RTZ Volume 62 Full Text Tibetan

From Rinchen Terdzö
Rinchen Terdzö, Volume 62, Full Text
རིན་ཆེན་གཏེར་མཛོད་ཆེན་མོ་པོད་དྲུག་བཅུ་རེ་གཉིས་པ།

དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ དབང་གི་གནས་མཆོག་པདྨ་ཤེལ་ཕུག་གི་དཀར་ཆག་ (Volume 62, Text 1)

༁ྃ༔ དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ དབང་གི་གནས་མཆོག་པདྨ་ཤེལ་ཕུག་གི་དཀར་ཆག་བཞུགས༔ སྡེ་གསུམ་སྤྱི་སྐོར། ྈྈྈ ན་མོ་གུ་རུ༔ སྡེ་དྲུག་གནས་ཡིག་སྐོར་གསུམ་ལས༔ ཨོ་རྒྱན་ཆེན་པོས་འདི་སྐད་གསུངས༔ ཨ་ཧོ༔ མཁའ་སྤྱོད་དག་པའི་ཞིང་ཁམས་རྣམས༔ ས་ལ་འཕོས་པ་རྒྱ་གར་ཡུལ༔ ཡན་ལག་ཙམ་ཞིག་བོད་དུ་སྣང༔ དེ་བས་བོད་རྣམས་གྲུབ་ཐོབ་ཉུང༔ དེ་ཕྱིར་པདྨ་བདག་ཉིད་ཀྱིས༔ བོད་ཀྱི་ས་གནད་གང་བཟང་དུ༔ སྒྲུབ་པ་བྱས་ཤིང་བྱིན་གྱིས་བརླབས༔ མཁའ་སྤྱོད་ཞིང་དང་རྒྱ་གར་གྱི༔ གནས་དང་དུར་ཁྲོད་ལ་བཞུགས་པའི༔ རིག་འཛིན་མཁའ་འགྲོའི་ཚོགས་ཐམས་ཅད༔ སྤྱན་དྲངས་གནས་མཆོག་སོ་སོར་བསྟིམས༔ མཁའ་སྤྱོད་གནས་དང་དབྱེར་མེད་བྱུང༔ དཀར་ཆག་བཏབ་སྟེ་གཏེར་དུ་སྦས༔ སྤྱི་དོན་བཤད་པ་དང་པོའི་སྐོར༔ ས་མ་ཡ་རྒྱ་རྒྱ༔ རྒྱ་གར་སོ་ས་གླིང་གི་གནས༔ བོད་ཀྱི་ཡུལ་དུ་སྤྱན་དྲངས་ནས༔ བསྟིམས་པའི་ས་ནི་མཆིམས་ཕུ་ཡིན༔ དེ་ཉིད་གཅིག་ལས་གཉིས་མཆེད་ཚུལ༔ ཁམས་ཀྱི་སྨད་ཤོད་ཛཾ་དུ་འཕོས༔ ལུང་པ་པདྨ་ཁ་ཕྱེ་འདྲ༔ དབུས་ཀྱི་ལུང་པའི་མདོ་དག་ལ༔ བྲག་དཀར་ཤེལ་གྱི་གུར་ཕུབ་འདྲ༔ སྒྲུབ་ཕུག་པདྨ་ཤེལ་ཕུག་འདིར༔ ཨོ་རྒྱན་པདྨ་བདག་ཉིད་ཀྱིས༔ བདེ་གཤེགས་འདུས་པའི་སྒྲུབ་ཆེན་བྱས༔ ཕུག་པའི་ནང་རྣམས་ཐམས་ཅད་དུ༔ དཀྱིལ་འཁོར་དགུ་ཀློང་རང་བྱོན་བྱུང༔ བདེ་བར་གཤེགས་པ་ཐིམ་པས་ན༔ མཐོང་ཚད་ངན་སོང་སྐྱེ་སྒོ་ཆོད༔ གཡས་ཀྱི་ལུང་པའི་རི་གདོང་རྣམས༔ ཕ་ཝོང་བྱ་ཁྱུ་བབས་པ་འདྲ༔ རྒྱ་གར་དུར་ཁྲོད་ཆེན་པོ་ནས༔ བྱོན་པའི་རྡོ་དང་ས་ཤིང་ཡིན༔ དབུས་སུ་ང་ཡི་སྒྲུབ་ཆུ་དང༔ སྐུ་གསུང་ཐུགས་ཀྱི་རང་བྱོན་བཞུགས༔ གཡོན་གྱི་བྲག་དཀར་རྒྱལ་མཚན་འདྲ༔ ཨོ་རྒྱན་ང་ཡི་ཞབས་རྗེས་དང༔ འགྲོ་ཕན་འདོད་པའི་ཟབ་གཏེར་གསུམ༔ འབྲེལ་ཚད་དོན་ལྡན་རྟེན་གཏེར་གསུམ༔ ས་བཅུད་གསོ་བའི་བཅུད་གཏེར་གསུམ༔ འདོན་མི་རུང་བའི་གཏེར་དྲུག་སྟེ༔ ཟབ་པའི་གཏེར་ཆེན་དགུ་ཡང་སྦས༔ གཟིམ་ཕུག་ནང་གི་ཐོ་ཕྱི་ལ༔ ཤིན་ཏུ་གཅེས་པའི་གཏེར་ལྔ་སྦས༔ ནུབ་བྱང་མཚམས་ཀྱི་བྲག་དཀར་ན༔ བདག་གིས་རིགས་གསུམ་མགོན་པོ་བསྒྲུབས༔ ཞལ་མཐོང་སྒྲོམ་འདྲའི་བྲག་ལ་ཐིམ༔ སྐུ་གསུང་ཐུགས་ཀྱི་རྟགས་དང་ལྡན༔ གཡས་ཕྱོགས་བྲག་དཀར་དཔལ་གཏོར་འདྲ༔ ཧེ་རུ་ཀཿདཔལ་རང་བྱོན་བཞུགས༔ གཡས་ལོགས་རི་ཡི་བྲག་དཀར་ལ༔ སྐུ་གསུམ་སྙིང་པོ་རང་བྱོན་བཞུགས༔ བོད་ལ་ཕན་པའི་ནོར་གཏེར་སྦས༔ བཏོན་ན་ས་བཅུད་ཉམས་པར་འགྱུར༔ གསོལ་བ་བཏབ་ན་དངོས་གྲུབ་འབྱུང༔ བསྐོར་ན་ལོངས་སྤྱོད་ཚེ་གཡང་འཕེལ༔ ཆགས་ཚུལ་དཀར་ཆག་གཉིས་པའི་སྐོར༔ ས་མ་ཡ་རྒྱ་རྒྱ༔ གསུམ་པ་ཕན་ཡོན་བཤད་པ་ནི༔ དབུས་ཀྱི་པདྨ་ཤེལ་ཕུག་ཉིད༔ བསྐོར་ན་ལས་ཀྱི་སྒྲིབ་པ་བྱང༔ ཚོགས་འཁོར་བསྐོར་ན་དངོས་གྲུབ་འབྱུང༔ ཞག་བདུན་སྒྲུབ་ན་ཉམས་རྟོགས་འཕེལ༔ བཀུར་བསྟི་ཕུ་དུད་སུས་བྱས་པ༔ བསོད་ནམས་ཚོགས་ཆེན་རབ་རྫོགས་ཏེ༔ མཐར་ཐུག་ལེགས་པའི་ལམ་ལ་སྦྱོར༔ ནད་གདོན་ཞི་འདོད་གནས་འདི་སྐོར༔ ཚེ་བསོད་རྒྱས་འདོད་གནས་འདི་སྐོར༔ ཉམས་རྟོགས་འཕེལ་འདོད་གནས་འདིར་སྒྲུབས༔ གཞན་དུ་ལོ་གཅིག་བསྒྲུབས་པ་བས༔ གནས་འདིར་ཞག་གཅིག་ཚོགས་འཁོར་འཕགས༔ ཅི་ཕྱིར་ཞེ་ན་དཔའ་བོ་དང༔ མཁའ་འགྲོའི་ཚོགས་རྣམས་འདུས་པ་ཡི༔ ཚོགས་ཀྱི་དཀྱིལ་འཁོར་ཡིན་པའི་ཕྱིར༔ གྲོང་ཁྱེར་མི་གཅིག་འབོད་པ་བས༔ གྲོང་ཁྱེར་དངོས་སུ་ཕྱིན་ནས་ཀྱང༔ ལོངས་སྤྱོད་འགྱེད་ན་ལྷག་པའི་ཕྱིར༔ དེ་བས་དོན་འདི་གོ་བར་གྱིས༔ ས་མ་ཡ་རྒྱ་རྒྱ༔ དབང་གི་གནས་མཆོག་དཀར་ཆག་འདི༔ ཨོ་རྒྱན་རྗེ་ཡིས་གསུངས་པ་བཞིན༔ མཚོ་རྒྱལ་ཁོ་མོས་ཡི་གེར་བྲིས༔ ལས་ཅན་བུ་དང་འཕྲད་པར་ཤོག༔ ས་མ་ཡ་རྒྱ་རྒྱ༔ ྈྈྈ ལྷ་སྲས་མུ་རུབ་བཙད་པོའི་རྣམ་པར་འཕྲུལ་པ་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པས་གནས་མཆོག་ནམ་མཁའ་མཛོད་ནས་སྤྱན་དྲངས་པའི་ཁ་བྱང་དང་། འཕྲལ་དུ་སློབ་དཔོན་རིན་པོ་ཆེ་ཡབ་ཡུམ་གྱིས་དངོས་སུ་གསུངས་པའི་ཡང་བྱང་དང་སྙིང་བྱང་ལ་བརྟེན་ནས། མེ་འབྲུག་རྒྱལ་ཟླའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོའི་ཉི་ཤར་ལ་བོད་ཆེན་པོའི་སའི་ཐིག་ལེ་སྡེ་དགེ་ཆོས་རྒྱལ་ཆེན་པོའི་ཕོ་བྲང་གི་ཤར་གྱི་ཕྱོགས་ཀྱི་ཡུལ་ལྗོངས། སྨད་ཤོད་ཛཾ་ནང་ཕུ་ཨོ་རྒྱན་རིན་པོ་ཆེའི་སྒྲུབ་གནས་པདྨ་ཤེལ་ཕུག་གི་གནམ་མཐོངས་ནས་བདག་ཅག་འདུས་པ་ཉེར་ལྔ་ཙམ་གྱིས་མཐོང་བར་དངོས་སུ་སྤྱན་དྲངས་ཤིང་། དེ་འཕྲལ་སྐལ་ལྡན་གྱི་འདུས་པ་ཉིས་བརྒྱ་བརྒལ་བར་བྱིན་རླབས་བསྩལ་ཏེ་ཐམས་ཅད་ཀྱི་ཡིད་ཆེས་རྩོད་བྲལ་དུ་གྱུར་པའི་མཆོང་ཤོག་སྨུག་པོའི་ངོས་ལས་ཕབ་རིམ་བཞིན། བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་དག་པར་བྲིས་པའི་དགེ་བས། བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཟབ་གཏེར་གྱི་བསྟན་པ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།

རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ མདོ་བྱང་རབ་ཏུ་གསལ་བ་ (Volume 62, Text 2)

༁ྃ༔ རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ མདོ་བྱང་རབ་ཏུ་གསལ་བ་བཞུགས་སོ༔ སྡེ་གསུམ་སྤྱི་སྐོར། ྈྈྈྈྈྈ ན་མོ་གུ་རུ༔ ཆོས་དབྱིངས་ཀློང་ནས་སྣང་བཞི་མཐར་ཕྱིན་སྐུ་ལྔ་ཡོངས་རྫོགས་ཡོན་ཏན་རྒྱས་པའི་སྐུ༔ འཇིག་རྟེན་ཀུན་ཏུ་གྲགས་ཤིང་མི་སློབ་ཟུང་འཇུག་མངོན་གྱུར་ཤྲཱི་སིང༔ ཀུན་གྱི་སྤྱི་དཔལ་ཆེན་པོར་གྱུར་པ་བླ་མ་དཔལ་ཆེན་ཧེ་རུ་ཀ༔ རྗེ་བཙུན་ཆེན་པོ་བཀའ་དྲིན་ཅན་གྱི་བདག་ཉིད་དེ་ལ་རྟག་ཏུ་གུས་ཕྱག་འཚལ༔ ཨོ་རྒྱན་པདྨ་བདག་ཉིད་ཀྱིས༔ འགྲོ་དོན་བྱེད་པར་སེམས་བསྐྱེད་དེ༔ སིནྡྷུའི་རྒྱ་མཚོའི་གླིང་ཉིད་དུ༔ ངོ་མཚར་པདྨའི་སྟེང་དུ་འོང༔ རྒྱལ་བ་ཀུན་གྱིས་རབ་ཏུ་གནས༔ ཨོ་རྒྱན་རྒྱ་གར་ལ་སོགས་པའི༔ མཁས་གྲུབ་བརྒྱ་དང་རྩ་བརྒྱད་བསྟེན༔ སྡེ་སྣོད་གསུམ་དང་ཁྱད་པར་བཞིའི༔ དགོངས་སྤྱོད་མ་ལུས་ལོན་པར་བྱས༔ མན་ངག་བཅུད་ཀྱི་སྙིང་པོར་དྲིལ༔ ལྟ་བ་དགོངས་ཀློང་མངོན་གྱུར་པའི༔ ཡེ་ཤེས་སྐུ་ཅན་དཔལ་སེང་ལ༔ གདམས་པའི་མཐར་ཐུག་ཞུས་པའི་ཚེ༔ མི་ཡུལ་ཀུན་ཏུ་མ་གྲགས་པའི༔ རིག་རྩལ་དབང་མཆོག་བདག་གིས་ཐོབ༔ དེ་ཉིད་བོད་དུ་སྤེལ་བའི་སྣོད༔ གཅིག་ཀྱང་མ་མཆིས་གབ་པའི་ཚེ༔ མངའ་བདག་ཁྲི་སྲོང་ལྡེའུ་བཙན་དང༔ མཁས་པའི་དབང་པོ་བཻ་རོ་དང༔ ཀུན་ལས་ཁྱད་འཕགས་མཚོ་རྒྱལ་ཏེ༔ ལས་ཅན་སྐལ་ལྡན་གསུམ་གྱི་ངོར༔ ཤྲཱི་སིཾ་ཧའི་ཐུགས་ཀྱི་བཅུད༔ བླ་མ་དགོངས་པ་རྣམ་པ་བཞི༔ སྦྱིན་ཏེ་ཡང་ཏིག་དགོངས་ཉམས་བསྟན༔ གཞན་ཡང་རྗེ་འབངས་མཆེད་བདུན་ལ༔ དམ་ཆོས་རྫོགས་ཆེན་སྡེ་གསུམ་བཤད༔ ད་ལྟ་ཤིན་ཏུ་སྤེལ་ཕངས་པས༔ ཟབ་པ་ཐུགས་ཀྱི་གཏེར་དུ་སྦས༔ ནམ་ཞིག་ལས་ཅན་བུར་འཕྲད་ནས༔ གདམས་པ་སྣ་རེས་གྲོལ་བར་འགྱུར༔ སྙན་ནས་སྙན་དུ་བརྒྱུད་པ་གཅེས༔ གང་ཞིག་འགྲོ་དོན་སྒོ་དབྱེ་ཙམ༔ སྒྲུབ་ཐབས་སྣ་རེ་སྦྱིན་པར་བྱ༔ ཡོངས་རྫོགས་སྤེལ་བའི་སྣོད་མེད་དོ༔ དེ་ཕྱིར་མདོ་བྱང་མ་སྟོན་ཅིག༔ བུ་ཡིག་དཀར་ཆག་འདྲ་རུ་བྲིས༔ སྤྱི་དོན་ཙམ་ལས་བསྟན་མི་བྱ༔ ས་མ་ཡ༔ རྒྱ་རྒྱ༔ མན་ངག་སྤྱི་ལ་གཅེས་པའི་སྙིང་ལྟ་བུ༔ གདམས་པའི་མཐར་ཐུག་ཡང་ཟབ་ཚིག་བཞི་དང༔ དེ་ཡང་ཟབ་ལ་མཚན་གསོལ་མདུང་ཚུག་མ༔ གྲངས་ལ་མཚན་གསོལ་མ་བུ་བཅོ་བརྒྱད་དང༔ མཐར་ཐུག་མི་གསལ་ནམ་མཁའི་ཞུན་མ་དང༔ ཆེ་བ་བརྗོད་པ་ཉི་མ་ཀློང་ཆུབ་དང༔ ཤིན་ཏུ་གསང་བ་སིཾ་ཧའི་བརྡ་ལ་གབ༔ རིག་འཛིན་བླ་མའི་ཟབ་གསང་བརྡ་བཞི་སྟེ༔ ཤིན་ཏུ་གསང་བ་སྙིང་གི་བྱང་བུ་ལགས༔ རེ་རེ་ཙམ་ལས་གཞན་ལ་སྤེལ་མི་རུང༔ མཐར་ཐུག་བླ་མའི་སྒྲུབ་ཐབས་རྩ་བ་འདི༔ ཟབ་པས་ཉི་ཟླའི་རྒྱ་ཅན་ཐུགས་ཀྱི་བཅུད༔ རང་གི་ཉམས་ལེན་གཞན་ལ་སྟེར་འོས་མེད༔ དེ་ལ་དབང་བ་འདི་ཉིད་ཐོན་པའི་ཚེ༔ ལོ་གཅིག་གམ་ནི་ཡང་ན་ལོ་གསུམ་ཁོངས༔ སྐྱེས་བུ་དཔྲལ་བར་སྨེ་བ་དམར་པོས་མཚན༔ བྱིས་པའི་ཚུལ་ཅན་དེ་ལ་མཐའ་ནས་སྟེར༔ གནས་ཀྱི་ཉེ་འདབས་འདི་རུ་ཤིན་ཏུ་འབྱུང༔ རྩ་བའི་ཚན་བཞི་རྒྱབ་ཆོས་རྣམ་པ་བཞི༔ དཔེ་ལ་ལྟོས་ཕྱིར་མ་བུ་ཉིད་དུ་ཡོད༔ སྤྱི་དང་སྡེ་གསུམ་རྩ་བའི་ཆོས་ཡིན་ལ༔ བརྒྱུད་གསུམ་གླུ་ཡི་སྡེ་སྟེ་རྒྱབ་ཆོས་བཞི༔ ཁོག་ཕུབ་མན་ངག་མཐར་ཐུག་ཁུངས་བཙུན་པའོ༔ འདི་བརྒྱད་ཀུན་ལས་རྩ་བའི་ཆོས་བཞི་ནི༔ ཕྱི་སྐོར་སེམས་སྡེ་ནམ་མཁའི་ཀློང་ཡངས་དང༔ ནང་སྐོར་ཀློང་སྡེ་ཉི་མ་ཀློང་ཆུབ་དང༔ གསང་སྐོར་མན་ངག་འོད་ཟེར་མཐའ་ཡས་ཏེ༔ ཕྱི་སྐོར་ནམ་མཁའི་ཀློང་ཡངས་སྐོར་བརྒྱད་དང༔ ནང་སྐོར་ཉི་མ་ཀློང་ཆུབ་སྐོར་དགུ་རྣམས༔ སློབ་དཔོན་བཻ་རོ་ཙ་ནས་བོད་དུ་བསྒྱུར༔ འདི་ནི་ཤྲཱི་སིཾ་ཧའི་ཐུགས་བཅུད་དེ༔ ཟབ་ལ་འདྲིལ་ཞིང་གཞན་ལ་མ་བསྟན་པ༔ སློབ་དཔོན་བདག་ལ་སྤེལ་བར་བཀའ་གནང་མེད༔ བཻ་རོ་ལ་ནི་གནང་བ་བསྩལ་འདུག་པས༔ མ་བུར་བསྡེབས་ཏེ་འདི་རུ་བཞག་པ་འོ༔ མན་ངག་སྐོར་དགུ་འོད་ཟེར་མཐའ་ཡས་ནི༔ པདྨ་བདག་གིས་དཔལ་སེང་ཉིད་ལ་ཞུས༔ ཟབ་པའི་མཐར་ཐུག་འདི་རུ་གདམས་པ་ནི༔ མན་ངག་ཉི་ཤུ་རྩ་དྲུག་བསྟན་པ་འོ༔ ཕྱི་སྐོར་བླ་མ་སུམ་ཅུ་རྩ་གཅིག་ལས༔ སློབ་དཔོན་རྣམས་ཀྱི་བསྒོམ་ཚུལ་ཁྱད་པར་ཡང༔ རིམ་པའི་ཚུལ་དུ་བསྒྲིགས་པར་མ་བྱས་ཏེ༔ རྩ་བའི་བླ་མ་དབུས་སུ་སྒོམ་པ་ཡིན༔ འགྲོ་འདུལ་བླ་མའི་སྒྲུབ་ཐབས་ཟབ་པ་ནི༔ ཡང་ཟབ་བསྟན་པའི་སྙིང་པོ་ཞེས་བྱ་འོ༔ འདི་ནི་སྤྱི་ཆོས་ཡིན་པས་སྤེལ་ཡང་རུང༔ འདི་ཡི་བྱིན་རླབས་བླ་མའི་སྤྱི་ལྟ་བུ༔ ཁྱད་པར་དགོངས་པའི་རང་བཞིན་ཉམས་བསྐྱང་བ༔ གླུ་ཡི་སྡེ་ཚོགས་སྔ་ཕྱི་གཉིས་སུ་བརྗོད༔ ཕྱི་སྐོར་བྱིན་རླབས་བླ་མའི་བྱིན་རླབས་གཉིས༔ ཁྲིགས་སུ་བསྡེབས་ནས་བསྐུར་ཚུལ་བདུན་གྱི་ཤེས༔ ཕྱི་སྐོར་བྱིན་རླབས་ཨ་ཡིག་མདའ་འཕེན་མ༔ ཟླ་བའི་ཞུན་མ་སྙིང་གི་མུན་སེལ་ཡིན༔ གྲོལ་བའི་ཁྲིད་ནི་དོན་བཞིའི་ཁོངས་སུ་རྫོགས༔ སེམས་ཀྱི་རང་བཞིན་རྟོགས་པར་བྱ་བ་ལས༔ སྟོང་ཉིད་ཆོས་དབྱིངས་བརྡལ་ཁྱབ་གདམས་པ་ཞེས༔ དེ་ཉིད་རྗེས་འབྲེལ་དགོངས་པ་མཐར་གསལ་བ༔ དགོངས་པ་རང་གསལ་ལྟ་བ་ཀློང་ཡངས་ཞེས༔ དེ་ཡི་ཕྱི་སྐོར་ཆོས་ཚན་བརྒྱད་ཡིན་ལ༔ རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་སྒྲུབ་པ་ཡང༔ ཤྲཱི་སིཾ་ཧས་རྒྱུད་ལས་བཀྲལ་བའི་ཚུལ༔ རྡོར་དབྱིངས་རྡོ་རྗེ་རྩེ་མོ་འོད་གསལ་ཞེས༔ ཡི་དམ་ཁྲོ་བོའི་སྒྲུབ་པ་འདི་ལ་མེད༔ ད་ནི་ནང་སྐོར་ཀློང་སྡེ་སྐོར་དགུ་ནི༔ རིག་འཛིན་བླ་མ་འགྲོ་འདུལ་བཅོ་ལྔ་ཡང༔ རྒྱ་གར་ཡུལ་གྱི་སློབ་དཔོན་ཆེན་པོ་རྣམས༔ འགྲོ་དོན་ཕྱིར་དུ་བོད་ཀྱི་ཡུལ་དུ་འཁྲུངས༔ དེ་ཡི་དབང་བྱས་ཡེ་ཤེས་མཚོ་རྒྱལ་ལ༔ ལྷ་སྲས་ཀྱིས་ཞུས་ལྷ་སྲས་གཤེགས་རྗེས་སུ༔ ཟུར་མཁར་བཟའ་ཡིས་ཡི་གེར་བཀོད་པ་དག༔ ངན་ལམ་བནྡེས་ཁྲིགས་སུ་བཏབ་པ་འདི༔ བླ་མའི་ཕྲིན་ལས་དགོངས་པ་འོད་གསལ་ཞེས༔ འདི་ཡི་བྱིན་རླབས་བླ་མའི་སྤྱི་སྐོར་ལས༔ གྲུབ་པའི་ཚུལ་སྟོན་བཀའ་བབས་དབང་བསྐུར་ཞིང༔ ཐུགས་ཀྱི་བྱིན་རླབས་རྡོ་རྗེའི་གླུ་རྣམས་བླང༔ ཞི་བ་རྫོགས་ཆེན་སྟོན་པ་བཅུ་གཉིས་ཀྱི༔ སྒྲུབ་པ་ཟབ་གསལ་ཀློང་ཡངས་ཞེས་བྱ་དེ༔ གཙོ་བོ་ཆོས་ཉིད་ཀློང་ལས་བསྐྱེད་པ་མེད༔ སྐུ་གསུམ་དོན་གྱི་ཕྲིན་ལས་ཆེན་པོ་འོ༔ དེ་ཡི་བྱིན་རླབས་དགོངས་པ་བརྡ་བཞིའི་དབང༔ གསང་གསུམ་རྡོ་རྗེ་འབར་བ་ཞེས་བྱར་བརྗོད༔ ཡི་དམ་ཁྲོ་བོ་མངོན་རྫོགས་རྒྱལ་པོ་ནི༔ མདོ་ལུང་ཆེན་པོའི་རྒྱུད་ལས་བཏུས་པ་སྟེ༔ དགའ་རབ་རྡོ་རྗེས་མཛད་པའི་ལུགས་བཞིན་དུ༔ ཤྲཱི་སིཾ་ཧའི་ཆོས་ཀྱི་ཁྱད་ཆོས་སོ༔ ཕྲིན་ལས་ཉི་མ་མཐའ་ཡས་ཞེས་བྱ་སྟེ༔ དབང་བསྐུར་འཇུག་པའི་སྔོན་འགྲོ་ཡན་ལག་བཅུ༔ རྩ་བ་དགུ་བསྒྲིལ་འཇུག་ཅིང་སྨིན་པའི་སྒོ༔ མཐའ་རྟེན་ཡན་ལག་གཉིས་ཏེ་ཉི་ཤུ་ཡིན༔ དབང་གི་གཏེར་མཛོད་ཆེན་པོ་ཞེས་བྱ་འོ༔ ཁྲིད་ཀྱི་བྱིན་རླབས་བརྡ་བཞི་བསྟན་པ་དང༔ གཡུ་སྒྲ་སྙིང་པོའི་དགོངས་བཅུད་ཇི་ལྟ་བུར༔ འདི་རུ་ཡི་གེ་བཏབ་པར་བྱས་པ་སྟེ༔ འདི་ནི་ཀློང་སྡེའི་ཆོས་ཀྱི་ཁོང་སྙིང་དག༔ དང་པོ་ཁམས་ཀྱི་སྨད་དུ་བཻ་རོ་ཡིས༔ མི་ཕམ་ཞེས་པའི་རྒན་པོ་ཞིག་ལ་གནང༔ གཡུ་སྒྲས་དེ་ཡི་དུས་སུ་མ་ཐོས་ཏེ༔ སླར་ཡང་དེ་བཞིན་བཻ་རོ་ཙ་ན་ཡི༔ ཨོ་རྒྱན་བདག་དང་རྗེ་འབངས་མཆེད་དྲུག་རྣམས༔ རུ་དམ་ལུང་པ་ཕ་བོང་ནག་པོའི་སྟེང༔ བཞུགས་པའི་ཚེ་ན་བཻ་རོས་གཡུ་སྒྲར་གདམས༔ དེ་ཡི་དུས་སུ་ཇོ་མོ་མཚོ་རྒྱལ་གྱིས༔ ཡི་གེར་བཏབ་སྟེ་གཏེར་དུ་སྦས་པར་བརྩམ༔ ཁྲིད་ཀྱི་དངོས་གཞི་བརྡ་བཞིའི་སྒོམ་ཚུལ་ཡང༔ ལྟ་བ་རང་སངས་ཀློང་ཡངས་ཞེས་བྱ་འོ༔ རྗེས་འབྲེལ་ཤན་འབྱེད་ནམ་མཁའི་སྒོ་འབྱེད་ཅེས༔ ནང་སྐོར་རིམ་པ་དགུ་པོ་དེ་ཡིས་རྫོགས༔ མན་ངག་སྐོར་ལ་ཐོག་མར་པདྨ་བདག༔ རྒྱ་གར་ཡུལ་ནས་དཀའ་བ་མང་པོ་ཡིས༔ མཉེས་པ་གསུམ་གྱིས་སློབ་དཔོན་བསྟེན་པ་རྣམས༔ ཐམས་ཅད་ཡེ་ཤེས་སྐུ་ཅན་ཤ་སྟག་སྟེ༔ དེ་དག་སྒྲུབ་པའི་ཚུལ་ནི་འདི་ལྟ་སྟེ༔ བླ་མ་ཡོངས་རྫོགས་སྒོམ་པའི་གསེང་ལམ་ཞེས༔ བྱིན་རླབས་སྤྱི་ལས་ཁྱད་པར་མཚན་དང་ནི༔ སྐུ་ཡི་རྣམ་པས་སྔོན་དུ་སྐུས་དབང་བསྐུར༔ གསུང་ལ་གདམས་པ་ཐུགས་ལ་རྡོ་རྗེའི་གླུ༔ དགོངས་པའི་ཉམས་སྐྱོང་བཞི་ཡིས་རྫོགས་པ་ལ༔ དབང་བསྐུར་དགོངས་པ་མཐར་ཕྱིན་ཞེས་བྱ་འོ༔ ཡི་དམ་པདྨའི་སྙིང་ཏིག་ཞི་ཁྲོ་གཉིས༔ ཐིག་ལེ་ལྔ་རྫོགས་འོད་ཟེར་ཀློང་ཐིམ་ཞེས༔ ལྟ་བ་ཀློང་ཡངས་དབྱིངས་ཀྱི་རྫོང་དང་ལྡན༔ རིག་པ་རང་བྱུང་འཕྲང་གི་སྒོ་ལྕགས་ཚུལ༔ རྫོང་འཕྲང་དབྱེར་མེད་བདེ་གཤེགས་འདུས་པ་ཞེས༔ དབང་གི་མདོ་བྱང་སྤྱི་བླུགས་ཞེས་བྱ་འོ༔ ཞི་ཁྲོའི་དབང་ཆེན་རྡོ་རྗེའི་གནས་སྦྱང་ངོ༔ ཁྲིད་ཀྱི་སྔོན་འགྲོ་སྤྲོས་བཅས་སྤྲོས་མེད་དང༔ ཤིན་ཏུ་སྤྲོས་མེད་རབ་ཏུ་སྤྲོས་མེད་དེ༔ ཟད་སར་འཁྱོལ་བའི་ཡེ་ཤེས་གསེང་ལམ་མོ༔ ལྟ་བ་དངོས་གཞི་ཤྲཱི་སིཾ་ཧ་ཡི༔ གདམས་པའི་གཟེར་བདུན་སེམས་ལ་བཏབ་ཚུལ་ནི༔ ཡེ་ཤེས་རིག་པའི་རལ་གྲི་ཞེས་བྱ་འོ༔ རྗེས་འབྲེལ་ལྟ་བ་སྙན་བརྒྱུད་རྣམ་གསུམ་ནི༔ གདམས་པ་ཀུན་གྱི་མཐར་ཐུག་སྤྱི་ཏིར་རྫོགས༔ ཡེ་ཤེས་ལྟ་བའི་རྒྱལ་པོ་ཞེས་བྱ་འོ༔ འདི་ནི་གསང་བའི་ཀློང་དགུ་འདིའི་མཐའ་རུ༔ མན་ངག་དགོངས་པའི་ཞེ་ཕུགས་བཏགས་པ་ཡི༔ ཚེ་གཅིག་ཟུང་འཇུག་སྐུ་རུ་འགྱུར་བ་སྟེ༔ གདམས་པའི་མཐར་ཐུག་འདི་འདྲ་སྔོན་མ་བསྟན༔ ཆིག་བརྒྱུད་གནུབས་ཆེན་མཁར་ཆེན་རྣམས་ལ་སྤེལ༔ རེ་ཞིག་སུམ་ཅུ་དུས་ཀྱི་མར་གཤམ་ལ༔ གདམས་པ་མ་བུ་ནམ་མཁའི་ཀློང་དུ་མཇལ༔ ཕན་ཚུན་གབ་སྤྲད་བེ་རོའི་སྐྱེས་མཐའ་ཞིག༔ བློ་གྲོས་མིང་ཅན་དེ་ལ་བདག་པོར་གཏད༔ དེ་ལ་གཅེས་པའི་སྡེ་དྲུག་བསྟན་པ་ནི༔ ལོ་རྒྱུས་སྙིང་གི་ཏི་ཀ་ཆེན་པོ་དང༔ ལུང་བསྟན་གསལ་བའི་སྒྲོན་མེ་གབ་རྒྱ་ཅན༔ ཁྱད་པར་ཤིན་ཏུ་གཅེས་པའི་སྙིང་གི་ཁྲག༔ མཁའ་འགྲོ་དགོངས་པ་ཀློང་གསལ་ལས་བཏུས་པའི༔ ཕྲིན་ལས་ཡེ་ཤེས་མཁའ་འགྲོའི་དགོངས་རྒྱན་དང༔ ཟབ་པ་ཡུམ་གྱི་དབང་བསྐུར་རྣམ་པ་གཉིས༔ ཤིན་ཏུ་གཅེས་པས་ལོ་གསུམ་ཁོངས་དག་ལ༔ ལྷོ་ཡི་ཕྱོགས་ནས་སྤྲེལ་གྱི་ལོ་པ་འམ༔ རྟ་ཡི་ལོ་པ་སྙིང་གར་སྨེ་བ་དམར༔ བྱིས་པའི་ཚུལ་ཅན་དེ་ཉིད་བདག་པོར་འགྱུར༔ མ་འོངས་ཡབ་སྲས་གཉིས་པོ་མཇལ་བའི་ཚེ༔ དེ་དུས་གཉིས་པོས་ཉམས་ལེན་བྱེད་པ་ལས༔ རླུང་ཕྱོགས་ཙམ་ཡང་གཞན་ལ་བསྒྲག་མི་རུང༔ བཀའ་ཡི་སྲུང་མ་དྲེགས་པ་སྡེ་གསུམ་གྱི༔ ཕྲིན་ལས་གློག་གི་སྤུ་གྲི་མ་བུ་བཅས༔ མཐའ་རྟེན་ཚེ་ཡི་གདམས་པ་གསང་བའི་ལམ༔ འཆི་མེད་བདུད་རྩིའི་སྨན་ལུང་ཆེན་མོ་སྟེ༔ སྦས་པའི་གནས་མཆོག་ཆེན་པོའི་དཀར་ཆག་ཅན༔ ཕྲིན་ལས་ལ་གཅེས་བྱང་བུ་བཅུ་ཕྲག་སྟེ༔ ཆད་ལྷག་མེད་པར་ཡོངས་སུ་རྫོགས་པ་འོ༔ དེ་ཉིད་ས་སྟེང་འབྱུང་བའི་བསྐལ་པའི་དུས༔ རྒྱ་ཡི་ཡུལ་ཕྱོགས་མུན་པ་འཁྲུགས་པ་འདྲ༔ བལ་བོའི་ཡུལ་ནི་ཁྲག་མཚོ་ཁོལ་བ་འདྲ༔ བོད་ཀྱི་ཡུལ་ནི་རྔ་ཐོག་སྲན་མ་བཞིན༔ སྟོད་སྨད་ཟིང་ཟིང་ལོང་ལོང་གྱུར་པ་ན༔ ས་གནད་ཤིན་ཏུ་ཆེ་བ་འབྲི་ལུང་དུ༔ ཁ་བྲག་མ་ཡི་ཐུགས་སྒྲུབ་ཆེན་མོ་ཡི༔ ཚོགས་ཀྱི་འཁོར་ལོ་འབུམ་ཕྲག་བརྩོན་པ་དང༔ མཁོ་མཐིང་མ་ཡི་བདེ་གཤེགས་འདུས་པ་ཡི༔ ལས་ཀྱི་སྦྱོར་བའི་གཟེར་ཆེན་གདབ་པར་བྱ༔ ཤེལ་ཕུག་མ་ཡི་བཀའ་བརྒྱད་རྫོང་འཕྲང་གི༔ བདུད་རྩི་སྨན་གྱི་སྒྲུབ་པ་བྱེད་པ་སོགས༔ རྟེན་འབྲེལ་གོ་མ་འགགས་པར་བསྒྲིགས་པ་ན༔ སྟོད་སྨད་ཀུན་གྱི་གཡོ་འཁྲུགས་ཅུང་ཞིག་ཞི༔ དེ་ནས་ལྕགས་སྤྲེལ་ལོ་ཡི་སྔ་རྗེས་ལ༔ འཁྲུགས་པའི་སྐབས་ཞི་མུ་གེའི་བསྐལ་པ་འབྱུང༔ སྤྱི་རོང་ཕྱོགས་སུ་འབྲུ་ཡི་གཏེར་ཁ་སྦས༔ ཁྲི་སྒོའི་ཕྱོགས་སུ་རིན་ཆེན་གཏེར་ཁ་སྦས༔ ཤོད་ཆེན་བཅོ་བརྒྱད་གཏེར་གྱིས་ཕྱུར་བུར་བཀང༔ རོང་མདོ་རྣམས་སུ་བརྟན་མར་མདོས་བྱ་ཞིང༔ མ་མོ་རྣམས་ཀྱི་དྲུང་དུ་མདོས་ཆེན་ཕུལ༔ ཆུ་ཀླུང་ཆེན་པོ་བཞི་རུ་ཀླུ་གཏའ་བསྡམས༔ དེ་ཡིས་མུ་གེའི་བསྐལ་པ་ཅུང་ཟད་ཞི༔ ཤིང་སྟག་ལོ་ཡི་སྔ་རྗེས་ཐམས་ཅད་ལ༔ མུ་གེའི་བསྐལ་ཞི་ནད་ཀྱི་བསྐལ་པ་འབྱུང༔ ལྷ་རི་རྩེ་ལྔར་སྨན་གྱི་སྒྲུབ་པ་བྱ༔ སེང་གེ་རྫོང་གསུམ་སྨན་གྱི་གཏེར་ཆེན་སྦས༔ དབུས་གཙང་ཁམས་ལ་སྨན་གྱི་འགྱེད་ཆེན་བྱ༔ ཆུ་སྤྲེལ་ལོ་ལ་སྟོད་སྨད་མཐའ་འུར་འདྲོག༔ བསམ་ཡས་མཐིལ་དུ་བདེ་གཤེགས་འདུས་པ་སྒྲུབས༔ ཡོངས་རྫོགས་ཕུག་ཏུ་ཕུར་པའི་ལས་སྦྱོར་བྱ༔ རི་བོ་བཀྲ་བཟང་འདབས་སུ་མཆོད་རྟེན་བཞེངས༔ དེ་ཡིས་སྟོད་སྨད་གཡོ་འཁྲུགས་ཅུང་ཞིག་ཞི༔ ཤིང་སྤྲེལ་ལོ་ལ་ལྷ་སའི་མཐིལ་དག་ཏུ༔ གཏམ་ངན་ལྷ་མིའི་གནས་སུ་གྲགས་པ་འབྱུང༔ དེ་ལ་ཕན་ཕྱིར་གཙང་གི་ཕུང་པོ་ཆེར༔ བདེ་གཤེགས་འདུས་པའི་སྒྲུབ་ཆེན་ལན་གསུམ་བྱ༔ ལྷ་སའི་མཐིལ་དུ་རྡོ་རྗེ་འཛིན་རྣམས་ཀྱིས༔ ང་ཡི་སྒྲུབ་པ་བར་ཆད་ཀུན་སེལ་གྱི༔ སྒྲུབ་པ་ལས་སྦྱོར་མཐའ་རྫོགས་ཡང་ཡང་བྱ༔ མེ་བྱ་ལོ་ལ་སྟོད་སྨད་ཐམས་ཅད་དུ༔ ཙི་ཙི་ཛྭ་ལའི་ནད་ཀྱིས་ཟིན་པའི་དུས༔ བསམ་ཡས་མཆིམས་ཕུར་གནས་ཆེན་བྱིན་འབེབ་བྱ༔ བོད་ཀྱི་མཚོ་ཆེན་ལྔ་ལ་ཀླུ་གཏའ་བསྡམ༔ ལྕགས་ཁྱི་ལོ་ལ་སྟོད་སྨད་ཀུན་ནས་འཁྲུགས༔ བོད་ཀྱི་ཡུལ་ཀུན་སིལ་བུར་འཐོར་བའི་ཚེ༔ སྨད་ཀྱི་ཕྱོགས་ནས་རྡོ་རྗེའི་མིང་ཅན་ནི༔ སྟག་གི་ལོ་པ་ལྷོ་ནས་གློག་ལྟར་འཁྱུགས༔ སྦས་པའི་ཡུལ་ཕྱེ་འགྲོ་བ་དབུགས་དབྱུང་བྱེད༔ བོད་ཡུལ་བདེ་སྐྱིད་འབྱུང་འགྱུར་དེ་ཙམ་ལས༔ ཞིབ་པར་སེང་བྲག་ཁ་བྱང་ཆེན་མོར་ལྟོས༔ འདི་ཉིད་ས་སྟེང་བྱུང་བ་ཙམ་གྱིས་ནི༔ མོན་བྲག་དཀར་པོ་བྲག་གི་གཏེར་ཁ་ཐོན༔ ཤིན་ཏུ་གཅེས་པའི་ལུང་བྱང་སྡེ་བདུན་ལྟར༔ བོད་ཀྱི་ས་གནས་ཐམས་ཅད་གསོ་བ་དང༔ བོད་དང་བོད་ཀྱི་མེ་བཙའ་ཉམས་པ་རྣམས༔ ཚུལ་བཞིན་གསོས་ན་དྲུག་ཅུའི་སྐོར་གསུམ་ལ༔ རྒྱལ་བའི་བསྟན་པ་བོད་ཀྱི་བདེ་སྐྱིད་གནས༔ ཞེས་པའི་མདོ་བྱང་ལེགས་པར་བསྟན་པ་འདི༔ མཚོ་རྒྱལ་ཁྱོད་ཀྱིས་གསང་བའི་ཡི་གེར་ཐོབས༔ མ་འོངས་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ྈྈྈྈྈ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པས་བདེ་ཆེན་པདྨ་ཤེལ་ཕུག་གི་གནམ་ཁུང་ནས་སྤྱན་དྲངས་པའི་ཤོག་སེར་ལས་གཏན་ལ་ཕབ་རིམ་བཞིན་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་འཕེལ། ཞུས་སོ།། །།

དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ལོ་རྒྱུས་སྙིང་གི་ཏི་ཀ་ (Volume 62, Text 3)

༁ྃ༔ དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ལོ་རྒྱུས་སྙིང་གི་ཏི་ཀ་བཞུགས་སོ༔ སྡེ་གསུམ་སྤྱི་སྐོར། ྈྈྈྈྈྈྈྈྈ ན་མོ་གུ་རུ༔ དམ་ཆོས་རྫོགས་པ་ཆེན་པོ་ལ་སྡེ་དྲུག་ལས༔ ཐོག་མར་ལོ་རྒྱུས་ཀྱི་སྡེ་ལའང་སྐོར་གསུམ་སྟེ༔ སྔ་མ་དང་བར་པ་ཐ་མ་གསུམ༔ དང་པོ་གཞིའི་རྒྱུད་ཀུན་ཏུ་བཟང་པོ༔ ལམ་ཡེ་ཤེས་ཆེན་པོ༔ འཁོར་བསམ་གྱིས་མི་ཁྱབ་པ༔ དུས་ཐོག་མཐའ་མེད་པ༔ ཞིང་ཀུན་ལ་ཁྱབ་པ་ལྔས་བསྡུས་ཏེ་རྫོགས་པ་ཆེན་པོ་གདམས༔ ས་མ་ཡ་རྒྱ༔ འོག་མིན་དུ་སྟོན་པ་རྡོ་རྗེ་སེམས་དཔས༔ འཁོར་རིགས་ལྔ་པོ་ལ༔ དུས་ཐོག་མ་དག་ལ་ཡེ་ནས་གསལ་བར་བསྟན་ཏོ༔ ས་མ་ཡ་རྒྱ༔ སུམ་ཅུ་རྩ་གསུམ་གྱི་ལྷ་གནས༔ རྒྱ་མཚོའི་གཏིང་རུམ༔ གནམ་ལྕགས་ཡོད་པའི་རྩེར༔ འགྲོ་བ་དྲུག་ཏུ་ཐུབ་པ་དྲུག་དང་དགུ་རྣམས་ཀྱིས༔ ཀུན་ཏུ་བཟང་པོས་བཤད་པའི་དུས་ན༔ འགྲོ་བའི་ཁམས་ན་རྫོགས་པར་སྣང་བར་གྱུར་ཏོ༔ ས་མ་ཡ་རྒྱ༔ དགའ་རབ་རྡོ་རྗེ་འོག་མིན་དུ་ཕྱིན་ཏེ༔ རྡོ་རྗེ་སེམས་དཔའ་ལས་རྒྱུད་འབུམ་ཕྲག་དྲུག་ཅུ་གསན་ཏེ༔ འཇམ་དཔལ་བཤེས་གཉེན་ལ་བུམ་པ་གང་བྱོས་ཀྱི་ཚུལ་དུ་གནང༔ དེས་ཤྲཱི་སིཾ་ཧ་ལ་རྒྱས་བཀྲོལ་ཏེ་ཡོངས་སུ་རྫོགས་པར་བཤད་དོ༔ ས་མ་ཡ་རྒྱ༔ སྤྱི་དོན་གཉིས་པ༔ སྤྱིར་གསང་སྔགས་གསང་བ་བཅུ་ལས༔ བླ་མ་གསང་བར་གཅེས་པ་དང༔ བྱེ་བྲག་རྒྱ་གར་གྱི་ལུགས་ལ་བླ་མ་ཤིན་ཏུ་གསང་ཞིང༔ ཁྱད་པར་ཨོ་རྒྱན་ཆེན་པོས༔ བླ་མའི་མཚན་ནི་ཤིན་ཏུ་གསང་བར་མཛད༔ ཐ་མའི་ཐ་མར་བཀའ་ཡི་ཐ་མར་དགེ་བ་བདག་ཅག་རྣམས་ཀྱིས་ཐོས་པ་ལས༔ བོད་ཡུལ་དུ་བརྒྱ་དང་ལྔ་བཅུ་བཞུགས་པའི་བརྒྱ་ལ་ནི་མ་ཐོས་སོ༔ ཐོས་པའི་ཚུལ་ནི༔ ཨོ་རྒྱན་རིན་པོ་ཆེ་ནི་རིག་པའི་རྩལ་དབང་ཐོབ་པ་རྒྱ་གར་དུ་ཡོངས་སུ་གྲགས་པར་ལོ་པཎ་རྣམས་ཀྱིས་བཞེད༔ རྩལ་དབང་བསྐུར་བའི་སློབ་དཔོན་ནི་གང་ཡིན་པ་དེ་མ་འཚལ་ལོ༔ ཁོ་མོས་ཐབས་ཀྱི་སྒོ་ནས་ལན་མང་པོ་ཐོས་པར་འདོད་ཀྱང༔ ཟུར་ཙམ་མ་གནང་ངོ༔ དུས་རེ་ཞིག་གི་ཚེ༔ བོད་ཀྱི་ལོ་གསར་ཆེན་པོ་བྱས་པའི་དུས༔ གྲལ་གྱི་གོང་ནས་ཁྲི་སྲོང་ལྡེའུ་བཙན་གྱིས་གསུངས་པ༔ བདག་ཅག་རྣམས་ལ་བཀྲིན་ཆེ་བ་ནི་གུ་རུ་རིན་པོ་ཆེ་འདི་ཉིད་ལགས་ཤིང༔ དེང་སང་མོན་དུ་བཞུགས༔ མོན་མོ་བཀྲ་ཤིས་ཁྱེ་འདྲེན་སོགས་མོན་མི་སྐལ་ལྡན་འགའ་ལ༔ སྐུའི་བཀོད་པ་སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས་སུ་བསྟན་ཅིང༔ སྔར་མ་གྲགས་པའི་རྫུ་འཕྲུལ་གྱི་བཀོད་པ་དུ་མ་ཞིག་བསྟན་པར་ཐོས༔ ལོ་པཎ་མཁས་གྲུབ་གཞན་རྣམས་ཀྱིས་རྫུ་འཕྲུལ་ཡ་མ་ཟུང་ཅི་གནང་ནའང༔ ཨོ་རྒྱན་ཆེན་པོ་ལ་ནི་འགྲན་ཟླ་མ་མཆིས་སོ༔ འདིའི་དོན་དུ་མི་ཡུལ་དུ༔ རིག་པའི་རྩལ་དབང་ཐོབ་པ་ཨོ་རྒྱན་ཁོ་ན་ལས་མེད་པར་གྲགས༔ དེ་ཡང་རིག་པའི་རྩལ་དབང་བསྐུར་བའི་སློབ་དཔོན་ཡེ་ཤེས་ཀྱི་སྐུ་བརྙེས་པ་རྒྱ་གར་འཕགས་པའི་ཡུལ་དུ་འགྲན་ཟླ་དང་བྲལ་བ་ཞིག་ཡོད་ཚུལ་ནི་སངས་རྒྱས་གསང་བའི་ཞལ་ནས་ཐོས༔ གཞན་ངེས་པ་མ་རྙེད་པས་དེང་ཤར་བའི་ལོ་འདིར་གུ་རུ་ཉིད་ཀྱིས་བརྩལ་བའི་སློབ་དཔོན༔ དེ་ཉིད་རབ་གདམས་ངག་ཐོས་པ༔ འབྲིང་རྣམ་ཐར་ཐོས་པ༔ ཐ་མའང་མཚན་ཐོས་པ་ཞིག་ནི་བདག་ཅག་རྣམས་ངལ་བ་མེད་པར་དོན་དུ་གཉེར་བ་ནི་གལ་ཆེའོ༔ ཞེས་གསུངས་པས༔ དེ་ལྟར་བགྱིད་པར་ཞལ་འཆམས་ཏེ༔ ཨོ་རྒྱན་རིན་པོ་ཆེ་ཤེལ་བྲག་ཏུ་གདན་དྲངས༔ ཐུགས་སྲས་ཀྱི་སྙིང་པོར་གྱུར་པ་རྗེ་ཡིས་ཞུས་ཀྱང་མ་གསུངས་སོ༔ ཁྲ་འབྲུག་ཏུ་གདན་དྲངས་ཏེ་རྗེ་འབངས་མང་པོས་ཞུས་ཀྱང་མ་གསུངས་སོ༔ བུ་ཚལ་ཕོ་བྲང་དུ་རྒྱལ་པོ་ཉིད་ཀྱིས་སྤྱན་དྲངས་ཏེ་རྒྱལ་པོས་འཇིག་རྟེན་གྱི་ནོར་སྣ་མང་པོ་ཕུལ་ཏེ་ཞུས་ཀྱང༔ བདག་གི་བླ་མའི་མཚན་བརྗོད་ན་བོད་ཡུལ་གྱི་ས་གཡོ་བར་འགྱུར་རོ༔ ཞེས་གསུངས་ཏེ་མ་གསུངས་སོ༔ སྒྲ་བསྒྱུར་གླིང་དུ་ཕེབས་ནས་ལོ་ཙཱ་མཛད་དེ་ཆོས་མང་པོ་བསྒྱུར་བའི་སྐབས་ཤིག་ལ༔ གུ་རུ་ཉིད་དང་བི་མ་གཉིས་ཀ་ལ་ཞུས་པས༔ བི་མས་ནི་ཨོ་རྒྱན་གྱི་དགོངས་པ་ལ་བརྟགས་ཏེ་མ་གསུངས༔ གུ་རུ་ཉིད་ཀྱིས་ནི་ཆོས་ཀྱི་གསུང་འཕྲོས་མཛད་པར་བྱེད༔ དེ་ནས་དུས་ཁྱད་པར་ཅན་སྤྲེའུ་ལོ་སྤྲེལ་ཟླ་ར་བའི་ཚེས་བཅུ་ལ་བསམ་ཡས་ཀྱི་བར་ཁང་ནས་ཨོ་རྒྱན་རིན་པོ་ཆེས་འབྲོག་བན་ལོ་ཙཱ་དང༔ ཤེལ་དཀར་བཟའ་ཕྱག་ཕྱིར་ཁྲིད་དེ་སྔ་བར་བཞེངས་ནས་མཆིམས་ཕུར་ཕེབས༔ རྗེ་འབངས་ཐམས་ཅད་འདུས་ཤིག་པའི་བཀའ་བསྩལ་ཏོ༔ རྗེ་འབངས་རྣམས་ཀྱང་ལ་འུར་རྗེས་སུ་ཕྱིན་པས༔ བསམ་ཡས་མཆིམས་ཕུའི་ཡུལ་ཁམས་དེ་དག་པའི་ཞིང་ཁམས་ཆེན་པོར་བྱིན་གྱིས་བརླབས་ཏེ༔ ཨོ་རྒྱན་གྱིས་འགྲོ་འདུལ་སུམ་བརྒྱ་དྲུག་ཅུའི་སྐུར་བསྟན་ཏོ༔ གཙོ་བོའི་ཞལ་ནས༔ རྗེ་འབངས་རྣམས་རྟག་པར་བདག་ལ་དོན་གཉེར་ཆེ་བས་ཡང་ཡང་བསྐུལ་བའི་དོན་ནི༔ བདག་གི་རྩ་བའི་བླ་མའི་མཚན་བརྗོད་པར་གསོལ་བ་བཏབ་ཅིང༔ ཉིན་མཚན་ཀུན་ཏུ་དོན་དེ་ལས་དྲན་རྒྱུ་མེད་པ་ཀུན་ལ་བྱུང་འདུག་པ༔ དེའི་དོན་རེ་བ་ཡོངས་སུ་རྫོགས་པར་བསྐང་བར་བགྱིའོ༔ དེ་བས་ན་མཚན་བརྗོད་པར་དཀའ་བ༔ བདག་གི་བླ་མ་ཡེ་ཤེས་ཀྱི་སྐུ་བརྙེས་པ་དཔལ་ཧེ་རུ་ཀཿའཇིགས་པ་མེད་པ་ཤྲཱི་སིཾ་ཧ་ཞེས་བྱའོ༔ ཞེས་གསུངས་པས༔ ནམ་མཁའི་ཁམས་བདེ་བར་གཤེགས་པ་རྣམས་ཀྱིས་གང༔ བར་སྣང་གི་སྣང་སྲིད་རྣམས་ཟིངས་སེ་སོང༔ ས་གཞི་རྣམ་པ་དྲུག་ཏུ་གཡོས་ཏེ་འོད་དང་ཐིག་ལེར་གྱུར༔ རྗེ་འབངས་རྣམས་དགའ་འཁྱིལ་ལེར་ཟུང་འཇུག་གི་ཡེ་ཤེས་དེ་ཉིད་དུ་མཐོང་བར་གྱུར་ཏོ༔ དེའི་ཚེ་བསམ་ཡས་མཆིམས་ཕུའི་རི་དང་རྩི་ཤིང་རྣམས་ཀྱང་རྒྱ་གར་གྱི་ཕྱོགས་སུ་མགོ་གུག་པར་གྱུར་ཏོ༔ སླར་ཡང་རྗེ་འབངས་རྣམས་ཀྱིས་ལུས་ལོངས་སྤྱོད་བསོད་ནམས་ཀྱི་ཚོགས་ཀྱི་མཎྜལ་ཆེན་པོ་ཕུལ་ཏེ༔ དེས་བསྟན་པའི་གདམས་པ་སྟོན་པར་ཞུས་ཀྱང་གསུང་བར་མ་གྱུར་ཏོ༔ སླར་བསམ་ཡས་སུ་ཕེབས་ཏེ་དབུ་རྩེའི་བར་ཁང་དུ་ཁྲི་སྲོང་ལྡེའུ་བཙན༔ བཻ་རོ་ཙ་ན༔ ནམ་མཁའི་སྙིང་པོ༔ ཡེ་ཤེས་མཚོ་རྒྱལ༔ ལྷ་སྲས་མུ་ཁྲི༔ ངན་ལམ་བནྡེ་ཡེ་ཤེས༔ གཉགས་ཛྙཱ་ན༔ ལང་གྲོ་དཀོན་མཆོག༔ རྡོ་རྗེ་བདུད་འཇོམས་རྣམས་སོ་སོའི་གཟུངས་མ་དང་བཅས་པ་ཐམས་ཅད་ལ༔ སྤྱི་ལ་གཅེས་པ་ཤྲཱི་སིཾ་ཧའི་དབང་བསྐུར༔ ཕྱི་སེམས་སྡེའི་བླ་མ་སུམ་ཅུ་རྩ་གཅིག་གི་དགོངས་པ་གཅིག་ཏུ་འདྲིལ་བའི་དབང་བསྐུར་བ༔ ཡི་དམ་རྡོ་རྗེ་དབྱིངས་ཀྱི་དབང་སྤྱི་བླུགས་སུ་བསྐུར་བ༔ མན་ངག་ཨ་ཡིག་མདའ་འཕེན་ཏེ་ཕྱི་ཐུན་མོང་གི་དབང་གསུམ་བསྐུར༔ ནང་ཀློང་སྡེ་ལས༔ རིག་འཛིན་བཅོ་ལྔའི་བྱིན་རླབས༔ སྟོན་པ་བཅུ་གཉིས་ཀྱི་བརྡ་དབང༔ མངོན་རྫོགས་རྒྱལ་པོའི་དོན་དབང་རྩ་བ་དགུ་བསྒྲིལ་ཏེ་ནང་སྐོར་གྱི་དབང་གསུམ་བསྐུར༔ གསང་བ་མན་ངག་གི་སྡེ་ལས༔ རིག་འཛིན་བཅོ་ལྔའི་བྱིན་རླབས༔ ཞི་ཁྲོའི་དོན་དབང༔ སྒྲུབ་དབང་བརྒྱད་དུ་དྲིལ་བའི་དབང་སྟེ་གསང་སྐོར་གྱི་དབང་གསུམ་བསྐུར༔ དེ་རྗེས་ཀྱི་སྒྲུབས་ཐབས་དགུ་ཕྲུགས་སུ་གནང༔ རྫོགས་རིམ་སྔོན་འགྲོའི་བརྡ་དབང་གསུམ་གྱིས་སྨིན་པར་མཛད་དེ༔ དངོས་གཞི་ཁྲིད་གསུམ་གྱིས་གྲོལ་ཞིང༔ རྗེས་ཀྱི་མན་ངག་གསུམ་གྱིས་གྲོལ་བ་མཐར་ཕྱིན་པར་མཛད་དོ༔ ས་མ་ཡ་རྒྱ་རྒྱ༔ སྤྱི་དོན་གསུམ་པ་ལའང་གཉིས་ཏེ༔ སློབ་དཔོན་བཻ་རོ་ཙ་ན་རྒྱ་གར་དུ་ཡེ་ཤེས་ཀྱི་སྐུ་བརྙེས་ཤྲཱི་སིཾ་ཧ་དང་མཇལ་ཏེ་གདམས་པ་སྡེ་གསུམ་ཐོབ་པའི་བར་པ་ནི་གཅིག་ལའང་མ་བསྟན་ཏོ༔ རྒྱལ་མོ་རོང་གི་ཕྱོགས་སུ་བསྟན་པ་ཡོད་སྙམ་ཡང་ངེས་པ་མ་རྙེད་དོ༔ ཁོ་མོ་དང་གཡུ་སྒྲ་སྙིང་པོ་གཉིས་ཀྱིས་ཡང་ཡང་ཞུས་ཀྱང༔ སློབ་དཔོན་གྱིས༔ གནང་བ་སྲིད་དེ་མ་གནང་སྲིད༔ སྲིད་ན་མི་ཕམ་ཞེས་བྱར་ཡོད༔ མ་སྲིད་ཆོས་སྐུར་ཟིན་ཡང་ཆ༔ དེ་ལྟར་སློབ་དཔོན་གྱིས་གསུངས་པ་ལ་བརྟགས་ན་ཡེ་ཤེས་ཀྱི་སྐུ་བརྙེས་པ་མི་ཕམ་གྱི་མཚན་ཅན་ཡོད་པ་ཤིན་ཏུའང་ངེས༔ དེའི་སྙན་བརྒྱུད་མཐའ་ནས་མཐའ་རུ་རྒྱས་ཤིང་ཁྱབ་པ་དང༔ རྟག་པར་སྨོན་ཅིང་བདག་གིས་ལན་དུ་མར་ཞུས་ཀྱང་མ་གནང་སྟེ༔ ཕྱིས་ཁམས་ཕྱོགས་རུ་དམ་གྱི་ཕ་བོང་ནག་པོའི་སྟེང་དུ་སློབ་དཔོན་དགོངས་པ་ལ་བཞུགས་པའི་ཚེ༔ ཨོ་རྒྱན་རིན་པོ་ཆེའི་བཀའ་ལུང་བསྩལ་པ་དང་བཅས༔ གདམས་པའི་རྩ་ཚིག་ཙམ་ཞིག་བསྩལ་པ་ཡི་གེ་བྲིས་ཏེ་ཟླ་བ་གསུམ་གྱི་ཁོངས་སུ་གཏེར་དུ་སྦས་པ་དམ་བཅའ་དགོས་པར་གདམས་སོ༔ གཉིས་པ་གཏེར་སྦས་ཚུལ་ནི༔ སྤྱིར་ཨོ་རྒྱན་ཆེན་པོ་ཁམས་ཀྱི་ཕྱོགས་སུ་ལན་གསུམ་བྱོན་པའི་ཕྱི་མར་ལྷོ་ནུབ་སྲིན་ཡུལ་དུ་གཤེགས་ཁར་ཉེ་བ་ཡིན་འདྲ་ཞིང༔ དེའི་རྒྱུ་མཚན་ཀྱང༔ ཨོ་རྒྱན་ཆེན་པོས༔ ལོ་བཅུའི་ནང་ནས་སྐུ་དངོས་བོད་དུ་མེད༔ ཅེས་གསུངས་པས་རྟོགས་སོ༔ དེ་ནས་སྔ་མ་རྒྱལ་སྲས་མུ་རུབ་བཙད་པོས་ཁྲི་སྲོང་གི་བློན་པོ་འུ་རིང་བུ་བསད་ནས་རྒྱལ་ཁྲིམས་ཀྱིས་ཉེན་ཏེ་ལྷ་སྲས་ཁམས་ཀྱི་ཕྱོགས་སུ་སྤྱུགས་པའི་ཚེ༔ ཨོ་རྒྱན་ཆེན་པོ་གདན་དྲངས༔ དེའི་གོང་དུ་ལྷ་འདྲེ་དམ་ལ་བཏགས་པའི་དུས་སུ་ཡང་ས་གཞི་ཐམས་ཅད་ཞབས་ཀྱིས་མ་བཅགས་པ་མདའ་གང་ཙམ་ཡང་མེད་པར་མཛད་སྣང་ཞིང༔ ཕྱིས་འདི་ནི་ཁམས་ཀྱི་ནམ་མཁའ་མཛོད་དུ༔ བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་ཞལ་ཕྱེ་བའི་ཚེ༔ རྨ་དན་ཏིག་བྲག་ཏུ་ཕེབ་པའི་ལམ་ཞོར་དུ༔ ཤོད་ཆེན་བཞིའི་ཡ་གྱལ་སྨད་ཤོད་འཛོམ་གྱི་བྲག་པདྨ་ཤེལ་ཕུག་ཏུ་ཟླ་བ་གསུམ་དུ་བདེ་གཤེགས་འདུས་པའི་སྒྲུབ་པ་མཛད་པའི་ཚེ༔ རིག་འཛིན་ཤྲཱི་སིཾ་ཧ་ལ་ཨོ་རྒྱན་གྱིས་དགོངས་པ་གཏད་པ་ཙམ་གྱིས་ཡེ་ཤེས་ཀྱི་སྐུ་ཅན་དངོས་སུ་བྱོན་ཏེ༔ གསང་ཕུག་གོང་མ་རུ་སློབ་དཔོན་རྣམ་གཉིས་ཆོས་ཀྱི་བགྲོ་བ་མཛད་ནས་དཔེ་རྒྱུད་གཏེར་དུ་སྦས་པའི་གནང་བ་བསྩལ་ཏེ་གཏེར་དུ་སྦས་པའོ༔ དེའི་ཚེ་སློབ་དཔོན་བཻ་རོ་ཙ་ནས་ཀྱང་མཇལ་ཏེ་སྡེ་གསུམ་གྱི་སློབ་དཔོན་ཞལ་མངོན་སུམ་དུ་འཛོམས་པར་གྱུར་ཏོ༔ གཏེར་བདག་ནི་ཕྱི་ལྟར་སྐྱེས་བུ་རྡོ་རྗེ་ལེགས་པ༔ ནང་ལྟར་འབར་བ་མེ་ཡི་གདོང་ཅན༔ གསང་བ་ལྟར་མ་མོ་གཤོག་རྒོད་རྩལ་གསུམ་ལ་བཅོལ་ཏོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལོ་རྒྱུས་ངོ་མཚར་སྙིང་གི་ཏི་ཀ་འདི༔ མ་འོངས་རྗེས་ལ་ཕན་ཕྱིར་གཏེར་དུ་སྦས༔ ནམ་ཞིག་ལས་ཅན་བུ་དང་འཕྲད་པར་ཤོག༔ འཕྲད་ནས་སྐལ་ལྡན་མང་པོ་གྲོལ་བར་ཤོག༔ ྈྈྈྈ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་གི་གནམ་ཁུང་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ །ཞུས་སོ།། །།

དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ལུང་བསྟན་གཅེས་པའི་ལྡེའུ་མིག་ (Volume 62, Text 4)

སྡེ་གསུམ་སྤྱི་སྐོར།་་་དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ལུང་བསྟན་གཅེས་པའི་ལྡེའུ་མིག་བཞུགས༔ ྈྈྈྈ ན་མོ་གུ་རུ༔ བྱ་ལོ་སྤྲེལ་ཟླའི་ཚེས་བཅུ་ལ༔ ཨོ་རྒྱན་ཆེན་པོ་པདྨ་ཡིས༔ བསམ་ཡས་དབུ་རྩེའི་བར་ཁང་དུ༔ ལས་ཅན་རྗེ་འབངས་ཐམས་ཅད་ལ༔ འབྱུང་འགྱུར་ལུང་བསྟན་འདི་འདྲ་བསྩལ༔ ས་མ་ཡ་རྒྱ་རྒྱ༔ རང་བྱུང་པདྨ་བདག་ཉིད་ཀྱིས༔ དུས་གསུམ་ཐམས་ཅད་ས་ལེར་མཐོང༔ ང་ཉིད་བླ་མའི་སྒྲུབ་པ་འདི༔ ད་ལྟ་སྤེལ་ཕངས་གཏེར་དུ་སྦས༔ ཁམས་ཤོད་བཞི་ཡི་ཡ་གྱལ་ནི༔ སྟོད་ལ་གངས་རིས་བསྐོར་བའི་དབུས༔ སྨད་ན་མཚོན་ཆ་གཟིངས་འདྲའི་གནས༔ བར་དུ་པདྨ་ཁ་བྱེའི་ཡུལ༔ སྟོད་ཀྱི་པདྨ་ཤེལ་ཕུག་ཏུ༔ ངེས་པར་གཏེར་དུ་སྦས་པར་བྱ༔ མ་འོངས་བོད་ཁམས་འདི་ཉིད་དུ༔ སུམ་ཅུ་ཁ་རལ་དུས་ཀྱི་ཚེ༔ བྱི་ལོར་བསམ་ཡས་མེ་ཡིས་འཇིག༔ བཟློག་ཐབས་མེད་པ་འདྲེས་མའི་ལས༔ སྟག་ལོར་ས་གཡོ་འཇིགས་པ་འབྱུང༔ ཁྱད་པར་རུ་དམ་ལུང་པ་འཇིག༔ ཕག་ལོར་ས་གཡོ་བྲག་ཆད་འབྱུང༔ ཀློང་ཐང་སྒྲོལ་མ་ཉམས་པའི་དུས༔ བོད་ལ་སྟེང་ན་རྗེ་མེད་ཅིང༔ འོག་ན་འབངས་མེད་སིལ་བུར་འཐོར༔ ཆེ་དགུའི་རིགས་ལ་ཁྲིམས་མེད་ཅིང༔ རྒྱལ་ཁམས་འབངས་ལ་ཁྲེལ་མེད་ལ༔ ལོ་རེ་བཞིན་དུ་ཆ་ལུགས་འགྱུར༔ སྤྱོད་པ་ལྷ་མིན་ཡུལ་དང་མཚུངས དེ་ཡི་དུས་སུ་ལྷོ་ཟླའི་ཕྱོགས༔ རཏྣའི་མིང་ཅན་སྟག་གམ་གླང༔ མཆོག་གི་མིང་གྱུར་སྐྱེས་བུ་ཞིག༔ དེ་ནི་སྔོན་དུས་ལྷ་སྲས་འབྲིང༔ ད་ལྟ་ངན་ལམ་ཡེ་ཤེས་མཆོག༔ དེ་ལྟ་བུ་རུ་སྐྱེ་བ་ལེན༔ འབྲུག་གི་ལོ་ལ་གདམས་པ་འདི༔ ས་ཡི་སྟེང་དུ་དེས་འབྱིན་བྱེད༔ རྗེ་འབངས་ཡིད་ལ་ངེས་པར་གྱིས༔ ཞེས་གསུངས་པས་སླར་ཁོ་མོས་ཞུས་པ༔ དེ་དུས་གཏེར་སྒོ་འབྱེད་ཚུལ་ཇི་ལྟ་བུ༔ འབྱེད་ནས་ཆོས་འཁོར་བསྐོར་ཚུལ་ཇི་ལྟ་བུ༔ མ་ཧཱ་གུ་རུས་བདག་ལ་གསུང་དུ་གསོལ༔ ཞེས་ཞུས་པས༔ བཀའ་བསྩལ་པ༔ ཉོན་ཅིག་ཇོ་མོ་མཚོ་རྒྱལ་མ༔ དེ་དུས་གཏེར་སྒོ་འབྱེད་ཚུལ་ནི༔ འབྲུག་གི་ལོ་ལ་འདོན་བྱེད་ཅིང༔ སྐྱེས་བུ་གནས་འདིར་གློག་ལྟར་འཁྱུགས༔ འགྲོ་བ་ཐམས་ཅད་སྤྲོ་སྐྱེད་བྱེད༔ འབྱེད་ནས་ཆོས་འཁོར་སྐོར་ཚུལ་ནི༔ དང་པོ་བཀའ་བརྒྱད་སྤྱི་དབང་དེ༔ ཀུན་ལ་སྤྲོ་བ་བསྐྱེད་ཕྱིར་བསྐུར༔ དེ་ཡང་བསྙེན་སྒྲུབ་བཞི་ལྡན་པས༔ དམ་རྫས་མྱོང་གྲོལ་འབྲེལ་ཚད་གྲོལ༔ ཤྲཱི་སིཾ་ཧ་ལོ་གཅིག་སྒོམ༔ དེ་ནས་ཚོད་དང་སྦྱར་ཏེ་བྱ༔ གདམས་པ་སྡེ་གསུམ་ཆ་ལག་བཅས༔ རིམ་བཞིན་སྦྲུལ་དུག་ལྕེ་ལྟར་སྤེལ༔ གནམ་མཚོའི་ཕྱོགས་སུ་ང་སྤྲུལ་འབྱུང༔ ཀུན་བཟང་མིང་དང་འཕྲད་པར་གཅེས༔ ཁྲི་སྲོང་ལྡེའུ་བཙན་དབང་པོའི་མིང༔ དེ་ལ་རྫོགས་པ་འཐོབ་པར་གྱུར༔ བཻ་རོའི་ཡང་སྤྲུལ་བློ་གྲོས་མིང༔ དེ་ལ་ཡང་དག་འཕྲོད་པར་གྱིས༔ གཉགས་ཆེན་སྐྱེས་མཐའ་རབ་རྒྱས་མིང༔ དེ་ལ་ཡང་དག་འཕྲོད་པར་གྱིས༔ གཙང་སྟོད་ཕྱོགས་སུ་གྲོལ་ཞེས་པ༔ བློ་གྲོས་མིང་ཅན་དག་ལ་སྤྲོད༔ ཡར་འབྲོག་ཕྱོགས་སུ་པདྨའི་མིང༔ དེ་ལ་ཡང་དག་འཕྲོད་པར་གྱིས༔ ལྷོ་ཟླར་རྟ་ལོ་ཐེག་མཆོག་མིང༔ རྒྱལ་བ་མཆོག་དབྱངས་བག་ཆགས་ཅན༔ དེ་ལ་ཡང་དག་འཕྲོད་པར་གྱིས༔ བྱང་གི་ཕྱོགས་ན་རཱ་ཛའི་མིང༔ དེ་ལ་ཡང་དག་འཕྲོད་པར་གྱིས༔ སྤུ་བོའི་ཕྱོགས་སུ་པདྨའི་མིང༔ ཀཿཐོག་ཕྱོགས་སུ་ཀུན་གྱི་མིང༔ དེ་ལ་ཡང་དག་འཕྲོད་པར་གྱིས༔ འོན་ཀྱང་ཆོས་བདག་དེ་རྣམས་ལ༔ སྤེལ་དུས་མཁའ་འགྲོའི་ལུང་དང་བསྟུན༔ འོལ་ཚོད་མི་བྱ་བར་ཆད་འབྱུང༔ དེ་བས་ཤིན་ཏུ་ཞིབ་པར་བརྟག༔ གཞན་ཡང་དེ་ཡི་དུས་དག་ཏུ༔ སྟོད་ནས་མཐའ་དམག་མེ་ལྟར་འབར༔ སྨད་ཀྱི་འཁྲུགས་པ་ཆུ་ལྟར་འཁོལ༔ རཱ་ཛ་ཞིག་པོ་མཚོ་ལ་ལྡིང༔ ཞྭ་མོ་སྤྱི་ཟླུམ་ནུབ་པར་འགྱུར༔ རྨ་ཡི་ཕྱོགས་ནས་འུར་སྐད་སྒྲོག༔ དམག་དཔོན་བོད་ལ་ཆེས་ཆེར་སླེབ༔ ལྷོ་དང་བྱང་རྒྱུད་འཁྲུགས་པར་འགྱུར༔ བོད་ཀྱི་མི་རྣམས་ཐམས་ཅད་ཀྱི༔ རལ་པའི་ཅོད་པན་འགྲེང་བའི་ཚུལ༔ བྱ་ནག་འཕུར་བཞིན་ལྡིང་བར་འགྱུར༔ རེས་འགར་ལེགས་ལ་རེས་འགར་ཉེས༔ ཕྱོགས་འགར་ཕན་ལ་ཕྱོགས་འགར་གནོད༔ སྤྱི་ཆོས་ལ་ནི་བཏང་སྙོམས་ཏེ༔ རྡོ་ལ་གསེར་འགྱུར་རྩི་བཏབ་བཞིན༔ ཕན་པའི་བྱ་བ་འདི་ལྟ་སྟེ༔ སྟོད་ཀྱི་བྱང་རོང་གཉིས་པོའི་མདོ༔ གནས་ཀྱི་མཆོག་གྱུར་བྱིན་འབེབ་བྱ༔ བར་གྱི་སྐྱི་ཤོད་མདོ་དག་ཏུ༔ གནས་ཀྱི་མཆོག་གྱུར་བྱིན་འབེབ་བྱ༔ སྨད་ཀྱི་འབྲི་ཟླའི་བར་དག་ཏུ༔ གནས་ཀྱི་མཆོག་གྱུར་བྱིན་འབེབས་བྱ༔ ཤོད་ཆེན་བཞི་ལ་གཏེར་ཆེན་སྦ༔ རོང་ཆེན་བཞི་ལ་མཆོད་རྟེན་བཞེངས༔ བྱང་ཆེན་བཞི་ལ་སྒྲུབ་ཆེན་བཙུག༔ ལྡན་གྱི་བིར་ཏེ་བྲག་དམར་ནས༔ དབང་གི་མིང་ཅན་ཟབ་གཏེར་སྤྱོད༔ རབ་སྒང་ཕྱོགས་ཀྱི་ས་བར་དུ༔ སྦྲུལ་ཁྲ་ལྟ་བུའི་ལས་ཞིག་འབྱུང༔ དཀར་ལ་སྒྱུར་བ་ཙམ་གྱིས་ཤེས༔ ལྕགས་སྤྲེལ་ལོ་ལ་མུ་གེ་འབྱུང༔ འབྲས་དྲུག་གཏེར་ཞིག་བརྟན་མར་སློང༔ སྔོན་དུ་ལྷ་སྲིན་དམ་འདོགས་མཛོད༔ ཉེ་བའི་གནས་མཆོག་རྣམས་ལ་ཡང༔ ས་ལུག་ལོ་རུ་བྱིན་འབེབ་མཛོད༔ དེ་ཡིས་བོད་ཡུལ་དབུགས་དབྱུང་བྱེད༔ འདི་ཉིད་ཐོས་པའི་སྐྱེས་བུ་ཡང༔ ལོ་གསུམ་བྲག་ལ་འདམ་སྦྱར་མཛོད༔ དེ་ཉིད་མྱ་ངན་འདས་འོག་ཏུ༔ མོན་གྱི་དཀར་མོ་བྲག་དཀར་འདབས༔ དཔལ་གྱི་མིང་ཅན་ཁྱི་ལོ་པ༔ ཤ་འུག་སྟག་སྒོའི་གཏེར་སྒོ་འབྱེད༔ དེ་ཉིད་མྱ་ངན་འདས་འོག་ཏུ༔ གཙང་གི་ཕུག་མོར་ལྷ་ཁང་འབྱུང༔ འུ་ཤང་སྦས་པའི་གཏེར་ཁ་ཡང༔ རྔོག་གི་ཕྱོགས་ནས་གླང་ལོ་པ༔ བཻ་རོའི་སྐྱེས་མཐའ་རྡོ་རྗེའི་མིང༔ ཟབ་པའི་གཏེར་ཆེན་སྒོ་འབྱེད་བྱེད༔ དེ་ཉིད་མྱ་ངན་འདས་འོག་ཏུ༔ ཚ་བ་རོང་དུ་འཁྲུགས་པ་འབྱུང༔ རྒྱ་བོད་སྟག་གི་ལོ་ལ་འཁྲུགས༔ མེ་ཉག་ཕྱོགས་སུ་མེ་ཡིས་འཇིག༔ གཏམ་ངན་ལྷ་ཡུལ་གྲགས་པ་ན༔ སེང་གེ་རྫོང་གི་གཏེར་ཁ་དེ༔ འདོན་པའི་དུས་ལ་བབ་པ་ཉིད༔ འདོན་མཁན་མངའ་བདག་སྤྲུལ་པ་ཞིག༔ འབྲི་ཀླུང་ཕྱོགས་ནས་ལྕགས་རྟ་ལོ༔ དཔལ་གྱི་མིང་ཅན་སྐྱེས་བུ་འབྱུང༔ ཞེས་གསུངས་སོ༔ ས་མ་ཡ་རྒྱ་རྒྱ༔ ལུང་བསྟན་གཅེས་པའི་ལྡེའུ་མིག་འདི༔ མ་འོངས་སྐལ་ལྡན་ལས་ཅན་གྱིས༔ གསང་རྒྱས་ཤིན་ཏུ་དམ་པར་གྱིས༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ྈྈྈ ྈྈ གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །།

རྫོགས་ཆེན་སྡེ་གསུམ་གྱི་མདོ་བྱང་ལས། ཞིབ་པར་སེང་བྲག་ཁ་བྱང་ཆེན་མོ (Volume 62, Text 5)

སྡེ་གསུམ་སྤྱི་སྐོར།་་་་རྫོགས་ཆེན་སྡེ་གསུམ་གྱི་མདོ་བྱང་ལས། ཞིབ་པར་སེང་བྲག་ཁ་བྱང་ཆེན་མོར་ལྟོས༔ དེ་ཉིད་ས་སྟེང་བྱུང་བ་ཙམ་གྱིས་ནི༔ མོན་གྱི་དཀར་པོ་བྲག་གི་གཏེར་ཁ་ཐོན༔ ཞེས་གསུངས། ༁ྃ༔ ལུང་པའི་མདར་ཕ་ཝོང་ཡོད༔ ཆུའི་འགྲམ་དུ་བྲག་དབེན་རྩ་ཡོད༔ ལུང་པའི་ཆུ་འབབ་པའི་མདར་ཀླུང་ཤོད་ཀྱི་ཆུ་ཡོད༔ དེའི་རྒྱུད་དུ་འབྲུག་ཨཱ་ཡུ༔ ལྷོ་བྱུང་རཏྣ༔ ཁྱི་དྷརྨ༔ སི་ཧེ་ཀ་སིདྡྷི་དབྱེ༔ ཧེ་བཛྲ་པྲ་བེ་ཤ་ཡ་ཕཊ྄༔ ལྷོ་སེང་བྲག་བྱ་སྐྱིབས་གསུམ་པའི་བར་མཚལ་གྱི་གཡུང་དྲུང་ཡོད༔ ཨོ་རྒྱན་ཞྭའི་ནང་ལ་བསྭེའི་སྒྲོམ་སོར་བཞི་པའི་ནང་དུ་ལྷ་སྲས་ཀྱི་ཕྱག་ཐམ་ཡོད༔ ཞྭའི་ལྡེའུ་མིག་ཀླུང་ཤོད་འདིའི་དབེན་རྩའི་ཕ་ཝཾ་མ་ཐ་ཆུ་སྐྱིལ་ལའོ༔ ས་མ་ཡ་རྒྱ༔ འདི་དགའ་རབ་རྡོ་རྗེའི་གདུང་རྟེན་དང་ལྷན་ཅིག་ཏུ་ཚེས་བཅུ་ལ་སྤྱན་དྲངས་པའི་ཁ་བྱང་སྔ་མའོ༔ ༁ྃ༔ ྈྈྈྈྈྈ འདི་ཡི་གྲིབ་ཕྱོགས་ནས་ལུང་པ་གསུམ་པའི་ལ་བརྒལ་བའི་རྒྱབ་ཕྱོགས་སུ་ཀློང་ཆེ་བ་ཡོད༔ རི་གླང་ཆེན་ཐུར་དུ་རྒྱུག་པ་འདྲ་བའི་རྒྱབ༔ གདུང་རྩེ་འདྲ་བའི་མདུན༔ བྲག་དཀར་ཕུག་པ་ཤར་བསྟན་དུ་གཏེར་སྲུང་སྒྲུབ་པ་མིས་མ་མཐོང་བར་ཞག་གསུམ་བྱེད༔ གདུང་རྩེ་འདྲ་བ་ནས་ལ་བརྒལ་བས་ཀླུང་ཤོད་ཀྱི་ཆུ་ཏི་སེ་ནས་འབབ་པ་ཡོད༔ དེ་འབྲི་ཀླུང་ན་འབབ་པའི་ཐད་ཀ་ན་བྲག་སེང་གེའི་ཟ་འགྲམ་འདྲ་བ་ཡོད༔ ངོས་ལ་ཕུག་པ་གསུམ་ཡོད༔ བྲག་རིམ་པ་གསུམ་ཡོད༔ བར་མའི་ཕུག་ཏུ་གནམ་ཕུག་ཡོད༔ མཚལ་གྱི་གཡུང་དྲུང་རིས་ཡོད༔ ནང་དུ་ཨོ་རྒྱན་གྱི་ཞྭ་རྩེ་གསུམ་པ་ཡོད༔ དེའི་ནང་ནས་ལ་བསྭེའི་སྒྲོམ་སོར་བཞི་པ་ཡོད༔ ལུང་བསྟན་སྡེ་དྲུག་དང་སྒྲུབ་ཐབས་གསུམ་ཡོད༔ སྙིང་ལས་གཅེས་པའི་ཞལ་གདམས་ལ་ཆས་བསྡམས་པ་ཡོད༔ ཨོ་རྒྱན་གྱི་ཕྱག་ཐམ་ལྷ་སྲས་ལ་གནང་བ་ཡོད༔ ྀཨཚ་རྒྱ༔ ཡང་བྱང་ངོ༔ ༈ སྙིང་བྱང་༔ ལོ་མགོའི་ཟླ་བ་ལས་ཤེས༔ ཚོགས་སྦྱོར་མི་བྱ་སྤྲེལ་འབྲུག་ལོ་པ༔ རྩ་བྱེད་པ་ཁྱི་ལོ་པ་འབྱུང༔ འདི་འགྲིག་པ་ཡོད༔ གསང་ལ་སྤྱོད༔ ས་མ་ཡ༔ རྒྱ༔ འབྲུག་ལོ་རྒྱལ་ཟླའི་ཚེས་གཅིག་ཉིན་སྔ་དྲོའི་ཆར་བྲག་དབེན་རྩའི་ཕ་ཝཾ་ནས་སྤྱན་དྲངས་པའོ།། །།

རྫོགས་ཆེན་སྡེ་གསུམ་བཀའ་གཏེར་སྤྱིའི་བརྒྱུད་འདེབས་ (Volume 62, Text 6)

ཁྱབ་བདག་ཀུན་བཟང་དཔལ་ལྡན་རྡོ་རྗེ་སེམས། །དགའ་རབ་རྡོ་རྗེ་འཇམ་དཔལ་བཤེས་གཉེན་རྩལ། །ཤྲཱི་སིཾ་ཧ་མཁས་པ་ཡེ་ཤེས་མདོ། །རྒྱལ་ཀུན་སྤྱི་གཟུགས་པད་འབྱུང་བི་མ་ལ། །བཻ་རོ་མཚོ་རྒྱལ་གཡུ་སྒྲ་སྙིང་པོ་སོགས། །དགོངས་བརྡ་སྙན་བརྒྱུད་རྣམས་ལ་གསོལ་བ་འདེབས། །ཏིང་འཛིན་བཟང་པོ་ལྕེ་བཙུན་སེང་གེ་དབང་། །མི་ཕམ་ཨ་རོ་ཟུར་པ་མེས་དབོན་དང་། །དམ་གཙང་བྱམས་གསུམ་ཀུན་མཁྱེན་རང་བྱུང་ཞབས། །ཀློང་ཆེན་རབ་འབྱམས་པདྨ་ལེགས་གྲུབ་རྩལ། །ལྷ་བཙུན་ཆེན་པོ་འཇིགས་མེད་གླིང་པ་སོགས། །།སྡེ་གསུམ་མངའ་བདག་རྣམས་ལ་གསོལ༴ ཆོས་ཀྱི་དབང་ཕྱུག་རྒོད་ལྡེམ་ལས་འབྲེལ་རྩལ། །སངས་རྒྱས་རྡོ་རྗེ་རཏྣ་པདྨ་གླིང་། །ཀརྨ་ཀུན་སྐྱོང་གླིང་དང་འཇའ་ཚོན་སྙིང་། །བདུད་འདུལ་ཀློང་གསལ་སྙིང་པོ་གཏེར་བདག་གླིང་། །སྟག་ཤམ་རྡོ་རྗེ་ཆོས་རྗེ་གླིང་པ་སོགས། །རྫོགས་ཆེན་གཏེར་འབྱིན་རྣམས་ལ་གསོལ༴ སྡེ་གསུམ་མངའ་བདག་མཆོག་གྱུར་བདེ་ཆེན་གླིང་། །བཀའ་བབས་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེའི་དབང་། །མཛོད་ལྔའི་སྒོ་འབྱེད་བློ་གྲོས་མཐའ་ཡས་སྡེ། །ཆོས་སྐུའི་རང་ཞལ་སྟོན་མཛད་བཀའ་དྲིན་ཅན། །རྩ་བའི་བླ་མ་རྣམས་ལ་གསོལ༴ གསོལ་བ་འདེབས་སོ་རྫོགས་ཆེན་བརྒྱུད་པ་རྣམས། །བྱིན་གྱིས་རློབས་ཤིག་རྟོགས་གྲོལ་དུས་མཉམ་མཛོད། །འཁོར་འདས་སེམས་ཉིད་རང་བྱུང་ཡེ་ཤེས་སུ། །རྫོགས་པས་བསལ་བཞག་མེད་པའི་ངང་སྒོམ་གྱིས། །སྟོང་གསལ་རང་རིག་དབྱེར་མེད་ཆོས་སྐུར་གྲོལ། །སེམས་སྡེའི་དགོངས་ཉམས་མཐར་ཕྱིན་བྱིན་གྱིས་རློབས། །ཆོས་ཉིད་ཆོས་ཀུན་བཟང་མོའི་ཀློང་རྫོགས་པས། །བྱ་བྲལ་གསལ་སྟོང་བདེ་བ་དབྱེར་མེད་ཀྱི། །གནད་བཞིས་ཚུལ་བཞི་ལམ་བསླངས་ཟག་པ་ཟད། །ཀློང་སྡེའི་རྟོགས་པ་མངོན་གྱུར་བྱིན༴ སྤང་བླང་བྱར་མེད་ཡིན་ལུགས་གནད་ཐོག་ཕེབས། །སེམས་ཀྱི་དྲི་བྲལ་རིག་སྟོང་རྗེན་པར་བུད། །ཅོག་གཞག་ཆེན་པོའི་དབྱིངས་སུ་ལ་བཟླ་བའི། །མན་ངག་གྲོལ་ས་ཟིན་པར་བྱིན༴ རང་ཐོག་ངོ་འཕྲོད་གཅིག་ཐོག་ཐག་ཆོད་དེ། །གྲོལ་ཐོག་གདེང་ཆོས་རང་སྣང་རིས་མེད་ཀྱི། །དགོངས་པའི་རྩལ་རྫོགས་ཀ་དག་ཟད་སར་འཁྱོལ། ཁྲེགས་ཆོད་གྲུབ་མཐའ་སྙོགས་པར་བྱིན་གྱིས༴ འོད་གསལ་མངོན་མཐོང་ཉམས་སྣང་གོང་དུ་འཕེལ། །རིག་པ་སྐུར་སྨིན་འཁྲུལ་སྣང་གཞི་ཐོག་ཟད། །གཞོན་ནུ་བུམ་པར་བྱང་ཆུབ་འཕོ་ཆེན་སྐུས། །གཞན་དོན་ལྷུན་གྲུབ་འབྱུང་བར་བྱིན༴ སྐུ་གསུམ་རང་རིག་ཡིན་ལུགས་གསལ་འདེབས་ཀྱིས། །སྣང་རིག་སྟོང་གསུམ་ཐིག་ལེ་གཅིག་ཏུ་རྫོགས། །ཐོག་མའི་མགོན་པོ་ཉིད་དང་དབྱེར་མེད་པའི། །གོ་འཕང་ཚེ་འདིར་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་ཀུན་སྤངས་རྡོ་རྗེ་རྩེ་མོའི་རྣལ་འབྱོར་ལ་གཞོལ་བ་འཇམ་དབྱངས་དགེ་ལེགས་ཐུགས་བཞེད་ལྟར། རྩིས་མེད་ཀྱི་རྣལ་འབྱོར་པ་པདྨ་གར་དབང་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་གནས་ཀྱི་སྙིང་པོ་འོད་གསལ་རྡོ་རྗེ་ཐུགས་ཀྱི་རྫོང་དུ་བགྱིས་པ་དགེ་ལེགས་འཕེལ།། །།

རྫོགས་ཆེན་སྡེ་གསུམ་གྱི་བརྒྱུད་འདེབས་བསྡུས་པ་ (Volume 62, Text 7)

རྫོགས་ཆེན་སྡེ་གསུམ་གྱི་བརྒྱུད་འདེབས་བསྡུས་པ་བཞུགས་སོ། །ན་མོ་གུ་རུ་ས་མནྟ་བྷ་དྲ་ཡ། ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས། །ལོངས་སྐུ་རྡོ་རྗེ་སེམས་དཔའ་ལ་གསོལ་བ་འདེབས། །སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ་གསོལ་བ་འདེབས། །སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་གསོལ༴ རིག་འཛིན་ཤྲཱི་སིཾ་ཧ་ལ་གསོལ༴ སློབ་དཔོན་པདྨ་འབྱུང་གནས་ལ་གསོལ༴ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ༴ དམ་འཛིན་ཆོས་ཀྱི་བློ་གྲོས་ལ་གསོལ༴ རྗེ་འབངས་ཉི་ཤུ་རྩ་ལྔ་ལ་གསོལ༴ སེམས་ཀློང་མན་ངག་བརྒྱུད་པ་ལ་གསོལ༴ མཆོག་གྱུར་བདེ་ཆེན་གླིང་པ་ལ་གསོལ༴ དྲིན་ཅན་རྩ་བའི་བླ་མ་ལ་གསོལ༴ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ལ་གསོལ༴ གནས་གསུམ་དཔའ་བོ་མཁའ་འགྲོ་ལ་གསོལ༴ བཀའ་སྲུང་དམ་ཅན་རྒྱ་མཚོ་ལ་གསོལ་བ་འདེབས། །སེམས་སྡེས་སྣང་བ་སེམས་སུ་རྟོགས་པ་དང་། །ཀློང་སྡེས་རིག་སྟོང་ཆོས་སྐུའི་ཀློང་དུ་གྲོལ། །མན་ངག་སྡེ་ཡིས་ཟུང་འཇུག་རྩལ་རྫོགས་ཤོག །ཆོས་ཉིད་མངོན་སུམ་མཐོང་བར་བྱིན་གྱིས་རློབས། །ཉམས་སྣང་གོང་དུ་འཕེལ་བར་བྱིན་གྱིས་རློབས། །རིག་པ་ཚད་ལ་ཕེབས་པར་བྱིན་གྱིས་རློབས། །ཆོས་ཉིད་ཟད་སར་སྐྱོལ་བར་བྱིན་གྱིས་རློབས། །མདོར་ན་སྡེ་གསུམ་ཉམས་ལེན་མཐར་ཕྱིན་ནས། །ཚེ་འདིར་མངོན་སངས་རྒྱས་པར་བྱིན་གྱིས་རློབས། །ཞེས་པ་འདི་རིགས་དབོན་རི་པ་དར་རྒྱས་རྒྱ་མཚོའི་ཞལ་འདོན་དུ་གཏེར་སློབ་འདུལ་འཛིན་རྒན་པོས་བྲིས་པའི་ཡི་གེ་པ་ནི་དགེ་སློང་ཀརྨ་སྨོན་ལམ་རྣམ་དག་གིས་བགྱིས་པ་དགེ་ལེགས་འཕེལ།། །། ༈ ཤིན་ཏུ་བསྡུ་ན། སྐུ་གསུམ་རྩ་བརྒྱུད་བླ་མ་ལ། །སྒོ་གསུམ་གུས་པས་གསོལ་བ་འདེབས། །སྡེ་གསུམ་ཉམས་ལེན་མཐར་ཕྱིན་ནས། །སྐུ་གསུམ་འབྲས་བུ་མངོན་གྱུར་ཤོག །ཅེས་པའང་རཏྣས་སོ། །ཤུ་བྷཾ།། །།

བསང་ཆུ་སྒྲུབ་པ་དང་དཀར་བགེགས་བསྔོ་བ་བསྐྲད་སྲུང་འབེབ་བྱང་བཅས་ (Volume 62, Text 8)

བསང་ཆུ་སྒྲུབ་པ་ནི། བསང་ཆུའི་ནང་དུ་ཨ་ཙནྡྲ་མཎྜ་ལ་ཟླ་བའི་སྟེང་དུ་ཧཱུྃ་དཀར་པོ་སྥ་ར་ཎ་ཕཊ྄ཿ སཾ་ཧ་ར་ཎ་ཧཱུྃ། འཕྲོས་འདུས་ཡོངས་སུ་གྱུར་པ་ལས་ཨཱོྃ་བཛྲ་སཏྭ་ཨཱཿ དཔལ་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་རང་འོད་ཀྱི་ཡུམ་སྙེམས་མ་དཀར་མོ་དང་མཉམ་པར་སྦྱོར་བའི་སྐུར་གྱུར་པར་བསམ་ལ། ཡིག་དྲུག་ཅི་ནུས་བཟླ། རྡོ་རྗེ་སེམས་དཔའ་ཡབ་ཡུམ་འོད་དུ་ཞུ་བ་ཆུའི་རྡུལ་ཕྲ་རབ་ཏུ་གྱུར། ཅེས་བརྗོད་ལ་བསང་གཏོར་བྱའོ།། ༈ དཀར་བགེགས་དགའ་རབ་སྙིང་ཐིག་ལས་ཟུར་བཀོལ་ནི། རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨཱོྃ་ཨཱཿཧཱུྃ་གིས་བརླབ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲང་། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨ་ཀཱ་རོ་ལན་གསུམ་གྱིས་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །ཞེས་གསོལ། ཨཱོྃ་སརྦ་བིགྷྣཱཾ་ན་མཿསརྦ་སོགས། ཁཾ་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བསྔོས་ལ། ཧཱུྃ༔ རྒྱལ་བ་རྟག་པ་རྡོ་རྗེ་འཛིན༔ ཧེ་རུ་ཀཿདང་གར་དབང་ཆེ༔ ཉི་མ་རྟ་མཆོག་སྣང་མཛད་པའི༔ ཁྲོ་བོའི་རྒྱལ་པོ་ང་ཡིན་གྱི༔ ང་ཡི་བཀའ་ལས་འདའ་མ་བྱེད༔ དངོས་གྲུབ་ཆུ་ལ་རྡུལ་འཇུག་པའི༔ ལོག་འདྲེན་བདུད་རྣམས་ཕྱིར་དེངས་ཤིག༔ ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ྄་ཕཊ྄་ཕཊ྄་ཧ་ལ་ཧ་ལ་ཧ་ལ་ཧཱུྃ༔ ཞེས་བརྗོད་ཅིང་དྲག་པོའི་ཚམ་རྔམ་དང་བཅས་བགེགས་བསྐྲད་དེ་གཏོར་མ་ཕྱི་རོལ་དུ་དོར། ཧཱུྃ༔ ཡང་དག་གསང་བའི་དཀྱིལ་འཁོར་དུ༔ དཔལ་ཆེན་དཔལ་འབར་ཁྲོ་བོའི་རྒྱལ༔ གཉིས་མེད་ཡུམ་དང་རོལ་པ་ཡི༔ རྡོ་རྗེའི་ཞུགས་ནི་ཕྱོགས་བཅུར་འཕྲོ༔ མཚོན་ཆ་མེ་ཕུང་གུར་དུ་འཁྲིགས༔ ལས་ཀྱི་ཁྲོ་བོའི་དམག་དཔུང་གིས༔ ཕྱོགས་བཅུའི་འབྱུང་པོ་རྡུལ་དུ་རློག༔ ཧཱུྃ་ཧཱུྃ་བཛྲ་ཏཱིཀྵྞ་ཛྭ་ལ་རཾ་རཀྵ་རཀྵ༔ ཞེས་སྲུང་བའི་འཁོར་ལོས་མཚམས་གཅད་པར་བྱའོ། །རྫོགས་པ་ཆེན་པོ་སྡེ་གསུམ་གྱི་བྱང་བུ་དང་དབང་ལ་ཉེ་བར་མཁོ་བས་འཇམ་དབྱངས་བློ་གྲོས་རྒྱ་མཚོས་རིགས་མཐུན་ལས་ཕྱུང་པའོ།། ༈ བྱིན་དབབ་པ་ནི། ཡེ་ཤེས་ཀྱི་འཁོར་ལོ་མཁའ་ཁྱབ་ཏུ་སད་པར་བྱས་ལ། ཨཱོྃ་ཧཱུྃ་ཨ་ལ་ལ་ཧོཿབྷ་ག་ཝཱན་ས་མ་ཡ་ཧོཿས་མ་ཡ་སཏྭཾ། ཧཱུྃ༔ ཕྱོགས་བཅུའི་ཞིང་ན་བཞུགས་པའི་རྒྱལ་བ་སྲས༔ འགྲོ་བའི་མགོན་པོ་གང་ན་སུ་བཞུགས་པ༔ གསང་བའི་དཀྱིལ་འཁོར་ཆེན་པོར་སྤྱན་འདྲེན་ན༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ༔ གཉིས་མེད་མཉམ་པར་རོལ་པའི་སྐུ་གསུང་ཐུགས༔ ལུས་ངག་ཡིད་ལ་རབ་ཏུ་བརྟན་པར་མཛོད༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨཱ༔ ཞེས་སྤོས་དང་རོལ་མོའི་མཚོན་པས་བྱིན་དབབ་ཅིང་། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་པས་བྱིན་བསྡུས་ལ། ནམ་མཁའ་གང་བའི་ལྷ་ཚོགས་རྣམས་བདག་གནས་ཡོ་བྱད་རྣམས་ལ་ཐིམ་པས་བྱིན་རླབས་ཀྱི་གཟི་བྱིན་མཆོག་ཏུ་འབར་བར་བསམ་མོ།། །།

དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ཕྲིན་ལས་གསལ་འདེབས་བྱང་བུའི་སྐོར་རྣམས་ (Volume 62, Text 9)

༁ྃ༔ དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ཕྲིན་ལས་གསལ་འདེབས་བྱང་བུའི་སྐོར་རྣམས་བཞུགས་སོ༔ སྡེ་གསུམ་སྤྱི་སྐོར། ྈྈྈྈྈ ན་མོ་གུ་རུ༔ སྔོན་འགྲོའི་བྱང་བུ་བསྟན་པ་ནི། དབྱིངས་ནི་རྣམ་དག་རྫོགས་སངས་རྒྱས༔ རིག་པ་ལྷུན་གྲུབ་དམ་པའི་ཆོས༔ དབྱིངས་རིག་གཉིས་མེད་ཚོགས་མཆོག་ལ༔ ཡེ་ནས་དག་པར་སྐྱབས་སུ་མཆི༔ ཨེ་མ་ཧོ་རང་རིག་བྱང་ཆུབ་སེམས༔ མ་རྟོགས་འཁྲུལ་པར་གྱུར་པ་ཀུན༔ གཉིས་སུ་མེད་པར་བསྒྲལ་བའི་ཕྱིར༔ རང་བྱུང་རང་གསལ་སེམས་བསྐྱེད་དོ༔ ནམ་མཁའ་ལྟ་བུའི་བདེ་གཤེགས་ལ༔ གསལ་བ་ཆེན་པོར་ཕྱག་འཚལ་ལོ༔ རིག་པའི་ངང་དུ་མཆོད་པར་འབུལ༔ རྒྱུན་ཆད་མེད་པའི་ཀློང་དུ་བཤགས༔ རྟག་ཅིང་སྒྲིབ་མེད་ཡི་རང་ངོ༔ ཡིན་མིན་མེད་པར་ཆོས་འཁོར་བསྐོར༔ མྱོང་བ་ཅན་དུ་བཞུགས་སུ་གསོལ༔ ངེས་པ་ཅན་དུ་ཐོབ་པར་ཤོག༔ མན་ངག་དོན་གྱི་སྔོན་འགྲོ་འོ༔ ས་མ་ཡ༔ ངོ་བོ་སྟོང་པ་རྫོགས་སངས་རྒྱས༔ རང་བཞིན་གསལ་བ་དམ་པའི་ཆོས༔ སྣ་ཚོགས་སྤྲུལ་པའི་ཚོགས་མཆོག་ལ༔ དབྱེར་མེད་ཆེན་པོར་སྐྱབས་སུ་མཆི༔ ཨེ་མ་ཧོ་ཆོས་དབྱིངས་རྣམ་དག་ལས༔ སྒྲོ་བཏགས་མ་རིག་འཁྲུལ་པའི་འགྲོ༔ ཡེ་ཤེས་ཀློང་དུ་བསྒྲལ་བའི་ཕྱིར༔ ཁྱབ་བརྡལ་ཆེན་པོར་སེམས་བསྐྱེད་དོ༔ དམིགས་མཐའ་བྲལ་བའི་བདེ་གཤེགས་ལ༔ ཆོས་དབྱིངས་ཀློང་དུ་ཕྱག་འཚལ་ལོ༔ མེ་ལོང་ཀློང་དུ་མཆོད་པར་འབུལ༔ མཉམ་ཉིད་ཀློང་དུ་མ་ཤེས་བཤགས༔ མ་འདྲེས་ཀློང་དུ་རྗེས་ཡི་རང༔ འདོད་རྒུ་འབྱུང་བའི་ཆོས་འཁོར་བསྐོར༔ བདེན་པ་གཉིས་སུ་བཞུགས་སུ་གསོལ༔ གཉིས་མེད་དབྱིངས་སུ་འབྲས་ཐོབ་ཤོག༔ ཀློང་སྡེའི་དོན་གྱི་སྔོན་འགྲོ་འོ༔ ས་མ་ཡ་རྒྱ་རྒྱ༔ ཀུན་གཞི་དག་པའི་སངས་རྒྱས་དང༔ རྣམ་ཤེས་གནས་གྱུར་དམ་པའི་ཆོས༔ དབང་པོ་ཡུལ་དག་ཚོགས་མཆོག་ལ༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས༔ འགྲོ་བ་མ་རིག་འཁྲུལ་པ་རྣམས༔ འོད་གསལ་ཆེན་པོར་བསྒྲལ་བའི་ཕྱིར༔ གཉིས་སུ་མེད་པར་སེམས་བསྐྱེད་དོ༔ སྣང་བ་རྣམ་དག་བདེ་གཤེགས་ལ༔ བདེ་བ་འཛིན་མེད་ཕྱག་འཚལ་ལོ༔ བདེ་སྟོང་དབྱེར་མེད་མཆོད་པར་འབུལ༔ བདེ་ཆེན་མ་རྟོགས་མཐོལ་ལོ་བཤགས༔ ཡུལ་ཅན་དག་པར་རྗེས་ཡི་རང༔ དབང་པོ་བདེན་མེད་ཆོས་འཁོར་བསྐོར༔ ཤེས་པ་རང་གསལ་བཞུགས་སུ་གསོལ༔ ཀུན་གཞི་དག་པ་རྟོགས་པར་ཤོག༔ སེམས་སྡེའི་དོན་གྱི་སྔོན་འགྲོ་འོ༔ ས་མ་ཡ་རྒྱ་རྒྱ༔ སྔོན་འགྲོ་རྣམས་གསུམ་བྱང་བུ་རྫོགས༔ ༁ྃ༔ ན་མོ་གུ་རུ༔ སྒྲིབ་སྦྱོང་བྱང་བུ་བསྟན་པ་ནི༔ གློ་བུར་འཁྲུལ་པའི་ཐ་མལ་ལུས༔ གདོད་ནས་དག་པའི་འོད་ཀྱི་སྐུ༔ ལྷུག་པར་གནས་པའི་རྡོ་རྗེ་སེམས༔ དྭངས་པའི་ངང་དུ་གསལ་རྫོགས་བསྐྱེད༔ ཨཱོྃ་བཛྲ་སཏྭ་ཨཱ༔ མན་ངག་དོན་གྱི་སྒྲིབ་སྦྱོང་ངོ༔ ས་མ་ཡ་རྒྱ་རྒྱ༔ མ་ནོར་ལས་ནི་སྒྲོ་བཏགས་ལུས༔ མ་བཅོས་དག་པའི་རྡོ་རྗེ་སེམས༔ སོ་མ་རང་གསལ་སྐུ་རུ་རྫོགས༔ ལྷུག་པར་གནས་པས་སྒྲིབ་གཉིས་སྦྱོང༔ ཨཱོྃ་བཛྲ་སཏྭ་ཨཱ༔ ཀློང་སྡེའི་དོན་གྱི་སྒྲིབ་སྦྱོང་ངོ༔ ས་མ་ཡ་རྒྱ་རྒྱ༔ ཡུལ་དུ་འཁྲུལ་པའི་ཐ་མལ་ལུས༔ དབང་པོ་དག་པའི་རྡོ་རྗེ་སེམས༔ རྣམ་ཤེས་གནས་འགྱུར་སྐུ་རུ་གསལ༔ ཀུན་གཞི་དག་པས་ཐམས་ཅད་དག༔ ཨཱོྃ་བཛྲ་སཏྭ་ཨཱ༔ སེམས་སྡེའི་དོན་གྱི་སྒྲིབ་སྦྱོང་ངོ༔ ས་མ་ཡ་རྒྱ་རྒྱ༔ སྡེ་གསུམ་སྒྲིབ་སྦྱོང་བྱང་བུ་འོ༔ ༁ྃ༔ ན་མོ་གུ་རུ༔ ཚོགས་གསག་བྱང་བུ་བསྟན་པ་ནི༔ སྟོང་པ་ཉིད་ཀྱི་དབྱིངས་ཉིད་དུ༔ རིག་པ་ཅོག་གཞག་ཚོམ་བུར་བཀོད༔ དབྱིངས་རིག་དབྱེར་མེད་མཎྜལ་འདི༔ ཀ་དག་བདེ་བར་གཤེགས་ལ་འབུལ༔ གུ་རུ་མཎྜ་ལ་པཱུ་ཛ་ཧོ༔ མན་ངག་དོན་གྱི་ཚོགས་གསག་གོ༔ ས་མ་ཡ་རྒྱ་རྒྱ༔ གསལ་ལ་མི་རྟོག་གཞི་ཡི་དབྱིངས༔ བདེ་བ་ཆེན་པོའི་ཚོམ་བུ་བཀོད༔ བདེ་སྟོང་དབྱེར་མེད་མཎྜལ་འདི༔ ལྷུན་གྲུབ་བདེ་བར་གཤེགས་ལ་འབུལ༔ གུ་རུ་མཎྜལ་པཱུ་ཛ་ཧོ༔ ཀློང་སྡེའི་དོན་གྱི་ཚོགས་གསག་གོ༔ ས་མ་ཡ་རྒྱ་རྒྱ༔ ངོ་བོའི་ཞིང་ཁམས་རྒྱ་ཆེ་ཞིང༔ རང་བཞིན་གསལ་བའི་རྒྱན་གྱིས་སྤྲས༔ ཐུགས་རྗེ་ཅིར་སྣང་མཎྜལ་འདི༔ གསལ་རྫོགས་བདེ་བར་གཤེགས་ལ་འབུལ༔ གུ་རུ་མཎྜ་ལ་པཱུ་ཛ་ཧོ༔ སེམས་སྡེའི་དོན་གྱི་ཚོགས་གསག་གོ༔ ས་མ་ཡ་རྒྱ་རྒྱ༔ སྡེ་གསུམ་ཚོགས་གསག་བྱང་བུ་འོ༔ ༁ྃ༔ ན་མོ་གུ་རུ༔ བྱིན་རླབས་བྱང་བུ་བསྟན་པ་ནི༔ ཐུགས་རྗེ་སྤྲུལ་སྐུའི་བླ་མ་ལ༔ སྤྲོས་བཅས་གདུང་བས་གསོལ་བ་འདེབས༔ ལུས་ལ་བུམ་པའི་དབང་བསྐུར་ནས༔ སྣང་སྟོང་རྟོགས་པར་བྱིན་གྱིས་རློབས༔ རང་བཞིན་ལོངས་སྐུའི་བླ་མ་ལ༔ སྤྲོས་མེད་ངང་ནས་གསོལ་བ་འདེབས༔ ངག་ལ་གསང་བའི་དབང་བསྐུར་ནས༔ གསལ་སྟོང་རྟོགས་པར་བྱིན་གྱིས་རློབས༔ ངོ་བོ་ཆོས་སྐུའི་བླ་མ་ལ༔ ཤིན་ཏུ་སྤྲོས་མེད་ངང་དུ་འདུད༔ ཡིད་ལ་གསུམ་པའི་དབང་བསྐུར་ནས༔ བདེ་སྟོང་རྟོགས་པར་བྱིན་གྱིས་རློབས༔ དབྱེར་མེད་ཉིད་སྐུའི་བླ་མ་ལ༔ རབ་ཏུ་སྤྲོས་མེད་ངང་ནས་འདུད༔ སྒོ་གསུམ་བཞི་པའི་དབང་བསྐུར་ནས༔ རིག་སྟོང་རྟོགས་པར་བྱིན་གྱིས་རློབས༔ མན་ངག་དོན་གྱི་བྱིན་རླབས་སོ༔ ས་མ་ཡ་རྒྱ་རྒྱ༔ མ་ནོར་གདོད་མའི་བླ་མ་ལ༔ མ་བཅོས་གསལ་རྫོགས་གསོལ་བ་འདེབས༔ བསམ་འདས་དབྱིངས་སུ་དག་པར་མཛོད༔ བརྗོད་མེད་རྟོགས་པར་བྱིན་གྱིས་རློབས༔ ཀློང་སྡེའི་དོན་གྱི་བྱིན་རླབས་སོ༔ ས་མ་ཡ་རྒྱ་རྒྱ༔ ཀུན་གཞི་དག་པའི་བླ་མ་ལ༔ རྣམ་ཤེས་གནས་འགྱུར་གསོལ་བ་འདེབས༔ དབང་པོ་དག་པར་མཛད་དུ་གསོལ༔ ཡུལ་སྣང་སྟོང་པར་བྱིན་གྱིས་རློབས༔ སེམས་སྡེའི་དོན་གྱི་བྱིན་རླབས་སོ༔ ས་མ་ཡ་རྒྱ་རྒྱ༔ སྡེ་གསུམ་བྱིན་རླབས་བྱང་བུ་འོ༔ ༁ྃ༔ ན་མོ་གུ་རུ༔ མཆོད་པ་བྱིན་རླབས་བྱང་བུ་ནི༔ ཞི་གནས་ལྷག་མཐོང་ཡེ་ཤེས་ལས༔ རཾ་ཡཾ་ཁཾ་འཕྲོས་དངོས་འཛིན་སྦྱངས༔ ཀློང་ལྔའི་རང་བཞིན་བདུད་རྩི་ཆེ༔ དབྱིངས་རིག་གཉིས་མེད་གཏོར་ཆེན་དང༔ སེམས་ཉིད་འཁྲུལ་པ་བསྒྲལ་པའི་ཁྲག༔ ཡེ་ཤེས་མཆོད་པའི་སྤྲིན་ཕུང་འཁྲིགས༔ སྣང་བ་སྒྱུ་མར་རྟོགས་པ་ཡི༔ ཕྱི་ཡི་མཆོད་སྤྲིན་བསམ་མི་ཁྱབ༔ སྟོང་པའི་རང་རྩལ་གསལ་བ་ཆེ༔ ནང་གི་མཆོད་སྤྲིན་མཐའ་ལས་འདས༔ བདེ་བའི་རང་བཞིན་དགའ་བ་ཆེ༔ གསང་བའི་མཆོད་པ་ལྷུན་གྱིས་གྲུབ༔ ཨཱོྃ་སརྦ་པཉྩ་ཨ་མྲྀཏ་ཨཱཿཧཱུྃ༔ ཨཱོྃ་མ་ཧཱ་བ་ལིཾ་ཏ་ཨཱཿཧཱུྃ༔ ཨཱོྃ་མ་ཧཱ་རཀྟ་ཛྭ་ལ་ཨཱཿཧཱུྃ༔ ཨཱོྃ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ ནས། ཤབྡ་ཨཱཿཧཱུྃ༔ ཨཱོྃ་ཨཱཿཧཱུྃ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་ཨཱཿཧཱུྃ༔ ཨཱོྃ་ཨཱཿཧཱུྃ་བོ་དྷི་ཙིཏྟ་ཨཱཿཧཱུྃ༔ སྡེ་གསུམ་དོན་གྱི་མཆོད་བརླབ་བོ༔ ས་མ་ཡ་རྒྱ་རྒྱ༔ མཆོད་པ་བྱིན་རླབས་བྱང་བུ་རྫོགས༔ ༁ྃ༔ ན་མོ་གུ་རུ༔ དངོས་གཞིའི་རྟེན་གྱི་བྱང་བུ་ནི༔ ཧཱུྃ༔ ཀུན་གཞི་མི་དམིགས་རྣམ་པར་སྟོང༔ ཨཱ༔ རང་བཞིན་གསལ་བ་ཀུན་ལ་ཁྱབ༔ ཨཱོྃ༔ ཐུགས་རྗེ་སྣ་ཚོགས་སྤྲུལ་སྐུར་ཤར༔ ཐུགས་རྗེའི་འོད་ཀྱིས་སྣོད་བཅུད་སྦྱངས༔ ཡེ་ཤེས་ལྔ་ཡི་འོད་ཟེར་ལས༔ འབྱུང་ལྔ་དག་པ་ཡུམ་ལྔའི་མཁར༔ དུག་ལྔ་རྣམ་དག་གཞལ་ཡས་ཁང༔ ཡེ་ཤེས་རྩལ་རྫོགས་རྒྱན་གྱིས་སྤྲས༔ ཚོགས་བརྒྱད་དག་པ་དུར་ཁྲོད་བརྒྱད༔ འགྱུར་མེད་སྲུང་འཁོར་ཀུན་ལ་ཁྱབ༔ གཏི་མུག་དག་པ་བྱོལ་སོང་ཁྲི༔ འདོད་ཆགས་རྣམ་དག་པདྨའི་གདན༔ ཞེ་སྡང་རྣམ་དག་ཉི་ཟླའི་གདན༔ ཡེ་ནས་དག་པའི་ངང་དུ་རྫོགས༔ བྷྲཱུྃ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུྃ༔ དངོས་གཞིའི་རྟེན་བསྐྱེད་བྱང་བུ་འོ༔ ས་མ་ཡ་རྒྱ་རྒྱ༔ ༁ྃ༔ ན་མོ་གུ་རུ༔ དབང་བསྐུར་དགུག་བསྟིམ་བྱང་བུ་ནི༔ དུག་གསུམ་ཡེ་དག་རྡོ་རྗེ་གསུམ༔ ལྷུན་གྲུབ་རྫོགས་པར་བྱིན་གྱིས་བརླབས༔ དུག་ལྔ་རྣམ་དག་ཡེ་ཤེས་ལྔ༔ སྐུ་ལྔ་ཡེ་རྫོགས་དབང་བསྐུར་རོ༔ ཨཱོྃ་ཨཱཿཧཱུྃ༔ ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཧཱུྃ༔ མི་མངོན་དབྱིངས་ཀྱི་ཞིང་ཁམས་ནས༔ བླ་མ་རིག་འཛིན་བདེ་གཤེགས་ཚོགས༔ ཡི་དམ་དཔའ་བོ་མཁའ་འགྲོ་རྣམས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཀུན་གཞི་དག་པའི་ཞིང་ཁམས་ནས༔ གསལ་བ་ལོངས་སྤྱོད་རྫོགས་སྐུར་བཞེངས༔ ཐུགས་རྗེ་སྤྲུལ་སྐུའི་འཁོར་དང་བཅས༔ དབྱེར་མེད་ཆེན་པོར་གཤེགས་སུ་གསོལ༔ དབྱིངས་ལས་གཞན་མེད་ཆོས་སྐུའི་ཚོགས༔ བདེ་བ་ཆེ་ལ་ལོངས་སྤྱོད་པ༔ ཅིར་ཡང་སྣང་བ་སྤྲུལ་པའི་སྐུ༔ མ་ལུས་འཁོར་བཅས་གཤེགས་སུ་གསོལ༔ སྣང་ཡུལ་འཛིན་པ་དབྱིངས་སུ་ཁྲོལ༔ དབང་པོ་སྐུ་ལྔར་བྱིན་གྱིས་རློབས༔ རྣམ་ཤེས་ཡེ་ཤེས་ཆེན་པོར་སྒྱུར༔ ཀུན་གཞིའི་ཀློང་དུ་ཐིམ་པར་མཛོད༔ ཨེ་ཧྱེ་ཧི་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཛཿཧཱུྃ་བཾ་ཧོ༔ དབང་བསྐུར་དགུག་བསྟིམ་བྱང་བུ་འོ༔ ས་མ་ཡ་རྒྱ་རྒྱ༔ ༁ྃ༔ ན་མོ་གུ་རུ༔ བཞུགས་ཕྱག་མཆོད་བསྟོད་བྱང་བུ་ནི༔ ཧཱུྃ༔ ཡེ་ནས་དག་པའི་ཀུན་བཟང་ལ༔ གཤེགས་དང་བཞུགས་པའི་མཚན་མ་མེད༔ ཕྱོགས་ལྷུང་བྲལ་བར་ཀུན་ཏུ་རྫོགས༔ གདོད་ནས་གཉིས་མེད་ངང་དུ་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ འཁྲུལ་མ་མྱོང་བའི་བྱང་ཆུབ་སེམས༔ ཨེ་མ་བདེ་བར་གཤེགས་པ་རྣམས༔ འགྲོ་བ་ཀུན་ལ་ཁྱབ་པ་ཉིད༔ གཉིས་འཛིན་བྲལ་བར་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨེ་མ་ཧོ༔ གདོད་ནས་དག་པའི་མཁའ་དབྱིངས་སུ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ལས༔ མཆོད་པའི་ཕྱག་རྒྱ་ཅིར་ཡང་སྤྲུལ༔ རྒྱལ་བའི་ཚོགས་རྣམས་དགྱེས་པར་རོལ༔ ཨཱོྃ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཤེས་ཡུལ་དབང་པོས་མཚམས་སྦྱར་བས༔ འདོད་པའི་ཡོན་ཏན་བསམ་མི་ཁྱབ༔ ཞེན་པ་མེད་པའི་རང་བཞིན་ཉིད༔ ཆོས་ཀྱི་སྐུ་ཡི་རྒྱན་དུ་མཆོད༔ ཨཱོྃ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་ཨཱཿཧཱུྃ༔ གསལ་བ་ཐབས་ཀྱི་རང་བཞིན་ལ༔ མི་རྟོག་ཤེས་རབ་སྦྱོར་བ་ཡིས༔ བདེ་བ་ཆེན་པོ་ཁྱབ་པ་ཆེ༔ དབྱེར་མེད་ངང་དུ་མཆོད་པར་འབུལ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧོ༔ དབྱིངས་ཀྱི་གཏོར་མ་རྒྱན་དང་ལྡན༔ རིག་པ་ཡེ་ཤེས་བདུད་རྩི་ལྔ༔ དབྱིངས་རིག་དབྱེར་མེད་ཁྲག་ཆེན་པོ༔ བྱ་རྩོལ་བྲལ་བའི་མཆོད་པར་འབུལ༔ ཨཱོྃ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་བ་ལིཾ་ཏ་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ ཨེ་མ་ཧོ་ངོ་མཚར་རྨད་ཀྱི་སྐུ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་རྗེ་རྨད་བྱུང་བསམ་མི་ཁྱབ༔ སྤྲོས་པའི་ཚུལ་སྟོན་སྤྲུལ་སྐུ་མཆོག༔ སྤྲོས་མེད་ལོངས་སྤྱོད་རྫོགས་པའི་སྐུ༔ ཤིན་ཏུ་རྣམ་དག་ཆོས་ཀྱི་སྐུ༔ རབ་ཏུ་ཞི་བ་ངོ་བོ་ཉིད༔ སྐུ་བཞིའི་བདག་ཉིད་རྣམས་ལ་བསྟོད༔ ཨེ་མ་ཧོ་ངོ་མཚར་རྨད་ཀྱི་གསུང༔ ཡན་ལག་དྲུག་ཅུ་དང་ལྡན་ཞིང༔ ནམ་མཁའ་ལྟ་བུར་ཁྱབ་པ་ཉིད༔ ཉི་ཟླ་ལྟ་བུར་ཀུན་ལ་གསལ༔ རྒྱ་མཚོ་ལྟ་བུར་གཏིང་མཐའ་བྲལ༔ འཇའ་ཚོན་བཞིན་དུ་སོ་སོར་སྣང༔ རིན་ཆེན་བཞིན་དུ་དགོས་འདོད་འབྱུང༔ ཀློང་ལྔའི་གསུང་ལ་ཕྱག་འཚལ་བསྟོད༔ ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཐུགས༔ ཀུན་གཞི་བྱ་རྩོལ་བྲལ་བ་ལས༔ ཅིར་ཡང་མི་དམིགས་ཅིར་ཡང་སྣང༔ འོད་གསལ་ཤེས་པ་ཟང་ཐལ་ལེ༔ སྐྱེ་བ་མེད་པའི་རང་བཞིན་ཉིད༔ འགགས་པ་མེད་པ་དབང་པོར་གསལ༔ ཡུལ་སྣང་གང་ཤར་དངོས་པོས་སྟོང༔ སེམས་ཉིད་ཤར་གྲོལ་ཐུགས་ལ་བསྟོད༔ བཞུགས་ཕྱག་མཆོད་བསྟོད་བྱང་བུ་འོ༔ ས་མ་ཡ་རྒྱ་རྒྱ༔ ༁ྃ༔ ན་མོ་གུ་རུ༔ ཚོགས་ཀྱི་མཆོད་པའི་བྱང་བུ་ནི༔ ཧཱུྃ༔ དངོས་འཛིན་འཁྲུལ་རྟོག་ཐམས་ཅད་ཀུན༔ སྣང་སྟོང་རིག་སྟོང་ཚོར་སྟོང་གི༔ ངོ་བོ་ཉིད་དུ་གདོད་ནས་དག༔ ཅིར་ཡང་འབྱུང་ཞིང་ཅིར་ཡང་འཕྲུལ༔ ཤེས་རབ་ཆེན་པོའི་སྣོད་ཡངས་སུ༔ དགའ་བ་བཞི་ཡི་ཚོགས་གཏོར་བཤམས༔ འདོད་ཡོན་ལྔ་ཡིས་རབ་བརྒྱན་པའི༔ བླ་ན་མེད་པའི་མཆོད་སྤྲིན་གཏིབས༔ ཨཱོྃ་ཨཱཿཧཱུྃ༔ ཧཱུྃ༔ འཁོར་འདས་ཕ་མཐའ་བྲལ་བའི་དབྱིངས༔ གཞོན་ནུ་བུམ་སྐུའི་ཞིང་ཁམས་ནས༔ ལོངས་སྤྱོད་རྫོགས་སྐུའི་ལྷ་ཚོགས་རྣམས༔ བདེ་མཆོད་བཞེས་ཕྱིར་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་བཛྲ་ས་མཱ་ཛ༔ ཧཱུྃ༔ གདོད་མའི་དབྱིངས་ཀྱི་བྷནྡྷ་རུ༔ རིག་པ་བདེ་ཆེན་འདོད་ཡོན་བཤམས༔ དབྱིངས་རིག་གཉིས་མེད་ཚོགས་མཆོད་འདི༔ རྫོགས་པ་ཆེན་པོའི་ལྷ་ལ་འབུལ༔ མ་ཧཱ་ཛྙཱ་ན་ག་ཎ་ཙཀྲ་པཱུ་ཛ་ཧོ༔ གསལ་བའི་ངང་དུ་འཛིན་པ་བཤགས༔ མི་རྟོག་ཕྱལ་ཆད་མིན་པར་བསྐང༔ བདེ་བ་ཆེན་པོའི་དངོས་གྲུབ་སྩོལ༔ དབྱེར་མེད་ངང་དུ་ལྷུན་གྲུབ་ཤོག༔ ས་མ་ཡ་ཤུདྡྷེ་ཨ༔ ཡུལ་གྱི་དྲྭ་བར་ཆུད་པའི་བདུད༔ དབང་པོའི་དྲྭ་བར་གཅིག་ཏུ་བསྡུས༔ རྣམ་ཤེས་དག་པའི་མཚོན་གྱིས་བསྒྲལ༔ ཀུན་གཞིའི་ཀློང་དུ་ཞལ་དུ་བསྟབ༔ མཱ་ར་ཡ་ཕཊ྄༔ སྣང་སྲིད་ཆོས་ཀུན་མ་ལུས་པ༔ བདེ་བ་ཆེན་པོའི་ཚོགས་སུ་རོལ༔ སེམས་ཉིད་རྣམ་པར་དག་གྱུར་ཏེ༔ དབྱིངས་རིག་ཟུང་འཇུག་རྟོགས་པར་ཤོག༔ ཨ་ལ་ལ་ཧོ༔ རྣམ་རྟོག་བྲལ་བའི་ལྷག་སྡུད་རྣམས༔ འཛིན་མེད་རང་གསལ་ལྷག་གཏོར་བཞེས༔ དྲན་སྣང་སོ་མའི་བར་ཆད་སོལ༔ རང་གྲོལ་ཀློང་དུ་ཕྲིན་ལས་སྒྲུབས༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ གསལ་སྟོང་བདེ་ཆེན་དབྱེར་མེད་པའི༔ སྣང་སེམས་གཉིས་མེད་ཀློང་ཡངས་སུ༔ ཡུལ་དབང་ཤེས་གཞི་དག་པའི་ཚོགས༔ ཕུལ་པས་དབྱིངས་རིག་ཟུང་འཇུག་ཤོག༔ ཚོགས་ཀྱི་མཆོད་པའི་བྱང་བུ་འོ༔ ས་མ་ཡ་རྒྱ་རྒྱ༔ ༁ྃ༔ ན་མོ་གུ་རུ༔ ཕྲིན་ལས་རྗེས་ཀྱི་བྱང་བུ་ནི༔ མན་ངག་སྡེའི།་་་དབྱིངས་ལས་ཤར་པའི་ལྷ་ཚོགས་རྣམས༔ རིག་པའི་དབྱིངས་སུ་ཐིམ་པ་ལས༔ དབྱིངས་ཡེ་ཟུང་འཇུག་རྫོགས་པ་ཆེ༔ འཁོར་འདས་དབྱེར་མེད་ཉིད་དུ་རྫོགས༔ ཨ་ཨ་ཨ༔ ཕྱི་སེམས་སྡེའི།་་་ཡུལ་སྣང་དབང་པོ་ལྔ་ལ་ཐིམ༔ དེ་ཉིད་རྣམ་ཤེས་ལ་འདུས་པས༔ ཀུན་གཞིའི་དབྱིངས་སུ་ཐམས་ཅད་རྫོགས༔ དམིགས་མཐའ་བྲལ་བའི་ཀློང་དུ་ཡལ༔ ཨ་ཨ་ཨ༔ ནང་ཀློང་སྡེའི།་་་གསལ་བའི་དབྱིངས་སུ་སྤྲུལ་པ་རྣམས༔ མི་རྟོག་པ་ཡི་ངང་ལ་གཞག༔ བདེ་བ་ཆེན་པོར་ལྷུན་གྲུབ་སྟེ༔ དབྱེར་མེད་ངང་དུ་མངོན་པར་རྫོགས༔ ཨ་ཨ་ཨ༔ ལྟ་བ་ཆོས་ཉིད་ཡེ་ནས་དག༔ སྒོམ་པ་བློ་ལས་འདས་པའི་ངང༔ སྤྱོད་པ་བསམ་ཡས་དགེ་བ་ཀུན༔ འབྲས་བུ་སྐུ་གསུམ་འཐོབ་ཕྱིར་བསྔོ༔ བསམ་དུ་མེད་པའི་ལྟ་བ་རྟོགས༔ བརྗོད་དུ་མེད་པའི་སྒོམ་ཉམས་ལོངས༔ བླང་དོར་མེད་པའི་སྤྱོད་པ་སྤྱད༔ འབྲས་བུ་ལྷུན་གྲུབ་བཀྲ་ཤིས་ཤོག༔ ཕྲིན་ལས་རྗེས་ཀྱི་བྱང་བུ་འོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ྈྈྈྈ འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའོ། །སརྦ་མངྒ་ལཾ།། །།

རྫོགས་ཆེན་སྡེ་གསུམ་གྱི་བྱང་བུ་ཁྲིགས་སྡེབ་ལ་སྦྱར་རྒྱུའི་སྨན་མཆོད་ (Volume 62, Text 10)

རྫོགས་ཆེན་སྡེ་གསུམ་གྱི་བྱང་བུ་ཁྲིགས་སྡེབ་ལ་སྦྱར་རྒྱུའི་སྨན་མཆོད་ནི། ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་། །ལོངས་སྐུ་རྒྱལ་བ་རེིགས་ལྔ་དང་། །སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་ལ། །སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ། །ཨཱོྃ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཐེག་མཆོག་སྟོན་པ་དགའ་རབ་རྗེ། །མཁས་པ་འཇམ་དཔལ་བཤེས་གཉེན་དང་། །རིག་འཛིན་ཤྲཱི་སིཾ་ཧ་ལ། །སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ། །ཨཱོྃ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། འཕོ་ཆེན་སྐུ་བརྙེས་བི་མ་ལ། །པཎ་གྲུབ་ཛྙཱ་ན་སཱུ་ཏྲ་དང་། །ཨོ་རྒྱན་པདྨ་འབྱུང་གནས་ལ། །སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ། །ཨཱོྃ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ལོ་ཙཱ་ཆེན་པོ་བཻ་རོའི་ཞབས། །མངའ་བདག་ཚངས་པ་ལྷའི་མེ་ཏོག །ཌཱ་ཀི་ཡེ་ཤེས་མཚོ་རྒྱལ་ལ། །སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ། །ཨཱོྃ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། གནུབ་བན་ནམ་མཁའི་སྙིང་པོ་དང་། །ལྷ་སྲས་མུ་ཁྲི་བཙན་པོ་རྗེ། །གཉག་ཆེན་ཛྙཱ་ན་ཀུ་མཱ་རར། །སྨན་མཆོད་འབུལ་ལོ་དངོས༴ ཨཱོྃ་སརྦ་པཉྩ་ཨ་མྲྀཏ་ཁ༴ རྒྱལ་མོ་གཡུ་སྒྲ་སྙིང་པོ་དང་། །ངན་ལམ་རྒྱལ་བ་མཆོག་དབྱངས་ཞབས། །ལང་གྲོ་དཀོན་མཆོག་འབྱུང་གནས་ལ། །སྨན་མཆོད་འབུལ་ལོ་དངོས༴ ཨཱོྃ་སརྦ་པཉྩ་ཨ་མྲྀཏ་ཁ༴ སྣ་ནམ་རྡོ་རྗེ་བདུད་འཇོམ་དང་། །སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་། །ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ལ། །སྨན་མཆོད་འབུལ་ལོ་དངོས༴ ཨཱོྃ་སརྦ་པཉྩ་ཨ་མྲྀཏ་ཁ༴ པདྨ་གར་དབང་བློ་མཐའ་ཡས། །རྒྱལ་སྲས་ཚེ་དབང་ནོར་བུ་དང་། །པདྨ་ཐེག་མཆོག་བསྟན་འཛིན་ལ། །སྨན་མཆོད་འབུལ་ལོ་དངོས༴ ཨཱོྃ་སརྦ་པཉྩ་ཨ་མྲྀཏ་ཁ༴ གཞན་ཡང་རིག་འཛིན་བླ་མ་ནི། །བྱེ་བ་ས་ཡའི་ཚོགས་རྣམས་དང་། །ཡི་དམ་ཞི་ཁྲོ་མངོན་རྫོགས་རྒྱལ། །སྨན་མཆོད་འབུལ་ལོ་དངོས༴ ཨཱོྃ་སརྦ་པཉྩ་ཨ་མྲྀཏ་ཁ༴ དཔལ་ཆེན་སྒྲུབ་པ་སྡེ་དགུ་དང་། །གནམ་ཞལ་དབྱིངས་ཕྱུག་ཕག་མོ་སོགས། །གནས་གསུམ་དཔའ་བོ་མཁའ་འགྲོ་ལ། །སྨན་མཆོད་འབུལ་ལོ་དངོས༴ ཨཱོྃ་སརྦ་པཉྩ་ཨ་མྲྀཏ་ཁ༴ སྔགས་སྲུང་ཁྲོས་མ་མེ་གདོང་ཅན། །མ་མོ་གཤོག་རྒོད་རྡོར་ལེགས་དང་། །བཀའ་གཏེར་སྲུང་མ་རྒྱ་མཚོ་ལ། །སྨན་མཆོད་འབུལ་ལོ་དངོས༴ ཨཱོྃ་སརྦ་པཉྩ་ཨ་མྲྀཏ་ཁ༴ གཞི་སྣང་ཡེ་ཤེས་རོལ་པའི་རྩལ། །སྣང་སྲིད་ཀུན་བཟང་དབྱིངས་ཀྱི་རྒྱན། །ཇི་སྙེད་ཤར་པ་ཐམས་ཅད་ལ། །སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ། །ཨཱོྃ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཞེས་ཐིགས་གཏོར་བྱ། དངོས་གྲུབ་བླང་བ་ནི། རྡོ་རྗེ་ལྕེ་ཡི་དམ་ཚིག་མཆོག །རང་བྱུང་བདུད་རྩི་བདེ་བ་ཆེ། །སངས་རྒྱས་ཀུན་གྱི་ཐིག་ལེ་མཆོག །མྱང་བས་དངོས་གྲུབ་མཆོག་ཐོབ་འགྱུར། །ཀཱ་ཡ་སིདྡྷི་ཨཱོྃ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། གནས་གསུམ་ཐིག་ལེ་བྱ། ལྕེར་མྱང་ལ། ཨ་ཧོ་སུ་ཁ་ཧོཿ ཞེས་བརྗོད། ཅེས་པའང་ཆོས་ཀྱི་བློ་གྲོས་པས་ཞབས་ཏོག་ཏུ་སྤེལ་བ་དགེ། །།

ཛཔ྄་བསྐུལ་ (Volume 62, Text 11)

སྡེ་གསུམ་རྩ་གསུམ་ཆོས་སྐྱོང་ལ་ཛཔ྄་བསྐུལ་སྦྱར་ན། དང་པོ་བླ་མའི་ཛཔ྄་བསྐུལ་ནི། ཧཱུྃ་ཧྲཱིཿ རིག་འཛིན་ཆེ་མཆོག་ཤྲཱི་སིཾ་ཧ་ནི། །བརྒྱུད་གསུམ་བླ་མ་འདུས་པའི་ཡེ་ཤེས་སྐུ། །ཐུགས་དམ་གནད་བསྐུལ་ཛཔ྄་ཀྱིས་གསོལ་འདེབས་ན། །དགོངས་བརྒྱུད་འཕོ་བ་ཆེན་པོའི་བྱིན་ཕོབ་ཅིག །ཛཔ྄་བཟླས་ལ་འཇུག་གོ། །། ༈ གཉིས་པ་ཡི་དམ་ཛཔ྄་བསྐུལ་ནི། ཧཱུྃ་ཧྲཱིཿ དཔལ་ཆེན་ཆེ་མཆོག་ཤྲཱི་སིཾ་ཧ་ནི། །ཡེ་ཤེས་ཀློང་དགུའི་སྤྱི་གཟུགས་དཔལ་ཆེན་པོ། །བསྙེན་སྒྲུབ་རྣམ་བཞིའི་ཛཔ྄་ཀྱིས་རྒྱུད་བསྐུལ་ན། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཛཔ྄་བཟླས་ལ་འཇུག་གོ། །། ༈ གསུམ་པ་མཁའ་འགྲོའི་ཛཔ྄་བསྐུལ་ནི། ཧཱུྃ་ཧྲཱིཿ བདེ་ཆེན་མཆོག་གྲུབ་ཤྲཱི་སིཾ་ཧ་ནི། །གནས་གསུམ་མཁའ་འགྲོའི་ཚོགས་རྗེ་ཧེ་རུ་ཀཿ རིག་རྩལ་བདེ་ཆེན་ཛཔ྄་ཀྱིས་རྒྱུད་བསྐུལ་ན། །ལྷན་སྐྱེས་ཡེ་ཤེས་རྟོགས་པའི་དངོས་གྲུབ་སྩོལ། །ཛཔ྄་བཟླས་ལ་འཇུག་གོ། །། ༈ བཞི་པ་ཆོས་སྐྱོང་ཛཔ྄་བསྐུལ་ནི། ཧཱུྃ་ཧྲཱིཿ འཁོར་འདས་རིག་རྩལ་དབང་བསྒྱུར་ཤྲཱི་སིཾ་ཧ། །རྒྱུད་གསུམ་དྲེགས་པ་མ་ལུས་བྲན་དུ་བཀོལ། །རྡོ་རྗེའི་བཀའ་ནན་ཛཔ྄་ཀྱིས་རྒྱུད་བསྐུལ་ན། །ཚར་གཅོད་རྗེས་འཛིན་ཕྲིན་ལས་ཡོངས་རྫོགས་མཛོད། །ཛཔ྄་བཟླས་ལ་འཇུག་གོ །ཅེས་འདི་ཆོས་མཛད་སྒྲུབ་པ་པོ། །ནུབ་རི་ཡེ་ཤེས་ཀློང་གྲོལ་ནས། །དད་མོས་གསུང་གིས་བསྐུལ་བ་ལས། །བླ་མ་རྩ་གསུམ་ཀུན་འདུས་ཀྱི། །ཡེ་ཤེས་ཀློང་དགུའི་ཆོ་འཕྲུལ་ལ། །འགལ་བ་མེད་སྙམ་དད་པས་བྲིས། །ཟབ་གསང་མཁའ་འགྲོའི་སྙིང་ཁྲག་ལ། །གཟུ་ལུམ་གྱུར་ན་བཟོད་པར་གསོལ། །བསམ་སྦྱོར་དག་པའི་དགེ་བ་ཡིས། །རྩ་གསུམ་ཀུན་འདུས་བླ་མ་རྗེའི། །བྱིན་རླབས་དགོངས་པ་ཐོབ་པའི་རྒྱུར། །སྨོན་ནས་རྒྱལ་ཁམས་མུ་ཏོ་བ། །བཀྲ་ཤིས་དཔལ་འབྱོར་འབོད་པ་དེས། །བལ་ཡུལ་ནཱ་གའི་ཐེག་མཆོག་གླིང་། །སྙིང་ཐིག་བཀའ་གཏེར་སྨིན་གྲོལ་སྐབས། །བྲིས་འདི་དོན་དང་ལྡན་གྱུར་ཅིག། །།

དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་བཀའ་སྲུང་ཡེ་ཤེས་པའི་གསོལ་མཆོད་ཕྲིན་ལས་ཀུན་ཁྱབ་བཀྲ་ཤིས་ཆར་འབེབ་ (Volume 62, Text 12)

༄༅། །དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་བཀའ་སྲུང་ཡེ་ཤེས་པའི་གསོལ་མཆོད་ཕྲིན་ལས་ཀུན་ཁྱབ་བཀྲ་ཤིས་ཆར་འབེབ་ཅེས་བྱ་བ་བཞུགས་སོ། ། སྡེ་གསུམ་སྤྱི་སྐོར། ན་མོ་གུ་རུ་མ་ཧཱ་ནི་དྷི་པ་དཱ་ཡ། ཟབ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་སྲུང་མ་མཆོད་པ་ལ་ཡེ་ཤེས་དང་འཇིག་རྟེན་གཉིས་ལས། དང་པོ་ཡེ་ཤེས་པ་ལ་བསྡུས་སྐབས་གོང་གཏོར་མདུན་དུ་གཏོར་གསོས་བཀོད་པས་ཆོག །རྒྱས་ན་དམར་གཏོར་གཙོ་འཁོར་དགུ། འབྲིང་ན་དམར་གཏོར་མཐེབ་ཀྱུ་བརྒྱད་ཅན་དང་། གཉིས་པ་འཇིག་རྟེན་པ་ལ། མ་མོ་མཆེད་གསུམ་དང་གཤོག་རྒོད་མ་ལ་དམར་གཏོར་གཉིས། སྐྱེས་མཆོག་ལ་དཔལ་གཏོར་མཁར་ཐབས་ར་མགོ་ཅན། དྲེགས་པ་གསུམ་ལ་དཀར་དམར་གཉིས་དང་ཀླུ་བཤོས་ཕུད་སྐྱེམས་རྣམས་བཤམས། བསྡུས་ན་ཐམས་ཅད་ལ་དཀར་དམར་གཉིས་ལ་འདུས། བདག་བསྐྱེད་བཟླས་པ་གྲུབ་ནས། མཆོད་རྫས་བྱིན་རླབས་ནི་གསང་ཐིག་ལྟར་རམ། རཾ་ཡཾ་ཁཾ་གིས་མཆོད་རྫས་ཉེས་སྐྱོན་སྦྱངས། །ཨཱོྃ་ལས་གཏོར་མ་ཨཱཿལས་རཀྟའི་མཚོ། །ཧཱུྃ་ལས་བདུད་རྩི་ཧྲཱིཿལས་འདོད་ཡོན་ལྔ། །ཀུན་བཟང་མཆོད་སྤྲིན་མཁའ་དབྱིངས་ཁྱབ་པར་གྱུར། །པཱུ་ཛ་བཛྲ་སྥ་ར་ཎ་ཁཾ། ཞེས་བྱིན་བརླབས་ལ། མདུན་གྱི་ནམ་མཁར་གསང་ཆེན་རོལ་པའི་ཞིང་། །ཕོ་བྲང་བཀོད་པ་ཡོངས་རྫོགས་གླིང་དགུའི་དབུས། །པདྨ་ཉི་ཟླ་བྱོལ་སོང་གཙོ་བརྒྱད་སྟེང་། །ཕག་མོ་མཐིང་ནག་གཡས་དཀར་གཡོན་དམར་ཞལ། །རལ་པ་གྱེན་བརྫེས་སྤྱི་གཙུག་ཕག་ཞལ་ངུར། །ཕྱག་དྲུག་དང་པོས་གྲི་གུག་ཐོད་ཁྲག་འཛིན། །བར་པས་ཌཱ་མ་རུ་འཁྲོལ་ཞིང་དབྱུག་ཕྱར། །ཐ་མས་རྡོར་དྲིལ་ཁ་ཊྭཱཾ་ག་ལ་འཁྱུད། །ཞབས་གཉིས་གར་སྟབས་པད་ཉི་བམ་ལ་རོལ། །ཡེ་ཤེས་མེ་ཕུང་འབར་བའི་ཀློང་དུ་གསལ། །རིགས་བཞི་ཡུམ་བཅུ་ཅེ་སྤྱང་མ་བརྒྱད་བསྐོར། །ཕྱི་རོལ་ཤར་ནས་རིམ་བཞིན་གཡས་སྐོར་དུ། །བཛྲ་ཀྲོ་དྷཱི་ཤྭ་རཱི་མུ་ཁ་ལེ། །བཻ་ཏཱ་ལི་དང་ལས་ཀྱི་དབང་མོ་ཆེ། །པདྨ་གཟི་ལྡན་ཁམས་གསུམ་སྤྱི་འདུལ་མ། །འཁོར་ལོ་རྒྱས་འདེབས་འབྱུང་ལྔའི་བདག་མོ་ཆེ། །ལས་ཀྱི་དབང་མོ་རྡོར་དྲིལ་གཞན་རྣམས་ཀུན། །གྲི་ཐོད་ཁ་ཊྭཱཾ་དུར་ཁྲོད་ཆས་བརྒྱད་རྫོགས། །ཀུན་ཀྱང་པད་ཉིར་བརྐྱང་བསྐུམ་གར་གྱིས་རོལ། །མེ་འོད་རང་འབར་རང་རང་འཁོར་ཚོགས་དང་། །ཕྱི་ཁྱམས་སྣང་སྲིད་མ་མོའི་ཚོགས་རྣམས་ཀུན། །ཉི་མ་ལས་ནི་འོད་ཟེར་བཞིན་དུ་གསལ། །རྡོ་རྗེ་གསུམ་དངོས་ཡེ་ཤེས་ལྔ་དབང་རྫོགས། །ཨཱོྃ་ཨཱཿཧཱུྃ། ཨཱོྃ་ཧཱུྃ་སྭཱ་ཨཱཾ་ཧཱ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རང་བཞིན་ཆོས་ཀྱི་དབྱིངས་དང་དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པ་ནས་ཡེ་ཤེས་དང་ལས་ལས་གྲུབ་པའི་མ་མོ་མཁའ་འགྲོ་སྤྲུལ་པ་ཡང་སྤྲུལ་གྱི་ཚོགས་དང་བཅས་པ་བཛྲ་ས་མཱ་ཛཿ རོལ་མོ་དབྱངས་དང་བཅས་པས། ཧཱུྃ་བྷྱོཿ འོག་མིན་གསང་ཆེན་རོལ་པའི་དུར་ཁྲོད་དང་། །ཉེར་བཞིའི་ཞིང་སོགས་གནས་ཡུལ་རབ་འབྱམས་ནས། །མཁའ་འགྲོ་དགོངས་པ་འདུས་པའི་དཀྱིལ་འཁོར་ལྷ། །དད་མོས་གདུང་བའི་ཤུགས་ཀྱིས་སྤྱན་འདྲེན་ན། །སྔོན་གྱི་ཐུགས་དམ་ཞལ་བཞེས་རྗེས་དགོངས་ལ། །མ་ཐོགས་གནས་འདིར་མྱུར་དུ་གཤེགས་སུ་གསོལ། །བཛྲ་བྷ་ར་ཧི་ཀྲོ་དྷཱི་ཤྭ་རཱི་ཨེ་ཀ་ཛཱ་ཏི་ཨེ་ཨ་རཱལླི་ཧྲཱིཾ་ཧྲཱིཾ་ཛ་ཛཿཕེཾ་ཕེཾ། ཧཱུྃ་བྷྱོཿ པདྨ་ཉི་མ་བམ་ཆེན་སོགས། །གཙོ་འཁོར་འཚམ་པའི་གདན་ཁྲི་ལ། །ཚོམ་བུ་དགུ་ཡི་ལྷ་ཚོགས་རྣམས། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སཏྭཾ། ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཧཱུྃ་བྷྱོཿ ཡན་ལག་བརྒྱད་ལྡན་མཆོད་ཡོན་རྒྱ་མཚོ་འཁྱིལ། །ཞབས་བསིལ་སྐབས་གསུམ་ལྷ་ཡི་དལ་འགྲོའི་རྒྱུན། །མེ་ཏོག་སྣ་ཚོགས་སྐྱེད་ཚལ་ཚར་དུ་དངར། །ལྷན་སྐྱེས་སྦྱར་སྤེལ་དུད་སྤྲིན་སྤྲིན་ལྟར་འཁྲིགས། །སྣང་གསལ་མར་མེའི་འོད་སྣང་སྣང་སྲིད་གསལ། །དྲི་ལྡན་བསིལ་ཆབ་ཆབ་ཀྱི་རྒྱུན་བཞིན་འབེབ། །ཞལ་ཟས་བཟའ་བཅའ་སྣ་ཚོགས་རི་ལྟར་སྤུངས། །རོལ་མོ་སྣ་ཚོགས་སྒྲ་དབྱངས་འབྲུག་ལྟར་ལྡིར། །ཉེར་སྤྱོད་སྣ་ཚོགས་ཕྱི་ཡི་མཆོད་པ་འདི། །མཁའ་འགྲོ་སྡེ་དགུའི་ལྷ་ཚོགས་རྣམས་ལ་འབུལ། །བཛྲ་ཨརྒྷཾ་སོགས། ཤབྡ་པཱུ་ཛ་ཧོཿ ཞེ་སྡང་རྣམ་དག་བདུད་རྩི་ཨ་མྲྀ་ཏ། །འདོད་ཆགས་རྣམ་དག་རཀྟའི་རྦ་ཀློང་འཁྲུགས། །གཏི་མུག་རྣམ་དག་བ་ལིཾ་རི་དབང་བརྗིད། །ཉམས་པ་བདུན་ལྡན་བསྒྲལ་པའི་ཤ་ཁྲག་རུས། །བདེ་སྟོང་དགྱེས་བསྐྱེད་མཉམ་སྦྱོར་བདེ་བའི་གར། རྣམ་བཀྲའི་སྤྱན་གཟིགས་བང་མཛོད་ནོར་གྱི་དབྱིག །མདོར་ན་མཆོད་འོས་བསྐང་བརྟེན་སྒྲུབ་པའི་རྫས། །ཕྱི་ནང་གསང་བ་ཡང་གསང་བླ་མེད་པའི། །ཀུན་བཟང་མཆོད་པའི་སྤྲིན་ཕུང་རྒྱ་མཚོས་མཆོད། །མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་ཏ་ན་ག་ཎ་ཙཀྲ་སརྦ་པཱུ་ཛ་ཁཱ་ཧི། ཧཱུྃ་བྷྱོཿ ཆོས་དབྱིངས་ཀུན་ཁྱབ་ཆོས་སྐུ་ཡུམ་ཆེན་མོ། །དྲག་མོའི་སྐུར་བཞེངས་གནམ་ཞལ་བྷ་ར་ཧི། །ཡུམ་བཞི་ལྕེ་སྤྱང་མ་བརྒྱད་ཁྲོ་མོ་བཅུ། །དཀྱིལ་འཁོར་གཙོ་མོ་འཁོར་དང་བཅས་ལ་བསྟོད། །བཛྲ་ཀྲོ་དྷཱི་ཤྭ་རཱི་བཻ་ཏཱ་ལི། །པདྨ་གཟི་ལྡན་འཁོར་ལོ་རྒྱས་འདེབས་མ། །མུ་ཁ་ལས་དབང་སྤྱི་འདུལ་འབྱུང་བདག་མ། །ཕྱོགས་བཞི་མཚམས་བརྒྱད་མཁའ་འགྲོའི་གཙོ་ལ་བསྟོད། །རང་རང་རིགས་ཀྱི་ཚོམ་བུ་འཁོར་དང་བཅས། །དཀྱིལ་འཁོར་ཕྱི་ཁྱམས་ཁོར་ཡུག་ལ་གནས་པའི། །འབུམ་ཕྲག་ཡངས་པའི་མཁའ་འགྲོ་བརྟན་མའི་ཚོགས། །བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་ལ་བསྟོད། །བདག་བསྐྱེད་ཀྱི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། མདུན་བསྐྱེད་ཀྱི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆག་ཉེས་ལྟུང་གི་ཚོགས་ཐམས་ཅད་བྱང་ཞིང་དག །གསང་བ་གསུམ་གྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཟེར་དཀར་དམར་མཐིང་གའི་རྣམ་པར་བྱོན་ནས་བདག་ལ་ཐིམ་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ། སླར་ཡང་འོད་ཟེར་འཕྲོས་པས་སྲུང་མ་དམ་ཅན་རྒྱ་མཚོའི་ཐུགས་རྒྱུད་བསྐུལ། ཅི་བཅོལ་བའི་ཕྲིན་ལས་བཞི་ཐོགས་མེད་དུ་སྒྲུབ་པར་གྱུར། ཅེས་མན་ངག་ལྡན་པའི་ཡིག་བརྒྱ་བཟླ་བ་ནི་ཉམས་ཆག་སྦྱང་བའོ། །བཟླས་པ་དངོས་ནི། མདུན་བསྐྱེད་གཙོ་འཁོར་ཀུན་གྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་གི་མཐར་སྔགས་ཕྲེང་གཡས་སུ་བཀོད་པ་གཡོན་དུ་འཁོར་བ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་དང་བཅས་པ་མཆོད། སེམས་ཅན་གྱི་དོན་བྱས། བྱང་ཆུབ་སྒྲུབ་པའི་བར་ཆད་བདུད་བགེགས་ལོག་འདྲེན་ཐམས་ཅད་ཚར་བཅད། སྣང་སྲིད་ཐམས་ཅད་ཁྲོ་མོ་རོལ་པའི་དཀྱིལ་འཁོར་ཆེན་པོར་གྱུར། ཨཱོྃ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་བཛྲ་བྷ་ར་ཧི་ཧཱུྃ་ཕཊ྄༔ ཨཱོྃ་བཛྲ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ྄༔ ཨཱོྃ་རཏྣ་བཻ་ཏཱ་ལི་ཧཱུྃ་ཕཊ྄༔ ཨཱོྃ་པདྨ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ྄༔ ཨཱོྃ་དིཔྟ་ཙཀྲ་ཧཱུྃ་ཕཊ྄༔ ཨཱོྃ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སཏྭཾ་སཏྭ་ཧཱུྃ་ཕཊ྄༔ ཨཱོྃ་མ་ཧཱ་ཌཱ་ཀི་ནཱི་ཧཱུྃ་ཕཊ྄༔ ཨཱོྃ་མ་ཧཱ་ཙཎྜི་སརྦ་དུཥྚཱན་ཧཱུྃ་ཕཊ྄༔ ཨཱོྃ་བཛྲ་ཙཎྜ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ྄༔ ཨཱོྃ་བཛྲ་སརྦ་ཡཀྵི་ས་མ་ཡ་ཧཱུྃ་ཕཊ྄༔ གཙོ་མོའི་བཅུ་ཆ་འཁོར་རྣམས་ལ་བཟླ་འོ། །སྤྱི་དྲིལ་ནི། ཨཱོྃ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་མ་ཧཱ་ཀྲོ་དྷཱ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ྄༔ གང་འོས་བཟླས་ལ། ཡིག་བརྒྱས་ལྷག་ཆད་ཁ་བསྐང་། དབྱངས་གསལ་གྱིས་ནུས་པ་གོང་དུ་སྤེལ། རྟེན་འབྲེལ་སྙིང་པོས་བརྟན་པར་བྱས་ལ། ཧཱུྃ། སྡེ་གསུམ་མཁའ་འགྲོའི་ལྷ་ཚོགས་ལ། །དུག་གསུམ་རྣམ་དག་མཆོད་པ་འབུལ། །གསང་གསུམ་ཡོན་ཏན་རྫོགས་ལ་བསྟོད། །སྒོ་གསུམ་དམ་ཚིག་ཉམས་ཆག་བཤགས། །སྐུ་གསུམ་དངོས་གྲུབ་བསྩལ་དུ་གསོལ། །མ་ཧཱ་པཉྩ་ཨ་མྲྀཏ་མ་ཧཱ་རཀྟ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི། སྨན་རཀ་སྦྲེངས་ཤིང་རོལ་མོ་བྱ། དབྱིངས་ནི་གནམ་ཞལ་བྷ་ར་ཧི། །རིག་པ་དཔལ་ཆེན་ཧེ་རུ་ཀཿ དབྱེར་མེད་ལྷུན་གྲུབ་ངང་ལ་གཞག །མཁའ་འགྲོའི་དཀྱིལ་འཁོར་རང་ལ་རྫོགས། །ཨ་ཨ་ཨ། དེ་ནས་བཀའ་སྲུང་འཇིག་རྟེན་པ་དང་། ཚོགས་མཆོད་སོགས་སྐབས་སུ་གང་བབ་བྱའོ། །གཏེར་གཞུང་ནོར་བུའི་བང་མཛོད་ལས། །ཕྲིན་ལས་བསམ་འཕེལ་དབང་གི་རྒྱལ། །ཚུལ་བཞིན་ཉམས་སུ་བླངས་པ་ཡིས། །ཀུན་ཁྱབ་བཀྲ་ཤིས་ཆར་འབེབ་ཤོག །ཅེས་པ་འདི་ལྟར་དགོས་ཞེས་རིགས་དབོན་རི་རྒྱལ་རྒྱ་མཚོས་རྟེན་དང་ཤོག་བུའི་བྲི་གཞི་བཅས་རིང་མོ་ནས་བསྐུལ་བ་དང་། ཉེ་ཆར་གཏེར་ཆེན་མཆོག་སྤྲུལ་རིན་པོ་ཆེའི་བཀའ་ལུང་སྙིང་ལ་བཅང་སྟེ་མཆོག་གཏེར་གྱི་ཞབས་ཏོག་ཏུ་དམིགས་ནས་དགེ་བྱེད་ཆུ་སྟག་གི་ལོར་གྲོ་ཞུན་ཟླ་བའི་བཟང་པོ་གསུམ་པར། འོག་མིན་ཀརྨའི་སྒྲུབ་ཁང་བྱམས་པ་ཆོས་གླིང་དབྱངས་ཅན་དགའ་བའི་ཚལ་དུ་གཏེར་སློབ་མཁན་པོ་འདུལ་འཛིན་ཀརྨ་རིན་ཆེན་དར་རྒྱས་དཔལ་བཟང་པོས་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།

རྫོགས་པ་ཆེན་པོ་སྡེ་གསུམ་གྱི། བཀའ་གཏེར་སྲུང་མའི་ཟུར་རྒྱན་ (Volume 62, Text 13)

རྫོགས་པ་ཆེན་པོ་སྡེ་གསུམ་གྱི། བཀའ་གཏེར་སྲུང་མའི་ཟུར་རྒྱན་བཞུགས། །རང་ཉིད་ཡི་དམ་གྱི་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་བཀའ་སྲུང་གཏེར་སྲུང་འཁོར་དང་བཅས་པ་སྤྱན་དྲངས་པར་གྱུར། ཨཱོྃ་ཤྲཱི་དྷརྨ་པཱ་ལ་ནི་དྷི་པ་ཏིཿས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཨཱོྃ་ཤྲཱི་དྷརྨ་པཱ་ལ་ནི་དྷི་པ་ཏིཿས་པ་རི་ཝཱ་ར་བཛྲ་ཨརྒྷཾ་སོགས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཨཱོྃ་མ་མ་ཛྭ་ལ་ཛྭ་ལ་ནཱི་ཙཎྜི་ཧཱུྃ་ཕཊ྄༔ ས་པ་རི་ཝཱ་ར་སོགས། བདུན་ལྔ་གསུམ་སོགས་གང་འོས་ཀྱིས་གཏོར་མ་འབུལ་བ་ནི་མ་མོ་མཆེད་གསུམ་མོ། །མ་མ་ཏྲག་རཀྴ་ག་རུ་ཌཿཧཱུྃ་ཕཊ྄༔ ས་པ་རི་སོགས་འབུལ་བ་ནི་གཤོག་རྒོད་མའོ། །ཨཱོྃ་ཏྲི་ཤཱུ་ལ་བཛྲ་སཱ་དྷུ་སིདྡྷི་ཧཱུྃ༔ ས་པ་རི་སོགས་དམ་ཅན་ནོ། །ཨ་དེ་ཝ་རཱ་ཛཿས་པ་རི་སོགས་ལྷའོ། །ཙ་ཤཱུ་ལ་ཏྲི་ཛཿས་པ་རི་སོགས་བཙན་ནོ། །ནཱཾ་ནཱ་ག་རཱ་ཛཿརཏྣ་ཛ༔ས་པ་རི་སོགས་ཀླུའོ། །མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། སྨན་རཀ་ཀྱིས་མཆོད་ལ། ཟབ་གཏེར་བཀའ་ཡི་སྲུང་མ་གཏུམ་ཆེན་ཁྲོས་མ་མེ་གདོང་མ། དཀར་མོ་སེང་གེའི་གདོང་ཅན། ནག་མོ་ཆུ་སྲིན་གདོང་ཅན། འཁོར་ཚོགས་མ་མོ་འབུམ་སྡེ། ལྷ་མོ་རྡོ་རྗེ་གཤོག་རྒོད་མ། རིགས་བཞིའི་ཕོ་ཉ་མཆེད་བཞི། འབུམ་ཕྲག་ཡངས་པའི་མཁའ་འགྲོ། དམ་ཅན་རྡོ་རྗེ་ལེགས་པ། བཙན་དམག་ཞུབ་ཅན་སྟོང་སྡེ། མཆེད་ཟླ་སུམ་བརྒྱ་དྲུག་ཅུ། དགྱེས་སྡེ་བརྟན་མ་བཅུ་གཉིས། ལྷ་རྒྱལ་གསལ་བའི་འོད་ལྡན་ལྷ་དམག་འབུམ་སྡེའི་དམག་ཚོགས། བཙན་རྒྱལ་བསྐལ་པའི་མེ་འབར་བཙན་དམག་ཤན་པ་འབུམ་སྡེ། ཀླུ་རྒྱལ་ནོར་འཛིན་གཞོན་ནུ་ཀླུ་སྨན་ཀླུ་ཕྲན་འབུམ་སྡེ། སྡེ་གསུམ་བཀའ་སྲུང་གཏེར་སྲུང་དམ་ཅན་རྒྱ་མཚོའི་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྡོངས་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་འཕྲིན་ལས་སྒྲུབས། སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག །ཅེས་ཕྲིན་ལས་བཅོལ་ལ། གཏེར་གཞུང་གི་ཚིག་བཅད་རྣམས་དང་། སངས་རྒྱས་བསྟན་སྲུང་སོགས་ཀྱི་འདོད་གསོལ་བྱའོ།། །།

དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ བཀའ་སྲུང་དྲེགས་པ་ཕོ་མོའི་སྒྲུབ་ཐབས་ (Volume 62, Text 14)

དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ བཀའ་སྲུང་དྲེགས་པ་ཕོ་མོའི་སྒྲུབ་ཐབས་བཞུགས་སོ༔ ྈྈྈྈྈྈ ན་མོ་གུ་རུ༔ སྡེ་དྲུག་བཀའ་སྲུང་འཇིག་རྟེན་པ༔ ཐོག་མར་འབར་མ་མེ་གདོང་ནི༔ མདུན་དུ་ཆོས་འབྱུང་བསྣོལ་མར་བྲི༔ སྟེང་དུ་དམར་གྱི་གཏོར་མ་བཤམས༔ རང་མདུན་མ་མོ་འཁོར་བཅས་བསམ༔ ཨཱོྃ་མ་མ་ཛྭ་ལ་ཛྭ་ལ་ནཱི་ཙཎྜི་ཧཱུྃ་ཕཊ྄༔ བཟླས་ཤིང་ཕྱི་ནང་གསང་མཆོད་འབུལ༔ ཧཱུྃ༔ གཏུམ་ཆེན་ཁྲོས་མ་མེ་ཡི་གདོང༔ ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན༔ འབར་བའི་ཀློང་དུ་གར་སྒྱུར་མ༔ ཆུ་སྲིན་སེང་གེའི་གདོང་ཅན་གཉིས༔ དཀར་ནག་མདོག་ཅན་གྲི་ཐོད་འཛིན༔ མ་མོ་མཆེད་གསུམ་བཀའ་སྡོད་བཅས༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ གདུག་པའི་དགྲ་བགེགས་ཐལ་བར་རློགས༔ བཀའ་གཏད་གཏོར་མ་སློབ་བུར་གཏད༔ ཕྲིན་ལས་བཅོལ་ཞིང་དམ་བསྲེ་འོ༔ ས་མ་ཡ་རྒྱ་རྒྱ༔ མ་མོ་རྡོ་རྗེ་གཤོག་རྒོད་མ༔ བསྒྲུབ་ཕྱིར་མཐིང་ནག་གྲུ་གསུམ་བྲི༔ དཔལ་གྱི་གཏོར་མ་རྒྱན་ལྡན་བཤམས༔ མ་མོ་འཁོར་བཅས་མདུན་དུ་བསམ༔ མ་མ་ཏྲག་རཀྴ་ག་རུ་ཌཿཧཱུྃ་ཕཊ྄༔ བཟླས་ཤིང་ཕྱི་ནང་གསང་མཆོད་འབུལ༔ ཧཱུྃ༔ དབྱིངས་ལས་སྐུར་བཞེངས་མ་མོ་ནི༔ གཏུམ་ཆེན་མཐིང་ནག་གྲི་ཐོད་འཛིན༔ གཤོག་བརྒྱང་མེ་ཡི་ཀློང་ན་བཞུགས༔ རིགས་བཞིའི་ཕོ་ཉ་བཞི་ཡིས་བསྐོར༔ དཀར་སེར་དམར་ལྗང་སྙིང་མེ་ལོང༔ འཛིན་ཞིང་མེ་ཀློང་གར་ཐབས་སྒྱུར༔ མ་མོ་འབུམ་གྱི་འཁོར་གྱིས་བསྐོར༔ འདིར་བྱོན་དམ་རྫས་མཆོད་གཏོར་བཞེས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བཀའ་གཏད་སློབ་མ་མ་མོར་བསྐྱེད༔ སྐུ་གཟུགས་ཕྱག་མཚན་བསྟིམ་པར་བྱ༔ ས་མ་ཡ་རྒྱ་རྒྱ༔ སྐྱེས་བུ་ཆེན་པོ་སྒྲུབ་པ་ནི༔ མདུན་དུ་དཔལ་གྱི་གཏོར་མ་ནི༔ མཁར་ཐབས་ར་མགོས་མཚན་པ་བཤམས༔ མདའ་རྒོད་མེ་ལོང་སྟག་དར་བཙུག༔ སྐྱེས་བུ་འཁོར་བཅས་མདུན་དུ་བསམ༔ ཨཱོྃ་ཏྲི་ཤཱུ་ལ་བཛྲ་སཱ་དྷུ་སིདྡྷི་ཧཱུྃ༔ བཟླས་ཤིང་ཕྱི་ནང་གསང་མཆོད་འབུལ༔ ཧཱུྃ༔ དབང་གི་སྤྲུལ་པ་རྡོ་རྗེ་ལེགས༔ དམར་ནག་རྡོ་རྗེ་དགྲ་སྙིང་འཛིན༔ དར་གྱི་བེར་ཆེན་ཕྱི་ནང་གསོལ༔ དབུ་སྐྲ་གྱེན་བརྫེས་ཐོད་སྐམ་བརྒྱན༔ སྭག་ལྷྭམ་གསོལ་ཞིང་སེང་ཆེན་འཆིབས༔ བཙན་དམག་ཞུབ་ཅན་སྟོང་གིས་བསྐོར༔ དགྱེས་སྡེ་བརྟན་མ་བཅུ་གཉིས་སོགས༔ ཡང་ཟབ་བཀའ་ཡི་སྲུང་མ་རྣམས༔ འདིར་བྱོན་དམ་རྫས་མཆོད་གཏོར་བཞེས༔ སྒྲུབ་པ་པོ་ཡི་བསམ་པ་སྒྲུབས༔ བཀའ་གཏད་རྟེན་མདའ་ལག་ཏུ་གཏད༔ ཕྲིན་ལས་མ་ལུས་སྒྲུབ་པར་བསམ༔ ཐ་ཚིག་ཕྲིན་བཅོལ་བྱས་པས་འགྲུབ༔ ཡང་ཟབ་སྙིང་པོའི་བཀའ་སྲུང་གསུམ༔ ཤིན་ཏུ་གཉན་པས་གསང་བར་གཅེས༔ བཀའ་གཏད་བཀའ་རྒྱས་བསྡམ་པར་གྱིས༔ མ་འོངས་སུམ་ཅུའི་ཁ་རལ་དུས༔ ལྷ་སྲས་སྐྱེ་བ་ཉིད་དང་འཕྲད༔ རྫོགས་ཆེན་བསྟན་ལ་ཕན་བྱེད་ཤོག༔ ས་མ་ཡ་རྒྱ་རྒྱ༔ ཅུདྷྱ༔ གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ །སརྦ་མངྒ་ལཾ།། །།

