RTZ Volume 17 Full Text Tibetan

From Rinchen Terdzö
Revision as of 22:02, 5 July 2015 by Jeremi (talk | contribs) (CSV creation of Full Text Pages)
(diff) ← Older revision | Latest revision (diff) | Newer revision → (diff)
Rinchen Terdzö, Volume 17, Full Text
རིན་ཆེན་གཏེར་མཛོད་ཆེན་མོ་པོད་བཅུ་བདུན་པ།

ཡི་དམ་དམར་ནག་འཇིགས་གསུམ་ལས༔ ཡིག་མེད་ཨུ་པ་དྷེ་ཤ༔ འཇམ་དཔལ་དཀར་པོ་ཡེ་ཤེས་སེམས་དཔའི་ཕྱི་སྒྲུབ་ (Volume 17, Text 1)

ྈ ཡི་དམ་དམར་ནག་འཇིགས་གསུམ་ལས༔ ཡིག་མེད་ཨུ་པ་དྷེ་ཤ༔ འཇམ་དཔལ་དཀར་པོ་ཡེ་ཤེས་སེམས་དཔའི་ཕྱི་སྒྲུབ་བཞུགས་སོ༔ ྈྈྈྈྈ འགྲོ་ཀུན་མ་རིག་དྲི་ཚོགས་རབ་དབེན་པ༔ འཇམ་མགོན་བླ་མའི་ཞབས་ལ་གུས་པས་འདུད༔ བདག་འདྲ་འཇམ་དཔལ་པདྨ་ཐོད་ཕྲེང་གིས༔ མ་འོངས་སྐལ་ལྡན་སྐྱེས་བུའི་དོན་ཆེད་དུ༔ ཤེས་རབ་སྐྱེད་བྱེད་ཆུ་སྐྱེས་གཞོན་ནུ་ཡི༔ ཕྱི་སྒྲུབ་ཟབ་མོ་དགོས་འདོད་ཀུན་འབྱུང་བསྟན༔ ད་ལྟ་སྤེལ་བའི་གནས་མེད་གཏེར་དུ་སྦོས༔ མ་འོངས་ང་སྤྲུལ་སྐྱེས་བུ་ཀུན་དགའི་མཚན༔ རྣལ་འབྱོར་སྐལ་ལྡན་དེ་དང་འདི་འཕྲད་ཤོག༔ འཕྲད་ནས་འགྲོ་ཀུན་མུན་པའི་ཚོགས་བཅོམ་ནས༔ བསྟན་འཛིན་ངང་པ་འདུ་བའི་པད་རྩར་ཤོག༔ དང་པོ་བཅས་ཀྱི་རིམ་པ་འདི་བཞིན་བྱ༔ མཎྜལ་དཀར་པོ་མདའ་གང་གྲུ་བཞིའི་དབུས༔ འབྲས་དཀར་གཅལ་བཀྲམ་ཚོམ་བུ་ལྔ་རུ་བཀོད༔ དེ་སྟེང་མཉྫིའི་ཁྲི་ཁར་ཆོས་དབྱིངས་བུམ་པའི་ནང༔ བུམ་རྫས་དང་ལྡན་བུམ་ཆུས་སུམ་ཆ་བཀང༔ མགུལ་ཆིངས་དཀར་པོ་ཁ་རྒྱན་གཟུངས་ཐག་བརྒྱན༔ དེ་གཡས་དཀར་དམར་གཏོར་མ་ལྕོག་ཟླུམ་དང༔ གཡོན་དུ་བློ་འཕེལ་རིལ་བུ་དཀར་པོར་བཅས༔ དར་དཀར་དྲི་མ་མེད་པས་ཁ་ཁེབ་བྱ༔ དར་དཀར་དྲི་མེད་དག་ལ་ལྷ་བཟོ་བས༔ མངོན་རྟོགས་དང་མཐུན་ལེགས་བྲིས་བ་དཀར་གྱིི༔ འོ་མ་ཅུ་གང་དྲི་བཟང་ཚོན་རྩིས་བྱུག༔ རྒྱབ་ཏུ་བློ་འཕེལ་ཙཀྲ་དབུ་ཅན་འགོད༔ རྣམ་ལྔ་ལ་སོགས་མཆོད་རྫས་སྣ་ཚོགས་བཤམ༔ ཡིད་འོང་བག་དྲོ་བརྗིད་ལྡན་དང་འདྲེན་བྱ༔ རྣལ་འབྱོར་བདེ་བའི་གདན་འདུག་རྡོར་དྲིལ་སོགས༔ དགོས་པའི་ཡོ་བྱད་ཐམས་ཅད་སྟ་གོན་བསགས༔ དང་པོ་སྐྱབས་སུ་འགྲོ་བ་སྔོན་སོང་ནས༔ གཉིས་པ་ཁམས་གསུམ་འཁོར་བའི་སེམས་ཅན་གྱི༔ མ་རིག་བློ་ཡི་གཏི་མུག་མུན་བསལ་ནས༔ ཤེས་རབ་སྣང་བ་ཕྱོགས་མེད་རྒྱས་པའི་ཕྱིར༔ འཕགས་པ་ཆུ་སྐྱེས་གཞོན་ནུ་བསྒྲུབ་པར་བགྱི༔ དེ་ལྟར་སེམས་བསྐྱེད་ཚད་མེད་རབ་བསྒོམས་ནས༔ གསུམ་པ་བསྐྱེད་པ་ལྷ་ཡི་དཀྱིལ་འཁོར་སྒོམ་པ་ནི༔ ཨོཾ་སྭ་བྷཱ་བ་བི་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་བི་ཤུདྡྷོ྅་ཧཾ༔ གཟུང་འཛིན་གཉིས་སྣང་བསྡུས་པའི་ཆོས་རྣམས་ཀུན༔ ཡེ་ནས་མི་དམིགས་སྟོང་གསལ་སྙིང་རྗེའི་ངང༔ བཾ་ལས་བདུད་རྩིའི་རྒྱ་མཚོ་དཀར་ཀྱིལ་བ༔ དཀར་གསལ་དཔག་ཡས་དྲི་བསུང་ངད་པར་ལྡན༔ མཐའ་སྐོར་མར་གད་ནིའུ་གསིང་བ་གམ་འཁྲིགས༔ རིན་ཆེན་སྣ་ཚོགས་གཅལ་བཀྲམ་ལྗོན་ཤིང་རྒྱས༔ སེང་གེ་གླང་ཆེན་འདོད་འཇོ་སྣ་ཚོགས་གནས༔ ཆུ་གནས་ལྷ་མིའི་མེ་ཏོག་སྣ་ཚོགས་སྤྲས༔ ངང་པ་བུང་པས་ཆོས་ཀྱི་སྒྲ་དབྱངས་སྒྲོག༔ རང་གདངས་འཇའ་སྤྲིན་ཐིག་ལེའི་འོད་ཕུང་ཀློང༔ དེ་ཀློང་རང་བྱུང་པཾ་ཡིག་ལྗང་སེར་ལས༔ གེ་སར་ཡལ་ག་ལོ་འདབ་རབ་རྒྱས་པ༔ བཻཌཱུརྻ་ལྟར་རབ་གསལ་ཉི་འོད་འབར༔ དྲི་བྲལ་པདྨ་འདབ་བརྒྱད་རབ་རྒྱས་པ༔ གེ་སར་གུར་གུམ་མདོག་ལྟར་འཕྲོ་བའི་སྟེང༔ ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་རྒྱས་དབུས༔ རང་རིག་ངོ་བོ་ཨ་དཀར་ས་ལེ་བ༔ འཕྲོ་འདུས་དོན་བྱས་རང་ཉིད་སྐུ་ཡི་ནི༔ འཇམ་དཔལ་རྡོ་རྗེ་གཞོན་ནུ་ཆུ་སྐྱེས་པ༔ དཀར་གསལ་མདངས་ལྡན་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ལོངས་སྤྱོད་རྒྱན་རྫོགས་འཛུམ་མདངས་འོད་ཟེར་འབར༔ གཡས་པས་མཆོག་སྦྱིན་གཡོན་པས་ཨུཏྤ་ལ༔ ལོ་འདབ་རབ་རྒྱས་ཡུ་བ་ཐུགས་ཀར་འཛིན༔ པད་སྟེང་ཆོས་རྣམས་ཀུན་གྱི་རང་བཞིན་ཉིད༔ ཤེས་རབ་ཕར་ཕྱིན་སྟོང་ཕྲག་བརྒྱ་པ་ཡི༔ རང་བྱུང་བཻཌཱུརྻ་ཡི་གླེགས་བམ་འཛིན༔ ཡེ་ཤེས་ལྔ་ལྡན་རང་འོད་ཐིག་ཀློང་གསལ༔ འོག་མིན་ཆོས་དབྱིངས་ཡོན་ཏན་བརྩེགས་ཀློང་ནས༔ རང་འདྲའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ༔ ཕྱི་ནང་མཆོད་པ་མཎྜལ་དག་གིས་མཆོད༔ དེ་ནི་བསྐྱེད་པ་སྐུ་ཡི་དཀྱིལ་འཁོར་རོ༔ བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ གཉིས་པ་བཟླས་པ་སྔགས་ཀྱི་འཕྲུལ་འཁོར་ནི༔ རང་གི་ཙིཏྟ་གྱེན་ལང་འཁོར་ལོའི་དབུས༔ ཨ་དཀར་གསལ་བའི་མདུན་བརྩམ་རྩིབས་དྲུག་ལ༔ ཡས་མར་མ་རེག་ཡིག་འབྲུ་དྲུག་བཀོད་ལ༔ ཙཀྲ་གཡས་འཁོར་ཡིག་འབྲུ་གཡོན་འཁོར་ལ༔ བློ་རྨོངས་མ་རིག་མུན་པའི་སྨག་རུམ་དུ༔ ཚེ་རབས་ལས་སྒྲིབ་སང་སང་དག་པར་བསམ༔ ཨོཾ་ཝཱ་ཀྱེ་དཾ་ན་མ༔ སྔགས་འདི་མི་ཚིག་བར་མ་ཆོད་པ་ཡིས༔ འབུམ་ཕྲག་དྲུག་བཟླས་གྲངས་ཀྱི་བསྙེན་པ་ཡིན༔ ཟླ་བ་གཅིག་རྫོགས་དུས་ཀྱི་བསྙེན་པ་འོ༔ རྟགས་ཀྱི་བསྙེན་པ་རབ་འབྲིང་ཐ་མ་གསུམ༔ སྐལ་ལྡན་རང་རང་བློ་ཡི་སྤྱོད་ཡུལ་རག༔ རབ་ཀྱིས་མངོན་སུམ་འབྲིང་རྣམས་ཉམས་སྣང་དང༔ ཐ་མ་རྨི་ལམ་དུ་ཡང་ཞལ་མཇལ་ཞིང༔ གསུང་ཐོས་པུསྟི་རྙེད་དང་མཚོན་ངར་རྙེད་པ་དང༔ མར་མེ་གཏམས་དང་མེ་ཏོག་ཐུ་བ་སོགས༔ འོད་དཀར་ཤེལ་མཆོད་རྙེད་དང་ལོ་ཐོག་རྒྱས༔ ནེའུ་གསེང་རྒྱས་དང་ཉི་ཟླ་ཤར་བ་དང༔ དར་ཕྱར་དུང་འབུད་རོལ་མོའི་སྒྲ་སྒྲོག་སོགས༔ སྣག་ཚྭ་འཐུང་སོགས་སྤོས་དྲི་བསྲེགས་པ་དང༔ ནམ་མཁར་འཕུར་ཞིང་ལུས་ལ་མེ་འབར་དང༔ གོས་དཀར་གྱོན་དང་རྒྱན་གོས་དཀར་པོ་འདོགས༔ ཆུ་བོ་ཆེ་ལ་གྲུ་གཟིངས་ཟམ་པ་འཛུགས༔ ལྟས་བཟང་དགའ་ལྡན་མཚན་མའི་བསྙེན་པ་འོ༔ བསྙེན་ཚེ་ཤ་ཆང་སྒོག་བཙོང་བུད་མེད་སྤང༔ རྣམ་ཀུན་མཛེ་ཡུགས་གྲིབ་ལ་ཤིན་ཏུ་འཛེམ༔ རྟག་ཏུ་གཞོན་ནུ་ཆུ་སྐྱེས་ང་རྒྱལ་བརྟེན༔ དེ་ལྟར་སྒྲུབ་ཚེ་ཐུན་སྐབས་མཆོད་བསྟོད་འབད༔ གཏོར་མ་འབུལ་ཞིང་འདོད་དོན་གསོལ་བ་གདབ༔ དགེ་རྩ་མཁའ་ཁྱབ་འགྲོ་བའི་དོན་དུ་བསྔོ༔ ཤིས་བརྗོད་པ་སོགས་སྤྱོད་མཇུག་སྤྱི་ལྟར་བྱ༔ བཀའ་འདི་རྡོ་རྗེ་གཡུང་དྲུང་རྩལ་ལ་གཏད༔ ལས་ཅན་སྙིང་གི་བུ་དང་འཕྲད་པར་ཤོག༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ ཡི་དམ་དམར་ནག་འཇིགས་གསུམ་ལས༔ ཡིག་མེད་ཨུ་པ་དྷེ་ཤ༔ འཇམ་དཔལ་ཨ་ར་པ་ཙའི་ནང་སྒྲུབ་ཟབ་མོ་བློ་ཡི་མུན་སེལ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈ འགྲོ་ཀུན་བློ་ཡི་མུན་པ་རབ་བསལ་བ༔ འཇམ་མགོན་བླ་མ་མཆོག་ལ་གུས་ཕྱག་འཚལ༔ བདག་འདྲ་འཇམ་དཔལ་འོད་འབར་ཐོད་ཕྲེང་གིས༔ མ་འོངས་སྐལ་བར་ལྡན་པའི་སྐྱེས་བུ་རྣམས༔ བློ་གྲོས་སྤོབས་པའི་སྣང་བ་རབ་རྒྱས་ནས༔ ཐོས་བསམ་སྒོམ་པའི་རྒྱན་གྱིས་ལེགས་མཛེས་ཤིང༔ བཀའ་གཏེར་བསྟན་པའི་བསྟན་པ་གསལ་བྱེད་ཕྱིར༔ མི་བརྗེད་གཟུངས་ཐོབ་ཤེས་རབ་རྒྱས་བྱེད་པའི༔ འཇམ་མགོན་བླ་མའི་ནང་སྒྲུབ་ཟབ་མོ་བསྟན༔ སྟེགས་བུ་མདའ་གང་གྲུ་བཞི་མཉམ་པའི་སྟེང༔ དྲི་བཟང་སིནྡྷུ་ར་ཡིས་ཆག་ཆག་གདབ༔ དེ་དབུས་ཚོམ་བུ་ལྔ་ལྡན་མཉྫིའི་ཁར༔ བུམ་པ་མགུལ་ཆིངས་དམར་སེར་གཙང་ཆུས་བཀང༔ འབྲས་བུ་ཅན་ཤིང་ཁ་རྒྱན་མཁར་ཕོར་དང༔ གཟུངས་ཀྱི་རྡོ་རྗེ་བུམ་རྫས་སྤྱི་མཐུན་ལྟར༔ གཡས་སུ་དཔལ་གཏོར་རལ་གྲི་དྷཱིཿས་མཚན་བྱ༔ གཡོན་དུ་དབང་སྣོད་རྫས་ཀྱི་རིལ་བུས་བཀང༔ དེ་གོང་མངོན་རྟོགས་ཇི་བཞིན་སྐུ་རྟེན་དང༔ གོང་བཞིན་གསུང་རྟེན་ཙཀྲ་སོགས་བྲིས་འགོད༔ མཐའ་སྐོར་ཕྱི་མཆོད་རྣམ་ལྔ་ལ་སོགས་པ༔ གཞན་ཡང་མཆོད་པའི་བྱེ་བྲག་རྒྱན་ལྡན་བཤམ༔ སྔོན་འགྲོ་བཅའ་གཞིའི་རིམ་པ་བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ དེ་ནས་རྣལ་འབྱོར་བདེ་བའི་སྟན་འདུག་ལ༔ བླ་མ་མགོན་པོ་འཇམ་དབྱངས་དབྱེར་མེད་པའི༔ དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ཅི་འགྲུབ་འབད༔ གཉིས་པ་ཐེག་ཆེན་བྱང་ཆུབ་སྨོན་སེམས་ནི༔ བདག་གིས་ཁམས་གསུམ་འཁོར་བའི་སེམས་ཅན་གྱི༔ མ་རིག་རྨོངས་པའི་དྲི་ཚོགས་རབ་བསལ་ནས༔ བློ་གྲོས་སྤོབས་པའི་སྣང་བ་རབ་རྒྱས་ཕྱིར༔ འཇམ་མགོན་བླ་མའི་སྒྲུབ་ཟབ་ཉམས་ལེན་བགྱི༔ དེ་ལྟར་སེམས་བསྐྱེད་བདེན་བརྗོད་ནན་དུ་བགྱི༔ དངོས་གཞི་ལྷ་བསྐྱེད་གོ་རིམ་འདི་ལྟར་བསྟན༔ ཡན་ལག་བརྒྱད་ལྡན་མཚོ་ཆེན་རབ་རྒྱས་པ༔ མཐའ་སྐོར་ནིའུ་གསིང་པད་ཚལ་རབ་རྒྱས་ཤིང༔ ཆུ་གནས་སྣ་ཚོགས་གཅལ་བཀྲམ་དྲི་བསུང་ལྡན༔ ལྷ་མིའི་ལོངས་སྤྱོད་དཀོར་ནོར་ཕུན་སུམ་ཚོགས༔ དཔག་བསམ་ཤིང་རྒྱས་མེ་ཏོག་འབྲས་བུས་བརྒྱན༔ མཆོད་པའི་ལྷ་མོ་ཆར་སྤྲིན་ལྟ་བུར་གཏིབས༔ ངང་ངུར་ལ་སོགས་ཆོས་ཀྱི་སྒྲ་དབྱངས་སྒྲོག༔ མཚོ་དབུས་རབ་བརྟན་བཻ་ཌཱུརྻ་གསལ་བའི༔ གེ་སར་ལོ་འདབ་པདྨ་རྒྱས་པའི་སྟེང༔ ཉ་རྒྱས་ཟླ་སྟེང་དྷཱིཿཡིག་དམར་སེར་ལས༔ གཟི་བྱིན་འོད་ཕུང་བདག་གི་ལུས་ཐིམ་པས༔ མ་ཤེས་མ་རིག་བླུན་རྨོངས་སྒྲིབ་བྱང་ནས༔ བདག་ལུས་འོད་ཀྱི་ཕུང་པོར་ལྷམ་མེར་གྱུར༔ བདག་ཉིད་དྲི་བྲལ་འཕགས་པ་འཇམ་དཔལ་སྐུ༔ དམར་གསལ་ཞལ་གཅིག་ཕྱག་གཉིས་མཛེས་འཛུམ་ལྡན༔ དབུ་སྐྲ་མཐོན་མཐིང་ཟུར་ཕུད་ལྔ་ལྡན་བཅས༔ བཅུ་དྲུག་ན་ཚོད་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ རིན་ཆེན་རྒྱན་རྫོགས་དར་ཟབ་ན་བཟའ་བཀླུབས༔ གཡས་པས་མ་རིག་དྲི་ཚོགས་གཅོད་བྱེད་གྲི༔ གདེངས་ངོམ་ཚུལ་འཛིན་ལོངས་སྤྱོད་རྫོགས་པའི་སྐུ༔ གཡོན་པས་ཨུཏྤལ་ཡུ་བ་ཐུགས་ཀར་འཛིན༔ པད་སྟེང་ཆོས་རྣམས་ཀུན་གྱི་རང་བཞིན་མཆོག༔ ཕར་ཕྱིན་སྟོང་ཕྲག་བརྒྱ་པའི་གླེགས་བམ་བསྣམས༔ དྭངས་མ་ལྔ་ལྡན་འཇའ་ཐིག་འོད་ཕུང་ཀློང༔ བག་དྲོ་ལྷུན་ཆགས་གཟི་བྱིན་འོད་འབར་བསྐྱེད༔ འཁོར་ལོ་གསུམ་ལས་འོད་འཕྲོས་འོག་མིན་གྱི༔ ཡོན་ཏན་པད་ཚལ་རྒྱལ་བའི་ཕོ་བྲང་ནས༔ རང་འདྲའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ༔ ཨོཾ་ཨཱརྻ་མཉྫུ་ཤྲཱི་སརྦ་ས་པ་རི་བཱ་ར་བཛྲ་ས་མ་ཡ་ཛ༔ པདྨ་ཀ་མ་ལཱ་ཡ་སཏྭཾ༔ ན་མོ་པུ་རུ་ཤ་ཡ་ཧོ༔ མཆོད་ལྔ་གཟུགས་སྒྲ་དྲིས་མཆོད་བསྟོད་པ་བྱ༔ དེ་ནས་བཟླས་པ་སྔགས་ཀྱི་དཀྱིལ་འཁོར་ནི༔ རང་གི་སྙིང་གར་པདྨ་ཟླ་བའི་སྟེང༔ དྷཱིཿཡིག་དམར་སེར་མཐའ་མར་སྔགས་ཀྱིས་བསྐོར༔ ལྕེ་རྩ་དྷཱིཿམགོ་གྲེ་ཕུག་མཉེན་གསལ་གཏད༔ རང་ཉིད་མཆོག་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ངག་གི་དབང་པོར་བསམ་ལ་གསང་སྔགས་ཀྱི༔ ཡང་གསང་འདི་ཉིད་སྨྲ་བཅད་རྒྱུན་དུ་བཟླ༔ ཨོཾ་ཨ་ར་པ་ཙ་ན་དྷཱི༔ དེ་ལྟར་བཟླས་པས་ནང་རྟགས་ནི༔ འཛིན་བློ་ཡངས་ཤིང་བློ་གྲོས་སྤོབས་པ་ཡི༔ སྣང་བ་རྒྱས་ཤིང་འཆད་རྩོད་རྩོམ་པ་སྤྲོ༔ ཞལ་མཇལ་ཆོས་གསུང་ལུང་བསྟན་ཐོབ༔ སྣག་ཚྭ་འཐུང་དང་ཡི་གེ་ཟ༔ གླེགས་བམ་གྲི་མཚོན་ངར་ལྡན་རྙེད༔ མཁའ་ལ་འཕུར་དང་རོལ་མོ་སྒྲོག༔ མར་མེ་སྤར་དང་སྤོས་བསྲེགས་དང༔ དར་ཕྱར་རྔ་བརྡུང་ཉི་ཟླ་ཤར༔ རལ་གྲི་ཨུཏྤལ་ཤེལ་མཆོད་རྙེད༔ དེ་རྣམས་ཕྱི་ནང་གསང་རྟགས་སོ༔ གྲངས་བསྙེན་འབུམ་ཕྲག་བརྒྱད་ཡིན་ཟླ་བ་གཅིག༔ ཐེ་ཚོམ་ཡིད་གཉིས་སྤངས་བྱས་ནས༔ དེ་ལྟར་བགྱིས་པས་སྙན་ངག་དང༔ རྡོ་རྗེའི་ཚིག་རྣམས་རང་རྡོལ་འབྱུང༔ ཐེ་ཚོམ་གཡེང་བ་ལེ་ལོ་སྤང༔ རྩེ་གཅིག་བསྒྲུབས་པས་འགྲུབ་འགྱུར་ངེས༔ དེ་ནས་བསྡུ་བའི་རིམ་པ་ནི༔ རང་ལུས་དྷཱིཿར་གྱུར་འཇམ་མགོན་བླ་མ་ཡི༔ ང་རྒྱལ་དག་དང་མ་བྲལ་ཤིན་ཏུ་གཅེས༔ དགེ་རྩ་མཁའ་ཁྱབ་སེམས་ཅན་དོན་དུ་བསྔོ༔ མ་འོངས་ལས་ཅན་སྙིང་གི་བུ་དང་འཕྲད་པར་ཤོག༔ བཀའ་འདི་རྡོ་རྗེ་གཡུང་དྲུང་རྩལ་ལ་བཅོལ༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ ༈ ཡི་དམ་དམར་ནག་འཇིགས་གསུམ་ལས༔ ཡིག་མེད་ཨུ་པ་དྷེ་ཤ༔ འཇམ་མགོན་བླ་མའི་གསང་སྒྲུབ་བློ་གྲོས་པད་ཚལ་རྒྱས་བྱེད་བཞུགས་སོ༔ ྈྈ འགྲོ་བློའི་མུན་སེལ་འཇམ་མགོན་བླ་མར་འདུད༔ བདག་འདྲ་འཇམ་མགོན་པདྨ་ཐོད་ཕྲེང་གི༔ བློ་གྲོས་པད་ཚལ་རྒྱས་པའི་བླ་སྒྲུབ་མཆོག༔ གསང་བ་བླ་མེད་གནད་ཀྱི་ཏི་ཀ་འདི༔ ལས་ཅན་སྙིང་གི་བུ་དང་འཕྲད་པར་ཤོག༔ ཐོག་མར་བཅའ་གཞིའི་རིམ་པ་ལེ་བརྒན་ལ༔ གུར་གུམ་གི་ཝཾ་ལི་ཁྲི་སིནྡྷུ་ར༔ ཨ་རུ་བ་དམར་ཆུ་སྦྱར་འཇམ་དཔལ་གྱི༔ སྐུ་འདྲ་མངོན་རྟོགས་དང་མཐུན་ལེགས་པར་བྲི༔ རྒྱབ་ཏུ་རྩ་སྔགས་དབུ་ཅན་གསལ་དག་ལེགས་པར་བྲི༔ དེ་ལ་བགེགས་བསྐྲད་རབ་གནས་ནན་དུ་བྱ༔ ཡིད་འོང་ཤིས་པའི་དབེན་གནས་སྒྲུབ་ཁང་དུ༔ གཟའ་སྐར་ཡར་གྱི་ཚེས་གྲངས་བཟང་པོ་ལ༔ དབང་སྟེགས་དབང་ཁྲི་བཟང་པོའི་སྟེགས་བུ་ནི༔ མདའ་གང་དཔང་གང་དཀར་དམར་ནི༔ དྲི་བཟང་ཆུ་ཡིས་ཆག་ཆག་གདབ༔ དཀྱིལ་འཁོར་གྲུ་བཞི་འདབ་བརྒྱད་བུམ་པས་མཚན༔ ལྟེ་བར་རྩིབས་དྲུག་འབྲུ་དྲུག་ཨ་དྷཱིཿདབུ་ཅན་མཚན༔ སྒོ་གྲུ་པདྨ་རྡོར་ར་མེ་རིས་མཚན༔ གྲུབ་ན་རྡུལ་ཚོན་མ་གྲུབ་གནས་སྐབས་བསྟུན༔ དེ་སྟེང་མཉྫིའི་ཁྲི་ཁར་འཇམ་དཔལ་སྐུ༔ འཇམ་དཔལ་གཉིས་ལྡན་སྐུ་ཉིད་བཞུགས་སུ་གསོལ༔ སྔར་གྱི་བྲིས་སྐུ་དབང་གནས་རང་ལ་གཟིགས༔ འདབ་མར་རིགས་ལྔའི་ཕྱག་མཚན་རྡོར་དྲིལ་དང༔ ན་མཿགཟུངས་སྔགས་འཁོར་ལོ་གདུགས་རལ་གྲི༔ དུང་དང་པོ་ཏི་མདའ་གཞུ་རྒྱལ་མཚན་དང༔ ཤར་དུ་རྣམ་རྒྱལ་བུམ་པ་དང༔ ལྷོ་རུ་དཔལ་གཏོར་ཨ་དྷཱིཿས་མཚན༔ བྱང་ཤར་ལས་ཀྱི་བུམ་པ་དང༔ ཤར་ལྷོར་ཆོས་སྐྱོང་ཕོ་རྒྱུད་དང༔ ལྷོ་ནུབ་སྲུང་མ་མོ་རྒྱུད་དང༔ ནུབ་ཏུ་ཚེ་གཏོར་ནུབ་བྱང་ནོར་ལྷ་དང༔ བྱང་དུ་བཀའ་སྲུང་གཏོར་མ་དང༔ དེ་ཕྱིར་ག་ཎའི་ལོངས་སྤྱོད་དང༔ ཕྱི་ནང་གསང་མཆོད་འབྱོར་ཚད་བཤམ༔ བླ་བྲེ་ཕུར་སོགས་བག་དྲོ་བརྗིད་ལྡན་བཤམ༔ ཡུལ་རིའི་ཟོ་དོར་གཙང་མའི་སྐྱེམས་ཀྱིས་བརྔན༔ བདག་ཉིད་སྒྲུབ་པ་མཐར་ཕྱིན་འདོད་དོན་གསོལ༔ བགེགས་གཏོར་བྱིན་ཞིང་བཀའ་བསྒོ་མཚམས་བཅད་བྱ༔ སྔོན་འགྲོ་བཅའ་གཞིའི་རིམ་པ་བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ གཉིས་པ་སྐྱབས་འགྲོ་སེམས་བསྐྱེད་སྔོན་སོང་ནས༔ མ་ཧཱ་ཤཱུ་ཛྙཱ་ཏཱས་བསང་སྦྱང་ནས། གཟུང་འཛིན་གཉིས་སྣང་བསྡུས་པའི་ཆོས་རྣམས་ཀུན༔ མི་དམིགས་སྟོང་པར་གྱུར་པའི་ངང་ཉིད་ལས༔ རྡོ་རྗེའི་ལྟེ་དབུས་གཞལ་ཡས་ཁང་ཆེན་པོ༔ དེ་དབུས་སྣ་ཚོགས་པདྨ་འདབ་བརྒྱད་དབུས༔ སེང་གེས་བཏེགས་པའི་པདྨ་ཉི་ཟླའི་སྟེང༔ དྷཱིཿལས་རལ་གྲི་དྷཱིཿདང་ཡུ་བར་མུཾ༔ དེ་ཉིད་ཡོངས་གྱུར་བདག་ཉིད་དྲན་རྫོགས་ཀྱིས༔ འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ༔ གསེར་མདོག་འོད་ལྡན་ཞལ་གཅིག་ཕྱག་བཞི་པ༔ སྤྱན་དཀྱུས་རིང་ཞིང་འཛུམ་པའི་ཞལ༔ མཐོན་མཐིང་རལ་པ་ཟུར་ཕུད་ལྔ་པ་འཕྱང༔ བཅུ་དྲུག་ན་ཚོད་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ རུས་པ་རིན་ཆེན་དར་སྣའི་ན་བཟས་བཀླུབས༔ ཕྱག་གཉིས་ཨུཏྤལ་རལ་གྲི་པུསྟི་བསྣམས༔ ཕྱག་གཉིས་ཐབས་ཤེས་མདའ་གཞུ་གཡོན་དུ་འགེངས༔ དེ་ཡི་པང་གཡོན་རེག་བྱ་རྡོ་རྗེ་མ༔ ལྗང་གསལ་གཡས་པས་ཨུཏྤལ་ཡབ་ལ་འཁྱུད༔ གཡོན་པ་ལེ་བརྒན་ཕྲག་ལ་ལྕིབས་ཚུལ་བསྣམས༔ ཡིད་འོང་རྒྱན་མཛེས་དར་ཟབ་ན་བཟའ་ལྷུབ༔ བདེ་བས་མི་བཟོད་ཡབ་ཀྱི་སྐེད་ལ་འཁྲིལ༔ ལོངས་སྤྱོད་རྒྱན་རྫོགས་གཟི་བྱིན་འོད་ཕུང་འབར༔ ཕྱི་རིམ་འདབ་མ་བརྒྱད་བཞི་ཟླ་བའི་སྟེང༔ ཤར་དུ་བདུག་སྤོས་དཀར་མོ་སྤོས་རེང་འཛིན༔ ལྷོ་རུ་པུཥྤེ་སེར་སྐྱ་མེ་ཏོག་འཛིན༔ ནུབ་ཏུ་ཨཱ་ལོ་དམར་གསལ་སྣང་གསལ་འཛིན༔ བྱང་དུ་གནྡྷེ་ལྗང་གུ་དུང་ཆོས་འཛིན༔ གཡོན་རྣམས་གཙོ་ལ་འདུད་པའི་ཕྱག་རྒྱ་ཅན༔ དར་ཟབ་རིན་ཆེན་རྒྱན་གྱིས་ལེགས་མཛེས་ཤིང༔ ཞབས་རྣམས་སེམས་དཔའི་སྐྱིལ་ཀྲུང་པད་སྐྱིལ་བཞུགས༔ ཤར་ལྷོར་རིན་ཆེན་གསེར་གྱི་བུམ་བཟང་པོ༔ ལྷོ་ནུབ་རཏྣ་དངུལ་གྱི་བུམ་བཟང་པོ༔ ནུབ་བྱང་གཏན་གསལ་པདྨ་རཱ་གའི་བུམ༔ བྱང་ཤར་ཀུན་གསལ་མུ་མེན་བུམ་བཟང་པོ༔ ཀུན་ཀྱང་དཔག་བསམ་ཤིང་གིས་ཁ་བརྒྱན་པ༔ འཆི་མེད་བཅུད་མཆོག་བདུད་རྩིས་ལེགས་བཀང་བ༔ ལྷ་ཚོགས་དེ་དག་ཐམས་ཅད་ཀྱི༔ གནས་གསུམ་འཁོར་ལོ་འབྲུ་བཞི་ལས༔ འོད་འཕྲོས་འོག་མིན་ཆོས་དབྱིངས་ཀྱི༔ ཡོན་ཏན་བརྩེགས་པའི་ཕོ་བྲང་ནས༔ རང་འདྲའི་ཡེ་ཤེས་སེམས་དཔའི་ཚོགས༔ སྤྱན་དྲངས་གཉིས་མེད་གུས་བསྟིམ་བྱ༔ ཨོཾ་ཨཱཿཧཱུྃ་ཨཱརྻ་མཉྫུ་ཤྲཱི་དྷཱིཿམུཾ་སརྦ་ས་པ་རི་བཱ་ར་སརྦ་བཛྲ་ས་མ་ཡ་ཛ༔ཛ༔ ཛཿཧཱུྃ་བཾ་ཧོ༔ གཉིས་སུ་མེད་པར་བསམ༔ སླར་ཡང་ཐུགས་ཀའི་ས་བོན་ལས༔ འོད་འཕྲོས་རྒྱལ་བ་རིགས་ལྔའི་ཚོགས༔ སྤྱན་དྲངས་གསོལ་བཏབ་དབང་བསྐུར་བའི༔ ཆུ་ཡི་ལྷག་མ་ཡར་ལུད་པས༔ གཙོ་བོར་མི་བསྐྱོད་ཡུམ་ལ་དོན་ཡོད་གྲུབ༔ རིགས་ཀྱི་ཡུམ་ཆེན་བཞི་ལ་རིགས་ཀྱི་བདག༔ དྷཱུ་པེ་རྣམ་སྣང་མེ་ཏོག་རིན་ཆེན་འབྱུང༔ མར་མེ་སྣང་མཐའ་དྲི་ཆབ་དོན་ཡོད་གྲུབ༔ རིགས་ཀྱི་བདག་པོས་རྒྱས་བཏབ་བརྟན་བཞུགས་བསམ༔ ས་བོན་མཆོད་སྔགས་ཀྱི་ཁཱ་ཧི་བཏགས་ལ་མཆོད༔ དེ་ནས་བསྟོད་པ་བྱ་བ་ནི༔ ཨེ་མ་ཧོ༔ གཞོན་ནུ་མཛེས་པའི་དཔའ་བོ་གེ་སར་ལས་བྱུང་བའི༔ སྒྲིབ་གཉིས་སྐྱོན་བྲལ་ལེགས་སྐྱེས་གུར་གུམ་མདོག་འཛུམ་བཞད༔ ཞལ་གཅིག་ཕྱག་བཞི་དང་པོ་ཤེས་རབ་རལ་གྲི་འཛིན༔ གཡོན་གྱི་དང་པོ་ཨུཏྤལ་གླེགས་བམ་ཐུགས་ཀར་འཛིན༔ མཐའ་གཉིས་ཐབས་ཤེས་མདའ་གཞུས་བདུད་བཞིའི་དཔུང་ཚོགས་བཅོམ༔ ཡུམ་གྱུར་གཉིས་མེད་ཡེ་ཤེས་སེམས་དཔའ་ཁྱོད་ཕྱག་འཚལ༔ ཆགས་བྲལ་རེག་བྱ་ཡུམ་གྱུར་མར་གད་མདོག་འདྲ་ཞིང༔ ཨུཏྤལ་དར་དཔྱང་འཛིན་ཅིང་དགའ་བཞི་མཐར་སོན་མ༔ བདུག་སྤོས་མེ་ཏོག་མར་མེ་དྲི་ཆབ་མ་ལ་སོགས༔ འགྲོ་དོན་འདོད་རྒུར་སྒྱུར་བའི་ཡབ་ཡུམ་གཙོ་འཁོར་ལ༔ བདག་སོགས་ལུས་ངག་ཡིད་གསུམ་དད་པས་ཕྱག་འཚལ་བསྟོད༔ བཟླས་པ་སྔགས་ཀྱི་འཁྲུལ་འཁོར་ནི༔ ཐུགས་ཀར་ཟླ་སྟེང་རལ་གྲི་དྷཱིཿམུཾ་མཚན༔ ཟླ་སྟེང་སྔགས་འགོད་འོད་ཟེར་ངང་ཀྱིལ་བསྐོར༔ སྨྲ་བཅད་ཡེངས་མེད་གསང་སྔགས་རྒྱལ་པོ་བཟླ༔ ཨོཾ་ཨཱཿཧཱུྃ་ཨཱརྻ་མཉྫུ་ཤྲཱི་ཛྙཱ་ན་ཤ་ར་དྷཱི༔ སྤར་ཤེ་མཱུརྟཱི་ཨ༔ ཝཱ་གཱི་ཤྭ་རི་མུཾ༔ བཟློག་པའི་ཚུལ་བཟླས་འཁོར་རྣམས་ཀྱི༔ ཨོཾ་བཛྲ་དྷཱུ་པེ་ཧཱུྃ༔ པུཥྤེ་ཏྲཱཾ༔ ཨཱ་ལོ་ཀེ་ཧྲཱི༔ གནྡྷེ་ཨཱ༔ གཙོ་བོ་སུམ་འབུམ་འཁོར་ལ་སུམ་ཁྲི་བཟླ༔ ཐུན་སྐབས་སུ་མཆོད་བསྟོད་དང་འདོད་གསོལ་བྱ༔ མདུན་བསྐྱེད་ཐུགས་ཀར་གཞོན་ནུ་ཆུ་སྐྱེས་སྔར་བཞིན་བསྐྱེད༔ སྤྱན་འདྲེན་མཆོད་དང་བསྟོད་པ་དེ་བཞིན་ནོ༔ བཟླས་པ་སྔགས་ཀྱི་དཀྱིལ་འཁོར་འདི་ལྟར་གཅེས༔ རྩ་བའི་བཟླས་པ་གོང་བཞིན་ལ༔ གཟུངས་སྔགས་རྒྱལ་པོ་འདི་ལྟར་རོ༔ ཨ་ཨ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ༔ ཧ་ར་ཧ་ར༔ ཨོཾ་ཧཱུྃ་ཧྲཱི༔ བྷ་ག་བཱན༔ ཛྙཱ་ནཱ་མཱུརྟཱི་བཱ་གཱི་ཤྭ་ར་མ་ཧཱ་པ་ཙ་སརྦ་དྷརྨ༔ ག་ག་ན་ཨ་མ་ལ་སུ༔ པ་རི་ཤུདྡྷེ་དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱ༔ སྔགས་འཁོར་ལ་ཤེས་པ་ཡེངས་མེད་གཏད་ཅིང༔ སྨྲ་བཅད་ཆུ་བོའི་གཞུང་བཞིན་བཟླས་པ་གཅེས༔ སྔགས་འུར་འཁོར་ཞིང་འོད་ཀྱི་ཟེར༔ ཉི་མའི་ཟེར་ཐག་ལྟ་བུར་ནར་འཕྲོས་པས༔ གཞོན་ནུ་ཆུ་སྐྱེས་ཐུགས་ཀར་འཁོར་ལོ་དང༔ ཡིག་འབྲུར་ཕོག་པས་འཁོར་ལོ་གཡས་སུ་འཁོར༔ ཡིག་འབྲུ་དྲུག་པོ་དཀར་ཕྲེང་གཡོན་དུ་འཁོར༔ སེམས་ཅན་ཀུན་གྱི་མ་རིག་བློ་མུན་བསལ༔ ཤེས་སྣང་རབ་རྒྱས་མངོན་ཤེས་དྲུག་དང་ལྡན༔ འོད་ཟེར་ཕྱིར་འཕྲོས་སྣོད་བཅུད་ཐམས་ཅད་ཀུན༔ ཐམས་ཅད་སྔགས་ཀྱི་ཡིག་འབྲུར་གྱུར་པར་བསམ༔ རྩ་བསྙེན་འབྲུ་དྲུག་འབུམ་ཕྲག་གཉིས༔ སྔགས་རིང་ལྔ་བཅུ་རྩ་བདུན་འབུམ་ཕྲག་གསུམ༔ སྤྱི་དྲིལ་འབུམ་ཕྲག་དགུ༔ དེ་ལྟར་བཟླས་ཚེ་རྟགས་མཚན་གསུམ༔ ཕྱི་རྟགས་ཚོགས་དྲུག་སྣང་བ་ནི༔ རྨི་ལམ་སྒྱུ་མ་ལྟ་བུ་བན་བུན་འབྱུང༔ འཇིག་རྟེན་སྣང་བའི་ཞེན་འཛིན་སྒྲོག་དང་བྲལ༔ ནང་རྟགས་དུག་ལྔ་ལམ་བསླངས་ནས༔ ཡེ་ཤེས་ལྔ་ཡི་གསལ་བ་རྩོལ་མེད་འབྱུང༔ གསང་རྟགས་བློ་ཡི་མུན་པ་རབ་རིབ་སངས༔ ཤེས་རབ་སྤོབས་པའི་སྣང་བ་ཕྱོགས་མེད་འབར༔ གནས་སྐབས་མི་བརྗེད་གཟུངས་ཐོབ་ནས༔ འཆད་རྩོད་རྩོམ་པའི་དོན་ལ་མི་རྨོངས་ཤིང༔ ཡོན་ཏན་དཔག་མེད་རྒྱུད་ལ་འཆར་བར་ངེས༔ སྐབས་སུ་འཁོར་བཞིའི་བསྙེན་པ་ཅི་འགྲུབ་བཟླ༔ ཐུན་སྐབས་གཏོར་མ་འབུལ་ཞིང་བསྟོད་པ་བྱ༔ མི་གཙང་གྲིབ་དང་སྒོག་བཙོང་སྤང་བ་གཅེས༔ འཇམ་མགོན་པདྨ་ཐོད་ཕྲེང་བཀའ་བཞིན་དུ༔ ཡེ་ཤེས་མཚོ་རྒྱལ་བདག་གིས་ཡི་གེར་བཀོད༔ ལས་ཅན་སྙིང་གི་བུ་དང་འཕྲད་པར་ཤོག༔ བཀའ་འདི་རྡོ་རྗེ་གཡུང་དྲུང་རྩལ་ལ་བཅོལ༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ ༈ ཡི་དམ་དམར་ནག་འཇིགས་གསུམ་ལས༔ ཡིག་མེད་ཨུ་པ་དྷེ་ཤ༔ འཇམ་མགོན་བླ་མའི་ཡང་གསང་གི་སྒྲུབ་པ་ཤེས་རབ་སྐྱེད་བྱེད་བློ་ཡི་མུན་སེལ་བཞུགས་སོ༔ ྈྈྈྈྈྈྈྈ བློ་མུན་བསལ་བྱེད་འཇམ་མགོན་བླ་མར་འདུད༔ བདག་འདྲ་འཇམ་མགོན་པདྨ་ཐོད་ཕྲེང་གིས༔ མ་འོངས་སྐལ་ལྡན་བུ་ཡི་དོན་ཆེད་དུ༔ འཇམ་མགོན་བླ་མ་ཡང་གསང་སྒྲུབ་པ་བསྟན༔ དཀྱིལ་འཁོར་སྒྲུབ་རྫས་བླ་མེད་སྒྲུབ་གཞུང་བཞིན༔ ལེགས་གྲུབ་རྣལ་འབྱོར་བདེ་བའི་གདན་འདུག་ལ༔ ཨུཏྤལ་ཡལ་ག་ལོ་འདབ་རྒྱས་པའི་རྩེར༔ མེ་ཏོག་འདབ་མ་འབུམ་ལྡན་ཟེའུ་འབྲུའི་དབུས༔ བདག་ཉིད་རྣམ་སྨིན་ཕུང་པོ་ཐུལ་བསྲེགས་ནས༔ འཕགས་པ་འཇམ་དཔལ་བློ་མུན་ཀུན་སེལ་བ༔ དམར་སེར་ཞལ་ལྔ་ཕྱག་ནི་བཅུ་ལྡན་པ༔ གཡས་དཀར་རྒྱབ་དམར་གཡོན་ལྗང་སྟེང་གི་ཞལ༔ མཐིང་ག་སྤྱན་དཀྱུས་རིང་ཞིང་འཛུམ་མདངས་ལྡན༔ གཡས་གཡོན་དང་པོ་རལ་གྲི་པུསྟི་བསྣམས༔ ཨུཏྤལ་ཡུ་འཛིན་དབྱངས་ཅན་ཡུམ་ལ་འཁྱུད༔ གཡས་རྣམས་མེ་ལོང་མདའ་དང་རྡོ་རྗེ་ཞགས༔ གཡོན་རྣམས་བུམ་པ་གཞུ་དང་ཨུཏྤ་ལ༔ ནོར་བུ་འཛིན་ཅིང་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ དེ་པང་དབྱངས་ཅན་སྔོན་མོ་ཕྱག་གཉིས་ཀྱིས༔ རལ་གྲི་ཨུཏྤལ་པུསྟི་ཡབ་མགུལ་འཁྱུད༔ ཡབ་ཡུམ་གཉིས་ཀ་བཅུ་དྲུག་གཟི་བྱིན་འབར༔ རིན་ཆེན་རྒྱན་རྫོགས་དར་ཟབ་ན་བཟའ་ལྷུབ༔ སྒྲིབ་བྲལ་ཉ་རྒྱས་ཟླ་བར་སྐུ་རྒྱབ་གཏད༔ འཇའ་ཐིག་འོད་ཕུང་འབར་བའི་ཀློང་དུ་བསྐྱེད༔ ཡབ་ཡུམ་གཉིས་མེད་གནས་གསུམ་འབྲུ་གསུམ་ལས༔ འོད་འཕྲོས་འོག་མིན་ཡོན་ཏན་བརྩེགས་ཞེས་ནས༔ རང་འདྲའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ༔ གཉིས་མེད་བརྟན་བཞུགས་ཕྱི་ནང་གསང་བས་མཆོད༔ ཐུགས་ཀར་ཟླ་སྟེང་རལ་གྲི་པོ་ཏི་ནི༔ སེན་གང་ཧྲཱིཿདྷཱིཿགཉིས་ལས་འོད་འཕྲོས་པས༔ རྒྱལ་བའི་ཞིང་ཁམས་རབ་འབྱམས་དཔག་ཡས་སུ༔ རྒྱལ་ཀུན་མཉེས་མཆོད་གཟི་བྱིན་ཐུགས་ཀྱི་དབང༔ ཉམས་རྟོགས་རིག་གནས་པོ་ཏིའི་ཚུལ་ཅན་ཀུན༔ ཧྲཱིཿདྷཱིཿརྣམ་གཉིས་རང་གི་ལུས་ལ་ཐིམ༔་་་རིལ་བུ་ཙཀྲ་ལ། ཡབ་ཡུམ་སྦྱོར་བྱས་དགའ་བཞིའི་ཡེ་ཤེས་ཀྱིས༔ རིག་སྟོང་བློ་གྲོས་དཔག་ཡས་རབ་རྒྱས་ནས༔ རྒྱལ་བ་མཉེས་མཆོད་སྔར་བཞིན་འོད་ཟེར་བསྡུས༔ དེ་ལྟར་སྔགས་ཀྱི་འཁོར་ལོར་དམིགས་པ་རྩེ་གཅིག་གཏད༔ རླུང་ནི་བུམ་ཅན་རྩེ་གཅིག་འཛིན་པ་གཅེས༔ དེ་ནི་བསྐྱེད་པ་སྐུ་ཡི་དཀྱིལ་འཁོར་ཡིན༔ གཉིས་པ་བཟླས་པ་སྔགས་ཀྱི་དཀྱིལ་འཁོར་ནི༔ རང་ལྕེ་རལ་གྲི་ཡ་རྐན་ཀཱ་ལི་དང༔ མ་རྐན་ཨཱ་ལི་རྣམས་སུ་གསལ་གདབ་ལ༔ མི་ཚིག་མ་ཆོད་གསང་སྔགས་རྒྱལ་པོ་ནི༔ སརྦ་ཏ་ཐཱ་ག་ཏ༔ ཧྲཱིཿདྷཱིཿམ་མེ་མཉྫུ་ཤྲཱི་མུཾ་ཧྲཱིཿཔྲ་ཛྙཱ་བརྡྷ་སིདྡྷི་ཕ་ལ་ཧྲིཾ་དུ་དུ་ཧྲཱིཿསྭཱ་ཧཱ༔ དུས་ཀྱི་བསྙེན་པ་ཉི་ཤུ་རྩ་གཅིག་ཡིན༔ གྲངས་ཀྱི་བསྙེན་པ་འབུམ་ཕྲག་གཅིག་གིས་འགྲུབ༔ ཁྲི་ཕྲག་རེ་བཟླས་རིལ་བུར་ཕུ་བཏབ་ལ༔ རིལ་བུ་རླངས་པ་མ་ཡལ་ཤིན་ཏུ་གཅེས༔ མི་གཙང་གྲིབ་དང་སྒོག་བཙོང་འཛེམ་པ་གནད༔ མི་དང་མི་འཕྲད་མཚམས་དམ་ཤིན་ཏུ་གཅེས༔ དེ་ལྟར་འབད་པས་རྟགས་ཀྱི་རིམ་པ་ནི༔ ཉི་ཟླ་ཤར་དང་མཁའ་ལ་འཕུར་བ་དང༔ ཞལ་མཇལ་གསུང་ཐོས་ལུང་བསྟན་ཐོབ་པར་འགྱུར༔ ཡི་གེ་པོ་ཏི་དྲིལ་བུ་རྙེད༔ བུད་མེད་བཟང་མོས་དཀར་མངར་བཅུད་ཆེན་སྦྱིན༔ འོད་ཕུང་དཀར་མཐོང་མེ་དཔུང་མཚོན་རྣོན་རྙེད༔ སྣག་ཚྭ་འཐུང་དང་ཡི་གེ་ཟ་བ་རྨིས༔ རྔ་ཆེན་དུང་སོགས་རོལ་མོ་འཕར་བ་དང༔ མགུར་མ་ཚིགས་བཅད་བསྟན་བཅོས་རྩོམ་སྙིང་འདོད༔ ཀ་དག་ལྷུན་གྲུབ་རྟོགས་པ་མངོན་དུ་གྱུར༔ དེ་ནི་གསང་རྟགས་ཡང་དག་གོ༔ རྩ་བའི་ཏནྟྲ་ལས༔ རང་སར་ངེས་མེད་ཀློང་དུ་གྲོལ༔ གཟུགས་སུ་སྣང་བ་སྣང་ཐོག་ཉིད་དུ་རང་སར་གྲོལ༔ དྲན་རྟོག་ཐམས་ཅད་དབྱེ་བསལ་མེད་དེ་ལྷུན་གྲུབ་ངང་དུ་གྲོལ༔ ཞེས་པ་དང༔ རང་རིག་རང་གིས་མཐོང་བས་ཡུལ་གཞན་མེད༔ ཅེས་སོ༔ གང་སྣང་ཤེས་རབ་སྟོང་པའི་དབྱིངས་སུ་རྫོགས༔ དེ་ལྟར་ཡེ་ཤེས་པ་རྣམས༔ ཀུན་རྫོབ་རྟོག་པ་ཐེར་ཟུག་ཏུ་འཛིན་པ་རྣམས༔ ཇི་ལྟར་བསྒྲུབས་ཀྱང་འགྲུབ་པར་དཀའ་བ་ཡིན༔ རྒྱུད་ལས༔ ཀྲི་ཡོག་སྡེ་གསུམ་ཨུ་པ་ཕྱི་རྒྱུད་ཀྱིས༔ མི་ཚེ་བགྲངས་ནས་སངས་རྒྱས་པར་འདོད་དེ༔ ལུས་ངག་ཡིད་གསུམ་བྱ་བྱེད་རྩོལ་བས་བཅིངས༔ ཡང་དག་དོན་ལ་རྒྱང་རིང་མཐར་མི་ཕྱིན༔ དེ་ནི་ཡེ་ཀློང་ཉེ་འདུག་རིང་དུ་ཕྱིན༔ མདུན་དུ་བཞག་ནས་རྒྱབ་ཏུ་ཚོལ་བྱེད་པ༔ བྱ་བཙལ་ངང་ལ་རང་བཞིན་དོན་མི་འགྲུབ༔ དུས་དང་གྲངས་ལ་ལྟོས་པའི་མཐོ་དམན་རྣམས༔ མཁའ་ལ་ཤར་བའི་འཇའ་ཚོན་འཛིན་པ་ལྟར༔ ཐུག་པའི་མཐའ་མེད་ཟིན་པའི་མཐའ་མེད་དོ༔ ཞེས་གསུངས་སོ༔ ལྟ་བ་མཁའ་ལ་མདུང་མོ་བསྐོར་བ་བཞིན་རེ་དོགས་ཀྱི་མདུད་པ་ལས་གྲོལ་ཏེ༔ ཤེས་རབ་ཀྱི་ཚད་མེད་མངོན་དུ་གྱུར་ཏེ་འཇམ་དཔལ་སྨྲ་བའི་སེང་གེ་ལྟར་འགྱུར་རོ༔ ཞེས་སོ༔ ཐོ་རངས་ཉི་ཤར་གྱི་ཚེ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བྱ༔ བུ་མོ་མཚན་ལྡན་དང་བཅས་དངོས་གྲུབ་བླང༔ རིལ་བུ་དང་ཙཀྲ་དར་གྱིས་དྲིལ་ལ་རིན་པོ་ཆེའི་གའུར་འཇུག༔ མཆན་གཡོན་དུ་བཅང༔ ཚེས་བཅོ་ལྔ་ནམ་ཤར་གྱི་དུས་རིལ་བུ་རེ་མིད་ཅིང༔ སྔགས་སྟོང་ཕྲག་རེ་བཟླའོ༔ དེ་ལྟར་བརྩོན་པས་པཎྜི་ཏའི་དབང་ཕྱུག་ཆེན་པོར་འགྱུར་རོ༔ རྟག་པར་བཟླས་པ་རྒྱུན་མི་བཅད༔ སྣང་བ་འཇམ་མགོན་ཡབ་ཡུམ་དང་མ་བྲལ་བར་བྱའོ༔ འཇམ་དཔལ་པདྨ་ཐོད་ཕྲེང་བཀའ་བཞིན་དུ༔ ཡེ་ཤེས་མཚོ་རྒྱལ་བདག་གིས་ཡི་གེར་བཀོད༔ བཀའ་འདི་ལས་ཅན་སྙིང་གི་བུ་དང་འཕྲད་པར་ཤོག༔ བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ བཀའ་འདི་རྡོ་རྗེ་གཡུང་དྲུང་རྩལ་ལ་བཅོལ༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ ༈ ཡི་དམ་དམར་ནག་འཇིགས་གསུམ་ལས༔ ཡིག་མེད་ཨུ་པ་དྷེ་ཤ༔ གསང་བ་སྙིང་སྒྲུབ་ཡང་གསང་ཐིག་ལེ༔ འཇམ་མགོན་བླ་མ་ཟུང་འཇུག་གི་སྒྲུབ་པ་གསང་བ་ཡང་གསང་ཁོལ་དུ་སྦས་པ་བཞུགས་སོ༔ ྈྈྈྈྈ མ་རིག་བློ་ཡི་མུན་ཚོགས་བསལ་བྱེད་པའི༔ འཇམ་དབྱངས་བླ་མ་ཡབ་ཡུམ་གུས་པས་འདུད༔ བདག་འདྲ་འཇམ་དབྱངས་པདྨ་ཐོད་ཕྲེང་གིས༔ ཤེས་རབ་བློ་འཕེལ་བླ་སྒྲུབ་མང་བསྟན་ཀྱང༔ སྙིང་སྒྲུབ་ཐིག་ལེའི་ཁོལ་སྒྲུབ་འདི་ལས་མེད༔ ད་ལྟ་སྤེལ་བའི་གནས་མེད་གཏེར་དུ་སྦོས༔ མ་འོངས་སྙིང་གི་བུ་ཡིས་འདི་རྙེད་ནས༔ སྐལ་ལྡན་མང་པོའི་བློ་གྲོས་རྒྱས་བྱེད་འགྱུར༔ དཀྱིལ་འཁོར་སྒྲུབ་རྫས་སྔར་སྨོས་ཇི་བཞིན་ལ༔ འདི་ནི་ཤིན་ཏུ་གཉན་པས་མཚམས་དམ་བཅད༔ སྒོག་བཙོང་ཚྭ་ཆང་མེ་ཉི་སྤང་བ་གཅེས༔ སྔར་བཞིན་མཚན་ལྡན་བུ་མོ་མཉམ་འཇུག་ལ༔ བདག་གཞན་བློ་མུན་བསལ་ཕྱིར་སྐྱབས་སེམས་འབད༔ དུས་ནི་ཚེས་གཅིག་ཚེས་བརྒྱད་ཚེས་བཅུ་དང༔ བཅོ་ལྔའི་ཐོ་རངས་རྩེ་ཤར་གང་རུང་ལ༔ བུ་མོ་མཚན་ལྡན་མཉམ་འཇུག་སྙིང་དུམ་བཞིན༔ རང་ཉིད་འཕགས་པ་འཇམ་དབྱངས་གསལ་བ་ཡིས༔ གསང་སྔགས་རྒྱལ་པོ་དྷཱིཿདྷཱིཿགྲངས་མེད་བརྗོད༔ མཚན་ལྡན་བུ་མོ་དབྱངས་ཅན་མ་རུ་གསལ༔ ཡུམ་སྔགས་ཧྲཱིཾ་ཧྲཱིཾཿགྲངས་མེད་བརྗོད་པ་གཅེས༔ དུས་ཀྱི་བསྙེན་པ་ཞག་ནི་ཉེར་གཅིག་ལ༔ གྲངས་ཀྱི་བསྙེན་པ་སྟོང་ཕྲག་གཅིག་གིས་འགྲུབ༔ འོད་ཟེར་སྤྲོ་བསྡུ་སྙིང་དུམ་སྒྲུབ་གཞུང་བཞིན༔ ཞག་རེ་རྩེ་ཤར་བ་དམར་འོ་མ་ཡིས༔ རིལ་བུ་སྦྱངས་ལ་བུ་མོའི་ཁར་སྨོད་བྱ༔ དབྱངས་ཅན་ཡོན་ཏན་རང་ལ་འདུས་པར་བསམ༔ ཚོགས་འཁོར་བསྐོར་ཞིང་དངོས་གྲུབ་ལེན་ཆོག་བྱ༔ ཨཱ་ལི་ཀཱ་ལི་རྟེན་སྙིང་བརྒྱ་རྩ་བརྗོད༔ ཙཀྲ་རབ་ཏུ་གནས་ཤིང་དར་ཟབ་དྲིལ༔ རིན་ཆེན་གའུར་བཅུག་ཅིང་མཆན་གཡོན་བཅང༔ རྟག་པར་བསྙེན་སྔགས་རྒྱུན་མི་ཆད་པར་གཅེས༔ ཕྱི་ནང་ཡོན་ཏན་འཇམ་མགོན་ཡབ་ཡུམ་དང༔ སྐལ་པ་མཉམ་པ་འཇམ་མགོན་ཐ་ཚིག་གོ༔ ཐེ་ཚོམ་བྱུང་ན་པདྨས་བསླུས་པར་ཟད༔ དེ་ཕྱིར་སྙིང་དུམ་ཙིཏྟའི་ཐིག་ལེ་འདི༔ མང་དུ་མ་སྤེལ་སྙིང་གི་བུ་མཆོག་ལ༔ གསེར་གཡུའི་མཎྜལ་ཕུལ་དང་གཅིག་བརྒྱུད་གཅེས༔ སྐལ་མེད་ལོག་ལྟ་ཅན་ལ་ཨ་ཐམ་རྒྱ༔ འཇམ་མགོན་བླ་མ་པདྨའི་བཀའ་བཞིན་དུ༔ དབྱངས་ཅན་མཚོ་རྒྱལ་བདག་གིས་ཡི་གེར་བཀོད༔ སྐལ་ལྡན་སྙིང་གི་བུ་དང་འདི་འཕྲད་ཤོག༔ འཕྲད་ནས་སྐལ་ལྡན་བློ་མུན་བསལ་བྱེད་ཤོག༔ བཀའ་འདི་རྡོ་རྗེ་གཡུང་དྲུང་རྩལ་ལ་གཏད༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ སྐུ་ཡི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ མནྟྲ་གུ་ཧྱ་དྷ་ཐིམ༔ ༈ ཡི་དམ་དམར་ནག་འཇིགས་གསུམ་ལས༔ ཡིག་མེད་ཨུ་པ་དྷེ་ཤ༔ ཟབ་གསང་བླ་ན་མེད་པ་བློ་གྲོས་རྒྱས་བྱེད་ཟུང་འཇུག་གི་སྒྲུབ་པ་མཁའ་ཀློང་ཡངས་པ་བཞུགས་སོ༔ ྈྈྈྈྈྈྈ བརྡལ་ཁྱབ་མཁའ་ལ་ཉི་ཟླའི་དཀྱིལ་འཁོར་རྒྱས༔ བློ་རྨོངས་དམན་པའི་དྲི་ཚོགས་སེལ་མཛད་པའི༔ མཁྱེན་རབ་འཇམ་མགོན་བླ་མ་ཡབ་ཡུམ་ལ༔ བདག་བློ་རྩེ་གཅིག་གུས་པས་ཕྱག་འཚལ་འདུད༔ བདག་འདྲ་འཇམ་མགོན་པདྨ་ཐོད་ཕྲེང་གིས༔ དབྱངས་ཅན་སྤྲུལ་པ་མཚོ་རྒྱལ་འབྲོག་བན་ལ༔ འཇམ་མགོན་བླ་སྒྲུབ་གསང་བའི་ཐུགས་ཏིག་བསྟན༔ སྤེལ་བའི་གནས་མེད་རིན་ཆེན་ས་ལ་སྦོས༔ མ་འོངས་རྩོད་ལྡན་བསྐལ་པ་མཐའ་མའི་དུས༔ ང་སྤྲུལ་ལས་ཅན་སྐྱེས་བུས་འདི་རྙེད་ནས༔ སྐལ་ལྡན་སྐྱེས་བུ་མང་པོའི་བློ་གྲོས་ཀྱི༔ པད་ཚལ་རྒྱས་བྱེད་ཉི་ཟླ་ཟུང་དུ་འགྱུར༔ མ་འོངས་ང་ཡི་རྗེས་འཇུག་སྐལ་ལྡན་ཀུན༔ ཐོས་བསམ་སྒོམ་པའི་འོད་སྟོང་འགྱེད་མཛད་པའི༔ བླ་སྒྲུབ་ཤེས་རབ་བློ་འཕེལ་འདི་ལ་འབུང༔ བཀྲ་ཤིས་ཡིད་འོང་དབེན་པའི་གནས་མཆོག་ཏུ༔ ཤེས་རབ་བློ་འཕེལ་གྱི་རིལ་བུ༔ སྟོང་གསལ་ས་ལ་མ་རྡལ་གྲུ་བཞི་པ༔ མདའ་གང་ཆགས་ཚད་ཡིད་འོང་ཁོད་སྙོམས་དབུས༔ པད་འདབ་བཞི་དབུས་མཉྫི་ཁྲིའུའི་ཁར༔ བླ་མའི་སྐུ་རྟེན་ཚད་ལྡན་བཞུགས་སུ་གསོལ༔ བླ་མའི་སྐུ་་་འཇམ་མགོན་ཡབ་ཡུམ།་་་སོགས་ཙཀྲ་དེ་བཞིན་འཇུག༔ གཡས་སུ་བུམ་པ་གཡོན་དུ་དཔལ་གཏོར་དང༔ མདུན་དུ་རལ་གྲི་རྒྱབ་ཏུ་གླེགས་བམ་དང༔ དབང་གཞུང་ཇི་བཞིན་སྒྲུབ་རྫས་རིལ་བུ་་་མཆོད་པའི་ཡོ་བྱད་སྣ་ཚོགས།་་་དགོད༔ སྒོག་བཙོང་སྤངས་ཤིང་གྲིབ་ལ་རྟག་ཏུ་འཛེམ༔ མཚན་ལྡན་བུ་མོ་བཅུ་དྲུག་སུམ་ཅུ་མན༔ ཁྲུས་བྱས་རྒྱན་གོས་ཡིད་འོང་ལེགས་པར་བརྒྱན༔ དྲི་བྲལ་གོས་ལྡན་དཀར་ལ་ཡིད་སྤྲོ་གོན༔ སྐྱབས་སེམས་ཡན་ལག་བཅུ་པ་སྔོན་སོང་ནས༔ དཀར་ཕྱོགས་སྐྱོང་བ་གཏོར་མས་ཚིམས་བྱས་ལ༔ བགེགས་བསྐྲད་མཚམས་བཅད་སྲུང་འཁོར་ནན་དུ་བསྒོམ༔ དེ་ནས་ཡབ་ཡུམ་མཉམ་པོར་འཇུག་ལ༔ སྟོང་ཉིད་སྙིང་རྗེའི་ངང་ལས་པད་ཟླའི་སྟེང༔ དྷཱིཿལས་བདག་ཉིད་འཕགས་པ་འཇམ་དཔལ་སྐུ༔ དམར་གསལ་ཞལ་གཅིག་ཕྱག་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ སྤྱན་དཀྱུས་རིང་ཞིང་འཛུམ་མདངས་གཟི་འོད་འབར༔ མཐོན་མཐིང་ཐོར་ཅོག་ཟུར་ཕུད་ལྔ་དང་ལྡན༔ ཟར་བུ་ཐུར་འཕྱངས་རིགས་ལྔའི་ཅོད་པན་འཕུར༔ རིན་ཆེན་དར་ཟབ་རྒྱན་རྫོགས་རང་འོད་ནི༔ ལྔ་ལྡན་ཀློང་དུ་ཉ་རྒྱས་ཟླ་བ་ལ༔ སྐུ་རྒྱབ་གཏད་ཅིང་འགྱིང་བག་ཞི་ཚུལ་ལྡན༔ གཡས་པས་ཤེས་རབ་རལ་གྲི་མཁའ་ལ་ཕྱར༔ གཡོན་པས་ཨུཏྤལ་འཛིན་ཅིང་ཆོས་རྣམས་ཀྱི༔ ཀུན་གྱི་རང་བཞིན་ཕྱིར་ན་གླེགས་བམ་དང༔ པདྨ་འཛིན་ཅིང་ཤེས་རབ་ཡུམ་ལ་འཁྱུད༔ པང་གཡོན་ཧྲཱིཿལས་དབྱངས་ཅན་དཀར་སྔོ་གསལ༔ གཡས་པས་པི་ཝཾ་ཡབ་འཁྱུད་ཆོས་སྒྲ་སྒྲོག༔ གཡོན་པས་ཤེས་རབ་རང་བཞིན་གླེགས་བམ་འཛིན༔ ཡབ་ཀྱི་ལྗགས་འཇིབ་ཞབས་གཉིས་སྐེད་ལ་འཁྲིལ༔ གཅེར་བུ་སྐྲ་གྲོལ་བྷ་ག་ནུ་མ་རྒྱས༔ དར་ཟབ་ཡིད་འོང་རྒྱན་མཛེས་རིན་ཆེན་བརྒྱན༔ ཟུང་འཇུག་བདེ་རོལ་བློ་གྲོས་པད་ཚལ་རྒྱས༔ སྐྱེ་འགག་མཐའ་བྲལ་ཀ་དག་གཞི་ལ་འཇོག༔ དེ་ལྟར་གསལ་བའི་གནས་གསུམ་འབྲུ་གསུམ་ལས༔ འོད་ཟེར་དཔག་ཡས་ནམ་མཁའ་གང་འཕྲོས་པས༔ འོག་མིན་ཡོན་ཏན་བརྩེགས་པའི་ཕོ་བྲང་ནས༔ རང་འདྲའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས༔ གཉིས་མེད་བསྟིམ་ཞིང་ཕྱི་ནང་གསང་བས་མཆོད༔ དེ་ནི་གསལ་སྣང་སྐུ་ཡི་དཀྱིལ་འཁོར་ཡིན༔ གཉིས་པ་བཟླས་བརྗོད་གསུང་གི་དཀྱིལ་འཁོར་ནི༔ ཡབ་ཡུམ་ཐུགས་ཀར་ཉ་རྒྱས་པད་ཟླའི་སྟེང༔ རལ་གྲིའི་རྩེ་ལ་ཧྲཱིཿདྷཱིཿགསལ་བར་བསྒོམ༔ ཧྲཱིཿདྷཱི་ལས།་་་འོད་འཕྲོས་རྣམ་པར་རྒྱལ་བའི་ཞིང་ཁམས་ནས༔ བླ་མ་མཆོག་གསུམ་སྐུ་གསུམ་རྩ་བ་གསུམ༔ སངས་རྒྱས་རྒྱལ་སྲས་བྱང་སེམས་ཐམས་ཅད་ཀྱི༔ སྐུ་ཚེ་མཛད་ཕྲིན་ཡོན་ཏན་མི་ཟད་པ༔ མཁྱེན་བརྩེ་ནུས་མཐུ་གདུལ་བྱ་ཕྲིན་ལས་དང༔ ཤེས་རབ་ཆོས་རིག་སྙན་ངག་ཚིགས་བཅད་ཀུན༔ པོ་ཏིའི་ཚུལ་དུ་ཁ་བ་བུ་ཡུག་ལྟར༔ ཉི་རྡུལ་འཁྲིགས་བཞིན་སྙིང་དབུས་ཧྲཱིཿདྷཱིཿར་ཐིམ༔ འབྱུང་བའི་བཅུད་དང་ཁམས་གསུམ་སེམས་ཅན་གྱི༔ ཚེ་བསོད་དཔལ་འབྱོར་ཡོན་ཏན་ལོངས་སྤྱོད་ཀུན༔ འུབ་བསྡུས་རང་གི་སྙིང་དབུས་ཐིམ་པ་ཡིས༔ མི་བརྗེད་བློ་གྲོས་ཤེས་རབ་རབ་རྒྱས་ནས༔ ཡོན་ཏན་མ་ལུས་ཕུན་ཚོགས་རབ་རྫོགས་ཤིང༔ བདག་ཉིད་སྨྲ་བའི་སེང་གེ་ཟུང་འཇུག་གི༔ མི་ཤིགས་སྲ་བརྟན་རྡོ་རྗེའི་སྐུར་གྱུར་པས༔ པཎྜི་ཏ་ནི་སྟོང་ཕྲག་མང་པོས་ཀྱང༔ རྒོལ་ཀྱང་འཇིགས་མེད་གདིང་ཐོབ་བསམ༔ སྨྲ་བཅད་མི་ཚིག་བར་མ་ཆོད་པར་གཅེས༔ གསང་སྔགས་རྒྱལ་པོ་འདི་ཉིད་བཟླས་པར་བརྩོན༔ ཨོཾ་ཧྲཱིཿདྷཱིཿམ་མེ་དཱི་པ་མཉྫུ་ཤྲཱི་མུཾ་ཧྲཱིཿཔྲ་ཛྙཱ་བརྡྷ་དུ་ཧྲཱིཿསིདྡྷི་སྭཱ་ཧྲཱི༔ ཡང་གསང་བླ་མེད་ཟབ་གསང་སྙིང་གི་ཐིག༔ གསང་སྔགས་རྒྱལ་པོ་འདི་ཉིད་བརྒྱ་བཟླས་པས༔ ཉི་མ་དེ་ཉིད་ནས་བཟུང་ཤློ་ཀ༔ ལྔ་སྟོང་ལོན་པ་འདི་ལ་ཐེ་ཚོམ་མེད༔ འབུམ་ཕྲག་གཅིག་བཟླས་མི་བརྗེད་གཟུངས་ཐོབ་ངེས༔ སྒྲུབ་པ་ཐོན་ནས་སྐུ་རྟེན་ཙཀྲ་རྣམས༔ མི་ལག་མི་འགྲིམ་རང་གི་ལུས་ལ་བཅང༔ ཚེས་བརྒྱད་སྐར་མ་རྒྱལ་འཛོམ་དུས་བཟང་ཚེ༔ མཚན་ལྡན་བུ་མོ་དང་བཅས་དངོས་གྲུབ་བླང༔ དེ་ནས་དམིགས་མེད་བསྔོ་སྨོན་རྒྱས་གདབ་བྱ༔ ཨེ་མ༔ ཡང་གསང་བླ་མེད་གནད་ཀྱི་ཏི་ཀ་འདི༔ མཐོང་ཐོས་དྲན་པས་ཡོན་ཏན་དཔག་མེད་ཐོབ༔ ཞག་བདུན་བསྒྲུབས་པས་མངོན་སུམ་ཞལ་མཐོང་འགྱུར༔ འབུམ་ཕྲག་གཅིག་བཟླས་མི་བརྗེད་གཟུངས་ཐོབ་ཅིང༔ བདུན་འབུམ་བཟླས་པས་ཚེ་འཕོས་དུས་ཀྱི་ཚེ༔ སྐྱེས་མ་ཐག་ཏུ་སྨྲ་ཤེས་འགྲོ་ཤེས་ནས༔ སྐྱེ་བ་དྲན་ཅིང་མི་བརྗེད་གཟུངས་ཐོབ་འགྱུར༔ མཚན་དཔེར་ལྡན་པའི་ལུས་མཆོག་ཐོབ་པ་དང༔ གར་སྐྱེས་ཡུལ་དེར་བཀྲ་ཤིས་བདེ་ལེགས་འགྱུར༔ ཐེ་ཚོམ་བྱུང་ན་དུས་གསུམ་རྒྱལ་བས་བསླུས༔ བཀའ་འདི་སྙིང་ལ་ཆོངས་ཤིག་སྐལ་ལྡན་སྙིང་གི་བུ༔ སྐལ་ལྡན་རེ་ལ་གཅིག་བརྒྱུད་མ་གཏོགས་པ༔ མང་དུ་མ་སྤེལ་ཙིཏྟའི་གའུར་ཆོངས༔ ཡེ་ཤེས་མཚོ་རྒྱལ་བདག་གིས་ཡི་གེར་བཀོད༔ བཀའ་འདི་ལས་ཅན་སྙིང་གི་བུ་དང་འཕྲད་པར་ཤོག༔ བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ ༈ ཡི་དམ་དམར་ནག་འཇིགས་གསུམ་ལས༔ འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡབ་ཡུམ་ཟུང་འཇུག་གི་སྒྲུབ་འཁོར་བླ་རྡོ་ཙཀྲའི་ རིམ་པ་བློ་གྲོས་རབ་གསལ་ལས༔ མཁའ་ཀློང་ཡངས་པའི་སྐོར་རྣམས་བཞུགས་སོ༔ ྈྈྈྈྈྈ བདག་འདྲ་རིག་འཛིན་པདྨ་འབྱུང་གནས་ཀྱིས༔ ཀུན་བཟང་འཇམ་དཔལ་སྨྲ་སེང་ལ་བཏུད་ནས༔ དེ་སྒྲུབ་ལོག་འདོན་རིམ་པ་གསལ་བར་བཀོད༔ རིལ་བུ་སྒྲུབ་འདི་གདན་འཁོར་ལེ་བརྒན་ལ༔ གུར་གུམ་གི་ཝཾ་རྒྱ་སྐྱེག་ཆུར་ཕྱུངས་པས༔ ལྟེ་བར་མུ་ཁྱུད་ཁྱོན་ཡངས་བསྐོར༔ དེ་དབུས་རལ་གྲི་ལོག་ཡངས་ལ༔ རྩེ་མོར་ཧྲཱིཿབྲིས་འདོད་གསོལ་ནི༔ བདག་རྡོ་རྗེ་འཛིན་པ་ཆེ་གེ་ལ༔ བློ་གྲོས་སྤོབས་པའི་ཤེས་རབ་ཀྱི༔ སྣང་བ་རབ་རྒྱས་མི་བརྗེད་གཟུངས་ཀྱི་དངོས་གྲུབ་དམ་པ་སྩོལ་ཅིག༔ དེའི་ཕྱི་རིམ་མུ་ཁྱུད་ཁྱོན་ཡངས་ལ༔ མེ་ཏོག་པདྨ་འདབ་བརྒྱད་བཀོད༔ དེ་དབུས་ཧྲཱིཿབཾ་བཞི་ལེགས་པར་བྲི༔ དེ་རྒྱབ་འཁོར་ལོ་རྩིབས་བཞི་ལ༔ ཤར་དུ་ཧྲཱི༔ ལྷོར་བྷཻ༔ ནུབ་ཏུ་བྷཻ༔ བྱང་དུ་བྷཻ༔ དེ་རྒྱབ་རྟེན་འབྲེལ་སྙིང་པོ་བྲི༔ གདན་འཁོར་རིམ་པ་བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ དེ་ནས་ཡུམ་གྱི་བླ་རྡོ་ལེ་བརྒན་ལ༔ ལྟེ་བར་མུ་ཁྱུད་ཁྱོན་ཡངས་བསྐོར༔ དེ་དབུས་རལ་གྲི་རྩལ་ཡངས་ལེགས་པར་བྲིས༔ རྩེ་ལ་ཧྲཱིཿདང་འཆང་གཟུང་ཧྲཱི༔ བར་དུ་གསང་མཚན་གྱི་མཐར༔ ཤེས་རབ་བསྐྱེད་པ་གང་ཡིན་གྱི་འདོད་གསོལ་བྲི༔ དེ་རྒྱབ་མུ་ཁྱུད་ཁྱོན་ཡངས་དེ་ལ་ཨོཾ་ས་ར་སྭ་ཏྱཻ་སྔགས་ཚན་ཚང་བར་བཀོད༔ དེ་རྒྱབ་པད་འདབ་བཞིའི་རྩེར་ཧྲཱིཿདང་སྔགས་ཚན་རེ་ཚང་བར་འགོད༔ དེ་རྒྱབ་མུ་ཁྱུད་ལ༔ ས་ར་སྭ་ཏྱཻ་ཡི་སྔགས་མགོ་སྤྲད་སྤེལ་མ་གང་ཤོང་འགོད༔ དེ་རྒྱབ་ཨཱ་ལི༔ དེ་རྒྱབ་ཀཱ་ལི༔ དེ་རྒྱབ་རྟེན་འབྲེལ་སྙིང་པོ་རྣམས་ལྷག་ཆད་མེད་པར་གཅེས༔ ཡུམ་གྱི་བླ་རྡོ་སྲོག་གི་འཁོར་ལོ་བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ ྈྈ དེ་ནས་སྟེང་འཁོར་ཡབ་ཀྱི་བླ་རྡོ་ནི༔ ལེ་བརྒན་དམར་སེར་ཤིན་ཏུ་ལེགས་པོ་ལ༔ ལྟེ་བར་མུ་ཁྱུད་ཁྱོན་ཡངས་ལེགས་པར་བསྐོར༔ ལྟེ་བར་ཤེས་རབ་རལ་གྲི་མེ་འབར་བྲི༔ རྩེ་ལ་ཧྲཱིཿདང་འཆང་གཟུང་དྷཱིཿགསལ་འགོད༔ བར་དུ་ཡུམ་འཁོར་འདོད་གསོལ་ཇི་བཞིན་ལ༔ དེ་རྒྱབ་མུ་ཁྱུད་ལེགས་བསྐོར་ལ༔ ཨོཾ་ཧྲཱིཿདྷཱིཿམ་མེ་དཱི་པ་ཚང་བར་འགོད༔ དེ་རྒྱབ་པདྨ་འདབ་བརྒྱད་ལ༔ རྩེ་ལ་ཧྲཱིཿདང་འཆང་གཟུང་དྷཱི༔ དེའི་ཕྱི་རིམ་མུ་ཁྱུད་ཁྱོན་ཡངས་ལ༔ ཨོཾ་ཧྲཱིཿདྷཱིཿམ་མེ་དཱི་པ་མགོ་སྤྲད་གང་ཤོང་མཐར༔ གང་ཡིན་འདོད་གསོལ་རིག་པའི་མདའ་ཡིས་བསྣུན༔ དེ་རྒྱབ་མུ་ཁྱུད་ལ་ཨཱ་ལི་ཡིག་མགོ་ནང་བསྟན་འགོད༔ དེ་རྒྱབ་མུ་ཁྱུད་ཀཱ་ལི་ཡིག་མགོ་ཕྱིར་བསྟན་བྲི༔ དེ་རྒྱབ་རྟེན་འབྲེལ་སྙིང་པོ་ལྷག་ཆད་མེད་པར་འགོད༔ མེ་རླུང་གཉིས་ཨི་ཐི་ཨ་ཐམ་རྒྱ༔ ྈྈ དེ་ནས་སྟེང་འཁོར་དར་དམར་ལེགས་པོ་ལ༔ ལྟེ་བར་མུ་ཁྱུད་ཁྱོན་ཡངས་དབུས༔ ཤེས་རབ་རལ་གྲི་མེ་འབར་རྩེར་ཧྲཱིཿདང་འཆང་གཟུང་དྷཱི༔ འདོད་གསོལ་རིམ་པ་གོང་བཞིན་སྤེལ༔ དེ་རྒྱབ་པདྨ་འདབ་བརྒྱད་ལ་ས་བོན་འགོད་པ་གོང་བཞིན་ནོ༔ དེ་རྒྱབ་མུ་ཁྱུད་དག་ལ་ནི༔ ཨོཾ་ཧྲཱིཿདྷཱིཿམ་མེ་གང་ཤོང་མཐར་འདོད་གསོལ་བྲི༔ དེ་རྒྱབ་མུ་ཁྱུད་གསུམ་ལ་ཨཱ་ལི་ཀཱ་ལི་རྟེན་འབྲེལ་སྙིང་པོ་བྲི༔ མནྟྲ་གུ་ཧྱ་དྷ་ཐིམ་བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ ྈྈ དེ་ནས་འཇམ་དབྱངས་ཡེ་ཤེས་སེམས་དཔའ་ཡི༔ བླ་རྡོའི་རིམ་པ་དམར་སེར་དར་གོས་ལ༔ ལྟེ་བར་མུ་ཁྱུད་ཁྱོན་ཡངས་ལེགས་པར་བསྐོར༔ དབུས་སུ་རལ་གྲི་མེ་འབར་རྩེ་འཆང་དུ༔ དྷཱིཿགཉིས་བར་དུ་འདོད་དོན་གསོལ་བ་ནི༔ རང་གི་མིང་མཐར་ཤེས་རབ་མཆོག་བསྐྱེད་འདོད་གསོལ་བྲི༔ དེ་རྒྱབ་མུ་ཁྱུད་ལེགས་པར་བསྐོར་བའི་ནང༔ ཨ་ར་པ་ཙ་ན་དྷཱིཿགང་ཤོང་མཐར༔ ཤེས་རབ་མཆོག་བསྐྱེད་འདོད་གསོལ་འཇུག༔ དེ་རྒྱབ་པདྨ་འདབ་བཞི་བྲི༔ ཤར་དུ་ཨ༔ ལྷོར་ར༔ ནུབ་ཏུ་པ༔ བྱང་དུ་ཙ༔ དྷཱིཿའོག་ན༔ དེ་རྒྱབ་མུ་ཁྱུད་དག་ལ་ཡང༔ སྔགས་ཀྱི་རིམ་པ་གོང་བཞིན་གང་ཤོང་འགོད༔ དེ་རྒྱབ་མུ་ཁྱུད་གསུམ་ལྡན་ལ༔ ཨཱ་ལི་ཀཱ་ལི་རྟེན་འབྲེལ་སྙིང་པོ་དགོད༔ དེ་རྒྱབ་མེ་རི་པ་ཏྲས་བསྐོར༔ མནྟྲ་གུ་ཧྱ་དྷ་ཐིམ༔ བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ ྈྈ དེ་ནས་འཇམ་མགོན་དཀར་པོའི་ཙཀྲ་ནི༔ དར་གོས་དཀར་པོའི་ལྟེ་བར་མུ་ཁྱུད་བསྐོར༔ རལ་གྲིའི་རྩེ་འཆང་ཨ་ཨས་མཚན༔ བར་མཇུག་འདོད་གསོལ་སྔར་སྨོས་བཞིན༔ དེ་རྒྱབ་མུ་ཁྱུད་དག་ལ་ནི༔ གསང་སྔགས་རྒྱལ་པོ་འདི་བཞིན་བཀོད༔ ཨོཾ་ཝཱ་ཀྱེ་དཾ་ན་མཿགང་མཐར་འདོད་གསོལ་བྲི༔ དེ་རྒྱབ་པདྨ་འདབ་བརྒྱད་ལ༔ རྩེ་བརྒྱད་ལ་ཨ་བརྒྱད་ལེགས་བཀོད་ལ༔ གསང་སྔགས་རྒྱལ་པོ་རེ་རེ་དགོད༔ དེ་རྒྱབ་མུ་ཁྱུད་དག་ལ་ནི༔ གསང་སྔགས་རྒྱལ་པོ་གང་ཤོང་མཐར༔ འདོད་གསོལ་གསོལ་གདབ་སྔར་བཞིན་འགོད༔ དེ་རྒྱབ་མུ་ཁྱུད་གསུམ་རིམ་ལ༔ ཨཱ་ལི་ཀཱ་ལི་རྟེན་འབྲེལ་སྙིང་པོ་འགོད༔ དེ་རྒྱབ་འཇའ་འོད་པ་ཏྲས་བསྐོར༔ མནྟྲ་གུ་ཧྱ་དྷ་ཐིམ་བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ ྈྈྈ དེ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི༔ སྒྲུབ་པའི་བླ་རྡོ་འདི་ལྟར་འབྲི༔ དམར་སེར་ལེ་བརྒན་གང་རུང་ལ༔ དམར་པོ་གསུམ་གྱི་ཁུ་བ་ཡིས༔ དབུས་སུ་མུ་ཁྱུད་ཁྱོན་ཡངས་བསྐོར༔ དེ་དབུས་རལ་གྲི་ལེགས་བྲིས་རྩེར༔ དྷཱིཿདང་ཡུ་བར་མུཾ་བྲིས་ལ༔ བར་དུ་འདོད་གསོལ་གོང་བཞིན་འཇུག༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ གསང་སྔགས་རྒྱལ་པོ་འདི་ཉིད་བྲི༔ ཨོཾ་ཨཱཿཧཱུྃ༔ ཨཱརྻ་མཉྫུ་ཤྲཱི་ཛྙཱ་ན་ཤ་ར་དྷཱི༔ སྤར་ཤེ་མཱུརྟཱི་ཨཱ༔ བཱ་གཱི་ཤྭ་རི་མུཾ༔ འདོད་དོན་རིམ་པ་གོང་བཞིན་ནོ༔ ལྷག་ཆད་མེད་པར་ཤིན་ཏུ་གཅེས༔ དེ་རྒྱབ་པདྨ་འདབ་བརྒྱད་ལ༔ དབུས་སུ་དྷཱིཿམུཾ་བརྩེགས་མར་བྲི༔ དེ་རྒྱབ་པདྨ་འདབ་བཞི་ལ༔ རལ་གྲིའི་ཐད་མདུང་འཇུག་བྲི༔ ཨོཾ་བཛྲ་དྷཱུ་པེ་ཧཱུྃ༔ བདག་གི་མ་རིག་པའི་དྲི་མ་སོལ་ཅིག༔ ཨོཾ་བཛྲ་པུཥྤེ་ཏྲཱཾ༔ བདག་བློ་རྨོངས་པའི་མུན་པ་སོལ་ཅིག༔ ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱི༔ བདག་བློའི་པདྨ་རྒྱས་པར་མཛོད་ཅིག༔ ཨོཾ་བཛྲ་གནྡྷེ་ཨཱ༔ བདག་བློའི་བློ་གྲོས་སྤོབས་པའི་སྣང་བ་རབ་ཏུ་རྒྱས་པར་མཛོད་ཅིག༔ དེ་རྒྱབ་མུ་ཁྱུད་ཁྱོན་ཡངས་ལ༔ གསང་སྔགས་རྒྱལ་པོ་མགོ་སྤྲད་པའི༔ གང་ཤོང་མཐའ་རུ་འདོད་གསོལ་འཇུག༔ དེ་རྒྱབ་མུ་ཁྱུད་གསུམ་རིམ་ལ༔ ཨཱ་ལི་ཀཱ་ལི་ཡེ་དྷརྨཱ་རྣམས༔ ལྷག་ཆད་མེད་པར་གང་ཤོང་བྲི༔ དེ་རྒྱབ་འོད་ཟེར་པ་ཏྲས་བསྐོར༔ མནྟྲ་གུ་ཧྱ་དྷ་ཐིམ་བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ ྈྈྈ དེ་ནས་འཇམ་དཔལ་བློ་མུན་ཀུན་སེལ་གྱི༔ སྒྲུབ་པའི་བླ་རྡོ་ཙཀྲའི་རིམ་པ་ནི༔ དར་གོས་དམར་སེར་ལེ་བརྒན་གང་འབྱོར་ལ༔ ལྟེ་བར་མུ་ཁྱུད་ཁྱོན་ཡངས་ལེགས་བསྐོར་བ༔ དེ་དབུས་རལ་གྲི་མེ་འབར་ལེགས་བྲིས་ལ༔ རྩེ་ལ་ཧྲཱིཿདང་འཆང་གཟུང་དྷཱིཿགསལ་འགོད༔ འདོད་དོན་གསོལ་གདབ་སྔར་སྨོས་ཇི་བཞིན་འཇུག༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལེགས་བསྐོར་ལ༔ གསང་སྔགས་རྒྱལ་པོ་འདི་ཉིད་དག་པར་བྲིས༔ སརྦ་ཏ་ཐཱ་ག་ཏ་ཧྲཱིཿདྷཱིཿམ་མེ་མཉྫུ་ཤྲཱི་མུཾ་ཧྲཱིཿཔྲ་ཛྙཱ་ཝརྡྷ་སིདྡྷི་ཕ་ལ་ཧྲཱིཿདུ་དུ་ཧྲཱིཾ་སྭཱ་ཧཱ༔ དེ་ཡི་ཕྱི་རིམ་འདབ་བརྒྱད་ལ༔ ཕྱོགས་བཞིར་འདབ་ལྟེར་དྷཱིཿམུཾ་བྲི༔ གྲལ་འཇུག༔ པྲ་ཛྙཱ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ༔ མཚམས་བཞིའི་ལྟེ་བར་ཧྲཱིཿམུཾ་བརྩེགས་པའི་མཐར་པྲ་ཛྙཱ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ༔ དེ་རྒྱབ་མུ་ཁྱུད་ཁྱོན་ཡངས་ལེགས་བསྐོར་ལ༔ གསང་སྔགས་རྒྱལ་པོ་གང་ཤོང་མཐར༔ བདག་བློ་བློ་གྲོས་སྤོབས་པའི་སྣང་བ་རབ་ཏུ་རྒྱས་པར་མཛོད་ཅིག༔ དེ་རྒྱབ་སྔགས་མགོ་རྩེ་སྤྲོད་ལ༔ གསང་སྔགས་རྒྱལ་པོ་གང་ཤོང་མཐར༔ བློ་གྲོས་སྤོབས་པའི་སྣང་བ་རབ་རྒྱས་ནས༔ ཤེས་རབ་མཆོག་གི་དངོས་གྲུབ་མྱུར་དུ་སྩོལ་ཅིག༔ མི་བརྗེད་གཟུངས་ཀྱི་དངོས་གྲུབ་མྱུར་དུ་སྩོལ་ཅིག༔ ཧྲཱིཿདྷཱིཿམུཾ་ཧྲཱིཿཀཱ་ཡ་བཱ་ཀ་ཙིཏྟ་སརྦ་དྷརྨ་པྲ་ཛྙཱ་སརྦ་སིདྡྷི་ཕ་ལ་ཧྲཱིཾ་ཧྲཱིཾ་སྡུས་སྡུས་ཛ་ཛ་པུཥྚིཾ་ཀུ་རུ་ཡེ་ཧཱུྃ་སྭཱ་ཧཱ༔ དེ་རྒྱབ་མུ་ཁྱུད་གསུམ་རིམ་ལ༔ ཨཱ་ལི་ཀཱ་ལི་རྟེན་འབྲེལ་སྙིང་པོ་རྣམས༔ གང་ཤོང་ལྷག་ཆད་མེད་པར་ནན་དུ་བྲི༔ དེ་རྒྱབ་འོད་ཟེར་པ་ཏྲས་ལེགས་པར་བསྐོར༔ མནྟྲ་གུ་ཧྱ་དྷ་ཐིམ་བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ ྈྈ དེ་ནས་འཆི་མེད་ཚེ་དབང་མྱུར་སྩོལ་གྱི༔ བླ་རྡོ་ཙཀྲའི་རིམ་པ་འདི་བཞིན་བསྟན༔ དར་དམར་དམར་སེར་གང་ཡང་རུང་བ་ལ༔ རྒྱུ་ལེགས་ཁ་གྲུ་འཇམ་པའི་ལྟེ་བ་ལ༔ མུ་ཁྱུད་ཁྱོན་ཡངས་བསྐོར་བའི་དབུས་ལྟེ་རུ༔ རྡོ་རྗེ་རྩེ་ལྔའི་ལྟེ་བ་ཁྱོན་ཡངས་འབྲི༔ ལྟེ་བར་ཧཱུྃཿ རྩེ་རུ་ཧྲཱིཿཨཱོཾཿ ཧཱུྃ་འོག་ཏུ་མུཾ༔ དེ་ནས་ཕྲེང་འཇུག་སྔགས་འདི་དག་པར་བྲི༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ མ་ཧཱ་གུ་རུ་ཨཱརྻ་མཉྫུ་ཤྲཱི་ཡ་མཱནྟ་ཀ་མ་མྨ་ཨཾ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་པུཎྱེ་སྭཱ་ཧཱ༔ རྡོ་རྗེའི་ཡར་རྭར་ཧཱུྃ་དང་མར་རྭར་ཕཊ་ཅེས་ལེགས་པར་བཀོད༔ དེ་རྒྱབ་མུ་ཁྱུད་རིམ་པ་ལ༔ གསང་སྔགས་རྒྱལ་པོ་འདི་ཉིད་བཀོད༔ རྩ་སྔགས་སྔར་བཞིན་གང་ཤོང་བྲི༔ རཱུ་པ་ཙིཏྟ་དྷེ་ཝཱི་མ་མ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་པུཎྱེ་སིདྡྷི་ཕ་ལ་པུཥྚིཾ་ཀུ་རུ་ཨཱ༔ འདི་འཆང་བ་པོ་ལ་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ དེ་ཡི་ཕྱི་རིམ་པད་འདབ་བརྒྱད༔ ལྟེ་བར་ཧྲཱིཿམུཾ་བརྩེགས་མའི་མཐར༔ འཆི་མེད་ཚེ་ཡི་དངོས་གྲུབ་བདག་ལ་བསྩལ་དུ་གསོལ༔ ནད་མེད་བདེ་བའི་དངོས་གྲུབ་མྱུར་དུ་སྩོལ་ཅིག༔ ཤེས་རབ་མཆོག་གི་དངོས་གྲུབ་སྩོལ་ཅིག༔ མི་བརྗེད་གཟུངས་ཀྱི་དངོས་གྲུབ་སྩོལ་ཅིག༔ རིགས་རྒྱུད་སྲས་བུའི་དངོས་གྲུབ་སྩོལ་ཅིག༔ དམ་པ་ཆོས་ཀྱི་དངོས་གྲུབ་སྩོལ་ཅིག༔ དགོས་འབྱུང་ནོར་བུའི་དངོས་གྲུབ་སྩོལ་ཅིག༔ སྙན་གྲགས་དཔལ་བསྐྱེད་དངོས་གྲུབ་སྩོལ་ཅིག༔ དེ་རྒྱབ་འཁོར་ལོ་རྩིབས་བརྒྱད་བྲི༔ ལྟེ་བར་ཧཱུྃ་བརྒྱད་བྲི༔ དེ་རྒྱབ་མུ་ཁྱུད་ཁྱོན་ཡངས་ལ༔ གསང་སྔགས་རྒྱལ་པོར་ཤམ་བུ་བཅས་པ་གང་མང་མཐར༔ བདག་ལ་འཆི་མེད་ཚེ་ཡི་དངོས་གྲུབ་མྱུར་དུ་སྩོལ་ཅིག༔ ནད་མེད་བདེ་བའི་དངོས་གྲུབ་མྱུར་དུ་སྩོལ་ཅིག༔ དུས་མ་ཡིན་པའི་འཆི་བ་བརྒྱད་ལས་སྐྱོབས་ཤིག༔ འཆི་བདག་གཤིན་རྗེའི་ཁྲམ་ཁ་ཟློག་ཅིག༔ དེའི་ཕྱི་རིམ་མུ་ཁྱུད་གསུམ་ལ༔ ཨཱ་ལི་ཀཱ་ལི་རྟེན་འབྲེལ་སྙིང་པོ་རྣམས༔ སྔར་བཞིན་ལྷག་ཆད་མེད་པ་གང་མང་བྲི༔ དེ་རྒྱབ་རྒྱ་གྲམ་མཚམས་བཞིར་རིན་ཆེན་བཞི༔ འོད་ཟེར་པ་ཏྲས་ལེགས་པར་བསྐོར༔ སྒྲུབ་པའི་ཚེ་ན་གུར་དུ་ཕུབ༔ སྒྲུབ་པ་ཚར་ནས་དབང་ཞུས་དངོས་གྲུབ་ཀྱི༔ ཙཀྲ་ལུས་ལ་བཅངས་པའི་ཡོན་ཏན་གྱིས༔ དུས་མིན་འཆི་ཟློག་ཚེ་ཡི་དངོས་གྲུབ་ཐོབ༔ འཇིགས་པ་བརྒྱད་སྐྱོབ་ནད་གདོན་བགེགས་ལས་ཐར༔ གདོན་ཆེན་བཅོ་བརྒྱད་དམ་སྲི་ཕོ་མོ་ཡིས༔ ཉེ་བར་མི་ནུས་མེ་ཡི་ཕུང་པོར་མཐོང༔ འདི་ནི་རྡོ་རྗེ་ཕ་ལམ་འཇིགས་བྲལ་རྫོང༔ མནྟྲ་གུ་ཧྱ་དྷ་ཐིམ་བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ འདི་ལྟར་སྒྲུབ་པ་རྣམས་ལ་འབད་པའི་ཚེ༔ དམ་སྲི་བགེགས་ཀྱི་རྒབ་འདྲེ་འབྱུང་སྲིད་པས༔ དེ་ཉིད་སྲུང་བའི་འཁོར་ལོ་འདི་བཞིན་བསྟན༔ དར་གོས་གཞི་བཟང་སྔོ་དཀར་གང་རུང་ལ༔ ལྟེ་བར་མུ་ཁྱུད་ཁྱོན་ཡངས་བསྐོར་བ་ཡི༔ དབུས་སུ་སྔར་བཞིན་རལ་གྲི་ལེགས་པར་བྲི༔ རྩེ་འཆང་གཉིས་ལ་ཧཱུྃ་ཧཱུྃ་མུཾ་བྲིས་ལ༔ བར་དུ་བདག་ཆེ་གེའི་གོང་བཞིན་འདོད་གསོལ་འཇུག༔ དེ་ཡི་ཕྱི་རིམ་མུ་ཁྱུད་ཁྱོན་ཡངས་ལ༔ ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཤེས་རབ་མཆོག་ཏུ་སྒྲུབ་པ་ལ་བར་དུ་གཅོད་པའི་རྒབ་འདྲེ་བགེགས་རིགས་ཅན་གྱི་གནོད་པས་མི་ཚུགས་པར་སྲུངས་ཤིག་རཀྵ་རཀྵ༔ དེ་ཡི་ཕྱི་རིམ་པདྨ་འདབ་བརྒྱད་ལ༔ ཕྱོགས་བཞིའི་ལྟེ་བར་ཧཱུྃ་བརྒྱད་ལེགས་པར་བྲི༔ མཚམས་བཞིར་མུཾ་བཞི་གསལ་དག་ལེགས་པར་བྲི༔ དེ་ཡི་ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་བྲི༔ པད་རྩེ་འཁོར་ལོ་རྩིབས་བརྒྱད་ལྟེ་བར་ཧཱུྃ་བརྒྱད་བྲི༔ རྩིབས་མཆན་རྣམས་སུ་སྒྲུབ་པ་ལ་བར་དུ་གཅོད་པའི་དགྲ་བགེགས་ཐམས་ཅད་མཱ་ར་ཡ་རྦད་སོད༔ དེ་ཡི་ཕྱི་རིམ་མུ་ཁྱུད་ཁྱོན་ཡངས་ལ༔ རྩིབས་མགོ་ཧཱུྃ་མགོ་ཡིག་མགོ་ལེགས་སྤྲད་ལ༔ ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ འདི་ཉིད་ནན་དུ་གང་ཤོང་བྲིས་པའི་མཐར༔ ཤེས་རབ་ཟབ་མོ་མཆོག་ཏུ་སྒྲུབ་པ་ལ་བར་དུ་གཅོད་པའི་རྒབ་འདྲེ་གོད་སྲི་དམ་སྲི་འདྲེ་གདོན་བགེགས་རིགས་ཐམས་ཅད་ཀྱི་གནོད་པས་མི་ཚུགས་པར་སྲུངས་ཤིག་རཀྵ་རཀྵ༔ དེ་རྒྱབ་མུ་ཁྱུད་རྡོ་རྗེའི་ར་བས་བསྐོར༔ དེ་རྒྱབ་མུ་ཁྱུད་རིམ་གསུམ་ལ༔ སྔགས་གསུམ་སྔར་བཞིན་དག་པར་འགོད༔ དེ་རྒྱབ་མེ་རི་སྣ་ལྔས་བསྐོར༔ སྒྲུབ་པ་མ་འཇུག་གོང་དུ་ནི༔ ཙཀྲ་རིམ་པ་གཉིས་བྲིས་ལ༔ གཅིག་ནི་དཀྱིལ་འཁོར་གུར་དུ་ཕུབ༔ གཅིག་ནི་རྣལ་འབྱོར་རང་གི་ལུས་བཅངས་པས༔ སྒྲུབ་པ་མཐར་སོན་བར་གཅོད་བགེགས་རིགས་ཀྱིས༔ མི་ཚུགས་འཇིགས་མེད་རྡོ་རྗེའི་རྫོང་དང་མཚུངས༔ མནྟྲ་གུ་ཧྱ་དྷ་ཐིམ་བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ ཙཀྲའི་རིམ་པ་འདི་དག་ལ༔ དྲི་བཟང་བཟང་དྲུག་ཁུ་བ་ཡིས༔ ནན་བྱུགས་དཀྱིལ་འཁོར་དབུས་དག་ཏུ༔ སྒྲུབ་པའི་ཚེ་ན་གུར་དུ་ཕུབ༔ སྒྲུབ་པ་ཐོན་ནས་ལུས་ལ་འཆང༔ འདི་མེད་མགོན་པོ་འཇམ་པའི་དབྱངས༔ ཕྱི་ནང་གསང་གསུམ་སྒྲུབ་འཇུག་པ༔ ལུས་ཡོད་ཁོང་སྙིང་མེད་དང་འདྲ༔ མགོ་ཡོད་དཔྲལ་བའི་མིག་མེད་འདྲ༔ ལག་རྡུམ་བྲག་ལ་འཛེག་པ་འདྲ༔ བསྒྲུབས་ཀྱང་དངོས་གྲུབ་ཐོབ་མི་འགྱུར༔ སྐལ་ལྡན་སྣོད་ལྡན་གུས་ལྡན་རྣམས༔ རིན་ཆེན་ནོར་གྱིས་མཉེས་བྱས་ནས༔ བླ་མ་ལ་གུས་དམ་ཚིག་བསྲུང༔ སྒྲུུབ་ལ་མི་གཡེལ་མནའ་རྒྱས་བཏབ༔ གུས་ལྡན་བུ་ལ་གཅིག་བརྒྱུད་དུ༔ འདི་སྦྱིན་དངོས་གྲུབ་མྱུར་དུ་ཐོབ༔ འདི་ཡོད་ལུས་སྲོག་དབང་པོ་ཚང་དང་མཚུངས༔ དངོས་གྲུབ་མཆོག་ཐོབ་འདི་ལ་ཐེ་ཚོམ་མེད༔ དཀོན་མོད་རྒྱལ་ཁམས་འགྲིམ་དང་མཐོང༔ བདེན་རྫུན་ལག་ཏུ་ལོངས་དང་གསལ༔ སྙིང་གི་བུ་ལ་གཅིག་བརྒྱུད་མ་གཏོགས་པར༔ མང་དུ་སྤེལ་ན་མཁའ་འགྲོའི་ཆད་པ་འོང༔ ཙིཏྟའི་གའུར་ཆོངས་ཤིག་ང་སྤྲུལ་བུ༔ གདུང་འཛིན་སྐྱེས་ཆེན་རྣམས་དང་སྣོད་ལྡན་པ༔ ཟུང་གསུམ་ཡན་ལ་མི་བསྟན་དམ་དུ་འཆང༔ སྙིང་ནོར་མཛོད་ཅིག་ང་སྤྲུལ་སྙིང་གི་བུ༔ བཀའ་འདི་དཔལ་ལྡན་སྔགས་ཀྱི་སྲུང་མར་བརྐོས༔ ང་སྤྲུལ་ལས་ཅན་བུ་ལ་མྱུར་དུ་སྤྲོད༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ སྐལ་མེད་ལོག་ལྟ་ཅན་བྱུང་ན་དབང་པོ་སྣུབས་ཤིག་བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ སྐུ་ཡི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ མནྟྲ་གུ་ཧྱ་དྷ་ཐིམ༔ ༈ ཡི་དམ་དམར་ནག་འཇིགས་གསུམ་ལས༔ འཇམ་དཔལ་ཡེ་ཤེས་སེམས་དཔའ༔ ཟུང་འཇུག་མཁའ་ཀློང་ཡངས་པའི་དངོས་གྲུབ་འབྱུང་གཏེར་རྫས་ཀྱི་གདམས་པ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈྈྈ ཀུན་བཟང་འཇམ་མགོན་བླ་མར་གུས་ཕྱག་འཚལ༔ བདག་འདྲ་རིག་འཛིན་པདྨ་འབྱུང་གནས་ཀྱི༔ མ་འོངས་སྐལ་ལྡན་རྣམས་ཀྱི་དོན་ཆེད་དུ༔ མི་བརྗེད་གཟུངས་ཐོབ་ཡེ་ཤེས་བློ་འཕེལ་ཞིང༔ འཆད་རྩོད་རྩོམ་པའི་རིན་ཆེན་གཏེར་འབྱེད་པའི༔ བཤད་སྒྲུབ་བསྟན་པའི་བདག་པོར་ངེས་འབྱིན་པའི༔ མཆོག་ཐུན་དངོས་གྲུབ་ཐོབ་པའི་གདམས་པ་འདི༔ ད་ལྟ་རྗེ་འབངས་གྲོགས་གསུམ་ཐུགས་དམ་མཛོད༔ སྤེལ་བའི་གནས་མེད་རིན་ཆེན་བྲག་ལ་སྦོས༔ རྩོད་ལྡན་ལྔ་བརྒྱ་དུས་ཀྱི་ཐ་མའི་ཚེ༔ ང་སྤྲུལ་ཆོས་རྒྱལ་ཐུགས་སྲས་འབྲོག་བན་གྱི༔ སྐྱེ་མཐའ་སྙན་གྲགས་ལྡན་དེས་རྙེད་གྱུར་ནས༔ ལས་ཅན་སྐལ་ལྡན་མཚོ་ལ་ངང་འདུས་ལྟར༔ མ་བསྡུས་སྐྱེ་བོའི་ཚོགས་རྣམས་དབང་བསྡུས་ནས༔ བཤད་སྒྲུབ་བསྟན་པ་ཡར་གྱི་ངོ་བཞིན་དུ༔ ནུབ་མེད་འཕེལ་རྒྱས་དངོས་གྲུབ་སྡོང་པོའི་རྫས༔ སྙིང་བས་གཅེས་ཕྱིར་སྙིང་གི་བུ་མཆོག་ལ༔ གཅིག་བརྒྱུད་རེ་ལས་མང་དུ་སྤེལ་གྱུར་ན༔ ཆོས་བདག་མཁའ་འགྲོའི་ཚོགས་ཀྱིས་ཆད་པ་ཆོད༔ དེ་བས་སྙིང་ལ་ཆོངས་ཤིག་ཐུགས་ཀྱི་སྲས༔ བཛྲ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ དངོས་གྲུབ་གཏེར་མཛོད་རྫས་ཀྱི་གདམས་པ་ནི༔ ཨ་རུ་གསེར་མདོག་སྲོ་ལོ་དཀར་པོ་དང༔ སྤང་རྒྱན་དཀར་སྔོན་གླ་རྩི་མཚལ་དཀར་དང༔ ཡུང་བ་ཙནྡན་ཨ་གར་སྤང་སྤོས་དང༔ དབང་ལག་རྒྱ་སྣག་ཤུ་དག་ཤིང་མངར་དང༔ གི་ཝཾ་ལི་སུག་ཤ་སྣ་སྐམ་སྦྱར་ནས༔ དཔའ་བོ་བཅོ་བརྒྱད་སྦྱོར་བ་ཞིབ་འཐག་ལ༔ སྦྲང་དཀར་བ་དམར་འོ་མའི་རིལ་བུ་ནི༔ མཐེབ་ཚིག་ཙམ་གྱི་རིལ་བུ་བུངས་བསྐྱེད་ལ༔ དམར་པོ་གསུམ་གྱིས་ས་བོན་དབུ་ཅན་བྲི༔ རིལ་བུ་འོད་ལྡན་རིན་ཆེན་སྣོད་བླུགས་ལ༔ དལ་དབུས་བཞུགས་གསོལ་ལེ་བརྒན་རྒྱན་གུར་ཕུབ༔ ཁ་ནི་ཤར་བལྟ་བདེ་བའི་གདན་འདུག་ལ༔ སོ་ཐར་སྐྱབས་འགྲོ་ཐེག་ཆེན་བློ་རྒྱ་བསྐྱེད༔ དལ་གྱི་བུམ་པ་གཞལ་མེད་ཁང་བཟང་དབུས༔ སེར་སྔོན་པདྨ་འབུམ་ལྡན་ཉི་ཟླའི་དབུས༔ རིལ་བུ་རེ་བཞིན་རལ་གྲི་དྷཱིཿདམར་མཚན༔ འོད་ཕུང་དམར་པོའི་འཕྲོ་འདུས་དོན་གཉིས་བྱས༔ ཚུར་འདུས་རིལ་བུ་འཇམ་དཔལ་སྨྲ་སེང་དམར༔ ལོངས་སྤྱོད་རྒྱན་རྫོགས་རལ་གྲི་པོ་ཏི་འཛིན༔ ཐུགས་ཀར་བྷྲཱུྃ་ལས་འཁོར་ལོ་རྩིབས་བཞི་དམར༔ དེ་སྟེང་རལ་གྲི་དྷཱིཿས་མཚན་སྔགས་ཀྱིས་བསྐོར༔ དྷཱིཿབདུན་རིལ་བུ་རེ་བཞིན་ཧྲཱིཿསྔོན་ལས༔ དབྱངས་ཅན་སྔོན་མོ་ལོངས་སྤྱོད་རྫོགས་པའི་སྐུ༔ རིན་ཆེན་རྒྱན་རྫོགས་རལ་གྲི་པོ་ཏི་བསྣམས༔ ཐུགས་ཀར་རལ་གྲི་སོར་བཞི་ཧྲཱིཿདམར་མཚན༔ ཡབ་ཡུམ་གནས་གསུམ་སྔགས་ཀྱི་འཁོར་ལོ་ལས༔ འོད་འཕྲོས་རང་བཞིན་དག་པའི་གནས་མཆོག་ནས༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནན་དུ་བསྟིམ༔ རྒྱལ་བ་སྲས་བཅས་བདེན་གྲུབ་བློ་ཡུལ་གྱི༔ ཤེས་རབ་བློ་ལྡན་མཐོང་ཐོས་མ་ལུས་ཀུན༔ དངོས་བྱོན་རང་གི་བློ་མུན་ཀུན་བསལ་ནས༔ ཤེས་རབ་སྤོབས་པའི་བློ་གྲོས་སྣང་བ་ནི༔ རབ་རྒྱས་འཆད་རྩོད་རྩོམ་པའི་བློ་གྲོས་མཆོག་ཐོབ་བསམ༔ རིལ་བུ་དག་ལ་སྒོ་གསུམ་རྩེ་གཅིག་གཏད༔ ཐེ་ཚོམ་གཉིས་འཛིན་དང་བྲལ་རྩེ་གཅིག་ཏུ༔ བློ་མུན་ཀུན་བསལ་གསང་སྔགས་རྒྱལ་པོ་མཆོག༔ སྨྲ་བཅད་མི་ཚིག་གིས་ནི་བར་མ་ཆོད༔ གསང་སྔགས་རྒྱལ་པོ་ཆུ་རྒྱུན་ཇི་བཞིན་བཟླ༔ ཨོཾ་ཧྲཱིཿདྷཱིཿམ་མེ་དི་བཾ་མཉྫུ་ཤྲཱི་མུཾ་ཧྲཱིཿཔྲ་ཛྙཱ་བརྡྷ་ནི་ཧྲཱིཿདྷཱིཿསྭཱ་ཧཱ༔ དེ་ལྟར་བསྒྲུབས་པས་རྟགས་ནི་རབ་འབྲིང་གསུམ༔ རབ་ཀྱིས་རིལ་བུ་རྒྱལ་ཆེན་བཞིར་མཐོང་ཞིང༔ ཤེས་རབ་མགོན་པོ་འཇམ་པའི་དབྱངས་དང་མཉམ༔ དབྱངས་ཅན་མ་མཐོང་སངས་རྒྱས་ཞིང་ཀུན་བགྲོད༔ ཉི་ཟླ་ཤར་མཐོང་མངོན་ཤེས་དུ་མ་ལྡན༔ འབྲིང་གིས་རིལ་བུ་སྒྲ་དང་འོད་མཐོང་ན༔ སྒྲ་དང་སྙན་དངགས་ཀུན་ལ་མཁས་པ་དང༔ བསྟན་བཅོས་གཞུང་ལུགས་རྩོམ་ལ་ཐོགས་མེད་འབྱུང༔ ཐ་མས་ཉམས་སྣང་རྨི་ལམ་དག་ཏུ་ཡང༔ མེ་ཏོག་སྔོན་པོ་ཐུ་དང་ཞིང་རྨོ་དང༔ སྣག་ཚྭ་འཐུང་དང་ཉམས་དགའ་བྲིས་ཀློག་འདོན༔ གླེགས་བམ་རྙེད་དང་མཚོན་ཆ་ངར་ལྡན་རྣམས༔ རྙེད་རྨིས་ཤེས་རབ་བློ་གྲོས་མཆོག་ཏུ་རྒྱས༔ མི་བརྗེད་གཟུངས་ཐོབ་ཡང་དག་དོན་ལ་མཁས༔ དངོས་གྲུབ་དམ་པ་མཆོག་ཐོབ་ཐེ་ཚོམ་མེད༔ འཇམ་མགོན་ཡབ་ཡུམ་སངས་རྒྱས་བྱང་སེམས་དང༔ པཎ་གྲུབ་འཕགས་པའི་ཚོགས་ཀུན་འོད་ཞུ་ནས༔ དབྱེར་མེད་ཐིམ་བསམ་དགུག་བསྟིམ་ནན་དུ་བྱ༔ སྐར་མ་རྒྱལ་དང་ཕུར་བུ་འཛོམ་པའི་ཚེ༔ ཐོ་རངས་ཞག་ནི་ཉེར་གཅིག་རིལ་བུ་རེ༔ ཟོས་པས་ཤེས་རབ་མཆོག་ཐོབ་ཐེ་ཚོམ་མེད༔ རང་གི་བཟའ་བཏུང་གང་བྱས་ཕུད་ཀྱིས་ནི༔ འཇམ་མགོན་ཡབ་ཡུམ་རྟག་ཏུ་མཆོད་པར་གཅེས༔ བླ་མ་ལ་གུས་འགྲོ་ལ་སྙིང་རྗེ་བསྐྱེད༔ བླ་མ་འཇམ་མགོན་ཡབ་ཡུམ་གཉིས་མེད་ལ༔ རྟག་ཏུ་མོས་གུས་གདུང་བས་གསོལ་བ་གདབ༔ དམ་ཚིག་སེལ་མེད་དག་སྣང་མཆོག་ཏུ་གཅེས༔ ལས་འཕྲོ་དང་ལྡན་རབ་ཀྱིས་ཉིན་གཅིག་འགྲུབ༔ སྐལ་ལྡན་འབྲིང་གིས་གཉིས་ཀྱིས་ངེས་འགྲུབ་ཅིང༔ ཐ་མས་གསུམ་གྱིས་ཐེ་ཚོམ་མེད་པར་འགྲུབ༔ བླ་མ་འཇམ་མགོན་ཡབ་ཡུམ་གུས་བཏུད་ནས༔ ཤེས་རབ་མཆོག་ཐོབ་མཁའ་སྤྱོད་འགྲུབ་པའི་རྫས༔ མང་དུ་མ་སྤེལ་སྙིང་གི་ག་འུར་ཆོངས༔ མ་འོངས་ང་སྤྲུལ་བུ་ཡིས་སྙིང་ནོར་མཛོད༔ གདུང་འཛིན་སྐྱེས་ཆེན་རྣམས་ཀྱི་ལྷ་མཆོག་ཡིན༔ ལྷ་སྐལ་དང་བླངས་དངོས་གྲུབ་ཚེ་འདིར་འགྲུབ༔ མ་འོངས་ང་ཡི་ཐུགས་སྲས་གདུང་འཛིན་པའི༔ གདུང་རབས་ཉི་ཤུ་རྩ་ལྔ་ཡན་ཆད་དུ༔ སྐལ་ལྡན་གདུང་འཛིན་སྐྱེས་ཆེན་ཐམས་ཅད་ཀུན༔ བསླབ་མི་དགོས་ཏེ་བློ་གྲོས་ཀློང་ཡངས་འཕེལ༔ སྒྲུབ་མི་དགོས་ཏེ་བསྟན་སྲུང་བྲན་དུ་ཁོལ༔ རྦད་མི་དགོས་ཏེ་དགྲ་གདོན་ཤུགས་ཀྱིས་འདུལ༔ མཁྱེན་བརྩེ་ནུས་པས་འགྲོ་ཀུན་ཐབས་ཀྱིས་སྐྱོང༔ ཁྱི་ཕག་ལྟ་བུའི་སྤྱོད་པ་བྱས་གྱུར་ཀྱང༔ འཇམ་མགོན་པད་འབྱུང་བདག་དང་དབྱེར་མེད་གྱུར༔ རྒྱལ་ཀུན་ཕྲིན་ལས་ཀུན་འགྲུབ་གདུང་རབས་འཕེལ༔ བཀའ་འདི་རྡོ་རྗེ་གཡུང་དྲུང་རྩལ་ལ་བཅོལ༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ སྐལ་ལྡན་ལས་ཅན་བུ་ལ་མྱུར་དུ་སྤྲོད༔ བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ མནྟྲ་གུ་ཧྱ་དྷ་ཐིམ༔ ༈ ཡི་དམ་དམར་ནག་འཇིགས་གསུམ་ལས༔ ཡིག་མེད་ཨུ་པ་དྷེ་ཤ༔ འཕགས་པ་འཇམ་དཔལ་གྱི་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་འཆི་བདག་བདུད་འཇོམས་བཞུགས་སོ༔ ྈྈྈྈྈྈ ན་མོ་མ་ཧཱ་གུ་རུ་ཨཱརྻ་ྃམཉྫུ་ཤྲཱི་ཨཱ་ཡུརྫྙཱ་ན་སིདྡྷི་ཧཱུྃ་ཧྲཱི༔ འཆི་བདག་བདུད་འཇོམས་འཇིགས་བྲལ་ཚེ་ཡི་ལྷ༔ འཇམ་མགོན་ཚེ་བདག་དམར་པོའི་སྐུ་ལ་འདུད༔ འཇམ་མགོན་ཚེ་བདག་འོད་འབར་ཐོད་ཕྲེང་ངས༔ མ་འོངས་སྐལ་ལྡན་བུ་ཡི་དོན་ཕྱིར་དུ༔ འཆི་མེད་བཅུད་དྲིལ་སྙིང་གི་ཐིག་ལེ་འདི༔ ད་ལྟ་མཚོ་རྒྱལ་འབྲོག་བན་གཉིས་ལ་གདམས༔ སྤེལ་བའི་གནས་མེད་རིན་ཆེན་བྲག་ཏུ་སྦོས༔ མ་འོངས་སྙིང་གི་བུ་དང་འཕྲད་པར་ཤོག༔ བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ དབེན་ཞིང་ཉམས་དགའ་ཡིད་འོང་གནས་མཆོག་ཏུ༔ སྒྲུབ་ཁང་གང་ལེགས་ཡིད་འོང་རྒྱན་ལྡན་དབུས༔ རྒྱས་པའི་ཕྱོགས་ནས་ས་བླངས་སྟེགས་བུ་ནི༔ མདའ་གང་གྲུ་བཞི་དྲི་བཟང་་་སྦྲང་ཆང་ཚ་ཡི་ཁཎྜས།་་་ཆག་ཆག་གདབ༔ དེ་ལ་རྩིབས་བརྒྱད་་་སེར་པོ།་་་རྡོར་ར་མེ་རི་དང༔ དལ་དབུས་མཉྫིའི་ཁྲི་ཁར་ཚེ་གཏོར་ནི༔ བཅུད་ལྔའི་དཔལ་གཏོར་རཏྣ་འབར་བའི་དབྱིབས༔ རི་རབ་པདྨ་འབར་བས་ལེགས་བརྒྱན་སྟེང༔ ལྕགས་ཀྱུ་ཧཱུྃ་གིས་མཚན་པ་མཛེས་ལྡན་བཤམ༔ སྟེང་དུ་དར་ཟབ་དྲི་མེད་མཛེས་གུར་ཕུབ༔ ཤར་དུ་ཚེ་རྟེན་རྡོ་རྗེ་མདའ་རྒོད་གས་ཆག་མེད་པ་གཙོ༔ ལྷོ་རུ་སྲོག་རྟེན་མདའ་རྒོད་སྒྲོ་ལེ་བརྒན་ཁ་གྲུ་མདོག་མ་ཉམས༔ ནུབ་ཏུ་སྲོག་ལུས་དབང་ཐང་རྟེན༔ གསེར་གྱི་གཡུང་དྲུང་བུམ་པ་མཚན་ལྡན་ལ༔ ལེ་བརྒན་མགུལ་ཆིངས་ལྗོན་ཤིང་རྩེ་མ་ཉམས༔ ལོ་འདབ་རྒྱུན་གནས་འབྲས་ཅན་ཁ་རྒྱན་དང༔ ཁ་ཕོར་རང་རང་གཟུངས་ཀྱི་རྡོ་རྗེས་བརྒྱན༔ རྒྱུན་འབབ་གཙང་ཆུས་བུམ་པ་སུམ་ཆ་བཀང༔ འབྲུ་བཅུད་རྩི་བཅུད་མེ་ཏོག་ཤིང་བཅུད་དང༔ གཡུ་འབྲུག་ཚེ་ཡི་སྤྱི་ལྟར་ཁན་དྷ་བུམ༔ བྱང་དུ་འཆི་མེད་ཚེ་ཡི་དངོས་གྲུབ་རྟེན༔ བཀྲ་ཤིས་མཚན་ལྡན་བྷནྡྷ་ཆང་གིས་བཀང༔ ཤར་དུ་བླ་མ་ལྷ་ོརུ་ཡི་དམ་དང༔ ནུབ་ཏུ་མཁའ་འགྲོ་བྱང་དུ་བསྟན་སྲུང་དང༔ ནོར་ལྷ་བཀའ་སྲུང་གཏོར་མ་གང་བདེར་བཤམ༔ མཚམས་བཞིར་ཚེ་ཟན་ཚེ་རིལ་ཚེ་ཡི་འབྲང་རྒྱས་དང༔ སྨན་གཏོར་རཀྟ་ཕྱི་ནང་གསང་མཆོད་དང༔ བག་དྲོ་བརྗིད་ལྡན་ཡིད་འོང་དང་འདྲེན་བཤམ༔ བླ་མ་ཡི་དམ་མཁའ་འགྲོའི་གཞུང་བསྲངས་ནས༔ སླར་ཡང་སྐྱབས་སེམས་ཅི་འགྲུབ་འབད་པའི་མཐར༔ མཚམས་བཅད་སྲུང་བའི་འཁོར་ལོ་བཅུ་ནན་དུ་བསྒོམ༔ དངོས་གཞི་ཕོ་བྲང་གཞལ་ཡས་ཁང་བསྐྱེད་པ་ནི༔ ཨོཾ་མ་ཧཱ་ཤཱུ་ཛྙཱ་ཏཱ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ གཟུང་འཛིན་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་རི་རབ་མཉམ་པའི་ལྟེ་བར༔ བྷྲཱུྃ༔ ལས་གཞལ་མེད་ཀྱི་ཁང་ཆེན་པོའི་དབུས་སུ་འཇིགས་མེད་སྣ་ཚོགས་རྡོ་རྗེས་བཏེགས་པའི་འཇིགས་མེད་དབང་ཆེན་སེང་གེའི་ཁྲི༔ པདྨ་ཉི་མའི་གདན་གྱི་སྟེང་དུ༔ རང་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ༔ ཧཱུྃ་དམར་གསལ་རྒྱ་མཚལ་གྱི་ཐིག་པ་ལྟ་བུ་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས༔ སྣང་སྲིད་འཁོར་འདས་གཉིས་སྣང་གིས་བསྡུས་པའི་ལྷ་འདྲེ་མི་གསུམ་ཚེ་སྲོག་གི་དྭངས་མ་ཐམས་ཅད་བསྡུས་ཧཱུྃ་ལ་ཐིམ༔ ཧཱུྃ་ཡོངས་སུ་གྱུར་པ་ལས་ཚེ་ཡི་བདག་པོ་འཕགས་པ་འཇམ་དཔལ་སྐུ་མདོག་དམར་གསལ་ཞལ་གཅིག་ཕྱག་གཉིས་པ༔ སྤྱན་གསུམ་ཞི་མ་ཁྲོ་ཞལ་འཛུམ་བག་དང་ལྡན་པ༔ དབུ་སྐྲ་དམར་སེར་ཟུར་ཕུད་གྱེན་དུ་སྒྲེང་ཞིང་ཟར་བུ་མཐུར་དུ་འཕྱང་བ༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ༔ རལ་པའི་གཙུག་ཏུ་མགོན་པོ་ཚེ་དཔག་ཏུ་མེད་པ་བཅུ་དྲུག་ལོན་པའི་ལོ་ཚོད་ཅན༔ གཟི་བྱིན་འོད་ཕུང་དང་ལྡན་པ༔ ཕྱག་མཉམ་གཞག་གི་སྟེང་དུ་འཆི་བ་མེད་པའི་ཚེ་བཅུད་ཀྱིས་བཀང་བའི་གསེར་གྱི་བུམ་པ་བསྣམས་པ༔ ཕྱག་གཡས་པས་ཚེ་འགུགས་ཤིང་བརྟན་པའི་བརྡར་ལྕགས་ཀྱུ་དང་རྡོ་རྗེ་བསྣམས་པ༔ གཡོན་པ་མཉམ་གཞག་གི་སྟེང་ན་འཆི་བ་མེད་པའི་ཚེ་བཅུད་ཡེ་ཤེས་ཀྱིས་གང་བའི་བུམ་པ་བསྣམས་པ༔ དར་དང་རུས་པ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ༔ འཇའ་ཐིག་དང་འོད་ཕུང་འབར་བའི་ཀློང་དུ་གཟི་བྱིན་འོད་ཕུང་འབར་བའི་སྐུར་གྱུར༔ རང་ཡི་དམ་དུ་གསལ་བའི་ཁྲི་འོག་ཏུ༔ འཆི་བདག་གི་བདུད་བཞི་ལ་སོགས་པ་ཚེ་དང་སྲོག་ལ་བར་དུ་གཅོད་པར་བྱེད་པའི་འགོང་པོ་རྒྱལ་བསེན་ཐམས་ཅད་མནན་པ༔ རང་ཡི་དམ་དུ་གསལ་བའི་མདུན་དུ་དཀྱིལ་འཁོར་གྱི་དབུས་སུ༔ རིན་པོ་ཆེ་ཤེལ་ལས་གྲུབ་པའི་སྐུ་གདུང་འོད་རབ་ཏུ་འབར་ཞིང༔ རི་རབ་ལས་ཀྱང་དཔག་མཐའ་ཡས་པ་བུམ་པའི་དབུས་སུ་འཁོར་ལོ་སྔོན་པོ་རྩིབས་བརྒྱད་པའི་དབུས་སུ༔ སྔར་སྨོས་བཞིན་སྣ་ཚོགས་རྡོ་རྗེའི་ཁྲིར་འཕགས་པ་འཇམ་དཔལ་ཚེ་དཔག་མེད༔ གོང་བཞིན་ནོ༔ ཤར་དུ་སངས་རྒྱས་སྤྱན་མ༔ ལྷོར་མཱ་མ་ཀི༔ ནུབ་ཏུ་གོས་དཀར་མོ༔ བྱང་དུ་དམ་ཚིག་སྒྲོལ་མ༔ ཤར་ལྷོར་རྒྱས་བྱེད་མ༔ ལྷོ་ནུབ་ཏུ་བརྟན་བྱེད་མ༔ ནུབ་བྱང་དུ་འཕེལ་བྱེད་མ༔ བྱང་ཤར་དུ་ལོ་འདབ་མ༔ དེ་དག་ཐམས་ཅད་ཀྱང་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ༔ སྐུ་མདོག་སྣ་ཚོགས་བཞེངས་ནས་ཕྱག་གཡས་པས་ཚེ་འགུགས་པར་བྱེད་པའི་ལྕགས་ཀྱུ་དམར་པོས་ལྷ་འདྲེ་མི་གསུམ་གྱི་ཚེ་སྲོག་གི་དྭངས་མ་ཐམས་ཅད་བཀུག་ནས༔ ཕྱག་གཡོན་པས་ཚེ་ཡི་བུམ་པ་འཛིན་པའི་ནང་དུ་བླུགས་པས༔ བུམ་པ་རྣམས་ཀྱང་ཚེའི་བདུད་རྩིས་ཁེངས་ཤིང༔ བུམ་མཆུ་ནས་ངང་ལྷུད་བྱུང་བར་བསམ༔ དེ་ཡི་ཕྱི་རིམ་ལ༔ ཤར་དུ་རྡོ་རྗེ་གཏུམ་པོ་སྔོན་པོ༔ གཡས་རྒྱ་གྲམ་གཡོན་ལྕགས་ཀྱུ་བསྣམས་པ༔ ལྷོར་གཤིན་རྗེ་གཤེད་སེར་ནག་གཡས་ཐོད་དབྱུག་གཡོན་ཞགས་པ་བསྣམས་པ༔ ནུབ་ཏུ་པདྨ་མཐར་བྱེད་དམར་གསལ་གཡས་རལ་གྲི་གཡོན་ལྕགས་སྒྲོག་བསྣམས་པ༔ སྤྱི་གཙུག་རལ་གསེབ་ནས་རྟ་མགོ་ལྗང་ཞུར་རྔམ་སྒྲ་སྒྲོག་པ༔ བྱང་དུ་སྨེ་བ་བརྩེགས་པ་ལྗང་ནག་གཡས་རྒྱ་གྲམ་དང་གཡོན་བུམ་པ་བསྣམས་པ༔ ཐམས་ཅད་ཀྱང་ཁྲོ་བོའི་དཔལ་ཆས་ཐམས་ཅད་ཡོངས་སུ་རྫོགས་པ་ཞབས་རྣམས་འདོར་ཐབས་སུ་བགྲད་པས་ཚེ་སྲོག་ལ་བར་དུ་གཅོད་པར་བྱེད་པའི་དགྲ་གདོན་བགེགས་ཚོགས་ཆུང་སྲི་ཕོ་མོ་ཐམས་ཅད་མནན་པ༔ ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་ཀློང་དུ་བརྗིད་པའོ༔ ཤར་གྱི་ཚེ་ཡི་རྟེན་རྡོ་རྗེ་དེ་ཉིད་གསེར་གྱི་རྡོ་རྗེ་བྲག་རི་ལྟར་སྲ་ལ་བརྟན་པ༔ ལྷོ་ཡི་མདའ་སྲོག་གི་རྟེན་དཔག་བསམ་ལྗོན་ཤིང་ཡལ་ག་ལོ་འདབ་རྒྱས་ཤིང་མེ་ཏོག་དང་འབྲས་བུས་བརྒྱན་པ༔ ནུབ་ཀྱི་བུམ་པ་དེ་ཉིད་ཅི་འདོད་ཐམས་ཅད་འབྱུང་བ་འཆི་བ་མེད་པའི་ཚེ་སྲོག་གི་རྟེན་ཚེ་བཅུད་གཏེར་གྱི་བུམ་པ༔ གསེར་གྱི་གཡུང་དྲུང་དགའ་བ་འཁྱིལ་པ་དེ་ཉིད་ཚེ་སྲོག་འགྱུར་བ་མེད་པ་བླ་སྲོག་གི་རྟེན་ཅིས་ཀྱང་མི་ཆོད་པ་མི་ཤིགས་པ་བརྟན་པ༔ རབ་ཏུ་སྲ་བ་རྡོ་རྗེ་ཕ་ལམ་ལྟ་བུར་གྱུར༔ བྱང་གི་བྷནྡྷ་ཆང་གིས་གང་བ་དེ་ཉིད་ཚེ་སྲོག་འཇིགས་བྲལ་བྲི་གང་དང་བྲལ་བ༔ འཆི་བ་མེད་པའི་བཅུད་མཆོག༔ ནད་གདོན་བགེགས་ཐམས་ཅད་གཞོམ་པའི་པཉྩ་ཡ་ན་གྷུ་ཡ་དམ་པར་གྱུར༔ དེ་དག་གི་མཁའ་ལ་རིག་འཛིན་པདྨ་འབྱུང་གནས་ལ་སོགས་རིག་འཛིན་དྲང་སྲོང་རྒྱལ་བ་རྒྱ་མཚོ་ལ་སོགས་ཉི་རྡུལ་འཁྲིགས་པ་ལྟ་བུར་བཞུགས་ཤིང་འཆི་མེད་ཚེ་ཡི་དབང་མཆོག་བསྐུར་ཞིང༔ ཚེ་རྟེན་རྡོ་རྗེའི་སྐུར་བྱིན་གྱིས་བརླབས་པར་བསམ༔ དེ་ཡི་ཕྱི་རིམ་དུ་ཁྲོ་བོ་དང་ཁྲོ་མོའི་ཚོགས་དཔག་ཏུ་མེད་པ་རྣམས་ཀྱིས་ཞལ་ཕྱིར་གྱུ་ནས༔ ཚེ་དང་སྲོག་ལ་བར་དུ་གཅོད་པར་བྱེད་པའི་རྒྱལ་བསེན་དམ་སྲི་སྲིད་རྐུན་ཕོ་མོ་རྣམས་ཀྱི་གཟུགས་ཕུང་ཕྲལ་ཞིང་གསོད་གཅོད་ཀྱི་ལས་ལ་བརྩོན་པར་གྱུར༔ དེའི་ཕྱི་རོལ་དུ་རྡོ་རྗེ་བྲག་རིའི་ར་བ༔ སྲ་ལ་བརྟན་པ་ཀུན་ལྡན་དུ་འགྱར་འགྱུར་མེད་པ་རྡོ་རྗེ་ཕ་ལམ་ལྟ་བུར་གྱུར༔ དེའི་ཕྱི་རིམ་དུ་ཡེ་ཤེས་ཀྱི་མེ་ཁ་དོག་ལྔ་རབ་ཏུ་འབར་བའི་གུར་ཁང་ཆེན་པོར་གྱུར༔ དེ་ལྟར་གསལ་བའི་ལྷ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ༔ མགྲིན་པར་ཨཱཿལས་པདྨ་དམར་པོ་ཨཱཿཡིས་མཚན་པ༔ ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ༔ གཙོ་བོའི་ཐུགས་ཀར་ཡ་ལས་བེ་ཅོན་དམར་པོ་ཧཱུྃ་གིས་མཚན་པ༔ འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཡེ་ཤེས་སེམས་དཔའི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས༔ ཕྱི་ནང་གསང་བས་མཆོད༔ ཛཿཧཱུྃ་བཾ་ཧོ༔ གཉིས་སུ་མེད་པར་གྱུར༔ པདྨ་ཀ་མ་ལཱ་ཡ་སཏྭཾ༔ ན་མོ་པུ་རུ་ཤ་ཡ་ཧོ༔ བདག་བསྐྱེད་ཀྱི་ཐུགས་ཀར་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ༔ ཧཱུྃ་དམར་པོའི་མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར་བར་དམིགས་ལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿམ་ཧཱ་གུ་རུ་ཨཱརྻ་མཉྫུ་ཤྲཱི་ཡ་མཱནྟ་ཀ༔ མ་མྨ་ཨཾ༔ ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་པུཎྱེ་སྭཱ་ཧཱ༔ རང་གི་སྙིང་གའི་ཧཱུྃ་ཁོག་ཏུ་རང་དང་བསྒྲུབ་བྱའི་ཚེ་སྲོག་ཧྲཱིཿདམར་པོ་གསལ་འཚེར་འོད་ཕུང་དང་ལྡན་པར་བསྒོམ༔ གཡས་སྐོར་དུ་ཤེས་པ་གཏད༔ ངག་བརྗོད་དག་པར་བཟླ༔ སྔགས་ཀྱི་འོད་ཟེར་ཀྱི་ལི་ལི་འཁོར་བར་དམིགས༔ སྔ་དྲོ་ཐུན་གྱི་དང་པོ་འོ༔ གུང་ཐུན་གྱི་ཚེ༔ དལ་དབུས་ཀྱི་ཚེ་གཏོར་ནང་གི་ཤེལ་མཆོད་ཀྱི་ནང་དུ་འཇམ་དཔལ་ཚེ་དཔག་མེད་གཙོ་འཁོར་རྣམས་ལ་རང་བདག་བསྐྱེད་ཀྱི་ཧཱུྃ་ཡིག་ལས་འོད་ཟེར་ལྔ་ལྡན་འཕྲོས་པས༔ མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག་པས་མདུན་བསྐྱེད་དང་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ༔ རྩ་གསུམ་རིག་འཛིན་གྲུབ་པའི་ཚོགས་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ༔ དེ་དག་ཐུགས་རྗེ་ཡེ་ཤེས་ཀྱི་གཟི་བྱིན་རང་དང་བསྒྲུབ་བྱ་རྣམས་ལ་ཐིམ་པར་བསམ༔ རྩ་སྔགས་ཀྱི་ཤམ་དུ༔ རཱུ་པ་ཙིཏྟ་དྷེ་ཝཱི་མ་མ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་པུཎྱེ་སིདྡྷི་ཕ་ལ་པུཥྚིཾ་ཀུ་རུ་ཨཱ༔ ཞེས་བཟླས་པ་ཙམ་གྱིས་སྔགས་ཀྱི་འོད་ཟེར་རང་གི་གནས་གསུམ་བརྒྱུད་ཅིང་འཕྲོ་འདུའི་རླབས་ཀྱིས་འོད་ཟེར་ཕྱོགས་ཐམས་ཅད་དུ་འཕྲོས་པས༔ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཆོག་གསུམ་རྩ་གསུམ་ལྷ་དང་མི་དང༔ ལྷ་མ་ཡིན་ལ་སོགས་པའི་ཚེ་ཡི་ལྷ་མོར་གྱུར་པ་རྣམས་ཀྱིས་ཀྱང༔ བདག་གཞན་གང་གི་ཚེ་སྒྲུབ་པའི་སྟོངས་གྲོགས་དང་ཚེ་འཕེལ་བའི་སླད་དུ་འདོན་པར་བསམ་ལ་བཟླས་པ་ལ་འབད་པར་བྱའོ༔ སྲོད་ནས་བཟུང་སྟེ་ཕྱི་ཐུན་གྱི་ཆ་ལ་བབ་པའི་ཚེ༔ བདག་བསྐྱེད་ལྷ་ཡི་ཐུགས་ཀར་དམིགས་བྱའི་རྣམ་པར་ཤེས་པ་ནྲྀ་དམར་ལ་འཚེར་བ་གསལ་བར་བསྐྱེད་པ་དེ་ཉིད་ཀྱང་གཟི་མདངས་དང་བཀྲག་མདངས་ཕུན་སུམ་ཚོགས་པར་གྱུར༔ སྔགས་ཡིག་འབྲུ་རྣམས་ལས་ཀྱང་འོད་ཟེར་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས་ཤིང༔ ནྲྀ་ལ་ཐིམ་པས་བསྒྲུབ་བྱ་གང་ཡིན་པའི་ཚེ་དང་བསོད་ནམས་འཕེལ་བར་བསམ༔ ཚེ་ཡི་ལྷ་མོ་རྣམས་ཀྱི་ཐུགས་ཀ་ནས་རང་འདྲ་བའི་ལྷ་མོ་མང་པོ་འཕྲོས་པས༔ འཇིག་རྟེན་འདས་པ་དང་མ་འདས་པའི་ཚེ་བསོད་དཔལ་འབྱོར་གཟི་བརྗིད་ཐམས་ཅད་བཀུག་ནས༔ བྱིན་རླབས་ནུས་མཐུ་དངོས་གྲུབ་རྣམ་གཉིས་ལ་སོགས་པ་ཐམས་ཅད་བསྡུས་ནས་ནྲྀ་ལ་ཐིམ་པས་གཟི་བརྗིད་དང་ལྡན་པར་གྱུར༔ ཚེ་རྫས་རྣམས་ལ་ཐིམ་པས༔ དེ་དག་ཐམས་ཅད་བྱིན་རླབས་དང་ལྡན་པར་བསམ་ཞིང་ཚེ་འཛབ་ལ་འབད༔ ཚེ་འགུགས་པའི་ཆོ་ག་འདི་ཉིད་ནན་ཏན་གཅེས༔ ཧཱུྃ་ཧྲཱི༔ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ དུས་གསུམ་རྒྱལ་བ་རྒྱ་མཚོ་ཚེ་ཡི་ལྷ༔ མཚོ་སྐྱེས་རྡོ་རྗེ་རིག་འཛིན་ཚེ་དཔག་མེད༔ བདག་ཅག་དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ སྐུ་ཡི་རྡོ་རྗེ་འཇམ་མགོན་ཚེ་དཔག་མེད༔ རང་བཞིན་དབྱིངས་ན་བཞུགས་པའི་ཚེ་བདག་ཚོགས༔ རིག་འཛིན་ཚེ་ཡི་ལྷ་དང་མཁའ་འགྲོ་རྣམས༔ འཆི་མེད་ཚེ་ཡི་བཅུད་ཀྱིས་རབ་བཀང་ནས༔ ཕྱག་ན་ལྕགས་ཀྱུ་ཚེ་དར་བུམ་པ་བསྣམས༔ ཚེ་དང་ཡེ་ཤེས་སྒྲུབ་པའི་ལས་མཛད་རྣམས༔ བདག་ཅག་ཚེ་བསོད་དཔལ་འབྱོར་རྒྱས་པར་མཛོད༔ ཧཱུྃ་ཧྲཱི༔ བཅོམ་ལྡན་ཚེ་བདག་འཕགས་པ་འཇམ་པའི་དབྱངས༔ དཔལ་དང་གཟི་བྱིན་འོད་ཕུང་ཏ་ལ་ལ༔ དམར་གསལ་ཁྲོ་འཛུམ་ཞལ་གཅིག་ཕྱག་གཉིས་པ༔ ལོངས་སྤྱོད་རྒྱན་རྫོགས་ལྕགས་ཀྱུ་ཚེ་བུམ་བསྣམས༔ རལ་པ་ཟུར་ཕུད་འོད་དཔག་མེད་པས་བརྒྱན༔ འཇིགས་བྲལ་ཁྲི་ལ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཁྱོད་ནི་རྒྱལ་བ་རིག་འཛིན་ཚེ་ཡི་ལྷ༔ འཇིགས་བྲལ་ཚེ་དབང་གཟི་བྱིན་དངོས་གྲུབ་ཞུ༔ ཧཱུྃ་ཧྲཱི༔ སྟེང་འོག་ཕྱོགས་མཚམས་མ་ལུས་ཐམས་ཅད་ནས༔ ཚེ་སྲིད་ཕྱྭ་གཡང་དཔལ་འབྱོར་དབང་སྡུས་ལ༔ འགྱུར་མེད་ཚེ་ཡི་གཡུང་དྲུང་རབ་རྒྱས་ནས༔ ཚེ་བསོད་རྟག་བརྟན་རྒྱས་པའི་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ ཁྱོད་ཀྱི་སྤྲུལ་པ་ཚེ་སྲོག་འགུགས་མཛད་མ༔ སྤྱན་མ་མཱ་ཀི་གོས་དཀར་དམ་ཚིག་སྒྲོལ༔ རྒྱས་བྱེད་མ་དང་བརྟན་བྱེད་འཕེལ་བྱེད་མ༔ བདུད་རྩི་ལོ་འདབ་མ་སོགས་ཚེ་འགུགས་མ༔ གར་སྟབས་རྣམ་འགྱུར་ལོངས་སྤྱོད་རྒྱན་རྫོགས་མ༔ ཚེ་སྲོག་འགུགས་བྱེད་ལྕགས་ཀྱུ་བུམ་པ་འཛིན༔ ཕྱོགས་བཅུའི་གནས་ནས་ཕྱྭ་གཡང་དཔལ་ཁུག་ཅིག༔ ཧཱུྃ་ཧྲཱི༔ ཕྱོགས་བཅུ་དུས་གསུམ་བདེ་གཤེགས་ཚེ་ཡི་ལྷ༔ སྤྲུལ་དང་ཡང་སྤྲུལ་ཕོ་ཉ་གློག་ལྟར་འཁྱུག༔ ལོངས་སྤྱོད་རྒྱན་རྫོགས་ལྕགས་ཀྱུ་ཚེ་བུམ་འཛིན༔ བླ་ཚེ་སྲོག་དབུགས་ཆད་མཐུད་ཉམས་པ་གསོས༔ ཚེ་རྫས་རྣམས་ལ་བཅུད་ཆེན་ཕབ་ཏུ་གསོལ༔ ཚེ་རྟེན་རྣམས་ལ་གཟི་བྱིན་བསྐྱེད་དུ་གསོལ༔ ཚེ་གཡང་རིགས་རྒྱུད་དཔལ་སྐྱེད་དངོས་གྲུབ་སྩོལ༔ གཞན་ཡང་དཀྱིལ་འཁོར་སྒོ་བཞིའི་ཕྱོགས་གནས་པའི༔ བདུད་འདུལ་སྟོབས་ཆེན་ཁྲོ་མཆོག་རྣམ་པ་བཞི༔ འཇམ་དཔལ་ཚེ་ཡི་ལྷ་ཚོགས་ཐམས་ཅད་ཀུན༔ བདག་དང་འགྲོ་བ་ཐུགས་རྗེས་བརྩེར་དགོངས་ཕྱིར༔ རང་རང་རྒྱན་རྫོགས་ལྕགས་ཀྱུ་བུམ་པ་འཛིན༔ སྒྲུབ་མཆོག་རྣལ་འབྱོར་མཆེད་ལྕམ་འཁོར་བཅས་ཀྱི༔ ཚེ་སྲོག་ཆད་པ་མཐུད་ལ་ཡར་བ་ཁུག༔ གས་པ་སྦྱོར་ལ་ཉམས་པ་ཐམས་ཅད་གསོས༔ འོད་ཟེར་དཀར་ལ་འཚེར་ཞིང་སྣུམ་ལ་འགྲིལ༔ སྤྱི་བོའི་གཙུག་ནས་ལུས་ལ་སིབ་སིབ་ཐིམ༔ སྐྱེ་འཆིའི་འཇིགས་བྲལ་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཤྲཱི་མཉྫུ་པུཎྱེ་ཡ་མཱནྟ་ཀ༔ མ་མ་ཨ་པ་རི་མི་ཏ་ཨཱ་ཡུཿཔུཎྱེ་སྭཱ་ཧཱ༔ རཱུ་པ་ཙིཏྟ་དྷེ་ཝཱི་མ་མ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་པུཎྱེ་སིདྡྷི་ཕ་ལ་པུཥྚིཾ་ཀུ་རུ་ཨོཾ༔ ཛཿཧཱུྃ་བཾ་ཧོ༔ ཞེས་ནྲྀ་དང་ཚེ་རྟེན་རྣམས་ལ་རིམ་པར་བསྟིམ༔ ཐུན་བར་རྣམས་སུ་སྨན་རག་གཏོར་མ་སོགས་ཕྱི་ནང་གསང་བས་མཆོད༔ འཇམ་དཔལ་ཚེ་ཡི་ལྷ་ཚོགས་རྣམས་ལ་བསྟོད་པ་ནི༔ ཧཱུྃ་ཧྲཱི༔ ཀ་དག་བརྡལ་ཁྱབ་ཀློང་ཡངས་ཕོ་བྲང་ནས༔ རྒྱལ་ཀུན་དབང་ཕྱུག་མི་ཟད་དཔལ་འབར་མ༔ བླ་མ་ཀུན་བཟང་འཇམ་དཔལ་པདྨ་འབྱུང༔ བླ་མ་ཚེ་དཔག་མེད་མགོན་སྐུ་ལ་བསྟོད༔ ཧཱུྃ་ཧྲཱི༔ འགྲོ་ཀུན་ཚེ་བདག་འཇམ་དཔལ་དམར་པོའི་སྐུ༔ དམར་གསལ་མདངས་ལྡན་ཞི་ཁྲོ་སྤེལ་མའི་ཞལ༔ འཆི་བདག་བདུད་བཅོམ་དཔའ་བོ་ཧེ་རུ་ཀ༔ འཇམ་དཔལ་ཚེ་བདག་དམར་པོའི་སྐུ་ལ་བསྟོད༔ རྫོགས་སྐུ་དྲི་བྲལ་གསང་བ་ཚེ་བུམ་འཛིན༔ འགྱུར་མེད་རྟག་བརྟན་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ དར་ཟབ་རཏྣ་རུས་པའི་རྒྱན་དྲུག་མཛེས༔ བླ་མ་འཇམ་མགོན་ཚེ་ཡི་ལྷ་ལ་བསྟོད༔ ཕྱོགས་བཞིར་བཞུགས་མཛད་ཚེ་ཡི་ལྷ་མོ་བཞི༔ སངས་རྒྱས་སྤྱན་དང་མཱ་མ་ཀི་དང་ནི༔ གོས་དཀར་དམ་ཚིག་སྒྲོལ་མ་བཞི་པོ་ཡང༔ ཚེ་དབང་གྲུབ་པར་མཛད་ལ་ཕྱག་འཚལ་བསྟོད༔ མཚམས་བཞིར་གནས་མཛད་སྤྲུལ་པའི་ལྷ་མོ་བཞི༔ རྒྱས་བྱེད་བརྟན་བྱེད་འཕེལ་བྱེད་ལོ་འདབ་མ༔ རྡོ་རྗེ་ཚེ་དབང་སྒྲུབ་མཛད་ལྷ་མོ་སྟེ༔ ཡེ་ཤེས་དཔལ་འབར་མ་ལ་ཕྱག་འཚལ་བསྟོད༔ འཆི་བདག་བདུད་བཅོམ་ཁྲོ་ཆེན་སྒོ་བ་བཞི༔ གཞན་ཡང་ཡེ་ཤེས་སྤྱན་མངའ་ཚེ་ཡི་ལྷ༔ ཐུགས་རྗེའི་ཀློང་ནས་བདུད་རྩིའི་ཚེ་ཆར་འབེབས༔ ཞི་རྒྱས་དབང་སོགས་ལས་ཀྱི་ཕྲིན་ལས་མཛད༔ རྒྱལ་བ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ བདག་དང་རྒྱུ་སྦྱོར་འཁོར་དང་བཅས་རྣམས་ཀྱི༔ ཚེ་དབང་ལོངས་སྤྱོད་དཔལ་འབྱོར་བསྐྱེད་དུ་གསོལ༔ འདོད་པའི་དོན་ཀུན་མྱུར་དུ་འགྲུབ་པ་དང༔ བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ དེ་ལྟར་ཚུལ་བཞིན་བསྒྲུབས་པ་ཡིས༔ ཚེ་འཕེལ་དངོས་གྲུབ་རྟགས་མཚན་འདི་ལྟར་འབྱུང༔ རབ་ནི་ཚེ་ཡི་ལྷ་ཚོགས་ཞལ་མཇལ་ཞིང༔ འོད་དང་དྲི་བཟང་རོལ་མོའི་སྒྲ་རྣམས་འབྱུང༔ འབྲིང་ནི་ཉམས་དགའ་བག་དྲོ་རིག་པ་དྭངས༔ བྱིན་ཆགས་དབང་པོ་གསལ་བ་ལ་སོགས་འབྱུང༔ ཐ་མ་ཉི་ཟླ་ཤར་ཞིང་དངོས་སུ་ལྟས་རྣམས་འབྱུང༔ དེ་ལྟར་རྟགས་ཀྱི་རིམ་པ་བྱུང་བའི་ཚེ༔ ལྷ་ཚོགས་རྣམས་ལ་ཕྲིན་ལས་བསྐུལ་བ་ནི༔ ག་ཎའི་ལོངས་སྤྱོད་འབྱོར་ཚད་ལེགས་པར་བཤམ༔ དྲི་བསུང་བསྲེག་ཅིང་རོལ་མོ་སྣ་ཚོགས་ལྡིར༔ རྣལ་འབྱོར་ཕོ་མོ་ཆས་ལྡན་ལངས་ལ༔ ཚེ་ཡི་བསྐུལ་བ་ནི༔ ཧཱུྃ་ཧྲཱི༔ རང་བཞིན་གནས་ནས་ཚེ་བདག་འཁོར་དང་བཅས༔ བཅོམ་ལྡན་ཚེ་ཡི་བདག་པོ་གནད་ནས་བསྐུལ༔ རྡོ་རྗེ་ཚེ་དབང་གྲུབ་པའི་ཕྲིན་ལས་མཛོད༔ ཕྱོགས་མཚམས་ཀུན་ནས་ཚེ་ཡི་ལྷ་མོ་རྣམས༔ སོ་སོའི་གནས་ནས་ཐུགས་དམ་རྒྱུད་བསྐུལ་ན༔ རྡོ་རྗེ་ཚེ་དབང་གྲུབ་པའི་ཕྲིན་ལས་མཛོད༔ ཤར་ཕྱོགས་དྲི་ཟའི་ལག་ནས་ཚེ་ཁུག་ལ༔ ཚེ་བསོད་དཔལ་འབྱོར་རྒྱས་པའི་ཕྲིན་ལས་མཛོད༔ ལྷོ་ཕྱོགས་གཤིན་རྗེའི་ལག་ནས་ཚེ་ཁུག་ཅིག༔ ཚེ་བསོད་དཔལ་འབྱོར་རྒྱས་པའི་ཕྲིན་ལས་མཛོད༔ ནུབ་ཕྱོགས་ཆུ་ལྷའི་ལག་ནས་ཚེ་ཁུག་ཅིག༔ ཚེ་བསོད་དཔལ་འབྱོར་རྒྱས་པའི་ཕྲིན་ལས་མཛོད༔ བྱང་ཕྱོགས་གནོད་སྦྱིན་ལག་ནས་ཚེ་ཁུག་ལ༔ ཚེ་བསོད་དཔལ་འབྱོར་རྒྱས་པའི་ཕྲིན་ལས་མཛོད༔ ཤར་ལྷོ་དྲང་སྲོང་ལག་ནས་ཚེ་ཁུག་ཅིག༔ ཚེ་བསོད་དཔལ་འབྱོར་རྒྱས་པའི་ཕྲིན་ལས་མཛོད༔ ལྷོ་ནུབ་སྲིན་པོའི་ལག་ནས་ཚེ་ཁུག་ཅིག༔ ཚེ་བསོད་དཔལ་འབྱོར་རྒྱས་པའི་ཕྲིན་ལས་མཛོད༔ ནུབ་བྱང་རླུང་ལྷའི་ལག་ནས་ཚེ་ཁུག་ཅིག༔ ཚེ་བསོད་དཔལ་འབྱོར་རྒྱས་པའི་ཕྲིན་ལས་མཛོད༔ བྱང་ཤར་དབང་ལྡན་ལག་ནས་ཚེ་ཁུག་ཅིག༔ ཚེ་བསོད་དཔལ་འབྱོར་རྒྱས་པའི་ཕྲིན་ལས་མཛོད༔ སྟེང་ཕྱོགས་ཚངས་པའི་ལག་ནས་ཚེ་ཁུག་ཅིག༔ ཚེ་བསོད་དཔལ་འབྱོར་རྒྱས་པའི་ཕྲིན་ལས་མཛོད༔ འོག་ཕྱོགས་ས་བདག་ལག་ནས་ཚེ་ཁུག་ཅིག༔ ཚེ་བསོད་དཔལ་འབྱོར་རྒྱས་པའི་ཕྲིན་ལས་མཛོད༔ བདུད་དང་གཤིན་རྗེའི་ལག་ནས་ཚེ་ཁུག་ཅིག༔ ཚེ་བསོད་དཔལ་འབྱོར་རྒྱས་པའི་ཕྲིན་ལས་མཛོད༔ ལྷ་དང་དྲང་སྲོང་ལག་ནས་ཚེ་ཁུག་ཅིག༔ ཚེ་བསོད་དཔལ་འབྱོར་རྒྱས་པའི་ཕྲིན་ལས་མཛོད༔ ཚེ་སྒྲུབ་གཞན་རྣམས་སྐར་ཚོགས་དང་འདྲ་ཞིང༔ འདི་ནི་སྙིང་པོའི་ནང་ནས་ཉི་མ་འདྲ༔ དཔེར་ན་ལྕགས་འདུལ་གཉེན་པོར་ལྕགས་བཞིན་ནོ༔ འཆི་བདག་གཤིན་རྗེའི་གནོད་ཚོགས་འཇོམས་པའི་ཕྱིར༔ བླ་མ་འཇམ་མགོན་ཚེ་བདག་དམར་པོ་ཡི༔ གསང་སྒྲུབ་ཟབ་མོ་བདུད་བཞི་དཔུང་བཅོམ་འདི༔ གྲོགས་ཀྱི་དམ་པ་མཚོ་རྒྱལ་འབྲོག་བན་གཉིས་ལ་གདམས༔ ཉམས་སུ་ལོངས་ལ་ཡི་གེའི་རིས་སུ་ཐོབ༔ ད་ལྟ་སྤེལ་བའི་གནས་མེད་པས༔ འགྱུར་མེད་རིན་ཆེན་བྲག་ལ་གཏེར་དུ་སྦོས༔ མ་འོངས་རྩོད་ལྡན་དུས་ཀྱི་ཐ་མའི་དུས༔ ང་སྤྲུལ་སྙིང་གི་བུ་དང་འཕྲད་པར་ཤོག༔ བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ ༈ ཡི་དམ་དམར་ནག་འཇིགས་གསུམ་ལས༔ ཡིག་མེད་ཨུ་པ་དྷེ་ཤ༔ དབྱངས་ཅན་མ་དམར་མོའི་སྒྲུབ་པ༔ ཤེས་རབ་སྐྱེད་བྱེད་བློ་གྲོས་རབ་ཡངས་བཞུགས་སོ༔ ྈྈྈྈྈྈ བདག་འདྲ་འཇམ་མགོན་པདྨ་འབྱུང་གནས་ཀྱིས༔ བཤད་སྒྲུབ་བསྟན་པ་ནུབ་མེད་རབ་རྒྱས་ཕྱིར༔ མ་འོངས་སྐལ་ལྡན་བུ་ཡི་དོན་ཆེད་དུ༔ མ་རིག་རྨོངས་པའི་དྲི་ཚོགས་ཀུན་བཅོམ་ནས༔ བློ་གྲོས་ཤེས་རབ་སྣང་བ་རབ་རྒྱས་པའི༔ སྙིང་གི་གདམས་པ་བློ་གྲོས་སྒོ་འབྱེད་པའི༔ དབྱངས་ཅན་དམར་མོའི་གསང་སྒྲུབ་འདི་བཞིན་བསྟན༔ མ་འོངས་ང་སྤྲུལ་བུ་ཡིས་སྙིང་ནོར་མཛོད༔ བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ སྐར་མ་རྒྱལ་ཕུར་འཛོམ་པའི་དུས་བཟང་ལ༔ དབང་གི་ཕྱོགས་ནས་དམར་སེར་ས་བླངས་ནས༔ མ་རྡལ་གྲུ་བཞི་མདའ་གང་འཇམ་ལེགས་ལ༔ བཟང་དྲུག་སིནྡྷུ་དྲི་བཟང་ཆུ་གཙང་གིས༔ ཆག་ཆག་གདབ་ལ་པདྨ་འདབ་བརྒྱད་བྲི༔ དབུས་སུ་པད་ཉིའི་གདན་ལ་ཚོན་སྤུངས་དམར༔ ཕྱི་རོལ་འཇའ་འོད་མེ་དཔུང་རྡོར་རས་བསྐོར༔ རིན་ཆེན་བུམ་པ་ཚད་ལྡན་མགུལ་ཆིངས་དམར༔ བུ་མོ་རྡོ་རྗེའི་མདའ་མ་ཕོག་པ་ཡིས༔ རྒྱུན་འབབ་ཆུ་བླངས་བུམ་པ་སུམ་ཆ་བཀང༔ མེ་ཏོག་འབྲས་བུ་རྒྱས་པས་ཁ་རྒྱན་བྱ༔ དུང་ཆོས་གཟུངས་ཀྱི་རྡོ་རྗེས་སྤྱི་ལྟར་བརྒྱན༔ བུམ་རྫས་རིལ་བུའི་གཞུང་བཤད་ཇི་བཞིན་འཇུག༔ དལ་གྱི་དབུས་སུ་མཉྫིའི་ཁྲིའུའི་ཁར༔ བུམ་པ་པད་དམར་སྣོད་དུ་བཞུགས་སུ་གསོལ༔ དཔལ་གཏོར་རི་རབ་སུམ་བརྩེགས་པད་འབུམ་ལྡན༔ ལྕོགས་ཟླུམ་དམར་པོ་ཉི་ཟླ་ནོར་བུས་བརྒྱན༔ རྣམ་ལྔ་ལ་སོགས་མཆོད་རྫས་གང་འབྱོར་བཤམ༔ ཡོལ་བ་བླ་རེ་དབྱངས་ཅན་སྐུ་རྟེན་རྣམས༔ བག་དྲོ་ལྷུན་ཆགས་གཟི་བརྗིད་ལྡན་པར་བཤམ༔ དེ་ནས་རྣལ་འབྱོར་གདན་དམར་སྟེང་འདུག་ལ༔ ལུས་ལ་ཁྲུས་གསོལ་དྲི་བཟང་ཆུ་ཡིས་བྱུགས༔ སྐྱབས་འགྲོ་སེམས་བསྐྱེད་སྟོང་ཉིད་སྙིང་རྗེ་བསྒོམ༔ སྭ་བྷཱ་བས་སྦྱང་སྟོང་པའི་ངང་ཉིད་ལས༔ པཾ་ལས་པདྨ་དཀར་དམར་འབུམ་ལྡན་དབུས༔ དེ་སྟེང་ཨ་ལས་ཉ་རྒྱས་ཟླ་བའི་དབུས༔ རང་རིག་ངོ་བོ་ཧྲཱིཾཿདམར་འོད་དུ་འབར༔ འཕགས་པ་མཆོད་ཅིང་སེམས་ཅན་ཐམས་ཅད་ཀྱི༔ བློ་གྲོས་སྤོབས་པའི་སྣང་བ་རབ་རྒྱས་ནས༔ ཡེ་ཤེས་འོད་ཀྱི་ཀུན་གསལ་མེ་ལོང་གྱུར༔ དེ་ཉིད་འོད་ཞུ་རང་ཉིད་དབྱངས་ཅན་མ༔ སྐུ་མདོག་དམར་མོ་བྱེ་རུའི་ལྷུན་པོ་ལ༔ ཉི་མ་ཤར་བཞིན་འོད་ཟེར་དམར་པོ་ཡིས༔ འཁོར་འདས་སྣང་སྲིད་འོད་དམར་ཕུང་པོས་ཁྱབ༔ རབ་ཏུ་དམར་གསལ་ཞལ་གཅིག་ཕྱག་གཉིས་མ༔ སྒེག་ཅིང་ཆགས་པའི་ཉམས་ལྡན་ཞི་ཞིང་འཛུམ༔ སྤྱན་དཀྱུས་རིང་བའི་ཡེ་ཤེས་སྤྱན་གསུམ་གྱིས༔ སེམས་ཅན་ཀུན་གཟིགས་ཚ་གདུང་སྡུག་བསྔལ་སེལ༔ དབུ་སྐྲ་སྣུམ་འབོལ་རལ་པ་མཐོན་མཐིང་འཕྱངས༔ དར་དམར་སྟོད་གཡོགས་ཤམ་ཐབས་ན་བཟའ་ལྷུབ༔ དབུ་རྒྱན་སྙན་རྒྱན་མགུལ་ཆུ་དོ་ཤལ་མཛེས༔ ཕྱག་དཔུང་ཞབས་དང་སེ་མོ་དོ་ལ་སོགས༔ རིན་ཆེན་སྣ་ཚོགས་འབར་བའི་རྒྱན་གྱིས་སྤྲས༔ དར་ཟབ་སྣ་ཚོགས་ཅོད་པན་གཡེང་ཞིང་འཕུར༔ ནུ་མ་འབུར་ཞིང་གསང་རྒྱས་ཟུང་གིས་མཚན༔ དྭངས་མ་ལྔ་ལྡན་འཇའ་ཐིག་འོད་འབར་ཀློང༔ ཕྱག་གཡས་ཨུཏྤལ་ཟླ་སྟེང་དགོས་འདོད་ཀྱི༔ ཡིད་བཞིན་ནོར་བུ་དབང་རྒྱལ་སྐྱབས་སྦྱིན་བསྣམས༔ གཡོན་པས་ཨུཏྤལ་དང་བཅས་བློ་གྲོས་ཀྱི༔ ཤེས་རབ་སྣང་བ་སྐྱེད་བྱེད་མེ་ལོང་བསྣམས༔ བླ་མ་སྣང་མཐའ་ཡས་ཀྱིས་དབུར་བརྒྱན་པའི༔ གནས་གསུམ་འབྲུ་གསུམ་དཀར་དམར་མཐིང་གསུམ་ལས༔ འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་འཕྲོས་པས༔ ལྷོ་ཕྱོགས་ལྔ་ལྡན་རྒྱ་མཚོ་འཁྱིལ་འགྲམ་དང༔ འོག་མིན་ཡོན་ཏན་བརྩེགས་པའི་ཞིང་མཆོག་ནས༔ རང་འདྲའི་རྒྱལ་ཡུམ་དབྱངས་ཅན་ལྷ་མོ་ལ༔ སངས་རྒྱས་བྱང་སེམས་འཕགས་ཚོགས་འཁོར་གྱིས་བསྐོར༔ སྤྲིན་ཕུང་གཏིབས་བཞིན་གཉིས་མེད་སྤྱན་དྲངས་བསྟིམ༔ མ་མ་ཧྲཱིཾ་ཧྲཱིཾ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ བཛྲ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ན་མོ་པདྨ་ཀ་མ་ལཱ་ཡ་སཏྭཾ༔ ན་མོ་པུ་རུ་ཤ་ཡ་ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཕྱི་ནང་མཆོད་པས་མཆོད༔ དེ་ནི་བསྐྱེད་པ་སྐུའི་དཀྱིལ་འཁོར་གྱི་རིམ་པའོ༔ བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ དེ་ནས་བཟླས་པ་སྔགས་ཀྱི་དཀྱིལ་འཁོར་ནི༔ རང་གི་སྙིང་གར་པད་འབུམ་ཟླ་བའི་སྟེང༔ ཧྲཱིཾཿདམར་ཡེ་ཤེས་འོད་ཀྱི་ཕུང་པོར་བསམ༔ དེ་ལ་གསང་སྔགས་རྒྱལ་པོ་བཀླག་ཐབས་བསྐོར༔ དེ་ལས་འོད་ཟེར་དམར་པོ་དཔག་མེད་ནི༔ ཕྱོགས་བཅུ་ཀུན་འཕྲོས་རྒྱལ་བའི་ཞིང་ཀུན་ཏུ༔ རྒྱལ་བ་རྒྱ་མཚོའི་ཚོགས་ལ་མཉེས་མཆོད་འབུལ༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་འཕགས་པའི་ཚོགས༔ ཉན་རང་གྲུབ་ཐོབ་རིག་འཛིན་དཔག་མེད་དང༔ གཞན་ཡང་སར་གནས་བྱང་སེམས་དཔག་མེད་པའི༔ མཐོང་ཐོས་བློ་གྲོས་སྣང་བ་རབ་རྒྱས་པའི༔ པཎ་གྲུབ་རྒྱ་མཚོའི་ཚོགས་ཀུན་ཐམས་ཅད་ཀྱི༔ ཤེས་རབ་རབ་རྒྱས་བློ་གྲོས་སྣང་བ་ཀུན༔ ཤེས་རབ་ངོ་བོར་འོད་ཕུང་ཟེར་ཐག་སྦྲེང༔ ཧྲཱིཾཿདམར་ངོ་བོ་ཏིལ་སྒོང་ཁ་ཕྱེས་ལྟར༔ ཐེེམ་མེར་ནེམ་མེར་སྣང་གྲགས་ཀུན་གང་ནས༔ བདག་ལུས་དང་ནི་རང་རིག་ཧྲཱིཾཿལ་ཐིམ༔ ཚེ་རབས་ཐོག་མཐའ་མེད་པའི་ལས་སྒྲིབ་ཀུན༔ སྦྱངས་ནས་ཤེས་རབ་ཚ་ཟེར་རབ་འབར་ཞིང༔ བློ་གྲོས་སྤོབས་པའི་སྣང་བ་རབ་རྒྱས་བསམ༔ ཡེངས་མེད་དྲན་པའི་འཛིན་ཕུར་ཡང་ཡང་གདབ༔ ཡིད་གཉིས་ཐེ་ཚོམ་སྤོངས་ལ་གསང་སྔགས་ཀྱི༔ གཅིག་ཆོག་རྒྱལ་པོའི་སྔགས་འདི་སྨྲ་བཅད་བཟླ༔ ཨོཾ་ས་ར་སྭ་ཏྱཻ་ཧྲཱིཾ་ཧྲཱིཾ་སྭཱ་ཧཱ༔ ཞག་བདུན་བསྒྲུབས་པས་སྐལ་ལྡན་རབ་འབྲིང་མཐས༔ དངོས་ཉམས་ཐ་མ་རྨི་ལམ་དག་ཏུ་ཡང༔ རབ་ནི་ཞལ་མཇལ་ཆོས་གསུང་ལུང་བསྟན་ཐོབ༔ འབྲིང་གིས་ཉམས་སྣང་ཐ་མས་རྨི་ལམ་དུ༔ འགྲུབ་འགྱུར་འདི་ལ་ཐེ་ཚོམ་ཟ་མི་འགྱུར༔ ཐ་མའི་ཐ་མ་རྣམས་ཀྱིས་རྨི་ལམ་དུ༔ འོད་ཕུང་དམར་པོ་མཐོང་དང་རྒྱབ་གོས་དམར་པོ་གོན༔ མར་མེ་ཐོགས་དང་ཉི་ཟླ་ཤར་བ་དང༔ གསུང་རབ་གླེགས་བམ་རྙེད་དང་མིས་སྟེར་དང༔ སྣག་ཚྭ་འཐུང་དང་ཡི་གེ་འབྲི་རྣམས་རྨིས༔ ཞག་བདུན་བསྒྲུབས་པས་རྟགས་ཆེན་རྫོགས་པ་ཡི༔ གོ་བློ་རྩོམ་བློ་རྩོད་བློ་བཤད་བློ་དང༔ བློ་གྲོས་སྤོབས་པའི་སྣང་བ་ཀུན་རྒྱས་ནས༔ པཎ་གྲུབ་ཀུན་གྱི་དབང་ཕྱུག་ཆེན་པོར་འགྱུར༔ འདི་འདྲའི་གདམས་པ་ཟབ་རྒྱ་ཁྱད་པར་འཕགས༔ དཀོན་མོད་རྒྱལ་ཁམས་འགྲིམ་དང་མཐོང་བར་འགྱུར༔ བདེན་རྫུན་ལག་ཏུ་ལོངས་དང་ངེས་ཤེས་སྐྱེ༔ མ་འོངས་ང་སྤྲུལ་ལས་ཅན་སྙིང་གི་བུས༔ གདུང་འཛིན་རིག་འཛིན་སྐྱེས་ཆེན་མ་གཏོགས་པ༔ ཙིཏྟའི་གའུར་རྡ་ཐིམ་བཛྲ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ དཔལ་ལྡན་སྔགས་ཀྱི་སྲུང་མས་བཀའ་འདི་སྲུངས། །ལྟ་ལོག་བདུད་རིགས་བྱུང་ན་དབང་པོ་སྣུབས། །བདག་འདྲ་རྣལ་འབྱོར་ནུས་ལྡན་རྡོ་རྗེ་ཡིས། །ལྷ་རབས་རི་དབང་རྒྱལ་པོ་སྤུན་དགུའི་གཙོ། ཁྲོ་རི་ཟིལ་ཁྲོམ་དཀར་ཡག་ཀེའུ་ཚང་ནས། །སྙིང་ཐིག་གྲོགས་ལྡན་རྣམས་དང་ལྷན་ཅིག་ཏུ། །སྤྱན་དྲངས་ལོ་དགུའི་བར་དུ་གསང་རྒྱས་བསྡམས། །ཤིང་ལུག་ལོ་ལ་རྟག་བརྟན་ཆོས་སྒར་དུ། །ཤོག་སེར་སྒྲ་ཚིག་གསལ་བར་ལེགས་བསྒྱུར་བ། །རྒྱལ་སྲས་ནུས་ལྡན་འཇིགས་མེད་རྡོ་རྗེ་འོ། །རྣམ་དཀར་ངོས་ན་རྣམ་དག་ལེགས་བཀྲ་བའི། །ཡི་གེའི་རིས་བྱེད་ཀུན་བཟང་རྣམ་རྒྱལ་ལོ། །སརྦ་མདྒ་ལཾ།། །།

བདུད་འདུལ་གཏེར་བྱོན་འཇམ་དབྱངས་རིགས་ལྔ་དང་དབྱངས་ཅན་མ་དམར་མོ་བཅས་ཀྱི་སྒྲུབ་ཐབས་དབང་གི་སྤྱི་ཆིངས་ཡེ་ཤེས་སྣང་བ་རྣམ་འབྱེད་ (Volume 17, Text 2)

༄༅། །བདུད་འདུལ་གཏེར་བྱོན་འཇམ་དབྱངས་རིགས་ལྔ་དང་དབྱངས་ཅན་མ་དམར་མོ་བཅས་ཀྱི་སྒྲུབ་ཐབས་དབང་གི་སྤྱི་ཆིངས་ཡེ་ཤེས་སྣང་བ་རྣམ་འབྱེད་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་མཉྫུ་ནཱ་ཐ་ས་ར་སྭ་ཏྱཻ། སྒྲིབ་བྲལ་མཁའ་སྔོན་དྭངས་པའི་དགོངས་དབྱིངས་ལས། །འོད་གསལ་ཡེ་ཤེས་ཉི་མ་འབུམ་བརྡལ་བས། །སྐྱེ་དགུའི་རྨོངས་པའི་མུན་ཁང་བརྟོལ་མཛད་པ། །འཇམ་མགོན་བླ་མས་སྐྱེ་ཀུན་རྗེས་སུ་སྐྱོངས། །བྱིན་རླབས་གཟི་ལྡན་སྒྲུབ་ཐབས་མཚུངས་བྲལ་བ། །གང་འདི་གནས་གཏེར་བརྒྱ་རྩའི་མངའ་བདག་གི །ཟབ་ཆོས་ནོར་བུའི་སྒྲོམ་ལས་ལེགས་ཕྱུངས་ཏེ། །སྐལ་བཟང་བློ་ཡི་དབུལ་བ་སེལ་ཕྱིར་བཀོད། ཁྱད་འཕགས་སྤྲུལ་པའི་གཏེར་ཆེན་བདུད་འདུལ་གླིང་པའི་ཟབ་གཏེར་ཡི་དམ་དམར་ནག་འཇིགས་གསུམ་དུ་གྲགས་པའི་ཆོས་སྡེ་ཕལ་ཆེར་དུས་རྟགས་སོགས་མ་འགྲིགས་པའི་དབང་གིས་ཡང་གཏེར་དུ་བྱོན་པར་སྣང་བ་ལས་ཡིག་མེད་ཨུ་པ་དེ་ཤའི་ཆོས་སྡེ་ཞི་སྒྲུབ་འཇམ་དཔལ་སྡེ་ལྔ་ཡུམ་དང་བཅས་པའི་སྒྲུབ་སྐོར་ཟབ་ཅིང་ཁ་ཚང་དོན་འདྲིལ་དུ་སྣང་བས། དེ་དག་གི་བསྙེན་སྒྲུབ་ཀྱི་རིམ་པ་ནི་འདིར་ཡི་གེས་འཇིགས་ནས་མ་བཀོད་པ་གཏེར་གཞུང་ལས་རྟོགས་དགོས་པ་དང་། འདི་གྲས་འཇམ་དཔལ་ཚེ་སྒྲུབ་ཤིན་ཏུ་ཟབ་པ་འཆི་བདག་བདུད་འཇོམས་ཀྱང་སངས་གླིང་ཟབ་རྒྱ་གཉིས་པ་འཇམ་དཔལ་དམར་པོ་ལོངས་སྤྱོད་ཚེ་འཕེལ་དང་ལྷ་སྔགས་དབང་སོགས་འདྲ་བར་སྣང་བས་དེར་བྱིན་རླབས་ཆུ་བོ་གཅིག་འདྲེས་སུ་བཞུགས་པ་ཡིན་ལ། འདིར་སྨིན་དབང་ལ་ཉེ་བར་མཁོ་བ་ཙམ་ཞིག་དགོད་པར་བྱ་བ་ལ་གཉིས། སྒྲུབ་ཐབས་རྣམས་སོ་སོར་བཤད། དབང་གི་ཆོ་ག་སྤྱི་དྲིལ་དུ་བསྟན་པའོ། །དང་པོ་ལ་དྲུག །ཕྱི། ནང་། གསང་བ། ཡང་གསང་། ཟུང་འཇུག །ཡུམ་རྣམས་སོ། །དང་པོ་ཕྱི་སྒྲུབ་འཇམ་དཔལ་དཀར་པོ་ཡེ་ཤེས་སེམས་དཔའ་འམ་གཞོན་ནུ་ཆུ་སྐྱེས་ལ་གསུམ། དང་པོ་སྦྱོར་བ་གཤོམ་ནི། སྟེགས་བུ་གཙང་མ་ཁེབས་ལྡན་གྱི་སྟེང་དུ་མཎྜལ་ལ་མེ་ཏོག་དཀར་པོའི་ཚོམ་བུ་ལྔ་བཀོད་པའི་ཁར་རྐང་གསུམ་སྟེང་བུམ་པ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་དཀར་པོ་ཁ་རྒྱན་དང་བཅས་པ་ལ་རྡོ་རྗེའི་ཙཀླིས་བརྒྱན། ལྷོར་དབུ་རྒྱན་དང་རིན་ཆེན། ནུབ་ཏུ་རྡོ་རྗེ་དང་པདྨ། བྱང་དུ་དྲིལ་བུ་དང་རལ་གྲི །མདུན་དུ་སྐུ་ཙཀ་རྡོར་དྲིལ་ལྷན་ཅིག་པ་དང་འཁོར་ལོ། སྔགས་བྱང་བཅས། གཡས་སུ་དཀར་མངར་གྱི་གཏོར་ཟླུམ་དཀར་པོ་རྒྱན་ལྡན། གཡོན་དུ་སྒྲུབ་དཔེ་དང་ཤེལ་ཕྲེང་། ཕྱག་མཚན་ཨུཏྤལ་སྔོན་པོ་པུསྟིས་མཚན་པའི་ཙཀླི་རྣམས་བཀོད། མཐར་ཕྱི་མཆོད་གཡས་སྐོར་དུ་བཀོད་དོ། །གཉིས་པ་དངོས་གཞི་སྒྲུབ་ཐབས་ལ། ཐོག་མར་སྐྱབས་སེམས་ནི། དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །བླ་མ་མཆོག་དང་དཀོན་མཆོག་གསུམ་པོ་དང་། །བཅོམ་ལྡན་རྗེ་བཙུན་འཇམ་དཔལ་གཞོན་ནུ་ལ། །ལུས་ངག་ཡིད་གསུམ་གུས་པས་སྐྱབས་སུ་མཆི། །བདག་གིས་ཁམས་གསུམ་འཁོར་བའི་སེམས་ཅན་གྱི། །མ་རིག་བློ་ཡི་གཏི་མུག་མུན་བསལ་ནས། །ཤེས་རབ་སྣང་བ་ཕྱོགས་མེད་རྒྱས་པའི་ཕྱིར། །འཕགས་པ་འཇམ་དཔལ་གཞོན་ནུ་བསྒྲུབ་པར་བགྱི། །ལན་གསུམ། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ཚད་མེད་བཞི་བསྒོམ། མཆོད་པ་བྱིན་བརླབ་ནི། རཾ་ཡཾ་ཁཾ། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང། །བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ། །ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས། །སོ་སོའི་ལྷ་མོའི་རོལ་པར་བཅས། །རབ་འབྱམས་ནམ་མཁའ་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་སརྦ་པཱུ་ཛ་ས་མ་ཡེ་ཨཱཿཧཱུྃ། བདག་བསྐྱེད་ནི་གཏེར་གཞུང་ཕྱི་སྒྲུབ་ལྟར། ཨོཾ་སྭ་བྷཱ་བ་ནས་ སྤྱན་དྲངས་ཐིམ༔ བར་དང་། ཨོཾ་ཨཱརྻ་མཉྫུ་ཤྲཱི་ས་པ་རི་བཱ་ར་བཛྲ་ས་མ་ཡ་ཛ༔ པདྨ་ཀ་མ་ལཱ་ཡ་སཏྭཾ༔ ན་མོ་པུ་རུ་ཤ་ཡ་ཧོ༔ སྔགས་སྔ་མའི་མཐར། ཨརྒྷཾ་སོགས་དང་། རཱུ་པ་སོགས་སྦྱར་བས་མཆོད། མཎྜལ་མདོར་བསྡུས་ཕུལ། བཟླས་དམིགས་གསལ་བཏབ་ལ་འབྲུ་དྲུག་བཟླ། དེ་ནས་མདུན་བསྐྱེད་དཀྱིལ་འཁོར། ཨོཾ་བཛྲ་ཨ་མྲྀཏ་སོགས་ཀྱིས་བསང་། ཨོཾ་སྭ་བྷཱ་བས་སྦྱོང་བ་སོགས་བདག་བསྐྱེད་ལྟར་ལ། ཟླ་བའི་དཀྱིལ་འཁོར་ཉ་རྒྱས་དབུས༔ རང་བྱུང་ཡི་གེ་ཨ་དཀར་ས་ལེ་བ༔ འཕྲོ་འདུས་དོན་བྱས་ཡོངས་གྱུར་སྐུ་ཡི་ནི༔ ཞེས་བསྒྱུར། མཆོད་པའི་སྐབས། དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །ལྷ་རྫས་དག་པའི་ཉེར་སྤྱོད་རྣམས། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་ལ་དངོས་གྲུབ་སྩོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་མཉྫུ་ཤྲཱི་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཤློ་ཀ་དེའི་ཚིག་རྐང་གཉིས་པར། ལྷ་རྫས་དག་པའི་འདོད་ཡོན་རྣམས། །ཞེས་དང་། སྔགས་སྔ་མའི་མཐར། རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ། འཛམྦུའི་གླིང་དང་གླིང་གཞན་རྣམས། །རིན་ཆེན་སྣ་བདུན་གྱིས་བཀང་སྟེ། །སྟོང་གསུམ་ལ་སོགས་མ་ལུས་པ། །ཞུམ་པ་མེད་པར་བྱས་ཏེ་འབུལ། །སྔགས་མཐར། རཏྣ་མཎྜལ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མཆོད། མདུན་བསྐྱེད་ཐུགས་ཀར་སྔགས་འཁོར་དང་འོད་ཟེར་སྤྲོ་བསྡུ་གསལ་བཏབ་ལ་བཟླས་པ་བྱ། དེ་ནས་བུམ་པ་བསང་སྦྱང་། རིན་ཆེན་བུམ་པ་མཚན་ཉིད་ཡོངས་རྫོགས་ནང་། །བཾ་ལས་བདུད་རྩིའི་རྒྱ་མཚོ་སོགས་མདུན་བསྐྱེད་ལྟར། མཆོད་པའི་བར་བཏང་། བུམ་ལྷའི་ཐུགས་ཀར་ཐུགས་སྲོག་སྔགས་འཁོར་དང་བཅས་པ་ལ། རང་གི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་ཡེ་ཤེས་བདུད་རྩིའི་ཆར་རྒྱུན་བབས་ཏེ་བུམ་པ་གང་བར་གྱུར། ཅེས་དམིགས་ལ་བཟླས་པ་བྱ། མཐར་མདུན་བུམ་ཆབས་ཅིག་ཏུ་མཆོད་པ་གོང་སྨོས་ལྟར་དང་། བསྟོད་པ། གང་གི་བློ་གྲོས་སོགས་སམ། རི་བོང་འཛིན་པ་ལྟར་དཀར་གླེགས་བམ་ཨུཏྤལ་ཕྱག་མཚན་ཅིང་། །རབ་མཛེས་ཤིན་ཏུ་ཞི་བའི་གཞོན་ནུ་ཟུར་ཕུད་ལྔ་པ་ཅན། །དགའ་བ་རྒྱ་ཆེན་ཐར་མཆོག་སྤྱན་ནི་པདྨའི་འདབ་ལྟར་ཡངས། །བློ་གྲོས་ངན་པ་སྲེག་མཁས་འཇམ་པའི་དབྱངས་ལ་རབ་ཏུ་འདུད། །ཅེས་རྒྱ་གཞུང་བྱིན་རླབས་ཅན་གྱིས་བསྟོད། རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ་ནས་ཤེས་བྱ་མཐའ་དག་བདེ་བླག་ཏུ་རྟོགས་པར་མཛད་དུ་གསོལ། ཅེས་འདོད་དོན་གསོལ་ལ་ཡིག་བརྒྱ་བརྗོད། འབྲུ་གསུམ་གྱིས་བུམ་པར་དུང་ཆུ་ཕུལ་ལ་བུམ་ལྷ་འོད་ཞུ་བྱ། དེ་ནས་གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས། ཨོཾ་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོ་ཁ་དོག་དྲི་རོ་ནུས་བཅུད་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ གསུམ་གྱིས་བརླབ། ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཨཱརྻ་མཉྫུ་ཤྲཱི་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཞེས་ལན་གསུམ་གྱིས་ཕུལ། ཉེར་སྤྱོད་ལྔ་ཙམ་གྱིས་མཆོད། གཞོན་ནུའི་ཆ་ལུགས་འཆང་བ་པོ། །ཡེ་ཤེས་སྒྲོན་མེས་རབ་ཏུ་བརྒྱན། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་པའི་དབྱངས་ལ་ཕྱག་འཚལ་བསྟོད། །ཅེས་ཤློ་ཀ་གཅིག་གིས་བསྟོད། འདོད་གསོལ་གོང་ལྟར་བྱས་ལ། ཏིང་ངེ་འཛིན་གྱི་དབང་བླང་སློབ་མ་གཞུག་པར་གསོལ་བ་གདབ། ལས་བུམ་དུ་བདུད་རྩི་འཁྱིལ་བ་བསྐྱེད་བཟླས་བྱ། སྐབས་འདིར་འོག་ནས་འབྱུང་བ་ལྟར་སློབ་མ་ཟུང་དུ་མ་གྱུར་པ་ལ་དབང་བསྐུར་རོ། །གསུམ་པ་རྗེས་རིམ་ནི། མཆོད་པ་ཁ་གསོས། གོང་ལྟར་བྱིན་བརླབས། མཆོད་པ་སྤྲོ་ན་མདུན་བསྐྱེད་སྐབས་ལྟར་དང་། བསྡུ་ན་སྔགས་ཙམ་གྱིས་མཆོད། བསྟོད་པས་བསྟོད། འདོད་དོན་གསོལ། ནོངས་བཤགས་མ་རྙེད་ཡོངས་སུ་མ་ཚང་སོགས་དང་ཡིག་བརྒྱ་བརྗོད། མདུན་བསྐྱེད་རྟེན་ཡོད་ན་འདིར་ནི་རྟེན་དང་སོགས་ཀྱིས་བརྟན་བཞུགས་བྱ། རྟེན་མེད་ན་ཡེ་ཤེས་པ། ཨོཾ། ཁྱེད་ཀྱིས་སེམས་ཅན་སོགས་ཀྱིས་གཤེགས། དམ་ཚིག་པ་རང་ལ་བསྡུ། བདག་བསྐྱེད་ཀྱང་། ཨོཾ། ཆོས་ཉིད་སྐྱེ་བ་མེད་པ་ལས། །འགག་མེད་ཡེ་ཤེས་ཕྱག་རྒྱར་ཤར། །འགགས་པ་ཉིད་ན་འགག་མེད་པ། །སྤྲོས་བྲལ་ཀ་དག་ཀློང་དུ་ཐིམ། །ཞེས་འོད་གསལ་དུ་བསྡུ། སླར་ཡང་ཟུང་འཇུག་སྒྱུ་མའི་སྐུ །སྒོ་གསུམ་རྡོ་རྗེ་གསུམ་ལྡན་གྱུར། །ཅེས་ཐུན་མཚམས་ཀྱི་ལྷར་ལྡངས། འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བ་བདག་གིས་གང་ཐོབ་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀྱིས། །བདེར་གཤེགས་ཤེས་རབ་ཐོབ་པར་ཤོག །ཅེས་སོགས་བསྔོ་སྨོན་དང་། ཤིས་བརྗོད་ཅི་རིགས་པ་བྱས་པས་འགྲུབ་བོ།། ༈ །།གཉིས་པ་ནང་སྒྲུབ་ཨ་ར་པ་ཙ་བློའི་མུན་སེལ་ལ། སྦྱོར་བ་གཤོམ་ནི་ཕྱི་སྒྲུབ་དང་འདྲ་བ་ལས། ཚོམ་བུ་དང་བུམ་པའི་མགུལ་ཆིངས་དམར་པོ་བྱ། ནང་སྒྲུབ་སྐུ་དང་ཕྱག་མཚན་རལ་པོད་ཙཀླི་དགོད་པ་ཙམ་ཁྱད་པར་རོ། །སྒྲུབ་ཐབས་ལའང་སྐྱབས་སེམས་ནས་མཆོད་པ་བྱིན་རླབས་ཡན་སྔར་ལྟར་ལ། བདག་བསྐྱེད་གཏེར་གཞུང་ལྟར། ཡན་ལག་བརྒྱད་ལྡན་མཚོ་ཆེན་སོགས་ནས། པུ་རུ་ཤ་ཡ་ཧོ༔འི་བར། མཆོད་པ་ནི། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་དང་རོ། །རེག་བྱའི་ཁྱད་པར་དབང་པོ་ཚིམས་བྱེད་རྣམས། །མོས་བློས་འཇམ་དཔལ་དབྱངས་ལ་བདག་འབུལ་ན། །བཞེས་ནས་བླ་མེད་གྲུབ་མཆོག་བསྩལ་དུ་གསོལ། །ཨོཾ་ཨཱརྻ་མཉྫུ་ཤྲཱི་ཡེ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ། བསྟོད་པ་ནི། གཞོན་ནུའི་ཆ་ལུགས་འཆང་བ་པོ། །ཡེ་ཤེས་སྒྲོན་མེས་རབ་ཏུ་བརྒྱན། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་པའི་དབྱངས་ལ་ཕྱག་འཚལ་བསྟོད། །བཟླས་དམིགས་གསལ་བཏབ་ལ་བཟླས་པ་བྱ། མདུན་དཀྱིལ་བསང་སྦྱང་། མདུན་རྟེན་མི་དམིགས་སྟོང་པའི་ངང་ཉིད་ལས། །ཡན་ལག་བརྒྱད་ལྡན་སོགས་བདག་བསྐྱེད་ལྟར་ལ། ཉ་རྒྱས་ཟླ་སྟེང་དྷཱིཿཡིག་དམར་སེར་ལས༔ འོད་འཕྲོས་དོན་བྱས་འཕགས་པ་འཇམ་དཔལ་སྐུ༔ ཞེས་སོགས་ནས་བསྟོད་པའི་བར་སྔར་ལྟར་ལ། བསྟོད་པ་སྤྲོ་ན་གང་བློ་མ་སྦྱར། མདུན་བསྐྱེད་ཐུགས་ཀར་པདྨ་ཟླ་བའི་སྟེང་། །དྷཱིཿཡིག་དམར་སེར་མཐའ་མར་སྔགས་ཀྱིས་བསྐོར། །འོད་འཕྲོས་འཕགས་མཆོད་འགྲོ་ཀུན་གཏི་མུག་བསལ། །བྱིན་རླབས་དངོས་གྲུབ་ཐམས་ཅད་བསྡུས་ནས་ཐིམ། །ཞེས་བསྒོམས་ལ་འབྲུ་བདུན་བཟླ། བུམ་པ་བསང་སྦྱང་། རིན་ཆེན་བུམ་པ་མཚན་ཉིད་ཡོངས་རྫོགས་ནང་། །ཡན་ལག་བརྒྱད་ལྡན་སོགས་ནས་བསྟོད་པ་ཡན་མདུན་བསྐྱེད་ལྟར་ལ། བཟླས་དམིགས་ནས་བརྩམ། མཆོད་བསྟོད་ཁ་བསྒྱུར་ཙམ་ལས། གཏོར་འབུལ། རྗེས་ཆོག་གི་བར་ཕྱི་སྒྲུབ་ལྟར་ཆ་ཚང་བྱའོ།། ༈ །།གསུམ་པ་གསང་སྒྲུབ་འཇམ་དཔལ་ཡེ་ཤེས་སེམས་དཔའ་བླ་མེད་ལུགས་ལ་སྦྱོར་བ་གཤོམ་ནི། གཞུང་མཐུན་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། མ་འཛོམ་ན་ཚོམ་བུ་གཙོ་འཁོར་དགུ་བཀོད་པའི་དབུས་སུ་མཉྫི་ལ་འཇམ་དཔལ་ཕྱག་བཞི་པ་ཡུམ་དང་བཅས་པའི་སྐུ་གཟུགས་བཞུགས། ཤར་དུ་རྣམ་བུམ། དབུ་རྒྱན་སོགས་གཞན་ཐམས་ཅད་ཕྱི་སྒྲུབ་སྐབས་ལྟར་ལ་གཏོར་མ་དཔལ་གཏོར། ཕྱག་མཚན་རལ་པོད་མདའ་གཞུ་དང་། རྗེས་གནང་ཆས་མཚན་བརྗོད་གླེགས་བམ། གདུགས། རལ་གྲི་མདའ་གཞུ། དུང་དཀར། འཁོར་ལོ་རྣམས་ལྷག་པོར་བཞག །མཆོད་པའང་སྨན་རཀ་གཏོར་གསུམ་བསྣན་ལ་བཀོད་དོ། །སྒྲུབ་པའི་ཐབས་ལ། ཐོག་མར་དཀར་གཏོར་བགེགས་གཏོར་སྤྱི་འགྲོ་ཉུང་བསྡུས་གཏང་། བཀའ་བསྒོ་ཞིང་མཚམས་གཅོད་པ་ནི་ཆོས་དབང་བླ་མ་གསང་འདུས་ལྟ་བུས་བྱ། སྐྱབས་སེམས་ཚད་མེད་ཕྱི་སྒྲུབ་ལྟར་ལ། མཆོད་བརླབ་ནི། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་རིན་ཆེན་པདྨའི་སྣོད། །ཡངས་ཤིང་རྒྱ་ཆེར་ཕྱི་ནང་གསང་བ་ཡི། །མཆོད་རྫས་ཟག་མེད་བདེ་སྐྱེད་ཡེ་ཤེས་སྤྲིན། །འདོད་ཡོན་རོལ་མོ་ཅི་ཡང་འཆར་བར་གྱུར། ཨོཾ་སརྦ་པཱུ་ཛ་ས་མ་ཡེ་ཨཱཿཧཱུྃ། ཨོཾ་སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཨཱཿཧཱུྃ། བདག་བསྐྱེད་གཏེར་གཞུང་གསང་སྒྲུབ་ལྟར། ཨོཾ་མ་ཧཱ་ཤཱུནྱ་ཏཱས་སྦྱང་བ་ནས། རིགས་བདག་གི་རྒྱས་བཏབ་པའི་བར་སོང་ནས། མཆོད་པ་ནི། ཕྱི་མཆོད་ཆུ་གཉིས་ཉེར་སྤྱོད་རྣམ་པ་ལྔ། །ནང་མཆོད་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །གསང་མཆོད་བདུད་རྩི་སྨན་རཀ་བ་ལིཾ་ཏ། །དགྱེས་པར་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ། ཨོཾ་ཨཱརྻ་མཉྫུ་ཤྲཱི་ས་པ་རི་བཱ་ར་བཛྲ་ཨརྒྷཾ་སོགས། ཤབྡ་པཉྩ་ཀཱ་མ་གུ་ཎ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་པཱུ་ཛ་ཧོཿཁཱ་ཧི། བསྟོད་པ་གཞུང་ལྟར་བྱ། བཟླས་པ་གྲུབ་ནས་སྔགས་ཙམ་གྱིས་མཆོད། གོང་གསལ་ཤློ་ཀ་གཅིག་གིས་བསྟོད་ལ་འདོད་དོན་གསོལ་བ་གདབ། མདུན་བསྐྱེད་ཕྱི་སྒྲུབ་ལྟར་དཀར་པོ་གཞོན་ནུ་ཆུ་སྐྱེས་བསྐྱེད་བསྟིམས་མཆོད་བསྟོད་བཟླས་པ་བཅས་དེར་བཤད་པ་ལྟར་ལ། འབྲུ་དྲུག་དང་། ཨ་ཨ་སརྦ་ཏ་ཐཱ་ག་ཏ་སོགས་སྔགས་རིང་བཟླ། དེ་དག་གི་དམིགས་པ་གསང་སྒྲུབ་ཏུ་འབྱུང་བ་ལྟར་བྱ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་སོགས་དམིགས་པ་གསལ་གདབ། གཟུངས་ཐག་བླངས་ལ་བདག་བསྐྱེད་སྐབས་ལྟར་གཙོ་འཁོར་རྣམས་ཀྱི་སྙིང་པོ་དང་། སྔགས་རིང་ཅི་འགྲུབ་བཟླ། ཡིག་བརྒྱ་བརྗོད། འབྲུ་གསུམ་གྱིས་མཆོད་ཡོན་ཕུལ་ལ་འོད་ཞུ་བྱ། མདུན་བསྐྱེད་གཏོར་འབུལ་ནས་རྗེས་ཆོག་ཡན་ཆད་ཕྱི་སྒྲུབ་ཏུ་བཤད་པ་ལྟར་རོ།། ༈ །།བཞི་པ་ཡང་གསང་བློའི་མུན་སེལ་ལ། སྦྱོར་བ་གཤོམ་ལ། མཎྜལ་ལ་མེ་ཏོག་གི་ཚོམ་བུ་གཅིག་བཀོད་པའི་སྟེང་ཁྲིའུར་འདི་ཉིད་ཀྱི་སྐུ་རྟེན་བཀོད་པ་ཙམ་ལས། གཞན་ཐམས་ཅད་གསང་སྒྲུབ་དང་འདྲ་ཞིང་། ཕྱག་མཚན་བསྡུ་ན་རལ་པོད་ཙམ། འཛོམ་ན་དེ་སྟེང་མེ་ལོང་མདའ་རྡོ་རྗེ་ཞགས་པ། བུམ་པ་གཞུ་ཨུཏྤལ་ནོར་བུ་བཅས་བཅུ་པོའི་ཙཀླི་བཀོད། རྗེས་གནང་གསང་སྒྲུབ་དབང་གི་སྐབས་སོང་བས་འཐུས་པའི་ཕྱིར་འདིར་བསྡུ་ན་བཀོད་མི་དགོས། སྒྲུབ་ཐབས་སྐྱབས་སེམས་ནས་མཆོད་བརླབ་བར་གསང་སྒྲུབ་ལྟར་ལ། བདག་བསྐྱེད་ཐོག་མར་ནང་སྒྲུབ་ཀྱི། ཡན་ལག་བརྒྱད་ལྡན་མཚོ་ཆེན་ནས། བཻ་ཌཱུརྻ་གསལ་བའི༔ བར་དང་། དེ་ནས་འདི་ཉིད་ཀྱི་གཏེར་གཞུང་ལྟར། ཨུཏྤལ་ཡལ་ག་ལོ་འདབ་རྒྱས་པའི་རྩེར༔ མེ་ཏོག་འདབ་མ་འབུམ་ལྡན་ཟེའུ་འབྲུའི་དབུས༔ ཉ་རྒྱས་ཟླ་སྟེང་དྷཱིཿཡིག་དམར་སེར་ལས༔ གཟི་བྱིན་འོད་ཕུང་བདག་གི་ལུས་ཐིམ་པས༔ བདག་ཉིད་རྣམ་སྨིན་ཕུང་པོ་ཐུལ་བསྲེགས་ནས༔ སོགས་ནས། སྤྱན་དྲངས་བསྟིམ༔ བར་དང་། ཨོཾ་ཨཱཿཧཱུྃ་ཨཱརྻ་མཉྫུ་ཤྲཱི་དྷཱིཿམུཾ་སརྦ་བཛྲ་ས་མ་ཡ་ཛཿཛཿ ཛཿཧཱུྃ་བཾ་ཧོཿ པདྨ་ཀ་མ་ལཱ་ཡ་སཏྭཾཿ མཆོད་པ་གསང་སྒྲུབ་ལྟར་ཤློ་ཀ་གཅིག་སྔགས་བཅས་ཀྱིས་མཆོད། ཡེ་ཤེས་ཕུང་པོ་རྒྱལ་བ་ཀུན་གྱི་ཡབ། །བློ་ཡི་མུན་སེལ་རྗེ་བཙུན་མཁྱེན་པའི་གཏེར། །དབྱངས་ཅན་ལྷ་མོ་ཚིག་གི་འབྱུང་གནས་མ། །ཐབས་ཤེས་མཉམ་པར་རོལ་ལ་གུས་པས་བསྟོད། །ཅེས་བསྟོད། བཟླས་དམིགས་དང་ལྕེ་སོགས་བྱིན་བརླབས་ལ་བཟླས་པ་བྱ། མདུན་རྟེན་བསང་སྦྱང་། མདུན་རྟེན་མི་དམིགས་སྟོང་པའི་ངང་ཉིད་ལས། །ཡན་ལག་བརྒྱད་ལྡན་སོགས་གོང་ལྟར་ལ། ཡེ་ཤེས་དྲངས་བསྟིམས་རྗེས་མཆོད་པ་བསྡུ་ན་གསང་སྒྲུབ་བདག་བསྐྱེད་ལྟར་ལ། ཅུང་ཟད་སྤྲོ་ན། ཆུ་གཉིས་ཉེར་སྤྱོད། འདོད་ཡོན་ལྔ་བཅས་ཕྱི་ནང་གི་སྒྲུབ་ཐབས་ལྟར་ལེན། རྩ་བརྒྱད་ཡན་ལག་སྟོང་སྦྱར་བའི། །ར་ས་ཡ་ན་སྨན་ཆེན་པོ། །ཉོན་མོངས་ཆགས་པའི་རཀྟར་བཅས། །མཉམ་པ་ཆེན་པོར་བཞེས་སུ་གསོལ། །མ་ཧཱ་ཨ་མྲྀཏ་རཀྟ་ཁཱ་ཧི། ཤ་ལྔ་བདུད་རྩིའི་སྙིང་པོ་ཅན། །བཟའ་བཅའ་བཏུང་བའི་ཚོགས་ལྡན་པའི། །དམ་རྫས་མཆོག་གི་གཏོར་མ་འདི། །གཉིས་སུ་མེད་པར་བཞེས་སུ་གསོལ། །མ་ཧཱ་བ་ལིཾ་ཏ་ཁཱ་ཧི། བསྟོད་པ་གོང་གི་ཤློ་ཀ་གཅིག་པོའམ། སྤྲོ་ན་གང་བློ་མས་བསྟོད། བཟླས་པ་བྱས། བུམ་པ་སྒྲུབ་ཚུལ་གསང་སྒྲུབ་ཏུ་བཤད་པ་ལྟར་བྱ། གཏོར་འབུལ་ཟུར་དུ་མེད་ཀྱང་ཆོག །བྱེད་པར་སྤྲོ་ན། རཾ་ཡཾ་ཁཾ། སྟོང་པའི་ངང་ལས། གཏོར་གཞོང་པདྨ་བྷཉྫའི་སྣོད་དུ་གཏོར་མ་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔའི་རང་བཞིན་དམ་ཡེ་གཉིས་སུ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ལྗགས་རྡོ་རྗེའི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་མཉེས་པར་གྱུར། སྙིང་པོའི་མཐར། ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་འབུལ། སྔགས་ཙམ་གྱིས་མཆོད་ཅིང་བསྟོད་ལ་འདོད་དོན་གསོལ་བ་ནས། རྗེས་ཆོག་མཐར་ཐུག་པའི་བར་ཕྱི་སྒྲུབ་ལྟར་བྱའོ།། ༈ །།ལྔ་པ་ཟབ་གསང་བླ་ན་མེད་པ་ཟུང་འཇུག་གི་སྒྲུབ་པ་ལ། ཁ་ཅིག་གིས་འདི་ཉིད་དམ་པའི་སྨྲ་སེང་དང་མཐུན་པས་དབང་ཡང་དེ་མཐུན་ཟུར་དུ་ཡོད་པར་བྱེད་ཀྱང་། དེ་ལྟ་ན་ཕྱི་སྒྲུབ་འཇམ་དཀར་ལ་ཁ་ཆེ་པཎ་ཆེན་ལུགས་དང་མཐུན་པའི་རྗེས་གནང་ཡོད་དགོས་པ་སོགས་འགའ་ཞིག་འགྱུར་བས་ཟུར་དུ་མི་བཞུགས་ལ། ཟུང་འཇུག་སྒྲུབ་པ་འདི་སྔ་མ་རྣམས་དང་སྡེ་ཚན་གཅིག་པའི་ཕྱིར་སྤྱི་དབང་བདུད་རྩིའི་བུམ་པ་ཁོ་ནས་འཐུས་པས། སྦྱོར་བ་གཤོམ་ལ། མཎྜལ་ཚོམ་བུ་གཅིག་པའི་སྟེང་ལུགས་འདིའི་སྐུ་རྟེན་བཀོད་པ་དང་། ཕྱག་མཚན་འཇོག་པ་ལས་གཞན་ཐམས་ཅད་ཡང་གསང་སྒྲུབ་པའི་སྐབས་དང་འདྲ། སྒྲུབ་ཐབས་ལ་སྔོན་གཏོར་དཀར་བགེགས་གཏང་། བགེགས་བསྐྲད་མཚམས་གཅོད། སྐྱབས་སེམས་བཅས་གསང་སྒྲུབ་ཏུ་སྨོས་པ་བཞིན་ལ། ཡན་ལག་བཅུ་པ་ནི། བླ་མ་ཡི་དམ་ལྷ་ཚོགས་གཤེགས། །ཉི་ཟླ་པདྨའི་གདན་ལ་བཞུགས། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས། །གསང་སྔགས་སྒྲུབ་ལ་རྗེས་ཡི་རང་། །སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐུལ། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །སྙིང་པོ་སེམས་ཅན་དོན་དུ་བསྔོ། །ཡང་དག་རྡོ་རྗེའི་དོན་རྟོགས་ཤོག །ཅེས་པ་ཙམ་བྱ། ཚད་མེད་བསྒོམ། གསང་སྒྲུབ་ལྟར་མཆོད་པ་བརླབ། བདག་བསྐྱེད་རང་གཞུང་ལྟར། སྟོང་ཉིད་སྙིང་རྗེའི་ངང་ལས་སོགས་ནས། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཐིམ༔ ཞེས་པའི་བར་དང་། སྤྱན་འདྲེན་གྱི་སྔགས་ནས་མཆོད་བསྟོད་ཀྱི་བར་ཡང་གསང་སྐབས་སུ་བཤད་པ་ལྟར་བྱ། དེ་ནས་གཞུང་འདི་ཉིད་ལྟར་བཟླས་དམིགས་གསལ་བར་བསྒོམས་ལ་སྙིང་པོ་བཟླ། མདུན་རྟེན་བསང་སྦྱང་། མདུན་རྟེན་མི་དམིགས་སྟོང་པའི་ངང་ཉིད་ལས། །པད་ཟླར་དྷཱིཿལས་འཕགས་པ་འཇམ་དཔལ་སྐུ༔ ཞེས་སོགས་ཀྱིས་ལྷ་བསྐྱེད། སྔགས་ཀྱི་དྲངས་བསྟིམ་ནས་བརྩམ། མཆོད་བསྟོད་བར་ཡང་གསང་མདུན་བསྐྱེད་སྐབས་ལྟར་སོང་ནས་འདི་ཉིད་ཀྱི་བཟླས་པ་བྱ། བུམ་པའི་བསྐྱེད་བཟླས་གསང་སྒྲུབ་ཏུ་བཤད་པ་ལྟར་ལ། གཏོར་འབུལ་རྗེས་ཆོག་རྣམས་ནི་ཡང་གསང་ཇི་ལྟ་བར་བྱའོ།། ༈ །།དྲུག་པ་དབྱངས་ཅན་དམར་མོའི་གསང་སྒྲུབ་ལ། སྦྱོར་བ་གཤོམ་ནི། མཎྜལ་པདྨ་འདབ་བརྒྱད་འཇའ་འོད་རྡོར་ར་མེ་རིས་བསྐོར་བའི་ལྟེ་བར་ཉི་གདན་ལ་ཐིག་ལེ་དམར་པོ་ཅན་ནམ། མ་འཛོམ་ན་ཚོམ་བུ་དམར་པོ་གཅིག་བཀོད། དབང་རྫས་གཞན་གོང་དུ་སྨོས་པ་རྣམས་དང་འདྲ་བ་ལས་བུམ་པའི་མགུལ་ཆིངས་དམར་པོ། སྐུ་རྟེན་དང་ཕྱག་མཚན་ཨུཏྤལ་ཟླ་སྟེང་ནོར་བུས་མཚན་པ་དང་མེ་ལོང་། གཏོར་མའང་འགྲུབ་ན་བང་རིམ་སུམ་བརྩེགས་སྟེང་ཅོག་ཟླུམ་དམར་པོ་པདྨ་མང་པོས་བསྐོར་བ་ཉི་ཟླ་ནོར་བུས་བརྒྱན་པ་བཀོད། སྒྲུབ་ཐབས་སྐྱབས་སེམས་ནས་བརྩམ་ཕྱི་སྒྲུབ་ལྟར་ལ། སྐྱབས་འགྲོའི་ཚིག་རྐང་གསུམ་པར། རྗེ་བཙུན་འཕགས་མ་དབྱངས་ཅན་དམར་མོ་ལ། །ཞེས་དང་། སེམས་བསྐྱེད་ཚིག་རྗེས་མར། འཕགས་མ་དབྱངས་ཅན་དམར་མོ་བསྒྲུབ་པར་བགྱི། །ཞེས་བསྒྱུར། ཚད་མེད་དང་མཆོད་བརླབ་སོང་ནས། བདག་བསྐྱེད་རང་གཞུང་ལྟར། སྭ་བྷཱ་བས་སྦྱང། པཾ་ལས་པདྨ་དཀར་དམར་སོགས་ནས་ལྷ་བསྐྱེད། ཡེ་ཤེས་པ་དྲང་བསྟིམ། ཕྱག་མཆོད་སྔགས་ཡན་སོང་ནས། ཨོཾ་སྭ་ར་སྭ་ཏྱཻ་བཛྲ་ཨརྒྷཾ་སོགས་དང་། རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མཆོད། ཤེས་རབ་ཕར་ཕྱིན་སྒྲ་དབྱངས་ལྷ་མོའི་ཚུལ། །ཡིད་འཕྲོག་ཚངས་པའི་སྲས་མོ་ཁམས་གསུམ་ལ། །སྨྲ་བ་ངག་གི་དཔལ་སྟེར་སྐྱེ་དགུའི་གསོས། །བློ་གྲོས་མཆོག་སྦྱིན་མ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། བཟླས་དམིགས་གསལ་བཏབ་ལ་བཟླས་པ་བྱ། དེ་ནས་མདུན་རྟེན་བསང་སྦྱང་། དཀྱིལ་འཁོར་རྟེན་བཅས་མི་དམིགས་སྟོང་པའི་ངང་། །དག་པའི་ཞིང་བཀོད་ཕུན་སུམ་ཚོགས་པའི་དབུས། །པཾ་ལས་པདྨ་དཀར་དམར་འབུམ་ལྡན་རྒྱས༔ དེ་སྟེང་ཨ་ལས་ཉ་རྒྱས་ཟླ་དཀྱིལ་ལ༔ ཧྲཱིཾཿཡིག་དམར་པོ་འོད་ཟེར་འབར་བ་ལས། །འཕགས་པ་མཆོད་ཅིང་སོགས་ནས་ཕྱག་སྔགས་ཡན་གཏེར་གཞུང་ལྟར་ལ། མཆོད་པ་ཕྱི་ནང་གི་ཚིགས་བཅད་ཕྱི་སྒྲུབ་ལྟར་ལ་མཚན་སྔགས་བརྗེ། བསྟོད་པ་བྲམ་ཟེ་ཕུར་བུས་མཛད་པ་ཚང་མ་ཤེས་ན་ལེགས། བསྡུ་ན་ཐོག་མའི་ཤློ་ཀ་གཅིག་ཙམ་མམ། ལྷོ་ཕྱོགས་རྒྱ་མཚོའི་འཇིང་རོལ་ན། །རྡོ་རྗེ་ཕག་མོ་བདེ་བ་ཅན། །དབྱངས་ཅན་བཅོམ་ལྡན་འདས་མ་ལ། །གུས་པ་ཆེན་པོས་བསྟོད་པར་བགྱི། །ཞེས་པ་ཙམ་གྱིས་བསྟོད། མདུན་བསྐྱེད་ཐུགས་ཀར་སྔགས་འཁོར་དང་སྤྲོ་བསྡུའི་དམིགས་པ་བྱས་ལ་སྙིང་པོ་བཟླ། བུམ་བསྐྱེད་རྒྱས་པར་སྤྲོ་ན་ཕྱི་སྒྲུབ་དང་བྱེད་ལུགས་མཚུངས། བསྡུ་ན་གསང་སྒྲུབ་ལྟར་བྱ། གཏོར་འབུལ་ཕྱི་སྒྲུབ་ཀྱིས་འགྲེ །རྗེས་ཀྱི་བྱ་བ་རྣམས་ཀྱང་དེ་ཀ་ལྟར་བྱས་པས་འགྲུབ་བོ།། ༈ །།རྩ་བའི་གཉིས་པ་སྤྱི་དྲིལ་དབང་གི་ཆོ་ག་ནི། ཟུང་དུ་མ་གྱུར་པའི་སློབ་མ་རྣམས་ཁྲུས་ནས་དབྱུང་། སྤྱི་འགྲོ་ལྟར་བགེགས་གཏོར་བཏང་ལ། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བཀའ་བདེན་པ་དང་། ཁྱད་པར་དུ་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ཡབ་ཡུམ་བཀའ་སྡོད་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས། དེང་འདིར་རྡོ་རྗེའི་སློབ་མ་འདི་རྣམས་ལ་སྨིན་བྱེད་ཀྱི་དབང་བསྐུར་བ་བསྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་རིགས་ལོག་པར་འདྲེན་པ་ཐམས་ཅད་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་དཔལ་ཆེན་ཧེ་རུ་ཀ་འབར་བ་ཆེན་པོའི་སྟོབས་ཀྱིས་རྡུལ་ཕྲན་བཞིན་དུ་བརླག་པར་བྱེད་དོ། །ཞེས་དང་ལས་སྔགས། སུམྦྷ་ནི་དྲག་ཏུ་བརྗོད། གུ་གུལ་བདུག །ཡུངས་ཐུན་རོལ་མོ་བཅས་པས་བསྐྲད། སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེ་སྲུང་བའི་གུར་ཁང་ཁྲོ་ཆུང་དང་མེ་ཕུང་འབར་བས་བཅིངས་ཏེ་བར་དུ་གཅོད་པ་གང་གིས་ཀྱང་གླགས་མི་རྙེད་པར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ། ཅེས་སྲུང་འཁོར་བརྟན་པོར་བསྒོམ། མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་གདབ། ཆོས་བཤད་ཇི་ལྟར་རིགས་པ་དང་བྱེ་བྲག་ཏུ། དེའང་ཐོག་མ་མེད་པ་ནས་ཐ་མ་མེད་པའི་དུས་གསུམ་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཙོ་བོར་གྱུར་པའི་རྣམ་པར་འཕྲུལ་པ་གང་འདུལ་དེར་སྟོན་གྱིས་འཁོར་བའི་རྒྱ་མཚོ་དོང་ནས་སྤྲུགས་པ་བསམ་གྱིས་མི་ཁྱབ་པའི་མཛད་ཕྲིན་ལ་མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་ཞིང་། ཡེ་ཤེས་རོལ་པ་རྒྱན་གྱི་བཀོད་པའི་སྒྱུ་འཕྲུལ་ཆེན་པོའི་མིག་འཕྲུལ་དང་ལྡན་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་རྡོ་རྗེ་ཐེག་པའི་གསང་བ་རྣམས་སུ་སྒྲུབ་ཐབས་ཀྱི་རིམ་པ་མཐའ་ཡས་པ་བཞུགས་ཤིང་། དེ་ལ་བརྟེན་ནས་དངོས་གྲུབ་བརྙེས་པའི་སློབ་དཔོན་རྣམས་ཀྱི་གདམས་ངག་གི་བཀའ་སྲོལ་འཕགས་བོད་གཉིས་སུ་རྒྱ་ཆེར་བྱོན་པ་ལས། འདིར་མཁྱེན་གཉིས་ཡེ་ཤེས་ཀྱི་མེ་ལོང་ལ་ཆགས་ཐོགས་ཀྱི་རྡུལ་དང་བྲལ་བ། སངས་རྒྱས་གཉིས་པ་པདྨ་སཾ་བྷ་བས་ཡེ་ཤེས་ཌཱ་ཀི་མཚོ་རྒྱལ་དང་འབྲོག་བན་ཁྱེའུ་ཆུང་ལོ་ཙཱ་གཉིས་ལ་ཆེད་དུ་བརྗོད་པའི་ཚུལ་གྱིས་གདམས་པར་མཛད་ཅིང། ཕྱི་རབས་བསྟན་པ་འཛིན་པའི་སྐྱེས་བུ་རྣམས་ཀྱི་མཁྱེན་དཔྱོད་ཀྱི་སྣང་བ་རྒྱས་པར་བྱེད་པའི་ཐབས་ལ་དགོངས་ཏེ། མདོ་ཁམས་གནས་ཆེན་ཉེར་ལྔའི་གཙོ་བོ་ཁྲོ་རི་རྡོ་རྗེ་ཟིལ་ཁྲོམ་གྱི་གནས་སྒོའི་འགྱུར་མེད་ཀེའུ་ཚང་དུ་གཏེར་རྒྱས་བཏབ་པ། ས་བཅུའི་དབང་ཕྱུག་གཏེར་ཆེན་བདུད་འདུལ་ནུས་ལྡན་རྡོ་རྗེས་རྫུ་འཕྲུལ་གྱི་རོལ་པས་སྤྱན་དྲངས། བགྲང་བྱ་ཕྲག་དགུའི་གསང་རྒྱ་ཐེམས་པ་ན་རྒྱལ་སྲས་འཇིགས་མེད་ནུས་ལྡན་རྡོ་རྗེ་ལ་བཀས་གནང་སྟེ་གཏན་ལ་ཕབ་པ། ཡི་དམ་དམར་ནག་འཇིགས་གསུམ་གྱི་ཞི་སྒྲུབ་འཇམ་དཔལ་ཡབ་ཡུམ་གྱི་སྐོར་ལ་སྒྲུབ་ཐབས་བདུན་དུ་བཞུགས་པའི་ཞེས་ཐམས་ཅད་ལ་སྤྱི་བཤད་དུ་སྦྱར་ནས། ཐོག་མར་ཕྱི་སྒྲུབ་འཇམ་དཔལ་དཀར་པོ་གཞོན་ནུ་ཆུ་སྐྱེས་དགོས་འདོད་ཀུན་འབྱུང་གི་དབང་བསྐུར་བསྒྲུབ་པ་ལ། སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་ལེགས་པར་གྲུབ་པ་ལགས་པས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་སྔོན་འགྲོ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་ཞིང་ཁམས་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །ཕྱི་མ་རྣམས་ལ། གཉིས་པ་ནང་སྒྲུབ་འཇམ་དཔལ་དམར་པོ་ཨ་ར་པ་ཙ་བློའི་མུན་སེལ་གྱི་དབང་བསྐུར། གསུམ་པ་གསང་སྒྲུབ་འཇམ་དཔལ་གསེར་མདོག་ཡེ་ཤེས་སེམས་དཔའ་བློ་གྲོས་པད་ཚལ་རྒྱས་བྱེད་ཀྱི་དབང་བསྐུར། བཞི་པ་ཡང་གསང་འཇམ་དཔལ་དམར་སེར་ཤེས་རབ་སྐྱེད་བྱེད་བློའི་མུན་སེལ་གྱི་དབང་བསྐུར། ལྔ་པ་ཟབ་གསང་བླ་ན་མེད་པ་འཇམ་དཔལ་སྨྲ་སེང་ཡབ་་ཡུམ་ཟུང་འཇུག་གི་སྒྲུབ་པ་མཁའ་ཀློང་ཡངས་པའི་དབང་བསྐུར། ཅེས་སོ་སོར་བསྒྱུར། བླ་མ་དང་འཕགས་པ་འཇམ་དཔལ་ཐ་མི་དད་པ་ལ་གུས་པ་ཆེན་པོས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ༔ སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ༔ བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ༔ མགོན་པོ་ཆེན་པོ་བདག་འཚལ་ལོ༔ དམ་ཚིག་དེ་ཉིད་བདག་ལ་སྩོལ༔ བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ༔ སངས་རྒྱས་ཆོས་དང་དགེ་འདུན་ཏེ༔ སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ༔ ཐར་པ་ཆེན་པོའི་གྲོང་མཆོག་ཏུ༔ མགོན་པོས་བདག་ཀྱང་གཞུག་པར་འཚལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་བརྩེ་བས་དགོངས་ཏེ་གནང་བ་བསྩལ་ཞིང་སྤྲོ་བ་སྐྱེད་པའི་ཆེ་བ་བརྗོད་པ་ལ་སྙན་གཏོད་འཚལ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ་མཆོག་ཀུན༔ ཁྱེད་རྣམས་ཐེག་པ་ཆེན་པོའི་སྣོད་ཡིན་ཏེ༔ ཡང་གསང་བླ་མེད་སྤྱོད་ཚུལ་ཆོ་ག་རྣམས༔ དེ་རིང་ཁྱོད་ལ་ཡང་དག་བསྟན་པར་བྱ༔ དུས་གསུམ་ངེས་འབྱུང་ཡང་དག་རྫོགས་སངས་རྒྱས༔ སྐུ་གསུང་ཐུགས་ཀྱི་རང་བཞིན་རྡོ་རྗེ་ཅན༔ རྡོ་རྗེ་འཇིགས་བྲལ་གསང་སྔགས་མཐུ་ཡིས་ནི༔ མགོན་པོ་ཡེ་ཤེས་མཉམ་ཉིད་ཡང་དག་བརྙེས༔ བརྩེ་ཆེན་འཇམ་དཔལ་ཡེ་ཤེས་མཆོག་གི་ནི༔ བླ་མེད་གསང་སྔགས་སྦྱོར་བ་མཉམ་མེད་པས༔ བདུད་སྡེ་དཔུང་བཅས་མ་ལུས་ཀུན་བཅོམ་ནས༔ འཇིག་རྟེན་རྗེས་འཇུག་ཡང་དག་སྤྱོད་ནས་ཀྱང༔ ཆོས་འཁོར་བསྐོར་ནས་མྱང་འདས་ལམ་བགྲོད་ཅིང༔ མཉམ་མེད་རྒྱལ་བ་ཀུན་མཁྱེན་སྐུ་ཐོབ་ཕྱིར༔ བུ་ཀུན་བློ་གྲོས་རབ་ཡངས་འདི་གྱིས་ཤིག༔ དེ་ནས་ཐོག་མར་རྒྱུད་དག་ཅིང་སྣོད་དུ་རུང་བར་བྱ་བའི་སླད་དུ། བླ་མ་བཅོམ་ལྡན་འདས་འཇམ་དཔལ་དབྱངས་ལ་སངས་རྒྱས་བྱང་སེམས་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་བཅས་པས་བསྐོར་ཏེ་བཞུགས་པ་ལ། བདག་སོགས་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྒོ་གསུམ་རྩེ་གཅིག་གུས་པས་སྐྱབས་སུ་མཆིའོ་སྙམ་པས་འདིའི་རྗེས་ཟློས། དུས་འདི་ནས་བཟུང་སོགས་ལས་བྱང་ལྟར་ལན་གསུམ། མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ལ་དགོད་པར་བྱ། དེའི་ཆེད་དུ་འཕགས་པ་འཇམ་དཔལ་དབྱངས་ཀྱི་ཐུགས་བསྐྱེད་པ་ལྟར་སེམས་བསྐྱེད་ཅིང་བྱང་ཆུབ་སྤྱོད་པའི་རྗེས་སུ་སློབ་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། བདག་གིས་ཁམས་གསུམ་འཁོར་བའི་སོགས་གསུམ། ཞིང་མཆོག་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་གསག་སྦྱང་སྤེལ་གསུམ་ཚུལ་བཞིན་བགྱིད་པའི་འདུན་པས་འདིའི་རྗེས་ཟློས། ཕྱི་སྒྲུབ་ནང་སྒྲུབ་གཉིས་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་དང་། གཞན་རྣམས་ལ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚར་གསུམ་བྱ། དུང་ཞལ་དུ་དྲིའི་ཆུ་དང་བདུད་རྩི་བསྲེས་པའི་དམ་ཆུ་སྦྱིན་ལ། འདི་ནི་ཁྱོད་ཀྱི་དམ་ཚིག་བདུད་རྩིའི་ཆུ༔ དམ་ཚིག་འདས་ན་སྲེག་ཅིང་དམྱལ་བར་ལྟུང༔ དམ་ཚིག་བསྲུངས་ན་དངོས་གྲུབ་ཚེ་འདིར་ཐོབ༔ དམ་ཚིག་བདུད་རྩིས་ལས་ཀུན་འགྲུབ་པར་འགྱུར༔ བཛྲ་ས་མ་ཡ་ཨུ་ད་ཀ་ན་ར་ཀན་ཋ་ཋ༔ དམ་ཚིག་གི་རྡོ་རྗེ་གནས་གསུམ་དུ་གཏུགས་ལ། དམ་ཚིག་ཡེ་ཤེས་གསང་མཆོག་རྡོ་རྗེ་འདི༔ སྐལ་ལྡན་ཁྱོད་ཀྱི་གནས་གསུམ་གཏུགས་པ་ཡིས༔ དཔལ་ཆེན་སྲོག་གི་རྡོ་རྗེ་འདི་བྱིན་པས༔ ང་ནི་གསང་མཆོག་འཇམ་དཔལ་རྡོ་རྗེ་སྟེ༔ ང་ཡིས་ཇི་ལྟར་བསྒོས་པའི་བཀའ་བཞིན་དུ༔ བུ་ཁྱོད་ཉམས་མེད་ཡང་དག་བསྒྲུབ་དགོས་སོ༔ གལ་ཏེ་ང་ཡི་བཀའ་ལས་འདས་གྱུར་ན༔ གསང་མཆོག་རྡོ་རྗེ་ཁྱོད་ཀྱི་གཤེད་མར་འགྱུར༔ རྡོ་རྗེ་འབར་བས་དམྱལ་བར་སྲེག་པར་བྱེད༔ བུ་ཁྱོད་དམ་ཚིག་ཉམས་མེད་སྙིང་ལ་ཆོངས༔ བཛྲ་ས་མ་ཡ་ཨུ་ད་ཀ་ན་ར་ཀན་ཋ་ཋ༔ དེས་རྡོ་རྗེའི་དམ་ཚིག་གཉན་པོའི་གནད་ལ་བཀར་ནས། དབང་གི་གཞི་རྟེན་སྒྲུབ་པ་ཡེ་ཤེས་པ་དབབ་པར་གསོལ་བ་གདབ་པ་འདིའི་རྗེས་ཟློས། ཨེ་མ༔ བླ་མ་འཇམ་མགོན་ཆེ་བའི་མཆོག༔ རྗེ་བཙུན་མགོན་པོ་འཇམ་དབྱངས་ཀྱི༔ ཡེ་ཤེས་སེམས་དཔའ་དབབ་པར་མཛོད༔ བདག་ལ་འགོ་བར་མཛད་དུ་གསོལ༔ ཉེ་བར་འགོ་བར་མཛད་དུ་གསོལ༔ དབང་བསྐུར་བྱིན་རླབས་བསྩལ་དུ་གསོལ༔ གསུམ། ཁྱེད་རང་རྣམས་ལུས་གནད་བསྲང་། ངག་རླུང་ཁ་སྦྱོར་དུ་བཅིང་། ཡིད་གཞན་དུ་མ་ཡེངས་པར་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ཅེས་བྱས་ལ་བསང་སྦྱང་སྟེ། སྒྲུབ་ཐབས་སོ་སོའི་མངོན་རྟོགས་ཀྱི་དབུ་ནས་ཡེ་ཤེས་སྤྱན་དྲངས་ཐིམ་པའི་བར་གོ་བརྡ་འཕྲོད་པར་དལ་བར་བཀླག །རང་ཉིད་ཅེས་པ་ལ་ཁྱེད་རང་ཞེས་སོགས་སྐབས་ཀྱི་ཁ་བསྒྱུར་བྱ། སྤོས་བརྟུལ། རོལ་མོ་བསྒྲག །སོ་སོའི་སྙིང་པོའི་གཤམ་དུ། ཨཱ་བེ་ཤ་ཡ་ཨ་ཨཱ༔ ཨེ་ཨཱ་རལླི་ཧྲིང་ཧྲིང་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་ལན་གསུམ་གྱི་མཐར་མི་གནས་པའི་ཡེ་ཤེས་ཆེན་པོར་བཞག་ལ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་སྒོ་གསུམ་ལ་རབ་ཏུ་གནས་པར་བྱས་པར་མོས་ཤིག །སྔགས་མཐར་ཏིཥྛ་བཛྲ་གྱིས་རྡོ་རྗེ་སྤྱི་བོར་བཞག་ལ་བརྟན་པར་བྱ། དེ་རྣམས་ཀྱིས་འཇུག་པའི་ཆོས་རྣམས་གྲུབ། དངོས་གཞི་དབང་བསྐུར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་འཚལ། གསོལ་བ་གདབ་པ་འདིའི་རྗེས་ཟློས། ཇི་ལྟར་བླ་མ་རྡོ་རྗེ་འཆང་དབང་གིས༔ ཡེ་ཤེས་སེམས་དཔའ་ཉིད་དུ་བདག་བསྒྲུབས་ཕྱིར༔ དེ་བཞིན་རྡོ་རྗེ་སློབ་དཔོན་ཁྱོད་ཀྱིས་ཀྱང༔ བདག་ལ་དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ཅེས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པས། ལྷ་དང་སློབ་དཔོན་གཉིས་སུ་མེད་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་ནམ་མཁའ་གང་བ་སྤྱན་དྲངས་པ་རྣམས་དང་སློབ་དཔོན་ལྷན་ཅིག་པས་མི་བསྐྱོད་པའི་ངོ་བོ་བུམ་ཆུ་ལ་སོགས་པ་རིགས་ལྔའི་རང་བཞིན་ཅན་གྱི་རིག་པའི་དབང་རྣམས་རིམ་པར་བསྐུར་བར་མོས་ཤིག །བུམ་པ་རྡོ་རྗེ་བཅས་སྤྱི་བོར་བཞག་ལ། ཧཱུྃ༔ ཞེ་སྡང་རྣམ་དག་རྡོ་རྗེ་མི་བསྐྱོད་པའི༔ མེ་ལོང་ཡེ་ཤེས་རྒྱུད་ལ་སྐྱེ་བའི་ཕྱིར༔ རྡོ་རྗེ་མི་བསྐྱོད་པ་ཡི་གཟི་བྱིན་མཆོག༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་རྫོགས་ཤོག༔ རྩ་སྔགས་ཀྱི་ཤམ་བུར་ཨ་བྷི་ཥིཉྩ་མཱཾ༔ དེས་རྡོ་རྗེ་རིགས་ཀྱི་དབང་ཐོབ། ཞེ་སྡང་དག །རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར། མེ་ལོང་ཡེ་ཤེས་མངོན་དུ་བྱས་པར་མོས་ཤིག །རིན་པོ་ཆེ་དང་དབུ་རྒྱན་མགོར་བསྐོན་ལ། ཧཱུྃ༔ ང་རྒྱལ་རྣམ་དག་རྡོ་རྗེ་རིན་འབྱུང་གི༔ མཉམ་ཉིད་ཡེ་ཤེས་རྒྱུད་ལ་སྐྱེ་བའི་ཕྱིར༔ རྡོ་རྗེ་རིན་ཆེན་འབྱུང་ལྡན་གཟི་བྱིན་མཆོག༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་རྫོགས་ཤོག༔ རཏྣ་མཱ་ལཱ་ཏྲཱཾ་ཨ་བྷི་ཥིཉྩ་ཏུ་མཱཾ༔ དེས་རིན་ཆེན་རིགས་ཀྱི་དབང་ཐོབ། ང་རྒྱལ་དག །ཚོར་བའི་ཕུང་པོ་གནས་གྱུར། མཉམ་ཉིད་ཡེ་ཤེས་མངོན་དུ་བྱས་པར་མོས་ཤིག །པདྨ་དང་རྡོ་རྗེ་ལག་གཡས་སུ་གཏད་ལ། ཧཱུྃ༔ འདོད་ཆགས་རྣམ་དག་རྡོ་རྗེ་འོད་དཔག་མེད༔ སོར་རྟོག་ཡེ་ཤེས་རྒྱུད་ལ་སྐྱེ་བའི་ཕྱིར༔ རྡོ་རྗེ་འོད་དཔག་མེད་པའི་གཟི་བྱིན་མཆོག༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་རྫོགས་ཤོག༔ པདྨ་མཱ་ལཱ་ཨ་བྷི་ཥིཉྩ་ཏུ་མཱཾ༔ དེས་པདྨ་རིགས་ཀྱི་དབང་ཐོབ། འདོད་ཆགས་དག །འདུ་ཤེས་ཀྱི་ཕུང་པོ་གནས་གྱུར། སོར་རྟོག་ཡེ་ཤེས་མངོན་དུ་བྱས་པར་མོས་ཤིག །རལ་གྲི་དང་དྲིལ་བུ་ལག་གཡོན་དུ་གཏད་ལ། ཧཱུྃ༔ ཕྲག་དོག་རྣམ་དག་རྡོ་རྗེ་དོན་ཡོད་གྲུབ༔ བྱ་གྲུབ་ཡེ་ཤེས་རྒྱུད་ལ་སྐྱེ་བའི་ཕྱིར༔ རྡོ་རྗེ་དོན་ཡོད་གྲུབ་པའི་གཟི་བྱིན་མཆོག༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་རྫོགས་ཤོག༔ ཨོཾ་ཀརྨ་མཱ་ལཱ་ཨ་བྷི་ཥིཉྩ་ཏུ་མཱཾ༔ དེས་ལས་ཀྱི་རིགས་ཀྱི་དབང་ཐོབ། ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་གནས་གྱུར། བྱ་གྲུབ་ཡེ་ཤེས་མངོན་དུ་བྱས་པར་མོས་ཤིག །སོ་སོའི་སྔགས་བྱང་འཁོར་ལོ་དང་དྲིལ་བུ་སྦྱིན་ལ། ཧཱུྃ༔ གཏི་མུག་རྣམ་དག་རྡོ་རྗེ་རྣམ་སྣང་གི༔ ཆོས་དབྱིངས་ཡེ་ཤེས་རྒྱུད་ལ་སྐྱེ་བའི་ཕྱིར༔ རྡོ་རྗེ་རྣམ་སྣང་མཛད་ཀྱི་གཟི་བྱིན་ཀུན༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་རྫོགས་ཤོག༔ ཨོཾ་བཻ་རོ་ཙ་ན་ཨ་བྷི་ཥིཉྩ་ཏུ་མཱཾ༔ དེས་དེ་བཞིན་རིགས་ཀྱི་དབང་ཐོབ། གཏི་མུག་དག །གཟུགས་ཀྱི་ཕུང་པོ་གནས་གྱུར། ཆོས་དབྱིངས་ཡེ་ཤེས་མངོན་དུ་བྱས་པར་མོས་ཤིག །དེའི་རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ཡིན་པས་དམིགས་པ་འདི་ལྟར་དུ་མཛོད། མདུན་བསྐྱེད་ཀྱི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་ཆད། ཁྱེད་རང་རྣམས་ལ་ཐིམ་པས་རྡོ་རྗེའི་སྐུ་དང་དབྱེར་མེད་དུ་བྱིན་གྱིས་བརླབས་པར་མོས་ཤིག །སོ་སོའི་སྐུ་སྤྱི་བོར་བཞག་ཅིང་ལག་ཏུ་གཏད་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་རང་བྱུང་སྐུ་ཆེ་བ༔ སངས་རྒྱས་ཀུན་གྱི་རང་བྱུང་སྐུ་ཡིན་ཏེ༔ སངས་རྒྱས་ཀུན་གྱི་སྐུ་ཡིས་བྱིན་བརླབས་པ༔ བླ་མ་འཇམ་མགོན་ཡབ་ཡུམ་་་དཔའ་རྐྱང་ཡིན་ན།་་་འཇམ་པའི་དབྱངས་ཀྱི་སྐུ་ཐོབ་ཅེས་བསྒྱུར། སྐུ་ཐོབ་ཤོག༔ རྩ་སྔགས་མཐར་ཛཿཧཱུྃ་བཾ་ཧོ༔ ཏིཥྛ་བཛྲ༔ ཞེས་བརྗོད། ཁྱེད་རང་རྣམས་ཀྱིས་སློབ་དཔོན་ལ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས། གང་ཚེ་བལྟ་བར་འདོད་པ་དང༔ ཅུང་ཟད་འདྲི་བར་འདོད་ན་ཡང༔ བླ་མ་འཇམ་མགོན་ཡབ་ཡུམ་ཁྱོད༔་་་དཔའ་རྐྱང་ལ་འཇམ་དཔལ་མགོན་པོ་ཞེས་བསྒྱུར། གེགས་མེད་པར་ནི་འགྲུབ་པར་ཤོག༔ དེས་ལུས་ལྷ་བསྒོམ་པ་ལ་དབང་བ་ཡིན་པས། དེང་ཕྱིན་ཆད་སྣང་སྟོང་ལྷའི་ཕྱག་རྒྱ་སྒོམ་པ་ལ་བརྩོན་པར་གྱིས་ཤིག །སློབ་དཔོན་འཇམ་དཔལ་ཡབ་ཡུམ་་་དཔའ་རྐྱང་ལ་འཇམ་དཔལ་དབྱངས་སུ། དུ་གསལ་བའི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་ཞལ་དུ་ཐོན་ནས། སློབ་མའི་མགྲིན་པར་ཞུགས། སྙིང་ཁའི་ས་བོན་ལ་ཐིམ་པས་རྡོ་རྗེའི་གསུང་དང་དབྱེར་མེད་དུ་བྱིན་གྱིས་རློབས་པར་མོས་ལ་སྔགས་འདིའི་རྗེས་ཟློས། སོ་སོའི་སྙིང་པོ་རྣམས་རྗེས་ཟློས་ལན་གསུམ་བྱར་གཞུག །སྒྲུབ་ཡིག་དང་ཕྲེང་བ་ལག་ཏུ་གཏད་ལ། སངས་རྒྱས་ཀུན་གྱི་རང་བྱུང་གསུང་ཆེ་བ༔ སངས་རྒྱས་ཀུན་གྱི་གསུང་དབྱངས་རྡོ་རྗེའི་སྒྲ༔ གསང་བའི་གསུང་ངག་བླ་ན་མེད་པའི་དབང༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་བས༔ ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་དབང་བྱེད་ཤོག༔ སརྦ་དྷརྨ་ཨ་བྷི་ཥིཉྩ་ཏུ་མཱཾ༔ སློབ་དཔོན་ལ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས། བརྩེ་ཆེན་ཁྱོད་ཀྱི་ཤེས་རབ་འོད་ཟེར་གྱིས༔ འགྲོ་བློའི་གཏི་མུག་མུན་པ་རབ་བསལ་ཏེ༔ བཀའ་དང་བསྟན་བཅོས་ཟབ་མོ་རྟོགས་པ་ཡི༔ བློ་གྲོས་སྤོབས་པའི་སྣང་བ་བསྐྱེད་དུ་གསོལ༔ དེས་ངག་སྔགས་བཟླ་བ་ལ་དབང་བ་ཡིན་པས། དེང་ཕྱིན་ཆད་གྲགས་སྟོང་བཟླས་བརྗོད་ཆུ་བོའི་རྒྱུན་ལྟ་བུ་ལ་བརྩོན་པར་གྱིས་ཤིག །ལྷག་པའི་ལྷའི་ཐུགས་ཀ་ནས་མཁྱེན་གཉིས་ཡེ་ཤེས་ཀྱི་ངོ་བོ་ཕྱག་མཚན་གྱི་རྣམ་པ་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་རྡོ་རྗེའི་ཐུགས་དང་དབྱེར་མེད་དུ་བྱིན་གྱིས་བརླབས་པར་མོས་ཤིག །སོ་སོའི་ཕྱག་མཚན་སྙིང་གར་བཞག་ཅིང་གཏད་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་ཀུན་གྱི་ཐུགས་ཆེན་པོ༔ དུས་གསུམ་སངས་རྒྱས་ཀུན་གྱི་གསང་བ་འཛིན༔ གསང་བ་མཉམ་ཉིད་བདེ་ཆེན་ཡངས་པའི་ཀློང༔ བདེ་ཆེན་རིག་རྩལ་བསྒོམ་པའི་དབང་ཐོབ་ཤོག༔ མ་ཧཱ་སརྦ་ཙིཏྟ་མ་ཏི་ཨ་བྷི་ཥིཉྩ་ཏུ་མཱཾ༔ མེ་ཏོག་འཐོར་ལ་འདིའི་རྗེས་ཟློས། བརྩེ་ཆེན་ཁྱོད་ཀྱི་ཐུགས་རྗེའི་འོད་ཟེར་གྱིས༔ བདག་བློའི་མི་ཤེས་དྲི་ཚོགས་ཀུན་བཅོམ་ནས༔ འཆད་རྩོད་སྤོབས་པའི་སྣང་བ་རབ་རྒྱས་ཤིང༔ བློ་གྲོས་ཡངས་པའི་སྣང་བ་རྒྱས་པར་མཛོད༔ དེས་སེམས་ཆོས་ཉིད་ཀྱི་དོན་བསྒོམ་པ་ལ་དབང་བ་ཡིན་པས། དེང་ཕྱིན་ཆད་རིག་སྟོང་འོད་གསལ་གྱི་ཏིང་ངེ་འཛིན་དང་མ་བྲལ་བར་མཛོད་ཅིག །ཕྱི་སྒྲུབ་ནས་དབྱངས་ཅན་མའི་བར་དབང་སྣ་ལྔ་ལ་འདི་ནས་འོག་གི་གཏོར་དབང་ལ་འཇུག་པས་འཐུས་ཤིང་། གསང་སྒྲུབ་ཡེ་ཤེས་སེམས་དཔའི་དབང་ལ་འདིར་རྗེས་གནང་སྦྱོར་དགོས་པས། དེ་རྣམས་ཀྱིས་དབང་གི་དངོས་གཞི་གྲུབ་ནས། མཐའ་རྟེན་ཏུ་རྗེས་སུ་གནང་བ་ལ། རང་དོན་བསྙེན་སྒྲུབ་ལས་ཀྱི་སྦྱོར་བ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་སོགས་དོན་གཉིས་ཅི་དགར་སྤྱོད་པའི་གནང་བ་བསྩལ་ཅིང་རྒྱལ་ཐབས་སྤྱི་བླུགས་ཀྱི་ཆོ་གས་མངའ་གསོལ་བར་མོས་ཤིག །མཚན་བརྗོད་གླེགས་བམ་གཏད་ལ། ཧཱུྃ༔ འཇམ་མགོན་སྨྲ་བའི་སེང་གེ་མཚུངས་པ་མེད༔ འགྲོ་ལ་བརྩེ་ཆེན་ཐུགས་རྗེའི་འོད་ཟེར་ཅན༔ དམ་ཆོས་འདི་ཉིད་ཀློག་དང་ཀུན་ཆུབ་དང༔ རྒྱ་ཆེན་འགྲོ་བའི་དོན་རབ་སྤྱོད་པར་གྱིས༔ གསེར་གདུགས་སྤྱི་བོར་ཕུབ་ལ། ཧཱུྃ༔ ཁྱབ་བདག་གསེར་གདུགས་རཏྣས་ཀུན་ཁྱབ་ཅིང༔ སེམས་ཅན་སྡུག་བསྔལ་མ་ལུས་སྐྱོབ་བྱེད་པ༔ ཟབ་ཅིང་ཡང་གསང་རྒྱ་ཆེ་སྤྱོད་པ་དང༔ འགྲོ་བའི་དོན་རབ་འབད་མེད་འགྲུབ་གྱུར་ཅིག༔ གྲི་དང་མདའ་གཞུ་གཏད་ལ། ཧཱུྃ༔ བརྒྱད་ཁྲི་བཞི་སྟོང་དཔུང་འཇོམས་གཡུལ་རྒྱལ་གྲི༔ ཐབས་ཤེས་དབྱེར་མེད་མཚོན་པའི་མདའ་གཞུ་ཆེ༔ དཔའ་བོ་ཆེན་པོ་སྟོབས་མངའ་ཧེ་རུ་ཀ༔ བདུད་ཀྱི་དཔུང་རྣམས་མ་ལུས་འདུལ་མཛད་པ༔ རང་བྱུང་རིག་རྩལ་རྒྱས་པའི་དབང་ཐོབ་ཤོག༔ དུང་དཀར་འབུད་དུ་འཇུག་ལ། ཧཱུྃ༔ ཆོས་དུང་དཀར་པོ་དྲི་བྲལ་སྒྲ་ཆེན་པོ༔ རྣམ་ཀུན་རབ་སྒྲོག་སྙན་པའི་ཆོས་ཀྱི་སྒྲ༔ ཆོས་ཀྱི་རྔ་ཆེན་སྟོང་ཉིད་ཟབ་ཡངས་པ༔ དྲི་མེད་ཕྱོགས་བྲལ་ཀུན་ཏུ་སྒྲོག་པའི་དབང་ཐོབ་ཤོག༔ ཆོས་ཀྱི་འཁོར་ལོ་གཏད་ལ། ཧཱུྃ༔ འཁོར་ལོས་སྒྱུར་བ་ཆེན་པོ་དཔའ་བོ་ཆེ༔ བརྗོད་བྲལ་ཡང་དག་དོན་ལྡན་དེ་བཞིན་ཉིད༔ འདྲེན་པ་མཉམ་མེད་ཆོས་ཀྱི་འཁོར་ལོ་མཆོག༔ ཁྱོད་ཀྱིས་རྟག་བརྟན་འཁོར་ལོ་བསྐོར་བར་གྱིས༔ སྒྲུབ་ཡིག་གཏད་ལ། ཧཱུྃ༔ བདག་མེད་སེང་གེའི་སྒྲ་དང་ལྡན་པ་པོ༔ འདི་བསྒྲུབས་འབད་པས་ཀུན་མཁྱེན་སྐུ་འགྲུབ་ཕྱིར༔ མུ་སྟེགས་ཕས་རྒོལ་མ་ལུས་ཟློག་མཛད་པ༔ ནོར་འཁྲུལ་ཐམས་ཅད་རྣམ་པ་ཀུན་སྤངས་པ༔ རྩོད་བྲལ་ཡེ་ཤེས་རྒྱས་པའི་དབང་རྫོགས་ཤོག༔ རྡོ་རྗེ་སློབ་དཔོན་གྱི་སྲིན་ལག་བཟུང་དུ་འཇུག་ལ། ཧཱུྃ༔ འགྲོ་བའི་བླ་མ་སྟོན་པ་རྫོགས་སངས་རྒྱས༔ འགྱུར་མེད་རྟག་པར་རྒྱུན་བཞིན་དུ༔ ཇི་ལྟར་མ་ལུས་སྟོན་པ་རྡོ་རྗེ་སློབ་དཔོན་བདག་གིས་ཀྱང༔ བུ་ཁྱོད་ལ་ཡང་རྒྱལ་ཐབས་སྤྱི་བླུགས་གཏད༔ གྲོལ་བ་བདེ་བར་རྣམ་གྲོལ་ཡེ་ཤེས་ལུས༔ མི་ཟད་བདེ་ཆེན་གཏེར་ཆེན་པོ༔ བུ་ཁྱོད་ཀྱིས་ནི་རྒྱན་འཁོར་ལོངས་སྤྱོད་གྱིས༔ འདིར་དབང་ཐམས་ཅད་དཀྱུས་གཅིག་ཏུ་བསྐུར་བའི་དབང་དུ་བྱས་ཀྱི་རེ་རེ་ཁོལ་འདོན་དུ་བྱེད་ན་དེ་ཉིད་ལ་རྗེས་གནང་འདི་དག་སྦྱར་ན་ལེགས་སོ། །དབང་སྐུར་ཡོངས་སུ་རྫོགས་པའི་མཐའ་རྟེན་བྱིན་རླབས་གཏོར་མའི་དབང་ལ་འདུན་པ་འདི་ལྟར་མཛོད། གཏོར་མ་རྗེ་བཙུན་འཕགས་པ་འཇམ་དཔལ་དབྱངས་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་དང་བཅས་པ་མངོན་སུམ་བཞིན་དུ་གསལ་བ། ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས་སྒོ་གསུམ་ལ་རྡོ་རྗེ་གསུམ་གྱི་དབང་དང་བྱིན་རླབས་མ་ལུས་པ་སྩོལ་བར་མོས་ཤིག །གཏོར་མ་གནས་གསུམ་དུ་བཞག་ལ། ཧཱུྃ༔ འཇིགས་བྲལ་སྟོན་པ་རྡོ་རྗེའི་ཐུགས་མངའ་བ༔ རྒྱལ་བ་དེ་བཞིན་གཤེགས་ཀུན་གསང་ཆེན་པོ༔ དགྱེས་མཛད་ཡེ་ཤེས་ཀུན་མཁྱེན་སྐུ་ཐོབ་ཕྱིར༔ འགྱུར་མེད་དཔལ་བརྟན་དཔལ་མཆོག་དབང་རྫོགས་ཤོག༔ རྩ་སྔགས་ཤམ་བུར་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ༔ གཏོར་མའི་ལྷ་ཚོགས་འོད་དུ་ཞུ་སྟེ་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག །འབྲུ་འཐོར་ཞིང་ཡེ་དྷར་དང་ཤིས་པ་བརྗོད། དེ་རྣམས་ཀྱིས་འཕགས་པ་འཇམ་དཔལ་་་སོ་སོའི་སྐབས་བསྟུན་བརྗོད་ལ། མངོན་པར་དབང་བསྐུར་བ་ཟབ་མོ་ཐོབ་པས༔ ལུས་ལ་ནད་མེད་པ་དང་སྐྱེ་འགྲོ་ཕོ་མོ་རྣམས་ཀྱིས་མཐོང་བ་ཙམ་གྱིས་དད་པ་དང༔ མཚན་དང་དཔེ་བྱད་ཐམས་ཅད་ཀྱིས་སྤྲས་པའི་འཕགས་པ་འཇམ་དཔལ་གྱི་སྐུ་ཐོབ་པ་དང༔ ཐེག་པ་ཕྱི་ནང་གསང་བ་ཐམས་ཅད་ལ༔ འཆད་རྩོད་རྩོམ་པ་ལ་ཐོགས་པ་མེད་པ་དང༔ གསུང་དབྱངས་ཡན་ལག་དྲུག་ཅུ་ཐོབ་པར་འགྱུར་རོ༔ ཡང་དག་མཐར་ཐུག་གི་འབྲས་བུའི་དོན་བླ་ན་མེད་པའི་ལྟ་སྤྱོད་སྒོམ་པའི་འབྲས་བུ་ལ་སྐྲག་པ་མི་སྐྱེ་བར་ངེས་ཤེས་ཐོབ་ནས༔ བློ་འགྲོ་ཞིང་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ༔ རིག་པའི་གནས་མཐའ་དག་ལ་མཁས་ཤིང༔ སེམས་ཅན་ཐམས་ཅད་ཀྱི་དོན་ཕྱོགས་མེད་དུ་འགྲུབ་པ་དང༔ འཕགས་པ་འཇམ་དཔལ་ཟུང་འཇུག་གི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཟག་མེད་བདེ་བ་ཆེན་པོ་ལ་ལོངས་སྤྱོད་པར་འགྱུར་རོ༔ ཞེས་བརྗོད། དེ་ནས་དབང་གི་རྗེས་དམ་ཚིག་བསྒྲག་བཟུང་། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་རྣམས་སྤྱི་ལྟར་བྱ། ༈ དབྱངས་ཅན་དམར་མོའི་དབང་གི་སྐབས། དབང་བཤད་ལ། དེ་ལ་རྗེ་བཙུན་འཕགས་མ་དབྱངས་ཅན་མ་འདི་ནི། ངོ་བོ་འཕགས་བཞིའི་སྐྱེད་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཉིད། རྣམ་པ་གདུལ་བྱ་གང་འདུལ་གྱི་ཁམས་དབང་བསམ་པའི་ཁྱད་པར་ལས་རྟགས་ཀྱི་ཕྱག་རྒྱ་ཅིར་ཡང་སྒྱུར་བ་སྟེ། བཅོམ་ལྡན་འདས་འཇམ་དཔལ་དབྱངས་སོགས་དགྱེས་པ་སྐྱེད་པའི་ལྷ་མོ་རྡོ་རྗེ་རེག་བྱ་མ་དང་། གཤིན་རྗེ་གཤེད་པོའི་ཡུམ་རོ་ལངས་མ་དང་། རྒྱལ་བའི་བསྟན་པ་སྲུང་བའི་གཙོ་མོ་དམག་ཟོར་རྒྱལ་མོ། བོད་ཡུལ་གསང་སྔགས་བཀའི་སྡུད་པ་མོ་མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱི་སྐུར་སྣང་བ་སོགས་སྤྲུལ་པའི་རྣམ་རོལ་མཐའ་ཡས་པས་གཞན་དོན་རྟག་ཁྱབ་ལྷུན་གྲུབ་ཏུ་མཛད་པ་དང་། བསྟན་ལས་ཕྱི་རོལ་དུ་ཕྱོགས་པའི་གྲུབ་མཐའི་བློ་གྲོས་ངན་པ་ལ་སྤྱོད་པ་རྣམས་གདུལ་བའི་སླད་དུ་ལྷོ་ཕྱོགས་ཡིད་ཀྱི་རྒྱ་མཚོར་ཚངས་པའི་སྲས་མོའི་སྐུར་བསྟན་པས་མཚོན་རྣམ་ཐར་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཅན་ཡིན་ལ། ཁྱད་པར་བརྟན་གཡོའི་སྒྲ་དབྱངས་ཐམས་ཅད་ཀྱི་བདག་མོར་གྲགས་ཤིང་སྨྲ་བ་ངག་གི་དཔལ་སྐྱེད་པའི་ཕྲིན་ལས་ཀྱིས། སྐྱེ་དགུ་ཀུན་གྱི་བློ་གྲོས་དང་ཤེས་རབ་ཀྱི་སྟོབས་རྩལ་སྤེལ་བ་ལ་འགྲན་ཟླ་དང་བྲལ་བའི་ལྷ་མཆོག་འདི་ཉིད་ཀྱི་སྒྲུབ་ཐབས་བྲམ་ཟེ་ཕུར་བུ་ནས་བརྒྱུད་པ་གསར་མ་ལ་ཡོངས་སུ་གྲགས་པ་སོགས་འགའ་ཞིག་མཆིས་པ་ལས། འདིར་རྒྱལ་ཀུན་ངོ་བོ་མཁས་པ་བློ་ལྡན་མཆོག་སྲེད་ཀྱི་རྡོ་རྗེའི་གསུང་བྱིན་རླབས་གཟི་བྱིན་འགྲན་ཟླ་དང་བྲལ་བ་གཏེར་ཆེན་བདུད་འདུལ་གླིང་པའི་གཏེར་བྱོན་དབྱངས་ཅན་མ་དམར་མོའི་དབང་བསྐུར་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ། གཞུང་གི་མཚམས་སྦྱོར་རྣམས་ལ། འཇམ་དཔལ་དབྱངས་སོགས་ཀྱི་ཚབ་ཏུ། རྗེ་བཙུན་འཕགས་མ་དབྱངས་ཅན་མའམ། བཅོམ་ལྡན་འདས་མ་སྒྲ་དབྱངས་ལྷ་མོ་ལྟ་བུ་བསྒྱུར་བས་འགྲུབ་བོ། །རྣམ་ཐར་བསམ་ཡས་འཇམ་དཔལ་དཔའ་བོ་བཞིན། །མཁྱེན་རབ་མཚུངས་མེད་རྡོ་རྗེ་རྣོན་པོར་མཚུངས། །སྨྲ་བ་ངག་ལ་དབྱངས་ཅན་དཔལ་ཞུགས་ཏེ། །རྒྱལ་བས་བསྔགས་པའི་ཕྲེང་མཛེས་བདག་ཐོབ་ཤོག །ཟབ་གསང་གི་ཆོས་སྡེ་འདིར་འཇམ་དབྱངས་སྒྲུབ་ཐབས་ཟབ་གནད་ལེགས་བསྡུས་སུ་མཛད་པ་ལྟ་བུའི་ཚིག་ཉུང་ཞིང་དོན་འདྲིལ་ལ། བྱིན་རླབས་ཤིན་ཏུ་ཆེ་བའི་གྲགས་པ་དོན་དང་ལྡན་པར་སྣང་བས་རིན་ཆེན་གཏེར་གྱི་མཛོད་ཆེན་པོར་གཅེས་པ་སྡུད་པའི་སླད་དུ། འཕགས་པ་འདི་དག་གི་སྤྱོད་ཡུལ་ལ་དང་འདོད་ཡིད་ཆེས་ཀྱི་དད་པ་ཐུན་མིན་མངའ་བ་ཀུ་སཱ་ལི་བློ་གྲོས་མཐའ་ཡས་ཀྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།།།།

གཤིན་རྗེ་དྲེགས་པ་འཇོམས་བྱེད་ལས༔ འཇམ་དཔལ་ཞི་སྒྲུབ་ (Volume 17, Text 3)

ྈ གཤིན་རྗེ་དྲེགས་པ་འཇོམས་བྱེད་ལས༔ འཇམ་དཔལ་ཞི་སྒྲུབ་བཞུགས་སོ༔ ྈྈྈྈྈྈྈྈ སྟོབས་བཅུ་མངའ་བ་རྫོགས་སངས་རྒྱས༔ འཇམ་དཔལ་ཡེ་ཤེས་སེམས་དཔར་འདུད༔ ཁམས་གསུམ་སེམས་ཅན་མ་ལུས་ཀུན༔ འཁོར་བའི་དུཿཁ་ལས་ཐར་ཕྱིར༔ ཡེ་ཤེས་ལྷ་ཡི་དཀྱིལ་འཁོར་དུ༔ཞི་བར་བསྙེན་ཅིང་ཁྲོ་བོར་སྒྲུབ༔ དང་པོ་ཞི་བར་བསྙེན་པ་ནི༔ འཇིག་རྟེན་གཡེང་བ་སྤངས་པའི་སར༔ བརྩོན་འགྲུས་ལྡན་པའི་རྣལ་འབྱོར་གྱིས༔ བགེགས་དང་ཡུལ་བདག་ཚིམས་པར་བྱས༔ མཚམས་བཅད་བདེ་བའི་སྟན་ལ་འདུག༔ ལས་ཀྱི་རིམ་པ་འདི་ལ་འཇུག༔ ཨེ་མ༔ བདག་གིས་དལ་འབྱོར་རིན་ཆེན་འདི༔ ཨུ་དུམ་ཝཱ་རའི་མེ་ཏོག་ལྟར༔ ཕྱིས་ནས་ཡང་ཡང་རྙེད་དཀའ་བས༔ ད་རེས་བླ་མེད་དོན་ཡོད་བྱ༔ ཕུན་ཚོགས་རིན་ཆེན་ལུས་འདི་ཡང༔ མི་རྟག་རྩྭ་ཁའི་ཟིལ་པ་ལྟར༔ ནམ་འཆི་ངེས་པའི་གདིང་མེད་པས༔ བརྩོན་འགྲུས་དྲག་པོས་བྱང་ཆུབ་བསྒྲུབ༔ མཐའ་མེད་འཁོར་བའི་རྒྱ་མཚོ་ཆེ༔ སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུག༔ ཐར་དཀའ་གཏིང་མཐའ་མེད་འདི་ལས༔ ཐར་ཕྱིར་དམ་པའི་སྤྱད་པ་སྤྱོད༔ རང་གི་སྤྱི་བོར་པད་ཉིའི་སྟེང༔ སངས་རྒྱས་ཀུན་འདུས་བླ་མ་དང༔ དཀོན་མཆོག་སྐྱབས་གནས་མ་ལུས་པ༔ སྤྲིན་ཕུང་གཏིབས་པ་ལྟ་བུར་བསམ༔ ན་མོ༔ བདག་དང་མཐའ་ཡས་སེམས་ཅན་ཀུན༔ དེང་ནས་བྱང་ཆུབ་སྙིང་པོའི་བར༔ བསླུ་མེད་སྐྱབས་གནས་ཐམས་ཅད་ལ༔ སྒོ་གསུམ་དང་བས་སྐྱབས་སུ་མཆི༔ རང་རིག་རང་ངོ་མ་ཤེས་པས༔ མ་རིག་འཁྲུལ་པའི་སེམས་ཅན་ཀུན༔ བདེ་ཆེན་ས་ལ་དགོད་བྱའི་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ སྤྲོས་པ་ཀུན་ཞི་ཆོས་དབྱིངས་ཀྱི༔ རང་མདངས་ཟུང་འཇུག་བདེ་བའི་སྐུ༔ འཕགས་མཆོག་འཇམ་དཔལ་དབྱངས་ཉིད་ལ༔ བདག་ནི་དད་པས་ཕྱག་འཚལ་ཞིང༔ དཔག་ཡས་མཆོད་པ་རྒྱ་མཚོས་མཆོད༔ ཉེས་བཤགས་དགེ་ལ་རྗེས་ཡི་རང༔ བླ་མེད་ཆོས་འཁོར་བསྐོར་བ་དང༔ མྱ་ངན་མི་འདར་གསོལ་བ་འདེབས༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ མཆོག་དང་ཐུན་མོང་སིདྡྷི་སྩོལ༔ གདུང་བའི་ཤུགས་ཀྱིས་གསོལ་བ་འདེབས༔ ཚོགས་ཞིང་རང་དང་གཉིས་མེད་བསྲེ༔ དེ་ལྟར་སྔོན་འགྲོ་མཐར་ཕྱིན་ནས༔ རང་བཞིན་དག་པའི་སྔགས་འདི་བརྗོད༔ ཨོཾ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ སྣང་སྲིད་འཁོར་འདས་ཐམས་ཅད་ཀུན༔ སྣང་ཙམ་ཉིད་ན་ངོ་བོས་སྟོང༔ རང་བཞིན་ཆུ་ཟླ་ལྟ་བུ་ལ༔ ངོ་བོ་སྟོང་པ་ཉིད་དུ་གནས༔ དེ་ཡི་ངང་ལས་ཀུན་སྣང་བའི༔ སྙིང་རྗེ་ཆེན་པོ་ཁྱབ་པར་བརྡལ༔ སྟོང་ཉིད་སྙིང་རྗེ་དབྱེར་མེད་ལས༔ རང་བྱུང་རིག་པ་ཡི་གེ་དྷཱི༔ དྷཱིཿལས་འོད་འཕྲོས་དོན་གཉིས་བྱས༔ དེ་ལས་མི་འཇིགས་སེང་གེའི་ཁྲི༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རང་ཉིད་འཕགས་མཆོག་འཇམ་དཔལ་དབྱངས༔ གུར་གུམ་མདངས་ལྡན་གཞོན་ནུའི་ཚུལ༔ ཕྱག་གཉིས་རལ་གྲི་ཨུཏྤལ་སྟེང༔ སྟོང་ཕྲག་བརྒྱ་པའི་གླེགས་བམ་བསྣམས༔ ཟུར་ཕུད་ལྔ་པ་མཚན་དཔེ་དང༔ ལོངས་སྤྱོད་རྫོགས་པའི་རྒྱན་གྱིས་མཛེས༔ རྒྱལ་བ་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ འོད་ཟེར་ཀློང་ན་གསལ་བ་ཡི༔ ཐུགས་ཀར་སེམས་དཔའ་ཚོན་གང་གི༔ ནང་དུ་ཟླ་སྟེང་དྷཱིཿཡིག་ལ༔ གསང་སྔགས་ཕྲེང་བས་འཁོར་བར་བསམ༔ ཡེ་ཤེས་སྤྱན་དྲངས་གཉིས་མེད་བསྟིམ༔ དབང་བསྐུར་རྒྱས་གདབ་བྱིན་གྱིས་བརླབས༔ ཡེངས་མེད་བཟླས་པ་འདི་ལ་འབད༔ ཨཱོཾ་ཨ་ར་པ་ཙ་ན་དྷཱི༔ ཐུན་མཐར་ཡེ་ཤེས་ལྷ་ལ་བསྟོད༔ ཆོས་དབྱིངས་ཡེ་ཤེས་རང་བཞིན་ལས༔ ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ནས༔ འགྲོ་བའི་ཉོན་མོངས་འཇོམས་མཛད་པའི༔ འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ༔ ཁྱོད་མཚན་ཐོས་དང་དྲན་པས་ཀྱང༔ ཉོན་མོངས་རྟོག་པ་ཀུན་ཞི་ནས༔ ཡེ་ཤེས་སྣང་བ་རྒྱས་པ་དང༔ ཆོས་དབྱིངས་ཆེན་པོར་བྱང་ཆུབ་ཤོག༔ དེ་ལྟར་བསྐྱེད་རིམ་ལ་འབད་ནས༔ རྫོགས་རིམ་སྙིང་པོའི་དོན་ལ་བསླབ༔ དེ་ལྟར་བསྐྱེད་པའི་ལྷ་དེ་ཀུན༔ ངོ་བོ་རང་གི་རིག་པ་སྟེ༔ དེ་ལས་འགག་མེད་མདངས་སུ་ཤར༔ གང་ཤར་ཆོས་ཉིད་རོལ་པ་ལ༔ སྤང་བླང་དགག་བསྒྲུབ་རེ་དོགས་མེད༔ ཇི་ལྟར་མཚོ་ཡི་རླབས་བཞིན་དུ༔ ངང་ལས་ཤར་ཞིང་ངང་དུ་གྲོལ༔ སྐྱེ་མེད་བསམ་ཡུལ་ཀུན་ལས་འདས༔ འདི་ཡིན་བཟའ་གཏད་ཕྱོགས་རིས་བྲལ༔ ཐམས་ཅད་རང་གྲོལ་གཉུག་མའི་ངང༔ འགྱུར་མེད་དོན་གྱི་ཆོས་སྐུ་འོ༔ རྗེས་ནི་ཤིས་བརྗོད་སྨོན་ལམ་བྱ༔ དགེ་བ་བྱང་ཆུབ་མཆོག་ཏུ་བསྔོ༔ འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞི་བར་བསྙེན་པའི་མན་ངག་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ པདྨ་གར་དབང་འགྱུར་མེད་རྡོ་རྗེ་རྩལ་གྱིས་ཡར་ཀླུངས་ཤེལ་ཕུག་གི་བྱང་འདབ་རྒྱལ་མཚན་འདྲ་བའི་བྲག་གི་ངོས་ནས་སྤྱན་དྲངས་པའོ།། །།

ཚེ་བདག་ལྕགས་འདྲའི་བརྒྱུད་འདེབས་ (Volume 17, Text 4)

ཚེ་བདག་ལྕགས་འདྲའི་བརྒྱུད་འདེབས་ནི། ཀུན་བཟང་འཇམ་དཔལ་འཇམ་དཔལ་བཤེས་གཉེན་དང་། །ཨོ་རྒྱན་གཙུག་ལག་དཔལ་དགེ་བལ་པོའི་རྒྱལ། །གནུབས་ཆེན་གནུབས་ཀྱི་རིགས་བྱོན་དྲུག་་་ཡོན་ཏན་རྒྱ་མཚོ། ཡེ་ཤེས་རྒྱ་མཚོ། པདྨ་དབང་རྒྱལ། ལྷ་རྗེ་འཇམ་དཔལ། རྒྱ་གར་རྡོ་རྗེ། ཆོས་ཀྱི་ཡེ་ཤེས།་་་རྣམས་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། ཁྲོ་འབར་དར་རྒྱས་ཡང་དག་རྡོ་རྗེ་དང་། །ཕུག་པ་ཤེར་རྒྱལ་་་རྔོག་སྟོན་་་འབུམ་ལེགས་གྲོ་སྟོན་་་བསོད་འབུམ་་་བློ་གྲོས་རྒྱལ། །ཕག་སྟོན་་་ཤཱཀ་མགོན་་་སྦུག་སྟོན་ཆོས་ཀྱི་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །སྤང་སྟོན་་་བདེ་ལེགས་རྒྱལ་མཚན་་སེ་སྟོན་་་རིན་ཆེན་རྒྱལ་མཚན་་་སྤྱན་ཚབ་་་མགོན་པོ་ཟླ་བ་་་ནུབ་དགོན་པ་་་བྱམས་པ་ཆོས་རྒྱལ་མཚན། །བྱང་བདག་ཡབ་སྲས་་་ཟུར་ཆེན་་་ཆོས་དབྱིངས་རང་གྲོལ་དང་། །གོང་ས་ལྔ་པ་་་ཟིལ་གནོན་བཞད་པ་་་སྨིན་གླིང་གཏེར་ཆེན་་་འགྱུར་མེད་རྡོ་རྗེ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །རྒྱལ་སྲས་་་པད་འགྱུར་རིན་རྣམ་་་ཁྲི་རིན་རྣམ་་་གསུང་སྤྲུལ་་་བདེ་ཆེན་རྡོ་རྗེ་་་པད་དབང་་་ཁྲི་པདྨ་དབང་རྒྱལ་་་དང་། ཁྲི་ཆེན་་་སངས་རྒྱས་ཀུན་དགའ་ཡིད་དབང་་་ཁྲི་ཡིད་བཞིན་དབང་རྒྱལ་་་བློ་མཐའ་ཡས་་་ཀོང་སྤྲུལ་རིན་པོ་ཆེ། །ཟིལ་གནོན་དགྱེས་རྩལ་་་མི་ཕམ་རྒྱ་མཚོ་་་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཟིལ་གནོན་རྩ་བའི་ལྷ་དང་རྒྱན་གྱི་ལྷ། །སྤྲུལ་པ་རྣམ་གསུམ་གཤེད་བཞི་མོན་བདུད་དང་། །འཆི་བདག་བཅུ་གཉིས་སྒོ་སྐྱོང་དཀྱིལ་འཁོར་ལྷར། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཚེ་བདག་གི་བརྒྱུད་འདེབས་དང་། ༈ སྨན་མཆོད་ལྷན་ཐབས་སུ། གོང་གི་གསོལ་བ་འདེབས་སོ་ཞེས་པའི་མལ་དུ། སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཞེས་སྒྱུར་རོ། །འགྱུར་མེད་རྡོ་རྗེས་བྲིས་པའོ། །གོང་གི་གཏེར་ཆེན་མན་ཆོས་ཀྱི་བློ་གྲོས་པས་ཞལ་བསྐང་ཞུས་པའོ།། །།

བཅོམ་ལྡན་འདས་ཕྱག་རྒྱ་ཟིལ་གནོན་གྱི་ལས་བྱང་རྡོ་རྗེའི་མེ་ཕྲེང་ (Volume 17, Text 5)

༄༅། །བཅོམ་ལྡན་འདས་ཕྱག་རྒྱ་ཟིལ་གནོན་གྱི་ལས་བྱང་རྡོ་རྗེའི་མེ་ཕྲེང་ཞེས་བྱ་བ་བཞུགས་སོ། ། བཅོམ་ལྡན་འདས་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་ལས་བྱང་རྡོ་རྗེའི་མེ་ཕྲེང་ཞེས་བྱ་བ། བླ་མ་དང་འཇམ་དཔལ་རྡོ་རྗེ་རབ་ཏུ་ཁྲོས་པ་ལ་ཕྱག་འཚལ་ལོ། ཁམས་གསུམ་ཉོན་མོངས་གཤིན་རྗེའི་དཔུང་ཚོགས་ཀུན། །གཉིས་མེད་ཡེ་ཤེས་རྡོ་རྗེས་རབ་བཅོམ་ནས། །བདེ་ཆེན་འགྱུར་མེད་འཁོར་འདས་ཕྱག་རྒྱ་ཀུན། །ཟིལ་གནོན་བཅོམ་ལྡན་ཁྲོ་བོའི་རྒྱལ་པོར་འདུད། །གདོད་མའི་རང་བཞིན་ཕྱག་རྒྱ་ཆེ། །སྒྲུབ་བྱེད་རིམ་པ་དངོས་གཞིའི་ཁྲིགས། །རྒྱུད་གཞུང་གྲུབ་པའི་ཞལ་ལུང་བཞིན། །སྙིང་པོར་དྲིལ་ཏེ་འདིར་བཤད་བྱ། །དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྔགས་པ་རང་གཞན་གྱི་དོན་སྒྲུབ་པ་ལ་སྙིང་སྟོབས་མཆོག་ཏུ་གྱུར་པས། །དབེན་ཞིང་མཐུན་པའི་གནས་སུ་རྟེན་དགྲམ་ཞིང་། མཆོད་གཏོར་སོགས་དམ་ཚིག་གི་ཡོ་བྱད་རྣམས་ཚོགས་པར་བཤམས་ནས་རྣལ་འབྱོར་ལ་འཇུག་པར་བྱའོ། །དེའི་རིམ་པ་ནི། སྔོན་འགྲོ །དངོས་གཞི། རྗེས་ཀྱི་བྱ་བ་དང་གསུམ་ལས། དང་པོ་སྔོན་འགྲོ་ལའང་། སྐྱབས་སེམས་ཚོགས་གསག་མཚམས་གཅོད་དང་། །བཤགས་པ་དམ་བཅའ་བྱིན་འབེབ་བྱ། །མཆོད་པ་བྱིན་གྱིས་བརླབ་དང་བདུན། །དང་པོ་ནི། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་སྟེ་སྤྱི་ལྟར་བྱའོ། །གཉིས་པ་ནི། རང་ཉིད་སྐད་ཅིག་གིས་འཇམ་དཔལ་ཁྲོ་བོའི་སྐུར་གསལ་བའི་སྙིང་གར་པད་ཉི་ལ་གནས་པའི་ཧཱུྃ་ཡིག་ནག་པོ་དེ་ལས་བྱུང་བའི་འོད་ཟེར་གྱིས་བླ་མ་དང་འཇམ་དཔལ་ཁྲོ་བོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་་་་་་་་་་མཁར་བཛྲ་ས་མཱ་ཛཿས་སད་པའི་སྤྱན་སྔར། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ལན་གསུམ་ལ་སོགས་པ་བརྗོད་ནས་ཛཿཧཱུྃ་བཾ་ཧོཿས་ཚོགས་ཞིང་རྣམས་རང་ལ་བསྟིམས་ཏེ་ཚད་མེད་བཞི་སྤྱི་དང་མཐུན་པར་བསྒོམ། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པར་བལྟའོ། །གསུམ་པ་ནི། སྟོང་པ་ཉིད་ཀྱི་ངང་ལས་རང་ཉིད་ཟིལ་གནོན་ཕྱག་རྒྱ་ཆེན་པོ་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་པ། གཡས་གསུམ་འཁོར་ལོ་རལ་གྲི་རྡོ་རྗེ། གཡོན་གསུམ་བེ་ཅོན་གཏུན་ཤིང་སྡིགས་མཛུབ། དུར་ཁྲོད་རོལ་པའི་ཆས་ཅན། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་བཞུགས་པའི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་སྔོན་པོ། དེ་ལས་ཁྲོ་བོའི་སྤྲིན་རབ་འབྱམས་འཕྲོ་བར་བསམ་ཞིང་། ཧཱུྃ། བདག་ཉིད་ཁྲོ་རྒྱལ་ཐུགས་ཀ་ནས། །མཐིང་ནག་ཧཱུྃ་གི་འོད་ཟེར་ལས། །སྟོང་གསུམ་ཁྲོ་བོས་རབ་གང་ཞིང་། །རྔམ་སྒྲས་འཇིག་རྟེན་ཀུན་ཁྱབ་པས། །གདུག་པ་གཡོ་འགུལ་མིང་ཡང་མེད། ཁྲོ་རྒྱལ་མཚོན་ཆ་མེ་འོད་འབར། །འབར་བའི་མཚམས་ལས་མ་འདའ་ཞིག །ཧཱུྃ་བཞི་པ་དང་། ཕཊ་རཾ། ཨེ་རཾ། ཛྭ་ལ་རཾ། ཞེས་བརྗོད་པས། ཁྲོ་བོ་དང་མཚོན་ཆ་རབ་ཏུ་འབར་བའི་མེ་དང་བཅས་པའི་སྲུང་བའི་གུར་ཁང་གིས་ཕྱོགས་ཀུན་ཁྱབ་པར་བསམ་མོ། །བཞི་པ་ནི། ཚོགས་ཞིང་སྔར་ལྟར་སད་པའི་སྤྱན་སྔར། ཧཱུྃ། དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ །རང་རིག་ཡེ་ཤེས་ཀློང་དུ་མ་གྱུར་ཅིང་། །རྟགས་དང་མཚན་མ་མྱུར་དུ་མ་ཕྱིན་པས། །ཟིལ་གནོན་ལྷ་ཚོགས་ཐུགས་དང་ཅི་འགལ་བ། ཁྲོ་གཏུམ་ཐུགས་རྗེ་ཅན་ལ་བཟོད་པར་གསོལ། །དོན་དམ་ངང་ལ་དགེ་སྡིག་གཉིས་མེད་ཀྱང། །དེ་ལྟར་མ་རྟོགས་གཟུང་འཛིན་དབང་གིས་ནི། །ཉམས་ཆག་འགལ་འཁྲུལ་གྱུར་པ་ཅི་མཆིས་པ། །གནོང་འགྱོད་མོས་པའི་སེམས་ཀྱིས་མཐོལ་ལོ་བཤགས། །ཞེས་དང་ཡི་གེ་བརྒྱ་པ་ལན་མང་དུ་བཟླའོ། །ལྔ་པ་ནི། ཧཱུྃ། བདག་ནི་དེང་ནས་བྱང་ཆུབ་སེམས་བསྐྱེད་དེ། །བསྙེན་སྒྲུབ་ཏིང་འཛིན་སྔགས་དང་ཕྱག་རྒྱ་ཡིས། །གསང་སྔགས་ཟབ་མོའི་སྤྱོད་པ་མཐར་དབྱུང་ཞིང་། །བླ་མེད་བྱང་ཆུབ་བསྒྲུབ་པར་དམ་བཅའ་འོ། །དྲུག་པ་ནི། ཧཱུྃ། རྟོག་མེད་སྤྲོས་བྲལ་ཆོས་ཀྱི་དབྱིངས་ཉིད་ལས། །སྟོང་པའི་ཆོས་ཉིད་ཡེ་ཤེས་རང་སྣང་བ། །འཇམ་དཔལ་ཁྲོ་བོ་ཟིལ་གནོན་འཁོར་བཅས་ཀྱིས། །དབང་དང་བྱིན་རླབས་མཐུ་རྩལ་དངོས་གྲུབ་སྩོལ། །ཞེས་པས་མཁའ་ཁྱབ་ཀྱི་དཀྱིལ་འཁོར་ཐམས་ཅད་བདག་དང་གནས་ཡོ་བྱད་ཐམས་ཅད་ལ་ཐིམ་ནས་བྱིན་གྱིས་བརླབ་པར་བསམ་ལ། སྤོས་དང་རོལ་མོའི་སྒྲ་སྦྱར་ཞིང་། ཧཱུྃ་ཧཱུྃ་ཧཱུྃ་ཞེས་པས་བྱིན་བསྡུའོ། །བདུན་པ་ནི། བདག་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་པས་ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་མཆོད་རྫས་དངོས་འཛིན་ཉེས་སྐྱོན་ཐམས་ཅད་བསྲེགས་གཏོར་སྦྱངས་ཏེ་སྟོང་པར་བསམས་པ་ནི་སྤྱིའི་སྦྱང་བའོ། ཁྱད་པར་སྨན་ཕུད། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པའི་སྣོད་དུ་ཤ་ལྔ་བདུད་རྩི་ལྔ་ལ་ཧཱུྃ་ཡིག་དཀར་པོས་མཚན་པ་དེ་ལས་འོད་ཟེར་འཕྲོས་པས་འཁོར་འདས་ཀྱི་བདུད་རྩི་ཐམས་ཅད་བསྡུས་ནས་ཞུ་བ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱཿ ཞེས་ལན་བདུན་བརྗོད། རྟེན་གཏོར། སྟོང་པའི་ངང་ལས། གཏོར་སྣོད་བྷྲཱུྃ་ལས་དུར་ཁྲོད་ཀྱི་གཞལ་ཡས་ཁང་ཆེན་པོར་གཏོར་རྫས་ཟིལ་གནོན་ལྷ་ཚོགས་འདོད་ཡོན་གྱི་ལྷ་མོས་བསྐོར་བར་བསམ་ཞིང་། མཆོད་གཏོར་རྐྱང་པ་ལ། གཏོར་སྣོད་བྷཉྫ་འབར་བར། གཏོར་རྫས་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པའི་ལོངས་སྤྱོད་ཀྱི་གཏེར་དུ་གྱུར་པར་བསམས་ཏེ། གཉིས་ཆར་སྦྲེལ་བའམ་རྐྱང་པ་གང་ལའང་། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིནྟ་ཏེ་ཛོ་བ་ལིནྟ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། ལན་གསུམ་བརྗོད། རཀྟ་སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པར། རཾ་ལས་ཉི་མའི་སྟེང་དུ་ར་ཡིག་ཞུ་བ་ལས་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུག་པ་ལ། ཁམས་གསུམ་གྱི་རཀྟ་ཐམས་ཅད་བསྡུས་ཤིང་ཐིམ་པར་བསམ་ལ། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱཿ ཞེས་ལན་གསུམ་བརྗོད། མཆོད་པ་ཐུན་མོང་བ་རྣམས། ཨ་ལས་བྷཉྫའི་སྣོད་དུ། ཨ་དྷཱུ་པུ་ཨཱ་གན་ནཻ་ཤ་རྣམས་ཞུ་བ་ལས་ཕྱི་ནང་གསང་བའི་མཆོད་པའི་དངོས་པོ་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པར་འཆར་བས་ནམ་མཁའ་གང་བར་བསམ་ཞིང་། ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷཱ་ར་པཱུ་ཛི་ཏེ་ན་མཿས་མནྟ་བུདྡྷཱ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ། པུཥྤེ་པུ། ཨཱ་ལོ་ཀེ་ཧྲཱིཿ གནྡྷེ་གན། ནཻ་བིདྱ་ནཻ། ཤབྡ་ཨཱཿཧཱུྃ། ཞེས་བརྗོད་ཅིང་རོལ་མོ་བྱའོ། །གཉིས་པ་དངོས་གཞི་ལ། ལྷ་བསྐྱེད་སྤྱན་འདྲེན་བཞུགས་སུ་གསོལ། །ཕྱག་མཆོད་བཟླས་པ་བསྟོད་བསྐུལ་བདུན། །དང་པོ་ནི། ཨྱཻ་ཨྱཻ་ཨྱཻ། ཨྱེ་ཉིད་སྟོང་པ་ཆོས་འབྱུང་སྟེ། །མ་སྐྱེས་འགག་པ་མེད་པ་ལས། །རང་བཞིན་གནས་པ་དྲན་པར་བྱ། །ཨེ་ཡི་ཕོ་བྲང་ཟླ་གམ་གསུམ། །ཐོད་པའི་མཁར་བཞི་འཁོར་ལོ་བརྒྱད། །ལྕགས་མཁར་བཅུ་གཉིས་བར་ཁྱམས་བཞི། །སྒོ་བཞི་རྟ་བབས་བརྒྱད་དང་ལྡན། །འོབས་ཆེན་བཅུ་དྲུག་རྡོ་རྗེའི་གུར། །བྱས་པ་མེད་པར་ལྷུན་གྱིས་གྲུབ། །བཤིག་པ་མེད་པར་ངང་གིས་སྟོང་། །ཕྱི་དང་ནང་མེད་ཀུན་ཏུ་ནང་། །ཀླུ་འབུམ་གཉན་ཁྲི་ས་བདག་སྟོང། །ཕྱོགས་སྐྱོང་རུ་དྲ་མ་ཧེ་བརྒྱད། །ཉི་ཟླ་པདྨ་བརྩེགས་པའི་གདན། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ། །རྒྱུ་དང་རྐྱེན་ལས་མ་བསྐྱེད་པར། །རིག་པ་ཆུ་ལས་ཉ་འཕར་ཚུལ། །དྲུག་པ་རྡོ་རྗེ་འཆང་ཆེན་པོ། །རྒྱལ་བ་ཀུན་གྱི་སྤྱི་གཟུགས་ཅན། །མཐིང་ནག་ཟིལ་གནོན་དྲེགས་པ་འདུལ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །འཁོར་ལོ་རལ་གྲི་རྡོ་རྗེ་གཡས། །བེ་ཅོན་གཏུན་ཤིང་སྡིགས་མཛུབ་གཡོན། །རིགས་ལྔའི་ཁྲོ་བོས་དབུ་ལ་བརྒྱན། །དཔལ་གྱི་ཆས་རྫོགས་དུར་ཁྲོད་བརྒྱན། །ཡུམ་ནི་གཉིས་མེད་ཆོས་ཀྱི་དབྱིངས། །མཐིང་ནག་ཙིཏྟ་བྷན་དམར་སྟོབས། །ཡེ་ཤེས་བཞི་ཡི་སྤྲུལ་པ་ལས། །ཐུགས་ཀར་་་མེ་ལོང་ཡེ་ཤེས།་་་ཡ་མ་རཱ་ཛ་ནི། །སྨུག་ནག་འཁོར་ལོ་ཙིཏྟ་འཛིན། །ཡ་མའི་ཐུགས་ཀར་་་མཉམ་ཉིད་ཡེ་ཤེས།་་་དྲེགས་པའི་བདག །ལྗང་ནག་རྡོ་རྗེ་སྙིང་ཕྲེང་འཛིན། །དྲེགས་པའི་ཐུགས་ཀར་ཁྱམས་ཁང་སྟེང་། །བྱ་གྲུབ་ཡེ་ཤེས།་་་འཇིགས་བྱེད་ཆེན་པོ་ཐུར་དུ་བལྟ། །ལྟོ་ན་སྲིད་གསུམ་ཚེ་སྲོག་འཆང་། །སྤྱི་གཙུག་་་སོར་རྟོག་ཡེ་ཤེས།་་་མཁའ་ལྡིང་གདུག་པ་འདུལ། །དཀར་པོ་ཟིལ་གནོན་རོ་ཉེ་ཟ། །ཕྲག་གོང་སྨུག་ནག་འཇིགས་པའི་ཁྱུང་། །སོག་ཁར་སྟག་མོ་རོ་ལ་རྔམས། །ནུ་ཁར་སེངྒེ་རལ་པ་སྤྲུག །སྟ་ཟུར་དུག་སྦྲུལ་ཁ་རླངས་འབྱིན། །རི་རབ་ལྟ་བུར་བརྗིད་པ་ཡི། །སྐུ་ལ་ཁྲོ་རྒྱལ་བཅུ་པོ་རྫོགས། །ཟླ་གམ་གསུམ་ལ་སྤྲུལ་པ་གསུམ། །སྐུ་སྤྲུལ་འཆི་བདག་བྱེ་བ་སྔོ། །གསུང་སྤྲུལ་སྲོག་བདག་དམར་པོ་བརྗིད། །ཐུགས་སྤྲུལ་ཚེ་བདག་མགོ་དགུ་པ། །ཕྱི་རིམ་ཐོད་པའི་མཁར་བཞི་ལ། །གཤེད་པོ་ཡ་མ་རཱ་ཛ་དང། །སྲིན་པོ་མྱོས་བྱེད་འབར་བ་དང་། །ཀླུ་བདུད་ཨཱརྻ་མེ་རུ་དང་། །གནོད་སྦྱིན་རལ་པ་ཚར་དགུ་བཞི། །དེ་ཡི་ཕྱི་རིམ་རྩིབས་བརྒྱད་ལ། །ཕྱོགས་བཞི་ལ་ནི་མོན་པ་བཞི། །མཚམས་བཞི་ལ་ནི་བདུད་བཞི་སྟེ། །དེ་དག་ཡུམ་དང་བཅས་པ་འོ། །ཕྱི་རིམ་ལྕགས་མཁར་བཅུ་གཉིས་ལ། །ལས་ཀྱི་འཆི་བདག་བཅུ་གཉིས་གནས། །དེ་ཡི་ཕྱི་རིམ་བར་ཁྱམས་ལ། །ཕོ་གཤེད་མོ་གཤེད་ལ་སོགས་པའི། །ཤ་ཟ་ཀིཾ་ཀང་མ་མོའི་ཚོགས། །སྒོ་བཞི་རུ་ནི་རྒྱལ་པོ་དང་། །མགོན་པོ་བདུད་དང་གནོད་སྦྱིན་བཞི། །ཕྱི་རོལ་འོབས་ཆེན་བཅུ་དྲུག་ལ། །འོབས་སྲུང་ཆེན་པོ་བཅུ་དྲུག་གནས། །དེ་ལྟར་དེ་དག་ཐམས་ཅད་ཀུན། །སེམས་ཉིད་སྟོང་པའི་ཆོ་འཕྲུལ་ཏེ། །ཆོས་ཉིད་དབྱིངས་ལས་ཤར་བས་ན། །བར་སྣང་ཁམས་ཀྱི་འཇའ་ཚོན་ནམ། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །སྣང་ལ་རང་བཞིན་མེད་པར་གྱུར། །གཉིས་པ་ནི། རང་གི་ཐུགས་ཀའི་འོད་ཟེར་གྱིས་འཇམ་དཔལ་ཁྲོས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་རྗེས་སུ་བསྐུལ་བར་བསམ་ཞིང་། ཨྱཻ། མི་རྟོག་ངང་ལས་ཐུགས་རྗེའི་སྐུ །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཟིལ་གནོན་ལྷ་ཚོགས་དབྱིངས་ནས་བཞེངས། །བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་རྒྱ་དང་བཅས་པས་སྙན་གསན་དབབ་ལ། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཁྲོ་རྒྱལ་གཤིན་རྗེའི་གཤེད། །གདུག་པའི་དགྲ་བགེགས་བསྒྲལ་བའི་ཕྱིར། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །ཟིལ་གནོན་སྐུ་ཡི་གཡོན་ཕྱོགས་ན། །ཡུམ་ཆེན་གསོད་བྱེད་རྒྱལ་མོ་ཡང་། །མ་མོ་ཡོངས་ཀྱི་གཙོ་མོ་སྟེ། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །ཟིལ་གནོན་སྐུ་ཡི་དཀྱིལ་འཁོར་ནས། །ཡ་མ་རཱ་ཛ་གཤེགས་སུ་གསོལ། །ཡ་མའི་ཐུགས་ཀྱི་དཀྱིལ་འཁོར་ནས། །ཕྱག་ན་རྡོ་རྗེ་གཤེགས་སུ་གསོལ། །དྲེགས་པའི་ཐུགས་ཀྱི་དཀྱིལ་འཁོར་ནས། །རུས་སྦལ་ཁྲོས་པ་གཤེགས༴ ཟིལ་གནོན་དབུ་ཡི་གཙུག་རུམ་ནས། །བྱ་ཁྱུང་རྒྱལ་པོ་གཤེགས༴ ཁམས་གསུམ་ཟིལ་གྱིས་གནོན་མཛད་པའི། ཁྱུང་ཆེན་སྨུག་ནག་གཤེགས༴ ཉམས་པའི་ཤ་ཁྲག་གསོལ་མཛད་པའི། །སྟག་ཆེན་རྔམ་པ་གཤེགས༴ གདུག་པ་ཟིལ་གྱིས་གནོན་མཛད་པའི། །སེང་ཆེན་བརྗིད་པ་གཤེགས༴ མཛེ་ཤུ་རྐང་ནད་འཇོམས་མཛད་པའི། །དུག་སྦྲུལ་ནག་པོ་གཤེགས༴ ཟླ་གམ་དབང་གི་གཞལ་ཡས་ནས། །སྤྲུལ་པ་རྣམ་གསུམ་གཤེགས༴ ཕོ་བྲང་ཕྱོགས་བཞིའི་ཐོད་མཁར་ནས། གཤེད་པོ་བཞི་རྣམས་གཤེགས༴ འཁོར་ལོ་འབར་བའི་རྩིབས་སྟེང་ནས། །མོན་པ་བཞི་དང་བདུད་པོ་བཞི། །ཡུམ་གྱི་ཚོགས་བཅས་གཤེགས༴ ལྕགས་མཁར་འབར་བ་བཅུ་གཉིས་ནས། །འཆི་བདག་བཅུ་གཉིས་གཤེགས༴ ཕོ་བྲང་ཕྱོགས་བཞིའི་སྒོ་བཞི་ནས། །སྒོ་བ་བཞི་རྣམས་གཤེགས༴ སྒྲོལ་གིང་ལས་གཤིན་ཕོ་ཉའི་ཚོགས། །བྱེ་བ་ས་ཡ་གཤེགས་སུ་གསོལ། །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་ཨེ་ཧྱེ་ཧི་ཛཿཧཱུྃ་བཾ་ཧོཿ ཞེས་རོལ་མོའི་སྒྲ་དང་བཅས་པས་སྤྱན་དྲངས་པས་མཁའ་ལ་སྤྲིན་གཏིབ་པ་བཞིན་བྱོན་པར་བསམ་མོ། །གསུམ་པ་ནི། ཨྱཻ། འཁོར་ལོ་འབར་བའི་ལྟེ་བ་ལ། །དུག་གསུམ་ཡི་དྭགས་མ་ཧེ་དང་། །ཕྱོགས་སྐྱོང་པདྨ་ཉི་ཟླའི་གདན། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ། །བརྐྱང་བསྐུམ་ཚུལ་གྱིས་བརྗིད་པར་བཞུགས། །སྤྲུལ་པ་གསུམ་སོགས་འཁོར་གྱི་ཚོགས། །གྲངས་མེད་རྣམས་ཀྱང་དཀྱིལ་འཁོར་འདིར། །དངོས་གྲུབ་སྒྲུབ་དང་འགྲོ་དོན་ཕྱིར། །མི་འགྱུར་བརྟན་པར་བཞུགས་སུ་གསོལ། །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་ས་མ་ཡ་ཏིཥྛ་བཛྲ། ཞེས་བཞུགས་སུ་གསོལ། བཞི་པ་ནི། ཐམས་ཅད་སྐུ་གསུང་ཐུགས་བདག་ཉིད། །ཡོན་ཏན་མ་ལུས་ཀུན་ལྡན་པའི། །ཕྱག་རྒྱ་ཆེན་པོ་ཟིལ་གནོན་ལྷ། །འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་ཨ་ཏི་པཱུ་ཧོཿ པྲ་ཏི་ཛ་ཧོཿ ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གི་ནཱི་ཨ་ལ་ལ་ཧོཿ ཞེས་དང་། ལྔ་པ་མཆོད་པ་ལ་བཞི་ལས། དང་པོ་སྨན་མཆོད་ནི། ཧཱུྃ། རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་སྒྲུབ་པའི་རྫས། །རྒྱུད་དྲུག་སེམས་ཅན་ཀུན་སྒྲོལ་བའི། །དུག་ལྔ་སེལ་བའི་བདུད་རྩི་འདི། །རྩ་བརྒྱུད་བླ་མ་ཡི་དམ་ལྷ། །ཕྱག་རྒྱ་ཟིལ་གནོན་འཁོར་བཅས་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །བཞེས་ནས་མཐུ་དབང་དངོས་གྲུབ་སྩོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཞེས་དང་། གཞན་ཡང་བླ་བརྒྱུད་དང་། ལྷ་སོ་སོའི་མཚན་རྐང་ཐོན་དུ་སྦྱར་ནས་ཀྱང་མཆོད་པའི་མཐར། ཨོཾ་ཨཱཿཧཱུྃ། རྡོ་རྗེ་ལྕེ་ཡི་དམ་ཚིག་ལ། །རྡོ་རྗེ་ཅན་གྱི་འབྲུ་གསུམ་བསྒོམ། །བདུད་རྩི་ལྔ་དང་སྦྱར་བའི་སྨན། །ཟོས་ན་སྐུ་གསུང་ཐུགས་ཐོབ་འགྱུར། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། ཞེས་དངོས་གྲུབ་བླང་། གཉིས་པ་གཏོར་མའི་མཆོད་པ་ནི། ཨྱཻ། ཞིང་བཅུ་བསྒྲལ་པའི་ཤ་རུས་རྣམས། ཁྲག་ཆེན་དག་དང་སྦྱར་བ་ཡི། །དམར་གྱི་གཏོར་མའི་མཆོད་པ་འདི། །ཟིལ་གནོན་འཁོར་དང་བཅས་ལ་འབུལ། །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་མ་ཧཱ་བ་ལིཾ་ཏ་པཱུ་ཛ་ཁཱ་ཧི། ཞེས་ཕུལ་ལ། སླར་མ་ཧཱ་པཉྩ་ཨ་མྲྀཏ་སོགས་ཀྱིས་བདུད་རྩི་གཏོར་མ་ལ་ལན་གསུམ་སྦྲན་ཏེ་གསང་བསྣན་མཆོད་པའང་བྱའོ། །གསུམ་པ་རཀྟའི་མཆོད་པ་ནི། ཨྱཻ། ཉོན་མོངས་ཆགས་པ་རྩད་གཅོད་ཕྱིར། ཁམས་གསུམ་གདུག་པ་བསྒྲལ་པའི་ཁྲག །དམར་ཆེན་རཀྟའི་མཆོད་པ་འདི། །ཟིལ་གནོན་འཁོར་དང་བཅས་ལ་འབུལ། །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། ཞེས་མཆོད། བཞི་པ་ཐུན་མོང་གི་མཆོད་པ་ནི། ཧཱུྃ་ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷཱ་ར་པཱུ་ཛི་ཏེ། ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ། པུཥྤེ་པུ། ཨཱ་ལོ་ཀེ་ཧྲཱིཿ གནྡྷེ་གན། ནཻ་བིདྱ་ནཻ། ཤབྡ་ཤ །ན་མཿས་མནྟ་བུདྡྷཱ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། ཞེས་སྤྱིར་མཆོད་དོ། །དྲུག་པ་འཛབ་བཟླ་བ་ནི། རང་གི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་ཡིག་མཐིང་ག་སྐུའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་པས་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་བསམ་ལ། ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། ཞེས་པ་ཕྱི་སྐོར་སྐུའི་བཟླས་པའོ། །བདག་གི་ལྗགས་ཀྱི་རྩེ་མོ་ལས་འོད་ཟེར་མེ་ཡི་ཚྭ་ཚྭ་ལྟར་འཕྲོས་པས་ལས་ངན་བག་ཆགས་ཐམས་ཅད་བསྲེག་པར་བསམ་ལ། ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན། ཞེས་པ་ནང་སྐོར་གསུང་གི་བཟླས་པའོ། །ཐུགས་ཀའི་ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར་བའི་འོད་ཟེར་གྱིས་སྡིག་སྒྲིབ་ཐམས་ཅད་བསྲེག་པར་བསམ་ལ། ཨེ་དུན་ཀ་ཡཾ། ཞེས་གསང་སྐོར་ཐུགས་ཀྱི་བཟླས་པའོ། །བདག་ཉིད་ཟིལ་གནོན་ཕྱག་རྒྱ་ཆེན་པོའི་ཐུགས་རིན་པོ་ཆེའི་གུར་ཁང་དུ་ཉི་མའི་གདན་ལ་ཡ་མ་རཱ་ཛ། དེའི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་སྔགས་ཀྱི་ཕྲེང་བས་གཡས་སུ་བསྐོར་བ་ལས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའི་ཞལ་ནས་འཐོན། ལྗགས་དང་དུང་ཁང་སྔགས་ཕྲེང་བསྐུལ་ནས་མགལ་མེ་ལྟར་འཁོར་བས་སྒོ་གསུམ་གྱི་སྡིག་སྒྲིབ་སྦྱངས། འོད་ཟེར་ཕྱིར་འཕྲོས་པས་རྒྱལ་བ་རྣམས་ཀྱི་ཐུགས་དམ་བསྐུལ། བྱིན་རླབས་དང་དངོས་གྲུབ་ཐོབ། སླར་ཡང་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། གདུག་པ་ཅན་རྣམས་ཚར་བཅད་ནས་མཐུ་སྟོབས་དང་གཟི་བརྗིད་ཚུར་འདུས་པ་ལས་བ་སྤུའི་བུ་ག་ཐམས་ཅད་ཁྲོ་ཆུང་མང་པོས་གོ་མཚམས་མེད་པར་གཏམས་ཏེ་གཞོམ་མེད་རྡོ་རྗེའི་སྐུར་གྱུར་པར་བསམ་ཞིང་། ཨོཾ་ཨྱཻ་ཨྱཻ་ཨྱཻ། ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་ཡེ། ཀཱ་ལ་རཱུ་པ་ཀ་པ་ཡེ། ཧྲཱིཿཥྚི་ཨ་པ་ཡེ། ཨ་ཨ་ནེ་ཨ་ནེ། ཨུ་ཨུ་ནེ་ཨུ་ནེ། དུ་དུ་ནེ་དུ་ནེ། ཨ་ཨི་ཨུ་ཨེ་ཨོ་ཨཾ། ར་རཱི་ལ་ལཱི། དུ་རུ་ཡེ། བྱ་ཙ་ཡེ། སིཾ་ཧ་ཡེ། ཧྲྀ་ད་ཡེ། བྷི་ཏ་ཡེ། ཙིཏྟ་ཡེ། ཧ་ལ་ཡེ། མུ་ཀ་ཡེ། ཨུ་ཨུ་ནེ། ཨུ་ཨུ་ནེ། བྱི་ཏྲི་ཏ། ཨ་ཨ་ནན། ཡ་མ་རཱ་ཙ། ཡ་མ་རཀྴ། ཡ་མ་རཀ་ཨ། ཡ་མ་རཀྵ། བེ་ཏཱ་ལི། ཀྲོ་ཏཱི་ཤྭ་རཱི། མ་མ་ཨེ་ཀ་ཙཱ་ཏི། དེ་མ་ཁ་ལ་བམ་རིལ། རུ་ལུ་རུ་ལུ། ཤྲཱི་བཛྲ་ཀྲོ་དྷ། ཡ་མ་ཀརྨ་རོ་ཥ་ཎ། ཀྲོ་དྷཱ་ཙཎྜ་རཀྴ་མོན་ཏ། ཨཱཿཧཱུྃ་ཛཿ ཞེས་ཡང་གསང་དྲག་པོའི་སྔགས་རྒོད་དེ་ཅི་ནུས་བཟླ། སྟོང་ཚིགས་ཀྱི་མཆོད་པ་ཡང་སྤྱི་ལྟར་བྱའོ། །བདུན་པ་བསྟོད་པ་བྱ་བ་ནི། ཨྱཻ། ཆོས་ཉིད་སྐྱེ་བ་མེད་པ་ལས། །སྤྲོས་བྲལ་བདེ་ཆེན་དག་པའི་སྐུ །རང་བཞིན་གཉིས་མེད་དགའ་བའི་གསུང་། །མ་སྒྲིབ་དོན་དམ་རྫོགས་པའི་ཐུགས། །སྐུ་གསུང་ཐུགས་ཉིད་རྣམ་དག་གིས། །མཐའ་ཡས་འགྲོ་བའི་དོན་མཛད་པ། ཁྲོ་རྒྱལ་འདུས་པ་ཀུན་གྱི་གཙོ། །ཕྱག་རྒྱ་ཟིལ་གནོན་ལ་ཕྱག་འཚལ། །དབྱིངས་ལས་ཡེ་ཤེས་རིག་པར་ཤར། །རང་བཞིན་ལྷུན་གྲུབ་ཕྱག་རྒྱར་གསལ། །གཙོ་བོའི་ཐུགས་དམ་སྐོང་མཛད་པ། །གསོད་བྱེད་རྒྱལ་མོ་ལ་ཕྱག་འཚལ། །ཟིལ་གནོན་ཐུགས་ཀྱི་དཀྱིལ་འཁོར་ནས། །ཐུགས་ཀྱི་སྤྲུལ་པ་མངོན་ཕྱུང་པ། །སྡེ་བརྒྱད་ཀུན་གྱི་སྦྱོར་བ་འཇོམས། །ཡ་མ་རཱ་ཛ་ལ་ཕྱག་འཚལ། །ཡ་མའི་ཐུགས་ཀྱི་དཀྱིལ་འཁོར་ནས། །ཐུགས་ཀྱི་སྤྲུལ་པ་མངོན་ཕྱུང་པ། །ཕྲིན་ལས་སྣ་ཚོགས་རྫོགས་མཛད་པའི། །གསང་བདག་ཆེན་པོ་ལ་ཕྱག་འཚལ། །དྲེགས་པའི་ཐུགས་ཀྱི་དཀྱིལ་འཁོར་ནས། །ཐུགས་ཀྱི་སྤྲུལ་པ་མངོན་ཕྱུང་པ། །དུག་ལྔ་རྩད་གཅོད་འབྱུང་ལྔ་སྐེམ། །རུས་སྦལ་ཁྲོས་པ་ལ་ཕྱག་འཚལ། །ཟིལ་གནོན་དབུ་ཡི་གཙུག་རུམ་ནས། །ཐུགས་ཀྱི་སྤྲུལ་པ་མངོན་ཕྱུང་པ། ཁམས་གསུམ་ཟིལ་གྱིས་གནོན་མཛད་པའི། །བྱ་ཁྱུང་རྒྱལ་པོ་ལ་ཕྱག་འཚལ། །ཟིལ་གནོན་སྐུ་ཡི་དཀྱིལ་འཁོར་ནས། །ཐུགས་ཀྱི་སྤྲུལ་པ་མངོན་ཕྱུང་པ། །སྡེ་བརྒྱད་དྲེགས་པ་ཀུན་གྱི་གཤེད། །རྒྱན་གྱི་ལྷ་བརྒྱད་ལ་ཕྱག་འཚལ། །སྤྲུལ་པ་རྣམ་གསུམ་གཤེད་པོ་བཞི། །མོན་བཞི་བདུད་བཞི་ཡུམ་དང་བཅས། །འཆི་བདག་བཅུ་གཉིས་སྒོ་སྲུང་བཞི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་བསྟོད། །གསུམ་པ་རྗེས་ཀྱི་རིམ་པ་ལ། །ཚོགས་མཆོད་བརྟན་མ་དཀྱིལ་འཁོར་བསྡུ། །བསྔོ་ཞིང་རྒྱུན་གྱི་སྤྱོད་ལམ་མོ། །ཞེས་པའི་དང་པོ་ཚོགས་མཆོད་ལས། །བཤམ་ཞིང་བྱིན་གྱིས་རློབ་པ་ནི། ཚོགས་རྫས་རྣམས་བཤམས་ལ་བདུད་རྩི་གཏོར་ཏེ། ཨོཾ་སརྦ་དྲ་བྱམ་ཤོ་དྷ་ཡ་ཧཱུྃ་ཕཊ།ཀྱིས་བསང་། རཾ་ཡཾ་ཁཾ་གིས་སྦྱང་། སྟོང་པའི་ངང་ལས་ཚོགས་གཞོང་བྷཉྫ་འབར་བའི་སྣོད་དུ་ཚོགས་རྫས་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པའི་ལོངས་སྤྱོད་ཀྱི་གཏེར་དུ་གྱུར་པར་བསམ་ལ། གཏོར་སྔགས་སམ། འབྲུ་གསུམ་གྱིས་བྱིན་གྱིས་བརླབ། ཚོགས་ཞིང་སྤྱན་འདྲེན་ནི། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་ཁྲོ་བདག་གཙོ། །རབ་ཏུ་མི་བཟད་འཇིགས་པའི་ཚོགས། །ཚོགས་ཀྱི་ལོངས་སྤྱོད་ཆེན་པོ་ལ། །གཏུམ་རྔམས་འཁྲུགས་པའི་ཚུལ་གྱིས་གཤེགས། །ཡ་མ་ཀྲོ་ཏ་ས་མ་ཡ་ཛཿཛཿཧཱུྃ་བཾ་ཧོཿ ཞེས་པས་སྤྱན་དྲངས་ལ། ཚོགས་ཕུད་ཆ་གསུམ་མམ་བཞིར་སྤྲོས་ཏེ། དང་པོ་མཆོད་པ་ནི། ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཨེ་ཀ་ཡ་མ་ཀྲོ་དྷ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཞེས་མཆོད། བར་པ་ནི། ཧཱུྃ། ཕྱག་རྒྱ་ཟིལ་གནོན་འཁོར་བཅས་དགོངས་སུ་གསོལ། །བདག་ཅག་སྒོ་གསུམ་མ་རིག་དབང་གྱུར་པས། །འདོད་ཁྲོ་གཏི་མུག་དབང་གིས་ནོངས་བགྱིས་པ། །གནོང་ཞིང་འགྱོད་པས་བཤགས་སོ་ཚངས་པར་སྩོལ། །ཞེས་དང་ཡིག་བརྒྱ་བཟླས་པས་བཤགས། ཐ་མ་བསྒྲལ་སྟོབ་ནི། ལིངྒ་ལོགས་སུ་བཅས་པ་མེད་ན། ཚོགས་ཟན་གྱི་འདོད་ཡོན་ལྷ་མོ་བསྡུས་ལ། ཨྱཻ་རིང་ཚར་གཅིག་གིས་སྤྲུལ་པ་སྤྲོ། བདེན་པའི་སྟོབས་བརྗོད་པ་སྔོན་དུ་འགྲོ་བས། ནྲྀ་ཛཿཏྲི་ཛཿཛཿཧཱུྃ་བཾ་ཧོཿ པྲ་བེ་ཤ་ཡ་ཕཊ། ཨཱ་བེ་ཤ་ཡ་ཨཱཿ ཨྱཻ། གྲུ་གསུམ་ཨེ་ཡི་སྣོད་ནང་དུ། །བདུད་རྩི་ལྔ་འམ་ཟས་ལྔ་ལ། །མཚན་མ་མིང་དུ་བཅས་པར་བྱ། །གཏུམ་རྔམས་འཁྲུགས་པའི་ལྷ་ཚོགས་ཀྱིས། །དགྲ་བགེགས་དབང་པོ་བཀུག་ལ་བསྟིམས། །ཕུར་བུས་ཐོབས་ལ་མཚོན་ཆས་གཏུབས། །ཨྱཻ། ཟིལ་གནོན་ལྷ་ཚོགས་འཁོར་བཅས་ཀྱི། །ཐུགས་དམ་ཆེན་པོའི་དུས་ལ་བབས། །གང་ལ་བྱ་བ་ཁྱོད་ཤེས་ཀྱིས། །དམིགས་པ་གང་ཡིན་མྱུར་དུ་སྒྲོལ། །ཞེ་སྡང་དྲེགས་པའི་སྦྱོར་བ་ཆོམས། །རྩ་རྒྱུས་ཁྲག་དང་བླ་མཚོ་སྐོམས། །སྲོག་ལུས་དབང་པོའི་དྭངས་སྙིགས་ཕྱེས། །ལུས་སྲོག་དབང་པོའི་རྟེན་དང་ཕྲོལ། །འབྱུང་བ་རྣམ་ཤེས་བཀྲག་མདངས་སྡུས། །སྡང་བའི་དགྲ་དང་གནོད་པའི་བགེགས། །མངོན་སྤྱོད་ཚུལ་བཞིན་སྒྲོལ་བར་མཛོད། །ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན་ནྲྀ་ཏྲི་སྲོག་ལ་ཧུར་ཐུམས་ཛཿརྩ་ཁྲག་སྙིང་ཐུམས་རིལ་རཾ་ཤག་རྦད། དགྲ་བོའི་ཙིཏྟ་པྲེ་ཏ་ཤག་ཛཿ སྲོག་ལ་ཧུར་ཐུམས་རྦད། ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། དགྲ་བོ་ཨ་མུ་ཀ་སྲོག་ལ་ཐུམས་རྨུགས་བྷྱོ། སྲོག་ལ་ཁམ་ཤག་བྷྱོ། སྲོག་ལ་བྲེང་ཤག་བྷྱོ། སྲོག་ལ་ཡཾ་ཤག་བྷྱོ། དགྲ་བོའི་སྲོག་མཱ་ར་ཡ་རྦད། དགྲ་བོའི་སྲོག་ལ་སཏྭཾ་བྷ་ཡ་ནན། ཞེས་བསྒྲལ་པའི་ཤ་ཁྲག་བདུད་རྩིར་སྦར་བ་ཞལ་དུ་སྟོབ་ལ། ཨྱཻ། ཕྱག་རྒྱ་ཟིལ་གནོན་འཁོར་བཅས་ལ། །བསྒྲལ་བའི་ཞིང་བཅུར་གྱུར་པ་འདི། །བདུད་རྩིར་བསྒྱུར་ནས་འབུལ་ལགས་ཀྱིས། །གཏི་མུག་ཤ་ཡི་ངོ་བོ་ཟོ། །འདོད་ཆགས་ཁྲག་གི་མཚོ་ལ་ཐུངས། །ཞེ་སྡང་རུས་པའི་རི་བོ་ཆོམས། །ང་རྒྱལ་མཁྲིས་པ་རྩད་ནས་ཆོད། །ཕྲག་དོག་དོན་སྙིང་ཞལ་དུ་གསོལ། །ཕུང་པོ་ལྔ་དང་འབྱུང་བ་ལྔ། ཁམས་དང་སྐྱེ་མཆེད་མ་ལུས་པ། །འབར་བ་གཤིན་རྗེའི་ཞལ་དུ་སྟོབས། །བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །མ་ཧཱ་མཱཾ་ས། མ་ཧཱ་རཀྟ། མ་ཧཱ་ཙིཏྟ། མ་ཧཱ་བ་སུ་ཏ། མ་ཧཱ་གོ་རོ་ཙ་ན། མ་ཧཱ་ཀིཾ་ནི་རི་ཏི་ཁཱ་ཧི། ཞེས་བསྟབ་པ་བྱ། དེ་ནས་བརྡ་དང་བརྡའི་འབུལ་ལེན་བྱས་ནས་རྣལ་འབྱོར་པ་རྣམས་ཚོགས་ལ་རོལ། ལྷག་མ་རྣམས་སྣོད་གཅིག་ཏུ་བསྡུས་པའི་དམེ་གཏོར་དང་། སྔར་གྱི་གཙང་ལྷག་བཅས་སོ་སོར་བཀོད་བདུད་རྩིས་བྲན་ལ། ཨོཾ་ཨཱཿཧཱུྃ་ཧོཿ ཞེས་བྱིན་གྱིིས་བརླབས་ལ་འདོད་རྒྱལ་གྱི་རྒྱ་བཅིངས་ཏེ། ཨོཾ་ཊཀྐི་རཱ་ཛ་ཧཱུྃ་ཛཿ ཞེས་པས་མགྲོན་རྣམས་སྤྱན་དྲང་། ནམ་མཁའ་ལྡིང་གི་རྒྱ་བཅིངས་ཏེ། ཨོཾ་མཉྫུ་ཀྲོ་དྷ་ཛྙཱ་ན་དུཥྚཱན་སརྦ་བནྡྷ་ཡ་ཕཊ། ཞེས་ཟིལ་གྱིས་མནན་ཏེ་ཧེ་རུ་ཀའི་དམ་རྒྱ་བཅིངས་ཏེ། ས་མ་ཡ་དུ་མཱནྟ་ཀ་ར་ན་ཕཊ། ཅེས་དམ་བསྒྲགས་བེ་ཅོན་གྱི་རྒྱས། ཡ་མ་ཡེ་ཧྲཱིཿཥྚི་ས་མ་ཡ་ཕཊ། ཅེས་དམ་ཚིག་བསྟན། ཕུད་ལྷག་བསྲེ། ཁ་ཕྲུས་བཏབ་ནས་པྲ་བརྟགས་ལ། ཧཱུྃ། དམེ་གཏོར་སྨན་དང་ཞིང་བཅུའི་ཤ་རུས་དང་། །བདུད་རྩི་བྱིན་ནས་ཕྱག་རྒྱ་སྦྲེལ་བྱས་ཏེ། །ལོག་རྟོག་དབང་གིས་འཛིན་པའི་ཞིང་བཅུ་ལ། །མངོན་སྤྱོད་རྟགས་ཀྱི་ཕྲིན་ལས་འདི་སྤྱོད་ཅིག །ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ལྷག་སྡུད་ཀྱི་དམ་ཚིག་ལ་གཏོགས་པའི་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་འཁོར་དང་བཅས་པ་རྣམས་ལྷག་མའི་དམ་ཚིག་འདིས་ཚིམ་ཞིང་དགྱེས་པར་གྱུར་ནས། སངས་རྒྱས་ཀྱི་བསྟན་པ་སྲུངས་སོགས་ཀྱིས་ཕྲིན་ལས་གསོལ་ནས། ཡ་ཧི་གཙྪས་རང་གནས་སུ་གཤེགས་པར་བསམ་ལ་རོལ་མོ་དང་བཅས་པས་གཏོར་མ་ཕྱིར་བསྐྱལ་ལོ། །གཉིས་པ་བརྟན་མ་བསྐྱང་བ་ནི། ཕྱི་རོལ་དུ་བརྟན་མའི་གཏོར་མ་བདུད་རྩིས་བྲན་པ། འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ལ། ཧཱུྃ། བོད་ཁམས་སྐྱོང་བར་ཁས་བླངས་བརྟན་མའི་ཚོགས། །བདག་ཉིད་ཆེན་མོ་ལ་སོགས་བདུད་མོ་བཞི། །གངས་ཀར་ཤ་མེད་ལ་སོགས་གནོད་སྦྱིན་བཞི། །ཀོང་བཙུན་དེ་མོ་ལ་སོགས་སྨན་བཙུན་བཞི། །བརྟན་སྐྱོང་ཆེན་མོ་བཅུ་གཉིས་འཁོར་དང་བཅས། །སྔོན་ཚེ་ཇི་ལྟར་དམ་བཅས་ཇི་བཞིན་དུ། །མཆོད་གཏོར་འདི་བཞེས་བཅོལ་པའི་ཕྲིན་ལས་མཛོད། །ཅེས་དང་། མ་ཧཱ་པཉྩ་སོགས་ཀྱིས་ཀྱང་མཆོད་ལ། ཡ་ཧི་གཙྪས་གཤེགས་སུ་གསོལ། གསུམ་པ་དཀྱིལ་འཁོར་བསྡུ་བ་ནི། ཟོར་སྒྲུབ་སོགས་མདུན་བསྐྱེད་དང་འབྲེལ་བ་ལ་ནི་གཏང་རག་གི་མཆོད་པ་བསྟོད་པ་བཟོད་གསོལ་རྣམས་བྱ་ཞིང་། བདག་བསྐྱེད་རྐྱང་པ་ལ་ནི་དེ་དག་མ་བྱས་ཀྱང་རུང་མོད་གང་ལྟར་ཡང་། ཧཱུྃ་ཧཱུྃ་ཧཱུྃ། གཞལ་ཡས་རྩ་བའི་ལྷ་ལྔ་རྒྱན་ལྷ་བརྒྱད། །གཙོ་བོ་ཟིལ་གནོན་ཉིད་ཀྱི་ཐུགས་ཀར་བསྡུ། །ཟིལ་གནོན་ཉིད་ཀྱང་དམིགས་མེད་ཆོས་ཀྱི་དབྱིངས། །འཁོར་རྣམས་རང་རང་གནས་སུ་ལས་ལ་གཤེགས། །བཛྲ་མུཿ ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། ཞེས་པས་ཐུན་མཚམས་ཀྱི་སྐུར་ལྡང་ངོ་། །བཞི་པ་བསྔོ་བ་ནི། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཞེས་སོགས་སོ། །ལྔ་པ་ཤིས་བརྗོད་ནི་ཇི་ལྟར་རིགས་པ་བྱའོ། །དྲུག་པ་རྒྱུན་གྱི་རྣལ་འབྱོར་ནི། ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཉིད། །སྟོང་པ་ཆེན་པོའི་ངང་ཉིད་ལས། །རང་སྣང་རོལ་པའི་ཕྱག་རྒྱར་གསལ། །ལས་དང་སྦྱོར་བ་དུ་མ་ཀུན། །སྒྱུ་མ་ལྷུན་གྲུབ་རོལ་པར་ཤར། །ཞེས་པ་བཞིན་སྤྱོད་ལམ་ཐམས་ཅད་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པ་ལས་མི་འདའ་བར་སྤྱད་དོ། །སྲིད་གསུམ་ཉོན་མོངས་གཤིན་རྗེའི་དཔུང་། །མཐར་བྱེད་འཇམ་དཔལ་ཁྲོ་བོའི་རྒྱལ། །སྒྲུབ་ཐབས་རྡོ་རྗེ་འབར་བའི་མེ། །བདུད་སྡེའི་བུད་ཤིང་ཟད་བྱེད་བྱུང་། །འདི་ལས་དགེ་བ་གང་ཐོབ་དེས། །མཐའ་ཡས་འགྲོ་བ་མ་ལུས་ཀུན། ཁམས་གསུམ་དབང་ཕྱུག་དུས་ཀྱི་དགྲའི། །གོ་འཕང་མྱུར་དུ་ཐོབ་པར་ཤོག །ཕྱག་རྒྱ་ཟིལ་གནོན་ཚེ་བདག་ནག་པོའི་ལས་བྱང་རྡོ་རྗེའི་མེ་ཕྲེང་ཞེས་བྱ་བ་འདི་ནི་རྒྱུན་གྱི་ཉམས་ལེན་ལ་འཇུག་པ་བདེ་བ་སྙིང་པོར་བྱས་ཏེ་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་ཆུ་ཕོ་སྤྲེའུའི་ལོར་སྦྱར་བའི་ཡི་གེ་པ་ནི་མཁན་ཆེན་ལོ་ཙཱ་བ་དྷརྨ་ཤྲཱིའོ།། །།

འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་སྒྲུབ་ཐབས་རྒྱུན་ཁྱེར་ (Volume 17, Text 6)

འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་སྒྲུབ་ཐབས་རྒྱུན་ཁྱེར། བླ་མ་མཆོག་གསུམ་འཇམ་དཔལ་ལྷར། །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ །བླ་མེད་བྱང་ཆུབ་མཆོག་ཐོབ་ཕྱིར། །འཇམ་དཔལ་ཁྲག་འཐུང་བསྒྲུབ་པར་བགྱི། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཆོས་ཀུན་སྟོང་པའི་ངང་ཉིད་ལས། །སྒྱུ་མ་ལྟ་བུའི་ཆོ་འཕྲུལ་རྩལ། །ཟིལ་གནོན་དཀྱིལ་འཁོར་ཆེན་པོར་ཤར། །མཐིང་ནག་ཨེ་དབྱིངས་ཀླུ་གཉན་དང། །ས་བདག་ཕྱོགས་སྐྱོང་མ་ཧེའི་སྟེང་། །བདག་ཉིད་ཕྱག་རྒྱ་ཟིལ་གནོན་སྐུ །མཐིང་ནག་དབུ་གསུམ་ཕྱག་དྲུག་པ། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །འཁོར་ལོ་རལ་གྲི་རྡོ་རྗེ་གཡས། །བེ་ཅོན་གཏུན་ཤིང་སྡིགས་མཛུབ་གཡོན། །གར་དགུའི་ཉམས་ལྡན་ཞབས་བཞི་བགྲད། །དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྒྱན། །གཡོན་ན་ཡུམ་ཆེན་གསོད་བྱེད་མཐིང་། །ཙིཏྟ་ཐོད་ཁྲག་སྟོབ་ཅིང་འཁྱུད། །ཐུགས་ཀར་ཡ་མ་རཱ་ཛ་སྨུག །འཁོར་ལོ་སྙིང་འཛིན་ཐུགས་ཀ་ན། །ཕྱག་རྡོར་ལྗང་ནག་རྡོ་རྗེ་དང་། །སྙིང་འཛིན་ཐུགས་ཀར་རུ་སྦལ་གནས། །དེ་ཡི་ཐུགས་ཀར་ཉི་ཟླའི་དབུས། །མཐིང་ནག་ཨེ་ཡིག་སྔགས་ཀྱིས་བསྐོར། །སྤྱི་བོར་མཁའ་ལྡིང་ཕྲག་པར་ཁྱུང་། །སོག་པར་སྟག་ཆེན་ནུ་ཁར་སེང་། །སྟ་ཟུར་དུག་སྦྲུལ་ཟུང་རེ་འགྱེད། །བ་སྤུ་ཁྲོ་ཚོགས་མཚོན་ཆ་འབར། །རྔམ་བརྗིད་ནམ་མཁའ་གང་བའི་སྐུ །གཏུམ་དྲག་གཤིན་རྗེའི་ཚོགས་ཀྱིས་བསྐོར། །མ་བཅོས་ལྷུན་གྲུབ་རྫོགས་སངས་རྒྱས། །གདོད་ནས་དག་པའི་ཟིལ་གནོན་དཔལ། །འཁོར་འདས་ཀུན་གྱི་དབང་ཕྱུག་ཆེ། །གསལ་བཏབ་སྟོང་སྲོག་ཨྱཻ་རིང་བཟླ། །ཨྱཻ་ཨྱཻ་ཨྱཻ། ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་ཡེ་ཨོཾ། ཀཱ་ལ་རཱུ་པ་ཀ་པ་ཡེ་ཨཱྃཿ ཧྲཱིཥྚི་ཨ་པ་ཡེ་ཧཱུྃ། ཨ་ཨ་ནེ་ཨ་ནེ། ཨུ་ཨུ་ནེ་ཨུ་ནེ། དུ་དུ་ནེ་དུ་ནེ། ཨ་ཨི་ཨུ་ཨེ་ཨོ་ཨཾ། ར་རཱི་ལ་ལཱི། དུ་རུ་ཡེ། བྱ་ཙ་ཡེ། སིཾ་ཧ་ཡེ། ཧྲི་ད་ཡེ། བྷི་ཏ་ཡེ། ཙིཏྟ་ཡེ། ཧ་ལ་ཡེ། མུ་ཀ་ཡེ། ཨུ་ཨུ་ནེ་ཨུ་ཨུ་ནེ། བྱི་ཏྲི་ཏ། ཨ་ཨ་ནན། ཡ་མ་རཱ་ཛ། ཡ་མ་རཀྴ། ཡ་མ་རཀ་ཨ། ཡ་མ་རཀྵ། བཻ་ཏཱ་ལི་ཀྲོ་དྷཱི་ཤྭ་རཱི་མ་མ་ཨེ་ཀ་ཛཱ་ཊི། དྷེ་མ་ཁ་ལ་བཾ་རིལ། རུ་ལུ་རུ་ལུ། ཤྲཱི་བཛྲ་ཀྲོ་དྷ་ཡ་མ་ཀརྨ་རོ་ཥ་ན། ཀྲོ་དྷ་ཙཎྜ། རཀྴ་མོནྟ། ཨཱཿཧཱུྃ་ཛཿ ཐུན་མཚམས་མཆོད་བསྟོད་ཕྲིན་ལས་གསོལ། སྣོད་བཅུད་ཡེ་ཤེས་ཐིག་ལེ་ཆེར། །ཧཱུྃ་གིས་བསྡུ་ཞིང་འཁོར་འདས་ཆོས། །མ་བཅོས་སྤྲོས་བྲལ་ཁྱབ་བརྡལ་བའི། །འོད་གསལ་ཆེན་པོའི་ངང་མདངས་བསྐྱང་། །དེ་ནས་ཕཊ་ཅེས་ཐུན་མཚམས་ལྷར། །ཆུ་ལས་ཆུ་ལྦུར་བཞིན་དུ་ལྡང་། །དགེ་བ་འདི་ཡིས་མྱུར་དུ་བདག །ཕྱག་རྒྱ་ཟིལ་གནོན་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་བརྗོད་རྗེས་ཀྱི་སྤྱོད་ལམ་བསྐྱང་། །ཟིལ་གནོན་སྒོམ་རིམ་ཉུང་ངུའི་ཚིག །ཆེན་པོའི་འདོད་སྟེར་བདུད་རྩིའི་དཔལ། །གང་འདི་འགྱུར་མེད་རྡོ་རྗེ་ཡི། །བློ་མཚོའི་དཔྱིད་ལས་བསྐྲུན་པ་དགེ། །།

ཡང་གསང་ཨེ་རིང་རྣལ་མ་འཇམ་དཔལ་ཞི་ཁྲོའི་ལྷ་རྒྱུད་ཡོངས་སུ་རྫོགས་པའི་དྲག་སྔགས་ཀྱི་རྒྱལ་ (Volume 17, Text 7)

ཡང་གསང་ཨེ་རིང་རྣལ་མ་འཇམ་དཔལ་ཞི་ཁྲོའི་ལྷ་རྒྱུད་ཡོངས་སུ་རྫོགས་པའི་དྲག་སྔགས་ཀྱི་རྒྱལ་པོ་ནི། ཨོཾ་ཨྱཻ་ཨྱཻ་ཨྱཻ། ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་ཡེ། ཀཱ་ལ་རཱུ་པ་ཀ་པ་ཡེ། ཧྲཱིཿཥྚི་ཨ་པ་ཡེ། ཨ་ཨ་ནེ་ཨ་ནེ། ཨུ་ཨུ་ནེ་ཨུ་ནེ། དུ་དུ་ནེ་དུ་ནེ། ཨ་ཨི་ཨུ་ཨེ་ཨོ་ཨཾ། ར་རཱི་ལ་ལཱི། དུ་རུ་ཡེ། བྱ་ཙ་ཡེ། སིང་ཧ་ཡེ། ཧྲི་ད་ཡེ། བྷི་ཏ་ཡེ། ཙིཏྟ་ཡེ། ཧ་ལ་ཡེ། མུ་ཀ་ཡེ། ཨུ་ཨུ་ནེ་ཨུ་ཨུ་ནེ། བྱི་ཏྲི་ཏ། ཨ་ཨ་ནན། ཡ་མ་རཱ་ཙ། ཡ་མ་རཀྴ། ཡ་མ་རཀ་ཨ། ཡ་མ་རཀྵ། བཻ་ཏཱ་ལི་ཀྲོ་ཏཱི་ཤྭ་རི་མ་མ་ཨེ་ཀ་ཙཱ་ཏི། དེ་མ་ཁ་ལ་བཾ་རིལ་རུ་ལུ་རུ་ལུ་ཤྲཱི་བཛྲ་ཀྲོ་ཏ་ཡ་མ་ཀརྨ་རོ་ཥ་ཎ་ཀྲོ་དྷ་ཙཎྜ་རཀྴ་མོན་ཏ། ཨཱཿཧཱུྃ་ཛཿ ཨྱཻ་རིང་གི་རཀྴ་མོནྟའི་མཚམས་སུ་གཟིར་བ་གཡུ་སྤྱང་གི་ཤམ་བུ་ནི། གནོད་བྱེད་ཨ་མུ་ཀ་མྱགས་ཐུམས་རིལ་ཏྲིག་ནན་སྦུར་ཡ་ནནཿ ཨེ་ཧུར་ཐུམས་ཛཿ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ་ཞེས་པ་ཉིད་དོ། །ཟློག་པ་གཡུའི་སྤྱང་མོ་ནི། ༈ རྩ་བ་མོནྟའི་མཚམས་སུ། ཕ་རོལ་བསམ་སྦྱོར་ངན་པའི་བྱད་ཁ་རྦོད་གཏོང་སོགས་འགལ་རྐྱེན་བར་གཅོད་མི་མཐུན་པའི་ཕྱོགས་ཐམས་ཅད་ཨེ་ནན་ཡཾ་ཟློག་འདྲིད་བྷྱོཿ ཨེ་ཧུར་ཐུམས་ཛཿ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ། ཞེས་དང་། ཨོཾ་ཧྲཱིཿཥྚི་ཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ། ཨོཾ་ཤ་རི་བྷྱོ་ཟློག །མ་རི་བྷྱོ་ཟློག །ཁྲག་མ་མ་བྷྱོ་ཟློག །ཙི་རི་སྙིང་བྷྱོ་ཟློག །སྙིང་བྷྱོ་ཟློག །མ་ཏི་ཐོད་ཁྲག་ཛ་བྷྱོ་ཟློག །ཁྲག་ཏི་སྙིང་ལ་ཡ་བྷྱོ་ཟློག །ནི་ཏྲི་ཆོད་ཟློག །ནཱ་ག་ཆོད་ཟློག །མུ་ལོ་ཆོད་ཟློག །ཤ་ལོ་ཆོད་ཟློག །ཤ་ལ་ཀྱིང་ཀྱིང་བྷྱོ་ཟློག །ས་མ་ཡ་ཨ་ཏི་པྲ་མ་ན་ཡ། ནི་སཱ་ར་ནི་བྷྱོ་བྷྱོ་ཟློག་ཟློག །འཆར་ཁ་ནག་པོའི་སྔགས་གྲོང་ཁྱེར་བཅོ་ལྔ་པའོ། ༈ །སྟོང་ཚིགས་ཀྱི་མཆོད་བསྟོད་ནི། ཧཱུྃ། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །བག་མེད་ཉམས་ཆག་འགལ་འཁྲུལ་བཤགས། །མཆོག་དང་ཐུན་མོངས་དངོས་གྲུབ་སྩོལ། །མ་ཧཱ་ཨ་མྲྀཏ་རཀྟ་བ་ལིངྟ་སརྦ་པཱུ་ཛ་ཁཱ་ཧི། ཞེས་སོ་མངྒ་ལཾ།། །།

མཆོད་བསྟོད་གསལ་སྒྲོན་ (Volume 17, Text 8)

༄༅། །མཆོད་བསྟོད་གསལ་སྒྲོན་བཞུགས་སོ། །འདི་གནུབས་ལུགས་ཟེར་ཀྱང་པད་ལུགས་དང་འདྲའོ། ། པྲ་ཡུ་ལྷཿ ཐམས་ཅད་སྐུ་གསུང་ཐུགས་བདག་ཉིད། །ཡོན་ཏན་མ་ལུས་ཀུན་ལྡན་པའི། །རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །རྩ་རྒྱུད་བཤད་རྒྱུད་སྙིང་པོའི་རྒྱུད། །ཡང་སྙིང་ནག་པོ་གསང་བའི་རྒྱུད། །བྱེད་རྩོམ་རྒྱུད་རྩལ་སྔགས་ཚིག་དོན། །མཆོད་བསྟོད་ལས་ཀྱི་སྒྲོན་མ་བཤད། །སྔགས་བསྣོལ་མ་ལྟར་་་དྲེགས་པ་ཅན་གྱི་ལྷ་རྒྱུད་རྣམས། །བསྐུལ་བ་གོང་ནས་བསྐུལ་བ་དང་་་གཞི་དང་ཚུལ་དང་་་སྐབས་སྐབས་སུ་་་ཡུལ་ཀུན་ལ། །བསྟོད་ཅིང་་་སྐབས་སུ་བཅོལ་ཕྲིན་མཛད་་་གསོལ་གདབ་གནད་ནས་བསྐུལ། །མཆོད་པ་འབུལ་ཞིང་ལས་གཉེར་གཏད། །ཤ་ཁྲག་གི་གཏོར་མ་བྱིན་གྱིས་བརླབས་ལ། ཕྱག་རྒྱ་ཟིལ་གནོན་གྱི་ལྷ་ཚོགས་འཁོར་དྲེགས་པ་དང་བཅས་པ་ལ་འབུལ་ཞིང་ལས་སྣ་ཚོགས་བཅོལ་ཞིང་བསྐུལ་བ་ནི། ཨྱཻ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་གི །དྲག་པོ་ཨེ་ཡི་གཞལ་ཡས་ནས། །ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་གི་གདན། །ལྟོ་འཕྱེ་ཕྱོགས་སྐྱོང་མ་ཧེ་བརྫིས་པའི་ཁྲི།་་་ལྟོ་འཕྱེ་ཕྱོགས་སྐྱོང་དྲེགས་པ་མ་ཧེ་བརྫིས་པའི་སྟེང་།་་་ཞེས་པ་ཞིག་ཀྱང་སྣང་། ཐབས་དང་ཤེས་རབ་ཉི་ཟླའི་གདན་སྟེང་ན། །ཉོན་མོངས་དུག་ལྔ་རྐམ་ཆགས་འཇོམས་པའི་ལྷ། །སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཉིད། །ཡེ་ཤེས་རྔམ་པའི་རྒྱལ་པོ་ཟིལ་གནོན་སྐུ །སྲོག་བདུད་འཇམ་དཔལ་ཚེ་བདག་ནག་པོ་ནི། །གཏུམ་ཆེན་ཁྲོས་པའི་རྒྱལ་པོ་མེ་ལྟར་འབར། །སྐུ་མདོག་མཐིང་ནག་དུག་ཆེན་འཁྱིལ་པ་འདྲ། །སྐུ་ཡང་ཆེ་ཞིང་གཏུམ་ཆེན་རྔམ་པའི་སྐུ །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་རྔམ། །གཡས་དཀར་ལྷ་བརྒྱད་ཟས་སུ་ཟ། །གཡོན་དམར་ཀླུ་འབུམ་གཉན་ཁྲི་གསོལ། །དབུས་ཞལ་མཐིང་ལ་རྔམས་པ་ཡིས། །སྐུ་དགྲར་འོས་པའི་དམ་ཉམས་དང་། །ས་བདག་སྡེ་བརྒྱད་ལྷ་སྲིན་གྱི། །དབང་པོ་ལྔ་དང་ཙིཏྟ་གསོལ། །ཕྱག་དྲུག་མཚོན་ཆ་འབར་བ་ཡིས། །ཞེ་སྡང་ཀླུ་ཆེན་ས་བདག་དང་། །དགྲ་བགེགས་མགོ་ལུས་ཚལ་པར་གཤག །གཡས་ཀྱི་དང་པོའི་འཁོར་ལོ་ཡིས། །དགྲ་བགེགས་མགོ་ལུས་ཚལ་པར་གཤག །བར་པ་གནམ་ལྕགས་རལ་གྲི་ཡིས། །དམ་ཉམས་དགྲ་བོའི་སྲོག་རྩ་གཅོད། །ཐ་མ་གནམ་ལྕགས་རྡོ་རྗེ་ཡིས། །དགྲ་བོའི་སྤྱི་གཙུག་བརྒྱབས་ནས་ནི། །རྐང་པའི་མཐིལ་དུ་གཙགས་ཀྱིས་འདོན། །གཡོན་གྱི་དང་པོ་བེ་ཅོན་གྱིས། །དགྲ་བགེགས་ཞེ་སྡང་མགོ་ལ་བསྣུན། །བར་པ་གཏུན་ཤིང་འབར་བ་ཡིས། །དགྲ་བོའི་མགོ་ལུས་ཚལ་པར་གཤག །ཐ་མ་སྡིགས་མཛུབ་མེ་འབར་བས། །དགྲ་བགེགས་ལུས་ངག་གཟིར་ཞིང་བསྲེག །སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན། །དབུ་ལ་བདུད་དང་སྲིན་པོ་དང། །བཙན་དང་མུ་སྟེགས་རྒྱལ་པོ་ཡི། །ཐོད་པའི་ཕྲེང་བས་རབ་ཏུ་བརྒྱན། །ཀླུ་ཆེན་བརྒྱད་ཀྱི་མགོ་བཅད་ནས། །དོ་ཤལ་སྙིང་གི་ཕྲེང་བས་རྒྱན་དུ་བྱས། །རྒྱལ་རིགས་སྙན་གྱི་གྲོང་ཁྱེར་བརྒྱན། །རྗེ་རིགས་མགུར་ཆུན་ཚངས་སྐུད་བྱས། །བྲམ་ཟེའི་རིགས་ཀྱི་ཕྱག་གདུབ་བྱས། །དམངས་རིགས་ནག་པོའི་ཞབས་གདུབ་བྱས། །རིགས་ངན་གདོལ་པ་ཞབས་འོག་མནན། །བ་སུ་རིགས་དྲུག་ཟས་སུ་ཟ། །མཆེ་བ་དགུ་ཁྲི་རྩང་ཕུར་གཏམས། །སྤྱན་ནས་འཇིགས་པའི་མེ་འབར་ཞིང་། །ཤངས་ནས་རླུང་ནག་འཚུབ་མ་ལྡང་། །དབུ་སྐྲ་སྨ་ར་བ་སྤུ་ལས། །གདུག་རྩུབ་དམར་ནག་མེ་ཆེན་འབར། །སྐུ་དགྲར་འོས་པའི་དམ་ཉམས་དང་། །གདུག་པའི་ཀླུ་གཉན་ས་བདག་བསྲེག །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །དམིགས་པ་གང་ཡིན་མྱུར་དུ་སྒྲོལ། །ཞེ་སྡང་དྲག་པོའི་སྦྱོར་བ་ཆོམས། །སྲོག་ལུས་དབང་པོ་དྭངས་སྙིགས་ཕྱེས། །རྩ་རྒྱུད་ཀླད་ཁྲག་རྦ་ཀློང་སྐོམས། །ལུས་སྲོག་དབང་པོ་རྟེན་དང་ཕྲོལ། །འབྱུང་བ་རྣམ་ཤེས་བཀྲག་མདངས་སྡུས། །བླ་མཚོ་བཀྲག་མདངས་བག་ཆགས་སྐོམས། །ལྕགས་མཁར་སྒོ་མེད་ནང་དུ་ཆུགས། །འབྱུང་བ་གདན་བཞིའི་རྔམས་ཀྱིས་གནོན། །གདུག་རྩུབ་མེ་ལྷའི་ཞལ་དུ་སྟོབས། །སྡང་བའི་དགྲ་དང་གནོད་པའི་བགེགས། །མཆོད་པར་འབུལ་ལོ་ཁ་རཾ་ཁཱ་ཧི། །ཕྲིན་ལས་བཅོལ་བ་ནི། སྡང་བའི་དགྲ་དང་གནོད་པའི་བགེགས། །ཐལ་བ་བཞིན་དུ་རབ་ཏུ་རློགས། །བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད། །ཅེས་ཀུན་ལ་དེ་འགྲེའོ། །ཨྱཻ། གཡོན་གྱི་ཕྱོགས་ནས་ཡུམ་གཅིག་མ། །ཡུམ་ཆེན་རྡོ་རྗེ་ཁྲོས་མ་ནི། །སྐུ་མདོག་མཐིང་ནག་འབར་བ་ལ། །གདུག་པའི་རལ་པ་མུན་ལྟར་གཏིབས། །རལ་པའི་ཟར་བུ་རེ་རེ་ལ། །གསེར་དང་མུ་ཏིག་རྒྱན་འཆང་མ། །གདོལ་པ་ཀླུ་ཡི་ཐོད་པ་ཡིས། །དབུ་དང་ཕྱག་ཞབས་ལྷུ་ཚིགས་བརྒྱན། །ཞལ་ནས་མི་རོ་རྟ་རོ་འབྲུལ། །སྤྱན་ནས་ཁྲག་འཛག་ཟུ་ལུ་ལུ། །ཤངས་ནས་རླུང་ནག་འཚུབ་མ་ལྡང་། །གཡས་པ་དགྲ་བོའི་སྙིང་ཕྱུང་འཁྱུད། །གཡོན་པས་སྙིང་ཁྲག་གཙོ་ལ་སྟོབ། །དྲག་ཏུ་བསྐུལ་ཞིང་རྦད་ཙ་ན། །མ་ཚོགས་འབུམ་ཡང་གཟིར་ཞིང་བསྐུལ། །མ་མོའི་ཀིང་ཀང་དགྲ་ལ་འབེབ། །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །དམིགས་པ་གང་ཡིན་མྱུར་དུ་སྒྲོལ། །ཞེ་སྡང་དྲག་པོའི་ཞེས་པ་ནས་མཛོད་ཀྱི་བར་མ་དཔེར་ལྷ་ཀུན་གྱི་ཤམ་བུར་བཏགས་འདུག །ཨྱཻ། ཟིལ་གནོན་ཐུགས་ཀྱི་དཀྱིལ་འཁོར་ནས། །འབྱུང་བ་ས་ཡི་དྭངས་མ་ལས། །རྡོ་རྗེ་རིགས་ཀྱི་ཁྲོ་བོ་སྟེ། །འཇིགས་བྱེད་ཡ་མ་རཱ་ཙ་ནི། །སྐུ་མདོག་སྨུག་ནག་འབར་བ་ལ། །རྔམས་ཤིང་དྲེགས་པས་དགྲ་བགེགས་འདུལ། །རྣ་བའི་གྲོང་ཁྱེར་སྦྲུལ་གྱིས་བརྒྱན། །ཚངས་པའི་མགོ་བཅད་དོ་ཤལ་བྱས། །གཡས་པ་འཁོར་ལོ་རྩིབས་བཅུ་ཡིས། །དགྲ་བགེགས་མགོ་ལུས་ཚལ་པར་གཤག །གཡོན་པ་ཙིཏྟ་དམར་པོ་བསྣམས། །འགལ་བྱེད་ཙིཏྟ་ཁོང་ནས་འབྱིན། །དྲག་ཏུ་བསྐུལ་ཞིང་རྦད་ཙ་ན། །བདུད་དང་སྲིན་པོའི་དོན་སྙིང་འབྱིན། །བཙན་དང་སྲོག་བདག་འགོང་པོ་འཇོམས། །དུག་ལྔ་གཏུམ་པར་ཁྲོས་པ་ཡི། །ས་བདག་ཀླུ་གཉན་གཟིར་ཞིང་བསྲེག །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །སོགས། ཨྱཻ། ཡ་མའི་ཐུགས་ཀྱི་དཀྱིལ་འཁོར་ནས། །འབྱུང་བ་མེ་ཡི་དྭངས་མ་ལས། །རིན་ཆེན་རིགས་ཀྱི་ཁྲོ་བོ་སྟེ། །དྲེགས་པ་ཕྱག་ན་རྡོ་རྗེའི་སྐུ །སྐུ་མདོག་ལྗང་ནག་འབར་བ་ནི། །ཕྲིན་ལས་སྣ་ཚོགས་རྫོགས་པའི་རྟགས། །ཞལ་གཅིག་རྔམས་ཤིང་གཙིགས་པ་ཡིས། །དྲེགས་པ་ཅན་དང་ལྷ་སྲིན་རྣམས། །སྲོག་དང་ཕྲལ་ནས་ཟས་སུ་ཟ།་་་།བཙན་དང་དབང་པོ་སྲོག་བདག་འཇོམས། །ཞེས་པའང་སྣང་། ཚེམས་དང་མཆེ་བ་གཙིགས་པ་ཡིས། །གདུག་པ་ཀླུ་གཉན་ཁོང་དུ་གསོལ། །གཡས་པ་རྡོ་རྗེ་རྩེ་དགུ་པ། །ཡེ་ཤེས་དགུ་ལྡན་ཉོན་མོངས་འཇོམས། །གཡོན་པ་ཙིཏྟའི་ཕྲེང་བ་ཡིས། །དབང་ཆེན་དྲེགས་པ་བྲན་དུ་ཁོལ། །ཞབས་གཉིས་གྱད་ཀྱི་འདོར་སྟབས་ཀྱིས། །གདུག་པའི་དགྲ་བགེགས་ཟིལ་གྱིས་གནོན། །དབུ་དང་ཕྱག་ཞབས་ལྷུ་ཚིགས་རྣམས། །སྦྲུལ་དང་རིན་པོ་ཆེ་ཡིས་བརྒྱན། །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །སོགས། ཨྱཻ། དྲེགས་པའི་ཐུགས་ཀྱི་དཀྱིལ་འཁོར་ནས། །འབྱུང་བ་རླུང་གི་དྭངས་མ་ལས། །ལས་ཀྱི་རིགས་ཀྱི་ཁྲོ་བོ་སྟེ། །རུས་སྦལ་རྔམ་པ་མི་ཟན་ནི། །ཉོན་མོངས་ལྔ་ཡི་རྩ་བ་གཅོད། །སྐྱེ་བ་མེད་པའི་ཁམས་གསུམ་སྡུད། །ཐུགས་ཀྱི་གསང་མཛོད་ཆེན་པོ་རུ། །ལྷ་སྲིན་མིང་གི་སྙིང་པོ་འཆང་། །དམིགས་པའི་དམ་ཉམས་དགྲ་བགེགས་རྣམས། །ལྕགས་སྡེར་འབར་བའི་སྟོབས་ཀྱིས་ཁུག །སྤྱན་མིག་ཉི་མའི་འོད་ཀྱིས་བསྲེག །རྩ་བཞི་དྭངས་མ་སྟོབས་ཀྱིས་ནོན། །དམོད་པ་དྲག་པོའི་མཚོན་ཆས་ཆོད། །མཆོད་རྟེན་དྲུག་གི་སྟོབས་ཀྱིས་ནོན། །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །སོགས་འགྲེས། ཨྱཻ། སྤྱི་གཙུག་གདུག་པ་འདུལ་བྱེད་པ། །འབྱུང་བ་ཆུ་ཡི་དྭངས་མ་ལས། །པདྨ་རིགས་ཀྱི་ཁྲོ་བོ་ནི། །བྱ་ཁྱུང་རྒྱལ་པོ་མཐུ་བོ་ཆེ། །འཁོར་ལོ་འབར་བའི་གཤོག་པ་ལ། །རལ་གྲི་མཚོན་ཆའི་སྤུ་གྲིས་གཏམས། །མཚོན་ཆའི་གཤོག་པ་གཏམས་པ་ཡིས། །གདུག་བྱེད་མ་ལུས་གཤག་ཅིང་གཏུབ། །སྤྱན་མིག་ཉི་མའི་གཟིགས་སྟངས་ཀྱིས། །བག་ཆགས་རྒྱ་མཚོ་གཏིང་ནས་སྐེམ། །རྡོ་རྗེ་འབར་བའི་མཆུ་དབལ་གྱིས། །གདུག་པའི་ཀླུ་རྒྱལ་སྤྱི་ནས་འདྲེན། །གྲུ་གསུམ་གདངས་པའི་ཞལ་བགྲད་པས། །གདུག་པའི་ཀླུ་གཉན་ཁོང་དུ་གསོལ། །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །སོགས། ཨྱཻ། ཡང་སྤྲུལ་དུག་གི་ཁྱུང་ཆེན་གཉིས། །སྤུ་དང་གཤོག་པ་མཚོན་ཆ་མེས། །ཀླུ་བདུད་ཀླུ་སྲིན་བསྲེག་པར་མཛད། །སྟག་དང་སེང་གེ་རྔམ་པ་ཡིས། །དགྲ་བོའི་ཤ་ཁྲག་སྲོག་ལ་རོལ། །ཞེ་སྡང་གདུག་པའི་སྦྲུལ་ནག་གི །ཁ་ནས་མེ་འབར་སྟོང་ཁམས་བསྲེག །དགྲ་བོའི་ཁང་ཁྱིམ་རྨང་ནས་བཤིག །དུག་སྦྲུལ་ཁ་རླངས་དགྲ་ལ་ཐོངས། །དགྲ་བོའི་ཁོང་དུ་དུག་མདའ་རྒྱོབ། །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །སོགས། ཨཻ། ཤར་ལྷོ་ནུབ་བྱང་སྒོ་བཞི་ནས། །བླ་འགུག་མོན་པ་ཆེན་པོ་བཞི། །དམ་ཉམས་དགྲ་བོའི་བླ་ཁུག་ལ། །མངོན་སྤྱོད་ཚུལ་བཞིན་བསྒྲལ་བར་མཛོད། །ཨྱཻ། རྒྱ་མཚོ་ཆེན་པོའི་གཏིང་རུམ་ན། །ཡ་མ་བྱེ་བ་དགུ་རིང་བཞུགས། །ལས་ཀྱི་མཐའ་སྡུད་ཁྱོད་ཡིན་པས། །ཉམས་པའི་དགྲ་བགེགས་མྱུར་དུ་སྒྲོལ། །ཨྱཻ། འབྱུང་བཞི་རྔམས་པའི་འོག་ཤེད་ན། །སྒོ་མེད་ལྕགས་མཁར་བཅུ་དྲུག་ནས། །ཐོད་མཁར་འཇིགས་པའི་ཕོ་བྲང་ན། །ལས་ཀྱི་འཆི་བདག་ནག་པོ་བཞུགས། །ལས་ཀྱི་མཐའ་སྡུད་ཁྱོད་ཡིན་པས། །དམིགས་པའི་དགྲ་བགེགས་མྱུར་དུ་སྒྲོལ། །ཨྱཻ། སྣང་སྲིད་རཀྟའི་གཞལ་ཡས་ན། །ཡ་མ་སྲོག་བདག་ནག་པོ་བཞུགས། །ལས་ཀྱི་མཐའ་སྡུད་ཁྱོད་ཡིན་པས། །དམིགས་པའི་དགྲ་བགེགས་མྱུར་དུ་སྒྲོལ། །ཅེས་བསྟོད། ཨྱཻ། བསྐལ་པ་བརྒྱད་ཁྲི་བཞི་སྟོང་འཁོར་ལོའི་གཞལ་ཡས་ནས། །ལྕགས་མཁར་སྒོ་མེད་བཅུ་དྲུག་འབར་བའི་དབུས་ཕྱོགས་ན། །འོབས་ཆེན་བཅུ་གཉིས་འབར་བའི་དཀྱིལ་འཁོར་ནས། །ཐོད་མཁར་འབར་བ་བཞི་ཡི་དབུས་ཕྱོགས་ན། །ཕོ་བྲང་ལྕགས་མཁར་འབར་བས་གཏམས་པའི་ནང་། །ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་གི་གདན། །ལྟོ་འཕྱེ་ཕྱོགས་སྐྱོང་མ་ཧེ་བརྫིས་པའི་ཁྲི། །ཐབས་དང་ཤེས་རབ་ཉི་ཟླའི་གདན་སྟེང་ནས། །སྲོག་བདུད་འཇམ་དཔལ་ཚེ་བདག་ནག་པོ་བཞེངས། །རྔམས་པའི་ཚུལ་གྱིས་བླ་རྐུན་ལས་ལ་ཁྱེས། །ཨྱཻ། ཤར་གྱི་ཕྱོགས་ནས་དགྲ་བགེག་བླ་འགུག་པ། །དུང་གི་མོན་པ་རྡོ་རྗེ་རིགས་ཀྱི་གཙོ། །སྐུ་སྟོད་ཞིང་གི་གཡང་གཞི་ཐོད་པ་འབུམ་གྱིས་བརྒྱན། །སྐུ་སྨད་སྟག་གི་ཤམ་ཐབས་མུ་ཏིག་འབུམ་གྱིས་བརྒྱན། །སྤྲུལ་ནག་གདུག་པ་སྐུ་ཡི་རྒྱན་དུ་བྱས། །སྙིང་དང་ཐོད་པའི་ཕྲེང་བས་དྲེགས་པ་བརྒྱན། །ཞལ་ནས་དུག་གི་ན་བུན་སྤྲིན་ལྟར་གཏིབས། །ཤངས་ནས་དུག་གི་འཚུབས་མས་སྟོང་ཁམས་ཕྱགས་མ་འདེབས། །སྙན་ནས་རྔམ་པའི་འབྲུག་སྒྲས་ཞིང་བཅུ་ཟིལ་གྱིས་གནོན། །ཕྱག་གཡོན་ལྕགས་ཀྱུ་ཞགས་པ་འཁྲིགས་པ་ཡིས། །གང་ལ་དམིགས་པའི་དགྲ་བགེགས་བླ་སྲོག་འགུག །ཕྱག་གཡས་གསེར་གྱི་རྡོ་རྗེས་མགོ་ལུས་གཤག །མོན་པ་ཆེན་པོ་དྲག་ཏུ་བསྐུལ་ཙ་ན། །ཆིབས་སུ་སེང་གེའི་ཆིབས་ནས་དགྲ་བགེགས་ཚེ་སྲོག་སྡུད། །གཡས་ནས་གཤོག་པ་ཅན་གྱི་ཕོ་ཉ་ལྡིང་ཞིང་སྲོག་ལ་འདེབས། །གཡོན་ནས་གཅན་གཟན་རྔམ་པའི་ཕོ་ཉ་རྔམས་ཤིང་རོལ། །སྟོད་ནས་མེ་འབར་རྒྱ་མཚོ་གཏིང་ནས་སྐེམ། །སྨད་ནས་ཁྲག་འཛག་རིམས་ནད་བུ་ཡུག་ཀློང་། །དུང་གི་མོན་པ་སྡང་བའི་དགྲ་ལ་བྷྱོ། །མོན་པ་ནག་པོའི་སྐུ་ཡི་གཡོན་ཕྱོགས་ནས། །དུག་གི་མོན་མོ་བླ་རྐུན་རྔམ་པའི་གདོང་། །སྐུ་ལ་དར་ནག་བེར་ཆེན་སྦྲུལ་གྱིས་བརྒྱན་པ་གསོལ། །དབུ་ལ་དུག་སྦྲུལ་ཅོད་པན་ཁྲག་གི་ཟར་བུ་ཅན། །ཞལ་ནས་དུག་གི་སྤྲུལ་པ་རྟ་རོ་མི་རོ་འབྲུལ། །སྤྱན་ནས་དུག་དང་ཁྲག་གི་རྦ་ཀློང་ཆི་ལི་ལི། །གཡས་པས་སྙིང་ཕྱུང་ཡབ་ཀྱི་སྐུ་ལ་འཁྱུད། །གཡོན་པས་དུག་གི་མདའ་ཟོར་དགྲ་ལ་འཕེན། །ཡབ་ཡུམ་གཉིས་སུ་མེད་པའི་སྤྲུལ་པ་ནི། །དུག་གི་མོན་པ་ནག་པོ་གཅེར་བུ་འབུམ། །དུག་མདའ་ལྕགས་གཟེར་དགྲ་བགེགས་སྙིང་ལ་འབེབ། །སྤྱི་གཙུག་དུག་གི་བྱ་ཁྱུང་ག་རུ་ཌ། །རྡོ་རྗེའི་གཤོག་པར་དུག་གི་མེ་ཆེན་འབར། །རྡོ་རྗེའི་སྡེར་མོས་ཀླུ་གཉན་དྲངས་ཤིང་ཟ། །ཀླུ་ནད་མཛེ་ཤུ་ཀ་རུས་གཅོད་ཅིང་སྐེམ། །རྡོ་རྗེ་རིགས་ཀྱི་སྤྲུལ་པ་སྡང་བའི་དགྲ་ལ་བྷྱོ། །ཨྱཻ། ལྷོ་ཡི་ཕྱོགས་ནས་དགྲ་བགེགས་བླ་འགུག་པ། །ལྕགས་ཀྱི་མོན་པ་ནག་པོ་སྟག་གི་གདོང་། །སྐུ་སྟོད་ལྕགས་ཀྱི་ཞུན་ཁྲབ་ཐོད་པས་བརྒྱན་པ་གསོལ། །སྐུ་སྨད་སྟག་གི་ཤམ་ཐབས་གཡུ་ཡི་དྲིལ་བུས་བརྒྱན་པ་གསོལ། །དབུ་ལ་རལ་པ་ནག་པོ་ནམ་མཁའི་སྤྲིན་ལྟར་གཏིབས། ཁ་ནས་མེ་འབར་ཁྲག་གི་རྒྱ་མཚོ་སྐེམ། །མཆེ་བ་དགུ་ཁྲིས་དགྲ་བགེེགས་ནང་ཁྲོལ་འབྲལ། །སྤྱན་རྩ་དམར་པོ་སྡང་མིག་དགྲ་ལ་གཟིགས། །གཡོན་པ་རླུང་གི་འཁོར་ལོས་དགྲ་བགེགས་ལུས་སྲོག་འབྲལ། །གཡས་པ་མེ་ཡི་འཁོར་ལོས་དགྲ་བགེགས་རྩ་རྒྱུད་སྲེག །མོན་པ་ནག་པོ་དྲག་ཏུ་བསྐུལ་ཙ་ན། །སྟག་ལ་ཞོན་ནས་དགྲ་བགེགས་ཕྱགས་མས་འདེབས། །མེ་ཡི་བསྐལ་པ་གཏོང་ཞིང་དགྲ་བགེགས་བླ་མཚོ་སྐེམ། །ཞལ་དུ་སྦྲུལ་དང་མི་རོ་ཟ་ཞིང་རྔམས། །མོན་པ་ནག་པོའི་སྐུ་ཡི་གཡོན་ཕྱོགས་ནས། །མོན་མོ་ནག་མོ་གཡུ་ཡི་རལ་པ་ཅན། །དགྲ་བགེགས་བླ་རྐུན་ཡིད་ལ་ཇག་འགྱེད་མ། །སྤྱན་ནས་ཁྲག་འཛག་ཞལ་ནས་མི་རོ་འབྲུལ། །སྐུ་ལ་མཐིང་ནག་སྦྲུལ་གྱི་རྒྱན་ཡང་གསོལ། །གཡས་པས་སྙིང་ཕྱུང་གཡོན་པས་ཡབ་ལ་སྟོབ། །ཡབ་ཡུམ་གཉིས་སུ་མེད་པའི་སྤྲུལ་པ་ནི། །ལྕགས་ཀྱི་མོན་པ་ནག་པོ་གཅེར་བུ་འབུམ། །རི་ཀླུང་རྒྱུག་ཅིང་ཚེ་སྲོག་སྡུད། །ལག་ན་ལྕགས་མདའ་གཟིར་ཞིང་དགྲ་སྙིང་འདེབས། །རྔམ་པའི་ང་རོས་སྟོང་གསུམ་ཟིལ་གྱིས་གནོན། །གཅེར་བུ་འབུམ་གྱིས་དགྲ་བགེགས་སྒྲོལ་ལ་ཤོག །མོན་པ་ནག་པོའི་དབུ་ཡི་སྤྱི་གཙུག་ན། །བྱ་ཁྱུང་རྒྱལ་པོ་མཚོན་ཆའི་གཤོག་པ་ཅན། །རིན་ཆེན་ཅོད་པན་མེ་ཡི་བསྐལ་པ་གཏོང་། །ཞེ་སྡང་ཀླུ་མཚོ་གཏིང་ནས་སྐེམ་ཞིང་འཐུང་། །མཆུ་དང་སྡེར་མོ་རིང་ལ་ཕྲ་བ་ཡིས། །ཀླུ་གཉན་ས་བདག་འཛིན་ཅིང་ཞལ་དུ་གསོལ། ཁྱུང་གི་གཤོག་བརྡབ་འོད་ཟེར་འཕྲོས་པ་ཡིས། །ཀླུ་ནད་མཛེ་ཤུ་ཀ་རུས་གཅོད་པའི་རྟགས། །རིན་ཆེན་རིགས་ཀྱི་སྤྲུལ་པ་སྡང་བའི་དགྲ་ལ་བྷྱོ། །ཨྱཻ། ནུབ་ཀྱི་ཕྱོགས་ནས་དགྲ་བགེགས་བླ་འགུག་པ། །བསེ་ཡི་མོན་པ་གཏུམ་ཆེན་རྔམ་པ་ཅན། །སྐུ་སྟོད་བསེ་ཁྲབ་ཐོད་པས་བརྒྱན་པ་གསོལ། །སྐུ་སྨད་སྟག་ཤམ་པདྨ་འབུམ་གྱིས་བརྒྱན། །དབུ་སྐྲ་ཁམ་ནག་ཁྲག་གི་ཟར་བུ་ཅན། །ཞལ་ནས་ཁྲག་སྐྱུག་དགྲ་བགེགས་ཁྲག་ཏུ་སྐྱུག །སྤྱན་ནས་མེ་འབར་དགྲ་བགེགས་དུག་གསུམ་སྲེག །སྙན་ནས་འབྲུག་སྒྲས་སྟོང་གསུམ་ཟིལ་གྱིས་གནོན། །ཀླུ་བརྒྱའི་མགོ་བཅད་དོ་ཤལ་ཕྲེང་བས་བརྒྱན། །ཕྱག་གཡོན་སྦྲུལ་ཞགས་ནག་པོས་དགྲ་བགེགས་ཡིད་ནས་འགུགས། །ཕྱག་གཡས་རལ་གྲིས་དགྲ་བགེགས་སྲོག་རྩ་གཅོད། །བསེ་ཡི་མོན་པ་དྲག་ཏུ་བསྐུལ་ཙ་ན། །བ་གླང་དམར་པོ་ཞོན་ནས་སྟོང་གསུམ་ཕྱགས་མས་འདེབས། ཁྲག་གི་མཚོ་རླབས་ཁྲག་ནད་ཆར་ལྟར་འབེབ། །ཀླུ་དང་ས་བདག་འབུམ་སྡེ་ཟས་སུ་ཟ། །རྔམ་པའི་ང་རོས་སྟོང་གསུམ་ཟིལ་གྱིས་གནོན། །སྤྲུལ་པ་ཆེན་པོ་རྔམས་ཤིང་དགྲ་བོ་འདུལ། །མོན་པ་ཆེན་པོའི་སྐུ་ཡི་གཡོན་ཕྱོགས་ནས། །མོན་མོ་ཚེ་འཕྲོག་ཁྲག་གི་རལ་པ་ཅན། །སྐུ་ལ་རྨ་བྱའི་འཇོལ་བེར་ཆེན་པོ་གསོལ། །པདྨ་འབུམ་དང་སྦྲུལ་གྱིས་བརྒྱན། །སྤྱན་ནས་ཁྲག་འཛག་ཞལ་ནས་མི་རོ་འབྲུལ། །གཡོན་པས་སྙིང་ཕྱུང་གཡས་པས་ཡབ་ལ་འཁྱུད། །ཡབ་ཡུམ་གཉིས་སུ་མེད་པའི་སྤྲུལ་པ་ནི། །བསེ་ཡི་མོན་པ་གཅེར་བུ་འབུམ། ཁྲག་གི་སྐྱུག་པ་དགྲ་ལ་སྤྲོ། །རལ་པ་བསེ་འོད་མེ་ལྟར་འབར། །མེ་ཡི་བསྐལ་པ་དགྲ་ལ་གཏོང་། ཁྱོད་ཀྱི་ལག་པ་གཡས་གཡོན་ནས། །ཟངས་མདའ་གཟེར་ཆེན་དགྲ་ལ་འདེབས། །རྔམ་པའི་ང་རོས་སྟོང་གསུམ་ཟིལ་གྱིས་གནོན། །གཅེར་བུ་འབུམ་གྱིས་དགྲ་བགེགས་སྒྲོལ་ལ་ཤོག །མོན་པ་ཆེན་པོའི་དབུ་ཡི་སྤྱི་གཙུག་ན། །བསེ་ཡི་བྱ་ཁྱུང་རལ་གྲིའི་གཤོག་པ་ཅན། །ཟངས་སྡེར་ཟངས་མཆུས་ས་བདག་ཀླུ་གཉན་གཟིར། །པདྨ་སྟོང་གི་སྤུ་ཕྲན་མེ་ལྟར་འབར། །སྤྱན་ནས་ཁྲག་འཛག་ཀླུ་གཉན་ས་བདག་མྱོས། །པདྨ་རིགས་ཀྱི་སྤྲུལ་པ་སྡང་བའི་དགྲ་ལ་བྷྱོ། །ཨྱཻ། བྱང་གི་ཕྱོགས་ནས་དགྲ་བགེགས་བླ་འགུག་པ། །མོན་པ་རྔམ་པ་སྲིད་པའི་གཤེད་ཆེན་ནི། །སེར་ནག་མི་བསྲུན་དུག་གི་ཁ་རླངས་འཕྲོ། །རལ་པ་སྦྲུལ་ནག་ཁྲག་འཛག་ན་བུན་ཆར་དུ་འབེབ། །སྐུ་སྟོད་ཞིང་ལྤགས་རྒྱ་གྲམ་སྟོང་གིས་བརྒྱན། །སྐུ་སྨད་སྟག་ཤམ་ཐོད་པའི་ཆ་ག་ཅན། །བྱ་དང་གཅན་གཟན་གདུག་པའི་ཚོགས་ཀྱིས་བསྐོར། །ཕྱག་གཡོན་ཞིང་གི་ཞགས་པས་དགྲ་བགེགས་གནད་ནས་འདྲེན། །གཡས་པ་རྡོ་རྗེ་རྒྱ་གྲམ་དགྲ་བོའི་མགོ་ལུས་གཤག །མོན་པ་ནག་པོ་དྲག་ཏུ་བསྐུལ་ཙ་ན། །དྲེད་ལ་ཞོན་ནས་དགྲ་བགེགས་ཕྱགས་མས་འདེབས། ཁ་ནས་མེ་འབར་དགྲ་བོའི་དུག་གསུམ་སྲེག །རྔམ་པའི་ང་རོས་དགྲ་བགེགས་ཟིལ་གྱིས་གནོན། །མོན་པ་ཆེན་པོའི་སྐུ་ཡི་གཡོན་ཕྱོགས་ན། །མོན་མོ་བླ་རྐུན་དགྲ་ལ་གཟེར་འདེབས་མ། །སྦྲུལ་ནག་རལ་པ་ཁྲག་གི་ཟར་བུ་ཅན། །སྐུ་ལ་དར་ནག་བེར་ཆེན་ཐོད་པས་བརྒྱན་པ་གསོལ། །ཞལ་ནས་དུག་གི་སྦྲུལ་དང་མི་རོ་རྟ་རོ་འབྲུལ། །སྤྱན་ནས་དུག་དང་ཁྲག་གི་ཆུ་བོ་འབབ། །སྙན་དང་ཕྱག་ཞབས་སྦྲུལ་ནག་འབུམ་གྱིས་བརྒྱན། །གཡས་པས་སྙིང་ཕྱུང་གཡོན་པས་ཡབ་ལ་འཁྱུད། །མོན་པས་འབྲོང་ཆེན་རྭ་ཟོར་དགྲ་ལ་འདེབས། །ཡབ་ཡུམ་གཉིས་སུ་མེད་པའི་སྤྲུལ་པ་ནི། །མོན་པ་སེར་ནག་གཅེར་བུ་འབུམ། །ལྕགས་མདའ་གཟེར་ཆེན་དགྲ་ལ་འདེབས། །རྐང་པ་རྒྱུག་ཅིང་ལག་པ་རྩད། །ཚེ་སྲོག་དབང་པོ་འགུགས་ཤིང་གཅོད། །བླ་དང་དཔུང་པ་འབྲལ་ཞིང་འཆང་། །དགྲ་བོའི་བླ་སྲོག་ཕྲོལ་ལ་ཤོག །མོན་པ་སེར་ནག་དབུ་ཡི་སྤྱི་གཙུག་ན། །གསེར་གྱི་བྱ་ཁྱུང་རྒྱལ་པོ་ག་རུ་ཌ། །རྡོ་རྗེ་རྒྱ་གྲམ་གཤོག་པའི་འོད་ཟེར་འཕྲོ། །རྒྱ་གྲམ་མཆུ་དང་ལྕགས་མཆུ་སྡེར་མོ་ཡིས། །ཀླུ་གཉན་ས་བདག་དྲང་ཞིང་ཟས་སུ་ཟ། །གཤོག་པ་རྒྱ་གྲམ་ལས་ཀྱི་རླུང་ཆེན་གྱིས། །ཀླུ་གཉན་ས་བདག་ཀླུ་བདུད་ཕྱགས་མས་འདེབས། །སྤྱན་གསུམ་ཉི་ཟླའི་སྡང་མིག་ལྡོག་པ་ཡིས། །ཀླུ་ནད་མཛེ་ཤུ་ཀ་རུས་གཅོད་ཅིང་སྐེམ། ཁྱུང་གི་རྔམ་སྒྲ་ཁྲོམ་ཁྲོམ་དྲག་ཏུ་བསྒྲགས་པ་ཡིས། །ས་བདག་ཀླུ་གཉན་ཟིལ་གྱིས་གནོན་ཅིང་གཟིར། །ལས་ཀྱི་རིགས་ཀྱི་སྤྲུལ་པ་སྡང་བའི་དགྲ་ལ་བྷྱོ། །ཨྱཻ། སྲོག་བདུད་ཚེ་བདག་ནག་པོ་ནི། །སྐུ་ནི་ནམ་མཁའི་ཁམས་དང་མཉམ། །གསུང་གི་ང་རོ་འབྲུག་ལྟར་སྒྲོག །ཐུགས་ནི་སྟོང་གསུམ་ཁྱབ་པ་བལྟ། །ཞལ་ནི་ཧོམ་ཁུང་གདངས་པ་འདྲ། །ལྗགས་ནི་ཧོམ་གཟར་རྐྱོང་བ་འདྲ། །མཆེ་བ་རྩང་ཕུར་གཏམས་པ་འདྲ། ཁྱོད་ནི་སྲོག་དབུགས་བདག་པོ་སྟེ། །ཚེ་བདག་ནག་པོའི་ཐུགས་ཀྱི་སྤྲུལ་པ་བཞི། །ཨྱཻ། ཤར་གྱི་ཕྱོགས་ནས་འགུག་བྱེད་པ། །ཡ་མཱནྟ་ཀའི་ཕོ་ཉ་སྟེ། །ཧེ་ལེ་ཁྱབ་པ་སྲོག་གི་བདུད། །གཏི་མུག་ས་ཡི་ཁམས་ནས་ལྡང་། །ཀུན་གཞི་འཁྲུལ་པའི་ས་བོན་སྲེག །ནག་མོ་སྙིང་རྐུན་མི་ཟན་མ། །དགྲ་བགེགས་སྙིང་ཁོས་རུས་པ་ཆོམས། །གང་ལ་བྱ་བའི་ལས་ངོ་ལོངས། །དམིགས་པའི་དགྲ་བགེགས་སྒྲོལ་ལ་ཤོག །བཅོལ་པའི་ཕྲིན་ལས་དུས་ལ་བབས། །ཨྱཻ། ལྷོ་ཡི་ཕྱོགས་ནས་འགུག་བྱེད་པ། །ཡ་མཱནྟ་ཀའི་ཕོ་ཉ་སྟེ། །ནག་པོ་འཛུམ་མེད་སྲོག་གི་བདུད། །ང་རྒྱལ་དྲོད་ཀྱི་ཁམས་ནས་ལྡང་། །ནག་པོ་འཛུམ་མེད་རྩ་ཟུངས་གཅོད། །ནག་མོ་མི་ཐོད་སྙིང་འབྱིན་མ། །དགྲ་བགེགས་སྙིང་ཁོས་མེ་དྲོད་སོད། །གང་ལ་བྱ་བའི་ལས་ངོ་ལོངས། །དམིགས་པའི་དགྲ་བགེགས་སྒྲོལ་ལ་ཤོག །བཅོལ་པའི་ཕྲིན་ལས་དུས་ལ་བབས། །ཨྱཻ། ནུབ་ཀྱི་ཕྱོགས་ནས་འགུག་བྱེད་པ། །ཡ་མཱནྟ་ཀའི་ཕོ་ཉ་སྟེ། །སོ་འདར་འཁྲིགས་པ་ཁྲག་གི་བདུད། །འདོད་ཆགས་ཆུ་ཡི་ཁམས་ནས་ལྡང་། །སོ་འདར་འཁྲིགས་པས་ལུས་སྲོག་ཕྲོལ། །ནག་མོ་ཁྲག་སྐྱུག་སྙིང་ལ་གཟེར་འདེབས་མ། །དགྲ་བགེགས་སྙིང་ཁོས་ཁྲག་ཐུངས་ཤིག །གང་ལ་བྱ་བའི་ལས་ངོ་ལོངས། །དམིགས་པའི་དགྲ་བགེགས་སྒྲོལ་ལ་ཤོག །བཅོལ་པའི་ཕྲིན་ལས་དུས་ལ་བབས། །ཨྱཻ། བྱང་གི་ཕྱོགས་ནས་འགུག་བྱེད་པ། །ཡ་མཱནྟ་ཀའི་ཕོ་ཉ་སྟེ། །རལ་པ་སྤྱིར་བཅིངས་དབུགས་ཀྱི་བདུད། །ཕྲག་དོག་རླུང་གི་ཁམས་ནས་ལྡང་། །རལ་པ་སྤྱིར་བཅིངས་དབུགས་རྒྱུན་གཅོད། །ནག་མོ་སྨྱོ་བྱེད་དབུགས་སྡུད་མ། །དགྲ་བགེགས་སྙིང་ཁོས་དབུགས་ལ་རོལ། །གང་ལ་བྱ་བའི་ལས་ངོ་ལོངས། །དམིགས་པའི་དགྲ་བགེགས་སྒྲོལ་ལ་ཤོག །བཅོལ་པའི་ཕྲིན་ལས་དུས་ལ་བབས། །དེ་ནས་ལས་ཀྱི་གཤིན་རྗེ་བསྐུལ་བ་ནི། ཤ་ཁྲག་གི་གཏོར་མ་བྱིན་གྱིས་བརླབས་ལ་འབུལ་ལོ། །དང་པོ་དང་བར་དུ་ལས་ཀྱི་སོ་བརྡེབ། ཨྱཻ། ཡབ་ཅིག་འཇམ་དཔལ་སྤྲུལ་པ་ནི། །གཤིན་རྗེ་ཚེ་བདག་ནག་པོ་སྟེ། །སྐུ་མདོག་ནག་པོ་ནམ་མཁའི་ཁམས་དང་མཉམ། །ཞབས་ཀྱིས་ཚངས་པའི་ཡུལ་ཡང་མནན། །སྐྲ་དང་བ་སྤུ་རལ་པ་སྦྲུལ་གྱིས་བརྒྱན། །སྤྱན་ནས་མེ་ཡི་ཕུང་པོ་འབར། །ཞལ་ནས་ཁྲག་གི་རྒྱ་མཚོ་འཁྱིལ། །ཟས་སུ་གཤིན་རྗེའི་ཤ་ལ་ཟ། །སྐོམ་དུ་གཤིན་རྗེའི་ཁྲག་ལ་འཐུང་། །ཞི་ཁྲོ་འབར་བའི་ཚོགས་ཆེན་ནས། །ལས་ཀྱི་ཁྲོ་བོ་ཁྲོ་མོ་དང་། །གནོད་སྦྱིན་སྲིན་པོ་གདུག་པའི་ཚོགས། །བསྒྲལ་བའི་ཞིང་བཅུ་ཞལ་དུ་གསོལ། །ལྕགས་མཁར་བཅུ་དྲུག་དབུས་ན་བཞུགས། །ཞི་ཁྲོ་ཉིད་ཀྱིས་ཤ་ལ་ཟོ། ཁྲོ་བོ་ཉིད་ཀྱིས་ཁྲག་ལ་ཐུངས། །དམ་ཉམས་དགྲ་དང་སྲུང་མར་བཅས། །ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། །ལས་བཅོལ་འབྲས་བུ་མཆིས་པར་མཛོད། །ཨྱཻ། བསྐལ་པ་བརྒྱད་ཁྲི་བཞི་སྟོང་འདས་པའི་ཕ་རོལ་ན། །འབྱུང་བ་གདན་བཞི་རྔམས་པའི་ཞབས་འོག་ན། །རྒྱ་མཚོ་ཆེན་པོ་བཞི་ཡི་གཏིང་རུམ་ན། །མུན་ཁམས་ལྕགས་མཁར་སྒོ་མེད་ན། །རུ་དྲ་དྲེགས་པའི་གདན་སྟེང་ན། །ཆུ་གླང་སྔོན་པོའི་ཁྲི་སྟེང་ན། །གཤིན་རྗེ་བྱེ་བ་དགུ་ཁྲི་བཞུགས། །སྐུ་མདོག་མཐིང་ནག་རྔམ་པ་ལ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །ཕྱག་དྲུག་ཕྱག་མཚན་འབར་བ་ནི། །གཡས་ཀྱི་དང་པོ་རལ་གྲི་བསྣམས། །དགྲ་བོའི་སྲོག་རྩ་རྩད་ནས་གཅོད། །གཡས་ཀྱི་བར་མ་ཞིང་དབྱུག་བསྣམས། །དགྲ་བོ་དམ་ཉམས་དབང་པོ་འཇོམས། །ཐ་མ་ལྕགས་ཀྱི་རི་རབ་བསྣམས། །དགྲ་བོ་དམ་ཉམས་གཟིར་ཞིང་གནོན། །གཡོན་གྱི་དང་པོ་བེ་ཅོན་གྱིས། །དགྲ་བོ་མ་ལུས་མགོ་ལུས་གཤག །བར་མ་ལྕགས་ཀྱུས་དགྲ་སྙིང་འབྱིན། །ཐ་མ་རྡོ་རྗེ་རྒྱ་གྲམ་གྱིས། །དགྲ་བོ་དམ་ཉམས་གཟིར་ཞིང་གནོན། །སྡང་བའི་དགྲ་བོ་གནོད་པའི་བགེགས། །མནན་ཅིང་གཟིར་བའི་ལས་མཛོད་ཅིག །སྐུ་ལ་ལྕགས་ཀྱི་ཞུན་ཁྲབ་གསོལ། །ཐོད་པ་ཞིང་ཆུང་སྦྲུལ་གྱིས་བརྒྱན། །སྐུ་སྨད་སྟག་ལྤགས་ཞིང་ཆུང་བརྒྱན། །སྟོད་ནས་ང་རྒྱལ་མེ་ཆེན་འབར། །སྨད་ནས་འདོད་ཆགས་ཆུ་ལྟར་འབེབ། །རྐེད་ནས་ཞེ་སྡང་སྦྲུལ་ལྟར་འཁྱུག །ཤངས་ནས་ཕྲག་དོག་རླུང་ནག་འཚུབས། །དམིགས་པའི་དགྲ་བགེགས་སྒྲོལ་ལ་ཤོག །ཨྱཻ། ཚེ་དང་སྲོག་ལ་དབང་བསྒྱུར་བ། །འཇིགས་བྱེད་རླག་བྱེད་ཀུ་བེ་ར། །དམར་ནག་ཁྲག་རུལ་ཁམ་པ་འདྲ། །སྦྲུལ་གྱི་རལ་པ་སྤྱི་བོར་བཅིངས། ཁ་རླངས་ནད་ཀྱི་མཚོན་སྤྲིན་འབེབ། ཁ་ནས་ཐོག་དང་སེར་བ་འབེབ། །འཆིབས་སུ་རླུང་དམར་རྟ་ལ་ཞོན། །མེ་རླུང་ལས་ཀྱི་འཁོར་ལོ་བསྣམས། །སྤྲུལ་པ་གསོད་བྱེད་གིང་ཡང་འགྱེད། །ཡང་སྤྲུལ་དམར་ནག་མ་མོ་འགྱེད། །ཞེ་སྡང་ལྕགས་ཀྱི་སྡིག་པ་དང་། །ཕྲག་དོག་བསེ་ཡི་སྦལ་པ་འགྱེད། །དམིགས་པའི་དམ་ཉམས་རུ་དྲ་འདི། །དུས་མཐའ་སྟུངས་ལ་འདུ་བྱེད་སྐུམས། །གཡོན་ན་བདུད་མོ་ནག་མོའི་སྐུ །རླུང་ནག་འཚུབ་མ་ནག་མོའི་དཀྱིལ་འཁོར་ནས། །ལྕགས་ཀྱུ་དམར་པོའི་འཕྲོ་འདུ་ལས། །བདུད་མོ་ཁྲག་གི་རལ་པ་ཅན། ཁྲག་མིག་དམར་མོའི་མཆི་མ་ལས། ཁྲག་དང་དུག་གི་ཆར་པ་འབེབ། །ལག་ན་ཁྲག་གི་ཐོད་པ་ཐོགས། ཁྲག་མདའ་བུ་ཡུག་ཆར་ལྟར་ཕོབ། །བདུད་ཀྱི་ལྕམ་མོའི་དུས་ལ་བབས། །ཨྱཻ། ལས་ཀྱི་ཚེ་བདག་ནག་པོ་སྤྲུལ་པའི་སྐུ །འབྱུང་བ་གདན་བཞི་རྔམས་པའི་འོག་ཤེད་ནས། །ལས་ཀྱི་རླུང་ནག་བསྐལ་པས་གཏམས་པའི་སྟེང་། །དུག་མཚོ་བ་ཚྭ་གཏིང་ཁོལ་ནག་པོའི་གཏིང་། །ཤ་ཟ་རྔམས་པས་བརྒྱན་པའི་ཕོ་བྲང་ན། །སྒོ་མེད་ལྕགས་མཁར་བཅུ་དྲུག་དབུས་ཤེད་ན། །འོབས་ཆེན་བཅུ་གཉིས་འབར་བའི་དབུས་ཕྱོགས་ན། །ཐོད་མཁར་འབར་བ་བཞི་ཡི་དབུས་ཕྱོགས་ན། །ཕོ་བྲང་གནམ་ལྕགས་སྤུ་གྲིས་གཏམས་པ་ན། །ཀླུ་གཉན་ས་བདག་མ་ཧེའི་གདན་སྟེང་ན། །ལྕགས་ཀྱི་མོན་པ་ཚེ་བདག་མགོ་དགུ་པ། །སྐུ་མདོག་སྔོ་ནག་རོ་ཡི་དུད་པ་འདྲ། །སྐུ་ལ་གླང་ཆེན་དུར་ཁྲོད་ཆས་ཀྱིས་བརྒྱན། །སྟག་གི་ཤམ་ཐབས་ཐོད་པའི་དོ་ཤལ་ཅན། །སྙན་དང་ཕྱག་ཞབས་མགུར་ཆུན་སྦྲུལ་གྱིས་བརྒྱན། །དབུ་གསུམ་མཁའ་ལྡིང་རྨ་བྱའི་དབུ། །གདུག་པ་གསུམ་དང་དགྲ་བོའི་གློ་སྙིང་ཟ། །ཞལ་གསུམ་གཏུམ་རྔམ་འབར་བ་ཁྲོ་བོའི་དབུ། །གདུག་པའི་སྦྲུལ་དང་མི་རོ་རྟ་རོ་ཟ། །ཞལ་གསུམ་ཤ་ཟ་རྔམས་པའི་དབུ། །ཉམས་པའི་ཤ་ཁྲག་ནང་ཁྲོལ་ཟ། །གཡས་པའི་ཕྱག་དགུས་བསྣམས་པ་ནི། །དང་པོ་འཁོར་ལོས་མགོ་ལུས་གཤག །གཉིས་པ་རལ་གྲིས་ལུས་སྲོག་གཅོད། །གསུམ་པ་རྡོ་རྗེས་དབང་པོ་འཇོམས། །བཞི་པ་ཁ་ཊྭཱཾ་རྩེ་གསུམ་གྱིས། །དགྲ་བོའི་དུག་གསུམ་རྩད་ནས་གཅོད། །ལྔ་པ་མདུང་ཐུང་སྙིང་ཁྲག་འབྱིན། །དྲུག་པ་མདའ་འཕེན་སྙིང་གཟེར་འདེབས། །བདུན་པ་ཞིང་ཆུང་དབྱུག་ཐོ་ཕྱར། །བརྒྱད་པ་རྡོ་རྗེ་རྒྱ་གྲམ་གྱིས། །ཕྲིན་ལས་སྣ་ཚོགས་མཛད་པའི་རྟགས། །དགུ་པ་གནམ་ལྕགས་ཕུར་པ་ཡིས། །དགྲ་བོའི་སྲོག་གི་རྩ་ལ་འདེབས། །ཕྱག་གཡོན་དང་པོ་བེ་ཅོན་གྱིས། །དགྲ་བོའི་ཞེ་སྡང་མགོ་བོ་གནོན། །གཉིས་པ་གཏུན་ཤིང་དབང་པོ་འཇོམས། །གསུམ་པ་རྒྱུ་ཞགས་དགྲ་བོ་འགུག །བཞི་པ་སྦྲུལ་ཞགས་བྱད་དུ་འཇུག །ལྔ་པ་སྡིགས་མཛུབ་དུག་གསུམ་སྲེག །དྲུག་པ་ཏྲི་ཤུལ་རྩེ་གསུམ་གྱིས། །ལུས་ངག་ཡིད་གསུམ་ཐལ་བར་རློག །བདུན་པ་དགྲ་སཏྭས་མགོ་ལུས་གཤག །བརྒྱད་པ་གཞུ་ཡིས་གདུག་པ་འདུལ། །དགུ་པ་ཙིཏྟ་འབྱིན་ཅིང་ཟ། །ཞབས་གཉིས་གྱད་ཀྱི་དོར་སྟབས་བདུད་དང་མུ་སྟེགས་གནོན། །ཞབས་གཉིས་གྱད་ཀྱི་དོར་སྟབས་ས་བདག་ཀླུ་གཉན་འདུལ། །ཞབས་གཉིས་གྱད་ཀྱི་དོར་སྟབས་མ་ཧེ་ཉི་ཟླ་གནོན། །ཞབས་གཉིས་བརྐྱང་བསྐུམ་ཐབས་དང་ཤེས་རབ་ཚུལ། །དབུ་སྐྲ་བ་སྤུ་དུག་གི་རླངས་པ་འཕྲོ། །སྲོག་བདུད་ནག་པོ་སྡང་བའི་དགྲ་ལ་བྷྱོ། །གཡོན་ནས་བདུད་མོ་ཁྲག་གི་རལ་པ་ཅན། །ཡ་མཚན་བུད་མེད་ནག་མོ་རྔམ་པའི་གདོང་། །ཉིད་ཀྱི་སྐུ་མདོག་མཐིང་ནག་ལ། །རལ་པ་ཁྲག་གི་ཟར་བུ་ཅན། །སྤྱན་ནས་ཁྲག་འཛག་ཟུ་ལུ་ལུ། །ཞལ་ནས་མི་རོ་རྟ་རོ་འབྲུལ། །སྐུ་སྟོད་ཞིང་གི་གཡང་གཞི་ལ། །ཉི་མ་འབུམ་གྱི་རྒྱན་གྱིས་བརྒྱན། །ཕྱག་གཡས་ཏྲི་ཤུལ་རྩེ་གསུམ་གྱིས། །དགྲ་བོ་དམ་ཉམས་སྲོག་རྩ་གཅོད། །གཡོན་པ་བྷནྡྷ་རཀྟ་ཡིས། །དགྲ་བོའི་ཁོང་དུ་དུག་མདའ་རྒྱོབ། །བདུད་མོ་ནག་མོ་དགྲ་ལ་བྷྱོ། །ཨྱཻ། ཚེ་བདག་ནག་པོའི་སྤྱི་གཙུག་ན། །བྱ་ཁྱུང་རྒྱལ་པོ་ག་རུ་ཎ། །གསེར་གྱི་ལུས་ལ་གནམ་ལྕགས་འབར་བའི་མཆུ། །སྤྱན་མིག་ཉི་ཟླ་ལྟར་དུ་འཁྱིལ་བ་ཡིས། །དགྲ་བོའི་བླ་མཚོ་གཏིང་ནས་སྐེམ། །འཁོར་ལོ་འབར་བའི་གཤོག་པ་ཡིས། །དགྲ་བོའི་མགོ་ལུས་ཚལ་པར་གཤག །རལ་གྲི་འབར་བའི་གཤོག་པ་ཡིས། །དགྲ་བོ་ཉམས་པའི་སྲོག་རྩ་གཅོད། །ཐེལ་གཤོག་སྤུ་གྲི་མེ་ལྟར་འབར། །ཀླུ་གཉན་ས་བདག་རྩད་ནས་སྐེམ། །གཡས་ཀྱི་གཤོག་པས་ཀླུ་ཆེན་བརྒྱད་ཀྱང་གཅོད། །གཡོན་གྱི་གཤོག་པས་ཀླུ་བདུད་ས་བདག་གནོན། །གནམ་ལྕགས་སྡེར་མོས་སྲོག་གི་དབང་པོ་ལེན། །སྐུ་ནི་གཏུམ་རྔམ་བརྗིད་པའི་ཆ་བྱད་ཀྱིས། །ས་བདག་ཀླུ་གཉན་ལྟོ་འཕྱེ་ཟིལ་གྱིས་གནོན། ཁྱུང་གི་གཤོག་པ་བརྡབ་པ་ཡིས། །གདུག་པའི་གནས་ཁང་རྨང་ནས་སྒྱེལ། །གང་ལ་བྱ་བ་ཁྱོད་ཀྱིས་ཤེས་པར་གྱིས། །བྱ་ཁྱུང་རྒྱལ་པོས་གང་ཡིན་ལུས་སྲོག་ཕྲོལ། །ཨྱཻ། ཚེ་བདག་ནག་པོའི་ཐུགས་ཀྱི་སྤྲུལ་པ་ནི། །གླིང་བཞི་ཐོད་མཁར་འབར་བ་བཞི་ཡི་ནང་ཤེད་ན། །གདུག་པ་ཀླུ་ཡི་མོན་པ་སྲོག་གཅོད་བཤན་པ་བཞི། །དམ་ཉམས་དགྲ་བོའི་ལུས་སྲོག་དབང་པོ་ཕྲོལ། །ཨྱཻ། ཤར་ཕྱོགས་དུང་མཚོ་ཟླ་གམ་མེ་རེ་རེ། །དུང་མཚོ་ཟླ་གམ་འཁྱིལ་པའི་ནང་ཤེད་ན། །དུག་མཚོ་བ་ཚྭ་གཏིང་ཁོལ་འགྱུ། །ཞེ་སྡང་དུག་མཚོའི་ནང་ཤེད་ན། །ཐོད་མཁར་ཟླ་གམ་དུང་འོད་འབར། །ཐོད་མཁར་ཟླ་གམ་དཀར་པོའི་ནང་ཤེད་ན། །ས་བདག་དྲི་ཟ་བསྣོལ་བའི་གདན་སྟེང་ན། །ལྕགས་ཀྱི་མོན་པ་རྔམ་པའི་གདོང་། །དབུ་རལ་ལྕགས་འཚུབ་ནག་པོར་འཁྱིལ། །དུག་རླངས་འཚུབ་མའི་དབུས་ནས་ལྡང་། །སྐུ་ལ་ལྕགས་ཀྱི་ཞུན་ཁྲབ་གསོལ། །གཡས་ན་དུག་སྡོང་མེ་ལྟར་འབར། །དགྲ་བགེགས་དུག་ཆུ་ཁྲག་ཆུ་སྐེམ། །གཡོན་པ་ལྕགས་ཀྱི་གཟེར་ཆེན་འདེབས། །དེ་ནས་དྲག་ཏུ་བསྐུལ་ཙ་ན། །ཐུགས་ཀྱི་སྤྲུལ་པ་མངོན་ཕྱུང་པ། །ལྕགས་ཀྱི་མོན་པ་གཅེར་བུ་འབུམ། ཁྱོད་ཀྱི་ཕྱག་མཚན་གཡས་པ་ན། །གསོད་བྱེད་ལྕགས་ཀྱི་སྤུ་གྲི་བསྣམས། ཁྱོད་ཀྱི་ཕྱག་མཚན་གཡོན་པ་ན། །མི་ཕྲེང་རློན་པའི་ཞགས་པ་ཐོགས། །ཞལ་ནས་དུག་གི་སྐྱུག་པ་འཐོར། །དུག་གི་དྲེད་མོ་ལག་རིང་ནི། །དུག་གི་རྐྱལ་པ་ཁུར་དུ་ཁུར། །གཡོན་པས་དུག་ཟོར་ནག་པོ་འཕེན། །གཡས་པས་དགྲ་སྙིང་འབྱིན་ཅིང་ཟ། །ས་བདག་དགྲ་བགེགས་ཟས་སྐལ་ཡིན། །དམ་ཉམས་སྲོག་གི་གཤེད་མ་གྱིས། །ཨྱཻ། ལྷོ་ཕྱོགས་གཡུ་མཚོ་སོག་ཀ་མེ་རེ་རེ། །གཡུ་མཚོ་སོག་ཀའི་ནང་ཤེད་ན། །དུག་མཚོ་བ་ཚྭ་གཏིང་ཁོལ་འགྱུ། །ཞེ་སྡང་དུག་མཚོའི་ནང་ཤེད་ན། །ཐོད་མཁར་སོག་ཀ་གཡུ་འོད་འབར། །ཐོད་མཁར་འབར་བའི་ནང་ཤེད་ན། །གཉན་དང་གྲུལ་བུམ་བསྣོལ་བའི་གདན་སྟེང་ན། །མོན་པ་མཐིང་ནག་མཛོ་རྒོད་གདོང་། །དབུ་རལ་གཡུ་འཚུབ་ནག་པོར་འཁྱིལ། །ཞིང་ཆེན་གཡང་གཞི་སྐུ་ལ་གསོལ། །ཞིང་ཕྲན་འབུམ་གྱིས་སྐུ་ལ་བརྒྱན། ཁྱོད་ཀྱི་ཕྱག་མཚན་གཡས་གཡོན་ན། །དུག་ཟོར་དུག་མདའ་དགྲ་ལ་འཕེན། །དེ་ནས་དྲག་ཏུ་བསྐུལ་ཙ་ན། །དུག་སྦྲང་དུག་རྟ་དྲེད་ལ་ཞོན། །སྡང་མིག་གཅེར་བུ་སྙིང་འབྱིན་འབུམ། །སྡོམ་དང་སྡིག་སྦྲུལ་སྦལ་པ་ཟ། །སྲོག་སྙིང་རྩ་ལ་མདའ་ལྟར་རྒྱུག །ཤ་ཟ་ཁྲག་འཐུང་རུས་པ་འཆའ། །གློ་སྙིང་མཁལ་མ་ནང་ཁྲོལ་ཟ། །གཉན་དང་དགྲ་བོ་ཟས་སྐལ་ཡིན། །དམ་ཉམས་དགྲ་བོའི་གཤེད་མ་གྱིས། །ཨྱཻ། ནུབ་ཕྱོགས་ཟངས་མཚོ་ཟླུམ་པོ་མེ་རེ་རེ། །ཟངས་མཚོ་འཁྱིལ་པའི་ནང་ཤེད་ན། །དུག་མཚོ་བ་ཚྭ་གཏིང་ཁོལ་འགྱུ། །ཞེ་སྡང་དུག་མཚོའི་ནང་ཤེད་ན། །ཐོད་མཁར་ཟླུམ་པོ་མེ་འོད་འབར། །ཐོད་མཁར་འབར་བའི་ནང་ཤེད་ན། །ཀླུ་བདུད་དྲེགས་པ་བསྣོལ་བའི་གདན་སྟེང་ན། །བསེ་ཡི་མོན་པ་ཁྱུང་ཆེན་གདོང་། །དུག་གི་ར་རུ་ཟངས་སེ་ཟང་། །དཔྲལ་བའི་དཀྱིལ་ན་མིག་གཅིག་པོ། །རྣ་བའི་གྲོང་ཁྱེར་སྦྲུལ་གྱིས་བརྒྱན། ཁ་ནས་མེ་ཡི་དུག་ཆར་འཕྲོ། །ཕྱག་ན་བསེ་མདའ་དུག་ཟོར་འཕེན། །དུག་གི་མཚོ་ལ་རྔུབ་ཀྱིས་འཐུང་། །དབུ་རལ་བསེ་འཚུབ་དམར་པོ་འཁྱིལ། །སྐུ་ལ་བསེ་བྱང་རག་ཞུན་གསོལ། །བསེ་སྦྲུལ་དུག་མདའ་ཁོང་དུ་འཇུག །བསེ་ཡི་མཆེ་བས་སྲོག་སྙིང་གཅོད། །བསེ་མཆུ་དམར་པོས་སྙིང་ཁྲག་འཇིབ། །བསེ་ཡི་ཁྱུང་ཆེན་སྲོག་ལ་ལྡིང་། །ཀླུ་དང་ཀླུ་བདུད་ཟས་སུ་ཟ། །ཀླུ་ནད་མཛེ་ཤུ་ཀ་རུས་གཅོད། །ཐུགས་ཀྱི་སྤྲུལ་པ་མངོན་ཕྱུང་བ། །བསེ་ཡི་མོན་པ་གཅེར་བུ་འབུམ། །ལག་ན་ཆུ་སྲིན་ལྕགས་གཟེར་འདེབས། །ཤ་ཟ་ཁྲག་འཐུང་རུས་པ་འཆའ། །གློ་སྙིང་མཁལ་མ་ནང་རོལ་ཟ། །ཀླུ་དང་དགྲ་བོ་ཟས་སྐལ་ཡིན། །དམ་ཉམས་སྲོག་གི་གཤེད་མ་གྱིས། །ཨྱཻ། བྱང་ཕྱོགས་གསེར་མཚོ་གྲུ་བཞི་མེ་རེ་རེ། །གསེར་མཚོ་གྲུ་བཞི་འཁྱིལ་པའི་ནང་ཤེད་ན། །དུག་མཚོ་བ་ཚྭ་གཏིང་ཁོལ་འགྱུ། །ཞེ་སྡང་དུག་མཚོའི་ནང་ཤེད་ན། །ཐོད་མཁར་གྲུ་བཞི་གསེར་འོད་འབར། །ཐོད་མཁར་འབར་བའི་ནང་ཤེད་ན། །གནོད་སྦྱིན་ལྟོ་འཕྱེ་བསྣོལ་བའི་ཁྲི་སྟེང་ན། །གསེར་གྱི་མོན་པ་དྲེད་ཀྱི་མགོ །དབུ་རལ་མཐིང་གི་འཚུབ་མར་འཁྱིལ། །གཡུ་ཡི་གཡང་ཤུན་སློག་པ་གསོལ། །གཅན་གཟན་གདུག་པའི་མགོ་ཡིས་བརྒྱན། །ལྕགས་ཀྱི་མཆེ་བ་ཁྲིགས་སེ་ཁྲིག །གཡས་ནས་བྱ་དང་གཅན་གཟན་འགྱེད། །རྩ་རྒྱུད་གཅོད་ཅིང་སྙིང་ཁྲག་འབྱིན། །གཡོན་ནས་མ་བདུན་སྲིང་མོ་འགྱེད། །ནད་དང་དལ་གྱི་བུ་ཡུག་འབེབ། །དེ་ནས་དྲག་ཏུ་བསྐུལ་ཙ་ན། །དུག་རྟ་དྲེད་དང་འབྲོང་ལ་ཞོན། །ཐུགས་ཀྱི་སྤྲུལ་པ་མངོན་ཕྱུང་པ། །དུག་གི་མོན་པ་གཅེར་བུ་འབུམ། །དྲེད་ཀྱི་དབུ་ལ་བྱ་ཁྲའི་མཆུ། །བུ་ག་དགུ་ནས་སྲོག་རྩ་འཇིབ། །ལག་ན་རལ་གྲི་དུག་ཟོར་འཕེན། །ཤ་ཁྲག་གློ་སྙིང་ཟས་སྐལ་ཡིན། །ཟ་བྱེད་སྲོག་གི་གཤེད་པོ་གྱིས། །ལྟོ་འཕྱེའི་གདོན་དང་དགྲ་བོ་ཡི། །རྩ་རྒྱུས་ཆོད་ལ་གདུག་པ་ཐུལ། །ཚེ་སྲོག་སྡུས་ལ་དྭངས་སྙིགས་ཕྱེས། །གནོད་བྱེད་དགྲ་བོའི་གཤེད་པོ་གྱིས། །ཀླུ་གཉན་ས་བདག་གནས་སུ་སྒྲོལ། །ཡབ་ཀྱི་བསྐུལ་པ་མཆོད་བསྟོད་གསལ་སྒྲོན་རྫོགས་སོ། །དེ་ནས་ཡུམ་གྱི་བསྐུལ་པ་ནི། ཨྱཻ། ཡུམ་གྱི་ཐུགས་ཀྱི་སྤྲུལ་པ་ལས། །ཐུགས་ཀྱི་སྤྲུལ་པ་མངོན་བྱུང་བ། །ཤར་ཕྱོགས་སྟོང་གི་འཇིག་རྟེན་ན། །དྲི་ཟ་འབུམ་ལ་དབང་བསྒྱུར་མ། །མོན་མོ་ནག་མོ་སེང་གེའི་གདོང་། །སྐུ་ལ་མཐིང་ནག་འཇོལ་བེར་གསོལ། །དབུ་རལ་ནག་པོ་མུན་ལྟར་གཏིབས། །ཞལ་ནས་དུག་གི་རླངས་པ་འཕྲོ། །སྤྱན་ནས་དུག་གི་ཆར་པ་འབེབ། །དུག་གི་རྐྱལ་པ་རྒྱབ་ཏུ་ཁུར། །གཡོན་པས་དུག་ཟོར་དགྲ་ལ་འཕེན། །གཡས་པས་དུག་མདའ་ལྕགས་གཟེར་འདེབས། །དུག་ཟོར་བརྣག་པའི་དགྲ་ལ་རྒྱོབ། །ལྕགས་ཀྱི་སྡིག་པ་ནག་པོ་ཞོན། །དུག་མདའ་དགྲ་བོའི་ཁོང་དུ་སྐྱོལ། །མོན་མོ་དུག་སྤྱོད་དགྲ་ལ་བྷྱོ། །ཨྱཻ། ཡུམ་གྱི་ཐུགས་ཀྱི་སྤྲུལ་པ་ལས། །ཐུགས་ཀྱི་སྤྲུལ་པ་མངོན་བྱུང་བ། །ལྷོ་ཕྱོགས་སྟོང་གི་འཇིག་རྟེན་ན། །གྲུལ་བུམ་འབུམ་ལ་དབང་བསྒྱུར་མ། །མོན་མོ་ནག་མོ་སྟག་གི་གདོང་། །སྐུ་ལ་ཞིང་ཆེན་གཡང་གཞི་གསོལ། །དབུ་རལ་གཡུ་སྤྲིན་མུན་ལྟར་གཏིབས། །ཞལ་དང་ཤངས་ཀྱི་བུ་ག་ནས། །དུག་གི་ཁ་རླངས་བུན་ནེ་བུན། །སྤྱན་ནས་ཁྲག་གི་རྒྱ་མཚོ་འབེབ། །དུག་གི་རྐྱལ་པ་ཁུར་དུ་ཁུར། །ཕྱག་ན་དུག་ཟོར་ལྕགས་གཟེར་འདེབས། །དུག་མདའ་དགྲ་བོའི་ཁོང་དུ་སྐྱོལ། །ལྕགས་གཟེར་དགྲ་བོའི་སྙིང་ལ་ཐོབས། །དུག་གི་ཕག་མོ་རྟ་རུ་ཞོན། །མོན་མོ་དུག་སྤྱོད་དགྲ་ལ་བྷྱོ། །ཨྱཻ། ཡུམ་གྱི་ཐུགས་ཀྱི་སྤྲུལ་པ་ལས། །ཐུགས་ཀྱི་སྤྲུལ་པ་མངོན་བྱུང་བ། །ནུབ་ཕྱོགས་སྟོང་གི་འཇིག་རྟེན་ན། །ཀླུ་བདུད་འབུམ་ལ་དབང་བསྒྱུར་མ། །མོན་མོ་ནག་མོ་དྲེད་ཀྱི་གདོང། །སྐུ་ལ་རྨ་བྱའི་ཐུལ་པ་གསོལ། །དབུ་རལ་ཁྲག་གི་རྒྱ་མཚོ་འཁྱིལ། །ཞལ་ནས་ཁྲག་གི་སྐྱུག་པ་འཕྲོ། །སྤྱན་ནས་ཁྲག་གི་ཆུ་བོ་འབབ། །ཕྱག་ན་ཁྲག་ཟོར་སྙིང་གཟེར་འདེབས། ཁྲག་གི་རྐྱལ་པ་རྒྱབ་ཏུ་ཁུར། ཁྲག་ཟོར་དམ་ཉམས་དགྲ་ལ་རྒྱོབ། །ཟངས་མདའ་གཟེར་ཆེན་དགྲ་ལ་ཐོབས། །བསེ་ཡི་སྦལ་པ་རྟ་རུ་ཞོན། །མོན་མོ་དུག་སྤྱོད་དགྲ་ལ་བྷྱོ། །ཨྱཻ། ཡུམ་གྱི་ཐུགས་ཀྱི་སྤྲུལ་པ་ལས། །ཐུགས་ཀྱི་སྤྲུལ་པ་མངོན་བྱུང་བ། །བྱང་ཕྱོགས་སྟོང་གི་འཇིག་རྟེན་ན། །གནོད་སྦྱིན་འབུམ་ལ་དབང་བསྒྱུར་མ། །མོན་མོ་ནག་མོ་ཁྱུང་གི་གདོང་། །སྐུ་ལ་བེར་ནག་ཞིང་ཆེན་གསོལ། །དབུ་རལ་སྦྲུལ་ནག་མུན་ལྟར་གཏིབས། ཁ་ནས་དུག་མཚོ་རླབས་ཤིང་འཁྱུག །སྤྱན་ནས་ཁྲག་འཛག་ཟུ་ལུ་ལུ། །དུག་གི་ན་བུན་བུན་ནེ་བུན། །དུག་རླངས་ན་བུན་དགྲ་ལ་གཏིབས། །ཕྱག་ན་དུག་ཟོར་དགྲ་ལ་འཕེན། །དུག་གི་རྐྱལ་པ་ཁུར་དུ་ཁུར། །དུག་མདའ་གཟེར་ཆེན་དགྲ་ལ་ཐོབས། །དུག་སྦྲུལ་ནག་པོ་རྟ་རུ་ཞོན། །མོན་མོ་དུག་སྤྱོད་དགྲ་ལ་བྷྱོ། །ཞེས་པ་གསང་བ་མཆོག་གི་ལས་དང་། རང་གཤེད་རང་ལ་དབབ་པ་དང་། བསྲུང་ཞིང་གཟིར་བ་དང་། བྱས་པ་བཤིག་ཅིང་ཟུག་པ་དབྱུང་བ་དང་། གསང་ལམ་དགག་ཅིང་ངག་མནན་པ་དང་། ཞེན་པ་བཟློག་ཅིང་བྱད་འགྲོལ་བ་ལ་སོགས་པའི་དུས་ཐམས་ཅད་དུ་མན་ངག་འདི་སྦྱར་ཞིང་བསྒྱུར་རོ། མཆོད་བསྟོད་གསལ་བར་བྱེད་པའི་སྒྲོན་མེ་སློབ་དཔོན་འཇམ་དཔལ་རྫུས་སྐྱེས་ཀྱིས་མཛད་པ་རྫོགས་སོ། །ས་མ་ཡ། སརྦ་མདྒ་ལཾ། དགེའོ།། །།

གཏེར་སྲུང་མཐུ་ཆེན་སྡེ་བཞིའི་གསོལ་ཀ་ (Volume 17, Text 9)

གཏེར་སྲུང་མཐུ་ཆེན་སྡེ་བཞིའི་གསོལ་ཀ་བཞུགས་སོ། །བྷྱོ། རིག་འཛིན་པདྨ་འབྱུང་གནས་དང་། །གནུབས་ཆེན་རྡོ་རྗེ་ཡང་དབང་གིས། །དམ་ལ་གནས་པའི་དད་ཤུགས་འཆང་། །གསང་བ་སྙིང་འཛིན་གཏེར་བདག་རྣམས། །བསྒྲུབ་པའི་སྡོངས་གྲོགས་བགྱིད་པ་དང་། །རང་ཉིད་མཆོད་པ་བཞེས་སླད་དུ། །གནས་འདིར་དད་པས་སྤྱན་འདྲེན་གྱིས། །དམ་ཚིག་དབང་གིས་གཤེགས་སུ་གསོལ། །བཛྲ་ཨཾ་ཀུ་ཤ་ཛཿཛཿ གཏོར་མ་སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ཀྱིས་ཕུལ་ལ། བྷྱོ། འགྱུར་བ་མེད་པ་ཆོས་ཀྱི་སྐུ །ཆོས་སྐུ་འགྱུར་བ་མེད་པ་ལས། །ལོངས་སྐུ་ཡ་མཱནྟ་ཀ་བྱུང་། །ལོངས་སྐུ་ཡ་མཱནྟ་ཀ་ལས། །སྤྲུལ་སྐུ་ཚེ་བདག་ནག་པོ་བྱུང་། །སྟོན་པའི་སྐུ་གསུང་ཐུགས་ལས་སྤྲུལ། །བྷྱོ། གཡུང་ཕུའི་རྩེ་ལྷ་མཐུ་བོ་ཆེ། །ཆིབས་སུ་རྟ་དཀར་ཕྲུམ་དམར་འཆིབ། །སྐུ་ལ་དར་དཀར་སློག་པ་གསོལ། །དབུ་ལ་དར་དཀར་འགྱིང་ཐོད་བཅིངས། །སྟག་རལ་གཡས་ལ་གཟིག་ཤུབ་གཡོན། །ཕྱག་ན་དར་དཀར་མདུང་རིང་བསྣམས། །རྒྱུ་འཐུམས་སྙིང་གཟེར་དགྲ་ལ་ཡ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །བྷྱོ། ཡེར་པའི་རྫོང་བཙན་མཐུ་བོ་ཆེ། །ཆིབས་སུ་རྟ་དམར་གདོང་གསུམ་འཆིབ། །སྐུ་ལ་དར་དམར་བེར་ཆེན་གསོལ། །དབུ་ལ་དར་དམར་འགྱིང་ཐོད་བཅིངས། །སྟག་རལ་གཡས་ལ་གཟིག་ཤུབ་གཡོན། །དར་དམར་རུ་མཚོན་གནམ་དུ་ཕྱར། །བཙན་གྱི་ཞགས་པ་ཀླད་ལ་བསྐོར། །དམ་ཉམས་དགྲ་ལ་བཙན་ཞགས་ཐོབ། །གྲི་ཐབས་ཕོ་གཟེར་དགྲ་ལ་ཕོབ། །བྷྱོ། ལྷ་སའི་བདུད་བཙན་མཐུ་བོ་ཆེ། །ཆིབས་སུ་བྲ་ནག་རྟིང་དཀར་འཆིབ། །སྐུ་ལ་བེར་ནག་གསུམ་བརྩེགས་གསོལ། །དབུ་ལ་ཐོད་ནག་འདོམ་གསུམ་བཅིངས། །སྟག་རལ་གཡས་ལ་གཟིག་ཤུབ་གཡོན། །ཕྱག་ན་དར་ནག་རུ་མཚོན་ཕྱར། །བདུད་ཞགས་ནག་པོ་མདའ་ལྟར་འཕེན། །འཐིབས་ནད་ནག་པོ་དགྲ་ལ་ཡ། །བྷྱོ། ཀླུ་བདུད་རྡོ་རྗེ་སྤྱན་གཅིག་མ། །ཆིབས་སུ་རུས་སྦལ་དཀར་ཁྲ་འཆིབ། །སྐུ་ལ་སྡིག་པའི་གཡང་གཞི་གསོལ། །དབུ་ལ་སྦྲུལ་གྱི་གདེངས་ཀ་ཅན། །སྲམ་གྱི་རྒྱལ་མཚན་གནམ་དུ་ཕྱར། །སྦྲུལ་ཞགས་ནག་པོ་ཀླད་ལ་བསྐོར། །ཀླུ་ནད་མཛེ་ཤུ་དགྲ་ལ་ཡ། །ཞེས་བསྐུལ་ལོ།།

འཇམ་དཔལ་གཤིན་རྗེ་ཚེ་བདག་གི་སྐོང་བ་གནུབས་ལུགས་ (Volume 17, Text 10)

༄༅། །འཇམ་དཔལ་གཤིན་རྗེ་ཚེ་བདག་གི་སྐོང་བ་གནུབས་ལུགས་བཞུགས་སོ། ། དཔལ་ཚེ་བདག་ནག་པོའི་ལྷ་ལ་ཕྱག་འཚལ་ལོ། །ཚེ་བདག་སྒྲུབ་པའི་རྣལ་འབྱོར་པས། །ཉམས་ཆག་སྐོང་ཞིང་བར་ཆད་ཟློག །སྐོང་བའི་ཆོ་ག་འདི་ལྟར་བྱ། །གཞུང་དང་མཐུན་པའི་གནས་བཅས་ཏེ། །དཀྱིལ་འཁོར་ཚོམ་བུ་ཅི་རིགས་བྱ། །བམ་ཆེན་མ་ཉམས་མཚན་ལྡན་བཞག །དེ་ཡི་རྩ་ལོ་ཡན་ལག་དང་། །གནས་ལྔར་སྨན་རཀ་གཏོར་མ་བཤམ། །ཕྱི་ཡི་མཆོད་པའི་མཐའ་སྐོར་ཏེ། །ཙ་ར་ལུག་དང་བྱ་ལ་སོགས། །སྲོག་ཆགས་མདངས་དང་དབུགས་ཀྱི་ཚོགས། །ཚོགས་ཀྱི་མཆོད་པ་སྣ་ཚོགས་བཤམ། །གུ་གུལ་ཤ་ཆེན་གསུར་དང་ནི། །ཞུན་ཆེན་མར་མེ་སྤོས་དུད་དང་། །ལྷབ་ལྷུབ་གོས་དང་རོལ་མོའི་ཚོགས། །རྣལ་འབྱོར་དམ་ཚིག་རབ་ལྡན་པས། །སྐོང་བའི་ཆོ་ག་ཆེན་པོ་བྱ། །ཟིལ་གནོན་ཆེན་པོའི་གཞུང་བསྲངས་ལ། །ཛཔ྄་དང་ཚོགས་བསྟོད་ཟིན་པ་དང་། །སྐོང་བའི་ཆོ་ག་འདི་ལྟར་བྱ། །ཧཱུྃ། དུར་ཁྲོད་ཆེན་པོ་འཇིགས་པའི་ཕོ་བྲང་ནས། །གསང་བ་མཆོག་གི་གནས་མཆོག་དམ་པ་རུ། །ཏི་ར་ཞིང་ཆེན་ཚོགས་ནི་རི་ལྟར་སྤུངས། །ཨརྒྷཾ་རཀྟའི་ཚོགས་ནི་མཚོ་ལྟར་བསྐྱིལ། །མཱཾ་ས་ཤ་ཆེན་ཚོགས་ནི་རྦབ་ལྟར་བསྙིལ། །ཀེང་རུས་ལྷུ་དུམ་ཚོགས་ནི་གངས་ལྟར་བརྩིགས། །ཞུན་ཆེན་མར་མེའི་ཚོགས་ནི་སྐར་ལྟར་བཀྲམ། །གསུར་ཆེན་དུད་པའི་ཚོགས་ནི་སྤྲིན་ལྟར་གཏིབས། །འདོད་ཡོན་ཚོགས་ཀྱི་མཆོད་པ་ནགས་ལྟར་སྤུངས། །ལྷབ་ལྷུབ་གོས་ཀྱི་ཕོད་ཁ་འཇའ་ལྟར་བཀྲ། །སྲོགས་ཆགས་མདངས་ཀྱི་མཆོད་པ་བཅུད་དང་ལྡན། །རོལ་མོ་སྒྲ་ཡི་མཆོད་པ་འབྲུག་ལྟར་སྒྲོག །བསྐང་ངོ་བཤགས་སོ་ཚེ་བདག་ལྷ་ཚོགས་རྣམས། །ཐུགས་དམ་བསྐངས་ལ་དགྲ་བགེགས་རྩད་ནས་ཆོད། །བདག་ལ་དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཆེན་པོ་ནས། །དྲག་པོ་ཨེ་ཡི་གཞལ་ཡས་དམ་པ་ན། །ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་གི་གདན། །ལྟོ་འཕྱེ་ཕྱོགས་སྐྱོང་མ་ཧེ་བརྫིས་པའི་ཁྲིར། །ཐབས་དང་ཤེས་རབ་ཉི་ཟླ་པདྨའི་གདན། །གཤིན་རྗེ་ཕོ་མོ་བསྣོལ་བའི་གདན་སྟེང་ན། །ཉོན་མོངས་དུག་ལྔ་རྐམ་ཆགས་འཇོམས་པའི་ལྷ། །སྲོག་བདུད་འཇམ་དཔལ་ཚེ་བདག་ནག་པོའི་སྐུ །དུག་ལྔའི་ཚུལ་གྱིས་དུག་ལྔ་འཇོམས་མཛད་པ། །དགྲ་བགེགས་བསྒྲལ་པའི་དུག་ལྔའི་གཟུགས་ཕུང་འདིས། །ཡབ་གཅིག་ཕྱག་རྒྱ་ཟིལ་གནོན་ཐུགས་དམ་བསྐང་། །དགྲ་བགེགས་དམ་ཉམས་ལུས་ཀྱི་ཚོགས་བཅས་ཀྱིས། །ཡུམ་ཆེན་གསོད་བྱེད་རྒྱལ་མོའི་ཐུགས་དམ་བསྐང་། །དགྲ་བགེགས་དམ་ཉམས་རྣམ་ཤེས་ཕུང་པོ་ཡིས། །སྲས་མཆོག་ཡ་མ་རཱ་ཛའི་ཐུགས་དམ་བསྐང་། །དགྲ་བགེགས་དམ་ཉམས་ཚོར་བའི་ཕུང་པོ་ཡིས། །དྲེགས་པ་ཕྱག་ན་རྡོ་རྗེའི་ཐུགས་དམ་བསྐང། །དགྲ་བགེགས་དམ་ཉམས་འདུ་བྱེད་ཕུང་པོ་ཡིས། །རུས་སྦལ་རྔམ་པ་མི་ཟན་ཐུགས་དམ་བསྐང་། །དགྲ་བགེགས་དམ་ཉམས་འདུ་ཤེས་ཕུང་པོ་ཡིས། །རྡོ་རྗེ་ཁྱུང་ཆེན་རྒྱལ་པོའི་ཐུགས་དམ་བསྐང་། །དགྲ་བགེགས་དམ་ཉམས་གཟུགས་དང་ཕྲག་དོག་གིས། །ཕྲག་གོང་ཁྱུང་མོ་གཉིས་ཀྱི་ཐུགས་དམ་བསྐང་། །ནུ་ཁའི་སེང་གེ་གཉིས་ཀྱི་ཐུགས་དམ་བསྐང་། །སོག་ཁའི་སྟག་མོ་གཉིས་ཀྱི་ཐུགས་དམ་བསྐང་། །སྟ་ཟུར་སྦྲུལ་ནག་གཉིས་ཀྱི་ཐུགས་དམ་བསྐང་། །སྤྲུལ་པ་རྒྱན་གྱི་ལྷ་བརྒྱད་ཐུགས་དམ་བསྐང་། །ཡབ་གཅིག་འཇམ་དཔལ་སྐུ་ཡི་དཀྱིལ་འཁོར་དུ། །ཕྱག་རྒྱ་ཟིལ་གནོན་རྩ་བའི་ལྷ་ཚོགས་རྣམས། །བསྐང་ངོ་བཤགས་སོ་ཚེ་བདག་ལྷ་ཚོགས་རྣམས། །ཐུགས་དམ་བསྐངས་ལ་དགྲ་བགེགས་རྩད་ནས་ཆོད། །བདག་ལ་དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཧཱུྃ། དུར་ཁྲོད་ཆེན་པོ་འཇིགས་པའི་ཕོ་བྲང་ན། །གསང་བ་མཆོག་གི་གནས་མཆོག་དམ་པ་རུ། །ཏི་ར་ཞིང་ཆེན་ཚོགས་ནི་རི་ལྟར་སྤུངས། །ཨརྒྷཾ་རཀྟའི་ཚོགས་ནི་མཚོ་ལྟར་བསྐྱིལ། །མཱཾ་ས་ཤ་ཆེན་ཚོགས་ནི་རྦབ་ལྟར་བསྙིལ། །ཀེང་རུས་ལྷུ་དུམ་ཚོགས་ནི་གངས་ལྟར་བརྩིགས། །ཞུན་ཆེན་མར་མེའི་ཚོགས་ནི་སྐར་ལྟར་བཀྲམ། །གསུར་ཆེན་དུད་པའི་ཚོགས་ནི་སྤྲིན་ལྟར་གཏིབས། །འདོད་ཡོན་ཚོགས་ཀྱི་མཆོད་པ་ནགས་ལྟར་སྤུངས། །ལྷབ་ལྷུབ་གོས་ཀྱི་ཕོད་ཀ་འཇའ་ལྟར་བཀྲ །སྲོག་ཆགས་མདངས་ཀྱི་མཆོད་པ་བཅུད་དང་ལྡན། །རོལ་མོ་སྒྲ་ཡི་མཆོད་པ་འབྲུག་ལྟར་སྒྲོག །བསྐང་ངོ་བཤགས་སོ་ཚེ་བདག་ལྷ་ཚོགས་རྣམས། །ཐུགས་དམ་བསྐངས་ལ་དགྲ་བགེགས་རྩད་ནས་ཆོད། །བདག་ལ་དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཧཱུྃ། རྒྱ་མཚོ་ཆེན་པོའི་གཏིང་རུམ་དུ། །འཆི་བདག་བྱེ་བ་དགུ་ཁྲི་ནི། །དགྲ་བགེགས་ལུས་ཀྱི་ཚོགས་བཅས་ཀྱིས། །ལས་ཀྱི་མཐའ་སྡུད་ཐུགས་དམ་བསྐང་། །དམར་ནག་གྲུ་གསུམ་དཀྱིལ་འཁོར་ནས། །སྲོག་བདག་ཨཱརྻ་མ་རུ་ནི། །དགྲ་བགེགས་ངག་གི་ཚོགས་བཅས་ཀྱིས། །སྒྲོལ་གིང་ཆེན་པོའི་ཐུགས་དམ་བསྐང་། །ལྕགས་མཁར་ནག་པོ་སྒོ་མེད་ན། །ལས་ཀྱི་ཚེ་བདག་མགོ་དགུ་པ། །དགྲ་བགེགས་ཡིད་ཀྱི་ཚོགས་བཅས་ཀྱིས། །སྤྲུལ་པ་ཆེན་པོའི་ཐུགས་དམ་བསྐང་། །བསྐང་ངོ་བཤགས་སོ་ཚེ་བདག་ལྷ་ཚོགས་རྣམས། །ཐུགས་དམ་བསྐངས་ལ་དགྲ་བགེགས་རྩད་ནས་ཆོད། །བདག་ལ་དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཧཱུྃ། དུར་ཁྲོད་འཇིགས་པའི་ཕོ་བྲང་ནས། །ཤར་ཕྱོགས་འཁོར་ལོ་ཆེན་པོ་ན། །གཤིན་རྗེ་ཡ་མ་རཱ་ཙ་ཁྱོད། །དགྲ་བགེགས་ཞེ་སྡང་བསྒྲལ་པས་བསྐང་། །ལྷོ་ཕྱོགས་འཁོར་ལོ་ཆེན་པོ་ན། །གཤིན་རྗེ་མྱོས་བྱེད་འབར་བ་ཁྱོད། །དགྲ་བགེགས་ང་རྒྱལ་བསྒྲལ་པས་བསྐང་། །ནུབ་ཕྱོགས་འཁོར་ལོ་ཆེན་པོ་ན། །གཤིན་རྗེ་ཨཱརྻ་མ་རུ་ཁྱོད། །དགྲ་བགེགས་འདོད་ཆགས་བསྒྲལ་པས་བསྐང། །བྱང་ཕྱོགས་འཁོར་ལོ་ཆེན་པོ་ན། །གཤིན་རྗེ་རལ་པ་ཚར་དགུ་ཁྱོད། །དགྲ་བགེགས་ཕྲག་དོག་བསྒྲལ་པས་བསྐང་། །འཁོར་ལོ་ཆེན་པོའི་དབྱིངས་ཤེད་ན། །གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ཁྱོད། །དགྲ་བགེགས་གཏི་མུག་བསྒྲལ་པས་བསྐང་། །བསྐང་ངོ་བཤགས་སོ་ཚེ་བདག་ལྷ་ཚོགས་རྣམས། །ཐུགས་དམ་བསྐངས་ལ་དགྲ་བགེགས་རྩད་ནས་ཆོད། །བདག་ལ་དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཧཱུྃ། དུར་ཁྲོད་འཇིགས་པའི་ཕོ་བྲང་ནས། །ཤར་ཕྱོགས་ཐོད་མཁར་སྒོ་མེད་ན། །དུང་གི་མོན་པ་སེང་མགོ་ཅན། །དགྲ་བགེགས་ཤ་རུས་ཚོགས་བཅས་ཀྱིས། །ཤར་ཕྱོགས་སྒོ་གཤེད་ཐུགས་དམ་བསྐང། །ལྷོ་ཕྱོགས་ཐོད་མཁར་སྒོ་མེད་ན། །ལྕགས་ཀྱི་མོན་པ་སྟག་མགོ་ཅན། །དགྲ་བགེགས་འདི་ཡི་རྩ་དབུགས་ཀྱིས། །ལྷོ་ཡི་སྒོ་གཤེད་ཐུགས་དམ་བསྐང་། །ནུབ་ཕྱོགས་ཐོད་མཁར་ཆེན་པོ་ན། །བསེ་ཡི་མོན་པ་དྲེད་མགོ་ཅན། །དགྲ་བགེགས་ཤ་ཁྲག་རུས་པ་ཡིས། །ནུབ་ཀྱི་སྒོ་གཤེད་ཐུགས་དམ་བསྐང་། །བྱང་ཕྱོགས་ཐོད་མཁར་ཆེན་པོ་ན། །གསེར་གྱི་མོན་པ་ཁྱུང་མགོ་ཅན། །དགྲ་བགེགས་དྲོད་དང་རྣམ་ཤེས་ཀྱིས། །བྱང་གི་སྒོ་གཤེད་ཐུགས་དམ་བསྐང་། །བསྐང་ངོ་བཤགས་སོ་དངོས་གྲུབ་སྩོལ། །ཧཱུྃ། དུར་ཁྲོད་འཇིགས་པའི་ཕོ་བྲང་ནས། །ཤར་ཕྱོགས་ལྕགས་མཁར་ནག་པོ་ན། །ཧེ་ལེ་ཁྱབ་པ་སྲོག་གི་བདུད། །དགྲ་བགེགས་སྲོག་གི་ཡུལ་བཅས་ཀྱིས། །སྲོག་བདུད་ཁྱོད་ཀྱི་ཐུགས་དམ་བསྐང་། །ལྷོ་ཕྱོགས་ལྕགས་མཁར་ནག་པོ་ན། །ནག་པོ་འཛུམ་མེད་ལྟེ་བའི་བདུད། །དགྲ་བགེགས་ལྟེ་བའི་ཡུལ་བཅས་ཀྱིས། །ལྟེ་བདུད་ཁྱོད་ཀྱི་ཐུགས་དམ་བསྐང་། །ནུབ་ཕྱོགས་ལྕགས་མཁར་སྒོ་མེད་ན། །སོ་འདར་འཁྲིགས་པ་ལྟག་པའི་བདུད། །དགྲ་བགེགས་ལྟག་པའི་ཡུལ་བཅས་ཀྱིས། །ལྟག་བདུད་ཁྱོད་ཀྱི་ཐུགས་དམ་བསྐང་། །བྱང་ཕྱོགས་ལྕགས་མཁར་སྒོ་མེད་ན། །རལ་པ་སྤྱིར་བཅིངས་རྩ་ཡི་བདུད། །དགྲ་བགེགས་རྩ་ཡི་ཡུལ་བཅས་ཀྱིས། །རྩ་བདུད་ཁྱོད་ཀྱི་ཐུགས་དམ་བསྐང་། །བསྐང་ངོ་བཤགས་སོ་དངོས་གྲུབ་སྩོལ། །ཧཱུྃ། དུར་ཁྲོད་འཇིགས་པའི་ཕོ་བྲང་ནས། །མུན་ཁང་འོབས་ཆེན་བཅུ་གཉིས་ན། །སྲོག་བདུད་འཆི་བདག་བཅུ་གཉིས་ཁྱོད། །དགྲ་བོའི་ཚངས་བུག་ཡུལ་བཅས་ཀྱིས། །བྷེ་བ་སཏྭའི་ཐུགས་དམ་བསྐང་། །དགྲ་བོའི་མིག་གི་ཡུལ་བཅས་ཀྱིས། །ནོར་བུ་དགེ་འཕེལ་ཐུགས་དམ་བསྐང་། །དགྲ་བོའི་རྣ་ཡི་ཡུལ་བཅས་ཀྱིས། །སེར་ནག་འཇོམས་བྱེད་ཐུགས་དམ་བསྐང་། །དགྲ་བོའི་ལྕེ་ཡི་ཡུལ་བཅས་ཀྱིས། །བྱེ་བ་དགུ་ཁྲིའི་ཐུགས་དམ་བསྐང་། །དགྲ་བོའི་སྣ་བའི་ཡུལ་བཅས་ཀྱིས། །རཀྴ་གློག་ཕྲེང་ཐུགས་དམ་བསྐང་། །དགྲ་བོའི་སྲོག་རྩ་ཡུལ་བཅས་ཀྱིས། །ཡཀྴ་ཟ་བྱེད་ཐུགས་དམ་བསྐང་། །དགྲ་བོའི་མདངས་ཀྱི་ཡུལ་བཅས་ཀྱིས། །གཏུམ་པོ་དུད་ཁའི་ཐུགས་དམ་བསྐང། །དགྲ་བོའི་དྲོད་ཀྱི་ཡུལ་བཅས་ཀྱིས། །གང་བ་ཀུན་འཇོམས་ཐུགས་དམ་བསྐང་། །དགྲ་བོའི་དབུགས་ཀྱི་ཡུལ་བཅས་ཀྱིས། ཁ་འབར་རལ་གཅིག་ཐུགས་དམ་བསྐང་། །དགྲ་བོའི་སྣང་བའི་ཡུལ་བཅས་ཀྱིས། །སྦྲུལ་མགོ་ཀུན་འཛིན་ཐུགས་དམ་བསྐང་། །དགྲ་བོའི་དྲི་ཡི་ཡུལ་བཅས་ཀྱིས། །ངང་པ་སྟོབས་ལྡན་ཐུགས་དམ་བསྐང་། །དགྲ་བོའི་རྩ་ཡི་ཡུལ་བཅས་ཀྱིས། །ཧོང་ཕན་སྲོག་འཛིན་ཐུགས་དམ་བསྐང་། །བསྐང་ངོ་བཤགས་སོ་དངོས་གྲུབ་སྩོལ། །ཧཱུྃ། དུར་ཁྲོད་འཇིགས་པའི་ཕོ་བྲང་ནས། །ཕོ་བྲང་དེ་ཡི་སྒོ་བཞི་རུ། །ཤར་གྱི་དཀར་པོ་སྙིང་འབྱིན་ནི། །རུས་མཚོ་ཀླད་པས་ཐུགས་དམ་བསྐང། །ལྷོ་ཕྱོགས་མགོན་པོ་ནག་པོ་ནི། །དབུགས་མཚོ་གློ་བས་ཐུགས་དམ་བསྐང་། །ནུབ་ཕྱོགས་ཡབ་རྗེ་ནག་པོ་ནི། ཁྲག་མཚོ་མཆིན་པས་ཐུགས་དམ་བསྐང་། །བྱང་ཕྱོགས་སྐུ་མཆོག་དམར་པོ་ནི། །ཤ་མཚོ་མཁལ་མས་ཐུགས་དམ་བསྐང་། །བསྐང་ངོ་བཤགས་སོ་དངོས་གྲུབ་སྩོལ། །ཧཱུྃ། དུར་ཁྲོད་ཆེན་པོ་འཇིགས་པའི་ཕོ་བྲང་ནས། །ཡབ་གཅིག་འཇམ་དཔལ་ལྷ་ཚོགས་ལ། །བསྐང་དང་བཤགས་པ་བཤགས་བྱའི་ཡུལ། །སེམས་ཉིད་ཀ་ནས་དག་པས་བསྐང་། །རང་སྣང་འཛིན་པ་གྲོལ་བས་བསྐང་། །རེ་དོགས་མཐའ་དང་བྲལ་བས་བཤགས། །དེ་ལྟར་རྟོགས་ན་བསྐང་བཤགས་འགྲུབ། །དེ་འགྲུབ་དུས་གསུམ་རྒྱལ་བ་མཉེས། །སྤྱིར་ན་རྒྱལ་བ་མཆོད་པ་ལས། །རྒྱལ་བ་མཉེས་པའི་ཐབས་གཞན་མེད། །ཅེས་གསུངས་སོ། །ཚེ་བདག་གི་བམ་ཆེན་རོའི་སྐོང་བ་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་མཛད་པ་རྫོགས་སོ། །ཕུང་པོ་རི་བོ་ཆེའི་གཏེར་མའོ། །དགེའོ།། །།

འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་གཏོར་ཟློག་བདུད་དཔུང་མཐར་བྱེད་ (Volume 17, Text 11)

༄༅། །འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་གཏོར་ཟློག་བདུད་དཔུང་མཐར་བྱེད་ཅེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། རྒྱལ་ཀུན་མཁྱེན་བརྩེའི་ཡེ་ཤེས་གཅིག་གྱུར་པ། །འཇམ་དབྱངས་དྲག་པོའི་གར་མཛད་གཤིན་རྗེ་གཤེད། །འཁོར་འདས་ཕྱག་རྒྱ་ཟིལ་གནོན་དཀྱིལ་འཁོར་ལྷ། །བླ་མ་མཆོག་དང་དབྱེར་མེད་དེར་ཕྱག་འཚལ། །ཕྱི་ནང་གསང་བའི་གཤིན་རྗེ་གཤེད་པོ་རུ། །རྣམ་རོལ་བསམ་མི་ཁྱབ་སྟོན་དུས་ཀྱི་དགྲའི། །ཕྲིན་ལས་དྲག་པོ་ཟོར་གྱི་ལས་རིམ་ཁྲིགས། །བདུད་དཔུང་མཐར་བྱེད་ཉུང་གསལ་འཇུག་བདེར་སྤེལ། །དེ་ལ་འདིར་སྲུང་ཟློག་གི་ལས་ལ་བསྔགས་པའི་དབང་དུ་བྱས་ནས། དྲག་པོའི་ཕྲིན་ལས་དང་འབྲེལ་བ་གཏོར་མའི་ལས་རིམ་འདི་ལ་སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་ཆོ་གའི་རིམ་པའོ། །དང་པོ་ནི། དྲག་པོའི་ལས་དང་མཐུན་པའི་གནས་སམ། སྒྲུབ་ཁང་སོགས་གང་དུ་བྱ་བའི་གཞི་དེར་དུག་ཁྲག་གིིས་བྱུག །ཚངས་ཟུར་གྱི་ཐིག་བཏབ་པའི་དབུས་སུ་ཆོས་འབྱུང་མཐིང་ནག་ཟུར་ལོགས་བསྟན་ཐོད་རས་བསྐོར་བ། དེའི་ཕྱི་རིམ་བཞིན་ཐོད་མཁར་བཞི། འཁོར་ལོ་སྔོན་པོ་རྩིབས་བརྒྱད། ལྕགས་མཁར་བཅུ་གཉིས། ཁྱམས་དོད་མུ་ཁྱུད་ལྗང་གུ །འོབས་ཁུང་བཅུ་དྲུག །རྡོར་རྭ་མེ་རི་ཞིང་གི་ཁོག་པ་རྣམས་མཐོང་བརྒྱུད་བཞིན་བྲི། འབྲུ་ནག་ཁྲག་གིས་སྦགས་པའི་ཚོམ་བུ་ལྷ་གནས་སུ་བཞུགས་ཚུལ་དང་མཐུན་པར་དགོད་པ་ལས། དབུས་སུ་ཚོམ་བུ་དགུ་དང་། ཁྱམས་དོད་ཀྱི་མུ་ཁྱུད་ལ་ཕྱོགས་རེར་ཚོམ་བུ་དགུ་ཚར་རེ་བཀོད་ན་ལྕགས་སྡིག་གི་བཟློག་གཞུང་དང་ཡང་འབྱོར་ཏེ། དཀྱིལ་འཁོར་གྱི་དབུས་སུ་ལྕགས་སྣོད་དུ་འབྲུ་ནག་གི་རྗེན་ཕྱེ་ཁྲག་གིས་སྦྲུས་པ་ཟློག་གཏོར་ཟུར་གསུམ་སྲིན་ཞལ་ཅན་འཁོར་གྱི་བཤོས་བུ་དང་ཁྲག་ཀོང་གིས་བསྐོར་བ། ཁྲམ་བྱང་མཚེ་ཡུངས་རྩང་རྒྱུ་རློན་རྣམས་ཀྱིས་བརྒྱན་པའི་རྩེར་ལྷ་ཙཀ་དང་གཏོར་གདུགས་བཙུགས་པ་མཉྫི་ལ་བཞག །མཐར་སྐོར་དུ་ཀོང་ཟོར་སོགས་ཟོར་རྫས་རྣམས་དང་། ཕྱོགས་བཞིར་མཆོད་བཤགས་སྐོང་བཟློག་གི་བཤོས་བུ་བཞི། ཐོད་པའི་སྣོད་དུ་འབྲུ་ནག་གི་བཤོས་བུ་ཟུར་གསུམ་ཁོང་གསེང་སུམ་བརྩེགས་འཁོར་ཅན་ཤ་ཁྲག་སྙིང་སྣས་བརྒྱན་པ་་་་་སྒྲུབ་གཏོར་འཇམ་དཔལ་བཤེས་གཉེན་གྱི་ཞལ་གཟིགས་མར་གྲགས་པའང་འདིའོ།་་་དང་། སྨན་དང་རཀྟ། ནག་པོ་གསུམ་གྱི་ཙིཏྟའི་དམ་རྫས། བམ་ཆས་ལྡན། དྲག་པོའི་རྫས་ཀྱི་ཉེར་སྤྱོད་ཐུན་གཏོར་ཁྲག་སྐྱེམས། འབྲུབ་ཁུང་ལིངྒ། ཐུན་རྫས་སྐམ་རློན། ཕུར་བུ་སྒྲོལ་གྲི །ཚོགས་རྫས། རྡོར་དྲིལ་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཇི་ལྟར་བདེ་བར་བཤམ་མོ། །གཉིས་པ་ལ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་བྱ་བ་དང་གསུམ་ལས། དང་པོ་ནི། གཞི་བགེགས་ལ་གཏོར་མ་སྔོན་དུ་འགྲོ་བས་སྐྱབས་སེམས་ནས་བཟུང་མཆོད་རྫས་བྱིན་གྱིས་རླབས་པའི་བར་རོ། །གཉིས་པ་ལ་རྣལ་འབྱོར་སྒྲུབ་པ་དང་ལས་ཀྱི་སྦྱོར་བ་གཉིས་ལས། དང་པོ་ནི། སྟོང་ཉིད་སྤྲོས་བྲལ་འགག་མེད་རྟེན་དང་བརྟེན་པར་སྤྲུལ་ནས་བཟླས་པའི་བར་ཏེ་བདག་མདུན་དབྱེར་མེད་དུ་བསྒྲུབས་པའམ། བཞིན་དང་མེ་ལོང་བཞིན་བསྒྲུབས་ཀྱང་རུང་བ་ལས་བཟླས་པའི་ཚེ་ཨ་ཀྲོ་བཅུ་བདུན་པ་སྔོན་དུ་འགྲོ་བས་སྐུ་གསུང་ཐུགས་སྔགས། ཨྱཻ་རིང་རྣལ་མ་དང་། གཟིར་ཟློག་གི་སྤྱང་མོ་བཏགས་པའང་རྣལ་མའི་ཕྱེད་ཆའམ་སུམ་ཟུར་ཙམ་སྐབས་དང་སྦྱར་བ་བཟླས་ནས། བསྟོད་པ་དང་། ཆོས་སྐྱོང་གི་གཏོར་མ་སོགས་བྱའོ། །ཚོགས་ཀྱི་བྱིན་བརླབ་ནས་བར་པ་ཡན་ཆད་ལས་བྱང་བཞིན་བྱའོ། །གཉིས་པ་ལས་སྦྱོར་ལ་བསད་ལས་དང་ཟློག་ལས་གཉིས་ཀྱི། དང་པོ་ལ་བདུན་ལས། དང་པོ་ཐུགས་དམ་བསྐུལ་བ་ནི་བྱིན་གྱིས་བརླབས་པའི་ཁྲག་སྐྱེམས་གཏོར་མར་སྦྲན་ཏེ། ཨྱཻ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་གི །དྲག་པོ་ཨེ་ཡི་གཞལ་ཡས་ནས། ཁྲོ་རྒྱལ་ཕྱག་རྒྱ་ཟིལ་གནོན་གྱི། །ཐུགས་དམ་ཆེན་པོའི་དུས་ལ་བབས། །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །དམིགས་པ་གང་ཡིན་མྱུར་དུ་སྒྲོལ། །ཞེ་སྡང་དྲེགས་པའི་སྦྱོར་བ་ཆོམས། །སྲོག་ལུས་དབང་པོའི་དྭངས་སྙིགས་ཕྱེས། །རྩ་རྒྱུད་ཁྲག་དང་རྦ་ཀློང་སྐོམས། །ལུས་སྲོག་དབང་པོའི་རྟེན་དང་ཕྲོལ། །འབྱུང་བ་རྣམ་ཤེས་བཀྲག་མདངས་སྡུས། །རྩ་རྒྱུས་ཁྲག་དང་བླ་མཚོ་སྐོམས། །དྲག་པོའི་ལས་རྣམས་གྲུབ་པར་མཛོད། །ཨྱཻ། གཡོན་གྱི་ཕྱོགས་ནས་སྐུ་བྱུང་བ། །ཡུམ་ཆེན་རྡོ་རྗེ་ཁྲོས་མ་ནི། །མོ་གདོན་འབུམ་སྡེ་གཟིར་ཞིང་འཇོམས། ཁྱོད་ཀྱི་ཐུགས་དམ་དུས་ལ་བབས། །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །ཞེས་ཚིག་རྐང་དགུ་པོ་ཀུན་ལ་འགྲེ། ཨྱཻ། ཟིལ་གནོན་ཐུགས་ཀྱི་དཀྱིལ་འཁོར་ནས། །འཇིགས་བྱེད་ཡ་མ་རཱ་ཛ་ནི། །དགྲ་བགེགས་མ་ལུས་སྒྲོལ་མཛད་པ། ཁྱོད་ཀྱི་ཐུགས་དམ་དུས་ལ་བབས། །གང་ལ་བྱ་བ༴ ཨྱཻ། ཡ་མའི་ཐུགས་ཀྱི་དཀྱིལ་འཁོར་ནས། །དྲེགས་པ་ཕྱག་ན་རྡོ་རྗེ་ནི། །དགྲ་བགེགས་མ་ལུས་འཇོམས་མཛད་པ། ཁྱོད་ཀྱི་ཐུགས་དམ་དུས་ལ་བབས། །གང་ལ་བྱ་བ༴ ཨྱཻ། དྲེགས་པའི་ཐུགས་ཀྱི་དཀྱིལ་འཁོར་ནས། །རུས་སྦལ་མི་ཟན་རྔམ་པ་ནི། །སྲིད་པ་གསུམ་གྱི་ཁྱམས་ཁང་སྟེ། ཁྱོད་ཀྱི་ཐུགས་དམ་དུས་ལ་བབས། །གང་ལ་བྱ་བ༴ ཨྱཻ། ཟིལ་གནོན་དབུ་ཡི་སྤྱི་གཙུག་ནས། །བྱ་ཁྱུང་རྒྱལ་པོ་མཐུ་བོ་ཆེ། །ཀླུ་གཉན་ས་བདག་ཟིལ་གྱིས་གནོན། ཁྱོད་ཀྱི་ཐུགས་དམ་དུས་ལ་བབས། །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །དམིགས་པ་གང་ཡིན་མྱུར་དུ་སྒྲོལ། །ཞེ་སྡང་དྲེགས་པའི་སྦྱོར་བ་ཆོམས། །སྲོག་ལུས་དབང་པོའི་དྭངས་སྙིགས་ཕྱེས། །རྩ་རྒྱུད་ཁྲག་དང་རྦ་ཀློང་སྐོམས། །ལུས་སྲོག་དབང་པོའི་རྟེན་དང་ཕྲོལ། །འབྱུང་བ་རྣམ་ཤེས་བཀྲག་མདངས་སྡུས། །རྩ་རྒྱུས་ཁྲག་དང་བླ་མཚོ་སྐོམས། །དྲག་པོའི་ལས་རྣམས་གྲུབ་པར་མཛོད། །ཨྱཻ། ཟིལ་གནོན་ཕྲག་གོང་གཡས་གཡོན་ནས། །ཡང་སྤྲུལ་དུང་གི་ཁྱུང་ཆེན་གཉིས། །གདུག་པ་འདུལ་བའི་ལས་ངོ་ལོངས། ཁྱོད་ཀྱི་ཐུགས་དམ་དུས་ལ་བབས། །གང་ལ་བྱ་བ༴ ཨྱཻ། ཟིལ་གནོན་ཐུགས་ཀ་གཡས་གཡོན་ནས། །སེང་གེ་རལ་པ་སྤྲུག་པ་གཉིས། །གདུག་པ་མ་ལུས་ཟིལ་གྱིས་གནོན། ཁྱོད་ཀྱིཐུགས་དམ་དུས་ལ་བབས། །གང་ལ་བྱ་བ༴ ཨྱཻ། ཟིལ་གནོན་སོག་ཀ་གཡས་གཡོན་ནས། །སྟག་ཆེན་རོ་ལ་རྔམས་པ་གཉིས། །དགྲ་བོའི་ཤ་ཁྲག་དྲོན་མོ་གསོལ། ཁྱོད་ཀྱི་ཐུགས་དམ་དུས་ལ་བབས། །གང་ལ་བྱ་བ༴ ཨྱཻ། ཟིལ་གནོན་སྟ་ཟུར་གཡས་གཡོན་ན། །ཞེ་སྡང་གདུག་པའི་དུག་སྦྲུལ་གཉིས། །དགྲ་བོའི་ཁོང་དུ་དུག་མདའ་སྐྱོལ། ཁྱོད་ཀྱི་ཐུགས་དམ་དུས་ལ་བབས། །གང་ལ་བྱ་བ༴ ཨྱཻ། ཟླ་གམ་དམར་པོ་གསུམ་ལ་ནི། །སྤྲུལ་པ་རྣམ་གསུམ་ཡུམ་དང་བཅས། །ལས་ཀྱི་མཐའ་སྡུད་ཁྱོད་ཡིན་པས། ཁྱོད་ཀྱིཐུགས་དམ་དུས་ལ་བབས། །གང་ལ་བྱ་བ༴ ཨྱཻ། ཕྱོགས་བཞིའི་ཐོད་མཁར་འབར་བ་ན། ཁྲོ་རྒྱལ་ལས་ཀྱི་གཤེད་ཆེན་བཞི། །ཡུམ་དང་བཅས་པའི་ཚོགས་རྣམས་ཀྱི། ཁྱོད་ཀྱི་ཐུགས་དམ་དུས་ལ་བབས། །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །དམིགས་པ་གང་ཡིན་མྱུར་དུ་སྒྲོལ། །ཞེ་སྡང་དྲེགས་པའི་སྦྱོར་བ་ཆོམས། །སྲོག་ལུས་དབང་པོའི་དྭངས་སྙིགས་ཕྱེས། །རྩ་རྒྱུད་ཁྲག་དང་རྦ་ཀློང་སྐོམས། །ལུས་སྲོག་དབང་པོའི་རྟེན་དང་ཕྲོལ། །འབྱུང་བ་རྣམ་ཤེས་བཀྲག་མདངས་སྡུས། །རྩ་རྒྱུས་ཁྲག་དང་བླ་མཚོ་སྐོམས། །དྲག་པོའི་ལས་རྣམས་གྲུབ་པར་མཛོད། །ཨྱཻ། ཕྱོགས་བཞིའི་ལྕགས་མཁར་འབར་བ་ན། །སྲོག་གཤེད་ནང་གི་མོན་པ་བཞི། །ཡུམ་དང་བཅས་པའི་ཚོགས་རྣམས་ཀྱི། ཁྱོད་ཀྱི་ཐུགས་དམ་དུས་ལ་བབས། །གང་ལ་བྱ་བ༴ ཨྱཻ། མཚམས་བཞིའི་ལྕགས་མཁར་འབར་བ་ན། །ཕྱི་གཤེད་ཁྲམ་འདེབས་བདུད་པོ་བཞི། །ཡུམ་དང་བཅས་པའི་ཚོགས་རྣམས་ཀྱི། ཁྱེད་ཀྱི་ཐུགས་དམ་དུས་ལ་བབས། །གང་ལ་བྱ་བ༴ ཨྱཻ། ཕྱི་རིམ་ལྕགས་མཁར་བཅུ་གཉིས་ན། །དམ་ཚིག་སྒྲོལ་བའི་ལས་མཛད་པ། །མ་རུངས་ལས་གཤིན་འཆི་བདག་ཚོགས། ཁྱོད་ཀྱི་ཐུགས་དམ་དུས་ལ་བབས། །གང་ལ་བྱ་བ༴ ཨྱཻ། གཞལ་ཡས་ཕྱོགས་ཀྱི་སྒོ་བཞི་ན། །དྲག་པོའི་ལས་མཛད་སྒོ་བ་བཞི། །དགྲ་བགེགས་སྒྲོལ་བའི་ལས་མཛད་པའི། །དྲག་པོ་མ་རུངས་དྲེགས་པའི་ཚོགས། ཁྱོད་ཀྱི་ཐུགས་དམ་དུས་ལ་བབས། །གང་ལ་བྱ་བ༴ ཨྱཻ། དྲག་པོའི་གཞལ་ཡས་བར་ཁྱམས་ན། །སྒྲོལ་གིང་ལས་གཤིན་ཕོ་ཉའི་ཚོགས། །གྲངས་མེད་བསམ་གྱིས་མི་ཁྱབ་པ། ཁྱེད་ཀྱི་ཐུགས་དམ་དུས་ལ་བབས། །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །དམིགས་པ་གང་ཡིན་མྱུར་དུ་སྒྲོལ། །ཞེ་སྡང་དྲེགས་པའི་སྦྱོར་བ་ཆོམས། །སྲོག་ལུས་དབང་པོའི་དྭངས་སྙིགས་ཕྱེས། །རྩ་རྒྱུད་ཁྲག་དང་རྦ་ཀློང་སྐོམས། །ལུས་སྲོག་དབང་པོའི་རྟེན་དང་ཕྲོལ། །འབྱུང་བ་རྣམ་ཤེས་བཀྲག་མདངས་སྡུས། །རྩ་རྒྱུས་ཁྲག་དང་བླ་མཚོ་སྐོམས། །དྲག་པོའི་ལས་རྣམས་གྲུབ་པར་མཛོད། །ཅེས་ཐུགས་དམ་བསྐུལ་ལོ། །གཉིས་པ་གསེར་སྐྱེམས་དང་གསུམ་པ་གཟུ་དཔང་གཉིས་རིགས་མཐུན་ནས་བླངས་ཏེ། ཨྱཻ་རིང་ཚར་གཅིག་གིས་སྤྲུལ་པ་སྤྲོས་ནས། བཞི་པ་དམིགས་བྱ་བསྐྱེད་པ་དང་ལྔ་པ་རྣམ་ཤེས་དགུག་པའི་ཚེ་ཁྱད་པར་བཅོམ་ལྡན་འདས་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་སོགས་དང། ཨྱཻ་རིང་གི་མཐར་ནྲྀ་ཛ་ཏྲི་ཛ་ཛཿཧཱུྃ་བཾ་ཧོཿ པྲ་བེ་ཤ་ཡ་ཕཊ། ཨ་བེ་ཤ་ཡ་ཨཱཿ ཞེས་སྦྲེལ་བས་ཡིད་ཆེས་པར་དགུག །དྲུག་པ་ཕོ་ཉ་སྤྲོ་བ་ནི། ཨྱཻ། དྲག་པོ་ཨེ་ཡི་གཞལ་ཡས་ནས། །གཏུམ་རྔམས་མ་རུངས་གཤིན་རྗེའི་གཤེད། ཁྲོ་རྒྱལ་ཚེ་བདག་འཁོར་བཅས་ཀྱི། །ཐུགས་དམ་ཆེན་པོའི་དུས་ལ་བབ། །ཤར་གྱི་ཕྱོགས་ནས་བླ་འགུག་པ། །དུང་གི་མོན་པ་སེང་གེའི་མགོ །ལྷོ་ཡི་ཕྱོགས་ནས་བླ་འགུག་པ། །ལྕགས་ཀྱི་མོན་པ་སྟག་གི་མགོ །ནུབ་ཀྱི་ཕྱོགས་ནས་བླ་འགུག་པ། །བསེ་ཡི་མོན་པ་དྲེད་ཀྱི་མགོ །བྱང་གི་ཕྱོགས་ནས་བླ་འགུག་པ། །གསེར་གྱི་མོན་པ་ཁྱུང་གི་མགོ །ཡུམ་དང་བཅས་པའི་ཚོགས་རྣམས་ཀྱིས། །དམ་ཉམས་གནོད་བྱེད་དགྲ་དང་བགེགས། །མ་ཐོགས་མྱུར་དུ་ཁུག་ལ་ཤོག །དྲག་པོའི་ལས་ཀྱིས་མྱུར་དུ་སྒྲོལ། །ཅེས་བསྐུལ་ཞིང་བླ་འགུགས་ཀྱི་སྔགས་ཀྱང་ཅུང་ཟད་བཟླའོ། །བདུན་པ་བསྒྲལ་ལས་དངོས་ནི། ཨྱཻ། གྲུ་གསུམ་ཨེ་ཡི་སྣོད་ནང་དུ། །སོགས་ནས། མངོན་སྤྱོད་ཚུལ་བཞིན་སྒྲོལ་བར་མཛོད། །ཅེས་པའི་མཐར། ཨྱཻ་མྱགས་སོགས་དྲག་སྔགས་བཟླ་བས་ཐུན་རྫས་སྐམ་གཤེར་གྱིས་བྲབ། ཕུར་བུས་གདབ་ཅིང་ཚེ་ཁྲུས་ཀྱི་དགོངས་པས་བརྟེན་པ་བསྒྲལ། སྒྲོལ་གྲིས་རྟེན་གཞི་དུམ་བུར་གཏུབས་ནས་ལིང་རོ་བདུད་རྩིས་བྲན་པ་བཏེགས་ལ། ཨྱཻ། ཕྱག་རྒྱ་ཟིལ་གནོན་འཁོར་བཅས་ལ། །ཞེས་པ་ནས་སྔགས་ཚིག་རྫོགས་མཐར་གཏོར་མ་དང་ཕུད་སྐྱེམས་ལ་བཏབ། ཆ་ཤས་ལྷག་མར་འདེབས་རྒྱུར་བཞག་གོ །གཉིས་པ་བཟློག་པའི་ལས་སྦྱོར་ལ། དང་པོ་བཟློག་པའི་དཔུང་བསྐྱེད་ཕྱིར་སྐོང་བ་ནི། བམ་གྱི་བཅས་ཡོད་ན་དེའི་སྒོ་ནས་སྐོང་བ་རྒྱས་བསྡུས་ཅི་རིགས་པ་བྱས་ཏེ་ཚོགས་ལ་རོལ། ལྷག་མ་དཀྱུས་བཞིན་གཏོང་བའམ་བཙོན་འཛིན་བྱེད་པའང་ཡོད། གཉིས་པ་སྔགས་བཟློག་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་སྤྲུལ་པའི་ཕོ་ཉ་མཚོན་ཆ་སྣ་ཚོགས་ཀྱི་ཆར་འབེབས་ཤིང་དྲག་སྔགས་ཀྱི་དམོད་པ་འབྲུག་ལྟར་སྒྲོག་པ་ནམ་མཁའ་གང་བར་སྤྲོས། གནོད་བྱེད་མིང་གཞི་ཙམ་ཡང་མེད་པར་བཅད་བསྲེགས་ཐལ་བར་བྱས། སྐྱོབ་པའི་ལྷ་སྲུང་ཐམས་ཅད་བྱ་སྤུ་རླུང་གིས་ཁྱེར་བ་ལྟར་ཁྱེར་བར་བསམ་ཞིང་ཨྱཻ་རིང་ཟློག་སྤྱང་ཅན་ལན་གསུམ་གྱི་རྗེས་སུ། སྐུའི་སྔགས་ལ་སརྦ་ཙིཏྟ་རོ་མྱགས་ཁ་ཐཾ་སྲོག་གཟེར་སྦུར་ནན་འདྲིད་ཕྱུངས་ཧྲི་ཤག་རྦད། ཅེས་པ་ཐལ་རྡེབ་དང་བཅས་པ་ལན་གསུམ། གསུང་སྔགས་ལ་ཧ་ལ་ཧ་ལ་ཙ་མ་རི་ཕྱུངས་གནོད་བྱེད་ཨ་མུ་ཀ་མྱགས་ཐུམས་རིལ་ཏྲིག་ནན་སྦུར་ཡ་ནན། ཨེ་ཧུར་ཐུམས་ཛཿ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ།བཏགས་པ་གསུམ། ཐུགས་ཀྱི་སྔགས་ལ་གསུང་སྔགས་ཀྱི་ཨ་མུ་ཀ་མན་ཇི་ལྟ་བ་བཞིན་བཏགས་པ་ཡང་ལན་གསུམ་དང་། ཨྱཻ་རིང་ལན་གསུམ་ལ་སྤྱང་མོ་གང་འོས་སྦྱོར་བ་ལས་སྐབས་འདིར་ཟློག་སྤྱང་ཉིད་གཙོ་ཆེའོ། །གཞན་ཡང་འཆར་ཀའི་ཧྲཱིཿཥྚི་དང་ཡང་ཟློག་ལ་སོགས་པའང་དཔུང་བསྒྲིལ་ལོ། །གསུམ་པ་ཟློག་པའི་ཕྲིན་ལས་དངོས་ནི། མདུན་གྱི་དཀྱིལ་འཁོར་དབྱེ་བསྡུའི་སྐབས་ཕྱེད་པར་བྱས་ནས། སྔར་གྱི་ལིང་རོ་རྣམས་སྟོབ་ཚིག་དང་བསྟུན་རིམ་པར་འབུལ་ཞིང་། ཧཱུྃ། ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ། ཁྲོ་རྒྱལ་རོལ་པའི་དུར་ཁྲོད་ཆེན་པོ་ན། །ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་གི་གདན། །ཕྱོགས་སྐྱོང་དྲེགས་པ་མ་ཧེ་བསྣོལ་བའི་གདན། །ཨེ་ལས་ཕྱག་རྒྱ་ཟིལ་གནོན་སྐུ་མདོག་ནག །ཞལ་གསུམ་ཕྱག་དྲུག་ཞབས་བཞི་དོར་སྟབས་བསྒྲད། །རྣོ་བའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །སྤྲུལ་པའི་ལྷ་ཚོགས་མང་པོ་འཁོར་བཅས་ལ། །དགྲ་བགེགས་བསྒྲལ་པའི་ཤ་རུས་ཞལ་དུ་སྟོབ། །ལིང་རོ་འདིར་འབུལ་བ་ཀུན་ལ་འགྲེ། བྱད་དང་རྦོད་གཏོང་མ་ལུས་ཟློག་ཏུ་གསོལ། །ཤར་གྱི་དྲི་ཟ་ཕོ་མོ་བསྣོལ་སྟེང་དུ། །དྲེགས་པ་ཕྱག་ན་རྡོ་རྗེ་ནི། །ལྗང་ནག་རྡོ་རྗེ་སྙིང་ཕྲེང་འཛིན། །དགྲ་བགེགས་བསྒྲལ་པའི་ཤ་རུས་ཞལ་དུ་སྟོབ། །དྲི་ཟའི་བྱད་དང་རྦོད་གཏོང་ཟློག་ཏུ་གསོལ། །ལྷོ་ཕྱོགས་གཤིན་རྗེ་ཕོ་མོ་བསྣོལ་སྟེང་དུ། །གསོད་བྱེད་ཡ་མ་སེར་ནག་ནི། །འཁོར་ལོ་ཙིཏྟ་ཕྱག་ན་བསྣམས། །དགྲ་བགེགས་བསྒྲལ་པའི་ཤ་རུས་ཞལ་དུ་སྟོབ། །བྱད་དང་རྦོད་གཏོང་མ་ལུས་ཟློག་ཏུ་གསོལ། །ནུབ་ཕྱོགས་ཀླུ་དབང་ཕོ་མོའི་ཁྲི་སྟེང་དུ། །རུས་སྦལ་རྔམ་པ་མི་ཟན་ནི། །སྡེར་མོ་གནམ་ལྕགས་སྤུ་གྲི་འདྲ། །དགྲ་བགེགས་བསྒྲལ་པའི་ཤ་རུས་ཞལ་དུ་སྟོབ། །ཀླུ་ཡི་བྱད་དང་རྦོད་གཏོང་ཟློག་ཏུ་གསོལ། །བྱང་ཕྱོགས་གནོད་སྦྱིན་ཕོ་མོའི་ཁྲི་སྟེང་དུ། །སྔགས་སྲུང་ཨེ་ཀ་ཛཱ་ཊི་ནི། །ཕྱག་ན་རལ་གྲི་གློག་ཕྲེང་བསྣམས། །དགྲ་བགེགས༴ གནོད་སྦྱིན་བྱད་དང་རྦོད་གཏོང་ཟློག་ཏུ་གསོལ། །ཡུམ་མཆོག་བཻ་ཏཱ་ནག་མོ་ནི། །ཙིཏྟ་བྷཉྫ་ཡབ་ལ་སྟོབ། །དགྲ་བགེགས༴ བྱད་དང་རྦོད་གཏོང་མ་ལུས་ཟློག་ཏུ་གསོལ། །ཤར་ལྷོ་མེ་ལྷའི་ཁྲི་སྟེང་དུ། །ལྷ་ཡི་གཤེད་ཆེན་སེང་གེའི་དབུ། །སྤུ་གྲི་མི་སྙིང་ཕྱག་ན་བསྣམས། །ཡབ་ཡུམ་འཁོར་དང་བཅས་པ་ལ། །དགྲ་བགེགས༴ ཤར་ལྷོ་མེ་ལྷའི་གནོད་པ་ཟློག་ཏུ་གསོལ། །ལྷོ་ནུབ་སྲིན་པོ་ཕོ་མོའི་ཁྲི་སྟེང་དུ། །སྲོག་བདག་དམར་པོ་སྟག་གི་མགོ །སྤུ་གྲི་ཙིཏྟའི་ཕྲེང་བ་བསྣམས། །སྲོག་བདག་ཡབ་ཡུམ་འཁོར་བཅས་ལ། །དགྲ་བགེགས་བསྒྲལ་པའི་ཤ་རུས་ཞལ་དུ་སྟོབ། །ལྷོ་ནུབ་སྲིན་པོའི་གནོད་པ་ཟློག །ནུབ་བྱང་རླུང་ལྷ་ཕོ་མོའི་ཁྲི་སྟེང་དུ། །ཀླུ་གཤེད་ནག་པོ་སྦྲུལ་གྱི་མགོ །ཕྱག་ན་བསེ་ཡི་སྤུ་གྲི་བསྣམས། །ཡབ་ཡུམ་འཆི་བདག་འཁོར་བཅས་ལ། །དགྲ་བགེགས༴ ནུབ་བྱང་འཆི་བདག་ཀླུ་ཡི་གནོད་པ་ཟློག །བྱང་ཤར་དབང་ལྡན་ཕོ་མོའི་ཁྲི་སྟེང་དུ། །གནོད་སྦྱིན་གཤེད་ཆེན་ཁྱུང་ནག་གཉིས། །ཞལ་དུ་གདུག་པ་ཀླུ་སྦྲུལ་གསོལ། །ཡབ་ཡུམ་ཁྱུང་ཆེན་འཁོར་བཅས་ལ། །དགྲ་བགེགས༴ བྱང་ཤར་ཀླུ་གདོན་གནོད་སྦྱིན་གནོད་པ་ཟློག །ཟླ་གམ་ཐོད་མཁར་གསུམ་གྱི་དབུས། །དུག་གསུམ་བསྣོལ་བའི་ཁྲི་སྟེང་དུ། །ཚེ་བདག་སྲོག་བདག་འཆི་བདག་གསུམ། །སྣ་ཚོགས་མི་སྡུག་སེམས་ཅན་དབུ། །མཚོན་ཆ་མི་སྡུག་ལག་ན་ཐོགས། །དུག་གསུམ་སྒྲོལ་བྱེད་འཁོར་བཅས་ལ། །དགྲ་བགེགས༴ དུག་གསུམ་འདུས་པའི་བྱད་དང་རྦོད་གཏོང་ཟློག །འཁོར་ལོ་ལྕགས་མཁར་བཅུ་གཉིས་དབུས། །གསང་བའི་གཤེད་ཆེན་བཞི་པོ་ནི། །སྲིན་པོ་ཡ་མ་རཱ་ཛ་ནི། ཁ་ཊྭཱཾ་རོ་དབྱུག་འཁོར་ལོ་ཐོགས། །ཡུམ་མཆོག་ཐལ་མདོག་གཡོན་ནས་འཁྲིལ། ཁྲམ་ཤིང་ནད་ཀྱི་རྐྱལ་པ་བསྣམས། །གཤིན་རྗེ་མྱོས་བྱེད་འབར་བ་ནི། །སེར་ནག་བེ་ཅོན་འཁོར་ལོ་འཛིན། །གཡོན་དུ་ཡུམ་ཆེན་གསོད་བྱེད་མ། ཁྲམ་ཤིང་ནད་ཀྱི་རྐྱལ་པ་བསྣམས། །གཤེད་པོ་ཨཱརྱ་མ་རུ་ནི། །དམར་པོ་བེ་ཅོན་ཙཀྲ་བསྣམས། །གཡོན་དུ་སྲོག་ལེན་ནག་མོ་ནི། ཁྲམ་ཤིང་ནད་ཀྱི་རྐྱལ་པ་བསྣམས། །གཤེད་ཆེན་རལ་པ་ཚར་དགུ་ནི། །ལྗང་ནག་བེ་ཅོན་ཙཀྲ་བསྣམས། །ཡུམ་མཆོག་བདུད་མོ་རལ་ནག་མ། ཁྲམ་ཤིང་ནད་ཀྱི་རྐྱལ་པ་བསྣམས། །གསང་བའི་གཤེད་བཞིར་བཅས་པ་ལ། །དགྲ་བགེགས་བསྒྲལ་པའི་ཤ་རུས་ཞལ་དུ་སྟོབ། །གསང་གཤེད་སྤྲུལ་པའི་གནོད་པ་ཟློག་ཏུ་གསོལ། །ནང་གི་གཤེད་ཆེན་བཞི་པོ་ནི། །དུང་གི་མོན་པ་སེང་གེའི་མགོ །ཡུམ་ནི་མོན་མོ་བླ་རྐུན་མ། །ལྕགས་ཀྱི་མོན་པ་སྟག་གི་མགོ །མོན་མོ་གཡུ་ཡི་རལ་པ་ཅན། །བསེ་ཡི་མོན་པ་དྲེད་ཀྱི་མགོ །མོན་མོ་ཁྲག་གི་རལ་པ་ཅན། །གསེར་གྱི་མོན་པ་ཁྱུང་གི་མགོ །མོན་མོ་སྙིང་འབྱིན་གཟེར་འདེབས་མ། །ཡབ་རྣམས་བེ་ཅོན་ཙིཏྟ་བསྣམས། །ཡུམ་ཀུན་ལྕགས་ཀྱུ་ཞགས་པ་བསྣམས། །ནང་གི་གཤེད་བཞིར་བཅས་པ་ལ། །དགྲ་བགེགས༴ ནང་གཤེད་མོན་པའི་གནོད་པ་ཟློག་ཏུ་གསོལ། །ཕྱི་ཡི་གཤེད་ཆེན་བཞི་པོ་ནི། །ཧེ་ལེ་ཁྱབ་པ་ཤར་གྱི་བདུད། །ཡུམ་ནི་རོ་ཟན་སྙིང་འབྱིན་མ། །ནག་པོ་འཛུམ་མེད་ལྷོ་ཡི་བདུད། །ནག་མོ་སྙིང་ཁྲག་རོལ་འཐུང་མ། །སོ་འདར་འཁྲིག་པ་ནུབ་ཀྱི་བདུད། །ནག་མོ་ཤ་ལ་གཟེར་འདེབས་མ། །རལ་པ་སྤྱིར་བཅིངས་བྱང་གི་བདུད། །མ་མོ་ནག་མོ་ཁྲག་རལ་ཅན། །ཡབ་རྣམས་ཁྲམ་ཤིང་ཞགས་པ་བསྣམས། །ཡུམ་ཀུན་སྤུ་གྲི་མི་སྙིང་བསྣམས། །ཕྱི་ཡི་གཤེད་བཞིར་བཅས་པ་ལ། །དགྲ་བགེགས་བསྒྲལ་པའི་ཤ་རུས་ཞལ་དུ་སྟོབ། །ཕྱི་ཡི་གཤེད་བཞིའི་གནོད་པ་ཟློག་ཏུ་གསོལ། །གྲུ་ཆད་ལྕགས་མཁར་བཅུ་གཉིས་ནང་། །བྷེ་ཝ་ས་ཏྭ་ནག་པོ་དང་། །ནོར་བུ་དགེ་འཕེལ་སེར་པོ་དང་། །ནག་པོ་འཛུམ་མེད་སེར་ནག་དང་། །བྱེ་བ་དགུ་ཁྲི་ནག་པོ་དང་། །རཀྴ་གློག་ཕྲེང་དམར་པོ་དང་། །ཡཀྴ་ཟ་བྱེད་ནག་པོ་དང་། །གཏུམ་པོ་དུད་ཁ་རལ་པ་གདོང་། །གང་བ་ཀུན་འཇོམས་དཀར་པོ་དང་། ཁ་འབར་རལ་གཅིག་མཐིང་ལ་སྔོ། །སྦྲུལ་མགོ་ཀུན་འཛིང་སྔོ་ལ་སྐྱ། །ངང་པ་སྟོབས་ལྡན་ཀུན་ནས་སེར། །ཧོང་ཕན་སྲོག་འཛིན་ནག་ལ་འཇིགས། །བེ་ཅོན་འཁོར་ལོ་ཕྱག་ན་བསྣམས། །ཟླ་གཤེད་གཤིན་རྗེ་བཅུ་གཉིས་ལ། །དགྲ་བགེགས༴ ཟླ་གཤེད་བཅུ་གཉིས་གནོད་པ་ཟློག །ཞག་གི་གཤེད་པོ་སོ་གཉིས་ནི། །ཤར་དུ་ཁྲམ་ཐོགས་བདུད་པོ་བརྒྱད། །ཆིབས་སུ་རྟ་ནག་རྟིང་དཀར་འཆིབ། །ལྷོ་ཡི་གཤིན་རྗེ་ཆུ་གླང་ཞོན། །འཁོར་ལོ་བེ་ཅོན་ཕྱག་ན་བསྣམས། །ནུབ་ནས་མ་མོ་དྲེད་ནག་ཞོན། །ཕྱག་ན་ནད་རྐྱལ་ཐུན་ཟོར་བསྣམས། །བྱང་དུ་གནོད་སྦྱིན་བྱ་ནག་ཞོན། །ཕྱག་ན་རལ་གྲི་ཞགས་པ་བསྣམས། །ཞག་གི་གཤེད་པོ་འཁོར་བཅས་ལ། །དགྲ་བགེགས༴ ཞག་གཤེད་སུམ་བརྒྱའི་གནོད་པ་ཟློག །ཤར་སྒོར་དཀར་པོ་སྙིང་འབྱིན་དང་། །ལྷོ་སྒོར་མགོན་པོ་ནག་པོ་དང་། །ནུབ་སྒོར་བདུད་པོ་ཡབ་རྗེ་དང། །བྱང་སྒོར་གནོད་སྦྱིན་སྐུ་མཆོག་དམར། །ཕྱག་ན་འཁོར་ལོ་ཐུན་ཁྲག་བསྣམས། །སྐུ་ལ་རྩེ་བེར་ཁྲ་བོ་གསོལ། །ཡུམ་མཆོག་མཁའ་འགྲོ་རོ་ལངས་བཞི། །མི་ལྤགས་རློན་པའི་ན་བཟའ་གསོལ། །ཕྱག་གཡས་ཁ་ཊྭཱཾ་རོ་དབྱུག་ཕྱར། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་གཡོན། །སྒོ་བཞི་སྒྲོལ་གིང་འཁོར་བཅས་ལ། །དགྲ་བགེགས་བསྒྲལ་པའི་ཤ་རུས་ཞལ་དུ་སྟོབ། །གཤེད་བཞི་ཕོ་ཉའི་གནོད་པ་ཟློག །ཕྱི་རོལ་དཀྱིལ་འཁོར་མུ་རན་སྐྱོང་། །ཟ་མའི་གཤིན་རྗེ་བཅུ་དྲུག་ནི། །ཕོ་གཤེད་སུམ་བརྒྱ་དྲུག་ཅུ་དང་། །མོ་གཤེད་སུམ་བརྒྱ་དྲུག་ཅུ་དང་། །གཤིན་རྗེ་བདུན་བརྒྱ་ཉི་ཤུ་ནི། །ཕྱག་ན་འཁོར་ལོ་ཐུན་ཁྲག་བསྣམས། །ཆིབས་སུ་མི་དམར་རྟ་ལ་འཆིབ། །གཤེད་ཆེན་བདུན་བརྒྱ་ཉི་ཤུ་ལ། །དགྲ་བགེགས༴ ལས་གཤེད་རྦོད་གཏོང་བཟློག་ཏུ་གསོལ། །གཤིན་རྗེ་ཕྱོགས་སྐྱོང་སྡེ་བརྒྱད་དྲེགས་པའི་ཚོགས། །ས་ཆུ་མེ་རླུང་སྤྲིན་དང་དུར་ཁྲོད་བདག །མཁའ་ལ་རྒྱུ་དང་དབང་ཕྱུག་མཁའ་འགྲོ་མ། །ཞིང་སྐྱོང་གིང་དང་ལངྐ་བརྟན་མའི་ཚོགས། །འཇིག་རྟེན་ཀུན་ཏུ་ཁྱབ་པར་རྒྱུག་བྱེད་པ། །ལས་ཀྱི་གཤིན་རྗེ་ཕོ་ཉ་འཁོར་བཅས་ལ། །དགྲ་བགེགས་བསྒྲལ་པའི་ཤ་རུས་ཞལ་དུ་སྟོབ། །ཕོ་ཉ་གཤིན་རྗེའི་རྦོད་གཏོང་གནོད་པ་ཟློག །དེ་ནས་བཟློག་པ་བྱ་བ་ནི། སྨན་རཀ་གཏོར་གསུམ་ཚིག་དང་བསྟུན་ནས་འབུལ་ཞིང་འདི་སྐད་དོ། །བྷྱོ། ད་ནི་བཟློག་པའི་དུས་ལ་བབ། །ད་ནི་བསྒྱུར་བའི་དུས་ལ་བབ། །འཇིགས་སུ་རུང་བའི་དུར་ཁྲོད་ནས། །ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་། །མ་ཧེ་ཕྱོགས་སྐྱོང་དྲེགས་པའི་སྟེང་། །གཤིན་རྗེའི་རྒྱལ་པོ་ཚེ་བདག་ནི། །གཡས་དཀར་ལྷ་ཡི་ཆད་པ་ཟློག །གཡོན་དམར་མ་མོའི་ཆད་པ་ཟློག །དབུས་མཐིང་བདུད་ཀྱི་ཆོ་འཕྲུལ་ཟློག །ཕྱག་དྲུག་རྒྱུད་དྲུག་རྦོད་གཏོང་ཟློག །དབུ་ལ་ཁྱུང་ཆེན་འབར་བ་ཡིས། །ས་བདག་ཀླུ་གཉན་བྱད་ཐན་ཟློག །ཡུམ་མཆོག་ཟ་བྱེད་བེ་ཏཱ་ལཱི། །སྦྱོར་ཡུམ་དབྱིངས་ཡུམ་འཁོར་བཅས་ཀྱིས། །སྲིད་པའི་མ་མོའི་ཆོ་འཕྲུལ་ཟློག །གྱད་གནོན་སྤྲུལ་པའི་ལྷ་བརྒྱད་ཀྱིས། །ལྷ་སྲིན་སྡེ་བརྒྱད་ཆོ་འཕྲུལ་ཟློག །བདུད་རྩི་ཆང་གི་མཆོད་པ་འབུལ། །སྲིད་པ་ཕོ་རྒྱུད་ཆོ་འཕྲུལ་ཟློག །རཀྟ་ཁྲག་གི་མཆོད་པ་འབུལ། །སྲིད་པ་མོ་རྒྱུད་ཆོ་འཕྲུལ་ཟློག །དམར་གྱི་གཏོར་མའི་མཆོད་པ་འབུལ། །བྱད་དང་རྦོད་གཏོང་ཆོ་འཕྲུལ་ཟློག །དབུ་ལ་ནོར་བུ་འབར་བས་བརྒྱན། །རྣལ་འབྱོར་ཚེ་སྲིངས་དཔལ་ཡང་སྐྱེད། །བྷྱོ། ཚངས་པ་བརྒྱ་བྱིན་ལྷ་ཡི་གདོན། །འཇིག་པའི་སྟོབས་ཀྱིས་ཟློག་ཏུ་གསོལ། །དགའ་བོ་འཇོག་པོ་ཀླུ་ཡི་གདོན། །བརྗིད་པའི་སྟོབས་ཀྱིས་ཟློག༴ གང་བ་བཟང་པོ་གནོད་སྦྱིན་གདོན། །གཟིར་བའི་སྟོབས་ཀྱིས་ཟློག༴ ཟ་བྱེད་རྔམ་པ་སྲིན་པོའི་གདོན། །དྲག་པོའི་སྟོབས་ཀྱིས་ཟློག༴ གཙོ་མོ་ཁ་འབར་ཡི་དྭགས་གདོན། །བཞད་པའི་སྟོབས་ཀྱིས་ཟློག༴ ཕག་གདོང་འཇིགས་པ་ཤ་ཟའི་གདོན། །གཏུམ་མོའི་སྟོབས་ཀྱིས་ཟློག༴ བི་ནཱ་ཡ་ཀ་བགེགས་ཀྱི་གདོན། །འགྱིང་བའི་སྟོབས་ཀྱིས་ཟློག༴ ཁྱབ་འཇུག་བི་ནུ་གཟའ་ཡི་གདོན། །དྲག་པོའི་སྟོབས་ཀྱིས་ཟློག༴ ཁྲམ་ཐོགས་གྲི་ཐོགས་གིང་གི་གདོན། །སྤྲུལ་པའི་སྟོབས་ཀྱིས་ཟློག༴ ཁ་བཞི་མགྱོགས་པ་བཙན་གྱི་གདོན། །འཇིགས་པའི་སྟོབས་ཀྱིས་ཟློག༴ ཏེལ་པ་ཕྱ་སངས་གཤིན་རྗེའི་གདོན། །སྤྲུལ་པའི་སྟོབས་ཀྱིས་ཟློག༴ རལ་པ་གཅིག་པ་མ་མོའི་གདོན། །གསུང་གི་སྟོབས་ཀྱིས་ཟློག༴ རོལ་པ་རྐྱ་བདུན་དམུ་ཡི་གདོན། །མགོ་བརྙན་བརྗིད་པས་ཟློག༴ མ་ཧཱ་དེ་བ་མུ་སྟེགས་གདོན། །བདེན་པའི་སྟོབས་ཀྱིས་ཟློག་ཏུ་གསོལ། །བྷྱོ། འཇའ་འཁྱིལ་ལྷ་ཡི་ལྟས་ངན་ཡིན། །ལྷ་ཡི་ལྟས་ངན་ཟློག་ཏུ་གསོལ། །སེང་གེ་གཤིན་རྗེའི་ལྟས་ངན་ཡིན། །གཤིན་རྗེའི་ལྟས་ངན་ཟློག༴ དོམ་གཟིག་མ་མོའི་ལྟས་ངན་ཡིན། །མ་མོའི་ལྟས་ངན་ཟློག༴ འུག་པ་དམུ་ཡི་ལྟས་ངན་ཡིན། །དམུ་ཡི༴ ཕོ་རོག་མགོན་པོའི་ལྟས་ངན་ཡིན། །མགོན་པོའི༴ ཤ་བ་བཙན་གྱི་ལྟས་ངན་ཡིན། བཙན་གྱི༴ སྦྲུལ་ནག་ཀླུ་ཡི་ལྟས་ངན་ཡིན། །ཀླུ་ཡི༴ བྱ་ནག་བདུད་ཀྱི་ལྟས་ངན་ཡིན། །བདུད་ཀྱི༴ ནེ་ཙོ་ཀླུ་སྲིན་ལྟས་ངན་ཡིན། །ཀླུ་སྲིན༴ གླ་བ་སྨན་གྱི་ལྟས་ངན་ཡིན། །སྨན་གྱི༴ བྱ་རྒོད་རྒྱལ་པོའི་ལྟས་ངན་ཡིན། །རྒྱལ་པོའི༴ སྲིན་བྱ་ཐེའུ་རང་ལྟས་ངན་ཡིན། །ཐེའུ་རང༴ པུ་ཤུད་འགོང་པོའི་ལྟས་ངན་ཡིན། །འགོང་པོའི༴ ཁྲུང་ཁྲུང་འདྲེ་མོའི་ལྟས་ངན་ཡིན། །འདྲེ་མོའི༴ སྲོད་ལ་བྱ་ཕོ་འཚེར་བ་གནམ་ཐེའུའི་ལྟས་ངན་ཡིན། །གནམ་ཐེའུའི༴ ཐོ་རངས་སྒོ་ཁྱི་ངུ་བ་བར་ཐེའུའི་ལྟས་ངན་ཡིན། །བར་ཐེའུའི༴ དུར་ཁྲོད་ཝ་མོ་བརྒྱལ་བ་ས་ཐེའུའི་ལྟས་ངན་ཡིན། །ས་ཐེའུའི༴ སྤྱང་སྔོན་རྒྱུག་པ་ཕོ་རྒྱུད་ལྟས་ངན་ཡིན། །ཕོ་རྒྱུད༴ གླ་བ་གྲོང་རྒྱུག་མོ་རྒྱུད་ཐན། །མོ་རྒྱུད་ལྟས་ངན་ཟློག་ཏུ་གསོལ། །ལྷ་ཁང་འོད་རྣམས་རྒྱལ་པོའི་ཐན། །རྒྱལ་པོའི༴ སྡིག་སྦྲུལ་ཀླུ་ཡི་ལྟས་ངན་ཡིན། །ཀླུ་ཡི༴ སྦལ་སྲིན་ས་བདག་ལྟས་ངན་ཡིན། །ས་བདག༴ སྲེ་མང་བྱི་ཁྱེར་གནོད་སྦྱིན་ཐན། །གནོད་སྦྱིན༴ རི་བྱ་ཁྱིམ་ཞུགས་གཉན་གྱི་ཐན། །གཉན་གྱི༴ ཁྱིམ་དུ་རོ་ཐན་འགོང་པོའི་ཐན། །འགོང་པོའི༴ ཤ་ཕོ་རུ་འཛིང་རྗེ་དཔོན་ཐན། །རྗེ་དཔོན༴ ཉ་མོ་རྔ་འཛིང་བྲན་གྱི་ཐན། །བྲན་གྱི༴ བྱ་ནག་སྡེར་འཛིང་ཆུང་མའི་ཐན། །བྱེ་བྲལ༴ འདྲེ་བྱ་སྲེག་པ་ཆུང་སྲིའི་ཐན། །ཆུང་སྲིའི༴ བནྡེའི་ཧོམ་པར་བུ་ཡི་ཐན། །བནྡེའི་ཧོམ་ཟོར་ཟློག༴ བོན་པོའི་ཙོ་ཟོར་ཞང་ཞུང་ཐན། །བོན་པོའི་ཙོ་ཟོར་ཟློག༴ མུ་སྟེགས་གླང་ཟོར་མི་ཁའི་ཐན། །མི་ཁའི་རྒྱ་ཐན་ཟློག༴ ཤ་མོང་ཁྱིམ་གང་མི་ནད་ཐན། །མི་ནད་ལྟས་ངན༴ རྭ་གང་ནོར་ལ་སྤུ་ཐན་བྱུང་། །གོད་འདྲེ་གོད་ཀ་ཟློག༴ བང་གང་སྲིས་ལ་བྱི་ཐན་བྱུང་། །འགོང་པོའི་སྲིས་ཐན༴ ཡུལ་ཐན་སྲིད་པའི་བཙའ་ཐན་བྱུང་། །བཙའ་སད་སེར་གསུམ༴ དགྲ་གཤེད་དུར་ལེན་བཙའ་ཐན་བྱུང་། །གློ་འགོང་བཙོ་ཐན༴ ལྷ་སྲིན་འཁྲུགས་པའི་གཏད་སེལ་བྱུང་། །བྱད་མ་འབུམ་གྱི་ལྟས་ངན་ཟློག་ཏུ་གསོལ། །བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ། །བྷྱོ་བྷྱོ་གནོད་པའི་བགེགས་ལ་བྷྱོ། །བྷྱོ་བྷྱོ་བར་ཆད་རྐྱེན་ལ་བྷྱོ། །ཡས་ཀྱི་བདུད་དུ་གཡོས་པ་ཟློག །མས་ཀྱི་སྲི་རུ་ལངས་པ་ཟློག །ཆུང་བདུད་མཁའ་ལ་འཇབ་པ་ཟློག །མི་བདུད་གཤེད་དུ་འཁོར་པ་ཟློག །ལྟག་པ་གཤེད་དྲིལ་བྱེད་པ་ཟློག །མདུན་ནས་རྩང་བཞིན་འཛུག་པ་ཟློག །རྒྱབ་ནས་ཁྱི་བཞིན་འབྲེང་པ་ཟློག །ངོས་ལ་སྤྲེལ་ལྟར་འཛེག་པ་ཟློག །ཡུལ་མི་དགྲ་སྡང་བྱེད་པ་ཟློག །ཐམས་ཅད་གཅིག་ཏུ་དྲིལ་ནས་ཀྱང་། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །དམིགས་པའི་དགྲ་བགེགས་གཟུགས་སུ་དྲིལ། །ཉ་བོ་འདི་ལ་བཀུག་བྱས་ནས། །ཕུར་འདེབས་ཐུན་དང་མཚོན་ཆས་བསད། །བསྒྲལ་བའི་ཞིང་གྱུར་ལས་ལ་སྦྱར། །དཔལ་ཆེན་ཚེ་བདག་ཞལ་དུ་བསྟབས། །འཁོར་དང་གཤིན་རྗེ་འབུམ་ཕྲག་གིས། །དགྱེས་པར་རོལ་ཅིག་ཁ་རཾ་ཁཱ་ཧི། །ལྷག་མ་མེད་པར་ཞལ་དུ་སྟོབ། །གཟུགས་ཕུང་ཤ་ཁྲག་མཆོད་པར་བཞེས། །དམ་ཚིག་ཉམས་ཆག་སོ་སོར་བཤགས། །ཐུགས་དམ་བསྐངས་ལ་དངོས་གྲུབ་སྩོལ། །བར་ཆད་རྐྱེན་ངན་གདུག་རྩུབ་ཟློག །བསམ་པ་སྒྲུབས་ལ་རེ་བ་སྐོངས། །ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད། །འགྲོ་བས་འཇམ་དཔལ་ས་ཐོབ་ཤོག །ཅེས་པའི་མཐར་ཐུན་གཏོར་སྤྱི་ལྟར་གཏང་། སྒྲུབ་པ་ཞག་སྦྲེལ་གྱི་ཉིན་སྔ་མ་རྣམས་ལ་ཆོས་སྐྱོང་གི་གཏོར་འབུལ་རྗེས་ཆོག་གཞུང་གི་བརྟན་སྐྱོང་གཏང་རག་གི་མཆོད་བསྟོད་བཟོད་གསོལ་ཉེར་བསྡུ་རྒྱུན་གྱི་རྣལ་འབྱོར་ལ་འཇུག་པའི་བར་ལས་བྱང་བཞིན་བྱའོ། །གསུམ་པ་རྗེས་ཀྱི་ལས་རིམ་ལ་བདུན་ལས། དང་པོ་ཟོར་སྒྲུབ་པ་ནི། སྒྲུབ་ཞག་རྫོགས་ནས་ཟོར་འཕང་བའི་ཉིན་ཐུན་གཏོར་ཡན་སྔར་བཞིན་བྱས་ནས། གཏོར་མའི་ལྷ་ལ་མཆོད་བསྟོད་བཟོད་གསོལ་ཡེ་ཤེས་པ་རྟེན་ལ་བསྟིམ་པའམ་བཏེག །དམ་ཚིག་པ་བསྡུས་ནས་སླར་ཡང་གཏོར་ཆེན་ཟོར་རྫས་དང་བཅས་པ་སྐད་ཅིག་གིས་ཟིལ་གནོན་ཕྱག་རྒྱ་ཆེན་པོ་སྤྲུལ་པའི་འཁོར་ཚོགས་དང་བཅས་པ། ཁྲོ་གཏུམ་འཇིགས་པའི་གཟུགས་ཅན་སྲིད་གསུམ་གང་བ་ནད་མཚོན་དུག་གི་ཆར་འབེབ་པས་དགྲ་བོ་སྒྲོལ་བའི་ལས་ལ་རྔམས་པ་དམག་དཔུང་བསྐྱོད་མ་རགས་བཞིན་དུ་བྱས་ནས། ཨྱཻ་རིང་ལ་བཟློག་སྤྱང་སྦྲེལ་བས་ཟོར་རྫས་བསྐོར་བ་ལ་སྔགས་ཤིང་ཐལ་བསྡེབ་བྱ། དམག་ལྟོའི་གཏོར་མ་ལ་དམིགས་བྱ་དགུག་བསྟིམ་བདུད་རྩིར་སྤེལ་བ་ཕུལ་ནས་ཕྲིན་ལས་བཅོལ། གོང་དུ་ལྷག་མ་བཙོན་འཛིན་བྱས་ན་འདིར་གཏོང་ངོ་། །གཉིས་པ་ཟོར་སྒོ་དབྱེ་བ་ནི། ཕྱོགས་གཏོར་བཞི་དང་གསེར་སྐྱེམས་ཕྱོགས་བཞིར་གཏོར་བས། ཧཱུྃ། གཏོར་མའི་ལམ་བསྟན་གང་དུ་བསྟན། །གཏོར་མའི་ལམ་བསྟན་ཤར་དུ་བསྟན། །ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་སྲུང་། །དྲི་ཟ་ཕོ་མོའི་འཁོར་གྱིས་བསྐོར། །སྐུ་ཟུར་དེ་ནི་སྤྱན་བྱོལ་ཅིག །གཏོར་ཟོར་དམར་པོ་ཤ་ར་ར། ཁྲག་ཟོར་དམར་པོ་ཆི་ལི་ལི། །ཐུན་ཟོར་སེར་ཕྲན་ཉི་ལི་ལི། །མདའ་ཟོར་སྐར་ལྟར་བྲེངས་སེ་བྲེང་། །ཐོད་ཟོར་རྦབ་ལྟར་རི་ལི་ལི། །ཕུར་ཟོར་ཤ་ལ་ཐེམས་སེ་ཐེམ། །རྡོ་ཟོར་ཐོག་ལྟར་རྦད་དེ་རྦད། །ཧཱུྃ། གཏོར་མའི་ལམ་བསྟན་གང་དུ་བསྟན། །གཏོར་མའི་ལམ་བསྟན་ལྷོ་རུ་བསྟན། །ལྷོ་རུ་རྒྱལ་པོ་འཕགས་སྐྱེས་པོ། །གཤིན་རྗེ་མང་པོའི་འཁོར་གྱིས་བསྐོར། །སྐུ་ཟུར་དེ་ནི་སྤྱན་བྱོལ༴ སོགས་གོང་བཞིན་འགྲེ །ཧཱུྃ། གཏོར་མའི་ལམ་བསྟན་གང་དུ་བསྟན། །གཏོར་མའི་ལམ་བསྟན་ནུབ་ཏུ་བསྟན། །ནུབ་ཏུ་རྒྱལ་པོ་སྤྱན་མི་བཟང་། །ཀླུ་བདུད་མང་པོའི་འཁོར་གྱིས་བསྐོར། །སྐུ་ཟུར་དེ་ནི་སྤྱན་བྱོལ༴ སོགས་གོང་བཞིན་འགྲེ །ཧཱུྃ། གཏོར་མའི་ལམ་བསྟན་གང་དུ་བསྟན། །གཏོར་མའི་ལམ་བསྟན་བྱང་དུ་བསྟན། །བྱང་དུ་རྒྱལ་པོ་རྣམ་ཐོས་སྲས། །གནོད་སྦྱིན་མང་པོའི་འཁོར་གྱིས་བསྐོར། །སྐུ་ཟུར་དེ་ནི་སྤྱན་བྱོལ༴ སོགས་གོང་བཞིན་འགྲེ །སྟེང་གི་ལྷ་ལ་ཟོར་མི་འཕེན། །ལྷ་ཆེན་བརྒྱད་པོ་ཞབས་སྡུས་ཤིག །འོག་གི་ཀླུ་ལ་ཟོར་མི་འཕེན། །ཀླུ་ཆེན་བརྒྱད་པོ་དབུ་འཕང་སྨོད། །བར་གྱི་གཉན་ལ་ཟོར་མི་འཕེན། །གཉན་ཆེན་སྡེ་བཞི་སྐུ་ཟུར་ཅིག །དྲག་པོ་གཤིན་རྗེའི་གཏོར་ཟོར་འདི། །སྡང་བའི་དགྲ་ལ་གཏོར་ཟོར་ཡ། །དགྲ་བོའི་བདུན་རྒྱུད་རྩད་ནས་ཆོད། །གནོད་བྱེད་བགེགས་ལ་ཁྲག་ཟོར་ཡ། །མོ་རྒྱུད་ཁྲག་གི་མངལ་ནས་སྐོམས། །ཐུན་ཟོར་བུ་རྒྱུད་ཚ་ལ་ཡ། །བུ་ཚ་བདུན་རྒྱུད་རྩད་ནས་ཆོད། །མདའ་ཟོར་སྒོ་ཡི་ནོར་ལ་རྒྱོབ། །སྒོ་ནོར་གོད་འདྲེའི་ཕྱགས་མས་ཐོབ། །ཐོད་ཟོར་ནང་ཁང་སྲིས་ལ་ཡ། །ཕྱགས་མས་ཐལ་བ་རླུང་ལ་སྐུར། །ཕུར་ཟོར་དགྲ་ཡི་སྙིང་ལ་ཡ། །དྲག་པོའི་གྲི་ཐབ་ནད་ཀྱིས་སོད། །རྡོ་ཟོར་དགྲ་བོའི་མཁར་ལ་ཡ། །སྐྱེ་བོ་འཁོར་གྱི་རྒྱུན་ལམ་ཆོད། །བྱད་ཁ་ཟློག་ལ་ཕུར་ཁ་སྒྱུར། །བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་ཟོར་ལམ་བསལ་ནས། གཏོར་ཟོར་རྣམས་དཀྱིལ་འཁོར་ལས་འགྲོ་ཕྱོགས་སུ་སྤགས་ཏེ། གསུམ་པ་ཆད་ཐོ་ནི། དམ་ཅན་སྤྱིའི་གཏོར་མ་རིམ་པར་བཏེགས་ལ། ཧཱུྃ། བསྐལ་པ་བརྒྱད་ཁྲི་བཞི་སྟོང་སྔོན་རོལ་དུ། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། །སྤྲོས་བྲལ་ཆེན་པོ་ཀུན་ཏུ་བཟང་པོ་ཡིས། །བྱ་རྩོལ་བྲལ་བའི་ཡིད་ཆོས་བསྟན་པའི་ཚེ། །རིགས་ལྔ་བདེ་ཆེན་མཁའ་དབྱིངས་བཀོད་པའི་ཚོགས། །ཇི་ལྟར་ཁས་བླངས་དམ་ཚིག་ཕོག་ནས་ནི། །བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ། །རྣལ་འབྱོར་བུ་བཞིན་སྐྱོང་བར་མ་ཆད་དམ། །རྒྱུ་སྦྱོར་བར་ཆད་བཟློག་པར་མ་ཆད་དམ། ཁས་བླངས་དམ་བཅས་བཞིན་དུ་གཏོར་མ་ལོངས། །ཇི་ལྟར་དམ་བཅས་བཞིན་དུ་ཕྲིན་ལས་མཛོད། །དེ་རྗེས་འགྲོ་བའི་དོན་ལ་དགོངས་པའི་ཚེ། །སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་གྱིས། །འཇམ་དཔལ་དྲྭ་བ་འབུམ་སྡེ་དཔེ་ལ་བཀོད། །མ་གཤིན་ཡོངས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཚེ། །བཀའ་སྲུང་གཤིན་རྗེ་དྲུག་ཁྲིས་སྲོག་སྙིང་ཕུལ། །ཇི་ལྟར་ཁས་བླངས་དམ་ཚིག་ཕོག་ནས་ནི། །སོགས་འགྲེའོ། །དེ་རྗེས་སློབ་དཔོན་ཤཱནྟིཾ་གརྦྷ་དང་། །མུ་སྟེགས་བཟློག་པའི་སྟོབས་ཆེན་སྔགས་ཟློག་རྩོད། །སྙིང་གཟེར་ནག་པོའི་དཀྱིལ་འཁོར་ཞལ་ཕྱེས་ཚེ། །སྡིག་པའི་སྙིང་འཛིངས་མེ་དཔུང་བསྟན་པ་བརྩད། །དྲེགས་པ་བཅོ་བརྒྱད་རང་སྲོག་ཕུལ་བའི་ཚེ། །དྲེགས་པ་མ་ལུས་འདུས་ནས་སྲོག་སྙིང་ཕུལ། །ཇི་ལྟར་སོགས། དེ་རྗེས་སློབ་དཔོན་བ་སུ་དྷཱ་ར་ཡིས། །བཀའ་ཡི་མཆོད་རྟེན་སྟོབས་ཆེན་བཞེངས་པའི་ཚེ། །ལས་ཀྱི་གཤིན་རྗེས་སྲོག་སྙིང་ཞལ་ཡང་བསྟན། །ཇི་ལྟར་སོགས། ད་ལྟ་སྒྲུབ་པའི་གནས་མཆོག་དམ་པ་འདིར། །དཀྱིལ་འཁོར་མཆོད་རྟེན་ལུས་དཀྱིལ་གཏོར་མ་བཤམས། །བཀའ་བཞིན་ཕོག་པའི་སྲུང་མ་དམ་ཅན་རྣམས། །ཇི་ལྟར་ཁས་བླངས་དམ་ཚིག་ཕོག་ནས་ནི། །བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ། །རྣལ་འབྱོར་བུ་བཞིན་སྐྱོང་བར་མ་ཆད་དམ། །རྒྱུ་སྦྱོར་བར་ཆད་བཟློག་པར་མ་ཆད་དམ། ཁས་བླངས་དམ་བཅས་བཞིན་དུ་གཏོར་མ་ལོངས། །ཇི་ལྟར་དམ་བཅས་བཞིན་དུ་ཕྲིན་ལས་མཛོད། །ཅེས་གཏོར་མ་ཡང་ཐོག་སོགས་སུ་འབུལ་ལོ། །བཞི་པ་ཟོར་བསྐུལ་ཞིང་འཕང་བ་ནི། རུ་མཚོན་དང་དཀར་གཏོར་གྱིས་སྣ་དྲངས་ནས་གཏོར་ཆེན་ཕར་ཁྱེར་བའི་ཕྱི་བཞིན་དུ་སྒྲུབ་པ་པོ་རྣམས་འགྲོ་བས་གང་དུ་འཕང་བའི་ས་དེར་གསེར་སྐྱེམས་སྔོན་དུ་འགྲོ་བས་དམིགས་བྱ་དགུག་གཞུག་བྱས་ལ། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་གི །དྲག་པོ་ཨེ་ཡི་གཞལ་ཡས་ནས། །ཕྱག་རྒྱ་ཟིལ་གནོན་ལྷ་ཚོགས་ཀྱི། །ཐུགས་དམ་ཆེན་པོའི་དུས་ལ་བབ། །དྲག་པོ་ཟོར་གྱི་ལས་མཛོད་ཅིག །ཅེས་དང་། ཧཱུྃ། སྟེང་གི་ལྷ་ལ་ཟོར་མི་འཕེན། །ལྷ་ཆེན་བརྒྱད་པོ་ཞབས་སྡུད་ཅིག །འོག་གི་ཀླུ་ལ་ཟོར་མི་འཕེན། །ཀླུ་ཆེན་བརྒྱད་པོ་དབུ་འཕང་སྨོད། །བར་གྱི་གཉན་ལ་ཟོར་མི་འཕེན། །གཉན་ཆེན་སྡེ་བཞི་སྐུ་ཟུར་ཅིག །དྲག་པོ་གཤིན་རྗེའི་གཏོར་ཟོར་འདི། །སྡང་བའི་དགྲ་ལ་གཏོར་ཟོར་ཡ། །དགྲ་བོའི་བདུན་རྒྱུད་རྩད་ནས་ཆོད། །གནོད་པའི་བགེགས་ལ་ཁྲག་ཟོར་ཡ། །མོ་རྒྱུད་ཁྲག་གི་མངལ་ནས་སྐོམས། །ཐུན་ཟོར་བུ་རྒྱུད་ཚ་ལ་ཡ། །བུ་ཚ་བདུན་རྒྱུད་རྩད་ནས་ཆོད། །མདའ་ཟོར་སྒོ་ཡི་ནོར་ལ་ཡ། །སྒོ་ནོར་གོད་འདྲེའི་ཕྱགས་མས་ཐོབ། །ཐོད་ཟོར་ནང་ཁོང་སྲིས་ལ་ཡ། །ཕྱགས་མས་ཐལ་བ་རླུང་ལ་སྐུར། །ཕུར་ཟོར་དགྲ་ཡི་སྙིང་ལ་ཡ། །དྲག་པོའི་གྲི་ཐབས་ནད་ཀྱིས་སོད། །རྡོ་ཟོར་དགྲ་བོའི་མཁར་ལ་ཡ། །སྐྱེ་བོ་འཁོར་གྱི་རྒྱུན་ལམ་ཆོད། །བྱད་ཁ་ཟློག་ལ་ཕུར་ཁ་སྒྱུར། །བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་སོགས་ཀྱི་མཐར་རོལ་མོའི་སྒྲ་དྲག་པོ་དང་བཅས་གཏོར་མ་འཕངས་པས་དགྲ་བོའི་རྣམ་ཤེས་མར་མེ་བསད་པ་ལྟར་སོང་། གནས་ལུས་ལོངས་སྤྱོད་ཐམས་ཅད་རྗེས་མེད་དུ་བརླགས་པར་བསམ་ཞིང་། ཐལ་མོ་དུལ་མོ་བརྡབ་བོ། །མེ་ཆུས་རྒྱས་གདབ་བོ། །གསང་ལམ་དགག་པའི་ཨྱཻ་རིང་བཟླ་ཞིང་སྲུང་འཁོར་མཚམས་བཅད་བྱ། རྡོ་རྗེ་སློབ་དཔོན་གྱིས་རྟིང་མནན་ཏེ་འོང་། ལྔ་པ་བྲོ་རྡུང་ནི། སྒྲུབ་ཁང་གི་སྒོ་དྲུང་དུ་གཏོར་གཞོང་བཤལ་བའི་ཕུད་ཀྱིས་བརྟན་མ་བསྐྱང་། ས་དེར་དམིགས་བྱ་བཀུག་གཏོར་གཞོང་ཁ་སྦུབས་པ་རི་རབ་ཏུ་གྱུར་པས་ཕྱིར་འབྲངས་དམ་སྲི་མནན་པར་བསམས་ཏེ་མནན་པའི་སྤྱང་མོ་བཟླ་ཞིང་། ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཀུན་ཀྱང་འཇམ་དཔལ་གཤིན་རྗེའི་གཤེད། ཁྲོ་བོ་འདུས་པས་ནམ་མཁའ་གང་། ཁྲོ་མོ་འདུས་པས་ས་གཞི་གང་། ཁྲོ་ཆུང་འདུས་པས་བར་སྣང་གང་། །ཐམས་ཅད་འདུས་པའི་ངང་ཉིད་ལས། །ཡེ་ཤེས་ཆེན་པོའི་བྲོ་བརྡུངས་པས། །དགྲ་བགེགས་དམ་སྲི་ཐལ་བར་བརླག །ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་དགྲ་བགེགས་དམ་སྲི་སཏྭམྦྷ་ཡ་ནན། ཞེས་བྲོ་བརྡུང་བྱ། དྲུག་པ་རྗེས་ཆོག་ནི། ནང་དུ་ལོག་ནས་མཆོད་པ་རྣམས་ཁ་གསོ། ཚེ་འགུགས་ཤིང་དངོས་གྲུབ་བླང་། གཏང་རག་གི་མཆོད་བསྟོད་དང་བཟོད་གསོལ་བྱ། ཡེ་ཤེས་པའི་རྟེན་ཡོད་པ་རྣམས་ལ་བརྟན་བཞུགས་དང་། རྟེན་མེད་པ་རྣམས་གཤེགས། དམ་ཚིག་པ་བསྡུས་ནས། རྡུལ་ཚོན་རྣམས་ཨ་ཀཱ་རོས་བསྡུ་ཞིང་། སྨོན་ལམ་ཤིས་བརྗོད་ཀྱིས་མཐའ་བསྐྱང་བར་བྱའོ། །དེ་དག་ནི་དོན་གྱི་སྙིང་པོ་ཚང་ཞིང་གནས་སྐབས་ལག་ལེན་ལ་འཇུག་པ་བདེ་བའི་དབང་དུ་བྱས་པའོ། །ཡང་ཅུང་ཟད་རྒྱས་པ་ལ་མོས་ན་བཅའ་གཞིའི་སྐབས་སུ་དཀྱིལ་འཁོར་ལུགས་གཉིས་གང་ལྟར་བྲི་ཡང་སྒོ་རྫོགས་བྱེད་ཅིང་། རྩ་བར། ཞིང་ཆེན་གདན་ནམ་མཎྜལ་དབུས། །ཞེས་པ་ཞིང་ལྤགས་ལ་ངོས་བཟུང་ནས་ཚོམ་བུ་དགོད་པ་དང་། ཡང་མ་ཏྲཾ་གི་དབང་དུ་བྱས་ནས་དེའི་ལྟོ་བར་དཀྱིལ་འཁོར་བྲིས་ཏེ་ཚོམ་བུ་དགོད་པའི་ལུགས་གཉིས་ཀྱི་ཕྱི་མ་ལ་ལག་ལེན་དུ་མཛད་མོད། གདན་ནམ་ཞེས་ནམ་སྒྲས་འདམ་ཁར་མཚོན་པའི་ཕྱིར། བམ་དངོས་སམ་འདྲ་འབག་བྱས་པའི་ལུས་ལ་ལྷ་དང་མཚུངས་ལྡན་གྱི་ཚོམ་བུ་བཀོད་པ་ཡང་མཚོན་ཏེ། འདི་ཡི་དཀྱིལ་འཁོར་གྱི་ནང་ཚན་གཅིག་ཡིན་ཞིང་། མ་མོ་དང་ཤ་ཟ་རྣམས་ཀྱི་དམ་རྫས་མཆོག་དང་དྲག་པོའི་ལས་ལ་འབྲེལ་པར་ཡང་མངོན་ནོ། །ཟོར་གྱི་སྐབས་སུ་ཀོང་ཟོར་ཡོན་བདག་གི་ལོ་གྲངས་སམ། ཡང་ན་བརྒྱད་དུ་བྱས་པ་ཕྱོགས་མཚམས་སུ་བཀོད་པའི་བར་རྣམས་སུ་ཀོང་བུ་གྲུ་གསུམ་ཁྲག་བྱུགས་པ་དང་དམར་གཏོར་གྲུ་གསུམ་སྤེལ་མར་བཀོད་པ་ལོ་གྲངས་ཀྱིས་ཀྱང་ཆོག །རྡོ་ཟོར་ནི་མི་བསད་དམ་རྦབ་རྡོའམ་དུར་ཁྲོད་ཀྱི་རྡོ་དུག་ཁྲག་གིས་བྷྱོ་ཟློག་རྦད་བྲིས་པ་དང་། ཚོན་སྐུད་སྣ་ལྔའི་བསྒུལ་ཐོག་མི་ལྤགས་ཀྱི་མཐིལ་དང་ཡུགས་སའི་སྐྲ་འཇག་ཅན། སྐྱེར་མདའ་འུག་སྒྲོ་མ་གྲི་ལྕགས་ཀྱི་མདེའུ་དུག་ཁྲག་ཉུག་པ་གཞུ་དང་བཅས་པ། སྤྱིར་ཐུན་སྣོད་རྒོད་རུ་དང་ཟོར་ཐོད་རབས་ཐོད་དུ་གསུངས་པའི་སྐབས་ཡོད་ཀྱང་། རུས་སྦལ་སྙིང་གཟེར་ལས་རྭ་རྩེ་ལས་པྲ་བརྟག་པར་བཤད་པས་རྭ་ཟོར་དུ་མཛད་པ་བཞིན་མི་རྟ་ཁྱི་གསུམ་བསད་པའི་གཡག་རྒོད་ཀྱི་རྭ་གཡས་པའི་ཕྱིར་ཁྲོ་བོའི་མིག །རྩེར་མེ་རི་བྲིས་པ་དང་། ཕྱེ་གསུམ་འབྲུ་གསུམ་གྱི་སྐམ་ཐུན། མི་རྟ་ཁྱི་ཕག་གི་ཁྲག་ཐུན། གུ་གུལ། ཤ་ཆེན་ཚིལ་ཆེན་རྣམས་ཀྱི་བདུག་རྫས་རྣམས་ཐོད་པའི་སྣོད་དུ་བཀོད་པས་མཚོན་མཐོང་བརྒྱུད་ཀྱིས་ཤེས་པར་བྱའོ། །ཆོ་གའི་སྐབས་བསྟོད་པའི་བར་དཀྱུས་སུ་བཀོད་པ་བཞིན་དང་། དེའི་རྗེས་སུ་མཆོད་བསྟོད་གསལ་སྒྲོན་གཏོང་བའི་དབང་དུ་བྱས་ན་དེའི་གཏོར་མ་དང་ཁྲག་སྐྱེམས་བྱིན་གྱིས་བརླབ། མཆོད་བསྟོད་ཀྱི་གྱེར་ཁྱུང་བསྐུལ་ཡན་ཆད་སོང་ནས་རྭ་ཟོར་གྱི་ངར་འདོན། དེ་ནས་མཆོད་བསྟོད་ཀྱི་གྱེར་རྫོགས་པའི་རྗེས་སུ་ཆོས་སྐྱོང་གི་ཕྲིན་ལས་དང་ཚོགས་མཆོད་བམ་སྐོང་ཡན་ཆད་གཏོང་བ་ཡིན་མོད་ཀྱི། འདིར་དཀྱུས་སུ་བཀོད་པ་ལྟར་ནའང་བམ་སྐོང་གི་མཐར་རྭ་ཟོར་བྱིན་གྱིས་བརླབ་པ་བྱ་བ་ཡིན་ཏེ། རྭ་ཟོར་གུ་གུལ་གྱིས་བདུག་སྟེ་ལག་གཡས་སུ་བཟུང་། ཐུན་སྣོད་ཨེ་བྷྲཱུྃ་ཞེས་པས་དབྱིངས་ནམ་མཁའ་ལས་ཀྱི་བཙོན་ཁང་དུ་གྱུར། རྭ་རྩེ་དང་ནང་དུ་དུག་ཁྲག་གིས་བྱུགས་ཏེ། ར་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཞེས་བརྗོད། སྐམ་ཐུན་གྱིས་རློན་ཐོག་ཏུ་བྲབ་ཅིང་སྐུ་གསུང་ཐུགས་སྔགས་ཚར་གཅིག་གི་རྗེས་སུ་ནྲྀ་ཏྲི་དགྲ་བགེགས་ཀྱི་སྲོག་ལ་ཐུན་རྨུགས་བྷྱོ། བྱད་མ་གནོད་བྱེད་ཀྱི་སྲོག་ལ་ཐུམས་རི་ལི་ལི་བྷྱོ། ཞེས་བཟླ་ཞིང་ཕུས་འདེབས། རྭ་ཚད་ལྡན་མ་རྙེད་ཅིང་མི་རྟ་ཁྱི་གསུམ་གྱི་གཟུགས་བརྙན་བསྒྲལ་བའི་ངར་འདོན་ཀྱང་མ་འབྱོར་ན་གོང་གི་བསྒྲལ་ལས་ཀྱི་ཚེ་ལིདྒར་བསྣུན་ཚུལ་ཙམ་བྱས་པས་ཀྱང་དོན་འགྲུབ་སྟེ་བྱེད་ལས་མཚུངས་པས་སོ། །ཟོར་སྒོ་དབྱེ་བ་ཟོར་འཕང་གི་ནུབ་སྔ་མར་བྱེད་པའང་ལེགས་མོད་ཀྱི་དཀྱུས་སུ་བཀོད་པ་ལག་ལེན་སྤྱིའི་འགྲོས་ལྟར་བྱས་ཀྱང་དོན་ཚང་ཞིང་འཇུག་པ་བདེ་བའོ། །རྭ་ཟོར་པྲ་བརྟག་པའང་། །རུ་རྩེ་ཁ་ཤར་ཕར་བལྟས་ན། །ཕྱིར་མི་བཟློག་དང་ཕོ་རབ་གསུམ། །ཞེས་སོགས་རུས་སྦལ་སྙིང་གཟེར་ལས་གསུངས་པས་མཚོན་ནོ། །སྔར་དཀྱུས་སུ་སྨོས་པ་ནི་གསང་བདག་སྒྲོལ་མ་བའི་ཕྱག་ལེན་སྙིང་པོར་བྱས་པ་ཡིན་ལ། འོག་ཏུ་ས་ཁུངས་ཀྱི་ཆིངས་སྨོས་པ་བཞིན་ཅུང་ཟད་རྒྱས་པ་ལ་མོས་ན་སེ་སྟོན་ཆེན་པོ་དང་གསང་བདག་ཡབ་སྲས་རྗེ་ཐམས་ཅད་མཁྱེན་པ་རྣམས་ཀྱི་ཆོག་ཁྲིགས་ལས་ཀྱང་ཤེས་པར་བྱའོ། །སྤྱིར་འཇམ་དཔལ་ཚེ་བདག་ནག་པོའི་ཆོས་སྐོར་ལས། པད་གནུབས་བརྒྱུད་པའི་བཀའ་སྲོལ་ཇི་སྙེད་ཡོད་པ་རྣམས་ཀྱང་ལུགས་གསུམ་དུ་འདུག་པ་ལས། འདིར་ནི་ཤིན་ཏུ་གསང་བ་གནམ་ལྕགས་ཐོག་མེའི་སྐོར་དང་འབྲེལ་པ་ཡིན་ཏེ། སྤྱི་གཅོད་ལས། གནམ་ཐོག་ཆེན་པོའི་ལུགས་ནི། གཞལ་ཡས་ཁང་ལྷུན་གྲུབ་དང་། ལྷ་ཀོག་བཞེངས་དང་། སྔགས་ཐུག་ཕྲད་དུ་བཞེད་པའོ། །ཞེས་གསུངས་པ་བཞིན་འདིར་དཀྱིལ་འཁོར་སྒོམ་པའི་སྐབས་སུ་རྣམ་ཐར་གསུམ་ལྡན་གྱི་སྟོང་ཉིད་ཆོས་ཀྱི་དབྱིངས་ལས་མ་གཡོོས་བཞིན་དུ་ཀུན་རྫོབ་རྟེན་དང་བརྟེན་པའི་རྣམ་པ་རང་བཞིན་ལྷུན་གྲུབ་གསལ་ལ་མ་འདྲེས་པ་གཅིག་ཅར་དུ་བསྒོམ་པ་སོགས་ཁྱད་པར་དུ་མས་མཚོན་པ་ཉིད་དེ། དེས་ན་འདི་ལ་བསྐྱེད་རྫོགས་ཀྱི་རྐང་ཚུགས་པའི་གཞུང་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བར་བཞུགས་ཀྱང་། གནས་སྐབས་སྲུང་ཟློག་གི་ལས་རིམ་གཙོ་བོར་བསྟན་པའི་ཕྱིར་ཉེ་བར་མཁོ་བའི་དབང་དུ་བྱས་ཏེ་འདིར་ཡང་གཏོར་ཟློག་གི་ལག་ལེན་ཆ་ཙམ་སྨོས་པ་དང་། བཤད་མ་ཐག་པའི་ལས་རྣམས་སྒྲུབ་པ་ལ་གྲངས་ཀྱི་བསྙེན་པ་ཙམ་སོང་བས་ཀྱང་འགྲུབ་པའི་ཕྱིར་ལྷ་གཞན་ལས་ཕྲིན་ལས་མྱུར་བ་ཡང་ཡིན་ནོ། །ཕྱི་ནང་བདུད་སྡེའི་གཤེད་དུ་འཇམ་པའི་དབྱངས། །དྲག་པོར་ཁྲོས་པ་ཕྱག་རྒྱ་ཟིལ་གནོན་གྱི། །གཏོར་མའི་ལས་རིམ་སྙིང་པོ་བཀོད་པའི་མཐུས། །བདུད་ལས་རྣམ་པར་རྒྱལ་བའི་མཐུ་ཐོབ་ཤོག །ཅེས་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་གཏོར་མའི་ལས་རིམ་བདུད་དཔུང་མཐར་བྱེད་ཅེས་བྱ་བ་འདིའང་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་སྦྱར་བའི་ཡི་གེ་པ་ནི་རིགས་ཀྱི་བུ་འགྱུར་མེད་ཡིད་བཞིན་ལེགས་གྲུབ་བོ།། །།

འཇམ་དཔལ་ཚེ་བདག་ནག་པོའི་གཏོར་ཟློག་བདུད་དཔུང་མཐར་བྱེད་ཀྱི་ལག་ལེན་དམར་ཁྲིད་མཐོང་བས་གོ་འབྱེད་ (Volume 17, Text 12)

༄༅། །འཇམ་དཔལ་ཚེ་བདག་ནག་པོའི་གཏོར་ཟློག་བདུད་དཔུང་མཐར་བྱེད་ཀྱི་ལག་ལེན་དམར་ཁྲིད་མཐོང་བས་གོ་འབྱེད་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཤྲཱི་ཡ་མཱནྟ་ཀཱ་ཡ། །ཡེ་ཤེས་དབྱིངས་ལས་ཕྱག་རྒྱ་སྟོབས་ཀྱི་སྐུ །འཁོར་འདས་ཟིལ་གྱིས་གནོན་མཛད་དེར་བཏུད་ནས། །མཐོང་བས་གོ་འབྱེད་གཏོར་ཟློག་ལག་ལེན་ནི། །ཐོས་ཆུང་སྔགས་པའི་དགའ་སྟོན་འདིར་དགོད་བྱ། །དེ་ལ་བཀའ་གཏེར་ཟུང་འཇུག་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་བསྙེན་སྒྲུབ་ལས་གསུམ་གྱི་ཕྱག་བཞེས་ལ་འབྲི་བྱང་གཉིས་ཀྱི་བཀའ་སྲོལ་དུ་ཡོངས་སུ་གྲགས་པ་ལས། འདིར་ཆོས་རྒྱལ་གཏེར་བདག་གླིང་པས་སྙིང་པོའི་བཅུད་བསྡུས་ཁྱེར་བདེར་མཛད་པའི་ལས་བྱང་དང་གཏོར་ཟློག་བདུད་དཔུང་མཐར་བྱེད་ཀྱི་ཡིག་ཆ་ལ་བརྟེན་ནས་ཟློག་པའི་ལས་རིམ་ཨོ་རྒྱན་སྨིན་གྲོལ་གླིང་པའི་ཕྱག་རྒྱུན་ལྟར་བརྩམ་པ་ལ་སྤྱི་དོན་གཉིས། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་ཆོ་གའི་རིམ་པའོ། །དང་པོ་ནི། གང་དུ་བྱ་བའི་གནས་སུ་བདག་བསྐྱེད་རྫོགས་པར་བྱ་བའམ། བསྡུ་ན། ཧཱུྃ། ཨྱཻ་ཉིད་སྟོང་པ་ཆོས་འབྱུང་སྟེ། །མ་སྐྱེས་འགག་པ་མེད་པ་ལས། །རྒྱུ་རྐྱེན་སྔགས་ལས་མ་བསྐྱེད་པར། །རོལ་པ་ཆེན་པོའི་སྐུ་རུ་གསལ། །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། ཞེས་གསལ་སྣང་ང་རྒྱལ་བཟུང་ལ་ཨྱཻ་རིང་ཅུང་ཟད་བཟླ། གཞི་བགེགས་ཀྱི་གཏོར་མ་འོག་ནས་འབྱུང་བ་བཞིན་བསྔོ། རྡོ་རྗེ་དང་བཅས་པའི་ལག་གཡས་ས་ལ་བཞག་སྟེ། ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་སོགས་བཟླས་པ་ཀུན་རྫོབ་ཀྱི་སྦྱང་བ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དུ་མོས་པ་དོན་དམ་པའི་སྦྱང་བས་ཡོངས་སུ་དག་པར་བྱས་པའི་གཞི་དེར་ལས་སྔགས་བཟླ་བཞིན་པས་དུག་ཁྲག་གིས་ཆག་ཆག་གདབ། དེ་ནས་ཐིག་སྐུད་མཚན་ཉིད་ལྡན་པ་དང་། ཚོན་སྣ་ལྔ་མདོག་རིགས་བསྡེབས་པ་མཆོད་པ་དང་བཅས་པ་འདུ་བྱས་ལ། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཐིག་ཚོན་རྣམས་ཧཱུྃ་ཡིག་ལས་བྱུང་བའི་རིགས་ལྔའི་གཤིན་རྗེའི་གཤེད་ཡུམ་དང་བཅས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ཧཱུྃ་གི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མཆོད། བཅོམ་ལྡན་ཁྲོ་བོའི་རྒྱལ་པོ་ནི། །སངས་རྒྱས་ཀུན་གྱི་འཁོར་ལོས་སྒྱུར། །གདུལ་དཀའ་མ་ལུས་འདུལ་བ་པོ། ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། དེ་རྣམས་འོད་དུ་ཞུ་བ་ཐིག་ཚོན་སོ་སོ་ལ་ཐིམ་པས། རྡུལ་ཚོན་རིན་པོ་ཆེའི་རྡུལ་ཕྲ་རབ་ཏུ་བསམ་ལ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཞེས་བརྗོད། ཐིག་སྐུད། ཨོཾ་ཨ་ནྱོ་ནྱ་ཨ་ནུ་ག་ཏེ༔ སརྦ་དྷརྨཿསྤ་ར་ཨ་ནུ་པྲ་བིཥྚཿསརྦ་དྷརྨཿ ཨ་དྱནྟ་ཨ་ནུ་པྲ་བིཥྚཿ སརྦ་དྷརྨཱཿ ཨོཾ་ཨཱཿཧཱུྃ། ཞེས་བཟླ་བཞིན་གཅིག་ཏུ་དྲིལ་བ་ལས་ཀྱི་རྡོ་རྗེར་ཛཿཛཿཞེས་གཏད་ལ་སློབ་དཔོན་ནུབ་སློབ་མ་ཤར་དུ་གནས་པས། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུྃ། ཞེས་བརྗོད་ཅིང་ཐིག་བསྐོར་དང་བཅས་པས་མཁའ་ལ་གདབ་ཅིང་སྤྱོད་ལམ་མ་ནོར་བར་བྱེད། ལས་ཐིག་དཀར་ཆལ་གྱིས་སྦགས་པའི་སྲད་བུས་ཚངས་ཟུར་གྱི་ཐིག་རྣམས་ལེགས་པར་བཏབ་པའི་ལྟེ་བ་ནས་ཟླུམ་པོར་བསྐོར་བའི་དབུས་སུ་ཆོས་འབྱུང་ཟུར་བསྟན་ཟླ་གམ་གསུམ་ལྡན། དེའི་ཕྱིར་ལྟེ་བའི་བརྒྱད་ཆ་དང་། དེ་ནས་ཕྱེད་ཆ་ཡོད་པ་གསུམ། དེ་ནས་བརྒྱད་ཆ། བཞི་ཆ། བརྒྱད་ཆ། ཕྱེད་ཆ་སྟེ་ཟླུམ་སྐོར་བརྒྱད་ཀྱི་དང་པོར་ཐོད་ར། གཉིས་པར་ཐོད་མཁར་བཞི། གསུམ་པར་རྩིབས་བརྒྱད། བཞི་པར་ལྕགས་མཁར་བཅུ་གཉིས།་་་་འདི་ཉིད་རྩིབས་སྟབས་སུ་བྱས་ན་ལག་ལེན་བདེ་ཞིང་སྒོམ་དོན་དང་མི་འགལ་གསུང་། སྤྱི་ལྟར་ན་ཟུར་གསུམ་རྩེ་མོ་ནང་བསྟན་དུ་མཛད་མོད། དེ་ལྟར་ན་གནས་ཀྱང་ལྟོ་བའི་བཞི་ཆས་ཆོག་པ་ཡིན། ལྔ་པ་མུ་ཁྱུད། དྲུག་པར་འོབས་ཁུང་བཅུ་དྲུག །བདུན་པར་རྡོར་རྭ། བརྒྱད་པ་མེ་རིའི་གནས་ཡིན་པས་དེ་དག་སོ་སོ་དང་། དེའི་ཕྱི་རུ་ཞིང་གི་ཁོག་པ་མགོ་བོ་མདུན་བསྟན་དུ་བྲི། ཚོན་བྱེད་ཚུལ། གྲུ་གསུམ་མཐིང་ནག །ཟླ་གམ་གསུམ་ཁྲག་མཚོ། ཐོད་ར་རྣམས་དཀར་པོ། ཐོད་མཁར་ནང་ཁྱམས་དམར་པོའམ་ལྗང་གུ །འཁོར་ལོ་སྔོན་པོ་རྩིབས་མཆན་ལྗང་གུ །ལྕགས་མཁར་སྔོ་ནག་གཞི་དམར། མུ་ཁྱུད་ལྗང་། འོབས་ཁུང་གཞི་ནག་སྟེང་གྲུ་གསུམ་དམར་ནག་གམ། ཡང་ན་གཞི་དམར་པོ་ལ་གྲུ་གསུམ་མཐིང་ནག་རྩེ་ནང་དུ་བསྟན་པ། རྡོར་རྭ་གཞི་ནག་པོ་ལ་རྡོ་རྗེ་སེར་པོ། མེ་དམར་སེར་རམ་ཁ་དོག་སྣ་ཚོགས། མ་ཏྲཾ་སྔོ་སྐྱ་ཁྲོ་ཉམས་ཅན་དུ་བྲིས་ལ། འབྲུ་ནག་ཁྲག་གིས་སྦགས་པའི་ཚོམ་བུ་ལྷ་གནས་སུ་བཞུགས་ཚུལ་དང་མཐུན་པར་དགོད་པ་ནི་རྒྱུན་གྱི་ལག་ལེན་ཡིན་ལ། འགྲུབ་ཏུ་རུང་ན་དཀྱིལ་འཁོར་ཀྱང་སྒོ་རྫོགས་ཅན་བྱེད། དཀྱིལ་འཁོར་གྱི་དབུས་སུ་ལྕགས་སྣོད་དུ་འབྲུ་ནག་རྗེན་འཐག་ཁྲག་གིས་སྦྲུས་པའི་ཟློག་གཏོར་ཟུར་གསུམ་སྲིན་ཞལ་ཅན་ལ། འཁོར་དམར་གཏོར་ཟུར་གསུམ་གཙོ་བོའི་ཕྱེད་ཆར་སླེབ་པ་ལྔ་དང་ཁྲག་ཀོང་བཅད་ཁ་ཕྱིར་བསྟན་པའི་མཐེབ་སྐྱུས་བསྐོར་ཅིང་ཁྲག་གིས་བྱུག་པ་ལ། ཁྲམ་བྱང་མཚེ་ཡུངས་རྩང་དམར་རྒྱུ་རློན་སོགས་ཀྱིས་བརྒྱན་པའི་རྩེར་ལྷ་ཙཀ་དང་གཏོར་གདུགས་མཐིང་ནག་བཙུགས་པ་མཉྫི་ལ་བཞག །རྡོར་རའི་སྟེང་དུ་ཟོར་རྫས་རྣམས་བཀོད། དེ་ལ་ཀོང་ཟོར་ནི། ཕུང་ས་གསུམ་གྱི་ཀོང་བུ་གྲུ་གསུམ་རྒྱ་དཔང་སོར་བཞི་ལ་ཕྱི་རོ་སོལ་དང་ནང་དུག་ཁྲག་གིས་བྱུགས་པའི་ལོགས་གསུམ་དུ་དུག་ཁྲག་གིས་བྷྱོ་ཟློག་རྦད་ཅེས་བྲིས་པར། ཁྲག་གཏོར་གྲུ་གསུམ། མདའ། ཕང་། རྩང་། མཚེ། ཡུངས། དཔལ་འབར། རྒྱ་སྤོས། གུ་གུལ། རབས་ཆད་ཁང་པའི་དུད་པ། ཕབས་རྩི། ཆང་ཉེས་སྦང་མ། རམ་གྱི་ཕྱེ་མ། ཡུགས་སའི་ཕང་། རྟ་དམར་ཚིལ་བུ། ཤ་ཁྲག་སྣ་ཚོགས། དུག་སྣ་ཚོག་ཚད་བླུགས་ཅིང་སྐེད་པ་ཚོན་སྐུད་ཀྱིས་དཀྲིས་པ་བརྒྱད་ཕྱོགས་མཚམས་བརྒྱད་དུ་བཀོད། དེ་དག་གི་བར་རྣམས་སུ་དམར་གཏོར་དང་། ཁྲག་ཀོང་གྲུ་གསུམ་ཡོན་བདག་གི་ལོ་གྲངས་སྤེལ་མའམ་ཉིས་རིམ་དུ་བཀོད། རྡོ་ཟོར་ནི། མི་བསད་རྦབ་རྡོའམ་དུར་ཁྲོད་ཀྱི་རྡོ་ལ་བྷྱོ་ཟློག་རྦད་བྲིས་པ་བཞི། ཚོན་སྐུད་སྣ་ལྔའི་བསྒུལ་ཐོག་གམ་འུར་རྡོ་མི་ལྤགས་ཀྱི་མཐིལ་དང་ཡུགས་སྐྲའི་འཇག་རྩེ་ཅན། སྐྱེར་མདའ་འུག་སྒྲོ་མ་གྲི་ལྕགས་ཀྱི་མདེའུ་དུག་ཁྲག་བྱུགས་པ་བཞི་གཞུ་དང་བཅས་པ། མི་རྟ་ཁྱི་གསུམ་བསད་པའི་གཡག་རྒོད་ཀྱི་རྭ་གཡས་པའི་ཕྱིར་ཁྲོ་བོའི་མིག་དང་། རྩེར་མེ་རི་བྲིས་པ་དང་། ལྕགས་ཕྱེ། ཟངས་ཕྱེ། རྡོ་ཕྱེ་གསུམ། ཀེ་ཚེ། ཤང་ཚེ་བྱུ་ཚེ་བཅས་ཡུངས་ཀར་དང་བསྲེས་པའི་སྐམ་ཐུན། མི་རྟ་ཁྱི་ཕག་རྣམས་ཀྱི་ཁྲག་གི་རློན་ཐུན། གུ་གུལ་ཤ་ཆེན་ཚིལ་ཆེན་བཅས་པའི་བདུག་རྫས་རྣམས་ཐོད་ཚལ་གསུམ་དུ་སོ་སོར་བཤམ། ཕུང་རེ་དང་ཚོན་སྐུད་ཀྱང་འདུ་བྱ། དཀྱིལ་འཁོར་གྱི་ཕྱོགས་བཞིའི་ཤར་དུ་མཆོད་གཏོར་དམར་པོ་ལྟེ་བར་ཁྲམ་རིས་ཅན་འཁོར་རང་འདྲ་ལྔ་དང་ལྷ་གྲངས་དང་མཉམ་པའི་མཐེབ་སྐྱུ་ཅན། ལྷོར་བཤགས་གཏོར་དཀར་པོ་ཟླུམ་པོ་འཁོར་བཞི་པ། ནུབ་ཏུ་སྐོང་གཏོར་དཔལ་གཏོར་དམར་པོ་འཁོར་བཞི་པ། བྱང་དུ་ཟློག་གཏོར་གྲུ་གསུམ་འཁོར་བཞི་པ་རྣམས་བཤམ། ཡང་ན་བཤགས་སྐོང་གཉིས་ལ་དཔལ་གཏོར་དམར་པོ་ལྷ་གྲངས་དང་མཉམ་པའི་མཐེབ་སྐྱུ་ཅན་གྱིས་ཀྱང་ཆོག་པར་བཞེད། ཟློག་གཏོར་ཀྱང་དྲེགས་འཇོམས་ལྟར་ནུབ་རེའི་ཐུན་གཏོར་བྱང་དུ་བཤམས་པ་ཡིན། བྱང་ཤར་དུ་མཚམས་འཛིན་གྱི་མེ་ཏོག་ནས་བརྩམ་སྟེ་གཡས་སྐོར་དུ་རིམ་བཞིན་ཁྲག་གི་ཨརྒྷཾ། དུག་ཆུའི་ཞབས་བསིལ། དབང་པོ་ལྔའི་མེ་ཏོག །ཚིལ་ཆེན་བྱུགས་པའི་སྤོས་རེང་། ཚིལ་ཞུན་མར་ནག་གི་སྣང་གསལ། མཁྲིས་པའི་དྲི་ཆབ། ཤ་ཁྲག་རུས་པས་བརྒྱན་པའི་དྲག་པོའི་ཞལ་ཟས་དམར་ནག་རྣམས་ཕྱོགས་མཚམས་བརྒྱད་དུ་བཀོད། དཀྱིལ་འཁོར་གྱི་མདུན་དུ་ཤ་ཆེན་བདུད་རྩི་ཆོས་སྨན་ཀ་ར་བུ་རམ་རྣམས་བསྲེས་པའི་ཟན་ལ་བམ་གཟུགས་རྐང་ལག་བསྣོལ་མ་ལག་གཡས་གཡོན་དུ་སྨན་རཀ་དང་། སྤྱི་བོར་གཏོར་མ་བཞག་པ་ཀ་པཱ་ལའི་སྣོད་དུ་བཤམས་པའི་མཐའ་སྐོར་དུ་མདངས་སྐོང་གི་རྫས་སྲོག་ཆགས་ཀྱི་གཟུགས་བརྙན་ཚིལ་ཆེན་གྱི་མར་མེ་དང་བཅས་པ་བཀོད་པ་མཉྫིའི་ཁར་བཞག །དེའི་འོག་ཏུ་ཐོད་པའི་ནང་དུ་རབས་ཆད་ནག་པོ་རྟ་ནག་གཡག་ནག་གསུམ་གྱི་ཙིཏྟ་རང་པོ་འམ། མ་འབྱོར་ན་ཚལ་བུ་བསྲེས་པའི་སྙིང་གཟུགས་གསུམ་དར་ནག་གིས་བཀབ་པ་བཞག །བམ་གྱི་གཡས་གཡོན་དུ་མཆོད་བསྟོད་གསལ་སྒྲོན་གྱི་གཏོར་མ་རྩ་བ་ཟན་ལེབ་གྲུ་བཞི། རྩེ་མོ་གྲུ་གསུམ་གྱི་ལོག་གསུམ་ལ་མཐེབ་སྐྱུ་སྦྱར་བ་ཤ་ཁྲག་གིས་བརྒྱན་པ་དང་ཁྲག་སྐྱེམས་བཤམ། གཡས་གཡོན་ཕྱོགས་གང་བདེར་གསེར་སྐྱེམས་དང་། བྲུབ་ཁུང་གི་ལིངྒ། ཐུན་རྫས་སྐམ་རློན། ཕུར་བུ། སྒྲོལ་གྲི་སོགས་ཀྱང་བཤམ། དཀྱིལ་འཁོར་གྱི་རྒྱབ་བམ་ཕྱོགས་གང་བདེ་བར་དམ་ཚིག་གི་བྲིས་སྐུ་བཀྲམ་པའི་མདུན་དུ་སྟེགས་བུ་ཁེབས་ལྡན་བང་རིམ་གསུམ་པའི། བསྟར་དང་པོའི་དབུས་སུ་ཚེ་བདག་གི་སྒྲུབ་གཏོར་འཇམ་དཔལ་ཞལ་གཟིགས་མར་གྲགས་པ་ནི། ཐོད་པའི་སྣོད་དུ་ལྕགས་མཁར་གྲུ་གསུམ་བསྣོལ་མའི་སྟེང་དུ་བཤོས་བུ་ཟུར་གསུམ་བྲ་གཟུགས་ཁོང་སེང་དམར་ནག་ཅན། འཁོར་ལྔ་པ་ཤ་ཁྲག་སྙིང་སྣས་བརྒྱན་པ། གཡས་སུ་ཡི་དམ་གཞན་ཡོད་ན་དང་། བླ་མའི་གཏོར་མ། གཡོན་དུ་ཕྱག་བཞི་དང་མ་ནིང་གི་གཏོར་མ། བསྟར་གཉིས་པར་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཀྱི་གཏོར་མ་ཅི་ལྟར་རིགས་པ་བཀོད། བསྟར་གསུམ་པའི་དབུས་སུ་ནུབ་ཐ་མར་འབུལ་རྒྱུའི་ཆད་ཐོའི་གཏོར་མ་སྤྱི་འགྲེ །གཡས་སུ་རྡོ་རྗེ་རྒྱ་གྲམ་དཀར་པོའི་སྟེང་དུ་ལྷ་ཀླུ་གཉིས་ལ་གཏོར་མ་དཀར་ཟླུམ་རེའི་ཀླུ་ལ་སྦྲུལ་དཀྲིས་ཅན་ར་དཀར་འོ་མ་དང་ཀླུ་སྨན་གྱིས་བྲན་པ། གཡོན་དུ་རྡོ་རྗེ་རྒྱ་གྲམ་དམར་པོའི་སྟེང་བཙན་བཤོས་གྲུ་གསུམ་དམར་པོ་དང་བདུད་བཤོས་གྲུ་གསུམ་ནག་པོ་རྩེ་རྒྱལ་ཅན་ཤ་ཁྲག་གིས་བརྒྱན་པ། གཡས་གཡོན་གཉིས་ཀའི་རྩ་བ་ཟན་ལེབ་ཀྱིས་དཀྲིས་པ་སྟེ་གཏེར་སྲུང་མཐུ་ཆེན་སྡེ་བཞིའི་གཏོར་མ་དང་། དེའི་གཡས་སུ་གཏེར་བདག་སྤྱི་གཏོར་དང་སྨན་ཕུད། གཡོན་དུ་བརྟན་མའི་གཏོར་མ་དང་གཞི་བདག་སྤྱི་གཏོར། རཀྟ། གཞན་ཡང་ཉིན་རེ་བཞིན་འབུལ་རྒྱུའི་ཆོས་སྐྱོང་གི་རྒྱུན་གཏོར། བརྟན་མ་སོགས་ཀྱང་བཤམས་པ་དེ་དག་གི་མདུན་དུ་གཡས་གཡོན་ནས་བརྩམ་སྟེ་ཕྱི་ནང་གི་ཉེར་སྤྱོད་རྣམས་ཕྲེང་ཚར་མཇུག་སྤྲོད་དུ་བཤམས། གཞན་ཡང་ཚོགས་ཀྱི་ཡོ་བྱད། རོལ་མོའི་ཁྱད་པར་སོགས་འོག་ཏུ་དགོས་པའི་ཡོ་བྱད་རྣམས་དང་། སློབ་དཔོན་གྱི་མདུན་དུ་ཅོག་རྩེའི་ཁར་གཡོན་ནས་རིམ་བཞིན་ནང་མཆོད། དྲིལ་བུ། རྡོ་རྗེ། ཐོད་རྔ། གཡབ་དར། ནས་བཟེད་རྣམས་བཀོད། གནས་ཁང་གི་ཁོར་ཡུག་རྣམས་ཀྱང་སྤྱན་གཟིགས་ཀྱི་རྣམ་པ་དུ་མས་མཛེས་ཤིང་བརྗིད་ཆགས་པར་བྱའོ། །གཉིས་པ་དངོས་གཞི་ཆོ་གའི་རིམ་པ་ལའང་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་ལས་རིམ་མོ། །དང་པོ་ནི། ཚིག་བདུན་གསོལ་འདེབས་དང་། བརྒྱུད་འདེབས་སྔོན་དུ་འགྲོ་བས། གཞི་བགེགས་ཀྱི་གཏོར་མ་དཀར་དམར་གཉིས་བཤམས་ལ། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཕྱག་རྒྱ་བཅས་ལན་གསུམ་གྱིས་བརླབ། ཨོཾ་བཛྲ་ཨཱ་ཀརྵ་ཡ་ཛཿས་གཏོར་མགྲོན་རྣམས་བཀུག་ལ། སྡྱཱ་ན་པ་ཏི་ཀྵེ་ཏྲ་པཱ་ལཉྩ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ནས། ག་ག་ན་ཁཾ་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་རྒྱ་བཅས་ལན་གསུམ་གྱིས་བསྔོས་ལ། གཏོར་མ་དང་པོ་ལ། མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་ཕྱོགས་སྐྱོང་སྡེ་བརྒྱད་ཡུལ་ལྷ་གཞི་བདག་གི་ཚོགས་དང་བཅས་པ་རྣམས་ལ་འབུལ་ལོ། །འཇམ་དཔལ་གཤིན་རྗེའི་གཤེད་བསྙེན་ཅིང་སྒྲུབ་པའི་འགལ་རྐྱེན་སོལ། མཐུན་རྐྱེན་སྒྲུབས་ཤིག །གཉིས་པ། བགེགས་ཚོགས་ལོག་འདྲེན་གདུག་པ་ཅན་བསྙེན་སྒྲུབ་ལས་གསུམ་མཐོང་ཐོས་མི་བཟོད་པ་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཞེས་གཏོར་མ་ཕྱི་རོལ་དུ་དོར། དེ་ནས་སྐྱབས་སེམས་ནི། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཤེས་རབ་སྙིང་རྗེ་དང་ལྡན་པའི། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་དྲུང་དུ་གནས་བཅས་ནས། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །ལན་གསུམ་བརྗོད། དེ་ནས་ལས་བྱང་གི་ཚོགས་གསག་བྱས་རྗེས། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཀྱིས་ཚད་མེད་བཞི་བསྒོམ། དེ་ནས་མཚམས་གཅོད་ནས་བཟུང་དམ་བཅའི་བར་ལས་བྱང་བཞིན་དང་། དེ་ནས་བྱིན་དབབ་པ་ནི། སྤོས་རོལ་གཡབ་དར་དང་བཅས་ཏེ། ཧཱུྃ། བདེ་གཤེགས་རྒྱལ་བ་ཀུན་གྱི་བདག་ཉིད་ཆེ། །དྲག་པོ་ལས་ཀྱི་ལྷ་ཚོགས་དགོངས་སུ་གསོལ། །ཆོས་དབྱིངས་དྲག་པོ་ཨེ་ཡི་གཞལ་ཡས་ནས། །བཅོམ་ལྡན་ཕྱག་རྒྱ་ཟིལ་གནོན་ཡུམ་དང་བཅས། །རྩ་བའི་ལྷ་དྲུག་རྒྱན་ལྷ་བདག་པོ་གསུམ། །གཤེད་བཞི་མོན་བདུད་འཆི་བདག་སྒོ་སྲུང་བཅས། །དྲག་པོའི་ལས་མཛད་ཕོ་ཉ་དམ་ཅན་སོགས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱིས་བྱིན་ཕོབ་ཅིག །བདག་ཅག་སེམས་ཅན་ལས་ཀྱིས་མནར་བ་ལ། །རེ་ཞིང་དཔུང་གཉེན་གཞན་ན་མ་མཆིས་པས། །ཐུགས་རྗེ་ཆེན་པོས་འགྲོ་ལ་བརྩེར་དགོངས་ནས། །བྱིན་ཆེན་མྱུར་དུ་དབབ་པའི་དུས་ལ་བབ། །འཇམ་དཔལ་ཁྲོས་པའི་རྒྱལ་པོ་འཁོར་དང་བཅས། །སྔགས་ཚིག་བཤུགས་པའི་བརྡ་ཡིས་སྤྱན་འདྲེན་ན། །མི་དམིགས་ཆོས་ཀྱི་དབྱིངས་ནས་སྐུ་བཞེངས་ལ། །དྲག་པོའི་དཀྱིལ་འཁོར་འདི་ལ་བྱིན་ཕོབ་ཅིག །སྒྲུབ་མཆོག་རྣལ་འབྱོར་བདག་ལ་དབང་སྐུར་ཅིག །སྒྲུབ་རྫས་དམ་པ་འདི་ལ་མཐུ་སྩོལ་ཅིག །དྲག་པོའི་ཕྲིན་ལས་མཛད་པའི་དུས་ལ་བབ། །བདག་ཅག་རེ་བའི་འབྲས་བུ་མཆིས་པར་མཛོད། །ཅེས་དང་། ལས་བྱང་གི། ཧཱུྃ། རྟོག་མེད་སྤྲོས་བྲལ་སོགས་ནས་མཆོད་པ་བྱིན་རླབས་བར་དཀྱུས་བཞིན་བྱ་སྟེ་དེ་དག་ནི་སྔོན་དུ་འགྲོ་བའོ། །གཉིས་པ་དངོས་གཞི་ལ། རྣལ་འབྱོར་སྒྲུབ་པ་དང་། ལས་ཀྱི་སྦྱོར་བ་གཉིས་ལས། དང་པོ་ནི། བདག་མདུན་དབྱེར་མེད་དུ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ནས་བཟུང་སྨན་མཆོད་ཀྱི་བར་ལས་བྱང་བཞིན་ལ། སྨན་མཆོད་ཀྱི་མཇུག་ཏུ་འདི་ལྟར་སྦྱར་ཏེ། ཀུན་བཟང་འཇམ་དཔལ་འཇམ་དཔལ་བཤེས་གཉེན་དང་། །ཨོ་རྒྱན་གཙུག་ལག་དཔལ་དགེ་བལ་པོའི་རྒྱལ། །གནུབས་ཆེན་གནུབས་ཀྱི་རིགས་བྱོན་དྲུག་རྣམས་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཁྲོ་འབར་དར་རྒྱས་ཡང་དག་རྡོ་རྗེ་དང་། །ཤེར་རྒྱལ་འབུམ་ལེགས་གྲོ་སྟོན་བློ་གྲོས་རྒྱལ། །ཕག་སྟོན་སྦུག་སྟོན་ཆོས་ཀྱི་རྒྱལ་མཚན་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། སྤང་སྟོན་སེ་སྟོན་སྤྱན་ཚབ་ནུབ་དགོན་པ། །བྱང་བདག་ཡབ་སྲས་ཟུར་ཆེན་རྣམ་འབྱོར་པ། །འགྱུར་མེད་རྡོ་རྗེ་རྩ་བརྒྱུད་བླ་མ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཟིལ་གནོན་རྩ་བའི་ལྷ་དང་རྒྱན་གྱི་ལྷ། །སྤྲུལ་པ་རྣམ་གསུམ་གཤེད་བཞི་མོན་བདུད་དང་། །འཆི་བདག་བཅུ་གཉིས་སྒོ་སྐྱོང་དཀྱིལ་འཁོར་ལྷར། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཞེས་དང་དེ་ནས་ལས་བྱང་གི །ཨོཾ་ཨཱཿཧཱུྃ། རྡོ་རྗེ་ལྕེ་ཡི་དམ་ཚིག་སོགས་ནས་ཐུན་མོང་མཆོད་པའི་བར་དཀྱུས་བཞིན་སོང་ནས། བཟླས་དམིགས་ཀྱི་འགོར། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ། ཅེས་ཨ་ཀྲོ་བཅུ་བདུན་པ་དམིགས་གནད་སྤྱི་ཁྱབ་ལྟར་བརྒྱ་རྩ་ཙམ་བཟླ། དེ་ནས་སོ་སོའི་དམིགས་གནད་དང་སྦྱར་ནས་སྐུ་གསུང་ཐུགས་ཨྱཻ་རིང་རྣལ་མ་རྣམས་སུམ་བརྒྱ་རེ་ཙམ་བཟླས་ལ་སྟོང་ཚིགས་ཀྱི་མཆོད་པ་ནི། ཨོཾ་ཡ་མ་རཱ་ཛ་ས་པ་རི་བཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་དང་། ལས་བྱང་གི །ཨྱཻ། ཆོས་ཉིད་སྐྱེ་བ་མེད་པ་ལས། །སོགས་ཀྱིས་བསྟོད། དེ་ནས། ཨྱཻ་ཉིད་སྟོང་པ་ཆོས་འབྱུང་སྟེ། །མ་སྐྱེས་འགག་པ་མེད་པ་ལས། །རྒྱུ་རྐྱེན་སྔགས་ལས་མ་བསྐྱེད་པར། །རོལ་པ་ཆེན་པོའི་སྐུ་རུ་གསལ། །ཞེས་པས་གསལ་བཏབ་ལ། སྐུ་ཡི་ཆ་ཐམས་ཅད་ནས་འོད་ཟེར་གནམ་ལྕགས་ཀྱི་སོ་དང་། སྤུ་གྲིའི་སོ་ལྟ་བུ་དང་། མཚོན་ཆའི་རང་བཞིན་ཅན་འཕྲོས་གནོད་བྱེད་ཐམས་ཅད་ཉལ་ཉལ་གཅོད་པར་བསམ་ལ། ཨྱཻ་རིང་གི་མཐར། དགྲ་བགེགས་མྱགས་ཐུམས་རིལ་ཏྲིག་ནན། སྦུར་ཡ་ནན། ཨེ་ཧུར་ཐུམས་ཛཿ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ། གཟིར་སྤྱང་སྦྲེལ་བ་བརྒྱ་ཙམ་དང་། ཡང་ལྷ་ཚོགས་རྣམས་ཀྱི་སྐུ་ལས་རྡོ་རྗེའི་མེ་འོད་གནམ་ལྕགས་ཞུན་མའི་ཚྭ་ཚྭ་ལྟར་འཕྲོས་པས་གནོད་བྱེད་ཐམས་ཅད་ཆོམས་ཆོམས་ཐུལ་གྱིས་བསྲེགས་པར་བསམ་ལ། སྤྲོ་ན་ཟློག་དམིགས་གཞན་ཡང་སྦྱར་ཏེ། ཨྱཻ་རིང་གི་མཐར། དགྲ་བགེགས་ཨེ་ནན་ཡཾ་ཟློག་འདྲིད་བྷྱོ། ཨེ་ཧུར་ཐུམས་ཛཿ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ། ཞེས་ཟློག་པའི་གཡུ་སྤྱང་བཏགས་པ་བརྒྱ་སྟོང་སོགས་ཅི་ནུས་བཟླས་ལ་སྟོང་ཚིག་གི་མཆོད་པ་སྔར་བཞིན་དང་། བསྟོད་བསྐུལ་ནི། མཆོད་བསྟོད་ཀྱི་གཏོར་མ་དང་། ཁྲག་སྐྱེམས་རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། ཨོཾ་ཨཱཿཧཱུྃ་གིས་གཏོར་མ་ཤ་ཁྲག་བདུད་རྩིའི་རང་བཞིན་དུ་གྱུར་པར་བསམ་ལ། ཨྱཻ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་གི །སོགས་མཆོད་བསྟོད་གསལ་སྒྲོན་གྱི་ཁྱུང་བསྐུལ་ཡན་བཏང་། དེ་ནས་སྐབས་འདིར་རྭ་ཟོར་བྱིན་རླབས་བྱ་སྟེ། རྭ་ཟོར་གུ་གུལ་གྱིས་བདུག་སྟེ་ལག་གཡས་སུ་བཟུང་། ཐུན་སྣོད། ཨེ་བྷྲཱུྃ་ཞེས་པས་དབྱིངས་ནམ་མཁའ་ལས་ཀྱི་བཙོན་ཁང་དུ་གྱུར། རྭ་རྩེ་དང་ནང་དུག་ཁྲག་གིས་བྱུགས་ཏེ། ར་རཀྟ་ཛྭ་ལ་མཎྜལ་ཧཱུྃ། ཞེས་ལན་གསུམ་བརྗོད། སྐམ་ཐུན་གྱིས་རློན་ཐོག་ཏུ་བྲབ་ཅིང་རྭ་ནང་དུ་བླུགས་ལ། ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། ཨྱཻ་མྱགས་ཡ་རྔུབས་མུག་ཤག་ཀ་དུན། ཨྱཻ་དུན་ཀ་ཡཾ། ནྲྀ་ཏྲི་དགྲ་བགེགས་ཀྱི་སྲོག་ལ་ཐུན་རྨུགས་བྷྱོ། བྱད་མ་གནོད་བྱེད་ཀྱི་སྲོག་ལ་ཐུམས་རི་ལི་ལི་བྷྱོ། ཞེས་ལན་བདུན་བཟླ་ཞིང་ཕུས་འདེབས་ལ་ནུས་ལྡན་དུ་བྱས་པའི་ཁ་ཕུང་རེས་བཅད་ནས་ཚོན་སྐུད་ཀྱིས་བཅིངས་ལ་བཞག །དེ་ནས་མཆོད་བསྟོད་ཀྱི་འཕྲོ་ཡི་བསྟོད་བསྐུལ་ཡོངས་རྫོགས་བཏང་། དེ་ནས་ཆོས་སྐྱོང་རྣམས་ཀྱི་ཕྲིན་ལས་བསྟོད་པ་ཡན་དང་། རྗེས་འབྲང་རྣམས་ཇི་ལྟར་འོས་པ་བྱ། གཏེར་སྲུང་མཐུ་ཆེན་སྡེ་བཞིའི་གསོལ་ཀ་དང་། གཏེར་བདག་སྤྱི་གཏོར་ནས་སྐོང་བཤགས་ཕྲིན་བཅོལ་བར་གཏང་། དེ་ནས་ལས་བྱང་གི་ཚོགས་རྫས་བྱིན་རླབས་ནས་བཟུང་བར་པ་ཡན་དཀྱུས་བཞིན་བྱ། གཉིས་པ་ལས་ཀྱི་སྦྱོར་བ་ལ། བསད་པ་དང་ཟློག་པ་གཉིས་ཀྱི། དང་པོ་ནི། ཁྲག་སྐྱེམས། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་ཞེས་པས་བྱིན་གྱིས་བརླབས་ལ་གཏོར་མར་བྲན་ཏེ། ཨྱཻ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་གི །སོགས་ཀྱིས་བསྐུལ་བ་གཏང་། དེ་ནས་གསེར་སྐྱེམས་ནི། ཧཱུྃ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་། །བདེ་གཤེགས་ཀུན་འདུས་ཞི་ཁྲོ་རབ་འབྱམས་ལྷ། ཁྱད་པར་འཇམ་དཔལ་གཤིན་རྗེའི་ལྷ་ཚོགས་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །ལས་གཤིན་འཆི་བདག་མ་མགོན་ལྕམ་དྲལ་སོགས། །དྲེགས་པའི་སྡེ་དཔོན་སུམ་ཅུ་ཡབ་ཡུམ་སྲས། །བཀའ་ཉན་བྲན་གཡོག་མངག་གཞུག་བཅས་པ་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང་། །ས་ཕྱོགས་འདི་ཡི་ཡུལ་གཞིས་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་པའི་ལྷས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །དེ་ནས་གཟུ་དཔང་ནི། ཧཱུྃ། དཀྱིལ་འཁོར་ཀུན་བདག་མཆོག་གསུམ་བླ་མ་དང༔ ཡི་དམ་ཞི་ཁྲོ་རབ་འབྱམས་མཁའ་འགྲོའི་ཚོགས༔ ཁྱད་པར་བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད༔ འཁོར་བཅས་བདག་ལ་དགོངས་ཤིང་གསན་དུ་གསོལ༔ སྣང་སྲིད་གདོད་ནས་ཆོས་སྐུར་རོ་གཅིག་ལ༔ མ་རྟོགས་སྒྲིབ་བསལ་འགྲོ་ཀུན་བསྒྲལ་སེམས་ཀྱང༔ དམ་ཉམས་དགྲ་བོས་བྱེད་དུ་མ་སྟེར་རོ༔ རྩ་བརྒྱུད་བླ་མས་གཟུ་དང་དཔང་མཛོད་ཅིག༔ སྨིན་གྲོལ་ལམ་ཞུགས་བསྐྱེད་རྫོགས་ཟབ་མོའི་དོན༔ ཚུལ་བཞིན་ཉམས་བླངས་དངོས་གྲུབ་བླང་སེམས་ཀྱང༔ དམ་ཉམས་དགྲ་བོས་བྱེད་དུ་མ་སྟེར་རོ༔ ཡི་དམ་ལྷ་ཚོགས་གཟུ་དང་དཔང་མཛོད་ཅིག༔ བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ འགྲོ་ལ་ཕན་བདེའི་དགའ་སྟོན་སྤེལ་སེམས་ཀྱང༔ དམ་ཉམས་དགྲ་བོས་བྱེད་དུ་མ་སྟེར་རོ༔ དཔའ་བོ་མཁའ་འགྲོས་གཟུ་དང་དཔང་མཛོད་ཅིག༔ ཚེ་འདི་བློས་བཏང་དབེན་པའི་གནས་རྣམས་སུ༔ བདེ་ཆེན་བྱང་ཆུབ་སྒྲུབ་པར་སེམས་ན་ཡང༔ དམ་ཉམས་དགྲ་བོས་བྱེད་དུ་མ་སྟེར་རོ༔ དམ་ཅན་ཆོས་སྐྱོང་གཟུ་དང་དཔང་མཛོད་ཅིག༔ མ་ཉེས་མ་ལེན་ཡེ་ཤེས་ལྷ་ཡི་ཚོགས༔ སྡིག་ཅན་ལས་ངན་བསྟན་པའི་སྤྱི་དགྲ་འདིས༔ སངས་རྒྱས་བསྟན་བཤིགས་དཀོན་མཆོག་དབུ་འཕང་དམད༔ བླ་མའི་ཐུགས་དཀྲུགས་དགེ་འདུན་སྡེ་ལ་བརྙས༔ ཁྱད་པར་རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ རི་ལྟར་བརྗིད་ཅིང་རྩང་ལྟར་འཛུགས་པ་དང༔ མདུན་ནས་སྒུག་ཅིང་རྒྱབ་འདེད་ཟུར་ནས་གསོད༔ ལུས་ཀྱིས་རྡུང་རྡེག་དཀོར་རྫས་རྐུ་ཞིང་འཕྲོག༔ ངག་གི་ཡ་གས་གཞན་གྱི་ནུས་མཐུ་བསྒུལ༔ ཡིད་ཀྱིས་བསམ་ངན་དུག་ལྟར་གཡོ་བྱེད་པས༔ སྔ་དགྲ་ལག་བདར་ཕྱི་དགྲ་ཡིད་སེམས་དང༔ ད་དགྲ་བདོ་བའི་དགྲ་བགེགས་གར་གནས་ཀྱང༔ གཤིན་རྗེ་གཤེད་པོའི་བཀའ་ཉན་འཁོར་བཅས་ཀྱིས༔ སྐད་ཅིག་འདིར་ཁུག་མངོན་སྤྱོད་ལས་མཛོད་ཅིག༔ དེ་ནས་ཨྱཻ་རིང་ཚར་གཅིག་བརྗོད་པས་སྤྲུལ་པ་སྤྲོས་ནས། བྲུབ་ཁུང་དང་དམིགས་བྱ་སྐྱེད་འགུག་ནི། སྟོང་པའི་ངང་ལས་ལྕགས་བསྲེགས་ཀྱི་ཁང་སྒྲོམ་གྲུ་གསུམ་བང་རིམ་དགུ་པ། ཁ་ཁྱེར་དོག་ཅིང་གཏིང་ཟབ་པ། འོག་ན་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ། ལོགས་ལ་ཞེ་སྡང་གི་མེ་རླུང་འཚུབས་པ། སྟེང་ན་གཏི་མུག་གི་མུན་པ་གཏིབས་པ། མཚོན་ཆའི་ཆར་འབེབས་ཤིང་ནད་དང་དུག་གི་རླངས་པ་འཕྱོ་བ། ཐན་དང་ལྟས་ངན་གྱི་ཆོ་འཕྲུལ་སྣ་ཚོགས་མི་བཟད་པ་འཁྲུགས་པ། ལས་བྱེད་གཤིན་རྗེའི་དམག་ཚོགས་སེང་གེ་ལྟར་རྔམས་པ། སྟག་ལྟར་འཕྱོ་བ། སྲིན་པོ་ལྟར་ཁྲོས་པ། ཤ་ཟ་ལྟར་རྒྱུག་པ། རྒྱོབ་རྒྱོབ་དང་སོད་སོད་ཀྱི་སྒྲ་འབྲུག་ལྟར་སྒྲོག་པས་གང་བ། སྲིད་པ་ལས་ཀྱི་བཙོན་ཁང་དྲག་པོ། དེའི་ནང་དུ་ནྲྀ་དུད་ཁ་ཡོངས་སུ་གྱུར་པ་ལས་དགྲ་བོ་དེ་ཉིད་ལུས་གཅེར་བུ་རིད་པ། མདོག་ནག་ཅིང་དྲན་པ་ཉམས་པ། མྱ་ངན་གྱི་ཕྱག་རྒྱ་ཅན་བུ་ག་དགུ་ནས་རྣག་ཁྲག་འཛག་པ། གནོད་བྱེད་ཐམས་ཅད་འདུས་པའི་ངོ་བོར་གྱུར། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་བཅོམ་ལྡན་འདས་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བདར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུག་པའི་གཟུགས་ཅན་སྡང་བའི་དགྲ་དང་། གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང་སྐད་ཅིག་ཡུད་ཙམ་གྱིས་དམིགས་པའི་རྟེན་འདི་ལ་ཁུག་ཅིག །ཨྱཻ་རིང་གི་ཤམ་བུར། ནྲྀ་ཛཿཏྲི་ཛཿ ཛཿཧཱུྃ་བཾ་ཧོཿ པྲ་བེ་ཤ་ཡ་ཕཊ། ཨཱ་བེ་ཤ་ཡ་ཨཱཿ ཞེས་དགུག་གཞུག་ནན་ཏན་དུ་ཡིད་ཆེས་པར་བྱ་ཞིང་། ཕོ་ཉ་སྤྲོ་བ་ནི། ཨྱཻ། དྲག་པོ་ཨེ་ཡི་གཞལ་ཡས་ནས། །སོགས་གཏོར་ཟློག་གི་དཀྱུས་བཞིན་གྱི་མཇུག་ཏུ། ཨྱཻ་མྱགས་ཡ་རྔུབས་མུག་ཤག་ཀ་དུན་དགྲ་བོའི་བླ་ཤ་རེ་མ་ཏི་འགྲིཾ་འགྲིཾ་ཤ་མ་རུ་ཏི་ཐུལ་ཐུལ། མྱོག་མྱོག །ཡེད་ཡེད། ཤ་མ་རུ་ཏི་ཁུག་ཁུག །ལིང་མྱོག་ལིང་ཤག །ལིང་ཐུམས། ཙ་མུནྟྲི་ཛཿཧཱུྃ་བཾ་ཧོཿ ཞེས་བླ་འགུགས་ཀྱི་སྔགས་བདུན་ཙམ་བཟླ། དེ་ནས། ཨྱཻ། གྲུ་གསུམ་ཨེ་ཡི་སྣོད་ནང་དུ། །སོགས་བསྒྲལ་བསྟབ་གཏོར་ཟློག་གི་དཀྱུས་སུ་གསུངས་པ་བཞིན་བྱ། གཉིས་པ་ནི། ཧཱུྃ། དུར་ཁྲོད་ཆེན་པོ་འཇིགས་པའི་ཕོ་བྲང་ནས། །སོགས་བམ་སྐོང་གཏང་། ལས་ཀྱི་རྡོ་རྗེས་ཐབས་ཤེས་ཀྱི་རྫས་གཉིས་བསྣོལ་མར་སྟོབ་ཅིང་། ཧོཿ ལྷ་དང་བྲམ་ཟེ་གཙང་མ་ཟ། ཁྱི་ཕག་ལ་སོགས་མི་གཙང་ཟ། །དེ་དག་གྲོལ་བར་མི་འགྱུར་ཏེ། །གཉིས་འཛིན་སྤངས་ན་གྲོལ་གྱིས་རོལ། །ཞེས་ཚོགས་དྲང་། སློབ་དཔོན་གྱིས། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྡོ་རྗེ་ཐེག་པའི་གསང་བའི་རྫས། །ཐབས་ཀྱིས་སྤྱད་ན་གྲོལ་བའི་རྒྱུ། །དེ་ཕྱིར་བདག་ནི་འདོད་ཡོན་སྤྱོད། །ཨ་ལ་ལ་ཧོཿ ཞེས་པས་བླང་། འདུས་པ་གཞན་རྣམས་ལའང་བྲིམ་ཞིང་ནང་གི་སྲེག་བླུགས་ཀྱིས་ལོངས་སྤྱོད། ལྷག་མ་རྣམས་བསྡུས་ལ་དཀྱིལ་འཁོར་གྱི་ཕུད་ལྷག་དང་བཅས་ཁ་ཕྲུས་བཏབ་ཅིང་བྱིན་གྱིས་བརླབས་ནས་བསྔོ། དེ་ནས་སྔགས་ཀྱིས་དམིགས་པ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སོགས་ཀྱི་མཐར། ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་སརྦ་ཙིཏྟ་རོ་མྱགས་ཁ་ཐཾ་སྲོག་གཟེར་སྦུར་ནན་འདྲིད་ཕྱུངས་ཧྲི་ཤག་རྦད། ཉེར་གཅིག་བཟླ། ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན་ཧ་ལ་ཧ་ལ་ཙ་མ་རི་ཕྱུངས་གནོད་བྱེད་ཨ་མུ་ཀ་མྱགས་ཐུམས་རིལ་ཏྲིག་ནན་སྦུར་ཡ་ནན། ཨེ་ཧུར་ཐུམས་ཛཿ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ། ཉེར་གཅིག །ཨེ་དུན་ཀ་ཡཾ་གནོད་བྱེད་ཨ་མུ་ཀ་མྱགས་ཐུམས་རིལ་ཏྲིག་ནན་སྦུར་ཡ་ནན། ཨེ་ཧུར་ཐུམས་ཛཿ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ། ཉེར་གཅིག །ཨྱཻ་རིང་མཐར། དགྲ་བགེགས་ཨེ་ནན་ཡཾ་ཟློག་འདྲིད་བྷྱོཿ ཨེ་ཧུར་ཐུམས་ཛཿ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ། ཞེས་སྦྲེལ་བ་ཟློག་པ་གཡུ་ཡི་སྤྱང་མོ་ཅན་ལན་ཉེར་གཅིག་བཟླ། ཨོཾ་ཧཱུྃ་ཏྲིག་ཁྲོཾ་བྷྱོ༔ མ་ནི་མཱ་ར་ནི་བྷྱོ༔ མཱ་ར་དུ་ན་བྷྱོ༔ རཀྨོ་རཀྴ་ན༔ ཏིང་ཡ་རཀྴ་བྷྱོ༔ མཱ་ར་ཡ་ཡ་མ་རཱ་ཛ་ཀཱི་ལ་ཡ་བྷྱོ༔ ཞེས་སོགས་ཅི་ནུས་བཟླས་མཐར། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སོགས་ནས། ཁྱད་པར་བཅོམ་ལྡན་འདས་ཕྱག་རྒྱ་ཟིལ་གྱིས་གནོན་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་རྣམས་ཀྱི་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ངན་པ་ཐམས་ཅད་དང་། ཁྱད་པར་དུ་བན་བོན་སྔགས་པའི་མཐུ་བྱད་རྦད་འདྲེ་རྦོད་གཏོང་ཐན་དང་ལྟས་ངན་མི་མཐུན་པའི་ཕྱོགས་ཐམས་ཅད་མཱ་ར་ཡ་རྦད་ཟློག །ཅེས་ཐལ་རྡེབ་བཅས་ལན་གསུམ་བྱ། དེ་ནས་ཟློག་པའི་ཕྲིན་ལས་དངོས་ནི། སྔར་གྱི་ལིང་རོ་རྣམས་རིམ་པར་འབུལ་ཞིང་། ཧཱུྃ། ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ། །སོགས་ཟློག་པ་གཞུང་བཞིན་གྱེར། དེ་ནས་ཐུན་གཏོར་ལ་དམིགས་ཏེ། ན་མོ། རིག་འཛིན་རྩ་བརྒྱུད་སོགས་ཀྱིས་དགུག་གཞུག་བྱ། རཾ་ཡཾ་ཁཾ། གཏོར་སྣོད་དམར་གྱི་དུང་ཆེན་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་རྫས་དགྲ་བགེགས་བསྒྲལ་པ་ལས་བྱུང་བའི་ཤ་ཡི་རི་བོ་ཁྲག་གི་རྒྱ་མཚོ་རུས་པའི་ཕུང་པོ་ཀླད་ཞག་གི་ལྦུ་ཕྲེང་འཁྲིགས་པ། དམ་ཚིག་ཏུ་འོས་པའི་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པས་ནམ་མཁའ་དང་མཉམ་པར་གང་བ། ངོ་བོ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཅན་བསམ་གྱིས་མི་ཁྱབ་པས་ནམ་མཁའི་ཁམས་གང་བར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ་གྱིས་བྱིན་གྱིས་བརླབ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་མམ་བདུན་གྱིས་བསྔོས་ལ། ཧཱུྃ། དམར་ཆེན་གཏོར་ཟོར་གཤིན་རྗེའི་ཚོགས། །སྡེ་བརྒྱད་དྲེགས་པའི་དཔུང་དང་བཅས། །དགྲ་དང་བགེགས་ཀྱི་སྟེང་དུ་རྦད། །སྲིད་པ་གཡོ་ཞིང་འཁྲུགས་བྱེད་པའི། །དམག་དཔུང་དེར་སྐྱོད་གཡུལ་ངོ་སྤྲོད། །དགྲ་དཔུང་ཆོམས་ལ་བགེགས་དཔུང་ཐུལ། །རྗེས་ཤུལ་ལྷག་མ་མེད་པར་མཛོད། །དུས་ལ་བབ་བོ་མཐུ་རྩལ་སྐྱེད། །ཅེས་ཟོར་དུ་བསྐུལ་ཏེ་དགྲ་ཕྱོགས་སུ་འཕང་། དེ་ནས་ཆོས་སྐྱོང་གི་གཏོར་འབུལ་རྗེས་ཆོག་དང་ལས་བྱང་གི་བརྟན་སྐྱོང་བཅས་བྱ་ཞིང་། གཏང་རག་གི་མཆོད་པ་ནི། ཨོཾ་ཡ་མ་རཱ་ཛ་ས་པ་རི་བཱ་ར་ཨརྒྷཾ་སོགས་དང་། ཨོཾ་ཡ་མ་རཱ་ཛ་ས་པ་རི་བཱ་ར་མ་ཧཱ་ཤྨ་ཤཱ་ན་ཨརྒྷཾ་སོགས་དང་། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་དང་། བསྟོད་པ་ནི། ཧཱུྃ། གདོད་ནས་སྤྲོས་བྲལ་མི་དམིགས་ཆོས་ཀྱི་སྐུ །རང་རྩལ་འགག་མེད་སྣ་ཚོགས་ལོངས་སྤྱོད་རྫོགས། །ཐུགས་རྗེས་རབ་ཁྲོས་ཁྲོ་རྒྱལ་སྤྲུལ་པའི་སྐུ །གཙོ་འཁོར་སྤྲུལ་པར་བཅས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། མ་རྙེད་ཡོངས་སུ་མ་ཚང་དང་། །སོགས་ཀྱི་མཐར་ཡི་གེ་བརྒྱ་པ་བཟླས་པས་ནོངས་པ་འཆག །ཧཱུྃ་ཧཱུྃ་ཧཱུྃ། གཞལ་ཡས་རྩ་བའི་ལྷ་ལྔ་སོགས་ཀྱིས་ཉེར་བསྡུ་དང་ཐུན་མཚམས་ཀྱི་ལྷ་སྐུར་ལྡང་བ་ལས་བྱང་བཞིན་བྱ། སྨོན་ལམ་ནི། དགེ་བ་འདི་ཡིས་བདུད་བཞིའི་དཔུང་བཅོམ་སྟེ། །ཀུན་བཟང་འཇམ་དཔལ་དཔའ་བོའི་ས་བརྙེས་ནས། །རང་དོན་མཐར་ཕྱིན་མཁའ་མཉམ་སེམས་ཅན་རྣམས། །ཕན་དང་བདེ་བའི་དཔལ་ལ་འགོད་པར་ཤོག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེར། །བདག་གིས་དགེ་བའི་རྩ་བ་འདི་ཀུན་ཀྱང། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །བཀྲ་ཤིས་ནི། མཆོག་གསུམ་ངོ་བོ་རྩ་བརྒྱུད་བླ་མ་དང་། །འཇམ་དཔལ་ཞི་ཁྲོ་ཡི་དམ་དཀྱིལ་འཁོར་ལྷ། །མ་དང་མཁའ་འགྲོ་དམ་ཅན་རྒྱ་མཚོ་ཡིས། །བཀྲ་ཤིས་ཕྱོགས་དུས་ཀུན་ཏུ་ཁྱབ་པར་ཤོག །ཞེས་སོགས་ཀྱི་ཤིས་པ་རྒྱ་ཆེར་བརྗོད་པས་མཐའ་བརྒྱན་པར་བྱའོ། །གསུམ་པ་རྗེས་ཀྱི་ལས་རིམ་ནི། སྒྲུབ་ཞག་རྫོགས་ནས་ཟོར་འཕང་བའི་ཉིན་ཟློག་པའི་མཇུག་གི་ཐུན་གཏོར་ཡན་སྔར་བཞིན་སོང་མཚམས་གཏོར་མའི་ལྷ་ལ་མཆོད་བསྟོད་བཟོད་གསོལ་རྣམས་སྔར་བཞིན་བྱས་ནས། ཡེ་ཤེས་པ་མདུན་གྱི་ནམ་མཁར་བཏེགས། དམ་ཚིག་པ་བདག་ལ་བསྟིམ། སླར་ཡང་གཏོར་ཆེན་ཟོར་རྫས་དང་བཅས་པ་སོགས་ཀྱི་མཐར་ཨྱཻ་རིང་ལ། དགྲ་བགེགས་ཨེ་ནན་ཡཾ་ཟློག་འདྲིད་བྷྱོཿཨེ་ཧུར་ཐུམས་ཛཿ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ། ཞེས་ཟློག་སྤྱང་སྦྲེལ་ནས་ཟོར་རྫས་རྣམས་ལ་བསྔགས་ཤིང་ཐལ་རྡེབ་བྱ། ཟོར་རྫས་རྣམས་གཏོར་ཆེན་གྱི་མདུན་དུ་སྟེགས་ལ་བསྒྲིག །དེའི་མདུན་དུ་དམར་གཏོར་རཀྟས་བྲན་པ་ལ་དམིགས་བྱ་དགུག་བསྟིམ་བྱིན་རླབས་བསྔོ་བ་རྣམས་སྔར་ལྟར་བྱས་ནས་དམག་ལྟོའི་ཚུལ་དུ་གཏོར་ཆེན་དུ་འབུལ་ལ་འདོད་དོན་གསོལ་བ་ནི། ཧཱུྃ། བཅོམ་ལྡན་གཤིན་རྗེ་གཤེད་པོ་འཁོར་བཅས་ལ། །དགྲ་བགེགས་ཤ་ཁྲག་རུས་པ་ནང་ཁྲོལ་ཚོགས། །ལྷུན་པོར་སྤུངས་པའི་འདོད་རྒུའི་བ་ལིཾ་ཏ། །ཕྱི་ནང་ཉེར་སྤྱོད་སྨན་རཀ་བདུད་རྩིའི་ཚོགས། །འབུལ་ལོ་དགྱེས་པར་རོལ་ལ་བདག་ཅག་གི །ནད་གདོན་ཀུན་ཞི་ཚེ་དཔལ་ལོངས་སྤྱོད་སྤེལ། ཁམས་གསུམ་དབང་སྡུས་དགྲ་བགེགས་བདུད་སྡེའི་དཔུང་། །ཐམས་ཅད་མིང་གི་ལྷག་མར་ཚར་ཆོད་ཅིག །ཕས་རྒོལ་བསམ་ངན་སྦྱོར་རྩུབ་བྱད་སྟེམས་རྣམས། །ཐམས་ཅད་རང་གཤེད་ཕོབ་ལ་མཐུ་ནུས་ཤིགས། །མདོར་ན་བདག་གི་རེ་འབྲས་གང་ཡིན་པ། །འབད་མེད་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད། །ཅེས་དང་། དཀར་གཏོར་སྲིད་པ་ཧུའི་ཕྱག་རྒྱ་དང་བཅས་པ་ཡང་བཤམ། དེ་ནས་དམར་གཏོར་མཐེབ་སྐྱུ་ཅན་གསེར་སྐྱེམས་བཅས་ཕྱོགས་སོ་སོར་གཏོང་བས་ཟོར་སྒོ་དབྱེ་བ་དཀྱུས་བཞིན་བྱ། གཏོར་ཆེན་ཡང་དཔག །བམ་གཏོར་ཆེན་ཤུལ་དུ་བཀོད། ཆད་ཐོ་གཏང་། དེ་ནས་དཀར་གཏོར་རུ་མཚོན་སྤོས་ཕོར་གྱིས་སྣ་དྲངས་པའི་ཟོར་གཏོར་རྣམས་གཟའི་རྒྱུ་ཕྱོགས་དང་བསྟུན་པའི་སར་ཁྱེར་ལ། ཐོག་མར་གསེར་སྐྱེམས་གཏང་། སློབ་དཔོན་གྱིས་སྲིད་པ་ཧུའི་རྒྱབ་ཡིག་བསྒྲག་པའི་དཀར་གཏོར་བསྔོ། དམིགས་བྱ་དགུག་གཞུག་བྱས་ནས། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་གི །སོགས་ནས། བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་པའི་བར་གྱི་ཟོར་བསྐུལ་སྔོན་འགྲོས་འཕང་བ་ནི། ཧཱུྃ། ཁྲག་འཐུང་འཇམ་དཔལ་གཤིན་རྗེ་ཡི། །ཕོ་ཉར་མངག་པ་ཟོར་གྱི་བདག །དགྲ་བགེགས་སྒྲོལ་ཕྱིར་ལས་ལ་ཡ། །གྲུ་གསུམ་གདུག་པ་ཀོང་བུའི་ཟོར། །གློག་ལྟར་འཁྱུག་ཅིང་ཐོག་ལྟར་འབེབ། །དགྲ་བགེགས་ལུས་སེམས་འབེན་ལ་ཡ། །ཨྱཻ་རིང་གི་མཐར། དགྲ་བགེགས་ཨེ་ནན་ཡཾ་ཟློག་འདྲིད་བྷྱོཿཨེ་ཧུར་ཐུམས་ཛཿ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ། ཞེས་ཟློག་སྤྱང་སྦྲེལ་མ་བཟླས་ལ་འཕང་། ཚིག་གཞན་རྣམས་འདྲ་བ་ལ། ཀོང་ཟོར་གྱི་ཚབ་ཏུ། རི་བོ་ཉིལ་བ་རྡོ་ཡི་ཟོར། ༈ །གནམ་ལྕགས་ཤུགས་ལྡན་གཏོར་མའི་ཟོར། ༈ །རྦ་ཀློང་འཁྲུགས་པ་ཁྲག་གི་ཟོར། ༈ །རྣོ་མྱུར་ཤུགས་དྲག་མདའ་ཡི་ཟོར། ༈ །སྟོབས་ལྡན་ཤུགས་དྲག་རྭ་ཡི་ཟོར། །ཞེས་རིམ་བཞིན་བཅུག་པས་ཟོར་རྫས་རྣམས་འཕང་། དེ་ནས། ཧཱུྃ། དམར་ཆེན་གཏོར་ཟོར་གཤིན་རྗེའི་ཚོགས། །སྡེ་བརྒྱད་དྲེགས་པའི་དཔུང་དང་བཅས། །དགྲ་དང་བགེགས་ཀྱི་སྟེང་དུ་རྦད། །སྲིད་པ་གཡོ་ཞིང་འཁྲུགས་བྱེད་པའི། །དམག་དཔུང་དེར་སྐྱོད་གཡུལ་ངོ་སྤྲོད། །དགྲ་དཔུང་ཆོམས་ལ་བགེགས་དཔུང་ཐུལ། །རྗེས་ཤུལ་ལྷག་མ་མེད་པར་མཛོད། །དུས་ལ་བབ་བོ་མཐུ་རྩལ་སྐྱེད། །ཅེས་དང་། བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ། །སོགས་ནས་བཟུང་། འགྲོ་བས་འཇམ་དཔལ་ས་ཐོབ་ཤོག །ཅེས་པའི་བར་དང་གཏོར་ཟློག་ལྟར་གྱི་ཨྱཻ་རིང་ཟློག་སྤྱང་ཅན་གྱི་དྲག་སྔགས་དང་བཅས་གཏོར་ཆེན་འཕངས་པས། གནོད་བྱེད་ཁོ་རང་གི་ལྷ་སྲུང་རྣམས་བདུད་དུ་བབ་སྟེ་ཟན་ལ་ཁྱིས་རུབ་པ་བཞིན་དུ་ཁོ་རང་གི་ཤ་ཁྲག་དམར་གྱིས་བཏང་བ་དེ་ཧབ་ཤ་ལིང་ལིང་ཟ་བར་བསམ་ལ་ཨྱཻ་རིང་མཐར། དགྲ་བགེགས་མནྟྲ་དུམ་མ་ཧཱ་ར་ག་དུཾ་རཾ་ཐུམས་ལིང་རྦད། ཨེ་ཧུར་ཐུམས་ཛཿ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ། ཞེས་གསང་ལམ་དགག་པའི་སྤྱང་མོ་བཟླ་ཞིང་ལས་བྱང་གི། ཧཱུྃ། བདག་ཉིད་ཁྲོ་རྒྱལ་ཐུགས་ཀ་ནས། །སོགས་ཀྱི་སྲུང་འཁོར་གྱིས་མཚམས་བཅད། རྡོ་རྗེ་སློབ་དཔོན་གྱིས་རྟིང་མནན་ཏེ་ཡར་ལྡོག །སྒྲུབ་ཁང་གི་སྒོ་དྲུང་དུ་གཏོར་གཞོང་བཤལ་བའི་ཕུད་ཀྱིས་བརྟན་མའི་གཏོར་མ་བྲན་ཏེ་ལས་བྱང་བཞིན་བརྟན་མ་བསྐྱང་། དམིགས་བྱ་དགུག་གཞུག་གི་མཐར། གནོད་བྱེད་ཀྱི་མགོ་དང་ལྕེ་ཡི་སྟེང་དུ་གསེར་གྱི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་གནམ་ལྕགས་ཀྱི་ཕུར་པས་ཐལ་བྱུང་དུ་འབིགས་ཏེ་ཕུར་པའི་རྒྱ་མདུད་རི་རབ་ཏུ་གྱུར་པས་མནན་པར་བསམ་ལ་ཨྱཻ་རིང་ཤམ་བུར། དགྲ་བགེགས་བྷི་ཏཾ་སཏྭཾ་བྷ་ཡ་ནན། ཨེ་ཧུར་ཐུམས་ཛཿ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ། ཞེས་མནན་པའི་སྤྱང་མོ་བཟླ་ཞིང་གཏོར་གཞོང་ཁ་སྦུབས་པ་རི་རབ་ཏུ་གྱུར་པས་ཕྱིར་འབྲངས་དམ་སྲི་མནན་པར་བསམ་ལ། ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཀུན་ཀྱང་འཇམ་དཔལ་གཤིན་རྗེའི་གཤེད། ཁྲོ་བོ་འདུས་པས་ནམ་མཁའ་གང་། ཁྲོ་མོ་འདུས་པས་ས་གཞི་གང་། ཁྲོ་ཆུང་འདུས་པས་བར་སྣང་གང་། །ཐམས་ཅད་འདུས་པའི་ངང་ཉིད་ལས། །ཡེ་ཤེས་ཆེན་པོའི་བྲོ་བརྡུངས་པས། །དགྲ་བགེགས་དམ་སྲི་ཐལ་བར་བརླག །ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་དགྲ་བགེགས་དམ་སྲི་སཏྭམྦྷ་ཡ་ནན། ཞེས་བྲོ་བརྡུང་། གཏོར་གཞོང་ཁ་གྱེན་དུ་བསྟན་ལ། མཆོག་གསུམ་ངོ་བོ་རྩ་བརྒྱུད་བླ་མ་དང་། །སོགས་ཀྱིས་ཤིས་པ་བརྗོད་ནང་དུ་ལོག་ལ་ཨ་ཀྲོ་སྤྱི་སྙིང་འབྲུ་བཅུ་བདུན་པར། ཨཱ་ཡུརྫྙཱ་ན་ནྲྀ་བྷྲཱུྃ་ཛཿ ཞེས་བཏགས་པ་ཉེར་གཅིག་ཙམ་བཟླས་ལ། ཧཱུྃ། བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སོགས་སམ། རིགས་མཐུན་གང་འོས་ཀྱིས་ཚེ་འགུག་བསྟིམ་སྦ་བ་རྣམས་བྱ། དེ་ནས་དངོས་གྲུབ་བླང་བ་ནི། ཧོཿ འཇམ་དཔལ་དཔའ་བོ་ཧེ་རུ་ཀ །འཁོར་བཅས་བདག་ལ་དགོངས་སུ་གསོལ། །སྔོན་གྱི་ཞལ་བཞེས་དམ་བཅས་པའི། །ཕྲིན་ལས་མཛད་པའི་དུས་ལ་བབ། །ཐུན་མོང་ཚེ་དཔལ་ནུས་སྟོབས་སོགས། །སྲིད་ཞིའི་ཕུན་ཚོགས་ཕྲིན་ལས་བཞི། །གང་བསམ་འབད་མེད་གྲུབ་པར་མཛོད། །དོན་དམ་མི་དམིགས་བདེ་བ་ཆེ། །སྐུ་གསུམ་བདག་ཉིད་གདོད་མའི་མགོན། །ཚེ་འདི་ཉིད་ལ་མངོན་གྱུར་ནས། །གཞན་དོན་རིས་མེད་འགྲུབ་པར་གསོལ། །ཨོཾ་ཡ་མཱནྟ་ཀ་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོཿ ཞེས་བམ་གནས་སུ་འཇོག་ཅིང་དངོས་གྲུབ་ཀྱི་རྫས་ལ་རོལ། ཆོས་སྐྱོང་གི་གཏོར་འབུལ་རྗེས་ཆོག་རྣམས་བྱ། གཏང་རག་གི་མཆོད་བསྟོད་བཟོད་གསོལ་རྣམས་སྔར་ལྟར་བྱ། རྟེན་ཡོད་ན་ཡེ་ཤེས་པ་རྣམས། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །སོགས་ཀྱིས་བརྟན་བཞུགས་དང་། མེད་ན། ཧཱུྃ། རང་རིག་ཡེ་ནས་འཇམ་དཔལ་ལྷར། །གཤེགས་བྱ་གཤེགས་བྱེད་དངོས་པོས་སྟོང་། །འོན་ཀྱང་སྣང་ཚུལ་ཡེ་ཤེས་པ། །སྐྱེ་མེད་ཀློང་དུ་བཛྲ་མུ། །ཞེས་གཤེགས་གསོལ་བྱ། ལས་བྱང་བཞིན་དམ་ཚིག་པ་བསྡུ་ཞིང་ཐུན་མཚམས་ཀྱི་ལྷར་ལྡང་། རྡུལ་ཚོན་ཨ་ཀཱ་རོས་བསྡུ། སྨོན་ལམ་དང་ཤིས་བརྗོད་རྣམས་སྔར་བཤད་པ་ལྟར་བྱའོ། །འདིར་བཤད་པ་ལྟར་ལྷག་ཆད་མེད་པར་བྱ་བ་ནི་ཕྱག་ལེན་རྒྱས་པའི་ཕྱོགས་ཡིན་ལ། ཟློག་དཀྱིལ་རས་བྲིས་ཙམ་ལ་བརྟེན་ཅིང་བཅའ་གཞི་ཟོར་ཆས་སོགས་བསྡུས་པ་བྱས་ཀྱང་དཀྱུས་འགྲེ་ཙམ་འོང་ངོ། །གཏེར་ཆེན་ཉིད་ཀྱི་ཕྱག་བཞེས་རབ་འབྱམས་པ་ཨོ་རྒྱན་སྐལ་བཟང་གི་ཟིན་བྲིས་བཏབ་པ་སོགས་ལ་བརྟེན་རྗེས་འཇུག་མཁས་པ་དག་གིས་ཟིན་ཐུན་ཏུ་སྤེལ་བ་ལས་སྙིང་པོ་བླངས་པའོ། །ལུས་ཅན་སྤྱི་དང་ཆོས་བཞིན་སྤྱོད་པ་རྣམས། །འཕྲལ་ཡུན་བར་ཆད་གཡུལ་ལས་རྣམ་པར་རྒྱལ། །འཇམ་དཔལ་དཔལ་དང་ལྡན་པའི་སྐུ་ཐོབ་སྟེ། །འཁོར་བའི་འཁྲུལ་འཁོར་གཏིང་ནས་བཟློག་གྱུར་ཅིག །ཅེས་པའང་དུས་ཞབས་ཀྱི་སྔགས་རིག་འཛིན་པ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དབེན་ཁྲོད་ཀུན་བཟང་བདེ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།

དཔལ་ཚེ་བདག་ཕྱག་རྒྱ་ཟིལ་གནོན་གྱི་བསྙེན་ཡིག་སྲིད་གསུམ་དགྲ་ལས་རྣམ་པར་རྒྱལ་བ་ (Volume 17, Text 13)

༄༅། །དཔལ་ཚེ་བདག་ཕྱག་རྒྱ་ཟིལ་གནོན་གྱི་བསྙེན་ཡིག་སྲིད་གསུམ་དགྲ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། རྒྱལ་ཀུན་ཡེ་ཤེས་རྡོ་རྗེ་ནི། །འཁོར་འདས་དབང་བསྒྱུར་ཆེ་བའི་མཆོག །ཕྱག་རྒྱ་ཟིལ་གནོན་ཁྲོ་བོའི་རྒྱལ། །ཚེ་བདག་ཧེ་རུ་ཀ་ལ་འདུད། ཁྲོ་ལ་ཁྲོར་མཛད་གཤིན་རྗེའི་གཤེད། །སྣང་སྲིད་ཀུན་བདག་དཔལ་ཆེན་པོའི། །བསྙེན་སྒྲུབ་ལས་ཀྱི་བྱ་བ་ལ། །འཇུག་པའི་རིམ་པ་མདོ་ཙམ་འབྲི། །དེ་ཡང་འདིར་དུས་གསུམ་རྒྱལ་བའི་དགོངས་བཅུད། དབྱིངས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་སྙིང་ཁྲག་གི་དྭངས་མ་ལྟ་བུ། ཟབ་པ་ལས་ཀྱང་ཟབ་པ་ཐུན་མིན་སྔ་འགྱུར་བཀའ་གཏེར་གྱི་ཆོས་སྡེ་རིན་པོ་ཆེའི་བང་མཛོད་ལྟ་བུ་ལས། དྲག་སྔགས་ཀྱི་མཐར་ཐུག་པ་དཔལ་ཚེ་བདག་ཕྱག་རྒྱ་ཟིལ་གནོན་གྱི་བསྙེན་སྒྲུབ་ལས་གསུམ་ལ་བརྟེན་ནས། གནས་སྐབས་སུ་བསྟན་འགྲོའི་ཕན་བདེ་འཕྲོག་པའི་གདུལ་དཀའ་མི་དང་མི་མིན་གྱི་སྡེ་ཚོགས་ཐལ་བར་བརླག་པ་དྲག་པོའི་ཕྲིན་ལས་གཙོ་བོར་གྱུར་པའི་ལས་རབ་འབྱམས་སྒྲུབ་ཅིང་། མཐར་ཐུག་བདུད་བཞིའི་གཡུལ་ལས་རྒྱལ་བ་དཔལ་ཧེ་རུ་ཀའི་གོ་འཕང་མངོན་དུ་མཛད་ནས་ནམ་མཁའ་ཇི་སྲིད་དུ་རྟག་ཁྱབ་ཀྱི་ཕྲིན་ལས་རླབས་པོ་ཆེ་འཇུག་པའི་མཆོག་དོན་དུ་གཉེར་བ། སྙིང་རྗེ་ཆེན་པོ་ཕུལ་དུ་བྱུང་ཞིང་དད་སོགས་དབང་པོའི་སྟོབས་ལྷག་པར་གྱུར་པ་གང་གིས་བྱ་བའི་རིམ་པ་ལ་བསྙེན་སྒྲུབ་ལས་གསུམ་གྱི་དང་པོ་ལ། རྟེན་གནས་དུས་དང་ཡོ་བྱད་ཆོ་ག་ཕུན་སུམ་ཚོགས་པ་ལྔ་ཡི་ཐོག་མར་གང་གིས་སྒྲུབ་པ་པོ་རྟེན་གྱི་གང་ཟག་ནི། པད་གནུབས་ཆུ་བོ་གཉིས་འདྲེས་ཀྱི་བརྒྱུད་པ་སེལ་མེད་ལས་འོང་བ། འཁོར་འདས་ཟིལ་གནོན་ཧེ་རུ་ཀའི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་ལེགས་པར་ནོས་ཤིང་། སྒྲུབ་པ་ཆུད་མི་ཟ་བ་དམ་ཚིག་དང་སྡོམ་པ་ཉིད་ལ་རག་ལས་པར་ཡིད་ཆེས་པས་བསྲུང་སྡོམ་སྲོག་གི་ཕྱིར་ཡང་མི་གཏོང་བ་དང་། དོན་དམ་ལྷག་པའི་བདེན་པ་དབྱེར་མེད་ཆོས་སྐུ་ཆེན་པོའི་གནས་ལུགས་གང་ཞིག །སྤྲོས་པའི་གཟེབ་ཏུ་མ་བཅུག་པར་བློ་འདས་ཀྱི་ངང་ནས་ཡིན་ལུགས་གནད་དུ་ཁེལ་བའམ། ངེས་ཤེས་ཀྱིས་བློ་གདིང་ཁེལ་པ་དང་། དེའི་རྩལ་ལས་སྣང་སྲིད་དཀྱིལ་འཁོར་གསུམ་དུ་ཡིད་ཆེས་པ་ཟབ་མོའི་ལྟ་བ་དང་ལྡན་པའི་སྒོ་ནས། སྦྱོར་སྒྲོལ་གྱི་བརྟུལ་ཞུགས་རྨད་དུ་བྱུང་བ་ལ་ནང་བྱན་ཚུད་ཅིང་། ཆོ་གའི་ལས་རིམ་མཐའ་དག་ལ་མ་རྨོངས་ཤིང་ཚུལ་བཞིན་ཞུགས་པའི་སྒྲུབ་པ་པོས། ལུང་ལས་བཤད་པ་བཞིན་ཞི་སོགས་ཀྱི་ལས་དང་མཐུན་པའི་གནས་འགལ་སྤངས་མཐུན་འཛོམས་ཀྱི་ཕྱོགས་སུ། ལས་སོ་སོ་དང་མཐུན་པའི་ལོ་ཟླ་ཞག་དུས་གཟའ་སྐར་སོགས་འཆར་ཞིང་དགེ་བ་རབ་བསྔགས་ཀྱི་དུས་ནས་དབུ་བཙུགས་ཏེ་ལས་རིམ་ལ་འཇུག་པར་བྱ་ཞིང་། དེ་ཡང་བསྙེན་སོགས་སོ་སོའི་དུས་ཀྱི་ཡོ་བྱད་རྣམས་མ་ཚང་བ་མེད་པར་འདུ་བྱས་ནས་མཚན་ཉིད་ཚང་བའི་གྲོགས་དང་བཅས་པའམ་རང་གཅིག་པུས་ཀྱང་རུང་སྟེ། ཆོ་གའི་ཡན་ལག་ཚང་ལ་མ་ནོར་བ་དང་ལྡན་པའི་སྒོ་ནས་གསང་སྔགས་ཚུལ་བཞིན་བཟླ་ཞིང་། དེའི་ཚེ་གསང་སྔགས་མི་འགྲུབ་པའི་འགལ་རྐྱེན་སྤང་ཞིང་། སྔགས་ཀྱི་སྟོབས་བསྐྱེད་པའི་མཐུན་རྐྱེན་ཐབས་ཟབ་མོ་རྣམས་ཀྱང་ཚོགས་པར་བྱས་ན་མྱུར་དུ་འགྲུབ་པར་བྱེད་པ་ཡིན་པས་དེ་ལྟ་བུ་སྤྱིར་བཏང་ནས། ཐོག་མར་ཞི་བར་བསྙེན། བར་དུ་ཁྲོ་བོར་བསྒྲུབ། ཐ་མ་ལས་ལ་སྦྱར་བ་གསུམ་མཚམས་གཅིག་གི་ཁོངས་སུ་རྒྱུན་བར་མ་ཆད་པར་ཉམས་སུ་ལེན་པའི་དབང་དུ་བྱས་ན། ཡི་དམ་ཁྲོ་བོའི་རིགས་གང་ལ་ཡང་ཞི་བར་བསྙེན་པ་སྔོན་དུ་སོང་ན་དགེ་ཞིང་ཤིས་པར་གསུང་པས། གང་དུ་སྒྲུབ་པའི་གནས་དེར་མདོ་བཀླག་ཅིང་ཆ་གསུམ་བསྔོ་བ་སོགས་སྣ་སེལ་རིགས་བྱེད་ན་དེ་དག་གྲུབ་པའི་རྗེས། གནས་ཁང་བྱི་དོར་བྱ་ཞིང་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ་ཞིང་མཆོད་པའི་ཁྱད་པར་བཀོད་པས་མཛེས་པར་བྱས། སྟན་བདེ་བ་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད་དེ། ཐུན་དང་ཆོ་གའི་སྔོན་དུ་འགྲོ་བ་རྣམས་འདོན་དམིགས་སྦྲགས་ཏེ་བློ་རྒྱུད་ལ་ལེགས་པར་འཁོལ་ངེས་བྱ། མཚམས་གྲོལ་གྱི་བར་དུ་ཡེངས་མེད་ཀྱི་ཏིང་འཛིན་གཙོ་བོར་བྱས་ཏེ་སྒོ་གསུམ་ཆུན་གཅིག་དྲིལ་གྱིས་ཐུན་རེ་རེ་བཞིན་སྔ་མ་ལས་ཕྱི་མ་ཇེ་བཟང་ཇེ་བཟང་གི་ཁྱད་པར་དུ་གྱུར་པ་ཞིག་བྱའོ་སྙམ་པའི་དམ་བཅའ་ལྷོད་མེད་ཀྱིས་བྱ་བ་མཐར་འདོན་པ་གལ་ཆེ་ཞིང་། དངོས་གཞི་གནམ་ལྕགས་སྡིག་པའི་ཆོས་སྡེའི་བྱང་ཆུབ་བསྒྲུབ་པའི་སྐོར་འཇམ་དཔལ་ཞི་སྒྲུབ་བདུད་རྩིའི་ཐིགས་པ་ལྟ་བུ་ལ་གཞི་བྱས་ཏེ། རིགས་ལྔའི་ཚོམ་བུའམ། རིགས་གང་རུང་དང་། ཁྱད་པར་རིགས་ཀྱི་ཁྱབ་བདག་ཨ་ར་པ་ཙ་ལྟ་བུའི་སྒྲུབ་ཐབས་ཀྱི་གཞུང་བཞིན་མཚན་མ་དུས་གྲངས་ཀྱི་བསྙེན་པ་མཐར་འདོན་པར་བྱའོ། །དེ་ནས་གཉིས་པ་ཁྲོ་བོར་བསྒྲུབ་པ་ལ། ཐོག་མར་རང་ཉིད་ཟིལ་གནོན་ཆེན་པོའི་ང་རྒྱལ་གྱིས། དཀར་གཏོར་བྱིན་གྱིས་བརླབ་ཅིང་སྡེ་བརྒྱད་དང་དཀར་ཕྱོགས་སྐྱོང་བའི་ཚོགས་ལ་འབུལ་ཞིང་སྒྲུབ་པའི་སྟོངས་གྲོགས་ཀྱི་ཕྲིན་ལས་བཅོལ། དམར་གཏོར་བྱིན་གྱིས་བརླབས་ནས་ནག་ཕྱོགས་སྤྱི་དང་ཁྱད་པར་ལན་ཆགས་ཀྱི་བདག་པོ་དང་བར་ཆད་རྩོམ་པའི་རིགས་ལ་བསྔོས་ཏེ་གཞན་དུ་བསྐྲད་ཅིང་སྲུང་བའི་འཁོར་ལོ་བསྒོམ། ཕྱོགས་བཞིར་ཐོ་བཞིར་རྒྱལ་ཆེན་གྱི་སྐུ་སོགས་ཀྱི་མཚན་མ་བཀོད་ལ། དེར་རྒྱལ་ཆེན་བཞི་བསྐྱེད་ཅིང་སྤྱན་དྲངས་ལ་བསྟིམ། མཆོད་བསྟོད་གཏོར་མ་ཕུལ་ལ་བརྟན་པར་བཞུགས་སུ་གསོལ་ནས་བར་ཆད་ཀྱི་མཚམས་བཅད་པའི་ཕྲིན་ལས་བཅོལ། གཞན་ཡང་ནང་གི་མཚམས་བཅད་སོགས་སྒྲུབ་ཆེན་གྱི་ཡན་ལག་དག་ཀྱང་གྲུབ་ན་ལེགས། སྒོ་དྲུང་དུ་ཐོ་དཀར་པོ་གཅིག་བརྩིགས་ལ་སྒོ་བྱང་གདགས། རང་ཁ་ལྷོར་ཕྱོགས་ཏེ་འདུག །ཅིས་ཀྱང་གནས་ཁང་གི་སྟབས་མ་བདེ་ན་ཡིད་ཀྱིས་མོས་པ་ཙམ་བསྒྱུར། སྟན་གྱི་འོག་ཏུ་ས་དཀར་གྱི་གཡུང་དྲུང་གཡས་འཁྱིལ་བྲི། གང་དུ་དཀྱིལ་འཁོར་གྱི་གཞི་སྔར་ས་མ་དུལ་བ་ལ། ས་བརྟག་བསླང་སྦྱང་བརླབ་བསྲུང་བ་ལྔ་ཚུལ་བཞིན་བྱས་ན་ལེགས་ཤིང་། ལྷ་འདི་ཉིད་སྣང་སྲིད་ཟིལ་གནོན་གྱི་བདག་པོ་ཡིན་པས་ས་ཆོག་མི་དགོས་པར་ཇི་ལྟར་སྤྱད་རུང་བར་ཡང་རྒྱུད་ལས་གསུངས། གནས་ཁང་བྱི་དོར་དང་སྐྱང་ནུལ་བྱས་པར་གནམ་ས་བར་གྱི་རྒྱན་སྐུ་གསུང་ཐུགས་རྟེན་སོགས་དགྲམ་པར་འོས་པ་ཀུན་བཀོད་པར་བྱས་ནས། སྒྲུབ་རྟེན་རབ་རྡུལ་ཚོན། འབྲིང་རས་བྲིས། ཐ་མ་སྨན་རཀ་གཏོར་གསུམ་ཙམ་ལའང་བརྟེན་རུང་བར་གསུངས་ལ། རྡུལ་ཚོན་རྒྱས་པར་སྤྲོ་ན་ས་ཡི་སྟེགས་བུའམ། ཁྲིའུ་ལ་རཀ་ཏས་ཆག་ཆག་གདབ་ཅིང་། ཐིག་ཚུལ་བཞིན་བཏབ་ལ་བྱིན་གྱིས་བརླབས་པའི་ཚོན་གྱིས་དཀྱིལ་འཁོར་བྲི་ཞིང་རྒྱན་དགྲམ་པར་བྱ་བ་སོགས་དཀྱིལ་ཆོག་ནས་འབྱུང་བ་ལྟར་བྱ། དེ་ཙམ་མི་ནུས་ན་རས་བྲིས་ཀྱི་དཀྱིལ་འཁོར་དགྲམ་ཞིང་རྒྱན་བཀོད། བསྡུ་ན་སྟེགས་བུ་རཀ་ཏས་བྱུགས་པའི་སྟེང་དུ་འབྲུ་ནག་ཁྲག་གིས་སྦག་པའི་ཚོམ་བུ་བཀོད་པའི་དབུས་སུ་གཏོར་མ་སོགས་བཤམ་པར་བྱ་སྟེ། དེ་ཡང་བམ་དབུས་སུ་བཤམས་པའི་དབང་དུ་ན། ཕྱེ་མར་ལ་མངར་གསུམ་སོགས་བཟའ་བ་སྣ་ཚོགས་དང་། ཤ་ཆེན་ཆོས་སྨན་སྦྱར་བའི་རྒྱུ་ལས་བམ་ཆས་སུ་བཅུག་པ་འབྲི་མོག་དང་ཁྲག་ཆེན་པོས་བྱུག་པ་དཀྱིལ་འཁོར་གྱི་དབུས་སུ་ཙོག་པུར་བཀོད། དེ་སྟེང་མཉྫིའི་ཁར་བམ་གྱི་སྤྱི་གཙུག་ཏུ་ཐོད་པ་མཚན་ལྡན་ནང་དུ་དུག་ཁྲག་གིས་སྦྲུས་པ་འབྲུ་ནག་གི་གཏོར་མ་ཟུར་གསུམ་པ་མཐེབ་ཀྱུས་བསྐོར་བ་ལ། ཤ་ཁྲག་དང་སྙིང་སྣས་བརྒྱན་ཅིང་རྩེར་བྱ་ནག་གཟུགས་པའི་སྒྲུབ་གཏོར་ལྷ་ཙཀ་གཏོར་གདུགས་སྔོ་ནག་གིས་བརྒྱན་པ་བཀོད། བམ་གྱི་ལག་པ་བསྣོལ་བའི་གཡོན་དུ་བདུད་རྩི་དང་གཡས་སུ་རཀྟ་ཁྱེར་བ་བྱ། དཀྱིལ་འཁོར་གྱི་མདུན་ཤར་སྒོའི་ཐད་དུ་མཆོད་གཏོར། ཕྱོགས་གང་བདེར་གཤིན་རྗེ་དང་སྒོས་ཀྱི་ཆོས་སྐྱོང་གཏེར་སྲུང་གཞི་བདག་རྣམས་ཀྱི་གཏོར་མ། བྱང་ཤར་དུ་མཚམས་འཛིན་གྱི་མེ་ཏོག །དེ་ནས་རིམ་བཞིན་གཡས་སྐོར་དུ་ཁྲག་གི་མཆོད་ཡོན། དྲི་ཆུའི་ཞབས་བསིལ། དབང་པོའི་མེ་ཏོག །ཤ་ཆེན་དང་གུ་གུལ་གྱི་བདུག་སྤོས། ཚིལ་ཆེན་གྱི་མར་མེ་དང་མཁྲིས་པའི་དྲི་ཆབ། ཤ་རུས་ཀྱི་ཞལ་ཟས་རྣམས་དང་། དུག་གི་མེ་ཏོག་སྔོན་པོ་སོགས་ཐུན་མོང་གི་ཉེར་སྤྱོད་དང་ཆུ་གཉིས་ཀྱང་བཤམ། གཞན་ཡང་མདུན་སྟེགས་སུ་ཚོགས་ཀྱི་ཡོ་བྱད་དང་རྐང་གླིང་ཐོད་རྔ་སོགས་མཆོད་ཚོགས་གང་འབྱོར་འདུ་བྱ། སྤྲོས་པའི་ཡན་ལག་ཏུ་བྱེད་ན། མཆོད་གཏོར་གྱི་གཡས་གཡོན་དུ་སྨན་རཀ །མདུན་དུ་བསྐང་བའི་བམ་ཀྱང་བཤམ། མེད་ཀྱང་ཆོག །བམ་བསྐང་གི་མདུན་དུ་གཡག་ལུག་ར་གསུམ་གྱི་གཟུགས་བརྙན་བཀོད་པ་མདངས་བསྐང་དང་། ཞུན་ཆེན་གྱི་མར་མེ། གུ་གུལ། ཤ་ཆེན་ཚིལ་ཆེན་སྦྱར་བའི་གསུར། དྲག་པོའི་སྤོས། དར་གྱི་ལྷབ་ལྷུབ་དང་། ཐོད་པ་གཅིག་ཏུ་མོན་ནམ་རབས་ཆད་སོགས་སྐྱེས་པའི་གྲི་སྙིང་དང་། རྟ་ནག་དང་། གཡག་ནག་གི་སྙིང་གསུམ་དར་ནག་གིས་དགབ་པ་བཞག །ཟོར་ལས་བྱེད་ན་དུག་ཁྲག །གཡག་རུ། ཟོར་གཏོར། སྐམ་ཐུན་སོགས་དྲག་རྫས་ཇི་དགོས་པའང་འདུ་བྱ། དངོས་གྲུབ་ཀྱི་རྫས་སོགས་གསར་དུ་བཤམ་དགོས་པའི་རིགས་གནས་སྐབས་སོ་སོའི་ཐད་དུ་ཤེས་པར་བྱ་ཞིང་། གཞན་ཡང་སྒྲུབ་པ་པོའི་མདུན་དུ། རྡོར་དྲིལ། ཐོད་པའི་ཅང་ཏེའུ། འཐོར་ནས་རྔེའུ་ཆུང་སོགས་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ནས། གནས་རྟེན་རྣམས་ཤུག་པ་སོགས་ཀྱི་དུད་པས་བསང་བར་བྱས་ནས། སྟན་བདེ་བ་ལ་འདུག་ཅིང་སྲོད་དུས་སུ་བརྒྱུད་པའི་གསོལ་འདེབས་ནས་བརྩམ་ལས་བྱང་གཞུང་ཚུལ་བཞིན་བསྲངས་ནས་བདག་མདུན་དབྱེར་མེད་དུ་སྒྲུབ་ཅིང་ཛཔ྄་ཀྱི་མགོར་ཕྲེང་བ་བྱིན་རླབས་ཟུར་རྒྱན་ལྟར་སྦྱར། འདི་སྐབས་སྒྲུབ་གཏོར་ལྷ་ཚོགས་ཡོངས་རྫོགས་དང་། མཆོད་གཏོར་འདོད་ཡོན་ལྷ་མོ་དྲུག་ཏུ་བསྐྱེད་པ་འདི་པའི་ལུགས་སོ། །བཟླས་པའི་ཚེ་སོ་སོའི་དམིགས་པ་དང་བསྟུན། སྤྱི་བསྙེན་སྐུ་གསུང་ཐུགས་སྔགས་ཨྱེ་རིང་རྣམས་བརྒྱ་རྩ་ཙམ་བཟླས། ཐུན་འཇོག་ཁར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་གི་ཎཿཡི་ཤམ་དུ་ཕྱག་རྒྱ་ཟིལ་གནོན་འགྲུབ་པར་གྱུར་ཅིག་སྭཱ་ཧཱ། ཞེས་བཏགས་པ་བདུན་ནམ་གསུམ་བརྗོད་རྗེས་མཆོད་བསྟོད་བྱས་ལ། མཐུ་ཆེན་སྡེ་བཞི་སོགས་ཆོས་སྐྱོང་ལ་གཏོར་མ་བསྔོ། དེ་རྗེས་ཚོགས་འདོན་ཞིང་། བསྒྲལ་བའི་རྗེས་བམ་བསྐང་དང་རྩ་གསུམ་བསྐང་གསོ་གཏོང་། དེ་ནས་ཆད་བརྟན་དང་། མཆོད་བསྟོད་བཟོད་གསོལ་བྱས་ལ་བསྡུ་ལྡང་དགེ་བསྔོ་ཤིས་བརྗོད་བྱས་ནས་ཉལ་བའི་རྣལ་འབྱོར་ལ་འཇུག །ནངས་པར་ཐོ་རངས་ནས་བཟུང་ཐུན་རྣམས་ལ་ལས་བྱང་ཚར་རེ་བཏང་ན་ལེགས་ཀྱང་། བསྙེན་པ་གསོག་ཚེ་དེ་ཙམ་མི་ལྕོགས་པས། ཐོ་རངས་གཉིད་སད་མ་ཐག །ཧོ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སོགས་ལན་གསུམ་རྗེས། ཨྱཻ་ཨྱཻ་ཨྱཻ༔ ཨེ་ཉིད་སྟོང་པ་ཆོས་འབྱུང་སྟེ༔ ཞེས་པ་ནས། སྐུ་ལ་ཁྲོ་བཅུ་རྫོགས་པར་བསྒོམ༔ ཞེས་པའི་བར་གྱིས་གསལ་བཏབ། ཨེ༔ མི་རྟོག་ངང་ལས་སོགས་ཚིགས་བཅད་གཅིག་གིས་སྤྱན་དྲངས་ལ་བསྟིམ། སྤྲོ་ན་འཁོར་གྱི་ལྷའང་མངོན་རྟོགས་བསྡུས་པས་གསལ་བཏབ་ལ་སྤྱན་དྲངས་མཆོད་བསྟོད་བསྡུས་པ་ཙམ་བྱ། དེ་ནས་ཕྲེང་བ་བྱིན་རླབས་ལེ་ཚན་རྣམས་དང་འབྲུ་གསུམ་གྱིས་སྣ་དྲང་བའི་དབྱངས་གསལ་ཞབས་བཅད་མ་བདུན་བརྗོད་ནས། བཟླས་པ་བྱ། ནམ་ལང་ཁར། ཨེ༔ བཅོམ་ལྡན་ཕྱག་རྒྱ་ཟིལ་གནོན་འཁོར་བཅས་ལ༔ ཞེས་སོགས་ཀྱིས་མཆོད། ཆོས་དབྱིངས་ངང་ལས་ཁྲོ་བོའི་སྐུར་སྟོན་པ༔ ཞེས་སོགས་ཀྱིས་བསྟོད། མི་དམིགས་པར་ཅུང་ཟད་བཞག །སླར་ཡང་ལྷར་ལམ་གྱིས་གསལ། དགེ་འདིའི་མཐུ་ཡིས་སོགས་བསྔོ་སྨོན་དང་། གང་ཞིག་བླ་མེད་ཀྱི་ཤིས་བརྗོད་བྱ། གཞན་ཡང་སྐབས་བསྟུན་གྱི་བསྔོ་སྨོན་ཡང་སྤྲོ་ན་འདོན། དེས་ཐོར་ཐུན་གྲོལ་ནས་སྐབས་དེར་ཚེ་སྒྲུབ་སོགས་ཞོགས་པའི་རྒྱུན་ཁྱེར་ཆགས་མེད་རྣམས་མཛད། ཐུན་མཚམས་རྣམས་སུ་ལྷའི་ང་རྒྱལ་དང་མ་བྲལ་བ་བྱས་ན་ཏིང་འཛིན་ལ་སྐྱེད་ཐོན་ཞིང་ལྷ་མྱུར་དུ་འགྲུབ་པའི་གནད་ཡོད་པས་ཀུན་ཏུ་གལ་ཆེ་བ་ཡིན་ནོ། །དེ་རྗེས་སྔ་ཐུན་འགོར་རྡོ་རྗེ་སློབ་དཔོན་སོགས་ཐོར་ཐུན་ལྟར་བཟླས་པའི་བར་དུ་བྱ། ཕྲེང་བ་བྱིན་རླབས་ནི་ཐོར་ཐུན་ལས་གཞན་ལ་མི་དགོས་པ་ཁྱད་པར་རོ། །གུང་ཚིགས་བར་བཟླས་པ་ཇི་འགྲུབ་རེ་བྱས་ནས་ཐུན་བསྡུ། སྐབས་དེར་ངལ་གསོ་དང་གུང་ཚིགས་ལྷའི་ང་རྒྱལ་དང་མ་བྲལ་བས་བྱ། ཡི་གེ་འབྲི་དགོས་པ་སོགས་བགྱི་འོས་རྣམས་ཀྱང་དུས་དེར་བྱའོ། །དེ་རྗེས་དགོང་ཐུན་ལ་འཇུག་སྟེ་སྔ་ཐུན་བཞིན་ནོ། །ཉི་མ་ནུབ་པར་ཉེ་བ་ན་ཐུན་བསྡུས། གཏོར་བསྔོ་སོགས་དགོང་མོའི་ཆགས་མེད་རྣམས་བར་དེར་མཛད། དེ་རྗེས་སྲོད་ཐུན་ལ་ལས་བྱང་རེ་གཏོང་ཞིང་ཚོགས་འཁོར་རེ་མཛད་ན་ལེགས་པས་ལས་གཞུང་བསྲང་། བཟླས་པ་བྱ། གཏེར་སྲུང་གསོལ། ཚོགས་ཐོག་མཐའ་བར་གསུམ། བམ་བསྐང་ཆད་ཐོ། བརྟན་སྐྱོང་། རྗེས་ཆོག་སོགས་སྔར་བཤད་ལྟར་བྱའོ། །གལ་ཏེ་ལས་བྱང་བློར་མ་ཐོན་པ་དང་། སྲོད་ཐུན་རིང་པོར་བཟླ་འདོད་ན། སྲོད་ཐུན་དང་དགོང་ཐུན་གྱི་འདོན་ལུགས་བརྗེས་ཏེ། དགོང་ཐུན་ལས་བྱང་གཏང་། བཟླས་པའི་རྗེས་ཉི་མ་ནུབ་ཉེ་བའི་དུས་སུ། གཏེར་སྲུང་གསོལ་ཞིང་ཚོགས་བྱ་སྟེ་ལས་གཞུང་བསྡུ། སྲོད་ལ་ཚོགས་གསག་བདག་བསྐྱེད་སྤྱན་འདྲེན་བཟླས་པ་སོགས་སྔར་བཞིན་བྱའོ། །གང་ལྟར་ཡང་སྲོད་ཐུན་གྱི་བཟླས་པའི་མཇུག་ཏུ། དབྱངས་གསལ་སྤེལ་ཚིག་ཅན་བདུན་བརྗོད་པ་སྲོད་ཐུན་གྱི་ཁྱད་པར་རོ། །ནུབ་རེ་བཞིན་ཚོགས་མི་གཏོང་ན་བདུན་མཚམས་སོགས་སུ་གཏང་བས་ཆོག་ལ་གཏེར་སྲུང་གི་གསོལ་ཁ་ནི་རྒྱུན་དུ་བྱའོ། །སྲོད་ཀྱི་དུས་སུ་བསྙེན་པའི་མཚམས་ཡིན་ཀྱང་རུང་སྟེ། ཚིལ་ཆེན་གྱི་མེ་སྦར། ཤ་ཆེན་གྱི་གསུར་བཏང་ཞིང་བཤུག་པ་བྱ། ཤ་ཁྲག་གི་གཏོར་མ་བཤམས་ལ་བསྔོ། ཕུད་དང་རཀྟ་འཐོར་ཞིང་རྫ་རྔ་བརྡུང་ནས་འགྱུར་ཁུག་གི་དབྱངས་དང་བཅས་ཏེ་ཐུགས་དམ་བསྐུལ་བ་རྒྱས་བསྡུས་གང་རུང་བྱ་ཞིང་གནད་ནས་བསྐུལ་ཞིང་གསོལ་བ་གདབ་པ་སྐབས་སྐབས་སུ་བྱའོ། །དེ་ལྟར་ཐུན་བཞི་ལ་འཇུག་ཚུལ་མ་ནོར་བ་དེ་ལྟ་བུ་ཁོ་ན་བསྙེན་པ་ནམ་གྲོལ་གྱི་བར་དུ་བྱ་བ་ཡིན་པས། སྤྱི་བསྙེན་དང་སྐུ་གསུང་ཐུགས་སྔགས། ཨྱཻ་རིང་རྣམས་གོ་རིམ་བཞིན་བསྙེན་ཚད་ལྟར་བྱ་དགོས་པ་མ་གཏོགས་ཐུན་གྱི་བྱ་བ་ཆོ་ག་གཏོང་ལུགས་སོགས་ལ་ནི་ཁྱད་པར་ཅི་ཡང་མེད་དོ། །དེ་ལ་དང་པོ་ཨཱ་ཀྲོ་སྤྱི་བསྙེན་བྱས་པ་གོང་ནོན་དུ་འགྱུར་བ་ཡིན། དེ་ནས་རིམ་བཞིན་ཕྱི་སྐོར་སྐུ་ཡི་དྲག་སྔགས། ནང་སྐོར་གསུང་གི་དྲག་སྔགས། གསང་སྐོར་ཐུགས་ཀྱི་དྲག་སྔགས། ཡང་གསང་དྲག་པོ་རྒོད་ཀྱི་དྲག་སྔགས་དང་ལྔ། དེ་རེ་རེ་ལའང། བསྙེན་པ། བདག་བྱིན་རླབས། སྒྲུབ་ཆེན་ནམ་དོ་ལིའི་བཟླས་པ། ཕྲིན་ལས་བཞིའི་དམིགས་པ་དང་བཞི་རེར་ཡོད་ཅིང་དམིགས་པ་བཞི་པོ་དེ་དག་ཐུན་རེ་རེ་བཞིན་དུ་ཆ་ཚང་རེ་བྱེད་པའི་ལུགས་ཡོད་ཀྱང་། གང་བྱེད་པའི་ཞག་གྲངས་སམ་བསྙེན་གྲངས་དུམ་བུ་ལྔར་བཅད་པའི། དང་པོ་ལ་བསྙེན་དམིགས། གཉིས་པ་དང་གསུམ་པའི་ཁོངས་སུ་བདག་བྱིན་རླབས། བཞི་པར་སྒྲུབ་ཆེན། ལྔ་པར་ལས་བཞིའི་དམིགས་པ་སྦྱར་ནས་བཟླ་བའི་ཕྱག་ལེན་མཛད་པ་བཞིན་བྱ། གང་ལྟར་ཡང་བཟླས་པའི་སྐབས་སུ། བདག་མདུན་གྱི་དཀྱིལ་འཁོར་རྣམས་གཅིག་ལས་དུ་མར་ཤར་བའི་ཚུལ་གྱིས་གཅིག་ཅར་གསལ་བའམ། བློར་མི་བདེ་ན་བདག་བསྐྱེད་གསལ་བཏབ་ནས་བཟླས་པའི་འགོར། ཕཊ་ཛཿ ཞེས་བརྗོད་པས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་མདུན་གྱི་དཀྱིལ་འཁོར་ཤར་ཏེ་མེ་རི་འདབས་འབྱོར་གྱི་ཚུལ་དུ་བསྒོམ་པ་ནི་ཛཔ྄་ཁང་ཕྱེ་བ་ཡིན་ནོ། །བདག་མདུན་གྱི་དཀྱིལ་འཁོར་དུ་སྣང་བ་དེ་དག་སྣང་ལ་རང་བཞིན་མེད་པ་ཆུ་ཟླ་དང་འཇའ་ཚོན་ལྟ་བུ་ལ་མ་འདྲེས་ཡོངས་རྫོགས་ཀྱི་གསལ་སྣང་དང་། དེ་དག་ཀྱང་རང་རིག་ཀུན་བཟང་འཇམ་པའི་དབྱངས་ཉིད་ཁྲོ་བོར་ཤར་བ་དཔལ་ཆེན་ཕྱག་རྒྱ་ཟིལ་གནོན་དངོས་ཡིན་སྙམ་པའི་ང་རྒྱལ་དང་། དེ་དག་ཀྱང་བློས་བཅོས་པའི་ཀུན་བཏགས་ཙམ་མིན་པར་གཞི་འབྲས་དབྱེར་མེད་རང་བྱུང་གི་ཡེ་ཤེས་ཆེན་པོའི་རང་རྩལ། རྟགས་ཀྱི་ཕྱག་རྒྱར་སྣང་བའི་རྣམ་དག་དང་བཅས་པའི་ཏིང་འཛིན་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ་གནས་པ་ནི་ཐོག་མཐའ་བར་གསུམ་ཀུན་ཏུ་གལ་ཆེའོ། །དེ་ལ་བསྙེན་པའི་དུས་ཀྱི་དམིགས་པ་ནི། བདག་མདུན་ཕྱག་རྒྱ་ཟིལ་གནོན་གྱི་ཐུགས་ཙིཏྟ་རིན་པོ་ཆེའི་གུར་ཕུབ་པ་ལྟ་བུའི་ནང་དུ་ཉི་གདན་ལ་ཡེ་ཤེས་སེམས་དཔའ་ཡ་མ་རཱ་ཛ་སྐུ་མདོག་སྨུག་ནག་ཞལ་གཅིག་ཕྱག་གཉིས་པ། རྒྱན་དང་ཕྱག་མཚན་མི་མངའ་བ་སྐྱིལ་ཀྲུང་མཉམ་གཞག་ཅན་ནམ། ཡང་ན་ཕྱག་གཡས་སྡིགས་མཛུབ་ཐུགས་ཀ་དང་། གཡོན་བརླ་སྟེང་སྡིགས་མཛུབ་གྱེན་དུ་བསྟན་པ། ཞབས་ཕྱེད་སྐྱིལ་དུ་བཞུགས་པར་བསྒོམ། རྩ་བའི་ལྷའི་ནང་གི་ཡ་མ་རཱ་ཛ་དང་ཕྱག་རྡོར་འཇིགས་བྱེད་ཆེན་པོ་གསུམ་ནི་གཅིག་གི་ཐུགས་སྲང་དུ་གཅིག་བསྒོམ་པར་བྱ་སྟེ། དེ་ཡང་ཟིལ་གནོན་གྱི་ཐུགས་ཙིཏྟ་རིན་པོ་ཆེའི་གུར་ལྟ་བུ་ལ་སྐུ་རྒྱབ་བརྟེན་པའི་ཚུལ་གྱིས་ཡ་མ་རཱ་ཛ། དེའི་ཙིཏྟ་ལ་སྐུ་རྒྱབ་བརྟེན་པའི་ཚུལ་གྱིས་ཕྱག་རྡོར། དེའི་ཙིཏྟ་ལ་འཕོང་ངམ་རྒྱབ་བརྟེན་པའི་ཚུལ་གྱིས་རུས་སྦལ་ཞལ་ཐུར་དུ་གཟིགས་པར་བསྒོམ་པའོ། །དེ་ཡང་སྐབས་འདིར་གཙོ་བོར་ཡེ་ཤེས་སེམས་དཔའ་ལ་དམིགས་པ་གཏོད་པར་བྱ་སྟེ། དེ་ཡང་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཐུགས་སྲོག་ཡི་གེ་ཧཱུྃ་མཐིང་ནག་འོད་ཟེར་ཁ་དོག་ལྔ་འཕྲོ་བ་ཞིག་བསམ། དེའི་མཐར་ཨཱ་ཀྲོ་འབྲུ་བཅུ་བདུན་མ་ཁ་དོག་མཐིང་ག་ཀློག་ཐབས་སུ་གཡས་ཕྱོགས་བསྐོར་བ། དེ་ལས་འོད་མཐིང་ག་དང་དཀར་པོ་འདྲེས་པ་ཉི་ཟེར་གྱི་བ་ཐག་འཛིང་བ་ལྟ་བུ་གཟི་བྱིན་མཚུངས་པ་མེད་པ་བུན་གྱིས་འཕྲོས། ལུས་ནང་ཀུན་དུ་མུན་ཁང་དུ་སྒྲོན་མེ་བཏེགས་པ་ལྟར་གསལ་ལམ་གྱིས་གྱུར། འོད་ཟེར་མགལ་མེ་ལྟར་འཁོར་བས་ནད་གདོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་རྩ་སྦུར་མེས་བསྲེག་པ་བཞིན་ཐུལ་གྱིས་སྦྱངས་ཤིང་དག །འོད་ཟེར་ཐུགས་ཀ་ནས་ཕྱིར་འཕྲོས་པའི་རྩེ་ལས་ཕྱི་ནང་གསང་བའི་མཆོད་པའི་སྤྲིན་རབ་འབྱམས་ཀྱིས་རྒྱལ་བ་སྲས་བཅས་མཉེས་ཤིང་གསང་གསུམ་བྱིན་རླབས་འོད་ཟེར་གྱི་རྣམ་པར་རང་ལ་ཐིམ། ཡང་འོད་འཕྲོས་སེམས་ཅན་ཐམས་ཅད་ལ་ཕོག་སྒོ་གསུམ་གྱི་སྡིག་སྒྲིབ་དང་ཁྱད་པར་དགྲ་བགེགས་ཀྱི་བསམ་སྦྱོར་ངན་པའི་ནུས་པ་ཐམས་ཅད་དག་ནས་ཐམས་ཅད་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་གོ་འཕང་ལ་བཀོད། དེ་དག་གི་ཚེ་དཔལ་བསོད་ནམས་རྣམས་ཀྱང་འོད་ཀྱི་རྣམ་པས་བདག་མདུན་རྣམས་ལ་ཐིམ་པར་བསམ་པ་ནི་བསྙེན་པའོ། །གཉིས་པ་བདག་བྱིན་རླབས་ཀྱི་དམིགས་པ་ནི། བདག་གི་ཐུགས་ཀའི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་སྔར་ལྟར་འཕྲོས་པ་ཐུགས་ཀ་ནས་ཕྱིར་ཕྱུང་ཚེ་ལྕགས་ཀྱུའི་རྣམ་པ་ཅན་དུ་གྱུར་པ་དཔག་ཏུ་མེད་པས་ཛཔ྄་ཁང་གི་ལྷ་ཚོགས་ཀྱི་ཐུགས་རྒྱུད་བསྐུལ། དེ་དག་གི་ཐུགས་ཀ་ནས་ཀྱང་དེ་འདྲ་བའི་འོད་འཕྲོས། སངས་རྒྱས་དང་བྱང་སེམས་ཐམས་ཅད་སྐུ་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་རྣམ་པ་ཆེ་བ་རི་རབ་ཆུང་བ་ཡུངས་འབྲུ་ཙམ་ཁ་ཆར་དང་བུ་ཡུག་འཚུབ་པ་ལྟར་བྱོན་ནས། བདག་མདུན་གཉིས་ཀར་ཐིམ་པས་སྐུ་སྔར་བས་གཟི་བརྗིད་ཆེ་ཞིང་ཉི་མ་འབུམ་ལྟར་གཟི་མདངས་རྒྱས་ཏེ་བསྒྲེས་རྒུད་དང་བྲལ་བ་སྐུ་ཡི་དངོས་གྲུབ་མ་ལུས་པ་ཐོབ། གསུང་གི་བྱིན་རླབས་ཨཱ་ཀྲོ་འབྲུ་བཅུ་བདུན་མ་དང་། ཨྱཻ་རིང་སྐུ་གསུང་ཐུགས་སྔགས། ཨཱ་ལི་ཀཱ་ལིའི་རྣམ་པ་རང་སྒྲ་སྒྲོག་པ་དཔག་ཏུ་མེད་པར་བྱུང་ནས་རང་གི་མགྲིན་པར་ཐིམ་པས་ངག་སྔགས་ཀྱི་སྒྲ་དབྱངས་འབྲུག་སྟོང་ལྟར་ལྡིར་བའི་གྲགས་སྟོང་གཞོམ་མེད་ཡན་ལག་དྲུག་ཅུ་དང་ལྡན་པའི་གསུང་གི་དངོས་གྲུབ་མ་ལུས་པ་ཐོབ། ཐུགས་ཀྱི་བྱིན་རླབས་རྣམས། རྡོ་རྗེ། འཁོར་ལོ། རལ་གྲི །བེ་ཅོན། གཏུན་ཤིང་ལ་སོགས་པའི་ཕྱག་མཚན་སྣ་ཚོགས་པའི་རྣམ་པར་བྱུང་བ་འོད་སྔོན་པོའི་རྣམ་པར་ལྟེམ་གྱིས་ཞུ་ནས་རང་གི་སྙིང་གར་ཐིམ་པས་བདེ་བ་ཆེན་པོའི་ཡེ་ཤེས་རྒྱས་ཏེ་འགྱུར་མེད་རྡོ་རྗེ་ཐུགས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ། ཡང་རང་གི་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་བསྐུལ་ཞིང་དེའི་འོད་ཀྱིས་མ་དག་པའི་སྣོད་བཅུད་ཐམས་ཅད་སྦྱངས། སྣོད་གཞལ་ཡས་ཁང་དང་བཅུད་ཕྱག་རྒྱ་ཟིལ་གནོན་གྱི་ལྷ་ཚོགས་སུ་གྱུར་པ། རང་གི་རྟེན་དང་བརྟེན་པ་ལ་སོ་སོར་ཐིམ་པས་གཟི་བརྗིད་རྒྱས་པར་བསམ་མོ། །གསུམ་པ་སྒྲུབ་པ་ཆེན་པོའམ་དོ་ལིའི་བཟླས་པ་ནི། རང་གི་སྙིང་གའི་སྔགས་སྔར་ལྟར་ལ། ལྕེ་པདྨ་འདབ་བརྒྱད་ཀྱི་ཟེའུ་འབྲུར་ཧྲཱིཿལ་ཨཱ་ཀྲོ་བཅུ་བདུན་པ་དམར་པོས་བསྐོར་བ། ཀླད་པ་དུང་ཁང་དུ་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་དཀར་པོའི་མཐར་ཨཱ་ཀྲོ་བཅུ་བདུན་པ་དཀར་པོས་བསྐོར་བ་གསལ་ལ། རང་གི་ཐུགས་ཀའི་སྔགས་ཕྲེང་ལས་འོད་མཐིང་ཤས་ཆེ་བ་འཕྲོས། ཡེ་ཤེས་སེམས་དཔའི་ཞལ་ལམ་ཤངས་བུག་གཡས་ནས་ཐོན་སྐུ་ལ་གཡས་སྐོར་ཞིག་བྱས་ནས་སྐུའི་དབྱིབས་བརྒྱུད་གྱེན་དུ་སོང་། ལྗགས་སྟེང་གི་སྔགས་ཕྲེང་དམར་པོ་ལ་ཕོག་ནས་དེ་དང་དབྱེར་མེད་དུ་ཞུགས་པའི་ཚུལ་གྱིས་གཡས་སུ་བསྐོར་ཞིང་འོད་ཟེར་དམར་ཤས་ཆེ་བ་གྱེན་དུ་སོང་བ། ཡབ་ཀྱི་ཞལ་ནས་ཕྱིར་འཕྲོས་ཡབ་ཀྱི་ཤངས་བུག་གཡོན་དུ་ཞུགས་པ་ཀླད་པའི་ཨོཾ་གྱི་མཐའི་སྔགས་ཕྲེང་ལ་ཕོག་ནས་གཡས་སུ་བསྐོར་ཞིང་། སླར་འོད་ཟེར་དཀར་ཤས་ཆེ་བ་ཤངས་བུག་གཡས་ནས་ཐོན། ཞལ་དུ་ཞུགས་སྐུའི་དབྱིབས་བརྒྱུད། ཡེ་ཤེས་སེམས་དཔའི་ཞལ་ལམ་ཤངས་བུག་གཡོན་དུ་ཞུགས་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པ་དེ་ལྟར་བར་མ་ཆད་པའི་མགལ་མེའི་འཁོར་ལོ་ལྟར་ལུ་གུ་རྒྱུད་དུ་འཁོར་བར་དམིགས་པའོ། །འདི་ལ་རང་གི་གནས་གསུམ་དུ་སྐུའི་དབྱིབས་བརྒྱུད་དེ་འཁོར་བ་དང་། བཤད་མ་ཐག་པ་ལྟར་ཞལ་དང་ཤངས་བུག་ཏུ་བརྒྱུད་པ་དང་། ཡང་སྤྱི་བོར་འཁོར་ནས་འོད་ཡབ་ཀྱི་ཤངས་བུག་གཡས་ནས་ཐོན་པ་ཡུམ་གྱི་ཤངས་བུག་གཡོན་དུ་ཞུགས་ནས་སྐུ་ཡི་དབྱིབ་བརྒྱུད་པདྨ་ནས་ཐོན། ཡབ་ཀྱི་རྡོ་རྗེའི་ལམ་ནས་ཡར་བརྒྱུད་དེ་ཡེ་ཤེས་སེམས་དཔའི་འོག་སྒོའམ་རྡོ་རྗེའི་བུ་ག་ནས་ཡར་སྔགས་ཕྲེང་ལ་ཐིམ་པར་བསམས་ཏེ་ཡབ་ཡུམ་གཉིས་ཀར་འཁོར་བ་དང། ཡང་ཡེ་ཤེས་སེམས་དཔའི་ཤངས་བུག་གཡས་ནས་འོད་ཟེར་ཐུར་དུ་འཕྲོས་ཡབ་ཀྱི་རྡོ་རྗེའི་ལམ་ནས་ཐོན་པ་འཛབ་ཁང་གི་གཙོ་བོའི་གསང་གནས་བརྒྱུད། ཡེ་ཤེས་སེམས་དཔའི་ཤངས་བུག་གཡོན་དུ་ཞུགས། ཐུགས་རྒྱུད་བསྐུལ་ཏེ་གཡས་ནས་ཐོན། ལྗགས་དང་དུང་ཁང་གི་འགྲོ་ལུགས་སྔར་ལྟར་ལ། ཤངས་བུག་གཡས་ནས་ཐོན་པ་བདག་བསྐྱེད་ཀྱི་ཤངས་བུག་གཡོན་དུ་ཞུགས་རིམ་གྱིས་ཀླད་ཁང་ལྗགས་སྟེང་བརྒྱུད་ནས། ཡེ་ཤེས་སེམས་དཔའི་ཤངས་བུག་གཡོན་ནས་འཇུག་པ་བདག་མདུན་གཉིས་ཀར་འཁོར་བར་དམིགས་པ་དང་། གཞན་ཡང་ཡབ་ཡུམ་དང་བདག་མདུན་གཙོ་འཁོར་སོགས་ཀྱི་ཞལ་ལམ་ཤངས་བུག་ནས་དང་རྡོ་རྗེ་པདྨའི་ལམ་ནས་སྐུ་ཡི་དབྱིབས་བརྒྱུད་པའི་དམིགས་པ་རྒྱས་བསྡུས་བློས་གང་ལྕོགས་ཤིག་བསྒོམ་པ་ནི་མགལ་མེ་བསྐོར་བ་ལྟ་བུའི་བཟླས་དམིགས་སོ། །དེ་རྣམས་གང་བྱེད་ཀྱང་སྔགས་ཀྱི་འོད་ཟེར་མགལ་མེ་ལྟར་འཁོར་བའི་འོད་ཀྱིས་རང་གི་སྒོ་གསུམ་གྱི་སྒྲིབ་པ་སྦྱངས། འོད་ཟེར་དཔག་མེད་ཕྱིར་འཕྲོས་པས་ཕྱོགས་བཅུའི་བདེ་གཤེགས་ཀུན་གྱི་སྐུ་གསུང་ཐུགས་ཀྱི་གནས་གསུམ་དུ་ཕོག །ཐུགས་དམ་གྱི་རྒྱུད་བསྐུལ་ནས་གསང་གསུམ་གྱི་དངོས་གྲུབ་རང་ལ་བསྡུ། ཡང་འོད་ཟེར་འཕྲོས་པས་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ལྷར་གྱུར། མཐུ་དཔལ་གཟི་མདངས་ཐམས་ཅད་འོད་ཀྱི་རྣམ་པར་ཚུར་འདུས་བདག་ལ་ཐིམ་བདག་ཉིད་ཡེ་ཤེས་ཀྱི་སྐུ་གཟི་བརྗིད་དང་ལྡན་པར་བསམ། ཡང་འོད་ཟེར་ཕྱིར་འཕྲོས་དགྲ་བགེགས་རྣམས་ལ་ཕོག་པས་བྱ་སྒྲོ་མེས་བསྲེག་པ་ལྟར་བཅོམ། འོད་ཟེར་ཚུར་འདུས་པས་དེ་དག་གི་ཚེ་བསོད་ཀྱང་ཁབ་ལེན་གྱིས་ལྕགས་ལྟར་བསྡུས་ཏེ་བདག་ལ་ཐིམ་པས་བདག་གི་བ་སྤུའི་བུ་ག་ཐམས་ཅད་ཀྱང་ཉི་གདན་ལ་བཞུགས་པའི་ཁྲོ་ཆུང་ཕྱག་ན་མེ་རླུང་གི་འཁོར་ལོ་བསྣམས་པས་གཏམས་ཏེ་བར་ཆད་བསྲུང་བར་བསྒོམ། དམིགས་པ་དེ་རྣམས་ཀྱང་ལས་དང་པོ་པས་རིམ་ཅན་དུ་བསྒོམ་པའམ། བརྟན་པ་ཐོབ་པས་འཕྲོ་འདུ་གཅིག་ཅར་དུ་བྱའོ། །བདག་བྱིན་རླབས་དང་སྒྲུབ་ཆེན་གྱི་བཟླས་དམིགས་ཀྱི་མཇུག་ཏུ་སྣོད་བཅུད་སྦྱངས་ཏེ་དཔལ་ཆེན་པོའི་དཀྱིལ་འཁོར་དུ་སད་པའི། གཙོ་འཁོར་ཐམས་ཅད་ཀྱིས་སྔགས་ཀྱི་སྒྲ་བུང་བ་ཚང་ཞིག་པ་ལྟར་སྒྲོག་པར་དམིགས་པའང་སྐབས་སུ་བྱས་ན་ལེགས་སོ། །བཞི་པ་ལས་བཞིའི་དམིགས་པ་ནི། བདག་གི་ཐུགས་ཀའི་འོད་ཀྱིས་ཛཔ྄་ཁང་གི་ལྷའི་ཐུགས་རྒྱུད་བསྐུལ་ཞིང་བདག་མདུན་གཉིས་ཀྱི་ཐུགས་ཀ་ནས་འོད་དཀར་པོ་ཟླ་བ་འབུམ་གྱི་མདངས་ལྟར་གསལ་ཞིང་དྭངས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྡུག་བསྔལ་བསམ་སྦྱོར་ངན་པ་རྣམས་སྦྱངས། འོད་ཚུར་འདུས་པས་རང་ལུས་གང་། སྡིག་སྒྲིབ་ཐམས་ཅད་དུད་ཁུ་སོལ་ཁུ། ནད་རྣག་ཁྲག་ལྗན་ལྗིན། གདོན་ཐམས་ཅད་སྲོག་ཆགས། སྡུག་བསྔལ་དང་ཉོན་མོངས་མི་གཙང་བའི་རྣམ་པ་སོགས་རྒུད་པའི་ཕྱོགས་ཐམས་ཅད་ཡེ་ཤེས་ཀྱི་མེའི་འོད་ཀྱིས་ཐུལ་གྱིས་བསྲེག །མུན་ཁང་དུ་ཉི་མ་ཤར་བ་ལྟར་གསལ་ལམ་གྱིས་གྱུར་ཅིང་བ་སྤུའི་བུ་ག་ནས་འོད་ཕྱིར་འཕྲོས་འཁོར་འདས་ཐམས་ཅད་ཡེ་ཤེས་བདུད་རྩིའི་འོད་ཟེར་དཀར་པོས་ཁྱབ་པས་ཞི་བའི་ཕྲིན་ལས་མཐར་ཕྱིན་པར་བསམ་མོ། །ནད་གདོན་ཁོལ་བུ་བ་ལ་དེ་གའི་ཐད་ནས་ཁྲོལ་ཚགས་ལྟ་བུའི་བུག་པ་ནས་དུ་བའམ་རླངས་པ་ཕྱུ་རུ་རུ་བུན་བུན་དུ་སོང་བར་བསམ། གཞན་དོན་དུ་བྱེད་ན་དེ་ལ་དམིགས་པ་ཁ་བསྒྱུར། རྒྱས་པར་བདག་མདུན་གཉིས་ལས་ཡེ་ཤེས་རིན་པོ་ཆེ་རྒྱས་པའི་འོད་སེར་པོ་གསེར་མདངས་ཅན་ཀུན་དུ་ཁྱབ་པར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་ཚེ་དཔལ་དང་སྣོད་བཅུད་བཀྲག་མདངས་རྒྱས་པར་བྱས། དྭངས་མའི་འོད་ཚུར་འདུས་པའི་སྣ་ལ། རང་གི་བླ་ཚེ་བརྐུས་འཕྲོགས་ཡར་པ་ནྲྀ་ཡིག་དང་འོད་དང་བདུད་རྩིའི་རྣམ་པ་དང་། འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་དཔལ་ཡོན་ཐམས་ཅད་འོད་ལྔ་ཐིག་ལེ་བཀྲ་ཤིས་རྫས་རྟགས་ལ་སོགས་པའི་རྣམ་པར་བསྡུས་པས། རང་ལུས་དང་གནས་ཁང་མེར་གྱིས་ཁེངས་ཤིང་ཡོན་ཏན་རྒྱས་ནས་རྒྱས་པའི་ལས་ལྷུན་གྱིས་གྲུབ་པར་བསམ། དབང་ལ་བདག་མདུན་གཉིས་ཀའི་ཐུགས་ནས་འོད་དམར་པོ་བདེ་བ་ཆེན་པོའི་རང་བཞིན་ལྕགས་ཀྱུའི་རྣམ་པ་ཅན་འཕྲོས། སྣོད་བཅུད་ཐམས་ཅད་དམར་ལམ་གྱིས་ཞུ་བའི་དྭངས་བཅུད་ཐམས་ཅད་ཁབ་ལེན་ལ་ལྕགས་འདུ་བའི་ཚུལ་གྱིས་དབང་དུ་འདུས་ཤིང་རབ་འབྱམས་དབང་གི་ཕྲིན་ལས་ལ་ཐོགས་པ་མེད་པར་བསམ། དབང་གི་གདུལ་བྱ་ཆེད་དུ་བྱ་བ་ཡོད་ན། སྐྱེས་པའི་སྙིང་གའམ་བུད་མེད་ཀྱི་གསང་གནས་ནས་འོད་ཟེར་གྱི་ལྕགས་ཀྱུས་བཟུང་། རྐང་ཞབས་ནས་རླུང་གིས་བཏེགས་ཏེ་སྦུར་མ་རླུང་གིས་ཁྱེར་བ་བཞིན་བཀུག །འོད་དམར་པོས་ལུས་དམར་མྱོག་གེ་སོང་བས་བདག་ལ་ཆགས་ཤིང་མྱོས་ནས་རང་གི་རྐང་པ་ལ་མགོས་འདུད་པར་བསམ། དྲག་པོ་ལ་བདག་མདུན་གཉིས་ལས་འོད་ཟེར་ནག་པོ་ཚ་ཞིང་རྩུབ་པ་གྲངས་མེད་པའི་རྩེ་ལས་མེ་རླུང་དུག་དང་ཁྲོ་ཆུའི་སེར་སྤྲིན་དྲག་པོའི་སྒྲ་དང་བཅས་པ་ལས་ལྕགས་ཀྱུ། ཕུར་པ། རལ་གྲི །དགྲ་སཏྭ། འཁོར་ལོ། རྡོ་རྗེ་སོགས་མཚོན་ཆའི་རྣམ་པ་དཔག་མེད་འཕྲོས། བསྟན་འགྲོ་སྤྱི་དང་རང་རེ་སྐྱབས་ཡུལ་དང་བཅས་པ་ལ་གནོད་པ་དམིགས་པའི་དགྲ་བགེགས་བར་ཆད་ཐམས་ཅད་ལྕགས་ཀྱུས་བཟུང་། རྡོ་རྗེ་ལ་སོགས་པ་དྲག་པོའི་མཚོན་ཆ་ཐོག་གི་བུ་ཡུག་ལྟ་བུར་འཚུབ་པས་གཏུབ། ཡེ་ཤེས་ཀྱི་མེས་བསྲེགས་ཏེ་རྗེས་ཤུལ་ཙམ་ཡང་མེད་པར་ཐལ་བའི་རྡུལ་དུ་བརླགས་པས་དྲག་པོ་མངོན་སྤྱོད་ཀྱི་ལས་ལ་དབང་འབྱོར་པར་བསམ་མོ། །དེ་ལྟར་གོང་འོག་གི་དམིགས་པའི་ཚུལ་གང་བྱེད་ཀྱང་རུང་ཐམས་ཅད་དུ་དཔལ་ཆེན་པོའི་བདེ་སྟོང་རང་བྱུང་གི་ཡེ་ཤེས་ཀྱི་རྩལ་ལས་ཤར་ཞིང་དེའི་ངང་དུ་མཐར་ཕྱིན་པས་ན། མཆོག་ཐུན་གྱི་ཕྲིན་ལས་རབ་འབྱམས་ལ་ཐོགས་པ་མེད་པ་རྡོ་རྗེའི་སྟོབས་དང་ལྡན་པའི་གདིང་གིས་ཟིན་པར་བྱའོ། །ཐུན་འཇོག་ཁར་ཛཔ྄་བསྟོད་རྗེས་དབྱངས་གསལ་སྤེལ་ཚིག་ཅན་དང་ཡིག་བརྒྱ་བཟླ། མཆོད་བསྟོད་བསྡུས་པ་བྱ། ཤྲཱི་ཡ་མཱནྟ་ཀ་ས་མ་ཡ་སཏྭཾ་ཧོཿ ཞེས་ཛཔ྄་ཁང་གི་ལྷ་བདག་ཉིད་ལས་ལོགས་སུ་མེད་ཀྱང་ཆུ་ཟླ་ལྟར་གསལ་བ་ལ་རིག་པའི་མེ་ཏོག་འཐོར། ཧཱུྃ༔ ལྷུན་གྲུབ་རང་བཞིན་གསང་བའི་སོགས་ཀྱིས་དངོས་གྲུབ་བླངས་ཏེ་མདུན་གྱི་ལྷའི་གནས་ལྔའི་ཡི་གེ་ལྔ་ལས་འོད་ལྔ་བྱུང་བ་རང་གི་གནས་ལྔར་ཐིམ་པས་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ། ཧཱུྃ་ཛཿ ཞེས་ཛཔ྄་ཁང་རང་ལ་བསྡུ། རང་ཡང་སེམས་ཉིད་འོད་གསལ་དམིགས་པ་ཀུན་དང་བྲལ་བའི་ངང་དུ་ཐིམ། སླར་ལྡངས་ནས་དགེ་བསྔོ་ཤིས་བརྗོད་བྱའོ། །བར་ཆད་ཀྱི་མཚན་ལྟས་ཆེ་ན་གཙུག་ཏོར་འཁོར་ལོས་བསྒྱུར་བའི་སྲུང་འཁོར་རམ། བྱང་གཏེར་གྱི་སྲུང་འཁོར་དྲུག་གང་ཡིན་བསྒོམ་པར་བྱ་སྟེ་ཟུར་དུ་ཤེས་པར་བྱའོ། །གཉིས་པ་ཕྱི་སྐོར་སྐུའི་དྲག་སྔགས་ནི། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཧཱུྃ་གི་མཐར་འབྲུ་བཅུ་གཉིས་པ་ཁ་དོག་མཐིང་གས་བསྐོར་བ་ལས་འོད་ཟེར་འཕྲོ་འདུ་ཐམས་ཅད་སྤྱི་བསྙེན་དང་འདྲ་ཞིང་ཐུགས་ཀ་ཙམ་དུ་མ་ཟད་བ་སྤུའི་བུ་ག་ཐམས་ཅད་ནས་འཕྲོ་བ་དམིགས་བསལ་ལོ། །དེ་ལའང་བསྙེན་པ་བདག་བྱིན་རླབས་དོ་ལི་ལས་བཞི་རྣམས་ཁ་བསྒྱུར་བ་ཙམ་གྱིས་འཐུས་ཏེ། དཔེར་ན་དོ་ལིའི་ཚེ་སྙིང་གར་ཧཱུྃ་མཐར་ཨེ་ཀ་འབྲུ་བཅུ་གཉིས་པ་མཐིང་ག །མགྲིན་པར་ཧྲཱིཿམཐར་དམར་པོ། སྤྱི་བོར་ཨཱོཾ་མཐར་དཀར་པོ་གསལ་བ་སོགས་སོ། །གསུམ་པ་ནང་སྐོར་གསུང་གི་དྲག་སྔགས་ལ་གཞན་ཐམས་ཅད་སྐུ་བསྙེན་ཇི་ལྟ་བ་ལ་བ་སྤུའི་བུ་གའི་ཚབ་ཏུ་ལྗགས་ཀྱི་རྩེ་མོ་ལས་འོད་ཟེར་མེའི་ཚྭ་ཚྭ་འཕྲོ་བ་དམིགས་བསལ་ལོ། གཞན་བཞི་པོ་ཁ་བསྒྱུར་ཏེ་ཨེ་མྱག་སོགས་འབྲུ་བརྒྱད་པ་ཉིད་ཨཱ་ཀྲོའི་ཚབ་ཏུ་བྱའོ། །བཞི་པ་གསང་སྐོར་ཐུགས་ཀྱི་དྲག་སྔགས་ལའང་བསྙེན་སོགས་བཞི་ཡི་ཚེ། ཨེ་དུན་འབྲུ་བཞི་ཉིད་ལ་དམིགས་པ་ཁ་བསྒྱུར་བས་འཐུས་ཤིང་ལྗགས་ནས་འཕྲོ་བའི་ཚབ་ལ་ཐུགས་ཀྱི་སྔགས་འཁོར་དེ་ལས་འོད་མགལ་མེ་ལྟ་བུར་འཁོར་བ་ནི་ཁྱད་པར་རོ། །ལྔ་པ་ཡང་གསང་རྒོད་ཀྱི་དྲག་སྔགས་ལ་ཞི་བར་བཟླས་པ་དང་དྲག་པོར་བཟླས་པ་གཉིས། དང་པོ་ལ་བསྙེན་པའི་ཚེ་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཧཱུྃ་མཐར་ཐུགས་སྔགས་འབྲུ་བཞི་མཐིང་ག་དང་། དེའི་ཕྱིར་ཨྱཻ་རིང་མཐིང་གས་བསྐོར་བ། ལྗགས་སྟེང་ཧྲཱིཿམཐར་གསུང་སྔགས་འབྲུ་བརྒྱད་དམར་པོ་དེའི་མཐའ་མར་ཨྱཻ་རིང་དམར་པོ། དུང་ཁང་གི་ཨཱོཾ་གྱི་མཐར་སྐུ་སྔགས་འབྲུ་བཅུ་གཉིས་པ་དཀར་པོ། དེ་མཐར་ཨྱཻ་རིང་དཀར་པོས་བསྐོར་བར་བསམ་པ་དམིགས་བསལ་ཏེ། གཞན་བསྙེན་སྒྲུབ་སྒྲུབ་ཆེན་ལས་བཞི་བཞི་ཀ་ཨཱ་ཀྲོ་སྤྱི་བསྙེན་ལྟར་ཁ་བསྒྱུར་བས་འཐུས་སོ། །འདི་རྣམས་ཀྱི་བསྙེན་ཚད་ཀྱང་། ཨཱ་ཀྲོ་འབྲུ་བཅུ་བདུན་པ་གོང་བསྙེན་ཡིན་ཏེ་འདི་སོང་ན་འཚུབ་ཆུང་ཞིང་བྱིན་ཆེ་བ་ཡིན་པས། འབུམ་ཕྲག་གསུམ་ཁ་སྐོང་ཁྲི་གསུམ་བསྙེན་ཚད་དུ་གསུངས་ཀྱང་། བསྙེན་པ་སྔར་བྱེད་མ་མྱོང་བས་ཨྱཻ་རིང་ཁོ་ན་བྱེད་པའི་དབང་དུ་བཏང་བ་ཡིན་གྱི་སྐུ་གསུང་ཐུགས་སྔགས་ཀྱང་གཏོང་ན་འབུམ་གཅིག་ཙམ་གྱིས་ཆོག་པར་གསུངས། དེ་ནས་སྐུ་ཡི་སྔགས་དྲག་པོ་སྔགས་ཀྱི་འབྲུ་བཅུ་གཉིས་པ་དེ་ནི་ཞལ་གྱི་དམོད་པ་དྲག་པོ་མངོན་དུ་ཕྱུང་བ་གསང་ཆེན་རིགས་གཅིག་ཏུ་དྲིལ་བའི་སྔགས་ཐམས་ཅད་ཀྱི་རྩ་བ་ཡིན་ཏེ་ཀུན་གྱི་མགོ་ལ་བགྲང་བར་བྱའོ། །ཞེས་གསུངས་པ་ལྟར་བསྙེན་ཚད་འབྲུ་འབུམ་དུ་གསུངས་ཀྱང་གཞན་ཀུན་བཟླ་ན་འབུམ་གཅིག་གིས་ཀྱང་ཆོག་པར་གསུངས། དེ་ནས་གསུང་གི་སྙིང་པོ་སྲོག་དམར་ལེན་སྙིང་ཕྱུང་འབྲུ་བརྒྱད་པ་དང་། ཐུགས་ཀྱི་གསང་སྙིང་འབྲུ་བཞི་པ་གཉིས་ཀྱང་། ལས་རུང་ཙམ་དུ་ཐམས་ཅད་བཟླ་ན་འབུམ་རེ་རེ་དང་། ཡང་ན་འབྲུ་འབུམ་ཁ་སྐོང་དང་བཅས་པའམ། རྒྱས་པར་ན་འབུམ་ཕྲག་བཅུ་རེ་བཟླ་བར་བྱ་སྟེ། སྤྱིར་ཨྱཻ་རིང་སྐུ་གསུང་ཐུགས་སྔགས་དང་བཅས་པ་འདི་དག་ཀུན་ཀྱང་། ཇི་སྐད་དུ། ཀུན་ཀྱང་ཆོས་ཉིད་མ་བཅོས་པའི༔ མ་འགག་རང་སྣང་རོལ་པའི་རྩལ༔ ཆོས་ཀུན་སྙིང་པོར་གྱུར་པ་ཡི༔ འཇམ་དཔལ་གཞོན་ནུ་ཡིན་པར་བཤད༔ ཅེས་གསུངས་པས་རེ་རེས་ཀྱང་དངོས་གྲུབ་མཐའ་དག་འགྲུབ་པའི་གསང་སྔགས་ཁྱད་པར་ཅན་ཡིན་ཡང་། འདིར་ཐམས་ཅད་ལ་བསྙེན་པ་འགྲོ་བའི་ལུགས་ཡིན་གྱི་གཞན་དུ་སྔགས་རེ་རེས་ཀྱང་ལྷ་འགྲུབ་ཅིང་ཕན་གནོད་ཀྱི་ལས་དང་བཅས་པ་སྟེ་གཞན་དུ་ཤེས་པར་བྱའོ། །དེ་ལས་ཁྱད་པར་དུ་ཡང་གསང་ཨྱཻ་རིང་ནི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཡང་སྙིང་འཇམ་དཔལ་ཞི་ཁྲོའི་ལྷ་རྒྱུད་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་རྫོགས་པའི་དྲག་སྔགས་ཀྱི་རྒྱལ་པོ་ཡིན་པས། འདི་ལ་བཟླས་པའི་ཉམས་ལེན་གྱི་གཙོ་བོར་བྱ་སྟེ་གཞན་རྣམས་སྔོན་དུ་སོང་ནས་རྟག་ཏུ་འདི་ཁོ་ན་ལ་འབད་དོ། །དེ་ཡང། རྩ་བ་ལུས་ཀྱི་དྲག་སྔགས་ལ༔ ཡིག་འབྲུ་བརྒྱ་དང་ཞེ་དགུ་ཡོད༔ འབུམ་ཕྲག་གཅིག་ཏུ་བཟླ་བར་བྱ༔ ཞེས་གསུངས་ཀྱང་དེང་སང་ལག་ལེན་ལ་འབུམ་ཕྲག་གསུམ་བཟླ་བར་མཛད་དོ། །གཉིས་པ་ཨྱཻ་རིང་དྲག་པོར་བཟླ་བ་ལ། གོང་ལྟར་ཞི་བར་བཟླས་པའི་བསྙེན་པ་ལྔ་པོ་མཐར་ཕྱིན་ནས་བསྒྲུབ་པར་བྱ་སྟེ། དེ་ཡང་སྤྲོས་མེད་ཏིང་འཛིན་གྱི་ཉམས་ལེན་དང་། སྤྲོས་བཅས་རྫས་ཀྱི་ཡན་ལག་དང་བཅས་པ་གཉིས་ལས། དང་པོ་གསལ་བ་གསུམ་གྱིས་བསྒྲུབ་སྟེ། ཐོག་མར་ལྷར་གསལ་བ་ནི། བདག་མདུན་ཟིལ་གནོན་རྩ་བའི་ལྷ་དྲུག་རྒྱན་ལྷ་བརྒྱད་དང་བཅས་པར་གསལ་བའི་གཙོ་བོའི་ཐུགས་ཙིཏྟའི་ནང་དུ་ཉི་གདན་ལ་ཧཱུྃ་མཐིང་ག །ཡ་མའི་ཐུགས་ཀར་ཡ་སྨུག་ནག །ཕྱག་རྡོར་གྱི་ཐུགས་ཀར་ཧཱུྃ་སྔོན་པོ། རུས་སྦལ་གྱི་ཐུགས་ཀར་འཁོར་འདས་སྲོག་གི་དྭངས་མ་རྒྱ་གར་གྱི་ཡི་གེའི་གཟུགས་ཅན་གྱི་ཨེ་མཐིང་ག་དང་དེའི་ནང་ཀ་མཐིང་སྐྱ་ འདི་ལྟ་བུ། བྱ་ཁྱུང་གི་ཐུགས་ཀར་ཁྲོཾ །ཡུམ་གྱི་ཐུགས་ཀར་མ། སོ་སོའི་ས་བོན་གྱི་མཐར་ཨྱཻ་རིང་གི་རཀྴ་མོནྟ་ཡན་རྫོགས་པའི་མཚམས་སུ་གནོད་བྱེད་ཨ་མུ་ཀ་མྱགས་ཐུམས་རིལ་ཏྲིག་ནན་སྦུར་ཡ་ནན༔ ཨེ་ཧུར ་ཐུམས་ཛ༔ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ༔ ཞེས་བཏགས་པས་བསྐོར་བར་བསྒོམ། ལས་སྦྱོར་དུས་འདིར་རྒྱན་ལྷ་གསལ་ཐེབས་པ་གལ་ཆེ་ཡང་ཐུགས་ཀར་སྔགས་འཁོར་ནི་མི་དགོས་སོ། །གཉིས་པ་ཡུལ་གསལ་བ་ནི། མདུན་དུ་ཏིང་ངེ་འཛིན་གྱིས་སྤྲུལ་པ་ཨེ་ལས་གནམ་ལྕགས་ཀྱི་བྲུབ་ཁུང་གྲུ་གསུམ་བང་རིམ་གསུམ་ལྡན་ཕྱི་ནག་པོ། ནང་དུ་འདོད་ཆགས་ཀྱི་ཁྲག་མཚོ་འཁྱིལ་ཞིང་ཞེ་སྡང་གི་མེ་འབར་བ། ཕྱི་ན་གཏི་མུག་གི་མུན་པ་འཐིབས་པ། ཁ་དོག་ཅིང་མཐིལ་ཡངས་པ་ཟིན་ནས་ཐར་པ་མེད་པའི་ནང་དུ་ནྲྀ་ལས་དགྲ་དང་ཏྲི་ལས་བགེགས་གང་ཡིན་པའམ་དགྲ་བགེགས་ཐམས་ཅད་འདུས་པའི་ངོ་བོ་མདོག་ནག་ཅིང་བམ་པ། ཉམ་ཐག་མྱ་ངན་གྱི་འདུག་སྟངས་ཅན་ཡན་ལག་སྦྲུལ་དང་ལྕགས་སྒྲོག་གིས་བསྡམས་པ་འཆོར་བ་མེད་པར་བསམ་ལ། ཡང་ཏིང་འཛིན་གྱིས་སྤྲུལ་པའི་ཕོ་ཉ་གྲངས་མེད་འཕྲོས། དམིགས་བྱ་ཐམས་ཅད་བཙོན་ཁྲིད་པ་བཞིན་རང་དབང་མེད་པར་བཀུག་ནས་གཟུགས་ལ་བསྟིམ་མོ། །གསུམ་པ་སྔགས་གསལ་བ་ནི། ཨ་མུ་ཀ །ཞེས་པ་དམིགས་བྱའི་དགྲ་བགེགས་སྤྱི་ཡི་མིང་དོད་ཡིན་པས་སྟོང་སྲོག་དེ་དང་། མྱགས་ཐུམས་སོགས་སྲོག་གཤེད་ཀྱི་སྔགས་བསྡེབས་པས་ཕ་རོལ་གྱི་སྟོབས་བཤིག་ཅིང་རང་གཤེད་དབབ་ནས་སྲོག་དམར་ལེན་གྱི་སྔགས་ཡིན་པས། སྔགས་དེ་དག་བཟླས་པའི་ཚེ་ཐུགས་ཀའི་སྔགས་ཕྲེང་རྣམས་ལས་འོད་ཟེར་བྱུང་བ་ཞལ་ནས་འཕྲོས་ཏེ། འོད་ཟེར་གནམ་ལྕགས་འབར་བའི་དབལ་དང་སྤུ་གྲིའི་སོ་དུག་མཚོན་མེ་ཡི་ཚྭ་ཚྭ་དཔག་ཏུ་མེད་པ་ཐོལ་ཐོལ་བྱུང་ནས། མདུན་གྱི་དགྲ་བགེགས་ཀྱི་ལུས་ལ་ཕོག་པས་ཉལ་ཉལ་ཐོར་ཐོར་བཏང་ནས་སྔགས་བཟླ་བཞིན་པའི་ཚེ་ཨེ་ཧུར་ཐུམས་ཛ༔ ཞེས་པའི་སྐབས་སུ་དགྲ་བགེགས་ཀྱི་སྲོག་གི་ངོ་བོ་ནྲྀ་ཏྲི་ལ་སོགས་པ་གང་ཡིན་པ་དེ་དག་རང་དབང་མེད་པར་འུབ་ཀྱིས་འདུས་ཏེ་རུས་སྦལ་གྱི་ཐུགས་ཀའི་ལཉྩའི་ཨེ་ཀ་ལ་ཐིམ་པར་བསམ་ནས། ཟླ་བ་བདུན་ནམ་གཅིག་གམ་གསུམ་མམ་ཐ་ནའང་ཞག་གསུམ་ཙམ་བཟླ་བར་གསུངས་ཀྱང་ཨྱཻ་རིང་ཞི་བར་བསྙེན་པ་འབུམ་གསུམ་དང་། དྲག་པོའི་སྐབས་ཨྱཻ་རིང་ལ་སྤྱང་དྲུག་གི་གཙོ་བོ་གཟིར་སྤྱང་བཏགས་པ་འདི་ལ་འབུམ་གཅིག་སོང་ན་ཤིན་ཏུ་ལེགས་པ་ཕྱག་བཞེས་སོ། །ཞི་བར་བསྙེན་པ་ཐེངས་ནས་རྒྱུན་ཛཔ྄་སོགས་ཐམས་ཅད་ལ་སྤྱང་མོ་བཏགས་པ་འདི་ལེགས་ཞེས་རིག་འཛིན་གོང་མ་དག་གསུངས། བྱེ་བྲག་ཏུ་ཕ་རོལ་གྱི་སྟོབས་གཞོམ་པ་ལ་སོགས་པའི་ཆེད་དུ་སྲོད་དང་ཐོ་རངས་བརྒྱ་རྩ་རེ་བཟླ་བར་བྱའོ། །གཉིས་པ་སྤྲོས་བཅས་རྫས་ཀྱི་ཡན་ལག་དང་བཅས་པ་ནི། རྒྱས་པར་མཆོད་རྟེན་བཅས་ཆོག །དེ་ཙམ་མི་འགྲུབ་ན་ཐོད་པ་ཞལ་དབྱེ་མཆོག་ཕག་ལིང་ག་ཙམ་ལ་བརྟེན་པ་སོགས་རྣམ་གྲངས་མང་ཡང་། འདིར་མདོར་བསྡུས་པའི་ལག་ལེན་གྱི་དབང་དུ་ན་སྟེགས་བུ་འབྲུབ་ཁུང་བཅའ་བའམ། མ་གྲུབ་ན་ཤིང་ལྕགས་ཀྱི་ཧོཾ་ཁུང་ངམ་ལྕགས་སླང་ལྟ་བུར་སྟོང་སྲོག་སྤྱང་མོ་དྲུག་གི་འཁོར་ལོ་ལས་གཟིར་སྤྱང་ཅན་ཚད་ལྡན་བྲིས་པ་སྦྱང་ཁྲུས་རྫས་བྱུག་སོགས་ལག་ལེན་ལྟར་བྱས་པ་བཅུག །ཐུན་རེ་ལ་ལས་གཞུང་བསྲངས་ཏེ་ཨྱཻ་རིང་རྣལ་མ་བརྒྱ་ཕྲག་ཙམ་རེ་བཟླས་མཆོད་བསྟོད་བྱས་ཟིན་པ་དང་། གསེར་སྐྱེམས། བྲུབ་ཁུང་ལིང་ག་བསྐྱེད་པ་དགུག་གཞུག་ལྷ་དབྱེ་སོགས་རྒྱས་བསྡུས་ཅི་རིགས་སོང་ནས། གསལ་བ་གསུམ་དང་ལྡན་པའི་ངང་ནས་ཨྱཻ་རིང་ལ་གཟིར་བ་གཡུ་སྤྱང་ཅན་བཏགས་པ་ཅི་ལྟར་རིགས་པ་བཟླས། ཐུན་མཐར་རང་ལྷར་གསལ་བའི་ཏིང་འཛིན་ངར་བསྐྱེད་ལ་དྲག་སྔགས་བཟླས་པས། དབུགས་ཀྱི་རྟ་ལས་མཚོན་ཆའི་རང་བཞིན་ཤུགས་ཀྱིས་འཕྲོས་ནས། ཤ་ཟ་སྲོག་གཅོད་མང་པོ་བསྐུལ་ཏེ། དགྲ་བོའི་བུ་ག་དགུ་རུ་ཐིམ། ཁོའི་སྲོག་གི་ངོ་བོ་ཁྲག་གི་སྦལ་པ་བྱེའུ་ལན་པའི་མགོ་བོ་ཙམ་ཞིག་གི་ནང་ན་རྒྱ་གར་གྱི་ཡི་གེ་ཡ་དམར་ནག་གི་དབུས་ན་མ་དང་མའི་མིག་ན་ནྲྀ་ལྗང་གུ་ཞིག་གནས་པ་ལ། དྲག་སྔགས་བཟླས་པའི་འོད་ཟེར་གྱིས། སྙིང་ལ་གནས་པའི་དྲག་སྔགས་འབྲུ་བརྒྱད་མེ་དང་ཆུར་འབར་ཞིང་ཁོལ་བས་འཁྲུགས་ཤིང་བསྐྱོད་ནས་དྭངས་མའི་རྩ་བཞིའི་ནང་ནས་ནད་འདུ་བ་རྣམ་བཞི་ལངས་ཏེ། རང་གཤེད་ཀྱི་སྡིག་པ་ནག་པོ་བཞིའི་ར་བརྒྱད་ལས་གསུང་གི་དྲག་སྔགས་འབྲུ་བརྒྱད་ཀྱི་སྤུ་གྲི་ཡིས་རྩ་ཆེན་བཞི་དང་རྩ་ཕྲན་བརྒྱད་པོ་བཅད་ནས། ཁོ་རང་གི་སྙིང་ན་གནས་པའི་ཡེ་ཤེས་སེམས་དཔའ་བཅུག་ཅིང་བསྒོམ་པའི་ཚེ་བདག་དེ་ཞེ་སྡང་ལྕགས་ཀྱི་སྡིག་པ་ནག་པོར་གྱུར་ནས། འབྱུང་བཞིའི་དྭངས་མ་བཞི་བསྡུས་ཤིང་སྲོག་རྩ་གཅོད་པར་བསམ། ཁོའི་སྲོག་གི་ངོ་བོ་ནྲྀ་རུ་གནས་པ་དང་། ཁྲག་གི་སྦལ་པ་བཅས་པ་དེ་འཁྲུལ་འཁོར་བཅས་པ་དེ་ལ་ཐིམ་པར་བསམ་ལ། དེ་ལྟའི་དམིགས་པ་དང་ལྡན་པས། རྒྱུན་སྔགས་འཁོར་ལོ་ནག་པོའི་དྲག་སྔགས་དྲག་པོ་བཙན་ཐབས་འདིས་བརྡེག་པར་བྱ་སྟེ། དྲག་སྔགས་ནི། ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན། དགྲ་བོའི་སྲོག་ལ་ནྲྀ་ཧུར་ཐུམས་ཛཿ རྩ་ཁྲག་སྙིང་ཐུམས་རིལ་རཾ་ཤག་རྦདཿ དགྲ་བོའི་ཙིཏྟ་བྲེང་ཤག་ཛཿ སྲོག་ལ་ནྲྀ་ཧུར་ཐུམས་རྦད༔ ཅེས་བཟླ་ཞིང་ཐུན་འཇོག་ཁར་སྐམ་རློན་གྱི་ཐུན་རྫས་ལ་ཕུས་བཏབ་ནས་ཉིན་མཚན་གྱི་དབྱེ་བའི་ཐུན་སྔགས་དང་བཅས་ཏེ་ཐུན་བརྡེག་གོ །ཐུན་གཏོར་ལ་རཀྟ་བྲན་ནས་དགུག་གཞུག་ལན་གསུམ་བྱ། སླར་སྨན་རཀ་བྲན་ཏེ། དྲག་གཏོར་ལྟར་བྱིན་གྱིས་བརླབས་ནས། ཨེཿ ཕྱག་རྒྱ་ཟིལ་གནོན་འཁོར་བཅས་ལ༔ ཞེས་སོགས་ཀྱིས་འབུལ། དེ་རྗེས་ཚོགས་བྱིན་རླབས་ནས་བསྟབ་པའི་བར་བྱ། ལྷག་མ་བཙོན་དུ་བཟུང་། ཆད་བརྟན་སོགས་དཀྱུས་བཞིན་བྱ། ཡང་ན་མཆོད་བསྟོད་རྗེས་ཆོས་སྐྱོང་གཏེར་སྲུང་གི་གསོལ་ཁ་དང་ཚོགས་བྱས་ལ། བསྒྲལ་བའི་ཚེ་བསྒྲལ་ལས་ཀྱི་ནང་དུ་འདི་སྦྱར་རོ། །གང་ལྟར་ཡང་ཞག་བདུན་དགུ་སོགས་བསད་རྟགས་བྱུང་གི་བར་བྱས་ནས། ལས་ལ་སྦྱོར་བ་ནི། དགུག་གཞུག་ནས་ཞལ་སྟོབ་བར་དཀྱུས་བཞིན་བྱས་རྗེས། སྟོང་སྲོག་འཁོར་ལོའི་ལྟེ་བ་གྲུ་གསུམ་ནང་གི་ལིངྒ་དེ་གྲིས་དྲས་ཏེ་བཏོན་ལ་དྲག་པོའི་སྦྱིན་སྲེག་གམ། ཡང་ན་མནན་ཆས་བྱས་ཏེ་ཐོད་པ་སོགས་སུ་མནན་པ་ཚུལ་བཞིན་བྱ། ལྟེ་ལིང་བཏོན་པའི་སྟོང་སྲོག་འཁོར་ལོ་དེ་སྲུང་བའི་ཕྱིར་རང་གི་མལ་སྟེང་དུ་བླ་བྲེ་ལྟར་ཕུབ། མཐར་བཟློག་གཏོར་བཤམས་ལ་ཟོར་ལས་རྒྱས་བསྡུས་སྐབས་དང་སྦྱར་ཏེ་ཞག་གསུམ་མམ་གཅིག་ཏུ་བྱའོ། །དེ་ལྟར་བསྙེན་སྒྲུབ་ལས་ཀྱི་སྦྱོར་བ་དེ་དག་གི་སྐབས་སུ་བསྙེན་པ་དང་། རྦད་པ་དང་། བསད་བཟློག་གི་གྲུབ་རྟགས་རྣམས་རྟགས་ཚད་ཀྱི་ཡི་གེ་བཞིན་དུ་ཤེས་པར་བྱས་ལ་བསྲུང་བསད་བཟློག་པའི་ལས་མཐའ། མནན་བསྲེག་འཕང་བས་བསྡུ་བར་བྱའོ། །དེ་ཡང་རྩ་བསྙེན་དང་ཁ་སྐོང་གི་སྦྱིན་སྲེག་དང་བཅས་པ་སོང་ན་ལེགས་ཤིང་ཚུལ་དེ་ལྟ་བུས་ལྷ་ཡི་དངོས་གྲུབ་གྲུབ་པའི་རྟགས་རྫོགས་ཤིང་། གྲངས་ཀྱི་བསྙེན་པ་ཡོངས་སུ་རྫོགས་པའི་ཚེ་སང་མཚམས་གྲོལ་བའི་དེ་རིང་གི་དགོང་མོར་དངོས་གྲུབ་ཀྱི་རྫས་བམ་ཆས་སུ་བཅུག་པ་ཡོད་ན་དེས་འཐུས། མིན་ན་གསར་དུ་བཤམས་ཤིང་། གཞན་ཡང་མངར་གསུམ་སྨན་སྤོད་སྣ་ཚོགས་བཏབ་པའི་ཕྱེ་མར་གྱི་རྒྱུ་ལས་ཚེ་འབྲང་ངམ་ཚེ་བུམ་ཕྱག་བཞེས་ལྟར་བྱ་བའི་པདྨ་དམར་པོ་འདབ་བཞི་ཁ་མར་བསྟན་པའི་སྟེང་། ཉི་མ་འོག་དང་ཟླ་བ་སྟེང་དུ་བྱས་པའི་ཉི་ཟླའི་གའུ་སོ་སོའི་ཁ་དོག་བསྒྱུར་བའི་རྩེར་མར་དཀར་གྱི་རྡོ་རྗེ་རྩེ་ལྔ་ཕྱེད་པ་དང་ཉི་ཟླའི་གའུར་རྡོ་རྗེ་རྒྱ་གྲམ་གྱིས་རྒྱས་བཏབ་པའི་ཚུལ་ཅན། རྒྱུ་དེ་ལས་གྲུབ་པའི་ཚེ་རིལ། ཚེ་ཆང་ལ་བུ་རམ་དང་ཆོས་སྨན་བཏབ་པ། གཞན་ཡང་དངོས་གྲུབ་ཀྱི་རྫས་གང་འབྱོར་འདུ་བྱས་ལ། ལས་བྱང་གཞུང་བསྲང་ཚོགས་ཐ་མ་ཡན་བཏང་། དངོས་གྲུབ་ལེན་ཁར་རྫས་བཤམས་གུ་གུལ་བདུག་ཅིང་བགེགས་བསྐྲད་དང་བྱིན་འབེབ་ལས་བྱང་ལྟར་བྱ། བམ་ཆེན་གྱི་སྙིང་ཙིཏྟ་གྲུ་གསུམ་གྱི་དབུས་སུ་རྣམ་ཤེས་ཡིད་ཆོས་དག་པ་ཕྱག་རྒྱ་ཟིལ་གནོན་ཡབ་ཡུམ་སོགས་ཕུང་ཁམས་སྐྱེ་མཆེད་ལྷར་བསྐྱེད་བསྟིམ། མཆོད་བསྟོད་བསྡུས་པ་ཙམ་བྱ། ཚེ་འབྲང་བསང་སྦྱང་། སྟོང་པའི་ངང་ལས་ཚེ་འབྲང་གི་རྣམ་པ་ལ་དབུས་སུ་ཚེ་དཔག་མེད་དམར་པོ་གོས་དཀར་མོ་དང་འཁྲིལ་བ་མཉམ་གཞག་གིས་བུམ་པ་འཛིན་པ། ཤར་དུ་དབྱིངས་ཕྱུག་མ་སྔོན་མོ། ལྷོར་མཱ་ཀཱི་སེར་མོ། ནུབ་ཏུ་སངས་རྒྱས་སྤྱན་མ་དཀར་མོ། བྱང་དུ་སྒྲོལ་མ་ལྗང་གུ །རིམ་བཞིན་གཡས་པ་ན། འཁོར་ལོ་རིན་ཆེན་རྡོ་རྗེ་རྒྱ་གྲམ། གཡོན་ཚེ་བུམ་འཛིན་པ་ཞབས་སེམས་མའི་སྐྱིལ་ཀྲུང་ཅན་དར་དང་རིན་པོ་ཆེས་བརྒྱན་པའི་གཙོ་འཁོར་ཐམས་ཅད་ཀྱི་གནས་གསུམ་ཡི་གེ་ལས་འོད་འཕྲོས་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། ཨཱ་ཡུཿདེ་བ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་སྔགས་ཀྱིས་མཆོད་ལ། འཇིག་རྟེན་འདྲེན་པས་བསྟོད། ཨོཾ་བཛྲ་ཨཱ་ཡུ་ཛྙཱ་ན་བྷྲཱུྃ་ནྲྀ་ཛ༔ སརྦ་ཨཱ་ཡུཿཕ་ལ་སིདྡྷི་ཧཱུྃ༔ ཞེས་ཅི་རིགས་བཟླས། འོད་ཀྱིས་ཚེ་བཅུད་བསྡུ་བའི་དམིགས་པ་སྤྱི་ལྟར་བྱ། དེ་ནས་དངོས་གྲུབ་བསྡུ་བ་ནི། བདག་ཟིལ་གནོན་དུ་གསལ་བའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་ས་བོན་ལས་འོད་གློག་གི་ཞགས་པ་ལྟར་རྣོ་ཞིང་མྱུར་བ་སྤྲོས་ནས། འཁོར་འདས་ལམ་གསུམ་གྱི་དཔལ་ཡོན་དྭངས་བཅུད་ཚེ་སྟོབས་རྣམས་དངོས་གྲུབ་ཀྱི་རྫས་ལ་ཐིམ་པར་བསམ་ལ། སྔགས་མཐར་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ནྲྀ་ཛཿཧཱུྃ་སྭཱ་ཧཱ། བརྒྱ་རྩ་སོགས་བཟླས་རྗེས་ཕྱི་ནང་སྣོད་བཅུད་ཐམས་ཅད་དྲེགས་པ་ཡབ་ཡུམ་ལ་ཐིམ། ཡབ་ཡུམ་ཧཱུྃ་ལ་ཐིམ། དེ་དངོས་གྲུབ་ཀྱི་རྫས་ལ་ཐིམ། དེ་འོད་དུ་ཞུ་ནས་རང་གི་ལུས་ངག་ཡིད་ལ་ཐིམ་པས་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ་ལ་དངོས་གྲུབ་བསྐུལ་བའི་ཚིག་དང་སྔགས་ཚིག་གིས་རྫས་རྣམས་གནས་གསུམ་དུ་རེག་ཅིང་མྱང་བར་བྱ། འདི་ལྟར་བསགས་པའི་སོགས་སྨོན་ལམ་གདབ། མཆོད་བསྟོད་བཟོད་གསོལ་བསྡུ་ལྡང་སོགས་བྱའོ། །དེ་ནས་རྒྱལ་ཐོ་ལ་གཏང་རག་ཕུལ་ཞིང་འགྲོལ། ནང་མཚམས་གྲོལ་ནས་དེ་ཉིན་དམ་ཚིག་གཙང་བའི་མཆེད་འགའ་ཞིག་དང་ཕྲད་པར་བྱ། མིག་དགྲ་ཕྱོགས་སུ་ལྟ་སྟངས་བྱེད་པ་དེ་ཐུལ་བའི་དགོས་པ་དང་། ཉི་ཟླའི་ཕྱོགས་སུ་བལྟ་བ་ཚེ་ཉི་ཟླ་དང་མཉམ་པའི་རྟེན་འབྲེལ་ཡོད་ཅེས་བླ་མ་གོང་མ་དག་གསུངས་སོ། །འདིར་མཚམས་གྲོལ་ནས་དེ་འཕྲལ་ལམ་ལོང་སྐབས་ཇི་རིགས་པར་ཁ་སྐོང་ཞི་བའི་སྦྱིན་སྲེག་བྱ་གསུངས་ཏེ། མཚམས་ནང་དུ་མི་བདེ་ན་དེ་ལྟར་བྱའོ། །དེ་ལྟར་བསྙེན་སྒྲུབ་དེ་དག་གི་མི་མཐུན་པ་སྤང་ཞིང་མཐུན་པའི་རྐྱེན་སྔགས་ཀྱི་ནུས་པ་བསྐྱེད་པའི་རིགས་ལ་འབད་པས་སྔགས་ཀྱི་འབྲས་བུ་མྱུར་དུ་འབྱིན་པར་ཤེས་པར་བྱ་སྟེ། དེ་ཡང་། སྐུ་མཚམས་མ་གྲོལ་བར་གཞན་དང་ཕྲད་པ། གསུང་མཚམས་མ་གྲོལ་བར་ངག་ཤོར་བ། ཐུགས་མཚམས་མ་གྲོལ་བར་ཉོན་མོངས་དྲག་པོས་བར་བཅད་པ་སྟེ་མཚམས་གསུམ་རལ་བ་སྤང་། བསྐྱེད་པའི་སྐུ་མི་གསལ་བ། བཟླས་པའི་སྔགས་མི་དག་པ། བསྒོམ་པའི་ཏིང་འཛིན་གཡེལ་བ་སྟེ་དམ་ཚིག་ཉམས་པ་གསུམ་སྤང་། ལུས་བཅུད་ཐིག་ལེ་ཉམས་པ། ངག་བཅུད་མཆིལ་མ་དོར་བ། ཡིད་བཅུད་དམིགས་པ་དོར་ནས་རྣམ་རྟོག་རྒྱུན་མ་བཅད་པ་སྟེ་བསྲུང་བྱ་གསུམ་ཉམས་པ་སྤང་། ཡན་ལག་ཏུ། སྒྲུབ་པ་མ་ཐོན་བར་གནས་མི་སྤོ། གདན་མི་སྤྲུག །མི་དང་ཁ་འཕྲོ་མི་བསྲེ། གཏོར་མ་དུས་ལས་མ་ཡོལ་བར་འབུལ། འཐབ་མཁོན་མི་བྱ། གཏོར་ཕུད་ཉམས་སུ་མི་འཇུག །སྒྲུབ་ཁང་དུ་ཁྱི་དང་ཡུགས་ས་མཛེ་ཕོ་དམེ་ཅན་འོང་མི་འཇུག །དེ་ཀུན་གྱི་ཟས་ལ་འཛེམ། སྨ་ར་དང་ཨག་ཚོམ་མི་བྲེག །རང་གི་ཉལ་མལ་དུ་གཞན་མི་གཏོང་། ཕྲེང་སྟན་མི་ལག་མི་འགྲིམ། གཞུ་མི་ཕབ། མདའ་མི་གཅོག །མཚོན་རྩེ་ཁར་མི་འཇུག་གོ །སྤྱིར་སྔགས་བཟླ་ཚེ་སྐྱོན་བཅུ་སྤང་དགོས། བཅུ་ནི་སྒྲ་སྐྱོན་ལྔ་ལ། ཆེ་བ། ཆུང་བ། མགྱོགས་པ། བུལ་བ། མེ་ཕུ་བ་དང་ལྔ་ཡིན་གསུངས། བར་ཆད་ལྔ་ནི། གློ་ལུ། གཏམ་སྨྲ། སྦྲིད་པ། གཉིད་ཤོར་བ། ཡེངས་བ་དང་ལྔར་བཤད། བཟླས་པའི་འཕྲོ་ལ་གཉིད་དང་གླལ་བ་སྦྲིད་པ་འོག་རླུང་བྱུང་ན་དེ་མ་ཐག་ཕྲེང་བ་བཞག་སྟེ་ཉེ་རེག་བྱ་ཞིང་ཁ་བཤལ་ནས། གོང་གི་དེ་འདྲ་བྱུང་སྐབས་ཀྱི་སྔགས་བཟླས་པའི་གྲངས་སུ་མི་གཞུག་སྟེ་དེས་བསླད་པས་གོ་མི་ཆོད་པའི་ཕྱིར་རོ། །གཞན་དུ་སྐྱོན་དེ་དང་མ་འདྲེས་ཀྱང་གློ་བུར་དུ་དེ་དག་བྱུང་ན། སྔར་བཅད་ཟིན་པའི་གྲངས་ནས། གཏམ་ཤོར་ན་བཞི། གློ་ལུ་ན་ལྔ། གླལ་ན་གསུམ། སྦྲིད་ན་བཅུ། མཆིལ་མ་སྣབས་ལུད་སོགས་འདོར་ན་གཅིག །འོག་རླུང་ལ་བདུན། གཉིད་ལ་བཅོ་ལྔ་རྣམས་ཕྱིར་བཏོན་ཏེ་གྲངས་སུ་མི་རྩི་བར་བཤད། གཞན་ཡང་བསྙེན་པའི་སྐབས་སུ་ལྷ་གཞན་གྱི་སྔགས་དང་ཆོས་སྤྱོད་བྱས་ན་ཡིད་ཀྱིས་བཤགས་ཞིང་གསོལ་བ་བཏབ་ནས་བཟླས་པ་སྔ་མར་འཇུག །བགེགས་སྲུང་བ་དང་ནད་ཞི་བ་དང་ལྷོད་པ་བག་མེད། ལུས་སེམས་སྐྱོ་བ། མ་བསྡམ་པ། མི་གཙང་བ། རྨི་ལམ་ངན་སོགས་འཕྲལ་རྐྱེན་ཞི་བ་དང་། གོང་དུ་བཤད་པའི་མཚམས་གསུམ་མ་བསྡམ་པ་ནི་རྩ་བའི་གཞི་བསྙེན་གྱི་གྲངས་དང་བསྙེན་ཁ་གསོ་བ་སོགས་གྲངས་བསྙེན་གྱི་གྲངས་སུ་མི་རྩི་བར་ལེགས་གྲུབ་ལས་གསུངས་སོ། །ཡང་བཟླས་པའི་ཕྱེད་གནས་གཅིག་ཏུ་བྱས་ནས་ཕྱེད་གནས་གཞན་དུ་སྤོས་ནས་བྱས་པས་བཟླས་པ་དུས་ལས་འདས་པ་སོགས་ཀྱིས་ཀྱང་བཟླས་པ་མཚན་ཉིད་པའི་གོ་མི་ཆོད། དུས་ལ་བཟླས་ཞེས་བསྙེན་ཐུན་གྱི་དང་པོ་ནས་ཐ་མའི་བར་ངེས་ཅན་ཁྲིགས་ཆགས་སུ་བསྟར་བ་ལས་རང་གི་དལ་ཁོམ་དང་བསྟུན་པའི་ཐུན་དང་བཟླས་ཚད་གང་བབ་བྱས་པས་མི་འཐུས་སོ། །གཞན་ཡང་སྒོག་པ་སོགས་ཟས་ངན་རིགས་སྔགས་ལ་གནོད་པའི་ཟས་དང་། རྫུན་སོགས་ལུས་ངག་གི་སྤྱོད་ལམ་དང་། གནས་གྲོགས་ཡོ་བྱད་ཀྱི་གྲིབ་དང་། ཐེ་ཚོམ་སོགས་རྟོག་པ་ངན་པའི་བར་ཆད་མཐའ་དག་བསྒྲིམས་ཏེ་འབད་ནས་སྤང་བར་བྱ་ཞིང་། ངག་བྱིན་གྱིས་རློབ་པ་དང་། ལྕེ་ལ་སྤུ་གྲི་གདགས་པ་སོགས་བླ་མ་དགོངས་འདུས་ཀྱི་མན་ངག་བཞིན་དུ་ལེགས་པར་བསྒྲུབས་ཟིན་པའི་རྫས་ཀྱིས་ཐུན་རེའམ་ཉིན་རེའམ་ཉི་མ་བདུན་རེའི་ནང་དུ་གནས་སོ་སོར་བྱུག་པ་སོགས་བྱ་བ་དང་རྒྱུན་དུ་དབྱངས་གསལ་བསྒྲང་ཞིང་། ནུས་བསྐྱེད་ཀྱི་ཟ་ཡིག་རིགས་དང། ལྷ་སྔགས་དབྱེར་མེད་ལ་ཡིད་ཆེས་པ་སོགས་ཕྱོགས་མེད་ཀྱི་དད་པ་དང་སྣང་སྲིད་དག་མཉམ་ཆེན་པོར་ངེས་པའི་དག་སྣང་དང་། རྒྱུན་ཆགས་ཀྱི་དྲན་པས་མི་གཡེང་བའི་ཏིང་འཛིན་ལ་བརྩོན་པ་ཆེན་པོས་ནན་ཏན་དུ་བྱ་ཞིང་རྩ་གསུམ་ལ་སྔགས་གྲུབ་པའི་གསོལ་བ་གདབ་ཅིང་བྱང་ཆུབ་ཀྱི་སེམས་བསྒོམ། རྒྱུན་དུ་གསག་སྦྱོང་གི་རིགས་དང་སྦྱིན་སྲེག་ལ་སོགས་པའི་ཐབས་ཁྱད་པར་ཅན་གྱིས་སྔགས་ཀྱི་གཟི་བྱིན་དང་སྟོབས་བསྐྱེད་པར་བྱའོ། །ཆོ་གའི་ཡན་ལག་དང་ལྡན་པའི་བཟླས་པ་ཚུལ་བཞིན་བྱས་ན་རྒྱུ་ཚང་བས་འབྲས་བུ་མི་འབྱུང་བ་མི་སྲིད་ཀྱང་། གལ་ཏེ་བཟླས་གྲངས་ཐེམས་ནས་རྟགས་མེད་ན། གཏེར་ཁྱིམ་དང་རྫོང་འཕྲང་རྡོ་རྗེ་གཙུག་ལག་གི་རྒྱུད་སོགས་བསྙེན་སྒྲུབ་ཀྱི་གཞུང་ཆེན་རྣམས་དང་བསྟུན་ཅིང་ལྕགས་སྡིག་ནས་བཤད་པའི་སྔགས་སྡེབ་ཀྱི་མན་ངག་ཉེར་ལྔ་པ་སོགས་དང་། རྒྱས་པར་སྔགས་སྡེབ་སྙིང་གཟེར་ནག་པོ་སོགས་ཀྱི་མན་ངག་གི་གནད་ཉམས་འོག་ཏུ་ཆུད་པར་བྱ་བ་ནི་གལ་ཆེ་བས་དེ་བཞིན་དུ་ངེས་པར་བྱའོ། །དེ་ལྟར་བསྙེན་སྒྲུབ་གནད་དུ་འཁྱོལ་བའི་གང་ཟག་གིས་གསུམ་པ་ལས་ལ་སྦྱར་བ་ལ། མཆོག་དང་ཕལ་པ་གཉིས། དང་པོ་བསྐྱེད་པའི་རིམ་པ་གསལ་བ་གསུམ་མཐར་ཕྱིན་པའི་གང་ཟག་གིས་ལྷའི་གནང་བ་ཐོབ་པའི་དུས་སུ་བསྐྱེད་པ་དང་སྔགས་ཀྱི་བཟླས་པའི་མཐུས་འོག་མིན་པའི་བར་གྱི་དངོས་གྲུབ་ཅི་རིགས་པ་འགྲུབ་ཅིང་། རྫོགས་པའི་རིམ་པ་ཐབས་ལམ་ལ་བརྟེན་ནས་རང་སེམས་དང་རླུང་ལ་དབང་ཐོབ་པས་སྲོག་གཟུགས་གྲུབ་པའམ། གྲོལ་ལམ་གྱི་ལྟ་སྒོམ་ཁྱད་པར་ཅན་གྱིས་རིག་པ་ཡེ་ཤེས་ལ་དྲོད་ཐོབ་པའི་སྒོ་ནས། རླུང་སེམས་དབང་དུ་གྱུར་པའི་མཐུས་བསམ་པ་ཙམ་གྱིས་རྩལ་སྣང་ལས་རབ་འབྱམས་གྲུབ་ཅིང་དེ་ལ་བརྟེན་ནས་ལམ་གྱི་ཡོན་ཏན་ཀུན་ནས་ཚང་བ་དེ་དག་གི་མཐུས། མཐར་ཐུག་འཕོ་བའི་འགྱུར་བ་ཐམས་ཅད་ཟད་པ་འགྱུར་མེད་ཡེ་ཤེས་རྡོ་རྗེའི་སྐུ་བདུད་བཞི་ལས་རྣམ་པར་རྒྱལ་བ་དཔལ་ཧེ་རུ་ཀའི་གོ་འཕང་ལ་སྦྱོར་བ་ནི་མཆོག་གི་ལས་སྦྱོར་རོ། །ཕལ་པ་ལའང་ནང་གསེས་ཚད་མེད་ཀྱང་རིགས་བསྡུ་ན་ལས་བཞི་སྟེ། དེ་དག་ཀྱང་རབ་སྲོག་གཟུགས་གྲུབ་ཅིང་སྣང་སེམས་ལ་དབང་ཐོབ་པའམ། འབྲིང་བསྐྱེད་རིམ་མཐར་ཕྱིན་པའི་ཏིང་ངེ་འཛིན་གྲུབ་པའམ། ཐ་མ་གསང་སྔགས་ཀྱི་བཟླས་པ་ཚད་དང་ལྡན་པར་སོང་བའི་སྒྲུབ་པ་པོས་བྱ་བ་ཡིན་ཏེ། དེ་ལ་སྐབས་འདིར་དཔལ་ཕྱག་རྒྱ་ཟིལ་གནོན་ཧེ་རུ་ཀའི་ལྷ་སྔགས་ཏིང་འཛིན་ལ་བརྟེན་ནས་ལས་སྣ་ཚོགས་བསྒྲུབ་པར་བྱ་བ། དེ་ཡང་རྫས་སོགས་ཕྱི་རོལ་གྱི་ཡན་ལག་ལ་མི་ལྟོས་པ་དང་། ལྟོས་པ་གཉིས། དང་པོ་སྔགས་དམིགས་ཁོ་ནས་ཞི་སོགས་བསྒྲུབ་པའོ། །གཉིས་པ་ལྟོས་པ་ལ། འཁྲུལ་འཁོར་དང་སྦྱིན་སྲེག་གཏོར་མ་ཐུན་རྫས་སོགས་ལ་བརྟེན་ནས། ཞི་བ་དང་རྒྱས་པ་དང་དབང་དང་དྲག་པོའི་ལས་རབ་འབྱམས་ཀྱི་ཚུལ་བསྒྲུབ་པ་ནི་སྔགས་རྒྱུད་ཟབ་མོ་སྤྱི་དང་། ཁྱད་པར་ཟླ་གསང་ལ་སོགས་པའི་གཤེད་སྐོར་རྒྱ་མཚོ་ལྟ་བུ་དང་གནམ་ལྕགས་སྡིག་པའི་ཆོས་སྡེ་རྣམས་བསྡེབས་ཏེ་བླ་མའི་མན་ངག་གིས་ལག་ཏུ་ལེན་པར་བྱ་ཞིང་། ཁྱད་པར་དུ་དྲག་པོའི་ལས་བསྒྲུབ་པ་ལ་ཨུར་མོ་ལས་དྲུག་ཏུ་གྲགས་པ། དང་པོ་མི་ཤིགས་པའི་མཁར་དུ་རྡོ་རྗེའི་སྐུ་བསྐྱེད་པ། གཉིས་པ་ནམ་མཁའི་ཁམས་སུ་སྦྱོར་བའི་སྟོབས་བཤིག་པ། གསུམ་པ་རི་རབ་ཀྱི་རྩེ་ལ་གནམ་ལྕགས་ཀྱི་སོ་བརྡར་བ། བཞི་པ་རི་ཐང་མཚམས་སུ་ཞེ་སྡང་ཁྲོས་པའི་གཞུ་བཅག་པ། ལྔ་པ་རྒྱ་མཚོའི་གཏིང་དུ་མུན་པའི་དམག་བསྡུ་བ། དྲུག་པ་འཁོར་བའི་རྒྱ་གླིང་དུ་སྲིད་པའི་རི་བོ་བསྒྱེལ་བ་རྣམས་ལས། དང་པོ་ནི། ཁྲོ་བོའི་ནང་ན་གཤིན་རྗེ་གཤེད། །དེ་མཐོང་ན་ནི་ཁྲོ་བོ་གཞན། །འདར་ཞིང་ལག་ཆ་ཤོར་བར་འགྱུར། །ཞེས་པ་ལྟར། འཁོར་འདས་ཀུན་དབྱིངས་སུ་ཟ་བ་བཅོམ་ལྡན་འདས་དུས་དགྲའི་དབང་པོ་འཁོར་འདས་ཟིལ་གནོན་ཆེན་པོ་ཉིད་དུ་བདག་ཉིད་གསལ་འདེབས་པ་སྟེ། དེ་ཡང་འཁོར་ལོ་བཞིའི་ལྟ་དགོངས་དང་ལྡན་པའི་སྒོ་ནས། མངོན་རྟོགས་ཆེ་ཆུང་སོགས་ཀྱི་དགོངས་པ་བཞིན་དུ་གསལ་འདེབས་པའམ། བསྙེན་སོང་རྣམས་ཀྱི་རྒྱུན་གྱི་ཡི་དམ་ལ། ཡང་གསང་གནམ་ཐོག་ཆེན་པོའི་དགོངས་པ་བཞིན། གཞལ་ཡས་ཁང་ལྷུན་གྲུབ། ལྷ་ཀོག་བཞེངས། སྔགས་ཐུག་ཕྲད་དུ་གྲགས་པ། རང་བཞིན་ལྷུན་གྱིས་གྲུབ་པའི་ལྷ་ཡི་དཀྱིལ་འཁོར་དྲན་ཙམ་གྱིས་རྫོགས་པར་བྱེད་དེ། ཧཱུྃ། ཨེ་ཉིད་སྟོང་པ་ཆོས་འབྱུང་སྟེ། །མ་སྐྱེས་འགག་པ་མེད་པ་ལས། །རྒྱུ་རྐྱེན་སྔགས་ལས་མ་བསྐྱེད་པར། །རོལ་པ་ཆེན་པོའི་སྐུ་རུ་གསལ། །ཞེས་བརྗོད་ཅིང་བསམ་ལ། འཁོར་འདས་ཐམས་ཅད་ལ་དབང་བསྒྱུར་བས་གང་གིས་ཀྱང་མི་ཚུགས་པའི་རྟག་བརྟན་གཞོམ་མེད་རྡོ་རྗེ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོ། རྡོ་རྗེ་མི་ཤིགས་པ་སྲུང་བའི་འཁོར་ལོ་ལྷུན་གྱིས་གྲུབ་པའི་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་རི་མཚོན་ཆ་འཁྲུགས་པས་དགྲ་བགེགས་བྱད་མ་རྩ་སྦུར་མེ་ལ་བསྲེག་པ་བཞིན་བཏང་བར་བསམ་པ་ནི་བསྲུང་བའི་ལས་སོ། །གཉིས་པ་ནམ་མཁའི་ཁམས་སུ་སྦྱོར་བའི་སྟོབས་བཤིག་པ་ནི། གཞན་གྱི་ལོ་སྒྲུབ་ཟླ་བས་བཤིག་པ། ཟླ་སྒྲུབ་ཞག་གིས་བཤིག་པ། ཞག་སྒྲུབ་དུས་ཀྱིས་བཤིག་པའི་མན་ངག་ཁྱད་པར་ཅན། ཡང་ཕུར་མ་མོ་སོགས་ཡི་དམ་སྤྱི་དང་ཁྱད་པར་འཇམ་དཔལ་ཞི་ཁྲོའི་ལྷ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་འཁོར་འདས་ཀྱི་སྲོག་དབང་དུ་བསྡུ་བ། རིག་སྔགས་གཞན་ཐམས་ཅད་རྩྭ་དང་འདྲ་ཞིང་འདི་ནི་མེ་དང་འདྲ་བ་དྲག་སྔགས་ཐམས་ཅད་ཀྱི་རྒྱལ་པོ་ཨྱཻ་རིང་ཉིད་བཟླས་པར་བྱ་སྟེ་དེས་ཕ་རོལ་གྱི་སྟོབས་བཤིག་པའོ། །ལྷ་སྔགས་གཉིས་པོ་འདི་ནི་ལས་ཕྱི་མ་བཞིའི་རྩ་བ་ཡིན་ཏེ། འདི་གཉིས་ཕན་ཚུན་གཅིག་གྲོགས་གཅིག་ཡིན་ཅིང་། དུས་རྒྱུན་རྩ་བའི་དམིགས་པ་སྣང་སྲིད་ཐམས་ཅད་ལྷ་སྔགས་དབྱེར་མེད་ཀྱི་རང་བཞིན་དྲག་པོའི་སྐུར་ཤར་ནས་ཁྲོ་ཆུ་མེ་མཚོན་སོགས་ཀྱི་ཟི་ར་ཁོལ་བ་ལས། དྲག་སྔགས་འབྲུག་སྟོང་ལྟར་སྒྲོག་པ་དཔལ་ཆེན་པོའི་ཡེ་ཤེས་རྡོ་རྗེའི་རང་བཞིན་འབའ་ཞིག་ཏུ་བསྒོམ་པ་མན་ངག་གི་མཐར་ཐུག་པ་ཡིན་ནོ། །དེ་ལའང་དམིགས་བསལ་རང་སྲུང་བ་དང་། གཞན་འཇོམས་པ་གཉིས། དང་པོ་རང་གི་སྔགས་ཀྱི་འོད་ཟེར་གྱིས་སྒོ་གསུམ་གྱི་སྒྲིབ་པ་སྦྱངས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། དགྲ་བགེགས་ཐམས་ཅད་བསྲེགས། འོད་སླར་འདུས་པས་འཁོར་འདས་ཀྱི་དྭངས་བཅུད་རང་ལ་འདུས་ཏེ་གཞོམ་མེད་ཡེ་ཤེས་ཀྱི་སྐུ་ཤིན་ཏུ་བརྗིད་པ་ལ་བ་སྤུ་ཐམས་ཅད་རྡོ་རྗེའི་ཁྲོ་ཆུང་གིས་གཏམས་ཤིང་། ཡེ་ཤེས་ཀྱི་འོད་ཟེར་འདུས་པའི་རྡོ་རྗེའི་མཁར་མགར་གྱི་སོལ་མལ་ལ་ལྕགས་ཞུན་ཁོལ་བ་ལྟ་བུའི་ཚྭ་ཚྭ་འཕྲོ་ཞིང་གཅོད་བྱེད་མཚོན་ཆའི་འཁོར་ལོ་མང་པོ་འཕྲོས་པས། གླགས་ལྟ་བ་ཐམས་ཅད་བུན་བུན་ཚིག་ཅིང་མྱལ་མྱལ་གཏུབ་པས་གང་གིས་མི་ཚུགས་པར་བསམ་ལ་སྔགས་བཟླ་བའོ། །གཉིས་པ་གཞན་འཇོམས་པ་ལ་དཀྱིལ་འཁོར་གྱི་ལྷ་དང་སྤྲུལ་པའི་ཁྲོ་བཅུ་ཞལ་ཕྱིར་གཟིགས་ཏེ་སྔགས་སྒྲ་འབྲུག་སྟོང་ལྟར་བསྒྲགས་པའི་ཞལ་ནས་སྔགས་ཀྱི་འོད་ཟེར་འཕྲོ་ཞིང་འབར་བས། རྩ་སྦུར་མེ་ལ་བསྲེག་པ་ལྟར་ཕ་རོལ་པོ་ཐལ་བ་བུན་བུན་སོང་བར་བསམ་ལ་ཨྱཻ་རིང་ཨེ་ཐུང་བཟློག་ཤམ་ཅན་བཟླའོ། །གསུམ་པ་རི་རབ་ཀྱི་རྩེ་ལ་གནམ་ལྕགས་ཀྱི་སོ་བརྡར་བ་ནི། བསད་པའི་ལས་ཏེ། དེ་ཡང་ཕྱི་མཆོད་རྟེན་ལ་བརྟེན་པ། ནང་ཙཀྲ་ལ་བརྟེན་པ། གསང་བ་ཙིཏྟ་ལ་བརྟེན་པ། ཡང་གསང་ཐུན་ལ་བརྟན་པ་བཞི་ཡོད་ལ། སྔགས་བསད་ཤམ་དང་སྦྲེལ་བ་བཟླ་ཞིང་ལྷ་རྣམས་གྱི་འོད་ཟེར་ལྕགས་ཀྱུ་རླུང་གི་འཁོར་ལོས་དགྲ་བགེགས་གང་འཕྱོ་བ་དེ་རང་དབང་མེད་པར་བཀུག་ནས། སྔགས་ཀྱི་འོད་ཟེར་མཚོན་ཆ་གནམ་ལྕགས་དང་སྤུ་གྲིའི་སོ་ལྟ་བུས་མྱལ་མྱལ་གཅོད་པར་བསམ་མོ། །བཞི་པ་རི་ཐང་མཚམས་སུ་ཞེ་སྡང་ཁྲོས་པའི་གཞུ་བཅག་པ་ནི། ཕ་རོལ་གྱི་ནུས་པ་བཟློག་པའི་ལས་ཏེ། དེ་ལ་སྤྱང་མོ་དྲུག་ལས་དང་པོ་གཟིར་བ་ནི། རང་གི་ཐུགས་ཀའི་སྔགས་གཟིར་ཤམ་ཅན་ལས་འཕྲོས་པའི་འོད་ཟེར་མཚོན་ཆའི་ཆར་དང་རི་རྒྱལ་གྱི་རྦབ་ཐོག་ལྷུང་བ་ལྟ་བུས་ཕ་རོལ་གྱི་མགོ་བཀས་ཤིང་ཤ་མོང་རློན་པ་གཏུན་དུ་བརྡུང་བ་ལྟར་རང་དབང་མེད་པར་ཉིལ་ཉིལ་བཏང་བར་བསམ་ལ། ཨྱཻ་རིང་གི་མཐར་གཟིར་བའི་གཡུ་སྤྱང་འདི་བཏགས་སོ། །ཨ་མུ་ཀ །མྱགས་ཐུམས་རིལ་ཏྲིག་ནན་སྦུར་ཡ་ནན༔ ཨེ་ཧུར་ཐུམས་ཛ༔ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ༔ འདི་སྲུང་བའི་སོ་ཡང་ཡིན། འདི་ལ་དགྲ་བགེགས་དམིགས་བསལ་ཡོད་ན་དེའི་མིང་ཨ་མུ་ཀའི་ཚབ་ཏུ་གཞུག །མེད་ན་གང་ལ་དམིགས་ནས་ཨ་མུ་ཀ་ཞེས་བརྗོད་པས་ཆོག་གོ །དེ་བཞིན་སྤྱང་མོ་ཀུན་ལ་འགྲེ །གཉིས་པ་བྱས་པ་བཤིག་པ་ནི། དམིགས་པ་རང་གི་སྔགས་ཀྱི་འོད་ཟེར་མཚོན་ཆའི་འཁོར་ལོ་ལྟ་བུ་དབལ་མི་བཟད་ཅིང་ཐོགས་མེད་དུ་འཁོར་བས། དགྲ་བགེགས་ཀྱི་ལུས་ངག་ཡིད་གསུམ་དང་མཐུ་སྟོབས་བསོད་ནམས་རྫས་སྔགས་ཏིང་ངེ་འཛིན་གྱི་ནུས་པ་དང་བཅས་པ་ཐམས་ཅད་ཐོར་ཐོར་ཉོལ་ཉོལ་གཅོད་པར་བསམ་ལ། བཤིག་པ་གཡུ་ཡི་སྤྱང་མོ་འདི་སྔགས་ཤམ་ལ་བཏགས་ནས་བཟླའོ། །ཨ་མུ་ཀ །རྩ་སྦུར་ཡ་སྲོག་ནན༔ སྙིང་གཟེར་བྲེང་ཤག་ཡཾ་རྦད༔ ཨེ་ཧུར་ཐུམས་ཛ༔ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ༔ ཞེས་སོ། །གསུམ་པ་ཕ་རོལ་གྱི་གནོད་པ་རང་ལ་ཟུག་པ་དབྱུང་བ་ནི། དམིགས་པ་རང་གི་སྔགས་ཕྲེང་གི་ཡེ་ཤེས་ཀྱི་འོད་ཀྱིས་རང་གི་སྒོ་གསུམ་དང་བསྲུང་བྱ་ལ་ཟུག་པའི་བྱད་ཕུར་དང་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཐུལ་ཐུལ་བསྲེག་ཅིང་མུན་པར་ཉི་མ་ཤར་བ་ལྟར་རྨིང་མེད་དུ་གྱུར་པར་བསམ་ལ་སྔགས་ཤམ་དུ། ཨ་མུ་ཀ །དུ་རཾ་ཏྲི་ཡཾ་འདྲིད་ཕྱུངས་སྲོག་ལ་གཟིར་མནན་ཕྱུངས༔ ཨེ་ཧུར་ཐུམས་ཛ༔ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ༔ ཞེས་ཟུག་པ་དབྱུང་བའི་སྤྱང་མོ་འདི་བཏགས་ལ་བཟླའོ། །བཞི་པ་གཞན་གྱི་གནོད་པ་སླར་མི་འབྱུང་བར་གསང་ལམ་དགག་པ་ནི། དམིགས་པ་བདག་ཉིད་ཀྱི་ལྷ་སྔགས་འོད་ཟེར་གྱི་གཟི་བྱིན་གྱིས་གནོད་པ་ཐམས་ཅད་ཕར་ཁོ་རང་གི་སྟེང་དུ་ནག་ཐུམ་གྱིས་འཁོར་བས་དགྲ་བོ་ཁོ་རང་གིས་བརྟེན་པའི་ལྷ་བདུད་དུ་བབས་ཏེ། གཏོར་མ་འཕངས་པ་ལ་ཁྱིས་རུབ་པ་བཞིན་དགྲ་བོའི་ཤ་ཁྲག་ཧབ་ཐོབ་ཏུ་ལྷག་མ་མེད་པར་ཁྱེར་ཏེ་སྟོང་ཧ་རེ་སོང་བར་བསམ་ལ། ཨ་མུ་ཀ །མནྟྲ་དུཾ་མ་ཧཱ་ར་ག་དུཾ་རཾ་ཐུམས་ལིཾ་རྦད༔ ཨེ་ཧུར་ཐུམས་ཛ༔ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ༔ ཞེས་པ་གསང་ལམ་དགག་པའི་གཡུ་སྤྱང་འདི་སྔགས་ཤམ་ལ་བཏགས་ནས་བཟླའོ། །ལྔ་པ་གཞན་གྱི་བྱད་ཕུར་རང་གཤེད་དུ་བཟློག་པ་ལ། དམིགས་པ་དཀྱིལ་འཁོར་གྱི་ལྷ་དང་སྤྲུལ་པའི་ཁྲོ་བཅུ་ཞལ་ཕྱིར་གཟིགས་ཤིང་ཟློག་སྔགས་བཟླས་པའི་མཐུས་སྲུང་བའི་གུར་ཁང་ལས་མེ་རི་དུག་མཚོན་ཁྲོ་ཆུའི་ཟི་ར་དམར་ནག་དྲག་སྔགས་ཀྱི་འབྲུག་སྒྲ་དང་བཅས་པར་བུན་ལང་ལོང་དུ་ཁོལ་བས། དགྲ་བགེགས་འབྱུང་པོས་མཐོང་བ་ཙམ་གྱིས་ཀྱང་སྙིང་འགས་པའི་རང་བཞིན་ཅན་ལས་དྲག་པོའི་ཐོག་ཆར་བབ་པ་ལྟ་བུ་ཕྱིར་འཕྲོས་པས། བདག་གི་མི་མཐུན་པའི་ཕྱོགས་ཐམས་ཅད་དྲག་རླུང་གིས་སྦུར་མ་ལྟར་དེད་ནས་དགྲ་བོའི་སྲུང་འཁོར་སྡེ་རིས་དང་བཅས་པ་ནག་ཐུལ་གྱིས་བརླགས་པར་བསམ་ལ། ཨ་མུ་ཀ །ཨེ་ནན་ཡཾ་ཟློག་འདྲིད་བྷྱོ༔ ཨེ་ཧུར་ཐུམས་ཛ༔ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ༔ ཞེས་བཟློག་པའི་གཡུ་སྤྱང་འདི་སྔགས་ཤམ་ལ་བཏགས་པ་བཟླའོ། །དྲུག་པ་ཕ་རོལ་གྱི་སྟོབས་དང་ངག་མནན་པ་ལ། དམིགས་པ་ནི་དཀྱིལ་འཁོར་ལྷའི་ཞབས་འབྱུང་བ་གདན་བཞིའི་རྔམས་འོག་ན་ལས་ཀྱི་ཚེ་བདག་གི་ངོ་བོ་ཐར་མེད་ཨེ་ཁང་གི་ནང་དུ། ཡུལ་གང་ལ་བྱ་བ་གན་རྐྱལ་དུ་བསྒྱེལ་བའི་ལྕེ་ཕྱིར་ཕྱུངས་ཏེ་བྲང་ཁེབས་པའི་སྟེང་དུ། གསེར་གྱི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར། རི་རབ་སྟོང་ལས་ཀྱང་ལྗིད་ཆེ་བའི་གནམ་ལྕགས་ཀྱི་ཕུར་བུས་ཐལ་བྱུང་དུ་ཕུག་སྟེ་འོག་གཞི་ལ་གཟེར་བཏབ་པས་བསྐལ་པའི་བར་དུ་གཡོ་འགུལ་ཙམ་ཡང་མེད་པར་མནན་ཞིང་ཕུར་བུ་ལས་དུག་དབལ་མི་བཟད་པ་འཕྲོས་པས། རྫས་རུལ་བ་ལྟར་ཁོའི་སྟོབས་ནུས་གཏན་ནས་བརླགས་པར་བསམ་ལ། ཨ་མུཀ །བྷི་ཏཾ་སཏྭམྦྷ་ཡ་ནན༔ ཨེ་ཧུར་ཐུམས་ཛ༔ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ༔ ཞེས་པ་མནན་པའི་གཡུ་སྤྱང་འདི་སྔགས་ཤམ་ལ་བཏགས་པ་བཟླའོ། །དེ་ལྟར་སྔགས་ཤམ་གྱི་གཙོ་བོ་སྤྱང་མོ་དྲུག་པོ་འདི་ནི་ཞེ་སྡང་ཁྲོས་པའི་གཞུ་བཅག་པ་ཡིན་ལ་གཞན་དུ་རྒྱས་པར་ཕྱེ་ན་སྤྱང་མོ་བཅུ་བཞི་སོགས་སྔགས་ཀྱི་ལས་ཤམ་མདེའུ་ཁ་སྒྱུར་ཚུལ་ཤིན་ཏུ་མང་པོ་ཡོད་པ་གཞུང་ལས་ཤེས་པར་བྱའོ། །ལྔ་པ་རྒྱ་མཚོའི་གཏིང་དུ་མུན་པའི་དམག་བསྡུ་བ་ནི་མནན་པའི་ལས་ཏེ་དེ་ཡང་འཆི་བདག་ནག་པོའི་ལྟོ་བར་གཏད་ཀྱི་ནུས་པ་མནན་པ། འཇིག་རྟེན་པའི་ལྷ་འདྲེའི་རྦོད་གཏོང་ངམ་རྐང་མགྱོགས་ཀྱི་ནུས་པ་མནན་པ། སྔགས་པ་ནུས་ལྡན་གྱི་སྟོབས་ནུས་བསྡུས་ལ་མནན་པ་གསུམ་ནི་གཞུང་དུ་ཤེས་པར་བྱའོ། །དྲུག་པ་འཁོར་བའི་རྒྱ་གླིང་དུ་སྲིད་པའི་རི་བསྒྱེལ་བ་ནི་དཀྲུག་པའི་ལས་ཏེ་ཇི་ལྟར་ན་ལས་མ་གྲུབ་པར་རྡུགས་པའི་ཚེ་ལྷ་སྲིན་ཙིཏྟ་དཀྲུག་པའི་ལས་ཀྱིས་ལྷ་འདྲེ་ཨར་ལ་གཏོད་ཅིང་གཟིར་བའི་སྒོ་ནས་སྤོག་པ་སྟེ་གཞུང་ལས་ཤེས་པར་བྱ་ཞིང་དུས་རྒྱུན་བྱ་དགོས་པ་མ་ཡིན་ནོ། །དེ་ལྟར་བསྲུང་བཤིག་བསད་བཟློག་མནན་དཀྲུག་གི་ལས་དྲུག་པོ་འདི་ལས་འཕྲོས་པའི་ལས་ཁོལ་བུ། ཨུར་མོ་གྱང་འགྱེལ་གྱི་ལས་བཞི་དང་། བཤིག་པའི་ལས་བཞི། མནན་པའི་ལས་བཞི་ལ་སོགས་པ་མན་ངག་གི་རིམ་པ་ཤིན་ཏུ་མང་པོར་བཞུགས་པ་དག་ཀྱང་ཤེས་པར་བྱའོ། །དེ་ལྟ་བུའི་ལས་དེ་དག་གང་ལ་གང་དགོས་སྐབས་དང་སྐབས་སུ་ཤེས་པར་བྱ་བ་ཡིན་ཡང་འདིར་བསྙེན་སྒྲུབ་ཚད་ལྡན་སོང་བའི་མཚམས་དེའི་ཁོངས་སུ་རྣོ་བའི་སོ་བཏོན་པའི་རྟེན་འབྲེལ་གྱིས་ལས་སྦྱོར་ཀྱང་མཚོན་ཙམ་བྱ་བའི་དབང་དུ་ན། ཨུར་མོ་ལས་དྲུག་གི་ལས་དང་པོ་གཉིས་སྒྲུབ་པའི་སྐབས་སུ་སོང་ནས། ཨྱཻ་རིང་དྲག་པོར་བཟླ་བའི་སྐབས་ལས་གསུམ་པ་དང་། བཞི་པའི་གཡུ་སྤྱང་དྲུག་གི་གཟིར་བ་སོང་། དེ་ཡང་ཨྱཻ་རིང་དྲག་པོ་སྤྲོས་མེད་ཏིང་འཛིན་གྱི་བཟླས་པ་སོང་རྗེས་སྤྲོས་བཅས་རྫས་ལ་བརྟེན་པའི་བསད་ལས་ཞག་ཅི་རིགས་བྱས་ནས། དེའི་མཐར་ལིང་ག་ཆ་གཅིག་དྲག་པོའི་སྦྱིན་སྲེག་ཏུ་བྱས་ནས་སྦྱིན་སྲེག་གི་ཐལ་བ་ཆ་གཅིག་ཟོར་དང་མཉམ་དུ་རླུང་ལ་བསྐུར་རྒྱུ་དང་། སྦྱིན་སྲེག་གི་ཐལ་བ་ཆ་གཅིག་ལིང་ག་ཆ་གཅིག་དང་མཉམ་དུ་མནན་པའི་ཆས་བྱའོ། །དེ་ཡང་སྟོང་སྲོག་འཁོར་ལོ་སྟེང་དུ་བཀོད་ནས་མེ་ལྕེས་མི་རེག་པར་བྱས་ལ་ཉིན་གུང་དྲག་པོའི་སྦྱིན་སྲེག་གྲུབ་ནས་དེའི་དགོང་མོར་དངོས་གྲུབ་བླང་། ཕྱིར་ནང་ཡང་ལས་གཞུང་བསྲངས་ལ་ཨྱཻ་རིང་བྱས་པ་བཤིག་པའི་སྤྱང་མོ་ཅན་དང་། ཟུག་པ་དབྱུང་བའི་སྤྱང་མོ་ཅན་གཉིས་ལ་ཞག་རེ་ཞག་རེའམ་ལོང་སྐབས་བསྟུན་ལ་བཟླས་དམིགས་གནད་དུ་སྦྱར། དེ་ནས་ཉི་མ་གཅིག་ཙམ་ལ་བཟློག་སྤྱང་ཅན་ཅི་རིགས་བཟླས་རྗེས་ཟོར་རྫས་བཤམས་ལ་ལས་གཞུང་ཟོར་ལས་ཚུལ་བཞིན་བསྲངས་ཏེ་ཞག་གསུམ་མམ་གཅིག་ཏུ་བྱ། དེའི་ཚེ་ལས་གཞུང་གི་བཟླས་པ་མཆོད་བསྟོད་དང་སྨད་ལས་ཀྱི་ཨེ་ཁང་དགུག་གཞུག་ལྷ་དབྱེ་བར་སོང་ནས། གསལ་བ་གསུམ་ལྡན་གྱི་ཏིང་འཛིན་དང་ལྡན་པས་བསད་སྔགས་ཅུང་ཟད་བཅས་བསྒྲལ་བསྟབ་བྱས་རྗེས་བཟློག་བསྐུལ་བྱས་ལ། བཟློག་དམིགས་སྦྱར་བའི་སྒོ་ནས་བཟློག་པ་གཡུ་སྤྱང་གི་ཤམ་ཅན་ཅི་འགྲུབ་རེ་བཟླས་ནས་བཟློག་པ་འདོན་ཞིང་ལས་གཞུང་གཞུང་བཞིན་བསྡུ། ཞག་གྲངས་ཐེམས་ནས་ཟོར་འཕང་རྗེས། ཏིང་འཛིན་གསལ་བའི་སྒོ་ནས་གསང་ལམ་དགག་པའི་སྤྱང་མོ་བཟླས་ལ་སྲུང་འཁོར་བསྒོམ། ཡར་ལོག་ནས་སྒོ་དྲུང་དུ་གཏོར་གཞོང་ཁ་སྦུབ་དམ་སྲི་དགྲ་བགེགས་བཀུག་ལ་མནན་པ་གཡུ་སྤྱང་གི་སྔགས་དམིགས་སྦྱར་རྗེས་བྲོ་བརྡུང་ལ་གཏོར་གཞོང་དུ་ནས་འཐོར་བཀྲ་ཤིས་བརྗོད། ནང་དུ་ཚེ་འགུག་དང་ཆོ་གའི་ལས་གཞུང་ཚུལ་བཞིན་བསྡུའོ། །དེ་རྗེས་ཉི་མ་གཅིག་ཙམ་ལ་ལས་གཞུང་བསྲངས་ནས་གསང་ལམ་དགག་པའི་སྤྱང་མོའི་བཟླས་དམིགས་སྦྱར། དེ་ནས་རབ་མུན་དམག་བསྡུ་བའི་འཁོར་ལོ་བཅའ་གཞི་ཚད་ལྡན་དུ་བྱས་པའམ། མིན་ཡང་ཐལ་བ་དང་ལིང་ག་གཏད་དམིགས་སུ་ཆོ་ག་བཞིན་དུ་མནན་ལ་མནན་པའི་གཡུ་སྤྱང་ཞག་གཅིག་ཙམ་བཟླ་ཞིང་རྡོ་རྗེའི་བྲོ་ཡི་ལས་རྒྱས་པར་བྱའོ། །དེ་དག་གིས་ལས་ལྔ་པ་དང་བཞི་པ་སོང་ཞིང་དྲུག་པ་ནི་སྐབས་འདིར་བྱ་དགོས་པ་མ་ཡིན་ནོ། །དེས་དཔལ་ཆེན་པོའི་བསྙེན་སྒྲུབ་ལས་ཀྱི་རིམ་པ་མཐར་ཆགས་སུ་ཉམས་སུ་བླང་བར་འགྱུར་ལ། ཚུལ་བཞིན་ལས་སྦྱོར་རྩོམ་པ་ནི་ནམ་དགོས་པའི་དུས་སུ་ཤེས་པར་བྱ་ཞིང་། དྲག་པོའི་ལས་སྦྱོར་རྩོམ་པའི་ཚེ་རྟགས་ཚད་དང་སྦྱར་ནས་ཉམས་ཀྱིས་ཟིན་པ་ཤིན་ཏུ་གལ་ཆེའོ། །དེ་ལྟར་ཡང་ལས་སྦྱོར་དེ་དག་དབྱེ་ན་ཚད་མེད་ཀྱང་རིགས་བསྡུ་ན་རྫས་སྔགས་དམིགས་པའི་འཁྲུལ་འཁོར་གསུམ་དུ་འདུ་ལ། དེ་ལའང་བྲིས་པའི་འཁྲུལ་འཁོར་སྔགས་སམ་རྫས་སུ་འདུས་ཀྱང་དེ་ལས་ལོགས་སུ་ཕྱེ་ན། བཟླས་པ་སྔགས་ཀྱི་འཁྲུལ་འཁོར། བྲི་བ་ཙཀྲའི་འཁྲུལ་འཁོར། གསག་པ་རྫས་ཀྱི་འཁྲུལ་འཁོར། དམིགས་པ་ཏིང་ངེ་འཛིན་གྱི་འཁྲུལ་འཁོར་བཞི་ལས། དང་པོ་ལ་རྩ་བའི་བསྙེན་པ་དང་། ལས་ཀྱི་ཤམ་གདགས་པའི་ཚུལ་གོང་དུ་བཤད་པས་མཚོན་ཏེ་རྒྱ་ཆེར་ཤེས་པར་བྱ་ཞིང་། གཉིས་པ་བྲི་བ་ཙཀྲའི་འཁྲུལ་འཁོར་ནི། གཅེས་པའི་འཁོར་ལོ་བཅུ་གསུམ་སོགས་འཁྲུལ་འཁོར་ཤིན་ཏུ་མང་པོ་ཡོད་པ་དེ་དག་བྲི་གཞི། བྲི་རྫས། བྲི་ཚུལ། སྒྲུབ་ལུགས་རྣམས་རང་གཞུང་དུ་བསྟན་པ་དང། རྒྱས་པར་ཕྱེ་ན་རྟོག་པ་གསུམ་པ་དང་ཀཱ་ལ་ཙཀྲ་ལ་སོགས་པའི་རྒྱུད་ཀྱི་དགོངས་པ་བཞིན་དུའང་ཤེས་པར་བྱའོ། །གསུམ་པ་གསག་པ་རྫས་ཀྱི་འཁྲུལ་འཁོར་ནི། བསྙེན་སྒྲུབ་ཀྱི་སྐབས་སུ་མཆོད་སྒྲུབ་བརྟེན་སྐོང་གི་རྫས་དང་། ལས་སྦྱོར་སྐབས་སུ་སོ་སོའི་ལས་ཀྱི་རྫས་དང་དྲག་པོ་རྫས་རྒོད་ཀྱི་རིགས་རྣམས་དང་། མཆོད་རྟེན་དཀར་ནག་ལ་སོགས་པའི་བཅའ་གཞི་རྣམས་ལག་ལེན་བཞིན་དུ་ཚད་དང་ལྡན་པར་བྱའོ། །བཞི་པ་དམིགས་པ་ཏིང་ངེ་འཛིན་གྱི་འཁྲུལ་འཁོར་ནི། བསྙེན་སྒྲུབ་ལས་ཀྱི་རིམ་པ་སོ་སོའི་སྐབས་ན་འབྱུང་བ་བཞིན་ཉམས་སུ་བླང་ངོ་། །རྫས་སྔགས་ཏིང་འཛིན་དེ་དག་ཀྱང་ཆིག་རྐྱང་དང་གཉིས་ལྡན་ཀུན་ཚོགས་ཀྱི་རིམ་པས་ལས་བསྒྲུབ་ཚུལ་གྱི་ལག་ལེན་རྒྱས་བསྡུས་ཅི་རིགས་པར་འབྱུང་བས་རྣལ་འབྱོར་པས་དུས་དང་ཉམས་སྦྱར་བའི་གནད་ལ་མཁས་པར་བྱས་ནས་འཇུག་པར་བྱ་སྟེ། དེ་དག་གི་ཚུལ་རྒྱས་པ་ནི་པད་གནུབས་ཀྱི་མན་ངག་ལྕགས་འདྲ་སྡིག་གི་དཔེ་པོད་སོགས་ལས་ཤེས་པར་བྱའོ། །དེ་ལྟར་ལས་སྦྱོར་དེ་དག་ནི་རྩ་བའི་ལྷ་ཚེ་བདག་ཉིད་ལ་བསྟེན་པ་ཡིན་ལ། གཞན་ཡན་ལག་གི་དབང་དུ་བྱས་ན་ཚེ་བདག་རྣ་ཆ་བརྒྱད་དུ་གྲགས་པ་ལྟར། ཀིཾ་ཀང་མནན་པའི་རྣ་ཆ། འཆར་ཀ་ཟོར་གྱི་རྣ་ཆ། ཁྲོ་འདུས་བཟློག་པའི་རྣ་ཆ་སོགས་སོ་སོའི་གཞུང་དང་ལས་སྦྱོར་གྱི་མན་ངག་ལ་བརྟེན་ནས་མནན་པ་སོགས་སོ་སོར་བསྔགས་པའི་ཕྲིན་ལས་གཙོ་བོར་གྱུར་པའི་ལས་རབ་འབྱམས་བསྒྲུབ་པར་བྱ་སྟེ། དེ་ལྟར་གཤིན་རྗེ་གཤེད་ལ་བསྟེན་པའི་ལས་དེ་དག་ནི་གཙོ་བོའི་ལྷ་ལ་བསྟེན་པའི་ལས་སོ། །དེ་ཡང་གཙོ་བོ་ཕྱག་རྒྱ་ཟིལ་གནོན་གྱི་བསྙེན་པ་ཐེམས་ཕྱིན་ཆད། འཁོར་འདས་སྣང་སྲིད་ཀྱི་སྲོག་ལ་དབང་བསྒྱུར་བའི་ཕྱིར་ན། འཁོར་ལ་བརྟེན་ནས་ལས་བསྒྲུབ་པའང་། སྣང་སྲིད་ཀྱི་དྲེགས་པ་ཚད་མེད་པ་ལས་གང་ཡང་རུང་བའམ། དེ་དག་གི་སྡེ་དཔོན་ཆེན་པོ་སུམ་ཅུའམ། དེ་བསྡུས་ན་སྔགས་བདག་དྲེགས་པ་བཅོ་བརྒྱད་དམ། དེ་ཡང་བསྡུས་ན། སྨྱོ་འབོག་གཏོང་བ་རྒྱལ་པོ། མཛེ་ཤུ་གཏོང་བ་ཀླུ །རིམས་ཡམས་གཏོང་བ་མ་མོ་ལ་སོགས་པའི་སྡེ་བརྒྱད་དྲེགས་པ་ལ་བརྟེན་པའི་ཐོག་སེར་ལྟས་ངན་ལ་སོགས་པའི་ལས་སྣ་ཚོགས་བསྒྲུབ་པ་ནི་འཁོར་ཀིང་བརྒྱད་ལ་སོགས་པ་ལ་བརྟེན་པའི་ལས་ཏེ། དེ་ལྟར་གཙོ་གིང་གི་དྲག་སྔགས་དང་། དེ་ལས་འཕྲོས་པ། དྲང་སྲོང་དང་དྲེགས་པའི་དམོད་པ་ངན་སྔགས་ཀྱི་ལས་སྣ་ཚོགས་པ་དག་ཀྱང་བསྟན་འགྲོའི་ཕན་བདེའི་གསོས་དང་སྔགས་ཀྱི་བསྟན་པའི་བཙས་སུ་འགྱུར་ན་ཐབས་མཁས་བྱང་སེམས་བློ་དང་ལྡན་པའི་སྔགས་པ་རྣམས་ཀྱིས་ཚུལ་བཞིན་ལག་ལེན་དུ་ཁེལ་བར་བྱ་སྟེ། དེ་དག་ནི་ལས་སྦྱོར་གྱི་ཚུལ་མདོ་ཙམ་བརྗོད་པའོ། །འདིར་སྨྲས་པ། ཀུན་མཁྱེན་ཀུན་བདག་ཀུན་ལ་བརྩེ་བ་ཅན། །པདྨ་ལས་འཁྲུངས་པདྨ་རྒྱལ་པོ་སོགས། །རིག་འཛིན་བརྒྱུད་པའི་ཆོས་གཏེར་རིགས་ལྡན་ལ། །གདམས་པ་སྔ་འགྱུར་སྔགས་ཀྱི་ཆོས་མཛོད་ནས། །རྫས་སྔགས་དམིགས་པའི་འཁྲུལ་འཁོར་རྩེ་བརྒྱ་པ། །མི་བཟད་དྲག་པོའི་ལས་ཀྱི་མེ་ལྕེ་ཅན། །མངོན་སྤྱོད་ཞོ་འཐུང་རུས་པའི་རྡོ་རྗེ་གང་། །ཕས་རྒོལ་ལྷ་མིན་འཇོམས་པའི་གཉེན་པོར་སྣང་། །ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་ཆེན་ལྗོངས། །སྲུང་བྱེད་དྲག་པོ་མཐུ་ཡི་ལྕགས་རི་ཞེས། །རིག་འཛིན་རྣམས་ཀྱིས་ཡོངས་བསྔགས་སེང་གེའི་སྒྲ །སྲིད་པ་གསུམ་ན་མཚུངས་མེད་སྙན་པར་གྲགས། །ཚུལ་འདིར་འབད་པའི་དགེ་བས་འདིར་ཞུགས་ཀུན། །ཡང་དག་ལམ་གྱི་བར་ཆད་བདུད་བཞིའི་གཡུལ། །འཇོམས་པ་དཔལ་ལྡན་གཤིན་རྗེའི་གཤེད་གྱུར་ནས། །མཐའ་ཡས་འགྲོ་བ་བདུད་ལས་སྒྲོལ་བར་ཤོག །ཅེས་པ་འདི་ཡང་བདག་ཅག་གི་འདྲེན་མཆོག་མཚུངས་མེད་རྒྱལ་དབང་པདྨའི་རྒྱལ་ཚབ་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་༧ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀྱིས་འདི་ལྟ་བུ་བྲིས་ཤིག་ཅེས་པའི་བཀའ་བསྩལ་ནོར་བུའི་ཅོད་པན་གཙུག་ཏུ་བཅིངས་པ་ལ་བརྟེན་ནས། ཚེ་བདག་གི་སྐོར་བསྙེན་ཡིག་དང་བཅས་པའི་ཡིག་ཆ་ཁུང་ཐུབ་མང་པོ་ཞིག་ལས་མན་ངག་སྙིང་པོར་དྲིལ་ཏེ་ཟབ་ཅིང་གསལ་བར་བྱས་པ་འདི། རྗེ་མཚུངས་མེད་དམ་པ་གང་གི་བཀའ་ལུང་གིས་ཟིལ་གནོན་དགྱེས་པ་རྩལ་ཞེས་མིང་གིས་དབང་བསྐུར་བ་གང་དེས། རབ་ཚེས་ལྕགས་སྦྲུལ་ཆོ་འཕྲུལ་ཟླ་བའི་བཟང་པོ་བཞི་པར་གྲུབ་པར་བགྱིས་པ་འདིས་སྔགས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་ཀུན་དུ་རྒྱས་པར་གྱུར་ཅིག །དྲག་སྔགས་ཀྱི་གནད་ཟབ་མོ་རིག་འཛིན་བརྒྱུད་པའི་ཞལ་ལུང་བཞིན་བཀོད་པ་ཡིན་པས་དམ་མེད་ཀྱི་ལག་ཏུ་མ་ཤོར་ས་མ་ཡ། བཀའ་སྲུང་དྲེགས་པའི་ཚོགས་ཀྱིས་བྱ་ར་མཛོད་ཅིག །འདི་དང་ལྷན་ཐབས་གཉིས་ཟུང་དུ་ཚོགས་ན་དེ་ཁོ་ནས་དོན་འགྲུབ་པ་ལགས་སོ། །མདྒ་ལཾ། དགེའོ།། །།

དཔལ་ཚེ་བདག་བསྙེན་ཡིག་གི་ལྷན་ཐབས་དངོས་གྲུབ་སྒོ་འབྱེད་བ་ (Volume 17, Text 14)

༄༅། །དཔལ་ཚེ་བདག་བསྙེན་ཡིག་གི་ལྷན་ཐབས་དངོས་གྲུབ་སྒོ་འབྱེད་བཞུགས་སོ། ། གར་དགུའི་ཉམས་ཀྱིས་བདུད་བཞིའི་ཁྲག་འཐུང་བ། །འཁོར་འདས་ཟིལ་གནོན་ཁྲོ་མཆོག་གཤིན་རྗེའི་གཤེད། །བཀའ་སྡོད་མི་བཟད་འབར་བའི་སྤྲིན་སྤྲོ་བས། །དངོས་གྲུབ་འདོད་དགུའི་གྲུ་ཆར་འབེབ་པར་མཛོད། །དེ་ལ་འདིར་ཚེ་བདག་ཕྱག་རྒྱ་ཟིལ་གནོན་གྱི་བསྙེན་ཡིག་སྲིད་གསུམ་དགྲ་ལས་རྣམ་རྒྱལ་གྱི་ཟུར་རྒྱན་ལྷན་ཐབས་ཀྱི་ཚུལ་དུ་འབྲི་འོས་རིགས་ལ། འདིའི་སྒྲུབ་གཏོར་ནི། སློབ་དཔོན་འཇམ་དཔལ་བཤེས་གཉེན་དམར་སྨུག་བྱེ་རུའི་ཚལ་དུ་མཉམ་པར་བཞག་པའི་ཚེ་གཟིགས་སྣང་གི་གཏོར་མར་གྲགས་པ། ཆོས་འབྱུང་ཉིས་བསྣོལ་གྱི་བར་དུ་ལིང་ག་མགོ་མཇུག་བཟློག་སྟེ་བཅུག་པའི་སྟེང་དཔལ་བཤོས་གྲུ་གསུམ་དང་། ལྕགས་མཁར་ཟུར་དྲུག་ལ་ཐོད་སྐམ་དང་། རྩིབས་དྲུག་སྟེང་འཁོར་བཤོས་བུ་དྲུག་གིས་བསྐོར་བ་ཞེས་གསུངས་པ་དེ་ཡིན་ལ། དེང་སང་རྡོར་བྲག་པའི་ཕྱག་ལེན་དུ། གདན་ཆོས་འབྱུང་གྲུ་གསུམ་ཉིས་བསྣོལ་ཐ་གྲུ་མཉམ་ལ་སྲིད་དུ་འོག་མ་ཆེ་ཙམ་བྱས་པའི་འོག་མའི་དཀྱིལ་བྲུས་པར་ལིངྒ་བཞག །ཆོས་འབྱུང་འོག་མའི་རྩེ་གསུམ་དུ་ཐོད་སྐམ་རེ་རེ་སྟེ་གསུམ་བཞག་པའི་ཆོས་འབྱུང་སྟེང་མ་དང་མཉམ་པའི་སྟེང་བཤོས་བུ་གྲུ་གསུམ་ལོགས་ལ་གྲི་རིས་ཅན། མདུན་གྱི་གྲི་རིས་ཀྱི་དབུས་ཕྱིར་འབུར་ཐབས་བྱས་པ་དེའི་ཟུར་གསུམ་ཐོད་སྐམ་གསུམ་པོའི་སྟེང་དུ་འགྲིགས་པ་བཀོད། སྟེང་གི་ཆོས་འབྱུང་གི་རྩེ་མོ་ཕྱིར་དོན་པ་དེ་དང་ཐ་གྲུ་མཉམ་པའི་གྲུ་གསུམ་རྩེ་ཕྱིར་བསྟན་དང་། དེ་གཉིས་ཀྱི་བར་དུ་གྲུ་གསུམ་རྩེ་ནང་བསྟན་རེ་བཞག་པས་ལྕགས་མཁར་ལ་ཕྱོགས་རེར་ཟུར་གསུམ་རེ་སྟེ་བཅུ་གཉིས་འབྱུང་བར་བྱས་ལ། བཤོས་བུ་གྲུ་གསུམ་དྲུག་ཆོས་འབྱུང་གི་རྩིབས་ཀྱི་བར་དྲུག་ཏུ་བཞག་པ་འདི་མཛད་པར་སྣང་། དེ་ཡང་གཙོ་བོའི་གཏོར་མའི་མདུན་གྱི་གྲུ་གསུམ་འབུར་ཐབས་བྱས་པ་ཡུམ་གྱི་མཚོན་བྱེད་དང་། ཐོད་སྐམ་གསུམ་སྤྲུལ་པ་གསུམ། སྟེང་དང་ནང་གི་ཟུར་དང་བཤོས་བུ་དྲུག་རྩ་ལྷ་གཞན་དང་གཤེད་བཞི། མོན་བདུད། ནོར་བུའི་རྒྱན་ཁྱུང་ཆེན། ལྕགས་མཁར་གྱི་ཟུར་བཅུ་གཉིས་འཆི་བདག་བཅུ་གཉིས་སོགས་མཚོན་བྱེད་ཡིན་ཞེས་ངག་རྒྱུན་ལ་སྣང་། གཙོ་འཁོར་ཆོས་འབྱུང་བཅས་པ་ནག་པོས་བྱུག །ཐོད་སྐམ་དཀར་པོ། ནང་གི་གྲི་རིས་ལ་ཚོན་བཀྲ་བྱ། གཙོ་གཏོར་གྱི་རྩེ་མོ་ཅུང་བཅད་པ་ལ་ནོར་བུ་འབར་བའི་རྒྱན་སྤྲོས་དང་གཙོ་འཁོར་གྱི་གཏོར་མའི་ཕྱི་ཡི་ཁྱུད་སྐོར་དང་། ལྕགས་མཁར་གྱི་ལོགས་རྣམས་སུ་མར་ཐག་ཉིས་རིམ་བྱས་པའི་བར་དུ་མར་གྱི་དུང་ཕྲེང་མཛེས་པར་བསྒྲིགས་པ་གཏོར་གདུགས་དང་བཅས་པའོ། །འཁོར་དྲུག་དང་མདུན་གྱི་འབུར་ཐབས་ཀྱི་རྩེ་མོར་མེ་རིས་བརྒྱན་པ་སོགས་ཞིབ་པར་མཐོང་རྒྱུན་ལྟར་བྱ། སྔར་གྱི་དཔེ་རིས་རྣམས་སུ་གཙོ་གཏོར་གྲུ་གསུམ་རྩེ་མོ་ཟང་ཡག་ཏུ་བྱས་པའི་རྩེར་ཉི་ཟླ་མེ་རིས་བརྒྱན་པར་བྱས་པ་ཡང་འདུག་གོ །ཡང་ན་ཡོངས་གྲགས་ལྟར་ཆོས་འབྱུང་བསྣོལ་མའི་སྟེང་འོག་གི་རྩིབས་དྲུག་གྲུ་གསུམ་རེས་གསོས་པས་འཁོར་ལོ་རྩིབས་དྲུག་མཉམ་པའི་སྟེང་དབུས་སུ་གཙོ་གཏོར་དཔལ་བཤོས་གྲུ་གསུམ། རྩིབས་དྲུག་སྟེང་རང་འདྲ་ཆུང་བ་དྲུག །རྩིབས་ཟུར་ལ་ཐོད་སྐམ། འོག་ཏུ་ལིང་ག་བཞག་པ་མཐེབ་སྐྱུ་གྲངས་མང་དང་ཤ་ཁྲག་གིས་བརྒྱན་ལ་མེ་རིས་རྒྱན་སྤྲས་བྱས་པས་ཆོག་གོ །བམ་ཆེན་ནི་རྐང་པ་བསྣོལ་ནས་ཙོག་པུར་འདུག་ཅིང་ལག་པ་བསྣོལ་བས་ཐོད་པ་གཉིས་སུ་སྨན་རཀ་ཁྱེར་བ། སྤྱི་བོར་བཤོས་བུ་གྲུ་གསུམ་རྩེར་བྱ་ནག་བཅས་པ་དང་། མར་ཐག་དཀར་དམར་གྱིས་རྐེ་ནས་ཞབས་སུ་དཀྲིས་པ་རོ་ཆས་སུ་བཅུག་པའི་དོན་ཏོ། །བམ་གྱི་པུས་མོའི་བར་དུ་ཚིལ་ཆེན་གྱི་མར་མེ་དང་། གཡས་གཡོན་རྒྱབ་ཏུ་གཡག་ལུག་ར་གསུམ་གྱི་གཟུགས་བརྙན་མདངས་བསྐང་གི་རྟེན་དུ་འགོད་པར་བྱ། གཡག་ལུག་སོགས་གཟུགས་བརྙན་རྣམས་མཆོད་བསྐང་གི་བམ་ཡིན་ན་དགོས་ཀྱི་སྒྲུབ་རྟེན་དུ་བྱེད་ཚེ་མི་དགོས་ཞེས་སྔོན་གྱི་བླ་མ་དག་གསུངས། བམ་དབུས་སུ་བཤམས་ན་དེའི་སྟེང་མཉྫིའི་ཁར་སྒྲུབ་གཏོར་གོང་བཤད་ལྟར་རམ། བསྡུ་ན་བསྙེན་ཡིག་ཏུ་བཤད་པའི་སྒྲུབ་གཏོར་གང་རུང་བཤམ། གཞན་ཡང་མཆོད་གཏོར་དང་མཆོད་པ་སོགས་གཞུང་ལྟར་འདུ་བྱའོ། ༈ །ཕྲེང་བ་བྱིན་རླབས་ནི། རཀྴའམ་ཐོད་ཕྲེང་སོགས་ལག་གཡོན་དུ་བསྐྱིལ་མདོ་འཛིན་སྟེང་དུ་ཡོང་བར་བྱས་ལ། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་མདོ་འཛིན་དེ་ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་ཕྱོགས་སྐྱོང་སྡེ་བརྒྱད་འཁོར་ལོ་པདྨ་ཉི་ཟླའི་གདན་ལ་འཇམ་དཔལ་ཚེ་བདག་ནག་པོ། མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་འཁོར་ལོ་རལ་གྲི་རྡོ་རྗེ། གཡོན་གསུམ་བེ་ཅོན་གཏུན་ཤིང་སྡིགས་མཛུབ་མཛད་པ་ཞབས་བཞི་དང་ལྡན་ཞིང་དཔལ་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ་ཡུམ་བཻ་ཏཱ་ལི་སྐུ་ལ་འཁྲིལ་བར་བསྒོམ། ཕྲེང་རྡོག་རྣམས་རྩ་བའི་ལྷ་གཞན་བཞི། རྒྱན་ལྷ་བརྒྱད་སྤྲུལ་པ་གསུམ་གཤེད་བཞི་མོན་བདུད་འཆི་བདག་བཅུ་གཉིས། ཞག་གཤེད་སུམ་བརྒྱ་དྲུག་ཅུ་སྒོ་སྲུང་བཞི། ཟ་མའི་གཤིན་རྗེ་བདུན་བརྒྱ་ཉི་ཤུར་གསལ་བར་བསམ། དེ་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ་པ་དང་། ཕྱི་ནང་གི་མཆོད་པ་དང་བསྟོད་པ་བཅས་བསྡུས་ཙམ་བྱས་ལ། ལག་པ་གཡས་སུ་མེ་ཏོག་ཐོགས་ནས། ཨཱ་ཀྲོ་བཅུ་བདུན་མ་སྐུ་གསུང་ཐུགས་སྔགས་ཨྱཻ་རིང་དབྱངས་གསལ་རྟེན་སྙིང་རྣམས་ཅི་རིགས་དང། ཁྱད་པར། ཨོཾ་རུ་ཙི་ར་མ་ཎི་པྲ་ཝརྟ་ན་ཡ་རཏྣ་མ་ཎི་དྷ་ར་ཛྙཱ་ན་དེ་བ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་བཟླས་པས་སྔགས་དང་མེ་ཏོག་ལས་འོད་ཟེར་དམར་ནག་ཚ་ཞིང་རྩུབ་པ་འཕྲོས། བགྲང་ཕྲེང་ལྷར་གསལ་བ་ལ་ཐིམ། ལྷ་རྣམས་ཀྱང་འོད་དུ་ཞུ་ནས་ཕྲེང་བའི་རྣམ་པར་བསམ་ལ་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར། ཕྲེང་བ་བྱིན་རླབས་འདི་ལན་གཅིག་བྱས་རྗེས་ཕྲེང་བ་ཉམས་ཆག་གི་རིགས་མ་བྱུང་ན་རྒྱུན་གཏན་དུ་མ་བྱས་ཀྱང་ཆོག་ཅེས་གསུངས། འོན་ཀྱང་ཐུན་དང་པོའི་འགོར་ཕྲེང་བ་ལྷ་ཚོགས་འཁོར་བཅས་སུ་ཡིད་ཀྱིས་ལམ་ཙམ་གསལ་ལ་འབྲུ་གསུམ་ཕྲེང་སྔགས་སྙིང་པོ་དབྱངས་གསལ་རྟེན་སྙིང་ཚར་གཅིག་སོགས་བཟླས་ཏེ་ལྷ་འོད་དུ་ཞུ་ཕྲེང་བའི་རྣམ་པར་བསམ་ལ་ཕུས་གདབ། གཞན་ཡང་སྔགས་དེས་ཟས་གོས་ཡོ་བྱད་ལ་བཏབ་ནས་སྤྱད་ཀྱང་སྔགས་ནུས་འཕེལ་བས་སྐབས་སྐབས་སུ་བྱའོ། ༈ །དེར་མ་ཟད་སྤྱིར་སྔགས་ཀྱི་ནུས་པ་འཕེལ་ཕྱིར་ཐོ་རེངས་ཀྱི་དུས་སུ་ངག་བྱིན་རླབས་ཀྱི་མན་ངག་དགོངས་འདུས་ལས་གསུངས་པ་ལྟ་བུ་སོགས་དང་། དེ་ལྟར་མིན་ཡང་རང་གི་ལྕེ་རྡོ་རྗེ་རལ་གྲིའི་སྟེང་དུ་འབྲུ་གསུམ་བརྩེགས་མའི་མཐར་དབྱངས་གསལ་རྟེན་སྙིང་གིས་བསྐོར་བ་ལས་འོད་འཕྲོས། རྒྱལ་བ་སྲས་བཅས་ཀྱི་གསུང་གི་བྱིན་རླབས་ཨཱ་ལི་ཀཱ་ལིའི་རྣམ་པར་སྤྱན་དྲངས་ནས་ཐིམ་པར་བསམ་ལ། འབྲུ་གསུམ་གྱིས་སྣ་དྲངས་པའི་དབྱངས་གསལ་དང་། རྟེན་སྙིང་ཎ་ཡི་བར་ལན་གསུམ་བརྗོད། འདི་གཉིད་སད་མ་ཐག་གམ་གཏམ་གཞན་མ་སྨྲས་གོང་དུ་བྱས་ན་ལྷག་པར་ཟབ། དགོང་མོ་ཉལ་ཁར་དེ་བཞིན་དམིགས་ནས་འབྲུ་གསུམ་མི་གདགས་པར། ཨ་ཨཱ་སོགས་ནས་དབྱངས་གསལ་དང་རྟེན་སྙིང་གི་མཐར་སྭཱ་ཧཱ་བཏགས་པ་གསུམ་བཟླས་པས། དེ་ཉིན་གང་སྨྲས་སྔགས་སུ་འགྱུར་བས་མ་བཟླས་ཀྱང་ནུས་པ་འབྱུང་བར་གསུངས་ལ་བཟླས་པ་བྱེད་ཚེ་དེ་ལྟར་བྱས་ན་ལྷག་པར་ཟབ། ཐུན་གྱི་ཐོག་མཐར་ཡང་དེ་ལྟར་བྱ་བ་བསྙེན་ཡིག་བཞིན་ནོ། །འདི་ནི་ཨཱ་ལི་ཀ་ལིའི་མན་ངག་ཟབ་མོ་སྔགས་གྲུབ་པའི་ཐབས་ཁྱད་པར་ཅན་ནོ། །གཞན་ཡང་འདི་སྐད་དུ། བན་སྔགས་བོན་དགྲས་བདག་གི་ངག་བཅིངས་ན། །དེ་དག་འགྲོལ་ཞིང་གསོ་དང་ངག་བྱིན་རླབས། །ཀུན་ལས་ཟབ་འདི་ཉམས་བླངས་སྙིང་ལྟར་ཟུངས། །ནངས་པར་ནམ་ལངས་ཁ་དང་དགོང་ཉི་དག །ནུབ་ཁར་ཉམས་སུ་བླང་བྱ་འདི་ཁོ་ན། །བདག་གི་ལྕེ་སྟེང་རཾ་ཡིག་དམར་པོ་བསམ། །རཾ་ལས་མེ་འབར་ལྕེ་ནི་ཐུལ་གྱིས་བསྲེགས། །སླར་ཡང་ལྕེ་ནི་འོད་ཀྱི་རང་བཞིན་བསམ། །དེ་ཡི་ངང་ལས་ལྕེ་ནི་གང་གིས་ཀྱང་། །མི་ཚུགས་མི་ཤིགས་སྲ་བརྟན་ཕ་ལམ་གྱི། །རྡོ་རྗེ་རྒྱ་གྲམ་མཐའ་མར་རྟེན་སྙིང་གིས། །སྔགས་ཕྲེང་ཆོས་སྐོར་དག་ཏུ་བསྐོར་བར་བསམ། །རྟེན་སྙིང་བརྒྱའམ་ཉེར་གཅིག་སྐབས་སྦྱར་བཟླས། །དེ་ལྟར་བྱས་པས་འཛམ་གླིང་འདིར་འཁོད་པའི། །བན་སྔགས་བོན་དགྲ་འདུས་པའི་བྱད་ཕུར་དང་། །ངག་མནན་ངག་བཅིངས་རྦོད་གཏོང་ཡོད་ན་ཡང་། །བྱེ་མའི་ཕུང་པོ་ཆུ་ཡིས་འཇིག་ལྟར་གྲོལ། །ངག་གྲོལ་ངག་གསོ་མི་ཤིགས་རྡོ་རྗེ་དངོས། །ཕྱག་ན་རྡོ་རྗེ་ཇི་བཞིན་འདི་ཉིད་དོ། །འདི་དང་ལྡན་ལ་གཞན་གྱིས་ངག་མནན་སོགས། །བྱས་ན་ཕྱག་ཆ་རང་ལ་འཁོར་བའི་ཕྱིར། །ཀུན་ལ་གསང་ནས་རང་ཉིད་ཉམས་སུ་བླངས། །བདག་འདྲ་བལ་པོ་བ་སུ་དྷ་ར་ཡིས། །རང་བཟོ་མ་ཡིན་པང་རྒྱ་ནག་པོ་ཡི། །རྒྱུད་ལ་བརྟེན་ནས་རང་ཉམས་དང་དུ་བླངས། །སྐྱེ་བ་སྔ་མའི་སྤུན་ཟླ་ཡིན་པའི་ཕྱིར། །གནུབས་ཀྱི་བནྡེ་སངས་རྒྱས་ཡེ་ཤེས་ལ། །གདམས་སོ་གཏད་དོ་མ་གཡེལ་ཐུབ་པར་ཟུངས། །འཆལ་ན་དྲེགས་པའི་བཀའ་ཆད་འབེབ་པར་ངེས། །ས་མ་ཡ། ཞེས་གསུངས་པ་ལྟར་ངེས་པར་བྱ་ཞིང་། ནུབ་མོ་གཉིད་དུ་འགྲོ་ཁར་མགྲིན་པར་ཉི་གདན་ལ་ཨཱཿདམར་པོའི་མཐར་ལྷ་གང་བྱེད་ཀྱི་གསང་སྔགས་ཀྱིས་བསྐོར་བ་ལ་སེམས་གཏད་དེ། སྣང་སྲིད་ཐམས་ཅད་གཞོམ་མེད་སྔགས་ཀྱི་སྒྲ་གདངས་སུ་མོས་པས་གཉིད་དུ་སོང་ན་མཚན་གང་བཟླས་པར་འགྲོ་སྟེ་མ་བཟླས་པར་ནུས་པ་འབྱུང་བའི་མན་ངག་ཁྱད་པར་ཅན་འདི་ནི་གུ་རུ་བི་མ་ལས་གསུངས་སོ། །དེས་ན་འདི་རྣམས་ལྷ་གང་སྒྲུབ་ཀྱང་མན་ངག་ཟབ་མོ་གསང་བའི་རྒྱ་ཅན་ཡིན་པས་ཉམས་སུ་བླང་བར་བྱའོ། ༈ །སྲོད་ཐུན་སོགས་སྐབས་སུ་ཐུགས་དམ་བསྐུལ་བ་ནི་མཆོད་བསྟོད་གསལ་སྒྲོན་གྱི་རྒྱན་ལྷ་བསྐུལ་བ་ཡན་ཆད་ཀྱིས་བྱའོ། ༈ །དེ་ལ་ཛཔ྄་བཟླ་བའི་ཚེ་ཞག་གི་གྲངས་སམ་སྔགས་རང་གི་གྲངས་དུམ་ལྔ་བཅད་དེ་བསྙེན་དམིགས་སོགས་བྱེད་ཚུལ་བསྙེན་ཡིག་ལྟར་ལ། དམིགས་པ་སྔ་མ་སྔ་མ་སོང་ཟིན་རྣམས་ཅུང་ཟད་བསྒོམས་ནས་སྐབས་ཀྱི་དམིགས་པ་ལ་བཟླས་པའི་དངོས་གཞིར་འཛིན། སྔགས་ཀྱང་དེ་དང་འདྲ་བར་ཨཱ་ཀྲོ་སོགས་སྔ་མ་བསྙེན་ཚད་སོང་ཟིན་རྣམས་ཅུང་ཟད་རེ་བཟླས་ནས་སྐབས་ཀྱི་བཟླ་བྱ་ལ་གྲངས་གསོག །ཐུན་མཐར་སྔགས་རྗེས་མ་ཡོད་ནའང་ཅུང་ཟད་བཟླ་བར་བྱའོ། །དེ་ཡང་ཨྱཻ་རིང་གི་སྔགས་འདིར། མགོ་འདྲེན་པ་ནི་ཨེ་གསུམ་སྟེ་ཨེ་ཡིག་འདི་འཁོར་འདས་ཀུན་གྱི་སྤྱི་སྲོག་ཡིན་ལ་ཁྱད་པར་དུ་དྲག་པོའི་མགོ་འདྲེན་ཡིན་པར། འཁྲུལ་འཁོར་རྒྱས་སྡེབ་ཀྱི་རྒྱུད་ལས། ཨེ་ནི་དྲག་པོའི་ཡི་གེ་སྟེ། །སུམ་བརྩེགས་དྲངས་ན་རབ་ཏུ་དྲག །ཅེས་གསུངས་པ་ལྟར་ལ། ཡ་བཏགས་པ་ནི་གཤིན་རྗེའི་སྲོག་ཡིག་གཞོམ་དུ་མེད་པའི་གདངས་དང་བཅས་པའི་དོན་ཏེ་ལེགས་སྦྱར་གྱི་ཚུལ་སོགས་ཕལ་ལ་ལྟོས་པ་མེད་པར་ཐུན་མིན་གསང་བའི་ཡི་གེའི་བརྡའ་འོ། །དེས་ན་འདི་ཀློག་ཚུལ་ཡང་། ཨེ་ཞེས་བཀླག་པའི་ཤུགས་ལ་ལྕེ་རྩེ་བཀུག་ཙམ་གྱི་རྣམ་པས་ཡ་སྒྲ་ཁོང་ནས་རང་ཐོན་ཙམ་ལས། ཨེ་ཡ་དང་། ཨ་ཡེ་ལྟ་བུར་འདོན་པར་མི་བྱའོ། །ཨྱེ་རིང་ལ་ཨོཾ་ཨཱཿཧཱུྃ་ཡོད་པ་དང་མེད་པ་གཉིས་སུ་སྣང་ལ་ཡོད་པ་ལྕགས་སྡིག་དང་། མེད་པ་ལྕགས་འདྲའི་ལུགས་སུ་བཞེད་པ་ཡོད་ཀྱང་སྡེབ་སྦྱར་ཚུལ་ཙམ་ཡིན་པར་དོན་དུ་གནས། རྩ་བའི་ཨེ་ཐུང་ནི་ཕལ་ཆེར་འབྲུ་གསུམ་བཏགས་པ་ཅན་གཞུང་ན་སྣང་ལ་ཨྱེ་རིང་ལ་མ་བཏགས་ན་ཆད་སྐྱོན་མེད་ཀྱང་མན་ངག་གི་འབྱིན་འཇུག་ཡིན་པས། ཐོག་མར་བསྙེན་པའི་དུས་སུ་བཏགས་ན་ལེགས་ཤིང་གཞན་དུ་བཏགས་མི་དགོས་སོ། །དེ་ལྟར་ཡང་དམར་ཁྲིད་སྒྲོན་མ་ལས། དང་པོ་བསྲུང་བའི་དུས་ཉིད་དུ། །སྐུ་གསུང་ཐུགས་ཀྱི་ཡིག་འབྲུ་གསུམ། །མན་ངག་སྔགས་སུ་བསྡེབས་ལ་བཟླ། །ཞེས་གསུངས་སོ། །ཧྲཱིཿཥྚི་ཞེས་པ་འདི། ཧྲིས་དཀྲིའམ། ཧྲིཿདཀྲི་ཞེས་བཀླག་སྟེ། ཧྲཱིཿརྣམ་བཅད་ཅན་ཡིན་ལ། ཥ་ལ་ཊ་བཏགས་པ་ནི་ཥ་ཡི་གདངས་ཆུང་ལ་ཊ་སྒྲ་ཤུགས་ཆེ་བ་དབྱངས་གཅིག་གི་འདོན་ཐང་གིས་བཅིང་དགོས་པས་བོད་སྐད་དུ་དཀྲི་ཞེས་བརྗོད་པ་དང་ཕྱོགས་འདྲ་བའི་ཕྱིར་རོ། །གཞན་ཡང་ཨྱེ་རིང་འདིའི་བཀླག་ཚུལ་སྔོན་གྱི་ཞལ་རྒྱུན་མ་ཉམས་པར་སྙན་དུ་བརྒྱུད་པ་བདག་གི་བླ་མ་རིན་པོ་ཆེ་ལས་ཐོས་པ་ནི་འདི་ལྟར། བྱ་ཙ་ཡེ། ཞེས་པ་ལ་བེ་ཙ་ཡེ་ཞེས་མི་བཀླག་པར་བ་ལ་ཡ་སྟ་བཏགས་པ་འདབ་ཆགས་ཀྱི་མིང་སྒྲར་བོད་ཀྱིས་འབོད་པ་ལྟར་བཀླག །དེ་བཞིན་བྱི་ཏྲི་ཏ་ཡང་ངོ་། །འདི་ནི་བ་དབྱངས་མེད་དང་ཡ་སྲོག་ལྡན་ཡིན་པས་ལེགས་སྦྱར་གྱི་བཀླག་ལུགས་ཤིན་ཏུ་སྐྱོན་མེད་དང་ཡང་མཐུན་ནོ། །ཡ་མ་རཀ་ཥ་ཞེས་ཕྲལ་ཏེ་བཀླག་གི །རཀྵ་ཞེས་ཀ་ལ་ཥ་བཏགས་པ་དཀྱ་སྒྲ་ལྟ་བུར་བཀླག་པར་མི་བྱ་གསུངས་སོ། །ཨེ་ཀ་ཛཱ་ཊི་དང་ཙཱ་ཏི་ལྟ་བུ་ཁྱད་མེད་དེ། ཕྱི་མ་ཟུར་ཆག་པའམ་སྒྲ་ཉམས་པ་ལྟ་བུ་མིན་པར་སྐབས་འགར་གསང་བའི་བརྡར་ཆེད་དུ་བསྒྱུར་ཞིང་བྱིན་གྱིས་བརླབས་པ་དགོས་པ་དང་དོན་ཁྱད་པར་བ་ཡོད་པ་ཡིན་པ་འགའ་མཆིས་པ་ནི་གཏེར་མ་རྣམས་སུ་འབྱུང་ཏེ། ཀྲོ་དྷ་ལ་ཀྲོ་ཏ་དང་སིདྡྷི་ལ་སི་ཏི་དང། ཌཱ་ཀི་ལ་དྷཱ་ཀི་སོགས་སུ་ཆེད་དུ་འབོད་པར་མཛད་པ་ལྟ་བུའོ། །མན་ངག་གི་འབྱིན་འཇུག་དང་སྒྲ་ཡི་འདོན་ཐང་བསྒྱུར་བ་ནི་རྣལ་འབྱོར་དམ་པའི་ཡུལ་ཏེ་བསམ་གྱིས་མི་ཁྱབ་ལ། དེ་དག་གི་ནུས་པའི་ཁྱད་པར་ཡང་སོ་སོར་འབྱུང་སྟེ་ཕལ་པས་ཤེས་མི་ནུས་པས་རིག་འཛིན་རྣམས་ཀྱི་མན་ངག་ལ་བརྟེན་པར་བྱ་བ་ནི་སྤྱིར་གཅེས་སོ། ༈ །སྔགས་བཟླས་པའི་ཚེ་རྟགས་ཀྱི་ཁྱད་པར་ཡང་དངོས་ཉམས་རྨི་ལམ་དུ་འབྱུང་ལ། དེ་ཡང་ཐོག་མར་འཇམ་རྩུབ་སྣ་ཚོགས་སུ་འབྱུང་སྟེ། རྩུབ་པ་ལྟར་སྣང་ཡང་རྟགས་བཟང་བ་ནི་ལུས་ཀྱི་ནད་གདོན་སོགས་བསླངས་པས་ལུས་ན་བ་དང་འཕྲིག་པ་སོགས་དང་སེམས་འཇིགས་ཟིལ་དང་ཁྲོ་བ་སོགས་འབྱུང་བ་དང་། དྲག་སྔགས་ཀྱི་དབལ་ཚ་བས་ཁ་ལྕེ་ཚ་ལ་འབྲུམ་ཕྲན་གྱིས་གང་བ་སོགས་འབྱུང་། སླད་ནས་རིམ་པས་ལུས་ཡང་ཞིང་ནད་མེད་ལ་བདེ་བ་དང་ངག་གསལ་ཞིང་བརྗོད་པ་བདེ་བ། ཡིད་ཏིང་འཛིན་བརྟན་ཞིང་བདེ་གསལ་མི་རྟོག་གི་ཉམས་དང། དཔའ་ལ་ངར་བ་སོགས་དང་། འཇའ་འོད་དུ་བ་སྒྲ་དང་ཆོ་འཕྲུལ་སོགས་དངོས་སུ་མཐོང་བའམ་ཉམས་ལ་གསལ་བ། རྨི་ལམ་དུ་དྲེགས་པ་འདུ་ཞིང་ལས་ལ་ཉེ་བའི་རྟགས་སོགས་མང་པོ་འབྱུང་སྟེ་རྒྱས་པར་གཞན་དུ་ཤེས་པར་བྱའོ། །དེ་ཡང་བསྙེན་སྒྲུབ་ཀྱི་དུས་དང་ནང་གི་དྲོད་ཚད་ངེས་པ་དང་མཐུན་པར་ཕྱི་རྟགས་བཟང་ན་འཁྲུལ་པ་མེད་ལ། གཞན་དུ་ན་ལྟར་སྣང་གི་རྟགས་མངོན་རློམས་ཀྱི་རྒྱུ་བྱེད་པ་ཕལ་ལ་སྙིང་པོ་ཅི་ཡང་མེད་དེ་བར་ཆད་ཀྱི་ལྟས་སུའང་སྲིད་པས་བཟང་རྟགས་ངན་རྟགས་གང་ལའང་ཞེན་འཛིན་རེ་དོགས་མེད་པར་བྱའོ། ༈ ཁ་སྐོང་གི་སྦྱིན་སྲེག་ནི་སྔགས་ཚན་སོ་སོའི་རྫོགས་མཚམས་སུ་སྒྲུབ་པར་འདོད་ན་རྡོ་ལེབ་སོགས་ཀྱི་སྟེང་དུ་ས་བཟང་པོ་ལས་བརྩིགས་ཐབས་ཕན་ཚུན་དུ་ཁྱེར་རུང་བ་ཞིག །ཐབ་ཁུང་དང་མུ་རན་ཁ་ཁྱེར་བཅས་པ་ཚད་ལྡན་བྱས་ལ་རྫས་ཚོགས་པར་བསགས་ནས་སོ་སོའི་མཐར་སྒྲུབ་ཁང་དེའི་བར་ཁྱམས་སོགས་གང་བདེར་སྔགས་སོ་སོའི་ཁ་སྐོང་གི་སྦྱིན་སྲེག་བྱས་ན་མཆོག་གོ །དེ་ལྟར་མ་གྲུབ་ན་ཐམས་ཅད་རྫོགས་ཚེ་ནམ་བདེར་སྐུ་སྔགས་སམ་ཨཱ་ཀྲོ་ལྟ་བུས་ཁ་སྐོང་བྱས་ཀྱང་རུང་ཞེས་བླ་མ་དག་བཞེད་དོ། ༈ །ཐུན་མཐར་དངོས་གྲུབ་ལེན་པ་ནི། ཧཱུྃ༔ ལྷུན་གྲུབ་རང་བཞིན་གསང་བའི་ཕོ་བྲང་ནས༔ ཡེ་ཤེས་རྒྱ་མཚོ་ལྷུན་གྱིས་གྲུབ་པ་ཡི༔ འཇམ་དཔལ་ཁྲོས་པ་གཤིན་རྗེ་གཤེད་ཀྱི་ལྷ༔ མ་ལུས་མཉམ་པའི་རྒྱལ་པོ་དགོངས་སུ་གསོལ༔ འཇམ་དཔལ་སྐུ་གསུང་ཐུགས་ཡོན་བྱིན་རླབས་དང༔ ཁྱད་པར་བརྟུལ་ཞུགས་དྲག་པོའི་སྟོབས་ཀྱི་རྩལ༔ མངོན་སྤྱོད་གྲུབ་པའི་དངོས་གྲུབ་མ་ལུས་པ༔ དུས་འདིར་རྣལ་འབྱོར་བདག་ལ་བསྩལ་དུ་གསོལ༔ ཨེ་ཀེ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷ་སིདྡྷི་ཧཱུྃ་ཛ༔ ཞེས་སོ། ༈ །བར་ཆད་ཀྱི་ལྟས་ཆེ་ན་སྲོད་ཐུན་སྐབས་སུ་སྲུང་འཁོར་བསྒོམ་པར་བྱ་བ་ལ། དང་པོ་གཙུག་ཏོར་འཁོར་ལོས་བསྒྱུར་བའི་སྲུང་འཁོར་ནི། བྷྲཱུྃ་ལས་སྲུང་བའི་འཁོར་ལོ་སེར་པོ་རྩིབས་བཅུ་པ་ཉི་གདན་དང་བཅས་པའི་སྟེང་དུ་རྩིབས་བཅུ་ལ་ཧཱུྃ་བཅུ་ལས་ཁྲོ་བོ་བཅུ་མཐིང་ནག་ཞལ་གཅིག་ཕྱག་གཉིས་བེ་ཅོན་དང་ཞགས་པ་བསྣམས་པ། འཁོར་ལོའི་ལྟེ་བའི་དབུས་སུ་རང་ཉིད་ཟིལ་གནོན་དུ་གསལ་བའི་ཐུགས་ཀར་གཙུག་ཏོར་འཁོར་ལོས་བསྒྱུར་བ་ཞི་བའི་ཉམས་ཅན་ཕྱག་གཉིས་ན་འཁོར་ལོ་དང་པདྨ་བསྣམས་ཤིང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ་གསལ་ཞིང་། གདན་གྱི་འཁོར་ལོ་དེ་གང་ལའང་མ་རེག་པར་འཁོར་བའི་རྩིབས་ཀྱི་བར་དུ་ནད་གདོན་སྡིག་སྒྲིབ་དགྲ་བགེགས་རྫས་སྔགས་ཏིང་འཛིན་གྱི་ངན་སྦྱོར་སོགས་བར་དུ་གཅོད་པ་ཐམས་ཅད་མྱལ་མྱལ་གཅོད་པར་བསམ་ལ། ཨོཾ་ཨཱཿཨུཥྞཱི་ཥ་བཛྲ་ཙཀྲ་ཝརྟི་སརྦ་ལོ་ཀི་ཀ་ལོ་ཀོཏྟ་ར་ཡནྟྲ་མནྟྲ་ཏནྟྲ་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་ཀུ་རུ་ཀུ་རུ་མུ་རུ་མུ་རུ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ གནོད་བྱེད་ཨ་མུ་ཀ་མཱ་ར་ཡ་མཱ་ར་ཡ༔ ཧྲཱིཿཧྲཱིཿཧྲཱི༔ ཛཿཛཿཛ༔ ཟློག་ཟློག་ཟློག༔ ཕཊ་ཕཊ་ཕཊ༔ ཀོང་རྦད་རྨུགས་ནན་ཆུམ་རིལ་གནོད་བྱེད་མཱ་ར་ཡ་རྦད༔ ཅེས་བཟླ། འདི་ནི་གཞུང་གི་ཨུཥྞཱི་ཥའི་ཕྱིར་བཟློག་གྲི་ཐོགས་ཤན་པ་ཁ་བསྒྱུར་ཞེས་ཤིན་ཏུ་ཟབ་པ་དེ་ཡིན་ལ་རྦོད་གཏོང་གི་ལྟས་བྱུང་ན་ཕྱིར་ཟློག་འདི་ལྷག་པར་ཟབ་པས་དོན་གྱི་སྲུང་བའང་ཡིན། སྤྲོ་ན་ཁྲོ་བཅུའི་སྔགས་ཀྱང་བཟླ། ཡང་ན་བྱང་པའི་ལས་བྱང་གི་གཞུང་ན་ཡོད་པའི་གཙུག་ཏོར་འཁོར་བསྒྱུར་སྲུང་འཁོར་སྔགས་དང་བཅས་པ་ལྟར་བྱས་ཀྱང་ཆོག་གོ །གཉིས་པ་སྲུང་འཁོར་དྲུག་གི་དམིགས་པ་ནི། དང་པོ་རང་ཟིལ་གནོན་དུ་གསལ་བའི་སྟེང་དུ་བླ་མ། གཡས་སུ་ཕ་སོགས་ཉེ་འབྲེལ་ཕོ་རིགས། གཡོན་དུ་མ་སོགས་མོ་རིགས། རྒྱབ་ཏུ་འཁོར་གཡོག །མདུན་དུ་གང་གཅེས། འོག་ཏུ་ཞིང་ཁང་ནོར་རྫས་རྣམས་དངོས་སུ་གསལ། བདག་གི་སྐུ་ལས་འོད་ཟེར་འཁོར་ལོ་རལ་གྲི་རྡོ་རྗེ་བེ་ཅོན་གཏུན་ཤིང་ལ་སོགས་བསམ་གྱིས་མི་ཁྱབ་པ་འཕྲོས། རང་དང་བསྲུང་བྱའི་བར་ཆད་གདོན་བགེགས་ཐམས་ཅད་བསྐྲད། ཚུར་འདུས་པས་གཞལ་ཡས་ཁང་གི་ཕྱི་རོལ་དུ་ཕྱག་མཚན་དེ་དག་གིས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་བར་མེད་པར་གཏམས་པའི་གུར་ཁང་སྒོང་ཤུན་ལྟ་བུ་བསྐལ་པའི་རླུང་ཡང་མི་ཐར་བར་གྱུར། ཡང་རྡོ་རྗེ་རྩེ་ལྔ་རྩེ་གཅིག་སོགས་ཕར་འཕྲོས་པས་བར་ཆད་བསྐྲད། ཚུར་འདུས་པས་ཕྱག་མཚན་གྱི་གུར་ཁང་གི་ཕྱི་ལ་རྡོ་རྗེའི་ས་གཞི་རྭ་བ་དྲྭ་བ་གུར་བླ་རེ་གོ་གསེང་མེད་པར་གྱུར། དེ་བཞིན་དུ་འཁོར་ལོ་རྩིབས་བཞི་ནས་སྟོང་གི་བར་སྣ་ཚོགས་འཕྲོ་འདུས་རྡོ་རྗེའི་གུར་གྱི་ཕྱི་རོལ་འཁོར་ལོའི་གུར་ཁང་། དེའི་ཕྱི་རོལ་མཚོན་ཆ་སྣ་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོ་འདུས་མཚོན་ཆའི་གུར་ཁང་། དེའི་ཕྱི་རོལ་མེ་དཔུང་མཐའ་ཡས་པ་འཕྲོ་འདུས་མེ་དཔུང་གི་གུར་ཁང་རབ་ཏུ་འབར་བས་མཚམས་བཅད་དེ་ཅིས་ཀྱང་མི་ཕྱེད་པར་དམིགས་པར་བྱའོ། །གཉིས་པ་ནི་སེམས་ཅན་ཐམས་ཅད་དང་ཁྱད་པར་གནོད་བྱེད་ལ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་བསྒོམ་པའོ། །གསུམ་པ་རང་གི་དཔྲལ་བའི་ཨཱོཾ་ཇེ་ཆེར་སོང་བ་ལུས་ཀྱི་ཕྱི་ནས་གུར་ལྟ་བུར་གྱུར། མགྲིན་པའི་ཨཱཿཡང་དེ་བཞིན་ཇེ་ཆེར་སོང་ནས་ཨཱོཾ་གྱི་ནང་དུ་གུར་ལྟ་བུར་གྱུར། ཐུགས་ཀའི་ཧཱུྃ་གིས་མགྲིན་པ་ནས་ལྟེ་བའི་བར་ཁྱབ་པར་བསྒོམ་མོ། །བཞི་པ་ཧཱུྃ་དེའི་ནང་དུ་རང་ཉིད་སྤྱན་རས་གཟིགས་གང་ཡང་རུང་བ་བསྒོམ། དེའི་ཐུགས་ཀར་འཇམ་དབྱངས་དེའི་ཐུགས་ཀར་ཕྱག་རྡོར་དེའི་ཐུགས་ཀར་རང་སེམས་ཕྱག་རྒྱ་ཟིལ་གནོན་དུ་བསྒོམ་མོ། །ལྔ་པ་རང་གི་ལུས་འདི་སྤྱི་བོ་སྣ་ཚོགས་རྡོ་རྗེ། རྐང་མཐིལ་རྡོ་རྗེའི་ས་གཞི། རྩིབ་མ་རྡོ་རྗེའི་ར་བ། ལྤགས་པ་རྡོ་རྗེའི་གུར་དང་བླ་བྲེ། བ་སྤུ་མདའི་དྲྭ་བ། སོ་དང་སེན་མོ་མེ་རི་འབར་བའི་རང་བཞིན་དུ་བསྒོམ་མོ། །དྲུག་པ་གནོད་བྱ་གནོད་བྱེད་ཐམས་ཅད་མི་དམིགས་པ་འོད་གསལ་རྫོགས་པ་ཆེན་པོའི་ཀློང་དུ་མཉམ་པར་འཇོག་པ་སྟེ་དེ་ནི་སྲུང་བ་ཀུན་གྱི་རྒྱལ་པོར་གྱུར་པའོ། ༈ །ཨྱེ་རིང་དྲག་པོར་བཟླ་བའི་སྐབས་སུ་གཟིར་སྤྱང་བཏགས་ནས་བཟླ་སྟེ། དེ་ཡང་སྟོང་སྲོག་ཅེས་གནོད་བྱེད་ཐམས་ཅད་ལ་སྤྱིར་བཏང་དུ་སྦྱར་ཆོག་པ་ཨ་མུ་ཀ་ཞེས་པ། བོད་སྐད་དུ་ཆེ་གེ་མོའམ་འདི་ག་ཞེས་པ་ལྟ་བུ་གང་ལ་དམིགས་པ་དེའི་བཏགས་སྲོག་ཡིན་པས་སྤྱི་ཁྱབ་ཏུ་དེ་ཁོ་ནས་འཐུས་ཏེ། ཇི་སྐད་དུ། སྟོང་སྲོག་གཅིག་ཏུ་མ་བསྡུས་ན། །ཡུངས་དཀར་སྤང་ལ་གཏོར་བ་འདྲ། །ཞེས་དང་། སྤྱི་དང་སྒོས་ཞེས་རང་སྣང་ཡིན། །ཞེས་གསུངས་པ་ལྟར་གནོད་བྱེད་ཐམས་ཅད་གཅིག་ཏུ་སྤོམས་ནས་དེ་ལ་དམིགས་ཏེ་ཨ་མུ་ཀ་ཞེས་བརྗོད་པར་བྱའོ། །སྤྲོས་བཅས་རྫས་ཀྱི་སྐབས་སུ་མཆོད་རྟེན་བཅས་ཆོག་དང་མཆོག་ཕག་གི་འཁོར་ལོ་དང་མུན་དམག་བསྡུ་བའི་འཁོར་ལོ་སོགས་ནི་ལྕགས་འདྲ་སྡིག་གི་གཞུང་དང་དཔེའུ་རིས་དང་ཕྱག་ལེན་ལས་ཤེས་དགོས་ལ་འདིར་སྟོང་སྲོག་སྤྱང་མོ་དྲུག་གི་འཁོར་ལོ་ཞེས་པ་ནི། འཁོར་ལོ་གསང་བའི་པྲ་ཁྲིད་ལས། ལྔ་བརྒྱ་དུས་ཀྱི་གང་ཟག་སྐལ་པ་ཅན། །སྲིད་པའི་འཁོར་ལོ་བཅས་པས་འགྲུབ་པ་ནི། །སྟེང་འོག་འཁོར་ལོ་གཉིས་པོ་བསྐོར་མི་དགོས། །སྲིད་པ་རུས་སྦལ་ལྟོ་ན་དྭངས་སྙིགས་འཁོར་ལོ་གནས། །ཞེས་སོགས་གསུངས་པ་དེ་ཡིན་ཏེ། རུས་སྦལ་གྱི་ལྟོ་བར་མུ་ཁྱུད་གསུམ་བསྐོར་བའི་ལྟེ་བ་ལ་གྲུ་གསུམ་བྱས་པའི་ནང་དུ་ལིང་ག་བྲི། དེའི་ཟླ་གམ་གསུམ་ལ་ཕ་རོལ་གྱི་ལྷ་སྲུང་གི་མིང་དང་རང་གཤེད་དབབ་པའི་སྤུ་གྲི་འབྲི། ནང་གི་མུ་ཁྱུད་དང་པོ་ལ་འཁོར་ལོ་རྩིབས་བརྒྱད་བྲི། ཕྱིའི་མུ་ཁྱུད་གཉིས་པོ་ཆ་མཉམ་པར་ཉེར་བརྒྱད་ཉེར་བརྒྱད་དུ་བཅད་པས་རེའུ་མིག་ང་དྲུག་པར་བྱས་ལ། རུས་སྦལ་གྱི་མགོ་ཡི་ཐད་ནས་བརྩམ། ཨྱེ་ཨྱེ་<!TCC Tibetan character 4,51 undefined in unicode!>ཨྱེ། ཨཱ་ཀྲོ་ཏེ་<!TCC Tibetan character 4,52 undefined in unicode!>ཀ །ཡ་མཱ<!TCC Tibetan character 4,53 undefined in unicode!>ནྟ་ཀ་སོགས་ཨྱེ་རིང་ཡིག་མགོ་ཕྱིར་བསྟན་གཡས་སྐོར་གྱིས་འབྲི་ལ་སྤྱང་དྲུག་གང་བྱེད་ཀྱི་ཤམ་སྦྱར་ཏེ། ནང་གི་རྩིབས་བརྒྱད་ལ་ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ་ཞེས་པའི་འབྲུ་བརྒྱད་པོ་རེ་རེ་བྲིས་པའི་བར་ཆད་ལྷག་མེད་པར་ཕྲེང་གཅིག་གིས་འཁོར་བ་འབྲི། ཕྱི་ནང་གི་མུ་ཁྱུད་ལ་ཡིག་འབྲུ་གཉིས་སོགས་དང་ལྔ་ལྟ་བུ་བཅད་མཚམས་ལ་དཔགས་ཏེ་གང་འོས་སུ་བྲི། ཞིབ་པར་དཔེའུ་རིས་ལས་རྟོགས་པར་བྱའོ། །གྲུ་གསུམ་ནང་གི་ལིང་ག་ནི། ལས་ཀྱི་བཙད་པོ་དང་སློབ་བུ་དམ་ལོག་སོགས་དྲུག་པོ་གང་ལ་བྱེད་པའི་དམིགས་བསལ་གྱི་མི་འདྲ་བ་ཡོད་པ་དཔེའུ་རིས་ན་གསལ་མོད། སྐབས་འདིར་དགྲ་བགེགས་ཀྱི་ལིང་ག་སྤྱི་ཁྱབ་པ་གནས་ཡིག་ལྡན་པ་ཙམ་བྱ། འཁོར་ལོའི་ཨེ་རིང་གི་ཤམ་བུ་ཡང་གཟིར་སྤྱང་བྲི། ཟླ་གམ་གསུམ་ལ་གནོད་བྱེད་ཨ་མུ་ཀ་ལྷ་སྲུང་དང་བཅས་པའི་ནུས་པ་ཟློག་ཅིག །དེ་བཞིན་དུ་སྔ་མའི་མཐར་ནུས་པ་ཤིགས་ཤིག །ནུས་པ་ཆོམས་ཤིག་ཅེས་བསྒྱུར་བའི་དམོད་ཚིག་ཚན་གསུམ་པོ་ཚར་གཅིག་བྲིས་པས་འཐུས་སོ། །བྲི་ཚར་ནས་འབྱུང་ལྔས་ལིང་ཁྲུས་བྱ། དྲག་སྔགས་ལ་དུག་ཁྲག་བྱུགས་ལིང་ག་ལའང་དུག་ཁྲག་དང་། དགྲའི་ཟག་རྫས་སོགས་ཡོད་ནའང་བྱུག་གོ ༈ །གསོད་དམིགས་བྱེད་པའི་སྐབས་སུ་གཟས་པོའི་སྙིང་གི་རྩ་འདབ་བརྒྱད་ལ་གསུང་གི་དྲག་སྔགས་ཨེ་མྱགས་འབྲུ་བརྒྱད་པོ་མདུན་དུ་གཉིས། གཡས་སུ་གཉིས་སོགས་གཡས་སྐོར་དུ་གནས་པ་དེ་ཉིད་མེར་འབར་ཞིང་ཆུར་ཁོལ་བར་དམིགས་པ་སྟེ། དེ་ཡང་རླུང་སེམས་ཀྱི་དབང་གིས་ལུས་གྲུབ་ཕན་ཆད་བྱ་བྱེད་སྣ་ཚོགས་པའི་རྟེན་དུ་རྩ་གནས་ཡི་གེའི་འཁོར་ལོ་རང་ཆས་སུ་གྲུབ་པ་རྐྱེན་གྱིས་ཕན་གནོད་སྣ་ཚོགས་སུ་འགྱུར་བས་ན། དགྲ་བགེགས་དམ་ཉམས་དེའི་སྲོག་གི་རང་གནད་རང་གཤེད་དུ་འབེབ་པ་དམ་ཆུ་བླུད་པའི་ཡེ་ཤེས་སེམས་དཔའ་དེ་རྡོ་རྗེ་གནོད་སྦྱིན་དུ་གྱུར་པ་བཞིན་ནོ། །དེས་ན་མན་ངག་སྡིག་པའི་ཆོས་བཞིར་གྲགས་པའི་ནང་ཚན་ཚེ་བདག་འདི་ནི་ནང་རྒྱས་ལ་ཟབ་པ་སྡིག་པ་ནག་པོ་སྙིང་ལ་རུ་འཛིང་བའི་མན་ངག་ཅེས་བྱ་བ་ཡིན་ནོ། །ཐུན་མཐར་ཁོའི་སྲོག་དང་རྣམ་ཤེས་འཁྲུལ་འཁོར་གྱི་རུས་སྦལ་རྔམ་པའི་ཐུགས་ཀར་བསྡུས་ལ་ཟན་གྱི་ཉ་བོ་བསྒྲལ། ཁྲག་སྐྱེམས་དང་བཅས་ཏེ་ཤ་ཁྲག་དངོས་ཐུན་གཏོར་དུ་འབུལ་བར་བྱའོ། །བསད་པའི་དྲག་སྔགས་བསྙེན་ཡིག་ན་བཀོད་པ་དེ་ཁོ་ནས་འཐུས་ཀྱང་སྤྲོས་བཅས་སུ་བྱེད་ན་ཉིན་མཚན་གྱི་ཐུན་སྔགས་ཀྱང་སོ་སོའི་དུས་སུ་བཟླས་ཏེ་བྲབ་བོ། །དེ་ལ་ཉིན་མཚན་སོ་སོའི་ཐུན་སྔགས་གནམ་ལྕགས་སོ་བརྡར་དང་མཚོན་ཆ་ལས་འཁོར་སོགས་སྐབས་དུ་མར་མི་འདྲ་བ་འགའ་ཡོད་ཀྱང་འདིར་སྒྲོན་མ་པྲ་ཁྲིད་ལས་གསུངས་པ་དེ་བྱ་སྟེ། ཉིན་མོ་ཨེ་མྱགས་འབྲུ་བརྒྱད་ཀྱི་ཤམ་དུ། དགྲ་བོའི་སྲོག་ལ་ནྲྀ་ཧུར་ཐུམས་ཛ༔ རྩ་ཁྲག་སྙིང་ཐུམས་རིལ་རཾ་ཤག་རྦད༔ ཨེ་རཾ་ཡཾ་ཁཾ་རྣྲི་ཤ་ཀུ་རུ་མཱ་ར་ཡ་རྦད༔ ཅེས་ཡུངས་དཀར་ལ་བཟླས་ཏེ་བྲབ་ལ། རུས་སྦལ་ལྟོ་བའི་ཙཀྲ་དེས་སྙིང་ཁྲག་རྔུབ་པར་བསམ། དེ་བཞིན་མཚན་མོར། ཨེ་མྱགས་འབྲུ་བརྒྱད་ལ། དགྲ་བོའི་ཙིཏྟ་བྲེང་ཤག་ཛ༔ སྲོག་ལ་ནྲི་ཧུར་ཐུམས་རྦད༔ རཾ་ཡཾ་ཁཾ༔ ཨེ་ཀ་ཡ་མ་ནྲི་ཤ་ཀུ་རུ་སྲོག་ལ་མཱ་ར་ཡ་རྦད༔ ཉུངས་ནག་ལ་བཟླས་ནས་བྲབ་བོ། །ཐུན་རྫས་ནི་བསྡུ་ན་ཡུངས་དཀར་ནག་ཙམ་མམ། ཡང་ན་ལྷ་ལྔ་སོགས་རང་གཤེད་འབེབ་པའི་རྫས། ཡུངས་ནག །ཡུངས་དཀར། ཟི་ར་ནག་པོ། ལྕགས་ཕྱེ། ཟངས་ཕྱེ། རྡོ་ཕྱེ། སྐེ་ཚེ། ཤང་ཚེ། གུ་གུལ། ར་ཁྲག །ཁྱི་ཁྲག །ཕག་ཁྲག་བཅུ་གཉིས་པོ་འདི་གཙོ་བོ་སྟེ་ཐུན་ཀུན་ལ་འདི་ཁོ་ན་ཟབ། རྒྱས་པར་དེ་སྟེང་མི་ཁའི་རྫས་སྦང་མ་རམ་བུ་ལྟེ་ཕྱེ་སོགས་དང་། དུག་སྣ་སོགས་ཐུན་རྫས་སུ་གཏོགས་ཚད་བསྡུས་ཀྱང་རུང་སྟེ། ཐུན་དེ་དག་སྐམ་ཐུན་དང་། ཁྲག་རློན་ནམ་ཁྲག་སྣ་དུག་ཆུས་གཤེར་བར་བྱས་པའི་རློན་ཐུན་གཉིས་སུ་བྱས་ལ་བྲབ་པར་བྱ། ཐུན་ལ་ནུས་པ་འཇུག་ཕྱིར་རལ་གྲིའི་ཕྱག་རྒྱས་བར་བཅད་ལ་རྒྱང་ནས་ཕུས་གདབ། གུང་གཉིས་དང་ཐོ་རེངས་དང་སྲོད་དེ་བཞི་ལ་གདབ་ལས་བྱ། བླ་འགུག་སོགས་ལས་གང་བྱེད་ལ་ཕྲིན་ལས་ཀྱི་སྤྲུལ་པ་མོན་པ་བཞི་བསྐུལ་བ་དང་། མནན་པ་སོགས་མཐའ་སྡུད་ལ་འཆི་བདག་སོགས་སྤྲུལ་པ་གསུམ་བསྐུལ་བ་གལ་ཆེ་བར་གསུངས་པས་ལས་བཅོལ་གྱི་བ་ལིཾ་ཕུལ་ལ་དྲག་ཏུ་བསྐུལ་བར་བྱའོ། །བསད་རྟགས་ནི་དངོས་སུ་ཀོ་སྐམ་དྲུད་པ་ལྟ་བུའི་སྒྲ་དང་ཁྲག་རྗེས། ལིང་ག་ཚག་པ་འགས་པ་མེ་སྟག་འཕྲོ་བ་སོགས་དང་། རིག་པ་གསལ་ཞིང་དཔའ་ངར་ཆེ་ལ་ཁྲོ་བ། རྨི་ལམ་དུ་སེམས་ཅན་བསད་པ། རི་བྲག་ཤིང་སོགས་བཅོམ་པ། ཤ་ཁྲག་ཟ་བ་སོགས་རྨིས་པའོ། ༈ །དངོས་གྲུབ་ལེན་པའི་ཚེ། བམ་ཆེན་བསང་སྦྱང་། སྟོང་པའི་ངང་ལས་བམ་ཆེན་པོ་ཕུང་ཁམས་སྐྱེ་མཆེད་ཡོངས་སུ་རྫོགས་པའི་ཙིཏྟ་གྲུ་གསུམ་གྱི་དབུས་སུ་རྣམ་ཤེས་ནམ་མཁའ་ཡིད་ཆོས་དག་པ་ཟིལ་གནོན་ཡབ་ཡུམ། སེམས་བྱུང་དག་པ་རྩ་བའི་ལྷ་གཞན་རྒྱན་གྱི་ལྷ་བརྒྱད་དང་བཅས་པ། རྩ་བ་ཟླུམ་པོའི་ཚུལ་གྱིས་ཟླ་གམ་དུ་གྱུར་པ་ལ་སྤྲུལ་པ་གསུམ། སྙིང་གི་རྩ་ལས་བཞིའི་གཞལ་ཡས་སུ་ཕུང་པོ་བཞི་དག་པའི་ཡབ་ལ་འབྱུང་བ་དག་པའི་ཡུམ་གྱིས་འཁྱུད་པ་ནི། མདུན་ཡེ་ཤེས་ཀྱི་རྩ་ལ་ཡ་མ་རཱ་ཛ། གཡས་ཆོས་ཉིད་ཀྱི་རྩ་ལ་མྱོས་བྱེད་འབར་བ། རྒྱབ་ཡོན་ཏན་གྱི་རྩ་ལ་ཨཱརྱ་དམར་པོ། གཡོན་རང་རྒྱུད་ཀྱི་རྩ་ལ་རལ་པ་ཚར་དགུ་བཞི་ཡུམ་དང་བཅས་པ། དེའི་ཕྱི་རོལ་རྣམ་ཤེས་དང་དབང་པོ་བརྒྱད་དང་ཡུལ་དུས་བརྒྱད་དག་པ་མོན་བདུད་ཡབ་ཡུམ། ལྟེ་བར་འཕོ་བ་བཅུ་གཉིས་ཀྱི་རྩ་ལ་ཁམས་བཅུ་གཉིས་དག་པ་འཆི་བདག་བཅུ་གཉིས། ལྟོ་བ་ཁྲག་ཁྱམས་ལ་འོབས་སྲུང་བཅུ་དྲུག་དང་ཤ་ཟ་ཀིཾ་ཀང་མ་མོའི་ཚོགས་ལ་སོགས་པ་འཁོར་གྱི་ཚོགས་ཀུན་ནས་གནས་པ། ཡན་ལག་བཞི་ལ་ལག་པ་གཡས་ཀྱི་ངར་མཐིལ་ལ་དཀར་པོ་སྙིང་འབྱིན། གཡོན་གྱི་ངར་མཐིལ་ལ་མགོན་པོ་ནག་པོ། རྐང་པ་གཡས་ཀྱི་ངར་མཐིལ་ལ་ཡབ་རྗེ་ནག་པོ། གཡོན་གྱི་ངར་མཐིལ་ལ་སྐུ་མཆོག་དམར་པོ་སྟེ། མ་དག་པའི་ཕུང་ཁམས་སྐྱེ་མཆེད་ཀྱི་འགྱུར་བ་སྐྱེད་བྱེད་ནང་གི་རྩ་རླུང་ཐིག་ལེའི་འཕོ་བའི་དབང་གིས་ཕྱི་རོལ་དུ་ལོ་ཟླ་ཞག་དུས་སོགས་ཀྱི་གཤེད་དུ་གྱུར་པ། གཤིན་རྗེའི་ཚོགས་ཐམས་ཅད་འགྱུར་མེད་ཡེ་ཤེས་ཀྱི་དབྱིངས་སུ་དག་པ་དཔལ་གཤིན་རྗེ་གཤེད་ཕྱག་རྒྱ་ཟིལ་གནོན་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མཉམ་ལ་མ་འདྲེས་ཡོངས་རྫོགས་ཀྱི་ཚུལ་དུ་གསལ་བར་གྱུར། ཅེས་བརྗོད་ཅིང་བསམ་ལ། ཨྱེ༔ མི་རྟོག་ངང་ལས་སོགས་ཀྱི་སྤྱན་འདྲེན་དང་བཞུགས་གསོལ་ཕྱག་མཆོད་བསྟོད་པ་བཅས་ལས་བྱང་ལྟར་རམ། བསྡུ་ན་སྔགས་ཙམ་གྱིས་བྱས་ལ། བདག་མདུན་ལས་འོད་ཟེར་སྤྲོ་བསྡུའི་དམིགས་པ་ནི། བདག་གི་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་ཀྱི་ཐུགས་དམ་བསྐུལ་ཞིང་། བདག་མདུན་གཉིས་ཀའི་གནས་ལྔར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་ས་བོན་ལས་འོད་གློག་གི་ཞགས་པ་ལྟར་རྣོ་ཞིང་མྱུར་བ་སྤྲོས་པས། འཁོར་འདས་ལམ་གསུམ་གྱི་དཔལ་ཡོན་དྭངས་བཅུད་ཚེ་སྟོབས་རྣམས་འུབ་ཀྱིས་བསྡུས་ནས་དངོས་གྲུབ་ཀྱི་རྫས་ལ་ཐིམ་པར་བསམ་ལ། ཨཱ་ཀྲོ་སྐུ་གསུང་ཐུགས་སྔགས་ཨྱེ་རིང་རྣམས་སོ་སོའི་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ནྲྀ་ཛཿསྭཱ་ཧཱ༔ ཞེས་ཛཔ྄་དབྱངས་སོགས་སུ་ཅི་རིགས་བཟླས་ཏེ་མཆོད་བསྟོད་བྱའོ། །བམ་དངོས་སུ་སྒྲུབ་ནའང་ཆོ་ག་འདིས་བྱའོ། ༈ །ཚེ་བུམ་བསང་སྦྱང་། སྟོང་པའི་ངང་ལས་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་ཚེ་ཡི་བུམ་པ་གཞལ་ཡས་ཁང་དུ་གསལ་བའི་དབུས་སུ་ཚེ་དཔག་མེད་དམར་པོ་ཕྱག་གཉིས་མཉམ་གཞག་གི་སྟེང་ན་ཚེ་བུམ་འཛིན་པ་ཡུམ་གོས་དཀར་མོ་པདྨ་ཚེ་བུམ་འཛིན་པ་དང་མཉམ་པར་སྦྱོར་བའི། ཡབ་ཡུམ་གྱི་མཁའ་གསང་དུ་ཚེ་ཡི་དངོས་གྲུབ་ཀྱི་རང་བཞིན་བདུད་རྩི་བྱང་ཆུབ་སེམས་དཀར་ལ་འཚེར་བ་སྣུམ་ལ་འདྲིལ་བ་དང་བཅས་པ། ཕྱོགས་བཞིར་ཤར་དུ་དབྱིངས་ཕྱུག་མ་སྔོན་མོ། ལྷོར་མཱ་མ་ཀི་སེར་མོ། ནུབ་ཏུ་སངས་རྒྱས་སྤྱན་མ་དཀར་མོ། བྱང་དུ་དམ་ཚིག་སྒྲོལ་མ་ལྗང་གུ་བཞི་པོ་ཕྱག་གཡས་ན་རིམ་བཞིན་འཁོར་ལོ་རིན་ཆེན་རྡོ་རྗེ་རྒྱ་གྲམ་དང་གཡོན་ཚེ་བུམ་འཛིན་པ། ཞབས་སེམས་མའི་སྐྱིལ་ཀྲུང་ཅན་གཙོ་འཁོར་ཐམས་ཅད་ཀྱང་དར་དང་རིན་པོ་ཆེས་བརྒྱན་པ་དེ་དག་གི་གནས་གསུམ་འབྲུ་གསུམ་ལས་འོད་འཕྲོས་འོག་མིན་ནས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་བསྟིམ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཞེས་དབང་བསྐུར། ཨཱ་ཡུཿདེ་བ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། འཇིག་རྟེན་འདྲེན་པའི་སོགས་ཀྱིས་བསྟོད། བདག་མདུན་ལས་འོད་ཟེར་འཕྲོས་པས་འཁོར་འདས་ལམ་གསུམ་གྱི་ཚེ་བཅུད་བསྡུས་ཏེ་བདེ་ཆེན་བྱང་ཆུབ་ཀྱི་སེམས་འཆི་བ་མེད་པའི་དབྱིག་ཏུ་བསྐྱིལ་ནས་དངོས་གྲུབ་ཀྱི་རྫས་ལ་ཐིམ་པར་བསམ་ལ། ཨོཾ་བཛྲ་ཨཱ་ཡུརྫྙཱ་ན་བྷྲཱུྃ་ནྲི་ཛ༔ སརྦ་ཨཱ་ཡུཿཕ་ལ་སིདྡྷི་ཧཱུྃ༔ ཞེས་བཟླས་མཐར་མཆོད་བསྟོད་བྱ་ཞིང་ཚེ་ཡི་ལྷ་རྣམས་འོད་དུ་ཞུ་ནས་དངོས་གྲུབ་ཀྱི་རྫས་དེ་དག་གི་རྣམ་པར་གྱུར་པར་བསམ་མོ། ༈ །དེ་ལྟར་ལེགས་པར་བསྒྲུབས་ནས་ཐོ་རེངས་ཀྱི་དུས་སུ་མདུན་དཀྱིལ་བཾ་གྱི་ལུས་ལ་བཀོད་པའི་ལྷ་ལ་མཆོད་བསྟོད་བྱ་ཞིང་། བདག་གི་ཐུགས་ཀའི་འོད་ཀྱིས་མཁའ་ཁྱབ་ཀྱི་རྒྱལ་བ་སྲས་དང་བཅས་པ་དངོས་གྲུབ་སྩོལ་བའི་ཆེད་དུ་བསྐུལ་བས་ཏིལ་གྱི་གང་བུ་ཁ་ཕྱེ་བ་ལྟར་མདུན་གྱི་ནམ་མཁར་བྱོན་པར་བསམ་ལ་དངོས་གྲུབ་བསྐུལ་བའི་ཚིག་འདི་བརྗོད་དོ། །ཧོཿ ནམ་མཁའི་ཁམས་མཉམ་ཟིལ་གནོན་འཇམ་པའི་དབྱངས། །སྐུ་ཡི་དངོས་གྲུབ་ནམ་མཁའི་དཀྱིལ་ཡངས་བཞིན། །གསུང་གི་དངོས་གྲུབ་འགག་མེད་བརྗོད་དང་བྲལ། །ཐུགས་ཀྱི་དངོས་གྲུབ་མི་རྟོག་མཉམ་པའི་ངང་། །ཡོན་ཏན་དངོས་གྲུབ་ཡིད་བཞིན་རིན་ཆེན་གཏེར། །ཕྲིན་ལས་དངོས་གྲུབ་རྣམ་བཞི་ལྷུན་གྱིས་གྲུབ། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །དངོས་གྲུབ་རྣམ་གཉིས་དགོས་འདོད་ཡིད་བཞིན་ནོར། །ཇི་ལྟར་བསམ་པའི་དངོས་གྲུབ་བསྩལ་དུ་གསོལ། །གནས་སྐབས་ནད་གདོན་བར་ཆད་ལ་སོགས་པ། །མི་མཐུན་གནོད་པའི་ཕྱོགས་ཀུན་ཞི་བ་དང་། །ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་དབང་། །མངའ་ཐང་སྙན་གྲགས་དགོས་དགུ་རྒྱས་པ་དང་། །མོས་བཞིས་ཁམས་གསུམ་སྲིད་གསུམ་ལྷ་མི་ནོར། །ཡིད་ལ་གང་འདོད་དབང་དུ་འདུ་བ་དང་། །བསྟན་དང་བླ་མར་དོ་བསྡོ་བདག་ལ་འཚེ། །དགྲ་བགེགས་གང་བྱུང་དྲག་པོས་སྒྲོལ་བ་སོགས། །རྣམ་བཞིའི་ལས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །མཐར་ཐུག་བདག་དོན་ཕུན་ཚོགས་འཇམ་པའི་དབྱངས། །ཡེ་ཤེས་སེམས་དཔའི་གོ་འཕང་མྱུར་ཐོབ་ཅིང་། །གཞན་དོན་ནམ་མཁའི་མཐའ་མཉམ་སེམས་ཅན་རྣམས། །གང་ལ་གང་འདུལ་གཟུགས་སྐུས་ཆོས་བསྟན་ནས། །རྫོགས་པའི་སངས་རྒྱས་ས་ལ་རབ་འགོད་པའི། །དོན་གཉིས་ཕུན་ཚོགས་དངོས་གྲུབ་དེང་སྩོལ་ཅིག །ཧཱུྃ། ཡི་དམ་རྒྱལ་བ་རྒྱ་མཚོའི་ཚོགས། །བདག་ཉིད་རིག་འཛིན་སྒྲུབ་པ་པོས། །འཛབསྙེན་གྲངས་སུ་ཐེམས་ཟིན་གྱིས། །བསྐྱེད་རྫོགས་དྲོད་ཚད་ཐོབ་ཟིན་གྱིས། །ཐུགས་དམ་གཉན་པོ་བསྐངས་ཟིན་གྱིས། །སྒྲུབ་པའི་ཞག་གྲངས་ཐེམས་ཟིན་གྱིས། །རྡོ་རྗེ་སྲིན་པོའི་ནམ་ལངས་ཉེ། །དངོས་གྲུབ་འབྱུང་བའི་དུས་ལ་བབ། །དམ་ཅན་ཐུགས་དམ་བདག་བསྐུལ་གྱིས། །སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་དང་། །དམ་བཅའ་མ་བསྙེལ་དེང་དགོངས་ལ། །དངོས་གྲུབ་དམ་པ་ད་ལྟ་སྩོལ། །ཅེས་བསྐུལ་བས་མདུན་གྱི་ལྷ་རྣམས་བདེ་སྟོང་ཆེན་པོར་དགྱེས་ཤིང་དངོས་གྲུབ་སྩོལ་བ་ལ་ཉེ་བར་ཕྱོགས་པའི་ཐུགས་ཀྱིས། གནས་ལྔའི་འོད་ཀྱིས་འཁོར་འདས་ཀྱི་དྭངས་བཅུད་ཁབ་ལེན་གྱི་རྡོས་ལྕགས་ཕྱེ་ལྟར་བསྡུས་ནས་ལྷ་རྣམས་ཀྱི་སྐུ་ལ་ཐིམ། ལྷ་རྣམས་བདེ་སྟོང་ཆེན་པོའི་ངང་འོད་དུ་ཞུ་བ་དང་ཆབས་ཅིག་སྣང་སྲིད་སྣོད་བཅུད་ཐམས་ཅད་ཀྱང་འོད་ལྔར་ཞུ་ནས་བམ་གྱི་ལུས་དཀྱིལ་གྱི་ལྷ་རྣམས་ལ་ཐིམ། འཁོར་རྣམས་འོད་དུ་ཞུ་སྟེ་གཙོ་བོ་ཡབ་ཡུམ་ལ་ཐིམ། ཡབ་ཡུམ་ཐུགས་ཀའི་ཧཱུྃ་ལ་ཐིམ། དེ་འོད་དུ་ཞུ་ནས་བམ་སོགས་དངོས་གྲུབ་ཀྱི་རྫས་ཀུན་ལ་ཐིམ་པས་བདུད་རྩིའི་རྒྱ་མཚོ་འོད་ལྔའི་མདངས་མེ་རེ་བར་གྱུར་པར་བསམ་ལ། དེའི་ནང་ནས་དྭངས་མའི་སྙིང་པོ་ཨོཾ་དཀར་པོ་ཨཱཿདམར་པོ་ཧཱུྃ་མཐིང་ག་གསུམ་གྱི་རྣམ་པར་བྱུང་པ་འོག་གི་ཚིག་བརྗོད་པ་སོ་སོའི་དུས་སུ་རང་གི་དཔྲལ་བ་སོགས་སུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། སླར་ཡང་དངོས་གྲུབ་ཀྱི་རྫས་འོད་ཀྱི་རྣམ་པས་རང་ལ་ཐིམ་པས་སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་དག་ནས། བདེ་ཆེན་ཡེ་ཤེས་རྡོ་རྗེ་རྒྱལ་བ་ཐམས་ཅད་དང་མཉམ་པ་ཉིད་དུ་གྱུར་པ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་བསམ་ལ། བཾ་དཔྲལ་བར་གཏུག་སྟེ། ཧཱུྃ། དམ་ཚིག་ཆེན་པོའི་ཚུལ་བསྟན་ཁྲོ་བོའི་ཚོགས། །འདིར་གཤེགས་རྟགས་དང་མཚན་མ་མྱུར་སྟོན་ཅིག །སྐུ་ཡི་དབང་མཆོག་མི་ཤིགས་རྡོ་རྗེ་ཡིས། །གདོས་བཅས་ལུས་ཀྱི་སྒྲིབ་པ་སྦྱང་དུ་གསོལ། །ཨོཾ་ཡ་མཱནྟ་ཀ་ཀཱ་ཡ་སིདྡྷི་ཨོཾ། ལན་གསུམ་མམ་གཅིག་གིས་དངོས་གྲུབ་བླང་། དེ་བཞིན་མགྲིན་པར་བཞག་ལ། ཚིག་རྐང་དང་པོ་གཉིས་འདྲ་ཞིང་། གསུང་གི་དབང་མཆོག་མི་ཤིགས་རྡོ་རྗེ་ཡིས། །འཆལ་བ་ངག་གི་སྒྲིབ་པ་སྦྱང་དུ་གསོལ། །ཨོཾ་ཡ་མཱནྟ་ཀ་ཝཱ་ཀ་སིདྡྷི་ཨཱཿ ཞེས་བརྗོད་དེ་བཞིན་དུ། སྙིང་གར་གཏུག་ལ། ཚིག་རྐང་སྔ་མ་གཉིས་ཀྱི་མཇུག་ཏུ། ཐུགས་ཀྱི་དབང་མཆོག་མི་ཤིགས་རྡོ་རྗེ་ཡིས། །འཁྲུལ་པ་སེམས་ཀྱི་སྒྲིབ་པ་སྦྱང་དུ་གསོལ། །ཨོཾ་ཡ་མཱནྟ་ཀ་ཙིཏྟ་སིདྡྷི་ཧཱུྃ། ཞེས་བརྗོད་སླར་ཡང་གནས་གསུམ་དུ་རེག་ཅིང་ཁར་མྱང་ལ། ཧཱུྃ། དམ་ཚིག་ཆེན་པོའི་ཚུལ་བསྟན་ཁྲོ་བོའི་ཚོགས། །འདིར་གཤེགས་རྟགས་དང་མཚན་མ་མྱུར་སྟོན་ཅིག །རྣམ་གསུམ་དབང་མཆོག་མི་ཤིགས་རྡོ་རྗེ་ཡིས། །དུག་གསུམ་ནད་གདོན་སྡིག་སྒྲིབ་སྦྱང་དུ་གསོལ། །ཨོཾ་ཡ་མཱནྟ་ཀ་སརྦ་སིདྡྷི་ཕ་ལ་ཧྲཱིཿ ཞེས་བརྗོད། སྒྲུབ་གཏོར་དང་ཚེ་འབྲང་སོགས་དངོས་གྲུབ་ཀྱི་རྫས་གཞན་ཀུན་ཀྱང་གནས་གསུམ་དུ་རེག་ཅིང་མྱང་། བདུད་རྩི་འཐུང་ཞལ་བསྲོའི་ཟས་རྣམས་ཀྱང་བཟའ་འོ། །དེ་ནས་སྨོན་ལམ་ནི། འདི་ལྟར་བསགས་པའི་ལེགས་བྱས་མཐུས། །བདེ་གཤེགས་སྲས་བཅས་ཐམས་ཅད་དང་། ཁྱད་པར་འཇམ་དཔལ་ཞི་ཁྲོ་ཡིས། །ཚེ་རབས་ཀུན་ཏུ་རྗེས་འཛིན་ཤོག །ཅེས་དང་། འཇམ་དཔལ་དཔའ་བོས་སོགས་སྨོན་ལམ་ཇི་འདོད་གདབ་བཀྲ་ཤིས་ཀྱང་བརྗོད་ལ་ཆོ་གའི་ལས་རྗེས་རྣམས་བྱའོ། །དེ་ཡན་ཆད་ཀྱིས་བསྙེན་ཡིག་གི་ཁ་སྐོང་དུ་འོས་པ་རྣམས་བཤད་ནས། ༈ ཆོ་གའི་མངོན་རྟོགས་ལ་ཉེ་བར་མཁོ་བ་ཅུང་ཟད་བཤད་པ་ལ། སྤྱིར་ཚེ་བདག་སྒོམ་ལུགས་ཀྱི་མངོན་རྟོགས་མི་འདྲ་བ་དུ་མ་གཞུང་ལས་གསུངས་ཤིང་། ཕྱི་ལྕགས་འདྲ། ནང་ཐོག་འདྲ། གསང་བ་གནམ་ལྕགས་ཐོག་མེའི་ལུགས་གསུམ་དུ་གྲགས་པ་ལས། འདིར་གནམ་ཐོག་ཆེན་པོའི་དགོངས་པ་སློབ་དཔོན་པདྨའི་མན་ངག་རྩ་བའི་ལུགས་བཞིན། སྐད་ཅིག་དྲན་རྫོགས་ཀྱི་བསྐྱེད་རིམ་ཡིན་ལ། གཞུང་ཆོག་བསྒྲིགས་ཀྱི་རིམ་པའང་གསར་རྙིང་གི་མཁས་གྲུབ་དུ་མས་མཛད་པ་ཡོད་པ་རྣམས་གང་ལྟར་ཉམས་སུ་བླང་ཡང་དོན་དང་ལྡན་པ་ཡིན་མོད་ཀྱང་། ཚིག་གཞུང་རྙིང་སླད་མེད་དང་དོན་བྱིན་རླབས་ཀྱི་བཀའ་བབ་ཁྱད་པར་འཕགས་པས་བྱང་པའི་ལུགས་འདི་ཉིད་ཆེས་ཟབ་བོ། །འདིའི་ལྷ་བསྒོམ་པའི་ཐོག་མར། ཨྱེ་ཨྱེ་ཨྱེ། ཨེ་ཉིད་སྟོང་པ་ཆོས་འབྱུང་སྟེ། །ཞེས་སོགས་ཀྱི་དོན་ནི། ཨེ་ཡིག་ཉིད་གྲུ་གསུམ་ཆོས་འབྱུང་གི་དབྱིབས་དང་། ཨ་ཡིག་སྐྱེ་མེད་ཀྱི་གདངས་ཨར་ཤར་བའི་ཚུལ་གྱི་སྒྲ་གདངས་ཏེ་དབྱིབས་དང་གདངས་གཉིས་ཀའི་སྒོ་ནས་ཀྱང་ཆོས་ཀུན་གྱི་གནས་ལུགས་མཚོན་ཅིང་འཁོར་འདས་ཡོངས་ཀྱི་སྤྱི་སྲོག་གི་ས་བོན་ཡང་ཡིན། དྲག་པོའི་ཡི་གེའང་ཡིན་ལ། དེ་ལན་གསུམ་བརྗོད་པ་ནི། སྙིང་པོ་དོན་གྱི་སྲུང་བ་ལས། ཨྱེ་ཨྱེ་ཨྱེ་ཞེས་རིགས་གསུམ་བརྗོད། །ཆོས་སྐུ་ཁྱབ་བརྡལ་ཆེན་པོ་ལས། །ཨྱེ་གཉིས་ལོངས་སྤྱོད་རྫོགས་པའི་སྐུ །ཀུན་ཏུ་སྣང་ལ་མ་འགག་པར། །རོལ་པ་ཆེན་པོའི་རང་བཞིན་ལས། །ཨེ་གསུམ་སྤྲུལ་པའི་ཆོ་འཕྲུལ་ལས། །ཞེས་གསུངས་པ་ལྟར། གཞི་ལྟར་ན་སྟོང་པ་སྣང་བ་ཟུང་འཇུག་གསུམ། ལམ་ཏིང་འཛིན་གསུམ། འབྲས་བུ་སྐུ་གསུམ་སོགས་ལྷུན་གྱིས་གྲུབ་པར་མཚོན་པའོ། །དེས་ན་ཨེ་ཉིད་ནི་གནས་ལུགས་ཀྱི་དོན་ཏེ་ཡོད་མེད་སོགས་མཐའ་ཀུན་གྱིས་སྟོང་པའི་ཆོས་དབྱིངས་སྣང་སྲིད་ཀྱི་ཆོས་ཀུན་གྱི་འབྱུང་གནས་སུ་གྱུར་པའོ། །དེའི་རང་བཞིན་ཇི་ལྟ་བུ་ཞེ་ན་གདོད་ནས་མ་སྐྱེས་པའི་སྟོང་པ་དང་མ་འགགས་པའི་གསལ་བ་དབྱེར་མེད་པའི་ངང་ཚུལ་དུ་རང་བཞིན་གྱིས་གནས་པ་སྟེ། གདོད་ནས་རྣམ་པར་དག་པ་བདེ་ཆེན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཐིག་ལེ་ཉག་གཅིག་ཅེས་བྱའོ། །འདུས་བྱས་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་དེའི་ངང་དུ་རྫོགས་ཤིང་འུབ་ཆུབ་པར་རྟོགས་པ་ན། མ་ཧཱ་ཡོ་ག་མན་ཆད་ལྟར་རྒྱུ་རྐྱེན་ལས་ལྷ་བསྒོམ་པ་དང་། ཨ་ནུ་ལྟར་སྔགས་བརྗོད་པ་ཙམ་ལའང་མི་ལྟོས་པར། ལྷུན་གྱིས་གྲུབ་པའི་རོལ་པ་ཆེན་པོའི་སྐུ་རུ་ཤར་བའི་ཚུལ་གྱིས་རྟེན་དང་བརྟེན་པ་གསལ་འདེབས་པའོ། །དེ་ལྟར་ཡི་གེ་ཨེ་གཅིག་གི་དོན་གཏན་ལ་ཕེབས་པས་ཆོས་ཀུན་རྩད་ཆོད་ཅིང་འཁོར་འདས་སྟོང་སྲོག་འཕྲོག་པའི་གདིང་ཐོབ་པར་བྱེད་དོ། །འདིས་ལྟ་བའི་རྫོང་ཡང་བསྟན་ཏེ་འཁོར་འདས་སྣང་སྲིད་ཐམས་ཅད་རང་རིག་པ་རང་བྱུང་གི་ཡེ་ཤེས་ངོ་བོ་ཀ་ནས་དག་པའི་ཕྱིར། འཕོ་འགྱུར་ལས་འདས་ཤིང་རིས་སུ་མ་ཆད་པ་སྐུ་གསུམ་འདུ་འབྲལ་མེད་པར་ལྷུན་གྱིས་གྲུབ་པ་གཅིག་པུའི་ངང་དུ་རྫོགས་པ་དེ་ཉིད་བླ་མའི་མན་ངག་གིས་ཐག་ཆོད་པ་ན་ངེས་པ་དོན་གྱི་ཡ་མཱནྟ་ཀ་ཞལ་མཐོང་བ་སྟེ། སྡིག་པ་སྙིང་འཛིངས་ཀྱི་རྒྱུད་ལས། སྣང་སྟོང་གཉིས་མེད་ཡེ་ཤེས་སྒྱུ་མའི་སྐུ །རྟག་ཆད་མཐའ་ལས་འདས་པའི་ཡེ་ཤེས་ཉིད། ཁོ་ན་ཉིད་དུ་གཉུག་མ་རྡོ་རྗེའི་སྐུ །ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པར་གནས། །ཞེས་གསུངས་པ་ལྟར་ཡེ་ནས་དེ་ལྟར་ཡིན་པའི་དོན་རྟོགས་ན་སྣང་བའི་རྣམ་པ་རྣམས་ཇི་ལྟར་འདོད་པར་དབང་བསྒྱུར་ཏེ་དེའི་རོལ་པར་འཆར་བའི་ཕྱིར་རོ། །དེ་ལྟ་བུའི་ལྟ་བ་ཟབ་མོའི་གདིང་གིས་ཟིན་པའི་བསྐྱེད་རིམ་རྣམས་ཀྱང་ལྷུན་གྲུབ་སྣང་སྟོང་ཟབ་མོའི་བསྐྱེད་རིམ་ཞེས་རྫོགས་རིམ་དང་རོ་གཅིག་ཏུ་འགྱུར་རོ། །དེའི་ཕྱིར་ལྷུན་གྱིས་གྲུབ་པའི་ཕྱག་རྒྱ་འདིས་ཟིན་པའི་ངང་ནས་རྟེན་དང་བརྟེན་པ་གསལ་བ་ལ། འབྱུང་བཞི་རི་རབ་སྣ་ཚོགས་པདྨ་ཉི་མ་རྡོ་རྗེ་རྒྱ་གྲམ་གྱི་དབུས་སུ་ནམ་མཁའ་དང་མཉམ་པ་དྲག་པོའི་གཞལ་ཡས་ཁང་ཕྱི་དང་ནང་མེད་པ་ཀུན་དུ་ཡང་ནང་དུ་གྱུར་པ། གྲུ་བཞི་སྒོ་བཞི་རྟ་བབས་བརྒྱད་ལྡན་ཐོད་པ་དང་རིན་པོ་ཆེའི་རྩིག་པའི་སྟེང་ནས་ཐོད་པའི་དབྱིབས་ཅན་གྱི་ཕ་གུ་འཕྱར་ཐབས་ལས་སྦྲུལ་གྱིས་བརྒྱུས་པའི་ཐོད་ཕྲེང་གི་དྲྭ་བ་དྲ་ཕྱེད། རྒྱུ་མའི་ལྡ་ལྡི། ཙིཏྟའི་ཕོ་ལོང་། རོ་རས་ཀྱི་མདའ་ཡབ། རུས་ཆེན་གྱི་མཆོད་རྟེན་མི་མགོའི་ཏོག་ཅན་བསྒྲིགས་པའི་པུ་ཤུ། རྩིག་འགྲམ་ལ་མཆོད་པའི་ལྷ་མོ་གར་བྱེད་པ། ནང་ཞིང་ཆེན་གྱི་ཀ་བ། ལྷ་བརྒྱད་ཀྱི་གདུང་མ། ཉི་ཟླའི་ཀ་ཞུ། ཀླུ་བརྒྱད་ཀྱི་ཕྱམ། རྒྱུ་སྐར་དྲལ་མ། བ་དན་གྱི་ཀ་རྒྱན། རུས་སྦལ་ཀ་གདན། བདུད་རྩི་ལྔས་ཐོག་ཞལ་བྱས་པ། ཞིང་གི་སྒོ་འགེག །སྦྲུལ་གྱི་སྒོ་ཡི་སྐྱེས་བུ། ཁྱུང་གི་ཡ་ཕུབ། ཆུ་སྲིན་གྱི་མ་ཐེམ། གནམ་ལྕགས་ཀྱི་གཟེར་བཏབ་པ། དབུས་ཀྱི་གཙང་ཁང་ཕྱུར་བུ་རྩེ་མོ་མཐོ་བར་གྱུར་པ་སོགས་རྒྱན་བཀོད་པ་ཡོངས་སུ་རྫོགས་པའི་དབུས་སུ། འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་ཐོད་ར་ཟླུམ་པོར་བསྐོར་བའི་ལྟེ་བར་གྲུ་གསུམ་མཐིང་ནག་ནི་ཨེ་ཡི་ཕོ་བྲང་སྟེ་གཙོ་བོའི་གནས་དང་། གྲུ་གསུམ་གྱི་ཟུར་གཅིག་མདུན་དུ་བསྟན་པ། དེའི་ཕྱོགས་ཀྱི་ཟླ་གམ་གསུམ་ལ་སྤྲུལ་པ་གསུམ། རྡོར་རའི་ཕྱི་རོལ་དུ་ཕྱོགས་བཞིར་ཐོད་མཁར་བཞི་ལ་གཤེད་ཆེན་བཞི། འཁོར་ལོའི་རྩིབས་བརྒྱད་ལ་ལྕགས་མཁར་བརྒྱད་དུ་མོན་བདུད་ཡབ་ཡུམ། དེའི་ཕྱི་རོལ་ལྕགས་མཁར་བཅུ་གཉིས་ལ་འཆི་བདག་བཅུ་གཉིས། ཕོ་བྲང་གི་བར་ཁྱམས་སུ་ཕོ་གཤེད་མོ་གཤེད་ལ་སོགས་པ་བཀའ་སྡོད་ཀྱི་ཚོགས། སྒོ་བཞིར་སྒོ་སྲུང་བཞི། ཕྱི་རོལ་དུ་འོབས་སྲུང་བཅུ་དྲུག་སྟེ་འོབས་འདི་དག་འོག་གཞི་ལ་ཐུར་དུ་དོང་གྲུ་གསུམ་ཟུར་ཕྱིར་བསྟན་བྲུས་པ་ནང་ཁྲག་མཚོས་གང་བ་ལ་འོབས་སྲུང་གནས་སོ། །དེའི་ཕྱི་རོལ་དུ་དུར་ཁྲོད་བརྒྱད་དང་ཕྱི་རོལ་དུ་རྡོ་རྗེ་སྲུང་བའི་གུར་ཁང་དང་བཅས་པའོ། །དེ་ལས་ཕོ་བྲང་གི་དབུས་སུ་ཀླུ་མཐོང་བའི་དུག་ཅན་སྦྲུལ་འབུམ། གཉན་རྭ་ཡི་དུག་ཅན་ལྕོང་མོ་ཁྲི། ས་བདག་མཆེ་བའི་དུག་ཅན་སྦལ་པ་ནག་པོ་སྟོང་སྟེ་དུག་གསུམ་རང་གནད་ཀྱི་ཁྲི་དྲེགས་པ་སྡེ་བརྒྱད་དང་བཅས་པའི་སྟེང་དུ། ཕྱོགས་སྐྱོང་བཅུ་མགོ་བོ་རང་རང་གི་ཕྱོགས་སུ་བསྟན་ཅིང་རྐང་པ་དབུས་སུ་བསྣོལ་བ་དེའི་སྟེང་དུ་རུ་དྲ་ཕོ་མོ་བྱི་ཆིངས་སུ་བསྣོལ་བའི་སྟེང་དུ་མ་ཧེ་བཞི་དང་གླང་རྒོད་བཞི་སྟེ་བརྒྱད་ཀྱིས་བརྫིས་པ། དེ་སྟེང་པད་ཉི་ཟླ་བའི་གདན་ལ་ཟིལ་གནོན་ཉིད་གཞུང་གི་མངོན་རྟོགས་བཞིན་བསྒོམ་མོ། །དབུ་ལ་བདུད་སྲིན་པོ་བཙན་རྒྱལ་པོ་མུ་སྟེགས་ལྔའི་ཐོད་པ་སྐམ་པོ་ལྔས་བརྒྱན་པར་རིགས་ལྔའི་ཁྲག་འཐུང་ཡབ་ཡུམ་བཞུགས་པ། ཀླུ་བརྒྱད་ཀྱི་མགོ་དང་ཐོད་རློན་ཕྲེང་བ་ལྔ་བཅུ་ཚར་གསུམ་དོ་ཤལ་བྱས་པ། དཔལ་གྱི་ཆས་དང་དུར་ཁྲོད་ཀྱི་ཆས་རྫོགས་པ། ཡུམ་བཻ་ཏཱ་ལི་མཐིང་ནག་ཁྲོ་མོའི་ཆས་ཅན་གཡས་ཙིཏྟ་གཡོན་བྷན་དམར་སྟོབ་པའོ། །ཡ་མ་རཱ་ཛ་གཡས་འཁོར་ལོ་རྩིབས་བཅུ་གཡོན་ཙིཏྟ། ཕྱག་རྡོར་གཡས་རྡོ་རྗེ་རྩེ་དགུ་གཡོན་སྙིང་གི་ཕྲེང་བ་བསྣམས་པ། དེ་གཉིས་སྦྲུལ་དང་རིན་པོ་ཆེ་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། རུས་སྦལ་རྔམ་པ་སེར་པོ་རྒྱབ་ལ་དུག་ཁྲག་གི་སྨེ་བའི་ཐིག་ལེ་དང་ཡན་ལག་དྲུག་ལ་རང་བྱུང་གི་མཆོད་རྟེན་དྲུག་བཀྲ་བ། བ་སྤུ་མཚོན་ཆ་དང་སྡེར་མོ་ལྕགས་ཀྱུར་གཟིངས་པ། ཉི་ཟླ་འབར་བའི་སྤྱན་བགྲད་ཅིང་ཁྲོས་པའི་ཞལ་ཐུར་དུ་གཟིགས་པ། ཐུགས་ཀར་འཁོར་འདས་ཡོངས་ཀྱི་ཚེ་སྲོག་འཆང་བའོ། །ཡ་མ་ཉི་གདན་ཕྱག་རྡོར་ཟླ་གདན་རུས་སྦལ་པད་གདན་འཁོར་རྣམས་ཞིང་རྐྱང་མགོ་བོ་གཡས་སུ་བསྟན་པའི་གདན་ཅན་དུ་གསུངས། གོ་ཆའི་ལྷ་ལུས་ལ་བཀོད་ལུགས་འདྲ་མིན་ཡོད་ཀྱང་སྐབས་འདིར་སྤྱི་གཙུག་ཏུ་ཧཱུྃ་མཛད། ལྟག་པར་རྣམ་རྒྱལ། དཔུང་གཡས་གཤིན་རྗེ་གཤེད། མགྲིན་པར་རྟ་མགྲིན། དཔུང་གཡོན་བདུད་རྩི་འཁྱིལ་པ་ལྔ་མཐིང་ནག་ཞལ་ནང་དུ་གཟིགས་ནས་སྲུང་བའི་ལས་མཛད་པ། བརླ་གཡས་སུ་དབྱུག་སྔོན་ཅན། གཡོན་དུ་གཞན་གྱིས་མི་ཐུབ་པ། ལྟེ་བར་མི་གཡོ་བ། དཔྱི་གཉིས་ཀྱི་བར་དུ་ཁམས་གསུམ་རྣམ་རྒྱལ། གསང་གནས་སུ་སྟོབས་པོ་ཆེ་ལྔ་ལྗང་ནག་ཞལ་ཕྱིར་གཟིགས་ནས་ཕ་རོལ་གྱི་བྱས་པ་བཤིག་པའི་ལས་མཛད་པ། ཁྲོ་བོ་བཅུ་པོ་ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་དུར་ཁྲོད་ཀྱི་ཆས་ཅན་གཡས་འཁོར་ལོ་དང་གཡོན་སྡིགས་མཛུབ་མཛད་པའོ། །སྙིང་དབུས་སུ་གཙུག་ཏོར་འཁོར་ལོས་བསྒྱུར་བ་སེར་པོ་ཞི་བའི་ཆས་ཅན་འཁོར་ལོ་དང་པདྨ་བསྣམས་པས་སྒོ་གསུམ་རྡོ་རྗེར་བྱིན་གྱིས་བརླབས་པར་ཡང་བསྒོམ་མོ། །མགུལ་ནས་ཞབས་ཀྱི་ལོང་བུའི་བར་དུ་ཉི་གདན་ལ་བཞུགས་པའི་ཁྲོ་ཆུང་མཚོན་ཆ་སྣ་ཚོགས་ཐོགས་པའམ། ཡང་ན་ཐམས་ཅད་མེ་དང་རླུང་གི་འཁོར་ལོ་བསྐོར་བས་གཏམས་པར་བསམ་པའོ། །འཁོར་གྱི་ལྷ་ལ་གཙོ་བོའི་གཡས་ཀྱི་ཟླ་གམ་ལ་སྐུ་སྤྲུལ་འཆི་བདག་བྱེ་བ་དགུ་རིང་དབུ་གསུམ་ཕྱག་དྲུག་ཞབས་བཞི་པ། གཡས་སེར་གཡོན་དམར་དབུས་དང་སྐུ་མདོག་སྔོ་ནག །གཡས་གསུམ་ཐོད་དབྱུག་རལ་གྲི་དགྲ་སཏྭ། གཡོན་གསུམ་ཐོད་པ་མདུང་དང་ལྕགས་ཀྱི་རི་རབ་བམ་མེ་དཔུང་འཛིན་པ། སྐུ་ལ་ལྕགས་ཁྲབ་གསོལ་ཞིང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ་མ་ཧེ་སྔོ་ནག་གི་གདན་ལ་འགྱིང་བ། ཡུམ་སྲིན་མོ་གསོད་བྱེད་མ་ཏྲི་ཤུལ་དང་ཐོད་ཁྲག་ཐོགས་པའོ། །གཡོན་དུ་གསུང་སྤྲུལ་སྲོག་བདག་དམར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་བེ་ཅོན་རྒྱུ་ཞགས། གཡོན་གཉིས་ལྕགས་ཀྱུ་བསེ་མདུང་། སྐུ་ལ་རུས་སྦལ་གྱི་གཡང་གཞི་གསོལ་ཞིང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། བསེའི་གྱི་ལིང་དམར་པོ་སྲབ་མེད་ལ་འཆིབ་པ། ཡུམ་སྲིན་མོ་རོ་ལངས་སྤུ་གྲི་དང་ཐོད་པ་འཛིན་པས་འཁྱུད་པའོ། །རྒྱབ་ཏུ་ཐུགས་སྤྲུལ་ཚེ་བདག་མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད་ཞབས་བཞི་བསྒྲད་པ། རྩ་ཞལ་དབུས་མ་མ་ཧེ་གཡས་སྟག་གཡོན་སེང་གེའི་ཞལ་གསུམ་ཁྲོ་ཞིང་རྔམ་པ། དེ་སྟེང་བར་གྱི་ཞལ་གསུམ་གཡས་དཀར་གཡོན་དམར་དབུས་མཐིང་ནག་སྟེ་ཁྲོ་ཞལ་གསུམ་དང་ལྡན་པའི་གཡས་ཅུང་ཟད་བཞད་པ་དང་གཡོན་ཆགས་པ་དང་དབུས་ཁྲོ་བོའི་ཉམས་ཅན་ནོ། །སྟེང་གི་ཞལ་གསུམ་དབུས་ཁྱུང་གཡས་རྨ་བྱ་གཡོན་དུར་བྱའི་མགོའོ། །ཕྱག་གཡས་དགུ་ན་རིམ་བཞིན། རྡོ་རྗེ། ཞིང་དབྱུག །དར་མདུང་། འཁོར་ལོ། རལ་གྲི །དགྲ་སཏྭ། ཁ་ཊྭཱཾ་ག །གྲི་གུག །རྡོ་རྗེའི་ཐོ་བ་འཛིན་ཞིང་གཡོན་དགུ་ན། བནྡྷ། འུག་པ། བེ་ཅོན། གཏུན་ཤིང་། སྡིགས་མཛུབ། ལྕགས་ཀྱུ། ཞགས་པ། མི་སྙིང་། ཞིང་ཆུང་གི་རྒྱལ་མཚན་འཛིན་པ། ཞིང་ལྤགས་ཀྱི་སྟོད་གཡོགས། སྟག་ལྤགས་རློན་པས་སྨད་དཀྲིས་ཐོད་སྦྲུལ་སོགས་དུར་ཁྲོད་ཆས་ཀྱིས་བརྒྱན་པ། བདུད་མོ་གསོད་བྱེད་ཙིཏྟ་དང་ཐོད་ཁྲག་ཐོགས་པ་མི་ལྤགས་གྱོན་པས་འཁྱུད་པའོ། །ཡང་ན་ཕྱག་མཚན་གཡས་ན། འཁོར་ལོ་རལ་གྲི་རྡོ་རྗེ་ཁ་ཊྭཱཾ་མདུང་། །མདའ་ཆེན་ཞིང་ཆུང་དབྱུག་པ་རྒྱ་གྲམ་བསྣམས། །གཡོན་དགུ་བེ་ཅོན་གཏུན་ཤིང་རྒྱུ་ཞགས་སྦྲུལ། །སྡིགས་མཛུབ་ཏྲི་ཤཱུལ་དགྲ་སཏྭ་གཞུ་ཙིཏྟ། །ཞེས་པ་ལྟར་བྱའོ། །ཐོད་མཁར་བཞི་ལ་ཤར་དུ་དྲེད་མོང་ལག་རྡེབ་ཀྱི་གདན་ལ་ཡ་མ་རཱ་ཛ་སྨུག་ནག །ལྷོར་དོམ་ནག་གི་སྟེང་དུ་མྱོས་བྱེད་འབར་བ་སེར་ནག །ནུབ་དྲེལ་རྟ་ལ་ཀླུ་བདུད་ཨརྱ་དམར་ནག །བྱང་རྔ་མོང་གདོང་སེར་ལ་རལ་པ་ཚར་དགུ་ལྗང་ནག་བཞི་ཀའང་ཐོད་སྦྲུལ་གྱིས་བརྒྱན་པ་གཡས་འཁོར་ལོ་གཡོན་བེ་ཅོན་འཛིན་པ། ཡུམ་བཞི་ནི། སྲིན་མོ་ནག་མོ་ཨེ་ཀ་ཛཱ་ཊི་བདུད་མོ་ནག་མོ་གནོད་སྦྱིན་ནག་མོ་རྣམས་རིམ་བཞིན་ཡབ་ལ་འཁྱུད་ཅིང་ཐོད་ཁྲག་སྟོབ་པའོ། །ཡང་ན་ཡ་མ་རཱ་ཛ་རལ་གྲི་དང་ཞགས་པ་འཛིན་པ་སོགས་སོ་སོའི་ཕྱག་མཚན་ཅན་དུ་བསྒོམ་སྟེ་རིག་འཛིན་དབང་པོའི་སྡེས་ཟུར་འདེབས་མཛད་པ་བྱང་པའི་ལས་བྱང་དུ་གསལ་བ་བཞིན་ནོ། །འཁོར་ལོ་རྩིབས་བརྒྱད་ཀྱི་ཤར་གྱི་ལྕགས་མཁར་ལ་དུང་གི་མོན་པ་སེང་གེའི་མགོ་ཅན་མོན་མོ་བླ་རྐུན་རྔམ་པའི་གདོང་ཅན་གྱིས་འཁྱུད་པ། ལྷོར་ལྕགས་ཀྱི་མོན་པ་སྟག་གི་མགོ་ཅན་མོན་མོ་གཡུའི་རལ་པ་ཅན་གྱིས་འཁྱུད་པ། ནུབ་ཏུ་བསེའི་མོན་པ་དྲེད་ཀྱི་མགོ་ཅན་མོན་མོ་ཚེ་འཕྲོག་ཁྲག་རལ་ཅན་གྱིས་འཁྱུད་པ། བྱང་དུ་གསེར་གྱི་མོན་པ་ཁྱུང་གི་མགོ་ཅན་མོན་མོ་བླ་རྐུན་སྙིང་ལ་གཟེར་འདེབས་མས་འཁྱུད་པ། ཡབ་བཞི་གཡས་རི་རབ་གཡོན་ཞགས་པ་འཛིན་པའམ་འཁོར་ལོ་དང་ཞགས་པ་འཛིན་པ། ཡུམ་བཞི་ཁྲོ་མོ་ཙིཏྟ་ཐོད་ཁྲག་འཛིན་པའོ། །ཤར་ལྷོར་ཧེ་ལེ་ཁྱབ་པ་སྔོ་ནག་གཡས་འཁོར་ལོ་འཛིན་པ་ཡུམ་བདུད་མོ་མི་ཟན་སྙིང་རྐུན་མས་འཁྱུད་པ། ལྷོ་ནུབ་ཏུ་ནག་པོ་འཛུམ་མེད་སེར་ནག་རལ་གྲི་འཛིན་པ་ཡུམ་བདུད་མོ་མེ་ཐོགས་སྙིང་འབྱིན་མས་འཁྱུད་པ། ནུབ་བྱང་དུ་སོ་འདར་འཁྲིག་པ་དམར་ནག་གཡས་ཚེ་སྲོག་སྡུད་པའི་པར་བུ་འཛིན་པ་ཡུམ་བདུད་མོ་ཁྲག་སྐྱུགས་སྙིང་ལ་གཟེར་འདེབས་མས་འཁྱུད་པ། བྱང་ཤར་དུ་རལ་པ་སྤྱིར་བཅིངས་ལྗང་ནག་གཡས་ཞགས་པའམ་ཁྲམ་ཤིང་ཅན་ཡུམ་ནག་མོ་མྱོས་བྱེད་དབུགས་སྡུད་མས་འཁྱུད་པ། ཡབ་རྣམས་ཀྱི་གཡོན་ཁྲམ་ཤིང་། ཡུམ་རྣམས་ཙིཏྟ་ཐོད་ཁྲག་ཅན། མོན་བདུད་ཡབ་ཡུམ་ཐམས་ཅད་ཤིན་ཏུ་རྔམ་པ་མེ་ལྕེ་གློག་དང་སྐར་མདས་བརྒྱན་པའོ། །དེའི་ཕྱིར་ལྕགས་མཁར་བཅུ་གཉིས་ལ་ཤར་སྟོད་དུ་བྷེ་བ་ས་ཏྭ་མཐིང་ནག་བེ་ཅོན་འཛིན་པ། ཤར་སྨད་དུ་ནོར་བུ་དགེ་འཕེལ་སེར་ནག་འཁོར་ལོ་བསྐོར་བ། ཤར་ལྷོར་སེར་ནག་འཇོམས་བྱེད་སེར་ནག་ལྕགས་ཀྱུ་འཛིན་པ། ལྷོ་སྟོད་དུ་བྱེ་བ་དགུ་ཁྲི་ལྗང་ནག་དབྱུག་ཐོ་བསྣམས་པ། དེ་བཞིན་གཡས་སྐོར་གྱིས། རཀྴ་གློག་ཕྲེང་དམར་ནག་རྒྱུ་ཞགས་འཕེན། །ཡཀྴ་ཟ་བྱེད་སྔོ་ནག་སྤུ་གྲི་ཐོགས། །གཏུམ་པོ་དུད་ཁ་བདུད་ཀྱི་ཁྲམ་ཤིང་ཕྱར། །གང་བ་ཀུན་འཇོམས་དཀར་པོ་མདའ་གཞུ་འགེང་། ཁ་འབར་རལ་གཅིག་དམར་ནག་རལ་གྲི་ཕྱར། །སྦྲུལ་མགོ་ཀུན་འཛིང་སྔོ་སྐྱ་ལྕགས་མདུང་འཕེན། །ངང་པ་སྟོབས་ལྡན་སེར་པོ་དགྲ་སཏྭ་འཛིན། །ཧོང་པན་སྲོག་འཛིན་ནག་པོ་བདུད་ཞགས་འཕེན། །ཞེས་རྗེ་སྒྲོལ་མ་བས་གསུངས་པ་འདི་ལྟར་རིག་འཛིན་དབང་པོའི་སྡེས་ཀྱང་ཕྱག་ལེན་མཛད་དོ། །འཆི་བདག་བཅུ་གཉིས་པོ་ཐམས་ཅད་ཤིན་ཏུ་ཁྲོས་ཤིང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པའོ། །བར་ཁྱམས་སུ་ཕོ་གཤེད་མོ་གཤེད་ཤ་ཟ་ཀིཾ་ཀང་མ་མོ་སོགས་དྲེགས་པ་ཅན་རྣམས་གདུག་ཅིང་གཏུམ་པའི་ཚུལ་ཅན་མཚོན་ཆ་སྣ་ཚོགས་འཛིན་པའོ། །ཤར་སྒོར་དཀར་པོ་སྙིང་འབྱིན་རུ་མཚོན་འཁོར་ལོ་འཛིན་པ། ལྷོ་སྒོར་མགོན་པོ་ནག་པོ་བེ་ཅོན་ཐོད་ཁྲག་འཛིན་པ། ནུབ་སྒོར་ཡབ་རྗེ་ནག་པོ་ཁྲམ་ཤིང་བདུད་ཞགས་ཐོགས་པ། བྱང་སྒོར་སྐུ་མཆོག་དམར་པོ་དབྱུག་ཐོ་དང་མདུང་འཛིན་པ་བཞི་ཀ་རང་མདོག་དང་མཚུངས་པའི་བེར་གསོལ་བའོ། །ཡང་ན་རིམ་བཞིན་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་བསྣམས་པའོ། །ཕྱི་རོལ་གྱི་འོབས་བཅུ་དྲུག་ལ་འོབས་སྲུང་ཆེན་པོ་འཇིགས་སུ་རུང་བ་བཅུ་དྲུག་སྣ་ཚོགས་པའི་མདོག་ཅན་མཚོན་ཆ་སྣ་ཚོགས་ཐོགས་པའོ། །དཀྱིལ་འཁོར་གྱི་ཁྱམས་དང་ཕྱི་རོལ་དུར་ཁྲོད་སོགས་ལ་གནས་པའི་སྲོག་གཤེད་ཕོ་ཉ་སོགས་བསམ་གྱིས་མི་ཁྱབ་པ་ནི་གང་དུ་ཡེ་ཤེས་ཀྱི་དཀྱིལ་འཁོར་བསྒོམ་པ་ཉིད་དུ་ལྷུན་གྲུབ་ཏུ་འདུས་ནས་ལས་བྱེད་པས་མོས་སྒོམ་ཙམ་གྱིས་ཆོག་གོ །ཞེས་གསུངས་སོ། །མངོན་རྟོགས་འདི་རྣམས་ལས་བྱང་འགའ་ན་གསལ་བར་གསུངས་ཡོད་ཀྱང་། རྒྱུན་ཁྱེར་སོགས་ཆོ་ག་འགའ་ན་ཚིག་བསྡུས་ཏེ་ཟོར་ཡང་བར་མཛད་པས་བློ་དམན་རྣམས་ཀྱིས་རྟོགས་དཀའ་བར་མཐོང་ནས་བྲིས་པ་ཡིན་ཏེ། སེ་སྟོན་ཆེན་པོའི་རྣམ་ངེས་རིན་ཆེན་སྒྲོན་མེ་ལས། གང་ཞིག་མངོན་པར་རྟོགས་པ་བསྒོམ་ཞིང་ཕྲིན་ལས་བྱེད་པའི་ཚེ། མངོན་པར་རྟོགས་པའི་ཚིག་གི་ཕྲེང་བ་བཟུང་སྟེ། དེ་མ་བྱང་གི་བར་དུ་ཚིག་རིས་ཡིད་ལ་བྱེད་ཅིང་འདོན་ལ། རྩོལ་མེད་དུ་བྱང་པོར་སོང་བའི་ཚེ་ཡིད་རྒྱ་ཡན་དུ་བཏང་ནས་ཚིག་བྱང་ཡུད་ཙམ་གྱིས་རྫོགས་པར་བྱེད་ཅིང་། ཅུང་ཟད་སེམས་བཟུང་ན་ཚིག་གཤར་བ་བརྗེད་པ་ལྟ་བུར་སོང་ནས་ཐོགས་པར་སྣང་བས་ན་བྱང་ཆད་འབྱུང་ཞེས་སྨྲ་བའི་མངོན་རྟོགས་བསྒོམ་པར་རློམ་པ་ལ་ནི་སྙིང་པོ་ཅི་ཡང་མེད་དོ། །དེས་ན་དཀྱིལ་འཁོར་གྱི་མངོན་པར་རྟོགས་པའི་གནས་ལུགས་བློ་ཡུལ་དུ་འདྲིས་པར་བྱས་ནས་ཉམས་སུ་བླང་བའི་ཚེ་བློ་ཆེན་གཅིག་ཅར་དུ་ལམ་གྱིས་གསལ་བའམ། བློ་ཆུང་དང་པོ་པས་རིམ་གྱིས་མཚན་མ་ཕྲ་མོ་ཡན་ཆད་གསལ་འདེབས་ཤིང་ཞེས་སོགས་གསུངས་པ་ལྟར། མངོན་རྟོགས་ཇི་ལྟ་བུ་ཡིན་པ་ཡིད་ལ་འདྲིས་པོ་ཡོད་ན་གསལ་འདེབས་ཀྱི་ཚིག་མ་མང་ཡང་ཆོག་ལ། ཡིད་ལ་ངེས་པོ་མེད་ན་དོན་དེ་གསལ་འདེབས་བྱེད་ལས་བྱང་གི་མངོན་རྟོགས་ཀྱི་ཚིག་ལ་ལྟོས་པས་ལས་བྱང་རྒྱས་པ་ལྟར་འདོན་སྒོམ་སྦྲག་ཅིང་། ཡང་ནས་ཡང་དུ་འདྲིས་པར་བྱས་པས་མཐར་རང་གིས་གོམས་པ་མ་རྙེད་བར་གསལ་འདེབས་དགོས་ཀྱི་ལྷའི་རྒྱན་ཆ་ཕྱག་མཚན་ཙམ་ཡང་མི་ཤེས་པ་ན་བསྐྱེད་རིམ་ཇི་ལྟར་བསྒོམ་སྟེ། དེས་ན་མངོན་རྟོགས་རྣམས་བློ་ལ་འདྲིས་པར་བྱ་ཞིང་བསྙེན་སྒྲུབ་ཕྲིན་ལས་ཐམས་ཅད་ལ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱི་རོལ་པ་ཡིན་པར་ཤེས་པའི་ངང་ནས་འཇུག་པ་གལ་ཆེའོ། །དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་པ་སོགས་གཞུང་ལྟར་བྱས་ལ། ཕྱི་འདོད་ཡོན་གྱི་ལྷ་མོ་སྣ་ཚོགས་པ་དང་ནང་སྨན་རཀ་གཏོར་མས་མཆོད། སྨན་གྱི་དུས་སུ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་སྤྲིན་ཆེན་པོ་བདེ་བ་ཆེན་པོའི་རང་བཞིན་འཁོར་འདས་མཉམ་ཉིད་དུ་གྲོལ་བས། བརྒྱུད་པའི་བླ་མ་དང་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་དང་སེམས་ཅན་ཐམས་ཅད་དཀྱིལ་འཁོར་གྱི་ལྷའི་ངོ་བོར་དག་པ་ལའང་མཆོད། འཁོར་འདས་དྭངས་བཅུད་ཀྱི་དངོས་གྲུབ་ཐམས་ཅད་འབྲུ་གསུམ་གྱི་རྣམ་པར་བདུད་རྩིའི་ནང་དུ་བབས་པ་མཐེབ་སྲིན་ཉི་ཟླའི་གའུས་བླངས་ལ་མྱང་། རཀྟའི་དུས་ཁམས་གསུམ་གྱི་ཆགས་པ་བསྡུས་པ་རཀྟའི་རྒྱ་མཚོ་ལྷ་ལ་ཕུལ་ཞིང་བཞེས་པས་སྲིད་གསུམ་གྱི་ཆགས་པ་བདེ་བ་ཆེན་པོའི་དབྱིངས་སུ་དག་པར་བསམ། གཏོར་མའི་དུས་འདོད་ཡོན་དྲུག་གི་ལྷ་མོ་ནམ་མཁའ་གང་བས་མཆོད་པས་སྣང་སྲིད་ཀུན་ཏུ་བཟང་པོའི་ཞིང་གི་བཀོད་པར་ཤར་ནས་འདོད་ཡོན་མི་ཟད་པ་རྒྱན་གྱི་འཁོར་ལོར་དབང་བསྒྱུར་བར་བསམ། སླར་ཡང་བདུད་རྩི་གསང་ནན་གྱི་དུས་གཏོར་མ་ལ་བདུད་རྩི་བྲན་ཏེ། གཏོར་མ་བདེ་སྟོང་ཟག་མེད་ཀྱི་བདུད་རྩི་མུ་ཏིག་དྲི་མ་མེད་པ་ལྟ་བུ་ལྷ་རྣམས་ཀྱི་ཞལ་དུ་གསོལ་བས་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོས་མཆོག་ཏུ་མཉེས་པར་བསམ། གཞན་ཡང་དུར་ཁྲོད་ནང་མཆོད་ཀྱང་ཕུལ། སྤྲོ་ན་ཕྱག་རྒྱ་གར་དང་གླུ་ཡེ་ཤེས་ཀྱི་མཆོད་པའང་བྱ་བར་གསུངས་སོ། ཁྱད་པར་དུ་ཚོགས་ཀྱི་མཆོད་པ་གཞུང་ལྟར་ཕུལ་ཏེ་སྔོན་གྱི་གཞུང་རྙིང་རྣམས་ལས། གཡས་ཞལ་དཀར་པོ་ལ་མཆོད་པ། གཡོན་ཞལ་དམར་པོ་ལ་བཤགས་པ། དབུས་ཞལ་མཐིང་ནག་ལ་བསྟབ་པ་ཞེས་དོན་དུ་མཆོད་བཤགས་བསྒྲལ་གསུམ་ཚང་བའོ། །དེ་ལ་ཚོགས་ཞིང་སྤྱན་དྲངས་ལ་བདེ་ཆེན་ཚོགས་ཀྱི་འཁོར་ལོ་ཀུན་བཟང་མཆོད་པའི་སྤྲིན་རབ་འབྱམས་སྤྲོ་ཞིང་འབུལ། ཚོགས་ཀྱི་མཆོད་པ་ལ་བརྟེན་ནས་ཉེས་ལྟུང་ཐམས་ཅད་བཤགས། ཚོགས་ཐ་མའི་རྟེན་ལ་བསྒྲལ་བྱ་དགུག་ཅིང་ཐུན་དམིགས་བཅས་ཐུན་བྲབ། བདག་གི་ཐུགས་ཀའི་ཡ་མ་རཱ་ཛ་ལས་སྲས་མཆོག་ཡ་མ་རཱ་ཛ་སྐུ་སྟོད་ཁྲོ་བོ་རྔམ་པ་སྐུ་སྨད་ཕུར་པ་འབར་བའི་དབལ་ཅན། མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་འཕྲོས་པ་དགྲ་བགེགས་ཀྱི་སྙིང་གར་བཏབ་པས་སྙིང་དབུས་ཀྱི་དྭངས་མ་ཁྲག་སྦལ་དང་བཅས་པ་རྣམས་རྣམ་ཤེས་ནྲྀ་ལ་འདུས། ནྲྀ་བཀྲག་མདངས་མེ་རེ་བ་ཁབ་ལེན་གྱིས་ལྕགས་ཕྱེ་ལྟར་ཕུར་རྩེས་ཙེན་གྱིས་བླངས་ཏེ། རང་གི་ཐུགས་ཀའི་རུས་སྦལ་གྱི་སྲོག་ཡིག་ཨེ་ཀ་ལ་ཐིམ། བདག་དང་གཟས་པོ་ལྷའི་ཐུགས་གསུམ་དབྱེར་མེད་པ་བློ་འདས་རྫོགས་པ་ཆེན་པོའི་ངང་དུ་ཅུང་ཟད་མཉམ་པར་བཞག་པ་ནི་ཚེ་ཁྲུས་གནས་གསུམ་དབྱེར་མེད་ཆིག་ཆོད་ཀྱི་དགོངས་པའོ། །ཐུགས་ཀའི་ཕྱག་རྡོར་ལས་བྱུང་བའི་རྣམ་པ་རལ་གྲི་རྣོན་པོ་ངོ་བོ་ཕྱག་རྡོར་ཡིན་པ་དེས་དགྲ་བགེགས་ཀྱི་གཟུགས་ཕུང་གཏུབ། ལིང་རོ་ལ་སྨན་རག་བྲན་ཏེ་གཏོར་མར་བསྟབ་པའི་ཚུལ་གྱིས་ལྷ་རྣམས་ལ་ཕུལ་བས་དགྱེས་པར་བཞེས་ཤིང་དགྲ་བགེགས་ཀྱི་དུག་གསུམ་གནས་སུ་སྟོང་པར་བསམ། སྣང་སྲིད་ཐམས་ཅད་བདེ་སྟོང་ཡེ་ཤེས་རོལ་པའི་མཆོད་སྤྲིན་རབ་འབྱམས་སུ་ཤར་བས་ལྷ་རྣམས་མཉམ་ཉིད་བདེ་བ་ཆེན་པོར་ཐུགས་དམ་ཡོངས་སུ་བསྐང་བར་བསམ་ལ་བསྐང་བ་བྱ། དེ་ནས་བདེ་སྟོང་ནང་གི་ཚོགས་ལ་རོལ། ལྷག་མ་རྣམས་བསྡུས་ལ་ཉི་ཟླའི་དཀྱིལ་འཁོར་གྱི་སྟེང་དུ་ལྷག་མའི་དངོས་པོ་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབ། ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། ཨེ་མ་བྱང་ཆུབ་སེམས་དཔའ་སོགས་བརྗོད་དེ། བདག་གི་ཐུགས་ནས་ཛཿལས་ཊཱ་ཀི་རཱ་ཛ་སྤྲོས་པས་ལྷག་མགྲོན་དཀྱིལ་འཁོར་གྱི་ཁྱམས་སུ་དགུག །མཛུབ་མོ་དང་གུང་མོ་མཐེ་བོང་རྣམས་སོ་སོར་སྦྱར། སྲིན་ལག་དང་མཐེའུ་ཆུང་བརྐྱང་བ་འབར་བ་ལྟར་བྱས་པ་བྱ་ཁྱུང་གི་ཕྱག་རྒྱ་བཅས་ལ། ཨོཾ་ཤྲཱི་མཉྫུ་ཀྲོ་དྷ་སོགས་བརྗོད་ཅིང་རང་ཉིད་ཀྱི་རྡོ་རྗེའི་གཤོག་པ་ལས་འོད་ཟེར་མེའི་ཚྭ་ཚྭ་ལྟ་བུ་འཕྲོས་པས་དྲེགས་བྱེད་ཀྱི་ཚོགས་མ་མོ་མཁའ་འགྲོ་འབུམ་དང་བཅས་པ་ཟིལ་གྱིས་མནན་ཏེ་འདར་ཡེད་ཡེད་བཀའ་ཉན་པར་བསམ། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་བཅས། ས་མ་ཡ་དུ་སོགས་བརྗོད་པས་དྲེགས་པ་རྣམས་ཀྱི་སྤྱི་བོར་རྡོ་རྗེ་བཞག་པས་བཀའ་ལས་མི་འདའ་བར་བསམ། ལག་གཡས་སྡིགས་མཛུབ་བསྒྲེང་བས་བེ་ཅོན་བཟུང་བ་ལྟར་རམ། རྡོ་རྗེའི་ཁུ་ཚུར་བཅངས་ནས་ལག་གཡས་བསྒྲེང་བ་བེ་ཅོན་ཕྱག་རྒྱ་བསྟན་ལ་ཨེ་ཀ་ས་མ་ཡ་ཧཱུྃ། ཞེས་བརྗོད་པས་ལས་གཤིན་འཁོར་བཅས་ཀྱི་ལག་ཏུ་བེ་ཅོན་བྱིན་པས་རང་སེམས་དཔང་དུ་བཙུགས་ཤིང་དམ་ལས་མི་འདའ་ལ་འདས་ན་མགོ་འགས་སྙིང་འཚིག་པར་བསམ་མོ། །དེ་ནས་ཡ་རྐན་ལ་ཡབ་ལྔ་མ་རྐན་ལ་ཡུམ་ལྔ། སྨན་ཁར་བླུགས་པ་ཡབ་ཡུམ་སྦྱོར་བའི་བྱང་སེམས་འོད་ཟེར་ལྔ་འཕྲོ་བར་གསལ་བའི་ཁ་ཕྲུ་བཏབ་ཅིང་། དཔལ་གཏོར་ནས་ཀྱང་མཐེབ་སྐྱུ་ཆ་ཚང་བ་ལྷག་གཏོར་སྟེང་དུ་ཕབ་ལ་མཆེ་བའི་ཕྱག་རྒྱ་བཅའ་ཞིང་། དམེ་གཏོར་སྨན་དང་སོགས་ཀྱིས་ལྷག་གཏོར་བདུད་རྩིའི་རང་བཞིན་ཤ་ཁྲག་གི་རྒྱ་མཚོ་ཆེན་པོ་ལས་གཤིན་སོགས་ལྷག་མགྲོན་ལ་ཕུལ་ཏེ་ཕྲིན་བཅོལ་བྱའོ། །དེ་དག་གིས་ཆོ་གའི་སྐབས་སུ་ཉེ་བར་མཁོ་བའི་གསལ་བྱེད་ཅུང་ཟད་བཤད་ནས། ༈ ད་ནི་གཏོར་བཟློག་གི་ལག་ལེན་བཤད་པ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་གནས་གང་དུ་རབ་རྡུལ་ཚོན། འབྲིང་དུད་འགྲོའི་གཡང་གཞིའི་སྟེང་རས་བྲིས་ཀྱི་བཟློག་དཀྱིལ་ལ་ཚོམ་བུ་བཀོད་པ། ཐ་མ་མ་ཏྲམ་གྱི་དོད་གཡང་གཞིས་བྱས་པའི་སྟེང་དུ་ཚོམ་བུ་འགོད་པ་གསུམ་གྱི། གང་དུ་བྱ་བའི་གནས་སུ་བདག་བསྐྱེད་རྫོགས་པའམ་སྐད་ཅིག་གི་ལྷའི་རྣལ་འབྱོར་གྱིས་སྔགས་ཅུང་ཟད་བཟླས། དཀར་གཏོར་དང་དམར་གཏོར་བསྔོས། རྡོ་རྗེ་དང་བཅས་པའི་ལག་གཡས་ས་ལ་བཞག་སྟེ། སྐུ་སྔགས་དང་། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊཿ ཅེས་བརྒྱ་རྩ་བརྒྱད་བཟླས་པ་ཀུན་རྫོབ་ཀྱི་སྦྱང་བ་དང་སྟོང་པར་བསམ་པ་དོན་དམ་གྱིས་སྦྱང་བ་གཉིས་བྱས་ཏེ་ལས་སྔགས་བཟླ་བཞིན་དུག་ཁྲག་གིས་ཆག་ཆག་གདབ། ཐིག་སྐུད་དང་ཚོན་སྣ་ལྔ་རང་མདོག་བསྡེབས་པ་ཕྱོགས་བཞི་དབུས་ལྔར་བཀོད་དེ་ཧཱུྃ་ལས་བྱུང་བ་རིགས་ལྔའི་གཤིན་རྗེ་གཤེད་སོ་སོར་བསྐྱེད་ལ་སྔགས་ཙམ་གྱིས་སྤྱན་དྲངས་བསྟིམ་པ་དང་མཆོད་བསྟོད་བསྡུས་ཙམ་བྱ། དེ་རྣམས་འོད་ཞུ་ཐིག་ཚོན་རིན་པོ་ཆེའི་རྡུལ་ཕྲ་རབ་ཏུ་བསམ་ལ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཞེས་བརྗོད། ཨོཾ་ཨཱཿཧཱུྃ་ཞེས་བཟླས་ཏེ་ཐིག་སྐུད་གཅིག་ཏུ་དྲིལ་བ། ཛཿཛཿཞེས་བརྗོད་ནས་སྣེ་ལས་ཀྱི་རྡོ་རྗེར་གཏད་ལ། ཐོག་མར་སློབ་དཔོན་ནུབ་སློབ་མ་ཤར་དུ་གནས་པས། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུྃ། ཞེས་བརྗོད་དེ་ཐིག་སྐོར་བྱས་ལ་ཚངས་ཟུར་བཞིའམ། ལོགས་ཐིག་བཅས་པའི་ཡེ་ཐིག་སྟེང་གི་མཁའ་ལ་གདབ། ལས་ཐིག་དཀར་ཆལ་གྱིས་སྦགས་པའི་སྲད་བུས་སྟེགས་བུའི་གཞིར་ཚངས་ཟུར་ཐིག་རྣམས་ལེགས་པར་བཏབ་པའི་ལྟེ་བ་ནས་ཟླུམ་སྐོར་གྱི་དབུས་སུ་ཆོས་འབྱུང་གྲུ་གསུམ་དང་ཟླ་གམ་གསུམ་དེའི་ཕྱི་ལ་ལྟེ་བའི་བརྒྱད་ཆ་དང་། དེ་ནས་ཕྱེད་ཆ་ཡོད་པ་གསུམ། དེ་ནས་བརྒྱད་ཆ། བཞི་ཆ། བརྒྱད་ཆ། ཕྱེད་ཆ་སྟེ་ཟླུམ་སྐོར་བརྒྱད་བྱས་པའི་དང་པོ་ཐོད་རྭ། གཉིས་པར་ཐོད་མཁར་བཞི། གསུམ་པར་རྩིབས་བརྒྱད། བཞི་པར་ལྕགས་མཁར་བཅུ་གཉིས། ལྔ་པར་མུ་ཁྱུད། དྲུག་པར་འོབས་ཁུང་བཅུ་དྲུག །བདུན་པར་རྡོར་རྭ། བརྒྱད་པར་མེ་རི། དེའི་ཕྱིར་མ་ཏྲམ་གྱི་ཁོག་པ་མགོ་བོ་མདུན་དུ་བསྟན་པ་བྲི། ཚོན་ནི་དབུས་ཀྱི་གྲུ་གསུམ་མཐིང་ནག །ཟླ་གམ་གསུམ་ཁྲག་མཚོ། ཐོད་རྭ་རྣམས་དཀར་པོ། ཐོད་མཁར་ནང་ཁྱམས་དམར་རམ་ལྗང་གུ །འཁོར་ལོ་སྔོན་པོ་མཆན་ལྗང་། ལྕགས་མཁར་གྲུ་གསུམ་སྔོ་ནག་གཞི་དམར། མུ་ཁྱུད་ལྗང་། འོབས་ཁུང་གི་གཞི་ནག་པོ་གྲུ་གསུམ་དམར་ནག་གམ། ཡང་ན་གཞི་དམར་གྲུ་གསུམ་མཐིང་ནག་ཏུ་བྱ། རྡོར་རྭ་གཞི་ནག་པོ་རྡོ་རྗེ་སེར་པོ། མེ་རི་ཁ་དོག་སྣ་ཚོགས་པ། མ་ཏྲཾ་སྔོ་སྐྱ་ཁྲོ་ཉམས་ཅན་ནོ། །ལྕགས་མཁར་བཅུ་གཉིས་ནི་ཕྱོགས་བཞིར་གཉིས་རེ་མཚམས་བཞིར་རེ་རེ་སྟེ་གྲུ་གསུམ་པའི་རྩེ་མོ་ནང་བསྟན་བྱ། འོབས་ཁུང་བཅུ་དྲུག་ནི་ཕྱོགས་མཚམས་བརྒྱད་དང་ཕྱོགས་བཞིའི་གཡས་གཡོན་དུ་རེ་རེ་སྟེ་གྲུ་གསུམ་རྩེ་མོ་ཕྱིར་བསྟན་དུ་བྲིའོ། །དེ་ལྟར་ལེགས་པར་བྲིས་ནས་བྲ་བོ་ཁྲག་གིས་སྦགས་པས་ཚོམ་བུ་གཞུང་གི་ལྷ་གྲངས་ལྟར་འགོད་པར་བྱའོ། །རྒྱས་པར་སྤྲོ་ན་མུ་ཁྱུད་ཀྱི་ཕྱིར་རྟ་བབས་བརྒྱད་པ་ཅན་གྱི་གཞལ་ཡས་སྒོ་རྫོགས་བྲི་ལ། དེ་ལྟ་ན་འོབས་ཁུང་ནི་པདྨའི་ཕྱི་རོལ་དུར་ཁྲོད་ཀྱི་ནང་དུ་བྲི། འདི་ནི་ལས་གཞུང་ལྟར་ལྕགས་འདྲའི་ལུགས་སོ། །གལ་ཏེ་བཟློག་གཞུང་ལྟར་ལྕགས་སྡིག་ལུགས་སུ་བྱེད་ནའང་དཀྱིལ་འཁོར་འདི་གས་འཐུས་ཤིང་སྨད་ལས་ཀྱི་ཚེ་བཟློག་གཞུང་བཞིན་ལྷ་རྣམས་རྣམ་པ་དེ་ལྟར་བསྒྱུར་བར་བསྒོམ་པས་ཆོག་སྟེ། ལྷུན་གྲུབ་ཡེ་ཤེས་ཀྱི་རང་སྣང་སྒྱུ་འཕྲུལ་དྲ་བའི་རོལ་པ་ཅི་ལྟར་ཡང་མ་འགག་ལ་ཐོགས་པ་མེད་པར་འཇུག་པའི་གནད་ཤེས་པ་ནི་སྐབས་འདི་ཙམ་དུ་མ་ཟད་ཐམས་ཅད་དུ་གལ་ཆེའོ། །གལ་ཏེ་དཀྱིལ་འཁོར་ཀྱང་བཟློག་གཞུང་ལྟར་བྲི་ན་དབུས་གླིང་དགུར་བཅད་པའི་དབུས་གྲུ་གསུམ་མཐིང་ནག་ལ་གཙོ་བོ་ཡབ་ཡུམ། ཕྱོགས་མཚམས་བརྒྱད་ཀྱི་ཤར་དུ་ཕྱག་ན་རྡོ་རྗེ་སོགས་དང་། མཚམས་བཞིར་རྒྱན་ལྷ་ཡབ་ཡུམ་ཟུང་རེ། གླིང་དགུའི་ཕྱི་རོལ་གྲུ་གསུམ་བྱས་ལ་ཐོད་རས་བསྐོར་བའི་ཟླ་གམ་གསུམ་ལ་སྤྲུལ་པ་གསུམ། དེའི་ཕྱིར་འཁོར་ལོ་བཅུ་གཉིས་ཀྱི་ཕྱོགས་བཞིར་གསང་གཤེད་བཞི། གཡས་བཞིར་ནང་གཤེད་བཞི། གཡོན་བཞིར་ཕྱི་གཤེད་བཞི། དེའི་ཕྱི་རོལ་གྱི་ཟུར་བཞིར་གྲུ་གསུམ་རྩེ་ནང་བསྟན་སུམ་བརྩེགས་རེ་རེར་འཆི་བདག་བཅུ་གཉིས། དེའི་ཕྱི་ཁྱམས་སུ་ཟུར་གསུམ་རྩེ་ནང་བསྟན་ཕྱོགས་རེར་བརྒྱད་བརྒྱད་ཀྱི་ཤར་དུ་བདུད་ཕོ་བརྒྱད། ལྷོར་གཤིན་རྗེ་བརྒྱད། ནུབ་ཏུ་མ་མོ་བརྒྱད། བྱང་དུ་གནོད་སྦྱིན་བརྒྱད་དོ། །སྒོ་རྫོགས་སྤྲོ་ན་གོང་འདྲ། མིན་ན་འོབས་ཁུང་སོགས་གོང་འདྲའོ། །དཀྱིལ་འཁོར་གྱི་དབུས་སུ་དྲག་པོའི་ཤིང་ཁྲི་གྲུ་གསུམ་རྐང་པ་གསུམ་པ་མི་མགོའི་ཏོག་ཅན། སྲིད་པ་ལུགས་འབྱུང་གི་གཏོར་སྟེགས་སམ། ལྕགས་ཀྱི་མཉྫིའི་ཁར་ལྕགས་སླང་བུག་རྡོལ་མེད་པར་བཟློག་གཏོར་ཁྲོ་ཞལ་ཅན་འཁོར་རྩ་ལྷ་དྲུག་གི་གྲངས་ཀྱིས་བསྐོར་བའམ། རི་རབ་མར་ལྷ་གྲངས་ཀྱི་གཏོར་མས་བསྐོར་བའམ། འཇམ་དཔལ་བཤེས་གཉེན་གྱི་གཟིགས་སྣང་གཏོར་མ་གོང་བཤད་ཐོག་དབལ་ཅན་དུ་བྱས་པ་གསུམ་གང་རུང་བཤམས་ལ། མཚེ་ཡུངས་གཏོར་གདུགས་ལྷ་ཙག་རྩང་དང་རྒྱུ་མས་བསྐོར་བ་རྔམ་བརྗིད་ལྡན་པར་བྱ། བཟློག་པའི་འཁྲུལ་འཁོར་གང་རུང་བྲིས་པ་ཡོད་ན་གཏོར་མར་གཞུག །གཏོར་ཆེན་གྱི་འོག་ཏུ་མཉྫིས་བཏེགས་པའི་ཟོར་ཀོང་གཅིག །དཀྱིལ་འཁོར་གྱི་མཐའ་རྡོར་རྭའི་སྟེང་གི་ཕྱོགས་མཚམས་ཀུན་དུ་ཟོར་ཀོང་སྦྱིན་བདག་གི་ལོ་གྲངས་སམ། མ་འགྲུབ་ན་ཉེར་གཅིག་སོགས་ཅི་རིགས་བཤམ། དེ་ཡང་དུར་ཁྲོད་དང་རི་སུལ་འདྲེ་ཅན་གཡུལ་བཀྱེ་ཕུང་ཤུལ་སོགས་དྲག་པོའི་ས་སྣ་བྲ་བོ་ནས་ནག་གི་ཕྱེ་བསྲེས་ནས་དུག་ཁྲག་གི་ཆུས་སྦྲུས་པ་ལས་གྲུབ་པའི། ཀོང་བུ་གྲུ་གསུམ་སོར་བཞི་པ་ཁ་རིས་དམར་པོ་གཞུང་ནག་པོ་ལོགས་གསུམ་ལ་བྷྱོ་ཟློག་རྦད་གསུམ་ཁྲག་གིས་བྲིས་པའི་ནང་གྲུ་གསུམ་བྲུས་པར་རྫས་བླུགས། དེ་སྟེང་དབུས་སུ་ཁྲག་ཀོང་གྲུ་གསུམ་སྟེང་ཁྲག་གཏོར་གྲུ་གསུམ་ཁྲག་གིས་སྦགས་པ་དང་། ཀོང་བུའི་ནང་དུ་ཟོར་རྫས་སྤོས་རེང་། རྒྱ་སྤོས། བྲག་སྤོས། གུ་གུལ། རབས་ཆད་ཀྱི་ཁང་པའི་དུད་པ་རལ་པ་ཅན། ཕབས་རྩི། ཆང་ཉེས་སྦང་མ། རམ་གྱི་ཕྱེ་མ། ལྕགས་ཟངས་རྡོ་ཕྱེ་དུག་ཁྲག་གི་ཆུས་བྱུགས་པ། རྟ་དམར་ཚིལ་བུ། ཚེར་མ། ཤ་ཁྲག་རུས་པ་སྣ་ཚོགས། བཙན་དུག་སོགས་དུག་སྣ་ཚོགས། མེ་ཏོག་སྣ་ཚོགས། མེ་ཏོག་ནག་པོ། ཡུངས་ནག་རྭ་གཞོབ་སོགས་ཆ་ཚང་བ་བླུག །ཡུགས་སའི་འཕང་གིས་རྩང་བྱས་པ་དགོས་ཀྱང་དེ་ལྟར་མ་གྲུབ་ན་གོང་གི་རྫས་ནང་དུ་བསྡུས་ཀྱང་ཆོག་པར་གསུངས། ཟོར་ཀོང་གི་ཁ་ཁྱེར་གཡས་སུ་མདའ་བཀྲ །གཡོན་དུ་འཕང་བཀྲ །རྒྱབ་ཏུ་རྩང་། ལོགས་གསུམ་ལ་གཡས་སུ་ཡུངས་ཀར་གང་བུའམ་དེ་མ་འབྱོར་ན་ཁྲམ་ཤིང་ལ་མར་བསྐུས་ཏེ་ཡུངས་ཀར་སྦྱར་བ། གཡོན་དུ་བྲག་ནག་གི་མཚེ། མདུན་དུ་དཔལ་འབར་བཙུགས་ལ། ཚོན་སྐུད་སྣ་ལྔ་དང་བལ་ཚོན་སྣ་ལྔས་དེ་རྣམས་ཀྱི་སྐེད་པ་དཀྲིས་པའོ། །འདིའི་རྫས་རེ་རེ་བཞིན་དུ་དྲེགས་པའི་གདུག་པ་བཟློག་པའི་ནུས་པ་སོ་སོར་ཡོད་པར་གཞུང་གཞན་ལས་གསུངས་སོ། །དཀྱིལ་འཁོར་གྱི་གཡས་སུ་དུར་ཁྲོད་ཀྱི་རྡོ་ནག་གམ། མི་བསད་ཀྱི་རྦབ་རྡོ་གང་རིགས་བྱ་སྒོང་ཙམ་ལྔ་ལ་ཁྲག་གིས་བྷྱོ་ཟློག་རྦད་གསུམ་བྲིས་པ་དང་། གཡོན་དུ་ཚོན་སྐུད་སྣ་ལྔའི་འུར་ཐོག་ལ་མི་ལྤགས་ཀྱི་མཐིལ་དང་ཡུགས་སའི་སྐྲའི་ལྗགས་ཅན་བཅས་བཤམ། དེ་བཞིན་སྐྱེར་པའི་མདའ་ལ་འུག་པ་སྲིན་བྱ་ཁྲ་གསུམ་གྱི་སྒྲོ་སྤྲད་པ་གྲི་ལྕགས་ཀྱི་མདེའུའི་རྩེར་ཁྲག་གིས་བྱུགས་པ། ལོགས་ལ་སྔགས་ཟློག་ཤམ་བཅས་ཁྲག་གིས་བྲིས་པ་ལྔ་དལ་གྱི་གཡས་དང་། ཟོར་གཞུ་གཡོན་དུ་བཤམ། དལ་གྱི་མདུན་དུ་རྭ་ཟོར་ནི་རབ་མི་རྟ་ཁྱི་གསུམ་བསད་པའམ། འབྲིང་གང་རུང་བསད་པ། ཐ་མ་གང་རྙེད་ཀྱི་གཡག་རྒོད་ཀྱི་རྭ་གཡས་པའི་རྒྱབ་སྒང་འབུར་གྱི་ཕྱོགས་སུ་ཁྲོ་བོའི་མིག་དང་། རྩེར་མེ་རི། རྩ་བར་སྦྲུལ་གྱིས་འཁྱུད་པ་བྲིས་པ་ཁྲིའུ་ལྟ་བུའི་ཁར་བཞག །དེའི་ཟུར་དུ་ཐོད་པའི་ཚལ་བུར་ཐུན་ཁྲག་གུ་གུལ་སོགས་རྭ་ཟོར་བྱིན་རླབས་ཀྱི་རྫས་ཀྱང་བཤམ། གཞན་ཡང་ཟོར་ཀོང་ཞིག་ལ་ཡུངས་ཀར་གྱི་གང་བུ་བཙུགས་པ་གཡས་དང་ཁྲག་ཐུན་བླུགས་པ་གཡོན་དུ་བཤམས་ཀྱང་གསུངས། དཀྱིལ་འཁོར་གྱི་ཕྱི་རོལ་ཐིག་རྩེ་བརྒྱད་ལ་བྱང་ཤར་ནས་བརྩམ་སྟེ་གཡས་སྐོར་དུ་མཚམས་འཛིན་གྱི་མེ་ཏོག་ནས་བཟུང་དྲག་པོའི་མཆོད་པ། ཁྲག་གི་ཨརྒྷཾ། དུག་ཆུའི་ཞབས་བསིལ་སོགས་བཤམ། དེའི་ཕྱི་ལ་ཤར་དུ་མཆོད་གཏོར་དཔལ་གཏོར་དམར་པོ་ལྟོ་བར་ཁྲམ་རིས་ཅན་འཁོར་རང་འདྲ་ལྔ་དང་དེ་འཕྲོས་ལྷ་གྲངས་མཉམ་པའི་མཐེབ་སྐྱུ་ཅན། ལྷོར་བཤགས་གཏོར་དཀར་པོ་ཟླུམ་པོ་འཁོར་བཞི་པ། ནུབ་ཏུ་བསྐང་གཏོར་དཔལ་གཏོར་དམར་པོ་འཁོར་བཞི་པ། བྱང་དུ་བཟློག་གཏོར་གྲུ་གསུམ་འཁོར་བཞི་པ་རྣམས་བཀོད། ཡང་ན་སྐོང་བཤགས་གཉིས་ཀ་དཔལ་གཏོར་དམར་པོ་ལྷ་གྲངས་མཉམ་པའི་མཐེབ་སྐྱུ་ཅན་དུ་བྱ་གསུངས། དཀྱིལ་འཁོར་མདུན་དུ་བམ་སྐོང་ལ་སྨན་རཀ་སྲོག་ཆགས་མདངས་བསྐང་ཞུན་ཆེན་མར་མེ་རྣམས་ཀྱིས་བརྒྱན་པ་མཉྫིའི་ཁར་བཞག་པའི་འོག་ཏུ་ཐོད་ནང་དུ་རབས་ཆད་དང་རྟ་གཡག་ནག་པོའི་སྙིང་དངོས་སམ། དེ་དག་གི་ཚལ་བུ་བསྲེས་པའི་སྙིང་གཟུགས་གསུམ་དར་ནག་གིས་བཀབ་པའང་བཞག །མཆོད་བསྟོད་གསལ་སྒྲོན་གྱི་གཏོར་མ་རྩ་བ་ཟན་ལེབ་གྲུ་བཞི་རྩེ་མོ་གྲུ་གསུམ་གྱི་ལོགས་གསུམ་ལ་མཐེབ་སྐྱུ་སྦྱར་ལ་ཤ་ཁྲག་གིས་བརྒྱན་པ་བཤམ། གཞན་ཡང་ནུབ་རེ་བཞིན་གཏོང་རྒྱུའི་བཟློག་པའི་ཐུན་གཏོར་ཟུར་གསུམ་འཁོར་དྲུག་པ་ཁྲག་ཡུངས་ཀྱིས་བརྒྱན་པ་དང་བཟློག་པ་སོགས་ཀྱི་ཕྲིན་བཅོལ་དུས་འབུལ་རྒྱུའི་གཏོར་ཆུང་གྲངས་མང་། ཁྲག་སྐྱེམས་དང་གསེར་སྐྱེམས། ཉིན་བཞིན་འབུལ་རྒྱུའི་ཚོགས་དང་བསྒྲལ་ལས་ཀྱི་རྟེན་ཟན་གྱི་ཉ་བོ། ཆོས་སྐྱོང་གི་འབུལ་གཏོར་ཆད་བརྟན་སོགས་ཇི་ལྟར་འོས་པ་རྣམས་ཀྱང་བཤམ། ཕྱོགས་གང་བདེར་བསྒྲལ་ཆས་རྣམས་ཀྱང་བཞག །དཀྱིལ་འཁོར་གྱི་རྒྱབ་ཕྱོགས་སུ་མཐོ་བར་བྱས་པའི་བང་རིམ་གཉིས་ཀྱི་དང་པོར་ཚེ་བདག་གི་སྒྲུབ་གཏོར། དེའི་གཡས་གཡོན་དུ་རྩ་གསུམ་གཞན་འདོན་ན་དེ་དེའི་གཏོར་མའང་བཤམས་པའི་ཕྱག་ལེན་མཛད། བང་རིམ་འོག་མར་ཚེ་བདག་གི་མཆོད་གཏོར་གཡས་གཡོན་དུ་གང་བྱེད་པའི་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཀྱི་གཏོར་མ་རྣམས་བཤམས་པའི་གཡས་སུ་རྡོ་རྗེ་རྒྱ་གྲམ་དཀར་པོའི་སྟེང་དུ། མཐུ་ཆེན་སྡེ་བཞིའི་ལྷ་ཀླུ་གཉིས་ལ་གཏོར་མ་དཀར་ཟླུམ་རེ་ལས་ཀླུ་ལ་སྦྲུལ་འཁྱུད་ཅན་ཀླུ་སྨན་བཏབ་པ་གཉིས་ཀ་དཀར་མངར་གྱིས་བརྒྱན་ཅིང་རྩ་བ་ཟན་ལེབ་ཀྱིས་ཕྱོགས་གཅིག་དཀྲིས་པ་བྱ། བང་རིམ་དེའི་གཡོན་དུ་རྡོ་རྗེ་རྒྱ་གྲམ་དམར་པོའི་སྟེང་བཙན་བཤོས་དམར་པོ་གྲུ་གསུམ་བདུད་བཤོས་གྲུ་བཞི་རྩེ་རྒྱལ་ཅན་གཉིས་ཤ་ཁྲག་གིས་བརྒྱན་པ་རྩ་བ་ཟུང་ཟན་ལེབ་གཅིག་གིས་དཀྲིས་པ་བཤམ། གཡས་གཡོན་གྱི་གཏེར་སྲུང་སྡེ་བཞིའི་གཏོར་མའི་མཐར་རྒྱུན་བཞག་གི་ཆད་བརྟན་དང་སྨན་རཀ་བཅས་བཤམས་པའི་མདུན་དུ་ཉེར་སྤྱོད་ཀྱི་མཆོད་པ་བཤམ། སྟབས་མི་བདེ་ན་སྒྲུབ་མཆོད་ཀྱི་གཏོར་མ་བང་རིམ་གཅིག་ལ་བཀོད་ཀྱང་རུང་ངོ་། །གཉིས་པ་དངོས་གཞི་ལ་འཇམ་དཔལ་ཞི་བའི་རྒྱུད་བཀླག་ཆོག་དབང་པོའི་སྡེས་མཛད་པ་ལྟར་སྔོན་དུ་བཏང་ཞིང་བརྒྱུད་འདེབས་ནས་བཟུང་སྟེ་ཁྲོ་བོའི་ལས་བྱང་གཞུང་བསྲངས་ལ། བདག་དང་མདུན་དཀྱིལ་གཅིག་ལས་དུ་མར་འཆར་བའི་ཚུལ་གྱིས་གཅིག་ཆར་གསལ་བར་བྱའོ། །སྤྱིར་རྙིང་གཞུང་རྣམས་སུ། བདག་མདུན་ཆོ་ག་གཅིག་གིས་མཉམ་དུ་བསྐྱེད་པ་དང་། བདག་བསྐྱེད་སོང་ནས་དེའི་རྗེས་སུ་མདུན་དཀྱིལ་བསྐྱེད་པ་བྱས་ལ་བདག་མདུན་སྟབས་གཅིག་སྤྱན་དྲངས་པ་སོགས་ཐུན་མོང་དུ་བྱས་ནས་བཟླས་པ་སྟབས་གཅིག་བྱ་བ་དང་། བདག་བསྐྱེད་བཟླས་པ་བཅས་སོང་ནས་མཆོད་བསྟོད་བྱས་ལ། སླར་མདུན་བསྐྱེད་གསལ་ཞིང་སྤྱན་དྲངས་པ་སོགས་བསྟོད་པའི་བར་དུ་བྱས་ནས་མདུན་བསྐྱེད་ཀྱི་བཟླས་པ་བྱ་ཞིང་། ཚོགས་སོགས་ཆོ་གའི་རྗེས་རྣམས་བདག་མདུན་ཐུན་མོང་དུ་མཛད་པའི་ལུགས་གསུམ་ལས་འདི་ནི་དབང་པོ་རབ་ཀྱི་ཉམས་ལེན་དང་མཐུན་པར་སྔ་མ་ལྟར་རོ། །དེ་ཡང་ཆོ་གའི་ལས་བྱང་དང་བཟློག་གཞུང་ན་བསྟན་པའི་མངོན་རྟོགས་ཅུང་མི་འདྲ་ཡང་། ཏིང་འཛིན་གྱི་རྣམ་པར་འཕྲུལ་པ་གང་འདོད་བསྒྱུར་བ་ལས་ཚིག་རིས་ཁོ་ནར་ཨ་འཐས་མི་དགོས་ལ། དེར་མ་ཟད་ཚིག་ཟིན་ལ་མེད་ཀྱང་མདུན་གྱི་ཟོར་རྫས་རྣམས་ལས་མཚོན་ཆའི་ཆར་འཕྲོ་ཞིང་ཟོར་བདག་གི་ཚོགས་སྤྲུལ་པ་ཡང་སྤྲུལ་གྲངས་མེད་འཕྲོ་བས་བཟློག་པའི་ལས་མཛད་པ་དང་། ཟོར་ཀོང་སོགས་སོ་སོར་བསྒོམ་བྱ་ཡང་འཕེན་དུས་ཀྱི་དམིགས་པ་འཆད་འགྱུར་དང་མཐུན་པར་སྒྲུབ་དུས་ཀྱང་དྲག་པོའི་ཏིང་འཛིན་གྱི་རོལ་པ་སྣ་ཚོགས་ཚད་མེད་པར་འཇུག་ཤེས་པར་བྱའོ། །བྱིན་འབེབ་དུས་སྤོས་བཏུལ་བཤུག་པ་བྱ། བླ་མ་དང་ལས་རྡོར་གྱིས་དར་གྱི་གཡབ་མོ་བྱའོ། །བདུད་རྩི་བྱིན་རླབས་དུས་སྔགས་བརྗོད་ཚེ་ལས་རྡོར་གྱིས་གཡས་སྐོར་དུ་དལ་བུས་དཀྲུགས་ཤིང་ཕྱར། རཀྟའི་དུས་གཡོན་སྐོར་དུ་དཀྲུགས་པ་ཙམ་ལས་ཕྱར་སྲོལ་མེད། གཏོར་མ་བྱིན་རླབས་དུས་གཏོར་མ་སོ་སོར་བདུད་རྩི་བྲན། དེ་བཞིན་མཆོད་པ་བྱིན་རླབས་ཀུན་ལ་འགྲེ །ཕྱི་མཆོད་དུས་ཕྱི་ཡི་མར་མེ་དང་། དུར་ཁྲོད་ནང་མཆོད་ཀྱི་ཚེ་ནང་གི་མར་མེ་སྦར། སྨན་མཆོད་དུས་སྨན་ཕུད་འཐོར་ཞིང་དངོས་གྲུབ་ལེན། རཀྟའི་ཚེ་རཀྟའི་ཕུད་གཏོར་མར་བྲན། ཨོཾ། ཉོན་མོངས་དུག་ལྔའི་བདུད་རྩི་ཆེན་པོ་སོགས། གསང་ནན་གྱི་ཚེ་མཆོད་པའི་གཏོར་མ་ལ་བདུད་རྩི་བྲན་པ་ཕྱག་ལེན་ནོ། །དེ་ལྟར་བཟླས་པའི་བར་སོང་ནས། དོན་གཉིས་སྒྲུབ་པའི་འཕྲོས་འདུས་དམིགས་པ་སྤྱི་ལྟར་བྱས་ལ། ཨཱ་ཀྲོ་དང་སྐུ་གསུང་ཐུགས་སྔགས་ཨེ་རིང་རྣམས་བརྒྱ་རེའམ་སྐབས་དང་སྦྱར་ཏེ་བཟླས་ནས་སྟོང་ཚིགས་ཀྱི་མཆོད་བསྟོད་བྱ། དེ་ནས་བདག་མདུན་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུའི་ཆ་ཐམས་ཅད་ནས་འོད་ཟེར་གནམ་ལྕགས་ཀྱི་སོ་དང་སྤུ་གྲིའི་དབལ་ཅན་གྱི་མཚོན་ཆ་སྣ་ཚོགས་པའི་རང་བཞིན་དུ་འཕྲོས་པས་གནོད་བྱེད་ཐམས་ཅད་མྱལ་མྱལ་གཅོད་་་་པར་གྱུར་ཅེས་བརྗོད་ཅིང་བསམ་ལ། ཨེ་རིང་གཟིར་སྤྱང་སྦྲེལ་བ་བརྒྱ་ཙམ་བཟླས། ཡང་ལྷ་ཚོགས་རྣམས་ཀྱི་སྐུ་ལས་རྡོ་རྗེའི་མེ་འོད་གནམ་ལྕགས་ཞུན་མའི་ཚྭ་ཚྭ་ལྟར་འཕྲོས་པས་གནོད་བྱེད་ཐམས་ཅད་ཆོམས་ཆོམས་ཐུལ་གྱིས་བསྲེགས་པར་བསམ་ལ། སྤྲོ་ན་བཟློག་དམིགས་གཞན་དང་ཡང་སྦྱར་ཏེ། ཨེ་རིང་བཟློག་སྤྱང་ཅན་བརྒྱ་ཙམ་བཟླ། ལོང་བྱུང་ན་སྔགས་རྣམས་ཇི་ལྟར་མང་ཡང་ལེགས་པས་སྐབས་དང་སྦྱར་རོ། །མཐར་བཟློག་སྤྱང་གི་ཤམ་བུའི་དུས་ཐལ་མོ་ལན་གསུམ་བརྡབ། དེ་ནས་གཏོར་མར་སྨན་རཀ་བྲན་ལ་རོལ་མོ་དང་བཅས་པས་བསྙེན་བསྟོད། ཨྱེ། ཕུང་པོ་འབྱུང་བ་རྣམ་དག་སོགས་བཏོན་རྗེས་དབྱངས་གསལ་རྟེན་སྙིང་བཟླས་ལ་མཆོད་བསྟོད་གཞུང་བཞིན་བྱ་བའམ། ཡང་ན་མཆོད་བསྟོད་ཀྱི་ཚབ་ཏུ་མཆོད་བསྟོད་གསལ་སྒྲོན་འདོན་པ་བྱང་པའི་ཕྱག་ལེན་ནོ། །དེ་ཡང་མཆོད་བསྟོད་གསལ་སྒྲོན་གྱི་གཏོར་མ་དང་ཁྲག་སྐྱེམས། རཾ་ཡཾ་ཁཾ་གིས་སྦྱང་། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ལ། ཨེ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་སོགས་གྱེར། དེ་ཡང་དུས་རྒྱུན་འཇུག་པ་བདེ་ཕྱིར་རྒྱན་ལྷ་ཡན་བསྐུལ་བས་ཆོག །གཏོར་བཟློག་གི་སྐབས་སུ་ཐམས་ཅད་རྫོགས་པར་འདོན། ཐལ་བ་བཞིན་དུ་རབ་ཏུ་རློགས། །ཅེས་པའི་ཚིག་རྐང་ཐ་མའི་མཇུག་ཏུ། བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད། །ཅེས་པ་བཏགས། དེ་བཞིན་མནན་བསྲེག་འཕང་གསུམ་དང་བྱས་པ་བཤིག་པ་སོགས་ཀུན་ལ་སོ་སོའི་ཁ་བསྒྱུར་སྦྱར་ཤེས་པར་བྱའོ། །ཐུགས་སྤྲུལ་གྱི་ཡུམ་དང་ཁྱུང་བསྐུལ་མཇུག །བྱ་ཁྱུང་རྒྱལ་པོས་གང་ཡིན་ལུས་སྲོག་ཕྲོལ། །ཞེས་པའི་མཚམས་སུ་རྭ་ཟོར་བྱིན་རླབས་བྱ་སྟེ། དེ་ཡང་མི་རྟ་ཁྱི་གསུམ་བསད་མྱོང་གི་རྭ་ཡིན་ན་ངར་འདོན་མི་དགོས། དེ་མིན་ན་ངར་འདོན་པའི་རྟེན་འབྲེལ་དུ་ཟན་གཙང་མར་མི་རྟ་ཁྱི་གསུམ་གྱི་གཟུགས་བརྙན་བཅོས་པ་ལྕགས་སླང་ནང་དུ་བཤམ། རཀྟ་བྲན་ཨེ་རིང་ཚར་གཅིག་གིས་བྲུབ་ཁུང་དང་གཟུགས་བརྙན་དགྲ་བགེགས་སུ་བསྐྱེད་ལ་སྤྲུལ་པ་སྤྲོ། དགུག་གཞུག་བྱ། ཧཱུྃ༔ གྲུ་གསུམ་ཨེ་ཡི་སྣོད་ནང་དུ་སོགས་ཀྱིས་བསྒྲལ་བ་བྱ་ཞིང་སློབ་དཔོན་གྱིས་རྭ་ཟོར་དེ་དག་གི་སྙིང་གར་བསྣུན་ནས་སྒྲོལ་བའི་སྟངས་ཀ་ཙམ་བྱ། མི་གསོད་མྱོང་བ་ཞིག་ལ་གཏད་ནས་དེས་རྭ་ཟོར་གྱི་རྩེ་མོས་གཟུགས་བརྙན་གསུམ་པོ་དུམ་བུར་གཏུབ། ལིང་རོ་སྨན་ཕུད་ཀྱིས་བྲན་ཏེ་གཏོར་མ་ལ་འབུལ་ཞིང་། ཨེ༔ ཕྱག་རྒྱ་ཟིལ་གནོན་འཁོར་བཅས་ལ༔སོགས་ཀྱིས་ཞལ་བསྟབ་བྱའོ། །རྭ་ཟོར་བྱིན་རླབས་དངོས་ནི། རྭ་ཟོར་དེ་སློབ་དཔོན་གྱི་ལག་གཡས་སུ་ཐོགས་པ་གུ་གུལ་གྱིས་བདུག་སྟེ། ཨེ་བྷྲཱུྃ་ཞེས་བརྗོད་པས་ཐུན་སྣོད་གྲུ་གསུམ་ཨེ་ཡི་དབྱིངས་ནམ་མཁའ་ལས་ཀྱི་བཙོན་ཁང་དུ་གྱུར་ཅེས་བརྗོད་ཅིང་བསམ་ལ། ནང་དང་རྩེར་དུག་ཁྲག་གིས་བྱུགས་ཤིང་། ར་རཀྟ་ཛྭ་ལ་མཱ་ར་ཡ་ཕཊ༔ བི་ཥ་ཧ་ལ་ཧཱུྃ༔ ཞེས་ཅི་རིགས་བརྗོད་པས་མོན་པ་ཕོ་མོ་རྣམས་ཀྱིས་དུག་མཚོན་གྱི་ཆར་དབབ་པར་བསམ། འདིའི་སྔགས་གཞུང་གི་ཐུན་ཟོར་སྒྲུབ་པ་ལྟར་བྲིས་པ་སྟེ་གཞན་དང་ཅུང་མི་འདྲ་ཡང་འདི་ཁོ་ན་དག་ཅིང་ཟབ་བོ། ཁྲག་གིས་གར་རླན་པའི་སར། ཡུངས་དཀར་ནག་དང་ལྕགས་ཕྱེ་ཟངས་ཕྱེའི་སྐམ་ཐུན་བྲབ་ལ། སྐུ་དང་གསུང་གི་སྔགས་མཐར། ནྲི་ཏྲི་གནོད་བྱེད་དགྲ་བགེགས་ཀྱི་སྲོག་ལ་ཐུན་རྨུགས་བྷྱོ༔ བྱད་མ་གནོད་བྱེད་ཀྱི་སྲོག་ལ་ཐུམས་རི་ལི་ལི་བྷྱོ༔ ཞེས་ལན་མང་བརྗོད་ལ་ཕུས་བཏབ། རྭ་ཟོར་གཤིན་རྗེ་ལས་ཀྱི་བཙོན་ཁང་ཨེ་ཡི་སྣོད་ནམ་མཁའ་དང་མཉམ་པ་མེ་རི་ཁྲག་མཚོ་ཐོག་སེར་འཁྲུགས་པའི་ཀློང་ན་ལས་ཀྱི་གཤིན་རྗེའི་ཚོགས་སྤྲུལ་པའི་ཕོ་ཉ་སྣང་སྲིད་ཀྱི་དྲེགས་པ་བསམ་གྱིས་མི་ཁྱབ་པ་བཟོད་པར་དཀའ་བའི་ཚུལ་དུ་ཁྲོ་ཞིང་རྔམས་པས་དགྲ་་་་་བགེགས་རྡུལ་དུ་བརླག་པའི་ལས་བྱེད་པར་བསམ་ལ། ཁ་ཕུང་རེས་བཅད་ཚོན་སྐུད་ལྔས་བཅིངས་ལ་སྔར་གྱི་སར་བཀོད། ཨྱཻ། ཚེ་བདག་ནག་པོའི་ཐུགས་ཀྱི་སྤྲུལ་པ་ནི། །ཞེས་སོགས་བཤན་པ་བཞི་དང་ཡུམ་བཞི་བསྐུལ་རྗེས་གཏོར་ཆུང་ཁྲག་སྐྱེམས་བཅས་ཟོར་གྱི་རྩར་འབུལ་ལོ། །ཡང་ན་མཆོད་བསྟོད་གསལ་སྒྲོན་འདི་བསྒྲལ་ལས་ཀྱི་མགོར་བསྐུལ་བའམ་བཟློག་བསྐུལ་གང་རུང་དུ་བྱས་ཀྱང་རུང་ལ་རྭ་ཟོར་བྱིན་རླབས་ཀྱང་བཤད་མ་ཐག་པ་ལྟར་དེར་བྱའོ། །དེ་ལྟར་བསྙེན་པ་མཆོད་བསྟོད་བཅས་ཚར་བའི་རྗེས་སུ། མ་མགོན་གཟའ་དམ་མཐུ་ཆེན་སྡེ་བཞི་སོགས་བཀའ་གཏེར་གྱི་ཆོས་སྐྱོང་རྣམས་ཀྱི་ཕྲིན་ལས་ཇི་ལྟར་འདོད་པ་བཏང་། དེ་ནས་ཚོགས་བྱའོ། །དེ་ཡང་ཚོགས་ཕུད་རྒྱས་པར་བླ་མ་ཡི་དམ་ཚེ་བདག་ཆོས་སྐྱོང་སོགས་རིགས་རིམ་གྱི་མཆོད་བཤགས་སོ་སོའི་གྲངས་མཉམ་བཤམས་པའི་ཕྱག་ལེན་གདའ་ཡང་། བསྡུ་ན་མཆོད་བཤགས་བསྒྲལ་གསུམ། གནམ་ཕུད་དང་ལྷག་མ་བཅས་བཤམས་པས་འཐུས། མཆོད་བཤགས་ལ་སྨན་ཕུད་བྲན་ཏེ་འབུལ། བསྒྲལ་བ་ལ་སྨན་མ་བྲན་གོང་གི་ཟན་ནམ་ཟན་གྱི་ལིང་ག་དང་ཤ་དུམ་ཙམ་བཞག་ལ་བསྒྲལ་ལས་འགོར་རཀྟ་བྲན། སློབ་དཔོན་གྱིས་རྡོ་རྗེས་སྙིང་གར་རེག་ཚུལ་བཅས་རཀྟའི་ལྷ་མོ་རང་གི་ཐུགས་ཀར་བསྡུ་ཞིང་། དམིགས་བྱ་གསལ་ལ་དགུག་པ་སོགས་བསྒྲལ་ལས་བྱ། ཞལ་བསྟབ་དུས་སྨན་དང་རཀྟས་བྲན་པའི་ལིང་རོ་ཆ་གསུམ་བྱས་པ། ཆ་གཅིག་དབུས་ཀྱི་བཟློག་གཏོར་དང་སྒྲུབ་གཏོར་རྩར་འབུལ། ཆ་གཅིག་ལྷག་མར་བཏབ། ཆ་གཅིག་ཆང་ཕུད་དུ་བཏབ་སྟེ་བཟློག་བྱང་གི་སྐབས་སྐབས་སུ་འབུལ་ལོ། །འདིར་གཞུང་གི་བསྒྲལ་བ་བསྡུས་པ་དང་། སྨད་ལས་ཀྱི་རྒྱས་པ་གཉིས་ཀ་བྱེད་པའང་ཡོད་ལ་དེ་ལྟར་བྱས་ཀྱང་འགལ་བ་མེད་མོད། འོན་ཀྱང་དོན་གཅིག་པས་ན་ཚོགས་ཀྱི་བཤགས་པའི་རྗེས་སུ་སྨད་ལས་དགྲ་བགེགས་བསྒྲལ་བའི་རིམ་པ་ལ་འཇུག་པར་བྱ་སྟེ། བསྐུལ་དང་གསེར་སྐྱེམས་གཟུ་དཔང་སོགས་སྔོན་དུ་སོང་ནས། ཨེ་ཁང་བསྐྱེད་པ་ནས་ཕུང་པོ་གཏུབ་པའི་བར་བསྒྲལ་ལས་རྒྱས་པར་བྱས་ལ་ཞལ་བསྟབ་བྱ། དེའི་མཇུག་ཏུ་བཾ་ལ་སྨན་རཀ་བྲན་ལ་བཾ་བསྐང་གཏོང་། དེ་རྗེས་རྩ་གསུམ་སྤྱི་བསྐང་འདོན་ཞིང་མཇུག་ཏུ་གནམ་ཕུད་མཆོད། ཚོགས་ལ་རོལ་ཞིང་ལྷག་མ་བསྡུས་ལ་ལྷག་ཆོག་བྱ། ལྷག་མ་བཙོན་དུ་འཛིན་ན་ཕྱིར་མི་དོར་བར་དཀྱིལ་འཁོར་གྱི་བྱང་ཤར་ཕྱོགས་སུ་སྣོད་གཅིག་ཏུ་སྤུངས་ཏེ་བཞག་གོ །ཡང་ན་ལྷག་ཆོག་འདི་ཐུན་གཏོར་གྱི་རྗེས་གསོལ་ཁ་མཆོད་པའི་བར་དེར་བྱའོ། །དེ་ནས་བཟློག་གཞུང་གི་འགོར། བདག་དང་མདུན་གྱི་ཟོར་རྫས་རྣམས་དྲག་པོའི་དཀྱིལ་འཁོར་ལས་སྤྲུལ་པའི་ཟོར་བདག་དྲེགས་པ་ཡེ་ཤེས་དང་ལས་དང་འཇིག་རྟེན་གྱིས་བསྡུས་པ་མ་ཚང་བ་མེད་པ་ཐམས་ཅད། དགྲ་བགེགས་བྱད་མའི་སྟེང་དུ་ཁྲོས་འཁྲུག་རྔམས་པར་གྱུར་པའི་ཚོགས་ལས་ཁྲོ་ཆུ་དུག་མཚོན་གྱི་སྤྲིན་དྲག་སྔགས་ཀྱི་འབྲུག་སྟོང་ལྡིར་ཞིང་ནད་མཚོན་སོགས་གདུག་པའི་ཐོག་ཆར་དྲག་ཏུ་འབེབ་པ་ཕྱོགས་བཅུར་འཕྲོས་པས། བདག་ཅག་དཔོན་སློབ་ཡོན་མཆོད་བསྲུང་བྱ་འཁོར་དང་བཅས་པའི་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་དང་། ཁྱད་པར་དུ་དགྲ་བགེགས་བྱད་མ་རྣམས་ཀྱི་བསམ་སྦྱོར་ངན་པ་ཐམས་ཅད་སྦུར་མ་རླུང་གིས་དེད་པ་བཞིན་བསྡུས་ཏེ་གནོད་བྱེད་དེ་དག་གི་སྟེང་དུ་ཕབ་པས། སྲུང་འཁོར་སྡེ་རིས་དང་བཅས་པ་ནག་ཐུལ་གྱིས་རྗེས་མེད་དུ་བརླག་པར་གྱུར། ཅེས་བརྗོད་ཅིང་དེ་ལྟར་དམིགས་པ་མ་ཡེངས་པར་ངར་བསྐྱེད་ལ་ཐུན་རྔ་བརྡུང་བ་དང་བཅས་པར། སྐུ་སྔགས་ལ་སརྦ་ཙིཏྟ་སོགས་བཏགས་པ་ཉེར་གཅིག་གམ་ཅི་རིགས་བཟླས་མཐར་ཐལ་མོ་བརྡབ། དེ་བཞིན་གསུང་སྔགས་ལ་ཧ་ལ་ཧ་ལ་སོགས་བཏགས་པ་དང་། ཐུགས་སྔགས་ལ་གཟིར་སྤྱང་བཏགས་པ། ཨྱེ་རིང་ལ་སྤྱང་དྲུག་གང་རུང་ངམ་བཟློག་སྤྱང་བཏགས་པ། སོ་སོ་ནས་ཉེར་གཅིག་སོགས་བཟླས་མཐར་ཐལ་མོ་བརྡབ། དེ་བཞིན་དུ་གཞན་ཡང་འཆར་ཀའི་སྔགས་གྲོང་ཁྱེར་བཅོ་ལྔ་པ། རྡོ་རྗེ་ཕ་ལམ་གྱི་བདུན་པ་ཡང་བཟློག་མེའི་སྤུ་གྲི་བཅས་ཀྱི་སྔགས་རྣམས་སོ་སོ་ནས་ཉེར་གཅིག་རེའམ་ལོང་ཡོད་ན་ཅི་རིགས་བཟླས་ལ་སོ་སོའི་རྫོགས་མཐར་ཐལ་མོ་རེ་བརྡབ། དེ་ལྟར་སྔགས་ཚན་པ་བདུན་པོ་སྔ་མ་སྔ་མ་བཟླས་ནས་ཕྱི་མ་ཕྱི་མ་རིམ་པས་བཟླ་བའི་ཕྱག་ལེན་མཛད་དོ། །སྔགས་ཀུན་བཟླས་པའི་རྗེས་སུ། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་སོགས་དང་། ཁྱད་པར་དུ་འཇམ་དཔལ་གཤིན་རྗེ་གཤེད་ཕྱག་རྒྱ་ཟིལ་གནོན་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས། བདག་ཅག་དཔོན་སློབ་ཡོན་མཆོད་བསྲུང་བྱ་མི་ནོར་འཁོར་དང་བཅས་པའི་སྔོན་ལས་འཕྲལ་རྐྱེན་ངན་པ། འགལ་རྐྱེན་བར་ཆད་མི་མཐུན་པའི་རིགས་སུ་གྱུར་པ་ཐམས་ཅད་དང་། ཁྱད་པར་དུ་ཕ་རོལ་མི་དང་མི་མ་ཡིན་པའི་བསམ་ངན་སྦྱོར་རྩུབ་རྦད་འདྲེ་རྦོད་གཏོང་ཆག་ཆེ་ཉམ་ང་ལྟས་ངན་བར་ཆད་མི་མཐུན་པའི་འཚེ་བ་གང་དང་ཅི་མཆིས་པ་ཐམས་ཅད་དགྲ་བགེགས་བྱད་མ་ཁོ་རང་གི་སྟེང་དུ་ཟློག་ཅིག་སྒྱུར་ཅིག །མཱ་ར་ཡ་རྦད་ཟློག །ཅེས་ལན་གསུམ་བརྗོད་ལ་དཔོན་སློབ་ཀུན་གྱིས་ཐལ་མོ་ལན་གསུམ་བརྡབ། དེ་ནས། ཧཱུྃ། ཆོས་ཀྱི་དབྱིངས་ནས་རང་བྱུང་སོགས་བཟློག་གཞུང་གྱེར། དམ་ཉམས་བསྒྲལ་པའི་ཤ་རུས་ཞལ་དུ་སྟོབ། །ཅེས་པ་རྣམས་བརྗོད་པའི་དུས་སུ་གཏོར་ཆུང་ཤ་དུམ་བཅས་པ་རེ་དང་ལིང་རོ་ཆང་ཕུད་བཅས་བཟློག་གཏོར་ལ་བྲན་ནོ། །བཟློག་གཞུང་ཚར་གཅིག་གམ། ཉི་མས་ལོང་ཁོམ་ཡོད་ན་བསྐྱར་ཡང་ལེགས། མཐར་ཐུན་གཏོར་ལ་རཀྟ་བྲན་དགུག་གཞུག་བྱིན་རླབས་བྱ། སྨན་ཕུད་བྲན་ནས་ཨཱ་ཀྲོ་སྤྱི་བསྙེན་ལ་གཏོར་སྔགས་བཏགས་པས་འབུལ། དམར་ཆེན་གཏོར་ཟོར་སོགས་ཀྱིས་ཟོར་དུ་འཕང་། སྔགས་འབུལ་རྗེས་ཐུན་གཏོར་འབུལ་ཆོག་ཅི་རིགས་སྦྱར་ཡང་རུང་ངོ་། །དེ་ནས་གསོལ་ཁ་མཆོད། ཆད་ཐོའི་གཏོར་མར་སྨན་རཀ་བྲན་ལ་འབུལ། བརྟན་གཏོར་ལ་སྨན་བྲན་ནམ་མཁའ་མཐོང་སར་བཏེགས་ལ་ཕུལ། ཆད་བརྟན་གྱི་གཏོར་སྣོད་སྦུབ་སྟེ་བྲོ་བརྡུང་དང་། མཆོད་བསྟོད་བཟོད་གསོལ་བསྡུ་ལྡང་བཀྲ་ཤིས་བར་དུ་བྱའོ། །ཐུན་ཟོར་གྲུབ་པའི་རྟགས་ནི་རབ་རྭ་ཟོར་འཕར་བ་དང་། ཟོར་ཐུན་རྣམས་ལས་སྒྲ་འོད་དུ་རླངས་མེ་སྟག་འཕྲོ་བ་སོགས་དང་། ཐ་མའང་ཉམས་དང་རྨི་ལམ་དུ་བཟློག་བསད་གྲུབ་པའི་རྟགས་རྣམས་ཅི་རིགས་འབྱུང་ངོ་། །གོང་བཤད་ལྟར་ཞག་གྲངས་དུ་སྒྲུབ་ཀྱང་སང་ཟོར་འཕེན་པའི་དོ་ནུབ་སྒོ་དབྱེ་བྱ་ན། བཟླས་པའི་མཇུག་ཏུ་ཟོར་གྱི་ནུས་པ་བསྐྱེད་ཕྱིར་ཟོར་སྐོར་བྱ་སྟེ་སློབ་དཔོན་གྱི་མདུན་དུ་གཡས་གཡོན་གྲལ་གཉིས་སུ་བྱས་པ་དཀྱིལ་འཁོར་ལ་ཐུག་པར་བསྒྲིགས། ཨྱེ་རིང་བཟློག་སྤྱང་ཅན་བཟླ་བཞིན་མཆོད་གཡོག་གིས་ཕྱོགས་གཏོར་བཞི་ནས་བརྩམ་ཞིང་བླང་སྟེ། གཡས་གྲལ་གྱི་མཐའ་ལོགས་ནས་རིམ་བཞིན་ལག་འགྲིམ་ལ་ཐམས་ཅད་ཀྱིས་འཕེན་པའི་སྟངས་ཀ་གར་པད་ལྟ་བུ་བསྒྱུར་ཞིང་ཐལ་མོ་བརྡབ། ཟོར་རྫས་ལ་ཕུས་འདེབས། དེ་བཞིན་ཟོར་ཀོང་ཐམས་ཅད་དང་རྡོ་ཟོར་འུར་ཐོག་བཅས་དང་། མདའ་གཞུ། རྭ་ཟོར་བྱིན་རླབས་རྫས་ཁྲག་ཡུངས། བཟློག་པའི་གཏོར་ཆེན་གྱིས་མཐའ་རྟེན་པ་གཡས་སྐོར་དུ་བསྐོར་ལ་སླར་དཀྱིལ་འཁོར་ལ་བསྒྲིག །འདི་ཡན་ཟོར་ཀོང་རྣམས་དལ་ལ་ཟུར་བསྟན་ནས་བཀོད་པ་ཡིན་ཡང་། འདི་ནས་བཟུང་ནུས་པ་ཐོན་པའི་ཚུལ་གྱིས་ཟུར་ཕྱིར་བསྟན་དུ་བསྒྲིག །དགོང་མོ་བཟློག་གཞུང་གྲུབ་རྗེས་སློབ་དཔོན་ཆས་སུ་ཞུགས་པའམ་འཇམ་ཆས་ཀྱིས་སྒྲུབ་ཁང་ཐོག་གམ་སྒོར་ཟོར་ལམ་དང་བསྟུན་ཏེ་ཐོན་ལ། གསེར་སྐྱེམས་རྒྱས་པ་བཏང་། བླ་མ་རིག་འཛིན་སོགས་ཀྱི་མཐར་སློབ་དཔོན་གྱིས་ལྷའི་ང་རྒྱལ་གྱིས་ཧུབ་གང་བཏུང་། དེའི་ལྷག་མ་གཏོར་མ་དང་ལྷག་མར་བྲན། སྐབས་དེར་སྲིད་པ་ཧུའི་དཀར་གཏོར་གཏང་། སློབ་དཔོན་གྱིས་ཙཀ་ལིའི་རྒྱབ་ཡིག་ཀློག་ཅིང་དཀར་གཏོར་ཟོར་ལམ་ཕྱོགས་སུ་འཕང་བ་དང་ལྷན་ཅིག་སོར་མོ་རྣམས་ནང་དུ་བསྣོལ་ཞིང་བསྡོམས་ལ་ཁ་ཕྱེ་ཞིང་མཐེ་བོང་གཉིས་བསྒྲེངས་པ་སྲིད་པ་ཧུའི་ཕྱག་རྒྱ་བསྟན། འདིར་སྲིད་ཧུའི་ཙཀླི་ནི། སྲིད་ཧུ་བསྡུས་པ་དེ་དང། གཤེད་རྒྱུད་ནས་གསུངས་པ། འདི་ཡི་མནན་སྲེག་གཏོར་མ་འཕེན་ཕྱོགས་དང་། ཁྱད་པར་གཤིན་རྗེའི་འཁོར་ལོ་བསྐོར་ཕྱོགས་དེར། །ལྷ་འདྲེ་གདུག་པ་ཆེ་ན་ལྡོག་ཀྱང་སྲིད། །དེ་ལ་ཧུ་ཕྱག་རལ་གྲིའི་རྒྱ་ཅན་དགོས། །ཞེས་པ་ལྟར། གཞི་མ་དར་རམ་རས་དཀར་ལ་རལ་གྲི་མེ་འབར་བ་ཡུ་བ་མཱུཾ་མཚན་གྱི་རྩེ་ནས་མར། ཨོཾ་དང་ཡ་མ་སོ་གཉིས་མའི་མཐར་ཧཱུྃ་ཕཊ་སྦྱར་བ་འབྲུ་རེ་རེ་ནས་བརྩེགས་མར་གསེར་གྱིས་བྲིས་ལ་ཕྱོགས་དེར་ཕྱར། དེའི་རྒྱབ་ཡིག་ནི་ལྷ་འདྲེ་གང་དང་གང་རྒྱུ་བ་ཡུལ་ལྷ་ཟོ་དོར་ས་བདག་ཀླུ་གཉན་ཐམས་ཅད་ཉོན་ཅིག །ཁྱེད་རྣམས་ལ་ཕུར་པའི་དབལ་མཚོན་མི་བསྟན། ཡུངས་ཀར་གྱི་རྦབ་ཆེན་མི་བསྒྲིལ། དྲག་པོ་ཐུན་གྱི་ཕོ་ཉ་མི་འགྱེད། དྲག་པོ་མངོན་སྤྱོད་ཀྱི་ལས་གང་བྱེད་པ་ཁྱེད་ཅག་རྣམས་ལ་མི་བྱེད་པས། མ་འཇིགས་ཤིག །མ་སྐྲག་ཅིག །རང་གནས་སུ་འདུག་ཅིག །རིག་འཛིན་རྣལ་འབྱོར་པ་བདག་གི་མགོན་སྐྱབས་དཔུང་རོགས་རྒྱ་ཆེན་པོ་མཛོད་ཅིག །ཅེས་སོ། །དེ་ནས་ལྷག་མ་གཏང་། དེ་རྗེས། ཧཱུྃ། གཏོར་མའི་ལམ་བསྟན་ཞེས་སོགས་ཀྱི་དུས་ཕྱོགས་གཏོར་དམར་གཏོར་མཐེབ་སྐྱུ་ཅན་བཞི་ཕྱོགས་སོ་སོར་འཕེན་ཞིང་ཕུད་གཏོར། སྟེང་གི་ལྷ་ལ་སོགས་འདོན་ཞིང་གསེར་སྐྱེམས་མཆོད། དེ་རྗེས་ཚིག་ཐ་མར་རོལ་མོ་དྲག་བརྡུང་དུས་དྲག་སྔགས་བཟླ་ཞིང་ཟོར་ཀོང་རྡོ་ཟོར་མདའ་ཟོར་གསུམ་རེ་རེ་ཟོར་ལམ་དུ་འཕང་། རྭ་ཟོར་གདེང་པའི་སྟངས་ཀ་ཙམ་བྱས་ལ་བཞག །བཟློག་གཏོར་ཟུར་པ་དེ་ཐོགས་ལ། བྷྱོ་བྷྱོ་སྡང་བའི་དགྲ་ལ་སོགས་མཐར་དྲག་བརྡུང་བཅས་ཟོར་ལམ་དུ་འཕང་། ཐལ་མོ་བརྡབ། གཏོར་སྣོད་བཤལ་ཆུར་ནས་འབྲུ་བཏབ་ལ་བརྟན་གཏོར་རྩར་བླུགས་ཤིང་བརྟན་མ་བསྐྱང་། མཚམས་གཅོད་བྱས་ལ་ནང་དུ་ལོག་སྟེ། ལས་རྗེས་གཞུང་ལྟར་བྱའོ། །རྗེས་ཀྱི་བྱ་བ་ཟོར་དངོས་འཕེན་ཉིན། ཚོགས་ཀྱི་མགོ་ནས་སློབ་དཔོན་ཆས་སུ་ཞུགས་ཏེ། དཀྱིལ་འཁོར་མདུན་དུ་བསྒྲལ་ལས་བྱ་བའམ། གང་ལྟར་ཡང་བཟློག་གཞུང་བར་གོང་བཤད་ལྟར་གཏང་། འདི་ཉིན་བམ་སྐོང་མི་དགོས་པ་ཙམ་ཁྱད་པར་རོ། བྷྱོ། ད་ནི་བཟློག་པའི་དུས་ལ་བབ། །ཅེས་པའི་དུས་ཟོར་ཆེན་གྱི་ཞལ་ཟོར་ལམ་དུ་བསྒྱུར་ཞིང་བསྒུལ། དཀར་ལམ་འཐེན། དམར་གྱི་གཏོར་མའི་མཆོད་པ་འབུལ། །ཞེས་པའི་དུས་སུ་མཆོད་བཤགས་བསྐང་བཟློག་གི་གཏོར་མ་བཞི་ཟོར་ཆེན་རྩར་འབུལ། ཟོར་རྫས་གཞན་རྣམས་ཀྱང་ཟོར་ལམ་དུ་ཅུང་སྤགས། བྱད་མ་འབུམ་གྱི་ལྟས་ངན་ཟློག་ཏུ་གསོལ། །ཅེས་པའི་རྗེས་སུ་ཟོར་ཆེན་སོགས་བཏེགས་ལ་དྲག་བརྡུང་གི་མཐར་སེར་སྦྲེང་གི་རྗེས་མར་སློབ་དཔོན་གྱིས་དྲག་ཆས་དང་སྒྲིབ་ཤིང་སྲུང་བ་སོགས་ཀྱི་རྫས་འཆང་བ་དང་བཅས་ཏེ་རྭ་ཟོར་ཐོགས་ལ་སྔགས་བཟླ་ཞིང་བསྐྱེད་རིམ་གསལ་བས། ཕྱི་རོལ་ཟོར་ལམ་དུ་ལམ་འགྲོས་ཀྱི་རྣམ་པས་འཇུག །ཟོར་ཆེན་གྱི་ཤུལ་དུ་བམ་བཀོད། སྒོ་ཕྱོགས་གང་བདེ་འམ། སྲིན་མོའི་ཟ་ལམ་དུ་གྲགས་པ་གོམ་པ་བདུན་ཅུ་ཙམ་འདས་པའི་གཏོར་ཚུགས་སྟེང་ཟོར་རྣམས་གདན་ལ་བཞག །གསེར་སྐྱེམས་རྒྱས་པ་བཏང་། སྲིད་ཧུའི་དཀར་གཏོར་ཁར་སང་ལྟར་དང་། ལྷག་མ་འདོན་ཡང་དཀར་གཏོར་དང་ལྷག་མ་དེར་མི་མཆོད་པར་ཟོར་གྱི་སྣ་ལ་ཁྱེར་ཞིང་གང་དུ་འཕེན་པའི་གདོང་ལ་གཏང་། དེ་ནས་སློབ་དཔོན་གྱིས་བྷན་ཕུར་ཐོགས་ལ་ཟོར་འཆམས་སོགས་བྱེད་ན་དེར་བྱ། ཟོར་རྣམས་འཕེན་སྟངས་ཙམ་བྱས་ནས་ཕུས་བཏབ་ལ་བཞག །ཡང་སློབ་དཔོན་གྱིས་རྭ་ཟོར་ཐོགས་ཏེ་སྔར་ལྟར་སེར་སྦྲེང་བཅས། གང་དུ་འཕེན་པའི་སར་སོང་ལ་ལིང་ག་ལ་དམིགས་བྱ་དགུག་བསྟིམ་བྱས་རྗེས། ཟོར་འཕེན་པའི་གཞུང་ཚིག་ཁར་སང་ལྟར་བརྗོད་ལ་ཟོར་ཀོང་རྡོ་ཟོར་མདའ་ཟོར་རྣམས་རིམ་བཞིན་ཨྱེ་རིང་བཟློག་སྤྱང་ཅན་བཟླ་ཞིང་སྟངས་དང་བཅས་པས་འཕང་། དེ་ཡང་རྡོ་མདའ་གཉིས་ཕྱོགས་བཞིར་གདེང་ཙམ་རེ་བྱས་ཏེ་དངོས་ཟོར་ལམ་དུ་འཕང་། ཟོར་ཀོང་གི་ཁ་ཚུར་ལོག་ན་སླར་བླངས་ནས་སྐེད་ལ་བསྐོར་ཞིང་རྐང་མཐིལ་ལ་གཞར་ཏེ་འཕང་བས་འགྲོ །དེ་རྗེས་རྭ་ཟོར་འཕེན། དེ་ཡང་ལན་དང་པོའི་ཚེ་ཐེབས་ན་ལེགས། ལོག་པ་དང་སྒང་ལྐུག་བྱུང་ན་སླར་བསྐྱར་ཏེ་དྲག་སྔགས་དང་སྲོག་ལེན་གྱི་གསང་སྔགས་སྦྱར་ཏེ་འཕང་། དེས་ཀྱང་མ་ཐེབས་ན་རྐེད་པར་གཡོན་དུ་བསྐོར་ཞིང་རྐང་པ་གཡོན་པའི་འོག་ཏུ་དྲངས་ལ། བསད་སྔགས་དྲག་པོ་དང་རུ་ཏྲི་ཏྲིག་ནན་ཤག་རྦད་བྷྱོ་བྷྱོ༔ ཞེས་བཟླ་ཞིང་འཕང་བས་ཐེབས། དེ་ལྟར་ལན་གསུམ་བསྐྱར་ཀྱང་མ་ཐེབས་ན་དེ་ལས་བསྐྱར་སྲོལ་མེད་དེ་ཆག་ཆེ་བས་སླར་ཟོར་བསྐྱར་ཏེ་སྒྲུབ་པ་སོགས་རིམ་གྲོ་དྲག་པོ་བྱའོ། །དེ་ཡང་རྭ་ཟོར་གྱི་ཐེབས་བཟློག་འབྱམས་གསུམ་གྱི་མཚན་མ་ནི། རྭ་རྩ་རྩེ་གཉིས་ཐེབས་ཕྱོགས་སུ་ཕར་བསྟན་ལ་མིག་སྟེང་དུ་གཏད་ན་ཐེབས་ཆེན། དེ་འདྲ་ལ་མིག་འོག་ཏུ་བསྟན་ན་གན་ཐེབས། རུ་རྩེ་ཐེབས་ཕྱོགས་དང་རྩ་བ་རང་ལ་བསྟན་ཞིང་མིག་སྟེང་དུ་ཡོད་ན་བརྡུང་ཐེབས་ནང་མའམ་གཡས་པ། དེ་ལས་མིག་འོག་ཏུ་གཏད་ན་བརྡུང་ཐེབས་ཕྱི་མའམ་གཡོན་པ་སྟེ་དེ་བཞི་གང་ཡིན་ཡང་ཐེབས་པ་ཡིན་ལ་སྔ་མ་སྔ་མ་བཟང་། དེ་བཞི་ལས་གོ་བཟློག་པ་ནི་ལོག་པ་བཞིའོ། །རྭ་རྩ་རྩེ་གཉིས་ཀ་ས་ལ་ཟུག་ན་ལྐུག་པ་དང་། རྩ་རྩེ་གཉིས་གནམ་དུ་བསྟན་ཞིང་སྒང་ཚུགས་ན་སྒང་པ་ཞེས་བྱ་སྟེ་འབྱམས་པའོ། །སྒང་ལྐུག་གཉིས་པོའི་ཡང་རྭ་རྩེ་དགྲ་ཕྱོགས་བསྟན་ན་རྒྱ་འདྲེའི་ཟོར་ཐེབས་ཞེས་ཟེར་ཀྱང་རྒྱུད་ལས་འདི་ལའང་བསྐྱར་དགོས་པར་གསུངས་སོ། །རྭ་ཟོར་འཕང་བའི་དེ་མ་ཐག་ཟོར་ཆེན་བཏེགས་ལ་མེ་སྦར། བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ། །སོགས་མཐར་དྲག་བརྡུང་བཅས་ཟོར་འཕང་། ཕོད་ཀའི་སྣ་གཉིས་བཟུང་བའི་དུལ་མོ་སྟེ་གཡབ་མོ་དགུ་བརྡབ། ཐལ་མོ་དགུ་ཕྲུགས་སུ་གདབ། དམོད་པ་དང་དམིགས་རྣམ་གསལ་པོར་བྱའོ། །བཤལ་ཆུས་བརྟན་མ་བསྐྱང་། སློབ་དཔོན་རྡོར་དྲིལ་ཐོགས་ལ་མཚམས་གཅོད་དང་སྲུང་འཁོར་བསྒོམ། ཨྱེ་རིང་ལ་གསང་ལམ་དགག་པའི་སྤྱང་མོ་བཏགས་པ་དང་ཨུཥྞཱི་ཥའི་སྔགས་བཟླས་ལ་སླར་ལོག་སྟེ་སྒོ་དྲུང་དུ་གཏོར་གཞོང་ཟོར་སྣོད་ཐམས་ཅད་ཁ་སྦུབས་ལ། དགྲ་བགེགས་དམ་སྲི་དགུག་གཞུག་བྱ། ལག་གཡོན་སྟེང་དུ་བྱས་པའི་ལག་པ་བསྣོལ་ཞིང་སྡིགས་མཛུབ་ཀྱིས་མཐེའུ་ཆུང་རྣམས་སྦྲེལ་བའི་བྲོ་ར་ཟླུམ་པོར་བསྐོར་ལ་བྲོ་བརྡུང་འདོན། རྐང་པ་གཡས་ཀྱིས་ཞེས་སོགས་དུས་རྐང་གཡས་གདེང་སྟེ་གཏོར་གཞོང་མནན་ཚུལ་སོགས་དང་། དེ་བཞིན་གཡོན་པའི་སྟབས་ཀྱང་བྱ། ཨྱེ་རིང་མནན་སྤྱང་ཅན་ཅུང་ཟད་དང་། དེ་རྗེས་སུམྦྷ་ནི་འདོན་བཞིན་དང་པོ་བྲོ་གྲལ་གཡས་སྐོར་བྱས་ལ་སློབ་དཔོན་ཤར་དུ་ཕྱིན་ནས་ཞི་བའི་གསོལ་བྱང་། དེ་བཞིན་གཉིས་པར་གཡོན་སྐོར་གྱིས་སློབ་དཔོན་བྱང་དུ་གནས་པས་དྲག་པོའི་གསོལ་བྱང་། གསུམ་པར་གཡས་སྐོར་གྱིས་སློབ་དཔོན་ནུབ་ཏུ་གནས་པས་དབང་གི་གསོལ་བྱང་། བཞི་པར་གཡོན་སྐོར་གྱིས་སློབ་དཔོན་ལྷོར་སླེབས་ནས་རྒྱས་པའི་གསོལ་བྱང་བརྗོད། ཡང་ན་རྒྱས་པར་ཡང་གཡས་སྐོར་བྱ། ཞིབ་པར་ལས་སོ་སོའི་སོར་མོ་སྦྲེལ་ནས་བྲོ་དམིགས་སོགས་གཞན་དུ་ཤེས་པར་བྱ་སྟེ་བྲོ་འདི་ལས་ཀྱི་མཐའ་སྡུད་ཡིན་པས་གནད་ཆེའོ། །གཏོར་གཞོང་རྣམས་ཁ་གྱེན་དུ་བསྟན་སློབ་དཔོན་གྱིས་འབྲུ་ཚོམ་རེ་བླུག །ནང་དུ་ལོག་ནས་གཏོར་མ་རྣམས་ཐོག་ཁར་འབུལ་ཞིང་ཆད་ཐོ་སོགས་ལས་རྗེས་བྱ། རྒྱས་པར་བྱེད་ན་སང་ཉིན་སྔ་བར་ལས་གཞུང་བསྲང་། ཚོགས་དང་གཏང་རག་གི་ཚུལ་དུ་བམ་བསྐང་གཏང་ལ་བམ་གྱི་ཞུན་ཆེན་གྱི་མར་མེ་སྦར། རྩ་གསུམ་བསྐང་བའི་རྗེས་མཆོད་པའི་གཏོར་མ་ཐམས་ཅད་བསྒུལ་ཞིང་སྨན་རཀ་བྲན། སློབ་དཔོན་གྱིས་ནས་འཐོར་ལག་གིས་རེག་ཙམ་བྱས་ལ་ཐོག་ཁར་གཏོར་སྟེགས་སྟེང་མཆོད་པ་སྦྲེང་ཚར་བཤམ། དཔོན་སློབ་ཐམས་ཅད་སྒྲུབ་ཁང་སྟེང་དུ་བྱོན་ཏེ། སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས་ནས་གསེར་སྐྱེམས་གཏང་། ཆད་ཐོ་འདོན་ཞིང་གཏོར་མ་རྣམས་ཞལ་ནང་དུ་བསྟན་ལ་ཕུལ། གང་འདོད་ཕྲིན་ལས་བཅོལ། བཛྲ་མུཿས་གཏོར་མགྲོན་རྣམས་གཤེགས། ནང་དུ་ལོག་ནས་མཆོད་བསྟོད་སོགས་ཆོ་གའི་ལས་རྗེས་བསྡུ་བར་བྱའོ། །འདི་དག་བྱང་པའི་ཕྱག་བཞེས་བཞིན་བརྗོད་པ་ཡིན་ལ། ༈ རྙིང་མ་སྤྱི་འགྲོས་ལྟར་བྱེད་ན་ཡང་ཁོག་འདྲ་ལ་ཟོར་སྒོ་ནི་ཟོར་འཕེན་ཉིན་དབྱེ་བར་བྱས་ཀྱང་ཆོག །ཉིན་ཐ་མར་བཟློག་གཞུང་གྲུབ་རྗེས་དཀྱིལ་འཁོར་གྱི་ལྷ་ལ་མཆོད་བསྟོད་དང་ཡིག་བརྒྱ་ཚར་གཅིག་གི་མཐར་ཟོར་སྐོར་བྱ་སྟེ། ཧཱུྃ་ཧ་ཧེ་ཕཊ་བྷྱོ་རཾཿ གཏོར་མའི་ཡེ་ཤེས་པ་ནམ་མཁར་བཏེགས། དམ་ཚིག་པ་བདག་ལ་བསྟིམ། སླར་ཡང་གཏོར་ཆེན་ཟོར་རྫས་དང་བཅས་པ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་ལྷ་ཚོགས་སྤྲུལ་པ་ཡང་སྤྲུལ་ཕོ་ཉ་ཟོར་བདག་དྲེགས་པའི་དམག་ཚོགས་ཐམས་ཅད་ཁྲོས་འཁྲུག་རྔམས་པའི་རང་བཞིན་གྱིས། སྟོང་གསུམ་སྐད་ཅིག་ལ་བརླག་ནུས་པའི་མཐུ་རྩལ་ཆེན་པོས་དགྲ་བགེགས་བྱད་མའི་སྟེང་དུ་རྔམས་ཤིང་རྒྱུག་པར་གྱུར། ཅེས་བརྗོད་ཅིང་དེ་ལྟར་དམིགས་ལ་རྟོག་མེད་སྲོག་ལེན་ནག་པོའི་སྔགས་སྡེབས་འདི་འཕང་བ་ཟོར་གྱི་ལས་ལ་ཟབ་པས་སྦྱར་བར་བྱ་སྟེ། རྦད་ཐུམས་རི་ལི་ལི༔ ཞེས་པས་མགོ་དྲངས་ནས། ཨྱེ་རིང་བཟློག་སྤྱང་ཅན་གྱི་མཐར། དྲིལ་ཤག་སྲོག་ཁྱེར་བྷྱོ༔ ཏྲི་མྱགས་ཀ་པ་ཡ༔ ཞེས་སྦྱར་ཏེ་བཟླ། བསྐོར་ལུགས་སོགས་གོང་འདྲ་ལ་སླར་གཏོར་སྟེགས་སྟེང་དུ་བཀོད། ཐུན་གཏོར་ལ་དགུག་གཞུག་བྱས་ནས་དམག་ལྟོའི་ཚུལ་དུ་ཟོར་རྩར་འབུལ། དེ་རྗེས་གསེར་སྐྱེམས་དང་གཞུང་གི་གཏོར་མའི་ལམ་བསྟན་སོགས་ནས། བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པའི་བར་འདོན་ཞིང་ཕྱི་རོལ་ཟོར་ལམ་དུ་གསེར་སྐྱེམས་མཆོད་ལ་ཕྱི་སྒོ་དབྱེ། དེ་ནས་ཆད་ཐོ་འདོན་ཞིང་གཏོར་མ་ཟོར་རྩར་འབུལ། དེ་རྗེས་ཟོར་རྣམས་ཁྱེར་ལ་གཏོར་ཚུགས་སམ་ཟ་ལམ་དུ་གསེར་སྐྱེམས་དང་སྲིད་ཧུ་ལྷག་མ་གཏང་། དཀར་གཏོར་དང་ལྷག་མ་བཙོན་འཛིན་རྣམས་ཟོར་འཕེན་པའི་སྣ་ལ་གཏོང་གི་གཏོར་ཚུགས་སྟེང་དུ་མཆོད་པར་མི་བྱའོ། །ཟོར་འཕེན་སར་གསེར་སྐྱེམས་གཟུ་དཔང་གང་རིགས་གཏང་། ལིང་ག་ལ་དགུག་གཞུག་རྗེས། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་གི །དྲག་པོ་ཨེ་ཡི་གཞལ་ཡས་ནས། །ཕྱག་རྒྱ་ཟིལ་གནོན་ལྷ་ཚོགས་ཀྱི། །ཐུགས་དམ་ཆེན་པོའི་དུས་ལ་བབས། །དྲག་པོ་ཟོར་གྱི་ལས་མཛོད་ཅིག །ཅེས་བསྐུལ་ནས། ཧཱུྃ། སྟེང་གི་ལྷ་ལ་སོགས་ཀྱི་མཐར། །ཨེ་རིང་བཟློག་སྤྱང་བཏགས་པའི་སྔགས་བཟླ་བཞིན་རོལ་མོ་བཅས་ཟོར་ཀོང་རྡོ་མདའ་རྭ་ཟོར་རྣམས་འཕང་། སྤྲོ་ན་ཟོར་ཀོང་སོགས་སོ་སོའི་འདོན་ཆ་གཞན་ནས་སབ་པའམ། སྨིན་གླིང་དྲེགས་འཇོམས་ལྟར། ཧཱུྃ༔ ཁྲག་འཐུང་འཇམ་དཔལ་གཤིན་རྗེ་ཡིས། །ཕོ་ཉར་མངག་པ་སོགས་ཀྱི་ཚིག་ལ། གྲུ་གསུམ་གདུག་པ་ཀོང་བུའི་ཟོར། །ཞེས་དང་། རི་བོ་ཉིལ་བ་རྡོ་ཡི་ཟོར། །ཞེས་དང་། རྣོ་མྱུར་ཤུགས་དྲག་མདའ་ཡི་ཟོར། །ཞེས་དང་། སྟོབས་ལྡན་ཤུགས་དྲག་རྭ་ཡི་ཟོར། །ཞེས་སོ་སོར་ཁ་བསྒྱུར་ལ་འཕེན་པར་བྱའོ། །གཞན་ཡང་སྤྲོ་ན་བཅའ་གཞིའི་དུས་སུ་ཡང་ཁྲག་ཀོང་ངམ་ཐོད་ངན་དུ་ཁྲག་སྣ་བླུག་པ་ཁྲག་ཟོར་དང་། དེ་བཞིན་དུག་སྣའི་དུག་ཟོར་དང་། གཏོར་ཟོར་ཟོར་ཆུང་རྣམས་ཟུར་དུ་བཅས་པའམ། ཟོར་ཀོང་གི་ནང་དུ་ཀོང་བུ་གྲུ་གསུམ་རེར་དུག་ཟོར་དང་། ཁྲག་ཟོར་དང་། གཏོར་ཟོར་བྱས་ཀྱང་རུང་སྟེ། དེ་འདྲའི་རྒྱས་སྤྲོས་ཡོད་ན། འདིར་འཕེན་དུས་ཀྱང་། དབའ་ཀློང་འཁྲུག་པ་ཁྲག་གི་ཟོར། །ཞེས་དང་། མུན་པ་འཐིབ་པ་དུག་གི་ཟོར། །ཞེས་དང་། གནམ་ལྕགས་ཤུགས་ལྡན་གཏོར་མའི་ཟོར། །ཞེས་ཁ་བསྒྱུར་བྱ་སྟེ་སོ་སོའི་མཐར་ཨེ་རིང་བཟློག་སྤྱང་ཅན་ནམ། དེ་དང་སྲོག་ལེན་དྲག་སྔགས་བསྡེབས་ཏེ་བཟླས་ལ་འཕང་ངོ་། །ཟོར་ཆས་ཀུན་གྱི་མཐར། ཧཱུྃ། དམར་ཆེན་གཏོར་ཟོར་སོགས་ཀྱིས་ཟོར་ཆེན་འཕང་ནས། བཟློག་པ། བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ། །སོགས་འདོན། སྤྲོ་ན་དགོངས་གསོལ་དམོད་པ་ཅན་བྱ་སྟེ་ཟོར་ཆས་སོགས་ཀྱི་སྔོན་དུ་འམ་ཡོངས་གྲགས་ཟོར་ཆེན་འཕང་ནས་འདོན་སྲོལ་ཡོད་དོ། །འཕེན་དུས་ཀྱི་དམིགས་པ་ནི། གཏོར་སྣོད་དྲག་པོའི་གཞལ་ཡས་སུ་ཟོར་རྫས་ལས་ཀྱི་ཕོ་ཉ་དྲེགས་པ་བསམ་གྱིས་མི་ཁྱབ་པ་གནམ་ལྕགས་ཐོག་ཆར་ལྟར་འཁྲུགས་པས་དགྲ་བགེགས་རྩ་སྦུར་མེས་བསྲེགས་པ་ལྟར་རྗེས་ཤུལ་མེད་པར་བཅོམ་པ་དང་། ཁྱད་པར་དུ་ཟོར་ཀོང་རྣམས་རི་བོ་མཆོག་རབ་དང་མཉམ་པའི་ཁྲོ་ཆུའི་རི་རབ་གྲུ་གསུམ་པ། ཕོ་ཉ་དང་ནད་མཚོན་དུག་གི་རླབས་འཁྲིགས་པ། རྡོ་ཟོར་ནི་རི་རབ་ཀྱི་ཚད་དང་མཉམ་པའི་རྡོ་ཟོར་ཐོགས་པའི་གནོད་སྦྱིན་གདུག་པའི་བུ་མོ། ཟོར་གཞུའི་ཡ་མཆོག་ལ་འབྲུག་སྒྲ་ལྡིར་ཞིང་མ་མཆོག་ལ་གློག་དམར་འཁྱུག་པ་ཆང་བཟུང་ནས་ཐོག་མདའ་སེར་བ་ལྟར་འཕྲོ་བ། རྭ་ཟོར་ཨེ་ཡི་བཙོན་ཁང་ནས་ལས་གཤིན་གྱི་དམག་ཚོགས་སྤྲིན་ལྟར་འཁྲིགས་ཤིང་དྲག་སྔགས་ཀྱི་འབྲུག་སྟོང་ལྡིར་བ་ནད་དང་དུག་ཁྲག་གི་ན་བུན་འཐིབ་པ་མཚོན་ཆ་སྣ་ཚོགས་ཀྱི་ཆར་དང་ཐོག་སེར་དྲག་པོ་འཕྲོ་བ། གཏོར་ཟོར་གྱི་རྩེ་མོར་མཚོན་ཆ་སྣ་ཚོགས་སྐར་ལྟར་འཁྲུགས་པ་སྐེད་པར་ཟོར་བདག་ཕོ་མོ་བུ་ཡུག་ལྟར་འཚུབ་པ་རྩ་བར་ཁྲག་མཚོ་འཁྱིལ་ཞིང་ཕྱོགས་ཀུན་ཏུ་མེ་རི་དམར་ནག་འབར་བ། ཟོར་རྫས་ཐམས་ཅད་ལས་ཀྱང་ཕོ་ཉ་དང་མཚོན་ཆ་སྣ་ཚོགས་བསམ་གྱིས་མི་ཁྱབ་པ་ལྕགས་ཞུན་གྱི་ཟི་ར་ལྟར་ཁོལ་ཞིང་སྣང་སྲིད་ཀྱི་གདུག་པ་མ་ལུས་པ་འདུས་པའི་ངོ་བོ། དགྲ་བགེགས་གདུག་པ་ཅན་འདུལ་བ་ལ་ཐོགས་པ་མེད་པའི་མཐུ་དང་ལྡན་པར་བསམ། ཁྲག་ཟོར་ཡོད་ན་ཁྲག་གི་རྒྱ་མཚོ་ནད་སྣ་ཚོགས་ཀྱི་རླངས་པ་སྔོ་དམར་འཕྱུར་བ་ལ་ནད་བདག་མ་མོའི་ཚོགས་སྐར་ལྟར་འཕྲོ་བ། དུག་ཟོར་དུག་གི་རང་བཞིན་དུག་རླངས་མུན་པ་ལྟར་འཐིབ་པ་ལ་ཟོར་བདག་དམུ་དང་བདུད་ལ་སོགས་པ་འཕྲོ་བ་སོགས་སུ་བསྒོམ་མོ། །ཟོར་འཕེན་དུས་དངོས་ཀྱི་གདབ་ཁ་འདིར་དྲག་པོའི་དུས་དང་ཁྱད་པར་ཐེབས་བཟློག་གནད་ལྡན་རྩིས་ན་མཆོག་ཏུ་ལེགས་སོ། །དེ་ལྟར་ཟོར་འཕང་བས་གནོད་བྱེད་ཁོ་རང་གི་ལྷ་སྲུང་རྣམས་ཁོ་རང་གི་བདུད་དུ་བབས་ཏེ་ཟན་ལ་ཁྱི་རུབ་པ་བཞིན་ཁོ་རང་གི་ཤ་ཁྲག་དམར་ཆིལ་གྱིས་བཏང་བ་དེ་ཧབ་ཤ་བྱེད་ཅིང་ཟོས་པར་བསམ་ལ། ཨྱེ་རིང་གསང་ལམ་དགག་པའི་སྤྱང་མོ་ཅན་ཅུང་ཟད་བཟླས་ནས་ལས་བྱང་གི་སྲུང་འཁོར་འདོན་དམིགས་བྱ། སླར་ལོག་ནས་སྒོ་དྲུང་དུ་ཟོར་སྣོད་རྣམས་སྦུབས་སྟེང་དུ་བརྟན་གཏོར་བཤམས་བཤལ་ཆུ་བཅས་པས་བརྟན་མ་བསྐྱང་། བརྟན་གཏོར་གྱི་སྣོད་ཀྱང་སྔ་མའི་སྟེང་དུ་ཁ་སྦུབས་ལ། དེ་འོག་དགྲ་བགེགས་དགུག་གཞུག་བྱས། གནོད་བྱེད་རྣམས་ཀྱི་མགོ་དང་ལྕེ་སྟེང་གསེར་འཁོར་རྩིབས་བརྒྱད་ཀྱི་ལྟེ་བར་གནམ་ལྕགས་ཕུར་བུས་ཐལ་བྱུང་དུ་ཕུག་སྟེ་ཕུར་པའི་རྒྱ་མདུད་རི་རབ་ཏུ་གྱུར་པས་མནན་ནས་གཡོ་འགུལ་མེད་པར་བསམ་ལ་ཨྱཻ་རིང་མནན་སྤྱང་ཅན་ཅུང་ཟད་བཟླས། མཐར་དེ་སྟེང་འབྱུང་བཞི་རིམ་བརྩེགས་དང་གཏོར་གཞོང་རི་རབ་ཏུ་གྱུར་པས་མནན་པའི་སྟེང་དུ་ལྷ་ཡི་ཕོ་བྲང་བཅས་པས་ནམ་དུ་ཡང་ལྡང་དུ་མེད་པར་བསམ་ལ། བྲོ་བརྡུང་འདོན། གཏོར་གཞོང་ཁ་གྱེན་དུ་བསྟན་ལ་ནས་འཐོར་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད། ནང་དུ་ལོག་ནས་མདུན་དུ་བཾ་གྱི་ལུས་ལ་ཚེ་བདག་གི་ལྷ་ཚོགས་གསལ་ཞིང་བདག་མདུན་གྱི་འོད་ཟེར་ལྕགས་ཀྱུས་འཁོར་འདས་ཀྱི་ཚེ་བཅུད་ཡོན་ཏན་ཐམས་ཅད་བསྡུས་ཏེ་བདག་མདུན་ལ་ཐིམ་པར་བསམ། སྤྱི་བསྙེན་ལ། ཨཱ་ཡུརྫྙཱ་ན་ནྲྀ་བྷྲཱུྃ་ཛཿ བཏགས་པ་ཅུང་ཟད་བཟླས་ལ་ཚེ་འགུག་རྒྱས་པའམ། བསྡུ་ན་བཀའ་བརྒྱད་རྫོང་འཕྲང་ལས་གསུངས་པ་འདི་བྱ་སྟེ། ཧཱུྃ། ཚེ་ལ་དབང་མཛད་གཤིན་རྗེའི་གཤེད། །ཕྱག་མཚན་བེ་ཅོན་འཁོར་ལོ་ཡིས། །གཤིན་རྗེའི་གནས་ཁང་བཅོམ་ནས་ནི། །གཤིན་རྗེའི་ལག་ནས་ཚེ་ཕྲོགས་ལ། །རྣལ་འབྱོར་བདག་ལ་ཚེ་སྩོལ་ཅིག །ཨཱ་ཀྲོ་བཅུ་བདུན་མའི་མཐར། ཨཱ་ཡུརྫྙཱ་ན་གཡུ་ཚེ་ཨ་བ་ན་ཡ་བྷྲཱུྃཿ ཚེ་བྷྲཱུྃ་གཡུ་བྷྲཱུྃ་ཨཱ་ཡུརྫྙཱ་ན་བྷྲཱུྃཿ ཞེས་ལན་གསུམ་མམ་བདུན་བརྗོད་ལ་བཾ་ལས་དངོས་གྲུབ་བླང་ངོ་། །སྤྱིར་ལྷ་གང་ལའང་ཟོར་འཕང་རྗེས་ཚེ་འགུག་མཛད་པའི་ཕྱག་སྲོལ་ཡོད་ཀྱང་། ཁྱད་པར་དུ་གཞུང་རྣམས་ལས། ཕྱག་རྒྱ་ཟིལ་གནོན་ནི་ཚེ་ཡི་བདག་པོ་ཡིན་པས་ཚེ་ཡི་དངོས་གྲུབ་ཀྱང་བླང་བར་བྱའོ། །ཞེས་གསུངས་པ་བཞིན་གནད་ཆེའོ། །དེ་ནས་ཆོས་སྐྱོང་གི་གཏོར་མ་མཆོད་པ་སོགས་ཆོ་གའི་ལས་རྗེས་སྤྱི་ལྟར་བསྡུ། རྡུལ་ཚོན་ཡིན་ན་གཤེགས་གསོལ་བཏོན་རྗེས། ཨཱ་ཀ་རོ་བརྗོད་དེ་སློབ་དཔོན་གྱི་རྡོ་རྗེས་བྱང་ཤར་ནས་བརྩམ་དབུས་སུ་བསྡུ། རས་བྲིས་ཡིན་ན་ཚོམ་བུ་འཇིག །ལྷར་ལྡངས་ནས་དགེ་བསྔོ་ཤིས་བརྗོད་བྱའོ། །དེ་ལྟར་ཇི་སྐད་བཤད་པ་བཞིན་དུ་རྫས་སྔགས་དམིགས་པ་ཆོ་གའི་ཕྱག་ལེན་མ་ཉམས་པར་བྱས་པའི་གཏོར་བཟློག་བརྩམ་ན་ཇི་ལྟ་བུའི་རྐྱེན་ངན་ཡང་འཕྲལ་ལ་བཟློག་ངེས་ཏེ་མི་བཟློག་པ་གང་ཡང་མེད་པར་གསུངས་སོ། །དེས་གཏོར་བཟློག་གི་ལག་ལེན་བཤད་ཟིན་ཏོ། ༈ །སྤྱིར་དྲག་སྔགས་ཉམས་ལེན་བྱེད་པ་ལ་གནད་དང་ལྡན་པ་གལ་ཆེ་སྟེ། དམ་པའི་ཆོས་ཀྱིས་རང་རྒྱུད་མ་སྦྱངས་པ་གང་དག་ཚེ་འདིའི་རང་དོན་ཡུད་ཙམ་ལ་ཆགས་ནས། གཞན་གྱི་སྡུག་བསྔལ་ལ་ཇི་མི་སྙམ་པར་སྦྱོར་ངན་གྱི་དམིགས་པ་རྒྱུན་ཆགས་སུ་གོམས་ཤིང་དྲག་སྔགས་བཟླས་པས་གནས་སྐབས་གཞན་ལ་གནོད་པ་ཙམ་གྲུབ་ཀྱང་། ཕྱི་མར་དེ་ལས་བརྒྱ་སྟོང་འགྱུར་གྱིས་ཆེས་ལྕི་བའི་རྣམ་སྨིན་རང་ལ་འཁོར་བའི་ཕྱིར་ཤིན་ཏུ་འཕུང་ཀྲོལ་ཆེ་བ་ཤེས་དགོས་ལ། མནར་མེད་ལ་སོགས་པ་བཟོད་དཀའི་སྡུག་བསྔལ་ལ་ཡང་ཡང་སྤྱོད་པ་རང་གི་མར་གྱུར་པའི་སེམས་ཅན་འདི་ཀུན་སྡུག་བསྔལ་མི་འདོད་མི་བཟོད་པ་ལ་རང་དང་ཁྱད་ཅུང་ཟད་མེད་ཀྱང་། རྨོངས་པས་བསྒྲིབས་ཤིང་ཉོན་མོངས་པས་སེམས་བསྒྱུར་བའི་ཕྱིར་རང་དབང་རྡུལ་ཙམ་མེད་པར་མཚམས་མེད་པ་དང་། ཐེག་པ་ཆེན་པོའི་ཆོས་དང་དེ་འཛིན་ལ་གནོད་པ་སོགས་ཤིན་ཏུ་ལྕི་བའི་ལས་བྱེད་པ་གང་དག་ཆོས་བསྟན་པ་སོགས་ཞི་བའི་ཐབས་ཀྱིས་འཁོར་བ་ནས་བསྒྲལ་བའི་སྐལ་བ་མི་ལྡན་པ་རྣམས་ལ་ལྷག་པར་སྙིང་རྗེ་བསྐྱེད་དེ། དེ་རྣམས་ཐུགས་རྗེའི་ཤུགས་ཀྱིས་སྒྲོལ་བའི་ཕྱིར་དྲག་སྔགས་ཉམས་སུ་ལེན་པ་ཡིན་ལ། ཇི་ལྟར་ན་གནས་ལུགས་དག་མཉམ་བདེན་པ་དབྱེར་མེད་ཆེན་པོ་ཐིག་ལེ་ཉག་གཅིག་གི་དོན་བླ་མའི་མན་ངག་ལ་བརྟེན་ནས་སོ་སོ་རང་གིས་ཡིད་ཆེས་པར་ལྟ་བའི་རྫོང་གཏན་ལ་ཕབ། དེ་མངོན་དུ་འགྱུར་ཕྱིར་བསྐྱེད་རྫོགས་ཟབ་མོ་སྒོམ་པའི་འཕྲང་ལ་བཅུན་པས་རིག་པ་ཡེ་ཤེས་ཀྱི་སྟོབས་འཕེལ་པའི་རིམ་པ་བཞིན། དེ་ལྟར་མ་རྟོགས་པའི་སེམས་ཅན་ཡོངས་ལ་རྩོལ་བ་མེད་པའི་ཐུགས་རྗེས་ཞི་སོགས་ཀྱི་ཕྲིན་ལས་སྣ་ཚོགས་དང་། ཁྱད་པར་ལས་ངན་གདུལ་དཀའ་བ་རྣམས་ཀྱི་ལས་རླུང་གི་སྲོག་འཕྲོག་ཅིང་གཏན་བདེར་རིམ་གྱིས་འདྲེན་པ་དྲག་པོའི་ཕྲིན་ལས་ལ་དབང་འབྱོར་བ་ཡིན་ཏེ། དྲག་པོའི་ལས་འདིར་སྙིང་རྗེ་མེད་ན་ལས་ཀྱི་རུ་ཏྲར་གོལ་བའི་རྒྱུར་གསུངས་ལ། སྙིང་རྗེ་ཆུང་ན་གདུལ་དཀའ་བ་ཡལ་བར་འདོར་བའི་ཕྱིར་སྙིང་རྗེ་ཆེན་པོ་ཅན་གྱིས་བསྒྲུབ་བྱ་ཡིན་ཞིང་། དེའི་གྲོགས་ཤེས་རབ་སྟེ་སྒྲོལ་བའི་ཐབས་ལ་མཁས་པའི་ཤེས་རབ་མེད་ན་བསྒྲལ་བའི་སྙིང་སྟོབས་མི་འབྱུང་ལ། ཤེས་རབ་རྩལ་མ་རྫོགས་པར་སྟོབས་ཆུང་ན་སྒྲོལ་བ་གནས་སུ་མི་སྟོབ་པའི་ཕྱིར་ཤེས་རབ་ཆེན་པོ་དགོས་སོ། །དེས་ན་ཡེ་ཤེས་ཀྱི་གདངས་ལས་ཤར་བ་སྙིང་རྗེ་དང་ཤེས་རབ་ཁྱད་པར་འཕགས་པའི་སྟོབས་ཀྱིས་གདུལ་དཀའ་སྒྲོལ་བ་ལ་ཤིན་ཏུ་སྤྲོ་བའི་བརྟུལ་ཞུགས་ཀྱི་རྩལ་རྫོགས་པ་ལས། སྒྲོལ་བ་ཚད་དུ་ཕྱིན་པའི་འཚེངས་པ་གསུམ་ལྡན་དུ་འབྱུང་བས་ན་འདི་ལྟ་བུའི་གསང་སྔགས་ཀྱི་ལམ་ནི་གཞན་ལས་ཀྱང་ཆེས་ཟབ་པ་ཡིན་པས། ཧེ་རུ་ཀས་རྒྱུད་རྣམས་དང་པདྨ་ཐོད་ཕྲེང་ལ་སོགས་པའི་རིག་འཛིན་རྣམས་ཀྱིས་ལུང་དང་མན་ངག་དག་ལས་ཆེ་ཐང་དུ་བསྔགས་པ་ཡིན་མོད། སེང་གེའི་རྩལ་གྱིས་བགྲོད་པའི་གནས་སུ་ཝ་མཆོང་ན་ཉམས་ཉེས་པ་ལྟར། བློ་དང་བརྩེ་བ་དམན་པས་ཇི་བཞིན་འཁྱོང་དཀའ་བས་ཁེ་ཉེན་ཆེ་བ་ཡིན་ཞིང་ཚུལ་བཞིན་གནད་དང་ལྡན་ན་ཁྲོ་བོ་ ལྷར་བཟུང་བས་བྱིན་རླབས་མྱུར་ཞིང་བར་ཆད་མེད་ལ། སྙིགས་མ་ཉོན་མོངས་རགས་པའི་དུས་སུ་ལྷག་པར་འགྲུབ་པ་དང་དམ་ཅན་བྲན་དུ་འཁོལ་ཞིང་གནས་སྐབས་ལས་བཞི་ལ་ཐོགས་པ་མེད་པ་ནི་ཁྲོ་བོའི་ཕྲིན་ལས་ཀྱི་དབང་གིས་ཡིན་ལ། སྒྲོལ་བ་ལམ་དུ་བྱས་པས་ཤེས་རབ་དང་སྙིང་རྗེའི་རྩལ་ལྷག་པར་རྒྱས་ཤིང་དོན་གཉིས་སྒྲུབ་པའི་སྟོབས་བརྫི་བ་མེད་པས་ལམ་གྱི་བགྲོད་པ་མིག་འཕྲུལ་ལྟར་ཆེས་མྱུར་བར། མཐར་ཐུག་མཆོག་གི་དངོས་གྲུབ་ཐོབ་པ་ཡིན་པས་ན་མི་ཡི་རྟེན་ལ་སྙིང་པོ་སྔགས་ཀྱི་ལམ་ཟབ་ཉམས་སུ་ལེན་པའི་སྐལ་པ་དང་ལྡན་དུས་འདིར་ཕྱིན་ཅི་མ་ལོག་པར་འཇུག་པ་གལ་ཆེ་སྟེ། རབ་ཀྱིས་སྒོམ་པ་མཐར་འཁྱོལ་བས་ལྟ་བའི་རྫོང་ཟིན་ཏེ་བདུད་བཞི་བཅོམ་དུག་གསུམ་བསད་འགྲོ་དྲུག་གི་གཡང་ས་ཆོད་ནས་གཞན་མ་བསྒྲལ་བ་སྒྲོལ་བའི་ཕྲིན་ལས་ལ་རྟག་པར་འཇུག་པ་དང། འབྲིང་གིས་ཉམས་རྟོགས་ཀྱི་གདིང་ཇི་རིགས་པ་རྙེད་པར་བྱ། ཐ་མས་ཀྱང་དོན་གནད་ཚུལ་བཞིན་ངེས་པར་བྱས་ནས་འདུན་པའི་སྟོབས་ཀྱིས་ལེགས་པར་ཞུགས་པས་མ་འོངས་པ་ན་རང་རྒྱུད་ལ་ལམ་མཆོག་སྨིན་ངེས་པའི་རྟེན་འབྲེལ་བསྒྲིག་ནུས་པ་དགོས་པས། རིག་འཛིན་དཔའ་བོ་རྣམས་ཀྱི་གསང་ལམ་བསྙེགས་པར་འདོད་པའི་དྲག་སྔགས་མཁན་པོ་ཀུན་གྱིས་ཡང་ནས་ཡང་དུ་བསམ་པར་བྱ་བ་གལ་པོ་ཆེ་འདི་ཡིན་པས་སྙིང་ལ་འཆང་ཞིང་སྒྲུབ་པ་དོན་དང་ལྡན་པར་བྱའོ། །བླ་མའི་བཀའ་ཡིས་བསྐུལ་ཞིང་རང་གིས་ཀྱང་། །གཞན་ལ་ཕན་འདོད་བསམ་པས་ཚུལ་འདི་བྲིས། །དགེ་བས་འགྲོ་ཀུན་གསང་སྔགས་ལམ་ཞུགས་ཏེ། །དངོས་གྲུབ་རྣམ་གཉིས་བདེ་བླག་ཐོབ་པར་ཤོག །དེ་ལྟར་ཡང་ཟློག་ནག་པོ་མེ་ཡི་སྤུ་གྲི་སོགས་རྣ་ཆར་གྲགས་པ་རྣམས་ཀྱི་ལས་སྦྱོར་རྩ་བའི་བསྙེན་པའི་གོང་གནོན་དུ་འགྲོ་དགོས་པ། དཔལ་ཚེ་བདག་ནག་པོའི་ཟླ་གསང་གཞི་བསྙེན་དུ་གྲགས་པའི་བསྙེན་ཡིག་ལ་ཉེ་བར་མཁོ་བའི་ཟུར་འདེབས་ཀྱི་རིམ་པ་འདི་ནི། སྔར་ཚེ་བདག་གི་བསྙེན་ཡིག་བྲིས་པ་ལ་བམ་སྒྲུབ་སོགས་གསལ་ཁ་མི་སྣང་བས། ཚེ་བདག་སྒེར་ཆོས་སྐོར་ཡིག་ཆ་མང་པོ་འབྱོར་དཀའ་བ་ལ་ཕན་ཕྱིར་ཕྱོགས་གཅིག་གསལ་པོར་བྲིས་ཞེས་གཙུག་གི་ནོར་བུ་སྐྱབས་མགོན་ཐམས་ཅད་མཁྱེན་པ་༧འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསུང་གནང་བ་དང་། རང་གིས་ཀྱང་དེ་ལྟར་བྲི་འདུན་ཆེ་ཡང་དེ་གར་ལུས་པ་ལ། སླད་ནས་དོན་གཉེར་ཅན་དུ་མས་བསྐུལ་པ་དང་། ཁྱད་པར་འཁོར་ལོའི་མགོན་པོ་༧པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་ཉེ་ཆར་གྲུབ་པར་གྱིས་ཞེས་བཀའ་ཕེབས་པ་ལ་བརྟེན་ནས། འཁོར་ལོའི་མགོན་པོ་ཟུང་གི་ཞབས་པད་གཙུག་གིས་བླངས་ཤིང་དཔལ་ཡ་མཱནྟ་ཀའི་རིག་སྔགས་འཆང་བ་ཟིལ་གནོན་དགྱེས་པ་རྩལ་ཞེས་བྱ་བས། དཀར་མོ་སྟག་ཚང་གི་སྒྲུབ་ཁང་བདུད་ལས་རྣམ་རྒྱལ་དུ་བསྙེན་སྒྲུབ་ལ་གནས་པའི་ཚེ། ཞག་འགའི་ཐུན་གསེང་དུ་བྲིས་ཏེ་རབ་ཚེས་ས་གླང་དབོ་ཟླའི་ཚེས་གཅིག་ལ་གྲུབ་པར་བགྱིས་པ་འདི་ཉིད་ཉམས་སུ་ལེན་པ་པོ་རྣམས་ཀྱིས་མཆོག་ཐུན་གྱི་དངོས་གྲུབ་མ་ལུས་པ་ཡིད་བཞིན་གྲུབ་པར་གྱུར་ཅིག །མངྒ་ལཾ།། །།

