Terdzo-WA-022

From Rinchen Terdzö
Revision as of 16:01, 14 December 2017 by Mort (talk | contribs)
This page is under construction. Check back later for updated content.

རྡོར་སེམས་ཐུགས་ཀྱི་མེ་ལོང་གི་ཆོས་སྡེ་ཚེ་སྒྲུབ་ཡེ་ཤེས་རྒྱ་མདུད་ཀྱི་སྒྲུབ་ཐབས་དབང་ཆོག་བཅས་སྙིང་པོར་དྲིལ་བ་མི་ཤིགས་སྲོག་གི་རྒྱ་མདུད་

rdor sems thugs kyi me long gi chos sde tshe sgrub ye shes rgya mdud kyi sgrub thabs dbang chog bcas snying por dril ba mi shigs srog gi rgya mdud

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་, གར་དབང་ཟླ་བ་རྒྱལ་མཚན་ (Rigdzin GödemGarwang Dawa Gyaltsen)
in cycle  ཚེ་སྒྲུབ་ཡེ་ཤེས་རྒྱ་མདུད་ (Tshe sgrub ye shes rgya mdud)
parent cycle  རྡོར་སེམས་ཐུགས་ཀྱི་མེ་ལོང་གི་ཆོས་སྡེ་ (Rdor sems thugs kyi me long gi chos sde)
Volume 20 (ཝ) / Pages 313-337 / Folios 1a1 to 13a3

[edit]

༄༅། །རྡོར་སེམས་ཐུགས་ཀྱི་མེ་ལོང་གི་ཆོས་སྡེ་ཚེ་སྒྲུབ་ཡེ་ཤེས་རྒྱ་མདུད་ཀྱི་སྒྲུབ་ཐབས་དབང་ཆོག་བཅས་སྙིང་པོར་དྲིལ་བ་མི་ཤིགས་སྲོག་གི་རྒྱ་མདུད་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཨཱ་ཡུརྡེ་བཱ་ཡ། དྲན་པས་འཆི་བདག་མུན་པ་འཇོམས། །བསྟེན་པས་ཚེ་དབང་ཡར་ཟླ་སྤེལ། །འཆི་མེད་མགོན་པོར་གུས་བཏུད་ནས། །གདམས་ཟབ་སྨིན་གྲོལ་མདོར་བསྡུས་དགོད། །འཆི་མེད་རྡོ་རྗེའི་ཚེ་དབང་སྒྲུབ་པའི་རྣལ་འབྱོར་པས་ཚུལ་འདི་ཉམས་སུ་ལེན་པའི་ཚེ་གནས་དབེན་པར་དཀྱིལ་འཁོར་བུམ་པ་ཚེ་རིལ་ཚེ་ཆང་གཏོར་མཆོད་ཙམ་ཚོགས་པར་བྱས་ལ། སྔོན་འགྲོ་སྐྱབས་སེམས་ནི། ན་མོ། མཆོད་འོས་ཀུན་འདུས་དྲིན་ཆེན་ཆོས་ཀྱི་རྗེ། །བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆི། ཁ་སྦྱོར་བདུན་ལྡན་དོན་གྱི་ཧེ་རུ་ཀ །ཡི་དམ་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆི། །ཕྲིན་ལས་རྣམ་བཞིས་རྣལ་འབྱོར་བུ་བཞིན་སྐྱོང་། །མཁའ་འགྲོ་ཆོས་སྐྱོང་རྣམས་ལ་སྐྱབས་སུ་མཆི། །དབྱིངས་རིག་སྟོང་གསལ་འགག་མེད་ཆོས་ཀྱི་སྐུ །རང་རིག་བྱང་ཆུབ་སེམས་ལ་སྐྱབས་སུ་མཆི། །ཞེས་ལན་གསུམ། ཁམས་གསུམ་རིགས་དྲུག་སེམས་ཅན་ཀུན་དོན་དུ། །སྐྱེ་འཆི་མི་མཐུན་བར་ཆད་སེལ་བྱའི་ཕྱིར། །བཅོམ་ལྡན་ཚེ་ཡི་ལྷ་ཚོགས་བསྒྲུབ་ནས་ནི། །ཚེ་ཡི་རིག་འཛིན་ཐོབ་པར་སེམས་བསྐྱེད་དོ། །ལན་གསུམ། བགེགས་བསྐྲད་པ་ནི། བགེགས་གཏོར་བསང་སྦྱང་བྱིན་རླབས་བསྔོ་བ་སྤྱི་མཐུན་བྱས་ལ། ཧཱུྃ། ང་ནི་རྒྱལ་ཀུན་གསུང་གི་རྡོ་རྗེ་སྟེ། །རབ་འཇིགས་རྟ་སྐད་དྲག་པོས་སྲིད་གསུམ་དངངས། །འཇིགས་བྱེད་ཀུན་ཀྱང་འཇིགས་ཤིང་སྐྲག་བྱེད་ན། །གདོན་བགེགས་བར་ཆད་འབྱུང་པོ་སྨོས་ཅི་འཚལ། །དེ་བས་མཆོད་སྦྱིན་བཟང་པོས་ཚིམས་བྱོས་ལ། །གནས་འདིར་མ་འདུག་གཞན་དུ་འགྲོ་བར་གྱིས། །བཀའ་ལ་འདས་ན་རྡུལ་ཕྲན་བཞིན་དུ་བརླག །ཧྲཱིཿཔདྨ་ཀྲོ་དྷ་ཧྱ་གྲཱི་བ་ཧཱུྃ་ཕཊ་དང་ཧཱུྃ་བཞི་བརྗོད། མཚམས་བཅད་ནི། ཧྲཱིཿ ང་ནི་ཡེ་ནས་ཁྲོ་རྒྱལ་འདུས་པའི་གཙོ། །སྐུ་གསུང་ཐུགས་ལས་སྤྲུལ་པའི་ཁྲོ་བོས་གང་། །འོད་ཟེར་མེ་རི་དམར་ནག་མེ་སྟག་འཕྲོ། །ཡེ་སྟོང་ལྷུན་གྲུབ་ཆེན་པོར་མཚམས་བཅད་དོ། །བཛྲ་རཀྵ་ཏིཥྛ་ཧཱུྃ། མཆོད་རྫས་བརླབ་པ་ནི། རཾ་ཡཾ་ཁཾ། རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །རང་བྱུང་མཆོད་པའི་ཕུང་པོ་ནི། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུས། །དཔག་ཡས་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡའི་བར་དང་། ཨོཾ་ཨཱཿཧཱུྃ་ཧོཿམ་ཧཱ་སརྦ་པཱུ་ཛ་ཧོཿ བཛྲ་སྥ་ར་ཎ་ཁཾ་གིས་སྤེལ་ལོ། །བྱིན་འབེབ་ནི། ཧྲཱིཿ ཞི་ཁྲོ་བདེ་གཤེགས་རྒྱལ་བ་རྒྱ་མཚོའི་སྤྲིན། །གློག་ལྟར་མྱུར་བས་འདིར་གཤེགས་འགལ་རྐྱེན་སོལ། །དབང་སྐུར་བྱིན་རློབས་རྟགས་དང་མཚན་མ་སྟོན། །མི་འགྱུར་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ དངོས་གཞི་བསྐྱེད་པའི་རྣལ་འབྱོར་ཡན་ལག་བཅས་པ་ནི། ཧྲཱིཿ ཆོས་རྣམས་ཡེ་སྟོང་ཁྱབ་བརྡལ་ལྷུན་གྱིས་གྲུབ། །མ་རྟོགས་འགྲོ་ལ་སྙིང་རྗེ་མཁའ་མཉམ་བརྡལ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་ཧྲཱིཿདམར་གསལ། །འོད་འཕྲོས་རྡོ་རྗེའི་སྲུང་འཁོར་མེ་ཕུང་དཀྲིག །དེ་དབུས་འབྱུང་བཞི་རིམ་བརྩེགས་རི་རབ་སྟེང་། །སྣ་ཚོགས་རྡོ་རྗེའི་ལྟེ་བར་བྷྲཱུྃ་ཡིག་ལས། །རིན་ཆེན་རང་བཞིན་གཞལ་ཡས་ཆེན་པོའི་དབུས། །སྣ་ཚོགས་པདྨ་ཉི་ཟླ་བརྩེགས་པའི་ཁྲིར། །རང་སེམས་ཧྲཱིཿབབ་འོད་འཕྲོས་དོན་གཉིས་བྱས། །ཚུར་འདུས་ཡོངས་གྱུར་བཅོམ་ལྡན་ཚེ་དཔག་མེད། །པདྨ་རཱ་གའི་མདངས་ལྡན་སྐྱིལ་ཀྲུང་བཞུགས། །ཞལ་འཛུམ་འོད་འཕྲོ་རལ་པའི་ཟུར་ཕུད་ཅན། །དར་ལྗང་སྟོད་གཡོགས་རིན་ཆེན་རྒྱན་གྱིས་སྤྲས། །སྣ་ཚོགས་དར་གྱི་ཤམ་ཐབས་ལྷབ་ལྷུབ་གསོལ། །མཉམ་གཞག་ཕྱག་རྒྱས་ཚེ་བུམ་བཅུད་བཀང་འཛིན། །ཡུམ་མཆོག་གོས་དཀར་དམར་མོ་སྐུ་ལ་འཁྲིལ། །ཕྱག་གཉིས་མེ་ལོང་ཚེ་བུམ་ཡབ་ལ་འཁྱུད། །རིན་ཆེན་རྒྱན་དང་སྣ་ཚོགས་དར་གྱིས་བརྒྱན། །འོད་ཁྱིམ་འཇའ་འོད་ལྔ་ལྡན་ཀློང་ན་བཞུགས། །སྤྱི་གཙུག་འོད་ཀློང་འཇའ་གུར་པདྨའི་སྟེང་། །སྐྱེ་ཤི་གཉིས་སྤངས་གུ་རུ་པདྨ་འབྱུང། །སྐུ་མདོག་མཐིང་ག་རྡོ་རྗེ་དྲིལ་བུ་འཛིན། །མཚོ་རྒྱལ་དཀར་མོ་གྲི་ཐོད་འཛིན་པས་འཁྱུད། །ལོངས་སྤྱོད་རྫོགས་སྐུའི་རྒྱན་དང་ཆ་ལུགས་རྫོགས། །འོད་ལྔ་ཚོམ་བུའི་ཀློང་ན་ལྷམ་མེར་བཞུགས། །གནས་གསུམ་འོད་ཀྱི་མུ་ཁྱུད་དཀར་དམར་མཐིང་། །སྐུ་གསུང་ཐུགས་ཀྱི་ངོ་བོ་འབྲུ་གསུམ་གསལ། །ཕྱོགས་མཚམས་རིགས་ལྔ་ལྷ་མོ་བརྒྱད་ལ་སོགས། །སྣང་སྲིད་ཁྱབ་བརྡལ་ཆེན་པོའི་དཀྱིལ་འཁོར་འདིར། །ཐམས་ཅད་འཆི་མེད་ཚེ་ཡི་རང་བཞིན་ཏེ། །དབྱིངས་རིག་ངོ་བོ་འདུ་འབྲལ་མེད་པ་ལ། །བདག་མདུན་དབྱེར་མེད་མཁའ་དབྱིངས་ཀློང་ཡངས་གསལ། །སྤྱན་འདྲེན་པ་ནི། ཧྲཱིཿ ཀ་དག་འཆི་མེད་ཚེ་ཡི་དཀྱིལ་འཁོར་ནས། །རང་བྱུང་རང་ཤར་མགོན་པོ་ཚེ་དཔག་མེད། །མཁྱེན་བརྩེས་འགྲོ་བའི་དོན་ལ་རབ་དགོངས་ནས། །གནས་འདིར་འགྲོ་ལ་དགོངས་ཏེ་གཤེགས་སུ་གསོལ། །ཧྲཱིཿ སྐྱོན་མེད་རྣམ་དག་ཐིག་ལེ་ཉག་གཅིག་ངང་། །ཐུགས་རྗེ་འོད་ལྔ་ཚོམ་བུའི་སྐུར་བཞེངས་ནས། །གཉིས་མེད་ཡེ་ཤེས་དངོས་གྲུབ་སྩོལ་བའི་ཕྱིར། །ཐུགས་རྗེའི་དབང་གིས་འབྱོན་པར་མཛད་དུ་གསོལ། །ཨོཾ་བྷ་ག་ཝཱན་ཨཱ་ཡུརྫྙཱ་ན་ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་ཛཿ ས་མ་ཡ་སཏྭཾ། ས་མ་ཡ་ཏིཥྛ་ལྷན། ཞེས་བཞུགས་སུ་གསོལ། ན་མོ་པུ་རུ་ཤ་ཡ་ཧོཿ ཞེས་ཕྱག་འཚལ། མཆོད་པ་ནི། མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོའི་སྒྲ །ཀུན་བཟང་སྨོན་ལམ་ལས་བྱུང་མཆོད་པའི་སྤྲིན། །འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས་ལ་འབུལ། །ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ནང་མཆོད་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །འདོད་ཡོན་དྲུག་གི་མཆོད་པ་རྒྱ་ཆེན་པོ། །རབ་མཛེས་ལྷ་མོའི་ཕྱག་རྒྱ་ལས་བྱུང་བ། །འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས་ལ་འབུལ། །ཨོཾ་བཛྲ་རཱུ་པ་ ཤབྡ་ གནྡྷེ་ ར་ས་ སྤར་ཤེ་དྷརྨ་དྷཱ་ཏུ་ཨཱཿཧཱུྃ། ཧྲཱིཿ ཐབས་ཤེས་གཉིས་མེད་བདེ་སྟོང་ལྷན་ཅིག་སྐྱེས། །དགའ་བཞི་མཉམ་སྦྱོར་ཡབ་ཡུམ་གསང་མཆོད་དང་། །དུག་ལྔ་རྣམ་དག་ཡེ་ཤེས་བསྒྲལ་མཆོད་འདི། །འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས་ལ་འབུལ། །མ་ཧཱ་སུ་ཁ་སརྦ་ཁཊྚ་པཱུ་ཛ་ཧོཿ རྩ་བརྒྱད་ཡན་ལག་སྟོང་སྦྱར་ཨ་མྲྀ་ཏ། །འདོད་པའི་ཡོན་ཏན་ཀུན་རྫོགས་བ་ལིཾ་ཏ། །ཉོན་མོངས་འཁོར་བ་བསྒྲལ་པའི་རུ་དྷི་ར། །འཆི་མེད་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་བ་ལིཾ་ཏ་མ་ཧཱ་རཀྟ་ཁཱ་ཧི། ཞེས་པ་རྣམས་དང་། དྷརྨ་དྷཱ་ཏུ་ཨཱཿ ཞེས་པས་དོན་མཆོད་ཀྱི་རྒྱས་གདབ། བསྟོད་པ་ནི། ཧྲཱིཿ ཆོས་སྐུ་སྐྱེ་བ་མེད་པའི་ངང་ཉིད་ལས། །མ་འགགས་རང་གསལ་ལོངས་སྤྱོད་རྫོགས་སྐུར་སྟོན། །གང་འདུལ་དེར་སྟོན་སྤྲུལ་སྐུས་འགྲོ་དོན་མཛད། །མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད། །ཇི་ལྟར་ཉིན་མོའི་དཀྱིལ་འཁོར་ཤར་བ་ལས། །སྣང་བའི་འོད་ཟེར་ཀུན་ཏུ་འབར་བ་ལྟར། །དངོས་གཅིག་ཆུ་ཟླའི་རོལ་གར་འཆི་མེད་ལྷ། །མཁའ་ཁྱབ་སྒྱུ་འཕྲུལ་རྡོ་རྗེའི་གར་དེར་བསྟོད། །ཛཔ྄་བཟླ་བ་ནི། བདག་ཐུགས་པདྨ་ཟླ་སྟེང་ཧྲཱིཿདམར་པོར། །སྔགས་ཕྲེང་དམར་པོ་གཡས་སྐོར་རང་སྒྲ་ལྡིར། །དེ་ལས་འོད་འཕྲོས་སྤྱི་བོའི་བླ་མ་བསྐུལ། །འོད་ཟེར་རབ་འཕྲོས་ཁམས་གསུམ་ཐམས་ཅད་གང་། །འཁོར་འདས་བརྟན་གཡོའི་ཚེ་བཅུད་ཀུན་བསྡུས་ནས། །བདག་ལ་ཐིམ་པས་ཚེ་བསོད་ཉམས་པ་གསོས། །མི་འགྱུར་འཆི་མེད་དངོས་གྲུབ་ཐོབ་པར་གྱུར། །ཞེས་ནན་ཏན་དུ་བསྒོམ་ལ། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཅི་རིགས་བཟླ། ཐུགས་དམ་བསྐུལ་ཞིང་ཚེ་འགུགས་པ་ནི། ཧཱུྃ། རང་བཞིན་ཀློང་ནས་འདིར་བྱོན་པའི། །རང་རྩལ་བཅོམ་ལྡན་ཚེ་དཔག་མེད། །རང་བྱུང་ཐུགས་རྗེའི་སྐུ་སྐྱོད་ལ། །བདག་ལ་འཆི་མེད་དངོས་གྲུབ་སྩོལ། །ཤ་ཁྲག་དྲོད་དབུགས་ཁམས་ཉམས་གསོས། །བླ་ཚེ་སྲོག་ཚེ་ཡར་ཆད་པ། ཁུག་ལ་འཆི་མེད་དངོས་གྲུབ་སྩོལ། །འཕོ་མེད་ཐིག་ལེ་ཆེན་པོའི་སྐུ །འགྱུར་མེད་ཨཱ་ཡུཿསིདྡྷི་སྩོལ། །ཅེས་བཀུག་ནས་སྦ་བ་ནི། ཧྲཱིཿ འཁོར་འདས་ཚེ་བཅུད་ལྷ་དང་རྫས་ལ་ཐིམ། །དེ་དག་ནྲྀར་གྱུར་བདག་ཐུགས་ཧྲཱིཿལ་ཐིམ། །འོད་ཞུ་སྙིང་དབུས་ཉི་ཟླའི་གྭ་འུར་སྦ། །མི་འགྱུར་མི་ཤིགས་རྡོ་རྗེའི་རང་བཞིན་གྱུར། །ཅེས་རྒྱས་གདབ། རྗེས་ཀྱི་རིམ་པ་ཚོགས་མཆོད་ནི། རཾ་ཡཾ་ཁཾ། མེ་རླུང་ཆུ་ཡིས་དངོས་འཛིན་སྦྱང་། །ཟག་མེད་འདོད་ཡོན་བདུད་རྩིར་སྤེལ། །ཨོཾ་ཨཱཿཧཱུྃ་ཧྲཱིཿ ཧྲཱིཿ ཆོས་དབྱིངས་སྤྲོས་དང་བྲལ་བའི་གནས་མཆོག་ནས། །མི་འགྱུར་རྣམ་དག་ཚེ་ལྷའི་ལྷ་ཚོགས་རྣམས། །ཚེ་དབང་ཡེ་ཤེས་དངོས་གྲུབ་སྩོལ་བའི་ཕྱིར། །འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ཧཱུྃ། འཆི་མེད་བདུད་རྩི་ཚོགས་ཀྱི་མཆོད་པ་ནི། །བཅོམ་ལྡན་འཆི་མེད་ཚེ་ལྷའི་ཚོགས་ལ་འབུལ། །དམ་ཚིག་ཉམས་ཆག་སྐོངས་ལ་བར་ཆད་སོལ། །ང་བདག་གཉིས་སྣང་གཟུང་འཛིན་དབྱིངས་སུ་བསྒྲལ། །ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཚོགས་ལ་རོལ་ཞིང་ལྷག་མ་འབྲུ་གསུམ་གྱིས་བྱིན་བརླབ། ཕེཾ། ཧྲཱིཿ ལྷག་ལ་དབང་བའི་འབྱུང་པོ་སྡེ་བརྒྱད་ཚོགས། །ཤ་ཁྲག་གཏོར་མའི་ཚོགས་ལྷག་འདི་བཞེས་ལ། །གསང་སྔགས་བསྟན་སྲུངས་བདག་གི་ཕྲིན་ལས་མཛོད། །བ་ལིཾ་ཏ་ཁཱ་ཧི། གཏང་རག་མཆོད་བསྟོད་དང་ནོངས་བཤགས་ཡིག་བརྒྱ་བཟླ། མདུན་རྟེན་གཤེགས་བསྟིམ་གང་འོས་སྤྱི་ལྟར་བྱ། བདག་བསྐྱེད་བསྡུ་བ་ནི། ཧྲཱིཿ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད། །ཉག་གཅིག་ཡེ་དབྱིངས་ཀློང་ནས་རང་བྱོན་ལྷ། །སྤྲོ་བསྡུ་མེད་པར་ལྷན་ཅིག་ངོ་བོར་བཞུགས། །དོན་དང་འབྲལ་བ་མེད་པར་དབྱིངས་སུ་བསྡུ། །ཨ། བསྔོ་སྨོན་ཤིས་བརྗོད་ནི། དགེ་བ་འདིས་མཚོན་དུས་གསུམ་བསགས་པའི་འབྲས། །ཚོགས་གཉིས་དྲོད་གཤེར་གྱིས་བསྐྱེད་སྨིན་གྲོལ་ལྗོན། །བསམ་དོན་ལྷུན་གྱིས་གྲུབ་པའི་འབྲས་བུ་ཅན། །མཁའ་ཁྱབ་མ་གྱུར་འགྲོ་བའི་ཚོགས་ལ་བསྔོ། །ཧྲཱིཿ འབྱུང་བ་ལྔ་ལས་གྲུབ་པའི་སྒྱུ་ལུས་འདི། །སྐྱེ་རྒ་ན་འཆིའི་འཇིགས་པ་ཀུན་བྲལ་ཏེ། །སྲ་བརྟན་རྡོ་རྗེ་ལྟ་བུའི་སྐུ་བརྙེས་ནས། །མི་འགྱུར་གཡུང་དྲུང་རྡོ་རྗེ་འགྲུབ་པར་ཤོག །རབ་འབྱམས་རྒྱལ་ཀུན་ཐུགས་རྗེའི་དབང་ཕྱུག་ཆེ། །བཅོམ་ལྡན་མགོན་པོ་འཆི་མེད་ཡབ་ཡུམ་དང་། །ཐོད་ཕྲེང་རྩལ་སོགས་དཀྱིལ་འཁོར་འཁོར་ལོའི་ལྷས། །རྟག་ཏུ་མངོན་པར་དགེ་བའི་བཀྲ་ཤིས་སྩོལ། །ཅེས་པ་རྣམས་ཀྱིས་ལས་གཞུང་གྲུབ་བོ། །འདིའི་སྒོ་ནས་སློབ་མ་རྗེས་སུ་འཛིན་པ་ལ་སྨིན་སློབ་དབང་བཞི་ཡོངས་རྫོགས་བདག་དོན་གལ་བྱང་གུད་ཕྱུང་གཞན་དོན་ཚེ་དབང་གསུམ་དུ་དབྱེ་བའི་ཕྱག་སྲོལ་མཆིས་པ་ལས་ཡོངས་རྫོགས་ཐོབ་ན་གཞན་རྣམས་དེའི་བྱེ་བྲག་ཡིན་པས་དེ་ལྟར་འཆད་ན། སྦྱོར་བ་སྟེགས་བུ་ཁེབས་ལྡན་སྟེང་དཀྱིལ་འཁོར་པདྨ་འདབ་བརྒྱད་ལྟེ་བ་དམར་སེར་སྒོ་རྫོགས་ཞི་དཀྱིལ་སྤྱི་འགྲེའམ་འབྲུ་ཚོམ་གཅིག་བཀོད་པའི་དབུས། མཉྫིའི་སྟེང་དུ་བུམ་པ་བཅུད་ལྡན་མགུལ་ཆིངས་ཁ་རྒྱན་མེ་ལོང་མན་ཤེལ་གཟུངས་རྡོར་དང་བཅས་པ་བཀོད། ཤར་དུ་ཐོད་པ་མཚན་ལྡན་ཛ་གད་ཀྱིས་བཀང་བའི་ཁ་སིནྡྷུ་རའི་མེ་ལོང་གིས་བཅད་པའི་སྟེང་དུ་ཚེའི་འབྲང་རྒྱས། ལྷོར་ཚེ་རིལ། ནུབ་ཏུ་ཚེ་མདའ། བྱང་དུ་ཚེ་ཆང་། བར་མཚམས་ཇི་ལྟར་རིགས་པར་སྣང་མཐའི་སྐུ །དབུ་རྒྱན། ཞི་ཆས། སློབ་དཔོན་མངའ་གསོལ་གྱི་ཆས་ཙཀ་གམ་བསྡུ་ན་རྡོར་དྲིལ་རྣམས་བཀོད། སྨན་རཀ །ཕྱི་མཆོད། གཏོར་ཚོགས་སྤྱི་ལྟར་བཤམ། ཉེར་མཁོའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །དེ་ནས་ལས་གཞུང་ཚང་བར་གཏང་ཞིང་བཟླས་པ་ཚེ་འགུགས་ཡན་བྱས་ལ་ནུས་ལྡན་དུ་བསྒྲུབ། ལས་བུམ་བསྐྱེད་བཟླས། ཏིང་ངེ་འཛིན་གྱི་དབང་ལེན་བཅས་གྲུབ་ནས། སློབ་མ་རྣམས་ལ་ཁྲུས་དང་། བགེགས་གཏོར་གཏང་ཞིང་བཀའ་བསྒོ་མཚམས་གཅོད་བྱ། ཆོས་བཤད་ཅི་རིགས་པ་ལས། ཁྱད་པར་དུ། དེའང་རང་ཅག་རྣམས་རྙེད་པར་དཀའ་ཞིང་། རྙེད་ན་དོན་ཆེན་པོ་དང་ལྡན་པའི་དལ་འབྱོར་གྱི་རྟེན་རྣམ་པར་དག་པ་འདི་ཐོབ་ཀྱང་མི་བརྟན་འགྱུར་བའི་རང་བཞིན་གློག་འགྱུ་བ་དང་མཚུངས་པ་ཡིན་ལ། དེའི་ཕྱིར་རིང་པོར་འཚོ་བའི་ཐབས་ལ་འབད་པ་ཆེ་ཐང་དུ་བྱ་དགོས་པ་ནི། ཇི་སྐད་དུ། བདག་གི་ནོར་རྣམས་བཏང་ནས་ལུས་བསྲུང་ལ། །ལུས་དང་ནོར་རྣམས་བཏང་ནས་སྲོག་བསྲུང་ངོ་། །ཞེས་སོགས་ལུང་རིག་གིས་དངོས་སུ་གྲུབ་པ་ལས། ཚེ་ཉམས་པ་གསོ་ཞིང་། རིང་དུ་འཚོ་བའི་ཐབས་མང་དུ་འབྱུང་བ་ལས་ཁྱད་པར་དུ་འཕགས་པ་ནི་རྡོ་རྗེ་ཐེག་པའི་ཐབས་མཆོག་ཟབ་མོ་རྣམས་ཡིན་ཞིང་། དེ་ལས་འདིར་འཆད་པར་བྱ་བ། རབ་འབྱམས་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེ་འདུས་གཟུགས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་རྩལ་ཞེས་ཁྱད་པར་གྱི་སྟོན་པ་བླ་ན་མེད་པ་དེར། མཚོ་རྒྱལ་དང་རྡོ་རྗེ་བདུད་འཇོམས་ལ་སོགས་པ་རྣམས་ཀྱིས་གསོལ་བ་བཏབ་པ་བཞིན་བསྟན་པའི་ཉིང་ཁུ་རྡོར་སེམས་ཐུགས་ཀྱི་མེ་ལོང་ཞེས་ཀློང་ཆེན་དགོངས་པ་རང་ཤར་གྱི་མན་ངག་ཏུ་གཏན་ལ་ཕབ་པའི་ནང་ཚན། དུས་མིན་འཆི་བ་བཟློག་པའི་ཕྱིར༔ ཚེ་སྒྲུབ་ཡེ་ཤེས་རྒྱ་མདུད་ཡོད༔ ཅེས་པ་ཉིད་ཡིན། དེ་ཡང་ཤིན་ཏུ་ཟབ་པའི་ཕྱིར་དུས་དེར་བཀའ་རྒྱས་བཏབ་པ་སྟེ་སྙིགས་མ་ལྔ་བདོ་བའི་དུས་ཀྱི་འགྲོ་བ་སྤྱི་དང་། ལྷ་སྲས་ཀྱི་གདུང་རབས་ཁ་བ་ཅན་གྱི་ཕན་བདེའི་ཆེད་བར་ཆོད་ཀྱིས་མི་རྫི་བའི་ཡི་དམ་གྱི་སྙིང་པོར་བསྔགས་ནས་ཟབ་མོའི་གཏེར་དུ་སྦ་བར་མཛད་པ་སྟེ། སྙན་བརྒྱུད་ཡེ་ཤེས་རྒྱ་མདུད་འདི༔ ལྷ་སྲས་ཉིད་ལ་བརྩེ་བས་གདམས༔ ད་ལྟ་སྤེལ་བའི་གནས་མེད་པས༔ མ་འོངས་ཁྱོད་ཀྱི་གདུང་རྒྱུད་དོན༔ ལྟོ་འཕྱེ་དཔུང་འདྲར་གཏེར་དུ་སྦོས༔ ཞེས་གསུངས་པ་ལྟར། ཟང་ཟང་ལྷ་བྲག་གི་མཛོད་ལྔའི་གཏེར་ལས་རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་སྤྱན་དྲངས་ཏེ། སླར་ཡང་སྦས་ཡུལ་སྐྱིད་མོ་ལུང་དུ་ཡང་གཏེར་དུ་སྦས་པ་ཉིད་མངའ་རིས་གཏེར་སྟོན་ཆེན་པོ་གར་དབང་རྡོ་རྗེ་ཟླ་བ་རྒྱལ་མཚན་གྱིས་སྤྱན་དྲངས་པ་སྟེ། ཚེ་སྒྲུབ་ཐམས་ཅད་ཀྱི་སྙིང་པོའི་བཅུད་ཐིག་རྨད་དུ་བྱུང་བ་འདི་ཡིན་ཏེ། ཇི་སྐད་དུ། ཚེ་སྒྲུབ་བསམ་གྱིས་མི་ཁྱབ་སྟེ༔ སྙིང་ཁྲག་དྭངས་མ་ལྟ་བུ་འདི༔ ཞེས་གསུངས་པའི་གདམས་སྐོར་ལས་སྐབས་འདིར་ནུས་སློབ་ཀྱི་ཕྱིར་དུ་དབང་བཞི་བསྐུར་བ་ལ་བདག་ཉིད་ཀྱིས་བགྱི་འོས་རྣམས་གྲུབ། དབང་གི་ཐོག་མར་འཇུག་པའི་བྱ་བ་ལ་སྣོད་བརྟག་ཅིང་སྐལ་ལྡན་དུ་སྒྲུབ་པའི་རྟེན་འབྲེལ་དུ་ཁྱེད་རང་རྣམས་དཀྱིལ་འཁོར་ཁང་པའི་སྒོ་དྲུང་དུ་གནས་པར་ཕོ་བྲང་ནང་ནས་འདི་ལྟར་བསྒོ་བའི་མོས་པ་མཛོད། ཧོ༔ བུ་ཁྱོད་སུ་ཡིན་ཅི་ཡི་དོན༔ གང་ཡིན་གང་མིན་ང་ལ་སྨྲོས༔ ཞེས་བསྒོས་པའི་ལན་གསོལ་བ་འདིའི་རྗེས་ཟློས། བདག་ནི་སྐལ་བཟང་དད་པ་ཅན༔ འཆི་བདག་བདུད་ལས་རྒྱལ་བའི་ཕྱིར༔ བཅོམ་ལྡན་ཚེ་ཡི་དཀྱིལ་འཁོར་དུ༔ ཚེ་དབང་ཟབ་མོ་བསྐུར་དུ་གསོལ༔ ཞེས་ཞུ་ཞིང་། སླར་ཡང་། ཧོ༔ སྐལ་ལྡན་བུ་རྣམས་ང་ལ་ཉོན༔ ཚེ་ཡི་དབང་མཆོག་ཞུ་འདོད་ན༔ སྐལ་ལྡན་སྣོད་རུང་དམ་ཚིག་རྣམས༔ བླ་མའི་བཀའ་བཞིན་བསྒྲུབ་ནུས་སམ༔ ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས། བླ་མ་རྡོ་རྗེ་འཛིན་པ་གསན་དུ་གསོལ༔ ཡང་གསང་འཆི་མེད་ཚེ་ཡི་དཀྱིལ་འཁོར་འདིར༔ བདག་ནི་འཇུག་སྤྲོ་དམ་ཚིག་སྡོམ་ལ་གནས༔ སློབ་དཔོན་བཀའ་ལས་འདའ་རེ་ན་ར་ཀན༔ ཞེས་དམ་ཚིག་བསྲུང་བར་གཉེར་བླངས་ཏེ་དབང་ཁང་དུ་གྲལ་ལ་འཁོད་པར་བསམ་ལ་མཎྜལ་ཕུལ་འཚལ། ཞེས་མཎྜལ་འབུལ་དུ་གཞུག །དེ་ནས་ཐོག་མར་རྒྱུད་སྣོད་རུང་དུ་བྱ་བའི་ཕྱིར། ཁྱེད་རང་རྣམས་ཀྱི་མདུན་མཁར་བླ་མ་དང་གཉིས་སུ་མེད་པའི་མགོན་པོ་ཚེ་དཔག་མེད་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་ཡོངས་སུ་བསྐོར་བ་སྤྲིན་ཕུང་གཏིབས་པ་ལྟར་མངོན་པར་གསལ་བའི་དྲུང་དུ། བདག་སོགས་སེམས་ཅན་ཐམས་ཅད་ཅི་མཛད་ཁྱེད་ཤེས་ཀྱི་འདུན་པས་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས། ན་མོ། མཆོད་འོས་ཀུན་འདུས་སོགས་ལས་བྱང་ལྟར་ལན་གསུམ། མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་འཆི་བདག་ལ་སོགས་པའི་བདུད་བཞི་དབྱིངས་སུ་བཅོམ་སྟེ་མི་འགྱུར་བའི་བདེ་ཆེན་མཆོག་ལ་འགོད་པར་བྱ་བའི་སླད་དུ་འཆི་མེད་ཚེའི་ལྷ་ཚོགས་བསྒྲུབས་ནས་དངོས་གྲུབ་འདོད་དགུར་སྩོལ་བའི་མོས་པས་རྗེས་ཟློས། ཁམས་གསུམ་རིགས་དྲུག་སོགས་གསུམ། ཚོགས་ཞིང་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་ཕྱག་འཚལ་བ་སོགས་བདུན་རྣམ་དག་མཛད་པའི་མོས་པས་རྗེས་ཟློས། བདེ་ལྡན་ཞིང་མགོན་འཁོར་བཅས་ལ། །ཕྱག་འཚལ་མཆོད་འབུལ་སྡིག་ཀུན་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐུལ། །བརྟན་པར་བཞུགས་གསོལ་དགེ་ཚོགས་བསྔོ། །སྐབས་འདིར་མིག་དར་འཆིང་། མེ་ཏོག་སྦྱིན། དམ་ཆུ་བླུད་ལ། འདི་ནི་དམ་ཚིག་བདུད་རྩིའི་ཆུ༔ བསྲུང་ན་དངོས་གྲུབ་རྣམ་གཉིས་ཐོབ༔ མ་བསྲུང་ན་རག་དམྱལ་བའི་རྒྱུ༔ དེ་བས་དམ་སྲུངས་ཆུ་འདི་ཐུངས༔ ས་མ་ཡ་ན་ར་ཀན༔ ཞེས་དམ་བསྒྲག །དེ་ནས་དབང་གི་གཞི་བསྒྲུབ་པར་བྱ་བའི་ཕྱིར་དུ་ཡེ་ཤེས་དབབ་པའི་དམིགས་པ་འདི་བཞིན་མཛོད། ཨོཾ་མ་ཧཱ་ཤཱུནྱ་ཏཱས་སྦྱང་། སྟོང་པའི་ངང་ལས་གནས་ཁང་བདེ་བ་ཆེན་པོའི་གཞལ་མེད་ཁང་ཕུན་སུམ་ཚོགས་པར་གསལ་བའི་དབུས་སུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་ཁྱེད་རང་རྣམས་ལུས་རྣམ་སྨིན་གདོས་བཅས་ཀྱི་ཕུང་པོ་སྟོང་པར་སྦྱང་། རིག་པའི་ངོ་བོ་ཧྲཱིཿཡིག་དམར་པོ་གསལ་བ་ལས་འོད་ཟེར་འཕྲོས། འཆི་བདག་གི་བདུད་བཅོམ་ཚུར་འདུས་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་དམར་གསལ་མཚན་དཔེའི་དཔལ་འབར་ཞིང་ལོངས་སྤྱོད་རྫོགས་པའི་རྒྱན་ཆས་ཐམས་ཅད་ཀུན་ནས་བཀླུབས་པ། ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་སྟེང་ན་འཆི་མེད་ཚེའི་བུམ་བཟང་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་པང་དུ་ཡུམ་གོས་དཀར་ཅན་དམར་མོ་མེ་ལོང་དང་མདའ་དར་ལྷན་ཅིག་པ་གཡས་དང་གཡོན་ཚེ་བུམ་འཛིན་པས་མཉམ་པར་སྦྱོར་བ། ཡབ་ཀྱི་གནས་གསུམ་དུ་དཀར་དམར་མཐིང་བའི་འོད་ཁྱིམ་གྱི་དབུས་སུ་ཨོཾ་ཨཱཿཧཱུྃ་གིས་མཚན་པའི་ཐུགས་ཀའི་ཧཱུྃ་ཡིག་ལས་འཕྲོས་པའི་འོད་ཟེར་གྱིས། ཡེ་ཤེས་སེམས་དཔའི་ལྷ་ཚོགས་བུ་ཡུག་འཚུབ་པ་ལྟར་སྤྱན་དྲངས་ཏེ་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ་འབེབ་རྫས་ཌཱ་དྲིལ་དབྱངས་བཅས་ལས་བྱང་གི་སྤྱན་འདྲེན་སྔགས་བཅས་བརྗོད་པས་བྱིན་དབབ། རྡོ་རྗེ་མེ་ཏོག་སྤྱི་བོར་བཞག་ལ། ཏིཥྛ་བཛྲས་བརྟན་པར་བྱ། ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དབྱེ། ཀྱེ༔ བུ་ཁྱོད་དཀྱིལ་འཁོར་དམ་པར་ལྟོས༔ འདི་ཉིད་མཐོང་བ་ཙམ་གྱིས་ཀྱང༔ བསྐལ་པར་བསགས་པའི་སྡིག་སྒྲིབ་འདག༔ མཆོག་ཐུན་དངོས་གྲུབ་ཐོབ་པར་འགྱུར༔ སྣོད་རྣམས་ཡེ་ཤེས་དབྱིངས་དག་པའི༔ གཞལ་ཡས་ཁང་ཆེན་མཚན་ཉིད་རྫོགས༔ བཅུད་དག་ཡེ་ཤེས་ལྷ་ཡི་གཙོ༔ ཚེ་མགོན་ཡབ་ཡུམ་སྤྲུལ་པར་བཅས༔ རྒྱལ་བ་ཞི་ཁྲོ་ཀུན་འདུས་པའི༔ གསང་ཆེན་སྙིང་པོའི་དཀྱིལ་འཁོར་ཆེ༔ སྔོན་དགེའི་བསོད་ནམས་མི་ཟད་པའི༔ མཐུ་ལས་མཇལ་འདི་རྨད་དུ་བྱུང༔ ཞེས་མཐོང་བ་བསྟན། མེ་ཏོག་གཙོ་བོ་ལ་འབུལ་བའི་མོས་པས་འདིའི་རྗེས་ཟློས། ཧྲཱི༔ བདག་གི་ཡང་དག་རིག་པའི་མེ་ཏོག་འདི༔ བཅོམ་ལྡན་འཆི་མེད་ཚེ་ཡི་ལྷ་ལ་འབུལ༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་རབ་རྫོགས་ནས༔ ལས་འཕྲོ་གང་ཡིན་ལྷ་དང་འཕྲད་པར་ཤོག༔ པུཥྤེ་སྭཱ་ཧཱ༔ ཞེས་དོར་བ་གཙོ་བོའི་ཐུགས་ཀར་ཕོག་པ་ཉིད་སླར་སྤྱི་བོར་བཅིངས་པར་མོས་ཤིག །མེ་ཏོག་སླར་སྤྱི་བོར་བཅིངས་ཏེ་འཆི་མེད་རིག་འཛིན་དུ་གསང་མཚན་གདགས། ཞུགས་ནས་མངོན་པར་དབང་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ༔ བླ་མ་རྡོ་རྗེ་འཛིན་པ་དགོངས་སུ་གསོལ༔ བདག་ནི་བྱང་ཆུབ་སྙིང་པོ་མ་ཐོབ་བར༔ མགོན་ཁྱོད་གཙུག་གི་རྒྱན་དུ་ལེགས་བཟུང་སྟེ༔ འཆི་མེད་ཡེ་ཤེས་ཨཱ་ཡུཿཚེ་དབང་ཞུ༔ ཐར་པའི་གྲོང་དུ་བདག་ཉིད་རབ་ཞུགས་ནས༔ ཟླ་གསང་དམར་པོ་ཛྙཱ་ན་སིདྡྷི་ཧོ༔ ཞེས་ཞུ། དབང་དངོས་ལ་བུམ་གསང་ཤེར་ཡེ་ཚིག་དབང་མཐའ་རྟེན་ལྔར་ཡོད་པ་ལས་དང་པོ་བུམ་དབང་རྗེས་འབྲེལ་བཅས་བསྒྲུབ་པ་ལ་འདུན་པ་འདི་ལྟར་དུ་མཛོད། བུམ་པ་འཆི་མེད་ཚེ་ལྷའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་གསལ་བས་ཁྱེད་རང་རྣམས་ཀྱི་སྤྱི་བོར་དབང་བསྐུར་བས། ལྷ་རྣམས་འོད་ཟེར་ལྔའི་རང་བཞིན་དུ་འབར་ཞིང་ཞུ་བ་ཚངས་བུག་ནས་ཐིམ་འཆི་མེད་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛད་འཚལ། ཧྲཱི༔ ཕྱི་ལྟར་རིན་ཆེན་བུམ་པ་གཞལ་ཡས་ཁང༔ ནང་ན་འབྲུ་སྤོས་སྨན་སྣའི་བཅུད་ཀྱིས་གཏམས༔ གསང་བར་བཅོམ་ལྡན་ཚེ་ཡི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་འཆི་མེད་བསྩལ་དུ་གསོལ༔ ཨོཾ་བཛྲ་ཨཱ་ཡུཿཛྙཱ་ན་སིདྡྷི་ཧཱུྃ་ཛ༔ ཨ་བྷི་ཥིཉྩ་ཨོཾ༔ ཞེས་དབང་བསྐུར་ཞིང་བུམ་ཆུ་སྦྱིན་ལ། དེ་ལྟར་དབང་བསྐུར་པས་བདུད་རྩིའི་ཆུ་རྒྱུན་གྱིས་ལུས་གང་དྲི་མ་དག །ཆུ་ལྷག་སྤྱི་བོར་འཁྱིལ་པ་ལས་རིགས་བདག་བླ་མ་ཡབ་ཡུམ་རྣམས་འོད་དཔག་མེད་ཀྱི་ཆ་བྱད་ཅན་དུ་གསལ་བའི་མོས་པ་མཛོད། ཧྲཱི༔ ཚེ་ཆུ་བདུད་རྩི་ལྔ་ལྡན་འོད་ཟེར་འཕྲོ༔ སྤྱི་གཙུག་བུ་གར་ལུས་ལ་སིབ་སིབ་ཐིམ༔ ལུས་ཀྱི་སྒྲིབ་དག་རྡོ་རྗེའི་སྐུར་གྱུར་ཏེ༔ དྭངས་མ་ཡར་ལུད་རིགས་བདག་གསལ་བར་གྱུར༔ ཨ་མི་དྷེ་བ་ཨ་བྷི་ཥིཉྩ་ཨཱ༔ ཞེས་སྣང་མཐའི་སྐུ་གཟུགས་ཀྱི་དབང་སྦྱིན། སླར་ཡང་རིགས་ལྔ་ཅོད་པན་དང་བཅས་པས་དབང་བསྐུར་བ་ལས། དེ་བཞིན་གཤེགས་པ་རིགས་ལྔའི་སངས་རྒྱས་ཀྱིས་དབུ་བརྒྱན་པའི་མོས་པ་མཛོད། ཧྲཱི༔ རལ་པའི་ཅོད་པན་གྱེན་བརྫེས་སྤྲུལ་སྐུའི་ཆས༔ ལོངས་སྐུ་རིགས་ལྔའི་སངས་རྒྱས་སྐུ་ལ་བརྒྱན༔ སྐུ་ཐིག་འོད་ཀློང་ཡེ་ཤེས་ཆེན་པོའི་དབང༔ རིགས་ཀྱི་བུ་ལ་གཉིས་མེད་བསྩལ་དུ་གསོལ༔ རཏྣ་མུ་ཛཱི་ཨ་བྷི་ཥིཉྩ་ཧཱུྃ༔ དར་དང་རིན་པོ་ཆེའི་ཆས་རྣམས་བྱིན་པས་ལོངས་སྤྱོད་ཡོངས་རྫོགས་རྒྱན་ཆས་བཀླུབས་ཏེ་ཡན་ལག་བདུན་ལྡན་གྱི་འཆི་མེད་ཚེའི་དངོས་གྲུབ་ལ་དབང་འབྱོར་བར་བསམ་ལ། ཧྲཱི༔ པྲོག་ཞུ་དོ་ཤལ་རིན་ཆེན་མགུལ་ཆུ་དང༔ ཕྱག་ཞབས་གདུ་བུ་དར་གྱི་སྟོད་གཡོགས་སོགས༔ ལོངས་སྤྱོད་རྫོགས་སྐུའི་རྒྱན་དབང་འདི་བསྐུར་བས༔ ཡན་ལག་བདུན་ལྡན་ཚེ་དབང་ཐོབ་པར་ཤོག༔ རཏྣ་སུ་སྤེ་སིདྡྷི་ཕ་ལ་སྭཱ་ཧཱ༔ བདག་མདུན་ལྷ་ཚོགས་རྣམས་ཀྱི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་གསལ། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐྱེད་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐུལ་བས་འོད་ཟེར་ཕྱོགས་བཅུར་འཕྲོས། འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་འོད་ཟེར་སྣ་ལྔའི་རང་བཞིན་དུ་བཀུག་སྟེ་ཚེ་རྫས་རྣམས་དང་བདག་ཐུགས་སྔགས་ཕྲེང་དང་བཅས་པ་ལ་བསྟིམ་པར་མོས་ཤིག །ཚེ་མདའ་གཡབ་ལ་ལས་གཞུང་ལྟར་ཚེ་འགུགས་གྱེར། ཚེ་འབྲང་ཐོགས་ལ། ཚེ་གཏོར་གར་དབང་འཆི་མེད་ཀྱི་མགོན་པོ་རིགས་བདག་བླ་མ་དང་བཅས་པ་རྩ་གསུམ་ཡོངས་འདུས་སུ་གསལ་བ་ལས་ལྷ་མོ་བརྒྱད་དང་། ཛཿཧཱུྃ་བཾ་ཧོཿལྕགས་ཀྱུ་ཞགས་དྲིལ་ལྕགས་སྒྲོག་རྣམས་འོད་ཟེར་ལྔའི་ཐིག་ཕྲེང་དང་བཅས་པ་མཁའ་ཁྱབ་ཏུ་སྤྲོས་པས། རྟེན་འབྱུང་བ་ལྔའི་བཅུད་དང་། བརྟེན་པ་སྐྱེ་འགྲོ་ཀུན་གྱི་ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཀྱི་ཡོན་ཏན་དང་བཅས་པ་ཟག་བྲལ་རྒྱལ་བ་རྒྱ་མཚོའི་བྱིན་རླབས་རྡོ་རྗེའི་ཚེའི་དབང་དང་དངོས་གྲུབ་ཐམས་ཅད་འོད་ལྔའི་ཚུལ་དུ་བསྡུས་ཏེ་ཕྱག་གི་བུམ་པར་བཀུག །བུམ་པ་ཁོལ་ཞིང་ལུད་པའི་འོད་ཟེར་སྣུམ་ཞིང་འདྲིལ་བ་ཚངས་བུག་ནས་ཞུགས། ཁྱེད་རང་རྣམས་ཀྱི་སྙིང་དབུས་ཚེ་རྟེན་ནྲྀ་ཡིག་ལྗང་གུ་གསལ་བ་ལ་ཐིམ། ལུས་སྟོབས་བཀྲག་མདངས་གཟི་བྱིན་རྣམས་ཆེར་རྒྱས་འཆི་མེད་དྭངས་མའི་ལུས་རྡོ་རྗེ་ཚེའི་དངོས་པོ་གྲུབ་པའི་མོས་པ་མཛོད། ཧྲཱི༔ ཕྱི་ནི་རིན་ཆེན་བྱེ་རུའི་བུམ་པ་ལ༔ ནང་ན་རྩ་གསུམ་ཚེ་ཡི་ལྷ་ཚོགས་བཞུགས༔ འཇའ་འོད་སྐུ་ཐིག་ཡིག་འབྲུ་ཕྱག་མཚན་ཚོགས༔ དཔག་མེད་ནམ་མཁའ་གང་བའི་ཟེར་ཐག་འཕྲོས༔ ཤར་ལྷོ་ནུབ་བྱང་སྟེང་འོག་ཕྱོགས་མཚམས་ནས༔ དྲི་ཟ་གཤིན་རྗེ་ཀླུ་དབང་གནོད་སྦྱིན་དང༔ ཚངས་པ་བརྒྱ་བྱིན་སྡེ་བརྒྱད་ཚོགས་རྣམས་ཀྱིས༔ བླ་ཚེ་བརྐུས་ཕྲོགས་གཞོམ་ནས་ཁྱེར་བ་རྣམས༔ འོད་ཟེར་ཁ་དོག་སྣ་ལྔའི་ཚུལ་དུ་བསྡུས༔ དྭངས་མ་གཞོམ་གཞིག་མེད་པའི་འོད་ཟེར་དེ༔ སྣུམ་འདྲིལ་འཚེར་ཞིང་ལུས་ལ་ཐིམ་གྱུར་པས༔ ལུས་སྟོབས་བཀྲག་མདངས་གཟི་བརྗིད་རབ་རྒྱས་ཏེ༔ བཅོམ་ལྡན་འཆི་མེད་ཚེ་དབང་ཐོབ་པར་ཤོག༔ ཨོཾ་བཛྲ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཞེས་སྤྱི་བོར་གཏུགས། ཧྲཱི༔ བུམ་པའི་ངོ་བོ་བཅོམ་ལྡན་ཚེ་དཔག་མེད༔ འོད་ཟེར་སྲད་བུ་ལྔ་ལྡན་ཚུལ་དུ་འཕྲོས༔ འཇིག་རྟེན་ཁམས་ན་ཚེ་བསོད་དཔལ་འབྱོར་ཅན༔ རྒྱལ་བློན་ཁྱིམ་བདག་བྲམ་ཟེ་དམངས་ཕལ་རིགས༔ སྐྱེ་འགྲོའི་སྲོག་ལུས་དབང་ཐང་ཐམས་ཅད་ཀུན༔ བཅུད་བསྡུས་སྐལ་ལྡན་ལུས་ལ་དབྱེར་མེད་གྱུར༔ སྔགས་སོགས་གོང་ལྟར། ཧྲཱི༔ བུམ་པའི་རང་བཞིན་བཅོམ་ལྡན་ཚེ་དཔག་མེད༔ འོད་ཟེར་ཕྱག་མཚན་ཡིག་འབྲུའི་སྐར་མདའ་ཆད༔ ནམ་མཁའ་ས་ཆུ་མེ་རླུང་འབྱུང་བ་ལྔའི༔ སྔོ་སེར་དམར་ལྗང་དཀར་མཐིང་བཅུད་བསྡུས་ཏེ༔ ཤ་ཁྲག་དྲོད་དབུགས་སེམས་ཀྱི་ཁམས་ཉམས་གསོས༔ སླར་ཡང་ལྕུག་ཕྲན་དྲོད་གཤེར་འཛོམ་པ་ལྟར༔ སྟོབས་བརྗིད་རྩལ་དབང་འཆི་མེད་ཐོབ་པར་ཤོག༔ སྔགས་སོགས་གོང་བཞིན། ཧྲཱི༔ བུམ་པའི་ཐུགས་རྗེ་བཅོམ་ལྡན་ཚེ་དཔག་མེད༔ མ་ལུས་འོད་ཟེར་ལྕགས་ཀྱུའི་ཚུལ་དུ་འཕྲོས༔ ཞི་ཁྲོ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་དང༔ སྐུ་གསུམ་ལྷ་ཚོགས་རིགས་གསུམ་མགོན་པོ་དང༔ གྲུབ་ཐོབ་པཎ་ཆེན་ཚེ་ཡི་རིག་འཛིན་གྱི༔ ཐུགས་རྗེའི་བྱིན་རླབས་མཁྱེན་བརྩེའི་ནུས་མཐུ་རྣམས༔ འོད་ཀྱི་གོང་བུར་བསྡུས་ལ་ལུས་ལ་ཐིམ༔ མི་ཤིགས་སྲ་བརྟན་རྡོ་རྗེའི་དབང་ཐོབ་ཤོག༔ སྔགས་སོགས་གོང་བཞིན། བསྡུ་ན་འདི་ཁོ་ནས་བསྐུར་ཡང་ཆོག །ཧྲཱི༔ འབྱུང་བའི་བཅུད་དང་སྐྱེ་འགྲོའི་ཚེ་བསོད་དང༔ རྒྱལ་བའི་བྱིན་རླབས་མི་ཤིགས་ཚེ་དབང་འདི༔ སྒོ་གསུམ་དག་ལ་ཐིམ་པས་འོད་ལུས་གྱུར༔ འཇིགས་བྲལ་འཆི་མེད་རྡོ་རྗེའི་དངོས་གྲུབ་སྩོལ༔ སྔགས་མཐར། ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ ཞེས་གནས་གསུམ་དུ་དབང་སྦྱིན་ནོ། །ཚེ་མདའ་ཡེ་ཤེས་ལྔའི་རང་བཞིན་སྤྱི་བོར་རྒྱ་གྲམ་དུ་བཀོད་པས་ལུས་ཐམས་ཅད་འོད་ལྔའི་དྲྭ་བ་ཡེ་ཤེས་ཀྱི་སྒྱུ་འཕྲུལ་རྡོ་རྗེ་ལྟ་བུས་ཅིས་ཀྱང་མི་ཕྱེད་པར་ལུ་གུ་རྒྱུད་དུ་བཅིངས་པའི་མོས་པ་མཛོད་ཅིག །ཧྲཱི༔ ཡེ་ཤེས་ལྔ་ལྡན་ཕྲིན་ལས་བཞི་སྒྲུབ་པའི༔ འོད་ལྔའི་དྲྭ་བ་ཡེ་ཤེས་ལུ་གུ་རྒྱུད༔ སྒོ་གསུམ་སྐྱེ་འཆི་མེད་པ་དབྱིངས་རིག་ཀློང༔ འགྱུར་མེད་རྣམ་དག་རང་བྱུང་རྒྱས་གདབ་བོ༔ སུ་པྲ་ཏིཥྛ་བཛྲཱ་ཡེ་སྭཱ་ཧཱ༔ ཞེས་ལག་ཏུ་གཏད། དེ་ནས་ཁྱེད་རང་རྣམས་ཀྱི་ལག་གཡས་སུ་ཚེའི་རིལ་བུ་ཐབས་ཀྱི་རང་བཞིན་གཏད་ཅིང་ཟོས་པས་ཚེ་མི་ཤིགས་པ་རྡོ་རྗེ་ལྟར་བརྟན་པའི་མོས་པ་མཛོད། ཧྲཱི༔ རུ་རྟ་སྦྲང་རྩི་དབང་ལག་རྟག་ཏུ་ངུ༔ ཁ་མངར་ཚ་སྐྱུར་སྨན་ནུས་བདུད་རྩིར་བསྒྱུར༔ འབྲུ་བཅུད་རིལ་བུ་བཅོམ་ལྡན་ཚེ་ལྷ་སྟེ༔ ཟོས་པས་འཆི་བདག་བདུད་ལས་རྒྱལ་བར་ཤོག༔ ཡང་ལག་གཡོན་དུ་ཤེས་རབ་ཀྱི་རང་བཞིན་ཚེ་ཆང་གཏད་པ་མྱང་བས་ཚེ་མི་འགྱུར་བ་གཡུང་དྲུང་དུ་བྱས་པའི་མོས་པ་མཛོད། ཧྲཱི༔ ཙནྡན་ཨ་ཀ་རུ་དང་ག་པུར་དང༔ སི་ཧླ་ཤ་ལྔ་བདུད་རྩིའི་ངོ་བོ་ལྔ༔ རྩ་བརྒྱད་ནུས་ལྡན་ཆང་དང་སྦྱར་བ་འདི༔ རྩ་ཐིག་སེམས་གསུམ་དྭངས་མའི་ངོ་བོར་གསལ༔ བདེ་དྲོད་ཡེ་ཤེས་ཚེ་དབང་ཐོབ་པར་ཤོག༔ བླ་རྡོ་འོད་དཔག་མེད་པའི་རང་བཞིན་དར་སྣས་དྲིལ་བ་སྤྱི་བོར་བཞག་ལ། ཧྲཱི༔ ཀུན་གཞིའི་ངོ་བོ་རང་རིག་ཚེ་དཔག་མེད༔ གློ་བུར་ཀུན་རྟོག་འཆི་བདག་བདུད་ལས་རྒྱལ༔ ཉག་གཅིག་གདོད་མ་ཡེ་ཡིན་ཕྱག་རྒྱ་འདིས༔ འགྱུར་མེད་ལྷུན་གྲུབ་ཀློང་དུ་རྒྱས་བཏབ་བོ༔ ཞེས་རྟེན་འབྲེལ་སྙིང་པོ་བཅས་རྒྱས་བཏབ་པས་འགྱུར་མེད་ལྷུན་གྲུབ་ཀྱི་ཀློང་དུ་ཚེ་སྦས་པས་ཅིས་ཀྱང་མི་ཤིགས་པར་བསམ་ལ། ཧྲཱི༔ འབྲུ་ལྔས་མུ་གེའི་ནད་སེལ་ལོངས་སྤྱོད་འཕེལ༔ སྨན་ལྔས་ཉོན་མོངས་ནད་འཇོམས་ཡེ་ཤེས་གཏེར༔ སྤོས་ལྔས་ཚུལ་ལྡན་ཕུང་པོའི་འཇིགས་ལས་གྲོལ༔ སྙིང་པོ་ལྔ་ཡིས་སྐུ་ལྔ་ཡེ་ཤེས་ཐོབ༔ དྲི་ལྔས་འཇའ་ལུས་རྡོ་རྗེ་འཛིན་ཐོབ་ཤོག༔ བུམ་རྫས་ཉེར་ལྔ་བདུད་རྩིར་སྦྱངས་ནས་ནས་ལ་སྦགས་པ་འཐོར་ཞིང་རྟེན་སྙིང་བཟླ། དེ་ལྟར་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་སྦྱངས། བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །གཉིས་པ་གསང་དབང་ཞུ་བའི་དོན་དུ་མཎྜལ། གསོལ་འདེབས་རྗེས་ཟློས། ཧོ༔ བླ་མ་མགོན་པོ་ཚེ་དཔག་མེད༔ ཐུགས་རྗེ་ཆེན་པོ་རྨད་བྱུང་བ༔ དངོས་སྤྲུལ་མཆོད་སྤྲིན་ཡོངས་བཞེས་ནས༔ ངག་ལ་འཆི་མེད་དངོས་གྲུབ་སྩོལ༔ སློབ་དཔོན་ཚེ་དཔག་མེད་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་རྒྱུན་སློབ་བུའི་ལྕེ་ཐོག་ཏུ་བཞག་པར་མོས། ཧྲཱི༔ བཅོམ་ལྡན་ཡེ་ཤེས་ཚེ་དཔག་མེད༔ གཉིས་མེད་གསང་བའི་དཀྱིལ་འཁོར་ནས༔ བྱང་ཆུབ་སེམས་ཀྱི་ཁུ་འཕང་བབས༔ མྱང་ནས་བདུད་བཞིའི་དཔུང་བཅོམ་སྟེ༔ འཆི་མེད་ཚེ་དབང་ཐོབ་པར་ཤོག༔ གཟུངས་སྔགས་མཐར་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་གསང་རྫས་བནྡྷ་མགྲིན་པར་བཞག་ཅིང་བདུད་རྩི་སྦྱིན། སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་མཆེད་པའི་སྔགས་འཁོར། སློབ་མ་རྣམས་ཚེ་དཔག་མེད་མགོན་དུ་གསལ་བའི་ཐུགས་ཀར་པད་ཟླའི་ལྟེ་བར་ཧྲཱིཿདམར་གསལ་བའི་ཞལ་དུ་ཞུགས་སྙིང་གར་འཁོད་གསལ་བརྟན་འབར་བའི་འོད་ཀྱིས་དངོས་གྲུབ་ཐམས་ཅད་བསྡུས་ཤིང་བསྟིམ་པར་བསམ་སྟེ་གཟུངས་དང་སྔགས་ཀྱི་བཟླས་ལུང་སྦྱིན་ཞིང་དབྱངས་གསལ་ཀྱང་བརྗོད་དོ། །དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་སྒྲིབ་པ་སྦྱངས། བསྙེན་སྒྲུབ་བཟླས་པ་བྱེད་པ་ལ་དབང་། ལོངས་སྐུ་ཐོབ་པའི་སྐལ་ལྡན་དུ་བྱས་སོ། །གསུམ་པ་ཤེར་དབང་ཞུ་བའི་ཡོན་དུ་མཎྜལ། གསོལ་འདེབས་རྗེས་ཟློས། ཧོ༔ བླ་མ་མགོན་པོ་ཚེ་དཔག་མེད༔ བཤམས་ཤིང་སྤྲུལ་པའི་མཎྜལ་ལ༔ ཡིད་འོང་བདེ་སྦྱིན་བཅས་ཏེ་འབུལ༔ ཡིད་ལ་འཆི་མེད་དངོས་གྲུབ་སྩོལ༔ སིནྡྷུ་རའི་མེ་ལོང་ལག་ཏུ་གཏད་ལ། ཧྲཱི༔ སྣང་སྲིད་སྲིད་ཞི་མཉམ་སྦྱོར་ཞིང༔ བདེ་དང་སྟོང་པ་མཉམ་པའི་སྐུ༔ རྡོ་རྗེ་བཙུན་མོ་ཤེས་རབ་དབང༔ བསྐུར་བས་བགྲེས་རྒུད་བྲལ་བར་ཤོག༔ མ་ཧཱ་མུ་དྲ་ཧོ༔ མེ་ལོང་ལས་ཡེ་ཤེས་རིག་མ་པང་དུ་བྱོན་པ་ལ་རྗེས་ཆགས་ཀྱི་རོལ་རྩེད་བྱས་པར་མོས་ལ་འདིའི་རྗེས་ཟློས། ས་མ་ཡ་སཏྭཾ༔ ས་མ་ཡ་ཧོ༔ ཨ་ནུ་རཱ་གོ་ཧཾ༔ ཨ་ནུ་རཱ་ག་ཡ་མྱེ༔ ཛཿཧཱུྃ་བཾ་ཧོ༔ ཞེས་འཁྱུད་རྒྱ་བྱར་གཞུག །འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པས་ཡས་བབ་དང་མས་བརྟན་གྱི་དགའ་བཞིའི་ཡེ་ཤེས་ཉམས་སུ་མྱངས་པའི་མཐར་འགྱུར་མེད་ལྷན་ཅིག་སྐྱེས་དགའ་འཕོ་བྲལ་དུ་བརྟན་པར་མོས་ཤིག །དེས་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་སྦྱངས། རྩ་ཐིག་རླུང་གསུམ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་ལྡན་དུ་བྱས་སོ། །བཞི་པ་རྩལ་དབང་ཞུ་བའི་སླད་དུ་མཎྜལ། གསོལ་འདེབས་རྗེས་ཟློས། ཧོ༔ བླ་མ་མགོན་པོ་ཚེ་དཔག་མེད༔ ཕྱི་ནང་གསང་བའི་མཆོད་སྤྲིན་ཚོགས༔ ནམ་མཁའ་གང་བར་སྤྲོས་ཏེ་འབུལ༔ ཐུགས་རྗེ་བརྩེ་བས་ཚིག་དབང་སྩོལ༔ སློབ་མ་རྣམས་བསམ་གཏན་འདུག་སྟངས་བཅས་ཏེ་མཉམ་པར་གཞག་ལ། སློབ་དཔོན་གྱིས་རྨ་བྱའི་མདོངས་དང་མན་ཤེལ་མིག་ངོར་བསྟན་ཏེ། ཧོ༔ བུ་ཉོན་དེ་བཞིན་ཉིད་ཀྱི་ཀློང༔ ཀུན་ཁྱབ་རང་རིག་འདུས་མ་བྱས༔ ཁ་དོག་ལྔ་ལྡན་འོད་ཟེར་འཕྲོ༔ རིག་སྟོང་སྣང་མཐའ་འོད་དཔག་མེད༔ སྐྱེ་འཆི་མེད་པའི་ངོ་བོ་ལྟོས༔ ཨ་ཨ་ཨ༔ ཞེས་སྙིང་གར་གཏད། ཤེལ་འོད་རྐྱེན་གསལ་དང་མདོངས་སྒྲོའི་བཀྲག་མདངས་འདི་ལྟ་བུ། རང་རིག་གཏིང་གསལ་ལས་རྩལ་སྣང་སྣ་ཚོགས་སུ་ཤར་ཡང་གདོད་ནས་འཕོ་འགྱུར་མེད་པ་རིག་སྟོང་འཆི་མེད་འོད་མཐའ་ཡས་པའི་ངོ་བོ་སྐྱེ་ཤི་ལས་འདས་པའི་རྟག་བརྟན་བདེ་བ་ཆེན་པོའི་ཡེ་ཤེས་སོ། །དེས་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་རིག་པ་རྩལ་གྱི་དབང་ཐོབ། ཤེས་བྱའི་དྲི་མ་སྦྱངས། བློ་འདས་ཀྱི་ཡེ་ཤེས་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །ལྔ་པ་མཐའ་རྟེན་རྡོ་རྗེ་སློབ་དཔོན་གྱི་དབང་སྦྱིན་པ་ལ། སློབ་མ་རྣམས་སེངྒེས་བཏེགས་པའི་རིན་པོ་ཆེའི་ཁྲི་གདན་ཕུལ་དུ་བྱུང་བར་འཁོད་ཅིང་གནས་པར་བསམ་ལ། སློབ་དཔོན་གྱི་ཆས་རྟགས་དངོས་སམ་རི་མོར་བྲིས་པ་སྦྱིན། བསྡུ་ན་རྡོར་དྲིལ་ལག་ཏུ་གཏད་ལ། ཧྲཱི༔ རྡོ་རྗེ་རྩེ་ལྔ་ཡེ་ཤེས་ལྔ༔ དྲིལ་བུ་ཤེས་རབ་སྒྲ་དབྱངས་སྒྲོག༔ ཐབས་ཤེས་གཉིས་སུ་མི་ཕྱེད་པའི༔ རྡོ་རྗེ་རྒྱལ་པོར་དབང་བསྐུར་རོ༔ ཞེས་དང་སྤྲོ་ན་བཀྲ་ཤིས་རྫས་རྟགས་རྣམས་ཀྱང་སྦྱིན་ལ་ཤིས་བརྗོད་རྒྱས་པར་བྱ། མཇུག་གི་བྱ་བ་དམ་ཚིག་བསྒྲག་བཟུང་གཏང་རག་འབུལ་བ་སོགས་སྤྱི་དང་མཐུན། ལས་བྱང་གི་ཚོགས་མཆོད་ཕྱིན་ཆད་ཀྱང་དཀྱུས་སུ་བསྟན་པ་ལྟར་བྱའོ། །ཚེ་དབང་དཀྱུས་འགྲོ་བསྐུར་ན། མཎྜལ་ཡན་ཆད་སྔར་ལྟར་སོང་རྗེས། གསོལ་གདབ། སྐྱབས་སེམས། བྱིན་འབེབ། ཚེ་འགུགས། རྣམ་བུམ། ཚེ་འབྲང་ཕྱོགས་བསྡུས། ཧྲཱི༔ འབྱུང་བའི་བཅུད་སོགས། ཚེ་རིལ་ཆང་རྗེས་སུ་གཏོར་མ་མགོར་བཞག་ནས་རྒྱས་གདབ། ཧྲཱི༔ ཀུན་གཞིའི་ངོ་བོ་སོགས་ཀྱི་རྐང་པ་གསུམ་པར། བར་ཆད་ཀུན་སེལ་རྟ་ཕག་ཡབ་ཡུམ་གྱིས༔ ཞེས་བསྒྱུར་བ་དང་། ཚེ་མདའ་རྒྱས་གདབ། སྨོན་ལམ། ཤིས་བརྗོད་སོགས་ཀྱིས་འགྲུབ་བོ། །འདི་དག་གི་ཕྱག་ལེན་ཆོ་ག་རྒྱས་པར་འདོད་ན་གཏེར་སྟོན་ཉིད་ཀྱི་ཐུགས་སྲས་ཆོས་དབང་རྡོ་རྗེ་འཛིན་པའི་གསུང་ལས་བཙལ་བར་བྱའོ། །འཆི་མེད་མགོན་པོའི་ཐུགས་རྗེའི་ཟིལ་མངར་གྱིས། །གཞོམ་བྲལ་ཚེ་ཡི་ལང་ཚོ་མི་རྙིང་བར། །འགྲོ་ཀུན་འཆི་བདག་གཡུལ་ལས་རྒྱལ་དེ་སྲིད། །རིང་འཚོའི་གྲུབ་པ་རྩོལ་མེད་སྦྱིན་ནུས་ཤོག །ཅེས་པའང་རིན་ཆེན་གཏེར་གྱི་མཛོད་ཆེན་པོ་ཆ་ཤས་ནས་ཡོངས་སུ་གང་བའི་ཆ་རྐྱེན་དུ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྟག་བརྟན་དགའ་བའི་ཚལ་དུ་བགྱིས་པ་དགེ་ལེགས་འཕེལ།། །།

[edit]
[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).