རྫོགས་ཆེན་སྡེ་གསུམ་གྱི་གཏེར་སྲུང་མཆོད་ཐབས་ངག་འདོན་དགེ (Volume 62, Text 15)

རྫོགས་ཆེན་སྡེ་གསུམ་གྱི་གཏེར་སྲུང་མཆོད་ཐབས་ངག་འདོན་དགེ །ཨ་དེ་ཝ་རཱ་ཛ༔ ཙ་ཤཱུ་ལ་ཏྲི་ཛ༔ ནཱཾ་ནཱ་ག་རཱ་ཛ་རཏྣ་ཛ༔ ཀྱཻ༔ ལྷ་ཡུལ་དེ་ནི་ཤེལ་མཁར་དུ༔ གསལ་བའི་འོད་ལས་ལྷ་ཡི་རྒྱལ༔ ཤེལ་རྨོག་ཤེལ་ཁྲབ་འོད་དུ་འཚེར༔ དར་འཕྲུ་དར་མདུང་སྤྲིན་ལྟར་བསྐྱོད༔ གསེར་གྱི་འཁོར་ལོ་ཉི་ལྟར་ཤར༔ ཆུ་ཤེལ་ནོར་བུ་ཟླ་ལྟར་གསལ༔ གནམ་རྟ་དཀར་པོ་མགྱོགས་འགྲོ་འཆིབས༔ ལྷ་སྨན་ལྷ་དམག་འབུམ་གྱིས་བསྐོར༔ འབྲས་བཤོས་རྒྱན་ལྡན་འདི་བཞེས་ལ༔ དཀར་ཕྱོགས་སྐྱོང་ཞིང་བསྟན་པ་སྤེལ༔ ཀྱཻ༔ བཙན་ཡུལ་ཟངས་ཐང་དམར་པོ་ན༔ ཟངས་རི་རྩེ་དགུའི་ཕོ་བྲང་ནས༔ བཙན་རྒྱལ་བསྐལ་པའི་མེ་ལྟར་འབར༔ མདུང་དམར་ཞགས་པ་གློག་ལྟར་འཁྱུག༔ བསྭེ་ཁྲབ་ཟངས་རྨོག་ཡ་ལ་ལ༔ རྟ་དམར་རླུང་གཤོག་དགོང་མོ་འགྲིམ༔ བཙན་དམག་ཤན་པ་འབུམ་གྱིས་བསྐོར༔ ཤ་ཁྲག་དམར་གྱི་གཏོར་མ་བཞེས༔ ནག་ཕྱོགས་སྒྲོལ་ལ་བསྟན་པ་སྲུངས༔ ཀྱཻ༔ ཀླུ་ཡུལ་རྒྱ་མཚོ་སྟེང་སྔོན་ནས༔ ཀླུ་རྒྱལ་དཀར་ལ་སྔོ་བའི་མདངས༔ ཡིད་འོང་ཁྱེ་འུ་གཞོན་ནུའི་ཚུལ༔ དར་གྱི་ན་བཟའ་རིན་ཆེན་བརྒྱན༔ སྦྲུལ་མཇུག་གཡས་འཁྱིལ་ཀླུ་རྟ་འཆིབས༔ ཡིད་བཞིན་ནོར་བུ་གཏེར་བུམ་འཛིན༔ ཀླུ་སྨན་ཀླུ་ཕྲན་འབུམ་གྱིས་བསྐོར༔ དཀར་གསུམ་བདུད་རྩིའི་གཏོར་མ་བཞེས༔ སྙིང་པོའི་རྣལ་འབྱོར་ཐམས་ཅད་ལ༔ ལོངས་སྤྱོད་དངོས་གྲུབ་ཆར་ལྟར་ཕོབ༔ ས་མ་ཡ༔ དགེའོ།། །།

བཻ་རོ་ཙ་ནའི་ཐུགས་ཐིག་རྫོགས་ཆེན་སྡེ་གསུམ་གཏེར་སྲུང་གཏོར་འབུལ་རྒྱུན་ཁྱེར་ (Volume 62, Text 16)

བཻ་རོ་ཙ་ནའི་ཐུགས་ཐིག་རྫོགས་ཆེན་སྡེ་གསུམ་གཏེར་སྲུང་གཏོར་འབུལ་རྒྱུན་ཁྱེར་བཞུགས་སོ། །ན་མོ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཡེ། རྫོགས་ཆེན་སྡེ་གསུམ་གཏེར་སྲུང་བྱ་ར་དཀར་དམར་སྔོ་གསུམ་ལ་གཏོར་མ་འབུལ་བར་འདོད་ན། འབྲས་བཤོས་དཀར་པོ། ཤ་ཁྲག་གི་དམར་གཏོར། དཀར་གསུམ་གྱི་ཀླུ་བཤོས་རྒྱན་ལྡན་བཤམས། རཾ་ཡཾ་ཁཾ་གིས་བསང་། རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨཱོྃ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བརླབས། རང་གི་ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་གཏེར་གྱི་བདག་པོ་འཁོར་དང་བཅས་པ་སྤྱན་དྲངས་པར་གྱུར། རྔ་གླིང་རོལ་མོ་དང་བཅས་པས་སྤྱན་དྲང་བ་ནི། ཧཱུྃ། སྔོན་ཚེ་པདྨ་འབྱུང་གནས་སྤྱན་སྔ་རུ། །ཟབ་གཏེར་སྲུང་མར་ཞལ་བཞེས་དམ་ཚིག་ཅན། །མཐུ་ཆེན་གཏེར་གྱི་བདག་པོ་ཆེན་པོ་རྣམས། །རང་རང་གཡོག་འཁོར་བཅས་པ་འདིར་གཤེགས་ཤིག །ནི་དྷི་པ་ཏིཿས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ནི་དྷི་པ་ཏིཿས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། གཏོར་མ་འབུལ་བ་ནི། ནི་དྷི་པ་ཏིཿདེ་ཝཱ་རཱ་ཛ་ཤཱུ་ལ་རཱ་ཛ་ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་མཆོད་པ་དང་སྨན་གཏོར་རཀྟ་རྣམས་འབུལ། ཟབ་གཏེར་སྲུང་མའི་དབང་པོ་ལྷ་བཙན་ཀླུ་ཡི་རྒྱལ་པོ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་པ་དམ་པ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྡོངས་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་འཕྲིན་ལས་སྒྲུབས། སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག །བསྟོད་ཅིང་ཕྲིན་ལས་གསོལ་བ་ནི། ཀྱཻ༔ ལྷ་ཡུལ་དེ་ནི་ཤེལ་མཁར་དུ༔ གསལ་བའི་འོད་ལས་ལྷ་ཡི་རྒྱལ༔ ཤེལ་རྨོག་ཤེལ་ཁྲབ་འོད་དུ་འཚེར༔ དར་འཕྲུ་དར་མདུང་སྤྲིན་ལྟར་བསྐྱོད༔ གསེར་གྱི་འཁོར་ལོ་ཉི་ལྟར་ཤར༔ ཆུ་ཤེལ་ནོར་བུ་ཟླ་ལྟར་གསལ༔ གནམ་རྟ་དཀར་པོ་མགྱོགས་འགྲོ་འཆིབས༔ ལྷ་སྨན་ལྷ་དམག་འབུམ་གྱིས་བསྐོར༔ འབྲས་བཤོས་རྒྱན་ལྡན་འདི་བཞེས་ལ༔ དཀར་ཕྱོགས་སྐྱོང་ཞིང་བསྟན་པ་སྤེལ༔ ཀྱཻ༔ བཙན་ཡུལ་ཟངས་ཐང་དམར་པོ་ན༔ ཟངས་རི་རྩེ་དགུའི་ཕོ་བྲང་ནས༔ བཙན་རྒྱལ་བསྐལ་པའི་མེ་ལྟར་འབར༔ མདུང་དམར་ཞགས་པ་གློག་ལྟར་འཁྱུགས༔ བསྭེ་ཁྲབ་ཟངས་རྨོག་ཡ་ལ་ལ༔ རྟ་དམར་རླུང་གཤོག་དགོང་མོ་འགྲིམ༔ བཙན་དམག་ཤན་པ་འབུམ་གྱིས་བསྐོར༔ ཤ་ཁྲག་དམར་གྱི་གཏོར་མ་བཞེས༔ ནག་ཕྱོགས་སྒྲོལ་ལ་བསྟན་པ་སྲུངས༔ ཀྱཻ༔ ཀླུ་ཡུལ་རྒྱ་མཚོ་སྟེང་སྔོན་ནས༔ ཀླུ་རྒྱལ་དཀར་ལ་སྔོ་བའི་མདངས༔ ཡིད་འོང་ཁྱེ་འུ་གཞོན་ནུའི་ཚུལ༔ དར་གྱི་ན་བཟའ་རིན་ཆེན་བརྒྱན༔ སྦྲུལ་མཇུག་གཡས་འཁྱིལ་ཀླུ་རྟ་འཆིབས༔ ཡིད་བཞིན་ནོར་བུ་གཏེར་བུམ་འཛིན༔ ཀླུ་སྨན་ཀླུ་ཕྲན་འབུམ་གྱིས་བསྐོར༔ དཀར་གསུམ་བདུད་རྩིའི་གཏོར་མ་བཞེས༔ སྙིང་པོའི་རྣལ་འབྱོར་ཐམས་ཅད་ལ༔ ལོངས་སྤྱོད་དངོས་གྲུབ་ཆར་ལྟར་ཕོབ༔ ཅེས་བརྗོད་ལ་གཏོར་མ་ཕྱི་རོལ་ཏུ་འབུལ། སརྦ་བྷཱུ་ཏ་གཙྪས་རང་གནས་སུ་གཤེགས། ཞེས་གཏེར་གཞུང་སོར་བཞག་ལ་སྤྱི་འགྲོའི་ཁ་སྐོང་ཕྲན་བུས་བརྒྱན་ཏེ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་དགེ་སློང་ཀུན་དགའ་རྒྱན་མཚན་ཐུགས་བཞེད་ལྟར་བགྱིས་པ་དགེ་ལེགས་འཕེལ།། །།

རྫོགས་ཆེན་སྡེ་གསུམ་གྱི་ཕྲིན་ལས་བྱང་བུ་ཁྲིགས་སྡེབ་ཀྱི་ཚོགས་མཆོད་ལ་ཉེ་བར་མཁོ་བའི་སྐོང་བཤགས་ཀུན་བཟང་མཆོད་སྤྲིན་ (Volume 62, Text 17)

རྫོགས་ཆེན་སྡེ་གསུམ་གྱི་ཕྲིན་ལས་བྱང་བུ་ཁྲིགས་སྡེབ་ཀྱི་ཚོགས་མཆོད་ལ་ཉེ་བར་མཁོ་བའི་སྐོང་བཤགས་ཀུན་བཟང་མཆོད་སྤྲིན་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བཛྲ་སརྦ་ཡེ། སྐོང་བའི་རྫས་རྣམས་ཚོགས་པར་བཤམས། །ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས། །ཧཱུྃ་ཧྲཱིཿ འོག་མིན་ལྷུན་གྲུབ་གཞལ་ཡས་ཁང་། །བཀོད་པ་ཚད་མེད་འབྱམས་ཀླས་དབུས། །ཀུན་བཟང་ཁྱབ་བདག་རྡོ་རྗེ་འཆང་། །རིག་འཛིན་བླ་མའི་ལྷ་ཚོགས་དང་། །ཞི་ཁྲོ་རབ་འབྱམས་རྒྱ་མཚོ་དང་། །དྷཱ་ཀི་སྲུང་མ་དམ་ཚིག་ཅན། །ནོར་ལྷ་གཏེར་བདག་གཞི་བདག་སོགས། །རང་བྱུང་ཀློང་ལས་ཤར་བ་ཡི། །སྲིད་དང་ཞི་བའི་ཆོ་འཕྲུལ་ཀུན། །ཡེ་གྲོལ་རབ་འབྱམས་བདེ་བའི་ཀློང་། །ཀུན་བཟང་བྱང་ཆུབ་སེམས་ཀྱི་སྤྲིན། །མཁའ་མཉམ་ཀློང་ཡངས་རྫོགས་པ་ཆེ། །རང་རིག་བྱང་ཆུབ་སེམས་དཀྱིལ་འཁོར། །འོད་གསལ་ཐིག་ལེ་ཆེན་པོའི་དབྱིངས། །འཕེལ་འགྲིབ་མེད་པར་རྟགས་བཞུགས་པའི། །གཉུག་མ་དོན་གྱི་ལྷ་རྣམས་ལ། །ཕྱི་ནང་གསང་བའི་ཉེར་སྤྱོད་དང་། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན། །གཏེར་ཆེན་བུམ་པ་ཁང་བཟང་དང་། ཁྲུས་རྫིང་སྐྱེད་ཚལ་ལ་སོགས་པ། །མཐོ་རིས་འབྱོར་པའི་བཀོད་པ་དང་། །གཟུགས་སྒྲ་དྲི་རོ་རེག་བྱ་ཡི། །འདོད་ཡོན་ལྷ་མོ་དཔག་མེད་སྤྲུལ། །ཡིད་འོང་རྡོ་རྗེའི་རིག་མ་ཡིས། །བདེ་བའི་གར་སྒྱུར་གླུ་དབྱངས་ལེན། །སྙོམས་ཞུགས་ཟག་མེད་དགྱེས་སྤྲིན་གྱི། །བདེ་ཆེན་མཆོག་གི་མཆོད་པ་འབུལ། །སྨན་དང་རཀྟ་གཏོར་མ་རྣམས། །རི་ལྟར་སྤུངས་ཤིང་མཚོ་ལྟར་བསྐྱིལ། །གདུག་ཅན་བསྒྲལ་པའི་ཤ་ཁྲག་རུས། །ཡེ་ཤེས་བདུད་རྩིར་བསྒྱུར་ཅིང་སྟོབས། །རྨད་བྱུང་ཚོགས་ཀྱི་འཁོར་ལོ་སོགས། །བླ་ན་མེད་པའི་དམ་ཚིག་རྫས། །ཀུན་ཏུ་བཟང་པོའི་ཏིང་འཛིན་གྱི། །རྣམ་པར་འཁྲུལ་པ་ལས་བྱུང་བའི། །མཆོད་སྤྲིན་ནམ་མཁའི་མཐར་ཁྱབ་པ། །རྩ་གསུམ་ལྷ་ཚོགས་ཐུགས་དམ་བསྐང་། །དམ་ཚིག་ཉམས་ཆག་འགའ་འཁྲུལ་བཤགས། །ཕྱི་ནང་གསང་བའི་འཁྲུལ་རྟོགས་ཚོགས། །ཀ་དག་ཆོས་དབྱིངས་ཀློང་དུ་བསྟིམ། །མཆོག་ཏུ་མི་འགྱུར་བདེ་ཆེན་པོ། །རྡོ་རྗེ་སེམས་དཔའ་བཅོམ་ལྡན་འདས། །རང་བྱུང་ཁྱབ་བདག་དཔལ་ཆེན་པོ། །ཚེ་འདི་ཉིད་ལ་འགྲུབ་པ་དང་། །འཁོར་བ་དོང་ནས་སྤྲུག་པར་ཤོག །ཅེས་པའང་ལྕགས་སྟག་ས་ཟླར་རྩི་རྐེ་མཆོག་གླིང་རིན་པོ་ཆེར་སྨིན་གྲོལ་ཕུལ་བའི་དམར་ཕྱོགས་ཚེས་བཅུའི་མཆོད་པར་རིག་འཛིན་ཀུན་བཟང་འོད་གསལ་སྙིང་པོ་རྩལ་གྱིས་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།

རྫོགས་པ་ཆེན་པོ་སྡེ་གསུམ་གྱི་རྩ་གསུམ་ཀུན་བཟང་དོན་གྱི་ཕྲིན་ལས་ཀྱི་བྱང་བུ་སྤྱིའི་བསྐང་བ་རིན་ཆེན་སྣང་བ་བཀོད་པའི་སྤྲིན་ཆེན་ (Volume 62, Text 18)

རྫོགས་པ་ཆེན་པོ་སྡེ་གསུམ་གྱི་རྩ་གསུམ་ཀུན་བཟང་དོན་གྱི་ཕྲིན་ལས་ཀྱི་བྱང་བུ་སྤྱིའི་བསྐང་བ་རིན་ཆེན་སྣང་བ་བཀོད་པའི་སྤྲིན་ཆེན་ཞེས་བྱ་བ་བཞུགས། །ཧཱུྃ་ཧྲཱིཿ ཆོས་ཀུན་ཀུན་བྱེད་བྱང་ཆུབ་སེམས་ཀྱི་དབྱིངས། །མ་བཅོས་མཉམ་པའི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །ཀློང་ཡངས་བརྡལ་བ་ཆེན་པོ་ཆོས་སྐུའི་ངང་། །བདེ་ཆེན་འདུ་འབྲལ་མེད་པའི་རྩ་གསུམ་ལྷ། །ཀུན་བཟང་སྒྱུ་འཕྲུལ་རྒྱན་གྱི་རོལ་མོ་ཆེ། །རང་སྣང་ལོངས་སྤྱོད་ཡོངས་རྫོགས་ཆེན་པོའི་སྤྲིན། །དག་པའི་སྣོད་བཅུད་ཀུན་བཟང་རྡོ་རྗེའི་ཞིང་། །བླ་ན་མེད་པའི་ངོ་མཚར་བཀོད་པ་ནི། །ཕྱི་སྣོད་འོག་མིན་རྡོ་རྗེའི་གཞལ་མེད་ཁང་། །རབ་འབྱམས་མཆོད་པའི་བཀོད་པ་བསམ་ལས་འདས། །ནང་བཅུད་ཡེ་ཤེས་ལྷ་དང་ཌཱ་ཀིའི་ཚོགས། །རྡོ་རྗེའི་གླུ་གར་རོལ་མོ་དང་བཅས་ཏེ། །ཕུལ་བྱུང་འདོད་ཡོན་བཀོད་པ་མ་ཚང་མེད། །ཟག་མེད་དཔལ་གྱི་འབྱོར་པ་རྒྱས་པ་འདིས། །བརྒྱུད་གསུམ་ཀུན་འདུས་རིག་རྩལ་དབང་ཐོབ་པའི། །སྲིད་ཞིའི་སྤྱི་དཔལ་ཧེ་རུ་ཀཿཆེན་པོ། །སྣང་སྲིད་ཟིལ་གནོན་འཇིགས་བྲལ་བརྟུལ་ཞུགས་གྲུབ། །རིག་འཛིན་ཤྲཱི་སིཾ་ཧའི་ཐུགས་དམ་བསྐང་། །ཡེ་ཤེས་དགོངས་བརྒྱུད་ཀློང་ཡངས་གཅིག་ཏུ་སིམ།། རྣམ་འགྱུར་གང་འདུལ་སྐུ་དང་མཛད་པ་ཡིས། །ལས་དང་སྒྱུ་འཕྲུལ་རོལ་པ་འགགས་མེད་སྟོན། །འགྲོ་འདུལ་སུམ་ཅུ་རྩ་གཅིག་ཐུགས་དམ༴ མཆོག་ཏུ་མི་འགྱུར་ཡེ་ཤེས་བདེ་བ་ཆེ། །རྣམ་ཀུན་མཆོག་ལྡན་སྙེམས་མར་དགྱེས་རོལ་བས། ཁ་སྦྱོར་བདུན་ལྡན་ཁྱབ་བདག་རྡོ་རྗེ་སེམས། །ཞི་བ་རྡོ་རྗེ་དབྱིངས་ཀྱི་ཐུགས་དམ་བསྐང་། །སེམས་ཀྱི་འཁྲུལ་རྟོག་གཉུག་མའི་ངོ་བོར་དག །ཡུལ་དང་ཡུལ་ཅན་ཆོས་ཉིད་རྒྱན་དུ་ཤར། །གདོད་ནས་ལྷུན་གྲུབ་རྡོ་རྗེའི་དཀྱིལ་འཁོར་ཆེར། །ཀུན་བྱེད་བྱང་ཆུབ་སེམས་ཀྱི་དབྱིངས་གྲོལ་ཤོག །ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་བདུད་རྩིའི་མཚོ། །ངོ་བོ་སྟོང་པར་རྗེས་ཆགས་རཀྟའི་སྐྱེམས། །ཀུན་བཟང་མཁའ་ཁྱབ་རང་ཤར་བ་ལིཾ་ཏ། །དམ་རྫས་རྒྱན་གྱི་མཆོད་པ་རྨད་བྱུང་བས། །མཁའ་ལྟར་མི་གཡོ་ཆོས་ཉིད་དགོངས་པ་དག །རང་བྱུང་ལྷུན་གྲུབ་ཐུགས་རྗེས་འགྲོ་བ་འདུལ། །ཆོས་ཀྱི་དབྱིངས་སུ་མངོན་པར་བྱང་ཆུབ་པའི། །རིག་འཛིན་བླ་མ་བཅོ་ལྔའི་ཐུགས༴ ཀུན་བཟང་གདོད་མའི་མགོན་པོའི་ཡེ་ཤེས་ཉིད། །གང་འདུལ་རོལ་པ་སྟོན་པ་བཅུ་གཉིས་ཚུལ། སྐུ་ལྔའི་སངས་རྒྱས་ཐེག་མཆོག་ཆོས་འཁོར་བསྐོར། །ཞི་བ་མངོན་རྫོགས་དཀྱིལ་འཁོར་ཐུགས༴ འཕགས་པའི་སྤངས་རྟོགས་ས་ལམ་ཡོན་ཏན་གཟུགས། །འགྲོ་སྒྲོལ་སླད་དུ་ཐེག་རིམ་དགུའི་དཀྱིལ་འཁོར། །ཀུན་གཞི་ཚོགས་བརྒྱད་རྣམ་དག་འདུས་པའི་ལྷ། ཁྲག་འཐུང་མངོན་རྫོགས་རྒྱལ་པོའི་ཐུགས༴ སྐྱེ་མེད་དབྱིངས་ཀྱི་རྒྱལ་མོ་རང་བྱུང་ལྷ། །འགག་མེད་བདེ་སྟོང་དགྱེས་མའི་རོལ་གར་ཆེ། །གཙོ་དང་འཁོར་དྲུག་ཁྲག་འཐུང་ཡུམ་ཆེན་ཚུལ། །མཁའ་འགྲོ་རོ་ལངས་བདེ་མའི་ཐུགས༴ ཀློང་ཆེན་དབྱིངས་སུ་བཅོས་མའི་ལྟ་སྒོམ་དག །ཆོས་ཉིད་མཁའ་ལས་ནམ་ཡང་འདུ་འབྲལ་མེད། །ཐུགས་རྗེའི་དབྱིངས་སུ་སྐུ་བཞི་ལྷུན་གྲུབ་པའི། །ལྟ་སྒོམ་སྤྱོད་པ་མཐར་སོན་བྱིན་གྱིས་རློབས། །མངོན་སུམ་ཆོས་ཉིད་ཡངས་པའི་བྷཉྫ་རུ། །སྣང་ཉམས་འོད་གསལ་ཚོགས་ཀྱི་དམ་ཚིག་རྫས། །རིག་པ་ཚད་ལ་ཕེབས་པའི་དགའ་སྟོན་དུ། །བློ་འདས་ཡིད་བྱེད་བྲལ་བས་ཐུགས་དམ་བསྐང་། །ཀ་དག་དབྱིངས་སུ་སྟོན་འཁོར་དགོངས་པ་གཅིག །ལྷུན་གྲུབ་སྣང་ཆ་བརྡ་བརྒྱུད་རིག་འཛིན་དང་། །སྙན་བརྒྱུད་བླ་མས་ཐེག་མཆོག་ལམ་སྟོན་མཛད། །བརྒྱུད་གསུམ་རིག་འཛིན་བླ་མའི་ཐུགས༴ ཞི་བ་ལྷུན་གྱི་གྲུབ་པའི་ཡེ་ཤེས་རྩལ། །འཇོམས་བྱེད་ཁྲོ་བོ་རོལ་པའི་དཀྱིལ་འཁོར་དུ། །ལྷུན་རྫོགས་གདན་གསུམ་ཡོངས་རྫོགས་འཁོར་ལོའི་སྤྲིན། །ཀུན་ཏུ་འབར་འཕྲོའི་ལྷ་ཡི་ཐུགས༴ ཁྱབ་བརྡལ་ཡེ་ཤེས་ཀློང་ཆེན་རྣམ་དགུའི་མདངས། །མི་ཟད་རྒྱན་གྱི་འཁོོར་ལོ་འབར་བའི་གཟུགས། །རིགས་ལྔ་ཕྱག་རྒྱའི་སྤྲིན་ཕུང་ཡོངས་རྫོགས་པ། །བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཐུགས༴ དབྱིངས་ཀྱི་ལྟ་བས་འཁྲུལ་རྟོག་གྲོང་ཁྱེར་འཇོམས། །འོད་གསལ་སྒོམ་པས་ཁམས་གསུམ་སྦུབས་ལས་གྲོལ། །སྣང་སྤྱོད་ཡེ་ཤེས་དབང་བསྒྱུར་སྤྱོད་པ་ཡིས། །ལྷུན་གྲུབ་འབྲས་བུའི་བཙན་ས་ཟིན་པར་མཛོད། །བདེ་ཆེན་རྡོ་རྗེ་བཙུན་མོའི་དབྱིངས་སྦྱོར་བས། །རྒྱུད་དྲུག་འཁྲུལ་པའི་རུ་ཏྲ་ཀློང་དུ་བསྒྲལ། །མཉམ་ཉིད་ཕྱོགས་ལྷུང་ཀུན་བྲལ་དེ་ཁོ་ནའི། །རོལ་པ་ཆེན་པོའི་མཆོད་པས་ཐུགས་དམ་བསྐང་། །དབྱིངས་ཕྱུག་ཆོས་ཀྱི་གཉེར་འཛིན་མཁའ་འགྲོ་དགུ། །ཡེ་ཤེས་ཆོ་འཕྲུལ་འབར་མ་གཤོག་རྒོད་མ། །རྡོ་རྗེ་ལེགས་པ་ལྷ་བཙན་ཀླུའི་རྒྱལ་པོ། །བཀའ་གཏེར་ཆོས་སྲུང་རྒྱ་མཚོའི་ཐུགས༴ ཡུལ་དང་དབང་པོའི་གཉིས་རྟོག་ལས་འདས་པའི། །རང་སྣང་ཡེ་ཤེས་རྒྱན་གྱི་རོལ་པ་ཆེ། །གདོད་ནས་ཤར་གྲོལ་གཉིས་མེད་ཆོས་སྐུའི་ཀློང་། །དུས་གསུམ་མཉམ་ཉིད་དགྱེས་པས་ཐུགས་དམ་བསྐང་། །ཧཱུྃ་ཧྲཱིཿ སྣང་བ་རྣམ་དག་ཡུམ་མཁའི་བྷཉྫ་རུ། །སྲིད་པ་བདེ་ཆེན་ཤར་པའི་ཚོགས་ཀྱི་རྫས། །དབང་ཡུལ་གཟུང་འཛིན་ལས་འདས་མཆོད་སྤྲིན་འདིས། །བུམ་དབང་དམ་སྐོང་སྤྲུལ་སྐུའི་དངོས་གྲུབ་སྩོལ། །མི་རྟོག་ཨ་ཝ་དྷཱུ་ཏིའི་བྷཉྫ་རུ། །རྩ་རླུང་ཐིག་ལེའི་བཅུད་ཀྱི་ཚོགས་རྫས་བཤམས། །འཕོ་འགྱུར་སྲེད་ལེན་ལས་འདས་མཆོད་སྤྲིན་འདིས། །གསང་དབང་དམ་སྐོང་ལོངས་སྐུའི་དངོས་གྲུབ་སྩོལ། །རྣམ་ཐར་སྒོ་གསུམ་ཡུམ་མཁའི་བྷཉྫ་རུ། །ཐབས་མཆོག་ཡབ་ཀྱི་རྡོ་རྗེའི་ཚོགས་རྫས་བཤམས། །འཛག་བདེའི་ཞེན་གྲོལ་མཉམ་སྦྱོར་དགའ་བ་བཞིས། །ཤེར་དབང་དམ་སྐོང་ཆོས་སྐུའི་དངོས་གྲུབ་སྩོལ། །ཆོས་དབྱིངས་རང་བྱུང་གསང་བའི་བྷཉྫ་རུ། །རིག་པ་འོད་གསལ་ཆེན་པོའི་ཚོགས་གཏོར་བཤམས། །འཁོར་འདས་རང་གྲོལ་རྡོ་རྗེའི་མཆོད་པ་ཆེས། །བཞི་པའི་དམ་སྐོང་ངོ་བོ་ཉིད་སྐུ་སྩོལ། །དབྱིངས་སྣང་བརྡལ་བ་ཆེན་པོའི་བྷཉྫ་རུ། །ལྷུན་གྲུབ་སྣང་བཞིའི་སྤྲིན་གྱི་ཚོགས་རྫས་བཤམས། །ཟག་པ་རང་ཟད་དོན་གྱི་མཆོད་པ་ཆེས། །རིག་རྩལ་དམ་སྐོང་མི་འགྱུར་རྡོ་རྗེར་སྡོམས། །བསྐང་ངོ་ཡེ་ཤེས་དབྱིངས་ཀྱི་རྩ་གསུམ་ལྷ། །མཆོག་དོ་རྟག་ཏུ་དགྱེས་པའི་དཔལ་ལ་རོལ། །བསྐུལ་ལོ་རྟག་རྒྱུན་ཤུགས་ཀྱི་ཐུགས་རྗེ་བསྐུལ། །མཛོད་ཅིག་ལས་དང་དངོས་གྲུབ་ཀུན་མཛོད་ཅིག །དབང་བཞིའི་དམ་ཚིག་རྡོ་རྗེ་བཞིའི་དབྱིངས་བསྐང་། །ལྟ་བའི་དམ་ཚིག་དམིགས་གཏད་བྲལ་བར་བསྐང་། །སྒོམ་པའི་དམ་ཚིག་རྩོལ་སྒྲུབ་འདས་པར་བསྐང་། །སྤྱོད་པའི་དམ་ཚིག་བླང་དོར་མེད་པར་བསྐང་། །སྣོད་བཅུད་རྒྱུད་གསུམ་ལྷ་སྔགས་ཡེ་ཤེས་ཤར། །རྩ་རླུང་ཐིག་ལེ་དྷཱུ་ཏིའི་སྦུབས་སུ་ཆུད། །ཅིར་སྣང་ཡེ་ཤེས་རྒྱན་གྱི་འཁོར་ལོ་ཆེ། །གཟུང་འཛིན་མཚན་རྟོག་འདས་པས་ཐུགས་དམ་བསྐང་། །སྒྲུབ་ཏུ་མེད་པའི་ལྷ་མཆོག་རང་རིག་རྟོགས། །མཆོད་བསྐང་ཀུན་བྲལ་དགྱེས་པ་ཆེན་པོའི་ཀློང་། །འོད་གསལ་སྣང་བཞིའི་གདངས་རྩལ་མཐར་ཕྱིན་ནས། །བྱར་མེད་ཆོས་སྐུའི་རྒྱལ་ས་ཟིན་པར་མཛོད། །རིག་རྩལ་དབང་གིས་འཁོར་འདས་རང་དབང་བསྒྱུར། །རྒྱལ་ཐབས་སྤྱི་བླུགས་དཀྱིལ་འཁོར་བདག་པོར་གྲུབ། །ལྷ་དང་གཉིས་མེད་རྒྱུད་ལུང་མན་ངག་མཛོད། །འཆད་རྩོམ་སྒྲུབ་པའི་ཆུ་བོ་བཞི་རྫོགས་ཤོག །སྐྱེ་འཆིའི་མཚན་རྟོག་ཀ་དག་དབྱིངས་སུ་ཟད། །རྡོས་བཅས་འཁྲུལ་པ་འོད་གསལ་མེ་ཡིས་སྦྱངས། །ཡེ་ཤེས་ཆེན་པོའི་དམ་ཚིག་ཡེ་སྲུང་གི །ཐིག་ལེ་གཅིག་ཏུ་གཉིས་མེད་སངས་རྒྱས་ཤོག །ཅེས་པའང་རང་ལོ་དྲུག་ཅུ་རྩ་གཅིག་ཏུ་སོན་པའི་སྐབས་རྫོགས་ཆེན་སྡེ་གསུམ་གྱི་ཆོས་སྐོར་ལ་བྲིས་སྤེལ་བགྱིས་པའི་སྐབས། ཉིང་འཁྲུལ་གྱི་སྣང་ཆར་པདྨ་ཤེལ་ཕུག་ཏུ་༧འཇམ་པའི་རྡོ་རྗེ་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་དང་སྐྱབས་རྗེ་རབ་འབྱམས་གོང་མ་ལྷན་ཅིག་རང་གི་དབུ་མཛད་ཀྱིས་ཡང་གཏེར་རྩ་གསུམ་དྲིལ་སྒྲུབ་ཀྱི་ཚོགས་འཁོར་ཞིག་བཏང་མུར་བསྐང་བའི་དབུར་སླེབ་པ་དང་། རབ་འབྱམས་རིན་པོ་ཆེས་ཕྲན་ནས་སྟོང་ཚོགས་ཞིག་བསྒྲིག་རྒྱུ་ཡིན་པས་ཅུང་ཟད་སྡོད་གསུངས་པས་རང་ནས་ཚོགས་བསྡུས་ཁ་ཤས་གྲངས་བསགས་པ་དང་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་ཚོགས་འཁོོར་གྱི་གོ་དོན་ཁྱད་པར་ཅན་ཞིག་རིག་ངོར་གསལ་མ་ཐག །བསྐང་བཤགས་བཏང་བར་རྨིས་པས་ཡིད་སྒུལ་ཏེ་འོད་གསལ་སྣ་ཚོགས་རང་གྲོལ་བཀྲ་ཤིས་དཔལ་འབྱོར་གྱིས་བྲིས་པ་སྐྱེ་ཀུན་ཐེག་པ་མཆོག་གི་སྟོན་དང་བསྟན་པར་མི་འབྲལ་བར་ལོངས་སུ་སྤྱོད་པའི་རྒྱུར་གྱུར་ཅིག། །།

སྡེ་གསུམ་རྩ་གསུམ་སྤྱི་ཡི་བསྐང་བཤགས་ཡེ་ཤེས་རོལ་མོ་ (Volume 62, Text 19)

སྡེ་གསུམ་རྩ་གསུམ་སྤྱི་ཡི་བསྐང་བཤགས་ཡེ་ཤེས་རོལ་མོ་ཞེས་བྱ་བ་བཞུགས། །ཧཱུྃ་ཧྲཱིཿ ཆོས་དབྱིངས་རང་བྱུང་དགོངས་པ་བརྡལ་ཁྱབ་ཀློང་། །ལྷུན་གྲུབ་འོད་གསལ་རྡོ་རྗེ་བཀོད་པའི་སྤྲིན། །རབ་འབྱམས་སྐུ་གསུམ་དག་པ་ཆེན་པོའི་དལ། །རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་གནས་འདིར་གཤེགས། །ཕྱི་སྣོད་ཀློང་ལྔ་དབྱིངས་ཀྱི་ཐིག་ལེའི་དཔྱིད། །ནང་བཅུད་སེམས་ཀྱི་རྡོ་རྗེ་གདན་གསུམ་ལྷ། །ཟུང་འཇུག་ཡེ་ཤེས་བཀོད་པ་འབྱམས་ཀླས་པ། །འགགས་མེད་ཅིར་ཡང་འཆར་ཞིང་འབྱུང་བའི་ཚུལ། །ཕྱི་མཆོད་ཉེར་སྤྱོད་ཀུན་བཟང་བདེ་བ་ཆེ། །རྨད་བྱུང་འདོད་ཡོན་མི་ཟད་ནམ་མཁའ་མཛོད། །བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་རིན་ཆེན་བདུན། །སྣོད་བཅུད་ལྷ་མིའི་འབྱོར་པ་ཕུན་སུམ་ཚོགས། །ནང་མཆོད་དུར་ཁྲོད་དྲག་པོའི་ལོངས་སྤྱོད་དང་། །སྨན་རཀ་གཏོར་མ་ཟག་མེད་བདུད་རྩིའི་བཅུད། །བདེ་བ་ཆེན་པོའི་ལོངས་སྤྱོད་ཐམས་ཅད་པ། །རང་ཤར་ལྷུན་གྲུབ་རིགས་ལྔའི་དམ་ཚིག་རྫས། །གསང་མཆོད་གདོད་ནས་ཟུང་འཇུག་མཉམ་ཉིད་ཀློང་། །འཁོར་འདས་མཚན་མའི་སྤང་བླང་རྟོག་པ་བྲལ། །ཡེ་ཤེས་ཆེན་པོའི་རོལ་པ་རྨད་བྱུང་བ། །རང་བཞིན་ཉིད་དུ་ལྷུན་གྱིས་གྲུབ་པ་འདིའི། །སྣང་སྲིད་དབང་བསྒྱུར་བརྟུལ་བཞུགས་གྲུབ་པའི་རྗེ། །རིག་འཛིན་བླ་མའི་ལྷ་ཚོགས་ཐུགས་དམ་བསྐང་། །ལྔ་ལྡན་ཡེ་ཤེས་བདེ་བ་ཆེན་པོའི་ཀློང་། །ཞི་བ་རྡོ་རྗེ་དབྱིངས་ཀྱི་ཐུགས་དམ་བསྐང་། །རིག་པ་སྐུར་སྨིན་དགའ་རབ་བཻ་རོ་སོགས། །རྒྱ་བོད་རིག་འཛིན་བླ་མའི་ཐུགས་དམ་བསྐང་། ཁྱབ་བརྡལ་རིག་པ་རང་བྱུང་ཀུན་ཏུ་བཟང་། །རྫོགས་ཆེན་སྟོན་མཆོག་རྣམས་ཀྱི་ཐུགས༴ འབར་བ་ཀློང་ཡངས་དཔལ་ཆེན་མངོན་རྫོགས་རྒྱལ། །སུམ་བརྒྱ་དྲུག་ཅུ་རྩ་དགུའི་ལྷ་ཚོགས་བསྐང་། །བདེ་སྟོང་ཕྱག་རྒྱ་རོ་ལངས་བདེ་བ་མ། །མ་མོ་བདུན་བརྒྱ་ཉི་ཤུའི་ཐུགས༴ ཤྲཱི་སིཾ་ཧ་རིག་འཛིན་རྣམ་དགུ་སོགས། །བརྒྱུད་གསུམ་རིག་འཛིན་བླ་མའི་ཐུགས༴ གདན་གསུམ་ཞི་ཁྲོའི་ལྷ་ཚོགས་སྒྲུབ་སྡེ་བརྒྱད། །དབྱིངས་ཕྱུག་ཁྲོ་མོ་རྣམ་དགུའི་ཐུགས༴ འབར་མ་མེ་ཡི་གདོང་དང་གཤོག་རྒོད་མ། །རྡོར་ལེགས་ལྷ་བཙན་ཀླུ་རྒྱལ་ཐུགས༴ ཆོས་དབྱིངས་ཀློང་ཡངས་ཐིག་ལེ་ཉག་གཅིག་ལས། །རྣམ་པ་སྒྱུ་འཕྲུལ་རྩ་གསུམ་བཀོད་པའི་ཚོགས། །འགགས་མེད་བདེ་ཆེན་རོལ་མོར་འབྱམས་ཀླས་པ། །ཟག་མེད་དགྱེས་པ་ཆེན་པོར་ཐུགས༴ ཁྱབ་བརྡལ་ཀློང་ཡངས་ཀ་དག་ཆེན་པོ་ལ། །གཉིས་སྣང་མཚན་མའི་སྒྲིབ་གཡོགས་མ་མཆིས་ཀྱང་། །གློ་བུར་བློས་བྱས་ནོངས་པའི་ཚོགས་ཐམས་ཅད། །ཆོས་དབྱིངས་ཀ་དག་ཆེན་པོར་བཟོད་པར་གསོལ། །རབ་འབྱམས་དཀྱིལ་འཁོར་ལྷ་ཚོགས་དགྱེས་པ་ཡིས། །སྣང་གྲགས་རིག་པ་རྡོ་རྗེ་གསུམ་དུ་ཤར། །བདེ་ཆེན་འཕོ་མེད་ཡེ་ཤེས་མངོན་གྱུར་ནས། །ཀུན་བཟང་གདོད་མའི་དབྱིངས་སུ་གྲོལ་བར་མཛོད། །གཟུང་འཛིན་འཁྲུལ་རྟོག་ཉམས་ཆག་བར་ཆད་ཞི། །ཚེ་དཔལ་ཉམས་རྟོགས་ཡེ་ཤེས་སྣང་བ་རྒྱས། །སྣང་སེམས་རླུང་ཐིག་དབུ་མར་དབང་དུ་འདུས། །བདུད་བཞི་གཉིས་སྣང་རྩད་ནས་ཆོད་པར་མཛོད། །བརྒྱུད་གསུམ་བླ་མའི་དགོངས་བརྒྱུད་རྟོགས་པ་འཕོ། །ཡི་དམ་ཞི་ཁྲོས་མཆོག་ཐུན་དངོས་གྲུབ་སྩོལ། །གནས་གསུམ་མཁའ་འགྲོས་ཕྲིན་ལས་ཀུན་སྒྲུབ་སྟེ། །དོན་གཉིས་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །ཞེས་པའང་སྒྲུབ་བརྩོན་འགྱུར་མེད་ཡེ་ཤེས་ཀློང་གྲོལ་ནས་བསྐུལ་ངོར་འཇིགས་མེད་འོད་གསལ་ཐུགས་མཆོག་རྡོ་རྗེར་འབོད་པས་དད་མོས་ཀྱིས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག། །།

སྡེ་གསུམ་སྨོན་ལམ་གྲུབ་གཉིས་རིན་ཆེན་གྲུ་ཆར་ (Volume 62, Text 20)

སྡེ་གསུམ་སྨོན་ལམ་གྲུབ་གཉིས་རིན་ཆེན་གྲུ་ཆར་བཞུགས་སོ། །ན་མོ་གུ་རུ་མ་ཧཱ་ནི་དྷི་པ་དཱ་ཡ། མཛོད་གསུམ་ཆུ་བོ་བཞི་རྫོགས་བླ་མ་ལས། །ཐོག་མར་སྨིན་བྱེད་དབང་གིས་ས་བོན་ཐེབས། །དམ་ཚིག་སྡོམ་པ་ཉམས་མེད་རྒྱུད་ལ་བརྟན། །བྱིན་རླབས་དབང་གི་ནུས་པ་གོང་འཕེལ་ཤོག །གྲོལ་བྱེད་ཁྲིད་ཀྱིས་གཞི་ལམ་འབྲས་བུའི་དོན། ཁོང་དུ་ཆུད་ཅིང་དྲན་ཤེས་བག་ཡོད་ལྡན། །དྭངས་འདོད་ཡིད་ཆེས་མི་ལྡོག་དད་པས་བཟུང་། །ལུས་སེམས་ལས་རུང་ཤིན་སྦྱངས་མཐར་ཕྱིན་ཤོག །བསྐྱེད་པའི་རིམ་པ་རྣམ་པ་གསལ་བ་དང་། །རྣམ་དག་དྲན་ཅིང་གསལ་སྣང་ང་རྒྱལ་བརྟན། །ཆོ་ག་རང་འབྲས་ངོ་བོ་བྱེད་ལས་ཀྱི། ཁྱད་པར་བཞི་ལྡན་བསྐྱེད་རིམ་མཐར་ཕྱིན་ཤོག །རྫོགས་རིམ་མཚན་བཅས་མཚན་མེད་ཏིང་ངེ་འཛིན། །སྡེ་གསུམ་ཀུན་བཟང་ཡབ་ཡུམ་སྲས་གསུམ་གྱི། །ཉམས་ལེན་གཡོ་ཐོབ་གོམས་བརྟན་མཐར་ཕྱིན་ནས། །སྣང་བཞི་མཐར་ཕྱིན་འབྲས་བུ་མངོན་གྱུར་ཤོག །སྐུ་གསུམ་ཞིང་གི་བཀོད་པ་ཡོངས་སུ་རྫོགས། །ཆོ་འཕྲུལ་གསུམ་གྱི་ཆོས་འཁོར་རབ་བསྐོར་ནས། ཁམས་གསུམ་འཁོར་བའི་སེམས་ཅན་འདྲེན་པ་ལ། །དུས་གསུམ་སངས་རྒྱས་ཕྲིན་ལས་ལྷུན་གྲུབ་ཤོག །མདོར་ན་སྐྱེ་དང་ཚེ་རབས་ཐམས་ཅད་དུ། །ཡོངས་འཛིན་དགེ་བའི་བཤེས་ཀྱིས་རྗེས་སུ་གཟུང་། །ས་བཅུ་ལམ་ལྔའི་ཡོན་ཏན་མཐར་ཕྱིན་པ། ཁྱབ་བདག་འབྲས་བུའི་ཧེ་རུ་ཀཿཐོབ་ཤོག །རྒྱལ་བ་ཡབ་སྲས་སྐུ་ཚེ་ཞབས་པད་བརྟན། །རྒྱལ་སྲས་འཕགས་ཚོགས་དགེ་འདུན་འདུས་པ་འཕེལ། །རྒྱལ་ཁམས་ཀུན་ཏུ་ནད་མུག་འཁྲུག་རྩོད་ཞི། །རྒྱལ་བསྟན་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ལྟར་དགོས་ཞེས་རང་སློབ་ཉེ་གནས་རི་རྒྱས་རྒྱ་མཚོས་བསྐུལ་ངོར། གཏེར་སློབ་མཁན་པོ་ཀརྨ་རཏྣས་མཛེས་བྱེད་ཆུ་ཡོས་ཀྱི་ལོ་གྲོ་ཞུན་ཟླ་བའི་དགའ་བ་གསུམ་པའི་རྒྱལ་ཕུར་འགྲུབ་སྦྱོར་ལ་བྲིས་པ་དགེ་ལེགས་འཕེལ། ཤུ་བྷཾ། མངྒ་ལཾ། བི་ཛ་ཡནྟུ།། །།

ཟབ་མོ་རྫོགས་ཆེན་སྡེ་གསུམ་ལས༔ མན་ངག་གདམས་པ་མ་བུ་ (Volume 62, Text 21)

སྡེ་གསུམ་སྤྱི་སྐོར།་་་ཟབ་མོ་རྫོགས་ཆེན་སྡེ་གསུམ་ལས༔ མན་ངག་གདམས་པ་མ་བུ་བཞུགས༔ གུ་རུ་རྗེ་ལ་གུས་ཕྱག་འཚལ༔ ད་ནི་གདམས་པ་མ་བུ་བསྟན༔ དཀྱིལ་འཁོར་པད་བུམ་སྙིང་ཨ་དེ༔ ཡུལ་དབང་ཤེས་གསུམ་ཀུན་གཞི་མཚོན༔ སྣང་སྟོང་བདེ་སྟོང་བདེ་བ་ཆེ༔ ཡུལ་སྟོང་དབང་དག་རྣམ་ཤེས་འགྱུར༔ ཀུན་གཞི་བྱ་བྱེད་བྲལ་བ་འོ༔ ས་མ་ཡ་རྒྱ༔ ལོ་ཆེན་བཻ་རོས་འདི་སྐད་བཞེད༔ ངོ་བོ་ཀུན་གཞི་རང་བཞིན་རྣམ་ཤེས་ཐུགས་རྗེའི་རྩལ་ལས་དབང་པོ་དང་ཡུལ་ལ༔ འགྱུ་བ་རོལ་རྩེར་བ་ཤར་བའི་ཚེ༔ འགྱུ་བྱེད་དེ་ཉིད་ཤེས་པས་དུག་ལྔ་རྣམས༔ གང་འགྱུས་པ་ལ་བལྟས་པས་ཅིར་ཡང་མི་དམིགས་པ་ཆོས་དབྱིངས་ཡེ་ཤེས་ཀྱི་ཀློང༔ཆེན་པོ་འོ༔ ཡུལ་དངོས་མེད་ཟང་ཐལ་ཅིར་ཡང་སྣང་བ་མེ་ལོང་ཡེ་ཤེས་ཀྱི་ཀློང༔ དྭངས་གསལ་རིག་པ་དངོས་མེད་ཟང་ཐལ་དངོས་མེད་དུ་ཤར་བ་རང་བཞིན་འོད་གསལ་བ་མཉམ་ཉིད་ཡེ་ཤེས་ཀྱི་ཀློང༔ཆེན་པོ་འོ༔ སངས་པ་སྣང་བ་ཡུལ་ངོ་བོ་མེད་ཅིང་རྣམ་པ་མ་འདྲེས་ཡོངས་གསལ་སོར་རྟོག་ཀློང༔ གྲོལ་བ་ཟང་ཐལ་ཡུལ་མེད་དུ་གྲོལ་བས་བློ་འདས་བྱ་རྩོལ་མེད་པ་བྱ་བྲལ་ནན་ཏན་གྱི་ཡེ་ཤེས་ཀློང༔ཆེན་པོ་འོ༔ ཀློང་ཆེན་ལྔ་ཡི་བྱིན་གྱིས་བརླབས༔ ཀློང་ཆེན་ལྔ་རུ་ཉམས་སུ་བླངས༔ ཀློང་ཆེན་མངོན་པར་རྫོགས་པ་འོ༔ ས་མ་ཡ་རྒྱ༔ སེམས་དང་རིག་པའི་དབྱེ་འབྱེད་བྱ༔ འབྱེད་པར་བྱེད་པ་སེམས་སྡེ་ཡིན༔ ཆོས་ཉིད་ཀློང་དུ་ཆུབ་པ་ན༔ ཀློང་ཡངས་ལྟ་བ་ཀློང་སྡེ་ཡིན༔ དབྱིངས་རིག་གཉིས་མེད་ལྟ་བ་དེ༔ མན་ངག་སྡེ་རུ་ཤེས་པར་བྱ༔ ས་མ་ཡ་རྒྱ༔ ཕྱོགས་བཅས་ལྟ་བས་དོན་མི་མཐོང༔ ཕྱོགས་མེད་ཉིད་དུ་བལྟ་བར་བྱ༔ ཕྱོགས་རིས་མེད་པར་ལ་བཟླས་ན༔ ལ་ཤན་འཕྲང་ལས་ཐར་བར་འགྱུར༔ ས་མ་ཡ་རྒྱ༔ སློབ་དཔོན་སྒོམ་འདོད་རང་རིག་འདི༔ ལོ་ཆེན་བཻ་རོ་དཀར་གསལ་འཛུམ༔ པཎ་ཞྭ་ཆོས་གོས་སྨུག་བེར་གསོལ༔ རྡོ་རྗེའི་སྐྱིལ་ཀྲུང་པད་ཟླར་བཞུགས༔ མཉམ་གཞག་ཐོད་པ་བཅུད་བཀང་བསྣམས༔ འོད་དང་འོད་ཟེར་འབར་བར་བསྒོམ༔ ཨཱོྃ་ཨཱཿཧཱུྃ་གུ་རུ་བཻ་རོ་ཙ་ན་སིདྡྷི་ཧཱུྃ༔ གདམས་པའི་མཐར་ཐུག་སྙིང་ལ་ཕུར༔ ལྷ་སྲས་རཏྣ་མཆོག་གི་མིང༔ མེ་སྒྲོན་རྟ་ལོ་བདེ་ཆེན་མིང༔ ཁམས་ཕྱོགས་ལྷོ་རྒྱུད་ཕྱོགས་སུ་སྐྱེ༔ ཐབས་ཤེས་རྟེན་འབྲེལ་ལེགས་པའི་ཚེ༔ དེ་ཉིད་འཕྲད་འགྱུར་ངོ་མཚར་ཆེ༔ ཁོ་མོས་བྱིན་བརླབ་ཞལ་ཕྱེ་ངེས༔ དེ་ལྟར་སྙིང་ཐིག་མ་བུ་དང༔ ཤྲཱི་སིཾ་ཧའི་ཆོས་སྨན་བཅས༔ བཀའ་སྲུང་རྣམས་ཀྱིས་ཐུབ་པར་སྲུངས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ་རྒྱ༔ རང་གི་སྐྲ་དང་བཻ་རོ་ཙ་ནའི་ལྕང་ལོ་དང་བཅས་སྦས་པའོ༔ གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། ཞུས་སོ།། །།

སྡེ་གསུམ་སྤྱི་སྐོར། ཤྲཱི་སིཾ་ཧའི་བླ་སྒྲུབ (Volume 62, Text 22)

སྡེ་གསུམ་སྤྱི་སྐོར། ཤྲཱི་སིཾ་ཧའི་བླ་སྒྲུབ་བཞུགས། དོན་དམ་སྐྱབས་སེམས་ཡན་བདུན་འབུལ༔ ཏིང་གསུམ་བསྒོམ་པའི་ཧྲཱིཿཡིག་ལས༔ འབྱུང་བཞི་གཞལ་ཡས་ཁྲི་གདན་བསྐྱེད༔ ཤྲཱི་སིཾ་ཧ་དཀར་སྨུག་མདོག༔ གྲུབ་པའི་ཆ་ལུགས་རྡོར་དྲིལ་འཛིན༔ རིན་ཆེན་དར་སྟག་རུས་པས་བརྒྱན༔ ཡུམ་དམར་གྲི་ཐོད་འཛིན་འཁྱུད་བསྒོམ༔ དབང་བསྐུར་དགུག་བསྟིམ་བཞུགས་ཕྱག་མཆོད༔ བསྟོད་ལ་ཐུགས་དབུས་ཟླ་ཧྲཱིཿའི་མཐར༔ ཨཱོྃ་ཨཱཿཧཱུྃ་གུ་རུ་ཤྲཱི་སིཾ་ཧ་སིདྡྷི་ཧཱུྃ༔ ཚོགས་འཁོར་རྗེས་བསྡུ་རྒྱུན་སྤྱོད་བྱ༔ འདི་ནི་མན་ངག་སྤྱི་ལ་གཅེས༔ ཀུན་གྱི་སྤྱི་དྲིལ་ཆེན་པོ་འོ༔ བྱང་བུ་རྣམས་ཀྱིས་བརྒྱན་བྱས་ཏེ༔ ཕྲིན་ལས་ནར་མར་བརྩོན་པར་བྱ༔ བསྐྱེད་རིམ་སྤྱི་ལ་གཅེས་པ་འོ༔ ས་མ་སྟསཧྱ༔ ཤྲཱི་སིཾ་ཧའི་སྙིང་ཐིག་འདི༔ གུ་རུ་རྗེ་ལ་ལུང་ཞུས་ཏེ༔ ལས་ཅན་དོན་དུ་ཁོ་མོས་བརྗོད༔ ཟུར་མཁར་མེ་ཏོག་སྒྲོན་གྱིས་བྲིས༔ ལ་བསྭེའི་སྒྲོམ་དུ་བཞག་ནས་སུ༔ བོད་ཀྱི་ཤོད་བཞིའི་ཡ་གྱལ་སྟོད༔ གུ་རུ་པདྨའི་སྒྲུབ་གནས་མཆོག༔ འཛོམ་གྱི་བྲག་ལ་ཨ་ཐཾ་རྒྱ༔ ལྷ་སྲས་ཡེ་ཤེས་རྩལ་ལ་སྤྲོད༔ ྈྈྈྈ ཞུས་སོ།། །།

རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ཕྱི་སྐོར་བླ་མའི་སྒྲུབ་ཐབས་ (Volume 62, Text 23)

རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ཕྱི་སྐོར་བླ་མའི་སྒྲུབ་ཐབས་བཞུགས༔ ྈྈྈྈ ན་མོ་གུ་རུ༔ ཕྱི་སྐོར་བླ་མའི་སྒྲུབ་པ་ནི༔ བསྐྱེད་རྫོགས་བྱིན་རླབས་ཤིན་ཏུ་གཅེས༔ ཞེས་པས༔ ལྟ་བ་རང་བཞིན་དགོངས་ཀློང་མཁར༔ ཅིར་ཡང་སྒྱུར་བའི་རིག་འཛིན་གསལ༔ ཆོས་འཁོར་ཚུལ་གྱི་དཀྱིལ་འཁོར་དབུས༔ དུག་གསུམ་དག་པའི་གདན་སྟེང་དུ༔ རྒྱལ་ཀུན་གསང་གསུམ་འདུས་པའི་སྐུ༔ རིག་འཛིན་ཤྲཱི་སིཾ་ཧ་ནི༔ དཀར་སྨུག་རྣལ་འབྱོར་ཆ་ལུགས་ཅན༔ ཕྱག་གཡས་སྡིགས་མཛུབ་མཁའ་ལ་སྒྲེང༔ གཡོན་པས་ཐོད་པ་བཅུད་བཀང་བསྣམས༔ ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་བཞུགས༔ རིན་ཆེན་དར་གྱི་ན་བཟའ་དང༔ སྟག་ཤམ་རུས་པའི་རྒྱན་གྱིས་བརྒྱན༔ གཡོན་ནས་ཡུམ་མཆོག་བདུད་རྩི་འབུལ༔ སྤྱི་བོར་རྡོ་རྗེ་སེམས་དཔའ་བཞུགས༔ ཀུན་གཞི་དག་པའི་རང་བཞིན་བསྒོམ༔ རྣམ་ཤེས་འཇུག་ཡུལ་རྩ་བཞི་ལ༔ དག་པའི་ཡེ་ཤེས་ཆེན་པོའི་དངོས༔ དགོངས་པ་ཀློང་ཆུབ་རྒྱལ་པོ་ཛ༔ རིག་པ་རང་གསལ་ལྷ་ཡི་དབང༔ གཉིས་མེད་རང་གྲོལ་སྐར་མདའ་གདོང༔ འོད་གསལ་བློ་གྲོས་ཐབས་དང་ལྡན༔ ཐམས་ཅད་འོད་ཀྱི་སྐུ་རུ་གསལ༔ ཚོགས་བརྒྱད་རྣམ་དག་རྩ་འདབ་ལ༔ དགའ་རབ་རྡོ་རྗེ་སྤྲུལ་སྐུའི་ཚུལ༔ པདྨ་འབྱུང་གནས་སྣ་ཚོགས་ཆས༔ འཇམ་དཔལ་བཤེས་གཉེན་རབ་བྱུང་ཚུལ༔ བི་མ་མི་ཏྲ་དགེ་སློང་ཆས༔ རྒྱལ་པོ་དྷ་ན་ཧ་ཏེ་ལོ༔ རྒྱལ་སྲས་རཱ་ཛ་ཧསྟི་སྟེ༔ སྲས་མོ་གོ་མ་སཱ་ར་དང༔ ཀླུ་རྒྱལ་བྱང་ཆུབ་སེམས་དཔའ་རྣམས༔ འོད་གསལ་ཆེན་པོའི་སྐུ་རུ་ཤར༔ ཡུལ་བརྒྱད་འཛིན་བྱེད་རྣམ་དག་རྩར༔ རྒྱལ་པོ་ཀུ་ཀུ་རཱ་ཛ་དང༔ སློབ་དཔོན་ནཱ་གཱརྫུ་ན་སྟེ༔ ཀུཀྐུ་སིདྡྷི་ཕྱི་མ་དང༔ གནོད་སྦྱིན་བུ་མོ་བྱང་ཆུབ་མ༔ འཇམ་དཔལ་བཤེས་གཉེན་ཕྱི་མ་དང༔ སྨད་འཚོང་བུདྡྷ་མ་ཏི་དང༔ མཁས་པ་ཨཱརྻ་པཱ་ལོ་དང༔ ཨོ་རྒྱན་མཁན་པོ་དྷ་ཧི་ཏ༔ དྲང་སྲོང་རྒྱལ་པོ་བི་ཤྭ་ཏི༔ རྒྱལ་པོའི་སྲས་མོ་གོ་མ་དེ༔ ཁ་ཆེའི་མཁན་པོ་རབ་སྣང་མཛད༔ རྒྱལ་པོ་དེ་བ་རཱ་ཛ་དང༔ རྒྱལ་པོ་དྷརྨ་རཱ་ཛ་དང༔ མཁས་པ་བུདྡྷ་གུཔྟ་དང༔ བོད་ཀྱི་མཁས་པ་བཻ་རོ་རྗེ༔ བོད་མོ་ཡེ་ཤེས་མཚོ་རྒྱལ་སོགས༔ གཞི་དག་རྣམ་ཤེས་གནས་འགྱུར་ཞིང༔ དབང་པོ་ཡུལ་རྣམས་འོད་གསལ་ངང༔ མ་བཅོས་གསལ་རྫོགས་ཆེན་པོར་བསྐྱེད༔ བྱིན་རླབས་འོད་ཕུང་འབར་བར་བསམ༔ སྐྱེ་མེད་དབྱིངས་སུ་བལྟས་བྱས་ཏེ༔ རྒྱས་པར་མཚན་སྔགས་བཟླ་བ་འམ༔ བསྡུ་ན་ཨ་ཡིག་གླུ་དབྱངས་བླང༔ བྱིན་རླབས་བླ་མའི་བསྐྱེད་རིམ་རྫོགས༔ ས་མ་ཡ་རྒྱ་རྒྱ༔ ྈྈྈྈ གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཁྱེན་རྩེའི་དབང་པོས་བྲིས་པ་དགེ །མངྒ་ལཾ།། ཞུས་སོ།། །།

དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས། ཕྱི་སྐོར་བླ་མའི་བསྐྱེད་རིམ་དང་བྱང་བུ་ཁྲིགས་སུ་བསྡེབས་པ་ (Volume 62, Text 24)

༄༅། །དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས། ཕྱི་སྐོར་བླ་མའི་བསྐྱེད་རིམ་དང་བྱང་བུ་ཁྲིགས་སུ་བསྡེབས་པ་བཞུགས་སོ། ། སྡེ་གསུམ་ཕྱི་སྐོར་སེམས་སྡེ། ྈྈྈྈ ན་མོ་གུ་རུ༔ ཕྱི་སྐོར་བླ་མའི་བསྐྱེད་རིམ་ལས༔ སྔོན་འགྲོའི་བྱང་བུ་བསྟན་པ་ནི༔ ཀུན་གཞི་དག་པའི་སངས་རྒྱས་དང༔ རྣམ་ཤེས་གནས་འགྱུར་དམ་པའི་ཆོས༔ དབང་པོ་ཡུལ་དག་ཚོགས་མཆོག་ལ༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས༔ འགྲོ་བ་མ་རིག་འཁྲུལ་པ་རྣམས༔ འོད་གསལ་ཆེན་པོར་བསྒྲལ་བའི་ཕྱིར༔ གཉིས་སུ་མེད་པར་སེམས་བསྐྱེད་དོ༔ སྣང་བ་རྣམ་དག་བདེ་གཤེགས་ལ༔ བདེ་བ་འཛིན་མེད་ཕྱག་འཚལ་ལོ༔ བདེ་སྟོང་དབྱེར་མེད་མཆོད་པར་འབུལ༔ བདེ་ཆེན་མ་རྟོགས་མཐོལ་ལོ་བཤགས༔ ཡུལ་ཅན་དག་པར་རྗེས་ཡི་རངས༔ དབང་པོ་བདེན་མེད་ཆོས་འཁོར་བསྐོར༔ ཤེས་པ་རང་གསལ་ངང་དུ་བཞུགས༔ ཀུན་གཞི་དག་པའི་དོན་རྟོགས་ཤོག༔ སེམས་སྡེའི་དོན་གྱི་སྔོན་འགྲོ་འོ༔ ས་མ་ཡ་རྒྱ་རྒྱ༔ སྒྲིབ་སྦྱོང་བྱང་བུ་བསྟན་པ་ནི༔ ཡུལ་དུ་འཁྲུལ་པའི་ཐ་མལ་ལུས༔ དབང་པོ་དག་པའི་རྡོ་རྗེ་སེམས༔ རྣམ་ཤེས་གནས་འགྱུར་སྐུ་རུ་གསལ༔ ཀུན་གཞི་དག་པས་ཐམས་ཅད་དག༔ ཨཱོྃ་བཛྲ་སཏྭ་ཨཱ༔ སེམས་སྡེའི་དོན་གྱི་སྒྲིབ་སྦྱོང་ངོ༔ ས་མ་ཡ་རྒྱ་རྒྱ༔ ཚོགས་གསག་བྱང་བུ་བསྟན་པ་ནི༔ ངོ་བོའི་ཞིང་ཁམས་རྒྱ་ཆེ་ཞིང༔ རང་བཞིན་གསལ་བའི་རྒྱན་གྱིས་སྤྲས༔ ཐུགས་རྗེ་ཅིར་སྣང་མཎྜལ་འདི༔ གསལ་རྫོགས་བདེ་བར་གཤེགས་ལ་འབུལ༔ གུ་རུ་མཎྜལ་པཱུ་ཛ་ཧོ༔ སེམས་སྡེའི་དོན་གྱི་ཚོགས་གསག་གོ༔ ས་མ་ཡ་རྒྱ་རྒྱ༔ བྱིན་རླབས་བྱང་བུ་བསྟན་པ་ནི༔ ཀུན་གཞི་དག་པའི་བླ་མ་ལ༔ རྣམ་ཤེས་གནས་འགྱུར་གསོལ་བ་འདེབས༔ དབང་པོ་དག་པར་མཛད་དུ་གསོལ༔ ཡུལ་སྣང་སྟོང་པར་བྱིན་གྱིས་རློབས༔ སེམས་སྡེའི་དོན་གྱི་བྱིན་རླབ་བོ༔ ས་མ་ཡ་རྒྱ་རྒྱ༔ མཆོད་པ་བྱིན་རླབས་བྱང་བུ་ནི༔ རཾ་ཡཾ་ཁཾཿ ཞི་གནས་ལྷག་མཐོང་ཡེ་ཤེས་ལས༔ རཾ་ཡཾ་ཁཾ་འཕྲོས་དངོས་འཛིན་སྦྱངས༔ དབྱིངས་རིག་གཉིས་མེད་གཏོར་ཆེན་དང༔ ཀློང་ལྔའི་རང་བཞིན་བདུད་རྩི་ཆེ༔ སེམས་ཉིད་འཁྲུལ་པ་བསྒྲལ་པའི་ཁྲག༔ ཡེ་ཤེས་འོད་གསལ་མཆོད་སྤྲིན་འཁྲིགས༔ སྣང་བ་སྒྱུ་མར་རྟོགས་པ་ཡི༔ ཕྱི་ཡི་མཆོད་སྤྲིན་བསམ་མི་ཁྱབ༔ སྟོང་པའི་རང་རྩལ་གསལ་བ་ཆེ༔ ནང་གི་མཆོད་སྤྲིན་མཐའ་ལས་འདས༔ བདེ་བའི་རང་བཞིན་དགའ་བ་ཆེ༔ གསང་བའི་མཆོད་པ་ལྷུན་གྱིས་གྲུབ༔ ཨཱོྃ་མ་ཧཱ་བ་ལིཾ་ཏ་ཨཱཿཧཱུྃ༔ ཨཱོྃ་སརྦ་པཉྩ་ཨ་མྲྀཏ་ཨཱཿཧཱུྃ༔ ཨཱོྃ་མ་ཧཱ་རཀྟ་ཛྭ་ལ་ཨཱཿཧཱུྃ༔ ཨཱོྃ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ ཨཱོྃ་བཛྲ་པཱ་དྱཾ་ཨཱཿཧཱུྃ༔ ཨཱོྃ་བཛྲ་པུཥྤེ་ཨཱཿཧཱུྃ༔ ཨཱོྃ་བཛྲ་དྷཱུ་པེ་ཨཱཿཧཱུྃ༔ ཨཱོྃ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ༔ ཨཱོྃ་བཛྲ་གནྡྷེ་ཨཱཿཧཱུྃ༔ ཨཱོྃ་བཛྲ་ནཻ་བིདྱཱཾ་ཨཱཿཧཱུྃ༔ ཨཱོྃ་བཛྲ་ཤབྡ་ཨཱཿཧཱུྃ༔ ཨཱོྃ་ཨཱཿཧཱུྃ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་ཨཱཿཧཱུྃ༔ ཨཱོྃ་ཨཱཿཧཱུྃ་བོ་དྷི་ཙིཏྟ་ཨཱཿཧཱུྃ༔ སྡེ་གསུམ་དོན་གྱི་མཆོད་བརླབ་བོ༔ ས་མ་ཡ་རྒྱ་རྒྱ༔ དངོས་གཞིའི་རྟེན་གྱི་བྱང་བུ་ནི༔ ཧཱུྃ༔ ཀུན་གཞི་མི་དམིགས་རྣམ་པར་སྟོང༔ ཨཱ༔ རང་བཞིན་གསལ་བ་ཀུན་ལ་ཁྱབ༔ ཨཱོྃ༔ ཐུགས་རྗེ་སྣ་ཚོགས་སྤྲུལ་སྐུར་ཤར༔ ལྟ་བ་རང་བཞིན་དགོངས་ཀློང་མཁར༔ ཅིར་ཡང་སྒྱུར་བའི་རིག་འཛིན་གསལ༔ ཆོས་འཁོར་ཚུལ་གྱི་དཀྱིལ་འཁོར་དབུས༔ དུག་གསུམ་དག་པའི་གདན་སྟེང་དུ༔ རྒྱལ་ཀུན་གསང་གསུམ་འདུས་པའི་སྐུ༔ རིག་འཛིན་ཤྲཱི་སིཾ་ཧ་ནི༔ དཀར་སྨུག་རྣལ་འབྱོར་ཆ་ལུགས་ཅན༔ ཕྱག་གཡས་སྡིགས་མཛུབ་མཁའ་ལ་བསྒྲེངས༔ གཡོན་པས་ཐོད་པ་བཅུད་བཀང་བསྣམས༔ ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་བཞུགས༔ རིན་ཆེན་དར་གྱི་ན་བཟའ་དང༔ སྟག་ཤམ་རུས་པའི་རྒྱན་གྱིས་བརྒྱན༔ གཡོན་ནས་ཡུམ་མཆོག་བདུད་རྩི་འབུལ༔ སྤྱི་བོར་རྡོ་རྗེ་སེམས་དཔའ་བཞུགས༔ ཀུན་གཞི་དག་པའི་རང་བཞིན་བསྒོམ༔ རྣམ་ཤེས་འཇུག་ཡུལ་རྩ་བཞི་ལ༔ དག་པའི་ཡེ་ཤེས་ཆེན་པོའི་དངོས༔ དགོངས་པ་ཀློང་ཆུབ་རྒྱལ་པོ་ཛ༔ རིག་པ་རང་གསལ་ལྷ་ཡི་དབང༔ གཉིས་མེད་རང་གྲོལ་སྐར་མདའ་གདོང༔ འོད་གསལ་བློ་གྲོས་ཐབས་དང་ལྡན༔ ཐམས་ཅད་འོད་ཀྱི་སྐུ་རུ་གསལ༔ ཚོགས་བརྒྱད་རྣམ་དག་རྩ་འདབ་ལ༔ དགའ་རབ་རྡོ་རྗེ་སྤྲུལ་སྐུའི་ཚུལ༔ པདྨ་འབྱུང་གནས་སྣ་ཚོགས་ཆས༔ འཇམ་དཔལ་བཤེས་གཉེན་རབ་བྱུང་ཚུལ༔ བི་མ་མི་ཏྲ་དགེ་སློང་ཆས༔ རྒྱལ་པོ་དྷ་ན་ཧ་ཏེ་ལོ༔ རྒྱལ་སྲས་རཱ་ཛ་ཧསྟི་སྟེ༔ སྲས་མོ་གོ་མ་སཱ་ར་དང༔ ཀླུ་རྒྱལ་བྱང་ཆུབ་སེམས་དཔའ་རྣམས༔ འོད་གསལ་ཆེན་པོའི་སྐུ་རུ་ཤར༔ ཡུལ་བརྒྱད་འཛིན་བྱེད་རྣམ་དག་རྩར༔ རྒྱལ་པོ་ཀུཀྐུ་རཱ་ཛ་དང༔ སློབ་དཔོན་ནཱ་གཱརྫུ་ན་སྟེ༔ ཀུཀྐུ་སིདྡྷི་ཕྱི་མ་དང༔ གནོད་སྦྱིན་བུ་མོ་བྱང་ཆུབ་མ༔ འཇམ་དཔལ་བཤེས་གཉེན་ཕྱི་མ་དང༔ སྨད་འཚོང་བུདྡྷ་མ་ཏི་དང༔ མཁས་པ་ཨཱརྻ་པཱ་ལོ་དང༔ ཨོ་རྒྱན་མཁན་པོ་དྷ་ཧི་ཏ༔ དྲང་སྲོང་རྒྱལ་པོ་བི་ཤྭ་ཏི༔ རྒྱལ་པོའི་སྲས་མོ་གོ་མ་དེ༔ ཁ་ཆེའི་མཁན་པོ་རབ་སྣང་མཛད༔ རྒྱལ་པོ་དེ་བ་རཱ་ཛ་དང༔ རྒྱལ་པོ་དྷརྨ་རཱ་ཛ་དང༔ མཁས་པ་བུདྡྷ་གུཔྟ་དང༔ བོད་ཀྱི་མཁས་པ་བཻ་རོ་རྗེ༔ བོད་མོ་ཡེ་ཤེས་མཚོ་རྒྱལ་སོགས༔ གཞི་དག་རྣམ་ཤེས་གནས་འགྱུར་ཞིང༔ དབང་པོ་ཡུལ་རྣམས་འོད་གསལ་ངང༔ མ་བཅོས་གསལ་རྫོགས་ཆེན་པོར་བསྐྱེད༔ བྱིན་རླབས་འོད་ཕུང་འབར་བར་བསམ༔ ས་མ་ཡ་རྒྱ་རྒྱ༔ དབང་བསྐུར་དགུག་བསྟིམ་བྱང་བུ་ནི༔ དུག་གསུམ་ཡེ་དག་རྡོ་རྗེ་གསུམ༔ ལྷུན་གྲུབ་རྫོགས་པར་བྱིན་གྱིས་བརླབས༔ དུག་ལྔ་རྣམ་དག་ཡེ་ཤེས་ལྔ༔ སྐུ་ལྔ་ཡེ་རྫོགས་དབང་བསྐུར་རོ༔ ཨཱོྃ་ཨཱཿཧཱུྃ༔ ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཧཱུྃ༔ མི་མངོན་དབྱིངས་ཀྱི་ཞིང་ཁམས་ནས༔ བླ་མ་རིག་འཛིན་བདེ་གཤེགས་ཚོགས༔ ཡི་དམ་དཔའ་བོ་མཁའ་འགྲོ་རྣམས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཀུན་གཞི་དག་པའི་ཞིང་ཁམས་ནས༔ གསལ་བ་ལོངས་སྤྱོད་རྫོགས་སྐུར་བཞེངས༔ ཐུགས་རྗེ་སྤྲུལ་སྐུའི་འཁོར་དང་བཅས༔ དབྱེར་མེད་ཆེན་པོར་གཤེགས་སུ་གསོལ༔ དབྱིངས་ལས་གཞན་མེད་ཆོས་སྐུའི་ཚོགས༔ བདེ་བ་ཆེ་ལ་ལོངས་སྤྱོད་པ༔ ཅིར་ཡང་སྣང་བ་སྤྲུལ་པའི་སྐུ༔ མ་ལུས་འཁོར་བཅས་གཤེགས་སུ་གསོལ༔ སྣང་ཡུལ་འཛིན་པ་དབྱིངས་སུ་ཁྲོལ༔ དབང་པོ་སྐུ་ལྔར་བྱིན་གྱིས་རློབས༔ རྣམ་ཤེས་ཡེ་ཤེས་ཆེན་པོར་སྒྱུར༔ ཀུན་གཞིའི་ཀློང་དུ་ཐིམ་པར་མཛོད༔ ཨེ་ཧྱེ་ཧི་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཛཿཧཱུྃ་བཾ་ཧོ༔ དབང་བསྐུར་དགུག་བསྟིམ་བྱང་བུ་འོ༔ ས་མ་ཡ་རྒྱ་རྒྱ༔ བཞུགས་ཕྱག་མཆོད་བསྟོད་བྱང་བུ་ནི༔ ཧཱུྃ༔ ཡེ་ནས་དག་པའི་ཀུན་བཟང་ལ༔ གཤེགས་དང་བཞུགས་པའི་མཚན་མ་མེད༔ ཕྱོགས་ལྷུང་བྲལ་བར་ཀུན་ཏུ་རྫོགས༔ གདོད་ནས་གཉིས་མེད་ངང་དུ་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ འཁྲུལ་མ་མྱོང་བའི་བྱང་ཆུབ་སེམས༔ ཨེ་མ་བདེ་བར་གཤེགས་པ་རྣམས༔ འགྲོ་བ་ཀུན་ལ་ཁྱབ་པ་ཉིད༔ གཉིས་འཛིན་བྲལ་བར་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨེ་མ་ཧོ༔ གདོད་ནས་དག་པའི་མཁའ་དབྱིངས་སུ༔ སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ལས༔ མཆོད་པའི་ཕྱག་རྒྱ་ཅིར་ཡང་སྤྲུལ༔ རྒྱལ་བའི་ཚོགས་རྣམས་དགྱེས་པར་རོལ༔ ཨཱོྃ་བཛྲ་ཨརྒྷཾ་སོགས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཤེས་ཡུལ་དབང་པོས་མཚམས་སྦྱར་བས༔ འདོད་པའི་ཡོན་ཏན་བསམ་མི་ཁྱབ༔ ཞེན་པ་མེད་པའི་རང་བཞིན་ཉིད༔ ཆོས་ཀྱི་སྐུ་ཡི་རྒྱན་དུ་མཆོད༔ ཨཱོྃ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་ཨཱཿཧཱུྃ༔ གསལ་བ་ཐབས་ཀྱི་རང་བཞིན་ལ༔ མི་རྟོག་ཤེས་རབ་སྦྱོར་བ་ཡིས༔ བདེ་བ་ཆེན་པོ་ཁྱབ་པ་ཆེ༔ དབྱེར་མེད་ངང་དུ་མཆོད་པར་འབུལ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧོ༔ དབྱིངས་ཀྱི་གཏོར་མ་རྒྱན་དང་ལྡན༔ རིག་པ་ཡེ་ཤེས་བདུད་རྩི་ལྔ༔ དབྱིངས་རིག་དབྱེར་མེད་ཁྲག་ཆེན་པོ༔ བྱ་རྩོལ་བྲལ་བའི་མཆོད་པར་འབུལ༔ ཨཱོྃ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་བ་ལིཾ་ཏ་མ་ཧཱ་རཀྟ་ཁཱ་རཾ་ཁཱ་ཧི༔ ཨེ་མ་ཧོ་ངོ་མཚར་རྨད་ཀྱི་སྐུ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་རྗེ་རྨད་བྱུང་བསམ་མི་ཁྱབ༔ སྤྲོས་པའི་ཚུལ་སྟོན་སྤྲུལ་སྐུ་མཆོག༔ སྤྲོས་མེད་ལོངས་སྤྱོད་རྫོགས་པའི་སྐུ༔ ཤིན་ཏུ་རྣམ་དག་ཆོས་ཀྱི་སྐུ༔ རབ་ཏུ་ཞི་བ་ངོ་བོ་ཉིད༔ སྐུ་བཞིའི་བདག་ཉིད་རྣམས་ལ་བསྟོད༔ ཨེ་མ་ཧོ་ངོ་མཚར་རྨད་ཀྱི་གསུང༔ ཡན་ལག་དྲུག་ཅུ་དང་ལྡན་ཞིང༔ ནམ་མཁའ་ལྟ་བུར་ཁྱབ་པ་ཉིད༔ ཉི་ཟླ་ལྟར་བུར་ཀུན་ལ་གསལ༔ རྒྱ་མཚོ་ལྟ་བུར་གཏིང་མཐའ་བྲལ༔ འཇའ་ཚོན་བཞིན་དུ་སོ་སོར་སྣང༔ རིན་ཆེན་བཞིན་དུ་དགོས་འདོད་འབྱུང༔ ཀློང་ལྔའི་གསུང་ལ་ཕྱག་འཚལ་བསྟོད༔ ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཐུགས༔ ཀུན་གཞི་བྱ་རྩོལ་བྲལ་བ་ལས༔ ཅིར་ཡང་མི་དམིགས་ཅིར་ཡང་སྣང༔ འོད་གསལ་ཤེས་པ་ཟང་ཐལ་ལེ༔ སྐྱེ་བ་མེད་པའི་རང་བཞིན་ཉིད༔ འགག་པ་མེད་པ་དབང་པོར་གསལ༔ ཡུལ་སྣང་གང་ཤར་དངོས་པོས་སྟོང༔ སེམས་ཉིད་ཤར་གྲོལ་ཐུགས་ལ་བསྟོད༔ བཞུགས་ཕྱག་མཆོད་བསྟོད་བྱང་བུ་འོ༔ ས་མ་ཡ་རྒྱ་རྒྱ༔ སྐྱེ་མེད་དབྱིངས་སུ་བལྟས་བྱས་ཏེ༔ རྒྱས་པར་མཚན་སྔགས་བཟླ་བ་འམ༔ བསྡུ་ན་ཨ་ཡི་གླུ་དབྱངས་བླང༔ ཨཱོྃ་ཨཱཿཧཱུྃ་གུ་རུ་ཤྲཱི་སིཾ་ཧ་སིདྡྷི་ཧཱུྃ༔ ཨ་ཨ་ཨ༔ བྱིན་རླབས་བླ་མའི་བསྐྱེད་རིམ་རྫོགས༔ ས་མ་ཡ་རྒྱ་རྒྱ༔ ཚོགས་ཀྱི་མཆོད་པའི་བྱང་བུ་ནི༔ ཧཱུྃ༔ དངོས་འཛིན་འཁྲུལ་རྟོག་ཐམས་ཅད་ཀུན༔ སྣང་སྟོང་རིག་སྟོང་ཚོར་སྟོང་གི༔ ངོ་བོ་ཉིད་དུ་གདོད་ནས་དག༔ ཅིར་ཡང་འབྱུང་ཞིང་འཆར་བ་ལས༔ ཤེས་རབ་ཆེན་པོའི་སྣོད་ཡངས་སུ༔ དགའ་བ་བཞི་ཡི་ཚོགས་གཏོར་བཤམས༔ འདོད་ཡོན་ལྔ་ཡིས་རབ་བརྒྱན་པའི༔ བླ་ན་མེད་པའི་མཆོད་སྤྲིན་གཏིབས༔ ཨཱོྃ་ཨཱཿཧཱུྃ༔ ཧཱུྃ༔ འཁོར་འདས་ཕ་མཐའ་བྲལ་བའི་དབྱིངས༔ གཞོན་ནུ་བུམ་སྐུའི་ཞིང་ཁམས་ནས༔ ལོངས་སྤྱོད་རྫོགས་སྐུའི་ལྷ་ཚོགས་རྣམས༔ དགྱེས་མཆོད་བཞེས་ཕྱིར་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་བཛྲ་ས་མཱ་ཛ༔ ཧཱུྃ༔ གདོད་མའི་དབྱིངས་ཀྱི་བྷནྡྷ་རུ༔ རིག་པ་བདེ་ཆེན་འདོད་ཡོན་བཤམས༔ དབྱིངས་རིག་གཉིས་མེད་ཚོགས་མཆོད་འདི༔ རྫོགས་པ་ཆེན་པོའི་ལྷ་ལ་འབུལ༔ མ་ཧཱ་ཛྙཱ་ན་ག་ཎ་ཙཀྲ་པཱུ་ཛ་ཧོ༔ གསལ་བའི་ངང་དུ་འཛིན་པ་བཤགས༔ མི་རྟོག་ཕྱལ་ཆད་མིན་པར་བསྐང༔ བདེ་བ་ཆེན་པོའི་དངོས་གྲུབ་སྩོལ༔ དབྱེར་མེད་ངང་དུ་ལྷུན་གྲུབ་ཤོག༔ ས་མ་ཡ་ཤུདྡྷེ་ཨ༔ ཡུལ་གྱི་དྲྭ་བར་ཚུད་པའི་བདུད༔ དབང་པོའི་དྲྭ་བར་གཅིག་ཏུ་བསྡུས༔ རྣམ་ཤེས་དག་པའི་མཚོན་གྱིས་བསྒྲལ༔ ཀུན་གཞིའི་ཀློང་དུ་ཞལ་དུ་བསྟབ༔ མཱ་ར་ཡ་ཕཊ༔ སྣང་སྲིད་ཆོས་ཀུན་མ་ལུས་པ༔ བདེ་བ་ཆེན་པོའི་ཚོགས་སུ་རོལ༔ སེམས་ཉིད་རྣམ་པར་དག་གྱུར་ཏེ༔ དབྱིངས་རིག་ཟུང་འཇུག་རྟོགས་པར་ཤོག༔ ཨ་ལ་ལ་ཧོ༔ ཧཱུྃ༔ རྣམ་རྟོག་དག་པའི་ལྷག་སྡུད་རྣམས༔ འཛིན་མེད་རང་གསལ་ལྷག་གཏོར་བཞེས༔ དྲན་སྣང་སོ་མའི་བར་ཆད་སོལ༔ རང་གྲོལ་ཀློང་དུ་ཕྲིན་ལས་སྒྲུབས༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ གསལ་སྟོང་བདེ་ཆེན་དབྱེར་མེད་པའི༔ སྣང་སེམས་གཉིས་མེད་ཀློང་ཡངས་སུ༔ ཡུལ་དབང་ཤེས་གཞི་དག་པའི་ཚོགས༔ ཕུལ་པས་དབྱིངས་རིག་ཟུང་འཇུག་ཤོག༔ ཚོགས་ཀྱི་མཆོད་པའི་བྱང་བུ་འོ༔ ས་མ་ཡ་རྒྱ་རྒྱ༔ ཕྲིན་ལས་རྗེས་ཀྱི་བྱང་བུ་ནི༔ ཡུལ་སྣང་དབང་པོ་ལྔ་ལ་ཐིམ༔ དེ་ཉིད་རྣམ་ཤེས་ལ་འདུས་པས༔ ཀུན་གཞིའི་དབྱིངས་སུ་ཐམས་ཅད་རྫོགས༔ དམིགས་མཐའ་བྲལ་བའི་ཀློང་དུ་ཡལ༔ ཨ་ཨ་ཨ༔ ལྟ་བ་ཆོས་ཉིད་ཡེ་ནས་དག༔ སྒོམ་པ་བློ་ལས་འདས་པའི་ངང༔ སྤྱོད་པ་བསམ་ཡས་དགེ་བ་ཀུན༔ འབྲས་བུ་སྐུ་གསུམ་འཐོབ་ཕྱིར་བསྔོ༔ བསམ་དུ་མེད་པའི་ལྟ་བ་རྟོགས༔ བརྗོད་དུ་མེད་པའི་སྒོམ་ཉམས་ལོངས༔ བླང་དོར་མེད་པའི་སྤྱོད་པ་སྤྱད༔ འབྲས་བུ་ལྷུན་གྲུབ་བཀྲ་ཤིས་ཤོག༔ ཕྲིན་ལས་རྗེས་ཀྱི་བྱང་བུ་འོ༔ ས་མ་ཡ་རྒྱ་རྒྱ༔ ལྷ་སྲས་མུ་རུབ་བཙད་པོའི་རྣམ་པར་འཕྲུལ་པ་༧སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པས། གནས་མཆོག་ནམ་མཁའ་མཛོད་ནས་སྤྱན་དྲངས་ པའི་ཁ་བྱང་དང་། འཕྲལ་དུ་སློབ་དཔོན་རིན་པོ་ཆེ་ཡབ་ཡུམ་གྱིས་དངོས་སུ་གསུངས་པའི་ཡང་བྱང་དང་སྙིང་བྱང་ལ་བརྟེན་ནས་མེ་འབྲུག་རྒྱལ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོའི་ཉི་ཤར་ལ། བོད་ཆེན་པོའི་སའི་ཐིག་ལེ་སྡེ་དགེ་ཆོས་རྒྱལ་ཆེན་པོའི་ཕོ་བྲང་གི་ཤར་གྱི་ཕྱོགས་ཀྱི་ཡུལ་ལྗོངས། སྨད་ཤོད་ཛམ་ནང་ཕུ་ཨོ་རྒྱན་རིན་པོ་ཆེའི་སྒྲུབ་གནས་པདྨ་ཤེལ་ཕུག་གི་གནམ་ཁུང་ནས། བདག་ཅག་འདུས་པ་ཉེར་ལྔ་ཙམ་གྱིས་མཐོང་བར་དངོས་སུ་སྤྱན་དྲངས་ཤིང་། དེ་འཕྲལ་སྐལ་ལྡན་གྱི་འདུས་པ་ཉིས་བརྒྱ་བརྒལ་བར་བྱིན་རླབས་བསྩལ་ཏེ་ཐམས་ཅད་ཀྱིས་ཡིད་ཆེས་རྩོད་བྲལ་དུ་གྱུར་པའི་མཆོང་ཤོག་སྨུག་པོའི་ངོས་ནས་འཕྲལ་དུ་ཕབ་རིམ་བཞིན། བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་དག་པར་བྲིས་ཤིང་། བྱང་བུ་རྣམས་ཀྱང་ཁྲིགས་སུ་བསྡེབས་པའི་དགེ་བས་བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན་ཞིང་། ཟབ་གཏེར་འདི་ཉིད་ཀྱི་བསྟན་པ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །དགེ་ལེགས་འཕེལ།། །།

དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ྈྈ སྤྱི་ལ་གཅེས་པ་རིག་འཛིན་བླ་མའི་ཟབ་དབང་ (Volume 62, Text 25)

༁ྃ༔ དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ྈྈ སྤྱི་ལ་གཅེས་པ་རིག་འཛིན་བླ་མའི་ཟབ་དབང་བཞུགས་སོ༔ ཉི་ཟླའི་རྒྱ་ཅན། སྡེ་གསུམ་སྤྱི་སྐོར། ྈྈྈྈྈྈ ན་མོ་གུ་རུ་ཤྲཱི་སིཾ་ཧ༔ ནམ་མཁའི་མཐར་ཐུག་རྒྱལ་བ་སྲས་དང་བཅས༔ མ་ལུས་གཅིག་ཏུ་བསྡུས་པ་ཐུགས་རྗེའི་གཏེར༔ འབྱུང་བའི་རྒྱ་མཚོ་ཡོན་ཏན་མཐའ་ཀླས་པ༔ རྗེ་བཙུན་དཔལ་གྱི་སེང་གེར་གུས་པས་འདུད༔ དེ་ཡི་ཐུགས་བཅུད་རྫོགས་ཆེན་སྡེ་གསུམ་གྱི༔ སྤྱི་ལ་གཅེས་པ་རྩ་བའི་སྒྲུབ་ཐབས་ལས༔ ཟབ་མོའི་དབང་གི་གདམས་པ་རྣམ་བཞི་སྟེ༔ དེ་ལ་སྔོན་དུ་དཀྱིལ་འཁོར་བཤམ་པ་ནི༔ གཞལ་ཡས་ཁང་པ་པད་འདབ་ཁྲི་འུའི་ཁར༔ བུམ་པ་བཅུད་ལྡན་རིག་མ་ཆས་ལྡན་དང༔ ངོ་སྤྲོད་རྫས་ཀྱི་བྱེ་བྲག་སྨན་རཀ་གཏོར༔ མཆོད་པའི་ཚོགས་དང་རྒྱན་གྱིས་རྣམ་བཀྲ་བྱ༔ སྒྲུབ་ཅིང་ཚོགས་མཆོད་དབང་བླངས་མདུན་བསྐྱེད་ལ༔ ཧོ༔ རང་བྱུང་རིག་པ་ཡེ་ཤེས་ལྷ་ཚོགས་རྣམས༔ ཐུགས་རྗེ་རྨད་བྱུང་བརྩེ་བས་དགོངས་སུ་གསོལ༔ གསང་བ་བླ་ན་མེད་པའི་དཀྱིལ་འཁོར་དུ༔ བདག་གི་སློབ་མ་ཡང་དག་འཛིན་པར་མཛོད༔ བདེ་ཆེན་ཡེ་ཤེས་བླ་མེད་འཕེལ་བ་དང༔ གྲོལ་བ་མཐར་ཕྱིན་དགོངས་པས་གཟུང་དུ་གསོལ༔ ཞེས་གསོལ་ལྷ་རྣམས་དགྱེས་པ་ཆེན་པོ་ཡིས༔ དེ་ལྟར་ཡིན་ན་རིག་པ་འཛིན་པ་གང༔ བློ་ཆེན་སྐལ་པར་ལྡན་པའི་སློབ་མ་དག༔ བདེ་ཆེན་ཡེ་ཤེས་དཀྱིལ་འཁོར་འདིར་ཁྲིད་ལ༔ སྨིན་ཅིང་གྲོལ་བ་བླ་ན་མེད་པར་བྱོས༔ ཨ་ལ་ལ་ཧོ༔ སློབ་མ་མདུན་དུ་དགུག་ཅིང་ཁྲུས་བྱས་ཏེ༔ བགེགས་བསྐྲད་སྲུང་བའི་སྐུད་པ་དམར་པོ་ལ༔ ཨཱོྃ་ཧ་ཧ་ཧཱུྃ་ཧཱུྃ་ཧྲཱིཿཧྲཱིཿཕཊ྄་ཕཊ྄༔ བསྔགས་པ་གདགས་ཤིང་སྲུང་བའི་འཁོར་ལོ་བསྒོམ༔ སློབ་མས་གསེར་གྱི་ཡོན་འབུལ་ཕྱག་བཅས་པས༔ ཧོ༔ བདེ་གཤེགས་རྒྱལ་བའི་གདུང་འཚོབ་ཧེ་རུ་ཀ༔ འཇིགས་བྲལ་དཔའ་བོ་ཤྲཱི་སིཾ་ཧ་དང༔ གཉིས་སུ་མེད་པའི་རྡོ་རྗེ་སློབ་དཔོན་དགོངས༔ བདག་ཅག་གྲོལ་བ་མཐར་ཕྱིན་མཛད་དུ་གསོལ༔ སློབ་དཔོན་རྡོ་རྗེ་འཕྱར་ཞིང་སྤྲོ་བསྐྱེད་ནི༔ ཧོ༔ ཐར་པ་བླ་ན་མེད་པའི་གྲོང་ཁྱེར་དུ༔ འདུས་པའི་གཙོ་བོ་ཤྲཱི་སིཾ་ཧ་བཞུགས༔ འདི་ན་མོས་པའི་སྐལ་ལྡན་སྐྱེས་བུ་ཁྱོད༔ འཇུག་པ་ལེགས་ཤིང་དངོས་གྲུབ་ཅི་ལ་དགའ༔ དེ་ཉིད་སྦྱིན་ཅིང་འདི་ན་བླ་མེད་པའི༔ ཚེ་གཅིག་སངས་རྒྱས་སྒྲུབ་ལ་སྤྲོ་བ་སྐྱེད༔ དམ་ཚིག་མ་ལུས་ཡོངས་སུ་གཟུང་བར་གྱིས༔ སློབ་མས་ཐལ་མོ་སྦྱར་ཞིང་འདི་སྐད་གསོལ༔ ཧོ༔ ཁྱབ་བདག་དཔལ་ལྡན་བླ་མ་དགོངས་སུ་གསོལ༔ བདག་ནི་དུས་གསུམ་རྒྱལ་བའི་དགོངས་པའི་མཐིལ༔ བདེ་བ་ཆེན་པོའི་ཡེ་ཤེས་ལ་དགའ་བས༔ དེ་ཉིད་མྱུར་སྩོལ་གསང་སྔགས་རིགས་མཆོག་གི༔ རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང༔ ཉི་ཤུ་རྩ་ལྔའི་དམ་ཚིག་ཆེས་འཕགས་པ༔ སྲོག་གི་ཕྱིར་ཡང་མི་གཏང་གཟུང་བར་བགྱི༔ སློབ་དཔོན་རྡོ་རྗེ་མགོར་བཞག་བདུད་རྩི་སྦྱིན༔ འདི་ནི་གསང་བ་བླ་ན་མེད་པ་ཡི༔ ཐར་པའི་གོ་འཕང་ཚེ་འདིར་ཐོབ་འགྱུར་བས༔ ཉེ་བའི་ལམ་མཆོག་བདེ་བ་ལམ་བྱེད་ཡིན༔ ཁྱེད་རྣམས་རྡོ་རྗེའི་དམ་ཚིག་ཐུབ་པར་གྱིས༔ མ་ཐུབ་རྡོ་རྗེའི་དམྱལ་བ་ཆེན་པོར་ལྟུང༔ སྲོག་གི་ཕྱིར་ཡང་ཡོངས་སུ་མ་གཏང་ཞིག༔ བཛྲ་ས་མ་ཡ་རཀྴ་སི་ཧཱུྃ༔ སློབ་མས་དམ་ཆུ་འཐུང་ཞིང་བྲོ་བོར་བ༔ མ་ཧཱ་སུ་ཁ་བཛྲ་ས་མ་ཡ་ཧཱུྃ༔ ཨི་དན་ན་ར་ཀན༔ དེ་ནས་དངོས་གཞིར་བྱིན་རླབས་ཆས་ཞུགས་ནི༔ ལུས་གནད་བསྲང་ཞིང་མིག་འཆིང་རླུང་བཟུང་ལ༔ རྣ་བ་རོལ་མོའི་སྒྲས་བཀག་སྦྱར་སྤོས་ཀྱིས༔ མྱོང་བའི་རྟོག་འཛིན་གཅིག་ཏུ་བྱས་ནས་སུ༔ ཡིད་ཀྱི་དམིགས་པ་རྩེ་གཅིག་བརྡ་སྤྲད་ནི༔ ཤྲཱི་སིཾ་ཧ་རྣལ་འབྱོར་གཞོན་ནུའི་ཚུལ༔ དཀར་དམར་མདངས་ལྡན་ཞལ་གཅིག་ཕྱག་གཉིས་པ༔ གཅེར་བུ་རུས་པའི་རྒྱན་དྲུག་གར་སྟབས་སྒྱུར༔ རྩ་གསུམ་འཁོར་ལོ་བཞི་ལྡན་ལྟེ་བའི་མདོར༔ གཏུམ་མོ་ཨ་ཤད་དབྱིབས་ཅན་རབ་འབར་བ༔ སྤྱི་བོར་ཐིག་ལེ་ཧྃ་ཡིག་མགོ་ཐུར་བསྟན༔ སྙིང་གར་རྣམ་ཤེས་ངོ་བོ་ཨ་དཀར་པོ༔ སློབ་མས་སློབ་དཔོན་ལ་ནི་མོས་གུས་བསྐྱེད༔ སློབ་དཔོན་ཤྲཱི་སིཾ་ཧ་ཡབ་ཡུམ་དུ༔ གསལ་བའི་སྦྱོར་མཚམས་ལས་ནི་འོད་འཕྲོས་པ༔ སློབ་མའི་གསང་བ་ནས་ཞུགས་གཏུམ་མོ་སྦར༔ སྤྱི་བོའི་ཐིག་ལེ་ཞུ་ཞིང་གསལ་བ་ལས༔ ལུས་ཀྱི་སྟོད་སྨད་དྭངས་མ་དཀར་དམར་གྱིས༔ གང་ཞིང་སྙིང་གའི་ཐད་དུ་གོ་སྐབས་ཅན༔ བདེ་བ་བསྒོམ་ཞིང་བདེ་བ་ཆེར་འཕེལ་ཚེ༔ དཀར་དམར་འདྲེས་ཤིང་ཨ་ཡིག་ལ་ཐིམ་པས༔ ཐིག་ལེ་ཆེར་འཕེལ་བདེ་བ་ཆེན་པོར་བསྒོམ༔ རྒྱལ་བའི་ཚོགས་རྣམས་བདེ་བ་ཆེན་པོར་ཞུ༔ བདུད་རྩིའི་རང་བཞིན་སྤྱི་བོའི་གཙུག་ནས་བྱུང༔ སྙིང་གི་ནང་ཞུགས་ལུས་ཀུན་མེར་གྱིས་གང༔ བདེ་བ་ཆེན་པོའི་ཡེ་ཤེས་རྩེ་གཅིག་བསྒོམ༔ ཡེ་ཤེས་བརྟན་པའི་སྔགས་ཀྱིས་བརྟན་པར་བྱ༔ སློབ་དཔོན་བུམ་པ་བཟུང་ཞིང་གཉིས་ཀ་ཡིས༔ བུམ་ནང་ཤྲཱི་སིཾ་ཧའི་སྤྱི་བོ་ཡི༔ ཨཱོྃ་ཡིག་གསལ་ཞིང་ཡབ་ཡུམ་སྦྱོར་བ་ཡིས༔ ཨཱོྃ་ལས་དགའ་བའི་བདུད་རྩི་དཀར་གསལ་བབས༔ སྐུ་གང་སྦྱོར་མཚམས་ནས་བབས་བུམ་པ་གང༔ ཁ་ནས་ལུད་ཅིང་སློབ་མའི་སྤྱི་བོར་བབས༔ བདེ་ཆེན་འཁོར་ལོའི་རྩ་ཁེངས་བདེ་ཆེན་བསྒོམ༔ དེ་བཞིན་མགྲིན་དང་ཐུགས་ཀའི་ཨཱཿཧཱུྃ་ལས༔ བདུད་རྩི་དམར་མཐིང་དགའ་ཆེན་ཁྱད་དགའ་ཡི༔ ངོ་བོར་བབས་ཤིང་སློབ་མའི་མགྲིན་པ་དང༔ སྙིང་ག་གང་བས་བདེ་མཆོག་རྒྱས་པར་བསྒོམ༔ དེ་རྗེས་ལྟེ་བའི་ཧྲཱིཿལས་ལྷན་སྐྱེས་ཀྱི༔ བདུད་རྩི་བབས་ཤིང་སློབ་མའི་ལྟེ་བ་ཁེངས༔ སྐུ་ཡི་གནས་རྣམས་མ་ལུས་ཐམས་ཅད་ནས༔ བདུད་རྩི་འོད་ལྔའི་མདངས་ལྡན་བབས་པ་ཡིས༔ སློབ་མའི་ལུས་གང་བདུད་རྩི་གྱེན་འཁྱིལ་བས༔ སྤྱི་བོའི་གཙུག་ཏུ་རྡོ་རྗེ་སེམས་དཔའ་བསམ༔ ཧཱུྃ༔ རང་བྱུང་བདེ་བ་ཆེན་པོའི་བུམ་པ་རུ༔ ལྷན་ཅིག་སྐྱེས་པའི་བླ་མ་ཡབ་ཡུམ་བཞུགས༔ བདེ་ཆེན་སྦྱོར་བའི་བདུད་རྩི་བསམ་མི་ཁྱབ༔ རང་གྲོལ་བདེ་ཆེན་ཡེ་ཤེས་བསྐྱེད་པའི་ཕྱིར༔ བླ་ན་མེད་པ་བུམ་པས་དབང་བསྐུར་རོ༔ ཨཱོྃ་ཨཱཿཧཱུྃ་གུ་རུ་ཤྲཱི་སིཾ་ཧ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ སློབ་དཔོན་ཡབ་ཡུམ་ཤྲཱི་སིཾ་ཧ་ནི༔ མཉམ་པར་སྦྱོར་བར་གསལ་བའི་གནས་རྣམས་སུ༔ བུམ་དབང་བཞིན་དུ་ཡིག་འབྲུ་གསལ་བར་བསྒོམ༔ དགའ་བ་བཞི་དང་ཡོངས་རྫོགས་བདུད་རྩི་བབས༔ སློབ་མའི་ཁར་སྦྱིན་རྩ་བཞི་ལུས་ཀུན་གང༔ བདེ་ཆེན་བཞི་དང་ཡོངས་རྫོགས་ཐོབ་པར་བསྒོམ༔ ཧཱུྃ༔ ཡུལ་སྣང་རྣམ་པར་དག་པའི་ཐོད་པ་རུ༔ རྣམ་པར་དག་པའི་དབང་པོ་སྦྱོར་པ་ཡིས༔ རྣམ་ཤེས་ཡེ་ཤེས་སྒྱུར་བའི་བྱང་སེམས་བསྐྱིལ༔ ཀུན་གཞི་རྣམ་པར་གྲོལ་ཕྱིར་དབང་བསྐུར་རོ༔ ཨཱོྃ་ཨཱཿཧཱུྃ་གུ་རུ་ཤྲཱི་སོགས། ཀཱ་ཡ་ཝཱ་ཀ་སོགས། སློབ་བུ་རིག་མ་བླ་མ་ཡབ་ཡུམ་གསལ༔ འདུ་ཤེས་གསུམ་གྱིས་སྙོམས་པར་འཇུག་པར་བསླབ༔ ཡབ་ཡུམ་གནས་བཞིར་ཡིག་འབྲུ་བཞི་གསལ་བ༔ དེ་ལས་རིམ་བཞིན་ཐིག་ལེ་འཕེལ་བ་ཡང༔ རྩ་བཞི་ལ་བབས་གྱེན་དུ་དྲངས་པ་ཡིས༔ དགའ་བཞི་ཡོངས་རྫོགས་ཉིད་དུ་བསྒོམ་པར་བྱ༔ ཧཱུྃ༔ སྣང་ཞིང་སྟོང་ལ་གསལ་བའི་རིག་མ་ལ༔ མི་རྟོག་ངང་དུ་མཉམ་པར་སྦྱོར་བ་ལས༔ བདེ་བའི་ཡེ་ཤེས་ནམ་མཁའ་གང་བར་འཕེལ༔ དབྱེར་མེད་ལྷུན་གྲུབ་ཆེན་པོར་རྟོགས་པར་ཤོག༔ ཨཱོྃ་ཨཱཿཧཱུྃ་གུ་རུ་ཤྲཱི་སིཾ་ཧ་སོགས། ཀཱ་ཡ་ཝཱ་ཀ་སོགས། རང་བྱུང་རྡོ་རྗེ་སེམས་དཔའི་མེ་ལོང་བསྟན༔ ཧཱུྃ༔ ཕྱི་ནང་ཟང་ཐལ་ཀ་ནས་དག་པ་ལ༔ ལྷུན་གྱིས་གྲུབ་པའི་འཇའ་ཚོན་ཅི་ཡང་འཆར༔ རྣམ་པར་འཕྲུལ་པའི་བྱེ་བྲག་ཅིར་སྣང་ཡང༔ རང་བྱུང་དབྱིངས་ལས་འགྱུར་བ་མེད་པ་འོ༔ ཨཱོྃ་ཨཱཿཧཱུྃ་གུ་རུ་ཤྲཱི་སིཾ་ཧ་སོགས། ཀཱ་ཡ༴ རྨ་བྱའི་མདོངས་སྒྲོ་མེ་ལོང་བསྟན་བྱས་ལ༔ ཨ༔ དབྱིངས་ནི་རྣམ་པར་དག་པའི་རང་བཞིན་ལ༔ ཐིག་ལེ་གསལ་བའི་སྒྲོན་མ་རང་ལས་བྱུང༔ གཉིས་སུ་མེད་པའི་རང་གདངས་ངོ་མཚར་ཅན༔ ལྷུན་གྱིས་གྲུབ་པའི་ངང་དུ་བལྟ་བར་བྱ༔ ཨཱོྃ་ཨཱཿཧཱུྃ་གུ་རུ་ཤྲཱི་སིཾ་ཧ༴ ཀཱ་ཡ༴ མདུན་གྱི་ནམ་མཁའི་གནས་སུ་བལྟར་བཅུག་ལ༔ ཧཱུྃ༔ ཕྱི་ནང་དབྱིངས་རིག་གཉིས་སུ་མེད་པ་ལ༔ གཉིས་སུ་འཛིན་པའི་ཀུན་བཏགས་བློ་ལས་འདས༔ ཆོས་དབྱིངས་ཁྱབ་བརྡལ་འོད་གསལ་ཟང་ཐལ་ལེ༔ འདི་ཞེས་བརྗོད་ཚིག་བྲལ་བར་དབྱིངས་རིག་བསྲེས༔ ཨཱོྃ་ཨཱཿཧཱུྃ་གུ་རུ་ཤྲཱི་སིཾ་ཧ༴ ཀཱ་ཡ༴ ཨ་ཨ་ཨ༔ རང་བཞིན་ལྷུག་པར་གནས་པ་བལྟར་གཞུག་ལ༔ ཧཱུྃ༔ ཡེ་ནས་རྣམ་པར་དག་པའི་གཞི་ཐོག་ཏུ༔ བྱ་རྩོལ་བྲལ་བའི་བདེ་ཆེན་མཐར་ཕྱིན་ནས༔ འབྲས་བུ་རང་ལས་རྙེད་པ་ངོ་མཚར་ཆེ༔ དོན་དམ་དམིགས་མེད་མྱོང་བ་ངོས་གཟུང་བྲལ༔ ངོ་བོ་རང་བཞིན་ཐུགས་རྗེ་རྣམ་པ་གསུམ༔ དབྱེར་མེད་མི་ཕྱེད་དབྱིངས་རིག་གཉིས་སུ་མེད༔ མཐར་ཐུག་འབྲས་བུའི་ས་ལ་ཕྱིན་པ་འོ༔ ཨཱོྃ་ཨཱཿཧཱུྃ་གུ་རུ་ཤྲཱི་སིཾ་ཧ༴ དྷརྨ་ཀཱ་ཡ་ཨ༔ སློབ་མས་ལུས་དང་ལོངས་སྤྱོད་དགེ་རྩ་འབུལ༔ དེ་ལྟར་རྣམ་པ་ཉི་ཤུས་བྱང་ཆུབ་པའི༔ བདེ་བ་ཆེན་པོའི་ཟབ་དབང་བསྐུར་བ་ནི༔ ཀུན་ལ་མ་ཡིན་བློ་ཆེན་ལྡན་ལ་གཏད༔ ཁྱད་པར་འདོན་པའི་སྐྱེས་བུའི་ཆོས་སྐལ་དང༔ ཡོངས་རྫོགས་དབང་བའི་འབྲུག་ལོ་ཨཱ་ཡུའི་མིང༔ གཙང་ལུང་ཕྱོགས་ནས་རྟ་ལོ་བདེ་བའི་མིང༔ ཡར་འབྲོག་ཕྱོགས་ནས་སྤྲེལ་ལོ་པདྨའི་མིང༔ ལྷོ་ཟླའི་ཕྱོགས་ནས་རྟ་ལོ་དྷརྨའི་མིང༔ དེ་དག་རྣམས་ལ་འདི་ཉིད་འཕྲོད་པར་གྱིས༔ གོང་མའི་དབང་རྣམས་བསྐུར་བའི་སྣོད་མིན་ཏེ༔ དད་པ་ཅན་ལ་གཏོར་མའི་དབང་བསྐུར་ཏེ༔ གཏོར་མ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྒོམ༔ སློབ་མས་མཎྜལ་འབུལ་ཞིང་གསོལ་བ་གདབ༔ རྒྱུད་སྦྱོང་ལྷར་བསྒོམ་སྐུ་གསུང་ཐུགས་བསྟིམ་ཞིང༔ གཏོར་མ་སྤྱི་བོར་བཟུང་སྟེ་དབྱངས་སྙན་པོས༔ ཧཱུྃ༔ གཏོར་མའི་རང་བཞིན་རིན་ཆེན་གཞལ་ཡས་ཁང༔ ནང་དུ་བླ་མ་ཤྲཱི་སིཾ་ཧ་དང༔ རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས་རྣམས་བཞུགས༔ ཡི་དམ་ལྷ་ཚོགས་ཐམས་ཅད་སྤྲིན་ལྟར་གཏིབས༔ མ་དང་མཁའ་འགྲོ་བུ་ཡུག་བཞིན་དུ་འཚུབས༔ རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་འདིས༔ སྐལ་ལྡན་སློབ་མ་རྣམས་ལ་དབང་བསྐུར་བས༔ ཕྱི་ནང་གསང་བའི་བར་ཆད་བསལ་བ་དང༔ སྐུ་གསུང་ཐུགས་ཀྱི་དབང་ཆེན་ཡོངས་སུ་རྫོགས༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཨཱོྃ་ཨཱཿཧཱུྃ་གུ་རུ་ཤྲཱི་སིཾ་ཧ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རྗེས་འབྲེལ་སྐུ་གསུང་ཐུགས་ཀྱི་རྗེས་གནང་ནི༔ རིག་འཛིན་བླ་མའི་སྐུ་འབག་སྤྱི་བོར་བཞག༔ ཨཱོྃ༔ རྡོ་རྗེ་སེམས་དཔའ་བདེ་བའི་ལྷུམས་སུ་ཞུགས༔ མི་ཡི་ཡུལ་འཁྲུངས་ཐོས་བསམ་མཐར་ཕྱིན་མཛད༔ རྒྱལ་བའི་གསང་གསུམ་མ་ལུས་འདུས་པའི་སྐུ༔ དཔལ་ཆེན་རིག་འཛིན་ཤྲཱི་སིཾ་ཧ་ཡི༔ སྐུ་ཡི་ཕྱག་རྒྱ་སྒོམ་པའི་དབང་བསྐུར་རོ༔ ཨཱོྃ་ཨཱཿཧཱུྃ་གུ་རུ་ཤྲཱི་སིཾ་ཧ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ བཟླས་ལུང་བྱ་ཞིང་སྔགས་ཕྲེང་གཏད༔ ཨཱ༔ རིག་འཛིན་གཙོ་བོ་གྲུབ་པའི་དབང་ཕྱུག་རྗེ༔ རྒྱལ་ཀུན་གསང་གསུམ་འདུས་པ་གསུང་གི་མཆོག༔ རླུང་སྔགས་གྲགས་སྟོང་སྔགས་སུ་འགྱུར་བའི་ཕྱིར༔ ཡན་ལག་དྲུག་ཅུ་ལྡན་པའི་དབང་བསྐུར་རོ༔ ཨཱོྃ་ཨཱཿཧཱུྃ་གུ་རུ་ཤྲཱི་སིཾ་ཧ་སིདྡྷི་ཧཱུྃ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ བླ་མའི་ཐུགས་དང་བསྲེ་ཞིང་མཉམ་པར་བཞག༔ ཧཱུྃ༔ རིག་འཛིན་བླ་མ་ཤྲཱི་སིཾ་ཧའི་ཐུགས༔ སྤྲོས་པ་ཀུན་བྲལ་སེམས་ཉིད་ཡེ་ཤེས་ཆེ༔ བདེ་གསལ་མི་རྟོགས་དབྱེར་མེད་ཀློང་དུ་ཆུབ༔ དབྱིངས་རིག་ཟུང་དུ་འཇུག་པའི་དབང་ཐོབ་ཤོག༔ ཨཱོྃ་ཨཱཿཧཱུྃ་གུ་རུ་ཤྲཱི་སིཾ་ཧ་སིདྡྷི་ཧཱུྃ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་དམ་ཚིག་ཁས་བླང་གཏང་རག་འབུལ༔ རྗེས་ཀྱི་བྱ་བ་ཐམས་ཅད་མཐའ་རྫོགས་བྱ༔ འདི་ཡི་གདམས་པ་སློབ་བུའི་སྣོད་བརྟག་ཅིང༔ བློ་དང་འཚམ་པར་རིམ་བཞིན་བསྟན་པ་ལས༔ པདྨའི་སྙིང་ཁྲག་ཡིན་པས་སྤེལ་བར་ཕངས༔ སྤྱིར་ཡང་དེ་དུས་བོད་ཀྱི་རྒྱལ་ཁམས་འདིར༔ མངའ་བདག་རྒྱལ་པོའི་གདུང་རབས་དམངས་སུ་འབེབ༔ མཐའ་མི་མང་པོས་རྗེ་བོ་བྱེད་པའི་དུས༔ བོད་རྣམས་ཕྱི་ནང་འཁྲུགས་ཤིང་ནད་མཚོན་དར༔ ས་བཅུད་ཉམས་ནས་བསོད་ནམས་མར་འགྲིབ་དུས༔ གློ་བོ་དགེ་སྐར་ཕྱོགས་སུ་གཙུག་ལག་འབྱུང༔ ཙ་རིའི་གནས་སུ་འཁྲུགས་ཤོར་མི་མང་འགུམ༔ དེ་ནས་ལོ་ནི་བཅུ་གཉིས་སྐོར་ཙམ་དུས༔ དབུས་གཙང་བར་ནས་རྒྱལ་པོ་ཁྱི་ཡི་མགོ༔ ལྷ་སར་ཕྱིན་ནས་ཆོས་ལུགས་མི་འདྲ་བྱེད༔ རྒྱལ་བའི་བསྟན་པ་སུམ་ཆ་ཙམ་ཞིག་ནུབ༔ སྨད་ཀྱི་མདོ་ཁམས་སྒང་གི་བྱང་སྟོད་དུ༔ ཉམ་ཐག་ཆོ་ངེ་གནམ་ལ་འབོད་པ་འབྱུང༔ ཚ་བ་རོང་གི་བྱང་ཁམས་སྟོད་ཀྱི་ཆར༔ མདུང་ཐོགས་གཉིས་ཀྱིས་ཟལ་མོ་སྒང་རྣམས་འཁྲུགས༔ དགེ་བའི་བཤེས་གཉེན་ཞིག་ལ་སུན་དབྱུང་བྱེད༔ ལྷོ་ཟླའི་སྨད་ཀྱི་རོང་ཆེན་ནག་པོ་རུ༔ ཟོག་པོ་ཞིག་གིས་ཨོ་རྒྱན་བསྟན་ལ་སྨད༔ དེ་ཡི་རྐྱེན་གྱིས་ཁྲག་གི་མཚོ་ཞིག་བརྡོལ༔ ཏྲེ་ཤོད་ཕྱོགས་སུ་ལོ་གསུམ་འཁྲུག་པ་འབྱུང༔ ཁྱད་པར་གདུག་པ་ཅན་ཞིག་ཡུལ་དུ་འོང༔ ཁ་རླངས་ནག་པོ་གཏམ་ངན་གནམ་དུ་འབྱུང༔ ས་ཁད་ཡངས་པའི་རྒྱལ་ཁམས་ནད་ཡམས་འཕེལ༔ ཁྱི་ཡི་ལོ་པ་ཞྭ་མོ་མཐའ་བཞིར་ཅན༔ སྤྱི་ཟླུམ་བྱས་པ་བོད་འདིར་སླེབས་ནས་སུ༔ བསྟན་པ་ཡིན་ཟེར་བསྟན་པའི་རྐང་འདྲེན་བྱེད༔ སོག་པོའི་ཡུལ་ནས་བསྟན་པ་རྒྱལ་མཚན་ཞེས༔ ལྷ་སར་ཐུགས་རྗེ་ཆེན་པོ་སྒྲུབ་པས་ཕན༔ ཟལ་སྒང་བར་གྱི་ཆབ་ཀྱི་མདོ་དག་ཏུ༔ མ་འོངས་ཆོས་སྡེ་ཆེན་པོ་འབྱུང་བ་ལ༔ ལོ་ཡི་སྐོར་དེར་གདུག་འདྲེའི་ཚ་རག་རྒྱུག༔ བྱང་ཁམས་ཕྱོགས་ཀྱི་འབྲི་ཀླུང་སྟོད་དག་ཏུ༔ རྒྱལ་བསྟན་སེམས་ཅན་རྣམས་ལ་སུན་འབྱིན་པའི༔ རྨུ་རྒོད་སྐྱེ་བོ་མདུང་ཐོགས་རྒྱུག་པར་འགྱུར༔ བདུད་ནག་སྤྲུལ་པ་ཟོག་པོ་ཆོས་མིང་ཅན༔ གྲུབ་པའི་མིང་འཛིན་ཞིག་གིས་ཕུང་སྦྱོར་བྱེད༔ དེ་ཉིད་བསད་པས་གདུག་འདྲེ་ནག་པོར་འགྱུར༔ རྒྱལ་འགོང་བདུན་གྱི་གཙོ་བོ་འདི་ཡིས་བྱེད༔ འབྲི་ཀླུང་ཕྱོགས་དང་ལྷོ་ཟླའི་ཕྱོགས་རྣམས་སུ༔ དེ་ཡི་གདུག་པའི་དབལ་གྱིས་སྡུག་བསྔལ་འགྱུར༔ འབྲི་ཀླུང་སྨད་ཀྱི་གཉན་ཐང་ཕྱོགས་དག་ཏུ༔ བསྟན་པའི་ཕུང་སེལ་བྱེད་པའི་འགོང་པོ་འབྱུང༔ ཤི་བའི་ཚེ་ན་གསོན་འདྲེ་ཕོ་མོར་འགྱུར༔ མ་འོངས་དུས་སུ་ཡུལ་ཕྱོགས་དེ་འཛིན་པའི༔ རྒྱལ་པོ་ཀ་པའི་མིང་ཅན་འབྱུང་བའི་ཚེ༔ ལོ་སྐོར་དེ་ལ་ཤར་ཕྱོགས་ནས་འོངས་པའི༔ ནག་པོ་བདུད་ཀྱི་ཕོ་ཉ་ཞིག་གིས་གནོད༔ འབྲི་ཀླུང་སྨད་ཀྱི་ཀཿཐོག་ཕྱོགས་ཉེ་བར༔ བདུད་ཀྱི་སྤྲུལ་པ་ཆ་ཤད་ཉམས་པ་འབྱུང༔ མདོ་ཁམས་སྨད་ཀྱི་བསྟན་འགྲོ་ཡོངས་ལ་གནོད༔ ད་ནི་དེ་ལ་ཕན་ཐབས་བཤད་པ་ནི༔ ལ་སྟོད་ཕྱོགས་ནས་དར་དཀར་བརྐྱངས་འདྲའི་རིར༔ ཕུག་པའི་མདོ་རུ་མཆོད་རྟེན་དཀར་པོ་བརྩེགས༔ ལྷ་སའི་ལྕགས་པོ་རི་ཡི་རི་སྣ་མཐུད༔ རྩེ་ཐང་མགོན་པོ་རི་ལ་གནས་རྟེན་བཞེངས༔ ཡར་ལུང་སྟོད་དུ་སྨན་གྱི་སྒྲུབ་པ་བྱ༔ དེ་ཡིས་དབུས་གཙང་ཕྱོགས་འདི་བདེ་ཐབས་འབྱུང༔ ཁམས་ཀྱི་གཉེན་ཐང་ཕྱོགས་སུ་མཆོད་རྟེན་བཞེངས༔ རི་ནག་སྲིན་པོ་ཁྲོས་འདྲའི་རི་གསུམ་འདབས༔ ཨེ་ཡི་དབྱིངས་སུ་མཆོད་རྟེན་ནག་པོ་བརྩེགས༔ ལྷོ་ཟླའི་ཕྱོགས་ཀྱི་རི་བོ་གཅན་གཟན་མགོ༔ དེ་ཡི་ཞོལ་དུ་ཚོམ་བུ་ཚོགས་སྒྲུབ་བྱ༔ ལྷོ་ཟླའི་བར་སྒང་ཆུ་བོ་ནག་པོའི་རྒྱུད༔ མཚོ་ནག་ཆེན་པོ་ཞོལ་གྱི་སྨད་དག་ཏུ༔ སེང་གེ་ཁྱི་ཚུག་འདྲ་བའི་བྲག་རི་ལ༔ གཏེར་ཆེན་སྦས་ཤིང་གནས་ཆེན་བྱིན་འབེབ་བྱ༔ དེ་ཡིས་ཁམས་ཕྱོགས་བསྟན་འགྲོ་ཅུང་ཞིག་བདེ༔ གཞན་ཡང་ཞིབ་པར་ལུང་བསྟན་མདོ་བྱང་ལྟོས༔ སྒྲུབ་ཐབས་ལུང་བྱང་པདྨའི་སྙིང་གཏམ་འདི༔ མ་འོངས་སྐལ་ལྡན་བུ་དང་འཕྲད་པར་ཤོག༔ ས་མ་ཡ་རྒྱ་རྒྱ༔ ཟབ་རྒྱ༔ སྦས་རྒྱ༔ གཏེར་རྒྱ༔ ཁ་ཐཾ༔ གུ་ཧྱ༔ ྈྈྈྈྈྈྈ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པས་བདེ་ཆེན་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་གཏན་ལ་ཕབ་རིམ་བཞིན་དུ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ །ཞུས་སོ།། །།

རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ཕྱི་སྐོར་བླ་མའི་སྒྲུབ་དབང་ (Volume 62, Text 26)

རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ཕྱི་སྐོར་བླ་མའི་སྒྲུབ་དབང་བཞུགས༔ ྈྈ ན་མོ་གུ་རུ༔ ཕྱི་སྐོར་བླ་མ་སྒྲུབ་པའི་དབང༔ ཚུལ་བཞིན་བསྐུར་ན་དཀྱིལ་འཁོར་ཡང༔ རྒྱས་བསྡུས་རིགས་པས་དཔག་ལ་བཤམ༔ སློབ་མ་རྣམས་ཀྱིས་འདི་སྐད་ཞུ༔ ཟུང་འཇུག་དགོངས་པ་བརྙེས་པ་ཡི༔ འགྲོ་འདུལ་སུམ་ཅུ་རྩ་གཅིག་གི༔ བྱིན་རླབས་བརྩེ་བས་གནང་དུ་གསོལ༔ བླ་མས༔ སྤྱིར་ནི་འགྲོ་འདུལ་ལྔ་བཅུ་རྩ་བརྒྱད་པོ༔ ཐམས་ཅད་ཟུང་འཇུག་མངོན་གྱུར་ཀུན་ཏུ་བཟང༔ དགོངས་པ་རང་བྱུང་ནམ་མཁའི་རྣལ་འབྱོར་ཚོགས༔ ཡེ་ཤེས་སྐུ་ཅན་འཁོར་འདས་ཡོངས་ལ་ཁྱབ༔ བཞུགས་ཡུལ་ཞིང་ཁམས་གཞན་དུ་བཙལ་མི་འཚལ༔ ད་ལྟའི་ནམ་མཁའ་འདིར་ཡང་རྣལ་འབྱོར་རྣམས༔ རང་གི་སེམས་ཉིད་འདི་ལའང་བླ་མས་ཁྱབ༔ བསྐུར་བྱ་སྐུར་ཐབས་བསྒྲུབ་དང་སྒྲུབ་ཐབས་མེད༔ རྣལ་འབྱོར་ལྟ་བའི་ངང་ལ་སྒྲུབ་དབང་རྫོགས༔ ཨེ་མ་ཧོ་བདེ་གཤེགས་བླ་མ་རྣམས༔ བསམ་གྱིས་མི་ཁྱབ་ཆོས་ཉིད་ཀློང༔ ཀུན་ཏུ་བཟང་པོའི་རྣལ་འབྱོར་ཡིན༔ ལྟ་བའི་རྒྱལ་པོའི་མཆོད་པ་འབུལ༔ སློབ་མ་རྣམས་ཀྱིས་མཎྜལ་ཚོགས༔ ཅི་འབྱོར་བཤམས་ཏེ་ལྟ་བར་གནས༔ གདོད་ནས་དག་པའི་ཀུན་བཟང་བླ་མ་ལ༔ མཚན་འཛིན་འཁྲུལ་པའི་བསྐང་བཤགས་མི་འཚལ་ཞིང༔ གཉིས་སུ་མེད་པའི་ཕྱག་འཚལ་མོས་གུས་བྲལ༔ དེ་བས་རང་རིག་ཀློང་དུ་ཕྱག་འཚལ་ལོ༔ གཉིས་སུ་མེད་པའི་མཆོད་སྤྲིན་རྒྱ་མཚོས་མཆོད༔ བསམ་ལས་འདས་པའི་ངང་དུ་ཐུགས་དམ་བསྐང༔ བརྗོད་མེད་བརྗོད་པ་ཐམས་ཅད་མཐོལ་ལོ་བཤགས༔ ཨེ་མ་ཧོ་བདེ་གཤེགས་བླ་མ་རྣམས༔ ཀུན་བཟང་དགོངས་ཀློང་སེམས་སུ་རྫོགས་པ་ལ༔ ཕྱི་ནང་གཉིས་མེད་སྤྲོས་པའི་མཐའ་ལས་འདས༔ ཆོས་དབྱིངས་ཀློང་ཆུབ་ངང་དུ་ཕྱག་འཚལ་ལོ༔ ཨེ་མ་ཧོ་རང་རིག་བླ་མ་རྣམས༔ འཁོར་འདས་ཐམས་ཅད་ས་ལེར་མཐོང་བ་ལ༔ གཉིས་སུ་མེད་པའི་དབྱིངས་སུ་ལྷུན་རྫོགས་པས༔ མཐོང་བྱ་མཐོང་མཁན་མེད་ལ་ཕྱག་འཚལ་ལོ༔ ཨེ་མ་ཧོ་བདེ་གཤེགས་བླ་མ་རྣམས༔ ཕྱི་ནང་ནམ་མཁའ་ཀུན་ལ་སྐུ་ནི་ཡོངས་སུ་ཁྱབ་པ་ཉིད༔ བཞུགས་པའི་ཡུལ་ནི་ཕྱོགས་བཅུའི་འཇིག་རྟེན་དག་ན་མཆིས༔ གློ་བུར་དྲི་མའི་རྣམ་རྟོག་བསལ་ཕྱིར་གཟུགས་སྐུར་བཞེངས་པ་རྣམས༔ མཚན་འཛིན་འཁྲུལ་པ་འདི་དག་མྱུར་དུ་བསལ་བར་མཛད་དུ་གསོལ༔ སློབ་དཔོན་གྱིས༔ ཨེ་མ་ཧོ༔ བདེ་གཤེགས་བླ་མ་འགྲོ་འདུལ་ལྔ་བཅུ་རྩ་བརྒྱད་རྣམས༔ དམིགས་མེད་ཆོས་ཀྱི་སྐུ་ལས་ད་ལྟ་བཞེངས་སུ་གསོལ༔ ཕྱི་སྐོར་བླ་མ་སུམ་ཅུ་རྩ་གཅིག་སྣང་བར་མཛོད༔ ཡེ་ཤེས་སྐུ་ཡིས་སློབ་མར་བྱིན་རླབས་དབང་ཆེན་ད་ལྟ་བསྐུར་དུ་གསོལ༔ ཞེས་དང༔ བླ་མའི་མངོན་རྟོགས་སུམ་ཅུ་རྩ་གཅིག་དཔོན་སློབ་གཉིས་ཀས་བསྒོམ༔ བསམ་གཏན་གྱི་ཁང་བུར༔ ཇི་ལྟར་བསམ་ཡང་སོགས་རྡོ་རྗེའི་གླུ་བླངས་ལ་ཤྲཱི་སིཾ་ཧའི་སྐུ་སྤྱི་བོར་བཞག་ལ་བསྟིམ༔ རྡོ་རྗེའི་བཟླས་པ་བྱ་ཞིང༔ ཤྲཱི་སིཾ་ཧ་རང་རིག་ཏུ་རྫོགས་པའི་ངང་དུ་མཉམ་པར་གཞག༔ དེ་བཞིན་དུ་སྐོར་གསུམ་གྱི་བླ་མ་རྣམས་ཀྱི་བྱིན་རླབས་རིགས་པས་འཕྲུལ་ལོ༔ ཕྱི་སྐོར་བླ་མའི་སྒྲུབ་དབང་རྫོགས་སོ༔ ས་མ་ཡ་རྒྱ་རྒྱ༔ ྈྈྈ གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཁྱེན་བརྩེའི་དབང་པོས་བྲིས་པ་དགེའོ།། །། ༁ྃ༔ དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ཤྲཱི་སིཾ་ཧའི་རྡོ་རྗེའི་གླུ་བཞུགས་སོ༔ ཤྲཱི་སིཾ་ཧའི་རྡོ་རྗེའི་གླུ་ནི༔ ཇི་ལྟར་བསམ་ཡང་མི་རྟོག་ངང༔ ཇི་ལྟར་སྨྲས་ཀྱང་སྒོམ་པ་མེད༔ སྣང་སྲིད་ཆོས་ཀུན་ཡེ་ཤེས་ངང༔ ཡེ་ཤེས་བཙལ་དུ་མེད་པ་འདི༔ རང་བྱུང་རང་ཤར་ཐལ་ལེ་བ༔ ང་ནི་དེང་ཕྱིན་གཞི་ལ་གནས༔ གཞི་ནི་མ་བཅོས་ལྷུག་པར་འདུག༔ མཚན་ཉིད་ཀུན་ལྡན་འོད་གསལ་བ༔ ཅིར་ཡང་མ་ཡིན་ཅིར་ཡང་རྟོགས༔ ལྟ་བ་མཐར་ཕྱིན་ཤྲཱི་སིཾ༔ སྒོམ་པའི་བློ་དང་བྲལ་འདོད་ནས༔ གསལ་བ་འདི་ལ་ལམ་བྱས་པས༔ གཏད་སོ་མེད་པའི་ཉམས་ཤིག་ཤར༔ རྒྱུན་ཆད་མེད་པའི་ཤྲཱི་སིཾ༔ སྤྱོད་པ་སྤྱད་རྒྱུ་འདུག་གམ་བལྟས༔ ཅི་བྱས་ཐམས་ཅད་བདེ་བ་ཆེ༔ གང་བྱུང་ཐམས་ཅད་དགའ་བའི་ངང༔ ཟུང་འཇུག་མངོན་གྱུར་ཤྲཱི་སིཾ༔ འབྲས་བུ་འཐོབ་པར་བྱ་བའི་ཕྱིར༔ གཞི་ཡི་སྟེང་དུ་མཉམ་པར་བཞག༔ འཇམ་དཔལ་བཤེས་གཉེན་གདམས་པ་སྟེ༔ སེམས་ཀྱི་ཀློང་ནས་གཏེར་དུ་རྙེད༔ རྣམ་ཤེས་ཡུལ་དབང་ཀུན་གཞི་རྣམས༔ སོ་སོར་དབྱེར་མེད་དམིགས་སུ་མེད༔ གང་ཡང་འདི་ཞེས་མེད་པ་ཡི༔ བདེ་བ་ཆེན་པོར་ཨ་ལ་ལ་ཧོ༔ ཞེས་བསམ་གཏན་གྱི་ཁང་བུར་གླུ་ཕྱི་མ་བླངས་པའོ༔ གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ །ཞུས་སོ།། །།

དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ཕྱི་སྐོར་བླ་མ་རྣམས་ཀྱི་རྡོ་རྗེའི་གླུ་ (Volume 62, Text 27)

དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ཕྱི་སྐོར་བླ་མ་རྣམས་ཀྱི་རྡོ་རྗེའི་གླུ་བཞུགས༔ ྈྈྈྈྈ ཕྱི་སྐོར་བླ་མའི་རྡོ་རྗེའི་གླུ་ཡི་སྡེ་ཚན་ལས༔ ལིཙྪ་བི་དྲི་མེད་གྲགས་པས་རིན་པོ་ཆེའི་ཁང་བཟང་ནས་སྐྱ་རེངས་དང་པོ་ཤར་བ་དང་དུས་མཚུངས་པར༔ ཨ་ཧོ༔ གསང་སྔགས་ནམ་མཁའི་རྣལ་འབྱོར་དྲི་མེད་གྲགས་པ་ང༔ ཡུལ་ལ་ཞུགས་པའི་སེམས་རྣམས་ཐམས་ཅད་དབྱིངས་ཉིད་དེ༔ ཅོག་གཞག་ལྷུག་པར་བཞག་པའི་རིག་པ་འདི་ཀ་རང༔ ཕྱི་ནང་གཉིས་མེད་ཟང་ཐལ་ཀུན་ཏུ་འོད་གསལ་བའོ༔ ༈ ལྷའི་དབང་པོས་རྣམ་པར་རྒྱལ་བའི་ཁང་བཟང་དུ་སེམས་བདེ་བ་ཆེན་པོ་དུས་ལས་འདས་པའི་དུས་སུ༔ ལྷ་དབང་བརྒྱ་བྱིན་བདེ་ཆེན་རང་གསལ་བདག་ཉིད་ནི༔ བདེ་བའི་ཡུལ་ལ་མ་ཞེན་སྣང་བ་སྒྱུ་མར་རྟོགས༔ རང་གྲོལ་དམིགས་སུ་མེད་ལ་ཅིར་སྣང་བརྗོད་པ་བྲལ༔ ཆོས་ཉིད་ཀློང་དུ་རང་ཤར་རང་གྲོལ་ཕ་མཐར་སོན༔ ༈ གནོད་སྦྱིན་སྐར་མདའ་གདོང་གིས་ནོར་བུས་བརྒྱན་པའི་ཤིང་གི་དྲུང་ནས་སེམས་རིག་མ་བུ་འདྲེས་པའི་དུས་ན༔ ཆོས་དབྱིངས་རང་གསལ་སེམས་ལ་ཡོངས་སུ་རྫོགས་པ་ལས༔ ཀུན་ཏུ་བཟང་པོས་མ་གཟིགས་ལྟ་བ་ཀློང་ཡངས་དེ༔ མེད་པར་བསྒྲུབ་མེད་ཡེ་ཤེས་འོད་གསལ་སྙིང་པོ་སྟེ༔ སྒྱུ་མའི་ལུས་ཀྱི་རྒྱ་ཞིག་གསལ་རྫོགས་ནམ་མཁའི་རྒྱལ་པོར་འདྲེས༔ ༈ སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་རི་བོ་གནམ་ལྕགས་འབར་བའི་རྩེ་མོ་ནས་སྐྱ་རེངས་གཉིས་པ་ཤར་བ་ན༔ ཤར་གྲོལ་དུས་མཉམ་བྱུང་བའི་བློ་གྲོས་ཐབས་ལྡན་བདག༔ དམིགས་མེད་ནམ་མཁའི་ངང་དུ་ཡེ་ནས་གནས་པ་ལས༔ འོད་གསལ་དག་པའི་ཡེ་ཤེས་ཉི་མ་སེམས་ལས་ཤར༔ གསལ་སྟོང་ཟུང་འཇུག་ཉི་མ་དྭངས་གསལ་ནམ་མཁའ་ཉིད་དང་མཚུངས༔ ༈ ཀླུ་རྒྱལ་བྱང་ཆུབ་སེམས་དཔས་རིན་པོ་ཆེའི་ཁང་བཟང་དགུ་རིམ་ནས་སེམས་རིག་གཉིས་སུ་མེད་པར་འབྱེད་པའི་དུས་ན༔ རང་གིས་རང་བཅིངས་བཅིང་བ་དམ་པོའི་མ་རིག་པ༔ གང་གིས་དགྲོལ་དུ་མེད་དེ་རང་བྱུང་རང་གྲོལ་ལོ༔ ཡེ་ནས་རང་བྱུང་རིག་པར་ཤེས་པས་མ་བཅོས་བྱར་མེད་པ༔ གང་དུའང་མི་གནས་བསྒོམ་བྱའི་བློ་དང་བྲལ་བའོ༔ ༈ སྐལ་ལྡན་རྒྱལ་པོ་ཛཿས་མཁའ་འགྲོ་མའི་ཚོགས་ཁང་ཆེན་མོར་ཉི་མ་འཆར་ཀ་དང་དུས་མཚུངས་པར༔ བདག་ནི་སྐལ་ལྡན་རྒྱལ་པོ་ཛ༔ སྒྱུ་མ་བདེ་བའི་ལམ་བྱས་ཏེ༔ རྫོགས་པ་ཆེན་པོའི་དོན་བསྒོམས་པས༔ ཚོགས་དྲུག་ཡུལ་གྱི་སྣང་བ་ཀུན༔ སྤང་བླང་རྩིས་གདབ་མེད་པ་རུ༔ རང་ཤར་རང་གྲོལ་བདེ་བའི་ངང༔ བློ་འདས་བྱར་མེད་ཆེན་པོར་རྫོགས༔ ༈ རིག་འཛིན་དགའ་རབ་རྡོ་རྗེས་ཆོས་ཀྱི་དབྱིངས་ནས་རྡོ་རྗེ་སེམས་དཔའི་དྲུང་དུ་སེམས་ཉིད་འོད་གསལ་བའི་དུས་སུ༔ ང་ནི་མི་ཡི་རིག་འཛིན་དགའ་རབ་རྡོ་རྗེ་སྟེ༔ སེམས་ལ་བལྟ་བའི་ཡུལ་མེད་འཛིན་པ་རང་སར་དག༔ སྒོམ་པའི་བློ་དང་བྲལ་ནས་གསལ་དང་མི་གསལ་མེད༔ སྤྱོད་པ་ཅི་དགར་བཏང་བས་རེ་དོགས་རྩིས་གདབ་བྲལ༔ འབྲས་བུ་འོད་གསལ་སྙིང་པོའི་ཀློང་དུ་རང་བཞིན་གྲོལ༔ ༈ སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་དུར་ཁྲོད་ཧེ་ཆེན་བརྡལ་དུ་མཆོད་རྟེན་ལ་སྐུ་རྒྱབ་བརྟེན་ཏེ་སྒྲུབ་པའི་ཚེ་སྲོད་ཀྱི་དུས་སུ་དགོངས་པ་རང་བྱུང་གི་གླུ་བླངས་པ་ནི༔ དགའ་རབ་རྡོ་རྗེའི་ཐུགས་སྲས་འཇམ་དཔལ་བཤེས་གཉེན་བདག༔ གདམས་ངག་སྒོམ་མཁན་མི་སྣང་འོད་གསལ་ཀུན་ལ་ཁྱབ༔ དེ་ཉིད་དམིགས་སུ་མ་མཆིས་དམིགས་ཡུལ་རྡུལ་ཙམ་མེད༔ སྟོང་ཉིད་ཀ་ནས་དག་ཀྱང་སྐུ་དང་ཡེ་ཤེས་གསལ༔ ཞེས་གསུངས་སོ༔ གཞན་ཡང་རིག་འཛིན་བཅོ་བརྒྱད་ཀྱི་རྡོ་རྗེའི་གླུ་ཡང་དཔེ་རྒྱུད་ལྟར་རྟོགས་པར་བྱའོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ྈྈྈྈ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ །ཞུས་སོ།། །།

རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ཕྱི་སྐོར་ཡི་དམ་ཞི་བའི་སྒྲུབ་པ་ (Volume 62, Text 28)

༁ྃ༔ རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ཕྱི་སྐོར་ཡི་དམ་ཞི་བའི་སྒྲུབ་པ་བཞུགས་སོ༔ སྡེ་གསུམ་ཕྱི་སྐོར་སེམས་སྡེ། ྈྈྈ ན་མོ་གུ་རུ༔ ཕྱི་སྐོར་ཡི་དམ་སྒྲུབ་པ་ནི༔ སེམས་ཉིད་ཀ་ནས་དག་པའི་ངང༔ མ་བཅོས་ལྷུན་གྲུབ་ཅིར་ཡང་གསལ༔ སྒོམ་མེད་ངང་དུ་རང་ཤར་དུ༔ ཡེ་ཤེས་ཆེན་པོའི་གཞལ་ཡས་ཁང༔ ནང་དུ་ཚོམ་བུ་དགུ་ཡི་ཚུལ༔ དབུས་སུ་རྣམ་པར་སྣང་མཛད་ནི༔ དཀར་གསལ་ཞལ་གསུམ་ཕྱག་དྲུག་པ༔ གཡས་གཡོན་འཁོར་ལོ་རྡོ་རྗེ་དང༔ རིན་ཆེན་པདྨ་རྒྱ་གྲམ་དྲིལ༔ ཡུམ་ནི་དབྱིངས་ཕྱུག་མ་དང་འཁྲིལ༔ རིགས་བཞི་ཡབ་ཡུམ་གཙོ་འཁོར་བཅུ༔ ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཛྙཱ་ན་སཏྭ་ཧཱུྃ༔ ཤར་གྱི་དཀྱིལ་འཁོར་ཆེན་པོའི་དབུས༔ རྡོ་རྗེ་སེམས་དཔའ་དཀར་གསལ་མདངས༔ ཞལ་གསུམ་ཕྱག་དྲུག་ལོངས་སྐུའི་ཆས༔ རྡོ་རྗེ་གཙོར་གྱུར་ཕྱག་མཚན་འཛིན༔ ཡུམ་ནི་སྙེམས་མ་གཉིས་མེད་སྦྱོར༔ རིགས་ཆུང་གཙོ་འཁོར་བཅུ་རུ་གསལ༔ ཨཱོྃ་བཛྲ་སཏྭ་ཨཱ༔ ལྷོ་ཡི་དཀྱིལ་འཁོར་ཆེན་པོ་རུ༔ འཇམ་དཔལ་གཞོན་ནུ་སེར་གསལ་མདངས༔ ཞལ་གསུམ་ཕྱག་དྲུག་ལོངས་སྐུའི་ཆས༔ རལ་གྲི་གཙོར་གྱུར་ཕྱག་མཚན་འཛིན༔ ཡུམ་ནི་གཉིས་མེད་གཱིརྟི་མ༔ རིགས་ཆུང་གཙོ་འཁོར་བཅུ་རུ་གསལ༔ ཨཱོྃ་མཉྫུ་ཤྲཱི་མཱུཾ༔ ནུབ་ཀྱི་དཀྱིལ་འཁོར་ཆེན་པོ་རུ༔ འཇིག་རྟེན་དབང་ཕྱུག་སྐུ་མདོག་དམར༔ ཞལ་གསུམ་ཕྱག་དྲུག་ལོངས་སྐུའི་ཆས༔ པདྨ་གཙོར་གྱུར་ཕྱག་མཚན་འཛིན༔ ཡུམ་ནི་གཉིས་མེད་མཱ་ལྱ་མ༔ རིགས་ཆུང་གཙོ་འཁོར་བཅུ་རུ་གསལ༔ ཨཱོྃ་ཨཱརྻ་ཨ་ཝ་ལོ་ཀི་ཤྭ་ར་ཧྲཱི༔ བྱང་གི་དཀྱིལ་འཁོར་ཆེན་པོ་རུ༔ ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང༔ ཞལ་གསུམ་ཕྱག་དྲུག་ལོངས་སྐུའི་ཆས༔ རྡོ་རྗེ་གཙོར་གྱུར་ཕྱག་མཚན་འཛིན༔ ཡུམ་ནི་གཉིས་མེད་ནཱིརྟི་མ༔ རིགས་ཆུང་གཙོ་འཁོར་བཅུ་རུ་གསལ༔ ཨཱོྃ་བཛྲ་པཱ་ཎི་ཧཱུྃ༔ ཤར་ལྷོར་ཀུན་བཟང་རྡོ་རྗེ་འཆང༔ མཐིང་གསལ་ཞལ་གསུམ་ཕྱག་དྲུག་པ༔ རྡོ་རྗེ་གཙོར་གྱུར་ཕྱག་མཚན་འཛིན༔ ཡུམ་ནི་གཉིས་མེད་མེ་ཏོག་མ༔ རིགས་ཆུང་གཙོ་འཁོར་བཅུ་རུ་གསལ༔ ཨཱོྃ་ས་མནྟ་བྷ་དྲ་ཧཱུྃ༔ ལྷོ་ནུབ་དཀྱིལ་འཁོར་ཆེན་པོ་རུ༔ ནམ་མཁའི་སྙིང་པོ་སྐུ་མདོག་སེར༔ ཞལ་གསུམ་ཕྱག་དྲུག་ལོངས་སྐུའི་ཆས༔ རིན་ཆེན་གཙོར་གྱུར་ཕྱག་མཚན་འཛིན༔ ཡུམ་ནི་གཉིས་མེད་བདུག་སྤོས་མ༔ རིགས་ཆུང་གཙོ་འཁོར་བཅུ་རུ་གསལ༔ ཨཱོྃ་ཁ་གརྦྷ་ཏྲཱཾ༔ ནུབ་བྱང་དཀྱིལ་འཁོར་ཆེན་པོ་རུ༔ ས་ཡི་སྙིང་པོ་སྐུ་མདོག་དཀར༔ ཞལ་གསུམ་ཕྱག་དྲུག་ལོངས་སྐུའི་ཆས༔ པདྨ་གཙོར་གྱུར་ཕྱག་མཚན་འཛིན༔ ཡུམ་ནི་གཉིས་མེད་མར་མེ་མ༔ རིགས་ཆུང་གཙོ་འཁོར་བཅུ་རུ་གསལ༔ ཨཱོྃ་ཀྵིཾ་ཧི་རཱ་ཛ་ཧཱུྃ༔ བྱང་ཤར་དཀྱིལ་འཁོར་ཆེན་པོ་རུ༔ བྱམས་པ་མགོན་པོ་སྐུ་མདོག་ལྗང༔ ཞལ་གསུམ་ཕྱག་དྲུག་ལོངས་སྐུའི་ཆས༔ རལ་གྲི་གཙོར་གྱུར་ཕྱག་མཚན་འཛིན༔ ཡུམ་ནི་གཉིས་མེད་དྲི་ཆབ་མ༔ རིགས་ཆུང་གཙོ་འཁོར་བཅུ་རུ་གསལ༔ ཨཱོྃ་མཻ་ཏྲི་དྷཱ་རཱ་ཨཱ༔ ཁྱམས་ཀྱི་ཕྱོགས་མཚམས་ཐམས་ཅད་དུ༔ བྱ་བྱེད་ཐུབ་པ་དྲུག་བཅས་གསལ༔ སྒོ་བཞིར་ཏ་ཀྲྀཏ྄་ཡབ་ཡུམ་བརྒྱད༔ ཞི་བ་དབྱིངས་ཀྱི་དཀྱིལ་འཁོར་གསལ༔ བསྐྱེད་པའི་སྔགས་རྣམས་ཛཔ྄་ཏུ་བཟླས༔ ཕྱི་སྐོར་ཡི་དམ་སྒྲུབ་པ་འོ༔ ས་མ་ཡ་རྒྱ་རྒྱ༔ ྈྈྈྈ གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ །སརྦ་དཱ་མངྒ་ལཾ།། །།

རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ཕྱི་སྐོར་ཡི་དམ་ཞི་བའི་དབང་བསྐུར་ (Volume 62, Text 29)

རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ཕྱི་སྐོར་ཡི་དམ་ཞི་བའི་དབང་བསྐུར་བཞུགས༔ ྈྈྈ ན་མོ་གུ་རུ༔ ཕྱི་སྐོར་ཡི་དམ་ཞི་སྒྲུབ་དབང༔ ཚུལ་བཞིན་བསྐུར་ན་དཀྱིལ་འཁོར་བྲི༔ བུམ་པ་རྒྱས་བསྡུས་གང་འཛོམ་ལ༔ བཅུད་ཀྱིས་གཏམས་ནས་ཆས་ལྡན་བཤམས༔ རིགས་ལྔ་ཅོད་པན་རྡོར་དྲིལ་དང༔ སྐུ་གཟུགས་སློབ་དཔོན་ཆས་སོགས་བསྒྲིགས༔ སྒྲུབ་མཆོད་ནར་མའི་གཞུང་བསྲངས་ལ༔ དབང་བླངས་སློབ་མ་མདུན་དུ་དགུག༔ རྒྱས་པར་ཕྱི་འཇུག་ལ་སོགས་བྱ༔ སློབ་མས་ཡོན་ཕུལ་ཐལ་སྦྱར་ནས༔ ཨེ་མ་ཧོ༔ བདེ་གཤེགས་བླ་མ་རྒྱལ་བ་སྲས་བཅས་ཀུན༔ མ་ལུས་བདག་ཅག་རྣམས་ལ་དགོངས་སུ་གསོལ༔ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་རུ༔ བདག་ཅག་གཞུག་ཅིང་སྨིན་པར་མཛད་དུ་གསོལ༔ སློབ་དཔོན་གྱིས༔ ཨཱོྃ༔ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར༔ འཇུག་ཅིང་སྨིན་པ་བསྐལ་པར་རྙེད་མི་འགྱུར༔ རྩོལ་བས་ཚུལ་བཞིན་འཇུག་པར་རྗེས་ཡི་རང༔ བུ་རྣམས་ཚུར་ཤོག་དམ་ཚིག་ཐུབ་པར་གྱིས༔ སློབ་མས་རྒྱུད་སྦྱོང་ཚོགས་གསག་འབུལ༔ ཨེ་མ་ཧོ༔ བདེ་གཤེགས་སྲས་བཅས་མ་ལུས་པ༔ ཀུན་ནས་བདག་ལ་དགོངས་སུ་གསོལ༔ དེ་བཞིན་གཤེགས་པའི་རིགས་རྣམས་ཀྱི༔ སྡོམ་པ་མ་ལུས་བདག་གིས་གཟུང༔ སྲོག་གི་ཕྱིར་ཡང་མི་གཏང་ངོ༔ སློབ་དཔོན་གྱིས༔ དེ་ལྟར་ཡིན་ན་དེ་བཞིན་གཤེགས༔ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ༔ བཅུག་ཅིང་སྨིན་པར་བྱེད་དུ་རུང༔ དམ་ཚིག་ཆེན་པོ་དེ་ཉིད་སྲུངས༔ དངོས་གྲུབ་ཆེན་པོ་དེས་འཐོབ་བྱེད༔ དེ་བས་དམ་ལས་མ་འདའ་ཞིག༔ ཨཱོྃ་བཛྲ་ས་མ་ཡ་ཧཱུྃ༔ རྡོ་རྗེ་མགོ་བོར་བཞག༔ སློབ་མ་རྣམ་པར་སྣང་མཛད་དུ་གསལ་བའི་སྤྱི་བོར་ཧཾ༔ མགྲིན་པར་ལཾ༔ སྙིང་གར་བཾ༔ ལྟེ་བར་རཾ༔ རྐང་མཐིལ་ཡཾ་རྣམས་ལས་འོད་ཟེར་འཕྲོས་པས༔ བདེ་བར་གཤེགས་པ་ནམ་མཁའ་གང་བར་བྱོན་ནས་ཡི་གེ་རྣམས་ལ་ཐིམ༔ འོད་དུ་ཞུ་ལུས་མེར་གྱིས་གང་བར་བསམ༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ རོལ་མོའི་སྒྲ་བསྒྲགས་དེ་ཉིད་བརྟན་པར་བྱས་ལ༔ བུམ་པས་དབང་བསྐུར་བ་ནི༔ ཧཱུྃ༔ རིན་ཆེན་བུམ་པ་གཞལ་ཡས་ཁང༔ ནང་དུ་བདེ་གཤེགས་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྣང་སྟོང་ཡེ་ཤེས་རྟོགས་པར་ཤོག༔ ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ སྤྲོ་ན་སོ་སོའི་མཚན་སྦྱར་བསྐུར༔ དབུ་རྒྱན་བཟུང་ལ༔ ཧཱུྃ༔ རིན་ཆེན་མཛེས་པའི་དབུ་རྒྱན་འདི༔ རྒྱལ་བ་ཀུན་གྱི་ཅོད་པན་ཏེ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ མཉམ་ཉིད་ཡེ་ཤེས་རྟོགས་པར་ཤོག༔ རཏྣ་མུ་ཀུ་ཊཾ་ཨ་བྷི་ཥིཉྩ་ཏྲཱཾ༔ རྡོ་རྗེ་གཏད་ལ༔ ཧཱུྃ༔ མི་ཆོད་མི་ཤིགས་རྡོ་རྗེ་འདི༔ རྒྱལ་བ་ཀུན་གྱི་གསང་གསུམ་སྟེ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སོར་རྟོག་ཡེ་ཤེས་རྟོགས་པར་ཤོག༔ པདྨ་དྷཱ་ར་ཨ་བྷི་ཥིཉྩ་ཧྲཱི༔ དྲིལ་བུ་གཏད་ལ༔ ཧཱུྃ༔ སྟོང་པ་ཉིད་ཀྱི་དྲིལ་བུ་ཆེ༔ རྒྱལ་བ་ཀུན་གྱི་དབྱངས་དང་ལྡན༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བྱ་གྲུབ་ཡེ་ཤེས་རྟོགས་པར་ཤོག༔ ཀརྨ་གཎྜེ་ཨ་བྷི་ཥིཉྩ་ཨཱ༔ ཅོད་པན་བཅིང་ལ༔ ཧཱུྃ༔ རྒྱལ་བ་ཀུན་གྱི་མཚན་མཆོག་ནི༔ ཐོག་མ་བར་དང་མཐའ་མར་དགེ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཆོས་དབྱིངས་ཡེ་ཤེས་རྟོགས་པར་ཤོག༔ བུདྡྷ་ན་མཿསརྦ་ཏ་ཐཱ་ག་ཏ་ཆེ་གེ་མོ་ཞེས་བྱ་བའོ༔ སྐུ་རྣམས་སོ་སོར་བསྐུར་ཞིང༔ ཧཱུྃ༔ དབུས་ཀྱི་ཕྱོགས་ཀྱི་དེ་བཞིན་གཤེགས༔ བཅོམ་ལྡན་རྣམ་པར་སྣང་མཛད་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རྣམ་པར་སྣང་མཛད་དབང་ཐོབ་ཤོག༔ ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཛྙཱ་ན་སཏྭ་ཧཱུྃ༔ ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཤར་གྱི་ཕྱོགས་ཀྱི་དེ་བཞིན་གཤེགས༔ བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རྡོ་རྗེ་སེམས་དཔའི་དབང་ཐོབ་ཤོག༔ ཨཱོྃ་བཛྲ་སཏྭ་ཨཱ༔ ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ལྷོ་ཡི་ཕྱོགས་ཀྱི་དེ་བཞིན་གཤེགས༔ བཅོམ་ལྡན་འཇམ་དཔལ་གཞོན་ནུ་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འཇམ་དཔལ་གཞོན་ནུའི་དབང་ཐོབ་ཤོག༔ ཨཱོྃ་མཉྫུ་ཤྲཱི་མཱུཾ༔ ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ཀྱི་དེ་བཞིན་གཤེགས༔ བཅོམ་ལྡན་འཇིག་རྟེན་དབང་ཕྱུག་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འཇིག་རྟེན་དབང་ཕྱུག་དབང་ཐོབ་ཤོག༔ ཨཱོྃ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ཧྲཱི༔ ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ བྱང་གི་ཕྱོགས་ཀྱི་དེ་བཞིན་གཤེགས༔ བཅོམ་ལྡན་ཕྱག་ན་རྡོ་རྗེ་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཕྱག་ན་རྡོ་རྗེའི་དབང་ཐོབ་ཤོག༔ ཨཱོྃ་བཛྲ་པཱ་ཎི་ཧཱུྃ༔ ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཤར་ལྷོ་མཚམས་ཀྱི་དཀྱིལ་འཁོར་ནས༔ བཅོམ་ལྡན་ཀུན་ཏུ་བཟང་པོ་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཀུན་ཏུ་བཟང་པོའི་དབང་ཐོབ་ཤོག༔ ཨཱོྃ་ས་མནྟ་བྷ་དྲ་ཧཱུྃ༔ ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ལྷོ་ནུབ་མཚམས་ཀྱི་དེ་བཞིན་གཤེགས༔ བཅོམ་ལྡན་ནམ་མཁའི་སྙིང་པོ་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ནམ་མཁའི་སྙིང་པོའི་དབང་ཐོབ་ཤོག༔ ཨཱོྃ་ཁ་གརྦྷ་ཏྲཱཾ༔ ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ནུབ་བྱང་མཚམས་ཀྱི་དེ་བཞིན་གཤེགས༔ བཅོམ་ལྡན་ས་ཡི་སྙིང་པོ་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ས་ཡི་སྙིང་པོའི་དབང་ཐོབ་ཤོག༔ ཨཱོྃ་ཀྵིཾ་ཧི་རཱ་ཛ་ཧྲཱི༔ ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ བྱང་ཤར་མཚམས་ཀྱི་དེ་བཞིན་གཤེགས༔ བཅོམ་ལྡན་བྱམས་པ་མགོན་པོ་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བྱམས་པ་མགོན་པོའི་དབང་ཐོབ་ཤོག༔ ཨཱོྃ་མཻ་ཏྲི་དྷཱ་ར་ཨཱ༔ ཨ་བྷི་ཥིཉྩ་ཨཱོྃ༔ སློབ་མ་ཁྲི་ལ་མངའ་གསོལ་ཞིང༔ ཧཱུྃ༔ རང་བྱུང་ལྷུན་གྲུབ་དགོངས་པ་མངོན་གྱུར་པའི༔ རྡོ་རྗེ་སློབ་དཔོན་བདག་པོའི་དབང་ཐམས་ཅད༔ དེང་འདིར་རྡོ་རྗེ་སློབ་དཔོན་འདིར་རྫོགས་ནས༔ རྒྱལ་བ་རྣམས་ཀྱིས་ཤིས་པ་བརྗོད་གྱུར་ཅིག༔ རྟེན་འབྲེལ་སྙིང་པོ་བཟླས་ཤིང་མངའ་གསོལ་ལོ༔ རྒྱས་པར་མཆོག་དབང་ལ་སོགས་པ༔ དབང་ཕྲེང་ཆེ་ཆུང་རྣམས་ནས་བླང༔ དེ་ལྟར་རྡོར་དབྱིངས་དཀྱིལ་འཁོར་གྱི༔ དབང་བསྐུར་ཡོངས་རྫོགས་ཕྱི་སྐོར་འདི༔ ཡང་ཟབ་ཀུན་གྱི་མཐར་ཐུག་པའི༔ རྫོགས་པ་ཆེན་པོའི་ཆོས་སྡེར་འདུ༔ ས་མ་ཡ་རྒྱ་རྒྱ༔ ྈྈྈྈ གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ །སརྦ་མངྒ་ལཾ། །ཞུས་སོ།། །།

རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ཕྱི་སྐོར་ཁྲིད་ཀྱི་བྱིན་རླབས་ (Volume 62, Text 30)

རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ཕྱི་སྐོར་ཁྲིད་ཀྱི་བྱིན་རླབས་བཞུགས༔ ྈྈྈ ཕྱི་སྐོར་ཁྲིད་ཀྱི་བྱིན་རླབས་ནི༔ དཀྱིལ་འཁོར་པད་བུམ་སྙིང་ཨ་བྲི༔ ཁ་རྒྱན་བུམ་པ་སྙིང་ཨ་བཤམས༔ ཀྱེ༔ རིགས་ཀྱི་བུ་རྣམས༔ དབང་བསྐུར་བའི་ཚུལ་ནི་འདི་ལྟ་བུ་སྟེ༔ བསྐུར་བྱ་སྐུར་བྱེད་བསྐུར་ཐོབ་དང་བྲལ་བའོ༔ སློབ་མ་རྣམས་ཀྱིས་མཎྜལ་དང་བཅས་ཏེ༔ རང་ཤེས་རིག་པའི་རྒྱལ་པོ་བླ་མ་ཀུན་ཏུ་བཟང་པོར་སྒོམ༔ བདག་ལ་བྱ་རྩོལ་བྲལ་བའི་རྫོགས་ཆེན་ཐམས་ཅད་སེམས་སུ་བལྟ་བ༔ བརྡ་ཙམ་གྱིས་ནི་རྟོགས་པའི་བྱིན་རླབས་འཕོ་བའི་དབང༔ སློབ་དཔོན་དགོངས་པའི་མཐར་ཐུག་གང་ཡོད་བདག་ལ་བསྩལ་དུ་གསོལ༔ ཞེས་ཞུས་མཆོད་བསྟོད་བཤགས་པ་བྱ༔ ཀྱེ༔ རིགས་ཀྱི་བུ་སློབ་དཔོན་མ་བཅོས་གསལ་རྫོགས་ལྷུག་པར་གནས་པའི་སྙིང་རྩ་འདབ་དབུས་དང་བཅས་པའི་ཕྱོགས་བརྒྱད་ན་ཨ་སུམ་ཅུ་རྩ་གཅིག་བསྒོམ༔ སྙིང་གར་གནས་པའི་ཨ་དཀར་པོ་ལས་འོད་ཟེར་མདའ་འཕང་པ་ལྟར་འཕྲོས༔ དཀྱིལ་འཁོར་དབུས་ཀྱི་ཨ་ཐམས་ཅད་ལའང་ཕོག༔ དེ་ལས་ཀྱང་འོད་ཟེར་སྔར་ལྟར་འཕྲོས་ཏེ་རྫས་ཀྱི་ཨ་ཡིག་ལ་ཕོག༔ དེ་ལས་འོད་ཟེར་སྐར་མདའ་ལྟར་འཕྲོས་པས་སློབ་མའི་སྙིང་ནང་གི་ཨ་ལ་ཕོག་པས༔ སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཨ་ཡིག་བཞི་ལ་ཐིམ༔ རང་ལུས་ཀྱང་ཨ་ཡིག་ལ་ཐིམ༔ ཨ་ཡིག་འོད་དུ་མེར་གྱིས་ཞུ་ནས་མི་དམིགས་པར་མཉམ་པར་བཞག༔ སླར་ཡང་མ་འདྲེས་གསལ་རྫོགས་སུ་གསལ་བས༔ སྙིང་གའི་ཨ་ཡིག་ལས་འོད་འཕྲོས༔ སྙིང་གི་ནང་ཐམས་ཅད་གསལ༔ བུམ་ནང་གི་མར་མེ་ལྟ་བུའི་འོད་གསལ་བར་བལྟ་བ་ནི་སྤྱི་ཙམ་སྟེ་མན་ངག་ནི་གཞན་དུ་ཤེས༔ དཀྱིལ་འཁོར་གྱི་བརྡ་དོན་ངོ་སྤྲད་པ་ནི༔ དཀྱིལ་འཁོར་དབུས་ཀྱི་ཨ་དཀར་པོ་དེ་ནི་ཀུན་གཞི་དྲི་མ་མེད་པ་མཚོན་ནོ༔ ཨ་ཡིག་ཕྱི་རོལ་དུ་ཙིཏྟ་རིན་ཆེན་འདི་ནི་ཀུན་གཞིའི་ངོ་བོ་སྟོང་པའི་འོད་གསལ་བ་ལས་མ་རིག་པ་རྣམ་ཤེས་སམ༔ རིག་པའི་དུས་ན་ཡེ་ཤེས་སུ་མཚོན་པས་སྐུ་གཉིས་ལྷུན་གྱིས་གྲུབ་པའོ༔ བུམ་པ་ནི་ལུས་དབང་པོའི་སྒོ་ཐམས་ཅད་གསལ་ཞིང་རྣམ་ཤེས་ཀྱི་འཇུག་སྒོ་ཕྱི་ནང་གི་ཡུལ་ཤེས་གཉིས་ཀྱི་གོ་འབྱེད་པ་ལྟ་བུ་སྟེ༔ བུམ་པའི་སྒོ་འགགས་པས་སོ་སོར་དབྱེ་བ་ཙམ་ལས་བུམ་པ་དབྱིངས་སུ་ཐིམ་པའི་ཚེ་ནམ་མཁའ་ཕྱི་ནང་གཅིག་ཏུ་འགྱུར་བ་བཞིན༔ ལུས་ཀྱི་རྒྱ་གྲོལ་བས་ཡུལ་དང་ཤེས་པ་དབྱེར་མེད་ཅིང༔ དེ་ཉིད་ཀྱང་ཀུན་གཞིའི་དབྱིངས་སུ་རྫོགས་པར་འགྱུར་བས་ན༔ མ་དག་པའི་དབང་པོ་གཉིས་སུ་འཛིན་ཅིང༔ དག་པའི་དབང་པོ་བདེན་མེད་དུ་མཐོང་བས་བུམ་པ་ཆག་པའི་མར་མེས་ཕྱི་ནང་འོད་གསལ་བ་བཞིན༔ འོད་གསལ་དག་པའི་གཞོན་ནུ་བུམ་པའི་སྐུར་ལྷུན་གྱིས་གྲུབ་པར་མཚུངས་ལ༔ པདྨ་ནི་མ་དག་པའི་ངོ་ནས་ཀུན་གཞི་ནས་གསལ་བའི་ཆ་མ་རྟོགས་པར་རྣམ་ཤེས་ཀྱི་འཇུག་པ་དབང་པོས་མཚམས་སྦྱར་ཏེ་ཡུལ་ཐམས་ཅད་སྣ་ཚོགས་བདེན་ཞེན་དུ་མཐོང་བར་བྱེད་ལ༔ དེ་ཉིད་རྣམ་ཤེས་གནས་འགྱུར་བའི་ཚེ་དབང་པོ་བདེ་བ་འོད་གསལ་ཞིང་ཕྱི་ཡི་རྟོག་ཚོགས་ཐམས་ཅད་ཆོས་ཉིད་ཀྱི་རང་སྣང་དུ་རྟོགས་པས་ཞིང་ཁམས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་མཐོང་བའི་བརྡའོ༔ དབང་བསྐུར་བ་ནི༔ སློབ་དཔོན་གྱིས་བུམ་པ་ཐོགས་ལ༔ དང་པོ་དབང་པོའི་ཚོར་བས་མཚམས་སྦྱར་ཏེ༔ རྣམ་ཤེས་ལོག་པར་བྱེད་པ་དག་པ་དང༔ དབང་པོ་བདེན་མེད་ཉིད་དུ་རྟོགས་བྱའི་ཕྱིར༔ བདེ་ཆེན་གཞོན་ནུ་ཕྱག་རྒྱ་བུམ་པའི་དབང༔ བདེ་བས་དེ་ཉིད་རྟོགས་ཕྱིར་དབང་བསྐུར་རོ༔ ཁ་རྒྱན་སྣ་ཚོགས་མདོངས་སྒྲོ་པདྨའི་འདབ༔ སྣང་སྟོང་དབྱེར་མེད་ཡུལ་ཀུན་དག་པ་དང༔ སྣང་སྲིད་བདེ་བ་ཆེན་པོར་འཆར་བའི་ཕྱིར༔ བུམ་པའི་ཁ་རྒྱན་སྣང་སྟོང་མདངས་གསལ་དབང༔ ཕྱི་ནང་གཉིས་མེད་རྟོགས་ཕྱིར་དབང་བསྐུར་རོ༔ རྣམ་ཤེས་ཡུལ་ལ་འཇུག་པའི་མ་དག་པ༔ རྡོ་ལ་གསེར་འགྱུར་རྩི་ཡིས་བཏབ་པ་བཞིན༔ བདེ་ཆེན་མཁའ་དབྱིངས་མཉམ་སྦྱར་གཅིག་ཏུ་འཁྲིལ༔ ཙིཏྟ་རིན་ཆེན་འབར་བ་ཟུར་བརྒྱད་འདི༔ བདེ་བ་བརྒྱད་དུ་མཚོན་པའི་དབང་བསྐུར་བས༔ དགའ་བཞིའི་ཡེ་ཤེས་དབྱིངས་སུ་རྣམ་ཤེས་དག༔ ཡེ་ཤེས་འོད་གསལ་ཀློང་དུ་གྲོལ་བར་ཤོག༔ ཨ་ནི་ཀུན་གཞི་ཀ་དག་སྒྲིབ་བྲལ་ལ༔ གཙང་ཞིང་རྟག་ལ་འགྱུར་བ་མེད་པའི་ངང༔ བཟང་ངན་བླང་དོར་འཛིན་པའི་མཐའ་ལས་འདས༔ འོད་གསལ་ཀློང་ཆུབ་སེམས་ཉིད་ཡེ་ཤེས་སུ༔ བལྟས་པས་སྣང་སྲིད་ཐམས་ཅད་ཡེ་ཤེས་དབྱིངས༔ ཡོངས་རྫོགས་རྩོལ་བ་མེད་པའི་ངང་དུ་བལྟ༔ ཨ་ཨ་ཨ༔ རྒྱས་པར་རྩའི་ཨ་ཡིག་བཅོ་བརྒྱད་ལ་སེམས་འཛིན༔ དོན་བཅོ་བརྒྱད་ཀྱི་གླུ་བླང་བ་གཞན་དུ་བལྟ་འོ༔ འཕྲོས་དོན་ལས་ཅན་དྲྭ་མ་བཞི་དང༔ བཀའ་བབས་བཅུ་རྣམས་ཀྱི་གླུ་ཡང་རིགས་པས་དཔྱད་ལ་གཞུང་གཞན་དུ་རྟོགས༔ འདིར་རྩ་བའི་ཤྲཱི་སིཾ་ཧའི་གླུ་ནི༔ ཇི་ལྟར་བསམ་ཡང་མི་རྟོག་ངང༔ ཇི་ལྟར་སྨྲས་ཀྱང་སྒོམ་པ་མེད༔ སྣང་སྲིད་ཆོས་ཀུན་ཡེ་ཤེས་ངང༔ ཡེ་ཤེས་བཙལ་དུ་མེད་པ་འདི༔ རང་བྱུང་རང་ཤར་ཐལ་ལེ་བ༔ ང་ནི་དེང་ཕྱིན་གཞི་ལ་གནས༔ གཞི་ནི་མ་བཅོས་ལྷུག་པར་འདུག༔ མཚན་ཉིད་ཀུན་ལྡན་འོད་གསལ་བ༔ ཅིར་ཡང་མ་ཡིན་ཅིར་ཡང་རྟོགས༔ ལྟ་བ་མཐར་ཕྱིན་ཤྲཱི་སིཾ༔ སྒོམ་པའི་བློ་དང་བྲལ་འདོད་ནས༔ གསལ་བ་འདི་ལ་ལམ་བྱས་པས༔ གཏད་སོ་མེད་པའི་ཉམས་ཤིག་ཤར༔ རྒྱུན་ཆད་མེད་པའི་ཤྲཱི་སིཾ༔ སྤྱོད་པ་སྤྱད་རྒྱུ་འདུག་གམ་བལྟ༔ ཅི་བྱས་ཐམས་ཅད་བདེ་བ་ཆེ༔ གང་བྱུང་ཐམས་ཅད་དགའ་བའི་ངང༔ ཟུང་འཇུག་མངོན་གྱུར་ཤྲཱི་སིཾ༔ འབྲས་བུ་འཐོབ་པར་བྱ་བའི་ཕྱིར༔ གཞི་ཡི་སྟེང་དུ་མཉམ་པར་བཞག༔ འཇམ་དཔལ་བཤེས་གཉེན་གདམས་པ་སྟེ༔ སེམས་ཀྱི་ཀློང་ནས་གཏེར་དུ་རྙེད༔ རྣམ་ཤེས་ཡུལ་དབང་ཀུན་གཞི་རྣམས༔ སོ་སོར་དབྱེར་མེད་དམིགས་སུ་མེད༔ གང་ཡང་འདི་ཞེས་མེད་པ་ཡི༔ བདེ་བ་ཆེན་པོར་ཨ་ལ་ལ་ཧོ༔ ཞེས་བསམ་གཏན་གྱི་ཁང་བུར་གླུ་ཕྱི་མ་རྒྱས་པའོ༔ སློབ་བུའི་རྣ་བར་སྦུབས་མཆུ་བཙུགས་ཏེ༔ བུམ་པ་ཁུངས་གཏོར་གྱི་དགོངས་པ་ལས༔ ཆོས་ཐམས་ཅད་ཡེ་ཤེས་སུ་ཤེས༔ ཡེ་ཤེས་བཙལ་དུ་མེད་པ་འོ༔ སླར་ཡང་སྙིང་དང་འདྲ་བའི་སློབ་མ་གཅིག་ལ་སྦྱིན་པའི་ཆིག་བརྒྱུད་ནི༔ སློབ་དཔོན་འབོལ་སྟན་དགུ་བརྩེགས་སུ་གནས་པའི་སྟེང་ནས་སློབ་མའི་རྣ་བར་སྦུབས་མཆུ་བཙུགས་ཏེ༔ དང་པོ་ཐུག་ས་གཅིག་ཏུ་ཐུག༔ བར་དུ་བལྟ་ས་གཅིག་ལ་བལྟ༔ མཐའ་མར་མཐོང་བ་གཅིག་ཏུ་མཐོང༔ ཞེས་ངོ་སྤྲོད༔ ཕྱི་སྐོར་ཁྲིད་ཀྱི་བྱིན་རླབས་རྫོགས་སོ༔ ས་མ་ཡ་རྒྱ་རྒྱ༔ ཞུས་སོ།། །།