འཇམ་དཔལ་ཚེ་བདག་ལྕགས་འདྲའི་སྟོབས་ཆེན་མཆོད་རྟེན་གཙོར་གྱུར་གྱི་མན་ངག་གནད་ཀྱི་སྒྲོན་མ་བདུན་པ་ (Volume 17, Text 15)

༄༅། །འཇམ་དཔལ་ཚེ་བདག་ལྕགས་འདྲའི་སྟོབས་ཆེན་མཆོད་རྟེན་གཙོར་གྱུར་གྱི་མན་ངག་གནད་ཀྱི་སྒྲོན་མ་བདུན་པ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི་ཛ་ཡནྟུ། གཏུམ་དྲག་ཉམས་བརྒྱར་འབར་བའི་ཞལ་གྱི་སྒོ །བདུད་སྡེའི་ཁྲག་རྒྱུན་ལྦུ་ཕྲེང་འཁྲུག་ཀློང་ནས། །ཧཱུྃ་ཕཊ་ང་རོའི་གད་མོས་གཤིན་རྗེའི་དཔུང། །མཐར་མཛད་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་ཀྱེ། །རང་བྱུང་དོན་གྱི་ཡེ་ཤེས་འཁྲུལ་མེད་དུ། །ཐུགས་ཆུད་གྲུབ་བརྙེས་རིག་འཛིན་ཚོགས་སྤྱི་དང་། ཁྱད་པར་དུས་གསུམ་ཀུན་མཁྱེན་པདྨ་འབྱུང་། །མཁའ་ཁྱབ་རྒྱལ་བའི་སྤྱི་གཟུགས་དེར་ཕྱག་འཚལ། །ཟབ་དོན་མཛོད་བརྒྱར་མངའ་བརྙེས་ནོར་འཛིན་མཚན། །རྣམ་བཞིའི་ལས་ཀུན་ཐོགས་མེད་ཡང་དབང་གཏེར། །གསང་བའི་རྒྱ་འགྲོལ་གཏེར་སྟོན་ཞང་ཁྲོམ་རྗེ། །གཤེད་སྐོར་འཁོར་ལོས་སྒྱུར་དབང་རྣམ་གསུམ་རྒྱལ། །ཤེས་བྱ་ཀུན་མཁྱེན་ཟིལ་གནོན་བཞད་པ་རྩལ། །རྣམ་ཀུན་གཙུག་གི་རྒྱན་མཆོག་གཏེར་བདག་གླིང་། །ཟླ་མེད་སྨྲ་བའི་ཉི་མ་ཆོས་ཀྱི་དཔལ། །སྐལ་བཟང་བདུད་རྩིས་འགྲོ་ལ་དགེ་ལེགས་སྩོལ། །གཤེད་སྐོར་མན་ངག་ཀུན་གྱི་སྙིང་པོའི་བཅུད། །ཕྱག་རྒྱ་ཟིལ་གནོན་ཡེ་ཤེས་འཁོར་ལོའི་ལྷའི། །སྒྲུབ་ཐབས་སྙིང་པོ་གནམ་ལྕགས་ཐོག་འདྲའི་ཆོས། །ཕས་རྒོལ་མཐར་བྱེད་རང་སྲུང་གོ་ཆའི་མཆོག །བསྙེན་སྒྲུབ་ལས་ཀྱི་སྦྱོར་བ་ཟབ་མོའི་བཅུད། །གསལ་བྱེད་གནད་ཀྱི་སྒྲོན་མ་དོན་གཉེར་འགྲོར། །བློ་གྲོས་སྤོབས་པ་སྦྱིན་བྱེད་བདུད་རྩིའི་སྐྱེས། །བླ་མེད་གསང་བའི་སྒོ་འཕར་དེང་འདིར་ཕྱེ། །སྟོབས་ཆེན་དྲེགས་པ་འཇོམས་བྱེད་འཁྲུལ་འཁོར་གྱིས། །བདུད་སྡེ་ཕ་མཐར་སྐྲོད་ལ་མཚན་མའི་རྫས། །འཆའ་ཚུལ་ལག་ལེན་གནད་ཀྱི་སྒྲོན་མ་འདི། །རྩ་བར་གཅེས་པས་སྐྱེས་བུའི་ལུས་དང་འདྲ། །ཟློག་རྡུགས་འབྱམས་གསུམ་མ་རིག་མུན་ཁུང་དུ། །ཆུད་ཚེ་རི་མོའི་ཟློས་གར་ཚར་དངར་ཡང་། །དོན་འགྲུབ་མིན་ཕྱིར་འཁོར་ལོའི་གནད་སྒྲོན་འདི། །མཆོག་ཏུ་གཅེས་པས་ཚེ་སྲོག་ཟུང་འབྲེལ་འདྲ། །ཏིང་འཛིན་བདུད་རྩིའི་ཟུངས་ཀྱིས་ཉེར་བཟུང་ན། །ཆ་ཚད་བྱེ་བྲག་ཕྲ་མོར་ལྟོས་མིན་ཀྱང་། །འཁྲུལ་བྲལ་ངེས་རྙེད་ཚད་མ་བསླུ་མེད་ཕྱིར། །ཐིག་རྒྱན་གནད་སྒྲོན་ནོར་བུའི་དོ་ཤལ་འདྲ། །དོན་དམ་ཆོས་ཉིད་དབྱིངས་སུ་འཁོར་འདས་ཆོས། །རྣམ་དབྱེར་མེད་མོད་ཀུན་རྫོབ་རྟེན་འབྲེལ་མཐུ། །ཕྲ་མོ་ཡིས་ཀྱང་འབྲས་བུའི་མཆོག་སྐྱེད་ཕྱིར། །རྫས་ཐེམས་གནད་སྒྲོན་ལྷབ་ལྷུབ་གོས་དང་འདྲ། །ལམ་འདིར་ལས་ཀྱི་སྦྱོར་བ་སྒྲུབ་པའི་ཚེ། །ལྷ་སྔགས་ཏིང་འཛིན་གསུམ་དང་མི་ལྡན་ན། །འབྲས་གྲུབ་མིན་ཕྱིར་ཆོ་གའི་གནད་སྒྲོན་འདི། །ཡང་བཅུད་སྙིང་པོ་རྣམ་པར་ཤེས་དང་འདྲ། །ཟབ་མོའི་ཐབས་དང་མི་ལྡན་གྱ་ཚོམས་སུ། །སྤྱད་ན་འདོད་པའི་གནས་སུ་ཕྱིན་མིན་ཕྱིར། །ཟབ་མོའི་མན་ངག་གནད་ཀྱི་སྒྲོན་མ་འདི། །ཀུན་ལ་ཐོགས་མེད་རྒྱལ་པོའི་བཀའ་རྟགས་འདྲ། །ཐབས་ཤེས་ཟུང་སྦྱོར་དྲག་པོའི་སྒྱུ་རྩལ་གྱིས། །གདུག་ཅན་ཕྱེ་མར་འཐག་ལ་ཐོགས་མེད་དུ། །ཐོབ་བྱེད་ཨུརྨོའི་ལས་སྦྱོར་གནད་སྒྲོན་འདི། །དཔའ་བརྟུལ་ལྡན་པའི་བློ་མཐུན་གྲོགས་དང་འདྲ། །དེ་ལྟར་ཕས་རྒོལ་མིང་གི་མཐར་བྱས་ནས། །རྣམ་ཤེས་འཇམ་དཔལ་དཔའ་བོའི་དགོངས་ཀློང་དུ། །རྫོགས་ལས་འཕགས་ནོར་རིན་ཆེན་རྣམ་བདུན་ལ། །སྤྱོད་ཕྱིར་གནད་ཀྱི་སྒྲོན་མ་བདུན་དུ་ཕྱེ། །དང་པོའི་ལས་ཅན་དག་ལ་བློ་གྲོས་མིག །སྟེར་བྱེད་གསང་བའི་ཟིན་ཐུན་ཡི་གེའི་ཕྲེང་། །ཚར་དུ་དངར་གང་སྐལ་མཉམ་འགྲོ་བ་ལ། །ཕན་བདེའི་དགའ་སྟོན་ཟླ་མེད་འདི་རྨད་བྱུང་། ༈ །ན་མོ་མཉྫུ་ཤྲཱི་ཡེ། གང་དུ་མཆོད་རྟེན་བཅའ་བའི་གཞིར་ས་སྟེགས་གྲུ་བཞི་མཐོ་དམའ་འཚམ་པའི་ནང་ངོས་བྲུབ་ཁུང་ཟུར་གསུམ་རྩེ་མཆོད་རྟེན་གྱི་རྒྱབ་ཕྱོགས་སུ་བསྟན་པ་བྲུས། དེའི་ནང་དུ་རྩ་རྒྱུད་ལེའུ་བཅུ་གཉིས་པ་ནས་བཤད་པའི་རྒྱ་མཚོའི་གཏིང་དུ་མུན་དམག་བསྡུ་བའི་འཁོར་ལོ་ལྟེ་བ་ཟུར་གསུམ། དེའི་ཕྱི་མུ་ཁྱུད་རིམ་གསུམ་གྱི་ནང་མར་སྔགས། བར་པར་རྩིབས། ཕྱི་མར་མེ་རི་ཅན་གཉིས་ཀྱི་གཅིག་ལ་ལིངྒ་གསུམ་ཡོད་འོག་དང་། གཅིག་ལ་སྡིག་པ་གསུམ་ཡོད་སྟེང་དུ་བྱས་པ་ཁ་སྦྱོར་འོག་ནས་ཡར་མཚོན་ཆ་ལྟེབ། ལས་གཤིན་དམར་ནག་མཚོན་པའི་སྐུད་པ་སྔོ་དམར་གྱིས་བཅིང་། ཁམ་སའི་རུས་སྦལ་ལྟོ་སྦྱར་གྱི་ནང་དུ་བཅུག་པའི་ཡ་ཁེབས་ཀྱི་རུས་སྦལ་རྒྱབ་ལ། དབུས་སུ་སྨེ་གླིང་དགུ །དེའི་ཕྱིར་སྤར་ཁའི་ཕྱག་རྒྱ་བརྒྱད། དེའི་ཕྱིར་ལོ་བཅུ་གཉིས་རྣམས་བྲི་ཞིང་། སྤྲོ་ན་གཟའ་སྐར་གྱི་གཟུགས་དང་སྔགས་སོགས་ཀྱང་མགོ་ནང་བསྟན་དུ་བྲི་བར་བཤད། དེ་ཉིད་མནན་གཏད་སྤྱི་ལྟར་དོང་ནང་དུ་འཇུག་ཅིང་ལས་ལ་སྦྱར། རོ་གཡམ་གྱི་མས་ངོས་སུ་སྟོང་ཁམས་དང་། སྟེང་དུ་རྡོ་རྗེ་རྒྱ་གྲམ་བྲིས་པས་ཁ་བཅད་ལ་ཞལ་བས་མཚམས་བཅད་དེ། འོག་བཅས་དང་པོའོ། །དེའི་སྟེང་སྔར་འདྲའི་བྲུབ་ཁུང་དུ། ལྕགས་སྡིག་གི་སྒང་པ་ཆུའི་ཐུམ་པོ་ལས་བྱུང་བའི་གཏད་ཟློ་འཁོར་ལོ་ཁ་སྦྱོར་དང་། རྒྱུ་མ་ཁུག་པ་རིང་པོ་ལས་བྱུང་བའི་བྱས་པ་བཤིག་པའི་འཁོར་ལོ་ཁ་སྦྱོར་གཉིས། སོ་སོའི་སྡེབས་སུ་ལྟེབ་ཆིངས་སྔར་ལྟར་བྱས་པ་ཁམ་སའི་གྭའུ་གཞོག་རལ་དུ་བཅུག་ནས་མནན། འདི་ལ་རྩ་རྒྱུད་ལེའུ་བཅུ་གཅིག་པ་ནས་བཤད་པའི་གཏད་ཟློག་བཅུག་ན་སྐབས་སུ་བབས་འདྲ་ཡང་ཕྱག་བཞེས་སུ་མི་མཛད། གང་ལྟར་ཡང་དེ་ནི་འོག་བཅས་གཉིས་པའོ། །ལྕགས་འདྲ་རང་ལ་འོག་བཅས་འདི་མེད་ཀྱང་རུང་། དེ་མན་ཆད་ལ། རྒྱ་མཚོའི་གཏིང་དུ་མུན་པའི་དམག་བསྡུ་བ་ཞེས་བྱའོ། །དེའི་སྟེང་སྔར་འདྲའི་བྲུབ་ཁུང་དུ་རྩ་རྒྱུད་ལེའུ་བཅུ་གཉིས་པ་ནས་བཤད་པའི་གཤེད་པོ་ལས་རྒྱལ་རྐྱང་གཅིག་དབུས་སུ་ལིངྒའི་ལྟོ་བར་སྡིག་པ་བཞི་སྒྲོམ། དེའི་ཕྱིར་ལིང་ཚེ་ཕྱི་ནང་དང་རྩིབས་བཅས་གཤེད་པོའི་ལྟོ་བར་བྲིས་པ་གྱེན་བསྟན་མགོ་ནུབ་ངོས་སུ་བསྟན་ཏེ་བཀྲམ་ཐབས་སུ་བཅུག་པ་ལ་དར་རས་ཤོག་བུ་ལྟ་བུའི་ཞལ་ཁེབས་ཀྱིས་བཅད། རི་ཐང་མཚམས་སུ་ཞེ་སྡང་ཁྲོས་པའི་གཞུ་བཅག་པ་ཞེས་བྱ། དེ་ནི་འོག་བཅས་གསུམ་པའོ། །དེ་ལྟར་ན་འོག་བཅས་ལ་བྲུབ་ཁུང་སུམ་བརྩེགས་སམ། ལྕགས་འདྲ་ཁེར་རྐྱང་གི་དབང་དུ་བྱས་པའི་ཉིས་བརྩེགས་གང་ཡིན་ཡང་ས་འཛིན་མན་ཆད་དུ་ཤོང་བ་དགོས་ཤིང་། དེའི་སྟེང་ཞལ་བ་སོགས་དཔྱིས་ཕྱིན་པར་བྱེད་པ་ཡིན་ནོ། །མཆོད་རྟེན་གྱི་སེང་ཁྲིའི་ནང་བྲུབ་ཁུང་ལོགས་མདུན་བསྟན་བང་རིམ་གསུམ་པའི་གཏིང་དུ། དུར་རྡོའི་སྒྱེད་བུ་གསུམ་གྱི་སྟེང་། མོན་ནམ་རབས་ཆད་ཀྱི་ཐོད་པ་མིག་གི་ཡས་སྐྱོགས་ནས་སོར་ཕྱེད་དང་གསུམ་ལྟག་པའི་འབུར་ནས་སོར་བཞི་ཙམ་ནས་བྲེག །གཞན་ལས་བྲེག་མཐོ་བར་བྱ། དེ་ལྟར་སྦུབས་པའི་འཆི་བདག་ཞལ་དབྱེའི་མོ་ཐོད་འཁོར་ལོ་ཅན་གྱེན་བསྟན་ཡུམ་གྱི་དབུ་རྒྱབ་ངོས་སུ་གཏད་པའི་ནང་དུ། འོག་འདེགས་རླུང་གི་འཁོར་ལོ་ལྟེ་བར་མདའ་གཞུ། དེའི་ཕྱིར་རྩིབས་བརྒྱད་མུ་ཁྱུད་ཅན་གྱི་མདེ་རྩེ་ནུབ་བསྟན་དུ་བཀྲམ་པའི་ཁར་རྒྱུད་ཀྱི་ལེའུ་བཞི་པ་ནས་བཤད་པའི་ཕག་མོ་བསད་པའི་འཁོར་ལོ་དབུས་གྲུ་གསུམ་གྱི་ལྟེ་བར་ལིངྒ་། དེའི་ཕྱི་རྒྱ་གྲམ་རྩིབས་རྩེ་ཕྱི་ནང་དུ་བསྟན་པའི་བར་མུ་ཁྱུད། དེའི་ཕྱི་རུས་སྦལ་དང་ཕག་གཟུགས་གཉིས་མགོ་གོ་ལོག་ཏུ་བྱས་པའི་ལྟོ་ལིང་གི་མགོ་ནུབ་བསྟན་དུ་བཀྲམ། འདིས་མཚོན་ལིངྒ་མགོ་ཤར་བསྟན་དུ་བྱེད་པའང་གོང་མ་དག་ཕྱག་ལེན་དུ་ཡོད། ལས་དམིགས་བསལ་དང་འབྲེལ་བའི་ཚེ་ཕག་མོ་བསད་འཁོར་གྱི་ལྟོ་ལིང་ཡང་བཙད་པོ་བསད་པ་ལ་སོགས་ཏེ་སྒྲོན་དྲུག་སོ་སོའི་ལིངྒ་དང་མཐུན་པར་བཅའ་བ་གནད་ཡིན། དེའི་སྟེང་སྟོང་སྲོག་གི་འཁོར་ལོ་ལྟེ་བ་གྲུ་གསུམ། མུ་ཁྱུད་ཟླུམ། རྩིབས་བརྒྱད། དེའི་ཕྱི་ལིང་ཚེ་ཕྱི་ནང་བཅས་རུས་སྦལ་གྱི་ལྟོ་བར་བཀོད་པའི་དབུས་སུ་ལིངྒ་། ལིང་ཚེ་རྣམས་ལ་ཨྱཻ་རིང་གི་མཐར། གཟིར་ཟློག་བྱས་པ་བཤིག་པ་ཟུག་ཕྱུང་གསང་ལམ་དགག་པ་དག་མནན་ཏེ་སྤྱང་མོ་དྲུག་གང་བྱེད་བཏག་པ་ཆ་བགོས་ནས་བྲིས་པ་བཀྲམ། དེའི་སྟེང་རྒྱལ་པོ་དགྲར་ལངས་ལ་སེང་གེའི་ཁོག་པ། བཙད་པོ་དགྲར་ལངས་པ་ལ། སེང་གེ་ཁ་འཐབ། མ་མོ་མཁན་ལ། ཤྭ་ན་ལྕེ་འཐབ། གཤིན་རྗེ་མཁན་ལ་ཁྱུང་མོ་གཤོག་འཐབ། བྱ་ཁྱུང་མཁན་ལ་རྨ་བྱ་ལྡིང་བསྣོལ། སྔགས་པ་ནང་འགྲས་ལ་རུས་སྦལ་ལྟོ་སྡེབས། སློབ་མ་དམ་ཉམས་སམ་ཡང་སྔགས་པ་ནང་འགྲས་ལ་སྟག་མོ་མཆེ་འཐབ། ཨུརྨོ་མཁན་ནང་འགྲས་སམ་སྡེ་མང་པོ་ལ་གླང་ཆེན་མཆེ་འཐབ། ཡང་དམ་འདས་སློབ་མ་ལ་རྡོ་རྗེ་རྨེ་འཐབ། གཏད་མཁན་ལ་སྦྲུལ་ནག་ལྕེ་འཐབ་སྟེ་འཁོར་ལོ་བཅུ་པོ་གང་དགོས་སྔར་ལྟར་བཏིང་བའི་ཁར། དགྲ་གང་ཡིན་དང་མཐུན་པར། སློབ་མ་དམ་ཉམས། བོན་པོ་ལྷ་ཆགས། ཨུརྨོ་ནང་འགྲས། བཙད་པོ་བསད་པ། དམ་ཚིག་གཅིག་པའི་སྔགས་པ། དམ་འདྲེས་སྤྱིའི་སྤུན་ལ་བྱ་བ་སྟེ་རྩ་རྒྱུད་ལེའུ་དྲུག་པ་ནས་བཤད་པའི་སྒྲོན་དྲུག་གི་ལིངྒ་དཔེ་རིས་ལྟར་བཀོད་པ་གང་བྱེད་གན་རྐྱལ་དུ་བཞག་རྗེས། གོང་གི་ཕག་མོ་བསད་འཁོར་ནས་འདིའི་བར་བརྩེགས་པ་མཐའ་ནས་དབུས་སུ་མཚོན་ཆ་ལྟེབ་དུ་བྱས་པའི་ལིངྒའི་ལྟེ་བར་ནྲྀ་ཡིག་ལ་ཐུན་ཕོག་ངེས་ཡོང་བའི་དམིགས་བཞག་ནས། བྱད་ཐག་སྔོ་དམར་གྱིས་བཅིངས་པ་ལ་འཆི་བདག་ཕོའི་ཐོད་པས་བཀབ་པའི་ཨག་རྩེའི་ནང་ནས་སྔར་གྱི་བྱད་ཐག་གི་སྐུད་སྣེ་དྲངས་པ། སྟེང་གཅོད་ནམ་མཁའི་འཁོར་ལོ་ལྟེ་བར་སྔགས་བྱང་། དེའི་ཕྱི་རྡོ་རྗེ་བརྒྱད་ལྡན། མུ་ཁྱུད་ཅན་དང་ལྷན་ཅིག་ཐུན་ཕུར་ལ་དཀྲིས་པའི་ཕུར་རྩེ་ཨག་རྩེའི་ནང་དུ་ཚུད་ཙམ་བྱས་ནས་འཇུག །བྲུབ་ཁུང་གི་བང་རིམ་གསུམ་ལ་འོག་ནས་རིམ་བཞིན་རྩང་སྲིན་མོ་འགྲོས། ཐོད་ར། མེ་རི་རྣམས་ཀྱིས་བརྒྱན། དེའི་སྟེང་རྒྱུད་ཀྱི་ལེའུ་བཞི་པ་ནས་བཤད་པའི་རུས་སྦལ་མཆོག་གི་འཁོར་ལོ། ལྟོ་ལིང་མ་གཏོགས་མ་གཞི་ཕག་མོ་བསད་འཁོར་དང་ཕྱོགས་མཚུངས་རུས་སྦལ་ཕག་མི་གཟུགས་གསུམ་གྱི་ལྟོ་བར་བྲིས་པ་ཁ་སྦུབ་ལྟེ་བའི་གྲུ་གསུམ་ཟུར་ནུབ་བསྟན་གོང་དུ་བཤད་པའི་ཕག་མོ་བསད་འཁོར་དང་བསྣོལ་མར་ཡོང་། རྩིབས་ཀྱི་བླ་བྲེས་ལྟར་བཀྲམ་ལ་སེང་ཁྲིའི་ནང་ངོས་ཀྱི་ཟུར་བཞིར་འདོགས། མཆོག་འཁོར་གྱི་ལྟེ་བར་བུག་པ་ཕུག་པའི་ནང་ནས་གོང་གི་ཐུན་ཐག་དྲངས་ཏེ་སེང་ཁྲིའི་ཤར་སྒོའི་ཐུན་ཁུང་ནས་ཕྱིར་འཐེན། སྒོ་བཞིར་ཐུན་ཁུང་གྲུ་གསུམ་རེ་བྱས་པ་ནས་ལྕགས་སྦུབས་ལྟ་བུ་བཏང་བའི་རྩེ་བཞི་མཆོག་འཁོར་གྱི་ལྟེ་ཁུང་དུ་ཟུག་པའི་ཞལ་དབྱེའི་ཨག་རྩེར་ཉུག་གིས་ཡོང་བར་བྱས་ཏེ་ཐོད་ནང་གི་ལིདྒའི་ནྲྀ་ཡིག་ལ་ཐུན་ཕོག་ངེས་བྱ། སྤྲོ་ན་དེའི་སྟེང་ལྕགས་སྡིག་གི་མཁྲིས་པ་དྭངས་མའི་མཛོད་ཕུག་ནས་བྱུང་བའི་གནམ་ལྕགས་སོ་བརྡར་གྱི་འཁོར་ལོ་ཁ་སྦྱོར་ཚོན་སྐུད་ཀྱིས་བཅིངས་པ། ར་ཐོད་ཀྱི་འགྲམ་པ་གཡས་སུ་འབྲུག་དང་། གཡོན་དུ་གློག་གཟུགས་བྲིས་པའི་ནང་དུ་བཅུག་ནས། ར་ཐོད་ཀྱི་སྣ་མཆོག་འཁོར་གྱི་ཐུན་བུག་གི་ཐད་སླེབ་ཙམ་བྱས་ཏེ། ཀླད་ཁུང་གྱེན་བསྟན་གྱི་ནང་དུ་མཆོད་རྟེན་སྲོག་ཤིང་གི་གྲི་མདའི་མདེ་རྩེ་ཉུག་ཙམ་ཡོང་བ་བྱས་ནས་འདོགས། དེ་མན་ཆད་ནི་རི་རབ་ཀྱི་མཁའ་ལ་གནམ་ལྕགས་ཀྱི་སོ་བརྡར་བ་ཞེས་བྱ་སྟེ་བར་བཅས་སོ། །སྔར་བཤད་ཕྱོགས་བཞིའི་ཐུན་བུག་གི་སྟེང་ངོས་སུ་སྒོ་བ་བཞི། དེའི་སྟེང་པད་ཆེན་གྱི་ཐོག་བཀལ་བར་མས་ནས་རིམ་བཞིན་བང་རིམ་འོག་མའི་ནང་དུ་འཁོར་ལོ་རྩིབས་བཅུ་གཉིས་མུ་ཁྱུད་བཅས་པར་འཆི་བདག་བཅུ་གཉིས། བང་རིམ་གཉིས་པ་དང་། གསུམ་པར་འཁོར་ལོ་རྩིབས་བཞི་མུ་ཁྱུད་ཅན་ལ་བདུད་ཕོ་བཞི་དང་། མོན་པ་བཞི། བང་རིམ་བཞི་པར་དཀྱིལ་འཁོར་གོང་འདྲ་ནང་གཤེད་བཞི། བུམ་གདན་པདྨའི་སྟེང་ཐོད་རས་བསྐོར་བའི་ནང་གྲུ་གསུམ་ཟུར་མདུན་བསྟན་ལིང་ཚེ་དགུ་པར་གྲི་མདའི་མདུན་ངོས་དབུས་སུ་གཙོ་བོ། ལིང་ཚེ་བརྒྱད་ལ་ཤར་དུ་ཕྱག་རྡོར། ལྷོར་ཡ་མ་རཱ་ཛ། ནུབ་ཏུ་རུས་སྦལ། བྱང་དུ་སྒྲོལ་ཡུམ་དང་སྦྱོར་ཡུམ་གཉིས། ཤར་ལྷོར་སེང་གེ་གཉིས། ལྷོ་ནུབ་ཏུ་སྟག་གཉིས། ནུབ་བྱང་དུ་སྦྲུལ་གཉིས། བྱང་ཤར་དུ་ཁྱུང་སྨུག་གཉིས་ཏེ་རྩ་ལྷ་དྲུག་དང་། རྒྱན་ལྷ་བརྒྱད། གཙོ་བོའི་དབུ་གཙུག་ཏུ་མཁའ་ལྡིང་། ཟླ་གམ་གསུམ་ལ་གཡས་སུ་སྐུ་སྤྲུལ། གཡོན་དུ་གསུང་སྤྲུལ། རྒྱབ་ཏུ་ཐུགས་སྤྲུལ་ཏེ། དེ་ལྟར་ལྷ་ཚོགས་རྣམས་ལྷ་གནས་སོ་སོར་ཁམ་སའི་ལིངྒ་སེན་གང་བའི་ལྟེ་བར་དམིགས་བྱ་མཱ་ར་ཡ་རྦད་ཀྱི་ཤམ་བུ་ཅན་གྱི་ཤོག་དྲིལ་བཅུག་པའི་སྙིང་གར་ལྷ་སོ་སོའི་ཤིང་བྱང་ཕུར་ཞབས་ཅན་གཙོ་བོ་སྲོག་ཤིང་ལ་རྒྱབ་བསྟན་དང་། གཞན་རྣམས་ཞལ་ནང་བསྟན་དུ་འཛུགས། ལྕགས་སྡིག་གི་མཆོད་རྟེན་སྒྲོན་མ་ལས་སྐུ་ལ་སོ་སོའི་སྔགས་བྱང་ཤམ་བུ་ཅན། ཕུར་བུ་ལ། དགྲ་བོ་མཱ་ར་ཡ་རྦད་བྷྱོ༔ བྲི་བར་བཤད་པ་ལྟར་དགོས་ངེས་པ་སྣང་ངོ་། །དེ་ནས་མཆོད་རྟེན་གྱི་ངོས་ལ་བཀོད་རྒྱུའི་སྔགས་སོགས་ཀྱང་གལ་ཆེ་བར་གདའ། ལྕགས་འདྲའི་མཆོད་རྟེན་གསལ་སྒྲོན་སེ་སྟོན་གྱིས་མཛད་པ་ལས་ཀྱང་གསལ་བར་བཤད། དེ་རྣམས་སོ་སོའི་གཡས་གཡོན་སོགས་གང་བདེར་བེ་ཅོན། ཁྲམ་ཤིང་། རལ་གྲི་རེ། མ་འབྱོར་ན་ཕྱོགས་རེར་ཚར་རེ་ཙམ་གྱིས་ཆོག །ལྷ་གནས་གོང་འོག་རེ་རེ་བཞིན་ཐོག་གིས་ཕུབ་པའི་དབུས་སུ་བུག་པ་ཟུར་གསུམ་དུ་ཕུག་པར་སྲོག་ཤིང་གི་གྲི་མདའ་ཐལ་མར་འགྲོ །འོན་ཀྱང་ལྕགས་འདྲ་རང་གཞུང་ལྟར་ན་རྒྱན་ལྷ་རྣམས་གཙོ་བོའི་སྐུ་ལ་འགོད་པས་དབུས་སུ་ལིང་ཚེ་དགུ་བྱེད་མི་དགོས་ཤིང་། བསྡུ་ན་རྩ་རྒྱུད་ལས། གྲི་མདའ་སྨྱུག་རྒོད་ཁྲག་ཆེན་ལྡན། །སྲོག་ཤིང་ཟིལ་གནོན་སྐུ་རུ་གསལ། །ཞེས་གསུངས་པས། གྲི་མདའ་ཉིད་གཙོ་བོར་བསྐྱེད་དགོས་ཕྱིར་གཙོ་བོའི་སྐུ་བརྙན་ཟུར་དུ་མ་བཀོད་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར། བང་རིམ་རྣམས་ཀྱི་ནང་ངོས་སུ་ཁྱད་པར་གྱི་སྔགས་དགོད་པ་ནི། ཡས་ནས་མར་བགྲངས་པའི་བང་རིམ་དང་པོའི་ཤར་དུ། སྲོག་ལ་ཐུན་མྱགས་ཙིཏྟ་ལ་རྦད། ལྷོར། ཁས་རྩལ་བྲེང་ཤག་རྦད། ནུབ་ཏུ། ཙིཏྟ་བྲེང་ཤག་ཛཿ བྱང་དུ། སྲོག་ལ་ཧུར་ཐུམས་རྦད། གཉིས་པ་དང་གསུམ་པའི་ཤར་དུ། སྲོག །ལྷོར། སྟམ་བྷ། ནུབ་ཏུ། ཡ། བྱང་དུ། རྦད། ཐ་མའི་ཤར་དུ། སྲོག་ལ་རམ་ཤག་རྦད། ལྷོར། ཐུན་ཡམ་ཟློག །ནུབ་ཏུ། ཁ་ཐུན། བྱང་དུ། རི་ལི་ལི་བྷྱོཿ ཞེས་བྲི། སྲོག་ཤིང་གྲི་མདར་གྲི་ཁྲག་གིས་བྱུགས་པར། སྐུ་གསུང་ཐུགས་སྔགས། ཨྱཻ་རིང་། ཨྱཻ་ཐུང་སོགས་རྩ་སྔགས་རྣམས་མདའ་སྟོད་ནས་གཡོན་སྐོར་སྦྲུལ་འཁྱུད་རིས་སུ་བྲི། བྲེ་ནས་གདུགས་ཏོག་གི་བར་དུ་དཀོན་མཆོག་གསུམ་དང་། བརྒྱུད་པའི་བླ་མ་རྣམས་ཀྱི་མཚན་སྔགས། རྒྱུད་སྡེ་གོང་མ་རྣམས་ཀྱི་ཡི་དམ་ལྷའི་གཟུངས། དེ་བཞིན་གཤེགས་པའི་རིང་བསྲེལ་སོགས་སེལ་མེད་བྱིན་རྟེན་སྣ་ཚོགས་གཞུག་ཅིང་། ཁྱད་པར་ཏོག་གི་ནང་དུ། ན་མོ་བུདྡྷཱ་ཡ། བདག་ཅག་འཁོར་དང་བཅས་པ་རྣམས་སངས་རྒྱས་ལ་སྐྱབས་སུ་མཆིའོ། །དེ་བཞིན་དུ་འཁོར་ལོ་ལ། ན་མོ་དྷརྨཱ་ཡ། ༴ཆོས་ལ༴ བྲེ་ཁེབས་ལ། ན་མོ་སཾ་གྷཱ་ཡ། ༴དགེ་འདུན་ལ༴ ཞེས་སྦྱར་བ་འཇུག་སྟེ། དེ་རྣམས་ནི་རྡོ་རྗེའི་མཁར་དུ་མི་ཤིགས་པའི་སྐུ་བསྐྱེད་པ་དང་རྗེས་འབྲེལ་གྱི་སྐོར་རོ། །བཤིག་པ་བྱ་ཁྱུང་སོ་བརྡར་གྱི་འཁོར་ལོ་ལྟེ་བ་ཟླུམ་པོ། རྩིབས་བཞི་མུ་ཁྱུད་ཅན་དེ་བསྲུང་བལྟབ་སྤྱི་ལྟར་བྱས་པ་གཡས་ནས་དྲིལ་ཏེ་ཚོན་སྐུད་ལྔས་བཅིངས་པ་རྩེའི་བྱ་ཁྱུང་གི་ལྟོ་བར་བཞུགས་པ་ནི་ནམ་མཁའི་ཁམས་སུ་སྦྱོར་བའི་སྟོབས་བཤིག་པའམ་མཐིང་གི་ཕྱར་བ་བཀྲམ་པ་ཞེས་བྱའོ། །དེ་རྣམས་ནི་སྟེང་བཅས་སོ། །ས་བཅད་ཐ་མ་འཁོར་བའི་རྒྱ་གླིང་དུ་སྲིད་པའི་རི་བསྒྱེལ་བ་ནི། མ་འགྲུབ་ན་སྤོགས་པའི་ཆོ་ག་སྟེ་གཞན་དུ་ཤེས་སོ། །འཇམ་དཔལ་ཚེ་བདག་ལྕགས་འདྲའི་སྟོབས་ཆེན་མཆོད་རྟེན་གྱི་ནང་བཅས་འཆའ་ཚུལ་གྱི་ཟིན་བྲིས་གསལ་བར་བཀོད་པ་གནད་ཀྱི་སྒྲོན་མ་ཨི་ཐི། གུ་ཧྱ། པད༵་གནུབས་དགོངས་དོན་ཟུང་འཇུག་གནམ་ཐོག་མེས། །མ༵་རིག་དུག་གསུམ་བཅོམ་ལས་མི་འ༵གྱུར་སྲོག །འཕོ་མེད༵་བདེ་ཆེན་སྒྲུབ་བྱེད་སྙིང་གི་བཅུད། །དྲག་སྔགས་རྒྱ༵་མཚོ༵འི་སྙིང་པོ་འདི་ཉིད་ལགས།། ༈ །།ན་མོ་མཉྫུ་ཤྲཱི་ཡེ། འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་ལྕགས་འདྲའི་སྟོབས་ཆེན་ལ་དགོས་པའི་འཁོར་ལོའི་བྲི་ཚུལ་ལ། དང་པོ་མུན་དམག་བསྡུ་བའི་འཁོར་ལོ་ནི། དབུས་གྲུ་གསུམ་ཟུར་རྒྱབ་བསྟན་ཟླ་གམ། མུ་ཁྱུད་སུམ་རིམ་ཅན་གཉིས་བྲིས་པའི་སྟེང་འཁོར་གྱི་དབུས་སུ་སྡིག་པ་གསུམ་མགོ་སྤྲོད་སྤྲུལ་པ་གསུམ་གྱི་རང་བཞིན་སོ་སོའི་སྙིང་གར། ཙིཏྟ་བྲེང་ཤག་སྙིང་མཱ་ར་ཡ། ཟླ་གམ་གསུམ་ལ་སྡེ་བརྒྱད་གང་དང་རྗེས་མཐུན་གྱི་སྤུ་གྲི་བྲི་སྟེ། དཔེར་ན་མ་མོ་གནོད་ན། མ་མོ་རུ་ལུ་ཏྲིག་ནན་ཆེ་གེ་མོ་མཱ་ར་ཡ་རྦད། ལོ་ཆེ་གོ་མོ། ཁམས་ཆེ་གེ་མོ་མཱ་ར་ཡ་སཏྭམ་བྷ་ཡ་ནན། མཐུ་དང་ནུས་པ་ཐམས་ཅད་སཏྭམྦྷ་ཡ་ནན། ཞེས་མགོ་ནང་བསྟན། འོག་འཁོར་གྱི་ལྟེ་བར། ལིངྒ་གསུམ་མགོ་སྤྲོད་ཀྱི་སྙིང་གར་ནྲྀ། དཔྲལ་བར་རུས། ཡན་ལག་བཞིར་ཛཿཧཱུྃ་བཾ་ཧོཿ ཞེས་སོགས་རྒྱས་བསྡུས་ཇི་ལྟར་རིགས་པ་བྲི། གང་ལྟར་སྟེང་འཁོར་གྱི་སྡིག་པ་གསུམ་དང་ལིངྒ་གསུམ་འཕྲོད་པར་བྱ། ཟླ་གམ་གསུམ་ལ། ཁོའི་ལྷ་འདྲེ་ཆོས་སྐྱོང་ཐམས་ཅད་ཀྱི་སྟོབས་ནུས་ནན། ཁོའི་ལྷ་དང་ཆོས་སྐྱོང་ཐམས་ཅད་ཁོ་རང་གི་ལོ་དུས་ཁམས་རྣམས་ཀྱི་གཤེད་དུ་ཕོབ། ཅེས་པ་ལྟ་བུའི་དམོད་བྱང་ནང་བསྟན། སྟེང་འོག་གི་འཁོར་ལོ་གཉིས་ཀ་མཚུངས་པར་མུ་ཁྱུད་ནང་མ་ལ། ནག་པོ་ནཱ་ག་བེ་ཏ་སྲོག་ལ་ཛ་ལ་ཛ་ལ་ནྲྀ་ཧུར་ཐུམས་དགྲ་བོའི་སྙིང་ལ་རྦད། ཨྱེ་ཀ་ཡ་མ་སྲོག་ཧུར་ཐིབས་གཟིར་ནན་དགྲ་བོའི་སྙིང་ལ་ཤག་རྦད། ར་ཏྲི་ར་ཁྲག་སྲོག་ལ་ཡཾ་ཡཾ་ཏྲི་ལིང་དགྲ་བོའི་སྙིང་ལ་ཤག་རྦད། ཡིག་མགོ་ཕྱིར་བསྟན། མུ་ཁྱུད་བར་མར་རྩིབས་སོ་གཉིས་ལ། ཨྱེ་བཾ་རཾ་ཡཾ་ཁཾ་ཤིག་ཙིཏྟ་རྔུབས་སས་རྟིབས་མེས་ཚིག་ཆུས་བསྐུར་རླུང་གཡེང་ཁ་རི་བ་ལྟག་རྣ་རི་ཅི་རི་ཏིག་ཁས་གཡེན་དགྲ་བོ་མཱ་ར་ཡ། ཡིག་འབྲུ་རེ་མགོ་ཕྱིར་བསྟན་དུ་བྲི། མུ་ཁྱུད་ཕྱི་མར་མེ་རི་འོ། །བྲག་ལྟག་པ་རྡོར་རིན་གྱིས་མཛད་པའི་སྒྲོན་དྲུག་ན་རྩིབས་དང་མེའི་བར་དུ་སྦྲུལ་གྱི་ར་བ་བྲི་བར་བཤད་དོ། །གཉིས་པ་ལྕགས་སྡིག་གི་སྒང་པ་ཆུའི་ཐུམ་པོ་ལས་བྱུང་བའི་གཏད་ཟློག་ནི། ཀླུ་བདུད་ཕོ་མོ་དམར་ནག་ཆུ་སྲིན་གྱི་གདོང་ཅན་གཡས་སྦྲུལ་ཞགས་དང་། གཡོན་ནད་རྐྱལ་སྨད་སྦྲུལ་མཇུག་ཅན་གྱི་ལྟེ་བར་ཕོ་འཁོར་མོ་འཁོར་གཉིས་ཀ་མཚུངས་པར་ཕྱི་ནས་རིམ་བཞིན། རུས་སྦལ། མུ་ཁྱུད་ཟླུམ། རྩིབས་བརྒྱད་རིམ་གཉིས་རྩེ་བསྣོལ་གྱི་བར་དུ་ལིངྒ། དེའི་ནང་ཟླུམ་བསྐོར་གྱི་དབུས་སུ་རུས་སྦལ་གྱི་ལྟོ་བར་དགྲ་གཟུགས་ཀྱི་རྐང་ལག་བཞི་ནས་རུས་སྦལ་རེས་ཟ་ཞིང་། ཕྱོགས་བཞི་ནས་སྦྲུལ་ནག་བཞིས་ཟ་བ། ལིངྒའི་ལྟོ་བར་ཟླུམ་བསྐོར་གྱི་དབུས་སུ་གྲུ་གསུམ་ལོགས་མདུན་བསྟན་གྱི་ནང་དུ། སྟེང་འཁོར་ལ་སྡིག་པ་གསུམ་དང་། འོག་འཁོར་ལིངྒ་གསུམ་མགོ་སྤྲོད། ཟླ་གམ་གསུམ་ལ། ཁོ་རང་གི་ལྷ་སྲུང་བདུད་དུ་ཕོབ་ཅིག །ཅེས་སམ། བྱེ་བྲག་ཏུ། ཕ་རོལ་པོའི། ཡི་དམ། ཆོས་སྐྱོང་ཡེ་ཤེས་པ། འཇིག་རྟེན་པ་ལྷ་ལྔ་བཅས་གཤེད་འབེབས་ཀྱི་དམོད་བྱང་རྣམས་ཟླ་གམ་རེར་མགོ་ནང་བསྟན། རྩིབས་རིམ་གཉིས་ཀྱི་ནང་རུས་སྦལ་གནས་པའི་ཁྱིམ་གང་ལ། ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། ཡ་མ་རཱ་ཛ་ས་དོ་མེ་ཡ་ཡ་མེ་དོ་རུ་ཎ་ཡོ་ད་ཡ་ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ་ཡ་ཀྵེ་ཡཙྪ་ནི་ར་མ་ཡ། ཨྱཻ་ཕེ་ལམ་ཧཱུྃ། ནག་པོ་ཏི་པ་ཙ་ཡ། ནཱ་ག་རཀྴ་ཡཀྴ །དུ་ཤ །ཕེ་ལམ། ཤ་ཤི །ནཱ་ག་རཱ་ཙ། དགྲ་བོ་ལ་ཕོས་ཕོས། ཤིག་ཤིག །ནཱ་ག་དུ་ན་དུ་ན། ཀླུ་སྦྲུལ་ནག་པོ་དགྲ་བོའི་སྙིང་ལ་མཱ་ར་ཡ་རྦད་བྷྱོཿ ཕུ་ས་ནཱ་ག་དུ་ན། གཤེད་དུ་བྷྱོ་ཟློག །ཅེས་ཕོ་སྔགས་མགོ་ཕྱི་བསྟན་དུ་བཀོད། ནང་གི་རྩིབས་ལ། ཡ་མ་ཕུ་ས་ནཱ་ག་རྦད་བྷྱོཿ ཞེས་འབྲུ་རེ་རྩིབས་ནང་མར་ཕྱི་བསྟན་དང་ཕྱི་མར་ནང་བསྟན། ལིངྒ་རྣམས་ཀྱི་སྙིང་གར་ནྲི་སོགས་གནད་ཡིག །ཕྱིའི་མུ་ཁྱུད་ལ། ཨྱཻ་མྱགས་ཡ་རྔུབས་མུག་ཤག་ཀ་དུན། མ་མ་རག་མོ་རག་མོ། ནཱ་ག་རུ་དྲ་ཀ་ལི་དགྲ་བོའི་སྙིང་ལ་བྷྱོ། ནག་པོ་བམ་ཙིཏྟ་ལ་རྒྱོབ། ཏྲག་ཐུར་སྙིང་ཐུར། སྙིང་ལ་འགུལ་འགུལ། མྱགས་མྱགས་རྩ་བཞི་སྐུམས་སྐུམས། ཤན་ཤན་སྲོག་ལ་ཤན། རྦུད་རྦུད་དགྲ་བོའི་ཙིཏྟ་མཱ་ར་ཡ་རྦད། ས་ནཱ་ག་ཧ་ལ་ཙོ་མ་ཏི་དགྲ་སྙིང་ལ་ཐུམས་བྷྱོ་ཟློག །ནང་བསྟན་ནོ། །གསུམ་པ་རྒྱུ་མ་ཁུག་པ་རིང་པོ་ལས་བྱུང་བའི་བྱས་པ་བཤིག་པ་ནི། འཆི་བདག་ཕོ་མོ་མཐིང་ནག་ཁྲམ་ཤིང་དང་སྦྲུལ་ཞགས་འཛིན་པའི་ལྟོ་བར་སྟེང་འོག་གི་འཁོར་ལོ་གཉིས་ཀ་མཚུངས་པར་མུ་ཁྱུད་ཟླུམ་འཁོར་གསུམ་རིམ་གྱི་ནང་དུ་རྩིབས་བཅུ་དྲུག་པ་རེ། དེའི་ལྟེ་བར་ལིངྒ་སྤྱི་མཐུན་གྱི་ཡན་ལག་བཞི་ནས་སྡིག་པ་རེས་ཟ་ཞིང་། ཕྱོགས་བཞི་ནས་རལ་གྲི་རེ་ཟུག་ཐབས་ཀྱི་ཡུ་བ་ཕྱིར་བསྟན། རྩིབས་རིམ་གསུམ་གྱི་རྩིབས་བར་རྣམས་ལ་ལིངྒ་མགོ་ནང་བསྟན་རེ། རྩིབས་ནང་མར། བཛྲ་ཀྲོ་དྷ། དུན་ཏིང་། ཀཱི་ལ་ཡ། མ་མ་རག་མོ། ཏྲི་དུཿ ཧཾ་ཤཾ །ཏྲག་རགཤ །དུན་ཏྲ། བྷི་མ་ནི། ལ་དུ་ཏྲི། ཏྲི་ཤན། རཱ་ཧུ་ཧ་ཏི། ཡ་མ། རགྨོ། རཀྴ། ཡཀྴ །རྩིབས་བར་མར། ཏྲིག་ན། ཨ་ཏྲི་ས་རུ། ར་ཏྲིར། རཱ་ཙ་ནཱ་ག །རུ་ཏྲ་རུ་ཏྲིཿ ཁ་རག་མ། ཤེམ་ཏྲིཿ ཤུ་ཏྲ་དུ་ཏྲིཿ མ་ཏྲི་ཡ། གྷ་ན་པ་ཏི། འབྲི་ག་རོ། ཀ་ལ་དུ་ཏྲག །རག་ཤ་ནན། ཙ་མུན་ཏྲིཿ ཤམ་ཕུ་ཏྲིཿ ར་ཤོར། རྩིབས་ཕྱི་མར། སརྦ་ཙ་སྦུར་སྲོག་ནན། སྙིང་གཟེར་བྲེང་ཤག་ཡ་རྦད། སརྦ་ཤ་ཏྲུཾ་སཏྭམ་བྷ་ཡ་ནན། ཧཱུྃ་ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ སྔགས་པ་ནང་རྒྱས་བྱེད་པའི་ཚེ༔ ལྷ་སྲིན་སྟོབས་འགྲན་བྱེད་པའི་ཚེ༔ དྲག་སྔགས་གཅོད་འདྲེན་བྱེད་པའི་ཚེ༔ གཤེད་པོ་ལས་ཀྱི་རྒྱལ་པོ་ཁྱོད༔ སྐྱེ་བ་སྔ་མའི་ལས་དབང་གིས༔ སྒྲུབ་པ་བྱེད་པའི་སྐྱེས་བུ་ལ༔ དེད་དཔོན་དྲེགས་པའི་སྲོག་ཁང་ནས༔ སྙིང་ལ་སྔགས་ཀྱི་རྣམ་པ་བྱུང༔ སེམས་ནི་སྔགས་ཀྱི་རྒྱུད་ལས་བྱེདཿ འཇིག་རྟེན་དྲེགས་པའི་སྲོག་སྔགས་ཀྱིས༔ དམ་ཉམས་ལས་ཀྱི་རུ་དྲ་ལ༔ རང་གཤེད་དབབ་པའི་ཕྲིན་ལས་མཛོད༔ ཅེས་པ་རྣམས་མགོ་ཕྱི་བསྟན་དུ་བྲིའོ། །བཞི་པ་རྩ་རྒྱུད་ལེའུ་བཅུ་གཅིག་པ་ནས་བཤད་པའི་གཏད་ཟློག་འཁོར་ལོ་ནི། རུས་སྦལ་གྱི་ལྟོ་བར་མུ་ཁྱུད་རིམ་པ་ལྔར་བསྐོར་བའི་དབུས་སུ་ལིངྒ་གནད་ཡིག་ཅན། མུ་ཁྱུད་གཉིས་པར་ལིང་ཚེ་བརྒྱད་དུ་བཅད་པའི་ཕྱོགས་བཞིར་ཀླུ་རིགས་བཞི་སྦྲུལ་གཟུགས་དང་། མཚམས་བཞིར་ས་བདག་སྦལ་པའི་གཟུགས་ཅན་བཞི་མགོ་ནང་བསྟན། མུ་ཁྱུད་གསུམ་པར་ནུབ་ནས་བཟུང་རྩིབས་བཅུ་བཞི་ལ། དགྲ། བོའི། ཙིཏ། ཏ། བྲེང་། ཤག །ཛ། སྲོག །ལ། ཧུར། ཐུམས། བྲེང་། ཤག །རྦད། འབྲུ་རེ་གཡས་སྐོར་ཕྱི་བསྟན། མུ་ཁྱུད་བཞི་པར། ཨྱེ་དུན་ཀ་ཡཾ། ཨྱཻ་མྱགས་འབྲུ་བརྒྱད། ནཱ་ག་རུ་ཏྲ་ཀ་ལ་དགྲ་བོའི་སྙིང་ལ་བྷྱོཿ ནག་པོ་བམ་ཙིཏྟ་རྒྱོབ་ཏྲག་ཐུར་སྙིང་འགུལ་མྱགས་མྱགས་རྩ་བཞི་སྐུམས་ཤན་ཤན། སྲོག་ལ་ཤན། ཐུར་ཐུར་དགྲ་བོའི་ཙིཏྟ་ལ་རྦད་ནཱ་ག་ཧ་ལ་ཙ་མ་ར། དགྲ་བོའི་སྙིང་ལ་ཐུམས་བྷྱོཿ ནུབ་ནས་མགོ་ནང་བསྟན། མུ་ཁྱུད་ལྔ་པའི་ཕྱོགས་བཞིར་སྣ་ཚོགས་རྡོ་རྗེའི་རྭ་བཞི་ཐོན་པའི་ནུབ་ཀྱི་རྭ་གཡས་པ་ནས་གཡས་གཡོན་གྱི་ར་རེ་ལ་ཨྱཻ་མྱགས་འབྲུ་བརྒྱད་ཕྱི་བསྟན་ནོ། །ཡང་འདི་ལ་སྒྲོན་དྲུག་ནས་བཤད་པ་ལྟར་ན། འཁོར་ལོ་དེ་དང་ཕྱོགས་མཚུངས་ཀླུ་བདུད་སྦྲུལ་མགོ་དགུ་པ་སྦྲུལ་ཞགས་ཅན་གྱི་ལྟོ་བར་བྲི་བར་བཤད་དོ། །ལྔ་པ་གཤེད་པོ་ལས་རྒྱལ་གྱི་འཁོར་ལོ་ནི། གཤིན་རྗེ་མཐིང་ནག་གཡས་ཞིང་ཆུང་དང་། གཡོན་འཁོར་ལོ་འཛིན་པའི་སྙིང་གར། མུ་ཁྱུད་རིམ་ལྔའི་ལྟེ་བར་སྡིག་པ་བཞི་སྒྲོམ་མགོ་ནང་བསྟན་གྱི་རྭ་བརྒྱད་ལ། ཨྱཻ་མྱགས་འབྲུ་བརྒྱད་རེ་ཕྱི་བསྟན། སྡིག་པ་བཞི་པོའི་ལྟོ་བར། ཙིཏྟ་བྲེང་ཤག་ནྲྀ་ཏྲི་དམ་ཉམས་དགྲ་བགེགས་གནོད་བྱེད་འབྱུང་པོ་མཱ་ར་ཡ་རྦད། མུ་ཁྱུད་གཉིས་པའི་ནང་དུ་ལིངྒ་བཀོད་པའི་སྙིང་གར་གོང་གི་སྡིག་པ་བཞི་ཡོད་པར་བྱས་ལ། དེའི་བར་སྟོང་གཡས་སུ། ནཱ་ག་ལོ་ཏི། གཡོན་དུ་ས་ག་བྱི་དུ། འདོམས་སུ་བྱི་དུ་ར། མགོ་ཕྱིར་བསྟན། མུ་ཁྱུད་གསུམ་པ་དང་བཞི་པར་ལིང་ཚེ་བཅུ་དྲུག་རེར་བཅད་པའི་ཕྱི་མ་ལ་ལིངྒའི་རྐང་ཕྱོགས་ནས། ཡ་མ། རཀ་མོ། རཀྴ །ཀྵ་ཡ། ཤྲཱི་བཛྲ་ཀྲོ་དྷེ། དུན་ཏི་ཀཱི་ལ་ཡ། མ་མ་རག་མོ། ཉིད་དུ་བསྟུབས། ཧེ་ཤ །རག་ཏྲག །དུ་ཁྲག །དུན་ཏིང་། བྷེ་ལ་ནི། ཨ་དུན་ཏྲི། ཏྲི་ཤ་ན། ར་ཏི་ཧ་རི། ལིང་ཚེ་ནང་མ་ལ་སྔར་ལྟར། རཱ་ཛ། མུ་ཏྲ། ཤ་ཏྲུན་ཏི་སྟ། ར་ནེ་རོ་ཏྲི། ཨ་ཏྲི་ས་དུ། ཙ་ཏྲི་ར་ཙ། ར་ཙ་ནཱ་ག །དྷེ་བ་རུ་ཏྲི། ཁ་རག །ཀྵེ་མ་ཏྲི། དུ་ན་ཏྲི། དུ་ན་ཏི་ཏྲི། སྲོག་མཱ་ར་ཡ། གྷ་ན་པ་ནི། བྷི་ན་ཀ་རོ། ཀ་ལ་དུ་ཁྲག །མུ་ཁྱུད་ལྔ་པར་རྩིབས་ཉི་ཤུ་རྩ་གཉིས་ལ། ལིངྒའི་མགོ་ཕྱོགས་ནུབ་ནས་གཡས་སྐོར་ཕྱི་བསྟན་དུ། སརྦ། ཤ །ཏྲུཾ། སྟམ། བྷ། ཡ། ནན། འདྲིད། རྦད། སརྦ། རྩ། རྦུར། སྲོག །ལ། ནན། སྙིང་། གཟེར། བྲེང་། ཤག །རཾ། ཡཾ། རྦད། ཞེས་པ་རྣམས་ཕྱི་བསྟན་སརྦ་གཅིག་ཏུ་རྩིས་པའི་འབྲུ་རེའོ། །གོང་མ་དག་གིས་འདི་ལ་ཡང་འཁོར་ལོ་མཚུངས་པ་གཉིས་བྱས་ཏེ་ཁ་སྦྱོར་བྱེད་པར་ཡང་བཤད་དོ། །དྲུག་པ་འོག་འདེགས་རླུང་གི་འཁོར་ལོ་ནི། འཁོར་ལོ་མུ་ཁྱུད་གསུམ་བསྐོར་བའི་ལྟེ་བར་མདའ་གཞུ་བཀང་བའི་མདེ་རྩེ་ནུབ་བསྟན། མུ་ཁྱུད་གཉིས་པར་རྩིབས་བརྒྱད་ལ་ཡཾ་རེ། མུ་ཁྱུད་གསུམ་པར་ནུབ་ནས། ཨཻ་མྱགས་ཡ་རྔུབས་མུག་ཤག་ཀ་དུན་དགྲ་བོའི་སྲོག་ལ་ནྲི་ཧུར་ཐུམས་ཛཿ རྩ་ཕྲག་སྙིང་ཐུམས་རིལ་རཾ་ཤག་རྦད། ཨེ་རཾ་ཡཾ་ཁཾ་ནྲྀ་ཤ་ཀུ་རུ་མཱ་ར་ཡ། ཞེས་ཕྱི་བསྟན་ནོ། །བདུན་པ་ཕག་མོ་བསད་འཁོར་ནི། ལྟེ་བར་གྲུ་གསུམ་ལོགས་མདུན་བསྟན་གྱི་དབུས་སུ་ལིངྒ་གནད་ཡིག་ཅན་། དེའི་ཕྱི་སྣ་ཚོགས་རྡོ་རྗེའི་ལྟེ་བའི་ཟླ་གམ་གསུམ་ལ། ཕ་རོལ་པོའི་ལོ་ཁམས་ཡི་དམ་ཆོས་སྐྱོང་སོགས་གཤེད་འབེབ་ཀྱི་དམོད་མོ་བྲི། རྒྱ་གྲམ་གྱི་གཡས་གཡོན་གྱི་རྭ་བརྒྱད་ལ་ཨྱཻ་མྱགས་འབྲུ་བརྒྱད། དེའི་ཕྱི་རིམ་རྩིབས་བཅུ་བཞི་ལ། དགྲ་བོའི། སྲོག་ལ། ནྲྀ། ཧུར། ཐུམས། ཛཿ རྩ། ཁྲག །སྙིང་། ཐུམས། རིལ། རམ། ཤག །རྦད། ཞེས་ནུབ་ནས་དགྲ་བོའི་དང་སྲོག་ལ་ཞེས་པ་གཅིག་ཏུ་བྱས་པའི་འབྲུ་རེ་ཕྱིར་བསྟན། དེའི་ཕྱི་མུ་ཁྱུད་ལ། ཡིག་ཕྲེང་གཉིས་ཤོང་བར་བྱས་ལ། རང་གི་ཡི་དམ་ལྷའི་དྲག་སྔགས་ཨྱཻ་མྱགས་ལྟ་བུ་དང་། རང་གང་བྱེད་ཀྱི་ཆོས་སྐྱོང་གི་སྔགས་ཤམ་དུ། ཨ་མུ་ཀ་ཨེ་དགྲ་བོའི་སྲོག་ལ་ཐུམས་རིལ་རྦད་བྷྱོཿ ཨ་མུ་ཀ་ཐུན་ཁྲམ་ཤིག །ཙིཏྟ་མྱགས་རྦད་བྷྱོ། ཨ་མུ་ཀ་ཙ་ལ་དུན་རྨུགས་རྦད་བྷྱོ། ཨ་མུ་ཀ་ཡ་མ་ཁྲག་ལ་མུགས་ཏེ་རྦད་བྷྱོ། སྔགས་པ་སྙིང་དུ་སོད། ཙིཏྟ་གཏུབས་རྦད་སོད། སྲོག་ཙིཏྟ་ལོང་མྱགས་མྱགས་མཱ་ར་ཡ་ཙིཏྟ་ལ་ཐུན་བྷྱོཿ ཞེས་ནུབ་ནས་མགོ་ནང་བསྟན་དང་། དགྲ་བོའི་ཡི་དམ་དང་ཆོས་སྐྱོང་གང་བྱེད་ཀྱི་སྔགས་ཤམ་དུ། དགྲ་བོ་ཆེ་གེ་མོའི་ལྷ་དང་ཆོས་སྐྱོང་འདི་ཞེས་བྱ་བ་ཁོ་རང་གི་གཤེད་དུ་ཕོབ་ཅིག །ཅེས་སོགས་སམ། ཕ་རོལ་གྱི་ཡི་དམ་དང་ཆོས་སྐྱོང་ངོ་མ་ཤེས་ན། བན་དགྲ་འདི་ཞེས་བྱ་བས་བྱས་པའི་སྦྱོར་བ་ངན་པ་ཐམས་ཅད་ཆེ་གེ་འདི་ཞེས་བྱ་བའི་གཤེད་དུ་ཕོབ་ཅིག །ཁོ་རང་གི་ལྷ་སྲུང་ཁོ་རང་གི་བདུད་དུ་ཕོབ་ཅིག །ཅེས་མགོ་ཕྱི་བསྟན་གྱིས་ལྟོ་སྡེབས་སུ་བྲིས། དེའི་ཕྱི་རིམ་འཁོར་ལོ་རྩིབས་བཅུ་གཉིས་རྩེ་མོ་ནང་བསྟན་ལ། དགྲ། བོའི། ཙིཏ། ཏ། བྲེང་། ཤག །ཛཿ སྲོག །ལ། ཧུར། ཐུམས། རྦད། ཅེས་ནུབ་ནས་འབྲུ་རེ་མགོ་ནང་བསྟན། དེའི་ཕྱིར་རུས་སྦལ་མགོ་ནུབ་བསྟན། དེའི་ཡང་ཕྱི་རིམ་དུ། ཕག་ནག་མགོ་ཤར་བསྟན་གཉིས་ཀ་གན་རྐྱལ་དུ་བྲིའོ། །བརྒྱད་པ་སྟོང་སྲོག་གི་འཁོར་ལོ་ནི། དབུས་གྲུ་གསུམ་ཟུར་མདུན་བསྟན་གྱི་ལྟེ་བར་ལིངྒ། ཟླ་གམ་གསུམ་ལ་ལྷ་སྲུང་བྲི་ཚུལ་སྔར་དང་འདྲ། དེའི་ཕྱི་རྩིབས་བརྒྱད་ལ་ནུབ་ནས། ཁམ། ཤག །རོ། མྱགས། མུག །ཏི། རྦད། ཡ། འབྲུ་རེ་ཕྱིར་བསྟན། དེའི་ཕྱི་ལིང་ཚེ་ཉེར་བརྒྱད་པ་རིམ་གཉིས་ཀྱི་ཕྱི་མའི་ནང་ནས་རིམ་བཞིན་དུ། ཨྱཻ་ཨྱཻ་ཨྱཻ། ཨ་ཀྲོ་ཏེ་ཀ །ཡ་མཱནྟ་ཀ ཡ་མ་ཡེ། ཀཱ་ལ་རཱུ་པ། ཀ་པ་ཡེ། ཧྲཱིཿཥྚི་ཨ་པ་ཡེ། ཨ་ཨ་ནེ་ཨ་ནེ། ཨུ་ཨུ་ནེ་ཨུ་ནེ། དུ་དུ་ནེ་དུ་ནེ། ཨི་ཨི། ཨུ་ཨེ། ཨོ་ཨཾཿ ར་རཱི། ལ་ལཱི། དུ་རུ་ཡེ། བྱ་ཙ་ཡེ། སིངྷ་ཡེ། ཧྲི་ད་ཡེ། བྷི་ད་ཡེ། ཙིཏྟ་ཡེ། ཧ་ལ་ཡེ། མུ་ཀ་ཡེ། ཨུ་ཨུ་ནེ། ཨུ་ཨུ་ནེ། བྱི་ཏྲི་ཏ། ཨ་ཨ་ནན། ཡ་མ་རཱ་ཛཱ། ལིང་ཚེ་ནང་མ་ལ། ཡ་མ་རཀྴ །ཡ་མ་རཀ་ཨ། ཡ་མ་རཀྵ། བཻ་ཏཱ་ལི། ཀྲོ་ཏཱི་ཤྭ་རཱི། མ་མ་ཨེ་ཀ་ཙཱ་ཏི། དེ་མ་ཁ་ལ་བམ་རིལ། རུ་ལུ་རུ་ལུ། ཤྲཱི་བཛྲ་ཀྲོ་ཏ། ཡ་མ་ཀརྨ། རོ་ཥ་ཎ། ཀྲོ་དྷ། ཙནྡྷ་རཀྴ །མོནྟ། དེ་ལྷག་ལིང་ཚེ་བཅུ་བཞི་ལ་ལས་གང་བྱེད་ཀྱི་སྤྱང་མོ་ཆ་བགོས་ནས་གདགས་ཏེ། དེ་ལ་གཟིར་བ་གཡུ་སྤྱང་ནི། ཆེ་གེ་མོ་ཨ་མུ་ཀ་མྱགས་ཐུམས་རིལ་ཏྲིག་ནན་སྦུར་ཡ་ནན། ཨེ་ཧུར་ཐུམས་ཛཿ ཁམ་ཤག་རོ་མྱགས་མུག་ཏི་རྦད་ཡ། བྱས་པ་བཤིག་པ་གཡུ་སྤྱང་ནི། ཆེ་གེ་མོ་ཨ་མུ་ཀ་ཙ་སྦུར་ཡ་སྲོག་ནན། སྙིང་གཟེར་བྲེང་ཤག་ཡཾ་རྦད། ཨེ་ཧུར་ཐུམས་ཛཿ ཁམ་ཤག་རོ་མྱགས་མུག་ཏི་རྦད་ཡ། ཟུག་པ་འབྱིན་པ་གཡུ་སྤྱང་ནི། ཆེ་གེ་མོ་ཨ་མུ་ཀ་དུ་རམ་ཏྲི་ཡཾ་འདྲིད་ཕྱུངས་སྲོག་ལ་གཟིར་ནན་ཕྱུངས། ཨེ་ཧུར་ཐུམས་ཛཿ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ། གསང་ལམ་དགག་པ་གཡུ་སྤྱང་ནི། ཆེ་གེ་མོ་ཨ་མུ་ཀ་མནྟྲ་དུཾ་མ་ཧཱ་ར་ག་དུམ་རམ་ཐུམས་ལིང་རྦད། ཨེ་ཧུར་ཐུམས་ཛཿ ཁམ་ཤག་རོ་མྱགས་མུག་ཏི་རྦད་ཡ། ཟློག་པ་གཡུ་སྤྱང་ནི། ཆེ་གེ་མོ་ཨ་མུ་ཀ་ཨེ་ནན་ཡཾ་ཟློག་འདྲིད་བྷྱོ། ཨེ་ཧུར་ཐུམས་ཛཿ ཁམ་ཤག་རོ་མྱགས་མུག་ཏི་རྦད་ཡ། མནན་པ་གཡུ་སྤྱང་ནི། ཆེ་གེ་མོ་ཨ་མུ་ཀ་བྷི་ཏང་སཏྭམ་བྷ་ཡ་ནན། ཨེ་ཧུར་ཐུམས་ཛཿ ཁམ་ཤག་རོ་མྱགས་མུག་ཏི་རྦད་ཡ། མགོ་ཕྱི་བསྟན་ནོ། །དེའི་ཕྱི་རུས་སྦལ་གན་རྐྱལ་དུ་བྲི་བར་བྱའོ། །འདི་ནི་སྟོང་སྲོག་སྤྱང་མོ་དྲུག་གི་འཁོར་ལོ་ཞེས་བྱ་སྟེ་འཁོར་ལོ་འདྲ་མིན་གཞན་ཞིག་མཆིས་པའང་འདི་ཀ་དང་གནད་གཅིག་པས་གང་བདེ་བྱས་ཆོག་གོ །འོན་ཀྱང་འདིའི་ལིང་ཚེ་ཕྱི་ནང་ལ་ཕྲིན་ལས་དང་། ཐུགས་གསུང་གི་དྲག་སྔགས་བྲི་བར་འཁོར་ལོ་གསང་བའི་སྤྲ་ཁྲིད་ནས་བཤད་དོ། །དགུ་པ་རྨེ་འཐབ་སྤུ་གྲིའི་འཁོར་ལོ་ནི། རྒྱལ་པོ་དགྲར་ལངས་ལ་སེང་གེའི་ཁོག་པ། བཙད་པོ་དགྲར་ལངས་ལ་སེང་གེ་ཁ་འཐབ། མ་མོ་མཁན་ལ་ཤྭ་ན་ལྕེ་འཐབ། གཤིན་རྗེ་མཁན་ལ་ཁྱུང་མོ་གཤོག་འཐབ། བྱ་ཁྱུང་མཁན་ལ་རྨ་བྱ་ལྡིང་བསྣོལ། སྔགས་པ་ནང་འགྲས་ལ་རུས་སྦལ་ལྟོ་སྡེབས། སློབ་མ་དམ་ཉམས་སམ་ཡང་སྔགས་པ་ནང་འགྲས་ལ་སྟག་མོ་མཆེ་འཐབ། ཨུརྨོ་མཁན་ནང་འགྲས་སམ་སྡེ་མང་པོ་ལ་གླང་ཆེན་མཆེ་འཐབ། ཡང་དམ་འདས་སློབ་མ་ལ་རྡོ་རྗེ་དམེ་འཐབ། གཏད་མཁན་ལ་སྦྲུལ་ནག་ལྕེ་འཐབ་སྟེ་ཁོག་པ་བཅུ་པོ་གང་དགོས་ཀྱི་དབུས་སུ། བཅུ་ཀ་ལ་མཚུངས་པར་དབུས་གྲུ་གསུམ་ལོགས་མདུན་བསྟན་ལ་སོ་སོའི་ལིངྒ་། དེའི་ཕྱི་སྣ་ཚོགས་རྡོ་རྗེའི་ལྟེ་བའི་ཟླ་གམ་གསུམ་ལ་ལྷ་སྲུང་གཤེད་འབེབ། རྒྱ་གྲམ་གྱི་གཡས་གཡོན་གྱི་རྭ་བརྒྱད་ལ་ཨྱཻ་མྱགས་འབྲུ་བརྒྱད། དེའི་ཕྱིར་འཁོར་ལོ་རྩིབས་བཅུ་གཉིས་ལ། ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། སྐུ་སྔགས་འབྲུ་རེ་ཕྱིར་བསྟན། དེའི་ཕྱི་མུ་ཁྱུད་ལ་ལས་སོ་སོ་དང་རྗེས་མཐུན་དུ་རང་གཞན་གྱི་དྲག་སྔགས་ལྟོ་ལྡེབ་ལུགས་སྔར་བཤད་པས་མཚོན། དེའི་ཕྱི་རྩིབས་ཉི་ཤུ་ལ། སྲོག །ལ། ཡཾ། ཤག །ཧྲི། མྱག །རྦད། དགྲ། སྙིང་། གཟིར། རྦུད། ནན། ཧ། ལ། ཧ། ལ། ཙ། མ། རི། ཕྱུངས། མགོ་ཕྱིར་བསྟན། དེའི་ཕྱི་ཟླུམ་སྐོར་དང་སེམས་ཅན་སོ་སོའི་ཁོག་པ་འཕྲོད་པར་བྱའོ། །གཞན་ཡང་། དམེ་འཐབ་སྤུ་གྲིའི་འཁོར་ལོའི་ནང་ཚན། ཕོ་ཉ་རྐང་མགྱོགས་ཟློག་པ་ཞེས་བྱ་བ་འཁོར་ལོ་གོང་འདྲ་ལ། ཕོ་ཉ་དྲེགས་པ་མཐིང་ནག་གཡས་མཚོན་འཁོར་དང་གཡོན་རལ་གྲི་ཅན། རོ་སྨད་རྟ་གཟུགས་ཀྱི་རྣམ་པ་སུག་པོ་བཞི་ལྡན་གྱི་ལྟོ་བར་བྲིས་པ་དང་། གནམ་ལྕགས་ཐོག་འཁོར་ཞེས་བྱ་བ་ཐོག་མདེ་ཟུར་དྲུག་གྲུ་གསུམ་བསྣོལ་མའི་རྣམ་པ་ཅན་གྱི་དབུས་སུ་བྲིས་པ་སྟེ། གཉིས་པོ་རིམ་བཞིན་ལྷ་ཆགས་བོན་པོ་དང། དྲག་སྔགས་མཁན་ལ་བྱ་བར་རྒྱུད་ཀྱི་ལེའུ་བཅུ་དྲུག་པ་ནས་བཤད་དོ། །བཅུ་པ་སྒྲོན་དྲུག་སོ་སོའི་ལིངྒ་བཅའ་ཚུལ་ནི། ལིངྒ་གནད་ཡིག་སྤྱི་འགྲེ་ལས། སློབ་མ་དམ་ཉམས་ལ་ལིངྒ་རྐང་པ་གཉིས་ཙོག་པུའི་རྣམ་པ་སྙིང་གར་སྡིག་པ་ནག་པོ་མགོ་གྱེན་བསྟན་ནྲྀ་ལ་ཟ་བའི་ཚུལ་དུ་བྲིས་པའི་མཐར། ཆེ་གེ་མོའི་སྲོག་ལ་ཧུར་ཐུམས་མཱ་ར་ཡ་ཙིཏྟ་ལ་རྦད། ཅེས་བྲི། བོན་པོ་ལྷ་ཆགས་ལ། ལིངྒའི་སྙིང་གའི་ནྲྀ་ལ་ཕག་ནག་གིས་ཟ་བའི་ཚུལ་ཅན་གྱི་མཐར། ཆེ་གེ་མོའི་སྲོག་ལ་ནྲྀ་ཛཿ ཐུམས་མུགས་མཱ་ར་ཡ་རྦད། ཨུར་མོ་མཁན་ནང་འགྲས་ལ། ལིངྒའི་སྙིང་གར་ནྲྀ་ལ་ཛཿཁ་སྤྲོད་དུ་ལྟེམས་པའི་མཐར། ཆེ་གེ་མོའི་ཙིཏྟ་ལ་ཁམ་ཤག་ཛཿསྲོག་ལ་ཐུན་རྦད། བཙད་པོ་བསད་པ་ལ། ལིངྒའི་སྙིང་གར་ནྲྀ་ཡིག་ཛས་ལྟེམས་པའི་འོག་ངོས་ནས་རལ་གྲི་བྲིས་པའི་མཚོན་རྩེ་ནྲྀ་ལ་ཟུག་པའི་ཚུལ་ཅན་གྱི་མཐར། ཆེ་གེ་མོ་རཱ་ཙ་ནྲྀ་ཛཿཐུམས་རིལ་མཱ་ར་ཡ་རྦད། དམ་ཚིག་གཅིག་པའི་སྔགས་པ་ལ། ལིངྒའི་སྙིང་གར་ནྲྀ་ཡིག་ཛས་ལྟེམས་ཀྱི་མཐར། ཆེ་གེ་མོའི་སྲོག་ལ་རྦད་ཧུར་ཡམ་ཐུན་མུགས་མཱ་ར་ཡ་རྦད། བསེའི་སྦལ་པས་སྤྱི་བོ་ནས་ཟ་བའི་ཚུལ་ལོ། །སྤྱིའི་སྤུན་གཞན་རྣམས་ལ། ལིངྒའི་སྙིང་གར་ནྲྀ་ཡིག་ཛས་ལྟེམས་ཀྱི་མཐར་ཆེ་གེ་མོའི་སྲོག་ལ་མུགས་ཛ་ཧྲི་ཤག་མཱ་ར་ཡ་རྦད། ལིངྒའི་སྐེ་ནས་རྒྱབ་ཏུ་བལྟེབ་པའི་མགྲིན་པ་ནས་བསེའི་སྦལ་པས་ཟ་བའི་ཚུལ་ལོ། །དེ་ཐམས་ཅད་ཀྱི་མཐར་བསད་སྔགས་སྤེལ་ཚིག་ཅན་དང་ཛཿཁྲམ་གྱིས་བསྐོར་རོ། །བཅུ་གཅིག་པ་སྟེང་གཅོད་ནམ་མཁའི་འཁོར་ལོ་ནི། འཁོར་ལོ་མུ་ཁྱུད་གསུམ་གྱི་ལྟེ་བར་མནན་པའི་སྤྱང་མོ་གླེགས་བམ་བྲི་བ་ལྟར་ཡིག་ཕྲེང་ཅི་རིགས་སུ་བྲི། མུ་ཁྱུད་གཉིས་པར་རྡོ་རྗེ་ཕྱེད་པ་བརྒྱད། མུ་ཁྱུད་གསུམ་པར་མཚན་སྔགས་བྲི་སྟེ། ནག་པོ་རཀྴ་སྙིང་ལ་རྦུད་ནན་རྦད། ནག་པོ་རཀྴ་སྲོག་ལ་ཧུར་ཐུམས་རྦད། ནག་པོ་རཀྴ་ཙ་ལ་བྲེང་ཤག་རྦད། ནག་པོ་རཀྴ་སྙིང་ཁྲག་ཚལ་པ་ཤམ་ལོང་རྦད། ནག་པོ་རཀྴ་གངས་ནྲྀ་ཛ་བན་ཏ་བྷི་ཏང་སཏྭམ་བྷ་ཡ་ནན། ནུབ་ནས་མགོ་ཕྱིར་བསྟན་ནོ། །བཅུ་གཉིས་པ་རུས་སྦལ་མཆོག་གི་འཁོར་ལོ་ནི། གོང་གི་ཕག་མོ་བསད་འཁོར་དང་མཚུངས་པ་ལས་ཁྱད་པར། དབུས་ཀྱི་ལྟེ་ལིང་སྒངས་པའི་གྲུ་གསུམ་གྲས་ཏེ་ཕུག་ནས་ཐུན་ལམ་བྱ། འཁོར་ལོའི་ཕྱིར་རུས་སྦལ་རྐང་ལག་བཞིར་མཆོད་རྟེན་གྱི་རྩ་བ་ནུབ་ནས་བཟུང་བ། དེ་འོག་ཕག་ནག །དེ་འོག་མི་གཟུགས་རྣམས་གན་རྐྱལ་ལྟེ་བའི་གྲུ་གསུམ་གྱི་ཟུར་ངོས་སུ་མགོ་བསྟན་པའོ། །བཅུ་གསུམ་པ་ལྕགས་སྡིག་གི་མཁྲིས་པ་དྭངས་མའི་མཛོད་ཕུག་ནས་བྱུང་བའི་གནམ་ལྕགས་སོ་བརྡར་ནི། ཕོ་འཁོར་མོ་འཁོར་གཉིས་ཀ་མཚུངས་པར་ལྟེ་བ་གྲུ་གསུམ་ལོག་མདུན་བསྟན་གྱི་ཟླ་གམ་ལ་ལྷ་སྲུང་། དེའི་ཕྱིའི་མུ་ཁྱུད་ལ། ཨྱཻ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། ཡ་མ་རཱ་ཙ་སོགས་ཉིན་བཞི། ཨ་མུ་ཀའི་སྲོག་ལ་བྲེང་ཤག །རྩ་ཁྲག་སྙིང་ཐུམས་རིལ་ནག་པོ་ཡཀྴ་སྙིང་ཡ་ཧུར་ཐུམས་ནན། ནག་པོ་ཡཀྴ་སྲོག་ལ་ཧུར་ཐུམས་རྦད། ནག་པོ་དུ་ཤ་རྩ་ལ་བྲེང་ཤག་རྦད། ནག་པོ་ཏྲག་རཀྴ་དགྲ་བོའི་སྙིང་ཁྲག་ཚལ་པ་ཤམ་ལོང་རྦད། གརྦྷ་ནྲྀ་ཛཿ བནྡྷེ་བོན་པོ་སྟམྦྷ་ཡ་ནན། ཞེས་ཉིན་སྔགས་ནུབ་ནས་ཕྱི་བསྟན། དེའི་ཕྱི་རྩིབས་སྔོན་བཅུ་དྲུག་ལ། ཡ་མ་རྦད་ཛཿ ཞེས་པ་རེ་ཕྱི་བསྟན། དེའི་ཕྱིར་ལིང་ཚེ་སེར་པོ་བརྒྱད་ལ་དགྲ་གཟུགས་གཉིས་ཏེ་མགོ་བོ་དང་རྐང་པ་བསྣོལ་ཐབས་ལྕགས་སྒྲོག་གིས་བཅིངས་པ་མགོ་ཕྱི་བསྟན། དེའི་ཕྱི་རྩིབས་སྔོན་བཅུ་དྲུག་རྩེ་མོ་ནང་བསྟན་ལ་སྔགས་གོང་མཚུངས་མགོ་ནང་བསྟན། དེའི་ཕྱི་མུ་ཁྱུད་ལ། ཨྱཻ་མྱགས་ཡ་རྔུབས་མུག་ཤག་ཀ་དུན་བྷྱོཿ ཨ་མུ་ཀཾ་མ་མ་ཨེ་ཀ་ཙཱ་ཏི་སྙིང་ཁྲག་དུན་རྨུགས་ཡམ་བྷྱོཿ མ་རག་མོ་སྙིང་ཚལ་པ་ཧུར་ཐུམས་རྦད་བྷྱོཿ མ་ཡག་མོ་དགྲ་སྙིང་ཤ་ཏྲུཾ་མཱ་ར་ཡ་རྦད་བྷྱོཿ བན་བོན་སྙིང་ལ་ཤ་ཤ་ཀ་རྦད་བྷྱོཿ ཐུན་དྲག་དུན་དུན་རྦད་བྷྱོཿ ཞེས་མཚན་སྔགས་ནུབ་ནས་ནང་བསྟན་ནོ། ཁྱད་པར་ཕོ་འཁོར་གྱི་ལྟེ་བར་སྡིག་པ་གསུམ་དང་མོ་འཁོར་གྱི་ལྟེ་བར་ལིངྒ་གསུམ་བྲི་ཚུལ་སྔར་བཤད་པ་དང་འདྲ་ཞིང་། ཕོ་འཁོར་སྡིག་པ་དང་། མོ་འཁོར་ཕག་པ་མགོ་ནུབ་བསྟན་གྱི་ལྟེ་བར་བྲིའོ། །བཅུ་བཞི་པ་བཤིག་པ་བྱ་ཁྱུང་སོ་བརྡར་གྱི་འཁོར་ལོ་ནི། འཁོར་ལོ་རྩིབས་བཞི་མུ་ཁྱུད་དང་བཅས་པའི་ལྟེ་བར་བྱི་ཏྲི་ཏ་ཨེ་མྱགས་ཡ་རྔུབས་རྦད་བྷྱོ་ཛཿ རྦད་དཀྲུགས་ཐཱར་ཐཱར་ཤུད་ཤུད་ཁྱེར་ནྲྀ་སད་ཆིལ་ཆིལ། རྦད་ཐར་དུན་དུན་ནན་ཆར་ཆར་ཆེ་གེ་མོ་ནྲྀ་མཱ་ར་ཡ་རྦད་རྦུད། ཅེས་ཡིག་ཕྲེང་གང་ཤོང་དུ་བྲི། རྩིབས་བཞི་ལ་ཨེ་ནན་ཡ་མ་ཟློག །ཆེ་གེ་མོ་ལ་དྲིལ་བྷྱོཿ ཞེས་པ་རེ་ཕྱི་བསྟན། རྩིབས་མཆན་བཞི་ལ་ཤར་ལྷོ་ནས་གཡས་སྐོར་དུ། སྙིང་གཟེར་བྲེང་ཤག །ཡམ་རྦད་ཆེ་གེ་མོ། ཨེ་ཧུར་ཐུམས་ཛཿ རྩ་སྦུར་སྲོག་ནན། ཞེས་དང་། ཕྱིའི་མུ་ཁྱུད་ལ་ཨྱཻ་རིང་གི་མཐར་བྱས་པ་བཤིག་པའི་གཡུ་སྤྱང་བཏགས་པ་ནུབ་ནས་ཕྱི་བསྟན་ནོ། །ཞར་བྱུང་འཆི་བདག་ཞལ་དབྱེའི་ཐོད་འཁོར་བྲི་ཚུལ་ལ། མོ་འཁོར་ནི། འཁོར་ལོ་མུ་ཁྱུད་རིམ་གསུམ་དུ་བསྐོར་བའི་ལྟེ་བར་ལིང་ཚེ་དགུ །མུ་ཁྱུད་གཉིས་པར་སྔར་གྱི་ཕྱོགས་བཞིའི་ལིང་ཚེའི་བར་དུ་གསུམ་རེ་སྟེ་བཅུ་གཉིས། མུ་ཁྱུད་ཕྱི་མར་ཕྱོགས་བཞིའི་ལིང་ཚེའི་བར་དུ་བཞི་བཞི་སྟེ་བཅུ་དྲུག་ཏུ་ཆ་བགོས་ལ། ལྟེ་བའི་ལིང་ཚེའི་དབུས་དང་། ཤར་སོགས་ཕྱོགས་བཞི། དེའི་ཕྱིའི་ཤར་ནས་གཡས་སྐོར་དུ་རིམ་བཞིན། ཡ། མ། མེ། ད། ཀྴེ། རཱ། ཛ། ས། དོ། རུ། ཎ། ཡོ། ནི། ར། ཡ། ཙ། ནི། ཕྱིའི་བཅུ་དྲུག་ལ་ཤར་ནས་རིམ་བཞིན། ཨོཾ། ཧྲཱིཿ ཥྚི། བི། ཀྲྀ། ཏཱ། ན། ན། དགྲ། བོ། མཱ། ར། ཡ། ཧཱུྃ། ཧཱུྃ། ཕཊ། འབྲུ་རེ་ཕྱི་བསྟན་ནོ། །དེའི་ཕྱིར་གཤིན་རྗེ་ཡུམ་མཐིང་ནག་ཆུ་གྲི་དང་སྙིང་འཛིན་པའོ། །ཕོ་འཁོར་ནི། ཐོད་པར་རང་གྲུབ་ཀྱི་གཤིན་རྗེའི་གཟུགས་རོ་རྐྱང་གཉིས་ལག་པས་བཟུང་ཞིང་ཁར་ཚུད་པའི་ཚུལ་དེ་ཚོན་གྱིས་གསལ་བར་བྱས་པའི་ཕྱི་དཔྲལ་ཕྱོགས་ནས་གཡས་སྐོར་ཕྱི་བསྟན་དུ། དགྲ་བོ་ནྲྀ་ཛཿ དགྲ་བོ་ནྲྀ་ཛཿནི་སྨྲི་རྫི་ཛཿདགྲ་བོ་མཱ་ར་ཡ་ཛཿ འབྱུང་པོ་མཱ་ར་ཡ་ཛཿ ཁྲག་ཙ་ར་ཡ་ཛ་ཧྲིང་ཨུ་ཙུ་དར་དུ་ནན། རཾ་ཡཾ་ནན། ལམ་ཁམ་ནན། ཨོཾ་བཛྲ་ཙན་ནན། ཁྲམ་ཤི་ཐི་ལཾ། ཙིཏྟ་བི་མ་ལ་ཨཱ་ཀརྵ་ཡ་བཛྲ་པྲ་མ་ནི་ཧཱུྃ་ཛཿ མནྟྲ་ནུབ་མཱ་ར་ཡ་རྦད། ཅེས་ཁ་ཐུན་དམོད་པའི་དྲག་སྔགས་དང་། གཤིན་རྗེའི་སྙིང་གའི་ཐད་དུ་ཨག་ཙེའི་མདུན་ངོས་སུ་ཡ་ཡིག་བཅས་བྲིའོ། །ཡང་སྤྲོ་ན་ཡུམ་ཐོད་ཀྱི་ཕྱི་ངོས་ལ་དུག་གསུམ་མཚོན་པའི་ཕག་སྦྲུལ་བྱ་གསུམ། རྟེན་འབྲེལ་བཅུ་གཉིས་འགྲོ་བ་རིགས་དྲུག་གི་བཀོད་པ་རྣམས་བསྐོར་ཐབས་སུ་བྲི་བར་ཡང་བཤད་དོ། །འཇམ་དཔལ་ཚེ་བདག་ལྕགས་འདྲའི་སྟོབས་ཆེན་མཆོད་རྟེན་གྱི་འཁོར་ལོའི་བྲི་ཡིག་ཟིན་བྲིས་གསལ་བར་བཀོད་པ་གནད་ཀྱི་སྒྲོན་མ་ཨི་ཐི། གུ་ཧྱ། པད༵་་གནུབས་དགོངས་དོན་མ༵་འདྲེས་ཇི་བཞིན་དུ། །སྟོན་བྱེད་ཕྱག་རྒྱའི་སྦྱོར་བ་འ༵གྱུར་མེད༵་མཐུས། །བདུད་ཚོགས་ཕ་མཐར་བྱེད་པའི་གྲགས་སྙན་སྒྲ། །སྐལ་བཟང་རྒྱ༵་མཚོ༵འི་རྣ་བར་དགོད་འདི་མཚར།། ༈ །།ན་མོ་མཉྫུ་ཤྲཱི་ཡེ། འདིར་འཇམ་དཔལ་ཚེ་བདག་ལྕགས་འདྲའི་སྟོབས་ཆེན་མཆོད་རྟེན་གྱི་ཐིག་རྩ་དང་། རྒྱན་བཀོད་ཀྱི་རྣམ་གཞག་བསྟན་པ་ལ། དང་པོར་ཐིག་གི་འདེབས་ཚུལ་ནི། གནུབས་ཀྱི་རྩ་བའི་ཡི་གེ་ལས། རྣལ་འབྱོར་སྒྲུབ་པོའི་ལག་གཡས་ཀྱི༔ དཔངས་སུ་བརྐྱང་ཁྲུ་བཞི་གཏང་ལ༔ རྒྱར་ཡང་དེ་བཞིན་བཏང་བར་བྱ༔ ཆ་ཆེན་དྲུག་ཅུ་རྩ་བཞིར་འགོད༔ ཅེས་སོགས་གསུངས་པའི་གནད་དོན་ལག་ལེན་སྙིང་པོར་དྲིལ་ན་ལོགས་རེར་འདོམ་གང་གི་ཚད་ཅན་གྲུ་བཞིར་བྱས་པ་ཚངས་ཟུར་གྱི་ཐིག་སྤྱི་ལྟར་བཏབ་རྗེས། ཤར་ནུབ་དང་ལྷོ་བྱང་སོ་སོར་ཆ་ཆེན་དྲུག་ཅུ་རྩ་བཞིར་བགོས་ལ། གཡས་གཡོན་སོ་སོར་ཆ་ཆེན་སོ་གཉིས་རེ་བཞག་པའི་བར་ཚངས་ཐིག་མཆོད་རྟེན་གྱི་སྙིང་པོར་བྱས་ཏེ་ཆ་བསྒོ་ཞིང་། དེ་ལ་དཔངས་ཚད་ནི། མས་ནས་ཡར་རིམ་བཞིན་དུ། ས་སྟེགས་ལ་ཆ་ཆེན་བཅུ་གཉིས། ལྷུན་པོ་ལ་ཆ་ཆེན་ཉི་ཤུ །གདན་ཁྲིར་བརྒྱད་ཅེས་པ་ཙམ་ལས་མ་གསུངས་ཀྱང་སྤྱི་མཐུན་བཟོ་ཉེས་འགོག་ཕྱིར། ས་འཛིན་དང་བད་ལ་ཆ་ཆེན་ཕྱེད་གཉིས་རེ། གདན་ཁྲི་དངོས་ལ་ཆ་ཆེན་ལྔ། རྨང་དགེ་ལ་ཆ་ཕྲན་གཅིག །བང་རིམ་བཞི་སོ་སོར་ཆ་ཆེན་རེ། དེ་དག་སོ་སོར་བད་ཆུང་ཆ་ཕྲན་རེ། བུམ་གདན་པདྨར་ཆ་ཆེན་གྱི་སུམ་ཆ་གཉིས། ཟླ་གདན་ལ་སུམ་ཆ་གཅིག །བུམ་པ་ལ་ཆ་ཆེན་དྲུག །བྲེ་མགུལ་དང་བྲེ་ཐོག་ལ་ཆ་ཆེན་རེ། བྲེ་གདོང་ལ་ཆ་ཆེན་གཉིས་བཤད་པའི་ཆ་ཕྲན་གཅིག །རྨང་དགེའི་དབང་དུ་བཏང་བས་སྐབས་འདིར་ཆ་ཆེན་གཅིག་ཆ་ཕྲན་གསུམ། འབྲུག་འདེགས་ཆོས་འཁོར་དང་བཅས་པར་ཆ་ཆེན་བརྒྱད་དེ་དྲུག་ཅུ་རེ་བཞིའོ། །དེའི་སྟེང་ཆར་ཁེབས་བཀབ་པའི་མས་སྣ་ནས་ཟེ་པྲོག་གི་རྩེ་བར་གྱི་དཔང་ལ་ཆ་ཆེན་གསུམ་གསུམ་གཏོང་བར་བྱའོ། །ཞེང་ཚད་ནི་རྩ་བར་རྒྱ་དཔངས་མཉམ་ཞེས་གསུངས་པས་ཐིག་གི་ཆ་དབྱེ་བའི་ཚངས་ཟུར་གྱི་ཐིག་འདེབས་པ་ལ་དགོངས་པ་ཡིན་གྱི། གཞན་དུ། རྒྱར་ནི་ཆ་ཆེན་འདི་ལྟ་སྟེ༔ ས་སྟེགས་ཆ་ཆེན་བཞི་བཅུ་ལ༔ ཞེས་སོགས་གསུངས་པའི་དོན་ནོ། །ས་སྟེགས་ལ་རྩ་ཐིག་གི་གཡས་གཡོན་སོ་སོར་ཆ་ཆེན་ཉི་ཤུ་རེ་སྟེ་བཞི་བཅུ། དེ་བཞིན་དུ་ལྷུན་པོ་ལ་ཉེར་བཞི། ས་འཛིན་ལ་ཉི་ཤུ །གདན་ཁྲི་དངོས་ལ་བཅོ་བརྒྱད། བད་ཆེན་ལ་ཉི་ཤུ །རྨང་དགེར་བཅོ་བརྒྱད། བང་རིམ་དང་པོར་བཅུ་དྲུག །གཉིས་པར་བཅུ་བཞི། གསུམ་པར་བཅུ་གཉིས། བཞི་པར་བཅུ། བད་ཆུང་རྣམས་བང་རིམ་སོ་སོ་ལས་ཆ་ཕྲན་རེ་ཕྱིར་འཕྱང་བང་རིམ་གསུམ་པའི་སྟེང་ཟུར་ནས་ཆོས་འཁོར་སྟེང་གི་ཚངས་ཐིག་གི་བར་གཡས་གཡོན་སོ་སོར་བཅད་པས་བུམ་རྒྱ་ཤུགས་ཀྱིས་སྟོན། བྲེ་ཞེང་དངོས་སུ་མ་གསུངས་ཀྱང་བྲེ་མགུལ་དང་བྲེ་ཐོག་སོ་སོར་ཆ་ཆེན་ལྔ་རེ་དང་། བྲེ་གདོང་ལ་ཆ་ཆེན་བཞི། འབྲུག་འདེགས་དང་བཅས་པའི་ཆོས་འཁོར་གྱི་སྨད་ཆར་ཆ་ཆེན་བཞི་དང་། སྟོད་ཆར་ཆ་ཆེན་གཅིག་བཏང་བའི་བར་གཡས་གཡོན་སོ་སོ་ནས་སྦྲེལ་བས་ཆོས་འཁོར་འགྲུབ། ཆར་ཁེབས་ལ་ཆ་ཆེན་བཞི། དེའི་སྟེང་ཉི་ཟླ་ཏོག་དང་བཅས་པའི་སྟེང་བྱ་ཁྱུང་འགོད་པའམ་བྱ་ཁྱུང་ཙམ་གྱིས་ཀྱང་ཆོག་སྟེ། གང་ལྟར་བྱ་ཁྱུང་གི་ཚད་སོར་བརྒྱད་ཙམ་བྱས་ན་ལེགས། མཆོད་རྟེན་གྱི་ཆ་ཚད་འདི་ནི་གནུབས་ཆེན་གྱིས་མཛད་པའི་ཚེ་བདག་ནག་པོའི་མཆོད་རྟེན་གྱི་རྣམ་ངེས་སོར་བཞག་དང་། མཐོང་བརྒྱུད་ལྟར་ན་གཡུང་སྟོན་རིན་པོ་ཆེས་ཕྱག་ལེན་གཏན་ཕབ་ལྟར་བཀོད་པ་ཡིན་ལ། དེ་ལྟར་ན་བཅས་ཆོག་སྐབས་ཀྱང་འོག་བཅས་གསུམ་དང་ཞལ་དབྱེའི་ཐོད་པ་ས་སྟེགས་ནང་དང་། ལྷུན་པོའི་ནང་གི་བྲུབ་ཁུང་དུ་ཚུད་པར་བྱས་ནས། ས་འཛིན་གྱི་སྟེང་གདན་ཁྲིའི་སྨད་ཆའི་ཕྱོགས་བཞིར་ཐུན་ཁུང་གཏོད་དགོས་པའང་ཤེས་པར་བྱ་ཞིང་། གཞན་དུ་དཔལ་བྱང་པ་བཀྲ་ཤིས་སྟོབས་རྒྱལ་ཡབ་སྲས་སོགས་གྲུབ་བརྙེས་གོང་མ་འགའ་ཞིག་གི་ཕྱག་ལེན་ལྟར་སྒྲུབ་པར་འདོད་ན་ཆ་ཚད་དང་ཆེ་ཆུང་གི་ངེས་པ་གཞན་དུ་ཤེས་སོ། །མཆོད་རྟེན་གྱི་རྒྱན་བཀོད་ཚུལ་ནི། ས་སྟེགས་ཀྱི་ཕྱི་གྲུ་གསུམ་པའམ་གྲུ་བཞི་གང་བདེར་བྱས་པའི་སྟེང་མན་ཆད་ནག་པོར་བྱུགས་ལ། ས་འཛིན་གྱི་ཕྱོགས་བཞི་ཐུན་ཁུང་གི་འོག་ངོས་ནས་ཚུར་གནས་པའི་རུས་སྦལ་རེ། གདན་ཁྲིའི་ཕྱོགས་རེར་གླང་ཆེན་གཉིས་རེ་སྟེ་བརྒྱད་ཀྱིས་བཏེགས་པའི་རྣམ་པ་ཅན། ཟུར་ངོས་རྡོ་རྗེ་རིན་པོ་ཆེའི་ཀ་བས་འདེགས་པ། བད་ཆེན་ལ་སྦྲུལ་ཆེན་རིགས་ལྔ་རྨང་དགེར་པདྨ་དྲུག་ཅུ་རྩ་བཞི་ཕོ་ཉ་དྲུག་ཅུའི་ཚུལ་དང་། དེའི་སྟེང་ནང་ངོས་ཉི་ཟླའི་གདན་ཟླུམ་པོའི་ཚུལ། བང་རིམ་དང་པོའི་ལོགས་བཞི་དང་། ཟུར་བཞིར་སྟག །དེ་བཞིན་དུ་བང་རིམ་གཉིས་པར་གཟིག །གསུམ་པར་སེང་གེ །བཞི་པར་ཆུ་སྲིན། དེ་དག་གི་བར་མཚམས་རྣམས་སུ་རྡོ་རྗེས་མཚན་པའི་རིན་པོ་ཆེའི་ཀ་བ། བད་ཆུང་རྣམས་ལ་ཐོད་ར། བུམ་གདན་ལ་པདྨ་སོ་གཉིས་དང་ཟླ་གདན་ཟླུམ་སྐོར། བུམ་པའི་སྐེད་སྡོམ་ཨུཏྤལ་རིས། བྲེ་ལ་ཡང་རིན་ཆེན་ཀ་བས་འདེགས་ཚུལ་དང་བྲེ་ཐོག་ལ་པདྨ་ཐུར་བསྟན་རིས། ཆོས་འཁོར་གྱི་གདན་གྱི་ཕྱོགས་རེར་འབྲུག་རེ། ཆོས་འཁོར་སྟེང་གི་པདྨ་གྱེན་བསྟན་ཤང་ཁ་ཅན། ཆར་ཁེབས་ལ་སེང་གེའི་ཁ་ནས་འཕྱང་བའི་དྲ་བ་བསྣོལ་མ། སེང་གེ་བྱ་ཁྱུང་ལག་གཤོག་གདེངས་ཤིང་སྦྲུལ་ཟ་བ་སྤྱི་བོར་ཉི་ཟླ་དང་ནོར་བུས་བརྒྱན་པའོ། །ཡང་གནུབས་ཀྱི་རྩ་བའི་ཡི་གེ་འདི་ཉིད་དུ། དེ་ནས་ཕུར་པ་བཀོད་ཐབས་ནི༔ བུམ་པའི་རྨང་དུ་ཟིལ་གནོན་བཀོད༔ གཡས་གཡོན་མདུན་དུ་བདག་པོ་གསུམ༔ གྲི་ལྕགས་དག་ལ་བྱས་པ་གཟུག༔ བང་རིམ་དང་པོར་གཤེད་བཞི་བསྐོར༔ གཉིས་པར་མོན་བདུད་བཀོད་པར་བྱ༔ གསུམ་པར་འཆི་བདག་བཅུ་གཉིས་བཀོད༔ བཞི་པར་སྒོ་སྲུང་བཞི་འགོད་དོ༔ གྲི་ལྕགས་དུག་ཤིང་གང་རུང་ལ༔ ཕུར་བུ་རྩེ་སོར་བཞི་པ་བྱ༔ ལིངྒ་སེན་གང་རེ་ལ་གདབ༔ བང་རིམ་ཕྱི་ནང་ལོགས་དག་ན༔ དྲག་པོའི་ཨྱཻ་རིང་སྔགས་རྒོད་བྲི༔ སྟོབས་ཆེན་རྫས་ཀྱིས་ལེགས་པར་བྱུག༔ ཅེས་གསུངས་པའི་གནད་ཀྱང་ཤེས་པར་བྱའོ། །ཡང་འོག་གི་ས་སྟེགས་སོགས་ཀྱི་ནང་དུ་བྲུབ་ཁུང་གི་ཚད་ནི། སྔ་མ་ལས། བྲུབ་ཁུང་གསུམ་ནི་འདི་ལྟར་ཡིན༔ རྒྱ་དཔངས་སོར་མོ་བཅུ་གཉིས་པ༔ གདེངས་ཀ་ཆེ་བ་གྱེན་དུ་བསྟནཿ ནང་དུ་གྲུ་གསུམ་བང་རིམ་བཅའ༔ ཕྱི་ལ་ཞེ་སྡང་མེ་ལྕེ་རིས༔ རྩང་སོར་བཞི་པ་སྲིན་མོ་འགྲོས༔ དུག་ཁྲག་གུ་གུལ་ནག་པོས་བྱུག༔ དེ་ནི་བྲུབ་ཁུང་གསལ་སྒྲོན་ཡིན༔ ཞེས་པ་ལྟར་བཅའ་ཞིང་། བྲུབ་ཁུང་གསུམ་གྱི་འོག་མར་མུན་དམག་བསྡུ་བ། གཏད་ཟློག །བྱས་པ་བཤིག་པ་རྣམས་དང་། བར་མར་གཤེད་པོ་ལས་རྒྱལ། སྟེང་མར་ཞལ་དབྱེའི་ཐོད་པའོ། །འོན་ཀྱང་བྲུབ་ཁུང་འོག་མ་གཉིས་དཔངས་སོར་བརྒྱད་ཙམ་དང་། བྲུབ་ཁུང་སྟེང་མ་རྒྱར་སོར་མོ་ཉི་ཤུ་ཙམ་བཏང་ན་འགལ་བ་མེད་ཅིང་ལག་ལེན་བདེའོ། །དེར་མ་ཟད་མུན་དམག་བསྡུ་བ་ས་སྟེགས་ཀྱི་འོག་དོང་གྲུ་གསུམ་ཐུར་དུ་བྲུས་པར་མནན་པའང་བཤད་དོ། །མཆོད་རྟེན་གྱི་བར་ཐོག་སོ་སོའི་དབུས་བུག་པ་ཟུར་གསུམ་དུ་ཕུག་པར་སྲོག་ཤིང་གྲི་མདའ་ཐལ་མར་གཏོང་ཞིང་། ཆ་ཚད་འདི་ལ་གྲི་མདའ་ཚད་ལྡན་གྱི་ལྟོང་ལ་མཁའ་ལྡིང་སྟེ་ཆར་ཁེབས་རྩེ་ནས་བཏང་བ་སེང་ཁྲིའི་སྨད་དུ་སླེབ་ཙམ་དང་། གནོད་སྦྱིན་ར་ཐོད་ཀྱི་འཁོར་ལོ་བཅའ་ཚེ་མདེལ་རྩེ་ཀླད་ཁུང་དུ་ཚུད་ཙམ་དགོས་ཤིང་། མཆོད་རྟེན་ལ་ཉི་ཟླའི་ཏོག་སོགས་མ་བཅས་པར་བྱ་ཁྱུང་ཙམ་བཀོད་པའི་སྐབས་མདའ་ལྟོང་ཕྱོགས་ནས་སོར་བཞི་ལྔ་ཙམ་མཁའ་ལྡིང་ནང་དུ་ཚུད་པར་བྱའོ། །འཇམ་དཔལ་ཚེ་བདག་ལྕགས་འདྲའི་མཆོད་རྟེན་གྱི་ཐིག་རྩ་དང་རྒྱན་བཀོད་ཀྱི་ཟིན་བྲིས་གསལ་བར་བཀོད་པ་གནད་ཀྱི་སྒྲོན་མ་ཨི་ཐི། གུ་ཧྱ། པད༵་རྩ་ལྟར་དཀར་འོད་ལྡན་མ༵་རིག་གཤེད། །འ༵གྱུར་མེད༵་ཟབ་དོན་ཟླ་བ་འདི་ཤར་ཚེ། །རྒྱ༵་མཚོ༵འི་ཕ་མཐར་གནས་པའི་བདུད་ཚོགས་ཀུན། །མཐར་བྱེད་དྲག་པོའི་གར་གྱིས་སྲིད་གསུམ་གནོན།། ༈ །།ན་མོ་མཉྫུ་ཤྲཱི་ཡེ། འདིར་འཇམ་དཔལ་ཚེ་བདག་ལྕགས་འདྲའི་སྟོབས་ཆེན་མཆོད་རྟེན་ལ་ཉེ་བར་མཁོ་བའི་རྫས་ཐེམས་པྲ་ཁྲིད་ལ། དང་པོར་མཆོད་རྟེན་གྱི་ཐིག་གི་སྐབས་དྲག་པོའི་སྲད་བུ་ཁ་དོག་ལྔ་ལྡན། ཐིག་ཆལ་དུར་སོལ་ཐལ་ཆེན་ཁྲག་སྣ་བསྲེས་པ། ལས་སྦྱོར་གྱི་སྐབས་རང་སྲུང་གི་རྫས། ཅུ་གང་། མུ་ཟི། བཙན་དུག །གླ་རྩི། ཤུ་དག་ནག་པོ་སྟེ་བྱུག་རྫས་ལྔ། ཡང་གོང་གི་སྨན་ལྔ་དང་། པུ་ཤུད་ཀྱི་སྒྲོ། གླ་བའི་མཆེ་བ་རྣམས་ལུས་ལ་འདོགས། བགེགས་བསྐྲད་སོགས་སྤྱིའི་ཐུན་རྫས། གུ་གུལ། རྒྱ་ཚིལ། མུ་ཟི། བོང་ཚིལ། རྟ་ཁྲག །མངལ་ཁྲག །མཛེ་ཁྲག །ཡུངས་དཀར་ནག །སྐྱེ་ཚེ། གྲི་ལྕགས་བདར་བ་རྣམས། མཆོད་རྟེན་ནག་པོའི་རྫས་ལ། རྟེན་འབྲེལ་འགྲུབ་པའི་རྒྱུར་ལྷ་ཁང་དང་མཆོད་རྟེན་བྱིན་ཅན་གྱི་ས། དགྲའི་ལྷ་ལྔ་ཟིལ་གྱིས་གནོན་པའི་རྒྱུར། ཕུང་ཤུལ། མི་བསད། གཡུལ་བཀྱེ་རྣམས་ཀྱི་ས་དང་། རོ་བསྲེགས་པའི་ས་རྡོ་སོལ་བ། དུར་ཁྲོད་གཉན་པོའི་ས། ངག་མནན་ཕྱིར། གྲི་ཁྲག །དུག་སྣ། གྲོག་མཁར་གྱི་ས། རང་གཤེད་དུ་དབབ་ཕྱིར། ཁྲོ་ཞུན་ཚེ་ཞེས་པ་གནམ་ལྕགས་བདར་ཕྱེ། གྲི་ལྕགས་དང་མཚོན་ཆ་བདར་ཕྱེ། ར་དུག །རེ་ལྕག ཨ་ཤོ་ཀནྡ་སྟེ་སྤྲུ་ནག །དུག་སྣ། ཁྲག་སྣ། བརྟན་པ་དང་སྲ་ཕྱིར། ཤོག་འདག །ས་སྤྱིན། མཚེའི་ཁུ་བ་རྣམས་སོ། །བྲུབ་ཁུང་དང་རྩང་སོགས་ཀྱི་རྫས་སྤྱི་མཐུན། འཁོར་ལོའི་རྫས་ལ། དང་པོ་མུན་དམག་བསྡུ་བའི་འཁོར་ལོའི་རྫས་ལ། བྲི་གཞི་དུག་ཤོག །ལིངྒ་གསུམ་ལ་དྲི་མ་དྲུག་གང་རྙེད། སྡིག་པ་གསུམ་གྱི་ནག་པོ་ལ་དུག་སྣ། དམར་པོ་ལ་ཁྲག་སྣ། སྔོན་པོ་ལ་གྲི་ལྕགས་ཀྱི་ཕྱེ་བྱུག །ལྕགས་སྡིག་ནས་བཤད་པའི་གཏད་ཟློག་ལ། བྲི་གཞི་རོ་རས། དུག་ཤོག །རྒྱ་ཤོག་རྣམས་གང་རུང་། བྱུག་རྫས། དུག་ཁྲག །ཁྱད་པར་སྦྲུལ་གྱི་ཁྲག །ཀླུ་གནས་ངེས་པའི་ཆུ། ཁྱད་པར་གྱི་ཐུན་རྫས། དུག་ཁྲག་ངར་བླུད་པ་གྲི་རྐང་གི་གཟར་བུས་བྲབ། ལྕགས་སྡིག་ནས་བཤད་པའི་བྱས་པ་བཤིག་པ་ལ། བྲི་གཞི་གོང་འདྲ་ལ་ཐོག་མར་བྱུག་རྫས་དུག་ཁྲག །སྦྲུལ་ཤ །ཞ་ཉེའི་རྡོ་རྣམས་ཆུ་ལ་སྦྱར། སྨྱུག་གུར་བྱུག་རྫས་གྲི་རུས་ཕྱེ་མ། གཤེད་པོ་ལས་རྒྱལ་སྤྱི་མཐུན། འཆི་བདག་ཞལ་དབྱེའི་ཐོད་པ་སྦྲམ་པོ་མ་རྙེད་པར་སྐྱ་ཡོལ་ཙམ་ལ་བརྟེན་ཚེ། མོན་ནམ། རབས་ཆད་ཕོ་མོའི་བྷནྡྷ་ཁ་སྦྱོར་གྱི་ཕོ་ཐོད་ལ་གཤིན་རྗེའི་གཟུགས་རི་མོར་བྲི་ཞིང་ལྟེ་བར་ཐུན་བུག་བརྟོལ། སྟོང་སྲོག་འཁོར་ལོའི་ཐུན་རྫས། དུག་སྣ། མི་རྟ་ཁྱི་ཕག་བཞིའི་ཁྲག །ལྕགས་ཟངས་རྡོ་ཕྱེ་གསུམ། སྐྱེ་ཚེ། ཤང་ཚེ། ཇུ་ཚེ། ཡུངས་དཀར་ནག་རྣམས་ར་རུར་བསགས། སྒྲོན་དྲུག་ལིངྒའི་བྱུག་རྫས་ལ་ཕ་རོལ་པོའི་དྲི་ཆེན། དྲི་ཆུ། མཆིལ་སྣབས་གཉིས། སྐྲ་ཤད་དང་གོས་དུམ་གཉིས། རྐང་རྗེས་ཀྱི་ས། ཁང་ཞིང་གི་ས་སྟེ་དྲི་མ་དྲུག་སོགས་སྤྱི་མཐུན་གང་རྙེད། ཐུན་གྱི་རྫས། སློབ་མ་དམ་ཉམས་ལ། གུ་གུལ། མངལ་ཁྲག །དུག་སྣ་རྣམས། བོན་པོ་ལྷ་ཆགས་ལ། བོང་ཁྲག མཛེ་ཁྲག །རིམས་ཁྲག །མནོལ་ཁྲག །གུ་གུལ། ཁྱི་ལུད་རྣམས། ཨུརྨོ་མཁན་ནང་འགྲས་ལ་སྤྱི་མཐུན། བཙད་པོ་བསད་པ་ལ། གྲི་ལྕགས་བདར་ཕྱེ་དང་དུག་སྣ། དམ་ཚིག་གཅིག་པའི་སྔགས་པ་ལ། དམེ་ཁྲག །རིམས་ཁྲག །སྡིག་པའི་ཁྲག །སྦལ་པའི་ཁྲག་རྣམས། དམ་འདྲེས་སྤྱིའི་སྤུན་ལ། དུར་ཁྲོད་ཀྱི་ས། ཁྲིམས་འཆལ་དང་། གླང་གི་ཁྲག །མཛེ་ཁྲག་རྣམས་ཏེ། དེ་ཐམས་ཅད་ཀྱང་སྔགས་ཀྱིས་ངར་བཏགས་པའི་ཡུངས་དཀར་ནག་དང་བསྲེས་ནས་བྲབ། མཐའ་སྡུད་ཀྱི་མནན་སྣོད། བཙད་པོ་ལ་སྤྱང་ཐོད། གཞན་རྣམས་ལ་མོན་ནམ་རབས་ཆད་ཀྱི་ཐོད་པ། མ་རྙེད་ན་སྤྱི་འགྲེའོ། །རྫས་དམིགས་བསལ་མེད་པ་ཀུན་གྱི། དྲག་སྔགས་དང་སྤེལ་ཚིག་རྣམས་ལ་དུག་ཁྲག་དང་ཕ་རོལ་པོའི་མིང་ཡིག་སོགས་ལ་དྲི་མ་དྲུག་གིས་བྱུག །ཐུན་ཕུར་གྱི་རྒྱུ་གྲི་ལྕགས། ཐུན་ཐག་ཚོན་སྐུད་སྣ་ལྔ་ལ་རོ་སྐྲ་བསྲེས་པ། བཤིག་པ་བྱ་ཁྱུང་སོ་བདར་གྱི་འཁོར་ལོའི་ཨྱཻ་རིང་སོགས་ལ་དྲི་བཟང་དང་སྤུ་གྲི་སྤེལ་ཚིག་བཅས་པར་དུག་ཁྲག་བྱུག །དམིགས་བསལ་མེད་པའི་ལས་སྦྱོར་གྱི་ཐུན་རྫས། ཡང་གསང་ཐུན་ལ་བརྟེན་ནས་བསད་པ་ལྟར་བསགས་ན་སྐབས་སུ་བབས་ཤིང་། དེ་ལྟར་ན། ཡུངས་ནག །དུག་སྣ། ཟི་ར་ནག་པོ། ཏིལ་ནག །སྐྱེ་ཚེ། ཤང་ཚེ། མི་ཁྲག །ར་ཁྲག །ཁྱི་ཁྲག །ཕག་ཁྲག །ལྕགས་ཕྱེ། ཟངས་ཕྱེ་རྣམས། བྱེ་བྲག་ལྷ་ལྔ་རང་གཤེད་དུ་འབེབས་པའི་རྫས། ཕོ་ལྷར། ཉུངས་ནག་དང་ཟི་ར། སྲོག་ལྷར། སྐྱེ་ཚེ་དང་ཤང་ཚེ། མོ་ལྷར། ར་ཁྱི་ཕག་གསུམ་གྱི་ཁྲག །ཞང་ལྷར། ལྕགས་ཟངས་ཕྱེ། ཡུལ་ལྷར། གུ་གུལ་དང་རྡོ་ཕྱེ། ཡང་ལྷ་དབྱེའི་རྫས་ལ། རྟ་བོན་པ། གུ་གུལ། མཛེ་ཕོའི་ལྷམ་འབོག ཡུགས་སའི་ཞབས་མ། མུ་ཟི། ཁྱི་ལུད་རྣམས་ཏེ། རྫས་དེ་རྣམས་སྒྲུབ་ཁང་ནང་དུ་གཏང་བར་མི་བྱའོ། །དེའི་སྟེང་ལྷ་ལྔ་སོ་སོའི་སྐྱོབ་རྟགས་བྱུང་ན་ལྷ་དབྱེའི་རྫས་གོང་གསལ་ཐོག །ཁྱད་པར་གྱི་རྫས་དང་དྲག་སྔགས་སྔགས་གཞན་དུ་བཤད་པ་ལྟར་ཆོག་གོ །དེ་རྣམས་ནི་དྲག་རྫས་གཙོ་ཆེ་བའི་སྐོར་རོ། །ཡང་མཆོད་རྟེན་གྱི་ལྷ་ཚོགས་རྣམས་ལ་སོ་སོའི་སྔགས་དང་། གནས་གསུམ་དུ་ཡིག་འབྲུ་གསུམ་དྲི་བཟང་དང་ཆོས་སྨན་གྱིས་བྱུག །བྲེ་ཡན་ཆད་དུ། དེ་བཞིན་གཤེགས་པའི་རིང་བསྲེལ་དང་། སེལ་མེད་བྱིན་རྟེན་སྣ་ཚོགས་སོགས་སྤྱི་མཐུན་ནོ། །འཇམ་དཔལ་ཚེ་བདག་ལྕགས་འདྲའི་སྟོབས་ཆེན་མཆོད་རྟེན་ལ་མཁོ་བའི་ཁྱད་པར་གྱི་རྫས་གཙོ་གྱུར་གྱི་རྫས་ཐེམས་འགའ་ཞིག་ཟིན་བྲིས་སུ་བསྡེབས་པ་གནད་ཀྱི་སྒྲོན་མ་ཨི་ཐི། གུ་ཧྱ། པད༵་འབྱུང་བླ་མ༵་མཆོག་དང་ཡང་དབང་གི །ཐུགས་ཀྱི་ཉིང་ཁུ་འ༵གྱུར་མེད༵་འདི་སྒྲུབ་ན། །གསང་སྔགས་རྟེན་འབྲེལ་གནད་དུ་ཆེ་བའི་ཕྱིར། །རྫས་ཐེམས་རྒྱ༵་མཚོ༵འི་སྙིང་པོའི་ཡང་བཅུད་བསྡེབས།། ༈ །།ན་མོ་མཉྫུ་ཤྲཱི་ཡེ། འདིར་འཇམ་དཔལ་ཚེ་བདག་ལྕགས་འདྲའི་སྟོབས་ཆེན་མཆོད་རྟེན་ཇི་ལྟར་བྱ་བའི་ཆོ་གའི་པྲ་ཁྲིད་ལ། བསྙེན་སྒྲུབ་ལས་རུང་གི་སྔགས་པས་གདུག་པའི་དུས་གནད་དང་རྗེས་སུ་འབྲེལ་བར། ལས་སྦྱོར་གྱི་འཁོར་ལོ་ཐམས་ཅད་ལ་ལིང་ཁྲུས་དང་འབྲེལ་བའི་སྤྱོད་པ་སྤྱི་ལྟར་བྱས་རྗེས། ལས་གཞུང་སྔོན་དུ་འགྲོ་བས་ཚོགས་མཐའ་མ་དང་འབྲེལ་བར་བསྐུལ། གསེར་སྐྱེམས། གཟུ་དཔང་། བྲུབ་ཁུང་བསྐྱེད་ཆོག །དགུག་གཞུག །མོན་པའི་བསྐུལ། བླ་འགུག །ལྷ་དབྱེ། ཐུན་བྲབ་རྣམས་གཏོར་ཟློག་སྐབས་བཞིན་ལས་ཁྱད་པར་མུན་དམག་བསྡུ་བའི་ཐུན་སྔགས་ནི། ཨྱཻ་མྱགས་ཡ་རྔུབས་མུག་ཤག་ཀ་དུན། རཱ་ཏྲི་ར་ཁྲག་སྲོག་ལ་ཡཾ་ཡཾ་ཏྲི་ལིང་དགྲ་བོའི་སྲོག་སྙིང་ལ་ཤག་རྦད། ཨེ་ཀ་ཡ་མ་སྲོག་ལ་ཧུར་ཐུམས་གཟིར་ནན་དགྲ་བོའི་སྙིང་ལ་ཤག་རྦད། ནག་པོ་ནཱ་ག་བེ་ཏ་སྲོག་ལ་ཛཿཛཿནྲྀ་ཧུར་ཐུམས་དགྲ་བོའི་སྙིང་ལ་རྦད། ཅེས་ཅི་མང་བཟླས་ལ་ཁྲག་དུག་ཡུངས་དཀར་ཐུན་གྱིས་འཁོར་ལོ་འོག་མའི་ལིངྒ་ལ་བྲབ། དེ་རྗེས་འཁོར་ལོ་གོང་མ་བཀབ་པ་སོགས་ཆས་སུ་བཅུག་ལ། ཧཱུྃ། ཉོན་མོངས་ལས་ཀྱི་རུ་དྲ་འདི། །མ་རིག་མུན་པའི་སྨག་རུམ་དུ། །དུག་གསུམ་སྟོབས་ཀྱིས་གནོན་མཛད་པ། །འཆི་བའི་བདག་པོ་ཚེ་དང་སྲོག །གསང་བ་གཤེད་ཀྱི་ལྷ་ཁྱོད་ཀྱིས། །རང་གཤེད་ནག་པོའི་ལས་མཛོད་ཅིག །ཨེ་བམ་རམ་ཡམ་ཁམ་ཤིག་ཙིཏྟ་གཏུབས། ཆེ་གེ་མོ་སས་རྟིབས། མེས་ཚིག །ཆུས་བསྐུར། རླུང་གིས་གཡེང་། ཁ་རི་བ་ལྟག་རྣ་རི་ཅི་རི་ཏིག །ཁས་ཁས་ཡེན་ཡེན་དགྲ་བོ་མཱ་ར་ཡ་ནན། ཞེས་མནན་བརྡུང་ངོ་། །སྨིན་སློབ་ཞག་སྦྲེལ་གྱི་ཚེ་ཇི་ཙམ་འོས་པ་དང་། སྤྱི་ཙམ་དུ་ནུབ་དང་པོའི་བྱ་བའོ། །ལྕགས་སྡིག་ནས་བཤད་པའི་གཏད་ཟློག་ལ། ལས་གཞུང་བསྲང་བ་སོགས་གོང་བཞིན་ལས་ཁྱད་པར་ཐུན་སྔགས་ནི། ཉིན་མོའི་དུས། བདག་ཉིད་ཟིལ་གནོན་དུ་གསལ་བའི་སྤྱི་བོའི་བྱ་ཁྱུང་ལས་འོད་ཟེར་འཕྲོས་འཁོར་ལོ་གཉིས་ལ་ཕོག །ཕྱི་ནང་གི་རྩིབས་གཉིས་ཀྱི་འཁོར་ལོ་འོག་མ་གཡས་དང་སྟེང་མ་གཡོན་དུ་འཁོར་བའི་བར་དུ་དམིགས་བྱ་རྣམས་དམར་འདུར་འདུར་བཅོམ་པ་ཀླུ་བདུད་ཕོ་མོའི་ཞལ་དུ་གསོལ། གཞན་ཡང་འཁོར་ལོར་བཀོད་པའི་སྡིག་སྦྲུལ་སྦལ་པ་དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཁོ་རང་གི་ལྷ་སྲུང་དང་བཅས་པས་བསད་བཅད་གཏུབས་ཏེ་རྡུལ་དུ་བརླགས་པར་བསམ་ལ། འཁོར་ལོ་ལ་བཀོད་པའི་ཕོ་སྔགས་དྲག་ཏུ་བཟླ་ཞིང་ཐུན་གྱིས་བྲབ། མཚན་མོ་སྔར་བཞིན་ལས་ཁྱད་པར། བདག་ཉིད་ཟིལ་གནོན་དུ་གསལ་བའི་ཐུགས་ཀའི་རུས་སྦལ་ལས་འོད་ཟེར་སྤྲོ་བ་དང་། འཁོར་ལོ་གོ་ཟློག་ཏུ་བསྐོར་ཞིང་། འཁོར་ལོ་ལ་བཀོད་པའི་མོ་སྔགས་བཟླ་ཞིང་བྲབ། ལྕགས་སྡིག་གི་བྱས་པ་བཤིག་པ་ལ། གཞན་སྔར་བཞིན་ལས་ཁྱད་པར། བདག་ཉིད་ཟིལ་གནོན་དུ་གསལ་བའི་སྙིང་གའི་ཕྱག་རྡོར་གྱི་ཐུགས་ཀ་ནས་འོད་ཟེར་དམར་ནག་འཕྲོས། འཆི་བདག་ཕོ་མོ་ལ་ཕོག་པས་རྒྱུད་བསྐུལ། འཁོར་ལོའི་སྡིག་པ་བཞིའི་ལུས་ཀྱི་ཡིག་འབྲུ་བཞི་ལས་འོད་ཟེར་འཕྲོས། ཨྱཻ་མྱགས་འབྲུ་བརྒྱད་ལ་ཕོག །དེའི་འོད་ཟེར་གྱིས་དྲེགས་པ་སྡེ་བརྒྱད་བཀུག །དེ་དག་སྤྲུལ་པ་ཡང་སྤྲུལ་དང་བཅས་པ་རྣམས་དང་། ཕོ་མོའི་འཁོར་ལོ་གཉིས་གཡས་གཡོན་དུ་འཁོར་བའི་བར་དུ་བྱད་མ་རྡུལ་དུ་བརླགས་པར་བསམ་ལ། ཨྱཻ་ཀ་ཧེ་དུན་སོགས་སྐུ་སྔགས། ཡ་མ་རཱ་ཛ་སོགས་ཉིན་བཞི། ཨྱཻ་མྱགས་སོགས་གསུང་སྔགས་སྦྲེལ་བའི་མཐར་བཛྲ་ཀྲོ་དྷ། ཞེས་པ་ནས། སརྦ་ཤ་ཏྲུན་སཏྭམྦྷ་ཡ་ནན། ཞེས་པའི་བར་འཁོར་ལོའི་སྔགས་རྣམས་དྲག་ཏུ་བཟླ་ཞིང་བདུད་བཞི་སློང་བའི་དམིགས་གནད་དང་སྦྱར་ཏེ་ཐུན་གྱིས་བྲབ། དེ་ལྟར་གཏད་ཟློག་དང་བྱས་པ་བཤིག་པ་གཉིས་སོ་སོར་ཞག་རེ་སོགས་ཅི་ནུས་བསྒྲུབས་ལ་མནན་པའི་ཚེ། ཧཱུྃ་ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ ཞེས་པ་ནས། རང་གཤེད་དབབ་པའི་ཕྲིན་ལས་མཛོད༔ ཅེས་པའི་བར་བརྗོད་རྗེས་བྲོ་བརྡུང་ངོ་། །གཤེད་པོ་ལས་རྒྱལ་ལའང་གཞན་སྔར་བཞིན་ལས། ཁྱད་པར་ཐུན་སྔགས་ནི། འཁོར་ལོའི་ཕྱིའི་གཤིན་རྗེའི་གཟུགས་མངོན་སུམ་ལྟ་བུར་གྱུར་པའི་ལྟོ་ནང་དུ་དམིགས་བྱ་ཐར་མེད་དུ་ཚུད་པ་ལ་བདུད་བཞི་སྡིག་པ་བཞིའི་རྣམ་པས་གཡེང་ཞིང་རྡུལ་དུ་བརླགས་པར་བསམ་ལ། ཡ་མ་རཀྨོ་རཀྴ་ཞེས་སོགས་འཁོར་ལོ་ལ་བཀོད་པའི་དྲེགས་པའི་སྔགས་རྣམས་མང་དུ་བཟླས་ལ་ཐུན་གྱིས་བྲབ། མཐར་མནན་པའི་ཚེ། ཧཱུྃ་ ལྔ་བརྒྱ་དུས་ཀྱི་སོགས་གོང་ལྟར་རོ། །དེ་ནས་སྐབས་འདིར་འཆི་བདག་ཞལ་དབྱེའི་ནང་གི་འཁོར་ལིང་སོགས་ལ་འགུགས་འདྲེན་ལྷ་དབྱེ་རྣམས་སྔོན་དུ་འགྲོ་བས་ལག་ལེན་ལྟར་བར་བཅས་རྣམས་ཚུལ་བཞིན་བསྒྲིགས། དེ་ནས་མཆོད་རྟེན་གྱི་སྟོད་སྨད་བར་གསུམ་གྱི་ཆ་རྣམས་དུམ་བུར་བཀོད་པ་ལ་ལྷ་སོ་སོའི་བཞུགས་གསོལ་གྱི་སྨྲེང་རྣམས་བརྗོད་བཞིན་དུ་བཀོད་ནས་གཅིག་ཏུ་བསྒྲིགས་ཀྱང་རྣམ་པ་གསལ་མོད། འོན་ཀྱང་ལག་ལེན་བདེ་བའི་ཕྱིར་ལྷའི་རྟེན་རྣམས་སྟེགས་བུ་ཁེབས་ལྡན་གྱི་ཁར་བཞུགས་ཚུལ་དང་མཐུན་པར་བཀོད་པ་ལ། སྦྱང་ཁྲུས་སྔོན་དུ་འགྲོ་བས་ལས་བྱང་ལྟར་ལྷ་བསྐྱེད་བསྟིམ་མཆོད་བསྟོད་རྣམས་བྱས་རྗེས་མཆོད་རྟེན་གྱི་བཅས་རྫོགས་པར་བསྒྲིགས་ལ་གནས་སུ་བཀོད་པའི་གྱེར་དབྱངས་ཀྱིས་ལྷ་ཚོགས་རྣམས་བཞུགས་སུ་གསོལ་བ་ནི། ཧཱུྃ། རྣལ་འབྱོར་ཆོས་ལ་དགྲ་བྱུང་གིས། །རྫོགས་པའི་སངས་རྒྱས་ར་མདའ་ཟློག །གཟུ་དང་དཔང་དུ་དཀོན་མཆོག་བཞུགས། །དཀོན་མཆོག་གསུམ་གྱིས་བྱིན་གྱིས་རློབས། །ཞེས་ཆོས་འཁོར་གྱི་གཟུངས་རྣམས་གཞུག །དེ་ནས་ལྷ་རྣམས་ལ་རིམ་བཞིན། ཧཱུྃ། ཀླུ་འབུམ་གཉན་ཁྲི་ཕྱོགས་སྐྱོང་མ་ཧེའི་སྟེང་། །ཐབས་དང་ཤེས་རབ་ཉི་ཟླའི་གདན་སྟེང་དུ། །ནག་པོ་ཆེན་པོ་དུག་ཆེན་འཁྱིལ་འདྲའི་སྐུ །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨེ་དུན་ཀ་ཡཾ། ས་མ་ཡ་ཏིཥྛ་ལྷན། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །དྲག་པོ་ཨེ་ཡི་གཞལ་ཡས་ན། །སྲོག་བདུད་གཤིན་རྗེ་ནག་པོ་ནི། །ནག་པོ་དུག་ཆེན་འཁྱིལ་འདྲའི་སྐུ །དབུ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད། །ཕྱག་དྲུག་མཚོན་ཆས་དགྲ་བགེགས་སྒྲོལ། །སྐུ་ལ་དུར་ཁྲོད་རྒྱན་དང་ལྡན། ཁྲོ་རྒྱལ་ཐམས་ཅད་ཟིལ་གྱིས་གནོན། །དྲེགས་པ་ལྷ་སྲིན་རྡུལ་དུ་རློག །དམ་ཉམས་དགྲ་བོའི་གཤེད་མ་མཛོད། །ཨྱཻ་མྱགས་ཡ་རྔུབས་མུག་ཤག་ཀ་དུན། དགྲ་བོའི་ཙིཏྟ་ལ་ཧུར་ཐུམས་ཛཿ སྲོག་ལ་དུན་རྨུགས་བྲེང་ཤག་རྦད། ཅེས་སྲོག་ཤིང་ཟིལ་གནོན་དུ་བསམ་མོ། །ཧཱུྃ། སྲིན་པོ་ཡ་མ་རཱ་ཛའི་སྐུ །སྨུག་ནག་བེ་ཅོན་ཙཀྲ་བསྣམས། །དམ་ཉམས་དགྲ་བོའི་གཤེད་མ་མཛོད། །ཡ་མ་རཱ་ཛ་ས་དོ་མེ་ཡ། དགྲ་བོའི་སྲོག་ལ་དུན་རྨུགས་རྦད། གཤིན་རྗེ་མྱོས་བྱེད་འབར་བའི་སྐུ །སེར་ནག་བེ་ཅོན་འཁོར་ལོ་བསྣམས། །དམ་ཉམས་དགྲ་བོའི་གཤེད་མ་མཛོད། །ཡ་མེ་དོ་རུ་ཎ་ཡོ་ད་ཡ། དགྲ་བོའི་སྲོག་ལ་ཁམ་ཤག་རྦད། བདུད་པོ་ཨཱརྻ་མ་རུའི་སྐུ །དམར་ནག་བེ་ཅོན་འཁོར་ལོ་བསྣམས། །དམ་ཉམས་དགྲ་བོའི་གཤེད་མ་མཛོད། །ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། དགྲ་བོའི་སྲོག་ལ་བྲེང་ཤག་རྦད། གནོད་སྦྱིན་རལ་པ་ཚར་དགུའི་སྐུ །ལྗང་ནག་བེ་ཅོན་འཁོར་ལོ་བསྣམས། །དམ་ཉམས་དགྲ་བོའི་གཤེད་མ་མཛོད། །ཡ་ཀྵེ་ཡཙྪ་ནི་རཱ་མ་ཡ། དགྲ་བོའི་སྲོག་ལ་ཡམ་ཤག་རྦད། ཧཱུྃ། དུང་གི་མོན་པ་སེང་གེའི་མགོ །ལྕགས་ཀྱི་མོན་པ་སྟག་གི་མགོ །བསེ་ཡི་མོན་པ་དྲེད་ཀྱི་མགོ །གསེར་གྱི་མོན་པ་ཁྱུང་གི་མགོ །སྤྲུལ་པ་ལས་ཀྱི་སྲོག་གཤེད་བཞིས། །དམ་ཉམས་དགྲ་བོའི་གཤེད་མ་མཛོད། །ཀཱ་ལི་དུན་ཏིང་ཙིཏྟ་རོ་མྱགས་རྦད། ཧ་ལ་ཧ་ལ་དུན་ཏིང་ཙིཏྟ་རོ་མྱགས་རྦད། རཀྴ་དུན་ཏིང་ཙིཏྟ་རོ་མྱགས་རྦད། ཀརྨ་བྷ་ཏི་དུན་ཏིང་ཙིཏྟ་རོ་མྱགས་རྦད། ཧཱུྃ། ཧེ་ལེ་ཁྱབ་པ་ཤར་གྱི་བདུད། །ནག་པོ་འཛུམ་མེད་ལྷོ་ཡི་བདུད། །སོ་བདར་འཁྲིགས་པ་ནུབ་ཀྱི་བདུད། །རལ་པ་སྤྱིར་བཅིངས་བྱང་གི་བདུད། །ལས་ཀྱི་བདུད་པོ་ཆེན་པོ་བཞིས། །དམ་ཉམས་དགྲ་བོའི་གཤེད་མ་མཛོད། །རུ་དྲ་རུ་ཐུམས་བྷ་ཏི་སྲོག་ལ་ཐུར་ཐུར་མཱ་ར་ཡ། ཧཱུྃ། ལྕགས་མཁར་འབར་བ་བཅུ་གཉིས་ལ། །འཆི་བདག་བདུད་ཀྱི་བདུད་ཆེན་པོ། །འཇིགས་བྱེད་ཆེན་པོ་འཇིགས་པའི་གཟུགས། །གདུག་པ་དུག་གི་ཁ་རླངས་ཅན། །འབར་བ་གཏུམ་པོ་ཚོགས་ཀྱི་བདག །སྤྱན་གསུམ་ལྡོག་པའི་སྡང་མིག་སྒྱུར། །ཞལ་བགྲད་འབར་བའི་མཆེ་བ་གཙིགས། །ལྕེ་རྐྱང་མཆུ་ནི་ཁྲག་གིས་བརླན། །སོ་རྣོ་ལག་པ་ཁྲག་གིས་དམར། །ཟངས་གྲི་ཞགས་པ་ནག་པོ་དང་། །གདུག་པའི་མཚོན་ཆ་མང་པོ་འཛིན། །སྙིང་རྗེ་མེད་པར་གསོད་བྱེད་པ། །རྔམས་ཤིང་གཏུམ་པའི་ཚོགས་བཅས་ཀྱིས། །དམ་ཉམས་དགྲ་བོའི་གཤེད་མ་མཛོད། །ཀྲྀཥྞ་ཛ་མ་རི་དགྲ་བོའི་ཙིཏྟ་བྲེང་ཤག་ཛཿསྲོག་ལ་ཧུར་ཐུམས་རྦད། ཧཱུྃ། སྲོག་བདག་དཀར་པོ་སྙིང་འབྱིན་དང་། །མ་ཧཱ་ཀཱ་ལ་འཇིགས་པའི་སྐུ །བདུད་པོ་ཡབ་རྗེ་ནག་པོ་དང་། །གནོད་སྦྱིན་སྐུ་མཆོག་དམར་པོ་བཞི། །དྲག་པོ་ལས་ཀྱི་སྒོ་བཞི་ནས། །དམ་ཉམས་དགྲ་བོའི་གཤེད་མ་མཛོད། །ཏྲི་ཙ་པ་ལ་ཨ་ཤུག་མེ་དགྲ་བོའི་སྲོག་ལ་ཐུམས་རིལ་རྦད་བྷྱོ། མཱ་ར་ཡ་རྦད་ནན། མ་ཧཱ་ཀཱ་ལ་ཡ་ཐུན་རྦད་བྷྱོ། མཱ་ར་ཡ་རྦད་བྷྱོ། ཞེས་བསྐུལ་ལོ། །མཆོད་རྟེན་རབ་ཏུ་གནས་པའི་ཆོ་ག་ནི། ཨྱཻ་མྱགས་འབྲུ་བརྒྱད་ཀྱི་མཐར་རྟེན་འབྲེལ་སྙིང་པོ་བཏགས་པ་ཉི་ཤུ་རྩ་གཅིག་བཟླས་ལ། བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་བཀའ་བདེན་པ་འགྲུབ་གྱུར་ཅིག །ཅེས་མེ་ཏོག་དོར་ཞིང་ཕྱག་དང་བསྐོར་བ་ལན་གསུམ་གསུམ་དུ་བྱའོ། །རྒྱས་པར་སྤྲོ་ན། ཀུན་མཁྱེན་རྒྱལ་མཆོག་ལྔ་པ་ཆེན་པོས་མཛད་པའི་མཆོད་རྟེན་བཅས་ཆོག་གི་རབ་གནས་བྱིན་རླབས་ཉི་མའི་གཟི་འབར་བཞིན་ཤེས་པར་བྱའོ། །མཆོད་རྟེན་གསར་དུ་བཞེངས་པ་ཡིན་ན་སྒྲུབ་པའི་ཆོ་ག་ནི། མཆོད་གཏོར་སོགས་ཡོ་བྱད་ཐམས་ཅད་ཚོགས་པར་འདུ་བྱས་ལ། འོག་ཏུ་ལས་སྦྱོར་གྱི་སྐབས་བཤད་པ་ལྟར་བསྐྱེད་བསྟིམ་མཆོད་བསྟོད་སོགས་དང་འབྲེལ་བར་དྲག་པོར་བཟླ་བའི་དམིགས་གནད་དང་སྦྱར་ཏེ་ཨྱཻ་རིང་བྱེ་ཆུང་གཅིག་ཏུ་བསྙེན་པར་གསུངས་པ་ནི་གོང་མ་དག་གི་ཕྱག་བཞེས་སོ། །ལས་སྦྱོར་གྱི་ཆོ་ག་ཇི་ལྟར་སྒྲུབ་ཚུལ་དངོས་ལ། ཐུན་བཞི་གང་རུང་དུ་བསྐྱེད་པ་ལས་ཉིན་ཞག་རེ་རེ་བཞིན་གྱི་ཐུན་ཐོག་མའི་འགོར་སྐྱབས་མཆོག་བླ་མ་དམ་པས་མཛད་པའི་ལས་བྱང་རྡོ་རྗེའི་མེ་ཕྲེང་བཞིན་བདག་བསྐྱེད་སྔོན་དུ་འགྲོ་བས་མཆོད་རྟེན་ལ་དམིགས་ཏེ། ཨྱཻ་ཨྱཻ་ཨྱཻ། ཨྱཻ་ཉིད་སྟོང་པ་ཆོས་འབྱུང་སྟེ། །མ་སྐྱེས་འགག་པ་མེད་པ་ལས། །རང་བཞིན་གནས་པ་དྲན་པར་བྱ། །མི་འགྱུར་ཆོས་སྐུའི་བདག་ཉིད་ལས། །སྤྲུལ་པའི་གཟུགས་སྐུ་ཅིར་ཡང་སྣང་། །ཀུན་བཟང་བྷ་ག་གསང་བའི་དབྱིངས། །རང་བྱུང་མཆོད་རྟེན་ཆེན་པོར་གྲུབ། །བྱང་ཆུབ་ཕྱོགས་ཆོས་རང་བཞིན་ཅན། །མཚན་ཉིད་ཀུན་ཚངས་བུམ་པའི་དབུས། །ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་། །ཞེས་པ་ནས། སྐུ་ལ་ཁྲོ་རྒྱལ་བཅུ་པོ་རྫོགས། །གཙོ་བོའི་གཡས་གཡོན་རྒྱབ་གསུམ་དུ། །སྐུ་སྤྲུལ་འཆི་བདག་བྱེ་བ་སྔོ། །ཞེས་པ་ནས། ཚེ་བདག་མགོ་དགུ་པ། །དེ་འོག་བང་རིམ་དང་པོའི་ནང་། །གཤེད་པོ་ཡ་མ་རཱ་ཛ་དང་། །ཞེས་པ་ནས། ཚར་དགུ་བཞི། །དེ་འོག་བང་རིམ་གསུམ་པོ་ལ། །སྟེང་ནས་རིམ་བཞིན་མོན་པ་བཞི། །བདུད་བཞི་འཆི་བདག་བཅུ་གཉིས་རྣམས། །རང་རང་ཡུམ་དང་བཅས་པ་འོ། །གདན་ཁྲིའི་ཕྱོགས་ཀྱི་སྒོ་བཞི་རུ། །ཤར་ནས་རིམ་བཞིན་རྒྱལ་པོ་དང་། །མགོན་པོ་བདུད་དང་གནོད་སྦྱིན་བཞི། །གཞན་ཡང་དེ་དག་ཕྱི་རོལ་ན། །ཕོ་གཤེད་མོ་གཤེད་ལ་སོགས་པའི། །ཤ་ཟ་ཀིང་ཀང་མ་མོའི་ཚོགས། །སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ། །དེ་ལྟར་དེ་དག་ཐམས་ཅད་ཀུན། །ཞེས་པ་ནས། མཆོད་པ་རྫོགས་པའི་བར་ལས་བྱང་རྡོ་རྗེའི་མེ་ཕྲེང་བཞིན་བྱས་རྗེས་ཁྱད་པར། བཟླས་པའི་ཚེ། སྤྱང་མོ་དྲུག་དང་། སྤྱི་སྒོས་སྡེབ་ཚུལ་སོགས་སྐབས་དང་སྦྱར་ཞིང་། སྤྱི་ཙམ་དུ་ལྷ་སྲིན་སྟོབས་གཞོམ་པ་དྲེགས་པ་དབང་སྡུད་ཀྱི་དམིགས་གནད་ནི། ལྷའི་སྐུ་དང་ཐུགས་ཀའི་ཡིག་འབྲུ་ལས་སྔགས་ཀྱི་འོད་ཟེར་འཕྲོས་པས་ཡུལ་གང་ལ་བྱ་བ་རང་དབང་མེད་པར་གཟིར་ནས་སྲོག་གི་ངོ་བོའི་ནང་ན་ཡོད་པའི་རྣམ་ཤེས་ཀྱི་ཡིག་འབྲུ་རེ། ཧུར་ཐུམས་ཛཿཞེས་པས་རང་དབང་མེད་པར་འཕྲོགས། ཐུགས་ཀའི་རུས་སྦལ་རྔམ་པའི་ཁྱམས་ནང་དུ་ཨེ་དང་ཀ་ལ་བསྡུས་པར་བསམ་ཞིང་། སྐུ་གསུང་ཐུགས་སྔགས། ཨྱེ་རིང་གི་མཐར་གཟིར་བ་གཡུ་སྤྱང་བཏགས་པ་ཅི་རིགས་བཟླས་རྗེས། བསྟོད་པ་བྱ་བ་ནི། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །ཆོས་སྐུ་མི་འགྱུར་རྡོ་རྗེའི་བདག་ཉིད་ལས། །ཞེས་པ་ནས། བདག་ལ་བྱིན་རློབས་བཀྲ་ཤིས་བསྩལ་དུ་གསོལ། །ཞེས་པའི་བར་བ་སུ་དྷཱ་རས་མཛད་པའི་ཚེ་བདག་ནག་པོའི་མཆོད་རྟེན་གྱི་བསྟོད་པ་བཞིན་དང་། ཨྱཻ། ཆོས་ཉིད་སྐྱེ་བ་མེད་པ་ལས། །ཞེས་སོགས་ལས་བྱང་བཞིན་བསྟོད་ནས་ཐུགས་དམ་བསྐུལ་བ་ནི། ཧཱུྃ། ཡོངས་རྫོགས་བུམ་པའི་ཕོ་བྲང་ནས། །ཞེས་པ་ནས། མི་མཐུན་རྐྱེན་ངན་ཐམས་ཅད་ཞི་བར་མཛོད། །ཅེས་པའི་བར་མཆོད་རྟེན་བསྟོད་པའི་ནང་བཞིན་བཏང་རྗེས། ཐུན་གཏོར་ལ་རཀྟ་བྲན་ཏེ་འོག་བཅས་ཀྱི་འཁོར་ལིང་རྣམས་དང་ལྷན་ཅིག་ཏུ་དམིགས་བྱ་དགུག་གཞུག་བྱ། བདུད་རྩི་བྲན་ལ་བྱིན་གྱིས་བརླབ། ཨ་ཀྲོ་བཅུ་བདུན་པའི་མཐར་གཏོར་སྔགས་བཏགས་པ་གསུམ་གྱིས་ཕུལ་མཐར། དམར་ཆེན་གཏོར་ཟོར་སོགས་ཀྱིས་ཐེབས་ཕྱོགས་སུ་འཕང་ངོ་། །ཐུན་རྗེས་མ་རྣམས་ལ་མཆོད་གཏོར་བྱིན་རླབས་དང་བདག་བསྐྱེད་གསལ་འདེབས་ཙམ་སྔོན་འགྲོས་མཆོད་རྟེན་བསྐྱེད་ཆོག་མན་ཆད་སྔར་ལྟར་གྱེར། ཁྱད་པར་ཐུན་མཐའ་མའི་མཐར་ཚོགས་མཆོད། བམ་སྐོང་། ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་འབུལ་སོགས་རྗེས་ཆོག་རྣམས་ཉིན་རེ་བཞིན་དུ་བྱ་སྟེ། དེ་ལྟར་བདུན་གཅིག་དང་བདུན་གཉིས་སོགས་སྒྲུབ་པ་དངོས་གཞིའི་སྐབས་དང་སྦྱར་ནས་ཅི་རིགས་སུ་བསྒྲུབ་པར་བྱའོ། །དེ་ནས་ཉིན་རེ་བཞིན་ཐུན་དང་པོའི་མགོར་ལས་བྱང་གི་སྔོན་འགྲོ་རྣམས་སོང་རྗེས། བདག་མདུན་འཇུག་པ་གཅིག་པའི་དབང་དུ་མཆོད་རྟེན་བསྐྱེད་ཆོག་ནས་ཐུགས་དམ་བསྐུལ་བའི་བར་སྔར་བཞིན་བྱས་རྗེས། གསེར་སྐྱེམས་དང་གཟུ་དཔང་སྔོན་འགྲོས། ཨྱཻ་རིང་གིས་སྤྲུལ་པ་སྤྲོ། དམིགས་བྱ་བསྐྱེད་འགུག་ཕོ་ཉ་སྤྲོ་བ་རྣམས་ནན་ཏན་ཡིད་ཆེས་པར་བྱས་ལ། ཨྱེ་མྱགས་འབྲུ་བརྒྱད་ཀྱི་མཐར་དགྲ་བོའི་བླ་ཤ་རེ་མ་ཏཱི་ཞེས་སོགས་བླ་འགུགས་ཀྱི་སྔགས་ལ་ཆིག་སྒྲིལ་དང་། ཨྱེ་མྱགས་ཀྱི་མཐར་ཆེ་གེ་མོ་ཨཱ་ཀརྴ་ཡ་ཛཿཛཿ དེ་བཞིན་དུ་ཨཱ་ཡུརྫྙཱ་ན་ཨཱ་ཀརྴ་ཡ་ཧཱུྃ་ཛཿཛཿ ཏྲི་ཡ་མ་ནི་ཨཱ་ཀརྴ་ཡ་ཧཱུྃ་མ་ཛཿཛཿ རཱུ་པ་སྐནྡ་ཨཱ་ཀརྴ་ཡ་ཧཱུྃ་མ་ཛཿཛཿ ཞེས་སྲོག་ཚེ་ཡིད་གཟུགས་འགུག་པའི་སྔགས་རྣམས་བཏགས་ཏེ་བརྒྱ་ཙམ་རེ་བཟླ། དེ་ནས་ལྷ་དབྱེའི་བསྐུལ་འཇམ་དཔལ་དྲེགས་འཇོམས་བཞིན་བཏང་རྗེས་ལྕགས་སྡིག་ལྟར་ཨྱེ་མྱགས་ཀྱི་མཐར་ཆེ་གེ་མོ་དེ་བ་ཀ་པ་ཡེ་ཨེ་ཛ་ལ་ཛ་ལ། རཱ་ཛ་ཕྱེ་རཱ་ཛ་ཕྱེ། ཨ་ཤག་ཤག །ཡ་མ་ཕྱེ་ཡ་མ་ཕྱེ་ཡ། སྤུ་ཏ་སྤུ་ཏ་ཕུས་ཕུས། ལང་ལང་། སེང་སེང་། ཕུས་ཕུས་ཆེ་གེ་མོ་ཡུལ་ལྷ་དང་ཕྱེ། སྲོག་ལྷ་དང་ཕྱེ། ཕོ་ལྷ་དང་ཕྱེ། མོ་ལྷ་དང་ཕྱེ། ཞེས་ཇི་ཙམ་ནུས་པ་རེ་བཟླས་མཐར་བསད་པ་ནི། ཨྱེ་ཡཿ ཐོད་པ་ཁ་སྦྱོར་ལས་ཀྱི་གཤིན་རྗེ་ནི། །འཇིགས་རུང་གཏུམ་དྲག་འབར་བའི་ལྟེ་ནང་དུ། །དམིགས་བྱ་མགོན་མེད་སྐྱབས་བྲལ་ཚུད་པ་ལས། །ལས་གཤིན་དྲེགས་པའི་དམག་ཚོགས་སྐར་ལྟར་འཁྲུག །འཁོར་ལོའི་རྩིབས་མཚོན་གདུག་པའི་ཚྭ་ཚྭ་འཕྲོ། །སྦལ་སྡིག་གཟུགས་སོགས་མི་སྲུན་རྣམ་འགྱུར་ཅན། །ཀུན་ཀྱང་དགྲ་བོའི་གཤེད་དུ་ཆེར་ཁྲོས་ནས། །རང་གཤེད་འབེབས་ཤིང་འགུག་འཆིང་སྡོམ་མྱོས་གསོད། ཁྱད་པར་རང་རྒྱུད་རྩ་བའི་འཁོར་ལོ་ནི། །དམིགས་བྱའི་སྙིང་གར་ཨ་ཡི་དབུས་སུ་མ། །དེ་དབུས་རྣམ་ཤེས་ངོ་བོ་འབྲུ་གཅིག་པོ། །རྩ་བཞིའི་དྭངས་མ་ཞེ་སྡང་སྡིག་པ་བཞིའི། །མཆུ་ལ་ཨྱེ་དུན་ཀ་ཡམ་དམར་ལེན་མཚོན། །མ་འཛིངས་ཨྱེ་མྱག་འབྲུ་བརྒྱད་རྩ་བརྒྱད་ཀྱི། །དྭངས་མའི་སྙིང་པོར་གནས་པས་གཟས་པ་པོའི། །ཆོས་ཀྱི་འཁོར་ལོའི་རྩ་བརྒྱད་གཟུང་བ་གང་། །ལྷ་ཚོགས་ཐུགས་ཀ་ནས་སྤྲོས་སྔགས་འོད་ཀྱིས། །བསྐུལ་བས་སྡིག་པའི་རྭ་ཡིས་རྩ་འདབ་བརྒྱད། །དུམ་བུར་བཅད་དེ་འབྱུང་བཞི་རིམ་བཞིན་དུ། །བསྡུས་མཐར་རྣམ་ཤེས་དྭངས་མ་འོད་དཀར་པོའི། །རྣམ་པས་ཟིལ་གནོན་ཐུགས་སྲོག་དྭངས་མར་ཐིམ། །དམིགས་བྱའི་གཟུགས་ཕུང་གཤིན་རྗེའི་དམག་ཚོགས་ཀྱིས། །རྗེས་མེད་ཟོས་ཏེ་རྡུལ་དུ་བརླགས་པར་བསམ། །ཨེ་མྱགས་འབྲུ་བརྒྱད་ཀྱི་མཐར། དགྲ་བོའི་སྲོག་ལ་ནྲྀ་ཧུར་ཐུམས་ཛཿ རྩ་ཁྲག་ཙིཏྟ་ཐུམས་རིལ་རཾ་ཤག་རྦད། དགྲ་བོའི་ཙིཏྟ་བྲེང་ཤག་ཛཿ སྲོག་ལ་ཧུར་ཐུམས་ཛཿརྦད། ཅེས་བརྒྱ་རྩ་སོགས་བཟླ་ཞིང་ཐུན་ལ་སྔགས་ཏེ། ཧཱུྃ། ཁྲག་འཐུང་འཇམ་དཔལ་གཤིན་རྗེ་ཡི། །ཞེས་སོགས་ཐུན་བསྐུལ་འཇམ་དཔལ་དྲེགས་འཇོམས་ལྟར་སྔོན་དུ་འགྲོ་བས་ཉིན་གྱི་ཐུན་གཞན་རྣམས་ལ་དཀར་པོ་སྙིང་འབྱིན་ལྕགས་ཀྱུས་སྙིང་ནས་བཟུང་སྟེ་སྨྱོ་རུ་བཅུག་པར་བསམ་ཞིང་། གོང་གི་སྔགས་གཤམ་དུ་ཨ་མུ་ཀ་ཨེ་དགྲ་བོའི་སྲོག་ལ་ཐུམས་རིལ་རྦད་བྷྱོ། ཞེས་ཤར་སྒོ་ནས། དེ་བཞིན་དུ། མགོན་པོ་ནག་པོས་ཞགས་པས་བཏབ་ནས་བཟུང་སྟེ་བརྒྱལ་དུ་བཅུག་པར་བསམ་ཞིང་། ཨ་མུ་ཀ་ཐུམས་ཁྲག་ཤིག་ཙིཏྟ་མྱོགས་རྦད་བྷྱོ། ཞེས་བཏགས་ཏེ་ལྷོ་སྒོ་ནས། ཡབ་རྗེ་ནག་པོས་ལྕགས་སྒྲོག་དང་ཁྲམ་ཤིང་ཐོགས་ནས་དགྲ་བགེགས་ཁྲམ་ལ་བཏབ་པར་བསམ་ཞིང་། ཨ་མུ་ཀ་རྩ་ལ་དུན་རྨུགས་རྦད་བྷྱོ། ཞེས་བཏགས་ཏེ་ནུབ་སྒོ་ནས། སྐུ་མཆོག་དམར་པོས་ཞགས་པ་དང་དྲིལ་བུ་ཐོགས་ནས་དགྲ་བོའི་རྩ་རྒྱུད་བཅད་པར་བསམ་ཞིང་། ཨ་མུ་ཀ་ཡ་མ་ཁྲག་ལ་མུགས་ཏི་རྦད་བྷྱོ། ཞེས་བཏགས་ཏེ་བྱང་སྒོ་ནས་ཐུན་བརྡེག །སྲོད་དང་ཐོ་རངས་ཀྱི་ཐུན་གཉིས་ལ་གོང་གི་ཐུན་བསྐུལ་རྗེས་སུ་བསད་སྔགས་ཀྱི་མཐར་སྒོ་བཞིའི་ཐུན་སྔགས་སྦྲེལ་བའི་མཇུག་ཏུ། སྔགས་པ་སྙིང་དུ་སོད། ཙིཏྟ་གཏུབས་རྦད་ལོང་། སྲོག་ཙིཏྟ་མྱགས་མྱགས་མཱ་ར་ཡ་ཙིཏྟ་ལ་ཐུན་བྷྱོཿ ཞེས་ཤར་སྒོ་ནས་སམ་ཕྱོགས་བཞི་ཀ་ནས་ཐུན་བརྡེག་གོ །གང་ལྟར་ཡང་ཐུན་གཏོར་འབུལ་ཞིང་མཐར་ཟོར་དུ་འཕང་བ་སོགས་སྔར་ལྟར་དང་། ཐུན་རྗེས་མ་རྣམས་ལ་བདག་བསྐྱེད་གསལ་འདེབས་ཙམ་སྔོན་འགྲོས་ཐུགས་དམ་བསྐུལ་བ་མན་ཆད་དཀྱུས་བཞིན་བྱས་པས་ཆོག་གོ །དེ་ལྟར་ཞག་བདུན་སོགས་ཅི་རིགས་པར་བསྒྲུབས་པས་ཁུགས་རྟགས་བྱུང་བ་དང་། ཆོ་གའི་གཏོང་ཚུལ་སྔར་ལྟར་ལས་ཉིན་ཞག་གཅིག་གཉིས་ཙམ་གྱི་བར་ལྷ་དབྱེའི་སྔགས་ལ་ཆིག་སྒྲིལ་བྱེད། གལ་ཏེ་ལྷས་སྐྱོབ་པའི་རྟགས་ཆ་ེན། འོག་གི་ལིངྒ་རྣམས་ཕྱིར་འདོན་ཞིང་སྒྲུབ་ཁང་གི་ནུབ་བྱང་གི་ཕྱོགས་གནས་གཞན་དུ་ཁྱེར་ཏེ་རྫས་ཀྱིས་བདུག་པ་སོགས་ཁྱད་པར་གྱི་ལྷ་དབྱེ་མན་ངག་ལྟར་བྱ་དགོས་སོ། །དེ་ནས་བཟུང་ཆོ་གའི་ཁྲིད་སྔར་བཞིན་ལས་འགུག་དབྱེའི་སྔགས་ཅི་རིགས་དང་། བསང་སྔགས་ལ་ཆིག་སྒྲིལ་གྱིས་རྟགས་མཐོང་གི་བར་ནན་ཏན་དུ་བྱ་ཞིང་ཁྱད་པར་ཐུན་གཏོར་གྱི་ཚེ་འགུག་གཞུག་བྱིན་རླབས་གཏོར་བསྔོ་རྣམས་སོང་རྗེས་བདུད་བཞི་སློང་ཕྱིར་དྲེགས་པ་བསྐུལ་བ་ནི། ཧཱུྃ༔ ཞེ་སྡང་མེ་ལྟར་འབར་བའི་དཀྱིལ་འཁོར་ནས༔ སྐུ་མདོག་སྔོ་ནག་རལ་པ་མུན་ལྟར་གཏིབས༔ ས་ཡི་རང་བཞིན་སྤྱི་གཙུག་རྩ་ལ་འཇིབ༔ དམ་ཉམས་བསྒྲལ་ཕྱིར་ཚངས་པའི་གཙུག་ཐག་ཆོད༔ དྭངས་མ་སྡུས་ལ་ཀླད་ཁྲག་ཞོ་ལྟར་འཕྱོས༔ འདོད་ཆགས་ཁྲག་མཚོ་དམར་པོའི་ནང་ཤེད་ན༔ ཁྲག་མདོག་དམར་པོ་བསེ་ཡི་རལ་པ་ཅན༔ ཆུ་ཡི་རང་བཞིན་སྡིག་པ་བགྲད་པའི་ཚུལ༔ དམ་ཉམས་བསྒྲལ་ཕྱིར་མགྲིན་པའི་རྩ་ཆོད་ལ༔ དྭངས་མ་སྡུས་ལ་ཁྲག་ལྟར་སྐྱུག་ཏུ་ཆུག༔ ང་རྒྱལ་ཀེང་རུས་འབར་བའི་དཀྱིལ་འཁོར་ནས༔ སྐུ་མདོག་དུད་ཁ་རྔམས་པའི་ཞལ་གདངས་ཤིང༔ འཇིགས་པའི་ཚུལ་གྱིས་ལུས་ཀྱི་རྩ་མདུད་འཇོམས༔ དམ་ཉམས་བསྒྲལ་ཕྱིར་ལྟེ་བའི་རྩ་ཆོད་ལ༔ དྭངས་མ་སྡུས་ལ་ལུས་སེམས་ཕྲལ་བར་གྱིས༔ གཏི་མུག་དུག་མཚོ་ཁོལ་བའི་ནང་ཤེད་ན༔ སྲོག་བདག་ནག་པོ་མ་རུངས་རལ་པ་ཅན༔ མཆེ་བ་གཙིགས་ཤིང་དུག་གསུམ་ཁོང་དུ་འཇོམས༔ སྐྱེ་འགྲོ་སྲིད་པ་གསུམ་གྱི་ཚེ་སྲོག་སྡུད༔ རླུང་གི་རང་བཞིན་དཀར་ནག་མཚམས་ན་གནས༔ དམ་ཉམས་བསྒྲལ་ཕྱིར་སྲོག་གི་རྩ་ཆོད་ལ༔ དྭངས་མ་སྡུས་ལ་ཚེ་ཡི་འདུ་བྱེད་སྐུམས༔ གཞན་ཡང་འཆི་བདག་འཁོར་ན་གནས་པ་ཡི༔ ལས་ཀྱི་གནོད་སྦྱིན་མོན་མོ་ནག་མོ་བདུན༔ ལྕགས་ཀྱུ་འབར་བས་དགྲ་སྙིང་ཁྱེར་ལ་ཤོག༔ མོན་པ་གསོད་བྱེད་མེ་དང་འཁོར་ལོ་བསྣམས༔ གནམ་ལྕགས་མདའ་དང་གདུག་པའི་ཁྲམ་བམ་ཐོགས༔ ཁྱི་མོ་དམར་མོ་དོན་སྙིང་བླ་ལ་ཁྱེར༔ བྱ་ནག་བདུན་ནི་ཁོང་ནས་ཙིཏྟ་འབྱིན༔ དུག་སྦྲུལ་བདུན་ནི་ཁོང་ནས་དུག་མདའ་རྡེག༔ རུས་སྦལ་བདུན་ནི་དགྲ་བོའི་ཚེ་སྲོག་སྡུད༔ སྡིག་པ་བདུན་ནི་དགྲ་བོའི་སྲོག་དབུགས་ལེན༔ དུས་ལ་བབ་བོ་དམ་རྫས་འདི་ལོང་ལ༔ དམ་ཉམས་རུ་དྲ་འདི་ལ་རང་གཤེད་ཕོབ༔ ཅེས་བསྐུལ་རྗེས་དམར་ཆེན་གཏོར་ཟོར་སོགས་ཀྱིས་སྔར་ལྟར་འཕང་། འདི་ནི་ལས་སྦྱོར་སྤྱི་ཁྱབ་ཙམ་གྱི་དབང་དུ་བྱས་པ་སྟེ། གཞན་དུ་བསད་སྔགས་དང་འབྲེལ་བར་སྒྲོན་དྲུག་སོ་སོའི་དམིགས་གནད་དང་བསྟུན་ཏེ་སྔགས་བཟླ་ཚུལ་སོགས་ནི་རྩ་བའི་གཞུང་སོགས་གཞན་དུ་ཤེས་པར་བྱའོ། །རྟགས་མཐོང་ནས་མཐར་ལས་ལ་སྦྱར་བ་ནི། འོག་བཅས་རྣམས་གཡོ་བསྒུལ་མེད་པར་བཞག །ཐོག་བར་བཅས་ཀྱི་འོག་འདེགས་དང་། སྟེང་གཅོད་མ་གཏོགས་འཁོར་ལིང་རྣམས་ཕྱིར་ཕྱུང་། མཆོག་ཕག་གཉིས་དང་ལིང་རྐྱང་སྤྱི་འགྲོ་ཞིག་ཟུར་དུ་བཅས་པ་ཚབ་ཏུ་འཇུག །ཕྱིར་བཏོན་པའི་འཁོར་ལིང་རྣམས་བྲུབ་ཁུང་ལྟ་བུར་བཅུག་པ་ལ་གཏོར་བཟློག་གི་ནང་བཞིན་བསྐུལ་ནས་མཚོན་ཆས་བསྒྲལ་བའི་བར་དཀྱུས་ལྟར་བྱས་རྗེས་མནན་སྲེག་གང་རུང་གིས་མཐའ་སྡུད། འོན་ཀྱང་ལས་དྲུག་སོ་སོའི་དམིགས་བསལ་དང་འབྲེལ་ཚེ་མནན་པའི་ས་གནད་སོགས་བྱེ་བྲག་ཏུ་དགོས་པའི་གནད་ཀྱང་ཤེས་པར་བྱ། གལ་ཏེ་ལས་སྦྱོར་འདི་ཉིད་གང་ལ་བྱ་བའི་ཡུལ་དམིགས་བསལ་མེད་པར་རྒྱུན་གྱི་སྲུང་ཟློག་ཙམ་དུ་བཅའ་བར་འདོད་ཚེ་བསད་རྟགས་ཅི་རིགས་གཏན་ལ་ཕེབ་ནས་རྗེས་ཆོག་རྣམས་སྤྱི་མཐུན་ལས་མཐའ་སྡུད་ཀྱི་ལས་སྦྱོར་བྱེད་མི་དགོས་ལ། དུས་དུས་སུ་སྒྲུབ་པ་ཁ་གསོ་ཞིང་ལས་ཀྱི་སྦྱོར་བའང་ཅི་རིགས་སུ་བྱ་བ་གནད་ཡིན་ནོ། །འཇམ་དཔལ་ཚེ་བདག་ལྕགས་འདྲའི་སྟོབས་ཆེན་མཆོད་རྟེན་ལ་ཉེ་བར་མཁོ་བའི་ཆོ་གའི་པྲ་ཁྲིད་གསལ་བར་བཀོད་པ་གནད་ཀྱི་སྒྲོན་མ་ཨི་ཐི། པད༵་རྩ་དང་མཚུངས་རྣམ་དག་གཞུང་གི་དོན། །མ༵་འཁྲུལ་གསལ་བྱེད་སྙིང་པོ་འ༵གྱུར་མེད༵་དངོས། །སྒྲུབ་བྱེད་སྔགས་འཆང་རྒྱ༵་མཚོ༵འི་སྙིང་ནོར་བཅུད། །འདི་ཀོ་གྲུབ་བརྙེས་བྱིན་རླབས་མཐུ་ལས་བྱུང་།། ༈ །།ན་མོ་མཉྫུ་ཤྲཱི་ཡེ། འདིར་འཇམ་དཔལ་ཚེ་བདག་ལྕགས་འདྲའི་སྟོབས་ཆེན་མཆོད་རྟེན་ལ་ཉེ་བར་མཁོ་བའི་ཟབ་མོའི་གནད་འགག་འགའ་ཞིག་སྡེབ་པ། མཆོད་རྟེན་སྒྲུབ་པའི་སྐབས་ནམ་མཁའི་མཐོངས་སུ་སྦྱོར་བའི་སྟོབས་བཤིག་པ་སྟོང་སྲོག་འཁོར་ལོ་སྒོས་སྒྲུབ་ཏུ་བྱེད་ན། ཐོག་མ་ཁོ་ནར་སྟོང་སྲོག་འཁོར་ལོ་ཟུར་བ་ཞིག་བཅས་པ་ལ། བདག་བསྐྱེད་སྔོན་འགྲོས་བསྐུལ་དང་དགུག་བསྟིམ་སོགས་སྤྱི་འགྲེ་ལས་ཁྱད་པར་གྱི་དམིགས་གནད་ནི། འཁོར་ལོ་སྲིད་པའི་ཁྱམས་ཁང་ཆེན་པོར་གྲུབ་པའི་དབུས་ཀྱི་ལིངྒ་གཟས་པོ་དངོས་སུ་གསལ་བ་ལ་ཡིག་འབྲུ་རྣམས་ཟིལ་གནོན་གྱི་ལྷ་ཚོགས་དྲེགས་པའི་དཔུང་དང་བཅས་པས་གཟིར་བར་བསམ་ཞིང་། ཨྱཻ་རིང་གི་མཐར་གཟིར་སྤྱང་བཏགས་པ་ཅི་ནུས་བཟླས་རྗེས། ཨྱཻ་ཨྱཻ་ཨྱཻ། ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡེ། ཧྲཱིཿཥྚི་ཨ་པ་ཡེ། ཡ་མཱནྟ་ཀ་བྱི་ཏྲི་ཏ། ཀ་ལི་ཀྲོ་ཏ། ཨ་ནེ་ཨུ་ནེ་དུ་ནེ། བྱི་ཙ་ཡེ་དུ་རུ་ཡེ། ཙིཏྟ་ཡེ། ཧ་ལ་ཡེ། ཡ་མ་ཀྲི་ཏ། ཡ་མ་ཀྲོ་ཏ་མནྟ། ཡ་མ་རཀྟ། ཡ་མ་བྱི་ཤ །ཧུ་ཏི་མོནྟ་ཧྲཱིཿཙ་ཡ། ཨ་མུ་ཀ །ཙིཏྟ་བྲེང་ཤག །མྱགས་ཐུན་བྷྱོ། ཐུམས་རིལ་ཁྲག་ལ་མྱོགས་བྷྱོ། དུན་ཏིང་ཧྲི་ཤག་ཏ་ལ་ཡཾ་བྷྱོཿ དགྲ་བོའི་སྙིང་ཁྲག་ཚལ་མྱགས་རྦད། སྲོག་ལ་མཱ་ར་ཡ་རྦད། ནི་ཤ་ཀུ་རུ་ནི་རྦད། ནི་ཏུར་ལོང་བྲེང་བྲེང་དུན་དུན་ཧུར་ཐུམས་ཛཱཿ ཙིཏྟ་ཡ་རྦད། ཅེས་ཐུན་སྔགས་ཀྱང་དྲག་ཏུ་བཟླས་ལ་ཁྱད་པར་གྱི་ཐུན་རྫས་ཀྱིས་བྲབ། དེ་ལྟར་ཞག་དགུ་ལ་སོགས་པ་ཅི་རིགས་བསྒྲུབས་རྗེས་དབུས་གྲུ་གསུམ་གྱི་ལིངྒ་གྲས་པ་ཕྱོགས་གཞན་དུ་མནན་པའམ། མུན་དམག་བསྡུ་བའི་འཁོར་ལོ་དང་ལྷན་ཅིག་མནན་ཀྱང་རུང་། གང་ལྟར་ཡང་འཁོར་ལོ་དེ་མཆོད་རྟེན་སྒྲུབ་པའི་སྐབས་བུམ་པའི་སྟེང་ཟིལ་གནོན་གྱི་དབུ་ཐོག་ཏུ་བླ་བྲེས་ལྟར་བཀྲམ་པར་བྱའོ། །འཁོར་ལོ་འདིའི་བྲི་བར་བྱ་བའི་སྤྱང་མོ་ཡང་གཟིར་སྤྱང་ཁོ་ན་སྟེ། དེས་ན་བར་བཅས་ཀྱི་སྟོང་སྲོག་འཁོར་ལོ་དང་མ་འདྲེས་པར་སྤྱི་དང་ཁྱད་པར་གྱི་གནད་ཤེས་པ་གལ་ཆེའོ། །ཡང་ལས་དམིགས་བསལ་དང་སྦྲེལ་ཚེ་སྒོས་སྲོག་སྡེབ་ན། དགྲ་སྡེབ་དང་། འདྲེ་སྡེབ་གཉིས་ཀྱི། དང་པོ་ནི། འཁོར་ལོ་བྲི་བ་དང་སྔགས་བཟླ་བ་གཉིས་ཀ་ལ་མཚུངས་པར། ཨྱཻ་རིང་གི་རཀྴ་མོནྟའི་མཐར་སོ་སོའི་སྤུ་གྲི་སྡེབ་པ་སྟེ། དཔེར་ན་སློབ་མ་དམ་ཉམས་དང་འགྲེས་ན། རཀྴ་མོནྟའི་མཐར། ཆེ་གེ་མོའི་སྲོག་ལ་ཧུར་ཐུམས་མཱ་ར་ཡ་ཙིཏྟ་ལ་རྦད། ཅེས་དང་། བོན་པོ་ལྷ་ཆགས་ལ། ཆེ་གེ་མོའི་སྲོག་ལ་ནྲྀ་ཛཿཐུམས་མུགས་མཱ་ར་ཡ་རྦད། ཅེས་པ་ལྟ་བུའོ། །གཉིས་པ་ནི། འཁོར་ལོ་དངོས་སུ་མ་བཅས་ཀྱང་རུང་། སྲོག་གོང་ལྟར་སྡེབ་པ་སྟེ། དཔེར་ན། རྒྱལ་པོ་དང་དམ་སྲི་བསྡོངས་པ་ལ། རཀྴ་མོནྟའི་ཤམ་དུ། རཱ་ཙ་རུ་ཏྲི་ཨ་མུ་ཀ་མྱགས་ཐུམས་རིལ། ཏྲིག་ནན་སྦུར་ཡ་ནན། ཙ་རུ་ཧུར་ཐུམས་ཛཿ ཁམ་ཤག་རོ་མྱགས་མུག་ཏི་རྦད་ཡ། དེ་བཞིན་དུ་གཤིན་རྗེས་གནོད་ན། གོང་གི་རཱ་ཙ་རུ་ཏྲིའི་ཚབ་ཏུ། ཡ་མ། ཞེས་དང་། ཙ་རུའི་ཚབ་ཏུ་ཡ་ཞེས་བསྒྱུར་བས་མཚོན་ཏེ་དམིགས་གནད་སོགས་ཞིབ་པར་ལྷ་སྲིན་མིང་སྲོག་འཕྲོག་པའི་ཏིང་འཛིན་ཡིག་ཆུང་བཞིན་ཤེས་པར་བྱའོ། །ཡང་ཚུལ་བཞིན་བསྒྲུབས་ཀྱང་མ་འགྲུབ་ན་འཁོར་བའི་རྒྱ་གླིང་དུ་སྲིད་པའི་རི་བསྒྱེལ་བ་ནི་སྤོགས་པའི་ཆོ་ག་སྟེ། ལས་གང་བྱེད་ཀྱང་རྟགས་མེད་དམ་དུས་ལས་འགྱངས་ན་སྔགས་བཟླ་བའི་སྐབས་ཉིན་མོའི་དུས། ཨྱེ་མྱགས་འབྲུ་བརྒྱད་ཀྱི་མཐར། དགྲ་བོའི་སྲོག་ལ་ནྲྀ་ཧུར་ཐུམས་ཛཿ རྩ་ཁྲག་སྙིང་ལ་ཐུམས་རིལ་རམ་ཤག་རྦད། ཨེ་རམ་ཡཾ་ཁཾ་ནྲྀ་ཤ་ཀུ་རུ་མཱ་ར་ཡ་རྦད། ཅེས་ཡུངས་ཀར་ལ་བཟླས་ཤིང་བྲབ། མཆོག་འཁོར་གྱི་གཟུགས་དང་དྲེགས་པ་རྣམས་ཀྱིས་དགྲ་བོའི་སྙིང་ཁྲག་རྔུབས་པར་བསམ་མོ། །མཚན་མོའི་དུས། ཨྱེ་མྱགས་འབྲུ་བརྒྱད་ཀྱི་མཐར། དགྲ་བོའི་ཙིཏྟ་བྲེང་ཤག་ཛཿ སྲོག་ལ་ཧུར་ཐུམས་རྦད། རཾ་ཡཾ་ཁཾ་ཨེ་ཀ་ཡ་མ་ནྲྀ་ཤ་ཀུ་རུ་སྲོག་ལ་མཱ་ར་ཡ་རྦད། ཅེས་ཡུངས་ནག་ལ་བཟླས་ཤིང་བྲབ། ཕག་མོ་བསད་འཁོར་གྱི་གཟུགས་དང་དྲེགས་པ་རྣམས་ཀྱིས་དགྲ་བོའི་སྙིང་ཁྲག་རྔུབས་པར་བསམ་མོ། །གལ་ཏེ་དེས་ཀྱང་མ་གྲུབ་ན་རྒྱུད་དང་མན་ངག་གི་གནད་དོན་བཞིན་སྔར་གྱི་སྔགས་ཉིད་ཟློག་དཀྲུགས་སུ་བཟླས་པས་གྲུབ་པར་གསུངས་ཏེ་འདི་ནི་ཞག་གསུམ་ཙམ་ལས་མང་དུ་མི་རུང་ངོ་། །ད་དུང་མ་བྱུང་ན་གཤེད་པོ་ལས་རྒྱལ་གྱི་འཁོར་ལོ་ཞིག་ཟུར་དུ་བཅས་པའི་སྔགས་རྣམས་ལྟོ་དཀྲུགས་སུ་བྲི་ཞིང་། དཀྲུག་ཚུལ་ཨྱེ་མྱགས་འབྲུ་བརྒྱད་ལ་དཔེར་མཚོན་ན། ཨྱེ་ཡ་ཤག་མྱགས་དུན་རྔུབས་ཀ་མུག །ཞེས་པ་ལྟ་བུས་མཚོན་དྲེགས་པའི་སྲོག་ཡིག་རྣམས་ཀྱང་གཅོད་གཟིར་གྱི་སྤུ་གྲི་དང་སྡེབ་པ་སོགས་མན་ངག་གི་གནད་རྣམས་ཤེས་པས་ལས་ལ་སྦྱར་བར་བྱའོ། །གཞན་ཡང་ལས་དམིགས་གསལ་གྱི་སྐབས་ཕ་རོལ་པོའི་བླ་སྲོག་འགྱུ་བའི་དུས་དང་། བླ་རྟགས། དེ་མཐུན་གྱི་གཉེན་པོ་སྤྲོད་ཚུལ་སོགས་ཀྱང་དྲག་སྔགས་སྤྱིའི་འགྲོས་བཞིན་ཤེས་དགོས་སོ། །མནན་གཏད་ཀྱི་ལས་ཁྱད་པར་བ་ལ་གཅེས་པ་རུས་སྦལ་གྱི་པྲ་ཁྲིད་ནི། ཆུ་མིག་ལྟ་བུ་ལ་མཚོན་ན། དེ་ཉིད་སྙིང་གར་བྱས་ནས་མགོ་གང་གཏད་སྟེང་དུ་བྱས་པའི་སྙིང་ག་ནས་ཡར་རྣལ་འབྱོར་པའི་འདོམ་གང་གཞལ་པ་ལ། དེ་ནས་ཁྲུ་ཕྱེད་ན་སྣ། དེ་ནས་ཁྲུ་ཕྱེད་གཞལ་བ་ནས་གཡས་གཡོན་སོ་སོར་ཁྲུ་རེའི་བར་མིག་གཉིས། དེ་ནས་གཡས་གཡོན་དུ་ཁྲུ་ཕྱེད་རེ་ན་རྣ་བ་གཉིས། མིག་ནས་གྱེན་དུ་ཁྲུ་གང་གཞལ་བས་མགོ །ཁ་ནས་ཡར་མགོ་ཕྱོགས་སུ་འདོམ་དོ་དང་ཚངས་ཐིག་ནས་གཡས་གཡོན་དུ་ཁྲུ་རེ་གཞལ་བ་ནི་རྭའི་རྩེ་མོ་གཉིས། ཁ་ནས་གཡས་གཡོན་དུ་འདོམ་རེ་ན་ལག་པ་གཉིས། ཁ་ནས་ལག་པའི་བར་གྱི་ཁྲུ་གཉིས་ཀྱི་ས་ན་གཏད་དམིགས་རེ། སྙིང་ག་ནས་གཡས་གཡོན་དུ་འདོམ་རེ་ན་མཆན་ཁུང་གཉིས། སྙིང་ག་ནས་མར་རྐང་ཕྱོགས་སུ་འདོམ་གང་ན་ལྟེ་བ། དེའི་གཡས་གཡོན་འདོམ་གང་ན་ལྟོ་གཡས་དང་ལྟོ་གཡོན། ལྟོ་བ་ནས་མར་འདོམ་གང་ན་མཇུག་མ། དེའི་གཡས་གཡོན་དུ་ཁྲུ་རེ་གཞལ་བ་ན་གསང་གཡས་དང་གསང་གཡོན། མཇུག་མ་ནས་གཡས་གཡོན་དུ་འདོམ་རེའི་ས་ན་རྐང་པ་གཉིས་ཡོད་དེ། འདི་ནི་རྩ་བ་རུས་སྦལ་ཁྲ་བོའི་པྲ་ཁྲིད་བཞིན་ལ་རྡོ་རྗེ་གཙུག་ལག་སོགས་ཀྱིས་ཁ་བཀང་སྟེ་མན་ངག་གི་གནད་དང་ལྡན་པར་བྲིས་པ་ཡིན་ལ། གང་གཏད་པར་བྱ་བའི་དམིགས་བྱའི་ལོ་ཁམས་དང་། རུས་ཁམས་ནད་ཀྱིས་འདེབས་ཚུལ་སོགས་ཞིབ་པར་པྲ་ཁྲིད་ཉིད་ལས་ཤེས་སོ། །དེ་ལ་མགོ་གདོང་ཕྱོགས་ནི། ཧོར་ཟླ་བཅུ་གཅིག་པར་ནུབ། བཅུ་གཉིས་པར་ལྷོ། དང་པོར་ཤར། གཉིས་པར་བྱང། གསུམ་པར་ལྷོ། བཞི་པར་ཤར། ལྔ་པར་ནུབ། དྲུག་པར་ལྷོ། བདུན་པར་ཤར། བརྒྱད་པར་བྱང་། དགུ་པར་ལྷོ། བཅུ་པར་ཤར་དུའོ། །དེ་ཡང་རྒྱུན་དུ་ཁ་བུབ་དང་། ཉིན་གུང་དང་མཚན་གུང་གན་རྐྱལ་དུ་གནས་པས་གཡས་གཡོན་གྱི་གནད་མ་ནོར་བ་གལ་ཆེ། རྣལ་འབྱོར་པའི་ཁ་བལྟ་ཕྱོགས་ནི་དྲག་སྔགས་སྤྱི་དང་མཐུན་ནོ། །ཡང་གོང་འོག་ཏུ་མ་འདུས་པའི་འཁོར་ལོ་གཞན་དག་གི་བསྟན་ཚུལ་ཙམ་ལྡེ་མིག་ཏུ་བཀོད་པ་ནི། རྒྱུད་ཀྱི་ལེའུ་བརྒྱད་པ་ནས་གསུངས་པ་ཁྲམ་ཐོགས་ཆེན་མོ་མནན་པའི་འཁོར་ལོའི་ཁོངས་སུ་བསྡུ། པད་ལུགས་སྦྱིན་སྲེག་ནས་བཤད་པའི་སྦྱིན་སྲེག་སྦྱོར་བའི་འཁོར་ལོ་ཐབ་དཀྱིལ་གྱི་ཁོངས་སུ་བསྡུ། པདྨའི་མན་ངག་ལས་བྱུང་བ་གཅོད་པ་ནམ་མཁའི་འཁོར་ལོ་གཤེད་པོའི་ལྟོ་བར་བྲིས་པ་སྦྱིན་སྲེག་དུས་ཐབ་ཀྱི་སྟེང་མེ་ལྕེས་མི་སླེབ་པའི་རྩེའི་སར་བཀྲམ་རྒྱུ། རྒྱུད་ཀྱི་ལེའུ་བདུན་པ་དང་པདྨའི་མན་ངག་སོགས་ནས་བསྟན་པའི་ངག་མནན་དུ་ན་བདུན་པ་མནན་པའི་ཁོངས་སུ་བསྡུ། བཤིག་པ་གནོད་སྦྱིན་མཛེ་ཐོད་དང་མནན་པ་དུག་སྦྲུལ་རྭ་ཅན་གཉིས་ལྕགས་འདྲར་གཞུང་གི་ཟིན་སོ་སྔོན་ཆད་མ་མཐོང་ཡང་འདི་དང་འདྲ་མིན་ལྕགས་སྡིག་ནས་བཤད་ཅིང་གང་ལྟར་ཡང་བྱས་པ་བཤིག་པ་དང་མནན་པའི་ཁོངས་སུ་བསྡུ་བ་ལས་འོས་མེད། མཆོག་ཕག་གི་འཁོར་ལོ་ལུགས་གཅིག་ཙཀྲ་ཀཱིརྟིའི་མན་ངག་ནས་བཤད། འཁོར་ལོ་གསང་བའི་པྲ་ཁྲིད་དམ་བསད་པ་སྙིང་རྐུན་སྒྲོན་མ་ནས་བཤད་པའི་གསང་བ་ཙིཏྟ་ལ་བརྟེན་ནས་བསད་པའི་འཁོར་ལོ་སྦལ་སྡིག་ཁ་སྦྱོར་བསད་འཁོར་གྱི་སྡེབ་ཏུ་འགྲོ །པདྨའི་མན་ངག་རྩ་བ་ནས་བཤད་པའི་གཤེད་པོའི་འཁོར་ལོ་ཁ་སྦྱོར་འཁོར་བའི་རྒྱ་གླིང་དུ་སྲིད་པའི་རི་སྒྱེལ་བའི་ཁོངས་སུ་བསྡུ། འབྱུང་བཞི་བསྐུལ་བའི་ལས་མཐའ་ལས་བྱུང་བ་རྩ་བའི་ལྷ་བཞིའི་འཁོར་ལོ་འབྱུང་བ་སོ་སོའི་ལས་མཐའ་བཟློག་བསད་ཀྱི་ཁོངས་སུ་བསྡུ། ཨུརྨོ་སྦྱོར་བ་བཞི་པ་ལས་བྱུང་བ་རྣོན་པོ་ནང་གཅོད་ཀྱི་འཁོར་ལོ་མནན་གཏད་ཁོངས་སུ་བསྡུ་སྟེ། དེས་མཚོན་པའི་ལས་ཕྲན་རྣམས་རྐྱང་པར་སྒྲུབ་པ་དང་། སྡེབ་ཚུལ་སོགས་མན་ངག་དང་དཔེ་ཆུང་གོ་བསྟུན་ཏེ་ཤེས་པར་བྱའོ། །ཡང་དྲག་པོའི་ཟོར་ལས་དང་རྗེས་སུ་འབྲེལ་བ་རྭ་ཟོར་གྱི་ཐེབས་བརྟག་ཚུལ་ནི། མི་རྟ་ཁྱི་གསུམ་བསད་པའི་གཡག་རྒོད་ཀྱི་རྭ་གཡས་པའི་རུ་རྩེ་གཡས་དང་གུག་ཕྱོགས་ཕྱི་བསྟན་གྱི་དབང་དུ་བྱས་པའི་ཕྱིའི་སྟེང་དུ་ཁྲོ་བོའི་མིག་ཁ་ཕྱིར་བལྟ་བའི་རྣམ་པ་དང་རྩེར་མེ་རི་རྩ་བར་སྦྲུལ་གཟུགས་རྣམས་བཀོད་པ་ལས། འཕངས་པའི་ཚེ། རྭའི་རྩ་རྩེ་གཉིས་ཀ་ཐེབས་ཕྱོགས་དང་མིག་སྟེང་དུ་གཏད་ན་ཐེབས་ཆེན། གོང་འདྲ་ལས་མིག་འོག་ཏུ་ཚུད་ན་གན་ཐེབས། རུ་རྩེ་ཐེབས་ཕྱོགས་དང་རྩ་བ་རང་ལ་བསྟན་ཅིང་མིག་སྟེང་དུ་གཏད་ན་བརྡུང་ཐེབས་ནང་མ། དེ་ལས་མིག་སར་གཏད་ན་བརྡུང་ཐེབས་ཕྱི་མ་སྟེ་སྔ་མ་སྔ་མ་མཆོག་གོ །དེ་བཞི་ལས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཟློག་བཞི་དང་། རྭ་རྩ་རྩེ་གཉིས་ཀ་སར་ཟུག་ན་ལྐུགས་པ། རྩ་རྩེ་ནམ་མཁར་བསྟན་ཅིང་སྒང་ཚུགས་ན་སྒངས་པ་ཞེས་བྱ་སྟེ་དེ་རྣམས་ལ་བསྐྱར། འོན་ཀྱང་སྒངས་ལྐུགས་གཉིས་པོའི་རྩེ་མོ་དགྲ་ཕྱོགས་སུ་བསྟན་ན་རྒྱ་འདྲེའི་ཟོར་ཐེབས་ཞེས་བྱ་སྟེ་འདི་དག་ལ་ཡང་རྒྱུད་ནས་བསྐྱར་བར་གསུངས་ཀྱང་ཕྱག་ལེན་ལ་ཐེབས་དབང་དུ་བྱས་བསྐྱར་བར་མི་མཛད་དོ། །འཇམ་དཔལ་ཚེ་བདག་ལྕགས་འདྲའི་ཟབ་མོའི་མན་ངག་འགའ་ཞིག་བསྡེབས་པ་གནད་ཀྱི་སྒྲོན་མ་ཨི་ཐི། པ༵དྨ༵འི་རིགས་སོགས་རིགས་རྣམས་ཀུན་གྱི་གཙོ། །འ༵གྱུར་མེད༵་སྐུ་མཆོག་འཇམ་དཔལ་དཔའ་བོའི་ཚུལ། །ཡོངས་བཞེངས་ཁྲོ་རྒྱལ་རྒྱ༵་མཚོ༵འི་སྤྱི་གཟུགས་འདི། །བསྒྲུབས་ན་འདོད་དོན་ལྷུན་གྲུབ་ཆོས་ཉིད་ཡིན།། ༈ །།ན་མོ་མཉྫུ་ཤྲཱི་ཡེ། འདིར་འཇམ་དཔལ་ཚེ་བདག་ལྕགས་འདྲའི་མན་ངག་དང་རྗེས་སུ་འབྲེལ་བར་གནམ་ལྕགས་ཨུརྨོའི་སྦྱོར་བ་ལག་ཏུ་བླང་བའི་པྲ་ཁྲིད་ལ། དང་པོ་རྫས་བཅའ་བ་ནི། མགོ་ཕུར་འཛོམ་པ་བདུད་ཀྱི་ཉི་མའམ། ཉི་ནག་སོགས་དྲག་པོའི་དུས་དང་འབྲེལ་བར་ཤོག་བུ་བསྐུམ་ཁྲུ་གང་བ་གཉིས་བྱས་པ་ལ་ལྟེ་བར་གཟས་པོའི་ལིངྒ་མཚན་ཉིད་ཚང་བའི་སྙིང་གར་ནྲྀ་ཡིག་ཛ་ཁ་སྦྱོར་གྱི་བར་དུ་ལྟེམས་པའི་མཐར། དགྲ་བོ་ཆེ་གེ་མོ་མཱ་ར་ཡ་རྦད་སོད། སྲོག་ཆོད། དབུགས་ལོང་། སྙིང་ཕྱུངས་མཱ་ར་ཡ་སོད། དགྲ་བོའི་ལུས་ངག་ཡིད་གསུམ་ཨངྐུ་ཤ་ཛཿཛཿ ཞེས་བྲི་གནད་ཡིག་གཞན་སྤྱི་དང་འདྲ། ལིངྒའི་ཕྱི་ཟླུམ་སྐོར་གྱི་ནང་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ། ཡུལ་འདི་ཞེས་པའི་བདག་པོ་མིང་རུས་འདི་ཞེས་པ་ལ་ཆོས་སྐྱོང་སྲུང་མ་ལྷ་སྲིན་སྡེ་བརྒྱད་འགོ་བའི་ལྷ་ལྔ་རྣམས་བདུད་དུ་ཕོབ་ཅིག །གཤེད་དུ་ཕོབ་ཅིག །མཱ་ར་ཡ་སོད། མྱུར་དུ་སོད་ཅིག །དེའི་ཕྱི་རྡོ་རྗེའི་གཡས་གཡོན་གྱི་རྭ་བརྒྱད་ལ་ཨྱེ་མྱགས་འབྲུ་བརྒྱད། དེའི་ཕྱི་ཟླུམ་སྐོར་གྱི་ནང་རྭ་བར་གྱི་སྟོང་པ་བཞི་ལ་དགྲ་བོ་ཆེ་གེ་མོ་མཱ་ར་ཡ་རྦད་སོད་ནན༔ ཞེས་པ་ཚར་རེ། དེའི་ཕྱི་རྩིབས་ཉི་ཤུ་པ་ཕྱི་རིམ་མུ་ཁྱུད་བཅས་པའི་ཕོ་འཁོར་གྱི་རྩིབས་ལ། དགྲ། ཧུར། ཐུམས། ཨ། མུ། སྲོག །ལ། ཐུམས། རིལ། རྦད། རྩ། ཁྲག །ཙིཏ། ཏ། ཕྱུངས། བྲེང་། ཤག །ཧུར། ཐུམས། ཛཿཛཿ ཞེས་ཛཿགཉིས་གཅིག་ཏུ་དྲིལ་བའི་འབྲུ་རེ། ཕྱི་རིམ་མུ་ཁྱུད་ལ། དགྲ་བོ་གརྦྷ་ནྲྀ་ཛཿཛཿབྷནྡྷ་བྷནྡྷ་སཏྭམ་བྷ་ཡ་ནན་ཨ་མུག་སི་སྲོག་ལ་བྲེང་ཤག་རྩ་ཁྲག་སྙིང་ཐུམས་རིལ་ནག་པོ་རཀྴ་སྙིང་ལ་ཐུམས་རིལ་ཧུར་ཐུམས་སརྦ་ནན། ནག་པོ་ནན། ནག་པོ་རཀྴ་སྲོག་ལ་ཧུར་ཐུམས་རྦད། ནག་པོ་རཀྴ་རྩལ་བྲེང་ཤག་རྦད། ནག་པོ་རཀྴ་སྙིང་ཁྲག་ཚལ་པ་ཤམ་ལང་རྦད་དགྲ་བོ་དམ་ཉམས་ཆེ་གེ་མོ་ལོ་ཟླར་མ་བཞག་མྱུར་མགྱོགས་སྒྲོལ་ཅིག །ཕུང་དུ་ཆུག་ཅིག །དགྲ་བོ་ཐམས་ཅད་མཱ་ར་ཡ་སོད་ཅིག །ཅེས་བྲི། མོ་འཁོར་གྱི་རྩིབས་ལ། ནྲྀ། སྲོག །ལ། ཧུར། ཐུམས། ཨ། མུ། ཀ །སྲོག །ལ། རྦད། ཐུམས། རིལ། རྦད། རྩ། ཁྲག །ཙིཏ། ཏ། ཕྱུངས། རྦད། ཅེས་འབྲུ་རེ། དེའི་ཕྱི་མུ་ཁྱུད་ལ། ཨ་མུ་ཀའི་སྲོག་ལ་བྲེང་ཤག་རྩ་ཁྲག་སྙིང་ཐུམས་རིལ་ནག་པོ་རཀྴ་སྙིང་ལ་ཐུམས་ནན་རྦད་ནག་པོ་རཀྴ་རྩ་ལ་བྲེང་ཤག་རྦད་ནག་པོ་རཀྴ་སྙིང་ཁྲག་ཚལ་པ་ཤམ་ལོང་གརྦྷ་ནྲྀ་ཛ་བྷནྡྷ་བྷནྡྷ་སཏྭམ་བྷ་ཡ་ནན་མཱ་ར་ཡ་ནན་དགྲ་བོ་ཆེ་གེ་མོའི་སྲོག་ཆོད་སྙིང་ཕྱུངས་དབུགས་ལོངས་ལུས་སེམས་ཕྲོལ། དུས་མཐའ་བརྟུལ་ལོ་དང་ཟླ་བར་མ་བཞག་ཞག་དང་ཟ་མ་མ་འགྱངས་བར་མྱུར་མགྱོགས་སོད་ཅིག །སྒྲོལ་ཅིག །ཅེས་བྲིས། ཕོ་འཁོར་གྱི་ཕྱི་ལ་སྡིག་པ་ནག་པོའི་གཟུགས་མགོ་གཏོད་ཕྱོགས་ལིངྒ་དང་མཚུངས་པ་དང་། མོ་འཁོར་གྱི་ཕྱི་ལ་སྦལ་པ་དམར་པོ་དབུས་ཀྱི་ལིངྒའི་མཇུག་ཕྱོགས་སུ་མགོ་བསྟན། དེ་གཉིས་ཀ་གན་རྐྱལ་དུ་བྱས་པའི་ཕོ་འཁོར་གྱི་ཕྱི་ལ་སྐུ་གསུང་ཐུགས་སྔགས་ཀྱི་མཐར་ཛཿཛཿཨ་མུ་ཀ་སརྦ་ཤ་ཏྲུམ་སྲོག་རྩ་ཧུར་ཐུམས་རྦད་སོད། རྩ་ཁྲག་སྙིང་ལ་ཐུམས་རིལ་རྦད་སོད། རཀྴ་སརྦ་ཙིཏྟ་ཕྱུངས་སྙིང་ལ་བྲེང་ཤག་རྦད་སོད། དགྲ་བོ་ཆེ་གེ་མོའི་སྲོག་རྩ་ནྲྀ་ཧུར་ཐུམས་ཛཿམཱ་ར་ཡ་རྦད་སོད། ཨེ་ཡཾ་བཾ་སུཾ་རཾ་ཨྱེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན་མ་ཧཱ་དེ་བ་ཡ་མ་རཱ་ཛཿམ་མ་རུ་ལུ་མ་ཧཱ་ཀཱ་ལ་དྷ་ཀཱི་མ་ཨེ་ཀ་ཛཱ་ཊི་རུ་དྲ་དུན་ཏི་ཤཱུ་ལ་ཙ་རཱ་ཛ་ས་ནཱ་ག་ཀྲོ་དྷཱི་ཤྭ་རཱི་ཡཀྴ་ཡཀྨོ་པ་ཤ་མི་ཀི་དེ་བ་ཨ་ཏི་སྟི་ཀ་རཀྴ་རཀྨོ་མུན་མུན་པ་བཛྲ་སཱ་དྷུ་ཏྲི་ཧཾ་ཤཾ་ཏྲི་རུ་ཏྲི་ཏྲི་བཛྲ་དུ་ཏྲི་རཾ་མ་བཾ་རིལ་གིང་ཀ་ར་ཡཾ་ཏྲི་ལ་པེ་ལ་ཏོག་ན་འདྲེ་་་རཾ་ཏི་པ་ཤམ་ལི་བི་ནཱ་ག་དགྲ་བོ་ཆེ་གེ་མོ་ནྲྀ་ཏྲི་ཙིཏྟ་དཀྲུགས་དཀྲུགས་སྲོག་ལ་བྲེང་ཤག་མ་ཱར་ཡ་རྦད་སོད་བསྟན་བཤིག་དམ་ཉམས་དགྲ་བོ་ཆེ་གེ་མོ་འདི་རྣམས་ལོ་དང་ཟླ་བར་མ་བཞག་ཞག་དང་ཟ་མ་ལས་མྱུར་མགྱོགས་སྒྲོལ་ལས་་་ཀྱི་གཤིན་རྗེ་དང་གཟའ་བདུད་རཱ་ཧུ་ལ་འཁོར་དྲེགས་པའི་ལྷ་སྲིན་སྡེ་བརྒྱད་ཀྱིས་དགྲ་བོ་ཆེ་གེ་མོ་འདི་ཁྲམ་ལ་ཐོབ་ཅིག །སྲོག་ཆོད་ཅིག །སྙིང་ཕྱུངས། དབུགས་ལོང་། མགོ་དང་ཡན་ལག་ཆོད་ཅིག །ལུས་སྲོག་ཕྲོལ་དགྲ་བོའི་དུས་མྱུར་དུ་སྡུས་མཱ་ར་ཡ་རྦད་སོད། ཅེས་བྲི། མོ་འཁོར་གྱི་ཕྱི་ལ་སྐུ་གསུང་ཐུགས་སྔགས་ཀྱི་མཐར་ཛཿཛཿབསྟན་བཤིག་དགྲ་བོ་ཨ་མུ་ཀ་སྲོག་ལ་བྲེང་ཤག་རྦད་སོད་ཙཀྲ་སྙིང་ལ་རམ་ནན་རཀྨོ་རཀྴ་སྙིང་ལ་ཐུམས་རིལ་རྦད་སོད་སྙིང་ལ་བྲེང་ཤག་རྦད་སོད་སྙིང་ཁྲག་ཚལ་པ་གརྦྷ་ནྲྀ་ཛཿདགྲ་བོ་ཆེ་གེ་མོའི་ཙིཏྟ་ཕྱུངས་སྙིང་ལ་འདུས་མཱ་ར་ཡ་རྦད་སོད། ཨེ་ཡཾ་བཾ་སུཾ་ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན་མ་ཧཱ་དེ་ཝ་ཞེས་པ་ནས། སྲོག་ལ་བྲེང་ཤག་མཱ་ར་ཡ་རྦད་སོད་ཀྱི་བར་སྔར་ལྟར་གྱི་རྗེས་སུ། ལས་ཀྱི་གཤིན་རྗེ་དང་དྲེགས་པའི་ལྷ་སྲིན་སྡེ་བརྒྱད་ཀླུ་བདུད་ནག་པོ་མགོ་དགུ་གཟའ་བདུད་ཡུལ་ལྷ་ཁྱོད་རྣམས་ཀྱིས། དགྲ་བོ་འདིའི་སྲོག་ཆོད་དབུགས་ལོང་སྙིང་ཕྱུངས་ལུས་སྲོག་ཕྲོལ་ཁྲམ་ལ་ཐོབས་ཞགས་པས་ཆིངས་བྱད་དུ་ཆུག་ཤོ་རྡེ་ཁྱེས་འཁོར་དཀྲུགས་ཚང་ཤིགས་ལོ་དང་ཟླ་བ་ལས་མ་འགྱངས་བར་ཞག་དང་ཟ་མ་ལས་མྱུར་མགྱོགས་སྒྲོལ་ཅིག་དགྲ་བོ་འདིའི་བདུད་དུ་ཕོབ་གཤེད་དུ་་་་་ཕོབ། ཅེས་བྲིའོ། །ཕོ་མོའི་འཁོར་ལོ་འདི་གཉིས་ཀྱི་བྲི་ཚུལ་དཔེ་ཆུང་དང་མཐུན་པར་བཀོད་པ་སྟེ་རྡོ་རྗེ་ཨུརྨོ་གནམ་ས་ལྟོ་བ་དཀྲུག་པའི་མན་ངག་ཏུ་བྲི་ཚུལ་མི་འདྲ་བ་གསུངས་པ་བཞིན་བྲིས་ཀྱང་ལེགས། གང་ལྟར་ཡང་ཕོ་འཁོར་གྱི་ཡི་གེ་ཐམས་ཅད་ལིངྒའི་མགོ་ཕྱོགས་ནས་མགོ་ཕྱིར་བསྟན་དང་། མོ་འཁོར་གྱི་ཡི་གེ་ཐམས་ཅད་རྐང་ཕྱོགས་ནས་མགོ་ནང་བསྟན་དུ་བྲི་བ་གནད་ཡིན་ཞིང་། ཕོ་འཁོར་ལ་དུག་སྣ་དང་མོ་འཁོར་ལ་གྲི་ཁྲག་གིས་བྱུག་གོ །ཕོ་འཁོར་གྱི་རྒྱབ་ཕྱོགས་སུ་གཤིན་རྗེའི་ཁྲམ་བྱང་དཔེ་ཆུང་ལྟར་བྲིས་པའི་སྡིག་པའི་མགོ་ཕྱོགས་ནས་ཧཱུྃ་ཕེ་མ་ཤ་ཀ་དུ་ནཱ་ག་རཱ་ཛཿཏྲི་ལིང་ཤ་ཀ་དུ་ནི་ཡ་མ་བཛྲ་ས་ནཱ་ག་དུ་ནི་དུང་དུང་དུ་དུ་ནེ་དུ་ནེ་དུ་ནེ་དུ་ཤིང་ཁྲཾ་ཁྲཾ་བསྟན་པ་བཤིག་པའི་དགྲ་བོ་འདི་འཆི་བདག་གི་ཁྲཾ་ལ་ཐོབས་ཤིག །བདུད་ཀྱི་ཞགས་པས་ཆིངས། ས་བདག་གི་བྱད་དུ་ཆུག །བཙན་གྱི་ཤྭ་རྡེ་ཁྲོམ། ལྷ་སྲིན་སྡེ་བརྒྱད་ཀྱིས་དགྲ་བོ་མྱུར་དུ་སོད། གཟའ་བདུད་རཱ་ཧུ་ལ་འཁོར་ལྷ་ཆེན་བརྒྱད་ཀླུ་ཆེན་བརྒྱད་གཟའ་ཆེན་བརྒྱད་ལས་ཀྱི་གཤིན་རྗེ་ལ་སོགས་པ་ཁྱོད་རྣམས་ཀྱིས་བསྟན་པ་བཤིག་པའི་དགྲ་བོ་འདི་མྱུར་དུ་སྒྲོལ་ཅིག །ལོ་དང་ཟླ་བ་ཞག་དང་ཟ་མ་ལས་མ་འགྱངས་པར་མྱུར་དུ་སྒྲོལ་ཅིག །དམ་ཉམས་དགྲ་བོ་འདི་མྱུར་མགྱོགས་སུ་སྒྲོལ་ཅིག །རི་བོ་ཆེན་པོ་འདི་མ་ཟད་བར་དུ་ཟོ་ཞིག །རྒྱ་མཚོ་ཆེན་པོ་འདི་མ་ཟད་བར་དུ་ཐུངས་ཤིག །དགྲ་བོ་འདི་རྣམས་མྱུར་མགྱོགས་སུ་མེད་པར་བརླག་པར་གྱིས་རླུང་གིས་གཏོར་མེས་སྲེགས་ཆུས་ཁྱེར་ཅིག །ཡིག་མགོ་ཕྱིར་བསྟན་ནོ། །མོ་འཁོར་གྱི་རྒྱབ་ངོས་སུ་ཁྲམ་བྱང་དཔེ་ཆུང་ལྟར་གྱི་མཐར་རུས་སྦལ་གྱི་མགོ་ཕྱོགས་ནས། ཤྲཱི་མཱ་ར་ཡ་དུང་དུང་ཀ་དུ་ཀ་ནི་དུང་དུང་དུ་ནེ་དུ་ནེ་དུངས་ཤིག་ཁྲཾ་ཁྲཾ་དགྲ་བོ་དམ་ཉམས་བསྟན་བཤིག་ཆེ་གེ་མོ་འདི་ཁྲམ་ལ་ལས་གཤིན་ལྷ་སྲིན་སྡེ་བརྒྱད་ཀླུ་བདུད་མགོ་དགུ་ཁྱོད་རྣམས་ཀྱིས་དགྲ་བོ་ཁྲམ་ལ་ཐོབས་ཤིག །ལོ་དང་ཟླ་བར་མ་འགྱངས་པར་མྱུར་དུ་སྒྲོལ། གཟའ་བདུད་རཱ་ཧུ་ལ་འཁོར་གཟའ་བརྒྱད་ཀླུ་བརྒྱད་སྣང་སྲིད་ཀྱི་ལྷ་སྲིན་སྡེ་བརྒྱད་ཀླུ་བདུད་མགོ་དགུ་པ་ས་བདག་ཀླུ་གཉན་ཁྱོད་རྣམས་ལ་ཟས་སྐལ་དུ་དགྲ་བོ་འདི་གཏད་པ་ཡིན་པས་མྱུར་མགྱོགས་སྒྲོལ་ལ་སོད་ཅིག །རི་བོ་ཆེན་པོ་འདི་མ་ཟད་བར་དུ་ཟོ་ཞིག །རྒྱ་མཚོ་ཆེན་པོ་འདི་མ་ཟད་བར་དུ་ཐུངས་ཤིག །དགྲ་བོ་ཆེ་གེ་མོ་འདི་ཕོ་རྒྱུད་རྩད་ནས་ཆོད་ཅིག །མོ་རྒྱུད་མངལ་ནས་སྐེམས། མེད་པར་གྱིས་ཤིག །བརླག་པར་གྱིས་ཤིག །དགྲ་བོ་མི་ནོར་ཟས་གསུམ་རྩ་བ་ཐམས་ཅད་རླུང་ལ་སྐུར་ཅིག །ཅེས་ཡིག་མགོ་ནང་བསྟན་ནོ། །འཁོར་ལོ་དེ་གཉིས་རབས་ཆད་ཀྱི་རང་ཐག་གི་རྒྱབ་ངོས་སུ་ཡ་ཁེབ་ལ་ཕོ་འཁོར་དང་། མ་ཁེབ་ལ་མོ་འཁོར་རྡོ་ངོས་སུ་འཁོར་ལོ་སྦྱར་ཏེ་ཁྲམ་བྱང་ཕྱིར་བསྟན་ནས། སྡིག་པའི་མགོ་རང་ཡུ་ལ་བསྟན་ཏེ་སྦྱོར། རང་ཐག་ལ་དུག་སྣ་དང་ཁྲག་སྣ། ཁྱད་པར་མཛེ་ཁྲག་རྣམས་ཀྱིས་བྱུག །དུར་རྡོའི་སྒྱེད་བུ་གསུམ་རི་རབ་ཏུ་བསམས་པའི་སྟེང་དུ་བཞག་ནས། ཨྱཻ་རིང་གི་མཐར་བཤིག་པ་གཡུ་སྤྱང་བཏགས་པ་བྱེ་ཆུང་དུ་བསྙེན་པས་ནུས་ལྡན་དུ་བསྒྲུབས་པ་ཕྱག་ལེན་ཡིན། ལས་སྦྱོར་གྱི་ཚེ་ལིངྒ་བཅའ་བ་ནི། དུག་ཤོག་ལ་གྲི་ཁྲག་ཁྱི་ར་ཕག་གསུམ་གྱི་ཁྲག །མཛེ་ཁྲག་རྣམས་ཀྱིས་གཟས་པོའི་ལིངྒ་མཚན་ཉིད་ཚང་བ་བྲིས་པའི་ལྟོ་བར་དམོད་བྱང་སོགས་གནད་ཡིག་སྤྱི་མཐུན་དུ་བཀོད། ཁྱད་པར་རུས་སྦལ་མགོ་ཐུར་བསྟན་བྲི། དེའི་སྟེང་བན་དགྲ་ཡིན་ན་ལྕེ་ཕྱིར་ཕྱུངས་པས་བྲང་ཁེབས་པར་བྱས་པའི་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཡའི་ཁོག་པར་མ་ཡིག་བྲིས་པའི་མའི་ཁོག་ནང་དུ་ནྲྀ་ཡིག་ཛཿལྟེམས་ཀྱི་མཐར། བན་དགྲ་ཆེ་གེ་མོའི་ལུས་ངག་ཡིད་གསུམ་ཨང་ཀུ་ཤ་ཛཿཛཿ མའི་ཕྱི་མའི་ཁོག་ནང་དུ། བསྟན་དགྲ་དམ་ཉམས་དགྲ་བོ་འདི་རྣམས་ལས་ཀྱི་གཤིན་རྗེའི་ཞལ་དུ་ཐོབ། ཁྲམ་ལ་ཐོབ་སྲུང་མ་རང་གཤེད་དུ་ཕོབ་ཅིག །མགོ་ཕྱི་བསྟན་ནོ། །རྡོ་རྗེའི་དབུས་རྭ་དང་གཡས་གཡོན་གྱི་རྭ་བར་དུ་རྭའི་མཇུག་ནས་བརྩམ་སྟེ་དབུས་རྭར་མགོ་བསྟན་པའི་ཚུལ་གྱིས་དབུས་རྭར་བསྐོར་ཐབས་སུ་ས་མ་ཡ་གརྦྷ་ནག་པོ་ནྲི་ཛཿཧྲི་དམར་ལྕེ་དམར། སྣ་ཚོགས་རྡོ་རྗེའི་རྭ་བཞིའི་བར་སྟོང་ལ་ལྕེ་རྩ་ཕྱོགས་ནས་ནང་བསྟན་དུ། དགྲ་བོ་ཨ་མུ་ཀ་སྙིང་དུ་ནན། ཛ་ཏི་ནན་སྙིང་གཟེར་རྦུད་ནན། ཀཱ་ཡ་ཝཱ་ཀ་ཙིཏྟ་ནན་དགྲ་བོ་ཆེ་གེ་མོའི་ལུས་ངག་ཡིད་གསུམ་ལྷ་དང་བཅས་པ་བྷི་ཏང་སཏྭམ་བྷ་ཡ་ནན། ཛ་ཏི་སཏྭཾ་བྷ་ཡ་ནན། ནྲྀ་ཛ་ཁས་ཡེན་ཡེན་ནན་ནན་དགྲ་བོ་འདི་རྣམས་སཏྭམ་བྷ་ཡ་ནན། ཞེས་པ་ཆ་བསྒོས་ནས་ཡིག་ཕྲེང་གང་ཤོང་དུ་བྲི་བ་ནི་ཁྱད་པར་རོ། གང་ལྟར་ཡང་ལིངྒའི་ཕྱིར་མགོ་ནས་བཟུང་ཡིག་མགོ་ཕྱིར་བསྟན་དུ་ཕོ་སྔགས་དང་། ནང་བསྟན་དུ་མོ་སྔགས་ཀྱིས་གཡས་གཡོན་དུ་བསྐོར། དེ་གཉིས་ཀའི་མཇུག་ཏུ་དམོད་བྱང་བྲིི། དགུག་གཞུག་ལྷ་དབྱེ་བྱས་ལ་མཐའ་ནས་དབུས་སུ་ཤི་ལྤགས་བཏུམ་པ་བཞིན་རིམ་གྱིས་བལྟེབས་ཏེ་དྲིལ་བ་སྔོ་དམར་སྐུད་པ་དང་། ཁྱི་བལ་དང་ར་བལ་ནག་པོས་བཅིངས་ཏེ་རང་ཐག་གི་ལྟེ་ཁུང་དུ་བཅུག །དེ་སྟེང་རང་ཐག་གི་ལྟེ་བར་བཅུགས། ཡང་ཤོག་བུ་ཚལ་པ་མང་དུ་བྱས་པ་ལ་དགྲའི་མིང་རུས་བྲིས་པ་གྲི་རུས། རྟ་རུས། སྤྱང་ཀིའི་བྲུན་ནམ་མེད་ན་ཁྱི་བྲུན། དགྲའི་ཟག་རྫས་གང་རྙེད་དང་ལྷན་ཅིག་དུམ་བུར་དྲིལ་བ་ཡང་བྲུབ་ཁུང་ངམ་ལྕགས་སླང་ལྟ་བུའི་ནང་དུ་བཀོད། དེ་ནས་བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས། བསྐུལ། གསེར་སྐྱེམས། གཟུ་དཔང་། དགུག་གཞུག་ལྷ་དབྱེ་རྣམས་ཡིད་ཆེས་པར་བྱས་རྗེས། ཡོས་ཁུང་དུ་གོང་གི་མིང་རུས་དྲིལ་བ་ནས་བླུག །བདག་ཉིད་ཟིལ་གནོན་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། རང་ཐག་གཤིན་རྗེ་ཕོ་མོ་གཉིས་རྣམ་པ་ཞེ་སྡང་ལྕགས་སྡིག་ནག་པོ་དང་འདོད་ཆགས་ཁྲག་གི་སྦལ་པ་དམར་པོར་གསལ་བ་ལ་ཕོག །ཕན་ཚུན་རྗེས་སུ་ཆགས་པའི་བར་བཟས་པོས་བཀག་པས་དེ་གཉིས་ཆེར་ཁྲོས་ཏེ་གདུག་པའི་སྤྲུལ་པ་དཔག་མེད་སྤྲོས་པ་ཁོ་རང་གི་ལྷ་སྲུང་དང་བཅས་པས། བཟས་པོ་ཐལ་བའི་རྡུལ་ཕྲན་བཞིན་དུ་བཅོམ་པར་བསམ་ལ། ཕ་རོལ་པོས་མཚན་མོ་བྱས་པའི་སྦྱོར་བ་ཉིན་མོ་བཤིག་པ་ནི། ཨྱེ་མྱགས་ཀྱི་མཐར་ཨ་མུ་ཀ་སརྦ་ཤ་ཏྲུཾ། སྲོག་རྩ་ཧུར་ཐུམས་རྦད་སོད། རྩ་ཁྲག་སྙིང་ལ་ཐུམས་རིལ་རྦད་སོད། རཀྴ་རྦད་ཙིཏྟ་ཕྱུངས། སྙིང་ལ་བྲེང་ཤག་རྦད་རྦད་སོད། ཆེ་གེ་མོའི་སྲོག་རྩ་ནྲྀ་ཧུར་ཐུམས་མཱ་ར་ཡ་རྦད་སོད། ཨཾ་ཡཾ་བཾ་པཾ་རཾ། ཞེས་དང་ཉིན་མོ་བྱས་པའི་སྦྱོར་བ་མཚན་མོ་བཤིག་པ་ནི། ཨྱེ་མྱགས་ཀྱི་མཐར། ཨ་མུ་ཀ་སྲོག་ལ་བྲེང་ཤག་རྦད་སོད། རྩ་ཁྲག་སྙིང་ལ་རཾ། མ་ནག་མོ་རཀྴ་སྙིང་ལ་ཐུམས་རིལ་རྦད་སོད། སྲོག་ལ་ཐུམས་རིལ་རྦད་སོད། སྙིང་ལ་བྲེང་ཤག་རྦད་སོད། སྙིང་ཁྲག་ཚལ་པ་གརྦྷ་ནྲྀ་ཛཿ ཆེ་གེ་མོའི་ཙིཏྟ་ཕྱུངས་སྙིང་ལ་འདུས། མཱ་ར་ཡ་རྦད་སོད། ཨཾ་ཡཾ་བཾ་པཾ་རཾ། ཞེས་མཚན་གྱི་མོ་སྔགས་བསྐོར་སྔགས་བརྒྱ་རྩ་རེ་བཟླས་མཐར་སྔར་བཞིན་བསྐོར། དེ་ལ་བསྐོར་སྔགས་ནི། ཨྱེ་མྱགས་འབྲུ་བརྒྱད་ཀྱི་མཐར་ཨ་མུ་ཀ་སརྦ་ཙ་སྦུར་སྲོག་ནན། སྙིང་གཟེར་བྲེང་ཤག་ས་མ་ཡ་རྦད། སརྦ་ཤ་ཏྲུཾ་སྟམྦྷ་ཡ་ནན། ཐུམས་རིལ་ཏྲིག་ནན་ཨེ་ནྲྀ་ཏྲི་ཧུར་ཐུམས་ཛཿ ཤག་ཡཾ་བྱས་པ་རྣམས་ཕྱིར་ཤིགས་ཤིག །རྦད་བྷྱོ་བྷྱོ་ཆེ་གེ་མོའི་ཚེ་དང་བསོད་ནམས་མཐུ་དང་ནུས་པ་ཁ་རྗེ་ཟ་ཐང་དབང་ཐང་མི་ནོར་ཟས་གསུམ་ཨེ་ཐུམས་རིལ་རྦད། བྱས་པ་རྣམས་ཕྱིར་ཤིགས་ཤིག་རླག་རླག༔ ཅེས་པའོ། །དེ་ལྟར་ཐུན་དྲུག་ཏུ་བསྐོར་ཞིང། ཁྱད་པར་གྱི་དུས་གནད་ནི། ཕྱི་ལྟར་བཤིག་པ་བདུད་ཉི་དང་ཉི་ནག་སོགས་ཀྱི་དུས་དང་འབྲེལ་བར་ཉིན་མོའི་བྱས་པ་བཤིག་པའི་མཚན་སྔགས་ཉི་ཤུ་དགུའི་ཉི་མ་དམར་ཐག་ཆོད་ངེས་ལ་བསྐོར། མཚན་མོའི་བྱས་པ་བཤིག་པའི་ཉིན་སྔགས་ཉི་ཤུའི་ཐོ་རངས་ནམ་ལངས་སུ་ཉེ་བའི་སྐར་མ་གྱེས་ཙམ་ལ་བསྐོར། ནང་ལྟར་བཤིག་པ་ལོ་ཟད་ཟླ་ཟད་ཀྱི་ཉི་ཤུ་དགུ་ལ་གོང་བཞིན་བསྐོར། གསང་བ་ལྟར་བཤིག་པ་ཉི་ཟླ་གཟས་ཟིན་པའི་སྐབས་སུ་བསྐོར། སྔགས་མི་བཟླ་བར་འཕྲོ་གཅོད་དུས་མཛེ་ཕོའི་མཆོག་ཕུར་རམ་མེད་ན་གྲིར་ཤི་བའི་མཆོག་ཕུར་ལ་ཡུགས་སའི་སྐྲ་ཤད་དམ་མེད་ན་རོ་སྐྲ་བཏགས་པའི་སྣེ་རང་ཡུ་ལ་བཏགས་ཤིང་ཕུར་བུ་ཡོས་ཁུང་དུ་བཏབ་ནས་འཇོག །ཐུན་འཇོག་ཁར་ཐུན་གཏོར་སོགས་སྤྱི་ལྟར་བྱས་ན་ལེགས། དགྲ་བོའི་མིང་བྱང་རང་ཐག་གི་ཕྱིར་ཐོན་པ་དང་ནང་རྟགས་འབྱུང་བ་དུས་མཉམ་གསུང་། འོན་ཀྱང་ལས་དམིགས་བསལ་དང་འབྲེལ་བར་སྒྲུབ་པ་ཡིན་ན་རྟགས་མཐོང་བ་དང་ལྟེ་ཁུང་གི་ལིངྒ་ཕྱུང་བའི་ཚབ་ཏུ་སྤྱི་ལིང་གསར་པ་ཞིག་བཞུགས། གོང་གི་ལིངྒ་མནན་བསྲེག་གང་རུང་གིས་མཐའ་སྡུད་བྱ། དེས་ནི་ཕ་རོལ་པོ་ཐལ་བའི་རྡུལ་དུ་བརླགས་ཏེ་རྣམ་ཤེས་མི་ཤིགས་པའི་ངོ་བོ་འཇམ་དཔལ་ཡེ་ཤེས་སེམས་དཔའི་དགོངས་ཀློང་དུ་རྫོགས་པར་གདོན་མི་ཟའོ། །རང་ཐག་ལ་བརྟེན་པའི་གནམ་ལྕགས་ཨུརྨོའི་ལས་སྦྱོར་གྱི་པྲ་ཁྲིད་གསལ་བར་བཀོད་པ་གནད་ཀྱི་སྒྲོན་མ་ཨི་ཐི། པད༵་རྩའི་རྗེས་འགྲོ་བྱང་ཆུབ་སེམས་ཀྱི་རྩིས། །ཉེར་ཟིན་མ༵་དག་ལས་མིན་འ༵གྱུར་མེད༵་དོན། །རྒྱལ་བསྟན་རྒྱ༵་མཚོ༵འི་དཔལ་དུ་ཉེར་བབས་ན། །རང་གཞན་གཉིས་ཀ་འཚེངས་པའི་མཆོག་གཅིག་ལགས། །འདིར་སྨྲས་པ། ཕྱག་རྒྱ་ཟིལ་གནོན་ཡང་གསང་ངེས་པའི་བཅུད། །གནད་ཀྱི་མན་ངག་ཟབ་དོན་སྒྲོན་མེ་འདིས། །ཕྱོགས་ལས་རྣམ་པར་རྒྱལ་བའི་འོད་ཟེར་འཕྲེང་། །སྤྲོས་ཚེ་དགེ་ལེགས་རྒྱ་མཚོའི་བདུད་རྩི་ཐོབ། །ལག་ལེན་གཞུང་གིས་སྒྲིག་ཐབས་རྩ་བ་སྟོན། །འཁོར་ལོའི་བྲི་ཡིག་དཔེ་ཆུང་སྡེབ་པ་གཅེས། །ཐིག་རྒྱན་གནད་སྒྲོན་ཇི་བཞིན་མཆོད་རྟེན་བཅའ། །རྫས་ཐེམས་ངེས་པ་བསྟན་པ་མ་འདྲེས་གཅེས། །ཆོ་གའི་གནད་དོན་ཚིག་གིས་འདོམས་པ་བཞིན། །མ་འཁྲུགས་འཕྲིན་ལས་སྦྱོར་བ་དུས་སུ་གྱེར། །ཟབ་གནད་ལྷན་ཐབས་ཚུལ་གྱིས་གང་དགོས་སུ། །མན་ངག་སྡེབ་ཚུལ་འཁྲུལ་མེད་ལག་ཏུ་བླང་། །གནམ་ལྕགས་ཨུརྨོའི་སྦྱོར་བ་སྔ་མ་དང་། །ལྷན་ཅིག་སྦྱར་བས་རྣོ་མྱུར་ཐོག་དང་འདྲ། །མན་ངག་འདི་བདུན་གཅིག་ཏུ་ཉམས་བླངས་ན། །དྲག་པོའི་ལས་ཀུན་ཐོགས་མེད་ལྷུན་གྱིས་གྲུབ། །དེ་ཕྱིར་མ་འཁྲུགས་མ་གབ་ཟབ་མོའི་ཚུལ། །ཡི་གེར་བཀོད་འདིར་བཀའ་སྲུང་དམ་ཅན་ཚོགས། །མ་མཉེས་བཀའ་ཡི་ཆད་པ་མ་མཛད་པར། །དམ་ལྡན་རྣལ་འབྱོར་འདོད་དོན་མ་ལུས་སྒྲུབས། །ཆོ་གའི་བྱ་བ་ཙམ་ལ་མཁས་པ་ཞེས། །བཏགས་མིན་ལྷ་སྔགས་ཏིང་འཛིན་རོལ་མོ་ལ། །འབྱམས་ཀླས་གྲུབ་བརྙེས་ཟམ་མི་ཆད་བྱོན་པའི། །མན་ངག་བརྗེད་པར་ཕངས་ནས་ཁྲིགས་སུ་བསྡེབས། །འོན་ཀྱང་བདེ་གཤེགས་བསྟན་པ་རིན་ཆེན་ལ། །གཅིག་ཏུ་གཞོལ་མིན་གདུག་ཅན་འགྲོ་བའི་ལག །འདི་ཐོབ་སྨྱོན་པས་རལ་གྲི་རྙེད་དང་མཚུངས། །དེ་ཕྱིར་གསང་ཞིང་སྦ་བ་གནད་དུ་ཆེ། །གཞན་ཡང་ཅུང་ཟད་ཀུན་རྟོག་མཐོ་དམའི་རྗེས། །ཉི་ཚེའི་ལས་ལ་དྲག་པོའི་འཁྲུལ་འཁོར་སྤྱོད། །དེ་དག་འདི་མཐོང་རང་གཞན་གཉིས་ཀ་འཕུང། །མཐུ་ལྡན་དམ་ཅན་བཀའ་ཡི་བྱ་ར་མཛོད། །འདིས་ཐོབ་བསོད་ནམས་དུག་གསུམ་གཤིན་རྗེའི་དཔུང་། །མཐར་བྱེད་རྡོ་རྗེའི་མཚོན་ཆ་ཉིད་གྱུར་ནས། །རང་བྱུང་མི་འགྱུར་སྐུ་གསུམ་དབྱེར་མེད་ཆོས། །འཇམ་དཔལ་རྡོ་རྗེའི་གོ་འཕང་མངོན་བྱེད་ཤོག །ཅེས་འཇམ་དཔལ་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པ་ལྕགས་འདྲའི་མན་ངག་དང་རྗེས་སུ་འབྲེལ་བར། སྟོབས་ཆེན་མཆོད་རྟེན་གཙོར་གྱུར་གྱི་ལག་ལེན་ལས་ཀྱི་སྦྱོར་བ་གསལ་བྱེད་གནད་ཀྱི་སྒྲོན་མ་བདུན་པ་ཞེས་བྱ་བ་འདི་ཡང་། མཐིང་མ་སྨྱོས་ཀྱི་རིགས་ལས་དགེ་སློང་རིག་སྔགས་འཆང་བ་པདྨ་འགྱུར་མེད་རྒྱ་མཚོ་འཇིགས་མེད་དཔའ་བོའི་སྡེས་རང་ལོ་སོ་གཅིག་པ་གདོང་ངན་གྱི་ལོ་ཁྲུམས་ཟླའི་ནག་ཕྱོགས་ཀྱི་གྲལ་ཚེས་དགེ་བ་ལ་རྫོགས་པར་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །།

བཅོམ་ལྡན་འདས་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་དབང་ཆོག་པད་གནུབས་ཆུ་བོ་གཅིག་འདྲེས་སྨིན་བྱེད་ཡེ་ཤེས་འཁོར་ལོ་ (Volume 17, Text 16)

