Terdzo-NI-014

From Rinchen Terdzö

རྣམ་པར་འདྲེན་པ་མཆོག་རྣམས་ཀྱི་སྐུ་གདུང་ལ་མཆོད་པ་བྱ་བའི་ཆོ་ག་ཚོགས་གཉིས་རིན་ཆེན་ཆུ་འཛིན་

rnam par 'dren pa mchog rnams kyi sku gdung la mchod pa bya ba'i cho ga tshogs gnyis rin chen chu 'dzin

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
in cycle  རྣམ་པར་འདྲེན་མཆོག་རྣམས་ཀྱི་སྐུ་གདུང་མཆོད་ཚུལ་ཚོགས་གཉིས་རིན་ཆེན་ཆུ་འཛིན་ (Rnam par 'dren mchog rnams kyi sku gdung mchod tshul tshogs gnyis rin chen chu 'dzin)
Volume 42 (ནི) / Pages 119-148 / Folios 1a1 to 15b4

[edit]

༄༅། །རྣམ་པར་འདྲེན་པ་མཆོག་རྣམས་ཀྱི་སྐུ་གདུང་ལ་མཆོད་པ་བྱ་བའི་ཆོ་ག་ཚོགས་གཉིས་རིན་ཆེན་ཆུ་འཛིན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་ར་བེ། གང་ལ་བསྟེན་ན་སྲས་བཅས་རྒྱལ་ཀུན་གྱི། །ཡོན་ཏན་མཐའ་དག་བདེ་བླག་རྫོགས་མཛད་པ། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ནས། །དེ་མཉེས་བྱེད་པའི་ལས་ཁྲིགས་མདོར་བསྡུས་སྤེལ། །དེའང་ཇི་སྐད་དུ། སྐྱེ་བོ་ཕལ་པ་སྟོང་ཕྲག་བརྒྱ། །བྲམ་ཟེ་གཙང་མ་གཅིག་དང་སྦྱར། །བྲམ་ཟེ་གཙང་མ་སྟོང་ཕྲག་བརྒྱ། །འཁོར་ལོས་སྒྱུར་བ་གཅིག་དང་སྦྱར། །འཁོར་ལོས་སྒྱུར་བ་སྟོང་ཕྲག་བརྒྱ། །ཡེ་ཤེས་ཐོབ་པ་གཅིག་དང་སྦྱར། །ཡེ་ཤེས་ཐོབ་པ་སྟོང་ཕྲག་བརྒྱ། །དགྲ་བཅོམ་པ་ནི་གཅིག་དང་སྦྱར། །དགྲ་བཅོམ་པ་ནི་སྟོང་ཕྲག་བརྒྱ། །བླ་མ་གཅིག་དང་སྦྱར་གསུངས་པས། །དངོས་སུ་བཞུགས་ན་བླ་མ་མཆོག །གང་དང་གང་གིས་མཉེས་པས་མཆོད། །འདས་སམ་གཞན་ན་བཞུགས་ཀྱང་རུང་། །དངོས་སུ་བཞུགས་དང་ཁྱད་མེད་པར། །གུས་པའི་ཡིད་ཀྱིས་བསམ་བྱས་ཏེ། །མཎྜལ་སྔོན་དུ་འགྲོ་བ་ཡིས། །ཅི་འབྱོར་རྫས་དང་བརྟན་གཡོའི་ཚོགས། །ཐམས་ཅད་བློ་ཡིས་བླངས་ནས་འབུལ། །ཞེས་འབྱུང་སྟེ། འདུས་བྱས་ཀྱི་དགེ་བའི་ནང་ནས་བླ་མ་དགེ་བའི་བཤེས་གཉེན་ལ་འདས་མཆོད་བྱས་པ་ལས་ཕན་ཡོན་ཆེ་བ་མེད་ཅིང་། དེའང་ཐེག་པ་ཐུན་མོང་བའི་ལུགས་ཀྱི་ཕན་ཡོན་མདོར་བསྡུ་ན་དྲུག་སྟེ། སྤྱིར་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོར་འགྱུར་བ་དང་། ཁྱད་པར་དུ་དགེ་བའི་བཤེས་གཉེན་ལ་བསྟེན་ནས་བསགས་པའི་མ་གུས་པ་བྱས་པ་ཐམས་ཅད་འཛད་པར་འགྱུར་བ་དང་། ཚོགས་མྱུར་དུ་རྫོགས་པར་འགྱུར་བ་དང་། ཚེ་རབས་ཐམས་ཅད་དུ་གདུལ་བྱར་འགྱུར་བ་དང་། ཁྱད་པར་དུ་སྐྱེ་བ་འདིའི་འོག་རོལ་དུ་མཇལ་བར་འགྱུར་བ་དང་། འཁོར་བ་ལས་མྱུར་དུ་ཐར་བར་འགྱུར་བའོ། །སྔགས་གསར་རྙིང་རྣམས་སུ་ནི་སངས་རྒྱས་ཐམས་ཅད་མཆོད་པ་ལས་ནི་བླ་མའི་བ་སྤུའི་ཁུང་བུ་གཅིག་ལ་ཏིལ་མར་གྱི་ཐིགས་པས་བྱུགས་པ་བསོད་ནམས་ཆེ་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་གསུངས་སོ། །དེ་ལྟར་བཤད་པའི་མཆོད་ཚུལ་ལ་གསུམ། མདོ་ལུགས་བཀའ་གདམས་གོང་མ་རྣམས་ཀྱི་ཕྱག་བཞེས་དང་། སྔགས་ལུགས་དཀྱིལ་འཁོར་གྱི་མཆོད་པ་བདག་འཇུག་དབང་བསྐུར་བྱ་བ་དང་། བླ་མ་མཆོད་པ་དཀྱུས་མཐུན་ལ་སྐབས་སུ་བབས་པའི་མན་ངག་གིས་ཁ་བསྐང་བའོ། །དང་པོ་ནི། བྱང་ཆུབ་ཀྱི་སེམས་དང་གནས་ཡོ་བྱིན་རླབས་སྔོན་དུ་འགྲོ་བས་དགེ་བའི་བཤེས་གཉེན་དེ་ཉིད་ཀྱི་སྐུའི་རྣམ་པ། ཡོན་ཏན། རྣམ་ཐར། ཕྲིན་ལས། བྱིན་རླབས། བཀའ་དྲིན་རྗེས་སུ་དྲན་པ་དྲུག་གི་སྒོ་ནས་གསལ་བཏབ་ལ་རྒྱལ་བ་སྲས་དང་བཅས་པར་དམིགས་ལ་ཕྱག་འཚལ། སྐུ་ལ་བལྟ་བ། བསྟོད་པ། མཆོད་པ་མཎྜལ་ཉེར་སྤྱོད་སོགས་དངོས་སུ་འབྱོར་པ། ཏིང་ངེ་འཛིན་བདག་པོས་ཡོངས་སུ་མ་གཟུང་བ། ལུས་འབུལ་བ། སྒྲུབ་པའི་མཆོད་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྟེ་མཆོད་པ་རྣམ་པ་བདུན་གྱིས་མཆོད། སྡིག་པ་བཤགས་པ་སོགས་ཡན་ལག་ལྷག་མ་རྣམས་ཀྱིས་གསག་སྦྱང་གི་དངོས་གཞི་བྱ་ལ་མྱུར་དུ་འཚང་རྒྱ་བའི་མཆོག་བླང་། གསོལ་བ་འདེབས་ཤིང་ཐུགས་རྒྱུད་བསྐུལ་བའི་འདོད་གསོལ་ཞུ། སྨོན་ལམ་བཏབ་ལ། སླར་ཡན་ལག་བདུན་པ་མདོར་བསྡུས་འབུལ། ནོངས་པ་བཤགས། ཚོགས་རྟེན་རང་ལ་བསྡུས་ཏེ་སྟོང་ཉིད་ཐུན་གཅིག་བསྒོམ། བཟང་སྤྱོད་ལ་སོགས་པའི་སྨོན་ལམ་བཏབ་ནས་ཡིག་བརྒྱ་ལན་ཁ་ཡར་བཟླ་བ་ཡིན་ནོ། །གཉིས་པ་སྔགས་ལུགས་དཀྱིལ་འཁོར་གྱི་མཆོད་པ་བདག་འཇུག་དབང་བསྐུར་བྱ་བ་ནི་གཞན་དུ་བཤད་པ་ལྟར་བྱ། གསུམ་པ་བླ་མཆོད་སྤྱི་མཐུན་ལ་སྐབས་བབ་མན་ངག་གིས་ཁ་བསྐང་བ་ནི། དཀྱིལ་འཁོར་སྒྲུབ་མཆོད་དང་འབྲེལ་ན་དེའི་དངོས་གཞི་གྲུབ་མཚམས་འདིར་འཇུག །མ་འབྲེལ་ན་རྩ་གསུམ་གང་ཡང་རུང་བའི་བདག་བསྐྱེད་བཟླས་པ་དང་བཅས་པའམ། སྐད་ཅིག་གིས་ལྷར་གསལ་ཡང་ཆོག་ལ་ཁྲུས་ཆས་རྣམས་ཚོགས་པར་བྱས་ཏེ་ཁྲུས་བུམ་སྤྱི་ལྟར་བསྒྲུབ། རྟེན་གྱི་མདུན་དུ་ཕྱི་ནང་གསང་བའི་མཆོད་རྫས་ཇི་ལྟར་འབྱོར་པ་ཐམས་ཅད་བཀོད་ལེགས་སུ་བཤམས། ཆོ་གའི་ཁོག་བླ་མ་སྤྱི་ལ་རྡོར་སེམས་ཉིད་རིགས་བརྒྱའི་ཁྱབ་བདག་ཡིན་པས་ལེགས་པར་འགྱུར་ལ། ཡང་གུ་རུའི་ཐུགས་སྒྲུབ་དང་། བླ་མ་དེ་ཉིད་ཀྱིས་རྣལ་འབྱོར་གང་བྱེད་པ་སྦྱོར་ཡང་ཁྱད་པར་མེད་པས། འདིར་སྨིན་ལུགས་རྡོར་སེམས་དང་། དཀོན་མཆོག་སྤྱི་འདུས་ཉིད་ཁྱེར་བདེ་བས་དེ་དག་ལ་མཚོན་ན། སྦྱོར་བ། དངོས་གཞི། རྗེས་གསུམ། དང་པོ་ལ་བདུན་ཡོད་པའི་ཐོག་མར་སྐྱབས་སེམས་ཚོགས་གསག་ནི། བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ སོགས་སམ། ཨོཾ་ཨཱཿཧཱུྃ༔ སྐྱབས་གནས་དམ་པ་སོགས་དང་། ཆོས་རྣམས་ཐམས་ཅད་སྐུ་གསུམ་རང་བཞིན་ལ༔སོགས་ལན་གསུམ་བརྗོད། གཉིས་པ་མཆོད་པ་བྱིན་རླབས་ནི། རྡོར་སེམས་ལྟར་ན། ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སརྦ་དྲ་བྱཾ་སཾ་ཤོ་དྷཱ་ཡ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷཱ་བས་སྦྱང་། ཕྲིན་ཆོག་བྱིན་བརླབ། དཀོན་སྤྱི་ལ། རཾ་ཡཾ་ཁཾ༔ རང་གི་གནས་གསུམ་སོགས་བརྗོད། གསུམ་པ་རྟེན་བསྐྱེད་ཅིང་དགུག་པ་ནི། ཨོཾ་སྭ་བྷཱ་བ་སོགས། སྟོང་པའི་ངང་ལས་དཔལ་ལྡན་བླ་མ་དམ་པ་ཞི་བར་གཤེགས་པ། ཆེ་གེ །ཞེས་བྱ་བ་དེ་ཉིད་སྐུ་ཡི་རྣམ་པ་གསལ་ཞིང་ཡོངས་སུ་རྫོགས་པར་གྱུར། ལྕགས་ཀྱུའི་ཕྱག་རྒྱ་བྱས་ལ། ཨོཾ་བཛྲ་ས་མཱ་ཛཿ དཔལ་ལྡན་བླ་མ་དམ་པ་དགོངས་པ་ཞི་བ་ཆོས་དབྱིངས་སུ་གཤེགས་པ། ཆེ་གེ །ཞེས་བྱ་བའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཉིད་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་དང། འཇིག་རྟེན་ལས་འདས་པ་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་གང་ན་བཞུགས་ཀྱང་། བདག་སོགས་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཐུགས་རྗེས་གཟིགས་ཏེ་སྐད་ཅིག་གིས་འདིར་བྱོན་པར་མཛད་དུ་གསོལ། ཧཱུྃ། མ་ལུས་འགྲོ་བའི་མགོན་གྱུར་ཐུགས་རྗེའི་བདག །ཐེག་ཆེན་བྱང་ཆུབ་ཐུགས་བསྐྱེད་དམ་ཚིག་དང་། །བདག་སོགས་དད་མོས་གདུང་བས་སྤྱན་དྲང་ངོར། །འགྲོ་ལ་བརྩེ་བས་དེང་འདིར་གཤེགས་སུ་གསོལ། །རྟག་པར་འཛིན་རྣམས་སྒྱུ་མའི་དཔེས་བསྐུལ་ཕྱིར། །གཟུགས་སྐུ་བཏང་ནས་མྱ་ངན་འདའ་བཞེད་གང་། །འཇིག་རྟེན་མགོན་རྣམས་དགའ་ལྡན་ལྷར་བབས་ནས། །སྒྱུ་འཕྲུལ་ལྷུམས་ཞུགས་ཇི་བཞིན་འདིར་འཇུག་གསོལ། །འགྲོ་བ་ཀུན་ལ་སྙིང་རྗེས་སྒྲིབ་སྦྱོང་ཕྱིར། །ཟག་མེད་རྡོ་རྗེའི་ཏིང་འཛིན་ལ་བཞུགས་ནས། །སྲིད་པ་བར་མའི་གནས་ཀུན་རབ་སྦྱངས་ཏེ། །སྤྲུལ་པས་གདུལ་བྱ་སྐྱོང་ཕྱིར་གཤེགས་སུ་གསོལ། །ཨོཾ་གུ་རུ་བཛྲ་ས་མ་ཡ་ཛཿཛཿཛཿ ཞེས་ལན་གསུམ་བརྗོད། བཞི་པ་ས་ལམ་ལ་བར་དུ་གཅོད་པ་དང་། རྗེས་འབྲང་གི་བགེགས་སྦྱོང་བ་ནི། ཞི་དྲག་གི་སྦྱང་ཆས་བཤམས་ལ། ཨོཾ་བཛྲ་ཡཀྵ་ཧཱུྃ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་ཏྲཱཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ལན་ཆགས་བགེགས་ཀྱི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨོཾ་ཨ་ཀཱ་རོ་སོགས་གསུམ་གྱིས་བྱིན་བརླབས། གཏོར་མ་གཡས་སུ་བསྐོར་ལ། སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ནས། གྲྀཧྞ་དཾ་བ་ལྱཱ་དི་སྭཱ་ཧཱ། ལན་གསུམ། བདེ་བར་གཤེགས་པའི་ས་དང་ལམ་ལ་བར་དུ་གཅོད་པར་བྱེད་པའི་བགེགས། ཞི་བས་སྦྱོང་བར་འོས་པ་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་སོང་ཞིག །ཏིང་ལོ་ཆངས་བུ་གཡོན་དུ་བསྐོར་ལ། ཨོཾ་སུམྦྷ་ནི་སོགས་ལན་གསུམ། བདེ་བར་གཤེགས་པའི་ས་དང་ལམ་ལ་བར་དུ་གཅོད་པར་བྱེད་པའི་བགེགས། ཞི་དྲག་ཕྱེད་མས་སྦྱོང་བར་འོས་པ་ཐམས་ཅད་ཆངས་བུ་ལམ་རྒྱགས་ཏིང་ལོ་ལམ་སྒྲོན་གྱི་ཚུལ་དུ་ཁྱེར་ལ་འདིར་མ་གནས་པར་གཞན་དུ་སོང་ཞིག །གལ་ཏེ་མི་འགྲོ་ན་རྡོ་རྗེའི་ཁྲོ་བོ་རབ་ཏུ་འབར་བས་བསྲེག་ཅིང་བརླག་པར་གདོན་མི་ཟའོ། །ལྔ་པ་བཀའ་བསྒོ་བ་ནི། ཧཱུྃ། རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་འདིར། །སོགས་སམ། ཧཱུྃ། བླ་མ་རྣམས་ཀྱི་བྱིན་རླབས་དང་། །སོགས་དང་། བདེན་སྟོབས་བརྗོད་ལ། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། དཔལ་ལྡན་བླ་མ་དེ་ཉིད་སྐུ་འཚོ་ཞིང་གཞེས་པའི་ཚེ་ན་སྐུ་ཚེ་ཐུགས་དམ་མཛད་ཕྲིན་ལ་བར་དུ་གཅོད་ཅིང་། གནས་སྐབས་ཞི་བ་ཆོས་ཀྱི་དབྱིངས་སུ་གཤེགས་པའི་དུས་འདིར། སློབ་འབངས་ཤུལ་པ་རྣམས་ཀྱིས་ཚོགས་གཉིས་ཀྱིས་བསྡུས་པའི་ཆོས་སྤྱོད་བཅུ་བསགས་པས་ཟབ་དགོངས་ཆོས་སྐུ་ཀ་དག་གི་ཀློང་དུ་རྫོགས་པར་བྱེད་པ་དང་། མཐར་ཐུག་བསྟན་འགྲོའི་བྱ་བ་རླབས་པོ་ཆེ་མཛད་པའི་ས་ལམ་གྱི་འགལ་རྐྱེན་བར་ཆད་དུ་གྱུར་པའི། གདོན་བགེགས་ལོག་འདྲེན་ཡེ་ཤེས་པའི་ཕྱིར་འབྲང་གི་བགེགས་དང་བཅས་པ་ཐམས་ཅད་ཕྱིར་དེངས་ཤིག །དྲག་སྔགས་རོལ་མོ་ཡུངས་ཐུན་སོགས་ཀྱིས་བསྐྲད། དྲུག་པ་མཚམས་གཅད་པ་ནི། སྲུང་འཁོར་བརྟན་པོར་བསྒོམ་ལ། ཧཱུྃ། ང་ནི་ཡེ་ནས་ངང་གིས་ཁྲོ། །སོགས་སམ། ཧྲཱི༔ བདག་ཉིད་འགྱུར་མེད་ཡེ་ནས་རྡོ་རྗེའི་སྐུ༔ སོགས་བརྗོད། བདུན་པ་གཉིས་མེད་བསྲེ་བ་ནི། ཛཿཧཱུྃ་བཾ་ཧོཿ རང་གི་ཐུགས་ཀའི་ཧཱུྃ་ཡིག་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས། དཔལ་ལྡན་བླ་མ་དམ་པ་ཞི་བར་གཤེགས་པ། ཆེ་གེ །ཞེས་བྱ་བའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཉིད་མར་མེ་ལྟ་བུར་བཀུག་ནས། རྟེན་གྱི་སྤྱི་བོ་ནས་ཞུགས་ཐུགས་ཀར་ཐིམ་པས། བླ་མའི་སྐུ་དང་ཡེ་ཤེས་དབྱེར་མེད་པར་གྱུར། གཉིས་པ་དངོས་གཞི་ལ་བཅུ་ཡོད་པ་ལས། དང་པོ་དམ་ཚིག་པའི་ལྷར་གསལ་བ་ནི། རྡོར་སེམས་ལ་ཕྲིན་ཆོག་གི་མདུན་བསྐྱེད་སྦྱོར་ཡང་ཆོག་མོད། བློ་དམན་ལ་འཆར་བདེ་བ་ལྟར་ན། མདུན་རྟེན་བླ་མའི་སྐུ་མཆོག་སྐད་ཅིག་གིས། །རིགས་ཀུན་ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས། །སྐུ་མདོག་དཀར་གསལ་གངས་ཀྱི་རི་བོ་ལ། །ཉི་གཞོན་སྟོང་གིས་འཁྱུད་པའི་གཟི་བརྗིད་འབར། །སྒེག་ཅིང་འཛུམ་ལ་རབ་ཏུ་རྒྱས་པའི་ཞལ། །མཚན་དཔེས་རབ་མཛེས་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་ཐུགས་ཀར་གསོར། །གཡོན་པས་དྲིལ་བུ་དཀུར་བརྟེན་ཡུམ་ལ་འཁྱུད། །ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །ཡུམ་མཆོག་རྡོ་རྗེ་སྙེམས་མ་ཟླ་བའི་མདོག །གྲི་གུག་ཐོད་འཛིན་མགུལ་ནས་འཁྱུད་པ་དང་། །མཉམ་པར་སྦྱོར་ཞིང་ཡབ་ཡུམ་གཉིས་ཀ་ཡང་། །མཉེན་ལྕུག་འཁྲིལ་ལྡེམ་ཡིད་འཕྲོག་གཞོན་ནུའི་ཚུལ། །གསལ་འཚེར་ལྷུན་སྡུག་གཟི་བྱིན་འབར་བ་སྟེ། །ཞི་ཚུལ་དགུ་ལྡན་དར་དཀར་སྟོད་གཡོགས་དང་། །དབང་པོའི་གཞུ་ལྟར་བཀྲ་བའི་སྨད་དཀྲིས་ཅན། །ཅོད་པན་ཟི་ལྡིར་གར་གྱི་ཕུ་དུང་སྟེ། །ལྷ་རྫས་ལས་གྲུབ་དར་གྱི་ཆས་ལྔས་བཀླུབས། །རིན་ཆེན་དབུ་རྒྱན་སྙན་ཆ་མགུལ་པའི་རྒྱན། །ཕྱག་ཞབས་གདུ་བུ་སྐ་རགས་དོ་ཤལ་དང་། །སེ་མོ་དོ་སྟེ་རྒྱན་ཆ་བརྒྱད་ཀྱིས་སྤྲས། །མཐའ་ཡས་འོད་ཟེར་འབར་ཞིང་འཁྲུགས་པའི་དབུས། །བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས། །ཕུང་པོ་རིགས་ལྔ་ཁམས་རྣམས་དབྱིངས་ཕྱུག་ཡུམ། །ཚོགས་བརྒྱད་དབང་ཡུལ་སེམས་དཔའ་སེམས་མ་དང། །ཡན་ལག་མཐར་བྱེད་ཡབ་ཡུམ་བརྒྱད་ལ་སོགས། །རབ་འབྱམས་ཞི་ཁྲོའི་དཀྱིལ་འཁོར་འཁོར་ལོའི་སྤྲིན། །གང་འདུལ་མོས་ངོར་ཅིར་ཡང་འཆར་བའི་ཚུལ། །གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོར་རྫོགས། །དེ་མཐར་བརྒྱུད་གསུམ་རིག་འཛིན་བླ་མ་དང་། །ཡི་དམ་ཞི་ཁྲོ་སངས་རྒྱས་བྱང་སེམས་ཚོགས། །མཁའ་འགྲོ་དམ་ཅན་རྒྱ་མཚོའི་སྤྲིན་ཕུང་འཁྲིགས། །གང་འདུལ་མོས་ངོར་རབ་འབྱམས་ཞི་ཁྲོ་ཡི། །དཀྱིལ་འཁོར་རྣམ་རོལ་ཅིར་ཡང་འཆར་བར་གྱུར། །དེ་ལྟར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། །མགྲིན་པར་ཨཱཿདམར་ཐུགས་ཀར་ཧཱུྃ་སྔོན་པོ། །རྒྱལ་ཀུན་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར། །ཐུགས་ཀའི་ཧཱུྃ་ལས་འཕྲོས་པའི་འོད་ཟེར་གྱིས། །ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཀུན། །ཆོས་སྐུ་འགྱུར་མེད་ངང་ལས་གཟུགས་སྐུའི་སྤྲིན། །རྩ་གསུམ་ལྷ་ཚོགས་རྣམ་པར་སྤྱན་དྲངས་གྱུར། །ཅེས་དང་དཀོན་སྤྱི་ལ། མདུན་རྟེན་བླ་མའི་སྐུ་ཉིད་སྐད་ཅིག་གིས། །དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་སྐུ༔ སོགས་ནས། དཔག་ཏུ་མེད་པ་སྤྱན་དྲངས༔ ཞེས་པས་གསལ་གདབ། གཉིས་པ་ཡེ་ཤེས་པ་སྤྱན་དྲང་བ་ནི། རྡོར་སེམས་ལ། ཨོཾ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །སྐྱེ་མེད་བླ་མ་གཤེགས་སུ་གསོལ། །ལོངས་སྤྱོད་རྫོགས་སྐུའི་ཕོ་བྲང་ནས། །གསལ་དག་བླ་མ་གཤེགས་སུ་གསོལ། །སྤྲུལ་པ་སྐུ་ཡི་ཕོ་བྲང་ནས། །ཐུགས་རྗེ་ཅན་རྣམས་གཤེགས་སུ་གསོལ། །འཇའ་དང་འོད་དུ་ཀྱི་ལི་ལི། །སྐུ་དང་ཐིག་ལེར་ཤིགས་སེ་ཤིག །འཁོར་དུ་ཡི་དམ་ལྷ་ཚོགས་དང་། །དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར། ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས། །བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་སྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་བཛྲ་ས་མཱ་ཛཿ ཞེས་དང་། སྤྱི་འདུས་ལ། ཧཱུྃ༔ སྔོན་གྱི་བསྐལ་པའི་སོགས་ཚིག་བདུན་སྤྱན་འདྲེན་བརྗོད། གསུམ་པ་དམ་ཡེ་བསྲེ་བ་ནི། ཛཿཧཱུྃ་བཾ་ཧོཿ དམ་ཚིག་གི་འཁོར་ལོ་དང་གཉིས་སུ་མེད་པར་བརྟན་པར་བཞུགས་པར་གྱུར། ཅེས་པས་གཉིས་མེད་བསྲེ། བཞི་པ་ཁྲུས་གསོལ་རྗེས་འབྲེལ་དང་བཅས་པ་ནི། ནམ་མཁའ་གང་བའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་ཏེ་སྐུ་ཁྲུས་གསོལ་བའི་ཕྲིན་ལས་མཛད་པར་གྱུར། མེ་ལོང་ངོས་སུ་སྐུ་གཟུགས་འཆར་བ་ལ་ལས་བུམ་གྱི་ཆུས་ཁྲུས་གསོལ་ཏེ། ཇི་ལྟར་བལྟམ་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱི་འོ། །ཞེས་དང་། ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །སྔགས་བརྗོད། རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་དྲི་མ་མི་མངའ་ཡང། །སེམས་ཅན་སྒོ་གསུམ་སྒྲིབ་སྦྱང་ཕྱིར། །གཙང་མའི་ཆབ་ཀྱིས་སྐུ་ཁྲུས་གསོལ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་སྔགས་བརྗོད། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང་། །གཏོང་བ་དྲི་ཡིས་ལེགས་བགོས་ཆུས། ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །ཞེས་སྔགས་བརྗོད། འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ། ཁྲིམས་འཆལ་དྲི་མ་སྦྱོང་མཛད་ཅིང་། །ཚུལ་ཁྲིམས་དྲི་ཡིས་ལེགས་བགོས་ཆུས། ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །སྔགས། འདི་ནི་བཟོད་པའི་རང་བཞིན་ཆུ། ཁོང་ཁྲོའི་དྲི་མ་སྦྱོང་མཛད་ཅིང་། །བཟོད་པ་དྲི་ཡིས་ལེགས་བགོས་ཆུས། ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །སྔགས། འདི་ནི་བརྩོན་འགྲུས་རང་བཞིན་ཆུ། །ལེ་ལོའི་དྲི་མ་སྦྱོང་མཛད་ཅིང་། །བརྩོན་འགྲུས་དྲི་ཡིས་ལེགས་བགོས་ཆུས། ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །སྔགས། འདི་ནི་བསམ་གཏན་རང་བཞིན་ཆུ། །རྣམ་གཡེང་དྲི་མ་སྦྱོང་མཛད་ཅིང་། །བསམ་གཏན་དྲི་ཡིས་ལེགས་བགོས་ཆུས། ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །སྔགས། འདི་ནི་ཤེས་རབ་རང་བཞིན་ཆུ། །ཤེལ་འཆལ་དྲི་མ་སྦྱོང་མཛད་ཅིང་། །ཤེས་རབ་དྲི་ཡིས་ལེགས་བགོས་ཆུས། ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །སྔགས་བརྗོད། ཅེས་དང་། ཆུ་བོ་དྲུག་གིས་ཁྲུས་བྱས་པས། །བག་ཆགས་རྣམ་དྲུག་སྦྱངས་ནས་ནི། །གང་ལ་ཉེས་པ་མི་མངའ་བའི། ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དྲི་ཆུ་དྲུག་གིས་ཁྲུས་བྱས་པས། །དྲི་མ་རྣམ་དྲུག་སྦྱོང་མཛད་ཅིང་། །རྒྱ་ཆེའི་ཡོན་ཏན་དྲུག་ལྡན་པའི། ཁྲུས་ལེགས་མཛད་ལ་ཉེས་མི་མངའ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དྲི་མ་རྣམ་དྲུག་དག་པ་ཡིས། །ཡོན་ཏན་ཐམས་ཅད་དང་ལྡན་པས། །སངས་རྒྱས་ཐམས་ཅད་མཆོད་དོན་དུ། །དད་པས་བདག་གིས་ཁྲུས་བགྱི་འོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་ཚང་བ་སྔགས་བཅས་ཀྱིས་ཁྲུས་གསོལ། དཔལ་ལྡན་བླ་མ་དམ་པ་ཞི་བར་གཤེགས་པ། ཆེ་གེ །ཞེས་བྱ་བ་དེ་ཉིད་སངས་རྒྱས་ཀྱི་ཞིང་སོགས་གང་དུ་གཤེགས་བཞུད་མཛད་པའི་ཕར་ཕྱིན་དྲུག་ལ་མི་མཐུན་པའི་ཕྱོགས་ཐམས་ཅད་དག་ནས། སེམས་ཅན་གྱི་དོན་དུ་མྱུར་དུ་སྤྲུལ་པ་རྒྱུན་མི་ཆད་པར་མངོན་པར་རྫོགས་པར་སངས་རྒྱས་པ་སྟོན་པར་གྱུར་ཅིག །ཅེས་བརྗོད། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲིས་རབ་བགོས་པས་སྐུ་ཕྱི་འོ། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་དྷ་ན་སྭཱ་ཧཱ། ཞེས་སྐུ་ཕྱི། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དག་ཀྱང་དབུལ་བར་བགྱི། །སྲབ་འཇམ་ཡང་པ་ལྷ་ཡི་གོས། །མི་ཤིགས་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་བདག་འབུལ་གྱིས། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱོང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །དྲི་མེད་མཚན་ལ་སྒྲིབ་བསལ་མི་མངའ་ཡང་། །དད་པས་ངུར་སྨྲིག་རྒྱལ་མཚན་ཕུལ་བ་ཡིས། །ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་བརྟུལ་ཞུགས་མཆོག་ལ་སྤྱོད་པར་ཤོག །ཅེས་དང་། ཨོཾ་བཛྲ་ཝསཏྲཾ་ཨཱཿཧཱུྃ་ཞེས་སྔགས་དང་བཅས་པས་གོས་ཟུང་འབུལ། འདིར་ཤིས་པ་བརྗོད་པའང་བཤད་པས་རྒྱས་པར་སྤྲོ་ན། གང་སེར་མའམ། བསྡུ་ན། ཆེ་བའི་ཆེ་མཆོག་སོགས་བརྗོད། དཔལ་ལྡན་བླ་མ་དམ་པ་ཞི་བར་གཤེགས་པ་དེ་ཉིད་ས་དང་ལམ་གྱི་སྤང་བྱ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །ལྔ་པ་ཕྱག་འཚལ་བ་ནི། རྒྱས་པའི་རིགས་གྲུབ་ན་ལེགས་མོད། བསྡུ་ན་རྡོར་སེམས་ལ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སོགས་ཆོ་གའི་དཀྱུས་སུ་བསྟན་པ་བཞིན་བྱ། སྤྱི་འདུས་ལ། བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་ཀྱི་རང་བཞིན་བྱིན་བརླབས་པ། །བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །གང་གིས་འཁོར་བའི་ཉེས་པ་ནི། །དྲན་པ་ཙམ་གྱིས་སེལ་མཛད་ཅིང། །བླ་མེད་བྱང་ཆུབ་ཐོབ་མཛད་པའི། །བླ་མའི་ཞབས་ཀྱི་པདྨོར་འདུད། །གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ །རྡོ་རྗེ་ཅན་ཞབས་པད་ལ་འདུད། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །སོགས་བརྗོད། དྲུག་པ་མཆོད་པ་འབུལ་བ་ནི། བསྐྱེད་ཚུལ་ལུགས་གཉིས་གང་བྱེད་ཀྱང་འདོན་བྱ་གཅིག་གིས་འཐུས་པའི་སྤྱི་མཆོད་ནི། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས། །སྲིད་པའི་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ཨོཾ་པ་ན་པེ་ནུ་སུ་ར་ཏ་ཏི་པུ་སརྦ་ཏ་ཐཱ་ག་ཏ་ས་མ་ཡོ་གི་སིདྡྷི་ཧཱུྃ། མ་ཧཱ་པཱུ་ཛ་པྲ་ཏཱིཙྪ་ཧོཿ ཞེས་མཆོད་པ་སྤྲུལ། ཨོཾ། དཔག་མེད་ནམ་མཁའི་ཁམས་ཉིད་ལས། །མཆོད་ཡོན་བསམ་ཡས་ལྷུན་གྲུབ་པ། །རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ། །གུས་པའི་བློ་ཡིས་འབུལ་བར་བགྱི། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། དེ་བཞིན་དུ། མཆོད་ཡོན་གྱི་གནས་སུ། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དང་། ཨརྒྷཾ་གྱི་གནས་སུ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་བིདྱཱ། ཤབྡ་རྣམས་སྦྱར་བས་འབུལ། མཎྜལ་སོ་བདུན་མ་སྤྱི་ལྟར་འབུལ་ལ། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཿ་ཧཱུྃ། ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ་ཧཱུྃ། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་ཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ །སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང་། འདོད་འཇོའི་བ། མ་རྨོས་པའི་ལོ་ཏོག །འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ། སྒེག་པ་མ། ཕྲེང་བ་མ། གླུ་མ། གར་མ། མེ་ཏོག་མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་ཚང་ཞིང་ཡིད་དུ་འོང་བ་འདི་ཉིད། དཔལ་ལྡན་བླ་མ་ཞི་བའི་དབྱིངས་ན་བཞུགས་པ་དཀོན་མཆོག་རྩ་གསུམ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ་གུས་པས་འབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་ཐུགས་བསྐྱེད་བརྩེ་བ་ཆེན་པོའི་མཐུས་རྣམ་མང་མོས་པ་ཇི་བཞིན་སྒྱུ་འཕྲུལ་རྡོ་རྗེའི་རོལ་གར་ཇི་སྙེད་གདུལ་བྱའི་སྐལ་པར་འཚམ་པའི་གཟུགས་སྐུའི་རྣམ་འཕྲུལ་ངོ་མཚར་ཡེ་ཤེས་ཀྱི་སྣང་བརྙན་སྲིད་ཞིའི་དཔལ་དུ་གསལ་བར་བྱིན་གྱིས་བརླབ་ཏུ་གསོལ། གུ་རུ་ཨི་དམ་རཏྣ་མཎྜལ་ཀཾ་ནིརྻཱ་ཏ་ཡཱ་མི། ཞེས་པས་མཚོན་འདོད་དོན་གསོལ་བ་ཁ་བསྒྱུར། རྒྱལ་སྲིད་ནི། ཞིང་འདིར་འཁོར་ལོ་རིན་ཆེན་གྱིས། །མཁས་པ་དག་གིས་ཡོངས་བཀང་ནས། །དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་རེར་ཤེས་རབ་ཅན་གྱིས་དབུལ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཙཀྲ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། ཞིང་འདིར་ནོར་བུ་རིན་ཆེན་གྱིས། །མཁས་པ་དག་གིས་ཡོངས་བཀང་ནས། །དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་རེར་ཤེས་རབ་ཅན་གྱིས་དབུལ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་མ་ཎི་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། ཞིང་འདིར་བཙུན་མོ་རིན་ཆེན་གྱིས། །མཁས་པ་དག་གིས་ཡོངས་བཀང་ནས། །དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་རེར་ཤེས་རབ་ཅན་གྱིས་དབུལ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་སཏྲཱི་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། ཞིང་འདིར་བློན་པོ་རིན་ཆེན་གྱིས། །མཁས་པ་དག་གིས་ཡོངས་བཀང་ནས། །དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་རེར་ཤེས་རབ་ཅན་གྱིས་དབུལ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་པུ་རུ་ཥ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། ཞིང་འདིར་གླང་པོ་རིན་ཆེན་གྱིས། །མཁས་པ་དག་གིས་ཡོངས་བཀང་ནས། །དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་རེར་ཤེས་རབ་ཅན་གྱིས་དབུལ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཧསྟི་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། ཞིང་འདིར་རྟ་མཆོག་རིན་ཆེན་གྱིས། །མཁས་པ་དག་གིས་ཡོངས་བཀང་ནས། །དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་རེར་ཤེས་རབ་ཅན་གྱིས་དབུལ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨ་ཤྭ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། ཞིང་འདིར་དམག་དཔོན་རིན་ཆེན་གྱིས། །མཁས་པ་དག་གིས་ཡོངས་བཀང་ནས། །དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་རེར་ཤེས་རབ་ཅན་གྱིས་དབུལ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཁངྒ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། ཞེས་བྱ། བསྡུ་ན། མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །སངས་རྒྱས་སྲས་དང་བཅས་པ་མ་ལུས་ལ། །བཤམས་ཤིང་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས། །འགྲོ་བ་མི་ཟད་གཏེར་ལ་སྤྱོད་པར་ཤོག །ཨོཾ་སཔྟ་མ་ཧཱ་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཞེས་དབུལ། རྟགས་བརྒྱད་ནི། རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །དྲི་མེད་གསེར་ཉ་གཡུ་ཡི་གཤོག་པ་ཅན། །འདབ་བཟང་དང་ལྡན་སྣ་ཚོགས་པདྨའི་ཚལ། །རིན་ཆེན་གཡས་འཁྱིལ་དཀར་ཟླུམ་སྒྲ་དབྱངས་ཅན། །བདུད་རྩིའི་བུམ་པ་དཔག་བསམ་ཁ་རྒྱན་སྤྲས། །ཡིད་བཞིན་གཏེར་འབྱུང་ཁོང་སེང་དཔལ་བེ་འུ། །མི་ནུབ་ཆོས་ཀྱི་རྒྱལ་མཚན་རབ་ཏུ་བརྟན། །སྲིད་པའི་དྲྭ་བ་འཇོམས་བྱེད་འཁོར་ལོ་སྟེ། །རྟེན་འབྲེལ་རྟགས་ཀྱི་བཀྲ་ཤིས་རྣམ་བརྒྱད་འདི། །བླ་མ་རྒྱལ་བ་སྲས་དང་བཅས་ལ་འབུལ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་ནས་ཀྱང་། །འགྲོ་རྣམས་བཀྲ་ཤིས་དཔལ་ལ་སྤྱོད་པར་ཤོག །ཅེས་སམ། བསྡུ་ན། ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །རྒྱལ་དབང་ཀུན་དངོས་དཔལ་ལྡན་བླ་མ་ལ། །བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱི། །ཨོཾ་ཨཥྚ་མངྒ་ལ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཞེས་བསྒྱུར་བས་མཆོད། ནང་མཆོད་ནི། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །མོས་བློས་དཔལ་ལྡན་བླ་མ་ལ་འབུལ་ན། །བཞེས་ནས་བླ་མེད་གྲུབ་མཆོག་བསྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་རཱུ་པ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་བརྗོད་སྒྲ་སྙན་ཅི་མཆིས་པ། །མོས་བློས་དཔལ་ལྡན་བླ་མ་ལ་འབུལ་ན། །བཞེས་ནས་བླ་མེད་གྲུབ་མཆོག་བསྩལ་དུ་གསོལ། །ཤབྡ༴ ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང་། །ཨ་གར་ལ་སོགས་དྲི་མཆོག་ཅི་མཆིས་པ། །མོས་བློས་དཔལ་ལྡན་བླ་མ་ལ་འབུལ་ན། །བཞེས་ནས་བླ་མེད་གྲུབ་མཆོག་བསྩལ་དུ་གསོལ། །གནྡྷེ༴ ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །རོ་མཆོག་ཁྱད་པར་འཕགས་པ་ཅི་མཆིས་པ། །མོས་བློས་དཔལ་ལྡན་བླ་མ་ལ་འབུལ་ན། །བཞེས་ནས་བླ་མེད་གྲུབ་མཆོག་བསྩལ་དུ་གསོལ། །ར་ས༴ ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱ་ཁྱད་པར་འཕགས་པ་ཅི་མཆིས་པ། །མོས་བློས་དཔལ་ལྡན་བླ་མ་ལ་འབུལ་ན། །བཞེས་ནས་བླ་མེད་གྲུབ་མཆོག་བསྩལ་དུ་གསོལ། །སྤརྴེ༴ ཞེས་སམ། བསྡུ་ན། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་དང་རོ། །རེག་བྱའི་ཁྱད་པར་ཕུན་སུམ་ཚོགས་པ་རྣམས། །མོས་བློས་བླ་མ་སྲས་བཅས་ལ་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་བསྩལ་དུ་གསོལ། །ཨོཾ་པཉྩ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཞེས་འབུལ། ཡིད་ལས་བྱུང་བ་ནི། ཨོཾ། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། །མཉེན་འཇམ་རེག་ན་བདེ་བ་དང་། །སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པར་བྲེས་ཤིང་སྤྲས་པ་དང་། །ཀུན་འབྱུང་རིན་ཆེན་ཕུང་པོར་འབར། །དབྱིབས་ལེགས་རྫིང་བུ་བྲོ་མཆོག་བསིལ། །རིན་ཆེན་ཁང་པ་སྣ་ཚོགས་དང་། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ །བླ་རེ་རྒྱལ་མཚན་ན་བཟའ་གདུགས། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །བཟའ་དང་བཏུང་བའི་མཆོག་རྣམས་དང་། །རང་ལ་མཛེས་པར་བརྒྱན་པ་ཡི། །ལྷ་དང་ལྷ་མོ་རྡུལ་སྙེད་ཀྱིས། །བྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ཀུན་ལ་རྒྱས་པར་འབུལ། །ཐུགས་རྗེས་བརྩེར་དགོངས་བཞེས་སུ་གསོལ། །ཞེས་འབུལ། སྨན་རཀ་མཆོད་པ་ནི། གཙང་དམེའི་དྲི་རྟོག་ཀུན་བྲལ་བའི༔ ར་སཱ་ཡ་ན་སྨན་ཆེན་པོ༔ ཉོན་མོངས་ཆགས་པའི་རཀྟར་བཅས༔ མཉམ་པ་ཆེན་པོར་བཞེས་སུ་གསོལ༔ སརྦ་པཉྩ་ཨ་མྲྀཏ་ཨ་ལ་ལ་ཧོ༔ གཏོར་མ་འབུལ་བ་ནི། ཤ་ལྔ་བདུད་རྩིའི་སྙིང་པོ་ཅན༔ བཟའ་བཅའ་བཏུང་བའི་ཚོགས་ལྡན་པའི༔ དམ་རྫས་མཆོག་གི་གཏོར་མ་འདི༔ གཉིས་སུ་མེད་པར་བཞེས་སུ་གསོལ༔ མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ གསང་མཆོད་ནི། ཕྱག་རྒྱ་དང་སྙོམས་འཇུག་གི་བདེ་བས་དགྱེས་དགུར་རོལ་པར་མོས་ལ། མཚན་ལྡན་བདེ་བའི་རྒྱན་ལྡན་པའི། །མི་མོ་རྣམས་ཀྱི་རེག་བྱའི་མཆོག །བྱིན་གྱིས་རློབས་ཤིག་རྣལ་འབྱོར་ཚོགས །གསང་མཆོག་བདེ་བའི་གནས་ལ་རོལ། །མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་ཨ་ལ་ལ་ཧོཿ དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། གདོད་ནས་རང་རིག་ལྷ་རུ་དག །མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཀུན། །མི་དམིགས་སྤྲོས་བྲལ་ཕྱག་རྒྱ་ཆེ། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །ཅེས་མཆོད། བདུན་པ་བསྟོད་པ་ནི། སྤྲོ་ན། མཉམ་མེད་མི་གཡོ་སོགས་རྡོ་རྗེ་འཛིན་པའི་དབྱངས་ཀྱི་བསྔགས་པས་བསྟོད། བསྡུ་ན། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད། །འཁོར་འདས་ཡོན་ཏན་དཔལ་དང་ལྡན། །བླ་མའི་ཞབས་ལ་ཕྱག་འཚལ་བསྟོད། །བླ་མའི་སྐུ་ནི་རྡོ་རྗེའི་སྐུ །མཛེས་ཤིང་བལྟ་བས་ཆོག་མི་ཤེས། །བསམ་གྱིས་མི་ཁྱབ་ཡོན་ཏན་ལྡན། །བླ་མའི་སྐུ་ལ་ཕྱག་འཚལ་བསྟོད། །བླ་མའི་གསུང་ནི་ཚངས་པའི་དབྱངས། །བདག་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་རི་དྭགས་སྐྲག་མཛད་པ། །བླ་མའི་གསུང་ལ་ཕྱག་འཚལ་བསྟོད། །བླ་མའི་ཐུགས་ནི་ནམ་མཁའ་འདྲ། །བདེ་གསལ་མི་རྟོག་སྟོང་པའི་ངང་། །རྣམ་ཐར་གསུམ་ལ་ལེགས་གནས་པ། །བླ་མའི་ཐུགས་ལ་ཕྱག་འཚལ་བསྟོད། །སྐུ་ལ་ཚད་མེད་བགྲང་དུ་མེད། །ནམ་མཁའ་དང་ནི་མཉམ་གྱུར་ཅིང་། །སྣ་ཚོགས་དབང་ཕྱུག་མི་ཤིགས་པའི། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །བརྗོད་དུ་མེད་པའི་ངང་ཉིད་ལས། །ཚངས་པ་ལ་སོགས་སྙན་པའི་དབྱངས། །ཕྱོགས་བཅུ་ཀུན་ཏུ་སྒྲོག་མཛད་པའི། །རྣམ་དག་གསུང་ལ་ཕྱག་འཚལ་བསྟོད། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་ལ་སོགས་པའི། །རྟོག་པ་ཀུན་ལས་རྣམ་གྲོལ་བའི། །ཡེ་ཤེས་ཐུགས་ལ་ཕྱག་འཚལ་བསྟོད། །བརྒྱད་པ་ཡན་ལག་ལྷག་མ་རྣམས་ལས་བཤགས་པ་བྱ་བ་ནི། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ཚེ་འཁོར་བ་ཐོག་མ་མ་མཆིས་པ་ནས་ད་ལྟ་ལ་ཐུག་གི་བར་དུ། ཉོན་མོངས་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་དབང་གིས། ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ་བགྱིས་པ་དང་། མཚམས་མེད་པ་ལྔ་བགྱིས་པ་དང་། དེ་དང་ཉེ་བ་ལྔ་བགྱིས་པ་དང་། སོ་སོ་ཐར་པའི་སྡོམ་པ་དང་འགལ་བ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བ་དང་། གསང་སྔགས་ཀྱི་དམ་ཚིག་དང་འགལ་བ་དང་། ཕ་དང་མ་ལ་མ་གུས་པ་དང་། མཁན་པོ་དང་སློབ་དཔོན་ལ་མ་གུས་པ་དང་། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་མ་གུས་པ་དང་། དཀོན་མཆོག་གསུམ་ལ་གནོད་པའི་ལས་བགྱིས་པ་དང་། དམ་པའི་ཆོས་སྤངས་པ་དང་། འཕགས་པའི་དགེ་འདུན་ལ་སྐུར་པ་བཏབ་པ་དང་། སེམས་ཅན་ལ་གནོད་པའི་ལས་བགྱིས་པ་ལ་སོགས་པ་སྡིག་པ་མི་དགེ་བའི་ཚོགས་བདག་གིས་བགྱིས་པ་དང་། བགྱིད་དུ་བསྩལ་པ་དང་། གཞན་གྱིས་བགྱིས་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ། མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང་། འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་ཉེས་ལྟུང་གི་ཚོགས་ཅི་མཆིས་པ་ཐམས་ཅད། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །མི་འཆབ་བོ། །མི་སྦེད་དོ། །ཕྱིན་ཆད་སྡོམ་པར་བགྱིད་ལགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཞེས་ལན་གསུམ་བརྗོད། བསྡུ་ན་བཞག་ཆོག །གང་ཞིག་ཐོག་མེད་སྲིད་པའི་ཆུ་ཀླུང་དུ། །མ་ལུས་ཀུན་རྟོག་གིས་བསགས་བསྙོགས་པ་རྣམས། །ཐུགས་རྗེ་ཆེ་ལྡན་སྤྱན་སྔར་དེ་དག་ནི། །ཆོ་ག་བཞིན་དུ་ཐམས་ཅད་བཤགས་པར་བགྱི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། །འཕགས་པ་གཞན་གྱིས་དགེ་བ་གང་མཛད་པ། །མ་ལུས་འགྲོ་བའི་བསོད་ནམས་རྒྱ་མཚོའི་ཚོགས། །དེ་དག་ཀུན་ལ་རྗེས་སུ་ཡི་རང་ངོ་། །མོས་དང་བསམ་པ་ཇི་བཞིན་ཟབ་པ་དང་། །རྒྱ་ཆེའི་ཆོས་འཁོར་ཆད་པ་མེད་པར་བསྐུལ། །སྤྲུལ་པ་འགྲོ་ལ་སྨན་སླད་རྟག་བཞུགས་གསོལ། །བསོད་ནམས་བླ་མེད་བྱང་ཆུབ་ཕྱིར་བསྔོ་འོ། །ཞེས་དང་། ཐུན་མོང་དུ། ཇི་སྙེད་སུ་དག་སོགས་བཟང་སྤྱོད་ཀྱི་ཡན་ལག་བདུན་པའང་བྱའོ། །དགུ་པ་གསོལ་བ་འདེབས་པ་ནི། བླ་མ་སྐུ་གསུམ་མའི་གསོལ་འདེབས་དང་བརྒྱུད་པའི་གསོལ་འདེབས་གསོག །ཁྱད་པར་བླ་མ་དེ་ཉིད་ཀྱི་གསོལ་འདེབས་རྣམས་འདོན། རང་གི་རྩ་བའི་བླ་མ་ཡིན་ན་རྒྱང་འབོད་ཀྱི་གསོལ་འདེབས་དྲག་ཏུ་བྱས་ལ་མཐར། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་ཉོན་མོངས་པ་མཐའ་དག་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་ཐོས་བསམ་སྒོམ་གསུམ་ཉོན་མོངས་པའི་གཉེན་པོར་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། ཚུལ་ཁྲིམས་རྣམ་པར་དག་པ་སྤྱན་གྱི་འབྲས་བུ་བཞིན་དུ་བསྲུང་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་ལ་དད་གུས་བསམ་གྱིས་མི་ཁྱབ་པ་བདག་གི་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། དད་གུས་བསམ་མི་ཁྱབ་པ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། བྱང་ཆུབ་ཀྱི་སེམས་ཉམས་པ་མེད་པ་བདག་གི་རྒྱུད་ལ་སྐྱེ་བ་གནས་པ་གོང་ནས་གོང་དུ་འཕེལ་བར་བྱིན་གྱིས་བརླབ་ཏུ་གསོལ། བསྟན་པའི་ཆོས་མཐའ་དག་བདག་གི་རྒྱུད་ལ་སྐྱེ་བ་གནས་པ་གོང་ནས་གོང་དུ་འཕེལ་བར་བྱིན་གྱིས་བརླབ་ཏུ་གསོལ། བདེ་གསལ་མི་རྟོག་པའི་མཚན་ཉིད་གསུམ་དང་ལྡན་པ་བདག་གི་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། མཚན་ཉིད་རིག་པའི་ཤེས་རབ་ཕུན་སུམ་ཚོགས་པ་བདག་གི་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཐེག་པ་ཆེན་པོ་གསང་སྔགས་མཐའ་དག་གི་སྣོད་དུ་རུང་བར་བྱིན་གྱིས་བརླབ་ཏུ་གསོལ། མངོན་པར་ཤེས་པ་རྒྱ་ཆེན་པོ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཐོབ་ནས་ཀྱང་སེམས་ཅན་ནམ་མཁའ་དང་མཉམ་པ་སྨིན་པར་བྱེད་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འདོད་དོན་གསོལ། བཅུ་པ་དབང་བཞི་ལེན་པ་ནི། སྐུ་བཞིའི་དབང་ཕྱུག་རྒྱལ་བ་རྡོ་རྗེ་འཆང་། །བདག་སོགས་འགྲོ་ལ་ཐུགས་རྗེས་ཉེར་དགོངས་ཏེ། །བུམ་གསང་ཤེས་རབ་ཡེ་ཤེས་དེ་ཁོ་ནའི། །ཡེ་ཤེས་མཆོག་གིས་བདག་རྒྱུད་གཏམས་པར་མཛོད། །ཅེས་གསོལ་བ་གདབ། དམིགས་པའི་འཕྲོ་འདུ་དང་། དབང་པོ་སོ་སོའི་རང་སྐལ་གྱི་དྲི་མ་སྦྱོང་ཚུལ། ལམ་ཉམས་ལེན་ལ་དབང་ཚུལ། དབང་གི་གནས་སྐབས་དང་མཐར་ཐུག་གི་ཡེ་ཤེས་ཐོབ་ཚུལ་སོགས་ཚིག་རྗེས་སུ་དོན་དྲན་བཞིན་པས། གུ་རུའི་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས། རང་གི་སྤྱི་བོར་ཐིམ་པས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱངས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས། རང་གི་མགྲིན་པར་ཐིམ་པས་གསང་བའི་དབང་ཐོབ། ངག་གི་དྲི་མ་སྦྱངས། ལམ་རྩ་རླུང་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། རང་གི་སྙིང་གར་ཐིམ་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་སྦྱངས། ལམ་ཐིག་ལེ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། སླར་ཡང་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ་པས་དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་མ་སྦྱངས། ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་གྱུར། ཅེས་དབང་བླང་། གསུམ་པ་རྗེས་ཀྱི་རིམ་པ་ལ་གསུམ་ལས། དང་པོ་སྲི་ཞུ་འབུལ་ཞིང་སྨོན་ལམ་གསོལ་བ་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་གྱུར་ཅིང་དམིགས་པ་མེད་པའི་ཐུགས་རྗེ་དང་ལྡན་པ་དཔལ་ལྡན་བླ་མ་བརྒྱུད་པ་དང་བཅས་པ་རྣམས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཅག་རྣམས་ཀྱིས་དཀོན་མཆོག་ལ་མཆོད་པ་ཕུལ་པ་དང་། དགེ་འདུན་ལ་བསྙེན་བཀུར་བགྱིས་པ་དང་། འབྱུང་པོ་ལ་གཏོར་མ་བཏང་བ་དང་། བསྲུང་སྡོམ་དང་། བཟླས་བརྗོད་དང་། ཐོས་བསམ་དང་། སྒོམ་སྒྲུབ་ལ་སོགས་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཅི་བསགས་པའི་དགེ་བའི་རྩ་བ་འདི་དག་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་ནས། རིགས་ཀུན་ཁྱབ་བདག་འདྲེན་མཆོག་མཚུངས་མེད་དཔལ་ལྡན་བླ་མ་དམ་པ་ཡབ་སྲས་བརྒྱུད་པ་དང་བཅས་པ་རྣམས་ལ་འབུལ་བར་བགྱིའོ། །ཕུལ་པས་བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱི་ཐུགས་དགོངས་ཁྱད་པར་ཅན་རྣམས་གོང་ནས་གོང་དུ་ཡོངས་སུ་རྫོགས་པར་གྱུར་ཅིག །ས་དང་ལམ་གྱི་རིམ་པའི་སྤང་བྱ་དང་གེགས་དང་སྒྲིབ་པར་གྱུར་པ་ཅི་མཆིས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ལམ་ལྔ་ས་བཅུ་རིམ་གྱིས་བགྲོད་ནས་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱི་དོན་གང་ལ་གང་འདུལ་གྱི་སྤྲུལ་པའི་སྐུའི་མཛད་པ་རྒྱུན་མི་འཆད་པར་གྱུར་ཅིག །དེར་ཡང་སྐུ་ཚེའི་འདུ་བྱེད་བསྐལ་པ་རྒྱ་མཚོར་གཡོ་མེད་དུ་བརྟན་ཅིང་ངོ་མཚར་བའི་རྣམ་པར་ཐར་པ་མཐའ་ཡས་པས་བསྟན་པ་དང་སེམས་ཅན་གྱི་དོན་རླབས་པོ་ཆེ་མཛད་པར་གྱུར་ཅིག །བདག་ཅག་རྣམས་ལའང་བླ་མ་ལ་བསྟེན་པའི་སྒོ་ནས་བསགས་པའི་ཉེས་པ་སྐུ་ལ་བརྡོས་པ། རིན་ལ་བསྙགས་པ། གསུང་ངག་བཅག་པ། ཉེས་པ་གཏམ་དུ་བརྗོད་པ། ཐུགས་ཚོད་བཟུང་པ། ཐུགས་སུན་ཕྱུང་པ་ལ་སོགས་པ་ཉེས་པའི་ཚོགས་ཅི་མཆིས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ཚེ་རབས་ཐམས་ཅད་དུ་ཡང་དག་པའི་དགེ་བའི་བཤེས་གཉེན་དང་མཇལ་བར་གྱུར་ཅིག །མཇལ་ནས་ཀྱང་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པ་སྐད་ཅིག་ཀྱང་བྱེད་པར་མ་གྱུར་ཅིག །སྐྱེ་བ་ཚེ་རབས་ཐམས་ཅད་དུ་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་འཛིན་པར་གྱུར་ཅིག །གཟུང་དུ་གཏུབ་པར་གྱུར་ཅིག །གདམས་ངག་དང་རྗེས་སུ་བསྟན་པས་སྐྱོང་བར་གྱུར་ཅིག །བསྐྱང་དུ་གཏུབ་པར་གྱུར་ཅིག །ཚེ་རབས་ཐམས་ཅད་དུ་དགེ་བའི་བཤེས་གཉེན་མི་བརྗེད་པའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཅིག །དགེ་བའི་བཤེས་གཉེན་གྱི་རྣམ་པར་ཐར་པ་ལ་ལོངས་སྤྱོད་པར་གྱུར་ཅིག །མཐར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །ཅེས་ལན་གསུམ་བརྗོད། མྱུར་འབྱོན་ཡོད་ན་སྐབས་འདིར་འདོན་ནོ། །གཉིས་པ་ནོངས་པ་བཤགས་ཤིང་གཤེགས་སུ་གསོལ་བ་ནི། བདག་བློ་གཏི་མུག་རྨོངས་པའི་དབང་གྱུར་ཏེ། །ལེགས་སྤྱད་འདི་ལ་ཉེས་པར་གྱུར་པ་གང་། །སྐྱེས་མཆོག་རིན་ཆེན་རྣམས་དང་དེ་ཡི་སྲས། །བདག་ཉིད་ཆེན་པོ་རྣམས་ལ་བཟོད་པར་གསོལ། །ཞེས་ཡི་གེ་བརྒྱ་པ་ལན་གསུམ་བརྗོད་ལ། འོ། མཆོག་གི་དཔལ་ལྡན་བླ་མ་དམ་པ་ཞི་བར་གཤེགས་པ་དོན་གྱི་སླད་དུ་མཚན་སྨྲོས་པ་འདི། ཞེས་བྱ་བ་དེ་ཉིད་དེང་འདིར་གཞིའི་འོད་གསལ་ཀ་དག་ལྷུན་གྲུབ་ཆེན་པོའི་དབྱིངས་སུ། ལམ་གྱི་འོད་གསལ་སྐྱེ་མེད་བློ་འདས་ཟུང་དུ་འཇུག་སྟེ། འབྲས་བུའི་འོད་གསལ་གཉིས་མེད་ཁྱབ་བདལ་ཆོས་སྐུའི་ཀློང་ཡངས་འགྲོ་འོང་གཡོ་འགུལ་བྲལ་བར་མཉམ་པར་བཞག་པ་འདི་ལས། ད་ནས་བཞེངས་ཏེ་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པའམ། མཁའ་སྤྱོད་དག་པའི་གནས་སུ་གཤེགས་ཏེ་བྱང་ཆུབ་ཀྱི་སྤྱོད་པ་རྒྱ་མཚོ་སྐད་ཅིག་གིས་རྫོགས་ནས་མི་གནས་པའི་ཟུང་འཇུག་མཐར་ཕྱིན་པར་མཛད་དུ་གསོལ། སངས་རྒྱས་ཀྱི་ཞིང་དུ་གཤེགས་པས་རྒྱལ་བ་རྒྱ་མཚོ་མཉེས་པའི་མཆོད་པ་དང་། ཕྲིན་ལས་བླ་ན་མེད་པ་བསྒྲུབས་ནས་དེར་ཡང་ཞི་བའི་དབྱིངས་སུ་མི་གཞོལ་བར་མཛད་དུ་གསོལ། སྤྱིར་དུ་མ་གྱུར་སེམས་ཅན་གྱི་ཁམས་རྣམས་གང་ལ་གང་འདུལ་དེ་ལ་དེར་སྟོན་མི་ཟད་རྒྱན་འཁོར་རྣམ་ལྔའི་སྤྲུལ་པ་འབྱམས་སུ་ཀླས་པ་ནམ་མཁའ་ཇི་སྲིད་བར་འགག་པ་མེད་པར་སྟོན་པ་དང་། ཁྱད་པར་ཞིང་འདིའི་གདུལ་བྱ་རིས་སུ་མ་ཆད་པ་རྣམས་དང་། ཡང་སྒོས་རྗེས་སུ་སློབ་ཅིང་དད་མོས་གུས་པར་ལྡན་པའི་སེམས་ཅན་རྣམས་ཡལ་བར་མི་འདོར་བར་མཛད་དུ་གསོལ། གནས་སྐབས་དེར་ཡང་ཕྱི་ནང་གི་རྐྱེན་ནག་པོ་བདུད་ཀྱི་འཚེ་བས་མི་གནོད་ཅིང་། ཐོས་བསམ་སྒོམ་གསུམ་ཕར་ཕྱིན་དྲུག་སྡོམ་པ་གསུམ་བསྐྱེད་རྫོགས་སྟོང་ཉིད་སྙིང་རྗེ་སོགས་མཐར་ཕྱིན་ཅིང་། མཛད་པ་ཕྲིན་ལས་དར་ཞིང་རྒྱས་པས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྤྱི་དང་། བྱེ་བྲག་སྙིང་པོ་དོན་གྱི་བསྟན་པ་སྒྲུབ་བརྒྱུད་ཀྱི་བསྟན་པ་འདི་ཉིད་ཀྱི་ཉམས་པ་གསོ་བ་དང་། གནས་པ་ཕྱོགས་དུས་ཀུན་ཏུ་རྒྱ་ཆེར་སྤེལ་བ་དང་། གདུལ་བྱ་རྣམ་མང་མཐའ་ཡས་པ་རྣམས་ཀྱང་བྱང་ཆུབ་ཆེན་པོའི་ལམ་དུ་འདྲེན་པར་འགྱུར་བའི་ཐུགས་བསྐྱེད་རྒྱ་ཆེན་པོ་དང་སྨོན་ལམ་མཐའ་གང་བཙན་གཡེལ་བ་མེད་པར་གསོལ་བ་འདེབས་པ་ལགས། ཞེས་པས་དམ་ཡེ་དབྱེར་མེད་དག་པའི་ཞིང་དུ་གཤེགས་ནས་དེར་བཞུགས་པའི་སངས་རྒྱས་ཀྱི་ཐུགས་དང་གཉིས་སུ་མེད་པར་གྱུར་པར་མོས་ལ་ཐུགས་ཡིད་བསྲེས་ཏེ་མཉམ་པར་བཞག །གསུམ་པ་བསྔོ་སྨོན་བྱ་བ་ནི། བཟང་སྤྱོད་སོགས་ཐེག་ཆེན་ཐུན་མོང་དང་། བླ་མ་ཡི་དམ་སོགས་རྡོ་རྗེ་ཐེག་པ་ཐུན་མོང་མ་ཡིན་པའི་སྨོན་ལམ་གདབ། དཀྱིལ་འཁོར་དང་འབྲེལ་ན་ཚོགས་མཆོད་སོགས་རྗེས་ཀྱི་ཆོ་ག་མཐར་དབྱུང་། གང་ལྟར་བཀྲ་ཤིས་རྒྱས་པར་བརྗོད་ལ་དགེ་ལེགས་སུ་བྱའོ། །འདི་ནི་རང་ལ་བཀའ་དྲིན་ཆེ་བའི་དཔལ་ལྡན་བླ་མ་དང་སྐྱེས་ཆེན་གཞན་དོན་ཡང་སྲིད་འབྱོན་པ་གཙོར་བྱས་ནས་བཀོད་པ་སྟེ། བླ་མ་དགེ་བའི་བཤེས་གཉེན་གཞན་ལ་ཤམ་བུ་འདོད་གསོལ་སྨོན་ཚིག་རྣམས་གནས་སྐབས་དང་བསྟུན་པའི་འདོར་ལེན་ཤེས་དགོས་པ་ཡིན་ནོ། །སྐྱེ་ཀུན་བླ་མ་མཉེས་པའི་བྱ་བ་སྒྲུབ། །དེ་ལས་སངས་རྒྱས་ཆོས་རྣམས་འབད་མེད་རྫོགས། །དེས་ཀྱང་ཡིད་ཅན་མཐའ་དག་བདེ་མྱུར་གྱི། །ལམ་མཆོག་བགྲོད་ནས་མངོན་པར་བྱང་ཆུབ་ཤོག །ཅེས་གདུང་མཆོད་དུ་གྲགས་པ་འདི་ཉིད་སྔོན་གྱི་དམ་པ་འགའ་ཞིག་གིས་མཛད་པ་མཐོང་ཡང་རྒྱས་བསྡུས་གཉིས་ཀྱི་མཐར་ལྷུང་བ་དང་རང་ལུགས་ཕྱོགས་རེ་བར་མཐོང་ནས། འདིར་དེ་དག་ཉིད་ཁུངས་སུ་བཅོལ་བ་ལ་སྔ་འགྱུར་ལུགས་གང་རུང་ལ་སྦྱོར་ཆོག་པ་དང་། གསར་མའི་ལུགས་ལའང་མངོན་རྟོགས་མཆོད་ཕྲེང་སོགས་ཁ་སྤོ་ཆོག་པའི་དབང་དུ་བྱས་ཏེ་གང་ལའང་མི་གནས་པའི་རྣལ་འབྱོར་པ་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ། མངྒ་ལཾ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).