ཕྱི་སྐོར་ཁྲིད་ཀྱི་བྱིན་རླབས་དགོངས་ཉམས་གླུའི་སྐབས་བོད་ཀྱི་བཀའ་བབས་བཅུ་ལས་མ་ཚང་བ་བཙལ་དགོས་གསུངས་པ་བཙལ་ནས་གོ་ཆོད་རྒྱུས་ཟུར་བྱང་དུ་བཀོད་པ་ (Volume 62, Text 31)

ཕྱི་སྐོར་ཁྲིད་ཀྱི་བྱིན་རླབས་དགོངས་ཉམས་གླུའི་སྐབས་བོད་ཀྱི་བཀའ་བབས་བཅུ་ལས་མ་ཚང་བ་བཙལ་དགོས་གསུངས་པ་བཙལ་ནས་གོ་ཆོད་རྒྱུས་ཟུར་བྱང་དུ་བཀོད་པ་ནི། ༥༽རྒྱལ་སྲས་མུ་ཏིག་བཙན་པོས་ཨོ་རྒྱན་གུ་རུ་རིན་པོ་ཆེ་ལྷོ་ནུབ་རྔ་ཡབ་སྲིན་ཡུལ་དུ་གཤེགས་ཁར་ཚོགས་འཁོར་དང་བདོག་རྒུའི་གཅེས་ནོར་འཕུལ་ཏེ་ལྷ་ཕྱག་མང་པོ་བཙལ་ནས། བླ་མེད་བླ་མའི་འདུ་ཤེས་བཅོས་མིན་འཁྲུངས་པའི་དགོངས་ཉམས་འདི་སྐད་དོ། །རྗེ་མ་རིག་མུན་པ་སེལ་མཛད་པའི༔ ཡེ་ཤེས་སྣང་བའི་སྒྲོན་མ་ཅན༔ རྟོགས་པའི་དྲ་བ་གཅོད་མཛད་པའི༔ ཤེས་རབ་ཆེན་པོའི་རལ་གྲི་ཅན༔ ཉོན་མོངས་དགྲ་རྣམས་འཇོམས་མཛད་པའི༔ ཡང་དག་ལྟ་བའི་དམག་ཚོགས་ཅན༔ འཁོར་བའི་ཆུ་ལས་སྒྲོལ་མཛད་པའི༔ ཐུགས་རྗེ་ཆེན་པོའི་གྲུ་གཟིངས་ཅན༔ དགེ་བའི་བར་ཆད་ཞི་མཛད་པའི༔ གསང་སྔགས་ཐབས་ཀྱི་ཁྱད་པར་ཅན༔ འགྲོ་བ་ཐམས་ཅད་སྐྱོབ་མཛད་པའི༔ བསྡུ་བ་རྣམ་བཞིའི་ཕྲིན་ལས་ཅན༔ ཇི་སྐད་གསུངས་པ་ཇི་བཞིན་འབྱུང༔ མངོན་པར་ཤེས་པའི་ངེས་དོན་ཅན༔ གདམས་ངག་གང་དང་གང་ཞུས་ཀྱང༔ དགྱེས་ཤིང་གནང་བའི་བཀའ་དྲིན་ཅན༔ རྒོལ་བ་ཐམས་ཅད་ཚར་གཅོད་པའི༔ ཤཱཀྱ་སེངྒེའི་ཆ་ལུགས་ཅན༔ བསྟན་པའི་གཙོ་དང་ཐ་མི་དད༔ འཇིག་རྟེན་གསུམ་ན་རྙེད་མི་སྲིད༔ ཁྱོད་ཀྱི་བཀའ་ལུང་མ་ལགས་པ༔ སུ་ལ་ཡང་ནི་མི་ལྟོས་པས༔ བདག་གི་རེ་ལྟོས་གུ་རུ་རྗེ།། ཞལ་མཇལ་གསུང་ཐོས་ང་རེ་འཚེངས།། །། ༡༡༽བོད་ཀྱི་ཆོས་འཁོར་ཆེན་པོ་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གྲུབ་ཅིང་དམ་ཆོས་ཀྱི་ཉི་མ་ཤར་ནས། རྒྱལ་པོའི་མངའ་ཐང་རྒྱས་ཏེ་སྙན་གྲགས་ཉི་འོག་ཁྱབ་པས་རྗེ་འབངས་བདེ་སྐྱིད་ཕུན་སུམ་ཚོགས་པའི་ཚེ། སྔགས་འཆང་རྒྱལ་པོ་རྡོ་རྗེ་བདུད་འཇོམས་ཀྱིས་ཕྱི་ནང་གི་བདུད་ཚོགས་ཀུན་ལ་མི་འཇིགས་ལྟ་བའི་གདེངས་བརྙེས་ཀྱི་དགོངས་ཉམས་འདི་སྐད་དོ། ། ཧཱུྃ༔ མཁའ་ལ་བྱ་འཕུར་ཉམ་མི་ང༔ མཁའ་ལ་བྱ་འཕུར་ཉམ་ང་ན༔ བྱ་འདབ་གཤོག་རྒྱས་པ་དོན་རེ་ཆུང༔ ཉ་འཕྱོ་རྦ་ལ་འཕྱོ་བ་ཉམ་མི་ང༔ ཉ་འཕྱོ་རྦ་ལ་འཕྱོ་བ་ཉམ་ང་ན༔ ཉ་ཆུ་ནང་དུ་སྐྱེས་པ་དོན་རེ་ཆུང༔ ལྕགས་ཀྱི་གར་བུ་རྡོས་མི་ཆོག༔ ལྕགས་ཀྱི་གར་བུ་རྡོས་ཆོག་ན༔ ལྕགས་ལ་ཞུན་ཐར་བྱས་པ་དོན་རེ་ཆུང༔ བན་དེ་སྔགས་པ་དགྲས་མི་འཇིག༔ བན་དེ་སྔགས་པ་དགྲས་འཇིག་ན༔ མི་ཚེར་སྒོམ་སྒྲུབ་བྱས་པ་དོན་རེ་ཆུང༔ ཁམས་གསུམ་སྲིད་གསུམ་ཐམས་ཅད་ཀུན། །རྣམ་དག་མ་བཅོས་ཐིག་ལེར་བསྒྲལ། །མཁའ་ལྟར་དག་པའི་སེམས་ཉིད་ལ། །དགེ་སྡིག་གཉིས་ཀྱིས་གོས་པ་མེད། །སེམས་ཉིད་ནམ་མཁའ་དག་པའི་ཕྱིར། ཁམས་གསུམ་བསྒྲལ་ན་དེ་ལྟར་སྒྲོལ། །ཞུས་དཔྱད་པ་དྭགས་པོ་སྤྲུལ་སྐུར་འབོད་པས་བཀའ་ཐང་སྡེ་ལྔ་དང་བཻ་རོའི་འདྲ་འབག་ལས་བཏུས་པས་གོ་ཆོད་མིན་དཔྱད་པར་བྱ་དགོས་པའོ།། །།

རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ཕྱི་སྐོར་དངོས་གཞིའི་ཁྲིད་རིམ་ (Volume 62, Text 32)

༁ྃ༔ རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ཕྱི་སྐོར་དངོས་གཞིའི་ཁྲིད་རིམ་བཞུགས་སོ༔ སྡེ་གསུམ་ཕྱི་སྐོར་སེམས་སྡེ། ྈྈྈ ན་མོ་གུ་རུ༔ ཕྱི་སྐོར་དངོས་གཞིའི་ཁྲིད་རིམ་ནི༔ དང་པོ་ཐུག་ས་གཅིག་ཏུ་ཐུག༔ ཅེས་པས༔ ལྟ་བ་མངོན་དུ་གྱུར་པའི་བླ་མ་ཞིག་ཏུ་གཏུག༔ གདམས་ངག་ལེགས་པར་ཞུས་ལ་ཐེ་ཚོམ་གྱི་དྲི་མ་བཅད༔ ཡུལ་དངོས་པོ་འདུག་གམ་བརྟགས་པས་མི་རྟག་པ་གློ་བུར་དུ་བྱུང་བ་རྣམས་ལ་བློ་བཞག་སྟེ༔ སྨིག་སྒྱུ་དུ་བ་རྣམས་ལའང་དངོས་པོ་ཡོད་མེད་ལེགས་པར་དཔྱད་པའི་ཚེ༔ ཡུལ་ཐམས་ཅད་སྟོང་ཞིང་ཡུལ་དེ་རྣམས་ལ་རྣམ་ཤེས་འབྱམས་པའི་མཚམས་སྦྱར་བ་པོ་ནི་དབང་པོ་སྟེ༔ དཔེར་ན་མགོ་བོ་ད་ལྟ་རང་དུ་མཚོན་གྱིས་བཅད་དེ་རྡོ་བས་ཞིབ་པར་བཏགས་ནས་བྱ་ཁྱིར་བྱིན་ན་མགོ་བོ་སོང་བའི་ཡུལ་ཡང་མེད༔ དེ་བཞིན་དུ་དབང་པོ་མི་རྟག་པ་དང་དབང་པོ་སྟོང་པ་ཉིད་དོ༔ དབང་པོ་དེ་ལ་འཇུག་པའི་རྣམ་ཤེས་དུས་གསུམ་གྱི་རྣམ་རྟོག་ལ་དཔྱད་དེ་བརྟགས་ན༔ སྔར་དྲན་པའི་ཤེས་པ་མཚན་མོའི་རྨི་ལམ་བཞིན་དུ་གར་སོང་ཆ་མེད༔ མ་འོངས་པའི་རྟོག་པ་གློ་བུར་ཆུའི་རྦ་རླབས་ལྟ་བུར་འབྱུང་བའི་ཡུལ་འདི་ལས་འབྱུང་མེད༔ ད་ལྟའི་ཤེས་པ་ནམ་མཁའི་དབྱིངས་སུ་ཁུ་རླངས་ལྟ་བུ་འདི་དངོས་མེད་མྱུར་དུ་ཡལ་བ་ཡིན་ནོ༔ རྣམ་ཤེས་འབྱུང་བའི་ཡུལ་ཀུན་གཞི་ཉིད་དངོས་པོར་གྲུབ་བམ་མ་གྲུབ༔ གྲུབ་ན་ཕྱི་ནང་ལུས་ཀྱི་སྟོད་སྨད་སྙིང་དཀར་ནག་མཚམས་གང་དུ་གནས་བརྟགས་པས་ཡུལ་མི་རྙེད་དོ༔ མ་གྲུབ་ན་འཁོར་བ་བདེ་སྡུག་གི་བྱེད་ལས་སྣ་ཚོགས་པ་ཀུན་གཞི་ཉིད་ལས་འབྱུང་བའོ༔ བར་དུ་བལྟ་ས་གཅིག་ལ་བལྟ༔ ཞེས་པས༔ སྣང་བ་ཐམས་ཅད་དངོས་མེད་ནམ་མཁའི་འཇའ་ཚོན་ལྟ་བུར་བལྟས་བྱས་ཏེ༔ སྟོང་པ་ཐམས་ཅད་བདེ་བའི་ངང་དུ་རྒྱས་གདབ་གཉིས་སུ་མེད་པ་ནི༔ བདེ་བ་ཐམས་ཅད་སྟོང་པའི་རང་བཞིན་ངོས་གཟུང་བྲལ་བར་ཡེ་ནས་སྟོང༔ ཕྱལ་ཆད་མ་ཡིན་བདེ་སྟོང་གཉིས་མེད་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ༔ སྣང་བ་ཐམས་ཅད་ཡུལ་ལ་འབྱམས་པ་འཁྲུལ་པའི་བློ་རྣམས་མ་ལུས་ཀུན༔ སྟོང་ཞིང་མ་འདྲེས་སོ་སོར་གསལ་བ་བསྐྱེད་པའི་རིམ་པ་མ་བསྐྱེད་གསལ༔ ཡོངས་སུ་འཛིན་པ་མེད་པས་དངོས་པོ་མེད་པར་ཡུལ་རྣམས་ཐམས་ཅད་སྟོང་པར་དག༔ སྟོང་པ་དེ་ཡང་རང་རིག་བྱང་ཆུབ་སེམས་ཀྱི་ངོ་བོ་ཨེ་མ་ཧོ༔ བདེ་བ་དེ་ཡང་དབང་པོའི་སྒོ་ལ་རྐྱེན་གྱིས་སྨིན་པར་ཡང་དག་བརྩོན༔ དབང་པོའི་བདེ་བ་རང་ལས་བྱུང་ཞིང་ལུས་ཀུན་ཐམས་ཅད་ཀུན་ཏུ་ཁྱབ༔ ཀུན་ཏུ་སྣང་བའི་སྒོ་ནི་ཚོགས་དྲུག་ཡུལ་ལ་འཇུག་པའི་དབང་པོའི་གསང་ལམ་བདེ༔ བདེ་བ་དེ་ཉིད་སྟོང་པར་བྱས་ན་དབང་པོའི་ཡུལ་ཡང་རྣམ་པར་སྟོང་པ་རང་རིག་བྱང་ཆུབ་སེམས་ཀྱིས་སོ༔ ཕྱག་རྒྱའི་ཡུལ་ལ་དབང་པོའི་རྣམ་ཤེས་བཅུག་བྱས་ན༔ རྣམ་ཤེས་བདེ་བའི་ངང་དུ་ཐིམ་གྱུར་ཚོགས་དྲུག་ཡུལ་སྣང་འགག༔ རྣམ་ཤེས་གང་དུ་མི་གནས་སྟོང་ལ་མྱོང་གསལ་བདེ་བ་ཆེ༔ དབྱེར་མེད་དག་པར་གྱུར་པ་རང་རིག་བྱང་ཆུབ་སེམས་ཀྱིས་མཐོང༔ ཡུལ་དབང་ཤེས་གསུམ་བདེ་བའི་ངང་དུ་རྣམ་པར་དག་གྱུར་པས༔ ཀུན་གཞིའི་ངང་དུ་རྣམ་ཤེས་གནས་འགྱུར་སེམས་རིག་གཉིས་མེད་པར༔ འུབ་ཆུབ་ཀློང་དུ་བལྟ་བྱ་བྲལ་བའི་ངང་དུ་རྟོགས་བྱ་ཡེ་ཤེས་དེ་ཉིད་ཁོ་ནའོ༔ བལྟ་ཚུལ་ཤྲཱི་སིཾ་ཧས་གདམས་པ་ཚིགས་སུ་བཅད་པ་དེ་དག་གིས་རྟོགས་པར་འགྱུར་ལ༔ མཐའ་མར་མཐོང་བ་གཅིག་ཏུ་མཐོང༔ ཞེས་པས་ཡུལ་སྟོང་པས་ན་དབང་པོའི་མཚང་རིག་ཅིང་རྣམ་པར་དག་སྟེ་འཇུག་བྱེད་རྣམ་ཤེས་བདེ་བ་ཆེན་པོའི་ཡེ་ཤེས་སུ་གྱུར་པས་ཀུན་གཞི་བྱ་རྩོལ་དང་བྲལ་བར་འུབ་ཆུབ་ཀློང་དུ་གྲོལ་བར་འགྱུར་བ་ནི་འབྲས་བུའོ༔ ཕྱི་སྐོར་ཁྲིད་ཀྱི་དངོས་གཞི་རྫོགས་སོ༔ ས་མ་ཡ་རྒྱ་རྒྱ༔ གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་དུ་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །། ༁ྃ༔ ཟབ་མོ་རྫོགས་ཆེན་སྡེ་གསུམ་གྱི་ཕྱི་སྐོར་དངོས་གཞིའི་ཁྲིད་ཀྱི་བསྡུས་དོན་བཞུགས་སོ༔ ན་མོ་གུ་རུ༔ ཕྱི་སྐོར་ཁྲིད་ཀྱི་རྗེས་འབྲེལ་ནི༔ ལྟ་སྒོམ་སྤྱོད་གསུམ་འབྲས་བུ་ལས༔ ལྟ་བ་ཀུན་གཞི་སྟོང་པ་ཉིད༔ ཅིར་ཡང་མེད་ལ་མྱོང་བ་ཅན༔ གལ་ཏེ་གནས་པ་མ་ཡིན་ནམ༔ རྣམ་ཤེས་གསལ་སྟོང་དམིགས་སུ་མེད༔ སྤྲོས་པའི་མཐའ་དང་བྲལ་བ་ཉིད༔ དབང་པོ་ཡུལ་གཉིས་བདེ་བར་སྤྱོད༔ ཀུན་གཞི་ཡེ་ཤེས་བདེ་ཆེན་འཆར༔ འབྲས་བུ་སྐུ་གཉིས་འགྲུབ་པ་འོ༔ དངོས་གཞིའི་ཁྲིད་དོན་མདོར་བསྡུས་སོ༔ ས་མ་ཡ་རྒྱ་རྒྱ༔ གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ །མངྒ་ལཾ། ཞུས་སོ།། །།

དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ནང་སྐོར་རིག་འཛིན་བླ་མའི་སྒྲུབ་ཐབས་ (Volume 62, Text 33)

༁ྃ༔ དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ནང་སྐོར་རིག་འཛིན་བླ་མའི་སྒྲུབ་ཐབས་བཞུགས༔ སྡེ་གསུམ་ནང་སྐོར་ཀློང་སྡེ། ཨ༔ ཀ་དག་དེ་བཞིན་ཉིད་ཀྱི་དབྱིངས༔ ལྷུན་གྲུབ་ཀུན་སྣང་རིག་པའི་གདངས༔ ཟུང་འཇུག་ཡེ་ཤེས་སྒྱུ་མའི་ཚུལ༔ སྣོད་བཅུད་འོག་མིན་གསང་བའི་གནས༔ དག་པའི་ཞིང་གི་བཀོད་པ་དང༔ གཞལ་མེད་ཁང་ཆེན་མཚན་རྫོགས་དབུས༔ སེང་ཁྲི་པདྨ་ཉི་ཟླའི་སྟེང༔ རང་རིག་སྟོང་གསལ་འདུས་མ་བྱས༔ ཞལ་ཕྱག་སྐུར་བཞེངས་རིག་པ་འཛིན༔ དགའ་རབ་རྡོ་རྗེ་དཀར་གསལ་མདངས༔ མཚན་དཔེ་གཟི་བྱིན་དཔལ་དུ་འབར༔ སྤྲུལ་པའི་སྐུ་ཡི་ཆ་བྱད་ནི༔ ཆོས་གོས་རྣམ་གསུམ་མཛེས་པར་བཀླུབས༔ ཆོས་འཆད་ཕྱག་རྒྱ་ཐུགས་ཀར་བཅིངས༔ ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཡེ་ཤེས་འོད་ཟེར་བསམ་ཡས་འཕྲོ༔ སྤྱི་བོར་ཆུ་སྐྱེས་ཉི་ཟླའི་སྟེང༔ ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང༔ མཐིང་གསལ་མཉམ་གཞག་ཡུམ་དང་འཁྲིལ༔ གཅེར་བུ་རྒྱན་མེད་སྐྱིལ་ཀྲུང་བཞུགས༔ མགྲིན་པར་ལོངས་སྐུ་རྡོ་རྗེ་སེམས༔ ཟླ་མདོག་དར་དང་རིན་ཆེན་བརྒྱན༔ རྡོ་རྗེ་དྲིལ་འཛིན་སྙེམས་མ་དཀར༔ རྡོ་རྗེ་དྲིལ་བུ་འཛིན་དང་སྦྱོར༔ ཐུགས་ཀར་སྤྲུལ་སྐུ་པདྨ་འབྱུང༔ དཀར་དམར་མདངས་ལྡན་སྤྲུལ་སྐུའི་ཆས༔ རྡོ་རྗེ་ཐོད་པ་ཚེ་བུམ་འཛིན༔ རང་འོད་ཡུམ་འཁྱུད་ཞི་ཁྲོའི་ཉམས༔ དེ་ཕྱིར་པདྨ་འདབ་བཞི་ལ༔ ཤར་དུ་སློབ་དཔོན་མཉྫུ་ཤྲཱི༔ གསེར་མདོག་ཕྱག་གཡས་བེ་ཅོན་གདེངས༔ གཡོན་པས་སྡིགས་མཛུབ་ཐུགས་ཀར་གཏོད༔ རབ་བྱུང་ཆ་ལུགས་གཟི་བརྗིད་འབར༔ ལྷོ་རུ་རིག་འཛིན་ཤྲཱི་སིཾ༔ ཕྱག་གཡས་སྡིགས་མཛུབ་ནམ་མཁར་གཏོད༔ གཡོན་པས་བདུད་རྩིའི་ཐོད་ཞལ་བསྣམས༔ རྣལ་འབྱོར་བརྟུལ་ཞུགས་གྲུབ་པའི་ཚུལ༔ ནུབ་ཏུ་ཛྙཱ་ན་སཱུ་ཏྲ་ཆེ༔ སྡེ་སྣོད་འཛིན་པ་པཎ་གྲུབ་ཆས༔ ཕྱག་གཡས་ཐུགས་ཀར་ཆོས་འཆད་རྒྱ༔ གཡོན་པས་མཉམ་གཞག་གླེགས་བམ་བསྣམས༔ བྱང་དུ་འཆི་མེད་བི་མ་ལ༔ དཀར་ལྗང་གཟི་བརྗིད་མཚུངས་པ་མེད༔ ཤངས་རྩེར་སྐྱེ་མེད་ཨ་ཡིས་མཚན༔ མཉམ་གཞག་བྷནྡྷ་ཚེ་བུམ་བསྣམས༔ དེ་ཡི་ཕྱི་རོལ་ཁོར་ཡུག་གི༔ སྟེང་འོག་བར་མཚམས་ཐམས་ཅད་དུ༔ འོད་གསལ་ཐེག་མཆོག་རྫོགས་པ་ཆེ༔ སྡེ་གསུམ་ཀློང་དགུའི་རིག་འཛིན་ཚོགས༔ མ་ལུས་ལུས་པ་མེད་པ་དང༔ ཡི་དམ་ཞི་ཁྲོ་རབ་འབྱམས་ལྷ༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་བཅས༔ སྒོ་བཞིར་རིགས་བཞིའི་དྷཱ་ཀི་ནཱི༔ བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་སྤྲིན༔ སྣང་སྲིད་གཞིར་བཞེངས་ཕྱག་རྒྱ་ཆེ༔ མ་བཅོས་ལྷུན་གྲུབ་གཉུག་མའི་བབ༔ དཔེར་ན་ཆུ་ཟླ་འཇའ་ཚོན་ལྟར༔ སྣང་ལ་རང་བཞིན་མེད་པར་གསལ༔ ཨཱོྃ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པྲ་ཧེ་བཛྲ་སརྦ་སིདྡྷི་ཧཱུྃ༔ རིག་འཛིན་ཡོངས་རྫོགས་ཀྱི་བཟླས་པ་སྤྲོ་ན༔ ཨཱོྃ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ས་མནྟ་བྷ་དྲ་སརྦ་སིདྡྷི་ཧཱུྃ༔ དེ་བཞིན་དུ་སྦྱར་ཏེ༔ ཨཱོྃ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་བཛྲ་སཏྭ་སརྦ་སིདྡྷི་ཧཱུྃ༔ ཨཱོྃ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨ་སཾ་བྷ་ཝ་སརྦ་སིདྡྷི་ཧཱུྃ༔ ཨཱོྃ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་མཉྫུ་ཤྲཱི་མི་ཏྲ་སརྦ་སིདྡྷི་ཧཱུྃ༔ ཨཱོྃ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཤྲཱི་སིཾ་ཧ་སརྦ་སིདྡྷི་ཧཱུྃ༔ ཨཱོྃ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཛྙཱ་ན་སཱུ་ཏྲ་སརྦ་སིདྡྷི་ཧཱུྃ༔ ཨཱོྃ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་བི་མ་ལ་མི་ཏྲ་སརྦ་སིདྡྷི་ཧཱུྃ༔ ཞེས་སོ་སོར་བཅུག་པ་བཟླ༔ ཚེ་སྔགས་ནི༔ ཨཱོྃ་བཛྲ་མ་ཧཱ་གུ་རུ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཞེས་སོ། །ཞུས་སོ།། །།

དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ བོད་ཀྱི་རིག་འཛིན་རྣམས་ཀྱི་རྡོ་རྗེའི་གླུ་ (Volume 62, Text 34)

དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ བོད་ཀྱི་རིག་འཛིན་རྣམས་ཀྱི་རྡོ་རྗེའི་གླུ་བཞུགས༔ ྈྈྈ ན་མོ་གུ་རུ༔ བོད་ཀྱི་རིག་འཛིན་ཐམས་ཅད་ཀྱིས༔ སྙིང་པོའི་ཉམས་ལེན་མངོན་གྱུར་ཚེ༔ རྟོགས་པ་མགུར་དུ་བཞེངས་པ་ནི༔ ལོ་ཆེན་བཻ་རོ་ཙ་ན་ཡིས༔ ཡར་ཀླུང་ཤེལ་གྱི་བྲག་ཕུག་ནས༔ ང་ནི་བཻ་རོ་ཙ་ན་སྟེ༔ མ་བཅོས་རང་གསལ་ངང་དུ་གནས༔ མ་ནོར་དམིགས་སུ་མ་མཆིས་ཤིང༔ བརྗོད་མེད་རིག་པ་ཟང་ཐལ་ལེ༔ བསམ་འདས་སེམས་ཀྱི་དྲི་མ་དག༔ རང་བྱུང་ཡེ་ཤེས་ངོ་བོ་ཉིད༔ རང་གསལ་རང་བཞིན་ལྷུན་གྱིས་གྲུབ༔ ཅིར་སྣང་ཆོས་སྐུའི་རྒྱན་དུ་ཤར༔ ཐུགས་རྗེ་སྤྲུལ་སྐུ་སྣ་ཚོགས་སྣང༔ ཐམས་ཅད་ཀུན་གཞིའི་དབྱིངས་སུ་རྫོགས༔ ལྟ་བའི་གནམ་འཕང་གཅོད་པའི་ཚེ༔ སྒོམ་པ་ཐབས་ཤེས་སྒྲོ་གཤོག་བརྒྱང༔ སྤྱོད་པའི་ལམ་ལ་ཞུགས་པའི་ཚེ༔ རེ་དོགས་མེད་པའི་ངང་ལ་འགྲོ༔ འབྲས་བུའི་ཕ་མཐར་བསྙེགས་པའི་ཚེ༔ གཞན་དུ་མེད་པའི་སངས་རྒྱས་རྟོགས༔ སྒོམ་པའི་གཟེབ་ལས་གྲོལ་ཙ་ན༔ ལྟ་བའི་རྒྱལ་པོ་ཕུགས་ཐག་ཆོད༔ ལམ་ལ་བགྲོད་དུ་མེད་པ་དེ༔ ལུང་དང་རིགས་པས་བསྒྲུབ་མེད་ཕྱིར༔ གཞི་ཡི་སྟེང་དུ་འབྲས་བུར་སྨིན༔ ཆོས་ཉིད་ཀློང་དུ་ལ་བཟླས་ཏེ༔ རང་རིག་རྩལ་དུ་ཤན་ཡང་འབྱེད༔ དབྱིངས་རིག་གཉིས་སུ་མེད་པ་དེ༔ ཐིག་ལེ་ཉག་གཅིག་ངང་དུ་རྫོགས༔ སེམས་སྡེའི་ངང་དུ་ཉམས་བླངས་པས༔ སྣང་སྲིད་སེམས་ཀྱི་ཀློང་དུ་རྫོགས༔ ཀློང་སྡེའི་ལྟ་བ་ཉམས་བླངས་ཚེ༔ རྣམ་རྟོག་ཕྲ་རགས་ཀློང་དུ་ཐིམ༔ མན་ངག་ཉམས་སུ་བླངས་པའི་ཚེ༔ དབྱིངས་ཡེ་ཟུང་འཇུག་མངོན་སངས་རྒྱས༔ ལྟ་བའི་ཕུགས་ཐག་ཆོད་པ་ཡིན༔ སྒོམ་པའི་བློ་ལས་འདས་པ་ཡིན༔ སྤྱོད་པ་སྤྱད་དུ་མེད་པ་ཡིན༔ འབྲས་བུ་གཞན་ལ་རེ་མི་འཚལ༔ འོན་ཀྱང་རྣལ་འབྱོར་བཻ་རོ་ཡིས༔ རྒྱུ་འབྲས་ཁྱད་དུ་མི་གསོད་པས༔ སྡོམ་པ་གསུམ་གྱིས་རྒྱུད་སྦྱངས་ཏེ༔ མཚན་ལྡན་བླ་མ་དཔལ་སེང་གེ༔ སྤྱི་བོའི་གཙུག་ཏུ་འབྲལ་མེད་བཞུགས༔ རིག་འཛིན་པདྨ་འབྱུང་གནས་དེ༔ མཉེས་པ་གསུམ་གྱིས་ཡང་ཡང་བསྟེན༔ པཎ་ཆེན་བི་མ་ལ་མི་ཏྲ༔ དགོངས་པར་བཞེད་པའི་ཕ་མཐའ་བསྐང༔ བསླབ་པ་གསུམ་གྱི་ཆས་འཛིན་ཏེ༔ ལྟ་བའི་གནམ་འཕང་གཅོད་པ་ཡིན༔ སྔར་སྤྱོད་ངང་དུ་མཉམ་པར་བཞག༔ བསྟན་གཉིས་ཟུང་འཇུག་བཀྲ་ཤིས་ཤོག༔ ༈ བསམ་ཡས་དབུ་རྩེའི་བར་ཁང་ནས༔ ཁྲི་སྲོང་རྗེ་ཡིས་འདི་སྐད་བཞེངས༔ ང་ནི་ཁྲི་སྲོང་ལྡེའུ་བཙན་ཏེ༔ སེམས་ཉིད་རང་བྱུང་ཡེ་ཤེས་འདི༔ ཅིར་ཡང་མི་དམིགས་ཅིར་ཡང་གསལ༔ ལྟ་བའི་རྒྱལ་པོ་མཐའ་གཉིས་བྲལ༔ ༈ ཡར་ཀླུང་ཕུ་ནས་གཉགས་ཆེན་གྱིས༔ ལྷུན་གྲུབ་ཡེ་ཤེས་བསམ་མི་ཁྱབ༔ ནམ་མཁའ་ལྟ་བུ་མཐའ་བྲལ་བ༔ ཟུང་དུ་འཇུག་པའི་ཡེ་ཤེས་དེ༔ བློ་བྱས་ཡིད་དཔྱོད་ཀུན་ལས་འདས༔ ༈ ཀོང་པོ་བྲག་དཀར་ཡང་དབེན་ནས༔ གཉན་ཆེན་དཔལ་གྱི་ཡེ་ཤེས་ཀྱིས༔ རང་རིག་ལྷུན་གྲུབ་བློ་ལས་འདས༔ སེམས་ཉིད་ནམ་མཁའ་མཐའ་དབུས་མེད༔ ཚོགས་བརྒྱད་སྣང་ལ་ངོས་གཟུང་མེད༔ རང་བྱུང་དགོངས་པ་འདི་ཀ་འོ༔ ༈ ལྗོན་པ་ལུང་ནས་ཉང་བན་གྱིས༔ ལྟ་བ་ཕྱོགས་ལྷུང་མེད་པ་དེ༔ དམིགས་བྱ་མེད་པའི་ངོ་བོ་ཉིད༔ ལྟ་བྱེད་བློ་ཡི་གཟེབ་ལས་གྲོལ༔ བལྟ་བྱའི་སྙིང་པོ་ཡེ་ཤེས་ཆེ༔ ༈ ༡ མཁར་ཆུའི་གནས་སུ་ནམ་སྙིང་གིས༔ རང་བྱུང་རང་ཤར་ཡེ་ཤེས་འདི༔ བསྒོམ་བྱའི་བློ་ལས་རིང་དུ་འདས༔ སྒོམ་བྱེད་ཤེས་པ་རང་སར་དེངས༔ ཅིར་ཡང་དམིགས་སུ་མེད་པར་ཤར༔ ༈ ༥ བདུད་རི་གནམ་ལྕགས་འབར་བའི་རྩེར༔ འབྲོག་མི་དཔལ་གྱི་ཡེ་ཤེས་ཀྱིས༔ དགོངས་པ་རང་བྱུང་རང་ཤར་འདི༔ མ་བཅོས་ལྷུག་པར་བཞག་ཙམ་ན༔ བརྗོད་དུ་མེད་པའི་ཉམས་ཤིག་ཤར༔ བསམ་དུ་མེད་པའི་འབྲས་བུ་རྙེད༔ ༈ ༢ ཡང་རྫོང་གནས་ནས་གནུབས་ཆེན་གྱིས༔ ང་ནི་སངས་རྒྱས་ཡེ་ཤེས་ཏེ༔ སངས་རྒྱས་རང་ལས་རྙེད་པ་ཡིན༔ ལྟ་བའི་རྒྱལ་པོ་གནམ་འཕང་གཅོད༔ སྒོམ་པ་ཐབས་ཤེས་གཤོག་རྩལ་ཆེ༔ སྤྱོད་པ་འཇིགས་མེད་ཧེ་རུ་ཀ༔ འབྲས་བུ་སྲིད་ཞིའི་ཐིག་ལེར་རྫོགས༔ ༈ ༦ ཟངས་ཡག་བྲག་གི་ཀེའུ་ཚང་ནས༔ ལང་གྲོ་དཀོན་མཆོག་འབྱུང་གནས་ཀྱིས༔ སེམས་ལ་བསམ་དུ་མེད་པའི་ཉམས༔ རང་གསལ་རྗེན་པར་གནས་པ་འདི༔ འཁོར་འདས་ཀུན་ལ་ཁྱབ་པ་ཉིད༔ དུས་གསུམ་སངས་རྒྱས་དགོངས་པ་ལགས༔ ༈ ༣ བསམ་ཡས་མཆིམས་ཕུའི་དབེན་རྩ་ནས༔ རྒྱལ་བ་མཆོག་དབྱངས་འདི་སྐད་དོ༔ བློ་འདས་བསམ་བརྗོད་བྲལ་བའི་སེམས༔ རིག་པའི་ངང་དུ་གཉིས་མེད་འདྲེས༔ ཕྱི་ནང་ཀུན་ལ་ཟང་ཐལ་ལེ༔ མ་བཅོས་ཡེ་རྫོགས་ཆེན་པོ་འོ༔ ༈ ༧ ཁམས་ཀྱི་ཁྱུང་བྲག་དབེན་རྩ་ནས༔ རླངས་ཆེན་དཔལ་གྱི་སེང་གེ་ཡིས༔ གསལ་བ་ཐབས་སུ་བྱས་ནས་ཀྱང༔ སྟོང་པ་ཤེས་རབ་ངང་དུ་རྫོགས༔ གསལ་སྟོང་དབྱེར་མེད་ཀློང་དུ་འཕྱོ༔ ཀུན་བཟང་དགོངས་པ་རང་ལས་རྙེད༔ ༈ ༤ ཏི་སྒྲོ་བྲག་གི་ཚོགས་ཁང་དུ༔ ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་གྱིས༔ འཁོར་འདས་ཀུན་ལ་ཁྱབ་པའི་སེམས༔ བདེ་བ་ཆེན་པོའི་ངང་དུ་ཐིམ༔ ཆོས་ཉིད་ཀློང་དུ་བལྟ་བྱ་བྲལ༔ ཁོ་མོའི་རྟོགས་པ་དེ་ཙམ་མོ༔ ༈ ༨ ཡེར་པ་གཙུག་རུམ་འབར་བ་རུ༔ རྒྱལ་མོ་གཡུ་སྒྲ་སྙིང་པོ་ཡིས༔ སེམས་ལས་གཞན་པའི་སངས་རྒྱས་མེད༔ རྣམ་རྟོག་ཆོས་དབྱིངས་ཀློང་དུ་ནུབ༔ དབྱིངས་རིག་དབྱེར་མེད་རྫོགས་པ་འདི༔ བཻ་རོ་ཙ་ནའི་བཀའ་དྲིན་ལགས༔ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པ་དགེ། སརྦ་མངྒ་ལཾ། །ཞུས་སོ།། །།

ནང་སྐོར་རིག་འཛིན་བཅོ་ལྔ་ཡི༔ བསྐྱེད་རིམ་བསྒོམ་པའི་བྱང་བུ་ (Volume 62, Text 35)

ན་མོ་གུ་རུ༔ ནང་སྐོར་རིག་འཛིན་བཅོ་ལྔ་ཡི༔ བསྐྱེད་རིམ་བསྒོམ་པའི་བྱང་བུ་ནི༔ སྐྱབས་སེམས་ཚོགས་གསག་ལ་སོགས་ནང་སྐོར་སྤྱི་ལྟར་བྱ།་་་་ཧཱུྃ༔ ཀུན་གཞི་མི་དམིགས་རྣམ་པར་སྟོང༔ ཨཱ༔ རང་བཞིན་གསལ་བ་ཀུན་ལ་ཁྱབ༔ ཨཱོྃ༔ ཐུགས་རྗེ་སྣ་ཚོགས་སྤྲུལ་སྐུར་ཤར༔ རྒྱུ་ཡི་ཏིང་འཛིན་ཨ་དཀར་ལས༔ ལོ་ཆེན་བཻ་རོ་དཀར་གསལ་འཛུམ༔ པཎ་ཞྭ་ཆོས་གོས་སྨུག་བེར་གསོལ༔ རྡོ་རྗེ་སྐྱིལ་ཀྲུང་པད་ཟླར་བཞུགས༔ མཉམ་གཞག་ཐོད་པ་བཅུད་བཀང་བསྣམས༔ སྤྱི་བོར་རིགས་བདག་ཀུན་ཏུ་བཟང་། །དཔྲལ་བར་རྡོ་རྗེ་སེམས་དཔའ་དཀར། །མགྲིན་པར་དགའ་རབ་སྤྲུལ་སྐུའི་ཚུལ། །ཐུགས་ཀར་ཤྲཱི་སིཾ་རྣལ་འབྱོར་ཆས། །ཕྱི་རོལ་པདྨ་འདབ་བཞི་ལ། །ཤར་དུ་ཁྲི་སྲོང་ལྡེའུ་བཙན་རྗེ། །ལྷོ་རུ་ཛྙཱ་ན་ཀུ་མཱ་ར། །ནུབ་ཏུ་གཉན་ཆེན་དཔལ་གྱི་དབྱངས། །བྱང་དུ་ཉང་བན་ཏིང་འཛིན་བཟང། །དེ་ཕྱིར་པདྨ་འདབ་བརྒྱད་ལ། །ཤར་དུ་དགེ་སློང་ནམ་མཁའི་སྙིང་། །ལྷོ་རུ་གནུབས་ཆེན་བུདྡྷའི་མཚན། །ནུབ་ཏུ་རྒྱལ་བ་མཆོག་དབྱངས་རྩལ། །བྱང་དུ་ཡེ་ཤེས་མཚོ་རྒྱལ་མ། །ཤར་ལྷོར་འབྲོག་མི་དཔལ་ཡེ་ཤེས། །ལྷོ་ནུབ་ལང་གྲོ་དཀོན་མཆོག་འབྱུང་། །ནུབ་བྱང་རླངས་ཆེན་དཔལ་སེངྒེ། །བྱང་ཤར་རྒྱལ་མོ་གཡུ་སྒྲ་སྙིང། །འོད་དང་འོད་ཟེར་འབར་བར་བསྒོམ༔ དུག་གསུམ་ཡེ་དག་རྡོ་རྗེ་གསུམ༔ ལྷུན་གྲུབ་རྫོགས་པར་བྱིན་གྱིས་བརླབས༔ དུག་ལྔ་རྣམ་དག་ཡེ་ཤེས་ལྔ༔ སྐུ་ལྔ་ཡེ་རྫོགས་དབང་བསྐུར་རོ༔ ཨཱོྃ་ཨཱཿཧཱུྃ༔ ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ སྤྱན་འདྲེན་ལ་སོགས་ནང་སྐོར་སྤྱི་ལྟར་བྱ། དེ་ནས་བཟླས་པའི་རིམ་པ་ནི། ཨཱོྃ་ཨཱཿཧཱུྃ་གུ་རུ་བཻ་རོ་ཙ་ན་སིདྡྷི་ཧཱུྃ༔ འཁོར་རྣམས་ལ་དམིགས་ཏེ། ཨཱོྃ་སརྦ་མ་ཧཱ་གུ་རུ་ཧཱུྃ༔ ཚེ་རྫས་རྣམས་ལ་དམིགས་ཏེ། ཨཱོྃ་ཨཱཿཧཱུྃ་གུ་རུ་བཻ་རོ་ཙ་ན་ཨཱ་ཡུ་སིདྡྷི་ཧཱུྃ༔ སྤྲོ་ན་གཏེར་ཆེན་བླ་མས་མཛད་པའི་གསོལ་འདེབས་བྱ། གདམས་པའི་མཐར་ཐུག་སྙིང་ལ་ཕུལ༔ ལྷ་སྲས་རཏྣ་མཆོག་གི་མིང༔ མེ་སྒྲོན་རྟ་ལོ་བདེ་ཆེན་མིང༔ ཁམས་ཕྱོགས་ལྷོ་རྒྱུད་ཕྱོགས་སུ་སྐྱེ༔ ཐབས་ཤེས་རྟེན་འབྲེལ་ལེགས་པའི་ཚེ༔ འདི་ཉིད་འཕྲད་གྱུར་ངོ་མཚར་ཆེ༔ ཁོ་མོས་བྱིན་རླབས་ཞལ་ཕྱེ་ངེས༔ དེ་ལྟར་སྙིང་གི་ཐིག་ལེ་འདི༔ བཀའ་སྲུང་རྣམས་ཀྱིས་ཐུབ་པར་སྲུང༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ་རྒྱ་རྒྱ༔༁ྃ༔ ཟབ་མོ་རྫོགས་ཆེན་སྡེ་གསུམ་ལས། ནང་སྐོར་བླ་མ་རིག་འཛིན་དབང་ཆོག་བཞུགས། །ན་མོ་གུ་རུ་བཻ་རོ་ཙ་ན་ཡ༔ ནང་སྐོར་བླ་མ་འགྲོ་འདུལ་བཅོ་ལྔ་ཡང༔ རྒྱ་གར་ཡུལ་གྱི་སློབ་དཔོན་ཆེན་པོ་རྣམས༔ འགྲོ་དོན་ཕྱིར་དུ་བོད་ཀྱི་ཡུལ་དུ་འཁྲུངས༔ དེ་ཡི་དབང་བྱས་ཡེ་ཤེས་མཚོ་རྒྱལ་ལ༔ ལྷ་སྲས་ཀྱིས་ཞུས་ལྷ་སྲས་གཤེགས་རྗེས་སུ༔ ཟུར་མཁར་བཟའ་ཡིས་ཡི་གེར་བཀོད་པ་དག༔ ངན་ལམ་བནྡེས་ཁྲིགས་སུ་བཏབ་པ་འདི༔ བླ་མའི་ཕྲིན་ལས་དགོངས་པ་འོད་གསལ་ཞེས༔ འདི་ཡི་བྱིན་རླབས་བླ་མའི་སྤྱི་སྐོར་ལས༔ གྲུབ་པའི་ཚུལ་སྟོན་བཀའ་བབས་དབང་བསྐུར་ཞིང༔ ཐུགས་ཀྱི་བྱིན་རླབས་རྡོ་རྗེའི་གླུ་རྣམས་བླང༔ ཞེས་པ་མདོ་བྱང་ལས་གསལ་དགོངས་པ་བཀྲལ། ནང་སྐོར་བླ་མའི་བྱིན་རླབས་དབང༔ ཚུལ་བཞིན་བསྐུར་ན་དཀྱིལ་འཁོར་ཡང༔ རྒྱས་བསྡུས་རིགས་པས་དཔག་ལ་བཤམ༔ སློབ་མ་རྣམས་ཀྱིས་འདི་སྐད་ཞུ༔ ཟུང་འཇུག་དགོངས་པ་བརྙེས་པ་ཡི༔ རིག་འཛིན་འགྲོ་འདུལ་བཅོ་ལྔ་ཡི༔ བྱིན་རླབས་བརྩེ་བས་གནང་དུ་གསོལ༔ བླ་མས༔ སྤྱིར་ནི་འགྲོ་འདུལ་བླ་མ་བཅོ་ལྔ་པོ༔ ཐམས་ཅད་ཟུང་འཇུག་མངོན་གྱུར་ཀུན་ཏུ་བཟང༔ དགོངས་པ་རང་བྱུང་ནམ་མཁའི་རྣལ་འབྱོར་ཚོགས༔ ཡེ་ཤེས་སྐུ་ཅན་འཁོར་འདས་ཡོངས་ལ་ཁྱབ༔ བཞུགས་ཡུལ་ཞིང་ཁམས་གཞན་དུ་བཙལ་མི་འཚལ༔ ད་ལྟའི་ནམ་མཁའ་འདིར་ཡང་རྣལ་འབྱོར་རྣམས༔ རང་གི་སེམས་ཉིད་འདི་ལའང་བླ་མས་ཁྱབ༔ བསྐུར་བྱ་སྐུར་ཐབས་སྒྲུབ་དང་སྒྲུབ་ཐབས་མེད༔ རྣལ་འབྱོར་ལྟ་བའི་ངང་ལ་སྒྲུབ་དབང་རྫོགས༔ ཨེ་མ་ཧོ་བདེ་གཤེགས་བླ་མ་རྣམས༔ བསམ་གྱིས་མི་ཁྱབ་ཆོས་ཉིད་ཀློང༔ ཀུན་ཏུ་བཟང་པོའི་རྣལ་འབྱོར་ཡིན༔ ལྟ་བའི་རྒྱལ་པོའི་མཆོད་པ་འབུལ༔ སློབ་མ་རྣམས་ཀྱིས་མཎྜལ་ཚོགས༔ ཅི་འབྱོར་བཤམས་ཏེ་ལྟ་བར་གནས༔ གདོད་ནས་དག་པའི་ཀུན་བཟང་བླ་མ་ལ༔ མཚན་འཛིན་འཁྲུལ་པའི་བསྐང་བཤགས་མི་འཚལ་ཞིང༔ གཉིས་སུ་འཛིན་པའི་ཕྱག་འཚལ་མོས་གུས་བྲལ༔ དེ་བས་རང་རིག་ཀློང་དུ་ཕྱག་འཚལ་ལོ༔ གཉིས་སུ་མེད་པའི་མཆོད་སྤྲིན་རྒྱ་མཚོས་མཆོད༔ བསམ་ལས་འདས་པའི་ངང་དུ་ཐུགས་དམ་བསྐང༔ བརྗོད་མེད་བརྗོད་པ་ཐམས་ཅད་མཐོལ་ལོ་བཤགས༔ ཨེ་མ་ཧོ་བདེ་གཤེགས་བླ་མ་རྣམས༔ ཕྱི་ནང་ནམ་མཁའ་ཀུན་ལ་སྐུ་ནི་ཡོངས་སུ་ཁྱབ་པ་ཉིད༔ བཞུགས་པའི་ཡུལ་ནི་ཕྱོགས་བཅུའི་འཇིག་རྟེན་དག་ལ་མཆིས༔ གློ་བུར་དྲི་མའི་རྣམ་རྟོག་བསལ་ཕྱིར་གཟུགས་སྐུར་བཞེངས་པ་རྣམས༔ མཚན་འཛིན་འཁྲུལ་པ་འདི་དག་མྱུར་དུ་བསལ་བར་མཛད་དུ་གསོལ༔ སློབ་དཔོན་གྱིས༔ ཨེ་མ་ཧོ༔ བདེ་གཤེགས་རིག་འཛིན་བླ་མ་འགྲོ་འདུལ་བཅོ་ལྔ་རྣམས༔ དམིགས་མེད་ཆོས་ཀྱི་སྐུ་ལས་ད་ལྟ་བཞེངས་སུ་གསོལ༔ ནང་སྐོར་བླ་མ་བཅོ་ལྔ་གནས་འདིར་སྣང་བར་མཛོད༔ ཡེ་ཤེས་སྐུ་ཡིས་སློབ་མར་བྱིན་རླབས་དབང་ཆེན་ད་ལྟ་བསྐུར་དུ་གསོལ༔ ཞེས་དང༔ བླ་མའི་མངོན་རྟོགས་རིག་འཛིན་བཅོ་ལྔ་དཔོན་སློབ་གཉིས་ཀས་བསྒོམ། དེ་ནས་ནང་སྐོར་བོད་ཀྱི་རིག་འཛིན་རྣམས་ཀྱི་རྡོ་རྗེའི་གླུ་བླངས་ཤིང་སྐུ་རྣམས་སྤྱི་བོར་བཞག་སྟེ། དང་པོ་བཻ་རོའི་སྐུ་ཐོགས་ལ། ལོ་ཆེན་བཻ་རོ་ཙ་ན་ཡིས༔ ཡར་ལུང་ཤེལ་གྱི་བྲག་ཕུག་ནས༔ ང་ནི་བཻ་རོ་ཙ་ན་སོགས། བཀྲ་ཤིས་ཤོག༔ ཁྲི་སྲོང་སྐུ་ཐོགས་ལ། བསམ་ཡས་དབུ་རྩེའི་སོགས། མཐའ་གཉིས་བྲལ༔ གཉགས་ཆེན་སྐུ་ཐོགས་ལ། ཡར་ཀླུང་ཕུ་ནས་སོགས། ཀུན་ལས་འདས༔ གཉན་ཆེན་དཔལ་དབྱངས་སྐུ་ཐོགས་ལ། ཀོང་པོ་བྲག་དཀར་སོགས། འདི་ཀ་འོ༔ ཉང་བན་ཏིང་འཛིན་སྐུ་ཐོགས་ལ། ལྗོན་པ་ལུང་ནས་སོགས། ཡེ་ཤེས་ཆེ༔ ནམ་སྙིང་སྐུ་ཐོགས་ལ། མཁར་ཆུའི་གནས་སུ་སོགས། མེད་པར་ཤར༔ གནུབས་ཆེན་སྐུ་ཐོགས་ལ། ཡངས་རྫོང་གནས་ནས་སོགས། ཐིག་ལེར་རྫོགས༔ རྒྱལ་བ་མཆོག་དབྱངས་སྐུ་ཐོགས་ལ། བསམ་ཡས་མཆིམས་ཕུའི་སོགས། ཆེན་པོ་འོ༔ ཡེ་ཤེས་མཚོ་རྒྱལ་སྐུ་ཐོགས་ལ། ཏི་སྒྲོ་བྲག་གི་སོགས། དེ་ཙམ་མོ༔ འབྲོག་མི་དཔལ་ཡེའི་སྐུ་ཐོགས་ལ༔ བདུད་རི་གནམ་ལྕགས་སོགས། འབྲས་བུ་རྙེད༔ ལང་གྲོའི་སྐུ་ཐོགས་ལ། ཟངས་ཡག་བྲག་གི་སོགས། དགོངས་པ་ལགས༔ རླངས་ཆེན་དཔལ་སེང་སྐུ་ཐོགས་ལ། ཁམས་ཀྱི་ཁྱུང་བྲག་སོགས། རང་ལས་རྙེད༔ རྒྱལ་མོ་གཡུ་སྒྲའི་སྐུ་ཐོགས་ལ། ཡེར་པ་གཙུག་རུམ་སོགས། བཀའ་དྲིན་ལགས༔ སོ་སོའི་མཐའ་རུ་སྔགས་འདིས་སྐུར༔ ཨཱོྃ་སརྦ་མ་ཧཱ་གུ་རུ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ བཟླས་པ་བྱ་ཞིང་སྔགས་ཕྲེང་གཏད༔ རིག་འཛིན་ལྷ་ཚོགས་གྲུབ་པའི་དབང་ཕྱུག་རྗེ༔ རྒྱལ་ཀུན་གསང་གསུམ་འདུས་པ་གསུང་གི་མཆོག༔ རླུང་སྔགས་གྲགས་སྟོང་སྔགས་སུ་འགྱུར་བའི་ཕྱིར༔ ཡན་ལག་དྲུག་ཅུ་ལྡན་པའི་དབང་བསྐུར་རོ༔ ཨཱོྃ་སརྦ་མ་ཧཱ་གུ་རུ་ཧཱུྃ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ རྡོ་རྗེ་སེམས་དཔའི་མེ་ལོང་བརྟན་ཏེ༔ ངོ་གཞི་རང་ཤེས་རྩལ་དབང་ཡུལ༔ འགྱུ་བྱེད་ཤེས་པས་དུག་ལྔ་རྣམས༔ ཅིར་ཡང་མི་དམིགས་ཆོས་དབྱིངས་ཀློང༔ ཅིར་ཡང་སྣང་བ་མེ་ལོང་ཀློང༔ རང་བཞིན་འོད་གསལ་མཉམ་ཉིད་ཀློང༔ མ་འདྲེས་ཡོངས་གསལ་སོར་རྟོག་ཀློང༔ རྩོལ་མེད་བྱ་བྲལ་ནན་ཏན་ཀློང༔ ཀློང་ཆེན་ལྔ་ཡི་བྱིན་གྱིས་བརླབས༔ ཀློང་ཆེན་ལྔ་རུ་ཉམས་སུ་བླངས༔ ཀློང་ཆེན་མངོན་པར་རྫོགས་པ་འོ༔ ཨ་ཨ་ཨ༔ རྗེས་ཀྱི་བྱ་བ་སྤྱི་ལྟར་བྱ༔ ནང་སྐོར་བླ་མའི་བྱིན་རླབས་རྫོགས༔ ས་མ་ཡ་རྒྱ་རྒྱ༔ ཞེས་པའང་གོང་གསལ་མདོ་བྱང་གི་ལུང་དང་། ཕྱི་སྐོར་བླ་མའི་བྱིན་རླབས་མཐར་དེ་བཞིན་དུ་སྐོར་གསུམ་བླ་མ་རྣམས་ཀྱི་བྱིན་རླབས་རིག་པས་འཕྲུལ་ལོ༔ ཞེས་པའང་ལུགས་བཞིན་གབ་སྦས་འདུག་པར་ཤེས་ནས། རང་བཟོའི་དྲི་མ་སྤངས་ཏེ་གཏེར་སློབ་མཁན་པོ་རཏྣས་བཀོད་པའི་ཡི་གེ་པ་ནི་སློབ་ཆུང་པདྨ་བཛྲས་བགྱིས་པ་རྒྱལ་བསྟན་སྙིང་པོའི་རིང་ལུགས་ཕྱོགས་མཐར་ཁྱབ་ཅིང་བརྟན་པ་དང་། རང་གཞན་མཐའ་དག་ཆོས་དབྱིངས་འོད་གསལ་ཆེན་པོའི་ཀློང་དུ་སངས་རྒྱས་པར་གྱུར་ཅིག །དགེའོ།། །།

རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ནང་སྐོར་ཡི་དམ་ཞི་སྒྲུབ་ (Volume 62, Text 36)

རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ནང་སྐོར་ཡི་དམ་ཞི་སྒྲུབ་བཞུགས༔ ྈྈྈྈྈྈ ན་མོ་གུ་རུ༔ ནང་སྐོར་ཡི་དམ་ཞི་སྒྲུབ་ནི༔ ཆོས་དབྱིངས་ཀློང་ཡངས་ཆོས་ཐམས་ཅད༔ མཉམ་ཡངས་ཀློང་དུ་ཆུབ་པ་ལ༔ བསྒོམ་དང་བསྒྲུབ་བྱ་མི་འཚལ་ཡང༔ རང་རིག་རྒྱལ་པོ་ཀུན་ཏུ་བཟང༔ ཞལ་ཕྱག་ཅིར་ཡང་མི་གསལ་ཞིང༔ སྣང་ཚུལ་ཕྱོགས་ཀུན་ལ་ནི་གསལ༔ དུས་བཞིའི་ངོ་བོ་ཉིད་དུ་བསྒོམ༔ ཤར་དུ་དེ་ཉིད་གཟུགས་སྐུར་བཞེངས༔ ཀུན་བཟང་དྲུག་པ་རྡོ་རྗེ་འཆང༔ ལྷོ་རུ་རྡོར་སེམས་སྟོན་པའི་རྒྱལ༔ ནུབ་ཏུ་ཁྱེའུ་མཛེས་པའི་ཏོག༔ བྱང་དུ་ཁྱེའུ་མཛེས་པའི་དཔལ༔ ཐམས་ཅད་ལོངས་སྐུའི་རྒྱན་རྣམས་རྫོགས༔ དེ་ཕྱིར་པདྨ་འདབ་བརྒྱད་ལ༔ ཤཱཀྱ་ཐུབ་པ་ལ་སོགས་པའི༔ སྟོན་པ་བརྒྱད་རྣམས་སྤྲུལ་སྐུའི་ཚུལ༔ ཆགས་བྲལ་མཚན་དང་དཔེ་བྱད་རྫོགས༔ ཨཱོྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ སརྦ་ཏ་ཐཱ་ག་ཏ་མ་ཧཱ་ན་མ་སཏྲཻ་ཡ་དྷྭི་ཀ་ནཾ་བུདྡྷ་སརྦ་སིདྡྷི་ཧཱུྃ༔ ནང་སྐོར་ཡི་དམ་ཞི་སྒྲུབ་རྫོགས༔ ས་མ་ཡ་རྒྱ་རྒྱ༔ ྈྈྈ གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །།

རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ནང་སྐོར་ཡི་དམ་ཞི་བའི་སྒྲུབ་དབང་ (Volume 62, Text 37)

རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ནང་སྐོར་ཡི་དམ་ཞི་བའི་སྒྲུབ་དབང་བཞུགས་སོ༔ ྈྈྈྈྈྈ ན་མོ་གུ་རུ༔ ནང་སྐོར་ཡི་དམ་ཞི་སྒྲུབ་དབང༔ ཚུལ་བཞིན་བསྐུར་ན་དཀྱིལ་འཁོར་བཤམས༔ རྒྱས་བསྡུས་རིག་པས་དཔག་ལ་བྱ༔ ཡེ་སངས་རྒྱས་པ་གདོད་མའི་ཀུན་ཏུ་བཟང༔ ཐོག་མའི་སྟོན་པ་ཆེན་པོ་བཅུ་གཉིས་ཀྱི༔ རང་བྱུང་དགོངས་པ་ཀློང་ཡངས་བསྟན་དུ་གསོལ༔ ཆོས་དབྱིངས་འུབ་ཆུབ་ཀློང་དུ་མི་འདའ་བའི༔ རྣལ་འབྱོར་ནམ་མཁའི་རྒྱལ་པོ་བལྟ་འདོད་ཀྱིས༔ ད་ལྟ་ཉིད་དུ་བླ་མས་བསྩལ་དུ་གསོལ༔ བླ་མས༔ ཨེ་མ་ཧོ༔ བདེ་གཤེགས་སྟོན་པ་རིག་འཛིན་ནི༔ བསྟན་པ་གཉིས་ཀྱི་བདག་པོ་སྟེ༔ ཀུན་ཏུ་བཟང་པོ་མན་ཆད་ནས༔ བོད་ཀྱི་རིག་འཛིན་ཡན་ཆད་དུ༔ འགྲོ་འདུལ་བདུན་ཅུ་རྩ་གཅིག་ནི༔ ཆོས་དབྱིངས་ཀློང་ལ་ཁྱབ་པ་ཉིད༔ ཐམས་ཅད་ནམ་མཁའི་རྣལ་འབྱོར་ཡིན༔ འཁོར་འདས་ཀུན་ལ་ཁྱབ་པའི་སྐུ༔ གློ་བུར་འཁྲུལ་པས་མ་བསྒྲིབ་ན༔ རང་ཡང་ནམ་མཁའི་ངང་དུ་རྫོགས༔ འགྲོ་འདུལ་རྣམས་དང་དགོངས་པ་གཅིག༔ ད་ལྟའི་ནམ་མཁའ་འདི་རྣམས་ཀྱང༔ བདུན་ཅུ་རྩ་གཅིག་འདུས་པ་ཡི༔ ཐུགས་རྗེའི་ཀློང་ཆེན་དམ་པ་འོ༔ དེ་ཕྱིར་མཆོད་པའི་སྤྲིན་ཚོགས་འབུལ༔ སློབ་མས༔ ཀུན་རྫོབ་རིག་པའི་ཀློང་ཡངས་ནམ་མཁའ་ཆེ༔ ཀུན་བཟང་ཀློང་དུ་རྟོགས་པའི་མཆོད་པའི་སྤྲིན༔ ཤར་དང་ཤར་ཡུལ་མེད་པར་མཆོད་པར་འབུལ༔ འཛིན་ཡུལ་མེད་པར་ངང་དུ་མཐོལ་ལོ་བཤགས༔ བཤགས་བྱ་བཤགས་བྱེད་བྲལ་བ་ངོ་མཚར་ཆེ༔ ཡེ་ཤེས་ཀློང་ཆུབ་ངང་དུ་མཛད་དུ་གསོལ༔ སློབ་དཔོན་གྱིས༔ རང་རིག་གཞི་ལུས་ཀུན་ཏུ་བཟང་པོ་ལ༔ ཞལ་ཕྱག་མཚན་མ་བྱིན་རླབས་མི་འཚལ་ཞིང༔ རྣལ་འབྱོར་ནམ་མཁའ་ཆེ་ལ་ལྟ་སྟངས་ཀྱིས༔ རང་གསལ་མ་བཅོས་ལྷུག་པར་གནས་པར་གྱིས༔ བླ་མས་བུམ་པ་ཐོགས་ལ༔ བུམ་པ་ཆོས་དབྱིངས་ཕྱི་ནང་མེད་པ་ལ༔ རང་བྱུང་ཡེ་ཤེས་ཁ་རྒྱན་བཅུད་ཀྱིས་གཏམས༔ བསྐུར་བྱ་བསྐུར་ཐོབ་མེད་པར་རང་ལ་རྫོགས༔ ཨེ་མ་ཧོ༔ ཆོས་ཀྱི་དབྱིངས་སུ་རྫོགས་པའི་དབང་ཐོབ་ཤོག༔ བདུད་རྩི་ཐོགས་ལ༔ གསལ་རིག་རྒྱུན་ཆད་མེད་པའི་ཐོད་པའི་ནང༔ ཡོངས་སུ་དེ་ཉིད་རྒྱས་པའི་བདུད་རྩིར་ཞུ༔ ཨེ་མ་ཧོ༔ མདངས་གསལ་གསལ་རྫོགས་ངང་དུ་དབང་བསྐུར་བས༔ སྣང་བ་མཐོང་མེད་མཐོང་བ་རབ་གསལ་ཤོག༔ རིག་མ་གཏད་ལ༔ བདེ་ཆེན་ཡེ་ཤེས་གང་བའི་ལང་ཚོ་ཡིས༔ རིག་པ་རང་གསལ་གཅིག་ཏུ་བདེ་བར་འཁྲིལ༔ གཉིས་མེད་སྣང་མེད་འཛིན་མེད་བདེ་བ་ཆེ༔ ཨེ་མ་ཧོ་བདེ་ཆེན་ཡེ་ཤེས་དབང་བསྐུར་བས༔ རྟོག་ཚོགས་བདེ་བ་ཆེན་པོའི་ངང་དུ་གྲོལ༔ རྡོ་རྗེ་སེམས་དཔའི་མེ་ལོང་འཕྱར་ལ༔ སེམས་དཔའི་མེ་ལོང་དྭངས་གསལ་རྙོག་པ་ཀུན་དང་བྲལ༔ སྣང་བ་ཅི་ཤར་འཇའ་ཚོན་བཞིན་དུ་དངོས་མེད་པར༔ གང་ནས་མ་བྱུང་ཕྱི་ནང་ཀུན་ཏུ་ཐལ་ལེར་གསལ༔ དབྱིངས་རིག་ཟུང་འཇུག་དགོངས་པས་དབང་བསྐུར་བསྐུར་ཐོབ་མེད༔ རྩིས་གདབ་བྲལ་བའི་ངང་དུ་གནས་པས་དབང་བསྐུར་ཡོངས་རྫོགས་ཤོག༔ དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨ་ལ་ལ་ཧོ༔ སྤྲོ་ན་སྐུ་རྣམས་བསྐུར་ཞིང་འདས་རྗེས་བཀླག༔ ནང་སྐོར་ཞི་བའི་དབང་ཆོག་རྫོགས༔ ས་མ་ཡ༔ ྈྈྈ གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ །མངྒ་ལཾ། །ཞུས་སོ།། །།

རྫོགས་ཆེན་སྟོན་པ་བཅུ་གསུམ་གྱི་དབང་བསྐུར་ཟུར་རྒྱན (Volume 62, Text 38)

རྫོགས་ཆེན་སྟོན་པ་བཅུ་གསུམ་གྱི་དབང་བསྐུར་ཟུར་རྒྱན་ྀཨཚ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །རྡོ་རྗེ་འཆང་ཆེན་དབང་བསྐུར་རོ། །བཛྲ་དྷཱ་ར་ཨ་བྷི་ཥིཉྩ་ཨཱོྃ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །རྡོ་རྗེ་སེམས་དཔའི་དབང་བསྐུར་རོ། །བཛྲ་སཏྭ་ཨ་བྷི་ཥིཉྩ་ཨཱོྃ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །མཛེས་པའི་ཏོག་གི་དབང་བསྐུར་རོ། །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །མཛེས་པའི་དཔལ་གྱི་དབང་བསྐུར་རོ། །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །གཞོན་ནུ་རྣམ་རོལ་དབང་བསྐུར་རོ། །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །རྡོ་རྗེ་འཆང་གི་དབང་བསྐུར་རོ། །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །གཞོན་ནུ་སྟོབས་ལྡན་དབང་བསྐུར་རོ། །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །དྲང་སྲོང་རྒྱལ་པོའི་དབང་བསྐུར་རོ། །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །གསེར་འོད་དམ་པའི་དབང་བསྐུར་རོ། །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །བརྩེ་བས་རོལ་པའི་དབང་བསྐུར་རོ། །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །འོད་སྲུང་བགྲེས་པོའི་དབང་བསྐུར་རོ། །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། ཧཱུྃ། རྫོགས་པ༴ མངོན་རྫོགས་རྒྱས་པོའི༴ མ་ཧཱ་སནྡྷིཿ༴ ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །ཤཱཀྱ་ཐུབ་པའི་དབང་བསྐུར་རོ། །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། ཞེས་པའང་ཉེར་མཁོའི་ཕྱིར་འདུལ་འཛིན་རྒན་པོས་བྲིས་པ་ཡི་གེ་པ་ནི་དཀོན་མཆོག་འགྱུར་མེད་ཀྱིས་བྲིས།། །། ༄༅། །ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །གདོད་མའི་དབྱིངས་ལས་གང་འདུལ་ཤར། །སྐུ་ལྔ་ལྷུན་རྫོགས་སངས་རྒྱས་མེས། །རྡོ་རྗེ་འཆང་ཆེན་དབང་བསྐུར་རོ། །མ་ཧཱ་བཛྲ་དྷཱ་ར་ཨ་བྷི་ཥིཉྩ་ཨཱོྃ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །ལྷ་ཡུལ་དགའ་ལྡན་བརྩེགས་པ་རུ། །རིག་པ་སྐུར་སྨིན་ཕྱག་རྒྱའི་གཟུགས། །རྡོ་རྗེ་སེམས་དཔའི་དབང་བསྐུར་རོ། །མ་ཧཱ་སནྡྷིཿབཛྲ་སཏྭ་ཨ་བྷི་ཥིཉྩ་ཨཱོྃ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །མི་མཇེད་འཇིག་རྟེན་ཁམས་ཉིད་དུ། །ཚེ་ལོ་བྱེ་བའི་དུས་བྱོན་པའི། །མཛེས་པའི་ཏོག་གི་་་འོད་མི་འཁྲུགས་པ།དབང་བསྐུར་རོ། །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །དྲོད་གཤེར་འདུས་པ་འོད་ཕུང་དུ། །ཚེ་ལོ་འབུམ་པའི་དུས་བྱོན་པའི། །མཛེས་པའི་དཔལ་གྱིས་་་འཇིགས་སྐྱོབ་དཀར་པོ།དབང་བསྐུར་རོ། །མ་ཧཱ་སནྡྷིཿསུ་ག་ཏ་ཨ༴ ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །ཆགས་འབྱུང་མངལ་དུ་སྣང་བ་རུ། །ཚེ་ལོ་བརྒྱད་ཁྲིའི་དུས་བྱོན་པའི། །གཞོན་ནུ་རྣམ་རོལ་དབང༴ མ་ཧཱ་སནྡྷིཿསུ་ག་ཏ་ཨ༴ ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །འཚོ་བྱེད་གཞོན་ནུའི་ལྡུམ་ར་རུ། །ཚེ་ལོ་བདུན་ཁྲིའི་དུས་བྱོན་པའི། །རྡོ་རྗེ་འཆང་གི་དབང༴ མ་ཧཱ་སནྡྷིཿསུ་ག་ཏ་ཨ༴ ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །དུར་ཁྲོད་མེ་རི་འབར་བ་རུ། །ཚེ་ལོ་དྲུག་ཁྲིའི་དུས་བྱོན་པའི། །གཞོན་ནུ་སྟོབས་ལྡན་དབང་བསྐུར་རོ། །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །སྲིན་པོ་རུ་ལུའི་སྒྲ་ལྡན་དུ། །ཚེ་ལོ་ཁྲི་པའི་དུས་བྱོན་པའི། །དྲང་སྲོང་ཁྲོས་རྒྱལ་དབང༴ མ་ཧཱ་སནྡྷིཿསུ་ག་ཏ་ཨ༴ ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །བྱ་རྒོད་སྤུངས་པའི་རི་བོ་རུ། །ཚེ་ལོ་ལྔ་སྟོང་དུས་བྱོན་པའི། །གསེར་འོད་དམ་པའི་དབང༴ མ་ཧཱ་སནྡྷིཿསུ་ག་ཏ་ཨ༴ ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །སོག་པོ་གཡུ་སྨིན་ཅན་གནས་སུ། །ཚེ་ལོ་སྟོང་གི་དུས་བྱོན་པའི། །བརྩེགས་པའི་བློ་གྲོས་དབང༴ མ་ཧཱ་སནྡྷིཿསུ་ག་ཏ་ཨ༴ ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །བྱ་རྒོད་ཕུང་པོའི་རི་བོ་རུ། །ཚེ་ལོ་ལྔ་བརྒྱའི་དུས་བྱོན་པའི། །འོད་སྲུང་བགྲེས་པོའི་དབང༴ མ་ཧཱ་སནྡྷིཿསུ་ག་ཏ་ཨ༴ ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །རྡོ་རྗེ་གདན་གྱི་ཤིང་དྲུང་དུ། །ཚེ་ལོ་སུམ་བརྒྱའི་དུས་བྱོན་པའི། །མངོན་རྫོགས་རྒྱལ་པོའི་དབང༴ མ་ཧཱ་སནྡྷིཿསུ་ག་ཏ་ཨ༴ ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །ཝ་རཱ་ཎ་སཱའི་གནས་མཆོག་ཏུ། །ཚེ་ལོ་བརྒྱ་པའི་དུས་བྱོན་པའི། །ཤཱཀྱ་ཐུབ་པའི་དབང་བསྐུར་རོ། །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། ཞེས་པའང་འཇམ་མགོན་མཁྱེན་བརྩེའི་མཆོག་སྤྲུལ་རིན་པོ་ཆེར་དབང་ཕུལ་སྐབས་མངྒ་ལ་རྒན་བུས་བྲིས་པ་རྡོ་རྗེ་སྙིང་པོའི་བསྟན་པའི་དཔལ་དུ་གྱུར་ཅིག། །།

དགོངས་བརྒྱུད་རྫོགས་ཆེན་སྟོན་པ་བཅུ་གསུམ་གྱི་འདས་རྗེས་རྡོར་གླིང་གཏེར་བྱོན་ཕ་རྒྱུད་ལྟ་བ་ཀློང་ཡངས་ལས་ཁོལ་དུ་ཕྱུང་བ་ (Volume 62, Text 39)

