Terdzo-ZI-050

From Rinchen Terdzö
Revision as of 22:39, 29 December 2017 by Jeremi (talk | contribs) (Text replacement - "= Tibetan Text = " to "<h1 style="font-size: 24px !important;">Tibetan Text</h1> ")

ཟབ་བདུན་རྩ་གསུམ་ཚེའི་ཟབ་པ་ལས། པདྨ་མཁའ་འགྲོའི་ཚོགས་མཆོད་སོགས་རྗེས་ཀྱི་ལས་རིམ་སྙིང་པོར་དྲིལ་བ་མཁའ་འགྲོ་དགྱེས་པའི་རོལ་མོ་

zab bdun rtsa gsum tshe'i zab pa las/_pad+ma mkha' 'gro'i tshogs mchod sogs rjes kyi las rim snying por dril ba mkha' 'gro dgyes pa'i rol mo

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  མཆོག་གྱུར་གླིང་པ་ (Chogyur Lingpa)
in cycle  དབང་གི་ལས་སྦྱོར་པདྨ་མཁའ་འགྲོ་ (Dbang gi las sbyor pad+ma mkha' 'gro)
parent cycle  ཟབ་བདུན་རྩ་གསུམ་ཚེའི་ཟབ་པ་ (Zab bdun rtsa gsum tshe'i zab pa)
Volume 52 (ཟི) / Pages 729-738 / Folios 1a1 to 5b2

[edit]

༄༅། །ཟབ་བདུན་རྩ་གསུམ་ཚེའི་ཟབ་པ་ལས། པདྨ་མཁའ་འགྲོའི་ཚོགས་མཆོད་སོགས་རྗེས་ཀྱི་ལས་རིམ་སྙིང་པོར་དྲིལ་བ་མཁའ་འགྲོ་དགྱེས་པའི་རོལ་མོ་བཞུགས་སོ། ། བདེ་སྟོང་ཚོགས་ལ་དགྱེས་རོལ་པ། །བླ་མ་བཅོམ་ལྡན་འདས་མ་ལ། །བཏུད་ནས་རྗེས་ཀྱི་ལྷན་ཐབས་འབྲི། །ཌཱ་ཀི་སྲུང་མས་གནང་བ་སྩོལ། །པདྨ་མཁའ་འགྲོར་ཚོགས་ཀྱི་མཆོད་འབུལ་རྗེས་རིམ་བཅས་རྒྱས་པར་ཟབ་བདུན་སྤྱི་ཆིངས་ལྟར་སྦྱར་དགོས་ཀྱང་། ཅུང་ཟད་བསྡུ་བའམ་དམིགས་སུ་བྱེད་པར་སྤྲོ་ན། མ་ད་ན་དང་བ་ལཱ་གཙོ་བོར་གྱུར་པའི་ཚོགས་ཀྱི་ཡོ་བྱད་འདུ་བྱས་ལ། རཾ་ཡཾ་ཁཾ། ཚོགས་གཞོང་རབ་ཡངས་པདྨ་རྒྱས་པའི་ནང་། །ཚོགས་རྫས་འཁོར་འདས་བརྟན་གཡོའི་དྭངས་མའི་བཅུད། །རིགས་ལྔ་ཡབ་ཡུམ་བདེ་སྟོང་སྦྱོར་བའི་དངོས། །ཡེ་ཤེས་བདུད་རྩིའི་མཆོད་སྤྲིན་མཐའ་ཡས་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ཚོགས་ཞིང་སྤྱན་འདྲེན་པ་ནི། ཧྲཱིཿ ཆོས་དབྱིངས་བདེ་བ་ཅན་དང་པོ་ཏ་ལ། །མཁའ་སྤྱོད་ཀུ་རུ་ཀུལླེའི་བྲག་ཕུག་ནས། །བརྒྱུད་གསུམ་བླ་མ་ཡི་དམ་དཀྱིལ་འཁོར་ལྷ། །པདྨ་མཁའ་འགྲོ་དགྱེས་སྦྱོར་གསང་བའི་ཡབ། །སྤྲུལ་པ་སྒོ་སྲུང་འཁོར་དང་བཅས་པ་རྣམས། །དབང་ཆེན་རོལ་པ་ཚོགས་ཀྱི་འདུ་བར་སྤྱོན། །རྩ་གསུམ་ལྷ་གནས་རྒྱ་མཚོ་ཆེན་པོའི་འགྲམ། །ཏི་སེ་གངས་སོགས་དགྱེས་པའི་ཕོ་བྲང་ནས། །དབང་ཕྱུག་ཡབ་ཡུམ་རིགས་བཞིའི་ལྷ་མོར་བཅས། །གཏེར་སྲུང་དམ་ཅན་ཚོགས་ལ་སྤྱན་འདྲེན་གཤེགས། །བདེ་ཆེན་དབང་གི་ཕོ་བྲང་ཉམས་རེ་དགའ། །ཌཱ་ཀི་ཕོ་མོའི་འདུ་བ་བྱིན་རེ་ཆགས། །ཟག་མེད་བདེ་བའི་དམ་ཚིག་བཅུད་རེ་ཆེ། །སྣང་རིག་རང་དབང་འདུ་བའི་བྱིན་ཕོབ་ཅིག །པདྨ་ཌཱ་ཀི་ནཱི་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿ ཕུད་དང་པོ་འདོད་ཡོན་མཆོད་སྤྲིན་རྒྱ་མཚོས་ཐུགས་དམ་སྐོང་བ་ནི། ཧྲཱིཿ སྣང་སྟོང་གཟུགས་ཀྱི་རྡོ་རྗེ་སྤྱན་ལ་ཐིམ། །གཟུགས་ཅན་དབང་དུ་འདུ་བའི་ཕྲིན་ལས་མཛོད། །གྲགས་སྟོང་སྒྲ་ཡི་རྡོ་རྗེ་སྙན་ལ་ཐིམ། །སྒྲ་གྲགས་དབང་དུ་འདུ་བའི་ཕྲིན་ལས་མཛོད། །ཚོར་སྟོང་དྲི་ཡི་རྡོ་རྗེ་ཤངས་ལ་ཐིམ། །གཟུགས་མེད་དབང་དུ་འདུ་བའི་ཕྲིན་ལས་མཛོད། །མྱང་སྟོང་རོ་ཡི་རྡོ་རྗེ་ལྗགས་ལ་ཐིམ། །འདོད་རྒུ་དབང་དུ་འདུ་བའི་ཕྲིན་ལས་མཛོད། །བདེ་སྟོང་རེག་བྱའི་རྡོ་རྗེ་སྐུ་ལ་ཐིམ། །འཁོར་འདས་དབང་དུ་འདུ་བའི་ཕྲིན་ལས་མཛོད། །རིག་སྟོང་ཆོས་ཀྱི་རྡོ་རྗེ་ཐུགས་ལ་ཐིམ། །རྟོག་ཚོགས་དབང་དུ་འདུ་བའི་ཕྲིན་ལས་མཛོད། །དགའ་བའི་རང་བཞིན་ཕྱི་ཡི་དགྱེས་སྐྱེད་བཞི། །འབུལ་ལོ་གཟུང་བའི་ཡུལ་སྣང་དབང་འདུས་མཛོད། །མཆོག་དགའི་རང་བཞིན་ནང་གི་དགྱེས་སྐྱེད་བཞི། །འབུལ་ལོ་འཛིན་པའི་རྣམ་ཤེས་དབང་འདུས་མཛོད། ཁྱད་དགའི་རང་བཞིན་གསང་བའི་དགྱེས་སྐྱེད་བཞི། །འབུལ་ལོ་གཉིས་མེད་རླུང་སེམས་དབང་འདུས་མཛོད། །ལྷན་སྐྱེས་རང་བཞིན་གཉུག་མའི་དགྱེས་སྐྱེད་བཞི། །འབུལ་ལོ་བདེ་ཆེན་ཡེ་ཤེས་དབང་འདུས་མཛོད། །དགྱེས་པའི་རོལ་མོ་རྣམ་པ་ཐམས་ཅད་པ། །ཐུགས་དམ་བཞིན་དུ་བསམ་