༄༅། །བཅོམ་ལྡན་འདས་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་དབང་ཆོག་པད་གནུབས་ཆུ་བོ་གཅིག་འདྲེས་སྨིན་བྱེད་ཡེ་ཤེས་འཁོར་ལོ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་མཉྫུ་ཤྲཱི་མ་ཧཱ་ཀྲོ་དྷ་རཱ་ཛཱ་ཡ། དུས་གསུམ་རྒྱལ་བའི་ཡབ་གཅིག་འཇམ་དཔལ་དབྱངས། །འཁོར་འདས་ཕྱག་རྒྱ་ཟིལ་གནོན་སྐུར་བཞེངས་པ། ཁྲོ་རྒྱལ་ཀུན་གྱི་ཆེ་བཙན་བླ་མ་དང་། །དབྱེར་མེད་ལྷག་པའི་ལྷ་མཆོག་དེ་ལ་འདུད། །སྐུ་དང་བམ་ཆེན་ལྷུན་གྲུབ་གསང་བའི་མཁར། །བགྲོད་པ་གསུམ་གྱིས་སྨིན་བྱེད་པད་གནུབས་ཀྱི། །ཆུ་རྒྱུན་བུམ་ཆེན་གསང་བས་ཟུར་བརྒྱན་པ། །རིག་འཛིན་བརྒྱུད་པའི་ཕྱག་བཞེས་སླད་མེད་དགོད། །དེའང་ཚུལ་འདིར་གུ་རུ་པདྨས་མཛད་པའི་སྨིན་བྱེད་དབང་གི་སྒྲོན་མེ་ནི་པད་གནུབས་ཀྱི་རྩ་བ་ཡིན་ལ། གནུབས་ཆེན་གྱིས་མཛད་པའི་མུ་ཏིག་ཕྲེང་བ་ནི་གནུབས་ལུགས་རང་རྐང་དང་། དེས་མཛད་པའི་བམ་ཆེན་གསང་བ་རབ་འབྱམས་པད་གནུབས་གཉིས་ཀའི་ཁ་སྐོང་དུ་འགྲོ་བར་བཤད། སེ་སྟོན་རིན་ཆེན་རྒྱལ་མཚན་གྱི་ངེས་དོན་བདེ་འཇུག་ནི་སྔ་མ་གཙོ་བོར་བཏོན་པ་ཡིན་ལ། པད་གནུབས་གཉིས་ཀའི་དབང་སོ་སོར་བསྐུར་བའི་ཕྱག་རྒྱུན་ཡང་ད་ལྟའི་བར་དུ་ཡོད་ལ། བྱང་བདག་ཡབ་སྲས་ཀྱིས་དེ་གཉིས་ཆུ་བོ་གཅིག་འདྲེས་མཛད་ཅིང་བརྒྱུད་པ་ཕྱི་མ་རྣམས་ཀྱིས་དེ་སྟེང་ཟབ་པའི་གསུང་རྒྱུན་ཡང་དཀྱུས་གཅིག་ཏུ་མཛད་པ་ནི་ད་ལྟའི་སྔགས་གཟུགས་རྣམས་ལ་བཀའ་དྲིན་བླ་ན་མེད་པར་གྱུར་པས། ཁྱེར་བདེ་བའི་སླད་དུ་ལུགས་དེ་ཉིད་ཀྱི་ཕྱག་ལེན་སིལ་མར་བཤད་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་ལས་རིམ་མོ། །དང་པོ་ལ་ངེས་དོན་བདེ་འཇུག་ལས། ཡོ་བྱད་བཤམས་ཤིང་གཏོར་མ་གཏང་བ། ཐིག་ཚོན་རབ་ཏུ་གནས་ཤིང་ཆག་ཆག་གདབ་པ། དཀྱིལ་འཁོར་བྲི་ཞིང་རྫས་འགོད་པ་གསུམ་དུ་གསུངས་ཀྱང་། འདིར་རས་བྲིས་ལ་བརྟེན་པའི་དབང་དུ་བྱས་ཏེ་ཐིག་ཚོན་སོགས་མི་དགོས་ཤིང་རིག་འཛིན་བརྒྱུད་པའི་ཕྱག་བཞེས་བ་སུ་དྷཱ་རའི་དབང་གཞུང་ལྟར་ལྷ་དང་། བམ་ཆེན་གསང་བ་རབ་འབྱམས་ལྟར་སློབ་མ་སྟ་གོན་ཁ་བསྐངས་ཏེ་བཤད་པ་ལ་ལྔ། སྔོན་གཏོར་གཏང་བ། ལྷ། བུམ་པ། སློབ་མ་སྟ་གོན། དབང་རྟེན་འདུ་བྱ་བའོ། །དང་པོ་ནི། དེའང་དེང་སང་བྱང་ལུགས་པ་རྣམས་ལས་བྱང་སྲིད་གསུམ་རྣམ་རྒྱལ་ཉིད་བཏང་བས་དེ་ལྟར་འདོད་ནའང་ཚིག་མང་ཉུང་ལས་དོན་ལ་ཁྱད་པར་མེད་པས་འཕྲུལ་ཤེས་པར་བྱས་པས་ཆོག་ལ། འདིར་ནི་ཁྱེར་བདེ་བ་སོགས་ཀྱིས་གཏེར་ཆེན་རིན་པོ་ཆེས་མཛད་པའི་ལས་བྱང་རྡོ་རྗེའི་མེ་ཕྲེང་དང་སྦྱོར་བའི་དབང་དུ་བྱས་ཏེ། རང་ཉིད་སྐད་ཅིག་གིས་འཇམ་དཔལ་ཁྲོ་བོའི་སྐུར་གསལ་སོགས་ནས། བྱང་ཆུབ་ཆེན་པོར་བསྔོ་བར་གྱི་ཡན་ལག་བརྒྱད་པ་སྔོན་དུ་བཏང་ནས། བདག་ཉིད་སྐད་ཅིག་གིས་ཟིལ་གནོན་ཕྱག་རྒྱ་ཆེན་པོ་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་ཅེས་པ་ནས། ཁྲོ་བོའི་སྤྲིན་རབ་འབྱམས་འཕྲོ་བ་དང་བཅས་པར་གྱུར་གྱི་བར་གྱིས་རིག་པ་ལྷ་སྐུར་ལྡངས། གཏོར་མ་དཀར་དམར་གཉིས་བཤམས་ཏེ་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་ལ། ཡུལ་ཕྱོགས་དང་ས་ཕྱོགས་འདི་ཀུན་ན་གཉུག་མར་གནས་པའི་གཞི་བདག་ཞིང་སྐྱོང་གཙང་ཕུད་ལ་དགའ་བ་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་དགེ་བའི་སྡོངས་གྲོགས་མཛོད་ཅིག །ཅེས་བཀའ་བསྒོ། དམར་གཏོར། ནག་ཕྱོགས་ཤ་ཁྲག་ལ་དགའ་བ་ལན་ཆགས་དང་གནོད་བྱེད་ཚོགས་དང་བཅས་པ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་ཚིམས་པར་གྱིས་ལ་བྱམས་པའི་སེམས་ཀྱིས་སོ་སོ་རང་རང་གི་གནས་དང་རྟེན་ལ་དེངས་ཤིག །གལ་ཏེ་མི་འགྲོ་བ་རྣམས་ཁྲོ་བོའི་སྤྲིན་རབ་འབྱམས་ཀྱིས་ཕྱེ་མར་བརླག་པར་འགྱུར་རོ། །ཨྱཻ་རིང་དང་སུམྦྷ་དྲག་ཏུ་བརྗོད་ཅིང་ཡུངས་ཐུན་གུ་གུལ་རོལ་མོ་དྲག་པོས་བསྐྲད་པར་བྱའོ། །གཉིས་པ་ནི། མཎྜལ་རྒྱ་ཆེ་བར་དྲིའི་ཐིག་ལེ་ལྷ་གྲངས་དང་མཐུན་པར་བཏབ་པ་ལ་འབྲུའམ་མེ་ཏོག་གི་ཚོམ་བུ་གཙོ་འཁོར་དབྱེ་བ་ཕྱེད་པར་བཀོད་པའི་མདུན་དུ་སྨན་གཏོར་རཀྟ་ཆུ་གཉིས་ཉེར་སྤྱོད་སོགས་བཤམས་ལ། ཧཱུྃ། བདག་ཉིད་ཁྲོ་རྒྱལ་སོགས་བགེགས་བསྐྲད་པ་ནས་ལས་གཞུང་ཉིད་མདུན་བསྐྱེད་ཀྱི་ཚུལ་དུ་མཐར་ཆགས་སུ་བཏང་། རྙིང་ལུགས་ཕལ་མོ་ཆེར་བཟླས་པའང་འཕྲོ་འདུ་གཞན་དོར་བའི་སྔགས་མཆོད་ཀྱི་ཚུལ་དུ་མཛད་པར་སྣང་བས་སྐབས་དང་བསྟུན་ཆོག་ལ། སྤྲོ་ཞིང་ནུས་ན་ཚོགས་མཆོད་ལྷག་ཆོག་གི་བར་དུ་བྱ་ཞིང་མ་ལྕོགས་ཀྱང་འགལ་བ་མེད་དོ། །གསུམ་པ་ནི། རྣམ་རྒྱལ་བུམ་པ་དྲི་བཟང་ཆུ་དང་བུམ་རྫས་སོ་ལྔའི་བཅུད་ལྡན་མགུལ་ཆིངས་མཐིང་སྔོན་བུམ་རྒྱན་རིགས་ལྔའི་ཕྱག་མཚན་དང་རིགས་ལྔའི་ཅོད་པན་གྱིས་ཁ་བརྒྱན་ཅིང་འབྲས་བུ་ཅན་གྱི་ཤིང་ངམ་ཀུ་ཤ་རྨ་བྱའི་སྒྲོ་བཙུགས་པ། དུང་ཞལ་ཆུས་བཀང་། གཟུངས་ཐག་རྡོ་རྗེ་དང་བཅས་པ་དཀྱིལ་འཁོར་དབུས་སུ་སྟེགས་ལ་བཀོད། ལས་བུམ་མགུལ་ཆིངས་ལྗང་གུ་བུམ་མཚན་རྒྱ་གྲམ་ཅན་རང་གི་གཡས་སམ་གང་བདེར་འཇོག །མཆོད་པ་སྔར་བཞིན་བཤམས་ལ་ལས་བྱང་ལྟར་བྱིན་རླབས་བྱ། དེ་ནས་བུམ་པ། རཾ་ཡཾ་ཁཾ་གིས་བསང་། སྭ་བྷཱ་བས་སྦྱང་། ཤཱུནྱ་ཏཱས་སྟོང་པར་བྱས་ཏེ། བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་བུམ་པའི་དངོས་འཛིན་སྦྱངས་ཏེ་བྷྲཱུྃ་ལས་ཕྱི་བུམ་པའི་དབྱིབས་ལ་ནང་གཞལ་ཡས་ཁང་དུ་གྱུར་པའི་དབུས་སུ། ཨེ་ཡི་ཕོ་བྲང་ཟླ་གམ་གསུམ། །ཞེས་པ་ནས། སྐུ་ལ་ཁྲོ་རྒྱལ་བཅུ་པོ་རྫོགས། །ཞེས་པའི་བར་གྱིས་གསལ་གདབ། སྙན་གསན་དབབ། སྤྱན་འདྲེན་མཇུག །དུག་སྦྲུལ་ནག་པོ་གཤེགས་སུ་གསོལ། །ཨེ་ཀ་ཧེ་དུན་སོགས་ནས་བཞུགས་གསོལ། ཕྱག་དང་མཆོད་པ། བསྟོད་པ་། རྒྱན་གྱི་ལྷ་བརྒྱད་ལ་ཕྱག་འཚལ། །བར་དུ་བཏང་། གཟུངས་ཐག་བླངས་ལ། རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ཏེ་སོང་བས་ལྷ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། དེ་ལས་འོད་ཟེར་འཕྲོས། འོག་མིན་ནས་བདེ་བར་གཤེགས་པ་རྣམས་ཀྱི་མཐུ་སྟོབས་དང་གཟི་བརྗིད་བྱིན་རླབས་ཐམས་ཅད་སྐུ་སྔགས་ཕྱག་མཚན་གྱི་རྣམ་པས་བུམ་ལྷ་ལ་ཐིམ། བུམ་ལྷ་རྣམས་སྦྱོར་བ་མཛད་པའི་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་བུམ་པ་གང་བར་གྱུར། སྐུ་གསུང་ཐུགས་སྔགས་དང་ཨྱཻ་རིང་བརྒྱ་ཙམ་བཟླས་ལ་མཆོད་བསྟོད་བསྡུས་པ་བྱ་ཞིང་དུང་ཆོས་ཀྱི་ཆུ་བླུགས་པས་དམ་ཡེ་དབྱེར་མེད་བུམ་ཆུར་གྱུར་པར་བསམ་མོ། །ལས་བུམ་གོང་ལྟར་བསང་སྦྱང་སྟོང་པར་བྱས། སྟོང་པའི་ངང་ལས་བྷྲཱུྃ་ལས་བུམ་པ་ཕྱི་བུམ་པའི་དབྱིབས་ཅན་ལ་ནང་གཞལ་ཡས་ཁང་དུ་གྱུར་པའི་ནང་དུ་པཾ་ལས་པདྨ་ཨ་ལས་ཟླ་བ་མ་ལས་ཉི་མའི་སྟེང་དུ་ཧཱུྃ་ལྗང་ནག་ལས་འོད་འཕྲོས། དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་ཁྲོ་བོ་བདུད་རྩི་འཁྱིལ་པ་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་པ། གཡས་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་དང་གཡོན་སྡིགས་མཛུབ་ཀྱིས་དྲིལ་བུ་འཛིན་པ་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་སྟག་གི་པགས་པའི་ཤམ་ཐབས་ཅན། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་གཡས་བསྐུམ་གཡོན་བརྐྱང་གི་ཚུལ་དུ་བཞུགས་པའི་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ སླར་ཡང་ཐུགས་ཀའི་ཧཱུྃ་འོད་ཀྱིས་དབང་ལྷ་རིགས་ལྔ་སྤྱན་དྲངས་ཏེ་དབང་བསྐུར་བས་དོན་ཡོད་གྲུབ་པས་དབུ་བརྒྱན། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀཏ་ཀུཎྜ་ལཱི་ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་སོགས་ཀྱིས་བསྟོད། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་ཨ་དཀར་པོ་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། འོག་མིན་ནས་བདེ་བར་གཤེགས་པ་རྣམས་ཀྱི་བྱིན་རླབས་བདུད་རྩིའི་རྣམ་པར་བསྡུས་ཏེ། བུམ་ཆུ་ལ་ཐིམ་པས་ཡེ་ཤེས་ཀྱི་བདུད་རྩི་སེམས་ཅན་གྱི་ལས་དང་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་དག་པར་བྱེད་པའི་ནུས་པ་དང་ལྡན་པར་བསམ། གཟུངས་ཐག་བླངས་ལ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བརྒྱ་རྩ་བརྒྱད་བཟླ། སླར་ཡང་མཆོད་བསྟོད་དང་དུང་ཆོས་ཀྱི་ཆུ་བླུགས་པས། བདུད་རྩི་འཁྱིལ་པ་འོད་དུ་ཞུ་བས་བུམ་པ་བདུད་རྩིས་གང་བར་གྱུར་པར་མོས་ཏེ་ཆས་རྣམས་ཡོལ་བས་བསྒྲིབ། སྟ་གོན་རྫས་རྣམས་འདུ་བྱའོ། །གསུམ་པ་ལ། ཁྲུས་དང་བགེགས་བསྐྲད་མཎྜལ་འབུལ། །སྤྲོ་བསྐྱེད་ཞུ་གནང་སྡོམ་པ་འབོག །སྲུང་སྐུད་ཁྱོར་ཆུ་སོ་ཤིང་འདོར། །ཀུ་ཤ་བྱིན་རླབས་གཟེངས་བསྟོད་ཅིང་། །རྨི་ལམ་བརྟགས་སོགས་བཅུ་གསུམ་མོ། །དེ་ལ་དང་པོ་ནི། སློབ་མ་རྣམས་ཕྱི་རོལ་དུ་ལས་བུམ་གྱི་ཆུས་ཁྲུས་བྱ། གཉིས་པ་ནི། བགེགས་གཏོར་རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། ཧཱུྃ། ཡང་དག་ལྷ་ཡི་རྣལ་འབྱོར་གཞལ་ཡས་འདིར། །འདུ་བར་དབང་བ་ལས་ནི་མ་གཏོགས་པ། །བར་གཅོད་འབྱུང་པོ་ཐམས་ཅད་མི་གནས་ཏེ། །རང་རང་གནས་སུ་མ་ཐོགས་མྱུར་དུ་དེངས། །བགེགས་གཏོར་ཕྱིར་བཏང་ལ། ཨྱཻ་རིང་དང་སུམྦྷའི་སྔགས་དྲག་ཏུ་བརྗོད་ཅིང་ཡུངས་ཐུན་སོགས་ཀྱིས་བགེགས་བསྐྲད་དོ། །གསུམ་པ་ནི། མེ་ཏོག་བཀྱེ་བསྡུ་བྱས། སེམས་བསྐྱེད་གསལ་བཏབ་ལ་དྲང་ངེས་ཀྱི་ཆོས་བཤད་ཇི་ལྟར་ནུས་ཤིང་འོས་པ་སྔོན་དུ་བཏང་ནས། དེའང་གསང་སྔགས་སྔ་འགྱུར་བ་རྣམས་ལ་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་སུ་གྲགས་པའི་ཕྱི་མ་ལ་ཡོངས་རྫོགས་སྤྱི་འདུས་སུ་སྒྲུབ་པ་དང་། རིགས་བྱེ་བྲག་རང་རྐང་དུ་སྒྲུབ་པ་གཉིས་ལས་འདིར་ཕྱི་མ། དེ་ལའང་འཇིག་རྟེན་ལས་འདས་པའི་རིགས་ལྔ། འཇིག་རྟེན་པའི་རིགས་གསུམ་རྣམས་སུ་ཡོད་པ་ལས་སྔ་མའི་བྱེ་བྲག་འཇམ་དཔལ་སྐུའི་རིགས་སུ་སྒྲུབ་པ་ཡིན། དེ་ལའང་ཞི་བ་དང་ཁྲོ་བོ་གཉིས་ལས་འདིར་ཁྲོ་བོ་ལྟར་སྒྲུབ་པ། དེ་ལ་ནང་གསེས་སུ་རིགས་ལྔར་དབྱེར་ཡོད་པ་ལས་འདིར་ཀུན་ཁྱབ་དེ་བཞིན་གཤེགས་པའི་རིགས་འཁོར་འདས་ཀྱི་ཕྱག་རྒྱ་ཐམས་ཅད་ཟིལ་གྱིས་གནོན་པ་འཇམ་དཔལ་ཁྲོ་བོའི་སྒྲུབ་ལུགས་ཐམས་ཅད་ཀྱི་མཐར་ཐུག་པ་དེ་ཡིན། འདི་ཉིད་རྒྱུད་གང་ལ་བརྟེན་ཅིང་གདམས་ངག་ཇི་ལྟར་བྱུང་ན། སྤྱིར་འཇམ་དཔལ་གྱི་རྒྱུད་དང་གདམས་ངག་མཐའ་དག་སྐུའི་རིག་འཛིན་འཇམ་དཔལ་བཤེས་གཉེན་ལ་གཙོ་བོར་བཀའ་བབས་ཤིང་། སློབ་དཔོན་ཆེན་པོ་པདྨཱ་ཀ་ར། རྒྱ་གར་ཁྲག་འཐུང་ནག་པོ། ཕུང་བྱེད་ཤཱནྟིཾ་གརྦྷ་སོགས་གྲུབ་པའི་སློབ་དཔོན་རྣམས་ཀྱིས་ཀྱང་ལུགས་སྲོལ་ཅི་རིགས་པ་གསལ་བར་མཛད་པ་ལས། འཇམ་དཔལ་ཁྲི་དྲུག་སྟོང་དུ་གྲགས་པ་སོགས་རྒྱུད་སྡེ་བསམ་གྱིས་མི་ཁྱབ་པའི་ནང་ནས་གཤིན་རྗེ་གཤེད་ཟླ་གསང་ནག་པོའི་རྒྱུད། དེའི་ཡང་བཅུད་སྡིག་པ་སྙིང་འཛིངས་ཀྱི་རྒྱུད་ལ་བརྟེན་ནས་ཚེ་བདག་ལྕགས་འདྲའི་སྐོར་གྱི་གདམས་ངག་རྣམས་བྱུང་ཞིང་། འདི་ལ་ཕྱི་སྐོར་ལྕགས་འདྲ། ནང་སྐོར་ཐོག་འདྲ། གསང་སྐོར་གནམ་ཐོག་ཆེན་པོའི་སྐོར་དང་གསུམ་དུ་ཡོད་པ་བ་སུ་དྷཱ་རའི་སྤྱི་གཅོད་འཕྲུལ་གྱི་ལྡེའུ་མིག་ལས་གསུངས་ཤིང་། གནམ་ཐོག་ཆེན་པོའི་སྐོར་ལའང་པད་ལུགས་དང་གནུབས་ལུགས་གཉིས་སུ་གྲགས་པ་ལས། འདིར་ནི་གཞལ་ཡས་ཁང་ལྷུན་གྲུབ། ལྷ་ཀོག་བཞེངས། སྔགས་ཐུག་ཕྲད་ཡིན་པའི་རྒྱུ་མཚན་གྱིས་ཉམས་སུ་བླང་བའི་རིམ་པ་གནམ་ཐོག་ཆེན་མོའི་སྐོར་ཡིན་ལ། ཡང་ཇི་སྐད་དུ། དྲེགས་པ་ཕྱག་ན་རྡོ་རྗེ་ཡིས༔ ཏིང་འཛིན་ཉིད་ཀྱིས་རབ་དགོངས་ནས༔ ལྕགས་སྡིག་ལུས་ཀྱི་ཕྱི་ནང་ལ༔ དཔེ་དང་བརྡ་ཡིས་མཚོན་པས་ནི༔ གནམ་ལྕགས་ཆོས་སྡེ་ཚང་བར་འདུག༔ ཏིང་འཛིན་སྔགས་ཀྱིས་སྡིག་པ་བཤགས༔ རིག་འཛིན་རྣམས་ཀྱི་དོན་སླད་དུ༔ ཆུ་དར་སྔོན་པོའི་ལོགས་དག་ལ༔ རིན་ཆེན་གསེར་གྱིས་ཡི་གེར་བཏབ༔ འདོད་ཆགས་ཀོ་བསེའི་སྡིག་པ་བཅོས༔ ལུས་དབྱིབས་མགོ་དང་རྭ་དང་བཅས༔ ཡན་ལག་མཇུག་མ་གཉེར་མ་དང༔ དོན་སྣོད་བུ་ག་དགུ་རྣམས་ལ༔ སོ་སོར་རང་རང་ཆོས་སྡེ་བཅས༔ དགེ་སྡིག་ཁྲོ་ཆུའི་སྒྲོམ་དུ་བཅུག༔ དུར་ཁྲོད་བསིལ་བའི་ཚལ་དུ་སྦས༔ ཞེས་གསུངས་པའི་དུར་ཁྲོད་བསིལ་བའི་ཚལ་གྱི་ཆོས་སྡེ་ཕུང་བྱེད་ཤཱནྟིཾ་གརྦྷས་བཏོན་ཏེ་བསམ་ཡས་རབ་གནས་ལ་ཕེབ་པའི་སྐབས་སུ་སྐལ་ལྡན་འགའ་ཞིག་ལ་ཐོག་མར་སྤེལ་ཞིང་རིམ་གྱིས་གནུབས་ཆེན་ལ་བརྒྱུད་པ་ནི་ལྕགས་སྡིག་གི་སྐོར། འདི་ལའང་ཕྱི་སྐོར་ལྕགས་འདྲ། ནང་སྐོར་ཐོག་འདྲ། གནམ་ལྕགས་ཐོག་མེའི་སྐོར་གསུམ་དུ་བཀའ་འབྱེད་ལས་གསུངས་ཤིང་ལྕགས་སྡིག་སྐོར་དུ་གྲགས། ཕྱིས་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་གདམས་སྐོར་མཐའ་དག་ས་གསུམ་པ་འོད་བྱེད་ལ་གནས་པའི་གནུབས་ཆེན་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ་བཀའ་བབས། དེའང་གནུབས་ཀྱི་བཀའ་ཤོག་རྒྱ་བོ་ཆེ་ལས། རྒྱ་གར་མཁས་པ་བི་མ་མི་ཏྲ་དང་། །ཨོ་རྒྱན་མཁས་པ་པདྨ་འབྱུང་གནས་དང་། །བལ་པོའི་མཁས་པ་བ་སུ་དྷཱ་ར་དང་། །བོད་ཀྱི་མཁས་པ་ཛྙཱ་ན་ཀུ་མཱ་རས། །བདག་ལ་གནང་བའི་མན་ངག་འདི་རྣམས་ཡིན། །ཞེས་རྒྱ་བོད་མཁས་པ་དུ་མའི་ཐུགས་ཀྱི་གསང་མཛོད་བརྟོལ་ནས་གདམས་ངག་རྒྱ་མཚོ་ཆེན་པོ་ལ་དབང་སྒྱུར་བས་མདོ་དང་སྒྱུ་འཕྲུལ་གཙོ་བོར་གྱུར་པ་རྡོ་རྗེ་ཐེག་པའི་བབ་སོ་གཉིས་པ་ཡིན་ཅིང་། བྱེ་བྲག་ཏུ། ཟབ་པའི་ཆོས་དྲུག་གི་དཀར་ཆག་ལས། གནུབས་ཀྱི་བན་ཆུང་སངས་རྒྱས་ངས༔ ལོ་ནི་བརྒྱ་དང་སུམ་ཅུ་ལོན༔ ཉོན་མོངས་བོད་ཡུལ་དབུས་སུ་ལོངས༔ འཚོ་བའི་ཟས་རྣམས་འབངས་ཀྱིས་ཕྲལ༔ རྒྱ་གར་ཡུལ་དུ་ལན་བདུན་ཕྱིན༔ དཀར་ཆག་གནུབས་ཡུལ་རོང་དུ་བཏབ༔ རྩལ་ཆེན་རྡོ་རྗེ་སྒྲོམ་བུར་རྫོགས༔ བླ་མ་བཅུ་གཅིག་ཞབས་ནས་བཏེག༔ འོན་ཀྱང་མཁས་པ་བཞི་ལ་གཏུགས༔ སློབ་དཔོན་དཔལ་གྱི་སེང་གེ་དང༔ རྒྱ་གར་ཁྲག་འཐུང་ནག་པོ་དང༔ ཕུང་བྱེད་ཤཱནྟིཾ་གརྦྷ་དང༔ བལ་པོ་བ་སུ་དྷཱ་ར་བཞི༔ མཁས་པ་བཞི་ཡི་ཐུགས་བརྟོལ་ནས༔ ཟབ་པའི་ཆོས་དྲུག་ཐུགས་ལ་བཅངས༔ གཞན་ཡང་གདམས་ངག་རྩིས་ལས་འདས༔ ཞེས་མཁས་པ་བཞིའི་མན་ངག་བོད་ལ་སྤྱན་དྲངས་པའི་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་རྒྱུད་གདམས་ངག་རྒྱ་མཚོ་ཙམ་བཞུགས་པ། ཐུགས་ཀྱི་སྲས་ཁུ་ལུང་པ་ཡོན་ཏན་རྒྱ་མཚོ་ལ་ཚེ་བདག་སྐོར་འགའ་ཞིག་གནང་བ་ཙམ་ལས་གཞན་སུ་ལའང་མ་བསྟན་གཏེར་དུ་སྦས་ཏེ། སྤྱིར་སློབ་དཔོན་འདིས་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་དང་རྒྱ་གར་མཁས་པ་བཞི་ལས་གསན་པའི་ཟབ་ཆོས་རྣམས་གཏེར་ཁ་བརྒྱད་ཅུ་ཙམ་སྦས་པར་གསུངས། ཕྱིས་དུས་ལ་བབས་པའི་ཚེ། ཇི་སྐད་དུ། ལ་སྟོད་གཅུང་པ་དྲིལ་ཆེན་ཆུ་ལྟར་འཁྲུགས༔ གཡུ་ཕུ་རྫ་ལྷུད་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་དུམ་རྒྱ་ཞང་ཁྲོམ་ཞེས་བྱ་འབྱུང༔ ཞེས་གསུངས་པ་ལྟར་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཉིད་རང་གཏེར་སྤྱན་འདྲེན་པའི་ཆེད་དུ་བསམ་བཞིན་སྐྱེ་བ་བཞེས་པ་དུམ་པ་རྒྱ་ཞང་ཁྲོམ་རྡོ་རྗེ་འོད་འབར་གྱིས། གཙང་གི་ཕུང་པོ་རི་བོ་ཆེ། ཉུག་གི་རྡོ་རྗེ་སྒྲོམ་བུ། གཡུའི་རྫ་ལྷུད་མོ། གཙང་འགྲམ་སྐྱེར་མ། གཞན་ཡང་སྤྲ་དུན་རྩེ། མཁོ་མཐིང་ལྷ་ཁང་། བསམ་ཡས་མཆིམས་ཕུ་སོགས་ནས་བྱང་ཆུབ་སྒྲུབ་པའི་ཆོས་སྡེ་དང་ཁྱད་པར་བསྟན་པ་སྲུང་བའི་དྲག་སྔགས་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་པའི་གཙོ་བོར་གྱུར་པ་ནི་དུས་དགྲའི་དབང་པོ་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་ཚེ་བདག་ནག་པོའི་སྐོར་རྣམས་ཡིན་ལ། དེ་ལ་སྨིན་གྲོལ་ལས་ཁ་ཚར་དང་བཅས་པའི་གདམས་སྐོར་ཟབ་ཅིང་རྒྱ་ཆེ་བ་ལས། འདིར་པད་ལུགས་སྨིན་བྱེད་དབང་གི་སྒྲོན་མ་དང་། བམ་ཆེན་གསང་བ་རབ་འབྱམས་ཀྱི་དབང་། གནུབས་ལུགས་མུ་ཏིག་ཕྲེང་བ་རྣམས་རྩ་བར་བཟུང་སྟེ། རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཀྱིས་ཁ་བསྐངས་པའི་པད་གནུབས་ཟུང་འཇུག་གི་དབང་བསྐུར་བཀའ་གཏེར་ཆུ་བོ་ཆེན་པོ་གཉིས་ཀྱི་རྒྱུན་གཅིག་ཏུ་འདྲེས་པ་བསྒྲུབ་པ་ལ་སྔོན་འགྲོ་སྟ་གོན་གྱི་ཆོས་དང་། དངོས་གཞི་དབང་གི་རིམ་པ་གཉིས་སུ་ཡོད་པ་ལས། ཐོག་མར་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་ཞིང་ཁམས་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །བཞི་པ་ནི། སྔགས་ཀྱི་དངོས་གྲུབ་འདོད་པ་གང་། །དཀྱིལ་འཁོར་འདིར་ནི་གཞུག་པར་བྱ། །སངས་རྒྱས་འདོད་པ་དེ་ལས་གཞན། །འཇིག་རྟེན་འདི་ཡི་བསམ་པ་སྤང་། །སླར་ཡང་དད་དང་ལྡན་པ་ཡིས། །འཇིག་རྟེན་ཕ་རོལ་ལ་དམིགས་ནས། །བློ་ལྡན་དཀྱིལ་འཁོར་གཞུག་པར་བྱ། །བདག་དོན་འདིར་འབྲས་གཉེར་མི་བྱ། །བདག་དོན་ཚེ་འདིའི་ཆེད་བྱེད་ན། །གཞན་དོན་སངས་རྒྱས་ག་ལ་འབྱུང་། །གཞན་དོན་རྩེ་གཅིག་ཏུ་དམིགས་ན། །འབད་པ་མེད་པར་འདི་འབྲས་འགྲུབ། །ཅེས་སོ། །ལྔ་པ་ནི། དེ་ནས་ཐལ་མོ་མེ་ཏོག་དང་ལྡན་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། མགོན་པོ་རྫོགས་སངས་རྒྱས་ཀུན་གྱི། །གསང་འཛིན་ཅི་ནས་བདག་འགྱུར་ཕྱིར། །ངེས་པར་འབྱུང་གི་བར་དུ་ནི། །བདག་གི་བསམ་པ་བརྟན་པོས་བཟུང་། །ཉོན་མོངས་མ་ལུས་བསལ་བ་དང་། །མི་ཤེས་མ་ལུས་སྤང་བའི་ཕྱིར། །བསམ་པའི་ཁྱད་པར་ཇི་བཞིན་དུ། །བདག་ཅག་རྣམས་ལ་བསྟན་པར་འཚལ། །ལན་གསུམ་ཞུས་པ་ལས་གནང་བ་སྦྱིན་པ་ནི། ཡང་དག་སངས་རྒྱས་ལམ་རིག་པ། །ངེས་འབྱུང་ཀུན་གྱི་ལམ་ལ་གནས། །ངེས་པར་འབྱུང་བ་ཀུན་སྟོན་པ། །བུ་འདིར་ཤོག་ཅིག་བདེ་བའི་ས། །ཐེག་ཆེན་རིམ་པས་འགྲོ་བ་དང་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བཟུང་། །རྫོགས་པའི་སངས་རྒྱས་བདེ་ཆེན་གྱིས། །དམིགས་པ་མེད་པ་གནས་ཕྱིར་དུ། །སྟོང་ཞིང་རང་སེམས་རྟག་པར་བཟུང་། །སྒྱུ་འཕྲུལ་དྲྭ་བའི་དབང་རྫོགས་སྦྱིན། །འཁོར་བའི་སེམས་ཅན་ཐམས་ཅད་ཀུན། །འཁོར་རྒྱུད་ལམ་གྱི་སྒོ་བཅད་ནས། །མཐོ་རིས་ཐར་པའི་སྒོ་ཕྱེ་སྟེ། །མ་ཡེངས་གནས་སུ་བཏང་བར་བྱ། །བཛྲ་ས་མ་ཡ་ཛཿ ཞེས་བརྗོད་དོ། །དྲུག་པ་ནི། དེ་ནས་རྒྱུད་སྡོམ་པ་དང་ལྡན་པར་བྱ་བའི་སླད་དུ། དུས་ད་ནས་བཟུང་སྟེ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་བར་བྱའོ་སྙམ་དུ་མཛོད་ལ། མདུན་གྱི་ནམ་མཁའ་ལ་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་ཡི་དམ་གྱི་ལྷ་ཚོགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དཔའ་བོ་དམ་ཅན་ཆོས་སྐྱོང་བའི་སྲུང་མ་དང་བཅས་པ་ཐམས་ཅད་དཔང་པོའི་ཚུལ་དུ་བཞུགས་པར་མོས་ལ་འདིའི་རྗེས་ཟློས། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྡིག་པ་ཐམས་ཅད་སོ་སོར་བཤགས། །དགེ་བ་ཀུན་ལ་རྗེས་སུ་སྨོན། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །བྱང་ཆུབ་མཆོག་ཏུ་སེམས་ནི་བསྐྱེད། །དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །ཐུགས་ཀྱི་སྲས་སུ་མཛད་དུ་གསོལ། །ལན་གསུམ། ཁྱད་པར་ཐུན་མོང་མ་ཡིན་པ་གསང་སྔགས་ཀྱི་སེམས་བསྐྱེད་འདིའི་རྗེས་ཟློས། གསང་བ་མཆོག་གི་དཀྱིལ་འཁོར་དུ། །བླ་མེད་གནས་སུ་བསྒྲུབ་པ་དང་། །བདེ་གཤེགས་དངོས་གྲུབ་ཐོབ་བྱའི་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ལན་གསུམ་བྱ། བདུན་པ་ནི། སྲུང་སྐུད་སྔོན་པོ་མདུད་པ་ཉེར་གཅིག་བྱས་པ་ལས་ཆུ་དང་འཁྱིལ་པའི་སྔགས་ཀྱིས་བསང་། སྐུ་གསུང་ཐུགས་སྔགས། ཨྱེ་རིང་འཁྱིལ་པའི་སྔགས་རྣམས་བཏབ་པས་བྱིན་བརླབས་ལ། བུ་ཁྱོད་ཚུར་ཉོན་སྐལ་ལྡན་དངོས་གྲུབ་སྒྲུབས། །དེ་ལ་བགེགས་ཀྱིས་བར་གཅོད་བཟློག་པའི་ཕྱིར། ཁྲོ་རྒྱལ་སྔགས་བཟླས་མདུད་པ་ཉེར་གཅིག་བྱས། །སྲུང་སྐུད་དཔུང་པར་བཏགས་པས་བགེགས་སྲུང་ཤོག །ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་ཕོ་ལ་གཡོན་དང་མོའི་གཡས་སུ་ཉིས་བསྐོར་གྱིས་བཅིངས་ལ་ལས་བུམ་གྱི་དྲི་བཟང་ཆུས་བརླན་ཅིང་རྡོ་རྗེས་རྒྱས་བཏབ་ལ། ཨོཾ་བཛྲ་རཀྵ་ཧཱུྃ། ཞེས་བརྗོད། སློབ་མའི་སྤྱི་བོར་རྡོ་རྗེ་བཞག་ལ་ཨྱཻ་རིང་ཚར་གཅིག་བརྗོད་ལ་བར་ཆད་བསྲུང་ངོ་། །བརྒྱད་པ་ནི། དུང་ཞལ་གྱི་དྲི་ཆུ་ལས་ཆུས་བསངས་ལ། ཨོཾ་བིགྷྣཱན་ཏ་ཀྲྀཏ་ཧཱུྃ་ཕཊ། ཨོཾ་སརྦ་ཤོ་དྷ་ན་ཡེ་ཧཱུྃ་ཕཊ། ཅེས་བདུན་ཙམ་གྱིས་བྱིན་གྱིས་བརླབས་པ་སྦྱིན་ཞིང་། ཧཱུྃ། སྔགས་བཟླས་བདུད་རྩིའི་ཆུ་འདི་ཡིས། །ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱངས། །བར་གཅོད་ཐམས་ཅད་དག་གྱུར་ཏེ། །ཟབ་མོའི་སྣོད་དུ་རུང་བར་ཤོག །སྔགས་གཉིས་བརྗོད་ལན་གསུམ་སྦྱིན། ཁ་བཤལ་བས་སྒོ་གསུམ་གྱི་སྒྲིབ་པ་དག་པར་མོས་ཤིག །དགུ་པ་ནི། འོ་མ་ཅན་གྱི་ཤིང་ཉེས་སྐྱོན་དང་བྲལ་བ་སོར་བཅུ་གཉིས་པ་མགོ་བོ་རྒྱ་མདུད་ཀྱི་དབྱིབས་ཅན་རྩེ་མོར་མེ་ཏོག་བཅིངས་པ་ལས་ཆུས་བསངས་ལ། ཨོཾ་བཛྲ་ཛི་ཧྭཱ་སི་བྷཱ་ཏི་ཧཱུྃ་ཕཊ། ཅེས་པས་བྱིན་གྱིས་བརླབས་པ་གཏད་ཅིང་སོ་ཤིང་རྭ་བ་པདྨ་འདབ་བརྒྱད་བྲིས་པ་བཀོད་ལ། སོ་ཤིང་འདི་ཉིད་ཁྱེད་རང་ནས་མཐེབ་མཛུབ་ཀྱི་བར་དུ་བཟུང་བའི་ཐལ་སྦྱར་བཅས་པས་སོ་བྲུ་བའི་ཚུལ་དུ་སྡིག་སྒྲིབ་ཐམས་ཅད་སྐྱུག་པར་མོས་ལ་འདིའི་རྗེས་ཟློས་དང་བཅས་ཏེ་དོར་ཅིག །ཧོཿ བླ་མས་བསྒོ་བ་ཇི་བཞིན་སོ་ཤིང་འདོར། །འཇམ་དཔལ་ཞི་ཁྲོའི་སྐུ་གསུང་ཐུགས་མཆོག་གི །ཡེ་ཤེས་དངོས་གྲུབ་དམ་པ་ཐོབ་བྱའི་ཕྱིར། །དབུས་ཕྱོགས་དགའ་ལྡན་གནས་སུ་ལྷུང་བར་ཤོག །དེ་ལྟར་དོར་བས་རྩེ་མོ་དབུས་སུ་བསྟན་ན་གཙོ་བོ་དང་ཕྱོགས་བཞིར་ཕྲིན་ལས་བཞི། འོག་ཏུ་རིག་འཛིན། སྟེང་དུ་མཁའ་སྤྱོད་ཀྱི་དངོས་གྲུབ་འཐོབ་པར་གསུངས་སོ། །བཅུ་པ་ནི། ཀུ་ཤའི་ཆུན་པོ་ཆེ་ཆུང་གཉིས་སུ་བྱས་ལ་ལས་ཆུས་བསང་། ཨོཾ་ཨ་མྲྀཏེ་ཧཱུྃ་ཕཊ། ཅེས་བཟླས་པས་བྱིན་གྱིས་བརླབ་སྟེ། ཧཱུྃ། བུ་ཚུར་ཉོན་ཅིག་ཟབ་མོ་སྒྲུབ་པ་ཡང་། །དངོས་གྲུབ་མ་འགྲུབ་བར་དུ་རྟགས་མི་འབྱུང་། །འཇུག་པའི་རྨི་ལྟས་བཟང་ངན་བརྟགས་པའི་ཕྱིར། །ཀུ་ཤའི་རྩྭ་མཆོག་ཁྱོད་ཀྱི་སྔས་སུ་བཏིང་། །དེ་ལྟར་གཏད་པའི་ཀུ་ཤ་ཆེ་བ་སྟན་དང་ཆུང་བ་སྔས་ཀྱི་དོན་དུ་ཟུངས་ཤིག །བཅུ་གཅིག་པ་ནི། བླ་མ་ཕྱག་རྒྱ་ཟིལ་གནོན་དུ་གསལ་བའི་སྐུ་ལས་འོད་ཟེར་འཕྲོས་སློབ་མའི་རྣམ་སྨིན་གྱི་ཕུང་པོ་སྦྱངས་ཏེ་འོད་དུ་ཞུ་བ་ལས། ཕྱག་རྒྱ་གཅིག་པའི་ཚེ་བདག་སྔོ་ནག་རྡོ་རྗེ་དང་ཞགས་པ་འཛིན་པར་གྱུར་པའི་སྤྱི་མགྲིན་སྙིང་ལྟེ་གསང་བར་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ལས་སྤྱི་བོར་རྣམ་སྣང་། མགྲིན་པར་སྣང་མཐའ། སྙིང་གར་རྡོར་སེམས། ལྟེ་བར་རིན་འབྱུང་། གསང་བར་དོན་གྲུབ་རྣམས་གསལ་བར་གྱུར་པས་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཅེས་མཚམས་སྦྱར་ལ་གནས་གསུམ་དུ་རྡོ་རྗེ་དང་བཅས་པའི་དྲི་ཆུས་བྱུག་ཅིང་། ཨོཾ་ཨཱཿཧཱུྃ་ཞེས་བརྗོད། བཅུ་གཉིས་པ་ནི། འཇིག་རྟེན་ན་ནི་ཀུན་མཁྱེན་པ། །ཨུ་དུམྦཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ན་མི་འབྱུང་ལ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་བསྐལ་པ་བྱེ་བ་རུ། །སྡིག་པའི་ལས་ཀུན་བྱས་པ་ཡང་། །དེ་ཀུན་གྱིས་ནི་དཀྱིལ་འཁོར་ནི། །མཐོང་བས་བྱང་བར་འགྱུར་བས་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །གང་གི་བསྐལ་པ་བྱེ་བ་རུ། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཀྱང་། །འདི་ནི་མཐོང་བར་ཤིན་ཏུ་དཀའ། །བླ་མེད་འདི་ལ་དགའ་བར་གྱིས། །སྤྲོ་ན་དེའི་དོན་བཀྲོལ་ལ་བཤད། བཅུ་གསུམ་པ་ནི། ལྷ་དང་བླ་མ་ཡིད་ལ་གྱིས། །རྨི་ལམ་སྣང་བ་ཅི་བྱུང་ཡང་། །ནངས་པར་མ་གསང་སྨྲ་བར་གྱིས། །བཟང་ན་ཤིན་ཏུ་ལེགས་ངན་ན། །སྦྱིན་སྲེག་བྱོས་ལ་ཞི་བར་གྱིས། །དེ་རྣམས་ཀྱིས་སློབ་མ་སྟ་གོན་གྱི་ཆོས་རྣམས་གྲུབ་པས་དགེ་བ་རྫོགས་བྱང་དུ་བསྔོ་བར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་རང་གནས་སུ་གཏང་ངོ་། །དེ་ནས་ཡོལ་བ་རྣམས་བསལ་ལ་མཆོད་པ་རྣམས་ཁ་གསོས་ཤིང་རྗེས་ཆོག་གི་མཆོད་བསྟོད་བཟོད་གསོལ་རྣམས་གྲུབ་རྗེས་གསོལ་བ་གདབ་པ་ནི། པུས་བཙུགས་སྤོས་དང་རྡོར་དྲིལ་འཛིན་པས། གཉིས་མེད་ཡེ་ཤེས་ལས་བྱུང་བ། ཁྱབ་བདག་དངོས་ཀུན་བདག་ཉིད་ཅན། །སྟོན་པའི་གཙོ་བོ་གཤིན་རྗེ་གཤེད། །གསོད་བྱེད་ཡུམ་དང་ཡང་དག་ལྡན། །ཕྱོགས་མཚམས་གཤེད་བཞི་ཡབ་ཡུམ་དང་། །མོན་པ་མོན་མོ་བདུད་བཞི་སོགས། །མ་ལུས་བདག་ལ་དགོངས་སུ་གསོལ། །སློབ་བུ་འདི་ལ་ཕན་པ་དང་། །ཁྱོད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྡོ་རྗེ་ཅན་བདག་ཅེས་བྱ་བས། །ནངས་པར་དཀྱིལ་འཁོར་བྲི་བར་འཚལ། །རྗེས་སུ་བརྩེ་བས་ཉེར་དགོངས་ཏེ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་ལན་གསུམ་གྱི་མཐར་རྡོ་རྗེ་ཁུ་ཚུར་གན་རྐྱལ་གྱིས་མཐེའུ་ཆུང་སྦྲེལ་ཞིང་མཛུབ་མོ་རྩེ་སྤྲད་པ་སྨིན་མཚམས་སུ་ལྡོག་སྟེ། ཨོཾ་བཛྲ་ཨུཏྟིཥྛ། སྟ་གོན་གྱི་ལྷ་རྟེན་དང་བརྟེན་པར་བཅས་པ་ནམ་མཁར་འོད་ཀྱི་དྲྭ་བར་བཞུགས་པར་མོས་ལ་ཚོམ་བུ་མཆོད་གཏོར་བསྡུའོ། །ལྔ་པ་ལ་དང་པོ་དཀྱིལ་འཁོར་ནི། ཐིག་ལག་ལེན་ལྟར་བཏབ་པ་ལ། དབུས་སུ་གཙོ་བོའི་ལྷ་གནས་གྲུ་གསུམ་མཐིང་ནག །སྤྲུལ་པ་གསུམ་གྱི་ལྷ་གནས་ཟླ་གམ་གསུམ་དམར་པོ། དེའི་ཕྱིར་ཐོད་ཕྲེང་དཀར་པོ། དེའི་ཕྱིའི་ཆ་ཆེན་གཅིག་གི་གཞི་ནག་པོ་ལ་ཟུར་བཞིར་ཐོད་སྐམ་ཉིས་བརྩེགས་ཟུང་འབྲེལ་ཐོད་རྭ་དཀར་པོ་བཅས་པ་སྟེ་གཤེད་བཞིའི་ལྷ་གནས། དེའི་ཕྱིར་མོན་བདུད་ཀྱི་ལྷ་གནས་འཁོར་ལོ་རྩིབས་བརྒྱད་མཐིང་ག་ལ་རྩིབས་མཆན་དམར་པོ། དེ་རྒྱབ་འཆི་བདག་བཅུ་གཉིས་ཀྱི་ལྷ་གནས་ལྕགས་མཁར་བྲི་གཞི་ཟླུམ་པོ་དམར་པོ་ལ་ཕྱོགས་རེར་གཉིས་རེ་དང་མཚམས་བཞིར་རེ་རེ་སྟེ་གྲུ་གསུམ་སྔོན་པོ་བཅུ་གཉིས། དེ་རྒྱབ་སྒོ་ཁྱམས་ལ་གཤིན་རྗེ་ཤ་ཟ་ཀིཾ་ཀང་མ་མོའི་ཚོགས་ཀྱི་ལྷ་གནས་སྒོ་ཁྱམས་དམར་པོ་དེའི་ཕྱིར་ཕྱོགས་ཚོན་གྱིས་སྒོ་བའི་ལྷ་གནས་སྒོ་བཞི་དང་། རྩིག་པ་ནང་ནས་མཐིང་སེར་དམར་ལྗང་དཀར་བ་ལྔ་སྦྲག་གམ་ཡང་ན་ཐོད་རྩིག །འདོད་སྣམ་དམར་པོ། ཕ་གུ་སེར་པོའམ་ཐོད་སྐམ། དྲ་བའི་གཞི་ནག་པོ་ལ་རུས་རྒྱན་ཐོད་ཕྲེང་སྦྲུལ་ཆུན་རྒྱུ་མ་ཙིཏྟ་ལ་སོགས་པའི་རི་མོ། མདའ་ཡབ་སྔོན་པོའི་ར་བ་རས་ཀྱི་ཤམ་བུའི་རི་མོ་ཅན། པུ་ཤུ་དཀར་པོ་རུས་པའི་མཆོད་རྟེན་བསྒྲིགས་པའི་རི་མོ་ཅན། ཕྱོགས་བཞིར་མུན་པ་དང་ཀ་བ་ཕྱོགས་མདོག །ཀ་རྒྱན་མཛེས་ཚོན་གུ་ཎ་ཏ་ར་བཞི་ཀ་སྔོན་པོ་འཁྱོག་འགྲོས་ཕྱོགས་མདོག །རྟ་བབས་བརྒྱད་ནི་མས་ནས་རིམ་བཞིན། གསེར་གདུང་སེར། རྟ་རྐང་མཐིང་། ཆུ་སྐྱེས་དམར། རིན་ཆེན་སེར། སྒྲོམ་བུ་ལྗང་། ཟར་ཚག་མཐིང་། གེ་སར་སེར། མདའ་ཡབ་དཀར། དབུས་རྭ་དང་ཆུ་སྲིན་རྭ་ཕྱོགས་མདོག །པད་གདན་མཛེས་ཚོན། ཆོས་འཁོར་དང་གདུགས་སེར་པོའམ་མཛེས་ཚོན། ཏོག་སེར་པོ། ཉི་དཀྱིལ་ལྗང་གུ་ལ་པ་ཏྲ་རིས། པདྨ་སྣ་ཚོགས། འོབས་ཁུང་གཞི་ནག་པོ་ལ་ཕྱོགས་མཚམས་བརྒྱད་དང་ཕྱོགས་བཞིའི་གཡས་གཡོན་རེ་རེ་སྟེ་བཅུ་དྲུག་རྩེ་མོ་ཕྱིར་བསྟན་གྱི་ཆོས་འབྱུང་མཐིང་ག །དེའི་ཕྱིར་དུར་ཁྲོད་རྡོར་ར་མེ་རི་སོགས་སྤྱི་ལྟར་བྲིའོ། །ལྷ་མཚན་ནི། གཙོ་བོ་ལ་སྐུའམ་ཕྱག་མཚན། འཁོར་མཆོག་རྣམས་ལ་ཕྱག་མཚན། ཕལ་པ་ལ་ཡིག་འབྲུའམ་ཐིག་ལེ་རང་མདོག་བཀོད། འདིར་རས་བྲིས་ཀྱི་དབང་དུ་བྱས་པ་ཡིན་རུང་ལུགས་འདིར་ཁྱད་ཆོས་མང་བས་རས་བྲིས་ཉིད་ཀྱང་འབྲི་ཤེས་དཀའ་བས་ཕྱོགས་ཙམ་སྨོས་པ་སྟེ། དེ་ལྟ་བུའི་རས་བྲིས་ཚད་ལྡན་བཏིང་བའི་དབུས་སུ་ཐོད་སྣོད་དུ། ཕྱེ་མར་བུ་རམ་ཤ་ཆེན་དང་ཆོས་སྨན་བསྲེས་པའི་བམ་གྱི་དབྱིབས་མགོ་བོར་གཏོར་མ་དང་ལག་གཡས་གཡོན་བསྣོལ་བའི་སྟེང་སྨན་རཀ་གི་སྣོད་ཀ་པཱ་ལ་དང་བཅས་པ་བཀོད། བམ་སྐོང་གི་དུས་དེ་སྔར་བཞིན་ལ་གཡག་ལུག་ར་གསུམ་སྤྱི་བོར་བྱ་ནག་མདུན་དུ་ཞུན་ཆེན་གྱི་མར་མེ་སོགས་དགོས་པས་འདི་གཉིས་མ་འདྲེས་པར་ཤེས་དགོས། དེ་སྟེང་ལྡིང་ཁྲི་ལ་སྔར་གྱི་རྣམ་བུམ་བཀོད་པའི་མདུན་དུ་འཇམ་དཔལ་བཤེས་གཉེན་གྱི་གཟིགས་སྣང་གཏོར་མ་ལྕགས་མཁར་ཟུར་དྲུག་མ་རྒྱན་སྤྲོས་ཅན་བཀོད། ནུབ་ཏུ་སྨན་སྤོད་སྦྱར་བའི་ཕྱེ་མར་མངར་གསུམ་དང་ལྡན་པའི་རྒྱུ་ལས་ཚེ་བུམ་པདྨ་འདབ་བརྒྱད་དམར་པོའི་སྟེང་དུ་ཚེ་རིལ་གྱིས་བསྐོར་བ་ལ་ཉི་ཟླའི་གའུ་འོག་ཏུ་ཉི་མ་དམར་པོ་དང་སྟེང་དུ་ཟླ་བ་དཀར་པོ་ཁ་སྦྱར་བའི་སྟེང་མར་དཀར་གྱིས་རྡོ་རྗེ་རྩེ་ལྔ་པ་ཉི་ཟླས་མཚན་པ་མགུལ་ཆིངས་ཅན་བཀོད། ལྷོར་བཀྲ་ཤིས་ཀྱི་བུམ་པ་ཀ་པཱ་ལར་ཆང་དང་འོ་མ་ཆོས་སྨན་མངར་གསུམ་སྦྱར་བ་གསང་དབང་གི་རྫས། ཤར་དུ་མཆོད་གཏོར་གྱི་གཡས་སུ་སྨན། གཡོན་དུ་རཀྟ། ཞི་མཆོད་བསྐོར་བཤམས། དྲག་མཆོད་ཕྲེང་ཚར་བྱ། ལྷ་ཙཀ་རྣམས་སྦམས་ཏེ་བུམ་སྟེང་དུ་བཀོད་པའམ་ཡང་ན་བུམ་པའི་མཐར་བཀོད། གཞན་ཡང་ཕྱག་མཚན་དྲུག་དང་བཟླས་ལུང་སྟེར་བའི་རཀྴའི་ཕྲེང་བ། ཞིང་གླང་སྟག་ལྤགས་ཐོད་པ་སྐམ་རློན་གྱི་ཕྲེང་བ། རུས་རྒྱན་དྲུག་དང་མེ་རི་འབར་བའི་རི་མོ་སོགས་དང་། དབང་གསུམ་པའི་དབང་རྟེན་ཤེས་རབ་མའི་ཙཀླི། དབང་བཞི་པའི་ངོ་སྤྲོད་ཀྱི་རྫས་མན་ཤེལ། མེ་ལོང་། ཚེ་བདག་གི་སྐུ་འགྱིང་ལོག་ཏུ་བྲིས་པ་དང་། སྦྱོར་སྒྲོལ་གྱི་དབང་རྫས་དྲིལ་བུ་དང་རལ་གྲི། ཁམས་གསུམ་ཡོངས་སྒྲོལ་གྱི་དབང་རྫས་བཙན་དུག་སོགས་དུག་སྣ། ཁྲག །ཡུངས་དཀར། མདའ། བཤན་གྲི །གུ་གུལ། ཕུར་པ་རྣམས་དང་། སྤྲོ་ན་ཟོར་དབང་དུས་སློབ་དཔོན་དང་སློབ་མའི་གཙོ་བོ་གཅིག་ཆས་སུ་ཞུགས་དགོས་པས་ཞྭ་ཕོད་ཀྱང་ཉེར་བསྡོགས་བྱ། མཆོད་རྟེན་གྱི་དབང་རྫས་པད་སྤུངས་མཆོད་རྟེན་ལྟ་བུ། རྡོ་རྗེ་སློབ་དཔོན་གྱི་དབང་རྫས་རྡོར་དྲིལ། དུང་དཀར། གཎྜི། རྒྱལ་མཚན། གདུགས། པོ་ཏི། ཟོར་དབང་གི་རྫས་ཟོར་ཀོང་རྫས་ལྡན། མདའ་གཞུ། སྒུལ་ཐོག །དུར་རྡོ། རྭ་ཟོར་རྣམས་ཀྱང་བཤམ་དགོས་པས་ཕྱོགས་གང་བདེར་བཀོད་མཛེས་སུ་བཤམ། གཞན་ཡང་བཻ་བྷ་ས་ཏྭའི་དམར་གཏོར་གྲུ་གསུམ་ཁྲག་བྱུགས་ཡུངས་དཀར་གྱིས་བརྒྱན་པ་དང་། ཟན་ལིང་། ལྕགས་འདྲ་རང་གི་གཏེར་སྲུང་མཐུ་ཆེན་སྡེ་བཞི་དང་། རྩ་གསུམ་ཆོས་སྐྱོང་སྤྱིའི་གཏོར་མ་སོགས་ཀྱང་སྐབས་བསྟུན་བཤམ། མིག་དར། ཅོད་པན་སོགས་ཉེར་མཁོ་རྣམས་ཀྱང་བསྟར། གནམ་རྒྱན། ས་རྒྱན། དཀྱིལ་འཁོར་གྱི་སྒབ་སྐོར་ཇི་ལྟར་འཚོགས་པ་རྣམས་རྒྱས་པར་བྱའོ། །སྤྱི་དོན་གཉིས་པ་དངོས་གཞི་ལ་དཀྱིལ་འཁོར་སྒྲུབ་པ་དང་། དབང་བསྐུར་བ་གཉིས་སོ། །དང་པོ་ནི། སྐྱབས་སེམས་ནས་བཟུང་ཕྲིན་ལས་གཞུང་བསྲང་བ་ལས། བྱིན་འབེབ་སྐབས་སྔར་གྱི་སྟ་གོན་ལྷ་ནམ་མཁར་བཞུགས་པའང་དཀྱིལ་འཁོར་ལ་བསྟིམ། མཆོད་བརླབ་མཆོད་པ་རྣམས་རྫོགས་ཀྱི་བར་བཏང་ཞིང་། ལྷ་བསྐྱེད་སྐབས་སོགས་སུ་བློ་ཆེ་ན་བདག་མདུན་དབྱེར་མེད་ཆིག་ཆོད་དུ་བསྒྲུབ། འབྲིང་པོས་རྙིང་ལུགས་སྤྱི་ལྟར་ཛཔ྄་ཁང་དབྱེ། ཤིན་ཏུ་བློ་ཆུང་བས་བསྒོམ་མ་བདེ་ན་ལས་བྱང་གི་མཚམས་གཅོད་སྐབས་བདག་ཉིད་སྐད་ཅིག་གིས་ཟིལ་གནོན་ཕྱག་རྒྱ་ཆེན་པོ་ཞེས་སོགས་ཀྱིས་བདག་བསྐྱེད་དེ་ཁོ་ནའི་ང་རྒྱལ་ལ་གནས་པས་མདུན་བསྐྱེད་ལྟར་དཀྱིལ་འཁོར་གསལ་བཏབ་ན་ལེགས་པར་གསུངས་སོ། །འདིའི་བསྐྱེད་རིམ་ལ་སྔོན་དུ་གོམས་པ་བརྟན་པོ་མེད་ན་མངོན་རྟོགས་ལའང་ཆོས་རྒྱལ་དབང་པོའི་སྡེའི་ཡིག་ལྡེབ་སྦྱར་དགོས་པར་སྣང་ངོ་། །དེ་ནས་བམ་ལ་ལས་ཆུས་བྲན་ཞིང་། ཨ་མྲྀཏ་ཀུཎྜ་ལཱིའི་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བམ་ཆེན་པོ། །ཕུང་ཁམས་སྐྱེ་མཆེད་ཡོངས་རྫོགས་པའི། །ཙིཏྟ་གྲུ་གསུམ་གྱི་དབུས་སུ། །ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་། །ཞེས་པ་ནས། ཐུགས་སྤྲུལ་ཚེ་བདག་མགོ་དགུ་པ། །ཞེས་པའི་བར་མངོན་རྟོགས་དཀྱུས་ལྟར་ལ། དེ་ལྟར་བམ་ཆེན་ཙིཏྟ་གྲུ་གསུམ་གྱི་དབུས་སུ་རྣམ་ཤེས་ནམ་མཁའ་ཡིད་ཆོས་དག་པ་ཕྱག་རྒྱ་ཟིལ་གནོན་ཡབ་ཡུམ། སེམས་བྱུང་དག་པ་རྩ་བའི་ལྷ་དྲུག་རྒྱན་གྱི་ལྷ་བརྒྱད་དང་བཅས་པ། རྩ་བ་ཟླུམ་པོའི་ཚུལ་གྱི་ཟླ་གམ་དུ་གྱུར་པ་ལ་སྤྲུལ་པ་གསུམ། མདུན་ཡེ་ཤེས་ཀྱི་རྩ་ལ་ཡ་མ་རཱ་ཛ། གཡས་ཆོས་ཉིད་ཀྱི་རྩ་ལ་མྱོས་བྱེད་འབར་བ། རྒྱབ་ཡོན་ཏན་གྱི་རྩ་ལ་ཨཱརྻ་དམར་པོ། གཡོན་རང་རྒྱུད་ཀྱི་རྩ་ལ་རལ་པ་ཚར་དགུ །དེ་རྣམས་ཡུམ་དང་བཅས་པ་སྟེ་ལས་བཞིའི་རྩའི་གཡས་སུ་ཕུང་པོ་དག་པ་ཡབ་ལ་འབྱུང་བ་དག་པ་ཡུམ་གྱིས་འཁྱུད་པའོ། །དེའི་ཕྱིར་རྣམ་ཤེས་དབང་པོ་བརྒྱད་དང་ཡུལ་དང་དུས་བརྒྱད་དག་པ་མོན་བདུད་ཡབ་ཡུམ། ལྟེ་བར་འཕོ་བ་བཅུ་གཉིས་ཀྱི་རྩ་ལ་ཁམས་བཅུ་གཉིས་དག་པ་འཆི་བདག་བཅུ་གཉིས། ལྟོ་བར་ཁྲག་ཁྱམས་འོབས་སྲུང་བཅུ་དྲུག་དང་། ཤ་ཟ་ཀིཾ་ཀང་ཚོགས་གསལ་བར་བསྒོམ། བམ་གྱི་ཕྱི་རྒྱུད་ཀྱི་ཕུང་པོ་ལྔ་པོ་ཡ་མཱནྟ་ཀ་དང་གཤེད་བཞི། འབྱུང་བ་ལྔ་ཡུམ་ལྔ། རྣམ་ཤེས་བརྒྱད་གནས་སུ་དག་པ་མཐར་བྱེད་བརྒྱད། ཡན་ལག་བཞི་སྒོ་བ་བཞི་རྣམས་སུ་གསལ་བར་གྱུར། དེ་ལྟར་དེ་དག་ཐམས་ཅད་ཀུན། །སོགས་ནས་མཆོད་པའི་བར་ལས་གཞུང་ཚར་གཅིག་བཏང་། ལོངས་ཁྱབ་དབེན་ན་སྙན་གསན་ཕབ་ནས། སྤྱན་འདྲེན་མན་ཆད་སྔགས་ཙམ་བརྗོད་པས་ཀྱང་རུང་། དེ་ནས་ཛཔ྄་བཟླས་པའི་སྐབས་སུ་བུམ་པའི་ལྷ་རྣམས་ཀྱང་ཆུ་ལས་ཉ་ལྡང་བ་ལྟར་ལྷར་བསླང་ཞིང་། དཀྱིལ་འཁོར་ཆེན་པོ་དང་བམ་ཆེན་གྱི་ལུས་ལ་བཀོད་པའི་ལྷ་དང་སྒྲུབ་གཏོར་གྱི་ལྷ་སོགས་ཀྱང་གསལ་བཏབ་ལ། སྤྲོ་བསྡུའི་ཏིང་འཛིན་སོགས་གཙོ་བོར་ཀ་དག་གི་ལྟ་བའི་ངང་ནས་བྱ། བུམ་པ་སོགས་ལ་གོང་སྨོས་ཀྱི་སྤྲོ་བསྡུའང་བྱ། དེའི་ཚེ་ཆོས་གྲོགས་གཞན་ཞིག་གིས་མཚན་བརྗོད་བཀླག །བཟླས་པ་རྫོགས་ནས་མཆོད་པ་མདོར་བསྡུས་དང་། གཞུང་གསལ་བསྟོད་པ་བྱ། བུམ་ལྷ་མི་བཞུ་བ་དེ་གར་བཞག །འགྲུབ་ཏུ་རུང་ན་མཆོད་བསྟོད་གསལ་སྒྲོན་ཡང་འདིར་བླང་། དེ་ནས་ཚེ་བུམ་བསང་སྦྱང་། སྟོང་པའི་ངང་ལས། རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་ཚེའི་བུམ་པ་གཞལ་ཡས་ཁང་དུ་གསལ་བའི་དབུས་སུ་ཚེ་དཔག་མེད་དམར་པོ་ཡུམ་གོས་དཀར་མོ་པདྨ་ཚེ་བུམ་འཛིན་པ་དང་མཉམ་པར་སྦྱོར་བ་མཉམ་གཞག་གི་སྟེང་ན་ཚེ་བུམ་འཛིན་པ། གཙོ་ཡུམ་གྱི་གསང་བར་ཚེའི་རང་བཞིན་བདུད་རྩི་བྱང་ཆུབ་སེམས་དཀར་ལ་འཚེར་བ་སྣུམ་ལ་འདྲིལ་བ་དང་བཅས་པ། ཕྱོགས་བཞིར་དབྱིངས་ཕྱུག་མ། མཱ་མ་ཀཱི །སངས་རྒྱས་སྤྱན་མ། དམ་ཚིག་སྒྲོལ་མ་སྟེ་ཡུམ་བཞི་པོ་གཡས་འཁོར་ལོ། རིན་ཆེན། རྡོ་རྗེ། རྒྱ་གྲམ་སྟེ་རང་རྟགས་ཀྱི་ཕྱག་མཚན་དང་གཡོན་ཚེ་བུམ་འཛིན་པ། གཙོ་འཁོར་ཐམས་ཅད་དར་དང་རིན་པོ་ཆེས་བརྒྱན་པའི་གནས་གསུམ་དུ་འབྲུ་གསུམ་གསལ་བ་ལས་འོད་འཕྲོས་པས་འོག་མིན་ནས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿས་བསྟིམ། ཨོཾ་ཨཱཿཧཱུྃ་ཏྲཱཾ་ཧྲཱིཿཨཱཿཞེས་དབང་བསྐུར། ཨཱ་ཡུ་དེ་བ་ས་པ་རི་བཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །ཅེས་སོགས་ཀྱིས་བསྟོད་ལ། ཨོཾ་བཛྲ་ཨཱ་ཡུརྫྙཱ་ན་བྷྲཱུྃ་ནྲྀ་ཛཿསརྦ་ཨཱ་ཡུཿཕ་ལ་སིདྡྷི་སིདྡྷི་ཧཱུྃ། ཞེས་བཟླ་ཞིང་འོད་ཟེར་སྤྲོ་བསྡུས་སྤྱི་ལྟར་ཚེ་བཀུག་ལ་བསྟིམ། བཟླས་པ་བརྒྱ་རྩ་སོགས་ཅི་འགྲུབ་མཐར་མཆོད་བསྟོད་བྱ། གསང་རྫས་ལ་དམིགས་ཏེ། ཉི་ཟླའི་གའུའི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཤ་ལྔ་བདུད་རྩི་ལྔ་དང་ཡེ་ཤེས་ལྔའི་རང་བཞིན་ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ་དང་། དེའི་སྟེང་དུ་བདུད་རྩིའི་རང་བཞིན་ཨོཾ་དཀར་པོ་མགོ་ཐུར་དུ་བསྟན་པའི་སྟེང་དུ་རྒྱ་གྲམ་གྱིས་ཁ་བཅད་པ། དེའི་སྟེང་དུ་རྡོ་རྗེ་དཀར་པོ་དང་ཧཱུྃ་དང་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བཅུད་བསྡུས་ནས་བདུད་རྩི་ལ་ཐིམ་ཞིང་། ཨོཾ་དང་རྒྱ་གྲམ་ས་བོན་དང་བཅས་པ་འོད་དུ་ཞུ་ནས་ཐིམ་པས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ། ཞེས་དཔའ་བོ་འབྲུ་ལྔ་ཅི་མང་དང་། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཿ ཞེས་པའང་ཅི་འགྲུབ་བཟླ། དེ་ནས་ཆོས་སྲུང་སྤྱི་དང་བྱེ་བྲག་གི་ཕྲིན་ལས་གཏོར་འབུལ་བྱ་ཞིང་། ཚོགས་བྱིན་རླབས་སྤྱན་འདྲེན་མཆོད་བཤགས་བསྒྲལ་བསྟབ་ཀྱི་བར་དུ་གཏང་། ཟོར་སྔགས་རྣམས་གསུམ་རེ་ཙམ་བརྗོད་ལ་ཟོར་རྫས་རྣམས་ཀྱང་བྱིན་གྱིས་བརླབ་བོ། །གཉིས་པ་དབང་བསྐུར་བ་ལ་དང་པོ་སློབ་དཔོན་དཀྱིལ་འཁོར་དུ་འཇུག་པ་ནི། སློབ་དཔོན་ཉིད་རྟོགས་པ་དང་ལྡན་ན་སྤྲོས་པ་ཅིའང་མི་དགོས་ཀྱང་བམ་ཆེན་གསང་བའི་དབང་བྱང་གི་དགོངས་པ་ལྟར་སྤྲོ་ན། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་པྲ་བེ་ཤ་ཡ་ཕཊ། ཞེས་པས་དཀྱིལ་འཁོར་གྱི་ཤར་སྒོ་ཕྱེས་ལ། ཨ་ཏི་པཱུ་ཧོཿ ཞེས་ཕྱག་བྱ། པྲ་ཏཱིཙྪ་ཧོཿ ཞེས་མེ་ཏོག་དོར་ལ། གསོལ་བ་གདབ་པ་ནི། ཨོཾ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཅེས་གསོལ་བ་བཏབ་པས། དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གནས་ནས་འོད་ཟེར་བྱུང་བས་ལུས་ངག་ཡིད་གསུམ་གྱི་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་ཡེ་ཤེས་ལྔའི་ངོ་བོར་གྱུར། རྣམ་བུམ་གྱི་དབང་བླངས་ལ། ཧཱུྃ། བུམ་པ་དབང་གི་རྒྱལ་པོ་ཡིན། །ཟླུམ་པོ་ཆོས་ཀྱི་དབྱིངས་ཀྱི་རྟགས། །ཆུ་གཙང་བྱང་ཆུབ་སེམས་ཀྱི་རྒྱུ། །འབྲུ་ལྔ་རྣམ་པར་སྣང་མཛད་དེ། །སྙིང་པོ་ལྔ་ནི་རྡོ་རྗེ་སེམས། །རིན་ཆེན་ལྔ་པོ་འབྱུང་ལྡན་རྫས། །སྤོས་ལྔ་སྣང་བ་མཐའ་ཡས་མཚོན། །སྨན་ལྔ་དོན་ཡོད་གྲུབ་པ་འོ། །མགུལ་ཆིངས་སྒོ་མའི་ཕྱག་རྒྱར་གསལ། ཁ་རྒྱན་ལོངས་སྤྱོད་རྫོགས་པའི་རྟགས། །གཟུངས་ཐག་སྤྲུལ་སྐུའི་འོད་ཟེར་བསྒྱུར། །ལུས་ལ་རེག་པས་དྲི་མ་དག །ངག་ལ་རེག་པས་ནུས་པར་ལྡན། །སེམས་ལ་རྟོགས་པས་རྟོག་པ་དག །ཨོཾཿ ཆོས་སྐུ་སྐྱེ་བ་མེད་པས་ཉོན་མོངས་སངས། །རང་རིག་རང་ངོ་ཤེས་པས་ཡེ་ཤེས་རྒྱས། །ཐུགས་རྗེ་རྒྱུན་ཆད་མེད་པས་སྤྲུལ་སྐུ་འབྱུང་། །རང་བྱུང་རང་ངོ་ཤེས་པའི་དབང་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ། རིགས་ལྔའི་སྔགས་བརྗོད། སློབ་མ་ལ་དབང་བཞི་རྫོགས་པར་སྐུར་ཅིག །ཕྲིན་ལས་ཐམས་ཅད་སྒྲུབས་ཤིག །ཅེས་པའི་ལུང་གནང་ཞིང་། ཨ་ལ་ལ་ཧོཿ ཞེས་སྤྱི་བོར་ཅོད་པན་བཏགས་པར་བསམ་མོ། །དེ་ནས་སློབ་མ་འཇུག་པར་གསོལ་བ་གདབ་པ་ནི། རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དུ་དམིགས་ལ། ཧཱུྃ། ལྷུན་གྲུབ་རང་བཞིན་གནས་པའི་ཕོ་བྲང་ནས། །ཡེ་ཤེས་རྒྱ་མཚོ་ལྷུན་གྱིས་གྲུབ་པ་ཡི། །འཇམ་དཔལ་ཁྲོས་པ་གཤིན་རྗེའི་གཤེད་ཀྱི་ལྷ། །མ་ལུས་མཉམ་པའི་རྒྱལ་པོ་དགོངས་སུ་གསོལ། །སློབ་མ་མཚན་ལྡན་ཡུམ་གྱི་དཀྱིལ་འཁོར་དུ། །བརྟུལ་ཞུགས་དྲག་པོའི་སྟོབས་ཀྱིས་གཞུག་ཏུ་གསོལ། །བདེ་ཆེན་གསང་བའི་ཕོ་བྲང་དམ་པ་རུ། །རིག་པ་བརྟུལ་ཞུགས་སྟོབས་ཀྱིས་གཞུག་ཏུ་གསོལ། །ཞེས་ལན་གསུམ་བརྗོད་དེ་མེ་ཏོག་དོར་བས། སློབ་མ་ལ་ཅི་དགར་དབང་སྐུར་ཅིག་ཅེས་གནང་བ་ཐོབ་པར་བསམ་མོ། །དེ་ནས་དབང་བསྐུར་དངོས་ལ་གཉིས། དཀྱིལ་འཁོར་དུ་འཇུག་པའི་ཆོས་དང་། དབང་བསྐུར་མཐའ་རྟེན་དང་བཅས་པའོ། །དང་པོ་ལ་བཅུ་གཅིག་སྟེ། ཁྲུས་སོགས་བྱ་ཞིང་གསོལ་བ་གདབ། །རྒྱུན་བཤགས་སེམས་བསྐྱེད་གནས་གསུམ་བརླབ། །སླར་ཡང་གསོལ་གདབ་གནས་སུ་དྲང་། །དྲི་དང་ཆུ་བླུད་དམ་བསྒྲག་ཅིང་། །སྒྲིབ་སྦྱོང་ལྷ་དབབ་མེ་ཏོག་དོར། །མིག་དབྱེ་དཀྱིལ་འཁོར་བསྟན་པ་འོ། །ཞེས་པའི་དང་པོ་ནི། དཀྱིལ་འཁོར་ཡོལ་བས་བཅད་པའི་ཕྱི་རོལ་དུ་སྟ་གོན་བྱས་པའི་སློབ་མ་རྣམས་བོས་ཏེ། ལས་བུམ་གྱི་ཆུས་ཁྲུས་བྱ་ཞིང་། ཇི་ལྟར་བལྟམས་པ་ཁྲུས་སྔགས་བཅས་དང་། ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ་སོགས་ཞི་བྱེད་ཁྲུས་བདུན་གྱི་རིག་པའི་སྔགས་ཀྱང་བརྗོད། སྟ་གོན་སྐབས་ལྟར་བགེགས་གཏོར་གཏང་ཞིང་མཚམས་བཅད། སེམས་བསྐྱེད་གསལ་བཏབ་ལ། སྤྲོ་ན་སློབ་དཔོན་དང་སློབ་མའི་མཚན་ཉིད། དབང་གི་རྣམ་གཞག །མ་ཐོབ་པའི་སྐྱོན་དང་ཐོབ་པའི་ཡོན་ཏན་སོགས་ཞིབ་མོར་བཤད། མདོར་བསྡུ་ན། གསན་པར་བྱ་བའི་ཆོས། འཇམ་དཔལ་ཁྲོ་བོར་སྒྲུབ་པ་གཤིན་རྗེ་གཤེད་སྐོར་ཐམས་ཅད་ཀྱི་ནང་ནས་རྩ་བ་དང་མཆོག་ཏུ་གྱུར་ཅིང་། རྒྱུད་ལུང་མན་ངག་གི་རིམ་པ་ཟབ་ཅིང་རྒྱ་ཆེ་ལ་ཉམས་ལེན་བྱིན་རླབས་ཀྱི་རྒྱུན་དང་། ཕྱག་བཞེས་ཕྲིན་ལས་ཀྱི་འཇུག་པ་རྒྱ་ཆེ་ལ་རྒྱུན་ཆགས་པ་འཁོར་འདས་ཀྱི་ཕྱག་རྒྱ་ཐམས་ཅད་ཟིལ་གྱིས་གནོན་པ་བཅོམ་ལྡན་འདས་འཇམ་དཔལ་ཚེ་བདག་ནག་པོ་ལ། གངས་ཅན་གྱི་ལྗོངས་སུ་འབྲི་བྱང་གཉིས་ཀྱི་ལུགས་སྲོལ་ཞེས་ཡོངས་སུ་གྲགས་པ་ལས། སེ་སྟོན་ཆེན་པོ་དང་བྱང་བདག་ཡབ་སྲས་བརྒྱུད་འཛིན་མཁས་ཤིང་དངོས་གྲུབ་བརྙེས་པ་བར་མ་ཆད་དུ་བྱོན་པ་རྣམས་ཀྱི་བཀའ་སྲོལ་ཕྱག་རྒྱུན་ཉམས་པ་མེད་པའི་སྨིན་བྱེད། པད་གནུབས་ལུགས་སྲོལ་གཉིས་ཀྱི་ཆུ་བོ་གཅིག་འདྲེས་བརྒྱུད་པའི་ཕྱག་བཞེས་ཀྱིས་ཁ་བསྐང་བ་དང་བཅས་པ། རྒྱུད་དང་རྒྱ་གཞུང་གིས་དངོས་སུ་བསྟན་པའི་ཁུངས་ཆེ་ལ་རང་བཟོས་མ་བསླད་པ། བྱིན་རླབས་ཀྱི་བབ་ཆེ་ལ་སྦ་སྲི་མེད་པའི་རིམ་པ་ཟབ་ཅིང་ངོ་མཚར་རྨད་དུ་བྱུང་པ་དེ་ཉིད་བསྒྲུབ་པར་བགྱི་བ་ལ་སོགས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག་གོ །ཐོག་མར་གསོལ་བ་འདེབས་པའི་སླད་དུ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་སྤྱན་སྔར་སྙིམ་པ་མེ་ཏོག་དང་བཅས་ཏེ་ཐལ་མོ་སྦྱར་ནས་འདིའི་རྗེས་ཟློས་མཛོད། ཧོཿ སྟོན་པའི་སྒྲོན་མེ་བཅོམ་ལྡན་འདས། །ལྷ་དང་སློབ་དཔོན་དགོངས་སུ་གསོལ། །དྲེགས་པ་སྟོབས་ཀྱི་ཚུལ་བསྟན་པ། །འགྱུར་མེད་བདེ་ཆེན་ཕོ་བྲང་ནས། །དྲེགས་པའི་ལྷ་ཚོགས་དགོངས་སུ་གསོལ། །བྷ་ག་གསང་བའི་དཀྱིལ་འཁོར་ནས། །མཉམ་པའི་རྒྱལ་པོ་དགོངས་སུ་གསོལ། །དམ་ཚིག་དཀའ་ཐུབ་སྡོམ་པའི་མཆོག །རིག་པའི་རྒྱལ་པོ་བདག་ལ་སྩོལ། །ཡེ་ཤེས་རོལ་པ་བདག་ལ་སྩོལ། །ལན་གསུམ་བྱ། གཉིས་པ་རྒྱུན་བཤགས་དང་སེམས་བསྐྱེད་པ་ནི། མདུན་གྱི་ནམ་མཁའ་ལ་སོགས་སྟ་གོན་སྐབས་ལྟར་འདིར་བླངས་ལ། ཐུན་མོང་དང་ཁྱད་པར་གྱི་སེམས་བསྐྱེད་བྱ། ཁྱེད་རང་རྣམས་ཀྱི་སྙིང་གར་ཀུན་རྫོབ་བྱང་སེམས་ཀྱི་རང་བཞིན་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དོན་དམ་བྱང་སེམས་ཀྱི་ངོ་བོ་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་གིས་མཚན་པ་རེ་སྒོམས་ལ་ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། བོ་དྷི་ཙིཏྟ་ཨ་ཀྲ་ཨུཏྤཱ་ད་ཡཱ་མི། གསུམ། གསུམ་པ་གནས་གསུམ་བྱིན་གྱིས་བརླབ་པ་ནི། སློབ་དཔོན་གྱི་ལག་གཡས་རྡོ་རྗེ་དང་བཅས་པའི་སྲིན་ལག་གིས་དུང་ཞལ་གྱི་དྲི་ཆུ་བླངས་ལ་སློབ་མའི་སྤྱི་མགྲིན་སྙིང་གར་གཏུགས་ཤིང་། ཨོཾ་ཨཱཿཧཱུྃ། བརྗོད། བཞི་པ་ནི། དེ་ནས་དཀྱིལ་འཁོར་ནང་འཇུག་གི་སླད་དུ་གསོལ་བ་གདབ་པའི་རྗེས་ཟློས། ཡང་གསང་གཤེད་པོའི་དཀྱིལ་འཁོར་དུ། །བདག་ནི་འཇུག་པར་འཚལ་ལགས་ཀྱི། །རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གཙོ། །དཔའ་བོས་བདག་ལ་བཀའ་དྲིན་སྩོལ། །ལན་གསུམ་བྱ། ལྔ་པ་གནས་སུ་དྲང་བ་ནི། འཁོར་བའི་སེམས་ཅན་ཐམས་ཅད་ཀུན། །རྒྱུད་ལྔ་ལམ་གྱི་སྒོ་བཅད་དེ། །མཐོ་རིས་ཐར་པའི་སྒོ་ཕྱེ་ནས། །བླ་མེད་གནས་སུ་དྲང་བར་བྱའོ། །ཨོཾ་བཛྲ་ས་མ་ཡ་ཛ་ཛཿ ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་སྒོའི་རྩ་བར་སླེབ་པར་མོས་ཤིག །བྱས་ལ་ཡོལ་བ་བསལ། སྐབས་འདིར་ཆས་སུ་འཇུག་པར་གསུངས་པས་མཚམས་སྦྱོར་སྤྱི་ལྟར་བྱས་ལ། ཨོཾ་བཛྲ་ཙཀྵུ་རྦནྡྷ་ཝ་ར་མ་ཎཱ་ཡ་སྭཱ་ཧཱས་མིག་དར་དགབ། ཨཱ་ཁཾ་ཝཱི་ར་ཧཱུྃ་གིས་མེ་ཏོག་གི་ཕྲེང་བ་སྦྱིན་ནོ། །དྲུག་པ་དྲི་བ་ནི། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ཀྱིས། །གསང་བའི་དམ་ཚིག་བསྲུང་ནུས་སམ། །གྲུབ་མཆོག་བརྟུལ་ཞུགས་སྤྱོད་ནུས་སམ། །མངོན་སྤྱོད་ལས་རྣམས་བྱེད་ནུས་སམ། །ཞེས་དྲིས་པའི་ལན་དུ་རྗེས་ཟློས། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། ཁྱོད་ཀྱིས་བཀའ་བསྩལ་བདག་རྗེས་བསྒྲུབ། །དམ་ཚིག་སྡོམ་པ་གང་ཡིན་དང་། །གསང་བའི་ལས་ཀུན་བསྒྲུབ་པར་འཚལ། །བརྟུལ་ཞུགས་ཆེན་པོ་བླ་མེད་པ། །མཐར་ཕྱིན་པ་ནི་སྤྱད་པར་འཚལ། །ཕྲིན་ལས་རྣམ་བཞིའི་བྱ་བ་རྣམས། །ཇི་ལྟར་གསུངས་པ་ཉན་པར་འཚལ། །ཞེས་ཁས་བླང་ངོ་། །བདུན་པ་དམ་ཆུ་བླུད་ཅིང་དམ་ཚིག་བསྒྲུབ་པ་ནི། ནང་མཆོད་ཀྱི་བདུད་རྩི་སློབ་མའི་ལྕེ་ལ་བཞག་ཅིང་། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །རྡོ་རྗེའི་དམ་ཚིག་གཉན་པོ་སྟེ། །ཚུལ་བཞིན་བསྲུངས་ན་དངོས་གྲུབ་ཐོབ། །ཉམས་ན་རྡོ་རྗེའི་དམྱལ་བར་འགྲོ །རྡོ་རྗེའི་ཆུ་འདི་ཁྱོད་ཀྱིས་ལོངས། ཨོཾ་བཛྲ་ཀྲོ་དྷ་ཨི་དཾ་ཧོཿ བྷཀྵ་ས་མ་ཡ་ཨི་དཾ་ན་ར་ཀན། ཞེས་དང་། རྡོ་རྗེ་རིགས་ཀྱི་བུ་མཆོག་ཁྱོད། །དེ་རིང་ཕན་ཆད་ང་ཡི་བུ། །ང་ཡི་བསྒོ་བ་བྱ་བ་དང་། །དམ་ཚིག་ལ་ཡང་གནས་པར་བྱ། །ཞེས་བརྗོད། བརྒྱད་པ་སྒྲིབ་པ་སྦྱང་བ་ནི། ཁྱེད་རང་རྣམས་ཤར་ནས་བརྩམ་སྟེ་དཀྱིལ་འཁོར་ཆེན་པོའི་སྒོ་བཞིར་རིམ་པར་ཕྱིན་ཏེ་སྒོ་རྣམས་ཤག་གིས་ཕྱེས་པས་གཞལ་ཡས་ཁང་གི་ནང་ན། བཅོམ་ལྡན་འདས་ཕྱག་རྒྱ་ཟིལ་གནོན་རྩ་བའི་ལྷ་དྲུག་རྒྱན་གྱི་ལྷ་བརྒྱད་སྤྲུལ་པ་གསུམ་གཤེད་བཞི་མོན་བདུད་བཅུ་དྲུག་འཆི་བདག་བཅུ་གཉིས་སྒོ་སྲུང་དང་བཅས་པ་མངོན་སུམ་དུ་བཞུགས་པ་ལ་མོས་གུས་དུང་གིས་བྱས་པས། ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་གནས་ནས་འོད་ཟེར་དཔག་ཏུ་མེད་པ་བྱུང་། སློབ་མའི་གནས་གསུམ་དུ་ཐིམ་པས་ཚེ་རབས་ཐོག་མེད་ནས་བསགས་པའི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་ཐམས་ཅད་བྱ་སྒྲོ་དང་མེ་འཕྲད་པ་ལྟར་བཅོམ་པར་མོས་ཤིག །དགུ་པ་ནི། དེ་ནས་ཡེ་ཤེས་པ་དབབ་པའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་རྡོ་རྗེ་འཛིན་པ་ཡིས། །ཆོས་དབྱིངས་ཡེ་ཤེས་ཕོ་བྲང་ནས། །ཡེ་ཤེས་ཁྲོ་བོའི་སྤྲིན་ཆེན་རྣམས། །མ་ལུས་བདག་ལ་དབབ་ཏུ་གསོལ། །ལན་གསུམ། སློབ་མར་ལས་ཆུ་འཐོར་ཞིང་ཨ་མྲྀཏའི་སྔགས་ཀྱིས་བསང་། སྭ་བྷཱ་བའི་སྔགས་བརྗོད་པས་བརྟན་གཡོ་སྣོད་བཅུད་སློབ་མའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་མི་དམིགས་པར་སྦྱང་། སྟོང་པའི་ངང་ལས་གནས་ཁང་ཡང་ཐ་མལ་པ་མ་ཡིན་པར་འོག་མིན་བྷནྡྷ་འབར་བའི་གཞལ་ཡས་ཁང་དུ་གསལ་བའི་དབུས་སུ་སྐད་ཅིག་གིས་པད་ཉིའི་གདན་ལ་ཁྱེད་རང་རྣམས་ཟིལ་གནོན་ཕྱག་རྒྱ་ཆེན་པོ་ཞལ་གསུམ་གཡས་དཀར་གཡོན་དམར་དབུས་མཐིང་ག །ཕྱག་དྲུག་གཡས་གསུམ་འཁོར་ལོ་རལ་གྲི་རྡོ་རྗེ། གཡོན་གསུམ་བེ་ཅོན་གཏུན་ཤིང་སྡིགས་མཛུབ་ཅན། ཞབས་བཞི་བརྐྱང་བསྐུམ་དུ་བགྲད་པས་དྲེགས་པ་ཅན་ཐམས་ཅད་མནན་པ། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། གར་དགུའི་ཉམས་ཅན་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་བླ་མའི་ཐུགས་ཀར་ཕོག །བླ་མའི་ཐུགས་ཀ་ནས་ཀྱང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ཏེ། དེ་ཡང་འོད་ཟེར་ཐམས་ཅད་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུའི་རྣམ་པར་ཛཿཧཱུྃ་བཾ་ཧོཿས་མཚན་པ་འཕྲོས། འོག་མིན་གྱི་གནས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དྲག་པོ་ཨེའི་གཞལ་ཡས་ཁང་ནས་དུས་གསུམ་སངས་རྒྱས་ཐམས་ཅད་བཅོམ་ལྡན་འདས་ཕྱག་རྒྱ་ཟིལ་གནོན་གྱི་རྣམ་པར་ནམ་མཁའི་མཐའ་ཀླས་པར་བྱོན་ཏེ། མཚོ་ཆེན་པོ་ལ་ཆར་བབ་པ་ལྟར་སློབ་མའི་སྤྱི་བོ་དང་བ་སྤུའི་བུ་ག་ནས་ཞུགས་ཏེ་སྙིང་གའི་འཇམ་དབྱངས་ཀྱི་རང་བཞིན་ཧཱུྃ་ལ་ཐིམ་པར་མོས་ཤིག །གུ་གུལ་དུད་པ་དང་རོལ་མོའི་སྒྲ་སྦྱར་ལ། ཧཱུྃ། རྟོག་མེད་སྤྲོས་བྲལ་ཆོས་ཀྱི་དབྱིངས་ཉིད་ལས། །སྟོང་པའི་ཆོས་ཉིད་ཡེ་ཤེས་རང་སྣང་བའི། །འཇམ་དཔལ་ཁྲོ་བོ་ཟིལ་གནོན་འཁོར་བཅས་ཀྱིས། །དབང་དང་བྱིན་རླབས་མཐུ་དང་དངོས་གྲུབ་སྩོལ། །ཅེས་པའི་མཐར་སྐུ་གསུང་ཐུགས་སྔགས་ཀྱི་མཐར། ཏིཥྛ་མ་ཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཛྙཱ་ན་མཎྜ་ལ་ཨཱ་བེ་ཤ་ཡ། ཞེས་དང་། ཨྱཻ་རིང་བརྗོད་ཅིང་རོལ་མོ་དྲག་ཏུ་བྱས་ལ། ཁྱེད་རང་རྣམས་སེམས་མ་བཅོས་པ་ལྷོད་ཀློད་དེ་རིག་པའི་རང་ངོར་ལྟོས་ལ་མཉམ་པར་ཞོག་ཅིག །རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཞག་ཅིང་། ཡེ་ཤེས་པ་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ། ཞེས་བརྗོད། བཅུ་པ་ནི། མེ་ཏོག་བླ་མའི་སྐུ་དང་དཀྱིལ་འཁོར། ཚོམ་བུའམ་ཕྱག་མཚན་གྱི་དཀྱིལ་འཁོར་ལ་འདོར་བའི་ལུགས་སྲོལ་གསུམ་ལས་སྟབས་བདེའི་ཆེད་དུ་ཕྱི་མ་ལྟར་བྱ་ན་དེ་ཉིད་འདུ་བྱས་ལ། ཁྱེད་རང་རྣམས་ལ་སྔར་བྱིན་པའི་མེ་ཏོག་གི་ཕྲེང་བ་དེ་ཉིད་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་བཟང་ངན་མེད་ཀྱང་། སྔོན་གྱི་རིགས་ཀྱིས་འབྲེལ་བ་གང་ལ་ཡོད་པ་ཞིག་དང་མཇལ་བར་གྱུར་ཅིག་སྙམ་པའི་ཡིད་ཀྱིས་རྗེས་ཟློས་དང་བཅས་ཏེ་འདི་ཉིད་དུ་དོར་བར་ཞུ། འཇམ་དཔལ་དངོས་གྲུབ་ཐོབ་བྱའི་ཕྱིར། །འགྲོ་ལ་ཕན་ཕྱིར་འཇམ་དཔལ་གྱིས། །བདག་ལ་ཐུགས་བརྩེས་དགོངས་ནས་ཀྱང་། །སྨན་པར་དགོངས་ཏེ་བཞེས་སུ་གསོལ། །ཨེ་ཀ་ཡ་མ་པྲ་ཏཱིཙྪ་ཧོཿ གཙོ་བོ་ལ་ཕོག་ན་མཆོག་གི་དངོས་གྲུབ། འཁོར་ལ་ཕོག་ན་སོ་སོའི་རིགས་དང་མཐུན་པའི་ཐུན་མོང་གི་ཕྲིན་ལས་འགྲུབ་པ་ཡིན་ཞིང་། མེ་ཏོག་ཕོག་པའི་ལྷ་དེའང་ཁྱེད་རང་རྣམས་ཀྱི་ལུས་ལ་ཐིམ་ཞིང་དབང་རྟགས་ཅོད་པན་སྤྱི་བོར་བཅིངས་པར་མོས་ཤིག །པྲ་ཏི་གྲྀཧྞ་མ་ཧཱ་བ་ལ་ཧོཿ ཞེས་མེ་ཏོག་མགོ་ལ་བཞག །ཁྱེད་རང་གི་གསང་བའི་མཚན་དུ་རྡོ་རྗེ་བཞད་པ་རྩལ་ལམ། ཟིལ་གནོན་དྲག་པོ་རྩལ་ཞེས་བྱ་བ་ཡིན་ནོ། །ཞེས་བརྗོད། བཅུ་གཅིག་པ་ནི། མིག་ཐུར་རམ་རྡོ་རྗེ་ཐོགས་ལ། ཧོཿ རིག་པའི་སྟོབས་ལྡན་སྦྱོར་བའི་གནས། །འཁྲུལ་པའི་བག་ཆགས་སྤྲིན་ལྟ་བུ། །ཡེ་ཤེས་རིག་པའི་སྒྲོན་མེས་བསལ། །མཉམ་པའི་སྟོབས་ཀྱི་བརྟུལ་ཞུགས་ལོངས། །ཨེ་ཀ་ཡ་མ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ། མ་རིག་པའི་སྒྲིབ་གཡོགས་བསལ་བས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་དུ་མཐོང་བར་མོས་ཤིག །ཅེས་མིག་དར་བསལ་ལ་ལྷ་ངོ་བསྟན་པ་ནི། ཧཱུྃ། དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས། །རྩོལ་བའི་སེམས་སྟོབས་མ་ཆུང་བར། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །གསང་བ་གཞན་ལ་མ་སྨྲ་ཞིག །དེ་ལ་རྟེན་གཞལ་ཡས་ཁང་པ་ནི་ཕྱི་རོལ་དུ་སྲུང་བའི་འཁོར་ལོ་རྡོར་ར་མེ་རི་ཁྲོ་བོ་མཚོན་ཆ་སྣ་ཚོགས་པའི་གུར་ཁང་། དེའི་ནང་དུ་དུར་ཁྲོད་ཆེན་པོ་བརྒྱད་དུར་ཁྲོད་ཀྱི་ཆོས་རྣམས་ཀྱིས་འཇིགས་པར་བྱས་པའི་ནང་དུ་འོབས་ཁུང་ཆེན་པོ་བཅུ་དྲུག །སྣ་ཚོགས་པདྨས་ཁོར་ཡུག་ཏུ་བསྐོར་བའི་ལྟེ་བར་ཉི་དཀྱིལ་དང་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་རང་བཞིན་ལྷུན་གྲུབ་ཀྱི་གཞལ་ཡས་ཁང་གྲུ་བཞི། ཕྱོགས་བཞིར་སྒོ་བཞི་རྟ་བབས་བརྒྱད་ལྡན་ཐོད་པ་དང་རིན་པོ་ཆེ་རྩིག་པའི་སྟེང་ཕ་གུ་དྲ་ཕྱེད་མདའ་ཡབ་པུ་ཤུ །རྩིག་འགྲམ་ལ་མཆོད་པའི་ལྷ་མོ། ནང་ཞིང་དང་ལྷ་ཀླུ་རྒྱུ་སྐར་གྱི་ཀ་གདུང་དྲལ་ཕྱམ། གཞན་ཡང་དྲག་པོའི་རྒྱན་བཀོད་ཚད་མེད་པ་དང་ལྡན་པའི་གཙང་ཁང་ཕྱུར་བུར་དབུས་མཐོ་བ། སྒོ་ནང་དུ་གྲུ་ཆད་བཞི་བར་ཁྱམས་དང་བཅས་པའི་ནང་དུ་ལྕགས་མཁར་བཅུ་གཉིས་མུ་ཁྱུད་ཟླུམ་པོ་ཅན། དེའི་ནང་དུ་འཁོར་ལོ་རྩིབས་བརྒྱད། དེའི་ནང་དུ་ཐོད་མཁར་བཞིའི་ནང་དུ་ཐོད་ར་ཟླུམ་པོས་བསྐོར་བའི་དབུས་ཀྱི་ཕོ་བྲང་གྲུ་གསུམ་མཐིང་ནག་ཟླ་གམ་དམར་པོ་སུམ་ལྡན། དབུས་གྲུ་གསུམ་གྱི་ནང་དུ་ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་སྡེ་བརྒྱད་དང་བཅས་པའི་སྟེང་ཕྱོགས་སྐྱོང་བཅུ་དང་རུ་དྲ་ཕོ་མོ་མ་ཧེ་གླང་རྒོད་བརྒྱད་པདྨ་ཟླ་བ་ཉི་མའི་གདན་འཁོར་གྱི་ལྷ་གནས་རྣམས་སུ་ཉི་མ་བམ་རོ་དང་བཅས་པའོ། །བརྟེན་པ་ལྷ་ནི་དབུས་ཀྱི་གདན་ལ་རྒྱལ་ཀུན་སྤྱི་གཟུགས་འཇམ་དཔལ་དབྱངས་ཟིལ་གནོན་ཕྱག་རྒྱ་ཆེན་པོ་ཞལ་གསུམ་གཡས་དཀར་གཡོན་དམར་དབུས་མཐིང་ག །ཕྱག་དྲུག་གཡས་གསུམ་འཁོར་ལོ་རལ་གྲི་རྡོ་རྗེ། གཡོན་གསུམ་བེ་ཅོན་གཏུན་ཤིང་སྡིགས་མཛུབ་ཅན། ཞབས་བཞི་བརྐྱང་བསྐུམ་དུ་བསྒྲད་པས་དྲེགས་པ་ཅན་ཐམས་ཅད་མནན་པ། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། གར་དགུའི་ཉམས་ཅན་ཡུམ་བཻ་ཏཱ་ལི་མཐིང་ནག་ཙིཏྟ་དང་བྷན་དམར་སྟོབས་པས་འཁྱུད་ཅིང་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ། དེའི་ཐུགས་ཀར་ཡ་མ་རཱ་ཛ་སྨུག་ནག་འཁོར་ལོ་དང་ཙིཏྟ་འཛིན་པ། དེའི་ཐུགས་ཀར་དྲེགས་པ་ཕྱག་ན་རྡོ་རྗེ་ལྗང་ནག་རྡོ་རྗེ་དང་སྙིང་ཕྲེང་འཛིན་པ། དེའི་ཐུགས་ཀར་རུས་སྦལ་རྔམ་པ་མི་ཟན། སྤྱི་བོའི་གཙུག་ན་ཤེལ་གྱི་བྱ་ཁྱུང་དཀར་པོ། ཕྲག་གོང་གཉིས་སུ་བྱ་ཁྱུང་སྨུག་ནག །སོག་ཁར་སྟག་མོ་མི་ཟན། ནུ་ཁར་སེང་གེ་རལ་ཅན། སྟ་ཟུར་དུག་སྦྲུལ་རྔམ་པ་སྟེ་རྒྱན་གྱི་ལྷ་བརྒྱད་ཁྲོ་བཅུའི་གོ་ཆ་དང་བཅས་པ། ཟླ་གམ་གསུམ་ལ་ཤར་ལྷོར་གསུང་སྤྲུལ་སྲོག་བདག་དམར་པོ། ལྷོ་ནུབ་སྐུ་སྤྲུལ་བྱེ་བ་དགུ་རིང་། བྱང་དུ་ཐུགས་སྤྲུལ་ཚེ་བདག་མཐིང་ག །ཕྱི་རིམ་ཐོད་མཁར་བཞི་ལ་གཤེད་ཆེན་སྡེ་བཞི་ཡབ་ཡུམ། དེ་རྒྱབ་རྩིབས་བརྒྱད་ལ་ཕྱོགས་བཞིར་མོན་པ་བཞི། མཚམས་བཞིར་བདུད་ཕོ་བཞི་ཡུམ་དང་བཅས་པ། དེའི་ཕྱི་རིམ་ལྕགས་མཁར་བཅུ་གཉིས་ལ་ལས་ཀྱི་འཆི་བདག་བཅུ་གཉིས། བར་ཁྱམས་ལ་ཕོ་གཤེད་མོ་གཤེད་ལ་སོགས་ཤ་ཟ་དང་ཀིང་ཀང་མ་མོའི་འཁོར་ཚོགས། སྒོ་བཞིར་རྒྱལ་པོ་མགོན་པོ་བདུད་པོ་གནོད་སྦྱིན་ཆེན་པོ་བཞི། ཕྱི་རོལ་འོབས་ཆེན་བཅུ་དྲུག་ལ་འོབས་སྲུང་ཆེན་པོ་བཅུ་དྲུག་སྟེ་དེ་དག་ཀྱང་ཡེ་ཤེས་སྒྱུ་མའི་རྣམ་རོལ་སྣང་ལ་རང་བཞིན་མེད་པའོ། །དེ་དག་ཀྱང་གཞི་དང་ལམ་གྱི་སྣང་བ་རྣམས་འབྲས་བུའི་ཆོས་སུ་རྣམ་པར་དག་པ་སྟེ། ཉོན་མོངས་པ་ལས་རྒྱལ་བའི་རྡོ་རྗེའི་ར་བ་མེ་རིས་བསྐོར་བའི་དབུས་སུ་ཚོགས་བརྒྱད་རྣམ་པར་དག་པའི་དུར་ཁྲོད་བརྒྱད། དེའི་དབུས་སུ་བྱང་ཕྱོགས་ཀྱི་ཆོས་རྣམས་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་། ཡུམ་གྱི་མཁའ་དབྱིངས་མཚོན་པའི་གྲུ་གསུམ་མཐིང་ནག་ལ་ཐོད་ཕྲེང་ཐུགས་རྗེའི་རོལ་པ། ཟླ་གམ་བདེ་བ་ཆེན་པོ། ཡེ་ཤེས་བཞིའི་ཐོད་མཁར། ཡེ་ཤེས་བཅུ་དྲུག་གི་འཁོར་ལོ་རྩིབས་བརྒྱད་ཀ་མཆན་དང་བཅས་པ། ལྕགས་མཁར་སྐྱེ་མཆེད་བཅུ་གཉིས། གྲུ་ཆད་ཚད་མེད་བཞི། ཕྲིན་ལས་བཞིའི་ཁྱམས། ཡེ་ཤེས་བཞིའི་སྒོ། རྣམ་ཐར་བརྒྱད་ཀྱི་རྟ་བབས། ཆོས་བརྒྱད་ཀྱི་སྤྲོས་པ་དང་བྲལ་བའི་སྣ་ཚོགས་པའི་རྒྱན་ཅན། རྩེ་མོ་མཐོ་བ་ཐིག་ལེ་ཉག་གཅིག་དང་བཅས་པའི་གཞལ་ཡས་ཁང་གི་དབུས་སུ། དྲེགས་པ་ཅན་བདེ་བ་ཆེན་པོར་སྦྱོར་ཞིང་ཐབས་ཤེས་ཆགས་མེད་མཚོན་པའི་གདན་གྱི་སྟེང་དུ་ཡེ་ཤེས་ལྔའི་ངོ་བོར་གྱུར་པའི་རྩ་བའི་ལྷ་ལྔ། སྐྱེ་མེད་ཀྱི་ངང་དུ་མྱ་ངན་ལས་འདས་པའི་ཡུམ་རྡོ་རྗེ་ཁྲོས་མ། ཡེ་ཤེས་ཀྱི་ངོ་བོར་གྱུར་པའི་རྒྱན་གྱི་ལྷ་བརྒྱད། སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཀྱི་ངོ་བོར་གྱུར་པའི་སྤྲུལ་པ་གསུམ། ཉོན་མོངས་བཞི་དག་པའི་གཤེད་བཞི། རྣམ་ཤེས་ཚོགས་བརྒྱད་དག་པའི་མོན་བདུད་བརྒྱད། སྐྱེ་མཆེད་བཅུ་གཉིས་དག་པའི་འཆི་བདག་བཅུ་གཉིས། བདག་ཏུ་ལྟ་བ་དག་པའི་སྒོ་བ་བཞི་སྟེ། དེ་ལྟར་ཕྱི་རས་བྲིས་ཀྱི་དཀྱིལ་འཁོར་ན་དཔེས་མཚོན་པར་བྱ་བ་ཡིན་གྱི། དོན་དམ་པར་རང་གི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལྷའི་ངོ་བོར་ལྷུན་གྲུབ་ཏུ་གནས་པ་ཡིན་ཏེ། དེའི་དོན་དབང་དོན་ངོ་སྤྲོད་པའི་སྐབས་སུ་རིམ་པར་འབྱུང་བ་ལགས་སོ། །དེས་འཇུག་པའི་ཆོས་རྣམས་གྲུབ་པ་ཡིན་ནོ། །གཉིས་པ་དབང་བསྐུར་མཐའ་རྟེན་དང་བཅས་པ་ལ་དྲུག །བུམ་དབང་། གསང་དབང་། ཤེར་ཡེ། རང་བྱུང་ཡེ་ཤེས། མཐའ་རྟེན་གྱི་དབང་། རྗེས་དམ་ཚིག་བསྟན་པ་ལ་སོགས་པའོ། །དང་པོ་ལའང་དྲུག །གསོལ་གདབ། བཀྲུ་ཞིང་ལྷར་བསྐྱེད། བུམ་དབང་། དབུ་རྒྱན་དབང་། དབང་དོན་ངོ་སྤྲོད། ནུས་པའི་དབང་ལྔ་བསྐུར་བའོ། །དང་པོ་ནི། ད་ནི་དབང་གི་དངོས་གཞི་རྣམས་རིམ་པར་བསྒྲུབ་པར་བགྱི་བ་ལ་དང་པོ་བུམ་དབང་གི་དོན་དུ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས། ཧོཿ ཁམས་གསུམ་དབང་དུ་བསྡུ་བ་དང་། །སྲིད་གསུམ་ཟིལ་གྱིས་གནོན་པ་དང་། །སྟོང་གསུམ་གཡུལ་དུ་འབྲུབ་པའི་ཕྱིར། །དུས་གསུམ་སངས་རྒྱས་དབང་བསྐུར་གསོལ། །འཇམ་དཔལ་གསང་བའི་དཀྱིལ་འཁོར་དུ། །བསྙེན་སྒྲུབ་ལས་ལ་སྦྱར་བ་དང་། །དཀྱིལ་འཁོར་ལས་མཐའ་བསྟན་པའི་ཕྱིར། །ཕྱི་ནང་གསང་བའི་དབང་བསྐུར་གསོལ། །གཤེད་བཞི་སྦྱོར་བའི་འཁོར་ལོ་དང་། །བན་དགྲ་ནག་པོ་སྒྲོལ་བ་དང་། །ཕྲིན་ལས་རྣམ་བཞི་བསྒྲུབ་བྱའི་ཕྱིར། །མཐུ་རྩལ་དབང་བསྐུར་བསྩལ་དུ་གསོལ། །ལན་གསུམ། གཉིས་པ་ནི། ལས་བུམ་གྱིས་ཁྲུས་བྱ་ཞིང་། བདག་ནི་དམ་ཚིག་འཇམ་དཔལ་ཏེ། །རིན་ཆེན་དངུལ་གྱི་བུམ་པ་ན། །བྱང་ཆུབ་སེམས་ཀྱི་ཆུ་ཡིས་བཀང་། །ཉོན་མོངས་བག་ཆགས་བྱང་གྱུར་ཅིག །ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་བཀྲུས་ཏེ་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་ཐམས་ཅད་དག་པར་གྱུར། དེའི་ངང་ལས་སློབ་མ་ཉིད་ཕྱག་རྒྱ་གཅིག་པའི་ཚེ་བདག་སྔོ་ནག་ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་རྡོ་རྗེ་དང་གཡོན་ཞགས་པ་འཛིན་པ་རྒྱན་དང་ལྡན་པར་གྱུར། ཅེས་གསལ་གདབ། གསུམ་པ་ནི། ཁྱེད་རང་རྣམས་ལྷར་གསལ་བ་ཉིད་དབང་སྟེགས་པདྨ་འདབ་བརྒྱད་ཀྱི་སྟེང་དུ་དཀྱིལ་འཁོར་ལ་མངོན་པར་ཕྱོགས་ཏེ་འདུག་པའི་སྟེང་དུ་གཡས་སུ་གདུགས་དཀར་པོ། གཡོན་དུ་བ་དན་རྒྱལ་མཚན། ཕྱོགས་ཀུན་ཏུ་མཆོད་པས་བསྐོར་བ་ལ། རིགས་ལྔ་ལ་སོགས་པའི་སངས་རྒྱས་དཔག་ཏུ་མེད་པ་ནམ་མཁའ་གང་བ་རྣམས་ཀྱིས་དབང་བསྐུར་བྱིན་གྱིས་བརླབ་པའི་ཐུགས་དམ་རྩེ་གཅིག་ཏུ་མཛད། ཡུམ་ལྔས་བུམ་པ་སྤྱི་བོར་བཞག་ནས་རྡོ་རྗེའི་གླུ་ལེན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་པའི་ཚིགས་སུ་བཅད་པ་བརྗོད་ཅིང་བདུད་རྩིའི་ཆར་པ་འབེབ། ཡེ་ཤེས་ཀྱི་ཁྲོ་བོ་རྣམས་ཀྱིས་བར་གཅོད་སྲུང་། འཇིག་རྟེན་སྐྱོང་བ་རྣམས་ཀྱིས་ཟས་གོས་ནོར་གྱི་ཆར་པ་འབེབ་པར་སྒོམས་ཤིག །དྲིལ་གསིལ་མེ་ཏོག་འཐོར་བ་དང་བཅས། ཧཱུྃ། བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །སངས་རྒྱས་ཕྱག་འཚལ་བཀྲ་ཤིས་ཤོག །ཆོས་ལ་ཕྱག་འཚལ་བཀྲ་ཤིས་ཤོག །དགེ་འདུན་ཕྱག་འཚལ་བཀྲ་ཤིས་ཤོག །བདེ་གཤེགས་རིགས་ལྔའི་བཀྲ་ཤིས་ཤོག །དེང་འདིར་དབང་བསྐུར་བདེ་ལེགས་བཀྲ་ཤིས་ཤོག །ཅེས་བརྗོད། བུམ་ནང་གི་ལྷ་ཚོགས་ཀྱི་སྐུ་ལས་བྱང་ཆུབ་ཀྱི་སེམས་བདུད་རྩིའི་ཆུ་རྒྱུན་བུམ་པའི་ཁ་ནས་ཞམ་གྱིས་བྱུང་བས་ལུས་ནང་གང་བར་མོས་ཤིག །བུམ་པ་སྤྱི་བོར་བཞག་སྟེ། ཧཱུྃ། མཁའ་དབྱིངས་བུམ་པ་ཆེན་པོ་ན། །རིགས་ཀྱི་དཀྱིལ་འཁོར་རྫོགས་པར་བཞུགས། །གཉིས་མེད་ཡེ་ཤེས་དབང་བསྐུར་བས། ཁམས་གསུམ་རིགས་ཀྱི་བདག་པོར་གྱུར། ཁམས་གསུམ་དབང་དུ་སྡུད་པ་དང་། །སྲིད་གསུམ་ཟིལ་གྱིས་གནོན་པ་དང་། །དམ་ཅན་ལས་ལ་འཛུད་པ་ཡི། །དབང་མཆོག་དམ་པ་ཐོབ་པར་ཤོག །ཨེ་ཀ་ཡ་མ་ཀ་ལཱཀྵ་ཨ་བྷི་ཥིཉྩ་ཧཱུྃ་བྷྲཱུྃ་ཧཱུྃ། རོལ་མོ་རྒྱ་ཆེར་བྱ་ཞིང་། སྐུ་གསུང་ཐུགས་ཀྱི་སྙིང་པོ་དང་། ཨྱཻ་རིང་གི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་བཛྲཱི་བྷ་བ་ཧཱུྃ། ཞེས་བུམ་ཆུ་བླུད་ཅིང་འཐོར། དེ་ནས་བུམ་པའི་ཆུས་དབང་བསྐུར་བས་ཉོན་མོངས་ལྔའི་སྒྲིབ་པ་དག །ཕུང་པོ་ལྔ་གནས་འགྱུར། ཡེ་ཤེས་ལྔའི་རྟོགས་པ་མངོན་དུ་བྱས། རྒྱལ་བ་རིགས་རྣམ་པ་ལྔས་དབུ་བརྒྱན་པ་དེ་ལ་སངས་རྒྱས་བྱང་སེམས་དཀྱིལ་འཁོར་ལྷ་ཚོགས་དབང་ལྷ་རྣམས་ཀྱིས་མཆོད་པ་བསམ་གྱིས་མི་ཁྱབ་པས་མཆོད། བཀྲ་ཤིས་དང་མེ་ཏོག་གི་ཆར་དབབ། རོལ་མོའི་སྒྲ་བསྒྲགས་ནས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ། ནམ་མཁར་བཞུགས་པའི་དབང་ལྷ་རྣམས་དང་། བུམ་ནང་ཚེ་བདག་རྩ་བའི་ལྷ་ཚོགས་དང་བཅས་པ་རྣམས་བདུད་རྩིའི་རང་བཞིན་དུ་འོད་དུ་ཞུ་ནས་སློབ་མའི་སྤྱི་གཙུག་ནས་མར་ཐིམ་པས། ལུས་ནང་ཐམས་ཅད་ཁེངས་ནས་ཨོཾ་དཀར་པོ་ལྷ་དང་གཉིས་སུ་མེད་པར་གྱུར་པར་མོས་ཤིག །བཞི་པ་ནི། སློབ་བུའི་མགོ་ཐོག་ཏུ་དབུ་རྒྱན་བཞག་སྟེ། མགོ་བོའི་གནས་ལྔར་དབུ་རྒྱན་རིགས་ཀྱི་ཁྲག་འཐུང་ཁྲོ་བོ་རིགས་ལྔ་མངོན་སུམ་དུ་བཞུགས་པར་མོས་ལ། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨོཾ་མ་ཧཱ་ཨཱ་དརྵ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཨོཾ་མ་ཧཱ་ས་མཱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཨོཾ་མ་ཧཱ་པྲ་ཏྱ་བེཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཨོཾ་མ་ཧཱ་ཀྲྀཏྱཱནུཥྛཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། འདིར་ཕྱག་ལེན་དུ་བུམ་པའི་དབུ་རྒྱན་དེ་དག་བཀྲོལ་ནས་རིགས་ལྔའི་དབང་གནང་སྲོལ་འདུག་ཀྱང་སྤྱི་ལྟར་རིགས་ལྔ་གཞན་ཞིག་གིས་བྱས་ཀྱང་ཆོག་ལ། དོན་ནི་བུམ་དབང་བསྐུར་པས་དབང་གི་ཆུ་རྒྱུན་དེས་སློབ་མའི་ལུས་གང་དྲི་མ་དག་ཆུ་ལྷག་གྱེན་དུ་འཁྱིལ་པས་རིགས་ལྔས་དབུ་བརྒྱན་པའི་དགོངས་པ་ཡིན་ནོ། །ལྔ་པ་ནི། བུམ་པའི་དབང་དོན་ངོ་སྤྲད་པ་ནི་གུ་རུ་པདྨའི་རྡོ་རྗེའི་གསུང་སྨིན་བྱེད་དབང་གི་སྒྲོན་མེ་ལས་འབྱུང་བ་འདི་ལ་གསན་པས་ཁྱབ་པར་གདའ། དེ་དོན་བརྡ་ཡིས་ངོ་སྤྲད་པས། །དོན་རྟགས་རྣམ་པ་ལྔ་དང་ལྡན། །དབྱེ་བ་ངོ་བོ་ཡོན་ཏན་ལས། །འབྲས་བུ་ལྷུན་གྱིས་གྲུབ་པ་འོ། །དབྱེ་བ་དག་ལ་རྣམ་པ་ལྔ། །རང་བཞིན་ལྷུན་གྲུབ་ཚེ་བདག་དང་། །ཡེ་ཤེས་ལྷུན་གྲུབ་ཟིལ་གནོན་དང་། །ཕྱག་རྒྱ་གཅིག་པའི་ཚེ་བདག་དང་། །ཐུགས་ལས་སྤྲུལ་པའི་ཚེ་བདག་དང་། །རང་རྒྱུད་ལས་ཀྱི་ཚེ་བདག་གོ །ཚེ་བདག་ངོ་བོ་འདི་ལྟ་སྟེ། །ཐམས་ཅད་ཆོས་སྐུར་ངོ་བོ་གཅིག །ལྷུན་གྲུབ་ཡེ་ཤེས་ཆེན་པོའི་སྐུ །རོལ་པ་གསུམ་གྱི་ངང་དུ་རྫོགས། །ཡོན་ཏན་རིན་པོ་ཆེ་ལྟ་བུར། །ཀུན་འབྱུང་འཕེལ་འགྲིབ་མེད་པར་གནས། །ལྷུན་གྲུབ་ཚེ་བདག་དྭངས་མ་ལྔ། །རྒྱུ་རྐྱེན་འཕྲོ་འདུའི་རྩོལ་དང་བྲལ། །ཕྱག་རྒྱ་ཆེན་པོར་ལྷུན་གྱིས་གྲུབ། །ཟིལ་གྱིས་གནོན་པའི་ཚེ་བདག་ནི། །སྣང་སྲིད་ཡེ་ཤེས་རྟོག་ལས་འདས། །རྟོག་བཅས་འཁྲུལ་པ་རུ་ལྡོག་ཕྱིར། །རིན་ཆེན་གཞལ་ཡས་ལྷུན་གྲུབ་གནས། །གདུག་པ་ལྟོ་འཕྱེ་ཕྱོགས་སྐྱོང་གླང་། །སྟོབས་ཀྱི་གདན་ལ་དེ་བཞིན་གྲུབ། །རང་བཞིན་གསལ་བའི་ངང་ཉིད་ལས། །ཡེ་ཤེས་ལྷུན་གྱིས་གྲུབ་པའི་སྐུ །ལྷུན་པོ་རི་རབ་ལྟར་བརྟན་བརྗིད། །སྲིད་གསུམ་སྦྱོར་བ་ཟིལ་གྱིས་གནོན། །བདུད་མོ་ཁ་འབར་གསོད་བྱེད་མ། །མྱོས་བྱེད་ཁྲག་སྐྱུག་མ་མོའི་ཚོགས། །མ་ལུས་ཟིལ་གྱིས་གནོན་ཅིང་འཇོམས། །གསོད་བྱེད་བཀའ་ཡི་བྱིན་རླབས་གནོན། །དྲེགས་པས་གཉན་དང་ཕོ་གདོན་གནོན། །བྱ་ཁྱུང་ཀླུ་བདུད་ཀླུ་སྲིན་གནོན། ཁྱུང་མོས་ས་བདག་ས་སྲིན་གནོན། །སེང་གེས་རྒྱལ་བློན་སྟོབས་ཅན་གནོན། །སྟག་གིས་གཅན་གཟན་གདུག་པ་འཇོམས། །ཞེ་སྡང་གདུག་པའི་སྦྲུལ་ནག་གིས། །སྔགས་དང་དམོད་པ་རིགས་བཞིའི་ཀླུའི། །དུག་གིས་སྦགས་དང་དབྱིག་སོགས་ཞི། །ཚ་བའི་ནད་དབལ་ཟིལ་གྱིས་གནོན། །སྲིད་པའི་ཁྱམས་ཁང་རུས་སྦལ་གྱིས། །སྲོག་དབུགས་བཀྲག་མདངས་ཚེ་སྲོག་འཆང་། །རང་བཞིན་ཆོས་སྐུ་སྐྱེ་མེད་ལས། །སྐྱེ་བའི་ཆོ་འཕྲུལ་སྐྱེ་མེད་སྐུས། །སྐྱེ་བ་ལས་ཀྱི་འཁྲུལ་པ་ཡི། །རྐམ་ཆགས་སྐྱེ་མེད་དབྱིངས་སུ་སྒྲོལ། །དྭངས་མའི་ཐིག་ལེ་བཅུད་ལ་སྡུད། །སྣང་སྲིད་སྐྱེ་འགྲོ་མ་ལུས་ཀྱི། །ཚེ་སྲོག་ཡི་གེ་གཉིས་བསྡུས་འཆང། །ཕྱག་རྒྱ་གཅིག་པའི་ཚེ་བདག་ནི། །གདན་ལ་ཡབ་ཡུམ་བྱ་ཁྱུང་དྲེགས། །རྒྱན་གྱི་སྔགས་དང་གབ་པའི་སྔགས། །ལུས་སྲུང་དྲག་པོ་འཇོམས་པ་འོ། །སྤྲུལ་པའི་ཚེ་བདག་ནག་པོ་ནི། །ཟིལ་གནོན་ཐུགས་ཀྱི་སྤྲུལ་པ་སྟེ། །དབུ་དགུ་ལས་དང་ཡོན་ཏན་སྟོབས། །གནད་དགུ་མི་ནད་འཇོམས་སྡུད་ཡིན། །ཐེག་པ་དགུ་ཡི་དོན་ལྡན་ལ། །འབྲས་བུ་རིགས་ལྔ་ཡེ་ཤེས་བཞི། །སྤྲུལ་པ་སྣ་ཚོགས་བསམ་དཔག་དཀའ། །ལས་ཀྱི་ཚེ་བདག་ནག་པོ་ནི། །འབྱུང་བ་གདན་བཞི་རྔམས་འོག་ན། །མི་དགེ་བཅུ་ཡི་ལས་དབང་ལས། །ཡི་དྭགས་རྒྱལ་པོ་འཆི་བདག་སྐུ །ཤ་ཟ་ཀིང་ཀང་འཁོར་དང་བཅས། །སྔགས་ཀྱི་དབང་སྡུད་ལས་ཀུན་བྱེད། །ལས་ཀྱི་རྣམ་གྲངས་འདི་ལྟ་སྟེ། །རྩ་བ་བཞི་དང་ཡན་ལག་བཅས། །ལྷུན་གྲུབ་ཚེ་བདག་ནག་པོ་ལ། །རྩ་བ་གཉིས་དང་ཡན་ལག་བཅུ། ཁྱད་པར་བརྒྱ་དང་བཅུ་དྲུག་སྤྱོད། །སྙིང་པོ་མན་ངག་རྩ་བ་གཉིས། །ཡན་ལག་ཕྲལ་ན་ཉི་ཤུ་དགུ །ཟིལ་གནོན་ཕྱག་རྒྱ་ཆེན་པོའི་ལས། །གཏད་ཟློག་ལུས་ཀྱི་གོ་ཆ་བསྲུང་། །ཕྱག་རྒྱ་གཅིག་པའི་ཚེ་བདག་ལས། །རྩ་བ་གསུམ་དང་ཡན་ལག་ལྔ། །སྤྲུལ་པ་ཚེ་བདག་མགོ་དགུའི་ལས། །སྦྱོར་བ་བཅུ་དྲུག་ཨ་ཀྲོའི་མཐར། །ལས་ཀྱི་ཚེ་བདག་ནག་པོའི་ལས། །སྦྱོར་བའི་རྣམ་གྲངས་བརྒྱ་ཕྲག་གཅིག །དྲུག་ཅུ་རྩ་གཅིག་བྱེད་པར་གསུངས། །འབྲས་བུའི་གནས་ཚུལ་འདི་ལྟ་སྟེ། །ཆོས་ཉིད་རང་བཞིན་མི་འགྱུར་ལས། །རང་བྱུང་ཡེ་ཤེས་ཕྱག་རྒྱར་གསལ། །ཐམས་ཅད་སྣང་སྟོང་ཡེ་ཤེས་སྐུ །དབྱིངས་དང་ཡེ་ཤེས་གཉིས་མེད་སྐུ །སྣང་སྟོང་མ་འགགས་བདེ་ཆེན་སྐུ །ཞེས་གསུངས་ཏེ། མདོར་ན་འཁོར་འདས་ལམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ཚེ་བདག་གི་དོན་རྟགས་ལས་མི་འདའ་བའི་བརྡ་དོན་ངོ་སྤྲད་པ་གོ་བར་མཛོད་ལ། དེང་ཕྱིན་ཆད་སྣང་སྟོང་ཐམས་ཅད་ལྷ་དང་ཡེ་ཤེས་ཀྱི་རོལ་པར་འཆར་བ་ལས་མི་འདའ་བར་བྱའོ། །དྲུག་པ་ལ་ལྔའི་དང་པོ་སྐུའི་ནུས་པ་སྟེར་བར་བྱེད་པ་ཕྱག་རྒྱའི་དབང་ནི། ཁྱེད་རང་རྣམས་ཀྱི་ལུས་ཆོ་འཕྲུལ་ཆེན་པོའི་མཆོད་རྟེན་ཁ་དོག་ནག་ལ་འོད་འབར་བ་ཞིག་ཏུ་གསལ་བའི་བུམ་ནང་དུ་དབུས་ཀྱི་ཆོས་འབྱུང་ལ་རྩ་བ་རྒྱན་ལྷ། ཟླ་གམ་གསུམ་ལ་སྤྲུལ་པ་གསུམ་དང་བཅས་པ། བང་རིམ་དང་པོར་ལྷ་གནས་ཆོས་འབྱུང་དང་བཅས་པ་ཕྱོགས་བཞིར་གནས་པ་ལ་གཤེད་ཆེན་བཞི། གཉིས་པར་མོན་པ་བཞི། གསུམ་པར་བདུད་པོ་བཞི། བཞི་པར་འཆི་བདག་བཅུ་གཉིས། སེང་ཁྲིའི་ཕྱོགས་ཀྱི་ཐུན་ལམ་བཞིར་སྒོ་བ་བཞི་རྣམས་གསལ་བཏབ་ལ་འོག་མིན་དང་ཁྱད་པར་མདུན་བསྐྱེད་ཀྱི་དཀྱིལ་འཁོར་ལྷ་རྣམས་མར་མེ་གཅིག་ལས་གཉིས་མཆེད་ལྟར་བྱོན་ནས་ཐིམ་པར་མོས་ཤིག །ལྷ་ཙཀ་རྣམས་རིམ་བཞིན་བསྐུར་ལ། ཧཱུྃ། བསྐལ་པ་མེ་ལྟར་འབར་བའི་དཀྱིལ་འཁོར་དུ། །ལྷ་ཡི་ལྷར་གྱུར་བཅོམ་ལྡན་གཤིན་རྗེའི་གཤེད། །སྲིད་གསུམ་སྒྲོལ་བའི་དབུ་གསུམ་ཞལ་ནི་རྔམ། །རྒྱུད་དྲུག་སྒྲོལ་མཛད་ཕྱག་མཚན་མེ་ལྟར་འབར། །སྡེ་བརྒྱད་འདུལ་བའི་དཔའ་བོའི་ཆས་བརྒྱད་བརྒྱན། །དྲེགས་པའི་གཤེད་མཛད་ཟིལ་གནོན་དབང་ཐོབ་ཤོག །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། མི་འགྱུར་མཐིང་ནག་མ་མོ་ཀུན་གྱི་གཙོ། ཁམས་གསུམ་དབང་སྡུད་ཁྲག་མཚོ་ཞལ་དུ་གསོལ། །ཞིང་བཅུ་སྒྲོལ་མཛད་ཙིཏྟ་ཡབ་ལ་འཁྱུད། །སྒྲོལ་བྱེད་ནག་མོ་ཡུམ་གྱི་དབང་ཐོབ་ཤོག །ཨེ་ཀ་ཡ་མ་ཏྲག་རཀྴ་ཀྲོ་དྷཱི་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། སྨུག་ནག་འཇིགས་པ་དྲེགས་པ་ཀུན་གྱི་གཤེད། །ལོག་ལྟའི་སྦྱོར་བ་མ་ལུས་སྟོབས་ཀྱིས་འདོན། །འཁོར་ལོ་ཙིཏྟའི་ཕྲེང་བ་ཕྱག་ན་བསྣམས། །གསོད་བྱེད་ཡ་མ་རཱ་ཛའི་དབང་ཐོབ་ཤོག །ཨེ་ཀ་ཧེ་དུན་ཡ་མ་རཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། དྲེགས་པ་ཕྱག་ན་རྡོ་རྗེ་ནི། །མཐུ་སྟོབས་རྡོ་རྗེ་སྡིགས་མཛུབ་བགྲད། །ལྗང་ནག་ཀླུ་གཉན་གནོད་སྦྱིན་གཟིར། །རྡོ་རྗེ་ཁྲོས་པའི་དབང་ཐོབ་ཤོག །ཨོཾ་བཛྲ་པཱ་ཎི་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། རུས་སྦལ་རྔམ་པ་མི་ཟན་ནི། །རང་བྱུང་མཆོད་རྟེན་ལུས་ལ་བརྒྱན། །སྲིད་པའི་འཁོར་ལོ་ལྟོ་ན་གནས། །ཚེ་སྲོག་ཁྱམས་དང་དབང་ཐོབ་ཤོག །ཨེ་ཀ་མ་ཧཱ་བྷེ་ར་ཀ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། མཁའ་ལྡིང་རྒྱལ་པོ་ག་རུ་ཌ། །གཤོག་སྤུ་མཚོན་ཆའི་འཁོར་ལོས་གཏམས། །ཀླུ་གཤེད་དཔའ་བོ་གདུག་པ་གཟིར། །བྱ་ཁྱུང་རྒྱལ་པོའི་དབང་ཐོབ་ཤོག །ཨེ་ཀ་མ་ཧཱ་ག་རུ་ཌ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ཁྱུང་མོ་སྨུག་ནག་ཀླུ་གཉན་ས་བདག་འདུལ། །སྟག་མོ་རོ་ཟན་བཙན་དང་ས་བདག་འདུལ། །སེང་གེ་དཀར་མོས་རིག་འཛིན་ལས་ལ་འཛུད། །དུག་སྦྲུལ་ནག་པོས་ཕས་ཀྱི་རྦོད་གཏོང་ཟློག །སྤྲུལ་པ་གྱད་གནོན་དབང་མཆོག་ཐོབ་པར་ཤོག །ཨེ་ཀ་མ་ཧཱ་ག་རུ་ཌ་བྱཱ་གྷྲྀ་ཙཎྜ་སིཾ་ཧ་རོ་ཉེ་ཧ་ལ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། སྐུ་ཡི་ཕྱག་རྒྱ་རོལ་པ་ལས། །བདུད་པོ་བྱེ་བ་དགུ་ཁྲི་ནི། །སྔོ་ནག་ལྕགས་ཆས་ཆུ་གླང་འཆིབ། །འཆི་བདག་ནག་པོའི་དབང་ཐོབ་ཤོག །ཨེ་ཀ་ཡ་མ་ཧེ་དུན་ཀི་ཤན་ཀཱ་ལ་བདུད་ཀྲཾ་ནཱ་ག་རཀྴ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། གསུང་གི་ཕྱག་རྒྱ་རོལ་པ་ལས། །སྒྲོལ་གིང་སྲོག་བདག་དམར་པོ་ནི། །དམར་ནག་བསེ་ཆས་རྟ་ལ་འཆིབ། །སྲོག་བདག་དམར་པོའི་དབང་ཐོབ་ཤོག །ཨེ་ཀ་ཡ་མ་རཀྴ་ཡ་མ་རཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ཐུགས་ཀྱི་ཕྱག་རྒྱ་རོལ་པ་ལས། །ཡ་མ་གཏུམ་པོ་མགོ་དགུ་པ། །མཐིང་ནག་དུར་ཁྲོད་ཆས་ཀྱིས་བརྒྱན། །ཚེ་བདག་ནག་པོའི་དབང་ཐོབ་ཤོག །ཡ་མ་ཀྲོ་དྷ་ཀཱ་ལ་ཨེ་ཀ་ཧེ་དུན་ཡ་མ་རཀྴ་ཏྲི་ཤུ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། སྨུག་ནག་ཡ་མ་རཱ་ཛ་ནི། །སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན། །མ་ཏྲཾ་རོ་དབྱུག་འཁོར་ལོ་བསྐོར། །ཡབ་ཡུམ་བཅས་པའི་དབང་ཐོབ་ཤོག །ཡ་མ་རཱ་ཛ་ས་དོ་མེ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། སེར་ནག་མྱོས་བྱེད་འབར་བ་ནི། །སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན། །མ་ཏྲཾ་རོ་དབྱུག་འཁོར་ལོ་བསྐོར། །ཡབ་ཡུམ་བཅས་པའི་དབང་ཐོབ་ཤོག །ཡ་མེ་དོ་རུ་ཎ་ཡོ་ད་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། དམར་ནག་ཨཱརྻ་དམར་པོ་ནི། །སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན། །མ་ཏྲཾ་རོ་དབྱུག་འཁོར་ལོ་བསྐོར། །ཡབ་ཡུམ་བཅས་པའི་དབང་ཐོབ་ཤོག །ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ལྗང་ནག་རལ་པ་ཚར་དགུ་ནི། །སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན། །མ་ཏྲཾ་རོ་དབྱུག་འཁོར་ལོ་བསྐོར། །ཡབ་ཡུམ་བཅས་པའི་དབང་ཐོབ་ཤོག །ཡ་ཀྵེ་ཡ་ཙ་ནི་ར་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། དུང་གི་མོན་པ་དྲེགས་ཆེན་སེང་གེའི་གདོང་། །དུང་གི་མོན་མོ་བླ་རྐུན་རྔམས་པའི་གདོང་། །བསྐུལ་ན་དགྲ་བགེགས་བླ་སེམས་ཡིད་གསུམ་འགུག །ཤར་ཕྱོགས་མོན་པ་ཡབ་ཡུམ་དབང་ཐོབ་ཤོག །ཨེ་ཀ་ཡ་མ་མོནྟ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ལྕགས་ཀྱི་མོན་པ་གསོད་བྱེད་སྟག་གི་གདོང་། །མོན་མོ་ནག་མོ་གཡུ་ཡི་རལ་པ་ཅན། །བསྐུལ་ན་དགྲ་བགེགས་བླ་སེམས་ཡིད་གསུམ་འགུག །ལྷོ་ཕྱོགས་མོན་པ་ཡབ་ཡུམ་དབང་ཐོབ་ཤོག །ཨེ་ཀ་ཡ་མ་མོནྟ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། བསེ་ཡི་མོན་པ་གཏུམ་ཆེན་དྲེད་ཀྱི་མགོ །མོན་མོ་ཚེ་འཕྲོག་ཁྲག་གི་རལ་པ་ཅན། །བསྐུལ་ན་དགྲ་བགེགས་བླ་སེམས་ཡིད་གསུམ་འགུག །ནུབ་ཕྱོགས་མུན་པ་ཡབ་ཡུམ་དབང་ཐོབ་ཤོག །ཨེ་ཀ་ཡ་མ་མོནྟ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། གསེར་གྱི་མོན་པ་སྲོག་གཤེད་ཁྱུང་གི་མགོ །མོན་མོ་བླ་རྐུན་སྙིང་ལ་གཟེར་འདེབས་མ། །བསྐུལ་ན་དགྲ་བགེགས་བླ་སེམས་ཡིད་གསུམ་འགུག །བྱང་ཕྱོགས་མུན་པ་ཡབ་ཡུམ་དབང་ཐོབ་ཤོག །ཨེ་ཀ་ཡ་མ་མོནྟ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ཧེ་ལེ་ཁྱབ་པ་ཤར་གྱི་བདུད། །ནག་མོ་མི་ཟན་སྙིང་རྐུན་མ། །སྲོག་གཅོད་བདུད་པོ་ཡབ་ཡུམ་དབང། །སྐལ་ལྡན་འདི་ཡིས་ཐོབ་པར་ཤོག །ཨེ་ཀ་ཡ་མ་བདུད་ཏྲཾ་ཀཱ་ལ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ནག་པོ་འཛུམ་མེད་ལྷོ་ཡི་བདུད། །ནག་མོ་མེ་ཐོགས་སྙིང་འབྱིན་མ། །སྲོག་གཅོད་བདུད་པོ་ཡབ་ཡུམ་དབང་། །སྐལ་ལྡན་འདི་ཡིས་ཐོབ་པར་ཤོག །ཨེ་ཀ་ཡ་མ་བདུད་ཏྲཾ་ཀཱ་ལ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། སོ་བདར་འཁྲིགས་པ་ནུབ་ཀྱི་བདུད། །ནག་མོ་ཁྲག་སྐྱུགས་སྙིང་གཟེར་མ། །སྲོག་གཅོད་བདུད་པོ་ཡབ་ཡུམ་དབང་། །སྐལ་ལྡན་འདི་ཡིས་ཐོབ་པར་ཤོག །ཨེ་ཀ་ཡ་མ་བདུད་ཏྲཾ་ཀཱ་ལ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། རལ་པ་སྤྱིར་བཅིངས་བྱང་གི་བདུད། །ནག་མོ་མྱོས་བྱེད་དབུགས་སྡུད་མ། །སྲོག་གཅོད་བདུད་པོ་ཡབ་ཡུམ་དབང་། །སྐལ་ལྡན་འདི་ཡིས་ཐོབ་པར་ཤོག །ཨེ་ཀ་ཡ་མ་བདུད་ཏྲཾ་ཀཱ་ལ་ཨ་བྷི་ཥིཉྩ་ཧཱུྃ། འཆི་བདག་བཅུ་གཉིས་མན་གྱི་ལྷ་དབང་མུ་ཏིག་ཕྲེང་བར་མེད་ཅིང་དབང་རྒྱུད་དུ་འདྲ་མིན་ཞིག་འདུག་ཀྱང་། འདིར་བརྒྱུད་པའི་ཕྱག་བཞེས་བཞིན་འདི་ལྟར། ཧཱུྃ། ཟིལ་གནོན་ཐུགས་ཀྱི་སྤྲུལ་པ་ལས། །བེ་བྷ་སཏྭ་མཐིང་ནག་གིས། །བེ་ཅོན་འབར་བས་མ་རུངས་འདུལ། །སྐལ་ལྡན་འདི་ཡིས་ཐོབ་པར་ཤོག །ཨོཾ་ཀྲྀཥྞ་ཛ་མ་རཱ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ཟིལ་གནོན་ཐུགས་ཀྱི་སྤྲུལ་པ་ལས། །ནོར་བུ་དགེ་འཕེལ་སེར་ནག་གིས། །མཚོན་ཆའི་འཁོར་ལོས་དགྲ་སྲོག་གཅོད། །སྐལ་ལྡན་འདི་ཡིས་ཐོབ་པར་ཤོག །ཨོཾ་ཀྲྀཥྞ་ཛ་མ་རཱ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ཟིལ་གནོན་ཐུགས་ཀྱི་སྤྲུལ་པ་ལས། །སེར་ནག་འཇོམས་བྱེད་ཁྲོས་པ་ཡིས། །ལྕགས་ཀྱུས་དམ་ཉམས་སྙིང་ནས་འདྲེན། །སྐལ་ལྡན་འདི་ཡིས་ཐོབ་པར་ཤོག །ཨོཾ་ཀྲྀཥྞ་ཛ་མ་རཱ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ཟིལ་གནོན་ཐུགས་ཀྱི་སྤྲུལ་པ་ལས། །བྱེ་བ་དགུ་ཁྲི་ལྗང་ནག་གིས། །དབྱུག་ཏོས་དགྲ་བོའི་གཟུགས་ཕུང་འཇོམས། །སྐལ་ལྡན་འདི་ཡིས་ཐོབ་པར་ཤོག །ཨོཾ་ཀྲྀཥྞ་ཛ་མ་རཱ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ཟིལ་གནོན་ཐུགས་ཀྱི་སྤྲུལ་པ་ལས། །རཀྴ་གློག་ཕྲེང་དམར་ནག་འབར། །རྒྱུ་ཞགས་བསྡོག་ཅིང་དགྲ་ལ་འཕེན། །སྐལ་ལྡན་འདི་ཡིས་ཐོབ་པར་ཤོག །ཨོཾ་ཀྲྀཥྞ་ཛ་མ་རཱ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ཟིལ་གནོན་ཐུགས་ཀྱི་སྤྲུལ་པ་ལས། །ཡཀྴ་ཟ་བྱེད་སྔོ་ནག་ནི། །སྤུ་གྲིས་དམ་ཉམས་སྲོག་རྩ་གཅོད། །སྐལ་ལྡན་འདི་ཡིས་ཐོབ་པར་ཤོག །ཨོཾ་ཀྲྀཥྞ་ཛ་མ་རཱ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ཟིལ་གནོན་ཐུགས་ཀྱི་སྤྲུལ་པ་ལས། །གཏུམ་པོ་དུད་ཁ་མ་རུངས་པ། ཁྲམ་ནག་དགྲ་དང་བགེགས་ལ་འཇོམས། །སྐལ་ལྡན་འདི་ཡིས་ཐོབ་པར་ཤོག །ཨོཾ་ཀྲྀཥྞ་ཛ་མ་རཱ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ཟིལ་གནོན་ཐུགས་ཀྱི་སྤྲུལ་པ་ལས། །གང་བ་ཀུན་འཇོམས་དཀར་སེར་གྱིས། །མདའ་གཞུ་འགེང་ཞིང་དགྲ་ལ་འཕེན། །སྐལ་ལྡན་ཁྱོད་ཀྱིས་ཐོབ་པར་ཤོག །ཨོཾ་ཀྲྀཥྞ་ཛཱ་མ་རཱ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ཟིལ་གནོན་ཐུགས་ཀྱི་སྤྲུལ་པ་ལས། ཁ་འབར་རལ་གཅིག་དམར་ནག་གིས། །ཟངས་གྲིས་དགྲ་བགེགས་ཡན་ལག་འབྲལ། །སྐལ་ལྡན་འདི་ཡིས་ཐོབ་པར་ཤོག ཨོཾ་ཀྲིཥྞ་ཛ་མ་རཱ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ཟིལ་གནོན་ཐུགས་ཀྱི་སྤྲུལ་པ་ལས། །སྦྲུལ་མགོ་ཀུན་འཛིན་སྔོ་སྐྱ་ཡིས། །ལྕགས་མདུང་འབར་བས་དམ་ཉམས་སྒྲོལ། །སྐལ་ལྡན་འདི་ཡིས་ཐོབ་པར་ཤོག ཨོཾ་ཀྲིཥྞ་ཛ་མ་རཱ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ཟིལ་གནོན་ཐུགས་ཀྱི་སྤྲུལ་པ་ལས། །ངང་པ་སྟོབས་ལྡན་སེར་པོ་ཡིས། །དགྲ་སཏྭས་དམ་ཉམས་སྲོག་རྩ་གཅོད། །སྐལ་ལྡན་འདི་ཡིས་ཐོབ་པར་ཤོག ཨོཾ་ཀྲིཥྞ་ཛ་མ་རཱ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ཟིལ་གནོན་ཐུགས་ཀྱི་སྤྲུལ་པ་ལས། །ཧོང་ཕན་སྲོག་འཛིན་ནག་པོ་ཡིས། །བདུད་ཞགས་ནག་པོས་དགྲ་བགེགས་འཆིང་། །སྐལ་ལྡན་འདི་ཡིས་ཐོབ་པར་ཤོག ཨོཾ་ཀྲིཥྞ་ཛ་མ་རཱ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ཟིལ་གནོན་ཐུགས་ཀྱི་སྤྲུལ་པ་ལས། །ཤར་སྒོར་དཀར་པོ་སྙིང་འབྱིན་ནི། །གཡས་པ་རུ་མཚོན་གཡོན་འཁོར་ལོ། །སྐལ་ལྡན་འདི་ཡིས་ཐོབ་པར་ཤོག །ཛཿཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ཟིལ་གནོན་ཐུགས་ཀྱི་སྤྲུལ་པ་ལས། །ལྷོ་སྒོར་མགོན་པོ་ནག་པོ་ནི། །གཡས་པ་བེང་དང་ཐོད་ཁྲག་གཡོན། །སྐལ་ལྡན་འདི་ཡིས་ཐོབ་པར་ཤོག ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ཟིལ་གནོན་ཐུགས་ཀྱི་སྤྲུལ་པ་ལས། །ནུབ་སྒོར་ཡབ་རྗེ་ནག་པོ་ནི། །གཡས་པ་ཁྲམ་ཤིང་བདུད་ཞགས་གཡོན། །སྐལ་ལྡན་འདི་ཡིས་ཐོབ་པར་ཤོག བཾ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ཟིལ་གནོན་ཐུགས་ཀྱི་སྤྲུལ་པ་ལས། །བྱང་སྒོར་སྐུ་མཆོག་དམར་པོ་ནི། །གཡས་པ་དབྱུག་ཏོ་གཡོན་པ་མདུང་། །སྐལ་ལྡན་འདི་ཡིས་ཐོབ་པར་ཤོག །ཧོཿཨ་བྷི་ཥིཉྩ་ཧཱུྃ། ཞེས་བསྐུར་རོ། །གཉིས་པ་གསུང་ནུས་པ་སྟེར་བར་བྱེད་པ་སྔགས་ཀྱི་དབང་ནི། དཔོན་སློབ་གཉིས་ཀ་ལྷར་གསལ་བའི་གནས་གསུམ་གྱི་ས་བོན་འབྲུ་གསུམ་ལ་སྐུ་གསུང་ཐུགས་སྔགས་སོ་སོ་དཀར་དམར་མཐིང་གསུམ་གྱིས་བསྐོར་བ། མར་མེ་གཅིག་ལས་གཉིས་མཆེད་ལྟར་བླ་མའི་ཞལ་ནས་བྱུང་སྟེ་སློབ་མའི་མགྲིན་པའི་ལམ་ནས་བརྒྱུད་གནས་གསུམ་གྱི་སྔགས་ཕྲེང་ལ་བསྐོར་བར་བསམ་པའི། སྤྱི་བོའི་སྔགས་ཕྲེང་ལས་འོད་ཟེར་འཇའ་ཚོན་ལྟ་བུ་བ་སྤུའི་བུ་ག་ནས་འཕྲོས་ཏེ་བདག་གཞན་གྱི་ལས་ངན་སྡིག་སྒྲིབ་དག་པར་བསམ་ལ། སྐུའི་སྔགས་འབྲུ་བཅུ་གཉིས་པའི་རྗེས་ཟློས་ལན་གསུམ་དང་། ལྗགས་སྟེང་གི་་་སྤྱིར་གནས་གསུམ་བྱིན་རླབས་ཀྱི་མགྲིན་པའི་ཨཱཿཡིན་ཡང་འདིའི་སྐབས་སུ་ལྗགས་སྟེང་དུ་ཧྲཱིཿདམར་པོ་ལ་ཨྱཻ་མྱགས་འབྲུ་བརྒྱད་ཀྱིས་བསྐོར་བ་ཁྱད་ཆོས་ཡིན་ནོ། །སྔགས་འཁོར་ལས་འོད་ཟེར་མེའི་ཚྭ་ཚྭ་ལྟར་འཕྲོས་ཏེ་ལས་ངན་བག་ཆགས་བར་གཅོད་ཐམས་ཅད་བྱ་སྒྲོ་མེས་བསྲེགས་པ་ལྟར་བསམ་ལ། གསུང་གི་སྔགས་ཨྱཻ་མྱགས་འབྲུ་བརྒྱད་པའི་རྗེས་ཟློས་ལན་གསུམ་དང་། ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་ཏེ་སྡིག་སྒྲིབ་ཐམས་ཅད་སྟར་ཚན་ལ་སྦུར་མི་ཆགས་པ་ལྟར་སོང་བར་བསམ་ལ། ཐུགས་ཀྱི་སྔགས་ཡིག་འབྲུ་བཞི་པའི་རྗེས་ཟློས་ལན་གསུམ་བྱ། མཐར་ཕྲེང་བའམ་མེ་ཏོག་སྤྱི་བོར་བཞག་སྟེ། ཧཱུྃ། གསང་སྔགས་རྒྱལ་པོ་འདི་དག་ནི། །འཁོར་བའི་འཕྲོ་འདུ་གསལ་བསྒོམས་ཏེ། ཁྱོད་ཀྱིས་རྟག་ཏུ་བཟླས་པར་གྱིས། །གསང་བ་གཞན་དུ་སྨྲ་མི་བྱ། །ཞེས་བརྗོད། གསུམ་པ་ཐུགས་ཀྱི་ནུས་པ་སྟེར་བར་བྱེད་པ་ཕྱག་མཚན་གྱི་དབང་ནི། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་ཡེ་ཤེས་ཀྱི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། སངས་རྒྱས་ཐམས་ཅད་ཐུགས་ཕྱག་མཚན་གྱི་རྣམ་པ་བསམ་གྱིས་མི་ཁྱབ་པར་འདུས། དེ་དག་ཟིལ་གནོན་གྱི་ཕྱག་རྒྱ་དྲུག་ཏུ་གྱུར། དྲུག་པོ་ཡང་བསམ་གྱིས་མི་ཁྱབ་པར་སློབ་བུའི་སྙིང་གར་ཐིམ་པར་བསམ་ལ། ཧཱུྃ། འཁོར་བ་དྲལ་བྱེད་འཁོར་ལོ་དང་། །ཉོན་མོངས་གཅོད་བྱེད་རལ་གྲི་དང་། །ཆོས་དབྱིངས་སྐྱེ་མེད་རྡོ་རྗེ་ཡིས། །སྐུ་གསུམ་མཉམ་པའི་དབང་ཐོབ་ཤོག །ཨེ་ཀ་ཡ་མ་ཙཀྲ་ཁདྒ་བཛྲ་ཨ་བྷི་ཥིཉྩ་ཧོཿ ཞེས་སྙིང་གར་གཏུགས་ཤིང་ལག་གཡས་སུ་གཏད། ཧཱུྃ། བེ་ཅོན་དུག་ལྔ་ཟིལ་གྱིས་གནོན་པ་དང་། །གདུག་པ་མ་ལུས་འཇོམས་བྱེད་གཏུན་ཤིང་དང་། །ལོག་རྟོག་རྐམ་ཆགས་སྒྲོལ་བའི་སྡིགས་མཛུབ་ཀྱིས། །རིག་པ་སྟོབས་ཀྱི་སྒོ་གསུམ་ཐོབ་པར་ཤོག །ཨེ་ཀ་ཡ་མ་བྷི་ཏ་ཏུ་ཏི་ས་པ་རི་ཨ་བྷི་ཥིཉྩ་ཧོཿ ཞེས་སྙིང་གར་གཏུགས་ཤིང་ལག་གཡོན་དུ་གཏད་དོ། །བཞི་པ་ཡོན་ཏན་གྱི་ནུས་པ་སྟེར་བར་བྱེད་པ་ལོངས་སྤྱོད་ཀྱི་དབང་ལ་གསུམ། དང་པོ་གདུག་པ་ཟིལ་གྱིས་གནོན་པ་དཔའ་བོའི་ཆས་སྦྱིན་པ་ནི། ཆས་རྣམས་གཏད་ལ། ཧོཿ གླང་ཆེན་ཞིང་ལྤགས་སྟག་ཤམ་སྦྲུལ། །ཐོད་པ་སྙིང་ཕྲེང་ཀེང་རུས་རྒྱན། །མེ་རི་དུར་ཁྲོད་དབང་བསྐུར་བས། །དྲེགས་པའི་མཐུ་སྟོབས་ལྡན་པར་ཤོག །ཨེ་ཀ་ཡ་མ་ཧསྟི་བྱཱ་ཀྲི་མ་ཧཱ་རཱ་ག་ཀ་པཱ་ལ་ཙིཏྟ་ཛྭ་ལ་ཀིཾ་ནི་རི་ཏི་རཀྟ་ཨ་བྷི་ཥིཉྩ་ཧཱུྃ། གཉིས་པ་རྣལ་འབྱོར་བར་གཅོད་ཞི་བ་རྡོ་རྗེ་ཚེའི་དབང་ནི། ཚེ་བུམ་སྤྱི་བོར་བཞག་ལ། ཧཱུྃ། བཀྲ་ཤིས་དངོས་གྲུབ་ག་འུ་རུ། །མི་འགྱུར་བརྟན་པའི་ཚེ་བསྐྱིལ་ནས། །རང་རྟགས་ཚེ་ཡི་དབང་བསྐུར་བས། །འཆི་མེད་བརྟན་པའི་དབང་ཐོབ་ཤོག །ཨེ་ཀ་ཡ་མ་ཨཱ་ཡུརྫྙཱ་ན་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ། གསུམ་པ་དངོས་གྲུབ་མྱུར་དུ་ཐོབ་བྱེད་དཔའ་བོའི་རྫས་ཀྱི་དབང་ལ་བཞི་སྟེ། བདུད་རྩི། རཀྟ། གཏོར་མ། བམ་ཆེན་གསང་བའི་དབང་ངོ་། །དང་པོ་བདུད་རྩིའི་ཀ་པཱ་ལ་ལག་གཡས་སུ་གཏད་ལ། ཧཱུྃ། འཆི་མེད་རང་བྱུང་ར་སཱ་ཡན། །བཀྲ་ཤིས་མཚན་ལྡན་ལྷག་པའི་རྫས། །འཕེལ་འགྲིབ་མེད་པའི་དབང་བསྐུར་བས། །རིགས་ལྔ་ཡེ་ཤེས་ལྔ་ཡི་དབང་ཐོབ་ཤོག །ཨེ་ཀ་ཡ་མ་སརྦ་པཉྩ་ཨ་མྲྀཏ་ཛྙཱ་ན་ཤུདྡྷ་སིདྡྷི་ཨ་བྷི་ཥིཉྩ་ཧོཿ ཅུང་ཟད་མྱོང་དུ་གཞུག །གཉིས་པ་རཀྟའི་སྣོད་ལག་གཡོན་དུ་གཏད་ལ། ཧཱུྃ། རྡོ་རྗེ་པདྨ་མཉམ་སྦྱར་ནས། །པདྨ་རཀྟ་བྱང་ཆུབ་སེམས། །བམ་ཆེན་དམེ་བའི་དོན་དང་སྦྱར། །བརྟུལ་ཞུགས་རོལ་པའི་དབང་བསྐུར་བས། །མི་ཟད་རྒྱན་གྱི་དབང་ཐོབ་ཤོག །ཨེ་ཀ་ཡ་མ་གུ་ཧྱ་རཀྟ་བོ་དྷི་ཙིཏྟ་ཧོཿ མཱཾ་ས་རཀྟ་ཙིཏྟ་པཱུ་ཛ་བ་སུ་ཏ་ཀིཾ་ནི་རི་ཏི་སིདྡྷི་ཨ་བྷི་ཥིཉྩ་ཧོཿ ཅུང་ཟད་མྱོང་དུ་གཞུག །གསུམ་པ་གཏོར་མ་ནི། སྒྲུབ་གཏོར་ལྷར་གསལ་བ་སྤྱི་བོར་གཏུགས་ལ། ཧཱུྃ། སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ། །བཅུད་ཀྱི་སེམས་ཅན་གཏོར་མར་གསལ། །འབྱུང་བ་རྣམ་ལྔ་གཏོར་མའི་རྒྱུ། །ལྷུན་གྲུབ་ཀུན་འབྱུང་གཏོར་མའི་རྒྱན། །འཛིན་ཆགས་མེད་པའི་སྟོབས་ཀྱིས་རོལ། །ཨེ་ཀ་ཡ་མ་མ་ཧཱ་བ་ལིཾ་ཏ་པཱུ་ཛ་ཛྙཱ་ན་ཨ་བྷི་ཥིཉྩ་ཧོཿ གཏོར་ཟན་ཅུང་ཟད་སྦྱིན། བཞི་པ་བམ་ཆེན་གསང་བའི་དབང་ནི། བམ་ཆེན་ཟིལ་གནོན་གྱི་ལྷ་ཚོགས་གསལ་བ་སྤྱི་བོར་བཞག་སྟེ། ཧཱུྃ། དཔའ་བརྟུལ་སྔགས་ཀྱིས་བྱིན་བསྐྱེད་པའི། །བམ་ཆེན་རོ་ལ་མཉམ་པར་རོལ། །རྡོ་རྗེ་འཛིན་པའི་དབང་ཐོབ་ནས། །བདེ་ཆེན་མཉམ་ཉིད་རྟོགས་པར་ཤོག །ཨེ་ཀ་ཡ་མ་མ་ཧཱ་མཱཾ་ས་ཨ་དྷི་པ་ཏ་སིདྡྷི་ཨ་བྷི་ཥིཉྩ་ཧོཿ བམ་གྱི་ཕྱི་རྒྱུད་ཀྱི་ལྷ་ཐམས་ཅད་ཙིཏྟའི་དཀྱིལ་འཁོར་ལ་འདུས། དེ་ཡང་དྭངས་མ་ལྔའི་ཐིག་ལེ་ལ་འདུས། དེ་སློབ་མའི་སྙིང་གར་འུབ་ཀྱིས་ཐིམ་པར་གྱུར་པར་བསམ་པ་དཔོན་སློབ་གཉིས་ཀས་བསམས་ལ། བམ་དེ་ཡེ་ཤེས་ལྔའི་ངོ་བོར་བྱིན་རླབས་དང་དངོས་གྲུབ་དཔག་ཏུ་མེད་པར་བསམ་ལ་དུམ་བུར་བགོས་ཏེ་གདོང་པ། ཁ་མིག །མགོ་བོ། ལུས་ཀྱི་ཆ་ཤས་ཏེ་དམེ་བ་ལྔ་པོ་ཅུང་ཟད་རེ་འཇོག་ལ་གསང་དབང་སྐབས་དབང་རྫས་ལ་བསྲེ། འཕྲོས་ཐམས་ཅད་སློབ་མར་སྟེར་ལ། ཡུལ་དང་དབང་པོ་རོ་གཅིག་པའི་དེ་ཁོ་ནའི་རྣལ་འབྱོར་གྱིས་རོལ་པར་གྱིས་ཤིག །དེ་དག་གི་དོན་ཡང་རོ་ནི་བདག་མེད་པ་ཡིན་ལ། བམ་ཆེན་གསང་བ་རབ་འབྱམས་ཀྱི་དབང་ཐོབ་ནས་ཆོས་ཐམས་ཅད་བདག་མེད་པའི་དོན་ཁོང་དུ་ཆུད་པར་འགྱུར་ཞིང་། བམ་ཆེན་པོ་ཉིད་ཡེ་ཤེས་ལྔའི་རང་བཞིན་གྱི་དམ་རྫས་ཀྱི་མཆོག་ཏུ་བསྐྱེད་རྫོགས་གསུམ་གྱི་རྒྱུད་མཐའ་དག་ལས་བཤད་ཅིང་། ལས་ཀྱི་གཤིན་རྗེ་མ་མོ་ཤ་ཟ་ཀིང་ཀང་ཤ་ཁྲག་ལ་མངོན་པར་དགའ་བ་རྣམས་ཀྱང་རང་བཞིན་གྱིས་འདུ་ཞིང་དམ་ཚིག་དྲན་ཏེ་རྣལ་འབྱོར་པའི་གྲོགས་སུ་འགྱུར་རོ། །གཞན་ཡང་རྟོག་པ་ཤིན་ཏུ་རགས་པའི་གནས་སུ་གྱུར་པའི་བམ་དང། དེའི་དམེ་བའི་རྫས་ལ་ངན་རྟོག་གི་འཛིན་པ་ཆད་དེ་ལམ་དུ་ལྷོངས་ནས། གཞན་ཚོགས་དྲུག་གི་དངོས་པོ་ཐམས་ཅད་ལ་གཙང་དམེ་མེད་བཞིན་དུ་ཆོས་ཉིད་རོ་གཅིག་པའི་རྟོགས་པ་སྐྱེ་སླ་བ་ཡིན་ནོ། །ཞེས་གསུངས་སོ། །ལྔ་པ་ཕྲིན་ལས་ཀྱི་ནུས་པ་སྟེར་བར་བྱེད་པ་སྦྱོར་སྒྲོལ་གྱི་དབང་ལ་གཉིས་ཀྱི་དང་པོ་སྦྱོར་བའི་དབང་ནི། དྲིལ་བུ་ཡུམ་དུ་མོས་པ་ལག་ཏུ་གཏད་ལ། ཧཱུྃ། ཐབས་དང་ཤེས་རབ་གཉིས་མེད་པའི། །ཡང་གསང་བདེ་ཆེན་ཏིང་འཛིན་ནི། །དངོས་གྲུབ་ཀུན་གྱི་གཏེར་ཡིན་པས། །བདེ་ཆེན་མཆོག་གིས་དབང་བསྐུར་རོ། །ཨོཾ་ཨཱཿཧཱུྃ་བཛྲ་སཏྭ་སུ་ཁ་སིདྡྷི་ཕ་ལ་མ་ཧཱ་ཨཱཏྨ་ཀོ྅་ཧཾ། འདི་ལྟར་སྣང་བའི་ཆོས་ཐམས་ཅད་བདེ་སྟོང་ཟུང་འཇུག་གི་རོལ་པར་གོ་བར་གྱིས་ཤིག །གཉིས་པ་ཡོངས་རྫོགས་སྟོབས་ཀྱི་དབང་སྟེ་ཕྲིན་ལས་དྲག་པོ་སྒྲོལ་བའི་དབང་ནི། འཛོམ་ཞིང་སྤྲོ་ན་བླ་མ་དང་སློབ་མའི་གཙོ་བོ་གཅིག་སྔགས་པ་བདུད་ཆས་ཞུགས། གང་ལྟར་ཧོམ་ཁུང་དུ་ཟན་ལིང་བཞག་པ་ལ་ཧོམ་བསྐྱེད་དགུགས་གཞུག་མདོར་བསྡུས་བྱས། རལ་གྲི་གཏད་ལ། ཧཱུྃ། གཤེད་ཆེན་མཐུ་སྟོབས་ཡོངས་རྫོགས་པ། །དཔག་མེད་ཕྲིན་ལས་མཐར་ཕྱིན་ཅིང་། །སྟོང་ཁམས་སྲིད་པ་ཟིལ་མནན་ནས། །སྣང་སྲིད་ཀུན་སྒྲོལ་དབང་བསྐུར་རོ། །ཨེ་ཀ་ཧེ་དུན་ཡ་མ་ཀྲོ་དྷ་སརྦ་ཀརྨ་མཱ་ར་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བསྒྲལ་དུ་གཞུག །སྣང་སྲིད་ཐམས་ཅད་སྟོང་ཉིད་སྙིང་རྗེ་ཡིན་པའང་ཤེས་པར་གྱིས་ཤིག །སྐབས་འདིར་ཆོས་རྒྱལ་དབང་པོ་སྡེའི་ཕྱག་ལེན་དུ་བམ་ཆེན་གསང་བ་རབ་འབྱམས་ནས་ཁ་བསྐང་སྟེ། ཁམས་གསུམ་ཡོངས་སྒྲོལ་གྱི་དབང་། མཆོད་རྟེན་གྱི་དབང་། རྡོ་རྗེ་སློབ་དཔོན་གྱི་དབང་རྣམས་མཛད་པའི་ཕྱག་སྲོལ་འབྱུང་བས། དང་པོ་ནི། ཀ་ཊོ་རའམ་ལྕགས་སླང་ལྟ་བུར་གོང་དུ་འདུ་བྱས་པའི་དུག་སྣ། ཁྲག །ཡུངས་དཀར། མདའ། བཤན་གྲི །གུ་གུལ། ཕུར་པ་རྣམས་སློབ་མའི་ལག་ཏུ་གཏད་ལ། ཧཱུྃ། ཕོ་རྫས་དུག་གིས་སྦོས་པར་བྱེད། །མོ་རྫས་ཁྲག་གིས་མྱོས་པར་བྱེད། །ཡུངས་དཀར་རྒྱལ་པོས་གཟིར་བར་བྱེད། །གཤིན་རྗེའི་མདའ་ཡིས་འབུག་པར་བྱེད། །བཤན་པའི་གྲི་ཡིས་སྲོག་རྩ་གཅོད། །དྲག་པོའི་སྔགས་ཀྱིས་ཕོ་ཉ་བསྐུལ། །གུ་གུལ་སྦྱར་བས་ལྷ་དང་ཕྲལ། །དྲག་པོའི་ཕུར་པ་སྙིང་ལ་འདེབས། །ཐུན་རྫས་རྣམས་ཀྱིས་དབང་བསྐུར་བས། ཁམས་གསུམ་དྲེགས་པ་འཇོམས་པའི་མཐུ། ཁེངས་པ་ཐམས་ཅད་སྒྲོལ་བའི་མཐུ། །བསྒྲལ་བའི་ཞིང་བཅུ་སྒྲོལ་བའི་མཐུ། །རུ་དྲ་དམ་ཉམས་སྒྲོལ་བའི་མཐུ། །གང་གིས་མི་ཐུབ་ཟློག་པའི་མཐུ། །དམ་ཉམས་རང་གཤེད་འབེབ་པའི་མཐུ། །བདུད་རྣམས་ཐམས་ཅད་འདུལ་བའི་མཐུའི། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། ཁམས་གསུམ་སྒྲོལ་བའི་དབང་ཐོབ་ཤོག །ཨེ་དུན་ཀ་ཡཾ་དགྲ་བགེགས་སརྦ་མཱ་ར་ཡ་ཧཱུྃ་ཕཊ་ཨ་བྷི་ཥིཉྩ་ཧཱུྃ། གཉིས་པ་ནི། མཆོད་རྟེན་མཚན་ཉིད་ཚང་བ་ཞིག་ལག་ཏུ་གཏད་ལ། ཧཱུྃ། ཆོས་སྐུ་འགྱུར་མེད་མཆོད་རྟེན་འདིར། །ལོངས་སྐུ་བདེ་ཆེན་ཟིལ་གནོན་བཞུགས། །སྤྲུལ་སྐུ་འཁོར་ཚོགས་བསམ་མི་ཁྱབ། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །རྡོ་རྗེའི་མཁར་དུ་བསྲུང་བ་དང་། །ནམ་མཁའི་མཐོངས་སུ་བཤིག་པ་དང་། །རི་རབ་རྩེ་ལ་བསད་པ་དང་། །རི་ཐང་མཚམས་སུ་ཟློག་པ་དང་། །རྒྱ་མཚོའི་གཏིང་དུ་མནན་པ་དང་། །དྲེགས་པའི་ཙིཏྟ་དཀྲུག་པ་སྟེ། །ལས་དྲུག་འཁོར་ལོ་བསྐོར་བ་ཡི། །དབང་རྣམས་ཁྱོད་ཀྱིས་ཐོབ་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་ནི་ཀ་ཨ་བྷི་ཥིཉྩ་ཧཱུྃ། སྐབས་འདིར་ཟོར་དབང་རྣམས་ཀྱང་སྦྱོར་བའི་ཕྱག་ལེན་ཡོད་ཅིང་དེའང་གནུབས་ལུགས་ཀྱི་འཆར་ཁ་བཀའ་མའི་ཟོར་དབང་འདིར་སྦྱར་བའི་ཕྱག་རྒྱུན་ལྟར་ན། ཟོར་ཀོང་ཟོར་རྫས་ཅན་གཏད་ལ། ཧཱུྃ། ང་རྒྱལ་ཆེན་པོས་རབ་ཏུ་འཕེན་བྱེད་པའི། །ཐབས་དང་ཤེས་རབ་ཕྲིན་ལས་མཐར་ཕྱིན་པས། །གང་ལ་དམིགས་པའི་དགྲ་བགེགས་རྡུལ་དུ་རློག །འཕེན་བྱེད་ཟོར་ཀོང་དབང་རྣམས་ཐོབ་པར་ཤོག །ཨོཾ་ཤ་རི་བྷྱོ། མ་རི་བྷྱོ། ཁྲག་མ་མ་བྷྱོ། ཙི་རི་སྙིང་བྷྱོ། སྙིང་བྷྱོ། མ་ཏི་ཐོད་ཁྲག་ཛཿ ཁྲག་ཏི་སྙིང་ལ་ཡ། ནི་ཏྲི་ཆོད། མུ་ལོ་ཆོད། ཤ་ལོ་ཆོད། ཤ་ལ་ཀྱིང་ཀྱིང་བྷྱོ། ས་མ་ཡ། ཨ་ཏི་ཀྲ་མ་ན་ཡ། ཤ་རི་བྷྱོ། མ་མ་ཏྲག་རཀྴ་ཁ་མུན་ཏྲ་སྙིང་ཁ་རག་དུན་བྷྱོ་ཟློག །མ་ཏི་བྷྱོ་ཧེ་མ་མ་ནི་བྷྱོ་ཟློག །ཁྲག་མ་མ་བྷྱོ་ཧ། དེ་མོ་ཧ་ནི་བྷྱོ་ཟློག །ཙི་རི་སྙིང་བྷྱོ་སྲོག་ལ་ཤཱནྟིཾ་བྷྱོ་ཟློག །སྙིང་བྷྱོ་ནི་ཤ་ཀུ་རུ་ཐུན་བྷྱོ་ཟློག །ནི་ས་ར་ནི་ཟློག་ཟློག །ཅེས་པའི་ཤམ་བུར། ཧ་དེ་མོ་ཧ་ཧྲྀ་ད་ཡ། སྥ་ར་ན་དྷི་ཧ་བྷྱོ། ས་མ་ཡ་ཟློག་ཟློག །ཨ་ལ་ལ་པྲ་མོ་ཧ་དགྲ་བགེགས་སྟེང་དུ་བྷྱོ་བྷྱོ། མཱ་ར་ཡ་ཟློག་ཟློག །ཨ་བྷི་ཥིཉྩ་ཨཱཿ མདའ་གཞུ་གཏད་ལ། ཧཱུྃ། ང་རྒྱལ་ཆེན་པོས་རབ་ཏུ་འཕེན་བྱེད་པའི། །ཐབས་དང་ཤེས་རབ་ཕྲིན་ལས་མཐར་ཕྱིན་པས། །གང་ལ་དམིགས་པའི་དགྲ་བགེགས་རྡུལ་དུ་རློག །གནམ་ལྕགས་མདའ་གཞུའི་དབང་རྣམས་ཐོབ་པར་ཤོག །ཤ་རི་བྷྱོའི་ཤམ་བུར། ནག་པོ་པྲ་མ་ཡ་ཧ་རི་ཡ། ནག་པོ་རཀྴ་ཐུན། ཧེ་ཏྲ་བ་ལ་སྙིང་ལ་ཐུན། ག་ནི་ལོ་ཙ་སྲོག་ལ་ཐུན། དགྲ་བགེགས་མཱ་ར་ཡ་ཐུན་སོད། ཧར་ཧར་ཧུར་ཧུར་ཉམས་པའི་སྙིང་ལ་བྷྱོ་བྷྱོ་ཡ། ཨ་བྷི་ཥིཉྩ་ཧཱུྃ། འུར་རྡོ་གཏད་ལ། ཧཱུྃ། ང་རྒྱལ་ཆེན་པོས་རབ་ཏུ་འཕེན་བྱེད་པའི། །ཐབས་དང་ཤེས་རབ་ཕྲིན་ལས་མཐར་ཕྱིན་པས། །གང་ལ་དམིགས་པའི་དགྲ་བགེགས་རྡུལ་དུ་རློག །འཕེན་བྱེད་འུར་རྡོའི་དབང་རྣམས་ཐོབ་པར་ཤོག །ཤ་རི་བྷྱོའི་ཤམ་བུར། ཨོཾ་པྲ་ས་ར་བྷྱོ། དུནྟིང་བྷྱོ། དན་ཏིང་བྷྱོ། ཀརྨ་རཀྴ་བྷྱོ། ཛྭ་ལ་ཏིཾ་ཏིཾ་བྷྱོ། ཛྭ་ལ་རཀྴ་བྷྱོ། རགྨོ་རགྨོ་བྷྱོ། ཡགྨོ་ཡགྨོ་བྷྱོ། ཡགཤ་ཡགཤ་བྷྱོ། བྷྱོ་བྷྱོ། དི་མ་བྷྱོ་མུ་བྷྱོ་ཡ། ཨ་བྷི་ཥིཉྩ་ཧཱུྃ། རྭ་ཟོར་གཏད་ལ། རྭ་ཟོར་གྱི་རྩེར་མེ་རི། བར་དུ་ཁྲོ་བོའི་མིག །རྩ་བར་སྦྲུལ་དཀྲིས་སོགས་ཁམས་གསུམ་ལས་རྣམ་པར་རྒྱལ་བ་མཚོན་པ་དང་། ནང་དུ་དུག་ཁྲག་ཡུངས་ཐུན་ལྕགས་ཟངས་རྡོ་ཕྱེ་སོགས་ཀྱི་ངར་ལྡན་གྱི་ཐུན་སྣོད་ནམ་མཁའ་དང་མཉམ་པའི་གཤིན་རྗེའི་ལས་ཀྱི་བཙོན་ཁང་ནས། སྤྲུལ་པའི་ཕོ་ཉ་བསམ་གྱིས་མི་ཁྱབ་པ་འཕྲོས་པས་དགྲ་བགེགས་ཚར་གཅོད་པར་མོས་ཤིག །ཧཱུྃ། ང་རྒྱལ་ཆེན་པོས་རབ་ཏུ་འཕེན་བྱེད་པའི། །ཐབས་དང་ཤེས་རབ་ཕྲིན་ལས་མཐར་ཕྱིན་པས། །གང་ལ་དམིགས་པའི་དགྲ་བགེགས་རྡུལ་དུ་རློག །འཕེན་བྱེད་རྭ་ཟོར་དབང་རྣམས་ཐོབ་པར་ཤོག །རུ་ཏྲི་ཏྲིག་ནན་ཤག་རྦད་བྷྱོ་བྷྱོ། དེ་ལྟར་ཟོར་དབང་རྣམས་གྲུབ་ནས་སློབ་མའི་གཙོ་བོ་དེ་ཕྱི་ལོགས་སུ་ཕྱིན་ལ་གསེར་སྐྱེམས། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབ། བརྒྱུད་གསུམ་བླ་མ་ཡི་དམ་ཞི་ཁྲོའི་ལྷ། །དཔའ་བོ་མཁའ་འགྲོ་ཆོས་སྲུང་གཏེར་བདག་ཚོགས། །དྲེགས་པའི་ལྷ་སྲུང་གཞི་བདག་བརྟན་མའི་ཚོགས། །གསེར་སྐྱེམས་འདི་བཞེས་དྲག་པོའི་ཕྲིན་ལས་མཛོད། །ཅེས་འབུལ། སྟེང་གི་ལྷ་ལ་ཟོར་མི་འཕེན། །ལྷ་ཆེན་བརྒྱད་པོ་ཞབས་སྡུས་ཤིག །འོག་གི་ཀླུ་ལ་ཟོར་མི་འཕེན། །ཀླུ་ཆེན་བརྒྱད་པོ་དབུ་འཕངས་དམོད། །བར་གྱི་བཙན་ལ་ཟོར་མི་འཕེན། །གཉན་ཆེན་སྡེ་བཞི་སྐུ་བཟུར་ལ། །དྲག་པོ་གཤིན་རྗེའི་གཏོར་ཟོར་འདི། །སྡང་བའི་དགྲ་ལ་གཏོར་ཟོར་ཡ། །དགྲ་བོ་བདུན་རྒྱུད་རྩད་ནས་ཆོད། །གནོད་པའི་བགེགས་ལ་ཁྲག་ཟོར་ཡ། །མོ་རྒྱུད་ཁྲག་གི་མངལ་ནས་སྐོམས། །ཐུན་ཟོར་བུ་རྒྱུད་ཚ་ལ་ཡ། །བུ་ཚ་བདུན་རྒྱུད་རྩད་ནས་ཆོད། །མདའ་ཟོར་སྒོ་ཡི་ནོར་ལ་རྒྱོབ། །སྒོ་ནོར་གོད་འདྲེས་ཕྱགས་མས་ཐོབ། །ཐོད་ཟོར་ནང་ཁོང་སྲིས་ལ་ཡ། །ཕྱགས་མས་ཐལ་བ་རླུང་ལ་སྐུར། །ཕུར་ཟོར་དགྲ་བོའི་སྙིང་ལ་ཡ། །དྲག་པོའི་གྲི་ཐབས་ནད་ཀྱིས་སོད། །རྡོ་ཟོར་དགྲ་བོའི་མཁར་ལ་ཡ། །སྐྱེ་བོ་མཁར་གྱི་བརྒྱུད་ལམ་ཆོད། །བྱད་ཁ་ཟློག་ལ་ཕུར་ཁ་སྒྱུར། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་དང་ཟོར་སྔགས་བཟླས་ལ་ཕྱོགས་ཐེབས་དང་བསྟུན་ནས་ཟོར་རྣམས་འཕང། ཁྱད་པར་རྭ་ཟོར་ལ་ཐེབས་ཆེན། རྡུང་ཐེབས་གཡས་གཡོན། གན་ཐེབས་ཟོར་རྒོད་པ། ཐུར་དུ་ཟུག་པ་ཟོར་ལྐུགས་པ། དེ་བཞིན་དུ་ཕྱིར་ལོག་པ་སོགས་ཀྱི་པྲ་བརྟག་ཅིང་། ཟོར་དབང་དུས་ཀྱི་པྲ་བརྟགས་འདི་སླར་ཟོར་འཕེན་དུས་ཀྱང་གཙོ་ཆེ་བར་གསུང་རྒྱུན་ལས་འབྱུང་། དེ་ནས་སྲུང་འཁོར་སྒོམ་ཞིང་ནང་དུ་ལོག །ཆས་འཇུག་བྱས་ཡོད་ན་འདི་ནས་བསྡུའོ། །གསུམ་པ་རྡོ་རྗེ་སློབ་དཔོན་གྱི་དབང་ནི། སློབ་མ་འགྲོ་དོན་ནུས་པ་ཡོད་ན་དབང་ཁྲི་ལ་བཀོད། དཀྱུས་ལ་པར་བཀབ་མི་དགོས། དབང་རྫས་རྡོར་དྲིལ། རྒྱུད་དང་སྒྲུབ་ཐབས་ཀྱི་གླེགས་བམ། དུང། གཎྜི་རྣམས་ལག་ཏུ་གཏད། སྟེང་དུ་གདུགས་ཕུབ། ཕྲག་པ་གཡས་སུ་རྒྱལ་མཚན་རྣམས་གཏད་ལ། ཁྱེད་རང་རྣམས་སེང་གེའི་ཁྲི་ཆེན་པོའི་སྟེང་དུ་གཙོ་བོའི་ང་རྒྱལ་གྱིས་འཁོད་པར་གྱིས་ཤིག །ཧཱུྃ། ཚོགས་ཀྱི་སློབ་དཔོན་ཚོགས་ཀྱི་བདག །ཕྱག་བྱར་འོས་པ་བླ་མའི་རབ། །རྡོ་རྗེ་དང་ནི་དྲིལ་བུ་ཆེ། །ཟུངས་ཤིག་རྡོ་རྗེར་བྱིན་བརླབས་ནས། ཁྱོད་ནི་རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །ཆོས་ཀྱི་དུང་ནི་སྒྲ་ཆེན་ལྡན། །ཆོས་ཀྱི་གཎྜི་སྒྲ་བོ་ཆེ། །ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། ཁྱབ་བདག་ཆེན་པོ་རིན་ཆེན་གདུགས། །ལྷ་རྣམས་མཆོད་དང་སེམས་ཅན་གསོ། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱིས། །སེམས་ཅན་དོན་རྣམས་ཁྱོད་ཀྱིས་གྱིས། །ཀྱེ་དེ་བཞིན་གཤེགས་པ་ཟིལ་གནོན་དྲག་པོ་ཞེས་བྱ་བར་ཁྱོད་འགྱུར་རོ།་་་འདིར་སོ་སོའི་གསང་མཚན་དམིགས་བསལ་ཡོད་ན་འཇུག །ཨོཾ་མཉྫུ་ཤྲཱི་སིདྡྷི་ས་མ་ཡ་སཏྭཾ། རྟོགས་པ་བརྗོད་པ་ནི། དེ་ལྟར་བགྲོད་པ་དང་པོ་བདེ་ཆེན་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་བུམ་དབང་བསྐུར་པས། རས་བྲིས་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་མཐོང་། བམ་ཆེན་གསང་བ་དང་འབྲེལ་བའི་བུམ་དབང་ཐོབ། ལུས་ཀྱི་དྲི་མ་དག །གཙོ་བོར་སྐུའི་དམ་ཚིག་སྲུངས། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་བརྗོད་དོ། །གཉིས་པ་གསང་དབང་ནི། དེ་ནས་གསང་དབང་གི་དོན་དུ་ཡིད་སྐྱེས་ཀྱི་གཟུངས་མ་མཚན་ཉིད་དང་ལྡན་པ་ཞིག་བླ་མ་ལ་ཕུལ་བར་མོས་ཤིག །བླ་མ་ཡབ་ཡུམ་ཟིལ་གནོན་ཡབ་ཡུམ་གྱི་སྐུར་རྫོགས་པ་དང་། ཡབ་ཀྱི་སྤྱི་བོར་ཡ་མ་རཱ་ཛ། མགྲིན་པར་མྱོས་བྱེད་འབར་བ། ལྟེ་བར་ཨཱརྻ་དམར་པོ། གསང་བར་རལ་པ་ཚར་དགུ་སྟེ་ཕུང་པོ་བཞི་དག་པའོ། །མིག །རྣ་བ། སྣ། ལྕེའི་རྩ་བཞིའི་ནང་དུ་དུང་ལྕགས་བསེ་དང་གསེར་གྱི་མོན་པ། རྩ་བཞིའི་ཕྱི་རུ་ཧེ་ལེ་ཁྱབ་པ། ནག་པོ་འཛུམ་མེད། སོ་བརྡར་འཁྲིགས་པ། རལ་པ་སྤྱིར་བཅིངས་ཏེ་རྣམ་ཤེས་བརྒྱད་དག་པའོ། །ལྟེ་བར་འཕོ་བ་བཅུ་གཉིས་ཀྱི་རྩ་ནང་དུ་འཆི་བདག་བཅུ་གཉིས་སྐྱེ་མཆེད་བཅུ་གཉིས་དག་པའོ། །ལྟོ་བ་ཟླུམ་པོའི་ཁྲག་ཁྱམས་སུ་ཤ་ཟ་ཀིང་ཀང་བཤན་པའི་ཚོགས་ཁམས་དག་པའོ། །ལག་པ་གཡས་གཡོན་དང་རྐང་པ་གཡས་གཡོན་གྱི་ངར་མཐིལ་བཞི་ལ་སྒོ་བ་བཞི་སྟེ་ལོག་རྟོག་བཞི་དག་པའོ། །ཡུམ་གྱི་སྤྱི་བོར་དཔལ་གྱི་བཀའ་ཉན་ཁྲག་གི་དྲི་སྣོམ་མ། མགྲིན་པར་གཤིན་རྗེའི་བཙུན་མོ་ཁ་འབར་མ། ལྟེ་བར་ཡེ་ཤེས་ཀྱི་མ་མོ་དཔལ་མོ་བཙན། གསང་བར་ལྕགས་ཀྱི་སྤྱང་མོ་མགོ་དགུ་མ་སྟེ་འབྱུང་བ་བཞི་དག་པའི་ཡུམ་མོ། །མིག །རྣ་བ། སྣ། ལྕེའི་རྩ་བཞིའི་ནང་དུ་མོན་མོ་བཞི། ཕྱི་རུ་བདུད་མོ་བཞི་སྟེ་ཡུལ་དུས་བརྒྱད་དག་པའི་དཔའ་མོའོ། །ལྟེ་བར་འཕོ་བ་བཅུ་གཉིས་སུ་འཆི་བདག་གི་དཔའ་མོ་བཅུ་གཉིས་སོ། །ལྟོ་བ་ཁྲག་ཁྱམས་སུ་ལོག་ཤེས་དག་པའི་གིང་མོ་ཤ་ཟ་དཔའ་མོའི་ཚོགས། ཡན་ལག་བཞི་ལ་རྟག་ཆད་མུ་བཞི་དག་པའི་སྒོ་མའོ། །ཡབ་ཡུམ་གྱི་སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་ན་དྭངས་མ་ལྔ་འདུས་ཀྱི་ཐིག་ལེ་ལ་ཡེ་ཤེས་སྙིང་པོ་རྩ་བའི་ལྷ་དྲུག་རྒྱན་ལྷ་དང་བཅས་པ། རྩ་བའི་འདབ་བཞི་ལ་གཤེད་བཞི། ཡལ་ག་བརྒྱད་དུ་གྱེས་པ་ལ་མོན་བདུད་བརྒྱད། དེའི་ཕྱི་འཆི་བདག་བཅུ་གཉིས་འོབས་སྲུང་དང་བཅས་པ་སྟེ། དེ་ཡང་རྩ་དེ་དག་བྱང་ཆུབ་སེམས་ཀྱི་ཐིག་ལེའི་རང་བཞིན་གྱིས་གང་བ་ཉིད་རང་བྱུང་གི་ལྷར་གདོད་ནས་གྲུབ་པའོ།་་་འདིའི་རྒྱུ་མཚན་གྱིས་འདིར་ཞལ་ཕྱག་རྫོགས་པར་བསྒོམ་མ་ནུས་ཀྱང་ཆོག་གོ །ཡུམ་གྱི་བྷ་ག་ཕྲིན་ལས་བཞིའི་དབྱིབས་སུ་གནས་པའི་ཕོ་བྲང་དུ་ཡབ་ཀྱི་རྡོ་རྗེ་བརྩེགས་པ་ལས་རྙེད་པའི་དགའ་བ་ཉམས་སུ་བསྟར་བའི་ཡེ་ཤེས་བཅུ་དྲུག་ཆ་ལ་རྫོགས་པ་ནི་ཟིལ་གནོན་བདེ་བ་ཆེན་པོའི་དཀྱིལ་འཁོར་རོ། །དེ་ལྟར་ཡུམ་གྱི་ཕྱི་ལུས་ཀྱི་དཀྱིལ་འཁོར། ནང་རྩ་དང་ཐིག་ལེ། གསང་བ་བདེ་བ་ཆེན་པོ་ལྷན་སྐྱེས་ཀྱི་སྣང་བ་སྟེ་ཡུམ་ལ་སྣང་བའི་དཀྱིལ་འཁོར་གསུམ། ཡབ་ཀྱི་བམ་ལ་ཕྱི་ལུས། ནང་ཙིཏྟ་སྟེ་དཀྱིལ་འཁོར་གཉིས། དེ་ལྟ་བུའི་དཀྱིལ་འཁོར་ལྔ་པོ་དེ་རྣམས་རྟེན་དང་བརྟེན་པ་ཕན་ཚུན་འདྲེས་ཏེ་མཚོན་བྱ་མཚོན་བྱེད་དེ་ཕྱི་དང་ནང་ཐ་དད་དུ་འཛིན་པའི་རྟོག་པ་རྣམ་པར་དག་པའོ། །ཞེས་མོས་ལ་ལྷའི་ང་རྒྱལ་བཟུང་། དེ་ནས་ཡེ་ཤེས་པ་སྤྱན་དྲང་བ་ནི། ཨྱཻ། མི་རྟོག་ངང་ལས་ཐུགས་རྗེའི་སྐུ །ཞེས་སོགས་ཤློ་ཀ་གཅིག་དང་སྔགས་མཐར་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས་ཏེ་སྙན་བསྣན། ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་ཨེ་ཧྱེ་ཧི་ཛཿཧཱུྃ་བཾ་ཧོ༔ ཞེས་སྤྱན་དྲངས། གོང་གི་སྔགས་མཐར་ཏིཥྛ་བཛྲ་གྱིས་བརྟན་པར་བྱས། མཉྫུ་ཤྲཱི་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཉེར་སྤྱོད་དང་སྨན་གཏོར་རཀྟ་སྔགས་ཀྱིས་མཆོད། ཐམས་ཅད་སྐུ་གསུང་ཐུགས་བདག་སོགས་ཕྱག་འཚལ་བསྟོད་པར་ཁ་བསྒྱུར་བས་བསྟོད། སྐུ་གསུང་ཐུགས་སྔགས་ཨྱཻ་རིང་སོགས་ཅུང་ཟད་བཟླ། དེ་ནས། ཙཀྵུ་རྦནྡྷའི་སྔགས་ཀྱིས་གདོང་གཡོགས་བཅིངས་ལ་མེ་ཏོག་སྦྱིན། གསང་བའི་དབང་གི་དོན་དུ་མཎྜལ་ཕུལ། གསོལ་འདེབས་ཀྱི་རྗེས་ཟློས། ཧོཿ སྟོན་པའི་སྒྲོན་མེ་བཅོམ་ལྡན་འདས། །ལྷ་དང་སློབ་དཔོན་དགོངས་སུ་གསོལ། །འགྱུར་མེད་བདེ་ཆེན་ཕོ་བྲང་ནས། །དྲེགས་པའི་ལྷ་ཚོགས་དགོངས་སུ་གསོལ། །སློབ་མ་མཚན་ལྡན་ཡུམ་གྱི་དཀྱིལ་འཁོར་དུ། །བརྟུལ་ཞུགས་དྲག་པོའི་སྟོབས་ཀྱིས་གཞུག་ཏུ་གསོལ། །དམ་ཚིག་དཀའ་ཐུབ་སྡོམ་པའི་མཆོག །གསང་བའི་སྒྲོན་མེ་བདག་ལ་སྩོལ། །ལན་གསུམ། བླ་མ་ཡབ་ཡུམ་གྱི་ཐུགས་ཀར་བམ་ཆེན་གསང་བའི་དཀྱིལ་འཁོར་རྫོགས་པར་བཞུགས་པ་ལ་དམིགས་ཏེ་སྔགས་འདིའི་རྗེས་ཟློས་དང་བཅས་ཏེ་མེ་ཏོག་བླ་མའི་སྐུ་ལ་འདོར་བར་ཞུ། ཨེ་ཀ་ཡ་མ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་འདོར་དུ་གཞུག །ཨེ་ཀ་ཡ་མ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ། ཅེས་མིག་དར་བསལ། བླ་མ་ཡབ་ཡུམ་ཟིལ་གནོན་ཡབ་ཡུམ་སོགས་གོང་ལྟར་བརྗོད་པ་ལས། དཀྱིལ་འཁོར་ལྔ་པོ་དེ་རྣམས་རྟེན་དང་བརྟེན་པར་བཅས་པ་ངོ་འཕྲོད་པར་མོས་ཤིག །སྔར་བསྟན་པའི་ཕྱི་རས་བྲིས་ཀྱི་དཀྱིལ་འཁོར་དེ་ལས་ནང་བམ་ཆེན་གྱི་དཀྱིལ་འཁོར་དང་ཡུམ་གྱི་དཀྱིལ་འཁོར་འདི་ཉིད་ཁྱད་པར་འཕགས་པ་ཡིན་པས་སྤྲོ་བ་རྒྱ་ཆེན་པོ་སྐྱེད་པར་མཛོད་ཅིག །དེ་དག་ནི་གསང་དབང་གི་འཇུག་པའོ། །དངོས་གཞི་ནི། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་ཡབ་ཀྱི་མཁའ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ཨོཾ་ལས་ནོར་བུའི་བུ་ག་ཕཊ་ཀྱིས་བཀག་པ་དཔའ་མོ་རྣམས་ཀྱི་མཁའ་པཾ་ལས་ཆུ་སྐྱེས་དྲི་མ་མེད་པ་ཨཱཿལས་ཟེའུ་འབྲུ་ཕཊ་ཀྱིས་བཀག་པ། ཧོཿ བཀྲ་ཤིས་མཚན་ལྡན་གསང་བའི་ཕོ་བྲང་དུ། །གཉིས་མེད་སངས་རྒྱས་ཀུན་དང་མཉམ་སྦྱར་བའི། །བྱང་ཆུབ་སེམས་ཉིད་མི་འགྱུར་བདེ་བའི་མཆོག །ཕོ་བྲང་ལྷུན་གྱིས་གྲུབ་པར་བཞུགས་པ་དང་། །དམེ་བ་ལྔ་དང་བདུད་རྩི་སྦྱར་བའི་སེམས། །བཀྲ་ཤིས་མཚན་ལྡན་བུམ་པར་བརྟུལ་ཞུགས་སྦྱིན། །ཛཿཧཱུྃ་བཾ་ཧོཿས་ཡབ་ཡུམ་སྙོམས་པར་ཞུགས། དགའ་བ་བཞི་ཉམས་སུ་མྱོང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས་ཆགས་པ་ཆེན་པོའི་སྒྲས་སངས་རྒྱས་རྣམས་སྤྱན་དྲངས་སྙོམས་པར་ཞུགས་ཏེ་ཐིག་ལེར་ཞུ་ནས་རྩ་གནས་ཀྱི་ལྷ་རྣམས་ཀྱི་ཞལ་དུ་ཞུགས་རྩ་གནས་ཀྱི་ལྷ་ཐམས་ཅད་སྦྱོར་བ་མཛད། ཐིག་ལེ་དཀར་དམར་དུ་ཞུ་བ་དེ་གསེར་འགྱུར་གྱི་རྩི་ལྟར་གཞལ་ཡས་ཁང་ཐིག་ལེར་ཞུ་སྟེ་དབྱེར་མེད་དུ་འདྲེས་པ། ཉི་ཟླ་ཁ་དོག་དཀར་དམར་ངོ་བོ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དོན་དམ་བདེ་བ་ཆེན་པོ་ཉིད་པདྨ་བྷཉྫའི་སྣོད་དུ་གསང་རྫས་དང་རོ་གཅིག་ཏུ་བསྐྱིལ་བ་ཁྱེད་རང་རྣམས་ཀྱི་ལྗགས་ལ་བྱིན་པར་མོས་ཤིག །གསང་རྫས་བཀྲ་ཤིས་བུམ་པར་བམ་གྱི་དམེ་བ་ལྔ་བསྲེས་པ་སྦྱིན་ལ། ཧོཿ སྦྱོར་བ་དག་པའི་བྱིན་རླབས་ལས། །རྩ་རྒྱུད་བདེ་བའི་ཐིག་ལེར་འཁྱིལ། །བྱང་ཆུབ་སེམས་དང་དམེ་བ་བསྲེས། །བཀྲ་ཤིས་མཚན་ལྡན་བུམ་པར་བསྐྱིལ། །བརྟུལ་ཞུགས་རབ་འབྱམས་དབང་བསྐུར་རོ། །ཨེ་ཀ་ཡ་མ་གུ་ཧྱ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧོཿ ཞེས་ཁར་སྦྱིན། དེས་ཀྱང་། ཨ་ཧོ་སུ་ཁ། ཞེས་མྱངས་པས་ཡེ་ཤེས་ཀྱི་བདུད་རྩི་ཤེལ་ལྟར་དྭངས་པ་བདེ་བ་ཚད་མེད་པ་སྐྱེད་པས་ལུས་ཀྱི་རྩ་གནས་ཐམས་ཅད་གང་སྟེ་འཁོར་བ་སྐྱེད་བྱེད་ཀྱི་ས་བོན་ཐམས་ཅད་བཅོམ། ནང་གི་ལྷ་གསལ་སྟོང་ནམ་མཁའ་དང་མཉམ་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པར་མོས་ཤིག །དེ་ནས་སྤྱོད་པའི་བརྟུལ་ཞུགས་ཀྱི་དབང་བསྐུར་བ་ནི། བུ་ཡིས་རྟག་ཏུ་ཞིང་ཆེན་གྱི། །དུར་ཁྲོད་གཡང་གཞི་གོས་སུ་གྱོན། །བམ་ཆེན་གསར་པའི་གདན་ལ་བཞུགས། །ཞུམ་པའི་སེམས་ནི་ཡོངས་མི་བྱ། །གཤིན་རྗེ་མཁའ་འགྲོ་ཀུན་དགྱེས་པའི། །སྤྱོད་པའི་མཆོག་ནི་ཀུན་ཏུ་གྱིས། །ཨོཾ་མ་ཧེ་ཤྭ་ར་ཨ་དྷི་པ་ཏ་ཡེ་ཨ་བྷི་ཥིཉྩ་ཧཱུྃ། རྟོགས་པ་བརྗོད་པ་ནི། དེ་ལྟར་བགྲོད་པ་གཉིས་པ་བམ་ཆེན་གསང་བའི་དཀྱིལ་འཁོར་དུ་གསང་དབང་བསྐུར་པས། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཐོང་། གསང་བའི་དབང་ཐོབ། ངག་གི་དྲི་མ་དག །གཙོ་བོར་གསུང་གི་དམ་ཚིག་དང་བདུད་རྩི་ལྔའི་རིལ་བུ་བསྟེན་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། ཙཀྵུ་རྦནྡྷས་མིག་དར་བཅིངས་ཤིང་མེ་ཏོག་སྦྱིན། དབང་གསུམ་པ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བཏབ་ཀྱི་རྗེས་ཟློས། ཧོཿ སྟོན་པའི་སྒྲོན་མེ་བཅོམ་ལྡན་འདས། །ལྷ་དང་སློབ་དཔོན་དགོངས་སུ་གསོལ། །འགྱུར་མེད་བདེ་ཆེན་ཕོ་བྲང་ནས། །དྲེགས་པའི་ལྷ་ཚོགས་དགོངས་སུ་གསོལ། །བདེ་ཆེན་མཉམ་པའི་ཕོ་བྲང་གསང་བ་རུ། །རིག་པ་བརྟུལ་ཞུགས་སྟོབས་ཀྱིས་གཞུག་ཏུ་གསོལ། །དམ་ཚིག་དཀའ་ཐུབ་སྡོམ་པའི་མཆོག །ཤེས་རབ་ཡེ་ཤེས་བདག་ལ་སྩོལ། །ལན་གསུམ། ཕྱག་རྒྱ་མ་ལྷ་མོ་གསོད་བྱེད་མར་གསལ་བའི་བྷ་གའི་དཀྱིལ་འཁོར་ཡོངས་རྫོགས་གསལ་བ་ལ་སྔགས་འདིའི་རྗེས་ཟློས་དང་བཅས་ཏེ་མེ་ཏོག་དོར། ཨེ་ཀ་ཡ་མ་པྲ་ཏཱིཙྪ་ཧོཿ མིག་དར་བསལ་སྔགས་ཀྱིས་སྔར་བཞིན་བསལ། སླར་མེ་ཏོག་སྤྱི་བོར་བཞག་སྟེ། པྲ་ཏི་གྲྀཧྞ་མ་ཧཱ་བ་ལ་ཧོཿ ཞེས་བརྗོད། ཕྱག་རྒྱའི་བྷ་ག་ལས་བཞིའི་དབྱིབས་ཅན་ལྷུན་གྱིས་གྲུབ་པའི་གསང་ཆེན་གསང་བའི་ཕོ་བྲང་ཆེན་པོར། ཕྱག་རྒྱ་ཟིལ་གྱིས་གནོན་པའི་ལྷ་ཚོགས་རང་བྱུང་བདེ་བ་ཆེན་པོའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་གསལ་བར་ངོ་འཕྲོད་པར་མོས་ལ་སྤྲོ་བ་ཆེན་པོ་སྐྱེད་ཅིག །དེ་དག་ནི་འཇུག་པའོ། །དངོས་ནི་རིག་མའི་གཟུགས་བརྙན་གཏད་ལ། ཧོཿ བཀྲ་ཤིས་མཚན་ལྡན་གསང་བའི་ཕོ་བྲང་དུ། །གཉིས་མེད་སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །བྱང་ཆུབ་སེམས་ཉིད་མི་འགྱུར་བདེ་བའི་མཆོག །ཕོ་བྲང་ལྷུན་གྱིས་གྲུབ་པར་གཞུག་པ་དང་། །མི་འགྱུར་བརྟན་པའི་སྐུ་དང་ཡེ་ཤེས་བགྲོད། །མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་མོ་ཁྱེད་རང་རྣམས་ལ་གཏད་པས་ཡབ་ཀྱི་ང་རྒྱལ་དང་ལྡན་པས་ལག་པ་གཉིས་བཅངས་ལ་སྤྲོ་སྐྱེད་ཀྱི་ཚིག་བརྗོད་པར་མོས་ཤིག །ཧོཿ བདེ་ཆེན་གསང་བའི་ཕོ་བྲང་དུ། །ཐབས་ཤེས་གསང་བའི་བདེ་ཕོབ་ལ། །དབུ་མའི་རྩ་རྒྱུད་ས་བོན་སྲེགས། །བྷ་གའི་གནས་སུ་ཆོས་སྐུར་བསྐྱིལ། །རྩ་ལས་འོད་འཕྲོས་ལོངས་སྤྱོད་སྐུར། །མཉམ་པར་གནས་པ་བྱང་ཆུབ་སྐུ །སྤྲོས་བྲལ་ཀུན་ཁྱབ་སྤྲུལ་པའི་སྐུ །བརྟན་པ་ཐོབ་པ་རྡོ་རྗེའི་སྐུ །ཡབ་ཡུམ་མཉེས་པས་མཉེས་པར་བྱའོ། །དེ་ནས་སློབ་བུ་དང་རིག་མ་ཟིལ་གནོན་ཕྱག་རྒྱ་ཆེན་པོ་ཡབ་ཡུམ་དུ་གསལ་བ་ལྷའི་འདུ་ཤེས། ཡུམ་གྱི་མཁའ་པཾ་ལས་ཆུ་སྐྱེས་དྲི་མ་མེད་པ་ཨཱཿལས་ཟེའུ་འབྲུ་ཕཊ་ཀྱིས་བཀག་པ་དང་། ཡབ་ཀྱི་གསང་བ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ཨོཾ་ལས་ནོར་བུའི་བུ་ག་ཕཊ་ཀྱིས་བཀག་པར་དམིགས་པ་མཁའ་གསང་རྡོ་རྗེ་དང་པདྨར་འདུ་ཤེས་པ། ཡིད་ཆོས་ཉིད་དུ་འདུ་ཤེས་པ་གསུམ་དང་ལྡན་པས། ཡུམ་གྱིས་ས་མ་ཡ་སཏྭཾ་གྱིས་སྦྱོར་བའི་བརྡས་བསྐུལ། ཡབ་ཀྱིས་ས་མ་ཡ་ཧོཿས་ལན་བཏབ། གཉིས་ཀས་ཨ་ཏི་གུ་ཧྱ་ཧོཿཞེས་འཁྲིལ་སྦྱོར་བྱ། ཛཿཧཱུྃ་བཾ་ཧོཿས་སྲུབ་པ་དང་སྲུབ་པའི་སྦྱོར་བ་བྱས་པས་ཡབ་ཡུམ་གཉིས་ཀའི་བྱང་སེམས་སྤྱི་བོ་ནས་མགྲིན་པར་བྱོན་པས་དགའ་བ། སྙིང་གར་མཆོག་དགའ། ལྟེ་བར་དགའ་བྲལ། མཁའ་གསང་དུ་བྱང་སེམས་དཀར་དམར་གཉིས་འཕྲད་པ་ལྷན་སྐྱེས་ཀྱི་དགའ་བ་སྟེ་ཡས་བབ་ཀྱི་དགའ་བ་བཞི་དང་། ནོར་བུའི་རྩེ་མོར་སླེབ་པ་ན་ཧཱུྃ་ཞེས་རླུང་འཕོ་བ་མེད་པའི་སྟོབས་ཀྱིས་ཡར་དྲངས་ཏེ་ལྟེ་བར་སླེབ་པས་དགའ་བ། སྙིང་གར་མཆོག་དགའ། མགྲིན་པར་དགའ་བྲལ། སྤྱི་བོར་ལྷན་སྐྱེས་ཀྱི་དགའ་བ་སྟེ་མས་བརྟན་གྱི་དགའ་བ་བཞི་རྣམས་རིམ་པར་སྐྱེས་ཏེ་ལྷན་སྐྱེས་ཀྱི་ཡེ་ཤེས་ཉམས་སུ་མྱོང་བར་མོས་ཤིག ཧོཿ རིག་པའི་སྟོབས་ལྡན་སྦྱོར་བའི་གནས། །འཁྲུལ་པའི་བག་ཆགས་སྤྲིན་ལྟ་བུ། །ཡེ་ཤེས་རིག་པའི་སྒྲོན་མེས་བསལ། །མཉམ་པའི་སྟོབས་ཀྱི་བརྟུལ་ཞུགས་ལོངས། །ཨེ་ཀ་ཡ་མ་པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧོཿ དེ་ལྟར་བགྲོད་པ་གསུམ་པ་མཚན་ལྡན་གཟུངས་མའི་ལུས་ཀྱི་དཀྱིལ་འཁོར་དུ་དབང་གསུམ་པ་བསྐུར་པས། བྷ་གའི་དཀྱིལ་འཁོར་མཐོང་། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །གཙོ་བོར་ཐུགས་ཀྱི་དམ་ཚིག་དང་བུད་མེད་ལ་མི་སྨད་པ་སོགས་བརྟུལ་ཞུགས་སྤྱོད་པ་ལ་དབང་། འབྲས་བུ་ཆོས་སྐུ་འཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བཞི་པ་རང་བྱུང་ཡེ་ཤེས་ཀྱི་དབང་ནི། ལྔ་ཚན་ལྔའི་རྫས་རྣམས་ཀྱང་འབུལ་བར་མོས་ལ་དབང་བཞི་པ་ཞུ་བའི་དོན་དུ་མཎྜལ་ཕུལ། གསོལ་བཏབ་ཀྱི་རྗེས་ཟློས། ཧོཿ སྟོན་པའི་སྒྲོན་མེ་བཅོམ་ལྡན་འདས། །ལྷ་དང་སློབ་དཔོན་དགོངས་སུ་གསོལ། །ལྷུན་གྲུབ་རང་བཞིན་གསང་བའི་ཕོ་བྲང་ནས། །ཡེ་ཤེས་རྒྱ་མཚོ་ལྷུན་གྱིས་གྲུབ་པ་ཡི། །འཇམ་དཔལ་ཁྲོས་པ་གཤིན་རྗེའི་གཤེད་ཀྱི་ལྷ། །མ་ལུས་མཉམ་པའི་རྒྱལ་པོ་དགོངས་སུ་གསོལ། །རིག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །རང་རྩལ་ཡེ་ཤེས་ལྷ་ཡིས་གཞུག་ཏུ་གསོལ། །དམ་ཚིག་དཀའ་ཐུབ་སྡོམ་པའི་མཆོག །ཡེ་ཤེས་རོལ་པ་བདག་ལ་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། རང་བྱུང་གི་ཡེ་ཤེས་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་། དཔེའི་ཡེ་ཤེས་ཞུ་བདེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཉིས་དབྱེར་མེད་ནམ་མཁའ་ལྟར་བརྗོད་པ་ཐམས་ཅད་དང་བྲལ་ཞིང་སྨྲ་བསམ་གྱི་ཡུལ་ལས་འདས་པ་རྩལ་སྣ་ཚོགས་སུ་འཆར་བ་ཉིད་ཀྱང་ཡེ་ཤེས་ལྔའི་ངོ་བོར་མ་འགགས་པ་ཡིན་ནོ། །ཞེས་བརྗོད་ཅིང་། དཔེ་ལ་ངོ་སྤྲོད་པའི་ཕྱིར་མེ་ལོང་གཡའ་དག་པ་ལ་བྲིས་སྐུའི་གཟུགས་བརྙན་འཆར་དུ་བཅུག་པ་བསྟན་ལ། འདི་ལྟར་མེ་ལོང་ནང་གི་ཕྱག་རྒྱ་སྣ་ཚོགས་སུ་སྣང་ཡང་སྣང་བཞིན་དུ་སྟོང་ཞིང་ངོས་བཟུང་མེད་པ་སྣང་སྟོང་མཐའ་ལས་འདས་པ་ལྟར། རང་བྱུང་ཡེ་ཤེས་སྣང་སྟོང་གི་མཐའ་དང་བྲལ་བ་དེ་ཡང་རྐྱེན་གྱིས་བཅོས་པ་ལྟ་བུ་མ་ཡིན་ཏེ་ལྷུན་གྲུབ་ཏུ་བཞུགས་པའོ། །ཞེས་དང་། དེ་བཞིན་དུ་ཤེལ་དྭངས་པ་ཉི་ཟེར་རམ་མཚན་མོ་ཡིན་ན་མར་མེའི་འོད་དང་འཕྲད་པའི་འོད་ཁ་དོག་ལྔར་བལྟར་བཅུག་ལ། རང་བྱུང་གི་ཡེ་ཤེས་ལྷུན་གྲུབ་ཏུ་བཞུགས་པའི་རྩལ་ཡེ་ཤེས་ལྔར་རྫོགས་པའི་ཕྱག་རྒྱ་སྣ་ཚོགས་སུ་འཆར་བ་ཡིན་ལ། འཁྲུལ་པ་ཀུན་བརྟགས་ལ་བདེན་འཛིན་གྱི་མཐའ་བརྟུལ་ནས་བློ་འདས་རྫོགས་པ་ཆེན་པོར་བཞུགས་པས་རང་བྱུང་ཡེ་ཤེས་གཅིག་ཅར་ངོ་འཕྲོད་པའི་དབང་ཐོབ་པ་ཡིན་ནོ། །ཞེས་དང་། ཧོཿ ཡེ་ཤེས་ལྷུན་གྲུབ་འཆར་སྒོ་ཡི། །བརྟུལ་ཞུགས་རིག་པའི་དབང་བསྐུར་བས། །འཁོར་བ་རྣམ་དག་ཆོས་སྐུར་གསལ། །རང་བྱུང་ཡེ་ཤེས་དབང་ཐོབ་ཤོག །ཨེ་ཀ་ཡ་མ་དྷརྨ་ཛྙཱ་ན་པཉྩ་ཨ་བྷི་ཥིཉྩ་ཧོཿ རང་བྱུང་གི་ཡེ་ཤེས་དང་དཔེའི་ཡེ་ཤེས་དབྱེར་མེད་བརྗོད་བྲལ་ཀ་དག་གི་གནས་ལུགས་གསལ་སྟོང་ཟུང་འཇུག་གི་རང་མདངས། ལྷུན་གྲུབ་སྣང་བཞིའི་འཆར་སྒོ་ཡེ་ཤེས་འོད་ལྔའི་རང་རྩལ་གཞོན་ནུ་བུམ་དབྱིངས་གདོད་མའི་སངས་རྒྱས་འོད་ཕུང་ཆེན་པོ་རང་བྱུང་རང་ཤར་ཡེ་གྲོལ་གྱི་གནས་ལུགས་ཉིད་བརྡ་ཚིག་འདི་དག་ལ་བརྟེན་ནས་ངོ་ཤེས་པར་གྱིས་ཤིག །འདིའི་རྟོགས་པ་བརྗོད་པ་ནི་འོག་ཏུ་འབྱུང་ངོ། །ལྔ་པ་མཐའ་རྟེན་གྱི་དབང་ནི། སློབ་དཔོན་ཤཱཀ་ཐུབ་ཀྱི་ང་རྒྱལ་དང་ལྡན་པས་ལངས་ཏེ་སྣམ་སྦྱར་གྱོན་པའི་ལག་གཡོན་པས་སྣམ་སྦྱར་གྱི་སྣེ་མོ་གཉིས་རི་དྭགས་བག་ཕེབས་པའི་རྣ་བ་ལྟར་བཟུང་། གཡས་རྡོར་དྲིལ་ལྷན་ཅིག་ཏུ་བཟུང་བས་མཆོག་སྦྱིན་གྱི་ཕྱག་རྒྱ་སློབ་མའི་སྤྱི་བོར་བཞག་སྟེ། ཨོཾ། དེ་རིང་བུ་ཁྱོད་ངས་ལུང་བསྟན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །སྲིད་དང་ངན་འགྲོ་རྣམས་ལས་བཏོན། །ཨེ་མ་ཧོཿརྡོ་རྗེ་ཆེ་གེ་ཞེས་གསང་མཚན་ནས་སྨོས་ལ། ས་བླ་ས་འོག་ས་སྟེང་དུ། ཐམས་ཅད་ཀུན་ཏུ་ཡོངས་གྲགས་སོ། །ཞེས་བརྗོད་ནས་སློབ་དཔོན་སྟན་ལ་འཁོད་དེ། དབུགས་དབྱུང་གཟེངས་བསྟོད་ནི་མཆོག་སྦྱིན་པའི་ཕྱག་རྒྱ་དང་བཅས་ཏེ། ཧཱུྃ། གསང་བ་མཆོག་གི་དཀྱིལ་འཁོར་དུ། །ཞུགས་ཏེ་དམ་པ་མཐོང་བ་དང་། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །དེ་རིང་ཁྱོད་ལ་རྣམ་པར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིར་ཞིང་འཆི་བ་ཡོང་མེད་དེ། །སྲིད་པ་རིང་དུ་སྤངས་པའི་ཕྱིར། །དུཿཁ་སྲིད་པར་མི་ལྟུང་ངོ། །དེ་བས་རིགས་ཀྱི་བུ་མཆོག་ཁྱོད། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ཤེས་རབ་རྣམ་གསུམ་རབ་ཏུ་སྐྱེད། ཁྱོད་ནི་ཐུགས་ཀྱི་རིགས་སུ་སྐྱེ། །བདེ་བར་གཤེགས་པས་བྱིན་གྱིས་བརླབས། །འགྲོ་བ་རིགས་དྲུག་ཐམས་ཅད་ལ། །བུ་བཞིན་སྙིང་རྗེ་ཀུན་ལ་སྐྱེད། །གསང་བའི་ཆོས་ལ་དད་པར་གྱིས། །ཞེས་བརྗོད་དོ། །དེ་ལྟར་རང་བྱུང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཚིག་གི་དབང་བསྐུར་པས། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཐོང་། བཞི་པ་བདེ་བ་ཆེན་པོའི་དབང་ཐོབ། སྒོ་གསུམ་གྱི་དྲི་མ་མཐའ་དག་དག །དམ་ཚིག་བསྲུང་དུ་མེད་པའི་དོན་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་འཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད་དོ། །དྲུག་པ་དམ་ཚིག་བསྟན་པ་ལ་བཞི། དང་པོ་ནི། དེས་དབང་གི་དངོས་གཞི་རྣམས་གྲུབ་ནས་རྗེས་དམ་ཚིག་བསྟན་པའི་ཐོག་མར་མན་ངག་སྣོད་མེད་ལ་མི་སྤེལ་ཞིང་སློབ་དཔོན་གྱི་བཀའ་ལས་མི་འགལ་བར་གདམས་པ་ནི་འདི་ལ་གསན་པས་ཁྱབ་སྟེ། མན་ངག་སྣོད་མེད་བརྟུལ་ཞུགས་ཞན་པ་ལ། །སྤེལ་ཞིང་སྨྲས་ན་རྡོ་རྗེ་ཁྲོ་བོ་དང་། །གཏུམ་པོ་གནོད་སྦྱིན་རྡོ་རྗེ་དབང་ཆེན་གྱིས། །ལུས་སྲོག་ཁོང་གཤགས་ཙིཏྟ་ཁྲག་ཏུ་འཐུང་། །རྡོ་རྗེ་དབང་ཆེན་དྲེགས་པ་ང་ཡིན་པས། །བཀའ་ཡི་ཟུར་ཡང་བཅག་པར་བྱ་བ་མིན། །བསྒོ་བ་བྱོས་ཤིག་དམ་ཚིག་སྲོག་ལྟར་སྲུངས། །གལ་ཏེ་འདས་ན་རྡོ་རྗེའི་དམྱལ་བར་ལྟུང་། །ཨེ་ཀ་ཡ་མ་དུ་ན་ར་ཀ་ཨི་དཾ་ཧོཿ གཉིས་པ་མནའ་ཆུ་བླུད་པ་ནི། དམ་ཆུའི་བདུད་རྩི་སྦྱིན་ལ། འདི་ནི་རྡོ་རྗེ་དམྱལ་བའི་ཆུ། །རྡོ་རྗེའི་དམ་ཚིག་གཉན་པོ་དེ། །ཚུལ་བཞིན་བསྲུང་ན་དངོས་གྲུབ་ཐོབ། །ཉམས་ན་རྡོ་རྗེའི་དམྱལ་བར་འགྲོ །རྡོ་རྗེའི་ཆུ་འདི་ཁྱོད་ཀྱིས་ལོངས། །ཨོཾ་བཛྲ་ཀྲོ་དྷ་ཨི་དཾ་ཧོཿ བཀྵ་ས་མ་ཡ་ཨི་དན་ན་ར་ཀན། གསུམ་པ་དམ་ཚིག་སྲུང་ཐབས་བསྟན་པ་ལ་སྤྱི་དང་བྱེ་བྲག་གཉིས་ལས། སྤྱི་ནི་དགོངས་རྒྱུད་ལས། ཐུན་མོང་རྩ་བ་ཡན་ལག་ལས། །སྐུ་གསུང་ཐུགས་དང་བཅོ་ལྔ་ཡིས། །བསྡུས་ཏེ་བསྲུང་མཚམས་ཤེས། གསུངས་པ་རྣམས་དང་། ཁྱད་པར་གྱི་དམ་ཚིག་དགོངས་རྒྱུད་དབང་གི་སྒྲོན་མེ་ལས་གསུངས་པ་དཀའ་ཐུབ་དྲག་པོའི་སྦྱོར་བ་རྣམས་དང་། ལུས་ཀྱི་དང་དུ་བླང་བ་རྡོ་རྗེ་དབང་གི་རི་མི་བཤིག་པ་ལ་སོགས་པ་ཐུན་མོང་སྔགས་ཀྱི་དམ་ཚིག་རྣམས་དང་། ཆོས་ཉིད་ཀྱི་དོན་དང་མི་འབྲལ་བ་ལྷག་པའི་དམ་ཚིག་རྣམ་པ་གསུམ་ལ་སོགས་པ་རྣམས་བློའི་ནུས་པ་དང་སྦྱར་ཏེ་སྲོག་གི་ཕྱིར་ཡང་མི་གཏང་ཞིང་བསྲུང་བར་བྱ་དགོས་སོ། །བཞི་པ་འཁོར་གྱི་སྲུང་མ་ལ་དམ་བསྒྲག་པ་ནི། ཨེ་མ་འཁོར་དུ་འདུས་པའི་ཚོགས། །ལྷ་ཀླུ་དྲེགས་པ་རྫུ་འཕྲུལ་ཅན། །གསང་རྒྱུད་སྙིང་པོའི་དབང་ཆོག་འདི། །མ་འོངས་དམ་ཅན་སྒྲུབ་བྱེད་ན། །ང་ཡི་དམ་ལས་མ་འདའ་སྲུངས། །འཁོར་གྱི་དྲེགས་པ་ཕོ་མོ་ཡིས། །རྣལ་འབྱོར་སྒྲུབ་པའི་གྲོགས་མཛོད་ཅིག །ཅེས་སོ། །དེ་ལྟར་ན་དེ་དག་རྣམས་ཀྱི་སྒོ་ནས་བཅོམ་ལྡན་འདས་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་དབང་བསྐུར་བ་བཀའ་གཏེར་གཉིས་དང་པད་གནུབས་བརྒྱུད་པའི་ཆུ་བོ་གཅིག་བསྲེས། རིག་འཛིན་བརྒྱུད་པའི་མན་ངག་ཕྱག་ལེན་གྱིས་ཁ་བསྐངས་པ་བཅས་རྒྱས་པར་ཐོབ་པ་ཡིན་པས། གོང་དུ་ཇི་སྐད་བཤད་པའི་སྤྱི་དང་ཁྱད་པར་གྱི་དམ་ཚིག་ལས་འདའ་བར་མི་བགྱིད་པར་ཚུལ་བཞིན་དུ་བསྲུང་སྙམ་པའི་འདུན་པས་འདིའི་རྗེས་ཟློས། །གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བ་གཞན་དོན་དུ་བསྔོ་བ་རྣམས་བྱས་ལ་སློབ་མ་རྣམས་རང་གནས་སུ་གཏང་ངོ་། །གསུམ་པ་རྗེས་ཀྱི་ལས་རིམ་ནི། གྲུབ་ན་སླར་ཡང་མཆོད་བསྟོད་གསལ་སྒྲོན་དང་བམ་སྐོང་བྱ། མི་འགྲུབ་ན་ཚོགས་ལ་རོལ་ཞིང་ལྷག་མ་གཏང་། ཆད་མདོ་སྤྲོ་ན་ལྕགས་སྡིག་གི་ལས་གཞུང་ནས་བསབ། དཀྱུས་ལྟར་བརྟན་མ་བསྐྱང་། དཀྱིལ་འཁོར་གྱི་མཆོད་པ་ཁ་གསོས་ལ་གཏང་རག་གི་མཆོད་བསྟོད་བྱ། མཉྫུ་ཤྲཱི་བཞི་སྤེལ་གྱི་ཡིག་བརྒྱ་བཟླ་ཞིང་འདོད་དོན་གསོལ། བཟོད་གསོལ་དང་རས་བྲིས་ལ་བརྟན་བཞུགས་སྤྱི་ལྟར་བྱ། བདག་བསྐྱེད་བསྡུ་ལྡང་དགེ་བསྔོ་ཤིས་བརྗོད་རྒྱུན་གྱི་རྣལ་འབྱོར་བཅས་ཕྲིན་ལས་དཀྱུས་བཞིན་བགྱིས་པས་གྲུབ་བོ། །རྒྱུད་དང་རྒྱ་གཞུང་མན་ངག་ཕྱག་ལེན་བཅས། །དག་གསལ་རབ་རྒྱས་སྨིན་བྱེད་གཡེར་པོ་ཆེ། །རིག་འཛིན་གོང་མའི་ཡིག་ཆ་བསྡེབས་དཀའ་བས། །རང་འདྲའི་བློ་དམན་འཇུག་བདེ་སྙིང་པོར་དྲིལ། །གཉིས་སྣང་སྲིད་དང་ཞི་བའི་ཕྱག་རྒྱ་ཀུན། །ཟིལ་གནོན་ཡེ་ཤེས་རྡོ་རྗེའི་རྩལ་རྫོགས་པ། །སྟོང་སྲོག་དབྱིངས་སུ་འཕྲོག་པ་ཚེ་ཡི་བདག །འཇམ་དཔལ་དཔའ་བོའི་གར་གྱིས་རྣམ་རོལ་ཤོག །ཅེས་པ་འདིའང་རས་བྲིས་ཙམ་ལ་བརྟེན་པའི་དབང་རྒྱུན་དཀྱུས་མ་ལ་ཉེར་མཁོར་མཐོང་ནས། བྱང་ལུགས་རིག་འཛིན་གོང་མ་དག་གི་ལེགས་བཤད་སྙིང་པོར་བཏུས་ནས། ལྷག་པའི་ལྷ་མཆོག་འདིའི་བཀའ་བབས་ཀྱི་ལུང་ཐོབ་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་དཔལ་སྤུངས་ཡང་ཁྲོད་བཛྲ་ཙིཏྟ་ཀོ་ཊཱིའི་བྱེ་བྲག་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྦྱར་བ་དགེ་ལེགས་འཕེལ།། །།

ཡང་ཟློག་མེའི་སྤུ་གྲིའི་ལོ་རྒྱུས་ (Volume 17, Text 17)

༄༅། །ཡང་ཟློག་མེའི་སྤུ་གྲིའི་ལོ་རྒྱུས་བཞུགས་སོ། ། ཡང་ཟློག་འདི་ཡི་བྱུང་ཁུངས་ནི། སློབ་དཔོན་གཙུག་ལག་དཔལ་དགེ་ཡིས་ཚེ་བདག་ནག་པོའི་རྒྱུད་ལས་བཏུས་ནས་མཛད། དེས་པདྨ་འབྱུང་གནས་ལ་གནང། དེས་བལ་པོ་བ་སུ་དྷཱ་ར་ལ་གནང་། དེས་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་བལ་ཡུལ་དུ་ལན་བདུན་ཕྱིན་པའི་མཐའ་མ་ལ་སྤེལ་རེའི་མནའ་བསྒགས་ནས་གནང་། དེས་སྤེལ་བའི་གནས་མེད་ནས། ལྷོ་བྲག་མཁོ་མཐིང་གི་ལྷ་ཁང་གོང་དུ་གཏེར་དུ་སྦས་སོ། །དེ་ནས་ལས་དང་སྐལ་པར་ལྡན་པའི་ལྷ་རྗེ་གནུབས་ཆུང་གིས་གཏེར་ནས་བཏོན། ཁོང་ལ་ཞུས་པའི་ལོ་རྒྱུས་ནི། མཚུར་སྟོན་རིན་ཆེན་རྡོ་རྗེ་བདག་གིས་སྤང་ཞང་སྟོན་ཆུང་བུ་བདུན་ལས་སྤུན་ཚུན་ཆད་ལ་ཕོ་ངོ་དྲུག་ཅུ་ལིདྒ་ལ་བཏབ་ནས་མཐུ་བྱས་པས། དོལ་པ་མེས་སྟོན་གྱིས་བཟློག་པ་བྱས་ནས་ཆོ་འཕྲུལ་ཆེན་པོ་ཚུར་བྱུང་ནས། དེར་ཁ་རག་བལ་པོ་བྱང་ཆུབ་རྡོ་རྗེའི་སྤྱན་སྔར་ཕྱིན་ནས། གོང་གི་ལོ་རྒྱུས་ཀུན་བཤད་པས། ཁོང་གི་ཞལ་ནས། མེས་སྟོན་ལས་བལ་གཙང་གི་རྒྱལ་ཁམས་ན་ཟློག་པ་ལ་མཁས་པ་མེད། དེ་ལ་ཡང་ཟློག་པ་ཞུ་མཁན་མང་པོ་ཡོད་པས་དེ་ཡང་མི་ཡོང་། ཁྱོད་རང་ཡང་ཕྱག་རྒྱ་དང་ལས་ཚོགས་དང་ཨུར་མོ་ལ་མཁས་ཏེ་ཡང་ཟློག་ཟབ་པ་གཅིག་དགོས་པ་ཡིན། དེ་ལྷ་རྗེ་གནུབས་ཆུང་ལ་ཡོད། དེར་སོང་ཞིག་གསུངས་སྣམ་བུ་སོ་མ་བདུན་ཁྱེར་ནས་གཙང་རོང་དུ་ཕྱིན་ཏེ་ཡང་ཟློག་འདི་ཞུས་ནས། སྔགས་རྒྱུན་བཟླས་པས་ཆོ་འཕྲུལ་ཆེར་སོང་། དེ་ནས་ཡང་རྟ་ཕོ་སེང་གེ་འབུམ་གྱིས་མགོ་བྱས་ནས་གསེར་ཞོ་གང་ཕུལ་ཏེ། ཡང་ན་གདམས་ངག་འདི་ཚང་མ་ཞུ་དགོས། དེ་མིན་ན་ང་རང་གི་འབུལ་བ་རྣམས་ཕྱིར་ཁྱེར་དགོས། འདིའི་བཅའ་ཁ་བྱས་ནས་ཆོ་འཕྲུལ་ཆེར་སོང་ཞུས་པས། དེར་ཁོང་གིས་སྔགས་ཀྱི་གཤམ་འདོགས་དང་ལྷའི་སྒོམ་ཐབས་གཉིས་གནང་ནས་གདམས་ངག་འདི་ལ་ལྷག་མ་ཡོད་རེ་ཡ་མཱནྟ་ཀ་དཔང་པོ་མཛོད། གསུངས་ཏེ་དབུ་བསྙུང་བཞེས་ནས་གནང་ངོ་། །དེ་ཡང་ཁྱོད་རང་གི་བརྒྱུད་པ་མིན་པ་ལ་མ་སྦྱིན་ཅིག་གསུངས་ནས་མནའ་བསྒགས་ནས་གནང་བ་ཡིན་ནོ། །དེ་ནས་བུ་ཆེ་བ་མཚུར་སྟོན་འཇམ་དཔལ་ལོ་བཅོ་བརྒྱད་པ་གཅིག །མཚུར་སྟོན་དབང་ངེ་ལོ་བཅོ་ལྔ་ལོན་པ་གཉིས་དང་། ངེད་གསུམ་གྱིས་ཟློག་པ་འདི་ལ་སྔགས་རྒྱུན་བྱས་པས། མེས་སྟོན་དཔོན་གཡོག་བཞི་ཁྲག་བཤལ་ཁྲག་སྐྱུགས་ནས་ཤིའོ། །དེ་ནས་སྤང་ཞང་སྟོན་ཆུང་ལ་མཐུ་ཟུག་སྟེ་ལོ་གསུམ་ལ་ཕོ་ངོ་དྲུག་ཅུ་རྩ་གཅིག་ལིངྒ་ལ་བཏབ་པ་སོང་ངོ་། །དེ་ནི་ལོ་རྒྱུས་སོ།། ༁ྃ༔ གཤིན་རྗེའི་ཡང་ཟློག་མེའི་སྤུ་གྲི་བཞུགས༔ གྲཨཨརྷགྭ༔ དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ༔ ཡང་ཟློག་མེའི་སྤུ་གྲི་་་རྣོ་བའི་དཔེ་ཡིན་་་ལ་དོན་རྣམ་པ་བཅུ་རུ་ཤེས་པར་བྱའོ༔ སྐོར་གསུམ༔ མཚན་བཞི༔ གནད་གསུམ་མོ༔ སྐོར་གསུམ་ནི༔ བདག་ཉིད་་་སྲུང་བ་དང༔ རྦད་འདྲེ་་་ཟློག་པ་དང༔ དགྲ་བོ་ཨེ་ཀ་ཡ་མས་་་བསད་པ་དང་གསུམ་མོ༔ མཚན་བཞི་ནི༔ ལྷ་ལ་མཚན་གསོལ་བ་་་གཤིན་རྗེ་ཚེ་བདག་ནག་པོ་་་དང༔ སྔགས་ལ་མཚན་གསོལ་བ་་་གཤམ་འདོགས་ལ་དགྲ་བོ་ཨེ་ཀ་ཡ་མ་་་དང༔ རྫས་ལ་མཚན་གསོལ་བ་་་སཱཙྪ་དཀར་ནག་གཉིས་་་དང༔ དཔེ་ལ་མཚན་གསོལ་བ་་་ཡང་ཟློག་མེའི་སྤུ་གྲི་་་དང་བཞིའོ༔ གནད་གསུམ་ནི༔ བཅའ་བ་རྫས་ཀྱི་གནད༔་་་སཱཙྪ། སྒོམ་པ་ལྷའི་གནད༔་་་གཤིན་རྗེ། བཟླས་པ་སྔགས་ཀྱི་གནད་་་གཤམ་འདོགས་་་དང་གསུམ་མོ༔ གནད་གསུམ་འཛོམ་ན༔ ཕུར་ཐོག་སྟོང་གིས་བྲུབས་ཀྱང་མི་ཚུགས་ཁོ་རང་ཕུང་བར་ངེས༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ སྔགས་པས་ནང་རྒྱས་བྱེད་པའི་དུས༔ སེང་གེ་ཁ་འཐབ་བྱུང་བའི་ཚེ༔ གདམས་ངག་གུད་དུ་འདི་བཀོལ་ལོ༔ གདམས་ངག་འདི་ཡི་བྱ་ཐབས་ལ༔ ཚ་ཚཱ་དཀར་ནག་གཉིས་བྱས་ཏེ༔ དང་པོ་ཚ་ཚཱ་དཀར་པོའི་བྱ་ཐབས་ལ༔ བཀྲ་ཤིས་པའི་ས་ལ༔ སྔགས་པ་དམ་ཚིག་ཅན་གྱིས་གདབ༔ ནང་ནི་ཟླུམ་པོ་དག་ཏུ་བྲུ༔ ཚོན་རྩི་དཀར་པོས་ན་བཟའ་གསོལ༔ ཚ་ཚཱ་དཀར་པོའི་བྱ་ཐབས་ཡིན༔ སྲུང་བའི་འཁོར་ལོའི་བྱ་ཐབས་ནི༔ ཤོག་བུ་རས་སམ་ཤིང་ཤུན་ལ༔ འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས༔་་་པ་བྲི། ལྟེ་བའི་རྩིབས་དང་མུ་ཁྱུད་ལ༔་་་བདག་ལ་སྲུངས་ཤིག །རྟེན་འབྲེལ་སྙིང་པོ་བདག་གི་མིང༔ རུས་དང་སྔགས་རྣམས་རྫོགས་པར་བྲི༔ དེ་ལ་སྔགས་ཀྱི་བཀོད་ལུགས་ནི༔་་་གཡས་དང་གཡོན་མ་ནོར་བ་གལ་ཆེ། བླ་མའི་ཞལ་ལས་ཤེས་པར་བྱ༔ ཤོག་བུ་དག་ལ་བྲིས་པ་ཡི༔ བདག་གི་སྲུང་བའི་འཁོར་ལོ་དེ༔ རས་དཀར་ན་བཟའ་གསོལ་ནས་ཀྱང༔ ཚ་ཚཱ་དཀར་པོའི་ནང་དུ་བཅུག༔ སྒྲུབ་ཁང་ཡ་ཐེམ་སྟེང་དུ་བཞུགས༔ དེས་ནི་རང་ཉིད་སྲུང་བྱེད་ཅིང༔ གཞན་གྱིས་རྦད་འདྲེ་ཟློག་པ་འོ༔ ཚ་ཚཱ་ནག་པོའི་བྱ་ཐབས་ནི༔ དུར་ཁྲོད་ས་ནག་དག་ལ་ནི༔ གྲི་ཁྲག་དུག་ཆུས་སྦྲུ་བར་བྱ༔ ནང་ནི་གྲུ་གསུམ་དག་ཏུ་བྲུ༔ དེ་ཡི་ཕྱི་ནང་ཐམས་ཅད་ལ༔ རོ་སོལ་དུག་ཁྲག་དག་གིས་ནི༔ ནང་ནི་དམར་ནག་བྱུག་པར་བྱ༔ ཚ་ཚཱ་ནག་པོའི་བྱ་ཐབས་ཡིན༔ ཤོག་བུ་དག་ལ་བསྒྲུབ་བྱའི་མིང༔ སྙིང་གར་འཁོར་ལོ་རྩིབས་བཞི་བྲི༔ ལིངྒ་བྲི་བསད་ཞལ་ལས་ཤེས༔ པ་ཀ་ཁེལ༔ ཐ་བ་ཀ་ཤ་སྔོས་ཕ་ཟི་བྱིས༔ པཀ་བཛོར་པཀ་ཤ་སྑྱ་ཁ་མ་ཕྲིར༔ དགུག་གཞུག་ལྷ་དབྱེ་བྱས་ནས་ཀྱང༔ ཚོན་སྐུད་སྣ་ལྔས་བཅིངས་ནས་སུ༔ ཚ་ཚཱ་ནག་པོའི་ནང་དུ་གཞུག༔ སྒྲུབ་ཁང་ཐེམ་པའི་འོག་ཏུ་མནན༔ དེ་ལྟར་བཅའ་གཞི་རྫོགས་པ་དང༔ བདག་ཉིད་གཤིན་རྗེའི་གཤེད་དུ་བསྒོམ༔ སྲུང་ཟློག་དྲག་སྔགས་འདི་དག་ནི༔ ངག་བཅད་དམ་བཅས་སྟོང་ཚོ་རེ༔ བྱས་ལ་དྲག་ཏུ་བཟླས་པར་བྱ༔ ཨོཾ་ཨེ་ཀ་ཡ་མ་ཟློག༔ ཧེ་ཀ་ཡ་མ་ཟློག༔ གྷྲི་མ་ཡ་མ་ཟློག༔ སརྦ་ཙིཏྟ་གཟེར་ཐུམ༔ བིགྷྣཱན༔ ཏྲིག་ནན༔ རྦད་ཡ༔ ཟློག་ཡ༔ བདག་ལ་སྲུངས་ཤིག་རཀྵ་རཀྵ༔ དགྲ་བགེགས་ཀྱི་སྲོག་ལ་མཱ་ར་ཡ་ཧཱུྃ་ཕཊ་ཟློག་ཡ༔ དེ་བཞིན་དྲག་སྔགས་བཟླས་པ་ཡིས༔ བན་དགྲ་ནུས་པ་ཆེ་ན་ནི༔ ཁྲག་དང་གཟེར་གྱི་ནད་ཀྱིས་ནི༔ བདུན་ཞག་གཅིག་ནས་ངེས་པར་འཆི༔ འབྲིང་ན་བདུན་ཞག་གཉིས་ནས་འཆི༔ ཐ་མ་བདུན་ཞག་གསུམ་ན་འོ༔ ནད་ནི་གོང་མ་དག་གིས་སོ༔ ཤིན་ཏུ་གསང་བའི་གདམས་ངག་འདི༔ དམ་མེད་དག་ལ་བྱིན་གྱུར་ན༔ དེ་ཡི་ལག་ཆར་སོང་ནས་ནི༔ དམ་ལྡན་རང་གི་གཤེད་མར་འགྱུར༔ དེ་བས་ཤིན་ཏུ་གསང་བར་བྱ༔ ཚེགས་ཆུང་དོན་ཆེ་ཚེ་བདག་གི༔ རྒྱུད་ལུང་གདམས་ངག་བཅུད་ཕྱུངས་ནས༔ ཡང་ཟློག་ཐུགས་ཀྱི་ཉིང་ཁུ་འདི༔ གང་ལ་དམིགས་ཀྱང་རླག་པར་བྱེད༔ སྲིད་པ་གསུམ་ཡང་བཀའ་ལས་འདས་ན་སྲེག༔ དབང་བསྒྱུར་དམ་ཅན་ཡེ་ཤེས་ལྷ༔ འདི་འདྲ་བསྟན་པ་ཡེ་ཤེས་ལྷ་ལ་མཐོལ་ལོ་བཤགས༔ གཞན་ལ་མ་སྤེལ་གསང་ངོ་གསུངས༔ བཀའ་རྒྱ་དང་བཅས་གཏེར་དུ་སྦས༔ ཡང་ཟློག་མེའི་སྤུ་གྲི་རྫོགས་སོ༔ ཟབ་བོ༔ གསང་ངོ༔ ༁ྃ༔ ཡང་ཟློག་མེའི་སྤུ་གྲིའི་གནད་ཀྱི་ལག་ལེན་བཞུགས༔ བཅོམ་ལྡན་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ༔ ཡང་ཟློག་མེའི་སྤུ་གྲི་འདི་ལ༔ སྒོམ་པ་ལྷའི་གནད༔ བཟླས་པ་སྔགས་ཀྱི་གནད་དོ༔ འདི་མ་ཤེས་ན་མི་རྒན་གྱིས་དཔའ་བོར་ཁས་ལེན་པ་དང་འདྲའོ༔ དེ་ལ་སྒོམ་པ་ལྷའི་གནད་ནི༔ དང་པོ་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པར་བསྒོམ༔ དེའི་ངང་ལས་ཁྱབ་པའི་སྙིང་རྗེ་ཆེན་པོ་བསྒོམ༔ དེ་ནས་སེམས་བསྐྱེད་ཀྱི་ངོ་བོ་ཧཱུྃ་མཐིང་ནག་ཅིག་བསྒོམ༔ ཧཱུྃ་དེ་ལས་འོད་འཕྲོས་པས༔ ཡ་མ་ཏི་ར་བཾ༔ ཞེས་བརྗོད་པས་གཤིན་རྗེ་ཕོ་མོ་གདན་དུ་གཏིང་བར་བསྒོམ༔ དེའི་སྟེང་དུ་མ་ཧེ་གླང་རྒོད་ཕོ་མོ་བསྣོལ་བའི་གདན་བཤམ༔ དེ་ཀུན་གྱི་གདན་གྱི་སྟེང་དུ་ཉི་ཟླ་པདྨ་སུམ་བརྩེགས་སྟེང་ན་ཧཱུྃ་ཆད་ནས་གདན་སྟེང་དུ་བབ་སྟེ༔ འོད་དུ་ཞུ་བ་ལས༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ༔ ཞེས་བརྗོད་པས༔ དཔལ་གཤིན་རྗེ་སྐུ་མདོག་མཐིང་ནག༔ དབུ་གསུམ་ཕྱག་དྲུག་ཞབས་བཞི༔ ཞལ་གཡས་དཀར་གཡོན་དམར་དབུས་མཐིང་ནག༔ ཕྱག་གཡས་དང་པོས་འཁོར་ལོ་རྩིབས་བརྒྱད་རྣོ་བའི་ངར་ཅན༔ བར་མས་རལ་གྲི༔ འོག་མས་རྡོ་རྗེ༔ གཡོན་དང་པོས་ལྕགས་ཀྱུ༔ བར་མས་གཏུན་ཤིང༔ འོག་མ་ན་སྡིགས་མཛུབ༔ སྤྱི་བོའི་གཙུག་ན་ཁྱུང་ཆེན་ནག་པོ་ཡོད་པ༔ བ་སྤུའི་བུ་ག་ཐམས་ཅད་ཁྱུང་དང་རྡོ་རྗེས་གཏམས་པ༔ ཐོད་པ་སྐམ་པོ་ལྔས་དབུ་ལ་བརྒྱན་པ༔ ཐོད་པ་རློན་པས་སེ་རལ་བརྒྱན་པ༔ སྦྲུལ་ནག་ཁྲས་སྐུ་རེགས་བྱས་པ༔ སྐུ་སྟོད་གླང་ཆེན་གྱི་ཀོ་རློན་དང༔ ཞིང་ཆེན་གཡང་གཞི་གསོལ་བ༔ སྐུ་སྨད་སྟག་ལྤགས་ཀྱི་ཤམ་ཐབས་བྱས་པ༔ མེ་རི་མེ་དཔུང་འབར་བའི་ནང་དུ་བཞུགས་པར་བསྒོམ༔ དེའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ༔ རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཡི་གེ་ཧཱུྃ་གཅིག་གནས་པར་བསྒོམ༔ དེ་ནི་སྒོམ་པ་ལྷའི་གནད་དེ༔ རང་ཉིད་དེ་བཞིན་དུ་བསྒོམ་པར་བྱའོ༔ ད་ནི་བཟླས་པ་སྔགས་ཀྱི་གནད་ལ༔ སྲུང་བ་དང༔ ཟློག་པ་དང༔ བསད་པའོ༔ སྲུང་བའི་སྔགས་ནི༔ ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲ་སྲུངས༔ ཧེ་ཀ་ཡ་མ་དུ་རུ་ཙཀྲ་སྲུངས༔ གྷྲི་མ་ཡ་མ་དུ་རུ་ཙཀྲ་སྲུངས༔ སརྦ་ཙིཏྟ་གཟེར་ཐུམ༔ བིགྷྣཱན་ཏྲིག་ནན༔ རྦད་ཡ་ཟློག་ཡ༔ བདག་འཁོར་དང་བཅས་པ་ལ་སྲུངས་ཤིག་རཀྵ་རཀྵ༔ ཟློག་པའི་སྔགས་ནི༔ ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲ་ཟློག༔ ཧེ་ཀ་ཡ་མ་དུ་རུ་ཙཀྲ་ཟློག༔ གྷྲི་མ་ཡ་མ་དུ་རུ་ཙཀྲ་ཟློག༔ སརྦ་ཙིཏྟ་གཟེར་ཐུམ༔ བིགྷྣཱན་ཏྲིག་ནན༔ རྦད་ཡ་ཟློག་ཡ༔ དགྲ་བོ་ལྷ་དང་བཅས་པ་མཱ་ར་ཡ་ཧཱུྃ་ཕཊ༔ བསད་པའི་སྔགས་ནི༔ ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲ་སོད༔ ཧེ་ཀ་ཡ་མ་དུ་རུ་ཙཀྲ་སོད༔ གྷྲི་མ་ཡ་མ་དུ་རུ་ཙཀྲ་སོད༔ སརྦ་ཙིཏྟ་གཟེར་ཐུམ༔ བིགྷྣཱན་ཏྲིག་ནན༔ རྦད་ཡ་ཟློག་ཡ༔ ཆེ་གེ་ལྷ་དང་བཅས་པའི་སྲོག་ལ་མཱ་ར་ཡ་རྦད༔ བསད་པའི་དུས་ན༔ ཕྱག་རྒྱ་གཡོན་དང་པོའི་ལྕགས་ཀྱུས་དགྲ་བོའི་སྙིང་གའི་ནྲྀ་ལ་བཟུང་ནས༔ ཕྱག་གཡས་དང་པོའི་འཁོར་ལོས་དཀྲུག་པར་བསམ༔ གནད་ཀྱི་ལག་ལེན་ྀཨཚ༔ ༁ྃ༔ ཡང་ཟློག་མེའི་སྤུ་གྲིའི་སྔགས་ཀྱི་བྱང་བུ་བཞུགས༔ ཡབ་གཤིན་རྗེ་ཚེ་བདག་ཡིན༔ ཡུམ་མ་མོ་ཁྲག་མིག་མ་ཡིན༔ སྔགས་ཟོལ་མེད་པ་འདི་ཡིན་ནོ༔ ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲ་སྲུངས༔ ཧེ་ཀ་ཡ་མ་དུ་རུ་ཙཀྲ་སྲུངས༔ གྷྲི་མ་ཡ་མ་དུ་རུ་ཙཀྲ་སྲུངས༔ སརྦ་ཙིཏྟ་གཟེར་ཐུམ༔ བིགྷྣཱན་ཏྲིག་ནན༔ རྦད་ཡ་ཟློག་ཡ༔ སཾ་གྷྲི་ཝ་རི་བདག་འཁོར་དང་བཅས་པ་ལ་སྲུངས་ཤིག་རཀྵ༔ འདི་ཡན་ཆད་སྲུང་བའི་སྔགས་སོ༔ ཟློག་པའི་སྔགས་ནི༔ ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲ་ཟློག༔ ཧེ་ཀ་ཡ་མ་དུ་རུ་ཙཀྲ་ཟློག༔ གྷྲི་མ་ཡ་མ་དུ་རུ་ཙཀྲ་ཟློག༔ སརྦ་ཙིཏྟ་གཟེར་ཐུམ༔ བིགྷྣཱན་ཏྲིག་ནན༔ རྦད་ཡ་ཟློག་ཡ༔ དགྲ་བོ་ཆེ་གེའི་ཤ་ལ་རུབ༔ སྙིང་ལ་མཱ་ར་ཡ༔ དབུགས་ལ་རྔུབས༔ སྲོག་ལ་མཱ་ར་ཡ༔ རྩ་ལ་རྔུབས༔ ཁྲག་ལ་མཱ་ར་ཡ༔ ཧཱུྃ་ཕཊ་ཟློག་ཡ༔ བསད་པའི་སྔགས་ནི༔ ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲ་སོད༔ ཧེ་ཀ་ཡ་མ་དུ་རུ་ཙཀྲ་སོད༔ གྷྲི་མ་ཡ་མ་དུ་རུ་ཙཀྲ་སོད༔ སརྦ་ཙིཏྟ་གཟེར་ཐུམ༔ བིགྷྣཱན་ཏྲིག་ནན༔ རྦད་ཡ་ཟློག་ཡ༔ དགྲ་བགེགས་ཀྱི་ཤ་ལ་རྔུབས༔ སྙིང་ལ་མཱ་ར་ཡ༔ དབུགས་ལ་རྔུབས༔ སྲོག་ལ་མཱ་ར་ཡ༔ ཁྲག་ལ་རྔུབས༔ རྩ་ལ་མཱ་ར་ཡ༔ ཧཱུྃ་ཕཊ་ཟློག་ཡ༔ ཞེས་པ་ནི་སྔགས་ཀྱི་བྱང་བུའི་ཞལ་གདམས་ཨི་ཐི༔ ༁ྃ༔ ཡང་ཟློག་མེའི་སྤུ་གྲིའི་མཆོད་བསྟོད་བཞུགས༔ གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ༔ ཡེ་ཤེས་ལྷ་ལ་གཏོར་མ་གཏོང་ཞིང་ཕྲིན་ལས་གཞོལ་བར་འདོད་ན༔ གཏོར་མའི་སྣོད་ཀ་པཱ་ལའམ་གང་རུང་གི་ནང་དུ༔ དཔལ་གཏོར་གྲུ་གསུམ་ཤ་ཁྲག་གིས་བརྒྱན་ལ་ཆང་ཕུད་དང་རཀྟས་བྲན་ནས་བྱིན་གྱིས་རླབས་པ་ནི༔ སྭ་བྷཱ་བས་སྟོང་པར་སྦྱང༔ སྟོང་པའི་ངང་ལས་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར༔ དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར༔ དེའི་སྟེང་དུ་ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ༔ ཨ་ལས་ཀ་པཱ་ལ་དུམ་བུ་གཅིག་པ་ཕྱི་དཀར་ལ་ནང་དམར་བ༔ ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཤ་ལྔ་བདུད་རྩི་ལྔའི་ངོ་བོར་གྱུར༔ ཡཾ་ལས་རླུང་གཡོས་མེ་སྦར༔ ཐོད་པ་དྲོས་པས་ཁོལ་བའི་རླངས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕོག༔ ཡེ་ཤེས་ཀྱི་བདུད་རྩི་བཀུག་ལ་གཉིས་སུ་མེད་པར་བསྟིམ༔ གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་སྟོང་གསུམ་གང་བ་ཙམ་དུ་གྱུར༔ ཡེ་ཤེས་ཀྱི་ལྷ་ཚོགས་སྤྱན་དྲངས་ལ་བདག་བསྐྱེད་དང་གཉིས་སུ་མེད་པར་བསྟིམ༔ ལྗགས་རྡོ་རྗེའི་སྦུ་གུས་གསོལ་བས་བདག་ལ་དགྱེས་ཤིང༔ འདོད་པའི་དངོས་གྲུབ་སྩོལ་བར་དམིགས་ལ༔ འབུལ་བའི་སྔགས་ནི༔ ཨོཾ་ཨཱཿཧཱུྃ་ཤྲཱི་ཡ་མཱནྟ་ཀ༔ བཛྲ་ག་རུ་ཌ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ཕུལ་ནས་རྣལ་འབྱོར་པ་བདག་ཅག་དཔོན་སློབ་གྲོགས་མཆེད་ཡོན་མཆོད་མི་ནོར་འཁོར་དང་བཅས་པ་ལ་སྲུང་བ་དང༔ བསྐྱབ་པ་དང༔ སྦ་བ་རྒྱ་ཆེན་པོ་མཛད་དུ་གསོལ༔ ཞེས་སྲུང་བའི་དུས་སུ་སྲུང་བའི་འདོད་གསོལ་ཤམ་བུ་བཏགས༔ ཟློག་པ༔ བསད་པ༔ མནན་པ་ལ་དེ་ལྟར་གཤམ་དུ་གདགས་ལ་ཕྲིན་ལས་གཞོལ༔ དེ་ནས་བསྟོད་ཅིང་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ ཡེ་ཤེས་འཁོར་ལོའི་གཞལ་ཡས་ནས༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད༔ སྐུ་མདོག་མཐིང་ནག་འབར་བ་ལ༔ དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ ཞལ་གཡས་དུང་ལྟར་དཀར་ལ་མཛེས༔ ཞི་བའི་ལས་རྣམས་མ་ལུས་འགྲུབ༔ ཞལ་གཡོན་དམར་ལ་དྭངས་པ་ནི༔ འགྲོ་དྲུག་སེམས་ཅན་མ་ལུས་པ༔ ཐུགས་རྗེ་ཆགས་པས་སྐྱོང་བར་མཛད༔ དབུས་ཞལ་མཐིང་ནག་འཇིགས་པ་ནི༔ དྲེགས་པ་མ་ལུས་དབང་དུ་སྡུད༔ ཞལ་ནས་མེ་འབར་འཇིག་རྟེན་ཁམས་རྣམས་སྲེག༔ དྲག་པོའི་སྟོབས་ཀྱིས་སྲིད་གསུམ་དབང་དུ་སྡུད༔ ཕྱག་དྲུག་གཡས་ཀྱི་དང་པོ་ན༔ གསོད་བྱེད་འཁོར་ལོ་འབར་བ་བསྣམས༔ དྲེགས་པའི་མགོ་བོ་རྣམ་པར་གཤག༔ ཕྱག་དྲུག་གཡས་ཀྱི་བར་མ་ན༔ ཤེས་རབ་རལ་གྲི་འབར་བ་བསྣམས༔ གདུག་པ་མ་ལུས་མགོ་ལུས་ཕྱེ༔ ཕྱག་དྲུག་གཡས་ཀྱི་ཐ་མ་ན༔ གསེར་གྱི་རྡོ་རྗེ་རྩེ་དགུ་བསྣམས༔ ལོག་རྟོག་མ་ལུས་འཇོམས་པར་བྱེད༔ གཡོན་གྱི་དང་པོ་ལྕགས་ཀྱུ་ཡིས༔ སྔགས་ཟློག་བསྟན་དགྲའི་སྙིང་ནས་འགུག༔ བར་མ་གཏུན་ཤིང་འབར་བ་ཡིས༔ ལྷ་སྲིན་སྡེ་བརྒྱད་དོན་སྙིང་འགས༔ ཐ་མ་སྡིགས་མཛུབ་མེ་ཆེན་འབར༔ དགྲ་བགེགས་མ་ལུས་སྡིགས་ཤིང་སྲེག༔ ཞབས་བཞི་ཡིས་ནི་བདུད་བཞི་མནན༔ མེ་དཔུང་འབར་བའི་ཀློང་དཀྱིལ་ན༔ དྲེགས་བྱེད་བསྣོལ་བའི་གདན་ལ་བཞུགས༔ ཡ་མཱནྟ་ཀར་ཕྱག་འཚལ་བསྟོད༔ ཧཱུྃ༔ ཡེ་ཤེས་མེ་དཔུང་ཀློང་དཀྱིལ་ན༔ རྡོ་རྗེ་ཁྱུང་ཆེན་ཀླུ་འདུལ་ནི༔ སྐུ་མདོག་མཐིང་ནག་འཇིགས་པའི་སྐུ༔ ཀླུ་ཆེན་མ་ལུས་ཞལ་དུ་གསོལ༔ རལ་གྲིའི་གཤོག་པས་བར་སྣང་ཁེངས༔ ཀླུ་དང་ས་བདག་དབང་དུ་སྡུད༔ དྲེགས་པ་མ་ལུས་འཇོམས་མཛད་པ༔ ཡེ་ཤེས་ཁྱུང་ལ་ཕྱག་འཚལ་བསྟོད༔ བླ་མེད་མཆོད་པ་རྒྱ་ཆེན་དང༔ དམ་རྫས་བདུད་རྩིའི་གཏོར་མ་འདི༔ ཡེ་ཤེས་ལྷ་ཚོགས་རྣམས་ལ་འབུལ༔ དགྱེས་པའི་ཚུལ་གྱིས་བཞེས་སུ་གསོལ༔ དཀོན་མཆོག་སྐུ་དགྲའི་སྔགས་ཟློག་མཁན༔ བན་དགྲ་བྱད་མ་ལྷ་སྲུང་དང༔ སྡང་དགྲ་གནོད་བྱེད་མ་ལུས་པ༔ ཡུད་ཙམ་གྱིས་ནི་བརླག་པར་མཛོད༔ བྱད་མ་རང་གཤེད་རང་ལ་ཕོབ༔ བདག་གི་དགེ་བའི་སྡོངས་གྲོགས་མཛོད༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་ཕྲིན་ལས་བཅོལ་ནས་ལས་ལ་འཇུག་པར་བྱའོ༔ ཡང་ཟློག་མེའི་སྤུ་གྲིའི་མཆོད་བསྟོད་གཞན་ལ་མེད་པའི་གདམས་པ་རྫོགས་སོ༔ དམ་ཚིག་མེད་པའི་མི་ལ་སྤེལ་དུ་མི་རུང་ངོ༔ སྤེལ་ན་རང་ལ་ལྡོག་པའི་ཉེན་ཡོད་པས་གསང་བར་བྱའོ༔ རྒྱ་རྒྱ་རྒྱ༔ དགེའོ།། །།

ཡང་ཟློག་ནག་པོ་མེའི་སྤུ་གྲིའི་ལས་བྱང་རྡོ་རྗེའི་ཐོག་མདའ་ (Volume 17, Text 18)

༄༅། །ཡང་ཟློག་ནག་པོ་མེའི་སྤུ་གྲིའི་ལས་བྱང་རྡོ་རྗེའི་ཐོག་མདའ་བཞུགས། ། རྒྱལ་ཀུན་ཡབ་ཏུ་འཇམ་དཔལ་རྡོ་རྗེ་ཞི་ཞིང་དུལ་བའི་གར་མཛད་ཀྱང་། །དུས་ཀྱི་དགྲ་བོར་ཆེས་ཆེར་རབ་ཁྲོས་སྲིད་གསུམ་ཟ་བ་ཚེ་བདག་ནག །ཁྲག་འཐུང་ཚོགས་ཀྱི་དབང་ཕྱུག་གང་དང་གཉིས་མེད་གཉིས་སུ་སྣང་བའི་གཟུགས། །རྩ་བརྒྱུད་བླ་མ་གཙུག་ན་རབ་མཛེས་བྱང་ཆུབ་བར་དུ་ཐུགས་རྗེས་སྐྱོངས། །རྒྱ་བལ་མཁས་ཤིང་གྲུབ་བརྙེས་ཐུགས་ཀྱི་བཅུད། །གནུབས་ཆེན་གདམས་པའི་ཉིང་ཁུ་ཟབ་མོའི་གནད། །ཞང་ཁྲོམ་གཏེར་བྱོན་རང་གཤེད་འབེབ་པའི་ལས། །སྔགས་འཆང་ཡོངས་ཀྱི་ལག་ཆར་འོས་པའི་མཚོན། །དེ་ཕྱིར་རང་སྲུང་གོ་གྱོན་སྦྱོར་སྟོབས་ཟློག །ལྷ་སྲུང་བདུད་དབབ་དམག་དཔོན་གཡུལ་དུ་གསོད། །བཙོན་ནང་དོང་རུལ་གཏོང་བའི་ལས་ཀུན་གྱི། །ཐུན་མོང་གྱེར་སྒོམ་རྡོ་རྗེའི་ཐོག་འདིའོ། །དེའང་སློབ་དཔོན་གཙུག་ལག་དཔལ་དགེས་འཇམ་དཔལ་ཚེ་བདག་ནག་པོའི་རྒྱུད་ལས་ལག་ལེན་མན་ངག་ཏུ་བསྡེབས་པ་དཔལ་ཨོ་རྒྱན་ཆེན་པོ་དང་བལ་པོ་བ་སུ་དྷ་རའི་ཐུགས་ཀྱི་བརྣག་པ། དྲག་སྔགས་ཀྱི་བདག་པོ་གནུབས་ཀྱི་ཁྱད་ཆོས། སྤྲུལ་སྐུ་རྒྱ་ཞང་ཁྲོམ་གྱི་ཟབ་གཏེར་ཡང་ཟློག་ནག་པོ་མེའི་སྤུ་གྲིའི་སྲུང་ཟློག་བསད་མནན་གྱི་རིམ་པ་ཉམས་སུ་བླང་བ་ལ། སྤྱིར་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པ་དང་། ཁྱད་པར་སྙན་བརྒྱུད་རྣོན་པོ་ནད་གཅོད་ཀྱི་དབང་ཟབ་མོ་སྒྲུབ་སྐོར་གྱི་ལུང་མན་ངག་ཕྱག་བཞེས་རྣམས་ལེགས་པར་ནོས་ནས། གོང་བསྙེན་ཞལ་ཤེས་ལྟར་ཚད་དུ་འཁྱོལ་བའི་རིག་སྔགས་འཆང་བས་བཅའ་གཞིའི་རིམ་པ་རྣམས་གསུང་རྒྱུན་དང་ཕྱག་བཞེས་བཞིན་དུ་བསྟར་ནས་ཕྲིན་ལས་ཀྱི་གཞུང་གྱེར་བ་ལ། བརྒྱུད་འདེབས་ནི། རིགས་རྣམས་ཀུན་གྱི་ཁྱབ་བདག་གཤིན་རྗེའི་གཤེད། །རྡོ་རྗེ་རྣོན་པོ་དགའ་རབ་རྡོ་རྗེའི་ཞབས། །འཇམ་དཔལ་བཤེས་གཉེན་ཤཱནྟིཾ་གརྦྷ་དང་། །ཡེ་ཤེས་སྙིང་པོ་རྣམས་ལ་གསོལ་བ་འདེབས། །ནམ་མཁའི་སྙིང་པོ་རྒྱ་གར་ཁྲག་འཐུང་ནག །གཙུག་ལག་དཔལ་དགེ་རིག་འཛིན་པདྨ་འབྱུང་། །བ་སུ་དྷ་ར་གནུབས་ཆེན་སངས་རྒྱས་ཞབས། །ཡོན་ཏན་རྒྱ་མཚོ་རྣམས་ལ་གསོལ་བ་འདེབས། །ཡེ་ཤེས་རྒྱ་མཚོ་རྡོ་སྟོན་ལྕགས་སྤེ་བ། །མེ་སྟོན་དྲན་ཆུང་དྲན་སྟོན་མཐའ་བྲལ་རྗེ། །དཀོན་མཆོག་རིན་ཆེན་བཀྲ་ཤིས་རྒྱལ་མཚན་དཔལ། །མཐར་ཕྱིན་ལྷ་སྒོམ་རྣམས་ལ་གསོལ་བ་འདེབས། །གངས་པ་ཤཱཀ་འབུམ་གྲྭ་ཕྱི་གཡུང་སྟོན་པ། །རྒྱལ་བ་རྡོ་རྗེ་རིག་འཛིན་དར་མ་འབུམ། །རྣམ་འབྱོར་དབང་ཕྱུག་སྟོན་པ་སངས་རྒྱས་མགོན། །བླ་ཆེན་ཁམས་སྟོན་རྣམས་ལ་གསོལ་བ་འདེབས། །བཀའ་ནས་བརྒྱུད་དང་སླར་ཡང་གཏེར་སྟོན་རྒྱ། །ལྷ་རྗེ་གནུབས་ཆུང་མཚུར་སྟོན་སྐུ་ཞང་དཔལ། །ཚུལ་ཁྲིམས་རིན་ཆེན་བྱང་མགོན་ནམ་མཁའི་མཚན། །ཚུལ་ཁྲིམས་རྒྱ་མཚོ་རྣམས་ལ་གསོལ༴ བཀའ་གཏེར་ཟུང་འཇུག་རྒྱ་སྟོན་ནམ་མཁའ་དཔལ། །གནམ་ལྕགས་མེ་འབར་ཆོས་རྒྱལ་ཕུན་ཚོགས་རྗེ། །བཙན་ཡག་སྤྲུལ་སྐུ་བཀྲ་ཤིས་ཕུན་ཚོགས་ཞབས། །དྲག་པོའི་མཚན་ཅན་རྣམས་ལ་གསོལ༴ ལྷ་སྲས་དབུར་སྨྱོན་བསོད་རིན་ཕྲིན་ལས་མཚན། །ཀུན་མཁྱེན་ཉང་སྟོན་སླར་ཡང་རྒྱལ་སྲས་རྗེ། །བྱང་བདག་ཡབ་སྲས་བྲང་སོ་གཏེར་སྟོན་མཆེད། །མཐུ་ཆེན་བསྟན་རྒྱལ་རྣམས་ལ་གསོལ༴ འཁོན་སྟོན་ཁྱབ་བདག་དཔལ་འབྱོར་ལྷུན་གྲུབ་ཞབས། །སླར་ཡང་སྣང་གསལ་རིག་འཛིན་བཀྲ་ཤིས་མཚན། །དུ་མ་རང་གྲོལ་ངག་དབང་ཡེ་ཤེས་གྲུབ། །གཞོན་ནུ་དོན་གྲུབ་རྣམས་ལ་གསོལ༴ རིགས་ཀུན་བདག་པོ་ཆོས་དབྱིངས་རང་གྲོལ་རྗེ། །སླར་ཡང་དཀོན་མཆོག་ལྷུན་གྲུབ་གཏེར་བདག་གླིང་། །གཤེད་སྐོར་བཀའ་གཏེར་གདམས་པའི་འདོད་འཇོ་མཁན། །དྲིན་ཅན་རྩ་བའི་བླ་མར་གསོལ་བ་འདེབས། །དཀྱིལ་འཁོར་ཆེན་པོར་དབང་གིས་རང་རྒྱུད་སྨིན། །རྣོན་པོ་ནད་གཅོད་བྱིན་ཆེན་སྒོ་གསུམ་བརླབས། །ཟབ་རྒྱས་གདམས་པའི་གནད་ཀྱི་དམར་ཁྲིད་ལ། །འཁྲུལ་མེད་སྒྲོ་འདོགས་ཆོད་པར་བྱིན་གྱིས་རློབས། །ངོ་བོ་བློ་འདས་ཀ་དག་རིག་པའི་གདངས། །རང་བཞིན་ལྷུན་གྲུབ་བྱང་ཆེན་སྲུང་འཁོར་རྟེན། །བརྟེན་པ་ཞི་ཁྲོའི་ལྷ་ཚོགས་ཤར་བ་ཡི། །ཐུགས་རྗེས་བཙན་པོའི་མཁར་དུ་འཇུག་པར་ཤོག །མི་དང་མི་མིན་བསམ་སྦྱོར་ངན་པའི་སྟོབས། །རིག་སྔགས་འཁྲུལ་འཁོར་བསྐོར་བས་རྣམ་པར་འཇིག །སྒྱོགས་གཉིས་ནང་འཕྲད་སྒྱོགས་རྡོ་ལམ་བཅག་སྟེ། །སྲུང་མ་བདུད་དབབ་ཟློག་པའི་ལས་འགྲུབ་ཤོག །ཕྱག་ཆ་རང་ལ་བསྐོར་བ་རྦོད་གཏོང་གི །དམག་དཔོན་གཡུལ་དུ་བསད་པ་དཔའ་བོའི་ལས། །བྱད་མའི་སྟོབས་གཞོམ་ངན་སྔགས་ཁ་བཅིངས་ནས། །བཙོན་ཁང་ནང་དུ་དོང་རུལ་གནོན་པར་ཤོག །དེ་ལྟར་ལོག་འདྲེན་གཉིས་འཛིན་འཁྲུལ་པའི་ངོར། །ཤར་བར་ངེས་ནས་ཉོན་མོངས་དུག་གསུམ་དགྲ །བསྐྱེད་རྫོགས་རྫོགས་ཆེན་ལམ་གྱིས་ཚར་བཅད་དེ། །ཚེ་འདིར་འཇམ་མགོན་ཀུན་བཟང་འབྲས་སྨིན་ཤོག །སྐྱབས་སེམས་ཚད་མེད་བཞི་ཚོགས་ཞིང་རྣམས་ལས་བྱང་ཆེན་མོ་ལྟར་དང་། གཏོར་མ་གཏང་ཞིང་མཚམས་བཅད་པ་ནི། རང་སྐད་ཅིག་གིས་ཕྱག་རྒྱ་ཆེན་པོ་ཟིལ་གནོན་སོགས་དཀྱུས་བཞིན་བྱ། གཏོར་མ་དཀར་དམར་གཉིས་བཤམ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་སྐྱོང་སྡེ་བརྒྱད་གཞི་བདག་ཞིང་སྐྱོང་གདོན་བགེགས་ཀྱི་ཚོགས་དང་བཅས་པ་བཛྲ་ཨཾ་ཀུ་ཤ་ཛཿས་བཀུག །གཏོར་མ་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བརླབ། ཕྱོགས་སྐྱོང་སྡེ་བརྒྱད་རྣམས་དང་ཁྱད་པར་ཡུལ་ཕྱོགས་ས་ཕྱོགས་འདི་ཀུན་ན་གཉུག་མར་གནས་པའི་གཞི་བདག་ཞིང་སྐྱོང་གཙང་ཕུད་ལ་དགའ་བ་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། བདག་ཅག་རྣམས་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་ཕྲིན་ལས་ཟབ་མོ་ཉམས་སུ་ལེན་པ་ལ་བར་གཅོད་མི་འབྱུང་བའི་དགེ་བའི་སྟོངས་གྲོགས་མཛོད་ཅིག་ཅེས་བཀའ་བསྒོ། ནག་ཕྱོགས་ཤ་ཁྲག་ལ་དགའ་བ་ལན་ཆགས་དང་གནོད་བྱེད་ཀྱི་གདོན་བགེགས་ནམ་མཁའ་ལ་འཕྱོ་བ། བར་སྣང་ལ་རྒྱུག་པ། ས་གཞི་ལ་འགྲིམ་པ། འབྱུང་བ་ལ་བརྟེན་པ། སྐྱོབ་གྲིབ་ལ་གབ་པ། བསྙེན་སྒྲུབ་ལས་གསུམ་གྱི་སྒྲུབ་པ་ཆེན་པོ་མཐོང་ཐོས་མི་བཟོད་པ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་ཚིམ་པར་གྱིས་ལ། བྱམས་པའི་སེམས་ཀྱིས་སོ་སོར་རང་གནས་དང་རྟེན་ལ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོའི་སྤྲིན་རབ་འབྱམས་ཀྱིས་ཡེ་ཤེས་ཀྱི་རྡོ་རྗེ་འབར་བས་ཕྱེ་མར་བརླག་པར་འགྱུར། ཧཱུྃ། བདག་ཉིད་ཁྲོ་རྒྱལ་ཐུགས་ཀ་ནས་སོགས་དང་། སྒྲུབ་སྔགས་དང་སུམྦྷ་བརྗོད་དེ། ཁྲོ་བོ་དང་མཚོན་ཆ་དང་མེ་རབ་ཏུ་འབར་བའི་གུར་ཁང་དུ་གྱུར་གྱི་བར་དཀྱུས་བཞིན་བྱ། བྱིན་འབེབ་ནི། འཇམ་དཔལ་ཚེ་བདག་ནག་པོ་འཁོར་བཅས་རྣམས། །ཞེས་པའི་ཚིག་རྐང་གཅིག་པུ་འདི་སྦྱར་ཏེ་འོག་ནས་འབྱུང་བའི་བསྐུལ་གྱི་ནང་གི །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ གློག་ལྟར་མྱུར་བའི་ཐུགས་རྗེས་འདིར་སྤྱོན་ལ༔ རིག་འཛིན་སྒྲུབ་པ་པོ་ལ་བྱིན་ཕོབ་ཅིག༔ ལུས་ལ་རྡོ་རྗེའི་སྐུ་ཡིས་བྱིན་ཕོབ་ཅིག༔ ངག་ལ་བདེན་ཚིག་གསུང་གིས་བྱིན་ཕོབ་ཅིག༔ ཡིད་ལ་རང་བྱུང་ཐུགས་ཀྱིས་བྱིན༴ ཡོན་ཏན་འགྲན་མེད་ཟིལ་གནོན་བྱིན༴ ཕྲིན་ལས་འགྲོ་འདུལ་རྣམ་བཞིས་བྱིན༴ དབང་ཆེན་དབང་སྐུར་ཟིལ་གནོན་བཅོམ་ལྡན་འདས༔ བྱིན་ཆེན་བྱིན་ཕོབ་ཟིལ་གནོན་བཅོམ་ལྡན་འདས༔ མཐུ་ཆེན་མཐུ་སྩོལ་ཟིལ་གནོན་བཅོམ་ལྡན་འདས༔ དངོས་གྲུབ་མཆོག་སྩོལ་ཟིལ་གནོན་བཅོམ་ལྡན་འདས༔ བདག་ཉིད་ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ ཞེས་པའི་བར་བརྗོད། རྟེན་གཏོར་དོར་བའི་སྨན་རཀ་གཏོར་གསུམ་དང་ཕྱི་མཆོད་ལས་བྱང་ལྟར་བརླབ། དངོས་གཞིའི་ཐོག་མར་སེམས་བསྐྱེད་གསལ་འདེབས་ནི། སངས་རྒྱས་བསྟན་པ་རྒྱས་པར་བྱ་བ་དང་། །བདག་དང་བསྲུང་བྱའི་བར་ཆད་ཞི་བའི་ཕྱིར། །བཅོམ་ལྡན་འཇམ་དབྱངས་ཁྲོས་པ་གཤིན་རྗེའི་གཤེད། །ཚེ་བདག་ནག་པོའི་སྲུང་འཁོར་བསྒོམ་པར་བྱ། །དེ་བཞིན་ཉིད་ཀྱི་ཏིང་འཛིན་ནི། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། ཆོས་ཀུན་ཀ་ནས་དག་པའི་སྤྲོས་བྲལ་ངང་། །དྷརྨ་དྷཱ་ཏུ་ཨཱཿ ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི། མ་རྟོགས་འགྲོ་ལ་ཀུན་ཁྱབ་སྙིང་རྗེའི་གདངས། །བོ་དྷི་ཙིཏྟ་ཧཱུྃ། རྒྱུའི་ཏིང་ངེ་འཛིན་ནི། འགག་མེད་རང་རྩལ་རིག་པ་ཧཱུྃ་མཐིང་ནག །དེ་ལས་འོད་འཕྲོས་རྩེ་མོར་རཾ་ཡཾ་ཁཾ། །རིམ་བྱུང་དངོས་འཛིན་ཐམས་ཅད་བསྲེགས་གཏོར་བཀྲུས། །ཧཱུྃ་ལས་ཨེ་ཡཾ་རཾ་བཾ་ལཾ་ཡིག་ལྔ། །རིམ་ཆད་ནམ་མཁའ་མཐིང་ནག་གྲུ་གསུམ་སྟེང་། །རླུང་ལྗང་རྡོ་རྗེའི་རྒྱ་གྲམ་ལྟེ་བ་ལ། །མེ་ཕུང་དམར་པོ་ཟུར་གསུམ་འབར་ཞིང་འཕྲོ། །ཆུ་དཀྱིལ་དཀར་པོ་དབྱིབས་ཟླུམ་རྦ་རླབས་འཁྲུགས། །གསེར་གྱི་ས་ཆེན་གྲུ་བཞི་བརྡལ་བའི་སྟེང་། །བྷྲཱུྃ་ཆད་མཆོད་རྟེན་དཀར་པོ་འོད་ལྔ་པ། །ཐབས་ཤེས་དབྱེར་མེད་དབྱངས་གསལ་རྒྱུ་ལས་གྲུབ། །ངོ་བོ་རྡོ་རྗེའི་ཕ་ལམ་རྣམ་པ་ནི། །བྱང་ཆེན་མཆོད་རྟེན་གདན་ཁྲི་བང་རིམ་གསུམ། །རི་རབ་བང་རིམ་བཞི་སྟེང་བུམ་པ་བྲེ། །ཆོས་འཁོར་གདུགས་ཏོག་ཉི་ཟླ་ནོར་བུར་བཅས། །ཕྱོགས་བཅུར་འོད་འཕྲོ་སྟོང་གསུམ་ཁེངས་པར་གྱུར། །བུམ་པའི་ནང་དུ་རྒྱུ་ལས་ཧཱུྃ་ཆད་པས། །གསེར་གྱི་རྡོ་རྗེ་རྒྱ་གྲམ་ར་དབྲག་ཏུ། །རྡོ་རྗེའི་ཚྭ་ཚྭ་འཕྲོ་ཞིང་ཆིལ་ཆིལ་ཁོལ། །ལྟེ་བ་ག་འུ་ཁ་སྦྱོར་དབྱིབས་ཅན་ནང་། །པད་ཟླ་ཉི་སྟེང་ཤེལ་གྱི་རྡོ་རྗེ་དཀར། །འོད་ཟེར་ཀུན་འཕྲོའི་ལྟེ་བར་ཧཱུྃ་དེ་ལས། །འོད་འཕྲོས་སྣེ་ལ་ཡ་མ་ཏི་ར་བཾ། །ཡོངས་གྱུར་གཤིན་རྗེ་ཕོ་མོའི་གདན་གྱི་སྟེང་། །མ་ཧེ་གླང་རྒོད་ཟུང་གཉིས་ཀྱིས་གཏེགས་པའི། །པདྨ་ཉི་ཟླའི་སྟེང་དུ་རྒྱུའི་ཡི་གེ །ཧཱུྃ་ཡིག་མཐིང་ག་འོད་ཟེར་ལྔ་ལྡན་བབས། །དེ་ལས་འོད་འཕྲོས་ཚུར་འདུས་ཞུ་བ་ལས། །གནམ་ལྕགས་རྡོ་རྗེ་རྩེ་དགུ་ཧཱུྃ་མཐིང་གིས། །མཚན་པ་ལས་འཕྲོས་འཕགས་པའི་ཚོགས་རྣམས་མཆོད། །སེམས་ཅན་དོན་བྱས་ཚུར་འདུས་ཡོངས་གྱུར་ལས། །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ་ཕཊ། རང་ཉིད་འཇམ་དཔལ་གཤིན་རྗེའི་གཤེད་མཐིང་ནག །དབུ་གསུམ་ཕྱག་དྲུག་ཞབས་བཞི་དོར་སྟབས་བགྲད། །ཞལ་གཡས་དཀར་ལ་བཞད་ཅིང་གཡོན་དམར་གཤེ། །དབུས་མ་མཐིང་ནག་རྔམ་པའི་ཞལ་རེ་རེར། །དམར་ལ་རབ་ཟླུམ་སྤྱན་གསུམ་གཡོ་ཞིང་འཁྲུགས། །སྦྲུལ་ནག་གདུག་པས་སྙན་གོང་གཡས་གཡོན་བརྒྱན། ཁྲོ་གཉེར་སྨིན་མའི་མཚམས་བསྡུས་ཤངས་གཉེར་བ། །ལྗགས་འདྲིལ་མཆེ་བ་བཞི་གཙིགས་ཞལ་གདངས་ནས། །ཨཱ་རལླི་སྒྲོག་སྨིན་མ་དམར་སེར་འཁྱུག །ཁམ་སེར་དབུ་སྐྲ་གྱེན་བརྫེས་ཕྱག་གཡས་ཀྱི། །དང་པོས་རྣོ་ངར་རྩིབས་བརྒྱད་འཁོར་ལོ་བསྐོར། །བར་པ་རལ་གྲི་རྡོ་རྗེ་རྩེ་དགུ་མཐའ། །ཕྱག་གཡོན་དང་པོས་ལྕགས་ཀྱུ་གཏུན་ཤིང་བར། །འོག་མ་སྡིགས་མཛུབ་རྩེ་ལ་མེ་དཔུང་འཕྲོ། །ཞབས་བཞི་གཡས་བསྐུམ་གཡོན་བརྐྱང་གར་གྱིས་བཞེངས། ཁྲག་འཐུང་རིགས་ལྔ་ནང་བཞུགས་ཐོད་སྐམ་ལྔས། །དབུ་བརྒྱན་ར་རི་ཉེར་གཅིག་མགུལ་པར་འཕྱང་། ཁྲག་འཛག་ཐོད་རློན་ལྔ་བཅུའི་སེ་རལ་ཁ། །གླང་ཆེན་ཀོ་རློན་སྟོད་གཡོགས་ཞིང་པགས་ཀྱིས། །རྐེད་བཅིངས་སྟག་ཤམ་སྨད་དཀྲིས་སྦྲུལ་རིགས་ལྔའི། །དཀར་ཁྲས་དབུ་སྐྲ་བཅིངས་ཤིང་སེར་ཁྲ་ཡིས། །ཕྱག་གདུབ་དམར་ཁྲས་སྐ་རགས་ཞབས་གདུབ་ལྗང་། །ནག་ཁྲས་སེ་རལ་ཁ་བྱས་སྨིན་མཚམས་དང་། །སྐུ་ཡི་ཉྭ་སུལ་ཐལ་ཆེན་ཚོམ་བུས་བྱུགས། །མཁུར་ཚོས་དཔྲལ་བ་རཀྟའི་ཐིག་ལེས་བརྒྱན། །ཞག་གི་སོར་རིས་ལྐོག་མ་བྲང་ལ་བཤལ། །བ་སྤུའི་བུ་གར་ཁྱུང་ནག་མེ་གཤོག་དང་། །རྡོ་རྗེ་རྩེ་ལྔས་གཏམས་ལས་མེ་སྟག་འཕྲོ། །སྐུ་ལས་སྤྲུལ་པའི་ཕོ་ཉ་གྲངས་མེད་བགྱེད། །ལས་ཀྱི་གཤིན་རྗེ་བསམ་མི་ཁྱབ་ཀྱིས་བསྐོར། །ལུས་ལས་འབར་བའི་ཡེ་ཤེས་མེ་དཔུང་གིས། །རྡོ་རྗེའི་ཚྭ་ཚྭ་འཕྲོ་བའི་ཀློང་ན་བཞུགས། །སྤྱི་བོར་ཡེ་ཤེས་ཁྱུང་ནག་ཁྲོ་བོའི་ཞལ། །རྡོ་རྗེའི་མཆུ་ལྡན་ཉི་ཟླའི་སྤྱན་གསུམ་ཟླུམ། །གནམ་ལྕགས་རྭ་དབྲག་ནོར་བུའི་རྒྱན་གྱིས་སྤྲས། ཁམ་ནག་དབུ་སྐྲ་གྱེན་འཁྱིལ་ལྕགས་སྡེར་གྱིས། །དཀར་ནག་སྦྲུལ་བཟུང་མཇུག་མ་ཞབས་ཀྱིས་མནན། །མགོ་བོ་ཞལ་གསོལ་སྤུ་ཕྲན་མཚོན་ཆར་གཏམས། །བསྐལ་པའི་མེ་འབར་སྤུ་གྲིའི་སྒྲོ་གཤོགས་ཚོགས། །བརྡབ་པས་ས་བདག་ཀླུ་གཉན་མ་ལུས་འདུལ། །གཙོ་བོའི་ཐུགས་ཀར་འཁོར་ལོ་རྩིབས་བཞིའི་སྟེང་།  །འཇམ་དཔལ་གསེར་མདོག་ཞལ་གཅིག་ཕྱག་གཉིས་ཀྱི། །གཡས་པས་ཤེས་རབ་རལ་གྲི་དཔུང་ཐད་འཛིན། །ཨུཏྤལ་ཡུ་བ་གཡོན་པའི་མཐེབ་སྲིན་གྱིས། །ཐུགས་ཀར་བཟུང་བའི་འདབ་མ་སྙན་ཐད་དུ། །རྒྱས་པའི་སྟེང་ན་ཤེར་ཕྱིན་གླེགས་བམ་མཚན། །ཟུར་ཕུད་ལྔ་ལྡན་དར་དང་རིན་ཆེན་བརྒྱན། །རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཞི་འཛུམ་ཞལ། །ནང་དུ་གཟིགས་ནས་སྲུང་བའི་ལས་མཛད་གྱུར།  །ལྟེ་བར་པད་ཟླ་ཉི་སྟེང་རིན་པོ་ཆེ། །སྣ་ཚོགས་ལས་གྲུབ་མཆོད་རྟེན་འོད་ལྔ་འཕྲོ། །བུམ་ནང་པད་ཟླའི་གདན་གནས་མཐིང་ནག་ཧཱུྃ། །ཡོངས་གྱུར་གསེར་གྱི་རྡོ་རྗེ་རྩེ་ལྔའི་རྭ། །ཡར་ལྔར་རིགས་ལྔ་ཡབ་དང་མར་ལྔར་ཡུམ། །སྐུ་མདོག་ཕྱག་མཚན་རྒྱན་རྫོགས་ཞལ་ནང་གཟིགས། །ལྟེ་བར་ཨཱ་དི་ཀཱ་དི་ལས་གྲུབ་པའི། །དཀར་དམར་ཉི་ཟླའི་ག་འུ་ཁ་སྦྱར་ནང་། །བྷྲཱུྃ་ཡིག་ཁོག་པར་མཐིང་ནག་མདོག་ལྡན་ཧཱུྃ། །འོད་འབར་བསྲུང་བྱ་དང་བཅས་དེ་ཡི་མཐར། །ཨེ་ཀ་ཡ་མ་དུ་རུ་ཙཀྲ་དང་། །དཀར་དམར་དབྱངས་གསལ་ཐབས་ཤེས་ཚུལ་གྱིས་བསྐོར། །རང་གི་ཐུགས་ལས་དམར་ནག་འོད་འཕྲོས་རྩེར། །སྨུག་ནག་མདོག་ལྡན་བྷྱོ་ཡིག་གཡོན་དུ་ཆད། །འཕྲོ་འདུས་ཡོངས་གྱུར་མ་མོ་ཁྲག་མིག་མ། །སྨུག་ནག་ཞལ་གཅིག་ཕྱག་གཉིས་འཇིགས་པའི་གཟུགས། །གཅེར་བུ་རྒྱན་མེད་ཕྱག་གཡས་ལྕགས་ཀྱུ་ཕྱར། །གཡོན་པ་ཐོད་པ་ཁྲག་གང་ཐུགས་ཀར་བསྣམས། །གཟིག་ཤམ་དཀྲིས་ཤིང་ཞབས་གཉིས་དོར་སྟབས་བགྲད། །མ་མོ་བྱེ་བ་ས་ཡའི་འཁོར་ཚོགས་བཅས། །རང་ལུས་ལས་འཕྲོས་མེ་དཔུང་རབ་འབར་དབུས། །བཞུགས་པའི་ཐུགས་ཀར་སྨུག་ནག་བྷྱོ་ཡི་མཐར། །ཧེ་ཀ་ཡ་མ་དུ་རུ་ཙཀྲས་བསྐོར། །སླར་ཡང་ཐུགས་ལས་དམར་ནག་འོད་འཕྲོས་རྩེར། །ཡ་ཡིག་ཁྲག་མདོག་གཡས་སུ་ཆད་པ་ལས། །སྲས་མཆོག་ཡ་མ་རཱ་ཙ་དམར་ནག་མདངས། །ཞལ་གཅིག་ཕྱག་གཉིས་གཡས་པ་བཤན་གྲི་ཕྱར། །ཕྱག་གཡོན་དོན་སྙིང་དམར་པོ་ཙ་རེ་འདྲང་། ཁྲག་འཛག་མི་ལྤགས་གཡང་གཞི་སྐུ་ལ་གསོལ། །ཞབས་གཉིས་སར་བརྡབས་སྟག་ལྤགས་ཤམ་ཐབས་དཀྲིས། །དྲེགས་པ་ལྷ་སྲིན་སྡེ་བརྒྱད་འཁོར་ཚོགས་བཅས། །སྐུ་ལས་འབར་བའི་ཡེ་ཤེས་མེ་དཔུང་ཀློང་། །བཞུགས་པའི་ཐུགས་ཀར་དམར་ནག་ཡ་ཡིག་མཐར། །གྷྲི་མ་ཡ་མ་དུ་རུ་ཙཀྲས་བསྐོར། །སླར་ཡང་ཡབ་ཡུམ་ཐུགས་ཀའི་ཧཱུྃ་བྷྱོ་ལས། །འཕྲོས་པའི་ཁྲོ་བོ་ཁྲོ་མོ་གཡས་གཡོན་དུ། །ཞལ་ནང་གཟིགས་ཏེ་སྲུང་བའི་ལས་མཛད་གྱུར། །བྱང་ཆེན་མཆོད་རྟེན་ཕྱི་རོལ་བྷྲཱུྃ་ཡིག་ལས། །གསེར་གྱི་ག་འུ་ཁ་སྦྱོར་གུར་ཁང་ཅན། །དེ་ཡི་ཕྱི་རིམ་རིགས་ལྔའི་རང་བཞིན་གུར། །ཧཱུྃ་སྥ་ར་ཎ་ཕཊ། ཁྲོ་བོ་སྔོན་པོ་རང་མདོག་རྡོ་རྗེ་ཐོགས། །རྡོ་རྗེ་སྔོན་པོས་བར་མཚམས་མེད་གཏམས་ཏེ། །བསེར་བུའི་རླུང་ཙམ་ནམ་ཡང་ཐར་མེད་གུར། །ཨོཾ་སྥ་ར་ཎ་ཕཊ། ཁྲོ་བོ་དཀར་པོ་རང་མདོག་འཁོར་ལོ་ཐོགས། །འཁོར་ལོ་དཀར་པོས་བར་མཚམས་མེད་གཏམས་ཏེ། །བསེར་བུའི་རླུང་ཙམ་ནམ་ཡང་ཐར་མེད་གུར། །ཏྲཱཾ་སྥ་ར་ཎ་ཕཊ། ཁྲོ་བོ་སེར་པོ་རང་མདོག་ནོར་བུ་ཐོགས། །ནོར་བུ་སེར་པོས་བར་མཚམས་མེད་གཏམས་ཏེ། །བསེར་བུའི་རླུང་ཙམ་ནམ་ཡང་ཐར་མེད་གུར། །ཧྲཱིཿསྥ་ར་ཎ་ཕཊ། ཁྲོ་བོ་དམར་པོ་རང་མདོག་པདྨ་ཐོགས། །པདྨ་དམར་པོས་བར་མཚམས་མེད་གཏམས་ཏེ། །བསེར་བུའི་རླུང་ཙམ་ནམ་ཡང་ཐར་མེད་གུར། །ཨཱཿསྥ་ར་ཎ་ཕཊ། ཁྲོ་བོ་ལྗང་གུ་སྣ་ཚོགས་རྡོ་རྗེ་ཐོགས། །སྣ་ཚོགས་རྡོ་རྗེས་བར་མཚམས་མེད་གཏམས་ཏེ། །བསེར་བུའི་རླུང་ཙམ་ནམ་ཡང་ཐར་མེད་གུར། །ཏིཀྵ་ཎ་མཎྜ་ལ། རལ་གྲི་ངར་མའི་འཁོར་ལོ་གཡོན་ཕྱོགས་སུ། །དྲག་ཏུ་འཁོར་བས་གནོད་བྱེད་མ་ལུས་པ། །ཉལ་ཉལ་གཅོད་ཅིང་གཏུབ་པར་བྱེད་པའི་གུར། །ཕྱི་རིམ་ཡུམ་ལྔའི་རང་བཞིན་གུར་ཁང་ནི། །ཡཾ་སྥ་ར་ཎ་ཕཊ། རླུང་ནག་འཚུབས་མའི་གུར་ནང་ཁྲོ་བོའི་ཚོགས། ཁམ་ནག་རླུང་གཡབ་མཚོན་ཆ་ཐོགས་པས་གཏམས། །རཾ་སྥ་ར་ཎ་ཕཊ། རཾ་ཛྭ་ལ་མཎྜ་ལ། དུས་མཐའི་མེ་དཔུང་འབར་བའི་གུར་ནང་དུ། ཁྲོ་བོ་དམར་ནག་མེ་དཔུང་འབར་བས་གཏམས། །བཾ་ཏཱིཀྞ་མཎྜ་ལ། ཆུ་བོ་རྦ་ཀློང་འཁྱིལ་བའི་གུར་ནང་དུ། ཁྲོ་བོ་དཀར་པོ་ཆུ་ཞགས་ཐོགས་པས་གཏམས། །ལཾ་ཏཱིཀྵ་ཎ་མཎྜ་ལ། གསེར་གྱི་རྡོ་རྗེ་རྒྱ་གྲམ་གུར་ནང་དུ། ཁྲོ་བོ་སེར་པོ་རི་རབ་ཐོགས་པས་གཏམས། །ཨེ་མཎྜ་ལ། ནམ་མཁའ་ལྕགས་ཀྱི་གུར་ནང་ཁྲོ་བོ་ནག །མཚོན་ཆ་སྣ་ཚོགས་ཆར་ལྟར་འབེབ་པས་གཏམས། །ཀུན་ཀྱང་སྲ་མཁྲེགས་རབ་འབར་ཁྲོ་ཆུང་མཚོན། །ཐོགས་དང་ནམ་མཁའི་རྡོ་རྗེ་ཕྲ་མོའི་ཚོགས། །སྤུ་གྲི་རེག་གཅོད་རླུང་དང་ཡེ་ཤེས་མེ། །ཆུ་གྲི་སྣ་ཚོགས་མཚོན་ཆའི་འཁོར་ལོ་ཡིས། །འཚུབ་མར་གཏམས་ལས་དྲག་པོའི་འོད་འཕྲོས་པས། །དགྲ་བགེགས་ཐམས་ཅད་རྒྱ་མཚོའི་ཕ་མཐར་བསྐྲད། །མ་སོང་པ་རྣམས་ཐལ་བའི་རྡུལ་བཞིན་བརླག །དེ་ཡི་ཕྱི་རོལ་རང་སྔགས་དབྱངས་གསལ་ཕྲེང་། །ཐབས་ཤེས་ཚུལ་དུ་འཁྲིགས་ལས་དགྲ་བགེགས་ཀུན། །སོད་ཅེས་སྟོང་ཉིད་རང་སྒྲ་ཆེར་སྒྲོག་པ། །ནམ་ཡང་གཞོམ་གཞིག་མེད་པའི་གུར་དུ་གྱུར། །དེ་ལྟར་གསལ་བའི་ལྷ་ཚོགས་ཐམས་ཅད་ཀྱི། །སྤྱི་བོར་འཁོར་ལོ་དཀར་པོ་རྩིབས་བརྒྱད་ཨོཾ། །མགྲིན་པར་པདྨ་དམར་པོ་འདབ་བརྒྱད་ཨཱཿ སྙིང་གར་རྡོ་རྗེ་སྔོན་པོ་རྩེ་ལྔར་ཧཱུྃ། །མཚན་པ་ལས་འཕྲོས་འོད་ཀྱིས་ཀ་དག་ཀློང་། །རང་བཞིན་གནས་ནས་འཇམ་དཔལ་གཤིན་རྗེའི་གཤེད། །ཡབ་ཡུམ་སྲས་འཁོར་སྲུང་བའི་གུར་ཁང་བཅས། །སྐད་ཅིག་ཉིད་ལ་བཛྲ་ས་མཱ་ཛཿ ཕྲིན་ལས་ཀྱི་གཞུང་ལ་དོན་བདུན་ཡོད་པའི་དང་པོར་སྤྱན་འདྲེན་པ་ནི། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །འཇམ་དཔལ་ཡབ་ཡུམ་འཁོར་བཅས་སྤྱན་འདྲེན་ནོ། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །གྲུ་གསུམ་མཐིང་ནག་འབར་བའི་གཞལ་ཡས་ནས། །འཕགས་པའི་རྒྱལ་པོ་ཁྲོ་རྒྱལ་གཤིན་རྗེའི་གཤེད། །བདག་དང་མཐའ་ཡས་སེམས་ཅན་དོན་སླད་དུ། །ཐུགས་རྗེས་དགོངས་ལ་གནས་འདིར་གཤེགས་སུ་གསོལ། །ཡུམ་མཆོག་མ་མོ་ཁྲག་མིག་གཤེགས་སུ་གསོལ། །སྲས་མཆོག་ཡ་མ་རཱ་ཛ་གཤེགས་སུ་གསོལ། །ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་མ་མོ་ཨེ་ཀ་ཙཱ་ཏི་ས་མ་ཡ་ཛཿ གཉིས་པ་བཞུགས་སུ་གསོལ་བ་ནི། ཧཱུྃ༔ གྲུ་གསུམ་མཐིང་ནག་འབར་བའི་གཞལ་ཡས་སུ༔ གཤིན་རྗེ་མ་ཧེ་ཉི་ཟླ་པདྨའི་སྟེང༔ ཁྲོ་རྒྱལ་གཤིན་རྗེ་ཡབ་ཡུམ་འཁོར་དང་བཅས༔ བརྐྱང་བསྐུམ་འགྱིང་བག་རྔམ་བརྗིད་ཚུལ་གྱིས་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ གསུམ་པ་ཕྱག་འཚལ་བ་ནི། ཧཱུྃ༔ དགྲ་བགེགས་མ་ལུས་ཐལ་བར་བརླག་བྱེད་པ༔ ཁྲོ་རྒྱལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ༔ མ་མོ་ཁྲག་མིག་མ་ལ་ཕྱག་འཚལ་ལོ༔ སྲས་མཆོག་ཡ་མ་རཱ་ཙར་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ བཞི་པ་མཆོད་པ་འབུལ་བ་ནི། ཧཱུྃ༔ འཕགས་པའི་རྒྱལ་པོ་ཁྲོ་རྒྱལ་གཤིན་རྗེའི་གཤེད༔ ཡབ་ཡུམ་སྲས་འཁོར་སྤྲུལ་པ་ཡང་སྤྲུལ་ལ༔ དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་མཆོད་ཚོགས་འབུལ༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཟས༔ སིལ་སྙན་མཆོད་པ་འབུལ་ལོ་བཞེས་སུ་གསོལ༔ ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་མ་མོ་ཨེ་ཀ་ཙཱ་ཏི་ས་པ་རི་བཱ་ར་ཨརྒྷཾ། པཱ་དྱཾ། པུཥྤཾ། དྷཱུ་པཾ། ཨཱ་ལོ་ཀཾ །གནྡྷཾ། ནཻ་བིདྱཾ། ཤབྡ་ཨཱཿཧཱུྃ། སྨན་མཆོད་ནི། གདོད་ནས་རྣམ་དག་རྩ་བརྒྱད་སྟོང་སྦྱར་སྨན། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་དམ་ཚིག་རྫས། །རྒྱུ་དྲུག་ཀུན་སྒྲོལ་དུག་ལྔ་རབ་སེལ་བ། །བདུད་རྩི་སྨན་མཆོད་འབུལ་ལོ་བཞེས་སུ་གསོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཞེས་སྨན་སྤྱིར་ཕུལ་ནས་བྱེ་བྲག་ཏུ། འཕགས་པ་འཇམ་དཔལ་རྡོ་རྗེ་རྣོན་པོ་དང་། །དགའ་རབ་རྡོ་རྗེ་འཇམ་དཔལ་བཤེས་གཉེན་ཞབས། །ཤཱནྟིཾ་གརྦྷ་ཡེ་ཤེས་སྙིང་པོ་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ནམ་མཁའི་སྙིང་པོ་རྒྱ་གར་ཁྲག་འཐུང་ནག །གཙུག་ལག་དཔལ་དགེ་རིག་འཛིན་པདྨ་འབྱུང་། །བ་སུ་དྷ་ར་གནུབས་ཆེན་སངས་རྒྱས་ལ། །སྨན་མཆོད་འབུལ་ལོ་དབང༴ ཨོཾ་ན་མཿ༴ གཏེར་སྟོན་ཞང་ཁྲོམ་ལྷ་རྗེ་གནུབས་ཆུང་དང་། །མཚུར་སྟོན་རིག་རྡོར་སྐུ་ཞང་དཔལ་ལྡན་པ། །ཚུལ་ཁྲིམས་རིན་ཆེན་བྱང་ཆུབ་མགོན་པོ་ལ། །སྨན་མཆོད་འབུལ་ལོ་དབང༴ ཨོཾ་ན་མཿ༴ མཁས་གྲུབ་ནམ་མཁའ་རིན་ཆེན་ཚུལ་ཁྲིམས་ཞབས། །རྒྱ་སྟོན་བོན་པོ་གནམ་ལྕགས་མེ་འབར་རྗེ། །མཆོག་གྲུབ་རྒྱལ་པོ་བཀྲ་ཤིས་ཕུན་ཚོགས་ལ། །སྨན་མཆོད་འབུལ་ལོ་དབང༴ ཨོཾ་ན་མཿ༴ དབུར་སྨྱོན་ཆོས་གྲགས་བསོད་ནམས་རིན་ཆེན་དཔལ། །ཕྲིན་ལས་རྣམ་རྒྱལ་ཉང་སྟོན་རིགས་ཀུན་བདག །སླར་ཡང་རིག་འཛིན་བཀྲ་ཤིས་རྒྱ་མཚོ་ལ། །སྨན་མཆོད༴ ཨོཾ་ན་མཿ༴ དུ་མ་རང་གྲོལ་ངག་དབང་ཡེ་ཤེས་གྲུབ། །ཆོས་དབྱིངས་རང་གྲོལ་སླར་ཡང་དཀོན་མཆོག་མཚན། །གཏེར་བདག་གླིང་སོགས་བཀའ་གཏེར་བླ་མ་ལ། །སྨན་མཆོད༴ ཨོཾ་ན་མཿ༴ འཇམ་དཔལ་ཚེ་བདག་ཡུམ་ཆེན་ཁྲག་མིག་མ། །ཡ་མ་རཱ་ཙ་འཆི་བདག་སྲོག་གི་བདག །ལས་གཤིན་བཀའ་ཉན་དྲེགས་བྱེད་ཕོ་ཉ་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། དངོས་གྲུབ་བླང་བ་ནི། ཨོཾ་ཨཱཿཧཱུྃ། སླར་ཡང་རིག་འཛིན་སྨྲ་བའི་འབབ་སྟེགས་སོགས་བརྗོད། གཏོར་མ་ནི། བླ་མེད་མཆོག་གི་མཆོད་པ་སྦྱར་བ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་པ། །གཏོར་མའི་མཆོད་པ་འབུལ་ལོ་བཞེས་སུ་གསོལ། །ཨོཾ་མཉྫུ་ཤྲཱི་སོགས་ཀྱི་མཐར། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། རཀྟ་ནི། གདུག་ཅན་དགྲ་བགེགས་ཁྲག་གི་དྭངས་མའི་མཚོར། །མཁའ་དབྱིངས་པདྨ་རཀྟའི་འབབ་ལྡན་ཀུན། །གཅིག་བསྡུས་མཚམས་སྤྲིན་ལ་འགྲན་དབུ་ཕྲེང་ཅན། །རཀྟའི་མཆོད་པ་འབུལ་ལོ་བཞེས་སུ་གསོལ། །ཨོཾ་མཉྫུ་ཤྲཱི་སོགས་ཀྱི་མཐར། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། སྦྱོར་སྒྲོལ་ནི། མཚན་ལྡན་གཟུངས་མ་དང་སྦྱར་བཅུ་དྲུག་ཆ། །ཡོངས་རྫོགས་དགའ་བཞིའི་བདེ་ཆེན་རབ་རྒྱས་ཤིང་། །དམ་ཉམས་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི། །སྦྱོར་སྒྲོལ་མཆོད་པ་འབུལ་ལོ་བཞེས་སུ་གསོལ། །ཨོཾ་མཉྫུ་ཤྲཱི་སོགས་ཀྱི་མཐར། མ་ཧཱ་མཱཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་ཀིཾ་ནི་རི་ཏི་ཁཱ་ཧི། བོ་དྷི་ཙིཏྟ་མ་ཏྲཾ་རུ་དྲ་པྲ་བེ་ཤ་ཡ་ཕཊ། ལྔ་པ་བསྟོད་པ་ནི། ཨེ། ཆོས་སྐུ་སྐྱེ་བ་མེད་པ་ལས༔ སྤྲོས་བྲལ་བདེ་ཆེན་དག་པའི་སྐུ༔ རང་བཞིན་གཉིས་མེད་དག་པའི་གསུང༔ མ་བསྒྲིབས་དོན་དམ་རྫོགས་པའི་ཐུགས༔ འགྲན་ཟླ་ཀུན་བྲལ་ཡོན་ཏན་ལྡན༔ འགྲོ་ཀུན་དོན་མཛད་ཕྲིན་ལས་སོགས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱིས༔ སེམས་ཅན་དོན་མཛད་གཤིན་རྗེའི་གཤེད༔ ཡབ་ཡུམ་སྲས་འཁོར་བཅས་ལ་བསྟོད༔ དྲུག་པ་བཤགས་པ་ནི། བདག་གིས་ཚེ་རབས་ཐོག་མེད་ཚུན་ཆད་ནས༔ ད་ལྟའི་ལུས་འདི་བླངས་པ་ཡན་ཆད་དུ༔ ལུས་ཀྱིས་སྡིག་བྱས་སྤྱོད་པ་ངན་དུ་སྤྱད༔ ངག་གིས་ཚིག་ཀྱལ་སྨྲ་བ་མང་དུ་བརྗོད༔ ཡིད་ཀྱིས་བློ་ནོར་ལོག་པར་སེམས་ལ་སོགས༔ འདོད་ཁྲོ་གཏི་མུག་དབང་གིས་ལས་སྤྱད་ཀུན༔ བཀྲམ་པའི་ལྷ་ཚོགས་རྣམས་ལ་བཟོད་པར་གསོལ༔ ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང༔ དེ་ཡི་འཁོར་དུ་གཏོགས་པའི་དྲེགས་པ་རྣམས༔ མི་ཡི་སྐྱོན་མཐོང་ཙམ་ནས་བརླག་པར་མཛད༔ ནོར་འཁྲུལ་ཆག་ཉམས་མཆིས་ན་བཟོད་པར་གསོལ༔ བཟོད་པར་བཞེས་ལ་ཚངས་པའི་དངོས་གྲུབ་སྩོལ༔ འདི་ཕྱིའི་རྐྱེན་དང་སྒྲིབ་པར་མི་འགྱུར་གསོལ༔ དབྱངས་གསལ་དང་གཤིན་རྗེ་གཤེད་ཀྱི་ཡིག་བརྒྱ་བརྗོད། སྡེ་བརྒྱད་བྲན་དུ་རབ་འཁོལ་སྙིང་རྗེ་ཆེས། །གདུག་པ་ཅན་རྣམས་དུས་གཅིག་བརླག་ནུས་ཤིང་། །གཞན་གྱི་བྱད་སྟེམས་རིག་སྔགས་སྦྱོར་ངན་གྱིས། །ཚུགས་པར་ནུས་མིན་མཐུ་རྩལ་ལྡན་པར་གྱུར། །དག་པ་དྲན་ཞིང་ང་རྒྱལ་བརྟན་པ་ནི། ཧཱུྃ། ང་ནི་འཇམ་དཔལ་གཤིན་རྗེའི་གཤེད། །སྣང་སྲིད་འཁོར་འདས་ང་ལས་བྱུང་། །སངས་རྒྱས་སེམས་ཅན་ང་ལ་གནས། །སྐུ་གསུམ་ང་ཡི་རང་བཞིན་ཡིན། །ལྷ་སྲིན་སྡེ་བརྒྱད་ང་ལས་བྱུང་། །གཤིན་ནི་སྐྱེ་བ་མེད་པ་སྟེ། །རྗེ་ནི་འགག་པ་མེད་པའི་དོན། །གཤེད་ཅེས་བྱ་བ་མཐའ་གཉིས་བྲལ། །དེ་ཕྱིར་གཤིན་རྗེ་ཚེ་བདག་ཡིན། །མཚན་ཙམ་ཐོས་ཡོན་བསམ་མི་ཁྱབ། །བསྒྲུབ་ན་ལང་ཚོ་ང་དང་མཉམ། །བདུན་པ་འཛབ་བཟླ་བ་ནི། གཙོ་འཁོར་རྣམ་ཀྱི་ཐུགས་ཀའི་ཧཱུྃ་ཡིག་ལས། །འཕྲོས་པའི་འོད་ཟེར་ཁ་དོག་སྣ་ཚོགས་པ། །ལས་བྱེད་ཕོ་ཉ་སྤྲུལ་པ་ཡང་སྤྲུལ་དང་། །སུམ་སྤྲུལ་ཁྲོ་བོ་ཁྲོ་མོ་དཔག་མེད་ཚོགས། །སྤྲོས་པས་རང་གཞན་བསྲུང་བྱ་ཐམས་ཅད་ཀྱི། །ཚེ་དང་སྲོག་གི་ངོ་བོ་ནྲྀའི་རྣམ་པར། །ལྷ་སྲིན་སྡེ་བརྒྱད་རྣམས་ཀྱིས་བརྐུས་ཕྲོགས་ནས། །མཐོ་བ་ནམ་མཁའ་དམའ་བ་དམྱལ་བའི་ས། །ཉི་ཟླའི་ཐེམ་བར་སྤྲིན་གྱི་གོ་བར་ཁྲོད། །རི་རབ་ལྕོགས་བར་འཛམ་གླིང་ཡུལ་གྲུ་སོགས། །ས་འོག་ས་སྟེང་ས་བླ་གར་ཁྱེར་ཞིང་། །སྦས་དང་བསྐུངས་ནས་ཡོད་པ་མ་ལུས་པ། །སྤྲུལ་པའི་ཕོ་ཉ་ཁྲོ་བོ་ཁྲོ་མོའི་ཚོགས། །ཡེ་ཤེས་སྤྱན་ལྡན་རྣམས་ཀྱིས་ཉེར་གཟིགས་ནས། །གནོད་བྱེད་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླགས། །ཚེ་སྲོག་ཡི་གེའི་གཟུགས་ཅན་དེ་ཕྲོགས་ནས། །ཧཱུྃ་གི་རྣམ་པར་རང་གཞན་བསྲུང་བྱ་ཡི། །ཐུགས་ཀར་བསྟིམས་པས་སྲོག་མཐུད་ཚེ་ཉམས་སྤེལ། །སླར་ཡང་ཐུགས་ཀའི་འོད་ཟེར་འཕྲོ་འདུ་ཡིས། །བླ་མ་ཡི་དམ་བདེ་གཤེགས་ཞི་ཁྲོའི་ལྷ། །སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོའི་ཚོགས། །ཕོ་རྒྱུད་མོ་རྒྱུད་ཆོས་སྐྱོང་བྱིན་རླབས་མཐུ། །ལྷ་སྲིན་སྡེ་བརྒྱད་རྣམས་ཀྱི་སྲོག་གི་སྙིང་། །ལྷ་མིའི་ཚེ་དཔལ་བསོད་ནམས་དབང་ཐང་དང་། །ས་ཆུ་མེ་རླུང་འབྱུང་བ་རྣམ་ལྔའི་བཅུད། །ཐམས་ཅད་རང་དབང་མེད་པར་བཀུག་ནས་ནི། །བདག་གཞན་བསྲུང་བ་ཀུན་དང་དབྱེར་མེད་པར། །ཐིམ་པས་བཀྲག་མདངས་མཐུ་སྟོབས་ལྡན་པར་གྱུར། །ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲས་སྲུངས༔ ཧེ་ཀ་ཡ་མ་དུ་རུ་ཙཀྲས་སྲུངས༔ གྷྲི་མ་ཡ་མ་དུ་རུ་ཙཀྲས་སྲུངས༔ སརྦ་ཙིཏྟ་གཟེར་ཐུམ་བྷིག་ནན་ཏྲིག་ནན་རྦད་ཡ་ཟློག་ཡ༔ སཾ་གྷྲི་ཝ་རི་ནྲྀ་བྷྲཱུྃ་ཧཱུྃ་ཛ༔ བདག་ཅག་དཔོན་སློབ་མི་ནོར་འཁོར་དང་བཅས་པ་ལ་རཀྵ་རཀྵ་སྭཱ་ཧཱ། ཞེས་པའི་སྔགས་ཕྲེང་རང་ཉིད་ལྷར་གསལ་བའི། །ཕྱི་རིམ་འོད་ཟེར་གཡས་སུ་ཡོངས་བསྐོར་ཞིང་། །ལྷ་རྣམས་ཞལ་ནས་སྲུང་བའི་སྔགས་ཀྱི་སྒྲ། །དིར་དིར་རབ་སྒྲོག་གུར་ཁང་ཚོགས་ལས་ཀྱང་། །འབྲུག་སྟོང་དུས་གཅིག་ལྡིར་བ་ལྟ་བུའི་སྒྲས། །སྲིད་པ་གསུམ་ཁྱབ་བདག་གཞན་བསྲུང་བྱ་ལ། །འཚེ་བའི་རིག་སྔགས་བྱད་སྟེམས་རྦོད་གཏོང་དང་། །ལྷ་སྲིན་སྡེ་བརྒྱད་གནོད་པ་ལས་བསྐྱབས་གྱུར། ཁམས་གསུམ་མ་ལུས་གཞལ་ཡས་ཆེན་པོར་བལྟ། །གཟུགས་སྣང་མ་ལུས་ཁྲོ་རྒྱལ་ཆེན་པོར་རྫོགས། །གྲགས་སྟོང་སྒྲ་རྣམས་བཟླས་བརྗོད་སྔགས་སུ་རྫོགས། །སྲིད་གསུམ་མ་ལུས་ཆོས་ཉིད་རོལ་པའི་རྒྱན། །དུག་གསུམ་རྣམ་དག་སྐུ་གསུང་ཐུགས་སུ་རྫོགས། །རང་བྱུང་དུག་ལྔ་ཡེ་ཤེས་ཆེན་པོ་ལྔ། །འཁོར་འདས་དབྱེར་མེད་ཁྲོ་རྒྱལ་གཤིན་རྗེའི་གཤེད། །གཟུང་འཛིན་རྣམ་དག་མཚན་མའི་ཡུལ་ལས་འདས། །ཞེས་གདེང་གསུམ་གསལ་བཏབ་པ་ལས་མི་གཡེལ་བས་གོང་གི་བསྙེན་པ་ཐུན་དྲུག་ཏུ་བཅད་ནས་ཉམས་སུ་ལེན་ཚུལ་མན་ངག་ལྟར་བྱས་ཏེ་རྟགས་མ་བྱུང་གི་བར་དུ་འབད་ཅིང་། མཇུག་སྡུད་ཀྱི་རིམ་པ་རྣམས་འཁྲུལ་པ་མེད་པར་བྱ་བ་ནི་གནད་དམ་པའོ། །བཟློག་པ་ནི། རྩ་ཕྱག་མཐིལ་གཉིས་ཟླ་ཉི་ཐབས་ཤེས་ཚུལ། །ལྷ་ཚོགས་ཞལ་ཕྱིར་གཟིགས་ནས་ཟློག་པའི་སྔགས། །སྒྲོག་ཅིང་གུར་ཁང་ལས་ཀྱང་འབྲུག་སྟོང་ལྟར། །ལྡིར་བས་རྦོད་གཏོང་ལྷ་སྲིན་གནོད་པ་ཟློག །སྔགས་ཕྲེང་ལས་འཕྲོས་འོད་ཟེར་གྱིས་བསྐོར་བའི། །འཕྲོ་འདུས་བྱད་མའི་སྟེང་དུ་བབས་པར་གྱུར། །གཙོ་འཁོར་རྣམས་ཀྱི་ཐུགས་ཀའི་ས་བོན་དང། །བ་སྤུའི་བུ་ག་ནས་ཐོན་ལས་བྱེད་ཀྱི། ཁྲོ་བོ་ཁྲོ་མོ་མཚོན་ཆ་སྣ་ཚོགས་པ། །ཐོགས་ཏེ་སྐར་ལྟར་འཁྲུག་ཅིང་གློག་ལྟ་བུར། །འཁྱུག་པ་རྣམས་ཀྱིས་བྱད་མ་རྦོད་གཏོང་མཁན། །ལྷ་དང་སྲུང་མར་བཅས་ཀུན་ཕར་བཟློག་ཅིང་། །མེས་བསྲེགས་རླུང་གིས་རབ་གཏོར་ཆུ་ཡིས་བཤལ། །སས་མནན་ཐལ་བ་བུན་བུན་བཞིན་དུ་བཏང་། །ལྷག་མ་ལུས་པ་སྟོབས་ཅན་ཚུར་བྱུང་ནས། །མཚོན་ཆས་གཏུབས་པས་ཉེ་བར་མ་ནུས་ནས། །བྱད་མ་མཁན་པོའི་སྟེང་དུ་རྦད་འདྲེའི་ཚོགས། །བབས་པས་རང་གཤེད་རང་ལ་རྣམ་པར་དབབ། །ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲས་ཟློག༔ ཧེ་ཀ་ཡ་མ་དུ་རུ་ཙཀྲས་ཟློག༔ གྷྲི་མ་ཡ་མ་དུ་རུ་ཙཀྲས་ཟློག༔ སརྦ་ཙིཏྟ་གཟེར་ཐུམ་བྷིག་ནན་ཏྲིག་ནན་རྦད་ཡ་ཟློག་ཡ༔ དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པའི་ཤ་ལ་རྒྱུག༔ སྙིང་ལ་མཱ་ར་ཡ་རྒྱུག༔ དབུགས་ལ་རྒྱུག༔ སྲོག་ལ་མཱ་ར་ཡ་རྒྱུག༔ ཁྲག་ལ་རྒྱུག༔ རྩ་ལ་མཱ་ར་ཡ་རྒྱུག༔ ཧཱུྃ་ཕཊ༔ དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་ཟློག་ཡ༔ ཞེས་འབད་དེ་བཟླ། གཡས་གཡོན་ཕྱག་མཐིལ་ཟླ་ཉིའི་དཀྱིལ་འཁོར་བར༔ དགྲ་བགེགས་གནོད་བྱེད་ལྷ་དང་སྲུང་མ་རྣམས༔ བརྡབ་ཅིང་གཅར་བས་ཤ་ཁྲག་རུས་པ་རྣམས༔ འཆི་བདག་གཤིན་རྗེའི་ཚོགས་ཀྱིས་ཧབ་ཟོས་གྱུར༔ ཅེས་གསལ་བཏབ་པས་བདེན་སྟོབས་ལན་གསུམ་བརྗོད་པ་དང་བསྟུན་ནས་ཐལ་མོ་བརྡབ། ཐུན་གཏོར་སྤྲོ་ན་དགུག་གཞུག་བྱ། གཏོར་མའི་དངོས་འཛིན་རཾ་ལས་མེས་བསྲེགས། ཡཾ་ལས་རླུང་གིས་གཏོར། ཁཾ་ལས་ཆུས་བཀྲུས། ཨོཾ་ཨཱཿཧཱུྃ་གིས་རྣམ་པ་དགྲ་བགེགས་ཀྱི་ཤ་ཁྲག་ངོ་བོ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཅེས་བརླབ། སྒྲུབ་སྔགས་གསུམ་དང་། ཨོཾ་ར་ཏྲི་སྲོག་ལ་མཱ་ར་ཡ་རྦད། ཀླུ་བདུད་ནག་པོ་དགྲ་བོའི་སྲོག་ལ་མཱ་ར་ཡ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དགྲ་བགེགས་ཀྱི་ཤ་ཁྲག་རུས་གསུམ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བསྔོ། བསྟོད་རིང་ནི། ཨྱཻ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དམ་པ་ནས༔ གཤིན་རྗེ་མ་ཧེ་ཉི་ཟླ་པདྨའི་སྟེང༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད་པོ་ནི༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་ཞལ་དཀར་ལ་བཞད་པས་ཀླུ་འབུམ་གསོལ༔ གཡོན་ཞལ་དམར་ལ་གདངས་པས་གཉན་ཁྲི་གསོལ༔ དབུས་ཞལ་མཐིང་ལ་རྔམས་པས་ས་བདག་གསོལ༔ ཕྱག་གཡས་དང་པོ་འཁོར་ལོས་དགྲ་བགེགས་གཏུབ༔ བར་པ་རལ་གྲིས་དགྲ་བགེགས་སྲོག་རྩ་གཅོད༔ ཐ་མ་རྡོ་རྗེས་དགྲ་བགེགས་རྡུལ་དུ་རློག༔ ཕྱག་གཡོན་དང་པོ་ལྕགས་ཀྱུས་དགྲ་བགེགས་འགུག༔ བར་པ་གཏུན་ཤིང་དགྲ་བགེགས་རྣམས་ལ་བརྡེག༔ ཐ་མ་སྡིགས་མཛུབ་དགྲ་བགེགས་རྣམས་ལ་གཟིར༔ ཞབས་བཞི་གཡས་བསྐུམ་གཡོན་བརྐྱང་དགྲ་བགེགས་བརྫིས༔ ཐོད་སྐམ་ར་རི་ཐོད་རློན་ཕྲེང་བ་ཡིས༔ དབུ་རྒྱན་མགུལ་རྒྱན་དོ་ཤལ་མཛེས་པར་བརྒྱན༔ གླང་ཆེན་ཞིང་དང་སྟག་ལྤགས་སྐུ་ལ་གསོལ༔ རྒྱལ་རིགས་བྲམ་ཟེ་དམངས་རིགས་རྗེ་རིགས་དང༔ གདོལ་པའི་རིགས་མཚོན་སྦྲུལ་ལྔས་དབུ་ཞབས་བརྒྱན༔ རཀྟ་སོར་རིས་ཐལ་ཆེན་གསུམ་གྱིས་སྤྲས༔ བསྐལ་པའི་མེ་དཔུང་དབུས་ན་འགྱིང་པར་བཞུགས༔ སྤྱན་བགྲད་ཤངས་གཉེར་ཞལ་གདངས་ལྗགས་འདྲིལ་ཞིང༔ མཆེ་བ་རབ་གཙིགས་དགྲ་བོའི་དོན་སྙིང་ཟ༔ སྤྱི་གཙུག་ཁྱུང་ནག་མེ་ཡི་གཤོག་པ་ཅན༔ རྭ་དང་མཆུ་སྡེར་གནམ་ལྕགས་འབར་བ་ཡིས༔ ཀླུ་གཉན་ས་བདག་མ་ལུས་གསོད་ཅིང་གནོན༔ བ་སྤུ་ཁྱུང་དང་རྡོ་རྗེས་རབ་ཏུ་གཏམས༔ ལྷ་སྲིན་སྡེ་བརྒྱད་ཕོ་ཉ་དགྲ་ལ་འགྱེད༔ དམིགས་པ་གང་ཡིན་དེ་ཉིད་ད་ལྟ་བརླག༔ ཁྲོ་རྒྱལ་གཤིན་རྗེའི་ཐུགས་དམ་དུས་ལ་བབས༔ གཤིན་རྗེ་བྱེ་བ་ས་ཡ་དགྲ་ལ་བྷྱོ༔ བ་ལིཾ་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ བྱད་མ་ལྷ་སྲུང་རང་གཤེད་རང་ལ་ཕོབ༔ ཧཱུྃ༔ ཁྲོ་རྒྱལ་ཆེན་པོའི་གཡོན་གྱི་ཕྱོགས་ན་ནི༔ གསོད་བྱེད་ཡུམ་ཆེན་མ་མོ་ཁྲག་མིག་མ༔ སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་མ༔ གཅེར་བུ་རྒྱན་མེད་གཟིག་ཤམ་སྤྱན་བགྲད་ཁྲོ༔ ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་རྐན་སྒྲ་བརྡབ༔ ཕྱག་གཡས་ལྕགས་ཀྱུས་དགྲ་བགེགས་དབང་མེད་འགུག༔ ཕྱག་གཡོན་ཉམས་པའི་ཐོད་ཁྲག་ཞལ་དུ་གསོལ༔ ཞབས་གཉིས་དོར་སྟབས་རབ་བགྲད་དགྲ་བགེགས་གནོན༔ ཨེ་ཀ་ཙཱ་ཏིའི་ཐུགས་དམ་དུས་ལ་བབ༔ འཁོར་གྱི་མ་མོའི་དམག་ཚོགས་དགྲ་ལ་བྷྱོ༔ བ་ལིཾ་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ བྱད་མ་ལྷ་སྲུང་རང་གཤེད་རང་ལ་ཕོབ༔ ཧཱུྃ༔ གཡས་ན་སྲས་མཆོག་ཡ་མ་རཱ་ཛ་ནི༔ སྐུ་མདོག་སྨུག་ནག་ཞལ་གཅིག་ཕྱག་གཉིས་པ༔ རབ་འཇིགས་གཅེར་བུ་ཞབས་གཉིས་བརྐྱང་བསྐུམ་བཞུགས༔ མི་ལྤགས་གཡང་གཞི་སྟག་ལྤགས་སྐུ་ལ་གསོལ༔ ཕྱག་གཡས་བཤན་གྲིས་དགྲ་བགེགས་མ་ལུས་གཏུབ༔ ཕྱག་གཡོན་དགྲ་བགེགས་རྣམས་ཀྱི་དོན་སྙིང་འདྲད༔ ཡ་མ་རཱ་ཛའི་ཐུགས་དམ་དུས་ལ་བབ༔ འཁོར་གྱི་ལས་མཁན་སྡེ་བརྒྱད་དགྲ་ལ་བྷྱོ༔ བ་ལིཾ་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ བྱད་མ་ལྷ་སྲུང་རང་གཤེད་རང་ལ་ཕོབ༔ ཨེ༔ གཞན་ཡང་ཁྲོ་རྒྱལ་ཆེན་པོ་ཁྱོད་རྣམས་ལ༔ ཕྲིན་ལས་བཅོལ་བ་འདི་རྣམས་ད་མཛོད་ཅིག༔ རྡོ་རྗེ་སློབ་དཔོན་སྐུ་ལ་སྨོད་པ་དང༔ ཡི་དམ་སྨོད་ཅིང་བརྙས་པར་བྱེད་པ་དང༔ དཀོན་མཆོག་གསུམ་ལ་སྨོད་ཅིང་ཆོས་སྐྱོང་སྨོད༔ བསྙེན་སྒྲུབ་ཟབ་མོའི་བར་ཆད་བྱེད་པ་དང༔ མཆེད་ལ་འཁུ་ཞིང་དམ་ལས་ལྡོག་པ་དང༔ དམ་ཚིག་ཅན་ལ་གནོད་པ་བྱེད་པ་ཡི༔ སྡང་བའི་དགྲ་དང་གནོད་པར་བྱེད་པའི་བགེགས༔ རིངས་པར་ཁུག་ལ་སྲོག་དང་ད་ཕྲོལ་ཅིག༔ དབང་དུ་སྡུས་ལ་རྡུལ་དུ་ད་རློགས་ཤིག༔ བཅོལ་པའི་ཕྲིན་ལས་མྱུར་དུ་གྲུབ་པར་མཛོད༔ དྲག་ཏུ་བསྐུལ་བ་ནི། ཨེ༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཆེན་པོ་ཡི༔ དྲག་པོ་གྲུ་གསུམ་ཨེ་ཡི་གཞལ་ཡས་ནས༔ ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་གི་གདན༔ ལྟོ་འཕྱེ་ཕྱོགས་སྐྱོང་ཟླ་ཉི་བརྩེགས་པའི་སྟེང༔ བཅོམ་ལྡན་ཟིལ་གནོན་ཚེ་བདག་ནག་པོའི་སྐུ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་ཞལ་དཀར་ལ་བཞད་པས་རྒོད་རྒོད་འདྲ༔ གཡོན་ཞལ་དམར་ལ་གདངས་པས་ཆགས་ཆགས་འདྲ༔ དབུས་ཞལ་མཐིང་ལ་རྔམ་པས་ཁྲོ་ཁྲོ་འདྲ༔ སྐུ་ཆེ་ཡན་ལག་རགས་པས་འཇིགས་འཇིགས་འདྲ༔ རྒྱན་དང་ཆ་ལུགས་ལྡན་པས་ཆས་ཆས་འདྲ༔ མཚན་དང་དཔེ་བྱད་ལྡན་པས་བརྗིད་བརྗིད་འདྲ༔ བདུད་བཞི་ཐལ་བར་རློག་པས་དཔའ་དཔའ་འདྲ༔ བསྐལ་པའི་མེ་དཔུང་བཞུགས་པས་འབར་འབར་འདྲ༔ རྒྱུད་དྲུག་ཐུགས་རྗེས་འདྲེན་པས་བརྩེ་བརྩེ་འདྲ༔ དེ་འདྲའི་ཐུགས་རྗེས་ཁྲོ་ཆེན་སྐུ་བཞེངས་འཚལ༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ གློག་ལྟར་མྱུར་བའི་ཐུགས་རྗེས་འདིར་སྤྱོན་ལ༔ རིག་འཛིན་སྒྲུབ་པ་པོ་ལ་བྱིན་ཕོབ་ཅིག༔ ལུས་ལ་རྡོ་རྗེའི་སྐུ་ཡིས་བྱིན༴ ངག་ལ་བདེན་ཚིག་གསུང་གིས་བྱིན༴ ཡིད་ལ་རང་བྱུང་ཐུགས་ཀྱིས་བྱིན༴ ཡོན་ཏན་འགྲན་མེད་ཟིལ་གནོན་བྱིན༴ ཕྲིན་ལས་འགྲོ་འདུལ་རྣམ་བཞིས་བྱིན༴ དབང་ཆེན་དབང་སྐུར་ཟིལ་གནོན་བཅོམ་ལྡན་འདས༔ བྱིན་ཆེན་བྱིན་ཕོབ་ཟིལ་གནོན་བཅོམ་ལྡན་འདས༔ མཐུ་ཆེན་མཐུ་སྩོལ་ཟིལ་གནོན་བཅོམ་ལྡན་འདས༔ དངོས་གྲུབ་མཆོག་སྩོལ་ཟིལ་གནོན་བཅོམ་ལྡན་འདས༔ བདག་ཉིད་ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ བདག་གིས་རྩེ་གཅིག་གུས་པས་ཁྱོད་བསྒྲུབས་ན༔ ཁྱོད་ཀྱི་ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ དུས་ངན་སྙིགས་མའི་དུས་སུ་བདག་སྐྱེས་པས༔ བདག་གིས་བླ་མེད་བྱང་ཆུབ་བསྒྲུབ་པ་ལ༔ ལམ་ལ་བར་དུ་གཅོད་པའི་དགྲ་བགེགས་དང༔ བདུད་དང་ལྷ་འདྲེ་ངན་སེམས་ཅན་རྣམས་ཀྱིས༔ བདག་གི་ཚེ་སྲོག་ལམ་ལ་བར་གཅོད་རྣམས༔ དཔལ་ཆེན་ཟིལ་གནོན་འཁོར་དང་བཅས་པ་ཡིས༔ རང་དབང་མེད་པར་དབང་དུ་བསྡུས་ནས་ཀྱང༔ ཐུགས་རྗེ་གཏུམ་རྔམ་ཤུགས་ཀྱིས་བསྒྲལ་ནས་ནི༔ གྲུ་གསུམ་མཐིང་ནག་འབར་བའི་ཞལ་དུ་སྟོབས༔ གསུང་དབྱངས་དྲུག་ཅུ་ལྡན་པའི་མགུལ་དུ་སྒྲིལ༔ རྣམ་དག་སྐྱེ་མེད་ཐུགས་ཀྱི་དཀྱིལ་དུ་སྟིམས༔ སྒྲུབ་མཆོག་བདག་གི་བསམ་དོན་བྱང་ཆུབ་ལམ༔ བར་ཆད་མེད་པར་དུས་འདིར་གྲུབ་པར་མཛོད༔ བསྐུལ་ཐུང་ནི། ཧཱུྃ༔ གྲུ་གསུམ་མཐིང་ནག་འབར་བའི་ཀློང་དཀྱིལ་ནས༔ གཤིན་རྗེ་མ་ཧེ་ཉི་ཟླ་པདྨའི་སྟེང༔ ཡབ་གཅིག་ལྷ་ཡི་རྒྱལ་པོ་གཤིན་རྗེའི་གཤེད༔ སྦྱོར་བའི་ཡུམ་མཆོག་མ་མོ་ཁྲག་མིག་མ༔ སྒྲོལ་བའི་ཡུམ་མཆོག་ཨེ་ཀ་ཛཱ་ཏི་མ༔ ཐུགས་ཀྱི་སྤྲུལ་པ་སྒྲོལ་གིང་རྨེ་རུ་རྩེ༔ དུས་གསུམ་གཤིན་རྗེ་བཞི་དང་ཕྱོགས་སྐྱོང་བཅུ༔ གིང་བདུད་མ་མོ་མཁའ་འགྲོ་གྱད་གནོན་ལྷ༔ འཇམ་དཔལ་སྐུ་ཡི་རིགས་རྒྱུད་ཐུགས་དམ་ཅན༔ མི་མངོན་དབྱིངས་ནས་སྐུར་བཞེངས་བདག་བྱིན་རློབས༔ ཐུགས་དམ་རྒྱུད་བསྐུལ་ཐུགས་རྗེས་དགྲ་བགེགས་སྒྲོལ༔ ཅེས་བསྟོད། བསྐུལ་གསུམ་ག་ཤམ་བུ་དང་བཅས་པས་ཕུལ་ཏེ། ཟོར་བསྐུལ་ནི། ལྕགས་སམ་བྷནྡྷའི་སྣོད་ནང་དུ༔ འབྲུ་སྣ་ལྔ་ལ་ངར་ཕྱེ་བྱས༔ དྲག་པོའི་བཤོས་བུ་ཟུར་གསུམ་བཞེངས༔ མདའ་མདུང་མཚེ་ཡུངས་རྩང་གིས་བརྒྱན༔ མྱོས་བྱེད་དུག་དང་ཁྲག་གིས་བྱུགས༔ རྩ་བར་འདོད་ཆགས་ཁྲག་མཚོ་འཁྱིལ༔ ངོས་ལ་ཞེ་སྡང་མེ་ཆེན་འབར༔ འོག་ཏུ་གཏི་མུག་མུན་པ་འཁྲིགས༔ རྩེ་མོར་མཚོན་ཆའི་བུ་ཡུག་འཚུབ༔ རྐེད་པར་གཤིན་རྗེའི་དམག་དཔུང་བསྡུས༔ གཤིན་རྗེ་རོལ་པའི་གཏོར་ཟོར་འདི༔ འཕང་བ་གཤིན་རྗེ་ཉིད་ཀྱིས་འཕང༔ བརྡེག་པ་དམ་ཉམས་དགྲ་ལ་བརྡེག༔ དགྲ་ཁམས་ཐལ་བའི་རྡུལ་དུ་རློགས༔ རྦད་ཐུམ་རི་ལི་ལི་ཨེ་ཀ་ཡ་མ་དུ་རུ་ཙཀྲ་སོགས་ལ་ཟློག་བསད་མནན་པའི་ཤམ་བུ་སྦྱར་བའི་མཐར། རིལ་ཤག་སྲོག་ཁྱེར་བྷྱོ་ཏྲིག་མྱགས་ཀཱ་པ་ཡེ་ཞེས་འཕང་། ཉམས་སུ་བླངས་ནས་རྟགས་མཐོང་གི་བྱ་བའི་རིམ་པའི་མཐར། དགོངས་འདུས་རྟ་ནག་གི་པདྨ་དབང་ཞེས་པ་འདོན་པ་བསྒྱུར་བ་ནི། ལྷ་ཡི་ལྷ་མཆོག་འཇམ་དཔལ་གཤིན་རྗེའི་གཤེད༔ དུས་རྣམས་རྟག་ཏུ་ཁྲོ་རྒྱལ་ཁྱེད་བསྒྲུབས་ཏེ༔ སྲོག་གི་ཕྱིར་ཡང་ཡི་དམ་མི་སྤོང་ན༔ ཡེ་ཤེས་ཐུགས་རྗེའི་སྤྱན་གྱིས་གཟིགས་སུ་གསོལ༔ ཁྲོ་རྒྱལ་འཁོར་བཅས་ཁྱེད་ཀྱི་གཟི་བརྗིད་ཀྱིས༔ བར་གཅོད་དགྲ་བགེགས་ཚོགས་རྣམས་བསལ་ནས་ཀྱང༔ བྱམས་པའི་ཞལ་བཟང་མངོན་སུམ་སྟོན་པ་དང༔ བསྒྲུབས་པའི་འབྲས་བུ་དུས་འདིར་བསྩལ་དུ་གསོལ༔ ཡང་འབྲི་གུང་གནམ་ལྕགས་མེ་འབར་གྱིས་མཛད་པའི། བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས༔ ལྷ་མཆོག་ཁྱོད་དང་སྨོན་ལམ་ལྷན་ཅིག་བཏབ༔ ད་ལྟ་ཞལ་མཐོང་ཡི་དམ་ལྷར་གསོལ་ནས༔ སྙིང་པོ་བྱང་ཆུབ་མཆོག་ལ་མི་གནས་ཚེ༔ ཚེ་རབས་འཁོར་བ་གར་སྐྱེ་གར་གནས་ཀྱང༔ རྗེས་སུ་ཟུངས་ཤིག་བཅོམ་ལྡན་གཤིན་རྗེའི་གཤེད༔ དངོས་གྲུབ་སྩོལ་ཅིག་བཅོམ་ལྡན་གཤིན་རྗེའི་གཤེད༔ བར་གཅོད་སོལ་ཅིག་བཅོམ་ལྡན་གཤིན་རྗེའི་གཤེད༔ དགྲ་བགེགས་སྒྲོལ་ཅིག་བཅོམ་ལྡན་གཤིན་རྗེའི་གཤེད༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ གཞན་ཡང་ཁོ་བོས་ཞི་བའི་སྦྱིན་སྲེག་ཏུ་བརྩམས་པ་འདོན་པ་བསྒྱུར་བ་འདི་ལྟར། མཁྱེན་བརྩེ་ནུས་མངའ་འཇམ་དཔལ་དཔའ་བོ་ཡིས། །བསྟན་པ་རྒྱས་དང་དེ་འཛིན་ཚོགས་རྣམས་ཀྱི། །སྐུ་ཚེ་ཕྲིན་ལས་སྐྱེ་རྒུའི་བདེ་སྐྱིད་ལ། །བར་དུ་གཅོད་པ་ཐམས་ཅད་ཟློག་ཏུ་གསོལ། ཁྱད་པར་རིག་འཛིན་བདག་ཅག་དཔོན་སློབ་དང་། །ཡོན་མཆོད་འཁོར་དང་བཅས་པ་མ་ལུས་པའི། །སྔོན་ལས་འཕྲལ་རྐྱེན་ལས་བྱུང་དགྲ་བགེགས་གདོན། །ནད་རིམ་དབུལ་ཕོངས་འཐའ་རྩོད་ཟློག་ཏུ་གསོལ། །ཕྱི་ནང་དྲང་སྲོང་དམོད་པ་མཐུ་བྱད་དང་། །བྱུར་དང་སྐལ་ངན་མི་ཤིས་དུས་མིན་འཆི། །ཀེག་སྲི་ལངས་སོགས་ཆག་ཆེ་ཉམ་ང་བའི། །འགལ་རྐྱེན་བར་གཅོད་ཐམས་ཅད་ཟློག་ཏུ་གསོལ། །ཕྲིན་ལས་ལྷག་ཆད་དམ་རྫས་མ་ཚང་ཉམས། །བསྙེན་སྒྲུབ་གཡེལ་ཞིང་དུས་ཀྱི་མཆོད་པ་ཆག །ཏིང་འཛིན་མི་གསལ་གསང་སྔགས་སྒྲ་ཉམས་སོགས། །སྡིག་སྒྲིབ་ཉེས་ལྟུང་མ་ལུས་བཤག་པར་བགྱི། །ཚེ་དཔལ་སྟོབས་འབྱོར་དབང་ཕྱུག་ཕུན་སུམ་ཚོགས། །ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་སོགས། །འཁོར་འདས་དངོས་གྲུབ་ཀུན་དང་ཁྱད་པར་དུ། །འཇམ་མགོན་ཀུན་བཟང་ཚེ་འདིར་མངོན་གྱུར་མཛོད། །ཅེས་འདོད་གསོལ་སྨོན་ལམ་བྱ། དབྱང་གསལ་ཡིག་བརྒྱ་བཟླ་ཞིང་ངག་འགྲོལ། ཚོགས་མཆོད་བམ་སྐོང་དཀྱུས་ལྟར་བྱ། དེ་རྗེས་ཐོག་ནས་ཟོར་ལམ་དབྱེ། གཏོར་མ་ཁ་ཕྱིར་བསྒྱུར་ཏེ་གསོ་དགུག་བྲན་བརླབ་བྱ་ཞིང་ཐུན་གཏོར་ལྟར་བསྔོ། བསྟོད་རིང་གིས་བསྐུལ་ནས་ཕྱིར་སྤགས། ཟློག་གཞུང་ནི། ཧཱུྃ། ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ སོགས་གཙོ་བོའི་ལས་བཅོལ་གཞུང་བཞིན་གྱི་རྗེས་སུ། དེ་ཡི་འཁོར་དུ་ཡུམ་ཆེན་ཁྲག་མིག་མ། །ཡ་མ་རཱ་ཛ་འཆི་བདག་སྲོག་གི་བདག །ལས་གཤིན་རལ་པ་ཚར་དགུར་བཅས་པ་ལ། །དགྲ་བགེགས་བསྒྲལ་པའི་ཤ་རུས་ཞལ་དུ་སྟོབ། །བྱད་དང་རྦོད་གཏོང་མ་ལུས་ཟློག་ཏུ་གསོལ། །གཤིན་རྗེ་ཕྱོགས་སྐྱོང་སྡེ་བརྒྱད་དྲེགས་པའི་ཚོགས། །ཞེས་སོགས་དང་། བྷྱོ། ད་ནི་བཟློག་པའི་དུས་ལ་བབ་ནས། མ་ཧཱ་དེ་ཝ་མུ་སྟེགས་གདོན༔ བདེན་པའི་སྟོབས་ཀྱིས་ཟློག་ཏུ་གསོལ༔ གྱི་བར་དཀྱུས་ལྟར་ལ། ཡུམ་ཆེན་ཟ་བྱེད་བེ་ཏཱ་ལི༔ ཞེས་པ་ཁྲག་མིག་མ་དང་། གྱད་གནོན་སྤྲུལ་པའི་ལྷ་བརྒྱད་ཅེེས་པ། སྲས་མཆོག་སྤྲུལ་པ་རྣམ་གཉིས་ཞེས་པར་བསྒྱུར། རབས་བགྲང་བ་ནི། བྷྱོ༔ སྔོན་ཚེ་ཟློག་པ་གང་ནས་བྱུང༔ བཅོམ་ལྡན་རྒྱལ་བ་ཤཱཀ་ཐུབ་ལ༔ ལྷས་བྱིན་བདུད་ཀྱི་བར་གཅོད་བྱུང༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེ་ཡིས༔ དམར་ཆེན་ཁྲག་གི་ཟོར་བརྒྱབས་པས༔ ལྷས་བྱིན་ངན་པ་ཁྲག་ཏུ་སྐྱུགས༔ བདུད་ཀྱི་དམག་དཔུང་བརྒྱལ་ཅིང་འབོག༔ བར་དུ་ཟློག་པ་གང་ནས་བྱུང༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ༔ མུ་སྟེགས་ངན་པའི་ཆད་པ་བྱུང༔ གནུབས་བན་སངས་རྒྱས་ཡེ་ཤེས་ཀྱིས༔ དམར་ཆེན་ཁྲག་གི་ཟོར་བརྒྱབས་པས༔ མུ་སྟེགས་ངན་པ་རྩད་ནས་བཅད༔ ཐ་མ་ཟློག་པ་གང་ནས་བྱུང༔ བདག་ཅག་ཡོན་མཆོད་འཁོར་བཅས་ལ༔ དགྲ་བགེགས་བྱད་དང་རྦོད་གཏོང་བྱུང༔ རིག་འཛིན་སྔགས་འཆང་བདག་ཉིད་ཀྱིས༔ ཕྱག་རྒྱ་ཟིལ་གནོན་ཏིང་འཛིན་དང༔ སྲུང་ཟློག་བསད་མནན་སྦྱོར་བ་ཡིས༔ དགྲ་བོའི་རྦོད་གཏོང་རང་གཤེད་འབེབ༔ བགེགས་ཀྱི་སྦྱོར་བ་རྒྱུན་གཅོད་ཅིང༔ ལྟས་ངན་དམིགས་ཀྱིས་བསལ་ནས་ཟློག༔ བྷྱོ༔ འཇའ་འཁྱིལ་ལྷ་ཡི་ལྟས་ངན་ཡིན༔ སོགས་གཞུང་ལྟར་གྱེར། གཤེགས་སྐྱེམས་སུ་གཏོར་མ་གོང་ལྟར་འབུལ། དབེན་པར་དྲག་བསྐུལ་ཟོར་བསྐུལ་དང་བཅས་ཏེ་གསུང་རྒྱུན་མན་ངག་ལྟར་འཕང་། མེ་དགྲ་ཆུས་བསད། བྲོ་བསྐོར་བ་ལ་སོགས་ཕྱག་ལེན་བཞིན་བྱ། ཆད་ཐོ་བྱ་ཞིང་བརྟན་མ་སྐྱོང་། ནང་དུ་ལོག་སྟེ་ཚེ་འགུག །གཏང་རག་གིས་མཆོད། གཤིན་རྗེའི་གཤེད་ཀྱི་ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང་། བཟོད་གསོལ་ནི། ཡི་དམ་ལྷ་མཆོག་ཟིལ་གནོན་འཁོར་བཅས་ཀྱི། །བསྙེན་སྒྲུབ་ཕྲིན་ལས་གཞུང་བཞིན་བགྱིས་པ་ལ། །བདག་ཅག་མ་རིག་ལོག་རྟོག་དབང་སོང་ནས། །འགལ་འཁྲུལ་ནོངས་པ་ཅི་མཆིས་བཟོད་པར་གསོལ། །ཉེར་བསྡུ་ནི། ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་སྲུང་འཁོར་རྣམས། །མཐའ་ནས་རིམ་བསྡུས་ལྷ་ཚོགས་རྣམས་ལ་ཐིམ། །འཁོར་རྣམས་གཙོ་བོ་དེ་ཡང་བསྲུང་བྱར་བསྟིམ། །བསྲུང་བྱ་ཧཱུྃ་ལ་ཐིམ་ཞིང་དེ་ཐིག་ལེ། །དེ་ཡང་རང་གི་མིང་ཡིག་དང་པོར་ཐིམ། །འཇའ་ལྟར་ཡལ་ཏེ་ཀ་ནས་དག་པའི་ངང་། །སྟོང་པའི་རང་གདངས་འགག་མེད་གཤིན་རྗེའི་གཤེད། །ཞལ་གཅིག་ཕྱག་གཉིས་རྣམ་པར་གསལ་བར་གྱུར། །སྲུང་སྔགས་བརྗོད། སྨོན་ལམ་ཤིས་བརྗོད་བྱའོ། །དེ་ལྟར་རྒྱ་བལ་པཎ་གྲུབ་ཞལ་གྱི་ལུང་། །བོད་ཡུལ་དྲག་སྔགས་བདག་པོ་གནུབས་ཀྱི་ལུགས། །རོང་པ་རྒྱ་ཡི་ཟབ་གཏེར་མེའི་སྤུ་གྲི །བདུད་སྡེའི་སྙིང་ག་འབིགས་པ་རྡོ་རྗེའི་ཐོག །ཚུལ་འདི་མིང་ཙམ་འཛིན་པའི་རིག་སྔགས་འཆང་། །བོད་ཡུལ་ཁ་བའི་ལྗོངས་སུ་ཆེས་མང་ཡང་། །བརྒྱུད་ལྡན་ཞལ་གྱི་དྲོད་རླངས་མ་ཉམས་པ། །ཐོབ་པའི་སྐལ་བཟང་ཉིན་མོའི་སྐར་མ་བཞིན། །འོན་ཏེ་ལྷ་གཅིག་སྲས་པོ་མུ་ཏིག་བཙན། །སྒྱུ་འཕྲུལ་རོལ་གར་གནམ་ལྕགས་མེ་འབར་གྱི། །ལུགས་སྲོལ་འཁྲུལ་མེད་འཛིན་པའི་ཡོངས་འཛིན་རྣམས། །བསྟེན་པས་ཆོས་ཚུལ་འདི་ལ་ངེས་པ་རྙེད། །གཏེར་གཞུང་ཡིག་རྙིང་ཕལ་ཆེར་རང་སོར་བཞག །ཚིག་ལྷུག་ལེགས་བཅད་འཕྲི་བསྣན་བརྗོད་པ་བདེ། །གབ་དཀྲུགས་འཐོར་བསྡེབས་ཉམས་ལེན་གསལ་འདྲིལ་བ། །ལམ་འདིར་མོས་ལྡན་རྣམས་ཀྱི་སྙིང་ནོར་ཡིན། །ཕྱིས་འགྱུར་ཕྱག་བཞི་མགོན་དང་དྲུག་ཅུ་པར། །བཀའ་བརྒྱད་རྫས་ཚིག་བཅའ་གཞིའི་བསྲེ་བསླད་ཅན། །ཆོས་ལུགས་མུ་ཏོའི་ཕྱེ་ལ་སྙན་བརྒྱུད་ཅེས། །ཐབས་ཀྱིས་གཞན་བློ་འདྲིད་པའི་དོ་ཟླ་མིན། །ཚུལ་འདི་འཁྲུལ་མེད་ངེས་པར་ཉམས་བླངས་ན། །མི་བསྲུན་བསམ་སྦྱོར་འཆང་བའི་དགྲ་བགེགས་རྣམས། །དང་པོའི་སངས་རྒྱས་འཇམ་དཔལ་ཞིང་ཁམས་སུ། །མངོན་སུམ་འདྲེན་པའི་ཉམས་མྱོང་གདིང་ཚད་བདོག །དགེ་དེས་ཕྱག་རྒྱ་ཟིལ་གྱིས་གནོན་པའི་མཚོན། །གདེངས་པས་མ་རིག་འཁྲུལ་པའི་རྒྱ་དྲལ་ནས། །འགྲོ་ཀུན་རང་སེམས་དོན་གྱི་གཤིན་རྗེའི་གཤེད། ཁྲག་འཐུང་གདོད་མའི་མགོན་པོ་མངོན་གྱུར་ཤོག །ཅེས་པ་ཡང་ཟློག་མེའི་སྤུ་གྲིའི་ལས་བྱང་རྡོ་རྗེའི་ཐོག་མདའ་འདི་ནི། སྔོན་ནས་བསྒྲིགས་པའི་ཕྲིན་ལས་དེ་ཤིན་ཏུ་ཉུང་བ་ལ་དགའ་བའི་དབང་དུ་བྱས་པས་བརྗོད་དོན་མི་གསལ་ཞིང་མ་ཚང་བས་ལག་ལེན་དུ་འདེབས་དཀའ་བ་ནས། རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་རྣམས་ཀྱི་ཉམས་ལེན་དུ་གལ་པོ་ཆེར་མཐོང་བས་རིང་ནས་བསྒྲིག་པའི་འདུན་པ་ཡོད་ཀྱང་རྣམ་གཡེང་གི་འཁོལ་པོར་ལུས་ཏེ་རེ་ཞིག་འགྱངས་པ། ཉེ་ཆར་སྤང་སྟོན་སྔགས་འཆང་བློ་བཟང་ངག་དབང་སོགས་དོན་གཉེར་ཅན་འགས་བསྐུལ་བས་མཚམས་སྦྱར་ཏེ་ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ་སོགས་དམ་པ་དུ་མའི་དྲུང་དུ་གཤེད་སྐོར་འདི་ཉིད་ཀྱི་དབང་ལུང་མན་ངག་རྣམས་འབད་པས་ནོས་ཤིང་། ཤིན་ཏུ་ཟབ་ཅིང་སྦས་པའི་སྙན་བརྒྱུད་ཀྱི་ཕྱག་ལེན་དམར་ཁྲིད་རྣམས་ལྷ་སྲས་རྣམ་འཕྲུལ་དབུར་སྨྱོན་ཆོས་ཀྱི་གྲགས་པའི་དྲུང་དུ་ཞུན་ཐར་བཅད་པ་ལ་བརྟེན་ནས་གདེང་ཚད་རྙེད་པ། ཟ་ཧོར་གྱི་རིགས་ལས་སྔགས་པ་ནག་པོ་ཟིལ་གནོན་དྲག་པོ་རྩལ་གྱིས་ཤིང་སྦྲུལ་གྲོ་བཞིན་ཟླ་བའི་ཐབས་ཀྱི་ཆའི་དགའ་བ་གཉིས་པའི་ཚེས་ལ་ཕོ་བྲང་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་གནས་གསར་འཇམ་དབྱངས་སོ། །སརྦ་མངྒ་ལཾ།། །།

