Terdzo-TSA-013

From Rinchen Terdzö

དཔལ་ཚེ་བདག་ཕྱག་རྒྱ་ཟིལ་གནོན་གྱི་བསྙེན་ཡིག་སྲིད་གསུམ་དགྲ་ལས་རྣམ་པར་རྒྱལ་བ་

dpal tshe bdag phyag rgya zil gnon gyi bsnyen yig srid gsum dgra las rnam par rgyal ba

by  མི་ཕམ་རྒྱ་མཚོ་ (Mipam Gyatso)
revealed by  རྒྱ་ཞང་ཁྲོམ་རྡོ་རྗེ་འབར་ (Gya Zhangtrom Dorje Bar)
in cycle  གཤིན་རྗེ་གཤེད་ཕྱག་རྒྱ་ཟིལ་གནོན་ཚེ་བདག་ལྕགས་འདྲ་ (Gshin rje gshed phyag rgya zil gnon tshe bdag lcags 'dra)
Volume 17 (ཙ) / Pages 207-255 / Folios 1a1 to 25a6

[edit]

༄༅། །དཔལ་ཚེ་བདག་ཕྱག་རྒྱ་ཟིལ་གནོན་གྱི་བསྙེན་ཡིག་སྲིད་གསུམ་དགྲ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། རྒྱལ་ཀུན་ཡེ་ཤེས་རྡོ་རྗེ་ནི། །འཁོར་འདས་དབང་བསྒྱུར་ཆེ་བའི་མཆོག །ཕྱག་རྒྱ་ཟིལ་གནོན་ཁྲོ་བོའི་རྒྱལ། །ཚེ་བདག་ཧེ་རུ་ཀ་ལ་འདུད། ཁྲོ་ལ་ཁྲོར་མཛད་གཤིན་རྗེའི་གཤེད། །སྣང་སྲིད་ཀུན་བདག་དཔལ་ཆེན་པོའི། །བསྙེན་སྒྲུབ་ལས་ཀྱི་བྱ་བ་ལ། །འཇུག་པའི་རིམ་པ་མདོ་ཙམ་འབྲི། །དེ་ཡང་འདིར་དུས་གསུམ་རྒྱལ་བའི་དགོངས་བཅུད། དབྱིངས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་སྙིང་ཁྲག་གི་དྭངས་མ་ལྟ་བུ། ཟབ་པ་ལས་ཀྱང་ཟབ་པ་ཐུན་མིན་སྔ་འགྱུར་བཀའ་གཏེར་གྱི་ཆོས་སྡེ་རིན་པོ་ཆེའི་བང་མཛོད་ལྟ་བུ་ལས། དྲག་སྔགས་ཀྱི་མཐར་ཐུག་པ་དཔལ་ཚེ་བདག་ཕྱག་རྒྱ་ཟིལ་གནོན་གྱི་བསྙེན་སྒྲུབ་ལས་གསུམ་ལ་བརྟེན་ནས། གནས་སྐབས་སུ་བསྟན་འགྲོའི་ཕན་བདེ་འཕྲོག་པའི་གདུལ་དཀའ་མི་དང་མི་མིན་གྱི་སྡེ་ཚོགས་ཐལ་བར་བརླག་པ་དྲག་པོའི་ཕྲིན་ལས་གཙོ་བོར་གྱུར་པའི་ལས་རབ་འབྱམས་སྒྲུབ་ཅིང་། མཐར་ཐུག་བདུད་བཞིའི་གཡུལ་ལས་རྒྱལ་བ་དཔལ་ཧེ་རུ་ཀའི་གོ་འཕང་མངོན་དུ་མཛད་ནས་ནམ་མཁའ་ཇི་སྲིད་དུ་རྟག་ཁྱབ་ཀྱི་ཕྲིན་ལས་རླབས་པོ་ཆེ་འཇུག་པའི་མཆོག་དོན་དུ་གཉེར་བ། སྙིང་རྗེ་ཆེན་པོ་ཕུལ་དུ་བྱུང་ཞིང་དད་སོགས་དབང་པོའི་སྟོབས་ལྷག་པར་གྱུར་པ་གང་གིས་བྱ་བའི་རིམ་པ་ལ་བསྙེན་སྒྲུབ་ལས་གསུམ་གྱི་དང་པོ་ལ། རྟེན་གནས་དུས་དང་ཡོ་བྱད་ཆོ་ག་ཕུན་སུམ་ཚོགས་པ་ལྔ་ཡི་ཐོག་མར་གང་གིས་སྒྲུབ་པ་པོ་རྟེན་གྱི་གང་ཟག་ནི། པད་གནུབས་ཆུ་བོ་གཉིས་འདྲེས་ཀྱི་བརྒྱུད་པ་སེལ་མེད་ལས་འོང་བ། འཁོར་འདས་ཟིལ་གནོན་ཧེ་རུ་ཀའི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་ལེགས་པར་ནོས་ཤིང་། སྒྲུབ་པ་ཆུད་མི་ཟ་བ་དམ་ཚིག་དང་སྡོམ་པ་ཉིད་ལ་རག་ལས་པར་ཡིད་ཆེས་པས་བསྲུང་སྡོམ་སྲོག་གི་ཕྱིར་ཡང་མི་གཏོང་བ་དང་། དོན་དམ་ལྷག་པའི་བདེན་པ་དབྱེར་མེད་ཆོས་སྐུ་ཆེན་པོའི་གནས་ལུགས་གང་ཞིག །སྤྲོས་པའི་གཟེབ་ཏུ་མ་བཅུག་པར་བློ་འདས་ཀྱི་ངང་ནས་ཡིན་ལུགས་གནད་དུ་ཁེལ་བའམ། ངེས་ཤེས་ཀྱིས་བློ་གདིང་ཁེལ་པ་དང་། དེའི་རྩལ་ལས་སྣང་སྲིད་དཀྱིལ་འཁོར་གསུམ་དུ་ཡིད་ཆེས་པ་ཟབ་མོའི་ལྟ་བ་དང་ལྡན་པའི་སྒོ་ནས། སྦྱོར་སྒྲོལ་གྱི་བརྟུལ་ཞུགས་རྨད་དུ་བྱུང་བ་ལ་ནང་བྱན་ཚུད་ཅིང་། ཆོ་གའི་ལས་རིམ་མཐའ་དག་ལ་མ་རྨོངས་ཤིང་ཚུལ་བཞིན་ཞུགས་པའི་སྒྲུབ་པ་པོས། ལུང་ལས་བཤད་པ་བཞིན་ཞི་སོགས་ཀྱི་ལས་དང་མཐུན་པའི་གནས་འགལ་སྤངས་མཐུན་འཛོམས་ཀྱི་ཕྱོགས་སུ། ལས་སོ་སོ་དང་མཐུན་པའི་ལོ་ཟླ་ཞག་དུས་གཟའ་སྐར་སོགས་འཆར་ཞིང་དགེ་བ་རབ་བསྔགས་ཀྱི་དུས་ནས་དབུ་བཙུགས་ཏེ་ལས་རིམ་ལ་འཇུག་པར་བྱ་ཞིང་། དེ་ཡང་བསྙེན་སོགས་སོ་སོའི་དུས་ཀྱི་ཡོ་བྱད་རྣམས་མ་ཚང་བ་མེད་པར་འདུ་བྱས་ནས་མཚན་ཉིད་ཚང་བའི་གྲོགས་དང་བཅས་པའམ་རང་གཅིག་པུས་ཀྱང་རུང་སྟེ། ཆོ་གའི་ཡན་ལག་ཚང་ལ་མ་ནོར་བ་དང་ལྡན་པའི་སྒོ་ནས་གསང་སྔགས་ཚུལ་བཞིན་བཟླ་ཞིང་། དེའི་ཚེ་གསང་སྔགས་མི་འགྲུབ་པའི་འགལ་རྐྱེན་སྤང་ཞིང་། སྔགས་ཀྱི་སྟོབས་བསྐྱེད་པའི་མཐུན་རྐྱེན་ཐབས་ཟབ་མོ་རྣམས་ཀྱང་ཚོགས་པར་བྱས་ན་མྱུར་དུ་འགྲུབ་པར་བྱེད་པ་ཡིན་པས་དེ་ལྟ་བུ་སྤྱིར་བཏང་ནས། ཐོག་མར་ཞི་བར་བསྙེན། བར་དུ་ཁྲོ་བོར་བསྒྲུབ། ཐ་མ་ལས་ལ་སྦྱར་བ་གསུམ་མཚམས་གཅིག་གི་ཁོངས་སུ་རྒྱུན་བར་མ་ཆད་པར་ཉམས་སུ་ལེན་པའི་དབང་དུ་བྱས་ན། ཡི་དམ་ཁྲོ་བོའི་རིགས་གང་ལ་ཡང་ཞི་བར་བསྙེན་པ་སྔོན་དུ་སོང་ན་དགེ་ཞིང་ཤིས་པར་གསུང་པས། གང་དུ་སྒྲུབ་པའི་གནས་དེར་མདོ་བཀླག་ཅིང་ཆ་གསུམ་བསྔོ་བ་སོགས་སྣ་སེལ་རིགས་བྱེད་ན་དེ་དག་གྲུབ་པའི་རྗེས། གནས་ཁང་བྱི་དོར་བྱ་ཞིང་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ་ཞིང་མཆོད་པའི་ཁྱད་པར་བཀོད་པས་མཛེས་པར་བྱས། སྟན་བདེ་བ་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད་དེ། ཐུན་དང་ཆོ་གའི་སྔོན་དུ་འགྲོ་བ་རྣམས་འདོན་དམིགས་སྦྲགས་ཏེ་བློ་རྒྱུད་ལ་ལེགས་པར་འཁོལ་ངེས་བྱ། མཚམས་གྲོལ་གྱི་བར་དུ་ཡེངས་མེད་ཀྱི་ཏིང་འཛིན་གཙོ་བོར་བྱས་ཏེ་སྒོ་གསུམ་ཆུན་གཅིག་དྲིལ་གྱིས་ཐུན་རེ་རེ་བཞིན་སྔ་མ་ལས་ཕྱི་མ་ཇེ་བཟང་ཇེ་བཟང་གི་ཁྱད་པར་དུ་གྱུར་པ་ཞིག་བྱའོ་སྙམ་པའི་དམ་བཅའ་ལྷོད་མེད་ཀྱིས་བྱ་བ་མཐར་འདོན་པ་གལ་ཆེ་ཞིང་། དངོས་གཞི་གནམ་ལྕགས་སྡིག་པའི་ཆོས་སྡེའི་བྱང་ཆུབ་བསྒྲུབ་པའི་སྐོར་འཇམ་དཔལ་ཞི་སྒྲུབ་བདུད་རྩིའི་ཐིགས་པ་ལྟ་བུ་ལ་གཞི་བྱས་ཏེ། རིགས་ལྔའི་ཚོམ་བུའམ། རིགས་གང་རུང་དང་། ཁྱད་པར་རིགས་ཀྱི་ཁྱབ་བདག་ཨ་ར་པ་ཙ་ལྟ་བུའི་སྒྲུབ་ཐབས་ཀྱི་གཞུང་བཞིན་མཚན་མ་དུས་གྲངས་ཀྱི་བསྙེན་པ་མཐར་འདོན་པར་བྱའོ། །དེ་ནས་གཉིས་པ་ཁྲོ་བོར་བསྒྲུབ་པ་ལ། ཐོག་མར་རང་ཉིད་ཟིལ་གནོན་ཆེན་པོའི་ང་རྒྱལ་གྱིས། དཀར་གཏོར་བྱིན་གྱིས་བརླབ་ཅིང་སྡེ་བརྒྱད་དང་དཀར་ཕྱོགས་སྐྱོང་བའི་ཚོགས་ལ་འབུལ་ཞིང་སྒྲུབ་པའི་སྟོངས་གྲོགས་ཀྱི་ཕྲིན་ལས་བཅོལ། དམར་གཏོར་བྱིན་གྱིས་བརླབས་ནས་ནག་ཕྱོགས་སྤྱི་དང་ཁྱད་པར་ལན་ཆགས་ཀྱི་བདག་པོ་དང་བར་ཆད་རྩོམ་པའི་རིགས་ལ་བསྔོས་ཏེ་གཞན་དུ་བསྐྲད་ཅིང་སྲུང་བའི་འཁོར་ལོ་བསྒོམ། ཕྱོགས་བཞིར་ཐོ་བཞིར་རྒྱལ་ཆེན་གྱི་སྐུ་སོགས་ཀྱི་མཚན་མ་བཀོད་ལ། དེར་རྒྱལ་ཆེན་བཞི་བསྐྱེད་ཅིང་སྤྱན་དྲངས་ལ་བསྟིམ། མཆོད་བསྟོད་གཏོར་མ་ཕུལ་ལ་བརྟན་པར་བཞུགས་སུ་གསོལ་ནས་བར་ཆད་ཀྱི་མཚམས་བཅད་པའི་ཕྲིན་ལས་བཅོལ། གཞན་ཡང་ནང་གི་མཚམས་བཅད་སོགས་སྒྲུབ་ཆེན་གྱི་ཡན་ལག་དག་ཀྱང་གྲུབ་ན་ལེགས། སྒོ་དྲུང་དུ་ཐོ་དཀར་པོ་གཅིག་བརྩིགས་ལ་སྒོ་བྱང་གདགས། རང་ཁ་ལྷོར་ཕྱོགས་ཏེ་འདུག །ཅིས་ཀྱང་གནས་ཁང་གི་སྟབས་མ་བདེ་ན་ཡིད་ཀྱིས་མོས་པ་ཙམ་བསྒྱུར། སྟན་གྱི་འོག་ཏུ་ས་དཀར་གྱི་གཡུང་དྲུང་གཡས་འཁྱིལ་བྲི། གང་དུ་དཀྱིལ་འཁོར་གྱི་གཞི་སྔར་ས་མ་དུལ་བ་ལ། ས་བརྟག་བསླང་སྦྱང་བརླབ་བསྲུང་བ་ལྔ་ཚུལ་བཞིན་བྱས་ན་ལེགས་ཤིང་། ལྷ་འདི་ཉིད་སྣང་སྲིད་ཟིལ་གནོན་གྱི་བདག་པོ་ཡིན་པས་ས་ཆོག་མི་དགོས་པར་ཇི་ལྟར་སྤྱད་རུང་བར་ཡང་རྒྱུད་ལས་གསུངས། གནས་ཁང་བྱི་དོར་དང་སྐྱང་ནུལ་བྱས་པར་གནམ་ས་བར་གྱི་རྒྱན་སྐུ་གསུང་ཐུགས་རྟེན་སོགས་དགྲམ་པར་འོས་པ་ཀུན་བཀོད་པར་བྱས་ནས། སྒྲུབ་རྟེན་རབ་རྡུལ་ཚོན། འབྲིང་རས་བྲིས། ཐ་མ་སྨན་རཀ་གཏོར་གསུམ་ཙམ་ལའང་བརྟེན་རུང་བར་གསུངས་ལ། རྡུལ་ཚོན་རྒྱས་པར་སྤྲོ་ན་ས་ཡི་སྟེགས་བུའམ། ཁྲིའུ་ལ་རཀ་ཏས་ཆག་ཆག་གདབ་ཅིང་། ཐིག་ཚུལ་བཞིན་བཏབ་ལ་བྱིན་གྱིས་བརླབས་པའི་ཚོན་གྱིས་དཀྱིལ་འཁོར་བྲི་ཞིང་རྒྱན་དགྲམ་པར་བྱ་བ་སོགས་དཀྱིལ་ཆོག་ནས་འབྱུང་བ་ལྟར་བྱ། དེ་ཙམ་མི་ནུས་ན་རས་བྲིས་ཀྱི་དཀྱིལ་འཁོར་དགྲམ་ཞིང་རྒྱན་བཀོད། བསྡུ་ན་སྟེགས་བུ་རཀ་ཏས་བྱུགས་པའི་སྟེང་དུ་འབྲུ་ནག་ཁྲག་གིས་སྦག་པའི་ཚོམ་བུ་བཀོད་པའི་དབུས་སུ་གཏོར་མ་སོགས་བཤམ་པར་བྱ་སྟེ། དེ་ཡང་བམ་དབུས་སུ་བཤམས་པའི་དབང་དུ་ན། ཕྱེ་མར་ལ་མངར་གསུམ་སོགས་བཟའ་བ་སྣ་ཚོགས་དང་། ཤ་ཆེན་ཆོས་སྨན་སྦྱར་བའི་རྒྱུ་ལས་བམ་ཆས་སུ་བཅུག་པ་འབྲི་མོག་དང་ཁྲག་ཆེན་པོས་བྱུག་པ་དཀྱིལ་འཁོར་གྱི་དབུས་སུ་ཙོག་པུར་བཀོད། དེ་སྟེང་མཉྫིའི་ཁར་བམ་གྱི་སྤྱི་གཙུག་ཏུ་ཐོད་པ་མཚན་ལྡན་ནང་དུ་དུག་ཁྲག་གིས་སྦྲུས་པ་འབྲུ་ནག་གི་གཏོར་མ་ཟུར་གསུམ་པ་མཐེབ་ཀྱུས་བསྐོར་བ་ལ། ཤ་ཁྲག་དང་སྙིང་སྣས་བརྒྱན་ཅིང་རྩེར་བྱ་ནག་གཟུགས་པའི་སྒྲུབ་གཏོར་ལྷ་ཙཀ་གཏོར་གདུགས་སྔོ་ནག་གིས་བརྒྱན་པ་བཀོད། བམ་གྱི་ལག་པ་བསྣོལ་བའི་གཡོན་དུ་བདུད་རྩི་དང་གཡས་སུ་རཀྟ་ཁྱེར་བ་བྱ། དཀྱིལ་འཁོར་གྱི་མདུན་ཤར་སྒོའི་ཐད་དུ་མཆོད་གཏོར། ཕྱོགས་གང་བདེར་གཤིན་རྗེ་དང་སྒོས་ཀྱི་ཆོས་སྐྱོང་གཏེར་སྲུང་གཞི་བདག་རྣམས་ཀྱི་གཏོར་མ། བྱང་ཤར་དུ་མཚམས་འཛིན་གྱི་མེ་ཏོག །དེ་ནས་རིམ་བཞིན་གཡས་སྐོར་དུ་ཁྲག་གི་མཆོད་ཡོན། དྲི་ཆུའི་ཞབས་བསིལ། དབང་པོའི་མེ་ཏོག །ཤ་ཆེན་དང་གུ་གུལ་གྱི་བདུག་སྤོས། ཚིལ་ཆེན་གྱི་མར་མེ་དང་མཁྲིས་པའི་དྲི་ཆབ། ཤ་རུས་ཀྱི་ཞལ་ཟས་རྣམས་དང་། དུག་གི་མེ་ཏོག་སྔོན་པོ་སོགས་ཐུན་མོང་གི་ཉེར་སྤྱོད་དང་ཆུ་གཉིས་ཀྱང་བཤམ། གཞན་ཡང་མདུན་སྟེགས་སུ་ཚོགས་ཀྱི་ཡོ་བྱད་དང་རྐང་གླིང་ཐོད་རྔ་སོགས་མཆོད་ཚོགས་གང་འབྱོར་འདུ་བྱ། སྤྲོས་པའི་ཡན་ལག་ཏུ་བྱེད་ན། མཆོད་གཏོར་གྱི་གཡས་གཡོན་དུ་སྨན་རཀ །མདུན་དུ་བསྐང་བའི་བམ་ཀྱང་བཤམ། མེད་ཀྱང་ཆོག །བམ་བསྐང་གི་མདུན་དུ་གཡག་ལུག་ར་གསུམ་གྱི་གཟུགས་བརྙན་བཀོད་པ་མདངས་བསྐང་དང་། ཞུན་ཆེན་གྱི་མར་མེ། གུ་གུལ། ཤ་ཆེན་ཚིལ་ཆེན་སྦྱར་བའི་གསུར། དྲག་པོའི་སྤོས། དར་གྱི་ལྷབ་ལྷུབ་དང་། ཐོད་པ་གཅིག་ཏུ་མོན་ནམ་རབས་ཆད་སོགས་སྐྱེས་པའི་གྲི་སྙིང་དང་། རྟ་ནག་དང་། གཡག་ནག་གི་སྙིང་གསུམ་དར་ནག་གིས་དགབ་པ་བཞག །ཟོར་ལས་བྱེད་ན་དུག་ཁྲག །གཡག་རུ། ཟོར་གཏོར། སྐམ་ཐུན་སོགས་དྲག་རྫས་ཇི་དགོས་པའང་འདུ་བྱ། དངོས་གྲུབ་ཀྱི་རྫས་སོགས་གསར་དུ་བཤམ་དགོས་པའི་རིགས་གནས་སྐབས་སོ་སོའི་ཐད་དུ་ཤེས་པར་བྱ་ཞིང་། གཞན་ཡང་སྒྲུབ་པ་པོའི་མདུན་དུ། རྡོར་དྲིལ། ཐོད་པའི་ཅང་ཏེའུ། འཐོར་ནས་རྔེའུ་ཆུང་སོགས་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ནས། གནས་རྟེན་རྣམས་ཤུག་པ་སོགས་ཀྱི་དུད་པས་བསང་བར་བྱས་ནས། སྟན་བདེ་བ་ལ་འདུག་ཅིང་སྲོད་དུས་སུ་བརྒྱུད་པའི་གསོལ་འདེབས་ནས་བརྩམ་ལས་བྱང་གཞུང་ཚུལ་བཞིན་བསྲངས་ནས་བདག་མདུན་དབྱེར་མེད་དུ་སྒྲུབ་ཅིང་ཛཔ྄་ཀྱི་མགོར་ཕྲེང་བ་བྱིན་རླབས་ཟུར་རྒྱན་ལྟར་སྦྱར། འདི་སྐབས་སྒྲུབ་གཏོར་ལྷ་ཚོགས་ཡོངས་རྫོགས་དང་། མཆོད་གཏོར་འདོད་ཡོན་ལྷ་མོ་དྲུག་ཏུ་བསྐྱེད་པ་འདི་པའི་ལུགས་སོ། །བཟླས་པའི་ཚེ་སོ་སོའི་དམིགས་པ་དང་བསྟུན། སྤྱི་བསྙེན་སྐུ་གསུང་ཐུགས་སྔགས་ཨྱེ་རིང་རྣམས་བརྒྱ་རྩ་ཙམ་བཟླས། ཐུན་འཇོག་ཁར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་གི་ཎཿཡི་ཤམ་དུ་ཕྱག་རྒྱ་ཟིལ་གནོན་འགྲུབ་པར་གྱུར་ཅིག་སྭཱ་ཧཱ། ཞེས་བཏགས་པ་བདུན་ནམ་གསུམ་བརྗོད་རྗེས་མཆོད་བསྟོད་བྱས་ལ། མཐུ་ཆེན་སྡེ་བཞི་སོགས་ཆོས་སྐྱོང་ལ་གཏོར་མ་བསྔོ། དེ་རྗེས་ཚོགས་འདོན་ཞིང་། བསྒྲལ་བའི་རྗེས་བམ་བསྐང་དང་རྩ་གསུམ་བསྐང་གསོ་གཏོང་། དེ་ནས་ཆད་བརྟན་དང་། མཆོད་བསྟོད་བཟོད་གསོལ་བྱས་ལ་བསྡུ་ལྡང་དགེ་བསྔོ་ཤིས་བརྗོད་བྱས་ནས་ཉལ་བའི་རྣལ་འབྱོར་ལ་འཇུག །ནངས་པར་ཐོ་རངས་ནས་བཟུང་ཐུན་རྣམས་ལ་ལས་བྱང་ཚར་རེ་བཏང་ན་ལེགས་ཀྱང་། བསྙེན་པ་གསོག་ཚེ་དེ་ཙམ་མི་ལྕོགས་པས། ཐོ་རངས་གཉིད་སད་མ་ཐག །ཧོ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སོགས་ལན་གསུམ་རྗེས། ཨྱཻ་ཨྱཻ་ཨྱཻ༔ ཨེ་ཉིད་སྟོང་པ་ཆོས་འབྱུང་སྟེ༔ ཞེས་པ་ནས། སྐུ་ལ་ཁྲོ་བཅུ་རྫོགས་པར་བསྒོམ༔ ཞེས་པའི་བར་གྱིས་གསལ་བཏབ། ཨེ༔ མི་རྟོག་ངང་ལས་སོགས་ཚིགས་བཅད་གཅིག་གིས་སྤྱན་དྲངས་ལ་བསྟིམ། སྤྲོ་ན་འཁོར་གྱི་ལྷའང་མངོན་རྟོགས་བསྡུས་པས་གསལ་བཏབ་ལ་སྤྱན་དྲངས་མཆོད་བསྟོད་བསྡུས་པ་ཙམ་བྱ། དེ་ནས་ཕྲེང་བ་བྱིན་རླབས་ལེ་ཚན་རྣམས་དང་འབྲུ་གསུམ་གྱིས་སྣ་དྲང་བའི་དབྱངས་གསལ་ཞབས་བཅད་མ་བདུན་བརྗོད་ནས། བཟླས་པ་བྱ། ནམ་ལང་ཁར། ཨེ༔ བཅོམ་ལྡན་ཕྱག་རྒྱ་ཟིལ་གནོན་འཁོར་བཅས་ལ༔ ཞེས་སོགས་ཀྱིས་མཆོད། ཆོས་དབྱིངས་ངང་ལས་ཁྲོ་བོའི་སྐུར་སྟོན་པ༔ ཞེས་སོགས་ཀྱིས་བསྟོད། མི་དམིགས་པར་ཅུང་ཟད་བཞག །སླར་ཡང་ལྷར་ལམ་གྱིས་གསལ། དགེ་འདིའི་མཐུ་ཡིས་སོགས་བསྔོ་སྨོན་དང་། གང་ཞིག་བླ་མེད་ཀྱི་ཤིས་བརྗོད་བྱ། གཞན་ཡང་སྐབས་བསྟུན་གྱི་བསྔོ་སྨོན་ཡང་སྤྲོ་ན་འདོན། དེས་ཐོར་ཐུན་གྲོལ་ནས་སྐབས་དེར་ཚེ་སྒྲུབ་སོགས་ཞོགས་པའི་རྒྱུན་ཁྱེར་ཆགས་མེད་རྣམས་མཛད། ཐུན་མཚམས་རྣམས་སུ་ལྷའི་ང་རྒྱལ་དང་མ་བྲལ་བ་བྱས་ན་ཏིང་འཛིན་ལ་སྐྱེད་ཐོན་ཞིང་ལྷ་མྱུར་དུ་འགྲུབ་པའི་གནད་ཡོད་པས་ཀུན་ཏུ་གལ་ཆེ་བ་ཡིན་ནོ། །དེ་རྗེས་སྔ་ཐུན་འགོར་རྡོ་རྗེ་སློབ་དཔོན་སོགས་ཐོར་ཐུན་ལྟར་བཟླས་པའི་བར་དུ་བྱ། ཕྲེང་བ་བྱིན་རླབས་ནི་ཐོར་ཐུན་ལས་གཞན་ལ་མི་དགོས་པ་ཁྱད་པར་རོ། །གུང་ཚིགས་བར་བཟླས་པ་ཇི་འགྲུབ་རེ་བྱས་ནས་ཐུན་བསྡུ། སྐབས་དེར་ངལ་གསོ་དང་གུང་ཚིགས་ལྷའི་ང་རྒྱལ་དང་མ་བྲལ་བས་བྱ། ཡི་གེ་འབྲི་དགོས་པ་སོགས་བགྱི་འོས་རྣམས་ཀྱང་དུས་དེར་བྱའོ། །དེ་རྗེས་དགོང་ཐུན་ལ་འཇུག་སྟེ་སྔ་ཐུན་བཞིན་ནོ། །ཉི་མ་ནུབ་པར་ཉེ་བ་ན་ཐུན་བསྡུས། གཏོར་བསྔོ་སོགས་དགོང་མོའི་ཆགས་མེད་རྣམས་བར་དེར་མཛད། དེ་རྗེས་སྲོད་ཐུན་ལ་ལས་བྱང་རེ་གཏོང་ཞིང་ཚོགས་འཁོར་རེ་མཛད་ན་ལེགས་པས་ལས་གཞུང་བསྲང་། བཟླས་པ་བྱ། གཏེར་སྲུང་གསོལ། ཚོགས་ཐོག་མཐའ་བར་གསུམ། བམ་བསྐང་ཆད་ཐོ། བརྟན་སྐྱོང་། རྗེས་ཆོག་སོགས་སྔར་བཤད་ལྟར་བྱའོ། །གལ་ཏེ་ལས་བྱང་བློར་མ་ཐོན་པ་དང་། སྲོད་ཐུན་རིང་པོར་བཟླ་འདོད་ན། སྲོད་ཐུན་དང་དགོང་ཐུན་གྱི་འདོན་ལུགས་བརྗེས་ཏེ། དགོང་ཐུན་ལས་བྱང་གཏང་། བཟླས་པའི་རྗེས་ཉི་མ་ནུབ་ཉེ་བའི་དུས་སུ། གཏེར་སྲུང་གསོལ་ཞིང་ཚོགས་བྱ་སྟེ་ལས་གཞུང་བསྡུ། སྲོད་ལ་ཚོགས་གསག་བདག་བསྐྱེད་སྤྱན་འདྲེན་བཟླས་པ་སོགས་སྔར་བཞིན་བྱའོ། །གང་ལྟར་ཡང་སྲོད་ཐུན་གྱི་བཟླས་པའི་མཇུག་ཏུ། དབྱངས་གསལ་སྤེལ་ཚིག་ཅན་བདུན་བརྗོད་པ་སྲོད་ཐུན་གྱི་ཁྱད་པར་རོ། །ནུབ་རེ་བཞིན་ཚོགས་མི་གཏོང་ན་བདུན་མཚམས་སོགས་སུ་གཏང་བས་ཆོག་ལ་གཏེར་སྲུང་གི་གསོལ་ཁ་ནི་རྒྱུན་དུ་བྱའོ། །སྲོད་ཀྱི་དུས་སུ་བསྙེན་པའི་མཚམས་ཡིན་ཀྱང་རུང་སྟེ། ཚིལ་ཆེན་གྱི་མེ་སྦར། ཤ་ཆེན་གྱི་གསུར་བཏང་ཞིང་བཤུག་པ་བྱ། ཤ་ཁྲག་གི་གཏོར་མ་བཤམས་ལ་བསྔོ། ཕུད་དང་རཀྟ་འཐོར་ཞིང་རྫ་རྔ་བརྡུང་ནས་འགྱུར་ཁུག་གི་དབྱངས་དང་བཅས་ཏེ་ཐུགས་དམ་བསྐུལ་བ་རྒྱས་བསྡུས་གང་རུང་བྱ་ཞིང་གནད་ནས་བསྐུལ་ཞིང་གསོལ་བ་གདབ་པ་སྐབས་སྐབས་སུ་བྱའོ། །དེ་ལྟར་ཐུན་བཞི་ལ་འཇུག་ཚུལ་མ་ནོར་བ་དེ་ལྟ་བུ་ཁོ་ན་བསྙེན་པ་ནམ་གྲོལ་གྱི་བར་དུ་བྱ་བ་ཡིན་པས། སྤྱི་བསྙེན་དང་སྐུ་གསུང་ཐུགས་སྔགས། ཨྱཻ་རིང་རྣམས་གོ་རིམ་བཞིན་བསྙེན་ཚད་ལྟར་བྱ་དགོས་པ་མ་གཏོགས་ཐུན་གྱི་བྱ་བ་ཆོ་ག་གཏོང་ལུགས་སོགས་ལ་ནི་ཁྱད་པར་ཅི་ཡང་མེད་དོ། །དེ་ལ་དང་པོ་ཨཱ་ཀྲོ་སྤྱི་བསྙེན་བྱས་པ་གོང་ནོན་དུ་འགྱུར་བ་ཡིན། དེ་ནས་རིམ་བཞིན་ཕྱི་སྐོར་སྐུ་ཡི་དྲག་སྔགས། ནང་སྐོར་གསུང་གི་དྲག་སྔགས། གསང་སྐོར་ཐུགས་ཀྱི་དྲག་སྔགས། ཡང་གསང་དྲག་པོ་རྒོད་ཀྱི་དྲག་སྔགས་དང་ལྔ། དེ་རེ་རེ་ལའང། བསྙེན་པ། བདག་བྱིན་རླབས། སྒྲུབ་ཆེན་ནམ་དོ་ལིའི་བཟླས་པ། ཕྲིན་ལས་བཞིའི་དམིགས་པ་དང་བཞི་རེར་ཡོད་ཅིང་དམིགས་པ་བཞི་པོ་དེ་དག་ཐུན་རེ་རེ་བཞིན་དུ་ཆ་ཚང་རེ་བྱེད་པའི་ལུགས་ཡོད་ཀྱང་། གང་བྱེད་པའི་ཞག་གྲངས་སམ་བསྙེན་གྲངས་དུམ་བུ་ལྔར་བཅད་པའི། དང་པོ་ལ་བསྙེན་དམིགས། གཉིས་པ་དང་གསུམ་པའི་ཁོངས་སུ་བདག་བྱིན་རླབས། བཞི་པར་སྒྲུབ་ཆེན། ལྔ་པར་ལས་བཞིའི་དམིགས་པ་སྦྱར་ནས་བཟླ་བའི་ཕྱག་ལེན་མཛད་པ་བཞིན་བྱ། གང་ལྟར་ཡང་བཟླས་པའི་སྐབས་སུ། བདག་མདུན་གྱི་དཀྱིལ་འཁོར་རྣམས་གཅིག་ལས་དུ་མར་ཤར་བའི་ཚུལ་གྱིས་གཅིག་ཅར་གསལ་བའམ། བློར་མི་བདེ་ན་བདག་བསྐྱེད་གསལ་བཏབ་ནས་བཟླས་པའི་འགོར། ཕཊ་ཛཿ ཞེས་བརྗོད་པས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་མདུན་གྱི་དཀྱིལ་འཁོར་ཤར་ཏེ་མེ་རི་འདབས་འབྱོར་གྱི་ཚུལ་དུ་བསྒོམ་པ་ནི་ཛཔ྄་ཁང་ཕྱེ་བ་ཡིན་ནོ། །བདག་མདུན་གྱི་དཀྱིལ་འཁོར་དུ་སྣང་བ་དེ་དག་སྣང་ལ་རང་བཞིན་མེད་པ་ཆུ་ཟླ་དང་འཇའ་ཚོན་ལྟ་བུ་ལ་མ་འདྲེས་ཡོངས་རྫོགས་ཀྱི་གསལ་སྣང་དང་། དེ་དག་ཀྱང་རང་རིག་ཀུན་བཟང་འཇམ་པའི་དབྱངས་ཉིད་ཁྲོ་བོར་ཤར་བ་དཔལ་ཆེན་ཕྱག་རྒྱ་ཟིལ་གནོན་དངོས་ཡིན་སྙམ་པའི་ང་རྒྱལ་དང་། དེ་དག་ཀྱང་བློས་བཅོས་པའི་ཀུན་བཏགས་ཙམ་མིན་པར་གཞི་འབྲས་དབྱེར་མེད་རང་བྱུང་གི་ཡེ་ཤེས་ཆེན་པོའི་རང་རྩལ། རྟགས་ཀྱི་ཕྱག་རྒྱར་སྣང་བའི་རྣམ་དག་དང་བཅས་པའི་ཏིང་འཛིན་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ་གནས་པ་ནི་ཐོག་མཐའ་བར་གསུམ་ཀུན་ཏུ་གལ་ཆེའོ། །དེ་ལ་བསྙེན་པའི་དུས་ཀྱི་དམིགས་པ་ནི། བདག་མདུན་ཕྱག་རྒྱ་ཟིལ་གནོན་གྱི་ཐུགས་ཙིཏྟ་རིན་པོ་ཆེའི་གུར་ཕུབ་པ་ལྟ་བུའི་ནང་དུ་ཉི་གདན་ལ་ཡེ་ཤེས་སེམས་དཔའ་ཡ་མ་རཱ་ཛ་སྐུ་མདོག་སྨུག་ནག་ཞལ་གཅིག་ཕྱག་གཉིས་པ། རྒྱན་དང་ཕྱག་མཚན་མི་མངའ་བ་སྐྱིལ་ཀྲུང་མཉམ་གཞག་ཅན་ནམ། ཡང་ན་ཕྱག་གཡས་སྡིགས་མཛུབ་ཐུགས་ཀ་དང་། གཡོན་བརླ་སྟེང་སྡིགས་མཛུབ་གྱེན་དུ་བསྟན་པ། ཞབས་ཕྱེད་སྐྱིལ་དུ་བཞུགས་པར་བསྒོམ། རྩ་བའི་ལྷའི་ནང་གི་ཡ་མ་རཱ་ཛ་དང་ཕྱག་རྡོར་འཇིགས་བྱེད་ཆེན་པོ་གསུམ་ནི་གཅིག་གི་ཐུགས་སྲང་དུ་གཅིག་བསྒོམ་པར་བྱ་སྟེ། དེ་ཡང་ཟིལ་གནོན་གྱི་ཐུགས་ཙིཏྟ་རིན་པོ་ཆེའི་གུར་ལྟ་བུ་ལ་སྐུ་རྒྱབ་བརྟེན་པའི་ཚུལ་གྱིས་ཡ་མ་རཱ་ཛ། དེའི་ཙིཏྟ་ལ་སྐུ་རྒྱབ་བརྟེན་པའི་ཚུལ་གྱིས་ཕྱག་རྡོར། དེའི་ཙིཏྟ་ལ་འཕོང་ངམ་རྒྱབ་བརྟེན་པའི་ཚུལ་གྱིས་རུས་སྦལ་ཞལ་ཐུར་དུ་གཟིགས་པར་བསྒོམ་པའོ། །དེ་ཡང་སྐབས་འདིར་གཙོ་བོར་ཡེ་ཤེས་སེམས་དཔའ་ལ་དམིགས་པ་གཏོད་པར་བྱ་སྟེ། དེ་ཡང་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཐུགས་སྲོག་ཡི་གེ་ཧཱུྃ་མཐིང་ནག་འོད་ཟེར་ཁ་དོག་ལྔ་འཕྲོ་བ་ཞིག་བསམ། དེའི་མཐར་ཨཱ་ཀྲོ་འབྲུ་བཅུ་བདུན་མ་ཁ་དོག་མཐིང་ག་ཀློག་ཐབས་སུ་གཡས་ཕྱོགས་བསྐོར་བ། དེ་ལས་འོད་མཐིང་ག་དང་དཀར་པོ་འདྲེས་པ་ཉི་ཟེར་གྱི་བ་ཐག་འཛིང་བ་ལྟ་བུ་གཟི་བྱིན་མཚུངས་པ་མེད་པ་བུན་གྱིས་འཕྲོས། ལུས་ནང་ཀུན་དུ་མུན་ཁང་དུ་སྒྲོན་མེ་བཏེགས་པ་ལྟར་གསལ་ལམ་གྱིས་གྱུར། འོད་ཟེར་མགལ་མེ་ལྟར་འཁོར་བས་ནད་གདོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་རྩ་སྦུར་མེས་བསྲེག་པ་བཞིན་ཐུལ་གྱིས་སྦྱངས་ཤིང་དག །འོད་ཟེར་ཐུགས་ཀ་ནས་ཕྱིར་འཕྲོས་པའི་རྩེ་ལས་ཕྱི་ནང་གསང་བའི་མཆོད་པའི་སྤྲིན་རབ་འབྱམས་ཀྱིས་རྒྱལ་བ་སྲས་བཅས་མཉེས་ཤིང་གསང་གསུམ་བྱིན་རླབས་འོད་ཟེར་གྱི་རྣམ་པར་རང་ལ་ཐིམ། ཡང་འོད་འཕྲོས་སེམས་ཅན་ཐམས་ཅད་ལ་ཕོག་སྒོ་གསུམ་གྱི་སྡིག་སྒྲིབ་དང་ཁྱད་པར་དགྲ་བགེགས་ཀྱི་བསམ་སྦྱོར་ངན་པའི་ནུས་པ་ཐམས་ཅད་དག་ནས་ཐམས་ཅད་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་གོ་འཕང་ལ་བཀོད། དེ་དག་གི་ཚེ་དཔལ་བསོད་ནམས་རྣམས་ཀྱང་འོད་ཀྱི་རྣམ་པས་བདག་མདུན་རྣམས་ལ་ཐིམ་པར་བསམ་པ་ནི་བསྙེན་པའོ། །གཉིས་པ་བདག་བྱིན་རླབས་ཀྱི་དམིགས་པ་ནི། བདག་གི་ཐུགས་ཀའི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་སྔར་ལྟར་འཕྲོས་པ་ཐུགས་ཀ་ནས་ཕྱིར་ཕྱུང་ཚེ་ལྕགས་ཀྱུའི་རྣམ་པ་ཅན་དུ་གྱུར་པ་དཔག་ཏུ་མེད་པས་ཛཔ྄་ཁང་གི་ལྷ་ཚོགས་ཀྱི་ཐུགས་རྒྱུད་བསྐུལ། དེ་དག་གི་ཐུགས་ཀ་ནས་ཀྱང་དེ་འདྲ་བའི་འོད་འཕྲོས། སངས་རྒྱས་དང་བྱང་སེམས་ཐམས་ཅད་སྐུ་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་རྣམ་པ་ཆེ་བ་རི་རབ་ཆུང་བ་ཡུངས་འབྲུ་ཙམ་ཁ་ཆར་དང་བུ་ཡུག་འཚུབ་པ་ལྟར་བྱོན་ནས། བདག་མདུན་གཉིས་ཀར་ཐིམ་པས་སྐུ་སྔར་བས་གཟི་བརྗིད་ཆེ་ཞིང་ཉི་མ་འབུམ་ལྟར་གཟི་མདངས་རྒྱས་ཏེ་བསྒྲེས་རྒུད་དང་བྲལ་བ་སྐུ་ཡི་དངོས་གྲུབ་མ་ལུས་པ་ཐོབ། གསུང་གི་བྱིན་རླབས་ཨཱ་ཀྲོ་འབྲུ་བཅུ་བདུན་མ་དང་། ཨྱཻ་རིང་སྐུ་གསུང་ཐུགས་སྔགས། ཨཱ་ལི་ཀཱ་ལིའི་རྣམ་པ་རང་སྒྲ་སྒྲོག་པ་དཔག་ཏུ་མེད་པར་བྱུང་ནས་རང་གི་མགྲིན་པར་ཐིམ་པས་ངག་སྔགས་ཀྱི་སྒྲ་དབྱངས་འབྲུག་སྟོང་ལྟར་ལྡིར་བའི་གྲགས་སྟོང་གཞོམ་མེད་ཡན་ལག་དྲུག་ཅུ་དང་ལྡན་པའི་གསུང་གི་དངོས་གྲུབ་མ་ལུས་པ་ཐོབ། ཐུགས་ཀྱི་བྱིན་རླབས་རྣམས། རྡོ་རྗེ། འཁོར་ལོ། རལ་གྲི །བེ་ཅོན། གཏུན་ཤིང་ལ་སོགས་པའི་ཕྱག་མཚན་སྣ་ཚོགས་པའི་རྣམ་པར་བྱུང་བ་འོད་སྔོན་པོའི་རྣམ་པར་ལྟེམ་གྱིས་ཞུ་ནས་རང་གི་སྙིང་གར་ཐིམ་པས་བདེ་བ་ཆེན་པོའི་ཡེ་ཤེས་རྒྱས་ཏེ་འགྱུར་མེད་རྡོ་རྗེ་ཐུགས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ། ཡང་རང་གི་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་བསྐུལ་ཞིང་དེའི་འོད་ཀྱིས་མ་དག་པའི་སྣོད་བཅུད་ཐམས་ཅད་སྦྱངས། སྣོད་གཞལ་ཡས་ཁང་དང་བཅུད་ཕྱག་རྒྱ་ཟིལ་གནོན་གྱི་ལྷ་ཚོགས་སུ་གྱུར་པ། རང་གི་རྟེན་དང་བརྟེན་པ་ལ་སོ་སོར་ཐིམ་པས་གཟི་བརྗིད་རྒྱས་པར་བསམ་མོ། །གསུམ་པ་སྒྲུབ་པ་ཆེན་པོའམ་དོ་ལིའི་བཟླས་པ་ནི། རང་གི་སྙིང་གའི་སྔགས་སྔར་ལྟར་ལ། ལྕེ་པདྨ་འདབ་བརྒྱད་ཀྱི་ཟེའུ་འབྲུར་ཧྲཱིཿལ་ཨཱ་ཀྲོ་བཅུ་བདུན་པ་དམར་པོས་བསྐོར་བ། ཀླད་པ་དུང་ཁང་དུ་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་དཀར་པོའི་མཐར་ཨཱ་ཀྲོ་བཅུ་བདུན་པ་དཀར་པོས་བསྐོར་བ་གསལ་ལ། རང་གི་ཐུགས་ཀའི་སྔགས་ཕྲེང་ལས་འོད་མཐིང་ཤས་ཆེ་བ་འཕྲོས། ཡེ་ཤེས་སེམས་དཔའི་ཞལ་ལམ་ཤངས་བུག་གཡས་ནས་ཐོན་སྐུ་ལ་གཡས་སྐོར་ཞིག་བྱས་ནས་སྐུའི་དབྱིབས་བརྒྱུད་གྱེན་དུ་སོང་། ལྗགས་སྟེང་གི་སྔགས་ཕྲེང་དམར་པོ་ལ་ཕོག་ནས་དེ་དང་དབྱེར་མེད་དུ་ཞུགས་པའི་ཚུལ་གྱིས་གཡས་སུ་བསྐོར་ཞིང་འོད་ཟེར་དམར་ཤས་ཆེ་བ་གྱེན་དུ་སོང་བ། ཡབ་ཀྱི་ཞལ་ནས་ཕྱིར་འཕྲོས་ཡབ་ཀྱི་ཤངས་བུག་གཡོན་དུ་ཞུགས་པ་ཀླད་པའི་ཨོཾ་གྱི་མཐའི་སྔགས་ཕྲེང་ལ་ཕོག་ནས་གཡས་སུ་བསྐོར་ཞིང་། སླར་འོད་ཟེར་དཀར་ཤས་ཆེ་བ་ཤངས་བུག་གཡས་ནས་ཐོན། ཞལ་དུ་ཞུགས་སྐུའི་དབྱིབས་བརྒྱུད། ཡེ་ཤེས་སེམས་དཔའི་ཞལ་ལམ་ཤངས་བུག་གཡོན་དུ་ཞུགས་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པ་དེ་ལྟར་བར་མ་ཆད་པའི་མགལ་མེའི་འཁོར་ལོ་ལྟར་ལུ་གུ་རྒྱུད་དུ་འཁོར་བར་དམིགས་པའོ། །འདི་ལ་རང་གི་གནས་གསུམ་དུ་སྐུའི་དབྱིབས་བརྒྱུད་དེ་འཁོར་བ་དང་། བཤད་མ་ཐག་པ་ལྟར་ཞལ་དང་ཤངས་བུག་ཏུ་བརྒྱུད་པ་དང་། ཡང་སྤྱི་བོར་འཁོར་ནས་འོད་ཡབ་ཀྱི་ཤངས་བུག་གཡས་ནས་ཐོན་པ་ཡུམ་གྱི་ཤངས་བུག་གཡོན་དུ་ཞུགས་ནས་སྐུ་ཡི་དབྱིབ་བརྒྱུད་པདྨ་ནས་ཐོན། ཡབ་ཀྱི་རྡོ་རྗེའི་ལམ་ནས་ཡར་བརྒྱུད་དེ་ཡེ་ཤེས་སེམས་དཔའི་འོག་སྒོའམ་རྡོ་རྗེའི་བུ་ག་ནས་ཡར་སྔགས་ཕྲེང་ལ་ཐིམ་པར་བསམས་ཏེ་ཡབ་ཡུམ་གཉིས་ཀར་འཁོར་བ་དང། ཡང་ཡེ་ཤེས་སེམས་དཔའི་ཤངས་བུག་གཡས་ནས་འོད་ཟེར་ཐུར་དུ་འཕྲོས་ཡབ་ཀྱི་རྡོ་རྗེའི་ལམ་ནས་ཐོན་པ་འཛབ་ཁང་གི་གཙོ་བོའི་གསང་གནས་བརྒྱུད། ཡེ་ཤེས་སེམས་དཔའི་ཤངས་བུག་གཡོན་དུ་ཞུགས། ཐུགས་རྒྱུད་བསྐུལ་ཏེ་གཡས་ནས་ཐོན། ལྗགས་དང་དུང་ཁང་གི་འགྲོ་ལུགས་སྔར་ལྟར་ལ། ཤངས་བུག་གཡས་ནས་ཐོན་པ་བདག་བསྐྱེད་ཀྱི་ཤངས་བུག་གཡོན་དུ་ཞུགས་རིམ་གྱིས་ཀླད་ཁང་ལྗགས་སྟེང་བརྒྱུད་ནས། ཡེ་ཤེས་སེམས་དཔའི་ཤངས་བུག་གཡོན་ནས་འཇུག་པ་བདག་མདུན་གཉིས་ཀར་འཁོར་བར་དམིགས་པ་དང་། གཞན་ཡང་ཡབ་ཡུམ་དང་བདག་མདུན་གཙོ་འཁོར་སོགས་ཀྱི་ཞལ་ལམ་ཤངས་བུག་ནས་དང་རྡོ་རྗེ་པདྨའི་ལམ་ནས་སྐུ་ཡི་དབྱིབས་བརྒྱུད་པའི་དམིགས་པ་རྒྱས་བསྡུས་བློས་གང་ལྕོགས་ཤིག་བསྒོམ་པ་ནི་མགལ་མེ་བསྐོར་བ་ལྟ་བུའི་བཟླས་དམིགས་སོ། །དེ་རྣམས་གང་བྱེད་ཀྱང་སྔགས་ཀྱི་འོད་ཟེར་མགལ་མེ་ལྟར་འཁོར་བའི་འོད་ཀྱིས་རང་གི་སྒོ་གསུམ་གྱི་སྒྲིབ་པ་སྦྱངས། འོད་ཟེར་དཔག་མེད་ཕྱིར་འཕྲོས་པས་ཕྱོགས་བཅུའི་བདེ་གཤེགས་ཀུན་གྱི་སྐུ་གསུང་ཐུགས་ཀྱི་གནས་གསུམ་དུ་ཕོག །ཐུགས་དམ་གྱི་རྒྱུད་བསྐུལ་ནས་གསང་གསུམ་གྱི་དངོས་གྲུབ་རང་ལ་བསྡུ། ཡང་འོད་ཟེར་འཕྲོས་པས་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ལྷར་གྱུར། མཐུ་དཔལ་གཟི་མདངས་ཐམས་ཅད་འོད་ཀྱི་རྣམ་པར་ཚུར་འདུས་བདག་ལ་ཐིམ་བདག་ཉིད་ཡེ་ཤེས་ཀྱི་སྐུ་གཟི་བརྗིད་དང་ལྡན་པར་བསམ། ཡང་འོད་ཟེར་ཕྱིར་འཕྲོས་དགྲ་བགེགས་རྣམས་ལ་ཕོག་པས་བྱ་སྒྲོ་མེས་བསྲེག་པ་ལྟར་བཅོམ། འོད་ཟེར་ཚུར་འདུས་པས་དེ་དག་གི་ཚེ་བསོད་ཀྱང་ཁབ་ལེན་གྱིས་ལྕགས་ལྟར་བསྡུས་ཏེ་བདག་ལ་ཐིམ་པས་བདག་གི་བ་སྤུའི་བུ་ག་ཐམས་ཅད་ཀྱང་ཉི་གདན་ལ་བཞུགས་པའི་ཁྲོ་ཆུང་ཕྱག་ན་མེ་རླུང་གི་འཁོར་ལོ་བསྣམས་པས་གཏམས་ཏེ་བར་ཆད་བསྲུང་བར་བསྒོམ། དམིགས་པ་དེ་རྣམས་ཀྱང་ལས་དང་པོ་པས་རིམ་ཅན་དུ་བསྒོམ་པའམ། བརྟན་པ་ཐོབ་པས་འཕྲོ་འདུ་གཅིག་ཅར་དུ་བྱའོ། །བདག་བྱིན་རླབས་དང་སྒྲུབ་ཆེན་གྱི་བཟླས་དམིགས་ཀྱི་མཇུག་ཏུ་སྣོད་བཅུད་སྦྱངས་ཏེ་དཔལ་ཆེན་པོའི་དཀྱིལ་འཁོར་དུ་སད་པའི། གཙོ་འཁོར་ཐམས་ཅད་ཀྱིས་སྔགས་ཀྱི་སྒྲ་བུང་བ་ཚང་ཞིག་པ་ལྟར་སྒྲོག་པར་དམིགས་པའང་སྐབས་སུ་བྱས་ན་ལེགས་སོ། །བཞི་པ་ལས་བཞིའི་དམིགས་པ་ནི། བདག་གི་ཐུགས་ཀའི་འོད་ཀྱིས་ཛཔ྄་ཁང་གི་ལྷའི་ཐུགས་རྒྱུད་བསྐུལ་ཞིང་བདག་མདུན་གཉིས་ཀྱི་ཐུགས་ཀ་ནས་འོད་དཀར་པོ་ཟླ་བ་འབུམ་གྱི་མདངས་ལྟར་གསལ་ཞིང་དྭངས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྡུག་བསྔལ་བསམ་སྦྱོར་ངན་པ་རྣམས་སྦྱངས། འོད་ཚུར་འདུས་པས་རང་ལུས་གང་། སྡིག་སྒྲིབ་ཐམས་ཅད་དུད་ཁུ་སོལ་ཁུ། ནད་རྣག་ཁྲག་ལྗན་ལྗིན། གདོན་ཐམས་ཅད་སྲོག་ཆགས། སྡུག་བསྔལ་དང་ཉོན་མོངས་མི་གཙང་བའི་རྣམ་པ་སོགས་རྒུད་པའི་ཕྱོགས་ཐམས་ཅད་ཡེ་ཤེས་ཀྱི་མེའི་འོད་ཀྱིས་ཐུལ་གྱིས་བསྲེག །མུན་ཁང་དུ་ཉི་མ་ཤར་བ་ལྟར་གསལ་ལམ་གྱིས་གྱུར་ཅིང་བ་སྤུའི་བུ་ག་ནས་འོད་ཕྱིར་འཕྲོས་འཁོར་འདས་ཐམས་ཅད་ཡེ་ཤེས་བདུད་རྩིའི་འོད་ཟེར་དཀར་པོས་ཁྱབ་པས་ཞི་བའི་ཕྲིན་ལས་མཐར་ཕྱིན་པར་བསམ་མོ། །ནད་གདོན་ཁོལ་བུ་བ་ལ་དེ་གའི་ཐད་ནས་ཁྲོལ་ཚགས་ལྟ་བུའི་བུག་པ་ནས་དུ་བའམ་རླངས་པ་ཕྱུ་རུ་རུ་བུན་བུན་དུ་སོང་བར་བསམ། གཞན་དོན་དུ་བྱེད་ན་དེ་ལ་དམིགས་པ་ཁ་བསྒྱུར། རྒྱས་པར་བདག་མདུན་གཉིས་ལས་ཡེ་ཤེས་རིན་པོ་ཆེ་རྒྱས་པའི་འོད་སེར་པོ་གསེར་མདངས་ཅན་ཀུན་དུ་ཁྱབ་པར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་ཚེ་དཔལ་དང་སྣོད་བཅུད་བཀྲག་མདངས་རྒྱས་པར་བྱས། དྭངས་མའི་འོད་ཚུར་འདུས་པའི་སྣ་ལ། རང་གི་བླ་ཚེ་བརྐུས་འཕྲོགས་ཡར་པ་ནྲྀ་ཡིག་དང་འོད་དང་བདུད་རྩིའི་རྣམ་པ་དང་། འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་དཔལ་ཡོན་ཐམས་ཅད་འོད་ལྔ་ཐིག་ལེ་བཀྲ་ཤིས་རྫས་རྟགས་ལ་སོགས་པའི་རྣམ་པར་བསྡུས་པས། རང་ལུས་དང་གནས་ཁང་མེར་གྱིས་ཁེངས་ཤིང་ཡོན་ཏན་རྒྱས་ནས་རྒྱས་པའི་ལས་ལྷུན་གྱིས་གྲུབ་པར་བསམ། དབང་ལ་བདག་མདུན་གཉིས་ཀའི་ཐུགས་ནས་འོད་དམར་པོ་བདེ་བ་ཆེན་པོའི་རང་བཞིན་ལྕགས་ཀྱུའི་རྣམ་པ་ཅན་འཕྲོས། སྣོད་བཅུད་ཐམས་ཅད་དམར་ལམ་གྱིས་ཞུ་བའི་དྭངས་བཅུད་ཐམས་ཅད་ཁབ་ལེན་ལ་ལྕགས་འདུ་བའི་ཚུལ་གྱིས་དབང་དུ་འདུས་ཤིང་རབ་འབྱམས་དབང་གི་ཕྲིན་ལས་ལ་ཐོགས་པ་མེད་པར་བསམ། དབང་གི་གདུལ་བྱ་ཆེད་དུ་བྱ་བ་ཡོད་ན། སྐྱེས་པའི་སྙིང་གའམ་བུད་མེད་ཀྱི་གསང་གནས་ནས་འོད་ཟེར་གྱི་ལྕགས་ཀྱུས་བཟུང་། རྐང་ཞབས་ནས་རླུང་གིས་བཏེགས་ཏེ་སྦུར་མ་རླུང་གིས་ཁྱེར་བ་བཞིན་བཀུག །འོད་དམར་པོས་ལུས་དམར་མྱོག་གེ་སོང་བས་བདག་ལ་ཆགས་ཤིང་མྱོས་ནས་རང་གི་རྐང་པ་ལ་མགོས་འདུད་པར་བསམ། དྲག་པོ་ལ་བདག་མདུན་གཉིས་ལས་འོད་ཟེར་ནག་པོ་ཚ་ཞིང་རྩུབ་པ་གྲངས་མེད་པའི་རྩེ་ལས་མེ་རླུང་དུག་དང་ཁྲོ་ཆུའི་སེར་སྤྲིན་དྲག་པོའི་སྒྲ་དང་བཅས་པ་ལས་ལྕགས་ཀྱུ། ཕུར་པ། རལ་གྲི །དགྲ་སཏྭ། འཁོར་ལོ། རྡོ་རྗེ་སོགས་མཚོན་ཆའི་རྣམ་པ་དཔག་མེད་འཕྲོས། བསྟན་འགྲོ་སྤྱི་དང་རང་རེ་སྐྱབས་ཡུལ་དང་བཅས་པ་ལ་གནོད་པ་དམིགས་པའི་དགྲ་བགེགས་བར་ཆད་ཐམས་ཅད་ལྕགས་ཀྱུས་བཟུང་། རྡོ་རྗེ་ལ་སོགས་པ་དྲག་པོའི་མཚོན་ཆ་ཐོག་གི་བུ་ཡུག་ལྟ་བུར་འཚུབ་པས་གཏུབ། ཡེ་ཤེས་ཀྱི་མེས་བསྲེགས་ཏེ་རྗེས་ཤུལ་ཙམ་ཡང་མེད་པར་ཐལ་བའི་རྡུལ་དུ་བརླགས་པས་དྲག་པོ་མངོན་སྤྱོད་ཀྱི་ལས་ལ་དབང་འབྱོར་པར་བསམ་མོ། །དེ་ལྟར་གོང་འོག་གི་དམིགས་པའི་ཚུལ་གང་བྱེད་ཀྱང་རུང་ཐམས་ཅད་དུ་དཔལ་ཆེན་པོའི་བདེ་སྟོང་རང་བྱུང་གི་ཡེ་ཤེས་ཀྱི་རྩལ་ལས་ཤར་ཞིང་དེའི་ངང་དུ་མཐར་ཕྱིན་པས་ན། མཆོག་ཐུན་གྱི་ཕྲིན་ལས་རབ་འབྱམས་ལ་ཐོགས་པ་མེད་པ་རྡོ་རྗེའི་སྟོབས་དང་ལྡན་པའི་གདིང་གིས་ཟིན་པར་བྱའོ། །ཐུན་འཇོག་ཁར་ཛཔ྄་བསྟོད་རྗེས་དབྱངས་གསལ་སྤེལ་ཚིག་ཅན་དང་ཡིག་བརྒྱ་བཟླ། མཆོད་བསྟོད་བསྡུས་པ་བྱ། ཤྲཱི་ཡ་མཱནྟ་ཀ་ས་མ་ཡ་སཏྭཾ་ཧོཿ ཞེས་ཛཔ྄་ཁང་གི་ལྷ་བདག་ཉིད་ལས་ལོགས་སུ་མེད་ཀྱང་ཆུ་ཟླ་ལྟར་གསལ་བ་ལ་རིག་པའི་མེ་ཏོག་འཐོར། ཧཱུྃ༔ ལྷུན་གྲུབ་རང་བཞིན་གསང་བའི་སོགས་ཀྱིས་དངོས་གྲུབ་བླངས་ཏེ་མདུན་གྱི་ལྷའི་གནས་ལྔའི་ཡི་གེ་ལྔ་ལས་འོད་ལྔ་བྱུང་བ་རང་གི་གནས་ལྔར་ཐིམ་པས་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ། ཧཱུྃ་ཛཿ ཞེས་ཛཔ྄་ཁང་རང་ལ་བསྡུ། རང་ཡང་སེམས་ཉིད་འོད་གསལ་དམིགས་པ་ཀུན་དང་བྲལ་བའི་ངང་དུ་ཐིམ། སླར་ལྡངས་ནས་དགེ་བསྔོ་ཤིས་བརྗོད་བྱའོ། །བར་ཆད་ཀྱི་མཚན་ལྟས་ཆེ་ན་གཙུག་ཏོར་འཁོར་ལོས་བསྒྱུར་བའི་སྲུང་འཁོར་རམ། བྱང་གཏེར་གྱི་སྲུང་འཁོར་དྲུག་གང་ཡིན་བསྒོམ་པར་བྱ་སྟེ་ཟུར་དུ་ཤེས་པར་བྱའོ། །གཉིས་པ་ཕྱི་སྐོར་སྐུའི་དྲག་སྔགས་ནི། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཧཱུྃ་གི་མཐར་འབྲུ་བཅུ་གཉིས་པ་ཁ་དོག་མཐིང་གས་བསྐོར་བ་ལས་འོད་ཟེར་འཕྲོ་འདུ་ཐམས་ཅད་སྤྱི་བསྙེན་དང་འདྲ་ཞིང་ཐུགས་ཀ་ཙམ་དུ་མ་ཟད་བ་སྤུའི་བུ་ག་ཐམས་ཅད་ནས་འཕྲོ་བ་དམིགས་བསལ་ལོ། །དེ་ལའང་བསྙེན་པ་བདག་བྱིན་རླབས་དོ་ལི་ལས་བཞི་རྣམས་ཁ་བསྒྱུར་བ་ཙམ་གྱིས་འཐུས་ཏེ། དཔེར་ན་དོ་ལིའི་ཚེ་སྙིང་གར་ཧཱུྃ་མཐར་ཨེ་ཀ་འབྲུ་བཅུ་གཉིས་པ་མཐིང་ག །མགྲིན་པར་ཧྲཱིཿམཐར་དམར་པོ། སྤྱི་བོར་ཨཱོཾ་མཐར་དཀར་པོ་གསལ་བ་སོགས་སོ། །གསུམ་པ་ནང་སྐོར་གསུང་གི་དྲག་སྔགས་ལ་གཞན་ཐམས་ཅད་སྐུ་བསྙེན་ཇི་ལྟ་བ་ལ་བ་སྤུའི་བུ་གའི་ཚབ་ཏུ་ལྗགས་ཀྱི་རྩེ་མོ་ལས་འོད་ཟེར་མེའི་ཚྭ་ཚྭ་འཕྲོ་བ་དམིགས་བསལ་ལོ། གཞན་བཞི་པོ་ཁ་བསྒྱུར་ཏེ་ཨེ་མྱག་སོགས་འབྲུ་བརྒྱད་པ་ཉིད་ཨཱ་ཀྲོའི་ཚབ་ཏུ་བྱའོ། །བཞི་པ་གསང་སྐོར་ཐུགས་ཀྱི་དྲག་སྔགས་ལའང་བསྙེན་སོགས་བཞི་ཡི་ཚེ། ཨེ་དུན་འབྲུ་བཞི་ཉིད་ལ་དམིགས་པ་ཁ་བསྒྱུར་བས་འཐུས་ཤིང་ལྗགས་ནས་འཕྲོ་བའི་ཚབ་ལ་ཐུགས་ཀྱི་སྔགས་འཁོར་དེ་ལས་འོད་མགལ་མེ་ལྟ་བུར་འཁོར་བ་ནི་ཁྱད་པར་རོ། །ལྔ་པ་ཡང་གསང་རྒོད་ཀྱི་དྲག་སྔགས་ལ་ཞི་བར་བཟླས་པ་དང་དྲག་པོར་བཟླས་པ་གཉིས། དང་པོ་ལ་བསྙེན་པའི་ཚེ་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཧཱུྃ་མཐར་ཐུགས་སྔགས་འབྲུ་བཞི་མཐིང་ག་དང་། དེའི་ཕྱིར་ཨྱཻ་རིང་མཐིང་གས་བསྐོར་བ། ལྗགས་སྟེང་ཧྲཱིཿམཐར་གསུང་སྔགས་འབྲུ་བརྒྱད་དམར་པོ་དེའི་མཐའ་མར་ཨྱཻ་རིང་དམར་པོ། དུང་ཁང་གི་ཨཱོཾ་གྱི་མཐར་སྐུ་སྔགས་འབྲུ་བཅུ་གཉིས་པ་དཀར་པོ། དེ་མཐར་ཨྱཻ་རིང་དཀར་པོས་བསྐོར་བར་བསམ་པ་དམིགས་བསལ་ཏེ། གཞན་བསྙེན་སྒྲུབ་སྒྲུབ་ཆེན་ལས་བཞི་བཞི་ཀ་ཨཱ་ཀྲོ་སྤྱི་བསྙེན་ལྟར་ཁ་བསྒྱུར་བས་འཐུས་སོ། །འདི་རྣམས་ཀྱི་བསྙེན་ཚད་ཀྱང་། ཨཱ་ཀྲོ་འབྲུ་བཅུ་བདུན་པ་གོང་བསྙེན་ཡིན་ཏེ་འདི་སོང་ན་འཚུབ་ཆུང་ཞིང་བྱིན་ཆེ་བ་ཡིན་པས། འབུམ་ཕྲག་གསུམ་ཁ་སྐོང་ཁྲི་གསུམ་བསྙེན་ཚད་དུ་གསུངས་ཀྱང་། བསྙེན་པ་སྔར་བྱེད་མ་མྱོང་བས་ཨྱཻ་རིང་ཁོ་ན་བྱེད་པའི་དབང་དུ་བཏང་བ་ཡིན་གྱི་སྐུ་གསུང་ཐུགས་སྔགས་ཀྱང་གཏོང་ན་འབུམ་གཅིག་ཙམ་གྱིས་ཆོག་པར་གསུངས། དེ་ནས་སྐུ་ཡི་སྔགས་དྲག་པོ་སྔགས་ཀྱི་འབྲུ་བཅུ་གཉིས་པ་དེ་ནི་ཞལ་གྱི་དམོད་པ་དྲག་པོ་མངོན་དུ་ཕྱུང་བ་གསང་ཆེན་རིགས་གཅིག་ཏུ་དྲིལ་བའི་སྔགས་ཐམས་ཅད་ཀྱི་རྩ་བ་ཡིན་ཏེ་ཀུན་གྱི་མགོ་ལ་བགྲང་བར་བྱའོ། །ཞེས་གསུངས་པ་ལྟར་བསྙེན་ཚད་འབྲུ་འབུམ་དུ་གསུངས་ཀྱང་གཞན་ཀུན་བཟླ་ན་འབུམ་གཅིག་གིས་ཀྱང་ཆོག་པར་གསུངས། དེ་ནས་གསུང་གི་སྙིང་པོ་སྲོག་དམར་ལེན་སྙིང་ཕྱུང་འབྲུ་བརྒྱད་པ་དང་། ཐུགས་ཀྱི་གསང་སྙིང་འབྲུ་བཞི་པ་གཉིས་ཀྱང་། ལས་རུང་ཙམ་དུ་ཐམས་ཅད་བཟླ་ན་འབུམ་རེ་རེ་དང་། ཡང་ན་འབྲུ་འབུམ་ཁ་སྐོང་དང་བཅས་པའམ། རྒྱས་པར་ན་འབུམ་ཕྲག་བཅུ་རེ་བཟླ་བར་བྱ་སྟེ། སྤྱིར་ཨྱཻ་རིང་སྐུ་གསུང་ཐུགས་སྔགས་དང་བཅས་པ་འདི་དག་ཀུན་ཀྱང་། ཇི་སྐད་དུ། ཀུན་ཀྱང་ཆོས་ཉིད་མ་བཅོས་པའི༔ མ་འགག་རང་སྣང་རོལ་པའི་རྩལ༔ ཆོས་ཀུན་སྙིང་པོར་གྱུར་པ་ཡི༔ འཇམ་དཔལ་གཞོན་ནུ་ཡིན་པར་བཤད༔ ཅེས་གསུངས་པས་རེ་རེས་ཀྱང་དངོས་གྲུབ་མཐའ་དག་འགྲུབ་པའི་གསང་སྔགས་ཁྱད་པར་ཅན་ཡིན་ཡང་། འདིར་ཐམས་ཅད་ལ་བསྙེན་པ་འགྲོ་བའི་ལུགས་ཡིན་གྱི་གཞན་དུ་སྔགས་རེ་རེས་ཀྱང་ལྷ་འགྲུབ་ཅིང་ཕན་གནོད་ཀྱི་ལས་དང་བཅས་པ་སྟེ་གཞན་དུ་ཤེས་པར་བྱའོ། །དེ་ལས་ཁྱད་པར་དུ་ཡང་གསང་ཨྱཻ་རིང་ནི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཡང་སྙིང་འཇམ་དཔལ་ཞི་ཁྲོའི་ལྷ་རྒྱུད་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་རྫོགས་པའི་དྲག་སྔགས་ཀྱི་རྒྱལ་པོ་ཡིན་པས། འདི་ལ་བཟླས་པའི་ཉམས་ལེན་གྱི་གཙོ་བོར་བྱ་སྟེ་གཞན་རྣམས་སྔོན་དུ་སོང་ནས་རྟག་ཏུ་འདི་ཁོ་ན་ལ་འབད་དོ། །དེ་ཡང། རྩ་བ་ལུས་ཀྱི་དྲག་སྔགས་ལ༔ ཡིག་འབྲུ་བརྒྱ་དང་ཞེ་དགུ་ཡོད༔ འབུམ་ཕྲག་གཅིག་ཏུ་བཟླ་བར་བྱ༔ ཞེས་གསུངས་ཀྱང་དེང་སང་ལག་ལེན་ལ་འབུམ་ཕྲག་གསུམ་བཟླ་བར་མཛད་དོ། །གཉིས་པ་ཨྱཻ་རིང་དྲག་པོར་བཟླ་བ་ལ། གོང་ལྟར་ཞི་བར་བཟླས་པའི་བསྙེན་པ་ལྔ་པོ་མཐར་ཕྱིན་ནས་བསྒྲུབ་པར་བྱ་སྟེ། དེ་ཡང་སྤྲོས་མེད་ཏིང་འཛིན་གྱི་ཉམས་ལེན་དང་། སྤྲོས་བཅས་རྫས་ཀྱི་ཡན་ལག་དང་བཅས་པ་གཉིས་ལས། དང་པོ་གསལ་བ་གསུམ་གྱིས་བསྒྲུབ་སྟེ། ཐོག་མར་ལྷར་གསལ་བ་ནི། བདག་མདུན་ཟིལ་གནོན་རྩ་བའི་ལྷ་དྲུག་རྒྱན་ལྷ་བརྒྱད་དང་བཅས་པར་གསལ་བའི་གཙོ་བོའི་ཐུགས་ཙིཏྟའི་ནང་དུ་ཉི་གདན་ལ་ཧཱུྃ་མཐིང་ག །ཡ་མའི་ཐུགས་ཀར་ཡ་སྨུག་ནག །ཕྱག་རྡོར་གྱི་ཐུགས་ཀར་ཧཱུྃ་སྔོན་པོ། རུས་སྦལ་གྱི་ཐུགས་ཀར་འཁོར་འདས་སྲོག་གི་དྭངས་མ་རྒྱ་གར་གྱི་ཡི་གེའི་གཟུགས་ཅན་གྱི་ཨེ་མཐིང་ག་དང་དེའི་ནང་ཀ་མཐིང་སྐྱ་ འདི་ལྟ་བུ། བྱ་ཁྱུང་གི་ཐུགས་ཀར་ཁྲོཾ །ཡུམ་གྱི་ཐུགས་ཀར་མ། སོ་སོའི་ས་བོན་གྱི་མཐར་ཨྱཻ་རིང་གི་རཀྴ་མོནྟ་ཡན་རྫོགས་པའི་མཚམས་སུ་གནོད་བྱེད་ཨ་མུ་ཀ་མྱགས་ཐུམས་རིལ་ཏྲིག་ནན་སྦུར་ཡ་ནན༔ ཨེ་ཧུར ་ཐུམས་ཛ༔ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ༔ ཞེས་བཏགས་པས་བསྐོར་བར་བསྒོམ། ལས་སྦྱོར་དུས་འདིར་རྒྱན་ལྷ་གསལ་ཐེབས་པ་གལ་ཆེ་ཡང་ཐུགས་ཀར་སྔགས་འཁོར་ནི་མི་དགོས་སོ། །གཉིས་པ་ཡུལ་གསལ་བ་ནི། མདུན་དུ་ཏིང་ངེ་འཛིན་གྱིས་སྤྲུལ་པ་ཨེ་ལས་གནམ་ལྕགས་ཀྱི་བྲུབ་ཁུང་གྲུ་གསུམ་བང་རིམ་གསུམ་ལྡན་ཕྱི་ནག་པོ། ནང་དུ་འདོད་ཆགས་ཀྱི་ཁྲག་མཚོ་འཁྱིལ་ཞིང་ཞེ་སྡང་གི་མེ་འབར་བ། ཕྱི་ན་གཏི་མུག་གི་མུན་པ་འཐིབས་པ། ཁ་དོག་ཅིང་མཐིལ་ཡངས་པ་ཟིན་ནས་ཐར་པ་མེད་པའི་ནང་དུ་ནྲྀ་ལས་དགྲ་དང་ཏྲི་ལས་བགེགས་གང་ཡིན་པའམ་དགྲ་བགེགས་ཐམས་ཅད་འདུས་པའི་ངོ་བོ་མདོག་ནག་ཅིང་བམ་པ། ཉམ་ཐག་མྱ་ངན་གྱི་འདུག་སྟངས་ཅན་ཡན་ལག་སྦྲུལ་དང་ལྕགས་སྒྲོག་གིས་བསྡམས་པ་འཆོར་བ་མེད་པར་བསམ་ལ། ཡང་ཏིང་འཛིན་གྱིས་སྤྲུལ་པའི་ཕོ་ཉ་གྲངས་མེད་འཕྲོས། དམིགས་བྱ་ཐམས་ཅད་བཙོན་ཁྲིད་པ་བཞིན་རང་དབང་མེད་པར་བཀུག་ནས་གཟུགས་ལ་བསྟིམ་མོ། །གསུམ་པ་སྔགས་གསལ་བ་ནི། ཨ་མུ་ཀ །ཞེས་པ་དམིགས་བྱའི་དགྲ་བགེགས་སྤྱི་ཡི་མིང་དོད་ཡིན་པས་སྟོང་སྲོག་དེ་དང་། མྱགས་ཐུམས་སོགས་སྲོག་གཤེད་ཀྱི་སྔགས་བསྡེབས་པས་ཕ་རོལ་གྱི་སྟོབས་བཤིག་ཅིང་རང་གཤེད་དབབ་ནས་སྲོག་དམར་ལེན་གྱི་སྔགས་ཡིན་པས། སྔགས་དེ་དག་བཟླས་པའི་ཚེ་ཐུགས་ཀའི་སྔགས་ཕྲེང་རྣམས་ལས་འོད་ཟེར་བྱུང་བ་ཞལ་ནས་འཕྲོས་ཏེ། འོད་ཟེར་གནམ་ལྕགས་འབར་བའི་དབལ་དང་སྤུ་གྲིའི་སོ་དུག་མཚོན་མེ་ཡི་ཚྭ་ཚྭ་དཔག་ཏུ་མེད་པ་ཐོལ་ཐོལ་བྱུང་ནས། མདུན་གྱི་དགྲ་བགེགས་ཀྱི་ལུས་ལ་ཕོག་པས་ཉལ་ཉལ་ཐོར་ཐོར་བཏང་ནས་སྔགས་བཟླ་བཞིན་པའི་ཚེ་ཨེ་ཧུར་ཐུམས་ཛ༔ ཞེས་པའི་སྐབས་སུ་དགྲ་བགེགས་ཀྱི་སྲོག་གི་ངོ་བོ་ནྲྀ་ཏྲི་ལ་སོགས་པ་གང་ཡིན་པ་དེ་དག་རང་དབང་མེད་པར་འུབ་ཀྱིས་འདུས་ཏེ་རུས་སྦལ་གྱི་ཐུགས་ཀའི་ལཉྩའི་ཨེ་ཀ་ལ་ཐིམ་པར་བསམ་ནས། ཟླ་བ་བདུན་ནམ་གཅིག་གམ་གསུམ་མམ་ཐ་ནའང་ཞག་གསུམ་ཙམ་བཟླ་བར་གསུངས་ཀྱང་ཨྱཻ་རིང་ཞི་བར་བསྙེན་པ་འབུམ་གསུམ་དང་། དྲག་པོའི་སྐབས་ཨྱཻ་རིང་ལ་སྤྱང་དྲུག་གི་གཙོ་བོ་གཟིར་སྤྱང་བཏགས་པ་འདི་ལ་འབུམ་གཅིག་སོང་ན་ཤིན་ཏུ་ལེགས་པ་ཕྱག་བཞེས་སོ། །ཞི་བར་བསྙེན་པ་ཐེངས་ནས་རྒྱུན་ཛཔ྄་སོགས་ཐམས་ཅད་ལ་སྤྱང་མོ་བཏགས་པ་འདི་ལེགས་ཞེས་རིག་འཛིན་གོང་མ་དག་གསུངས། བྱེ་བྲག་ཏུ་ཕ་རོལ་གྱི་སྟོབས་གཞོམ་པ་ལ་སོགས་པའི་ཆེད་དུ་སྲོད་དང་ཐོ་རངས་བརྒྱ་རྩ་རེ་བཟླ་བར་བྱའོ། །གཉིས་པ་སྤྲོས་བཅས་རྫས་ཀྱི་ཡན་ལག་དང་བཅས་པ་ནི། རྒྱས་པར་མཆོད་རྟེན་བཅས་ཆོག །དེ་ཙམ་མི་འགྲུབ་ན་ཐོད་པ་ཞལ་དབྱེ་མཆོག་ཕག་ལིང་ག་ཙམ་ལ་བརྟེན་པ་སོགས་རྣམ་གྲངས་མང་ཡང་། འདིར་མདོར་བསྡུས་པའི་ལག་ལེན་གྱི་དབང་དུ་ན་སྟེགས་བུ་འབྲུབ་ཁུང་བཅའ་བའམ། མ་གྲུབ་ན་ཤིང་ལྕགས་ཀྱི་ཧོཾ་ཁུང་ངམ་ལྕགས་སླང་ལྟ་བུར་སྟོང་སྲོག་སྤྱང་མོ་དྲུག་གི་འཁོར་ལོ་ལས་གཟིར་སྤྱང་ཅན་ཚད་ལྡན་བྲིས་པ་སྦྱང་ཁྲུས་རྫས་བྱུག་སོགས་ལག་ལེན་ལྟར་བྱས་པ་བཅུག །ཐུན་རེ་ལ་ལས་གཞུང་བསྲངས་ཏེ་ཨྱཻ་རིང་རྣལ་མ་བརྒྱ་ཕྲག་ཙམ་རེ་བཟླས་མཆོད་བསྟོད་བྱས་ཟིན་པ་དང་། གསེར་སྐྱེམས། བྲུབ་ཁུང་ལིང་ག་བསྐྱེད་པ་དགུག་གཞུག་ལྷ་དབྱེ་སོགས་རྒྱས་བསྡུས་ཅི་རིགས་སོང་ནས། གསལ་བ་གསུམ་དང་ལྡན་པའི་ངང་ནས་ཨྱཻ་རིང་ལ་གཟིར་བ་གཡུ་སྤྱང་ཅན་བཏགས་པ་ཅི་ལྟར་རིགས་པ་བཟླས། ཐུན་མཐར་རང་ལྷར་གསལ་བའི་ཏིང་འཛིན་ངར་བསྐྱེད་ལ་དྲག་སྔགས་བཟླས་པས། དབུགས་ཀྱི་རྟ་ལས་མཚོན་ཆའི་རང་བཞིན་ཤུགས་ཀྱིས་འཕྲོས་ནས། ཤ་ཟ་སྲོག་གཅོད་མང་པོ་བསྐུལ་ཏེ། དགྲ་བོའི་བུ་ག་དགུ་རུ་ཐིམ། ཁོའི་སྲོག་གི་ངོ་བོ་ཁྲག་གི་སྦལ་པ་བྱེའུ་ལན་པའི་མགོ་བོ་ཙམ་ཞིག་གི་ནང་ན་རྒྱ་གར་གྱི་ཡི་གེ་ཡ་དམར་ནག་གི་དབུས་ན་མ་དང་མའི་མིག་ན་ནྲྀ་ལྗང་གུ་ཞིག་གནས་པ་ལ། དྲག་སྔགས་བཟླས་པའི་འོད་ཟེར་གྱིས། སྙིང་ལ་གནས་པའི་དྲག་སྔགས་འབྲུ་བརྒྱད་མེ་དང་ཆུར་འབར་ཞིང་ཁོལ་བས་འཁྲུགས་ཤིང་བསྐྱོད་ནས་དྭངས་མའི་རྩ་བཞིའི་ནང་ནས་ནད་འདུ་བ་རྣམ་བཞི་ལངས་ཏེ། རང་གཤེད་ཀྱི་སྡིག་པ་ནག་པོ་བཞིའི་ར་བརྒྱད་ལས་གསུང་གི་དྲག་སྔགས་འབྲུ་བརྒྱད་ཀྱི་སྤུ་གྲི་ཡིས་རྩ་ཆེན་བཞི་དང་རྩ་ཕྲན་བརྒྱད་པོ་བཅད་ནས། ཁོ་རང་གི་སྙིང་ན་གནས་པའི་ཡེ་ཤེས་སེམས་དཔའ་བཅུག་ཅིང་བསྒོམ་པའི་ཚེ་བདག་དེ་ཞེ་སྡང་ལྕགས་ཀྱི་སྡིག་པ་ནག་པོར་གྱུར་ནས། འབྱུང་བཞིའི་དྭངས་མ་བཞི་བསྡུས་ཤིང་སྲོག་རྩ་གཅོད་པར་བསམ། ཁོའི་སྲོག་གི་ངོ་བོ་ནྲྀ་རུ་གནས་པ་དང་། ཁྲག་གི་སྦལ་པ་བཅས་པ་དེ་འཁྲུལ་འཁོར་བཅས་པ་དེ་ལ་ཐིམ་པར་བསམ་ལ། དེ་ལྟའི་དམིགས་པ་དང་ལྡན་པས། རྒྱུན་སྔགས་འཁོར་ལོ་ནག་པོའི་དྲག་སྔགས་དྲག་པོ་བཙན་ཐབས་འདིས་བརྡེག་པར་བྱ་སྟེ། དྲག་སྔགས་ནི། ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན། དགྲ་བོའི་སྲོག་ལ་ནྲྀ་ཧུར་ཐུམས་ཛཿ རྩ་ཁྲག་སྙིང་ཐུམས་རིལ་རཾ་ཤག་རྦདཿ དགྲ་བོའི་ཙིཏྟ་བྲེང་ཤག་ཛཿ སྲོག་ལ་ནྲྀ་ཧུར་ཐུམས་རྦད༔ ཅེས་བཟླ་ཞིང་ཐུན་འཇོག་ཁར་སྐམ་རློན་གྱི་ཐུན་རྫས་ལ་ཕུས་བཏབ་ནས་ཉིན་མཚན་གྱི་དབྱེ་བའི་ཐུན་སྔགས་དང་བཅས་ཏེ་ཐུན་བརྡེག་གོ །ཐུན་གཏོར་ལ་རཀྟ་བྲན་ནས་དགུག་གཞུག་ལན་གསུམ་བྱ། སླར་སྨན་རཀ་བྲན་ཏེ། དྲག་གཏོར་ལྟར་བྱིན་གྱིས་བརླབས་ནས། ཨེཿ ཕྱག་རྒྱ་ཟིལ་གནོན་འཁོར་བཅས་ལ༔ ཞེས་སོགས་ཀྱིས་འབུལ། དེ་རྗེས་ཚོགས་བྱིན་རླབས་ནས་བསྟབ་པའི་བར་བྱ། ལྷག་མ་བཙོན་དུ་བཟུང་། ཆད་བརྟན་སོགས་དཀྱུས་བཞིན་བྱ། ཡང་ན་མཆོད་བསྟོད་རྗེས་ཆོས་སྐྱོང་གཏེར་སྲུང་གི་གསོལ་ཁ་དང་ཚོགས་བྱས་ལ། བསྒྲལ་བའི་ཚེ་བསྒྲལ་ལས་ཀྱི་ནང་དུ་འདི་སྦྱར་རོ། །གང་ལྟར་ཡང་ཞག་བདུན་དགུ་སོགས་བསད་རྟགས་བྱུང་གི་བར་བྱས་ནས། ལས་ལ་སྦྱོར་བ་ནི། དགུག་གཞུག་ནས་ཞལ་སྟོབ་བར་དཀྱུས་བཞིན་བྱས་རྗེས། སྟོང་སྲོག་འཁོར་ལོའི་ལྟེ་བ་གྲུ་གསུམ་ནང་གི་ལིངྒ་དེ་གྲིས་དྲས་ཏེ་བཏོན་ལ་དྲག་པོའི་སྦྱིན་སྲེག་གམ། ཡང་ན་མནན་ཆས་བྱས་ཏེ་ཐོད་པ་སོགས་སུ་མནན་པ་ཚུལ་བཞིན་བྱ། ལྟེ་ལིང་བཏོན་པའི་སྟོང་སྲོག་འཁོར་ལོ་དེ་སྲུང་བའི་ཕྱིར་རང་གི་མལ་སྟེང་དུ་བླ་བྲེ་ལྟར་ཕུབ། མཐར་བཟློག་གཏོར་བཤམས་ལ་ཟོར་ལས་རྒྱས་བསྡུས་སྐབས་དང་སྦྱར་ཏེ་ཞག་གསུམ་མམ་གཅིག་ཏུ་བྱའོ། །དེ་ལྟར་བསྙེན་སྒྲུབ་ལས་ཀྱི་སྦྱོར་བ་དེ་དག་གི་སྐབས་སུ་བསྙེན་པ་དང་། རྦད་པ་དང་། བསད་བཟློག་གི་གྲུབ་རྟགས་རྣམས་རྟགས་ཚད་ཀྱི་ཡི་གེ་བཞིན་དུ་ཤེས་པར་བྱས་ལ་བསྲུང་བསད་བཟློག་པའི་ལས་མཐའ། མནན་བསྲེག་འཕང་བས་བསྡུ་བར་བྱའོ། །དེ་ཡང་རྩ་བསྙེན་དང་ཁ་སྐོང་གི་སྦྱིན་སྲེག་དང་བཅས་པ་སོང་ན་ལེགས་ཤིང་ཚུལ་དེ་ལྟ་བུས་ལྷ་ཡི་དངོས་གྲུབ་གྲུབ་པའི་རྟགས་རྫོགས་ཤིང་། གྲངས་ཀྱི་བསྙེན་པ་ཡོངས་སུ་རྫོགས་པའི་ཚེ་སང་མཚམས་གྲོལ་བའི་དེ་རིང་གི་དགོང་མོར་དངོས་གྲུབ་ཀྱི་རྫས་བམ་ཆས་སུ་བཅུག་པ་ཡོད་ན་དེས་འཐུས། མིན་ན་གསར་དུ་བཤམས་ཤིང་། གཞན་ཡང་མངར་གསུམ་སྨན་སྤོད་སྣ་ཚོགས་བཏབ་པའི་ཕྱེ་མར་གྱི་རྒྱུ་ལས་ཚེ་འབྲང་ངམ་ཚེ་བུམ་ཕྱག་བཞེས་ལྟར་བྱ་བའི་པདྨ་དམར་པོ་འདབ་བཞི་ཁ་མར་བསྟན་པའི་སྟེང་། ཉི་མ་འོག་དང་ཟླ་བ་སྟེང་དུ་བྱས་པའི་ཉི་ཟླའི་གའུ་སོ་སོའི་ཁ་དོག་བསྒྱུར་བའི་རྩེར་མར་དཀར་གྱི་རྡོ་རྗེ་རྩེ་ལྔ་ཕྱེད་པ་དང་ཉི་ཟླའི་གའུར་རྡོ་རྗེ་རྒྱ་གྲམ་གྱིས་རྒྱས་བཏབ་པའི་ཚུལ་ཅན། རྒྱུ་དེ་ལས་གྲུབ་པའི་ཚེ་རིལ། ཚེ་ཆང་ལ་བུ་རམ་དང་ཆོས་སྨན་བཏབ་པ། གཞན་ཡང་དངོས་གྲུབ་ཀྱི་རྫས་གང་འབྱོར་འདུ་བྱས་ལ། ལས་བྱང་གཞུང་བསྲང་ཚོགས་ཐ་མ་ཡན་བཏང་། དངོས་གྲུབ་ལེན་ཁར་རྫས་བཤམས་གུ་གུལ་བདུག་ཅིང་བགེགས་བསྐྲད་དང་བྱིན་འབེབ་ལས་བྱང་ལྟར་བྱ། བམ་ཆེན་གྱི་སྙིང་ཙིཏྟ་གྲུ་གསུམ་གྱི་དབུས་སུ་རྣམ་ཤེས་ཡིད་ཆོས་དག་པ་ཕྱག་རྒྱ་ཟིལ་གནོན་ཡབ་ཡུམ་སོགས་ཕུང་ཁམས་སྐྱེ་མཆེད་ལྷར་བསྐྱེད་བསྟིམ། མཆོད་བསྟོད་བསྡུས་པ་ཙམ་བྱ། ཚེ་འབྲང་བསང་སྦྱང་། སྟོང་པའི་ངང་ལས་ཚེ་འབྲང་གི་རྣམ་པ་ལ་དབུས་སུ་ཚེ་དཔག་མེད་དམར་པོ་གོས་དཀར་མོ་དང་འཁྲིལ་བ་མཉམ་གཞག་གིས་བུམ་པ་འཛིན་པ། ཤར་དུ་དབྱིངས་ཕྱུག་མ་སྔོན་མོ། ལྷོར་མཱ་ཀཱི་སེར་མོ། ནུབ་ཏུ་སངས་རྒྱས་སྤྱན་མ་དཀར་མོ། བྱང་དུ་སྒྲོལ་མ་ལྗང་གུ །རིམ་བཞིན་གཡས་པ་ན། འཁོར་ལོ་རིན་ཆེན་རྡོ་རྗེ་རྒྱ་གྲམ། གཡོན་ཚེ་བུམ་འཛིན་པ་ཞབས་སེམས་མའི་སྐྱིལ་ཀྲུང་ཅན་དར་དང་རིན་པོ་ཆེས་བརྒྱན་པའི་གཙོ་འཁོར་ཐམས་ཅད་ཀྱི་གནས་གསུམ་ཡི་གེ་ལས་འོད་འཕྲོས་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། ཨཱ་ཡུཿདེ་བ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་སྔགས་ཀྱིས་མཆོད་ལ། འཇིག་རྟེན་འདྲེན་པས་བསྟོད། ཨོཾ་བཛྲ་ཨཱ་ཡུ་ཛྙཱ་ན་བྷྲཱུྃ་ནྲྀ་ཛ༔ སརྦ་ཨཱ་ཡུཿཕ་ལ་སིདྡྷི་ཧཱུྃ༔ ཞེས་ཅི་རིགས་བཟླས། འོད་ཀྱིས་ཚེ་བཅུད་བསྡུ་བའི་དམིགས་པ་སྤྱི་ལྟར་བྱ། དེ་ནས་དངོས་གྲུབ་བསྡུ་བ་ནི། བདག་ཟིལ་གནོན་དུ་གསལ་བའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་ས་བོན་ལས་འོད་གློག་གི་ཞགས་པ་ལྟར་རྣོ་ཞིང་མྱུར་བ་སྤྲོས་ནས། འཁོར་འདས་ལམ་གསུམ་གྱི་དཔལ་ཡོན་དྭངས་བཅུད་ཚེ་སྟོབས་རྣམས་དངོས་གྲུབ་ཀྱི་རྫས་ལ་ཐིམ་པར་བསམ་ལ། སྔགས་མཐར་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ནྲྀ་ཛཿཧཱུྃ་སྭཱ་ཧཱ། བརྒྱ་རྩ་སོགས་བཟླས་རྗེས་ཕྱི་ནང་སྣོད་བཅུད་ཐམས་ཅད་དྲེགས་པ་ཡབ་ཡུམ་ལ་ཐིམ། ཡབ་ཡུམ་ཧཱུྃ་ལ་ཐིམ། དེ་དངོས་གྲུབ་ཀྱི་རྫས་ལ་ཐིམ། དེ་འོད་དུ་ཞུ་ནས་རང་གི་ལུས་ངག་ཡིད་ལ་ཐིམ་པས་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ་ལ་དངོས་གྲུབ་བསྐུལ་བའི་ཚིག་དང་སྔགས་ཚིག་གིས་རྫས་རྣམས་གནས་གསུམ་དུ་རེག་ཅིང་མྱང་བར་བྱ། འདི་ལྟར་བསགས་པའི་སོགས་སྨོན་ལམ་གདབ། མཆོད་བསྟོད་བཟོད་གསོལ་བསྡུ་ལྡང་སོགས་བྱའོ། །དེ་ནས་རྒྱལ་ཐོ་ལ་གཏང་རག་ཕུལ་ཞིང་འགྲོལ། ནང་མཚམས་གྲོལ་ནས་དེ་ཉིན་དམ་ཚིག་གཙང་བའི་མཆེད་འགའ་ཞིག་དང་ཕྲད་པར་བྱ། མིག་དགྲ་ཕྱོགས་སུ་ལྟ་སྟངས་བྱེད་པ་དེ་ཐུལ་བའི་དགོས་པ་དང་། ཉི་ཟླའི་ཕྱོགས་སུ་བལྟ་བ་ཚེ་ཉི་ཟླ་དང་མཉམ་པའི་རྟེན་འབྲེལ་ཡོད་ཅེས་བླ་མ་གོང་མ་དག་གསུངས་སོ། །འདིར་མཚམས་གྲོལ་ནས་དེ་འཕྲལ་ལམ་ལོང་སྐབས་ཇི་རིགས་པར་ཁ་སྐོང་ཞི་བའི་སྦྱིན་སྲེག་བྱ་གསུངས་ཏེ། མཚམས་ནང་དུ་མི་བདེ་ན་དེ་ལྟར་བྱའོ། །དེ་ལྟར་བསྙེན་སྒྲུབ་དེ་དག་གི་མི་མཐུན་པ་སྤང་ཞིང་མཐུན་པའི་རྐྱེན་སྔགས་ཀྱི་ནུས་པ་བསྐྱེད་པའི་རིགས་ལ་འབད་པས་སྔགས་ཀྱི་འབྲས་བུ་མྱུར་དུ་འབྱིན་པར་ཤེས་པར་བྱ་སྟེ། དེ་ཡང་། སྐུ་མཚམས་མ་གྲོལ་བར་གཞན་དང་ཕྲད་པ། གསུང་མཚམས་མ་གྲོལ་བར་ངག་ཤོར་བ། ཐུགས་མཚམས་མ་གྲོལ་བར་ཉོན་མོངས་དྲག་པོས་བར་བཅད་པ་སྟེ་མཚམས་གསུམ་རལ་བ་སྤང་། བསྐྱེད་པའི་སྐུ་མི་གསལ་བ། བཟླས་པའི་སྔགས་མི་དག་པ། བསྒོམ་པའི་ཏིང་འཛིན་གཡེལ་བ་སྟེ་དམ་ཚིག་ཉམས་པ་གསུམ་སྤང་། ལུས་བཅུད་ཐིག་ལེ་ཉམས་པ། ངག་བཅུད་མཆིལ་མ་དོར་བ། ཡིད་བཅུད་དམིགས་པ་དོར་ནས་རྣམ་རྟོག་རྒྱུན་མ་བཅད་པ་སྟེ་བསྲུང་བྱ་གསུམ་ཉམས་པ་སྤང་། ཡན་ལག་ཏུ། སྒྲུབ་པ་མ་ཐོན་བར་གནས་མི་སྤོ། གདན་མི་སྤྲུག །མི་དང་ཁ་འཕྲོ་མི་བསྲེ། གཏོར་མ་དུས་ལས་མ་ཡོལ་བར་འབུལ། འཐབ་མཁོན་མི་བྱ། གཏོར་ཕུད་ཉམས་སུ་མི་འཇུག །སྒྲུབ་ཁང་དུ་ཁྱི་དང་ཡུགས་ས་མཛེ་ཕོ་དམེ་ཅན་འོང་མི་འཇུག །དེ་ཀུན་གྱི་ཟས་ལ་འཛེམ། སྨ་ར་དང་ཨག་ཚོམ་མི་བྲེག །རང་གི་ཉལ་མལ་དུ་གཞན་མི་གཏོང་། ཕྲེང་སྟན་མི་ལག་མི་འགྲིམ། གཞུ་མི་ཕབ། མདའ་མི་གཅོག །མཚོན་རྩེ་ཁར་མི་འཇུག་གོ །སྤྱིར་སྔགས་བཟླ་ཚེ་སྐྱོན་བཅུ་སྤང་དགོས། བཅུ་ནི་སྒྲ་སྐྱོན་ལྔ་ལ། ཆེ་བ། ཆུང་བ། མགྱོགས་པ། བུལ་བ། མེ་ཕུ་བ་དང་ལྔ་ཡིན་གསུངས། བར་ཆད་ལྔ་ནི། གློ་ལུ། གཏམ་སྨྲ། སྦྲིད་པ། གཉིད་ཤོར་བ། ཡེངས་བ་དང་ལྔར་བཤད། བཟླས་པའི་འཕྲོ་ལ་གཉིད་དང་གླལ་བ་སྦྲིད་པ་འོག་རླུང་བྱུང་ན་དེ་མ་ཐག་ཕྲེང་བ་བཞག་སྟེ་ཉེ་རེག་བྱ་ཞིང་ཁ་བཤལ་ནས། གོང་གི་དེ་འདྲ་བྱུང་སྐབས་ཀྱི་སྔགས་བཟླས་པའི་གྲངས་སུ་མི་གཞུག་སྟེ་དེས་བསླད་པས་གོ་མི་ཆོད་པའི་ཕྱིར་རོ། །གཞན་དུ་སྐྱོན་དེ་དང་མ་འདྲེས་ཀྱང་གློ་བུར་དུ་དེ་དག་བྱུང་ན། སྔར་བཅད་ཟིན་པའི་གྲངས་ནས། གཏམ་ཤོར་ན་བཞི། གློ་ལུ་ན་ལྔ། གླལ་ན་གསུམ། སྦྲིད་ན་བཅུ། མཆིལ་མ་སྣབས་ལུད་སོགས་འདོར་ན་གཅིག །འོག་རླུང་ལ་བདུན། གཉིད་ལ་བཅོ་ལྔ་རྣམས་ཕྱིར་བཏོན་ཏེ་གྲངས་སུ་མི་རྩི་བར་བཤད། གཞན་ཡང་བསྙེན་པའི་སྐབས་སུ་ལྷ་གཞན་གྱི་སྔགས་དང་ཆོས་སྤྱོད་བྱས་ན་ཡིད་ཀྱིས་བཤགས་ཞིང་གསོལ་བ་བཏབ་ནས་བཟླས་པ་སྔ་མར་འཇུག །བགེགས་སྲུང་བ་དང་ནད་ཞི་བ་དང་ལྷོད་པ་བག་མེད། ལུས་སེམས་སྐྱོ་བ། མ་བསྡམ་པ། མི་གཙང་བ། རྨི་ལམ་ངན་སོགས་འཕྲལ་རྐྱེན་ཞི་བ་དང་། གོང་དུ་བཤད་པའི་མཚམས་གསུམ་མ་བསྡམ་པ་ནི་རྩ་བའི་གཞི་བསྙེན་གྱི་གྲངས་དང་བསྙེན་ཁ་གསོ་བ་སོགས་གྲངས་བསྙེན་གྱི་གྲངས་སུ་མི་རྩི་བར་ལེགས་གྲུབ་ལས་གསུངས་སོ། །ཡང་བཟླས་པའི་ཕྱེད་གནས་གཅིག་ཏུ་བྱས་ནས་ཕྱེད་གནས་གཞན་དུ་སྤོས་ནས་བྱས་པས་བཟླས་པ་དུས་ལས་འདས་པ་སོགས་ཀྱིས་ཀྱང་བཟླས་པ་མཚན་ཉིད་པའི་གོ་མི་ཆོད། དུས་ལ་བཟླས་ཞེས་བསྙེན་ཐུན་གྱི་དང་པོ་ནས་ཐ་མའི་བར་ངེས་ཅན་ཁྲིགས་ཆགས་སུ་བསྟར་བ་ལས་རང་གི་དལ་ཁོམ་དང་བསྟུན་པའི་ཐུན་དང་བཟླས་ཚད་གང་བབ་བྱས་པས་མི་འཐུས་སོ། །གཞན་ཡང་སྒོག་པ་སོགས་ཟས་ངན་རིགས་སྔགས་ལ་གནོད་པའི་ཟས་དང་། རྫུན་སོགས་ལུས་ངག་གི་སྤྱོད་ལམ་དང་། གནས་གྲོགས་ཡོ་བྱད་ཀྱི་གྲིབ་དང་། ཐེ་ཚོམ་སོགས་རྟོག་པ་ངན་པའི་བར་ཆད་མཐའ་དག་བསྒྲིམས་ཏེ་འབད་ནས་སྤང་བར་བྱ་ཞིང་། ངག་བྱིན་གྱིས་རློབ་པ་དང་། ལྕེ་ལ་སྤུ་གྲི་གདགས་པ་སོགས་བླ་མ་དགོངས་འདུས་ཀྱི་མན་ངག་བཞིན་དུ་ལེགས་པར་བསྒྲུབས་ཟིན་པའི་རྫས་ཀྱིས་ཐུན་རེའམ་ཉིན་རེའམ་ཉི་མ་བདུན་རེའི་ནང་དུ་གནས་སོ་སོར་བྱུག་པ་སོགས་བྱ་བ་དང་རྒྱུན་དུ་དབྱངས་གསལ་བསྒྲང་ཞིང་། ནུས་བསྐྱེད་ཀྱི་ཟ་ཡིག་རིགས་དང། ལྷ་སྔགས་དབྱེར་མེད་ལ་ཡིད་ཆེས་པ་སོགས་ཕྱོགས་མེད་ཀྱི་དད་པ་དང་སྣང་སྲིད་དག་མཉམ་ཆེན་པོར་ངེས་པའི་དག་སྣང་དང་། རྒྱུན་ཆགས་ཀྱི་དྲན་པས་མི་གཡེང་བའི་ཏིང་འཛིན་ལ་བརྩོན་པ་ཆེན་པོས་ནན་ཏན་དུ་བྱ་ཞིང་རྩ་གསུམ་ལ་སྔགས་གྲུབ་པའི་གསོལ་བ་གདབ་ཅིང་བྱང་ཆུབ་ཀྱི་སེམས་བསྒོམ། རྒྱུན་དུ་གསག་སྦྱོང་གི་རིགས་དང་སྦྱིན་སྲེག་ལ་སོགས་པའི་ཐབས་ཁྱད་པར་ཅན་གྱིས་སྔགས་ཀྱི་གཟི་བྱིན་དང་སྟོབས་བསྐྱེད་པར་བྱའོ། །ཆོ་གའི་ཡན་ལག་དང་ལྡན་པའི་བཟླས་པ་ཚུལ་བཞིན་བྱས་ན་རྒྱུ་ཚང་བས་འབྲས་བུ་མི་འབྱུང་བ་མི་སྲིད་ཀྱང་། གལ་ཏེ་བཟླས་གྲངས་ཐེམས་ནས་རྟགས་མེད་ན། གཏེར་ཁྱིམ་དང་རྫོང་འཕྲང་རྡོ་རྗེ་གཙུག་ལག་གི་རྒྱུད་སོགས་བསྙེན་སྒྲུབ་ཀྱི་གཞུང་ཆེན་རྣམས་དང་བསྟུན་ཅིང་ལྕགས་སྡིག་ནས་བཤད་པའི་སྔགས་སྡེབ་ཀྱི་མན་ངག་ཉེར་ལྔ་པ་སོགས་དང་། རྒྱས་པར་སྔགས་སྡེབ་སྙིང་གཟེར་ནག་པོ་སོགས་ཀྱི་མན་ངག་གི་གནད་ཉམས་འོག་ཏུ་ཆུད་པར་བྱ་བ་ནི་གལ་ཆེ་བས་དེ་བཞིན་དུ་ངེས་པར་བྱའོ། །དེ་ལྟར་བསྙེན་སྒྲུབ་གནད་དུ་འཁྱོལ་བའི་གང་ཟག་གིས་གསུམ་པ་ལས་ལ་སྦྱར་བ་ལ། མཆོག་དང་ཕལ་པ་གཉིས། དང་པོ་བསྐྱེད་པའི་རིམ་པ་གསལ་བ་གསུམ་མཐར་ཕྱིན་པའི་གང་ཟག་གིས་ལྷའི་གནང་བ་ཐོབ་པའི་དུས་སུ་བསྐྱེད་པ་དང་སྔགས་ཀྱི་བཟླས་པའི་མཐུས་འོག་མིན་པའི་བར་གྱི་དངོས་གྲུབ་ཅི་རིགས་པ་འགྲུབ་ཅིང་། རྫོགས་པའི་རིམ་པ་ཐབས་ལམ་ལ་བརྟེན་ནས་རང་སེམས་དང་རླུང་ལ་དབང་ཐོབ་པས་སྲོག་གཟུགས་གྲུབ་པའམ། གྲོལ་ལམ་གྱི་ལྟ་སྒོམ་ཁྱད་པར་ཅན་གྱིས་རིག་པ་ཡེ་ཤེས་ལ་དྲོད་ཐོབ་པའི་སྒོ་ནས། རླུང་སེམས་དབང་དུ་གྱུར་པའི་མཐུས་བསམ་པ་ཙམ་གྱིས་རྩལ་སྣང་ལས་རབ་འབྱམས་གྲུབ་ཅིང་དེ་ལ་བརྟེན་ནས་ལམ་གྱི་ཡོན་ཏན་ཀུན་ནས་ཚང་བ་དེ་དག་གི་མཐུས། མཐར་ཐུག་འཕོ་བའི་འགྱུར་བ་ཐམས་ཅད་ཟད་པ་འགྱུར་མེད་ཡེ་ཤེས་རྡོ་རྗེའི་སྐུ་བདུད་བཞི་ལས་རྣམ་པར་རྒྱལ་བ་དཔལ་ཧེ་རུ་ཀའི་གོ་འཕང་ལ་སྦྱོར་བ་ནི་མཆོག་གི་ལས་སྦྱོར་རོ། །ཕལ་པ་ལའང་ནང་གསེས་ཚད་མེད་ཀྱང་རིགས་བསྡུ་ན་ལས་བཞི་སྟེ། དེ་དག་ཀྱང་རབ་སྲོག་གཟུགས་གྲུབ་ཅིང་སྣང་སེམས་ལ་དབང་ཐོབ་པའམ། འབྲིང་བསྐྱེད་རིམ་མཐར་ཕྱིན་པའི་ཏིང་ངེ་འཛིན་གྲུབ་པའམ། ཐ་མ་གསང་སྔགས་ཀྱི་བཟླས་པ་ཚད་དང་ལྡན་པར་སོང་བའི་སྒྲུབ་པ་པོས་བྱ་བ་ཡིན་ཏེ། དེ་ལ་སྐབས་འདིར་དཔལ་ཕྱག་རྒྱ་ཟིལ་གནོན་ཧེ་རུ་ཀའི་ལྷ་སྔགས་ཏིང་འཛིན་ལ་བརྟེན་ནས་ལས་སྣ་ཚོགས་བསྒྲུབ་པར་བྱ་བ། དེ་ཡང་རྫས་སོགས་ཕྱི་རོལ་གྱི་ཡན་ལག་ལ་མི་ལྟོས་པ་དང་། ལྟོས་པ་གཉིས། དང་པོ་སྔགས་དམིགས་ཁོ་ནས་ཞི་སོགས་བསྒྲུབ་པའོ། །གཉིས་པ་ལྟོས་པ་ལ། འཁྲུལ་འཁོར་དང་སྦྱིན་སྲེག་གཏོར་མ་ཐུན་རྫས་སོགས་ལ་བརྟེན་ནས། ཞི་བ་དང་རྒྱས་པ་དང་དབང་དང་དྲག་པོའི་ལས་རབ་འབྱམས་ཀྱི་ཚུལ་བསྒྲུབ་པ་ནི་སྔགས་རྒྱུད་ཟབ་མོ་སྤྱི་དང་། ཁྱད་པར་ཟླ་གསང་ལ་སོགས་པའི་གཤེད་སྐོར་རྒྱ་མཚོ་ལྟ་བུ་དང་གནམ་ལྕགས་སྡིག་པའི་ཆོས་སྡེ་རྣམས་བསྡེབས་ཏེ་བླ་མའི་མན་ངག་གིས་ལག་ཏུ་ལེན་པར་བྱ་ཞིང་། ཁྱད་པར་དུ་དྲག་པོའི་ལས་བསྒྲུབ་པ་ལ་ཨུར་མོ་ལས་དྲུག་ཏུ་གྲགས་པ། དང་པོ་མི་ཤིགས་པའི་མཁར་དུ་རྡོ་རྗེའི་སྐུ་བསྐྱེད་པ། གཉིས་པ་ནམ་མཁའི་ཁམས་སུ་སྦྱོར་བའི་སྟོབས་བཤིག་པ། གསུམ་པ་རི་རབ་ཀྱི་རྩེ་ལ་གནམ་ལྕགས་ཀྱི་སོ་བརྡར་བ། བཞི་པ་རི་ཐང་མཚམས་སུ་ཞེ་སྡང་ཁྲོས་པའི་གཞུ་བཅག་པ། ལྔ་པ་རྒྱ་མཚོའི་གཏིང་དུ་མུན་པའི་དམག་བསྡུ་བ། དྲུག་པ་འཁོར་བའི་རྒྱ་གླིང་དུ་སྲིད་པའི་རི་བོ་བསྒྱེལ་བ་རྣམས་ལས། དང་པོ་ནི། ཁྲོ་བོའི་ནང་ན་གཤིན་རྗེ་གཤེད། །དེ་མཐོང་ན་ནི་ཁྲོ་བོ་གཞན། །འདར་ཞིང་ལག་ཆ་ཤོར་བར་འགྱུར། །ཞེས་པ་ལྟར། འཁོར་འདས་ཀུན་དབྱིངས་སུ་ཟ་བ་བཅོམ་ལྡན་འདས་དུས་དགྲའི་དབང་པོ་འཁོར་འདས་ཟིལ་གནོན་ཆེན་པོ་ཉིད་དུ་བདག་ཉིད་གསལ་འདེབས་པ་སྟེ། དེ་ཡང་འཁོར་ལོ་བཞིའི་ལྟ་དགོངས་དང་ལྡན་པའི་སྒོ་ནས། མངོན་རྟོགས་ཆེ་ཆུང་སོགས་ཀྱི་དགོངས་པ་བཞིན་དུ་གསལ་འདེབས་པའམ། བསྙེན་སོང་རྣམས་ཀྱི་རྒྱུན་གྱི་ཡི་དམ་ལ། ཡང་གསང་གནམ་ཐོག་ཆེན་པོའི་དགོངས་པ་བཞིན། གཞལ་ཡས་ཁང་ལྷུན་གྲུབ། ལྷ་ཀོག་བཞེངས། སྔགས་ཐུག་ཕྲད་དུ་གྲགས་པ། རང་བཞིན་ལྷུན་གྱིས་གྲུབ་པའི་ལྷ་ཡི་དཀྱིལ་འཁོར་དྲན་ཙམ་གྱིས་རྫོགས་པར་བྱེད་དེ། ཧཱུྃ། ཨེ་ཉིད་སྟོང་པ་ཆོས་འབྱུང་སྟེ། །མ་སྐྱེས་འགག་པ་མེད་པ་ལས། །རྒྱུ་རྐྱེན་སྔགས་ལས་མ་བསྐྱེད་པར། །རོལ་པ་ཆེན་པོའི་སྐུ་རུ་གསལ། །ཞེས་བརྗོད་ཅིང་བསམ་ལ། འཁོར་འདས་ཐམས་ཅད་ལ་དབང་བསྒྱུར་བས་གང་