མི་ཁྱབ་སྣང་བ། །ཅི་བདེར་བཞེས་ལ་ལས་བཞི་གྲུབ་པ་བརྒྱད། །ཐུན་མཆོག་རིགས་དབང་འདུ་བའི་དངོས་གྲུབ་སྩོལ། །པདྨ་ཌཱ་ཀི་ནཱི་ས་པ་རི་བཱ་ར་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། བར་པ་བདུད་རྩིའི་རྒྱ་མཚོས་ཉམས་ཆག་བཤགས་པ་ནི། ཧོཿ སྤྱན་དང་མངོན་ཤེས་ཐུགས་རྗེ་མངའ་བའི་ལྷ། །འཁོར་བཅས་ཕྱི་ནང་གསང་བ་དེ་ཁོ་ནའི། །ཚོགས་མཆོད་ཟག་མེད་བདེ་ཆེན་བདུད་རྩིའི་བཅུད། །བཞེས་ནས་འགལ་འཁྲུལ་ཉམས་ཆག་ཚངས་པར་སྩོལ། །བསྐྱེད་རིམ་མ་གསལ་བཟླས་བརྗོད་མཐར་མ་ཕྱིན། །ཏིང་འཛིན་གཡེལ་ཞིང་རང་འདོད་ཕྲིན་ལས་བཅོལ། །རྩ་བ་ཡན་ལག་དམ་ལས་འགལ་པ་རྣམས། །མཐོལ་ལོ་བཤགས་སོ་བྱང་ཞིང་དག་གྱུར་ཅིག །མན་ངག་གི་ཡི་གེ་བརྒྱ་པ་བཟླ། ཚོགས་ཐ་མ་ལ་བརྟེན་ཏེ་གསང་བའི་འདུ་བ་ལ་འཁུ་བ་རྣམས་བསྒྲལ་ཞིང་བསྟབ་པ་ནི། བདག་ཉིད་སྐད་ཅིག་གིས་པདྨ་ཧེ་རུ་ཀའི་སྐུར་གྱུར། ན་མོ། མཆོག་གསུམ་རྩ་གསུམ་བདེན་པ་དང་། །ལྷ་སྔགས་ཕྱག་རྒྱ་ཏིང་འཛིན་མཐུས། །དགྲ་བགེགས་ལོག་འདྲེན་གནོད་བྱེད་རྣམས། །མཚན་མའི་རྟེན་ལ་མྱུར་དུ་ཁུག །བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཧཱུྃ། ཤེས་རབ་གཏུམ་མོའི་ཨེ་དབྱིངས་འབར་བ་རུ། །ཐབས་མཆོག་རིག་པའི་རྡོ་རྗེའི་མཚོན་བསྣུན་པས། །གཟུང་འཛིན་ཉོན་མོངས་བག་ཉལ་བཅས་པ་ཀུན། །བདེ་སྟོང་ཡེ་ཤེས་ཆེན་པོའི་ཀློང་དུ་བསྒྲལ། །རྡོ་རྗེ་དགའ་བཞིའི་དམ་ཚིག་ཆེར་སྦར་ཞིང་། །ཞེན་རྟོག་ཕུང་པོ་རང་གྲོལ་དབྱིངས་སུ་བསྟབ། །བདག་འཛིན་འཁོར་བའི་རྩ་བ་རྒྱུན་ཆད་ནས། །སྣང་སེམས་རང་དབང་ཐོབ་པའི་ཕྲིན་ལས་མཛོད། ཤ་ཏྲཱུཾ་མཱ་ར་ཡ་ཕཊ། བཛྲ་ས་མ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི། དེ་ནས་བརྡའི་འབུལ་ལེན་བཅས་ཚོགས་ལ་རོལ། ནང་དང་གསང་བའི་དམ་ཚིག་གིས་ཚིམས་པར་སྤྱོད་ཅིང་རྡོ་རྗེའི་གླུ་ལེན། མཐར་སྨོན་ལམ་གདབ་པ་ནི། ཧོཿ བདེ་སྟོང་རོལ་པའི་ཚོགས་མཆོད་འདི་ཕུལ་པས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རབ་རྫོགས་ཏེ། །འཁོར་འདས་ཀུན་ལ་དབང་བསྒྱུར་དཔལ་ཆེན་པོའི། །ཡེ་ཤེས་ཕྱག་རྒྱ་མྱུར་དུ་འགྲུབ་པར་ཤོག །ལྷག་མ་བདུད་རྩིའི་ཁ་ཕྲུས་བཏབ་ལ། པཉྩ་ཨ་མྲྀཏ་ཧཱུྃ་ཧ་ཧོཿཧྲཱིཿ ཧྲཱིཿཕེཾ། གནས་ཡུལ་དུར་ཁྲོད་ཞིང་སྐྱོང་ཌཱ་ཀི་དང་། །འཇིག་རྟེན་གནས་ཉུལ་དམ་ཚིག་རྗེས་གཅོད་རྣམས། །དཔལ་གྱི་ཕམ་ཕབ་ལྷག་མའི་བདུད་རྩི་བཞེས། །འགལ་བྱེད་ལོག་པར་ལྟ་བའི་སྙིང་ཁྲག་རྔུབས། ཁམས་གསུམ་ཡིད་ལ་འགུགས་པའི་ལྕགས་ཀྱུས་ཐོབས། །རྣལ་འབྱོར་བསྟན་པ་རྒྱས་པའི་གྲོགས་མཛོད་ཅིག །ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་བྷུཉྫ་ཧོཿ ཐུགས་དམ་བསྐུལ་བ་ནི། ཧྲཱིཿ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་དབྱིངས་ནས་སྐུལ། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་། ཁྱད་པར་པདྨ་ཌཱ་ཀི་བཀའ་སྡོད་བཅས། །བདེ་ཆེན་དབང་གི་ལས་ལ་སྐུ་སྐྱོད་འཚལ། ཁ་སྦྱོར་སྐུ་ལས་སྤྲུལ་པའི་ཕོ་ཉ་ཡིས། །འདོད་ཁམས་འཇིག་རྟེན་དབང་དུ་སྡུད་པར་མཛོད། །ཚངས་དབྱངས་གསུང་ལས་སྤྲུལ་པའི་རིག་སྔགས་ཀྱིས། །གཟུགས་ཁམས་འཇིག་རྟེན་དབང་དུ་སྡུད་པར་མཛོད། །རྗེས་ཆགས་ཐུགས་ལས་སྤྲུལ་པའི་འོད་ཟེར་གྱིས། །གཟུགས་མེད་འཇིག་རྟེན་དབང་དུ་སྡུད་པར་མཛོད། །ཡེ་ཤེས་དབྱིངས་ཀྱི་སྒྱུ་འཕྲུལ་དྲྭ་བ་ཡིས། །འཇིག་རྟེན་འདས་ཀུན་དབང་དུ་སྡུད་པར་མཛོད། །བརྟན་གཡོ་འཁོར་འདས་ཡིད་ལ་གང་འདོད་པ། །མོས་བཞིའི་ཚུལ་དུ་མྱུར་བར་དབང་འདུས་ཤིང་། །མི་ལྡོག་གཅིག་གྱུར་ཤེར་ཕྱིན་ཡུམ་གྱི་ཀློང་། །འཁོར་བ་དོང་ནས་སྤྲུག་པའི་ཕྲིན་ལས་མཛོད། །སྲུང་མ་རྣམས་ལ་ཐ་ཚིག་གི་ཆད་མདོ་འབུལ་བ་ནི། ཧྲཱིཿ གཞི་དབྱིངས་ཀ་དག་པདྨ་གར་དབང་གིས། །གཞི་སྣང་འོད་གསལ་སྦུབས་སུ་བཀྲོལ་བའི་དུས། །གསལ་བའི་རང་གཟུགས་དབང་ཕྱུག་ཕོ་རྒྱུད་ཚོགས། །བདེ་བའི་རང་མདངས་ཨུ་མ་མོ་རྒྱུད་འཁོར། །མི་རྟོག་རང་བཞིན་དྲེགས་བྱེད་མ་ནིང་རྣམས། །རང་ཤར་རང་གྲོལ་རྡོ་རྗེའི་གཡར་དམ་བཅས། །ལྷུན་གྲུབ་ཕྲིན་ལས་མཛད་པར་བཀའ་བསྒོས་ལྟར། །འཛིན་མེད་གཉུག་མའི་གཏོར་མ་འདི་བཞེས་ལ། །སྣང་སེམས་དབང་དུ་འདུ་བའི་གྲོགས་མཛོད་ཅིག །བཤལ་ཆུས་བརྟན་མ་སྐྱོང་བ་ནི། ཧྲཱིཿ ལུགས་འབྱུང་རྟེན་འབྲེལ་དུས་སྦྱོར་གནས་དག་པ། །ལུགས་ལྡོག་བདེན་དོན་ཡན་ལག་བཅུ་གཉིས་དངོས། །བོད་སྐྱོང་བརྟན་མ་རྡོ་རྗེ་དབང་མོའི་ཚོགས། །པདྨ་གར་དབང་གསང་བའི་དཀྱིལ་འཁོར་དུ། །སྙོམས་ཞུགས་དམ་ཚིག་ཕོག་པ་དྲན་མཛོད་ལ། །བྱང་སེམས་བདུད་རྩིའི་དགྱེས་མཆོད་ཚིམས་པར་བཞེས། །འཇིག་རྟེན་བདེ་ཞིང་བསྟན་པ་རྒྱས་པ་དང་། ཁམས་གསུམ་དབང་དུ་འདུ་བའི་ཕྲིན་ལས་སྒྲུབས། །མ་མ་ཧྲིཾ་ཧྲིཾ་བཛྲ་ཨ་མྲྀཏ་པཱུ་ཛ་ཧོཿ རྡོ་རྗེའི་བྲོ་ཡིས་ཕྲིན་ལས་ཀྱི་མཇུག་སྡུད་པ་ནི། ཧཱུྃ། དབང་དྲག་རྟ་ཡི་བརྟུལ་ཞུགས་ཀྱིས། །དུག་གསུམ་འབར་བའི་བཙོན་ཁང་དུ། །བདག་ཏུ་འཛིན་པའི་དམ་སྲི་བཀུག །དབང་ཆེན་རོལ་པའི་བྲོ་རྡུང་ཞིང་། །བདག་མེད་སྟོང་པའི་ཕྱག་རྒྱས་གདབ། །གཉིས་སྣང་རྩད་ནས་མ་ཆོད་བར། །ནམ་ཡང་ལྡང་བར་མ་གྱུར་ཅིག །ལཾ་སཏྭམྦྷ་ཡ་ནན། དངོས་གྲུབ་བསྐུལ་བ་ནི། ཧཱུྃ། བདེ་མཆོག་བདེ་སྤྱོད་ཟླ་གམ་དབང་གི་ཀློང་། །འགྲོ་ལ་རྩེ་གཅིག་དགོངས་པའི་ཐུགས་དམ་ཅན། །བླ་མ་ཡི་དམ་པདྨ་ཌཱ་ཀི་མ། །འཁོར་བཅས་མཁྱེན་བརྩེ་ཡེ་ཤེས་སྒོ་ཕྱེས་ལ། །དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ། །སྒྲུབ་མཆོག་བདག་ལ་དུས་འདིར་བསྩལ་དུ་གསོལ། །འཇིག་རྟེན་འདས་པའི་བྱིན་རླབས་དངོས་གྲུབ་དང་། །བརྟན་གཡོའི་དྭངས་མ་ཁྱད་པར་འདོད་པའི་དོན། །ད་ལྟ་ཉིད་ལ་དབང་དུ་གྱུར་ནས་ཀྱང་། །རང་སྣང་དབང་འདུས་གཞན་སྣང་ཟིལ་གྱིས་ནོན། །བསམ་དོན་ཡིད་བཞིན་འགྲུབ་པའི་དངོས་གྲུབ་སྩོལ། །ཨོཾ་པདྨ་ཌཱ་ཀི་ནཱི་སིདྡྷི་ཧཱུྃ༔ ནོངས་པ་བཤགས་པ་ནི། ཧོཿ ཆོས་ཀུན་གདོད་ནས་སྐྱེ་འགག་གནས་བྲལ་ཡང་། །ཞེན་ཆགས་འཁྲུལ་པས་ནོངས་པ་ཅི་བགྱིས་པ། །སོར་རྟོག་ཡེ་ཤེས་ཀློང་དུ་བཟོད་བཞེས་ལ། །སྲིད་ཞིར་དབང་སྒྱུར་ཆེན་པོར་དབུགས་དབྱུང་སྩོལ། །ཅེས་དང་ཡི་གེ་བརྒྱ་པ་བརྗོད། མདུན་བསྐྱེད་ཡེ་ཤེས་པ་རྟེན་ལ་བཞུགས། དམ་ཚིག