༄༅། །དགོངས་བརྒྱུད་རྫོགས་ཆེན་སྟོན་པ་བཅུ་གསུམ་གྱི་འདས་རྗེས་རྡོར་གླིང་གཏེར་བྱོན་ཕ་རྒྱུད་ལྟ་བ་ཀློང་ཡངས་ལས་ཁོལ་དུ་ཕྱུང་བ་བཞུགས། ། སྡེ་གསུམ་ནང་སྐོར་ཀློང་སྡེ། ༼༡ ྈྈྈྈྈ ྈྈྈྈྈྈ རྒྱ་གར་སྐད་དུ༔ སརྦ་བྷེ་ལ་ཏྲི་དྷརྨ་ྈ བོད་སྐད་དུ༔ རང་བྱུང་ཆོས་ཚིག་ཐམས་ཅད་རང་ཤར་བའི་གླེགས་བམ༔ བཅོམ་ལྡན་འདས་ཀ་དག་སྨྲ་བསམ་བརྗོད་ཚིག་མཐའ་དང་བྲལ་བའི་ཀློང་ལ་ཕྱག་འཚལ་ལོ༔ ཆོས་དབྱིངས་དམིགས་གཏད་དང་བྲལ་བའི་ཀློང་ན༔ མཚན་མ་ཡུལ་རིས་དང་བྲལ་བའི་གཞལ་ཡས་ཁང༔ བཟོ་མིང་ཁ་དོག་བྲལ་བའི་གདན་ཁྲི་ལ༔ ཞལ་ཕྱག་ཕྱོགས་ཞེན་ལས་འདས་པའི་སྟོན་པ་ཀུན་ཏུ་བཟང་པོས༔ ཐུགས་རྗེ་སྣ་ཚོགས་སུ་འཕྲོ་བའི་རང་ཤེས་རང་རིག་མདངས་འཁོར་ལ༔ འཁོར་འདས་སུ་མ་ཕྱེད་ཕྱེ་བ་མི་མངའ་བའི་དུས་སུ་བཀའ་བསྩལ་པ༔ ཨ་ཨ་ཨ༔ སྟོང་ཁྱབ་གསལ་རིག་བརྗོད་པ་མེད༔ སྣང་བརྡལ་ལྷུག་པ་ཐལ་ལེ་བ༔ མིང་མེད་ཡུལ་བྲལ་མ་འགགས་ཤིང༔ གོ་འབྱེད་རང་བྱུང་རྣམ་གསལ་ཆེ༔ རང་རྩལ་མ་རིག་གཞི་སྣང་འཐས༔ སྟོང་ངོ་རང་བཞིན་གསལ་ཆར་ཞེན༔ ཐུགས་རྗེ་སྣང་གཟུགས་འབྱུང་ལྔར་འཐས༔ ཁམས་གསུམ་རིགས་དྲུག་དུག་གསུམ་བྱུང༔ དེ་གྲོལ་ཀུན་བཟང་ལྟ་འདོད་ན༔ སྣང་བ་བཀོད་པའི་ཕྱི་དབྱིངས་ནང༔ སྐུ་གསུམ་རྫོགས་ལྡན་ཚོམ་འོད་ཟེར༔ ཕྲ་མཉེན་གསལ་འཚེར་དཀྱིལ་འཁོར་རྫོགས༔ ཤེལ་འཇའ་མེ་ལོང་རྨ་བྱ་གསུམ༔ དབང་བཞི་རྫོགས་པའི་དཔེ་རུ་གཞག༔ མུག་ནག་སྒོ་གསུམ་བྱ་བ་གཏང༔ ཨ་འ་ཧ་ས་ཤ་མ་བཟླ༔ རྡོ་རྗེའི་གདམས་པ་མི་གཡོ་ཞིང༔ འབྱུང་བཞི་ཕྱི་ནང་རྟོག་རྩ་བཅད༔ གདོད་མའི་གཞི་ལ་ངང་གནས་ན༔ གཡོ་མེད་ངང་དུ་དྲུག་ཅུ་རྣལ༔ སེམས་དང་ཡེ་ཤེས་རྩ་ལམ་སྒོ༔ སོ་སོར་དབྱེ་ལ་གཅིག་ཏུ་བསྲེ༔ ཆོས་སྐུ་རང་གྲོལ་ཕྱག་རྒྱ་ཡིས༔ སྒྲོན་མ་རྣམ་བཞི་ལོངས་སྤྱོད་ཅིག༔ སྣང་བཞིའི་གདེང་བཞིའི་ས་ཟིན་ནས༔ ཁམས་གསུམ་དམིགས་མེད་ཡེ་རྫོགས་རྒྱས༔ སྣང་དང་སྟོང་དང་དབྱེར་མེད་ཆོས༔ འཁོར་འདས་ཆོས་ཚིག་དེར་ཟད་དོ༔ རང་བྱུང་ཤྭ་ལོ་བདུན་པ་འདི༔ ཚིག་དང་ཡི་གེར་མ་བྱུང་སྟེ༔ མཁའ་ལ་འཇའ་ཟེར་བཞིན་དུ་འཁྱིལ༔ བསྟན་པ་ཀུན་གྱི་ཐོག་མ་འོ༔ ཀུན་བཟང་དགོངས་པའི་རྒྱུད་རིན་པོ་ཆེས་བྲིས་ཏེ༔ མགུལ་དུ་བཅངས་པའི་མི་དེ་དྲན་པས་སངས་རྒྱ་བའོ༔ སྔགས་ཀྱི་སྲུང་མས་བཀའ་འདི་སྲུངས་ལ་ལྔ་ལྡན་གྱི་བུ་ལ་གཏོད་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༄༅༔ ྈྈྈ རྒྱ་གར་སྐད་དུ༔ ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ༔ བོད་སྐད་དུ༔ སྐུ་ལྔ་དབྱེར་མེད་རང་ཤར་གྱི་གླེགས་བམ༔ བཅོམ་ལྡན་འདས་ལྔ་ལྡན་ཚོམ་བུའི་ཞིང་ཁམས༔ རིག་པ་གཞོན་ནུ་བུམ་པའི་སྐུ་ལ་ཕྱག་འཚལ་ལོ༔ ཆོས་སྐུ་ཀུན་ཏུ་བཟང་པོ་དེ་ཉིད་ལོངས་སྐུའི་རྣམ་པར་གསལ་ཏེ༔ གནས་ཐིག་ལེ་རྣམ་པར་དག་པ༔ དམིགས་བཅས་གཟུགས་རིས་ལས་འདས་པ༔ རྣམ་པར་སྣང་མཛད་རང་བཞིན་གྱིས་གསལ་བས༔ འཁོར་དམ་པ་རིགས་བརྒྱ་ཞི་ཁྲོ་བརྗོད་ལས་འདས་པ་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ༔ ཨེ་མ་ཧོ༔ རང་ལ་ཡོད་པའི་འོད་པོ་ཆེ༔ དབྱིངས་ཆེན་སྣང་བ་ངོ་མཚར་ཆེ༔ རང་ལ་གསལ་བའི་བཀྲག་པོ་ཆེ༔ ཡུལ་དྲུག་ཤར་པ་ངོ་མཚར་ཆེ༔ རང་ལས་གྲོལ་བའི་ཤེས་པོ་ཆེ༔ རྒྱ་གསུམ་གྲོལ་བ་ངོ་མཚར་ཆེ༔ དབང་ཆེན་ལྔ་པོ་ཐོབ་པ་ན༔ སྤོ་མཐོན་རྩེ་ནས་ཆུ་མིག་ཕྱེ༔ ལུས་གནད་ཞིང་ཁམས་འདྲེན་ཚུགས་ཤིག༔ ངག་ཏུ་འབྲུ་ལྔ་བཟླས་བྱེད་ཅིང༔ ཕྱི་ནང་གསང་གསུམ་ལྷ་སྒོམས་ཤིག༔ བདེ་སྟོང་གསལ་རིག་མི་རྟོག་པས༔ སྐུ་ལྔ་རིགས་ལྔ་རང་གྲོལ་ཏེ༔ སྤྲུལ་པས་ཁམས་གསུམ་དོང་སྤྲུགས་སོ༔ ལྟ་སྒོམ་སྤྱོད་འབྲས་ལྷ་དམ་ཚིག༔ ཕྲིན་ལས་བྱ་བ་འདི་ཡིས་རྫོགས༔ ཤྭ་ལོ་ཀ་ནི་བཞི་པ་འདི༔ མཁའ་ལ་ཡིག་འབྲུའི་ཚུལ་དུ་ཤར༔ བསྟན་པ་ཀུན་གྱི་སྲས་གཅིག་ཡིན༔ སྐལ་ལྡན་བུ་ལ་འདི་སྟོན་ཅིག༔ ཅེས་གསུངས་སོ༔ ལོངས་སྐུའི་དགོངས་སྤྱོད་སྲས་གཅིག་གི་རྒྱུད་ཅེས་བྱ་བ༔ རིན་པོ་ཆེས་བྲིས་ཏེ་མགུལ་དུ་བཅངས་པས༔ ཐུགས་རྗེ་དྲན་སངས་རྒྱ་བ་འོ༔ སྔགས་ཀྱི་བདག་མོས་སྲུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༄༅༔ ྈྈྈྈྈ རྒྱ་གར་སྐད་དུ༔ ཨ་ཨ་ཨཾ༔ བོད་སྐད་དུ༔ སྟོང་པའི་སྒྲ༔ བཅོམ་ལྡན་འདས་སྣ་ཚོགས་ཀུན་སྣང་འདུས་མ་བྱས་པ་ལ་ཕྱག་འཚལ་ལོ༔ འདི་སྐད་ཅེས་སྣང་བའི་དུས་གཅིག་ན༔ ཀུན་ཁྱབ་བརྡལ་བ་ཆེན་པོའི་ཞིང་ཁམས་སུ་སྤྲུལ་པའི་སྐུ་ཉིད་དུ་ཤར་ཏེ༔ ཐབས་ཤེས་གཉིས་སུ་མེད་པའི་ཁྱེའུ་ཆུང་རྡོ་རྗེ་འཆང་གིས༔ ཕྲིན་ལས་རྣམ་པ་བཞི་ཡི་འཁོར་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ༔ ཨེ་མ༔ ངོ་བོའི་ཆོས་རྣམས་ངང་གིས་སྟོང༔ ལྟ་བ་མཐའ་བྲལ་ལ་ཟློས་ཤིག༔ རང་བཞིན་ཆོས་རྣམས་ངང་གིས་གསལ༔ སྒོམ་པ་ཐོད་རྒལ་ལ་ཟློས་ཤིག༔ སྤྱོད་པ་ཐུགས་རྗེ་ཤར་གྲོལ་ངང༔ སྐུ་གསུམ་རང་གསལ་ལ་ཟློས་ཤིག༔ སྣང་བ་ཕྱི་རུ་བཟོ་མ་བཅོས༔ རིག་པ་ནང་དུ་རྩིས་མ་འདེབས༔ སྣང་རིག་བར་ན་ཧྲིག་གེ་བ༔ དབྱིངས་ཆེན་ངང་ན་ལམ་མེ་བ༔ རྐྱེན་བྲལ་ཡུལ་ལ་ཁྱུག་གེ་བ༔ མ་བཅོས་མ་ཡེངས་ལ་ཟློས་ཤིག༔ དུས་གསུམ་དབང་ཐོབ་གཞན་དོན་བྱེད༔ ལུས་གློད་ངག་དམ་སེམས་མི་སྤྲོ༔ འདི་ཉིད་བསྟན་པའི་ཐོག་མ་འོ༔ འཁོར་འདས་གཉིས་མེད་གདེང་ཆོས་ཤིག༔ ཤྭ་ལོ་ཀ་ནི་བཞི་པ་འདི༔ འབྱུང་བཞིའི་སྒྲ་རུ་རང་བྱུང་བས༔ འདི་དང་སུ་འཕྲད་གདོད་མར་གྲོལ༔ ལྔ་ལྡན་བུ་ལ་འདི་གཏོད་ཅིག༔ སྔགས་ཀྱི་སྲུང་མས་བཀའ་འདི་སྲུངས་ཤིག༔ རྡོ་རྗེ་འཆང་དང་པོའི་དགོངས་པ་བསྟན་པའི་བུ་གཅིག་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈ ༼༢ ༄༅༔ རྒྱ་གར་སྐད་དུ༔ སརྦ་དྷརྨཱ་བྷྱཻ༔ བོད་སྐད་དུ༔ ཆོས་ཐམས་ཅད་ཀྱི་གནད༔ རང་ཤར་གྱི་ལྷ་གཞི་སྣང་གདལ་བ་ལ་ཕྱག་འཚལ་ལོ༔ སེམས་ཅན་གྱི་ཚེ་ལོ་དཔག་ཏུ་མེད་པའི་དུས་ན༔ ཡུལ་དགའ་ལྡན་བརྩེགས་པར༔ སྟོན་པ་རྡོ་རྗེ་སེམས་དཔའ་རང་ཤར་ཏེ༔ བརྫུས་ནས་སྐྱེས་པ་རྣམས་འདུལ་བའི་ཕྱིར༔ འཁོར་སངས་རྒྱས་སྟོང་རྩ་གཉིས་ལ༔ ཅོ་ག་དགུ་འགྱུར་གྱི་སྐད་ཀྱིས་རྩ་བའི་རྒྱུད་འདི་གསུངས༔ ཀ་དག་བསམ་མེད་སྤྲོས་པ་བྲལ༔ གཞི་སྣང་ཆེན་པོར་ཐག་ཆོད་ཅིག༔ རང་གསལ་མ་འདྲེས་མ་འགགས་སྣང༔ ལམ་སྣང་ཆེན་པོར་ཐག་ཆོད་ཅིག༔ རང་གྲོལ་ལྷུན་གྲུབ་མཉམ་གདལ་ངང༔ འབྲས་བུ་གདེང་ཆེན་ལ་ཟློས་ཤིག༔ གནས་ས་ཙིཏྟ་དུང་ཁང་རྩ༔ ལམ་ནི་ཤེལ་སྦུག་དྭངས་པ་སྟེ༔ སྒོ་ནི་རྒྱང་ཞགས་ཆུ་སྒྲོན་མ༔ ཡུལ་ནི་རྐྱེན་བྲལ་དྭངས་མཐོའི་དབྱིངས༔ ངོ་བོ་ཕྲ་མཉེན་སྟོང་གསལ་འཁྱུག༔ ཁ་དོག་མ་ངེས་སྣ་ཚོགས་རིས༔ བྱེད་པ་སེམས་ཅན་ཀུན་དོན་བྱེད༔ ཡོད་ནི་སེམས་ཅན་ཀུན་ལ་ཡོད༔ མངོན་སུམ་སྣང་བས་བར་དོར་གྲོལ༔ གོང་འཕེལ་སྣང་བས་འཆི་ཁར་གྲོལ༔ ཚད་ཕེབས་སྣང་བས་འོད་ལུས་ཐོབ༔ ཟད་པས་སྐད་ཅིག་རྫོགས་སངས་རྒྱས༔ ལུས་ནི་རྡོ་རྗེ་ལྟ་བུར་འདྲིལ༔ ངག་ནི་ཧཱུྃ་གི་སྒྲ་གསུམ་འབྱིན༔ སེམས་ནི་རང་རང་ངོ་ལ་བརྟག༔ མ་ཡེངས་གསུམ་གྱིས་གོལ་གསུམ་ཆོད༔ བཀའ་གཏད་རབ་འབྱམས་དབང་རྫོགས་སོ༔ འདི་ཤེས་རྡོ་རྗེ་སེམས་དཔའ་དང༔ གཉིས་མེད་ལྷུན་མཉམ་ཆེན་པོ་འོ༔ བསྟན་པ་ཀུན་གྱི་སྲོག་ཚིག་འདི༔ རིན་ཆེན་ཁུ་བས་རབ་བྲིས་ཏེ༔ དེ་ནས་མགུལ་དུ་རབ་བཅང་ངོ༔ ཐུགས་རྗེས་མཐོང་གྲོལ་ཞེས་བྱ་བའོ༔ སྔགས་ཀྱི་སྲུང་མས་འདི་སྲུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༼༣ ༄༅༔ ྈྈྈ རྒྱ་གར་སྐད་དུ༔ སརྦ་དུ་ས་དྷ་རྐཾ༔ བོད་སྐད་དུ༔ ཡང་ཏིག་སྲོག་གཟེར༔ བཅོམ་ལྡན་འདས་བདེ་ཆེན་སྣང་སྟོང་རྫོགས་པ་ལ་ཕྱག་འཚལ་ལོ༔ དེ་ནས་ཚེ་ལོ་མར་མར་བྲི༔ ཚེ་ལོ་བྱེ་བ་ཐུབ་པའི་དུས༔ མི་མཇེད་འཇིག་རྟེན་དམ་པ་འདིར༔ དྲུག་པ་རྡོ་རྗེ་འཆང་ཆེན་ང༔ སྒོ་ང་དག་ལས་སྐྱེ་ཚུལ་བསྟན༔ བཅུ་དྲུག་གཞོན་ཚུལ་འོད་མི་འཁྲུགས༔ ཆགས་པས་ཆགས་པ་འདུལ་དོན་དུ༔ འཁོར་དུ་མཁའ་འགྲོ་འབུམ་ཚོ་ལྔ༔ གདུང་བ་སེལ་ཕྱིར་ཚིག་འདི་གསུངས༔ ཨེ་མ༔ རིག་པ་ཀློང་ཆེན་ནམ་མཁའ་འདྲ༔ ཉོན་མོངས་རྟོག་པ་རླུང་འཚུབས་འདྲ༔ འདུལ་བྱེད་དམ་ཆོས་ཉི་མ་འདྲ༔ སླར་ཡང་མེས་ཚིག་མེ་ཡིས་གདུང༔ ཉོན་མོངས་གཉེན་པོར་ཉོན་མོངས་བརྟེན༔ ཕོ་ལ་བཅུ་དྲུག་མོ་ལ་བརྒྱད༔ ཐབས་ཤེས་ཡབ་ཡུམ་རྟེན་རྫས་གསག༔ དུང་ཅན་རི་མོ་པད་རི་དྭགས༔ གླང་སྣ་རིགས་ལྔས་ལོངས་སྐུ་འགྲུབ༔ རྡོ་རྗེ་རིན་ཆེན་པདྨ་དང༔ ལས་དང་བདེ་གཤེགས་དཔའ་བོ་ལྔ༔ བདེ་ཆེན་སྤྲུལ་པའི་སྐུ་ཡང་འགྲུབ༔ བདེ་ལ་སེམས་གཟུང་སྟོང་ལ་སྦྱང༔ ཕབ་བཟུང་ལྡོག་དགྲམ་ལུས་གནད་བཅའ༔ རང་སར་གོ་ཟློག་ཐིག་ལེ་སྤེལ༔ ཕྱི་ནང་གུང་སྦྱར་སྣང་སེམས་བསྲེ༔ རླུང་གིས་ཡོན་ཏན་ཐམས་ཅད་འགྲུབ༔ ཡི་གེས་གཞན་དོན་དཔག་མེད་བྱེད༔ ཐིག་ལེས་ཕ་རོལ་སེམས་ཤེས་འགྱུར༔ སྔོན་དུ་དབང་བཞིས་སྒྲིབ་བཞི་སྦྱངས༔ གནད་བཞིས་འཁོར་བའི་སེམས་བསྒྲལ་ལོ༔ འབྲས་བུ་སྐུ་གསུམ་མངོན་དུ་འགྱུར༔ དེ་ལྔས་འཁོར་བ་དོང་སྤྲུག་གོ༔ དགུ་བཅུ་གཅིག་གི་འོད་ཀྱི་ལུས༔ ཆགས་པ་ཅན་རྣམས་ཐོབ་པ་འོ༔ གནད་འདི་སུས་ཤེས་འཁོར་འདས་གྱེས༔ ཚིག་གི་དབང་གིས་རྟོགས་འགྱུ་གྲོལ༔ ལྔ་ལྡན་བུ་ལ་འདི་སྟོན་ལ༔ སྐལ་པ་དམན་ལ་མ་སྟོན་ཅིག༔ དཔལ་ལྡན་སྔགས་ཀྱི་སྲུང་མས་བཀའ་འདི་སྲུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡང་ཏིག་སྲོག་གཟེར་གྱི་རྒྱུད་ཅེས་བྱ་བ༔ ཐུགས་རྗེས་གཅེར་གྲོལ་ཡིན་ནོ༔ ྈྈྈྈ ༼༤ ༄༅༔ ྈྈྈྈ རྒྱ་གར་སྐད་དུ༔ ཨེ་བཾ་ཀྲུ་ཡ༔ བོད་སྐད་དུ༔ གསེར་གྱི་འབྲུ་གཅིག་པ༔ འཁོར་འདས་མཐའ་བྲལ་ཀློང་དུ་ཕྱག་འཚལ་ལོ༔ སེམས་ཅན་ཚེ་ལོ་འབུམ་གྱི་དུས༔ སྟོན་པ་འཇམ་དཔལ་འཇིགས་སྐྱོབ་ཉིད༔ དྲོད་དང་གཤེར་གྱི་གནས་སུ་བལྟམས༔ ཆགས་མེད་ལོག་ཅན་འདུལ་བའི་ཕྱིར༔ ཐབས་ཀྱི་རྒྱུ་ལས་སྐྱེས་པ་ཡི༔ བྱང་ཆུབ་སེམས་དཔའ་འབུམ་ཕྲག་དྲུག༔ རིགས་ལྡན་འཁོར་ལ་བཀའ་བསྩལ་པ༔ ཨེ་མ༔ དབང་གསུམ་གནད་གསུམ་གཟེར་གསུམ་གདབ༔ སྡོད་གསུམ་ཚད་གསུམ་ཡུལ་གསུམ་ཆོད༔ ཞིང་ཁམས་གསུམ་ལ་ལོངས་སྤྱད་པས༔ ངོ་སྤྲོད་གསུམ་གྱིས་ཐག་ཆོད་ཅིག༔ ཅེས་གསུངས་སོ༔ འཁོར་བ་དོང་སྤྲུགས་གསེར་གྱི་འབྲུ་གཅིག་པ་ཞེས་བྱ་བ༔ ཐུགས་རྗེས་རེག་གྲོལ་ལོ༔ སྔགས་ཀྱི་བདག་མོས་སྲུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༼༥ ༄༅༔ ྈྈྈ རྒྱ་གར་སྐད་དུ༔ མཱ་མ་ཨཱཀྵེ༔ བོད་སྐད་དུ༔ རིགས་དྲུག་རང་གྲོལ༔ བཅོམ་ལྡན་འདས་སྐུ་གསུམ་རང་གསལ་དེ་ལ་ཕྱག་འཚལ་ལོ༔ ཚེ་ལོ་ཁྲི་ཚོ་བརྒྱད་པའི་དུས༔ ལུས་ཀྱི་འོད་ཟད་ཉི་ཟླ་བྱུང༔ ཉོན་མོངས་ཕོ་མོ་དབང་སྒོ་དོད༔ གཟུང་འཛིན་ཆགས་ཞེན་རབ་ཏུ་འཐས༔ དེ་འདུལ་གཉེན་པོར་རྡོར་འཆང་ང༔ མངལ་གྱི་གནས་སུ་སྐྱེ་ཚུལ་བསྟན༔ ཁྱེ་འུ་རྣམ་པར་རོལ་པ་ཞེས༔ འཁོར་དུ་གནོད་སྦྱིན་སྲིན་པོས་བསྐོར༔ སྟོང་ཕྲག་ལྔ་ལ་འདི་གསུངས་སོ༔ ཨེ་མ་མ་བཅོས་ཞོག་དང་ཁོང་ནི་ཡངས༔ མ་ཡེངས་ཞོག་དང་དྭངས་ཆ་ཐོན༔ རྒྱུན་དུ་སྐྱོངས་དང་རྗེས་སུ་གསལ༔ སྣང་སྟོང་བསྲེས་དང་གོལ་ས་ཆོད༔ ཆོས་སྐུའི་ངོ་སྤྲོད་རྩ་གཅིག་གིས༔ ཆོས་སྐུའི་ཞིང་ཁམས་བལྟ་བར་གྱིས༔ ལོངས་སྐུའི་ངོ་སྤྲོད་རྩ་གཅིག་གིས༔ ལོངས་སྐུའི་ཞིང་ཁམས་སྤྱོད་པར་གྱིས༔ སྤྲུལ་སྐུའི་ངོ་སྤྲོད་རྩ་གཅིག་གིས༔ སྤྲུལ་སྐུའི་ཞིང་ལ་རོལ་པར་གྱིས༔ སྐྱེ་གནས་བར་དོར་བྲེས་ཐག་ཆོད༔ འཆི་ཁའི་བར་དོ་རང་གསལ་ཐོབས༔ ཆོས་ཉིད་བར་དོར་མཁྱེན་སྤྱོད་རྒྱས༔ སྲིད་པའི་བར་དོར་སྤྲུལ་ཞིང་གྲོལ༔ ལྷུན་གྲུབ་སྦུབས་སུ་བུདྡྷ་འོ༔ འདི་ཉིད་འབྱུང་ལྔའི་སྒྲ་རུ་ཤར༔ ཨ་ཏི་བསྟན་པའི་ཐིག་ལེ་ཡིན༔ བརྟགས་ཤིང་བརྟགས་ཤིང་རང་ངོ་སྤྲད༔ ཐུགས་རྗེས་རེག་སངས་རྒྱ་བའོ༔ སྔགས་ཀྱི་སྲུང་མས་བཀའ་འདི་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༼༦ ༄༅༔ ྈྈྈྈྈ རྒྱ་གར་སྐད་དུ༔ བུདྡྷ་དྷེ་ཀ་ར་ཡ་ཨ་ཏི་ན་མ༔ བོད་སྐད་དུ༔ སངས་རྒྱས་ཀྱི་ཞལ་ཆེམས་དང་པོ་ཞེས་བྱ་བ༔ དྲུག་པ་རྡོ་རྗེ་འཆང་ཆེན་ཉིད་ལ་ཕྱག་འཚལ་ལོ༔ ཚེ་ལོ་བདུན་ཁྲི་ཐུབ་པའི་དུས༔ འགྲོ་བ་སེམས་ཅན་ཐམས་ཅད་ནི༔ སྐྱེ་བ་རྣམ་བཞི་དག་ལས་སྐྱེས༔ ཡུལ་ནི་སུམ་ཅུ་རྩ་གསུམ་ཞེས༔ དགའ་དང་ལྡན་པའི་ཡུལ་དེ་རུ༔ གསོ་བར་བྱེད་པའི་སྨན་གྱི་ཚལ༔ འཚོ་བྱེད་གཞོན་ནུའི་ལྡུམ་ར་དེར༔ ལོངས་སྐུ་རྡོ་རྗེ་འཆང་ཆེན་ང༔ རྡོ་རྗེ་འཆང་དུ་སྐུ་སྤྲུལ་ནས༔ སངས་རྒྱས་འོད་སྲུང་ལ་སོགས་ཏེ༔ རབས་ནི་བདུན་པའི་འཁོར་གྱིས་བསྐོར༔ འབྲས་བུ་གསུམ་གྱི་ཟས་ཀྱང་ཟོས༔ ཆོས་ནི་ཕ་རོལ་ཕྱིན་པ་སྟེ༔ རྒྱས་པ་འབུམ་ཕྲག་རེ་རེ་དང༔ འབྲིང་ནི་སྟོང་ཕྲག་བརྒྱ་པ་དང༔ ཐ་མ་ཤེས་རབ་ཁྲི་པ་དང༔ སྔགས་ཀྱི་རྒྱུད་སྡེ་མེ་ལྕེ་ཕྲེང༔ སེང་གེའི་སྒྲ་ལ་སོགས་པ་དང༔ ཡེ་ཤེས་རྒྱན་གྱི་བཤད་རྒྱུད་དང༔ ཐིག་ལེ་མཆོག་རྒྱུད་ཀུན་གསལ་དང༔ གསང་སྔགས་རྒྱུད་སྡེ་མང་དུ་གསུངས༔ ལྷ་དབང་བརྒྱ་བྱིན་ཁང་བཟང་གི༔ ལྷོ་ཡི་ཕྱོགས་སུ་དེ་ལྟར་བཤད༔ ལྷ་དབང་བརྒྱ་བྱིན་བཙུན་མོ་བཞི༔ སུམ་ཅུ་རྩ་གསུམ་སྲས་དང་བཅས༔ ཉོན་མོངས་ཟད་པར་བྱ་ཕྱིར་འོང༔ ལོ་ནི་སུམ་ཅུ་རྩ་ལྔ་ལོན༔ དེ་ནས་སངས་རྒྱས་ཚུལ་ཡང་བསྟན༔ སྟོང་ཕྲག་བརྒྱད་དུ་ཏིང་འཛིན་བསྒོམས༔ དེ་དུས་རིག་འཛིན་དགའ་རབ་རྗེ༔ འཚོ་བྱེད་གཞོན་ནུའི་ལྡུམ་རར་བརྒྱལ༔ གདུང་བའི་སྨྲེ་སྔགས་མཆི་མ་ཕྱུང༔ ཀྱེ་མ་ཀྱེ་ཧུད་ཀྱེ་མ་བློང༔ སྟོན་པ་སྒྲོན་མེའི་འོད་ནུབ་ན༔ སེམས་ཅན་མུན་པ་གང་གིས་སེལ༔ དེ་ལྟར་སྨྲེ་སྔགས་བརྒྱལ་སངས་ནས༔ ནམ་མཁའི་དབྱིངས་སུ་ཡར་བལྟས་པས༔ འོད་ཟེར་འཇའ་ཚོན་འཁྲུགས་པའི་ནང༔ སྟོན་པ་དྲུག་པ་རྡོ་རྗེ་འཆང༔ ཕྱག་གཡས་གྲུ་མོ་མར་ཕྱུང་ནས༔ རིན་ཆེན་ཤེལ་གྱི་ཟ་མ་ཏོག༔ སེན་གང་གཅིག་ནི་མར་ལ་བབས༔ བདག་གིས་ལག་གཡས་ཡར་བརྐྱངས་པས༔ གླེགས་བམ་ལག་མཐིལ་གཡོན་དུ་བབས༔ དེ་ཉིད་ཞལ་ཕྱེས་བལྟས་པ་ཡི༔ མཐིང་གི་ཤོག་གུའི་ལོགས་དག་ལ༔ བཻ་ཌཱུར་ཞུན་མས་བྲིས་པ་སྣང༔ མཐོང་བས་དགའ་རབ་རང་རྒྱུད་གྲོལ༔ དེ་ཡི་ཞལ་ཆེམས་འདི་ལྟར་རོ༔ ཀྱེ་མ་ཀྱེ་མ་རིགས་ཀྱི་བུ༔ གསང་སྔགས་གསང་བའི་གནད་རྣམས་ཀུན༔ གཅིག་ཏུ་དྲིལ་ནས་ཉམས་སུ་ལོངས༔ ལུས་ངག་ཡིད་ཀྱི་སྔོན་འགྲོ་ནི༔ མི་རྟག་སྙིང་རྗེ་བྱང་སེམས་བསྒོམ༔ དབེན་ཞིང་ཉམས་དགའི་གནས་ཉིད་བརྟེན༔ ཆོས་དང་མཐུན་པའི་མཆེད་གྲོགས་འཚོལ༔ ཁམས་ཀྱི་རྟེན་སོ་ཡོ་བྱད་གསག༔ སྐུ་གསུམ་རྟེན་བཀྲམ་མཆོད་པ་བཤམ༔ ལུས་ནི་མ་བཅོས་ངང་དེར་གཞག༔ ངག་ནི་འཁྱལ་བའི་ལོ་རྒྱུས་སྤོངས༔ སེམས་རྟོག་སྔ་ཕྱི་བར་གསུམ་ཆོད༔ འཇིག་རྟེན་ཞེན་ལོག་དྲག་པོ་སྒོམས༔ དགོས་མེད་རྒྱུད་ལ་ཡང་ཡང་ཁོལ༔ ལུས་ངག་ཡིད་གསུམ་རང་སར་གློད༔ དེ་ནས་དོན་དམ་སེམས་བསྐྱེད་ནས༔ སྟོང་གསལ་སྙིང་རྗེ་དཔག་མེད་བསྒོམ༔ ལུས་ནི་མ་རིག་རྒྱུས་བསྐྱེད་ཕྱིར༔ རིགས་དྲུག་ས་བོན་ཉིད་དུ་གནས༔ རིག་པ་སྐུ་གསུམ་དངོས་ཡིན་ཕྱིར༔ སྐུ་གསུམ་ཡི་གེ་གསུམ་དུ་གནས༔ ཡི་གེས་རྩལ་སྦྱངས་རུ་ཤན་དབྱེ༔ དབྱེ་བ་རྣམ་པ་གཉིས་ཡིན་ཏེ༔ ཐོག་མར་ཐ་མལ་པ་ཡི་ལུས༔ མཛོད་སྤུ་མགྲིན་པ་སྙིང་ག་དང༔ ལྟེ་བ་གསང་གནས་རྐང་མཐིལ་དུ༔ ཨ་དཀར་ཏྲི་མཐིང་ནྲྀ་ལྗང་དང༔ སུ་སེར་པྲེ་དམར་དུཿནག་བསྒོམ༔ སྐུ་གསུང་ཐུགས་ཀྱི་འབྲུ་གསུམ་ལས༔ དཀར་དམར་མཐིང་གའི་མེ་འབར་བས༔ རིགས་དྲུག་ས་བོན་བསྲེགས་པར་བསྒོམ༔ ཨཱོྃ་ཨཱཿཧཱུྃ་གསུམ་བདུན་འབུམ་བསྐྱལ༔ དེས་ནི་ངན་སོང་རྡོག་པས་ནོན༔ གཉིས་པ་བདག་ཉིད་རྡོ་རྗེ་སེམས༔ སྐུ་གསུང་ཐུགས་ཡིག་འཁོར་ལོ་བསྒོམ༔ གསུམ་པ་སྤྱན་འདྲེན་མཆོད་པ་འབུལ༔ བཞི་པ་ཀུན་རྫོགས་ལས་རིམ་བསྒོམ༔ སྨོན་འཇུག་གཉིས་ལ་འབད་པར་བྱ༔ ཚོགས་གཉིས་རྫོགས་ཕྱིར་མཎྜལ་འབུལ༔ བྱིན་རླབས་འབྱུང་ཕྱིར་གསོལ་བ་བཏབ༔ ལུས་སྒྲིབ་སྦྱང་ཕྱིར་ཕྱག་བསྐོར་བྱ༔ ངག་སྒྲིབ་སྦྱང་ཕྱིར་ཡིག་བརྒྱ་བཟླ༔ མདོ་དང་བསྔོ་བ་སྨོན་ལམ་བཏབ༔ ཉིན་མཚན་ཆོས་སྤྱོད་འཁོར་ལོ་བསྐོར༔ མགྲོན་རིགས་བཞི་ལ་ལོངས་སྤྱོད་འབུལ༔ དེ་ལྟར་སྔོན་འགྲོ་རྫོགས་བྱས་ནས༔ སྤྲོས་བཅས་ལ་སོགས་དབང་རྣམས་བསྐུར༔ དབང་སྲོག་དམ་ཚིག་སྐུ་གསུང་ཐུགས༔ མ་ཁྲེལ་གསུམ་གྱིས་སྲུང་མཚམས་བཅའ༔ མྱ་ངན་འདས་པའི་སྣ་སེལ་ཡིན༔ འགྲོ་དྲུག་འདྲེན་པའི་ལྕགས་ཀྱུ་ཡིན༔ ཐར་པར་བགྲོད་པའི་ལམ་སྐས་ཡིན༔ འཁོར་བ་སྒྲོལ་བའི་གྲུ་ཆེན་ཡིན༔ དེ་སྐད་ཅེས་ནི་རང་ཤར་བ༔ བསྟན་པ་ཀུན་གྱི་སྙིང་གཟེར་ཏེ༔ རྡོ་རྗེ་འཆང་གི་འདས་རྗེས་མཆོག༔ ཞལ་ཆེམས་དག་ཏུ་བཀའ་བསྩལ་ཏོ༔ དཔལ་སྔགས་ཀྱི་བདག་མོ་ནག་མོ་ཁྲོས་མས་སྲུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈ ༼༧ ༄༅༔ ྈྈྈྈྈ རྒྱ་གར་སྐད་དུ༔ བུདྡྷ་དྷེ་ཀ་ར་ཡ་དྷུ་ཡི་ན་མ༔ བོད་སྐད་དུ༔ སངས་རྒྱས་ཀྱི་འདས་རྗེས་གཉིས་པ་ཞེས་བྱ་བ༔ ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོ་སྟོབས་ཀྱི་རྣམ་པར་གནོན་པ་ཉིད་ལ་ཕྱག་འཚལ་ལོ༔ ཡང་གཅིག་རྡོ་རྗེ་འཆང་ཆེན་ང༔ སེམས་ཅན་ཀུན་ལ་ཐུགས་བརྩེ་ནས༔ ཏིང་ངེ་འཛིན་ལས་གཉིད་སད་དེ༔ ཉོན་མོངས་གདུག་རྩུབ་མཁའ་འགྲོའི་གནས༔ གསང་ཆེན་རོལ་པའི་དུར་ཁྲོད་དུ༔ ཡབ་ནི་གནོད་སྦྱིན་ཡཀྴ་སེང་གེའི་གདོང༔ ཡུམ་ནི་འདོད་དབང་ལྷུམས་སུ་སྐྱེས༔ ཡིད་ཁྲོས་འཇིགས་པའི་ཆས་གཟུགས་བྱས༔ གཞོན་ནུ་དཔའ་བོའི་སྟོབས་དང་ལྡན༔ ཕྱག་ན་རྡོ་རྗེ་བྱ་བ་ནི༔ སྤྲིན་གྱི་གསེབ་ནས་ཐོན་ནས་ཀྱང༔ འཁོར་ཡང་བྱང་ཆུབ་སེམས་དཔའ་བདུན༔ མཁའ་འགྲོ་པཱུརྞ་ཉེར་ཞི་དང༔ ཚངས་པ་དུང་མགྲིན་སེང་གེའི་གདོང༔ དྲང་སྲོང་ཟླ་འོད་གཞོན་ནུ་དང༔ དེ་དག་འདུལ་བའི་ཡུལ་དུ་བྱས༔ ཕ་རྒྱུད་བྱེ་བ་ཕྲག་དགུ་དང༔ མ་རྒྱུད་བྱེ་བ་ཕྲག་གཉིས་དང༔ གཉིས་མེད་ཨ་ཏི་ཡོ་གའི་རྒྱུད༔ འབུམ་ཕྲག་གཅིག་ལ་སོགས་པ་གསུངས༔ ཚེ་ལོ་དྲུག་ཁྲི་ཐུབ་པའི་དུས༔ ཕུང་པོ་ལྷག་མ་མེད་པ་རུ༔ རིམ་པ་གཉིས་ལྡན་གནས་མཆོག་ཏུ༔ ཏིང་ངེ་འཛིན་ལ་འབུམ་ཕྲག་བཞུགས༔ ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས༔ དེ་ནས་དགའ་རབ་རྡོ་རྗེ་ཉིད༔ གསང་ཆེན་རོལ་པའི་དུར་ཁྲོད་ནས༔ མེ་རི་འབར་བའི་ཤར་ཕྱོགས་སུ༔ བརྒྱལ་ཞིང་སྨྲེ་སྔགས་མཆི་མ་ཕྱུང༔ ཀྱེ་མ་ཀྱེ་ཧུད་ཀྱེ་མ་བློང༔ སྟོན་པ་སྒྲོན་མེའི་འོད་ནུབ་ན༔ འཇིག་རྟེན་མུན་པ་གང་གིས་སེལ༔ དེ་ལྟར་སྨྲེ་སྔགས་བརྒྱལ་སངས་ནས༔ ནམ་མཁའི་དབྱིངས་སུ་ཡར་བལྟས་པས༔ འོད་ལྔ་འཇའ་ཚོན་འཁྲུགས་པའི་ནང༔ སྟོན་པ་དཔའ་བོ་སྟོབས་ལྡན་ནི༔ ཕྱག་གཡས་གྲུ་མོ་མར་ཕྱུང་ནས༔ རིན་ཆེན་ཤེལ་གྱི་ཟ་མ་ཏོག༔ སེན་གང་བ་གཅིག་མར་ལ་བོར༔ དགའ་རབ་ལག་པ་ཡར་བཟེད་པས༔ གླེགས་བམ་ལག་པའི་མཐིལ་དུ་བབས༔ དེ་ཉིད་ཞལ་ཕྱེས་བལྟས་པ་ཡིས༔ བཻ་ཌཱུར་མཐིང་ཤོག་ཞུན་མ་ལ༔ རིན་ཆེན་ལྔ་ཡིས་བྲིས་པ་སྣང༔ བལྟས་པས་དགའ་རབ་རང་རྒྱུད་གྲོལ༔ དེ་ཡི་ཞལ་ཆེམས་འདི་སྐད་དོ༔ ངེས་པར་སངས་རྒྱས་ཐོབ་འདོད་ན༔ སྔོན་དུ་འགྲོ་ལ་རྩལ་ཉིད་སྦྱང༔ ལུས་དང་ངག་དང་ཡིད་གསུམ་པོ༔ རུ་ཤན་ལེགས་པར་མ་ཕྱེས་ན༔ ཁམས་གསུམ་ཉིད་ལས་མི་གྲོལ་བས༔ སྔོན་འགྲོའི་གནད་ལ་མཁས་པར་བྱ༔ མཆོག་དང་ཐུན་མོང་དངོས་གྲུབ་འབྱུང༔ ཐོག་མར་དབེན་པའི་གནས་ཉིད་དུ༔ ཐེག་པ་བཅུ་གཅིག་དབང་མཆོག་སྐུར༔ དེ་ནས་ཐེག་པ་རིམ་གྱིས་ཁྲིད༔ དང་པོ་འཇིག་རྟེན་ལྷ་མིའི་ཁྲིད༔ ལུས་ཀྱི་སྔོན་འགྲོ་བྱ་བའི་ཕྱིར༔ རིགས་དྲུག་སྤྱོད་པ་སྣ་ཚོགས་སྤྱད༔ སྐྱིལ་ཀྲུང་མཐིལ་སྤྲད་དྲང་པོར་བསྲང༔ སྤྱི་བོར་ཐལ་སྦྱར་ཡུན་དུ་གནས༔ དེ་ལྟར་ལུས་ཀྱིས་སུས་བྱས་པ༔ ལུས་དེ་མི་ལྡོག་བར་ཆད་ཞི༔ ཞེན་པ་ལྡོག་ཅིང་སྡིག་སྒྲིབ་འདག༔ ལུས་ཉིད་སྤྲུལ་པའི་སྐུ་རུ་གྲོལ༔ སངས་རྒྱས་སྐུ་དང་གཉིས་སུ་མེད༔ ལྷག་མེད་ཉིད་དུ་གྲོལ་བར་འགྱུར༔ ངག་གི་སྔོན་འགྲོ་བྱ་བའི་ཕྱིར༔ རིགས་དྲུག་སྒྲ་སྐད་སྣ་ཚོགས་བརྗོད༔ ཞི་ཁྲོའི་སྒྲ་དང་འབྱུང་བའི་སྒྲ༔ རྣམ་པ་སྣ་ཚོགས་ཉིད་དུ་སྤྱད༔ ངག་ནི་ཧཱུྃ་དུ་གནས་པ་ལ༔ རྒྱས་གདབ་པ་དང་རྩལ་ཉིད་སྦྱང༔ མཉེན་བཙལ་ལམ་དུ་གཞུག་པ་དང༔ དེ་དག་རྣམས་ལ་ངག་སྦྱངས་པས༔ ཞེན་པ་ལོག་ནས་ངག་སྒྲིབ་དག༔ མི་རྟོག་གཉིས་མེད་ལོངས་སྐུར་གྲོལ༔ དེ་རྣམས་འཇིག་རྟེན་ལྷ་མིའི་ཁྲིད༔ ལེགས་པར་ཡང་དག་ཉིད་དུ་སྦྱང༔ དེ་ནས་ལམ་ལོག་མུ་སྟེགས་ཁྲིད༔ རྟག་ཆད་གཉིས་ལ་སྦྱང་བར་བྱ༔ དང་པོ་ཉན་ཐོས་ལམ་ཁྲིད་བསྐྱང༔ གཉིས་པ་རང་རྒྱལ་ལམ་ཁྲིད་བསྐྱང༔ གསུམ་པ་བྱང་སེམས་ལམ་ཁྲིད་བསྐྱང༔ བཞི་པ་ཀྲི་ཡཱའི་ལམ་ཁྲིད་བསྐྱང༔ ལྔ་པ་ཨུ་པའི་ལམ་ཁྲིད་བསྐྱང༔ དྲུག་པ་ཡོ་གའི་ལམ་ཁྲིད་བསྐྱང༔ བདུན་པ་མ་ཧཱའི་ལམ་ཁྲིད་བསྐྱང༔ བརྒྱད་པ་ཨ་ནུའི་ལམ་ཁྲིད་བསྐྱང༔ དགུ་པ་རྫོགས་ཆེན་ཨ་ཏིའི་ཁྲིད༔ སེམས་ཀྱི་རྩ་ཁུངས་གཅད་པའི་ཕྱིར༔ རིགས་དྲུག་སྡུག་བསྔལ་བློ་ལ་བླང༔ འདུས་བྱས་ཐམས་ཅད་མི་རྟག་པ༔ ཀུན་ཀྱང་འཇིག་པའི་ཆོ་འཕྲུལ་བསྒོམ༔ དེ་རྣམས་སྒོམ་པའི་མཁན་པོ་ནི༔ སེམས་ལ་ཐུག་གམ་མ་ཐུག་བརྟག༔ སེམས་སུ་འདུག་ན་དགེ་སྡིག་གང་ཆེ་བརྟག༔ དེ་ནས་སེམས་འདི་གང་དང་འདྲ༔ འདྲ་དཔེ་མང་དུ་བསྡུར་བར་བྱ༔ དེ་ནས་ལུས་ངག་ཡིད་གསུམ་པོ༔ གཙོ་བོ་གང་ཡིན་ཐག་ཀྱང་གཅད༔ སེམས་སུ་ཐག་བཅད་མནའ་ཡང་བསྐྱལ༔ དེ་ནས་སེམས་ཀྱི་བྱུང་ས་བཙལ༔ མ་རྙེད་ཆོས་ཀྱི་སྐུ་དང་སྤྲད༔ དེ་ནས་སེམས་ཀྱི་གནས་ས་བཙལ༔ མ་རྙེད་ལོངས་སྤྱོད་སྐུ་དང་སྤྲད༔ དེ་ནས་སེམས་ཀྱི་འགྲོ་ས་བཙལ༔ མ་རྙེད་སྤྲུལ་པའི་སྐུ་དང་སྤྲད༔ དེ་ལྟར་སེམས་ཀྱིས་སུས་བྱས་པ༔ ཞེན་ལོག་བར་ཆད་ཞི་བ་དང༔ སྒྲིབ་པས་ཁམས་གསུམ་གོལ་བ་མེད༔ ཆོས་ཀྱི་སྐུར་གྲོལ་གཉིས་མེད་འདའ༔ དེ་ནས་ལུས་ངག་ཡིད་གསུམ་པོ༔ རྣལ་དུ་དབབ་ལ་མཁས་པར་བྱ༔ ལུས་ངག་ཡིད་གསུམ་སོར་ཆུད་ནས༔ ཉམས་ལེན་ཉིད་ལ་བརྩོན་པར་བྱ༔ དེ་ལྟར་སྔོན་འགྲོ་རྫོགས་བྱས་ནས༔ དེ་དག་བློ་ཡིས་བོར་བྱས་ཏེ༔ མངོན་སུམ་གནད་ལ་ཕབ་པའི་ཕྱིར༔ ལུས་ངག་ཡིད་གསུམ་བྱ་བ་སྤང༔ ཞེས་པའི་ཞལ་ཆེམས་གཉིས་པ་འདི༔ བྱིན་རླབས་ཆེན་པོ་རང་བབ་ཀྱི༔ ཡི་གེའི་རིས་སུ་རང་བྱུང་ངོ༔ མྱ་ངན་འདས་པའི་སྣ་ཁྲིད་ཡིན༔ བསྟན་པ་ཀུན་གྱི་བུ་གཅིག་པོ༔ འབྲས་བུ་ཀུན་གྱི་མཆོག་དམ་པ༔ ཞལ་ཆེམས་གཉིས་པ་བྱ་བ་རྫོགས་སོ༔ སྐལ་ལྡན་ལས་ཅན་སྙིང་གི་བུ་ལ་སྤྲོད་ཅིག༔ མཁའ་འགྲོ་མ་ནག་མོས་རྒྱལ་བའི་བཀའ་འདི་སྲུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༼༨ ༄༅༔ ྈྈྈ རྒྱ་གར་སྐད་དུ༔ བུདྡྷ་དྷེ་ཀ་ར་ཡ་ཏྲི་ཏཱི་ན་མ༔ བོད་སྐད་དུ༔ སངས་རྒྱས་ཀྱི་ཞལ་ཆེམས་གསུམ་པ་ཞེས་བྱ་བ༔ རང་གྲོལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ༔ སེམས་ཅན་ཚེ་ལོ་ཁྲི་ཚོའི་དུས༔ སྲིན་པོ་རུ་ལུའི་ཡུལ་དུ་ཡང༔ ཕ་ནི་ཡཀྴ་ཁྲོ་གདོང་དང༔ སྲིན་མོ་ཤམ་ཤམ་ནག་མོའི་བུར༔ སྟོན་པ་རྡོ་རྗེ་འཆང་ཆེན་ནི༔ དྲང་སྲོང་ཁྲོས་པའི་རྒྱལ་པོར་འཁྲུངས༔ འཁོར་དུ་སྲིན་པོ་བྱེ་བ་འབུམ༔ ལོ་ནི་སྟོང་ཕྲག་གཉིས་བཞུགས་སོ༔ སྟག་སྤྱང་ཁྲོས་པའི་རི་བོ་ལ༔ ཐ་མར་འདས་པའི་ཚུལ་ཡང་བསྟན༔ འཁོར་རྣམས་བརྒྱལ་ཏེ་མཆི་མ་ཕྱུང༔ ཀྱེ་མ་ཀྱེ་ཧུད་ཀྱེ་མ་བློང༔ སྟོན་པ་སྒྲོན་མེའི་འོད་ནུབ་ན༔ འཇིག་རྟེན་མུན་པ་གང་གིས་སེལ༔ དེ་ལྟར་སྨྲེ་སྔགས་བརྒྱལ་སངས་ནས༔ ནམ་མཁའི་དབྱིངས་སུ་ཡར་བལྟས་པས༔ འོད་ལྔའི་ནང་དུ་སྟོན་པ་བྱོན༔ ཕྱག་གཡས་གྲུ་མོ་མར་ཕྱུང་ནས༔ རིན་ཆེན་ཤེལ་གྱི་ཟ་མ་ཏོག༔ སེན་གང་བ་གཅིག་མར་ལ་བབས༔ དགའ་རབ་ཕྱག་གཡས་ཡར་བཟེད་པས༔ གླེགས་བམ་ལག་པའི་མཐིལ་དུ་བབས༔ དེ་ཉིད་ཞལ་ཕྱེས་བལྟས་པ་ཡི༔ རང་བྱུང་ཡི་གེ་རང་གསལ་བ༔ རིན་ཆེན་སྣ་ལྔས་བྲིས་པ་སྣང༔ བལྟས་པས་དགའ་རབ་རང་རྒྱུད་གྲོལ༔ དེ་ཡི་ཞལ་ཆེམས་འདི་ལྟར་རོ༔ ཀྱེ་མ་ཀྱེ་མ་བུ་རྣམས་ཉོན༔ ལུས་འདི་མྱ་ངན་འདའ་འདོད་ན༔ སྐུ་གསུམ་བཞུགས་སྟངས་ཉིད་ལ་བསླབ༔ དེ་ལྟར་སུས་བྱས་པ་ཡི་བུ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་ཡི་ཀློང་དུ་མྱ་ངན་འདའ༔ ངག་ནི་བསླབ་པའི་རིམ་པ་དང༔ གནས་པ་བརྟན་ཅིང་ལ་ཡང་བཟླ༔ དེ་ལས་མི་འདའ་སུས་བྱས་པ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ གསུང་གི་ཀློང་དུ་མྱ་ངན་འདའ༔ བྱ་བ་དགུ་ཕྲུགས་དག་ཏུ་གཏང༔ སེམས་གནད་གཟིགས་སྟངས་གསུམ་གཅུན་ཏེ༔ ཡུལ་གནད་ནམ་མཁའ་རྐྱེན་བྲལ་ལ༔ སྒོ་གནད་ཟློག་ཕབ་ཟུར་གྱིས་བལྟ༔ སྒྲོན་མ་བཞི་ལྡན་མ་བྲལ་བྱ༔ རླུང་གནད་ཤིན་ཏུ་དལ་ལ་བསླབ༔ དེ་ལྟར་གནད་རྣམས་གཟིར་བ་ཡིས༔ སྐུ་གསུམ་རིག་པ་སྟོང་པར་འཆར༔ ལུག་རྒྱུད་རིག་པ་བཙོན་དུ་བཟུང༔ མངོན་གསུམ་གནད་མཐོང་ཕྱིར་མི་ལྡོག༔ ཆོས་ཉིད་མངོན་སུམ་སྣང་བ་ཡིས༔ ཡིད་དཔྱོད་འཛིན་པའི་ལྟ་བ་ནུབ༔ ཉམས་སྣང་གོང་འཕེལ་སྣང་བ་ཡིས༔ བར་དོའི་ཡེ་ཤེས་མངོན་དུ་གསལ༔ རིག་པ་ཚད་ཕེབས་སྣང་བ་ཡིས༔ ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན༔ ཆོས་རྣམ་ཟད་པའི་སྣང་བ་ཡིས༔ རྫོགས་ཆེན་བྱ་བྲལ་འབྲས་བུ་ཐོབ༔ འདི་ལྟར་སྣང་བཞི་མཐར་ཕྱིན་ན༔ མྱང་འདས་གཞན་ནས་བཙལ་དུ་མེད༔ མི་འགུལ་གསུམ་ལ་གཞི་བཅས་ནས༔ སྡོད་པ་གསུམ་གྱི་ཚད་བཟུང་བས༔ རྟགས་ནི་ལུས་ངག་ཡིད་ལ་འབྱུང༔ ཐོབ་པ་གསུམ་གྱིས་གཟེར་ཐེབས་སོ༔ དེ་ལས་བསྟན་དུ་མེད་དོ་ས་མ་ཡ༔ བར་དོ་མ་བུ་གཉིས་སྦྱོར་ལ༔ ཡེ་ཤེས་སྣང་བ་ལམ་མེ་བ༔ འགྲོ་བའི་མར་མེ་ཡེ་ཤེས་སྒྲོན༔ གཟི་བརྗིད་ཆེན་པོ་འོད་གསལ་བ༔ ཞི་ཁྲོ་རང་སྣང་དཀྱིལ་འཁོར་གསལ༔ འདི་ནི་རང་རིག་འོད་སྣང་སྟེ༔ གཉིས་མེད་གཉིས་སུ་མེད་པ་རུ༔ ཡང་དག་མཐའ་ལ་རྣམ་པར་གནས༔ སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད༔ སེམས་ཀྱིས་སྐད་ཅིག་དོན་ཀུན་རིག༔ གདེང་ཆེན་བཞི་པོ་མི་འགྱུར་བ༔ དཔག་ཆེན་མདའ་ལྟར་སླར་མི་ལྡོག༔ མི་འགྱུར་གསེར་གྱི་ཐུར་མ་བཞིན༔ རང་སྣང་ཉིད་དུ་ཐག་ཆོད་ཅིག༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ཀྱི་སྙིང་པོ་བུ་གཅིག་པོ༔ རིན་ཆེན་བཞུ་བའི་ཁུ་བས་བྲིས༔ ལེགས་པར་དྲིལ་ལ་མཆན་དུ་བཅངས༔ བཀུར་སྟི་རིམ་གྲོ་ཕུན་སུམ་ཚོགས༔ སུ་ཡིས་བྱས་པ་གྲོལ་བར་ངེས༔ འཇའ་འོད་སྒྲ་དང་ས་གཡོ་དང༔ སད་སེར་མུ་གེ་བྱུང་བའི་ཚེ༔ ཕྱོགས་དང་བསྟུན་ཏེ་ལྕེ་ཡིས་བཀླག༔ སྟོང་གསུམ་སྤྲུལ་པའི་སངས་རྒྱས་ལ༔ ཡོན་ཕུལ་བས་ཀྱང་སྟོབས་ཆེ་འོ༔ འདི་ཉིད་བསྟན་པའི་སྲོག་ཡིན་ནོ༔ ལྔ་ལྡན་བུ་ལ་རིམ་གྱིས་གཏོད༔ སྔགས་ཀྱི་སྲུང་མས་བཀའ་འདི་སྲུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༼༩ ༄༅༔ ྈྈྈྈ རྒྱ་གར་སྐད་དུ༔ བུདྡྷ་དྷེ་ཀ་ར་ཡ༔ བོད་སྐད་དུ༔ སངས་རྒྱས་ཀྱི་ཞལ་ཆེམས༔ སྟོན་པ་རྡོ་རྗེ་འཆང་ཆེན་ང༔ སྟག་སྤྱང་རི་ལ་ཏིང་ངེ་འཛིན༔ ལོ་ཡང་འབུམ་ཕྲག་གཉིས་བཞུགས་སོ༔ དེ་ནས་འགྲོ་བའི་དོན་ལ་བཞེངས༔ ཚེ་ལོ་ལྔ་སྟོང་ཐུབ་པའི་དུས༔ ལྷོ་ཕྱོགས་བྱ་རྒོད་ཕུང་པོའི་རི༔ ཉན་ཐོས་རྣམས་དང་ཡིད་འདྲེས་ཕྱིར༔ རྒྱལ་པོ་ཛཿཞེས་བྱ་བའི་ཁབ༔ ལྷོ་ཕྱོགས་རྒྱང་གྲགས་གཅིག་གི་སར༔ ཕ་ནི་རྒྱལ་པོ་སེང་གེ་བཟང༔ མ་ནི་མཛེས་ལྡན་འོད་ཀྱི་ལྷུམས༔ ཏིང་ངེ་འཛིན་ལས་སྐུ་འཁྲུངས་པ༔ གསེར་འོད་དམ་པ་བྱ་བར་གྲགས༔ ཉན་ཐོས་རྣམས་ཀྱི་གདུང་བ་གཅད༔ གླེགས་བམ་ཞུན་མ་འདི་གཏད་དོ༔ ཨེ་མ༔ རིག་པ་ཀློང་ཆེན་ནམ་མཁའ་འདྲ༔ སྐད་ཅིག་རྫོགས་སངས་རྒྱས་འདོད་ན༔ ལུས་ངག་ཡིད་གསུམ་བྱ་བ་གཏང༔ ཤེས་པ་རྩེ་གཅིག་རང་རིག་གཅུན༔ འཕྲོ་འདུ་བྱུང་ན་དེ་ཉིད་ལྟ༔ བྱུང་གནས་འགྲོ་གསུམ་བརྟགས་པས་ཤེས༔ འདུག་སྟངས་གསུམ་དང་ལྡན་པ་ན༔ དབྱིངས་ཀྱི་ནང་ན་འོད་ཀྱི་ཁྱིམ༔ འགྱུར་མེད་ཡེ་མཉམ་ཆེན་པོ་ནི༔ སངས་རྒྱས་སེམས་ཅན་ཐམས་ཅད་ལ༔ བྱས་པ་མེད་པར་ཡེ་མཉམ་གནས༔ དེ་ཉིད་སུ་ཡིས་རྟོགས་པའི་མི༔ རང་རིག་ངོ་བོ་རྟོགས་པ་འོ༔ ཤྭ་ལོ་ཀ་ནི་གསུམ་པ་འདི༔ ཐུགས་རྗེ་དྲན་སངས་རྒྱ་བ་སྟེ༔ སྐལ་ལྡན་བུ་ལ་རིམ་གྱིས་གཏོད༔ སྐལ་མེད་རྣམས་ལ་མ་ཉེ་ཞིག༔ སྔགས་ཀྱི་སྲུང་མས་ཐུབ་པར་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༼༡༠ ༄༅༔ རྒྱ་གར་སྐད་དུ༔ བུདྡྷ་དྷརྨ༔ བོད་སྐད་དུ༔ སངས་རྒྱས་ཀྱི་ཆོས་ཚིག༔ དེ་ནས་ཚེ་ལོ་སྟོང་ཚོའི་དུས༔ སོག་པོ་གཡུ་སྨིན་གནས་མཆོག་ཏུ༔ བྱང་ཆུབ་སྙིང་པོའི་ཤིང་ལ་བརྟེན༔ བརྩེགས་པའི་བློ་གྲོས་བྱ་བར་བརྫུས༔ ལོ་ནི་བརྒྱ་དང་ཉི་ཤུ་རུ༔ བྱང་སེམས་དཔག་མེད་འཁོར་གྱིས་བསྐོར༔ ཀུན་བྱེད་རྒྱལ་པོ་ཁུ་བྱུག་རོལ༔ ཆོས་སྡེ་མང་དུ་གསུངས་ནས་ཀྱང༔ རྒྱལ་པོ་ཛཿཡི་ཁང་བཟང་གི༔ བྱང་གི་ཕྱོགས་སུ་མྱ་ངན་འདས༔ ཛཿཡི་ཁང་སྟེང་ཞག་བདུན་དུ༔ དམ་པ་ཆོས་ཀྱི་ཆར་པ་ཕབ༔ རྒྱལ་པོ་དགྱེས་ཏེ་གསོལ་བ་བཏབ༔ གཟི་ཡི་ཕྱག་རྡོར་ཁྲུ་གང་བས༔ ནམ་མཁའི་དབྱིངས་ནས་འདི་སྐད་དོ༔ ཀྱེ་ཀྱེ་རྒྱལ་པོ་ཆེན་པོ་ཉོན༔ ཆོས་རྣམས་རང་བཞིན་བདག་མེད་པས༔ དངོས་པོ་མེད་པའི་འདུ་ཤེས་བསྒོམ༔ ཆོས་རྣམས་དངོས་པོར་གཟུང་མེད་པས༔ གཟུང་འཛིན་མེད་པའི་འདུ་ཤེས་བསྒོམ༔ ཆོས་རྣམས་རང་བཞིན་བལྟར་མེད་པས༔ གསལ་སྟོང་དག་པའི་འདུ་ཤེས་བསྒོམ༔ ཆོས་རྣམས་རང་བཞིན་སྒོམ་མེད་པས༔ དམིགས་གཏད་བྲལ་བའི་འདུ་ཤེས་བསྒོམ༔ ཆོས་རྣམས་རང་བཞིན་དམིགས་མེད་པས༔ བློ་འཛིན་དག་པའི་འདུ་ཤེས་བསྒོམ༔ ཆོས་རྣམས་རང་བཞིན་རྒྱུ་འབྲས་མེད༔ བྱ་རྩོལ་བྲལ་བའི་འདུ་ཤེས་བསྒོམ༔ དེ་སྐད་ཞལ་ཆེམས་བཞི་པ་བབས༔ རྒྱལ་པོའི་གཟུང་འཛིན་རང་སར་གྲོལ༔ གསེར་འོད་བརྩེགས་པའི་བློ་གྲོས་ཀྱིས༔ ཞལ་ཆེམས་རྡོ་རྗེའི་ཚིག་དྲུག་གསུངས༔ ལྔ་ལྡན་བུ་ལ་རིམ་གྱིས་གཏོད༔ སྔགས་ཀྱི་སྲུང་མས་བཀའ་འདི་སྲུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈ ༼༡༡ ༄༅༔ རྒྱ་གར་སྐད་དུ༔ སརྦ་ཏ་ཐཱ་ག་ཏ་བྷྱ༔ བོད་སྐད་དུ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་བཅུད༔ ཚེ་ལོ་ལྔ་བརྒྱ་ཐུབ་པའི་དུས༔ བྱ་རྒོད་ཕུང་པོའི་རི་བོ་ལ༔ སྟོན་པ་འོད་སྲུང་བགྲེས་པོ་བྱོན༔ འཁོར་དུ་དགྲ་བཅོམ་བདུན་གྱིས་བསྐོར༔ ཐོག་མའི་སངས་རྒྱས་རབས་བདུན་དང༔ དཀྱིལ་འཁོར་གཅིག་འདུས་འཁོར་ཡིན་པས༔ གདུལ་བྱའི་ཉོན་མོངས་སྦྱང་བའི་ཕྱིར༔ ངེས་པ་དོན་གྱི་ཆོས་རྣམས་གསུངས༔ འདའ་བའི་ཚུལ་ཡང་སྟོན་པའི་ཚེ༔ གདུལ་བྱ་དགྲ་བཅོམ་འཁོར་རྣམས་ལ༔ གདུང་བ་གཅད་ཕྱིར་འདི་བབས་སོ༔ ཨེ་མ་ཆོས་སྒོ་བསམ་ཡས་ཀྱང༔ འདི་རུ་མ་འདུས་གང་ཡང་མེད༔ འཇིག་རྟེན་འཁྲུལ་པའི་བློ་རིས་བསྟུང༔ ཀུན་ཀྱང་མི་རྟག་འགྱུར་འཆི་བསམ༔ རྒྱུ་འབྲས་ལས་ཀྱི་རྣམ་དབྱེ་བསམ༔ གདུང་བ་དྲག་པོས་གསོལ་བ་བཏབ༔ ལུས་ངག་ཡིད་གསུམ་རུ་ཤན་དབྱེ༔ མི་འགྱུར་ལྷུན་གྲུབ་མ་ཞེན་ཞོག༔ ཤེས་རབ་རང་བྱུང་སྒྲོན་མ་ཡིས༔ ཆོས་ཀུན་ངོ་བོ་གཅིག་ཏུ་སྡུད༔ རྒྱང་ཞགས་ཆུ་ཡི་སྒྲོན་མ་ཡིས༔ རིག་པ་ཡེ་ཤེས་འཆར་སྒོ་བྱེད༔ དག་པ་དབྱིངས་ཀྱི་སྒྲོན་མ་ཡིས༔ རིག་པའི་འོད་སྐུ་འཆར་གཞི་བྱེད༔ ཐིག་ལེ་སྟོང་པའི་སྒྲོན་མ་ཡིས༔ སྣ་ཚོགས་འོད་ལྔ་རང་གི་མདངས༔ རྩལ་རྫོགས་ཆོས་ཚིག་ཟད་པར་བྱེད༔ དབྱིངས་འདི་རིག་པའི་ཡུལ་ཡིན་ནོ༔ སྣང་བ་མ་འགགས་ལྷུག་པར་འཆར༔ འཁོར་འདས་ཤན་འབྱེད་རྣལ་དུ་དབབ༔ དེ་ནས་དབྱིངས་རིག་སྣང་བ་བརྟག༔ འདི་ལ་གོམས་པ་ཚད་རྙེད་ནས༔ ཕྱི་རོལ་སྣང་བ་ཐམས་ཅད་ནི༔ གོང་ནས་གོང་དུ་ཡར་མཆེད་ནས༔ རིམ་གྱིས་གོམས་ནས་ཆོས་ཟད་དེ༔ ཟག་བཅས་རང་དེངས་འཁོར་དོང་སྤྲུགས༔ ཞེས་གསུངས་ནས་འཇའ་འོད་དུ་ཡལ་ལོ༔ སྔགས་ཀྱི་སྲུང་མས་སྲུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༼༡༢ ༄༅༔ ྈྈྈྈ རྒྱ་གར་སྐད་དུ༔ བུདྡྷ་ཨཀྵེ་བཾ༔ བོད་སྐད་དུ༔ སངས་རྒྱས་ཀྱི་གནད་ཐེམ༔ ཚེ་ལོ་སུམ་བརྒྱ་ཐུབ་པའི་དུས༔ རྡོ་རྗེ་གདན་གྱི་འབྱུང་གནས་སུ༔ ཡབ་ནི་བྲམ་ཟེ་མཚན་བཟང་དང༔ ཡུམ་ནི་དགེ་སློང་པདྨ་ཅན༔ སྟོན་པ་རྡོ་རྗེ་འཆང་ཆེན་ང༔ མངོན་རྫོགས་རྒྱལ་པོ་བྱ་བར་འཁྲུངས༔ འཁོར་ནི་རིགས་གསུམ་མགོན་པོ་ལ༔ ཡང་དག་དོན་གྱི་ཆོས་རྣམས་བཤད༔ དེ་ནས་མྱ་ངན་འདས་པའི་ཚེ༔ གདུང་བ་གཅད་ཕྱིར་འདི་བབས་སོ༔ ཨེ་མ་རིགས་གསུམ་སྤྲུལ་འཁོར་རྣམས༔ གསང་སྔགས་ཀུན་གྱི་ཡང་གསང་གནད༔ ལུས་ངག་ཡིད་གསུམ་བྱ་བ་ནི༔ དགུ་ཕྲུགས་དག་ཏུ་གཏང་བར་བྱ༔ ལུས་གནད་འདུག་སྟངས་བཅུ་གཅིག་གཟིར༔ སྒོ་གནད་ཕབ་ལྡོག་ཟུར་གྱིས་བལྟ༔ རླུང་གནད་ཤིན་ཏུ་དལ་ལ་བསླབ༔ རྐྱེན་བྲལ་གསུམ་གྱི་དག་དབྱིངས་ལ༔ ལུ་གུ་རྒྱུད་ཀྱི་ར་བ་དང༔ འཇའ་འོད་སྐུ་ཐིག་ཟེར་དུ་འཁྲིགས༔ སྣ་ཚོགས་གཟུགས་ཅན་དེ་བཞིན་གཤེགས༔ ནམ་མཁའ་ཁྱབ་པར་གར་བྱེད་པ༔ ཡན་ལག་མེད་པའི་རྩིས་ལས་འདས༔ སྤྲིན་བྲལ་ནམ་མཁའ་དྭངས་པ་ལ༔ ཟིམ་བུས་སཱུརྻ་བལྟ་བར་བྱ༔ དབྱིངས་རིག་སྣང་བ་མ་འགགས་འཆར༔ ནུབ་མོ་ཙནྡྲ་བལྟ་བར་བྱ༔ མིག་དང་རིག་པ་སྣང་བ་གསུམ༔ མདུང་ཚུགས་སྨིན་ཕྲག་མཁའ་ལ་གཏད༔ ནུབ་མོ་ཤེས་པ་སྙིང་ག་ཡི༔ ཨ་ཡིག་དག་ལ་གཏད་པར་བྱ༔ ཉིན་མཚན་དབང་པོ་ཨར་ལ་གཏད༔ ཟླ་བ་དྲུག་བདུན་དགུ་གསུམ་ལ༔ མངོན་སུམ་གོང་འཕེལ་ཚད་ཕེབས་ཏེ༔ ཕུང་པོ་རང་དེངས་ཆོས་ཟད་དོ༔ བསྟན་པ་ཀུན་གྱི་ཉིང་ཁུ་འདི༔ རིན་ཆེན་བཞུ་བའི་ཁུ་བས་བྲིས༔ མགུལ་དུ་བཏགས་པས་ཕྱི་ནང་གྲོལ༔ སྐལ་ལྡན་བུ་ལ་རིམ་གྱིས་གཏོད༔ སྐུ་གསུང་ཐུགས་ཀྱི་རྒྱ་ཡོད་དོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈྈྈྈ ༼༡༣ ༄༅༔ རྒྱ་གར་སྐད་དུ༔ རཏྣ་ཏི་ལ༔ བོད་སྐད་དུ༔ རིན་ཆེན་ཐིག་ལེ༔ ཚེ་ལོ་བརྒྱ་ཚོ་ཐུབ་པའི་དུས་ཀྱི་ཚེ༔ ཝ་རཱ་ཎ་སཱིའི་གནས་མཆོག་ཏུ༔ དྲུག་པ་རྡོ་རྗེ་འཆང་ཆེན་ང༔ སྟོན་པ་ཤཱཀྱ་ཐུབ་པར་འཁྲུངས༔ འཁོར་དུ་ལྔ་སྡེ་བཟང་པོས་བསྐོར༔ དྲང་ངེས་གཉིས་མེད་ཆོས་འཁོར་བསྐོར༔ ནུབ་བྱང་བྱ་རྒོད་ཕུང་པོའི་རིར༔ རྡོ་རྗེ་གདན་གྱི་བྱང་ཆུབ་གནས༔ བྱང་ཆུབ་ཤིང་ལ་སྐུ་རྒྱབ་གཏད༔ སྲོད་ལ་བདུད་ཀྱི་དཔུང་རྣམས་བཏུལ༔ ནམ་ཕྱེད་ཏིང་འཛིན་མཉམ་པར་བཞག༔ སྐྱ་རེངས་དང་པོ་ཤར་བ་ལ༔ ང་ནི་མྱ་ངན་འདའ་ཚུལ་སྟོན༔ འདི་ཡང་གང་ཟག་རྟག་མཐའ་བསལ༔ ཚེ་སྟོད་འཁོར་འདས་རུ་ཤན་ཕྱེས༔ བར་དུ་སྣང་བཞི་ཉམས་སུ་བླངས༔ ཚེ་སྨད་ཆོས་ཟད་མངོན་སངས་རྒྱས༔ སྤུར་ཁང་ནང་ནས་སྐུ་སྟོད་ཕྱུང༔ འཁོར་ཚོགས་གདུང་བ་གཅད་པའི་ཕྱིར༔ ཀུན་དགའི་ལག་ཏུ་གླེགས་བམ་བབས༔ བལྟས་པས་རིགས་དྲུག་དོང་སྤྲུགས་སོ༔ ཨེ་མ་ཕྱི་རབས་རིགས་ཀྱི་བུ༔ ཡོན་ཏན་ཕུན་ཚོགས་བླ་མ་འཚོལ༔ ཉམས་མྱོང་ཡིད་མཐུན་མཆེད་གྲོགས་འཚོལ༔ ཕུན་སུམ་ཚོགས་པའི་གནས་ཉིད་དུ༔ རྣམ་སྣང་ཆོས་བདུན་ལུས་གནད་བཅའ༔ སྣང་བ་སེམས་ཡིན་བུམ་དབང་ཐོབ༔ སེམས་ཉིད་གསལ་སྟོང་གསང་དབང་ཐོབ༔ སྟོང་པ་མཐའ་གྲོལ་ཤེར་དབང་ཐོབ༔ ངོ་བོ་ཀུན་མཉམ་ཚིག་དབང་ཐོབ༔ རང་རིག་སྐུ་གསུམ་རྗེན་པ་འདི༔ སྙིང་གི་དཀྱིལ་ན་ལྷང་ངེར་གནས༔ རིག་པ་ཡེ་ཤེས་འོད་པོ་ཆེ༔ རྒྱུ་རྐྱེན་འབྲས་བུ་ལྟ་དུས་སུ༔ བྱུང་གནས་འགྲོ་གསུམ་མེད་པ་རུ༔ སྟོང་གསལ་འགག་མེད་ཟང་ཐལ་ལེ༔ སྟོང་པ་ངོས་གཟུང་མེད་པ་ལ༔ སྟོང་ནི་དབྱིབས་དང་ཁ་དོག་བྲལ༔ གསལ་བ་གཞིག་འགྱུས་ཁ་དོག་གསལ༔ མ་འགགས་རིག་རྩལ་སྣ་ཚོགས་འཆར༔ ཡོད་དོ་སྙམ་ན་གཟུང་བཅང་བྲལ༔ མེད་དོ་སྙམ་ན་འཁོར་འདས་གསལ༔ བཅོས་བསླད་མེད་པར་ཟང་ཐལ་ལེ༔ དགག་སྒྲུབ་མེད་པར་ཡང་ཁྲོལ་ལེ༔ རེ་དོགས་མེད་པར་བདེ་ཕྲིལ་ལེ༔ གཤིས་ལུགས་ངང་ན་དྭངས་སང་ངེ༔ རིག་པ་འཛིན་མེད་ཆོས་ཀྱི་སྐུ༔ རིག་པ་ཀུན་གསལ་ལོངས་སྤྱོད་རྫོགས༔ རིག་པ་ཀུན་འཆར་སྤྲུལ་པའི་སྐུ༔ རིག་པ་སྐྱེ་མེད་ཀློང་དཀྱིལ་དུ༔ ཕྱི་ནང་གསང་བའི་ཆོས་རྣམས་འདུས༔ ཆུ་རྣམས་རྒྱ་མཚོར་འདུས་དང་མཚུངས༔ འཛིན་མེད་སྐྱེ་མེད་རང་སར་གྲོལ༔ རྟོག་མེད་མཉམ་པ་རིག་པའི་སྐུ༔ བཟུང་བས་མི་ཟིན་ཆུ་ཟླ་འདྲ༔ རིག་པའི་སྐུ་ནི་བུམ་སྐུ་འདྲ༔ ཡེ་ཤེས་བུམ་པའི་མར་མེ་འདྲ༔ ཨེ་མ་འཛིན་མེད་རང་མདངས་གསལ༔ བཅོས་པ་མེད་པའི་ངང་ལ་ཞོག༔ སངས་རྒྱས་ཀུན་གྱི་ཡེ་ཤེས་ནི༔ རང་གི་སྙིང་གི་དཀྱིལ་དུ་ཞོག༔ ཅང་མེད་དངོས་པོའི་རང་གཟུགས་ཀུན༔ ནམ་མཁའ་སྟོང་པའི་དཀྱིལ་དུ་སྦོས༔ གསང་སྔགས་ཀུན་གྱི་ལྟ་ཕུགས་ནི༔ སྒྲོན་མ་བཞི་ལ་མ་ཡེངས་ལྟོས༔ རང་བྱུང་རིག་པའི་རྒྱལ་པོ་ནི༔ ལུ་གུ་རྒྱུད་དུ་ཤེས་པར་བྱ༔ རང་གྲོལ་ཆེན་པོའི་ལྟ་སྟངས་ནི༔ སེང་གེ་ལྟ་བུར་ཤེས་པར་བྱ༔ གཞི་ཁྲེགས་ཆོད་པས་འཁོར་འདས་གྲོལ༔ ལམ་ཐོད་རྒལ་བས་སྐུ་གསུམ་རྒྱས༔ བརྒྱད་ཁྲི་བཞི་སྟོང་ཚིག་བརྗོད་རྣམས༔ འཁྲུལ་པའི་སྟེང་ན་ཡང་རྩེ་མནན༔ དྲང་བའི་སེམས་ཅན་བློ་བསྒྱུར་ཙམ༔ ངེས་པར་འདི་ལ་གདེང་ཆོས་ཤིག༔ ཅེས་གསུངས་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ༔ དུས་གཅིག་ཏུ་འཛམ་བུའི་གླིང་དུ༔ མཆོད་རྟེན་བྱེ་བ་རང་འཁྲུངས་སོ༔ སྐལ་ལྡན་ལས་ཅན་གཅིག་ལ་གཏོད༔ སྐུ་གསུང་ཐུགས་ཀྱི་རྒྱ་ཡོད་དོ༔ ྈྈྈྈྈ རྒྱལ་བ་དགོངས་པ་བརྒྱུད་པའི་ཞལ་ཆེམས༔ འདས་རྗེས་དགོངས་ཉམས་བསྟན་པ་ཀུན་གྱི་ཐུགས་བཅུད་དོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ནང་སྐོར་ཡི་དམ་ཁྲོ་བོའི་སྒྲུབ་པ་ (Volume 62, Text 40)

རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ནང་སྐོར་ཡི་དམ་ཁྲོ་བོའི་སྒྲུབ་པ་བཞུགས་སོ༔ ན་མོ་གུ་རུ༔ ནང་སྐོར་ཡི་དམ་ཁྲོ་བོའི་སྒྲུབ་པ་ནི༔ གཉིས་སུ་མེད་པའི་ལྟ་བ་ཀློང་ཡངས་ལ༔ ཆོས་སྐུ་ཐིག་ལེ་ཉག་གཅིག་མངོན་པར་རྫོགས༔ ཀུན་ནས་གསལ་བ་གང་དུའང་མི་གནས་ཤིང༔ ཕྱོགས་ཀུན་ལ་ནི་ཞལ་ཕྱག་ཐལ་ལེར་གསལ༔ དེ་ཉིད་ཟུང་འཇུག་ཡེ་ཤེས་གཟུགས་ཀྱི་སྐུ༔ བྱོལ་སོང་པདྨ་ཉི་ཟླའི་གདན་སྟེང་དུ༔ རང་རིག་རྒྱལ་པོ་དཔལ་ཆེན་མངོན་རྫོགས་ནི༔ སྨུག་ནག་སྐུ་ནི་ནམ་མཁའི་མཐའ་དང་མཉམ༔ དབུས་ཞལ་མཐིང་ནག་བདུན་ནི་རྔམ་པའི་ཚུལ༔ གཡས་ཞལ་དཀར་བདུན་གཡོན་ཞལ་བདུན་དམར་རྣམས༔ འཛུམ་ཞིང་ཁྲོ་ལ་ཆགས་པའི་ཉམས་དང་ལྡན༔ རྩ་བའི་ཕྱག་བརྒྱད་དང་པོས་གྲི་ཐོད་འཛིན༔ དེ་འོག་ཞིང་ཁམས་དང་ནི་འཇིག་རྟེན་འཛིན༔ གསུམ་པས་འདོད་ཁམས་གཟུགས་ཁམས་ཐིག་ལེར་འཛུད༔ ལྷག་མ་ལྔ་རྣམས་འབྱུང་ལྔ་ཕྱག་མཚན་ལྔ༔ ཡན་ལག་ཕྱག་བརྒྱས་གྲི་ཐོད་འཛིན་པ་འོ༔ དཔལ་ཆེན་རྔམ་པ་དུར་ཁྲོད་རོལ་པའི་ཆས༔ རྡོ་རྗེའི་གཤོག་བརྒྱངས་ཞབས་ནི་སྐྱིལ་ཀྲུང་བཞུགས༔ པང་དུ་མ་རྒྱུད་ལྷ་མོ་ཀུན་གྱི་གཙོ༔ མཐིང་ནག་ཞལ་དགུ་ཕྱག་ནི་བཅོ་བརྒྱད་ཀྱིས༔ རྡོ་རྗེ་དུང་ཁྲག་འཛིན་པས་ཡབ་ལ་འཁྱུད༔ ཀུན་གཞི་བདེ་གཤེགས་སྙིང་པོའི་ངོ་བོར་གསལ༔ རྣམ་ཤེས་ཚོགས་བརྒྱད་དག་པའི་ཁྲག་འཐུང་བརྒྱད༔ ཞལ་གསུམ་ཕྱག་དྲུག་དཔལ་དང་དུར་ཁྲོད་ཆས༔ གཡས་པ་རྣམས་ཀྱིས་རང་རྟགས་ཕྱག་མཚན་དང༔ གཡོན་པས་དུང་ཁྲག་འཛིན་པས་ཡུམ་དང་འཁྲིལ༔ གཞལ་ཡས་རིམ་པ་སོ་སོ་ཐམས་ཅད་དུ༔ དཔལ་ཆེན་ཡེ་ཤེས་སུམ་བརྒྱ་དྲུག་ཅུ་དགུ༔ འཇིག་རྟེན་མ་མོ་བདུན་བརྒྱ་ལ་སོགས་གསལ༔ ཡེ་ཤེས་ཆེན་པོའི་འཁོར་ལོའི་ཕྱི་ཁྱམས་སུ༔ བྱང་སེམས་ཐེག་དམན་རང་རྒྱལ་ཉན་ཐོས་དང༔ ལྷ་མི་འཇིག་རྟེན་སྐྱོང་བའི་གཟུགས་ཀུན་གསལ༔ བར་སྣང་ཁོར་ཡུག་རིག་འཛིན་རྩལ་འཆང་དང༔ སྟེང་དུ་རྡོ་རྗེ་དབྱིངས་དང་ཕྱོགས་མཚམས་ལ༔ ཕྱི་རྒྱུད་སྡེ་གསུམ་ལྷ་ཚོགས་ཚོམ་བུར་ཤར༔ ཨཱོྃ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀཿབཛྲ་ཀྲོ་དྷཱི་ཤྭ་རཱི་བུདྡྷ་ཤྲཱི་ཧེ་རུ་ཀཿབུདྡྷ་ཀྲོ་དྷཱི་ཤྭ་རཱི་རཏྣ་ཤྲཱི་ཧེ་རུ་ཀཿརཏྣ་ཀྲོ་དྷཱི་ཤྭ་རཱི་པདྨ་ཤྲཱི་ཧེ་རུ་ཀཿཔདྨ་ཀྲོ་དྷཱི་ཤྭ་རཱི་ཀརྨ་ཤྲཱི་ཧེ་རུ་ཀཿཀརྨ་ཀྲོ་དྷཱི་ཤྭ་རཱི་གུ་ཧྱ་ས་ནུ་ཡཀྴ་རཀྴ་ཤྲཱི་ཧེ་རུ་ཀཿཀྲོ་དྷཱི་ཤྭ་རཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་དང་སྙིང་པོའི་ཡང་སྙིང་ནི༔ ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ འཁོར་གྱི་ལྷ་སྔགས་སྤྲོས་འདོད་ན༔ གུད་དུ་གསལ་ལས་ཤེས་པར་བྱ༔ ནང་སྐོར་ཡི་དམ་སྒྲུབ་པ་འོ༔ ས་མ་ཡ་རྒྱ་རྒྱ༔ གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །།

དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ནང་སྐོར་ཡི་དམ་ཁྲོ་བོའི་སྔགས་ཀྱི་བྱང་བུ་ (Volume 62, Text 41)

དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ནང་སྐོར་ཡི་དམ་ཁྲོ་བོའི་སྔགས་ཀྱི་བྱང་བུ་བཞུགས༔ ྈྈྈ ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ ནང་སྐོར་ཡི་དམ་ཁྲོ་བོ་ཡི༔ སྔགས་རྣམས་སོ་སོར་བཟླ་འདོད་ན༔ སྙིང་པོར་དྲིལ་བའི་རིམ་པ་ནི༔ སྟེང་ཁང་ཞི་བ་རབ་འབྱམས་སྔགས༔ ཨཱོྃ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ འོག་ཁང་རྒྱུད་ལུང་མཁའ་འགྲོའི་གཙོ༔ མངོན་རྫོགས་རྒྱལ་པོའི་སྒོས་སྔགས་ནི༔ ཨཱོྃ་ཨ་ཀྲ་མ་ཧཱ་ཤྲཱི་ཧེ་རུ་ཀཿཀ་ཏ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ྄༔ དེ་ནས་སོ་སོའི་སྔགས་སྦྲེལ་བཟླ༔ གཉིས་པ་གནས་ཡུལ་སྒོ་སྐྱོང་ལ༔ ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ༔ ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ༔ ཛཿཧཱུྃ་བཾ་ཧོ༔ གསུམ་པ་དབང་མོ་ཉེར་བརྒྱད་ལ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ༔ བཞི་པ་མཁའ་འགྲོ་སོ་གཉིས་ལ༔ ཨེ་ཨཱ་རལླི་ཧཱུྃ༔ ལྔ་པ་མ་བདུན་སྲིང་བཞི་ལ༔ མ་མ་དྷཱ་ཏུ་ཧཱུྃ༔ བཛྲ་དུནྟིཾ་བྷྱོ༔ དྲུག་པ་གིང་ཆེན་བཅོ་བརྒྱད་ལ༔ ཀིངྐ་ར་ཧ་ཧ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བདུན་པ་ཁྲོ་བོ་དྲུག་ཅུ་ལ༔ ཀྲོ་དྷ་ཀྲོ་དྷཱི་ཧཱུྃ༔ བརྒྱད་པ་མ་མོ་ཉིས་བརྒྱ་དང༔ བཞི་བཅུའི་ཕོ་ཉ་རིགས་བཞི་ལ༔ བྷ་ན་ཧ་ན་གརྫ་པ་ཙ་ཛཿཧཱུྃ་བཾ་ཧོ༔ དགུ་པ་མ་མོ་དྲུག་ཅུ་ལ༔ མ་མེ་ཤྭ་ར་ཧཱུྃ༔ རྒྱུ་ཡི་རྟ་བབས་ཁོར་ཡུག་གི༔ རིག་འཛིན་བྱེ་བ་ས་ཡ་ལ༔ ཨཱོྃ་མ་ཧཱ་གུ་རུ་ཤ་རི་རཾ་གཱི་ལི་ཧཱུྃ༔ ཕྱི་འཁོར་ཡན་ལག་དཀྱིལ་འཁོར་ལས༔ བྱང་ཤར་ངན་སོང་གནས་འདྲེན་ལ༔ ཨཱོྃ་བཛྲ་པཱ་ཎི་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤྭ་དྷ་ཡ་ཧ་ན་ཧཱུྃ་ཕཊ྄༔ ནུབ་བྱང་ལྷ་མིའི་དཀྱིལ་འཁོར་ལ༔ ཨཱོྃ་མུ་ནེ་ཡེ་ཀྵཾ་བྲཾ་ཏྲུཾ་སྭཱ་ཧཱ༔ ཨཱོྃ་མུ་ནེ་སྲུཾ་ཀྲེཾ་སྭཱ་ཧཱ༔ ལྷོ་ནུབ་ཉན་ཐོས་དཀྱིལ་འཁོར་ལ༔ ཨཱོྃ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཤཱཀྱ་མུ་ནེ་ཡེ་སྭཱ་ཧཱ༔ ཤར་ལྷོ་རང་རྒྱལ་དཀྱིལ་འཁོར་ལ༔ ཨཱོྃ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ༔ ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏེ་ཧྱ་བ་དཏ྄༔ ཏེ་ཥཱཉྩ་ཡོ་ནི་རོ་དྷ༔ ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ༔ བྱང་ཕྱོགས་བྱང་སེམས་དཀྱིལ་འཁོར་ལ༔ ཨཱོྃ་མ་ཧཱ་ཀཱ་རུ་ཎི་སརྦ་བོ་དྷི་སཏྭ་སྭཱ་ཧཱ༔ ནུབ་ཕྱོགས་ཀྲི་ཡའི་དཀྱིལ་འཁོར་ལ༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ག་ཏེ་ཨཱོྃ་ཀུ་རུཾ་གི་ནི་སྭཱ་ཧཱ༔ ཞེས་དང་རིགས་གསུམ་སྔགས་ཀྱང་བཟླ༔ ཨཱོྃ་ཝཱ་གཱི་ཤྭ་རི་མཱུཾ༔ ཨཱོྃ་མ་ཎི་པདྨེ་ཧཱུྃ༔ ཨཱོྃ་བཛྲ་པཱ་ཎི་ཧཱུྃ༔ ལྷོ་ཕྱོགས་ཨུ་བྷ་རིགས་བཞི་ལ༔ ཨཱོྃ་བཛྲ་བཻ་རོ་ཙ་ན་ཨཀྵོ་བྷྱ་རཏྣ་སཾ་བྷ་ཝ་པདྨ་དྷཱ་ར་ཧཱུྃ་སྭཱ་ཧཱ༔ ཤར་ཕྱོགས་རྣམ་སྣང་རྡོར་དབྱིངས་ལ༔ ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿམཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གི་ཤྭ་ར་ཧཱུྃ༔ ངན་སོང་སྦྱོང་བའི་གཟུངས་ཀྱང་བཟླ༔ ཁྲག་འཐུང་རབ་འབྱམས་དྲིལ་བའི་སྔགས༔ ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ རུ་ལུ་འབྲུ་བརྒྱད་རིན་པོ་ཆེ༔ རྡོ་རྗེའི་སྔགས་ཀྱི་མཐར་ཐུག་གོ༔ ས་མ་ཡ་རྒྱ༔ དེ་ལྟ་བུ་ཡི་ཛཔ྄་དགོངས་ལ༔ ཐོག་མར་ཞི་བའི་བཟླས་པའི་སྐབས༔ རང་གི་ཐུགས་སྲོག་ས་བོན་ལས༔ བདེ་བ་ཆེན་པོའི་འོད་ཟེར་འཕྲོས༔ སྟེང་ཁང་ཞི་བའི་དཀྱིལ་འཁོར་པའི༔ ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ༔ དེ་རྣམས་ཐུགས་སྲོག་འོད་ཟེར་སྤྲིན༔ མཁའ་ཁྱབ་ཀུན་ཏུ་སྣང་བ་ཡིས༔ བདག་དང་འགྲོ་ཀུན་སྒྲིབ་གཉིས་སྦྱངས༔ ཡེ་ཤེས་མཆོག་གིས་བྱིན་བརླབས་བསམ༔ འབུམ་ཕྲག་བཞི་བཟླས་བྱིན་དབང་ཐོབ༔ ས་མ་ཡ༔ ཁྲག་འཐུང་གཙོ་བོའི་བཟླས་པའི་སྐབས༔ རང་གི་ཐུགས་ཀར་ཉི་མའི་སྟེང༔ རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧཱུྃ༔ མཐའ་མར་རྩ་བའི་སྔགས་ཀྱིས་བསྐོར༔ བཟླས་པས་སྔགས་ཕྲེང་ལུ་གུ་རྒྱུད༔ ཡབ་ཡུམ་ཞལ་ཞུགས་གསང་བར་འཁོར༔ བདེ་བ་ཆེན་པོའི་གཟི་བྱིན་བསྐྱེད༔ མཆོག་ཐུན་དངོས་གྲུབ་བདུད་རྩིའི་བཅུད༔ ཧཱུྃ་ཐིམ་ཡེ་ཤེས་འབར་བར་བསམ༔ འབུམ་ཕྲག་གཅིག་བཟླས་དངོས་གྲུབ་འགྱུར༔ ས་མ་ཡ༔ ཁྲག་འཐུང་གཙོ་དགུའི་བཟླས་པའི་སྐབས༔ གཙོ་འཁོར་ཐུགས་ཀར་ཉི་མའི་སྟེང༔ རྡོ་རྗེ་རྩེ་དགུའི་ལྟེ་བར་ཧཱུྃ༔ དྲིལ་སྒྲུབ་སྔགས་ཀྱི་ཕྲེང་བས་བསྐོར༔ དོ་ལིའི་བཟླས་དམིགས་གོང་ལྟར་བྱ༔ འབུམ་ཕྲག་བཟླས་པས་བདེ་ཆེན་གྱི༔ ཡེ་ཤེས་བརྟན་ཅིང་ནུས་ལྡན་འཕེལ༔ ས་མ་ཡ༔ གནས་ཡུལ་ལ་སོགས་བཟླས་པའི་སྐབས༔ བདག་ཉིད་གཙོ་མཆོག་ཧེ་རུ་ཀའི༔ ཐུགས་སྲོག་ལས་བྱུང་འབར་བའི་འོད༔ དཀྱིལ་འཁོར་རབ་འབྱམས་ཐུགས་ཀར་ཐིམ༔ ཐུགས་རྒྱུད་རང་དབང་མེད་པར་བསྐུལ༔ སོ་སོའི་སྐུ་ཡི་གནས་གསུམ་ནས༔ སྐུ་དང་སྔགས་ཕྲེང་ཕྱག་མཚན་སོགས༔ འོད་དང་འོད་ཟེར་དང་བཅས་འཕྲོས༔ ཁམས་གསུམ་ཐམས་ཅད་སྣང་བར་བྱས༔ གང་འདུལ་ཕྲིན་ལས་ལྷུན་གྱིས་གྲུབ༔ སྣོད་བཅུད་ཐ་མལ་སྣང་ཞེན་སྦྱངས༔ དཀྱིལ་འཁོར་རབ་འབྱམས་གོ་འཕང་བཀོད༔ ཚུར་འདུས་བདག་ལ་ཐིམ་པ་ཡིས༔ དངོས་གྲུབ་རྣམ་གཉིས་ཐོབ་པར་བསམ༔ ཁྲི་ཕྲག་བཟླས་པས་དངོས་གྲུབ་ཐོབ༔ ས་མ་ཡ༔ ཁྱད་པར་རུ་ལུ་འབྲུ་བརྒྱད་པ༔ ཡོངས་དྲིལ་མཐར་ཐུག་བཟླས་པའི་སྐབས༔ རང་ཉིད་ཁྲག་འཐུང་ཆེན་པོ་ཡི༔ ཙིཏྟ་རིན་ཆེན་ཟུར་བརྒྱད་པའི༔ ཉི་ཟླ་ཁ་སྦྱོར་ལྟེ་བར་ཧཱུྃ༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་ལུས་ཀྱི་ནང་ཀུན་གང༔ སྒྲིབ་དག་དབང་དང་དངོས་གྲུབ་ཐོབ༔ སླར་ཡང་སྔགས་ཀྱི་འོད་ཟེར་གྱིས༔ དཀྱིལ་འཁོར་རབ་འབྱམས་ཐུགས་རྒྱུད་བསྐུལ༔ དེ་ལས་འོད་ཟེར་མཁའ་ཁྱབ་འཕྲོས༔ ཐ་མལ་སྣང་ཞེན་དབྱིངས་སུ་ཐིམ༔ སྣོད་བཅུད་གཞལ་ཡས་ཁང་དང་ལྷ༔ སྒྲ་ཀུན་གྲགས་སྟོང་སྔགས་ཀྱི་དབྱངས༔ དྲན་བསམ་བདེ་གསལ་མི་རྟོག་པ༔ དབྱེར་མེད་ཀུན་བཟང་དགོངས་པའི་ཀློང༔ མ་ནོར་མ་བཅོས་བསམ་འདས་པ༔ བརྗོད་བྲལ་ཡེ་ཤེས་མངོན་གྱུར་བསམ༔ རུ་ལུ་འབུམ་ཕྲག་བཞི་བཟླས་པས༔ དགོངས་པ་མི་འགྱུར་ཏིང་འཛིན་འཐོབ༔ དོན་གཉིས་ལྷུན་གྲུབ་དཔལ་ལ་སྤྱོད༔ ས་མ་ཡ༔ རྩ་བའི་དཀྱིལ་འཁོར་ཕྱི་རོལ་གྱི༔ ཡན་ལག་ངན་སོང་གནས་འདྲེན་སོགས༔ སོ་སོའི་བཟླས་པའི་དམིགས་པ་ནི༔ རང་གི་ཐུགས་ཀའི་འོད་ཟེར་གྱིས༔ ཡན་ལག་དཀྱིལ་འཁོར་ཐུགས་དམ་བསྐུལ༔ དེ་རྣམས་ཐུགས་ནས་ཡེ་ཤེས་ཀྱི༔ སྣང་བས་འཁོར་འདས་ཞིང་ཀུན་ཁྱབ༔ འཕགས་རྣམས་མཆོད་ཅིང་དགྱེས་པར་བསྐྱེད༔ སེམས་ཅན་ཀུན་གྱི་སྒྲིབ་གཉིས་སྦྱངས༔ ཚུར་འདུས་བདག་ལ་ཐིམ་པ་ཡིས༔ བདག་དང་འགྲོ་དྲུག་ཡིད་ཅན་ཀུན༔ ངན་སོང་འཁོར་བའི་སྡུག་བསྔལ་བསལ༔ མཐོ་རིས་ཐར་པའི་གོ་འཕང་བཀོད༔ བྱང་ཆུབ་གསུམ་གྱི་ས་བོན་དང༔ འབྲས་བུ་མངོན་དུ་གྱུར་ནས་ཀྱང༔ དངོས་གྲུབ་ཐམས་ཅད་ཐོབ་པར་བསམ༔ ཁྲི་ཕྲག་རེ་རེ་བཟླས་པ་ཡིས༔ སོ་སོའི་བྱིན་རླབས་དངོས་གྲུབ་འགྱུར༔ ས་མ་ཡ༔ དེ་ལྟར་དེ་གསུམ་ནང་སྐོར་གྱི༔ རྩ་བ་ཡན་ལག་དཀྱིལ་འཁོར་པའི༔ སྔགས་ཀྱི་ཕྲེང་བ་དགོངས་པ་བཅས༔ ཤྲཱི་སིཾ་ཧའི་ཐུགས་ཀྱི་བཅུད༔ ཐུན་མོང་མ་ཡིན་ལུང་ཆེན་པོའི༔ བཅུད་འདྲིལ་མན་ངག་ཡང་ཞུན་འདི༔ བཻ་རོ་བདག་གི་ཐུགས་དམ་སྟེ༔ ད་ལྟ་སྤེལ་ཕངས་གཏེར་དུ་སྦས༔ མ་འོངས་མངའ་བདག་ཡབ་སྲས་ཀྱི༔ སྤྲུལ་པ་སྒྱུ་མའི་སྐྱེས་བུ་ཟུང༔ དུས་ཀྱི་ཐ་མར་འབྱུང་བ་དང༔ འཕྲད་ནས་གཞན་ལ་ཕན་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མནྟྲ་ཨུ་པ་དེ་ཨ་ཏི་གུ་ཧྱ་ས་མ་ཡ༔ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པས་བདེ་ཆེན་པདྨ་ཤེལ་ཕུག་གི་གནམ་ཁུང་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ །ཞུས་སོ།། །། ངན་སོང་སྦྱོང་བའི་གཟུངས་ནི། རྒྱས་པ།་་་ཨཱོྃ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་རཱ་ཛ་ཡ་ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷཱཱ་ཡ། ཏདྱ་ཐཱ། ཨཱོྃ་ཤྭ་དྷ་ནི་ཤྭ་དྷ་ནི་སརྦ་པཱ་པཾ་བི་ཤྭ་དྷ་ནེ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ནེ་སྭཱ་ཧཱ། ࿊ བསྡུས་པ།་་་ཨཱོྃ་ཤྭ་དྷ་ནི་ཤྭ་དྷ་ནི་སརྦ་པཱ་པཾ་བི་ཤྭ་དྷ་ནེ་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤྭ་དྷ་ནེ་སྭཱ་ཧཱ༔

མངོན་རྟོགས་གཏེར་གཞུང་དགོངས་པ་ཕྱོགས་གཅིག་ (Volume 62, Text 42)

མངོན་རྟོགས་གཏེར་གཞུང་དགོངས་པ་ཕྱོགས་གཅིག་ལྟར་ན། ཡུམ་དང་འཁྲིལ༔ ཞེས་པའི་མཚམས། སྟེང་ཁང་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ༔ བཞི་བཅུ་རྩ་གཉིས་མ་འདྲེས་ཚོམ་བུར་རྫོགས༔ གཞལ་ཡས་བར་ཁྱམས་ཁོར་ཡུག་མུ་ཁྱུད་ལ༔ གནས་ཡུལ་སྒོ་སྐྱོང་དབང་མོ་ཉི་ཤུ་བརྒྱད༔ མཁའ་འགྲོ་སོ་གཉིས་མ་བདུན་སྲིང་མོ་བཞི༔ གིང་ཆེན་བཅོ་བརྒྱད་ཁྲོ་བོ་དྲུག་ཅུ་དང༔ རིགས་བཞིའི་ཕོ་ཉ་བརྒྱ་དང་བཞི་བཅུའི་སྡེ༔ མ་མོ་དྲུག་ཅུ་ཀུན་ཀྱང་ཁྲོ་ཆགས་འབར༔ སྐུ་མདོག་ཕྱག་མཚན་མ་འདྲེས་ཅིར་ཡང་སྟོན༔ རྒྱུ་ཡི་རྟ་བབས་རྣམས་ཀྱི་ཁོར་ཡུག་ཆར༔ རིག་འཛིན་རྩལ་འཆང་བྱེ་བ་ས་ཡར་བཅས༔ ཕྱི་རོལ་དུར་ཁྲོད་འབར་བའི་འོད་ཀློང་དུ༔ འཇིག་རྟེན་མ་མོ་བདུན་བརྒྱ་ཉི་ཤུ་སོགས༔ བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་རྫོགས༔ དུར་ཁྲོད་ཕྱི་རོལ་རྡོ་རྗེའི་སྲུང་འཁོར་ནང༔ རང་རང་རིགས་དང་མཐུན་པའི་གཞལ་མེད་ཁང༔ བཀོད་པ་རབ་མཛེས་ཡེ་ཤེས་འོད་ཀྱི་ཀློང༔ བྱང་ཤར་ནས་བརྩམ་མཚམས་དང་ཕྱོགས་བཞི་རུ༔ ངན་སོང་གནས་འདྲེན་གསང་བདག་ཐུབ་པ་དང༔ ནུབ་བྱང་སྟོད་མི་སྨད་ལྷ།་་་མངོན་མཐོའི་ལམ་སྟོན་ཐུབ་དབང་འཇིག་རྟེན་སྐྱོང༔ ལྷོ་ནུབ།་་་ཉན་ཐོས་སྟོབས་མཆོག་ཤར་ལྷོ།་་་རང་རྒྱལ་རྫུ་འཕྲུལ་ཅན༔ བྱང་།་་་བྱང་སེམས་ཉེ་སྲས་ནུབ།་་་ཀྲི་ཡཱ་མྱ་ངན་མེད༔ ལྷོ།་་་ཨུ་བྷ་རིགས་བཞི་ཤར།་་་ཡོ་ག་རྡོ་རྗེ་དབྱིངས༔ གཙོ་འཁོར་སྤྲུལ་པར་བཅས་པའི་ཚོགས་རྣམས་ཀུན༔ མ་འདྲེས་རང་གསལ་ཉི་དང་འོད་ཟེར་བཞིན༔ གང་འདུལ་མོས་པའི་དཔལ་དུ་ལྷམ་མེར་གསལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜལ་ཨཿཧཱུྃ༔ ཞེས་གསལ་བཏབ་ལ། བྱིན་རླབས་དབང་བསྐུར་མན་གཞུང་ལྟར་རོ།། །།

དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས། ནང་སྐོར་ཡི་དམ་ཁྲོ་བོའི་བསྐྱེད་རིམ་དང་བྱང་བུ་ཁྲིགས་སུ་བསྡེབས་པ་ (Volume 62, Text 43)

༄༅། །དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས། ནང་སྐོར་ཡི་དམ་ཁྲོ་བོའི་བསྐྱེད་རིམ་དང་བྱང་བུ་ཁྲིགས་སུ་བསྡེབས་པ་བཞུགས་སོ། ། སྡེ་གསུམ་ནང་སྐོར་ཀློང་སྡེ། ྈྈྈྈ ན་མོ་གུ་རུ༔ ནང་སྐོར་ཡི་དམ་ཁྲོ་བོའི་སྒྲུབ་པ་ལས༔ སྔོན་འགྲོའི་བྱང་བུ་བསྟན་པ་ནི༔ ངོ་བོ་སྟོང་པ་རྫོགས་སངས་རྒྱས༔ རང་བཞིན་གསལ་བ་དམ་པའི་ཆོས༔ སྣ་ཚོགས་སྤྲུལ་པའི་ཚོགས་མཆོག་ལ༔ དབྱེར་མེད་ཆེན་པོར་སྐྱབས་སུ་མཆི༔ ཨེ་མ་ཧོ་ཆོས་དབྱིངས་རྣམ་དག་ལས༔ སྒྲོ་བཏགས་མ་རིག་འཁྲུལ་པའི་འགྲོ༔ ཡེ་ཤེས་ཀློང་དུ་བསྒྲལ་བའི་ཕྱིར༔ ཁྱབ་བརྡལ་ཆེན་པོར་སེམས་བསྐྱེད་དོ༔ དམིགས་མཐའ་བྲལ་བའི་བདེ་གཤེགས་ལ༔ ཆོས་དབྱིངས་ཀློང་དུ་ཕྱག་འཚལ་ལོ༔ མེ་ལོང་ཀློང་དུ་མཆོད་པར་འབུལ༔ མཉམ་ཉིད་ཀློང་དུ་མ་ཤེས་བཤགས༔ མ་འདྲེས་ཀློང་དུ་རྗེས་ཡི་རང༔ འདོད་རྒུ་འབྱུང་བའི་ཆོས་འཁོར་བསྐོར༔ བདེན་པ་གཉིས་སུ་བཞུགས་སུ་གསོལ༔ གཉིས་མེད་དབྱིངས་སུ་འབྲས་ཐོབ་ཤོག༔ ཀློང་སྡེའི་དོན་གྱི་སྔོན་འགྲོ་འོ༔ ས་མ་ཡ་རྒྱ་རྒྱ༔ སྒྲིབ་སྦྱོང་བྱང་བུ་བསྟན་པ་ནི༔ མ་ནོར་ལས་ནི་སྒྲོ་བཏགས་ལུས༔ མ་བཅོས་དག་པའི་རྡོ་རྗེ་སེམས༔ སོ་མ་རང་གསལ་སྐུ་རུ་རྫོགས༔ ལྷུག་པར་གནས་པས་སྒྲིབ་གཉིས་སྦྱོང༔ ཨཱོྃ་བཛྲ་སཏྭ་ཨཱ༔ ཀློང་སྡེའི་དོན་གྱི་སྒྲིབ་སྦྱོང་ངོ༔ ས་མ་ཡ་རྒྱ་རྒྱ༔ ཚོགས་གསག་བྱང་བུ་བསྟན་པ་ནི༔ གསལ་ལ་མི་རྟོག་གཞི་ཡི་དབྱིངས༔ བདེ་བ་ཆེན་པོའི་ཚོམ་བུ་བཀོད༔ བདེ་སྟོང་དབྱེར་མེད་མཎྜལ་འདི༔ ལྷུན་གྲུབ་བདེ་བར་གཤེགས་ལ་འབུལ༔ གུ་རུ་མཎྜལ་པཱུ་ཛ་ཧོ༔ ཀློང་སྡེའི་དོན་གྱི་ཚོགས་གསག་གོ༔ ས་མ་ཡ་རྒྱ་རྒྱ༔ བྱིན་རླབས་བྱང་བུ་བསྟན་པ་ནི༔ མ་ནོར་གདོད་མའི་བླ་མ་ལ༔ མ་བཅོས་གསལ་རྫོགས་གསོལ་བ་འདེབས༔ བསམ་འདས་དབྱིངས་སུ་དག་པར་མཛོད༔ བརྗོད་མེད་རྟོགས་པར་བྱིན་གྱིས་རློབས༔ ཀློང་སྡེའི་དོན་གྱི་བྱིན་རླབས་སོ༔ ས་མ་ཡ་རྒྱ་རྒྱ༔ མཆོད་པ་བྱིན་རླབས་བྱང་བུ་ནི༔ རཾ་ཡཾ་ཁཾ༔ ཞི་གནས་ལྷག་མཐོང་ཡེ་ཤེས་ལས༔ རཾ་ཡཾ་ཁཾ་འཕྲོས་དངོས་འཛིན་སྦྱངས༔ དབྱིངས་རིག་གཉིས་མེད་གཏོར་ཆེན་དང༔ ཀློང་ལྔའི་རང་བཞིན་བདུད་རྩི་ཆེ༔ སེམས་ཉིད་འཁྲུལ་པ་བསྒྲལ་པའི་ཁྲག༔ ཡེ་ཤེས་འོད་གསལ་མཆོད་སྤྲིན་འཁྲིགས༔ སྣང་བ་སྒྱུ་མར་རྟོགས་པ་ཡི༔ ཕྱི་ཡི་མཆོད་པ་བསམ་མི་ཁྱབ༔ སྟོང་པའི་རང་རྩལ་གསལ་བ་ཆེ༔ ནང་གི་མཆོད་སྤྲིན་མཐའ་ལས་འདས༔ བདེ་བའི་རང་བཞིན་དགའ་བ་ཆེ༔ གསང་བའི་མཆོད་པ་ལྷུན་གྱིས་གྲུབ༔ ཨཱོྃ་མ་ཧཱ་བ་ལིཾ་ཏ་ཨཱཿཧཱུྃ༔ ཨཱོྃ་སརྦ་པཉྩ་ཨ་མྲྀཏ་ཨཱཿཧཱུྃ༔ ཨཱོྃ་མ་ཧཱ་རཀྟ་ཛྭ་ལ་ཨཱཿཧཱུྃ༔ ཨཱོྃ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ ཨཱོྃ་བཛྲ་པཱ་དྱཾ༴ དེ་བཞིན་དུ། པུཥྤེ༴ དྷཱུ་པེ༴ ཨཱ་ལོ་ཀེ༴ གནྡྷེ༴ ནཻ་ཝི་དྱ༴ ཤབྡ་ཨཱཿཧཱུྃ༔ ཨཱོྃ་ཨཱཿཧཱུྃ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་ཨཱཿཧཱུྃ༔ ཨཱོྃ་ཨཱཿཧཱུྃ་བོ་དྷི་ཙིཏྟ་ཨཱཿཧཱུྃ༔ སྡེ་གསུམ་དོན་གྱི་མཆོད་བརླབ་བོ༔ ས་མ་ཡ་རྒྱ་རྒྱ༔ དངོས་གཞིའི་རྟེན་གྱི་བྱང་བུ་ནི༔ ཧཱུྃ༔ ཀུན་གཞི་མི་དམིགས་རྣམ་པར་སྟོང༔ ཨཱ༔ རང་བཞིན་གསལ་བ་ཀུན་ལ་ཁྱབ༔ ཨཱོྃ༔ ཐུགས་རྗེ་སྣ་ཚོགས་སྤྲུལ་སྐུར་ཤར༔ ཐུགས་རྗེའི་འོད་ཀྱིས་སྣོད་བཅུད་སྦྱངས༔ ཡེ་ཤེས་ལྔ་ཡི་འོད་ཟེར་ལས༔ འབྱུང་ལྔ་དག་པ་ཡུམ་ལྔའི་མཁར༔ དུག་ལྔ་རྣམ་དག་གཞལ་ཡས་ཁང༔ ཡེ་ཤེས་རྩལ་རྫོགས་རྒྱན་གྱིས་སྤྲས༔ ཚོགས་བརྒྱད་དག་པ་དུར་ཁྲོད་བརྒྱད༔ འགྱུར་མེད་སྲུང་འཁོར་ཀུན་ལ་ཁྱབ༔ ཡེ་ནས་དག་པའི་ངང་དུ་རྫོགས༔ བྷྲཱུྃ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུྃ༔ དངོས་གཞིའི་རྟེན་བསྐྱེད་བྱང་བུ་འོ༔ ས་མ་ཡ་རྒྱ་རྒྱ༔ བརྟེན་པ་ལྷ་བསྐྱེད་ཁྱད་པར་ནི༔ གཉིས་སུ་མེད་པའི་ལྟ་བ་ཀློང་ཡངས་ལ༔ ཆོས་སྐུ་ཐིག་ལེ་ཉག་གཅིག་མངོན་པར་རྫོགས༔ ཀུན་ནས་གསལ་བ་གང་དུའང་མི་གནས་ཤིང༔ ཕྱོགས་ཀུན་ལ་ནི་ཞལ་ཕྱག་ཐལ་ལེར་གསལ༔ དེ་ཉིད་ཟུང་འཇུག་ཡེ་ཤེས་གཟུགས་ཀྱི་སྐུ༔ བྱོལ་སོང་པདྨ་ཉི་ཟླའི་གདན་སྟེང་དུ༔ རང་རིག་རྒྱལ་པོ་དཔལ་ཆེན་མངོན་རྫོགས་ནི༔ སྨུག་ནག་སྐུ་ནི་ནམ་མཁའི་མཐའ་དང་མཉམ༔ དབུས་ཞལ་མཐིང་ནག་བདུན་ནི་རྔམ་པའི་ཚུལ༔ གཡས་ཞལ་དཀར་བདུན་གཡོན་ཞལ་བདུན་དམར་རྣམས༔ འཛུམ་ཞིང་ཁྲོ་ལ་ཆགས་པའི་ཉམས་དང་ལྡན༔ རྩ་བའི་ཕྱག་བརྒྱད་དང་པོས་གྲི་ཐོད་འཛིན༔ དེ་འོག་ཞིང་ཁམས་དང་ནི་འཇིག་རྟེན་འཛིན༔ གསུམ་པས་འདོད་ཁམས་གཟུགས་ཁམས་ཐིག་ལེར་འཛུད༔ ལྷག་མ་ལྔ་རྣམས་འབྱུང་ལྔ་ཕྱག་མཚན་ལྔ༔ ཡན་ལག་ཕྱག་བརྒྱས་གྲི་ཐོད་འཛིན་པ་འོ༔ དཔལ་ཆེན་རྔམ་པ་དུར་ཁྲོད་རོལ་པའི་ཆས༔ རྡོ་རྗེའི་གཤོག་བརྒྱངས་ཞབས་ནི་སྐྱིལ་ཀྲུང་བཞུགས༔ པང་དུ་མ་རྒྱུད་ལྷ་མོ་ཀུན་གྱི་གཙོ༔ མཐིང་ནག་ཞལ་དགུ་ཕྱག་ནི་བཅོ་བརྒྱད་ཀྱིས༔ རྡོ་རྗེ་དུང་ཁྲག་འཛིན་པས་ཡབ་ལ་འཁྱུད༔ ཀུན་གཞི་བདེ་གཤེགས་སྙིང་པོའི་ངོ་བོར་གསལ༔ རྣམ་ཤེས་ཚོགས་བརྒྱད་དག་པའི་ཁྲག་འཐུང་བརྒྱད༔ ཞལ་གསུམ་ཕྱག་དྲུག་དཔལ་དང་དུར་ཁྲོད་ཆས༔ གཡས་པ་རྣམས་ཀྱིས་རང་རྟགས་ཕྱག་མཚན་དང༔་་་བུདྡྷ་ཧེ་རུ་ཀཿལ་མཚོན་ན་གཡས་གསུམ་འཁོར་ལོ་གསུམ། གཡོན་གསུམ་དུང་ཁྲག་གསུམ་འཛིན་པ་སྟེ་དེས་འགྲེས་སོ། །གཡོན་པས་དུང་ཁྲག་འཛིན་པས་ཡུམ་དང་འཁྲིལ༔ གཞལ་ཡས་རིམ་པ་སོ་སོ་ཐམས་ཅད་དུ༔ དཔལ་ཆེན་ཡེ་ཤེས་སུམ་བརྒྱ་དྲུག་ཅུ་དགུ༔ འཇིག་རྟེན་མ་མོ་བདུན་བརྒྱ་ལ་སོགས་གསལ༔ ཡེ་ཤེས་ཆེན་པོའི་འཁོར་ལོའི་ཕྱི་ཁྱམས་སུ༔ བྱང་སེམས་ཐེག་དམན་རང་རྒྱལ་ཉན་ཐོས་དང༔ ལྷ་མི་འཇིག་རྟེན་སྐྱོང་བའི་གཟུགས་ཀུན་གསལ༔ བར་སྣང་ཁོར་ཡུག་རིག་འཛིན་རྩལ་འཆང་དང༔ སྟེང་དུ་རྡོ་རྗེ་དབྱིངས་དང་ཕྱོགས་མཚམས་ལ༔ ཕྱི་རྒྱུད་སྡེ་གསུམ་ལྷ་ཚོགས་ཚོམ་བུར་ཤར༔ དངོས་གཞིའི་ལྷ་བསྐྱེད་ཁྱད་པར་རོ༔ ས་མ་ཡ་རྒྱ་རྒྱ༔ དབང་བསྐུར་དགུག་བསྟིམ་བྱང་བུ་ནི༔ དུག་གསུམ་ཡེ་དག་རྡོ་རྗེ་གསུམ༔ ལྷུན་གྲུབ་རྫོགས་པར་བྱིན་གྱིས་བརླབས༔ དུག་ལྔ་རྣམ་དག་ཡེ་ཤེས་ལྔ༔ སྐུ་ལྔ་ཡེ་རྫོགས་དབང་བསྐུར་རོ༔ ཨཱོྃ་ཨཱཿཧཱུྃ༔ ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཧཱུྃ༔ མི་མངོན་དབྱིངས་ཀྱི་ཞིང་ཁམས་ནས༔ བླ་མ་རིག་འཛིན་བདེ་གཤེགས་ཚོགས༔ ཡི་དམ་དཔའ་བོ་མཁའ་འགྲོ་རྣམས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཀུན་གཞི་དག་པའི་ཞིང་ཁམས་ནས༔ གསལ་བ་ལོངས་སྤྱོད་རྫོགས་སྐུར་བཞེངས༔ ཐུགས་རྗེ་སྤྲུལ་སྐུའི་འཁོར་དང་བཅས༔ དབྱེར་མེད་ཆེན་པོར་གཤེགས་སུ་གསོལ༔ དབྱིངས་ལས་གཞན་མེད་ཆོས་སྐུའི་ཚོགས༔ བདེ་བ་ཆེ་ལ་ལོངས་སྤྱོད་པ༔ ཅིར་ཡང་སྣང་བ་སྤྲུལ་པའི་སྐུ༔ མ་ལུས་འཁོར་བཅས་གཤེགས་སུ་གསོལ༔ སྣང་ཡུལ་འཛིན་པ་དབྱིངས་སུ་ཁྲོལ༔ དབང་པོ་སྐུ་ལྔར་བྱིན་གྱིས་རློབས༔ རྣམ་ཤེས་ཡེ་ཤེས་ཆེན་པོར་སྒྱུར༔ ཀུན་གཞིའི་ཀློང་དུ་ཐིམ་པར་མཛོད༔ ཨེ་ཧྱེ་ཧི་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཛཿཧཱུྃ་བཾ་ཧོ༔ དབང་བསྐུར་དགུག་བསྟིམ་བྱང་བུ་འོ༔ ས་མ་ཡ་རྒྱ་རྒྱ༔ བཞུགས་ཕྱག་མཆོད་བསྟོད་བྱང་བུ་ནི༔ ཧཱུྃ༔ ཡེ་ནས་དག་པའི་ཀུན་བཟང་ལ༔ གཤེགས་དང་བཞུགས་པའི་མཚན་མ་མེད༔ ཕྱོགས་ལྷུང་བྲལ་བར་ཀུན་ཏུ་རྫོགས༔ གདོད་ནས་གཉིས་མེད་ངང་དུ་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ འཁྲུལ་མ་མྱོང་བའི་བྱང་ཆུབ་སེམས༔ ཨེ་མ་བདེ་བར་གཤེགས་པ་རྣམས༔ འགྲོ་བ་ཀུན་ལ་ཁྱབ་པ་ཉིད༔ གཉིས་འཛིན་བྲལ་བར་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨེ་མ་ཧོ༔ གདོད་ནས་དག་པའི་མཁའ་དབྱིངས་སུ༔ སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ལས༔ མཆོད་པའི་ཕྱག་རྒྱ་ཅིར་ཡང་སྤྲུལ༔ རྒྱལ་བའི་ཚོགས་རྣམས་དགྱེས་པར་རོལ༔ ཨཱོྃ་བཛྲ་ཨརྒྷཾ་སོགས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཤེས་ཡུལ་དབང་པོས་མཚམས་སྦྱར་བས༔ འདོད་པའི་ཡོན་ཏན་བསམ་མི་ཁྱབ༔ ཞེན་པ་མེད་པའི་རང་བཞིན་ཉིད༔ ཆོས་ཀྱི་སྐུ་ཡི་རྒྱན་དུ་མཆོད༔ ཨཱོྃ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་ཨཱཿཧཱུྃ༔ གསལ་བ་ཐབས་ཀྱི་རང་བཞིན་ལ༔ མི་རྟོག་ཤེས་རབ་སྦྱོར་བ་ཡིས༔ བདེ་བ་ཆེན་པོ་ཁྱབ་པ་ཆེ༔ དབྱེར་མེད་ངང་དུ་མཆོད་པར་འབུལ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧོ༔ དབྱིངས་ཀྱི་གཏོར་མ་རྒྱན་དང་ལྡན༔ རིག་པ་ཡེ་ཤེས་བདུད་རྩི་ལྔ༔ དབྱིངས་རིག་དབྱེར་མེད་ཁྲག་ཆེན་པོ༔ བྱ་རྩོལ་བྲལ་བའི་མཆོད་པར་འབུལ༔ ཨཱོྃ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་བ་ལིཾ་ཏ་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ ཨེ་མ་ཧོ་ངོ་མཚར་རྨད་ཀྱི་སྐུ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་རྗེ་རྨད་བྱུང་བསམ་མི་ཁྱབ༔ སྤྲོས་པའི་ཚུལ་སྟོན་སྤྲུལ་སྐུ་མཆོག༔ སྤྲོས་མེད་ལོངས་སྤྱོད་རྫོགས་པའི་སྐུ༔ ཤིན་ཏུ་རྣམ་དག་ཆོས་ཀྱི་སྐུ༔ རབ་ཏུ་ཞི་བ་ངོ་བོ་ཉིད༔ སྐུ་བཞིའི་བདག་ཉིད་རྣམས་ལ་བསྟོད༔ ཨེ་མ་ཧོ་ངོ་མཚར་རྨད་ཀྱི་གསུང༔ ཡན་ལག་དྲུག་ཅུ་དང་ལྡན་ཞིང༔ ནམ་མཁའ་ལྟ་བུར་ཁྱབ་པ་ཉིད༔ ཉི་ཟླ་ལྟ་བུར་ཀུན་ལ་གསལ༔ རྒྱ་མཚོ་ལྟ་བུར་གཏིང་མཐའ་བྲལ༔ འཇའ་ཚོན་བཞིན་དུ་སོ་སོར་སྣང༔ རིན་ཆེན་བཞིན་དུ་དགོས་འདོད་འབྱུང༔ ཀློང་ལྔའི་གསུང་ལ་ཕྱག་འཚལ་བསྟོད༔ ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཐུགས༔ ཀུན་གཞི་བྱ་རྩོལ་བྲལ་བ་ལས༔ ཅིར་ཡང་མི་དམིགས་ཅིར་ཡང་སྣང༔ འོད་གསལ་ཤེས་པ་ཟང་ཐལ་ལེ༔ སྐྱེ་བ་མེད་པའི་རང་བཞིན་ཉིད༔ འགག་པ་མེད་པ་དབང་པོར་གསལ༔ ཡུལ་སྣང་གང་ཤར་དངོས་པོས་སྟོང༔ སེམས་ཉིད་ཤར་གྲོལ་ཐུགས་ལ་བསྟོད༔ བཞུགས་ཕྱག་མཆོད་བསྟོད་བྱང་བུ་འོ༔ ས་མ་ཡ་རྒྱ་རྒྱ༔ བཟླས་པ་ཛཔ྄་ཀྱི་དགོངས་པ་ནི༔ ཧཱུྃ༔ སྟོང་གསུམ་འཇིག་རྟེན་ཐམས་ཅད་ཀུན༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ འབར་བའི་ཀློང་ནས་ཅིར་ཡང་སྣང༔ རང་བྱུང་ཛཔ྄་ཀྱི་འཕྲོ་འདུ་ལས༔ ཅིར་ཡང་གསལ་ཞིང་འགགས་པ་མེད༔ མ་བཅོས་ཡེ་རྫོགས་སྣང་སྲིད་རྣམས༔ དཔལ་གྱི་སྐུ་གསུང་ཐུགས་སུ་རྫོགས༔ ལྷུན་གྱིས་གྲུབ་པའི་རང་བཞིན་བསྒོམ༔ ཨཱོྃ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀཿབཛྲ་ཀྲོ་དྷཱི་ཤྭ་རཱི་བུདྡྷ་ཤྲཱི་ཧེ་རུ་ཀཿབུདྡྷ་ཀྲོ་དྷཱི་ཤྭ་རཱི་རཏྣ་ཤྲཱི་ཧེ་རུ་ཀཿརཏྣ་ཀྲོ་དྷཱི་ཤྭ་རཱི་པདྨ་ཤྲཱི་ཧེ་རུ་ཀཿཔདྨ་ཀྲོ་དྷཱི་ཤྭ་རཱི་ཀརྨ་ཤྲཱི་ཧེ་རུ་ཀཿཀརྨ་ཀྲོ་དྷཱི་ཤྭ་རཱི་གུ་ཧྱ་ས་ནུ་ཡཀྴ་རཀྴ་ཤྲཱི་ཧེ་རུ་ཀཿཀྲོ་དྷཱི་ཤྭ་རཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་དང་སྙིང་པོའི་ཡང་སྙིང་ནི༔ ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ འཁོར་གྱི་ལྷ་སྔགས་སྤྲོས་འདོད་ན༔ གུད་དུ་གསལ་ལས་ཤེས་པར་བྱ༔ ནང་སྐོར་ཡི་དམ་སྒྲུབ་པ་འོ༔ ས་མ་ཡ་རྒྱ་རྒྱ༔ ཚོགས་ཀྱི་མཆོད་པའི་བྱང་བུ་ནི༔ ཧཱུྃ༔ དངོས་འཛིན་འཁྲུལ་རྟོག་ཐམས་ཅད་ཀུན༔ སྣང་སྟོང་རིག་སྟོང་ཚོར་སྟོང་གི༔ ངོ་བོ་ཉིད་དུ་གདོད་ནས་དག༔ ཅིར་ཡང་འབྱུང་ཞིང་འཆར་བ་ལས༔ ཤེས་རབ་ཆེན་པོའི་སྣོད་ཡངས་སུ༔ དགའ་བ་བཞི་ཡི་ཚོགས་གཏོར་བཤམས༔ འདོད་ཡོན་ལྔ་ཡིས་རབ་བརྒྱན་པའི༔ བླ་ན་མེད་པའི་མཆོད་སྤྲིན་གཏིབས༔ ཨཱོྃ་ཨཱཿཧཱུྃ༔ ཧཱུྃ༔ འཁོར་འདས་ཕ་མཐའ་བྲལ་བའི་དབྱིངས༔ གཞོན་ནུ་བུམ་སྐུའི་ཞིང་ཁམས་ནས༔ ལོངས་སྤྱོད་རྫོགས་སྐུའི་ལྷ་ཚོགས་རྣམས༔ དགྱེས་མཆོད་བཞེས་ཕྱིར་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་བཛྲ་ས་མཱ་ཛ༔ ཧཱུྃ༔ གདོད་མའི་དབྱིངས་ཀྱི་བྷནྡྷ་རུ༔ རིག་པ་བདེ་ཆེན་འདོད་ཡོན་བཤམས༔ དབྱིངས་རིག་གཉིས་མེད་ཚོགས་མཆོད་འདི༔ རྫོགས་པ་ཆེན་པོའི་ལྷ་ལ་འབུལ༔ མ་ཧཱ་ཛྙཱ་ན་ག་ཎ་ཙཀྲ་པཱུ་ཛ་ཧོ༔ གསལ་བའི་ངང་དུ་འཛིན་པ་བཤགས༔ མི་རྟོག་ཕྱལ་ཆད་མིན་པར་བསྐང༔ བདེ་བ་ཆེན་པོའི་དངོས་གྲུབ་སྩོལ༔ དབྱེར་མེད་ངང་དུ་ལྷུན་གྲུབ་ཤོག༔ ས་མ་ཡ་ཤུདྡྷེ་ཨ༔ ཡུལ་གྱི་དྲྭ་བར་ཚུད་པའི་བདུད༔ དབང་པོའི་དྲྭ་བར་གཅིག་ཏུ་བསྡུས༔ རྣམ་ཤེས་དག་པའི་མཚོན་གྱིས་བསྒྲལ༔ ཀུན་གཞིའི་ཀློང་དུ་ཞལ་དུ་བསྟབ༔ མཱ་ར་ཡ་ཕཊ྄༔ སྣང་སྲིད་ཆོས་ཀུན་མ་ལུས་པ༔ བདེ་བ་ཆེན་པོའི་ཚོགས་སུ་རོལ༔ སེམས་ཉིད་རྣམ་པར་དག་གྱུར་ཏེ༔ དབྱིངས་རིག་ཟུང་འཇུག་རྟོགས་པར་ཤོག༔ ཨ་ལ་ལ་ཧོ༔ ཧཱུྃ༔ རྣམ་རྟོག་དག་པའི་ལྷག་སྡུད་རྣམས༔ འཛིན་མེད་རང་གསལ་ལྷག་གཏོར་བཞེས༔ དྲན་སྣང་སོ་མའི་བར་ཆད་སོལ༔ རང་གྲོལ་ཀློང་དུ་ཕྲིན་ལས་སྒྲུབས༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ གསལ་སྟོང་བདེ་ཆེན་དབྱེར་མེད་པའི༔ སྣང་སེམས་གཉིས་མེད་ཀློང་ཡངས་སུ༔ ཡུལ་དབང་ཤེས་གཞི་དག་པའི་ཚོགས༔ ཕུལ་པས་དབྱིངས་རིག་ཟུང་འཇུག་ཤོག༔ ཚོགས་ཀྱི་མཆོད་པའི་བྱང་བུ་འོ༔ ས་མ་ཡ་རྒྱ་རྒྱ༔ ཕྲིན་ལས་རྗེས་ཀྱི་བྱང་བུ་ནི༔ གསལ་བའི་དབྱིངས་སུ་སྤྲུལ་པ་རྣམས༔ མི་རྟོག་པ་ཡི་ངང་ལ་གཞག༔ བདེ་བ་ཆེན་པོར་ལྷུན་གྲུབ་སྟེ༔ དབྱེར་མེད་ངང་དུ་མངོན་པར་རྫོགས༔ ཨ་ཨ་ཨ༔ ལྟ་བ་ཆོས་ཉིད་ཡེ་ནས་དག༔ སྒོམ་པ་བློ་ལས་འདས་པའི་ངང༔ སྤྱོད་པ་བསམ་ཡས་དགེ་བ་ཀུན༔ འབྲས་བུ་སྐུ་གསུམ་འཐོབ་ཕྱིར་བསྔོ༔ བསམ་དུ་མེད་པའི་ལྟ་བ་རྟོགས༔ བརྗོད་དུ་མེད་པའི་སྒོམ་ཉམས་ལོངས༔ བླང་དོར་མེད་པའི་སྤྱོད་པ་སྤྱད༔ འབྲས་བུ་ལྷུན་གྲུབ་བཀྲ་ཤིས་ཤོག༔ ཕྲིན་ལས་རྗེས་ཀྱི་བྱང་བུ་འོ༔ ས་མ་ཡ་རྒྱ་རྒྱ༔ དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་ནང་སྐོར་ཡི་དམ་ཁྲོ་བོ་འདུས་པ་ཆེན་པོའི་བསྐྱེད་རིམ་དང་བྱང་བུ་ཁྲིགས་སུ་བསྡེབས་པ་འདིའང་། རབ་བྱུང་བཅུ་བཞི་པའི་མེ་སྟག་དབྱུག་པ་ཟླ་བའི་ཡར་ངོར་གཏེར་གནས་པདྨ་ཤེལ་གྱི་ཕུག་པར། ༧སྤྲུལ་པའི་གཏེར་ཆེན་རིན་པོ་ཆེ་དང་ཁོ་བོ་ཅག་ལྷན་ཅིག་པར་བོད་ཁམས་བདེ་ཐབས་སུ་བདུད་རྩི་སྨན་གྱི་ཚོགས་སྒྲུབ་མདོར་བསྡུས་ཙམ་ཞིག་བགྱིས་པའི་སྐབས་ཉེར་མཁོའི་ཆེད། མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བསྒྲིགས་པའི་ཡི་གེ་པ་ནི་མཁན་ཆེན་བླ་མ་པདྨ་མ་ཏིས་བགྱིས་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ།། །།

ནང་སྐོར་ཁྲོ་བོའི་སྔགས་བྱང་འདོན་འགྲིགས་ (Volume 62, Text 44)

ནང་སྐོར་ཁྲོ་བོའི་སྔགས་བྱང་འདོན་འགྲིགས་ལ། ཐོག་མར་ཞི་བའི་བཟླས་པའི་སྐབས༔ རང་གི་ཐུགས་སྲོག་ས་བོན་ལས༔ བདེ་བ་ཆེན་པོའི་འོད་ཟེར་འཕྲོས༔ སྟེང་ཁང་ཞི་བའི་དཀྱིལ་འཁོར་པའི༔ ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ༔ དེ་རྣམས་ཐུགས་སྲོག་འོད་ཟེར་སྤྲིན༔ མཁའ་ཁྱབ་ཀུན་ཏུ་སྣང་བ་ཡིས༔ བདག་དང་འགྲོ་ཀུན་སྒྲིབ་གཉིས་སྦྱངས༔ ཡེ་ཤེས་མཆོག་གིས་བྱིན་བརླབས་བསམ༔ སྟེང་ཁང་ཞི་བ་རབ་འབྱམས་སྔགས༔ ཨཱོྃ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ འབུམ་ཕྲག་བཞི་བཟླས་བྱིན་དབང་ཐོབ༔ ཁྲག་འཐུང་གཙོ་བོའི་བཟླས་པའི་སྐབས༔ རང་གི་ཐུགས་ཀར་ཉི་མའི་སྟེང༔ རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧཱུྃ༔ མཐའ་མར་རྩ་བའི་སྔགས་ཀྱིས་བསྐོར༔ བཟླས་པས་སྔགས་ཕྲེང་ལུ་གུ་རྒྱུད༔ ཡབ་ཡུམ་ཞལ་ཞུགས་གསང་བར་འཁོར༔ བདེ་བ་ཆེན་པོའི་གཟི་བྱིན་བསྐྱེད༔ མཆོག་ཐུན་དངོས་གྲུབ་བདུད་རྩིའི་བཅུད༔ ཧཱུྃ་ཐིམ་ཡེ་ཤེས་འབར་བར་བསམ༔ འོག་ཁང་རྒྱུད་ལུང་མཁའ་འགྲོའི་གཙོ༔ མངོན་རྫོགས་རྒྱལ་པོའི་སྒོས་སྔགས་ནི༔ ཨཱོྃ་ཨ་ཀྲ་མ་ཧཱ་ཤྲཱི་ཧེ་རུ་ཀཿཀ་ཏ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ྄༔ འབུམ་ཕྲག་གཅིག་བཟླས་དངོས་གྲུབ་འགྱུར༔ ཁྲག་འཐུང་གཙོ་དགུའི་བཟླས་པའི་སྐབས༔ གཙོ་འཁོར་ཐུགས་ཀར་ཉི་མའི་སྟེང༔ རྡོ་རྗེ་རྩེ་དགུའི་ལྟེ་བར་ཧཱུྃ༔ དྲིལ་སྒྲུབ་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་སྔགས་ཕྲེང་ལུ་གུ་རྒྱུད༔ ཡབ་ཡུམ་ཞལ་ཞུགས་གསང་བར་འཁོར༔ བདེ་བ་ཆེན་པོའི་གཟི་བྱིན་བསྐྱེད༔ མཆོག་ཐུན་དངོས་གྲུབ་བདུད་རྩིའི་བཅུད༔ ཧཱུྃ་ཐིམ་ཡེ་ཤེས་འབར་བར་གྱུར༔ ཨཱོྃ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀཿབཛྲ་ཀྲོ་དྷཱི་ཤྭ་རཱི་བུདྡྷ་ཤྲཱི་ཧེ་རུ་ཀཿབུདྡྷ་ཀྲོ་དྷཱི་ཤྭ་རཱི་རཏྣ་ཤྲཱི་ཧེ་རུ་ཀཿརཏྣ་ཀྲོ་དྷཱི་ཤྭ་རཱི་པདྨ་ཤྲཱི་ཧེ་རུ་ཀཿཔདྨ་ཀྲོ་དྷཱི་ཤྭ་རཱི་ཀརྨ་ཤྲཱི་ཧེ་རུ་ཀཿཀརྨ་ཀྲོ་དྷཱི་ཤྭ་རཱི་གུ་ཧྱ་ས་ནུ་ཡཀྴ་རཀྴ་ཤྲཱི་ཧེ་རུ་ཀཿཀྲོ་དྷཱི་ཤྭ་རཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ འབུམ་ཕྲག་བཟླས་པས་བདེ་ཆེན་གྱི༔ ཡེ་ཤེས་བརྟན་ཅིང་ནུས་ལྡན་འཕེལ༔ དང་པོ་གཞལ་ཡས་ནང་མ་གྲུབ། གནས་ཡུལ་ལ་སོགས་བཟླས་པའི་སྐབས༔ བདག་ཉིད་གཙོ་མཆོག་ཧེ་རུ་ཀའི༔ ཐུགས་སྲོག་ལས་བྱུང་འབར་བའི་འོད༔ དཀྱིལ་འཁོར་རབ་འབྱམས་ཐུགས་ཀར་ཐིམ༔ ཐུགས་རྒྱུད་རང་དབང་མེད་པར་བསྐུལ༔ སོ་སོའི་སྐུ་ཡི་གནས་གསུམ་ནས༔ སྐུ་དང་སྔགས་ཕྲེང་ཕྱག་མཚན་སོགས༔ འོད་དང་འོད་ཟེར་དང་བཅས་འཕྲོས༔ ཁམས་གསུམ་ཐམས་ཅད་སྣང་བར་བྱས༔ གང་འདུལ་ཕྲིན་ལས་ལྷུན་གྱིས་གྲུབ༔ སྣོད་བཅུད་ཐ་མལ་སྣང་ཞེན་སྦྱངས༔ དཀྱིལ་འཁོར་རབ་འབྱམས་གོ་འཕང་བཀོད༔ ཚུར་འདུས་བདག་ལ་ཐིམ་པ་ཡིས༔ དངོས་གྲུབ་རྣམ་གཉིས་ཐོབ་པར་བསམ༔ གཉིས་པ་གནས་ཡུལ་སྒོ་སྐྱོང་ལ༔ ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ༔ ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ༔ ཛཿཧཱུྃ་བཾ་ཧོ༔ གསུམ་པ་དབང་མོ་ཉེར་བརྒྱད་ལ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ༔ བཞི་པ་མཁའ་འགྲོ་སོ་གཉིས་ལ༔ ཨེ་ཨཱ་རལླི་ཧཱུྃ༔ ལྔ་པ་མ་བདུན་སྲིང་བཞི་ལ༔ མ་མ་དྷཱ་ཏུ་ཧཱུྃ༔ བཛྲ་དུནྟིཾ་བྷྱོ༔ དྲུག་པ་གིང་ཆེན་བཅོ་བརྒྱད་ལ༔ ཀིངྐ་ར་ཧ་ཧ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བདུན་པ་ཁྲོ་བོ་དྲུག་ཅུ་ལ༔ ཀྲོ་དྷ་ཀྲོ་དྷཱི་ཧཱུྃ༔ བརྒྱད་པ་མ་མོ་ཉིས་བརྒྱ་དང༔ བཞི་བཅུའི་ཕོ་ཉ་རིགས་བཞི་ལ༔ བྷ་ན་ཧ་ན་གརྫ་པ་ཙ་ཛཿཧཱུྃ་བཾ་ཧོ༔ དགུ་པ་མ་མོ་དྲུག་ཅུ་ལ༔ མ་མེ་ཤྭ་ར་ཧཱུྃ༔ རྒྱུ་ཡི་རྟ་བབས་ཁོར་ཡུག་གི༔ རིག་འཛིན་བྱེ་བ་ས་ཡ་ལ༔ ཨཱོྃ་མ་ཧཱ་གུ་རུ་ཤ་རི་རཾ་གཱི་ལི་ཧཱུྃ༔ ཁྲི་ཕྲག་བཟླས་པས་དངོས་གྲུབ་ཐོབ༔ ཁྱད་པར་རུ་ལུ་འབྲུ་བརྒྱད་པ༔ ཡོངས་དྲིལ་མཐར་ཐུག་བཟླས་པའི་སྐབས༔ རང་ཉིད་ཁྲག་འཐུང་ཆེན་པོ་ཡི༔ ཙིཏྟ་རིན་ཆེན་ཟུར་བརྒྱད་པའི༔ ཉི་ཟླ་ཁ་སྦྱོར་ལྟེ་བར་ཧཱུྃ༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་ལུས་ཀྱི་ནང་ཀུན་གང༔ སྒྲིབ་དག་དབང་དང་དངོས་གྲུབ་ཐོབ༔ སླར་ཡང་སྔགས་ཀྱི་འོད་ཟེར་གྱིས༔ དཀྱིལ་འཁོར་རབ་འབྱམས་ཐུགས་རྒྱུད་བསྐུལ༔ དེ་ལས་འོད་ཟེར་མཁའ་ཁྱབ་འཕྲོས༔ ཐ་མལ་སྣང་ཞེན་དབྱིངས་སུ་ཐིམ༔ སྣོད་བཅུད་གཞལ་ཡས་ཁང་དང་ལྷ༔ སྒྲ་ཀུན་གྲགས་སྟོང་སྔགས་ཀྱི་དབྱངས༔ དྲན་བསམ་བདེ་གསལ་མི་རྟོག་པ༔ དབྱེར་མེད་ཀུན་བཟང་དགོངས་པའི་ཀློང༔ མ་ནོར་མ་བཅོས་བསམ་འདས་པ༔ བརྗོད་བྲལ་ཡེ་ཤེས་མངོན་གྱུར་བསམ༔ ཁྲག་འཐུང་རབ་འབྱམས་དྲིལ་བའི་སྔགས༔ ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ རུ་ལུ་འབྲུ་བརྒྱད་རིན་པོ་ཆེ༔ རྡོ་རྗེའི་སྔགས་ཀྱི་མཐར་ཐུག་གོ༔ དེ་ལྟར་འབུམ་ཕྲག་བཞི་བཟླས་པས༔ དགོངས་པ་མི་འགྱུར་ཏིང་འཛིན་འཐོབ༔ དོན་གཉིས་ལྷུན་གྲུབ་དཔལ་ལ་སྤྱོད༔ རྩ་བའི་དཀྱིལ་འཁོར་ཕྱི་རོལ་གྱི༔ ཡན་ལག་ངན་སོང་གནས་འདྲེན་སོགས༔ སོ་སོའི་བཟླས་པའི་དམིགས་པ་ནི༔ རང་གི་ཐུགས་ཀའི་འོད་ཟེར་གྱིས༔ ཡན་ལག་དཀྱིལ་འཁོར་ཐུགས་དམ་བསྐུལ༔ དེ་རྣམས་ཐུགས་ནས་ཡེ་ཤེས་ཀྱི༔ སྣང་བས་འཁོར་འདས་ཞིང་ཀུན་ཁྱབ༔ འཕགས་རྣམས་མཆོད་ཅིང་དགྱེས་པར་བསྐྱེད༔ སེམས་ཅན་ཀུན་གྱི་སྒྲིབ་གཉིས་སྦྱངས༔ ཚུར་འདུས་བདག་ལ་ཐིམ་པ་ཡིས༔ བདག་དང་འགྲོ་དྲུག་ཡིད་ཅན་ཀུན༔ ངན་སོང་འཁོར་བའི་སྡུག་བསྔལ་བསལ༔ མཐོ་རིས་ཐར་པའི་གོ་འཕང་བཀོད༔ བྱང་ཆུབ་གསུམ་གྱི་ས་བོན་དང༔ འབྲས་བུ་མངོན་དུ་གྱུར་ནས་ཀྱང༔ དངོས་གྲུབ་ཐམས་ཅད་ཐོབ་པར་བསམ༔ ཕྱི་འཁོར་ཡན་ལག་དཀྱིལ་འཁོར་ལས༔ བྱང་ཤར་ངན་སོང་གནས་འདྲེན་ལ༔ ཨཱོྃ་བཛྲ་པཱ་ཎི་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤྭ་དྷ་ཡ་ཧ་ན་ཧཱུྃ་ཕཊ྄༔ ནུབ་བྱང་ལྷ་མིའི་དཀྱིལ་འཁོར་ལ༔ ཨཱོྃ་མུ་ནེ་ཡེ་ཀྵཾ་བྲཾ་ཏྲུཾ་སྭཱ་ཧཱ༔ ཨཱོྃ་མུ་ནེ་སྲུཾ་ཀྲེཾ་སྭཱ་ཧཱ༔ ལྷོ་ནུབ་ཉན་ཐོས་དཀྱིལ་འཁོར་ལ༔ ཨཱོྃ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཤཱཀྱ་མུ་ནེ་ཡེ་སྭཱ་ཧཱ༔ ཤར་ལྷོ་རང་རྒྱལ་དཀྱིལ་འཁོར་ལ༔ ཨཱོྃ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ༔ ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏེ་ཧྱ་བ་དཏ྄༔ ཏེ་ཥཱཉྩ་ཡོ་ནི་རོ་དྷ༔ ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ༔ བྱང་ཕྱོགས་བྱང་སེམས་དཀྱིལ་འཁོར་ལ༔ ཨཱོྃ་མ་ཧཱ་ཀཱ་རུ་ཎི་སརྦ་བོ་དྷི་སཏྭ་སྭཱ་ཧཱ༔ ནུབ་ཕྱོགས་ཀྲི་ཡའི་དཀྱིལ་འཁོར་ལ༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ག་ཏེ་ཨཱོྃ་ཀུ་རུཾ་གི་ནི་སྭཱ་ཧཱ༔ ཞེས་དང་རིགས་གསུམ་སྔགས་ཀྱང་བཟླ༔ ཨཱོྃ་ཝཱ་གཱི་ཤྭ་རི་མཱུཾ༔ ཨཱོྃ་མ་ཎི་པདྨེ་ཧཱུྃ༔ ཨཱོྃ་བཛྲ་པཱ་ཎི་ཧཱུྃ༔ ལྷོ་ཕྱོགས་ཨུ་བྷ་རིགས་བཞི་ལ༔ ཨཱོྃ་བཛྲ་བཻ་རོ་ཙ་ན་ཨཀྵོ་བྷྱ་རཏྣ་སཾ་བྷ་ཝ་པདྨ་དྷཱ་ར་ཧཱུྃ་སྭཱ་ཧཱ༔ ཤར་ཕྱོགས་རྣམ་སྣང་རྡོར་དབྱིངས་ལ༔ ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿམཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གི་ཤྭ་ར་ཧཱུྃ༔ ངན་སོང་སྦྱོང་བའི་གཟུངས་ཀྱང་བཟླ༔ ཁྲི་ཕྲག་རེ་རེ་བཟླས་པ་ཡིས༔ སོ་སོའི་བྱིན་རླབས་དངོས་གྲུབ་འགྱུར༔ ས་མ་ཡ༔ འབྲིང་སྐབས་ཞི་བའི་བཟླས་པ་དང་ཁྲག་འཐུང་གཙོ་བོའི་བཟླས་པ། གཙོ་དགུའི་བཟླས་པ། ཡོངས་རྫོགས་དྲིལ་སྒྲུབ་ཀྱི་བཟླས་པ་བཅས་བྱ་བ་དང་། ཤིན་ཏུ་བསྡུས་ན་གཞུང་བསྟན་གྱི་འཐུས་པར་མཛད་པ་ཕྱག་བཞེས་སོ། །སྔགས་ཀྱི་འདོན་འགྲིགས་འདི་འང་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེའོ།། །། ཨཱོྃ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་རཱ་ཛ་ཡ་ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷཱཱ་ཡ། ཏདྱ་ཐཱ། ཨཱོྃ་ཤྭ་དྷ་ནི་ཤྭ་དྷ་ནི་སརྦ་པཱ་པཾ་བི་ཤྭ་དྷ་ནེ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤྭ་དྷ་ནེ་སྭཱ་ཧཱ།

མཆོག་གཏེར་རྫོགས་ཆེན་སྡེ་གསུམ་གྱི་ནང་སྐོར་ཁྲོ་བོའི་ཛཔ྄་དམིགས་འབྲིང་པོ་བདེ་ཆེན་འབར་བའི་ཐིག་ལེ་ (Volume 62, Text 45)

མཆོག་གཏེར་རྫོགས་ཆེན་སྡེ་གསུམ་གྱི་ནང་སྐོར་ཁྲོ་བོའི་ཛཔ྄་དམིགས་འབྲིང་པོ་བདེ་ཆེན་འབར་བའི་ཐིག་ལེ་བཞུགས། །ཤྲཱི་སུ་ཁ་ཛྭ་ལཱ་ཡ། ཛཔ྄་དམིགས་བཟླས་པ་འབྲིང་པོའི་ཚེ། །བྱང་བུ་ཁྲིགས་བསྡེབས་ཛཔ྄་བསྐུལ་མཚམས། །ཐོག་མར་ཞི་བའི་བཟླས་པའི་སྐབས༔ རང་གི་ཐུགས་སྲོག་ས་བོན་ལས༔ བདེ་བ་ཆེན་པོའི་འོད་ཟེར་འཕྲོས༔ སྟེང་ཁང་ཞི་བའི་དཀྱིལ་འཁོར་པའི༔ ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ༔ དེ་རྣམས་ཐུགས་སྲོག་འོད་ཟེར་སྤྲིན༔ མཁའ་ཁྱབ་ཀུན་ཏུ་སྣང་བ་ཡིས༔ བདག་དང་འགྲོ་ཀུན་སྒྲིབ་གཉིས་སྦྱངས༔ ཡེ་ཤེས་མཆོག་གི་བྱིན་བརླབས་གྱུར༔ ཨཱོྃ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ འབུམ་ཕྲག་བཞི་བཟླས་བྱིན་དབང་ཐོབ༔ ས་མ་ཡ༔ ཁྲག་འཐུང་གཙོ་བོའི་བཟླས་པའི་སྐབས༔ རང་གི་ཐུགས་ཀར་ཉི་མའི་སྟེང༔ རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧཱུྃ༔ ཐ་མར་རྩ་བའི་སྔགས་ཀྱིས་བསྐོར༔ བཟླས་པས་སྔགས་ཕྲེང་ལུ་གུ་རྒྱུད༔ ཡབ་ཡུམ་ཞལ་ཞུགས་གསང་བར་འཁོར༔ བདེ་བ་ཆེན་པོའི་གཟི་བྱིན་བསྐྱེད༔ མཆོག་ཐུན་དངོས་གྲུབ་བདུད་རྩིའི་བཅུད༔ ཧཱུྃ་ཐིམ་ཡེ་ཤེས་འབར་བར་གྱུར༔ ཨཱོྃ་ཨ་ཀྲ་མ་ཧཱ་ཤྲཱི་ཧེ་རུ་ཀཿཀ་ཏ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ྄༔ འབུམ་ཕྲག་གཅིག་བཟླས་དངོས་གྲུབ་འགྱུར༔ ས་མ་ཡ༔ ཁྲག་འཐུང་གཙོ་དགུའི་བཟླས་པའི་སྐབས༔ གཙོ་འཁོར་ཐུགས་ཀར་ཉི་མའི་སྟེང༔ རྡོ་རྗེ་རྩེ་དགུའི་ལྟེ་བར་ཧཱུྃ༔ དྲིལ་སྒྲུབ་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་སྔགས་ཕྲེང་ལུ་གུ་རྒྱུད༔ ཡབ་ཡུམ་ཞལ་ཞུགས་གསང་བར་འཁོར༔ བདེ་བ་ཆེན་པོའི་གཟི་བྱིན་བསྐྱེད༔ མཆོག་ཐུན་དངོས་གྲུབ་བདུད་རྩིའི་བཅུད༔ ཧཱུྃ་ཐིམ་ཡེ་ཤེས་འབར་བར་གྱུར༔ ཨཱོྃ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀཿབཛྲ་ཀྲོ་དྷཱི་ཤྭ་རཱི་སོགས། རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ འབུམ་ཕྲག་བཟླས་པས་བདེ་ཆེན་གྱི༔ ཡེ་ཤེས་བརྟན་ཅིང་ནུས་ལྡན་འཕེལ༔ ས་མ་ཡ༔ དཀྱིལ་འཁོར་ཡོངས་རྫོགས་བཟླས་པའི་སྐབས། བདག་ཉིད་གཙོ་མཆོག་ཧེ་རུ་ཀའི༔ ཐུགས་སྲོག་ལས་བྱུང་འབར་བའི་འོད༔ དཀྱིལ་འཁོར་རབ་འབྱམས་ཐུགས་ཀར་ཐིམ༔ ཐུགས་རྒྱུད་རང་དབང་མེད་པར་བསྐུལ༔ སོ་སོའི་སྐུ་ཡི་གནས་གསུམ་ནས༔ སྐུ་དང་སྔགས་ཕྲེང་ཕྱག་མཚན་ཚོགས༔ འོད་དང་འོད་ཟེར་དང་བཅས་འཕྲོས༔ ཁམས་གསུམ་ཐམས་ཅད་སྣང་བར་བྱས༔ གང་འདུལ་ཕྲིན་ལས་ལྷུན་གྱིས་གྲུབ༔ སྣོད་བཅུད་ཐ་མལ་སྣང་ཞེན་སྦྱངས༔ དཀྱིལ་འཁོར་རབ་འབྱམས་གོ་འཕང་བཀོད༔ ཚུར་འདུས་བདག་ལ་ཐིམ་པ་ཡིས༔ དངོས་གྲུབ་རྣམ་གཉིས་ཐོབ་པར་གྱུར༔ འབྲིང་པོའི་སྐབས་འདིར་ཁྲག་འཐུང་རབ་འབྱམས་སྤྱི་དྲིལ་སྔགས། ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ སྤྱི་དྲིལ་གང་འགྲུབ་བཟླས་པའི་མཐར། ཁ་བསྐང་ནུས་འཕེལ་བརྟན་པར་བྱ། །སྟོང་ཚིགས་བྱ་ཞིང་རོལ་མོ་འབུལ། །འདི་ནི་འབྲིང་པོའི་ཁྲིགས་སྡེབ་སྟེ། །རྒྱས་པ་གཏེར་གཞུང་ཉིད་ལ་ཡང་། །ཤིན་ཏུ་རྒྱས་སྐབས་འཕྲུལ་ཤེས་བྱ། །གཏེར་སློབ་འདུལ་འཛིན་རཏྣ་ཡིས། བསྙེན་སྒྲུབ་སྐབས་སུ་ཉེར་མཁོར་བྲིས། །འགལ་བཤགས་དགེ་ཚོགས་འགྲོ་ལ་བསྔོ། །མཆོག་གཏེར་བསྟན་པ་འཕེལ་རྒྱས་ཤོག །སརྦ་མངྒ་ལཾ།། །།

ནང་སྐོར་ཡི་དམ་ཁྲོ་བོའི་བཟླས་དམིགས་སྒྲུབ་ཐབས་ནང་གི་དངོས་བསྟན་ལྟར་བསྡུས་པ་ཟུར་ཕྱུང་ (Volume 62, Text 46)

ནང་སྐོར་ཡི་དམ་ཁྲོ་བོའི་བཟླས་དམིགས་སྒྲུབ་ཐབས་ནང་གི་དངོས་བསྟན་ལྟར་བསྡུས་པ་ཟུར་ཕྱུང་ནི། ཁྲག་འཐུང་གཙོ་དགུའི་བཟླས་པའི་སྐབས༔ གཙོ་འཁོར་ཐུགས་ཀར་ཉི་མའི་སྟེང༔ རྡོ་རྗེ་རྩེ་དགུའི་ལྟེ་བར་ཧཱུྃ༔ དྲིལ་སྒྲུབ་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་སྔགས་ཕྲེང་ལུ་གུ་རྒྱུད༔ ཡབ་ཡུམ་ཞལ་ཞུགས་གསང་བར་འཁོར༔ བདེ་བ་ཆེན་པོའི་གཟི་བྱིན་བསྐྱེད༔ མཆོག་ཐུན་དངོས་གྲུབ་བདུད་རྩིའི་བཅུད༔ ཧཱུྃ་ཐིམ་ཡེ་ཤེས་འབར་བར་བསམ༔ ཨཱོྃ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀཿབཛྲ་ཀྲོ་དྷཱི་ཤྭ་རཱི་བུདྡྷ་ཤྲཱི་ཧེ་རུ་ཀཿབུདྡྷ་ཀྲོ་དྷཱི་ཤྭ་རཱི་རཏྣ་ཤྲཱི་ཧེ་རུ་ཀཿརཏྣ་ཀྲོ་དྷཱི་ཤྭ་རཱི་པདྨ་ཤྲཱི་ཧེ་རུ་ཀཿཔདྨ་ཀྲོ་དྷཱི་ཤྭ་རཱི་ཀརྨ་ཤྲཱི་ཧེ་རུ་ཀཿཀརྨ་ཀྲོ་དྷཱི་ཤྭ་རཱི་གུ་ཧྱ་ས་ནུ་ཡཀྴ་རཀྴ་ཤྲཱི་ཧེ་རུ་ཀཿཀྲོ་དྷཱི་ཤྭ་རཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་བཟླ་འོ། །འབུམ་ཕྲག་བཟླས་པས་བདེ་ཆེན་གྱི༔ ཡེ་ཤེས་བརྟན་ཅིང་ནུས་ལྡན་འཕེལ༔ ས་མ་ཡ༔ ཁྱད་པར་རུ་ལུ་འབྲུ་བརྒྱད་པ༔ ཡོངས་དྲིལ་མཐར་ཐུག་བཟླས་པའི་སྐབས༔ རང་ཉིད་ཁྲག་འཐུང་ཆེན་པོ་ཡི༔ ཙིཏྟ་རིན་ཆེན་ཟུར་བརྒྱད་པའི༔ ཉི་ཟླ་ཁ་སྦྱོར་ལྟེ་བར་ཧཱུྃ༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་ལུས་ཀྱི་ནང་ཀུན་གང༔ སྒྲིབ་དག་དབང་དང་དངོས་གྲུབ་ཐོབ༔ སླར་ཡང་སྔགས་ཀྱི་འོད་ཟེར་གྱིས༔ དཀྱིལ་འཁོར་རབ་འབྱམས་ཐུགས་རྒྱུད་སྐུལ༔ དེ་ལས་འོད་ཟེར་མཁའ་ཁྱབ་འཕྲོས༔ ཐ་མལ་སྣང་ཞེན་དབྱིངས་སུ་ཐིམ༔ སྣོད་བཅུད་གཞལ་ཡས་ཁང་དང་ལྷ༔ སྒྲ་ཀུན་གྲགས་སྟོང་སྔགས་ཀྱི་དབྱངས༔ དྲན་བསམ་བདེ་གསལ་མི་རྟོག་པ༔ དབྱེར་མེད་ཀུན་བཟང་དགོངས་པའི་ཀློང༔ མ་ནོར་མ་བཅོས་བསམ་འདས་པ༔ བརྗོད་བྲལ་ཡེ་ཤེས་མངོན་གྱུར་བསམ༔ ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ རུ་ལུ་འབུམ་ཕྲག་བཞི་བཟླས་པས༔ དགོངས་པ་མི་འགྱུར་ཏིང་འཛིན་ཐོབ༔ དོན་གཉིས་ལྷུན་གྲུབ་དཔལ་ལ་སྤྱོད༔ ས་མ་ཡ༔

སྡེ་གསུམ་ནང་སྐོར་ཡི་དམ་ཁྲོ་བོའི་ཛཔ྄་དམིགས་བསྡུས་པ་མཆོག་གི་ཐིག་ལེ་ (Volume 62, Text 47)

སྡེ་གསུམ་ནང་སྐོར་ཡི་དམ་ཁྲོ་བོའི་ཛཔ྄་དམིགས་བསྡུས་པ་མཆོག་གི་ཐིག་ལེ་བཞུགས་སོ། །ཨཱོྃ་ཤྲཱི་སྭསྟི། བྱང་བུ་ཁྲིགས་སུ་བསྡེབས་པའི་ཛཔ྄་བསྐུལ། ལྷུན་གྱིས་གྲུབ་པའི་རང་བཞིན་བསྒོམ༔ ཞེས་པའི་མཚམས་སུ། ཨཱོྃ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀཿབཛྲ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ྄༔ ཀྱིས་གཙོ་བོ་དང་། དེ་བཞིན་དུ། ཨཱོྃ་བུདྡྷ་ཤྲཱི་ཧེ་རུ་ཀཿབུདྡྷ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ྄༔ ཤར། ཨཱོྃ་རཏྣ་ཤྲཱི་ཧེ་རུ་ཀཿརཏྣ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ྄༔ ལྷོ། ཨཱོྃ་པདྨ་ཤྲཱི་ཧེ་རུ་ཀཿཔདྨ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ྄༔ ནུབ། ཨཱོྃ་ཀརྨ་ཤྲཱི་ཧེ་རུ་ཀཿཀརྨ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ྄༔ བྱང་སྟེ་རྒྱུད་ཀྱི་ཁྲོ་བོ་བཞིའོ། །ཨཱོྃ་གུ་ཧྱ་ཤྲཱི་ཧེ་རུ་ཀཿགུ་ཧྱ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ྄༔ ཤར་ལྷོ། ཨཱོྃ་ས་ནུ་ཤྲཱི་ཧེ་རུ་ཀཿས་ནུ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ྄༔ ལྷོ་ནུབ། ཨཱོྃ་ཡཀྴ་ཤྲཱི་ཧེ་རུ་ཀཿཡཀྴ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ྄༔ ནུབ་བྱང་། ཨཱོྃ་རཀྴ་ཤྲཱི་ཧེ་རུ་ཀཿརཀྴ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ྄༔ བྱང་ཤར་ཏེ་ལུང་གི་ཁྲོ་བོ་བཞིའོ། །དེ་རྣམས་ཀྱིས་དཔལ་ཆེན་གཙོ་དགུ་གསལ་བཏབ་ལ་གང་འོས་བཟླས་ཤིང་། གཏེར་གཞུང་ལས། ཁྱད་པར་རུ་ལུ་འབྲུ་བརྒྱད་པ༔ ཡོངས་དྲིལ་མཐར་ཐུག་བཟླས་པའི་སྐབས༔ རང་ཉིད་ཁྲག་འཐུང་ཆེན་པོ་ཡི༔ ཙིཏྟ་རིན་ཆེན་ཟུར་བརྒྱད་པའི༔ ཉི་ཟླ་ཁ་སྦྱོར་ལྟེ་བར་ཧཱུྃ༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་ལུས་ཀྱི་ནང་ཀུན་གང༔ སྒྲིབ་དག་དབང་དང་དངོས་གྲུབ་ཐོབ༔ སླར་ཡང་སྔགས་ཀྱི་འོད་ཟེར་གྱིས༔ དཀྱིལ་འཁོར་རབ་འབྱམས་ཐུགས་རྒྱུད་བསྐུལ༔ དེ་ལས་འོད་ཟེར་མཁའ་ཁྱབ་འཕྲོས༔ ཐ་མལ་སྣང་ཞེན་དབྱིངས་སུ་ཐིམ༔ སྣོད་བཅུད་གཞལ་ཡས་ཁང་དང་ལྷ༔ སྒྲ་ཀུན་གྲགས་སྟོང་སྔགས་ཀྱི་དབྱངས༔ དྲན་བསམ་བདེ་གསལ་མི་རྟོག་པ༔ དབྱེར་མེད་ཀུན་བཟང་དགོངས་པའི་ཀློང༔ མ་ནོར་མ་བཅོས་བསམ་འདས་པ༔ བརྗོད་བྲལ་ཡེ་ཤེས་མངོན་དུ་གྱུར༔ ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ རུ་ལུ་འབུམ་ཕྲག་བཞི་བཟླས་པས༔ དགོངས་པ་མི་འགྱུར་ཏིང་འཛིན་ཐོབ༔ དོན་གཉིས་ལྷུན་གྲུབ་དཔལ་ལ་སྤྱོད༔ ས་མ་ཡ༔ བསྡུས་པའི་སྐབས་འདིར་སྟེང་གི་ཞི་བ་ཞེ་གཉིས་དང་རྩ་བ་ཡན་ལག་གི་དཀྱིལ་འཁོར་བཅས་གསལ་འདེབས་ཤིང་རུ་ལུ་ཁོ་ན་བཟླས་ལ། ཡིག་བརྒྱ་དབྱངས་གསལ་རྟེན་སྙིང་ཚར་གསུམ་གྱི་མཐར་སྟོང་ཚིགས་ཀྱི་མཆོད་བསྟོད་བཤགས་པ་བྱའོ། །ཉེར་མཁོའི་ཕྱིར་མཁན་རཏྣས་ཁོལ་དུ་ཕྱུང་བ་དགེའོ།། །།

རྫོགས་ཆེན་སྡེ་གསུམ་ཆ་ལག་བདུད་རྩི་སྨན་གྱི་སྒྲུབ་པའི་ངག་འདོན་དགེ (Volume 62, Text 48)

རྫོགས་ཆེན་སྡེ་གསུམ་ཆ་ལག་བདུད་རྩི་སྨན་གྱི་སྒྲུབ་པའི་ངག་འདོན་དགེ །བདུད་རྩི་སྨན་གྱི་སྒྲུབ་པ་ནི༔ ཤ་ལྔ་བདུད་རྩི་རྣམ་པ་ལྔ༔ རྩ་བརྒྱད་ཡན་ལག་སྟོང་ལ་སོགས༔ ཁ་དོག་དྲི་རོ་ནུས་ལྡན་པའི༔ སྨན་དུ་གྱུར་པ་ཐམས་ཅད་བསགས༔ ཁྲོལ་བུ་བྷནྡྷའི་སྣོད་དུ་བསྩལ༔ ཨ༔ སྣང་སྲིད་ཐམས་ཅད་བདུད་རྩི་ལྔ༔ དེ་ཉིད་རང་བྱུང་ཐིག་ལེ་གཅིག༔ རྡོ་རྗེ་སེམས་དཔའ་བདེ་བ་ཆེ༔ ཁ་སྦྱོར་གཉུག་མའི་སྐུ་རུ་བཞེངས༔ ཨཱོྃ་བཛྲ་སཏྭ་ཨཱ༔ ཞེས་པས་སྦྱངས་ཏེ་བཏགས་བཙགས་སྦོལ༔ བྱང་ཆུབ་སེམས་ཀྱི་ཐིག་ལེར་བསམ༔ ཐོད་པ་ཁ་སྦྱོར་དལ་དབུས་བཞག༔ མཆོད་གཏོར་ཚོགས་ཀྱི་འཁོར་ལོ་བཤམས༔ བདག་དང་མདུན་རྟེན་དབྱེར་མེད་པ༔ ཧེ་རུ་ཀཿཡི་དཀྱིལ་འཁོར་དུ༔ ཨ་ཏི་སེམས་ཀྱི་རོལ་པར་བསྒོམ༔ བསྟོད་པའི་མཇུག་ཏུ་ཛཔ྄་ཁང་དབྱེ༔ ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཕཊ྄་ཛ༔ དབྱིངས་ཀྱི་བྷནྡྷ་མཚན་རྫོགས་དབུས༔ རིག་པ་ཡེ་ཤེས་བདུད་རྩིར་འཁྱིལ༔ དབྱིངས་རིག་དབྱེར་མེད་དཀྱིལ་འཁོར་པ༔ རྡོ་རྗེ་བདེ་བ་ཆེན་པོར་བཞེངས༔ སྦྱོར་བའི་ཡན་ལག་རྣམ་མང་པོས༔ འཁོར་འདས་བརྟན་གཡོའི་དྭངས་བཅུད་བཀུག༔ སྣང་སྲིད་གདོད་ནས་དེ་བཞིན་གཤེགས༔ བདེ་ཆེན་བདུད་རྩིའི་ཐིག་ལེར་འཁྱིལ༔ ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བཛྲ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་བཟླས་དགོངས་པ་གཡོ་མེད་གཞག༔ སྐབས་སུ་སྨན་སྲུང་སྤྱན་དྲངས་ལ༔ རྟོག་པ་བསལ་ཕྱིར་བདུད་རྩི་འབུལ༔ ཧཱུྃ༔ འོད་གསལ་ཐིག་ལེ་ཆེན་པོ་ལས༔ རྣམ་པ་མ་འགགས་ཅིར་ཡང་ཤར༔ སྨན་སྲུང་དྲང་སྲོང་རིག་འཛིན་དང༔ རྩི་བཅུད་འབྱུང་ལྔའི་ལྷ་མོ་ཀུན༔ ཚུར་གཤེགས་གཉིས་འཛིན་རྟོག་པ་སྤོངས༔ བདེ་ཆེན་ཡེ་ཤེས་བདུད་རྩི་བཞེས༔ རྗེས་ཆགས་རོལ་པའི་འོད་ཟེར་གྱིས༔ འཁོར་འདས་རྩི་བཅུད་དྭངས་མ་སྡུས༔ བྷནྡྷ་ཁ་སྦྱོར་ཐིག་ལེར་སྟིམས༔ ཧེ་རུ་ཀཿཡི་དམ་ཚིག་གིས༔ བདུད་རྩི་རོལ་པའི་ལས་མཛོད་ཅིག༔ ཨཱོྃ་བཛྲ་ཨ་མྲྀཏ་དེ་ཝ་ཌཱ་ཀི་ནཱི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ་ཧོ༔ ཞེས་བསྐུལ་ཏིང་འཛིན་རྩེ་གཅིག་གཟིར༔ བར་ཆད་བགེགས་བསལ་བྱིན་ཆེན་དབབ༔ དུས་དྲུག་ཚོགས་ཀྱི་འཁོར་ལོས་མཆོད༔ འོད་དང་སྒྲ་དང་དྲི་བཟང་དང༔ བདེ་ཆེན་ཡེ་ཤེས་སྐྱེ་བ་སོགས༔ རྟགས་བྱུང་དངོས་གྲུབ་བླང་བར་བྱ༔ ས་མ་ཡ༔ མངྒ་ལཾ།། །།

རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ མྱོང་གྲོལ་རྫས་ཀྱི་སྒྲུབ་པ་ (Volume 62, Text 49)

རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ མྱོང་གྲོལ་རྫས་ཀྱི་སྒྲུབ་པ་བཞུགས༔ ྈྈྈྈ ན་མོ་གུ་རུ༔ དམ་ཚིག་རྫས་མཆོག་ཨ་མྲྀཏ༔ མྱོང་གྲོལ་རྫས་ཀྱི་སྒྲུབ་པ་ནི༔ རྩ་བ་བརྒྱད་ལ་ཡན་ལག་སྟོང༔ ཁ་དོག་དྲི་དང་རོར་ལྡན་པའི༔ སྨན་རྣམས་ཐམས་ཅད་ཚོགས་པ་དང༔ བདུད་རྩི་འཁྱིལ་པའི་སྔགས་ཀྱིས་སྦྱངས༔ རང་བྱུང་བྷནྡྷའི་སྣོད་དུ་བསྩལ༔ དཀྱིལ་འཁོར་དབུས་སུ་བཞག་ནས་ཀྱང༔ ཁྲག་འཐུང་མངོན་རྫོགས་རྒྱལ་པོ་ཡི༔ དཀྱིལ་འཁོར་ཉིད་དུ་མཁས་པས་བརྟག༔ རྡོ་རྗེའི་སྔགས་ཀྱི་ཁྱད་པར་ནི༔ ཨཱོྃ་གུ་ཧྱ་ཛྙཱ་ན་ཨ་མྲྀཏ་སརྦ་པཉྩ་བི་ཤུདྡྷེ་ཧཱུྃ་ཧྲཱིཿཋཱ༔ འོད་དང་དུ་བ་སྒྲ་ལ་སོགས༔ ཁྱད་པར་ཅན་གྱི་རྟགས་བྱུང་ན༔ ལྷ་ཉིད་འོད་ཞུ་བདུད་རྩིར་བསམ༔ ཡེ་ཤེས་བརྟན་བཞུགས་ཤིས་པ་བརྗོད༔ རིན་ཆེན་པར་བུ་ཉིད་དུ་བཅང༔ མྱོང་གྲོལ་རྫས་ཀྱི་སྒྲུབ་པ་འོ༔ ས་མ་ཡ་རྒྱ་རྒྱ༔ ྈྈྈྈ ༁ྃ༔ དངོས་གྲུབ་བླང་བ་ནི། ཧོ༔ དཔལ་ཆེན་བདུད་རྩིའི་དཀྱིལ་འཁོར་ལྷ༔ ཡོན་ཏན་མཆོག་གི་རོལ་པའི་ཚོགས༔ རྡོ་རྗེའི་དམ་ཚིག་གཉན་པོ་ཡིས༔ ཐུགས་དམ་བསྐུལ་ཞིང་རྩེ་གཅིག་བསྒྲུབས༔ རྡོ་རྗེ་སྲིན་པོའི་ནམ་ལངས་ཤིང༔ ཡེ་ཤེས་འོད་གསལ་ཉི་ཟླ་འཆར༔ སྒྲིབ་མེད་ཏིང་འཛིན་རྩལ་རྫོགས་པས༔ དངོས་གྲུབ་འབྱུང་བའི་དུས་ལ་བབས༔ སྐུ་གསུང་ཐུགས་ཀྱི་ཕོ་བྲང་ནས༔ བདུད་རྩི་གསང་བའི་དབང་མཆོག་སྐུར༔ ཡོན་ཏན་ཕྲིན་ལས་རྨད་པོ་ཆེ༔ དངོས་གྲུབ་རྣམ་གཉིས་བསྩལ་དུ་གསོལ༔ ཧཱུྃ༔ རང་བྱུང་བདུད་རྩིའི་ཕོ་བྲང་ནས༔ ཁ་སྦྱོར་བདེ་ཆེན་ཧེ་རུ་ཀས༔ བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོས༔ གཉིས་མེད་མཉམ་པའི་དབང་མཆོག་སྩོལ༔ ཨཱོྃ་ཨཱཿཧཱུྃ་མ་ཧཱ་སུ་ཁ་སརྦ་པཉྩ་ཨ་མྲྀཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ༔ སརྦ་སིདྡྷི་ཕ་ལ་ཧོ༔

