་ཐིག་ལེ་འཕོ་མེད་དུ་གྱུར་ན། གཉིས་པ་གཞན་ལུས་ནི། ལྷ་མོ་ཀླུ་མོ་སོགས་ནས། ངེས་པར་འགྲུབ༔ རིགས་ཅན་གསུམ་གྱི་མུ་དྲ་རྒྱུད་སྦྱངས་དབང་བསྐུར། འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས། མཁས་པ་བཞིས་དགའ་བ་ངོས་གཟུང་། ཡས་བབས་ཀྱི་ཡེ་ཤེས་ལ་མཉམ་པར་གཞག །སླར་དུད་འགྲོའི་འགྱུར་བཞིས་ལྡོག་པ་སྤྱི་བོར་སོན་པའི་མས་བརྟན་གྱི་ཡེ་ཤེས་མངོན་དུ་བྱས་ལ་ཡང་མཉམ་པར་གཞག །ཡང་ན་ཡུམ་མཁའ་ནས་སྲིད་ཞིའི་དྭངས་བཅུད་དྲངས་ཚུལ་ཐུན་མིན་ཚེ་སྒྲུབ་ཤིན་ཏུ་སྦྱངས་པའི་གང་ཟག་གིས་བྱ། གསུམ་པ་མཐར་ཕྱིན་འབྲས་བུའི་ཚུལ་ལེ་རྗེས་བཅས་ནི། མཆོག་མཐའ་དགའ་བྲལ་སོགས་ནས། བཞི་པ་རྫོགས་སོ༔ དེ་ལྟར་བསྒོམས་པས་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བ་དགའ་བྲལ་གྱི་ཡེ་ཤེས་དེ་ཉིད་ཀྱིས་མཚོན། བདེ་སྟོང་གཉིས་མེད་ཀྱི་རང་བཞིན་ལ་རྟག་ཏུ་བརྩོན་པས་རྩ་རླུང་ཐིག་ལེའི་དྲི་མ་ཆ་ཕྲ་བ་ཐམས་ཅད་དག་ནས་ཕྱག་ཆེན་རིག་འཛིན་གྲུབ། གསང་བ་སྔགས་ཀྱི་སྦྱོར་ལམ་མཐར་ཕྱིན། ཆོས་སྐུ་ཐོབ་པར་འགྱུར་བས་ན་ལམ་འདི་ནི་སངས་རྒྱས་ཀུན་གྱི་ཐུགས་ཀྱི་བརྣག་པ་ཁོ་ནའོ།། །།བཞི་པ་ཚིག་དབང་དང་འབྲེལ་བ་ཀ་དག་ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་གྱི་རིམ་པ་ལ། སྤྱིར་བཤད་པ། མན་ངག་རྒྱས་པར་བཤད་པ། མཐར་ཕྱིན་འབྲས་བུའི་ཚུལ་གསུམ་ལས། དང་པོ་ནི། སླར་ཡང་འཁོར་འདས་སོགས་ནས། སྣང་བའི་ཕྱིར༔ གོང་དུ་ཤེར་དབང་གི་ལམ་བཤད་པའི་དེ་མ་ཐག །སླར་ཡང་གཙོ་མཆོག་པདྨ་ཚེ་དཔག་མེད་ཡབ་ཡུམ་གཉིས་སུ་མེད་པའི་བདེ་སྟོང་གི་ཡེ་ཤེས་མཐར་ཕྱིན་པས། འཁོར་འདས་གཉིས་སུ་བཏགས་པའི་ཆོས་ཐམས་ཅད་རང་ངོར་ཀ་ནས་དག་པའི་དབྱིངས་ལས་བརྗོད་པ་མེད་པའི་རྡོ་རྗེ་གསང་བའི་སྒྲ་རང་ཤར་བའི་ཚུལ་གྱིས་བསྟན་ཅིང་སྐལ་ལྡན་དབང་རྣོན་གྱི་ངོར་མངོན་པར་སྣང་བ། ཧོ༔ཞེས་རང་བྱུང་གི་ཡེ་ཤེས་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ལ་ཤིན་ཏུ་དགྱེས་པའི་གླུ་སྔོན་དུ་འགྲོ་བས། འཁོར་འདས་ཀྱི་སྤྲོས་པ་ཐམས་ཅད་མ་དག་གློ་བུར་བའི་དྲི་མ་སྟེ་འཁྲུལ་མེད་སངས་རྒྱས་ཀྱི་གཟིགས་ངོར་འཁོར་བ་ཞེས་ཡེ་ནས་གྲུབ་པ་མེད་ཅིང་ཀ་ནས་དག་པའི་བདག་ཉིད་ཅན་ཏེ། དེ་ཉིད་རིག་པ་དང་མ་རིག་པའི་དབྱེ་བ་ལས། སེམས་ཅན་ཀུན་ལ་རྟག་ཏུ་ཁྱབ་པར་གནས་པས་རང་རིག་པ་བཞི་ཆ་གསུམ་བྲལ་གྱི་གཉུག་མའི་ཤེས་པ་སྟེ། དེ་ཉིད་མངོན་དུ་བྱེད་པའམ་མངོན་པར་སྣང་བའི་ཐབས་ཟབ་མོ། གཞན་ནས་སྒྲུབ་ཏུ་མེད་ཅིང་ཡོད་འོང་མ་མཆིས་པ་སྟེ་འགྲོ་འོང་དང་བྲལ་ལ། རང་གི་རང་རིག་པ་འོད་གསལ་བའི་བདག་ཉིད་ཅན་འདི་ཉིད། ཉེ་དྲགས་པས་ཡིད་མ་ཆེས། ཟབ་དྲགས་པས་བློར་མ་ཤོང་བས་རང་བཞིན་ཡེ་ནས་གསང་བའི་དོན་དབུལ་པོའི་ཁྱིམ་གྱི་གཏེར་ལྟ་བུ་འདི་ནི་རང་ལ་མངོན་སུམ་པར་སྣང་བའི་ཕྱིར་གང་བཤད་བྱའི་དོན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ། བསྟེན་བྱ་སློབ་དཔོན་དང་། དེས་བསྟན་པའི་ཆོས་གཉིས། དང་པོ་ནི། མན་ངག་ལྡན་པའི་སོགས་ནས། གཏན་ལ་དབབ༔ རྫོགས་པ་ཆེན་པོའི་མན་ངག་གི་དོན་འདི་ལེགས་པར་ཉམས་སུ་བླངས་ཤིང་གདུལ་བྱ་རྗེས་འཛིན་ནུས་པའི་ཐུགས་རྗེ་དང་ལྡན་པའི་སློབ་དཔོན་མཉེས་པ་གསུམ་གྱིས་ཚུལ་བཞིན་བསྟེན་ཏེ། རིམ་པ་ལྟར་གོང་མ་ལ་མྱོང་བ་ཐོན་རིམ་བཞིན་འོག་མ་ལག་ཁྲིད་ཀྱི་ཚུལ་དུ་གཏན་ལ་དབབ་སྟེ་བཤད་པར་བྱའོ། །གཉིས་པ་དེས་བསྟན་པའི་ཆོས་ལ་སྔོན་འགྲོ་དངོས་གཞི་རྗེས་སོ། །དང་པོ་ནི། ལུས་སྦྱང་རྡོ་རྗེའི་སོགས་ནས། ཤིན་སྦྱངས་འགྲུབ༔ ཐུན་གྱི་སྔོན་འགྲོ་བླ་མ་ལ་གསོལ་བ་དྲག་ཏུ་གདབ་ཅིང་ཉམས་རྟོགས་མཐར་ཕྱིན་པའི་ཆེད་དུ་གདུང་ཤུགས་ཀྱིས་འབོད་པས་རང་ལ་ཐིམ་པར་བསམ་སྟེ་མཉམ་པར་གཞག །དབེན་པར་སྟན་འབོལ་ཞིང་ཡངས་ལ་རྒྱ་ཆེ་བའི་ཁར་ལུས་གཅེར་བུར་ཨང་རག་ཙམ་གྱོན་ལ་རྡོ་རྗེའི་འདུག་སྟངས་བྱ། དམིགས་པ་རང་ལུས་རྡོ་རྗེ་སྔོན་པོ་རྩེ་གསུམ་པ་མེ་འབར་བར་བསམ་ལ་མི་ནུས་པ་ན་གང་དགར་འགྱེལ་དུ་བཅུག །ཅི་ཡང་མི་དམིགས་པའི་ངང་དུ་ཅུང་ཟད་འདུག །ཡང་གོང་བཞིན་སྒོམ་པ་བཅས་ཞག་གསུམ་ཙམ་འབད། ཡང་རང་ཐ་མལ་དུ་གནས་པའི་སྙིང་གར་ཧཱུྃ་མཐིང་ག་ཚད་དང་ལྡན་པ་ཁྲུ་གང་བ་ཞིག་བསྒོམ། དེ་ལས་ཧཱུྃ་མེ་ཡི་རང་བཞིན་དཔག་ཏུ་མེད་པ་བྱུང་། རང་ལུས་གང་བས་གདོས་བཅས་ཤ་ཁྲག་གི་ཚོགས་བག་ཆགས་དང་བཅས་པ་ཐམས་ཅད་རྩྭ་སྦུར་མེ་ཡིས་འཚིག་པ་ལྟར་དངོས་མེད་དུ་སྦྱངས། དེ་བཞིན་ཕྱི་རོལ་ས་རྡོ་རི་བྲག་དངོས་འཛིན་སྣང་བ་ཐམས་ཅད་བསྲེགས་ཏེ། ནམ་མཁའ་སྟོང་པར་རང་སེམས་ཧཱུྃ་ཡིག་ཏུ་གསལ་བ་ལ་སེམས་གཟུང་། ཡང་ཧཱུྃ་ལས་ཧཱུྃ་གི་ཚོགས་དཔག་མེད་འཕྲོས་ཏེ་ཕྱི་སྣོད་ནང་ལུས་ཁྲོལ་མར་ཕུག །ཡང་དེ་ཐམས་ཅད་རང་སེམས་ཧཱུྃ་ལ་ཐིམ། ཡང་ཧཱུྃ་གིས་ཡུལ་ལ་འཆིང་འགྲོལ་བྱ་བ་དང་ལམ་དུ་གཞུག་པ་སོགས་བྱ། འདི་དག་ཐུན་རེ་རེ་བཞིན་བསྒོམ། ཡང་དམྱལ་བ་ཡི་དྭགས་སོགས་ངན་འགྲོའི་གནས་སུ་སྐྱེས་པར་བསམ་ལ་སྡུག་བསྔལ་བྱ་བྱེད་སྤྱོད་ལམ་སེམས་ཐོག་ཏུ་བླང་། ལུས་ངག་ཏུ་བྱ། སྡུག་བསྔལ་མྱོང་བའི་ངོ་བོ་ལ་ལྟ། ཡང་ལྷ་མི་སོགས་བདེ་འགྲོར་སྐྱེས་པར་བསམ་ལ་དེ་དག་གི་བདེ་སྡུག་ཉམས་སུ་འདྲེས་ངེས་བྱ། ཡང་ཞིང་ཁམས་སུ་སྐྱེས་ཏེ་སངས་རྒྱས་མཇལ་ཞིང་ཆོས་ཉན་མཆོད་པ་ཕུལ་ལུང་བསྟན་དབུག་དབྱུང་བ་སོགས་བསམ། གཞན་ཡང་ལྷ་ཞི་བ་ཁྲོ་བོའི་ཆ་ལུགས་སྔགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་ལུས་ངག་སེམས་སུ་བླང་། དེ་དག་ཐམས་ཅད་ཉམས་སུ་མྱོང་མཁན་སེམས་སུ་ཐག་ཆོད། ལུས་ངག་ཡིད་ཀྱི་མངོན་ཞེན་ཆུང་བ་ན། སེམས་དེ་ལ་གཟུགས་ཁ་དོག་དངོས་པོར་གྲུབ་པ་འདུག་གམ་མི་འདུག །དང་པོ་བྱུང་བའི་ཁུངས། བར་དུ་གནས་པའི་ས། ཐ་མར་འགྲོ་བའི་ཡུལ་སོགས་ཁོ་ཐག་མ་ཆོད་བར་རྩད་གཅོད་དེ་རྩ་བྲལ་དུ་ངེས་པ་མ་རྙེད་བར་དུ་བསྒོམས་པས་ལུས་ངག་ཡིད་ཀྱི་ཤིན་སྦྱངས་འགྲུབ་སྟེ་ཏིང་ངེ་འཛིན་ཁྱད་པར་ཅན་གྱི་གཞི་འདིང་བར་འགྱུར་རོ། །གཉིས་པ་དངོས་གཞི་ལ། ཤིན་ཏུ་སྤྲོས་མེད་ཀ་དག་གི་ལམ་དང་ལེ་རྗེས། རབ་ཏུ་སྤྲོས་མེད་ལྷུན་གྲུབ་ཀྱི་རྣལ་འབྱོར་གཉིས། དང་པོ་ལ་དངོས་ནི། དངོས་གཞི་རིག་རྩལ་སོགས་ནས། ལྔ་པ་རྫོགས་སོ༔ ཐུགས་རྗེ་ལྡན་པའི་སློབ་དཔོན་ལས་རིག་པ་རྩལ་གྱི་དབང་ཐོབ་ནས་དབང་གི་སྐབས་སུ་ངོ་སྤྲད་པའི་བཞི་ཆ་གསུམ་བྲལ་གྱི་ཡེ་ཤེས། སྨྲ་བརྗོད་ཀྱི་ཡུལ་ལས་འདས་པ། བྱ་རྩོལ་བློ་ཡི་སྤྱོད་ཡུལ་དུ་མི་བཏུབ་པ། སྟོང་གསལ་རིག་པའི་སྙིང་པོ་ཅན། འཁོར་འདས་ཀྱི་ཆོས་ཀུན་གྱི་སྤྲོ་གཞི། འདུས་མ་བྱས་པ་གཉུག་མ་གཤིས་ཀྱི་ངང་དུ་སྤྲོ་བསྡུ་བྲལ་བར་བཞག་པ་སྟེ། ངོ་བོའི་གནས་ལུགས་དེ་ཉིད་རང་གི་རང་བཞིན་ཡེ་ནས་རྣམ་པར་གྲོལ་བ་ཀ་ནས་དག་པའི་དབྱིངས་ཀྱི་གནས་ལུགས་འཕོ་འགྱུར་དང་བྲལ་བ་རང་གྲོལ་རིག་པའི་གཤིས་ལུགས་ལས། རྣམ་པར་རྟོག་པ་འཕྲོས་ཀྱང་རང་ཐོག་ལས་མི་གཡོ་བས་རང་སར་ཕན་གནོད་མེད་པར་གྲོལ་བས་གཉེན་པོའི་རྣམ་རྟོག་གིས་བསྐྱར་མི་དགོས། རྣམ་རྟོག་སྔ་ཕྱི་མེད་པར། ཤར་བ་དང་གྲོལ་བ་དུས་མཉམ་པ། ངོ་བོའི་གཤིས་སམ་གནས་ལུགས་སྟོང་པ་ཆེན་པོ་ལས་རང་སྣང་འོད་གསལ་བ། དེ་ཡི་རྩལ་ཐུགས་རྗེའི་རྣམ་རོལ་རྒྱུན་མི་འཆད་ཅིང་འགག་པ་མེད་པ། སྟོང་པ་ཆོས་སྐུ། གསལ་བ་ལོངས་སྐུ། ཐུགས་རྗེ་སྤྲུལ་སྐུའི་བདག་ཉིད་དུ་ཐག་བཅད་དེ་བསྒོམ་པར་བྱའོ། །དེ་ལྟར་ཉམས་སུ་བླངས་པས་འཁོར་འདས་སུ་གྲགས་པའི་ཆོས་ཐམས་ཅད་མ་དག་འཁྲུལ་པའི་ངོར་བརྟགས་པ་ཙམ་ལས། དོན་ལ་རང་རིག་སོ་མ་གཉུག་མའི་གཤིས་ཀྱི་གནས་ལུགས་གཅིག་པུའི་ངང་དུ་རྫོགས་པ་སྟེ། དེ་ལྟར་མཉམ་པའི་ཚུལ་ཡང་། ཐ་མལ་གྱི་ཤེས་པ་དེ་ཉིད་བཟོ་བཅོས། སྤྲོ་བསྡུ། དགག་སྒྲུབ། སྤང་བླང་། ཞེན་འཛིན། ངེས་གཟུང་མེད་པར་བརྗོད་བྲལ་གྱི་ཀློང་དུ་མཉམ་པར་བཞག་ལ། དེ་ཡི་ཚེ་བཟང་ངན་གྱི་རྣམ་པར་རྟོག་པ་ཇི་ལྟ་བུ་ཞིག་འཕྲོས་ཀྱང་རིག་པའི་རང་ངོ་ལ་མཉམ་པར་བཞག་པས། ཕན་གནོད་མེད་པ་ཁང་སྟོང་དུ་རྐུན་མ་ཕྱིན་པ་བཞིན་རང་སར་གྲོལ་བ་ལ་བསླབ་པར་བྱའོ། །གཉིས་པ་བོགས་འདོན་འབྲས་བུ་ལ། དཔེ་ཕྱི་ཡི་ནམ་མཁའ་སྟོང་དྭངས་དང་། ནང་རང་སེམས་དྲི་མེད། དཔེ་ཅན་གསང་བ་འོད་གསལ་སྤྲོས་བྲལ་གྱི་དབྱིངས་གསུམ་ཕྲུགས་གཅིག་ཏུ་བསྲེས་ཏེ་སྒོམ་ལ་མཉམ་པར་གཞག་པར་བྱའོ། །ནངས་པར་ཐོ་རངས་རླུང་རིག་དྭངས་པའི་སྐབས་རླུང་སེམས་རང་བབས་སུ་གཞག །རིག་པ་རྗེན་པའི་ངང་ཉིད་ལས་མ་གཡོས་བཞིན་དུ། སྐྱེ་མེད་ཨ་ཡིག་མཐིང་ག་ནམ་མཁར་བསྒོམས་པ་ལ་རིག་པ་གཏད་དེ་ཧ་ཞེས་རླུང་ཕྱིར་བུས་ལ་ཅི་ལ་ཡང་མི་འཛིན་པར་རིག་པ་ཧ་རེ་སྤྲོ་བསྡུ་མེད་པར་གཞག་གོ །མདོར་བསྡུ་ན། རིག་པ་འདི་སྟོང་དང་མི་སྟོང་སོགས་དེར་འཛིན་ཡོད་ན་ལྟ་བ་རྣམ་དག་མ་ཡིན་པས། འདི་ཡིན་གྱི་རྩིས་གདབ་མེད་པར་རིག་པ་ཧད་དེ་བ་ལ་གསལ་རིག་གི་སྙིང་པོ་ཅན་དེའི་ཀློང་དུ་ཡེངས་མེད་དུ་གནས་པར་བྱ་བ་ལས། བཅོས་ཤིང་བསླད་པས་འཁོར་བར་འཆིང་བས་མ་བཅོས་པ་བདུན་དང་ལྡན་པའི་ངོ་བོར་རྟག་ཏུ་གནས་པར་བྱའོ། །ཨེ་མ་ཞེས་ངོ་མཚར་བ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པའི་མཐིལ་སྙིང་ཕྱུང་སྟེ་ལག་མཐིལ་དུ་ལེགས་པར་བཀྲམ་པའི་མན་ངག་འདི། སངས་རྒྱས་ཉིད་ཀྱིས་དགོངས་པའི་རང་བཞིན་ཇི་ལྟ་བ་ཉིད་གསལ་བར་ཡང་དག་པར་བསྟན་པ་འོ་སྟེ་ཡིན་ནོ། །དེས་ཤིན་ཏུ་སྤྲོས་མེད་ཀྱི་ལམ་བཤད་པ་སོང་ནས། གཉིས་པ་རབ་ཏུ་སྤྲོས་མེད་ལྷུན་གྲུབ་ཀྱི་རྣལ་འབྱོར་བཤད་པ་ལ། མདོར་བསྟན། རྒྱས་བཤད། མཐར་ཕྱིན་འབྲས་བུའོ། །དང་པོ་ནི། སླར་ཡང་འོད་གསལ་སོགས་ནས། ཁྱད་འཕགས་པ༔ ཨེ་མ་ཧོ༔ཞེས་རྨད་དུ་བྱུང་བའི་རྡོ་རྗེའི་གནས་ལ་ངོ་མཚར་བའི་གླུ་སྔོན་དུ་འགྲོ་བས། ཀ་དག་འདུས་མ་བྱས་པའི་དབྱིངས་སྤྲོས་པ་དང་བྲལ་བའི་ལྟ་བ་ཁྱད་པར་འཕགས་པ་གོང་དུ་བཤད་པ་དེ་ཉིད་ལ་དྲོད་ཐོབ་པས། ལྷུན་གྲུབ་ཀྱི་ཡེ་ཤེས་ཉི་མ་ལྟར་ཤར་ཞིང་ཐུགས་རྗེ་འགག་པ་མེད་པ་སྣང་བ་བཞིའི་འོད་ཟེར་འཕྲོ་བས། འཕོ་བཅས་ཀྱི་རྩ་རླུང་ཐིག་ལེའི་ཁམས་འཕོ་མེད་གཞོན་ནུ་བུམ་པ་སྐུའི་དབྱིངས་སུ་འུབས་ཆུབ་པའི་མྱུར་ལམ། བརྩོན་འགྲུས་ཅན་ལོ་ཟླ་ཙམ་གྱིས་མཆོག་གི་དངོས་གྲུབ་ལ་སྦྱོར་བས་ཟབ་ཅིང་རྨད་དུ་བྱུང་བ། ཐེག་པ་འོག་མ་གཞན་ལ་མ་གྲགས་ཤིང་ཐེག་པའི་རྩེ་མོ་འོད་གསལ་རྡོ་རྗེ་སྙིང་པོ་ཡི་ལམ། ཀུན་ཏུ་བཟང་པོའི་དགོངས་པའི་ཏི་ཀ་ཁྱད་པར་འཕགས་པ་ནི་བཤད་པར་བྱ་བའི་ཆོས་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ། ཉམས་བླང་ཐོག་མར་སོགས་ནས། མངོན་དུ་བྱ༔ དེ་ལྟ་བུའི་ལམ་ཉམས་སུ་བླང་བ་ལ། ཐོག་མར་ལུས་ངག་ཡིད་གསུམ་གྱིས་དགེ་མི་དགེའི་བྱ་བྱེད་སྤྱོད་ལམ་གཡེང་བ་སོགས་ཕྱི་ནང་བྱ་བ་དགུ་ཕྲུགས་ཐམས་ཅད་སྤངས་ཏེ་བཏང་ལ་ལམ་འདི་ཁོ་ན་ཉམས་སུ་ལེན་པར་བྱའོ། །དེ་ཡང་ལུས་གནད་སྐུ་གསུམ་གྱི་བཞུགས་སྟངས་སེངྒེ་གླང་ཆེན་དྲང་སྲོང་གསུམ་དང་མི་འབྲལ་བ་བྱ། རླུང་གནད་འགྲོ་འོང་དལ་བར་སྣ་ནས་མི་གཏང་བར་མཆུ་སོ་མ་རེག་ཙམ་གྱིས་ཁ་ནས་ཅུང་ཕྱིར་འཛིན་རིང་ཙམ་བྱ་བ་ལ་བསླབ། ཡུལ་གནད་ནམ་མཁར་ཟེར་གཉིས་དང་སྦྲགས་པའམ་ཆོས་ལོངས་སྤྲུལ་སྐུའི་རྟེན་ཉི་ཟླ་མར་མེ་སོགས་ལ་བརྟེན། སྒོ་གནད་མིག་ཕྱེད་བཙུམ་ཟིམ་བུས་བཞུགས་སྟངས་གསུམ་དང་སྦྲགས་ལ་ལྡོག་ཕབ་བམ་གྱེན་ཐུར་གཡས་གཡོན་ཟུར་གྱིས་བལྟ། སེམས་གནད་སྣང་བ་ལ་ཞེན་པ་དང་འཛིན་པའི་སྤུ་རིས་བྲལ་བས་རིག་པ་དབྱིངས་སྣང་ལ་ཐིམ་འགྲོ་བ་ལྟ་བུར་གཏད། དེ་ཡང་རང་གི་སྙིང་ཙིཏྟ་ཤ་ཡི་སྒྲོན་མེའི་དབུས་སུ་སྙིང་ནས་མིག་ཏུ་འབྲེལ་བའི་རྩ་དཀར་འཇམ་ཤེལ་གྱི་སྦུ་གུ་ཅན། རྒྱང་ཞགས་ཆུ་ཡི་སྒྲོན་མ་མིག་དང་འབྲེལ་བས། སྐྱོན་བྲལ་ཟེར་གྱིས་གོ་ཕྱེས་ཏེ། དབྱིངས་རྣམ་དག་གི་སྒྲོན་མ་ཟ་འོག་ཁ་ཕྱེས་པ་ལྟ་བུའི་ཀློང་དུ། ཐིག་ལེ་སྟོང་པའི་སྒྲོན་མ་རྫིང་བུར་རྡོ་བོར་བ་ལྟ་བུ་མུ་ཁྱུད་ཅན་གྱི་དབྱིངས་རུམ་ནས། རིག་པ་རྡོ་རྗེ་ལུ་གུ་རྒྱུད་གསེར་གྱི་སྐུད་པ་ལྟ་བུ་བདག་པོའི་སེམས་ཤེས་རབ་རང་བྱུང་གི་སྒྲོན་མའི་རྗེས་སུ་འགྲོ་བ་སྒྱུ་མ་ལྟ་བུའི་རོལ་གར་མཁན། མངོན་སུམ་ཙཀྵུ་སྟེ་མིག་ལམ་དུ་སྣང་བ་ལ། འཛིན་པ་བྲལ་བར་རྩེ་གཅིག་ཏུ་ཉམས་སུ་བླང་སྟེ་གོམས་པར་བྱས་པས། དབྱིངས་སྣང་རེ་ལྡེ་ནས་བརྩམ་སྟེ་སྨིན་མཚམས་དང་བྲལ་ཞིང་། ཐིག་ལེ་འོད་ལྔ་ཚོམ་བུའི་ཚུལ་དུ་འཆར་བ་དང་། རིག་པ་རིམ་གྱིས་དལ་བས་དབྱིངས་རིག་སྙོམས་པར་ཞུགས་ཏེ་རིག་པ་སྐུ་རུ་སྨིན་པ་ལས། ཕྱེད་སྐུ་དང་སྐུ་ཡང་དག་གམ་ཡོངས་སུ་རྫོགས་ཀྱི་བར། དེ་ཡང་རིགས་གཅིག་ནས་རིགས་ལྔ་དང་རིགས་བརྒྱ་རིགས་བསམ་གྱིས་མི་ཁྱབ་པར་སྣང་ཞིང་། མཐར་ནི་ཕྱི་ནང་གི་སྣང་བ་ཐམས་ཅད་ཀུན་སྐུ་དང་ཞིང་ཁམས་ཀྱི་རང་བཞིན་དུ་འོང་བར་འགྱུར་བ་འདི་ལ་ཐེ་ཚོམ་མེད་དོ། །སྣང་བའི་རིམ་པ་ཇི་ལྟར་འཕེལ་ཁ་ཆེ་ཡང་། བྱིས་པས་ལྷ་ཁང་བལྟ་བ་ལྟར་ཞེན་འཛིན་མེད་པར་ངང་དུ་ཆམ་མེར་གཞག་ལ། ཕྱི་དབྱིངས་ནམ་མཁའ། ནང་དབྱིངས་འོད་དང་འོད་ཁྱིམ། གསང་དབྱིངས་རིག་པ་ཀ་དག་སྟེ་དབྱིངས་དེ་གསུམ་གཅིག་ཏུ་བསྲེ་བ་གནད་དམ་པ་ཡིན་ནོ། །ལུས་མི་འགུལ་བ་རི་བོ་ཅོག་གཞག །མིག་མི་འགུལ་བ་རྒྱ་མཚོ་ཅོག་གཞག །ཡིད་མི་གཡོ་བ་རིག་པ་ཅོག་གཞག་གི་ཚུལ་གྱི་ལྟ་བ་ཟབ་མོའི་མཐུ་ཡིས། ལྷུན་གྲུབ་ཀྱི་ཡེ་ཤེས་མཐར་ཕྱིན་མངོན་དུ་འགྱུར་བར་བྱའོ། །གསུམ་པ་མཐར་ཕྱིན་འབྲས་བུ་ལེ་རྗེས་བཅས་ནི། ཤིན་ཏུ་གོམས་པས་སོགས་ནས། དྲུག་པ་རྫོགས་སོ༔ ཤིན་ཏུ་གོམས་པས་སྣང་བ་ཟད་པར་བྱ་དགོས་ཏེ། ཕྱི་ཉམས་སྣང་ན་རོ་བདུན་བརྩེགས་རང་བཞིན་འཆར་བ་ནས། ཆོས་ཉིད་མངོན་སུམ་ལྷག་གེར་མཐོང་བའི་སྐབས་སུ་དབྱིངས་སྣང་འོད་ཁྱིམ། ཡེ་ཤེས་ཐིག་ལེ་སྐུ་ལུ་གུ་རྒྱུད་དུ་སྣང་སྟེ་རིག་པ་དབྱིངས་སུ་ཚུད་ནས་ཐིག་ལེ་སུམ་འབྲེལ་དུ་འཆར་བ་ཚུན་ཆོས་ཉིད་མངོན་སུམ། དབྱིངས་རིག་སྨིན་མཚམས་དང་བྲལ་ཏེ་དབྱིངས་དང་ཐིག་ལེ་ཇེ་ཆེ་དང་ལུག་རྒྱུད་ཇེ་གསལ་ཇེ་བརྟན། ཐིག་ལེའི་ནང་དུ་ཕྱེད་སྐུའི་སྐུ་རྐྱང་འགུལ་འཕྲིག་མེད་པར་ཤར་བ་ཉམས་ཀྱི་སྣང་བ་གོང་དུ་འཕེལ་བ། ཐིག་ལེ་རེ་རེའི་ནང་དུ་རིགས་ལྔའི་ཞིང་ཁམས་འཆར་ཞིང་དེ་དག་རང་དང་འབྲེལ་བ་སྒོམ་མ་བསྒོམ་མེད་པར་རང་སྣང་བ་རིག་པ་ཚད་ཕེབས་ཆེན་པོ་ཉིད་དེ། ཕྱི་ཉམས་སྣང་ན་རོ་བདུན་བརྩེགས་ནས་རིམ་པར་ཟད་ཅིང་། ནང་སྒྱུ་ལུས་ཀྱི་ཆོས། གསང་བ་རྟོག་ཚོགས་ཐམས་ཅད་ཟད་པས་ཆོས་ཉིད་ཟད་པའི་ས་ལ་སྐྱོལ་ཞིང་། དེ་ཚེ་སོར་མོར་རིག་པ་གཏད་པས། འོད་གསལ་གྱི་སྣང་བ་སླར་གསལ་ཏེ། འཆི་མེད་འོད་ཀྱི་སྐུ་རུ་འགྲུབ་པར་འགྱུར་ལ། གཞན་དུའམ་མི་འདོད་ན། སྒྲ་འོད་ཟེར་དང་བཅས་གདོས་བཅས་ཀྱི་ཕུང་པོ་མི་སྣང་བར་འོད་ཀྱི་རང་བཞིན་