ཡང་ཟློག་ (Volume 17, Text 19)

ཡང་ཟློག །ཏྲཱཾ་རཏྣ་མཎྜ་ལ། པཾ་པདྨ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། མ་སཱུརྻ་མཎྜ་ལ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཆོས་སྐུ་སྤྲོས་བྲལ་མཁའ་དབྱིངས་ལས་ལོངས་སྤྲུལ་གྱི་འཇམ་དཔལ་ཞི་ཁྲོ་རིགས་ལྔ་སྤྲུལ་འཁོར་བྱེ་བ་ས་ཡ་ལས་བྱེད་ཕོ་ཉ་ལས་གཤིན་སྡེ་བརྒྱད་དང་གློག་ལྟར་མྱུར་བའི་རྫུ་འཕྲུལ་གྱིས་ཐོགས་པ་མེད་པར་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ས་མ་ཡ་ཏིཥྛ་ལྷན། ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཧཱུྃ། མཁའ་དབྱིངས་ཀུན་ཏུ་བཟང་པོའི་ངང་། །རང་སྣང་ཀུན་བཟང་རོལ་པའི་སྤྲིན། །ཕྱི་ནང་གསང་བའི་མཆོད་པའི་ཚོགས། །གཉིས་མེད་ངང་ནས་རྒྱ་ཆེར་འབུལ། །འཇམ་དཔལ་གཤིན་རྗེ་འཁོར་བཅས་ལ། །དྲོད་རླངས་མ་ཡལ་དབང་པོ་ལྔ། །ཤ་ཆེན་བསྲེགས་དུད་སྤྲིན་ལྟར་འཁྲིགས། །རྐང་ཚིལ་ཞུན་ཆེན་སྒྲོན་མེ་གསལ། ཁྲག་ཞག་མཁྲིས་པ་ཆལ་ཆིལ་འཁྲུག །ཕྱི་ནང་ཤ་ཚིལ་རུས་པའི་བཤོས། །དུང་ཆེན་རྔ་དང་རྐང་གླིང་འབུད། །བདུད་རྩི་སྨན་དང་དམར་ཆེན་ཁྲག །དམ་རྫས་གཏོར་མ་སྤྱན་གཟིགས་འབུལ། །གཟུགས་ཅན་དགྲ་བོ་བཅོམ་པ་དང་། །གཟུགས་མེད་བགེགས་དཔུང་བཅིལ་བ་དང་། །ཅི་བསམ་ལྷུན་གྱིས་གྲུབ་པ་ཡི། །སྔར་བཅོལ་ལེགས་པའི་གཏང་རག་དང་། །སླད་ནས་ལས་འཆོལ་དོན་ཆེད་དུ། །འཇམ་དཔལ་གཤིན་རྗེ་འཁོར་བཅས་ལ། །འབུལ་ལོ་དགྱེས་པར་བཞེས་ནས་ཀྱང་། །རྒྱུ་སྦྱོར་སྦྱིན་བདག་སྒོ་གསུམ་ལ། །སྐུ་གསུང་ཐུགས་ཀྱི་བྱིན་ཆེན་ཕོབ། །སྡེ་བཞིའི་སྒོ་བརྒྱ་ཕྱོགས་ཀུན་ཏུ། །འབྱེད་པའི་རྨད་བྱུང་དངོས་གྲུབ་སྩོལ། །བར་གཅོད་དགྲ་བགེགས་མི་མཐུན་ཕྱོགས། །སྲུང་ཟློག་མནན་པའི་ཕྲིན་ལས་མཛོད། །སྔོན་ལས་འཕྲལ་རྐྱེན་ནད་མུག་སོགས། །རབ་གཞིལ་རྣམ་བཞིའི་ལས་ཀུན་སྒྲུབས། །ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ས་པ་རི་བཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་མཱཾ་ས་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། མ་ཧཱ་ཙིཏྟ་ཁ་རཾ་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁ་རཾ་ཁཱ་ཧི། མ་ཧཱ་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧི། ཨྱེ། ཆོས་སྐུ་སྐྱེ་བ་མེད་པ་ལས། །སྤྲོས་བྲལ་བདེ་ཆེན་དག་པའི་སྐུ །རང་བཞིན་གཉིས་མེད་དག་པའི་གསུང་། །མ་བསྒྲིབས་དོན་དམ་རྫོགས་པའི་ཐུགས། །འགྲན་ཟླ་ཀུན་བྲལ་ཡོན་ཏན་ལྡན། །འགྲོ་ཀུན་དོན་མཛད་ཕྲིན་ལས་སོགས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱིས། །སེམས་ཅན་དོན་མཛད་གཤིན་རྗེའི་གཤེད། །ཡབ་ཡུམ་སྲས་འཁོར་བཅས་ལ་བསྟོད། །ཅེས་པའང་མེ་སྟག་གྲོ་ཞུན་ཟླ་བའི་བཟང་པོ་གསུམ་པ་ནས་ཉིན་ལྔར་གཏང་རག་གཏོང་སྐབས་ལོག་ཏྲི་ཡང་ཟློག་ཏུ་ཚིག་ཟུར་བསྒྱུར་མི་བདེ་ཟེར་བ་ལྟར་ཟ་ཧོར་གྱི་བནྡེས་བཀོད།། །།

ཡང་བཟློག་ལས་བྱང་རྡོ་རྗེའི་ཐོག་མདའི་ལྷན་ཐབས་རིག་འཛིན་ཞལ་གྱི་དྲོད་རླངས་ (Volume 17, Text 20)

༄༅། །ཡང་བཟློག་ལས་བྱང་རྡོ་རྗེའི་ཐོག་མདའི་ལྷན་ཐབས་རིག་འཛིན་ཞལ་གྱི་དྲོད་རླངས་བཞུགས་སོ། ། དཔལ་ལྡན་དུས་དགྲའི་ངོ་བོ་རྡོ་རྗེ་འཛིན། །དྲིན་ཆེན་བླ་མ་སྤྱི་གཙུག་པད་མཚོ་རུ། །བསྟེན་ནས་ཡང་བཟློག་ནག་པོ་མེའི་སྤུ་གྲིའི། །ལས་བྱང་རྡོ་རྗེའི་ཐོག་མདའི་ལྷན་ཐབས་བྲི། འཇམ་དཔལ་དམར་ནག་ཞལ་གཅིག་ཕྱག་གཉིས་པ། །དབུ་སྐྲ་སྨ་ར་སྨིན་མ་དམར་སེར་འབར། །ཞལ་གདངས་མཆེ་གཙིགས་མི་བཟད་ཁྲོ་ཞིང་གཏུམ། །ཕྱག་གཡས་རལ་གྲི་མེ་འབར་མཁའ་ལ་ཕྱར། །གཡོན་པས་རྡོ་རྗེས་མཚན་པའི་ཞགས་པ་འཕེན། །སྐུ་ལ་དུར་ཁྲོད་ཆས་བརྒྱད་རྒྱན་རྣམས་རྫོགས། །ཞབས་གཉིས་བརྐྱང་བསྐུམ་པད་ཉིའི་གདན་ལ་བཞེངས། །ཞལ་ཕྱིར་གཟིགས་ནས་བཟློག་པའི་ལས་མཛད་གྱུར། ༈ །མདུན་དུ་སྐུ་ཡི་སྤྲུལ་པ་འཆི་བདག་ནག །གཤིན་རྗེ་བདུད་པོ་བྱེ་བ་དགུ་ཁྲི་ནི། །མཐིང་ནག་ཞལ་གཅིག་ཕྱག་གཉིས་གཡས་རི་རབ། །ཕྱར་ཞིང་དགྲ་སཏྭ་གཡོན་གདེངས་སྐུ་སྟོད་ལ། །ལྕགས་ཀྱི་ཞུན་ཁྲབ་ཞིང་ཆེན་སྐ་རགས་ཚུལ། །སྟག་ཤམ་ཞིང་ཆུང་ཆོས་གོས་ཐོད་སྐམ་ལྔས། །དབུར་བརྒྱན་གདུག་པའི་སྦྲུལ་གྱིས་ཡན་ལག་དཀྲིས། །ཞབས་གཉིས་དོར་སྟབས་བགྲད་ཅིང་ཆུ་གླང་བཅིབས། །སྐུ་སྤྲུལ་བྱེ་བ་ས་ཡའི་འཁོར་གྱིས་བསྐོར། །རྒྱབ་ཏུ་གསུང་གི་སྤྲུལ་པ་སྲོག་གི་བདག །ནག་པོ་སྒྲོལ་གིང་ཆེན་པོ་རྨེ་རུ་རྩེ། །སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་པ། །གདུག་པ་སྦྲུལ་གྱི་རལ་པ་སྤྱི་བོར་བཅིངས། །ཐོད་པ་རྣར་བརྒྱན་གཡས་པས་བཻ་ཅོན་ཕྱར། །གཡོན་པས་ཞགས་འཛིན་རུས་སྦལ་ནག་པོ་ཡི། །གཡང་གཞི་གསོལ་ཞིང་ཞབས་གཉིས་དོར་སྟབས་སུ། །བགྲད་ནས་ལས་ཀྱི་རླུང་དམར་རྟ་རུ་བཅིབས། །གསུང་སྤྲུལ་བྱེ་བ་ས་ཡའི་འཁོར་དང་བཅས། །གཉིས་ཀའི་ཐུགས་ཀར་དམར་ནག་ཡ་ཡི་མཐར། །སརྦ་ཙིཏྟ་གཟིར་ཐུམ་བྷིག་ནན་ཏྲིག་ནན་རྦད་ཡ་ཟློག་ཡ། ཞེས་པའི་སྔགས་ཀྱིས་གཡས་སུ་བསྐོར་བར་གྱུར། ༈ སྐུ་སྤྲུལ་འཆི་བདག་ནག་པོ་གཤེགས་སུ་གསོལ། །གསུང་སྤྲུལ་སྲོག་བདག་ནག་པོ་གཤེགས་སུ་གསོལ། །འཁོར་གྱི་གཤིན་རྗེའི་དམག་ཚོགས་གཤེགས་སུ་གསོལ། ༈ །འཆི་བདག་ནག་པོའི་སྐུ་ལ་ཕྱག་འཚལ་ལོ། །སྲོག་བདག་ནག་པོའི་སྐུ་ལ་ཕྱག་འཚལ་ལོ། །འཁོར་གྱི་གཤིན་རྗེའི་ཚོགས་ལ་ཕྱག་འཚལ་ལོ། ༈ །མདུན་ན་སྐུ་སྤྲུལ་འཆི་བདག་ནག་པོ་ནི། །སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པས་རི་རབ་གཡོན་པས་དགྲ་སཏྭ་བསྣམས། །གནམ་ལྕགས་ཞུན་ཁྲབ་ཞིང་ལྤགས་ཤམ་ཐབས་གསོལ། །ཐོད་སྐམ་དབུ་རྒྱན་ཞིང་ཆུང་ཆོས་གོས་ཅན། །སྦྲུལ་གྱིས་བརྒྱན་ཅིང་ཆུ་གླང་སྔོན་པོ་བཅིབས། །སྐུ་སྤྲུལ་འཆི་བདག་ཐུགས་དམ་དུས་ལ་བབ། །འཆི་བདག་བྱེ་བ་ས་ཡ་དགྲ་ལ་བྷྱོ། །བ་ལིཾ་ཤ་ཁྲག་གཏོར་མ་འདི་བཞེས་ལ། །བྱད་མ་ལྷ་སྲུང་རང་གཤེད་རང་ལ་ཕོབ། །རྒྱབ་ན་གསུང་སྤྲུལ་སྲོག་བདག་ནག་པོ་ནི། །སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་པ། །ཐོད་པའི་རྣ་ཆ་སྦྲུལ་ནག་རལ་པ་ཅན། །གཡས་པས་བེ་ཅོན་གཡོན་པས་ཞགས་པ་བསྣམས། །སྐུ་ལ་རུས་སྦལ་ནག་པོའི་གཡང་གཞི་གསོལ། །ཞབས་གཉིས་དོར་སྟབས་ལས་ཀྱི་རླུང་དམར་བཅིབས། །གསུང་སྤྲུལ་སྲོག་བདག་ཐུགས་དམ་དུས་ལ་བབ། །སྲོག་བདག་བྱེ་བ་ས་ཡ་དགྲ་ལ་བྷྱོ། །བ་ལིཾ་ཤ་ཁྲག་གཏོར་མ་འདི་བཞེས་ལ། །བྱད་མ་ལྷ་སྲུང་རང་གཤེད་རང་ལ་ཕོབ། ༈ །བ་ལིཾ་ཤ་ཁྲག་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་དཔོན་སློབ་མི་ནོར་འཁོར། །བསྲུང་ཞིང་སྐྱོབ་པའི་ཕྲིན་ལས་བསྒྲུབ་པ་དང་། །ནད་གདོན་བར་ཆད་ཞི་བའི་ལས་མཛོད་ཅིག །ཚེ་དཔལ་འབྱོར་པ་རྒྱས་པའི་ལས་མཛོད་ཅིག །མོས་བཞི་ཁམས་གསུམ་དབང་སྡུད་ལས་མཛོད་ཅིག །གནོད་བྱེད་དགྲ་བགེགས་སྒྲོལ་བའི་ལས་མཛོད་ཅིག ༈ །ཆག་ཆེ་ཉམ་ང་ཟློག་པའི་ལས་མཛོད་ཅིག །བྱད་ཁ་ཕུར་ཁ་ཟློག་པའི་ལས་མཛོད་ཅིག །རྨིས་ལྟས་མཚན་ངན་ཟློག་པའི་ལས་མཛོད་ཅིག །ཞག་སྐེག་ཟ་སྐེག་ཟློག་པའི་ལས་མཛོད་ཅིག །བྱད་མ་ལྷ་སྲུང་རང་གཤེད་རང་ལ་ཕོབ། །དམིགས་པའི་དགྲ་བོ་གཟུགས་ལིང་མིང་བཅས་འདིའི། །བླ་ཁུག་དབུགས་ཕྲོགས་མགོ་འཁོར་ཁྲག་ཏུ་སྐྱུག །བརྒྱལ་ཞིང་ལུས་སེམས་ཕྲོལ་ལ་སྲོག་རྩ་ཆོད། །ཚེ་ཡི་འདུ་བྱེད་སྐུམས་ལ་མྱུར་དུ་སོད། །ཤ་ཁྲག་གཟུགས་ཕུང་འབྱུང་བ་ཞལ་དུ་སྟོབས། །བསད་རྟགས་སྲོག་སྙིང་དམར་པོ་ཁྱེར་ལ་ཤོག །བྱད་མ་ལྷ་སྲུང་རང་གཤེད་རང་ལ་ཕོབ། ༈ །དམིགས་པའི་དགྲ་བོ་ལྷ་སྲུང་བཅས་པ་ཡི། །ལུས་ངག་ཡིད་གསུམ་ལྡང་བ་མེད་པར་ནོན། །བླ་དང་རྣམ་ཤེས་ནུས་མཐུ་རྣམ་པར་ཆིངས། །ཚེ་སྲོག་ལུས་དབང་ཀླུང་རྟ་ཉམས་པར་གྱིས། །བསོད་ནམས་དཔལ་འབྱོར་ཕུན་ཚོགས་ཐལ་བར་རློགས། །རྟག་ཏུ་ཐར་ས་མེད་པའི་གནས་སུ་ཆུགས། །བྱད་མ་ལྷ་སྲུང་རང་གཤེད་རང་ལ་ཕོབ། ༈ །ཐུན་ཕུར་ལས་ཀྱི་གཤིན་རྗེ་དམར་ནག་མདོག །ཞལ་གཅིག་ཕྱག་གཉིས་གཡས་པས་བེ་ཅོན་ནི། །སྡིགས་པའི་རྣམ་པས་ཕྱར་ཞིང་དགྲ་བགེགས་ལ། །དོན་སྙིང་གཡོན་པས་འདྲད་ཚུལ་སྡིགས་མཛུབ་ཀྱིས། །ཐུན་ཐག་ནས་འཛིན་སྟག་ལྤགས་ཤམ་ཐབས་ཅན། །ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་བཞུགས་པར་གྱུར། །མདུན་དུ་ལས་གཤིན་ནག་པོ་ཞལ་གཅིག་པ། །ཕྱག་གཉིས་གཡས་པས་གསེར་གྱི་སྤུ་གྲི་ཡིས། །རྩིབས་སྟོང་འཁོར་ལོ་ཀླད་ལ་རབ་བསྐོར་བས། །དགྲ་བགེགས་བྱད་མ་ལྷ་སྲུང་དུམ་བུར་གཏུབ། །གཡོན་པས་གསེར་འཁོར་རྩིབས་སྟོང་ཕུབ་ལྟ་བུར། །འཛིན་པས་བདག་སོགས་བསྲུང་བྱ་མ་ལུས་སྐྱོབས། །སྤྱི་བོར་ལམ་ལས་པུ་རི་ནག་ཅིང་འཚེར། །བང་རིམ་དགུ་པ་རི་རབ་དཔངས་ཚད་ལྡན། །མགོ་མཇུག་ལྡོག་པ་ཞིག་གིས་མནན་པའི་སྟེང་། །ལྷ་སྲུང་པུར་ཁང་པུ་རི་དང་བཅས་བརྗིད། །ལྕགས་འཁོར་རྩིབས་བཞི་རྣོ་ངར་ལྡན་པ་ཡིས། ཁོག་པ་བརྒྱངས་པས་གཡོ་དང་འགུལ་མི་ནུས། ༈ །རང་གི་མདུན་དུ་ཁྲོ་བོ་རབ་འཇིགས་པ། །སྐུ་དང་ཡན་ལག་རགས་ཤིང་ཕྱག་གཉིས་ཀྱིས། །སྤུ་གྲི་ལྕགས་ཀྱུ་འཛིན་པའི་ཐུགས་ཀ་ནས། ཁྲོ་བོ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །ཐོགས་པ་དཔག་མེད་འཕྲོས་པས་བྱད་མ་རྣམས། །བཀུག་ནས་རང་གཤེད་རང་ལ་ཕབ་པར་གྱུར། །ཐུན་གཏོར་ནི། ཧཱུྃ། ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང། །གདུག་པ་འདུལ་ཕྱིར་ཁྲོ་བོའི་སྐུར་སྟོན་པ། །ཚེ་བདག་ནག་པོ་ཡུམ་ཆེན་སྲས་མཆོག་དང་། །འཆི་བདག་སྲོག་བདག་ལས་གཤིན་འཁོར་ཚོགས་རྣམས། །ཕྱི་ནང་གསང་བའི་མཆོད་པས་ཐུགས་དམ་བསྐང། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། ༈ །ན་མོ་སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། བླ་མ་རྡོ་རྗེ་འཛིན་པའི་བཀའ༴ ཕྱག་རྒྱ་ཟིལ་གནོན་ཚེ་བདག་ནག་པོའི་ལྷ་ཚོགས་རྣམས་ཀྱི་བཀའ༴ མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱི་བཀའ༴ གསང་སྔགས་དང་རིག་སྔགས་དང་། གཟུང་སྔགས་རྣམ་པར་དག་པའི་བདེན༴ རིག་འཛིན་སྔགས་འཆང་བདག་གི་བདེན༴ ཆོས་ཉིད་ངོ་བོ་ཀ་ནས་དག་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་དང་ནུས་པ་ལ་བརྟེན་ནས། བདག་ཅག་དཔོན་སློབ་སྐྱོབ་ཡུལ་དང་བཅས་པ་རྣམས་ལ་སྡང་བ་དང་སྡང་བའི་སེམས་དང་ལྡན་པ་དང་། གདུག་པ་དང་གདུག་པའི་སེམས་དང་ལྡན་པ་དང་། དྲག་ཤུལ་དང་དྲག་ཤུལ་གྱི་སེམས་དང་ལྡན་པ་དང་། ལོ་རྒྱལ་པོའི་ཀེག་སྲི། ཟླ་བ་བློན་པོའི་ཀེག །ཞག་དམག་མིའི་ཀེག །དུས་ཚོད་མཚོན་ཆའི་ཀེག །ཟ་ལམ་དུ་དུག་གཡོ་བ། ལུས་ལ་མཚོན་ཁ་གཏོད་པ། གཡུལ་འཁྲུག །འཐབ་རྩོད། ཁ་སྨྲས། དམོད་མོ། ཆག་ཆེ་བ། ཉམ་ང་བ། རྨི་ལམ་ངན་པ། མཚན་མ་ངན་པ། ལྟས་ངན་པ། དུས་མིན་འཆི་བ། ནད་རིགས་དང་སྡེ་བརྒྱད་འབྱུང་པོ་སོགས་བར་དུ་གཅོད་པ་ཐམས་ཅད་མཱ་ར་ཡ་ཟློག་ཟློག །བྱད་བཟློག་གཙོ་བོར་བྱེད་ཚེ་དམིགས་བསལ་ཡོད་ན་ཁྱད་པར་ཆེ་གེ་མོ་དང་མེད་ན། བན་བོན་སྔགས་པས་བཏང་བའི་རྦད་འདྲེ་རྦོད་གཏོང་ཕར་ཕྱིན་བཀའི་དམོད་གྲྭ །བྱད་ཁ་ཕུར་ཁ། མནན་གཏད། མདོས་ཟོར། ཧོམ་དང་སྤར་བུ། རླུང་གི་འཕྲུལ་འཁོར་སོགས་རིག་སྔགས་ཀྱི་སྟོབས་དང་རྫུ་འཕྲུལ་དང་ངན་སྔགས་ཀྱི་དབལ་དང་། ཁོའི་ཆོས་སྐྱོང་སྲུང་མ་དང་བཅས་པ་ཐམས་ཅད་ཁོ་རང་གི་སྟེང་དུ་ཟློག་ཅིག །རང་སྲོག་རང་གིས་ཆོད་ཅིག །རང་ཤ་རང་གིས་ཟོ་ཞིག །རང་ཁྲག་རང་གིས་ཐུངས་ཤིག །རང་ནུས་རང་ལ་སྨིན་ཅིག །རང་གཤེད་རང་ལ་ཕོབ་ལ་ཐལ་བའི་རྡུལ་ཕྲན་བཞིན་དུ་རློགས་ཤིག །མཱ་ར་ཡ་ཟློག་ཟློག་བྷྱོ་བྷྱོ། ༈ ཕྱག་གཡོན་དང་པོའི་ལྕགས་ཀྱུས་བྱད་མ་ཡི། །སྙིང་གའི་ནྲྀ་ནས་བཟུང་སྟེ་གཟུགས་ལ་སྟིམས། །གཡས་པའི་འཁོར་ལོས་གཏུབས་ཏེ་ཤ་ཁྲག་གཏོར། །སྐྱབས་བྲལ་ཉམ་ཐག་དགྲ་དེ་ཁོ་རང་གི །ལྷ་སྲུང་རྣམས་ཀྱང་ལོག་ལྟ་ཆེར་སྐྱེས་ནས། །གཤེད་གྱུར་མཚོན་ཆའི་ཆར་ཕབ་སྲོག་རྩ་གཅོད། ཁོག་པར་ལྕགས་འཁོར་རྩིབས་བཞི་རྣོ་ངར་རྩེས། །སྲོག་རྩ་ཁྲག་རྩ་སྙིང་རྩ་རྦད་རྦད་བཅད། ཤ་ཁྲག་རུས་རྣམས་གཏུབས་ཏེ་དམར་འཐོར་བཏང་། །ལྷ་ཚོགས་སྤྲུལ་པ་གཤིན་རྗེའི་དམག་ཚོགས་རྣམས། །གསོད་སྔགས་དྲག་པོ་འབྲུག་ལྟར་སྒྲོག་བྱེད་ཅིང་། །ཤ་ཟ་ཁྲག་འཐུང་རུས་མུར་ལས་བྱེད་གྱུར། ༈ །པུ་རི་ནག་པོ་རི་རབ་གླིང་བཞི་ཡིས། །སྤྱི་བོའི་གཙུག་ནས་མནན་ཅིང་ལྕེ་ཐོག་ཏུ། །གསེར་རྡོར་རྒྱ་གྲམ་ཡན་ལག་བཞི་ཡི་ཚིགས། །རྡོ་རྗེས་གཟིར་ཅིང་སྙིང་གར་རྩིབས་བཞི་ཡི། །འཁོར་ལོ་རྡོ་རྗེ་རྒྱ་གྲམ་གྱིས་མནན་ཏེ། །ལུས་ངག་ཡིད་གསུམ་འཁྱོག་འགུལ་མེད་པར་བསམ། ༈ །ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲས་སོད༔ ཧེ་ཀ་ཡ་མ་དུ་རུ་ཙཀྲས་སོད༔ གྷྲི་མ་ཡ་མ་དུ་རུ་ཙཀྲས་སོད༔ སརྦ་ཙིཏྟ་གཟེར་ཐུམས་བྷིག་ནན་ཏྲིག་ནན་རྦད་ཡ་ཟློག་ཡ་སོད་ཡ༔ དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པའི་ཤ་ལ་རྒྱུག༔ སྙིང་ལ་མཱ་ར་ཡ་རྒྱུག་སོད༔ དབུགས་ལ་རྒྱུག༔ སྲོག་ལ་མཱ་ར་ཡ་རྒྱུག་སོད༔ ཁྲག་ལ་རྒྱུག༔ རྩ་ལ་མཱ་ར་ཡ་རྒྱུག་སོད་ཧཱུྃ་ཕཊ༔ དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་སོད་ཡ༔ ནྲྀ་མཱ་ར་ཡ་རྦད་ཡ༔ ཨོཾ་ར་ཏྲི་སྲོག་ལ་མཱ་ར་ཡ་རྦད་ཡ༔ ཀླུ་བདུད་ནག་པོ་དགྲ་བོའི་སྲོག་ལ་མཱ་ར་ཡ་རྦད་སོད༔ ༈ ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲས་ནན༔ ཧེ་ཀ་ཡ་མ་དུ་རུ་ཙཀྲས་ནན༔ གྷྲི་མ་ཡ་མ་དུ་རུ་ཙཀྲས་ནན༔ སརྦ་ཙིཏྟ་གཟེར་ཐུམས་བྷིག་ནན་ཏྲིག་ནན་རྦད་ཡ་ཟློག་ཡ་ནན་ཡ༔ དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པའི་ཤ་ལ་རྒྱུག༔ སྙིང་ལ་མཱ་ར་ཡ་རྒྱུག་ནན༔ དབུགས་ལ་རྒྱུག༔ སྲོག་ལ་མཱ་ར་ཡ་རྒྱུག་ནན༔ ཁྲག་ལ་རྒྱུག༔ རྩ་ལ་མཱ་ར་ཡ་རྒྱུག་ནན་ཧཱུྃ་ཕཊ༔ བྱད་མ་ལྷ་སྲུང་དང་བཅས་པའི་ཀཱ་ཡ་ཝཱ་ཀ་ཙིཏྟ་སཏྭཾ་བྷ་ཡ་ནན༔ ༈ རྣྲྀ་ཤ་ཀུ་རུ་རྣྲྀ་ཤ་ཀུ་རུ་ཁ་སོ་བ་ཏི་ཡཾ་རུ་ཏི་ཡཾ་སན་ཡཾ་སན༔ མན་ཡཾ་སྙིང་ཚལ་པར་རྦད་བཾ་རིལ་རྦད༔ དམ་ཉམས་དགྲ་བོ་བྱད་མ་ཁྱོད་ཀྱི་བླ་རྟེན་ཚེ་རྟེན་སྲོག་རྟེན་ཅི་ཡོད་པ་ཐམས་ཅད་འདིར་ཁུག་མྱུར་དུ་ཤོག་ཅིག༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ་དགྲ་བོ་ནྲྀ་ཨཾ་ཀུ་ཤ་ཛ་ཛ༔ ཡ་མ་རཱ་ཙ་ཀླུ་ལིང་སང་སང་མ་ལྕགས་སང་སང་ཀུ་ཏ་ཧཱུྃ་ཕཊ༔ ༈ བླ་འགུག་གི་མོན་པ་བཞིའི་བསྐུལ་ནི། ཨཻ། ཆོས་དབྱིངས་དྲག་པོའི་ཞིང་ཁམས་ནས། །ཕྱག་རྒྱ་ཟིལ་གནོན་འཁོར་བཅས་རྣམས། །དམར་གྱི་གཏོར་མ་འདི་བཞེས་ལ། །བླ་རྐུན་ཇག་པ་ལས་ལ་ཁྱེས། །ཛཿ ཤར་གྱི་ཕྱོགས་ནས་བླ་འགུག་པ། །དུང་གི་མོན་པ་སེང་གེའི་མགོ །དབུ་དགུ་སྤྱན་དགུ་ཞལ་དགུ་གདངས། །ཕྱག་དགུ་ཞབས་དགུ་ཙིཏྟ་དགུ །ཞབས་དགུས་སྟོང་གསུམ་བླ་ལ་རྒྱུག །སྤྱན་དགུས་དགྲ་བགེགས་བལྟ་ཞིང་འཛིན། །སྙིང་དགུས་དགྲ་བོ་ཞེ་ལ་གནོན། །ཕྱག་དགུས་ཁོང་ནས་ཙིཏྟ་འབྱིན། །ཞལ་དགུས་ཁ་མངར་མེད་པར་གསོལ། །ལྗགས་དགུས་ཉམས་པའི་ཁྲག་ལ་འཐུང་། །གང་ལ་བྱ་བ་ཁྱེད་ཀྱིས་ཤེས། །གང་ལ་དམིགས་པ་ཁྱེད་ཀྱིས་ཤེས། །ཡིད་ལ་བརྣགས་པའི་དགྲ་བོ་འདིའི། །བླ་དང་རྣམ་ཤེས་ཁུག་ལ་ཤོག །དམར་གྱི་གཏོར་མ་འདི་བཞེས་ལ། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཙནྡྲ་རཱུ་ཏྲ་མོནྟ་ཛཿརྦད་བྷྱོ་དགྲ་བོ་ཆོམ་ནྲྀ་ཨཾ་ཀུ་ཤ་ཛ་ཛཿ ལྷོ་ཡི་ཕྱོགས་ནས་བླ་འགུག་པ། །ལྕགས་ཀྱི་མོན་པ་སྟག་གི་མགོ །དབུ་དགུ་སྤྱན་དགུ་སོགས་ཚིག་བཅུ་བཞི་འགྲེས་ལ། གྲུབ་པར་མཛོད། ཡ་མ་མོནྟ་ཛཿརྦད་བྷྱོ་དགྲ་བོ་ཆོམ་ནྲྀ་ཨཾ་ཀུ་ཤ་ཛ་ཛཿ ནུབ་ཀྱི་ཕྱོགས་ནས་བླ་འགུག་པ། །བསེ་ཡི་མོན་པ་དྲེད་ཀྱི་མགོ །དབུ་དགུ་སྤྱན་དགུ་སོགས་འགྲེས་སོ། །རཀྴ་མོནྟ་ཛཿརྦད་བྷྱོ་དགྲ་བོ་ཆོམ་ནྲི་ཨཾ་ཀུ་ཤ་ཛ་ཛཿ བྱང་གི་ཕྱོགས་ནས་བླ་འགུག་པ། །གསེར་གྱི་མོན་པ་ཁྱུང་གི་མགོ །དབུ་དགུ་སྤྱན་དགུ་སོགས་འགྲེས་སོ། །ཡཀྴ་མོནྟ་ཛཿརྦད་བྷྱོ་དགྲ་བོ་ཆོམ་ནྲྀ་ཨཾ་ཀུ་ཤ་ཛ་ཛཿ ༈ སྡེ་བརྒྱད་བྱུང་ཚུལ་ལྟར་བསྐུལ་བ་ནི། ཨཻ། ང་ནི་ཕྱག་རྒྱ་ཟིལ་ནོན་གཤིན་རྗེ་གཤེད། །ཞི་དང་ཁྲོ་བོ་ཐམས་ཅད་ང་ཡི་སྐུ །དྲེགས་པ་ཐམས་ཅད་རང་བྱུང་རང་ཤར་རྫོགས། །ལས་ཀུན་བསྒྲུབ་ཕྱིར་རང་རྩལ་སོ་སོར་སྣང་། །སྤྱི་བོའི་གཙུག་ནས་ཡཿཤར་གཤིན་རྗེའི་བྱུང་། །ལྟེ་བའི་རྩ་ནས་མཿཤར་མ་མོ་བྱུང་། །སྙིང་གའི་རྩ་ནས་ནཿཤར་ཀླུ་རྒྱལ་བྱུང། །མགྲིན་པའི་རྩ་ནས་རཿཤར་རྒྱལ་པོ་བྱུང་། །ཤངས་ཀྱི་ཁུང་ནས་ཤཿཤར་གཟའ་རྒོད་བྱུང་། །སྙན་གྱི་ཁུང་ནས་ཀྵཿཤར་གནོད་སྦྱིན་བྱུང་། །སྤྱན་མིག་གཉིས་ནས་ཙཿཤར་བཙན་རྒོད་བྱུང་། །ཕྱག་ཞབས་མཐིལ་ནས་དུཿཤར་དམུ་རྒྱལ་བདུད། །སྣང་སྲིད་ཕོ་མོ་ཀླུ་གསུམ་གྱིས་བསྡུས་པའི། །དྲེགས་པ་འཁོར་གཡོག་དམག་དཔུང་བཅས་པ་རྣམས། །བསྐུལ་ལོ་རྦད་དོ་ཡིད་ལ་གནག་པའི་དགྲ །རིངས་པར་བླ་ཚེ་ཁུག་ལ་སྲོག་རྩ་ཆོད། །བསད་རྟགས་སྲོག་སྙིང་དམར་པོ་ཁྱེར་ལ་ཤོག །ཤ་ཁྲག་རུས་ཟོ་དམེ་འཁྲུག་དལ་ཡམས་དང་། །ཐོག་སེར་ཐན་ལྟས་ངན་པས་དགྲ་ཡུལ་ཁོངས། །མྱུར་དུ་རྟགས་ཕྱུངས་ཐལ་བའི་རྡུལ་དུ་རློགས། །ཨོཾ་ཡ་མཱནྟ་ཀ་ཨེ་ཛཿཛཿཧྲཱིཾ་ཧྲཱིཾ་ཡ་མ་ན་ར་ཤཀྵ་ཙ་དུ་ཛ་ཛཿཧྲིང་ཧྲིང་རྦད་བྷྱོ་མཱ་ར་ཡ་སོད་དགྲ་བོའི་ཤ་ཁྲག་རུས་པ་ནང་ཁྲོལ་ཕུང་ཁམས་སྐྱེ་མཆེད་དང་བཅས་པ་ཁ་རཾ་ཁཱ་ཧི། ༈ སོ་སྡེབ་ནས་གསུངས་པའི་བདུད་བཞི་བསླང་བ་དྲེགས་པའི་བསྐུལ་ནི། ཧཱུྃ། ཞེ་སྡང་མེ་ལྟར་འབར་བའི་དཀྱིལ་འཁོར་ནས། །སྐུ་མདོག་སྔོ་ནག་རལ་པ་སྤྲིན་ལྟར་གཏིབས། །ས་ཡི་རང་བཞིན་སྤྱི་གཙུག་རྩ་ལ་འཇིབ། །དམ་ཉམས་བསྒྲལ་ཕྱིར་ཚངས་པའི་གཙུག་ཐག་ཆོད། །དྭངས་མ་སྡུས་ལ་ཀླད་ཁྲག་ཞོ་ལྟར་བྱོས། །འདོད་ཆགས་ཁྲག་མཚོ་དམར་པོའི་ནང་ཤེད་ནས། ཁྲག་མདོག་དམར་པོ་བསེ་ཡི་རལ་པ་ཅན། །ཆུ་ཡི་རང་བཞིན་སྡིག་པ་བགྲད་པའི་ཚུལ། །དམ་ཉམས་བསྒྲལ་ཕྱིར་མགྲིན་པའི་རྩ་ཆོད་ལ། །དྭངས་མ་སྡུས་ལ་ཁྲག་ཏུ་སྐྱུག་ཏུ་ཆུག །ང་རྒྱལ་ཀེང་རུས་འབར་བའི་དཀྱིལ་འཁོར་ནས། །སྐུ་མདོག་དུད་ཀ་རྔམས་པའི་ཞལ་གདངས་ཤིང་། །འཇིགས་པའི་ཚུལ་གྱིས་ལུས་ཀྱི་རྩ་མདུད་འཇོམས། །དམ་ཉམས་བསྒྲལ་ཕྱིར་ལྟེ་བའི་རྩ་ཆོད་ལ། །དྭངས་མ་སྡུས་ལ་ལུས་སེམས་བྲལ་བར་གྱིས། །གཏི་མུག་དུག་མཚོ་ཁོལ་མའི་ནང་ཤེད་ནས། །སྲོག་བདུད་ནག་པོ་མ་རུངས་རལ་པ་ཅན། །མཆེ་བ་གཙིགས་ཤིང་དུག་གསུམ་ཁོང་དུ་འཇོམས། །སྐྱེ་འགྲོ་སྲིད་པ་གསུམ་གྱིས་ཚེ་སྲོག་སྡུད། །རླུང་གི་རང་བཞིན་དཀར་ནག་མཚམས་ན་གནས། །དམ་ཉམས་བསྒྲལ་ཕྱིར་སྲོག་གི་རྩ་ཆོད་ལ། །དྭངས་མ་སྡུས་ལ་ཚེ་ཡི་འདུ་ཤེས་སྐུམས། །གཞན་ཡང་འཆི་བདག་འཁོར་ན་གནས་པ་ཡི། །ལས་ཀྱི་གནོད་སྦྱིན་མོན་མོ་ནག་མོ་བདུན། །ལྕགས་ཀྱུ་འབར་བས་དགྲ་སྙིང་ཁྱེར་ལ་ཤོག །མོན་པ་གསོད་བྱེད་མེ་དང་འཁོར་ལོ་བསྣམས། །གནམ་ལྕགས་མདའ་དང་གདུག་པའི་ཁྲམ་བམ་ཐོགས། ཁྱི་མོ་དམར་མོ་དོན་སྙིང་གློ་ལ་ཁྱེས། །བྱ་ནག་བདུན་ནི་ཁོང་ནས་ཙིཏྟ་འབྱིན། །དུག་སྦྲུལ་བདུན་ནི་ཁོང་ནས་དུག་མདའ་བརྡེག །རུས་སྦལ་བདུན་ནི་དགྲ་བོའི་ཚེ་སྲོག་སྡུད། །སྡིག་པ་བདུན་ནི་དགྲ་བོའི་སྲོག་དབུགས་ལེན། །དུས་ལ་བབ་པོ་དམ་རྫས་འདི་ལོངས་ལ། །དམ་ཉམས་རུ་དྲ་འདི་ལ་རང་གཤེད་ཕོབ། ༈ རང་གི་ལག་པ་གཉིས་ཉི་ཟླར་གྱུར་པའི། གཡས་ཀྱི་སོར་མོ་ལྔ་ལ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ གཡོན་གྱི་སོར་མོ་ལྔ་ལ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ལས་རིགས་ལྔ་ཡབ་ཡུམ་དུ་གྱུར་པའི་སྦྱོར་མཚམས་ནས། སྲས་མཆོག་ཟིལ་གནོན་ཀཱི་ལ་ཡ་རྡོ་རྗེའི་གཤོག་པ་ཅན། དབུ་གསུམ་ཕྱག་དྲུག་གིས་ཐ་མ་གཉིས་ཕྱག་མཚན་དང་བཅས་པས་ཕུར་བུ་བསྒྲིལ་བ། འཆང་བཟུང་རྡོ་རྗེའི་ལྟེ་བར་ཡེ་ཤེས་སེམས་དཔའ་འཇམ་དཔལ་ཡབ་ཡུམ། ཡར་མར་གྱི་རྭ་ལྔ་ལ་ཁྲོ་བོ་རིགས་ལྔ་ཡབ་ཡུམ། རྒྱ་མདུད་གོང་མར་ཡི་དམ། འོག་མར་བཀའ་སྲུང་བཞུགས་པ། སྐུ་སྨད་ཕུར་པ་མེ་ཡི་ཚྭ་ཚྭ་འཕྲོ་བའི་དབལ་ལ་དྲེགས་པའི་དམག་ཚོགས། རྩེ་མོར་མཚོན་ཆའི་བུ་ཡུག་འཚུབས་པ། བསྒྲིལ་བ་ཙམ་གྱིས་སྲིད་གསུམ་འདར་ཞིང་། ཕྱར་བ་ཙམ་གྱིས་ཁམས་གསུམ་སྔངས་བ། བརྡབ་པ་ཙམ་གྱིས་དགྲ་བགེགས་བརླག་ནུས་པར་བསམ། ཨོཾ་ཡ་མཱནྟ་ཀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ། ཕུར་པ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་ཀྱི་ཐུགས་རྗེ་བྱིན་རླབས་བསྡུས་ཏེ་ཐིམ་པས་ཁམས་གསུམ་དུས་གཅིག་ཏུ་སྒྲོལ་བའི་དབང་དང་ལྡན་པར་བསམ། ན་མཿས་མནྟ་བུདྡྷ་ནཱཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཡ་མཱནྟ་ཀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊཿ ཧཱུྃ། ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ། །གཤིན་རྗེ་རོལ་པའི་དུར་ཁྲོད་ཆེན་པོ་ནས། །ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ། །གཤིན་རྗེ་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད། །ཨོཾ་ཡ་མཱནྟ་ཀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ལ་སོགས་གསང་སྔགས་སྦྱར་ཏེ་གདབ། མ་རྟོགས་འཁྲུལ་པའི་དགྲ་བོ་རྣམས། །སྙིང་རྗེ་ཆེན་པོས་རབ་བསྒྲལ་ཏེ། །ཐུགས་རྗེ་ཐབས་ཀྱི་སྦྱོར་བ་ཡིས། །རྣམ་ཤེས་རྒྱལ་བའི་སྲས་སུ་སྤར། །ཨོཾ་ཡ་མཱནྟ་ཀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་ནྲྀ་ཡཾ་སྥ་ར་ཎ་ཕཊཿ བྷོ་དྷི་ཙིཏྟ་ནྲྀ་སཾ་ཧ་ར་ཎ་ཧཱུྃ། ཞེས་ཚེ་ཁྲུས་ཀྱི་དགོངས་པ་བཞིན་བྱ། ཧཱུྃ། དྲག་པོ་སྒྲོལ་མཛད་ཕུར་བུ་ཡིས། །ལུས་ཀྱི་འཁྲུལ་པ་རྩད་གཅོད་ཕྱིར། །ལྟེ་བའི་དཀྱིལ་དུ་ཀཱི་ལ་ཡ། །གཟུགས་ཀྱི་འཁྲུལ་པ་རྩད་གཅོད་ཕྱིར། །མིག་གི་དཀྱིལ་དུ་ཀཱི་ལ་ཡ། །དྲི་རུ་འཁྲུལ་པ་རྩད་གཅོད་ཕྱིར། །སྣ་ཡི་དཀྱིལ་དུ་ཀཱི་ལ་ཡ། །སྒྲ་རུ་འཁྲུལ་པ་རྩད་གཅོད་ཕྱིར། །རྣ་བའི་དཀྱིལ་དུ་ཀཱི་ལ་ཡ། །རོ་རུ་འཁྲུལ་པ་རྩད་གཅོད་ཕྱིར། །ལྕེ་ཡི་དཀྱིལ་དུ་ཀཱི་ལ་ཡ། །འཁོར་བར་འཁྲུལ་པ་རྩད་གཅོད་ཕྱིར། །གསང་བའི་དཀྱིལ་དུ་ཀཱི་ལ་ཡ། །རེག་བྱར་འཁྲུལ་པ་རྩད་གཅོད་ཕྱིར། །ཡན་ལག་བཞི་ལ་ཀཱི་ལ་ཡ། །ཨོཾ་ཡ་མཱནྟ་ཀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ལ་བསད་སྔགས་བཏགས་ཏེ་གདབ། ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊཿ བརྒྱ་ཕྲག་གསུམ། ཧཱུྃ། བརྒྱ་ཕྲག །ཨོཾ་ཨཱཿཧཱུྃ། བརྒྱ་ཕྲག་བཟླས་ནས་གསོ་བ་གསུམ་གྱི་དམིགས་པ་བྱེད། ཕུར་པ་མན་ངག་ལྟར་གདབ། དྲེགས་བསྐུལ་ཐུན་བསྐུལ་དང་ཟོར་བསྐུལ་བཅས་ཏེ་ཐུན་དང་གཏོར་ཟོར་བརྡེབ། ཧཱུྃ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ །ཐོགས་མེད་དྲག་པོའི་མཚོན་ཆ་ཡི། །དགྲ་བགེགས་ལོག་རྟོག་དུག་ལྔའི་ཚོགས། །འཁོར་བའི་སྐྱེ་རྒྱུན་རྩད་ནས་ཆོད། །བསད་སྔགས་དང་བཅས་ཏེ་མཚོན་ཆས་བསྒྲལ། ཧཱུྃ། ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུངས་བྱས་པས། །ཉམས་པའི་ཚེ་སྲོག་ལུས་ངག་ཡིད། །ཐལ་བའི་རྡུལ་དུ་བརླག་པར་གྱིས། །ཨོཾ་བཛྲ་ཀྲོ་ཏ་ཨ་ཀོ་ཊ་ཡ་ཁ་ཐཾ་ཁ་ཐཾ་མཆུ་ཆིང་མཆུ་ཆིང་། ཞེས་བརྡུངས་མཐར་བསྟབ་པ་སོགས་དཀྱུས་བཞིན་ནོ།། ༈ རང་ཉིད་འཇམ་དཔལ་གཤིན་རྗེ་ཚེ་བདག་ནག །ཕྱག་གཡས་དང་པོ་འཁོར་ལོ་དང་བཅས་པའི། །བེ་ཅོན་བསྣུན་པས་ས་གཞི་ཤག་གི་གས། །ཕྱི་ཡི་རྒྱ་མཚོ་ཆེན་པོ་སྔོ་མེར་མཐོང་། །ཛཿ ལྷོ་ཕྱོགས་རིམ་པ་བདུན་གྱི་ས་ཡི་འོག །སྒོ་མེད་གཤིན་རྗེའི་གྲོང་ཁྱེར་ལྕགས་ཁང་ནས། །ལས་གཤིན་འཆི་བདག་བྱེ་བ་དགུ་རིང་ནི། ཁྲོ་གཏུམ་མདོག་ནག་ཁ་གདངས་མཆེ་གཙིགས་པ། །ལག་གཉིས་མནན་གཏད་ལེན་པའི་ཕྱག་རྒྱ་ཅན། །མི་ལྤགས་རློན་པའི་གོས་གྱོན་མ་ཧེ་ཞོན། །འཆི་བདག་གཤིན་རྗེ་བྱེ་བ་ས་ཡ་དང་། །ས་བདག་ཀླུ་གཉན་སྡེ་བརྒྱད་དྲེགས་པའི་འཁོར། །གྲངས་མེད་ཀྱིས་བསྐོར་དེང་འདིར་སྐད་ཅིག་ལ། །ཡ་མ་རཱ་ཛ་ས་མ་ཡ་ཛཿཛཿ ཞེས་དར་ནག་གིས་གཡབ། རྐང་གླིང་ལན་གསུམ་འབུད། བཤུག་གླུ་ལན་གསུམ་ཀྱུར། རྫ་རྔ་དྲག་ཏུ་བརྡུང་། བསུར་ཆེན་གྱི་དུད་པ་དང་བཅས་ཏེ་འབོད། དམར་ཆེན་ཁྲག་གི་ཨརྒྷཾ་སྐྱེམས་སུ་འབུལ། །བཞེས་ཤིག་རོལ་ཅིག་འཆི་བདག་གཤིན་རྗེའི་ཚོགས། །ཡ་མ་རཱ་ཛ་མ་ཧཱ་རཀྟ་ཨརྒྷཾ་ཁ་རཾ་ཁཱ་ཧཱི། ཞེས་ཁྲག་ཆང་ཕྱར། དགྲ་བགེགས་ཤ་ཁྲག་རུས་པའི་གཏོར་མ་འདི། །བཞེས་ཤིག་རོལ་ཅིག་འཆི་བདག་གཤིན་རྗེའི་ཚོགས། །ཡ་མ་རཱ་ཛ་མ་ཧཱ་བ་ལིངྟ་ཁཱ་ཧི། ཞེས་གཏོར་མ་འབུལ། དེ་ནས་བསྐུལ་དང་འགུག་དབྱེའི་མཐར། ཧཱུྃ། ལྷོ་ཕྱོགས་དཔག་ཚད་བརྒྱད་ཁྲིའི་མར་འདས་ན། །ཐོད་པ་ལྕགས་ཀྱི་གྲོང་ཁྱེར་མུན་ཁང་ཆེར། །གཤིན་རྗེ་ཡོངས་ཀྱི་སྡེ་དཔོན་འཆི་བདག་ནག །གསོན་པོ་སྐོས་འདེབས་གཤིན་པོ་རྣམས་ཀྱི་རྗེ། །དགེ་སྡིག་ཆོས་བཞིན་སྤྱོད་པའི་རྫུ་འཕྲུལ་ཅན། །བཀའ་ཉན་སྡེ་བརྒྱད་དྲེགས་པའི་དམག་ཚོགས་ལ། །གཟུགས་བྱང་མིང་རུས་བྲིས་པའི་དགྲ་བོ་འདི། །མི་ནོར་འཁོར་དང་བཅས་པ་མ་ལུས་པ། །གཉེར་དུ་གཏད་དོ་གཤིན་རྗེའི་ལག་ཏུ་གཏད། །གཤིན་རྗེའི་ལག་ཏུ་ཆུད་པས་ཤོར་མི་སྲིད། །གཏད་དོ་འཆི་བདག་ནག་པོའི་ལྟོ་བར་གཏད། །ཟས་སུ་གཏད་ཀྱིས་སླར་ཡང་མ་སྐྱུགས་སྡོམས། །གཏད་དོ་ལྷ་སྲིན་སྡེ་བརྒྱད་ལག་ཏུ་གཏད། །སྔོ་དམར་བྱད་དུ་བཅུག་པས་འཆོར་མི་སྲིད། །གཤིན་རྗེ་ཀླུ་དམག་སྡེ་བརྒྱད་དམག་ཚོགས་ཀྱིས། །བསྐལ་པ་མ་སྟོངས་བར་དུ་མ་གཏང་ཞིག །ཅེས་བརྗོད་ཅིང་བསྐྱུར། ཧོཿ འཆི་བདག་གཤིན་རྗེའི་རྒྱལ་པོ་ཁྱོད་ཀྱི་ལྟོ་བ་ན་སྲིད་པ་གསུམ་ཡོད་དེ། ཁྱོད་ཀྱིས་མི་འགྲུབ་པའི་ལས་གང་ཡང་མེད་པས། སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཁྱི་ལྟར་ཟུག་པ། སེམས་ལ་སྡུག་བསྔལ་གཏོང་བ། ལུས་ལ་ན་ཚ་གཏོང་བ། སྲོག་ལ་བར་ཆད་གཏོང་བ། ཟས་ནོར་ལ་གོད་ཁ་གཏོང་བ། ཟ་ལམ་དུ་དུག་གཡོ་བ། འགྲོ་ལམ་དུ་རྩང་འཛུགས་པ། གྲོས་ངན་དམག་ཤོམ་བྱེད་པ། མཐུ་བྱད་དམོད་པ་གཏོང་བ་སོགས། བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་བགེགས་སྤྱི་དང་། ཁྱད་པར་གཟུགས་བྱང་མིང་རུས་ལ་བཏབ་པའི་དགྲ་བགེགས་འདི་རྣམས་ཀྱི་ཚེ་སྲོག་བསོད་ནམས། ཁ་རྗེ་དབང་ཐང་། མཐུ་སྟོབས་ནུས་པ། ལུས་ངག་ཡིད་གསུམ་ཐམས་ཅད་བསྐལ་པ་མ་སྟོངས་ཀྱི་བར་དུ་ནམ་ཡང་ཐར་བ་མེད་པར་ནོན་ཅིག །ཤ་ཆེན་དོན་སྙིང་ཟས་སུ་ཟོ་ཞིག །དམར་ཆེན་ཁྲག་རྒྱུན་སྐོམ་དུ་ཐུངས་ཤིག །པགས་རློན་དམར་བཤུས་གོས་སུ་གྱོན་ཅིག །ནམ་མཁའ་སྟོང་པ་ལ་ཚད་མ་འཛུགས། མི་ཚེ་རིང་པོ་ལ་དུས་མ་འདེབས། རང་བཞིན་གྱིས་སྐྱེ་འཆི་ལ་ཁུངས་མ་འཚོལ་བར་ད་ལྟ་ཉིད་དུ་སོད་ཅིག །གནོན་པའི་མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད་ཅིག །ཧཱུྃ། འབྱུང་བ་གདན་བཞིའི་རྔམས་འོག་ན། །ལས་ཀྱི་ཚེ་བདག་ནག་པོ་ནི། །ཡ་མཚན་ཆེ་ལ་རྨད་དུ་བྱུང། །མུན་ནག་འཐིབས་པའི་འོག་ན་བཞུགས། །གཡས་པའི་ཕྱག་ན་རི་རབ་བསྣམས། །གཡོན་པའི་ཕྱག་ན་རྒྱ་མཚོ་བསྣམས། །ཞབས་ཀྱིས་རླུང་གི་འཁོར་ལོ་གནོན། །དམ་ཉམས་དགྲ་བོ་ལས་ངན་འདི། །མནན་པའི་ལས་ཀྱི་དུས་ལ་བབ། །སྒོ་མེད་ལྕགས་ཁང་ནང་དུ་ཆུག །གཤིན་རྗེ་རྣམས་ཀྱི་ཟས་སུ་སྦྱིན། །འཁོར་ལོ་འབར་བའི་རྩིབས་ལ་སྐྱོན། །རྒྱ་མཚོ་ཆེན་པོའི་གཏིང་དུ་ཆུག །རི་རབ་ཆེན་པོའི་རྨངས་སུ་ནོན། །ནམ་ཡང་ལྡང་བར་མ་བྱེད་ཅིག །ཆེ་གེ་མོ་མཱ་ར་ཡ་སཏྭཾ་བྷ་ཡ་ནན། ཞེས་བརྗོད། ཁོང་ཆུད་གཤིན་རྗེ་སྡེ་བརྒྱད་ཀུན་དགའ་ཞིང་། །ཞེས་སོགས་ཀིང་ཀང་དམར་ཆུང་གི་ཆོག་སྒྲིག་ཆོས་རྒྱལ་མངྒའི་མཚན་གྱིས་གསུང་ཇི་ལྟ་བ་བཞིན་དང་། འབྱུང་བ་ལྔ་ཡི་སྔགས་ལག་ལེན་དང་བསྟུན་པའི་མཐར། ན་མོ་སངས་རྒྱས་སོགས་དང་བཅས་ཏེ་ཐལ་རྡེབ་ལན་བདུན་གྱི་རྗེས་སུ་ལག་ཚགས་དམ་པར་བྱས་ནས་ལས་བཞིའི་བྲོ་བརྡུང་། དེ་ལྟར་ཡང་བཟློག་ནག་པོ་མེའི་སྤུ་གྲིའི་ངག་འདོན་ལྷན་ཐབས་འདི་ནི་ལག་ལེན་དམར་ཁྲིད་དུ་བསྟན་ནས་ཁོང་དུ་ཆུད་པར་བྱེད་པ་ལས། གཞན་དུ་མ་དང་དཀྱུས་སུ་བྲི་བ་དང་། གསལ་བྱེད་ཀྱི་མཆན་བུ་འདེབས་པ་སོགས་བྱས་པ་བྱུང་ན་འཆི་བདག་ལས་ཀྱི་གཤིན་རྗེ་བྷེ་ཝ་ས་ཏྭས་སྙིང་ཁྲག་ཧུབ་ཀྱིས་བཞེས་ལ་ཚར་ཆོད་ཅིག །དེ་ལྟར་རིག་འཛིན་བརྒྱུད་པའི་ཞལ་གྱི་དྲོད། །མ་ཉམས་ལག་ལེན་གནད་ཀྱི་ཟུར་རྒྱན་འདི། །བཀོད་པས་བདུད་སྡེའི་རུ་མཚོན་སར་བསྙལ་ཏེ། །དཀར་པོ་ཆོས་ཀྱི་བ་དན་བསྒྲེང་བར་ཤོག །ཅེས་ཡང་ཟློག་མེའི་སྤུ་གྲིའི་ལས་བྱང་རྡོ་རྗེའི་ཐོད་མདའ་ལ་ཉེ་བར་མཁོ་བའི་གཟུ་དཔང་དྲེགས་པའི་བསྐུལ་སོགས་ངག་འདོན་བཀླག་ཆོག་ཟུར་བཀོལ་ལ། ཟབ་གནད་ཞལ་ཤེས་ལ་རག་ལས་པ་འགའ་ཞིག་མ་གཏོགས་ཚང་བར་བཀོད་པའི་ལྷན་ཐབས་རིག་འཛིན་ཞལ་གྱི་དྲོད་རླངས་འདི་ནི། གཏེར་གཞུང་ཡིག་རྙིང་སོགས་བརྒྱུད་པའི་བླ་མ་རྣམས་ཀྱི་གསུང་རྣམས་ཕལ་ཆེར་རང་སོར་བཞག་ཚིག་ལྷུག་ཕལ་ཆེར་ཚིགས་བཅད་དུ་བསྡེབས་ཤིང་ཁྱེར་བདེ་བའི་ཆེད་དུ་འགའ་ཞིག་ལ་དབྲི་སྣོན་ཅུང་ཟད་ཀྱང་བགྱིས་ཏེ། ཟ་ཧོར་གྱི་རིགས་ལས་སྔགས་པ་ནག་པོ་ཟིལ་གནོན་དྲག་པོ་རྩལ་གྱིས་ཤིང་སྦྲུལ་ཧོར་ཟླ་བདུན་པའི་དཔའ་བོའི་དགའ་སྟོན་གྱི་ཚེས་ལ་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་སོ། །དགེའོ།། །།

ཡང་ཟློག་མེའི་སྤུ་གྲིའི་ལས་སྦྱོར་གྱི་སྔོན་འགྲོའི་བསྙེན་ཡིག་བཻཌཱུརྻའི་དོ་ཤལ་ (Volume 17, Text 21)

༄༅། །ཡང་ཟློག་མེའི་སྤུ་གྲིའི་ལས་སྦྱོར་གྱི་སྔོན་འགྲོའི་བསྙེན་ཡིག་བཻཌཱུརྻའི་དོ་ཤལ་ཞེས་བྱ་བ་བཞུགས་སོ། ། ན་མོ་མཉྫུ་ཤྲཱི་ཤི་ཝ་ཀྲོ་དྷཱ་ཡ། ཆོས་ཀྱི་དབྱིངས་ན་འཇམ་དཔལ་ཆེས་དུལ་ཡང་། །རང་གདངས་སྲིན་པོའི་ཞལ་ཅན་དུས་ཀྱི་དགྲ །བྱང་ཆུབ་བར་དུ་བདག་སྙིང་ཟེའུ་འབྲུ་རུ། །སྤྱོན་ལ་ཕྱག་རྒྱ་མ་ལུས་ཟིལ་གནོན་གྱིས། ཁྱོད་ཉིད་བསྙེན་ཅིང་སྒྲུབ་པའི་གནད་གསང་ཀུན། །གངས་ཁྲོད་སྔགས་འཆང་ཕལ་གྱིས་མ་གཟིགས་པའི། །གནམ་ལྕགས་མེ་འབར་ཞལ་ལུང་ཡིད་བཞིན་ནོར། །ཆོས་གྲགས་དེད་དཔོན་ལས་འོངས་ཁོ་བོས་རྙེད། །འཇམ་དཔལ་ཞི་ཁྲོའི་ལམ་བཟང་ལ་བརྟེན་ནས། །འདི་ཕྱིའི་གཏན་འདུན་སྙིང་ནས་བསྒྲུབ་འདོད་ལ། །གཅིག་ཏུ་གཅེས་པའི་བསྙེན་ཡིག་བཻ་ཌཱུརྻའི། །དོ་ཤལ་ཡི་གེའི་སྲད་བུར་བརྒྱུས་འདི་ལོངས། །དེ་ལ་འདིར་འཇམ་དཔལ་ཚེ་བདག་ནག་པོའི་མན་ངག་ཐམས་ཅད་ཀྱི་ཉིང་ཁུར་གྱུར་པ་དྲག་སྔགས་བདག་པོ་གནུབས་ཀྱི་ཁྱད་ཆོས། སྤྲུལ་སྐུ་རྒྱ་ཞང་ཁྲོམ་གྱི་ཟབ་གཏེར་ཡང་ཟློག་ནག་པོ་མེའི་སྤུ་གྲིའི་སྲུང་ཟློག་བསད་མནན་སོགས་ཉམས་སུ་བླང་བའི་སྔོན་དུ་བསྙེན་པ་གནད་དུ་ཐེངས་པ་འགྲོ་དགོས་ཤིང་། དེའང་དབང་ཆོག་ངེས་དོན་བདེ་འཇུག་གི་སྟེང་ནས་བགྲོད་པ་རྣམ་པ་གསུམ་ལ་བརྟེན་པའི་དབང་བཞི་དང་ལུང་མན་ངག་ཐོབ་པའི་སྔགས་པས། ཚེ་བདག་ལྕགས་འདྲ་དང་ལྕགས་སྡིག་གང་རུང་གི་ལས་བྱང་ལ་བརྟེན་ནས་སྐུ་གསུང་ཐུགས་སྔགས་དང་། གཤིན་རྗེ་ཐམས་ཅད་འདུས་པའི་དྲག་སྔགས་ཨྱཻ་རིང་གི་བསྙེན་པ་ཐེངས་ན་ལས་སྦྱོར་ལ་འཇུག་ཏུ་རུང་ནའང་། མ་ཐེངས་པའམ་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འདིའི་སྒོས་ཀྱི་བསྙེན་པ་བྱེད་པར་འདོད་པས། དབང་ཆོག་བདུད་དཔུང་ཟིལ་གནོན་དང་རྣོན་པོ་ནང་གཅོད་ཀྱི་དབང་རྒྱས་བསྡུས་གཉིས། ཆོས་སྐོར་གདམས་པ་རྣམས་ཐོབ་པའི་སྒྲུབ་པ་པོས་སྔོན་འགྲོ་འཇམ་དཔལ་ཞི་བར་བསྙེན་པ། དངོས་གཞི་ཟླ་གསང་གཞི་བསྙེན་བྱ་བ། མཇུག་ལས་སྦྱོར་རྩ་བསྙེན་བྱེད་པ་དང་གསུམ་ལས། དང་པོ་ནི། གསུང་སྒྲོག །སཱཙྪ། ཆབ་གཏོར། སྐོང་བཤགས་སོགས་བསོད་ནམས་ཀྱི་ཚོགས་གསོག་རྒྱས་པར་སྤྲོ་ན་ཁོ་བོས་བརྩམས་པའི་སངས་རྒྱས་མངོན་སུམ་སྟོན་པའི་ལག་བཅང་བཞིན་བྱེད། འཇུག་པ་བདེ་བར་འདོད་ན་གནས་དབེན་པར་འཇམ་དཔལ་ཞི་ཁྲོའི་རྟེན་བཀྲམ་པའི་མདུན་དུ་ཅོག་རྩེའམ་སྟེགས་བུ་ལྟ་བུ་དྲིས་བྱུགས་པའི་སྟེང་དུ་འཇམ་དཔལ་ཞི་བའི་མཆོད་གཏོར་ཟླུམ་པོ་པད་འདབ་དམར་པོ། སྨན་རཀ །ཕྱི་མཆོད་རྣམས་ཚང་དུ་བཤམ། ལས་བྱང་རྡོ་རྗེའི་ཐོག་མདའ་བཞིན་དུ། ཕྱོགས་སྐྱོང་གཞི་བགེགས་ལ་གཏོར་མ་གཏང་ཞིང་རྒྱལ་ཆེན་གྱི་ཐོ་གཞན་ནས་བཀང་སྟེ་འཛུགས། སྟན་བདེ་བ་ལ་འཁོད་དེ་སྐྱབས་འགྲོ །སེམས་བསྐྱེད། ཚོགས་ཞིང་རྣམས་བྱ། སྭ་བྷཱཱ་བས་སྦྱང་། འཁོར་འདས་ཆོས་ཀུན་སྟོང་པ་ཉིད་ཀྱི་ངང་། །པཾ་ལས་པདྨ་ཨ་ལས་ཟླ་བའི་སྟེང་། །མུཾ་ཡིག་དམར་སེར་ཡོངས་གྱུར་བདག་ཉིད་ནི། འཇམ་དཔལ་དམར་སེར་ཞལ་གཅིག་ཕྱག་གཉིས་ཀྱི། །གཡས་པས་ཤེས་རབ་རལ་གྲི་དཔུང་ཐད་འཛིན། །ཨུཏྤལ་ཡུ་བ་གཡོན་པའི་མཐེབ་སྲིན་གྱིས། །ཐུགས་ཀར་བཟུང་བའི་འདབ་མ་སྙན་ཐད་དུ། །རྒྱས་པའི་སྟེང་ན་ཤེར་ཕྱིན་གླེགས་བམ་མཚན། །ཟུར་ཕུད་ལྔ་ལྡན་དར་དང་རིན་ཆེན་བརྒྱན། །ཞབས་གཉིས་མི་ཕྱེད་རྡོ་རྗེ་སྐྱིལ་ཀྲུང་ཅན། །འཇའ་ཚོན་འོད་ལྔའི་དཀྱིལ་བཞུགས་གནས་གསུམ་དུ། །ཨོཾ་དཀར་ཨཱཿདམར་ཧཱུྃ་ཡིག་མཐིང་ཁ་ཡིས། །མཚན་པ་ལས་འཕྲོས་ཡེ་ཤེས་ལྷ་ཚོགས་རྣམས། །དབྱིངས་རིག་དག་པའི་ཀློང་ནས་ས་མཱ་ཛཿ །ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་གྱུར། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོ། པྲ་ཏཱིཙྪ་ཧོཿ ཆུ་གཉིས་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་དང་། །རོལ་མོ་སྨན་གཏོར་རཀྟ་སོགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །ཨོཾ་ཤྲཱི་མཉྫུ་ས་པ་རི་བཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། སྔགས་ཤམ་དུ། མ་ཧཱ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ༴ མ་ཧཱ་རཀྟ༴ གཞོན་ནུའི་ཆ་ལུགས་འཆང་བ་པོ། །ཞེས་སོགས་ཀྱིས་བསྟོད། ཐུན་འགོ་རྣམས་སུ་ཕྲེང་བ་བྱིན་གྱིས་བརླབ། ཐུགས་ཀར་ཉི་སྟེང་མུཾ་ལ་སྔགས་ཕྲེང་གིས། །བསྐོར་ལས་འོད་འཕྲོས་་་བསྙེན་པ་་་འཕགས་མཆོད་འགྲོ་དོན་བྱས།་་་སྒྲུབ་པ། སྐུ་གསུང་ཐུགས་ཀྱི་ཡོན་ཏན་མ་ལུས་པ། །ཚུར་འདུས་་་སྒྲུབ་ཆེན་་་བདག་ལ་བྱིན་གྱིས་བརླབ་པར་གྱུར། །ཅེས་བསྙེན་པ་དང་སྒྲུབ་པའི་དམིགས་པ་དང་བཅས། ཨོཾ་ཝཱ་གཱི་ཤྭ་རི་མུཾ། ཞེས་པ་འབུམ་ཚོ་དྲུག་ཐུན་དུ་བཅད་དེ་བསྙེན། ཐུན་མཐར་མཆོད་བསྟོད་བྱ། ཐུན་མཇུག་རྣམས་དང་བཟའ་བཏུང་བཤང་གཅི་རྣམས་ཀྱི་མཇུག་ཏུ། ཨོཾ་གྱིས་མགོ་དྲངས་ཨཱ་ལི་ཀཱ་ལིའི་མཐར་འགྲུབ་པར་གྱུར་ཅིག་གྲུབ་བོ། །ཞེས་དང་། གཤིན་རྗེ་གཤེད་ཀྱི་ཡིག་བརྒྱ། རྟེན་འབྲེལ་སྙིང་པོ། སུ་པྲ་ཏིཥྛ་རྣམས་གསུམ་རེ་བརྗོད་པ་འོག་མ་ཀུན་ལ་འགྲེ །ཐུན་མཚམས་ཀྱི་བྱ་བ་སྤྱི་ལྟར་བྱེད་ཅིང་འཇམ་དཔལ་མཚན་བརྗོད་རྒྱས་བསྡུས་གང་རུང་འདོན་པར་དམ་བཅའ་བ་ཕྱག་ལེན་དུ་སྣང་བ་བཞིན་བྱ་ཞིང་ཞི་དྲག་སྦྲེལ་ནས་མི་བྱེད་ན་གཏང་རག་བཟོད་གསོལ་ཉེར་བསྡུ་ཤིས་བརྗོད་ཀྱང་བྱེད། གཉིས་པ་དངོས་གཞི་ལ། བསྙེན་པ། ཉེ་བསྙེན། སྒྲུབ་པ་ཆེན་པོ། འཆི་བདག་བདུད་སྒྲུབ་དང་བཞི་ལས། །དང་པོ་ནི། ཟླ་བ་ཐ་ཆུང་བཞིའི་མར་ངོའི་འགྲུབ་པའི་ཉི་མའམ་ཡང་ན་གཟའ་ཚེས་དང་བསྟུན་ཏེ་ཡར་ངོ་ལའང་རུང་བས། དཀྱུས་གཅིག་ཏུ་མི་བྱེད་པའི་དབང་དུ་བཏང་ན་དུར་ཁྲོད་ལ་སོགས་པའི་གནས་ན་དང་། སྦྲེལ་མར་གཏོང་བའི་དབང་དུ་བྱས་ཏེ་གོང་གི་གཞི་བཅས་རྣམས་བསྡུས་པའི་ཤུལ་དུ་སྨན་རཀ་མཆོད་གཏོར། རྟགས་མཐོང་ན་འབུལ་བའི་རྟགས་གཏོར། ཕྱི་ནང་གི་ཉེར་སྤྱོད། བགེགས་གཏོར། ཚོགས་ཆས། བམ་སྐོང་། ཆོས་སྐྱོང་། གཏེར་སྲུང་གི་གཏོར་མ། ཚོགས་ལ་མཁོ་བའི་རྫས་དང་ཡོ་བྱད་རྣམས་བཤམ། འཇམ་དཔལ་ཞི་བ་དང་སྦྲེལ་མར་བྱེད་པའི་དབང་གིས་ཕྱོགས་སྐྱོང་གཞི་བགེགས་ཀྱི་གཏོར་མ་དང་རྒྱལ་ཐོ་ལོགས་སུ་མི་དགོས། ལས་བྱང་རྡོ་རྗེའི་ཐོག་མདའ་དཀྱུས་བཞིན་ལ། ཚུགས་པར་ནུས་མིན་མཐུ་རྩལ་ལྡན་པར་གྱུར། །ཅེས་པའི་བར་སོང་ནས་ཟླ་གསང་རྩ་རྒྱུད་ཀྱི་ལེའུ་བཅུ་གསུམ་པ་དང་། དྲེགས་པ་ཚར་གཅོད་ཀྱི་སྐབས་བརྒྱད་པར་གསུངས་པ་བཞིན། མགོ་བོ་རྨ་བྱ་བཞིན་དུ་དགུག །རུ་རཀྴ་ཡི་ཕྲེང་བ་བགྲང་། །མགོན་པོ་ཉིད་ལ་གུས་བྱས་ཏེ། །ཞེས་པ་ལྟར་བྱ། དམིགས་པ་ནི། ཕྱི་རོལ་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང། །ནང་བཅུད་འགྲོ་བ་གཤིན་རྗེའི་གཤེད་ཀྱི་ལྷ། །རང་གི་སྙིང་གར་མཆོང་སྨུག་གུར་ཁང་དབུས། །པད་ཟླ་ཉི་སྟེང་རང་རིག་ཡེ་ཤེས་སེམས། །འཕགས་པ་འཇམ་དཔལ་ཚོན་གང་ཙམ་གྱི་ཚད། །སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་ཀྱི། །གཡས་པས་ཤེས་རབ་རལ་གྲི་ཞེས་པ་ནས། ཞབས་གཉིས་མི་ཕྱེད་རྡོ་རྗེ་སྐྱིལ་ཀྲུང་ཅན། །ཞེས་པའི་བར་གོང་གི་ཞི་བསྙེན་བཞིན་ལེན། ཐུགས་ཀར་ཉི་སྟེང་རྡོར་སྔོན་རྩེ་ལྔའི་ལྟེར། །ཟླ་ཉིའི་སྟེང་ན་མཐིང་ནག་ཧཱུྃ་མཐར་སྔགས། །བསྐོར་ཞིང་འཁོར་བཞིའི་ཐུགས་ཀར་རྡོར་ཟླ་ཉི། །ཧཱུྃ་ཡིག་བསྙེན་པའི་སྔགས་ཀྱི་ཕྲེང་བས་བསྐོར། །སྔགས་ཕྲེང་ལས་ཆད་གཉིས་པ་ལྗགས་སྟེང་བརྒྱུད། །ཕྱི་རོལ་འདོམ་གང་ཙམ་དུ་སྔགས་འབྲུ་འོད། །གྲངས་མེད་ལྷ་སྐུར་གྱུར་པའི་ཞལ་ནས་ཀྱང་། །སྔགས་སྒྲོག་འོད་ཟེར་སྣེ་ལས་ལྷ་མོའི་ཚོགས། །འཕྲོས་ཏེ་བདེ་བར་གཤེགས་པའི་ཚོགས་ཀུན་མཆོད། །སྐུ་གསུང་ཐུགས་བྱིན་བསྡུས་ནས་བདག་ལ་ཐིམ། །ཞེས་པའི་དམིགས་པ་དང་བཅས། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཅེས་པ་འབུམ་ཕྲག་དྲུག་གི་བར་དུ་བསྙེན་ནོ། །དེ་ཡང་གཤིན་རྗེ་དམར་ནག་འབར་བའི་རྒྱུད་ཀྱི་ཡི་གེ་འཁོར་ལོ་རྫོགས་ཆེན་གྱི་ལེའུ་ལས། གོང་གི་སྔགས་མཐར། ཁྲོ་རྒྱལ་རྔམ་པའི་རྒྱལ་པོ་ཉིད། །བདག་དང་དབྱེར་མེད་རྫོགས་པའི་སྐུ །ཞེས་སོགས་གསུངས་ལ། ཨ་ཀྲོ་འབྲུ་བཅུ་བདུན་པ་དང་ཉི་མ་བཞི་པའི་རྩ་བ་ཡི་གེ་བཅུ་གཅིག་པ་གསུམ་པོ་གང་རུང་གདམ་པར་གསུངས་ཤིང་། ཨ་ཀྲོ་བཅུ་བདུན་པ་འཇམ་དཔལ་ཁྲོ་བོ་རིན་པོ་ཆེ་གསང་བའི་རྒྱུད་ཀྱི་སྒྲུབ་པ་རྩ་བའི་ལེའུ་སོགས་རྒྱུད་དུ་མ་ནས་བཤད་ཅིང་། ཉིན་བཞིའི་རྩ་བ་གསང་བ་དགུ་བཅུ་པའི་རྒྱུད་ཀྱི་སྲོག་ལ་དྲངས་པའི་ལེའུ་ནས་བསྟན་པས་དོན་ལ་ཁྱད་པར་མེད་ནའང་། ཡི་གེ་བཅུ་གཅིག་པ་ཉིད་ལ་གཙོ་བོར་མཛད་པ་ཤས་ཆེའོ། །དེ་ལྟར་ཐུན་བཞི་སོ་སོའི་མཐར་གཏོར་མ་གསོས་ལ་སྨན་རཀ་བྲན་ནས་གཏོར་བསྔོ་བྱས་པའི་མཐར་མཆོད་ཅིང་། ཐབས་མཆོག་བདེ་ཆེན་མས་བསྟོད། སྤྱིར་སྔགས་སྟོང་ཕྲག་རེ་སོང་བའི་མཚམས་མཆོད་བསྟོད་བྱེད་པར་བཤད་ཅིང་ཕྱག་ལེན་མང་པོར་སྣང་བ་རྒྱུད་དང་མཐུན་ཞིང་ཕུན་སུམ་ཚོགས་པའི་ཡན་ལག་ཡིན་མོད། འདིར་ཐུན་མཚམས་ཚོར་མཆོད་བསྟོད་མཛད་པས་གོ་ཆོད་པས་ཐུན་མཚམས་བཞི་པོར་ངེས་པར་དགོས་པ་འཇམ་དཔལ་ཁྲོ་བོ་གསང་བའི་རྒྱུད་ཀྱི་ལེའུ་ལྔ་པ་སྒྲུབ་པ་རྩ་བའི་ལེའུ་ལས། སྔགས་ཀྱི་ཕྲེང་བ་སྟོང་རྫོགས་དང་། །སྟོང་ཚོགས་མཆོད་དང་བསྟོད་པ་བྱ། །དྲག་ཏུ་གཤིན་རྗེ་དགུག་པ་ནི། ཁུར་བས་དབུས་ལ་གཤིན་མི་བཟློག །ཚིལ་ཆེན་མར་མེ་རྒྱུན་མི་བཅད། །རྫ་རྔ་བརྡུང་ཞིང་དབྱུག་པས་བསྒོ །རྨུགས་ཆེན་རྨུགས་ཆུང་སྙན་ལ་བདོ། །དཔའ་བོ་གྲུབ་རྟགས་བྱུང་བ་དང་། །དངོས་གྲུབ་དམ་ཤིང་བླང་བར་བྱ། །ཞེས་གསུངས་པ་ལྟར་ཚིལ་ཆེན་གྱི་མར་མེ་ཤ་ཆེན་དང་གུ་གུལ་བསྲེས་པའི་བདུག་པ་དང་། རྫ་རྔའི་རོལ་མོ་སོགས་བྱ་བ་གནད་ཆེའོ། །མཚམས་ཚུགས་པའི་ནུབ་མོ་ཚོགས་ཀྱང་རྒྱས་པར་དབུལ། གཤིན་རྗེ་དམར་ནག་འབར་བའི་དམེ་རྒྱུད་ཀྱི་ཡི་གེ་འཁོར་ལོ་རྫོགས་ཆེན་གྱི་ལེའུ་ལས། སྒོ་ལྔ་རང་སོ་ཡུལ་མེད་བཞག །བེ་ཤིང་འཁར་བ་ཐོགས་ནས་ནི། །བྱིང་ནས་རྨུགས་པར་གྱུར་པ་ན། །འཇམ་དབྱངས་ཁྲོ་བོའི་འཛབ་ཀྱིས་བསྐུལ། །གཡེལ་ཞིང་རྒོད་པར་གྱུར་པ་ན། །མཚན་མ་ལྷ་ཡི་སྐུ་ལ་བརྟག །ཅེས་སོགས་གསུངས་པས་འདིའི་སྒྲུབ་པ་མ་གྲོལ་བར་བྱིང་ན་འཛབ་དབྱངས་བྱ་ཞིང་དལ་གྱིས་བཅག །རྒོད་ན་བྲིས་སྐུ་སོགས་ལ་བལྟ་ཞིང་། བྱིང་རྒོད་སོགས་ཀྱི་སྐྱོན་གང་ཡང་མེད་པར་དུས་ཀུན་ཏུ་བསྒྲིམས་ནས་བཟླ་བར་བཤད་པ་ལྟར་བྱའོ། །གཉིས་པ་ཉེ་བར་བསྙེན་པ་ནི། སྟེགས་བུའི་ཁར་ཐིག་ཚོན་བྱིན་གྱིས་བརླབས་ཏེ་དུར་ཁྲོད་ཀྱི་ཚོན་གྱིས་དཀྱིལ་འཁོར་གྲུ་གསུམ་མཐིང་ནག་ཟླ་གམ་གསུམ་དམར། མུ་ཁྱུད་མཛེས་ཚོན། རྩིབས་བཞི་སེར། ཐོད་རྭ་དཀར། དེའི་ཕྱིར་སྒོ་རྫོགས་བྲིས་ཀྱང་འགལ་བ་མེད་ནའང་འཇུག་པ་བདེ་བར་བྱེད་ན་ཐོད་རྭའི་ཕྱི་རོལ་དུ་རྡོར་རྭ་མེ་རི་བྲི། དེའི་སྟེང་དུ་ཚེ་བདག་གཙོ་འཁོར་ལྔའི་ཙཀ་ལི་འཛུགས་པའམ། འཇམ་དཔལ་ཞི་ཁྲོའི་རིགས་ཀྱི་བྲིས་འབུར་བྱིན་ཅན་རྙེད་ན་རུང་ཞིང་ལེགས། ཕྱི་ནང་མཆོད་པ་རྣམས་བཤམ། རང་དང་མདུན་བསྐྱེད་ཀྱི་དཀྱིལ་འཁོར་དབྱེར་མེད་གཅིག་པའི་ཚུལ་དུ་ལས་གཞུང་རྡོ་རྗེའི་ཐོག་མདའ་བསྲངས་ལ་གོང་བཞིན་དམིགས་པ་དང་བཅས་ཏེ་ཨ་ཀྲོ་འབྲུ་བཅུ་གཅིག་པ་འབུམ་ཕྲག་གསུམ་དུ་བསྙེན་ནོ། །གསུམ་པ་སྒྲུབ་པ་ཆེན་པོ་ནི་བསྙེན་པ་དང་ཉེ་བསྙེན་ཐེམས་ཀྱང་། གཤིན་རྗེ་དམར་ནག་འབར་བའི་དམེ་རྒྱུད་ཀྱི་ལེའུ་བདུན་པ་ལས། ཡབ་ཡུམ་སྔགས་ཀྱི་གྲངས་ཐེམས་ཀྱང་། །ལྷ་ཡི་མཚན་མ་མ་མཐོང་ན། །སྔགས་ཀྱི་དམ་ཚིག་ཉམས་སྲིད་པས། །ལྷུ་དུམ་གསིལ་ལ་བརྒྱ་བཤགས་བྱ། །དེ་ཚེ་མཚན་རྟགས་མངོན་དུ་སྟེར། །དེས་ཀྱང་རྟགས་རྣམས་མ་བྱུང་ན། །གསང་སྔགས་སིལ་བུར་ལྟོ་ནས་ཟློག །རུ་ཁུག་རུ་ཉལ་རུ་ཉལ་དང་། །རུ་ཟློག་དྲག་པོས་གནད་ལ་དབབ། །གཞུག་ལ་དམ་ཚིག་བདར་ལ་བཞག །ལྷ་ཉིད་གནད་ལ་དབབ་པ་སྟེ། །ཀུན་གྱིས་བྱ་བ་མ་ཡིན་ཏེ། །ལས་རྣམས་ལྐུགས་ན་བྱ་བ་ཡིན། །མི་འགྲོ་འགྲོ་བར་བྱ་བ་ཡིན། །མི་འགྲུབ་འགྲུབ་པར་བྱ་བ་རུང་། །དམ་ཚིག་བདག་པོས་རབ་ཏུ་གསུངས། །ཞེས་པ་ལྟར། བཤགས་པ་དང་སྔགས་སྡེབ་བྱ་དགོས་ཀྱང་། བྲིས་སྐུ་འཛུམ་པ་སོགས་དངོས་ཉམས་རྨི་ལམ་དུ་རྟགས་བཟང་པོ་མཐོང་ན། ཙནྡན་དམར་པོའི་བྱང་བུ་གཉིས་ལ་རབ་འབྲིང་ཐ་གསུམ་གྱི་རྫས་གང་རུང་གིས་གཅིག་ལ་སྐུ་དང་། གཅིག་ཤོས་ལ་གཟུགས་བྲིས་པའི་ཁོང་པ་རྒྱབ་ཏུ་ཡི་གེ་འགོད་ལུགས་མཐོང་བརྒྱུད་ཀྱི་ཕྱག་ལེན་ལྟར་ལ་སོ་སོའི་རྫས་བྱུག་ཅིང་པྲ་རྩིས་མནན་པ་ཁ་སྦྱར་བ་དར་ཚོན་གྱིས་དམ་དུ་བཅིངས་ནས་རླངས་མི་འཆོར་བར་བྱ། རྡུལ་ཚོན་གྱི་དཀྱིལ་འཁོར་སྟེང་དུ་མཉྫིའི་ཁར་མོ་ཐོད་མཚན་ལྡན་གྱི་ནང་དུ་བ་དམར་སེར་གྱི་འོ་མ་དང་ཆང་ལ་མན་ངག་ལས་བྱུང་བའི་རྫས་རྣམས་བཏབ་པ་ཧུབ་གང་ཙམ་དང་ལྷན་ཅིག་པར་བྱང་བུ་ཞལ་ཕྱོགས་མ་ལོག་པར་གཞུག །དེ་སྟེང་ཕོ་ཐོད་མཚན་ལྡན་གྱིས་བཀབ་ལ་དར་ཚོན་སྣ་ལྔས་དྲིལ། ཕོ་མོའི་ཐོད་པ་སོ་སོར་མ་རྙེད་ན་ཕོ་ཐོད་གཉིས་སྦྱར། གཟུངས་ཐག་དམར་པོ་བཏགས། དཀྱིལ་འཁོར་གྱི་མཐར་དངོས་གྲུབ་ཀྱི་རྫས་ཐོད་པ་མཚན་ལྡན་ཆང་གིས་བཀང་བ་དང་ཚོགས་ཆས་བཟའ་བཅའ་བཏུང་བ་ཁ་ན་མ་ཐོ་བ་མེད་པ་ཅི་འཛོམ། ཚེ་གལ་ཐུན་གསུམ། གཞན་ཡང་བཀྲ་ཤིས་པའི་རྫས་དང་ཡོ་བྱད་སྣ་ཚོགས་པ་དང་མཆོད་གཏོར་ཐམས་ཅད་སྔར་བས་བཟང་བ་བཤམ་ལ། འཕྲོས་ཏེ་བདེ་བར་གཤེགས་པའི་ཚོགས་ཀུན་མཆོད། ཡན་གོང་ལྟར་ལ། བྱིན་རླབས་མ་ལུས་དངོས་གྲུབ་རྫས་ལ་ཐིམ། །ཞེས་ཚིག་དམིགས་ཅུང་ཟད་བསྒྱུར་ལ་གཟུངས་ཐག་ནས་བཟུང་སྟེ་ཡིག་འབྲུ་བཅུ་གཅིག་པ་གཉིད་སོགས་སྤངས་ཏེ་ཤིན་ཏུ་བརྩོན་པས་འབུམ་ཕྲག་གཅིག་ཐེངས་མ་ཐག་སྔགས་མཐར་དངོས་གྲུབ་བསྡུ་བའི་ཤམ་བུ་བཏགས་ལ་ཁྲི་ཕྲག་གཅིག །དམ་བསྲེ་དངོས་གྲུབ་བླང་བའི་སྔགས་བསྡེབས་སྟོང་ཙམ་བཟླས་ལ། ནམ་གུང་ཡོལ་ཙམ་ལ་ཚོགས་རྫས་རྣམས་བྱིན་གྱིས་བརླབས་ལ་འབུལ་བའི་བར་བྱས་ཏེ་རང་ཉིད་ཚོགས་ལ་ལོངས་མ་སྤྱད་པའི་སྔ་རོལ་དུ་ནམ་ཐོ་རངས་ལ་བབ་པའི་ཚེ། ཧོཿ ནམ་མཁའི་ཁམས་མཉམ་ཟིལ་གནོན་འཇམ་པའི་དབྱངས། །སྐུ་ཡི་དངོས་གྲུབ་ནམ་མཁའི་དཀྱིལ་ཡངས་བཞིན། །གསུང་གི་དངོས་གྲུབ་འགག་མེད་བརྗོད་དང་བྲལ། །ཐུགས་ཀྱི་དངོས་གྲུབ་མི་རྟོག་མཉམ་པའི་ངང་། །ཡོན་ཏན་དངོས་གྲུབ་ཡིད་བཞིན་རིན་ཆེན་གཏེར། །ཕྲིན་ལས་དངོས་གྲུབ་རྣམ་བཞི་ལྷུན་གྱིས་གྲུབ། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །དངོས་གྲུབ་རྣམ་གཉིས་དགོས་འདོད་ཡིད་བཞིན་ནོར། །ཇི་ལྟར་བསམ་པའི་དངོས་གྲུབ་བསྩལ་དུ་གསོལ། །གནས་སྐབས་ནད་གདོན་བར་གཅོད་ལ་སོགས་པ། །མི་མཐུན་གནོད་པའི་ཕྱོགས་ཀུན་ཞི་བ་དང་། །ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་དབང་། །མངའ་ཐང་སྙན་གྲགས་དགོས་དགུ་རྒྱས་པ་དང་། །མོས་བཞིས་ཁམས་གསུམ་སྲིད་གསུམ་ལྷ་མི་ནོར། །ཡིད་ལ་གང་འདོད་དབང་དུ་འདུ་བ་དང་། །བསྟན་དང་བླ་མར་དོ་བསྡོ་བདག་ལ་འཚེ། །དགྲ་བགེགས་གང་བྱུང་དྲག་པོས་བསྒྲལ་བ་སོགས། །རྣམ་བཞིའི་ལས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །མཐར་ཐུག་བདག་དོན་ཕུན་ཚོགས་འཇམ་པའི་དབྱངས། །ཡེ་ཤེས་སེམས་དཔའི་གོ་འཕང་མྱུར་ཐོབ་ཅིང་། །གཞན་དོན་ནམ་མཁའི་མཐའ་མཉམ་སེམས་ཅན་རྣམས། །གང་ལ་གང་འདུལ་གཟུགས་སྐུས་ཆོས་བསྟན་ནས། །རྫོགས་པའི་སངས་རྒྱས་ས་ལ་རབ་འགོད་པའི། །དོན་གཉིས་ཕུན་ཚོགས་དངོས་གྲུབ་དེང་སྩོལ་ཅིག །ཧཱུྃ། ཡི་དམ་རྒྱལ་བ་རྒྱ་མཚོའི་ཚོགས། །བདག་ཉིད་རིག་འཛིན་སྒྲུབ་པ་པོས། །འཛབ་བསྙེན་གྲངས་སུ་ཐེམས་ཟིན་གྱིས། །བསྐྱེད་རྫོགས་དྲོད་ཚད་ཐོབ་ཟིན་གྱིས། །ཐུགས་དམ་གཉན་པོ་བསྐངས་ཟིན་གྱིས། །སྒྲུབ་པའི་ཞག་གྲངས་ཐེམས་ཟིན་གྱིས། །རྡོ་རྗེ་སྲིན་པོའི་ནམ་ལངས་ཉེ། །དངོས་གྲུབ་འབྱུང་བའི་དུས་ལ་བབ། །དམ་ཅན་ཐུགས་དམ་བདག་བསྐུལ་གྱིས། །སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་དང་། །དམ་བཅས་མ་བསྙེལ་དེང་དགོངས་ལ། །དངོས་གྲུབ་དམ་པ་ད་ལྟ་སྩོལ། །ཅེས་ལན་གསུམ་དང་། ལྷ་ཡི་ལྷ་མཆོག་མ་དང་། བསྐལ་པ་དཔག་ཏུ་མེད་པའི་འདོད་གསོལ་ཡང་ལན་གསུམ་བྱས་རྗེས་དཀྱིལ་འཁོར་དབུས་ནས་ཐོད་པ་ཚུར་བླངས་ནས་དཔྲལ་བར་གཏུགས་ཏེ། དབང་ཆོག་བདུད་དཔུང་ཟིལ་གནོན་ལས་བྱུང་བ་ལྟར། ཧཱུྃ། དམ་ཚིག་ཆེན་པོའི་ཚུལ་བསྟན་ཁྲོ་བོའི་ཚོགས། །འདིར་གཤེགས་རྟགས་དང་མཚན་མ་མྱུར་སྟོན་ཅིག །སྐུ་ཡི་དབང་མཆོག་མི་ཤིགས་རྡོ་རྗེ་ཡིས། །གདོས་བཅས་ལུས་ཀྱི་སྒྲིབ་པ་སྦྱང་དུ་གསོལ། །ཨོཾ་ཡ་མཱནྟ་ཀ་ཀཱ་ཡ་སིདྡྷི་ཨོཾ། མགྲིན་པར་གཏད་ལ། ཧཱུྃ། དམ་ཚིག་ཆེན་པོའི་ཚུལ་བསྟན་ཁྲོ་བོའི་ཚོགས། །འདིར་གཤེགས་རྟགས་དང་མཚན་མ་མྱུར་སྟོན་ཅིག །གསུང་གི་དབང་མཆོག་མི་ཤིགས་རྡོ་རྗེ་ཡིས། །འཆལ་བ་ངག་གི་སྒྲིབ་པ་སྦྱང་དུ་གསོལ། །ཝཱ་ཀ༴ སྙིང་གར་གཏད་ལ། ཧཱུྃ། དམ་ཚིག་ཆེན་པོའི་ཚུལ་བསྟན་ཁྲོ་བོའི་ཚོགས། འདིར་གཤེགས་རྟགས་དང་མཚན་མ་མྱུར་སྟོན་ཅིག ཐུགས་ཀྱི་དབང་མཆོག་མི་ཤིགས་རྡོ་རྗེ་ཡིས། འཁྲུལ་པ་སེམས་ཀྱི་སྒྲིབ་པ་སྦྱང་དུ་གསོལ། །ཙིཏྟ༴ གནས་གསུམ་དུ་གཏད་ལ། ཧཱུྃ། དམ་ཚིག་ཆེན་པོའི་ཚུལ་བསྟན་ཁྲོ་བོའི་ཚོགས། འདིར་གཤེགས་རྟགས་དང་མཚན་མ་མྱུར་སྟོན་ཅིག རྣམ་གསུམ་དབང་མཆོག་མི་ཤིགས་རྡོ་རྗེ་ཡིས། དུག་གསུམ་ནད་གདོན་སྡིག་སྒྲིབ་སྦྱང་དུ་གསོལ། །སརྦ་སིདྡྷི་ཕ་ལ༴ ཞེས་དབང་བླང་། དེ་ནས་ཐོད་པ་ཞལ་ཕྱེ་སྟེ་བླ་མ་དངོས་སུ་བཞུགས་ན་དང་མི་བཞུགས་ནའང་བླ་མ་ཡི་དམ་ལ་སྨན་མཆོད་གཞུང་བཞིན་བྱས་ནས། རང་ཉིད་ཀྱིས་ལོངས་སྤྱད་དངོས་གྲུབ་ཀྱི་རྫས་གཞན་རྣམས་ལ་ཡང་རོལ། ཚེ་སྒྲུབ་ཀྱི་ཁ་བསྒྱུར་བྱེད་པར་འདོད་ན་ཞལ་ལས་ཤེས། ལྷག་མ། ཆད་ཐོ། བརྟན་སྐྱོང་གཏང་། གཏང་རག་གི་མཆོད་པ་དང་ཡིག་བརྒྱ་བརྒྱའམ་ཉེར་གཅིག་གིས་ལྷག་ཆད་བསྐངས་རྗེས། ཡེ་ཤེས་པ་བྱང་བུ་ལ་བསྟིམ་པ་སོགས་མན་ངག་ལྟར་བྱ། ནམ་མ་ལངས་གོང་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་གཞུང་བཞིན་བསྡུའོ། །བཞི་པ་འཆི་བདག་བདུད་སྒྲུབ་ནི། ནམ་ལངས་སུ་ཉེ་བ་ན་བཅའ་གཞི་བསྙེན་པའི་སྐབས་ལྟར་བྱས་ལ། བདག་གི་ཐུགས་ཀའི་ཧཱུྃ་ཡ་ནག་པོར་བསྒྱུར་ཏེ་འོད་ཟེར་འཕྲོ་འདུ་་སོགས་ཞལ་ཤེས་བཞིན་བྱས་ནས་འབྲུ་བཅུ་གཅིག་པ་འབུམ་ཕྲག་གཅིག་བཟླས་པའི་ཐུན་མཚམས་སུ་ལས་གཤིན་ལྷ་བཅུ་བདུན་མ་དང་། དྲེགས་པའི་སྡེ་དཔོན་གྱི་གསོལ་མཆོད་བྱེད། དེ་ལ་ཟླ་གསང་དྲེགས་པ་ཚར་གཅོད་ཀྱི་སྐབས་བརྒྱད་པ་ལས། བྱེ་བ་ཆིག་འབུམ་ཐོན་པ་དང་། །མེ་ཏོག་ལ་སོགས་མཆོད་པ་བྱ། །ཕྱི་ནང་གི་ནི་མཆོད་པས་མཆོད། །བསྟོད་པ་ལ་སོགས་ཅི་རིགས་བྱ། །ཞེས་པ་ལྟར་བསྙེན་སྒྲུབ་བཞི་པོ་བསྒྲིགས་པས་གསང་སྔགས་བྱེ་བ་གཅིག་དང་ཆིག་འབུམ་འབྱུང་བ་གྲངས་ཀྱི་བསྙེན་པ། དུས་ཀྱི་བསྙེན་པ་ཟླ་བ་གཅིག །རྟགས་ཀྱི་བསྙེན་པ། དེ་ཉིད་ལས། བསྙེན་པ་རྫོགས་ནས་རྟགས་རྣམས་འབྱུང་། །འཇམ་དཔལ་སྐུ་ནི་ཞལ་འཛུམ་མམ། །རྟགས་ནི་བཟང་པོ་བྱུང་བ་དང་། །དངོས་གྲུབ་ལ་སོགས་བླང་བ་དང་། །དེ་ནས་དྲག་པོའི་ལས་སྦྱོར་འཇུག །ཅེས་གསུངས་སོ། །དེའང་དང་པོ་བསྙེན་པ་ནི་ལྷ་བསྙེན་པའི་རྩ་བ་སྟེ་ཕྲིན་ལས་འཁོར་ལོ་བསྐོར་བ་ལ་དབང་། མཆོག་གི་དངོས་གྲུབ་ཐོབ་པར་བྱེད། གཉིས་པ་ཉེ་བའི་བསྙེན་པས་ལྷ་དམ་ལ་འདུ་ཞིང་དམོད་མོ་ཉེ་བར་བསྙེན་པ་ཡིན། ཕྲིན་ལས་ཐུན་གྱི་ལས་ལ་དབང་། ཐུན་མོང་གི་དངོས་གྲུབ་གཙོ་བོར་ཐོབ། གསུམ་པ་སྒྲུབ་པ་ཆེན་པོས་ནི་ལྷ་གནད་ལ་དབབ་ཅིང་དམ་ལ་གདགས་པ་དང་ཕྱིས་མི་འགྱུར་བར་ཚེ་གཅིག་ལ་བསྙེན་པ་རྫོགས། སྒྲུབ་པ་གོང་མ་གཉིས་ཀྱི་དངོས་གྲུབ་བླང་པའང་ཡིན། ལས་རབ་འབྱམས་འགྲུབ་བོ། །བཞི་པ་འཆི་བདག་བདུད་སྒྲུབ་ཀྱིས་ནི་མཐར་བྱེད་དྲེགས་པའི་ཚོགས་དང་བཅས་པ་ལས་ལ་འཛུད་ཅིང་དྲག་པོའི་ཕྲིན་ལས་གཙོ་བོར་འགྲུབ་པ་ཡིན་ནོ། །དེ་རྣམས་ཀྱང་གཞིའི་ཆོས་ཉིད་དྲི་བཅས་ལམ་གྱི་ཆོས་ཉིད་རང་གསལ་བཏབ་པས་འབྲས་བུ་ཆོས་དབྱིངས་དྲི་བྲལ་འཇམ་དཔལ་ཡེ་ཤེས་སེམས་དཔའ་མཆོག་གྲུབ་པ་ནི་ཆོས་ཉིད་དོ། །སྒྲུབ་པ་བཞི་པོ་ཐེངས་ནས་ཚོགས་འཁོར་སྐོང་བཤགས། གཏང་རག་གི་མཆོད་པ་རྣམས་རྒྱས་པར་བྱའོ། །གསུམ་པ་མཇུག་ལས་སྦྱོར་རྩ་བསྙེན་ནི། འཇམ་དཔལ་སྙན་བརྒྱུད་ཡང་ཏིག་གསང་བའི་མན་ངག་ལས། ཕྱི་ནང་གསང་བའི་གཤིན་རྗེ་བསྒྲུབ་འདོད་པས། །དུར་ཁྲོད་བས་མཐའ་འཇིགས་རུང་གཤིན་རྗེའི་གནས། །ངམ་ནག་རྩི་ཤིང་རྩུབ་ཅིང་བྲག་རི་མཐོ། །འབྲུབ་ཁུང་གྲུ་གསུམ་མདུན་དུ་ཡོད་པའི་སར། །ཕྱི་ནང་གསང་གསུམ་རྟེན་རྫས་བྱེ་བྲག་བཤམ། །ཤ་ཆེན་ཟ་ཞིང་ཐོད་ཆེན་ཕྲེང་བ་བཟུང་།་་་རཀྴ་ཡང་རུང་། ཞེས་གནམ་ས་གྲུ་གསུམ་སོགས་དྲག་པོའི་གནས་སུ་བཤད་པ་ཐོག་མ་ནས་ཡོད་ན་དང་། དེ་མིན་མཚམས་སྔ་ཕྱི་བར་ཆོད་ན་གནས་དེ་འདྲ་ཞིག་འཚོལ་བའི་དབང་དུ་མཛད་ནའང་། ད་ལྟ་དཀྱུས་གཅིག་ཏུ་བྱེད་པར་དེ་བཞིན་མ་གྲུབ་ཀྱང་བཏང་སྙོམས་སུ་བཞག །རྟེན་དང་མཆོད་རྫས་སོགས་སྔོན་ནས་ཡོད་བཞིན་པ་མུ་མཐུད་པས་གསར་སྒྱུར་མ་དགོས། པུ་རི་དཀར་པོ་ཐོག་མ་ནས་བཤམས་ཀྱང་འགལ་བ་མེད་མོད་སྤྱོད་ཡུལ་དོག་ན་སྐབས་འདིར་བཤམ། རེས་གཟའ་མིག་དམར་དང་དབོ་ལྟ་བུ་འཛོམ་པའི་སྟོབས་ལྡན་སྦྱོར་བར་མཆོག་ཏུ་ཤིས་ཤིང་། དུས་ཀྱང་དཀར་ཕྱོགས་དང་འགྲིག་ན་དང་མ་འགྲིག་ན་ནག་ཕྱོགས་ལའང་རུང་། གནས་ཁང་གིས་བཏུབ་ན་འདིར་མ་ཟད་གོང་ནས་ཁ་ལྷོར་བལྟས་པ་ཤིས། དོམ་གྱི་པགས་དམར་འདིང་བར་བཤད་པས་གདན་ལྟ་བུའི་ཚུལ་གྱི་དེ་སྟེང་གདན་དངོས་གཞི་འདིང་། སྨིན་མཚམས་དང་ལུས་ཀྱི་སུལ་རྣམས་སུ་ཐལ་ཆེན། མཁུར་ཚོས་དང་དཔྲལ་བར་ཁྲག་ཆེན། ལྐོག་མ་དང་བྲང་ལ་ཞག་ཆེན་མི་རུས་ཀྱི་རྒྱན་དང་མི་ལྤགས་སམ་རོ་ཆས་ཀྱི་བགོ་བ་སོགས་དུར་ཁྲོད་ཀྱི་ཆས་རྒྱན་ཅི་འཛོམ་ཐོག་མའི་ཐུན་འགོ་ཙམ་ལ་གང་འགྲུབ་དང་དེ་ནས་མོས་པ་བྱ་ཞིང་། སེང་ལྡེང་ངམ་བེ་ཤིང་གི་འཁར་བ་དང་རལ་པའི་ཅོད་པན་སོགས་དམ་ཚིག་གི་ཡོ་བྱད་རྣམས་འདུ་བྱས་ནས། ལས་བྱང་རྡོ་རྗེའི་ཐོག་མདའི་གཞུང་བསྲངས་པའི། །གཟུང་འཛིན་རྣམ་དག་མཚན་མའི་ཡུལ་ལས་འདས། །ཞེས་གདེང་གསུམ་གསལ་གདབ་པ་ཡན་དཀྱུས་ལྟར་བྱས་ནས། ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲ་ཧཱུྃ་ཕཊ། ཅེས་གཙོ་བོའི་འཛབ་བྱེ་བ་གཅིག་དང་ཆིག་འབུམ་མམ་འབུམ་ཕྲག་བརྒྱད་གང་རུང་། ཨོཾ་ཧེ་ཀ་ཡ་མ་དུ་རུ་ཙཀྲ་ཧཱུྃ་ཕཊ། ཨོཾ་གྷྲི་མ་ཡ་མ་དུ་རུ་ཙཀྲ་ཧཱུྃ་ཕཊ། ཨོཾ་སརྦ་ཙིཏྟ་གཟེར་ཐུམས་བྷིག་ནན། ཏྲིག་ནན་རྦད་ཡ། ཟློག་ཡ། ཧཱུྃ་ཕཊ། ཅེས་ཡུམ་སྲས་འཆི་བདག །སྲོག་བདག་དང་བཅས་པའི་སྔགས་ཡིན་པས་སོ་སོར་ཆིག་འབུམ་རེ་བཟླ་དགོས་པར་ཕྱི་མ་སྦས་ལྷ་གཉིས་ཀྱི་སྔགས་བསྡོམས་པས་ལྡབ་འཕར་བཟླ་དགོས་ཤིང་བསྙེན་པ་ཐུན་བཞིར་བཅད་དེ་བཟླས་པའི་སྐྱོན་དང་བྲལ་བར་བཟླ། ཐུན་བཞིར་གཏོར་མ་ཤ་ཟན་སྨན་རཀ་གིས་གསོས་ནས་དགུག་གཞུག་ལན་གསུམ་དང་རྟགས་གཏོར་ལྟར་བྱིན་གྱིས་བརླབས་གཙོ་འཁོར་ལྔའི་སྔགས་ཀྱིས་དབུལ། ཐབས་མཆོག་བདེ་ཆེན་མས་བསྟོད། ལྷ་ཡི་ལྷ་མཆོག་མ། བསྐལ་པ་དཔག་མེད་མ། མཁྱེན་བརྩེ་ནུས་མངའ་མ། ནམ་མཁའ་མེད་པར་སོགས་ཀྱི་སྨོན་ལམ་འདོད་གསོལ་བྱ། བཟླས་པ་ཐམས་ཅད་སྐྱོན་དང་བྲལ་བ་དགོས་པའང་འཇམ་དཔལ་ཁྲོ་བོ་གསང་བའི་རྒྱུད་ཀྱི་སྒྲུབ་པ་རྩ་བའི་ལེའུ་ལས། མྱུར་བ་མ་ཡིན་བུལ་བ་མིན། །དེ་བཞིན་ཡི་གེ་འདྲེས་པ་མིན། །ཤིན་ཏུ་གསལ་ཞིང་དག་པར་སྨྲ། །ཞེས་དང་། འཇམ་དཔལ་གཤིན་རྗེའི་གཤེད་ནག་པོའི་ལས་ཐམས་ཅད་གྲུབ་པར་བྱེད་པའི་འཁོར་ལོའི་རྒྱུད་ལས། གཞན་དུ་མི་འགྲོའི་སེམས་ཀྱིས་ནི། །དེ་ལྟའི་ཚུལ་དུ་བཟླས་པར་བྱ། །ཡུལ་གཞན་བློ་ནི་འགྲོ་བ་ཡིས། །བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན། །ཞེས་ཐུག་མཚམས་སུ་བྱེད་དགོས་ཤིང་གོང་མ་རྣམས་ལའང་ཤེས་སོ། །བསྙེན་པ་ཐེངས་ནས་ཚོགས་འཁོར་བརྒྱའམ་ཉེར་གཅིག །གཏེར་སྲུང་མཆོད་པ་གཟབ་རྒྱས། བམ་བསྐང་། གཏང་རག་མཆོད་གཏོར་ཁ་གསོས་བསྔོས་ལ། ཆོས་སྐུ་ཞི་བ་མས་ཐོག་སྟེང་འབུལ། བཟོད་གསོལ། ཉེར་བསྡུ། བསྔོ་བ། སྨོན་ལམ། ཤིས་བརྗོད་རྣམས་ལས་བྱང་བཞིན་བྱ་ཞིང་། ནང་མཚམས་གྲོལ་ནས་ཧར་འདོན་མི་བྱེད་པ་མཚམས་སྤྱི་དང་འདྲ། དགུ་གསུམ་ལ་ཚོགས་དང་མཆོད་གཏོར་དབུལ་བ། རྒྱུན་བསྙེན་ནར་མར་བྱེད་པ་གལ་ཆེའོ། །དེ་ཡང་བསྙེན་ཅིང་སྒྲུབ་པའི་རྟགས་རགས་པ་ཙམ་ནི་ནང་རྟགས་སུ། སྐུ་གསུང་ཐུགས་གང་ལ་རྟག་པར་སེམས་ལྷང་ངེ་འདུག་པ་དང་ལུས་ཤིང་བལ་གྱི་འདབ་མ་ལྟར་ཡང་བ་དང་སྣང་བ་གང་ཡང་མཐོང་བ་དང། ལུས་ཡོད་དུ་མི་ཚོར་ཞིང་དཀྱིལ་འཁོར་གྱི་རྩར་ལྷན་ནེ་འདུག་པ་དང་དབུགས་ཕྱི་ནང་དུ་རྒྱུ་བ་མི་ཚོར་བ་དང་རྟོག་མེད་ཀྱི་བདེ་བ་རང་ལ་འཆར་བ་སྟེ་བསྙེན་པ་རྫོགས་ཤིང་སེམས་ལས་སུ་རུང་བ་རྟགས་དང་པོའོ། །ཕྱི་རྟགས་སུ་སྐུ་གཟུགས་འགུལ་བའམ་བཞད་པའམ་སྟེང་ནས་ལུང་སྟོན་པའི་སྒྲ་ཐོས་པའམ་ལྷོ་ཕྱོགས་ནས་སྒོ་བྱེ་བ་སྙམ་བྱེད་པའམ། མདུན་གྱི་ནམ་མཁར་འོད་ཀྱི་ལྷའི་གཟུགས་བརྙན་འཆར་བའམ་འོད་དང་སྒྲ་དང་དྲི་ཞིམ་པ་དང་གཏོར་མ་དང་སྨན་རཀ་ཁོལ་བ་དང་། མཆོད་རྫས་དང་སྒྲུབ་རྫས་ལ་མེ་འབར་བ་དང་སྐྱེས་པ་དང་བུད་མེད་ཀྱི་ཚོགས་སྤྲུལ་ཏེ་གཏམ་ཟེར་བ་རྣམས་ནི་མངོན་རྟགས་སོ། །ཉམས་ཀྱི་རྟགས་ནི་ཉམས་མི་དགའ་ན་བདུད་ཀྱི་བར་ཆད་ཡིན་པས་ཉམས་བརྟག་གོ །རྨི་ལྟས་སུ། ཉི་མ་མང་པོ་ནམ་མཁའ་ལ་ཤར་བ་དང་ནམ་མཁའ་འོད་ཀྱིས་ཁེངས་པ་དང་ཟླ་བ་ཐང་ལ་ལྷུང་བ་དང་རྡོ་རྗེའི་སློབ་དཔོན་དང་རྟག་ཏུ་འཕྲད་ཅིང་འགྲོགས་པ་དང་དབང་བསྐུར་བ་དང་། མཆོད་རྟེན་ལ་འཛེགས་པ་དང་རི་ལ་འཛེགས་པ་དང་རྔ་བརྡུང་བ་དང་ཨ་ཙ་ར་མང་པོས་གཏམ་ཟེར་བ་དང་། མོན་པ་ནག་པོ་འཁོལ་བ་དང་བནྡེའི་ཚུལ་དུ་བྱུང་བ་དང་སྔགས་པ་མི་ནག་གཅེར་བུ་དར་ཐོགས་པ་དང་བུད་མེད་ནག་མོས་ཕྱག་བྱེད་པ་དང་། མ་དང་སྲིང་མོ་དང་མཛའ་མོས་འཚོ་བ་སྦྱོར་བ་དང་བྲག་ལ་མི་ལྷུང་བ་དང་ཆུ་ལ་མི་བྱིང་བ་དང་ནམ་མཁའ་ལ་འཕུར་བ་རྣམས་རྨིའོ། །རྟགས་འདི་རྣམས་ཐམས་ཅད་ཡོངས་སུ་རྫོགས་པ་བྱུང་ན་རབ། ཕྱེད་ཙམ་རྫོགས་པ་བྱུང་ན་འབྲིང་། འགའ་ཞིག་བྱུང་ན་མཐའ་མ་ཡིན་ནོ། །བསྙེན་པ་ཐེངས་དུས་རྟགས་རབ་འབྲིང་མཐའ་མ་གང་རྫོགས་ཀྱང་དངོས་གྲུབ་བླངས་ཏེ་ལས་ཀྱི་སྦྱོར་བ་བྱས་ན་གང་བྱས་ཀྱང་འགྲུབ་པར་འགྱུར་ཏེ་ཐེ་ཚོམ་མེད་དོ། །རྟགས་ཀྱི་ཡི་གེ་ཞལ་གྱི་གདམས་པའོ། །ཞེས་པ་རྣམས་ནི་གཤིན་རྗེ་ཁ་ཐུན་གྱི་ཊཱི་ཀ་ཕན་བྱེད་སྙིང་གི་ཉི་མ་དང་རྟགས་ཡིག་སོགས་ལས་བྱུང་བའོ། །དེ་ཡང་གོང་གི་བསྙེན་པའི་དུས་ཐམས་ཅད་དུ་གཤིན་རྗེ་ནག་པོའི་སྔགས་རྒྱུད་ནག་པོའི་བསྙེན་པའི་ལེའུ་ལས། མི་སྨྲ་གླལ་སྦྲིད་གཉིད་རྨུགས་དང་། །སྒྲ་ཆེན་སྒྲ་ཆུང་སྤངས་པ་དང་། །དྲག་ཐལ་རིང་ཐུང་རྫོགས་པ་དང་། །ཡིད་ལ་ཤུབ་བུར་བཟླས་པའི་ཐབས། །ཞེས་གསུངས་པ་ལྟར་བཟའ་བཏུང་དང་བཤང་གཅི་འདོར་བ་དང་། གཉིད་དང་གླལ་བ། སྦྲིད་པ། སྣབས། ལུད་པ། འོག་རླུང་ཤོར་བ་རྣམས་ཀྱི་སྐབས་བཟླས་པའི་སྔགས་དེ་དག་བཟླས་པའི་གྲངས་སུ་མི་བགྲང་། གཞན་ཡང་ཕྲེང་སྐོར་འཁོར་ནས་མདོ་འཛིན་རྩར་མ་སླེབས་པའི་བར་རྣམས་སུ་མི་དང་གཏམ་ཤོར་ན་སྔར་བཅད་ཟིན་ནས་ཕྲེང་རྡོག་བཞི། གློ་ལུ་ན་ལྔ། གླལ་ན་གསུམ། སྦྲིད་པ་ལ་བཅུ། མཆིལ་སྣབས་ལུད་པ་སོགས་འདོར་ན་གཅིག །འོག་རླུང་ལ་བདུན། གཉིད་ལ་བཅོ་ལྔ་རྣམས་གྲངས་སུ་མི་རྩི་བར་སླར་ལྡོག་ལ་བགྲང་། བཟའ་བཏུང་བྱེད་བཞིན་པ་དང་བཤང་གཅི་འདོར་བཞིན་པར་སྔགས་བཟླ་བ་གཏན་ནས་སྤང་། བཟའ་བཏུང་བྱས་པ། གཉིད་དང་གླལ་སྒྲིག་སྦྲིད་བྱུང་བ། བཤང་གཅི་དང་མཆིལ་སྣབས་དོར་བ། འོག་རླུང་ཤོར་བ་རྣམས་ཀྱི་རྗེས་སུ་ཆབ་མ་བླངས་པར་སྔགས་ལ་མི་འཇུག །གློ་ལུ་བ་ནས་གཉིད་ཀྱི་བར་དྲུག་པོ་ལ་ཕྲེང་རྡོག་གྲངས་ངེས་ཅན་སླར་ལྡོག་པ་ནི་ཞི་བསྙེན་དང་ཟླ་གསང་གཞི་བསྙེན་གྱི་བསྙེན་པ་དང་ཉེ་བསྙེན་འཆི་བདག་བདུད་སྒྲུབ་ལས་སྦྱོར་རྩ་བསྙེན་རྣམས་ཀྱི་སྐབས་ཡིན་ལ། གཞི་བསྙེན་གྱི་སྒྲུབ་པ་ཆེན་པོའི་སྐབས་ནི་གླལ་བ་དང་སྦྲིད་པ་དང་གཉིད་དང་རྐང་ལག་བརྐྱང་བསྐུམ་རྣམས་ཡེ་མ་ཤོར་བ་དང་། འོག་རླུང་མཆིལ་སྣབས་གློ་ལུ་བ་རྣམས་བྱུང་ན་གོང་ལྟར་ཕྲེང་རྡོག་གྲངས་བཅད་སླར་ལྡོག་པར་བྱ་བ་འདིར་མ་ཟད་སྔགས་རྙིང་མའི་བསྙེན་སྒྲུབ་ཐམས་ཅད་ལ་དགོས་མི་དགོས་དཔྱད་དོ། །མཇུག་ཏུ་མཆོད་རྟེན་དཀར་ནག་ལ་བརྟེན་པའི་ལས་སྦྱོར་རམ་གཏོར་མ་ལ་བརྟེན་པའི་སྲུང་ཟློག་བྱ་ཞིང་ཁ་སྐོང་གི་སྦྱིན་སྲེག་ཁོ་བོས་བརྩམས་པའི་ཞི་བའི་སྦྱིན་སྲེག་གངྒཱའི་ཆུ་རྒྱུན་ནས་ལྷ་སྔགས་འབྱིན་འཇུག་བྱས་པས་འགྲུབ་བོ། །ཟླ་གསང་རྒྱུད་སྡེའི་འོ་མའི་རྒྱ་མཚོ་ཆེར། །བརྒྱུད་པའི་གསུང་སྒྲོས་རི་བོ་བསྒྲིལ་བ་ལས། །བསྙེན་ཡིག་ས་སྲུང་རིན་ཆེན་རྒྱན་སྤྲས་ནས། །དངོས་གྲུབ་ཐང་ལ་ལྷོད་པོའི་འགྲོས་ཀྱིས་རྒྱུ། །ལྷ་སྲས་མཇིང་ཡོན་ཡང་སྲིད་འབྲིང་གུང་པའི། །ཞལ་གདམས་ཕབས་རྩིས་བྲན་པའི་ལེགས་བཤད་ཆང་། །བཏུངས་པས་ཅི་དགར་མྱོས་པའི་བསྙེན་ཡིག་གི །སྙན་པོའི་རྒྱང་གླུ་སྤོབས་མཐོའི་མགྲིན་ནས་བླངས། །དེ་ཕྱིར་ཆོས་འདི་མོས་ལྡན་དུ་མའི་རྣར། །ཆེས་མངར་རོ་བརྒྱ་བདའ་བའི་བཅུད་འཁྱིལ་མཐུས། །སྐྱེ་བར་འཇམ་དཔལ་རྡོ་རྗེས་རྗེས་བཟུང་སྟེ། །དངོས་གྲུབ་རྣམ་གཉིས་ལྷུན་གྱིས་གྲུབ་པར་ཤོག །འཇམ་དཔལ་ཚེ་བདག་ནག་པོ་མེའི་སྤུ་གྲིའི་སྲུང་ཟློག་བསད་མནན་ཉམས་སུ་བླང་བ་ལ་མེད་དུ་མི་རུང་བའི་གཞི་བསྙེན་དང་རྩ་བསྙེན་གྱི་ཡི་གེ་བཻ་ཌཱུརྻའི་དོ་ཤལ་ཞེས་བྱ་བ་འདི་ནི། གནུབས་ཀྱི་སྔགས་འཆང་ཟིལ་གནོན་རྡོ་རྗེས་བསྐུལ་བས་རྐྱེན་བྱས་ལམ་འདིར་མོས་པའི་སྣོད་ལྡན་མང་པོར་ཕན་པའི་ལྷག་བསམ་གྱིས་ཀུན་ནས་བསླངས་ཏེ། བསྙེན་སྒྲུབ་ཀྱི་མན་ངག་འདི་དག་དཔལ་འབྲི་གུང་པ་དབུར་སྨྱོན་ཆེན་པོའི་ཞལ་ལས་དངོས་སུ་ཐོས་ཤིང་སྔགས་འཆང་དཀོན་མཆོག་ལྷུན་འགྲུབ་ལ་ཡང་བསྐྱར་དུ་དཔྱད་པ་ཟ་ཧོར་གྱི་སྔགས་སྨྱོན་ཟིལ་གནོན་བཞད་པ་རྩལ་གྱིས་སྦྱར་བའི། ཡི་གེ་པ་ནི་རིག་འཛིན་གྱི་བཙུན་པ་འཇམ་དབྱངས་གྲགས་པས་བགྱིས་པ་སྣོད་མིན་ལ་འཆལ་བར་མི་སྟོན་པའི་བཀའ་རྒྱ་ཡོད་པས་གཏེར་སྲུང་རྣམས་ཀྱིས་ཐུབ་པར་སྲུངས་ཤིག །ས་མ་ཡ། རྒྱ་རྒྱ་རྒྱ། སརྦ་མངྒ་ལཾ།། །།

ཡང་ཟློག་མེའི་སྤུ་གྲིའི་ལག་ལེན་འཁྲུལ་འཁོར་གནད་ཀྱི་སྒྱུ་ཐབས་ (Volume 17, Text 22)

༄༅། །ཡང་ཟློག་མེའི་སྤུ་གྲིའི་ལག་ལེན་འཁྲུལ་འཁོར་གནད་ཀྱི་སྒྱུ་ཐབས་ཞེས་བྱ་བ་བཞུགས་སོ། །གམྦྷཱི་རཾ།། ན་མོ་གུ་རུ་ཡ་མཱནྟ་ཀཱ་ཡ། རྟག་བརྟན་འ༵གྱུར་མེད༵་དངོས་པོ་ཀུན་གྱི་གཞི། །ཐོག་མཐའ་མེད་པའི་རྡོ༵་རྗེ༵་སེམས་ཀྱི་གཤིས། །གདོད་ནས་ཞི་ཁྲོའི་དཀྱིལ་འཁོར་ལྷུན་གྲུབ་ཏུ། །ཤར་བའི་ཁྱབ་བདག་གཏེར༵་ཆེ༵ན་བླ༵་མ༵་རྒྱལ། །ཞི་བའི་དབྱིངས་ནས་བརྩེ་བའི་ཐུགས་རྗེ་ཡིས། །སྒྱུ་འཕྲུལ་ཕྱ༵ག་རྒྱ༵་ཟི༵ལ་གནོ༵ན་ཁྲོ་བོའི་སྐུར། །ཡོངས་བཞེངས་གདུག་ཅན་བསད་པའི་ཁྲག་འཐུང་ཞིང་། །གཏུམ་དྲག་གར་གྱིས་ས་གསུམ་གནོན་ལ་འདུད། །རྒྱལ་བའི་འཕྲིན་ལས་ལས་བཞིའི་སྦྱོར་བ་ཡིས། །གདུལ་བྱ་ཀུན་འདུལ་འདུལ་བྱེད་ཐབས་ཀྱི་སྒོ། །རྣོ་མྱུར་ཤུགས་དྲག་དྲག་སྔགས་མེའི་སྤུ་གྲི། །གནུབས་ཀྱི་ཟབ་ཁྱད་ཁྱད་པར་འདི་རྨད་བྱུང་། །མཚུངས་མེད་བླ་མའི་བཀའ་དྲིན་གདམས་ངག་གིས། །ལྷག་པའི་ལྷ་མཆོག་འཇམ་དཔལ་ཞི་ཁྲོ་དང་། །འཁྲུལ་ངོར་ཤར་བའི་ལོག་འདྲེན་གདུག་པའི་དགྲ །ཡང་དག་དོན་ལ་བླང་དོར་མེད་པར་གོ །འོན་ཏེ་རྒྱལ་བསྟན་སྙིང་པོའི་དོ་ར་རུ། །དགའ་སྟོན་ཆོས་བཞིན་སྤྱོད་པའི་བདེ་སྐྱིད་གྲོགས། །སྲུང་བྱེད་ནག་པོའི་ལྕགས་རི་མངོན་སྤྱོད་ཀྱི། །འཁྲུལ་འཁོར་གནད་ཀྱི་སྒྱུ་ཐབས་འདི་རུ་བཅའ། །དེ་ལ་འདིར་གཤེད་སྐོར་རྒྱུད་ལུང་ཀུན་གྱི་ཉིང་ཁུ། དྲག་སྔགས་ཀྱི་བདག་པོ་གནུབས་ཀྱི་ཁྱད་ཆོས། ཆོས་ཀྱི་རྒྱལ་པོ་འབྲི་ཁུང་པ་ཡབ་སྲས་ཀྱི་གཅེས་ནོར། ཐུབ་པའི་བསྟན་པ་བསྲུང་བའི་ལྕགས་རི། དྲག་སྔགས་གཟའ་གདོང་དམར་ནག་གམ་ཡང་ཟློག་མེའི་སྤུ་གྲིའི་ཟབ་གནད་ལག་ཏུ་བླང་བའི་རིམ་པ་ལ་ཡིད་ཆེས་བརྒྱུད་པའི་ལོ་རྒྱུས་དང་། གདམས་པ་དངོས་གཉིས་ཀྱི། དང་པོ་ནི། སློབ་དཔོན་གཙུག་ལག་དཔལ་དགེས་ཚེ་བདག་ནག་པོའི་རྒྱུད་ནས་བཏུས། དེས་ཨོ་རྒྱན་ཆེན་པོ་ལ་གནང་། དེས་བལ་པོ་བ་སུ་དྷ་ར་ལ་གནང་། སློབ་དཔོན་བལ་པོའི་རྒྱལ་པོས་གནུབས་སངས་རྒྱས་ཡེ་ཤེས་བལ་ཡུལ་དུ་ལན་བདུན་བྱོན་པའི་ཐ་མ་ལ་གདམས་པ་འདི་གཞན་ལ་མི་སྤེལ་བའི་མནའ་བསྒགས་ཏེ་བཀའ་རྒྱ་དང་བཅས་ཏེ་གནང་། གནུབས་ཆེན་གྱིས་སྙིགས་དུས་སུ་སྔགས་པ་ནང་རྒྱས་བྱེད་དུས་གདམས་པ་འདི་དང་ཕྲད་པར་ཤོག་ཅིག་ཅེས་གཅེས་པ་བརྒྱད་ཀྱི་ཞལ་གདམས་དང་བཅས་ཏེ་ཆུ་དར་སྔོན་པོ་ལ་དངུལ་གྱི་ཡི་གེ་བྲིས་ཤེལ་གྱི་པར་བུར་བཅུག་བསེ་སྒྲོམ་སྨུག་པོར་གཏམས་ཏེ་ཕུང་པོ་རི་བོ་ཆེ་དང་ལྷོ་བྲག་མཁོ་མཐིང་གཉིས་སུ་སྦས། ཕུང་པོ་རི་བོ་ཆེའི་གཏེར་ཁ་རྒྱ་ཞང་ཁྲོམ་ཀྱིས་སྤྱན་དྲངས། ཁོང་ལ་ལྷ་རྗེ་གནུབས་ཆུང་གིས་ཞུས། གནུབས་ཆུང་གིས་ཀྱང་མཁོ་མཐིང་གི་གཏེར་ཁ་སྤྱན་དྲངས། ཁོང་ལ་ཚུར་སྟོན་རིན་ཆེན་རྡོ་རྗེས་ཞུས་ཚུལ་ནི། ཚུར་སྟོན་རིན་རྡོར་གྱིས། དཔོན་གཞོན་སྟོན་ཆུང་བུ་བདུན། མེས་སྤུན་ཚུན། ཕོ་ངོ་དྲུག་ཅུ་ལིངྒ་ལ་བཏབ་སྟེ་མཐུ་བྱས་པས། དོལ་པོ་མེས་སྟོན་གྱིས་ཟློག་པ་བྱས་ཏེ་ཆོ་འཕྲུལ་ཆེན་པོ་ཚུར་བྱུང་། དེ་ནས་ཁ་རག་ཏུ་རང་གི་བླ་མ་བལ་པོ་དབང་ཕྱུག་རྡོ་རྗེའི་དྲུང་དུ་ཕྱིན་ནས་ལོ་རྒྱུས་ཞུས་པས་ཁོང་གི་ཞལ་ནས། མེས་སྟོན་པ་ཞེས་བྱ་བ་གཙང་གི་རྒྱལ་ཁམས་ན་ཟློག་པ་ལ་ཁོང་ལས་མཁས་པ་མེད། ང་ལ་ཡང་ཟློག་པ་ཡང་ཞུན་ལ་སོགས་པ་ཡོད་དེ། དེས་ཀྱང་མི་ཡོང་། ཁྱོད་རང་ཡང་ཕྱག་ཆ་དང་ཨུརྨོ་ལ་མཁས་ཏེ། ཡང་ཟློག་ཟབ་པ་གཅིག་དགོས་པ་ཡིན་པས། དེ་གཙང་གི་ལྷ་རྗེ་གནུབས་ཆུང་ལ་ཡོད་གསུང་། དེ་ནས་སྣམ་བུ་ཚོས་མ་བུབ་བདུན་ཁྱེར་ནས་གཙང་རོང་དུ་ཕྱིན་ལྷ་རྗེ་གནུབས་ཆུང་ལ་ཕུལ་ནས་ཞུས། ཚུར་ལོག་སྔགས་རྒྱུན་བཅས་པས་ཆོ་འཕྲུལ་ཆེར་སོང་བས། དེ་ནས་ཡང་རྟ་ཕོ་ངང་ཞུར་གཅིག་གསེར་ཞོ་འགའ་ཁྱེར་ནས་སྐུ་མདུན་དུ་ཕུལ། གདམས་ངག་འདི་ཆ་ལག་མ་ཚང་བ་འདྲ་བས་ཚང་བ་གཅིག་ཞུ། དེ་མིན་ང་རང་གི་འབུལ་བ་ཚུར་ཁྱེར་དགོས། འདིའི་བཅའ་ག་བྱས་པས་ཆོ་འཕྲུལ་ཆེར་སོང་ཞུས་པས། དེར་ཁོང་གིས་སྔགས་ཀྱི་ཤམ་འདོགས་དང་། ལྷའི་སྒོམ་ཐབས་གཉིས་ཀ་ཚང་བར་གནང་ནས་ལྷག་མ་ཡོད་རེའི་དབུ་སྙུང་བཞེས། ཚུར་སྟོན་གྱིས་རང་གི་བུ་རྒྱུད་མིན་པ་གཞན་ལ་མི་སྟོན་པའི་མནའ་བསྐྱལ། དེ་ནས་བུ་ཆེ་བ་འཇམ་དཔལ་ལོ་བཅོ་བརྒྱད་ལོན་པ་དང་། ཚུར་སྟོན་དབང་ངེས་ལོ་བཅོ་ལྔ་ལོན་པ་སྟེ་ཁོང་གསུམ་གྱིས་སྔགས་རྒྱུན་བྱས་པས། མེས་སྟོན་དཔོན་གཡོག་བཞི་ཁྲག་ཏུ་སྐྱུགས་ནས་ཤིའོ། །དེ་ནས་དཔོན་གཞོན་པར་མཐུ་ཁ་ཟུག་ནས་ལོ་གསུམ་གྱི་ཁོང་ལ་ཕོ་ངོ་དྲུག་ཅུ་ཁ་དག་ལ་སོང་བ་ཡིན་ནོ། །དེ་ནས་རིམ་བཞིན་བརྒྱུད་དེ་ཆོས་ཀྱི་རྒྱལ་པོ་འབྲི་ཁུང་པ་ཡབ་སྲས་ཀྱིས་ཉམས་སུ་བཞེས་ཏེ་ལྷག་པའི་ལྷ་འདི་ལ་མཛད། ལས་ཀྱི་སྦྱོར་བས་འགལ་བྱེད་དུ་མ་ཆམ་ལ་ཕབ། དེ་ནས་བཤེས་གཉེན་དུ་མ་ལ་བརྒྱུད་དེ་གངས་ཅན་འགྲོ་བའི་བླ་མ་ཟིལ་གནོན་དྲག་པོ་རྩལ་གྱིས་ཀྱང་ལྷ་མཆོག་འཇམ་དཔལ་གཤིན་རྗེ་ཁོ་ན་ལ་ཡི་དམ་མཛད། གདམས་པ་འདི་ལ་བརྟེན་ཏེ་ཕས་ཀྱི་རྦོད་གཏོང་ཐམས་ཅད་རང་གཤེད་རང་ལ་ཕབ། མཐའ་བཞིའི་དགྲ་ལས་རྒྱལ་ཞིང་ཐུབ་བསྟན་གྱི་ཉི་མ་ཤར་བས་བདེ་སྐྱེད་ཀྱི་སྣང་བས་གངས་ལྗོངས་ཁེངས་པར་མཛད་དོ། །དེ་ནས་ཁོ་བོའི་དྲིན་ཅན་རྩ་བའི་བླ་མ་ཆོས་རྒྱལ་གཏེར་བདག་གླིང་པས་ཀྱང་ཡོངས་འཛིན་དུ་མའི་ཞབས་ལ་བཏུད་དེ་གདམས་པ་འདི་ཉིད་ཀྱི་ཟབ་གནད་རྣམས་ཕུ་ཐག་ཆོད་པར་མཛད་ཅིང་ཐུགས་ཉམས་སུ་བཞེས། སྐལ་ལྡན་མང་པོའི་རྒྱུད་ལ་གཏམས་ཤིང་ལས་ཀྱི་སྦྱོར་བས་མཐའི་དམག་དཔུང་གདུག་པ་ཅན་སོགས་མ་རུངས་པའི་དགྲ་བགེགས་ཐམས་ཅད་ཚར་བཅད། བསམ་སྦྱོར་ངན་པའི་རྦོད་གཏོང་ཐམས་ཅད་རང་གཤེད་རང་ལ་བཟློག །མདོར་ན་བདུད་སྡེའི་མུན་པ་དབྱིངས་སུ་བཅོམ་ནས་ཕན་བདེའི་སྣང་བས་ཁེངས་པར་མཛད་པ་ནི་གང་ལས་བྱུང་བའི་གདམས་པའི་ལོ་རྒྱུས་མདོར་བསྡུས་པའོ། །གཉིས་པ་གདམས་པ་དངོས་ལ་གཞུང་རྩ་བར། སྐོར་གསུམ། མཚན་བཞི། གནད་གསུམ་སྟེ་དོན་བཅུར་གསུངས་པ་ལྟར། འདིར་ཡང་མཚན་བཞིས་ངོས་བཟུང་། གནད་གསུམ་གྱིས་གཏན་ལ་ཕབ། སྐོར་གསུམ་གྱིས་ཉམས་སུ་ལེན་ཚུལ་སྟོན་པའོ། །དང་པོ་ནི། རྫས་ལ་མཚན་གསོལ་བ་པུ་རི་དཀར་ནག །ལྷ་ལ་མཚན་གསོལ་བ་གཤིན་རྗེ་ཚེ་བདག །སྔགས་ལ་མཚན་གསོལ་བ་ཨེ་ཀ་ཡ་མ་ཤམ་འདོགས་དང་བཅས་པ། དཔེ་ལས་མཚན་གསོལ་བ་རྣོ་ཞིང་མྱུར་བས་ཡང་ཟློག་ནག་པོ་མེའི་སྤུ་གྲིའོ། །གཉིས་པ་གནད་གསུམ་གྱིས་གཏན་ལ་ཕབ་པ་ལ། བཅའ་བ་རྫས་ཀྱི་གནད། སྒོམ་པ་ལྷའི་གནད། བཟླས་པ་སྔགས་ཀྱི་གནད་དང་གསུམ་གྱི་དང་པོ་ལ། པུ་རི་དཀར་ནག་བཅའ་བ། འཁོར་ལོ་བྲི་བ། ཡོངས་རྫོགས་ལས་སྦྱོར་གྱི་བཅའ་གཞི། འདིར་དགོས་པའི་རྫས་ཕྲན་ཚེགས་བཤད་པ་དང་བཞིའི་དང་པོ་ནི། གནས་བཀྲ་ཤིས་ཤིང་བྱིན་ཆགས་པའི་ས། གཙུག་ལག་ཁང་དང་མཆོད་རྟེན་བྱིན་ཅན་གྱི་ས། རི་དཔྱད་ལེགས་པའི་ས། མི་འཕེན་དར་འཛོམ་པའི་ཁང་ས། གཞན་ཡང་བཀྲ་ཤིས་ཤིང་བྱིན་ཆགས་པའི་ས་སྣ་གང་འཛོམ་དྲི་བཟང་གི་ཆུས་སྦྲུས་ལ། གཟའ་སྐར་ཚེས་གྲངས་བཟང་བ་ལ་སྔགས་པ་དམ་ལྡན་ནམ། དགེ་སློང་ཁྲིམས་ལྡན་གྱིས་ལས་བྱས་ཏེ་བྱང་ཆུབ་ཆེན་པོའི་མཆོད་རྟེན་མཚན་ཉིད་དང་ལྡན་པ་རྨང་དགེའི་སྟེང་ནས་ཐུན་ལམ་ཡོད་པ་བཞེངས་ན་ནང་གཟུངས་ཀྱི་རིམ་པ་སྤྱི་ལྟར་གཞུག་ཅིང་། ཁྱད་པར་བུམ་པའི་ནང་དུ་སྲུང་ཟློག་གི་འཁོར་ལོ་མདུན་རྒྱབ་མ་ནོར་བར་སྲོག་ཤིང་ལ་བརྟེན་ཏེ་བཅུག །ན་བཟའ་དཀར་པོ་གསོལ། རབ་གནས་ཚུལ་ལྡན་སྤྱི་ལྟར་རམ། ཡང་ན་གཞི་མ་དཀར་པོའི་སྟེང་དུ་འབྲས་སམ་ནས་མེ་ཏོག་དཀར་པོའི་ཚོམ་བུ་དགུ་བཀོད་པའི་དབུས་སུ་པུ་རི་བཞུགས། ཕྱོགས་མཚམས་སུ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྡེ་བརྒྱད་གཞི་བདག་གི་གཏོར་མ་དང་། ཕ་རོལ་གྱི་ལྷ་སྲུང་གི་གཏོར་མ་རྣམས་བཤམས་མཐར་མཆོད་པས་བསྐོར། རང་གཤིན་རྗེར་གསལ་བཏབ་ལ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་ལ་མཆོད་གཏོར་ཕུལ་ལ་བདག་མི་ནོར་འཁོར་དང་བཅས་པ་རྣམས་བསྲུང་བའི་གསོལ་གདབ་དང་ཕྲིན་ལས་གསོལ། ཁོའི་ལྷ་སྲུང་དང་སྡེ་བརྒྱད་བཅས་པ་ལ་གཏོར་བསྔོ་དང་བཀའ་བསྒོ་བྱ། དེ་ནས་སྲུང་སྔགས་དཔུང་བསྐྱེད་དེ་རྟགས་མ་བྱུང་བར་བཟླས་ལ་རྟེན་འབྲེལ་སྙིང་པོ་བརྒྱ་རྩ་བརྒྱད་ཀྱིས་རབ་གནས་དང་བརྟན་བཞུགས་བྱ། ཆོས་བསྐོར་བདུན་བྱས་ལ་བཀྲ་ཤིས་བརྗོད། དེ་ཉིད་དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་འདུས་པའི་མཆོད་སྡོང་འགྲོ་བ་གང་གིས་མཐོང་རེག་ཏུ་གྱུར་པ་ཐམས་ཅད་ཀྱང་ཕ་རོལ་གྱི་བྱད་དང་རྦོད་གཏོང་མི་དང་མི་མ་ཡིན་པའི་གནོད་པ་ལས་བསྲུང་ནུས་པར་བསམ་མོ། །ནག་པོ་ནི་དུར་ཁྲོད་ཀྱི་ས་ནག་དང་འཕུང་ས་གསུམ་སོགས་བཀྲ་མི་ཤིས་ཤིང་གདུག་པའི་ས་སྣ་རྣམས་ཡུགས་སའི་གཅིན་དང་རྨེ་ཁྲག་དུག་ཆུས་སྦྲུས། ཕུང་གསུམ་བདུད་ཉི་ཟིན་ཕུང་སོགས་གཟའ་སྐར་ངན་པ་ལ་གདོལ་བཤན་རྨེ་ཡུགས་སམ་རབས་ཆད་དམ་ཉམས་སོགས་ཀྱི་ས་ལས་བྱས་པ་མཆོད་རྟེན་ནག་པོ་བང་རིམ་དགུ་པ་ནང་གྲུ་གསུམ་མམ་སྟོང་པར་བྲུས་པའི་རྩེ་མོ་ནས་ཐུན་ལམ་ཡོད་པ། རོ་སོལ་དང་དུག་ཁྲག་གིས་ཕྱི་ནང་ཀུན་དམར་ནག་ཏུ་བྱུགས་ལ་བཞག །དེ་དང་ཟློག་བསད་ཀྱི་ཙཀྲ་རྣམས་གཞི་མ་ནག་པོའི་་་རེ་ནག་གམ་དར། སྟེང་དུ་འབྲུ་ནག་གི་ཚོམ་བུ་བཀོད་པའི་དབུས་སུ་བཞག །མཆོད་གཏོར་བཤམས་ལ་གསོལ་གདབ་བཀའ་བསྒོ་རྣམས་གོང་བཞིན་བྱ། དེ་ནས་པུ་རི་དེ་ཁཾ་ལས་ལྕགས་ཀྱི་ཁང་སྒྲོམ་མེ་འབར་བ་ལས་བྱེད་ཕོ་ཉའི་བཤན་ར། མདོར་ན་དགྲ་བགེགས་རྣམས་དེར་སླེབ་པ་ཙམ་གྱིས་བརླག་པར་བསམ། འཁོར་ལིང་ལ་དགུག་གཞུག་དྲག་ཏུ་བྱས་ལ་ལྷ་དང་དབྱེ། རང་ཉིད་གཤིན་རྗེ་གཤེད་ཀྱི་ང་རྒྱལ་གྱིས་ཟློག་བསད་མནན་པའི་སྔགས་ཅི་མང་བཟླས་ལ་བོན་བསྐོར་བདུན་བྱས་རྗེས། ༈ ན་མོ་བླ་མའི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། འཁོར་འདས་ཟིལ་གྱིས་གནོན་པ་ཚེ་བདག་ནག་པོའི་བཀའ་བདེན་པ་དང་། གསང་སྔགས་དང་རིག་སྔགས་དང་ངན་སྔགས་བསླུ་བ་མེད་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་བདག་གིས་ཇི་ལྟར་བསམ་པའི་དྲག་པོ་མངོན་སྤྱོད་ཀྱི་ལས་འདི་འགྲུབ་པར་གྱུར་ཅིག །མྱུར་དུ་འགྲུབ་པར་གྱུར་ཅིག ད་ལྟ་ཉིད་དུ་འགྲུབ་པར་གྱུར་ཅིག །ཅེས་བརྗོད་ལ་ཐལ་མོ་ལན་གསུམ་བརྡབ། འདི་ཉིད་པུ་རི་རྙིང་པ་ཡིན་ན་ལས་སྦྱོར་གྱི་སྔོན་དུ་བྱས་ན་ལེགས་ཤིང་དེ་མཐུན་བཤན་པ་ཞིག་གིས་རྨེ་ཁྲག་དང་དུག་ཁྲག་སོགས་ཀྱང་བྱུགས། གཞུང་རྩ་བར་གཉིས་ཀ་ཚ་ཚས་རུང་བར་གསུངས་ཤིང་དེས་ན་ནག་པོར་ཡེ་དྷརྨཱ་མེད་པར་བྱའོ། །རྒྱུན་དུ་སྲུང་ཟློག་གི་ཆེད་དུ་པུ་རི་དཀར་པོ་ཡ་ཐེམ་མམ་སྒྲུབ་ཁང་སྟེང་དུ་གཞུགས་ཤིང་ནག་པོ་ཟློག་པའི་ཙཀྲ་དང་ལྷན་དུ་ཐེམ་འོག་ཏུ་འཛུད་པར་བཤད་ཅིང་ད་ལྟའི་ལག་ལེན་ལྟར་ན་གཉིས་ཀ་གནས་དབེན་པར་བཞུགས་སུ་གསོལ། གཉིས་པ་འཁོར་ལོ་བྲི་བ་ལ། སྲུང་བ། ཟློག་པ། བསད་པ། མནན་པ་དང་བཞིའི་དང་པོ་ནི། རས་དར་དཀར་རམ་ཤོག་བུ་ལ་འཁོར་ལོ་རྩིབས་བཞི་མུ་ཁྱུད་དང་བཅས་པའི་ལྟེ་བ་ལ་ཨོཾ་ཨཱཿཧཱུྃ་བརྩེགས་མའི་མགོ་ནས་ཡིག་མགོ་ཕྱིར་བསྟན་དུ་སཾ་གྷྲི་བ་རི་ནྲི་བྷྲཱུྃ་ཧཱུྃ་ཛཿའི་མཐར་བསྲུང་བྱའི་མིང་དང་འདོད་གསོལ་སྲུང་བའི་ཤམ་བུ་བཅས་བྲི། དེའི་ཕྱིའི་མུ་ཁྱུད་ལ་ཨ་ཀྲོ་བཅུ་གཅིག་པ་དང་། རྩིབས་བཞིའི་སྟེང་མ་ལ་ཨེ་ཀ་ཡ་མ། གཡས་གྷྲི་མ། གཡོན་ཧེ་ཀ །འོག་སརྦ། མཆན་རྣམས་ལ་བསྲུང་བྱའི་མིང་རྣམས་སོ་སོར་ཤམ་བུ་དང་བཅས་བྲི། དེའི་ཕྱིའི་མུ་ཁྱུད་ལ་དབྱངས་གསལ། དེའི་ཕྱིའི་མུ་ཁྱུད་ལ་ཡེ་དྷརྨཱ་ཤམ་བུ་དང་བཅས་བྲི་བའི་དབྱངས་མ་གཏོགས་ཡིག་མགོ་ཐམས་ཅད་ཕྱིར་བསྟན་ནོ། །དེའི་ཕྱི་རྡོར་ར་མེ་རི་རྣམས་བྲིས་པའི་ལྟེ་བ་མཐིང་། མཛེས་པའི་མུ་ཁྱུད་སེར། མུ་ཁྱུད་དམར། རྩིབས་སྔོ། །མཆན་སེར་ལ་མདངས་དམར། མུ་ཁྱུད་གཉིས་སྔོ་དམར། རྡོར་ར་གཞི་སེར་པོ་ལ་རྡོ་རྗེ་ལི། མཛེས་པའི་མུ་ཁྱུད་སྔོན་པོ་ལ་མེ་དམར་སེར་རོ། །ཡང་འཁོར་ལོ་གོང་ལྟར་བསྐོར་ལ་ལྟེ་བ་མུ་ཁྱུད་སོགས་གོང་མ་ལྟར་ལ། རྩིབས་གཡས་ལ་ཧེ་ཀ་གཡོན་ལ་གྷྲི་མ་བཀོད་པ་དང་མེ་གཡོན་སྐོར་དུ་བྲི་བ་ཁྱད་པར་རོ། །གསལ་བྱེད་དང་ཡེ་དྷརྨཱ་མ་གཏོགས་ཡིག་མགོ་ཐམས་ཅད་ནང་བསྟན་ནོ། །གཉིས་ཀའི་རྟེན་འབྲེལ་སྙིང་པོ་མགོ་ཕྱི་བསྟན་བྱེད་པ་རྗེ་རཏྣའི་ཕྱག་ལེན་སྣང་ཞིང་། དབྱངས་གསལ་སྤེལ་མར་བྲི་བ་དང་གཡས་གཡོན་དུ་བྲི་བ་འདམ་ཀ་ཅན་ནོ། །གང་ལྟར་ཡང་དྲི་བཟང་དང་ཆོས་སྨན་གྱིས་བྱུགས། ལྟེ་བར་གསེར་གྱི་ཡིག་འབྲུ་གསུམ་དང་གདུང་ཤ་རཱི་རམ་བཅུག་སྟེ་ཁ་སྦྱར་ལ་སྲུང་ལྟེབ་སྤྱི་ལྟར་བྱས་རབ་གནས་དང་ལྡན་པས་ལུས་ལ་བཅང་། པུ་རི་དཀར་པོར་གཞུག་ཚེ་སྲོག་ཤིང་གི་མདུན་ནས་ཚུར་བསྟན་ལ་དབུ་ཞབས་མ་ལོག་པར་བཞུགས་སོ། །གཞུང་གི་བཤད་ཚོད་བླ་མ་གཞན་གྱི་ཕྱག་ལེན་ལྟར་ན་འཁོར་ལོ་ཆིག་རྐྱང་ལ་རྩིབས་གཡས་ཧེ་ཀ་དང་གཡོན་གྷྲི་མ་དབྱངས་མ་གཏོགས་ཡིག་མགོ་ཕྱི་བསྟན་དུ་མཛད་པའང་སྣང་ངོ་། །གཉིས་པ་ཟློག་པ་ལ་བརྐྱང་པ་དང་དྲག་པོ་དང་ཉིང་ཟློག་གསུམ་གྱི་དང་པོ་ནི། ལྟེ་བར་ཧཱུྃ་དང་ཤམ་བུ་ཟློག་ཏུ་བསྒྱུར་བ་མ་གཏོགས་གཞན་ཐམས་ཅད་སྲུང་འཁོར་དང་འདྲ་བ་ལས་རྟེན་འབྲེལ་སྙིང་པོ་རྩིབས་སྔགས་དང་བསྟུན་པ་ཁྱད་པར་རོ། །གཉིས་པ་དྲག་པོ་ནི། ལིངྒའི་ཁོག་པར་འཁོར་ལོ་རྩིབས་བཞི་མུ་ཁྱུད་གཉིས་བྱས་པའི་ལྟེ་བར་ས་བོན་ཛཿཡིས་ལྟེམས་པའི་བར་མིང་རུས་ཟློག་ཤམ་དམོད་པ་དང་། རྩིབས་བཞིའི་སྟེང་མར་ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲས་དགྲ་བགེགས་ཆེ་གེ་མོ་ཟློག་སོགས། གཡས་ཧེ་ཀ །གཡོན་གྷྲི་མ། འོག་སརྦ། མཆན་རྣམས་ལ་དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་ཟློག་སོགས། དེའི་ཕྱི་རིམ་མུ་ཁྱུད་ལ་ཟློག་སྔགས་ལྷག་མ་ཤམ་བུ་བཅས་པ། དེའི་ཕྱིའི་མུ་ཁྱུད་ལིང་ཚེ་བཅུ་གཉིས་སུ་བཅད་པའི་ནང་དུ་སྟེང་ནས་བརྩམ་སྟེ་འགྲོ་ཕྱོགས་སུ། དགྲ་བོ་ཆེ་གེ་མོའི་མ་རིག་པ་མུན་པའི་སྨག་རུམ་དུ་ཕོབ་ཅིག་སོགས་རྟེན་འབྲེལ་བཅུ་གཉིས་བྲི། ཡིག་མགོ་ཐམས་ཅད་ནང་བསྟན་ནོ། །ལིངྒའི་ཚིགས་ཆེན་བཞིར་རྡོ་རྗེས་གཟིར་ཞིང་ཉམ་ཐག་པའི་རྣམ་འགྱུར་ཅན་གྱི་ཕྱིར་ཛ་ཁྲམ་བྲིའོ། །གསུམ་པ་ཉིང་ཟློག་ནི་གོང་ལྟར་གྱི་ཕྱིར་མུ་ཁྱུད་གཅིག་བསྣན་ལ་དུ་ན་བདུན་པ་ཤམ་བུ་དང་བཅས་པ་བྲི་བའོ། །ལྟེ་བ་སྔོ། རྩིབས་སེར་མདངས་དམར། མཆན་སྔོ་མདངས་དམར་སེར། མུ་ཁྱུད་སྔོ། ལིང་ཚེ་སྔོ་མདངས་སེར་དམར། ལིངྒ་ཤ་མདོག་ལ་རྡོ་རྗེ་དང་མཚོན་ཆ་རྣམས་སྔོན་པོའོ། །གསུམ་པ་བསད་པ་ནི། ཟློག་པ་དྲག་པོ་ལྟར་ལས་ཤམ་བུ་མཱ་ར་ཡ་སོད་ཅེས་སྒྱུར་ལ་མུ་ཁྱུད་ལ་བསད་སྔགས་ལྷག་མ་དང་ལིངྒའི་རྣམ་འགྱུར་མགོ་བོར་རྡོ་རྗེ་དང་། ལག་གཡས་ཕུར་པ་དང་གཡོན་རལ་གྲི་བྲང་ལ་བཙུག་པ་ཁྱད་པར་རོ། །འདི་དང་ལྷན་དུ་ལིང་རྐྱང་རེ་བྲི་བ་ནི། ལིངྒ་ཉམ་ཐག་པའི་རྣམ་འགྱུར་ཡན་ལག་སྒྲོག་ཏུ་བཅུག་པའི་སྙིང་གར་ས་བོན་ཛས་ལྟེམས་པའི་མཐར་མིང་རུས་དམོད་མོ་དང་བཅས་པ་མགོ་ཕྱིར་བསྟན་དུ་བྲི། ཕྱིར་བསད་སྔགས་མགོ་ནང་བསྟན་དུ་བྲིས་པའི་མཐར་ཛ་ཁྲམ་བྲིའོ། །བཞི་པ་མནན་པ་ལ་ལུས་ངག་ཡིད་གསུམ་པོ་སོ་སོར་དང་ཆམ་གཅིག་ཏུ་མནན་པ་གཉིས་ལས། དང་པོ་ནི། ལུས་མནན་སྤྱི་བོར་འཁོར་ལོ་བྲིས་ལ་ཁོག་པ་ལིང་རྐྱང་ལྟར་དང་། ཤམ་བུར་ལུས་སཏྭམ་བྷ་ཡ་ནན་ཅེས་བྲིས། ངག་མནན་ལྕེ་བྲང་སྟེང་དུ་ཕྱུངས་པའི་ཁར་བྲི། ཡིད་མནན་སྙིང་གར་བྲི། ཤམ་བུ་ཡང་སོ་སོར་སྒྱུར་ཞིང་སྤྱི་བོར་རི་རབ་དང་ཕུར་བུ་བྲི། འཁོར་ལོ་གོང་ལྟར་བསྐོར་བའི་ལྟེ་བར་རྡོ་རྗེ་རྒྱ་གྲམ་ཕྱོགས་མདོག་གི་དབུས་སུ་ཛའི་བར་དུ་ས་བོན་དང་མཚམས་བཞིར་ལམ་བྲིས་པའི་མཐར་མིང་རུས་དམོད་པ་མནན་ཤམ་བཏགས་པ་བྲི། རྩིབས་གཡས་གྷྲི་མ་དང་གཡོན་ཧེ་ཀ །མུ་ཁྱུད་ལ་མནན་སྔགས་ལྷག་མ་དང་ལིང་ཚེར་མ་རིག་པ་ནན་སོགས་དང་རྩིབས་མཆན་ཡང་གོང་གིས་འགྲེ། ཕྱིར་ཛ་ཁྲམ་དང་ནན་བྲི། ཡིག་མགོ་ཐམས་ཅད་ཕྱིར་བསྟན་ནོ། །གཉིས་པ་ཆམས་གཅིག་ཏུ་མནན་པ་ནི། ལིངྒ་ཆེ་བ་གཅིག་གི་སྤྱི་བོར་ལུས་མནན། སྙིང་གར་ཡིད་མནན། ཤོག་ཐེབ་ལྕེ་བཟོ་བྱས་པ་གཅིག་ལ་ངག་མནན་འཁོར་ལོ་བྲིས་ལ་ཁ་ནང་དུ་སྦྱར། འཁོར་ལོ་སོ་སོར་བཤད་པ་དང་ཁྱད་པར་མེད། མནན་འཁོར་ཐམས་ཅད་ཡི་གེ་བཤུར་མ་བྲི། དེ་ལྟར་དྲག་པོ་ལས་སྦྱོར་གྱི་འཁོར་ལིང་ཐམས་ཅད་རབ་ཞིང་ལྤགས་འབྲིང་རོ་རས་ཐ་མ་དུག་ཤོག་ལ་བྲི། བྲིས་ཚར་ནས་འབྱུང་བ་བཞིས་ཁྲུས་བྱ། དགྲ་བོའི་དྲི་མ་དྲུག་གང་འཛོམ་དང་དུག་ཁྲག་གིས་བྱུགས། གནས་ཡིག་དང་སྤྱོད་ལམ་རྣམས་རྗེ་འབྲི་ཁུང་པའི་ལེགས་བཤད་མུརྡྷ་སྤྱིའི་གནས་ཡིག་ཏུ་བཤད་པ་ལྟར་བྱའོ། །གསུམ་པ་ཡོངས་རྫོགས་ལས་སྦྱོར་གྱི་བཅའ་གཞི་ནི། གནས་དབེན་པར་གདུག་པའི་ས་ལ་སྟེགས་བུ་རྒྱར་མདའ་གང་དཔངས་སུ་ཁྲུ་གང་པ་བརྩིགས་པའི་དབུས་གྲུ་གསུམ་པར་གྲི་ལྕགས་ཀྱི་བྲུབ་ཁུང་བང་རིམ་གསུམ་ལྡན་རྩེ་རང་ལ་བསྟན་པའི་ཁ་ཁྱེར་ལ། རྩང་དམར་སྐེད་པ་རོ་སོལ་གྱིས་ནག་པོར་བྱུགས་ཤིང་སྡེ་བརྒྱད་ཀྱི་སྲོག་སྙིང་བྲིས་པ་དང་རྩེ་མོར་ཤ་དུམ་བསྐྱོན་པ་ཉེར་གཅིག་སྲིན་མོ་འགྲོས་སུ་བཙུགས། རོ་སོལ་དང་གྲི་ཁྲག་གིས་སྟེགས་བུ་དང་བྲུབ་ཁུང་དམར་ནག་ཏུ་བྱུགས། དེ་ནང་དུ་མནན་འཁོར་གན་རྐྱལ་དུ་བཞག་པའི་སྙིང་གར་ཐུན་ལམ་ཡོད་པ་བྱས་ལ་པུ་རི་ནག་པོ་མགོ་མཇུག་ལྡོག་པའི་ནང་དུ་བསད་འཁོར་བསད་པའི་ལིང་རྐྱང་དགྲ་དུ་ཡོད་ཀྱི་གྲངས་དང་མཉམ་པ། ཟློག་འཁོར་རྣམས་སོ་སོར་གཤིན་ལྟེབ་བྱས་པའམ་བརྩེགས་མ་མཐའ་ནས་རིམ་བཞིན་བལྟེབས་པ་འཇུག །གང་བྱེད་ཀྱང་ས་བོན་མ་འཆོལ་བར་བརྩེགས་པའི་ནྲྀ་མིག་ཏུ་གྲི་ལྕགས་ལས་བྱས་པའི་ཕུར་པ་སོར་བཞི་པ་གྲི་ཁྲག་དང་བྷི་ཤཀ་ཡུགས་སྐྲ་རྣམས་ཀྱིས་ངར་བླུད་ལ་མ་བུག་ཙམ་བཏབ། བདུད་དང་གནོད་སྦྱིན་གྱི་ཞགས་པས་་་བདུད་གནོད་སྦྱིན་གྱི་ཞགས་པ་ཞེས་པ་བྱད་ཐག་སྔོ་དམར་ཡིན་ཞིང་། ཐུན་ཐག་ཀྱང་བྱད་ཐག་སྔོ་དམར་གྱིས་མཛད། མཆན། བཅིངས། དེའི་སྟེང་དུ་དབྱེ་རྫས་ཀྱི་ཐུམ་བུ་བཞག །ཚོན་སྐུད་དང་ཡུགས་སྐྲའི་ཐུན་ཐག་བཏགས། ཁ་རོ་གཡམ་ལ་སྟེང་རི་རབ་དང་འོག་རྡོ་རྗེ་རྒྱ་གྲམ་བྲིས་པའི་དབུས་སུ་ཐུན་ལམ་ཡོད་པས་བཅད། དེའི་སྟེང་དུ་པུ་རི་དཀར་པོ་བཞུགས། ཐུན་ལམ་ནས་ཐུན་ཐག་དྲངས་པ་གཏོར་མར་གཏད་ཅིང་སྣེ་ཕུར་བུར་བཏགས། བྲུབ་ཁུང་ལ་ཕུང་རེའི་གུར་ཕུབ་ཅིང་ཐུན་ལམ་ཡང་ཕུར་བུ་སོར་བཞི་པས་བཀག་ལ། བཅས་ཀྱི་ནང་དུ་རླུང་ཡང་མི་ཐར་བར་བྱའོ། །དེའི་སྟེང་དུ་མཉྫིའི་ཁར་ལྕགས་སྣོད་དུ་འབྲུ་ནག་གི་ངར་ཕྱེ་ལ་སྔར་གྱི་གཏོར་ཟན་རྙིང་པ་དང་བཙན་དུག་ཆོས་སྨན་ཤ་ཆེན་རྣམས་བསྲེས་པ་ཁྲག་ཆེན་དང་ཆང་གིས་སྦྲུས་ལ་་་གལ་ཆེ་ན་ཤོག་བུ་ལ་ཟློག་སྔགས་བྲིས་པའི་ཤམ་བུར་འདོད་གསོལ་བྲིས་པ་གཤམ་ནས་དྲིལ་ཏེ་གཏོར་མའི་ནང་དུ་འཇུག་གོ །མཆན། གཏོར་མ་བྲ་བོའི་འབྲུ་ལྟ་བུ་འཁོར་གྲུ་གསུམ་བཞི་དང་མཚམས་བཞིར་བཅད་ཁ་ཕྱིར་བསྟན་གྱི་ཨོང་ཀྱུ་རྣམས་ཁྲག་གིས་བྱུགས། གཙོ་འཁོར་ལ་ཁྲམ་རིས་དང་མཚེ་ཡུངས་རྒྱན་དཀར་དམར་གྱིས་བརྒྱན་པ་མཐའ་སྐོར་དུ་རྩང་ཕུར་སྟོད་སྨད་གྲི་ཁྲག་དང་སྐེད་པ་རོ་སོལ་གྱིས་བྱུགས་ཤིང་རྩེ་མོར་ཤ་དུམ་བསྐྱོན་པ་སྲིན་མོ་འགྲོས་སུ་བཙུགས། རྒྱུ་རློན་གྱི་ལྡ་ལྡིས་བརྒྱན་པའི་རྩེ་མོར་གཙོ་འཁོར་རྣམས་ཀྱི་སྐུ་རྟེན་དར་ནག་གི་གདུགས་དང་བཅས་པ་བཀོད། ལས་གལ་ཆེ་ན་སྲུང་འཁོར་མདུན་དང་ཟློག་འཁོར་རྒྱབ་ཏུ་འོང་བར་བྱས་ལ་གཏོར་གདུགས་འོག་ཏུ་འདོགས་ཤིང་ཟློག་པའི་དུས་གཏོར་མ་ཞལ་ཕྱིར་བསྒྱུར་དུས་སྲུང་བ་གཏོར་མའི་རྒྱབ་རང་ངོས་དང་ཟློག་པ་མདུན་ངོས་ཕྱིར་ཡོང་བ་བྱའོ། །གཞན་ཡང་རྟགས་གཏོར་གཙོ་འཁོར་ལྔ་པ་དང་ཟོར་གཏོར་ཨོང་ཀྱུ་ཅན་ཐུན་གཏོར་ལོགས་གསུམ་དུ་ཨོང་ཀྱུ་སྦྱར་བ་རྣམས་དབྱིབས་དང་རྒྱན་གཏོར་ཆེན་ལྟ་བུ་སྟེགས་བུའི་གྲྭ་རྣམས་ལ་བཀོད། དེའི་མཐའ་སྐོར་མདུན་དུ་དྲག་པོའི་ཉེར་སྤྱོད་བཤམ། ཕྱོགས་བདེ་བར་དམ་ཚིག་གི་བྲིས་སྐུ་བཀྲམ་པའི་མདུན་དུ་སྟེགས་བུ་ཁེབས་ལྡན་གྱི་ཁར་བླ་མ་ཡི་དམ་ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་མ་དང་། དེ་ལས་དམའ་བར་ལས་གཤིན་གྱི་གཏོར་མ་དང་སྡེ་བརྒྱད་ཀྱི་གཏོར་མ་གྲུ་གསུམ་འཁོར་བརྒྱད་པ་ཤ་ཁྲག་གིས་བརྒྱན་པ་དང་། གཏེར་སྲུང་གི་གཏོར་མ་རྣམས་བཤམས་ཤིང་གཡས་གཡོན་དུ་སྨན་རཀ །མདུན་དུ་ཆུ་གཉིས་ཉེར་སྤྱོད་བཤམ། བམ་ཆེན་སོགས་གཞན་ཡང་སྐོང་རྫས་དང་། ཁྲག་གཙང་གསེར་སྐྱེམས་ཚོགས་འཁོར་སོགས་མཆོད་པར་འོས་པའི་ཡོ་བྱད་ཅི་འབྱོར་བ་བཤམ་མོ། །ཉིང་ཟློག་གི་འཁོར་ལོ་སྨྱུག་ཚིགས་སུ་བཅུག་ལ་་་བསད་པའི་ལིང་རྐྱང་ཞིག་དང་མཉམ་དུ། མཆན། དཀྱིལ་འཁོར་བཅས་ཀྱི་འོག་གམ་མལ་འོག་ཏུ་མནན་ནོ། །བཞི་པ་དགོས་པའི་རྫས་ཕྲན་བཤད་པ་ནི། དབྱེ་རྫས་བྱ་རོག་གི་དང་རུ་གཡས་པར་ཡུགས་སའི་མངལ་ཁྲག་གིས་ནྲྀ་བྲིས་པ་དང་འུག་པའི་དང་རུ་གཡོན་པར་མཛེ་ཁྲག་གིས་ཨ་བྲིས་པ་སྟེགས་བུའི་སྟེང་གཡས་གཡོན་དུ་བཙུགས། བདུག་པའི་རྫས་གུ་གུལ། མུ་ཟི། ཚིལ་ཆེན། ཡུགས་དོར། རྟ་བོན། རྭ་གཞོབ། རྨེ་ཡུགས་དང་མཛེ་ཕོའི་འབོག །རྒྱ་ཚིལ་རྣམས་སྦྱར་བ། ཐུན་རྫས་འབྲུ་གསུམ།་་་སྐྱེ་ཚེ་ཤང་ཚེ་ཡུངས་དཀར་ནག ངན་གསུམ།་་་བྲ་བོ་སྦང་མ་སྲན་མ། སྣ་གསུམ།་་་དུག་སྣ་ཁྲག་སྣ་བཀྲ་མི་ཤིས་པའི་ས་སྣ། ཕྱེ་གསུམ་་་ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ། རྣམས་སྔགས་ཀྱིས་ངར་བླུད་པ་ཐོད་ངན་ནམ་གཡག་རྒོད་ཀྱི་རར་བླུགས་པ། མིག་རྫས་ཤ་དམར་བཙན་དུག་དང་དགྲ་བོའི་དྲི་མས་སྦགས་པའི་རིལ་བུ། ཞུར་རྫས་སྒྱེད་བུ་གསུམ་ཀྱི་དྲེག་པ་ཁྲག་ཆང་ལ་སྦྱར་བ། གདབ་ལས་སྙིང་ཕུར་སྔགས་ཀྱི་དམ་ཚིག་རྟེན་དུ་བཅང་བའམ་ཁྲོ་ཞལ་ཅན་ནམ་ཡང་ན་སེང་ལྡེང་ལས་བྱས་པའི་སོར་བཞི་པ། སྲོག་ཕུར་གྲི་ལྕགས་ལས་བྱས་པ། བླ་ཕུར་གྲི་རྐང་ལས་བྱས་པ། སྒྲོལ་གྲི་ཐོ་བ་ཧོམ་གཟར་རྣམས། མནན་རྫས་རོ་གཡམ། སྤྱིའི་མནན་སྣོད་དགྲ་ལ་གླང་རུ་དང་། བགེགས་ལ་ཝ་ཐོད་ཙམ་དང་དམིགས་བསལ་སོ་སོར་བཤད་པ་ལྟར་དང། བྱ་རོག་མི་ཁྱིའི་རྟུག་སྐམ། སྐྱ་ཚེར་མ། བལ་ནག །སཱཙྪ། ཕུང་རེ། ཚོན་སྐུད། ཤོག་བུར་སྣ་ཚོགས་རྡོ་རྗེ་བྲིས་པ་དུག་ཁྲག་གིས་ངར་བཏགས་པ། རྒྱ་སྐྱེགས་ཀྱི་ཚིག་མ་རྣམས་དང་། བསྲེག་རྫས་ནི་ཆོ་ག་གང་ལ་བརྟེན་ཏེ་བྱ་བ་དེ་ལས་ཤེས་པར་བྱའོ། །གཉིས་པ་སྒོམ་པ་ལྷའི་གནད་ལ། སྤྱིར་ལྷ་སྒོམ་པ། བྱེ་བྲག་གི་དམིགས་པ། ཞར་བྱུང་ཡན་ལག་གི་དམིགས་པ་བཤད་པ་དང་གསུམ་གྱི་དང་པོ་ནི། འགྲོ་དྲུག་གི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་སངས་རྒྱས་ཀྱི་བསྟན་པ་རྒྱས་པ་དང་བདག་དང་བསྲུང་བྱའི་བར་ཆད་ཞི་བའི་ཕྱིར། ཚེ་བདག་ནག་པོའི་སྲུང་འཁོར་བསྒོམ་པར་བྱའོ་སྙམ་པའི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་དོ། །དེ་ནས་རང་བཞིན་དག་པའི་སྔགས་བརྗོད་ལ་ཆོས་ཐམས་ཅད་སྟོང་ཉིད་སྤྲོས་པ་དང་བྲལ་བ་ཀ་དག་གདོད་མའི་གནས་ལུགས་དེ་བཞིན་ཉིད་དུ་མཉམ་པར་འཇོག །གནས་ལུགས་དེ་ལྟ་བུ་མ་རྟོགས་པའི་འགྲོ་བ་རྣམས་ལ་སྙིང་རྗེ་ཆེན་པོ་མཁའ་ཁྱབ་ཏུ་བསྒོམ། སྟོང་ཉིད་སྙིང་རྗེའི་རང་རྩལ་འགག་པ་མེད་པ་རང་གི་རིག་པ་ཡི་གེ་ཧཱུྃ་མཐིང་ནག་འབར་བར་བསྒོམ་མོ། །ཧཱུྃ་དེ་ལས་འོད་ཟེར་མཐའ་མེད་དུ་འཕྲོས་པའི་རྩེ་ལས་བྱུང་བའི་ཡི་གེ་གསུམ་སྤྲོས་གཟུང་འཛིན་དངོས་པོར་སྣང་བའི་བག་ཆགས་ཐམས་ཅད་བསྲེགས་གཏོར་བཀྲུས། སླར་ཡང་ཧཱུྃ་ལས་ཨེ་ཡཾ་རཾ་བཾ་ལཾ་རྣམས་རིམ་པར་ཆད་པ་ལས་མཁའ་རླུང་མེ་ཆུ་སའི་དཀྱིལ་འཁོར་རྣམས་རིམ་པར་བརྩེགས་པའི་སྟེང་དུ། ཧཱུྃ་ལས་བྷྲཱུྃ་ཆད་པས་མཆོད་རྟེན་དཀར་པོ་འོད་ལྔ་འཕྲོ་བ། དེ་ཡང་ཐབས་ཤེས་གཉིས་སུ་མེད་པའི་རྒྱུ་ཨཱ་ལི་ཀཱ་ལི་ལས་གྲུབ་པ། ངོ་བོ་ཅིས་ཀྱང་མི་ཤིགས་པའི་རྡོ་རྗེ་ཕ་ལམ། རྣམ་པ་བྱང་ཆུབ་ཆེན་པོའི་མཆོད་རྟེན་གདན་ཁྲི་བང་རིམ་གསུམ་པ། སྟེང་དུ་རི་རབ་བང་རིམ་བཞི་པ། བུམ་པ་བྲེ་ཆོས་འཁོར་གདུགས་ཏོག་ཉི་ཟླ་ནོར་བུར་བཅས་པ་དྭངས་མའི་འོད་ཟེར་ཁ་དོག་ལྔ་དང་ལྡན་པ་ཕྱོགས་བཅུར་འཕྲོ་བར་བསམ། བུམ་ནང་དུ་རྒྱུ་ལས་ཧཱུྃ་ཆད་པ་ཡོངས་སུ་གྱུར་པ་ལས། གསེར་གྱི་རྒྱ་གྲམ་རྭ་ཕྲག་རྣམས་སུ་རྡོ་རྗེའི་ཚྭ་ཚྭ་འཕྲོ་ཞིང་ཆི་ལི་ལི་ཁོལ་བའི་ལྟེ་བ་གའུ་ཁ་སྦྱོར་གྱི་དབྱིབས་ཡངས་པའི་ནང་དུ། པད་ཟླ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཤེལ་གྱི་རྡོ་རྗེ་རྩེ་ལྔ་པ་འོད་ཟེར་འཕྲོ་བའི་ལྟེ་བར་ཧཱུྃ་གིས་མཚན་པ། ཧཱུྃ་དེ་ལས་འོད་ཟེར་འཕྲོས་པའི་སྣེ་ལ་ཡ་མ་ཏི་ར་བམ་ཞེས་ཚུར་བྱུང་བ་ཡོངས་སུ་གྱུར་པ་ལས་གཤིན་རྗེ་ཕོ་མོ་ཁ་སྦུབས་དང་གན་རྐྱལ་དུ་བསྣོལ་བའི་གདན་སྟེང་དུ། མ་ཧེ་དང་གླང་རྒོད་ཟུང་གིས་བཏེགས་པའི་སྟེང་དུ་པད་ཟླ་ཉི་མའི་སྟེང་དུ་རྒྱུའི་ཡི་གེ་ཧཱུྃ་མཐིང་ནག་འོད་ཟེར་ལྔ་དང་ལྡན་པ་བབས། དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་དྲེགས་པ་ཅན་ཐམས་ཅད་ཚར་བཅད། བདེ་བར་གཤེགས་པ་ཐམས་ཅད་ཀྱི་བྱིན་རླབས་མཐུ་སྟོབས་ནུས་པ་དང་ལྷན་ཅིག་ཚུར་འདུས་ཧཱུྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ལྟེ་བར་ཧཱུྃ་གིས་མཚན་པར་གྱུར། སྔར་བཞིན་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་འཇམ་དཔལ་གཤིན་རྗེའི་གཤེད་སྐུ་མདོག་མཐིང་ནག་དབུ་གསུམ་ཕྱག་དྲུག་ཞབས་བཞི་པ། གཡས་ཞལ་དཀར་ལ་བཞད་པ། གཡོན་ཞལ་དམར་ལ་གཤེ་བ། དབུས་ཞལ་མཐིང་ལ་རྔམ་པ། ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ། སྙན་གོང་གཡས་གཡོན་ལ་སྦྲུལ་ནག་རེ་རེས་བརྒྱན་པ། ཁྲོ་གཉེར་སྨིན་མཚམས་སུ་བསྡུས་པ། ཤངས་གཉེར་བ། ཞལ་གདངས་ཤིང་ལྗགས་འདྲིལ་བ། མཆེ་བ་བཞི་བཞི་གཙིགས་པ། ཨཱ་རལླིའི་སྒྲ་སྒྲོག་པ། སྨིན་མ་དམར་སེར་འཁྱུག་པ། དབུ་སྐྲ་ཁམས་ནག་གྱེན་དུ་བརྫེས་པ། ཕྱག་གཡས་དང་པོས་འཁོར་ལོ་རྩིབས་བརྒྱད་པ་རྣོ་ངར་ཅན། བར་པས་རལ་གྲི །ཐ་མས་རྡོ་རྗེ་རྩེ་དགུ །གཡོན་དང་པོས་ལྕགས་ཀྱུ། བར་པས་གཏུན་ཤིང་། འོག་མ་སྡིགས་མཛུབ་ཀྱི་རྩེ་ལས་མེ་འབར་བ། ཞབས་བཞི་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་དོར་སྟབས་ཀྱིས་བཞེངས་པ། ཐོད་སྐམ་ལྔའི་དབུ་རྒྱན་གྱི་ནང་ན་ཁྲག་འཐུང་རིགས་ལྔས་མཚན་པ། དེའི་སྤྱི་གཙུག་ཏུ་བྱ་ཁྱུང་ནག་པོ་ཁྲོ་ཞལ་ཅན། རྡོ་རྗེའི་མཆུ་དང་ཉི་ཟླའི་སྤྱན་གསུམ་བསྒྲད་པ། སྐྲ་ཁམས་ནག་འཁྱིལ་བ་གནམ་ལྕགས་ཀྱི་རྭ་ཕྲག་ནོར་བུས་མཚན་པ། རྐང་ལག་གནམ་ལྕགས་ཀྱི་སྡེར་མོས་སྦྲུལ་དཀར་ནག་གཉིས་བཟུང་ནས་མགོ་བོ་ཞལ་དུ་གསོལ་བ། སྒྲོ་གཤོག་སྤུ་གྲི་ལས་བསྐལ་པའི་མེ་འབར་བ་བརྡེབ་པ། ཐོད་པ་ར་རི་ཉེར་གཅིག་གིས་མགུལ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུས་སེ་རལ་ཁ་བྱས་པ། སྐུ་སྟོད་ལ་གླང་ཆེན་གྱི་ཀོ་རློན། ཞིང་ལྤགས་ཀྱི་སྐེད་བཅིང་། སྐུ་སྨད་ལ་སྟག་ཤམ་དཀྲིས་པ། སྦྲུལ་དཀར་ཁྲས་དབུ་སྐྲ་བཅིངས་པ། སེར་ཁྲས་ཕྱག་གདུབ། དམར་ཁྲས་སྐ་རགས། ལྗང་ཁྲས་ཞབས་གདུབ། ནག་ཁྲས་སེ་རལ་ཁ་བརྒྱན་པ། ཐལ་ཆེན་གྱི་ཚོམ་བུས་སྨིན་མཚམས་དང་སྐུའི་སུལ་བྱུགས་པ། རཀྟའི་ཐིག་ལེས་མཁུར་ཚོས་དང་དཔྲལ་བར་བྱུགས་ཤིང་། ཞག་གི་ཟོ་རིས་ལྐོག་མ་དང་བྲང་ལ་བཤལ་བ། བ་སྤུའི་བུ་ག་ཐམས་ཅད་དུ་ཁྱུང་ནག་མེའི་གཤོག་པ་ཅན་དང་རྡོ་རྗེ་རྩེ་ལྔས་གཏམས་པ་ལས་མེ་སྟག་འཕྲོ་བ། སྐུ་ལས་སྤྲུལ་པའི་ཕོ་ཉ་གྲངས་མེད་འཕྲོ་ཞིང་འཁོར་ལས་ཀྱི་གཤིན་རྗེ་བསམ་གྱིས་མི་ཁྱབ་པས་བསྐོར་བ། རང་ལུས་ལས་འཕྲོས་པའི་མེ་དང་མེ་དཔུང་རྡོ་རྗེའི་ཚྭ་ཚྭ་དམར་ཆི་ལི་ལི་འཕྲོ་བའི་ནང་ན་བཞུགས་པ། དེའི་ཐུགས་ཀར་གསེར་འཁོར་རྩིབས་བཞི་པའི་སྟེང་དུ་སྲུང་བའི་དུས་ན་འཇམ་དཔལ་ཡེ་ཤེས་སེམས་དཔའ་གསེར་མདོག་ཅན། ཞལ་གཅིག་ཕྱག་གཉིས་པ་གཡས་ཤེས་རབ་ཀྱི་རལ་གྲི་དང་གཡོན་པའི་མཐེབ་སྲིན་གྱིས་ཨུཏྤལ་གྱི་ཡུ་བ་ཐུགས་ཀར་འཛིན་ཅིང་འདབ་མ་སྙན་ཐད་དུ་བྱེ་བའི་སྟེང་དུ་ཤེར་ཕྱིན་གྱི་གླེགས་བམ་གྱིས་མཚན་པ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་དར་དང་རིན་པོ་ཆེས་བརྒྱན་པ་ཞི་ཞིང་འཛུམ་པའི་མདངས་ཅན་རལ་པའི་ཟུར་ཕུད་ལྔ་དང་ལྡན་པ་ཞལ་ནང་དུ་གཟིགས་ནས་སྲུང་བའི་ལས་མཛད་པ་དང་། ཟློག་བསད་མནན་པའི་དུས་སུ་སྐུ་མདོག་དམར་ནག་གཡས་རལ་གྲི་མེ་འབར་བ་དང་གཡོན་རྡོ་རྗེས་མཚན་པའི་ཞགས་པ་འཕེན་པ། རབ་ཏུ་ཁྲོས་ཤིང་ཆེས་ཆེར་འབར་བ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། ཞབས་གཉིས་བརྐྱང་བསྐུམ་པད་ཟླའི་གདན་ལ་བཞེངས་པ་ཞལ་ཕྱིར་གཟིགས་ནས་ཟློག་བསད་ཀྱི་ལས་མཛད་པར་བསམ། འཁོར་ལོའི་ལྟེ་བར་པདྨ་ཉི་ཟླའི་སྟེང་དུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་མཆོད་རྟེན་འོད་ཟེར་སྣ་ལྔ་འཕྲོ་བ། དེའི་བུམ་ནང་དུ་པདྨ་ཉི་ཟླའི་གདན་ལ་ཧཱུྃ་མཐིང་ནག་ལས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་འོད་ཟེར་འཕྲོ་བའི་ཡར་མར་གྱི་རྭ་ལྔ་ལ་རིགས་ལྔ་ཡབ་ཡུམ་གྱིས་མཚན་པའི་ལྟེ་བར། རྒྱུ་ཨཱ་ལི་ཀཱ་ལི་ཞུ་བ་ལས་བྱུང་བའི་ཉི་ཟླའི་གའུ་ཁ་སྦྱོར་གྱི་ནང་དུ་བྷྲཱུྃ་ཡིག་གི་ཁོག་པར་ཧཱུྃ་མཐིང་ནག་འབར་བར་བསམ། དེའི་མཐར་ཨེ་ཀ་ཡ་མ་དང་དབྱངས་གསལ་གྱིས་བསྐོར་བ། ཧཱུྃ་གི་ཀླད་སྐོར་ནང་དུ་བླ་མ་སློབ་དཔོན། ཁོག་པར་རང་གཞན་བསྲུང་བྱའི་མིང་ཡིག་དང་པོས་ནྲྀ་ལ་བསྐོར་བ། ཞབས་ཀྱུའི་ནང་དུ་འཁོར་དང་ནོར་རྫས་རྣམས་གསལ་གདབ། གཞན་ཡང་སྡེ་བརྒྱད་ཀྱི་སྲོག་སྙིང་ཡང་བསྒོམ་སྟེ་ཕ་རོལ་པོའི་སྲུང་མ་བཙོན་དུ་ཟིན་པའི་དགོས་པ་ཁྱད་པར་ཅན་ཡོད་དོ། །དེ་ནས་རང་གི་ཐུགས་ལས་འོད་ཟེར་དམར་ནག་འཕྲོས་པའི་རྩེ་ལ་བྷྱོ་སྨུག་ནག་འོད་དང་བཅས་པ་མཆེད། འཕྲོ་འདུས་ཡོངས་སུ་གྱུར་པ་ལས་ཡུམ་མ་མོ་ཁྲག་མིག་མ་སྨུག་ནག་ཞལ་གཅིག་ཕྱག་གཉིས་པ། གཅེར་བུ་རྒྱན་མེད་ཤིན་ཏུ་འཇིགས་པ། གཡས་ལྕགས་ཀྱུ་ནམ་མཁར་འཕྱར་ཞིང་གཡོན་ཐོད་ཁྲག་ཐུགས་ཀར་བསྣམས་པ། ཞབས་དོར་སྟབས་སུ་བཞུགས་པ་འཁོར་མ་མོ་བྱེ་བ་ས་ཡས་བསྐོར་བ། རང་ལུས་ལས་འཕྲོས་པའི་མེ་རི་འབར་བའི་ཀློང་ན་བཞུགས་པའི་ཐུགས་ཀར་བྷྱོ་སྨུག་ནག་གི་མཐར་ཧེ་ཀ་ཡ་མས་བསྐོར་བ། ཡང་ཐུགས་ལས་འོད་ཟེར་དམར་ནག་གཡས་སུ་འཕྲོས་པའི་རྩེ་ལས་ཡ་དམར་ནག་གོང་བཞིན་ཡོངས་སུ་གྱུར་པ་ལས། སྲས་མཆོག་ཡ་མ་རཱ་ཛ་དམར་ནག་ཞལ་གཅིག་ཕྱག་གཉིས་པ་གཡས་བཤན་གྲི་དམར་པོ་ནམ་མཁར་འཕྱར་ཞིང་གཡོན་དགྲ་བོའི་དོན་སྙིང་དམར་ཙེ་རེ་བ་འདྲད་པ། མི་ལྤགས་ཀྱི་གཡང་གཞི་ཁྲག་འཛག་པ་སྐུ་ལ་གསོལ་ཞིང་སྟག་ཤམ་ཅན་ཞབས་ས་ལ་བརྟེན་པ། འཁོར་སྡེ་བརྒྱད་ཡོངས་ཀྱིས་བསྐོར་བ། ལུས་ལས་འཕྲོས་པའི་མེ་དཔུང་ནང་ན་བཞུགས་པའི་ཐུགས་ཀར་ཡ་དམར་ནག་གི་མཐར་གྷྲི་མ་ཡ་མས་བསྐོར་བར་བསམ། ཨ། དེ་ལྟར་གསལ་བའི་སྟེང་དུ་བླ་མ་སློབ་དཔོན། གཡས་སུ་ཕོ་རྒྱུད་ཁྲོ་བོ། གཡོན་དུ་མོ་རྒྱུད་ཁྲོ་མོ། རྒྱབ་ཏུ་ནོར་ཕྱུགས། མདུན་དུ་གང་གཅེས། འོག་ཏུ་ཡུལ་གཞིས་བང་མཛོད། མཚམས་སུ་དཀོར་ནོར་རྣམས་ཀྱང་གསལ་གདབ། སླར་ཡང་ཡབ་ཡུམ་གྱི་ཐུགས་ཀའི་ས་བོན་ལས་འཕྲོས་པའི་ཁྲོ་བོ་ཁྲོ་མོ་མཚོན་ཆ་སྣ་ཚོགས་འཛིན་པ་གཡས་སྐོར་དང་གཡོན་སྐོར་དུ་ཐོན་ཏེ། ཕྱི་ནང་ཕྱོགས་མཚམས་ཐམས་ཅད་གཏམས་ཏེ་ཞལ་ཕྱི་ནང་དུ་གཟིགས་པས་སྲུང་ཟློག་གི་ལས་མཛད་པར་བསམ། མཆོད་རྟེན་གྱི་ཕྱི་རོལ་དུ་གུར་རིམ་པ་བཅུ་གསུམ་གསལ་གདབ་པ་ནི། བྷྲཱུྃ་ལས་གསེར་གྱི་གའུ་ཁ་སྦྱོར་གྱི་གུར་ཁང་། དེའི་ཕྱིར་རིགས་ལྔ་ཡབ་ལྔའི་རང་བཞིན་གྱི་གུར་ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱཿརྣམས་སོ་སོར་སྥ་ར་ཎ་ཕཊ་ཅེས་འཕྲོས་པས། ཁྲོ་བོ་སྔོན་པོ་རང་མདོག་གི་རྡོ་རྗེ་ཐོགས་པའི་གུར་བར་མཚམས་མེད་པ་རྡོ་རྗེས་གཏམས་པས་རླུང་སེར་བུ་ཙམ་ཡང་མི་ཐར་བ། དེ་བཞིན་དུ་དཀར་པོ་འཁོར་ལོ། སེར་པོ་ནོར་བུ། དམར་པོ་པདྨ། ལྗང་གུ་སྣ་ཚོགས་རྡོ་རྗེ་ཐོགས་པ་རྣམས་དང་། དེའི་ཕྱིར་ཏཱིཀྵན་མཎྜལ་ལས་རལ་གྲི་ངར་མའི་འཁོར་ལོ་གཡོན་དུ་འཁོར་བས་གནོད་བྱེད་ཐམས་ཅད་ཉལ་ཉལ་གཅོད་པའི་གུར་ཁང་། དེའི་ཕྱིར་རིགས་ལྔ་ཡུམ་ལྔའི་རང་བཞིན་གྱི་གུར། ཡཾ་རཾ་བཾ་ལཾ་ཨེ་རྣམས་གོང་བཞིན་འཕྲོས་པ་ལས་རླུང་ནག་འཚུབ་མའི་གུར་ནང་དུ་ཁྲོ་བོ་ཁམ་ནག་རླུང་གཡབ་དང་མཚོན་ཆ་ཐོགས་པ། མེ་དཔུང་འབར་བའི་གུར་ནང་དུ་ཁྲོ་བོ་དམར་ནག་མེ་དཔུང་ཐོགས་པ། ཆུ་བོ་རྦ་ཀློང་འཁྱིལ་བའི་གུར་ནང་དུ་ཁྲོ་བོ་དཀར་པོ་ཆུ་ཞགས་ཐོགས་པ། གསེར་གྱི་རྡོ་རྗེ་རྒྱ་གྲམ་གྱི་གུར་ནང་དུ་ཁྲོ་བོ་སེར་པོ་རི་རབ་ཐོགས་པ། ནམ་མཁའི་ལྕགས་ཀྱི་གུར་ནང་དུ་ཁྲོ་བོ་ནག་པོ་མཚོན་ཆ་སྣ་ཚོགས་ཆར་ལྟར་འབེབ་པ་རྣམས་ཀྱིས་རིམ་པར་གཏམས་པ། དེ་ཐམས་ཅད་ཀྱང་སྲ་ཞིང་མཁྲེགས་པའི་ར་བར་ཁྲོ་ཆུང་མཚོན་ཆ་ཐོགས་པ་དང་། ནམ་མཁའི་རྡོ་རྗེ་ཕྲ་མོ་དང་རླུང་སྤུ་གྲི་རེག་གཅོད། ཡེ་ཤེས་ཀྱི་མེ་དཔུང་འབར་བ་ཆུ་གྲི་དང་མཚོན་ཆ་སྣ་ཚོགས་ཀྱི་འཁོར་ལོ་མང་པོ་འཚུབ་པ། ཤིན་ཏུ་དྲག་པོའི་འོད་ཟེར་འཕྲོས་པས་དགྲ་བགེགས་ཐམས་ཅད་མཐའི་རྒྱ་མཚོའི་ཕ་མཐར་བསྐྲད་ཅིང་། མ་སོང་བ་ཐམས་ཅད་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་བསམ་མོ། །དེའི་ཕྱིར་རང་སྔགས་ཨེ་ཀ་ཡ་མ་སོགས་དང་ངོ་བོ་སྟོང་ཉིད་སྙིང་རྗེ་ལས་བྱུང་བའི་ཨཱ་ལི་ཀཱ་ལི་དཀར་དམར་ཐབས་ཤེས་ཉི་ཟླའི་གའུའི་རྣམ་པ་ཅན་དུ་འཁྲིགས་པ་ལས། དགྲ་བགེགས་ཐམས་ཅད་སོད་ཅེས་སྟོང་ཉིད་ཀྱི་རང་སྒྲ་སྐྲག་ཆེམ་ཆེམ་སྒྲོག་པའི་གུར་རྣམས་གསལ་གདབ་བོ། །དྲག་པོའི་ལས་སྦྱོར་གྱི་སྐབས་སུ་ཐུན་ཕུར་དེ་ཉིད་ལས་གཤིན་དམར་ནག་ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་བེ་ཅོན་དང་གཡོན་སྡིགས་མཛུབ་དང་བཅས་པས་དགྲ་བགེགས་ཀྱི་དོན་སྙིང་འདྲད་ཚུལ་གྱིས་ཐུན་ཐག་འཛིན་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན་ཞབས་གཉིས་བརྐྱང་བསྐུམ་དུ་བཞུགས་པར་བསྒོམ། ལྷ་ཚོགས་ཐམས་ཅད་ཀྱི་སྤྱི་མགྲིན་སྙིང་གར་འཁོར་ལོ་པདྨ་རྡོ་རྗེ་དཀར་དམར་སྔོ་བ་འབྲུ་གསུམ་གྱིས་མཚན་པ་གསལ་གདབ། དེ་ལས་འོད་ཟེར་འཕྲོས་པས་འོག་མིན་དག་པའི་གནས་འཁོར་འདས་ཀ་ནས་དག་པ་རང་བཞིན་གདོད་མའི་གནས་ནས་རྟེན་བརྟེན་པ་སྲུང་བའི་གུར་དང་བཅས་པ་སྤྱན་དྲངས་མདུན་གྱི་ནམ་མཁར་བཞུགས་སུ་གསོལ། ཕྱག་མཆོད་བསྟོད་པ་ཉམས་ཆག་བཤགས་ཤིང་ཡིག་བརྒྱ་བཟླ་བ་རྣམས་འཕྲིན་ལས་ལྟར་བྱས་རྗེས། ཛཿཧཱུྃ་བཾ་ཧོཿས་ཡེ་ཤེས་ཀྱི་ལྷ་ཚོགས་འོད་ཀྱི་ཚུལ་དུ་དམ་ཡེ་བསྲེ། སྡེ་བརྒྱད་བྲན་དུ་ཁོལ་ཞིང་སྙིང་རྗེས་གདུག་པ་ཅན་ཐམས་ཅད་དུས་གཅིག་བརླག་ནུས་པ་དང་གཞན་གྱིས་བྱད་སྟེམས་རིག་སྔགས་སྦྱོར་ངན་གྱིས་ཚུགས་པར་མི་ནུས་པའི་མཐུ་རྩལ་དང་ལྡན་པའི་ང་རྒྱལ་བཟུང་། རང་རིག་གདོད་ནས་དག་པ་ཆོས་སྐུ་འགྱུར་བ་མེད་པ་སྤྲོས་བྲལ་འདུས་མ་བྱས་པའི་འཇམ་དཔལ་གཤིན་རྗེ། སྣང་སྲིད་འཁོར་འདས་ཀྱི་གཞི། སངས་རྒྱས་སེམས་ཅན་གྱི་འབྱུང་ཁུངས། ཞི་དང་ཁྲོ་བོ་ཐམས་ཅད་ཀྱི་འཆར་གཞི། མདོར་ན་དག་མ་དག་གང་དུ་སྣང་ཡང་ཐམས་ཅད་རང་རིག་གི་རོལ་པ་ཡིན་སྙམ་པའི་དག་པ་དྲན་པར་བྱ། དེ་ནས་ཁམས་གསུམ་ཐམས་ཅད་ལྷའི་གཞལ་ཡས་ཁང་། གཟུགས་སྣང་མ་ལུས་པ་ཁྲག་འཐུང་ཁྲོ་བོའི་སྐུ །སྒྲ་གྲགས་སྔགས་ཀྱི་རང་སྒྲ་འུར་ཆེམས་སྒྲོག་པ། དུག་གསུམ་དུག་ལྔ་སོགས་སེམས་ཀྱི་ངན་རྟོག་སྐུ་གསུམ་ཡེ་ཤེས་ལྔའི་ངོ་བོ། མདོར་ན་སེམས་ཉིད་ཀྱི་འགྱུ་རྟོག་ཐམས་ཅད་ཆོས་སྐུ་བདེ་བ་ཆེན་པོའི་ངང་དུ་འབོལ་ཤིག་གེ་བཞག་ལ་སོ་སོའི་དགོས་དམིགས་ལ་འཇུག་ཅིང་སྔགས་བཟླ་བ་ཡིན་ནོ། །ཟློག་བསད་ཀྱི་དུས་རང་ཉིད་སྲུང་འཁོར་གྱི་རང་བཞིན་གསལ་བའི་མདུན་དུ་སྟོང་པའི་ངང་ལས་བྲུབ་ཁུང་དེ་ཉིད་ཁཾ་ལས་གནམ་ལྕགས་ཀྱི་ཁང་སྒྲོམ་མེ་འབར་བ། ལས་བྱེད་ཕོ་ཉའི་བཤན་ར། གཤིན་རྗེའི་བཤས་ཁང་། གསོད་གཅོད་ཀྱི་ལས་བྱེད་པའི་ནང་དུ་ནྲྀ་ལས་དམིགས་བྱ་གང་ཡིན་པ་དེ་ཉིད་གཅེར་བུ་སྐྱབས་དང་བྲལ་བ་ཉམ་ཐག་པ་གཅིག་བསམ། རང་གི་ཐུགས་ཀ་ནས་སྤྲུལ་པའི་ཁྲོ་བོ་ཁྲོ་མོའི་ཚོགས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པ་རྣམས་ཀྱིས་དམིགས་བྱ་བཟུང་ཞིང་བསྡམས། མྱོས་སུ་བཅུག་ནས་དེད་བྲུབ་ཁུང་གི་གཟུགས་ལ་བྱེ་མ་ལ་མར་ཐིམ་པའམ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟར་བསྟིམ། སྐྱོབ་བྱེད་ཀྱི་ལྷ་དང་ཕྲལ། ཁོ་ཡང་ཉེས་གནོང་འགྱོད་པ་ཆེན་པོ་སྐྱེས་ནས་ཡོད་པར་བསམ། ཉེས་པ་བསྒྲག་ཅིང་དཔང་གཟུག་ཕོ་ཉ་བསྐུལ་བ་རྣམས་བྱའོ། །ཐུན་མཚམས་སུ་གཏོར་བསྔོ་བསྟོད་བསྐུལ་རྣམས་བྱས་རྗེས་ཞལ་གཅིག་ཕྱག་གཉིས་པའི་ང་རྒྱལ་གྱིས་སྤྱོད་ལམ་བྱ། ཉལ་དུས་རང་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་སྲུང་འཁོར་མཐའ་ནས་རིམ་བཞིན་བསྡུས་ལ་ལྷ་ཚོགས་ལ་བསྡུ། འཁོར་རྣམས་གཙོ་བོ། དེ་བསྲུང་བྱ་རྣམས་ལ། དེ་ཧཱུྃ་ལ། ཧཱུྃ་ཐིག་ལེ་ལ། དེ་རང་གི་མིང་ཡིག་དང་པོར་བསྡུས་པའི་མཐར་འཇའ་ལྟར་ཡལ་ནས་ཆོས་ཉིད་ངང་ལ་ཉལ་ལོ། །གཉིད་སད་པ་དང་སྔར་བཞིན་གསལ་འདེབས་སོ། །རྒྱུན་གྱི་ཉམས་ལེན་ཙམ་ལ་པུ་རི་དཀར་པོ་ཨེ་ལས་ལྕགས་ཀྱི་གུར། ལཾ་ལས་རྡོ་རྗེ། རཾ་ལས་མེའི་གུར་ནང་དུ་མཆོད་རྟེན་གྱི་བུམ་པའམ་གནམ་ལྕགས་ཀྱི་སྤྱིལ་པོའི་ནང་དུ་རང་གཤིན་རྗེ་ཞལ་གཅིག་ཕྱག་གཉིས་གཡས་འཁོར་ལོ་དང་གཡོན་ལྕགས་ཀྱུ་དང་ཞགས་པ་འཛིན་པར་བསྒོམས་ཀྱང་ཁྱབ་བོ། །དེ་ལྟར་སྤྱིའི་སྒོམ་གནད་རྣམས་སུ་པུ་རི་དཀར་པོ་སྲུང་བའི་བྱིན་རྟེན་དུ་བཞུགས་སུ་གསོལ་ལ་བདག་དང་མདུན་གྱི་གཏོར་མ་ལས་བྱང་འཇུག་པ་གཅིག་གིས་ལྷར་བསྒོམས་ལ། པུ་རི་ནག་པོ་དང་བྲུབ་ཁུང་ལས་བྱེད་ཀྱི་བཤན་རར་བསྒོམ་པ་སོགས་བདག་མདུན་ཐ་དད་དུ་མཛད་པ་དང་། བདག་དང་གཏོར་མ་པུ་རི་དཀར་པོ་སྟེ་གསུམ་ཀ་ཐ་མི་དད་དུ་སྒོམ་པར་མཛད་པ་ཡང་ཡོད་དེ། མདུན་གྱི་གཏོར་མ་དང་པུ་རིས་མཚོན་རྟེན་བྱས་ཏེ་བདག་གི་འབྱུང་བཞིའི་ཕུང་པོ་སོགས་ཕྱི་རོལ་གྱི་རིག་པའི་དངོས་པོ་ཐམས་ཅད་རྟེན་བྱང་ཆུབ་ཆེན་པོའི་མཆོད་རྟེན་སྲུང་བའི་གུར་ཁང་དང་བཅས་པ། སེམས་ཉིད་གདོད་ནས་དྲི་བྲལ་རྩལ་མདངས་འགག་མེད་དུ་འཆར་བ་བརྟེན་པ་ལྷའི་གཙོ་འཁོར་དུ་བསྒོམ་ཞིང་། པུ་རི་ནག་པོ་དང་བྲུབ་ཁུང་ལས་ཁུང་མཚན་ཉིད་དང་ལྡན་པར་དམིགས་བྱ་གསལ་བ་དགུག་དབྱེའི་སྐབས་མདུན་དང་སྔགས་བཟླ་རིང་འོག་ཏུ་བསྒོམ་པ་ཡིན་ཏེ། འོག་ཏུ་སྲུང་ཟློག་སྒོས་དམིགས་ཀྱི་སྐབས་མན་ངག་རྩ་བའི་ཁུངས་དང་བཅས་ཏེ་སྟོན་པ་ཡིན་ནོ། །དེ་ཡང་གཞི་ཆོས་སྐུ་གཅིག་གི་རོལ་པ་ལས་མདངས་འགག་པ་མེད་པ་སྒྱུ་མ་ལྟ་བུར་འཆར་བ་དག་པ་ཡེ་ཤེས་ཀྱི་ཆ་རྟེན་བརྟེན་པ་སྲུང་བའི་གུར་དང། མ་དག་པ་འཁོར་བའི་ཆ་པུ་རི་ནག་པོ་དང་བྲུབ་ཁུང་བཅས་པ་ལས་བྱེད་གཤིན་རྗེའི་བཤན་རའི་ནང་དུ་རང་གི་གཟུང་འཛིན་རྣམ་རྟོག་གིས་བསྐྱེད་པའི་དུག་ལྔ་དུག་གསུམ་གྱི་རང་མདངས་ཕྱི་རོལ་དགྲ་བགེགས་ཀྱི་རྣམ་པར་ཤར་བ། ལམ་དྲག་པོ་སྔགས་ཀྱི་སྦྱོར་བས་ལུས་སྲོག་དྭངས་སྙིགས་ཕྱེ་ལ་སྙིགས་མའི་ཕུང་པོ་བདུད་རྩིར་སྦར་ཏེ་ལྷ་ཚོགས་ཀྱི་ཞལ་དུ་ཕུལ་བས་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས། རྣམ་ཤེས་དྭངས་མའི་ཐིག་ལེ་སྐྱེ་མེད་དབྱིངས་སུ་སྤར་བས་འབྲས་བུ་ཡེ་དག་ཆོས་ཀྱི་སྐུར་སངས་རྒྱས་ནས། སྒྱུ་འཕྲུལ་འགག་མེད་ཀྱི་གཟུགས་སྐུ་འཇམ་དཔལ་གཤིན་རྗེའི་གཤེད་དུ་འགྱུར་བའི་གཞི་འབྲས་དབྱེར་མེད་བྱང་ཆུབ་མཆོག་གི་གོ་འཕང་དུ་འཚང་་རྒྱ་བ་ཡིན་ནོ། །ཚུལ་འདི་ལ་རྫོང་འཕྲང་སྲོག་གསུམ་གྱི་དོན་ཡང་ཚང་ཞིང་དེ་ལྟ་བུའི་བདེན་གཉིས་ཟུང་འཇུག་གི་དོན་ལ་ཐག་ཆོད་པ་ལྟ་བ་གྱད་ཀྱི་ལྷ་ཡང་ཡིན། སྣང་སྲིད་གཞིར་བཞེངས་རྒྱལ་བའི་དཀྱིལ་འཁོར་དུ་སྒྲུབ་པ་དང་ཕྱོགས་མཐུན་པས་མན་ངག་རྫོགས་པ་ཆེན་པོ་དང་ཡང་མི་འགལ། དྲག་སྔགས་གནམ་ཐོག་ཆེན་མོའི་ལུགས་ལྟར་ཡེ་ནས་རང་ཆས་ཀྱི་གཞལ་ཡས་ཁང་ལྷུན་གྲུབ། ལྷ་ཀོག་བཞེངས། སྔགས་ཐུག་ཕྲད་ལ་དོན་འབྱོར་ཞིང་བབས་འབྲེལ་བས་ལུང་ཨ་ནུ་དང་ཡང་མཐུན། སྒྲུབ་པ་འཕྲིན་ལས་མ་ཧཱ་ལུགས་སུ་ཡོད་པས་དེས་ན་འདི་ཉིད་ཡོ་ག་གསུམ་གྱི་སྙིང་པོར་གྱུར་པ་ཡིན་ནོ། །ལུགས་གཉིས་ཀ་འགལ་བ་མིན་ཏེ་སྦྱོར་བ་རང་གི་བློ་ལ་འཆར་བདེ་ཞིང་ཡིད་ལ་བབས་པ་ཞིག་གི་རྗེས་སུ་འབྲངས་ཏེ་ཐེ་ཚོམ་མེད་པར་བསྒྲུབས་པས་འབྲས་བུ་འབྱིན་པ་ལ་ཁྱད་པར་མེད་དོ། །བློ་ཁ་ཞན་པས་སྒོམ་དོན་ཆེ་བ་བློར་མ་ཆུད་ན་རང་གཤིན་རྗེ་དངོས་ཡིན་སྙམ་པའི་དཔའ་གདེངས་བརྟུལ་ཤུགས་ཀྱི་ང་རྒྱལ་དང་དམིགས་བྱར་ཞེ་སྡང་དྲག་པོས་སྔགས་བཟླས་པས་ཀྱང་ལས་འགྲུབ་སྟེ། ཞེ་སྡང་མ་ཡལ་མཐུ་ཡི་མཆོག །ཅེས་སོ། །ཡང་ན་ཐུགས་རྗེ་བྱིན་རླབས་ཆེ་ཞིང་མཐུ་སྟོབས་ནུས་པར་ལྡན་པའི་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་ཁྱེད་ཀྱིས་བདག་གི་སྲུང་ཟློག་གི་ཕྲིན་ལས་མཛོད་ཅིག་སྙམ་པའི་དད་པས་བསྒྲུབས་ཀྱང་འགྲུབ་སྟེ། ཡང་ན་བླུན་པོ་དད་པ་ཅན། །དེ་ལ་སྦྱོར་བའི་དངོས་གྲུབ་ཡོད། །ཅེས་དང་། དད་པ་བརྟན་པོས་བསྒྲུབས་གྱུར་ན། །ནམ་མཁའ་མེད་པར་གྱུར་ན་ཡང་། །སྔགས་ཀྱི་དངོས་གྲུབ་མེད་མི་སྲིད། །ཅེས་འབྱུང་བས་སོ། །གང་ལྟར་སྒྲུབ་ཀྱང་འདིའི་མན་ངག་སྟོན་པའི་བླ་མ་ལ་མི་ཕྱེད་པའི་དད་པ་དགོས་པ་ནི་ལས་སྒྲུབ་པའི་མན་ངག་ཟབ་གནད་ཁྱད་པར་ཅན་ཡིན་ནོ། །གཉིས་པ་བྱེ་བྲག་གི་དམིགས་པ་ལ་སྲུང་ཟློག་བསད་མནན་བཞིའི་དང་པོ་ནི། མཚོན་ཆ་རྩ་བའི་གཞུང་ལས་ཚ་ཚྭ་དཀར་པོ་གསེར་གྱི་མཆོད་རྟེན་མཚན་ཉིད་དང་ལྡན་པའི་བུམ་པའི་ནང་དུ་རང་གཤིན་རྗེར་བསྒོམ་པར་གསུངས་པ་ལྟར། སྲུང་བའི་པུ་རི་དཀར་པོས་མཚོན་བྱེད་བྱས་ཏེ་རྟེན་བརྟེན་པ་དང་བཅས་པ་གསལ་བར་བསྒོམ་པའི་གཙོ་འཁོར་རྣམས་ཀྱི་ཐུགས་ཀའི་ས་བོན་ལས། འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས་པའི་རྩེ་མོ་ལ་ལས་བྱེད་ཀྱི་ཕོ་ཉ་སྤྲུལ་པ་ཡང་སྤྲུལ་སུམ་སྤྲུལ་གྱི་ཁྲོ་བོ་ཁྲོ་མོའི་ཚོགས་དཔག་མེད་འཕྲོས་པས། རང་གཞན་བསྲུང་བྱ་ཐམས་ཅད་ཀྱི་ཚེ་སྲོག་གི་ངོ་བོ་ནྲྀའི་རྣམ་པ་ལྷ་སྲིན་སྡེ་བརྒྱད་རྣམས་ཀྱིས་བརྐུས་འཕྲོགས་ནས་མཐོ་ནམ་མཁའ། དམའ་དམྱལ་བ། ཉི་ཟླའི་ཐེམ་བར། སྤྲིན་གྱི་གོ་བར། རི་རབ་ཀྱི་ལྕོག་བར། འཛམ་གླིང་གི་ཡུལ་གྲུ་སོགས་ས་འོག་ས་སྟེང་ས་བླ་གར་ཁྱེར་ཅིང་སྦས་ཤིང་བསྐུངས་ནས་ཡོད་པ་དེ་ཉིད། སྤྲུལ་པའི་ཕོ་ཉ་ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ནས་གནོད་བྱེད་ཐམས་ཅད་ཐལ་བའི་རྡུལ་དུ་བརླག །ཚེ་སྲོག་གི་ངོ་བོ་དེ་འཕྲོག་ནས་ཧཱུྃ་གི་རྣམ་པར་བྱས་ཏེ། རང་གཞན་བསྲུང་བྱ་རྣམས་ཀྱི་ཐུགས་ཀར་བསྟིམས་པས་བཀྲག་མདངས་གཟི་བརྗིད་ཕུན་སུམ་ཚོགས་པར་བསམ། སླར་ཡང་འོད་ཟེར་སྣ་ཚོགས་འཕྲོས་པས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་རྣམས་ཀྱི་བྱིན་རླབས། ལྷ་སྲིན་སྡེ་བརྒྱད་ཀྱི་སྲོག་སྙིང་། ལྷ་མི་རྣམས་ཀྱི་ཚེ་དང་བསོད་ནམས། འབྱུང་བ་ལྔའི་བཅུད་ཐམས་ཅད་རང་དབང་མེད་པར་བཀུག་ལ་རང་གཞན་བསྲུང་བྱར་ཐིམ་པས་བཀྲག་མདངས་མཐུ་སྟོབས་དང་ལྡན་པར་བསམ་ལ་སྔགས་བཟླ་ཞིང་། སྔགས་ཕྲེང་ལས་དྭངས་མའི་འོད་ཟེར་རང་ལྷར་གསལ་བའི་ཕྱི་རིམ་གཡས་སྐོར་དུ་བུན་ཆིལ་ལི་ལི་འཕྲོ་བ་དང་། ལྷ་ཚོགས་ཐམས་ཅད་ཞལ་ནང་དུ་གཟིགས་ནས་སྲུང་སྔགས་དི་རི་རི་བཟླ་བ་དང་། སྲུང་བའི་གུར་ཁང་རྣམས་ལས་ཀྱང་སྔགས་སྒྲ་འབྲུག་སྟོང་དུས་གཅིག་ལྡིར་བ་ལྟར་བསྒྲགས་པས་སྲིད་པ་གསུམ་ཁྱབ། བདག་གཞན་བསྲུང་བྱ་རྣམས་ལ་གནོད་ཅིང་འཚེ་བའི་རིག་སྔགས་བྱད་སྟེམས་རྦོད་གཏོང་ལྷ་སྲིན་སྡེ་བརྒྱད་ཀྱི་གནོད་པ་ལས་སྲུང་ཞིང་སྐྱོབ་པར་བསྒོམ་མོ། །མདུན་དུ་ལས་གཤིན་ནག་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་རལ་གྲིའི་འཁོར་ལོ་བསྐོར་བས་དགྲ་བགེགས་བྱད་མ་ལྷ་སྲུང་དུམ་བུར་གཏུབ་ཅིང་། གཡོན་གསེར་འཁོར་རྩིབས་སྟོང་ཕུབ་ལྟ་བུ་འཛིན་པས་བདག་གཞན་བསྲུང་བྱ་ཐམས་ཅད་སྐྱོབ་པར་བསམ་མོ། །ལྷ་དེ་དམིགས་རྟེན་ཐུན་གཏོར་ལ་བྱས་ཏེ་གུར་གྱི་ནང་མཆོད་རྟེན་གྱི་ཕྱིར་སྒོམ་པ་ཡིན་ནོ། །གཉིས་པ་ཟློག་པ་ནི། བྱད་མའི་ཁོག་པར་གནམ་ལྕགས་ཀྱི་འཁོར་ལོ་རྣོ་གཅོད་ཀྱི་ངར་ལྡན་གཅིག་གིས་བརྒྱངས་པས་གཡོ་འགུལ་མི་ནུས་ཤིང་། སྤྱི་བོར་ལཾ་ལས་པུ་རི་ནག་ཅིང་འཚེར་བ་བང་རིམ་དགུ་པ་རི་རབ་ཙམ་གྱིས་མནན་པའི་སྟེང་དུ་སྲུང་བའི་པུ་རི་དཀར་པོ་ལྷ་དང་བསྲུང་བྱ་གུར་ཁང་རྣམས་གསལ་གདབ། རང་གི་རྩ་ཕྱག་གཡས་གཡོན་གྱི་མཐིལ་ལ་ཟླ་ཉི་བསྒོམ། ལྷ་ཚོགས་ཐམས་ཅད་ཞལ་ཕྱིར་གཟིགས་ནས་ཟློག་པའི་ལས་མཛད་པའི་ཐུགས་ཀ་དང་བ་སྤུའི་བུ་ག་རྣམས་ནས་ཁྲོ་བོ་ཁྲོ་མོ་མཚོན་ཆ་སྣ་ཚོགས་ཐོགས་པ། སྐར་ལྟར་འཁྲུག་ཅིང་གློག་ལྟར་འཁྱུག་པ་རྣམས་ཀྱིས་བྱད་མ་ལྷ་སྲུང་དང་བཅས་པ་ཕར་བཟློག་ཅིང་ཐལ་བར་བུན་བུན་བཏང་། མེས་བསྲེགས། རླུང་གིས་གཏོར། ཆུས་བཤལ། སས་མནན་པའི་ལས་བྱས། ལྷག་མ་སྟོབས་ཆེན་ཚུར་བྱུང་བ་རྣམས་མཚོན་ཆའི་འཁོར་ལོས་གཏུབས་པས་ཉེ་བར་མ་ནུས་པར། བྲུབ་ཁུང་དུ་བྱད་མའི་སྟེང་དུ་བབས་ནས་རང་གཤེད་རང་ལ་འབེབ་པའི་ལས་བྱེད་པར་བསམ་ལ་དྲག་སྔགས་ངར་ལྡན་ཐོག་ལྟར་བཟླ་ཞིང་ཕྲེང་བ་ཕྱིར་བསྒྱུར་རོ། །ཐུན་མཐར་ཐལ་མོ་ཉི་ཟླ་ཆ་ལང་བརྡབས་པའི་བར་དུ་བྱད་མ་ལྷ་སྲུང་དང་བཅས་པ་གཅར་བས་ཤ་ཁྲག་དམར་ཉོག་ཉོག་བྱུང་བ་ལས་བྱེད་ཕོ་ཉས་ཧབ་དིར་ཟོས་པར་བསམ་མོ། །མདུན་དུ་ཁྲོ་བོ་རབ་ཏུ་འཇིགས་པ་སྐུ་དང་ཡན་ལག་རགས་པ་སྤུ་གྲི་དང་ཞགས་པ་འཛིན་པ་དེའི་ཐུགས་ཀ་ནས་དེ་འདྲ་བའི་སྤྲུལ་པ་གྲངས་མེད་སྤྲོས་ནས་ལས་བྱེད་པར་བསམ་མོ། །འདི་དང་ཐུན་ཕུར་ཕྱི་མའི་ལྷ་ཡང་བསྒོམ་པ་ལས་གཤིན་དང་འདྲ། ལྷ་དེ་དག་འཁོར་འདས་གཉིས་ཀའི་ལས་བྱེད་པས་སོ་མཚམས། ཐུན་ཕུར་ནང་མ་གཤིན་རྗེའི་གནས་དགྲ་བགེགས་ཀྱི་བཙོན་རྫིའི་ཚུལ་ལམ་སྲིད་པ་འདིའི་འོག་ན་ལས་ཀྱི་ཚེ་བདག་ནག་པོའི་གནས་ཡོད་པ་དེ་ཀ་དངོས་སུ་བསྒོམས་ཀྱང་རུང་ངོ་། །གསུམ་པ་བསད་པ་ནི། བྲུབ་ཁུང་ཡངས་པའི་ནང་དུ་དགྲ་བགེགས་བྱད་མ་གསལ་བའི་སྙིང་གའི་ནྲྀ་ནས་རང་གི་ཕྱག་གཡོན་གྱི་ཕྱག་མཚན་ལྕགས་ཀྱུས་བཟུང་། གཡས་ཀྱི་འཁོར་ལོས་གཏུབས་ཤིང་ཤ་ཁྲག་རྣམས་གཏོར། ཁོ་སྐྱོབ་བྱེད་ཀྱི་སྲུང་མ་དང་བྲལ་ཞིང་ཉམ་ཐག་སྟེ་གནས་པ་ལ་ཁོ་རང་གི་ལྷ་སྲུང་རྣམས་ཀྱང་ཁྲོས་ཤིང་ལོག་ལྟ་སྐྱེས་ནས་ཁོ་རང་གི་གཤེད་དུ་གྱུར་ཏེ་མཚོན་ཆའི་ཆར་འབེབ་ཅིང་སྲོག་གཅོད་པའི་ལས་བྱེད་ཅིང་། ཁོག་པར་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བཞི་པ་རྣོ་གཅོད་ཀྱི་ངར་ལྡན་གྱིས་སྲོག་རྩ་ཁྲག་རྩ་སྙིང་རྩ་རྣམས་རྦད་རྦད་གཅོད་ཅིང་ཤ་ཁྲག་རུས་པ་ཐམས་ཅད་དམར་ཐོར་ཐོར་གཏོང་བ། ལྷ་ཚོགས་དང་སྤྲུལ་པའི་དམག་ཚོགས་རྣམས་ཀྱིས་བསད་སྔགས་དྲག་པོ་འབྲུག་ལྟར་སྒྲོག་ཅིང་ཤ་ཟ་ཁྲག་འཐུང་རུས་པ་མུར་ཞིང་བསད་པའི་ལས་བྱེད་པར་བསམ་མོ།། ༼ཨ༽ བཞི་པ་མནན་པ་ནི། བྱད་མའི་སྤྱི་བོ་ནས་པུ་རི་ནག་པོ་དང་རི་རབ་གླིང་བཞིས་མནན་ཅིང་ཡན་ལག་གི་ཚིགས་བཞིར་རྡོ་རྗེས་གཟིར་བས་ལུས་ཀྱི་དབང་པོ་འོན་ལོང་ཞ་ཞིང་བཀྲག་དང་གཟི་མདངས་སྟོབས་དང་ནུས་པ་ཐམས་ཅད་ཉམས་པ་དང་། ལྕེ་ཐོག་ཏུ་གསེར་གྱི་རྡོ་རྗེ་རྒྱ་གྲམ་གྱིས་མནན་པས་ངག་གི་དབང་པོ་དིག་ལྐུགས་སྨྲ་མི་ཤེས་པ་དང་། སྙིང་གར་འཁོར་ལོ་རྩིབས་བཞི་པ་དང་རྡོ་རྗེ་རྒྱ་གྲམ་གྱིས་མནན་པས་ཡིད་ཀྱི་དབང་པོ་མྱོས་ཤིང་རྨོངས་ལ་བརྒྱལ་བ་དང་མདོར་ན་ལུས་ངག་ཡིད་གསུམ་འཁྱོག་འགུལ་མེད་པར་མནན་པར་བསམ་མོ། །སོ་སོར་བྱེད་ན་གང་བྱེད་དེ་དང་ཆམས་གཅིག་གནོན་ན་གསུམ་ཀ་བསྒོམ་པ་ཡིན་ནོ། །ཟློག་བསད་མནན་གསུམ་ལ་ཐུན་གཏོར་སྔགས་བཟླ་རིང་ལས་གཤིན་དུ་བསྐྱེད། འགུག་གཞུག་གཏོར་བསྔོ་སོགས་ཀྱི་སྐབས་སྟོད་ལས་གཤིན་ལ་སྨད་དགྲ་བགེགས་ཀྱི་ཤ་ཁྲག་ཏུ་མོས་ལ་འབུལ། སླར་ལས་ཀྱི་གཤིན་རྗེ་སྡེ་བརྒྱད་དྲེགས་པའི་དམག་ཚོགས་གནམ་ས་བར་སྣང་ཁེངས་པ་ནད་མཚོན་དུག་གི་ཆར་འབེབ་པས། དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་ཕར་བཟློག་ཅིང་བསད་བཅད་གཏུབས་ཏེ་ཤ་ཁྲག་རྣམས་ཟོས་དགྲ་ཡུལ་དྲེགས་པའི་དམག་གིས་ཁེངས་ཐན་དང་ལྟས་ངན་གྱི་ཆར་ཕབ། དགྲ་བོ་ཁྱེར་ནས་བྲུབ་ཁུང་གི་ལིངྒར་བསྟིམས་པར་བསམ་པ་དང་། དེ་ལྟ་བུའི་དམག་བྲུབ་ཁུང་ནང་དུ་སོང་ནས་བསད་ལས་བྱེད་པ་དང། དགྲ་ཡུལ་དུ་སོང་ནས་མནན་པའི་ལས་དང་དགྲ་བོའི་སྙིང་ནང་དྲེགས་པའི་ཕོ་བྲང་བཅས་པར་བསམ་པ་རྣམས་སོ་སོའི་སྐབས་ཐོབ་བྱའོ། །གསུམ་པ་ཞར་བྱུང་གི་དམིགས་པ་བཤད་པ་ནི། བླ་འགུག་པ་དང་དགུག་གཞུག་གི་སྐབས་བདག་ལྷར་གསལ་བའི་སྣ་བུག་གཡས་ནས་རླུང་ཕྱིར་རྒྱུ་བ་དང་མཉམ་དུ་ཁྲོ་ཆུང་མཚོན་གང་བ་ཡུངས་ཀར་ཙམ་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་སྤུ་གྲི་དང་གཡོན་ལྕགས་ཀྱུའི་རྩེ་ལ་ཛཿདམར་པོ་ཡོད་པ་འཛིན་པ་སྤྲོས། དམིགས་བྱའི་སྣ་བུག་གཡོན་ནས་རླུང་ནང་དུ་རྔུབ་པ་དང་ལྷན་དུ་ཞུགས་ནས་ཁོའི་སྙིང་དཀར་ནག་མཚམས་ནས་སྤུ་གྲིས་བཅད་སྙིང་གའི་ས་བོན་ལྕགས་ཀྱུའི་ཛཿདམར་པོ་དེས་འུབ་ཀྱིས་བླངས་ནས། སྣ་བུག་གཡས་ནས་རླུང་ཕྱིར་རྒྱུ་བ་དང་མཉམ་དུ་ཐོན་ནས་ས་བོན་ལིངྒར་བསྟིམ་ཁོའི་ལུས་སོལ་སྡོང་འགྱེལ་བ་ལྟར་སོང་བར་བསམ་མོ། །ལྷ་དབྱེའི་སྐབས་བདག་གི་ཤངས་སྒྲོམ་དང་བ་སྤུའི་བུ་ག་རྣམས་དང་རྫས་ཀྱི་དུད་སྤྲིན་གསེབས་ནས་སྤྲུལ་པའི་ཁྲོ་ཚོགས་ནམ་མཁའ་གང་བར་འཕྲོས། ཁོའི་ལྷ་སྲུང་བྱ་སྤུ་རླུང་གིས་ཁྱེར་བའམ་བྱ་རོག་རྡོས་བརྡས་པ་བཞིན་ཕྱིར་བསྐྲད་པར་བསམ། སྒྲོ་གཉིས་སྐུ་སྟོད་ཁྲོ་བོ་ལ་སྐུ་སྨད་ཕུར་ཞབས་ཅན་དབུ་བྱ་རོག་དང་འུག་པའི་ཚུལ་ཅན་སྤུ་གྲིའི་སྒྲོ་གཤོག་འཕུར་ལྡིང་འཛིངས་ཐབས་སུ་བརྡབས་པས། སྐྱོབ་བྱེད་ཀྱི་ལྷ་སྲུང་རྣམས་ཀྱིས་མ་བཟོད་པར་དགྲ་བོ་བྱིའུ་ཕྲུག་ཐང་ལ་བོར་བ་བཞིན་བསྐྱུར་ནས་རང་རང་གི་གནས་ལ་བྲོས་པར་བསམ་མོ། །ཐུན་བརྡེག་དུས་ཐུན་རྣམས་སྡེ་བརྒྱད་དྲེགས་པའི་དམག་ཚོགས་ཀྱིས་མཚོན་ཆའི་ཆར་ཕབས་པས་དགྲ་བོའི་ལུས་ཐལ་ཐལ་ཕུག་སྟེ་ཁྲོལ་མ་ལྟར་གྱུར། ནང་གི་དོན་སྣོད་དང་ནང་ཁྲོལ་རྣམས་རུལ་ཞིང་མྱགས། དུག་རླངས་སྔོ་དམར་གྱིས་རྩ་རྒྱུས་རྣམས་ཁེངས་ཤིང་ཁྱབ་པས་གཏན་བརླག་ཏུ་སོང་བའི་མཐར་རྣམ་ཤེས་ཀྱི་ངོ་བོ་ནྲྀ་དུད་ཀ་མར་མེ་འཆི་ཁ་ལྟ་བུ་དེའང་ནག་སྐེམ་གྱིས་བསད་པར་བསམ་མོ། །དགུག་གཞུག་གི་ཐུན་ནི་ཐུན་རྫས་སྤྲུལ་པའི་ཕོ་ཉར་གསལ་བས་དགུག་བསྟིམ་གྱི་ལས་བྱ་བ་ཡིན་ནོ། །གཉིས་འཛིན་དང་རང་ཐ་མལ་གྱི་རྣམ་རྟོག་འགྱུ་སྐབས་རང་གི་ནད་གདོན་བར་ཆད་བཀྲ་མི་ཤིས་པའི་ཕྱོགས་རིས་ངན་པ་ཐམས་ཅད་འོད་ཟེར་ནག་པོའི་རྣམ་པར་ཕྱིར་ཐོན་ཐུན་ཐག་བརྒྱུད་དགྲ་བགེགས་ཀྱི་སྟེང་དུ་བབས་པས་ཉམས་ཤིང་འབོག །ཁོའི་མཐུ་སྟོབས་གཟི་བརྗིད་ཚེ་བསོད་དཔལ་འབྱོར་དབང་ཐང་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་ཐུན་ཐག་བརྒྱུད་ནས་ཚུར་བྱུང་བདག་ལ་ཐིམ་པས་ཡོན་ཏན་དེ་དག་ཆེས་ཆེར་འཕེལ་བར་བསམ་མོ། །ཕུར་གདབ་ཀྱི་སྐབས་སུ་ཕུར་པ་ཐལ་མོའི་བར་དུ་བཟུང་སྟེ་ལག་པ་གཡས་གཡོན་ཉི་ཟླར་གྱུར་པའི་སོར་མོ་རྣམས་ས་བོན་སོ་སོ་ལས་བྱུང་བའི་རིགས་ལྔ་ཡབ་ཡུམ་གྱི་སྦྱོར་མཚམས་ནས། ཧཱུྃ་ནག་པོ་ལས་སྲས་མཆོག་ཀཱི་ལ་ཡ་ནག་པོ་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གཡས་གསུམ་རལ་གྲི་འཁོར་ལོ་རྡོ་རྗེ་གཡོན་གསུམ་ལྕགས་ཀྱུ་གཏུན་ཤིང་སྡིགས་མཛུབ་ཀྱི་ཐ་མ་གཉིས་ཕུར་བུ་བསྒྲིལ་བ། དུར་ཁྲོད་ཆས་ཀྱིས་བརྒྱན་པ་སྐུ་སྨད་ཆུ་སྲིན་གྱི་ཁ་ནས་གནམ་ལྕགས་ཀྱི་ཕུར་པ་མེའི་ཚྭ་ཚྭ་འཕྲོ་བ་འཆང་བཟུང་རྡོ་རྗེའི་ལྟེ་བར་འཇམ་དཔལ་ཞི་བ་ཡབ་ཡུམ། ཡར་མར་གྱི་རྭ་ལྔ་ལ་རིགས་ལྔ་ཡབ་ཡུམ། རྒྱ་མདུད་གོང་མར་ཡི་དམ། འོག་མར་བཀའ་སྲུང་། དབལ་ལ་གཤིན་རྗེ་དྲེགས་པའི་དམག་ཚོགས། རྩེ་མོར་མཚོན་ཆའི་བུ་ཡུག་འཚུབ་པ་སྒྲིལ་ཞིང་འཕྱར་བས་ཁམས་གསུམ་སྲིད་པ་དངངས་ཤིང་འདར་བ། དགྲ་བགེགས་གང་ལ་བཏབ་ཀྱང་བརླག་ནུས་པར་བསྒོམ། སླར་ཡང་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི་རྡོ་རྗེ་གསུམ་གྱི་བྱིན་རླབས་བསྡུས་ནས་ཐིམ་པས་ཡེ་ཤེས་སེམས་དཔའི་ངོ་བོར་གྱུར། སྐུ་གསུང་ཐུགས་འགྱིང་བཀྲག་གཡོས་པས་ཁམས་གསུམ་དུས་གཅིག་ལ་སྒྲོལ་བའི་དབང་དང་ལྡན་པར་བསམ་མོ། །དེ་ལྟ་བུའི་ཕུར་པ་དེ་དམིགས་བྱའི་སྙིང་གར་བཏབ་པས་ཡིད་ཀྱི་རྟེན་རླུང་གི་དྭངས་མ་སྔོ་སྐྱ་བྱིའུའི་མགོ་ཙམ་གྱི་དབུས་སྲོག་གི་རྟེན་ཁྲག་གི་དྭངས་མ་ཐིག་ལེ་དམར་པོ་སྲན་མ་ཙམ་གྱི་དབུས་སུ་སྲོག་གི་ངོ་བོ་ནྲྀ་རང་རང་གི་མདོག་ཅན་གྱི་ལྟེ་བར། བན་དགྲ་ཡིན་ན་ཁོ་ལ་སྔར་བླ་མས་དབང་བསྐུར་དུས་ཡེ་ཤེས་སེམས་དཔའ་བསྟིམ་པ་དེ་ཉིད་དམ་ཚིག་བསྲུང་ན་ཡེ་ཤེས་སེམས་དཔའ་ཡིན་ལ་དམ་ཉམས་ན་ལས་ཀྱི་གཤེད་པོ་ཡིན་པས། དེ་ལྕགས་སྡིག་མགོ་བོ་དགུ་པར་གྱུར་ཏེ་སྙིང་རྩ་བརྒྱད་ནས་ཟ་ཞིང་སྙིང་ཁྲག་འཐུང། ཕུར་རྩེ་ལས་འོད་འཕྲོས་རླུང་གི་དྭངས་མ་གཏོར། ཁྲག་གི་དྭངས་མ་ཉམས། འབྱུང་བཞི་རིམ་གྱིས་ཐིམ། ནྲྀ་ཕུར་རྩེར་འདུས་པ་ཁོང་སེང་བརྒྱུད་འཆང་བཟུང་གི་འཇམ་དཔལ་ཡབ་ཡུམ་གྱི་ཐུགས་ཀར་ཨ་དཀར་གྱི་རྣམ་པར་བསྟིམས་པས་ཆོས་སྐུར་སངས་རྒྱས། སླར་ཡབ་ཡུམ་སྦྱོར་བ་མཛད་པས་ཨ་དེ་དབུ་མ་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས་ཡེ་ཤེས་སེམས་དཔའི་སྲས་སུ་གྱུར་ཏེ་ལྷོ་ཕྱོགས་རྡུལ་བྲལ་ཡང་དག་བསགས་པའི་ཞིང་དུ་ལོངས་སྐུར་སངས་རྒྱས། དེ་ལས་གང་འདུལ་སྤྲུལ་སྐུ་འགྲོ་བའི་དོན་དུ་འབྱུང་བ་སྤྲུལ་སྐུར་སངས་རྒྱས་པར་བསམ་མོ། །ཡང་ཕུར་བུ་སྙིང་གར་བཏབ་པས་ཁོའི་ཚེ་བསོད་དཔལ་འབྱོར་སྟོབས་ནུས་གཟི་བརྗིད་རྒྱས་པར་བསྒོམ། ཁོའི་སྙིང་ནང་གི་ཡེ་ཤེས་སེམས་དཔའ་ཡང་ཕུར་བུའི་ཁོང་སེང་ནས་བརྒྱུད་འཆང་བཟུང་རྡོ་རྗེའི་ལྟེ་བའི་འཇམ་དཔལ་ཡེ་ཤེས་སེམས་དཔར་བསྟིམ་པར་བསམ་མོ། །ཡང་ན་དྭངས་མ་གནས་ཚུལ་གོང་ལྟར་ལ་ཚེ་རྟེན་ཨ་དང་སྲོག་རྟེན་ནྲྀའི་རྣམ་པར་བྱས་ཏེ་སྔོན་ལ་ཨ་དཀར་ཕུར་རྩེས་བླངས་ཏེ་བདག་ལ་བསྟིམ། ནྲྀ་ཕུར་པའི་ཁོང་སེང་དུ་ཧཱུྃ་གི་རྣམ་པར་བསྒྱུར་ནས་སྐྱེ་མེད་དབྱིངས་སམ་ཡུམ་གྱི་མཁའ་ལ་འཕང་བ་སོགས་བྱའོ། །གནས་སོ་སོར་བཏབ་མཐར་ཁོའི་རྣམ་ཤེས་ཚོགས་བརྒྱད་ཕུར་བུ་ལ་ཐིམ། ཕུར་བུ་ལྷ་རྣམས་ལ། ལྷ་རྣམས་ཡེ་ཤེས་སེམས་དཔར། ཡེ་ཤེས་སེམས་དཔའ་བདག་ལ་བསྡུ་བ་རྣམས་འོད་ཀྱི་རྣམ་པར་རིམ་བཞིན་ཡིན་ནོ། །གསོ་བ་གསུམ་གྱི་བདག་གསོ་བ་ནི། ཡ་མཱནྟ་ཀ་དང་ཧཱུྃ་བརྒྱ་ཕྲག་བཟླས་པས་ཁམས་གསུམ་ཧཱུྃ་གིས་གང་ཧཱུྃ་རྣམས་རང་ལ་ཐིམ་པས་རང་ཟིལ་གནོན་སྐུ་ཆེ་ཞིང་ཡན་ལག་རགས་པས་སྟོང་གསུམ་གང་བར་བསམ་མོ། །ཕུར་བུ་གསོ་བ་ནི། ཡ་མཱནྟ་ཀ་བརྗོད་པས་ཕུར་བུ་གྲངས་མེད་འཕྲོས་ཁམས་གསུམ་ཕུར་བུས་གང་དགྲ་བགེགས་ཚར་བཅད་ཚུར་འདུས་ཕུར་བུ་ལ་ཐིམ་པས་ཕུར་བུ་མཐུ་སྟོབས་གཟི་བརྗིད་ནུས་པར་ལྡན་པར་བསམ་མོ། །དགྲ་གསོ་བ་ནི། ཡ་མཱནྟ་ཀ་བཟླས་པས་སྔགས་ཀྱི་འོད་ཟེར་ལིདྒའི་སྙིང་གར་ཕོག་པས་ཚོགས་བརྒྱད་ཀྱི་སྒྲིབ་པ་ཉེས་ལྟུང་ཐམས་ཅད་སྦྱངས་ནས་ཁོ་འཇམ་དཔལ་གཤིན་རྗེ་གཤེད་དུ་གྱུར་མ་ཐག །རླུང་རྡོ་རྗེ་རྒྱ་གྲམ་གྱིས་གཏོར་ནས་ལྷོ་ཕྱོགས་རྡུལ་བྲལ་གྱི་ཞིང་དུ་འཇམ་དཔལ་ཡབ་ཡུམ་གྱི་སྲས་སུ་གྱུར་པར་བསམ་ལ་ཨོཾ་ཨཱཿཧཱུྃ་བརྒྱ་ཕྲག་བཟླས་པས་སྐུ་གསུང་ཐུགས་སུ་དབང་ཐོབ་པར་བསམ་མོ། །འདི་ཡན་སྨད་ལས་གྲུ་གུ་འཐུལ་པ་ལྟ་བུ་བསྒྲལ་འདྲེན་མཐར་ཐུག་པ་ཡིན་ལ་འདི་ཕྱིན་ཁོའི་རྣམ་སྨིན་གྱི་ལུས་སྒྱུ་མ་ལྟ་བུ་བག་ཆགས་དང་བཅས་པ་རོ་ཚབ་བྱེད་པ་དང་འདྲ་ཞིང་དོན་མེད་པ་མིན་ཏེ་ཕུང་པོའི་ཞེན་པ་ཆོད་པ་དང་འཁོར་བར་འཆིང་བྱེད་ཀྱི་བག་ཆགས་འཇོམས་པའི་དགོས་པ་ཡོད་དེ། སྙིང་རྗེས་ཀུན་ནས་བསླངས་པའི་ཤེས་རབ་ཡེ་ཤེས་ཀྱི་རལ་གྲིས་མ་རིག་འཁོར་བའི་ས་བོན་གྱི་རྩ་བ་ཆོད་པ། གཏུན་ཁུང་ཤེས་རབ་ཀྱི་བྷ་གར་ཐོ་བ་ཡབ་ཀྱི་རྡོ་རྗེས་བརྡུངས་པས་ཉོན་མོངས་བག་ཆགས་དང་བཅས་པ་བཅོམ་ཞིང་སྙིགས་མའི་ཤ་ཁྲག་ཟག་མེད་ཀྱི་བདུད་རྩིར་སྦར་ཏེ་ལྷ་ཚོགས་ལ་ཕུལ་ཏེ་དགྱེས་ཤིང་མཉེས་པར་བསྒོམ། མཐར་འཁོར་གསུམ་མི་རྟོག་པའི་མཉམ་གཞག་བྱའོ། །གསུམ་པ་བཟླས་པ་སྔགས་ཀྱི་གནད་ལ། རྩ་བ་ཡན་ལག་གནད་དབབ་གསུམ་གྱི་དང་པོ་ནི། ཨོཾ་ཝཱ་གཱི་ཤྭ་རི་མུཾ༔ འཇམ་དཔལ་ཞི་བའོ། །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ སྙིང་པོའོ། །ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲ་ཧཱུྃ་ཕཊ༔ ཧེ་ཀ་ཡ་མ་དུ་རུ་ཙཀྲ་ཧཱུྃ་ཕཊ༔ གྷྲི་མ་ཡ་མ་དུ་རུ་ཙཀྲ་ཧཱུྃ་ཕཊ༔ སརྦ་ཙིཏྟ་གཟེར་ཐུམ་བྷིག་ནན་ཏྲིག་ནན་རྦད་ཡ་ཟློག་ཡ་ཧཱུྃ་ཕཊ༔ ལས་སྦྱོར་རྩ་བའི་བསྙེན་པའོ། །ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲས་སྲུངས༔ ཧེ་ཀ་ཡ་མ་དུ་རུ་ཙཀྲས་སྲུངས༔ གྷྲི་མ་ཡ་མ་དུ་རུ་ཙཀྲས་སྲུངས༔ སརྦ་ཙིཏྟ་གཟེར་ཐུམ་བྷིག་ནན་ཏྲིག་ནན་རྦད་ཡ་ཟློག་ཡ༔ སཾ་གྷྲི་ཝཱ་རི་ནྲྀ་བྷྲཱུྃ་ཧཱུྃ་ཛ༔ བདག་ཅག་དཔོན་སློབ་མི་ནོར་འཁོར་དང་བཅས་པ་ལ་རཀྵ་རཀྵ༔ སྲུང་སྔགས་སོ། །ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲས་ཟློག༔ ཧེ་ཀ་ཡ་མ་དུ་རུ་ཙཀྲས་ཟློག༔ གྷྲི་མ་ཡ་མ་དུ་རུ་ཙཀྲས་ཟློག༔ སརྦ་ཙིཏྟ་གཟེར་ཐུམ་བྷིག་ནན་ཏྲིག་ནན་རྦད་ཡ་ཟློག་ཡ༔ དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པའི་ཤ་ལ་རྒྱུག༔ སྙིང་ལ་མཱ་ར་ཡ་རྒྱུག༔ དབུགས་ལ་རྒྱུག༔ སྲོག་ལ་མཱ་ར་ཡ་རྒྱུག༔ ཁྲག་ལ་རྒྱུག༔ རྩ་ལ་མཱ་ར་ཡ་རྒྱུག༔ ཧཱུྃ་ཕཊ༔ དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་ཟློག་ཡ༔ ཟློག་སྔགས་སོ། །ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲས་ཟློག་སོད༔ ཧེ་ཀ་ཡ་མ་དུ་རུ་ཙཀྲས་ཟློག་སོད༔ གྷྲི་མ་ཡ་མ་དུ་རུ་ཙཀྲས་ཟློག་སོད༔ སརྦ་ཙིཏྟ་གཟེར་ཐུམ་བྷིག་ནན་ཏྲིག་ནན་རྦད་ཡ་ཟློག་ཡ༔ དམ་ཉམས་བྱད་མ་ལྷ་སྲུང་དང་བཅས་པའི་སྲོག་སྙིང་ལ་མཱ་ར་ཡ་རྦད་སོད༔ དེ་ཀའི་ལྷ་སྲུང་དང་བཅས་པ་མཱ་ར་ཡ་ཧཱུྃ་ཕཊ༔ ཡཾ་ཡཾ་བྷྱོ་བྷྱོ༔ དགྲ་ལ་བྷྱོ༔ ཨེ་ཀ་དུ་ན་དགྲ་བོའི་གཤེད་དུ་མཱ་ར་ཡ་རྦད༔ ས་ག་དུ་ན་ཤ་ཏྲཱུཾ་དགྲ་བོའི་གཤེད་དུ་མཱ་ར་ཡ་རྦད༔ རཱ་ཙ་དུ་ན་ས་དུ་དགྲ་བོའི་གཤེད་དུ་མཱ་ར་ཡ་རྦད༔ ཏ་ཀོར་དུ་ན་ས་དུ་དགྲ་བོའི་གཤེད་དུ་མཱ་ར་ཡ་རྦད༔ མ་ཧཱ་དུ་ན་ས་དུ་དགྲ་བོའི་གཤེད་དུ་མཱ་ར་ཡ་རྦད༔ ནཱ་ག་དུ་ན་ས་དུ་དགྲ་བོའི་གཤེད་དུ་མཱ་ར་ཡ་རྦད༔ མ་མོ་དུ་ན་ས་དུ་དགྲ་བོའི་གཤེད་དུ་མཱ་ར་ཡ་རྦད༔ ཤ་ཏྲཱུཾ་མཱ་ར་ཡ་དགྲ་བོའི་གཤེད་དུ་རྦད༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཙིཏྟ་དཀྲུགས་དགྲ་བོའི་གཤེད་དུ་མཱ་ར་ཡ་རྦད་ཡ༔ མཐུ་བྱེད་བསམ་སྦྱོར་ངན་པ་ཐམས་ཅད་ཀྱི་གཤེད་དུ་མཱ་ར་ཡ་རྦད་རྦད་བྷྱོ་བྷྱོ༔ ཟློག་ཟློག༔ སྒྱུར་སྒྱུར༔ ནན་ནན༔ ཉིང་ཟློག་གི་སྔགས་སོ། །ཨེ་ཀ་ཡ་མ་དུ་རུ་ཙཀྲས་སོད༔ ཧེ་ཀ་ཡ་མ་དུ་རུ་ཙཀྲས་སོད༔ གྷྲི་མ་ཡ་མ་དུ་རུ་ཙཀྲས་སོད༔ སརྦ་ཙིཏྟ་གཟེར་ཐུམ་བྷིག་ནན་ཏྲིག་ནན་རྦད་ཡ་ཟློག་ཡ་སོད་ཡ༔ དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པའི་ཤ་ལ་རྒྱུག༔ སྙིང་ལ་མཱ་ར་ཡ་རྒྱུག་སོད༔ དབུགས་ལ་རྒྱུག༔ སྲོག་ལ་མཱ་ར་ཡ་རྒྱུག་སོད༔ ཁྲག་ལ་རྒྱུག༔ རྩ་ལ་མཱ་ར་ཡ་རྒྱུག་སོད་ཧཱུྃ་ཕཊ༔ དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་སོད་ཡ༔ ནྲྀ་མཱ་ར་ཡ་རྦད་ཡ༔ ཨོཾ་ར་ཏྲི་སྲོག་ལ་མཱ་ར་ཡ་རྦད་ཡ༔ ཀླུ་བདུད་ནག་པོ་དགྲ་བོའི་སྲོག་ལ་མཱ་ར་ཡ་རྦད་སོད༔ བསད་སྔགས་སོ། །ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲས་ནན༔ ཧེ་ཀ་ཡ་མ་དུ་རུ་ཙཀྲས་ནན༔ གྷྲི་མ་ཡ་མ་དུ་རུ་ཙཀྲས་ནན༔ སརྦ་ཙིཏྟ་གཟེར་ཐུམ་བྷིག་ནན་ཏྲིག་ནན་རྦད་ཡ་ཟློག་ཡ་ནན་ཡ༔ དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པའི་ཤ་ལ་རྒྱུག༔ སྙིང་ལ་མཱ་ར་ཡ་རྒྱུག་ནན༔ དབུགས་ལ་རྒྱུག༔ སྲོག་ལ་མཱ་ར་ཡ་རྒྱུག་ནན༔ ཁྲག་ལ་རྒྱུག༔ རྩ་ལ་མཱ་ར་ཡ་རྒྱུག་ནན་ཧཱུྃ་ཕཊ༔ བྱད་མ་ལྷ་སྲུང་དང་བཅས་པའི་ཀཱ་ཡ་ཝཱ་ཀ་ཙིཏྟ་སཏྭཾ་བྷ་ཡ་ནན༔ མནན་སྔགས་ཏེ་སོ་སོར་བྱེད་ན་ཀཱ་ཡ་སཏྭཾ་བྷ་ཡ་ནན་ཞེས་དེས་འགྲེའོ། །གཉིས་པ་ཡན་ལག་གི་སྔགས་ནི། ནྲྀ་ཤ་ཀུ་རུ་ནྲྀ་ཤ་ཀུ་རུ་ཁ་སོ་བ་ཏི་ཡཾ་རུ་ཏི་ཡཾ་སན་ཡཾ་སན༔ མན་ཡཾ་སྙིང་ཚལ་པར་རྦད་བཾ་རིལ་རྦད༔ དམ་ཉམས་དགྲ་བོ་བྱད་མ་ཁྱོད་ཀྱི་བླ་རྟེན་ཚེ་རྟེན་སྲོག་རྟེན་ཅི་ཡོད་པ་ཐམས་ཅད་འདིར་ཁུག་མྱུར་དུ་ཤོག་ཅིག༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ་དགྲ་བོ་ནྲྀ་ཨངྐུ་ཤ་ཛཿཛ༔ བླ་འགུགས་སོ། །ཆེ་གེ་མོ་ཨཱ་ཀརྴ་ཡ་ཧཱུྃ་ཛ༔ སྲོག་འགུགས་པའོ། །ཨ་ཡུརྫྙཱ་ན་ཨཱ་ཀརྴ་ཡ་ཧཱུྃ་ཛ༔ ཚེ་འགུགས་པའོ། །ཏྲི་ཡཾ་ནི་ཨཱ་ཀརྴ་ཡ་ཧཱུྃ་ཛཿཛ༔ ཡིད་འགུགས་པའོ། །རཱུ་པ་ཀནྟ་ཨཱ་ཀརྴ་ཡ་ཧཱུྃ་ཛཿཛ༔ གཟུགས་འགུགས་པའོ། །དེ་རྣམས་སྒྲུབ་སྔགས་ཀྱི་ཤམ་བུར་འདོགས་སོ། །ཡ་མ་རཱ་ཙ་ཀླུ་ལིང་སང་སང་མ་ལྕགས་སང་སང་ཀུ་ཏ་ཧཱུྃ་ཕཊ༔ ལྷ་དབྱེའི་སྔགས་ཏེ་འདི་ཉིད་རྩ་བ་ཡིན་ལ་སྐྱོབ་རྟགས་ཆེ་ན་གཞན་ནས་དཔུང་བསྐྱེད་པ་ནི། ཆེ་གེ་མོའི་དྷེ་བ་ཀ་ས་ཡ་ཨེ་ཛ་ལ་ཛ་ལ་རཱ་ཙ་ཕྱེ་རཱ་ཙ་ཕྱེ་ཨ་ཤག་ཤག༔ ཡམ་ཕྱེ་ཡམ་ཕྱེ་ཡ་སྤུ་ཏ་སྤུ་ཏ་ཕུས་ཕུས་ལང་ལང་སེང་སེང་ཕུས་ཕུས་ཆེར་ཆེར་ཡུལ་ལྷ་དང་ཕྱེ༔ དགྲ་བླ་དང་ཕྱེ༔ སྲོག་ལྷ་དང་ཕྱེ༔ ཕོ་ལྷ་དང་ཕྱེ༔ མོ་ལྷ་དང་ཕྱེ༔ ཞེས་སྒྲུབ་སྔགས་ཤམ་བུར་འདོགས་ཤིང་། ལྷ་ལྔ་སོ་སོར་འབྱེད་པའི་སྔགས་ནི། ཨོཾ་དགྲ་བོ་ཡུལ་ཤ་ཕཊ༔ ཨོཾ་དགྲ་བོ་དགྲ་ཤ་ཕཊ༔ ཨོཾ་དགྲ་བོ་མོ་ཤ་ཕཊ༔ ཨོཾ་དགྲ་བོ་སྲོག་ཤ་ཕཊ༔ ཨོཾ་དགྲ་བོ་སྙིང་ཤ་ཕཊ༔ ཨོཾ་དགྲ་བོ་ལྷ་ཤ་ཕཊ༔ སོ་སོར་བརྒྱ་བརྒྱས་འབྱེད་པའོ། །ཨོཾ་ཨེ་ཀ་ཡ་མ་དགྲ་སྙིང་ལ་བྷྱོ་ཟློག་དགྲ་སོད་རྦད༔ ཧེ་ཀ་ཡ་མྎ གྷྲི་མ་ཡ་མྎ ཡ་མ་སརྦ་དུསྟན་ཨེ་ཏྲི་ཛ་ཡ་བྷྱོ༔ སརྦ་རུ་དྲའི་ཙིཏྟ་གཟིར་ཐུམ་ཨ་མུ་ཀ་ཏྲིག་ནན་རྦོད་གཏོང་རྦད་ནན་དགྲ་སྲོག་ལ་མྱགས་རྦད་སོད་ཡ་དགྲ་སྙིང་ཕྱུངས་ཡ་ནྲྀ་མཱ་ར་ཡ་ནྲྀ་ཧུར་ཐུཾ་རྦད་ཁཾ་ཨ་མུ་ཀའི་སྙིང་སྲོག་དམར་པོ་ཧུར་ཐུཾ་མཱ་ར་ཡ་ཛཿརྦད༔ བནྡྷེ་ཤ་ཡ་རྦད༔ ནུ་ལོ་ཀ་ཤ་རྦད༔ བནྡྷེ་བྲག་ཚལ་རྦད༔ སྙིང་སྒོ་ཆོད༔ རྩད་ནས་ཆོད༔ དམ་ཉམས་བནྡྷེ་ཕྱེ་མར་ཕུར་ཡ༔ བྱད་མ་རང་གཤེད་དུ་བསྐོར་བའི་སྔགས་སོ། །གསུམ་པ་གནད་དབབ་སྔགས་ནི། ནན་ནན༔ སྒྱུར་སྒྱུར༔ ཟློག་ཟློག༔ བྷྱོ་བྷྱོ༔ རྦད་རྦད༔ མཐུ་བྱེད་བསམ་སྦྱོར་ངན་པ་ཐམས་ཅད་ཀྱི་གཤེད་དུ་མཱ་ར་ཡ་རྦད་རྦད༔ མ་མོ་དུ་ན་ས་དུ་ཤ་ཏྲུཾ་དགྲ་བོའི་གཤེད་དུ་མཱ་ར་ཡ་རྦད་ཡ༔ ནཱ་ག་དུ་ན་ས་དུ་ཤ་ཏྲུཾ་དགྲ་བོའི་གཤེད་དུ་མཱ་ར་ཡ་རྦད་ཡ༔ མ་ཧཱ་དུ་ན་ས་དུ་ཤ་ཏྲུཾ་དགྲ་བོའི་གཤེད་དུ་མཱ་ར་ཡ་རྦད་ཡ༔ ཏ་ཀོར་དུ་ན་ས་དུ་ཤ་ཏྲུཾ་དགྲ་བོའི་གཤེད་དུ་མཱ་ར་ཡ་རྦད་ཡ༔ རཱ་ཙ་དུ་ན་ས་དུ་ཤ་ཏྲུཾ་དགྲ་བོའི་གཤེད་དུ་མཱ་ར་ཡ་རྦད་ཡ༔ ཙ་དུར་སྙིང་ལ་ཤ་ཏྲུཾ་དགྲ་བོའི་གཤེད་དུ་མཱ་ར་ཡ་རྦད་ཡ༔ ས་ག་དུ་ན་ས་དུ་ཤ་ཏྲུཾ་དགྲ་བོའི་གཤེད་དུ་མཱ་ར་ཡ་རྦད་ཡ༔ ཨེ་ཀ་དུ་ན་ས་དུ་ཤ་ཏྲུཾ་དགྲ་བོའི་གཤེད་དུ་མཱ་ར་ཡ་རྦད་ཡ༔ བྷྱོ་བྷྱོ༔ ཡཾ་ཡཾ༔ དེའི་བཀའ་སྲུང་ལྷ་དང་བཅས་པ་མཱ་ར་ཡ་སོད་ཡ༔ སྲུང་མ་ཡུལ་ལྷ་ཕར་ཟློག་དུས་དགྲ་བོ་བྱད་མའི་སྙིང་ལ་མཱ་ར་ཡ་སོད་ཡ༔ སྤྱི་དྲིལ་ཚེ་བདག་གྷྲི་མ། སྤྱི་མཐུན་ཚེ་བདག་ཧེ་ཀ །ཐུན་མོང་ཚེ་བདག་ཨེ་ཀ །དེ་ཤད་ཟློག་གོ༔ ནན་ནན༔ སྒྱུར་སྒྱུར༔ ཟློག་ཟློག༔ བྷྱོ་བྷྱོ༔ རྦད་རྦད༔ རྦད་རྦད་ཡ་ར་མཱ་དུ་གཤེད་ཀྱི་ཅད་ཐམས་པ་ངན་སྦྱོར་བསམ་བྱེད་མཐུ༔ ཡ་རྦད་ཡ་ར་མཱ་དུ་གཤེད་བོའི་དགྲ་ཏྲུཾ་ཤ་དུ་ས་ན་དུ་མོ་མ༔ ཡ་རྦད་ཡ་ར་མཱ་དུ་གཤེད་བོའི་དགྲ་ཏྲུཾ་ཤ་དུ་ས་ན་དུ་ག་ནཱ༔ ཡ་རྦད་ཡ་ར་མཱ་དུ་གཤེད་བོའི་དགྲ་ཏྲུཾ་ཤ་དུ་ས་ན་དུ་ཧཱ་མ༔ ཡ་རྦད་ཡ་ར་མཱ་དུ་གཤེད་བོའི་དགྲ་ཏྲུཾ་ཤ་དུ་ས་ན་དུ་ཀོ་ར་ཏ༔ ཡ་རྦད་ཡ་ར་མཱ་དུ་གཤེད་བོའི་དགྲ་ཏྲུཾ་ཤ་དུ་སན་དུ་ཙ་རཱ༔ ཡ་རྦད་ཡ་ར་མཱ་དུ་གཤེད་བོའི་དགྲ་ཏྲུཾ་ཤ་ལ་སྙིང་དུར་ཙ༔ ཡ་རྦད་ཡ་ར་མཱ་དུ་གཤེད་བོའི་དགྲ་ཏྲུཾ་ཤ་དུ་སན་དུ་ག་ས༔ ཡ་རྦད་ཡ་ར་མཱ་དུ་གཤེད་བོའི་དགྲ་དུ་ས་ན་དུ་ཀ་ཨེ༔ བྷྱོ་བྷྱོ༔ ཡཾ་ཡཾ༔ ཡ་སོད་ཡ་ར་མཱ་པ་བཅས་དང་ལྷ་སྲུང་བཀའ་དེའི༔ ཡ་སོད་ཡ་ར་མཱ་ལ་སྙིང་མའི་བྱད་དུ་ས་བོ་དགྲ་དུས་ཟློག་ཕར་ལྷ་ཡུལ་མ་སྲུང༔ མ་གྷྲི་བདག་ཚེ་དྲིལ་སྤྱི༔ ཀ་ཧེ་བདག་ཚེ་མཐུན་སྤྱི༔ ཀ་ཨེ་བདག་ཚེ་མོང་ཐུན༔ དེ་ཚེག་ཟློག་གོ༔ ནན་ནན༔ ར་སྒྱུ་ར་སྒྱུ༔ ག་ཟློ་ག་ཟློ༔ བྷྱོ་བྷྱོ༔ ད་རྦ་ད་རྦ༔ ཡ་ད་རྦ་ཡ་ར་མཱ་དུ་ད་ཤེ་ག་ཀྱི་ད་ཅ་ས་མ་ཐ་པ་ན་ང་ར་སྦྱོ་མ་ས་བ་ད་བྱེ་ཐུ་མ༔ ཡ་ད་རྦ་ཡ་ར་མཱ་དུ་ད་ཤེ་ག་འི་བོ་གྲ་ད་མ་ཏྲུ་ཤ་དུ་ས་ན་དུ་མོ་མ༔ ཡ་ད་རྦ་ཡ་ར་མཱ་དུ་ད་ཤེ་ག་འི་བོ་གྲ་ད་མ་ཏྲུ་ཤ་དུ་ས་ན་དུ་ག་ནཱ༔ ཡ་ད་རྦ་ཡ་ར་མཱ་དུ་ད་ཤེ་ག་འི་བོ་གྲ་ད་མ་ཏྲུ་ཤ་དུ་ས་ན་དུ་ཧཱ་མ༔ ཡ་ད་རྦ་ཡ་ར་མཱ་དུ་ད་ཤེ་ག་འི་བོ་གྲ་ད་མ་ཏྲུ་ཤ་དུ་ས་ན་དུ་ར་ཀོ་ཏ། ཡ་ད་རྦ་ཡ་ར་མཱ་དུ་ད་ཤེ་ག་འི་བོ་གྲ་ད་མ་ཏྲུ་ཤ་དུ་ས་ན་དུ་ཙ་རཱ༔ ཡ་ད་རྦ་ཡ་ར་མཱ་དུ་ད་ཤེ་ག་འི་བོ་གྲ་ད་མ་ཏྲུ་ཤ་ལ་ང་སྙི་ར་དུ་ཙ༔ ཡ་ད་རྦ་ཡ་ར་མཱ་དུ་ད་ཤེ་ག་འི་བོ་གྲ་ད་མ་ཏྲུ་ཤ་དུ་ས་ན་དུ་ག་ས༔ ཡ་ད་རྦ་ཡ་ར་མཱ་དུ་ད་ཤེ་ག་འི་བོ་གྲ་ད་མ་ཏྲུ་ཤ་དུ་ས་ན་དུ་ཀ་ཨེ༔ བྷྱོ་བྷྱོ༔ ཡ་མ་ཡ་མ༔ ཡ་ད་སོ་ཡ་ར་མཱ་པ་ས་ཅ་བ་ང་ད་ལྷ་ང་སྲུ་འ་ཀ་བ་འི་དེ་ས་དུ་ག་ཟློ་ར་ཕ་ལྷ་ལ་ཡུ་མ་ང་སྲུ་ཡ་ད་སོ་ཡ་ར་མཱ་ལ་ང་སྙི་འི་མ་ད་བྱ་རྦ་ས་བོ་གྲ་ད༔ མ་གྷྲི་ག་ད་བ་ཚེ་ལ་དྲི་སྤྱི༔ ཀ་ཧེ་ག་ད་བ་ཚེ་ན་ཐུ་མ་སྤྱི༔ ཀ་ཨེ་ག་ད་བ་ཚེ་ང་མོ་ན་ཐུ༔ དེ་འབྲུ་ཟློག་གོ༔ ཟློག་ཙཀྲ་རུ་དུ་མ་ཡ་ཀ་ཨེ་ཨོཾ་ཟློག༔ ཙཀྲ་དུ་རུ་མ་ཡ་མ་གྷྲི༔ ནན་བྷིག་ཐུམ་གཟེར་ཙིཏྟ་སརྦ་ཡ་ཟློག༔ ཡ་རྦད་ནན་ཏྲིག༔ དེ་ཤ་ཟློག༔ ཡ་ཟློག་ཡ་རྦད་ནན་ཏྲིག་ནན་བྷིག་ཐུམ་གཟེར་ཏྟ་ཙི་སརྦ་ཟློག༔ ཙཀྲ་རུ་དུ་མ་ཡ་མ་གྷྲི་ཟློག༔ ཙཀྲ་རུ་དུ་མ་ཡ་ཀ་ཧེ་ཟློག༔ ཙཀྲ་རུ་དུ་མ་ཡ་ཀ་ཨེ་ཨོཾ་ཟློག༔ འདི་འབྲུ་ཟློག་གོ༔ ཨོཾ་ཧེ་ཨེ་ཀ་ཀ་ཡ་ཡ་མ་མ་དུ་དུ་རུ་རུ་ཙཀྲ་ཙཀྲ་ཟློག་ཟློག༔ གྷྲི་སརྦ་མ་ཙིཏྟ་ཡ་མ་གཟེར་དུ་ཐུམ་རུ་བྷིག་ཙཀྲ་ནན་ཟློག༔ ཏྲིག་ཡ་ནན་ཟློག་རྦད་ཡ༔ དེ་ཚག་ཟློག་ཡིན། དེ་ལྟར་གནད་དབབ་རྣམས་ལས་མ་འགྲུབ་མཐར་ཐུག་ན་མ་གཏོགས་བཟླ་བ་མ་ཡིན་ནོ། །ཉིང་ཟློག་ཀྱང་བརྒྱའམ་སུམ་བརྒྱ་ལས་མང་ན་སྡེ་བརྒྱད་རང་ལ་བཟློག་ནས་འཆི་བས་ཚད་དང་ལྡན་པར་བྱའོ། །གཞན་ཡང་ལོག་རྡུགས་འབྱམས་པ་རྣམས་ལ་ཟློག་དཀྲུག་སྡེབ་སོགས་མན་ངག་གནད་དུ་འཕྲོད་པར་བྱ་ཞིང་བཟླ་ལུགས་ཀྱང་དྲག་པོའི་སྔགས་རྒོད་གློག་ལྟར་འཁྱུག་ཅིང་ཐོག་ལྟར་འབེབ་པའི་ཚུལ་གྱི་ངར་ལྡན་དུ་བཟླའོ། །ཐུན་སྔགས་འུར་བ་ལེན་པའི་སྔགས་བྱང་ཟུར་དུ་ཤེས་པར་བྱའོ། །སྔགས་ཀྱི་མགོ་ནས་མཇུག་ཏུ་མ་འཁྱོལ་བར་དབུགས་བསུ་བ། སྦྲིད་པ་གྲུལ་བ། གློ་ལུ་བ་ཙམ་ཡང་མེད་པ་དང་། སྐྱོན་བཅུ་སྤང་སྟེ་བཟླས་པར་བྱའོ། །གསུམ་པ་སྐོར་གསུམ་གྱིས་ཉམས་སུ་ལེན་ཚུལ་ལ་སྤྱིའི་སྔོན་འགྲོ །དངོས་གཞི་སྐོར་གསུམ། སྒྲུབ་པའི་དུས་ཀྱི་སྤང་བླང་། རྟགས་ཚད། མཐའ་སྡུད་དེ་ལྔའི་དང་པོ་ནི། འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་དཀྱིལ་འཁོར་ཆེན་པོ་གང་ཡང་རུང་བའམ། ཚེ་བདག་ལུགས་གཉིས་འཇོམས་བྱེད་སོགས་ཀྱི་དཀྱིལ་འཁོར་དུ་དབང་ཐོབ་ཅིང་། འདིའི་སྒོས་ཆོས་རྣོན་པོ་ནང་གཅོད་ཀྱི་བྱིན་རླབས་ཐོབ་ནས་ཚེ་བདག་གི་བསྙེན་ཆེན་ཐེམས་པའམ་འདི་ཁའི་ལུགས་ཀྱི་ཞི་དྲག་གི་བསྙེན་པ་ཐེམས་ན་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་ཞིང་། འོན་ཀྱང་འདི་ཉིད་མཐུ་ཁ་དྲག་སྔགས་སུ་སྒྲུབ་པ་ལས་ཀྱི་མདེའུ་ཡིན་པས་བསྙེན་པ་མེད་ཀ་མེད་ཡིན་ནོ། །གང་ལྟར་ཡང་དམ་ཚིག་དང་ལྡན་ཞིང་འདིའི་ལག་ལེན་ལ་བྱང་བའི་སྔགས་པས་དུར་ཁྲོད་དང་སྡེ་བརྒྱད་གནས་པ་གཤིན་རྗེ་སྒྲུབ་པའི་གནས་མཚན་ཉིད་ཚང་བ་སོགས་དབེན་ཞིང་འཚེ་བ་མེད་པར་སོང་སྟེ་གཞི་བདག་ལ་གཏོར་མ་བྱིན། སྡེ་བརྒྱད་ཕུད་ཀྱིས་བརྔན་ལ་བཀའ་བསྒོ་བྱ། ཆ་གསུམ་གཏང་། བཀའ་སྒྲོག །སཱཙྪ་འདེབས་པ་སོགས་རྒྱབ་དཔུང་ཡང་བྱ་ཞིང་ཁྱད་པར་དགྲ་བགེགས་ཀྱི་ལན་ཆགས་སྦྱོང་ཕྱིར་ཆུ་གཏོར་དང་ལན་ཆགས་གཏོར་མ་གཏོང་། བཅའ་གཞི་རྣམས་ལེགས་པར་བྱས། གཤིན་རྗེའི་ང་རྒྱལ་གྱིས་སྒྲུབ་ཁང་གི་སྒོ་དྲུང་ཐོ་དཀར་པོ་ཞིག་བརྩིགས་ཏེ་གཞི་བདག་ལ་གཏོར་མ་བྱིན། ལས་མཐར་མ་ཕྱིན་བར་དུ་བར་ཆད་མི་འབྱུང་བའི་ཕྲིན་ལས་བཅོལ་ལ་མཚམས་བཅད་དོ། །གཉིས་པ་དངོས་གཞི་ལ་སྐོར་གསུམ་གྱི་དང་པོ་སྲུང་བ་ནི། བརྒྱུད་འདེབས་ནས་བཟུང་ལས་བྱང་གཞུང་སྲོང་བམ་སྐོང་དང་ཆོས་སྐྱོང་སྤྱི་སྒོས་ཀྱི་སྐོང་གསོ་གཏེར་སྲུང་མཆོད་པ་རྣམས་དང་ཚོགས་ཐ་མའི་བར་བྱས་རྗེས། སྔགས་འབྲུ་དྲུག་པ་བཅུ་གཅིག་པ་རྩ་བསྙེན་རྣམས་སྟོང་ཕྲག་དང་སྲུང་སྔགས་བརྒྱ་རྩ་ཙམ་བཟླས་རྗེས་སྨན་མཆོད་ཕུལ། དམ་ཅན་གྱི་གཏོར་འབུལ་དང་མཇུག་བསྡུ་རྣམས་བྱས་རྗེས་འོད་གསལ་གྱི་ངང་དུ་ཉལ་ལོ། །ཡང་ན་ཉེར་བསྡུའི་བར་དཀྱུས་བཞིན་བྱས་ནས། སླར་རྟེན་བརྟེན་པའི་དཀྱིལ་འཁོར་ནམ་མཁའི་འཇའ་ཚོན་ལྟར་གསལ་བཏབ་ལ་བྱིན་ཕབ། གོང་གི་སྔགས་རྣམས་བཟླས་དཀྱིལ་འཁོར་པ་བདུད་རྩི་སྨན་གྱི་མཆོད་པས་མཉེས་པར་བྱས་ཤིང་རང་གིས་མྱང་བས་རྩ་ཁམས་བདེ་བས་ཁྱབ་སྟེ་བདེ་གསལ་མི་རྟོག་པའི་ངང་དུ་ཉལ་ལོ། །ནངས་པར་ལས་གཞུང་དཀྱུས་ལྟར་གྱེར་སྲུང་དམིགས་ཀྱི་མཇུག་དུ། མདུན་དུ་ལས་གཤིན་ནག་པོ་ཞལ་གཅིག་ཕྱག་གཉིས་པ་སོགས་བརྗོད། དེ་ནས་ཁམས་གསུམ་མ་ལུས་གཞལ་ཡས་ཆེན་པོར་བལྟ།སོགས་བརྗོད་ནས་སྔགས་བཟླས།་་་འདིར་སློབ་དཔོན་ལ་ཐུན་ཐག་ཕུལ། འདི་ནས་བཟུང་སྔགས་འདི་རྒྱུན་མ་ཆད་པར་བྱེད། མཆན། དེ་ནས་སྲུང་བའི་རྟགས་གཏོར་ཕུལ་ཞིང་དབྱངས་གསལ་ཡིག་བརྒྱ་བཟླས་པའི་བར་ངག་དམ་པོར་བཅད། སྒྲུབ་གྲོགས་ཡོད་ན། སྔགས་སྒྲ་མ་ཆད་པར་གལ་ཆེའོ། །ཐུན་མཚམས་སུ། ནམ་མཁའ་མེད་པར་གྱུར་ན་ཡང་སོགས་བདེན་ཚིག་བརྗོད། གཏོར་ཆེན་ལ་ཤ་ཟན་སྨན་རཀ་དང་ཐུན་གཏོར་ལ་རཀྟ་བྲན། དགུག་གཞུག་ཚར་གཅིག་བྱས་སྨན་རཀ་བྲན། གཏོར་མའི་དངོས་འཛིན་རཾ་ལས་སོགས་བྱིན་གྱིས་བརླབ། སྒྲུབ་སྔགས་ལ་ཨོཾ་ར་ཏྲི་སྲོག་ལ་མཱ་ར་ཡ་སོགས་གཏོར་སྔགས་བཏགས་པ་གསུམ་གྱིས་བསྔོས་ལ། ཆོས་སྐུ་ཞི་བ་མའི་རྗེས་ལ་སྲུང་ཤམ་དང་། རྣལ་འབྱོར་བདག་ཅག་སོགས་བཏགས་ལ་གཏོར་ཆེན་ལ་བཏབ་ཅིང་སྨན་རཀ་སྒྲོན། གསར་པ་གཅིག་བཤམས་པ་རཀྟ་སྒྲོན་ལ་གོང་བཞིན་བྱིན་རླབས་བྱས། ཚོགས་མཆོད་བྱས་ལྷག་མ་བཙོན་དུ་འཛིན། དེ་སྣོད་གཅིག་ཏུ་བསགས་ནས་སྨན་རཀ་སྒྲོན་པ་ཡིན་ནོ། །བཟོད་གསོལ་དང་ཉེར་བསྡུ་བྱ། དགོང་ཐུན་ཚོགས་མཆོད་གོང་དུ་དམ་ཅན་སྤྱི་དགོས་ཀྱི་གཏོར་བསྔོས་སྐོང་གསོ་བྱ། ཚུལ་དེ་ལྟ་བུས་ཐུན་དྲུག་ཏུ་བཅད་ལ་ཉམས་སུ་བླངས། རྟགས་མཐོང་ནས་རྟགས་གཏོར་ལ་དགུག་གཞུག་གསུམ་བྱས་ཐུན་གཏོར་བཞིན་ལས་སྒྲུབ་ཁང་ཐོག་ཏུ་འབུལ། གཏོར་ཆེན་གསོས་ཏེ་རྟགས་གཏོར་གསར་པ་བཤམས་པ་བྱིན་གྱིས་བརླབ། ཚོགས་ཐ་མའི་རྗེས་ལ། ལྷག་པའི་ལྷ་མཆོག་བཅོམ་ལྡན་སོགས་འདོད་གསོལ་ལེ་ཚན་རྣམས་དང་དབྱངས་གསལ་ཡིག་བརྒྱ་བཟླས་ནས་ངག་འགྲོལ། ནམ་མཁའ་མེད་པར་གྱུར་ན་ཡང་སོགས་བརྗོད། བཟོད་གསོལ་ཉེར་བསྡུ་བྱ་བ་བཙན་མཁར་སྲུང་བའི་མན་ངག་གོ །གཉིས་པ་ཟློག་པ་ལ་རྐྱང་པ་དང་དྲག་པོ་གཉིས་ཀྱི་དང་པོ་ནི། སྟན་ཁ་སྦུབས་གོས་མགོ་མཇུག་ཟློག་་་གོང་དུ་བཤད་པའི་སྒྱེད་བུ་གསུམ་གྱི་དྲེག་པ་དང་ཁྲག་ཆང་སྦྱར་བས་་་སྣ་ཞུད་འཐེན་ལས་གཞུང་གྱེར། ཛཔ྄་དམིགས་ཀྱི་གོང་ཤ་དམར་ལ་དགུག་གཞུག་བྱས་ནས་མིད། གཙོ་འཁོར་རྣམས་ཀྱི་སོགས་དམིགས་པ་གསལ་བཏབ་ལ་ལས་གཤིན་ནག་པོ་སོགས་ཀྱིས་ཐུན་གཏོར་ལས་གཤིན་དུ་བསྐྱེད་ལ་སྔགས་བཟླ། ཐུན་མཚམས་སུ་གཡས་གཡོན་ཕྱག་མཐིལ་ཟླ་ཉིའི་དཀྱིལ་འཁོར་སོགས་དང་། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་སོགས་བདེན་བརྡར་ཐལ་བརྡེབ་བྱའོ། །ནམ་མཁའ་མེད་པར་གྱུར་ན་ཡང་བརྗོད། ཐུན་གཏོར་གོང་བཞིན་ལས་དགུག་གཞུག་གསུམ་དང་བསྟོད་རིང་རྗེས་ལ། ཆག་ཆེ་ཉམ་ང་ཟློག་པའི་འཕྲིན་ལས་མཛོད་སོགས་ཀྱི་ཤམ་བུ་འདོགས་འཕྲིན་བཅོལ་དྲག་བསྐུལ་བསྐུལ་ཐུང་རྣམས་ཀྱི་རྗེས་ལ། ལྕགས་སམ་བྷནྡྷའི་བསྐུལ་དང་ཟློག་སྔགས་བཅས་པས་དགྲ་ཕྱོགས་སམ་ཐེབས་ཕྱོགས་ལ་འཕེན་ནས་གསར་པ་ལྷར་བསྐྱེད་པ་རྣམས་ཁྱད་པར་རོ། །རྟགས་གཏོར་ཡང་ཐུན་གཏོར་དང་འགྲེའོ། །གཞན་མཐུན་གཅོད་པ་ངག་འགྲོལ་བ་ལ་སོགས་ཐམས་ཅད་སྲུང་བས་འགྲེའོ། །གཉིས་པ་དྲག་པོ་ནི། སྲུང་བ་སྔ་དྲོ་གྲོལ་བའི་དགོང་ཐུན་ནས་སྟན་གོས་ཁྱད་ཆོས་གོང་བཞིན་བསྒྱུར། སྒྲུབ་པ་པོ་རྣམས་ཀྱི་སྟན་འོག་ཏུ་ཆོས་འབྱུང་བྲིས་པའམ་བྲུས་པར་ལིང་རྐྱང་ཤི་ལྟེབ་བྱས་པ་དུར་རྡོ་ལ་རྡོ་རྗེ་རྒྱ་གྲམ་བྲིས་པས་མནན་པ་རེ་བཅུག །ལས་གཞུང་ང་རྒྱལ་བཟུང་བའི་བར་ལས་སྲས་ཀྱི་རྗེས་སུ་སྦས་ལྷའི་ལྷ་བསྐྱེད་སྤྱན་འདྲེན་ཕྱག་འཚལ་དྲག་བསྟོད་རྣམས་འཇུག་ཅིང་། གནས་གསུམ་བྱིན་རླབས་ཀྱི་འགོར། ཐུན་ཕུར་ལས་ཀྱི་གཤིན་རྗེ་དམར་ནག་སོགས་འཇུག །གཏོར་ཆེན་གསོས་ལ་འཁོར་ལིང་རྣམས་མདུན་དུ་ལྕགས་སྣོད་ནང་དུ་གཅེར། བདག་གཞན་གྱི་སྲུང་མ་དང་སྡེ་དཔོན་སུམ་ཅུ་མཆོད། སྙིང་གཟེར་གྱི་སྡེ་བརྒྱད་བསྐུལ། གསེར་སྐྱེམས། མཁྱེན་དགོངས་བྲུབ་ལིང་བསྐྱེད། དགུག་གཞུག་བརྒྱ་རྩ་ཙམ་ཅི་མང་བྱ། དམོད་མོ་གཟུ་དཔང་བྱད་མ་གཤེད་སྐོར་རྣམས་དང་། ཉེས་བྱས་དྲག་བསྐུལ། མོན་པ་བཞིའི་བསྐུལ། སྡེ་བརྒྱད་བྱུང་ཚུལ་གྱི་བསྐུལ། བླ་འགུག །སྤྲུལ་པ་འགྱེད་པ། བླ་འགུག་གི་སྔགས། ལྷ་དབྱེའི་བསྐུལ་དང་སྔགས་རྫས་སྦྱར་བ། དྲེགས་བསྐུལ་དང་ཐུན་བསྐུལ། རྗེས་ལ་དུ་ན་བདུན་པས་དགུག་ཐུན་བྲབ། ནམ་མཁའ་མེད་པར་བརྗོད། བཅས་རྣམས་སྒྲིབ། ནངས་པར་ལས་གཞུང་གོང་བཞིན་བསྲང་། གསེར་སྐྱེམས། བྲུབ་ཁུང་ལིངྒ་བསྐྱེད་པ་དགུག་གཞུག་ཚེ་སྲོག་ཡིད་གཟུགས་འགུག་པའི་སྔགས། བླ་འགུགས་ཀྱི་སྔགས་དང་ལྷ་དབྱེ། ཐུན་གཏོར་ལས་གཤིན་དུ་བསྐྱེད། ཤ་དམར་མིད། སྤྱི་བོར་ལམ་ལས་པུ་རི་ནག་པོ་སོགས་ཀྱི་རྗེས་ལ། རྩ་ཕྱག་མཐིལ་གཉིས་ཟླ་ཉིའི་དཀྱིལ་འཁོར་སོགས་ཚིག་དྲུག་སོང་མཚམས། རང་གི་མདུན་དུ་ཁྲོ་བོ་རབ་འཇིགས་སོགས་དང་ཟློག་དམིགས་ལྷག་མ་དང་སྔགས་བཟླ། འཇོག་མཚམས་སུ་དུ་ན་བདུན་པ་བཟླ་ཞིང་སྨྱུག་ཚིགས་ཐལ་མོའི་བར་དུ་དྲིལ་ལོ། །ཐུན་མཚམས་སུ་ཐལ་མོ་བྱིན་རླབས། ན་མོ། སངས་རྒྱས་ཀྱི་བདེན་བརྡར་ལན་གསུམ་ཐལ་བརྡེབ་རྣམས་དང་། ནམ་མཁའ་མེད་པར་བརྗོད། གཏོར་ཆེན་གསོ། ཐུན་གཏོར་ལ་རཀྟ་བྲན། དགུག་གཞུག་ཉེར་ལྔ་ཙམ་བྱ། བདུད་རྩི་སྒྲོན་བྱིན་རླབས་སོགས། བསྟོད་རིང་ཟློག་ཤམ་བཏགས་པ་བསྐུལ་ཐུང་གི་བར་དང་། ཉེས་བྱས་དྲག་བསྐུལ། ལས་གཤིན་བསྐུལ། མོན་བཞིའི་བསྐུལ། སྡེ་བརྒྱད་བསྐུལ་རྣམས། བླ་འགུགས་སྔགས་དང་ལྷ་དབྱེའི་བསྐུལ་བྱ། ལྕགས་སམ་བྷནྡྷས་འཕེན། བསྐུལ་རྣམས་ཐུན་དྲུག་ཀར་མ་ལྕོགས་ན་ཉིན་ཞག་རེར་ཚར་རེ་འགྲོ་བར་བྱའོ། །ཐུན་གཏོར་གསར་པ་བཤམས་བསྐྱེད་གཏོར་ཆེན་ལ་བསྔོ། སྲོད་ཐུན་ལ་ལྷ་དབྱེའི་མཇུག་ཏུ་དུ་ན་བདུན་པས་དགུག་ཐུན་རྡེབ་བོ། ཁུག་རྟགས་མཐོང་ནས་མཐར་རྟགས་གཏོར་འབུལ་བ་ཐུན་གཏོར་དང་གོང་བཞིན་འགྲེའོ། །གསུམ་པ་བསད་པ་ལ། བསད་མནན་གཉིས་ཀྱི་དང་པོ་ནི། འཁོར་ལིང་རྣམས་ཚུར་བཏོན། ལྕགས་སྣོད་དུ་གཅེར། ལས་གཞུང་ནས་བཟུང་དགུག་ཐུན་བར་གོང་བཞིན་དང་། གཏོར་ཟོར་རྡེབ། ཕུར་གསུམ་སྒྲིལ། འདི་དུས་ཕུར་པ་བརྡེག་ཚུལ་ཙམ་གྱིས་སྒྲིལ་ཞིང་གནས་སྦར་གསོ་བ་གསུམ་སོགས་ཕུར་གདབ་རྒྱས་པ་མི་དགོས། ལྷ་དབྱེའི་སྐབས་འཁོར་ལིང་ཕྱིར་ཁྱེར་རྫས་དུད་བདུག་པའི་ལག་ལེན་མཐོང་བརྒྱུད་བཞིན་བྱ་བ་བསད་པའི་མཇུག་ལ་མཛད་ཀྱང་འདིར་མཛད་ན་བབས་འབྲེལ་ལོ། །དེ་ནས་བཅས་རྣམས་སྔར་བཞིན་བསྒྲིགས། ནངས་པར་ལས་གཞུང་དང་། གསེར་སྐྱེམས་དང་། ཤ་དམར་མིད་པའི་བར་ཟློག་པ་དྲག་པོ་དང་འདྲ། དེ་ནས། རང་གི་མདུན་དུ་ཁྲོ་བོ་རབ་འཇིགས་པ་སོགས་ཀྱི་རྗེས་ལ། ཕྱག་གཡོན་དང་པོ་ལྕགས་ཀྱུ་སོགས་བསད་དམིགས་གསལ་བཏབ་ནས་སྔགས་བཟླའོ། །ཐལ་མོ་བྱིན་རླབས་བྱས། ལན་གསུམ་བརྡབ། དེ་ནས་ཟོར་བསྐུལ་བར་འདྲ་ཞིང་ཐུན་གཏོར་བྲུབ་ཁུང་དུ་བརྡེབ། ཁྱད་པར་ལས་བྱེད་དམག་མི་སྦྲན་པ་སྟེ། སྙིང་གཟེར་གྱི་སྡེ་བརྒྱད་བསྐུལ་ཆག་མེད་གཏོང་ངོ་། །དྲེགས་བསྐུལ་དང་། ཐུན་བསྐུལ་བྱས་རྗེས་བསད་སྔགས་སོགས་བཟླ་ཞིང་ཐུན་བརྡེག་གོ །དེ་ཡང་དགྲ་ཕལ་པ་ལ་བསད་སྔགས་གཅིག་པོས་ཆོག་ཅིང་བན་དགྲ་དང་ནང་རྒྱས་ལ་གཞན་རྣམས་བཟླ་ཞིང་མཐར། ན་མོ། སངས་རྒྱས་ཀྱི་བཀའ་སོགས་དམོད་མོ་ཐལ་བརྡེབ་བྱ། ནམ་མཁའ་མེད་པར་གྱུར་ན་བརྗོད། ཐུན་གཏོར་ལྷར་བསྐྱེད་གཏོར་ཆེན་གསོ་ཞིང་དེ་མན་རྟགས་གཏོར་ངག་འགྲོལ་རྣམས་འགྲེ །བསད་རྟགས་མཐོང་ནས་འཁོར་ལིང་རྣམས་ཚུར་བཏོན་ལ་སྔར་བཞིན་ལས་གཞུང་ནས་གཏོར་ཟོར་བརྡེབས་པའི་བར་འདྲ། དེ་ནས་མནན་གཏད་ཀྱི་འཁོར་ལིང་རྣམས་ཕྱིར་ལ་པུ་རི་ནག་པོར་བཅུག །ཟློག་བསད་ཀྱི་འཁོར་ལིང་ལ་ཕུར་གདབ་མཚོན་ཆས་བསྒྲལ་བ་གཏུན་དུ་བརྡུང་བ་རྣམས་ཀྱི་རྗེས་ལ་ལིང་རོར་སྨན་རཀ་སྒྲོན་ཏེ་དུག་གསུམ་དགྲ་བགེགས་ལྟ་བུའི་སྟོབ་ཚིག་གང་ཡང་རུང་བས་གཏོར་མར་འབུལ། ལིང་རོ་དམངས་སྲེག་པའི་ཆེད་དུ་ལྕགས་སྣོད་དུ་ཕུང་རེས་བཀབ་ལ་འཇོག་གོ །དེ་དུས་ཟན་ལིང་རེ་ལའང་གདབ་ལས་མཉམ་དུ་མཛད་པ་ཕྱག་ལེན་ལ་འདུག །བླ་ཕུར་བླ་གནས་སར་གདབ། དེ་ཡང་བླ་འགྱུ་བའམ་སྲོག་འགྱུ་བ་དང་འགྲིག་ན་ལེགས་སོ། །གཉིས་པ་མནན་པ་ནི། ལས་གཞུང་ནས་བཟུང་ཤ་དམར་མིད་པའི་བར་གོང་བཞིན་དང་། དེ་ནས་པུ་རི་ནག་པོ་རི་རབ་གླིང་བཞི་ཡིས་སོགས་མནན་དམིགས་གསལ་བཏབ། མནན་སྔགས་བཟླ། དེ་ནས་ཐལ་མོ་བརྡེབ་པ་ཐུན་གཏོར་སོགས་མནན་ཤམ་དང་ཕྱིར་འཕང་བ་མ་གཏོགས་བསད་པ་སོར་བཞག་ལྟར་བྱའོ། །རྟགས་གཏོར་ངག་འགྲོལ་རྣམས་ཀྱང་འགྲེ། དེ་ནས་འཁོར་ལིང་གཅེར་ཞིང་གསེར་སྐྱེམས་ནས་ཐོ་བརྡུང་བར་གོང་བཞིན་ལས་རྡེག་ཚུལ་མ་གཏོགས་མ་བུག་པ་བྱ། དེ་ནས་མནན་ཆས་བྱས་ལ་ལྕགས་སྣོད་དུ་འཇོག་གོ །གསུམ་པ་སྒྲུབ་པའི་དུས་ཀྱི་སྤང་བླང་ནི། རྡོ་རྗེ་ཐེག་པའི་དམ་ཚིག་སྤྱིར་གནས་པའི་སྟེང་དུ་བསྙེན་སྒྲུབ་སྤྱིའི་བསྲུང་བྱ་དང་། ཁྱད་པར་སྲུང་བའི་དུས་མཆོད་པ་རྣམས་ནངས་རེ་བཞིན་ཁ་གསོ་ཞིང་མི་བརྗེ། སྟན་མི་སྤྲུགས། སྒྲུབ་ཁང་ལ་གད་བརྡར་མི་བྱ། གཞན་ལ་ཕྱག་མི་འཚལ། གོས་མགོ་མཇུག་དང་ཕྱི་ནང་མི་བསྒྱུར། ཁ་ལག་མི་འཁྲུ། སྐྲ་སེན་འབྲེག་པ་སོགས་ལུས་ལ་མཚོན་ཁ་མི་གཏོད་པའོ། །ཟློག་བསད་མནན་པའི་དུས་མཆོད་པ་རྣམས་བརྗེ། ཕྱག་གད་བྱ། འཁོར་ལིང་ལ་མར་མེ་དང་ཉི་ཟླའི་འོད་ཟེར། བདུད་རྩི་རྣམས་མ་ཕོག་པ་དང་། ལྷ་དབྱེའི་དུས་སུ་སྒྲོ་གཉིས་པུ་རི་དཀར་པོ་ལ་མ་རེག་པར་བྱའོ། །ཐུན་གཏོར་ལ་དགུག་གཞུག་གི་སྐབས། སྒྲུབ་རྫས་ཀྱི་རཀྟ་མི་སྒྲོན་པར་ཁྲག་གཙང་མ་བྲན་པ་ད་ལྟའི་ལག་ལེན་ལ་བྱ་ཡང་། སྒྲུབ་རྫས་ནས་སྒྲོན་ཀྱང་འགལ་བ་མ་མཐོང་སྟེ་ཁམས་གསུམ་ཆགས་པས་དགུག་པ་རཀྟའི་ཡོན་ཏན་ཡིན་ཕྱིར་དང་། འོན་ཏེ་རཀྟའི་འདོད་ཡོན་གྱི་ལྷ་མོ་ཧཱུྃ་ཞེས་རང་ལ་བསྡུ་བ་གནད་དམ་པའོ། །བསད་པའི་དུས་བྲུབ་ཁུང་དུ་འཕེན་པའི་དབང་གིས་བདུད་རྩི་མི་བྲན་ཡང་། དེ་ཡང་བདུད་རྩིའི་ཡོན་ཏན་ལྟར་ནའང་མི་འགལ་ཞིང་ལག་ལེན་ལ་ཡང་འདོད་ཡོན་བདུད་རྩིར་སྦར་ནས་བསྔོས་རྗེས་སླར་དྲག་པོ་གཤིན་རྗེའི་དམག་ཏུ་བསྒྱུར་བ་དམིགས་པའི་བྱེད་ལས་གཙོ་བའི་ཕྱིར་རོ། །འཁོར་ལིང་རྣམས་ལ་རང་དང་སྒྲུབ་གྲོགས་རྣམས་ཀྱི་དྲི་མ་མ་སོང་བ་དང་། ཐུན་ལ་སྔགས་འདེབས་དུས་ཀྱང་མཆིལ་མ་དང་ཁ་རླངས་མ་ཤོར་བར་བྱའོ། །ཐུན་ཐག་རྣམས་ཀྱང་མ་ཡན་པ་དང་། སྒྲུབ་གྲོགས་ཡོད་ཕྱིན་སྔགས་སྒྲ་མ་ཆད་པ་ངག་མ་ཤོར་བ་མཁོན་རྩོད་མེད་པ་རྣམས་གལ་ཆེ་ཞིང་སྤྱོད་ལམ་ཀུན་ཏུ་ལྷ་སྔགས་ཀྱི་གསལ་སྣང་དང་། དམིགས་བྱར་སྙིང་རྗེས་བསྐྱེད་པའི་ཞེ་སྡང་དྲག་པོ་དང་མ་བྲལ་བར་བྱ། ཕྱི་རྟགས་མ་ཐོན་པར་ཐུན་གཏོར་རྒྱུན་མི་གཅོད་ཅིང་སྙིང་རྗེ་སྐད་ཅིག་ཙམ་ཡང་སྐྱེ་མི་རུང་ངོ་། །ཕྱི་རྟགས་མཐོང་ནས་རང་གཞན་གྱི་སྒྲིབ་སྦྱོང་ཚ་ཚཱ་ཡིག་བརྒྱ་སོགས་ལ་འབད་དོ། །སྒྲུབ་པ་ལ་འཇུག་དུས་ཀྱང་སྲུང་བ་ཡར་ངོའི་ཚེས་གྲངས་བཟང་ཞིང་གཟའ་སྐར་ལེགས་པ་ལ་འཇུག་ཅིང་ཐོན་པ་ཡང་དེ་དང་འདྲ། ལས་སྦྱོར་མར་ངོ་གཟའ་སྐར་འཕྲོད་སྦྱོར་ངན་པ་ཟིན་ཕུང་ནག་པོ་རྒྱུ་བ་དང་། ལོ་ཟླ་ཞག་དུས་དགྲ་བོའི་ཁམས་ཀྱི་གཤེད་དུ་འགྲོ་བ་ལ་བྱ་ཞིང་ཐོན་པ་ཡང་དེ་དང་འདྲ། གཞན་ཡང་ཐུན་ཟོར་དགུག་གཟིར་སོགས་ཀྱི་དུས་ཀྱང་དགྲ་བོའི་ལོའི་བདུན་ཟུར་བཞི་གཤེད་རྣམས་ལ་གནད་འཕྲོད་པར་བྱའོ། །བཞི་པ་རྟགས་ཚད་ནི། མཁར་བཙན་པོར་ཞུགས་པ། གོ་གྱོན་མཚོན་ཆ་བཟུང་བ། ཉི་མ་ཤར་བ། རི་རྩེར་ཕྱིན་པ། རྟ་རྒྱུག་པ། དར་ཕྱར་བ། དུང་འབུད་པ། དམག་ལས་རྒྱལ་བ། རྩོད་པ་ལས་རྒྱལ་བ། ཆུ་ལས་ཟིན་ནས་སྐམ་སར་ཐོན་པ་རྣམས་ནི་སྲུང་བའི་རྟགས་སོ། །དམག་ཆེན་པོ་ཟློག་པ། སེར་བ་ཟློག་པ། ཆུ་སྒྱུར་བ། བྲག་བཤིག་པ། རྫིང་རྟོལ་བ། རྡོ་ཟློག་པ་སོགས་ནི་ཟློག་པའི་རྟགས་སོ། །སེམས་ཅན་གྱི་རིགས་མང་པོ་བསད་པ། སྙིང་སྟེར་བ། ཤིང་བཅད་པ། རི་བསྙིལ་བ། ཤ་རློན་དང་ཁྲག་སྟེར་བ་རྣམས་ནི་བསད་པའི་རྟགས་སོ། །སེམས་ཅན་གྱི་རིགས་བཅིངས་པ་དང་། བཀྱིག་པ་དང་། དོང་ནང་དུ་བཅུག་པ་དང་། བཙོན་དུ་བཟུང་བ་རྣམས་མནན་པའི་རྟགས་སོ། །དེ་རྣམས་ལས་ཟློག་པ་དང་གཞན་ཡང་ངན་པའི་རྟགས་རྣམས་ལ་ཏིང་ངེ་འཛིན་གྱི་ངར་བསྐྱེད། དུ་ན་བདུན་པ་མང་བར་བཟླ་ཞིང་། རང་གི་སྲུང་མ་ལ་མཆོད་གཏོར་སྐོང་བཤགས་བྱ། ལྟ་བ་གྱད་ཀྱི་ལྷ་ལ་རྩལ་འདོན་ནོ། །བཟང་ངན་གྱི་རྟགས་རྣམས་ཉམས་དངོས་རྨི་ལམ་གང་རུང་ལ་རིག་པའི་བབས་དང་བསྟུན་ནས་དཔྱད་ཤེས་པར་བྱའོ། །ལྔ་པ་མཐའ་སྡུད་ལ་མནན་བསྲེག་འཕང་གསུམ་གྱི་དང་པོ་ནི། གང་དུ་གནོན་པའི་ས་ནི་ལམ་རྒྱ་གྲམ། མཆོད་རྟེན་གྱི་རྨང་། ལྷ་ཁང་གི་ཐེམ་འོག །རྟེན་བྱིན་ཅན་གྱི་འོག་གམ། སུམ་ཟུར་བྱད་མའི་ཁང་རྩ། སྡེ་བརྒྱད་དྲག་པོ་གནས་པའི་ས་སོགས་གང་རུང་སྐབས་ཐོབ་ཀྱི་གནས་སུ་ས་གཞིའི་བདག་པོ་ལ་གཏོར་མ་སྦྱིན། མར་དཀར་གྱི་གསུར་དུད་བཏང་ལ། རྩོད་རུས་ས་དྲས། རིག་བྱེད་ཀྱིས་གཏན་ལ་ཕབ་པའི་ལྟོ་འཕྱེ་བརྟགས་པའང་ཚུལ་མཐུན་བྱའོ། །ཡང་ན་གཤིན་རྗེའི་གཤེད་ཀྱི་བསྐྱེད་རིམ་གསལ་ཞིང་བརྟན་ན་སྣང་སྲིད་འཁོར་འདས་ཀྱི་བདག་པོ་ཡིན་པས་ཚུལ་དེ་རྣམས་ལ་རག་མ་ལུས། གང་ལྟར་དོང་བྲུ་བའི་ཚད་ནི། ཁྲུ་གང་ཡན་ཆད་ཕན་མེད་གནོད་མེད་ཀྱི་ས་རོ་ཡིན། །དེ་ནས་སོར་དགུ་མ་མོའི་གནས་ཡིན་པས་འགོང་ཆོག་མནན་པར་བཟང་། དེ་ནས་སོར་བཅུ་པའི་ས་ལྷ་མོ་བརྟན་མའི་གནས་ཡིན་པས་མནན་པ་ཐམས་ཅད་ལ་བཟང་ངོ་། །དེ་ནས་སོར་ཉི་ཤུ་རྩ་བཞི་པ་ཀླུའི་གནས་ཡིན་པས་སྐམ་གཏད་བྱེད་པར་བཟང་ངོ་། དེ་ནས་དགྲ་བོའི་གཤེད་དུ་འགྲོ་བའི་དུས་ལ་གང་དུ་བྱ་བའི་ས་དེར་མནན་ཆས་རྣམས་ཐོགས་ཏེ་འགྲོའོ། །དོང་མེ་རླུང་གིས་བཀྲུས། གསེར་སྐྱེམས་བཏང་ངོ་། །རང་ཉིད་འཇམ་དཔལ་གཤིན་རྗེ་ཚེ་བདག་ནག་སོགས་བརྗོད། བེ་ཅོན་གྱི་ཕྱག་རྒྱའམ་མི་བསད་ཀྱི་གྲིས་ས་གཞི་གཤགས་པའི་དམིགས་པ་བྱེད། ཛཿ ལྷོ་ཕྱོགས་རིམ་པ་བདུན་གྱི་ས་ཡི་འོག་སོགས་བརྗོད་ཅིང་ཚིལ་ཆེན་གྱི་གསུར་བཏང་། དར་ནག་གཡབ་ཅིང་རྐང་གླིང་འབུད། བཤུག་གླུ་ལེན་ཅིང་དོང་ནང་དུ་ལས་གཤིན་བོས། དམར་ཆེན་ཁྲག་གི་ཨརྒྷཾ་སོགས་ཀྱིས་དོང་ནང་དུ་ཁྲག་ཆང་སྦྲེང་། དགྲ་བགེགས་ཤ་ཁྲག་རུས་པའི་གཏོར་མ་སོགས་ཀྱིས་དམར་གཏོར་འབུལ། ལས་གཤིན་བསྐུལ། མནན་ཆས་ལ་དགུག་གཞུག་དྲག་པོ་བྱས། ལྷ་དང་དབྱེས་ལ། ཧཱུྃ། ལྷོ་ཕྱོགས་དཔག་ཚད་བརྒྱད་ཁྲིའི་མར་འདས་ན། །སོགས་ཀྱི་མཐར་དོང་ནང་དུ་ཚེར་མ་རྒྱ་གྲམ་བཏིང་བའི་ཁར་བསྐྱུར། ཐོད་པ་ཡིན་ན་ཨག་ཚེ་གནམ་ལ་བསྟན་ནོ། །ཧོཿ འཆི་བདག་གཤིན་རྗེའི་རྒྱལ་པོ་སོགས་དམོད་བཅོལ་དང་། འབྱུང་བ་གདན་བཞིའི་རྔམས་འོག་ན་སོགས་བརྗོད། དམིགས་བྱ་ཁོང་ཆུད་གཤིན་རྗེ་སྡེ་བརྒྱད་ཀུན་སོགས་ཀྱང་བརྗོད་ཅིང་འབྱུང་བ་ལྔའི་ལག་ལེན་དཀྱུས་བཞིན་ནམ། ཡང་ན་དགྲ་གཤེད་རྩིས་ནས་བྱ། དེ་ནས་དུར་རྡོ་རི་རབ་དང་རྒྱ་གྲམ་བྲིས་པ་རི་རབ་སྟེང་དུ་བསྟན་ལ་མནན་ཅིང་སློབ་དཔོན་གྱིས་མནན་སྔགས་མཐར། སརྦ་ཏྲིག་ནན་རྦད་ནན་བྷིནྡྷ་ཙིཏྟ་རྦད་ནན་ལམ་ནན་ནན་ཞེས་ཅི་མང་བཟླའོ། །དེ་ནས་ཚ་ཚཱ་རབ་གནས་ཅན་བཞུགས། དེའི་སྟེང་བལ་ནག་དང་ཚེར་མས་བཀབ་པ་རྡོས་ལག་ཚགས་དམ་པར་བྲུབས། ན་མོ་སངས་རྒྱས་ཀྱི་སོགས་དམོད་མོ་ཐལ་བརྡེབ་དང་། ནམ་མཁའ་མེད་པར་གྱུར་ན་ཡང་བརྗོད། ལས་བཞིའི་བྲོ་བརྡུང་ཕྱི་མིག་མི་བལྟ་བར་ནང་དུ་ལོག་གོ །གཉིས་པ་སྲེག་པ་ནི་བསད་པ་རྫོགས་པའི་ནུབ་མོའམ་ཕྱིས་ཉིན་སྦྱིན་སྲེག་རྒྱས་པའི་ལག་ལེན་ལྟར་ན་དུས་ཀྱི་བྱིན་ཟའི་ཕུང་པོའམ། ཟླ་གསང་གི་གདུག་པ་མེའི་ལས་སྦྱོར་རམ། འཇོམས་བྱེད་ཀྱི་དུས་མཐའི་མེ་ཆེན་ལ་ལྷ་སྔགས་ཀྱི་འབྱིན་འཇུག་བྱས་པ་རྣམས་གང་བདེར་བྱ་ཞིང་། བྱ་ཚུལ་དང་རྫས་སོགས་དེ་དག་གང་བྱེད་ཀྱི་གཞུང་ལས་ཤེས་པར་བྱའོ། །དེ་ཙམ་ཡང་མི་ནུས་ན་ལྕགས་སྣོད་སོགས་སུ་རྡུལ་ཚོན་ནམ་དུག་ཁྲག་གང་རུང་གིས་དྲག་པོའི་ཐབ་མཐིང་ནག་ཆོས་འབྱུང་རིམ་གསུམ་མཆུ་དང་ཁ་ཁྱེར་ཅན་མེ་རིས་བསྐོར་བའི་ནང་དུ། འཁོར་ལོ་རྩིབས་བཞི་ཡབ་ཡུམ་དང་སྦས་ལྷའི་ས་བོན་བྲིས་པ་ལྟེ་བ་གྲུ་གསུམ་ཅན་བྲིས་པའི་སྟེང་དུ་སྐྱེར་པ་གྲུ་གསུམ་དུ་བརྩིགས་ལ་མེ་སྦར་བ་དུག་ཁྲག་གིས་བྲན་ཏེ། སངས་རྒྱས་བསྟན་པ་རྒྱས་པར་བྱ་བ་དང་ནས་བཤགས་པའི་བར་བཏོན་ལ་མེ་གཤིན་རྗེར་བསྐྱེད། དགུག་གཞུག་བྱ། དྲག་བསྐུལ་གྱི་རྗེས་སུ་བསད་སྔགས་ལ། དགྲ་བགེགས་སརྦ་ནྲྀ་ཏྲི་ཛྭ་ལ་རཾ་རཾ་ཁཱ་ཧི་ཁཱ་ཧི་ཞེས་དང་དམོད་མོ་འདོད་གསོལ་བཅས་འཁོར་ལིང་རྣམས་མཚོན་ཆས་བཏུབས་ལ་བསྲེག་ཅིང་དགྲ་བགེགས་ཀྱི་ཤ་ཁྲག་གཤིན་རྗེའི་ལྷ་ཚོགས་ཀྱི་ཞལ་དུ་ཕུལ་བར་བསམ་མོ། །དེ་ནས་ཟན་ལིང་ཤ་ཆེན་བསྲེས་པ་དང་། དྲག་གཏོར་ཆུང་ངུ་ཞིག་ལ་འགུག་འདྲེན་བྱས། གཏོར་བསྔོའི་རྗེས་སུ་ཕུལ། སྨན་རག་གིས་མཆོད་ཅིང་བསྟོད། གཤེགས་སུ་གསོལ། མེ་དུག་ཁྲག་གིས་གཞིལ་ཐབ་སོལ་རྣམས་ལྕགས་སྣོད་དུ་མནན་པའི་ཆེད་དུ་འཇོག་ལ། མནན་པ་དང་མ་འབྲེལ་ན་ཐོད་ངན། ཁྱི་ཐོད་གླང་རུ་སོགས་སུ་བླུགས་ལ་ལམ་རྒྱ་གྲམ་མམ་ཐེམ་འོག་ཏུ་མནན་སྔགས་བརྗོད་ལ་མནན་ནོ། །ཤིན་ཏུ་བསྡུས་པར་དགའ་ན་གཏོར་མའི་སྟེང་དུ་དཔལ་འབར་ལ་དམིགས་པ་སྔར་ལྟ་བུས་བསྲེགས་ཀྱང་རུང་ངོ་། །གསུམ་པ་འཕང་བ་ནི་སྒྲུབ་ཁང་གི་སྟེང་ནས། ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ན་སོགས་ཀྱི་གསེར་སྐྱེམས་ཕུལ། སྔར་གྱི་ཟོར་གཏོར་ལ། ལྕགས་སམ་བྷནྡྷས་བསྐུལ་ལ་དགྲ་ཕྱོགས་སམ་ཐེབས་ཕྱོགས་ལ་འཕང་ཞིང་སྒོ་དབྱེའོ། །མར་ལོག་སྟེ་གཏོར་ཆེན་ལ་ཤ་ཟན་རཀྟ་བྲན། དགུག་གཞུག་གསུམ་བྱས་ནས་སྨན་རཀ་སྦྲེང་ངོ། །བྱིན་རླབས་བསྔོས་རྗེས། བསྐུལ་ཐུང་། གྲུ་གསུམ་མཐིང་ནག་འབར་བའི་སོགས་རྗེས་ལ། ཆག་ཆེ་ཉམ་ང་ཟློག་པའི་ལས་མཛོད་ཅིག་སོགས་ཤམ་བུ་འདོགས། ཡིག་བརྒྱ་དང་བཟོད་གསོལ་བྱས། ལྷག་པའི་ལྷ་མཆོག་སོགས་འདོད་གསོལ་སྨོན་ལམ་ལེ་ཚན་རྣམས་བྱ། ནམ་མཁའ་མེད་པར་བརྗོད། ཡེ་ཤེས་པ་ཆོས་ཀྱི་དབྱིངས་སུ་གཤེགས། དམ་ཚིག་པ་བདག་ལ་ཐིམ། སླར་ཡང་གཏོར་ཆེན་ཟོར་རྫས་དང་བཅས་པ་སྐད་ཅིག་གིས་སོགས་བརྗོད། ཞལ་ཕྱིར་བསྒྱུར། ཤ་ཟན་དང་རཀྟ་བྲན། དཔལ་འབར་བཙུགས། གཏོར་ཆུང་ལ་དགུག་གཞུག་གསུམ་བྱེད། སྨན་རཀ་སྦྲེང་། བྱིན་བརླབས་དམག་ལྟོའི་ཚུལ་དུ་བསྔོ་ཞིང་གཏོར་ཆེན་ལ་སྟོབ། བསྟོད་རིང་གིས་ཕྱིར་སྤགས། ཟློག་གཞུང་གྱེར། གཞན་ཡང་ཁྲོ་རྒྱལ་ཆེན་པོ་སོགས་འཕྲིན་བཅོལ་བྱ་ཞིང་གདན་འོག་གི་ཤོག་ལིང་རྣམས་བཞེས་སྒྲ་དྲག་པོས་མེར་བསྲེག །ཚོགས་ལྷག་དང་ཆད་ཐོ་གཏོང། ཤ་ཟན་མཐེབ་སྐྱུ་ཕུལ། རཀྟ་བྲན། དགུག་གཞུག་ཚར་གཅིག་དང་བདུད་རྩི་བྲན་ནས་བྱིན་རླབས་བྱ། གཤེགས་སྐྱེམས་ཀྱི་ཚུལ་དུ་འབུལ། སྤྲོས་པ་ལ་དགའ་ན་ཟློག་གཞུང་རྗེས་སུ། བདེ་ཡངས་ལྟ་བུར་ཁྱེར་ལ། གསེར་སྐྱེམས། མཁྱེན་དགོངས། དགུག་གཞུག །དམོད་བཅོལ་བཞེས་སྒྲ་དང་བཅས། གདན་འོག་གི་ལིངྒ་རྣམས་གཏོར་ཆེན་མདུན་དུ་ཧོཾ་ལ་བསྲེག་ཅིང་དེ་མན་འགྲེའོ། །དེ་ནས་གང་དུ་འཕེན་སར་ཁྱེར་ལ། གསེར་སྐྱེམས་དང་དྲག་བསྐུལ་བཏང་། ལྕགས་སམ་བྷནྡྷས་འཕེན་ཞིང་ཟློག་སྔགས་དམོད་དང་དྲག་པོ་ཟོར་འཕེན་པའི་སྔགས་སྡེབ་དང་བཅས་པས་འཕེན། ཐལ་མོ་དང་དུལ་མོ་བརྡབ། རལ་པ་སྤྲུགས་བྲིས་སྐུ་དང་ཕྱར་དར་རྡེབ་པ་སོགས་བྱ། དེ་ནས། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་དང་སོགས་དམོད་མོ་ཐལ་རྡེབ་བྱ། ནམ་མཁའ་མེད་པར་གྱུར་ན་ཡང་བརྗོད། མེ་ཆུས་རྒྱས་འདེབས་ཤིང་སྲུང་འཁོར་བསྒོམས་ལ་སྲུང་སྔགས་བཟླ་ཞིང་ལོག །སྒྲུབ་ཁང་གི་སྒོ་དྲུང་དུ་གཏོར་སྣོད་ཀྱི་བཤལ་ཆུས་བརྟན་མ་སྐྱོང་། དོང་གྲུ་གསུམ་བྲུས་པར་སྔར་གྱི་གདན་འོག་ཏུ་བཅུག་པའི་དུར་རྡོ་དང་ལིངྒ་བསྲེགས་པའི་ཐལ་སོལ་རྣམས་བླུགས་ཤིང་དགུག་གཞུག་བྱ། མནན་སྔགས་བཟླ་ཞིང་ས་རྡོས་གཡོགས་པའི་སྟེང་དུ་གཏོར་གཞོང་ཁ་སྦུབས་མེ་དགྲ་ཆུས་བསད་ཅིང་བྲོ་བརྡུང་། དེ་ནས་གཏོར་གཞོང་ཁ་ཕྱེས་ལ་འབྲུ་སྨན་བླུགས། ཤུལ་དུ་ཐོ་བརྩིགས་ལ་གཤིན་རྗེར་བསྐྱེད། ཨྱཻ་རིང་བྱས་པ་བཤིག་པའི་སྤྱང་མོ་བཏགས་པ་བཟླ་ཞིང་བན་སྐོར་དགུ །བོན་བསྐོར་དགུ་བྱས། བྱེ་མའི་ལ་དགུ་ལ་གོམ་པ་དགུ་སྤོས་ཕྱི་མིག་མི་བལྟ་བར་ནང་དུ་ལོག །དེ་ནས་ཚེ་འགུག་དང་། དམ་ཅན་གྱི་གཏོར་འབུལ་བྱ། ལོང་མེད་ན་ཕུག་གཏོར་སོགས་ཐམས་ཅད་འབུལ། གཏང་རག་གི་མཆོད་བསྟོད་བྱས་པ་དང་། ལྷག་པའི་ལྷ་མཆོག་བཅོམ་ལྡན་གཤིན་རྗེ་ལ་སོགས་སྨོན་ལམ་ལེ་ཚན་དང་ཡི་གེ་བརྒྱ་པ་དང་དབྱངས་གསལ་ཅི་མང་བཟླ་ཞིང་བཟོད་གསོལ་བྱ། ཡེ་ཤེས་པ་པུ་རི་དཀར་པོར་བརྟན་བཞུགས་དང་། དམ་ཚིག་པ་ཉེར་བསྡུས་བདག་ལ་བསྟིམ། སྐྱེ་མེད་ཀྱི་ངང་ལ་དར་གཅིག་བཞག །ཐུན་མཚམས་ཀྱི་ང་རྒྱལ་གྱིས་སྲུང་སྔགས་བཟླའོ། །ནམ་མཁའ་མེད་པར་བརྗོད། དགེ་བ་བསྔོ་ཞིང་བཀྲ་ཤིས་བརྗོད་པ་རྣམས་བྱའོ། །ལོང་ཡོད་ན་ནངས་པར་ལས་གཞུང་གྱེར་ནས་ཆོས་སྐྱོང་གི་སྐོང་གསོ་ཚོགས་མཆོད་སྐོང་བ། ཚོགས་ལྷག་རྣམས་གཏང། དེ་ནས་གཏོར་མ་རྣམས་ལ་རཀྟ་སྒྲོན། དགུག་གཞུག་བྱས་ནས་བདུད་རྩི་བྲན་ཏེ་འབྲུ་གསུམ་གྱིས་བྱིན་རླབས་བྱ། ཨ་ཀྲོ་ཏེ་ཀ་ལ་གཏོར་སྔགས་བཏགས་པ་དང་། མ་ཧཱ་ཀཱ་ལ་ཤཱ་ས་ན་སོགས་བརྗོད་ལ་བསྔོས། བསྐུལ་ཐུང་ཆོས་སྐུ་ཞི་བ་ལ་སྲུང་ཤམ་བཏགས་པ་དང་། དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས་སོགས་ཀྱིས་སྒྲུབ་ཁང་ཐོག་ཏུ་འབུལ། དེ་མན་གོང་ལྟར་བྱའོ། །མཐའ་སྡུད་གསུམ་ཀར་སྔགས་པ་བདུད་ཆས་སུ་ཞུགས། ལྟ་སྒོམ་གྱིས་ལྷ་ལ་རྩལ་འདོན་ཞིང་སྤྱོད་པ་ཞེ་སྡང་དྲག་པོས་ལས་བྱེད་ཕོ་ཉའི་དམག་ཚོགས་ལས་ལ་རྦད་པ་ཡིན་ནོ། །དེ་ལྟར་སྐོར་གསུམ་མཐའ་སྡུད་དང་བཅས་པའི་གྱེར་ཚིག་རྣམས་ལས་བྱང་རྡོ་རྗེ་ཐོག་མདེའུ་མ་བུ་རྣམས་བསྲེ་ཞིང་། སྔོན་འགྲོ་སོགས་གཞན་ལ་ཁ་འཕངས་པ་རྣམས་ཚེ་བདག་ཁྲོ་ཆུ། འཇོམས་བྱེད་སོགས་གང་བྱེད་དེ་དག་ལས་ཤེས་པར་བྱ་ཞིང་། ལག་ལེན་རྣམས་གཙོ་བོར་གཞུང་རྩ་བའི་ཡིག་ཆ་དང་། ཆོས་རྒྱལ་འབྲི་ཁུང་པའི་ཕྱག་བཞེས་དང་། གོང་མ་མཆོག་གི་དགོངས་བཞེད་རྣམས་མན་ངག་ལུགས་ཀྱི་ཚུལ་ལ་འགྲན་གྱི་ཟླ་མེད་པ་དྲིན་ཅན་རྩ་བའི་བླ་མའི་ཕྱག་བཞེས་རྣམས་ངོ་མཚར་རྒྱན་གྱི་ཕྲེང་བར་བྱས་ཏེ་བཀོད་པའོ། །འདིར་སྨྲས་པ། གཤེད་སྐོར་རྒྱུད་ལུང་མཁའ་ལ་མན་ངག་སྤྲིན། །དྲག་པོར་འཁྲིགས་ལས་ཕྲིན་ལས་རྡོ་རྗེའི་ཆར། །དམོད་པའི་གད་རྒྱངས་ཐོག་དང་ལྷན་ཅིག་ཏུ། །འབེབས་པས་མི་སྲུན་བདུད་སྡེའི་ཀླད་པ་འགེམས། །གནུབས་ཆེན་བརྒྱུད་པའི་ཕྱག་བཞེས་ཟབ་གནད་ཀྱི། །ཞལ་ཤེས་བདུད་རྩི་ཆོས་རྒྱལ་འབྲི་ཁུང་པའི། །ཐུགས་ཀྱི་བུམ་པར་གཏམས་པའི་བཞེད་གཞུང་རྣམས། །བླ་མའི་དྲིན་ལས་རྙེད་གང་འདི་རུ་བྲིས། །ཟླ་གསང་རྒྱུད་སྡེའི་དགོངས་པ་ཟབ་ཅིང་བརླིང་། །པཎ་གྲུབ་ཐུགས་ཀྱི་བརྣོག་ཆོས་རྟོགས་དཀའ་ཞིང་། །བདག་གི་བློ་གྲོས་སྦྱངས་པའི་མཐུ་ཆུང་བས། །ནོངས་པར་གྱུར་རྣམས་ལྷ་དང་བླ་མར་བཤགས། །མཁས་པ་བྱིས་པའི་ལེགས་བཤད་མི་འཚོལ་ཞིང་། །བླུན་པོ་ཕལ་ཆེར་ཆོས་ཀྱི་དོན་ལ་རྨོངས། །ལ་ལ་ཕྱོགས་འཛིན་ཁེ་གྲགས་རྗེས་འབྲང་བས། །འདི་བརྗོད་འབྲས་བུ་བྱེ་མའི་མར་དང་མཚུངས། །འོན་ཏེ་མཁའ་ལྟར་ཡངས་པའི་གདུལ་བྱ་ལ། །ཉི་ལྟར་གསལ་བའི་རྒྱལ་བའི་ཐུགས་རྗེ་འཇུག །རྟེན་ཅིང་འབྲེལ་འབྱུང་འགོག་པ་མེད་པའི་མཐུས། །འདི་ཡིས་ཐུབ་པའི་བསྟན་པ་བསྲུང་བར་ཤོག །ལྷག་བསམ་བྱང་ཆུབ་སེམས་ཀྱི་བཙན་མཁར་ནས། །སྲུང་བའི་གོ་བསྒོས་ཟློག་བསད་དཔུང་བཤམས་པས། །བདུད་སྡེའི་གཡུལ་ལས་རྒྱལ་བའི་དཔའ་རྟགས་ཀྱི། །རུ་མཚོན་འཇིག་རྟེན་མེས་པོའི་གནས་སུ་སྒྲེང་། །བདེ་སྐྱིད་ཆོས་བཞིན་སྤྱོད་པའི་དཀར་པོའི་གྲོང། །སྲུང་བྱེད་དྲག་སྔགས་ལྕགས་རི་ནག་པོའི་གཟི། །གདུག་ཅན་དཔུང་གིས་མ་བཟོད་རང་རྟགས་ཀྱི། །མཚོན་ཆའི་འཁོར་ལོ་བོར་ནས་འབྲོས་པ་མཐོང་། །དེས་ན་མངོན་སྤྱོད་དྲག་པོའི་འཁྲུལ་འཁོར་གནད། ཁ་བཤད་གྲགས་སྐམ་ཙམ་དུ་མ་ལུས་པར། །འགལ་བྱེད་ཆམ་ལ་ཕབ་པའི་ལག་རྗེས་ནི། །མངོན་སུམ་དབང་པོའི་ཡུལ་དུ་གྱུར་པ་མང་། །དེ་ལས་ཁྱད་པར་རྨད་བྱུང་ལམ་གྱི་མཆོག །བསྐྱེད་རྫོགས་རྩ་རླུང་ཐིག་ལེའི་རྣལ་འབྱོར་གྱིས། །དྭངས་མ་སྟོབས་གྱུར་སྙིགས་མ་འོད་སྐུར་གྲོལ། །ཚེ་གཅིག་འཇམ་དཔལ་རྡོ་རྗེའི་ས་ལ་འགྲོ །ཆོས་ཀུན་སྒྱུ་མ་མཁན་གྱི་རོལ་རྩེད་བཞིན། །སྣ་ཚོགས་སྣང་ཡང་ཀུན་བཟང་གདོད་མའི་གཞིར། །རོ་གཅིག་ངང་དུ་མངོན་པར་བྱང་ཆུབ་ནས། །རྣམ་མང་འགྲོ་བའི་འདྲེན་པར་བདག་འགྱུར་ཤོག །དེ་ལྟར་དྲག་སྔགས་གཟའ་གདོང་དམར་ནག་གི་ཟབ་གནད་ལག་ཏུ་བླང་བའི་ཡི་གེ་འཁྲུལ་འཁོར་གནད་ཀྱི་སྒྱུ་ཐབས་ཞེས་བྱ་བ་འདི་ནི། ཁྱབ་བདག་བླ་མ་མཆོག་གི་བཀའ་ལས་ཡང་ཟློག་གི་ལག་ལེན་རྣམས་ཕྱོགས་གཅིག་ཏུ་བྲིས་ན། ཁྱོད་དང་ཁྱོད་འདྲ་བར་ཕན་པར་འགྱུར་ཞེས་ཟབ་མོའི་བཀའ་རྒྱས་ཁྲོལ་ཞིང་། ལུགས་གཉིས་ལ་རྣམ་དཔྱོད་ཀྱི་མཁྱེན་སྤྱན་ཡངས་པ་དབོན་རིན་པོ་ཆེ་ཀུན་དགའ་ཚུལ་ཁྲིམས་རྒྱ་མཚོའི་ཞལ་སྔ་ནས་ཀྱང་། འདབ་ལྡན་ཁུ་བཅུད་ཀྱིས་གཏམས་པ་རྩི་མར་གྱི་སྐྱེས་དང་བཅས་བཀའ་དྲིན་དུ་བསྩལ་ཞིང་དེ་ལྟར་བགྱི་བ་ལ་བརྩོན་པ་དགོས་པའི་བཀའ་ནན་ཕེབས་པ་གཙུག་ཏུ་བཅིངས་ཏེ། མཚུངས་མེད་བླ་མ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་བཀའ་དྲིན་ལས་གཤེད་སྐོར་གྱི་གདམས་པར་གོམས་འདྲིས་ཅུང་ཟད་རྙེད་པའི་སྔགས་བན་ཨོ་རྒྱན་སྐལ་བཟང་གིས། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་གྲྭ་ཁང་དུ་བྲིས་པའོ། །བཀྲ་ཤིས་པར་གྱུར་ཅིག། །།

