Terdzo-NI-013: Difference between revisions

From Rinchen Terdzö
No edit summary
No edit summary
 
(One intermediate revision by the same user not shown)
Line 21: Line 21:
|rtzcategory=Mahayoga
|rtzcategory=Mahayoga
|deity=rdo rje phur pa;
|deity=rdo rje phur pa;
|cycle=thugs dam zab pa skor bdun
|cycle=zab bdun mngon spyod phur pa
|cycletib=ཐུགས་དམ་ཟབ་པ་སྐོར་བདུན་
|cycletib=ཟབ་བདུན་མངོན་སྤྱོད་ཕུར་པ་
|parentcycle=thugs dam zab pa skor bdun
|parentcycletib=ཐུགས་དམ་ཟབ་པ་སྐོར་བདུན་
|language=Tibetan
|language=Tibetan
|volumenumber=42
|volumenumber=42

Latest revision as of 15:38, 15 January 2019

ཟབ་བདུན་མངོན་སྤྱོད་ཕུར་པ་ལས༔ གྲི་འདུལ་གྱི་ཆོ་ག་

zab bdun mngon spyod phur pa las:_gri 'dul gyi cho ga

by  མཆོག་གྱུར་གླིང་པ་ (Chogyur Lingpa)
revealed by  མཆོག་གྱུར་གླིང་པ་ (Chogyur Lingpa)
in cycle  ཟབ་བདུན་མངོན་སྤྱོད་ཕུར་པ་ (Zab bdun mngon spyod phur pa)
parent cycle  ཐུགས་དམ་ཟབ་པ་སྐོར་བདུན་ (Thugs dam zab pa skor bdun)
Volume 42 (ནི) / Pages 97-117 / Folios 1a1 to 11a4

[edit]

༁ྃ༔ ཟབ་བདུན་མངོན་སྤྱོད་ཕུར་པ་ལས༔ གྲི་འདུལ་གྱི་ཆོ་ག་བཞུགས༔ ན་མོ་བཛྲ་ཀུ་མཱ་ར༔ དུས་ངན་སྙིགས་མའི་སེམས་ཅན་རྣམས་ལ་ཕན་པའི་ཕྱིར༔ གྲི་འདུལ་གྱི་ཆོ་ག་ཁ་ཚང་དོན་འདྲིལ་དུ་བསྟན་པར་བྱ་སྟེ༔ དེ་ཡང་དྲག་པོའི་ལས་དང་མཐུན་པའི་གནས་སུ་ས་ཡི་ཆོ་ག་བྱས་ལ༔ ཕུར་པའི་དཀྱིལ་འཁོར་གཞུང་བཞིན་བཤམ༔ ལྷ་གྲངས་དང་མཉམ་པའི་ཕུར་པ་བཀོད༔ ཕུང་ས་ལ་བྲུབ་ཁུང་བཅུ་དགུ་མཐའ་རྩང་དམར་གྱིས་བསྐོར༔ ར་སོག་ལ་མིང་རུས་བྲིས་པ་ཤོག་བུ་གྲུ་གསུམ་ལ་གྲིའི་ལིངྒ་བཅུ་དགུ་རེ་རེ་ལ་ཡང་བདུན་རེ༔ གྲི་གང་འདུལ་དེ་བརྒྱ་རྩ་བརྒྱད༔ སྦྱིན་སྲེག་བྱེད་པའི་ཕྱིར་ཤུག་པ་དང་བལ་བུ་མདའ་གང་ཙམ་པ༔ ཆང་ཕོར་ནས་བྲེ་གང་གི་གྲངས་དང་མཉམ་པ༔ གཞན་ཡང་འབྲུ་ནག་གི་རིགས་དུག་སྨན་བསྲེག་རྫས་ཅི་འབྱོར་དང༔ རྨ་གསོ་བའི་རྫས་བཙོད་ཁྲག༔ བྱ་རྒོད་ཀྱི་ཁྲག་བྱ་བྲན་གང་འབྱོར་ཁྲག༔ ཨ་རུ་ར༔ རྨ་སྨན་དར་ཡ་ཀན༔ རྩི་སྨན་སྣ་ཚོགས༔ གླ་རྩི་དང་སྦྱར་བའི་ཆུ༔ འགུགས་པའི་རྫས་རབས་ཆད་ཀྱི་སླ་ང་རོ་སོལ་དགུ་ལིང་བྲིས་པ༔ མི་བསད་པའི་གྲི་གསུམ༔ གཞན་ཡང་སྒྲོ་བ་རླུང་ཐུབ༔ བྲིང་བ་འདོམ་དགུ༔ ཟོར་བ༔ སཏྭ་རེ༔ མདའ༔ རྔ་མ་ནག་པོ༔ རྡུང་ཤ་ལག་པ༔ ཐུན་རྫས་སྣ་ཚོགས༔ རྡེའུ་དཀར་ནག༔ ཕོ་མོ་གང་ཡིན་ཤིང་ལ་མིང་བྱང་བྲིས་པ༔ དེ་ལ་གཤིན་པོའི་རྒྱན་གྱི་རིགས་བཏགས༔ ཟ་འདྲེ་དགུ་ཡི་བྱང་བུ་དགུ༔ ཡང་གཅིག་ཏུ་བསྡུས་པ་སྐྱེར་པ་ལ་བྱ༔ བྲུབ་ཁུང་གི་ལྷོ་ནུབ་ཏུ་མཎྜལ་བདུན་ལ་རིགས་དྲུག་དང༔ ཀླུའི་ཡུལ་ཁམས་བྲིས་པའི་སྟེང་དུ༔ སོ་སོའི་ས་བོན་གྱི་བྱང་བུ་རེ་གཟུག༔ ལྷ་བཤོས་བདུན་དང་བགེགས་གཏོར་ཆངས་བུ་ཏིང་ལོ་བདུན་རེ༔ མཎྜལ་བདུན་པོའི་གོང་དུ་གྲི་སྐྱབས་ཀྱི་མཆོད་རྟེན་བདུན༔ བུམ་སྒོར་སོ་སོའི་གཉེན་པོ་བྲིས་པ༔ གྲི་གང་ཡིན་གྱི་གཉེན་པོའི་འབྱུང་བ་གཙུག་ལག་དང་མཐུན་པའི་ན་བཟའ་གསོལ༔ ཨཱ་ལི་ཀཱ་ལི་རྟེན་འབྲེལ་སྙིང་པོ་རྣམས་བྲིས་པ་ཡིན་ན་རྒྱབ་ཏུ་བྲི་ཞིང་འབུར་མའི་ནང་དུ་གཞུག་ལ་རབ་གནས་དང་ལྡན་པར་བྱའོ༔ ལྷོར་འཇག་མའི་མི་ཆུང་ཁྲུ་གང་བ༔ དཔྲལ་བར་བླ་དྭགས་སྙིང་གར་མིང་རུས་ནྲྀ་ལ་བསྐོར༔ གཞན་ཡང་རིགས་དྲུག་གི་ས་བོན་དེ་རྣམས་ཤོག་བུ་ལ་བྲིས་ཏེ་གནས་སོ་སོར་སྦྱར༔ གཤིན་པོའི་གོས་དུམ་གྱིས་གཡོགས༔ འབྲུ་ཟན་ལ་བཅོས་པའི་གླུད་དེ་དང་མཉམ་པ་ཞིག་བྱས་ལ་གཉིས་ཀ་ཟས་གོས་དར་གྱིས་སོ་སོར་བསྐོར༔ དཀྱིལ་འཁོར་དུ་ལྷ་བུམ་དང་ཁྲུས་བུམ༔ ཕྱི་ནང་གསང་མཆོད་བཤམ་ཤིང༔ ཕུར་པའི་ཕྲིན་ལས་གཞུང་བཞིན་གཏང༔ བུམ་བཟླས་བྱས་ལ་སྤུ་གྲིའི་སྔགས་ཀྱིས་ཐུན་རྣམས་བྲུབ༔ བྱང་བུ་རྣམས་བསང་སྦྱང་ལ༔ སྟོང་པའི་ངང་ལས་གྲངས་དང་མཉམ་པའི་བྲུབ་ཁུང་གི་ནང་དུ་གྲི་འདྲེ་རྣམས་རིད་ཅིང་ཉམ་ཐག་པའི་ལུས་ཅན༔ བཙོན་ཁང་དེ་རྣམས་ཀྱི་ལྷོ་ཕྱོགས་སུ་ཚེ་ལས་འདས་པ༔ སྔོན་གསོན་པོའི་གཟུགས་ལྟར་གསལ་བར་གྱུར༔ དེ་ནས་ཕུར་པའི་ལྷ་ཚོགས་ལ་སྨན་རཀ་གཏོར་གསུམ་འབུལ་ཞིང་ཕྲིན་ལས་བསྐུལ་བ་ནི༔ ཧཱུྃ༔ མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཁྲོ་བོའི་རྒྱལ༔ ཁམས་གསུམ་དབྱིངས་ཕྱུག་འཁོར་ལོ་རྒྱས་འདེབས་ཡུམ༔ གཉིས་མེད་སྤྲུལ་པའི་སྲས་མཆོག་ཉི་ཤུ་གཅིག༔ ཕྱོགས་བཅུའི་གདོན་འདུལ་ཁྲོ་བཅུ་ཡབ་ཡུམ་དང༔ ཐབས་ཤེས་སྐུ་ལས་སྤྲུལ་པའི་ཟ་གསོད་ཚོགས༔ སྒོ་སྐྱོང་ཕུར་སྲུང་དབང་ཕྱུག་དྲེག་པའི་ཚོགས༔ རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ རྣལ་འབྱོར་བདག་གིས་གདུང་བས་གསོལ་འདེབས་ན༔ ཨེ་ཁྲམ་འབར་བའི་དབྱིངས་ནས་སྐུར་བཞེངས་ལ༔ དམ་རྫས་སྨན་རཀ་གཏོར་མའི་མཆོད་པ་བཞེས༔ གྲི་འདུལ་ཕྲིན་ལས་གཉན་པོའི་དུས་ལ་བབས༔ སྤྲུལ་པའི་ཕོ་ཉ་ཐམས་ཅད་ཕྱོགས་བཅུར་འགྱེད༔ གྲི་སྲི་བཙན་བདུད་སྨན་དང་རྒྱལ་པོ་བཞི༔ གྲི་བདག་བཅོ་ལྔ་གྲི་བོ་ཕོ་མོ་དང༔ གདུག་པའི་ཟ་འདྲེ་དགུ་དང་ཚེ་འདས་བཅས༔ གཤིན་གཅགས་བྱེད་པ་ཐམས་ཅད་འདུལ་བ་དང༔ གཤིན་པོ་བདེ་འགྲོ་ཐར་ལམ་ལ་བཀོད་དེ༔ གསོན་པོ་རྣམས་ལ་སྲུང་སྐྱོབ་དངོས་གྲུབ་སྩོལ༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ ཞེས་བསྐུལ་ཞིང༔ དང་པོ་ཟ་འདྲེ་དགུག་པ་ནི༔ ཧཱུྃ༔ གཏུམ་དྲག་འབར་བ་ཁྲོ་བོའི་ལྷ་ཚོགས་རྣམས༔ སྤྲུལ་པའི་ཕོ་ཉ་དཔག་མེད་ཐམས་ཅད་ཀྱིས༔ གཤིན་གཅགས་བྱེད་པའི་ཟ་འདྲེ་ཐམས་ཅད་ཀུན༔ འདུལ་བའི་མཚོན་ཆ་དགུ་ཡིས་རབ་གཟིར་ལ༔ སྲིད་གསུམ་གང་དུ་གནས་ཀྱང་འདིར་ཁུག་ཅིག༔ ཞེས་དང༔ བདེན་སྟོབས་བརྗོད་པའི་མཐར༔ དྲག་སྔགས་སྤྱི་དྲིལ་གྱི་མཐར༔ ཟ་འདྲེ་ཐམས་ཅད་ཨང་ཀུ་ཤ་ཛ༔ ཞེས་བཟླ་ཞིང༔ བྱང་བུ་རྣམས་སྣོད་དུ་བཅུག་ལ༔ ཕྱོགས་ཀུན་ཏུ་བརྡབ་ཅིང༔ སླ་ངར་བླུགས་པས་ཕོ་ལ་ཁ་སྦུབ་ཅིང་མོ་ལ་གན་རྐྱལ་དུ་སོང་ན་ཁུག་པའི་རྟགས་ཡིན༔ གལ་ཏེ་མ་ཁུག་ན་སྙིང་ལ་བརྣག་པའི་ནོར་དང་གྲོགས་ལ་སོགས་པར་འདུལ་མཚོན་རྣམས་བརྡེག་གོ༔ ཁུག་ནས་སྣོད་དུ་བླུགས་ཅིང་ཁ་བྲིང་པས་བསྡམ་ལ༔ ཧཱུྃ༔ སྟོབས་ཆེན་ཁྲོ་རྒྱལ་ཆེན་པོ་བཅུ༔ སྤྲུལ་པའི་ཕྲ་མེན་བཅས་པ་ཡིས༔ གདུག་པའི་ཟ་འདྲེ་འདི་རྣམས་ཀྱི༔ སྐེ་ནས་བ་སུའི་ཞགས་པས་ཆིངས༔ གཡང་གཞི་མི་ཡི་གླེ་བོར་ཚུད༔ མུན་པའི་ནང་དུ་ཐུམ་བྱས་ཏེ༔ ལྕགས་མཁར་སྒོ་མེད་ནང་དུ་ཆུད༔ ནད་མཚོན་དུག་གི་ཆར་པ་ཕོབས༔ བྲུབ་ཁུང་གཅིག་ཏུ་བླུགས་ལ༔ སྤུ་གྲིའི་མིང་སྤེལ་ཅན་བཟླས་ལ་ཐུན་གྱིས་བྲབ་ཅིང་བྲུབ་ཁུང་ཁ་བཅད་དོ༔ དེ་ནས་གྲི་འདྲེ་འགུགས་པ་ནི༔ ཧཱུྃ༔ འདུལ་བྱེད་དྲག་པོའི་ལྷ་ཚོགས་རྣམས༔ མཐུ་སྟོབས་ནུས་པའི་རྩལ་ཕྱུངས་ལ༔ ཕོ་ཉ་སྤྲུལ་པ་ལས་ལ་ཆོས༔ གྲི་ཡི་སྡོང་ཟླ་འདུལ་བ་མཛོད༔ གྲི་ཡི་བྱུང་ཁུངས་ལྷ་ནས་བྱུང༔ དེ་ནས་འགྲོ་དྲུག་གྲི་སྲིའི་མནར༔ གྲི་རུ་སྡང་བའི་འདྲེ་ལགས་ཀྱང༔ མི་ཡུལ་འདི་རུ་གྲི་ཡི་གཙོ༔ གྲི་ཡི་བདུད་པོ་དྲག་པོ་ལ༔ གྲི་ཡི་བཙན་ནི་མཁར་པ་རྗེ༔ གྲི་ཡི་སྨན་མོ་ཝ་རུ་ཎ༔ གྲི་ཡི་རྒྱལ་པོ་གྲི་ཞགས་ཐོགས༔ དེ་བཞི་གཙོ་བོར་གྱུར་པ་ཡི༔ འཇིག་རྟེན་ཀུན་གྱི་གྲི་འདྲེ་རྣམས༔ མྱུར་དུ་ཁུག་ལ་བྱང་བུར་སྟིམས༔ རྡུལ་དུ་བརླག་པའི་ཕྲིན་ལས་མཛོད༔ བདེན་སྟོབས་བརྗོད་པའི་མཐར་གྲི་བདུད་གྲི་བཙན་སྨན་མོ་རྒྱལ་པོ་ཐམས་ཅད་ཨང་ཀུ་ཤ་ཡ་ཛ༔ སྤྱི་དྲིལ་གྱི་མཇུག་ཏུ་ཡང་བཏགས་ནས་བཟླས༔ འདུལ་མཚོན་རྣམས་གཡབ་ཅིང༔ ཧཱུྃ༔ དཔལ་ཆེན་ཁྲོ་རྒྱལ་ཕོ་ཉར་བཅས་པ་ཡིས༔ མཐུ་སྟོབས་རྫུ་འཕྲུལ་ནུས་པའི་ཤུགས་ཕྱུངས་ལ༔ གྲི་རུ་སྡང་བའི་གདུག་པའི་འདྲེ་ངན་རྣམས༔ གཤིན་པོའི་རྗེས་འབྲངས་རིགས་དྲུག་གང་དུ་གནས༔ ཤི་བའི་ས་དང་ཡིད་ཆགས་གནས་རྣམས་ནས༔ བ་སུ་ཏ་ཡི་ཞགས་པས་སྐེ་ནས་ཆིངས༔ མི་ལྤགས་རྐྱལ་པ་ལྕགས་ཀྱི་དྲྭ་བར་ཚུད༔ རྔ་མ་ལྕགས་ཀྱུ་བྱེ་བས་སྙིང་ནས་དྲོངས༔ རྡུང་ཤ་གྲི་ལག་དབྱུག་པས་རྒྱབ་ནས་དེད༔ སླ་ང་མུན་ནག་དགུ་རིམ་ནང་དུ་ཚུད༔ གྲི་ལྕགས་རལ་གྲི་ལོ་མས་མཐའ་ནས་སྐོར༔ གཞན་ཡང་མཚོན་ཆ་དུ་མས་རྡུལ་དུ་རློགས༔ ཞེས་སྔ་མ་བཞིན་བྲུབ་ཁུང་དུ་བྲུབ་བོ༔ དེ་ནས་གྲི་བཅོ་ལྔ་པོ་རིམ་བཞིན་འགུགས་པའི་དམིགས་པ་སྤེལ་བ་ནི༔ མདའ་གྲི་ཟེར་བ༔ མེ་གྲི་ཚིག་ཅིང་འབར་བ༔ རྟ་གྲི་ཤུན་དམར༔ རལ་གྲི་གཏུབ་པ༔ ཆུ་གྲི་འདར་ཤང༔ གད་གྲི་ཕྱམ་པ༔ བུ་གྲི་སྒབ་དམར༔ གྲི་གྲི་སྨུག་པོ༔ ཐོག་གྲི་ཚིག་པ༔ འགག་གྲི་མིག་འབུར༔ འཐིབ་གྲི་སུབ་པོ༔ རྡོ་གྲི་རྡིལ་དམར༔ དུག་གྲི་སྦོས་པོ༔ བཀྲེས་གྲི་ཁ་སྐྱ༔ རྦབ་གྲི་གཡེང་བ༔ གྲི་བོ་གྲི་མོ་དེ་རྣམས་སོ་སོར་འགུགས་ཤིང་འདུལ་ལོ༔ དེ་ནས་འགྲོ་དྲུག་གི་གྲི་འདུལ་བ་ནི༔ ཀྱཻ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ གྲི་བྱུང་ལྷ་ཡི་ཡུལ་ནས་བྱུང༔ དེ་ནས་འགྲོ་དྲུག་ཡོངས་ལ་བྱུང༔ སྔོན་གྱི་བྱུང་ཚུལ་དེ་ལྟར་ཡང༔ ཚེ་འདས་གནས་ནས་དྲང་བའི་ཕྱིར༔ དམྱལ་བའི་གནས་ཀྱི་གྲི་སྡང་བ༔ གཤིན་རྗེ་རྣམས་ཀྱི་མཚོན་ཆ་ཡིན༔ ཚ་གྲང་མཚོན་གྱི་གྲི་རུ་སྲིད༔ བཅོམ་ལྡན་ཐུགས་ཀྱི་སྤྲུལ་པ་ལས༔ ཕྱག་རྡོར་ཆོས་ཀྱི་རྒྱལ་པོ་ཡི༔ ཅིར་ཡང་སྤྲུལ་ཏེ་ཚ་གྲང་དང༔ མཚོན་གྱི་བསྐལ་པ་ཞི་བར་མཛད༔ ཨོཾ་ཨཱཿཧཱུྃ་ལས་གཏོར་མ་ནི༔ འདོད་པའི་ཡོན་ཏན་ལོངས་སྤྱོད་ཚོགས༔ ཕྱག་རྡོར་ཆོས་རྒྱལ་གཉིས་ལ་འབུལ༔ དམྱལ་བའི་གྲི་ལས་བསྐྱབ་ཏུ་གསོལ༔ ཨོཾ་ལས་འདོད་ཡོན་གླུད་གཏོར་གྱིས༔ དམྱལ་བའི་གྲི་ཡི་ལན་ཆགས་སྦྱངས༔ ཚ་གྲང་མཚོན་གྱི་རྣམ་རྟོག་གྲི༔ དམིགས་མེད་ཀ་དག་དབྱིངས་སུ་དེངས༔ ཕྱིན་ཆད་གནོད་པར་མ་གྱུར་ཅིག༔ རྒྱུ་མཐུན་ལས་ཀྱི་སྒྲིབ་པ་རྣམས༔ ཡི་གེ་དུཿཡི་རྣམ་པར་གནས༔ ཡེ་ཤེས་ཐུགས་རྗེའི་མེ་དཔུང་གིས༔ དམིགས་མེད་ཀ་དག་ངང་དུ་བསྲེགས༔ ཡེ་ཤེས་ཐུགས་རྗེའི་ཆུ་རྒྱུན་གྱིས༔ བག་ཆགས་སྒྲིབ་པ་མ་ལུས་འཁྲུ༔ སྡིག་སྒྲིབ་ཐམས་ཅད་དག་གྱུར་ཅིག༔ ཚེ་ལས་འདས་པ་ཁྱོད་ཉོན་ལ༔ ས་འདི་མན་ཆད་དམྱལ་བའི་ས༔ ད་ལྟ་ཅི་སྣང་གང་དྲན་རྣམས༔ འཁྲུལ་ཞིང་ལོག་པ་ཁོ་ན་སྟེ༔ བག་ཆགས་འཁྲི་བ་ཀུན་ཆོད་ལ༔ ཐུགས་རྗེ་ཆེན་པོ་དྲན་པར་གྱིས༔ གསོལ་བ་ཐོབས་དང་གྲོལ་བར་འགྱུར༔ ཧཱུྃ་ལས་བྱང་ཆུབ་མཆོད་རྟེན་གྱི༔ བུམ་པར་ཕྱག་ན་རྡོ་རྗེ་དང༔ ཆོས་ཀྱི་རྒྱལ་པོ་བཞུགས་པའི་དྲུང༔ ཚེ་འདས་ལྷ་ཡི་རྣམ་པར་གནས༔ གདན་གྱི་འཁོར་ལོ་རབ་འཁོར་བས༔ གྲི་སྲི་ངན་པ་ཐལ་བར་བརླག༔ མིང་བྱང་གནས་སྤོས་ལ༔ ཧཱུྃ༔ སེམས་ཅན་ཡི་དྭགས་ཐམས་ཅད་ཀུན༔ ཕལ་ཆེར་མཁའ་ལ་རྒྱུ་བའི་འདྲེ༔ འདྲེ་འདུལ་མཁན་གྱིས་བརྡུངས་པས་ཤི༔ བཀྲེས་པས་ཤི་སོགས་གྲི་རུ་སྡང༔ དེ་ཚེ་ཐུགས་རྗེ་ཆེན་པོ་ཡི༔ ཐུགས་རྗེའི་འོད་ཀྱིས་བསྐྱབས་པར་མཛད༔ ཨོཾ་ཨཱ་ཧཱུྃ་ལས་གཏོར་མ་ནི༔ འདོད་པའི་ཡོན་ཏན་ལོངས་སྤྱོད་ཚོགས༔ ཁ་འབར་སྤྱན་རས་གཟིགས་ལ་འབུལ༔ ལྟོག་གྲིའི་གྲི་ལས་བསྐྱབ་ཏུ་གསོལ༔ ཨོཾ་ལས་གླུད་གཏོར་འདོད་ཡོན་གྱིས༔ ཡི་དྭགས་གྲི་ཡི་ལན་ཆགས་སྦྱངས༔ ལྟོག་གྲི་འདྲེ་ངན་གཞན་དུ་དེངས༔ ཕྱིན་ཆད་གནོད་པར་མ་གྱུར་ཅིག༔ རྒྱུ་མཐུན་ལས་ཀྱི་སྒྲིབ་པ་རྣམས༔ ཡི་གེ་པྲེཿཡི་རྣམ་པར་གནས༔ ཡེ་ཤེས་ཐུགས་རྗེའི་མེ་དཔུང་གིས༔ དམིགས་མེད་ཀ་དག་ངང་དུ་བསྲེགས༔ ཡེ་ཤེས་ཐུགས་རྗེའི་ཆུ་རྒྱུན་གྱིས༔ བག་ཆགས་སྒྲིབ་པ་མ་ལུས་འཁྲུ༔ སྡིག་སྒྲིབ་ཐམས་ཅད་དག་གྱུར་ཅིག༔ ཚེ་ལས་འདས་པ་ཁྱོད་ཉོན་དང༔ ས་འདི་མན་ཆད་ཡི་དྭགས་ས༔ ད་ལྟ་ཅི་སྣང་གང་དྲན་རྣམས༔ འཁྲུལ་ཞིང་ལོག་པ་ཁོ་ན་སྟེ༔ བག་ཆགས་འཁྲི་བ་ཀུན་ཆོད་ལ༔ ཐུགས་རྗེ་ཆེན་པོ་དྲན་པར་གྱིས༔ གསོལ་བ་ཐོབས་དང་གྲོལ་བར་འགྱུར༔ ཧཱུྃ་ལས་གནམ་ལྕགས་འཁོར་ལོའི་དབུས༔ བྷྲཱུྃ་ལས་བྱང་ཆུབ་མཆོད་རྟེན་གྱི༔ བུམ་པར་སྤྱན་རས་གཟིགས་དབང་དང༔ བཅོམ་ལྡན་ཁ་འབར་ཞབས་དྲུང་དུ༔ ཚེ་འདས་ལྷ་ཡི་རྣམ་པར་གནས༔ གདན་གྱི་འཁོར་ལོ་འཁོར་བ་ཡིས༔ གྲི་སྲི་ངན་པ་ཐལ་བར་བརླག༔ མིང་བྱང་གནས་སྤོས་ལ། ཧཱུྃ༔ སེམས་ཅན་དུད་འགྲོའི་གནས་རྣམས་སུ༔ བཀོལ་སྤྱོད་བཤའ་གཏུབ་གྲི་རུ་སྡང༔ ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས༔ སྡུག་བསྔལ་མ་ལུས་བསལ་བར་མཛད༔ ཨོཾ་ཨཱཿཧཱུྃ་ལས་གཏོར་མ་ནི༔ འདོད་པའི་ཡོན་ཏན་ལོངས་སྤྱོད་ཚོགས༔ བཅོམ་ལྡན་ཐུགས་རྗེ་ཆེན་པོ་དང༔ སེང་གེ་རབ་བརྟན་རྣམས་ལ་འབུལ༔ བཀོལ་སྤྱོད་གྲི་ལས་བསྐྱབ་ཏུ་གསོལ༔ ཨོཾ་ལས་གླུད་གཏོར་འདོད་ཡོན་གྱིས༔ དུད་འགྲོའི་གྲི་ཡི་ལན་ཆགས་སྦྱངས༔ གྲི་ཤི་འདྲེ་ངན་གཞན་དུ་དེངས༔ ཕྱིན་ཆད་གནོད་པར་མ་གྱུར་ཅིག༔ རྒྱུ་མཐུན་ལས་ཀྱི་སྒྲིབ་པ་རྣམས༔ ཡི་གེ་ཏྲི་ཡི་རྣམ་པར་གནས༔ ཡེ་ཤེས་ཐུགས་རྗེའི་མེ་དཔུང་གིས༔ དམིགས་མེད་ཀ་དག་ངང་དུ་བསྲེགས༔ ཡེ་ཤེས་ཐུགས་རྗེའི་ཆུ་རྒྱུན་གྱིས༔ བག་ཆགས་སྒྲིབ་པ་མ་ལུས་འཁྲུ༔ སྡིག་སྒྲིབ་ཐམས་ཅད་དག་གྱུར་ཅིག༔ ཚེ་ལས་འདས་པ་ཁྱོད་ཉོན་དང༔ ས་འདི་མན་ཆད་དུད་འགྲོའི་ས༔ ད་ལྟ་ཅི་སྣང་གང་དྲན་རྣམས༔ འཁྲུལ་ཞིང་ལོག་པ་ཁོ་ན་སྟེ༔ བག་ཆགས་འཁྲི་བ་ཀུན་ཆོད་ལ༔ ཐུགས་རྗེ་ཆེན་པོ་དྲན་པར་གྱིས༔ གསོལ་བ་ཐོབས་དང་གྲོལ་བར་འགྱུར༔ ཧཱུྃ་ལས་གནམ་ལྕགས་འཁོར་ལོའི་དབུས༔ བྷྲཱུྃ་ལས་བྱང་ཆུབ་མཆོད་རྟེན་གྱི༔ བུམ་པར་ཐུགས་རྗེ་ཆེན་པོ་དང༔ སེང་གེ་རབ་བརྟན་ཞབས་དྲུང་དུ༔ ཚེ་འདས་ལྷ་ཡི་རྣམ་པར་གནས༔ འོག་གཞི་འཁོར་ལོ་འཁོར་བ་ཡིས༔ གཤིན་གཅགས་འདྲེ་བདུད་རྡུལ་དུ་བརླག༔ ཧཱུྃ༔ ཀླུ་ཡི་ཡུལ་དུ་གྲི་སྲིད་པས༔ ཀླུ་རྒྱལ་གཙུག་ན་རིན་ཆེན་ནི༔ ལོངས་སྤྱོད་དཔལ་དང་ལྡན་པའི་ཚེ༔ ལྷ་མིན་ཐམས་ཅད་ཕྲག་དོག་ནས༔ ཀླུ་དང་ལྷ་མིན་འཁྲུགས་པའི་ཚེ༔ ལྷ་མིན་ཨ་སུ་ཨ་ད་བསད༔ ལྷ་མིན་རྣམས་ཀྱི་རྫུ་འཕྲུལ་གྱིས༔ བར་སྣང་ཁམས་སུ་ཡུངས་དཀར་གཏོར༔ ནད་མཚོན་དུག་གྱུར་ཀླུ་ཡུལ་ཕུང༔ ཀླུ་ཡི་གྲི་ནི་དེ་ནས་སྲིད༔ དེ་ཚེ་བཅོམ་ལྡན་ཤཱཀ་ཐུབ་ཀྱིས༔ ཀླུ་ཡི་གྲི་རྣམས་འདུལ་བར་མཛད༔ ཨོཾ་ཨཱཿཧཱུྃ་ལས་གཏོར་མ་ནི༔ འདོད་པའི་ཡོན་ཏན་ལོངས་སྤྱོད་ཚོགས༔ ཤཱཀ་ཐུབ་སྤྱན་རས་གཟིགས་ལ་འབུལ༔ ཀླུ་ཡི་གྲི་ལས་བསྐྱབ་ཏུ་གསོལ༔ ཨོཾ་ལས་གླུད་གཏོར་འདོད་ཡོན་གྱིས༔ ཀླུ་ཡི་གྲི་ཡི་ལན་ཆགས་སྦྱངས༔ གཞན་དུ་སོང་ལ་མ་གནོད་ཅིག༔ རྒྱུ་མཐུན་ལས་ཀྱི་སྒྲིབ་པ་རྣམས༔ ཡི་གེ་ནཱ་ཡི་རྣམ་པར་གནས༔ ཡེ་ཤེས་ཐུགས་རྗེའི་མེ་དཔུང་གིས༔ དམིགས་མེད་ཀ་དག་ངང་དུ་བསྲེགས༔ ཡེ་ཤེས་ཐུགས་རྗེའི་ཆུ་རྒྱུན་གྱིས༔ བག་ཆགས་སྒྲིབ་པ་མ་ལུས་བཀྲུ༔ སྡིག་སྒྲིབ་ཐམས་ཅད་དག་གྱུར་ཅིག༔ ཚེ་ལས་འདས་པ་ཁྱོད་ཉོན་དང༔ ས་འདི་མན་ཆད་དུད་འགྲོའི་ཀླུ༔ ད་ལྟ་ཅི་སྣང་གང་དྲན་རྣམས༔ འཁྲུལ་ཞིང་ལོག་པ་ཁོ་ན་སྟེ༔ བག་ཆགས་འཁྲི་བ་ཀུན་ཆོད་ལ༔ ཐུགས་རྗེ་ཆེན་པོ་དྲན་པར་གྱིས༔ གསོལ་བ་ཐོབས་དང་གྲོལ་བར་འགྱུར༔ ཧཱུྃ་ལས་གནམ་ལྕགས་འཁོར་ལོའི་དབུས༔ བྷྲཱུྃ་ལས་བྱང་ཆུབ་མཆོད་རྟེན་གྱི༔ བུམ་པར་ཐུགས་རྗེ་ཆེན་པོ་དང༔ ཤཱཀྱ་ཐུབ་པའི་ཞབས་དྲུང་དུ༔ ཚེ་འདས་ལྷ་ཡི་རྣམ་པར་གནས༔ འོག་གཞིའི་འཁོར་ལོ་འཁོར་བ་ཡིས༔ གཤིན་གཅགས་འདྲེ་བདུད་རྡུལ་དུ་བརླག༔ ཧཱུྃ༔ ལྷ་མིན་རྣམས་ཀྱིས་ལྷ་ཡུལ་དུ༔ དམག་དྲངས་ལྷ་ཡི་རྒྱལ་སྲས་བསད༔ ལྷ་ཡི་བཅོམ་ལྡན་ཐུགས་རྗེ་བསྐུལ༔ དཔལ་ཆེན་རྡོ་རྗེའི་མཚོན་ཆ་ཡིས༔ ལྷ་མིན་ང་རྒྱལ་དྲག་པོ་བསད༔ ལྷ་མིན་གྲི་ནི་དེ་ནས་བྱུང༔ བཅོམ་ལྡན་ཐུགས་སྤྲུལ་ཐགས་བཟང་གིས༔ དབུགས་དབྱུང་གྲི་རྣམས་འདུལ་བར་མཛད༔ ཨོཾ་ཨཱཿཧཱུྃ་ལས་གཏོར་མ་ནི༔ འདོད་པའི་ཡོན་ཏན་ལོངས་སྤྱོད་ཚོགས༔ ཐགས་བཟང་སྤྱན་རས་གཟིགས་ལ་འབུལ༔ ལྷ་མིན་གྲི་ལས་བསྐྱབ་ཏུ་གསོལ༔ ཨོཾ་ལས་གླུད་གཏོར་འདོད་ཡོན་གྱིས༔ ལྷ་མིན་གྲི་ཡི་ལན་ཆགས་སྦྱངས༔ གཞན་དུ་སོང་ལ་མ་གནོད་ཅིག༔ རྒྱུ་མཐུན་ལས་ཀྱི་སྒྲིབ་པ་རྣམས༔ ཡི་གེ་སུ་ཡི་རྣམ་པར་གནས༔ ཡེ་ཤེས་ཐུགས་རྗེའི་མེ་དཔུང་གིས༔ དམིགས་མེད་ཀ་དག་ངང་དུ་བསྲེགས༔ ཡེ་ཤེས་ཐུགས་རྗེའི་ཆུ་རྒྱུན་གྱིས༔ བག་ཆགས་སྒྲིབ་པ་མ་ལུས་བཀྲུ༔ སྡིག་སྒྲིབ་མ་ལུས་དག་གྱུར་ཅིག༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ས་འདི་མན་ཆད་ལྷ་མིན་གནས༔ ད་ལྟ་ཅི་སྣང་གང་དྲན་རྣམས༔ འཁྲུལ་ཞིང་ལོག་པ་ཁོ་ན་སྟེ༔ བག་ཆགས་འཁྲི་བ་ཀུན་ཆོད་ལ༔ ཐུགས་རྗེ་ཆེན་པོ་དྲན་པར་གྱིས༔ གསོལ་བ་ཐོབས་དང་གྲོལ་བར་འགྱུར༔ ཧཱུྃ་ལས་གནམ་ལྕགས་འཁོར་ལོའི་དབུས༔ བྷྲཱུྃ་ལས་བྱང་ཆུབ་མཆོད་རྟེན་གྱི༔ བུམ་པར་ཐུགས་རྗེ་ཆེན་པོ་དང༔ བཅོམ་ལྡན་ཐགས་ཟང་ཞབས་དྲུང་དུ༔ ཚེ་འདས་ལྷ་ཡི་རྣམ་པར་གནས༔ འོག་གཞིའི་འཁོར་ལོ་འཁོར་བ་ཡིས༔ གཤིན་གཅགས་འདྲེ་བདུད་རྡུལ་དུ་བརླག༔ ཧཱུྃ༔ ལྷ་ཡི་དཔག་བསམ་ལྗོན་ཤིང་ལ༔ ལྷ་མིན་ཕྲག་དོག་གཡུལ་ལངས་ནས༔ སུམ་ཅུ་རྩ་གསུམ་ལྷ་གནས་ནས༔ ཡིད་བཞིན་གཙུག་གིས་ཤར་ཕྱོགས་བསྲུངས༔ བདེ་འགྲོ་ལེགས་པས་ལྷོ་ཕྱོགས་བསྲུངས༔ ཐར་ལམ་འདྲེན་གྱིས་ནུབ་ཕྱོགས་བསྲུངས༔ ཀུན་སྣང་སྲུང་བས་བྱང་བསྲུངས་ཀྱང༔ ཁང་བཟང་དག་ཏུ་ལྷ་མིན་བསླེབས༔ ལྷ་ཡི་དབང་པོའི་སྲས་གཅིག་བསད༔ ལྷ་རྣམས་ཐམས་ཅད་རོ་ལ་ངུས༔ བཅོམ་ལྡན་བརྒྱ་བྱིན་ཉིད་དུ་སྤྲུལ༔ ལྷ་རྣམས་ཐམས་ཅད་དབུགས་དབྱུང་མཛད༔ ཨོཾ་ཨཱཿཧཱུྃ་ལས་གཏོར་མ་ནི༔ འདོད་པའི་ཡོན་ཏན་ལོངས་སྤྱོད་ཚོགས༔ བརྒྱ་བྱིན་སྤྱན་རས་གཟིགས་ལ་འབུལ༔ ལྷ་ཡི་གྲི་ལས་བསྐྱབ་ཏུ་གསོལ༔ ཨོཾ་ལས་གླུད་གཏོར་འདོད་ཡོན་གྱིས༔ ལྷ་ཡི་གྲི་ཡི་ལན་ཆགས་སྦྱངས༔ གཞན་དུ་སོང་ལ་མ་གནོད་ཅིག༔ རྒྱུ་མཐུན་ལས་ཀྱི་སྒྲིབ་པ་རྣམས༔ ཡི་གེ་ཨ་ཡི་རྣམ་པར་གནས༔ ཡེ་ཤེས་ཐུགས་རྗེའི་མེ་དཔུང་གིས༔ དམིགས་མེད་ཀ་དག་ངང་དུ་བསྲེགས༔ ཡེ་ཤེས་ཐུགས་རྗེའི་ཆུ་རྒྱུན་གྱིས༔ བག་ཆགས་དྲི་མ་མ་ལུས་བཀྲུ༔ སྡིག་སྒྲིབ་མ་ལུས་དག་གྱུར་ཅིག༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ས་འདི་མན་ཆད་ལྷ་ཡི་གནས༔ ད་ལྟ་ཅི་སྣང་གང་དྲན་རྣམས༔ འཁྲུལ་ཞིང་ལོག་པ་ཁོ་ན་སྟེ༔ བག་ཆགས་འཁྲི་བ་ཀུན་ཆོད་ལ༔ ཐུགས་རྗེ་ཆེན་པོ་དྲན་པར་གྱིས༔ གསོལ་བ་ཐོབས་དང་གྲོལ་བར་འགྱུར༔ བྷྲཱུྃ་ལས་བྱང་ཆུབ་མཆོད་རྟེན་གྱི༔ བུམ་པར་ཐུགས་རྗེ་ཆེན་པོ་དང༔ བཅོམ་ལྡན་བརྒྱ་བྱིན་ཞབས་དྲུང་དུ༔ ཚེ་འདས་ལྷ་ཡི་རྣམ་པར་གནས༔ འོག་གཞིའི་འཁོར་ལོ་འཁོར་བ་ཡིས༔ གཤིན་གཅགས་འདྲེ་བདུད་རྡུལ་དུ་བརླག༔ ཧཱུྃ༔ མི་ཡི་ཡུལ་དུ་གྲི་སྡང་བ༔ བཙན་བདུད་སྨན་དང་རྒྱལ་པོ་རྣམས༔ བཅོམ་ལྡན་རིགས་གསུམ་མགོན་པོ་དང༔ རིག་འཛིན་པདྨ་དྲག་པོ་ཡིས༔ དམ་ལ་བཏགས་ཤིང་གྲི་འདུལ་མཛད༔ ཨོཾ་ཨཱཿཧཱུྃ་ལས་གཏོར་མ་ནི༔ འདོད་པའི་ཡོན་ཏན་ལོངས་སྤྱོད་ཚོགས༔ བླ་མ་ཡི་དམ་རྣམས་ལ་འབུལ༔ མི་རྣམས་གྲི་ལས་བསྐྱབ་ཏུ་གསོལ༔ ཨོཾ་ལས་གླུད་གཏོར་འདོད་ཡོན་གྱིས༔ བཙན་བདུད་སྨན་དང་རྒྱལ་པོ་བརྔན༔ ཀུན་ཀྱང་དགའ་མགུ་ཡི་རངས་ནས༔ གཞན་དུ་སོང་ལ་མ་གནོད་ཅིག༔ རྒྱུ་མཐུན་ལས་ཀྱི་སྒྲིབ་པ་རྣམས༔ ཡི་གེ་ནྲྀ་ཡི་རྣམ་པར་གནས༔ ཡེ་ཤེས་ཐུགས་རྗེའི་མེ་དཔུང་གིས༔ དམིགས་མེད་ཀ་དག་ངང་དུ་བསྲེགས༔ ཡེ་ཤེས་ཐུགས་རྗེའི་ཆུ་རྒྱུན་གྱིས༔ བག་ཆགས་དྲི་མ་མ་ལུས་བཀྲུ༔ སྡིག་སྒྲིབ་མ་ལུས་དག་གྱུར་ཅིག༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ས་འདི་མན་ཆད་འཁོར་བའི་གནས༔ ད་ལྟ་ཅི་སྣང་གང་དྲན་རྣམས༔ འཁྲུལ་ཞིང་ལོག་པ་ཁོ་ན་སྟེ༔ བག་ཆགས་འཁྲི་བ་ཀུན་ཆོད་ལ༔ བླ་མ་ཡི་དམ་དྲན་པར་གྱིས༔ གསོལ་བ་ཐོབས་དང་འདྲེན་པར་འགྱུར༔ ཧཱུྃ་ལས་གནམ་ལྕགས་འཁོར་ལོའི་དབུས༔ བྷྲཱུྃ་ལས་བྱང་ཆུབ་མཆོད་རྟེན་གྱི༔ བུམ་པར་བླ་མ་ཡི་དམ་དྲུང༔ ཚེ་འདས་ལྷ་ཡི་རྣམ་པར་གནས༔ འོག་གཞིའི་འཁོར་ལོ་འཁོར་བ་ཡིས༔ གཤིན་གཅགས་འདྲེ་བདུད་རྡུལ་དུ་བརླག༔ སློབ་དཔོན་དང་མཆེད་ལྕམ་རྣམས་ཀྱིས་བསྒོམ་ཞིང་གྱེར་ལ་ལས་ཀྱི་རྡོ་རྗེས་གཏོར་མ་འབུལ་ཞིང་གླུད་གཏོང་བ་ས་བོན་གྱི་བྱང་བུ་བསྲེགས་ལ་ཁྲུས་བྱ་ཞིང་དལ་སྡུད་པ༔ མཚམས་གཅད་པ་རྣམས་བྱ་ཞིང༔ མིང་བྱང་མཆོད་རྟེན་སོ་སོའི་བུམ་སྒོར་བཅུག་པ་སོགས་བྱའོ༔ གླུད་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས་ལ༔ སྔ་རབས་རྒན་གྱི་གྲི་སྲི་རྣམས༔ བུ་ཚ་གཞོན་གྱི་སྲོག་ལ་འབེབ༔ བདུན་རྒྱུད་རིགས་ལ་ཞེ་བརྣག་པའི༔ གྲི་སྲི་ལྷ་འདྲེ་ཐམས་ཅད་ལ༔ མི་བས་གླུད་བཟང་འདི་འབུལ་གྱིས༔ ལན་ཆགས་མ་ལུས་ཀུན་བྱང་ནས༔ བུ་ཚ་བདུན་རྒྱུད་ཚུན་ཆོད་ལ༔ ཁྱོད་ཀྱིས་གནོད་པ་མ་བྱེད་ཅིག༔ གལ་ཏེ་བཀའ་ལས་འདས་པ་ན༔ དཀོན་མཆོག་བདེན་པས་རྡུལ་དུ་རློག༔ དེ་བཞིན་གཤེགས་པའི་མཚན་བཞི། སམྦྷ་རའི་སྔགས་ཀྱིས་གླུད་ཆུང་བརྒྱ་རྩ་བསྔོས་ལ༔ ཧཱུྃ༔ གླུད་ཀྱིས་ཚིམས་ནས་གཞན་དུ་འགྲོ་བྱེད་པའི༔ བཙན་བདུད་སྨན་དང་རྒྱལ་པོ་འདྲེ་བཞི་དང༔ གྲི་ཡི་བདག་པོ་བཅོ་ལྔ་གྲི་མོའི་ཚོགས༔ ཟ་འདྲེ་ཤི་གཤེད་བྱེད་པའི་རིགས་རྣམས་ཀྱིས༔ གླུད་འདི་ཁྱེར་ལ་མཐའ་མེད་ཕ་རོལ་སོང༔ གལ་ཏེ་བདེན་པའི་ཚིག་ལ་མི་ཉན་ཞིང༔ སྦྱིན་པའི་ཟས་མི་ཟ་བའི་བགེགས་རིགས་ཀུན༔ ངས་ནི་ཡེ་ཤེས་མེ་ཡི་ལས་སྦྱོར་གྱིས༔ གང་དག་མི་ཉན་དེ་དག་བརླག་པར་བྱེད༔ དེ་བས་མ་འདུག་གཞན་དུ་འགྲོ་བར་གྱིས༔ བསླུ་མེད་དཀོན་མཆོག་གསུམ་གྱི་བདེན་པ་དང༔ བླ་མ་ཡི་དམ་མཁའ་འགྲོའི་མཐུ་སྟོབས་ཀྱིས༔ གྲི་བདུད་དམ་སྲི་ཐམས་ཅད་ཕྱིར་སྐྲོད་ཅིག༔ གུ་གུལ་ཡུངས་དཀར་ཧཱུྃ་བཞིའི་སྔགས་ཀྱིས་ཕྱིར་བསྐྲད༔ སྲུང་འཁོར་བསྒོམ༔ དམར་གྱི་གཏོར་མ་ལ་གྲི་སྲི་རྣམས་བཀུག་ལ༔ ལུས་རྡུལ་ཕྲན་ལྟར་ཞིག་ནས་ཤ་ཁྲག་གི་རྒྱ་མཚོར་བསམ་ལ༔ ཧཱུྃ༔ ནམ་མཁའ་དབྱིངས་ཀྱི་གཞལ་ཡས་ནས༔ དཔལ་གྱི་ཕོ་ཉ་དུས་ལ་བབས༔ གྲི་རྣམས་ཐམས་ཅད་མ་བྲོས་ཤིག༔ གལ་ཏེ་གྲི་རྣམས་བྲོས་སྲིད་ན༔ འབར་མ་རྣམས་ཀྱིས་བར་སྣང་ཁེངས༔ ཤ་ཁྲག་མཆོད་པ་འདི་བཞེས་ལ༔ ཁྱུང་ཁྲ་འཛིན་མས་ཆུ་གྲི་སོད༔ བན་གླང་སྣ་ཡི་མདའ་གྲི་སོད༔ མེ་ལྕེ་གློག་ཕྲེང་བུ་གྲི་སོད༔ ཀླུ་མོ་ལྕེ་འབེབ་རྟ་གྲི་སོད༔ སྦྲུལ་ཞགས་འཕེན་མས་རྡོ་གྲི་སོད༔ གསོད་བྱེད་གྲི་ཐོག་རྦབ་གྲི་སོད༔ རཀྟ་དམར་སྟབས་མེ་གྲི་སོད༔ དཔལ་གྱི་མཐུ་འཕྲོག་གྲི་གྲི་སོད༔ གཞན་ཡང་ཕུར་སྲུང་དམ་ཅན་གྱིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ གྲི་ཕྲན་གྲི་བོ་འདུལ་བར་མཛོད༔ བགེགས་རིགས་དུལ་དུལ་དུལ་གྱུར་ཅིག༔ དེ་ནས་གཟུགས་རྟེན་གྱི་རྨ་གསོ་བའི་ཚུལ་དུ་རྩི་སྨན་རྣམས་འཐོར་ཞིང༔ ཧཱུྃ༔ སངས་རྒྱས་ཡུམ་ལྔའི་བྱིན་རླབས་དང༔ ཏིང་འཛིན་སྔགས་སྨན་ནུས་མཐུ་ཡིས༔ གྱེར་བ་ཙམ་གྱིས་གྲི་རྣམས་འདུལ༔ སྔགས་ཀྱིས་མཚོན་རྣམས་ཐམས་ཅད་གསོ༔ སྨན་གྱིས་རྨ་རྣམས་ཐམས་ཅད་གསོ༔ སངས་རྒྱས་སྤྱན་མའི་སྔགས་བཟླས་ལ་བཀྲུ་ཞིང་རྨ་རྣམས་སོས་པར་བསམ༔ དེ་ནས་སྒོ་ཡི་ཕྱིར་མཐིང་ནག་གྲུ་གསུམ་བྲིས་པའི་ཁར༔ དྲག་པོའི་ཤིང་གི་ཧོམ་ཆེན་པོ་ཞིག་བརྩིགས་ལ་མེ་སྦར་ཞིང༔ ཧཱུྃ་ལས་དྲག་པོའི་ཐབ་ཁུང་གྲུ་གསུམ་པའི་ནང་དུ་མེ་ལྷ་མཐིང་ནག་རལ་གྲི་དང་ཞགས་པ་ཐོགས་པ་ར་སྐྱེས་ལ་འཆིབས་པ་འཇིགས་སུ་རུང་བའི་སྐུར་གསལ་བར་གྱུར༔ ཧཱུྃ༔ དྲང་སྲོང་མེ་ལྷའི་ལྷ་ཚོགས་འདིར་གཤེགས་ལ༔ དགྱེས་པར་བཞུགས་ལ་གུས་པས་ཕྱག་ཀྱང་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ་གྱིས་བཞེས༔ དྲང་སྲོང་མེ་ལྷའི་ཚོགས་ལ་ཕྱག་འཚལ་བསྟོད༔ གདུག་པའི་གྲི་སྲི་འདུལ་བའི་ཕྲིན་ལས་མཛོད༔ ཅེས་ཕྱི་ནང་གསང་མཆོད་ཐབ་ཏུ་འབུལ་ལོ༔ ཡེ་ཤེས་མེ་ལྷ་རང་གནས་སུ་གཤེགས༔ དམ་ཚིག་མེ་ལྷ་འབར་བའི་རྣམ་པར་གྱུར་པའི་ཀློང་དུ་ཨེ་ཁྲོམ་གྱི་དཀྱིལ་འཁོར་ཆེན་པོར་གྱུར་པའི་ནང་དུ་རྡོ་རྗེ་གཞོན་ནུའི་སྐུ་རི་རབ་ཙམ་གསུང་འབྲུག་སྟོང་ལྡིར་ཞིང་ཐུགས་དགྲ་བགེགས་ལ་གནག་ཅིང་ཁྲོས་འཁྲུགས་རྔམས་པའི་ཚུལ་གྱིས་བཞུགས་པར་གྱུར༔ ཧཱུྃ༔ རྡོ་རྗེ་ཕུར་བུའི་ལྷ་ཚོགས་མ་ལུས་རྣམས༔ མི་མངོན་དབྱིངས་ནས་གནས་འདིར་གཤེགས་ནས་ཀྱང༔ འབར་བ་མེ་ཡི་ཀློང་དུ་བཞུགས་སུ་གསོལ༔ བརྐྱང་བསྐུམ་སྲིན་པོའི་གར་གྱིས་ཕྱག་འཚལ་ལོ༔ དབང་པོའི་མེ་ཏོག་ལ་སོགས་ཕྱི་མཆོད་འབུལ༔ གསང་བ་སྨན་རཀ་གཏོར་མའི་མཆོད་པ་དང༔ སྦྱོར་སྒྲོལ་གཉིས་ཀྱི་ཐུགས་དམ་བསྐང་གྱུར་ཅིག༔ བདུད་འདུལ་ཁྲོ་བོའི་ཚོགས་ལ་ཕྱག་འཚལ་བསྟོད༔ དམ་སྲི་བདུད་བགེགས་འདུལ་བའི་ཕྲིན་ལས་མཛོད༔ མཆོད་པ་རྣམས་འབུལ་ཞིང་བཤོས་ནག༔ ཆང་ནས་འབྲུ་ནག་ཤུག་པ་བལ་བུ་སོགས་བསྲེག་རྫས་རྣམས་འབུལ་ཞིང༔ ཧཱུྃ༔ ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ༔ དམ་རྫས་བདུད་རྩིའི་བསྲེག་བླུག་འདི་འབུལ་གྱིས༔ བདག་ཅག་ཡོན་མཆོད་རྣམས་ལ་གནོད་པ་ཡི༔ གྲི་སྲི་ཐམས་ཅད་ད་ལྟ་ཕུང་བར་མཛོད༔ སྤྱི་དྲིལ་གྱི་སྔགས་ཀྱིས་རྫས་འབུལ་ལ༔ མིང་བྱང་ཤོག་ལིང་ཐུན་རྫས་དང་བཅས་ཐབ་ལ་འབུལ་ཞིང༔ སྡང་བའི་དགྲ་དང་གནོད་པར་བྱེད་པའི་བགེགས༔ ཟ་བའི་འདྲེ་དང་ཕུང་བའི་སྲི་རྣམས་དང༔ ཡིད་ལ་དམིགས་པའི་གྲི་རུ་སྡང་བ་འདི༔ སྡོང་ཟླ་ཟ་འདྲེ་གྲི་བོར་བཅས་པ་རྣམས༔ དཔལ་ཆེན་ལྷ་ཚོགས་རྣམས་ཀྱི་ཞལ་དུ་བསྟབ༔ མིང་དང་རྗེས་ཤུལ་ཙམ་ཡང་མེད་པར་མཛོད༔ སྤྱི་དྲིལ་གྱི་སྔགས་མཐར་སོ་སོའི་མིང་སྤེལ་ལ༔ ཛྭ་ལ་རཾ་བཛྲ་ཡཀྴ་ཀྲོ་དྷ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ གཞན་རྣམས་བདུན་རེ་དང༔ གང་ལ་དམིགས་པ་བརྒྱ་རྩ་འབུལ༔ སྤྱིར་གྲི་འདྲེ་བཞི་གྲི་བདག་བཅོ་ལྔ་གཞུང་ཡིན་ལ་ཟུར་བཀའ་ཟ་འདྲེ་དང་གྲི་བོ་གཉིས་ཏེ་བྲུབ་ཁུང་མིང་བྱང་བསྲེག་རྫས་འགུག་ཅིང་གཟིར་བ་རྣམས་ཉེར་གཅིག་ཡིན་པར་ཤེས་པར་བྱའོ༔ སྐབས་འདིར་སླར་ཡང་ཚེ་འདས་རིགས་དྲུག་གི་གནས་ནས་བཀུག་ལ༔ དེ་ཡང་བདེན་སྟོབས་བརྗོད་པའི་མཐར༔ ཚེ་ལས་འདས་པ་ཆེ་གེ་རིགས་དྲུག་སྲིད་པ་བར་མ་དོ་གར་གནས་ཀྱང་མིང་བྱང་འདིར་མཆིས་པར་གྱུར་ཅིག༔ སྤྱི་དྲིལ་གྱི་མཐར། ཚེ་ལས་འདས་པ་ཆེ་གེ་མོ་དུ་ཏྲི་པྲེ་སུ་ཨ་ནྲྀ་ཡེ་ཨ་ཀརྵ་ཡ་ཛ༔ ཛཿཧཱུྃ་བཾ་ཧོཿས་འགུགས་འཆིང་སྡོམ་མྱོས་བརྟན་པར་བསམ༔ ལྷ་ཚོགས་རྣམས་ཀྱི་ཐུགས་ཀའི་འོད་ཟེར་གྱིས་གནས་དྲུག་གི་ཡི་གེ་སྦྱངས༔ ཚེ་འདས་རྡོ་རྗེ་སེམས་དཔར་གྱུར་པའི་གནས་ལྔར་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་རྣམས་ཡེ་ཤེས་ལྔ་ཡི་བདག་ཉིད་དུ་བསམ༔ འདོད་ཡོན་རྣམས་བྱིན་གྱིས་བརླབ་ལ༔ ཧཱུྃ༔ ཕྱི་ཡི་འདོད་ཡོན་ཞལ་ཟས་སྣ་ཚོགས་དང༔ ནང་གི་འདོད་ཡོན་དམ་རྫས་ཨ་མྲྀ་ཏ༔ གསང་བའི་འདོད་ཡོན་ལྷ་དང་ལྷ་མོའི་ཚོགས༔ ཁྱོད་ལ་བསྔོས་པས་ཞེན་ཆགས་ཀུན་བྲལ་ཤོག༔ མེ་གཞན་ཞིག་ལ་བསྲེགས་ཏེ༔ ཨོཾ་ཨཱཿཧཱུྃ་བཟླས་བུམ་པ་སྤྱི་བོར་བཟུང་ལ༔ ཧཱུྃ༔ བུམ་པའི་དབང་བསྐུར་ལུས་སྒྲིབ་ཀུན་དག་ཤོག༔ བདུད་རྩི་ཁར་སྦྱིན་ངག་སྒྲིབ་ཀུན་དག་ཤོག༔ དབང་གི་དོན་བསྒོམ་ཡིད་སྒྲིབ་ཀུན་དག་ཤོག༔ རྣམ་གསུམ་དབྱེར་མེད་ཤེས་བྱའི་སྒྲིབ་དག་ནས༔ འབྲས་བུ་སྐུ་བཞི་མྱུར་དུ་ཐོབ་གྱུར་ཅིག༔ སྤྱི་དྲིལ་གྱི་མཐར༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ ལག་པ་གཡས་གཡོན་རིགས་ལྔ་ཡབ་ཡུམ་དུ་གསལ་བའི་སྦྱོར་མཚམས་ནས་འོད་ཟེར་འཕྲོས་ཚེ་འདས་ལ་ཕོག་པས་རིག་པ་རྡོར་སེམས་སུ་གསལ་བ་ཨ་རུ་འདུས་ནས་ལག་པའི་རིགས་ལྔ་ཡབ་ཡུམ་གྱི་གཙོ་བོའི་ཞལ་དུ་ཞུགས༔ སྦྱོར་མཚམས་སུ་རྡོ་རྗེ་སེམས་དཔར་གྱུར་ཏེ་བདེ་བ་ཅན་དུ་སོང་བར་བསམ་ལ༔ ཧཱུྃ༔ ཐབས་ཀྱི་གཞུ་ལ་ཤེས་རབ་མདའ་བཀང་སྟེ༔ ཐབས་ཤེས་ཡབ་ཡུམ་སྦྱོར་བའི་འཕྲོ་འདུ་ཡིས༔ རྒྱལ་བའི་སྲས་སུ་བྱས་ནས་འོག་མིན་དུ༔ རྩལ་ཆེན་མདའ་འཕངས་བཞིན་དུ་སྐྱེ་བར་ཤོག༔ མདའ་གཞུའི་ཕྱག་རྒྱ་དང་བཅས་ཏེ༔ ཕཊ྄༔ བརྗོད་ཅིང་དམིགས་མེད་དུ་བཞག༔ ཧཱུྃ༔ ཡེ་ཤེས་ལྔ་ཡི་མེ་ཀློང་དུ༔ ཚེ་འདས་དུག་ལྔའི་ཕུང་པོ་བསྲེགས༔ བག་ཆགས་དྲི་མ་ཀུན་བྱང་སྟེ༔ ཡེ་ཤེས་ཚོགས་གཉིས་རྫོགས་པར་ཤོག༔ སྤྱི་དྲིལ་གྱི་སྔགས་མཐར༔ ཆེ་གེ་མོའི༔ སརྦ་པཱ་པཾ་ཛྭ་ལ་རཾ༔ དེ་ནས་མེ་ལྷ་ལ་མཆོད་བསྟོད་ནོངས་བཤགས་བྱས་ལ༔ ཡེ་ཤེས་པ་གཤེགས༔ བཛྲ་མུ༔ དམ་ཚིག་པ་རང་གི་ཐུགས་ཀར་བསྟིམ༔ ཛཿཧཱུྃ༔ དམོད་བཅོལ་དང་བཅས་ཏེ་ཁྲག་ཆུས་མེ་བསད༔ གྲི་ལམ་གཅད་པ་ནི༔ མཆོད་རྟེན་གྱི་འོག་གམ༔ ལམ་རྒྱ་གྲམ་དུ་ཐལ་སོལ་ལ་དགུག་གཞུགས་བྱས་ལ་མནན་ཅིང་རྟ་བྲོ་བརྡུང༔ གལ་ཆེ་ན་ལིངྒ་ཟུར་པ་བྲིས་ལ༔ མནན་པའི་ཆོ་ག་ཚུལ་བཞིན་དུ་བྱས་ལ་ཐལ་སོལ་དང་ལྷན་ཅིག་ཏུ་མནན་པ་གནད་དམ་པའོ༔ དེ་ནས་དཀྱིལ་འཁོར་གཤེགས་བསྡུ་གཞུང་བཞིན་བྱས་ལ༔ ཆས་རྣམས་དབེན་པར་བཞག་ལ་དམིགས་མེད་ཀྱི་ངང་ནས་རྒྱས་གདབ་པ་གནད་དམ་པའོ༔ གྲིར་ཤི་བ་རྣམས་ལ་འདི་ཡི་ཆོ་ག་མ་བྱས་ན་ཞེ་སྡང་གི་ཀུན་སློང་གིས་ཚེ་འདས་དེ་དམྱལ་བར་སྐྱེ༔ རྒྱུ་མཐུན་གྱི་འབྲས་བུ་སྐྱེ་བ་བདུན་དུ་གྲིར་འཆི་ཞིང་བཙན་བདུད་རྣམས་ཤ་ཁྲག་ལ་རྔམས་པས་དེའི་རིགས་རུས་དང་གནས་དེར་སྡོད་པའི་མི་རབས་བདུན་ལ་གྲིར་ཤི་འོང་བས་གྲི་འདུལ་ལ་བརྩོན་པ་གལ་ཆེ༔ ཚུལ་འདི་ཚད་དང་མ་ལྡན་ན༔ ལྕགས་ལ་ངར་བླུད་པའམ་མི་ཐུབ་པ་ལ་འགྲས་བཟུང་བ་དང་འདྲ་སྟེ་གྲི་རྒོད་དུ་ཤོར་བའི་ཉེན་ཆེ་བས་གཟབ་འཚལ༔ ཚད་དང་ལྡན་པར་བྱས་པའི་ཕན་ཡོན་ནི༔ གཤིན་པོ་བདེ་འགྲོ་ཐོབ་ཅིང༔ གསོན་པོ་ཚེ་རིང་བར་ཆད་ཉུང༔ ལོངས་སྤྱོད་ཆེ༔ སྒབ་འཕེལ༔ སྲིས་སྨེ་བསམ་པ་འགྲུབ་བོ༔ དེ་ལྟར་ད་ལྟའི་མངའ་བདག་ཡབ་སྲས་རྗེ་འབངས༔ མ་འོངས་སྙིགས་མའི་སེམས་ཅན་ལ་ཕན་པའི་ཕྱིར་དུ་བཀོད་པའོ༔ ས་མ་ཡ༔ རྒྱ་རྒྱ༔ ཞེས་ཁོ་བོ་མཆོག་གྱུར་བདེ་ཆེན་གླིང་པས་མདོ་ཁམས་ཡེལ་བྲག་ནམ་མཁའ་མཛོད་ནས་མེ་འབྲུག་ཆུ་སྟོད་ཟླ་བའི་ཚེས་བཅུ་ལ་སྐལ་ལྡན་འདུས་པ་བདུན་གྱིས་མཐོང་བར་སྤྱན་དྲངས་ནས། སླར་མེ་སྦྲུལ་ལོ་མགོ་ཟླ་བའི་ཚེས་བཅོ་ལྔ་ལ་འོག་མིན་ཀརྨའི་རི་ཁྲོད་དུ་ཤོག་སེར་ལས་བསྒྱུར་བའི་ཡི་གེ་པ་ནི་ཟུར་མང་རྟོགས་ལྡན་དཀོན་མཆོག་རྒྱལ་མཚན་གྱིས་བགྱིས་པ་དགེ་ལེགས་འཕེལ། །སརྦ་དཱ་མངྒ་ལཾ་བྷ་བནྟུ།། །། ༈ འདིའི་གཏེར་གཞུང་འགྲོ་དྲུག་གི་གྲི་འདུལ་སྐབས་འགྲོ་དྲུག་སོ་སོར་ཚིག་འདྲ་མིན་རྒྱས་བསྡུས་ཅུང་ཟད་ཡོད་པ། ཐུགས་སྒྲུབ་སྲི་ཟློག་རཀྴ་ཐོད་ཕྲེང་ལ་གྲི་འདུལ་འདི་ཆོག་ཁྲིགས་ཡོད་པ་དང་བསྟུན་ནས་གཅིག་གྱུར་འདོན་བདེར་ཅུང་ཟད་བཅོས་པ་ཡིན་ནོ།།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).