Terdzo-CI-001

From Rinchen Terdzö
Revision as of 07:49, 29 December 2017 by Jeremi (talk | contribs) (Text replacement - "= Tsagli = {{TsagliCall}} " to "{{TsagliCall}} ")

ཨོ་རྒྱན་གྱི་མཁན་པོ་པདྨ་སཾ་བྷ་བའི་ཐུགས་བཅུད་འཕགས་མ་སྒྲོལ་མའི་མན་ངག་འཇིགས་པ་ཀུན་སྐྱོབ་

o rgyan gyi mkhan po pad+ma saM b+ha ba'i thugs bcud 'phags ma sgrol ma'i man ngag 'jigs pa kun skyob

by  འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Jamyang Khyentse Wangpo)
revealed by  གཡག་ཕྱར་སྔོན་མོ་རིན་ཆེན་རྒྱལ་པོ་, རོང་པ་གཏེར་སྟོན་བདུད་འདུལ་གླིང་པ་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Yakchar Ngönmo Rinchen GyalpoRongpa Tertön Dudul LingpaJamyang Khyentse Wangpo)
in cycle  སྒྲོལ་མ་འཇིགས་པ་ཀུན་སྐྱོབ་ (Sgrol ma 'jigs pa kun skyob)
Volume 35 (ཅི) / Pages 1-36 / Folios 1a1 to 18b5

First Text in Volume
[edit]

༁ྃ༔ ཨོ་རྒྱན་གྱི་མཁན་པོ་པདྨ་སཾ་བྷ་བའི་ཐུགས་བཅུད་འཕགས་མ་སྒྲོལ་མའི་མན་ངག་འཇིགས་པ་ཀུན་སྐྱོབ་ཅེས་བྱ་བ་བཞུགས་སོ༔ མཁའ་འགྲོ་ཀུན་འདུས་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ༔ མ་འོངས་སེམས་ཅན་འཇིགས་པ་ཀུན་སྐྱོབ་ཕྱིར༔ རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས་ཟབ་མོ་ཞིག༔ པདྨ་བདག་གིས་ཐུགས་ཀྱི་སློབ་མར་གདམས༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ་རྒྱ༔ ྈྈྈྈྈྈྈྈ རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས་ཟབ་མོ་ཉམས་སུ་བླང་བ་ལ༔ དང་པོ་ཚོགས་གསག་ནི༔ བགེགས་བསྐྲད་པ་དང་སྲུང་བའི་འཁོར་ལོ་བསྒོམ་པ་སྔོན་དུ་འགྲོ་བས༔ ན་མོ༔ འཇིགས་དང་སྡུག་བསྔལ་ཀུན་སེལ་བའི༔ རྗེ་བཙུན་འཕགས་མའི་ལྷ་ཚོགས་རྣམས༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས༔ པདྨ་ཟླ་བའི་གདན་ལ་བཞུགས༔ བདག་དང་མཁའ་མཉམ་སེམས་ཅན་ཀུན༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ རྩེ་གཅིག་ཡིད་ཀྱིས་སྐྱབས་སུ་མཆི༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ སྡོམ་པ་མ་ལུས་གཟུང་བར་བགྱི༔ འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག༔ མཆོད་པ་བྱིན་རླབས་ནི༔ ཧཱུྃ༔ བརྟན་གཡོའི་སྣང་བ་ཐམས་ཅད་ཀུན༔ གཡུ་ལོ་བཀོད་པའི་ཞིང་ཁམས་སུ༔ ཕྱི་ནང་མཆོད་པའི་དངོས་པོའི་ཚོགས༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་གྱུར༔ མཆོད་པ་འབྱུང་བའི་སྔགས་་་ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་བ་ཏེ་བཛྲ་སཱ་ར་སོགས་མཆོད་པའི་སྤྲིན་གྱི་གཟུངས། མཆན།བརྗོད༔ དངོས་གཞི་བསྐྱེད་རིམ་ནི༔ ཏཱཾ༔ སྟོང་ཉིད་རང་གདངས་རྡོ་རྗེའི་སྲུང་འཁོར་དབུས༔ རིན་ཆེན་གཞལ་མེད་མཚན་ཉིད་ཡོངས་སུ་རྫོགས༔ པད་ཟླའི་སྟེང་དུ་ས་བོན་ཏཱཾ་ལྗང་གུ༔ འོད་ཟེར་འཕྲོས་འདུས་ཨུཏྤལ་ཏཱཾ་གྱིས་མཚན༔ དེ་ལས་རྗེ་བཙུན་སྒྲོལ་མ་སྐུ་མདོག་ལྗང༔ ཞི་འཛུམ་དབུ་སྐྲ་གནག་སྣུམ་སིལ་བུར་གྲོལ༔ དར་དང་རིན་ཆེན་མེ་ཏོག་ཕྲེང་བས་བརྒྱན༔ ཕྱག་གཡས་མཆོག་སྦྱིན་གཡོན་པས་ཨུཏྤལ་འཆང༔ ཞབས་གཉིས་ཕྱེད་སྐྱིལ་འོད་ལྔའི་ཀློང་ན་བཞུགས༔ མཐའ་སྐོར་འཇིགས་པ་བརྒྱད་སྐྱོབ་སྒྲོལ་མ་དང༔ རྣམ་འཕྲུལ་ཉེར་གཅིག་མཚན་མཆོག་བརྒྱ་རྩ་སོགས༔ སྤྲུལ་པའི་སྤྲིན་ཕུང་བསམ་ཡས་སྤྲོ་ཞིང་བསྡུ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་མཚན་འོད་ཟེར་གྱིས༔ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་གཉིས་མེད་བསམ༔ སྤྱན་འདྲེན་བཞུགས་གསོལ་ནི༔ ཏཱཾ༔ སྤྱན་རས་གཟིགས་དབང་བརྩེ་བའི་ཐུགས་རྗེའི་འཕྲུལ༔ འཇིགས་པ་ཀུན་སྐྱོབ་ཨཱརྻ་ཏཱ་རེ་མ༔ བདེ་གཤེགས་སེམས་དཔའ་སེམས་མའི་འཁོར་དང་བཅས༔ ཐུགས་རྗེའི་དབང་གིས་འདིར་གཤེགས་བརྟན་པར་བཞུགས༔ ཨོཾ་ཨཱརྻ་ཏཱ་རེ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ བཛྲ་ས་མཱ་ཛ༔ ས་མ་ཡ་ཛཿཧཱུྃ་བཾ་ཧོཿཏིཥྛ་ལྷན༔ དབང་བསྐུར་བ་ནི༔ སླར་ཡང་དབང་ལྷ་ནམ་མཁའ་གང་བའི་ཚོགས༔ སྤྱན་དྲངས་ཡེ་ཤེས་བདུད་རྩིས་དབང་བསྐུར་བས༔ སྐུ་གང་སྒྲིབ་དག་ཆུ་ལྷག་གྱེན་དུ་འཁྱིལ༔ རིགས་བདག་འོད་དཔག་མེད་པས་དབུ་བརྒྱན་གྱུར༔ ཨོཾ་ཨ་པ་རི་མི་ཏ་ཨ་བྷི་ཥིཉྩ་ཧྲཱི༔ ཕྱག་མཆོད་ནི༔ ཧོ༔ རྗེ་བཙུན་འཕགས་མའི་ལྷ་ཚོགས་ལ༔ བདག་དང་མཐའ་ཡས་སེམས་ཅན་ཀུན༔ སྒོ་གསུམ་དད་པས་ཕྱག་འཚལ་ཞིང༔ ཉེར་སྤྱོད་བདུན་དང་རོལ་མོའི་སྒྲ༔ འདོད་ཡོན་ལྔ་དང་རྒྱལ་སྲིད་བདུན༔ བཀྲ་ཤིས་རྫས་རྟགས་བརྒྱད་ལ་སོགས༔ སྲིད་དང་ཞི་བའི་འབྱོར་ཚོགས་ཀུན༔ དངོས་བཤམས་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ གུས་པས་འབུལ་ལོ་བཞེས་ནས་ཀྱང༔ འཇིགས་པ་ཐམས་ཅད་ཞི་བ་དང༔ ཚེ་དང་ཡེ་ཤེས་རྒྱས་པ་དང༔ མཆོག་ཐུན་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་སརྦ་པཱུ་ཛ་ས་མ་ཡ་ཧོ༔ བསྟོད་པ་ནི༔ ཨོཾ༔ ཐུགས་རྗེའི་མངའ་བདག་སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད༔ མཚན་དཔེའི་སྐུར་སྟོན་སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད༔ ཚངས་པའི་གསུང་ལྡན་སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད༔ མཁྱེན་བརྩེའི་ཐུགས་མངའ་སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད༔ ཡོན་ཏན་མཐའ་ཡས་སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད༔ ཕྲིན་ལས་རྨད་བྱུང་སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད༔ འཇིགས་པ་བརྒྱད་སྐྱོབ་སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད༔ རྣམ་འཕྲུལ་ཉེར་གཅིག་སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད༔ མཚན་མཆོག་བརྒྱ་ལྡན་སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད༔ སངས་རྒྱས་བྱང་སེམས་འཕགས་མའི་ཚོགས་ལ་ཕྱག་འཚལ་བསྟོད༔ གུས་པས་བསྟོད་དོ་འགྲོ་ཀུན་འཇིགས་ལས་བསྐྱབ་ཏུ་གསོལ༔ ཅེས་དང་ཕྱག་འཚལ་ཉེར་གཅིག་གིས་བསྟོད་དོ༔ བཟླས་པ་བྱ་བ་ནི༔ རང་གི་ཐུགས་ཀར་པད་ཟླའི་སྟེང་དུ་ཡེ་ཤེས་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་ཁ་སརཔ་ཎི་ཚོན་གང་བ༔ དེའི་ཐུགས་ཀར་ཨུཏྤལ་སྔོན་པོ་འདབ་མ་བརྒྱད་པ་ཁ་སྦྱོར་གྱི་དབུས་སུ་ཏཱཾ༔ སྟེང་དུ་ཨོཾ༔ འོག་ཏུ་ཧཱ༔ འདབ་མ་བརྒྱད་ལ་ཏཱ་རེ་ཏུཏ་ཏཱ་རེ་ཏུ་རེ་སྭཱ་ཞེས་པའི་ཡིག་འབྲུ་བརྒྱད་འོད་ཟེར་འབར་བ་དང་བཅས་པས་མཚན་པར་བསམ་ལ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཞེས་བཟླ་ཞིང་ལྷ་སྔགས་ལ་སེམས་རྩེ་གཅིག་ཏུ་གཏད༔ གསལ་སྣང་སྐྱེས་པ་ན༔ བཟླས་པའི་རྐྱེན་གྱིས་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་ཕྱོགས་ཀུན་ཏུ་འཕྲོས༔ ཞིང་རབ་འབྱམས་ཀྱི་རྒྱལ་བ་སེམས་དཔའ་འཕགས་མའི་ཚོགས་ལ་ཐུགས་མཉེས་པའི་མཆོད་པ་འབུལ༔ འགྲོ་བ་རིགས་དྲུག་གི་འཇིགས་པ་དང་སྡུག་བསྔལ་ཐམས་ཅད་བསལ༔ བདེ་བས་ཚིམ་པར་བྱས༔ འོད་ཟེར་ཚུར་འདུས་བདག་ལ་ཐིམ་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་ལ་བཟླའོ༔ བསྙེན་པའི་གྲངས་འབུམ་ཕྲག་བཞི༔ དུས་ཟླ་བ་གཅིག༔ རྟགས་དངོས་ཉམས་རྨི་ལམ་དུ་སྐུ་མཐོང་བ༔ སྔགས་ཐོས་པ༔ ཕྱག་མཚན་རྙེད་པ་སོགས་འབྱུང་ངོ༔ ས་མ་ཡ་རྒྱ་རྒྱ༔ ྈྈྈྈྈ འཕགས་མ་སྒྲོལ་མའི་གཏོར་ཆོག་ནི༔ རིན་པོ་ཆེའི་སྣོད་དུ་བཟའ་བཏུང་སྨན་ཕུད་ཀྱི་གཏོར་མ་གྱ་ནོམ་པ་བཤམས་ལ༔ ཨོཾ་ཨཱཿཧཱུྃ་གི་སྔགས་དང་ཕྱག་རྒྱས་བདུད་རྩིའི་རྒྱ་མཚོར་བྱིན་གྱིས་བརླབ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཨི་དཾ་བ་ལིནྟ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་བདུན་གྱིས་ཕུལ་ལ༔ ཨོཾ༔ དུས་གསུམ་སངས་རྒྱས་ཀུན་གྱི་ཡུམ༔ ཕྲིན་ལས་མངའ་བདག་ཐུགས་རྗེའི་གཏེར༔ འཕགས་མ་སྒྲོལ་མ་སྒྲོལ་མཛད་ཡུམ༔ འཇིགས་པ་བརྒྱད་སྐྱོབ་ལྷ་མོ་དང༔ རྣམ་འཕྲུལ་ཉི་ཤུ་རྩ་གཅིག་དང༔ མཚན་མཆོག་བརྒྱ་རྩ་བརྒྱད་ལ་སོགས༔ སངས་རྒྱས་བྱང་སེམས་ཡི་དམ་ལྷ༔ དཔའ་བོ་མཁའ་འགྲོ་ཆོས་སྲུང་བཅས༔ འཁོར་དང་བཅས་པ་ཐམས་ཅད་ཀུན༔ ཏིང་འཛིན་སྔགས་རྒྱས་བྱིན་བརླབས་པའི༔ ཞལ་ཟས་གཏོར་མ་འདི་བཞེས་ལ༔ བདག་ཅག་རྣལ་འབྱོར་འཁོར་དང་བཅས༔ ནད་གདོན་འཇིགས་པ་ཀུན་ལས་སྐྱོབས༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་སྤེལ༔ ཞི་སོགས་ཕྲིན་ལས་རབ་འབྱམས་དང༔ མཆོག་གི་དངོས་གྲུབ་འགྲུབ་པར་མཛོད༔ ཅེས་གསོལ་བ་བཏབ་ལ་གཏོར་མ་གཙང་སར་གཤེགས་སོ༔ དུས་དང་རྒྱུན་དུ་བཏང་བས་འདི་ཁོ་ནས་བར་ཆད་ཐམས་ཅད་སེལ་བར་ངེས་སོ༔ ས་མ་ཡ་རྒྱ་རྒྱ༔ ྈྈྈྈྈྈ འཕགས་མ་སྒྲོལ་མའི་དབང་བསྐུར་གྱི་ཆོ་ག་ནི༔ སྔོན་དུ་བསྙེན་པ་ལས་སུ་རུང་བའི་རྣལ་འབྱོར་པས་དཀྱིལ་འཁོར་དང་དབང་རྫས་སོགས་བཤམས་ལ་བདག་མདུན་སྒྲུབ་མཆོད་ཚུལ་བཞིན་བྱ༔ སློབ་མ་ཁྲུས་ནས་དབྱུང་ཞིང་བྱུར་དང་བགེགས་བསལ༔ མཎྜལ་ཕུལ་ལ་གསོལ་བ་གདབ༔ ཚོགས་གསག༔ འཕགས་མ་འཁོར་བཅས་སུ་བསྐྱེད་ལ་ཡེ་ཤེས་པ་བསྟིམ་མོ༔ དེ་ནས་དབང་དངོས་ནི་བུམ་པ་སྤྱི་བོའི་གནས་ལྔར་བཞག་ལ༔ ཧཱུྃ༔ སྤྲོས་བྲལ་ཆོས་སྐུའི་བུམ་པ་བཟང་པོའི་ནང༔ ལོངས་སྤྱོད་ཡོངས་རྫོགས་རིགས་ལྔའི་བཅུད་ཀྱིས་གཏམས༔ སྤྲུལ་སྐུའི་རང་བཞིན་བདུད་རྩིའི་ཆུ་རྒྱུན་གྱིས༔ སྐལ་ལྡན་སློབ་མའི་ཉོན་མོངས་སྒྲིབ་པ་དག༔ ཕུང་པོ་གནས་གྱུར་རིགས་ལྔའི་དངོས་གྲུབ་ཐོབ༔ སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན་པར་ཤོག༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཨོཾ་པདྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧྲཱི༔ ཨོཾ་བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་རཏྣ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཏྲཱཾ༔ ཨོཾ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ ཨོཾ་ཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨཱ༔ ཞེས་དབང་བསྐུར་སྒྲིབ་པ་ཐམས་ཅད་དག༔ དབང་ཐམས་ཅད་ཐོབ༔ རིགས་བདག་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པར་བསམ༔ དེ་ནི་རྩ་བའི་དབང་ངོ༔ དེ་ནས་ནུས་པ་འཇུག་པའི་ཕྱིར་བྲིས་སྐུ་སྤྱི་བོར་བཞག་ལ༔ ཨོཾ༔ སངས་རྒྱས་ཀུན་གྱི་སྐུ་ཡི་ཡུམ༔ རྫེ་བཙུན་འཕགས་མ་སྒྲོལ་མ་ཡི༔ སྐུ་ཡི་ཕྱག་རྒྱས་དབང་བསྐུར་བས༔ རྡོ་རྗེའི་སྐུ་དང་དབྱེར་མེད་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ སྔགས་ཕྲེང་མགྲིན་པར་བཞག་ཅིང་བཟླས་པའི་ལུང་བྱིན་ལ༔ ཨཱ༔ སངས་རྒྱས་ཀུན་གྱི་གསུང་གི་ཡུམ༔ རྗེ་བཙུན་འཕགས་མ་སྒྲོལ་མ་ཡི༔ སྙིང་པོ་ལུང་གི་དབང་བསྐུར་བས༔ རྡོ་རྗེའི་གསུང་དང་དབྱེར་མེད་ཤོག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཕྱག་མཚན་སྙིང་གར་བཞག་ལ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་ཐུགས་ཀྱི་ཡུམ༔ རྗེ་བཙུན་འཕགས་མ་སྒྲོལ་མ་ཡི༔ ཐུགས་ཀྱི་དགོངས་པས་དབང་བསྐུར་བས༔ རྡོ་རྗེའི་ཐུགས་དང་དབྱེར་མེད་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མཐའ་རྟེན་གཏོར་མ་ལྷར་གསལ་བ་སྤྱི་བོར་བཞག་ལ༔ ཏཱཾ༔ གཏོར་མ་ཟླུམ་པོ་རིན་ཆེན་གཞལ་མེད་དབུས༔ རྗེ་བཙུན་སྒྲོལ་མ་འཇིགས་སྐྱོབ་ལྷ་མོ་དང༔ རྣམ་འཕྲུལ་ཉེར་གཅིག་མཚན་བརྒྱ་རྩ་བརྒྱད་སོགས༔ སངས་རྒྱས་བྱང་སེམས་འཕགས་མའི་སྤྲིན་ཕུང་འཕྲོ༔ དད་མོས་ཅན་གྱི་སྤྱི་བོར་མངོན་སུམ་བྱོན༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབང་བསྐུར་བས༔ ལྷ་དང་དབྱེར་མེད་ནུས་པ་འཕེལ་ཞིང་བརྟན༔ མཆོག་ཐུན་དངོས་གྲུབ་རབ་འབྱམས་དབང་ཐོབ་ཤོག༔ སརྦ་ཨ་བྷི་ཥིཉྩ་ཧྲཱི༔ ལྷ་བསྟིམ་ཞིང་བཀྲ་ཤིས་བརྗོད༔ དམ་ཚིག་ཁས་བླང་དང་སྐུ་ཡོན་དབུལ་བ་སོགས་བྱའོ༔ ས་མ་ཡ༔ རྒྱ་རྒྱ༔ ྈྈྈྈ འཕགས་མ་སྒྲོལ་མའི་ལས་ཚོགས་ལ༔ སྲུང་བ་ནི༔ གྲོ་གའམ་ཤོག་བུ་ལ་གུར་གུམ༔ གི་ཝཾ༔ རྒྱ་མཚལ༔ རྒྱ་སྐྱེགས༔ རྒྱ་སྣག་རྣམས་སྦྱར་བས་འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་དང་བཅས་པའི་ལྟེ་བར་སྐུའམ་ཕྱག་མཚན་ས་བོན་དང་བཅས་པ་ལ་རྩ་སྔགས་ཀྱིས་བསྐོར༔ འདབ་མ་བརྒྱད་ལ༔ ཨོཾ་ཏཱ་སྭཱ་ཧཱ༔ སོགས་ནས༔ ཨོཾ་སྭཱ་སྭཱ་ཧཱ༔ ཞེས་པའི་བར་ལ་འཇིགས་པ་བརྒྱད་སྐྱོབ་ཀྱི་སྤེལ་ཚིག་སྦྱར༔ དེའི་ཕྱི་རོལ་གྱི་མུ་ཁྱུད་ལ་པད་འདབ་ཉེར་གཅིག་དང༔ དེ་ཕྱིར་པད་འདབ་བརྒྱ་རྩ་ལ་ཏཱཾ་རེ་རེ་བྲི༔ དེའི་ཕྱི་རོལ་དུ་སྒྲོལ་མས་དམ་བཅས་པའི་གཟུངས་དང༔ དབྱངས་གསལ་རྟེན་སྙིང་འདོད་གསོལ་རྡོར་ར་མེ་རི་བཅས་བྲིས་ལ་དྲི་བཟང་དང༔ གི་ཝཾ་གིས་བྱུག༔ ལྷ་ཚོགས་བསྐྱེད་བསྟིམ་བཟླས་བརྗོད་ཀྱིས་བསྒྲུབ༔ བརྟན་བཞུགས་བྱ༔ རྨ་བྱའི་མདོངས་མ་ཉམས་པ༔ ཨུཏྤལ་སྔོན་པོ༔ ཤེལ་དཀར་པོ་བཅས་ལུས་ཀྱི་དྲོད་དང་མ་བྲལ་བར་བཅངས་པས་འཇིགས་པ་ཐམས་ཅད་ལས་སྲུང་ཞིང་སྐྱོབ་པར་འགྱུར་རོ༔ ཞི་བ་ནི༔ རིན་པོ་ཆེའམ་རྫའི་བུམ་པར་བུ་མོ་གྲོང་པའི་ཆོས་ཀྱིས་མ་གོས་པས་བླངས་པའི་རྒྱུན་འབབ་ཀྱི་ཆུ་དང༔ ལྔ་ཚན་ལྔ༔ ཁྱད་པར་གུརྒུམ༔ གི་ཝཾ༔ ཨུཏྤལ་རྣམས་སྦྱར་བས་དགང༔ ལྷ་བསྐྱེད་བཟླས་པས་བསྒྲུབ༔ འོད་དུ་ཞུ་བའི་ཆུས་ཁྲུས་དང་འཐོར་འཐུང་བྱས་པས་ནད་གདོན་འཇིགས་པ་ཐམས་ཅད་ཞི་བར་འགྱུར་རོ༔ རྒྱས་པ་ནི༔ ཐོད་པ་མཚན་ལྡན་འབྲུ་སྨན་དར་ཟབ་ཚེ་རྫས་རིན་པོ་ཆེའི་རིགས་ཀྱིས་བཀང༔ སྐུ་དང་སྔགས་བྱང་འདོད་གསོལ་བཅས་གཞུག༔ ཚུལ་བཞིན་བསྒྲུབས་ནས་མཛོད་ཀྱི་ཕུག་ཏུ་བཞག༔ སྐབས་སུ་མཆོད་པ་རྒྱ་ཆེན་པོ་ཕུལ་བས་ཚེ་དང་བསོད་ནམས་དཔལ་འབྱོར་ཐམས་ཅད་རྒྱས་པར་འགྱུར་རོ༔ དབང་ནི༔ ལྕགས་ཀྱུ་ཅན་གྱི་མེ་ཏོག་དམར་པོ་ཚོགས་ཚད་དང༔ ཁྱེའུ་དང་བུ་མོ་གཙང་མའི་བྱང་སེམས་དཀར་དམར་དང་པོར་བྱུང་བ༔ གི་ཝཾ༔ ལི་ཁྲི༔ སིནྡྷུ་ར༔ རྡོ་ཁབ་ལེན༔ མཚལ༔ ལན་ཚྭ་རྣམས་ཆང་གིས་རིལ་བུ་བྱ༔ ཟངས་སྣོད་དུ་སྒྲུབ༔ སྔགས་ཀྱི་རྣལ་འབྱོར་ནུས་པ་དང་ལྡན་པས་ཡི་གེ་བཅུ་པའི་མཐར༔ ན་མོ་ཧ་ར་བྷི་ཏི་བ་སི་ནི་བྷ་བ་ཏུ་སྭཱ་ཧཱ༔ ཁྲི་བཟླས་པ་བཏབ་པས་འོད་དང་དུ་བ་སོགས་བྱུང་ན་དམིགས་བྱ་ལ་སྦྱིན་པའམ༔ དུད་པས་ཁྱབ་ཚད་དབང་དུ་འགྱུར་རོ༔ དྲག་པོ་ནི༔ ལྕགས་ཕུར་སོར་བཞི་པ་དང་ཡུངས་དཀར་ལ་རྩ་སྔགས་མཐར༔ སརྦ་ཨ་པ་ཀ་ར་བྷྱོ་བྷྱོ་ཟློག་ཟློག་མཱ་ར་ཡ་རྦད༔ མང་དུ་བཟླས་ཤིང་བཏབ་ནས་གནོད་པའི་ཕྱོགས་སུ་གཟུག༔ ཐུན་བརྡེགས་པས་གནོད་བྱེད་ཐམས་ཅད་ཕྱིར་བཟློག་པར་འགྱུར་རོ༔ ཡང་ན་དེ་ཐམས་ཅད་སྦྱིན་སྲེག་གིས་བསྒྲུབ་པར་བྱ་སྟེ༔ ལས་དང་རྗེས་སུ་མཐུན་པའི་ཐབ་དང༔ བུད་ཤིང་དང༔ ཡམ་ཤིང་དང༔ བསྲེག་རྫས་སོགས་བཤམས་ལ༔ བདག་ཉིད་རྗེ་བཙུན་མའི་ས་མཱ་ཏི་ལ་གནས་པས་རྫས་རྣམས་བྱིན་གྱིས་བརླབ༔ མེ་སྤར་ལ་འཇིག་རྟེན་པའི་མེ་ལྷ་བསྐྱེད་ཅིང་སྤྱན་དྲངས་ཤིང་རྫས་ཕུལ་ལ་འདོད་གསོལ་བྱ༔ དེ་ཉིད་མེར་འབར་བའི་ཀློང་དུ་ཡེ་ཤེས་ཀྱི་ལྷ་ཚོགས་རྗེ་བཙུན་མ་འཁོར་དང་བཅས་པ་བསྐྱེད་བསྟིམ་མཆོད་བསྟོད་དང༔ མར་ཁུ༔ ཡམ་ཤིང༔ ཁྱད་པར་གྱི་རྫས་རྣམས་དབུལ༔ སྔགས་ནི༔ ཞི་བ་ལ༔ རྩ་སྔགས་ཀྱི་མཐར༔ རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སརྦ་ཨརྠ་སཱ་དྷ་ན་ཧཱུྃ་ཤཱནྟིཾ་ཀུ་རུ་པྲཱ་ཤ་མ་ན་ཡ་ཧཱུྃ་ཧཱུྃ་ཧཱུྃ༔ དེ་བཞིན་དུ་རྒྱས་པ་ལ༔ རཏྣ་སཾ་བྷ་བ་ཏྲཱཾ་མ་ཧཱ་ཨཱ་ཡུར་པུཎྱེ་ཛྙཱ་ན་སུ་ཁཾ་བྷྲཱུྃ་པུཥྚིཾ་ཀུ་རུ་ཨོཾ་ཨོཾ་ཨོཾ༔ དབང་ལ༔ པདྨ་ཨ་པ་རི་མི་ཏ་ཧྲཱིཿཛཿསརྦ་ལོ་ཀ་ཝ་ཤཾ་མ་ན་ཡ་ཛ་ཛ་ཛ༔ དྲག་པོ་ལ༔ ཀརྨ་ཀྲོ་དྷ་ཕཊ་སརྦ་ཤ་ཏྲཱུན་མཱ་ར་ཡ་ཕཊ་ཕཊ་ཕཊ༔ ཅེས་དང་གཞན་ཡང་སྤེལ་ཚིག་གང་འདོད་དང་བཅས་བྱའོ༔ མཐར་ཡེ་ཤེས་པ་གཤེགས༔ དམ་ཚིག་པ་མེ་འབར་བའི་ཀློང་དུ་འཇིག་རྟེན་པའི་མེ་ལྷ་གསལ་བ་ལ་གཏང་རག་དབུལ་ཞིང་རང་གནས་སུ་གཏང༔ བསྔོ་སྨོན་བཀྲ་ཤིས་བརྗོད༔ དེས་ནི་ལས་ཐམས་ཅད་མྱུར་དུ་འགྲུབ་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ༔ ྈྈྈྈྈྈྈ དེ་ནས་ཡང་དག་བཤད་བྱ་བ༔ ནད་གདོན་གནོད་པ་ཞི་བ་དང༔ རྐྱེན་ངན་བར་ཆད་ཟློག་པ་དང༔ སྣོད་བཅུད་ལེགས་ཚོགས་རྒྱས་པའི་ཕྱིར༔ མཆོད་སྦྱིན་མདོས་ཀྱི་ཆོ་ག་བཤད༔ ས་མ་ཡ༔ དེ་ལ་དང་པོ་ཡོ་བྱད་གསོག་པ་ནི༔ མདོས་ཀྱི་རྒྱུ་རབ་རིན་པོ་ཆེ༔ འབྲིང་ས་སྤྱིན་བཟང་པོ་དང་རིན་པོ་ཆེའི་ཕྱེ་མ་བསྲེས་པ༔ ཐ་མ་འབྲུ་སྣའི་ངར་ཕྱེ་ལ་བྱ༔ དེའང་གླིང་བཞི་རི་རབ་ལྕགས་རི་མུ་ཁྱུད་དང་བཅས་པའི་དབྱིབས་སུ་བཞེངས༔ རི་རབ་ཀྱི་སྟེང་དུ་སྒྲོལ་མའི་དཀྱིལ་འཁོར་སྒོ་རྫོགས་སམ་པད་འདབ་ཀྱིས་མཚོན་པར་ལྷ་གྲངས་ཀྱི་ཚོམ་བུ་དགོད༔ སྟེང་དུ་གདུགས་དང་གཡས་གཡོན་དུ་རྒྱལ་མཚན་དང་བ་དན་འཕྱར༔ མཐར་ཉེར་སྤྱོད་འདོད་ཡོན་སོགས་མཆོད་པས་བསྐོར༔ རི་རབ་བང་རིམ་དང་པོ་ལ་སྒྲོལ་མ་སོགས་སྲི་ཞུའི་མགྲོན་གྱི་གཏོར་མ་ཞལ་ཟས་ཟླུམ་པོ༔ གཉིས་པ་ཡོན་ཏན་གྱི་མགྲོན་ལ་དཀར་གཏོར་དང་དམར་གཏོར་སྤེལ་མ༔ གསུམ་པར་བགེགས་ལ་ཆངས་བུའི་གཏོར་མ༔ བཞི་པར་རིགས་དྲུག་ལ་རིལ་བུའི་གཏོར་མ་རྣམས་གྲངས་ཅི་མང་གིས་བསྐོར༔ གླིང་བཞིའི་ནམ་མཁར་ཁྲིའུའི་ཁར་མཎྜལ་ཚོམ་བུ་མཆོད་པ་དང་བཅས་པ༔ དེའི་མདུན་དུ་གཡུའི་རྟ་ལ་གསེར་གྱི་མི་ཆུང་རིན་པོ་ཆེའི་རྒྱན་ལྡན་དར་གོས་ཀྱིས་བཀླུབས་ཤིང་མདའ་གཞུ་འགེངས་པ་ཐམས་ཅད་ཁ་ཤར་བསྟན་དུ་བཀོད་པར་ནམ་རྒྱང་མདའ་འཕང་ཤིང་རིས་སོགས་འཛུག༔ སོ་སོའི་མཐར་དེ་འདྲ་ཆུང་ངུ་ཉི་ཤུ་རྩ་དྲུག་རེས་བསྐོར༔ བང་རིམ་དང་བར་མཚམས་རྣམས་སུ་འདབ་ཆགས་གཅན་གཟན་རི་དྭགས་གཡུང་དྭགས་ཆུ་གནས་སོགས་སྲོག་ཆགས་ཀྱི་གཟུགས་ཇི་སྙེད་པ་དང༔ རིན་ཆེན་དར་ཟབ་འབྲུ་སྨན་གོ་མཚོན་སོགས་དཀོར་ཆ་སྣ་ཚོགས་པས་ཕྱུར་བུར་གཏམས༔ ལྕགས་རིའི་ཁར་ཡང་ནམ་རྒྱང་མདའ་འཕང་ཤིང་རིས་སྤེལ་མར་བཙུག༔ དེའི་མདུན་དུ་མཆོད་པ་ཉེར་སྤྱོད་བརྒྱ་རྩ་བརྒྱད་སོགས་གང་འབྱོར༔ དཀར་སྐྱེམས༔ མངར་སྐྱེམས༔ ཆང་སྐྱེམས༔ ཁྲག་སྐྱེམས༔ སྐུ་གླུད་རྒྱན་ལྡན་དཀོར་ཆས་ཕྱུག་པ་རྣམས་མཛེས་པར་བཤམ་མོ༔ དེ་ནས་ཆོ་ག་ལ་སྔོན་འགྲོ་ནི༔ བདག་ཉིད་སྒྲོལ་མར་བསྐྱེད་པ་དང་བཟླས་བརྗོད་སོགས་སྒྲུབ་ཐབས་ལྟར་བྱ༔ མཆོད་གཏོར་དང་མདོས་ཡས་རྣམས་སྔགས་དྲུག་ཕྱག་རྒྱ་དྲུག་གིས་གླིང་བཞི་རི་རབ་འདོད་ཡོན་དང་བཅས་པ་ཀུན་ཏུ་བཟང་པོའི་མཆོད་སྦྱིན་གྱི་གཏེར་ཆེན་པོར་བྱིན་གྱིས་བརླབ༔ དངོས་གཞི་ནི༔ མདུན་གྱི་དཀྱིལ་འཁོར་མི་དམིགས་ཏེ་སྟོང་པའི་ངང་ལས་འཕགས་མ་འཁོར་བཅས་སུ་བསྐྱེད་པ་ནས་བཟླས་པའི་བར་སྒྲུབ་ཐབས་བཞིན་བཏང་རྗེས་བཟླས་པ་ཅི་མང་དང༔ མཆོད་བསྟོད་ཕྱག་འཚལ་ཉེར་གཅིག་བརྒྱ་རྩ་སོགས་བྱ་ཞིང་གསོལ་བ་གདབ༔ དེ་ནས་མཎྜལ་ཆ་བཞིའི་དང་པོ་བླ་མ་དང་དཀོན་མཆོག་སྤྱི་ལ་ཡན་ལག་བདུན་པའི་ཆོ་ག་དང་བཅས་དབུལ༔ གཉིས་པ་དང༔ གསུམ་པ་དང༔ བཞི་པ་རྣམས་རྗེ་བཙུན་མ་འཁོར་དང་བཅས་པ་ལ་དབུལ་ཞིང་བསྟོད་པ་ལན་གཉིས་དང༔ གསུམ་དང༔ བདུན་གྱིས་ཕྱག་བཙལ༔ སྔགས་བཟླ༔ ཐམས་ཅད་ལ་འདོད་དོན་གསོལ་གདབ་རྩེ་གཅིག་བྱའོ༔ གཏོར་མ་ཆ་བཞིའི་དང་པོ་སྒྲོལ་མ་འཁོར་དང་བཅས་པ་ལ་ཆོ་ག་ལྟར་འབུལ༔ གཉིས་པ་དཔལ་མགོན་ཕྱོགས་སྐྱོང་ཡོན་ཏན་གྱི་མགྲོན་དང༔ འབྱུང་པོའི་ཚོགས༔ གསུམ་པ་བགེགས་རིགས་ལན་ཆགས༔ བཞི་པ་རིགས་དྲུག་སྙིང་རྗེའི་མགྲོན་ལ་བསྔོ༔ དེའང་སྙིང་རྗེའི་མགྲོན་ལ་བསྔོ་བ་ནི༔ ཨ་ཀཱ་རོ་ལན་ཉི་ཤུ་རྩ་གཅིག་གིས་ཁམས་གསུམ་ཐམས་ཅད་ལ་ཁྱབ་པར་བསྔོས་ནས༔ ཨོཾ༔ མཆོད་སྦྱིན་གཏོར་མ་དམ་པ་འདི༔ ངོ་བོ་ཞལ་ཟས་བཟང་རྒུས་བརྒྱན༔ རྣམ་པ་འདོད་པ་ཅིར་ཡང་འབྱུང༔ མཁའ་ཁྱབ་ཏིང་ངེ་འཛིན་གྱིས་སྤྲུལ༔ སྔགས་དང་ཕྱག་རྒྱའི་དཔུང་བསྐྱེད་ནས༔ དམྱལ་བ་ཡི་དྭགས་བྱོལ་སོང་དང༔ མི་དང་ལྷ་མིན་ལྷ་ཡི་རིགས༔ དྲི་ཟ་བར་དོའི་ཡིད་ལུས་སོགས༔ ཁམས་གསུམ་ཀུན་ལ་ཁྱབ་པར་བསྔོ༔ བསྔོས་པ་བཞིན་དུ་ཐོབ་གྱུར་ནས༔ དགའ་མགུ་ཚིམ་ཞིང་བསམ་པ་འགྲུབ༔ མཐར་ཐུག་བྱང་ཆུབ་སྐལ་ལྡན་ཤོག༔ ཅེས་བྱའོ༔ དེ་ནས་མདོས་འབུལ་བ་ལ༔ ཐོག་མར་གླེང་གཞི་དང་བཅས་མགྲོན་ལ་སྙན་བརྣན་པ་ནི༔ ཀྱེ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ལྷ་དང་ལྷ་མིན་གཡུལ་བཤམས་ཚེ༔ ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས༔ རྗེ་བཙུན་སྒྲོལ་མར་སྐྱབས་གསོལ་ནས༔ རྣམ་བཞིའི་མདོས་ཀྱི་མཆོད་སྦྱིན་བཏང༔ ལྷ་མིན་གདུག་པའི་གཡུལ་བཟློག་ཅིང༔ ལྷ་དམག་དཀར་པོ་དབུགས་རབ་ཕྱུང༔ བར་དུ་རྒྱ་གར་ཟ་ཧོར་ཡུལ༔ རྒྱལ་པོ་སིཾ་ཧ་བྷ་དྲ་ལ༔ སྡེ་བརྒྱད་གདུག་པས་སྐབས་བཙལ་ནས༔ སྣོད་བཅུད་ཐམས་ཅད་ཉམ་ཐག་ཚེ༔ སློབ་དཔོན་དགའ་རབ་རྡོ་རྗེ་ཡིས༔ རྗེ་བཙུན་སྒྲོལ་མར་སྐྱབས་གསོལ་ནས༔ རྣམ་བཞིའི་མདོས་ཀྱི་མཆོད་སྦྱིན་བཏང༔ འབྱུང་པོ་ཁྲོས་པའི་གཡུལ་ངོ་བཟློག༔ ཟ་ཧོར་བདེ་སྐྱིད་ལྡན་པར་བྱས༔ དེ་རྗེས་བོད་ཡུལ་བསམ་ཡས་སུ༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ༔ མཐའ་བཞིའི་དམག་གི་སོ་ཁ་ལངས༔ ནད་མཚོན་མུ་གེས་མནར་བའི་ཚེ༔ སློབ་དཔོན་པདྨས་བྱིན་བརླབས་ཏེ༔ སྔགས་མཁན་ཨ་ཙར་ས་ལེ་ཡིས༔ རྗེ་བཙུན་སྒྲོལ་མར་སྐྱབས་གསོལ་ནས༔ རྣམ་བཞིའི་མདོས་ཀྱི་མཆོད་སྦྱིན་བཏང༔ ཕས་རྒོལ་གཡུལ་ངོ་ཅིག་ཅར་བཟློག༔ བོད་ཁམས་མངའ་རིས་བདེ་ལ་བཀོད༔ སྔོན་བྱུང་སྲིད་པ་དེ་བཞིན་དུ༔ དེ་རིང་བདག་ཅག་ཡོན་མཆོད་ཀྱིས༔ ནད་མུག་མཚོན་འཁྲུག་ཞི་བ་དང༔ ཚེ་བསོད་དཔལ་འབྱོར་རྒྱས་པ་དང༔ མཐའ་དམག་དུས་འཁྲུག་ཟློག་པ་དང༔ གདོན་བགེགས་གདུག་པ་ཚར་གཅད་ཕྱིར༔ རྗེ་བཙུན་སྒྲོལ་མར་སྐྱབས་གསོལ་ནས༔ རྣམ་བཞིའི་མདོས་ཀྱི་མཆོད་སྦྱིན་བཤམས༔ མོས་ཤིང་གདུང་བས་སྤྱན་འདྲེན་ན༔ དཀོན་མཆོག་སྲི་ཞུའི་མགྲོན་རྣམས་ཀུན༔ ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ༔ མགོན་པོ་ཡོན་ཏན་མགྲོན་རྣམས་ཀུན༔ དམ་ཚིག་དབང་གིས་གནས་འདིར་བྱོན༔ བགེགས་རིགས་ལན་ཆགས་མགྲོན་རྣམས་ཀུན༔ ཞི་ཞིང་གུས་པའི་ཚུལ་གྱིས་འདུས༔ རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ཀུན༔ དགའ་ཞིང་སྤྲོ་བས་འདིར་འདུས་ཤིག༔ རང་རང་དགྱེས་པའི་གདན་ལ་བཞུགས༔ མཆོད་སྦྱིན་མདོས་ཀྱི་ལོངས་སྤྱོད་བཞེས༔ ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ ས་མ་ཡ་སརྦ་ཨཱ་ཀརྵཱ་ཡ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་སཏྭཾ༔ ཞེས་གསོལ་བས་མགྲོན་རིགས་མཆོག་དམན་ཐམས་ཅད་སྤྲིན་གཏིབས་པ་བཞིན་བྱོན་ནས་མདུན་བསྐྱེད་རྗེ་བཙུན་མའི་མཐའ་སྐོར་དུ་མངོན་སུམ་བཞིན་བཞུགས་པར་བསམ༔ མདོས་ཆ་བཞིའི་དང་པོ་དཀོན་མཆོག་སྲི་ཞུའི་མགྲོན་ལ་འབུལ་བ་ནི༔ ཨོཾ༔ བདག་གི་ལྷག་པའི་བསམ་པ་དང༔ སངས་རྒྱས་བྱང་སེམས་སྦྱིན་སྟོབས་དང༔ ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས༔ དངོས་བཤམས་ཡིད་ལས་བྱུང་བ་ཡི༔ རི་རབ་གླིང་བཞི་བྱེ་བ་བརྒྱ༔ ཉི་ཟླ་ནོར་བུ་རིན་ཆེན་ཚོགས༔ དར་ཟབ་དཀོར་ཆ་བསམ་མི་ཁྱབ༔ ནམ་མཁའ་གང་བའི་མདོས་མཆོད་འདི༔ རྗེ་བཙུན་འཕགས་མ་སྒྲོལ་མ་དང༔ འཇིགས་པ་བརྒྱད་སྐྱོབ་ཐུགས་རྗེའི་ཡུམ༔ རྣམ་འཕྲུལ་ལྷ་མོ་ཉི་ཤུ་གཅིག༔ མཚན་བརྒྱ་བརྒྱད་ཀྱི་སྒྲོལ་མའི་ཚོགས༔ མགྲོན་གྱི་གཙོ་བོར་བཞུགས་པ་ཡི༔ བླ་མ་སངས་རྒྱས་ཡི་དམ་ལྷ༔ དམ་ཆོས་འཕགས་པའི་དགེ་འདུན་སྡེ༔ གནས་གསུམ་དཔའ་བོ་མཁའ་འགྲོར་བཅས༔ དཀོན་མཆོག་སྲི་ཞུའི་མགྲོན་རྣམས་ལ༔ གུས་པའི་བློ་ཡིས་འབུལ་ལགས་ན༔ ཐུགས་རྗེའི་དབང་གིས་བཞེས་ནས་ཀྱང༔ བདག་ཅག་དཔོན་སློབ་ཡོན་མཆོད་ཀྱི༔ ནད་གདོན་སྡིག་སྒྲིབ་ཞི་བ་དང༔ ཚེ་བསོད་ཡེ་ཤེས་རྒྱས་པར་མཛོད༔ ཐུགས་རྗེ་ཆེན་པོས་བྱིན་བརླབས་ནས༔ ཉིད་དང་དབྱེར་མེད་མཛད་དུ་གསོལ༔ ཞེས་དང་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་དབུལ་ལོ༔ ཆ་གཉིས་པ་མགོན་པོ་ཡོན་ཏན་གྱི་མགྲོན་ལ་འབུལ་བ་ནི༔ ཨོཾ༔ བདག་གི་ལྷག་པའི་བསམ་པ་དང༔ སངས་རྒྱས་བྱང་སེམས་སྦྱིན་སྟོབས་དང༔ ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས༔ དངོས་བཤམས་ཡིད་ལས་བྱུང་བ་ཡི༔ རི་རབ་གླིང་བཞི་བྱེ་བ་བརྒྱ༔ ཉི་ཟླ་ནོར་བུ་རིན་ཆེན་ཚོགས༔ དར་ཟབ་དཀོར་ཆ་བསམ་མི་ཁྱབ༔ ནམ་མཁའ་གང་བའི་མདོས་མཆོད་འདི༔ དཔལ་ལྡན་མ་ཧཱ་ཀཱ་ལ་དང༔ ལྷ་མོ་ནག་མོ་རེ་མ་ཏཱི༔ གཙང་རིས་དཔལ་མགོན་བདུན་ཅུའི་ཚོགས༔ དཀར་ཕྱོགས་སྐྱོང་བའི་འབྱུང་པོའི་སྡེ༔ མཐུ་དང་རྫུ་འཕྲུལ་སྟོབས་ཀྱི་བདག༔ མགོན་པོ་ཡོན་ཏན་མགྲོན་རྣམས་ལ༔ མོས་པའི་དབང་གིས་འབུལ་ལགས་ན༔ དམ་ཚིག་དབང་གིས་བཞེས་ནས་ཀྱང༔ བདག་ཅག་དཔོན་སློབ་ཡོན་མཆོད་ཀྱི༔ འགལ་རྐྱེན་བར་ཆད་ཐམས་ཅད་སོལ༔ ནད་གདོན་གནོད་པ་ཞི་བར་མཛོད༔ ཚེ་བསོད་དཔལ་འབྱོར་སྙན་གྲགས་སྤེལ༔ མི་ནོར་ཟས་གསུམ་དབང་དུ་སྡུས༔ དགྲ་བགེགས་འབྱུང་པོ་ཆམ་ལ་ཕོབ༔ སྣོད་བཅུད་ཀུན་ལ་འཚེ་བ་ཡི༔ བཙའ་སད་སེར་བའི་གནོད་པ་ཟློག༔ ས་ཆུ་མེ་རླུང་གཡོ་འཁྲུག་ཟློག༔ མི་ཕྱུགས་ནད་དལ་གོད་ཀ་ཟློག༔ བྱད་ཕུར་རྦོད་གཏོང་འཐབ་རྩོད་ཟློག༔ ཐན་དང་ལྟས་ངན་ཀེག་སྲི་ཟློག༔ དུས་མིན་འཆི་རྐྱེན་བར་ཆད་ཟློག༔ ཚེ་རིང་ནད་མེད་ཡུན་རིང་བདེ༔ བསམ་པ་སྒྲུབས་ལ་རེ་བ་སྐོངས༔ སངས་རྒྱས་བསྟན་པ་དར་བ་དང༔ སེམས་ཅན་བདེ་བའི་ཕྲིན་ལས་མཛོད༔ ཅེས་དང༔ ཨོཾ་ཤྲཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ན་མསྶརྦ་སོགས་ནམ་མཁའ་མཛོད་དང༔ ཕྱོགས་སྐྱོང་དང་འབྱུང་པོའི་སྔགས་ལའང་སྔགས་འདི་ཉིད་བཏགས་པས་དབུལ༔ ཆ་གསུམ་པ་བགེགས་རིགས་ལན་ཆགས་ཀྱི་མགྲོན་ལ་བསྔོ་བ་ནི༔ ཧཱུྃ༔ བདག་གི་ལྷག་པའི་བསམ་པ་དང༔ སངས་རྒྱས་བྱང་སེམས་སྦྱིན་སྟོབས་དང༔ ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས༔ དངོས་བཤམས་ཡིད་ལས་བྱུང་བ་ཡི༔ སྲིད་པ་མདོས་ཀྱི་ཡོ་བྱད་ནི༔ གླིང་བཞི་རི་རབ་བཀོད་རེ་ལེགས༔ ཉི་ཟླ་ནོར་བུ་མདངས་རེ་གསལ༔ གཡུ་ཡི་རྟ་མཆོག་འགྲོས་རེ་ལེགས༔ གསེར་གྱི་སྐྱེས་བུ་དཔའ་རྩལ་ལྡན༔ ནམ་རྒྱང་མདའ་འཕང་ཤིང་རིས་དང༔ འདབ་ཆགས་རི་དྭགས་གཡུང་དྭགས་ཁྱུ༔ གསེར་དངུལ་དར་ཟབ་རིན་པོ་ཆེ༔ བཟའ་བཏུང་སྐྱེམས་ཕུད་རོ་བཅུད་སོགས༔ འཇིག་རྟེན་དཀོར་ཆ་བསམ་མི་ཁྱབ༔ གཏན་པ་མེད་པའི་ལོངས་སྤྱོད་འདི༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང༔ གདོན་རིགས་སུམ་བརྒྱ་དྲུག་ཅུ་དང༔ བྱིས་པའི་གདོན་ཆེན་བཅོ་ལྔ་དང༔ གཙོ་བོའི་གདོན་ཆེན་བཅོ་བརྒྱད་དང༔ ཕལ་པའི་གདོན་ཕྲན་བྱེ་བ་དང༔ ལོ་ཟླ་ཞག་དུས་ལ་གནས་པའི༔ ས་བདག་གདུག་པའི་བསམ་སྦྱོར་ཅན༔ མདོར་ན་སྣང་ཞིང་སྲིད་པ་ཡི༔ སྡེ་བརྒྱད་བགེགས་དང་ལན་ཆགས་ཚོགས༔ ཁམས་གསུམ་རྒྱུ་བ་ཀུན་ལ་བསྔོ༔ བསྔོས་པ་བཞིན་དུ་ཐོབ་ནས་ཀྱང༔ ཚེ་རབས་སྔོན་ནས་འབྲེལ་པ་ཡི༔ བུ་ལོན་ལན་ཆགས་བྱང་བར་མཛོད༔ བདག་ཅག་ཡོན་མཆོད་འཁོར་བཅས་ལ༔ གནོད་ཅིང་འཚེ་བའི་བསམ་སྦྱོར་སྤོངས༔ འགལ་རྐྱེན་བར་དུ་གཅོད་པ་ཡི༔ ཟ་ལམ་དགྲ་དང་བགེགས་ལ་སྟོན༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཅེས་དང་ཁ་འབར་མའི་སྔགས་རྒྱས་བསྔོ༔ ཆ་བཞི་པ་རིགས་དྲུག་སྙིང་རྗེའི་མགྲོན་ལ་སྦྱིན་པ་ནི༔ ཀྱེ༔ བདག་གི་ལྷག་པའི་བསམ་པ་དང༔ སངས་རྒྱས་བྱང་སེམས་སྦྱིན་སྟོབས་དང༔ ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས༔ དངོས་བཤམས་ཡིད་ལས་བྱུང་བ་ཡི༔ གཏན་པ་མེད་པའི་མདོས་སྦྱིན་ནི༔ གླིང་ཆེན་བཞི་དང་གླིང་ཕྲན་བརྒྱད༔ རི་རབ་ལྕགས་རི་མུ་ཁྱུད་ཚུན༔ བཟའ་བཏུང་གོས་རྒྱན་ནོར་སྣའི་དབྱིག༔ ཡུལ་མཁར་ཕ་མ་བུ་ཚ་དང༔ རྟ་ཕྱུགས་རྐང་ཕྲན་བཞོན་པའི་ཁྱུ༔ མདོར་ན་གང་ལ་ཅི་འདོད་པའི༔ མཁོ་རྒུའི་ལོངས་སྤྱོད་ཐམས་ཅད་ཀུན༔ རི་ལྟར་སྤུངས་ཤིང་མཚོ་ལྟར་བསྐྱིལ༔ ཟད་མེད་ཕྱུར་བུར་གཏམས་པ་འདི༔ སྲིད་པའི་རྩེ་ནས་མནར་མེད་ཡན༔ ལས་ཀྱི་སྒྱུ་མས་འཁོར་བ་ཡི༔ སྙིང་རྗེའི་ཡུལ་གྱུར་རིགས་དྲུག་འགྲོ༔ བར་དོ་ཡིད་ཀྱི་ལུས་ཅན་སོགས༔ མཁའ་ཁྱབ་ཕ་མ་ཀུན་ལ་བསྔོ༔ བསྔོས་པ་བཞིན་དུ་ཐོབ་ནས་ཀྱང༔ ཅི་འདོད་ལོངས་སྤྱོད་འབྱུང་བར་ཤོག༔ ཡིད་ལ་བསམ་རྒུ་འགྲུབ་པར་ཤོག༔ སྡིག་སྒྲིབ་སྡུག་བསྔལ་བྲལ་བར་ཤོག༔ བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག༔ བདག་ཅག་དཔོན་སློབ་ཡོན་མཆོད་ལ༔ མཉེན་གཤིན་བྱམས་བརྩེའི་སེམས་ལྡན་པས༔ རང་རང་ཇི་ལྟར་ནུས་པ་ཡི༔ ཕན་པའི་སྡོངས་གྲོགས་རྒྱ་ཆེར་མཛོད༔ ཀུན་ཀྱང་ཆོས་བཞིན་སྤྱོད་པའི་མཐུས༔ ཐར་པའི་གོ་འཕང་མྱུར་ཐོབ་ཤོག༔ ཅེས་དང་ཨ་ཀཱ་རོའི་སྔགས་རྒྱས་སྦྱིན་ནོ༔ དེའང་དང་པོར་སྔགས་དང༔ ཕྱག་རྒྱ་དང༔ ཏིང་ངེ་འཛིན་གྱིས་ཕུལ་ལ༔ དེ་ནས་སོ་སོའི་སྨྲེང་དང་བཅས་ཏེ་འདོད་དོན་གསོལ་བ་ཡིན་ལ༔ ཚུལ་དེ་ལྟ་བུས་རབ་སྟོང་རྩ༔ འབྲིང་བརྒྱ་རྩ༔ ཐ་མའང་ཉེར་གཅིག་གམ༔ ནད་པ་སོགས་ཀྱི་དོན་དུ་བྱེད་ན་ལོ་གྲངས་ལས་མི་ཉུང་བར་བྱའོ༔ སྤྲོ་ན་མཚམས་ཇི་ལྟར་རིགས་པར་ནམ་རྒྱང་མདའ་འཕང་སོགས་ཀྱི་མདོས་འཕྱང་ཡང་སྤྱི་ལྟར་གྱེར༔ དེ་ནས་མེ་མཆོད་འབུལ་བ་ནི༔ དཀྱིལ་འཁོར་གྱི་ཕྱོགས་བཞིར་མགྲོན་བཞི་ལ་ཞི་བ་དང༔ རྒྱས་པ་དང༔ དབང་དང༔ དྲག་པོའི་མེ་མཆོད་ཕུལ་བས་ལས་མྱུར་དུ་འགྲུབ་ཅིང་ནུས་པ་ཤིན་ཏུ་ཆེ་བ་རྣོ་ལ་ངར་བཏགས་པ་དང་འདྲའོ༔ དེ་ལ་ཆོ་ག་ནི་འདི་ཡིན་ཏེ༔ མདུན་དཀྱིལ་གྱི་ཕྱོགས་བཞིའི་ཤར་དུ་ཞི་བ༔ ལྷོར་རྒྱས་པ༔ ནུབ་ཏུ་དབང༔ བྱང་དུ་དྲག་པོ་རྣམས་ཀྱི་ཐབ་དང༔ བུད་ཤིང་དང༔ མཆོད་པ་དང༔ སྲེག་བླུག་གི་རྫས་རྣམས་ལས་དང་རྗེས་སུ་མཐུན་པར་སྤྱི་ལྟར་དུ་འདུ་བྱས་ལ༔ མཚན་མའི་ཁྱད་པར་ཐབ་ཀྱི་དབུས་སུ་པདྨ་ལས་མདོག་དང་མཐུན་པའི་འདབ་མ་ལྔ་པའི་དབུས་དང་ཕྱོགས་བཞིར་ལས་མཐུན་གྱི་མེ་ཏོག་གི་ཚོམ་བུ་དགོད་པ་ཙམ་བསྲེག་ལྷའི་རྟེན་དུ་བཅའོ༔ དེ་ནས་ཐོག་མར་ཤར་དུ་ཞི་བའི་སྲེག་བླུགས་ཀྱིས་མགྲོན་བཞི་མཉེས་པར་བྱ་སྟེ༔ ཐབ་དང་ཡོ་བྱད་རྣམས་ལ་བསང་ཆུ་གཏོར་ལ་བསང་སྦྱང༔ སྟོང་པའི་ངང་ལས་མཆོད་སྲེག་རྫས༔ བདུད་རྩིའི་རང་བཞིན་འདོད་ཡོན་གཏེར༔ ལྷ་ཚོགས་དགྱེས་པ་སྐོང་བ་དང༔ ལས་རྣམས་འགྲུབ་པའི་ནུས་ལྡན་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་མང་དུ་བརྗོད༔ བཛྲ་སྥ་ར་ཎ་ཁཾ་གིས་རྒྱ་ཆེར་སྤེལ༔ ལས་མཐུན་གྱི་མེ་སྦར་ལ༔ ཨོཾ་བཛྲ་ཛྙཱ་ན་ཛྭ་ལ་རཾ་སྥ་ར་ཎ་ཕཊ༔ རླུང་གཡབ་ཅིང༔ ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད༔ བསང་ཆུས་བྲན༔ མཚན་ཉིད་ཡོངས་རྫོགས་ཞི་བའི་ཐབ༔ ཡེ་ཤེས་མེ་ཕུང་ཆེར་འབར་དབུས༔ མེ་ལྷ་དྲང་སྲོང་འཁོར་དང་བཅས༔ སྐད་ཅིག་ཉིད་དུ་གསལ་བར་གྱུར༔ ཅེས་མེ་ལྷ་དམ་ཚིག་པ་ཞི་བའི་ངང་ཚུལ་ཅན་དུ་གསལ་གདབ༔ དབྱུ་གུ་རྩེ་གསུམ་པའི་ཕྱག་རྒྱ་རྣ་བའི་དྲུང་དུ་གཡོབ་ཅིང༔ ཨོཾ་ཨགྣི་དེ་བ་ཛྙཱ་ན་སཏྭ་ས་པ་རི་ཝཱ་ར་ས་མ་ཡ་ཨེ་ཧྱེ་ཧི༔ ཞེས་པས་ཡེ་ཤེས་པ་སྤྱན་དྲངས༔ ཨོཾ་ཨགྣི་དེ་བ་ཛྙཱ་ན་ས་པ་རི་ཝཱ་ར་ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ དམ་ཚིག་ཡེ་ཤེས་དབྱེར་མེད་དུ་གྱུར༔ པདྨ་ཀ་མ་ལཱ་ཡ་སཏྭཾ་གྱིས་གདན་དབུལ༔ དགང་བླུག་བཟུང་ལ༔ ཨོཾ༔ གཟར་བུ་གཉིས་ཀྱི་ཁ་ལ་རཾ༔ ལྷ་ཚོགས་ལྗགས་སྟེང་ཧཱུྃ་གིས་མཚན༔ བདུད་རྩིའི་རྒྱུན་འབབས་མཉེས་ཤིང་ཚིམ༔ ཞི་བའི་ལས་ཀུན་བསྒྲུབ་པར་གྱུར༔ ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ ཞེས་པས་མར་ཁུའི་བྱོན་སྐྱེམས་བདུན་ཕྲག་གསུམ་སོགས་ཕུལ༔ མཚམས་རྣམས་སུ༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ནད་གདོན་བར་ཆད་འཇིགས་བརྒྱད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་པས་མཚོན་ཏེ་ཇི་ལྟར་འདོད་པའི་སྤེལ་ཚིག་ཀྱང་སྦྱར༔ ཨོཾ་ཨགྣི་དེ་བ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཉེ་བར་སྤྱོད་པས་མཆོད༔ ཨོཾ༔ གཟི་བརྗིད་འབར་བ་མེ་ཡི་ལྷ༔ མཐུ་སྟོབས་རྫུ་འཕྲུལ་ཐོགས་པ་མེད༔ ལས་རྣམས་ཐམས་ཅད་རབ་སྒྲུབ་མཛད༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད༔ ཨོཾ་མ་ཧཱ་ཏེ་ཛཱ་ཡ་སྭཱ་ཧཱས་ཡམ་ཤིང༔ ཨོཾ་མ་ཧཱ་ཨགྣ་ཡེ་སྭཱ་ཧཱས་མར་ཁུ༔ ཨོཾ་ཨགྣི་དེ་བ་ཤཱནྟིཾ་ཀུ་རུ་ཀུ་རུ་སྭཱ་ཧཱས་ཏིལ་དང་མེ་ཏོག་དཀར་པོ་སོགས་ཞི་བའི་རྫས་རྣམས་ལྷན་ཅིག་ཏུ་བདུན་ཕྲག་གསུམ་སོགས་ཕུལ༔ མཚམས་སུ་སྤེལ་ཚིག་སྦྱར༔ སླར་ཡང་མཆོད་ཅིང་བསྟོད་ལ༔ དྲང་སྲོང་ཆེན་པོས་འབར་བའི་མེ༔ ཡེ་ཤེས་མེ་རུ་བྱིན་བརླབས་ཤིང༔ བསྲེག་རྫས་ལྷ་ལ་སྟོབ་པ་དང༔ དངོས་གྲུབ་ཕྲིན་ལས་བསྩལ་དུ་གསོལ༔ ཞེས་དང༔ ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་པས༔ མེ་ལྷ་འབར་བའི་རྣམ་པར་འཁྱིལ་བའི་ཀློང་དུ་ཞི་བའི་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ལྷ་གནས་རྣམས་སུ་གདན་དང་བཅས་པ་སྐད་ཅིག་གིས་བཀྲ་ལམ་གྱིས་གསལ་བར་བསམ་ལ༔ མདུན་བསྐྱེད་ཀྱི་ཐུགས་ཀ་ནས་རྗེ་བཙུན་མའི་ལྷ་ཚོགས་ཡེ་ཤེས་པ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་ནས་སོ་སོའི་གདན་ལ་བཞུགས་པའི་མཐའ་སྐོར་དུ་དཀོན་མཆོག་སྲི་ཞུའི་དང་མགོན་པོ་ཡོན་ཏན་གྱི་མགྲོན་ཐམས་ཅད་ཀྱང་དགྱེས་བཞིན་དུ་བཞུགས་ཤིང༔ དེ་ཐམས་ཅད་ཀྱང་འོད་ཟེར་དཀར་པོ་སྤྲོ་བ་དང་བསྡུ་བའི་སྒོ་ནས་ཞི་བའི་ལས་རབ་འབྱམས་མཛད་པར་བསམ༔ སྤྱན་འདྲེན་དང་བཞུགས་གསོལ་བྱ༔ དགང་བླུག་བཟུང་ལ༔ མར་ཁུ་དགང་བླུག་ཉེར་གཅིག་སོགས་ཡི་གེ་བཅུ་པའི་སྔགས་སྤེལ་ཚིག་དང་བཅས་པས་བྱོན་སྐྱེམས་སུ་འབུལ༔ མཆོད་ཅིང་བསྟོད༔ ཡམ་ཤིང་དང༔ མར་ཁུ་བརྒྱ་རྩ་སོགས་སྤེལ་ཚིག་དང་བཅས་ཕུལ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་གུ་རུ་ཏྲི་རཏྣ་དེ་བ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཤཱནྟིཾ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ ཞེས་ཅི་མང་ཕུལ་ལ་མཚམས་སུ་སྤེལ་ཚིག་སྦྱར༔ རྫས་ཐེམས་པ་ན་སླར་ཡང་མཆོད་ཅིང་བསྟོད༔ མར་ཁུ་དགང་བླུག་ཉེར་གཅིག་སོགས་གཤེགས་སྐྱེམས་སུ་དབུལ༔ གཏོར་མ་དབུལ་ཞིང་ཕྲིན་ལས་གསོལ༔ ནོངས་པ་བཤགས༔ བཛྲ་མུཿས་ཐབ་ཀྱི་ལྷ་རྣམས་མདུན་བསྐྱེད་ཀྱི་ཐུགས་ཀར་གཤེགས༔ དེ་ནས་ཞི་བའི་སྐབས་སུ་མཚམས་འདིར་མགྲོན་འོག་མ་གཉིས་ལའང་བསྲེག་རྫས་ཀྱི་ལྷག་མ་སྦྱིན་པར་བྱ་སྟེ༔ ཐབ་ཀྱི་མཐའ་སྐོར་དུ་བི་ནཱ་ཡ་ཀ་ཆེན་པོས་གཙོ་བྱས་པའི་བགེགས་རིགས་ལན་ཆགས་ཀྱི་མགྲོན་རྣམས་གུས་ཤིང་དུལ་བའི་ཚུལ་གྱིས་སྐད་ཅིག་གིས་འཁོད་པར་བསམ་ལ༔ ཡམ་ཤིང་དང༔ མར་ཁུ་ལྷག་མ་གོང་ལྟར་སྦྱིན༔ ཞི་བའི་རྫས་ཀྱི་ལྷག་མ་རྣམས༔ ཨོཾ་སརྦ་བིགྷྣཱན་ཤཱནྟིཾ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ ཞེས་ཉེར་གཅིག་སོགས་ཀྱིས་སྦྱིན༔ མཚམས་རྣམས་སུ༔ བགེགས་ཀྱི་རྒྱལ་པོ་བི་ནཱ་ཡ་ཀས་གཙོ་བྱས་པའི་བགེགས་རིགས་ལན་ཆགས་ཀྱི་མགྲོན་རྣམས་ཀྱིས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛོད་ཅིག༔ ཅེས་སྤེལ༔ བགེགས་རིགས་ལན་ཆགས་རྣམས་ཀྱི་རྒྱུད་ལ་ཕན་པ་དང་བདེ་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག༔ ཅེས་སྨོན་ལམ་གདབ༔ གཏོར་མ་སྤྱི་ལྟར་བསྔོ༔ ཆོས་སྦྱིན་བྱ༔ སརྦ་བིགྷྣཱན་གཙྪཿས་གཤེགས༔ སླར་ཡང་ཐབ་ཀྱི་མཐའ་སྐོར་དུ་རིགས་དྲུག་བར་དོ་དང་བཅས་པའི་སྙིང་རྗེའི་མགྲོན་དུ་གྱུར་པ་ཐམས་ཅད་ཞི་ཞིང་དྭངས་པའི་ཚུལ་གྱིས་འཁོད་པར་བསམ་ལ༔ ཡམ་ཤིང་དང་མར་ཁུ༔ ཨོཾ་སརྦ་ག་ཏི་ཤཱནྟིཾ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ ཞེས་པས་ཞི་རྫས་སྦྱིན༔ རིགས་དྲུག་བར་དོ་བཅས་པའི་སྙིང་རྗེའི་མགྲོན་དུ་གྱུར་པ་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པའི་སྡུག་བསྔལ་ཐམས་ཅད་ཞི་ཞིང༔ ཕན་པ་དང༔ བདེ་བ་དང༔ བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་སྐལ་པ་དང་ལྡན་པར་གྱུར་ཅིག༔ ཅེས་སྨོན་ལམ་གདབ༔ གཏོར་མ་བསྔོ༔ ཆོས་ཀྱི་སྦྱིན་པའང་བྱས་ལ༔ སརྦ་ག་ཏི་གཙྪཿས་རང་རང་གི་གནས་སུ་དགའ་བཞིན་དེངས་པར་བསམ་མོ༔ མགྲོན་འོག་མ་ལ་སྦྱིན་པ་འདི་རྒྱས་པ་སོགས་སྦྱིན་སྲེག་གཞན་གསུམ་ལ་མི་དགོས་སོ༔ མར་ཁུ་དགང་བླུག་གང་བླུགས་ལ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་པས་མེ་ལྷ་འབར་བ་ལས་ཞལ་ཕྱག་གི་རྣམ་པར་བཞེངས་པར་བསམ་ལ༔ བསྲེག་རྫས་ཀྱི་ལྷག་མ་བདུན་ནམ་ཉེར་གཅིག་སོགས་གཏང་རག་ཏུ་དབུལ༔ མཆོད་བསྟོད་བྱ༔ གཤེགས་སྐྱེམས་ཕུལ༔ གཏོར་མ་ཨོཾ་ཨཱཿཧཱུྃ་གིས་བརླབ༔ ཨོཾ་ཨགྣི་དེ་བ་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་ཀྱིས་ཕུལ་ལ༔ ཡེ་ཤེས་མེ་ལྷ་འཁོར་བཅས་ཀྱིས༔ ཁ་དོག་དྲི་རོ་ནུས་བཅུད་ལྡན༔ འདོད་ཡོན་གཏོར་མ་འདི་བཞེས་ལ༔ ཞི་བའི་ཕྲིན་ལས་མཐར་ཕྱིན་མཛོད༔ ནོངས་པ་བཤགས༔ བཛྲ་མུཿས་ཡེ་ཤེས་པ་གཤེགས༔ དམ་ཚིག་པ་འབར་བའི་རྣམ་པར་བསམ་ལ་བཀྲ་ཤིས་ཅི་རིགས་བརྗོད༔ དེ་ནི་མདུན་དཀྱིལ་གྱི་ཤར་དུ་དཀོན་མཆོག་སྲི་ཞུ་སོགས་མགྲོན་བཞི་ལ་ཞི་བའི་སྲེག་བླུག་འབུལ་བའི་ལས་རིམ་མོ༔ ཚུལ་དེ་བཞིན་དུ་ལྷོ་ཕྱོགས་སུ་རྒྱས་པའི་སྲེག་བླུག་འབུལ་བ་ནི༔ ཐབ་དང་ཡོ་བྱད་བསང་སྦྱང་ནས་བཟུང་ཞི་བའི་སྦྱིན་སྲེག་གིས་ཁོག་ཕུབ༔ མཚན་ཉིད་ཡོངས་རྫོགས་རྒྱས་པའི་ཐབ༔ ཅེས་དང༔ རྒྱས་པའི་ལས་ཀུན་བསྒྲུབ་པར་གྱུར༔ ཅེས་དང༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་སྟོབས་འབྱོར་སྙན་གྲགས་འཁོར་སློབ་རིགས་རྒྱུད་ལ་སོགས་པའི་འཁོར་འདས་ཀྱི་ལེགས་ཚོགས་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ༔ ཞེས་དང༔ ཨོཾ་ཨགྣི་དེ་བ་པུཥྚིཾ་ཀུ་རུ་ཀུ་རུ་ཨོཾ༔ ཞེས་པས་རིན་ཆེན་འབྲུ་སྨན་ཕྱེ་ཕུར་མེ་ཏོག་སེར་པོ་སོགས་རྒྱས་པའི་རྫས་ཕུལ་བ་དང༔ རྒྱས་པའི་གཞལ་མེད་ཁང་དང༔ འོད་ཟེར་སེར་པོ་སྤྲོ་བ་དང་བསྡུ་བའི་སྒོ་ནས་རྒྱས་པའི་ལས་རབ་འབྱམས་མཛད་པར་བསམ་པ་དང༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་གུ་རུ་ཏྲི་རཏྣ་དེ་བ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་པུཥྚིཾ་ཀུ་རུ་ཀུ་རུ་ཨོཾ༔ ཞེས་དང༔ རྒྱས་པའི་ཕྲིན་ལས་མཐར་ཕྱིན་མཛོད༔ ཅེས་སོགས་ཁ་བསྒྱུར་ལ་སྦྱོར་དངོས་རྗེས་གསུམ་ཚང་བར་བསྒྲུབ་བོ༔ ནུབ་ཏུ་དབང་གི་སྲེག་བླུག་འབུལ་བ་ནི༔ དབང་གི་ཐབ་དང༔ དབང་གི་ལས་ཞེས་ཁ་བསྒྱུར༔ དབང་གི་གཞལ་མེད་ཁང་དང༔ རྗེས་སུ་ཆགས་པའི་འོད་ཟེར་དམར་པོ་སྤྲོ་བ་དང་བསྡུ་བའི་སྒོ་ནས་དབང་གི་ལས་རབ་འབྱམས་མཛད་པར་བསམ༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་ཁམས་གསུམ་སྣོད་བཅུད་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོ༔ ཞེས་དང༔ ཝཱ་ཤཾ་ཀུ་རུ་ཀུ་རུ་ཧོ༔ ཞེས་སོགས་ཁ་བསྒྱུར༔ ལྕགས་ཀྱུ་ཅན་གྱི་མེ་ཏོག་དམར་པོ་དང༔ ཙན་དན་དམར་པོ་དང༔ ལན་ཚ་དམར་པོ་དང༔ རིན་པོ་ཆེ་དམར་པོ་དང༔ ཁབ་ལེན་གྱི་རྡོ་སོགས་ཆང་གིས་སྦགས་པ་དབང་གིས་རྫས་སུ་དབུལ་ལོ༔ བྱང་དུ་དྲག་པོའི་སྲེག་བླུག་འབུལ་བ་ནི༔ དྲག་པོའི་ཐབ་དང༔ དྲག་པོའི་ལས་སོགས་ཁ་བསྒྱུར༔ དྲག་པོའི་གཞལ་མེད་ཁང་དང༔ འོད་ཟེར་ནག་པོ་ཚ་ཞིང་རྩུབ་པ་སྤྲོ་བ་དང་བསྡུ་བའི་སྒོ་ནས་དྲག་པོའི་ལས་རབ་འབྱམས་མཛད་པར་བསམ༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་འབྱུང་པོ་གདུག་པ་ཅན་ཐམས་ཅད་མཱ་ར་ཡ་ཕཊ༔ ཅེས་དང༔ མཱ་ར་ཡ་ཀུ་རུ་ཀུ་རུ་ཕཊ༔ འབྲུ་ནག་ཤ་ཁྲག་དུག་སྣ་ཡུངས་དཀར་ནག་ཚ་བ་གསུམ་ཟངས་ལྕགས་ཕྱེ་མ་སོགས་ཁྲག་གིས་སྦགས་པ་དྲག་པོའི་རྫས་སུ་དབུལ་ལོ༔ རྗེས་སུ་ཞི་རྒྱས་དབང་གསུམ་གྱི་མེ་རང་ཞིར་འཇོག༔ ལོང་མེད་ན་ལས་མཐུན་གྱི་ཆབ་ཀྱིས་བཏུལ༔ དྲག་པོའི་མེ་དུག་ཁྲག་གི་ཆུས་ཅིག་ཅར་དུ་གཞིལ༔ ཞི་བའི་ཐལ་བ་གནས་ཁང་དང་ཞིང་ས་ཕྱུགས་ལྷས་སོགས་སུ་འཐོར་བའམ༔ ཆུ་ཀླུང་དུ་སྦྱང༔ རྒྱས་པ་མཛོད་ཕུག་སོགས་སུ་སྦ༔ དབང་རི་རྩེ་མཐོན་པོར་རླུང་ལ་བསྐུར༔ དྲག་པོའི་གནམ་ས་ཟུར་གསུམ་པའམ་ལམ་གྱི་བཞི་མདོར་མནན་ནོ༔ དེས་ལས་མཐར་ཕྱིན་པར་འགྱུར་རོ༔ དེ་ལྟར་མཎྜལ་བཞི༔ གཏོར་མ་ཆ་བཞི༔ མདོས་ཆ་བཞི༔ ལས་བཞིའི་མེ་མཆོད་དེ་དངོས་གཞིའི་ལས་རིམ་བཅུ་དྲུག་གོ༔ རྗེས་ནི༔ མདུན་བསྐྱེད་སྒྲོལ་མའི་ལྷ་ཚོགས་ལ་མཆོད་བསྟོད་བྱ༔ དངོས་གྲུབ་བླང་བ་ནི༔ ཨོཾ༔ རྗེ་བཙུན་འཕགས་མའི་ལྷ་ཚོགས་རྣམས༔ མཚན་དཔེ་སྐུ་ཡི་སྒོ་ཕྱེས་ལ༔ རྣལ་འབྱོར་བདག་ཅག་ཡོན་མཆོད་ལ༔ འགྱུར་མེད་སྐུ་ཡི་དངོས་གྲུབ་སྩོལ༔ ཀཱ་ཡ་སིདྡྷི་ཨཱོཾ༔ ཨཱ༔ རྗེ་བཙུན་འཕགས་མའི་ལྷ་ཚོགས་རྣམས༔ ཚངས་དབྱངས་གསུང་གི་སྒོ་ཕྱེས་ལ༔ རྣལ་འབྱོར་བདག་ཅག་ཡོན་མཆོད་ལ༔ ནུས་པ་སྔགས་ཀྱི་དངོས་གྲུབ་སྩོལ༔ ཝཱ་ཀ་སིདྡྷི་ཨཱ༔ ཧཱུྃ༔ རྗེ་བཙུན་འཕགས་མའི་ལྷ་ཚོགས་རྣམས༔ མཁྱེན་བརྩེ་ཐུགས་ཀྱི་སྒོ་ཕྱེས་ལ༔ རྣལ་འབྱོར་བདག་ཅག་ཡོན་མཆོད་ལ༔ འོད་གསལ་སྙིང་པོའི་དངོས་གྲུབ་སྩོལ༔ ཙིཏྟ་སིདྡྷི་ཧཱུྃ༔ ཞེས་བརྗོད་པས་མདུན་བསྐྱེད་ལྷ་ཚོགས་རྣམས་ཀྱི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས༔ རང་དང་ཡོན་བདག་གི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་གྱི་ནད་གདོན་སྡིག་སྒྲིབ་གདོན་བགེགས་བར་ཆད་ཐམས་ཅད་ཞི༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ་ལ་འབྲང་རྒྱས་དང་ཕྱེ་མར་དང་སྐྱེམས་ཕུད་སོགས་དངོས་གྲུབ་ཀྱི་རྫས་ཅི་རིགས་པ་རོལ༔ ནོངས་པ་བཤགས༔ ཨོཾ་བཛྲ་ཨུཏྟིཥྛས་ཡེ་ཤེས་པ་རྟེན་དང་བརྟེན་པར་བཅས་པ་ནམ་མཁར་བཏེག༔ དམ་ཚིག་པ་རང་ལ་བསྟིམ༔ ཨ་ཀཱ་རོའི་སྔགས་བརྗོད་ཅིང་རྡུལ་ཚོན་དབྱི་ཞིང་མདོས་ཀྱི་གཞིར་གདབ་བོ༔ དེ་ནས་མདོས་ཀྱི་སྒོ་དབྱེ་བ་དང༔ སྐུ་གླུད་བྱིན་གྱིས་བརླབ་ཅིང་འབྱུང་པོའི་ཚོགས་ལ་བསྔོ་བ་དང༔ མདོས་ཀྱི་ལམ་བསྟན་པ་རྣམས་སྤྱི་ལྟར་བྱ༔ ཟོར་དུ་བསྐུལ་པ་ནི༔ ཧཱུྃ༔ མི་མངོན་དབྱིངས་ན་བཞུགས་པ་ཡི༔ རྗེ་བཙུན་འཕགས་མ་སྒྲོལ་མ་སོགས༔ རྩ་གསུམ་རྒྱལ་བ་རབ་འབྱམས་རྣམས༔ ཐུགས་རྗེ་ཐུགས་དམ་མ་གཡེལ་བར༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ འགལ་རྐྱེན་བར་ཆད་བཟློག་པའི་ཕྱིར༔ མདོས་ཟོར་རྫས་ཀྱི་ནུས་པ་སྐྱེད༔ ཁྲོ་རྒྱལ་འབར་བའི་ལྷ་ཚོགས་དང༔ ཆོས་སྐྱོང་སྲུང་མ་མཐུ་རྩལ་ཅན༔ ཕོ་ཉ་ལས་མཁན་སྡེ་བརྒྱད་དཔུང༔ འབྱུང་པོ་གདུག་པའི་ཚོགས་རྣམས་ཀུན༔ མདོས་ཀྱི་ཟོར་སྣ་དགྲ་ལ་སྒྱུར༔ དྲག་པོའི་མཐུ་རྩལ་བགེགས་ལ་སྟོན༔ ཟློག་སྒྱུར་བཅོལ་བའི་ལས་མཛོད་ཅིག༔ བྷྱོ་བྷྱོ༔ མདོས་ཟོར་སྲིད་པ་རུ་ལོག་མཚོན༔ གདུག་ཅན་རྡོ་རྗེའི་ཆར་ཆེན་པོས༔ དེ་རིང་བདག་ཅག་ཡོན་མཆོད་ལ༔ རྒྱལ་པོའི་ཆད་པ་བྱུང་བ་ཟློག༔ སྡེ་བརྒྱད་གདུག་པའི་ཆོ་འཕྲུལ་ཟློག༔ མི་ནད་ཕྱུགས་ནད་དལ་ཡམས་ཟློག༔ བྱད་ཕུར་རྦོད་གཏོང་འཚེ་བ་ཟློག༔ རྨི་ལྟས་པྲ་རྟགས་ངན་པ་ཟློག༔ འཇིགས་པ་ཆེན་པོ་བཅུ་དྲུག་ཟློག༔ བར་ཆད་བདུད་བཞིའི་སྒྱུ་ཐབས་ཟློག༔ དམག་འཁྲུག་གྱོད་དང་བྱུར་ཁ་ཟློག༔ མི་ཁ་སྨྲ་མཆུ་གླེང་བ་ཟློག༔ བཙའ་སད་ཐོག་དང་སེར་བ་ཟློག༔ འབྱུང་བཞི་འཁྲུགས་པའི་ཡོ་ལང་ཟློག༔ མཐའ་བཞིའི་དམག་གིས་འཚེ་བ་ཟློག༔ སྲི་ཀེག་དུས་མིན་འཆི་བ་ཟློག༔ མདོར་ན་མི་མཐུན་བར་ཆད་ཀུན༔ བཟློག་གོ་སྲིད་པའི་མདོས་ཀྱིས་ཟློག༔ བསྒྱུར་རོ་རྐྱེན་ངན་དགྲ་ལ་སྒྱུར༔ དགྲ་དཔུང་ཐལ་བའི་རྡུལ་བཞིན་རློགས༔ བགེགས་དཔུང་སྡེར་བཅས་རྩད་ནས་ཆོད༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཅེས་དང་ཡི་དམ་ཆོས་སྐྱོང་དྲག་པོའི་སྔགས་ཀྱི་མཐར་བྷྱོ་བྷྱོ་ཟློག་ཟློག་བྷྱོ་ཟློག་ཅིག་མཱ་ར་ཡ་རྦད༔ ཅེས་བརྗོད་ལ་ཐལ་མོ་བརྡབ༔ ཚར་གྲངས་ཅི་རིགས་བྱ༔ དེ་ནས་འཕང་སར་ཁྱེར་ལ་གསེར་སྐྱེམས་གཏང༔ སླར་ཡང་ཟོར་དུ་བསྐུལ་ནས་འདྲེ་ལྔ་བདུད་གཅོད་སོགས་ཀྱི་ཕྱོགས་སུ་མེའམ་ཆུ་ལ་གཤེགས༔ དཀོན་མཆོག་སྲི་ཞུ་དང་མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་ལས་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་སྤྲོས་པས་རྟིང་མནན་ཏེ་བགེགས་རིགས་འབྱུང་པོའི་ཚོགས་རྣམས་མདོས་ཟོར་མཚོན་ཆའི་ཆར་དུ་བབས་པ་དང་བཅས་དགྲ་བགེགས་ཀྱི་སྟེང་དུ་བརྒྱུགས་ནས་ལྷག་མེད་དུ་བཅོམ་པར་བསམ༔ སྒོ་དྲུང་དུ་མཚམས་བཅད༔ ནང་དུ་ལོག་ནས་སླར་ཡང་ནམ་མཁར་བཞུགས་པའི་མདུན་བསྐྱེད་ལྷ་ལ་མཆོད་བསྟོད་དང་བཅས་དབྱིངས་སུ་གཤེགས༔ འཇིག་རྟེན་པ་རྣམས་ཀྱང་རང་གནས་སུ་གཏང༔ བདག་ཉིད་ལྷར་གསལ་བ་ལའང་མཆོད་བསྟོད་བྱ༔ འདོད་དོན་གསོལ༔ རང་དང་སྣང་བ་ཐམས་ཅད་ཀུན༔ རིག་སྟོང་འོད་གསལ་དབྱིངས་སུ་ཐིམ༔ ཞེས་དམ་ཡེ་དབྱེར་མེད་ཡེ་ཤེས་ཀྱི་དབྱིངས་སུ་བསྡུ༔ སླར་ཡང་ཆུ་ལས་རླབས་བཞིན་དུ༔ འཕགས་མའི་གསང་གསུམ་ཕྱག་རྒྱར་བཞེངས༔ ཨོཾ་ཨཱརྻ་ཏཱ་ར་ཀཱ་ཝཱ་ཙི་རཀྵ་ཧཾ༔ ཞེས་ལྷའི་སྐུར་ལྡང་ཞིང་བསྲུང༔ རྗེས་ཐོབ་སྒྲོལ་མའི་ང་རྒྱལ་དང་བཅས་དགེ་བ་བསྔོ་ཞིང་སྨོན་ལམ་གདབ་པ་ནི༔ ཧོ༔ བདག་གིས་ཚེ་རབས་ཐོག་མེད་ནས༔ ཐ་མ་དུས་འདི་ཡན་ཆད་དུ༔ འཕགས་མ་མཆོད་ཅིང་བསྒྲུབས་པའི་མཐུས༔ སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ༔ བདག་དང་མཐའ་ཡས་འགྲོ་བ་ཀུན༔ རྗེ་བཙུན་སྒྲོལ་མས་རྗེས་བཟུང་ནས༔ འགལ་རྐྱེན་ཐམས་ཅད་ཞི་བ་དང༔ མཐུན་རྐྱེན་མ་ལུས་ཕུན་སུམ་ཚོགས༔ ཆོས་བཞིན་བསམ་པ་མྱུར་འགྲུབ་ནས༔ བྱང་ཆུབ་གོ་འཕང་ཐོབ་པར་ཤོག༔ བཀྲ་ཤིས་ནི༔ ཨོཾ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་བདག༔ འཕགས་མ་སྒྲོལ་མའི་བཀྲ་ཤིས་ཤོག༔ འཇིགས་པ་ཐམས་ཅད་སྐྱོབ་མཛད་མ༔ ལྷ་མོ་བརྒྱད་ཀྱི་བཀྲ་ཤིས་ཤོག༔ གང་འདུལ་དངོས་གྲུབ་མ་ལུས་སྩོལ༔ རྣམ་འཕྲུལ་ཉེར་གཅིག་བཀྲ་ཤིས་ཤོག༔ མཁའ་མཉམ་འགྲོ་བའི་དོན་ཀུན་མཛད༔ མཚན་བརྒྱ་བརྒྱད་ཀྱི་བཀྲ་ཤིས་ཤོག༔ དགེ་ལེགས་མཆོག་གི་སྣང་བ་ཡིས༔ རྟག་ཏུ་དཔལ་གནས་བཀྲ་ཤིས་ཤོག༔ ཅེས་བརྗོད་དོ༔ བདག་བསྐྱེད་ཀྱི་མཇུག་གི་བྱ་བ་འདི་སྒྲུབ་ཐབས་བསྒོམ་པའི་ཐུན་ཐམས་ཅད་ཀྱི་མཐར་ཡང་བྱའོ༔ དེ་ལྟར་རྣམ་བཞིའི་མགྲོན་ལ་མཆོད་སྦྱིན་ཕུལ་བས་ཚོགས་རྫོགས༔ སྒྲིབ་པ་བྱང༔ དམ་ཚིག་ཉམས་ཆག་འདག༔ འགལ་རྐྱེན་ཐམས་ཅད་ཞི་ཞིང༔ སྣོད་བཅུད་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་འཕེལ་བ་སོགས་ཕན་ཡོན་དཔག་ཏུ་མེད༔ ཁྱད་པར་མདོས་ཀྱི་ཡོན་ཏན་ནི༔ སྲིད་པ་མདོས་ཀྱི་རྒྱུད་ལས༔ བཅོམ་ལྡན་ལག་ན་རྡོ་རྗེ་ཡིས༔ ལྷ་ཡི་དབང་པོར་བཀའ་བསྩལ་པ༔ དེ་ལྟར་སྲིད་པའི་མདོས་ཆེན་གྱི༔ ཡོན་ཏན་བརྗོད་པ་མདོ་ཙམ་ནི༔ དཀོན་མཆོག་སྲི་ཞུ་མཆོད་པས་མཉེས༔ དཔལ་མགོན་ཡོན་ཏན་ཐུགས་དམ་གང༔ བགེགས་རིགས་འབྱུང་པོའི་ལན་ཆགས་བྱང༔ རིགས་དྲུག་འགྲོ་རྣམས་ཚིམ་པར་འགྱུར༔ སྣོད་བཅུད་མདོས་ཀྱི་མཎྜལ་ཡིན༔ སྣང་སྲིད་གཞིར་བཞེངས་མདོས་ཆེན་ཡིན༔ འདོད་རྒུ་འབྱུང་བའི་གཏོར་མ་ཡིན༔ ཀ་ཆ་དཀོར་ཆ་ཚོགས་པའི་མཛོད༔ གནོད་པ་ཕྱིར་ཟློག་ཆེན་པོ་སྟེ༔ དགྲ་བགེགས་གསོད་པའི་མཚོན་ཆ་ཡིན༔ རྣལ་འབྱོར་རང་སྲུང་རྡོ་རྗེའི་གོ༔ འདིས་ནི་ནད་གདོན་བར་ཆད་དང༔ རྐྱེན་ངན་ཆག་ཆེ་ཉམ་ང་དང༔ འཇིགས་པ་ཆེན་པོ་ཐམས་ཅད་ཞི༔ འབྱོར་པ་དྲུག་གི་ལེགས་ཚོགས་རྒྱས༔ ཆར་ཆུ་བུ་ནོར་རིགས་རྒྱུད་འཕེལ༔ རྟ་ཕྱུགས་རྐང་བྲན་བཞོན་ཆུ་མོད༔ སད་སེར་བཙའ་ཐན་དལ་ཡམས་གཅོད༔ ཡིད་མཐུན་ཐམས་ཅད་དབང་དུ་འདུ༔ བྱད་ཕུར་སྡེ་བརྒྱད་ཆོ་འཕྲུལ་ཟློག༔ ཕྱི་ནང་གཡུལ་འཁྲུག་ངང་གིས་ཞི༔ མ་རུངས་ལོག་འདྲེན་ཚར་གཅོད་འགྱུར༔ མདོར་ན་ཕྲིན་ལས་གང་བརྩམས་པ༔ སྲིད་པ་མདོས་ཀྱི་ཆོ་གས་འགྲུབ༔ ཡིད་བཞིན་ནོར་བུ་མཆོག་དང་མཚུངས༔ ཞེས་སོགས་རྒྱ་ཆེར་གསུངས་སོ༔ ས་མ་ཡ༔ རྒྱ་རྒྱ༔ འཕགས་མ་སྒྲོལ་མའི་ཆོས་སྐོར་ལ༔ སྒྲུབ་ཐབས་འཇིགས་པ་ཀུན་སྐྱོབ་ཡོད༔ ཐུན་མཚམས་གཏོར་མའི་ཆོ་ག་ཡོད༔ སྨིན་བྱེད་དབང་བསྐུར་ཟབ་མོ་ཡོད༔ ལས་ཚོགས་རིམ་པ་རྣམ་དྲུག་ཡོད༔ ཁྱད་པར་མདོས་ཀྱི་ཆོ་ག་ཡོད༔ དེ་ལས་མང་ན་བཀའ་འདི་འཆལ༔ ཉུང་ན་གདམས་ངག་འཐོར་པ་ཡིན༔ དེ་ཕྱིར་ཟབ་རྒྱའི་རྩིས་བྱང་འདི༔ མ་འོངས་དོན་དུ་བཀོད་པ་འོ༔ ས་མ་ཡ༔ རྒྱ་རྒྱ༔ འཕགས་མའི་མན་ངག་འཇིགས་པ་ཀུན་སྐྱོབ་འདི༔ ཨོ་རྒྱན་མཁན་པོ་པདྨ་སཾ་བྷ་བདག༔ མཱ་ར་ཏི་ཀའི་ཤར་ཕྱོགས་གྲུབ་གནས་སུ༔ ཟབ་ལམ་སྙིང་པོའི་སྒྲུབ་ལ་གཞོལ་བའི་ཚེ༔ རྒྱལ་ཀུན་ཕྲིན་ལས་ཨཱརྻ་ཏཱ་ར་ཡིས༔ རྒྱུད་ལུང་མན་ངག་ཟབ་མོ་མཐའ་ཡས་གནང༔ དེ་དག་རྣམས་ལས་སྙིང་པོའི་བཅུད་ཕྱུང་བ༔ རྒྱས་འབྲིང་བསྡུས་པའི་ཚུལ་གྱིས་གཏན་ཕབ་ནས༔ མ་འོངས་བོད་ཁམས་འགྲོ་ལ་སྙིང་བརྩེ་བས༔ གཅིག་ནི་མོན་གྱི་ཆུ་མོ་ཕུག་ཏུ་སྦས༔ མཚོ་རྒྱལ་བྱིན་བརླབས་རྡོ་རྗེ་འཛིན་པས་རྙེད༔ གཅིག་ནི་ཤངས་ཀྱི་ཟབ་ལུང་བྲག་ལ་སྦས༔ ཆོས་རྒྱལ་སྐྱེ་མཐའ་ཞིག་གི་དོན་དུ་འགྱུར༔ སྙིང་པོ་འདི་ནི་ཨ་ཙར་ས་ལེར་གདམས༔ ཐུགས་ཀྱི་གཟུངས་མས་བརྡ་ཡི་ཡི་གེར་བྲིས༔ འོ་ཡུག་སྨན་ལྗོངས་ཤུག་པའི་གླིང་གི་འདབས༔ གཡག་ལྕེ་ཕྲ་མོའི་བྲག་ལ་གཏེར་དུ་སྦོས༔ བཻ་རོས་བྱིན་རླབས་འཁྲུལ་ཞིག་སྔགས་སྒོམ་ཚུལ༔ གྲུབ་པའི་རྣལ་འབྱོར་རིན་ཆེན་རྒྱལ་པོས་རྙེད༔ གཞན་དོན་གློག་གི་ཟེར་མ་ཙམ་ཞིག་འབྱུང༔ མ་ཕྱི་ཡེར་པ་རྡོ་རྗེའི་བྲག་ཏུ་གཏམས༔ མ་འོངས་བོད་ཁམས་ཤིན་ཏུ་སྡུག་བསྔལ་ཚེ༔ བཛྲ་འམ་ནི་པདྨའི་མིང་ཅན་ལ༔ སྨན་བཙུན་བདག་མོས་གཏེར་དཔེ་དངོས་སུ་སྤྲོད༔ མཚོ་རྒྱལ་བྱིན་རླབས་ལ་བརྟེན་གཏན་ཕབ་ན༔ འབྱུང་བ་སྒང་གཤོང་དུས་ཀྱི་གཡོ་འཁྲུག་སོགས༔ བར་ཆད་མང་ཞིག་གདམས་པ་འདི་ཡིས་སེལ༔ པདྨ་བདག་ལ་འགྲོ་བའི་དོན་ལས་མེད༔ ལས་ལྡན་རྣམས་ལ་སྙིང་ནས་གདམས་པ་རྣམས༔ ཡལ་བར་མ་དོར་རང་གཞན་དོན་གཉིས་སྤྱོད༔ ཕན་བདེའི་བསམ་རྒུ་ཡིད་བཞིན་འགྲུབ་པར་འགྱུར༔ ཞེས་བཀའ་བསྩལ་པ་མཚོ་རྒྱལ་བདག་གིས་མཁའ་འགྲོ་གསང་བའི་བརྡ་རིས་སུ་བྲིས་ཏེ༔ གཡག་ལྕེ་ཕྲ་མོའི་བྲག་ལ་སྦས༔ གཏེར་བདག་རྡོ་རྗེ་གཡུའི་སྒྲོན་མ་ལ་གཉེར་དུ་གཏད་དོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ སྤེལ་རྒྱ༔ རྒྱ་རྒྱ་རྒྱ༔ ཚུལ་འདི་ནི་རྒྱས་འབྲིང་བསྡུས་པའི་ཚུལ་གྱིས་གཏེར་ཁ་གསུམ་དུ་སྦས་པའི་རྒྱས་པ་མོན་ཆུ་མོ་ཕུག་ནས་གུ་རུ་ཚེ་བརྟན་རྒྱལ་མཚན་གྱིས་གདན་དྲངས་པ། བར་སྐབས་སུ་དབང་ལུང་ཕྱག་ལེན་སོགས་བཞུགས་ཀྱང་དེང་སང་རྒྱུན་མི་སྣང་། འབྲིང་པོ་ཤངས་ཟབ་བུ་ལུང་དུ་སྦས་པའང་རྒྱུན་མེད། སྙིང་པོ་བསྡུས་པ་འདི་ནི་འོ་ཡུག་གཡག་ལྕེ་ཕྲ་མོའི་བྲག་ཏུ་སྦས་པ་བཻ་རོའི་རྣམ་འཕྲུལ་གཏེར་སྟོན་གཡག་འཕྱར་སྔོན་མོ་རིན་ཆེན་རྒྱལ་པོས་གདན་དྲངས་ནའང་འགྲོ་དོན་ཆེར་མ་བྱུང་བ་ཤོག་སེར་ཡེར་པ་རྡོ་རྗེའི་ཕུག་ཏུ་སླར་སྦས་པ། བཛྲའི་མིང་ཅན་ཏེ་རོང་པ་བདུད་འདུལ་གླིང་པ་རྡོ་རྗེ་བདུད་འཇོམས་ལ་གཏེར་དཔེ་ཕྱག་ཏུ་བབས་མོད། ཡུལ་དུས་གནས་སྐབས་ཀྱིས་འཆད་སྤེལ་སོགས་མ་བྱུང་བས་གཏེར་དཔེ་ཡེར་པ་རྡོ་རྗེའི་ཕུག་ཏུ་ཡང་གཏེར་དུ་རྒྱས་བཏབ་པ་ཉིད། ཁོ་བོ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་སྨན་བཙུན་རྡོ་རྗེ་གཡུ་སྒྲོན་མས་མདངས་གསོལ་དུ་བསྩལ་པ། ལོ་ཆེན་བཻ་རོ་དངོས་བྱོན་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རིན་ཆེན་གཏེར་མཛོད་ཆེན་མོའི་ཆ་རྐྱེན་དུ་གཏན་ལ་དབབ་པར་བཀའ་གནང་བ་ལྟར། བརྡའི་རི་མོ་ལས་གང་ཤར་འཕྲི་བསྣན་བཅོས་བསྒྱུར་མེད་པར་བྲིས་པ་སྟེ། བརྒྱུད་པའི་ངེས་པའང། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་ཕག་མོ། སྤྲུལ་སྐུ་རྗེ་བཙུན་སྒྲོལ་མ། ཨོ་རྒྱན་པདྨ་སཾ་བྷ་བ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། ལོ་ཆེན་བཻ་རོ་ཙ་ན། གྲུབ་ཆེན་ཨ་ཙར་ས་ལེ། གཏེར་ཆེན་གུ་རུ་ཚེ་བརྟན་རྒྱལ་མཚན། པདྨ་དབང་རྒྱལ་རྡོ་རྗེ། སྤྲུལ་པའི་གཏེར་ཆེན་གཡག་ཕྱར་སྔོན་མོ་རིན་ཆེན་རྒྱལ་པོ། རོང་པ་བདུད་འདུལ་གླིང་པ། པདྨ་འོད་གསལ་མདོ་སྔགས་གླིང་པ་ཞེས་དྲང་བར་བྱའོ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).