་པ་ཨོཾ་ཨཱཿཧཱུྃ་གིས་རང་ལ་བསྡུ། བདག་བསྐྱེད་ཧཱུྃ་གིས་འོད་གསལ་དུ་གཞུག་ཅིང་། ཕཊ་ཀྱིས་ཐུན་མཚམས་ཀྱི་ལྷ་སྐུར་ལྡངས་ལ། སྨོན་ལམ་བྱ་བ་ནི། བདག་གཞན་དུས་གསུམ་བསགས་པའི་དགེ་བ་ཡིས། །རླུང་སེམས་སྣང་བ་དབང་དུ་འདུས་ནས་ཀྱང་། །འཁོར་འདས་ཀུན་གྱི་ཁྱབ་བདག་བདེ་བ་ཆེ། །དབང་ཆེན་ཡབ་ཡུམ་གོ་འཕང་མྱུར་ཐོབ་ཤོག །བཀྲ་ཤིས་བརྗོད་པ་ནི། ཨེ་མ་ཧོཿ རང་སྣང་པདྨོ་རྒྱས་པའི་གཞལ་མེད་ཁང་། །རིག་རྩལ་པདྨ་རྣམ་པར་རོལ་པའི་ལྷ། །སྲིད་ཞི་དབང་དུ་མཛད་པའི་བཀྲ་ཤིས་དེས། །འདོད་རྒུ་དབང་བྱེད་དགེ་ལེགས་དཔལ་འབར་ཤོག །རང་བྱུང་ཟླ་གམ་དབང་གི་ཕོ་བྲང་དུ། །བདེ་བའི་མདངས་འབྱིན་པདྨ་རིགས་ཀྱི་ལྕམ། །ཟག་མེད་དགའ་བ་འཁྱིལ་བའི་བཀྲ་ཤིས་དེས། །འདོད་རྒུ་དབང་བྱེད་དགེ་ལེགས་དཔལ་འབར་ཤོག །ཕྱོགས་ལས་རྣམ་རྒྱལ་ཆོས་བཟང་འདུན་ས་རུ། །འཇིག་རྟེན་དབང་ཕྱུག་ལྷ་ཆེན་ཚོགས་ཀྱི་རྗེ། །གང་བསམ་མྱུར་དུ་འགུགས་པའི་བཀྲ་ཤིས་དེས། །འདོད་རྒུ་དབང་བྱེད་དགེ་ལེགས་དཔལ་འབར་ཤོག །ཕྱི་རོལ་ཡུལ་སྣང་མཐའ་དག་དབང་དུ་འདུས། །རླུང་སེམས་འཁྲུལ་རྟོག་ནང་གི་དབུ་མར་ཞུགས། །འགྱུར་མེད་བདེ་ཆེན་རྡོ་རྗེ་གར་གྱི་དབང་། །ཆོས་དབྱིངས་ཀུན་ཁྱབ་ཆེན་པོའི་བཀྲ་ཤིས་ཤོག །ཅེས་བརྗོད་ཅིང་རང་སེམས་སྣང་བའི་དབང་དུ་མ་ཤོར་བར་ཉམས་བསྐྱང་ལ་སྙིང་གི་དཔྱིད་དཔལ་རྒྱས་པའི་དགེ་ལེགས་སུ་བྱའོ། །མཁའ་འགྲོའི་གཏད་རྒྱ་ཁྲོལ་མིན་ཀྱང་། །ཉམས་སུ་ཤར་ལ་ནོངས་པའི་ཚོགས། །བླ་མ་མཁའ་འགྲོས་བཟོད་བཞེས་ལ། །དགེ་བས་གར་དབང་སྐུ་འགྲུབ་ཤོག །ཅེས་པའང་གཏེར་གསར་པདྨ་མཁའ་འགྲོ་ཟུར་བཀོལ་སྐབས་ཁྱེར་བདེ་ཉེར་མཁོར་འོས་པར་མཐོང་ཞིང་འབྲི་འདོད་པ་ཞིག་བྱུང་ནས་ཐོལ་བྱུང་དུ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་ཙ་འདྲ་རིན་ཆེན་བྲག་ཏུ་བགྱིས་པ་དགེ་ལེགས་འཕེལ། སྣོད་མིན་ནས་དཔེ་ཙམ་ཡང་མི་མཐོང་བ་བཀའ་སྲུང་ལྕམ་དྲལ་ལ་གཉེར་དུ་གཏད་དོ། །ས་མ་ཡ། སྦས་རྒྱ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).