ཡང་ཟློག་གི་ཟབ་གནད་སྙིང་གི་མེ་ལོང་ (Volume 17, Text 23)

༄༅། །ཡང་ཟློག་གི་ཟབ་གནད་སྙིང་གི་མེ་ལོང་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཡ་མ་རཱ་ཛཱ་ཡ། འ༵གྱུར་མེད༵་དྭངས་མའི་ཡེ་ཤེས་རྡོ༵་རྗེ༵་གསུམ། །གཞོམ་གཞིག་བྲལ་བ་འཁོར་འདས་ཀུན་གྱི་སྲོག །རང་བྱུང་ལྷུན་གྲུབ་དོན་གྱི་བླ་མ་ལ། །འདུ་འབྲལ་མེད་པའི་ངང་དུ་ཕྱག་བགྱི་འོ། །ཡེ་ཐོག་དང་པོའི་འཇམ་མགོན་སེམས་ཀྱི་གཤིས། །རྩལ་མདངས་འགག་མེད་སྒྱུ་འཕྲུལ་ཕྱག་རྒྱ་ཡིས། །འཁོར་འདས་ཟིལ་གྱིས་གནོན་པ་ཚེ་བདག་ནག །དུས་དགྲའི་དབང་པོས་བདག་དང་འགྲོ་ཀུན་སྐྱོངས། །ཟབ་ཁྱད་གདམས་པའི་གནད་འགག་བདུད་རྩིའི་བཅུད། །དྲིན་ཅན་བླ་མའི་ཞལ་སྒོ་ལས་འོངས་གང། །སྙིང་གི་ཡོལ་གོར་གཏམས་འོས་ཁོ་ན་ལས། །སྤེལ་བར་ཕངས་ཀྱང་དྲན་པའི་ཟུངས་སུ་བྲིས། །དེ་ལ་འདིར་འཁྲུལ་འཁོར་གནད་ཀྱི་སྒྱུ་ཐབས་སུ་སྦས་པའི་ཟབ་གནད་ཁ་ཤས་ཟུར་དུ་བཀོད་པ་ནི། ཨེ་ཀ་དང་ཧེ་ཀའི་བར་རྩིབས་མཆན་ལ། དགྲ་ལྷ་དང་ཕོ་ལྷས་ཆེ་གེ་མོའི་ལུས་ངག་ཡིད་གསུམ་སྲུངས་ཤིག་རཀྵ༔ ཧེ་ཀ་དང་སརྦའི་བར་དུ་ཡུལ་ལྷ་དང་སྲོག་ལྷས་ཆེ་གེ་མོ༴ སརྦ་དང་གྷྲི་མའི་བར་དུ་ཞང་ལྷ་དང་མ་ལྷས༴ གྷྲི་མ་དང་ཨེ་ཀའི་བར་རིག་འཛིན་སྲུང་མ་དང་དབང་ལྷས༴ ཡིག་མགོ་གཏོད་ཕྱོགས་རྩིབས་སྔགས་དང་འདྲ་ཞིང་། ཟློག་པ་ལ་ཡང་དེས་འགྲེ་ཞིང་ཤམ་བུ་ལུས་ངག་ཡིད་གསུམ་ལ་གནོད་པར་བྱེད་པའི་བྱད་ཕུར་ཐན་ལྟས་ངན་པ་ཟློག་ཅིག་ཅེས་སོ། །སྲུང་འཁོར་ཡིག་མགོ་ཕྱི་བསྟན་དེས་ཕྱི་དང་ནང་བསྟན་དེས་ནང་བྱ། ཟློག་འཁོར་ནང་བསྟན་དེས་ཕྱི་དང་། ཕྱི་བསྟན་དེས་ནང་བྱས་པའི་བར་དུ་གསེར་གྱིས་ཧཱུྃ་བྲིས་པ་འཇུག །སྔགས་རྣམས་ལ་དུག་ཁྲག་དང་མིང་དང་འདོད་གསོལ་རྣམས་ལ་དྲི་བཟང་བྱུགས་ལ་ལྟེབ་བོ། །ལྷ་ལྔ་བཀོད་ལུགས་གོང་བཞིན་ལ། ཁོ་རང་གི་དགྲ་ལྷ་དང་ཕོ་ལྷ་ཁོ་རང་གི་གཤེད་དུ་ཟློག་ཅིག་སོགས་འགྲེའོ། །ཡང་ན་བན་དགྲ་ངོས་ཟིན་ཅིང་ཁོའི་ལྷ་དང་སྲུང་མ་ཐམས་ཅད་ཤེས་ན་ཨེ་ཧེའི་བར་ཡི་དམ། ཧེ་སརྦའི་བར་ཆོས་སྐྱོང་ཡེ་ཤེས་པ། སརྦ་གྷྲི་མའི་བར་ཆོས་སྐྱོང་འཇིག་རྟེན་པ། གྷྲི་ཨེའི་བར་ལྷ་ལྔ་གཅིག་ཏུ་བྱས་པ་རྣམས་ཤམ་བུ་གོང་གིས་འགྲེའོ། །བསད་འཁོར་སྐབས་ཁོ་རང་གི་དགྲ་ལྷ་དང་ཕོ་ལྷས་ཁོ་རང་གི་གཤེད་མ་གྱིས་ལ་སོད་སོགས་འགྲེ །མ་རིག་པ་མུན་པའི་སྨག་རུམ་དུ་ཕོབ་ཅིག །རྒ་ཤི་རྟེན་དང་ཕྲོལ་ཅིག །ཆེ་གེའི་སྐྱེ་བའི་དབང་པོ་སྡོམས་ཤིག །སྲིད་པའི་ལྔ་ཕུང་ཆོམས་ཤིག །ལེན་པའི་མདངས་ཕྲོགས་ཤིག །སྲེད་པའི་ཚང་ཤིགས་ཤིག །ཚོར་བ་མྱ་ངན་དུ་ཕོབ་ཅིག །རེག་པའི་ཁུངས་ཕྱུངས་ཤིག །སྐྱེ་མཆེད་དྲུག་འགགས་སུ་ཆུག་ཅིག །མིང་དང་གཟུགས་ཕྲོལ་ཅིག །རྣམ་པར་ཤེས་པ་རྟེན་དང་ཕྲོལ་ཅིག །འདུ་བྱེད་སྐྱེངས་སུ་ཆུག་ཅིག །ཨེ་ཧེའི་བར། དགྲ་བོ་ཆེ་གེ་མོའི་མོ་ལྷ་དང་ཡུལ་ལྷ་སྲོག་ལྷ་རྣམས་སཏྭམྦྷ་ཡ་ནན། ཧེ་སརྦའི་བར་ཞང་ལྷ་དང་མ་ལྷ་བན་བོན་གྱི་སྲུང་མ༴ སརྦ་དང་གྷྲི་མའི་བར་རིག་འཛིན་གྱི་སྲུང་མ་དང་དབང་ལྷ༴ གྷྲི་ཨེའི་བར་དབང་ཐང་ལྷ་སུམ་ཅུ་དང་དགྲ་ལྷ་རྣམས༴ ཟློག་བསད་ལའང་འདི་ལྟར་རུང་ངོ་། །མཚོན་ཕྱེ་ཐམས་ཅད་གཞར་བའི་ཕྱེ་མ་དང་། གྲི་ལྕགས་ཀྱི་ཕྱེ་མ་རྣམས་རྩིབས་རྩེ་དང་རྡོ་རྗེ་མཚོན་ཆ་ལྕགས་ཐག་རྣམས་ལ་བྱུག་ལ་རྩ་རྩིབས་རྣམས་སྣ་ས་པའི་ཤིས་མི་བཀྲ། དུག་སྣ་རྣམས་སྔགས་ལ་བྱུག །ཁྲག་སྣ་རྣམས་ལིངྒ་ལ་བྱུག །དྲི་མ་རྣམས་གཟུགས་དང་མིང་དང་ལྟེ་བ་དང་། སྙིང་གའི་ས་བོན་ལ་བྱུག །བསད་མནན་ལ་དེ་སྟེང་དགྲའི་རྩ་ཁ་འབྱེད་པ་ལ་མ་ར་ཡེ་ག །ནད་ཡམས་གཏོང་བ་ལ་ག་ཁྲའི་བ་ཤི་ས་ཀྱི་ས་མ་རི། ལྷ་དང་བྲལ་ཞིང་ཐིབས་པར་བྱེད་པ་ལ་ན་བྲུའི་ཕོ་ཛེ་མ་རྣམས་དང་རྫས་ངན་ཚོགས་ཚད་གོང་གི་ཚོའི་སྟེང་དུ་བསྲེ། ཁྱད་པར་བསད་འཁོར་ལ་པྲ་ཚ་ཧྲས་ཚཌ་མནན་འཁོར་ལ་བན་ཆོ་ཧྲགས་ཚ་ཝ་ཤ་ཚ་ཛྲྗ་པ་ག་ཚ་ག་ཉི་ཚབ་ཤ་ཅ་ཚ་ཧྲས་མེད་དུ་མི་རུང་། ལིང་ཆུང་ལ་སྣག་ཚ་ཧྲས་རིམས་སྣ་ཚོགས་ཀྱིས་ཤི་བའི་ཁྲག་དང་དུག་སྣ་རྣམས་བསྲེས་ལ་བྱུག །རྫས་གཞན་རྣམས་མི་བྱུག་ཅིང་མ་འདྲེས་པར་བྱ། ཟག་པ་སོགས་དྲི་མ་དྲུག་བྱུག་གོ །དེ་ནི་བཤད་རྒྱུད་ཁྲི་དྲུག་སྟོང་པ་ལས་རྗེས་ས་ཕྱི་ས་དྲི་མ་གཅིན། སྣབས་དང་། ལུད་པ། མཆིལ་མ་སྐྲ་དང་གོས་དུམ་ཞིང་ཁང་ས་ཞེས་སོ། །བླ་རྟགས་ཀྱི་རྫས་ཞལ་ལས་ཤེས།་་་དེ་ཡང་མོ་གཤེད་ཕོ་ལ་རྦད་ཅེས་བྱ་སྟེ། དགྲ་ཕོ་ཡིན་ན་ཡི་གེ་དེ་རྣམས་ཕོྒྷྱིལ་སི་མ། ཡི་<!TCC Tibetan character 4,200 undefined in unicode!>ྱ་དི་བ་ྦྷིྱ་བ། དགྲ་མོ་ཡིན་ན་ཕོ་གཤེད་མོ་ལ་རྦད་ཅེས་བྱ་སྟེ། པོ་ྒྷྱིལ་པི། པ། ཡི། <!TCC Tibetan character 4,200 undefined in unicode!>ྱང་། དིཤ །ྦྷིྱ་ཤ །སྲོག་གཤེད་སྲོག་ལ་དབབ་པ་ཞེས་བྱ་སྟེ། བླ་ཚེ་གང་ཡིན་དེའི་སྙྑ་བ།བར་སྑ་ག་ངྑ་ལ་ཀར་མ་རིས་གསཡྑརང་གཤེད་རང་ལ་དབབ་པ་ཞེས་བྱ་སྟེ། གཟ་ས་སཛ་གྡ་མ་ག་དྲུ་ནྶ་ངག་ནྨ་ཛ་ས་ལ་དེང་ཡང་ལྒི་ལ་ག་བྱུ། རྫས་དེ་རྣམས་བྱུག་གནས་སོ་སོ་ལས་གཞན་དུ་མ་ཐལ་བའི་ལག་ལེན་གཙང་མ་བྱ་ཞིང་། བྱུག་དུས་ལྕགས་སྣོད་དུ་རླངས་ཐོན་ཙམ་སྲོས་ལ་བྱུག་ན་ནུས་པ་མྱུར་གསུང་། ཁ་ཅིག་རྫས་བྱུགས་ནས་འབྱུང་བའི་ཁྲུས་བྱེད་འདུག་པ་དེ་མིན་ཏེ་ནུས་པ་དང་དྲི་མ་རྣམས་འབྱུང་བས་སྦྱོང་བ་ཡིན་ན་རྫས་རྣམས་དོན་མེད་པར་འགྱུར་རོ། །དེས་ན་སྔོན་ལ་འབྱུང་བས་བཀྲུས་ལ་དེ་ནས་རྫས་རྣམས་བྱུགས་ལ་དེ་མ་ཐག་ལས་ལ་སྦྱར་རོ། །གཡུལ་བཀྱེའི་ས། ཤོ་བུད་ཀྱི་ས། གྲོག་མ་དམར་ནག་འཐབ་པའི་ས། ཕུང་ཤུལ་ས། དུར་ཁྲོད་ཀྱི་ས། འདྲེ་འཚུབས་ས། དབེན་གནས་གཉན་པོའི་ས། གཙོ་འཁོར་སོ་སོ་འམ་གཙོ་བོར་བསྡུས་ཀྱང་རུང་སྟེ་སུམ་གཅིག་ཡར་བཅད་སུམ་གཉིས་མར་བཅད་པའི་ནང་དུ་སྙིང་པོ་རྣམས་ཀྱི་མཐར་བདག་ཅག་རྒྱུ་སྦྱོར་འཁོར་དང་བཅས་པ་རྣམས་ཀྱི་མི་མཐུན་པའི་ཕྱོགས་མཐའ་དག་བསྲུང་ཞིང་བསྐྱབ་པ་དང་། ཕ་རོལ་མི་དང་མི་མ་ཡིན་པའི་བསམ་སྦྱོར་ངན་པས་གཏོང་བའི་བྱད་དང་རྦོད་གཏོང་ཐམས་ཅད་ཕྱིར་ཟློག་པར་མཛོད་ཅིག་ཅེས་བྲིས་པ་བཅུག་ལ་འཕངས་དུས་ཀྱང་ཚུར་མི་འབྱུང་ངོ་། །ནྲྀ་རཀྴ་མུ་ཙུ་རུ་ལུ་བྷྱོ་དགྲ་བོ་མགོན་སྐྱབས་ལྷ་ལྔ་དང་ས་མ་ཡ་པྲ་ཤག་ཕྱེ་ཕྱེ་ཞེས་ཡུགས་སའི་མངལ་ཁྲག་གིས་བྲིས་ལ་ཚ་བ་གསུམ་བྱུག །ཨ་ཁ་ལ་རཀྴ་ཐུན་བྷྱོ་དགྲ་བོ་ལྷ་ལྔ་དང་ས་མ་ཡ་པྲ་ཤག་ཕྱེ་ཕྱེ་ཞེས་མཛེ་ཁྲག་གིས་བྲིས་ལ་ག་པུར་བྱུག །དྲེག་རྐང་བའི་མགར། སྔགས་པ་ནང་རྒྱས་ལ་སྤྲོད་སྲིང་པོ་ནག་རི་པུ་དུ་འཇུག །བླ་མ་སྤྱི་ལ་བྱ་རྒོད་ཀྱི་ཐོད་པ། སྔགས་པ་སྤྱི་ལ་སྟག་གམ་བྱི་ལ་སྟག་རིས་ཅན་ནམ་བྱ་རོག་གི་ཐོད་པ། དགེ་སློང་ལ་ངང་པ་སེར་པོའི་ཐོད་པ། དམ་ཚིག་གཅིག་པ་དང་ལྷ་སྔགས་གཅིག་པའི་མཆེད་གྲོགས་སམ་སློབ་མ་ལ་རུས་སྦལ་ལམ་སྦལ་ནག་ཐོད་ཁོག་པ། བོན་པོ་དང་མུ་སྟེགས་ཕག་ནག་གི་ཐོད་པ། ཡང་ན་གཅན་གཟན་གང་རུང་གི་ཐོད་པ། རྒྱལ་པོ་ལ་སེང་གེའམ་ཁྱི་དཀར་ཐོད་པ། མི་དཔོན་གླང་ཐོད། མི་སྐྱ་ལ་ཕག་ཐོད་དམ་གླང་རྭ། བུད་མེད་ལ་རྭ་ཐོད་དམ་ཝ་ཐོད། བྱིས་པ་ལ་སྲེ་མོང་གི་ཐོད་པ། ཡང་ན་དགྲ་སྤྱི་ལ་སྤྱང་ཀིའམ་ཤ་ཁྱིའི་ཐོད་པ་དང་། བགེགས་སྤྱི་ལ་ཕག་ཐོད། ཡང་ན་དགྲ་བགེགས་གང་ཡིན་ཡང་མོན་ནམ་རབས་ཆད་ཀྱི་ཐོད་པ་གླང་གཡག་གི་རྭ་རྣམས་དང་། དགྲ་བོ་ལ་ཁོའི་ཕ་མེས་ཀྱི་ཐོད་པ་བྱུང་ན་རབ་བོ། །མནན་དུ་མི་རུང་ཞིང་མནན་ཀྱང་མི་ནོན་པའི་ཐོད་པ་ནི། སྔགས་པ་དམ་ལྡན། དགེ་སློང་སྡོམ་ལྡན། སེམས་ཉིད་རྟོགས་པའི་སྒོམ་ཆེན། ཟག་པ་ཟད་པའི་འཕགས་པ། བསོད་ནམས་ཅན་གྱི་རྒྱལ་པོ། བུ་མང་པོ་སྐྱེས་པའི་མ་རྣམས་ཀྱི་ཐོད་པའོ། །ཨ། མདུན་དུ་སྐུ་སྤྲུལ་འཆི་བདག་བྱེ་བ་དགུ་ཁྲི་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་ལྕགས་ཀྱི་རི་རབ་འཕྱར་སྟབས་བསྣམས་པ། སྐུ་སྟོད་ལ་གནམ་ལྕགས་ཀྱི་ཞུན་ཁྲབ་གསོལ་ཞིང་ཞིང་ཆེན་གྱི་ལྤགས་པ་སྐེད་ལ་བཅིངས་པ། ཞིང་ཆུང་གི་ལྤགས་པའི་ཆོས་གོས། སྟག་ཤམ་ཅན། སྦྲུལ་གདུག་པས་ཡན་ལག་དཀྲིས་ཤིང་ཐོད་སྐམ་ལྔའི་དབུ་རྒྱན་བྱས་པ། ཆུ་གླང་གི་སྟེང་ན་ཞབས་དོར་སྟབས་སུ་བསྒྲད་ནས་བཞུགས་ཤིང་འཁོར་འཆི་བདག་བྱེ་བ་ས་ཡས་བསྐོར་བ། རྒྱབ་ཏུ་གསུང་སྤྲུལ་སྲོག་བདག་རྨེ་རུ་རྩེ་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་བེ་ཅོན་དང་གཡོན་ཞགས་པ་བསྣམས་པ། རུས་སྦལ་གྱི་གཡང་གཞི་གསོལ་ཞིང་སྦྲུལ་ནག་གི་རལ་པ་འཕྱང་བ་ལ་ཐོད་པའི་རྣ་ཆ་བྱས་པ། ལས་ཀྱི་རླུང་དམར་གྱི་སྟེང་ན་ཞབས་དོར་སྟབས་སུ་བཞུགས་པ་འཁོར་སྲོག་བདག་བྱེ་བ་ས་ཡས་བསྐོར་བའོ། །བསད་སྔགས་བཟླ་བའི་སྐབས་རེས་དང་དྲེགས་བསྐུལ་སྐབས་སྔགས་ཀྱི་འོད་ཟེར་དང་སྒྲ་གདངས་ཐུན་ཕོག་པ་སོགས་ཀྱིས་རྐྱེན་བྱས་ཏེ་སྤྱི་བོར་ལྷའི་བདུད་སྔོ་ནག་བུང་བ་མེ་ཏོག་ལ་འཇིབ་པ་འདྲ་བ་དེ་ལ་ཕོག་པས། དེ་དངངས་ཤིང་ཁྲོས་ནས་སྤྱི་བོའི་རྩ་འཁོར་རྣམས་བཅད་ཀླད་ཁྲག་ཞོ་ལྟར་དཀྲུགས་ནས་སའི་དྭངས་མ་མགྲིན་པའི་གནས་སུ་ཆུ་ལ་བསྡུ། ཡང་སྔར་བཞིན་ཕོག་པས་མགྲིན་པར་ཉོན་མོངས་པའི་བདུད་སྡིག་པ་དམར་པོ་བྲག་ལ་འཛེག་པ་འདྲ་བ་ལ་ཕོག་པས་དངངས་ཁྲོས་ནས། རྩེའུ་ཆུང་གཉིས་དང་མགྲིན་པའི་རྩ་འཁོར་རྣམས་བཅད་ཁྲག་ལྷུག་གིས་སྐྱུགས་ནས་ཆུའི་དྭངས་མ་ལྟེ་བའི་མེ་ལ་བསྡུ། ཡང་ལྟེ་བ་ན་ཕུང་པོའི་བདུད་སྡོམ་དུད་ཁ་བགྲད་པ་འདྲ་བ་དེ་ལ་ཕོག་པས་དངངས་ཁྲོས་ནས་ལྟེ་བའི་རྩ་འཁོར་རྣམས་བཅད་མྱོས་ཤིང་བརྒྱལ་ནས་ལུས་སེམས་བྲལ་མེའི་དྭངས་མ་སྙིང་གར་རླུང་ལ་བསྡུའོ། །ཡང་སྙིང་གར་འཆི་བདག་གི་བདུད་མཐིང་ནག་གྱད་སྟོབས་པོ་ཆེ་འདྲ་བ་ལ་ཕོག་པས་དངངས་ཁྲོས་ནས་སྲོག་རྩ་དང་སྙིང་གའི་རྩ་འཁོར་རྣམས་བཅད་ཚེའི་འདུ་བྱེད་བསྐུམས་ཏེ་རླུང་གི་དྭངས་མ་རྣམ་པར་ཤེས་པ་ལ་བསྡུ། རྣམ་ཤེས་རྟེན་དང་ཕྲལ་ནས་ལུས་སོལ་སྡོང་བཞིན་ནག་ཁོག་གེ་སོང་བར་བསམ་མོ། །འདི་ནི་རང་གཤེད་རང་ལ་འབེབ་པའི་མན་ངག་བདུད་བཞི་ནང་ནས་སློང་བ་སྟེ་གཤེད་སྐོར་གྱི་ཟབ་གནད་དམ་པའོ། །ས་བོན་ནྲྀ་ནི། བླ་མ་སྡེ་དཔོན་བཙུན་པ་རྣམས་དམར་སེར། སྔགས་པ་དམར་ནག །རྣལ་འབྱོར་པ་སྔོན་པོ། བོན་པོ་དམར་སྐྱ། མི་ཕལ་པ་རྣམས་ལྗང་སེར་ལ། མོ་རྣམས་ལྗང་ནག་གོ །རང་ཕྱག་རྒྱ་ཟིལ་གནོན་དུ་གསལ་བའི་ལྟོ་བར་རུས་སྦལ་རྔམ་པ་མི་ཟན་ཁ་གདངས་པའི་ཁར་དགྲ་བོ་དངོས་སུ་བསམ་པ་མགོ་འཇུག་ལོག་ལ་སོང་བར་བསམས་ལ་མཐེབ་སྲིན་གྱིས་ཇུར་མིད་བྱ། དེ་ནས་སྔགས་བཟླས་པའི་མཆིལ་མ་རྣམས་ནད་མཚོན་དུག་ཏུ་གྱུར་ནས། རུས་སྦལ་གྱི་ལྟོ་བའི་དགྲ་བོའི་སྟེང་དུ་བབས་པས་བརླགས་པར་བསམ་མོ། །འདི་ནི་ངན་སྔགས་ཀྱི་ནུས་པ་རང་ལ་མི་གནོད་ཅིང་ཕ་རོལ་གྱི་སྟེང་དུ་འགྲོ་བའི་གནད་དམ་པ་གཅིག་གོ །དབྱེ་བ་རླུང་ལྷའི་ཕྱོགས་ནས་དབྱེ་ཞེས་པས། སྒྲུབ་གྲོགས་གཅིག་གིས་སྒྲུབ་ཁང་གི་ནུབ་བྱང་དུ་ཁྱེར། དེར་རྫ་སོ་མ་གཉིས་ཀྱི་འོག་མར་མེ་བླུག །སྟེང་མར་འཁོར་ལིང་བཞག་པ་ཁ་སྦྱར་ལ་རྫས་སྨྱུག་མའམ་བླུག་གཟར་ལྟ་བུས་མེར་སྲེག་པའི་དུད་པ་ཕྱིར་མ་ཤོར་བར་མཚམས་སས་གནོན་ཅིང་། ལག་ཚགས་དམ་པར་བྱེད། དེ་བསྟུན་སྤྱུག་པའམ་རྐང་གླིང་གི་སྒྲ་སྒྲོག་ཅིང་སྒྲུབ་ཁང་ནས་སྒྲུབ་པ་པོ་རྣམས་ཀྱི་དབྱེ་བསྐུལ་སྔགས་དམིགས་བྱའོ། །དེ་ནས་རླུང་འགྱུ་ཕྱོགས་བརྟགས་ལ་རང་ལ་དྲི་མས་མ་ཕོག་པར་ཁ་དབྱེ། སྒྲོ་གཉིས་ཀྱིས་བྱབས། ནང་དུ་ཁྱེར་ནས་ཀྱང་སྒྲོས་བྱབ་ཅིང་སྔགས་དམིགས་རྫས་རྣམས་ནན་ཏན་བྱའོ། །ཡར་ངོ་ལ་རིམ་བཞིན། བྱ་ཟེར་ནས་ཉི་ཤར་བར་རྐང་མཐིལ། ཉི་ཤར་ནས་དྲོས་ཆེན་ཚུན་བྱིན་པའི་དཀྱིལ། ཉི་མ་དྲོས་ཆེན་ལ་བརླའི་དཀྱིལ་ལ། ནམ་ལངས་དུས་སྐེད་པ་ལ། ཉིན་ཕྱེད་ནས་ཉི་མྱུར་ཚུན་ཁ་ནང་། ཉི་དྲོས་ལག་མཐིལ། སྐྱ་རེངས་ཤར་ནས་ནམ་ལངས་བར་རྐང་པའི་ལོང་གཉིས། ནམ་ཕྱེད་ལ་ལག་པའི་གྲུ་གུ་གཉིས་ལ། ནམ་ལོང་མཚན་མ། སྲོད་འཁོར་སྐེད་པ། སྲོད་ལ་རྣ་བ་དང་སྣ་ལ། བྱ་ཟེར་དུས་ཕོ་བ་དང་སྐྲ་མཚམས། ཉི་ནུབ་ལ་སོ་ལ། རྩིབ་ཐེབ་ལྔ་ལ། ནམ་ཕྱེད་སྙིང་ལ། ཉི་མྱུར་ལུས་བྱིངས་དང་ཁྱད་པར་བྱིན་པའི་དཀྱིལ་ན། མར་ངོ་ལ་རིམ་བཞིན་ཉི་མྱུར་སྐེད་དང་བྲང་གཞུང་ལ། སྲོད་འཁོར་མགུལ་པའི་གཡོན་ཟུར་ལ། ཉི་མ་དྲོས་ཆེན་ཕོ་བ་དང་བརླ་གཉིས་ཀྱི་ནང་ལ། ནམ་ལངས་བརླ་ཁུང་གཉིས་དང་། རྐང་པའི་ལོང་གཉིས་ལ། ཉིན་ཕྱེད་ངར་གདོང་གཉིས་ལ། ཉི་མ་དྲོས་ཆུང་རྐང་མཐིལ་གཉིས་ལ། ནམ་ལངས་མཁལ་ཁུང་གཉིས་ལ། ནམ་ཕྱེད་བྱིན་པ་གཉིས་ལ། སྲོད་ལ་ལག་མཐིལ་གཉིས་ལ། ནམ་ཕྱེད་ལྕེ་ལ། སྐྱ་རེངས་ཤར་དུས་མཇིང་པ་ལ། པུས་མོ་གཉིས་ལ། ཉི་ཤར་མཚན་མ་དང་ལྟེ་བ་ལ། ཕྱེད་ཡོལ་མིག་གཉིས་ལ། ཉིན་ཕྱེད་ལུས་སྤྱི་ལ་གནས་པ་ཡིན་ནོ། །དེ་ནི་སྲིད་པའི་གཏེར་ཁྱིམ་གྱི་དགོངས་པ་ཡིན་ཏེ་གཞན་ཡང་རྒྱུད་སྡེ་དང་གཙུག་ལག་རྩིས་ཀྱི་ལུགས་རྣམས་ནི་གཞན་དུ་ཤེས་སོ། །ལྕགས་ཁམས་པ་ཉི་ཤར། མེ་ཁམས་པ་ཉིན་ཕྱེད་ལ། ས་ཁམས་དགོང་ཁ། ཆུ་ཁམས་པ་ཉི་ནུབ། ཤིང་ཁམས་ཐོ་རེངས། བསྒྲུབ་བྱའི་བདུད་གཅོད་ཀྱི་ཕྱོགས་ནས་འོང་ངོ་། །བསྒྲུབ་བྱའི་ལོའི་དུས་ཚོད་ཡིན། ཡང་ན་སྲོག་གི་རྟེན་དུ་དགྲ་འབེབས་པ་དཔེར་ན། ཕག་ལོ་པའི་བླ་ལྕགས་ལ་སྲོག་ཆུ་ཡིན་ན། དེའི་དགྲ་མེ་དང་ས་ཡིན་པས་གླང་ལུག་ཁྱི་འབྲུག་གི་དུས་ལས་སྦྱོར་བྱས་ན་ཕེབས་པ་ཡིན་ནོ། །སོ་སོར་ཡིན་ན་ལུས་ཕྱི། ངག་བར། ཡིད་ནང་དུ་བརྩེག །ཆམས་གཅིག་ཡིན་ན་སྤྱི་བོའི་འཁོར་ལོ་ལྕེ་སྟེང་གི་འཁོར་ལོའི་སྟེང་དུ་ཁ་མར་ཡབ་ཡུམ་གསུམ་པོ་བརྩེགས་མར་འགྲིགས་པར་བྱ། ལྷན་ཐབས་ཀྱི་རྡོ་རྗེ་རྒྱ་གྲམ་དུག་ཁྲག་གིས་ངར་བླུད་པའང་སོ་སོའི་ལྟེ་བར་སྦྱོར། དེ་ནས་གསང་གནས་ཁར་བཅུག་པའི་རོ་ལྟེབ་བྱས་རྗེས་ཕོ་གཡས་དང་མོ་གཡོན་སྔོན་ལ་བལྟེབ། དེ་ནས་གཅིག་ཤོས་བལྟབ། དེ་ནས་འཇུག་པའི་སྣོད་དང་འཚམ་པར་ཟུར་གང་འདུག་ནང་དུ་བལྟབ། རོ་རས་ཀྱིས་དྲིལ། བདུད་དང་གནོད་སྦྱིན་གྱི་ཞགས་པས་བཅིངས། ལིངྒ་མགོ་འཇུག་ལྡོག་ལ་རང་ཐག་གི་སྐྱུ་མིག་ལ་ཡས་ནས་མར་ལན་བདུན་འདྲེན་ཅིང་། དགྲ་བོ་ཆེ་གེ་མོ་རྦད་རྦུད་ནྲྀ་རྦད་རྦུད་ཡ། ཞེས་བརྒྱ་སྟོང་ཅི་མང་བཟླ། དེ་ནས་ཕྱི་སྒོའི་ཐེམ་པའི་འོག་ཏུ་ནང་ནས་ཕྱིར་ལན་བདུན་འདྲེན་ཅིང་། དགྲ་བོ་ཆེ་གེ་མོའི་སྲོག་ནྲྀ་ལམ་ནན་མཱ་ར་ཡ་རྦད་ནན། ཞེས་བཟླ། དེ་ནས་ལྕགས་སྣོད་དུ་བཞག་བོན་བསྐོར་བདུན་བྱེད་ཅིང་ལྷ་སྔགས་མཐར་དགྲ་བོ་ཆེ་གེ་མོ་ཤ་ཏྲུཾ་རྦད་རྦུད་སོད་ནན་ཅེས་བཏགས་པ་བཟླ། རང་གི་རྐང་པ་ལ་ཕྱིར་ལན་གསུམ་བསྐོར་རོ། །དེ་ནས་མནན་སྣོད་དུ་བཅུག་དབྱེ་རྫས་ཐུམ་བུ་དང་ཐུན་ཕྲན་བུ་ཡང་བླུགས། མ་ཁེང་ན་སྦྱིན་སྲེག་གི་ཐལ་སོལ་དང་བྲུབ་ཁུང་གི་ཐུན་ཟོར་རྙིང་པ་རྣམས་བླུག་ལ་ཁ་བཅད། འཕུང་རེས་དྲིལ། ཚོན་སྐུད་ཀྱིས་རྒྱ་གྲམ་དུ་བཅིང་། རྩང་བཙུགས་ཁྲོ་ཞལ་གྱི་རྒྱས་འདེབས་ཤིང་ལག་ཚགས་དམ་པར་བྱའོ། ཕ་རོལ་ལྷས་སྐྱོབ་རྟགས་ནི། སློབ་དཔོན་དང་སྔགས་པ་བྱུང་ན་ཆོས་སྲུང། བོན་པོ་དང་བྱིའུ་བྱུང་ན་བོན་ལྷ། བྱ་ཆེ་བའི་རིགས་མཁར་གྱི་རྩེ་ལྷ། མི་དཀར་ལྷན་སྐྱེས་ལྷ། ལུག་ཁྱུ་དང་གཡག་དཀར་ཡུལ་ལྷ། རྟ་དཀར་དང་བྱིང་རྨུགས་སྲོག་ལྷ། ཁྲ་སྤྱང་དགྲ་ལྷ། སྐྱེས་པ་ཞུབ་ཅན་ཕོ་ལྷ། བྱ་རོག་ཞང་ལྷ། བུད་མེད་དང་ཤ་བ་ཡུ་མོ་མ་ལྷ་ཡིན་ནོ། །དེ་དག་གི་གཉེན་པོ་ནི། སད་ཁྱེར་འབོག་དང་རྒྱ་ཚིལ་གྱིས། ཆོས་དང་བོན་གྱི་སྲུང་མ་སྐྲོད། སྙིང་ཤ་གླང་སྐྱེས་གཞོབ་དང་དྲིལ་ཚིལ་གསུར་དུད་པས་ཕོ་ལྷ་དགྲ་ལྷ་འབྱེད། དགྲ་ཤ །རྟ་བོང་། བོང་དང་རྟ་གསེབ་བོན་གསུམ་གྱིས་མ་ལྷ་ཞང་ལྷ་འབྱེད། མོ་ཤ །ཡུགས་དོར་ཡུལ་ལྷའི་གཉེན་པོ་སྟེ། ཡུལ་ཤ །ཏིལ་དང་ཡུངས་ནག་ཡུལ་ལྷའི་གཤེད་སྲོག་ཤ། རྣམས་སོ། །ས་གཞི་གས་ནས་ཕྱིའི་རྒྱ་མཚོ་སྔོ་མེར་མཐོང་བར་བསམ། དེ་ནས་རང་གི་ཐུགས་ཀ་ནས་འོད་རྣོན་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ལས་གཤིན་ངག་འདོན་ནས་བྱུང་བ་ལྟར་བསྒོམས་ལ་གཏད་པས། ལག་གིས་དམ་པར་བླངས་པའམ་ཁར་ཁྱུར་གྱིས་མིད་པར་བསམ་མོ། །དེ་ནས་སྟེང་དུ་རི་རབ་སྲ་ཞིང་བརྟན་པས་མནན་པའམ་ཁྲོ་རྒྱལ་གྱི་ཕོ་བྲང་བཏབ་པས་ནམ་ཡང་ཐར་པ་མེད་པར་བསྒོམ་མོ། །དཔེར་ན་དགྲའི་མིང་ཡིག་དང་པོ་ཆུ་ཡིན་ན། དང་པོར་ས་སྤར་བ་དགུ །ཤིང་ཚར་དུམ་བུ་དགུ །ལྕགས་དུམ་མམ་འབྱོར་རྟགས་དགུ །སོལ་རྡོག་གམ་དཔལ་འབར་དགུ །ཆུ་ལན་དགུ་རྣམས་གཏོར་བ་དེས་གཞན་ལ་འགྲེའོ། །འཕང་བའི་སྐབས་གཏོར་ཟོར་དང་ཐུན་འཕངས་པས་དམིགས་ཡུལ་ལ་ཟ་ལམ་གཏོད་པ་ཡིན་ཏེ། དམིགས་པ་སྔར་ཐུན་གཏོར་སོགས་དང་འདྲ། དེ་ནས་གཏོར་མ་ལྷར་གསལ་བས་བདག་ལ་མཆོག་ཐུན་གྱི་དངོས་གྲུབ་བྱིན་པར་བསམ། དྲག་པོར་གཟུགས་བསྒྱུར་ནས་སྤྲུལ་པའི་དམག་ཚོགས་གནམ་ས་བར་གསུམ་ཁེངས་པ་ནད་མཚོན་དུག་གི་ལག་ཆ་སྣ་ཚོགས་ཐོགས་པ་ཁྲོས་ཤིང་རྔམས་པ་འཕྱོ་ཞིང་རྒྱུག་པ་ཀུ་སྒྲ་དང་བསོ་སྒྲ་སྒྲོག་པར་བསམ། ཟློག་བྱང་གྱེར་དུས་སྐབས་དེ་དག་གིས་ཟློག་པའི་ཕྲིན་ལས་ཐོགས་མེད་མཛད་པར་བསམ། དམག་ལྟོ་དང་གཤེགས་སྐྱེམས་སྐབས་དགྲ་བོའི་ཤ་ཁྲག་རོ་ལ་བྱ་རྒོད་རུབ་པ་བཞིན་ཧབ་སྒྲ་དང་བཅས་གསོལ་བར་བསམ། ཆད་ཐོ་དང་ཚོགས་ལྷག་གཏོང་དུས་དཀྱིལ་འཁོར་ཆེན་པོའི་ཕྱི་འཁོར་སྐྱོང་བའི་དམ་ཅན་སྲུང་མ་རྣམས་ཀྱང་སྔོན་གྱི་དམ་ཚིག་དྲན་ཏེ་སྒྲུབ་པ་པོའི་ཕྲིན་ལས་སྒྲུབ་ཅིང་གྲོགས་ལ་བྱོན་པར་བསམ། འཕང་བ་དངོས་ཟློག་བསད་མནན་པའི་ཐུན་གཏོར་གྱིས་ཕྱོགས་འགྲེ །འཕང་བ་སྡེ་བརྒྱད་དྲག་པོ་གནས་པའི་སར་བཞེས་སྒྲ་དང་བཅས་འཕངས་ན་ལས་མྱུར་གསུང་ངོ་། །ཚུར་ལོག་དུས་སྲུང་འཁོར་གསལ་བ་གལ་ཆེ། ཐོ་ལ་ནང་བསྐོར་བྱེད་དུས་ནང་པ་སངས་རྒྱས་པའི་མཐུ་གཏད་ཞིག་པ་དང་ཕྱི་བསྐོར་སྐབས་བོན་དང་མུ་སྟེགས་ཀྱིས་བྱས་པ་ཞིག་པར་བསམ། བྱེ་མའི་ལ་རྒལ་སྐབས་ལ་ལུང་དགུ་འདས་ནས་ཕྱིན་པར་བསམ་མོ། །གཞན་ཡང་ཤེས་པར་བྱ་བའི་གནད་ནི། བླ་འགུག་ཐལ་ཆེས་ན། རང་གི་བླ་འགུག་པ་དང་། མ་ཁུག་པར་བསད་པ་བརྩམས་ཀྱང་དོན་མེད་དུ་འགྱུར་བ། བསད་པ་ཚད་ལས་ཐལ་ན་སྔགས་པ་གྲིར་འཆི་བ་ཡིན་པས་ཚད་རྣམས་ལེགས་པར་བརྟག་པ་གལ་ཆེ། རང་དང་རང་གི་ཆོས་སྐྱོང་བའི་བླ་འགྱུ་སྐབས་ལས་སྦྱོར་མི་བྱེད་པ་སོགས་དྲག་སྔགས་སྤྱི་ཡི་དགོས་པ་གལ་ཆེ་བ་རྣམས་གཞན་དུ་ཤེས་པར་བྱ། འདི་གའི་ཡན་ལག་གཏད་དང་སྙིང་ཟློག་རྐྱང་པར་སྒྲུབ་པ་རྣམས་མཁོ་ཆུང་བས་མ་བྲིས་སྤྲོ་ན་གཞུང་དང་ཞལ་ལས་ཤེས། ཟློག་བསད་མ་སྦྲགས་པར་ཐ་དད་བྱས་ཀྱང་མཐའ་སྡུད་བསྲེག་ལས་བྱེད། བསད་པ་མེད་པར་ཟློག་པ་དྲག་པོ་ཡིན་ན། ཟོལ་བསྐུལ་གོང་དུ་དྲེགས་བསྐུལ་དང་ཐུན་བསྐུལ་བྱས་ཏེ་ཐུན་རྡེབ། ཀུན་གྱི་མཐའ་འཕང་བ་ཁོ་ནས་བསྡུ་བ་ཡིན་ནོ། །བདུད་སྡེའི་བུད་ཤིང་སྲེག་པའི་དྲག་སྔགས་མེ། །ལྷག་བསམ་རླུང་གིས་བུས་པའི་ཚ་ངར་འོད། །ཉིན་བྱེད་འབུམ་གྱི་གཟི་ལྟར་འབར་བ་ཡིས། །འཇིག་རྟེན་རྒུད་པའི་མུན་ཚོགས་དབྱིངས་སུ་བཅོམ། །དུག་ལྔས་མནར་བའི་ལྔ་བདོའི་འགྲོ་བ་ལ། །རྒྱལ་བ་ཀུན་ལས་ཐུགས་རྗེ་རྨད་བྱུང་བའི། །འཇམ་དཔལ་རྡོ་རྗེའི་ཕྲིན་ལས་དབྱར་རྔའི་སྒྲས། །ཕན་བདེའི་མདོངས་མཐའ་ཅན་རྣམས་རྩེ་དགའ་བསྒྱུར། །འོན་ཏེ་ལས་དབང་ལོག་པའི་ཆུ་འཛིན་གྱིས། །གསང་ཆེན་བསྟན་པའི་ཉི་མ་མི་གསལ་ཞིང་། །བསྐྱེད་དང་རྫོགས་པའི་ལམ་བཟང་ཉམས་དམའ་ན། །དྲག་སྔགས་སྤུ་གྲིའི་སོ་ཡང་ཆག་པར་དོགས། །ལུས་ངག་རྣམ་འགྱུར་མཛེས་པའི་ཆུ་གཏེར་ལས། ལེགས་བཤད་ཡིད་བཞིན་ནོར་བུ་འཚོལ་དཀའ་ཞིང་། །ཐོས་དང་བསམ་པའི་གྲུ་གཟིངས་ཕལ་ཆེར་ཀྱང། །དྲག་ཤུལ་ཚུ་རོལ་སྤྱོད་པའི་འཛིན་ཁྲིས་ཟིན། །ཆོས་བརྒྱད་སྒྲོག་གིས་བཅིངས་པའི་གྱི་ལིང་རྟ། །གཟུང་འཛིན་འཁོར་བའི་ཐང་ལ་བང་མགྱོགས་པས། །བདེ་ཆེན་བཙན་སར་སྙེགས་པའི་བཞོན་པ་ཕལ། །སྒྱིད་ལུགས་ལེ་ལོའི་ནགས་སུ་འཁྱམས་པ་མཐོང་། །ལས་འབྲས་བླང་དོར་སྤྱད་པའི་ས་བོན་ཡང་། །སྔོན་བྱས་བཟང་རྐྱེན་ཆུ་ལུད་ཡོད་མེད་ཀྱིས། །གོ་ལྡོག་སྡོང་བུ་སྣ་ཚོགས་འདབ་ལྡན་ལས། །འབྲས་བུ་ཇི་བཞིན་མཐོང་བའི་ཆོས་ལ་དཀའ། །དེ་ཕྱིར་ཚེ་འདིར་དགོས་པའི་སྤང་བླང་གི །སྤྲོས་པ་སྤངས་ཏེ་ཉོན་མོངས་དུག་གསུམ་དགྲ །ལམ་བཟང་རྫོགས་པ་ཆེན་པོས་ཚར་བཅད་ནས། །གཏན་བདེའི་འདུན་མ་ལྷུན་གྱིས་འགྲུབ་པར་ཤོག །དེ་ལྟར་ཟབ་གནད་ལོགས་སུ་སྦས་པའི་ཡི་གེ་འདི་ནི་འཁྲུལ་འཁོར་གནད་ཀྱི་སྒྱུ་ཐབས་ཀྱི་ཁ་སྐོང་དུ་སྔགས་བན་ཨོ་རྒྱན་སྐལ་བཟང་གིས་བྲིས་པའོ། །འདི་མ་དང་བསྲེས་ནས་འབྲི་བ་དང་། དམ་མེད་ལ་སྟོན་ཅིང་དཔེ་རྒྱུན་སྤེལ་བ་སོགས་བྱས་ན་འཆི་བདག་བྷེ་བ་སཏྭས་སྲོག་རྩ་ཆོད་ལ་སྙིང་ཁྲག་མ་གཤིན་དྲེགས་པའི་ཚོགས་ཀྱིས་རོལ་ཅིག །ཟབ་པ་ཚག་ལ་ཡང་ཟབ་འབྲུ། །ཤིན་ཏུ་ཟབ་པ་སུམ་ཅུ་པོ། །ལྡོག་སྟེ་འཕྲུལ་གྱི་ཡི་གེ་འོ།། །།

དྲག་པོ་མངོན་སྤྱོད་ཀྱི་རྒྱུད་དང་ཞལ་གདམས་དུ་མའི་དགོངས་དོན་གཅིག་ཏུ་བསྡུས་པའི་ཡི་གེ་གལ་འགག་གནད་ཀྱི་གཟེར་བུ་ (Volume 17, Text 24)

༄༅། །དྲག་པོ་མངོན་སྤྱོད་ཀྱི་རྒྱུད་དང་ཞལ་གདམས་དུ་མའི་དགོངས་དོན་གཅིག་ཏུ་བསྡུས་པའི་ཡི་གེ་གལ་འགག་གནད་ཀྱི་གཟེར་བུ་ཞེས་བྱ་བ་གམ་བྷཱི་རཾ། ྀཨཚ།། ཨོཾ་སྭསྟི། རང་བཞིན་མ་འགག་ཆོས་དབྱིངས་དྲག་པོའི་མཁར། །ཀུན་རྟོག་གཟུང་འཛིན་མཚན་མའི་དགྲ་བགེགས་ཀུན། །སྟོང་ཉིད་སྤྲོས་བྲལ་ངང་དུ་ཚར་གཅོད་པའི། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མར་འདུད། །དྲིན་ཅན་བླ་མའི་ཐུགས་ཀྱི་གསང་མཛོད་ལས། །བརྡོལ་བའི་ཞལ་ཤེས་སྙིང་ཁྲག་དྭངས་མ་རྣམས། །སྙིང་གི་ཡོལ་གོར་གཏམ་འོས་ཁོ་ན་ལས། །སྤེལ་བར་ཕངས་ཀྱང་དྲན་པའི་ཟུངས་སུ་བྲིས། །དེ་ལ་འདིར་དྲག་པོ་མངོན་སྤྱོད་ཀྱི་ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ལིང་འཁོར་བྲི་བའི་ཚུལ་བཤད་པ་ནི། མན་ངག་སྙིང་གཟེར་གྱི་གཞུང་མེའི་སྤུ་གྲི་ལས། དམིགས་རྟེན་འབེན་ལ་བཅའ་བ་དང༔ བླ་བདུད་གཟུགས་ལ་དབབ་པ་དང༔ ཁ་འཛིན་རྒྱབ་རྟེན་ཕྲལ་བ་དང༔ ཞེས་པའི་ས་བཅད་གསུམ་པོ་ཁོལ་དུ་ཕྱུང་སྟེ་འགོད་པ་ལ། དང་པོ་ནི། དྲག་པོ་སྔགས་ཀྱི་འཁྲུལ་འཁོར་ལས། དམིགས་རྟེན་འབེན་ལ་བཅའ་བ་ནི༔ དགྲ་བགེགས་ལིངྒ་བྲི་བ་ཡིན༔ ཞེས་གསུངས་པ་ལྟར་ཐོག་མར་སྣག་ཚྭ་མཉེ་བ་ནི། དུག་སྣ་ཁྲག་སྣ་དང་། དགྲ་ལ་ཡིན་ན། ཕོ་གཤེད་མོ་ལ་རྦད་པ་ཞེས་བྱ་སྟེ་མོ་གྲིར་ཤི་བའི་ཁྲག་དང་། མོ་ལ། ཕོ་གཤེད་མོ་ལ་རྦད་པ་ཞེས་བྱ་བ་ཕོ་གྲིར་ཤི་བའི་ཁྲག་དང་། སྲོག་གཤེད་སྲོག་ལ་དབབ་པ་ཞེས་བྱ་བ། དཔེར་ན་དགྲ་བྱ་ལོ་པར་བྱ་སྤྲེལ་གང་རུང་གི་ཁྲག་གི་མཚོན་བླ་ཚེ་གང་ཡིན་དེའི་སྙིང་ཁྲག་དང་གཞན་ཡང་རང་གཞུང་ནས་བཤད་པའི་རྫས་རྣམས་ལ་ཀླུ་གཉན་སྡེ་བརྒྱད་དྲག་པོ་གནས་པའི་ཆུས་སྦངས་པའི་ཁུ་བ་སྣག་ཚར་བསྲེས། གྲི་ལྕགས་སམ་ཐོད་ངན་གང་རུང་གི་ཐོད་པར་བླུག་ལ་ལག་གཡོན་དུ་བཟུང་། གཡས་པས་དུག་ཤིང་གི་སྐྱ་བ་ཐོགས་ལ། དགྲ་བགེགས་རྣམས་དགུག་གཞུག་དྲག་ཏུ་བྱ། དེ་ནས་དགྲ་བོ་རྣམས་མགོ་ནས་བརྩམ་གཟུགས་ཕུང་ལྷག་མ་མ་ལུས་པར་ཕྱེ་མར་བརླག་པར་བསམ་ལ་རང་གི་དྲི་མ་ཁ་རླངས་རྡུལ་སོགས་མ་སོང་བར་ལེགས་པར་མཉེའོ། །དེ་ལྟར་སྣག་ཚ་མཉེ་བའི་ལས་ཉིན་གུང་ལ་བྱའོ། །གཞུང་ལས། དུས་ཚོད་ཉི་རྒས་ཁ་ནི་བྱ་འགྱུ་བྲི༔ ཞེས་པའི་དུས་དེར་བྲི་བ་ལ། གཞི་རོ་རས་ལ་བྲིས་པས་བདག་པོའི་ཡིད་འཇུག་པའི་དགོས་པ། དུག་ཤོག་གིས་ནད་བསྐྱེད་པའི་དགོས་པ་ཡོད་པས་དྲ་ལྟེབ་ལེགས་པར་བྱས་ལ། བྲི་གཞི་དེར་རྣམ་ཤེས་ལྔ་ཆགས་པའི་རྟེན་དུ། ལུང་ཐང་། ཁྲ་ཁྲོག་བཤང་ཙེ། བ་ཚྭ། བི་ཥ་རྣམས་དང་། ཤ་ཁྲག་རུས་གསུམ་ཆགས་པའི་རྟེན་དུ། ཤ་ཆེན། གྲི་རུས། མངལ་ཁྲག་རྣམས་བྱུག་གོ །དེ་ནས་འཁོར་ལོ་བྲི་བ་ལ། ཡང་གཅེས་ཟངས་གཟེར་སྨུག་པོ་ལས། དེ་ལ་ཟློག་པའི་རྐྱེན་བཞི་དང༔ མི་འདུས་གནད་བཞི་ཤར་རྐྱེན་བཞི༔ རྟེན་ལ་མི་ཁུག་གནད་བཞི་རྣམས༔ སྤང་ནས་ཚད་ལྡན་བྲི་བར་བྱ༔ ཞེས་གསུངས་པའི་དང་པོ། དེ་ཉིད་ལས། མགོ་བོ་ཆེ་ལ་ཤ་རྒྱས་པ༔ ཡན་ལག་རགས་དང་མཚན་མ་སྦོམ༔ གཉིས་པ་ནི། མིག་ནི་འབྲུ་ཚུགས་རྣ་བ་ཀྲོང༔ སྣ་ལེབ་འབུར་དང་ཁ་ཟུམ་པ༔ གསུམ་པ་ནི། མགྲིན་པ་རིང་ལ་ཉིང་ལག་ཐུང༔ རྐེད་པ་ཕྲ་ལ་ལྷུ་ཚིགས་རྒྱས༔ བཞི་པ་ནི། མཚན་ཉིད་མ་ཚང་སྔགས་མ་དག༔ རྫས་མ་འཛོམ་དང་དུས་མི་ངེས༔ ཞེས་པའི་སྐྱོན་རྣམས་སྤངས་ཏེ། སྔགས་པ་ལ་གཤེད་འབེབ་ཀྱིས་གཟིར་ནས་བྲི་བ་སྟེ། གཤེད་སྔགས་རྣམས་ཐོག་མར་བྲི་བ་དང་། བོན་པོ་ལ་བདུད་འབེབ་ཀྱིས་བྲི་སྟེ་ཁ་ནས་བྲི། མི་སྐྱ་ལ་སྲིད་པ་ཆགས་ཚུལ་གྱིས་བྲི་སྟེ་ལྟེ་བ་ནས་བྲི། བགེགས་ལ་གཤེད་འབེབ་བམ་གཟིར་ནས་བྲི་བ་སྟེ། སྤྱི་བོའི་གཟིར་བྱེད་གཟུངས་བྲི་ཞིང། གཟུགས་ཀྱི་རྣམ་འགྱུར་ཡང་གཞུང་ལས། གང་བསད་པ་ཡི་ལིང་ག་ནི༔ མེད་དུ་མི་རུང་རོ་རས་ལ༔ ལིངྒ་ཆེ་ཆུང་ཚད་དང་སྦྱར༔ བོན་པོ་ཅོ་འཛིངས་བན་དེ་གསང་གནས་འཛིན༔ མི་སྐྱ་རྒྱབ་ལག་བུད་མེད་བྲང་བརྡུང་བ༔ དེ་ལྟར་བྲིས་ལ་སྔགས་དང་དམོད་པས་བསྐོར༔ ཞེས་པ་ལྟར་བྲིའོ། །དེ་ནས་རང་གཤེད་གནད་ཀྱི་ཡི་གེ་ལུས་ལ་བཀོད་པ་ནི། གཞུང་ལས། རང་གཤེད་ཕབ་པའི་རྒྱུ་མཚན་ནི༔ མི་དང་ལྷ་འདྲེ་འདྲ་བ་རུ༔ སྲོག་གཅོད་མཚོན་ཆ་རང་ཆས་གནས༔ རང་ལ་གནས་པས་རང་གཤེད་ཡིན༔ ཙིཏྟ་རིན་ཆེན་གུར་ཁང་ན༔ སྲོག་ཅེས་བྱ་བའི་ངོ་བོ་ནི༔ རྒྱུ་ནི་དྭངས་མ་ལྔ་ལས་གྲུབ༔ དབྱིབས་ནི་ཡི་གེའི་རྣམ་པར་གནས༔ རྣམ་ཤེས་ཡི་གེ་འབྲུ་གཅིག་པའོ༔ ཞེས་གསུངས་པ་ལྟར། ཡེ་ཤེས་དང་ལས་ཉོན་སོགས་སྐྱེད་པར་བྱེད་པའི་རྒྱུ་རང་ལ་ཡེ་ནས་གནས་པ་དེ་ཉིད་གཤེད་དུ་དབབ་པས་ན་རང་གཤེད་ཅེས་བྱ། སྙིང་གའི་དབུས་དྭངས་མ་ལྔའི་གུར་ཁང་དུ་མི་ཤིགས་པའི་ཐིག་ལེའི་དབུས་སུ། དྭངས་མའི་འོད་ལྔ་ལས་གྲུབ་པའི་གནས་སྲོག་དགྲ་འདྲེའི་དབང་གིས་ནྲྀ་དང་ཏྲི། དེའི་འོག་ཏུ་མི་འགྱུར་བའི་སྲོག་དང་། དེ་གཉིས་གཡས་གཡོན་དུ་འཁོར་འདས་བརྟན་དང་གཡོ་བར་བྱེད་པའི་ཛཿཁ་སྤྲོད། ཕུང་ཁམས་བརླག་པར་བྱེད་པའི་ས་བོན་སྟེང་གི་རྩ་གསུམ་འདུས་མཚམས་སུ་གཟིར་བྱེད་འབྲུ་གཉིས་ཏྲིག་ནན། འོག་ཏུ་རྩ་གསུམ་གྱི་མཚམས་སུ་གཅོད་བྱེད་འབྲུ་གསུམ་སྟེ་བྲེང་ཤག་རྦད། དེའི་རྒྱབ་རླུང་གི་གུར་ཁང་སྔོ་སྐྱ་མཐེ་བོང་ཙམ་གྱི་ནང་གི་རྩ་གསུམ་ལ་མ་རིག་པ་ང་བདག་གཟུང་འཛིན་གྱི་ས་བོན་གཡོ་བའི་དུག་གསུམ་སྟེང་ནས་གཡས་གཡོན་གསུམ་དུ་འཕྲོག་བྱེད་ཧུར་ཐུམ་ཛཿ དེའི་ཕྱི་ཁྲག་གི་དྭངས་མ་བྱེའུ་མན་རྩེའི་མགོ་བོ་ཙམ་པའི་ནང་རྩ་ཆེན་བཞིར་གྱེས་པ་ལ་བདུད་བཞིའི་ས་བོན་འདོད་ཆགས་ཞེ་སྡང་གཏི་མུག་ཕྲག་དོག་གིས་གསོད་པར་བྱེད་པའི་མཚོན་འབྲུ་བཞི་མཱ་ར་ཡ་རྦདཿ མཚམས་བཞིར་གྱེས་པའི་རྩ་བཞི་ལ་གཟུགས་ཚོར་འདུ་ཤེས་འདུ་བྱེད་ཀྱི་རྟེན་ལས་ཉོན་འཐིབ་པར་བྱེད་པའི་དུག་ནད་མྱོས་བྱེད་འབྲུ་བཞི་སྟེ་རོ་མྱགས་མུག་ཐུམ། དེའི་རྒྱབ་ཙིཏྟའི་གུར་ནང་དུ་རྩ་ཆེན་བརྒྱད་ཀྱི་རྩེ་མོ་ལ་མིག་རྣ་བ་སྣ་ལྕེ་ལུས་ཡིད་ཀུན་གཞི་སྟེ་ཉོན་མོངས་རྣམ་ཤེས་བརྒྱད་ཀྱི་རྟེན་ཚོགས་བརྒྱད་འཇོམས་པའི་ཐོ་བ་ཡི་གེ་འབྲུ་བརྒྱད། ཨ་ཀ་ཊ་པ་ཤ་ཡ་ཏ་ཙ། དེའི་ཕྱིར་ཡིད་ཀྱི་སྒྲ་གཅན་འཕྲོག་བྱེད། ཙིཏྟ་ཛཿཨཱ་བྷེ་ཤ་ཡ་དགྲ་བོ་ཆེ་གེ་མོའི་སྲོག་རྩ་དམར་པོ་ཧུར་ཐུཾ་མཱ་ར་ཡ་ཛ་ནྲྀ་ཤག་ནྲྀ་རྦད་ནྲྀ་གཏུབས་ནྲྀ་མཱ་ར་ཡ་རྦདཿ ཅེས་དགྲ་བོ་ཕོ་མོ་གང་ཡིན་ཡང་སྔགས་མགོ་ཕྱིར་བསྟན་ཁོ་ནར་བྲི། དེ་དག་གི་མཐར་དགྲ་ཕོ་ཡིན་ན་སྔགས་མགོ་ཕྱི་དང་མོ་ཡིན་ན་མགོ་ནང་བསྟན་དུ་མིང་རུས་དམོད་པ་སྦྱར་བ་གང་ཤེས་བྲིའོ། །མགྲིན་པར་ཡིད་ཤེས་འཇོམས་ཤིང་གཏུབ་པར་བྱེད་པའི་ཡི་གེ་འབྲུ་བཞི་མྱགས་ཐུཾ་རིལ་རྦད་དང་ངག་གི་སྒྲ་གཅན་འཕྲོག་བྱེད། ཝཱ་ཀ་ཐུམས་ངག་ལྐུགས་པར་གྱིས། དཔུང་པ་གཉིས་སུ་མྱོས་བྱེད་འབྲུ་བཞི། མྱོག་མུག་རོ་མྱག །ཁ་ནང་དུ། བདུད་པོ་ང་ལོང་བདུད་པོས་ངའི་སྲོག་ཆོད་དུང་དུང་ཐུམས་ཞེས་བྲི། བྱིང་ཞིང་འཐིབས་པའི་སྤྲིན་བཞི་ཏེ། སྣ་ལ་རྡིབ། རྣ་བ་གཉིས་ལ་འོན། མིག་ལ་ལོང་། ལྕེ་ལ་ཛྭ་ལ་པ་ཡ། དབང་པོ་ལྔ་ལ་ཏ་ཐ་ཡ། དཔྲལ་བར་རུས་ངོ་ཤེས་ན་དང་མ་ཤེས་ན་ཀུང་ཀེག་འུ་ཇི་ཤང་། ཞེས་རུས་ཆེན་ལྔ་དང་། རུས་ཁུག་ཛཿཛཿ ཞེས་དང་། གྲོང་སྡེ་མང་པོར་ཤ་ཏྲུཾ་ཆེ་གེ་མོ་ཞེས་མིང་བྲི། ཡང་ན། ཨེ་ལ་དྷོ་དགྲ་བོ་ཆེ་གེ་མཱ་ར་ཡ་རྦད། ཅེས་བསྐོར་ལ་བྲི། སྤྱི་བོར་བག་ཆགས་ཀྱི་ལས་ངན་གནོད་པར་བྱེད་པའི་ཡི་གེ་འབྲུ་བཞི་མྱགས་མུག་རྦད་ཛཿ ཞེས་དང་ལུས་ཀྱི་སྒྲ་གཅན་འཕྲོག་བྱེད། ཀཱ་ཡ་ཧུར་དྷ་ས་ཡ་ར་རྡི་ད་ཡན་སཏྭམ་བྷ་ཡ་ཧྲི་ད་ཡན་བྲེང་ཤག་རྦད་ཏྲིག་ནན་ཧུར། འཁོར་འདས་ཀྱི་ས་བོན་གཙུག་ཏུ་ཨེ། གསང་བར་ཏྲི། ལྟག་པར་ལུས་ངག་ཡིད་གསུམ་འཆིང་བྱེད་སྒྲོག་གཟེར་འབྲུ་གསུམ་ཤད་ཏྲུཾ་ནན། རང་གཤེད་བསྐུལ་བའི་སྒྲ་བཞི་ཏེ། དཔྲལ་བར་རུས། ཁ་ལ་མིང་། ལྟག་པར་ཛཿ སྨིན་པར་ནན། རང་བདུད་གཡོ་བར་བྱེད་པའི་ས་བོན་སྤྱི་བོར་ཏཾ་ལཾ། མགྲིན་པར་བཾ། སྙིང་ཁར་རཾ། ལྟེ་བར་ཡཾ། དམོད་པ་དྲག་པོའི་ཐིག་བཞི་ཏེ། རྐང་ལག་གི་ཉྭ་བཞིར་ཆོག་རེ་རེ། ལྟེ་བར་ལུས་སྐྱེད་གནས་ཤིག་ནྲྀ་ལ་མཱ་ར་ཡ་རྦད་ཀྱིས་བསྐོར། དེའི་མཐར་ཁོའི་ཡུལ་དང་། གྲོང་ངམ། ཕ་མ་སོགས་འདི་ཞེས་བསྐོར་ལ་བྲི། གཟུགས་ཕུང་བཤིག་བྱེད་འབྲུ་གཉིས་ཧ་ལ། ཚིགས་བཞིར་འདུ་བྱེད་མནན་པའི་གྱད། རྨུག་བྱེད་ཡི་གེ་འབྲུ་བཞི་ཁམས་ཤག་སྦུར་ཡ། ཞེས་དང་ཡན་ལག་གཅོད་བྱེད་གདབ་པའི་གཟེར་བཞི། ཛཿཧཱུྃ་བཾ་ཧོཿ མཚན་མར་སྲེག་པར་བྱེད་པའི་ཡི་གེ་ཚ། འདོམས་སུ། བྷི་ད་ཡ་ཏྲིག་ནན་བྲེང་ཤག་རྦད་ཕཊཿ འཕང་དུ་ལྡང་བའི་རླུང་དམར་གྱིས་གཡེང་བར་བྱེད་པ་འབྲུ་གསུམ། ནཱ་ཤ་ཡ། གནས་ནས་སྤར་བར་བྱེད་པ་རྐང་ཞབས་སུ་རླུང་གི་ད་ལའི་ནང་དུ། དུ་ཡཾ་ཕཊ་ཛཿ མི་འགྱུར་བའི་སྒྲོག་བཞི་དཔུང་པར་ཆིངས་བརླ་ལ་སྒྲོགས། ཡན་ལག་མཐིལ་བཞིར་སྡོམ་བྱེད་གཟིར་སྔགས་འབྲུ་བཅུ་གསུམ། ཨང་ཀུ་ཤ་ཛཿ པཱ་ཤ་ཧཱུྃ། སྥོ་ཊ་བཾ༔ གྷན་དྷེ་ཧོཿ ཡན་ལག་བཞི་ལ། ཤི་ཏྲི་བྱི་ཏྲི་ཨཱ་ན་ཡ། ཞེས་དང་། ལག་ངར་གཉིས་ལ། རེངས་རེངས་ཡན་ལག་རྩ་རྒྱུས་རེངས་བཛྲ་པཱ་ཤ་ཧཱུྃ། ཚར་རེ་རེ་བྲི། རྐང་ངར་གཉིས་ལ་གུམ་གུམ་འགྲོ་བར་བྱེད་པའི་རྐང་པ་གུམ་བཛྲ་སྥོ་ཊ་བཾ་དང་ཞྭ་རེ་རེ་བྲི། ལིངྒའི་གཟེར་བཞི་ནི། ལག་ངར་གཡས་ལ་ཡ་མ་སྙིང་། གཡོན་ལ་ཡ་མ་ཁྲག །རྐང་ངར་གཡས་ལ། ཡ་མ་རུ། གཡོན་ལ། ཡ་མ་ཙ། ཞེས་པ་རེ་རེའི་མཇུག་ཏུ་དགྲ་བོ་ཆེ་གེ་ཚལ་པ་བཾ་རིལ་དུམ་བུ་མཱ་ར་ཡ་ཕཊ་ཚར་རེ་བཏག་གོ །གཟེར་བཞི་གཤིན་རྗེའི་ལིང་གར་མ་གཏོགས་མི་དགོས་སོ། །གཉིས་པ་ནི་ཟངས་གཟེར་སྨུག་པོ་ལས། བླ་བདུད་གཟུགས་ལ་དབབ་པ་ནི༔ བྱད་མའི་བླ་དྭགས་བྲི་བ་ཡིན༔ དེ་ལ་བླ་ཁྱིམ་བླ་སྲོག་དང༔ བླ་དྭགས་བླ་ལེན་བླ་གཤེད་སྔགས༔ བླ་བདུད་ཡུལ་ཤེས་བླ་རྡོ་བསགས༔ བླ་ཤིང་བླ་གནས་བླ་དུས་བཅས༔ ཞེས་དོན་ཚན་བཅུ་གཅིག་ཏུ་གསུངས་པའི། དང་པོ། བླ་ཁྱིམ་ནི། དུག་དང་གླ་བའི་ཁྲག་བསྲེས་པས། གཡས་པའི་བརླ་ལ། ཤ་བ། རྐྱང་། རྟ། གཡག །བོང་བུ། གླང་སྟེ་ཆེ་བ་དྲུག ཁྱི། ཕག །རྣ་བ། ལུག །ར། གླ་བ་བཅས་ཆུང་བ་དྲུག་སྟེ་དེའི་གཟུགས་བྲིའོ། །གཉིས་པ་བླ་སྲོག་ནི། གོང་གི་བླ་གཟུགས་ཀྱི་ལྟེ་བར་ཙ་ཀྑ་རྡ་ཕུ་ཏྲི་གྷ། ཧུ་ཀ་ལ་སེ་ཛ་བྷ། ཞེས་བྲི། གསུམ་པ་བླ་དྭགས་ནི། གོང་གི་སྔགས་མཐར་བླ་གང་ཡིན་དེ་ཉིད་ཁུག་ཛཿཛཿ བཞི་པ་བླ་ལེན་ནི། གཡོན་པའི་བརླ་ལ་གོང་གི་ཤ་རྐྱང་ལ་འཕར་བ། རྟ་གཡག་ལ་སྤྱང་ཀི་དང་། བོང་བུ་གླང་ལ་དོམ། ཁྱི་ཕག་ལ་དྲེད། རྣ་བ་ལུག་ལ་གླག་མོ། ར་དང་གླ་བ་ལ་ཁྲ་རྣམས་ཀྱི་གཟུགས་བྲིའོ། །ལྔ་པ་ལོ་གང་ཡིན་གྱི་གཤེད་སྔགས་ནི། གོང་གི་གཟུགས་ཀྱི་ལྟོ་བར། བྱི་བ་ནས་ཕག་གི་བར་དུ་རིམ་བཞིན། བྷི་ཙ་ཡ་དུ་བྷེ་ཏྲི་ཕཊ༔ ཨཱ་རན་སྨི་གྷྲི་རྟ་རྦད༔ ཨ་བྷི་ཏ་ར་མེ་དྷྲི་རྦད༔ ཤ་ས་ཀ་ར་ཧ་ར་རྦད༔ ས་ཏ་བྷ་ཏི་ལི་དུ་རྦད༔ ས་ལ་ཏྲ་བྷེ་མ་ཏྲི་རྦད༔ ཤ་ར་བྷ་ཏྲེ་མ་ཏ་རྦད༔ པར་ཤ་བྷུ་ཏི་ས་ཕག་རྦད༔ བྷི་ཏ་ཡེ་མྱུར་བྷ་ཡ་རྦད༔ སྲིན་དུར་ཏི་གྷ་ཏྲ་རྦད༔ ཤུ་ན་ས་སུ་ར་ཏྲ་རྦད༔ ཟོ་བོ་མུ་ཤ་བྷུ་ཏ་རྦད༔ སྔགས་མཐར་བླ་འདི་ཞེས་བྱ་བ་མཱ་ར་ཡ་རྦད༔ ཅེས་བྲི། དྲུག་པ་བླ་བདུད་གཤེད་ལ་དབབ་པ་ནི། སྤྱི་བོར་ལྷའི་བུའི་བདུད་སྔོ་ནག་བུང་བ་མེ་ཏོག་འཇིབ་པ་འདྲ་བ། མགྲིན་པར་ཉོན་མོངས་པའི་བདུད་སྡིག་པ་དམར་པོ་བྲག་ལ་འཛེག་པ་འདྲ་བ། ལྟེ་བ་ན་ཕུང་པོའི་བདུད་སྡོམ་དུད་ཁ་བགྲད་པ་འདྲ་བ། སྙིང་གར་འཆི་བདག་གི་བདུད་མཐིང་ནག་གྱད་སྟོབས་ཆེ་འདྲ་བ། དེ་རྣམས་ཀྱི་ས་བོན་སྤྱི་བོ་ནས་རིམ་བཞིན་སོ་སོའི་བར། ལམ་བམ་རཾ་ཡམ། ཞེས་པ་བྲི། བདུན་པ་ཡུལ་ཤེས་ནི། དཔུང་པ་གཡས་པར་ཕོ་མིང་ལ་ཕོ་བདུད་ཕོབ་ཅེས་དང་། གཡོན་པར་མོ་མིང་ལ་མོ་བདུད་ཕོབ་ཅེས་པ་བྲི། ལག་གཉིས་གཡས་པར། ཡུལ་མིང་དང་མྱོགས། གཡོན་པར་ཤེས་པའི་འདུ་བྱེད་ཐུམ། ཞེས་བྲི། བརྒྱད་པ་བླ་རྡོ་གསག་པ་ནི། བནྡྷེ། བོན་པོ། སྡེ་དཔོན། ཡུལ་མི། སྔགས་པ། བཀའ་ལོག བུད་མེད། བུ་ཚ་རྣམས་ལ་རིམ་བཞིན། ཤེལ། གཡུ་རྡོ། བྲག་ནག་རྡོ། དུར་རྡོ། རྡོ་ནག །གཡམ་སྔོན། ལྷང་མ་ལྷང་འཚེར། ཕ་བང་ལོང་བུ་རྣམས་ལ་གྲི་ཁྲག་དང་བཙན་དུག་གིས་ཏྲི་རེ་བྲིས་པ་བླ་དྭགས་སྟེང་དུ་འཇོག དགུ་པ་བླ་ཤིང་ནི། གོང་གི་གོ་རིམ་བཞིན། ཤུག་པ། སྟག་པ། བོམ། སྦྱར་པ། ཚེར་མ། ཁམ་བུ། གླང་མ། བ་ལུ་རྣམས་ལ་ནྲྀ་རེ་བྲིས་ལ་བླ་དྭགས་སྟེང་དུ་འཇོག བཅུ་པ་བླ་གནས་བཤད་པ་ལ། ཕོའི་བླ་གནས་ནི། གཅིག་ནས་བཅུ་གཉིས་བར་དང་། བཅུ་གསུམ་ནས་འགྲེ་ཤེས་པས་འདི་ལྟར་རོ། །གཅིག་པ་ལ་སྙིང་། གཉིས་པ་ལ་ལྐོག་མ། གསུམ་པ་ལ་མགོ །བཞི་པ་པུས་མོ། །ལྔ་པ་མཆན་ཁུང། དྲུག་པ་རྐང་པ། བདུན་པ་བྲང་ལ། བརྒྱད་པ་ལྟག་པ། དགུ་པ་རོ་སྟོད། བཅུ་པ་རྒྱུ་ཞབས། བཅུ་གཅིག་སྐེད་པ། བཅུ་གཉིས་སྐྲ་མཚམས་སོ། ཚེས་ཀྱི་བླ་གནས་ནི། རྐང་པའི་བོལ། ལོང་། བརླ་གཉིས། རྐེད་པ། ལྐོག་མ། ལག་མཐིལ། རྐང་མཐིལ། ལག་པ། མཚན་མ། སྒྱིད་པ། འཕོངས། སྣ། རྣ་བ། ཕོ་བ། སྙིང་། ལུས་སྤྱི། བྲང་། ཨོལ་གོང་། རྐེ། ལག་པའི་བོལ། པུས་མོ། ཐེ་བོང་། མཆན་འོག །སོག་པ། རྩིབ་ཆུང་། ནུ་མ། རྗེ་ངར། མིག །རྒྱུ་མ། ལྟེ་བ་རྣམས་སོ། །དུས་ཚོད་བླ་གནས་ནི། ནམ་ལངས་ཁ། ཉི་ཤར་མཇིང་པ། ཉི་དྲོས་མཆུ། ཉིན་ཕྱེད་བྲང་། ཕྱེད་ཡོལ་ལྟོ་བ། དགོང་མོ་སྙིང་ཁ། ཉི་ནུབ་རྒྱབ། སྲོད་ལ་རྐེད་པ། སྲོད་ཡོལ་ལག་པ། ནམ་གུང་མགོ །ཐོ་རངས་ལུས་བྱིང་ལ་གནས་སོ། །བཅུ་གཅིག་པ་བླ་དུས་ནི། ཤ་བ་སྲོད་ལ་བསད་ལས་བྱ། རྣ་བ་སྲོད་འཇིང་། བྱ་ཉི་ཤར། ཕག་ཐོ་རངས། ལུག་ཉི་དྲོས། ར་ཕྱེད་ཡོལ། རྟ་ཉིན་ཕྱེད། ཁྱི་ཉིན་གུང་། གླང་ཉི་ནུབ་རྣམས་སོ། །འདི་དག་མན་ངག་སྙིང་གཟེར་གྱི་དགོངས་པ་ཐུན་མོང་མ་ཡིན་པའོ། །སྤྱིར་བཏང་བླ་དྭགས་བྲི་ལུགས། ཡི་གེ་ཚ་ལ། ཏྲོཾ།་་་་བྱི་བ། ཏྲིང་།་་་་གླང་། ཤཾ་་་་།སྟག །ཏྲི།་་་་ཡོས། ཛཿ་་་་འབྲུག །ཁཾ།་་་་སྦྲུལ། ཤ་་་།རྟ། གྷ།་་་་ལུག ཛཿ་་་་སྤྲེལ། ཏྲཾ།་་་་བྱ། ཐུཾ།་་་ཁྱི། ཛཿ་་་ཕག །ཞེས་དགྲ་སྔགས་མགོ་ཕོ་ཕྱི་བསྟན་དང་། མོ་ནང་བསྟན་དུ་བྲི། གཞན་ཡང་། གྷརྦྷ་ནྲྀ་ཛཿ ཞེས་དང་། དགྲ་བོའི་བླ་དྭགས་བརྒྱད་བླ་ཆེན་དྲུག སྤྲུལ་པ་དྲུག་དང་བཅས་པ་ཁུག་ཛཿཛཿ ཞེས་དང། གཞན་ཡང་། དགྲ་བོའི་བླ་མི་རུ་བརྫུ་བ་ཁུག་ཛཿཛཿ དེ་བཞིན་དུ། ཤ་བར། རྒོ་བར། ལུག་ཏུ། ར་རུ། བྱ་རུ། བོང་བུར་ཞེས་སྦྱར་བ་བྲི་ཞིང་བགེགས་ལ་བྱེད་ན་ཞལ་ལས་ཤེས། ལིངྒ་ཆུང་ངུ་ལ་བསྡོམས་ཏེ་བྲིའོ། །གསུམ་པ་ནི་གོང་མ་ལས། ཁ་འཛིན་རྒྱབ་རྟེན་ཕྲལ་བ་ནི༔ དགྲ་བགེགས་ལྷ་དང་ཕྲལ་བ་ཡིན༔ དེ་ལ་ལིང་ཁྲུས་ལྷ་དབྱེ་དང༔ ལྷ་ལྔ་གཤེད་དུ་དབབ་པ་འོ༔ ཞེས་གསུངས་པ་ལྟར་གསུམ་ལས། དང་པོ་ལིང་ཁྲུས་ནི། གོང་གི་ལིངྒ་ལེགས་པར་གྲུབ་རྗེས། བསེ་ཤིང་ངམ་སྐྱེར་པ་གང་རུང་གི་ཐེམ་དེ་བཅུག །མེས་བསངས། རླུང་གིས་གཡབ། མདུན་དུ་ལྕགས་སྣོད་དུ་བཞག །གཡས་སུ་ཆུ་གཙང་འོ་མས་བྲན་པ་བཞག་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ སྟོང་པའི་ངང་ལས་ཆུ་དེ་ཉིད༔ གནས་གྱུར་པད་ཟླའི་གདན་སྟེང་དུ༔ བམ་ལས་ཆུ་ཡི་ལྷ་མོ་དཀར༔ ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན༔ གཡོན་པ་པདྨའི་སྡོང་བུ་འཛིན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ རང་གི་ཐུགས་ཀའི་ས་བོན་ལས༔ འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གྱུར༔ བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་གཉིས་མེད་དུ་བསྟིམ། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པར་འོས་པ་ཐམས་ཅད་ལ་སོགས་ཀྱིས་བསྟོད། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་དབང་ལྷ་འཁོར་བཅས་བཛྲ་ས་མཱ་ཛཿ པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་དབང་བསྐུར་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་དབང་བསྐུར། སྐུ་གང་དྲི་མ་དག་ཆུའི་ལྷག་མ་སྤྱི་བོར་འཁྱིལ་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་བསམ། ལྷ་མོའི་ཕྱག་གཡས་མཐིལ་གྱི་ཛ་ཡིག་ལས༔ བྱུང་བའི་དྲི་ཆབ་བདུད་རྩིའི་ཆུ་རྒྱུན་གྱིས༔ འཁོར་ལོར་རང་གི་དྲི་རླངས་ཕོག་པ་རྣམས༔ བཀྲུས་ཏེ་གཙང་ཞིང་དག་པ་ཉིད་དུ་གྱུར༔ ཅེས་དམིགས་པ་ནན་དུ་སྒོམ་ཞིང་གོང་གི་ཆབ་ནས་ཅུང་ཟད་ཀྱང་གཏོར། སྐབས་འདིར་སྔགས་དང་དམོད་པ་རྣམས་ལ་གྲི་ཁྲག་དང་ཐང་ཁྲོམ་བྱུགས། གཉིས་པ་ལྷ་དང་དབྱེ་བ་ནི། བདེན་བརྡར་དགུག་གཞུག་བྱས་ལ་བསྟིམ། གུ་གུལ་དང་རྟ་བོན་གྱི་དུད་པས་བདུག་ཅིང་། ལྷ་སྔགས་མཐར་དགྲ་བོ་སྙིང་ཤ་མཱ་ར་ཡ་ཕཊ༔ དགྲ་བོའི་ལྷ་ཤ་མཱ་ར་ཡ་ཕཊ༔ དགྲ་བོའི་ཕོ་ཤ་མཱ༴ དགྲ་བོའི་མོ་ཤ་མཱ༴ དགྲ་བོའི་ཞང་ཤ་མཱ༴ དགྲ་བོའི་ཡུལ་ཤ་མཱ༴ དགྲ་བོའི་སྲོག་ཤ་མཱ༴ དགྲ་བོའི་ལེ་ཤ་མཱ་ར་ཡ་ཕཊ༔ ཅེས་བརྗོད་ཅིང་དགྲ་བོའི་ལྷ་སྲུང་བྱ་སྤུ་རླུང་གིས་ཁྱེར་བ་བཞིན་བསྐྲད་པར་བསམ། སླར་ཡང་གཙང་ཆབ་དྲི་བཟང་གིས་སྦགས་པ་བཤམས་ལ་གོང་བཞིན་ལྷ་མོ་བསྐྱེད་བསྟིམ་དབང་བསྐུར་བར་སོང་རྗེས། ལྷ་མོ་དེས་ཕ་རོལ་གྱི་ཚེ་སྲོག་བསོད་ནམས་ཁ་རྗེ་དབང་ཐང་ཐམས་ཅད་འུབ་ཀྱིས་བསྡུས་ནས་ཆུ་ལ་བསྟིམ་པར་བསམ་ལ། རང་གི་དྲི་རླངས་མ་ཕོག་པར་ལིང་ག་ཆུར་གཡབ། ལྷ་མོ་ཡང་འོད་དུ་ཞུ་བ་ཆུ་ལ་ཐིམ་པར་བསམ་ལ། དེ་ཉིད་རང་གིས་འཐུངས་པས་ཚེ་བསོད་དཔལ་འབྱོར་རྒྱས་ཤིང་ནུས་མཐུ་ཐོགས་པ་མེད་པར་གྱུར། གནས་ལ་གཏོར་བས་བྱིན་དང་ལྡན་པར་བསམ་མོ། །གསུམ་པ་ལྷ་ལྔ་གཤེད་དུ་དབབ་པ་ནི། སླར་ཡང་བདེན་བརྡར་བརྗོད་ལ། ཕྱིར་བཏོན་རང་ཐག་གི་མིག་ཏུ་ལན་གསུམ་འདྲེན། བྲོས་པ་ཁྲིམས་ལ་བཅར་བར་བསམ། ཡུ་བ་ལན་གསུམ་བསྐོར་ཞིང་སླ་ངར་ཡང་འཇུག །རང་ཡུས་གནོན་ཅིང་སྐམ་པས་བརྡུང་བ་དང་ལྷན་ཅིག་ཏུ། རྩ་སྔགས་མཐར། དགྲ་བོའི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ། ཤ་མ་རུ་ཏི་ཐུལ་ཐུལ། མྱོག་མྱོག་ཡེད་ཡེད། ཤ་མ་རུ་ཏི་ཁུག་ཁུག་ལིང་མྱོག་ལིང་ཤག་ལིང་ཐུམ། ཙ་མུན་ཏྲི་བྷྱོ་ཛཿ ཞེས་བརྗོད་ཅིང་བླ་སྲོག་བསྟིམ། མུ་ཟི་ནག་པོ། བོང་ང་ནག་པོ། ཁྱི་ཕག་མཛེ་ཕོ་ཡུགས་ནལ་མའི་ཁྲག །དམེ་ཕོ་དང་ཁྱི་བྲུན། མགར་བའི་ལྷམ་ཀྲད། བྱེར་མའི་ལྷམ་ཚངས་རྣམས་ཀྱི་དུད་པས་བདུག་ཅིང་། བྱ་རོག་གི་དང་རུ་གཡས་པར་ཡུགས་སའི་མངལ་ཁྲག་གིས་ནྲྀ་དང་ཨ་ནྲྀ་རཀྴ་མུ་ཙུ་རུ་ལུ་བྷྱོ་དགྲ་བོ་མགོན་སྐྱབས་ལྷ་དང་ས་མ་ཡ་པྲ་ཤག་ཕྱེ་ཕྱེ་ཞེས་བྲིས་ལ་ཚ་བ་གསུམ་བྱུགས། འུག་པའི་དང་རུ་གཡོན་པར་མཛེ་ཁྲག་གིས་ཨ་དང་ཤོག་ཤོག་ཁ་ལ་རཀྴ་ཐུན་བྷྱོ་དགྲ་བོ་ལྷ་ལྔ་དང་ས་མ་ཡ་པྲ་ཤག་ཕྱེ་ཕྱེ་ཞེས་བྲིས་ལ་བསིལ་གསུམ་བྱུག་པ་གཉིས་ཀྱིས་གཡབ་ཅིང་། དགྲ་བོ་ཆེ་གེ་མོ་ནྲྀ་ཏྲག་རཀྴ་མཱ་ར་ཡ། ནྲི་ཏྲག་ཤིན་ཏྲི་མཱ་ར་ཡ། རུ་ཏྲ་ཧབ་ལེ་ཧབ་ལེ། རུ་ཏྲ་ཧོབ་ལེ་ནི། ཨ་ཡ་ཞུང་ཞུང་ཁ་ཏི་ནི། རྡོ་བ་སུ་རུ་སུ་རུ་ནི། དེ་བི་འུར་ཡ་འུར་བ་ནི། ན་སུ་ཡེ་ཏྲི་འུར་པ་ནི། ཀ་སུ་ཡེ་ཏྲི་ཞུ་ཏི་ནི། རྡེ་ཤ་ཁ་ཏི་འུར་པ་ནི། རྡེ་བ་ཙིཏྟ་ཤུར་ཏི་ནི། དགྲ་བོའི་མགོན་སྐྱབས་བྱེད་པའི་ལྷ་སྲུང་ཐམས་ཅད་མཱ་ར་ཡ་ཤག་ཕྱེ། དགྲ་བོའི་སྐྱོབ་བྱེད་ཀྱི་ལྷ་སྲུང་ཁྱེད་རྣམས་དམ་ཉམས་འདིའི་མགོན་སྐྱབས་དང་དཔུང་གཉེན་མ་མཛད་པར་གཤེད་དང་བདུད་དུ་མཛོད་ཅིག་མྱོགས་མུག་རྦད་ཛཿཛཿ ཞེས་བརྗོད་ཅིང་གཤེད་དུ་དབབ། སླར་ཡང་། མཚུར་ནག །སྦྲུལ་ཤ །རྟ་བོན། གླང་འོག་ཅན་གྱི་གཞོབ་རྣམས་ཀྱིས་བདུག་ཅིང་། ཨ་ཨཱ་ཨཾ་ཨཿཔ་ཕ་བ་བྷ་མ་ཀྵ་དགྲ་བོའི་སྲུང་སྐྱོབ་བྱེད་པའི་ལྷ་སྲུང་ཐམས་ཅད་མཱ་ར་ཡ་ཤག་ཕྱེས། ཨི་ཨཱི་ལྀ་ལཱྀ་ཀ་ཁ་ག་གྷ་ང་ལ་ས་དགྲ་བོའི་སོགས་འགྲེའོ། །ཨུ་ཨཱུ་ཙ་ཚ་ཛ་ཛྷ་ཉ་ཝ་ཤ༴ ཨེ་ཨཻ་རྀ་རཱྀ་ཊ་ཋ་ཌ་ཌྷ་ཎ་ར་ཥ༴ ཨོ་ཨཽ་ཏ་ཐ་ད་དྷ་ན་ཡ་ཧ་དགྲ་བོའི་སོགས་བརྗོད་ཅིང་ཐལ་མོ་བརྡབ་བོ། །དབྱེ་བ་རླུང་ལྷའི་ཕྱོགས་ནས་དབྱེ་ཞེས་གསུངས་པས་ལྷ་དབྱེ་སྒྲུབ་ཁང་གི་ནུབ་བྱང་དུ་བྱ་ཞིང་རྫས་དུད་རང་དང་ལྷ་རྟེན་ལ་མ་ཕོག་པ་གལ་ཆེའོ། །གལ་ཏེ་དེས་ཀྱང་མ་དབྱེ་བར་ཞུབ་ཅན་གྱིས་བསྲུང་ན། མུ་ཟི་བདུག །ཤ་བའི་ར་གཞོབ། མི་ཆེན་གྱི་བྲུན། མོ་བཙུན་དམེ་སྐྲ། གཡག་དཀར་བྱེ་མའི་ཁྲག །བྱ་རྒོད་འཆལ་མོའི་དོར་རྟ། ཁྲལ་ནལ་མའི་ལྷམ་ཀྲད། སྤྱང་ཀི་མགར་བའི་ཤ་རྣམས་བསྲེགས། སོ་སོའི་དབྱེ་སྔགས་འདྲེན་ལྷ་དབྱེ་དང་དམོད་བཅོལ་དྲག་ཏུ་བྱའོ། །ཏིང་འཛིན་མི་གསལ་ཞིང་བྱིང་རྨུགས་ཆེ་ན་ཡེ་ཤེས་སེམས་དཔའ་སྟེ་མཆོད་བསྟོད་གཏོར་མ་སྔགས་དང་དམོད་མོ་དྲག་ཏུ་བྱའོ། །ཡང་སྦྱིན་བསྲེག་སོགས་ཀྱི་ལིང་ག་འབུར་དུ་བཟོ་བའི་རྒྱུ་ཚད་ནི། གཤིན་རྗེ་གཤེད་ཀྱི་བཤད་རྒྱུད་ཁྲི་དྲུག་སྟོང་པ་ལས། ལིང་ག་སོར་བཅུ་དབང་པོ་དོད། །སྐྲ་སིལ་གཅེར་བུ་ཁོག་སྟོང་པ། །སྙིང་ཁར་མིང་དང་དཔྲལ་བར་རུས། །བླ་ལ་བླ་དྭགས་ལྟེ་བར་ཁམས། །གྲོ་ག་ལ་བྲིས་སོ་སོར་བཅུག །ཕ་མེས་བུ་ཚ་སྤུན་ཟླའང་བཅུག །ནད་རིམས་གྲི་ཁྲག་སྣ་ཚོགས་དང་། །དུག་སྣ་སོགས་ཀྱིས་ནང་ཕྱིར་བྱུགས། དེ་བཞིན་སྒ་སྒོག་པི་པི་ལིང་། །ཚ་བ་གསུམ་གྱིས་ཕྱི་ནས་བྱུག །རྒྱུ་རྐྱེན་ཉེ་བར་གསོད་པའི་རྐྱེན། །མཁར་གོང་སྲིན་ཅན་བད་མཁྲིས་སློང་། །བོང་བུའི་ས་བོན་ནད་རྣམས་འདུ། །ཤ་དམར་ལུས་ལ་ཚ་བ་བསྐྱེད། །ནད་ཁྲག་དེ་སྐྱེད་དུག་སྣས་གསོད། །ཅེས་གསུངས་པ་ལྟར་རྫས་དེ་རྣམས་དང་རང་གཞུང་ནས་བཤད་པའི་རྫས་རྣམས་བསྲེས་ལ་གོང་བཤད་ཀྱི་ཡི་གེ་རྣམས་གྲོ་ཤོག་ལ་བྲིས་ཏེ་སོ་སོའི་གནས་སུ་འཇུག་པ་ཡིན་ནོ། །གཞན་ཡང་ཤེས་པར་བྱ་བའི་གནད་ནི། རྡོ་རྗེ་གཙུག་ལག་གི་རྒྱུད་ལས། བསྡུ་ཡིག་ལ་སོགས་བསླད་པས་སྤངས། །ཞེས་གསུངས་པ་ལྟར། ཡི་གེ་རྣམས་བསྡུ་ཡིག་དང་། མུ་ཁྱུད། གཟུགས་བྲིས་སོགས་ལ་ཐུག་པ་དང་། ཡི་གེ་ཕན་ཚུན་ཐུག་པ་དང་། འབྱར་ཞིང་འབྲེལ་བ་དང་། ཟུམ་པ་དང་། བྲིས་བསུབས་ཆད་ལྷག་སོགས་མེད་པ་དང་། སྔགས་ཚིག་དང་དམོད་ཤམ་སོགས་ལ་ནོར་འཁྲུལ་དང་བྲི་གཞིའི་རས་ཤོག་ལ་བུག་རྡོལ་དང་དྲི་མ་ཆགས་པ། མུ་ཁྱུད་ཀྱི་སྔགས་དང་དམོད་མོ་སོགས་བསྐོར་ནས་བྲི་དགོས་རྣམས་མགོ་མཇུག་མ་འཕྲོད་པར་ས་སྟོང་ལུས་པ། བྱུག་རྫས་རྣམས་ཀྱང་རང་རང་གི་བྱུག་གནས་དེ་ལས་གཞན་དུ་མ་ཐལ་བ། བགེགས་ལ་གང་དམིགས་དེའི་རི་བྲག་ཆུ་མིག་ཤིང་སོགས་བྱུགས་དགོས། ལྷག་པར་རང་གི་དྲི་རླངས་ཤོར་བ་སོགས་ལོག་རྡུགས་འབྱམས་གསུམ་གྱི་སྐྱོན་རྣམས་སྤང་སྟེ་ཡིད་གཞུང་པར་བྲི་ཞིང་། དགྲའི་མིང་ཡིག་གང་བྱུང་ལ་དང་པོ་ནས་རྒྱ་མཚམས་ཀྱིས་བཏབ་པར། རང་གཤེད་རང་ལ་དབབ་པའི་རྫས། དྲི་མ་དྲུག་སོགས་གང་འཛོམས་ལྕགས་སྣོད་དུ་མེ་ལ་རླངས་ཐོན་ཙམ་བསྲོས་ལ་བྱུག་གོ །གཞན་ཡང་སྙིང་ཁའི་ས་བོན་དང་གཟུགས་རྣམས་ལ་སྲོག་གཤེད་སྲོག་ལ་དབབ་པའི་ཁྲག་གིས་དམར་པོར་བྱུག་ཅིང་། ཟག་རྫས་ཀྱང་བྱུག་གོ །དེ་ལྟར་དྲག་པོ་མངོན་སྤྱོད་ཀྱི་ལས་རྣམས་ལ་ཉེ་བར་མཁོ་བའི་ལིང་གའི་གནད་སོགས་གལ་ཆེ་བ་འགའ་ཞིག་གབ་སྦས་མེད་པར་བཀོད་པ་འདི་ནི། མན་ངག་སྙིང་གཟེར་ནག་པོའི་དགོངས་དོན་གཙོ་བོར་བཟུང། གཞན་ཡང་མངོན་སྤྱོད་ཀྱི་རྒྱུད་གཞུང་དུ་མའི་དགོངས་དོན་བླ་མའི་ཞལ་ལ་གབ་པ་རྣམས་ཉམས་སུ་བླང་བདེའི་ཕྱིར་དཀྱུས་སུ་བཀོད་པ་ཡིན་ནོ། །རྒྱུད་གཞུང་མན་ངག་ཡངས་པའི་མཁའ་ཀློང་ནས། །ཞལ་ཤེས་སྔོན་མེད་སྤྲིན་སྔོན་རོལ་པ་ལས། །དྲག་སྔགས་འབྲུག་སྟོང་ལྡིར་བའི་གནམ་ལྕགས་ཐོག །ལོག་འདྲེན་གཤེད་དུ་འབེབ་བོ་བག་ཡོད་བྱོས། །འགའ་ཞིག་མཁས་དང་ཆེན་པོའི་ཁུར་ཆེན་གྱིས། །ནོན་པས་མཁས་པའི་གསུང་གསང་མི་བརྟེན་པར། །སྦོམ་ལྡིར་གླང་ཆེན་ལྟ་བུར་རབ་འགྱིང་བའི། །སྔགས་རྒན་གཡུ་འབྲུག་སྔོན་མོའི་སྒྲ་ལས་གསང་། ཁོ་བོས་འབད་པ་ཆེན་པོས་མཁས་པ་ཡི། །ཞབས་པད་སྤྱི་བོའི་གཙུག་གི་རྒྱན་དུ་བསྟེན། །ཞལ་ཤེས་གསུང་གསང་བདུད་རྩིའི་ཐིགས་པ་ཐོབ། །དེ་ཕྱིར་གདམས་སྐོར་འདི་ལ་གོམས་འདྲིས་རྙེད། །འདིར་འབད་བསོད་ནམས་ཉིན་བྱེད་ལྟར་འབར་བས། །མ་རུངས་བདུད་སྡེའི་བ་མོ་ཀུན་འཇོམས་ཤིང་། །གསང་ཆེན་ཆོས་ཀྱི་པད་ཚལ་རབ་རྒྱས་ནས། །འགྲོ་ཀུན་ཀུན་བཟང་གོ་འཕང་མྱུར་ཐོབ་ཤོག །དེ་ལྟར་དྲག་པོ་མངོན་སྤྱོད་ཀྱི་ལས་རབ་འབྱམས་ལ་ཉེ་བར་མཁོ་བའི་ཡི་གེ་གལ་འགག་གནད་ཀྱི་གཟེར་བུ་ཞེས་བྱ་བ་འདི་ཡང་། དབུ་རུ་བྱང་ཕྱོགས་སུ་སྐྱེས་པའི་རླངས་རིགས་ཀྱི་སྔགས་བན་ཀརྨ་དྲག་པོས་་་ཁྲི་སྨོན་ཆོས་མཛད་དོན་ལྡན་་་ཤར་མར་བཀོད་པ་སྟེ། རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་ཤིང་མི་བསྲུན་དགྲ་སྡེའི་དཔུང་ཚོགས་ཐལ་བར་རློག་པའི་རྒྱུར་གྱུར་ཅིག །དགེའོ། །ཤུབྷཾ།། །།

འཇམ་དཔལ་ཁྲོ་བོ་དྲེགས་པ་འཇོམས་བྱེད་ཀྱི་བརྒྱུད་འདེབས་ (Volume 17, Text 25)

འཇམ་དཔལ་ཁྲོ་བོ་དྲེགས་པ་འཇོམས་བྱེད་ཀྱི་བརྒྱུད་འདེབས་བཞུགས་སོ། །རིགས་ཀུན་ཁྱབ་བདག་ཀུན་བཟང་རྡོ་རྗེ་འཆང་། །ལོངས་སྤྱོད་རྫོགས་སྐུ་དཔལ་ལྡན་དུས་ཀྱི་དགྲ །གསང་ཆེན་རྒྱུད་ཀུན་སྡུད་མཛད་རྡོ་རྗེ་འཛིན། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །འཕོ་མེད་མཆོག་བརྙེས་འཇམ་དཔལ་བཤེས་གཉེན་ཞབས། །གཤིན་རྗེའི་རྣལ་འབྱོར་གཙུག་ལག་དཔལ་དགེ་དང་། །འཁོར་འདས་དབང་བསྒྱུར་ཁྲག་འཐུང་ནག་པོ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །དྲག་སྔགས་མཐུ་ཡི་བཀའ་བབས་ཤཱནྟིཾགྷར། །རྒྱལ་བ་གཉིས་པ་པདྨ་འབྱུང་གནས་དཔལ། །སྐད་གཉིས་སྨྲ་བའི་དབང་ཕྱུག་བཻ་རོ་རྗེ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །འཇམ་དཔལ་ཞི་ཁྲོའི་སྨིན་གྲོལ་ངེས་གསང་སོགས། །སྙན་བརྒྱུད་ཟབ་མོའི་དངོས་གྲུབ་འདོད་རྒུའི་དཔལ། །སྩོལ་མཛད་ཁྱབ་བདག་དྲིན་ཅན་བླ་མ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །མ་དག་སྲིད་པའི་བདེ་ལ་མི་ཞེན་པར། །ཐུན་མོང་ཐུན་མོང་མིན་པའི་ལམ་ཞུགས་ཏེ། །སྨིན་བྱེད་དབང་བཞིའི་དགའ་སྟོན་བདུད་རྩིའི་ཆུས། །བདག་རྒྱུད་ཡོངས་འདུའི་འབྲས་བཟང་སྨིན་པར་ཤོག །ཆོ་ག་གསུམ་ལས་རྫོགས་པའི་ཕྱག་རྒྱའི་སྐུ །མེད་བཞིན་སྣང་བ་ཆུ་ཟླ་ལྟར་འཆར་ཞིང་། །བརྗོད་བྲལ་སྔགས་ཀྱི་སྒྲ་ཚིག་ནཱ་དའི་དབྱངས། །འགག་མེད་རྡོ་རྗེའི་དབྱངས་སུ་ལེན་པར་ཤོག །སྲུང་བའི་གོ་ཆས་ཕས་རྒོལ་གཡུལ་ངོ་བསྲུང་། །ཟློག་པའི་མཚོན་ཆས་བྱད་མ་རང་གཤེད་འབེབ། །བསད་མནན་བསྲེག་སོགས་མངོན་སྤྱོད་འཁྲུལ་འཁོར་གྱིས། །ནག་པོའི་རྩ་ལག་སྡེར་བཅས་ཚར་གཅོད་ཤོག །སྒྱུ་མ་མཁན་གྱི་སྒྱུ་མའི་རོལ་གར་བཞིན། །དངོས་ཀུན་སེམས་ཉིད་གཅིག་པུའི་རང་རྩལ་དུ། །རྟོགས་ནས་ཟུང་འཇུག་འཇམ་དཔལ་དཔའ་བོའི་སྐུ །ཚེ་འདིར་འགྲུབ་པའི་སྐལ་བཟང་ཐོབ་པར་ཤོག །ཅེས་འཇམ་དཔལ་དྲེགས་པ་འཇོམས་བྱེད་ཀྱི་བརྒྱུད་འདེབས་འདི་ནི་ལྷག་པའི་ལྷ་དེ་ཉིད་ལས་དངོས་གྲུབ་བརྙེས་པའི་སྔགས་འཆང་བློ་གྲོས་རྒྱལ་བའི་གསུང་གིས་བསྐུལ་བ་ལས་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་བྲིས་པ་ཛ་ཡནྟུ།། །།

འཇམ་དཔལ་གཤིན་རྗེ་གཤེད་དྲེགས་པ་འཇོམས་བྱེད་ཀྱི་ལས་བྱང་བདུད་ལས་རྣམ་པར་རྒྱལ་བའི་དགའ་སྟོན་ (Volume 17, Text 26)

༄༅། །འཇམ་དཔལ་གཤིན་རྗེ་གཤེད་དྲེགས་པ་འཇོམས་བྱེད་ཀྱི་ལས་བྱང་བདུད་ལས་རྣམ་པར་རྒྱལ་བའི་དགའ་སྟོན་བཞུགས་སོ། ། འཇམ་དཔལ་གཤིན་རྗེའི་གཤེད་དྲེགས་པ་འཇོམས་བྱེད་ཀྱི་ལས་བྱང་བདུད་ལས་རྣམ་པར་རྒྱལ་བའི་དགའ་སྟོན་ཞེས་བྱ་བ། བླ་མ་དང་འཇམ་པའི་རྡོ་རྗེ་གཉིས་སུ་མེད་པ་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་རང་གཟུགས་འཇམ་པའི་རྡོ་རྗེ་གར་དགུའི་རོས། །རྣམ་རོལ་ཁྱབ་བདག་ཧེ་རུ་ཀ་དཔལ་བདུད་དཔུང་མཐར་མཛད་གཤིན་རྗེའི་གཤེད། འབར་བའི་ཁྲོ་གཏུམ་དྲག་པོ་འཁྲུག་པའི་སྒྱུ་འཕྲུལ་གར་གྱིས་འགྲོ་འདི་ཀོ །རྡུལ་བྲལ་མཆོག་གི་བདེ་བས་བརླན་མཛད་དུས་དགྲའི་དབང་པོས་བདག་སྐྱོངས་ཤིག །ཨེ་མ་ཟླ་གསང་རྒྱུད་སྡེའི་མཁར། །མན་ངག་སྤྲིན་སྔོན་རོལ་པ་ལས། །ཕྲིན་ལས་རྡོ་རྗེའི་མེ་ཆར་གྱིས། །བདུད་ལས་རྣམ་པར་རྒྱལ་འདི་འོ། །གང་ཞིག་དེ་དོན་རྟོགས་དཀའ་ཞིང་། །བདག་བློ་དམན་ཞིང་མཐུ་ཕྲ་བས། །ཇི་བཞིན་བརྗོད་པར་ནུས་མིན་ཀྱང་། །ཕྱོགས་ཙམ་རྟོགས་གྱུར་བརྗོད་པར་འདོད། །དེ་ཡང་དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྔགས་པ་དཔལ་ཧེ་རུ་ཀའི་སྐུ་གསུང་ཐུགས་རྡོ་རྗེ་སྙིང་པོ་ཡེ་ཤེས་ཀྱི་དངོས་གྲུབ་སྒྲུབ་ཅིང་བདུད་ཀྱི་གཡུལ་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་ལ་རང་དབང་དུ་བྱ་བར་འདོད་པས་དུར་ཁྲོད་ལ་སོགས་པ་བསམ་གཏན་དང་རྗེས་སུ་མཐུན་པའི་གནས་སུ། ལྕགས་སམ་མཆོག་གི་ཁོག་པར་འབྲུ་ནག་གི་གཏོར་མ་གྲུ་གསུམ་ལྕགས་མཁར་ཅན་འཁོར་གྱི་བཤོས་ཕྲན་བཅུ་གཅིག་གིས་བསྐོར་བ་ཤ་རུས་དོན་སྙིང་སོགས་བཟའ་བཅའ་སྣ་ཚོགས་ཀྱིས་བརྒྱན་པ་དར་ནག་གི་འཕུར་ལྡིང་གཡོ་བ་དང་། གཡས་སུ་བདུད་རྩི་རིལ་བུས་སྦགས་པའི་ཛ་གད། གཡོན་དུ་བསྒྲལ་བའི་རཀྟ། དེ་དག་གི་མདུན་དུ་ཕྱི་ནང་གསང་བའི་མཆོད་པའི་རྫས་ཐམས་ཅད་ཚར་དུ་དངར་བ་དང་། རོལ་མོའི་ཁྱད་པར་སོགས་རྣལ་འབྱོར་གྱི་ཡོ་བྱད་རྣམས་མ་ཚང་བ་མེད་པར་འདུ་བྱའོ། །སྦྱོར་བ་དངོས་གཞི་མཇུག་གསུམ་ལས། །སྔོན་འགྲོ་སྐྱབས་སེམས་ཡན་ལག་བདུན། །ང་རྒྱལ་སྔོན་གཏོར་བཀའ་བསྒོ་ཞིང་། །སྲུང་འཁོར་བྱིན་དབབ་མཆོད་བྱིན་བརླབ། །སྐྱབས་སུ་འགྲོ་བ་ནི། བདག་ཉིད་སྐད་ཅིག་གིས་འཇམ་དཔལ་གཤིན་རྗེའི་གཤེད་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ཡིག་ལས་བྱུང་བའི་འོད་ཟེར་གྱིས། བླ་མ་དང་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་གྱི་འཁོར་ལོ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲང་། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ན་མོ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ དེང་ནས་བྱང་ཆུབ་སྙིང་པོའི་བར༔ བསླུ་མེད་སྐྱབས་གནས་ཐམས་ཅད་ལ༔ སྒོ་གསུམ་དང་བས་སྐྱབས་སུ་མཆི༔ སེམས་བསྐྱེད་པ་ནི། རང་རིག་རང་ངོ་མ་ཤེས་པའི༔ མ་རིག་འཁྲུལ་པའི་སེམས་ཅན་རྣམས༔ བདེ་ཆེན་ས་ལ་འགོད་བྱའི་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཡན་ལག་བདུན་པ་ནི། སྤྲོས་པ་ཀུན་ཞི་ཆོས་དབྱིངས་ཀྱི༔ རང་མདངས་ཟུང་འཇུག་བདེ་བའི་སྐུ༔ འཕགས་མཆོག་འཇམ་དཔལ་དབྱངས་ཉིད་ལ༔ བདག་གིས་དད་པས་ཕྱག་འཚལ་ཞིང༔ དཔག་ཡས་མཆོད་པ་རྒྱ་མཚོས་མཆོད༔ ཉེས་བཤགས་དགེ་ལ་རྗེས་ཡི་རང༔ བླ་མེད་ཆོས་འཁོར་བསྐོར་བ་དང༔ མྱ་ངན་མི་འདར་གསོལ་བ་འདེབས༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ལན་གསུམ་གྱིས་སྐྱབས་སེམས་དང་བདུན་རྣམ་དག་བྱས་ལ་བཛྲ་མུཿས་ཚོགས་ཞིང་རྣམས་རང་ལ་བསྟིམ། ང་རྒྱལ་བྱ་བ་ནི། ཨྱཻ། ཨྱཻ་ཉིད་སྟོང་པ་ཆོས་འབྱུང་སྟེ། །མ་སྐྱེས་འགག་པ་མེད་པ་ལས། །རྒྱུ་རྐྱེན་སྔགས་ལས་མ་བསྐྱེད་པར། །རོལ་པ་ཆེན་པོའི་སྐུ་རུ་གསལ། །ཨོཾ་ཧྲཱིཿཥྚི་ཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ། སྔོན་གཏོར་ནི། གཏོར་མ་དཀར་དམར་གཉིས་བཤམས་པ་བྱིན་གྱིས་བརླབ། ཨོཾ་བཛྲ་ཨཱ་ཀརྵ་ཡ་ཛཿས་གཏོར་མགྲོན་རྣམས་བཀུག་ལ། དང་པོ། མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་ཕྱོགས་སྐྱོང་སྡེ་བརྒྱད་ཡུལ་ལྷ་གཞི་བདག་གི་ཚོགས་དང་བཅས་པ་རྣམས་ལ་འབུལ་ལོ། །འཇམ་དཔལ་གཤིན་རྗེའི་གཤེད་བསྙེན་ཅིང་སྒྲུབ་པའི་འགལ་རྐྱེན་སོལ་མཐུན་རྐྱེན་སྒྲུབས་ཤིག །གཉིས་པ། བགེགས་ཚོགས་ལོག་འདྲེན་གདུག་པ་ཅན་བསྙེན་སྒྲུབ་ལས་གསུམ་མཐོང་ཐོས་མི་བཟོད་པ་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཞེས་དང་བཀའ་བསྒོ་བ་ནི། ཧཱུྃ༔ ས་ཕྱོགས་འདིར་གནས་བགེགས་དང་འབྱུང་པོའི་ཚོགས༔ འདོད་ཡོན་བདུད་རྩིའི་གཏོར་མ་འདི་ལོངས་ལ༔ ཕན་བདེའི་བསམ་པས་རང་རང་གནས་སུ་སོང༔ གལ་ཏེ་མི་འགྲོ་བསམ་སྦྱོར་ངན་པ་ཡིས༔ མི་མཐུན་བར་གཅོད་འབྲས་བུ་འབྱིན་གྱུར་ན༔ བདག་ཉིད་འཇམ་དཔལ་ཁྲོས་པའི་མཐུ་སྟོབས་ཀྱིས༔ ཁྱོད་རྣམས་བརླག་ཅིང་བསྲེག་པར་གདོན་མི་ཟ༔ དེ་བས་བཀའ་ལས་མ་འདའ་ཕྱིར་དེངས་ཤིག༔ ཨོཾ་མ་ཧཱ་ཀྲོ་དྷ་སརྦ་བྷཱུ་ཏ་གཙྪ༔ ཞེས་དང་། སུམྦྷ་ནི་བརྗོད་ཅིང་རོལ་མོའི་སྒྲ་དྲག་པོ་ཡང་བྱའོ། །མཚམས་གཅོད་སྲུང་འཁོར་ནི། ཧཱུྃ༔ ང་ནི་འཇམ་དཔལ་གཤིན་རྗེའི་གཤེད༔ ཐུགས་སྲོག་ཧཱུྃ་གི་འཕྲོ་འདུ་ལས༔ ཕྱོགས་མཚམས་འཁོར་ལོ་རྩིབས་བཅུ་འབར༔ རྩིབས་སྟེང་དཔལ་ཆེན་ཁྲོ་བོ་བཅུ༔ སྲུང་ཟློག་ཕྲིན་ལས་མཛད་པའི་ཕྱིར༔ སྤྲུལ་པའི་ཁྲོ་ཚོགས་གྲངས་མེད་འགྱེད༔ དེའི་ཕྱིར་རྣོ་དབལ་མཚོན་ཆའི་གུར༔ སྲ་བརྟན་མི་ཤིགས་ར་བས་བསྐོར༔ ཡེ་ཤེས་མེ་ལྕེ་ཀུན་ཏུ་འབར༔ བགེགས་དང་འབྱུང་པོ་རྡུལ་དུ་རློག༔ ཨོཾ་མ་ཧཱ་ཀྲོ་དྷ་རཀྵ་ཛྭ་ལ་རཾ་ཧཱུྃ་ཕཊ༔ བྱིན་དབབ་པ་ནི། ཧཱུྃ། ཆོས་དབྱིངས་མཐའ་བྲལ་དྲག་པོའི་ཞིང་ཁམས་ནས། །སྙིང་རྗེས་རབ་ཁྲོས་འཇམ་དཔལ་གཤིན་རྗེའི་གཤེད། །འཁོར་བཅས་སྒྱུ་འཕྲུལ་ཕྱག་རྒྱར་རོལ་པའི་ཚོགས། །མ་ལུས་འདིར་གཤེགས་དབང་སྐུར་བྱིན་ཕོབ་ལ། །མཐུ་རྩལ་ནུས་སྐྱེད་རྟགས་དང་མཚན་མ་སྟོན། །མཆོག་ཐུན་དངོས་གྲུབ་མ་ལུས་དེང་སྩོལ་ཅིག །ཨོཾ་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་ཛྙཱ་ན་ཨ་ཝེ་ཤ་ཡ་ཨ་ཨཿ མཆོད་རྫས་བྱིན་རླབས་ནི། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་གནས་ཁང་ཐར་པ་ཆེན་པོའི་གཞལ་མེད་ཁང་ཕུན་སུམ་ཚོགས་པར་ཨ་ལས་བྷཉྫ་འབར་བའི་སྣོད་བཟང་ཞིང་རྒྱ་ཆེ་བ་རྣམས་སུ་ཧཱུྃ་ཡིག་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་པའི་དངོས་པོ་རྣམས་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུས་ནམ་མཁའི་མཐའ་ཀླས་པར་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡའི་བར་བརྗོད། བདུད་རྩི་ལ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་ཡཾ་ལས་རླུང་རཾ་ལས་མེ་ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་ལ་བརྟེན་པའི་ཨ་ཡིག་ལས་བྱུང་བའི་ཐོད་པའི་སྣོད་དུ། བཅུད་ཐམས་ཅད་ཧཱུྃ་ཨཱོཾ་སྭཱ་ཨཾ་ཧཱ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ལས་བདུད་རྩི་ལྔ་དང་སྒྲོན་མ་ལྔར་གྱུར་པ་སོ་སོའི་ས་བོན་གྱིས་མཚན་པ་དང་བཅས་པའི་འོག་གི་རླུང་གཡོས་མེ་སྦར། རྫས་ཐམས་ཅད་ཞུ་ཞིང་འདྲེས་པའི་སྟེང་གི་ནམ་མཁའ་ལ་ཨོཾ་ཨཱཿཧཱུྃ་གི་ཡི་གེ་གསུམ་གནས་པ་ལས་འཕྲོས་པའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག །ཡི་གེ་གསུམ་ལ་ཐིམ་སྟེ་རིམ་པར་ཞུ་བ་ལས་དམ་ཚིག་གི་རྫས་དང་རོ་གཅིག་ཏུ་གྱུར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ། རཀྟ་ལ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་པདྨ་འབར་བའི་སྣོད་དུ་ར་ལས་ཆགས་མེད་རཀྟའི་རྒྱ་མཚོ་རྦ་རླབས་མཁའ་ལ་འཕྱོ་ཞིང་འཁྲུག་པ་ཟེགས་མ་ལས་འདོད་ཡོན་གྱི་ལྷ་མོ་འཕྲོ་བར་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ། གཏོར་མ་ལ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་གཏོར་སྣོད་དམར་གྱི་དུང་ཆེན་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་རྫས་དགྲ་བགེགས་བསྒྲལ་པ་ལས་བྱུང་བའི་ཤའི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་ཕུང་པོ། ཀླད་ཞག་གི་ཝུ་ཕྲེང་འཁྲིག་པ། དམ་ཚིག་ཏུ་འོས་པའི་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པས་ནམ་མཁའ་དང་མཉམ་པར་གང་བ། ངོ་བོ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཅན་བསམ་གྱིས་མི་ཁྱབ་པས་ནམ་མཁའི་ཁམས་གང་བར་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ། མཆོད་པར་འོས་པའི་ཡོ་བྱད་ཐམས་ཅད་ལ་དམིགས་ནས། ཧཱུྃ༔ རྣམ་དག་ཆོས་དབྱིངས་ངང་ཉིད་ལས༔ རང་བྱུང་མཆོད་པའི་ཕུང་པོ་ནི༔ ཀུན་བཟང་མཆོད་པའི་སྤྲིན་ལྟ་བུས༔ དཔག་ཡས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་བིདྱ༔ ཤབྡ༔ རཱུ་པ༔ ཤབྡ༔ གནྡྷེ༔ རཱ་ས༔ སྤརྴེ༔ དྷརྨཱ་དྷཱ་ཏུ༔ ག་ཎ༔ ཨ་མྲྀ་ཏ༔ རཀྟ༔ བ་ལིཾ་ཏ༔ མ་ཧཱ་པཱུ་ཛ་ཨཱཿཧཱུྃ་ཧྲཱིཿཋཱ༔ ཞེས་བྱིན་གྱིས་བརླབ་བོ། །དངོས་གཞི་རྟེན་དང་བརྟེན་པ་བསྐྱེད། །སྤྱན་དྲང་བཞུགས་གསོལ་དབང་བསྐུར་ཕྱག །མཆོད་བསྟོད་དམ་གསོལ་བཟླས་པ་བྱ། །དངོས་གྲུབ་བསྐུལ་ཞིང་རྫོགས་རིམ་བསྒོམ། །དང་པོ་རྟེན་དང་བརྟེན་པ་བསྐྱེད་པ་ནི། ཧཱུྃ༔ ཆོས་ཀུན་གདོད་ནས་སྤྲོས་བྲལ་ཀྱང༔ འགག་མེད་རང་མདངས་སྙིང་རྗེར་ཤར༔ དེ་ལས་རང་རིག་ཡི་གེ་ཧཱུྃ༔ ཧཱུྃ་ལས་རིམ་བརྩེགས་འབྱུང་ལྔའི་སྟེང༔ དུར་ཁྲོད་རབ་འཇིགས་གཞལ་ཡས་ཁང༔ མཚན་ཉིད་ཀུན་ཚང་ལྟེ་བ་རུ༔ མཐིང་ནག་ཨེ་དབྱིངས་ཟླ་གམ་གསུམ༔ གནམ་ལྕགས་འཁོར་ལོ་རྩིབས་བཞིས་བསྐོར༔ དེ་དབུས་ཀླུ་གཉན་ས་བདག་སོགས༔ དྲེགས་པ་ཆུ་གླང་པད་ཉིའི་སྟེང༔ རང་རིག་ཧཱུྃ་ལས་གཤིན་རྗེའི་གཤེད༔ མཐིང་ནག་དུག་ཆེན་ཧ་ལའི་མདོག༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ ཞལ་གདངས་མཆེ་གཙིགས་སྤྱན་དམར་འཁྲུགས༔ འཁོར་ལོ་རལ་གྲི་གྲི་གུག་གཡས༔ ཐོད་ཁྲག་བེ་ཅོན་སྡིགས་མཛུབ་གཡོན༔ ཞབས་བཞི་གཡས་བསྐུམ་གཡོན་བརྐྱང་གར༔ གདུག་པའི་མགོ་ཕྲེང་སྦྲུལ་ཆུན་དང༔ གཉིས་འཐུང་ཞིང་ལྤགས་བླ་གོས་འཆང༔ སྟག་ཤམ་དུར་ཁྲོད་མཚན་མ་སོགས༔ དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔ གཉིས་མེད་ཡུམ་མཆོག་བཻ་ཏཱ་ལཱི༔ གྲི་ཐོད་འཛིན་ཞིང་ཡབ་དང་འཁྲིལ༔ སྤྱི་བོར་སྤྲུལ་པའི་བྱ་ཁྱུང་ལྡིང༔ སྤུ་གྲིའི་སྒྲོ་གཤོག་ཀླུ་གདོན་འདུལ༔ བདག་གི་སྐུ་ཡི་ཆ་ཀུན་ནས༔ སྤྲུལ་པའི་ཁྲོ་ཚོགས་གྲངས་མེད་འགྱེད༔ ཡེ་ཤེས་མེ་དཔུང་ཀློང་ན་བཞུགས༔ ཟླ་གམ་གསུམ་ལ་རོ་ཡི་སྟེང༔ མདུན་དུ་སྐུ་ཡི་སྤྲུལ་པ་ནི༔ ཚེ་བདག་ནག་པོ་གྲི་ཞགས་འཛིན༔ ཡུམ་ཆེན་རཀྴ་ཀྲོ་དྷཱིར་རྩེ༔ གཡོན་དུ་གསུང་གི་སྤྲུལ་པ་ནི༔ སྲོག་བདག་དམར་པོ་བེ་ཅོན་གྲི༔ ཡུམ་ནི་ནམ་གྲུ་མ་དང་རྩེ༔ གཡས་སུ་ཐུགས་ཀྱི་སྤྲུལ་པ་ནི༔ འཆི་བདག་དུད་ཁ་ཁྲམ་སྙིང་འཛིན༔ མ་མོ་དུས་མཚན་མ་དང་རྩེ༔་་་ཡུམ་གསུམ་དམར་མོ་གྲི་ཐོད་འཛིན་པ། ཀུན་ཀྱང་དུར་ཁྲོད་ཆས་ཅན་ནོ༔ དེ་ཡི་ཕྱི་རོལ་རྩིབས་བཞི་ལ༔ ཤར་དུ་ཡ་མ་རཱ་ཛ་མཐིང༔ གཡས་གཡོན་རལ་གྲི་ཐོད་ཁྲག་འཛིན༔ ལྷོ་རུ་མྱོས་བྱེད་འབར་བ་སེར༔ གཡས་པ་བེ་ཅོན་གཡོན་འཁོར་ལོ༔ ནུབ་ཏུ་ཨཱརྻ་མ་རུ་དམར༔ རྩེ་གསུམ་གཡས་ལ་མི་སྙིང་གཡོན༔ བྱང་དུ་རལ་པ་ཚར་དགུ་ལྗང༔ ཐོད་དབྱུག་འཁོར་ལོ་གཡས་དང་གཡོན༔ ཀུན་ཀྱང་ཐལ་མདོག་གསོད་བྱེད་དང༔ སྲོག་ལེན་མ་དང་རལ་གཅིག་སྟེ༔ རང་རང་ཡུམ་དང་མཉམ་པར་འཁྲིལ༔ དུར་ཁྲོད་འབར་བའི་ཆས་ཀྱིས་བརྒྱན༔ སྒོ་བཞིར་བྱ་རྒོད་སྟག་ཀངྐ༔ སྤྱང་གདོང་རྣམ་བཞི་ལྕགས་ཀྱུ་དང༔ ཞགས་པ་ལྕགས་སྒྲོག་དྲིལ་བུ་གཡས༔ གཡོན་རྣམས་དམར་བཀང་བྷནྡྷ་འཛིན༔ ཚད་མེད་བཞི་ལྡན་སྒོ་བཞི་སྲུང༔ གཞན་ཡང་འཇིགས་བྱེད་གཤིན་རྗེའི་འཁོར༔ སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་བཅས༔ གྲངས་མེད་སྤྲིན་གཏིབས་ལྟ་བུར་གྱུར༔ གཙོ་འཁོར་ཀུན་གྱི་གནས་གསུམ་དུ༔ འབྲུ་གསུམ་འོད་ཟེར་འབར་བ་ལས༔ འོད་འཕྲོས་ཡེ་ཤེས་སེམས་དཔའི་ཚོགས༔ རང་བཞིན་གནས་ནས་ས་མཱ་ཛ༔ སྤྱན་འདྲེན་པ་ནི། ཤ་ཆེན་གྱི་སྤོས་བསྲེག་ཅིང་དྲག་པོའི་རོལ་མོ་གདུང་བའི་དབྱངས་དང་བཅས་པས། ཧཱུྃ༔ འོག་མིན་ལྷུན་རྫོགས་ཆོས་དབྱིངས་ཕོ་བྲང་ནས༔ སངས་རྒྱས་ཀུན་གྱི་ཡེ་ཤེས་འཇམ་དཔལ་དབྱངས༔ བདེ་ཆེན་ཞི་བའི་ངང་ལས་མ་གཡོས་ཀྱང༔ ལོག་འདྲེན་གདུག་པའི་ཚོགས་རྣམས་འདུལ་བའི་ཕྱིར༔ མི་བཟད་དྲག་པོར་ཁྲོས་པ་ཁྲོ་བོའི་རྒྱལ༔ བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད༔ དད་པ་དམ་ཚིག་དབང་གིས་སྤྱན་འདྲེན་ན༔ ཐུགས་རྗེ་ཆེ་ལྡན་གནས་འདིར་གཤེགས་སུ་གསོལ༔ གཅིག་ལས་དུ་མའི་ཚུལ་དུ་རང་ཤར་བའི༔ གཉིས་མེད་ཡུམ་མཆོག་ཟ་བྱེད་བཻ་ཏཱ་ལཱི༔ སྐུ་གསུང་ཐུགས་སྤྲུལ་གཤེད་ཆེན་རྣམ་བཞི་སོགས༔ འཇིགས་བྱེད་གཤིན་རྗེའི་ལྷ་ཚོགས་འཁོར་དང་བཅས༔ ཐུགས་རྗེ་ཐུགས་དམ་དབང་གིས་བརྩེར་དགོངས་ལ༔ ནད་གདོན་བར་ཆད་བསྲུང་ཕྱིར་གཤེགས་སུ་གསོལ༔ ཚེ་དང་བསོད་ནམས་སྤེལ་ཕྱིར་གཤེགས་སུ་གསོལ༔ ཁམས་གསུམ་དབང་དུ་སྡུད་ཕྱིར་གཤེགས་སུ་གསོལ༔ གདུག་པའི་དགྲ་བགེགས་བསྒྲལ་ཕྱིར་གཤེགས་སུ་གསོལ༔ ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛ༔ བཞུགས་སུ་གསོལ་བ་ནི། ཧཱུྃ༔ དུར་ཁྲོད་རབ་འཇིགས་གཞལ་ཡས་འདིར༔ དྲེགས་པ་ཆུ་གླང་པད་ཉིའི་སྟེང༔ ཁྲོ་རྒྱལ་འཇམ་དཔལ་གཤིན་རྗེའི་གཤེད༔ འཁོར་བཅས་དགྱེས་པར་བཞུགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དབང་བསྐུར་བ་ནི། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་ནམ་མཁའ་གང་བར་བཛྲ་ས་མཱ་ཛཿས་སྤྱན་དྲངས་པ་དེ་རྣམས་ཀྱིས་ནི། ཧཱུྃ༔ རང་རིག་གདོད་ནས་འཇམ་དཔལ་ལྷར༔ དམིགས་བྱས་དབང་བསྐུར་དང་བྲལ་ཀྱང༔ ལོག་རྟོག་སྙིང་རྗེས་བསྒྲལ་བའི་ཕྱིར༔ ཁྲོ་རྒྱལ་ནུས་མཐུས་རང་དབང་བསྐུར༔ ཨོཾ་ཧཱུྃ་སྭཱ་ཨཱཾ་ཧཱ་ཨ་བྷི་ཥིཉྩ་མི༔ ཞེས་གསུང་ཞིང་རིན་པོ་ཆེའི་བུམ་པ་བདུད་རྩི་ལྔའི་ཆུས་གང་བས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་འཁྱིལ་པ་ལས་ཁྲག་འཐུང་རིགས་ལྔ་ཡུམ་དང་བཅས་པས་དབུ་བརྒྱན་པར་གྱུར། ཕྱག་བྱ་བ་ནི། ཧཱུྃ༔ ལྷ་ཡི་ལྷ་མཆོག་བཅོམ་ལྡན་འདས༔ གཤིན་རྗེ་གཤེད་པོ་ཁྲོ་བོའི་རྒྱལ༔ གཙོ་འཁོར་སྤྲུལ་པར་བཅས་རྣམས་ལ༔ རབ་གུས་གདུང་བས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཕྱི་མཆོད་ནི། ཧཱུྃ༔ དངོས་བཤམས་ཡིད་ལས་རྣམ་སྤྲུལ་པའི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་འདོད་ཡོན་ལྔ༔ ཀུན་བཟང་མཆོད་པའི་སྤྲིན་ལྟ་བུས༔ དཔག་ཡས་ནམ་མཁའི་ཁྱོན་བཀང་སྟེ༔ འཇམ་དཔལ་གཤིན་རྗེའི་ཚོགས་ལ་འབུལ༔ ཨོཾ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་བཛྲ་པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་ཝིདྱ༔ ཤབྡ༔ རཱུ་པ༔ ཤབྡ༔ གནྡྷེ༔ རཱ་ས༔ སྤརྴེ༔ དྷརྨ་དྷཱ་ཏུ་མ་ཧཱ་པཱུ་ཛ་ཧོ༔ ནང་མཆོད་ནི། ཧཱུྃ༔ གདུག་པའི་དགྲ་དང་བགེགས་རྣམས་ཀྱི༔ དབང་པོ་ལྔ་དང་ཚིལ་ཆེན་གསུར༔ ཞུན་ཆེན་མར་མེ་མཁྲིས་པའི་དྲི༔ ཤ་རུས་ཞལ་ཟས་ཐོད་རྔ་སོགས༔ དུར་ཁྲོད་ནང་གི་མཆོད་པ་འདི༔ འཇམ་དཔལ་གཤིན་རྗེའི་ཚོགས་ལ་འབུལ༔ ཨོཾ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་མ་ཧཱ་ཤྨཱ་ཤ་ན་པུཥྤེ་ནས། ཤབྡའི་བར་བརྗོད། གསང་མཆོད་ནི། ཧཱུྃ༔ སྣང་སྟོང་ཐབས་ཤེས་སྦྱོར་བ་ལས༔ བདེ་ཆེན་བྱང་ཆུབ་སེམས་ཀྱི་ཆུ༔ སྨྲ་མེད་བདེ་བའི་གསང་མཆོད་འདི༔ འཇམ་དཔལ་གཤིན་རྗེའི་ཚོགས་ལ་འབུལ༔ ཨོཾ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་བོ་དྷི་ཙིཏྟ་གུ་ཧྱ་པཱུ་ཛ་ཧོ༔ སྨན་མཆོད་ནི། ཧཱུྃ༔ འཆི་མེད་བདུད་རྩི་ཨ་མྲྀཏ༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་བའི༔ ཁྱད་པར་རྨད་བྱུང་བདུད་རྩི་འདི༔ འཇམ་དཔལ་གཤིན་རྗེའི་ཚོགས་ལ་འབུལ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཀུན་བཟང་རྡོ་རྗེ་འཆང་དབང་གསང་བའི་བདག །འཇམ་དཔལ་བཤེས་གཉེན་གཙུག་ལག་དཔལ་དགེ་དང་། ཁྲག་འཐུང་ནག་པོ་ཤཱིནྟཾ་གརྦྷ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། པདྨ་འབྱུང་གནས་མཁའ་འགྲོ་མཚོ་རྒྱལ་དང་། །ལོ་ཆེན་བཻ་རོ་དྲིན་ཅན་བླ་མ་སོགས། །རྩ་བརྒྱུད་བླ་མ་དམ་པ་ཐམས་ཅད་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། འཇམ་དཔལ་རྡོ་རྗེ་ཁྲག་འཐུང་ཧེ་རུ་ཀ །སྤྲུལ་པ་རྣམ་གསུམ་གཤེད་ཆེན་རྣམ་པ་བཞི། །སྒོ་སྐྱོང་བཞི་སོགས་དཀྱིལ་འཁོར་ལྷ་ཚོགས་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཨོཾ་ཨཱཿཧཱུྃ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཨ་མྲྀཏ་སརྦ་སིདྡྷི་ཕ་ལ་ཧོཿ ཞེས་རང་གིས་མྱང་། རཀྟའི་མཆོད་པ་ནི། ཧཱུྃ༔ ལྕང་ལོར་བཅས་པའི་བྷནྡྷའི་ནང༔ དམར་ཆེན་རཀྟ་རྒྱ་མཚོར་འཁྱིལ༔ ཉོན་མོངས་འཁོར་བ་འཇོམས་པའི་ཕྱིར༔ འཇམ་དཔལ་གཤིན་རྗེའི་ཚོགས་ལ་འབུལ༔ ཨོཾ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ གཏོར་མའི་མཆོད་པ་ནི། ཧཱུྃ༔ སྟོང་གསུམ་ཞིང་གི་གཏོར་གཞོང་དུ༔ བཅུད་ཀྱི་འགྲོ་དྲུག་གཏོར་མར་སྦྱར༔ མཛེས་པའི་དཀར་དམར་རྒྱན་གྱིས་བརྒྱན༔ འཇམ་དཔལ་གཤིན་རྗེའི་ཚོགས་ལ་འབུལ༔ ཨོཾ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ ཞེས་དང་། གཞན་ཡང་རྩ་སྔགས་ཀྱི་མཐར་གཏོར་སྔགས་བཏགས་པ་ལན་གསུམ་གྱིས་གཏོར་མ་འབུལ། དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། ཨ༔ གདོད་ནས་རང་རིག་ལྷ་རུ་དག༔ མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཀུན༔ མི་དམིགས་སྤྲོས་བྲལ་ཕྱག་རྒྱ་ཆེ༔ འཇམ་དཔལ་གཤིན་རྗེའི་ཚོགས་ལ་འབུལ༔ ཨོཾ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་མ་ཧཱ་མུ་དྲ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོ༔ བསྟོད་པ་བྱ་བ་ནི། ཧཱུྃ༔ གདོད་ནས་སྤྲོས་བྲལ་མི་དམིགས་ཆོས་ཀྱི་སྐུ༔ རང་རྩལ་འགག་མེད་སྣ་ཚོགས་ལོངས་སྤྱོད་རྫོགས༔ ཐུགས་རྗེས་རབ་ཁྲོས་ཁྲོ་རྒྱལ་སྤྲུལ་པའི་སྐུ༔ གང་འདུལ་དེར་སྟོན་དཔལ་ལ་ཕྱག་འཚལ་བསྟོད༔ མི་གནས་མི་དམིགས་ཆོས་སྐུར་དག་པ་ལས༔ བདུད་འདུལ་ཁྲོ་རྒྱལ་མཆོག་གི་སྐུར་བསྟན་ནས༔ ཐུགས་རྗེའི་གཟི་ལྡན་གདུག་པ་ཐབས་ཀྱིས་འདུལ༔ བཅོམ་ལྡན་གཤིན་རྗེའི་གཤེད་ལ་ཕྱག་འཚལ་བསྟོད༔ གཏུམ་ཆེན་རབ་འབར་ཉི་མ་འབུམ་གྱི་གཟི༔ དཀར་མཐིང་དམར་བའི་དབུ་གསུམ་རྔམ་བཞད་ཁྲོ༔ ཕྱག་དྲུག་གདུག་པའི་མཚོན་ཆ་སྣ་ཚོགས་འཛིན༔ ཞབས་བཞིའི་གར་གྱིས་བདུད་ཚོགས་ཕྱེ་མར་འཐག༔ དཔལ་དང་དུར་ཁྲོད་དྲག་པོའི་ཆས་ཀྱིས་བརྒྱན༔ གར་གྱི་ཉམས་དགུ་མཚན་དཔེ་ཡོངས་སུ་རྫོགས༔ བདེ་གཤེགས་ཁྲོ་རྒྱལ་ཡོངས་ཀྱི་རྗེ་བོ་ཆེ༔ རབ་འཇིགས་གཤིན་རྗེའི་གཤེད་ལ་ཕྱག་འཚལ་བསྟོད༔ སྐྱེ་མེད་དབྱིངས་ལས་འགག་མེད་ལྷ་ཡི་སྐུར༔ དབྱིངས་དང་ཡེ་ཤེས་རིག་རྩལ་ལས་ཤར་བའི༔ གཉིས་མེད་སྦྱོར་སྒྲོལ་ཡུམ་དང་མཁའ་ལྡིང་ཁྱུང༔ སྐུ་གསུང་ཐུགས་སྤྲུལ་ཚེ་འཆི་སྲོག་བདག་གསུམ༔ འཇིགས་བྱེད་གཤིན་རྗེ་ཆེན་པོ་རྣམ་བཞི་སོགས༔ འཁོར་བཅས་དམ་ཚིག་ཅན་གྱི་ལྷག་པའི་ལྷ༔ གདུལ་བྱའི་བསམ་པ་ཡོངས་སུ་སྐོང་བའི་མཛོད༔ རྣམ་བཞིའི་ཕྲིན་ལས་སྒྲུབ་པའི་ཕོ་ཉ་བ༔ དམ་ཉམས་དགྲ་བགེགས་སྒྲོལ་བའི་སྲོག་གི་གཤེད༔ འཇམ་དཔལ་དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་བསྟོད༔ དམ་ཚིག་གསོལ་བ་ནི། ཧོཿ ལྷག་པའི་ལྷ་མཆོག་བཅོམ་ལྡན་གཤིན་རྗེའི་གཤེད། །འགྲོ་ལ་ཕན་ཕྱིར་ཁྲོ་རྒྱལ་ཁྱོད་བསྒྲུབ་ན། །དགྱེས་པའི་ཞལ་བཟང་བདག་ལ་བསྟན་ནས་ཀྱང་། །སྐུ་གསུང་ཐུགས་ཀྱི་དབྱིག་ཏུ་མཛད་དུ་གསོལ། །སངས་རྒྱས་དཀྱིལ་འཁོར་མ་ལུས་པའི། །སྐུ་གསུང་ཐུགས་སུ་བདག་བསྒྲུབས་པས། །ཞི་རྒྱས་དབང་དང་དྲག་པོ་ཡི། །ལས་རྣམས་སྒྲུབ་པར་མཛད་དུ་གསོལ། །ཡ་མ་བཛྲ་ཀྲོ་དྷ་ས་མ་ཡ་སིདྡྷི་ཧཱུྃ། བཟླས་པ་བྱ་བ་ནི། དང་པོ་རླུང་ལ་བསླབ་བྱ་སྟེ༔ རྔུབ་པ་ཨོཾ་ལ་གནས་པ་ཨཱ༔ འབྱིན་པ་ཧཱུྃ་ལ་སྦྱར་ཏེ་བཟླ༔ ཞེས་འབྱུང་བས་རྡོ་རྗེའི་བཟླས་པ་ཇི་སྲིད་མི་སྐྱོའི་བར་དུ་བྱས་ལ་ངག་གི་བཟླས་པ་བྱ་སྟེ། བདག་གི་ཐུགས་ཀར་འཁོར་ལོའི་དབུས༔ འཇམ་དཔལ་དམར་སེར་པོད་རལ་འཛིན༔ རིན་ཆེན་རྒྱན་མཛེས་ཐུགས་ཀའི་དབུས༔ ཉི་སྟེང་རྡོ་རྗེ་རྩེ་ལྔ་པ༔ ལྟེ་བར་ཧཱུྃ་མཐིང་མཚན་པའི་མཐར༔ སྔགས་ཕྲེང་གཡས་སུ་འཁོར་བ་ལས༔ འོད་འཕྲོས་འཕགས་མཆོད་མཐུ་དབང་བསྡུས༔ སེམས་ཅན་སྒྲིབ་སྦྱངས་དགྲ་བགེགས་བསྒྲལ༔ སྣོད་བཅུད་ཡོན་ཏན་དྭངས་མ་ཀུན༔ འོད་ཟེར་རྣམ་པར་བདག་ལ་ཐིམ༔ ཞེས་པའི་དོན་ནན་ཏན་དུ་བསྒོམས་ལ། རུ་རཀྴ་ལ་སོགས་པའི་བགྲང་ཕྲེང་གཞན་གྱིས་ལོངས་མ་སྤྱད་པ་ཆོ་ག་བཞིན་དུ་བྱིན་གྱིས་བརླབས་པ་བླངས་ནས། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ འདི་ནི་རྩ་བའི་སྙིང་པོ་སྟེ༔ འབུམ་ཚོ་གཅིག་ཏུ་བཟླ་བར་བྱ༔ ཨོཾ་ཧྲཱིཿཥྚི་ཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ༔ འདི་ནི་ཉེ་བའི་སྙིང་པོ་སྟེ༔ སུམ་འབུམ་དག་ཏུ་བཟླ་བར་བྱ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ་ཧྲཱིཿཥྚི་ཨ་པ་ཡེ་མ་མ་ཀྲོ་དྷཱི་ཤྭ་རི་སརྦ་ས་མ་ཡ་ཧཱུྃ་ཕཊ༔ འདི་ནི་སྒྲུབ་པའི་རྩ་སྔགས་ཏེ༔ བདུན་འབུམ་ཉི་ཁྲི་རྟགས་དང་སྦྱར༔ ཨོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ༔ ཡ་མེ་དོ་རུ་ཎ་ཡོ་ད་ཡ༔ ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ༔ ཡ་ཀྵེ་ཡཙྪ་ནི་ར་མ་ཡ་ཧཱུྃ་ཕཊ༔ ཅེས་གཙོ་འཁོར་ཐམས་ཅད་ཀྱི་སྔགས་ཏེ་ཁྲི་ཚོ་གཉིས་བཟླས་པས་དངོས་གྲུབ་འགྲུབ་པར་སྔ་མའི་ཚིག་གིས་གསལ་ལོ། །བསྙེན་རྟགས་མཐོང་ནས་སྲུང་ཟློག་བསད་པ་སོགས་ལས་སྦྱོར་གྱི་བཟླས་པ་ནི། མན་ངག་གུད་དུ་ཕྱུང་བ་ལས་རྟོགས་པར་བྱ་སྟེ། ལས་སྦྱོར་སྔགས་ཀྱི་ཤམ་བུ་ནི༔ རིག་པའི་མདའ་དང་བསྟུན་ཏེ་སྦྱར༔ ཞེས་འབྱུང་བས་སོ། །དངོས་གྲུབ་བསྐུལ་བ་ནི། ཧཱུྃ༔ དགོངས་ཤིག་བདེ་གཤེགས་དཀྱིལ་འཁོར་ལྷ༔ བདག་ཅག་རྡོ་རྗེའི་མཆེད་ལྕམ་གྱིས༔ བསྐྱེད་རིམ་གསལ་ཞིང་བསྙེན་སྒྲུབ་ཐེམས༔ ཕྲིན་ལས་སྦྱོར་བ་མཐའ་རུ་ཕྱིན༔ རྟགས་དང་མཚན་མ་བསྟན་པ་དང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ༔ རྫོགས་རིམ་ནི། རང་གི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གར་རྩ་བའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། ཁམས་གསུམ་སྣོད་བཅུད་ཐམས་ཅད་ནམ་མཁའ་ལ་འཇའ་ཡལ་བ་ལྟར་འོད་གསལ་སྟོང་པ་ཉིད་དུ་དག་པའི་དབྱིངས་སུ། རང་སེམས་གདོད་མའི་འཇམ་མགོན་ཞལ་ཕྱག་མཚན་འཛིན་སྤྲོས་པའི་མཐའ་ལས་འདས་པ་དེའི་ངང་ལ་མཉམ་པར་བཞག །ངག་རླུང་རྡོ་རྗེའི་བཟླས་པ་ལ་བསླབ། སླར་ལྡང་བའི་ཚེ་འོད་གསལ་སྟོང་ཉིད་དེའི་ངང་ལས་སྐད་ཅིག་གིས་རྟེན་དང་བརྟེན་པ་ཐམས་ཅད་སྣང་སྟོང་སྒྱུ་མ་ལྟ་བུར་གསལ་བཏབ་ལ། ཨོཾ་ཨཱཿཧཱུྃ་ཧོཿས་བརྟན་པར་བྱས་ནས་གསལ་སྣང་དང་མ་བྲལ་བར་བྱའོ། །རྗེས་ཚོགས་བསྐུལ་བྱ་ཆད་ཐོ་བསྒྲག །བརྟན་སྐྱོང་བྲོ་བརྡུང་དངོས་གྲུབ་བླང་། །སླར་མཆོད་གཤེགས་བསྡུ་སྨོན་ལམ་གདབ། །ཤིས་བརྗོད་ཀྱིས་ནི་མཇུག་བསྡ་འོ། །ཚོགས་མཆོད་ནི། ཐབས་ཤེས་ཀྱི་རྫས་རྣམས་བདུད་རྩིས་བསང་གཏོར་བྱས་ནས། ཧཱུྃ༔ བདག་ཉིད་འཇམ་དཔལ་ཐུགས་ཀ་ནས༔ རཾ་ཡཾ་ཁཾ་འཕྲོས་ཚོགས་རྫས་ཀྱི༔ དངོས་འཛིན་ཉེས་སྐྱོན་བསྲེགས་གཏོར་བཀྲུས༔ སླར་ཡང་སྙིང་པོ་འབྲུ་གསུམ་འཕྲོས༔ གཟུགས་སྒྲ་དྲི་རོ་རེག་བྱ་སོགས༔ ཟག་མེད་འདོད་ཡོན་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ་ཧོ༔ ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་མཆོག༔ དྲག་པོ་ཨེ་ཡི་གཞལ་ཡས་ནས༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད༔ ཡབ་ཡུམ་སྤྲུལ་འཁོར་བཅས་པ་རྣམས༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་ན༔ དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས་ལ། དང་པོ་ནི། བཟའ་དང་བཅའ་དང་བཏུང་བའི་ཚོགས༔ མ་ཚང་མེད་པའི་འདོད་ཡོན་རྫས༔ ཁ་དོག་དྲི་རོ་བཅུད་ལྡན་པའི༔ ཚོགས་ཀྱི་མཆོད་པ་རྒྱ་ཆེན་འདི༔ འཇམ་དཔལ་གཤིན་རྗེའི་ཚོགས་ལ་འབུལ༔ བཞེས་ནས་ཀུན་ཏུ་དགྱེས་པར་མཛོད༔ ཨོཾ་ཀྲོ་དྷ་རཱ་ཛ་ཡ་མཱནྟ་ཀ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ བར་པ་སྐོང་བཤགས་ནི། ཧཱུྃ༔ འདོད་ཡོན་ཚོགས་ཀྱི་ལོངས་སྤྱོད་དང༔ སྲིད་ཞིའི་མཆོད་རྫས་སྣ་ཚོགས་ཀྱིས༔ ཁྲོ་རྒྱལ་འཁོར་བཅས་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ བདག་ཅག་མི་དགེ་འཁྲུལ་པའི་བློས༔ བག་མེད་འགལ་འཁྲུལ་ཉམས་པ་ཡིས༔ ཁྱོད་ཀྱི་ཐུགས་དང་ཅི་འགལ་བ༔ མཐོལ་ཞིང་བཤགས་སོ་ཚངས་པར་གསོལ༔ ཡིག་བརྒྱ་བརྗོད། ཐ་མ་བསྒྲལ་བ་ནི། ལིངྒ་བཅས་ལ། ཨེ། མཐིང་ནག་འབར་བའི་ལྕགས་ཁང་དུ། །ནྲྀ་ཏྲི་དགྲ་བགེགས་གཟུགས་རྟེན་ལ། །བླ་སྲོག་ཨཱ་ཀརྵ་ཡ་ཛཿ ཁུག་ཆིངས་སྡོམས་ལ་མྱོས་སུ་ཆུགས། །ཧཱུྃ༔ གདོད་ནས་དག་པའི་ཡེ་ཤེས་ལ༔ གློ་བུར་བདག་ལྟའི་ཞིང་བཅུའི་དགྲ༔ ཡེ་ཤེས་རྣོ་དབལ་མཚོན་ཆ་ཡིས༔ སྐྱེ་མེད་ཆོས་སྐུའི་ཀློང་དུ་བསྒྲལ༔ ནྲྀ་ཏྲི་ཤ་ཏྲཱུཾ་མཱ་ར་ཡ་རྦད༔ སྟོབ་པ་ནི། ཧཱུྃ༔ དུག་གསུམ་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས༔ སྲིད་གསུམ་ཞིང་ཀུན་གང་བའི་ལོངས་སྤྱོད་འདི༔ སྐུ་གསུམ་རོལ་པ་ཁྲག་འཐུང་ཞལ་དུ་བསྟབ༔ ཁམས་གསུམ་ཡོངས་གྲོལ་དངོས་གྲུབ་བསྩལ་དུ་གསོལ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་པཱུ་ཛ་ཧོ༔ ལས་ཀྱི་རྡོ་རྗེས་སློབ་དཔོན་ལ་ཕྱག་བྱས་ཐབས་ཤེས་ཀྱི་རྫས་གཉིས་བསྣོལ་མར་སྟོབ་ཅིང་། ཧོཿ ལྷ་དང་བྲམ་ཟེ་གཙང་མ་ཟ། ཁྱི་ཕག་ལ་སོགས་མི་གཙང་ཟ། །དེ་དག་གྲོལ་བར་མི་འགྱུར་ཏེ། །གཉིས་འཛིན་སྤངས་ན་གྲོལ་གྱིས་རོལ། །ཅེས་དྲང་། སློབ་དཔོན་གྱིས། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྡོ་རྗེ་ཐེག་པའི་གསང་བའི་རྫས། །ཐབས་ཀྱིས་སྤྱད་ན་གྲོལ་བའི་རྒྱུ། །དེ་ཕྱིར་བདག་ནི་འདོད་ཡོན་སྤྱོད། །ཨ་ལ་ལ་ཧོཿ འདུས་པ་གཞན་རྣམས་ལའང་དྲང་ཞིང་འདོད་པ་ལྔ་ལྡན་དུ་རོལ། ལྷག་མ་བསྡུས་ལ་ཁ་ཕྲུ་གདབ་ཅིང་། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ས་འདོད་ཡོན་ལྔ་ལྡན་དུ་བྱས་ལ། ཧཱུྃ༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེ་ཡི༔ བཀའ་ཉན་ལྷག་མར་དབང་བའི་འཁོར༔ མཁའ་འགྲོ་དབང་ཕྱུག་གིང་ལངྐ༔ འབར་མ་མ་སྲིང་ཤ་ཟ་དང༔ ལྷ་སྲིན་སྡེ་བརྒྱད་དྲེགས་པར་བཅས༔ ཀུན་ཀྱང་མི་སྲུན་གདུག་པ་ཅན༔ ཤ་ལ་དགའ་ཞིང་ཁྲག་ལ་མོས༔ སྟོང་གསུམ་བསྐོར་ཞིང་དུར་ཁྲོད་ཉུལ༔ དམ་ཚིག་ཅན་གྱི་ལས་མཁན་མཛད༔ དམ་ཚིག་ཉམས་པའི་གཤེད་མ་བྱེད༔ འདིར་བྱོན་འདོད་ཡོན་ལྷག་གཏོར་བཞེས༔ དགྲ་བགེགས་ཞིང་བཅུ་ཆམ་ལ་ཕོབ༔ བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད༔ ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ ཞེས་ཕྱི་རོལ་དུ་དོར། ཐུགས་དམ་བསྐུལ་པ་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ནས་དྲག་པོའི་སྐུར༔ གདུག་པ་འདུལ་ཕྱིར་ཁྲོས་པའི་ལྷ༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད༔ མི་མངོན་དབྱིངས་ནས་ཐུགས་དམ་བསྐུལ༔ གཉིས་མེད་ཡུམ་དང་སྤྲུལ་པ་གསུམ༔ གཤེད་ཆེན་བཞི་དང་ཕྱོགས་སྐྱོང་བཅུ༔ འཇམ་དཔལ་བཀའ་ཉན་སྤྲུལ་འཁོར་བཅས༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ ཆད་ཐོ་བསྒྲག་པ་ནི། ཧཱུྃ༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས། །ཟླ་གསང་རྒྱུད་སྡེ་གསུངས་པའི་ཚེ། །བསྟན་པ་བསྲུང་བར་དམ་བཅས་པའི༔ བཀའ་ཡི་སྲུང་མ་འཁོར་དང་བཅས༔ འདིར་བྱོན་དམ་རྫས་གཏོར་མ་ལོངས༔ ཁས་བླངས་མ་གཡེལ་ཕྲིན་ལས་མཛོད༔ དེ་འོག་འཇམ་དཔལ་བཤེས་གཉེན་གྱིས། །རྒྱུད་དོན་མན་ངག་ལ་བསྡེབས་ཚེ། །བསྟན་པ་བསྲུང་བར་དམ་བཅས་པའི༔ བཀའ་ཡི་སྲུང་མ་འཁོར་དང་བཅས༔ འདིར་བྱོན་དམ་རྫས་གཏོར་མ་ལོངས༔ ཁས་བླངས་མ་གཡེལ་ཕྲིན་ལས་མཛོད༔ དེ་འོག་ཤཱནྟིཾ་གརྦྷ་ཡིས། །མུ་སྟེགས་ངན་པ་ཚར་བཅད་ཚེ། །བསྟན་པ་བསྲུང་བར་དམ་བཅས་པའི༔ བཀའ་ཡི་སྲུང་མ་འཁོར་དང་བཅས༔ འདིར་བྱོན་དམ་རྫས་གཏོར་མ་ལོངས༔ ཁས་བླངས་མ་གཡེལ་ཕྲིན་ལས་མཛོད༔ དེ་འོག་པད་འབྱུང་བཻ་རོ་ཡིས། །འཇམ་དཔལ་དཀྱིལ་འཁོར་ཞལ་ཕྱེས་ཚེ། །བསྟན་པ་བསྲུང་བར་དམ་བཅས་པའི༔ བཀའ་ཡི་སྲུང་མ་འཁོར་དང་བཅས༔ འདིར་བྱོན་དམ་རྫས་གཏོར་མ་ལོངས༔ ཁས་བླངས་མ་གཡེལ་ཕྲིན་ལས་མཛོད༔ དེ་འོག་སྐལ་ལྡན་ཆོས་བདག་གིས། །ཟབ་གཏེར་གསང་རྒྱ་བཀྲོལ་བའི་ཚེ། །བསྟན་པ་བསྲུང་བར་དམ་བཅས་པའི༔ བཀའ་ཡི་སྲུང་མ་འཁོར་དང་བཅས༔ འདིར་བྱོན་དམ་རྫས་གཏོར་མ་ལོངས༔ ཁས་བླངས་མ་གཡེལ་ཕྲིན་ལས་མཛོད༔ ད་ལྟ་སྔགས་འཆང་བདག་ཅག་གིས། །འཇམ་དཔལ་བསྙེན་ཅིང་སྒྲུབ་པའི་ཚེ། །བསྟན་པ་བསྲུང་བར་དམ་བཅས་པའི༔ བཀའ་ཡི་སྲུང་མ་འཁོར་དང་བཅས༔ འདིར་བྱོན་དམ་རྫས་གཏོར་མ་ལོངས༔ ཁས་བླངས་མ་གཡེལ་ཕྲིན་ལས་མཛོད༔ བརྟན་མ་བསྐྱང་བ་ནི། གཏོར་མའི་བཤལ་ཆུ་བདུད་རྩིར་སྤར་ཏེ། ཧཱུྃ༔ བོད་ཡུལ་སྐྱོང་བར་མཛད་པ་མོ༔ བདུད་མོ་གནོད་སྦྱིན་སྨན་མོ་བཞི༔ བརྟན་མ་བཅུ་གཉིས་འཁོར་དང་བཅས༔ འདིར་བྱོན་གཏོར་མའི་བཤལ་ཆུ་བཞེས༔ སྔོན་ཚེ་པདྨ་ཐོད་ཕྲེང་གི༔ སྤྱན་སྔར་ཁས་བླངས་དམ་བཅས་ལྟར༔ གངས་ཅན་ལྗོངས་འདིར་དུས་འཁྲུགས་དང༔ མི་མཐུན་ནད་མུག་ཀུན་ཞི་ནས༔ རྫོགས་ལྡན་དཔལ་ལ་སྤྱོད་པ་དང༔ ཐེག་མཆོག་བསྟན་པ་རྒྱས་པར་མཛོད༔ པཉྩ་ཨ་མྲྀཏ་བ་ལིཾ་ཏ་ཁཱ་ཧི༔ རྟ་བྲོ་ནི། གཏོར་གཞོང་ཁ་སྦུབས་པའི་འོག་ཏུ་དམིགས་བྱ་མནན་པར་བསམ་ལ། ཧཱུྃ༔ སྟོང་གསུམ་འཇིག་རྟེན་གཞལ་ཡས་ན༔ སྐྱེ་འགྲོ་རྩི་ཤིང་ནགས་ཚལ་ཀུན༔ ཁྲག་འཐུང་འཇམ་དཔལ་གཤིན་རྗེའི་གཤེད༔ སྤྲུལ་པའི་ཁྲོ་བོས་སྣང་སྲིད་གང༔ ཐབས་མཆོག་རྐང་གཡས་བྲོ་བརྡུངས་པས༔ ཕོ་སྲི་ཐམས་ཅད་གཡས་སུ་མནན༔ ཤེས་རབ་གཡོན་གྱིས་བྲོ་བརྡུངས་པས༔ མོ་སྲི་ཐམས་ཅད་གཡོན་དུ་མནན༔ གཉིས་སུ་མེད་པར་བྲོ་བརྡུངས་པས༔ ཆུང་སྲི་དམ་སྲི་དབྱིངས་སུ་མནན༔ དྲག་པོའི་གར་གྱིས་བྲོ་བརྡུངས་པས༔ དགྲ་བགེགས་ཐམས་ཅད་རྡུལ་དུ་རློག༔ ཕྲིན་ལས་རྣམ་བཞིའི་བྲོ་བརྡུངས་པས༔ ལས་བཞི་མྱུར་དུ་འགྲུབ་པར་ཤོག༔ སརྦ་ཤ་ཏྲཱུཾ་ཨ་མུ་ཀ་མཱ་ར་ཡ་རྦད་ནན༔ ཤཱནྟིཾ༔ པུཥྚིཾ༔ ཝཱ་ཤཾ༔ མཱ་ར་ཡ་རྦད༔ དངོས་གྲུབ་བླང་བ་ནི། ཧོཿ འཇམ་དཔལ་དཔའ་བོ་ཧེ་རུ་ཀ །འཁོར་བཅས་བདག་ལ་དགོངས་སུ་གསོལ། །སྔོན་གྱི་ཞལ་བཞེས་དམ་བཅས་པའི། །ཕྲིན་ལས་མཛད་པའི་དུས་ལ་བབ། །ཐུན་མོང་ཚེ་དཔལ་ནུས་སྟོབས་སོགས། །སྲིད་ཞིའི་ཕུན་ཚོགས་ཕྲིན་ལས་བཞི། །གང་བསམ་འབད་མེད་གྲུབ་པར་མཛོད། །དོན་དམ་མི་དམིགས་བདེ་བ་ཆེ། །སྐུ་གསུམ་བདག་ཉིད་གདོད་མའི་མགོན། །ཚེ་འདི་ཉིད་ལ་མངོན་གྱུར་ནས། །གཞན་དོན་རིས་མེད་འགྲུབ་པར་གསོལ། །ཨོཾ་ཡ་མཱནྟ་ཀ་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོཿ སླར་མཆོད་པ་ནི། ཕྱི་ནང་ཉེར་སྤྱོད་སྨན་གཏོར་རཀྟར་བཅས་པས་མཆོད་ཅིང་བསྟོད་དེ། བཤགས་པ་ནི། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པ། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང་ཡི་གེ་བརྒྱ་པ་ཅི་ནུས་བཟླའོ། །དཀྱིལ་འཁོར་བསྡུ་བ་ནི། རྟེན་ཡོད་ན་དེ་ལ་བསྟིམ། མེད་ན་ཡེ་ཤེས་པ་རྣམས། ཧཱུྃ༔ རང་རིག་ཡེ་ནས་འཇམ་དཔལ་ལྷར༔ གཤེགས་བྱ་གཤེགས་བྱེད་དངོས་པོས་སྟོང༔ འོན་ཀྱང་སྣང་ཚུལ་ཡེ་ཤེས་པ༔ སྐྱེ་མེད་ཀློང་དུ་བཛྲ་མུ༔ ཉེར་བསྡུ་ནི། ཧཱུྃ་ཧཱུྃ་ཧཱུྃ། བདག་གི་ཐུགས་སྲོག་ཧཱུྃ་ལས་འོད་ཟེར་འཕྲོས། །སྣོད་བཅུད་འོད་ཞུ་གཞལ་ཡས་ལྷར་ཐིམ་ཞིང་། །འཁོར་རྣམས་གཙོ་བོ་དེ་ཡང་དྭངས་མའི་སྲོག །ཧཱུྃ་ཡིག་ལ་ཐིམ་གྱེན་རྫོགས་ནཱ་དའི་བར། །མི་དམིགས་ངང་གྱུར་སླར་ཡང་སྐད་ཅིག་གིས། །སྣང་སྟོང་སྒྱུ་མ་ཁྲོ་རྒྱལ་སྐུ་རུ་གྱུར། །ཨོཾ་ཧྲཱིཿཥྚི་ཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊཿ སྨོན་ལམ་ནི། དགེ་བ་འདི་ཡིས་བདུད་བཞིའི་དཔུང་བཅོམ་སྟེ། །ཀུན་བཟང་འཇམ་དཔལ་དཔའ་བོའི་ས་བརྙེས་ནས། །རང་དོན་མཐར་ཕྱིན་མཁའ་མཉམ་སེམས་ཅན་རྣམས། །ཕན་དང་བདེ་བའི་དཔལ་ལ་འགོད་པར་ཤོག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེར། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །བཀྲ་ཤིས་བརྗོད་པ་ནི། མཆོག་གསུམ་ངོ་བོ་རྩ་བརྒྱུད་བླ་མ་དང་། །འཇམ་དཔལ་ཞི་ཁྲོ་ཡི་དམ་དཀྱིལ་འཁོར་ལྷ། །མ་དང་མཁའ་འགྲོ་དམ་ཅན་རྒྱ་མཚོ་ཡི། །བཀྲ་ཤིས་ཕྱོགས་དུས་ཀུན་ཏུ་ཁྱབ་པར་ཤོག །ཅེས་སོགས་ཀྱིས་མཐའ་བརྒྱན་པར་བྱའོ། །ཉུང་གསལ་ཚིག་གིས་རྒྱ་ཆེའི་དོན་རྟོགས་པའི། །ལས་བྱང་འདི་འདྲ་ཡིད་བཞིན་རིན་ཆེན་གཏེར། །དངོས་གྲུབ་འདོད་དགུ་འབད་མེད་སྟེར་བའི་ཕྱིར། ཁོ་བོའི་བློ་གྲོས་གདེངས་ཅན་གཙུག་གིས་ངོམ། །རྒྱུད་ལུང་ཟབ་དོན་བདུད་རྩི་མ་ཐོབ་པའི། །མཁས་རློམ་ཕྲག་དོག་དུག་ཆུས་མྱོས་གྱུར་ཏེ། །ཉེས་བཤད་གྱ་གྱུའི་བྱ་བས་རྟག་བྲེལ་ན། །འདི་བརྗོད་འབྲས་བུ་ཁྱོད་ཀྱིས་གང་དུ་འཚལ། །འོན་ཀྱང་ཐུབ་བསྟན་སུམ་རྩེན་རྒྱལ་ཐབས་ལ། །མི་སྲུན་བདུད་སྡེ་ལྷ་མིན་གྱིས་བརྒལ་ན། །ཕྱོགས་ལས་རྣམ་པར་རྒྱལ་བའི་འཕྲུལ་འཁོར་གྱིས། །མཐར་བྱེད་དགའ་སྟོན་འགྱེད་སྙམ་འདི་བྱས་སོ། །དེ་ལྟར་རྒྱུད་སྡེའི་གསང་ཚིག་ཟབ་དོན་གནད། །གྲུབ་པའི་ངག་གིས་བརྒྱན་པའི་བཅུད་མངར་པོས། །སྲིད་ཞིའི་གདུང་སེལ་བདུད་རྩིའི་དགའ་སྟོན་དཔལ། །སྤྲོ་བའི་བྱེད་པོ་འགྱུར་མེད་རྡོ་རྗེ་ཡིན། །དེ་ལྟར་འཇམ་དཔལ་གཤིན་རྗེ་གཤེད་པོའི་ཕྲིན་ལས་ཀྱི་ཡི་གེ་འདི་རང་གཞན་མང་པོ་ལ་ཕན་པའི་བསམ་པ་ཉེ་བར་བཞག་སྟེ། དུས་མཐའི་རྡོ་རྗེ་འཛིན་པ་འགྱུར་མེད་རྡོ་རྗེས་གཏེར་གཞུང་གི་ལས་བྱང་ལ་ཁ་སྐོང་འགའ་ཞིག་བསྡེབས་ཏེ་འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཕོ་བྲང་ཆེན་པོར་སྦྱར་བའི་དགེ་བས་བདུད་སྡེའི་མུན་པ་དབྱིངས་སུ་བཅོམ་ནས་རྒྱལ་བའི་བསྟན་པ་ཉིན་མོར་བྱེད་པའི་དཔལ་དུ་གྱུར་ཅིག། །།

གཤིན་རྗེ་དྲེགས་པ་འཇོམས་བྱེད་ཀྱི་ཉམས་ལེན་རྒྱུན་ཁྱེར་སྙིང་པོར་བསྡུས་པ་ (Volume 17, Text 27)

༄༅། །གཤིན་རྗེ་དྲེགས་པ་འཇོམས་བྱེད་ཀྱི་ཉམས་ལེན་རྒྱུན་ཁྱེར་སྙིང་པོར་བསྡུས་པ་ཞེས་བྱ་བ་བཞུགས་སོ། ། ཡ་མཱ་རི་ན་མོ། བླ་མ་མཆོག་དང་འཇམ་དཔལ་ལྷར། །ཕྱག་བྱས་དཔའ་བོ་དུས་ཀྱི་དགྲའི། །ཉམས་ལེན་རྒྱུན་ཁྱེར་འཇུག་བདེ་བ། །དང་པོའི་ལས་ཅན་དོན་དུ་བྲི། །དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་རྣལ་འབྱོར་པས། ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱས་ནས། སྐྱབས་ཡུལ་གསལ་བཏབ་ལ། ན་མོ༔ བདག་དང་མཐའ་ཡས་སེམས་ཅན་ཀུན༔ དེང་ནས་བྱང་ཆུབ་སྙིང་པོའི་བར༔ བསླུ་མེད་སྐྱབས་གནས་ཐམས་ཅད་ལ༔ སྒོ་གསུམ་དང་བས་སྐྱབས་སུ་མཆི༔ རང་རིག་རང་ངོ་མ་ཤེས་པའི༔ མ་རིག་འཁྲུལ་པའི་སེམས་ཅན་ཀུན༔ བདེ་ཆེན་ས་ལ་འགོད་བྱའི་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཞེས་སྐྱབས་སེམས་སྔོན་དུ་འགྲོ་བས། རང་ཉིད་སྐད་ཅིག་གིས་འཇམ་དཔལ་ཁྲོ་བོའི་སྐུར་གྱུར། མཆོད་གཏོར་རྣམས་རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པའི་ནང་དུ་ཧཱུྃ་ལས་ཕྱི་ནང་གསང་བའི་མཆོད་རྫས་སྨན་རཀ་འདོད་དགུའི་གཏོར་ཆེན་བསམ་གྱིས་མི་ཁྱབ་པས་ནམ་མཁའ་གང་བར་གྱུར། ཨོཾ་ཨཱཿཧཱུྃ་གསུམ་གྱིས་བྱིན་གྱིས་བརླབས་ལ། ཧཱུྃ༔ ཆོས་ཀུན་གདོད་ནས་སྤྲོས་བྲལ་ཀྱང༔ འགག་མེད་རང་མདངས་སྙིང་རྗེར་ཤར༔ དེ་ལས་རང་རིག་ཡི་གེ་ཧཱུྃ༔ ཧཱུྃ་ལས་རིམ་བརྩེགས་འབྱུང་ལྔའི་སྟེང༔ དུར་ཁྲོད་རབ་འཇིགས་གཞལ་ཡས་ཁང༔ མཚན་ཉིད་ཀུན་ཚང་ལྟེ་བ་རུ༔ དྲེགས་པ་ཆུ་གླང་པད་ཉིའི་སྟེང༔ རང་རིག་ཧཱུྃ་ལས་གཤིན་རྗེའི་གཤེད༔ མཐིང་ནག་དུག་ཆེན་ཧ་ལའི་མདོག༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ ཞལ་གདངས་མཆེ་གཙིགས་སྤྱན་དམར་འཁྲུགས༔ འཁོར་ལོ་རལ་གྲི་གྲི་གུག་གཡས༔ ཐོད་ཁྲག་བེ་ཅོན་སྡིགས་མཛུབ་གཡོན༔ དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔ གཉིས་མེད་ཡུམ་མཆོག་བཻ་ཏཱ་ལཱི༔ གྲི་ཐོད་འཛིན་ཅིང་ཡབ་དང་འཁྲིལ༔ སྤྱི་བོར་སྤྲུལ་པའི་བྱ་ཁྱུང་མཐིང༔ སྤུ་གྲིའི་སྒྲོ་གཤོག་ཀླུ་གདོན་འདུལ༔ བདག་གི་སྐུ་ཡི་ཆ་ཀུན་ནས༔ སྤྲུལ་པའི་ཁྲོ་ཚོགས་གྲངས་མེད་འགྱེད༔ ཡེ་ཤེས་མེ་དཔུང་ཀློང་དུ་གསལ༔ ཟླ་གམ་གསུམ་ལ་རོ་ཡི་སྟེང༔ སྐུ་གསུང་ཐུགས་སྤྲུལ་རྣམ་པ་གསུམ། །རྩིབས་བཞིར་གཤེད་ཆེན་རྣམ་པ་བཞི། །སྒོ་སྐྱོང་ཕོ་ཉ་རྣམ་བཞིར་བཅས། །གཞན་ཡང་འཇིགས་བྱེད་གཤིན་རྗེའི་འཁོར༔ སྤྲུལ་དང་ཡང་སྤྲུལ་ཉིང་སྤྲུལ་བཅས༔ གྲངས་མེད་སྤྲིན་གཏིབས་ལྟར་གསལ་བའི༔ གཙོ་འཁོར་ཀུན་གྱི་གནས་གསུམ་དུ༔ འབྲུ་གསུམ་འོད་ཟེར་འབར་བ་ལས༔ འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གྱུར། །ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་མཆོག༔ དྲག་པོ་ཨེ་ཡི་གཞལ་ཡས་ནས༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད༔ ཡབ་ཡུམ་སྤྲུལ་འཁོར་བཅས་པ་རྣམས༔ དམ་ཚིག་དབང་གིས་སྤྱན་འདྲེན་ན། །དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཨོཾ་ཧཱུྃ་སྭཱ་ཨཱཾ་ཧཱཿཨ་བྷི་ཥིཉྩ་མི༔ ཞེས་དབང་བསྐུར། ལྷ་ཡི་ལྷ་མཆོག་བཅོམ་ལྡན་འདས༔ གཤིན་རྗེའི་གཤེད་པོ་ཁྲོ་བོའི་རྒྱལ༔ གཙོ་འཁོར་སྤྲུལ་པར་བཅས་རྣམས་ལ༔ རབ་གུས་གདུང་བས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཞེས་ཕྱག་འཚལ། ཧཱུྃ༔ དངོས་བཤམས་ཡིད་ལས་རྣམ་སྤྲུལ་པའི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་འདོད་ཡོན་ལྔ༔ སྨན་རཀ་ཤ་ཁྲག་གཏོར་མའི་ཚོགས། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུས༔ དཔག་ཡས་ནམ་མཁའི་ཁྱོན་བཀང་སྟེ༔ འཇམ་དཔལ་གཤིན་རྗེའི་ཚོགས་ལ་འབུལ༔ ཨོཾ་བཛྲ་པུཥྤེ་ནས་ཤབྡ་བར་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི། ཞེས་པས་མཆོད། ཧཱུྃ༔ གདོད་ནས་སྤྲོས་བྲལ་མི་དམིགས་ཆོས་ཀྱི་སྐུ༔ རང་རྩལ་འགག་མེད་སྣ་ཚོགས་ལོངས་སྤྱོད་རྫོགས༔ ཐུགས་རྗེས་རབ་ཁྲོས་ཁྲོ་རྒྱལ་སྤྲུལ་པའི་སྐུ༔ གཙོ་འཁོར་སྤྲུལ་པར་བཅས་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། བཟླས་པ་བྱ་བ་ནི། བདག་གི་ཐུགས་ཀར་འཁོར་ལོའི་དབུས༔ འཇམ་དཔལ་དམར་སེར་པོད་རལ་འཛིན༔ རིན་ཆེན་རྒྱན་མཛེས་ཐུགས་ཀའི་དབུས༔ ཉི་སྟེང་རྡོ་རྗེ་རྩེ་ལྔ་པ༔ ལྟེ་བར་ཧཱུྃ་མཐིང་མཚན་པའི་མཐར༔ སྔགས་ཕྲེང་གཡས་སུ་འཁོར་བ་ལས༔ འོད་འཕྲོས་འཕགས་མཆོད་མཐུ་དབང་བསྡུས༔ སེམས་ཅན་སྒྲིབ་སྦྱངས་དགྲ་བགེགས་བསྒྲལ༔ སྣོད་བཅུད་ཡོན་ཏན་དྭངས་མ་ཀུན༔ འོད་ཟེར་རྣམ་པར་བདག་ལ་ཐིམ༔ ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ སྙིང་པོའོ། །ཨོཾ་ཧྲཱིཿཥྚི་ཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ༔ ཉེ་སྙིང་ངོ་། །ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ་ཧྲཱིཿཥྚི་ཨ་པ་ཡེ་མ་མ་ཀྲོ་དྷཱི་ཤྭ་རི་སརྦ་ས་མ་ཡེ་ཧཱུྃ་ཕཊ༔ ཅེས་སྒྲུབ་པའི་རྩ་སྔགས་ཏེ་རིམ་པ་བཞིན་བཟླའོ། །གཞན་ཡང་སྲུང་ཟློག་བསད་མནན་གྱི་སྔགས་དམིགས་རྣམས་མན་ངག་བཞིན་ཤེས་པར་བྱའོ། །སླར་ཡང་གོང་ལྟར་མཆོད་ཅིང་བསྟོད། གཤིན་རྗེའི་གཤེད་ཀྱི་ཡིག་བརྒྱས་ནོངས་པ་བཟོད་པར་གསོལ། ཐུན་མཐར། སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་གཞལ་ཡས་ཁང་ལྷ་དང་བཅས་པར་ཐིམ། དེ་ཡང་རིམ་བཞིན་ཐུགས་སྲོག་ཧཱུྃ་ཡིག་གི་ནཱ་དའི་བར་བསྡུ་ཞིང་མི་དམིགས་པའི་ངང་ལ་མཉམ་པར་བཞག །སླར་ཡང་གཤིན་རྗེའི་གཤེད་ཞལ་གཅིག་ཕྱག་གཉིས་པའི་སྐུར་གྱུར་པའི་གནས་གསུམ་དུ་འབྲུ་གསུམ་གྱིས་མཚན་པར་བསམ་ལ། དགེ་བ་རྫོགས་བྱང་དུ་བསྔོ་ཞིང་ཐུན་མོང་གི་སྤྱོད་ལམ་བསྐྱང་བར་བྱའོ། །དེ་ལྟར་འཇམ་དཔལ་གཤིན་རྗེའི་གཤེད་པོ་དྲེགས་པ་འཇོམས་བྱེད་ཀྱི་ཉམས་ལེན་རྒྱུན་ཁྱེར་སྙིང་པོར་བསྡུས་པ་འདི་ནི་དགེ་སློང་རྡོ་རྗེ་འཛིན་པ་དགེ་ལེགས་རབ་བརྟན་གྱི་གསུང་གིས་བསྐུལ་བ་ལྟར་རིག་འཛིན་གཏེར་བདག་གླིང་པས་ཟིན་རིས་སུ་བྲིས་པ་ཛ་ཡནྟུ།། །།

གཤིན་རྗེ་དྲེགས་པ་འཇོམས་བྱེད་ཀྱི་ལས་བུམ་སྒྲུབ་ཐབས་ (Volume 17, Text 28)

གཤིན་རྗེ་དྲེགས་པ་འཇོམས་བྱེད་ཀྱི་ལས་བུམ་སྒྲུབ་ཐབས་བཞུགས་སོ། །ཡ་མ་རཱ་ཛས་བསང་། སྭ་བྷཱ་ཝས་སྦྱང་། ལས་བུམ་དབུས་སུ་མ་ཧེའི་སྟེང་། །འཆི་བདག་ནག་པོ་གཤིན་རྗེའི་གཤེད། །ཐོད་དབྱུག་བྷཉྫ་ཁྲག་བཀང་འཛིན། །གཏུམ་དྲག་སྲིན་པོ་ཁྲོས་བཞིན་གྱུར། །གནས་གསུམ་འབྲུ་གསུམ་གནས་པ་ལས། །འོད་འཕྲོས་ཡེ་ཤེས་སེམས་དཔའི་ཚོགས། །རང་བཞིན་གནས་ནས་སྤྱན་དྲངས་གྱུར། །ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཨོཾ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་སོགས་ཀྱིས་བསྟོད། བཟླས་པའི་ཚེ། བདག་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་ཐོན། གཟུངས་ཐག་ལ་འཁྲིལ་ཏེ་བུམ་ནང་གི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཞུགས་པར་གྱུར། ཨོཾ་ཡ་མ་རཱ་ཛ་ས་མ་ཡ་ཧཱུྃ་ཕཊ། མཐར། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས། ལྷ་ཐམས་ཅད་ཆགས་པ་ཆེན་པོས་འོད་དུ་ཞུ་ནས་བྱང་ཆུབ་ཀྱི་སེམས་སུ་རོ་གཅིག་ཏུ་གྱུར་པར་བལྟའོ། །ཅེས་པའང་འགྱུར་མེད་རྡོ་རྗེས་སོ།། །།

འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་བདེ་ཆེན་འདོད་འཇོ་ (Volume 17, Text 29)

༄༅། །འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་བདེ་ཆེན་འདོད་འཇོ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། ཁམས་གསུམ་ཉོན་མོངས་གཤིན་རྗེའི་དཔུང་། །འཇོམས་བྱེད་འཇམ་དཔལ་ཁྲག་འཐུང་ལྷར། །བཏུད་ནས་དེ་ཡི་དབང་བསྐུར་གྱི། །ཆོ་ག་འཇུག་བདེའི་སྙིང་པོར་སྤེལ། །འདིར་འཇམ་དཔལ་གཤིན་རྗེ་གཤེད་དྲེགས་པ་འཇོམས་བྱེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་སྒྲུབ་ཐབས་དང་། དབང་གི་ཆོ་གའོ། །དང་པོ་ནི། རྡུལ་ཚོན་ལ་བརྟེན་པའི་ཚེ་ན་གང་དུ་དཀྱིལ་འཁོར་བྱ་བའི་སའི་ཆར་བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་ལས་བྱང་ལྟར་གཞི་བགེགས་ལ་གཏོར་མ་བྱིན། སྐབས་འདིར་སྔར་མ་དུལ་བའི་ས་ཡིན་ན་གནམ་ས་བར་གསུམ་གྱི་དཔྱད་ལ་བརྟག་པ་དང་། སའི་བདག་པོ་ལ་གཏོར་མ་བྱིན་ནས་བསླངས་རྗེས་བྱེ་བྲག་ཏུ་ལྟོ་འཕྱེ་བརྟག་པ་དང་། ཆུ་སའི་སྒོ་ནས་པྲ་བརྟག་པ་སོགས་ཀྱང་གཞན་ལས་འབྱུང་བ་བཞིན་བྱ། དེ་ནས་རྡོ་རྗེ་དང་བཅས་པའི་ལག་གཡས་པ་ས་ལ་བཞག་སྟེ་ཧྲཱིཿཥྚི་སོགས་བདག་པོའི་སྔགས་དང་། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ༔ཅེས་བརྒྱ་རྩ་སོགས་བཟླས་པ་ཀུན་རྫོབ་ཀྱི་སྦྱང་བ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དུ་མོས་པ་དོན་དམ་པའི་སྦྱང་བས་ཡོངས་སུ་དག་པར་བྱས་ལ། བཀྲ་ཤིས་པའི་ས་ལ་སྟེགས་བུ་གྲུ་བཞི་ཁོད་སྙོམས་པ་ལྷོ་དང་ནུབ་བགས་ཀྱིས་མཐོ་ཞིང་བྱང་དང་ཤར་ཡིད་ཙམ་གཞོལ་བར་བརྩིགས། ལས་སྔགས་བཟླ་བཞིན་དུ་བདུད་རྩི་ལྔ་ཁྲག་ཆང་དྲི་བཟང་དང་སྦྱར་བས་ཆག་ཆག་གདབ། དེ་ནས་ཐིག་ཚོན་གྱི་ཆོ་ག་ནི། མཚན་ཉིད་དང་ལྡན་པའི་ཐིག་སྐུད་མཆོད་པ་དང་བཅས་པ་འདུ་བྱས་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི་རིགས་ལྔའི་གཤིན་རྗེ་གཤེད་ཡུམ་དང་བཅས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ཧཱུྃ་གི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ ཆུ་གཉིས་ཉེར་སྤྱོད་ཀྱིས་མཆོད། བཅོམ་ལྡན་ཁྲོ་བོའི་རྒྱལ་པོ་ནི། །སོགས་ཀྱིས་བསྟོད། དེ་རྣམས་ཞུ་བའི་ཐིག་སྐུད་ཨོཾ་ཨ་ནྱོ་ནྱ་ཨ་ནུ་ག་ཏེ། སརྦ་དྷརྨཱཿཔ་ར་སྤ་ར་ཨ་ནུ་པྲ་བིཥྚཿསརྦ་དྷརྨཱཿཨ་ཏྱནྟ་ཨ་ནུ་པྲ་བིཥྚཿསརྦ་དྷརྨཱཿཨོཾ་ཨཱཿཧཱུྃ། ཞེས་གཅིག་ཏུ་དྲིལ་བ་ལས་ཀྱི་རྡོ་རྗེར་ཛཿཛཿཞེས་གཏད་ལ། སློབ་དཔོན་ནུབ་སློབ་མ་ཤར་དུ་གནས་པས་ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུྃ། ཞེས་བརྗོད་ཅིང་ཐིག་ཐིག་བསྐོར་དང་བཅས་པས་མཁའ་ལ་གདབ་ཅིང་སྤྱོད་ལམ་མ་ནོར་བར་བྱེད། ལས་ཐིག་དཀར་ཆལ་གྱིས་སྦགས་པའི་སྲད་བུས་ཚངས་ཟུར་གྱི་ཐིག་རྣམས་ལེགས་པར་བཏབ་ལ་ཆ་དབྱེ་བ་ནི། རྩ་ཐིག་བཞི་ཟུར་གྲུར་བཅད་པས། །གཡས་གཡོན་བརྒྱད་བརྒྱད་བཅུ་དྲུག་གི །དང་པོ་ཕྱེད་གདབ་ཕྱི་མ་གསིལ། །གཉིས་པ་བཞིར་གཤགས་གསུམ་བཞི་དོར། །ལྔ་པ་དབུས་དོར་དྲུག་ཕྱེད་གསིལ། །བདུན་པ་བཞིར་བྱས་བརྒྱད་དབུས་དོར། །ལྟེ་བ་ཟླུམ་སྐོར་དབུས་སུ་ཨེ། །ཐོད་ར་ཆ་བྲན་རྩིབས་བཞིའི་ས། །ཆ་གསུམ་མུ་ཁྱུད་ཆ་བྲན་གཅིག །ཕྱི་རོལ་མདའ་ཟུར་ཕྱི་ངོས་ནས། །གཉིས་གསུམ་གཅིག་དང་ཆ་ཆེན་གཅིག །ཟླུམ་བསྐོར་པདྨ་དུར་ཁྲོད་དང་། །རྡོ་རྗེའི་ར་བ་མེ་ཡི་ས། །དེ་ནས་ཚོན་སྣ་ལྔ་མདོག་རིགས་བསྡེབས་པ་བྱིན་རླབས་བསྟོད་པའི་བར་ཐིག་གི་སྐབས་བཞིན་ལས། དེ་རྣམས་ཞུ་བ་ལས་བྱུང་བའི་རིན་པོ་ཆེའི་རྡུལ་ཕྲ་རབ་ཏུ་བསམ་ལ་ས་བོན་ལྔ་བརྗོད་པས་བྱིན་གྱིས་བརླབ། དགྱེ་བའི་ཚུལ་ནི། དང་པོ་སློབ་དཔོན་གྱིས་དབང་ལྡན་ནས་གཡས་བསྐོར་གྱིས་བྲི། དེ་ནས་གཞན་གྱིས་ཀྱང་ཅི་བདེར་བྲིས་ལ། ལྟེ་བ་གྲུ་གསུམ་མཐིང་། ཟླ་གམ་དམར། མུ་ཁྱུད་ཐོད་ར་དཀར། རྩིབས་བཞི་མཐིང་། རྩིབས་མཆན་ཕྱོགས་མདོག །མུ་ཁྱུད་སྔོ། སྒོ་ཁྱམས་སྤྱི་དང་མཚུངས་པ་བྲི། ལྷ་གནས་སུ་སྐུའམ་ཕྱག་མཚན་ས་བོན་སོགས་ཅི་རིགས་བྱའོ། །བཤམ་དངོས་ནི་དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་ཁར་བུམ་པ་ཆས་ལྡན་བཅུད་ཀྱིས་བཀང་བ་སྐུ་རྟེན་ཙཀླི་གཟུངས་རྡོར་དང་བཅས་པ། གཡས་སུ་སྒྲུབ་གཏོར་དར་ནག་གི་འཕུར་ལྡིང་ཅན། གཡོན་དུ་གསང་ཐོད་ཨ་མྲྀཏས་བཀང་བའི་ཁར་མེ་ལོང་སིནྡྷུ་རའི་དཀྱིལ་འཁོར་ཆོས་འབྱུང་ཉིས་བརྩེགས་ཀྱི་ལྟེ་བར་ཟླ་དཀྱིལ་གྱི་དབུས་སུ་མཱུཾ་ཡིག་སྔགས་ཀྱིས་བསྐོར་བ་ཟུར་དྲུག་ལ་དགའ་བ་འཁྱིལ་པ་དང་བཅས་བྲིས་པ་བཀོད། གཞན་ཡང་ཇི་ལྟར་རིགས་པར་སྔགས་བྱང་། བགྲང་ཕྲེང་། དཔལ་ཆས། ཕྱག་མཚན། མན་ཤེལ། བྲུབ་ཁུང་ལིངྒ་དང་བཅས་པ། ཕུར་བུ། སྒྲོལ་གྲི་སོགས་དང་། མཆོད་གཏོར་དང་གཏེར་སྲུང་གི་གཏོར་མ། མཐའ་སྐོར་དུ་སྨན་རཀ་ཉེར་སྤྱོད་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །གཉིས་པ་ནི། སྐྱབས་སེམས་ནས་བཟུང་བཟླས་པའི་བར་བདག་མདུན་བུམ་གསུམ་ཐ་མི་དད་ཀྱི་ཚུལ་དུ་བསྒྲུབས་རྗེས། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །ཞེས་སོགས་ཀྱིས་ཛཔ྄་དམིགས་གསལ་བཏབ་ནས་བུམ་པ་ལ་དམིགས་པའི་སྒེར་བཟླས་དང་། ལས་བུམ་དུ་སྐད་ཅིག་གིས་ལས་གཤིན་གསལ་བཏབ་ལ་ལས་སྔགས་ཅི་རིགས་བཟླས་རྗེས། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ། ཧཱུྃ༔ དགོངས་ཤིག་བདེ་གཤེགས་སོགས་ཀྱིས་དངོས་གྲུབ་བསྐུལ་བ་ནས་འོད་གསལ་དུ་འཇུག་ཅིང་བརྟན་པར་བྱ་བའི་བར་ལས་བྱང་གི་དཀྱུས་བཞིན་དང་། སྤྱི་དང་བྱེ་བྲག་གི་ཆོས་སྲུང་ལ་གཏོར་འབུལ་ཚོགས་མཆོད་རྣམས་ཀྱང་སྐབས་འདིར་བྱའོ། །གསུམ་པ་བདག་ཉིད་འཇུག་པ་དང་སློབ་མ་ལ་དབང་བསྐུར་བའི་ཆོ་ག་གཉིས། དང་པོ་ནི། དཀྱིལ་འཁོར་པའི་ཐུགས་ཀ་ནས་རང་ཉིད་ཟུར་དུ་ཕྱེ་ལ་སློབ་དཔོན་གྱི་བྱ་བ་རྣམས་གཙོ་བོ་དང་སློབ་མའི་བྱ་བ་རྣམས་རང་གི་ཤེས་པས་འཆད་འགྱུར་བཞིན་རྫོགས་པར་བླང་བའམ། ཡང་ན་རང་གི་ལུས་ངག་ཡིད་གསུམ་གྱི་འཆར་གཞིར་གྱུར་པའི་གཉུག་མའི་སྒོ་གསུམ་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དང་ཡེ་ནས་རང་བཞིན་གྱིས་དབྱེར་མེད་པ་ཡིན་པ་ལ་ཡིན་པར་ཤེས་པའི་ཚུལ་གྱིས་རིག་པའི་མེ་ཏོག་དོར་བ་ཙམ་གྱིས་ཆོག །གང་ལྟར་ཡང་། ཨོཾ། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གི་སློབ་མ་འཇུག་པར་བགྱི། །ཞེས་གསོལ་བ་གདབ། གཉིས་པ་ལ་དཀྱིལ་འཁོར་དུ་འཇུག་པ་དང་དངོས་གཉིས་ལས། དང་པོ་ནི། སློབ་མ་རྣམས་ཡོལ་བའི་ཕྱིར་ཁྲུས་བྱས། བགེགས་བསྐྲད། མཎྜལ་ཕུལ། ཨོཾ་ཨཱཿཧཱུྃ་གིས་མིག་དར་བཅིང་། ཨཱ་ཁཾ་ཝཱི་ར་ཧཱུྃ་གིས་མེ་ཏོག་གཏད། ཐལ་མོ་སྦྱར་ཏེ། གསོལ་བ་གདབ་པ་ནི། ཨེ་མ་བླ་མ་རྡོ་རྗེ་འཛིན༔ དཀྱིལ་འཁོར་ཀུན་གྱི་ཡང་དག་གཙོ༔ གསང་ཆེན་དབང་གི་ཆོ་ག་ལ༔ བདག་ཉིད་འཇུག་པར་མཛད་དུ་གསོལ༔ ཞེས་ལན་གསུམ། སློབ་དཔོན་གྱིས་ལན་གདབ་པ་ནི། ཨེ་མ་སྣོད་དང་ལྡན་པའི་བུ༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ གསང་སྔགས་ཆོ་ག་འདི་མཛད་པས༔ ཀུན་ཀྱང་སངས་རྒྱས་ཐོབ་པ་ཡིན༔ དེ་ཕྱིར་རིགས་ཀྱི་བུ་ཁྱོད་ཀྱང༔ སྲིད་པའི་དུཿཁ་ལས་སྐྱོབ་ཕྱིར༔ གཤིན་རྗེ་གཤེད་པོའི་དབང་མཆོག་སྦྱིན༔ དེ་ནས་ལས་བྱང་བཞིན་སྐྱབས་འགྲོ་སེམས་བསྐྱེད་བྱ། དུག་ལྔ་དག་པ་ཡེ་ཤེས་ལྔ། །བསྟེན་ཅིང་རྟག་ཏུ་བདག་གིས་སྤྱད། །བདེ་གཤེགས་རིགས་ལྔའི་བརྟུལ་ཞུགས་དག །བདག་གིས་བརྟན་པོར་བཟུང་བར་བགྱི། །ཞེས་ལན་གསུམ་གྱིས་ཐུན་མོང་དང་། ཧེ་རུ་ཀ་དཔལ་བླ་མ་མཆོག །བསྟེན་ནས་བསྙེན་ཅིང་སྒྲུབ་པ་དང་། སྒྲུབ་ཆེན་ལས་ཀྱི་སྦྱོར་བ་རྣམས། །སྲོག་གི་ཕྱིར་ཡང་མི་གཏང་ངོ་། །ཞེས་ལན་གསུམ་གྱིས་ཁྱད་པར་གྱི་སྡོམ་པ་བཟུང་། ཛཿཧཱུྃ་བཾ་ཧོཿ པྲ་ཝེ་ཤ་ཡ་ཕཊཿ དཀྱིལ་འཁོར་གྱི་སྒོ་བཞི་ཕྱེ་བར་བསམ་ལ་ཡོལ་བ་ཡོད་ན་སྐབས་འདིར་བསལ། ཨོཾ་བཛྲ་ས་མ་ཡ་ཛཿཛཿས་རྡོ་རྗེས་ནང་དུ་ཁྲིད། ཨོཾ་ན་མཿཏེ་ཧཱུྃ། ཨོཾ་ན་མ་མི་ཧཱུྃ། ཨོཾ་ན་མོ་ན་མ་ཧཱུྃ། ཞེས་ཐལ་མོ་གནས་གསུམ་དུ་རིམ་པ་བཞིན་སྦྱར་བས་ཕྱག་བྱ་སྟེ་ཕྱི་འཇུག་གོ །དེ་ནས་ནང་འཇུག་གི་སྔོན་འགྲོ་དམ་བཞག་ལ། གསང་བ་མི་བསྒྲག་པའི་སྒོ་ནས་དམ་ལ་བཞག་པ་ནི། ཧཱུྃ༔ འཇམ་དཔལ་གཤིན་རྗེའི་ལྷ་ཚོགས་རྣམས༔ ཡེ་ནས་རང་བྱུང་ཁྱོད་ལ་རྫོགས༔ དམ་ཚིག་ཉམས་ན་དེ་ལ་སྒྲིབ༔ དེ་བས་མཆོག་ཏུ་དམ་སྲུངས་ཤིག༔ བཛྲ་ས་མ་ཡ་ཧཱུྃ༔ ཞེས་རྡོ་རྗེ་སྤྱི་བོར་བཞག །བདུད་རྩི་དང་བཅས་པའི་དུང་ཞལ་གྱི་ཆུ་བླུད་ལ། ཧཱུྃ༔ འདི་ནི་དམ་ཚིག་བདུད་རྩིའི་ཆུ༔ དམ་ཚིག་འདས་ན་སྲེག་པར་བྱེད༔ དམ་ཚིག་བསྲུང་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ ས་མ་ཡ་ཨ་མྲྀཏ་ཀ་ཋཱ། ཞེས་དམ་ལ་བཞག །དེ་ནས་ནང་འཇུག་གི་དངོས་གཞི་ཡེ་ཤེས་པ་དབབ་པའི་སླད་དུ་སློབ་མ་ལུས་གནད་དྲང་པོར་བསྲང་། ངག་རླུང་ཁ་སྦྱོར་དུ་བཅིང་། སེམས་གནད་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཆུ་གླང་པད་ཉི་དྲེགས་པ་བསྣོལ་བའི་གདན་གྱི་སྟེང་དུ་སློབ་མ་སྐད་ཅིག་གིས་འཇམ་དཔལ་གཤིན་རྗེའི་གཤེད་དྲེགས་པ་འཇོམས་བྱེད་སྐུ་མདོག་མཐིང་ནག་དུག་ཆེན་ཧ་ལ་ལྟར་གནག་པ། ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། ཞལ་གསུམ་གཡས་དཀར་གཡོན་དམར་དབུས་མཐིང་ག །ཕྱག་དྲུག་དང་པོ་གཉིས་ཀྱིས་གྲི་ཐོད་འཛིན་པས་ཡུམ་ལ་འཁྱུད་པ། གཡས་འོག་མ་གཉིས་ཀྱིས་རལ་གྲི་དང་འཁོར་ལོ་གཡོན་འོག་མ་གཉིས་ཀྱིས་བེ་ཅོན་དང་སྡིགས་མཛུབ། ཞབས་བཞི་གཡས་བསྐུམ་གཡོན་བརྐྱང་བའི་སྟབས་ཅན། ཡུམ་ཟ་བྱེད་བཻ་ཏཱ་ལཱི་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ། དུར་ཁྲོད་རོལ་པའི་ཆས་བརྒྱད་དཔལ་གྱི་ཆས་བཅུ་ཡོངས་སུ་རྫོགས་པའི་དབུ་གཙུག་ན་བྱ་ཁྱུང་འཕུར་ཞིང་ལྡིང་བ། སྐུའི་ཆ་ཀུན་ནས་སྤྲུལ་པའི་ཁྲོ་ཚོགས་འགྱེད་པ། ཡེ་ཤེས་ཀྱི་མེ་རི་མེ་དཔུང་འབར་བའི་དབུས་ན་བཞུགས་པའི་སྐུར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་བསྒོམས། བླ་མ་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་འོག་མིན་ཆོས་ཀྱི་འབྱུང་གནས་ལ་སོགས་སངས་རྒྱས་ཀྱི་ཞིང་ཁམས་རྒྱ་མཚོ་ནས་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་ལྷ་ཚོགས་དཔག་ཏུ་མེད་པ་ཁ་བ་བུ་ཡུག་འཚུབས་པ་ལྟར་བྱོན་ནས་སློབ་མའི་ལུས་ལ་ཐིམ་པར་བསམ་ལ། བདུད་རྩི་ལྔ་དང་ཤ་ཆེན་གུ་གུལ་སྦྱར་བའི་སྤོས་བསྲེག་ཅིང་རོལ་མོ་དྲག་པོ་དང་བཅས་ཏེ། ཨོཾ་ཡ་མཱནྟ་ཀ་མ་ཧཱ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཨཱ་ཝེ་ཤ་ཡ་ཨཱཿཧཱུྃ་ཧཱུྃ་ཛ༔ ཞེས་བྱིན་ཕེབ་པ། ཏིཥྛ་བཛྲ་ཞེས་མགོ་བོར་རྡོ་རྗེ་རྒྱ་གྲམ་དུ་བཀོད་དེ་བརྟན་པར་བྱས་པ་ལ་དུར་ཁྲོད་ཆས་ཀྱིས་མངའ་གསོལ་བ་ནི། དཔལ་གྱི་རྒྱན་ཆས་རྣམས་སློབ་མའི་གནས་སོ་སོར་བཀོན་ཚུལ་བྱས་ཏེ། ཧཱུྃ༔ སྔོན་ཚེ་དཔལ་ཆེན་ཁྲོ་རྒྱལ་གྱིས༔ བདུད་དཔུང་རུ་དྲ་བསྒྲལ་པའི་ཚེ༔ སྐུ་ཡི་རྒྱན་དུ་བྱས་པ་ལྟར༔ དེ་བཞིན་རྒྱལ་སྲས་ཁྱོད་ཉིད་ལ༔ དུར་ཁྲོད་ཆས་བརྒྱད་དབང་བསྐུར་བས༔ རྣམ་ཤེས་ཚོགས་བརྒྱད་རང་སར་དག༔ བདེ་གཤེགས་སྐུ་རུ་ཁྱོད་གྱུར་ནས༔ དྲེགས་པ་ཚར་གཅོད་དབང་ཐོབ་ཤོག༔ ཅེས་བརྗོད། དེ་ནས་སྔར་གཏད་པའི་མེ་ཏོག ཧཱུྃ༔ ཁྲག་འཐུང་གཤིན་རྗེའི་དཀྱིལ་འཁོར་དུ༔ བདག་གིས་རིག་པའི་མེ་ཏོག་འབུལ༔ སྔོན་ནས་སྐྱོབ་པར་མཛད་པའི་ལྷ༔ གང་ཡིན་དེ་ཡིས་བཞེས་སུ་གསོལ༔ པྲ་ཏཱིཙྪ་བཛྲ་ཧོ༔ ཞེས་མཎྜལ་ཚོམ་བུ་ལྔ་པར་དོར་བས་རིགས་ངེས་པར་བྱས་ལ། ཧཱུྃ༔ ཐུགས་མཆོག་འཇམ་དཔལ་གཤིན་རྗེའི་ཚོགས༔ འདི་དང་གཉིས་མེད་བརྟན་པར་མཛོད༔ པྲ་ཏི་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བ་ལ་ཏིཥྛ་ཧཱུྃ༔ ཞེས་གང་དུ་བབས་པའི་རིགས་ཀྱི་ལྷས་མགོ་བོར་བཅིངས་པར་བསམ། གཤིན་རྗེ་གཤེད་པོས་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བའི། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་བཛྲ་ཙཀྵུཿཔྲ་ཝེ་ཤ་ཡ་ཕཊ༔ ཅེས་གདོང་གཡོགས་བསལ། ཧོཿ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་སྐྱེད། ཁྱོད་ནི་ལས་དང་སྐལ་པར་ལྡན། །འདི་མཐོང་དངོས་གྲུབ་ཐོབ་པར་འགྱུར། །ཞེས་ཕྱི་ལྟར་མཚན་མ་རྫས་ཀྱི་དཀྱིལ་འཁོར་འདི་ཉིད་ཀྱིས་མཚོན་ཏེ། ནང་ལྟར་རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ་གྲུབ་པ་དང་། གསང་བ་ལྟར་ན་སེམས་ཉིད་ཡེ་ནས་རྣམ་པར་དག་པ་རང་བྱུང་གི་ཡེ་ཤེས་ཆེན་པོར་གྲུབ་པའི་བརྡ་དང་རྟགས་ཀྱི་སྒོ་ནས་རྒྱས་པར་བསྟན་ལ་ངོ་སྤྲོད་དོ། །གཉིས་པ་དབང་དངོས་གཞིའི་དོན་དུ་མཎྜལ་ཕུལ་ལ། སྔོན་ཚེ་བདེ་བར་གཤེགས་རྣམས་ཀྱིས༔ རྒྱལ་སྲས་ཚོགས་ལ་དབང་བསྐུར་ལྟར༔ དེ་བཞིན་རྡོ་རྗེ་འཛིན་པ་ཆེས༔ བདག་ལ་དབང་བསྐུར་བསྩལ་དུ་གསོལ༔ ཞེས་ལན་གསུམ་གྱིས་གསོལ་བ་གདབ། སློབ་མ་དབང་སྟེགས་ཀྱི་དཀྱིལ་འཁོར་པདྨ་དང་ཉི་མའི་གདན་ལ་འཇམ་དཔལ་གཤིན་རྗེ་གཤེད་པོའི་རྣམ་པས་འཁོད་པར་གྱུར། སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་ནམ་མཁའ་གང་བར་སྤྱན་དྲངས། མེ་ཏོག་ལ་སོགས་པས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་ནམ་མཁའ་གང་བའི་ལྷ་རྣམས་དང་དཀྱིལ་འཁོར་པ་དབྱེར་མ་མཆིས་པས་དབང་བསྐུར་བར་མོས་ལ་དབང་བཞིའི་དང་པོ་བུམ་དབང་ལ་ཐུན་མོང་གི་བུམ་པའི་དབང་བསྐུར་བ་ནི། ཧཱུྃ༔ རིན་ཆེན་བུམ་པ་གཞལ་ཡས་ཁང༔ འཇམ་དཔལ་གཤིན་རྗེའི་ལྷ་ཚོགས་བཞུགས༔ དེ་རིང་ཁྱོད་ལ་དབང་བསྐུར་བས༔ རྡོ་རྗེའི་ལུས་སུ་འགྲུབ་པར་ཤོག༔ ཨོཾ་ཡ་མཱནྟ་ཀ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ༔ ཞེས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་བླུད། ཡེ་ཤེས་ལྔའི་རང་བཞིན་བུམ་པའི་ཆུས་དབང་བསྐུར་བས་ཕུང་པོ་ལྔ་སངས་རྒྱས་རིགས་ལྔར་གནས་བསྒྱུར། ཉོན་མོངས་པའི་དྲི་མ་ཡེ་ཤེས་ལྔར་སྦྱངས། དབང་རྟགས་སུ་ཁྲག་འཐུང་རིགས་ལྔས་དབུ་བརྒྱན་པར་བསམ། བྱེ་བྲག་གི་དབང་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་དང་པོ་སྐུ་དབང་ནི། དཀྱིལ་འཁོར་གྱི་ལྷ་སོ་སོའི་སྐུ་ལས་གཉིས་པ་ཆད་དེ་སློབ་མ་ལ་བསྟིམས་ལ། ཧཱུྃ༔ སྣ་ཚོགས་སྤྲུལ་པས་འགྲོ་བ་འདུལ་མཛད་པའི། །སངས་རྒྱས་ཀུན་གྱི་ཡེ་ཤེས་འཇམ་དཔལ་དབྱངས༔ སྒྱུ་འཕྲུལ་ཕྱག་རྒྱར་རོལ་པ་སྐུ་ཡི་དབང༔ དེང་འདིར་སྦྱིན་ནོ་ཡེ་ཤེས་འགྲུབ་གྱུར་ཅིག༔ ཨོཾ་ཨ་ར་ཙ་པ་ན་དྷཱི༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གདུག་པ་འདུལ་མཛད་ཁྲོ་རྒྱལ་གཤིན་རྗེའི་གཤེད༔ སྟོང་ཉིད་ཤེས་རབ་ཡུམ་མཆོག་མཁའ་འགྲོའི་གཙོ༔ སྒྱུ་འཕྲུལ་ཕྱག་རྒྱར་རོལ་པ་སྐུ་ཡི་དབང༔ དེང་འདིར་སྦྱིན་ནོ་ཡེ་ཤེས་འགྲུབ་གྱུར་ཅིག༔ ཨོཾ་ཨ་ཀྲོ་ཏེ་ཀ༴ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ། རྣམ་ཐར་གསུམ་གཟུགས་གཤིན་རྗེ་ཀུན་གྱི་གཙོ། །དུག་གསུམ་དབྱིངས་སྒྲོལ་ཚེ་འཆི་སྲོག་གི་བདག༔ སྒྱུ་འཕྲུལ༴ དེང་འདིར༴ ཨྱཻ་ཡ་མ་དུ་ཤ་ཧཱུྃ༔ ཨྱཻ་ཡ་མ་ཡཀྴ་ཧཱུྃ༔ ཨྱཻ་ཡ་མ་རཀྴ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ། བདུད་བཞི་འདུལ་མཛད་དྲེགས་པ་ཀུན་གྱི་བདག །ཚད་མེད་བཞི་ལྡན་གཤེད་ཆེན་རྣམ་པ་བཞི། །སྒྱུ་འཕྲུལ༴ དེང་འདིར༴ ཡ་མ་རཱ་ཛ་ས་དོ་མེ་ཡ་སོགས། ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ། རྫུ་འཕྲུལ་རྐང་བཞིའི་ངོ་བོ་ཕོ་ཉ་ཆེ། །ཕྲིན་ལས་བཞི་མཛད་སྒོ་སྐྱོང་རྣམ་པ་བཞི། །སྒྱུ་འཕྲུལ་ཕྱག་རྒྱར་རོལ་པ་སྐུ་ཡི་དབང༔ དེང་འདིར་བྱིན་ནོ་ཡེ་ཤེས་གྲུབ་གྱུར་ཅིག༔ ཛཿཧཱུྃ་བཾ་ཧོ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ཙཀླི་རྣམས་རིམ་བཞིན་སྤྱི་བོར་བཞག །གཉིས་པ་གསུང་དབང་ནི། རུ་རཀྴའི་ཕྲེང་བ་གཏད་ལ། ཧཱུྃ། སྣ་ཚོགས་རྣམ་རྟོག་བཅོམ་པའི་བརྡར། །དྲག་པོའི་བགྲང་ཕྲེང་འདི་ཟུངས་ལ། །བཅོམ་ལྡན་འཇམ་དཔལ་ཁྲོ་རྒྱལ་གྱི༔ གསང་བའི་སྔགས་འདི་ཛཔ྄་ཏུ་ཟློས༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ་ཧྲཱིཿཥྚི་ཨ་པ་ཡེ་མ་མ་ཀྲོ་དྷཱི་ཤྭ་རི་སརྦ་ས་མ་ཡ་ཧཱུྃ་ཕཊ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ སློབ་དཔོན་དང་གཙོ་བོའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་ཐོན་ཞལ་ནས་བྱུང་། སློབ་མའི་ཁར་ཞུགས་སྙིང་གར་དྭངས་མའི་སྲོག་ཧཱུྃ་ཡིག་གི་མཐར་གཡས་སྐོར་དུ་འཁོད་པར་མོས་ལ། སྙིང་པོ། ཉེ་སྙིང་། སྒྲུབ་སྔགས། ཡ་མ་རཱ་ཛ་རྣམས་ཀྱི་རྗེས་ཟློས་ལན་གསུམ་རེ་བྱ། གསུམ་པ་ཐུགས་དབང་ནི། ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉིད་རྣམ་པ་ཕྱག་མཚན་གྱི་ཚུལ་དུ་བྱུང་བ་སློབ་མའི་ལག་ཏུ་གཏད་ལ། ཧཱུྃ༔ རྣོ་མྱུར་ཤུགས་དྲག་འབར་བའི་མཚོན། །གྲི་གུག་ཁམས་གསུམ་སྙིང་ནས་འདྲེན༔ ཁྲོ་རྒྱལ་ཕྱག་མཚན་ཐུགས་ཀྱི་དབང༔ དེ་རིང་ཁྱོད་ལ་བདག་གིས་སྦྱིན༔ ཨོཾ་ཡ་མཱནྟ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་བཞིན་དུ་ཚིག་རྐང་གཉིས་པར། ཤེས་རབ་རལ་གྲིས་ཉོན་མོངས་གཅོད༔ འཁོར་ལོས་ཕ་རོལ་རྒོལ་བ་ཟློག༔ བྷཉྫ་ཁྲག་ཆེན་འཁོར་བ་སྒྲོལ༔ བེ་ཅོན་གདུག་པའི་དགྲ་བགེགས་འདུལ༔ སྡིགས་མཛུབ་བག་ཆགས་དབྱིངས་སུ་སྦྱོར༔ ཞེས་བསྒྱུར་བས་རིམ་བཞིན་བསྐུར། བཞི་པ་ཡོན་ཏན་གྱི་དབང་ནི། གཏོར་སྣོད་རང་བྱུང་ལྷུན་གྱིས་གྲུབ་པའི་ཞིང་ཁམས་ན་གཏོར་མ་འཇམ་དཔལ་གཤིན་རྗེའི་གཤེད་དུས་དགྲའི་དབང་པོའི་ལྷ་ཚོགས་སུ་གསལ་བའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་སྤྲོས་སློབ་མའི་གནས་གསུམ་དུ་ཐིམ་པས། ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོར་མངའ་དབང་འབྱོར་པར་བསམ་ལ་གཏོར་མ་གནས་གསུམ་དུ་བཞག་སྟེ། ཧཱུྃ༔ གཏོར་སྣོད་དྲག་པོ་ཆོས་ཀྱི་དབྱིངས༔ གཏོར་རྫས་འཇམ་དཔལ་གཤིན་རྗེའི་གཤེད༔ གསང་གསུམ་སྣང་གྲགས་རིག་སྟོང་དབང༔ བུ་ཁྱོད་ལ་ནི་བདག་གིས་སྦྱིན༔ སྒོ་གསུམ་ལས་ཉོན་སྒྲིབ་པ་སྦྱངས༔ ཡེ་ཤེས་རྡོ་རྗེ་གསུམ་འགྲུབ་ཤོག༔ ཨོཾ་ཡ་མཱནྟ་ཀ་སརྦ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ལྔ་པ་ཕྲིན་ལས་ཀྱི་དབང་ནི། བྲུབ་ཁུང་དུ་ཉ་བོ་བཅས་པ་ལ་གདབ་ལས་བཞིན་དགུག་བསྟིམ་ལྷ་དབྱེ་རྣམས་སྔོན་དུ་འགྲོ་བས་སློབ་མ་ལྷའི་ང་རྒྱལ་དང་ལྡན་པ་ལ་ཕུར་བུ་སྲས་མཆོག་ཏུ་གསལ་བ་གཏད་དེ། ཧཱུྃ༔ འཇམ་དཔལ་ཁྲོས་པ་ཁྲོ་བོའི་རྒྱལ༔ བགེགས་འདུལ་སྲས་མཆོག་ཀཱི་ལ་ཡ༔ བཏབ་ན་ལྷ་ཡང་བརླག་པར་བྱེད༔ གནོད་བྱེད་ཚོགས་ལ་སྨོས་ཅི་དགོས༔ ཨོཾ་ཡ་མཱནྟ་ཀ་གནོད་བྱེད་མཱ་ར་ཡ་རྦད༔ ཅེས་བརྗོད་དེ་ཚེ་ལུང་ཁྲུས་ལུང་གི་དམིགས་པའི་འཁྲུལ་འཁོར་དང་བཅས་གདབ་ཏུ་བཅུག་རྗེས་མཚོན་ཆས་དུམ་བུར་བསྒྲལ་ལ་ལིང་རོ་བདུད་རྩིར་སྤར་བ་ལས་བྱང་བཞིན་ཕུལ་བས། ལྷ་ཚོགས་རྣམས་ཀྱིས་དགྱེས་པའི་རྔམས་སྒྲ་དང་བཅས་གསོལ་ནས་སློབ་མ་ལ་ཕྲིན་ལས་བཞིའི་དངོས་གྲུབ་སྩོལ་བ་ལ་དགྱེས་པར་བསམ། དེ་ལྟར་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱངས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསང་དབང་ནི། བླ་མ་འཇམ་དཔལ་གཤིན་རྗེའི་གཤེད་ཡབ་ཡུམ་གཉིས་སུ་མེད་པར་སྙོམས་པར་ཞུགས། བདེ་བའི་སྒྲ་དང་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་སྤྱན་དྲངས། འདོད་ཆགས་ཆེན་པོའི་མེས་བྱང་ཆུབ་སེམས་སུ་ཞུ་བ་སློབ་དཔོན་གྱི་སྤྱི་བོ་ནས་ཞུགས། ཧཾ་ཡིག་བདེ་བ་ཆེན་པོར་ཞུ་བའི་རྒྱུན་ཤེས་རབ་ཀྱི་དམར་ཆ་དང་ལྷན་ཅིག་པ་མཁའ་གསང་ནས་ཕྱིར་བྱུང་བ་ཐོད་པའི་བདུད་རྩི་དང་རོ་གཅིག་པ་ལྕེ་ཐོག་ཏུ་བཞག་ལ། ཧཱུྃ༔ ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས༔ རྒྱལ་སྲས་ཚོགས་ལ་དབང་བསྐུར་ལྟར༔ གཉིས་མེད་བྱང་ཆུབ་སེམས་ཀྱི་དབང༔ བུ་ཁྱོད་ལ་ནི་བདག་གིས་སྦྱིན༔ ཨོཾ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བྱིན་པ། ཨ་ཧོ་མ་ཧཱ་སུ་ཁ་ཞེས་མྱང་། བྱང་སེམས་མགྲིན་པའི་ནང་ནས་ཇེ་ཆེར་འཕེལ་བས་རྩ་ཁམས་ཐམས་ཅད་ཁྱབ་པར་བསམ། དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་སྦྱངས། ལམ་རྩ་རླུང་བསྒོམ་པ་ལ་དབང་། འབྲས་བུ་གསུང་རྡོ་རྗེ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེར་དབང་ནི། སིནྡྷུ་རའི་མཎྜལ་གཟུགས་དང་ལང་ཚོ་ལྡན་པའི་རིག་མ་མཚན་ཉིད་དང་ལྡན་པར་བསྐྱེད་པ་དབང་རྟེན་གྱི་དོན་དུ་བུ་ལ་གཏད་པར་མོས་ནས་སིནྡྷུ་རའི་མཎྜལ་ལག་ཏུ་གཏད་ལ། ལྷ་མོ་དགའ་སྦྱིན་གནས་སྦྱིན་མ༔ སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས༔ འདི་བསྟེན་མཆོག་གི་བདེ་བ་ཐོབ༔ ཁྱེར་ལ་རྟག་ཏུ་མཆོད་པར་གྱིས༔ ཨོཾ་པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་ཅིང་ཐིག་ལེ་དཔྲལ་བ་དང་སྙིང་གར་བྱ། དེ་ལས་ཡེ་ཤེས་བསྐྱེད་པའི་ཕྱིར་སློབ་མ་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་དང་ཡུམ་ཟ་བྱེད་བཻ་ཏཱ་ལཱིར་གསལ་བའི་ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་ནོར་བུར་ཨོཾ་གྱིས་མཚན་པ། ཡུམ་གྱི་མཁའ་ཧྲཱིཿལས་པདྨའི་ཟེའུ་འབྲུར་ཨཱཿས་མཚན་པར་བསམ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བསྲུབ་པ་དང་སྦྱོར་བས་ཡབ་ཡུམ་སྙོམས་པར་ཞུགས། ཡས་བབ་དང་མས་བརྟན་གྱིས་བསྡུས་པའི་དགའ་བཞིའི་ཡེ་ཤེས་ཁྱད་པར་ཅན་སྐྱེས། སོ་སོ་རང་རིག་བདེ་སྟོང་སྤྲོས་པ་དང་བྲལ་བའི་ངང་བསྐྱངས་ཏེ་མཉམ་པར་བཞག་གོ །དེ་ལྟར་ཕྱག་རྒྱའི་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་སྦྱངས། ལམ་ཕོ་ཉའི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བཞི་པ་ཚིག་དབང་ནི། སློབ་མ་ལུས་གནད་དྲང་པོར་བསྲང་། རླུང་རྩོལ་མེད་དུ་བཞག །སེམས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་མདངས་བསྐྱང་དུ་བཅུག་སྟེ་མན་ཤེལ་མིག་གི་སྒོར་བསྟན་ལ་ངོ་སྤྲོད་པ་ནི། ཧཱུྃ༔ འདི་ལྟར་འཁོར་འདས་ཆོས་རྣམས་ཀུན༔ ཐོག་མཐའ་དབུས་མེད་གསལ་ཞིང་སྟོང༔ སྨྲ་བསམ་བརྗོད་པ་ཀུན་ལས་འདས༔ སངས་རྒྱས་ཀུན་གྱི་དགོངས་པ་འོ༔ ཛྙཱ་ན་བཛྲ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་པས། མ་རྟོགས་འཁྲུལ་པའི་བློ་ངོ་ན་མ་དག་པ་འཁོར་བའི་ཆོས་དང་དག་པ་མྱ་ངན་ལས་འདས་པའི་ཆོས་ཞེས་གཉིས་སུ་སྣང་ཡང་། དོན་དམ་པར་སེམས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བའི་རང་བཞིན་འགྱུར་བ་མེད་པ། ཐོག་མ་དང་མཐའ་མ་དབུས་ལ་སོགས་པ་མཚན་འཛིན་ཀུན་ལས་རྣམ་པར་གྲོལ་བའི་གསལ་སྟོང་ཟུང་འཇུག་གི་སྟོང་ཉིད་སོ་སོ་རང་རིག་གི་ངོ་བོ། སྨྲ་བསམ་བརྗོད་པའི་ཡུལ་འདས་ཀ་དག་རང་བྱུང་རིག་པའི་རྩལ་མདངས་ལྷུན་གྲུབ་ཡེ་ཤེས་ལྔའི་རྣམ་རོལ་དུ་མ་འགགས་པར་རང་ཤར་བ་སྟེ། འདི་ནི་སངས་རྒྱས་ཀུན་གྱི་དགོངས་ཉམས་མཐར་ཐུག་པ་ཡིན་པས་དེའི་ངང་བསྐྱངས་ཏེ་མཉམ་པར་འཇོག་ཏུ་བཅུག །དེ་ལྟར་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་མ་སྦྱངས། ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །སྤྲོ་ན་སྐབས་འདིར་དབང་བསྐུར་པ་རྣམས་བརྟན་པའི་དོན་དུ་ཤིས་བརྗོད་ཀྱང་བྱ། གང་ལྟར་ཡང་སྤྱི་དང་བྱེ་བྲག་གི་དམ་ཚིག་རྣམས་བསྲུང་བར་བསྒོས་ལ། བླ་མ་རྡོ་རྗེ་སློབ་དཔོན་གྱིས། །ཇི་ལྟར་བཀའ་བསྩལ་གསུང་བྱོན་ལྟར། །ཕྱི་ནང་སྡོམ་པ་དམ་ཚིག་ཀུན། །བདག་སོགས་རྡོ་རྗེའི་མཆེད་ལྕམ་གྱིས། །ནམ་ཡང་འདའ་བར་མི་བགྱིད་དོ། །ཞེས་ལན་གསུམ་གྱིས་ཁས་བླང་། གཏང་རག་གི་མཎྜལ་དང་། དེང་ནས་བྱང་ཆུབ་སྙིང་པོའི་བར༔ ལུས་དང་ལོངས་སྤྱོད་དངོས་ཀུན་ཀྱང༔ རྡོ་རྗེ་འཛིན་ལ་བདག་འབུལ་གྱིས༔ ཁྱོད་ཀྱིས་རྗེས་སུ་བཟུང་དུ་གསོལ༔ ཞེས་གསོལ། དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ། ཚོགས་ལ་རོལ་བ་དང་ལྷག་མ་གཏང་བ་ལ་སོགས་ཏེ་རྗེས་ཆོག་རྣམས་དཀྱུས་བཞིན་ལས། རྡུལ་ཚོན་ལ་བརྟེན་པའི་ཚེ་དགེ་བ་བསྔོ་བའི་གོང་དུ། ཨ་ཀཱ་རོའི་སྔགས་ཀྱིས་དཀྱིལ་འཁོར་དབྱི། ཤིས་བརྗོད་བྱ། རྡུལ་ཚོན་རྒྱ་མཚོ་ཆེན་པོར་འབབ་པའི་ཆུ་བོར་བཀུར་སྟི་དང་བཅས་ཏེ་སྤྱན་དྲང་བ་རྣམས་བྱ་བ་ཡིན་ནོ། །ཟབ་གསང་སྙིང་པོར་དྲིལ་བ་མན་ངག་གནད། །འཇམ་དཔལ་ཁྲག་འཐུང་ཁྲོ་བོའི་དཀྱིལ་འཁོར་ཆེར། །སྐལ་ལྡན་སྨིན་པར་བྱེད་པའི་ཆོ་གའི་ཁྲིགས། །ཉུང་ངུའི་ངག་གི་བརྗོད་པས་གསལ་བར་བྱས། །འདིས་ཐོབ་དགེ་བས་མཁའ་མཉམ་འགྲོ་བ་ཀུན། །འགྱུར་བཅས་སྒྲིབ་གཉིས་གཡུལ་ལས་རྣམ་རྒྱལ་ནས། །རང་རིག་འཇམ་དཔལ་དཔའ་བོའི་གསང་གསུམ་དང་། །དབྱེར་མེད་རྡོ་རྗེའི་གོ་འཕང་མྱུར་ཐོབ་ཤོག །ཅེས་འཇམ་དཔལ་གཤིན་རྗེའི་གཤེད་དྲེགས་པ་འཇོམས་བྱེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་བདེ་ཆེན་འདོད་འཇོ་ཞེས་བྱ་བ་འདི་ཡང་། རིགས་ཀྱི་བུ་འགྱུར་མེད་ཡིད་བཞིན་ལེགས་གྲུབ་ཀྱིས་ནན་ཏན་དུ་བསྐུལ་ཞིང་། ཉེ་ཆར་དགེ་སློང་ཨོ་རྒྱན་བསོད་ནམས་ཀྱིས་ཀྱང་རྒྱང་རིང་མོ་ནས་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར། རིག་པ་འཛིན་པའི་མིང་གིས་སྙན་པའི་སྙོམ་ལས་པ་རྒན་པོ་འགྱུར་མེད་རྡོ་རྗེས་རང་ལོ་དྲུག་ཅུ་རྩ་བརྒྱད་པ་ཆུ་མོ་སྦྲུལ་གྱི་ལོ་ལ་ཨོ་རྒྱན་སྨིན་གྲོལ་གླིང་གི་བསྟི་གནས་སུ་སྦྱར་བ་བཞིན་རིགས་ཀྱི་བུ་སྡོམ་བརྩོན་པདྨ་འགྱུར་མེད་རྒྱ་མཚོས་ཡི་གེར་སྤེལ་བ་དགེ་ལེགས་སུ་གྱུར་ཅིག། །།

སྨིན་གཏེར་འཇམ་དཔལ་གཤིན་རྗེ་དྲེགས་པ་འཇོམས་བྱེད་དབང་གི་ཟུར་རྒྱན་ (Volume 17, Text 30)

སྨིན་གཏེར་འཇམ་དཔལ་གཤིན་རྗེ་དྲེགས་པ་འཇོམས་བྱེད་ལ། དེ་ཡང་གསང་ཆེན་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་འདི་ལ་རྒྱུད་སྡེ་དང་སྒྲུབ་སྡེའི་བབས་སོ་ཆེན་པོ་གཉིས་སུ་བཞུགས་པ་ལས། འདིར་ཟབ་པ་སྒྲུབ་སྡེ། དེ་ལའང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ལྷའི་སྒྲུབ་ལུགས་ལྔ་དང་འཇིག་རྟེན་པའི་ཚུལ་དུ་སྟོན་པ་གཉིས། ཆ་མཐུན་གཅིག་སྟེ་སྒྲུབ་པ་ཆེན་པོ་བཀའ་བརྒྱད་དུ་གྲགས་པ་ལས། ཡེ་ཤེས་ལྷ་ཡི་སྒྲུབ་ལུགས་ཆེན་པོ་ལྔའི་ཡ་གྱལ། སྐུ་མཆོག་འཇམ་དཔལ་དྲག་པོར་སྒྲུབ་པའི་སྐོར་ཡིན། དེ་ལའང་བཀའ་གཏེར་དག་སྣང་གི་ཁྱད་པར་གསུམ་དུ་བཞུགས་པ་ལས། འདིར་བཀའ་བབས་ལུང་བསྟན། སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱ་སྟེ་བརྒྱུད་པ་གསུམ་གྱིས་ཁྱད་པར་དུ་འཕགས་པ་ཟབ་མོ་གཏེར་གྱི་ཕྱོགས་ལས་དབུས་གཏེར་ཟུག་པ་རྩ་བ་ལྟ་བུའི་ཆོས་སྡེར་གཏོགས་པ་སྟེ། རང་གཞུང་ལས། བདག་འདྲ་མཚོ་སྐྱེས་རྡོ་རྗེ་ཐོད་ཕྲེང་རྩལ༔ སྤྲེའུའི་ལོ་ལ་ཀོ་ཤའི་གླིང་དུ་འཁྲུངས༔ སུམ་སྟོང་ཉེ་བར་རྒྱ་གར་ཨོ་རྒྱན་སོགས༔ བསྟན་པའི་རྒྱལ་མཚན་རྩོད་མེད་སེང་གེར་གྲགས༔ ཆོས་རྒྱལ་ངོ་དང་སྨོན་ལམ་ཡུལ་གཟིགས་ནས༔ སྟག་གི་ལོ་ལ་གངས་ཅན་ཡུལ་འདིར་སླེབས༔ གཙུག་ལག་ས་བརྟུལ་རབ་གནས་མངའ་གསོལ་བྱས༔ ཆོས་དང་གདམས་པ་བསྟན་སྲུང་དྲག་སྔགས་བཅས༔ སྨོན་ལམ་དབང་གིས་རྗེ་འབངས་རྣམས་ལ་བཤད༔ མ་འོངས་དོན་ཕྱིར་གཏེར་ཁ་དཔག་མེད་སྦས༔ ཁྱད་པར་ལོ་ཙཱ་བཻ་རོ་ཙ་ན་ལ༔ སྙིང་པོའི་བཅུད་མཆོག་གཤིན་རྗེའི་གདམས་པ་བསྟན༔ སྤེལ་བར་མི་བྱ་སྙིང་ལ་གབ་བྱས་ནས༔ མ་འོངས་དོན་དུ་ཟབ་མོའི་གཏེར་དུ་སྦོས༔ འདི་ནི་ཐུགས་ཀྱི་བརྣག་པ་མིན་རེ་ཀན༔ ཞེས་གསུངས་པ་ལྟར། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་ཡེ་ཤེས་གཅིག་ཏུ་བསྡུས་པའི་སྤྱི་གཟུགས། དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སམ་བྷ་ཝ་དེ་ཉིད་ཀྱིས། སྔོན་དུས་ལས་ཅན་རྗེ་འབངས་རྣམས་དང་། མ་འོངས་ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱི་དོན་དུ་དགོངས་ཏེ་ཟབ་རྒྱས་ཀྱི་གདམས་པ་མཐའ་ཡས་པ་ཞིག་བསྩལ་པར་མཛད་པ་ལས། འདི་ནི་བྲག་དམར་དཔལ་གྱི་བསམ་ཡས་མཆིམས་ཕུའི་གསང་ཕུག་ཏུ་བཞུགས་པའི་སྐབས། གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་དང་། གྲུབ་པའི་སློབ་དཔོན་ཤཱནྟིཾ་གརྦྷའི་མན་ངག་གི་བཅུད་ཕྱུངས་ཏེ། སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་ལ། འཇམ་དཔལ་གཤིན་རྗེའི་གཤེད་དྲེགས་པ་འཇོམས་བྱེད་ཀྱི་གདམས་པ་མཐའ་དག་མནོག་ཆོས་སུ་བསྩལ་བ། མ་འོངས་ཕྱི་དུས་ཀྱི་བསྟན་པའི་བཙས་སུ་དགོངས་ཏེ་གུ་རུས་ལུང་བསྟན་པ་བཞིན་ཟབ་མོའི་གཏེར་དུ་སྦས་པ་ལས། ཕྱིས་དུས་ལ་བབ་པའི་ཚེ་ལོ་ཙཱ་བ་ཆེན་པོ་འབྲས་བུ་མཐར་ཕྱིན་པའི་ཡེ་ཤེས་ཀྱི་རོལ་གར། གངས་ཅན་གྱི་ལྗོངས་ཙམ་ན་འགྲན་ཟླ་དང་བྲལ་བའི་མཁས་གྲུབ་རིག་འཛིན་ཡོངས་ཀྱི་སྤྱི་དཔལ། སྔ་འགྱུར་བསྟན་པའི་ཉི་མ་གཅིག་པུར་གྱུར་པ། ཆོས་རྒྱལ་གཏེར་བདག་གླིང་པའམ་པདྨ་གར་དབང་འགྱུར་མེད་རྡོ་རྗེ་རྩལ་ཞེས་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་དེ་ཉིད་ཀྱིས། ཡར་ཀླུང་ཤེལ་བྲག་དཔལ་ཆེན་སྒྲུབ་ཕུག་གི་བྱང་འདབ་རྒྱལ་མཚན་འདྲ་བའི་བྲག་མེ་ལོང་ལྟ་བུའི་ངོས་ནས་མེ་མོ་ལུག་གི་ལོ་ལ་རྫུ་འཕྲུལ་གྱི་བཀོད་པ་ངོ་མཚར་བ་དང་བཅས་པས་སྤྱན་འདྲེན་པར་མཛད་དེ། ལུང་ཟིན་རྩ་བའི་ཆོས་བདག་འཇམ་པའི་དབྱངས་ཁྲི་སྲོང་ལྡེའུ་བཙན་གྱི་རྣམ་པར་འཕྲུལ་པ་རྒྱལ་མཆོག་ལྔ་པ་ཆེན་པོ་སོགས་ལ་བསྩལ་བས་བར་ཆད་ཀྱི་གཡུལ་ལས་རྒྱལ་བའི་དགེ་མཚན་དང་། བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཁྱད་པར་དུ་འཕགས་པ་སྟེ། མདོར་ན་གུ་རུ་རིན་པོ་ཆེའི་རྡོ་རྗེའི་གསུང་ལས། བདག་གི་ཐུགས་ཀྱི་ཏི་ཀ་མཆོག༔ ཟབ་འདྲིལ་དྲེགས་པ་འཇོམས་བྱེད་འདི༔ སྔོན་ཆད་རྒྱ་དང་བོད་གཉིས་ཀར༔ རླུང་ཕྱོགས་ཙམ་དུ་མ་གྲགས་ཀྱང༔ སྨོན་ལམ་ལས་ཀྱི་འབྲེལ་པ་དང༔ སྣོད་དང་ལྡན་ཕྱིར་བདག་གིས་བཤད༔ མི་སྤེལ་ཉམས་སུ་ལེན་པ་གཅེས༔ གཞན་དུ་སྤེལ་ན་དམ་ཚིག་ཉམས༔ དེས་ན་འདི་ཉིད་སྲ་བའི་གོ༔ ཆོས་མཛད་སྐྱེས་བུ་བསྲུང་བའི་མཁར༔ བདེ་གཤེགས་སྤྱི་དགྲ་སྒྲོལ་བའི་མཚོན༔ ཕས་ཀྱི་རྦོད་གཏོང་བཟློག་པའི་གཤེད༔ འདི་ཡི་སྔགས་དང་བསྲུང་བ་ཙམ༔ གང་གིས་མཐོང་རེག་ཙམ་གྱིས་ཀྱང༔ བདུད་ཚོགས་བ་མོར་ཉི་ཇི་བཞིན༔ དེ་བས་འདི་ལ་ནན་ཏན་མཛོད༔ ཅེས་རྗེས་སུ་བསྔགས་པའི་གདམས་པ་ཟབ་མོ་འདི་ཉིད་ཀྱི་སྒོ་ནས་སྨིན་བྱེད་དབང་གི་ཆོ་གས་སྣོད་ལྡན་གྱི་སློབ་མ་རྗེས་སུ་འཛིན་པར་བྱེད་པ་ལ་སློབ་དཔོན་གྱི་བགྱི་བར་འོས་པ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ་འགྱུར་མེད་པདྨ་རྣམ་རྒྱལ་གསུང་འབུམ་ལས་སོ།། །། ༈ དྲེགས་འཇོམས་དབང་ཆོག་དཀྱིལ་འཁོར་མཐོང་བ་བསྟན་པ་ནི། དེ་ཡང་འདི་ན་སློབ་དཔོན་གྱི་སྐུ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་བཞུགས་པ་དང་། མདུན་གྱི་དཀྱིལ་འཁོར་རང་སྣང་དབྱེར་མེད་འཇམ་དཔལ་གཤིན་རྗེའི་གཤེད་དྲེགས་པ་འཇོམས་བྱེད་ཀྱི་དཀྱིལ་འཁོར་ཆེན་པོར་མངོན་སུམ་དུ་གསལ་བར་བཞུགས་པ་ནི། གཟུགས་བརྙན་གྱི་དཀྱིལ་འཁོར་འདིས་མཚོན་པ་ཡིན་ཏེ། དེ་ཡང་གཉིས་འཛིན་གྱི་རྟོག་པ་སྲེག་པའི་བརྡར་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ། མི་རྟོག་པའི་ཡེ་ཤེས་ལ་གཞན་གྱིས་མི་ཤིགས་ཤིང་མི་ཚུགས་པའི་བརྡར་དེའི་ནང་དུ་རྡོ་རྗེའི་ར་བ། རྣམ་པར་རྟོག་པའི་ཚོགས་བརྒྱད་གནས་སུ་དག་པའི་བརྡར་དུར་ཁྲོད་ཆེན་པོ་བརྒྱད། འཁོར་བར་གནས་ནས་འགྲོ་བའི་དོན་མཛད་ཀྱང་འཁོར་བའི་སྐྱོན་གྱིས་མ་གོས་པའི་བརྡར་པདྨའི་ཕྲེང་བ། རྟེན་འབྲེལ་བཅུ་གཉིས་གནས་སུ་དག་པའི་བརྡར་འོག་གཞི་སྣ་ཚོགས་རྡོ་རྗེ། ཆེ་བའི་ཡོན་ཏན་རྒྱས་པའི་བརྡར་གཞལ་ཡས་ཁང་གྲུ་བཞི་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ཡེ་ཤེས་ལྔ་ལ་སོགས་པའི་རང་བཞིན་དཀྱིལ་འཁོར་གྱི་ཆོས་རྣམས་ཀྱིས་མཛེས་པར་སྤྲས་པའི་གཞལ་ཡས་ཁང་གི་ནང་དུ། ཡེ་ཤེས་བཞིས་འགྲོ་དོན་ལྷུན་གྱིས་གྲུབ་པའི་བརྡར་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བཞི་རྡོ་རྗེའི་ར་བའི་མུ་ཁྱུད་དང་བཅས་པ། དེའི་ནང་དུ་རྡོ་རྗེ་གསུམ་གྱིས་ཁམས་གསུམ་སྒྲོལ་བའི་བརྡར་ཐོད་རས་བསྐོར་བའི་ཟླ་གམ་གསུམ་གྱི་ལྟེ་བ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྣམ་ཐར་སྒོ་གསུམ་མཚོན་པའི་བརྡར་ཨེ་ཆོས་ཀྱི་འབྱུང་གནས་ཀྱི་རྣམ་པ་ཅན། དེ་ལྟ་བུའི་གཞལ་ཡས་ཁང་གི་ལྟེ་བར། ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་། སྦྲུལ་སྡིག་སྦལ་པའི་གཟུགས་དང་དྲེགས་པ་ཆུ་གླང་ཕོ་མོས་བཏེགས་པའི་པད་ཉིའི་གདན་གྱི་སྟེང་དུ། ཐབས་མཆོག་རང་རིག་པའི་ཡེ་ཤེས་བདེ་བ་ཆེན་པོས་གདུག་པ་ཅན་རྣམས་འདུལ་བའི་བརྡར། འཇམ་དཔལ་གཤིན་རྗེའི་གཤེད་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པ་དྲེགས་པ་འཇོམས་བྱེད། ཤེས་རབ་སྟོང་ཉིད་ཀྱི་རང་རྩལ་སྦྱོར་ཡུམ་བཻ་ཏཱ་ལི་དང་མཉམ་པར་སྦྱོར་བ། ཐུགས་ཉིད་ཞི་བ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མཚོན་པའི་བརྡར་ཡབ་ཀྱི་ཐུགས་ཀར་ཡེ་ཤེས་སེམས་དཔའ་འཇམ་དཔལ་ཞི་བ་དང་། སྤྱི་བོར་ཀླུ་གདོན་འདུལ་བྱེད་སྤྲུལ་པའི་བྱ་ཁྱུང་སྤུ་གྲིའི་སྒྲོ་གཤོག་ཅན། རྣམ་ཐར་གསུམ་གྱིས་དུག་གསུམ་སྐུ་གསུང་ཐུགས་སུ་སྦྱོར་བའི་བརྡར་ཟླ་གམ་གསུམ་ལ་འཁོར་ཚེ་འཆི་སྲོག་བདག་གསུམ་དང་། ཚད་མེད་བཞིས་བདུད་བཞི་འདུལ་བའི་བརྡར་རྩིབས་བཞིར་གཤེད་ཆེན་བཞི། ཕྲིན་ལས་བཞིས་མ་རུངས་པའི་དགྲ་བགེགས་སྒྲོལ་བའི་བརྡར་སྒོ་སྐྱོང་གདོང་ཅན་བཞི། གཞན་ཡང་སྤྲུལ་པའི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་སྟེ། ཕྱི་ལྟར་འཇམ་དཔལ་གཤིན་རྗེའི་གཤེད་དྲེགས་པ་འཇོམས་བྱེད་ཀྱི་རྟེན་དང་བརྟེན་པར་བཅས་པའི་མཚན་མ་རྫས་ཀྱི་དཀྱིལ་འཁོར་འདི་ཉིད་ཀྱིས་མཚོན་ཏེ། ནང་ལྟར་རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ་ཡང་དེ་ལྟར་གྲུབ་པ་དང་། གསང་བ་ལྟར་ན་སེམས་ཉིད་ཡེ་ནས་རྣམ་པར་དག་པ་རང་བྱུང་གི་ཡེ་ཤེས་ཆེན་པོར་གདོད་ནས་གྲུབ་པ་སྟེ། དེ་ལྟར་ཕྱི་ནང་གསང་བའི་དཀྱིལ་འཁོར་ཐམས་ཅད་ཆོས་ཀྱི་དབྱིངས་མངོན་སུམ་པ་ཡེ་ཇི་བཞིན་དུ་མཇལ་བར་གྱུར་སྙམ་དུ་དགའ་བ་དང་སྤྲོ་བ་ཡང་དག་པར་སྐྱེད་འཚལ། དེས་དཀྱི་འཁོར་དུ་འཇུག་པའི་བྱ་བ་སོང་ནས། ཞུགས་པ་ལ་མངོན་པར་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ།། །།

འཇམ་དཔལ་གཤིན་རྗེའི་གཤེད་པོའི་བསྙེན་ཡིག་འདོད་འཇོའི་བུམ་བཟང་ (Volume 17, Text 31)