གིས་ཀྱང་མི་ཚུགས་པའི་རྟག་བརྟན་གཞོམ་མེད་རྡོ་རྗེ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོ། རྡོ་རྗེ་མི་ཤིགས་པ་སྲུང་བའི་འཁོར་ལོ་ལྷུན་གྱིས་གྲུབ་པའི་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་རི་མཚོན་ཆ་འཁྲུགས་པས་དགྲ་བགེགས་བྱད་མ་རྩ་སྦུར་མེ་ལ་བསྲེག་པ་བཞིན་བཏང་བར་བསམ་པ་ནི་བསྲུང་བའི་ལས་སོ། །གཉིས་པ་ནམ་མཁའི་ཁམས་སུ་སྦྱོར་བའི་སྟོབས་བཤིག་པ་ནི། གཞན་གྱི་ལོ་སྒྲུབ་ཟླ་བས་བཤིག་པ། ཟླ་སྒྲུབ་ཞག་གིས་བཤིག་པ། ཞག་སྒྲུབ་དུས་ཀྱིས་བཤིག་པའི་མན་ངག་ཁྱད་པར་ཅན། ཡང་ཕུར་མ་མོ་སོགས་ཡི་དམ་སྤྱི་དང་ཁྱད་པར་འཇམ་དཔལ་ཞི་ཁྲོའི་ལྷ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་འཁོར་འདས་ཀྱི་སྲོག་དབང་དུ་བསྡུ་བ། རིག་སྔགས་གཞན་ཐམས་ཅད་རྩྭ་དང་འདྲ་ཞིང་འདི་ནི་མེ་དང་འདྲ་བ་དྲག་སྔགས་ཐམས་ཅད་ཀྱི་རྒྱལ་པོ་ཨྱཻ་རིང་ཉིད་བཟླས་པར་བྱ་སྟེ་དེས་ཕ་རོལ་གྱི་སྟོབས་བཤིག་པའོ། །ལྷ་སྔགས་གཉིས་པོ་འདི་ནི་ལས་ཕྱི་མ་བཞིའི་རྩ་བ་ཡིན་ཏེ། འདི་གཉིས་ཕན་ཚུན་གཅིག་གྲོགས་གཅིག་ཡིན་ཅིང་། དུས་རྒྱུན་རྩ་བའི་དམིགས་པ་སྣང་སྲིད་ཐམས་ཅད་ལྷ་སྔགས་དབྱེར་མེད་ཀྱི་རང་བཞིན་དྲག་པོའི་སྐུར་ཤར་ནས་ཁྲོ་ཆུ་མེ་མཚོན་སོགས་ཀྱི་ཟི་ར་ཁོལ་བ་ལས། དྲག་སྔགས་འབྲུག་སྟོང་ལྟར་སྒྲོག་པ་དཔལ་ཆེན་པོའི་ཡེ་ཤེས་རྡོ་རྗེའི་རང་བཞིན་འབའ་ཞིག་ཏུ་བསྒོམ་པ་མན་ངག་གི་མཐར་ཐུག་པ་ཡིན་ནོ། །དེ་ལའང་དམིགས་བསལ་རང་སྲུང་བ་དང་། གཞན་འཇོམས་པ་གཉིས། དང་པོ་རང་གི་སྔགས་ཀྱི་འོད་ཟེར་གྱིས་སྒོ་གསུམ་གྱི་སྒྲིབ་པ་སྦྱངས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། དགྲ་བགེགས་ཐམས་ཅད་བསྲེགས། འོད་སླར་འདུས་པས་འཁོར་འདས་ཀྱི་དྭངས་བཅུད་རང་ལ་འདུས་ཏེ་གཞོམ་མེད་ཡེ་ཤེས་ཀྱི་སྐུ་ཤིན་ཏུ་བརྗིད་པ་ལ་བ་སྤུ་ཐམས་ཅད་རྡོ་རྗེའི་ཁྲོ་ཆུང་གིས་གཏམས་ཤིང་། ཡེ་ཤེས་ཀྱི་འོད་ཟེར་འདུས་པའི་རྡོ་རྗེའི་མཁར་མགར་གྱི་སོལ་མལ་ལ་ལྕགས་ཞུན་ཁོལ་བ་ལྟ་བུའི་ཚྭ་ཚྭ་འཕྲོ་ཞིང་གཅོད་བྱེད་མཚོན་ཆའི་འཁོར་ལོ་མང་པོ་འཕྲོས་པས། གླགས་ལྟ་བ་ཐམས་ཅད་བུན་བུན་ཚིག་ཅིང་མྱལ་མྱལ་གཏུབ་པས་གང་གིས་མི་ཚུགས་པར་བསམ་ལ་སྔགས་བཟླ་བའོ། །གཉིས་པ་གཞན་འཇོམས་པ་ལ་དཀྱིལ་འཁོར་གྱི་ལྷ་དང་སྤྲུལ་པའི་ཁྲོ་བཅུ་ཞལ་ཕྱིར་གཟིགས་ཏེ་སྔགས་སྒྲ་འབྲུག་སྟོང་ལྟར་བསྒྲགས་པའི་ཞལ་ནས་སྔགས་ཀྱི་འོད་ཟེར་འཕྲོ་ཞིང་འབར་བས། རྩ་སྦུར་མེ་ལ་བསྲེག་པ་ལྟར་ཕ་རོལ་པོ་ཐལ་བ་བུན་བུན་སོང་བར་བསམ་ལ་ཨྱཻ་རིང་ཨེ་ཐུང་བཟློག་ཤམ་ཅན་བཟླའོ། །གསུམ་པ་རི་རབ་ཀྱི་རྩེ་ལ་གནམ་ལྕགས་ཀྱི་སོ་བརྡར་བ་ནི། བསད་པའི་ལས་ཏེ། དེ་ཡང་ཕྱི་མཆོད་རྟེན་ལ་བརྟེན་པ། ནང་ཙཀྲ་ལ་བརྟེན་པ། གསང་བ་ཙིཏྟ་ལ་བརྟེན་པ། ཡང་གསང་ཐུན་ལ་བརྟན་པ་བཞི་ཡོད་ལ། སྔགས་བསད་ཤམ་དང་སྦྲེལ་བ་བཟླ་ཞིང་ལྷ་རྣམས་གྱི་འོད་ཟེར་ལྕགས་ཀྱུ་རླུང་གི་འཁོར་ལོས་དགྲ་བགེགས་གང་འཕྱོ་བ་དེ་རང་དབང་མེད་པར་བཀུག་ནས། སྔགས་ཀྱི་འོད་ཟེར་མཚོན་ཆ་གནམ་ལྕགས་དང་སྤུ་གྲིའི་སོ་ལྟ་བུས་མྱལ་མྱལ་གཅོད་པར་བསམ་མོ། །བཞི་པ་རི་ཐང་མཚམས་སུ་ཞེ་སྡང་ཁྲོས་པའི་གཞུ་བཅག་པ་ནི། ཕ་རོལ་གྱི་ནུས་པ་བཟློག་པའི་ལས་ཏེ། དེ་ལ་སྤྱང་མོ་དྲུག་ལས་དང་པོ་གཟིར་བ་ནི། རང་གི་ཐུགས་ཀའི་སྔགས་གཟིར་ཤམ་ཅན་ལས་འཕྲོས་པའི་འོད་ཟེར་མཚོན་ཆའི་ཆར་དང་རི་རྒྱལ་གྱི་རྦབ་ཐོག་ལྷུང་བ་ལྟ་བུས་ཕ་རོལ་གྱི་མགོ་བཀས་ཤིང་ཤ་མོང་རློན་པ་གཏུན་དུ་བརྡུང་བ་ལྟར་རང་དབང་མེད་པར་ཉིལ་ཉིལ་བཏང་བར་བསམ་ལ། ཨྱཻ་རིང་གི་མཐར་གཟིར་བའི་གཡུ་སྤྱང་འདི་བཏགས་སོ། །ཨ་མུ་ཀ །མྱགས་ཐུམས་རིལ་ཏྲིག་ནན་སྦུར་ཡ་ནན༔ ཨེ་ཧུར་ཐུམས་ཛ༔ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ༔ འདི་སྲུང་བའི་སོ་ཡང་ཡིན། འདི་ལ་དགྲ་བགེགས་དམིགས་བསལ་ཡོད་ན་དེའི་མིང་ཨ་མུ་ཀའི་ཚབ་ཏུ་གཞུག །མེད་ན་གང་ལ་དམིགས་ནས་ཨ་མུ་ཀ་ཞེས་བརྗོད་པས་ཆོག་གོ །དེ་བཞིན་སྤྱང་མོ་ཀུན་ལ་འགྲེ །གཉིས་པ་བྱས་པ་བཤིག་པ་ནི། དམིགས་པ་རང་གི་སྔགས་ཀྱི་འོད་ཟེར་མཚོན་ཆའི་འཁོར་ལོ་ལྟ་བུ་དབལ་མི་བཟད་ཅིང་ཐོགས་མེད་དུ་འཁོར་བས། དགྲ་བགེགས་ཀྱི་ལུས་ངག་ཡིད་གསུམ་དང་མཐུ་སྟོབས་བསོད་ནམས་རྫས་སྔགས་ཏིང་ངེ་འཛིན་གྱི་ནུས་པ་དང་བཅས་པ་ཐམས་ཅད་ཐོར་ཐོར་ཉོལ་ཉོལ་གཅོད་པར་བསམ་ལ། བཤིག་པ་གཡུ་ཡི་སྤྱང་མོ་འདི་སྔགས་ཤམ་ལ་བཏགས་ནས་བཟླའོ། །ཨ་མུ་ཀ །རྩ་སྦུར་ཡ་སྲོག་ནན༔ སྙིང་གཟེར་བྲེང་ཤག་ཡཾ་རྦད༔ ཨེ་ཧུར་ཐུམས་ཛ༔ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ༔ ཞེས་སོ། །གསུམ་པ་ཕ་རོལ་གྱི་གནོད་པ་རང་ལ་ཟུག་པ་དབྱུང་བ་ནི། དམིགས་པ་རང་གི་སྔགས་ཕྲེང་གི་ཡེ་ཤེས་ཀྱི་འོད་ཀྱིས་རང་གི་སྒོ་གསུམ་དང་བསྲུང་བྱ་ལ་ཟུག་པའི་བྱད་ཕུར་དང་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཐུལ་ཐུལ་བསྲེག་ཅིང་མུན་པར་ཉི་མ་ཤར་བ་ལྟར་རྨིང་མེད་དུ་གྱུར་པར་བསམ་ལ་སྔགས་ཤམ་དུ། ཨ་མུ་ཀ །དུ་རཾ་ཏྲི་ཡཾ་འདྲིད་ཕྱུངས་སྲོག་ལ་གཟིར་མནན་ཕྱུངས༔ ཨེ་ཧུར་ཐུམས་ཛ༔ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ༔ ཞེས་ཟུག་པ་དབྱུང་བའི་སྤྱང་མོ་འདི་བཏགས་ལ་བཟླའོ། །བཞི་པ་གཞན་གྱི་གནོད་པ་སླར་མི་འབྱུང་བར་གསང་ལམ་དགག་པ་ནི། དམིགས་པ་བདག་ཉིད་ཀྱི་ལྷ་སྔགས་འོད་ཟེར་གྱི་གཟི་བྱིན་གྱིས་གནོད་པ་ཐམས་ཅད་ཕར་ཁོ་རང་གི་སྟེང་དུ་ནག་ཐུམ་གྱིས་འཁོར་བས་དགྲ་བོ་ཁོ་རང་གིས་བརྟེན་པའི་ལྷ་བདུད་དུ་བབས་ཏེ། གཏོར་མ་འཕངས་པ་ལ་ཁྱིས་རུབ་པ་བཞིན་དགྲ་བོའི་ཤ་ཁྲག་ཧབ་ཐོབ་ཏུ་ལྷག་མ་མེད་པར་ཁྱེར་ཏེ་སྟོང་ཧ་རེ་སོང་བར་བསམ་ལ། ཨ་མུ་ཀ །མནྟྲ་དུཾ་མ་ཧཱ་ར་ག་དུཾ་རཾ་ཐུམས་ལིཾ་རྦད༔ ཨེ་ཧུར་ཐུམས་ཛ༔ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ༔ ཞེས་པ་གསང་ལམ་དགག་པའི་གཡུ་སྤྱང་འདི་སྔགས་ཤམ་ལ་བཏགས་ནས་བཟླའོ། །ལྔ་པ་གཞན་གྱི་བྱད་ཕུར་རང་གཤེད་དུ་བཟློག་པ་ལ། དམིགས་པ་དཀྱིལ་འཁོར་གྱི་ལྷ་དང་སྤྲུལ་པའི་ཁྲོ་བཅུ་ཞལ་ཕྱིར་གཟིགས་ཤིང་ཟློག་སྔགས་བཟླས་པའི་མཐུས་སྲུང་བའི་གུར་ཁང་ལས་མེ་རི་དུག་མཚོན་ཁྲོ་ཆུའི་ཟི་ར་དམར་ནག་དྲག་སྔགས་ཀྱི་འབྲུག་སྒྲ་དང་བཅས་པར་བུན་ལང་ལོང་དུ་ཁོལ་བས། དགྲ་བགེགས་འབྱུང་པོས་མཐོང་བ་ཙམ་གྱིས་ཀྱང་སྙིང་འགས་པའི་རང་བཞིན་ཅན་ལས་དྲག་པོའི་ཐོག་ཆར་བབ་པ་ལྟ་བུ་ཕྱིར་འཕྲོས་པས། བདག་གི་མི་མཐུན་པའི་ཕྱོགས་ཐམས་ཅད་དྲག་རླུང་གིས་སྦུར་མ་ལྟར་དེད་ནས་དགྲ་བོའི་སྲུང་འཁོར་སྡེ་རིས་དང་བཅས་པ་ནག་ཐུལ་གྱིས་བརླགས་པར་བསམ་ལ། ཨ་མུ་ཀ །ཨེ་ནན་ཡཾ་ཟློག་འདྲིད་བྷྱོ༔ ཨེ་ཧུར་ཐུམས་ཛ༔ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ༔ ཞེས་བཟློག་པའི་གཡུ་སྤྱང་འདི་སྔགས་ཤམ་ལ་བཏགས་པ་བཟླའོ། །དྲུག་པ་ཕ་རོལ་གྱི་སྟོབས་དང་ངག་མནན་པ་ལ། དམིགས་པ་ནི་དཀྱིལ་འཁོར་ལྷའི་ཞབས་འབྱུང་བ་གདན་བཞིའི་རྔམས་འོག་ན་ལས་ཀྱི་ཚེ་བདག་གི་ངོ་བོ་ཐར་མེད་ཨེ་ཁང་གི་ནང་དུ། ཡུལ་གང་ལ་བྱ་བ་གན་རྐྱལ་དུ་བསྒྱེལ་བའི་ལྕེ་ཕྱིར་ཕྱུངས་ཏེ་བྲང་ཁེབས་པའི་སྟེང་དུ། གསེར་གྱི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར། རི་རབ་སྟོང་ལས་ཀྱང་ལྗིད་ཆེ་བའི་གནམ་ལྕགས་ཀྱི་ཕུར་བུས་ཐལ་བྱུང་དུ་ཕུག་སྟེ་འོག་གཞི་ལ་གཟེར་བཏབ་པས་བསྐལ་པའི་བར་དུ་གཡོ་འགུལ་ཙམ་ཡང་མེད་པར་མནན་ཞིང་ཕུར་བུ་ལས་དུག་དབལ་མི་བཟད་པ་འཕྲོས་པས། རྫས་རུལ་བ་ལྟར་ཁོའི་སྟོབས་ནུས་གཏན་ནས་བརླགས་པར་བསམ་ལ། ཨ་མུཀ །བྷི་ཏཾ་སཏྭམྦྷ་ཡ་ནན༔ ཨེ་ཧུར་ཐུམས་ཛ༔ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ༔ ཞེས་པ་མནན་པའི་གཡུ་སྤྱང་འདི་སྔགས་ཤམ་ལ་བཏགས་པ་བཟླའོ། །དེ་ལྟར་སྔགས་ཤམ་གྱི་གཙོ་བོ་སྤྱང་མོ་དྲུག་པོ་འདི་ནི་ཞེ་སྡང་ཁྲོས་པའི་གཞུ་བཅག་པ་ཡིན་ལ་གཞན་དུ་རྒྱས་པར་ཕྱེ་ན་སྤྱང་མོ་བཅུ་བཞི་སོགས་སྔགས་ཀྱི་ལས་ཤམ་མདེའུ་ཁ་སྒྱུར་ཚུལ་ཤིན་ཏུ་མང་པོ་ཡོད་པ་གཞུང་ལས་ཤེས་པར་བྱའོ། །ལྔ་པ་རྒྱ་མཚོའི་གཏིང་དུ་མུན་པའི་དམག་བསྡུ་བ་ནི་མནན་པའི་ལས་ཏེ་དེ་ཡང་འཆི་བདག་ནག་པོའི་ལྟོ་བར་གཏད་ཀྱི་ནུས་པ་མནན་པ། འཇིག་རྟེན་པའི་ལྷ་འདྲེའི་རྦོད་གཏོང་ངམ་རྐང་མགྱོགས་ཀྱི་ནུས་པ་མནན་པ། སྔགས་པ་ནུས་ལྡན་གྱི་སྟོབས་ནུས་བསྡུས་ལ་མནན་པ་གསུམ་ནི་གཞུང་དུ་ཤེས་པར་བྱའོ། །དྲུག་པ་འཁོར་བའི་རྒྱ་གླིང་དུ་སྲིད་པའི་རི་བསྒྱེལ་བ་ནི་དཀྲུག་པའི་ལས་ཏེ་ཇི་ལྟར་ན་ལས་མ་གྲུབ་པར་རྡུགས་པའི་ཚེ་ལྷ་སྲིན་ཙིཏྟ་དཀྲུག་པའི་ལས་ཀྱིས་ལྷ་འདྲེ་ཨར་ལ་གཏོད་ཅིང་གཟིར་བའི་སྒོ་ནས་སྤོག་པ་སྟེ་གཞུང་ལས་ཤེས་པར་བྱ་ཞིང་དུས་རྒྱུན་བྱ་དགོས་པ་མ་ཡིན་ནོ། །དེ་ལྟར་བསྲུང་བཤིག་བསད་བཟློག་མནན་དཀྲུག་གི་ལས་དྲུག་པོ་འདི་ལས་འཕྲོས་པའི་ལས་ཁོལ་བུ། ཨུར་མོ་གྱང་འགྱེལ་གྱི་ལས་བཞི་དང་། བཤིག་པའི་ལས་བཞི། མནན་པའི་ལས་བཞི་ལ་སོགས་པ་མན་ངག་གི་རིམ་པ་ཤིན་ཏུ་མང་པོར་བཞུགས་པ་དག་ཀྱང་ཤེས་པར་བྱའོ། །དེ་ལྟ་བུའི་ལས་དེ་དག་གང་ལ་གང་དགོས་སྐབས་དང་སྐབས་སུ་ཤེས་པར་བྱ་བ་ཡིན་ཡང་འདིར་བསྙེན་སྒྲུབ་ཚད་ལྡན་སོང་བའི་མཚམས་དེའི་ཁོངས་སུ་རྣོ་བའི་སོ་བཏོན་པའི་རྟེན་འབྲེལ་གྱིས་ལས་སྦྱོར་ཀྱང་མཚོན་ཙམ་བྱ་བའི་དབང་དུ་ན། ཨུར་མོ་ལས་དྲུག་གི་ལས་དང་པོ་གཉིས་སྒྲུབ་པའི་སྐབས་སུ་སོང་ནས། ཨྱཻ་རིང་དྲག་པོར་བཟླ་བའི་སྐབས་ལས་གསུམ་པ་དང་། བཞི་པའི་གཡུ་སྤྱང་དྲུག་གི་གཟིར་བ་སོང་། དེ་ཡང་ཨྱཻ་རིང་དྲག་པོ་སྤྲོས་མེད་ཏིང་འཛིན་གྱི་བཟླས་པ་སོང་རྗེས་སྤྲོས་བཅས་རྫས་ལ་བརྟེན་པའི་བསད་ལས་ཞག་ཅི་རིགས་བྱས་ནས། དེའི་མཐར་ལིང་ག་ཆ་གཅིག་དྲག་པོའི་སྦྱིན་སྲེག་ཏུ་བྱས་ནས་སྦྱིན་སྲེག་གི་ཐལ་བ་ཆ་གཅིག་ཟོར་དང་མཉམ་དུ་རླུང་ལ་བསྐུར་རྒྱུ་དང་། སྦྱིན་སྲེག་གི་ཐལ་བ་ཆ་གཅིག་ལིང་ག་ཆ་གཅིག་དང་མཉམ་དུ་མནན་པའི་ཆས་བྱའོ། །དེ་ཡང་སྟོང་སྲོག་འཁོར་ལོ་སྟེང་དུ་བཀོད་ནས་མེ་ལྕེས་མི་རེག་པར་བྱས་ལ་ཉིན་གུང་དྲག་པོའི་སྦྱིན་སྲེག་གྲུབ་ནས་དེའི་དགོང་མོར་དངོས་གྲུབ་བླང་། ཕྱིར་ནང་ཡང་ལས་གཞུང་བསྲངས་ལ་ཨྱཻ་རིང་བྱས་པ་བཤིག་པའི་སྤྱང་མོ་ཅན་དང་། ཟུག་པ་དབྱུང་བའི་སྤྱང་མོ་ཅན་གཉིས་ལ་ཞག་རེ་ཞག་རེའམ་ལོང་སྐབས་བསྟུན་ལ་བཟླས་དམིགས་གནད་དུ་སྦྱར། དེ་ནས་ཉི་མ་གཅིག་ཙམ་ལ་བཟློག་སྤྱང་ཅན་ཅི་རིགས་བཟླས་རྗེས་ཟོར་རྫས་བཤམས་ལ་ལས་གཞུང་ཟོར་ལས་ཚུལ་བཞིན་བསྲངས་ཏེ་ཞག་གསུམ་མམ་གཅིག་ཏུ་བྱ། དེའི་ཚེ་ལས་གཞུང་གི་བཟླས་པ་མཆོད་བསྟོད་དང་སྨད་ལས་ཀྱི་ཨེ་ཁང་དགུག་གཞུག་ལྷ་དབྱེ་བར་སོང་ནས། གསལ་བ་གསུམ་ལྡན་གྱི་ཏིང་འཛིན་དང་ལྡན་པས་བསད་སྔགས་ཅུང་ཟད་བཅས་བསྒྲལ་བསྟབ་བྱས་རྗེས་བཟློག་བསྐུལ་བྱས་ལ། བཟློག་དམིགས་སྦྱར་བའི་སྒོ་ནས་བཟློག་པ་གཡུ་སྤྱང་གི་ཤམ་ཅན་ཅི་འགྲུབ་རེ་བཟླས་ནས་བཟློག་པ་འདོན་ཞིང་ལས་གཞུང་གཞུང་བཞིན་བསྡུ། ཞག་གྲངས་ཐེམས་ནས་ཟོར་འཕང་རྗེས། ཏིང་འཛིན་གསལ་བའི་སྒོ་ནས་གསང་ལམ་དགག་པའི་སྤྱང་མོ་བཟླས་ལ་སྲུང་འཁོར་བསྒོམ། ཡར་ལོག་ནས་སྒོ་དྲུང་དུ་གཏོར་གཞོང་ཁ་སྦུབ་དམ་སྲི་དགྲ་བགེགས་བཀུག་ལ་མནན་པ་གཡུ་སྤྱང་གི་སྔགས་དམིགས་སྦྱར་རྗེས་བྲོ་བརྡུང་ལ་གཏོར་གཞོང་དུ་ནས་འཐོར་བཀྲ་ཤིས་བརྗོད། ནང་དུ་ཚེ་འགུག་དང་ཆོ་གའི་ལས་གཞུང་ཚུལ་བཞིན་བསྡུའོ། །དེ་རྗེས་ཉི་མ་གཅིག་ཙམ་ལ་ལས་གཞུང་བསྲངས་ནས་གསང་ལམ་དགག་པའི་སྤྱང་མོའི་བཟླས་དམིགས་སྦྱར། དེ་ནས་རབ་མུན་དམག་བསྡུ་བའི་འཁོར་ལོ་བཅའ་གཞི་ཚད་ལྡན་དུ་བྱས་པའམ། མིན་ཡང་ཐལ་བ་དང་ལིང་ག་གཏད་དམིགས་སུ་ཆོ་ག་བཞིན་དུ་མནན་ལ་མནན་པའི་གཡུ་སྤྱང་ཞག་གཅིག་ཙམ་བཟླ་ཞིང་རྡོ་རྗེའི་བྲོ་ཡི་ལས་རྒྱས་པར་བྱའོ། །དེ་དག་གིས་ལས་ལྔ་པ་དང་བཞི་པ་སོང་ཞིང་དྲུག་པ་ནི་སྐབས་འདིར་བྱ་དགོས་པ་མ་ཡིན་ནོ། །དེས་དཔལ་ཆེན་པོའི་བསྙེན་སྒྲུབ་ལས་ཀྱི་རིམ་པ་མཐར་ཆགས་སུ་ཉམས་སུ་བླང་བར་འགྱུར་ལ། ཚུལ་བཞིན་ལས་སྦྱོར་རྩོམ་པ་ནི་ནམ་དགོས་པའི་དུས་སུ་ཤེས་པར་བྱ་ཞིང་། དྲག་པོའི་ལས་སྦྱོར་རྩོམ་པའི་ཚེ་རྟགས་ཚད་དང་སྦྱར་ནས་ཉམས་ཀྱིས་ཟིན་པ་ཤིན་ཏུ་གལ་ཆེའོ། །དེ་ལྟར་ཡང་ལས་སྦྱོར་དེ་དག་དབྱེ་ན་ཚད་མེད་ཀྱང་རིགས་བསྡུ་ན་རྫས་སྔགས་དམིགས་པའི་འཁྲུལ་འཁོར་གསུམ་དུ་འདུ་ལ། དེ་ལའང་བྲིས་པའི་འཁྲུལ་འཁོར་སྔགས་སམ་རྫས་སུ་འདུས་ཀྱང་དེ་ལས་ལོགས་སུ་ཕྱེ་ན། བཟླས་པ་སྔགས་ཀྱི་འཁྲུལ་འཁོར། བྲི་བ་ཙཀྲའི་འཁྲུལ་འཁོར། གསག་པ་རྫས་ཀྱི་འཁྲུལ་འཁོར། དམིགས་པ་ཏིང་ངེ་འཛིན་གྱི་འཁྲུལ་འཁོར་བཞི་ལས། དང་པོ་ལ་རྩ་བའི་བསྙེན་པ་དང་། ལས་ཀྱི་ཤམ་གདགས་པའི་ཚུལ་གོང་དུ་བཤད་པས་མཚོན་ཏེ་རྒྱ་ཆེར་ཤེས་པར་བྱ་ཞིང་། གཉིས་པ་བྲི་བ་ཙཀྲའི་འཁྲུལ་འཁོར་ནི། གཅེས་པའི་འཁོར་ལོ་བཅུ་གསུམ་སོགས་འཁྲུལ་འཁོར་ཤིན་ཏུ་མང་པོ་ཡོད་པ་དེ་དག་བྲི་གཞི། བྲི་རྫས། བྲི་ཚུལ། སྒྲུབ་ལུགས་རྣམས་རང་གཞུང་དུ་བསྟན་པ་དང། རྒྱས་པར་ཕྱེ་ན་རྟོག་པ་གསུམ་པ་དང་ཀཱ་ལ་ཙཀྲ་ལ་སོགས་པའི་རྒྱུད་ཀྱི་དགོངས་པ་བཞིན་དུའང་ཤེས་པར་བྱའོ། །གསུམ་པ་གསག་པ་རྫས་ཀྱི་འཁྲུལ་འཁོར་ནི། བསྙེན་སྒྲུབ་ཀྱི་སྐབས་སུ་མཆོད་སྒྲུབ་བརྟེན་སྐོང་གི་རྫས་དང་། ལས་སྦྱོར་སྐབས་སུ་སོ་སོའི་ལས་ཀྱི་རྫས་དང་དྲག་པོ་རྫས་རྒོད་ཀྱི་རིགས་རྣམས་དང་། མཆོད་རྟེན་དཀར་ནག་ལ་སོགས་པའི་བཅའ་གཞི་རྣམས་ལག་ལེན་བཞིན་དུ་ཚད་དང་ལྡན་པར་བྱའོ། །བཞི་པ་དམིགས་པ་ཏིང་ངེ་འཛིན་གྱི་འཁྲུལ་འཁོར་ནི། བསྙེན་སྒྲུབ་ལས་ཀྱི་རིམ་པ་སོ་སོའི་སྐབས་ན་འབྱུང་བ་བཞིན་ཉམས་སུ་བླང་ངོ་། །རྫས་སྔགས་ཏིང་འཛིན་དེ་དག་ཀྱང་ཆིག་རྐྱང་དང་གཉིས་ལྡན་ཀུན་ཚོགས་ཀྱི་རིམ་པས་ལས་བསྒྲུབ་ཚུལ་གྱི་ལག་ལེན་རྒྱས་བསྡུས་ཅི་རིགས་པར་འབྱུང་བས་རྣལ་འབྱོར་པས་དུས་དང་ཉམས་སྦྱར་བའི་གནད་ལ་མཁས་པར་བྱས་ནས་འཇུག་པར་བྱ་སྟེ། དེ་དག་གི་ཚུལ་རྒྱས་པ་ནི་པད་གནུབས་ཀྱི་མན་ངག་ལྕགས་འདྲ་སྡིག་གི་དཔེ་པོད་སོགས་ལས་ཤེས་པར་བྱའོ། །དེ་ལྟར་ལས་སྦྱོར་དེ་དག་ནི་རྩ་བའི་ལྷ་ཚེ་བདག་ཉིད་ལ་བསྟེན་པ་ཡིན་ལ། གཞན་ཡན་ལག་གི་དབང་དུ་བྱས་ན་ཚེ་བདག་རྣ་ཆ་བརྒྱད་དུ་གྲགས་པ་ལྟར། ཀིཾ་ཀང་མནན་པའི་རྣ་ཆ། འཆར་ཀ་ཟོར་གྱི་རྣ་ཆ། ཁྲོ་འདུས་བཟློག་པའི་རྣ་ཆ་སོགས་སོ་སོའི་གཞུང་དང་ལས་སྦྱོར་གྱི་མན་ངག་ལ་བརྟེན་ནས་མནན་པ་སོགས་སོ་སོར་བསྔགས་པའི་ཕྲིན་ལས་གཙོ་བོར་གྱུར་པའི་ལས་རབ་འབྱམས་བསྒྲུབ་པར་བྱ་སྟེ། དེ་ལྟར་གཤིན་རྗེ་གཤེད་ལ་བསྟེན་པའི་ལས་དེ་དག་ནི་གཙོ་བོའི་ལྷ་ལ་བསྟེན་པའི་ལས་སོ། །དེ་ཡང་གཙོ་བོ་ཕྱག་རྒྱ་ཟིལ་གནོན་གྱི་བསྙེན་པ་ཐེམས་ཕྱིན་ཆད། འཁོར་འདས་སྣང་སྲིད་ཀྱི་སྲོག་ལ་དབང་བསྒྱུར་བའི་ཕྱིར་ན། འཁོར་ལ་བརྟེན་ནས་ལས་བསྒྲུབ་པའང་། སྣང་སྲིད་ཀྱི་དྲེགས་པ་ཚད་མེད་པ་ལས་གང་ཡང་རུང་བའམ། དེ་དག་གི་སྡེ་དཔོན་ཆེན་པོ་སུམ་ཅུའམ། དེ་བསྡུས་ན་སྔགས་བདག་དྲེགས་པ་བཅོ་བརྒྱད་དམ། དེ་ཡང་བསྡུས་ན། སྨྱོ་འབོག་གཏོང་བ་རྒྱལ་པོ། མཛེ་ཤུ་གཏོང་བ་ཀླུ །རིམས་ཡམས་གཏོང་བ་མ་མོ་ལ་སོགས་པའི་སྡེ་བརྒྱད་དྲེགས་པ་ལ་བརྟེན་པའི་ཐོག་སེར་ལྟས་ངན་ལ་སོགས་པའི་ལས་སྣ་ཚོགས་བསྒྲུབ་པ་ནི་འཁོར་ཀིང་བརྒྱད་ལ་སོགས་པ་ལ་བརྟེན་པའི་ལས་ཏེ། དེ་ལྟར་གཙོ་གིང་གི་དྲག་སྔགས་དང་། དེ་ལས་འཕྲོས་པ། དྲང་སྲོང་དང་དྲེགས་པའི་དམོད་པ་ངན་སྔགས་ཀྱི་ལས་སྣ་ཚོགས་པ་དག་ཀྱང་བསྟན་འགྲོའི་ཕན་བདེའི་གསོས་དང་སྔགས་ཀྱི་བསྟན་པའི་བཙས་སུ་འགྱུར་ན་ཐབས་མཁས་བྱང་སེམས་བློ་དང་ལྡན་པའི་སྔགས་པ་རྣམས་ཀྱིས་ཚུལ་བཞིན་ལག་ལེན་དུ་ཁེལ་བར་བྱ་སྟེ། དེ་དག་ནི་ལས་སྦྱོར་གྱི་ཚུལ་མདོ་ཙམ་བརྗོད་པའོ། །འདིར་སྨྲས་པ། ཀུན་མཁྱེན་ཀུན་བདག་ཀུན་ལ་བརྩེ་བ་ཅན། །པདྨ་ལས་འཁྲུངས་པདྨ་རྒྱལ་པོ་སོགས། །རིག་འཛིན་བརྒྱུད་པའི་ཆོས་གཏེར་རིགས་ལྡན་ལ། །གདམས་པ་སྔ་འགྱུར་སྔགས་ཀྱི་ཆོས་མཛོད་ནས། །རྫས་སྔགས་དམིགས་པའི་འཁྲུལ་འཁོར་རྩེ་བརྒྱ་པ། །མི་བཟད་དྲག་པོའི་ལས་ཀྱི་མེ་ལྕེ་ཅན། །མངོན་སྤྱོད་ཞོ་འཐུང་རུས་པའི་རྡོ་རྗེ་གང་། །ཕས་རྒོལ་ལྷ་མིན་འཇོམས་པའི་གཉེན་པོར་སྣང་། །ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་ཆེན་ལྗོངས། །སྲུང་བྱེད་དྲག་པོ་མཐུ་ཡི་ལྕགས་རི་ཞེས། །རིག་འཛིན་རྣམས་ཀྱིས་ཡོངས་བསྔགས་སེང་གེའི་སྒྲ །སྲིད་པ་གསུམ་ན་མཚུངས་མེད་སྙན་པར་གྲགས། །ཚུལ་འདིར་འབད་པའི་དགེ་བས་འདིར་ཞུགས་ཀུན། །ཡང་དག་ལམ་གྱི་བར་ཆད་བདུད་བཞིའི་གཡུལ། །འཇོམས་པ་དཔལ་ལྡན་གཤིན་རྗེའི་གཤེད་གྱུར་ནས། །མཐའ་ཡས་འགྲོ་བ་བདུད་ལས་སྒྲོལ་བར་ཤོག །ཅེས་པ་འདི་ཡང་བདག་ཅག་གི་འདྲེན་མཆོག་མཚུངས་མེད་རྒྱལ་དབང་པདྨའི་རྒྱལ་ཚབ་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་༧ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀྱིས་འདི་ལྟ་བུ་བྲིས་ཤིག་ཅེས་པའི་བཀའ་བསྩལ་ནོར་བུའི་ཅོད་པན་གཙུག་ཏུ་བཅིངས་པ་ལ་བརྟེན་ནས། ཚེ་བདག་གི་སྐོར་བསྙེན་ཡིག་དང་བཅས་པའི་ཡིག་ཆ་ཁུང་ཐུབ་མང་པོ་ཞིག་ལས་མན་ངག་སྙིང་པོར་དྲིལ་ཏེ་ཟབ་ཅིང་གསལ་བར་བྱས་པ་འདི། རྗེ་མཚུངས་མེད་དམ་པ་གང་གི་བཀའ་ལུང་གིས་ཟིལ་གནོན་དགྱེས་པ་རྩལ་ཞེས་མིང་གིས་དབང་བསྐུར་བ་གང་དེས། རབ་ཚེས་ལྕགས་སྦྲུལ་ཆོ་འཕྲུལ་ཟླ་བའི་བཟང་པོ་བཞི་པར་གྲུབ་པར་བགྱིས་པ་འདིས་སྔགས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་ཀུན་དུ་རྒྱས་པར་གྱུར་ཅིག །དྲག་སྔགས་ཀྱི་གནད་ཟབ་མོ་རིག་འཛིན་བརྒྱུད་པའི་ཞལ་ལུང་བཞིན་བཀོད་པ་ཡིན་པས་དམ་མེད་ཀྱི་ལག་ཏུ་མ་ཤོར་ས་མ་ཡ། བཀའ་སྲུང་དྲེགས་པའི་ཚོགས་ཀྱིས་བྱ་ར་མཛོད་ཅིག །འདི་དང་ལྷན་ཐབས་གཉིས་ཟུང་དུ་ཚོགས་ན་དེ་ཁོ་ནས་དོན་འགྲུབ་པ་ལགས་སོ། །མདྒ་ལཾ། དགེའོ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).