དུ་གྲོལ་ནས་ཟག་པ་མེད་པ་གཞོན་ནུ་བུམ་པ་སྐུའི་དབྱིངས་སུ་མངོན་པར་འཚང་རྒྱ་བའི་ཐབས་རྨད་དུ་བྱུང་བའི་ལམ། སྒྲོན་མ་དྲུག་གི་དབྱིངས་རུམ་དུ་རིག་པའི་སྐྱེས་བུ་སྙོམས་པར་ཞུབས་པས་རིག་གདངས་དབྱེར་མེད་དུ་ཉམས་སུ་བླངས་པས། འཁོར་འདས་རོ་མཉམ་དུ་རང་སར་གྲོལ་བའི་ཐབས་རྨད་དུ་བྱུང་བའི་དོན་གྱི་ཡང་སྙིང་འདི་ནི་རྡོ་རྗེའི་ཚིག་ཏུ་ཡང་དག་པར་གསང་བའི་བརྡ་རུ་བསྟན་པ་ཡིན་ནོ། །རབ་ཏུ་སྤྲོས་མེད་འོད་གསལ་གྱི་ལམ་སྟེ་འདི་དག་ལ་བརྟེན་སྒོ་གསུམ་གྱི་བག་ཆགས་ཕྲ་བ་སྦྱངས། ལྷུན་གྲུབ་རིག་འཛིན་གྱི་གོ་འཕང་ཐོབ། ངོ་བོ་ཉིད་ཀྱི་སྐུ་མངོན་དུ་བྱེད་པར་འགྱུར་རོ།། །།རྩ་བའི་དོན་བཞི་པ་འཁོར་ལ་གདམས་ཤིང་བསྟན་པ་གཏད་པ་ནི། ཟབ་གསང་ཐུགས་ཀྱི་སོགས་ནས། བརྡ་ཐིམ༔ དངོས་སུ་རིག་པ་འཛིན་པ་དང་མཁའ་འགྲོ་མ། རྒྱུད་ནས་གདུལ་བྱ་སྐལ་ལྡན་གྱི་ཚོགས་ལ་ཡང་དག་པར་གཏད་པ་ནི་གོ་སླའོ། །སྐུ་གསུང་ཐུགས་ཀྱི་རྒྱ་གསུམ་གྱིས་སྣོད་ལྡན་ལ་སྤེལ། སྣོད་མིན་ལ་གསང་བར་གཉེར་དུ་གཏད་པའོ། །བསྡུས་འགྲེལ་འདི་ཡང་དགེ་སློང་བྱམས་པ་ཡར་འཕེལ་གྱི་ངོར་བྲིས་པ་ཡིན་ནོ། །སྲུང་མ་མཐུ་རྩལ་ཅན་གྱིས་བཀའ་འདི་སྲུངས་ཤིག །ས་མ་ཡ་རཀྵནྟུ།། །། ࿊ བསྡུས་འགྲེལ་འདི་བཞིན་གཏེར་ཆེན་མཆོག་ནས་གཞན་བསྐུལ་ངོར་ཞིབ་གཟིགས་དང་གཏན་འབེབ་ཉིས་བྲིས་སོགས་མ་མཛད་པར་གནང་བའི་དཔེ་རྒྱུན་འདྲ་ཞིང་། བདུད་འཇོམས་རིན་པོ་ཆེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཞུ་དག་ཡིག་སྐྱོན་བསལ་བའི་དཔེ་དང་ཡང་བསྡུར་ཀྱང་། ད་དུང་ས་བཅད་མ་ཟིན་པ་དང་འཁྲུགས་པ་སོགས་མང་བས། རྩ་རྒྱུད་རང་དང་ཞིབ་བསྡུར་གྱིས་རྩ་བའི་ཚིག་མཚམས་ཕྱེས་ནས་དཀྱུས་སུ་བཀོད་པ་སོགས་དག་བཅོས་མང་ཙམ་དཔའ་ཐལ་ལྟ་བུས། ཕྱིན་ཆད་དཔེ་རྒྱུན་རྣམ་དག་འཕེལ་བློས་རིན་གཏེར་ཞུ་དག་ཐ་མ་པ་པད་བཀོད་སྒམ་སྤྲུལ་པས་ཞུས་པ། ནོངས་པ་བཟོད་པར་གསོལ་ཞིང་འདི་ཕྱིའི་སྒྲིབ་པར་མ་གྱུར་ཅིག །དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).