༄༅། །འཇམ་དཔལ་གཤིན་རྗེའི་གཤེད་པོའི་བསྙེན་ཡིག་འདོད་འཇོའི་བུམ་བཟང་བཞུགས་སོ། ། བླ་མ་དང་འཇམ་དཔལ་རྡོ་རྗེ་ཁྲག་འཐུང་གི་རྒྱལ་པོ་གཉིས་སུ་མེད་པ་ལ་ཕྱག་འཚལ་ལོ། །འདིར་དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྔགས་པས་འཇམ་དཔལ་གཤིན་རྗེ་དྲེགས་པ་འཇོམས་བྱེད་བསྙེན་པར་འདོད་པས། ཐོག་མར་དགྲ་རྐུན་ལ་སོགས་པའི་འཚེ་བ་མེད་ཅིང་སྣོད་དང་མི་ལྡན་པའི་སྐྱེ་བོ་འདུ་འཛི་རྣམ་གཡེང་སོགས་དང་བྲལ་བའི་གནས་དབེན་ཞིང་ཡིད་དང་མཐུན་པར་རང་དབང་དུ་གྱུར་པའི་སར། ཟླ་བ་གང་ཡང་རུང་བའི་ཡར་ངོའི་གཟའ་སྐར་འཕྲོད་སྦྱོར་བཟང་པོ་དང་ལྡན་པའི་དུས་དགེ་བར། མཆོད་གཏོར་གྱི་རྒྱུ་དང་བཟའ་བཏུང་གི་ཡོ་བྱད་ལྡབ་འཕར་དུ་འདང་པ་སོགས་མཐུན་རྐྱེན་དུ་འབྱོར་པའི་ཡོ་བྱད་ཀྱི་དངོས་པོ་ཅི་དགོས་པ་ཐམས་ཅད་ཚང་བར་བསགས། གྲོགས་བློ་མཐུན་ཞི་དུལ་ཀུན་སྤྱོད་དང་དམ་ཚིག་དག་ལ་མཐུན་པའི་རྐྱེན་སྦྱོར་བ་ལ་སྐྱོ་ངལ་མེད་པ་བསྟེན། བསམ་པ་བསྙེན་པ་མཐར་མ་ཕྱིན་གྱི་བར་སྟན་ཐོག་འདི་ཉིད་ལས་མི་འདའ་བར་དམ་བཅའ་ཞིང་ཟླ་གྲངས་འདི་ཙམ་ལ་འགྲོ་བར་བྱེད་ཅེས་ངང་ཐུང་བློ་བཅད་ཀྱི་ཁྲིགས་མེད་པར་བྱ། དགོས་དབང་གིས་མི་དང་ཡོ་བྱད་སོགས་ཀྱི་གཏོང་ལེན་དགོས་པ་རྣམས་ཐོག་མ་ནས་མཚམས་འོག་ཏུ་འཇུག་ཅིང་དེ་ལྟར་མིན་པ་རྣམས་ནང་དུ་གཏང་ན་མཚམས་རལ་བའི་རྒྱུར་འགྲོ་བས་སྤང་བླང་དེ་དག་དང་ལྡན་པའི་སྒོ་ནས་མཚམས་ལ་འཇུག་པ་ནི་སྦྱོར་བའི་ཆོས་སོ། །དངོས་གཞི་ལ་ཞི་བར་བསྙེན་པ་དང་ཁྲོ་བོར་བསྒྲུབ་པ་གཉིས་ལས། དང་པོ་ནི། རང་གི་མདུན་དུ་འཇམ་དཔལ་གྱི་སྐུ་བྲིས་པའམ་འབུར་དུ་བཏོད་པ་དག་བཞུགས་སུ་གསོལ། དེའི་མདུན་དུ་གཙང་མའི་སྟེགས་ལ། སཱ་ལུའི་ཕྱེ་སོགས་དཀར་གསུམ་མངར་གསུམ་གྱིས་སྦྲུས་པའི་གཏོར་ཟླུམ་རྒྱན་ཅན་དང་། ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་མ་སྨན་རག་དང་བཅས་པ། ཆུ་གཉིས་ཉེར་སྤྱོད་སོགས་མཆོད་པའི་རྫས་གཙང་ཞིང་དག་པར་བཤམ། རང་ཉིད་སྐུ་རྟེན་དང་ཞལ་སྤྲོད་ཀྱི་ཚུལ་དུ་ཁ་ལྷོར་ཕྱོགས་པའི་གདན་ནང་ཚང་ཅན་འཇམ་ཞིང་བདེ་བའི་འོག་ཏུ་ས་དཀར་རམ་འབྲས་ཀྱིས་གཡུང་དྲུང་ཆོས་འཁོར་དུ་བྲི། གཡས་སམ་མདུན་དུ་རྡོར་དྲིལ་ཌཱ་མ་རུ་ནང་མཆོད་ཐོད་པ་མེ་ཏོག་གི་སྣོད་དང་བཅས་པ་བཞག །གཞན་ཡང་ཚོགས་ཀྱི་ཡོ་བྱད་སོགས་སྐབས་འདིར་དགོས་པའི་ཆས་ཐམས་ཅད་ཚང་ཞིང་བདེ་བར་བཤམ། དེ་ནས་ཉམས་ལེན་གྱི་ངོ་བོ་ནི་ཐུན་བཞིའི་རྣལ་འབྱོར་གྱིས་རིམ་པར་སྒྲུབ་པ་ལ། ཉིན་དང་པོའི་དགོང་ཐུན་ནས་འགོ་འཛིན་པ་ལས། ཐོག་མར་བདེ་བའི་སྟན་ལ་འདུག་ནས། ཨྱཻ། ཨེ་ཉིད་སྟོང་པ་ཞེས་པ་ཙམ་གྱིས་སྐད་ཅིག་གིས་གཤིན་རྗེ་གཤེད་པོའི་ང་རྒྱལ་བརྟན་པོར་བཟུང་། གཞི་བདག་དང་བགེགས་ལ་གཏོར་མ་སྦྱིན་པ་ལས་བྱང་ལྟར་བྱས་པའི་མཐར་སྔགས་བཟླས་པའི་ཡུངས་དཀར་གྱིས་བྲབ་ཅིང་གུ་གུལ་གྱིས་བདུག་པ་སོགས་ནན་ཆེར་བྱས་ནས། སྒོ་དྲུང་དུ་ཐོ་བརྩིགས་པ་རྒྱལ་པོ་ཆེན་པོ་བཞིར་མོས་མཆོད་གཏོར་ཕུལ་ནས། བར་ཆད་སྲུང་བའི་ཕྲིན་ལས་བཅོལ་ལ་བརྟན་བཞུགས་བྱ། དེ་ནས་རང་ཉིད་གཤིན་རྗེའི་གཤེད་པོར་གསལ་བའི་ཐུགས་ཀའི་ཧཱུྃ་ཡིག་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། འབར་བའི་འཁོར་ལོ་རྩིབས་བཅུ་པ་རྩེ་མོ་སྟེང་འོག་ཕྱོགས་མཚམས་སོ་སོར་བསྟན་པའི་སྦུབས་ནང་རྩིབས་རྩེ་སོ་སོར་ཕྱོགས་སྐྱོང་བཅུ་དང་ཉི་མའི་གདན་རེ་རེའི་ཁར། ཧཱུྃ་ཡིག་ནག་པོ་བཅུ་ལས་ཁྲོ་བོ་བཅུ་ཀ་ནག་པོ་ཐོ་བ་དང་ལྕགས་ཀྱུ་འཛིན་པ་ཁྲོ་བོའི་རྔམ་བརྗིད་འབར་བ། དེའི་ནང་དུ་རྒྱུ་ཨཱ་ལི་ཀཱ་ལི་ལས་གྲུབ་པའི་ཐབས་ཤེས་ཉི་ཟླ་འོད་ཀྱི་གུར་ཁང་ཡངས་ཤིང་རྒྱ་ཆེ་བ་གོ་སྐབས་དང་བྲལ་བ། འཁོར་ལོའི་ཕྱི་རོལ་གྱི་འོག་རྡོ་རྗེའི་ས་གཞིར་བརྡལ་བ་ལ་སོགས་རྡོ་རྗེ་གྱེན་ལངས་ཀྱི་རྭ་བས་ཟླུམ་པོར་བསྐོར་བའི་ཕྱི་རོལ་གྱི་སྐེད་པར་རྡོ་རྗེའི་ཕྲེང་བའི་དྲ་བས་བཅིངས་པ། སྟེང་ནས་རྡོ་རྗེའི་གུར་ཟླུམ་པོར་ཕུབ་པའི་ཕྱིའི་ངོས་ལས་རྡོ་རྗེའི་ལུ་གུ་རྒྱུད་ཟར་ཚགས་སུ་འཕྱང་བ། རྩེ་མོར་རྡོ་རྗེའི་ཏོག་གིས་སྤྲས་པ། བར་མཚམས་ཐམས་ཅད་རྡོ་རྗེ་ཕྲ་མོས་གོ་སྐབས་མེད་པར་གཏམས་པ། དེའི་ནང་དུ་རྡོ་རྗེའི་བླ་རེ་གདུགས་ལྟར་ཕུབ་པ། དེའི་ཕྱི་རོལ་དུ་རལ་གྲི་མདའ་མདུང་ཕུར་བུ་སོགས་རྣོ་ངར་གཅོད་པའི་དབལ་དང་ལྡན་པའི་མཚོན་ཆ་ཐམས་ཅད་རྩེ་མོ་ཕྱིར་གཟིངས་པའི་མཐར། ཡེ་ཤེས་ཀྱི་མེ་ཁ་དོག་རྣམ་ལྔ་དུས་མཐའི་མེའི་ཕུང་པོ་ལྟར་འུར་འུར་ཆེམ་ཆེམ་དྲག་ཏུ་འབར་བའི་རྩེ་མོ་ནས་ཁྲོ་བོ་འཆོལ་པ་དང་མཚོན་ཆའི་ཚྭ་ཚྭ་སྐར་ལྟར་འཕྲོ་བས། བར་ཆད་བདུད་དཔུང་ཐམས་ཅད་བསྲེགས་ཤིང་ཐལ་བར་བྱེད་པས་ཕྱོགས་ཀུན་ཁྱབ་པར་རྩེ་གཅིག་ཏུ་བསམས་ལ། ཧཱུྃ༔ ང་ནི་འཇམ་དཔལ་གཤིན་རྗེའི་གཤེད༔སོགས་ནས། ཨོཾ་མ་ཧཱ་ཀྲོ་དྷ་རཀྵ་ཛྭ་ལ་རཾ་ཧཱུྃ་ཕཊ༔ཅེས་པའི་བར་བརྗོད། སྲུང་འཁོར་འདི་ནི་མཚམས་གྲོལ་རྒྱུའི་ཐུན་མཐའ་མའི་ཚེ་མ་གཏོགས་མི་བསྡུ་ཞིང་། ཐུན་ཐམས་ཅད་ཀྱི་འགོར་ཡང་གསལ་འདེབས་བྱ་སྟེ་བར་ཆད་མི་འཇུག་པའི་དགོས་པ་ཆེན་པོ་ཡོད་དོ། །དེ་ནས་དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། སྐྱབས་སེམས་ཡན་ལག་བདུན་པ་རྣམས་ཚིག་ཤར་ཙམ་མིན་པའི་སེམས་རྒྱུད་དང་འདྲེ་ངེས་པ་ཞི་སྒྲུབ་བཞིན་བྱེད། དེ་ནས་སྭ་བྷཱ་བའི་སྔགས་ཀྱིས་སྟོང་པ་ཉིད་དང། དེའི་རང་མདངས་སྙིང་རྗེ་ཆེན་པོ། གཉིས་ཀ་ཟུང་འཇུག་ཏུ་བསྒོམས་པ་ལས་རྒྱུའི་འཇམ་དཔལ་དྷཱིཿཡིག་གསེར་ཞུན་མ་ལྟ་བུ་ལས་དམ་ཚིག་གི་འཁོར་ལོ་བསྒོམ་པ་གཞུང་བཞིན་ལས། དེའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ། ཧཱུྃ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་པར་བསམ་ལ། ཨོཾ། ཚུར་བྱོན་ཚུར་བྱོན་འཇམ་པའི་དབྱངས། །བཅོམ་ལྡན་ཐུགས་རྗེའི་བདག་ཉིད་ཆེ། །མ་ལུས་འཁོར་དང་བཅས་པ་རྣམས། །འགྲོ་བའི་དོན་ཕྱིར་གཤེགས་སུ་གསོལ། །ཨོཾ་མཉྫུ་ཤྲཱི་ཨེ་ཧྱེ་ཧི་ཞེས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་ཞེས་པ་ནས། ཨ་བྷི་ཥིཉྩ་མི༔ཞེས་པའི་བར་ལས་བྱང་བཞིན་བརྗོད་པས་དབང་བསྐུར། རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་བྱའོ། །ཕྱི་ནང་གི་མཆོད་པས་མཆོད་ནས། རང་གི་སྙིང་གར་པད་ཟླའི་གདན་ལ་རང་འདྲ་བའི་ཡེ་ཤེས་སེམས་དཔའ་ཚོན་གང་བ། དེའི་ཐུགས་ཀར་ཏིང་འཛིན་སེམས་དཔའ་དྷཱིཿཡིག་དམར་སེར་སྤུས་བྲིས་པ་ལྟ་བུ། དེའི་མཐར་ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཞེས་པའི་ཡིག་འབྲུ་བདུན་པོ་ཕྲ་ཞིང་གསལ་བ་གཡས་སུ་རང་སྒྲ་དང་བཅས་ཏེ་འཁོར་བ་ལས། འོད་ཉི་ཟེར་ལྟ་བུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འཕྲོས་པས་རྒྱལ་བ་སྲས་དང་བཅས་པ་ལ་མཉེས་མཆོད་ཕུལ། མཁྱེན་བརྩེ་ནུས་པའི་བྱིན་རླབས་ཐམས་ཅད་བསྡུས་ཏེ་སྔགས་ཕྲེང་ལ་ཐིམ། རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་ལས་སྒྲིབ་སྦྱངས། སངས་རྒྱས་ཀྱི་ས་ལ་བཀོད། འོད་ཟེར་དེས་རེག་པའི་ཞིང་ཐམས་ཅད་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་བལྟས་ཏེ་བཟླས་པ་བྱ་བ་ལས། ཐོག་མར་བགྲང་ཕྲེང་བསང་སྦྱང་། སྟོང་པའི་ངང་ལས་དྷཱིཿཡིག་ལས་བྱུང་བའི་འཇམ་དཔལ་གཞོན་ནུའི་སྐུར་གྱུར། དེ་འོད་དུ་ཞུ་བ་ལས་བགྲང་ཕྲེང་དུ་མོས་ཏེ། ཨོཾ་རུ་ཙི་ར་མ་ཎི་པྲ་བརྡྷ་ཡེ་ཧཱུྃ་ཕཊ། ཅེས་བཟླས་ནས་ཕུས་འདེབས་ཤིང་དབྱངས་གསལ་ལན་གསུམ་བརྗོད། དེ་ཡང་བཟླས་པ་བྱ་བའི་ཚེ་རང་ཉིད་གཙོ་བོའི་ང་རྒྱལ་དང་གསལ་སྣང་མ་བྲལ་བའི་འདུན་པ་རྩེ་གཅིག་པས་བཟླས་ཤིང་། དེ་ལ་ནན་ཏན་བྱས་པས་རིམ་བཞིན་གོམས་པ་ན་ཡེངས་མེད་དམ་ཤིན་ཏུ་བརྟན་པའི་ཏིང་ངེ་འཛིན་གྱི་ངང་ནས་བཟླས་པ་ཚེགས་མེད་པར་འགྲོ་ཞིང་། ཐོག་མར་བག་ཡངས་པོས་གནད་དུ་མ་གཅུན་པར་བཟླས་ན་རྣམ་རྟོག་ཆུ་གཉེར་ལྟར་ཟད་མཐའ་མེད་པའི་ངང་ལ་བཟླས་པ་ཇི་ཙམ་སོང་མི་ཚོར་བ་དོན་མེད་ངལ་བའི་རྒྱུར་འགྲོ་བས། དྲན་འདུན་རྩེ་གཅིག་པའི་ངང་ནས་ཚིག་གཞན་གྱིས་བར་མ་ཆོད་པར་ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཞེས་སྐྱོན་དང་བྲལ་བར་བཟླ་ཞིང་ཐུན་མཚམས་སུ་སླེབས་པ་ན་དབྱངས་གསལ་སྤེལ་ཚིག་ཅན་ལན་བདུན་བཟླས་ནས། ཆོས་དབྱིངས་ཡེ་ཤེས་མས་བསྟོད། ལས་བྱང་བཞིན་འོད་གསལ་དུ་བཅུག་པས་དགེ་བ་བསྔོ། མཚམས་འདིར་དགེ་སྦྱོར་གཞན་བྱེད་དགོས་དང་བཟའ་བཏུང་སོགས་བྱེད། དེ་ནས་སྲོད་ཐུན་ལ་སྐྱབས་སེམས་ཡན་ལག་བདུན་པ་ཙམ་སྔོན་དུ་འགྲོ་བས་དངོས་གཞི་ཕྲེང་བ་བྱིན་རླབས་ཙམ་མ་གཏོགས་སྒོམ་བཟླས་བསྟོད་པ་དང་བཅས་པ་སྔར་བཞིན་སོང་ནས། སྲོད་ཐུན་དང་པོ་འདིར་ཚོགས་མཆོད་དང་ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་འབུལ་སོགས་རྒྱས་པར་བྱས་ལ་འོད་གསལ་དུ་འཇུག་ཅིང་། དེའི་རྗེས་སུ་བསྐྱེད་པའི་ལྷ་དེ་ཡང་ངོ་བོ་རང་གི་སེམས་སྣང་མ་འགགས་པའི་འཆར་སྒོ་སྒྱུ་མའི་རོལ་པ་ལྟར་ཤར་བ་ལས། དོན་དམ་པར་སྐྱེ་འགག་གནས་བྲལ་སྤང་བླང་མཚན་མའི་རེ་དོགས་ཐམས་ཅད་ལས་འདས་པའི་རང་རིག་འགྱུར་མེད་བདེ་ཆེན་ཀ་དག་གི་ངང་ལ་མཉམ་པར་ཅི་གནས་སུ་བཞག་ལ་དྲན་འདུན་ཤེས་བཞིན་པའི་ངང་ནས་ཉལ་ལོ། །དེ་ནས་ཐོ་རངས་ཀྱི་ཐུན་ལ་བབས་པ་ན། ཆོས་ཉིད་སྟོང་པ་ཉིད་ཀྱི་ངང་ལས་སྣང་བ་སྒྱུ་མ་ལྟ་བུའི་ལྷ་སྐུར་ལམ་གྱིས་ལངས་ནས་ཐུན་མོང་གི་རྒྱུད་སྦྱང་བ་དང་ཚོགས་གསག་རྣམས་ཡིད་དང་འདྲེས་པར་བྱས་ནས། ང་རྒྱལ་སྲུང་འཁོར་བྱིན་འབེབ་མཆོད་རྫས་བྱིན་རླབས་རྣམས་སྔོན་དུ་འགྲོ་བས་སྒོམ་བཟླས་ཐུན་མཚམས་ལ་ཐུག་གི་བར་སྔར་གྱི་དགོང་ཐུན་བཞིན་དང་། ཐུན་མཚམས་འདིར་ཆུ་གཏོར་དང་སྔ་དྲོའི་དགེ་སྦྱོར་ཆག་མེད་རྣམས་བྱེད་ཅིང་བཟའ་བཏུང་སོགས་ལ་རོལ། གཉིས་པ་སྔ་ཐུན་གྱི་ནི་འོད་གསལ་དུ་འཇུག་པའི་བར་སྔར་གྱི་དགོང་ཐུན་ཇི་ལྟ་བ་བཞིན་ནོ། །གསུམ་པ་དགོང་ཐུན་དང་། བཞི་པ་སྲོད་ཐུན་གྱི་བར་སྔར་བཤད་པ་ལྟར་ལས་དམིགས་བསལ་བསྒྱུར་ཁ་མེད། དེ་ལྟར་ཐུན་བཞིའི་རིམ་པས་སྙིང་པོ་འབུམ་ཕྲག་བདུན་རྫོགས་པའི་ཉིན་རྗེས་མའི་ཐོར་ཐུན་དང་སྔ་ཐུན་གཉིས་ཀའི་རྗེས་སུ་ཡིག་བརྒྱ་གང་མང་བཟླ་ཞིང་། ཁྱད་པར་སྔ་ཐུན་གྱི་རྗེས་སུ་ཚོགས་མཆོད་དང་ཆོས་སྐྱོང་གི་གཏོར་འབུལ་སོགས་རྒྱས་པར་བྱ་ཞིང་། མདུན་གྱི་གཏོར་མ་ལྷར་གསལ་བ་ལས་དངོས་གྲུབ་ལེན་པ་དང་རྗེས་ཆོག་ཤིས་བརྗོད་སྨོན་ལམ་དང་བཅས་པ་མཐའ་རྒྱས་སུ་བྱའོ། །དེ་དག་ནི་ཞི་སྒྲུབ་ཀྱི་ཚུལ་ལོ། །གཉིས་པ་ཁྲོ་བོར་སྒྲུབ་པའི་ཚུལ་ལ། ཞི་བསྙེན་གྲོལ་བའི་ཉིན་གྱི་དགོང་ཐུན་ནམ། དེ་ཉིན་ངལ་གསོས་ཏེ་སང་གི་དགོང་ཐུན་གང་ཡང་རུང་བར་དབུ་བཙུགས་ཏེ། ཡོ་བྱད་བཅའ་ཚུལ་སྤྱི་ཙམ་གོང་དུ་བཤད་པ་ལྟར་ཡིན་ཞིང་ཁྱད་པར་ནི། མདུན་དུ་གཤིན་རྗེའི་གཤེད་ཀྱི་སྐུ་རབ་གནས་ཅན་བཀྲམ་པའི་མདུན་དུ་སྟེགས་བུ་དར་རམ་རས་བཟང་པོས་བཀབ་པའི་ཁར་མེ་ཏོག་གི་སིལ་མ་བཀྲམ། རིན་པོ་ཆེའམ་ཐོད་པའི་སྣོད་དུ་དཔལ་གྱི་གཏོར་མ་རྒྱན་ལྡན་སྐུ་རྟེན་དར་ནག་གི་གདུགས་ཕུབ་པ་དང་། ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་མ་སྨན་རཀ་ཕྱི་ནང་གི་མཆོད་པ་སོགས་བཟང་ཞིང་རྒྱ་ཆེ་བར་བཤམས་ནས། བདེ་བའི་སྟན་ལ་འདུག་སྟེ། ཐུན་མོང་གི་ལམ་གྱིས་རྒྱུད་སྦྱང་བ་དང་། སྐྱབས་སེམས་ཚོགས་གསག་རྣམས་ལེགས་པར་བྱས་ནས། གཞི་བགེགས་ཀྱི་གཏོར་མ་བསྔོ་ཞིང་མཚམས་གཅོད་སྲུང་འཁོར་སོགས་སྔར་བཞིན་ནན་ཏན་དུ་བྱེད། བྱིན་དབབ་དང་མཆོད་རྫས་བྱིན་རླབས་ནས་བཟུང་དམ་གསོལ་གྱི་བར་ཚིག་རྗེས་སུ་དོན་རྣམས་ཤིན་ཏུ་གསལ་བ། ཐ་མལ་གྱི་རྣམ་པར་རྟོག་པས་བར་མ་ཆོད་པ་རྫོགས་པར་བསྒོམས་ཤིང་བར་ཆོད་ན་དེ་ཉིད་ནས་སླར་ཡང་དྲན་འདུན་གྱིས་བཟུང་། བཟླས་པ་ལ་འཇུག་ཁར་རང་ཉིད་གཙོ་བོའི་སྐུ་མདོག་ཞལ་ཕྱག་ལ་སོགས་པ་རྣམ་པ་གསལ་བ་དང་། བཅོམ་ལྡན་འདས་གཤིན་རྗེའི་གཤེད་པོ་དངོས་ཡིན་སྙམ་པའི་ང་རྒྱལ་ཤུགས་དྲག་པོ་རྒྱུན་ཅི་རིང་དུ་བསྒོམས་ནས་དེ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་གོ །དེ་ནས་རུ་རཀྴའི་བགྲང་ཕྲེང་སྙིམ་པར་བཟུང་སྟེ་བསང་སྦྱང་། སྟོང་པའི་ངང་ལས་ཕྲེང་རྡོག་རེ་རེ་བཞིན་ཧཱུྃ་ཡིག་ལས་སྐྱེས་པའི་གཤིན་རྗེའི་གཤེད་པོའི་སྐུར་གྱུར། རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿགཉིས་མེད་དུ་གྱུར། ཡབ་ཡུམ་སྙོམས་པར་ཞུགས་པས་འོད་དུ་ཞུ་བ་ལས་ཁྲག་འཛག་པའི་མགོ་བོའི་ཕྲེང་བར་གྱུར་པར་བསམ་ལ་ཨོཾ་རུ་ཙི་ར་མ་སོགས་ལན་བདུན་བརྗོད་ནས་ཕུས་འདེབས་ཤིང་དབྱངས་གསལ་བརྗོད། དེ་ནས་བཟླས་པ་བྱ་བ་ནི། སྔར་གྱི་གསལ་སྣང་དང་ང་རྒྱལ་དྲན་བཞིན་པ་ལས། ཁྱད་པར་བདག་གཙོ་བོའི་ཐུགས་ཀར་དཀར་དམར་འོད་ཀྱི་འཁོར་ལོ་གུར་ཁྱིམ་ཕུབ་པ་ལྟ་བུའི་དབུས་སུ། པད་ཟླའི་གདན་ལ་ཡེ་ཤེས་སེམས་དཔའ་འཇམ་དཔལ་གཞོན་ནུ་ཞི་འཛུམ་ལོངས་སྐུའི་ཆས་ཅན་རལ་གྲི་དང་པོ་ཏི་འཛིན་པ། དེའི་ཐུགས་ཀར་ཉི་མའི་གདན་ལ་ཏིང་ངེ་འཛིན་སེམས་དཔའ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ནས་གྱེན་ལངས་ཙམ་གྱི་ལྟེ་བར་ཧཱུྃ་མཐིང་ག་སྤུས་བྲིས་པ་ཙམ་གྱིས་མཚན་པ། དེའི་མཐར་སྔགས་ཀྱི་ཕྲེང་བ་ཤིན་ཏུ་ཕྲ་བ་མཐིང་ཞུན་མས་བྲིས་པ་ལྟ་བུ་ཁ་དོག་ལྔའི་འོད་ཟེར་འབར་བ་གཡས་སུ་འཁོར་བ། དེ་ལས་སྔགས་ཀྱི་རང་སྒྲ་དང་བཅས་པའི་འོད་ཟེར་མུ་མེད་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པར་འཕྲོས། རྒྱལ་བ་རྣམས་ལ་མཉེས་མཆོད་ཕུལ་མཐུ་དབང་བྱིན་རླབས་འོད་ཟེར་གྱི་རྣམ་པར་བསྡུས། སེམས་ཅན་ཐམས་ཅད་ཀྱི་ལས་སྒྲིབ་སྦྱངས་ནས་བདེ་ཆེན་གྱི་ཞིང་དུ་དྲངས། ཞི་རྒྱས་དབང་དྲག་གི་ཕྲིན་ལས་དཔག་ཏུ་མེད་པ་བསྒྲུབས་ནས། བརྟན་གཡོའི་བཅུད་ཀྱི་དྭངས་མ་ཐམས་ཅད་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་བསྡུས་ནས། མཚོ་ལ་ཆར་བབ་པ་བཞིན་སྔགས་ཕྲེང་ལ་ཐིམ་པས་འཁོར་བ་དང་མྱ་ངན་ལས་འདས་པའི་ཡོན་ཏན་ཐམས་ཅད་ཀྱི་དབྱིག་ཏུ་གྱུར། དེ་ནས་སྣང་སྟོང་སྒྱུ་མ་ལྟ་བུར་ཤར་བའི་སྐུའི་སྣང་བརྙན་རེག་མཐོང་གི་མཚན་མ་ཡོད་པ་ལྟར་གསལ་བ་ལས། གྲགས་སྟོང་གཞོམ་མེད་ཀྱི་རང་སྒྲར་གཙོ་འཁོར་ཐམས་ཅད་ཀྱི་ཞལ་དང་བརྟན་གཡོའི་དངོས་པོ་ཐམས་ཅད་ལས་ཀྱང་བུང་བ་ཚང་ཞིག་པ་ལྟར་དིར་དིར་སྒྲོག་པར་མོས་པ་བརྟན་པོ་ནན་ཏན་དུ་བྱས་ལ་བཟླས་པ་བྱ་སྟེ། སྔགས་ཚིག་ནི། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཅེས་རྩ་བའི་སྙིང་པོ་འདི་འབུམ་ཕྲག་གཅིག་མ་སོང་གི་བར་ཐུན་བཞི་ཀ་ལ་དེ་ཁོ་ནར་ཆིག་དྲིལ་གྱིས་བཟླ་ཞིང་། ཐུན་བསྡུ་བ་ན་དབྱངས་གསལ་དང་ཡིག་བརྒྱའི་མཐར། ཨོཾ་ཡ་མཱནྟ་ཀ་སིདྡྷི་ཀུ་རུ་སྭཱ་ཧཱ། ཞེས་བཏགས་པ་གསུམ་མམ་བདུན་བཟླ། དེ་ནས་རྫོགས་རིམ་བསྒོམ་སྟེ། དེའི་དོན་ནི་ལྷའི་རྣམ་པ་དེ་ཐམས་ཅད་ཀྱང་རྣམ་པ་གསལ་བ་གཞན་དབང་རང་བཞིན་ཀུན་བརྟགས་ཀྱིས་སྟོང་པ། ངོ་བོ་ཟུང་འཇུག་ཡོངས་གྲུབ་ཀྱི་ལྷར་གདོད་ནས་གནས་པའི་ངེས་ཤེས་བརྟན་པོ་ཤུགས་དྲག་ཏུ་བསྐྱེད་པ་སྟེ་རྩ་སྒྲུབ་ཀྱི།་་་དེ་ལྟར་གསལ་ཞིང་བསྐྱེད་པའི་ལྷ་དེ་ཀུན༔ སྣང་ཞིང་སྟོང་ལ་སྟོང་ཞིང་ཀུན་ནས་སྣང༔ སྣང་སྟོང་གཉིས་མེད་ངང་དུ་བསྐྱེད་རིམ་སྦྱང༔ ཞེས་དང༔ སྣང་ཞིང་སྟོང་ལ་གཞི་མེད་རྩ་བ་བྲལ༔ ཡེ་གྲོལ་རང་གྲོལ་ཤར་གྲོལ་ངོ་བོར་གྲོལ༔ མཆན། ཞེས་པའི་དོན་བཞིན་བསྒོམས་པ་ལས་ཁམས་གསུམ་གྱི་སྣང་བ་ཐམས་ཅད་སེམས་ཀྱི་རང་མདངས་སུ་ཤེས་ནས་ལྷའི་ང་རྒྱལ་ལ་བརྟན་པ་ཐོབ་སྟེ་ཐ་མལ་གྱི་རྣམ་རྟོག་མི་སྐྱེ། ཅུང་ཟད་སྐྱེས་ཀྱང་རང་ཞི་ལ་སོང་ནས་སྣང་བ་ལྷའི་རོལ་པར་འཆར་བར་བྱེད་པའི་གནད་དམ་པའོ། །རྫོགས་རིམ་དེ་ལས་ཐུན་མཚམས་ཀྱི་ལྷར་ལངས་ཏེ་བསྔོ་སྨོན་ཤིས་བརྗོད་དང་སྤྱོད་ལམ་ལ་འཇུག །སྲོད་ཐུན་ལ་སྔར་བཞིན་སྐྱབས་སེམས་ཚོགས་གསག་ཚོགས་ཞིང་བསྡུ་བའི་བར་སོང་ནས། སྲུང་འཁོར་གྱི་མཇུག་ཏུ་ཐུན་མཚམས་ཀྱི་ལྷ་འོད་གསལ་དུ་བཅུག་ནས་ཏིང་ངེ་འཛིན་གསུམ་ནས་རྫོགས་རིམ་གྱི་བར་སྔར་བཞིན་བྱས་ནས་ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་བསྔོ་བྱེད། འདི་ནུབ་ཁྲོ་བོ་བསྙེན་པའི་ཞག་དང་པོ་ཡིན་པས་ཚོགས་མཆོད་བསྐུལ་ཆད་ཐོ་བརྟན་སྐྱོང་ཉེར་བསྡུ་བསྔོ་སྨོན་ཤིས་བརྗོད་ཀྱི་བར་བྱས་ནས། སྙིང་གར་ཧཱུྃ་ཡིག་མཐིང་ཁ་གསལ་ལ་དྭངས་པ་ཞིག་ལ་འདུན་པ་རྩེ་གཅིག་ཏུ་གཏད་ནས་ཉལ་ལོ། །དེ་ནས་ཐོ་རངས་ཀྱི་ཐུན་ལ་བབ་པ་ན་རང་ཉིད་གཤིན་རྗེའི་གཤེད་པོར་ལྡང་བའི་རྣལ་འབྱོར་གྱིས་ལངས་ལ་སྔོན་གཏོར་བཞག་པའི་སྐྱབས་སེམས་ཚོགས་གསག་སྲུང་འཁོར་བྱིན་དབབ་མཆོད་རྫས་རློབ་པ་རྣམས་སྔོན་དུ་འགྲོ་བས། ཏིང་འཛིན་གསུམ་ནས་བཟུང་སྟེ་འོད་གསལ་དུ་འཇུག་པའི་རྗེས་སུ་བསྔོ་སྨོན་བྱ་བ་སོགས་སྔར་གྱི་དགོང་ཐུན་དང་འདྲ། དེ་ནས་སྔ་ཐུན། དགོང་ཐུན། སྲོད་ཐུན་གསུམ་ལ་སྔོན་འགྲོ་སྐྱབས་སེམས་ཚོགས་གསག་ཙམ་གྱིས་ཆོག །ཏིང་འཛིན་གསུམ་ནས་སྤྱན་འདྲེན་གྱི་བར་དཀྱུས་བཞིན་དང་། མཆོད་བསྟོད་སོགས་བཟླས་པ་འགྲོ་ཆེ་ཁྱད་ཀྱིས་བསྡུས་པ་བྱེད། དམ་གསོལ་དང་ཕྲེང་བ་བྱིན་རླབས་སོགས་མི་དགོས། བསྐྱེད་རིམ་གྱི་གསལ་སྣང་ང་རྒྱལ་ལ་ནན་ཏན་བྱ། བཟླས་མཐར་དབྱངས་གསལ་དང་ཡིག་བརྒྱ་སྤེལ་ཚིག་ཅན་གསུམ་རེ་བཟླ། ཐུན་བར་མ་གཉིས་ལ་རྫོགས་རིམ་གྱི་རྗེས་སུ་བསྔོ་སྨོན་ཤིས་བརྗོད་དང་ཐུན་མཚམས་ཀྱི་ལྷར་ལྡང་། ཐུན་མཐའ་མའི་རྫོགས་རིམ་གྱི་རྗེས་སུ་ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་བསྔོ་བྱེད། ཚོགས་མཆོད་གྲུབ་ན་ལེགས། མ་གྲུབ་ཀྱང་ཆོག །གང་ལྟར་ཡང་ཉེར་བསྡུ་བསྔོ་སྨོན་ནས་ཉལ་བའི་རྣལ་འབྱོར་གྱི་བར་སྔར་ཁོ་ན་བཞིན་ནོ། །དེ་ལྟར་ཐུན་བཞིའི་ངེས་པ་ཁོ་ནས་སྟན་གྱི་དྲོད་མ་ཡལ་བ་དང་ཐུན་སྒང་དུ་མི་ཚིག་གིས་བར་མ་ཆོད་པར། སྙིང་པོ་ཆིག་འབུམ། ཉེ་སྙིང་སུམ་འབུམ། རྩ་སྔགས་བདུན་འབུམ། ཡ་མ་རཱ་ཛ་ཉིས་ཁྲི་རྣམས་འབུམ་རྗེས་སུ་ཁྲི་དང་ཁྲི་རྗེས་སུ་སྟོང་གིས་ཁ་སྐོང་བ་རྣམས་གྲངས་བསྙེན་པའི་དབང་དུ་བྱས་པ་ཡིན་ཅིང་། དུས་བསྙེན་ནི་ཟླ་བ་དྲུག །མཚན་མའི་བསྙེན་པ་ལ་གྲངས་ངེས་མེད་དོ། །རྩ་བའི་གྲངས་ཚད་རྫོགས་པའི་སྐབས་འདི་ཉིད་དུ་ལས་གཤིན་གྱི་བསྙེན་པ་བྱ་བར་སྤྲོ་ན། སྒྲུབ་གཏོར་གྱི་མདུན་ངོས་སྟེགས་དམའ་བར་མཎྜལ་དུག་ཁྲག་གིས་བྱུགས་པར་རྡུལ་ཚོན་ནམ་ཆུ་ཚོན་གང་རུང་གིས། ཆོས་འབྱུང་མཐིང་ནག་མུ་རན་མེ་རི་དང་བཅས་པའི་དབུས་གླིང་དགུར་བཅད་པའི་ལྟེ་བར་ཉི་གདན་ཐོད་དབྱུག་ཡས་མཚན་པ་བྲི། གཞན་བརྒྱད་ལ་སོ་སོའི་སྲོག་ཡིག་གམ་ཕྱག་མཚན་བྲི། དབུས་སུ་མཉྫའི་ཁར་དམར་གཏོར་སྐུ་རྟེན་དར་ནག་པོའི་གུར་གྱིས་བརྒྱན་པ་བཞག །མཐར་སྒོར་མཆོད་གཏོར་མ་དང་བཅས་པ་བཤམ། དེ་ནས་བདག་བསྐྱེད་ཐུན་བཞིའི་རྣལ་འབྱོར་བྱིངས་སྔར་བཞིན་ལས་བཟླས་པ་ཕྲེང་སྐོར་རེ་ཙམ་བཟླས་རྗེས་རྫོགས་རིམ་བསྒོམ། དེ་ནས་སྒོས་ཀྱི་མཆོད་གཏོར་བྱིན་རླབས་སྔོན་དུ་འགྲོ་བས་ཤཱུནྱ་ཏཱ་ཞེས་པ་ནས་བསྟོད་པའི་བར་ཕོ་ཉ་མྱུར་མགྱོགས་བཞིན་སོང་རྗེས་བདག་གི་སྙེམས་པ་མཆོག་ཏུ་བརྟན་པོས། ལས་གཤིན་གྱི་ཐུགས་ཀར་ཉི་མ་ལ་གནས་པས་སོགས་དམིགས་པའི་འཕྲོ་འདུ་ཤིན་ཏུ་གསལ་བ་དང་བཅས་པས་བཟླས་པ་ཅི་ནུས་བྱས་པའི་རྗེས་སུ་མཆོད་བསྟོད་བསྡུས་པ་དང་ཡིག་བརྒྱ། འདོད་པའི་དོན་ལ་གསོལ་བ་གདབ། ཡེ་ཤེས་པ་རྟེན་ལ་བརྟན་བཞུགས་བྱ། གཞན་ཡང་ཐུན་བཞིའི་རིམ་པ་སོ་སོའི་རྗེས་ཆོག་ཉལ་བའི་རྣལ་འབྱོར་གྱི་བར་སྔར་བཞིན་བྱ་བ་ཡིན་ནོ། །གྲངས་ཚད་ནི་འབུམ་ཕྲག་གཅིག་ལ་བྱའོ། །ཐུན་མཚམས་སུ་བཟླས་པ་བགྱིས་པ་རྣམས་ནི་རྩ་བའི་གྲངས་ཚད་ལ་མི་བརྩི་ཞིང་འོན་ཀྱང་ངག་ནུས་བསྐྱེད་པ་སོགས་ཀྱི་དགོས་པ་ཡོད་པས་ལྷའི་ང་རྒྱལ་དང་མ་བྲལ་བའི་ངང་ནས་སྐབས་དེ་དག་ཏུ་ཡང་བཟླ་བར་བྱའོ། །དེ་ལྟར་གྲངས་དུས་མཚན་མའི་བསྙེན་པ་གསུམ་པོ་གང་བྱེད་ཀྱང་རུང་སྟེ་ནངས་པར་གྲོལ་རྒྱུའི་དེ་རིང་གི་དགོང་ཐུན་ནས་བཟུང་སླར་ཡང་མཆོད་གཏོར་གསར་པ་མང་དུ་བཤམ་ཞིང་རྙིང་པ་རྣམས་ཀྱང་ཁ་གསོ། ཐུན་བཞིའི་བབས་སྤྱིར་སྔར་དང་འདྲ་བ་ལས་ཁྱད་པར་མདུན་གྱི་གཏོར་མ་་་སྒྲུབ་རྫས་རྣམས། མཆན། ཡང་བདག་བསྐྱེད་བསྒོམ་པ་དང་མཉམ་དུ་འཇུག་པ་གཅིག་གིས་བསྒྲུབ་ཅིང་དམིགས་པའི་འཕྲོ་འདུ་ཟབ་མོ་་་བཟླས་པའི་སྐབས་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་དང་དངོས་གྲུབ་སྔགས་འབྲུ་དང་འོད་ཟེར་གྱི་རྣམ་པས་སྤྱན་དྲངས་ནས་སྒྲུབ་རྫས་རྣམས་ལ་སིབ་སིབ་ཐིམ་པར་བསམ་ཞིང་། མཆན། དང་སྦྱར་ཏེ་རྩ་སྔགས་རྣམས་ཀྱི་མཇུག་ཏུ། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བཏགས་པ་བཟླ་ཞིང་། ཧཱུྃ༔ དགོངས་ཤིག་བདེ་གཤེགས་དཀྱིལ་འཁོར་ལྷ༔ ཞེས་སོགས་དངོས་གྲུབ་བསྐུལ་བ་ཡང་བྱེད། རྫོགས་རིམ་མན་སྔར་གྱི་ཐུན་བཞི་ལྟ་བུ་ལས་སྲོད་ཐུན་ལ་ཚོགས་མཆོད་ངེས་པར་བྱ། དེ་ནས་གྲོལ་རྒྱུའི་སྔ་ཐུན་གྱི་དུས་མཆོད་གཏོར་གསར་པ་རྒྱ་ཆེན་པོ་བཤམ། ལས་བྱང་རྒྱས་པར་གཏང་ཞིང་ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་མ་འབུལ། སྐོང་བཤགས་ཚོགས་མཆོད་ཆད་ཐོ་བརྟན་སྐྱོང་རྣམས་སོང་རྗེས་སྒྲུབ་གཏོར་ལྷར་གསལ་བ་ལ་སྨན་རཀ་གཏོར་མས་མཆོད་ཅིང་བསྟོད། འཁོན་གཅུགས་སྦྱང་ཕྱིར་ཡིག་བརྒྱ་མང་དུ་བཟླ། དེ་ནས། ཧཱུྃ༔ དགོངས་ཤིག་སོགས་ཀྱིས་དངོས་གྲུབ་བསྐུལ་རྗེས། མདུན་སྐྱེད་དང་སྒྲུབ་གཏོར་གྱི་ལྷའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། མཐར་གཏོར་མའི་ལྷ་འོད་དུ་ལྟེམ་གྱིས་ཞུ་ནས་རང་ལ་ཐིམ་པའི་མོས་པ་བྱ་ཞིང་གཏོར་མ་་་སྒྲུབ་རྫས་རྣམས། མཆན། གནས་གསུམ་དུ་འཇོག །ལྷ་འོད་དུ་ཞུ་རྗེས་གཏོར་མ་དམ་རྫས་བདུད་རྩིར་མོས་ནས་ལྕེ་ཐོག་ཏུ་མྱང་སྟེ་ལུས་ཟག་མེད་ཀྱི་བདུད་རྩི་ཆེར་འཕེལ་བས་ལུས་ཀྱི་རྩ་ཁམས་ཐམས་ཅད་གང་བའི་བདེ་བ་ཆེན་པོ་ལ་མཉམ་པར་བཞག །མཇུག་ཆོག་ཤིས་བརྗོད་དང་བཅས་པ་ནི་གཞུང་བཞིན་ནོ། །སྐབས་འདིར་སྲུང་ཟློག་བསད་པའི་ལས་སྦྱོར་གྱིས་བསྡུ་བར་སྤྲོ་ན་སྔ་ཐུན་འདི་ཉིད་ཀྱི་མུ་ནས་ལས་དཀྱིལ་གཏོར་མ་དང་ཟོར་རྫས་ལིངྒ་ཐུན་དང་བཅས་ལག་ལེན་བཞིན་བཤམ། ཆོ་ག་དངོས་གཞི་ནི་ཐུན་བཞིའི་རིམ་པ་ཁོ་ན་སྟེ། ལས་གསུམ་རྐྱང་པར་སྒྲུབ་ན་སྲུང་བ་ཟློག་པ་བསད་པ་གསུམ་ཀ་སོ་སོའི་རྟགས་མཐོང་གི་བར་དུ་རིམ་པ་བཞིན་སོ་སོར་སྒྲུབ་པའམ། འོན་ཏེ་ཞག་གི་རིམ་པ་ཙམ་གྱིས་བསྒྲུབས་ཀྱང་རུང་། བསྙེན་སྒྲུབ་ཀྱི་རྗེས་འདིར་ཟོར་ཡང་བའི་དབང་དུ་བྱེད་ན། ཐོ་རངས་བསྙེན་སྒྲུབ། སྔ་དྲོ་སྲུང་བ། ཕྱི་དྲོ་ཟློག་པ། སྲོད་ལ་བསད་པ་རྣམས་ཐུན་བཞིའི་རིམ་པས་ཞག་བདུན་ནམ་ལྔ་གསུམ་གང་རུང་བསྒྲུབས་རྗེས་ནུབ་མཐའ་མའི་ཚེ་ཟོར་འཕང་བ་རྣམས་བྱ་ཞིང་། འདི་དག་གི་མན་ངག་དང་ཆོ་གའི་ལས་རིམ་རྣམས་ཟོར་ལས་རྒྱས་པའི་སྐབས་སུ་སྤྲོ་བསྡུ་སྨོས་པ་རྣམས་འདོར་ལེན་བྱེད་པ་ཙམ་མ་གཏོགས། གཞན་མ་ལག་ལེན་གནད་ཀྱི་གསེར་ཐུར་དུ་ཞིབ་མོར་བྲིས་པ་ཉིད་ལ་དཔྱད་པས་བདེ་བླག་ཏུ་རྟོགས་པ་ཡོད་དོ། །ལས་གསུམ་གྱི་མཇུག་བསྡུ་བྱེད་མི་བྱེད་གང་ཡིན་ཡང་ཁ་སྐོང་ནི་ངེས་པར་དགོས་ཏེ། ཇི་སྐད་དུ། སྦྱིན་སྲེག་ལྷ་རྣམས་ཚིམ་པར་བྱེད། །ཚིམ་པ་ལས་ནི་དངོས་གྲུབ་སྩོལ། །སྔགས་ནི་ལྷག་གམ་མ་ཚང་ན། །ཐམས་ཅད་སྦྱིན་སྲེག་དག་གིས་སྐོང་། །ཞེས་དང་། གསང་སྔགས་མ་བཟླས་མི་འགྲུབ་ཅིང། །སྦྱིན་སྲེག་མ་བྱས་འབྲས་མི་འབྱིན། །ཞེས་པས་སྔགས་བཟླས་པའི་གྲངས་ཀྱི་བཅུ་ཆའི་སྦྱིན་སྲེག་བྱ་སྟེ། སྙིང་པོ་ཉེ་སྙིང་ཐམས་ཅད་ལ་མ་གྲུབ་ཀྱང་རྩ་སྔགས་ཉིད་འབུམ་ཚོ་བདུན་གྱི་དབང་དུ་བྱས་པའི་ཁ་སྐོང་གི་སྦྱིན་སྲེག་བདུན་ཁྲི་བྱ་དགོས་ཏེ། ཆོ་གའི་རིམ་པ་ནི་སྦྱིན་སྲེག་དངོས་གྲུབ་རྒྱ་མཚོ་ལྟ་བུས་ཁོག་ཕུབ་པའམ་གཞན་གྱིས་ཀྱང་རུང་། འདས་པའི་མེ་ལྷ་གོ་བརྗེ་བ་དང་། རྫས་གཞན་རྣམ་གྲངས་ཅི་འབྱོར་དང་ཏིལ་གྱི་རྫས་སྔགས་རྣམས་བདུན་ཁྲིར་ལོངས་པ་འབུལ་དགོས་ལ། སྤེལ་ཚིག་ནི། ཏིང་ངེ་འཛིན་མ་གསལ་བ་དང་སྔགས་ཀྱི་ཆད་ལྷག་གི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྦྱར། རྗེས་སུ་ལས་གཤིན་ལ་ཡང་བརྒྱ་རྩ་ཙམ་འབུལ། ཆོ་གའི་ལྷག་མ་ནི་སྤྱི་ལྟར་རོ། །གལ་ཏེ་སྦྱིན་སྲེག་མ་གྲུབ་ན་སྔགས་ཀྱིས་ཁ་སྐོང་ཙམ་གྱིས་ཀྱང་རུང་སྟེ་ཁུངས་ཡོད་དོ། །དེ་ལྟར་ལས་རྣམས་མཐར་ཕྱིན་ནས་མཚམས་གྲོལ་བའི་ཚེ། ཆོས་སྐྱོང་གཞི་བདག་སོགས་ལ་ཡང་གཏང་རག་གི་མཆོད་གཏོར་དང་། ཁྱད་པར་མཚམས་ཐོའི་ཡེ་ཤེས་པ་མཆོད་ཅིང་བསྟོད་ནས་གཤེགས་སུ་གསོལ་བར་བྱའོ། །སྤྱིར་བསྙེན་པའི་སྐབས་འདིར་ཤེས་པར་བྱ་བ་ནི། ཤེས་པ་བྱིངས་ནས་གཉིད་བྲོ་བ་སོགས་བྱུང་ན་རིག་པ་ངར་བསྐྱེད་དེ་སྔགས་སྒྲ་དང་བཅས་པ་བཟླ། ཤེས་པ་རྒོད་ནས་དམིགས་པ་མི་གསལ་ན་ཏིང་འཛིན་སེམས་དཔའ་ཁོ་ན་ལ་རྩེ་གཅིག་ཏུ་སེམས་བཟུང་ནས་ཤུབ་བུར་བཟླ། སུན་ཉམས་བྱུང་ན་བླ་མ་གོང་མ་རྣམས་ཀྱི་བཟོད་སྲན་དཀའ་སྤྱད་ཀྱི་ཚུལ་ལ་གཞིག་སྟེ་ཧུར་སྐྱེད། རྩ་ཁམས་དྭངས་པ་དང་ལྕེ་བདེ་བའི་དུས་སྔགས་འགྲོ་ཆེ་ན་མྱུར་དུ་འགྲོ་བར་འདུག་སྙམ་པའི་བྲོད་ཁ་མི་བྱ། དེ་ལས་ལྡོག་ནས་གུ་དོག་ཉམས་བྱུང་ན་སྙིང་རུས་ཆེར་སྐྱེད་ཅིང་ངལ་བ་མི་བྱ། སྐབས་རེར་ཤེས་པ་ཉོག་ཅིང་ལྕེ་མི་བདེ་ན་ཇ་དཀར་གྱི་བཏུང་བ་སོགས་བརྟེན། གཡེངས་ཤིང་འཕྱོ་ན་རུས་ཐང་དང་བུ་རམ་མུར་བས་ཕན། ཐུན་སྒང་དུ་ཁའི་ཕྱེད་ལག་གིས་བཀབ་པའི་གཏམ་བྱ་བ་སྐད་དང། གཞན་ལ་བྱིན་རླབས་དང་སྲུང་མདུད་སྟེར་བ་སོགས་མི་བྱ། ཐུན་མཚམས་མ་གཏོགས་པར་བཟའ་བཏུང་དང་འགྲོ་འཆག་མང་པོ་མི་བྱེད། ནང་གི་ཡོ་བྱད་ཀྱི་རིགས་ཀྱང་ཕྱིར་མི་གཏོང་དངོས་གྲུབ་ཡལ་བའི་རྒྱུར་འགྲོ །མཚམས་ཁོངས་སུ་མ་བཅུག་པའི་མི་དང་ཡོ་བྱད་ནང་དུ་མི་འཇུག་མོད། བཅུག་པ་ཡང་སང་ཙམ་ཡོང་རྒྱུའི་དེ་རིང་ལྟ་བུར་ཤེས་པ་གཡེངས་ཤིང་ཉོག་པ་སེམས་མི་བདེ་ཞིང་གཉིད་ཡུར་བ་སོགས་བྱུང་ནས། སང་ཉིན་མི་དང་ཡོ་བྱད་སོ་མ་བྱུང་ན་དེའི་འགྲུལ་སྣ་ཡིན་པས་སྲུང་འཁོར་བསྒོམ། སྔོན་ལ་མ་བྱུང་བར་རྟིང་ལ་བྱུང་ན་གྲིབ་བསླངས་པ་ཡིན་པས་ཡིག་བརྒྱ་མང་དུ་བཟླ། རྫས་དེ་དག་ཀྱང་འགྲུབ་ཏུ་རུང་ན་ཞག་མ་འདས་བར་ལོངས་མི་སྤྱོད། སྤྱིར་ཡང་མཚམས་ཀྱི་མགོ་ལ་ལྷོད་པ། བར་དུ་དམ་པ། རྗེས་སུ་ལྷོད་པར་བྱེད། གང་གི་ཚེ་ཡང་དུག་གསུམ་གྱི་རྣམ་རྟོག་ཆེ་ཕྲ་ཆུའི་གཉེར་མ་ལྟར་ཤར་ན་ཐོལ་སྐྱེས་དེ་དག་དྲན་པས་ཚིར་བཟུང་། ཡེངས་མེད་ཀྱི་ངང་ནས་ལྷ་དང་སྔགས་ཀྱི་སྒྲ་ལ་སེམས་གཏད། བདེ་སྡུག་དང་མཐོ་དམན་སྣ་ཚོགས་བྱུང་ན་འཛིན་ཆགས་མེད་པར་ལྷོད་ཀྱིས་གློད། མཚམས་ལ་ཐོག་མར་ཞུགས་པ་ནས་མ་གྲོལ་གྱི་བར་སྐྲ་སེན་མི་འབྲེག །ཁ་ལག་མི་བཀྲུ། སྟན་མི་སྤྲུགས། གདན་གྱི་དྲོད་མ་ཡལ་བར་བྱེད། མཚམས་གྲོལ་ནས་ཀྱང་ཐོག་མར་དམ་ཚིག་གཙང་བའི་མི་རེ་གཉིས་དང་འཕྲད། དེ་ནས་རིམ་བཞིན་ཡངས་པར་བྱས་ཏེ་གྲིབ་དང་བགས་ཀྱིས་འདྲིས་སུ་འཇུག་པ་གལ་ཆེའོ། །དེ་ལྟར་ཚུལ་བཞིན་དུ་ལེགས་པར་བསྙེན་པ་ལས་རྡོ་རྗེ་ཐེག་པའི་ཕྲིན་ལས་རབ་འབྱམས་སྒྲུབ་པ་ལ་བསྙེངས་པ་མི་མངའ་བའི་དབང་ཕྱུག་ཆེན་པོར་འགྱུར་བར་གདོན་མི་ཟའོ། །འཇམ་པའི་རྡོ་རྗེ་ཡེ་ཤེས་སྒྱུ་དྲྭའི་གར། །མི་བཟད་བདུད་སྡེའི་གཤེད་དུ་ཆེར་ཁྲོས་པ། ཁྲག་འཐུང་འཁོར་འདས་བརྟན་གཡོའི་ཕྱག་རྒྱ་ཀུན། །ཟིལ་གནོན་དཔལ་ཆེན་དུས་དགྲའི་དབང་པོ་ཀྱེ། །གང་གི་དངོས་གྲུབ་འདོད་འཇོའི་ཡིད་བཞིན་ནོར། །དཀའ་བ་མེད་པར་སྒྲུབ་བྱེད་མྱུར་བདེའི་སྐྱེས། །དུས་མཐའི་སྔགས་འཆང་བརྩོན་པ་ཆེ་ཐང་གིས། །དུབ་པ་དེ་དག་ངལ་གསོའི་སྐྱེས་སུ་སྦྱིན། །གང་འདིར་གཏེར་གཞུང་རྩ་བའི་སྒྲུབས་ཐབས་དང། །འཁྲུལ་མེད་མན་ངག་དུ་མའི་གནད་འདོམས་པར། །བརྗོད་པ་འདིས་ཐོབ་བསོད་ནམས་ཡེ་ཤེས་ཀྱི། །རྒྱ་མཚོ་ཆེན་པོར་རོ་གཅིག་འདྲེས་གྱུར་ཅིག །འཇམ་དཔལ་གཤིན་རྗེའི་གཤེད་དྲེགས་པ་འཇོམས་བྱེད་ཀྱི་བསྙེན་ཡིག་འདོད་འཇོའི་བུམ་བཟང་ཞེས་བྱ་བ་འདི་ནི། གཅུང་ལོ་ཙཱ་བ་ངག་དབང་ཆོས་དཔལ་གྱིས་རིང་མོ་ནས་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར་རྒྱལ་ཁམས་པ་འགྱུར་མེད་རྡོ་རྗེས་ཡུལ་དབུས་ཀྱི་རི་བོ་པོ་ཏ་ལའི་རྒྱལ་པོའི་ཁབ་ཆེན་པོར་སྦྱར་བའོ།། །།

འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་ (Volume 17, Text 32)

༁ྃ༔ འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་བཞུགས༔ སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་དགོངས་པའོ།། འཇམ་དཔལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ༔ གཟུང་འཛིན་དྲེགས་པའི་གཤིན་རྗེ་ཡི༔ གཤེད་པོ་སེམས་ཉིད་འོད་གསལ་བ༔ རོལ་པ་འགག་མེད་ལྷ་སྐུར་ཤར༔ དེ་ཉིད་སྒྲུབ་པའི་རྣལ་འབྱོར་ནི༔ ཨ༔ རང་བཞིན་གདོད་ནས་མཉམ་པ་ཉིད༔ སྐྱེ་བ་མེད་པའི་ཡེ་ཤེས་ལས༔ སྐྱེ་བའི་གཟུགས་བརྙན་ཡི་གེ་ཨེ༔ སྣོད་བཅུད་བརྟན་གཡོ་ཀུན་གྱི་སྲོག༔ ཆོ་འཕྲུལ་ཆེན་པོའི་རོལ་པ་ཡིས༔ མ་དག་སྣང་བ་དབྱིངས་སུ་ནུབ༔ ལྷུན་གྲུབ་ཡེ་ཤེས་གཞལ་མེད་ཁང༔ རིན་ཆེན་དུར་ཁྲོད་རྒྱན་རྫོགས་དབུས༔ ཀླུ་འབུམ་གཉན་ཁྲི་ས་བདག་སྟོང༔ ཕྱོགས་སྐྱོང་མ་ཧེ་ཉི་ཟླའི་གདན༔ དེ་སྟེང་སྟོང་ཉིད་ཕྱག་རྒྱ་ཆེ༔ འཁོར་འདས་ཟིལ་གནོན་ཧེ་རུ་ཀ༔ ཆོས་ཉིད་མི་འགྱུར་སྐུ་མདོག་མཐིང༔ རྣམ་པར་ཐར་པ་གསུམ་གྱི་དབུ༔ གཡས་དཀར་ཀླུ་འབུམ་སྦྲུལ་དུ་འདྲེན༔ གཡོན་དམར་གཉན་ཁྲིའི་སྙིང་ནས་གསོལ༔ དབུས་མཐིང་དགྲ་བགེགས་ས་བདག་ཟ༔ རྒྱུ་དྲུག་འཁོར་བ་སྒྲོལ་བའི་ཕྱག༔ ཡེ་ཤེས་དྲུག་གི་ཕྱག་མཚན་ཅན༔ འཁོར་ལོ་རལ་གྲི་རྡོ་རྗེ་གཡས༔ བེ་ཅོན་གཏུན་ཤིང་སྡིགས་མཛུབ་གཡོན༔ རྫུ་འཕྲུལ་ཞབས་བཞི་དོར་སྟབས་ཀྱིས༔ དུག་གསུམ་དྲེགས་པའི་དཔྱི་ནས་བརྫིས༔ གླང་ཆེན་ཀོ་རློན་དུར་ཁྲོད་ཆས༔ སྦྲུལ་དང་རིན་ཆེན་ཙིཏྟས་བརྒྱན༔ དབུ་ལ་རིགས་ལྔ་ཁྲོ་བོའི་སྐུ༔ དྲེགས་པའི་སྙིང་དང་ནཱ་གའི་མགོ༔ དོ་ཤལ་ཁྲོ་བོའི་ཆས་ཀ་རྫོགས༔ དེ་བཞིན་ཉིད་དབྱིངས་ཁྲོས་པའི་སྐུ༔ ཡུམ་ནི་དམིགས་མེད་ཆོས་ཀྱི་དབྱིངས༔ མཐིང་ནག་སྙིང་སྟོབ་གྲི་ཐོད་འཁྱུད༔ རྒྱན་དང་སྤྲུལ་པའི་ལྷ་རྣམས་ཀུན༔ ཉི་མ་དང་ནི་འོད་ཟེར་བཞིན༔ མ་བསྐྱེད་རང་བྱུང་རོལ་པའི་རྩལ༔ འཁོར་འདས་ཡོངས་རྫོགས་ཆེན་པོར་གསལ༔ ས་མ་ཡ༔ ལྷ་སྐུའི་ཏིང་འཛིན་བརྟན་པ་ན༔ ཐུགས་ཀར་འཇམ་དཔལ་ཡེ་ཤེས་སེམས༔ དམར་སེར་རལ་གྲི་གླེགས་བམ་ཕྱག༔ དེ་ཡི་ཙིཏྟའི་གུར་ཁང་དབུས༔ ཉི་སྟེང་ཧཱུྃ་གི་ནཱ་ད་ལས༔ ཡི་གེ་དྲུག་པ་རྡོ་རྗེའི་སྒྲ༔ སྔགས་ཀྱི་གཟུགས་སུ་སྣང་བ་ལས༔ འོད་ཟེར་འཕྲོས་པས་འཕགས་པ་མཆོད༔ མཁྱེན་བརྩེ་ནུས་པའི་བྱིན་རླབས་བསྡུས༔ གསལ་ཞིང་འབར་བའི་འོད་ཟེར་གྱིས༔ སྒྲིབ་གཉིས་མུན་པ་སེལ་བར་བསམ༔ ཨོཾ་ཝཱ་གཱི་ཤྭ་རི་མཱུཾ༔ ཞི་བར་བསྙེན་པ་འབུམ་ཕྲག་དྲུག༔ བཟླས་ཏེ་ཁྲོ་བོར་སྒྲུབ་པ་ནི༔ ཧཱུྃ་མཐར་རྡོ་རྗེའི་སྔགས་ཕྲེང་ལས༔ སྐུ་དང་སྔགས་ཕྲེང་ཕྱག་མཚན་ཚོགས༔ འབར་བའི་འོད་ཟེར་དང་བཅས་འཕྲོས༔ སྣང་སྲིད་སྦྱངས་ཏེ་རང་ལ་བསྟིམ༔ ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ༔ ལྷ་སྔགས་ཐ་དད་མི་ཕྱེད་པ༔ འབུམ་ཕྲག་བཅུ་དྲུག་ལས་ཀུན་བྱེད༔ འཇམ་དཔལ་ཁྲོ་བོའི་ནུས་པ་རྫོགས༔ ས་མ་ཡ༔ དོན་གྱི་གཤེད་པོ་སྒྲུབ་པ་ནི༔ སེམས་ཀྱི་རང་བཞིན་འོད་གསལ་བ༔ ཐོག་མ་བར་དང་མཐར་མི་གནས༔ རྒྱུ་དང་རྐྱེན་དང་འབྲས་བུ་མེད༔ ཕྱག་རྒྱ་ཆེན་པོའི་ངང་དུ་བཞག༔ ལུས་གནད་བྱེད་བཅིངས་དབང་པོའི་མཆོག༔ དབྱིངས་སུ་གཟིར་བས་རྟགས་རྣམས་རྫོགས༔ འགྲོ་བའི་མར་མེ་ཡེ་ཤེས་སྒྲོན༔ དོན་གྱི་འཇམ་དཔལ་ཚེ་འདིར་འགྲུབ༔ ས་མ་ཡ༔ དབང་བསྐུར་བྱེད་ན་སྣོད་ལྡན་པའི༔ སློབ་མས་གསོལ་བ་འདི་ལྟར་གདབ༔ ཆོས་དབྱིངས་བདེ་བར་དགྱེས་རོལ་པའི༔ འཇམ་དཔལ་ཁྲག་འཐུང་དགོངས་སུ་གསོལ༔ ཧེ་རུ་ཀ་དཔལ་གྲོང་ཁྱེར་དུ༔ བདག་ཅག་འཇུག་ཅིང་སྨིན་པར་འཚལ༔ རྒྱུད་སྦྱངས་ལྷར་བསྐྱེད་ཡེ་ཤེས་དབབ༔ བརྟན་པར་བྱས་རྗེས་བུམ་དབང་ནི༔ ཨོཾ༔ ཡེ་ཤེས་དག་པ་བུམ་པའི་དབྱིངས༔ ཕྱག་རྒྱ་ཟིལ་གནོན་ཞུ་བའི་བཅུད༔ རིགས་ལྔ་འདུས་པའི་བདུད་རྩི་ཡིས༔ ཡེ་ཤེས་ལྔ་རུ་དབང་བསྐུར་རོ༔ སྔགས་མཐར༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ སྐུ་དང་རྒྱན་ཆས་ཕྱག་མཚན་བསྟིམ༔ ཧཱུྃ༔ རང་བྱུང་ཐིག་ལེ་ཉག་གཅིག་ལས༔ འཁོར་འདས་ཟིལ་གནོན་ལྷ་སྐུར་ཤར༔ གཉིས་མེད་ཕྱག་རྒྱའི་དབང་བསྐུར་བས༔ སྣང་ཞེན་གཟུང་འཛིན་རང་གྲོལ་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ དཔལ་ཆེན་འབར་བ་དབང་གི་ཆས༔ དུར་ཁྲོད་ཆེན་པོའི་ལོངས་སྤྱོད་ཀྱིས༔ དྲེགས་པའི་སྟོབས་དང་སྲོག་འཕྲོག་པའི༔ རྗེ་བཙན་མཆོག་ཏུ་མངའ་གསོལ་ལོ༔ ཤྲཱི་ཧེ་རུ་ཀ་ཨཱ་ལཾ་ཀ་ར་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ སྲིད་པའི་དྲྭ་བ་འཇོམས་ཤིང་གཅོད༔ ཉོན་མོངས་བདུད་འདུལ་བདུད་དགྲ་གསོད༔ གཟུང་འཛིན་ཚར་གཅོད་གདུག་པ་ཅན༔ བསྡིགས་ཤིང་ཟིལ་གནོན་དབང་བསྐུར་རོ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཨ་བྷི་ཥིཉྩ་མི༔ བཟླས་པའི་ལུང་སྦྱིན་སྔགས་བྱང་གཏད༔ ཧཱུྃ༔ དཔལ་ཆེན་གསང་སྔགས་རྡོ་རྗེའི་སྒྲ༔ རྟག་ཏུ་ཆུ་བོའི་གཞུང་བཞིན་ཟློས༔ རབ་འབྱམས་ཕྲིན་ལས་འགྲུབ་པ་དང༔ སྲོག་རྩོལ་དག་པའི་དབང་ཐོབ་ཤོག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དགོངས་པ་ངོ་སྤྲད་དོན་དབང་བསྐུར༔ ཧཱུྃ༔ ཨེ་ཉིད་སྟོང་པ་ཆོས་འབྱུང་ལས༔ མ་སྐྱེས་གནས་པ་དྲན་པར་བྱ༔ རྒྱུ་རྐྱེན་སྔགས་ལས་མ་བསྐྱེད་པར༔ དབྱིངས་རིག་ཟུང་འཇུག་རྟོགས་པར་འགྱུར༔ ཨ་ཨ་ཨ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེའི་སྡིགས་མཛུབ་སྙིང་གར་གཏད༔ ཡེ་ཤེས་སེམས་དཔའ་སྙིང་དབུས་བསྟིམ༔ དྷཱི༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ འཇམ་དཔལ་ངག་གི་དབང་ཕྱུག་ནི༔ རྟག་ཏུ་སྙིང་ལ་ཡང་དག་གནས༔ བྱིན་རླབས་མཆོག་གིས་དབང་བསྐུར་རོ༔ ཨོཾ་ཝཱ་གཱི་ཤྭ་རི་མཱུཾ༔ ཛྙཱ་ན་སཏྭ་ཨ་བྷི་ཥིཉྩ་མི༔ ཡོན་ཏན་ཡོངས་རྫོགས་བམ་ཆེན་ནི༔ ལྷར་གསལ་སློབ་མའི་གཙུག་ཏུ་བཞག༔ ཧོ༔ དཔའ་བརྟུལ་སྔགས་ཀྱིས་བྱིན་བསྐྱེད་པའི༔ བམ་ཆེན་རྨེ་བའི་དོན་དང་སྦྱོར༔ རྡོ་རྗེ་འཛིན་པའི་དབང་ཐོབ་ནས༔ ཡེ་ཤེས་ཡོན་ཏན་ཡོངས་རྫོགས་ཤོག༔ མ་ཧཱ་མཱཾ་ས་གུ་ཎ་སིདྡྷི་ཨ་བྷི་ཥིཉྩ་ཧོཿ ལྷ་བསྟིམ་དངོས་གྲུབ་དམ་རྫས་སྦྱིན༔ ཕྲིན་ལས་མཆོད་རྟེན་སྤྱི་བོར་བཞག༔ ཧཱུྃ༔ སྲུང་དང་བཤིག་དང་བསད་པ་དང༔ ཟློག་དང་མནན་དང་འགུགས་པ་སོགས༔ རབ་འབྱམས་ཕྲིན་ལས་དབང་བསྒྱུར་བའི༔ ཡོངས་རྫོགས་མཆོད་རྟེན་དབང་བསྐུར་རོ༔ སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ བྱང་ཆུབ་སེམས་ཀྱི་བདུད་རྩི་སྦྱིན༔ ཨཱ༔ སྦྱོར་བ་དག་པའི་བྱང་ཆུབ་སེམས༔ མཚན་ལྡན་ཕྱག་རྒྱའི་པདྨོར་བསྐྱིལ༔ དཀར་དམར་ལྷག་པའི་དམ་ཚིག་རྫས༔ དཔའ་བོ་ཆེན་པོས་མཉམ་པར་རོལ༔ བྷོ་དྷི་ཙིཏྟ་གུ་ཧྱ་ཨ་བྷི་ཥིཉྩ་ཧོ༔ མཚན་ལྡན་གཟུང་མ་བྱིན་བརླབས་སྦྱིན༔ ཧཱུྃཿ བཀྲ་ཤིས་མཚན་ལྡན་གསང་བའི་ཡུམ༔ སངས་རྒྱས་ཀུན་གྱི་འབྱུང་གནས་ཆེ༔ འདིར་ཞུགས་འདི་ལྟོས་འདི་དོན་སྤྱོད༔ ལྷན་ཅིག་སྐྱེས་དགའི་དབང་ཐོབ་ཤོག༔ ཀརྨ་མུ་དྲ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ མེ་ལོང་འཇའ་ཤེལ་བརྡས་མཚོན་ཏེ༔ དབྱིངས་རིག་འཇམ་དཔལ་དོན་ངོ་སྤྲད༔ ཧོ༔ ཀ་ནས་དག་པའི་དགོངས་པ་ལས༔ ལྷུན་གྲུབ་ཡེ་ཤེས་སྣང་བ་ཤར༔ ཟུང་འཇུག་ཟིལ་གནོན་ཕྱག་རྒྱ་ཆེ༔ རང་བྱུང་དོན་གྱི་དབང་ཐོབ་ཤོག༔ ཛྙཱ་ན་དྷཱ་ཏུ་ཨ་བྷི་ཥིཉྩ་ཨ་ཨ་ཨ༔ དྲེགས་པའི་དམར་གཏོར་ལག་ཏུ་གཏད༔ ཡ་བྷྱོ༔ ཆགས་སྡང་དབང་གིས་དྲེགས་པ་ནི༔ མ་མོ་གཤིན་རྗེའི་ཚོགས་ཡིན་ཏེ༔ དབང་སྡུད་བྲན་དུ་བཀོལ་ནས་ཀྱང༔ ཕྲིན་ལས་རབ་འབྱམས་སྒྲུབ་པར་གྱིས༔ ཡ་བྷྱོཿཨ་བྷི་ཥིཉྩ་ཧཱུྃ༔ བཀྲ་ཤིས་ཚེ་གལ་མཐུན་བསྡེབས་སྦྱིན༔ བྷྲཱུྃ༔ སྙིང་པོའི་སྲོག་དང་བྱང་ཆུབ་སེམས༔ མི་འགྱུར་ཐིག་ལེ་གཅིག་ཏུ་འཁྱིལ༔ རྡོ་རྗེ་ཚེ་ཡི་དབང་བསྐུར་བས༔ འཆི་མེད་རྟག་པའི་དབང་ཐོབ་ཤོག༔ ཨཱ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་བྷྲཱུྃ༔ བཀྲ་ཤིས་བརྗོད་ཅིང་མེ་ཏོག་འཐོར༔ དམ་ཚིག་ཁས་བླང་གཏང་རག་དབུལ༔ ཕྱག་རྒྱ་ཟིལ་གནོན་ཡོངས་རྫོགས་ཀྱི༔ སྨིན་བྱེད་དབང་གི་སྙིང་པོ་འོ༔ ས་མ་ཡ༔ སྲུང་དང་བཟློག་པའི་ཕྲིན་ལས་ནི༔ རྒྱ་ཤོག་གཙང་མར་རྒྱ་སྣག་གིས༔ འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བཅས༔ ལྟེ་བར་ཨེ་མཐར་སྤེལ་ཚིག་དང༔ རྩིབས་བརྒྱད་རྩ་བའི་གསང་སྔགས་བཀོད༔ མུ་ཁྱུད་དབྱངས་གསལ་འདོད་གསོལ་དང༔ རྟེན་སྙིང་རྡོར་ར་མེ་རིས་བསྐོར༔ གི་བཾ་ཤུ་དག་གུ་གུལ་བྱུག༔ རབ་ཏུ་གནས་ཤིང་ལུས་ལ་འཆང༔ པུ་རི་དཀར་པོའི་ཀློང་སྒྲོམ་དུ༔ ཕྱག་རྒྱ་ཟིལ་གནོན་ལྷ་སྐུར་བསྒོམ༔ ཕྱི་རོལ་འཁོར་ལོ་དྲུག་གིས་གཏམས༔ མི་ཕྱེད་རྡོ་རྗེའི་རང་བཞིན་བསམ༔ བཛྲ་ཀཱ་ཝཱ་ཙི་ཛྙཱ་ན་ཙཀྲ་རཀྵ་རཀྵ་བྷྲཱུྃ༔ བཟླས་ཤིང་ལྟ་བའི་གདིང་བསྐྱེད་ལ༔ སྲིད་གསུམ་འཁྲུགས་ཀྱང་ཡ་མི་ང༔ ཕྱིར་ཟློག་འཁོར་ལོ་འཆང་བ་འམ༔ དམར་གཏོར་དགྲ་བགེགས་འགུགས་ཤིང་བསྟིམ༔ ཐོད་རྔ་བརྡུང་ཞིང་ཕྲིན་ལས་བཅོལ༔ ཧཱུྃ་བྷྱོ༔ བདེ་གཤེགས་མཐུ་སྟོབས་འདུས་པའི་དཔལ༔ འཁོར་འདས་ཟིལ་གནོན་ཧེ་རུ་ཀ༔ ཡབ་ཡུམ་སྤྲུལ་པ་ཡང་འཁོར་བཅས༔ དབྱིངས་ལས་ཡེ་ཤེས་སྐུ་རུ་བཞེངས༔ དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ མངོན་སྤྱོད་དམོད་པའི་དུས་ལ་བབ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ དུག་གསུམ་རྒྱུ་འབྲས་ལས་བྱུང་བའི༔ ནད་རིགས་བཞི་བརྒྱ་རྩ་བཞི་ཟློག༔ མ་རིག་རྣམ་རྟོག་ལས་བྱུང་བའི༔ གདོན་བགེགས་སྟོང་ཕྲག་བརྒྱད་ཅུ་ཟློག༔ ཀུན་བརྟགས་འཁྲུལ་པ་ལས་བྱུང་བའི༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག༔ གཞན་དབང་འཕོ་འགྱུར་ལས་བྱུང་བའི༔ དུས་མིན་འཆི་བ་བཅོ་བརྒྱད་ཟློག༔ ཕྱི་དོན་བདེན་ཞེན་ལས་བྱུང་བའི༔ འབྱུང་བཞི་ཕྱི་ཡི་གཡོ་འཁྲུག་ཟློག༔ རྩ་རླུང་ཐིག་ལེ་ལས་བྱུང་བའི༔ རྣལ་འབྱོར་ནང་གི་བར་ཆད་ཟློག༔ ང་བདག་འགོང་པོ་ལས་བྱུང་བའི༔ གཟུང་འཛིན་གསང་བའི་སུན་མ་ཟློག༔ འདོད་ཆགས་སྲེད་ཞེན་ལས་བྱུང་བའི༔ སྣོད་བཅུད་དབུལ་ཞིང་ཕོངས་པ་ཟློག༔ ཞེ་སྡང་གདུག་སེམས་ལས་བྱུང་བའི༔ བྱད་ཕུར་རྦོད་གཏོང་མཚོན་འཁྲུགས་ཟློག༔ གཏི་མུག་རྨོངས་པ་ལས་བྱུང་བའི༔ དམ་སྲི་ཀླ་ཀློའི་འཚེ་བ་ཟློག༔ ང་རྒྱལ་ཁེངས་སེམས་ལས་བྱུང་བའི༔ དྲེགས་པ་སྡེ་བརྒྱད་ཆོ་འཕྲུལ་ཟློག༔ ཕྲག་དོག་གདུག་རྩུབ་ལས་བྱུང་བའི༔ འཇིགས་ཆེན་བརྒྱད་དང་བཅུ་དྲུག་ཟློག༔ ཟློག་གོ་མི་མཐུན་རྣམ་རྟོག་ཚོགས༔ གཞི་དབྱིངས་ཀ་དག་ཀློང་དུ་ཟློག༔ བསྒྱུར་རོ་ལྟས་ངན་སེམས་བྱུང་ཀུན༔ གཞི་སྣང་ལྷུན་གྲུབ་ཆེན་པོར་སྒྱུར༔ ཐམས་ཅད་འོད་གསལ་གཉུག་མའི་དབྱིངས༔ འཁྲུལ་པ་དག་པའི་ཕྲིན་ལས་མཛོད༔ སརྦ་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཅེས་བརྗོད་ཐལ་མོ་དུལ་མོ་བརྡབ༔ གཏོར་མ་གནོད་པའི་ཕྱོགས་སུ་འཕང༔ འགལ་རྐྱེན་སྤྲིན་ལྟར་གཏིབས་པ་ཡང༔ སྐད་ཅིག་ཉིད་ལ་བཟློག་པར་འགྱུར༔ ས་མ་ཡ༔ སྡིག་སྒྲིབ་བར་ཆད་ཞི་འདོད་ན༔ རིན་ཆེན་སྣ་ཚོགས་ཕྱེ་མ་ལ༔ པུ་རི་དཀར་པོ་མཚན་རྫོགས་བཞེངས༔ ནང་དུ་འཇམ་དཔལ་ཞི་ཁྲོའི་སྔགས༔ ཨ་ནྲྀ་སུ་ཏྲི་པྲེ་དུ་སརྦ་པཱ་པཾ་ཀླེ་ཤ་དུཿཁ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ སརྦ་བིགྷྣཱན་ཤ་ཏྲཱུན་ཨ་པ་ཀ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་གདགས་བྲིས་པ་བདུད་རྩིས་བྱུག༔ བཟང་པོའི་ཤིང་ལ་དྲིལ་ཏེ་གཞུག༔ དེ་ཉིད་དཀྱིལ་འཁོར་དབུས་སུ་བཞག༔ འཇམ་དཔལ་ཞི་ཁྲོའི་སྐུ་རུ་བསྐྱེད༔ ཐུགས་ཀའི་ཧཱུྃ་ལས་ཨེ་ཆད་དེ༔ དེ་ལས་འབར་བའི་མེ་འོད་དཀར༔ མཁའ་ཁྱབ་སྤྲོས་ཏེ་རང་གཞན་གྱི༔ སྣ་བུག་ནས་ཞུགས་ལུས་ཀུན་གང༔ རིགས་དྲུག་བག་ཆགས་སྡིག་སྒྲིབ་དང༔ གདོན་བགེགས་བར་ཆད་ཀུན་བསྲེགས་ནས༔ བྱིན་རླབས་གཟི་བྱིན་ལྡན་པར་བསྒོམ༔ ཁྲུས་བྱས་མི་གཙང་ལུས་ལས་དོན༔ ནམ་མཁའ་འཕུར་སོགས་རྨི་ལམ་ལྟས༔ བྱུང་ན་ཞི་བའི་མཚན་མར་ཤེས༔ དེ་ཐོབ་ལས་ཀུན་འགྲུབ་པར་བཤད༔ ས་མ་ཡ༔ ཚེ་དང་བསོད་ནམས་རྒྱས་འདོད་ན༔ སྙིང་པོ་ལྔ་དང་རིན་ཆེན་ལྔ༔ ཨ་མྲྀ་ཏ་ཡིས་སྤྲུས་བྱས་ལ༔ འབྲང་རྒྱས་སྔགས་ཀྱི་སྲོག་ལྡན་བཞེངས༔ དཀྱིལ་འཁོར་དབུས་སུ་བཞག་ནས་ཀྱང༔ བདག་མདུན་ལྷར་གསལ་ཐུགས་སྲོག་ལས༔ ཉི་མ་འཆར་ཀའི་མདངས་འོད་འཕྲོས༔ སྤྲུལ་པའི་ཕོ་ཉ་སྟོང་གསུམ་གང༔ རི་རབ་འགུལ་ཞིང་རྒྱ་མཚོ་འཁྱོམ༔ དྲེགས་པ་དབང་སྡུད་ཟིལ་གྱིས་མནན༔ བླ་ཚེ་བརྐུས་ཉམས་ཡར་བ་བཀུག༔ སྲིད་ཞིའི་དྭངས་བཅུད་མེར་མེར་བསྡུས༔ སྙིང་པོ་ཐུགས་ཀྱི་ཐིག་ལེར་ཐིམ༔ འཆི་མེད་རྡོ་རྗེའི་སྲོག་འགྲུབ་བསམ༔ མི་འགྱུར་རྩ་བའི་སྙིང་པོའི་ཤམ༔ ཨཱ་ཡུརྫྙཱ་ན་པུཎྱེ་སིདྡྷི་པུཥྚིཾ་ཀུ་རུ་ཨོཾ༔ ཞེས་བཟླས་སྐབས་སུ་ཕོ་ཉ་གཏང༔ ཨེ༔ ང་ནི་རང་བྱུང་ཡེ་ཤེས་དབྱིངས༔ ཕྱག་རྒྱ་མ་བཙལ་ལྷུན་གྱིས་གྲུབ༔ ཆེ་བ་ཀུན་གྱི་རྒྱལ་པོ་སྟེ༔ འཁོར་འདས་ཐམས་ཅད་ཟིལ་གྱིས་གནོན༔ འཇམ་དཔལ་ཁྲག་འཐུང་སྟོབས་པོ་ཆེའི༔ རྡོ་རྗེའི་བཀའ་ནན་མཁའ་དང་མཉམ༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང༔ ཡི་དམ་ཞི་ཁྲོ་མཁའ་འགྲོའི་ཚོགས༔ འཇིག་རྟེན་དྲེགས་པ་ཐམས་ཅད་ཀུན༔ ང་ཡི་དབྱིངས་ལས་གཡོས་པ་མེད༔ ས་ཆུ་མེ་རླུང་ནམ་མཁའི་ཁམས༔ དྭངས་མ་ལྔ་འདུས་བདག་ལ་རྫོགས༔ རོལ་པ་ཆེན་པོའི་ཆོ་འཕྲུལ་གྱི༔ འཁོར་འདས་ཐམས་ཅད་ལས་ལ་བཞེངས༔ འབྱུང་པོས་བརྐུས་པའི་བླ་ཚེ་འཕྲོག༔ རང་བཞིན་ཡར་བ་ཐམས་ཅད་སྡུས༔ ཚེ་ཡི་རྫིང་བུ་ཉམས་པ་གསོས༔ བསོད་ནམས་ཉི་ཟླ་འགྲིབ་པ་སྐྱེད༔ ཡེ་ཤེས་རིག་རྩལ་གོང་དུ་སྤོར༔ མི་འགྱུར་མི་ཤིགས་རྟག་པའི་ཚེ༔ འགྲིབ་མེད་བསོད་ནམས་གཡུང་དྲུང་འཁྱིལ༔ སྙིང་ག་དཔལ་གྱི་བེའུ་ཡི་དབྱིངས༔ དབྱེར་མེད་རྡོ་རྗེའི་དངོས་གྲུབ་སྩོལ༔ ཞེས་དང་སྔགས་བརྗོད་ཏིང་འཛིན་སྤར༔ ཤིན་ཏུ་ཟབ་པའི་ཚེ་སྒྲུབ་སྟེ༔ བསོད་ནམས་དཔལ་ཀུན་བསྐྱེད་པ་འོ༔ ས་མ་ཡ༔ རྒྱལ་བློན་རིག་མ་ཁྱེ་འུ་དང༔ ནོར་དང་འབྲུ་དང་ཟས་གོས་སོགས༔ དབང་སྡུད་ཕྲིན་ལས་བརྩམ་པ་ནི༔ རིན་ཆེན་ཐོད་པ་མཚན་ལྡན་ནང༔ རཏྣ་འབྲུ་སྨན་སྤོས་ཕྱེས་གཏམས༔ དམར་པོའི་གཞི་ལ་བྱང་སེམས་གཉིས༔ མཉམ་པར་བྱས་ཏེ་འཕྲུལ་འཁོར་བྲི༔ པདྨའི་ལྟེ་བར་ཨེ་དམར་པོའི༔ ཐ་མར་སྙིང་པོ་སྔགས་འདི་སྦྱར༔ ཆེ་གེ་མོ་ད་མ་ད་མ༔ ཏ་ར་ཏ་ར༔ བ་ཤ་ནཾ༔ བ་ཤ་ནཾ༔ སྡུས་སྡུས༔ བཱ་ཤཾ་ཀུ་རུ་ཧོ༔ འདབ་མ་ལ་འང་དེ་བཞིན་ཏེ༔ མུ་ཁྱུད་དབྱངས་གསལ་རྟེན་སྙིང་དང༔ རཏྣ་ཀ་པཱ་ལ་བཱ་ཤཾ་སིདྡྷི་ཀུ་རུ་ཧོ༔ དེ་ནི་ཟིལ་གནོན་ཁྲོ་བོར་བསྐྱེད༔ རྗེས་ཆགས་རོལ་པའི་འོད་ཟེར་ནི༔ རབ་དམར་ཉི་མ་འཆར་ཁའི་མདངས༔ སྣོད་བཅུད་ཀུན་ལ་ཁྱབ་ཅིང་ཞུགས༔ ཁྱད་པར་དམིགས་པའི་ཡུལ་ཀུན་དཀྲིགས༔ རང་དབང་མེད་པར་བསྐུལ་བྱས་ཏེ༔ དྲེགས་པའི་ཚོགས་ཀྱིས་དབང་མེད་བཀུག༔ བརྟན་པ་བྲལ་ཏེ་འདུད་པར་བསམ༔ གོང་གི་སྔགས་བཟླས་ཏིང་འཛིན་གསལ༔ ལས་མཐའ་དབང་གི་སྲེག་བླུགས་བྱ༔ དབང་སྡུད་ལས་ཀྱི་སྦྱོར་བ་འོ༔ ས་མ་ཡ༔ བསྒྲལ་ཞིང་བཅུ་དང་ཉམས་པ་བདུན༔ བསད་དང་བསྲེག་དང་མནན་པ་སྟེ༔ དུར་ཁྲོད་འཇིགས་པའི་ས་གཞི་ལ༔ ཕུང་ས་རོ་སོལ་བྲུབ་ཁུང་བྱ༔ གྲི་ཁྲག་བྱུགས་ཤིང་རྩང་གིས་བསྐོར༔ དུར་ཁྲོད་རས་སམ་དུག་ཤོག་ལ༔ དམེ་ཁྲག་ཚ་བ་དུག་སྣས་བྱུགས༔ དེ་དང་རྡོ་སོལ་སྣག་ཚ་ཡིས༔ བསད་པའི་འཁོར་ལོ་རྒྱ་གྲམ་དབུས༔ གྲུ་གསུམ་ཕྱི་རོལ་མཚོན་འཁོར་བསྐོར༔ ཨེ་ལ་མི་འགྱུར་རྩ་བའི་སྔགས༔ རྭ་མཚམས་ཨེ་ཡ་བྷྱོ་ཡིག་ཕྲེང༔ འཁོར་ལོར་ལས་སྔགས་སྤུ་གྲི་ནི༔ དམོད་པའི་ཚིག་དང་ལྡན་པར་བྱ༔ སྲིད་པ་རུ་སྦལ་ལྟོ་བར་གཏམས༔ ཐོད་ངན་ནང་གཞུག་དེ་ཡི་འོག༔ ཟག་རྫས་དུག་ཁྲག་ཚ་བ་ལས༔ ལིངྒ་བྲི་འམ་འབུར་དུ་གཏོད༔ བྱད་ཐག་དཀྲི་ཞིང་ཐུན་རྫས་གསར༔ རྒྱུད་ལས་གསུངས་པ་བཞིན་དུ་བསྐུལ༔ དམིགས་བྱ་དགུག་བསྟིམ་སྔགས་འདི་བཟླ༔ ཆེ་གེ་མོ་གྲྀཧྞ་གྲྀཧྞ༔ བྷནྡྷ་བྷནྡྷ༔ ཨཱ་ཀརྵཱ་ཡ༔ ཨཱ་ཀརྵཱ་ཡ༔ ནཱ་ཤ་ཡ༔ ནཱ་ཤ་ཡ༔ ཧ་ར་ཧ་ར༔ མོ་ཧ་ཡ་མོ་ཧ་ཡ༔ ཛཿཧཱུྃ་བཾ་ཧོ༔ ཁུག་པའི་རྟགས་བྱུང་ཐུན་གྱིས་གཟིར༔ ཨེ༔ ཁྲོ་རྒྱལ་འདུས་པ་ཡུངས་དཀར་ཐོག༔ མ་མོ་ཁྲག་གི་རྦ་རླབས་འཁྲུགས༔ ཀླུ་བདུད་དུག་གི་ཁ་ཆུ་འབེབ༔ ཐིབས་གནོན་གདུག་པ་རྡོ་རྗེའི་མཚེ༔ གཟའ་རྒོད་མིག་དམར་གཟེར་མདའ་འཕེན༔ གཤིན་རྗེ་སྲོག་གཅོད་ཟངས་ལྕགས་ཆར༔ མཚོན་ཆ་སྣ་ཚོགས་རྡོ་ཡི་ཐུན༔ འབེབ་པ་ཟིལ་གནོན་སྤྲུལ་པས་འབེབ༔ འབེན་ནི་དགྲ་དང་བགེགས་ལ་བཅས༔ ཉམས་པའི་ལུས་སེམས་རྡུལ་དུ་རློག༔ རྩ་བའི་སྔགས་དང་མཚོན་ཆས་གཟིར༔ ཨེ་མྱགས་ཡ་རྔུབས་མུག་ཤཀ་ཀ་དུན༔ དགྲ་བོའི་སྲོག་ལ་བྲེང་ཧུར་ཐུམ་ཛ་རྩ་ཁྲག་སྙིང་ཐུམས་རིལ་རཾ་ཤག་རྦད༔ སྲོག་ཐུམ་རིལ་ཛ་རྩ་ཁྲག་ཧུར་རཾ༔ སྙིང་ཐུན་རྦད་སྲོག་ལ་མཱ་ར་ཡ་བྷྱོ༔ ཉམས་པ་ཁ་སྦྱོར་བྱེ་བའི་རྟགས༔ བྱུང་བ་རལ་གྲིས་རཱུ་པ་གཏུབས༔ ཨེ༔ འཇམ་དཔལ་ཁྲོས་པ་ཟིལ་གནོན་མཚོན༔ ཤེས་རབ་རལ་གྲི་རྣོན་པོ་ཡིས༔ དགྲ་བགེགས་གཟུགས་བརྙན་དུམ་བུར་གཏུབས༔ ཚེ་དང་བསོད་ནམས་རང་ལ་འདུས༔ རྣམ་ཤེས་དམིགས་མེད་ཆོས་དབྱིངས་ཐིམ༔ ཤ་ཁྲག་ཁྲོ་བོ་རྔམས་པའི་ཚོགས༔ དགྱེས་པ་ཆེན་པོའི་ཞལ་དུ་བསྟབ༔ མངོན་སྤྱོད་ཕྲིན་ལས་མཐར་ཕྱིན་མཛོད༔ ཨེ་ཧུར་ཐུམས་ཁཌྒ་ཏཱིཀྵྞ་ཧྲི་དིར་མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དྲག་པོའི་ཞལ་བསྟབ་ཟློག་ཕྲིན་གསོལ༔ ཆ་གཅིག་མཛེ་ཐོད་ནང་དུ་བཅུག༔ ཀླུ་བདུད་གདུག་པའི་གྲེ་བར་གཏད༔ ཆ་གཅིག་དུག་ཤིང་མེ་སྦར་ལ༔ རྔམས་ཁྲོས་འཁྱིལ་པ་བསྐྱེད་ཅིང་བསྲེག༔ ཐལ་བ་རྒྱ་གྲམ་ལམ་འོག་མནན༔ རྡོ་རྗེའི་བྲོ་བརྡུང་ཕྱིར་མི་ལྡོག༔ སྲིད་གསུམ་དགྲ་བགེགས་བརླག་པའི་ཐབས༔ འབུམ་ཕྲག་ཀུན་གྱི་སྙིང་པོ་འོ༔ ས་མ་ཡ༔ མཆོག་གི་ཡེ་ཤེས་ལམ་བྱེད་པ༔ འཇམ་དཔལ་དོན་གྱི་སྙིང་པོ་ནི༔ ངེས་འབྱུང་དྲག་པོས་རང་རྒྱུད་སྦྱང༔ སྐྱབས་སེམས་བླ་མའི་བྱིན་རླབས་དབབ༔ སྣོད་དུ་གྱུར་ནས་རྣལ་འབྱོར་ནི༔ འཁོར་ལོ་རྣམ་པ་བཞི་ཡིན་ཏེ༔ རང་བཞིན་འོད་གསལ་བྱང་ཆུབ་སེམས༔ སྟོང་ཉིད་འཇམ་པ་གསལ་བའི་དཔལ༔ ཟུང་འཇུག་ཡེ་ཤེས་སེམས་དཔའ་ནི༔ གནས་པའི་འཁོར་ལོ་གཞི་ཡི་རྒྱུད༔ འགྲོ་བ་ཀུན་ལ་ཁྱབ་པར་བཞུགས༔ དེ་ཉིད་མ་རྟོགས་གཟུང་འཛིན་གྱི༔ སྲིད་པའི་འཁོར་ལོ་སྣ་ཚོགས་པ༔ རྩ་དང་རླུང་དང་བྱང་ཆུབ་སེམས༔ ཀུན་གཞི་ཡེ་ཤེས་ཅིར་ཡང་སྣང༔ འདུལ་ཐབས་སྤྲུལ་པའི་འཁོར་ལོ་ནི༔ སྣང་བ་སྦྱོང་བྱེད་དབྱིབས་ཀྱི་ལམ༔ ཟིལ་གནོན་ཁྲག་འཐུང་ཕྱག་རྒྱར་བསྒོམ༔ སྟོང་ཉིད་མ་སྐྱེས་རང་བཞིན་ལ༔ ཨེ་ཡིག་ལྷུན་གྲུབ་གཟུགས་སྐུར་བཞེངས༔ རྣམ་ཐར་དབུ་ལ་ཕར་ཕྱིན་ཕྱག༔ ཚད་མེད་ཞབས་ལྡན་འབྱུང་བ་ལྔ༔ འདུས་པའི་ཡེ་ཤེས་ཆེན་པོ་ཡིས༔ འཁོར་འདས་ཐམས་ཅད་ཁྱབ་ཅིང་གནོན༔ གཞི་ལམ་འབྲས་གསུམ་རང་ལ་རྫོགས༔ དག་པ་དྲན་པ་གནད་ཀྱི་གཟེར༔ ཡུལ་གསུམ་གསལ་བར་གྱུར་པ་དང༔ ཞེན་པ་སྦྱོང་བྱེད་སྔགས་ཀྱི་ཐབས༔ རླུང་ལམ་རྡོ་རྗེའི་བཟླས་པས་སྦྱང༔ ཁ་སྦྱོར་བུམ་པ་སྲོག་རྩོལ་བཙུད༔ དེ་ལས་གཏུམ་མོའི་མེ་སྦར་བས༔ ཡེ་ཤེས་ལས་དང་འཇིག་རྟེན་གྱི༔ གཤིན་རྗེའི་རྩ་འཁོར་ཐམས་ཅད་ཁྱབ༔ བདེ་བ་གསོལ་བའི་བདུད་རྩི་ཡིས༔ གསོས་བཏབ་ཀ་དག་ངང་དུ་བཞག༔ སྣང་ཞེན་ལས་སུ་རུང་བ་ན༔ བུ་མོ་ཨུཏྤལ་མིག་ཡངས་མ༔ བརྟག་ཅིང་བཙལ་ལ་གསང་རྩ་སྤྲད༔ ཀཱ་ཀཱ་མུ་ཁའི་རེག་བྱ་ཡིས༔ ཉོན་མོངས་འཆིང་བ་གཅོད་པར་བྱ༔ དེ་ཚེ་བདེ་བའི་ངོ་བོ་ཉིད༔ ཐིག་ལེ་གཅིག་ཏུ་འདུས་པར་བལྟ༔ བསམ་གྱིས་མི་ཁྱབ་དགོངས་པའི་གདིང༔ མི་གཡོ་མཉམ་པ་ཉིད་དུ་བཞག༔ འཁོར་བ་རྣམ་པར་རྟོག་པ་སྟེ༔ མྱང་འདས་ངོ་བོ་སྟོང་པ་ཉིད༔ ཕྱག་རྒྱ་ཆེན་པོ་མ་བཅོས་པ༔ དེ་ཡིས་གཟུང་འཛིན་ཟིལ་གྱིས་གནོན༔ འཇམ་དཔལ་ཞེས་ནི་དེ་ལ་བྱ༔ གསང་བའི་ལམ་ནས་ཡེ་ཤེས་གདངས༔ ནམ་མཁར་ཤར་བ་བཞིན་དུ་བྱས༔ དབྱིངས་རིག་ཐིག་ལེར་འཛུད་པ་ཡིས༔ སྣང་བ་མཆེད་ཅིང་གོང་དུ་འཕེལ༔ ཐམས་ཅད་འཇམ་དཔལ་སྐུ་རུ་ཤར༔ ཁམས་གསུམ་ཐམས་ཅད་དེ་ཡིས་གང༔ སྲིད་གསུམ་གཡོ་བ་སྡུད་ཅིང་ཟད༔ སླར་ཡང་ཡེ་ཤེས་རང་སྣང་བས༔ འཕོ་བའི་བག་ཆགས་རྒྱུ་དང་བཅས༔ ཡོངས་སུ་གཅོད་ཅིང་སེམས་ཅན་དོན༔ ལྷུན་གྲུབ་རྒྱུན་མི་ཆད་པའི་ཕྱིར༔ འཁོར་ལོ་མི་ཟད་རྒྱན་དུ་རྫོགས༔ མཐར་ཐུག་འབྲས་བུ་ཆེན་པོ་འོ༔ ས་མ་ཡ༔ ལས་ཀྱི་སྦྱོར་སྡེ་སྣ་ཚོགས་ནི༔ བུམ་པ་ཆུ་སྣ་དགུ་ཡིས་དགང༔ བདག་ཉིད་ཟིལ་གནོན་ཐུགས་ཀ་ནས༔ འོད་འཕྲོས་བུམ་པའི་དངོས་འཛིན་སྦྱངས༔ སྣོད་ནི་གཞལ་ཡས་བྱང་སེམས་བཅུད༔ སྙིང་པོ་འཇམ་དཔལ་ལྷ་སྔགས་གསལ༔ ཡེ་ཤེས་བདུད་རྩིའི་རྒྱུན་གྱིས་བཀང༔ སྔགས་བཟླས་འོད་ཞུ་འཐོར་འཐུང་དང༔ ཉེ་རེག་བྱས་པས་ནད་གདོན་དང༔ ཁྱད་པར་ཀླུ་ཡི་དུག་ཀུན་ཞི༔ ལས་མཐུན་ཤིང་ལ་མེ་སྦར་ཏེ༔ ལྷ་བསྐྱེད་བདུད་རྩིའི་བསྲེག་རྫས་འབུལ༔ ཡང་ན་ཤ་ཁྲག་རུས་པར་དམིགས༔ ཞི་རྒྱས་དབང་དྲག་ལས་ཀུན་བྱེད༔ ཡུལ་ཁམས་ཕུང་བའི་དམ་སྲིའི་སྡེ༔ རང་རང་སྲོག་གི་ཐོད་པར་བྲུབ༔ སྟོབས་ཆེན་ཡོངས་རྫོགས་མཆོད་རྟེན་འོག༔ མནན་ཅིང་གཟིར་བས་ཕྱིས་མི་ལྡང༔ འཇམ་དཔལ་གྲུབ་པའི་རྩ་མཆོག་ལ༔ རྡོ་རྗེ་ཚེ་ཡི་སྔགས་ཀྱིས་བཏབ༔ ར་མོ་ཤག་གི་ཁུ་བས་དབུལ༔ ཚེ་དང་ལུས་ཀྱི་བཅུད་ལེན་འགྲུབ༔ ས་མ་ཡ༔ དང་པོ་རང་བྱུང་སྔགས་ཀྱི་རྒྱུད༔ ཟླ་གསང་བྱེ་བ་འབུམ་ཕྲག་ལས༔ སྙིང་པོའི་སྙིང་པོ་མདོ་ཙམ་ཞིག༔ འཇམ་དཔལ་བཟང་པོས་གནད་བསྡུས་ཏེ༔ བརྟུལ་ཞུགས་སྤྱོད་པའི་དབང་པོར་གཏད༔ བདག་ཉིད་བློ་ལྡན་མཆོག་སྲེད་ཀྱིས༔ འགའ་ཞིག་ས་ཡི་བཅུད་དུ་གཏམས༔ ལ་ལ་ཀློང་ལྔའི་སྒྲོམ་བུར་བསྩལ༔ སྙན་བརྒྱུད་འདི་ནི་སྐལ་ལྡན་ལ༔ དགོངས་པ་བྱིན་རླབས་ཚུལ་དུ་བཤད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ མ་འོངས་འདི་སྤྱོད་ལས་ཅན་ནི༔ གནུབས་ཀྱི་དགེ་སློང་རིག་སྔགས་འཆང༔ བོད་ཁམས་མཐའ་དང་དབུས་སུ་འབྱུང༔ ཐེ་ཚོམ་མེད་པར་ཉམས་བླང་ན༔ བདུན་གསུམ་མི་མཐུན་ཀེག་ལས་གྲོལ༔ དམ་སྲི་རྐུན་པོའི་བར་ཆད་ཞི༔ བརྒྱུད་འཛིན་འཕེལ་ཞིང་བཀྲ་ཤིས་ཐོབ༔ གཞན་ཡང་གྲགས་པ་མཆོག་དང་དབྱངས༔ མཐུ་ཆེན་བསྟན་པ་སྤེལ་ལ་དགའ༔ དེ་དང་དེ་ལ་སོགས་པ་ཡི༔ ལས་ཅན་མང་ཞིག་ཚུལ་འདི་ལ༔ བརྟེན་ནས་ནུས་པའི་གདིང་ཐོབ་སྟེ༔ བསྟན་པ་སྲུང་ཞིང་རང་རྒྱུད་གྲོལ༔ གདུལ་བྱ་ཡོངས་སུ་སྨིན་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ བཛྲ་མནྟྲ་གརྦྷ་ཨ་ཏི་གུ་ཧྱ་ས་མ་ཡ༔ ཞེས་པའང་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་བྱིན་གྱིས་བརླབས་ཤིང་། ལྷུན་གྲུབ་རིག་འཛིན་བློ་ལྡན་མཆོག་སྲེད་ཀྱིས་རྗེས་སུ་གདམས་པའི་སྙན་བརྒྱུད་འདི་ནི། གནུབས་ཀྱི་སྐྱེ་རྒྱུད་ཟུང་སོགས་སྐལ་པ་དང་ལྡན་པ་དག་ལ་ཕན་པའི་ཡིད་ཀྱིས་མཚོ་སྐྱེས་རྡོ་རྗེ་འཆང་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པས་སྐད་ཅིག་གིས་གཏན་ལ་ཕབ་པའོ།། །།

འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་ལས། །སྔོན་འགྲོའི་རྣལ་འབྱོར་སྙིང་པོ (Volume 17, Text 33)

༄༅། །འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་ལས། །སྔོན་འགྲོའི་རྣལ་འབྱོར་སྙིང་པོ་བཞུགས། ། ན་མོ་གུ་རུ་ཡ་མཱནྟ་ཀ་ཡ། འདིར་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་དགོངས་པ། ཨོ་རྒྱན་གྱི་མཁན་པོ་བློ་ལྡན་མཆོག་སྲེད་རྩལ་གྱིས་སྙན་བརྒྱུད་ཟབ་མོར་གདམས་པའི་ཆོས་སྡེ། འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་ལས་སྔོན་འགྲོའི་རྣལ་འབྱོར་སྙིང་པོར་དྲིལ་ཏེ་ཉམས་སུ་བླང་བའི་ཚུལ་ནི། གཞུང་རྩ་བ་ལས། མཆོག་གི་ཡེ་ཤེས་ལམ་བྱེད་པ༔ འཇམ་དཔལ་དོན་གྱི་སྙིང་པོ་ནི༔ ངེས་འབྱུང་དྲག་པོས་རང་རྒྱུད་སྦྱང༔ སྐྱབས་སེམས་བླ་མའི་བྱིན་རླབས་དབབ༔ ཅེས་གསུངས་ཏེ། འདི་ལ་གཉིས། ཐུན་གྱི་སྔོན་འགྲོ་དང་། ཁྲིད་ཀྱི་སྔོན་འགྲོའོ། །དང་པོ་ནི། དབང་དང་མན་ངག་ཐོབ་ཅིང་དམ་ཚིག་དང་སྡོམ་པ་རྣམ་པར་དག་པས་གནས་དབེན་པར་སྟན་བདེ་བ་ལ་དུག།ལུས་གནད་བསྲང་། རླུང་རོ་བསལ། བྱང་ཆུབ་ཀྱི་སེམས་ཡིད་ལ་བྱས་ཏེ། བླ་མ་སྤྱི་བོར་བསྒོམ་ཞིང་འདོད་པའི་དོན་ལ་གསོལ་བ་གདབ། མཐར་རང་ལ་བསྟིམས་ནས་ཐུགས་ཡིད་བསྲེས་ལ་དྲན་པ་མངོན་དུ་བཞག་སྟེ་ཁྲིད་ཀྱི་སྔོན་འགྲོའི་དམིགས་རིམ་ལ་འཇུག་པར་བྱའོ། །གཉིས་པ་ཁྲིད་ཀྱི་སྔོན་འགྲོ་ལ་གཉིས། ཐུན་མོང་གི་སྔོན་འགྲོ་དང་། ཐུན་མོང་མ་ཡིན་པའི་སྔོན་འགྲོའོ། །དང་པོ་ནི། དཔལ་ཆེན་ཡང་དག་ཟབ་ཏིག་ལས། དལ་འབྱོར་རྙེད་དཀའ་དོན་ཆེ་དང༔ མི་རྟག་མྱུར་དུ་འཇིག་པར་བསམ༔ ལས་འབྲས་བླང་དོར་ཚུལ་བཞིན་བྱ༔ འཁོར་བར་ཡིད་འབྱུང་དྲག་ཏུ་བསྐྱེད༔ ཅེས་གསུངས་པ་ལྟར་རེ་རེ་ནས་ཞིབ་ཏུ་དཔྱད་ཅིང་སེམས་བཟུང་ལ་མྱོང་བ་ཐོན་པར་བྱའོ། །གཉིས་པ་ཐུན་མིན་ལ་གསུམ། ཐེག་པ་སྤྱིའི་འཇུག་སྒོ་སྐྱབས་འགྲོ །ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད། རྡོ་རྗེ་ཐེག་པའི་ལམ་གྱི་སྙིང་པོ་བླ་མའི་རྣལ་འབྱོར་རོ། །དང་པོ་ནི། ཐ་མལ་གྱི་སྣང་བ་དབྱིངས་སུ་ཐིམ་པ་ལས་སྣོད་བཅུད་ཐམས་ཅད་དག་པའི་ཞིང་ཁམས་ཆེན་པོར་གྱུར་པའི་རང་གི་མདུན་གྱི་ནམ་མཁར་མཆོད་སྤྲིན་རྒྱ་མཚོ་འཁྲིགས་པའི་དབུས་སུ། དྲེགས་པ་མ་ཧེ་ཉི་ཟླའི་གདན་ལ་བླ་མ་དང་གཉིས་སུ་མེད་པའི་འཇམ་དཔལ་ཁྲག་འཐུང་ཆེན་པོ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར། རང་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བར་མོས་ལ། ཨ༔ སྐྱེ་བ་མེད་པའི་དབྱིངས་ཉིད་ལས༔ འགག་མེད་སྣང་བའི་ཕྱག་རྒྱར་བཞེངས༔ དཔལ་ཆེན་འཇམ་དཔལ་ཧེ་རུ་ཀར༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ཞེས་ཅི་ནུས་སུ་བྱ། གཉིས་པ་སེམས་སྐྱེད་ནི། སྐྱབས་ཡུལ་དཔང་པོར་བཞུགས་པའི་ཚུལ་གྱིས་སྨོན་འཇུག་གི་དོན་ཡིད་ལ་དྲན་བཞིན་པས། ཧཱུྃ༔ དེ་བཞིན་ཉིད་དབྱིངས་མ་རྟོགས་པའི༔ འགྲོ་ལ་སྙིང་རྗེ་ཆེན་པོའི་བློས༔ རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱིས༔ ཁམས་གསུམ་སྒྲོལ་བར་སེམས་མཆོག་བསྐྱེད༔ ཅེས་ཇི་ལྟར་རིགས་པ་བརྗོད་པའི་སྒོ་ནས་གསལ་གདབ། མཐར་སྐྱབས་ཡུལ་རང་ལ་བསྟིམས་ཏེ་དོན་དམ་བྱང་སེམས་ཀྱི་ངང་དུ་མཉམ་པར་བཞག །གསུམ་པ་བླ་མའི་རྣལ་འབྱོར་ལ་དྲུག །རྟེན་བསྐྱེད་པ། ཚོགས་གསག་པ། སྡིག་སྒྲིབ་སྦྱོང་བ། གསོལ་བ་གདབ་པ། དབང་བླང་བ། དེ་ཁོ་ན་ཉིད་ལ་བློ་བཞག་པའོ། །དང་པོ་ནི། ཨ༔ སྣོད་བཅུད་འཛིན་ཞེན་དབྱིངས་སུ་ཐིམ༔ སྣང་སྲིད་ཞིང་ཁམས་ཆེན་པོའི་དབུས༔ རང་མདུན་ནམ་མཁར་འོད་ལྔའི་ཀློང༔ སེང་ཁྲི་པདྨ་ཉི་ཟླའི་སྟེང༔ རྩ་བའི་བླ་མ་འཇམ་པའི་དབྱངས༔ དམར་སེར་རལ་གྲི་གླེགས་བམ་ཕྱག༔ རང་འོད་རིག་མའི་བདེ་བས་དགྱེས༔ དར་དང་རིན་ཆེན་རུས་པས་བརྒྱན༔ རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས༔ ཐུགས་ཀར་ཡེ་ཤེས་སྙིང་པོའི་སྲོག༔ དཔལ་ཆེན་ཟིལ་གནོན་ཧེ་རུ་ཀ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཡས་གཡོན་འཁོར་ལོ་བེ་ཅོན་འཛིན༔ གླང་ཆེན་ཀོ་རློན་དུར་ཁྲོད་ཆས༔ སྦྲུལ་དང་རིན་ཆེན་ཙིཏྟས་བརྒྱན༔ དབུ་ལ་རིགས་ལྔ་ཁྲོ་བོའི་སྐུ༔ དྲེགས་པའི་སྙིང་དང་ནཱ་གའི་མགོ༔ དོ་ཤལ་ཁྲོ་བོའི་ཆས་ཀ་རྫོགས༔ དེ་བཞིན་ཉིད་དབྱིངས་ཁྲོས་པའི་སྐུ༔ ཡུམ་ནི་དམིགས་མེད་ཆོས་ཀྱི་དབྱིངས༔ མཐིང་ནག་སྙིང་སྟོབ་གྲི་ཐོད་འཁྱུད༔ བདེ་དྲོད་མེ་དཔུང་འབར་བའི་ཀློང༔ དྲེགས་པ་པད་ཉིའི་གདན་ལ་འགྱིང༔ འོད་ཟེར་གཟི་བརྗིད་དཔལ་དུ་འབར༔ སྐྱབས་ཀུན་འདུས་པའི་ངོ་བོར་གྱུར༔ གཉིས་པ་ཚོགས་གསག་ལ་གཉིས། ཡན་ལག་བདུན་པ་བྱ་བ་དང་། མཎྜལ་འབུལ་བའོ། །དང་པོ་ནི། ཨོཾ་ཨཱཿཧཱུྃ༔ དབྱིངས་ལས་རིག་པ་རང་ཤར་བ༔ བླ་མ་འཇམ་དཔལ་ཞི་ཁྲོའི་ལྷར༔ ཕྱག་འཚལ་མཆོད་སྤྲིན་རྒྱ་མཚོས་མཆོད༔ སྡིག་སྒྲིབ་ཉེས་ལྟུང་སྙིང་ནས་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐུལ༔ རྟག་པར་བཞུགས་གསོལ་དགེ་རྩ་ཀུན༔ ཡང་དག་བྱང་ཆུབ་སྙིང་པོར་བསྔོ༔ རྡོ་རྗེའི་ཡེ་ཤེས་མྱུར་འགྲུབ་ཤོག༔ གཉིས་པ་མཎྜ་ལ་ནི། ཨོཾ་ཨཱཿཧཱུྃ༔ འཁོར་འདས་སྣོད་བཅུད་དཔལ་འབྱོར་དང༔ བདག་ལུས་ཕུང་ཁམས་སྐྱེ་མཆེད་བཅས༔ གཟུང་འཛིན་རྣམ་དག་མཎྜ་ལས༔ བླ་མ་རྒྱལ་བ་སྲས་བཅས་མཆོད༔ ཨོཾ་སརྦ་རཏྣ་མཎྜལ་པཱུ་ཛ་ཨཱཿཧཱུྃ༔ གསུམ་པ་སྡིག་སྒྲིབ་སྦྱོང་བ་ནི། ཐུགས་ཀར་ཟླ་སྟེང་མཱུཾ་ཡིག་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ བདུད་རྩི་བྱང་ཆུབ་སེམས་ཀྱི་རྒྱུན༔ ཆར་ལྟར་བབས་ཏེ་རང་ལ་ཐིམ༔ ནད་གདོན་སྡིག་སྒྲིབ་ཉམས་ཆག་སྦྱངས༔ བདེ་ཆེན་ཡེ་ཤེས་རྒྱས་པར་གྱུར༔ ཨོཾ་ཝཱ་གཱི་ཤྭ་རི་ཡ་མཱནྟ་ཀ་མཱུཾ་ཧཱུྃ༔ ཞེས་འཇམ་དཔལ་ཞི་ཁྲོའི་སྔགས་སྦྲེལ་བ་ཅི་ནུས་སུ་བཟླ །བཞི་པ་གསོལ་འདེབས་ནི། ཧཱུྃ་ཧཱུྃ་ཧཱུྃ༔ ཆོས་དབྱིངས་སྐྱེ་བ་མེད་པ་ལས༔ རིག་པ་ཡེ་ཤེས་གཟུགས་ཀྱི་སྐུ༔ བླ་མ་འཇམ་དཔལ་ཞི་ཁྲོའི་ལྷ༔ སྐྱབས་ཀུན་འདུས་པའི་བདག་ཉིད་ལ༔ སྙིང་ནས་གུས་པས་གསོལ་འདེབས་ཤིང༔ ཐུགས་དམ་ཟབ་མོའི་རྒྱུད་བསྐུལ་ན༔ བྱིན་གྱིས་རློབས་ཤིག་བླ་མ་རྗེ༔ དངོས་གྲུབ་སྩོལ་ཅིག་ཡི་དམ་ལྷ༔ བདེ་ཆེན་དབང་སྐུར་མཁའ་འགྲོའི་ཚོགས༔ སྒོ་གསུམ་སྨིན་ཅིང་གྲོལ་བ་དང༔ འཇའ་ལུས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་མོས་གུས་གདུང་ཤུགས་དྲག་པོས་ཡང་ནས་ཡང་དུ་གསོལ་བ་གདབ། ལྔ་པ་དབང་ལེན་ནི། རིགས་ཀུན་ཁྱབ་བདག་ཞི་ཁྲོའི་ལྷ༔ སྙོམས་ཞུགས་བྱང་ཆུབ་སེམས་ཀྱི་རྒྱུན༔ སྤྱི་བོ་ནས་བརྒྱུད་གནས་བཞིར་བབས༔ དབང་བཞིའི་ཡེ་ཤེས་འཕེལ་བར་གྱུར༔ ཅེས་བརྗོད་ཅིང་བསམས་ལ་སེམས་བཟུང་། དྲུག་པ་དེ་ཁོ་ན་ཉིད་ལ་བློ་བཞག་པ་ནི། ཐུན་བསྡུ་བའི་ཚེ། བླ་མ་ཞི་ཁྲོ་ཡབ་ཡུམ་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་རང་ལ་ཐིམ། རང་གི་ལུས་ངག་ཡིད་གསུམ་དང་། བླ་མའི་སྐུ་གསུང་ཐུགས་དབྱེར་མེད་དུ་གྱུར་པར་མོས་ཏེ་ཐུགས་ཡིད་བསྲེས་ལ། རིག་པའི་གཤིས་དམིགས་མེད་དུ་རྗེན་ནེ། གདངས་བརྗོད་བྲལ་དུ་ལམ་མེ། དེ་གཉིས་དབྱེར་མི་ཕྱེད་པ་ཟུང་འཇུག་གཉུག་མའི་ངང་བསྐྱང་ཞིང་ལམ་དུ་ཁྱེར་བ་ལ་བསླབ་པར་བྱའོ། །ཞེས་པའང་གཞུང་རྩ་བ་དང་། དཔལ་ཆེན་ཡང་དག་གི་ཟབ་ཏིག་ལས་ཇི་ལྟར་འབྱུང་བ་བཞིན་ངག་འདོན་སྙིང་པོར་དྲིལ་བའི་ཚུལ་གྱིས་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པའི་སྡེས་སྦྱར་བའི་དགེ་བས། མཐའ་ཡས་པའི་སེམས་ཅན་ཐམས་ཅད་བླ་མ་འཇམ་དཔལ་ཞི་ཁྲོའི་གོ་འཕང་ཚེ་འདི་ཉིད་ལ་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། ༈ །།འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་གི་བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས་པ་མཐུ་སྟོབས་མེ་འབར་ཞེས་བྱ་བ་བཞུགས། རྒྱལ་ཀུན་ཡབ་གཅིག་ཆོས་སྐུ་ཀུན་ཏུ་བཟང་། །མཁྱེན་རབ་མངའ་བདག་ལོངས་སྐུ་འཇམ་པའི་དབྱངས། །སྤྲུལ་སྐུ་འཁོར་འདས་ཕྱག་རྒྱ་ཟིལ་གནོན་ལ། །གསོལ་བ་འདེབས་སོ་གཟུང་འཛིན་ཚར་ཆོད་ཤོག །སྐུ་ཡི་རིག་འཛིན་མཉྫུ་ཤྲཱི་མི་ཏྲ། །སྨྲ་བའི་སེང་གེ་བློ་ལྡན་མཆོག་སྲེད་ཞབས། །དྲག་སྔགས་གཤིན་རྗེའི་བཀའ་བབས་གནུབས་ཆེན་ལ། །གསོལ་བ་འདེབས་སོ་གཟུང་འཛིན་ཚར་ཆོད་ཤོག །འཇམ་དཔལ་ཆོས་རྒྱལ་ཚུལ་བཟུང་ཁྲི་སྲོང་རྗེ། །དབྱངས་ཅན་སྤྲུལ་པ་ཡེ་ཤེས་མཚོ་རྒྱལ་མ། །སྙན་བརྒྱུད་མཛོད་འཆང་འཇིགས་བྲལ་མདོ་སྔགས་གླིང་། །གསོལ་བ་འདེབས་སོ་གཟུང་འཛིན་ཚར་ཆོད་ཤོག །གནས་པའི་འཁོར་ལོ་གཞི་དབྱིངས་གཏན་ལ་ཕེབས། །སྲིད་པའི་འཁོར་ལོ་འཁྲུལ་སྣང་དབྱིངས་སུ་བསྒྲལ། །སྤྲུལ་པའི་འཁོར་ལོའི་སྨིན་གྲོལ་ནུས་མཐུ་ཐོབ། །གཅོད་པའི་འཁོར་ལོས་འགྲོ་ཀུན་ཡོངས་སྒྲོལ་ཤོག །ཅེས་པའང་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པས་མདོ་གཞུང་ཨེ་ཝཾ་ཆོས་སྒར་དུ་མེ་ཡོས་ཁྲུམས་སྟོད་ཟླ་བའི་ཉེར་དགུའི་སྲོད་ལ་བྲིས་པ་ཕྱི་ནང་གསང་བའི་བདུད་སྡེ་ཚར་གཅོད་པར་གྱུར་ཅིག། །།འདིའང་སྤར་གསར་དུ་བསྒྲུབས་པ་ཡིན་པས་དབང་ལུང་སོགས་ལ་ཞིབ་ཆ་བྱ་དགོས་པ་ཡོད་དོ། །ཞེས་སི་ཏུ་པདྨ་དབང་མཆོག་གིས་གདམས་པའོ།། །།

འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་ལས། རྒྱུན་གྱི་རྣལ་འབྱོར་སྙིང་པོ་ (Volume 17, Text 34)

༄༅། །འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་ལས། རྒྱུན་གྱི་རྣལ་འབྱོར་སྙིང་པོ་བཞུགས། ། ན་མོ་གུ་རུ་ཡ་མཱནྟ་ཀ་ཡ། འདིར་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་དགོངས་པ། ཨོ་རྒྱན་གྱི་མཁན་པོ་བློ་ལྡན་མཆོག་སྲེད་རྩལ་གྱིས་སྙན་བརྒྱུད་ཟབ་མོར་གདམས་པའི་ཆོས་སྡེ། འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་ལས་རྒྱུན་གྱི་རྣལ་འབྱོར་སྙིང་པོར་དྲིལ་ཏེ་ཉམས་སུ་བླང་བའི་ཚུལ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་སོ། །དང་པོ་ལ་གསུམ། སྐྱབས་འགྲོ །སེམས་བསྐྱེད། ཚོགས་གསག་གོ །དང་པོ་སྐྱབས་འགྲོ་ནི། ཚོགས་ཞིང་བླ་མ་འཇམ་དཔལ་ཞི་ཁྲོའི་དཀྱིལ་འཁོར་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་བདག་གཞན་འགྲོ་ཀུན་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བར་མོས་ལ། ཨ༔ སྐྱེ་བ་མེད་པའི་ཡེ་ཤེས་ལས༔ འགག་མེད་སྣང་བའི་ཕྱག་རྒྱར་བཞེངས༔ དཔལ་ཆེན་འཇམ་དཔལ་ཧེ་རུ་ཀར༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ལན་གསུམ། གཉིས་པ་སེམས་སྐྱེད་ནི། སྨོན་འཇུག་གི་དོན་ཡིད་ལ་དྲན་བཞིན་པས། ཧཱུྃ༔ དེ་བཞིན་ཉིད་དབྱིངས་མ་རྟོགས་པའི༔ འགྲོ་ལ་སྙིང་རྗེ་ཆེན་པོའི་བློས༔ རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱིས༔ ཁམས་གསུམ་སྒྲོལ་བར་སེམས་མཆོག་བསྐྱེད༔ ལན་གསུམ། གསུམ་པ་ཚོགས་གསག་ནི། ཧོ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔ མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔ གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ དག་པའི་མཆོད་པ་བཞེས་སུ་གསོལ༔ དངོས་གྲུབ་ཆུ་བོ་གཅོད་པའི་གེགས༔ ཉེས་བྱས་མ་ལུས་བཤགས་པར་བགྱི༔ ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔ མ་ཆགས་སྤྱོད་ལ་རྗེས་ཡི་རང༔ དག་པ་མཐའ་བཞི་དྲི་མ་མེད༔ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔ བདེ་གཤེགས་དབང་ཕྱུག་སེམས་ཅན་ལ༔ དགོས་པ་གསུམ་ཕྱིར་ལུས་འབུལ་ལོ༔ ཚེ་རབས་བགྲངས་པའི་ལས་རྣམས་ཀུན༔ བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔ ལན་གསུམ། ཛཿཧཱུྃ་བཾ་ཧོཿས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། གཉིས་པ་དངོས་གཞི་ལ་གསུམ། སྐུ་བསྐྱེད་རིམ་ཕྱག་རྒྱ། གསུང་བཟླས་པ་སྔགས། ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་རོ། །དང་པོ་ནི། ཨ༔ རང་བཞིན་གདོད་ནས་མཉམ་པ་ཉིད༔ སྐྱེ་བ་མེད་པའི་ཡེ་ཤེས་ལས༔ སྐྱེ་བའི་གཟུགས་བརྙན་ཡི་གེ་ཨེ༔ སྣོད་བཅུད་བརྟན་གཡོ་ཀུན་གྱི་སྲོག༔ ཆོ་འཕྲུལ་ཆེན་པོའི་རོལ་པ་ཡིས༔ མ་དག་སྣང་བ་དབྱིངས་སུ་ནུབ༔ ལྷུན་གྲུབ་ཡེ་ཤེས་གཞལ་མེད་ཁང༔ རིན་ཆེན་དུར་ཁྲོད་རྒྱན་རྫོགས་དབུས༔ ཀླུ་འབུམ་གཉན་ཁྲི་ས་བདག་སྟོང༔ ཕྱོགས་སྐྱོང་མ་ཧེ་ཉི་ཟླའི་གདན༔ དེ་སྟེང་སྟོང་ཉིད་ཕྱག་རྒྱ་ཆེ༔ འཁོར་འདས་ཟིལ་གནོན་ཧེ་རུ་ཀ༔ ཆོས་ཉིད་མི་འགྱུར་སྐུ་མདོག་མཐིང༔ རྣམ་པར་ཐར་པ་གསུམ་གྱི་དབུ༔ གཡས་དཀར་ཀླུ་འབུམ་སྦྲུལ་དུ་འདྲེན༔ གཡོན་དམར་གཉན་ཁྲིའི་སྙིང་ནས་གསོལ༔ དབུས་མཐིང་དགྲ་བགེགས་ས་བདག་ཟ༔ རྒྱུ་དྲུག་འཁོར་བ་སྒྲོལ་བའི་ཕྱག༔ ཡེ་ཤེས་དྲུག་གི་ཕྱག་མཚན་ཅན༔ འཁོར་ལོ་རལ་གྲི་རྡོ་རྗེ་གཡས༔ བེ་ཅོན་གཏུན་ཤིང་སྡིགས་མཛུབ་གཡོན༔ རྫུ་འཕྲུལ་ཞབས་བཞི་དོར་སྟབས་ཀྱིས༔ དུག་གསུམ་དྲེགས་པའི་དཔྱི་ནས་བརྫིས༔ གླང་ཆེན་ཀོ་རློན་དུར་ཁྲོད་ཆས༔ སྦྲུལ་དང་རིན་ཆེན་ཙིཏྟས་བརྒྱན༔ དབུ་ལ་རིགས་ལྔ་ཁྲོ་བོའི་སྐུ༔ དྲེགས་པའི་སྙིང་དང་ནཱ་གའི་མགོ༔ དོ་ཤལ་ཁྲོ་བོའི་ཆས་ཀ་རྫོགས༔ དེ་བཞིན་ཉིད་དབྱིངས་ཁྲོས་པའི་སྐུ༔ ཡུམ་ནི་དམིགས་མེད་ཆོས་ཀྱི་དབྱིངས༔ མཐིང་ནག་སྙིང་སྟོབ་གྲི་ཐོད་འཁྱུད༔ རྒྱན་དང་སྤྲུལ་པའི་ལྷ་རྣམས་ཀུན༔ ཉི་མ་དང་ནི་འོད་ཟེར་བཞིན༔ མ་བསྐྱེད་རང་བྱུང་རོལ་པའི་རྩལ༔ འཁོར་འདས་ཡོངས་རྫོགས་ཆེན་པོར་གསལ༔ ཞེས་བརྗོད་ཅིང་བསམ་ལ། རྣམ་པ་གསལ་བ། ང་རྒྱལ་བརྟན་པ། རྣམ་དག་དྲན་པའི་སྒོ་ནས་ལྷ་སྐུའི་གསལ་སྣང་མཐར་ཕྱིན་པའི་བར་དུ་བསླབ། གཉིས་པ་གསུང་ཟླས་པ་སྔགས་ལ་གཉིས། ཞི་བར་བསྙེན་པ་དང་། ཁྲོ་བོར་སྒྲུབ་པའོ། །དང་པོ་ནི། ཐུགས་ཀར་འཇམ་དཔལ་ཡེ་ཤེས་སེམས༔ དམར་སེར་རལ་གྲི་གླེགས་བམ་ཕྱག༔ དེ་ཡི་ཙིཏྟའི་གུར་ཁང་དབུས༔ ཉི་སྟེང་ཧཱུྃ་གི་ནཱ་ད་ལས༔ ཡི་གེ་དྲུག་པ་རྡོ་རྗེའི་སྒྲ༔ སྔགས་ཀྱི་གཟུགས་སུ་སྣང་བ་ལས༔ འོད་ཟེར་འཕྲོས་པས་འཕགས་པ་མཆོད༔ མཁྱེན་བརྩེ་ནུས་པའི་བྱིན་རླབས་བསྡུས༔ གསལ་ཞིང་འབར་བའི་འོད་ཟེར་གྱིས༔ སྒྲིབ་གཉིས་མུན་པ་སེལ་བར་གྱུར༔ ཅེས་བརྗོད་ཅིང་བསམ་ལ། ཨོཾ་ཝཱ་གཱི་ཤྭ་རི་མུྃ༔ ཞེས་བཟླ། བསྙེན་ཚད་ནི་འབུམ་ཕྲག་དྲུག་གོ །གཉིས་པ་ཁྲོ་བོར་སྒྲུབ་པ་ནི། ཧཱུྃ་མཐར་རྡོ་རྗེའི་སྔགས་ཕྲེང་ལས༔ སྐུ་དང་སྔགས་ཕྲེང་ཕྱག་མཚན་ཚོགས༔ འབར་བའི་འོད་ཟེར་དང་བཅས་འཕྲོས༔ སྣང་སྲིད་སྦྱངས་ཏེ་རང་ལ་བསྟིམ༔ ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ༔ ཞེས་བཟླ། བསྙེན་ཚད་འབུམ་ཕྲག་བཅུ་དྲུག་གོ །གསུམ་པ་ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ནི། གཞུང་ལས། དོན་གྱི་གཤེད་པོ་སྒྲུབ་པ་ནི༔ སེམས་ཀྱི་རང་བཞིན་འོད་གསལ་བ༔ ཐོག་མ་བར་དང་མཐར་མི་གནས༔ རྒྱུ་དང་རྐྱེན་དང་འབྲས་བུ་མེད༔ ཕྱག་རྒྱ་ཆེན་པོའི་ངང་དུ་བཞག༔ ལུས་གནད་བྱེད་བཅིངས་དབང་པོའི་མཆོག༔ དབྱིངས་སུ་གཟིར་བས་རྟགས་རྣམས་རྫོགས༔ འགྲོ་བའི་མར་མེ་ཡེ་ཤེས་སྒྲོན༔ དོན་གྱི་འཇམ་དཔལ་ཚེ་འདིར་འགྲུབ༔ ཅེས་གསུངས་པའི་དོན་བརྒྱུད་ལྡན་བླ་མའི་ཞལ་ལུང་ལྟར་ཉམས་སུ་བླང་ངོ་། །གསུམ་པ་རྗེས་ལ་གསུམ། འོད་གསལ་དུ་བསྡུ་བ། ཟུང་འཇུག་གི་སྐུར་ལྡང་བ། བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བརྒྱན་པའོ། །དང་པོ་ནི། ཐུན་ལས་ལྡང་བར་བརྩམ་པ་ན། དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་བཟླས་པས་སྔགས་ཀྱི་ལྷག་ཆད་ཁ་བསྐང་ཞིང་ནུས་པ་བརྟན་པར་བྱས་རྗེས། ཨ་ཨ་ཨ༔ ལྷར་སྣང་རིག་རྩལ་དབྱིངས་སུ་ཐིམ༔ དབྱིངས་རིག་འདུ་འབྲལ་མེད་པའི་ངང༔ ཞེས་པའི་དགོངས་པ་ལ་མཉམ་པར་བཞག །གཉིས་པ་ཟུང་འཇུག་གི་སྐུར་ལྡང་བ་ནི། བདེ་སྟོང་ཟུང་འཇུག་རྟགས་ཀྱི་སྐུ༔ ཕྱག་རྒྱ་ཆེན་པོའི་རོལ་པར་ཤར༔ ཕཊ་ཕཊ་ཕཊ༔ ཅེས་བརྗོད་ཅིང་ཟུང་འཇུག་གི་ལྷ་སྐུར་ལྡང་། གསུམ་པ་བསྔོ་སྨོན་ཤིས་བརྗོད་ནི། འདུན་པ་རྩེ་གཅིག་པས། ཧོ༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་ཀྱིས༔ འགྲོ་རྣམས་སྒྲིབ་གཉིས་ཡོངས་དག་ནས༔ ཁ་སྦྱོར་བཞི་ལྡན་མཉྫུ་ཤྲཱི༔ ཟིལ་གནོན་ཁྲག་འཐུང་མྱུར་འགྲུབ་ཤོག༔ ཅེས་བསྔོ་སྨོན་དང་། ཨོཾ༔ དབྱིངས་ཀྱི་ངོ་བོ་ཆོས་སྐུ་འཇམ་པའི་དཔལ༔ རིག་པ་རང་སྣང་ཟིལ་གནོན་ལོངས་སྤྱོད་རྫོགས༔ དབྱིངས་རིག་ཟུང་འཇུག་རྩ་བརྒྱུད་བླ་མ་ཡིས༔ མཆོག་ཐུན་དགེ་ལེགས་གྲུབ་པའི་བཀྲ་ཤིས་ཤོག༔ ཅེས་ཤིས་པ་བརྗོད་པས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ །ཞེས་ཆོས་འདིའི་བདག་པོར་བསྔགས་པ་རྣམས་ཀྱི་ཐུགས་དམ་ཉམས་བཞེས་སུ་ལྷག་བསམ་བཟང་པོས་ཀུན་ནས་བསླངས་ཏེ། མཚོ་སྐྱེས་རྡོ་རྗེ་འཆང་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པས་སྦྱར་བའི་དགེ་བས་འགྲོ་ཀུན་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་ཏེ། འཇམ་དཔལ་ཁྲག་འཐུང་ཆེན་པོའི་གོ་འཕང་མྱུར་དུ་འགྲུབ་པའི་རྒྱུར་གྱུར་ཅིག། །།

འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་ལས། ཕྲིན་ལས་ཀྱི་རིམ་པ་གསལ་བར་བཀོད་པ་ཡེ་ཤེས་གསང་བའི་འཁོར་ལོ་ (Volume 17, Text 35)

༄༅། །འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་ལས། ཕྲིན་ལས་ཀྱི་རིམ་པ་གསལ་བར་བཀོད་པ་ཡེ་ཤེས་གསང་བའི་འཁོར་ལོ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ།ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ནི། །རབ་འབར་འཁོར་འདས་ཕྱག་རྒྱ་ཟིལ་གྱིས་གནོན། །གྲུབ་པའི་རིག་འཛིན་སྐུར་བཞེངས་བདག་ཅག་ངོར།།གསང་འཛིན་བླ་མའི་རྣམ་པར་ཤར་ལ་འདུད། །དུས་ཀྱི་འཇིགས་བཅོམ་འཁོར་ལོ་རྣམ་པ་བཞིའི། །ལྟ་སྒོམ་སྤྱོད་པའི་འགྲོས་ལས་དངོས་གྲུབ་གཉིས། །ཡིད་བཞིན་སྩོལ་མཛད་འཇམ་དཔལ་ཁྲོ་བོ་ཡི། །སྨིན་བྱེད་སྒོར་ཞུགས་ཕྲིན་ལས་འདི་རྩོམས་ཤིག །སྙན་བརྒྱུད་འཇམ་དཔལ་ཐུགས་ཏིག་གི་དབང་ཐོབ་ཅིང་དམ་ཚིག་འཆང་བའི་སྔགས་པས་བསྐྱེད་པའི་ཕྲིན་ལས་ལ་འཇུག་པ་ན། མཚན་ཉིད་དང་ལྡན་པའི་གནས་སུ་དམ་ཚིག་གི་བྲིས་སྐུ་སོགས་རྟེན་དང་། སྨན་རཀ་གཏོར་གསུམ། ཕྱི་ནང་ཉེར་སྤྱོད། ཚོགས་མཆོད་སྔོན་གཏོར་གྱིས་མཚོན་འོག་ཏུ་དགོས་པའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །དེ་ནས་ཐོག་མར་བརྒྱུད་པའི་གསོལ་འདེབས་སྤྲོ་ན། ཁྱབ་བདག་ཀུན་བཟང་དཔལ་ལྡན་རྡོ་རྗེ་འཆང་། །འཇམ་དཔལ་གཞོན་ནུ་རབ་ཁྲོས་གཤིན་རྗེའི་གཤེད། །གསང་བདག་རྡོ་རྗེ་ཆོས་ལ་གསོལ་བ་འདེབས། །སྨིན་གྲོལ་མཐར་ཕྱིན་བདུད་ལས་རྣམ་རྒྱལ་ཤོག །འཇམ་དཔལ་བཤེས་གཉེན་གཙུག་ལག་དཔལ་དགེ་བ། ཁྲག་འཐུང་ནག་པོ་ཤཱནྟིཾ་གརྦྷ་དང་། །བློ་ལྡན་མཆོག་སྲེད་ཞབས་ལ་གསོལ་བ་འདེབས། །སྨིན་གྲོལ་མཐར་ཕྱིན་བདུད་ལས་རྣམ་རྒྱལ་ཤོག །བདུད་འདུལ་རྒྱལ་མོ་མངའ་བདག་གནུབས་ཆེན་པོ། །སྙན་བརྒྱུད་མཛོད་འཛིན་པདྨ་མདོ་སྔགས་གླིང་། །དངོས་བརྒྱུད་དཔལ་ལྡན་བླ་མར་གསོལ་བ་འདེབས། །སྨིན་གྲོལ་མཐར་ཕྱིན་བདུད་ལས་རྣམ་རྒྱལ་ཤོག །རྡོ་རྗེའི་གཏོར་བླུགས་ཆོ་གས་རྒྱུད་སྨིན་ཅིང་། །རྩ་བ་ཡན་ལག་དམ་ཚིག་སྲོག་རྩ་བརྟན། །བསྐྱེད་བཟླས་མཐར་ཕྱིན་ནུས་པའི་གདིང་ཆེན་ཐོབ། །རྫོགས་པས་ཕྱག་རྒྱའི་ཡེ་ཤེས་མཆོག་འགྲུབ་ཤོག །སྲུང་བའི་རྫོང་བརྟན་ཟློག་པའི་དམག་དཔུང་འཁྲིགས། །བསད་པའི་མཚོན་ཆས་གདོན་བགེགས་ཚར་བཅད་དེ། །ཕྱོགས་ལས་རྣམ་པར་རྒྱལ་བའི་མཐུ་ཐོབ་ཤོག །གནས་པ་གཞི་ཡི་འཁོར་ལོ་ལྟ་བས་རྟོགས། །མ་རྟོགས་སྲིད་པའི་འཁོར་ལོ་སྙིང་རྗེས་བཟུང། །འདུལ་ཐབས་སྤྲུལ་པའི་འཁོར་ལོའི་ལམ་འབྱོངས་ཏེ། །འབྲས་བུ་ཡེ་ཤེས་འཁོར་ལོར་དབང་སྒྱུར་ཤོག །དེ་ནས་ས་གཞི་འདུལ་བ་དང་སྒྲུབ་པའི་ཉིན་དང་པོ་རྣམས་ལ་དཀར་གཏོར་སྤྱི་ལྟར་འབུལ། ཕྲིན་ལས་དངོས་ལ་གསུམ། སྔོན་འགྲོ།དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལ་བདུན། སྐྱབས་སེམས་ཚོགས་གསག་བགེགས་བསྐྲད་མཚམས། །བྱིན་དབབ་མཆོད་པ་བྱིན་བརླབ་བོ། །ཞེས་པའི་དང་པོ་ནི། བླ་མ་འཇམ་དཔལ་ཞི་ཁྲོའི་དཀྱིལ་འཁོར་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་བདག་གཞན་འགྲོ་ཀུན་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བར་མོས་ལ། ཨ༔ སྐྱེ་བ་མེད་པའི་ཡེ་ཤེས་ལས༔ འགག་མེད་སྣང་བའི་ཕྱག་རྒྱར་བཞེངས༔ དཔལ་ཆེན་འཇམ་དཔལ་ཧེ་རུ་ཀར༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ལན་གསུམ། གཉིས་པ་སེམས་སྐྱེད་ནི། སྨོན་འཇུག་གི་དོན་ཡིད་ལ་དྲན་བཞིན་པས། ཧཱུྃ༔ དེ་བཞིན་ཉིད་དབྱིངས་མ་རྟོགས་པའི༔ འགྲོ་ལ་སྙིང་རྗེ་ཆེན་པོའི་བློས༔ རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱིས༔ ཁམས་གསུམ་སྒྲོལ་བར་སེམས་མཆོག་བསྐྱེད༔ ལན་གསུམ། གསུམ་པ་ཚོགས་གསག་ནི། ཧོ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔ མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔ གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ དག་པའི་མཆོད་པ་བཞེས་སུ་གསོལ༔ དངོས་གྲུབ་ཆུ་བོ་གཅོད་པའི་གེགས༔ ཉེས་བྱས་མ་ལུས་བཤགས་པར་བགྱི༔ ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔ མ་ཆགས་སྤྱོད་ལ་རྗེས་ཡི་རང༔ དག་པ་མཐའ་བཞི་དྲི་མ་མེད༔ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔ བདེ་གཤེགས་དབང་ཕྱུག་སེམས་ཅན་ལ༔ དགོས་པ་གསུམ་ཕྱིར་ལུས་འབུལ་ལོ༔ ཚེ་རབས་བགྲངས་པའི་ལས་རྣམས་ཀུན༔ བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔ ལན་གསུམ། ཛཿཧཱུྃ་བཾ་ཧོཿས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། བཞི་པ་བགེགས་བསྐྲད་ལ་ཐོག་མར་ང་རྒྱལ་བཟུང་བ་ནི། ཨྱཻ། ཨྱཻ་ཉིད་སྟོང་པ་ཆོས་འབྱུང་སྟེ། །མ་སྐྱེས་འགག་པ་མེད་པ་ལས། །རྒྱུ་རྐྱེན་སྔགས་ལས་མ་བསྐྱེད་པར། །རོལ་པ་ཆེན་པོའི་སྐུ་རུ་གསལ། །ཨོཾ་ཧྲཱིཿཥྚི་ཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ། སྔོན་གཏོར། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿགསུམ་གྱིས་བརླབ། སརྦ་བྷཱུཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་དགུག །སརྦ་བིགྷྣཱན་ན་མཿསརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོས་ལ་བཀའ་བསྒོ་བ་ནི། ཧཱུྃ༔ གདོད་ནས་འཁོར་འདས་དབྱེར་མེད་ཀྱང༔ གློ་བུར་འཁྲུལ་པའི་གདོན་བགེགས་ཀུན༔ མཆོད་སྦྱིན་གཏོར་མ་འདི་ལོངས་ལ༔ རང་བཞིན་མེད་པའི་དབྱིངས་སུ་དེངས༔ ཞེས་དང་དྲག་སྔགས་རོལ་མོ་ཡུངས་ཐུན་སོགས་ཚམ་རྔམ་གྱིས་བགེགས་བསྐྲད། ལྔ་པ་མཚམས་གཅོད་ནི། ཧཱུྃ༔ སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན༔ རྡོ་རྗེ་སྲུང་བའི་གུར་ཁང་དང༔ ལྷ་སྔགས་གཉུག་མའི་ཡེ་ཤེས་ལས༔ མཚམས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ བཛྲ་ཛྙཱ་ན་རཀྵ་ཨོཾ་ཨཱཿཧཱུྃ༔ ཞེས་སྲུང་བའི་འཁོར་ལོ་བརྟན་པར་བསྒོམ། དྲུག་པ་བྱིན་འབེབ་ནི། སྤོས་དང་རོལ་མོའི་སྒྲས་བསྐུལ་ཏེ། ཧཱུྃ། ཆོས་དབྱིངས་མཐའ་བྲལ་དྲག་པོའི་ཞིང་ཁམས་ནས། །སྙིང་རྗེས་རབ་ཁྲོས་འཇམ་དཔལ་གཤིན་རྗེའི་གཤེད། །འཁོར་བཅས་སྒྱུ་འཕྲུལ་ཕྱག་རྒྱ་རོལ་པའི་ཚོགས། །མ་ལུས་འདིར་གཤེགས་དབང་སྐུར་བྱིན་ཕོབ་ལ། །མཐུ་རྩལ་ནུས་སྐྱེད་རྟགས་དང་མཚན་མ་སྟོན། །མཆོག་ཐུན་དངོས་གྲུབ་མ་ལུས་དེང་སྩོལ་ཅིག །ཨོཾ་ཡ་མཱནྟ་ཀ་ས་པ་རི་པཱ་ར་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ བདུན་པ་མཆོད་རླབས་ནི། ཧཱུྃ། རྣམ་དག་ཆོས་དབྱིངས་ངང་ཉིད་ལས༔ རང་བྱུང་མཆོད་པའི་ཕུང་པོ་ནི༔ ཀུན་བཟང་མཆོད་པའི་སྤྲིན་ལྟ་བུས༔ དཔག་ཡས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གྷནྡྷེ༔ ནཻ་བིདྱ༔ ཤབྡ༔ རཱུ་པ༔ ཤབྡ༔ གྷནྡྷེ༔ ར་སཱ༔ སྤརྴེ༔ དྷརྨཱ་དྷཱ་ཏུ༔ ག་ཎ༔ ཨ་མྲྀཏ༔ རཀྟ༔ བ་ལིནྟ༔ མ་ཧཱ་པཱུ་ཛ་ཨཱཿཧཱུྃ་ཧྲཱིཿཋ༔ ཞེས་བྱིན་གྱིས་བརླབ་བོ། །གཉིས་པ་དངོས་གཞི་ལའང་བདུན། བསྐྱེད་ཅིང་སྤྱན་དྲང་བཞུགས་གསོལ་ཕྱག །མཆོད་བསྟོད་བཟླས་པ་བྱ་བ་འོ། །དེ་ལ་དང་པོ་རྟེན་དང་བརྟེན་པའི་འཁོར་ལོ་བསྐྱེད་པ་ནི། ཨ༔ རང་བཞིན་གདོད་ནས་མཉམ་པ་ཉིད༔ སྐྱེ་བ་མེད་པའི་ཡེ་ཤེས་ལས༔ སྐྱེ་བའི་གཟུགས་བརྙན་ཡི་གེ་ཨེ༔ སྣོད་བཅུད་བརྟན་གཡོ་ཀུན་གྱི་སྲོག༔ ཆོ་འཕྲུལ་ཆེན་པོའི་རོལ་པ་ཡིས༔ མ་དག་སྣང་བ་དབྱིངས་སུ་ནུབ༔ ལྷུན་གྲུབ་ཡེ་ཤེས་གཞལ་མེད་ཁང༔ རིན་ཆེན་དུར་ཁྲོད་རྒྱན་རྫོགས་དབུས༔ ཀླུ་འབུམ་གཉན་ཁྲི་ས་བདག་སྟོང༔ ཕྱོགས་སྐྱོང་མ་ཧེ་ཉི་ཟླའི་གདན༔ དེ་སྟེང་སྟོང་ཉིད་ཕྱག་རྒྱ་ཆེ༔ འཁོར་འདས་ཟིལ་གནོན་ཧེ་རུ་ཀ༔ ཆོས་ཉིད་མི་འགྱུར་སྐུ་མདོག་མཐིང༔ རྣམ་པར་ཐར་པ་གསུམ་གྱི་དབུ༔ གཡས་དཀར་ཀླུ་འབུམ་སྦྲུལ་དུ་འདྲེན༔ གཡོན་དམར་གཉན་ཁྲིའི་སྙིང་ནས་གསོལ༔ དབུས་མཐིང་དགྲ་བགེགས་ས་བདག་ཟ༔ རྒྱུ་དྲུག་འཁོར་བ་སྒྲོལ་བའི་ཕྱག༔ ཡེ་ཤེས་དྲུག་གི་ཕྱག་མཚན་ཅན༔ འཁོར་ལོ་རལ་གྲི་རྡོ་རྗེ་གཡས༔ བེ་ཅོན་གཏུན་ཤིང་སྡིགས་མཛུབ་གཡོན༔ རྫུ་འཕྲུལ་ཞབས་བཞི་དོར་སྟབས་ཀྱིས༔ དུག་གསུམ་དྲེགས་པའི་དཔྱི་ནས་བརྫིས༔ གླང་ཆེན་ཀོ་རློན་དུར་ཁྲོད་ཆས༔ སྦྲུལ་དང་རིན་ཆེན་ཙིཏྟས་བརྒྱན༔ དབུ་ལ་རིགས་ལྔ་ཁྲོ་བོའི་སྐུ༔ དྲེགས་པའི་སྙིང་དང་ནཱ་གའི་མགོ༔ དོ་ཤལ་ཁྲོ་བོའི་ཆས་ཀ་རྫོགས༔ དེ་བཞིན་ཉིད་དབྱིངས་ཁྲོས་པའི་སྐུ༔ ཡུམ་ནི་དམིགས་མེད་ཆོས་ཀྱི་དབྱིངས༔ མཐིང་ནག་སྙིང་སྟོབ་གྲི་ཐོད་འཁྱུད༔ རྒྱན་དང་སྤྲུལ་པའི་ལྷ་རྣམས་ཀུན༔ ཉི་མ་དང་ནི་འོད་ཟེར་བཞིན༔ མ་བསྐྱེད་རང་བྱུང་རོལ་པའི་རྩལ༔ འཁོར་འདས་ཡོངས་རྫོགས་ཆེན་པོར་གསལ༔ གཉིས་པ་སྤྱན་འདྲེན་ནི། རང་གི་ཐུགས་ཀའི་འོད་ཟེར་གྱི་སྣང་བས་འཇམ་དཔལ་གཤིན་རྗེ་གཤེད་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྱན་དྲངས། བཛྲ་ས་མཱ་ཛཿ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་ནས༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད༔ ཐུགས་དམ་གཉན་པོ་བདག་ལ་དགོངས༔ མི་མངོན་དབྱིངས་ནས་གཤེགས་སུ་གསོལ༔ ལྷོ་ཕྱོགས་གཤིན་རྗེའི་གྲོང་ཁྱེར་ནས༔ འཁོར་གྱི་གཤེད་ཆེན་གཤེགས་སུ་གསོལ༔ སྲིད་པ་གསུམ་པོར་གནས་བཅས་པའི༔ མ་མོའི་ཚོགས་རྣམས་གཤེགས་སུ་གསོལ༔ ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛ༔ གསུམ་པ་དམ་ཡེ་གཉིས་མེད་དུ་བཞུགས་སུ་གསོལ་བ་ནི། ཧཱུྃ༔ མཐིང་ནག་གྲུ་གསུམ་དཀྱིལ་འཁོར་དུ༔ ཀླུ་འབུམ་གཉན་ཁྲི་ས་བདག་སྟོང༔ དགྲ་བགེགས་བསྣོལ་བའི་གདན་སྟེང་ན༔ འཁོར་དང་བཅས་པ་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ བཞི་པ་ཕྱག་བྱ་བ་ནི། ཧཱུྃ༔ ཨེ་ཡི་ཀློང་ནས་བཞེངས་པ་ཡི༔ འཁོར་འདས་ཕྱག་རྒྱ་ཟིལ་གྱིས་གནོན༔ ཡེ་ཤེས་རྣམ་རོལ་ལྷ་ཚོགས་ལ༔ གཉིས་མེད་གུས་པས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ལྔ་པ་ཕྱི་ནང་གསང་བའི་མཆོད་པ་འབུལ་བ་ནི། ཧཱུྃ༔ དུར་ཁྲོད་རོལ་པའི་དཀྱིལ་འཁོར་འདིར༔ དགྲ་བགེགས་ཐམས་ཅད་བསྒྲལ་པ་ཡི༔ དབང་པོ་ནང་རོལ་དྲི་ང་བ༔ རྣམ་ཤེས་ཁྲག་དང་ཤ་རུས་ཟས༔ རྐང་གླིང་ཐོད་རྔའི་སྒྲ་རྣམས་ནི༔ དཔལ་ཆེན་འཁོར་དང་བཅས་ལ་འབུལ༔ མ་ཧཱ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཱཻ་བིདྱ་ཤབྡ་པཱུ་ཛ་ཧོ༔ ཧཱུྃ༔ དུག་ལྔ་རྣམ་དག་སྨན་ཆེན་པོ༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་བའི༔ རྨད་བྱུང་བདུད་རྩིའི་མཆོད་པ་འདི༔ དཔལ་ཆེན་འཁོར་དང་བཅས་ལ་འབུལ༔ མ་ཧཱ་པཉྩ་ཨ་མྲྀཏ་ཨོཾ་ཨཱཿཧཱུྃ༔ ཀུན་བཟང་རྡོ་རྗེ་འཆང་ཆེན་ཧེ་རུ་ཀ །གསང་བའི་བདག་པོ་འཇམ་དཔལ་བཤེས་གཉེན་དང་། །གཙུག་ལག་དཔལ་དགེ་ཁྲག་འཐུང་ནག་པོ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ཤཱནྟིཾ་གརྦྷ་བློ་ལྡན་མཆོག་ཏུ་སྲེད། །ཡེ་ཤེས་མཚོ་རྒྱལ་མངའ་བདག་གནུབས་ཆེན་པོ། །པདྨ་འོད་གསལ་མདོ་སྔགས་གླིང་པ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །རྩ་བརྒྱུད་བླ་མ་འཇམ་དཔལ་ཞི་ཁྲོའི་ལྷ། །དཔའ་བོ་ཌཱ་ཀི་དམ་ཅན་གཏེར་གྱི་བདག །སྣང་སྲིད་དཀྱིལ་འཁོར་འཁོར་ལོར་དག་པ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ཅེས་ཐིགས་གཏོར་འབུལ་ཞིང་དངོས་གྲུབ་བླངས་ལ། བཛྲ་ཨ་མྲྀཏ་སིདྡྷི་ཕ་ལ་ཨོཾ་ཨཱཿཧཱུྃ། ཧཱུྃ༔ ལྕང་ལོར་བཅས་པའི་བྷནྡྷ་རུ༔ དགྲ་བགེགས་བསྒྲལ་པའི་དོན་སྙིང་ཁྲག༔ དམར་ཆེན་རྦ་རླབས་མཁའ་ལ་འཕྱོ༔ དཔལ་ཆེན་འཁོར་དང་བཅས་ལ་འབུལ༔ མ་ཧཱ་རཀྟ་པཱུ་ཛ་ཁཱ་ཧི༔ ཧཱུྃ༔ བྷནྡྷ་འབར་བའི་གཏོར་གཞོང་དུ༔ དགྲ་བགེགས་ཤ་ཁྲག་གཏོར་མར་སྦྱར༔ འདོད་ཡོན་རྣམ་ལྔས་རབ་སྤྲས་པ༔ དཔལ་ཆེན་འཁོར་དང་བཅས་ལ་འབུལ༔ མ་ཧཱ་བ་ལིནྟ་ཁཱ་ཧི༔ ཧཱུྃ༔ བདེ་སྟོང་གཉིས་མེད་རབ་སྦྱོར་ཞིང༔ གདུག་པའི་དགྲ་བགེགས་བསྒྲལ་པ་ཡི༔ བམ་ཆེན་གསང་བའི་ཚོགས་མཆོད་འདི༔ དཔལ་ཆེན་འཁོར་དང་བཅས་ལ་འབུལ༔ གཉིས་སུ་མེད་པར་ཐིམ་གྱུར་ནས༔ ཀ་དག་ཀློང་དུ་གྲོལ་བར་ཤོག༔ ཏ་ན་ག་ཎ་ཏི་ར་སིདྡྷི་དྷརྨ་དྷཱ་ཏུ་པཱུ་ཛ་ཧོ༔ དྲུག་པ་བསྟོད་པ་བྱ་བ་ནི། ཧཱུྃ༔ སྐྱེ་མེད་ཆོས་དབྱིངས་ངང་ཉིད་ལས༔ མ་འགག་ལོངས་སྤྱོད་རྫོགས་པའི་སྐུ༔ མཚན་དང་དཔེ་བྱད་གཟི་བརྗིད་འབར༔ རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ ཨཱ༔ གྲགས་སྟོང་བརྗོད་བྲལ་ཡེ་ཤེས་ལས༔ སྟོང་གསུམ་འཇིག་རྟེན་རབ་གཡོ་ཞིང༔ དྲེགས་པ་ཅན་རྣམས་ལས་ལ་འདུ༔ རྡོ་རྗེའི་གསུང་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ འཁོར་འདས་ཀུན་ལ་ཁྱབ་པ་ཡི༔ དམིགས་མེད་ཡེ་ཤེས་ཐུགས་རྗེར་ལྡན༔ སྙིང་རྗེས་འགྲོ་དོན་མཛད་པ་ཡི༔ རྡོ་རྗེའི་ཐུགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ འཁོར་གྱི་མ་གཤིན་དྲེགས་པའི་ཚོགས༔ ལས་ལ་མྱུར་ཞིང་བསྟན་པ་སྲུང༔ མཐུ་རྩལ་ནུས་པ་བསམ་མི་ཁྱབ༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ བདུན་པ་བཟླས་པའི་རྣལ་འབྱོར་ལ་གཉིས། ཞི་བར་བསྙེན་པ་དང་། ཁྲོ་བོར་སྒྲུབ་པའོ། །དང་པོ་ནི། ཐུགས་ཀར་འཇམ་དཔལ་ཡེ་ཤེས་སེམས༔ དམར་སེར་རལ་གྲི་གླེགས་བམ་ཕྱག༔ དེ་ཡི་ཙིཏྟའི་གུར་ཁང་དབུས༔ ཉི་སྟེང་ཧཱུྃ་གི་ནཱ་ད་ལས༔ ཡི་གེ་དྲུག་པ་རྡོ་རྗེའི་སྒྲ༔ སྔགས་ཀྱི་གཟུགས་སུ་སྣང་བ་ལས༔ འོད་ཟེར་འཕྲོས་པས་འཕགས་པ་མཆོད༔ མཁྱེན་བརྩེ་ནུས་པའི་བྱིན་རླབས་བསྡུས༔ གསལ་ཞིང་འབར་བའི་འོད་ཟེར་གྱིས༔ སྒྲིབ་གཉིས་མུན་པ་སེལ་བར་གྱུར༔ ཅེས་བརྗོད་ཅིང་བསམ་ལ། ཨོཾ་ཝཱ་གཱི་ཤྭ་རི་མཱུྃ༔ ཞེས་བཟླས། བསྙེན་ཚད་ནི་འབུམ་ཕྲག་དྲུག་གོ །གཉིས་པ་ཁྲོ་བོར་སྒྲུབ་པ་ནི། ཧཱུྃ་མཐར་རྡོ་རྗེའི་སྔགས་ཕྲེང་ལས༔ སྐུ་དང་སྔགས་ཕྲེང་ཕྱག་མཚན་ཚོགས༔ འབར་བའི་འོད་ཟེར་དང་བཅས་འཕྲོས༔ སྣང་སྲིད་སྦྱངས་ཏེ་རང་ལ་བསྟིམ༔ ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ༔ ཞེས་བཟླ། བསྙེན་ཚད་འབུམ་ཕྲག་བཅུ་དྲུག་གིས་ལས་ཐམས་ཅད་འགྲུབ་པར་གསུངས། ཐུན་མཐར་ཁ་སྐོང་དང་སྟོང་ཚིགས་སྤྱི་ལྟར་འབུལ་ལོ། གསུམ་པ་རྗེས་ཀྱི་བྱ་བ་ལ་བདུན། ཚོགས་མཆོད་འབུལ་དང་དངོས་གྲུབ་བླང་། །མཆོད་བསྟོད་ནོངས་བཤགས་བསྡུ་ལྡང་དང་། །བསྔོ་སྨོན་ཤིས་པ་བརྗོད་པ་འོ། །ཞེས་པའི་དང་པོ་ལ། ཚོགས་ཀྱི་ཡོ་བྱད་ཅི་འབྱོར་བཤམས་ལ་བྱིན་རླབས་པ་ནི། ཧཱུྃ༔ བདག་ཉིད་འཇམ་དཔལ་ཐུགས་ཀ་ནས༔ རཾ་ཡཾ་ཁཾ་འཕྲོས་ཚོགས་རྫས་ཀྱི༔ དངོས་འཛིན་ཉེས་སྐྱོན་བསྲེགས་གཏོར་བཀྲུས༔ སླར་ཡང་སྙིང་པོ་འབྲུ་གསུམ་འཕྲོས༔ གཟུགས་སྒྲ་དྲི་རོ་རེག་བྱ་སོགས༔ ཟག་མེད་འདོད་ཡོན་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ་ཧོ༔ ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་མཆོག༔ དྲག་པོ་ཨེ་ཡི་གཞལ་ཡས་ནས༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད༔ ཡབ་ཡུམ་སྤྲུལ་འཁོར་བཅས་པ་རྣམས༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་ན༔ དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས་ལ། དང་པོ་ནི། བཟའ་དང་བཅའ་དང་བཏུང་བའི་ཚོགས༔ མ་ཚང་མེད་པའི་འདོད་ཡོན་རྫས༔ ཁ་དོག་དྲི་རོ་བཅུད་ལྡན་པའི༔ ཚོགས་ཀྱི་མཆོད་པ་རྒྱ་ཆེན་འདི༔ འཇམ་དཔལ་གཤིན་རྗེའི་ཚོགས་ལ་འབུལ༔ བཞེས་ནས་ཀུན་ཏུ་དགྱེས་པར་མཛོད༔ ཨོཾ་ཀྲོ་དྷ་རཱ་ཛ་ཡ་མཱནྟ་ཀ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ བར་པ་སྐོང་བཤགས་ནི། ཧཱུྃ༔ འདོད་ཡོན་ཚོགས་ཀྱི་ལོངས་སྤྱོད་དང༔ སྲིད་ཞིའི་མཆོད་རྫས་སྣ་ཚོགས་ཀྱིས༔ ཁྲོ་རྒྱལ་འཁོར་བཅས་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ བདག་ཅག་མི་དགེ་འཁྲུལ་པའི་བློས༔ བག་མེད་འགལ་འཁྲུལ་ཉམས་པ་ཡིས༔ ཁྱོད་ཀྱི་ཐུགས་དང་ཅི་འགལ་བ༔ མཐོལ་ཞིང་བཤགས་སོ་ཚངས་པར་གསོལ༔ ཡིག་བརྒྱ་བརྗོད། ཐ་མ་བསྒྲལ་བ་ནི། ལིངྒ་བཅས་ལ། ཨེ། མཐིང་ནག་འབར་བའི་ལྕགས་ཁང་དུ། །ནྲྀ་ཏྲི་དགྲ་བགེགས་གཟུགས་རྟེན་ལ། །བླ་སྲོག་ཨཱ་ཀརྵ་ཡ་ཛཿ ཁུག་ཆིངས་སྡོམས་ལ་མྱོས་སུ་ཆུག །ཧཱུྃ༔ གདོད་ནས་དག་པའི་ཡེ་ཤེས་ལ༔ གློ་བུར་བདག་ལྟའི་ཞིང་བཅུའི་དགྲ༔ ཡེ་ཤེས་རྣོ་དབལ་མཚོན་ཆ་ཡིས༔ སྐྱེ་མེད་ཆོས་སྐུའི་ཀློང་དུ་བསྒྲལ༔ ནྲྀ་ཏྲི་ཤ་ཏྲཱུཾ་མཱ་ར་ཡ་རྦད༔ སྟོབ་པ་ནི། ཧཱུྃ༔ དུག་གསུམ་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས༔ སྲིད་གསུམ་ཞིང་ཀུན་གང་བའི་ལོངས་སྤྱོད་འདི༔ སྐུ་གསུམ་རོལ་པ་ཁྲག་འཐུང་ཞལ་དུ་བསྟབ༔ ཁམས་གསུམ་ཡོངས་གྲོལ་དངོས་གྲུབ་བསྩལ་དུ་གསོལ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་པཱུ་ཛ་ཧོ༔ ལས་ཀྱི་རྡོ་རྗེས་སློབ་དཔོན་ལ་ཕྱག་བྱས་ཐབས་ཤེས་ཀྱི་རྫས་གཉིས་བསྣོལ་མར་སྟོབ་ཅིང་བརྡ་དང་བརྡའི་འབུལ་ལེན་བྱ། འདུས་པ་གཞན་རྣམས་ལའང་དྲང་ཞིང་འདོད་པ་ལྔ་ལྡན་དུ་རོལ། ལྷག་མ་བསྡུས་ལ་ཁ་ཕྲུ་གདབ་ཅིང་། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ས་འདོད་ཡོན་ལྔ་ལྡན་དུ་བྱས་ལ། ཧཱུྃ༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེ་ཡི༔ བཀའ་ཉན་ལྷག་མར་དབང་བའི་འཁོར༔ འདིར་བྱོན་འདོད་ཡོན་ལྷག་གཏོར་བཞེས༔ དགྲ་བགེགས་ཞིང་བཅུ་ཆམ་ལ་ཕོབ༔ བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད༔ ཨོཾ་ཨུཙྪིཥྚ་བ་ལིནྟ་ཁ་རཾ་ཁཱ་ཧི༔ ཞེས་ཕྱི་རོལ་དུ་དོར་རོ། །གཉིས་པ་དངོས་གྲུབ་བླང་བ་ནི། ཧོཿ འཇམ་དཔལ་དཔའ་བོ་ཧེ་རུ་ཀ །འཁོར་བཅས་བདག་ལ་དགོངས་སུ་གསོལ། །སྔོན་གྱི་ཞལ་བཞེས་དམ་བཅས་པའི། །ཕྲིན་ལས་མཛད་པའི་དུས་ལ་བབ། །ཐུན་མོང་ཚེ་དཔལ་ནུས་སྟོབས་སོགས། །སྲིད་ཞིའི་ཕུན་ཚོགས་ཕྲིན་ལས་བཞི། །གང་བསམ་འབད་མེད་གྲུབ་པར་མཛོད། །དོན་དམ་མི་དམིགས་བདེ་བ་ཆེ། །སྐུ་གསུམ་བདག་ཉིད་གདོད་མའི་མགོན། །ཚེ་འདི་ཉིད་ལ་མངོན་གྱུར་ནས། །གཞན་དོན་རིས་མེད་འགྲུབ་པར་གསོལ། །ཨོཾ་ཡ་མཱནྟ་ཀ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཕ་ལ་ཧོཿ གསུམ་པ་མཆོད་བསྟོད་ནི། སྔགས་ཙམ་གྱིས་མཆོད། ཧཱུྃ༔ ལྷ་ཡི་ལྷ་མཆོག་བཅོམ་ལྡན་འདས༔ གཤིན་རྗེ་གཤེད་པོ་ཁྲོ་བོའི་རྒྱལ༔ གཙོ་འཁོར་སྤྲུལ་པར་བཅས་རྣམས་ལ༔ རབ་གུས་གདུང་བས་ཕྱག་འཚལ་བསྟོད༔ ཅེས་པས་བསྟོད། བཞི་པ་ནོངས་བཤགས་ནི། མ་རྙེད་ཡོངས་སུ་སོགས་དང་ཡི་གེ་བརྒྱ་པ་བརྗོད། ལྔ་པ་བསྡུ་ལྡང་ནི། མདུན་བསྐྱེད་ཚོགས་མགྲོན་རྣམས་རྟེན་ཡོད་ན་དེ་ལ་བསྟིམ། མེད་ན་གཤེགས་གསོལ་བྱ། བདག་བསྐྱེད་ལ་དམིགས་ཏེ། ཨ་ཨ་ཨ༔ ལྷར་སྣང་རིག་རྩལ་དབྱིངས་སུ་ཐིམ༔ དབྱིངས་རིག་འདུ་འབྲལ་མེད་པའི་ངང༔ ཞེས་པའི་དགོངས་པ་ལ་མཉམ་པར་བཞག་སྟེ་འོད་གསལ་དུ་བསྡུ། བདེ་སྟོང་ཟུང་འཇུག་རྟགས་ཀྱི་སྐུ༔ ཕྱག་རྒྱ་ཆེན་པོའི་རོལ་པར་ཤར༔ ཕཊ་ཕཊ་ཕཊ༔ ཅེས་བརྗོད་ཅིང་ཟུང་འཇུག་གི་ལྷ་སྐུར་ལྡང་ངོ་། །དྲུག་པ་བསྔོ་སྨོན་ནི། འདུན་པ་རྩེ་གཅིག་པས། ཧོ༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་ཀྱིས༔ འགྲོ་རྣམས་སྒྲིབ་གཉིས་ཡོངས་དག་ནས༔ ཁ་སྦྱོར་བཞི་ལྡན་མཉྫུ་ཤྲཱི༔ ཟིལ་གནོན་ཁྲག་འཐུང་མྱུར་འགྲུབ་ཤོག༔ བདུན་པ་ཤིས་བརྗོད་ནི། མེ་ཏོག་འཐོར་ཞིང་རོལ་མོའི་སྒྲ་བསྒྲགས་ལ། ཨོཾ༔ དབྱིངས་ཀྱི་ངོ་བོ་ཆོས་སྐུ་འཇམ་པའི་དཔལ༔ རིག་པ་རང་སྣང་ཟིལ་གནོན་ལོངས་སྤྱོད་རྫོགས༔ དབྱིངས་རིག་ཟུང་འཇུག་རྩ་བརྒྱུད་བླ་མ་ཡིས༔ མཆོག་ཐུན་དགེ་ལེགས་གྲུབ་པའི་བཀྲ་ཤིས་ཤོག༔ ཅེས་ཤིས་པ་བརྗོད་པས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་པར་བྱའོ། །བསྐྱེད་པའི་གསལ་སྣང་ཆེར་ཐོབ་ཅིང་། །བཟླས་བརྗོད་ནུས་པ་མཐར་ཕྱིན་ཏེ། །ལས་བཞིའི་འཁོར་ལོ་ཕྱོགས་མེད་དུ། །བསྐོར་བས་དོན་གཉིས་ལྷུན་གྲུབ་ཤོག །ཅེས་པ་འདིའང་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པའི་ཞལ་སྔ་ནས་རྗེས་སུ་བསྐུལ་ཞིང་། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ནས་ཁྲི་ཆེན་རྡོ་རྗེ་འཆང་འགྱུར་མེད་ཡིད་བཞིན་དབང་གི་རྒྱལ་པོས་ཐུགས་དམ་ཉམས་བཞེས་སུ་རྗེ་བླ་མར་བཀའ་བསྩལ་པ་དང་། གཏེར་སྲས་རིག་འཛིན་ཚེ་དབང་གྲགས་པས་བཀའ་ནན་ཡང་ཡང་ཕེབ་པར་བརྟེན། འཁོར་ལོའི་མགོན་པོ་གཏེར་ཆེན་བླ་མ་ཉིད་ལས་བཀའི་གནང་བ་ཞུས་ཏེ་སྔགས་རིག་འཛིན་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་ཡང་ཁྲོད་དེ་བཱི་ཀོ་ཊིའི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།

འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་ལས་གཏོར་ཟློག་གི་ལས་རིམ་ཡེ་ཤེས་འབར་བའི་མཚོན་ཆ་ (Volume 17, Text 36)

༄༅། །འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་ལས་གཏོར་ཟློག་གི་ལས་རིམ་ཡེ་ཤེས་འབར་བའི་མཚོན་ཆ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བེ་ཡ་མཱ་རི། དུས་ཀྱི་འཇིགས་བཅོམ་དུས་དགྲའི་དབང་། །དུས་མཐའི་མེ་ལྕེའི་སྟོབས་དེ་ལ། །བཏུད་ནས་བདུད་འཇོམས་འབར་བའི་མཚོན། །ཟློག་པའི་འཁྲུལ་འཁོར་འདི་ལྟར་བསྐོར། །རང་གཞན་གྱི་འགལ་རྐྱེན་བར་ཆད་ཟློག་པ་ལ་ཆེས་ཟབ་ཅིང་བྱ་སླ་བའི་གཤིན་རྗེའི་གཏོར་ཟློག་བརྩམ་པ་ལ་གསུམ། སྦྱོར་བ་ཡོ་བྱད་བཤམ་ཚུལ། དངོས་གཞི་ཆོ་གའི་རིམ་པ། རྗེས་འཕང་བའི་ལས་རིམ་མོ། །དང་པོ་ནི། མར་ངོ་དང་དགུ་གསུམ་སོགས་དྲག་པོའི་ལས་ལ་ཤིས་པའི་ཉིན། གོང་དུ་ཕྲིན་ལས་དང་འབྲེལ་བའི་གཏོར་མཆོད་དང་སྐོང་གཏོར་སྤྱི་མཐུན་བཤམ། མདུན་ཕྱོགས་སུ་ཨེ་མཐིང་ནག་བྲིས་པའི་ཁར་བྲུབ་ཁུང་དུ་དགྲ་བགེགས་ལིངྒ་སྤྱི་ལྟར་བྲིས་པའམ། ཚ་བ་གསུམ་བསྲེས་པའི་ཟན་ལ་བཅོས་པ་བཅུག །དེ་སྟེང་ལྕགས་སྣོད་དུ་འབྲུ་ནག་གི་ཕྱེ་མ་ཁྲག་ཆང་གིས་སྦྲུས་པ་ལས་གཏོར་མ་གནམ་ལྕགས་ཐོག་མདེལ་གྱི་དབྱིབས་ཅན་འགྲུབ་ན་སྲིན་ཞལ་ཕྱུང་པ་ལ་མཐེབ་སྐྱུས་བསྐོར་ཞིང་དྲག་རྒྱན་རྔམ་བརྗིད་དང་ལྡན་པ། དར་ནག་གི་འཕུར་ལྡིང་དང་མཚེ་ཡུངས་རྩང་ཐུར་ནང་ཁྲོལ་སོགས་ཀྱིས་བརྒྱན་པ་བཞག་པའི་མདུན་དུ་དྲག་མཆོད་བཤམ། ཉེ་ལོགས་ལྕོག་སྟེགས་སུ་ཕུར་པ། སྒྲོལ་གྲི །ཐུན་རྫས། བྱ་འུག་གི་སྒྲོ །གུ་གུལ་སོགས་འདུ་བྱའོ། །གཉིས་པ་དངོས་གཞི་ལ་རྣལ་འབྱོར་སྒྲུབ་པ་དང་ལས་ཀྱི་སྦྱོར་བ་གཉིས་ལས། དང་པོ་ནི། ཕྲིན་ལས་ཀྱི་གཞུང་བསྲང་སྟེ་བདག་བསྐྱེད་བཟླས་པ་དང་བཅས་པ་བྱ། གཉིས་པ་ལས་སྦྱོར་ལ་སྲུང་ཟློག་གཉིས་ལས། དང་པོ་ནི། པུ་རི་དཀར་པོའི་ཀློང་སྒྲོམ་དུ༔ རང་ཉིད་ཕྱག་རྒྱ་ཟིལ་གནོན་གསལ། །ཡེ་ཤེས་སེམས་དཔའི་ཐུགས་སྲོག་ཏུ། །བསྲུང་བྱ་དྭངས་མའི་ཐིག་ལེར་ཚུད། །མཐའ་སྐོར་སྔགས་ཕྲེང་སྤྲོ་བསྡུ་ཡིས། །འཁོར་འདས་བརྟན་གཡོའི་བྱིན་ནུས་བསྡུས། །ཕྱི་རོལ་ཕྱག་མཚན་འཁོར་ལོ་དྲུག །མེ་ཕུང་འབར་བས་བར་མེད་གཏམས། །མི་ཕྱེད་རྡོ་རྗེའི་རང་བཞིན་གྱུར༔ སྙིང་པོའི་མཐར། བཛྲ་ཀཱ་ཝཱ་ཙི་ཛྙཱ་ན་ཙཀྲ་རཀྵ་རཀྵ་བྷྲཱུྃ༔ ཞེས་བཏགས་པ་ཅི་ནུས་བཟླ། གཉིས་པ་ཟློག་པ་ནི། མཆོད་པ་བྱིན་བརླབ་ནས་བརྩམ། ཕྲིན་ལས་བསྐྱར་ཏེ་མདུན་བསྐྱེད་ཟློག་དཀྱིལ་ལ་དམིགས་ནས་སྒྲུབ་མཆོད་བསྟོད་པའི་བར་དུ་བཏང་། སྤྲོ་བསྡུ་སྤྱི་མཐུན་བྱས་ལ་དྲག་པོའི་བཟླས་པ་དང་། འོག་ནས་འབྱུང་བའི་ཐུན་སྔགས་ཅུང་ཟད་བཟླས་པས་ཐུན་རྫས་ལ་ངར་གདགས། ཕྲིན་ལས་ཀྱི་རྒྱབ་དཔུང་འཆོལ་བའི་ཆེད་དུ་བཀའ་གཏེར་སྲུང་མ་སྤྱི་དང་བྱེ་བྲག་ལ་གཏོར་མ་འབུལ་ཞིང་། ཚོགས་བྱིན་རླབས་ནས་བར་པ་བཤགས་པའི་བར་དུ་བཏང་། དངོས་གཞིའི་ཐོག་མར་གདབ་པའི་ལས་སྦྱོར་ལ་ཐུགས་དམ་བསྐུལ་བ་ནི། རོལ་ཆེན་རྐང་གླིང་བཤུགས་གླུ་གཡབ་དར་བཅས། ཧཱུྃ༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང༔ འཇིག་རྟེན་འཇིག་རྟེན་འདས་པའི་དུར་ཁྲོད་ནས༔ དཀོན་མཆོག་རྩ་བ་གསུམ་དང་ཆོས་སྐྱོང་ཚོགས༔ ཁྱད་པར་ཁྲག་འཐུང་འཇམ་དཔལ་གཤིན་རྗེའི་གཤེད༔ སྡེ་བརྒྱད་དྲེགས་པའི་དམག་དཔུང་དབྱིངས་ནས་བཞེངས༔ ད་དུས་བསྐལ་པ་སྙིགས་མའི་ཡང་མཐའ་འདིར༔ བསྟན་པ་གཉན་ལ་སྡང་བའི་དགྲ་དར་ན༔ ལེ་ལོ་བཏང་སྙོམས་གཡེལ་བ་མ་མཛད་པར༔ བསྟན་དང་བསྟན་འཛིན་བདག་གི་གྲོགས་ལ་དགོངས༔ ཆོས་ཀྱི་དབྱིངས་ནས་སྒྱུ་འཕྲུལ་དྲྭ་བའི་སྤྲིན༔ འཇམ་དཔལ་ཁྲོ་བོའི་ལྷ་ཚོགས་སྐུར་སྟོན་པ༔ རྣལ་འབྱོར་མོས་པའི་གདུང་ཤུགས་བཟོད་དཀའ་བས༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔ གསེར་སྐྱེམས། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་ཨཱཿཧཱུྃ་ལས་གསེར་སྐྱེམས་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཧཱུྃ༔ དཀོན་མཆོག་རིན་ཆེན་གསུམ་དང་རྩ་བ་གསུམ༔ ཁྱད་པར་འཇམ་དཔལ་ཞི་ཁྲོའི་ལྷ་ཚོགས་རྣམས༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་མཐུ་དང་དཔུང་སྐྱེད་ཅིག༔ ཕོ་རྒྱུད་མོ་རྒྱུད་མ་ནིང་དྲེགས་པའི་སྡེ༔ མ་མོ་མཁའ་འགྲོ་ཞིང་སྐྱོང་གནས་ཉུལ་ཀུན༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་མཐུ་དང་དཔུང་སྐྱེད་ཅིག༔ ལོ་ཟླ་ཞག་དུས་སྤར་སྨེ་ཚེས་ཀྱི་བདག༔ ཡུལ་ལྷ་གཞི་བདག་མཐུ་རྩལ་ལྡན་པ་ཀུན༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་མཐུ་དང་དཔུང་སྐྱེད་ཅིག༔ དེ་ནས་དཔང་གཟུག་པ་ནི། ཧཱུྃ༔ དུས་གསུམ་རྒྱལ་བའི་གདུང་འཚོབ་བླ་མ་རྗེ༔ དངོས་གྲུབ་ཀུན་འབྱུང་ཡི་དམ་དཀྱིལ་འཁོར་ལྷ༔ ཁྱད་པར་འཇམ་དཔལ་ཕྱག་རྒྱ་ཟིལ་གྱིས་གནོན༔ ཡབ་ཡུམ་བཀའ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ མཁའ་འགྲོ་དམ་ཅན་ལྷ་སྲིན་དྲེགས་པའི་ཚོགས༔ ལོ་ཟླ་ཞག་དུས་འདིར་གནས་བདག་པོའི་ཚོགས༔ མཐུ་ཆེན་དྲག་རྩལ་ལྡན་རྣམས་བདག་ལ་དགོངས༔ ཡེ་ཤེས་སྤྱན་གྱིས་སྒྲིབ་མེད་ད་གཟིགས་ལ༔ བདག་ནི་མ་ཉེས་མ་ལེན་དགྲ་བོས་ཉེས༔ སངས་རྒྱས་བསྟན་བཤིགས་སྐྱེ་བོ་ཡོངས་ལ་འཚེ༔ དགེ་འདུན་སྡེ་དཀྲུགས་ཆོས་མཛད་ཡོངས་ལ་བརྙསཿ བླ་མའི་སྐུ་དང་རིགས་དང་རྒྱུད་ལ་བསྡོས༔ སྔ་དགྲ་ལག་བརྡར་ཕྱི་དགྲ་ཡིད་ལ་སེམས༔ ད་དགྲ་ཐད་དུ་འཛུག་པའི་དགྲ་བོ་འདིས༔ ཡི་དམ་ལྷ་སྒོམ་བདག་ལ་ལྷ་མེད་ཟེར༔ ལྷ་དང་སྲུང་མ་ཁྱོད་ལ་མཐུ་མེད་ཟེར༔ ནག་པོའི་ཕྱོགས་སུ་གཞོལ་བའི་དགྲ་བོ་འདི༔ ད་ནི་མངོན་སྤྱོད་ཚུལ་གྱིས་སྒྲོལ་བར་མཛོད༔ མ་གཡེལ་མ་གཡེལ་མ་གཤིན་དྲེགས་པའི་ཚོགས༔ ཐུགས་དམ་གནད་ནས་བསྐུལ་ལོ་ས་མ་ཡ༔ བྲུབ་ཁུང་བསྐྱེད་པ་ནི། ཨེ་ཡཾ་རཾ་ཡོངས་སུ་གྱུར་པ་ལས་དྲག་པོའི་བཙོན་ཁང་གཏིང་རིང་བ༔ དུག་ལྔའི་རང་གཟུགས་འབྱུང་བ་ལྔ་འཁྲུག་ཅིང་ཕྱི་ནང་དུ་གཤིན་རྗེའི་དམག་ཚོགས་མཚོན་ཆ་སྣ་ཚོགས་འཛིན་པ་རྒྱོབ་སོད་ཀྱི་སྒྲ་སྒྲོག་པ་འཇིགས་སུ་རུང་བ༔ དེའི་ནང་དུ་དགྲ་བགེགས་བྱད་མ་ཉམ་ཐག་པའི་ལུས་ཅན་ངུ་འབོད་ལྷང་ལྷང་པ་ཞིག་ཏུ་གྱུར༔ བདེན་སྟོབས་བརྗོད་ཅིང་འགུག་པ་ནི། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་འཇམ་དཔལ་གཤིན་རྗེའི་གཤེད་པོ་ཕྱག་རྒྱ་ཟིལ་གྱིས་གནོན་པའི་ལྷ་ཚོགས་འཁོར་དང་བཅས་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས། བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་དུ་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་བསམ་པ། ད་དགྲ་ཐད་དུ་འཛུགས་པའི་གཟུགས་ཅན་སྡང་བའི་དགྲ་དང་། གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང་སྐད་ཅིག་ཡུད་ཙམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །སྙིང་པོའི་མཐར། དགྲ་བགེགས་བྱད་མ་གྲྀཧྞ་གྲྀཧྞ༔ བྷནྡྷ་བྷནྡྷ༔ ཨཱ་ཀརྵཱ་ཡ༔ ཨཱ་ཀརྵཱ་ཡ༔ ནཱ་ཤ་ཡ༔ ནཱ་ཤ་ཡ༔ ཧ་ར་ཧ་ར༔ མོ་ཧ་ཡ་མོ་ཧ་ཡ༔ ཛཿཧཱུྃ་བཾ་ཧོ༔ ཞེས་བཏགས་པ་ལན་གསུམ་གྱིས་བཀུག །ཁ་སྦྱོར་དབྱེ་བ་ནི། གུ་གུལ་བདུག །བྱ་འུག་གི་དོང་རུ་གཡབ་ལ། ཧཱུྃ༔ ཀཱ་ཀ་མུ་ཁ་མཐུ་མོ་ཆེ༔ མཐིང་ནག་ཆེན་མོ་བྱ་རོག་དབུ༔ ཧུ་ལུ་མུ་ཁ་མཐུ་མོ་ཆེ༔ སེར་ནག་ཆེན་མོ་འུག་པའི་དབུ༔ ཕྲ་མེན་རྣམ་གཉིས་དུས་ལ་བབ༔ ལྷ་དང་དགྲ་གཉིས་སོ་སོར་ཕྲོལ༔ སྔགས་མཐར། ཀཱ་ཀ་མུ་ཁ་ཧུ་ལུ་མུ་ཁ་དེ་ཝ་པྲ་བེ་ཤ་ཡ་ཕཊ༔ ཕུར་པ་ཐོགས་ལ། ཧཱུྃ༔ བདག་ཉིད་འཇམ་དཔལ་ཧེ་རུ་ཀ༔ རྩ་ཕྱག་ཉི་ཟླ་འབར་བའི་བར༔ མཐིང་ནག་ཧཱུྃ་ལས་སྐྱེས་པ་ཡི༔ ཡ་མཱནྟ་ཀ་ཀཱི་ལ་ཡ༔ སྐུ་སྟོད་ཁྲོ་བོ་ཆེན་པོ་ལ༔ སྐུ་སྨད་ཆུ་སྲིན་ཕུར་བུའི་དབལ༔ སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི༔ འོད་འཕྲོས་རྒྱལ་བའི་བྱིན་རླབས་བསྡུས༔ མཐུ་རྩལ་སྟོབས་ལྡན་བསྒྲིལ་ཙམ་གྱིས༔ དུས་ལ་བབ་པོ་ས་མ་ཡ༔ ཞེས་བསྒྲིལ་ཞིང་ཚེ་ཁྲུས་ཀྱི་དགོངས་པ་དང་ལྡན་པས་སྙིང་དཀར་ནག་མཚམས་སུ་བཏབ། སླར་ཕུར་རྩེ་ལས་ཐུན་རྫས་སྣ་ཚོགས་ཀྱི་ཆར་འབེབ་པར་བསམ་ལ། ཨེ༔ ཁྲོ་རྒྱལ་འདུས་པ་ཡུངས་དཀར་ཐོག༔ མ་མོ་ཁྲག་གི་རྦ་རླབས་འཁྲུགས༔ ཀླུ་བདུད་དུག་གི་ཁ་ཆུ་འབེབ༔ ཐིབས་གནོན་གདུག་པ་རྡོ་རྗེའི་མཚེ༔ གཟའ་རྒོད་མིག་དམར་གཟེར་མདའ་འཕེན༔ གཤིན་རྗེ་སྲོག་གཅོད་ཟངས་ལྕགས་ཆར༔ མཚོན་ཆ་སྣ་ཚོགས་རྡོ་ཡི་ཐུན༔ འབེབ་པ་ཟིལ་གནོན་སྤྲུལ་པས་འབེབ༔ འབེན་ནི་དགྲ་དང་བགེགས་ལ་བཅས༔ ཉམས་པའི་ལུས་སེམས་རྡུལ་དུ་རློག༔ ཅེས་དང་། རྡོ་རྗེ་ཕུར་པ་ཀཱི་ལ་ཡ༔ བཏབ་པས་འཁོར་འདས་མཐའ་གཉིས་བསྒྲལ༔ དགྲ་བགེགས་སྟེང་དུ་ཕུར་ཐུན་ཡ༔ རྩ་སྔགས་ཀྱི་མཐརཿ ཨེ་མྱག་ཡ་རྔུབས་མུག་ཤག་ཀ་དུན༔ དགྲ་བོའི་སྲོག་ལ་བྲེང་ཧུར་ཐུམས་ཛ་རྩ་ཁྲག་སྙིང་ཐུམ་རིལ་རཾ་ཤག་རྦད༔ སྲོག་ཐུམ་རིལ་ཛ་རྩ་ཁྲག་ཧུར་རཾ༔ སྙིང་ཐུན་རྦད་སྲོག་ལ་མཱ་ར་ཡ་བྷྱོ༔ ཞེས་དྲག་ཏུ་བརྗོད་ལ་ཕུར་བུ་བསྒྲིལ་ཞིང་ཐུན་བརྡེག །མཐར་ཕུར་པ་འོད་དུ་ཞུ་ཧཱུྃ་ཡིག་ཏུ་གྱུར་པ་བདག་ལ་ཐིམ་པས་མཐུ་རྩལ་དང་ལྡན་པར་གྱུར༔ རལ་གྲིས་གཏུབ་ཅིང་ཧོམ་གཟར་གྱིས་བསྟབ་ལ། ཨེ༔ འཇམ་དཔལ་ཁྲོས་པ་ཟིལ་གནོན་མཚོན༔ ཤེས་རབ་རལ་གྲི་རྣོན་པོ་ཡིས༔ དགྲ་བགེགས་གཟུགས་བརྙན་དུམ་བུར་གཏུབས༔ ཚེ་དང་བསོད་ནམས་རང་ལ་འདུས༔ རྣམ་ཤེས་དམིགས་མེད་ཆོས་དབྱིངས་ཐིམ༔ ཤ་ཁྲག་ཁྲོ་བོ་རྔམས་པའི་ཚོགས༔ དགྱེས་པ་ཆེན་པོའི་ཞལ་དུ་བསྟབ༔ མངོན་སྤྱོད་ཕྲིན་ལས་མཐར་ཕྱིན་མཛོད༔ ཨེ་ཧུར་ཐུམ་ཁཌྒ་ཏཱིཀྵྞ་ཧྲི་དིར་མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ འདིར་ཚོགས་ལ་རོལ་ཞིང་ལྷག་ཆོག་ཀྱང་བྱ། དེ་ནས་ཟློག་པའི་ཕྲིན་ལས་བཅོལ་བ་ནི། ལིང་རོ་ཁྲག་སྐྱེམས་དང་སྦྱར་བ་འབུལ་ཏེ་ཐོད་རྔ་སོགས་རོལ་མོ་བཅས། ཧཱུྃ་བྷྱོ༔ བདེ་གཤེགས་མཐུ་སྟོབས་འདུས་པའི་དཔལ༔ འཁོར་འདས་ཟིལ་གནོན་ཧེ་རུ་ཀ༔ ཡབ་ཡུམ་སྤྲུལ་པ་ཡང་འཁོར་བཅས༔ དབྱིངས་ལས་ཡེ་ཤེས་སྐུ་རུ་བཞེངས༔ དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ མངོན་སྤྱོད་དམོད་པའི་དུས་ལ་བབ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ དུག་གསུམ་རྒྱུ་འབྲས་ལས་བྱུང་བའི༔ ནད་རིགས་བཞི་བརྒྱ་རྩ་བཞི་ཟློག༔ མ་རིག་རྣམ་རྟོག་ལས་བྱུང་བའི༔ གདོན་བགེགས་སྟོང་ཕྲག་བརྒྱད་ཅུ་ཟློག༔ ཀུན་བཏགས་འཁྲུལ་པ་ལས་བྱུང་བའི༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག༔ གཞན་དབང་འཕོ་འགྱུར་ལས་བྱུང་བའི༔ དུས་མིན་འཆི་བ་བཅོ་བརྒྱད་ཟློག༔ ཕྱི་དོན་བདེན་ཞེན་ལས་བྱུང་བའི༔ འབྱུང་བཞི་ཕྱི་ཡི་གཡོ་འཁྲུག་ཟློག༔ རྩ་རླུང་ཐིག་ལེ་ལས་བྱུང་བའི༔ རྣལ་འབྱོར་ནང་གི་བར་ཆད་ཟློག༔ ང་བདག་འགོང་པོ་ལས་བྱུང་བའི༔ གཟུང་འཛིན་གསང་བའི་སུན་མ་ཟློག༔ འདོད་ཆགས་སྲེད་ཞེན་ལས་བྱུང་བའི༔ སྣོད་བཅུད་དབུལ་ཞིང་ཕོངས་པ་ཟློག༔ ཞེ་སྡང་གདུག་སེམས་ལས་བྱུང་བའི༔ བྱད་ཕུར་རྦོད་གཏོང་མཚོན་འཁྲུགས་ཟློག༔ གཏི་མུག་རྨོངས་པ་ལས་བྱུང་བའི༔ དམ་སྲི་ཀླ་ཀློའི་འཚེ་བ་ཟློག༔ ང་རྒྱལ་ཁེངས་སེམས་ལས་བྱུང་བའི༔ དྲེགས་པ་སྡེ་བརྒྱད་ཆོ་འཕྲུལ་ཟློག༔ ཕྲག་དོག་གདུག་རྩུབ་ལས་བྱུང་བའི༔ འཇིགས་ཆེན་བརྒྱད་དང་བཅུ་དྲུག་ཟློག༔ ཟློག་གོ་མི་མཐུན་རྣམ་རྟོག་ཚོགས༔ གཞི་དབྱིངས་ཀ་དག་ཀློང་དུ་ཟློག༔ བསྒྱུར་རོ་ལྟས་ངན་སེམས་བྱུང་ཀུན༔ གཞི་སྣང་ལྷུན་གྲུབ་ཆེན་པོར་སྒྱུར༔ ཐམས་ཅད་འོད་གསལ་གཉུག་མའི་དབྱིངས༔ འཁྲུལ་པ་དག་པའི་ཕྲིན་ལས་མཛོད༔ སརྦ་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཅེས་ཚར་གྲངས་བདུན་དགུ་སོགས་གང་འདོད་བསྐྱར་ལ། ལྷ་སྔགས་ཤམ་དུ། སརྦ་ས་མ་ཡ་སོགས་སྦྱར་བ་དང་། ཅུང་ཟད་སྤྲོ་ན། ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཨེ་ཀ་དུ་ན་ཟློག༔ མ་ཧཱ་དུ་ན་ཟློག༔ སརྦ་དུ་ན་ཟློག༔ ཙ་དུར་སྙིང་ལ་ཟློག༔ རཱ་ཙ་དུ་ན་ཟློག༔ ནཱ་ག་དུ་ན་ཟློག༔ ཤིག་ཤིག་དུམ་དུམ༔ ཚལ་པ་ཚལ་པ༔ ཨེ་ས་བྷྱོ་ཟློག་དགྲ་བགེགས་མཱ་ར་ཡ་ཕཊ༔ ཅེས་པའང་བཟླས་པའི་མཐར། བྷྱོ༔ གཞན་ཡང་ཟློག་ཅིང་བསྒྱུར་བ་ནི༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ གནོད་ཅིང་བར་དུ་གཅོད་པ་ཡི༔ ལྟས་ངན་བརྒྱད་ཅུ་རྩ་བཞི་ཟློག༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ༴ དུས་མིན་འཆི་དང་འཇིགས་བརྒྱད༴ གློ་བུར་བདུན་བརྒྱ་ཉི་ཤུ༴ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༴ གདོན་རིགས་སྟོང་ཕྲག་བཅོ་བརྒྱད༴ སྐེག་ཆེན་སུམ་བརྒྱ་དྲུག་ཅུ༴ ལྷ་ཆེན་དྲག་པོའི་གདུག་རྩུབ༴ ལྷ་མ་ཡིན་གྱི་རྒྱུ་སྟོབས༴ མགོན་པོའི་སྤར་བུ་བསྐོར་བ༴ གཤིན་རྗེའི་འཁྲུལ་འཁོར་བཅས་པ༴ དྲང་སྲོང་བྲམ་ཟེའི་དམོད་པ༴ གཟའ་ཡི་ཀིང་ཀང་འཕེན་པ༴ བཙན་ནད་གཟེར་ཁ་གཏོང་བ༴ ས་བདག་ཀླུ་ཡི་མཛེ་ནད༴ བནྡྷེའི་འབུམ་བསྐོར་བྱེད་པ༴ སྔགས་པའི་སྔགས་ཟོར་འཕེན་པ༴ བོན་གྱི་བཙོ་དམར་འཕེན་པ༴ མུ་སྟེགས་ངན་སྔགས་བྱེད་པ༴ བྱད་ཕུར་རྦོད་གཏོང་ཟུག་པ༴ མནན་གཏད་བསྲེག་འཕང་བྱས་པ༴ མོ་རྩིས་རྨི་ལམ་མཚན་ངན༴ སྔ་ཞགས་མདའ་ལྟར་འཕེན་པ༴ ཕྱི་ཞགས་གྲུ་གུར་འཐུལ་བ༴ མི་མཐུན་གནོད་པའི་ཕྱོགས་ཀུན༴ བཟློག་གོ་དམར་ཆེན་གཏོར་མས༴ བསྒྱུར་རོ་འཇམ་དཔལ་མཐུ་ཡིས་སྒྱུར༔ ཟོར་རོ་དགྲ་དང་བགེགས་ལ་ཟོར༔ བཅོམ་ལྡན་གཤིན་རྗེ་གཤེད་པོའི་ཚོགས༔ དམ་རྫས་མཆོད་པ་འདི་བཞེས་ལ༔ བྱད་དང་རྦོད་གཏོང་བསྒྱུར་བ་དང༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཨོཾ་ཡ་མཱནྟ་ཀ་ནྲྀ་ཏྲི་དགྲ་བགེགས་ཨ་མུ་ཀ་མཱ་ར་ཡ་རྦད་ཟློག༔ ཏྲིག་ནན་གཟིར་ནན་རྦུད་ཐུམས་ཟློག༔ མྱོགས་རྔུབས་མཱ་ར་ཡ་དུ་ན་ཟློག༔ གནོད་བྱེད་རཱུ་པ་ཙིཏྟ་ཧ་ན་ད་ཧ་པ་ཙ་ཚིནྡྷ་ཧཱུྃ་ཕཊ༔ མཱ་ར་ཡ་རྦད་ཟློག༔ ཅེས་ཟློག་པའི་ཕྲིན་ལས་བསྐུལ། སྡིགས་མཛུབ་ཀྱི་རྩེ་ནས་འཁོར་ལོ་སྤྲོས་པས་ཕ་རོལ་པོའི་བྱད་སྟེམས་བཟློག་པར་བསམ། ཨོཾ་ཧཱུྃ་ཏྲིག་ཁྲོམ་བྷྱོ༔ མ་ནི་མཱ་ར་ཎི་བྷྱོ༔ མཱ་ར་དུ་ན་བྷྱོ༔ རཀྨོ་རཀྴ་ན་བྷྱོ༔ ཏིང་ཡག་རཀྴ་བྷྱོ༔ དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་ཡ་མ་རཱ་ཛ་ཀི་ལ་ཡ་བྷྱོ༔ ཞེས་བདུན་ནམ་ཉེར་གཅིག་བཟླས་ལ་བདེན་སྟོབས་དང་ཐལ་རྡེབ་ཐུན་གཏོར་འབུལ་བ་སོགས་སྤྱི་ལྟར་བྱ། ཞག་གྲངས་བྱེད་ན་སྲུང་མའི་གཏོར་འབུལ་སོགས་ཕྲིན་ལས་རྗེས་ཀྱི་རིམ་པ་རྣམས་བྱའོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། གཏོར་མ་འཕེན་པའི་སྐབས་སུ་བབས་པ་ན་གོང་གི་སྔགས་ཟློག་ཡན་ཚར་བའི་རྗེས་མདུན་བསྐྱེད་ལ་མཆོད་བསྟོད་དང་ཡིག་བརྒྱ་བཟླས་ལ་བཟོད་གསོལ་བྱ། སློབ་དཔོན་དྲག་པོའི་ཆས་སུ་ཞུགས་ལ། ཧཱུྃ་ཕཊ་ཛཿ མདུན་བསྐྱེད་ཡེ་ཤེས་ཀྱི་འཁོར་ལོ་ནམ་མཁའི་དབྱིངས་སུ་བཞུགས། དམ་ཚིག་པ་བདག་ལ་ཐིམ། སླར་ཡང་གཏོར་ཆེན་ཟོར་རྫས་དང་བཅས་པ་སྐད་ཅིག་གིས་འཇམ་དཔལ་གཤིན་རྗེའི་གཤེད་དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཀྱི་དམག་ཚོགས་ཁྲོ་གཏུམ་འཇིགས་པའི་གཟུགས་ཅན་སྲིད་གསུམ་གང་བ། ནད་མཚོན་དུག་གི་ཆར་འབེབ་པས་དགྲ་བོ་སྒྲོལ་བའི་ལས་ལ་རྔམས་པར་གྱུར། ཅེས་དམིགས་ལ་རྩ་སྔགས་ལ་ཐུན་སྔགས་བཏགས་པ་ཅུང་ཟད་བཟླ། དམར་གཏོར་ཤ་ཁྲག་དང་བཅས་པ་ལ་དགྲ་བགེགས་འགུགས་བསྟིམ་བྱ། རྩ་སྔགས་གཤམ་དུ་གཏོར་སྔགས་བཏགས་པ་ལན་གསུམ་གྱིས་འབུལ། ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ནས་དྲག་པོའི་སྐུར༔ གདུག་པ་འདུལ་ཕྱིར་ཁྲོས་པའི་ལྷ༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད༔ མི་མངོན་དབྱིངས་ནས་ཐུགས་དམ་བསྐུལ༔ ཞི་རྒྱས་དབང་དང་དྲག་པོ་ཡི༔ ལས་རྣམས་འགྲུབ་པར་མཛད་དུ་གསོལ༔ ཟོར་ལམ་བསལ་ཞིང་སྒོ་དབྱེ་བ་ནི། ཧཱུྃ༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ན༔ གནས་པའི་སྣང་སྲིད་ལྷ་འདྲེའི་ཚོགས༔ གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ རིག་འཛིན་བདག་གི་བཀའ་ལ་ཉོན༔ དམར་ཆེན་དྲག་པོའི་གཏོར་ཟོར་འདི༔ ལྷ་སྲིན་ཚོགས་ལ་འཕེན་སྙམ་སྟེ༔ དཀར་པོའི་ཕྱོགས་ལ་མི་འཕེན་ནོ༔ ཁྱེད་རྣམས་རང་རང་གནས་ལ་གཤེགས༔ ཧཱུྃ༔ རྣལ་འབྱོར་ཟོར་འཕེན་གང་དུ་འཕེན༔ སྡང་དགྲ་གནོད་བགེགས་ཕྱོགས་སུ་འཕེན༔ ཕྱོགས་དེར་གནས་པའི་གཞི་བདག་རྣམས༔ སྐུ་ཟུར་དབུ་སྨོད་ཞབས་སྡུས་ལ༔ དོ་ནུབ་ཟོར་གྱི་ཟོར་ལམ་ཕྱེས༔ འཁོར་བཅས་དྲག་པོའི་དམག་སྣ་དྲོངས༔ སྡང་དགྲ་གནོད་བགེགས་ཕྱོགས་སུ་ཁྱེར༔ དཔའ་བའི་འཁྲུལ་འཁོར་དེར་ཤོམས་ཤིག༔ ཅེས་བསྐུལ་ཞིང་གསེར་སྐྱེམས་འཕེན་ཕྱོགས་སུ་མཆོད། ཆད་མདོ་བསྒྲག་པ་ནི། ཧཱུྃ༔ སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ༔ རྗེས་འཇུག་རྣལ་འབྱོར་སྐྱོང་བ་དང༔ བསྟན་པ་བསྲུང་བར་དམ་བཅས་པའི༔ བཀའ་ཡི་སྲུང་མ་འཁོར་དང་བཅས༔ འདིར་བྱོན་དམ་རྫས་གཏོར་མ་ལོངས༔ ཁས་བླངས་མ་གཡེལ་ཕྲིན་ལས་མཛོད༔ ཅེས་གཏོར་མ་ཕུལ་ལ་ཟློག་གཏོར་གཟའ་རྒོད་རྒྱུ་ཕྱོགས་དང་བསྟུན་ལ་ཁྱེར་ཏེ་འཕང་བའི་སར་སླེབ་པ་དང་། གསེར་སྐྱེམས་སྔོན་དུ་འགྲོ་བས། ཧཱུྃ༔ འཇམ་དཔལ་གཤིན་རྗེའི་བཀའ་ཉན་པ༔ དྲེགས་པ་སྡེ་བཞི་འཁོར་དང་བཅས༔ དེ་རིང་རྣལ་འབྱོར་ལས་བརྩམ་ན༔ སྒོ་རྣམས་ཕྱེས་ལ་འཕྲང་སོལ་ཅིག༔ ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་བཞི༔ གཙང་རིས་དཔལ་མགོན་བདུན་ཅུ་རྣམས༔ བཀའ་དང་དམ་ལས་མ་འདའ་བར༔ རུ་ང་ཕྲག་དོག་མ་མཛད་ཅིག༔ ཞབས་སྐུམ་སྐུ་ཟུར་དབུ་ཁུག་ལ༔ བདག་གིས་དམར་ཆེན་གཏོར་ཟོར་འཕེན༔ གདོང་དུ་སུ་ཡང་མ་འདུག་ཅིག༔ ཅེས་བརྗོད། དམིགས་བྱ་འབེན་དུ་བཟུང་ལ་འགུགས་གཞུག་བྱ། དཔང་གཟུག་པ་ནི། ཨེ་ཡ༔ མ་ཡོ་མ་བཅོས་གཟུ་དང་དཔང༔ དུས་གསུམ་བདེ་གཤེགས་རྒྱལ་བ་རྣམས༔ བདག་གི་གཟུ་དང་དཔང་པོ་མཛོད༔ འཇམ་དཔལ་གཤིན་རྗེའི་ལྷ་ཚོགས་རྣམས༔ བདག་གི་མགོན་དང་རྒྱབ་རྟེན་མཛོད༔ དེ་རིང་དྲག་པོའི་གཏོར་ཟོར་འཕེན༔ ཐུན་ཟོར་ཡུངས་དཀར་རྦབ་ཏུ་བསྒྲིལ༔ ལྷ་སྲིན་རྣམས་ལ་ཟོར་མི་འཕེན༔ ལྷ་སྲིན་རྣམས་ཀྱང་སྐུ་ཟུར་ཅིག༔ ཟོར་འཕེན་སྡང་བའི་དགྲ་ལ་འཕེན༔ དགྲ་བགེགས་ཐལ་བ་རྡུལ་དུ་རློགས༔ ཅེས་བསྐུལ། གཏོར་ཆེན་ལག་ཏུ་ཐོགས་ལ། ཧཱུྃ༔ དྲག་པོ་ཟོར་གྱི་དཔུང་ཚོགས་རྣམས༔ སྡང་དགྲ་ཐལ་བར་བརླག་པར་མཛོད༔ ལྕགས་སམ་དྲག་པོའི་སྣོད་ནང་དུ༔ འབྲུ་ནག་ལྔ་ལ་ངར་ཕྱེ་བྱས༔ དྲག་པོའི་བཤོས་བུ་ཟུར་གསུམ་བཤམས༔ དབུས་སུ་ཚེ་བདག་ཞལ་བཀོད་དེ༔ མར་མེ་ཡུངས་དཀར་རྩང་གིས་བརྒྱན༔ དུག་དང་ནད་དང་ཁྲག་གིས་བྲན༔ གནམ་ལྕགས་ཐོག་ཏུ་བྱིན་གྱིས་བརླབས༔ རི་རབ་ཙམ་གྱི་དཔལ་གྱི་ཟོར༔ སྟོང་གསུམ་གང་བའི་དམག་གི་ཚོགས༔ འཕང་བ་གཤིན་རྗེ་ཉིད་ཀྱིས་འཕང༔ བསྡིག་པ་དམ་ཉམས་དགྲ་ལ་སྡིགས༔ དགྲ་དཔུང་ཐལ་བའི་རྡུལ་དུ་རློགས༔ བདུད་ཀྱི་རུ་དར་ད་སྙོལ་ལ༔ བསྟན་པའི་རྒྱལ་མཚན་བསྒྲེང་བར་མཛོད༔ ཅེས་དང་ཟློག་སྔགས་དམོད་ཚིག་བཅས་བརྗོད་ལ་དགྲ་ཕྱོགས་སུ་འཕངས་པས། སྤྲུལ་པའི་དམག་དཔུང་ནམ་མཁའ་གང་བ་དཔའ་བའི་ངར་སྒྲ་དང་བཅས་དགྲ་བགེགས་ཀྱི་སྟེང་དུ་ཆས་ནས་དེ་དག་རྗེས་ཤུལ་ལྷག་མེད་དུ་བརླག་པར་བསམ་ལ། སྤྲོ་ན་གོང་གསལ། བྷྱོ༔ གཞན་ཡང་ཟློག་ཅིང་བསྒྱུར་བ་སོགས་ཀྱང་བརྗོད། ཡང་ཟློག་དམོད་པ་ཐལ་རྡེབ་བཅས་བྱ། སྡིགས་མཛུབ་ཀྱི་རྩེ་ལས་འཁོར་ལོ་དགུ་རིམ་འཕྲོས་པས་རྗེས་བཅད་པར་བསམ་ལ་དྲག་སྔགས་བརྗོད། རྡོ་རྗེའི་གུར་དུ་བདག་གཞན་བསྲུང་བྱ་ཐམས་ཅད་ཚུད་པར་བསམ་ལ་ལས་བྱང་བཞིན་སྲུང་འཁོར་གསལ་བཏབ། གཏོར་གཞོང་བཤལ་བའི་ཕུད་ཀྱིས་བརྟན་མའི་གཏོར་མ་བྲན་ལ་བྱིན་གྱིས་བརླབས་ཏེ། བྷྱོ༔ སློབ་དཔོན་པདྨ་ཐོད་ཕྲེང་གི༔ བཀའ་ཉན་མ་མོ་བརྟན་མའི་ཚོགས༔ དམ་རྫས་དཔལ་གྱི་གཏོར་མ་ལོངས༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་བརྟན་མ་བསྐྱངས་ལ། གཏོར་མནན་ནི། སྒྲུབ་ཁང་སྒོ་དྲུང་དུ་ས་ལ་ཆོས་འབྱུང་གི་དབུས་སུ་ནྲྀ་ཏྲི་བྲིས་པར་དམིགས་བྱ་འགུགས་གཞུག་བྱས་ལ་གཤིན་རྗེའི་བཙོན་ཁང་དུ་གཏད་པའི་སྟེང་གཏོར་སྣོད་རི་རབ་ཏུ་གྱུར་པས་མནན་པར་བསམ་ལ་རྡོ་རྗེའི་རྒྱས་གདབ་དང་བཅས་པས། ཧཱུྃ༔ ང་ནི་འཇིགས་བྱེད་ཆེན་པོ་སྟེ༔ ཁམས་གསུམ་ཐམས་ཅད་སྤྱི་ནས་གནོན༔ དགྲ་བགེགས་སྡིག་ཅན་འབྱུང་པོ་རྣམས༔ དུག་གསུམ་ལས་ཀྱི་ཁུང་བུར་མནན༔ མནན་ནོ་བཅིངས་སོ་སཏྭམྦྷ་ཡ༔ རྡོ་རྗེའི་བྲོ་ཡི་རྒྱས་བཏབ་པས༔ སུས་ཀྱང་འཇིག་པར་ནུས་མ་ཡིན༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ སཏྭམྦྷ་ཡ་ནན༔ ཞེས་ཁྲོ་བོའི་སྟངས་སྟབས་ཀྱིས་བྲོ་བརྡུང་། ཤིས་བརྗོད་ཤོ་ལོ་ཀ་གཅིག་ཙམ་བྱའོ། །དེ་ནས་ནང་དུ་ལོག་ལ་ཚེ་འགུགས་ཇི་ལྟར་རིགས་པའམ། རྩ་བའི་གཞུང་ལས་འབྱུང་བ་ལྟར་བྱ། ཆོས་སྲུང་གཏོར་འབུལ་སོགས་གཏོར་བསྔོའི་རྗེས་ཆོག་མཐར་དབྱུང། སྔར་བཏེགས་པའི་ནམ་མཁར་བཞུགས་པའི་ལྷ་རྣམས་ལ་མཆོད་ཅིང་བསྟོད་དེ་དངོས་གྲུབ་བླངས་ནས་རང་ལ་བསྟིམ། ཆད་ལྷག་ཁ་བསྐང་། དཀྱིལ་འཁོར་བསྡུ་ཞིང་བཀྲ་ཤིས་སྨོན་ལམ་གྱིས་མཐའ་བརྒྱན་པར་བྱའོ། །འཇམ་དཔལ་ཁྲོས་པའི་མཐུ་སྟོབས་ཀྱིས། །དུས་ཀྱི་འཇིགས་པའང་འཇོམས་གྱུར་ན། །གེགས་བྱེད་གཞན་པ་ལྟ་ཅི་སྨོས། །དེ་ཕྱིར་བར་ཆད་ཀུན་སེལ་བའི། །ལས་ཀྱི་སྦྱོར་བ་སྟོབས་ལྡན་འདིས། །བདུད་སྡེའི་དཔུང་ཚོགས་ཕྱིར་བསྙིལ་ཞིང་། །བསྟན་པའི་རྒྱལ་མཚན་ནུབ་མེད་བསྒྲེང་། །དེར་འཛིན་སྐུ་ཚེ་རབ་བརྟན་ཤོག །ཅེས་པ་འདིའང་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པའི་ཞལ་སྔ་ནས་རྗེས་སུ་བསྐུལ་ཞིང་། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ནས་ཁྲི་ཆེན་རྡོ་རྗེ་འཆང་འགྱུར་མེད་ཡིད་བཞིན་དབང་གི་རྒྱལ་པོས་ཐུགས་དམ་ཉམས་བཞེས་སུ་རྗེ་བླ་མར་བཀའ་བསྩལ་པ་དང་། གཏེར་སྲས་རིག་འཛིན་ཚེ་དབང་གྲགས་པས་བཀའ་ནན་ཡང་ཡང་ཕེབ་པར་བརྟེན། འཁོར་ལོའི་མགོན་པོ་གཏེར་ཆེན་བླ་མ་ཉིད་ལས་བཀའི་གནང་བ་ཞུས་ཏེ་སྔགས་རིག་འཛིན་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་ཡང་ཁྲོད་དེ་བི་ཀོ་ཊཱིའི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།

འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་ལས། སྨིན་བྱེད་ཀྱི་རིམ་པ་ཆུ་འབབས་སུ་བཀོད་པ་ཡེ་ཤེས་བདུད་རྩིའི་བཅུད་སྦྱིན་ (Volume 17, Text 37)

༄༅། །འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་ལས། སྨིན་བྱེད་ཀྱི་རིམ་པ་ཆུ་འབབས་སུ་བཀོད་པ་ཡེ་ཤེས་བདུད་རྩིའི་བཅུད་སྦྱིན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་མཉྫུ་ཤྲཱི་ཡ་མཱ་རི་ཡེ། ཡེ་ཤེས་ཀུན་གྱི་འབྱུང་གནས་ཆེ། །བླ་མ་དུས་དགྲའི་དབང་པོ་ལ། །བཏུད་ནས་རྡོ་རྗེའི་གཏོར་བླུགས་ཀྱི། །ཆོ་གའི་ལག་ལེན་གསལ་བཀོད་བྱ། །སྙན་བརྒྱུད་འཇམ་དཔལ་ཐུགས་ཏིག་གི་སྒོ་ནས་སྐལ་ལྡན་རྗེས་སུ་འཛིན་ཅིང་དོན་གྱི་དབང་བསྐུར་བ་སྦྱིན་པ་ན། སྟེགས་བུར་དཀྱིལ་འཁོར་རས་བྲིས་སམ་མཎྜལ་ལ་འབྲུ་ནག་ཁྲག་ཆང་གིས་གཤེར་བའི་ཚོམ་བུ་གཅིག་བཀོད་པའི་སྟེང་མཉྫི་ལ་བུམ་པ་མགུལ་ཆིངས་མཐིང་ནག་བཅུད་བཀང་ཁ་རྒྱན་མགུལ་ཆིངས་གཟུངས་རྡོར་ལྡན་པ་བཀོད། མདུན་ཕྱོགས་སུ་གཙོ་བོ་དང་ཡེ་ཤེས་སེམས་དཔའི་སྐུ་ཙཀ །དཔལ་ཆས། ཕྱག་མཚན་དྲུག་ཕྱོགས་བསྡུས་ཀྱི་ཙཀླི་རྣམས་དང་། གཡས་སུ་ཐོད་སྣོད་དུ་བམ་ཆེན་ཕྱག་ལེན་ལྟར་བཞེངས་པ། རྒྱབ་ཏུ་སྔགས་བྱང་དང་ཐོད་པར་མངར་གསུམ་ཆོས་སྨན་སྦྱར་བའི་ཆང་། རིག་ཙཀ །གཡོན་དུ་མཆོད་རྟེན་ནམ་སཱཙྪ་དཀར་པོ་རབ་གནས་ལྡན་པ་དང་མེ་ལོང་འཇའ་ཤེལ། མདུན་མཚམས་གཡས་གཡོན་དུ་ཚེ་འབྲང་བུམ་གཟུགས་དང་། དྲེགས་པའི་དམར་གཏོར་ཤ་ཁྲག་གིས་བརྒྱན་པ་རྣམས་བཀོད། མདུན་རྒྱབ་གང་བདེར་སྨན་རཀ་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་གཡས་སྐོར་དུ་བཤམ། གཞན་ཡང་ལས་བུམ་སྔོན་གཏོར། ཚོགས་ཆས་སོགས་ཕྲིན་ལས་ལ་དགོས་པའི་ཡོ་བྱད་རྣམས་འདུ་བྱས་ལ། ཕྲིན་ལས་གྱེར་ཚིག་གཅིག་གིས་བདག་མདུན་དབྱེར་མེད་དུ་བསྐྱེད་ཅིང་བཟླས་པའི་སྐབས་ཛཔ྄་ཁང་ཕྱེས་ལ། དཀྱིལ་འཁོར། བུམ་པ། སྐུ་གཟུགས། བམ། པུ་རི་རྣམས་རེ་རེ་བཞིན་དཀྱིལ་འཁོར་གྱི་ལྷར་གསལ་བཏབ་ལ་འཕྲོ་འདུའི་ཏིང་ངེ་འཛིན་དང་ལྡན་པས་བཟླས་བརྗོད་ཅི་འགྲུབ་ཀྱི་མཐར་སྟོང་ཚིགས་འབུལ་ཞིང་། སྐབས་འདིར་ཚེ་འབྲང་ལ་དམིགས་ཏེ། བདག་མདུན་ལྷར་གསལ་སོགས་དམིགས་བཟླས་ཚེ་འགུག་དང་བཅས་པ་གཏེར་གཞུང་བཞིན་གྲུབ་ནའང་ལེགས་སོ། །སྲུང་མའི་གཏོར་འབུལ་དང་ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་ཀྱི་བར་གྲུབ་པ་དང་། ལས་བུམ་དུ་བདུད་རྩི་འཁྱིལ་པའི་བསྐྱེད་བཟླས་བྱ། རིག་པའི་མེ་ཏོག་དོར་ལ་སློབ་མ་འཇུག་པར་གནང་བ་ནོད་དོ། །དེ་ནས་སློབ་མ་རྣམས་ལས་བུམ་གྱི་ཆུས་ཁྲུས་བྱ། ནང་དུ་འཇུག་པ་དང་ཕྲིན་ལས་ལྟར་བགེགས་གཏོར་གཏང་ཞིང་སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། དེ་ལ་འདིར་གསང་སྔགས་སྔ་འགྱུར་སྒྲུབ་སྡེ་ཆེན་པོ་བརྒྱད་ལས་འཇིག་རྟེན་ལས་འདས་པའི་རིགས་ལྔའི་ཡ་གྱལ། སྐུ་མཆོག་འཇམ་དཔལ་ཁྲོ་བོའི་སྒྲུབ་ཐབས་ཀྱི་མཐར་ཐུག་འཁོར་འདས་ཐམས་ཅད་ཀྱི་ཕྱག་རྒྱ་ཟིལ་གྱིས་གནོན་པ་ཆེན་པོ་ཀུན་ཁྱབ་དེ་བཞིན་གཤེགས་པའི་རིགས་སུ་སྒྲུབ་པ་ཡིན་ལ། དེའི་སྒྲུབ་ཐབས་བཀའ་གཏེར་གྱི་བཀའ་སྲོལ་མཚན་དང་རྣམ་གྲངས་ཀྱི་བྱེ་བྲག་རྒྱས་བསྡུས་མི་འདྲ་བ་ཇི་སྙེད་ཅིག་བྱོན་པ་ལས། སྐབས་སུ་བབས་པ་འདི་ནི་གྲུབ་པའི་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་ཉིད་གདུལ་བྱའི་སྣང་ངོར་མཁས་གྲུབ་རིག་པ་འཛིན་པའི་ཚུལ་དུ་སྣང་བ། གྲུབ་ཐོབ་གཏེར་སྟོན་ཡོངས་ཀྱི་འཁོར་ལོས་སྒྱུར་བ་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཐུན་མོང་མ་ཡིན་པའི་བཀའ་བབས་ཆེན་པོ་དྲུག་ཏུ་བཞུགས་པའི་ནང་ཚན་ཟབ་མོ་སྙན་བརྒྱུད་ཀྱི་སྐོར་ལས་བྱོན་པ་སྟེ། རྩ་བ་རྡོ་རྗེའི་གསུང་ལས། དང་པོ་རང་བྱུང་སྔགས་ཀྱི་རྒྱུད༔ ཟླ་གསང་བྱེ་བ་འབུམ་ཕྲག་ལས༔ སྙིང་པོའི་སྙིང་པོ་མདོ་ཙམ་ཞིག༔ འཇམ་དཔལ་བཟང་པོས་གནད་བསྡུས་ཏེ༔ བརྟུལ་ཞུགས་སྤྱོད་པའི་དབང་པོར་གཏད༔ བདག་ཉིད་བློ་ལྡན་མཆོག་སྲེད་ཀྱིས༔ འགའ་ཞིག་ས་ཡི་བཅུད་དུ་གཏམས༔ ལ་ལ་ཀློང་ལྔའི་སྒྲོམ་བུར་བསྩལ༔ སྙན་བརྒྱུད་འདི་ནི་སྐལ་ལྡན་ལ༔ དགོངས་པ་བྱིན་རླབས་ཚུལ་དུ་བཤད༔ ཅེས་གསུངས་པ་ལྟར༔ སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་དགོངས་པ། ཨོ་རྒྱན་གྱི་མཁན་པོ་བློ་ལྡན་མཆོག་སྲེད་རྩལ་གྱིས་སྙན་བརྒྱུད་ཟབ་མོར་གདམས་པའི་ཆོས་སྡེ། འཇམ་དཔལ་གཤིན་རྗེའི་ཐུག་ཏིག་གི་དབང་བསྐུར་ཟབ་མོ་བསྒྲུབ་པར་བགྱི་བ་ལ། ཞེས་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །བླ་མ་དང་འཇམ་དཔལ་ཧེ་རུ་ཀ་དབྱེར་མི་ཕྱེད་པའི་དྲུང་དུ་ཐལ་མོ་མེ་ཏོག་དང་བཅས་ཏེ་གུས་པའི་ཡིད་ཀྱིས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད༔ ཆོས་དབྱིངས་བདེ་བར་དགྱེས་རོལ་པའི༔ འཇམ་དཔལ་ཁྲག་འཐུང་དགོངས་སུ་གསོལ༔ ཧེ་རུ་ཀ་དཔལ་གྲོང་ཁྱེར་དུ༔ བདག་ཅག་འཇུག་ཅིང་སྨིན་པར་འཚལ༔ ལན་གསུམ། བླ་མ་དང་མདུན་བསྐྱེད་བཅོམ་ལྡན་འདས་དཔལ་ཆེན་གཤིན་རྗེའི་གཤེད་ཕྱག་རྒྱ་ཟིལ་གནོན་ལ་རྩ་གསུམ་དམ་ཅན་སྲུང་མའི་ཚོགས་ཀྱིས་བསྐོར་ཏེ་མངོན་སུམ་བཞུགས་པའི་སྤྱན་སྔར། རང་གཞན་ནམ་མཁའི་མཐའ་མཉམ་གྱི་མར་གྱུར་སྐྱེ་དགུ་མཐའ་དག་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ཨ༔ སྐྱེ་བ་མེད་པའི་ཡེ་ཤེས་ལས༔ འགག་མེད་སྣང་བའི་ཕྱག་རྒྱར་བཞེངས༔ དཔལ་ཆེན་འཇམ་དཔལ་ཧེ་རུ་ཀར༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ལན་གསུམ། རང་རིག་འཇམ་དཔལ་ཡེ་ཤེས་སེམས་དཔའི་རང་བཞིན་མ་རྟོགས་པས་འཁོར་བའི་འཁྲུལ་འཁོར་ལུ་གུ་རྒྱུད་དུ་འཕྱན་པའི་འགྲོ་བ་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་མི་གནས་པའི་མྱང་འདས་ཆེན་པོར་བསྒྲལ་བར་བགྱིའོ་སྙམ་པ་སྨོན་པ་དང་། དེའི་ཆེད་དུ་འཇམ་དཔལ་དུས་དགྲའི་དབང་པོའི་གཞིའི་སྨིན་བྱེད་སྔོན་དུ་འགྲོ་བས་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་སློབ་པར་བགྱིའོ་སྙམ་པ་འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧཱུྃ༔ དེ་བཞིན་ཉིད་དབྱིངས་མ་རྟོགས་པའི༔ འགྲོ་ལ་སྙིང་རྗེ་ཆེན་པོའི་བློས༔ རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱིས༔ ཁམས་གསུམ་སྒྲོལ་བར་སེམས་མཆོག་བསྐྱེད༔ ལན་གསུམ། ཡུལ་མཆོག་དེ་དག་གི་སྤྱན་སྔར་གསག་སྦྱོང་སྤེལ་གསུམ་གྱི་ཐབས་ཁྱད་པར་ཅན་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚུལ་བཞིན་དུ་བྱ་བའི་འདུན་པས་འདིའི་རྗེས་ཟློས། ཧོ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སོགས། དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་སྒོ་གསུམ་གྱི་གནད་གཅུན་ཏེ་དམིགས་པ་འདི་ལྟར་མཛད་འཚལ། ལས་ཆུ་དང་ལས་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཕྱི་སྣོད་ཀྱི་སྣང་བ་ལྷུན་གྲུབ་ཡེ་ཤེས་རོལ་པའི་གཞལ་མེད་ཁང་ཆེན་པོའི་དབུས་སུ། ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་དང་ཕྱོགས་སྐྱོང་མ་ཧེ་ཉི་ཟླ་བརྩེགས་པའི་གདན་གྱི་སྟེང་དུ། སློབ་མ་སྐད་ཅིག་གིས་འཇམ་དཔལ་གཤིན་རྗེའི་གཤེད་ཕྱག་རྒྱ་ཟིལ་གྱིས་གནོན་པའི་ཧེ་རུ་ཀ་མཐིང་ནག་འབར་བ་ཆེན་པོའི་སྐུ་ཅན། དབུ་གསུམ་གཡས་དཀར་གཡོན་དམར་དབུས་མཐིང་ནག་ཀླུ་གཉན་ས་བདག་དགྲ་བགེགས་ཟ་བ། ཕྱག་དྲུག་གཡས་གསུམ་འཁོར་ལོ་རལ་གྲི་རྡོ་རྗེ། གཡོན་གསུམ་བེ་ཅོན་གཏུན་ཤིང་སྡིགས་མཛུབ་སྒྲེང་བ། ཐོད་སྐམ་རིགས་ལྔའི་དབུ་རྒྱན་གསོལ་ཞིང་དྲེགས་པའི་སྙིང་དང་ནཱ་གའི་མགོ་བོའི་དོ་ཤལ་འཕྱང་བ། གླང་ཀོ་ཞིང་ལྤགས་སྟག་ཤམ་སྦྲུལ་ཆུན་སོགས་དཔལ་དང་དུར་ཁྲོད་རོལ་པའི་ཆས་དང་རིན་པོ་ཆེས་བརྒྱན་ཅིང་། གར་དགུའི་ཉམས་ལྡན་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་ཞབས་བཞི་འདོར་ཐབས་དྲེགས་པ་ཕོ་མོའི་དཔྱི་ནས་བརྫིས་པ། ཡུམ་གཏུམ་མོ་བཻ་ཏཱ་ལཱི་མཐིང་ནག་སྙིང་དང་གྲི་ཐོད་འཛིན་ཅིང་ཁྲོ་མོའི་ཆས་དང་ལྡན་པས་འཁྱུད་པ། རྒྱན་དང་སྤྲུལ་པའི་ལྷ་ཚོགས་རྣམས་ཀྱང་ཉི་མ་དང་འོད་ཟེར་བཞིན་དུ་རང་བྱུང་ལྷུན་གྲུབ་ཆེན་པོར་རྫོགས་པའི་ཐུགས་སྲོག་ས་བོན་དང་། བདག་མདུན་གྱི་ཐུགས་ཀའི་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས་པས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དྲག་པོ་ཨེའི་གཞལ་ཡས་ཁང་ནས། དུས་གསུམ་སངས་རྒྱས་ཐམས་ཅད་བཅོམ་ལྡན་འདས་ཕྱག་རྒྱ་ཟིལ་གནོན་གྱི་རྣམ་པར་ནམ་མཁའི་མཐའ་ཀླས་པར་བྱོན་ཏེ། མཚོ་ཆེན་པོ་ལ་ཆར་བབ་པ་ལྟར་སློབ་མའི་སྤྱི་བོ་དང་བ་སྤུའི་བུ་ག་ནས་ཞུགས་ཏེ་སྙིང་གར་ཐིམ་པར་མོས་ཤིག །གུ་གུལ་དུད་པ་དང་རོལ་མོའི་སྒྲ་སྦྱར་ལ། ཧཱུྃ༔ རྟོག་མེད་སྤྲོས་བྲལ་ཆོས་ཀྱི་དབྱིངས་ཉིད་ལས༔ སྟོང་པའི་ཆོས་ཉིད་ཡེ་ཤེས་རང་སྣང་བ༔ འཇམ་དཔལ་ཁྲོ་བོ་ཟིལ་གནོན་འཁོར་བཅས་ཀྱིས༔ དབང་དང་བྱིན་རླབས་མཐུ་དང་དངོས་གྲུབ་སྩོལ༔ ཅེས་དང་། སྙིང་པོའི་གཤམ་དུ་ཏིཥྛ་མ་ཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཛྙཱ་ན་མཎྜ་ལ་ཨཱ་བེ་ཤ་ཡ། ཞེས་དང་རོལ་མོ་དྲག་ཏུ་བྱས་ལ་བྱིན་དབབ། རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཞག་ཅིང་། ཡེ་ཤེས་པ་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ། ཞེས་བརྗོད་དོ། །དེ་དག་གིས་དབང་གི་སྔོན་དུ་འགྲོ་བ་འཇུག་པའི་ཆོས་རྣམས་གྲུབ་ནས་དངོས་གཞི་ལ་བུམ་པ། གསང་བ། ཤེར་ཡེ། བཞི་པ་རང་བྱུང་ཡེ་ཤེས། མཐའ་རྟེན་གྱི་དབང་བསྐུར་བ་རྣམས་རིམ་པར་བསྒྲུབ་པར་བགྱི་བའི་ཐོག་མར་བུམ་དབང་བསྐུར་བ་ལ། བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་དང་ནམ་མཁའ་གང་བར་བཞུགས་པའི་དབང་གི་ལྷ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་ཏེ། ཡེ་ཤེས་རིན་པོ་ཆེའི་བུམ་པ་རིགས་ལྔ་འདུས་པའི་བདུད་རྩིའི་བཅུད་ཀྱིས་གང་བས་སྤྱི་བོ་ནས་དབང་བསྐུར་བར་མོས་ཤིག ཨོཾ༔ ཡེ་ཤེས་དག་པ་བུམ་པའི་དབྱིངས༔ ཕྱག་རྒྱ་ཟིལ་གནོན་ཞུ་བའི་བཅུད༔ རིགས་ལྔ་འདུས་པའི་བདུད་རྩི་ཡིས༔ ཡེ་ཤེས་ལྔ་རུ་དབང་བསྐུར་རོ༔ སྔགས་མཐར་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་རྣམ་བུམ་གྱིས་དབང་བསྐུར་ཞིང་འཐོར་འཐུང་བྱ། དེ་ལྟར་བུམ་པའི་ཆུས་དབང་བསྐུར་པས་ཉོན་མོངས་ལྔའི་སྒྲིབ་པ་དག །ཕུང་པོ་ལྔ་གནས་གྱུར། ཡེ་ཤེས་ལྔའི་རྟོགས་པ་མངོན་དུ་བྱས། རྒྱལ་བ་རིགས་ལྔས་དབུ་བརྒྱན་པར་གྱུར། དེའི་རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ནུས་པ་སྟེར་བར་བྱེད་པའི་དབང་བསྐུར་བ་ལ། དང་པོ་སྐུའི་ནུས་པ་སྟེར་བར་བྱེད་པ་ཕྱག་རྒྱའི་དབང་གི་སླད་དུ། ཁྱེད་རང་ཟིལ་གནོན་ཕྱག་རྒྱ་ཆེན་པོའི་སྐུར་གསལ་བ་ལ་འོག་མིན་དང་ཁྱད་པར་མདུན་གྱི་དཀྱིལ་འཁོར་པ་ལས་ཡེ་ཤེས་ཀྱི་སྐུ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་ཏེ། སྤྱི་བོ་ནས་ཐིམ་པས་སྐུའི་ནུས་མཐུ་ཡོངས་སུ་རྫོགས་པར་ཐོབ་པའི་མོས་པ་མཛོད། སྐུ་སྤྱི་བོར་བཞག་ལ། ཧཱུྃ༔ རང་བྱུང་ཐིག་ལེ་ཉག་གཅིག་ལས༔ འཁོར་འདས་ཟིལ་གནོན་ལྷ་སྐུར་ཤར༔ གཉིས་མེད་ཕྱག་རྒྱའི་དབང་བསྐུར་བས༔ སྣང་ཞེན་གཟུང་འཛིན་རང་གྲོལ་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དཔལ་དང་དུར་ཁྲོད་རོལ་པའི་ཆས་ཐམས་ཅད་ཀྱིས་ཁྲོ་རྒྱལ་ཡོངས་ཀྱི་རྗེ་བཙན་ཆེན་པོར་མངའ་གསོལ་བར་མོས་ཤིག །ཁྲོ་ཆས་བཀོན་ཚུལ་བྱས་ལ། ཧཱུྃ༔ དཔལ་ཆེན་འབར་བ་དབང་གི་ཆས༔ དུར་ཁྲོད་ཆེན་པོའི་ལོངས་སྤྱོད་ཀྱིས༔ དྲེགས་པའི་སྟོབས་དང་སྲོག་འཕྲོག་པའི༔ རྗེ་བཙན་མཆོག་ཏུ་མངའ་གསོལ་ལོ༔ ཤྲཱི་ཧེ་རུ་ཀ་ཨཱ་ལཾ་ཀ་ར་ཨ་བྷི་ཥིཉྩ་མི༔ ཡེ་ཤེས་དྲུག་གི་རང་བཞིན་འབར་བའི་ཕྱག་མཚན་རྣམས་ཀྱིས་མངའ་གསོལ་བས་འཁོར་འདས་ཀྱི་ཕྱག་རྒྱ་ཟིལ་གྱིས་གནོན་པའི་བརྟུལ་ཞུགས་གྲུབ་པར་མོས་ཤིག །ཕྱག་མཚན་དྲུག་གཡས་གཡོན་དུ་གཏད་ལ། ཧཱུྃ༔ སྲིད་པའི་དྲྭ་བ་འཇོམས་ཤིང་གཅོད༔ ཉོན་མོངས་བདུད་འདུལ་བདུད་དགྲ་གསོད༔ གཟུང་འཛིན་ཚར་གཅོད་གདུག་པ་ཅན༔ བསྡིགས་ཤིང་ཟིལ་གནོན་དབང་བསྐུར་རོ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཨ་བྷི་ཥིཉྩ་མི༔ གཉིས་པ་གསུང་གི་ནུས་པ་སྟེར་བར་བྱེད་པ་སྔགས་ཀྱི་དབང་གི་སླད་དུ། དཔོན་སློབ་གཉིས་ཀ་ལྷར་གསལ་བའི་སློབ་དཔོན་གྱི་ཐུགས་ཀར་འཇམ་དཔལ་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཉི་སྟེང་ཧཱུྃ་ཡིག་གི་ནཱ་ད་ལས་ཡི་གེ་དྲུག་པ་དང་། ཧཱུྃ་མཐར་ཁྲོ་བོའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་ཆད། ཞལ་ནས་ཐོན། ཁྱེད་རང་གི་ཞལ་དུ་ཞུགས། ཐུགས་ཀར་ཡེ་ཤེས་སེམས་དཔའི་ཐུགས་སྲོག་ལ་ཐིམ་ཞིང་ཧཱུྃ་མཐར་འཁོད་པའི་མོས་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་ཝཱ་གཱི་ཤྭ་རི་མུྃ༔ ཞེས་པ་དང་། ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ༔ ཞེས་ལན་གསུམ། སྔགས་བྱང་མགྲིན་པར་བཞག་སྟེ་དེ་ཉིད་བརྟན་པར་བྱས་པའི་མོས་པ་མཛོད། ཧཱུྃ༔ དཔལ་ཆེན་གསང་སྔགས་རྡོ་རྗེའི་སྒྲ༔ རྟག་ཏུ་ཆུ་བོའི་གཞུང་བཞིན་ཟློས༔ རབ་འབྱམས་ཕྲིན་ལས་འགྲུབ་པ་དང༔ སྲོག་རྩོལ་དག་པའི་དབང་ཐོབ་ཤོག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ གསུམ་པ་ཐུགས་ཀྱི་ནུས་པ་སྟེར་བར་བྱེད་པའི་ཕྱིར་དགོངས་པ་ངོ་སྤྲོད་པ་ནི་རྡོ་རྗེའི་ཚིག་འདི་ལ་གསན་ཅིང་དོན་རིག་སྟོང་འོད་གསལ་མཐའ་དབུས་མེད་པའི་ངང་དུ་མཉམ་པར་འཇོག་པར་ཞུ། རྡོ་རྗེ་སྡིགས་མཛུབ་སློབ་མའི་སྙིང་གར་གཏད་ལ། ཧཱུྃ༔ ཨྱཻ་ཉིད་སྟོང་པ་ཆོས་འབྱུང་ལས༔ མ་སྐྱེས་གནས་པ་དྲན་པར་བྱ༔ རྒྱུ་རྐྱེན་སྔགས་ལས་མ་བསྐྱེད་པར༔ དབྱིངས་རིག་ཟུང་འཇུག་རྟོགས་པར་འགྱུར༔ ཨ་ཨ་ཨ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་བརྟན་པའི་སླད་དུ་བླ་མ་དང་དཀྱིལ་འཁོར་པའི་ཐུགས་ཡེ་ཤེས་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་འཕྲོས་ཏེ་སྙིང་གར་ཞུགས་པར་མོས་མཛོད། འཇམ་དབྱངས་སྐུ་སྙིང་གར་བཞག་ལ། དྷཱི༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ འཇམ་དཔལ་ངག་གི་དབང་ཕྱུག་ནི༔ རྟག་ཏུ་སྙིང་ལ་ཡང་དག་གནས༔ བྱིན་རླབས་མཆོག་གིས་དབང་བསྐུར་རོ༔ ཨོཾ་ཝཱ་གཱི་ཤྭ་རི་མུྃ༔ ཛྙཱ་ན་སཏྭ་ཨ་བྷི་ཥིཉྩ་མི༔ བཞི་པ་ཡོན་ཏན་གྱི་ནུས་པ་སྟེར་བའི་སླད་དུ་བམ་ཆེན་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་རྟེན་དང་བརྟེན་པར་བཅས་པ་ཡོངས་རྫོགས་སུ་གསལ་བ། སྤྱི་བོར་བཞག་པས་བམ་ཆེན་གསང་བ་རབ་འབྱམས་ཀྱི་དབང་ཐོབ་ནས་ཆོས་ཐམས་ཅད་བདག་མེད་པའི་དོན་ཁོང་དུ་ཆུད་དེ་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པར་མོས་ཤིག །བམ་སྤྱི་བོར་བཞག་ལ། ཧོ༔ དཔའ་བརྟུལ་སྔགས་ཀྱིས་བྱིན་བསྐྱེད་པའི༔ བམ་ཆེན་རྨེ་བའི་དོན་དང་སྦྱོར༔ རྡོ་རྗེ་འཛིན་པའི་དབང་ཐོབ་ནས༔ ཡེ་ཤེས་ཡོན་ཏན་ཡོངས་རྫོགས་ཤོག༔ མ་ཧཱ་མཱཾ་ས་གུ་ཎ་སིདྡྷི་ཨ་བྷི་ཥིཉྩ་ཧོ༔ བམ་གྱི་ཕྱི་རྒྱུད་ཀྱི་ལྷ་ཐམས་ཅད་ཙིཏྟའི་དཀྱིལ་འཁོར་ལ་འདུས། དེའང་དྭངས་མ་ལྔའི་ཐིག་ལེ་ལ་འདུས། དེ་སློབ་མའི་སྙིང་གར་འུབ་ཀྱིས་ཐིམ། བམ་ཉིད་ཡེ་ཤེས་ལྔའི་ངོ་བོ་བྱིན་རླབས་དང་དངོས་གྲུབ་ཀྱི་གཏེར་ཆེན་པོར་གྱུར་པ་ཉིད་ཡུལ་དབང་རོ་གཅིག་པའི་དེ་ཁོ་ནའི་རྣལ་འབྱོར་གྱིས་རོལ་པར་གྱིས་ཤིག །ཅེས་བརྗོད་ལ་གདོང་པ། ཁ་མིག་མགོ་བོ། ལུས་ཀྱི་ཆ་ཤས་ཏེ་དམེ་བ་ལྔ་པོ་ཅུང་ཟད་རེ་འཇོག་ལ་འོག་གི་གསང་དབང་སྐབས་སྦྱིན། འཕྲོས་རྣམས་སློབ་མ་ལ་སྦྱིན་ནོ། །ལྔ་པ་ཕྲིན་ལས་ཀྱི་ནུས་པ་སྟེར་བའི་སླད་དུ་སྐུ་གསུམ་ཡོངས་རྫོགས་མཚོན་པའི་པུ་རི་མཆོད་རྟེན་གྱིས་དབང་བསྐུར་བས་ལས་དྲུག་གི་བྱ་བ་ལ་དབང་སྒྱུར་བའི་མཐུ་སྟོབས་ཐོགས་མེད་དུ་ཐོབ་པར་མོས་ཤིག །པུ་རི་སྤྱི་བོར་བཞག་ཅིང་ལག་ཏུ་གཏད་ལ། ཧཱུྃ༔ སྲུང་དང་བཤིག་དང་བསད་པ་དང༔ ཟློག་དང་མནན་དང་འགུགས་པ་སོགས༔ རབ་འབྱམས་ཕྲིན་ལས་དབང་བསྒྱུར་བའི༔ ཡོངས་རྫོགས་མཆོད་རྟེན་དབང་བསྐུར་རོ༔ སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་བགྲོད་པ་དང་པོ་བདེ་ཆེན་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་བུམ་དབང་བསྐུར་པས། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་མཐོང། བམ་ཆེན་གསང་བ་དང་འབྲེལ་བའི་བུམ་དབང་ཐོབ། ལུས་ཀྱི་དྲི་མ་དག །གཙོ་བོར་སྐུའི་དམ་ཚིག་བསྲུང་། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསང་དབང་གི་སླད་དུ། བླ་མ་འཇམ་དཔལ་ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་པའི་ཆགས་པ་ཆེན་པོའི་སྒྲས་སངས་རྒྱས་ཐམས་ཅད་སྤྱན་དྲངས། དེ་དག་སྙོམས་པར་ཞུགས་ཏེ་ཐིག་ལེར་ཞུ་བ་རྩ་གནས་ཀྱི་ལྷ་ལ་ཐིམ། དེ་དག་ཀྱང་སྦྱོར་བ་མཛད་ཅིང་ཐིག་ལེར་ཞུ་སྟེ་དབྱེར་མེད་དུ་འདྲེས། ཉི་ཟླ་ཁ་དོག་དཀར་དམར་ངོ་བོ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དོན་དམ་བདེ་བ་ཆེན་པོ་ཉིད་པདྨ་བྷཉྫའི་སྣོད་དུ་གསང་རྫས་དང་རོ་གཅིག་ཏུ་བསྐྱིལ་བ་ཁྱེད་རང་རྣམས་ཀྱི་ལྗགས་ལ་བྱིན་པར་མོས་ཤིག །གསང་རྫས་བཀྲ་ཤིས་བུམ་པར་བམ་གྱི་དམེ་བ་ལྔ་བསྲེས་པ་སྦྱིན་ལ། ཨཱ༔ སྦྱོར་བ་དག་པའི་བྱང་ཆུབ་སེམས༔ མཚན་ལྡན་ཕྱག་རྒྱའི་པདྨོར་བསྐྱིལ༔ དཀར་དམར་ལྷག་པའི་དམ་ཚིག་རྫས༔ དཔའ་བོ་ཆེན་པོས་མཉམ་པར་རོལ༔ བོ་དྷི་ཙིཏྟ་གུ་ཧྱ་ཨ་བྷི་ཥིཉྩ་ཧོ༔ ཡེ་ཤེས་ཀྱི་བདུད་རྩི་ཤེལ་ལྟར་དྭངས་པ་བདེ་བ་ཚད་མེད་པ་སྐྱེད་པས་ལུས་ཀྱི་རྩ་གནས་ཐམས་ཅད་གང་སྟེ་འཁོར་བ་སྐྱེད་བྱེད་ཀྱི་ས་བོན་ཐམས་ཅད་བཅོམ། ནང་གི་ལྷ་གསལ་སྟོང་ནམ་མཁའ་དང་མཉམ་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པར་མོས་ཤིག །དེ་ལྟར་བགྲོད་པ་གཉིས་པ་བམ་ཆེན་གསང་བའི་དཀྱིལ་འཁོར་དུ་གསང་དབང་བསྐུར་པས། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཐོང་། གསང་བའི་དབང་ཐོབ། ངག་གི་དྲི་མ་དག །གཙོ་བོར་གསུང་གི་དམ་ཚིག་དང་བདུད་རྩི་ལྔའི་རིལ་བུ་བརྟེན་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། རིགས་དང་ལང་ཚོས་ཕྱུག་ཅིང་མཚན་ཉིད་ཡོངས་སུ་རྫོགས་པའི་ཕྱག་རྒྱ་མོ་ལག་ཏུ་གཏད་པར་མོས་ཤིག །རིག་ཙཀ་གཏད་ལ། ཧཱུྃ༔ བཀྲ་ཤིས་མཚན་ལྡན་གསང་བའི་ཡུམ༔ སངས་རྒྱས་ཀུན་གྱི་འབྱུང་གནས་ཆེ༔ འདིར་ཞུགས་འདི་ལྟོས་འདི་དོན་སྤྱོད༔ ལྷན་ཅིག་སྐྱེས་དགའི་དབང་ཐོབ་ཤོག༔ ཀརྨ་མུ་དྲ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་གཏད་པའི་རིག་མ་དང་འདུ་ཤེས་གསུམ་ལྡན་གྱི་སྒོ་ནས་མཉམ་པར་སྦྱོར་བས་ཡས་བབ་དང་མས་བརྟན་གྱི་དགའ་བ་བཅུ་དྲུག་གི་མཐར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བར་མོས་ཤིག །དེ་ལྟར་བགྲོད་པ་གསུམ་པ་མཚན་ལྡན་གཟུངས་མའི་ལུས་ཀྱི་དཀྱིལ་འཁོར་དུ་དབང་གསུམ་པ་བསྐུར་པས། བྷ་གའི་དཀྱིལ་འཁོར་མཐོང་། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །གཙོ་བོར་ཐུགས་ཀྱི་དམ་ཚིག་དང་བུད་མེད་ལ་མི་སྨད་པ་སོགས་བརྟུལ་ཞུགས་སྤྱོད་པ་ལ་དབང་། འབྲས་བུ་ཆོས་སྐུ་འཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བཞི་པ་རང་བྱུང་ཡེ་ཤེས་ཀྱི་དབང་གི་སླད་དུ། བརྡའི་རྫས་འདི་དག་གིས་མཚོན་བྱེད་དུ་བྱས་ཏེ་དོན་དབྱིངས་རིག་ཟུང་འཇུག་ཀ་དག་གི་དགོངས་པ་ནམ་མཁའ་དྲི་མ་མེད་པ་ལྟ་བུའི་རྩལ། ལྷུན་གྲུབ་ཡེ་ཤེས་ཀྱི་སྣང་བ་འཇའ་འོད་ཐིག་ལེར་ཤར་བ་རང་སྣང་གཞི་གྲོལ་ཆེན་པོ་དོན་དམ་གདོད་མའི་སངས་རྒྱས་འཇམ་དཔལ་ཡེ་ཤེས་སེམས་དཔའི་རང་བཞིན་དུ་ངོ་ཤེས་པར་གྱིས་ཤིག །མེ་ལོང་ཤེལ་རྡོ་བསྟན་ལ། ཧོ༔ ཀ་ནས་དག་པའི་དགོངས་པ་ལས༔ ལྷུན་གྲུབ་ཡེ་ཤེས་སྣང་བ་ཤར༔ ཟུང་འཇུག་ཟིལ་གནོན་ཕྱག་རྒྱ་ཆེ༔ རང་བྱུང་དོན་གྱི་དབང་ཐོབ་ཤོག༔ ཛྙཱ་ན་དྷཱ་ཏུ་ཨ་བྷི་ཥིཉྩ་ཨ་ཨ་ཨ༔ དེ་ལྟར་རང་བྱུང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཚིག་གི་དབང་བསྐུར་པས། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཐོང་། བཞི་པ་བདེ་བ་ཆེན་པོའི་དབང་ཐོབ། སྒོ་གསུམ་གྱི་དྲི་མ་མཐའ་དག་དག །དམ་ཚིག་བསྲུང་དུ་མེད་པའི་དོན་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་འཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད་དོ། །ལྔ་པ་མཐའ་རྟེན་གྱི་དབང་ལ་གཉིས་ལས། ཐོག་མར་དྲེགས་པའི་བཀའ་གཏད་པའི་སླད་དུ། ཁྱེད་རང་གཉེན་པོ་སྟོབས་ཀྱི་ལྷ་དཔལ་ཆེན་པོ་འཁོར་འདས་ཐམས་ཅད་ཀྱི་ཕྱག་རྒྱ་ཟིལ་གྱིས་གནོན་པའི་ང་རྒྱལ་དང་ལྡན་པ་ལ། དམར་གྱི་གཏོར་མ་མ་གཤིན་བདུན་བརྒྱ་ཉི་ཤུ་སོགས་ལས་བྱེད་དྲེགས་པའི་ཚོགས་སུ་གསལ་བ་ལ། རྡོ་རྗེའི་ཐ་ཚིག་གི་བཀའ་བསྒོས་ཏེ་བྲན་དང་འབངས་སུ་གཏད་པས་ཅི་ལྟར་བཅོལ་བའི་ཕྲིན་ལས་གཡེལ་བ་མེད་པར་བསྒྲུབ་པར་ཞལ་གྱིས་བཞེས་པར་མོས་ཤིག །དམར་གཏོར་ལག་ཏུ་གཏད་ལ། ཡ་བྷྱོ༔ ཆགས་སྡང་དབང་གིས་དྲེགས་པ་ནི༔ མ་མོ་གཤིན་རྗེའི་ཚོགས་ཡིན་ཏེ༔ དབང་སྡུད་བྲན་དུ་བཀོལ་ནས་ཀྱང༔ ཕྲིན་ལས་རབ་འབྱམས་སྒྲུབ་པར་གྱིས༔ ཡ་བྷྱོཿཨ་བྷི་ཥིཉྩ་ཧཱུྃ༔ གཉིས་པ་བཀྲ་ཤིས་ཚེ་ཡི་དབང་སྦྱིན་པ་ནི། ཚེ་འབྲང་འཁོར་འདས་ཡོངས་ཀྱི་ཚེའི་བདག་པོ་འཇམ་དཔལ་ཧེ་རུ་ཀར་གསལ་བས་བྱིན་གྱིས་བརླབས་པས། ཚེའི་རྫིང་བུ་ཡོངས་སུ་གང་། བསོད་ནམས་ཉི་ཟླའི་དཀྱིལ་འཁོར་རྒྱས། ཡེ་ཤེས་ཀྱི་རིག་རྩལ་གོང་དུ་འཕེལ་ཏེ་མི་ཤིགས་རྟག་པ་དམ་པ་འཆི་མེད་རྡོ་རྗེ་ཚེའི་དངོས་གྲུབ་ལ་མངའ་བརྙེས་པའི་མོས་པ་མཛོད་ཅིག །ཚེ་འབྲང་སྤྱི་བོར་བཞག་ལ། བྷྲཱུྃ༔ སྙིང་པོའི་སྲོག་དང་བྱང་ཆུབ་སེམས༔ མི་འགྱུར་ཐིག་ལེ་གཅིག་ཏུ་འཁྱིལ༔ རྡོ་རྗེ་ཚེ་ཡི་དབང་བསྐུར་བས༔ འཆི་མེད་རྟག་པའི་དབང་ཐོབ་ཤོག༔ ཨཱ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་བྷྲཱུྃ༔ ཚེ་གལ་གྱི་ཆ་ཤས་སྦྱིན། ཤིས་བརྗོད་ཇི་ལྟར་འོས་པ་བྱ་ཞིང་མེ་ཏོག་འཐོར་རོ། །དེ་ལྟར་ཟབ་མོ་སྙན་བརྒྱུད་ཀྱི་ཆོས་སྡེ་ལས་འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་གི་སྨིན་བྱེད་དབང་བསྐུར་ཟབ་མོ་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ། གཙོ་བོས་ཇི་ལྟར་སོགས་དམ་ཚིག་ཁས་བླང་། གཏང་རག་མཎྜལ་སོགས་སྤྱི་ལྟར་བྱ། ཕྲིན་ལས་ཀྱི་རྗེས་ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ་ནས་ཤིས་བརྗོད་ཀྱི་བར་མཐར་ཆགས་སུ་བྱའོ། །སྲིད་ཞིའི་སྙིང་པོ་འཇམ་པའི་དཔལ། །ལམ་འདིས་རང་ལས་མངོན་གྱུར་ཏེ། །ཡེ་ཤེས་སྣང་བ་དྲི་མེད་པས། །གཉིས་སྣང་འཁྲུལ་པ་ཀུན་སངས་ཤོག །ཅེས་པ་འདིའང་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པའི་ཞལ་སྔ་ནས་རྗེས་སུ་བསྐུལ་ཞིང་། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ནས་ཁྲི་ཆེན་རྡོ་རྗེ་འཆང་འགྱུར་མེད་ཡིད་བཞིན་དབང་གི་རྒྱལ་པོས་ཐུགས་དམ་ཉམས་བཞེས་སུ་རྗེ་བླ་མར་བཀའ་བསྩལ་པ་དང་། གཏེར་སྲས་རིག་འཛིན་ཚེ་དབང་གྲགས་པས་བཀའ་ནན་ཡང་ཡང་ཕེབ་པར་བརྟེན། འཁོར་ལོའི་མགོན་པོ་གཏེར་ཆེན་བླ་མ་ཉིད་ལས་བཀའི་གནང་བ་ཞུས་ཏེ་སྔགས་རིག་འཛིན་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་ཡང་ཁྲོད་དེ་བཱི་ཀོ་ཊིའི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།

སྙན་བརྒྱུད་འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་གི་སྨིན་གྲོལ་འབོགས་པའི་ལག་ལེན་ཕྱག་རྒྱ་གསང་བའི་བཅུད་འདུས་ (Volume 17, Text 38)

༄༅། །སྙན་བརྒྱུད་འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་གི་སྨིན་གྲོལ་འབོགས་པའི་ལག་ལེན་ཕྱག་རྒྱ་གསང་བའི་བཅུད་འདུས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། བརྟན་གཡོ་ཀུན་ཁྱབ་འཇམ་པའི་དཔལ། །ཉོན་མོངས་བདུད་དགྲའི་གཤེད་དུ་བཞེངས། །ཟིལ་གནོན་སྟོབས་ཀྱི་ཕྱག་རྒྱ་ཆེ། །བླ་མའི་སྐུ་རུ་བསྟན་ལ་འདུད། །ཟབ་མོ་སྙན་བརྒྱུད་ཀྱི་ཆོས་སྡེ་གཤིན་རྗེའི་ཐུགས་ཏིག་གི་སྨིན་བྱེད་དབང་བསྐུར་ཐམས་ཅད་ཀྱི་རྩ་བའམ་སྙིང་པོར་གྱུར་པ་ཉིད་སྒྲུབ་པ་ལ་སྦྱོར་དངོས་རྗེས་གསུམ་མོ། །དང་པོ་ནི། སྟེགས་བུར་རས་བྲིས་ཀྱི་དཀྱིལ་འཁོར་རམ་མཎྜལ་ལ་མེ་ཏོག་མཐིང་ནག་གི་ཚོམ་བུ་གཅིག་བཀོད་པའི་དབུས་སུ་མཉྫི་ལ་ཐོད་པའི་ནང་དུ་བམ་ཆེན་ལག་ལེན་ལྟར་བཅོས་པ། གཡས་སུ་བུམ་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་མཐིང་ནག་ཁ་རྒྱན་དང་བཅས་པ། གཡོན་དུ་མཆོད་རྟེན་བཀའ་གདམས་ལུགས་མ་ལྟ་བུ། མདུན་དུ་ཞི་བ་དང་ཁྲོ་བོའི་སྐུ་ཙཀ་གཉིས། ཁྲོ་ཆས་ཕྱོགས་བསྡུས་དང་ཕྱག་མཚན་དྲུག་བསྡུས་པའི་ཙཀླི་གཉིས། ཐོད་ཕྲེང་། སྔགས་བྱང་། དྲེགས་པའི་དམར་གཏོར། རྒྱབ་ཏུ་གསང་ཐོད་བདུད་རྩི། རིག་ཙཀ །ཤེལ་རྡོ། མེ་ལོང་། ཚེ་འབྲང་ཆང་གིས་སྦྲུས་པའི་རིལ་བུས་བསྐོར་བ་རྣམས་དང་། སྨན་རཀ་གཏོར་གསུམ། དྲག་མཆོད་སྤྱི་ལྟར་བཤམ། ལས་བུམ་དང་ཕྲིན་ལས་ལ་མཁོ་བའི་གཏོར་མཆོད་སོགས་ཚོགས་པར་བྱའོ། །དེ་ནས་ཐུགས་ཏིག་རྩ་བ་གཏེར་གཞུང་ལ་མ་འཐུས་མེད་ཀྱང་ཡན་ལག་གཞན་ནས་ཅུང་ཟད་ཁ་སྐོང་དགོས་པས། སྤྲོས་པ་བསྡུ་ན། རྗེ་ཉིད་ཀྱིས་གནང་བའི་རྒྱུན་ཁྱེར་ལྟར་བདག་མདུན་དབྱེར་མེད་དམ། སོ་སོར་ཚར་གཉིས་བསྐྱེད་བཟླས་སོ་སོའི་བློ་ཚོད་དང་བསྟུན། སྤྲོས་པ་ཅུང་རྒྱས་པར་བྱེད་ན་ལས་བྱང་གསར་བསྒྲིགས་ལྟར་བཏང་ལ་ཞི་བསྙེན་ཅི་འགྲུབ། དེ་ལས་བལྡབ་འགྱུར་ལྷག་ཙམ་མང་བའི་ཁྲོ་བོར་སྒྲུབ་པའི་བཟླས་པ་བྱ། བམ་དང་པུ་རི། རྣམ་བུམ་རྣམས་ལའང་སོ་སོར་ལྷ་དང་སྤྲོ་བསྡུ་གསལ་བར་དམིགས་པའི་བཟླས་པ་གྲུབ་ནས། མཆོད་བསྟོད་དང་བུམ་ལྷ་འོད་ཞུ་བྱ། དེ་ནས་གཏེར་གཞུང་རྒྱས་པའི་ལས་སྒྲུབ་ལྟར། ཚེ་སྒྲུབ་དམིགས་པ་དང་བཟླས་པ་གང་འགྲུབ་བྱས་ལ་མཐར་ཚེ་འགུགས་གཏང་ཞིང་ཚེ་བཅུད་སྒྲུབ་རྫས་ལ་བསྟིམ། ལས་བུམ་དུ་ལས་གཤིན་བསྐྱེད་བཟླས་སམ་སྔགས་ཙམ་གྱིས་བྱིན་བརླབ། ལས་བྱང་བཏང་ན་ཚོགས་མཆོད་བསྒྲལ་བསྟབ་ཡན་གྲུབ་ནས་རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ། །གཉིས་པ་དངོས་གཞི་དབང་བསྐུར་བ་ནི། སློབ་མ་ལ་ཁྲུས། བགེགས་བསྐྲད། མཚམས་གཅོད། སེམས་བསྐྱེད་གསལ་གདབ་བྱས་ལ། མཚམས་སྦྱོར་ཁྱད་པར། དེ་ལ་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུའི་གསང་བ་གཅིག་ཏུ་བསྡུས་པ་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད་པོ་ལ་རྩ་བཤད་མན་ངག་གི་རྒྱུད་དང་། བཀའ་བབས་གྲུབ་བརྙེས་ཀྱི་སློབ་དཔོན་སོ་སོས་བཀྲལ་པའི་མན་ངག་གི་བཀའ་སྲོལ་མཐའ་ཡས་པ་བཞུགས་ཤིང་། གངས་ཅན་འདིར་ཡང་སྔ་འགྱུར་རྙིང་མའི་ཕྱོགས་ལ་ངོ་བོའི་དབྱེ་བས་གཤེད་སྐོར་རིགས་ལྔ་དང་། རྣམ་པའི་ཚུལ་ལས་ཡེ་ཤེས་ལས་དང་འཇིག་རྟེན་པའི་ཚུལ་གསུམ། ཕྲིན་ལས་ཀྱི་བྱེ་བྲག་རྣ་ཆ་བརྒྱད་དུ་ཡོངས་སུ་གྲགས་པ་དང་། ཕྱི་འགྱུར་གསར་མའི་ཕྱོགས་ལ་དམར་ནག་འཇིགས་གསུམ་ནང་གསེས་དང་བཅས་པ་བྱོན་པ་ལས། འདིར་ཡེ་ཤེས་ཀྱི་གཤིན་རྗེ་གཤེད་པོ་དེ་བཞིན་གཤེགས་པའི་རིགས་འཁོར་འདས་ཀུན་གྱི་ཕྱག་རྒྱ་ཟིལ་གྱིས་གནོན་པ་ཞི་ཁྲོ་དྲིལ་སྒྲུབ་གཤེད་སྐོར་རྒྱ་མཚོའི་བཅུད་དང་སྙིང་པོ་ཕྱུང་པ་འདི་ནི། སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་ཉིད་རྡོ་རྗེ་སློབ་དཔོན་ཆེན་པོའི་སྐུར་སྣང་བ་མཁས་ཤིང་དངོས་གྲུབ་བརྙེས་པ་ཐམས་ཅད་ཀྱི་སྤྱི་རྗེ། སྤྲུལ་པའི་གཏེར་ཆེན་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་བཀའ་གཏེར་ཆོས་སྒོ་རབ་འབྱམས་ཀྱི་བཀའ་བབས་ཆེན་པོ་བདུན་བཞུགས་པའི་ནང་ཚན་ཟབ་མོ་སྙན་དུ་བརྒྱུད་པའི་ཆོས་སྐོར་ལས་བྱོན་པ་སྟེ། དེའང་མདོ་ཁམས་ཡོན་ཏན་གནས་ལྔ་གཅིག་འདུས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བཞུགས་པའི་སྐབས་སུ་དག་པའི་སྣང་བ་འབྱམས་ཀླས་པའི་ངང་། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་རང་བྱུང་མཆོད་རྟེན་བདེ་བྱེད་བརྩེགས་པའི་དྲུང་དུ་བཀའ་བབས་རིག་འཛིན་ཆེན་པོ་རྣམ་པ་དགུས་བྱིན་གྱིས་བརླབས་ཤིང་། རྒྱུད་དང་སྒྲུབ་སྡེའི་གདམས་པའི་སྙིང་པོ་རྣམས་ཀུན་འདུས་རིག་འཛིན་པདྨ་བདེ་བ་ཆེན་པོ་ཡེ་ཤེས་སྐུའི་རྣམ་རོལ་གཅིག་ཉིད་དུ་མར་འཆར་བས་སོ་སོར་བསྩལ་པ་ལས། འདིར་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་དགོངས་པ་ལྷུན་གྲུབ་རིག་འཛིན་བློ་ལྡན་མཆོག་སྲེད་ཀྱིས་རྗེས་སུ་གདམས་ཏེ་སྙན་བརྒྱུད་དུ་བསྩལ་པ་འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་གི་སྨིན་བྱེད་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །སློབ་དཔོན་འཇམ་དཔལ་གཤིན་རྗེ་གཤེད་དངོས་སུ་གསལ་བ་ལ་མོས་གུས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཆོས་དབྱིངས་བདེ་བར་དགྱེས་རོལ་པའི༔ འཇམ་དཔལ་ཁྲག་འཐུང་དགོངས་སུ་གསོལ༔ ཧེ་རུ་ཀ་དཔལ་གྲོང་ཁྱེར་དུ༔ བདག་ཅག་འཇུག་ཅིང་སྨིན་པར་འཚལ༔ ལན་གསུམ། དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་འཁོར་ལོ་རྩ་གསུམ་རྒྱལ་བ་ཆོས་སྲུང་དང་བཅས་པ་མཁའ་ཁྱབ་ཏུ་བཞུགས་པ་ལ། བདག་སོགས་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྩེ་གཅིག་གུས་པ་ཆེན་པོས་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ཨ༔ སྐྱེ་བ་མེད་པའི་ཡེ་ཤེས་ལས༔ འགག་མེད་སྣང་བའི་ཕྱག་རྒྱར་བཞེངས༔ དཔལ་ཆེན་འཇམ་དཔལ་ཧེ་རུ་ཀར༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ལན་གསུམ། ཕ་མར་གྱུར་པའི་མཁའ་མཉམ་གྱི་འགྲོ་བ་མཐའ་དག་དཔལ་ཧེ་རུ་ཀའི་གོ་འཕང་མཆོག་ལ་འགོད་པར་བྱ། དེའི་ཆེད་དུ་གསང་བའི་དཀྱིལ་འཁོར་ཆེན་པོར་སྨིན་བྱེད་ཟབ་མོའི་སྒོར་ཞུགས་ཤིང་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧཱུྃ༔ དེ་བཞིན་ཉིད་དབྱིངས་མ་རྟོགས་པའི༔ འགྲོ་ལ་སྙིང་རྗེ་ཆེན་པོའི་བློས༔ རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱིས༔ ཁམས་གསུམ་སྒྲོལ་བར་སེམས་མཆོག་བསྐྱེད༔ ལན་གསུམ། རྒྱུད་རྣམ་པར་དག་པར་བྱ་བའི་ཆེད་དུ་ཞིང་མཆོག་དམ་པ་དེ་དག་གི་སྤྱན་སྔར་ཚོགས་གཉིས་གསོག་ཅིང་སྡིག་སྒྲིབ་སྦྱོང་བ་དང་དགེ་རྩ་ཡོངས་སུ་སྤེལ་བར་བྱེད་པའི་དོན་དང་ཏིང་ངེ་འཛིན་རྗེས་སུ་དྲན་པས་རྒྱུན་བཤགས་ཡན་ལག་བརྒྱད་པ་འདིའི་རྗེས་ཟློས། ཧོ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སོགས་གསུམ། དབང་གི་གཞི་དགོད་ཅིང་ཡེ་ཤེས་པའི་བྱིན་རླབས་དབབ་པའི་སླད་དུ་ཁྱེད་རང་རྣམས་ལུས་ངག་ཡིད་གསུམ་གཅུན་ལ་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ཉིད་སྤྲོས་པ་དང་བྲལ་བའི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་ཀླུ་འབུམ། གཉན་ཁྲི། ས་བདག་སྟོང་དང་ཕྱོགས་སྐྱོང་མ་ཧེ་ཉི་ཟླའི་གདན་ལ་རིག་པའི་ངོ་བོ་ཨེ་མཐིང་ནག །དེ་ལས་སྐད་ཅིག་གིས་ཁྱེད་རང་རྣམས་བཅོམ་ལྡན་ཕྱག་རྒྱ་ཟིལ་གནོན་སྐུ་མདོག་མཐིང་ནག་ཞལ་གསུམ་གཡས་དཀར་གཡོན་དམར་བ། ཕྱག་དྲུག་གཡས་གསུམ་འཁོར་ལོ་རལ་གྲི་རྡོ་རྗེ། གཡོན་གསུམ་བེ་ཅོན་གཏུན་ཤིང་སྡིགས་མཛུབ་མཛད་པ། ཤིན་ཏུ་ཁྲོས་པའི་ཉམས་ཅན་དུར་ཁྲོད་ཀྱི་ཆས་རྣམས་ཀྱིས་བརྒྱན་པ། ཞབས་བཞི་འདོར་ཐབས་མེ་ཕུང་འབར་བའི་ཀློང་ན་འགྱིང་ཞིང་ཡུམ་མཐིང་ནག་སྙིང་དང་གྲི་ཐོད་འཛིན་པས་འཁྱུད་པའི་སྐུར་གསལ་ཐོབ་ཅིག །སློབ་དཔོན་དཔལ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་གྱི་སྣང་བ་ཆོས་ཀྱི་དབྱིངས་ཀུན་ཏུ་ཁྱབ་པར་འཕྲོས་པས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་དང་། རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱང་དཔལ་ཆེན་གཤིན་རྗེ་གཤེད་ཀྱི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་རྣམ་པར། ཁ་ཆར་བུ་ཡུག་འཚུབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པས་བྱིན་གྱིས་བརླབས་པའི་མོས་འདུན་དྲག་ཏུ་མཛོད་ཅིག །སྤོས་རོལ་དང་ཞི་དྲག་གི་སྔགས་མཐར། ཛྙཱ་ན་བཛྲ་ཨཱ་ཝེ་ཤ་ཡ་ཨ་ཨཱཿ བཏགས་པ་བརྗོད་ལ་དབབ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ། ཞེས་རྒྱ་གྲམ་མགོར་བཞག །དབང་དངོས་གཞི་ལ་བུམ་གསང་ཤེར་ཡེ་ཚིག་དབང་མཐའ་རྟེན་དང་ལྔར་ཡོད་པའི་དང་པོ་བུམ་དབང་ལའང་དངོས་དང་རྗེས་འབྲེལ་གཉིས་ལས། ཐོག་མར་བུམ་དབང་དངོས་ལ་འདུན་པ་འདི་ལྟར་མཛོད། སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མ་མཆིས་པ་དང་། དབང་ལྷ་ནམ་མཁའ་གང་བར་སད་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རྡོ་རྗེ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བའི་བུམ་པས་སྤྱི་བོ་ནས་དབང་བསྐུར་བར་མོས་ཤིག །རྣམ་བུམ་སྤྱི་བོར་བཞག་ལ། ཨོཾ༔ ཡེ་ཤེས་དག་པ་བུམ་པའི་དབྱིངས༔ ཕྱག་རྒྱ་ཟིལ་གནོན་ཞུ་བའི་བཅུད༔ རིགས་ལྔ་འདུས་པའི་བདུད་རྩི་ཡིས༔ ཡེ་ཤེས་ལྔ་རུ་དབང་བསྐུར་རོ༔ ཁྲོ་བོའི་སྔགས་མཐར། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཀ་ལ་ཤ་ཨ་བྷི་ཥིིཉྩ་ཨོཾ༔ བུམ་ཆུ་འཐོར་འཐུང་བྱ། བུམ་པའི་ཆུས་ལུས་ཀྱི་ནང་གང་། རྟོག་སྒྲིབ་བག་ཆགས་དང་བཅས་པའི་དྲི་མ་གཏོར་ཞིང་ཡེ་ཤེས་ལྔའི་ནུས་པ་རྒྱུད་ལ་བླུགས་པར་མོས་ཤིག །གཉིས་པ་རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་ལྔ་རིམ་པར་སྦྱིན་པ་ལ། དང་པོ་སྐུ་ཕྱག་རྒྱའི་དབང་གི་སླད་དུ་དཔལ་ཆེན་པོའི་སྐུ་ལས་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་པ་གཟི་བརྗིད་བསྐལ་མེ་ལྟར་འབར་བཞིན་པར་བྱོན། ཁྱེད་རང་རྣམས་ལ་ཐིམ་པས་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་སྐུ་དང་གཉིས་མེད་དུ་གྱུར་པར་མོས་ཤིག །སྐུ་ཙཀ་སྤྱི་བོར་བཞག་ལ། ཧཱུྃ༔ རང་བྱུང་ཐིག་ལེ་ཉག་གཅིག་ལས༔ འཁོར་འདས་ཟིལ་གནོན་ལྷ་སྐུར་ཤར༔ གཉིས་མེད་ཕྱག་རྒྱའི་དབང་བསྐུར་བས༔ སྣང་ཞེན་གཟུང་འཛིན་རང་གྲོལ་ཤོག༔ སྔགས་མཐར་ཀཱ་ཡ་ཨ་བྷི་ཥཱིཉྩ་ཨོཾ༔ རབ་འཇིགས་དུར་ཁྲོད་དྲག་པོའི་རྒྱན་ཆས་རྣམས་གནས་སོ་སོར་བགོས་ཏེ་མངའ་གསོལ་བས་འཁོར་འདས་ཟིལ་གྱིས་གནོན་པའི་སྟོབས་དང་གཟི་བརྗིད་ཀྱི་རྩལ་ཆེན་རྫོགས་པར་མོས་ཤིག །དུར་ཁྲོད་ཆས་རྣམས་བགོ་ཚུལ་བྱས་ལ། ཧཱུྃ༔ དཔལ་ཆེན་འབར་བ་དབང་གི་ཆས༔ དུར་ཁྲོད་ཆེན་པོའི་ལོངས་སྤྱོད་ཀྱིས༔ དྲེགས་པའི་སྟོབས་དང་སྲོག་འཕྲོག་པའི༔ རྗེ་བཙན་མཆོག་ཏུ་མངའ་གསོལ་ལོ༔ སྔགས་མཐར་ཤྲཱི་ཧེ་རུ་ཀ་ཨ་ལཾ་ཀཱ་ར་ཨ་བྷི་ཥཱིཉྩ་མི༔ འབར་བའི་ཕྱག་མཚན་རྣམས་སོ་སོར་བྱིན་པས་འཇིགས་པའི་བདུད་བཞི་དང་གསང་བའི་དགྲ་གསུམ་རྩད་ནས་གཅོད་པའི་མཐུ་སྟོབས་ནུས་པ་ཐོགས་མེད་དུ་ཐོབ་པར་མོས་ཤིག །ཕྱག་མཚན་རྣམས་ལག་གཡས་གཡོན་དུ་གཏད་ལ། ཧཱུྃ༔ སྲིད་པའི་དྲྭ་བ་འཇོམས་ཤིང་གཅོད༔ ཉོན་མོངས་བདུད་འདུལ་བདུད་དགྲ་གསོད༔ གཟུང་འཛིན་ཚར་གཅོད་གདུག་པ་ཅན༔ བསྡིགས་ཤིང་ཟིལ་གནོན་དབང་བསྐུར་རོ༔ སྔགས་མཐར་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཨ་བྷི་ཥཱིཉྩ་མི༔ དེ་རྣམས་ཀྱིས་ལྷ་དབང་ལུས་ལ་ཐོབ། གསལ་བརྟན་དག་གསུམ་དང་ལྡན་པའི་ལྷའི་སྐུ་བསྒོམ་པ་ལ་དབང་བ་ཡིན་པས། དེང་ཕྱིན་ཆད་སྣང་སྟོང་སྒྱུ་མ་ལྟ་བུའི་ལྷའི་དཀྱིལ་འཁོར་བསྒོམ་པ་དང་མ་བྲལ་བས་ཐ་མལ་གྱི་སྣང་ཞེན་ཀུན་ལ་བསྐྱེད་པ་ཕྱག་རྒྱའི་གཟེར་གྱིས་ཐེབས་པར་གྱིས་ཤིག །གཉིས་པ་གསུང་བཟླས་ལུང་གི་སླད་དུ་སློབ་དཔོན་དང་མདུན་བསྐྱེད་དབྱེར་མེད་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་འཇམ་དཔལ་དམར་སེར་རལ་གྲི་དང་གླེགས་བམ་འཛིན་པ། དེའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ནག །དེའི་ནཱ་ད་ལས་ཞི་སྔགས་ཡི་གེ་དྲུག་པ་འཕྲོས། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་གར་ཡེ་ཤེས་སེམས་དཔའ་དང་དེའི་ཐུགས་ཀར་ཉི་སྟེང་ཧཱུྃ་གི་ནཱ་དར་ཐིམ་པ་ལས་སྔགས་ཀྱི་གཟུགས་དང་འོད་ཟེར་འཕྲོས་པས་རྒྱལ་བ་རྣམས་མཆོད་ཅིང་མཁྱེན་བརྩེ་ནུས་པའི་བྱིན་རླབས་ཐམས་ཅད་ཚུར་བསྡུས་ཏེ་ཐིམ། སླར་ཡང་འོད་ཟེར་གྱི་སྣང་བ་འབར་བས་སྒྲིབ་གཉིས་ཀྱི་མུན་པ་སང་གིས་བསལ་བར་མོས་ལ་སྔགས་འདིའི་རྗེས་ཟློས། ཞི་སྔགས་ལན་གསུམ། སླར་ཡང་གུས་འདུད་བྱས་པའི་རྐྱེན་གྱིས་དཔལ་ཆེན་པོའི་ཐུགས་ཀའི་ཧཱུྃ་མཐར་ཁྲོ་བོའི་སྔགས་ཕྲེང་ལས་གཉིས་པ་འཕྲོས། ཞལ་ནས་ཐོན་ཏེ་ཁྱེད་རང་གི་ཞལ་དུ་ཞུགས། ཡེ་ཤེས་སེམས་དཔའི་ཐུགས་སྲོག་ཧཱུྃ་ཡིག་གི་མཐར་འཁོད་པ་ལས་སྐུ་དང་སྔགས་ཕྲེང་ཕྱག་མཚན་གྱི་ཚོགས་ཉི་ཟེར་གྱི་རྡུལ་ལྟ་བུ་འཕྲོས། སྣང་སྲིད་དག་པའི་འཁོར་ལོར་སྦྱངས། ཚུར་འདུས་ཏེ་ཁྱེད་རང་ལ་ཐིམ་པར་མོས་ལ་རྗེས་ཟློས། ཁྲོ་སྔགས་གསུམ། སྔགས་བྱང་དང་ཕྲེང་བ་མགྲིན་པར་བཞག་སྟེ་བརྟན་པར་བྱས་པར་མོས་ཤིག །ཧཱུྃ༔ དཔལ་ཆེན་གསང་སྔགས་རྡོ་རྗེའི་སྒྲ༔ རྟག་ཏུ་ཆུ་བོའི་གཞུང་བཞིན་ཟློས༔ རབ་འབྱམས་ཕྲིན་ལས་འགྲུབ་པ་དང༔ སྲོག་རྩོལ་དག་པའི་དབང་ཐོབ་ཤོགཿ སྔགས་མཐར་ཝཱ་ཀ་ཨ་བྷི་ཥཱིཉྩ་ཨཱ༔ དེས་སྔགས་དབང་ངག་ལ་ཐོབ། བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་བཟླས་བརྗོད་དང་། ཏིང་འཛིན་དམིགས་པའི་འཕྲོ་འདུ་བྱ་བ་ལ་དབང་བ་ཡིན་པས། དེང་ཕྱིན་ཆད་གྲགས་སྟོང་སྒྲ་བརྙན་ལྟ་བུའི་གསང་སྔགས་ཀྱི་བཟླས་པ་དང་། དགོངས་པ་རྣམ་བཞིའི་སྤྲོ་བསྡུ་ཆུ་བོའི་གཞུང་བཞིན་ཆད་པ་མེད་པས་ཐ་མལ་གྱི་སྒྲ་བརྗོད་དང་འཛིན་རྟོག་ཀུན་ལ་བཟླས་པ་སྔགས་དང་འཕྲོ་འདུ་ཏིང་ངེ་འཛིན་གྱི་གཟེར་ཐེབས་པར་གྱིས་ཤིག །གསུམ་པ་ཐུགས་དགོངས་པ་དོན་གྱི་ངོ་སྤྲད་པ་ནི། རྡོ་རྗེའི་ཚིག་གི་དོན་དྲན་པས་དབྱིངས་རིག་ཟུང་འཇུག་གི་ངང་དུ་མཉམ་པར་འཇོག་པར་ཞུ། སྡིགས་མཛུབ་སྙིང་གར་གཏད་ལ། ཧཱུྃ༔ ཨྱེ་ཉིད་སྟོང་པ་ཆོས་འབྱུང་ལས༔ མ་སྐྱེས་གནས་པ་དྲན་པར་བྱ༔ རྒྱུ་རྐྱེན་སྔགས་ལས་མ་བསྐྱེད་པར༔ དབྱིངས་རིག་ཟུང་འཇུག་རྟོགས་པར་འགྱུར༔ སྔགས་མཐར་ཨ་ཨ་ཨ་ཙིཏྟ་ཨ་བྷི་ཥཱིཉྩ་ཧཱུྃ༔ དཔལ་ཆེན་པོའི་ཐུགས་ཀ་ནས་ཡེ་ཤེས་སེམས་དཔའི་སྐུ་གཉིས་པ་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་གའི་ཡེ་ཤེས་སེམས་དཔའ་ལ་ཐིམ་པས་མཁྱེན་གཉིས་ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་ཞུགས་པར་མོས་ཤིག །ཞི་སྐུ་སྙིང་གར་བཞག་ལ། དྷཱི༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ འཇམ་དཔལ་ངག་གི་དབང་ཕྱུག་ནི༔ རྟག་ཏུ་སྙིང་ལ་ཡང་དག་གནས༔ བྱིན་རླབས་མཆོག་གིས་དབང་བསྐུར་རོ༔ ཨོཾ་ཝཱ་གཱི་ཤྭ་རི་མཱུྃ༔ ཛྙཱ་ན་སཏྭ་ཨ་བྷི་ཥཱིཉྩ་མི༔ དེས་ཆོས་དབང་སེམས་ལ་ཐོབ། འོད་གསལ་རྣམ་པར་མི་རྟོག་པའིི་འཇུག་ལྡང་ལ་དབང་བ་ཡིན་པས། དེང་ཕྱིན་ཆད་དབྱིངས་རིག་གཉིས་མེད་རང་བྱུང་གཉུག་མའི་གཤིས་ལ་རང་བབས་ཀྱི་བསམ་གཏན་དང་མ་བྲལ་བས་གཉིས་སུ་སྣང་བའི་ཆོས་ཐམས་ཅད་ལ་དགོངས་པ་མི་གཡོ་བའི་གཟེར་ཐེབས་པར་གྱིས་ཤིག །བཞི་པ་བམ་ཆེན་དཔལ་གཤིན་རྗེའི་གཤེད་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གསལ་བས་བྱིན་གྱིས་བརླབས་པས་ཡོན་ཏན་གྱི་དབང་དང་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ཤིག །བམ་ཆེན་སྤྱི་བོར་བཞག་ལ། ཧོ༔ དཔའ་བཏུལ་སྔགས་ཀྱིས་བྱིན་བསྐྱེད་པའི༔ བམ་ཆེན་རྨེ་བའི་དོན་དང་སྦྱོར༔ རྡོ་རྗེ་འཛིན་པའི་དབང་ཐོབ་ནས༔ ཡེ་ཤེས་ཡོན་ཏན་ཡོངས་རྫོགས་ཤོག༔ སྔགས་མཐར་མ་ཧཱ་མཱཾ་ས་གུ་ཎ་སིདྡྷི་ཨ་བྷི་ཥཱིཉྩ་ཧོ༔ བམ་གྱི་དཀྱིལ་འཁོར་པ་རྣམས་འོད་དུ་ཞུ། ཁྱེད་རང་རྣམས་ལ་ཐིམ། བམ་ཉིད་དམ་ཡེ་དབྱེར་མེད་པའི་བདུད་རྩིའི་བཅུད་དུ་འཁྱིལ་པ་མྱངས་པས་དངོས་གྲུབ་རྣམ་པ་གཉིས་རྩོལ་མེད་དུ་ཐོབ་པར་མོས་ཤིག །རྨེ་བའི་གནས་ལྔ་བསལ་ལ་བམ་བསིལ་ཏེ་དངོས་གྲུབ་ཏུ་སྦྱིན། དེས་བམ་ཆེན་གསང་བའི་དབང་བསྐུར་པ་ཐོབ། འཇམ་དཔལ་གཤིན་རྗེ་གཤེད་པོའི་ལས་དང་དངོས་གྲུབ་མཐའ་དག་བསྒྲུབ་པ་ལ་དབང་བ་ཡིན་པས། དེང་ནས་བརྩམ་སྟེ་ཕྲིན་ལས་བཞི་དང་གྲུབ་པ་ཆེན་པོ་བརྒྱད། ཁྱད་པར་ཟིལ་གནོན་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མངོན་དུ་བྱས་ནས་སེམས་ཅན་རྣམས་ལ་གནས་སྐབས་དང་མཐར་ཐུག་གི་ཕན་བདེའི་དཔལ་ཡོན་སྟེར་བ་ལ་བརྩོན་པར་གྱིས་ཤིག །ལྔ་པ་དཀྱིལ་འཁོར་ཡོངས་སུ་རྫོགས་པ་སྲུང་བ་སྟོབས་ཆེན་པུ་རིའི་དབང་བསྐུར་བས་ཕྲིན་ལས་ཀྱི་དབང་དང་བྱིན་རླབས་ཐོབ་པར་མོས་ཤིག །མཆོད་རྟེན་སྤྱི་བོར་བཞག་ལ། ཧཱུྃ༔ སྲུང་དང་བཤིག་དང་བསད་པ་དང༔ ཟློག་དང་མནན་དང་འགུགས་པ་སོགས༔ རབ་འབྱམས་ཕྲིན་ལས་དབང་བསྒྱུར་བའི༔ ཡོངས་རྫོགས་མཆོད་རྟེན་དབང་བསྐུར་རོ༔ སྔགས་མཐར་སརྦ་ཀརྨ་ཨ་བྷི་ཥཱིཉྩ་ཧཱུྃ༔ དེས་བཀའ་རྫོགས་མཆོད་རྟེན་གྱི་དབང་བསྐུར་པ་ཐོབ། གཤིན་རྗེ་གཤེད་པོའི་ཕྲིན་ལས་ཀྱི་འཁོར་ལོ་ཕྱོགས་མེད་དུ་བསྐོར་བ་ལ་དབང་བ་ཡིན་པས། སྲུང་བ་དང་ཞི་བའི་ལས་ཀྱིས་རྗེས་སུ་འཛིན་པ་དང་། ཟློག་བསད་མནན་འགུགས་དབྱེ་བསྐྲད་རེངས་རྨོངས་ལ་སོགས་པས་གདུག་པ་ཅན་ཚར་གཅོད་པའི་ཕྲིན་ལས་རྟག་ཏུ་བསྒྲུབ་པར་གྱིས་ཤིག །དེ་རྣམས་ཀྱིས་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་པ་ཐོབ། ལུས་རྩའི་སྒྲིབ་པ་དག །བསྐྱེད་རིམ་དབྱིབས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང་། ཞི་བའི་ལས་དང་རྣམ་སྨིན་རིག་འཛིན་འགྲུབ། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསང་བའི་དབང་ལ་འདུན་པ་འདི་ལྟར་དུ་མཛོད། སློབ་དཔོན་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་ཡབ་ཡུམ་མཉམ་པར་སྦྱོར་བའི་བྱང་ཆུབ་སེམས་ཀྱི་རྒྱུན་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ། ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་སྦྱར་བ་ཁྱེད་རང་རྣམས་ཀྱིས་མྱངས་པས་རྩ་ཁམས་ཐམས་ཅད་ལ་ཁྱབ་སྟེ་རང་བཞིན་བརྒྱད་ཅུའི་རྟོག་ཚོགས་འོད་གསལ་གྱི་དབྱིངས་སུ་ཐིམ་པར་མོས་ཤིག །ཐོད་པའི་བདུད་རྩི་སྦྱིན་ལ། ཨཱ༔ སྦྱོར་བ་དག་པའི་བྱང་ཆུབ་སེམས༔ མཚན་ལྡན་ཕྱག་རྒྱའི་པདྨོར་བསྐྱིལ༔ དཀར་དམར་ལྷག་པའི་དམ་ཚིག་རྫས༔ དཔའ་བོ་ཆེན་པོས་མཉམ་པར་རོལ༔ བོ་དྷི་ཙིཏྟ་གུ་ཧྱ་ཨ་བྷི་ཥིཉྩ་ཧོ༔ དེས་ནང་ལུས་ཀྱི་དཀྱིལ་འཁོར་ལ་བསྟེན་ནས་གསང་བའི་དབང་བསྐུར་པ་ཐོབ། ངག་རླུང་གི་སྒྲིབ་པ་དག །བདག་བྱིན་གྱིས་བརླབ་པའི་རྣལ་འབྱོར་བསྒོམ་པ་ལ་དབང་། རྒྱས་པའི་ལས་དང་ཚེ་དབང་རིག་འཛིན་འགྲུབ། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་མཚན་ཉིད་ཡོངས་སུ་རྫོགས་ཤིང་གཟུགས་དང་ལང་ཚོས་བརྒྱན་པའི་རིག་མ་ཡེ་ཤེས་ཀྱི་ཕྱག་རྒྱའི་ངོ་བོར་གྱུར་པ། ཁྱེད་རང་ལ་བྱིན་པ་དང་འདུ་ཤེས་སུམ་ལྡན་གྱི་སྒོ་ནས་སྙོམས་པར་ཞུགས་པས་ལུགས་འབྱུང་དང་ལུགས་ལྡོག་གི་ཐབས་ཤེས་དགའ་བ་བཅུ་དྲུག་ཉམས་སུ་མྱོང་བའི་མཐར་ཐུག་ལྷན་སྐྱེས་བདེ་བ་ཆེན་པོ་འཕོ་མེད་དུ་བརྟན་པར་མོས་ཤིག །རིག་ཙཀ་གཏད་ལ། ཧཱུྃ༔ བཀྲ་ཤིས་མཚན་ལྡན་གསང་བའི་ཡུམ༔ སངས་རྒྱས་ཀུན་གྱི་འབྱུང་གནས་ཆེ༔ འདིར་ཞུགས་འདི་ལྟོས་འདི་དོན་སྤྱོད༔ ལྷན་ཅིག་སྐྱེས་དགའི་དབང་ཐོབ་ཤོག༔ ཀརྨ་མུ་དྲ་མ་ཧཱ་སུ་ཁ་ཨ་བྷི་ཥཱིཉྩ་ཧཱུྃ༔ དེས་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པ་ཐོབ། ཡིད་ཐིག་ལེའི་སྒྲིབ་པ་དག །གཞན་ལུས་ཕོ་ཉའི་མྱུར་ལམ་བསྟེན་པ་ལ་དབང་། དབང་གི་ལས་དང་ཕྱག་རྒྱའི་རིག་འཛིན་འགྲུབ། འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །མེ་ལོང་དྭངས་པ་ནི་དབྱིངས་ཀ་དག་སྤྲོས་བྲལ་ནམ་མཁའ་ལྟ་བུ་མཚོན་ལ། འཇའ་འོད་དང་བཅས་པའི་ཤེལ་ནི་ལྷུན་གྲུབ་ཡེ་ཤེས་ཀྱི་སྣང་བ་འཇའ་ཚོན་ལྟར་འཆར་བ་མཚོན་པ་ཡིན་ཅིང་། དབྱིངས་སྟོང་ཉིད་གཤིས་ཀྱི་ངོ་བོ་དང་ཡེ་ཤེས་སྣང་བ་རིག་པའི་རང་བཞིན་ཟུང་དུ་འཇུག་པ་ནི་གདོད་ནས་རང་བྱུང་དོན་གྱི་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་ཆེན་པོ་སྟེ། དེ་ལྟ་བུའི་དོན་ལ་རྟག་ཏུ་མཉམ་པར་འཇོག་འཚལ། ཤེལ་རྡོ་མེ་ལོང་སྙིང་གར་བཞག་ལ། ཧོ༔ ཀ་ནས་དག་པའི་དགོངས་པ་ལས༔ ལྷུན་གྲུབ་ཡེ་ཤེས་སྣང་བ་ཤར༔ ཟུང་འཇུག་ཟིལ་གནོན་ཕྱག་རྒྱ་ཆེ༔ རང་བྱུང་དོན་གྱི་དབང་ཐོབ་ཤོག༔ ཛྙཱ་ན་དྷཱ་ཏུ་ཨ་བྷི་ཥཱིཉྩ་ཨ་ཨ་ཨ༔ ཞེས་དར་གཅིག་མཉམ་པར་བཞག །དེས་སྣང་སྲིད་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་རིག་པ་རྩལ་གྱི་དབང་ཐོབ་པ་ཡིན་པས། ཆ་མཉམ་ཤེས་བྱའི་སྒྲིབ་པ་དག །འོད་གསལ་རྡོ་རྗེ་སྙིང་པོའི་དོན་བསྒོམ་པ་ལ་དབང་། དྲག་པོའི་ལས་དང་ལྷུན་གྲུབ་རིག་འཛིན་འགྲུབ། འབྲས་བུ་མི་འགྱུར་རྡོ་རྗེ་མངོན་པར་བྱང་ཆུབ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ལྔ་པ་མཐའ་རྟེན་དབང་ལ་གཉིས་སུ་ཡོད་པ་ལས་དང་པོ་བསྟན་སྲུང་མཐུའི་དབང་གི་དོན་དུ་དམིགས་པ་འདི་ལྟར་མཛོད། ཁྱེད་རང་རྣམས་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་ང་རྒྱལ་བརྟན་པོས་འཁོད་པ་ལ། དམར་གཏོར་འདི་ཉིད་ལོ་ཟླ་ཞག་དུས་ཀྱི་འཆི་བདག་རྣམས་དང་། འཁོར་གྱི་མ་གཤིན་བདུན་བརྒྱ་ཉི་ཤུ། གཞན་ཡང་བཀའ་སྡོད་དྲེགས་པའི་ཚོགས་བཅས་དངོས་སུ་གསལ་བ། སློབ་དཔོན་དཔལ་ཆེན་གཤིན་རྗེ་གཤེད་པོས་བཀའ་བསྒོས་ཏེ་བྲན་དུ་གཏད་པས་གུས་འདུད་དང་བཅས་ཏེ་ཅི་བཅོལ་པའི་ཕྲིན་ལས་ཐོགས་མེད་དུ་བསྒྲུབ་པར་ཁས་བླང་བར་མོས་ཤིག །དྲེགས་པའི་དམར་གཏོར་ལག་ཏུ་གཏད། ཡ་བྷྱོ༔ ཆགས་སྡང་དབང་གིས་དྲེགས་པ་ནི༔ མ་མོ་གཤིན་རྗེའི་ཚོགས་ཡིན་ཏེ༔ དབང་སྡུད་བྲན་དུ་བཀོལ་ནས་ཀྱང༔ ཕྲིན་ལས་རབ་འབྱམས་སྒྲུབ་པར་གྱིས༔ སྔགས་མཐར་ཡ་བྷྱོཿཨ་བྷི་ཥཱིཉྩ་ཧཱུྃ༔ གཉིས་པ་བཀྲ་ཤིས་ཚེའི་དབང་བསྐུར་བ་ནི། འཁོར་འདས་བརྟན་གཡོའི་སྙིང་པོ་བྱང་ཆུབ་སེམས་ཀྱི་དྭངས་བཅུད་གཅིག་ཏུ་འཁྱིལ་པ་བཀྲ་ཤིས་ཚེའི་ཞལ་ཟས་ཀྱི་དབང་བསྐུར་བས། འཆི་མེད་རྟག་པ་དམ་པའི་གོ་འཕང་ལས་ནམ་ཡང་མི་འགྱུར་བ་འཇམ་དཔལ་རྡོ་རྗེའི་སྲོག་ཏུ་གྲུབ་པར་མོས་ཤིག །ཚེ་འབྲང་མགོར་བཞག །མཐའ་སྐོར་གྱི་རིལ་བུ་སྦྱིན་ལ། བྷྲཱུྃ༔ སྙིང་པོའི་སྲོག་དང་བྱང་ཆུབ་སེམས༔ མི་འགྱུར་ཐིག་ལེ་གཅིག་ཏུ་འཁྱིལ༔ རྡོ་རྗེ་ཚེ་ཡི་དབང་བསྐུར་བས༔ འཆི་མེད་རྟག་པའི་དབང་ཐོབ་ཤོག༔ སྔགས་མཐར་ཨཱ་ཡུརྫྙཱ་ན་ཨ་བྷི་ཥཱིཉྩ་བྷྲཱུྃ༔ དེ་ནས་མཚམས་སྦྱོར་དམིགས་པ་སྤྱི་འགྲེ་ལྟར་དང་། མེ་ཏོག་བྱིན་བརླབས་པ་འཐོར་ལ་བཀྲ་ཤིས་བརྗོད་ཅིང་རོལ་མོའི་སྒྲ་བྱ། དེ་རྣམས་ཀྱིས་འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་གི་སྨིན་བྱེད་དབང་བསྐུར་བའི་ཆོ་ག་ལེགས་པར་གྲུབ་པ་ལགས། །སྨིན་པ་གྲོལ་བར་བྱེད་པ་ཁྲིད་ཀྱི་རིམ་པ་གསན་པའི་ཡོན་དུ་མཎྜལ་ཕུལ། ཞེས་འབུལ་དུ་གཞུག །དེའང་རྒྱུད་དང་མན་ངག་ཐམས་ཅད་ཀྱི་སྙིང་པོའི་ཡང་བཅུད་ཕྱུང་པའི་ཁྲིད་ཚུལ་འདི་ལ། སྔོན་འགྲོ་སྣོད་རུང་དུ་བྱ་བ། དངོས་གཞི་འཁོར་ལོ་རྣམ་བཞིའི་དགོངས་པས་གྲུབ་མཐའ་དབྱིངས་སུ་སྐྱོལ་བ་གཉིས་སུ་ཡོད། དང་པོ་སྔོན་འགྲོ་སྣོད་རུང་དུ་བྱ་བ་ལ་ངེས་འབྱུང་གིས་བློ་བཅོས་པ། སྐྱབས་སེམས་ཀྱིས་གཞི་འདིང་བ། བླ་མའི་བྱིན་རླབས་ཀྱིས་ཡེ་ཤེས་འབེབ་པ་གསུམ་དུ་བསྟན། གཉིས་པ་འཁོར་ལོ་རྣམ་བཞིའི་དགོངས་པས་གྲུབ་མཐའ་དབྱིངས་སུ་སྐྱོལ་བ་ལ། དང་པོ་སྦྱང་གཞི་གནས་པའི་འཁོར་ལོ་འོད་གསལ་སྙིང་པོའི་གནས་ལུགས་ཐོས་པའི་ལྟ་བས་གཏན་ལ་འབེབས། གཉིས་པ་སྦྱང་བྱ་སྲིད་པའི་འཁོར་ལོ་རྩ་རླུང་བྱང་ཆུབ་ཀྱི་སེམས་ལ་བསམ་པའི་ཤེས་རབ་ཀྱིས་སྒྲོ་འདོགས་བཅད། གསུམ་པ་སྦྱོང་བྱེད་འདུལ་ཐབས་སྤྲུལ་པའི་འཁོར་ལོ་ལ། བུམ་དབང་ལམ་བྱེད་དབྱིབས་ཀྱི་ལམ་ལ་བརྟེན་ནས་འཁྲུལ་པའི་སྣང་བ་སྦྱང་། གསང་དབང་ལམ་བྱེད་སྔགས་ཀྱི་ཐབས་ལ་བརྟེན་ནས་ཀུན་བརྟགས་ཀྱི་ཞེན་པ་སྦྱང་། ཤེར་དབང་ལམ་བྱེད་གསང་རྩའི་གནད་ལ་བརྟེན་ནས་ཉོན་མོངས་ཀྱི་རྩ་བ་གཅོད། ཚིག་དབང་ལམ་བྱེད་ཀ་དག་གི་དགོངས་པ་དང་ལྷུན་གྲུབ་སྣང་བའི་གདངས་ལ་བརྟེན་ནས་ཆོས་ཐམས་ཅད་ཟད་སར་བསྐྱལ་པས། བཞི་པ་སྦྱངས་འབྲས་གདོད་ནས་བཞུགས་པའི་འཇམ་དཔལ་ཡེ་ཤེས་ཀྱི་འཁོར་ལོ་མངོན་དུ་བྱེད་པའི་ཚུལ་རྣམས། དོན་རྒྱ་ཆེ་ལ་ཚིག་ཉུང་ངུས་བསྟན་པའི་རྩ་བའི་གཞུང་རྡོ་རྗེའི་གསུང་འདི་ལྟར་ལགས་པས་ཐུགས་ལ་ངེས་པར་ཞུ། མཆོག་གི་ཡེ་ཤེས་ལམ་བྱེད་པ༔ སོགས་ནས། མཐར་ཐུག་འབྲས་བུ་ཆེན་པོ་འོ༔ ཞེས་པའི་བར་བརྡ་འཕྲོད་ངེས་དལ་བར་བཀླག །ནུས་ན་དོན་བཀྲོལ་ལ་བཤད། ཞེས་ཇི་སྐད་བསྟན་པའི་སྒོམ་དོན་རྣམས་རྒྱུད་ལ་སྦྱོར་བར་མཛད་འཚལ། དེ་རྣམས་ཀྱིས་འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་གི་སྨིན་གྲོལ་རིམ་པ་ཆ་ཚང་བ་གྲུབ་པ་ལགས་པས་སོགས་ཀྱིས་མཚམས་སྦྱར་ལ། དབང་གི་རྗེས་དམ་ཚིག་བསྒྲག་བཟུང་། གཏང་རག་མཎྜལ་ཕྱིན་སྤྱི་ལྟར་མཐར་དབྱུང་། སློབ་དཔོན་གྱིས་ལས་བྱང་ལ་བརྟེན་ན་ཚོགས་ལ་རོལ། ལྷག་མ་གཏོར་སྐྱོང་བྱ། རྒྱས་བསྡུས་གང་ཡིན་ཡང་གཏང་རག་མཆོད་བསྟོད། ནོངས་བཤགས། མདུན་རྟེན་གཤེགས་བསྟིམ་གང་འོས། བདག་བསྐྱེད་འཇུག་ལྡང་། བསྔོ་སྨོན་བཀྲ་ཤིས་བཅས་བྱས་པས་འགྲུབ་བོ། །གདོད་ནས་དག་མཉམ་འཇམ་དཔལ་རྡོ་རྗེའི་སྲོག །སྙིང་ལ་ཞུགས་དེ་ཕྱག་རྒྱའི་རྩལ་རྫོགས་ནས། །འཁོར་འདས་གཉིས་སྣང་རོ་གཅིག་ཟིལ་གྱིས་གནོན། །མཐར་འཛིན་བདུད་ཀྱི་ཕྱོགས་ལས་རྣམ་རྒྱལ་ཤོག །ཅེས་པའི་ཚུལ་འདི་ཚིག་ཉུང་ཡང་གཤེད་སྐོར་རྒྱ་མཚོ་ཙམ་གྱི་སྨིན་གྲོལ་ལས་ཚོགས་ཀྱི་སྙིང་པོ་བསྡུས་པ་ལྟ་བུའི་དོན་ཟབ་ཅིང་རྒྱས་པར་སྣང་བས། ཟབ་མོ་དོན་དུ་གཉེར་བའི་བློ་ཅན་སྲིད་ན་ཕན་པའི་སེམས་ཀྱིས་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།ཞེས་པའང་ཁ་སྐོང་དུ་པར་གསར་དུ་བསྒྲུབས་པའོ།། །།