རྫོགས་ཆེན་སྡེ་གསུམ་ནང་སྐོར་ཡི་དམ་ཁྲོ་བོའི་བདག་འཇུག་གི་ངག་འདོན་དགེ (Volume 62, Text 50)

རྫོགས་ཆེན་སྡེ་གསུམ་ནང་སྐོར་ཡི་དམ་ཁྲོ་བོའི་བདག་འཇུག་གི་ངག་འདོན་དགེ། བདག་འཇུག་ནི། ཁྲུས། བགེགས་བསྐྲད། སྲུང་འཁོར། མཎྜལ། མིག་དར། མེ་ཏོག །ཧོ༔ ཧེ་རུ་ཀཿདཔལ་གཉིས་མེད་པའི༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ ཁྲག་འཐུང་ཆེན་པོའི་གྲོང་ཁྱེར་དུ༔ བདག་ཅག་མགོན་པོས་གཞུག་པར་འཚལ༔ བདེ་བར་གཤེགས་པ་ཧེ་རུ་ཀའི༔ བདག་ཉིད་བླ་མ་དགོངས་སུ་གསོལ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་དང༔ མི་སྤང་ལྔ་དང་དང་ལེན་ལྔ༔ ཤེས་བྱ་ལྔ་དང་བསྒྲུབ་བྱ་ལྔ༔ སྤྱད་པར་བྱ་བའི་དམ་ཚིག་ལྔ༔ མ་ལུས་བདག་གིས་གཟུང་བར་བགྱི༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ དམ་སྲུང་ཡེ་ཤེས་སེམས་དཔའ་སྟེ༔ འདས་ན་ཡཀྴ་ནག་པོར་འགྱུར༔ སྙིང་ཁྲག་འཐུང་ཞིང་དམྱལ་བར་ལྟུང༔ དེ་བས་དམ་ཚིག་ཐུབ་པར་གྱིས༔ བཛྲ་ས་མ་ཡ་རཀྴ་སི་ཧཱུྃ༔ སྣང་སྲིད་ཆོས་འབྱུང་ཆེན་པོའི་དབུས༔ བདག་ཉིད་མངོན་རྫོགས་རྒྱལ་པོ་ནི༔ ཧེ་རུ་ཀཿདཔལ་ཞལ་གཅིག་པ༔ སྨུག་ནག་ཕྱག་གཉིས་གྲི་ཐོད་འཛིན༔ ཞབས་གཉིས་སྐྱིལ་ཀྲུང་ཡུམ་དང་འཁྲིལ༔ བམ་རོ་པད་ཉིར་གནས་པ་ཡི༔ སྙིང་གར་ཆོས་འབྱུང་དམར་པོའི་ནང༔ ཨ་ཤད་དམར་པོ་འོད་འབར་བ༔ སློབ་དཔོན་ཧེ་རུ་ཀཿདཔལ་གྱི༔ ཐུགས་སྲོག་ཧཱུྃ་གིས་ཡེ་ཤེས་བཀུག༔ བདག་གི་སྙིང་གར་གཉིས་མེད་ཐིམ༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ་ཨ་ཧཾ༔ ཧ་ཧ་ཧ་ཧཱུྃ་ཧཱུྃ་ཧཱུྃ༔ ཨཱ་རལླི་ཨེ་ཧྱེ་ཧི་ཨ་ཧཾ༔ བཛྲ་ས་མ་ཡ་ཛཿཨ་ཧཾ༔ ཏིཥྛ་བཛྲ༔ བཛྲ་པུཥྤེ་པྲ་ཏཱིཙྪ་ཧོ༔ པུཥྤེ་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བཱ་ལ༔ བཛྲ་ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ྄༔ རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་བཞིན་དུ་མཐོང་བར་གྱུར། ཧཱུྃ༔ རང་བྱུང་ཡེ་ཤེས་བུམ་པ་རུ༔ ཧེ་རུ་ཀཿདཔལ་ལྷ་ཚོགས་བཞུགས༔ ཐབས་ཤེས་གཉིས་མེད་ཞུ་བའི་ཆུས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཨཱོྃ་ཤྲཱི་ཧེ་རུ་ཀཿཀ་ལ་ཤ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཧེ་རུ་ཀཿདཔལ་མངོན་རྫོགས་རྒྱལ༔ ཡུམ་མཆོག་ཙཎྜ་ལཱི་དང་སྦྱོར༔ རྒྱལ་བའི་ཟག་མེད་བྱང་སེམས་བསྡུས༔ བདེ་སྟོང་ཟུང་འཇུག་རྟོགས་ཕྱིར་སྦྱིན༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ འདི་ནི་བདེ་ཆེན་གསང་བའི་ལམ༔ འདུ་ཤེས་གསུམ་གྱིས་རྟག་ཏུ་བསྟེན༔ བདེ་ཆེན་ཡེ་ཤེས་རྟོགས་པར་བྱེད༔ འདི་སྤང་སངས་རྒྱས་ཐོབ་འདོད་མིན༔ རྒྱལ་བ་ཀུན་གྱི་གསང་ལམ་མཆོག༔ དེ་རིང་ཁྱོད་ལ་བསྟན་པར་བྱ༔ བུ་ཡིས་བདེ་བར་རྟག་ཏུ་རོལ༔ མ་ཧཱ་སུ་ཁ་བྷཉྫ་མོཀྵ༔ ཧཱུྃ༔ སེམས་ནི་རང་བཞིན་འོད་གསལ་བ༔ དེ་ཉིད་མི་རྟོག་སྐྱེ་བ་མེད༔ གསལ་སྟོང་འགག་མེད་བདེ་བ་ཆེ༔ ཐམས་ཅད་དབྱེར་མེད་མི་ཕྱེད་པ་འོ༔ ཡང་དག་དོན་ལ་གནས་པར་གྱིས༔ དྷརྨ་དྷཱ་ཏུ་ཨ་ཨ་ཨ༔ རྗེས་གཙོ་བོས་ཇི་ལྟར་སོགས། མཎྜལ། དེང་ནས་བརྩམ་སྟེ་སོགས་བྱའོ།། །།

རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ བདུད་རྩི་སྨན་གྱི་ཚེ་ལུང་ (Volume 62, Text 51)

རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ བདུད་རྩི་སྨན་གྱི་ཚེ་ལུང་བཞུགས༔ ྈྈྈ རྫོགས་ཆེན་ལུང་གི་ལྷ་ལ་འདུད༔ བསྟན་པ་སྡེ་གསུམ་ཆ་ལག་ལས༔ འཆི་མེད་བདུད་རྩི་སྨན་གྱི་ལུང༔ དེ་ཉིད་སྒྲུབ་ཐབས་དབང་བསྐུར་ནི༔ དང་པོ་མངོན་རྫོགས་རྒྱལ་པོ་ཡི༔ ཐུགས་ཀར་རིན་ཆེན་ཟུར་བརྒྱད་པ༔ མཆོང་གུར་ཕུབ་པ་ལྟ་བུའི་ནང༔ པད་ཟླར་ཧྲཱིཿལས་ཚེ་དཔག་མེད༔ དཀར་པོ་ལོངས་སྤྱོད་རྫོགས་སྐུའི་ཆས༔ ཕྱག་གཡོན་མཉམ་གཞག་ཚེ་བུམ་ནི༔ ཚེ་ཡི་བཅུད་ཀྱིས་གང་རྒྱར་བལྟམས༔ གཡས་པས་སྣ་ཚོགས་རྡོ་རྗེ་ཡིས༔ གཡོན་པའི་ཚེ་བུམ་ཁ་བཀབ་སྟེ༔ རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས༔ ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱིས་སྤྲས༔ ཐུགས་ཀར་ཉི་ཟླའི་གྭ་འུ་ནང༔ ནྲྀ་ཡིག་ལྗང་གུ་ཧཱུྃ་ཨཿས་མཚན༔ གྭ་འུ་སྟེང་དུ་ཧྲཱིཿཡིག་ལ༔ སྔགས་ཀྱི་ཕྲེང་བས་གཡས་སུ་བསྐོར༔ འོད་འཕྲོས་འཁོར་འདས་ཚེ་བཅུད་བསྡུས༔ གྭ་འུ་ནང་དང་བུམ་པའི་ནང༔ ཡོངས་སུ་གང་ཞིང་འཕེལ་བ་ཡིས༔ ཧེ་རུ་ཀཿདཔལ་སྐུ་ཡི་ནང༔ ཚེ་ཡི་བདུད་རྩིས་གང་བར་བསམ༔ ཨཱོྃ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་གུ་རུ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་པུཎྱེ་པུཎྱེ་མ་ཧཱ་པུཎྱེ་བྷྲཱུྃ་བྷྲཱུྃ་བྷྲཱུྃ༔ ཐུན་བར་ཚེ་དཔག་མེད་པ་ཡི༔ ཐུགས་ལས་མགྱོགས་མའི་ཚོགས་སྤྲོས་ཏེ༔ ཕྱོགས་བཅུའི་ཚེ་བཅུད་དགུག་པར་བསམ༔ ཧཱུྃ༔ བདུད་རྩིའི་གང་རྒྱ་སྨན་གྱི་ལུང༔ རཏྣ་པདྨ་ཚེ་ཡི་ལུང༔ བཛྲ་པདྨ་ཕོ་ཉར་སྤྲོ༔ འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱི༔ ཚེ་དང་སྨན་གྱི་བཅུད་སྡུས་ལ༔ གནས་འདིར་ད་ལྟ་ཉིད་དུ་ཁུག༔ མགྱོགས་མ་བཞི་དང་མཁའ་འགྲོ་བཞི༔ སྲོག་བདག་བཞི་དང་ཤུགས་འགྲོ་བཞི༔ སྲིད་གསུམ་ཚེ་ཡི་བདག་མོ་རྣམས༔ ཚེ་དང་སྨན་གྱི་བཅུད་འདིར་སྡུས༔ བཀྲ་ཤིས་བུམ་པའི་ནང་དུ་སྐྱིལ༔ སྐལ་ལྡན་བདག་ལ་བསྩལ་དུ་གསོལ༔ ཚེ་བཅུད་འདུས་པའི་བུམ་པ་དེ༔ དངོས་གྲུབ་ཚུལ་དུ་ལེན་པ་ལ༔ ཧོ༔ བདུད་རྩི་སྨན་གྱི་ལྷ་ཚོགས་རྣམས༔ བཀྲ་ཤིས་བརྟན་པ་ཚེ་ཡི་ལུང༔ མི་འགྱུར་མི་ཤིགས་དངོས་གྲུབ་ཆེ༔ ད་ལྟ་ཉིད་དུ་བསྩལ་དུ་གསོལ༔ བུམ་པ་སྤྱི་བོར་བཟུང་བྱས་ལ༔ ནང་དུ་ཚེ་བཅུད་འདུས་པ་རྣམས༔ ངོ་བོ་ཡེ་ཤེས་བདུད་རྩི་ལ༔ རྣམ་པ་མངོན་རྫོགས་རྒྱལ་པོ་དམར༔ ཞལ་གཅིག་ཕྱག་གཉིས་ཡུམ་དང་འཁྲིལ༔ གཉིས་ཀའི་ཕྱག་གཉིས་ཚེ་བུམ་འཛིན༔ དེ་ཉིད་རྡོ་རྗེའི་ཁ་བཀབ་བསམ༔ སྤྱི་བོར་རྡོར་སེམས་ཚེ་དཔག་མེད༔ ཐུགས་ཀར་རྩ་བའི་ཚེ་ལྷ་བསྒོམ༔ འཁོར་དུ་ལྷ་མོ་བཅུ་དྲུག་བསམ༔ སྐུ་ལས་བདུད་རྩི་ཆེར་བབས་པས༔ སྤྱི་བོའི་གཙུག་ནས་སྙིང་དབུས་ཞུགས༔ ལུས་གང་དུས་མིན་འཆི་བ་སྦྱངས༔ ཚེ་ཡི་རིག་འཛིན་ཐོབ་པར་བསམ༔ ཧཱུྃ༔ བཀྲ་ཤིས་བུམ་པ་ཚེ་ཡི་ལུང༔ དངོས་གྲུབ་རྒྱ་མཚོའི་སྲོག་དང་ལྡན༔ ནམ་མཁའ་གང་བ་ཚེ་ཡི་མཆོག༔ ཡེ་ཤེས་སྣང་བ་ལམ་མེ་བ༔ བདེ་བ་ཆེན་པོ་བདུད་རྩིའི་ལུང༔ ད་ལྟ་ཉིད་དུ་བསྩལ་དུ་གསོལ༔ དུས་མིན་འཆི་བ་སྦྱོང་བ་དང༔ ལོ་བརྒྱ་ཐུབ་པའི་ཚེ་ཐོབ་ཤོག༔ ཨཱོྃ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཚེ་ཡི་དངོས་གྲུབ་རྒྱུད་གསུམ་པོ༔ རྩ་སྲོག་ཙིཏྟའི་ཐིག་ལེར་བསྟིམ༔ མི་ཕྱེད་སྐུ་གསུང་ཐུགས་རྡོ་རྗེའི༔ དབང་དང་བྱིན་རླབས་དངོས་གྲུབ་སྩོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨཱ་ཡུརྫྙཱ་ན་སིདྡྷི་ཧཱུྃ་བྷྲཱུྃ༔ འཆི་མེད་ཚེ་ཡིས་ལུས་གང་ནས༔ མི་འགྱུར་རྟག་པའི་སྐུ་ཐོབ་ཤོག༔ ཧཱུྃ༔ ཚེ་བཅུད་སྙིང་དབུས་རྟེན་ལ་ཐིམ༔ རིག་འཛིན་ཚེ་ཡི་དངོས་གྲུབ་ཐོབ༔ ཡེ་ཤེས་རྡོ་རྗེའི་ཕྱག་རྒྱ་ཡིས༔ རྟག་པ་དམ་པར་རྒྱས་གདབ་བོ༔ ཛྙཱ་ན་བཛྲ་རཀྵ་རཀྵ་ཧཱུྃ༔ བཀྲ་ཤིས་བརྗོད་ཅིང་བསྔོ་བ་བྱ༔ འདི་ནི་བདུད་རྩི་ཚེ་ཡི་ལུང༔ རིག་འཛིན་ཀུན་གྱི་ཐུགས་བཅུད་དེ༔ ལས་ཅན་བུ་དང་འཕྲད་པར་ཤོག༔ ས་མ་ཡ་རྒྱ་རྒྱ༔ ྈྈྈ གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །།

རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ རྩ་བ་མངོན་རྫོགས་རྒྱལ་པོ་དང༔ ཡན་ལག་དགུ་བསྒྲིལ་དབང་རྣམས་ (Volume 62, Text 52)

༁ྃ༔ རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ རྩ་བ་མངོན་རྫོགས་རྒྱལ་པོ་དང༔ ཡན་ལག་དགུ་བསྒྲིལ་དབང་རྣམས་བཞུགས་སོ༔ སྡེ་གསུམ་ནང་སྐོར་ཀློང་སྡེ། ྈྈྈྈ ན་མོ་གུ་རུ་ཤྲཱི་ཧེ་རུ་ཀ༔ དུས་གསུམ་ཀུན་ཏུ་མ་འཁྲུལ་ཞིང༔ རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང༔ སྐུ་གསུམ་བདག་ཉིད་སྟོན་པ་ལ༔ གཉིས་སུ་མེད་པར་ཕྱག་བྱས་ནས༔ པདྨ་བདག་གི་མན་ངག་བཀོད༔ ཕྱི་རབས་རྣམས་ཀྱིས་ཉམས་སུ་ལོངས༔ ཐབས་ཀྱི་མཐར་ཐུག་ཁོ་ན་འོ༔ ས་མ་ཡ་རྒྱ་རྒྱ༔ རྫོགས་པ་ཆེན་པོ་སྐོར་གསུམ་ལས༔ ནང་སྐོར་ཀློང་སྡེའི་ཡི་དམ་ལྷ༔ རིག་འཛིན་ཀུན་གྱི་ཐུགས་ཀྱི་བཅུད༔ མངོན་རྫོགས་རྒྱལ་པོའི་དབང་བསྐུར་ལ༔ རྩ་བ་དགུ་བསྒྲིལ་ཡན་ལག་རྣམས༔ སྔོན་དུ་འཐོར་བའི་ཐབས་སུ་ཡོད༔ འདི་ན་ཀུན་དྲིལ་ཟབ་པར་གདམས༔ ས་མ་ཡ་རྒྱ་རྒྱ༔ ཕུན་སུམ་ཚོགས་པར་གྱུར་པ་ན༔ རྩ་བའི་སྟ་གོན་བཞིན་དུ་བྱ༔ དཀྱིལ་འཁོར་རིམ་པ་བཅུ་གཅིག་བྲི༔ ལྡིང་ཁྲི་ལྔ་བརྩེགས་ཐམས་ཅད་དུ༔ རྒྱས་པར་སྐོར་གསུམ་ཐམས་ཅད་དམ༔ བསྡུ་ན་རྩ་བ་འདི་ཉིད་ཀྱི༔ དཀྱིལ་འཁོར་སྒྲུབ་རྫས་བཀྲ་བར་བཤམས༔ ཕྱི་རུ་ཐེག་དགུའི་སྒོ་འབྱེད་སོགས༔ དཀྱིལ་འཁོར་ཐམས་ཅད་ཆིག་རྫོགས་བཞེངས༔ རྒྱན་གྱིས་རྣམ་པར་བརྒྱན་པར་བྱ༔ སྒྲུབ་མཆོད་ཕྲིན་ལས་ནར་མར་གཏང༔ ཐེག་པ་དགུ་ཡི་དཀྱིལ་འཁོར་རྣམས༔ རྩ་བའི་འཁོར་གྱི་ཚུལ་དུ་བསྒོམ༔ དཔེར་ན་རྩ་བའི་ཤེལ་གཅིག་ལ༔ ཐོ་ཕྱིར་འཇའ་ཚོན་ཤར་བཞིན་བསྒོམ༔ སློབ་དཔོན་ཐར་འདོད་གསོལ་བ་གདབ༔ བླ་མས་སྒོ་འབྱེད་བུམ་པ་ཐོགས༔ ཧཱུྃ༔ བྱང་ཤར་དཀྱིལ་འཁོར་ཆེན་པོ་ནས༔ ཕྱག་ན་རྡོ་རྗེ་དབྱིངས་ནས་བཞེངས༔ བཀྲ་ཤིས་ཁྲུས་ཀྱི་བུམ་པ་འདིར༔ རྒྱལ་བ་ཀུན་གྱི་ཐུགས་རྗེའི་ཆུས༔ སློབ་མའི་དུག་གསུམ་སྒྲིབ་སྦྱངས་ནས༔ ན་རཀ་གནས་རྣམས་དོང་སྤྲུགས་ཤོག༔ ཨཱོྃ་བཛྲ་པཱ་ཎི་ཧཱུྃ་ཕཊ྄༔ ཡུངས་དཀར་བྲབས་ཤིང་ཉི་ཟླས་སྦྱོང༔ ཨཱོྃ་བཛྲ་སུ་ར་ཏི༔ ཨཱོྃ་བཛྲ་ཨཉྫ་ལི༔ ཨཱོྃ་བཛྲ་བྷནྡྷ་བཾ༔ ཨཱོྃ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ྄༔ ཨཱོྃ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ྄༔ ཨཱོྃ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ྄༔ སློབ་མ་ངན་སོང་གི་གནས་ནས་ཐར་བར་བསམ་ལ༔ ཧཱུྃ༔ གསང་བའི་བདག་པོ་རྡོ་རྗེ་འཛིན༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང༔ རྡོ་རྗེ་དྲིལ་འཛིན་ཁྲོ་བོའི་རྒྱལ༔ ཐར་པར་འདྲེན་པས་དབང་བསྐུར་རོ༔ ཨཱོྃ་བཛྲ་པཱ་ཎི་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ དམྱལ་བ་འདུལ་མཛད་ཆོས་ཀྱི་རྒྱལ༔ སྤྲུལ་སྐུ་སྟོན་པའི་ཚུལ་བཟུང་བས༔ ཞེ་སྡང་སྡིག་སྒྲིབ་འཇོམས་པར་མཛད༔ དེ་བཞིན་གཤེགས་པས་དབང་བསྐུར་རོ༔ ཨཱོྃ་མུ་ནེ་ཡེ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཡི་དྭགས་འདུལ་མཛད་ཁ་འབར་རྒྱལ༔ སྤྲུལ་སྐུ་སྟོན་པའི་ཚུལ་བཟུང་བས༔ འདོད་ཆགས་སྡིག་སྒྲིབ་འཇོམས་པར་མཛད༔ དེ་བཞིན་གཤེགས་པས་དབང་བསྐུར་རོ༔ ཨཱོྃ་མུ་ནེ་སྲུཾ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ དུད་འགྲོ་འདུལ་མཛད་སེང་རབ་བརྟན༔ སྤྲུལ་སྐུ་སྟོན་པའི་ཚུལ་བཟུང་བས༔ གཏི་མུག་སྡིག་སྒྲིབ་འཇོམས་མཛད་པའི༔ དེ་བཞིན་གཤེགས་པས་དབང་བསྐུར་རོ༔ ཨཱོྃ་མུ་ནེ་ཀྵཾ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ རྗེས་འབྲེལ་སྔར་ལྟར་ཁྲུས་བྱས་ཤིང༔ ཧཱུྃ༔ ཕྲག་དོག་རབ་ཏུ་འཇོམས་པ་དང༔ རྟག་ཆད་གཉིས་ཀྱི་མཐའ་བསལ་མཛད༔ གཟུགས་ཅན་མུ་སྟེགས་ལ་སོགས་པའི༔ ལྟ་ལོག་སུམ་བརྒྱ་དྲུག་ཅུ་དང༔ གཟུགས་མེད་ལྷ་མིན་མཐུ་ཆེན་འཇོམས༔ ལྷ་མིན་བཅོམ་ལྡན་ཐགས་བཟང་རིས༔ རྒྱལ་པོའི་ཆ་ལུགས་འཁོར་ལོ་འཛིན༔ དེད་དཔོན་བཞི་ཡི་ཚོགས་རྣམས་ཀྱིས༔ ལོག་ལྟ་འཇོམས་ཕྱིར་དབང་བསྐུར་རོ༔ ཨཱོྃ་མུ་ནེ་ཏྲུཾ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཡན་ལག་དང་པོ་སྒོ་འབྱེད་དོ༔ ས་མ་ཡ་རྒྱ་རྒྱ༔ མི་ཡི་དགེ་བཅུ་སྟོན་པའི་ཕྱིར༔ ཧཱུྃ༔ བཀྲ་ཤིས་བུམ་པ་ཀུན་ཏུ་དགེ་བའི་ཁྲུས༔ མཛངས་ཤིང་བློ་གྲོས་ལྡན་པར་བྱ་བའི་ཕྱིར༔ སངས་རྒྱས་བྱིན་རླབས་བདུད་རྩི་ཆུ་ཡི་མཆོག༔ དེང་འདིར་སྐལ་ལྡན་རྣམས་ལ་དབང་དབང་བསྐུར་རོ༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདོད་ཆགས་འཇོམས་མཛད་བཅོམ་ལྡན་ཤཱཀྱའི་རྒྱལ༔ ཟས་གཙང་སྲས་པོ་ཁྱེའུ་མཛེས་པའི་གཟུགས༔ ལྟ་བས་ཆོག་མི་ཤེས་པ་རྒྱལ་པོའི་ཚུལ༔ དང་པོ་གསེར་གྱི་འཁོར་ལོས་བསྒྱུར་བའི་རྒྱལ༔ གཉིས་པ་དངུལ་གྱི་འཁོར་ལོས་བསྒྱུར་བའི་རྒྱལ༔ གསུམ་པ་ཟངས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ༔ བཞི་པ་ལྕགས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ༔ འཇིག་རྟེན་མི་ཡི་རྒྱལ་པོ་སྡེ་ལྔ་ཡིས༔ བཀྲ་ཤིས་རྣམ་པར་དགེ་བའི་དབང་བསྐུར་བས༔ སྐྱོན་སྤང་ལེགས་པའི་ཡོན་ཏན་སྒྲུབ་པ་ཡི༔ དགེ་བཅུ་ཕུན་སུམ་ཚོགས་པའི་དབང་ཐོབ་ཤོག༔ ཨཱོྃ་མུ་ནེ་སྲུཾ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཡན་ལག་གཉིས་པ་མིའི་ཐེག་པ༔ ཡོངས་སུ་རྫོགས་པའི་དབང་ལྡན་གྱུར༔ ས་མ་ཡ་རྒྱ་རྒྱ༔ ལྷ་ཡི་དགེ་བཅུ་སྟོན་པའི་ཕྱིར༔ བཀྲ་ཤིས་བུམ་པ་ཐོགས་བྱས་ལ༔ ཧཱུྃ༔ ཅིར་ཡང་འགྱུར་བའི་སྣ་ཚོགས་ཆོ་འཕྲུལ་ལས༔ བཀྲ་ཤིས་བུམ་པ་ཁྲུས་ཀྱི་གཞལ་ཡས་ཁང༔ ལྷ་ཡི་བྱ་བ་ཐོག་མར་དག་བྱེད་ཁྲུས༔ འཇིག་རྟེན་ཆོས་ཚུལ་དེ་དང་མཐུན་པའི་ཕྱིར༔ དགེ་བའི་ཁྲུས་ཆབ་གཙང་མས་དབང་བསྐུར་རོ༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཧཱུྃ༔ ང་རྒྱལ་འཇོམས་མཛད་བཅོམ་ལྡན་བརྒྱ་བྱིན་ནི༔ དམ་པ་ཏོག་དཀར་ལྷ་ཡི་རྒྱལ་པོའི་ཚུལ༔ ཀུན་ལ་དབང་བསྒྱུར་ཚངས་པ་གདོང་བཞི་དང༔ སྲིད་པའི་མེས་པོ་ལྷ་དབང་བརྒྱ་བྱིན་ནི༔ ཀུན་ཏུ་དགེ་བ་ལྷ་ཡི་ཚོགས་ཀྱི་རྗེ༔ ཀུན་ཏུ་མཛེས་པ་ལྷ་མོ་སྒྱུ་འཕྲུལ་མ༔ ལྷ་ཡི་དགེ་བཅུ་ཕུན་སུམ་ཚོགས་གྱུར་པའི༔ འཇིག་རྟེན་ལྷ་དབང་རྣམས་ཀྱི་དབང་བསྐུར་རོ༔ ཨཱོྃ་མུ་ནེ་ཀྲེཾ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཡན་ལག་གསུམ་པ་ལྷའི་ཐེག་པ༔ ཡོངས་སུ་རྫོགས་པའི་དབང་ལྡན་གྱུར༔ ས་མ་ཡ་རྒྱ་རྒྱ༔ ཉན་ཐོས་ཐེག་པའི་དབང་བསྐུར་ནི༔ ཚུལ་བཞིན་བྱ་བ་འདི་ལྟ་སྟེ༔ ཧོ༔ རྒྱལ་བ་འཇིག་རྟེན་ལ་ནི་སྐུ་བལྟམས་ཚེ༔ ལྷ་ཡི་རྒྱལ་པོ་རྣམས་ཀྱིས་ཁྲུས་གསོལ་ལྟར༔ རྣམ་པར་རྒྱལ་བའི་བུམ་པ་ཁྲུས་ཀྱི་མཛོད༔ འཇིག་རྟེན་ཀུན་ཏུ་ཤིས་པ་དང་པོའི་དབང༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཧོ༔ རབ་ཏུ་བྱུང་ཞིང་ཚངས་པར་སྤྱོད་པའི་ཚེ༔ ཆོས་གོས་རྣམ་གསུམ་ལྷུང་བཟེད་འཁར་གསིལ་དང༔ སྤྱི་བླུགས་ཆུ་སྣོད་ཆུ་ཚགས་ལ་སོགས་པའི༔ རབ་བྱུང་ཆ་ལུགས་ཆས་ཀྱིས་དབང་བསྐུར་བས༔ ཚངས་པར་སྤྱོད་པའི་སྡོམ་པ་ཡོངས་རྫོགས་ཤོག༔ ཧཱུྃ༔ སྟོན་པའི་རྒྱལ་པོ་བཅོམ་ལྡན་ཤཱཀྱ་ཐུབ༔ གསེར་མདོག་ས་གནོན་མཉམ་གཞག་མཚན་དཔེས་སྤྲས༔ ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཉེ་བར་འཁོར༔ མངོན་པར་ཤེས་པ་ལྡན་པ་ཤཱ་རིའི་བུ༔ རྫུ་འཕྲུལ་ཁྱད་པར་འཕགས་པ་མོའུ་གལ་བུ༔ རྒྱལ་བའི་རིམ་གྲོ་ཉན་ཐོས་ཀུན་དགའ་བོ༔ གཞན་ཡང་ཉན་ཐོས་དགེ་སློང་དཔག་མེད་པས༔ དབང་བསྐུར་ཚུལ་ཁྲིམས་མཐའ་རུ་ཕྱིན་པར་ཤོག༔ ཨཱོྃ་མུ་ནི་མུ་ནི་མ་ཧཱ་མུ་ནི་ཤཱཀྱ་མུ་ནི་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཨེ་མ༔ ལྷ་མིའི་ཐེག་པ་དགེ་བ་བཅུ་སྤྱད་ཀྱང༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མ་སོང་བས༔ འཁོར་བར་འཕགས་པ་ནམ་ཡང་མི་འགྱུར་ཞིང༔ དགེ་སྡིག་སྤང་བླང་ཙམ་ལས་ལྟ་བ་མེད༔ ཉན་ཐོས་ལྟ་བ་བག་ཡོད་ཚུལ་བཞིན་ལས༔ ཆོས་ཀྱི་བདག་མེད་ཕྱེད་ཙམ་རྟོགས་པ་དང༔ གང་ཟག་བདག་མེད་རྟོགས་པ་སྐད་ཅིག་མ༔ དེ་ལས་གཞོམ་མེད་གཞན་དུ་སྟོང་པར་ལྟ༔ དྷརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཡན་ལག་བཞི་པ་ཉན་ཐོས་ཐེག༔ ཡོངས་སུ་རྫོགས་པའི་དབང་ལྡན་གྱུར༔ ས་མ་ཡ་རྒྱ་རྒྱ༔ རང་རྒྱལ་ཐེག་པའི་དབང་བསྐུར་བ༔ ཚུལ་བཞིན་བགྱི་བ་འདི་ལྟ་སྟེ༔ བཀྲ་ཤིས་བུམ་པས་ཁྲུས་བྱ་ཞིང༔ ཧཱུྃ༔ ཐོག་མཐའ་བར་དུ་དགེ་བའི་ལྷ་ཡི་ཆུ༔ དངོས་པོའི་དྲི་འཇོམས་མི་རྟག་ཚུལ་སྟོན་པ༔ ཡོངས་སུ་སྡིག་སྒྲིབ་འཇོམས་པའི་ཆུ་ཡིས་བཀྲུ༔ རྫུ་འཕྲུལ་ཤུགས་ཀྱིས་སྟོན་པའི་དབང་ཐོབ་ཤོག༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཧཱུྃ༔ སློབ་དཔོན་མེད་པར་རང་སངས་རྒྱས་པའི་སྐུ༔ ཉོན་མོངས་དགྲ་བཅོམ་མ་རིག་ཀུན་ལས་ལྡོག༔ རང་རྒྱལ་གཙོ་བོ་སྐུ་ལས་མེ་འབར་དང༔ མི་རྟག་དོན་རྟོགས་སྐུ་ལས་ཆུ་འཁྲུགས་དང༔ སྟོང་ཉིད་དོན་རྟོགས་རང་རྒྱལ་མཁའ་ལ་བཞུགས༔ མི་རྟོག་དོན་རྟོགས་རང་རྒྱལ་འཇིགས་པ་མེད༔ སྣང་བའི་ཆོས་ལ་མི་ཞེན་འོད་ཕུང་འབར༔ རང་རྒྱལ་ཆེན་པོ་རྣམས་ཀྱི་དབང་ཐོབ་ཤོག༔ ཨཱོྃ་སརྦ་མ་ཧཱ་ཡཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྟེན་འབྲེལ་བཅུ་གཉིས་ཐོག་མ་མ་རིག་པ༔ ཡོངས་དག་གང་ཟག་བདག་མེད་ཉིད་རྟོགས་ཤིང༔ སྲིད་པའི་འཁོར་ལོའི་དྲྭ་བ་རྣམ་འཇོམས་པའི༔ རྟེན་འབྲེལ་བཅུ་གཉིས་མངོན་པར་དག་གྱུར་པས༔ བརྡ་རྟགས་གཟུགས་ཀྱི་ཐ་མ་གདོས་བཅས་ཚོགས༔ མི་རྟག་སྟོན་པའི་ཚུལ་གྱིས་དབང་བསྐུར་རོ༔ དྷརྨ་ཨ་བྷི་ཥིཉྩ་ཨཱ༔ ཡན་ལག་ལྔ་པ་རང་རྒྱལ་ཐེག༔ ཡོངས་སུ་རྫོགས་པའི་དབང་ལྡན་གྱུར༔ ས་མ་ཡ་རྒྱ་རྒྱ༔ བྱང་སེམས་ཐེག་པའི་དབང་བསྐུར་བ༔ ཚུལ་བཞིན་བགྱི་བ་འདི་ལྟ་སྟེ༔ ཧཱུྃ༔ ཕན་བདེའི་འབྱུང་གནས་བཀྲ་ཤིས་བུམ་པ་རུ༔ བྱང་ཆུབ་སེམས་ཀྱི་ཆུ་ཡི་བདུད་རྩིས་བཀང༔ སྡུག་བསྔལ་ཐམས་ཅད་རྣམ་པར་སྦྱོང་བའི་ཕྱིར༔ སྐལ་ལྡན་རྣམས་ལ་སྙིང་པོའི་ཁྲུས་གསོལ་བས༔ བྱང་ཆུབ་སེམས་དཔའི་རིགས་ཅན་དག་ཏུ་གྱུར༔ རྒྱ་ཆེན་རྒྱུན་མི་ཆད་པའི་བྱང་ཆུབ་སེམས༔ རྣམ་པར་བརྟན་ཅིང་རབ་ཏུ་འཕེལ་གྱུར་ཅིག༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ བྱང་ཆུབ་སེམས་དཔའི་སྐུ་རྣམས་སྤྱི་བོར་བཞག་ཅིང༔ ཧཱུྃ༔ སྙིང་རྗེའི་བདག་ཉིད་འཕགས་མཆོག་ཐུགས་རྗེ་ཆེ༔ མཁྱེན་བརྩེའི་བདག་ཉིད་འཇམ་དཔལ་ཡེ་ཤེས་སེམས༔ སྡུག་བསྔལ་ཀུན་འཇོམས་བཅོམ་ལྡན་རྡོ་རྗེ་འཛིན༔ ས་བཅུའི་མགོན་པོ་འཕགས་མཆོག་མི་ཕམ་མགོན༔ གཞན་ཡང་སྒྲིབ་པ་རྣམ་སེལ་ནམ་མཁའི་སྙིང༔ ཀུན་ཏུ་བཟང་པོ་ས་ཡི་སྙིང་པོ་དང༔ ཟླ་བའི་བློ་གྲོས་བྱམས་མགོན་ཐུགས་རྗེའི་གཏེར༔ སེམས་དཔའི་རྒྱལ་པོ་གསེར་འོད་དམ་པ་སོགས༔ བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་གི༔ ཐུགས་བསྐྱེད་རྣམ་དག་སྨོན་ལམ་ཡོངས་གྲུབ་པ༔ སེམས་ཅན་ཀུན་ལ་སྨན་མཛད་མཁྱེན་བརྩེ་ནུས༔ མ་ལུས་ཡོངས་སུ་རྫོགས་པའི་དབང་ཐོབ་ཤོག༔ ཨཱོྃ་བོ་དྷི་སཏྭ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ སྡུག་བསྔལ་གཅོད་མཛད་ཤེས་རབ་རལ་གྲི་དང༔ ཉོན་མོངས་གཅོང་ནད་འབྱིན་པའི་སྨན་གྱི་རྒྱལ༔ སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ་བའི་གྲུ༔ སེམས་ཅན་ཀུན་གྱི་དབུགས་དབྱུང་ཆོས་ཀྱི་དུང༔ བྱང་ཆུབ་སེམས་ཀྱི་རང་བཞིན་ཀུན་ཁྱབ་པ༔ རྟག་ཏུ་ཡོན་ཏན་མངོན་སུམ་རྫོགས་གྱུར་པའི༔ བྱང་ཆུབ་སེམས་དཔའ་རྣམས་ཀྱི་གང་དགོངས་པ༔ སེམས་ཅན་ཀུན་ལ་དེ་ཉིད་འབྱུང་གྱུར་ཅིག༔ ཨཱོྃ་སརྦ་བོ་དྷི་སཏྭ་ཨ་བྷི་ཥིཉྩ་ཧཱུྃ༔ སློབ་དཔོན་གྱི་ཕྱག་གདེངས་ཏེ༔ འདི་ཕན་ཐེག་དམན་ཉན་ཐོས་རང་དོན་ཏེ༔ འདི་ནི་ཐེག་ཆེན་གཞན་དོན་རླབས་ཆེན་ཡིན༔ སྨོན་ལམ་ཡང་དག་དགེ་བའི་འཇུག་པ་སྟེ༔ བྱང་ཆུབ་སེམས་དཔའི་སྡོམ་པ་བླ་ན་མེད༔ བདག་མེད་རྣམ་གཉིས་རང་བཞིན་རྟོགས་གྱུར་ཏེ༔ དེ་རིང་བྱང་ཆུབ་སེམས་དཔའི་རིགས་ཅན་ནོ༔ རྒྱལ་བ་ཀུན་གྱིས་སྲས་ཀྱི་དམ་པར་དགོངས༔ སྤྲོ་བ་སྐྱེད་ཅིག་གཞན་ཕན་རྒྱ་ཆེར་གྱིས༔ བྷོ་དྷི་སཏྭ་ཨཱ༔ ཡན་ལག་དྲུག་པ་བྱང་སེམས་ཐེག༔ ཡོངས་སུ་རྫོགས་པའི་དབང་ལྡན་གྱུར༔ ས་མ་ཡ་རྒྱ་རྒྱ༔ ཀྲི་ཡའི་ཐེག་པའི་དབང་བསྐུར་བ༔ ཚུལ་བཞིན་བགྱི་བ་འདི་ལྟ་སྟེ༔ དག་བྱེད་ཁྲུས་ཀྱི་བུམ་པ་ཐོགས༔ ཧཱུྃ༔ རྣམ་པར་རྒྱལ་བའི་སྟོན་པ་སངས་རྒྱས་ཉིད༔ ས་ཆེན་འདི་རུ་རྣམ་པར་བལྟམས་པའི་ཚེ༔ ཀུན་གྱི་དང་པོ་བཀྲ་ཤིས་ཁྲུས་གསོལ་ལྟར༔ ཤིན་ཏུ་དགེ་བའི་ཆབ་ཀྱིས་ཁྲུས་བགྱི་འོ༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ལྷ་རྣམས་ཀྱི་སྐུ་སྤྱི་བོར་བཞག་ཅིང༔ ཧཱུྃ༔ སྟོན་པ་གསེར་མདོག་མྱ་ངན་མེད་པའི་རྒྱལ༔ ཉོན་མོངས་དུག་རྣམས་སེལ་བའི་རྨ་བྱ་ཅན༔ སྒྲིབ་པའི་དྲི་མའི་ཚོགས་འཇོམས་བསིལ་བའི་ཚལ༔ གདོན་བགེགས་མ་ལུས་ཀུན་འཇོམས་སོ་སོར་འབྲང༔ སྡུག་བསྔལ་རྣམ་པར་འཇོམས་པ་ལྷ་མོའི་མཆོག༔ འཇིགས་པ་བརྒྱད་རྣམས་ཞི་མཛད་ཞི་བ་མ༔ ཡོངས་སུ་སྡུག་བསྔལ་སྦྱོང་མཛད་རིག་པའི་རྒྱལ༔ ཀུན་ཏུ་བསོད་ནམས་འཕེལ་མཛད་རྣམ་པར་རྒྱལ༔ ལས་ཀུན་གྲུབ་པར་མཛད་པ་གྲུབ་པ་མོ༔ བཀྲ་ཤིས་ལྷ་མོ་བརྒྱད་ཀྱི་དབང་བསྐུར་བས༔ ཤིན་ཏུ་རྣམ་པར་དགེ་དང་བཀྲ་ཤིས་ཤིང༔ རྣམ་པར་རྒྱལ་བའི་དབང་མཆོག་ཐོབ་པར་ཤོག༔ ཧཱུྃ༔ བཀྲ་ཤིས་རྣམ་པར་རྒྱལ་བའི་བུམ་པ་ནས༔ ཉོན་མོངས་དུག་འཇོམས་ཕ་རོལ་ཕྱིན་པའི་ཆུ༔ བཀོད་པ་ཁྱད་འཕགས་དགེ་མཚན་དུ་མར་བཅས༔ ཡེ་ཤེས་ཆུ་བོ་མཆོག་གིས་ཁྲུས་བགྱི་འོ༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ དམ་པ་ཏོག་དཀར་ལྷ་ཡུལ་ནས་གཤེགས་ཏེ༔ དེ་ཚེ་རྒྱལ་བ་བྱམས་པ་མགོན་པོ་ལ༔ རྒྱལ་ཚབ་དབང་བསྐུར་ཅོད་པན་བཅིངས་པ་ལྟར༔ རིན་ཆེན་ཅོད་པན་དམ་པས་དབང་བསྐུར་རོ༔ ཨཱོྃ་རཏྣ་མུ་ཀུ་ཏྲཱཾ་ཨ་བྷི་ཥིཉྩ་མི༔ རིགས་གསུམ་ལྷ་ཡི་སྐུ་སྤྱི་བོར་བཞག་ཅིང༔ ཧཱུྃ༔ སྣང་སྲིད་རིགས་གསུམ་དཀྱིལ་འཁོར་མཐོང་བའི་ཕྱིར༔ སྐུ་ཡི་རིགས་མཆོག་འཇམ་དཔལ་ཡེ་ཤེས་སེམས༔ གསུང་གི་རིགས་མཆོག་འཕགས་པ་སྤྱན་རས་གཟིགས༔ ཐུགས་ཀྱི་རིགས་མཆོག་བཅོམ་ལྡན་གསང་བའི་བདག༔ དུག་གསུམ་དག་ནས་སྐུ་གསུམ་མཐོང་བ་དང༔ རིགས་གསུམ་ལྷ་ཚོགས་རྣམས་དང་དབྱེར་མེད་ཤོག༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡན་ལག་བདུན་པ་ཀྲི་ཡའི་ཐེག༔ ཡོངས་སུ་རྫོགས་པའི་དབང་ཐོབ་གྱུར༔ ས་མ་ཡ་རྒྱ་རྒྱ༔ ཨུ་བྷའི་ཐེག་པའི་དབང་བསྐུར་བ༔ ཚུལ་བཞིན་བགྱི་བ་འདི་ལྟ་སྟེ༔ དག་བྱེད་ཁྲུས་ཀྱི་བུམ་པ་ཐོགས༔ ཧཱུྃ༔ རང་གསལ་དག་པའི་བུམ་པ་རུ༔ ཡེ་ཤེས་བཞི་ཡི་ཆུ་ཡིས་བཀང༔ ཉོན་མོངས་སྦྱོང་ཕྱིར་ཁྲུས་བགྱིས་པས༔ ཡེ་ཤེས་རྣམ་བཞི་མཐོང་བར་ཤོག༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ རིན་ཆེན་ཅོད་པན་དབང་བསྐུར་ལ༔ ཧཱུྃ༔ རྣམ་པར་རྒྱལ་བའི་སངས་རྒྱས་ཀྱི༔ རིན་ཆེན་དབང་རྟགས་ཅོད་པན་ཆེ༔ རྒྱལ་བའི་དབང་རྣམས་རྫོགས་པའི་ཕྱིར༔ དབུ་རྒྱན་དམ་པས་དབང་བསྐུར་རོ༔ རཏྣ་མུ་ཀུ་ཏྲཱཾ༔ རྡོ་རྗེ་དྲིལ་བུ་ལག་ཏུ་གཏད༔ ཧཱུྃ༔ རྣམ་པར་དག་པའི་ཡེ་ཤེས་ཀྱི༔ ཐབས་ཀྱི་རྡོ་རྗེ་གཟུང་བར་གྱིས༔ སྟོང་པ་ཟུང་འཇུག་དབྱངས་ལྡན་པའི༔ ཤེས་རབ་དྲིལ་བུ་གཟུང་བར་གྱིས༔ བཛྲ་དྷཱ་ར་ཀརྨ་གཎྜེ༔ བསྣོལ་ཏེ་ཕྱག་རྒྱ་བྱེད་དུ་གཞུག༔ ཧཱུྃ༔ སྔགས་དང་ཕྱག་རྒྱ་བླ་མེད་པས༔ ཐམས་ཅད་ཡེ་ཤེས་ཆེན་པོར་སྒྱུར༔ ཐབས་དང་ཤེས་རབ་ཟུང་འཇུག་པའི༔ སྔགས་དང་ཕྱག་རྒྱ་གཟུང་བར་གྱིས༔ ཨ་ཨཱ་ཨི་ཨཱི་སོགས། ཀ་ཁ་ག་གྷ་ང་སོགས། ལྷ་སྐུ་ཕྱག་རྒྱ་སྤྱི་བོར་བཞག༔ ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་བཅོམ་ལྡན་རྣམ་སྣང་མཛད༔ སོར་རྟོག་ཡེ་ཤེས་བཅོམ་ལྡན་སྣང་མཐའ་ཡས༔ མེ་ལོང་ཡེ་ཤེས་བཅོམ་ལྡན་མི་བསྐྱོད་པ༔ མཉམ་ཉིད་ཡེ་ཤེས་བཅོམ་ལྡན་རིན་ཆེན་འབྱུང༔ རྒྱལ་བ་རིགས་བཞིའི་དབང་ཆེན་རབ་བསྐུར་བས༔ རིགས་བཞིའི་ལྷ་ཡི་དངོས་གྲུབ་འགྲུབ་པར་ཤོག༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་བཻ་རོ་ཙ་ན་པདྨ་དྷཱ་ར་ཨཀྵོ་བྷྱཿརཏྣ་སཾ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ༔ ཡན་ལག་བརྒྱད་པ་ཨུ་བྷའི་ཐེག༔ ཡོངས་སུ་རྫོགས་པའི་དབང་ཐོབ་གྱུར༔ ས་མ་ཡ་རྒྱ་རྒྱ༔ ཡོ་གའི་ཐེག་པའི་དབང་བསྐུར་བ༔ ཚུལ་བཞིན་བགྱི་བ་འདི་ལྟ་སྟེ༔ སློབ་དཔོན་གྱིས་ནི་སློབ་མ་ལ༔ འདི་ཕན་ཉོན་མོངས་བཀྲུ་བའི་བྱ་བ་ཡིན༔ ད་ནི་ཡེ་ཤེས་གོང་དུ་འཕེལ་བ་ཡི༔ གསང་སྔགས་ཡོ་གའི་ཐེག་པར་འཇུག་པ་སྟེ༔ རིགས་ལྔའི་སྡོམ་པ་མ་ལུས་ཐུབ་པར་སྲུངས༔ ཞེས་བརྗོད་སློབ་མས་ལན་གསོལ་བ༔ བདེ་བར་གཤེགས་པ་སློབ་དཔོན་དགོངས༔ རིགས་ལྔའི་སྡོམ་པ་མ་ལུས་པ༔ རྣལ་འབྱོར་རྒྱུད་དུ་གང་གསུངས་པ༔ དེ་དག་ཐམས་ཅད་བདག་གིས་བསྡམ༔ ས་མ་ཡ་ཨི་དན་ན་ར་ཀན༔ སློབ་མ་རྣམ་སྣང་ལ་བསྒོམས་ཡེ་ཤེས་བསྟིམ༔ བརྟན་བྱས་མེ་ཏོག་དོར་ཞིང་མིག་དབྱེ་ལ༔ པུཥྤེ་པཱུ་ཛ་ཧོ༔ པུཥྤེ་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བཱ་ལ༔ ཙཀྵུ་པྲ་ཝེ་ཤ་ཡ་ཕཊ྄༔ རྣམ་པར་རྒྱལ་བའི་བུམ་པ་སྤྱི་བོར་བཟུང༔ ཧཱུྃ༔ ཆོས་དབྱིངས་རྣམ་པར་དག་པའི་བུམ་པ་རུ༔ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་མངོན་སུམ་བཞེངས༔ དག་པ་ལྷ་ཡི་བདུད་རྩི་དབབ་པ་ཡི༔ མེ་ལོང་ཡེ་ཤེས་བུམ་པས་དབང་བསྐུར་རོ༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨཀྵོ་བྷྱཿཨ་བྷི་ཥིཉྩ་ཧཱུྃ༔ རིན་ཆེན་ཅོད་པན་སྤྱི་བོར་བཅིངས༔ ཏྲཱཾ༔ འདི་ནི་རྒྱལ་བ་ཐམས་ཅད་ཀྱིས༔ དབང་བསྐུར་ཅོད་པན་ཆེན་པོ་སྟེ༔ རྒྱལ་བ་རིགས་ལྔས་དབུ་བརྒྱན་པས༔ མཉམ་ཉིད་ཡེ་ཤེས་རྟོགས་པར་ཤོག༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་རཏྣ་སཾ་བྷ་ཝ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཏྲཱཾ༔ རྡོ་རྗེ་ལག་གཡས་གཏད་བྱས་ལ༔ ཧྲཱི༔ ཡང་དག་གཞོམ་མེད་རྡོ་རྗེ་ཆེ༔ ཏིང་ངེ་འཛིན་དང་ཡེ་ཤེས་ཀྱི༔ རྡོ་རྗེ་རབ་ཏུ་གསོར་བ་ཡིས༔ སོར་རྟོག་ཡེ་ཤེས་རྟོགས་པར་ཤོག༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་པདྨ་དྷཱ་ར་ཨ་བྷི་ཥིཉྩ་ཧྲཱི༔ དྲིལ་བུ་གཡོན་དུ་གཏད་བྱས་ལ༔ ཨཱ༔ ཡང་དག་ཡེ་ཤེས་སངས་རྒྱས་དབྱངས༔ རྒྱལ་བ་རྣམས་ཀྱི་ཆོས་ཀྱི་སྒྲ༔ དབྱངས་སྙན་དྲིལ་བུས་དབང་བསྐུར་བས༔ བྱ་གྲུབ་ཡེ་ཤེས་རྟོགས་པར་ཤོག༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཀརྨ་ཨ་མོ་གྷ་སིདྡྷི་ཀརྨ་གཎྜེ་ཨ་བྷི་ཥིཉྩ་ཨཱ༔ མིང་བརྗོད་རྡོར་དྲིལ་སྤྱི་བོར་བཞག༔ ཧཱུྃ༔ འདི་ནི་སངས་རྒྱས་ཀུན་གྱི་མིང༔ ས་རྣམས་ཀུན་ཏུ་གྲགས་གྱུར་པའི༔ དེ་བཞིན་རིགས་སུ་མཚན་གསོལ་བས༔ ཆོས་དབྱིངས་ཡེ་ཤེས་རྟོགས་པར་ཤོག༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་བུདྡྷ་བཻ་རོ་ཙ་ན་ཆེ་གེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ༔ ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་ནི༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཀུན་རིགས་རྣམ་སྣང་མཛད༔ ཞལ་བཞི་ཕྱག་གཉིས་མཉམ་གཞག་འཁོར་ལོ་འཛིན༔ དཀར་པོ་ལོངས་སྤྱོད་རྫོགས་སྐུ་མཚན་དཔེ་རྫོགས༔ ལྷ་མོ་དབྱིངས་ཕྱུག་མ་ནི་མདུན་ན་འདུད༔ དེ་བཞིན་གཤེགས་པ་མཆོག་གི་དབང་བསྐུར་རོ༔ ཨཱོྃ་བུདྡྷ་བཻ་རོ་ཙ་ན་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ དུས་གསུམ་སངས་རྒྱས་རྒྱལ་བ་རིགས་བཞི་རྣམས༔ ཞལ་གཅིག་ཕྱག་གཉིས་མཉམ་གཞག་རང་རྟགས་འཛིན༔ མཐིང་སེར་དམར་ལྗང་ལོངས་སྤྱོད་རྫོགས་སྐུའི་ཆས༔ བདེ་བར་གཤེགས་པ་བཞི་ཡི་དབང་བསྐུར་རོ༔ ཨཱོྃ་བཛྲ་ཨཀྵོ་བྷྱཿརཏྣ་སཾ་བྷ་ཝ་པདྨ་དྷཱ་ར་ཀརྨ་ཨ་མོ་གྷ་སིདྡྷི་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ མཚམས་ལ་བཞུགས་པའི་དེ་བཞིན་གཤེགས་མ་བཞི༔ ཞལ་གཅིག་ཕྱག་གཉིས་གར་བསྒྱུར་རང་རྟགས་འཛིན༔ མཐིང་སེར་དམར་ལྗང་ཡབ་ལ་འདུད་པའི་ཚུལ༔ བདེ་བར་གཤེགས་མ་བཞི་ཡི་དབང་བསྐུར་རོ༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་པདྨ་ཀརྨ་མུ་དྲ་ཨ་བྷི་ཥིཉྩ་ཨཱོྃ༔ གསུང་གི་བཟླས་པའི་ལུང་སྦྱིན་ཏེ༔ ཧཱུྃ༔ རྡོ་རྗེ་རྩེ་མོའི་གཟུངས་སྔགས་བླ་ན་མེད༔ ངན་སོང་རྣམ་འཇོམས་སྡིག་པའི་ཚོགས་འཇོམས་པ༔ རྒྱལ་བའི་གསང་སྔགས་རིག་སྔགས་ཐམས་ཅད་ཀྱི༔ དབང་བསྐུར་མ་ལུས་ཡོངས་སུ་རྫོགས་པར་ཤོག༔ གཟུངས་སྔགས་བྲིས་པ་གཏད་ལ་བརྗོད༔ མཉམ་བཞག་བྱེད་གཞུག་མེ་ལོང་བསྟན༔ ཧཱུྃ༔ ཆོས་རྣམས་མ་ལུས་ཐམས་ཅད་ནི༔ གཟུང་དུ་མེད་ལ་འཛིན་པ་བྲལ༔ མེ་ལོང་ནང་གི་གཟུགས་བརྙན་ལྟར༔ བརྗོད་དུ་མེད་པ་རྟོགས་པར་ཤོག༔ ཙིཏྟ་དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨཱ༔ རྡོ་རྗེ་སློབ་དཔོན་ཆས་རྣམས་གཏད༔ ཧཱུྃ༔ དཀྱིལ་འཁོར་གཙོ་བོའི་གོ་འཕང་མཉམ་པའི་ཕྱིར༔ ཁྲི་ལ་མངའ་གསོལ་གདུགས་ཕུབ་རྒྱལ་མཚན་ཕྱར༔ རྒྱལ་བ་ཀུན་གྱི་ཤིས་པའི་མེ་ཏོག་ཀྱང༔ དེ་རིང་འདི་ལ་ཀུན་གྱིས་འཐོར་བར་ཤོག༔ རྟེན་འབྲེལ་སྙིང་པོ་བརྗོད་ཅིང་མེ་ཏོག་འཐོར༔ ཡན་ལག་དགུ་པ་ཡོ་གའི་ཐེག༔ ཡོངས་སུ་རྫོགས་པའི་དབང་རྫོགས་གྱུར༔ ས་མ་ཡ་རྒྱ་རྒྱ༔ ཀུན་གྱི་སྔོན་འགྲོ་སྟ་གོན་ནི༔ ས་བཟང་གནས་དེ་རྒྱལ་པོར་སློང༔ ས་ལྷར་གཏོར་མ་སྦྱིན་ཏེ་སློང༔ སྦྱང་ཞིང་སྟེགས་བུ་བཅའ་བར་བྱ༔ དྲིས་བྱུགས་ཚོམ་བུ་ལྷ་གྲངས་བཀོད༔ ལྷ་རུ་བསྒོམས་ལ་ནམ་མཁར་བཏེགས༔ དཀྱིལ་འཁོར་བྲི་ཞིང་ཕྱི་བཤགས་བྱ༔ བུམ་པ་ཆོས་ཉིད་དག་པའི་སྔགས༔ བརྗོད་ཅིང་ནང་བཅུད་བླུགས་བྱས་ལ༔ ཨཱོྃ་ཛྙཱ་ན་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་བྷྲཱུྃ༔ རྒྱན་གྱིས་སྤྲས་ལ་སྟེགས་བུར་བཀོད༔ བུམ་པ་རང་བྱུང་གཞལ་ཡས་ཁང༔ ནང་དུ་ལྷ་ཚོགས་བསྒོམས་བྱས་ལ༔ དགུག་བསྟིམ་མཆོད་བསྟོད་བཟླས་པ་བྱ༔ འོད་དུ་ཞུ་ནས་བདུད་རྩིར་བསམ༔ སློབ་མ་རྣམས་ཀྱི་རྒྱུད་སྦྱངས་ཤིང༔ སོ་ཤིང་མཎྜལ་སྟེང་དུ་འཕངས༔ བཛྲ་ཧཱ་ས་ཧ་བརྗོད་ལ༔ དངོས་གྲུབ་ལས་ནི་བརྟགས་པ་འོ༔ རྨི་ལམ་གསལ་ཕྱིར་ཁྱོར་ཆུ་ནི༔ བདུད་རྩི་འཁྱིལ་པའི་སྔགས་ཀྱིས་སྦྱིན༔ གདོན་སྲུང་ཕྱིར་དུ་སྲུང་སྐུད་ནི༔ དམར་པོ་ལས་སྔགས་ཀྱིས་བསྒྲུབས་བཏགས༔ མི་འཁྲུགས་ཕྱིར་ན་ཀུ་ཤ་ནི༔ དྷཱི་ཁཾ་བརྗོད་དེ་སྔས་གདན་སྦྱིན༔ སྡིག་སྦྱོང་ཕྱིར་དུ་སློབ་མ་ཡི༔ རྐང་མཐིལ་ཡཾ་དང་ལྟེ་བར་རཾ༔ སྙིང་གར་སྡིག་པ་ཀཾ་ནག་པོ༔ རླུང་གཡོས་མེ་སྦར་ཀཾ་ཡིག་བསྲེག༔ ལུས་ནི་རྣམ་དག་རྡོར་སེམས་བསྒོམ༔ གནས་གསུམ་བྱིན་རླབས་ཐིག་ལེ་བྱ༔ རྣམ་ལྔས་མངའ་གསོལ་སྟ་གོན་རྫོགས༔ མངོན་རྫོགས་དཀྱིལ་འཁོར་དབུས་སུ་བཤམས༔ ཡན་ལག་རྣམས་ཀྱིས་མཐའ་བསྐོར་ཞིང༔ དཀྱིལ་འཁོར་རྒྱན་དང་ལྡན་པར་བྱ༔ ཡན་ལག་བཅུ་པ་སྔོན་འགྲོ་འོ༔ ས་མ་ཡ་རྒྱ་རྒྱ༔ མཐའ་རྟེན་སྒྲུབ་རྫས་དབང་བསྐུར་ནི༔ དང་པོ་སྨན་གྱི་དབང་བསྐུར་ཏེ༔ ཧཱུྃ༔ བདེ་ཆེན་ཡེ་ཤེས་བདུད་རྩི་ནི༔ ཧེ་རུ་ཀཿདཔལ་ཡབ་ཡུམ་རྣམས༔ གཉིས་མེད་སྦྱོར་བའི་དམ་ཚིག་རྫས༔ ར་ས་ཡཱ་ནས་དབང་བསྐུར་རོ༔ པཉྩ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཧཱུྃ༔ མར་མེ་དགུ་ཡི་དབང་བསྐུར་ནི༔ ཧཱུྃ༔ དབྱིངས་སུ་མཚོན་པའི་ཀོང་བུ་རུ༔ ཡེ་ཤེས་ཀློང་དགུའི་ཞུན་ཆེན་བལྟམས༔ ཧེ་རུ་ཀཿདགུའི་མེ་འབར་བ༔ སྣང་གསལ་མར་མེས་དབང་བསྐུར་རོ༔ བཛྲ་ཨཱ་ལོ་ཀེ་ཨ་བྷི་ཥིཉྩ་ཧཱུྃ༔ ཁྲམ་དང་འཁོར་ལོས་དབང་བསྐུར་བ༔ ཧཱུྃ༔ བདུད་འདུལ་མཐུ་ཆེན་དམིགས་བྱ་ངན༔ གསད་པའི་ཁྲམ་དུ་འདེབས་པ་དང༔ ཚད་མེད་སྟོང་སྲོག་འཁོར་ལོ་ཡིས༔ གདུག་པའི་ཚོགས་འཇོམས་དབང་བསྐུར་རོ༔ ཐུམ་རིལ་ཙཀྲ་ཝརྟི་ཨ་བྷི་ཥིཉྩ་ཧཱུྃ༔ དབང་སྡུད་རྟ་མགོའི་དབང་བསྐུར་ནི༔ ཧཱུྃ༔ རྔམ་པ་ཧི་ཧིའི་སྒྲ་ཆེན་གྱིས༔ སྣང་སྲིད་དུས་གཅིག་དབང་བསྡུས་ནས༔ ཡེ་ཤེས་འཇིག་རྟེན་ལས་ལ་ཚུད༔ མཆོག་ཐུན་འགྲུབ་པའི་དབང་ཐོབ་ཤོག༔ ཧ་ཡ་གྲཱྀ་ཝ་ཨ་བྷི་ཥིཉྩ་ཧཱུྃ༔ ཕུར་བུ་འདྲིལ་འདེབས་དབང་བསྐུར་ནི༔ ཧཱུྃ༔ བདུད་འདུལ་མཐུ་ཆེན་ཀཱི་ལ་ཡ༔ འཇོམས་བྱེད་ཆེན་པོའི་དབང་བསྐུར་བས༔ གསལ་བ་གསུམ་ལྡན་སྲོག་གསུམ་གསལ༔ ལོག་རྟོག་བསྒྲལ་བའི་དབང་ཐོབ་ཤོག༔ ཨཱོྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ སྣང་སྲིད་མདོས་ཀྱི་དབང་བསྐུར་ནི༔ ཧཱུྃ༔ སྣང་སྲིད་གཡོ་འཁྲུགས་བཟློག་པའི་ཕྱིར༔ སྣང་སྲིད་མདོས་ཀྱི་རི་རབ་ལ༔ དོན་གཉིས་བཅུད་ཀྱིས་བརྒྱན་བྱས་ཏེ༔ ཡོངས་རྫོགས་མདོས་ཀྱི་དབང་བསྐུར་རོ༔ ཨཱོྃ་སརྦ་བ་ལིཾ་ཏ་བྷྱོ་བྷྱོ་ཟློག་ཟློག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཡན་ལག་བཅུ་གཅིག་དབང་རྫོགས་སོ༔ ས་མ་ཡ་རྒྱ་རྒྱ༔ མཐའ་རྫོགས་ཞལ་ཟས་དབང་བསྐུར་ནི༔ ཧཱུྃ༔ བཀྲ་ཤིས་ཚེ་ནི་ཚེ་ཡི་ལུང༔ ཐབས་ཤེས་རྫས་མཆོག་བདེ་བའི་ལུང༔ ཛ་གད་སྨན་མཆོག་གལ་གྱི་ལུང༔ མཱཾ་ས་རྫས་མཆོག་ནུས་པ་བསྐྱེད༔ འབྲས་བུ་རིགས་བྱེད་རིགས་རྒྱུད་ལུང༔ ཟླ་རྒྱས་ཟླ་ཕྲོམ་བཀྲ་ཤིས་ཟས༔ མཐའ་རྫོགས་དགའ་སྟོན་དབང་བསྐུར་རོ༔ ག་ཎ་ཙཀྲ་མངྒ་ལཾ་ཨཱ་ཡུཿསིདྡྷི་བྷྲཱུྃ༔ ཡན་ལག་བཅུ་གཉིས་དབང་རྫོགས་སོ༔ ས་མ་ཡ་རྒྱ་རྒྱ༔ དེ་ལྟར་མངོན་རྫོགས་དབང་གི་མདོ༔ ནང་སྐོར་ཆ་ལག་ཡོངས་རྫོགས་པ༔ ལས་ཅན་བུ་དང་འཕྲད་པར་ཤོག༔ ས་མ་ཡ་རྒྱ་རྒྱ༔ ྈྈྈྈ དེ་ནས་རྩ་བ་དགུ་དྲིལ་ནི༔ དགེ་བའི་ས་གཞི་ནོར་གྱིས་བླུ༔ མཆོད་གཏོར་བཤམས་ལ་བྱིན་གྱིས་བརླབས༔ ཧཱུྃ༔ ཆོས་དབྱིངས་རང་རྩལ་ལས་ཤར་བའི༔ སྣང་བ་སྣ་ཚོགས་ས་བདག་ལ༔ དྲན་སྣང་སོ་མའི་གཏོར་མ་འབུལ༔ གློ་བུར་སྣང་བའི་ས་འདི་སྩོལ༔ བྷཱུ་མི་པ་ཏི་བ་ལིཾ་ཏ་ཁཱ་ཧི༔ དབང་ཆེན་ཕུར་པ་ལྷ་རུ་བསམ༔ ཨཱོྃ་པདྨཱནྟ་ཀྲིཏ྄་ཕཊ྄༔ བཟླས་ཤིང་ཕུར་བཏབ་ས་དབང་བྱ༔ ཆོས་ཉིད་དག་པའི་ངང་དུ་བལྟ༔ བགེགས་ཚོགས་རྣམས་ལ་གཏོར་མ་སྦྱིན༔ ཧཱུྃ༔ རང་བྱུང་སྙིང་པོ་སྒོམ་པ་ལ༔ མི་དབང་མ་རིག་བདུད་ཀྱི་ཚོགས༔ རང་རྩལ་རོལ་པའི་གཏོར་མ་ལོངས༔ ཕ་མཐའ་བྲལ་བའི་ཀློང་དུ་དེངས༔ ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄༔ ཕྱིར་བསྐྲད་སྲུང་འཁོར་བསྒོམ་པ་ནི༔ ཧཱུྃ༔ དབྱིངས་རིག་ཟུང་འཇུག་ཆོ་འཕྲུལ་ལས༔ སྣང་ཞིང་སྲིད་པས་བསྡུས་པའི་ཆོས༔ ཡེ་ནས་རང་གསལ་སྲུང་བའི་གུར༔ མ་བཅོས་ཐིག་ལེ་ཆེན་པོར་རྫོགས༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་རཀྵ༔ སྟེགས་བུར་བདུད་རྩིའི་ཆག་ཆག་གདབ༔ ཧཱུྃ༔ ཆོས་དབྱིངས་ཡུམ་གྱི་ས་གཞི་ལ༔ རིག་པ་ཐབས་ཀྱི་བདུད་རྩི་ཡིས༔ བདེ་སྟོང་དངོས་གྲུབ་འཛིན་པའི་ཕྱིར༔ ཟུང་དུ་འཇུག་པའི་ཆག་ཆག་གདབ༔ པཉྩ་ཨ་མྲྀཏ་མཎྜ་ལ་ཧཱུྃ༔ རྒྱས་པར་སྒྲུབ་པའི་སྔོན་འགྲོ་ནི༔ ཟབ་བདུན་དཀར་བྲག་བཞིན་དུ་མཛོད༔ དེ་ཡང་བུམ་པ་ལྷ་དང་ནི༔ དཀྱིལ་འཁོར་རྒྱན་འགོད་སྟ་གོན་ནོ༔ སློབ་མ་རྣམས་ལ་ཁྲུས་བྱ་ཞིང༔ བགེགས་ཕྲལ་བསྲུང་བྱས་དེ་རྣམས་ཀྱིས༔ ཡོན་འབུལ་གསོལ་བ་འདི་ལྟར་གདབ༔ ཨེ་མ་ཧོ༔ འདྲེན་པའི་གཙོ་བོ་བླ་མ་རྗེ༔ བདག་ཅག་འཁོར་བ་ལས་སྒྲོལ་ཕྱིར༔ ཐར་པའི་ལམ་མཆོག་སྟོན་པ་དང༔ ཐུགས་རྗེས་བརྩེ་བར་གཟུང་དུ་གསོལ༔ སློབ་དཔོན་གྱིས༔ ཧོ༔ ཐར་པ་དོན་གཉེར་སྐལ་ལྡན་རྣམས༔ ཚུར་ཤོག་ཇི་ལྟར་འཚམ་པ་ཡི༔ ལམ་མཆོག་བདག་གིས་སྟོན་པས་ན༔ སྐལ་པ་ལྡན་རྣམས་སྤྲོ་བ་སྐྱེད༔ སྐྱབས་འགྲོ་ཡན་བདུན་འབུལ་དུ་གཞུག༔ དེ་ནས་སློབ་མས་འདི་བརྗོད་དེ༔ བདེ་གཤེགས་སྲས་བཅས་དགོངས་སུ་གསོལ༔ བདག་གིས་དཀོན་མཆོག་གསུམ་བཟུང་ཞིང༔ དེ་བཞིན་མཁན་པོ་ཕ་མ་དང༔ དགེ་བའི་གྲོགས་ལ་བཀུར་སྟི་དང༔ དགེ་བཅུ་ཕར་ཕྱིན་བདག་གིས་སྤྱད༔ རིགས་ལྔའི་སྡོམ་པ་མ་ལུས་གཟུང༔ མགོན་པོས་ལམ་མཆོག་བསྟན་དུ་གསོལ༔ སློབ་དཔོན་གྱིས༔ དེ་ལྟར་ཡིན་ན་གསང་སྔགས་ཀྱི༔ དཀྱིལ་འཁོར་དག་ཏུ་འཇུག་རུང་ཡིན༔ བརྟག་ཕྱིར་སྟ་གོན་ལེགས་པར་གྱིས༔ མཎྜལ་ཚོམ་བུ་ལྔ་ལྡན་ལ༔ སློབ་མས་སོ་ཤིང་དོར་བྱས་ལ༔ ཧོ༔ ཆོས་དབྱིངས་མཎྜལ་རྣམ་པར་དག༔ ཡེ་ཤེས་ལྔ་ཡི་ཚོམ་བུར་གསལ༔ བདག་གི་དུག་ལྔ་ཡེ་ཤེས་སུ༔ སངས་ནས་སྐལ་པ་མཐོང་བར་ཤོག༔ བཛྲ་ཧཱ་ས་ཧ༔ ཕྱོགས་བཞི་དབུས་ནི་རིགས་ལྔ་དང༔ སྟེང་འོག་མཁའ་སའི་དངོས་གྲུབ་ཐོབ༔ མ་འཛིན་ངན་པས་བཤགས་ཤིང་བསྐྱར༔ རྨི་ལམ་བརྟག་སྟེ་དེ་གསལ་ཕྱིར༔ དྲི་མེད་ཁྱོར་ཆུ་བདུད་རྩིའི་མཚོ༔ རྣམ་པར་དག་པ་ཁྲུས་ཀྱི་ཆུས༔ བག་ཆགས་ངན་པ་སངས་གྱུར་ནས༔ སྐལ་བཟང་རྨི་ལམ་མཐོང་བར་ཤོག༔ ལས་སྔགས་བཟླས་ཤིང་ཧུབ་གསུམ་གཏོར༔ བར་ཆད་བསལ་ཕྱིར་ལས་སྔགས་ཀྱིས༔ བསྔགས་པའི་རྡོ་རྗེའི་སྲུང་སྐུད་བཏགས༔ མི་འཁྲུག་ཕྱིར་དུ་ཀུ་ཤ་སྦྱིན༔ ཧཱུྃ༔ ཐབས་ཀྱི་དྷཱི་ལས་སྐྱེས་པ་དང༔ ཤེས་རབ་ཁཾ་ལས་སྐྱེས་པ་ཡི༔ གཙང་ཞིང་དགེ་བའི་སྔས་སྟན་ལ༔ ཉལ་ཏེ་ལྷ་ལ་སེམས་བཟུང་ལ༔ བཟང་ངན་གང་བྱུང་བདག་ལ་སྟོན༔ གང་ཡང་ཆོས་ཉིད་ཀློང་ལ་ཞོག༔ བཛྲ་དྷཱི་ཁཾ༔ ཞེས་སྦྱིན་སློབ་མའི་རྐང་མཐིལ་ལ༔ ཡཾ་དང་ལྟེ་བར་རཾ་སྙིང་གར༔ སྡིག་པ་ཀཾ་ཡིག་རྣམ་པར་གནས༔ སློབ་དཔོན་ཐུགས་ཀའི་འོད་ཟེར་གྱིས༔ ཡཾ་རཾ་རླུང་མེའི་སྦྱོར་བ་ཡིས༔ ཀཾ་ཡིག་སློབ་མའི་སྣ་ནས་ཐོན༔ ཏིལ་ལ་བསྟིམས་ལ་སྡིགས་མཛུབ་ཀྱིས༔ ཡེ་ཤེས་མེ་དང་ཆུ་ལ་སྦྱངས༔ ཨཱོྃ་སརྦ་པཱ་པཾ་ཨ་པ་ན་ཡ་བི་ཤུདྡྷེ་སྭཱ་ཧཱ༔ སློབ་མ་རྡོ་རྗེ་སེམས་དཔར་བསྒོམ༔ གནས་གསུམ་དྲི་ཡི་ཐིག་ལེ་བྱ༔ འབྲུ་གསུམ་ལ་བསྒོམས་རྒྱལ་རྣམས་ཀྱི༔ གསང་གསུམ་བྱིན་རླབས་ཐམས་ཅད་བསྟིམ༔ མཆོད་ཅིང་མངའ་གསོལ་ཆོས་བཤད་དོ༔ ས་མ་ཡ་རྒྱ་རྒྱ༔ གཉིས་པ་དཀྱིལ་འཁོར་ཕྱི་འཇུག་ནི༔ སྒོ་སྲུང་རྣམས་ལ་གསོལ་བཏབ་སྟེ༔ ཧོ༔ ཡེ་གསང་ཐབས་ཀྱི་སྒོ་བ་རྣམས༔ རིག་པའི་ཡེ་ཤེས་མཐོང་འདོད་པས༔ བདག་ཅག་སྐལ་ལྡན་ཕོ་མོ་རྣམས༔ ཐར་པའི་གྲོང་དུ་གཏོང་བར་གསོལ༔ ཞེས་ཞུས་དེ་ཡི་ལན་དུ་ནི༔ ཧཱུྃ༔ རིག་པའི་ཡེ་ཤེས་མཐོང་འདོད་ན༔ བླ་མ་དཔལ་ཆེན་མཁའ་འགྲོ་མའི༔ བཀའ་བཞིན་དམ་ཚིག་ཐུབ་པ་དང༔ སྡོམ་པ་ལ་ནི་གནས་པར་གྱིས༔ ཞེས་གསུང་ནང་དུ་བཏང་བར་བསམ༔ ཡོལ་བ་བྱ་ཞིང་ཁྲུས་བྱས་ལ༔ བགེགས་བསྐྲད་སྲུང་འཁོར་མཎྜ་ཕུལ༔ དེ་ནི་ཕྱི་ཡི་འཇུག་པ་འོ༔ ས་མ་ཡ་རྒྱ་རྒྱ༔ གསུམ་པ་དཀྱིལ་འཁོར་ནང་འཇུག་ནི༔ སློབ་མ་རྣམས་ནི་ཐལ་སྦྱར་ཞིང༔ པུས་བཙུགས་གུས་ཤིང་དུལ་བར་སྡོད༔ མིག་དར་འཆིང་ཞིང་མེ་ཏོག་ཐོགས༔ གདུང་བས་གསོལ་གསུམ་གདབ་པ་ནི༔ ཧོ༔ ཧེ་རུ་ཀཿདང་གཉིས་མེད་པའི༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ ཁྲག་འཐུང་ཆེན་པོའི་གྲོང་ཁྱེར་དུ༔ བདག་ཅག་མགོན་པོས་གཞུག་པར་འཚལ༔ སློབ་དཔོན་གྱིས༔ དེ་ལྟར་ཡིན་ན་ཧེ་རུ་ཀའི༔ གྲོང་ཁྱེར་ཆེན་པོར་གཞུག་པར་བྱ༔ བླ་མེད་རྒྱུད་ལས་གང་གསུངས་པའི༔ དམ་ཚིག་ཐམས་ཅད་ཐུབ་པར་གྱིས༔ གསང་སྔགས་ལམ་མཆོག་རྙེད་པ་ནི༔ བསྐལ་པ་བརྒྱ་ལམ་རེས་འགའ་ཙམ༔ ཨུ་དུམ་ཝཱ་རའི་མེ་ཏོག་འདྲ༔ དེས་ན་དགའ་ཞིང་སྤྲོ་བར་གྱིས༔ སློབ་མས༔ བདེ་བར་གཤེགས་པ་ཧེ་རུ་ཀའི༔ བདག་ཉིད་བླ་མ་དགོངས་སུ་གསོལ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་དང༔ མི་སྤང་ལྔ་དང་དང་ལེན་ལྔ༔ ཤེས་བྱ་ལྔ་དང་བསྒྲུབ་བྱ་ལྔ༔ སྤྱད་པར་བྱ་བའི་དམ་ཚིག་ལྔ༔ མ་ལུས་བདག་གིས་གཟུང་བར་བགྱི༔ སྲོག་གི་ཕྱིར་ཡང་མི་གཏོང་ངོ༔ དེ་ནས་རྒྱུ་མཚན་བཤད་པ་ཡིས༔ དམ་གཞག་རྡོ་རྗེ་སྤྱི་བོར་བཞག༔ ཧོ༔ བདག་ནི་ཧེ་རུ་ཀཿདཔལ་ཏེ༔ ང་ལ་བརྙས་པར་མི་རུང་ངོ༔ ཚུལ་འདི་ལས་ནི་འདས་པ་ན༔ དཀྱིལ་འཁོར་གཙོ་བོར་འགལ་བར་འགྱུར༔ ཨཱོྃ་བཛྲ་ས་མ་ཡ་ཧཱུྃ༔ སྙིང་གར་བཞག་ཅིང་བཀའ་བསྒོ་བ༔ ཧེ་རུ་ཀཿདཔལ་བདག་གིས་ནི༔ བསྒོ་བའི་བཀའ་ལ་ཉན་པར་གྱིས༔ གལ་ཏེ་བཀའ་ལས་འདས་པ་ན༔ གསང་སྔགས་འབྲས་བུ་ཐོབ་འདོད་མིན༔ བཛྲ་ས་མ་ཡ་ཏིཥྛ༔ ཁེ་ཉེན་སྒོ་ནས་དམ་གཞག་ནི༔ རྡོ་རྗེ་སེམས་དཔའི་དམ་ཆུ་སྦྱིན༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ དམ་བསྲུངས་ཡེ་ཤེས་སེམས་དཔའ་སྟེ༔ འདས་ན་ཡཀྴ་ནག་པོར་འགྱུར༔ སྙིང་ཁྲག་འཐུང་ཞིང་དམྱལ་བར་ལྟུང༔ དེ་བས་དམ་ཚིག་ཐུབ་པར་གྱིས༔ བཛྲ་ས་མ་ཡ་རཀྴ་སི་ཧཱུྃ༔ བྲོ་བོར་སྒོ་ནས་དམ་གཞག་ནི༔ ཧེ་རུ་ཀཿདཔལ་ཚུལ་འདི་ནི༔ གསང་བས་བྱིན་རླབས་བླ་ན་མེད༔ ཚུལ་འདི་སྨྲས་ཤིང་བདག་བརྙས་ན༔ དམ་ཚིག་ལས་ནི་འགལ་བར་འགྱུར༔ དེ་བས་སྙིང་ནས་བྲོ་བོར་ཅིག༔ སློབ་མས་རྡོ་རྗེ་རྩེ་གཅིག་གི༔ ཕྱག་རྒྱ་སྙིང་གར་བཟུང་བྱས་ཏེ༔ ཨཱོྃ་བཛྲ་ས་མ་ཡ་ཨི་དན་ན་ར་ཀན༔ ཞེས་བྲོ་བོར༔ དེ་ནས་དངོས་གཞིའི་བྱིན་དབབ་ནི༔ སྣང་སྲིད་ཆོས་འབྱུང་ཆེན་པོར་བསམ༔ དབུས་སུ་སློབ་མ་མངོན་རྫོགས་རྒྱལ༔ ཧེ་རུ་ཀཿདཔལ་ཞལ་གཅིག་པ༔ སྨུག་ནག་ཕྱག་གཉིས་གྲི་ཐོད་འཛིན༔ ཞབས་གཉིས་སྐྱིལ་ཀྲུང་ཡུམ་དང་འཁྲིལ༔ བམ་རོ་པད་ཉིར་གནས་པ་ཡི༔ སྙིང་གར་ཆོས་འབྱུང་དམར་པོའི་ནང༔ ཨ་ཤད་དམར་པོ་འོད་འབར་སྒོམས༔ སློབ་དཔོན་ཧེ་རུ་ཀཿདཔལ་གྱི༔ ཐུགས་སྲོག་ཧཱུྃ་གིས་ཡེ་ཤེས་བཀུག༔ སློབ་བུའི་སྙིང་གར་གཉིས་མེད་བསྟིམ༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ་ཨ་ཧཾ༔ ཧ་ཧ་ཧ་ཧཱུྃ་ཧཱུྃ་ཧཱུྃ༔ ཨཱ་རལླི་ཨེ་ཧྱེ་ཧི་ཨ་ཧཾ༔ བཛྲ་ས་མ་ཡ་ཛཿཨ་ཧཾ༔ ཕེབས་པའི་རྟགས་བྱུང་བརྟན་པར་བྱ༔ རིག་མེ་དོར་བར་བསྐུལ་བ་ནི༔ ཧོ༔ བདེ་གཤེགས་རྒྱལ་བའི་ཕོ་བྲང་འདིར༔ ཡེ་ཤེས་ལྷ་ཚོགས་དངོས་སུ་བཞུགས༔ འབྲེལ་བ་གང་ཡོད་བརྟག་པའི་ཕྱིར༔ རིག་པའི་མེ་ཏོག་ལྷ་ལ་ཕུལ༔ སློབ་མས་ཐལ་སྦྱར་མེ་ཏོག་བཟུང༔ ཧོ༔ བསྐལ་པ་སྔོན་ནས་འབྲེལ་པ་ཡི༔ ཡེ་ཤེས་རིག་པའི་ལྷ་མཆོག་ལ༔ རང་རིག་ལྷ་དང་ངོ་འཕྲོད་ཕྱིར༔ ཁ་དོག་ལྔ་ལྡན་མེ་ཏོག་འབུལ༔ ཐུགས་ཀྱིས་དགྱེས་པར་བཞེས་སུ་གསོལ༔ བཛྲ་པུཥྤེ་པྲ་ཏཱིཙྪ་ཧོ༔ དོར་བས་དབུས་ལ་བབས་པ་ན༔ བུདྡྷ་ཧེ་རུ་ཀཿདཔལ་དང༔ དེ་བཞིན་ཕྱོགས་བཞིར་རིག་པར་བྱ༔ མཚམས་བཞིར་གུ་ཧྱ་ལ་སོགས་སོ༔ གསང་མཚན་མེ་ཏོག་མགོར་བཞག་ལ༔ ཧོ༔ ཡེ་ཤེས་ལྷ་ཚོགས་ཐམས་ཅད་ལ༔ རིག་པའི་མེ་ཏོག་ཕུལ་པ་ཡི༔ བྱིན་རླབས་བསམ་མི་ཁྱབ་པ་དེ༔ རང་རིག་ལྷ་དང་ངོ་འཕྲོད་དེ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ༔ དཔལ་ཆེན་པོ་དང་དབྱེར་མེད་ཤོག༔ པུཥྤེ་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བཱ་ལ༔ མ་རིག་མིག་འབྱེད་གསོལ་འདེབས་ནི༔ ཧོ༔ བདེ་བར་གཤེགས་པ་མིག་མཁན་རྒྱལ༔ ཧེ་རུ་ཀཿདཔལ་མཐོང་བྱའི་ཕྱིར༔ བསྐལ་པ་སྔོན་ནས་བསྒྲིབས་པ་ཡི༔ མ་རིག་ལིང་ཏོག་བསལ་དུ་གསོལ༔ ཞེས་གསོལ་སློབ་དཔོན་གྱིས་དབྱེ་བ༔ ཧོ༔ དེང་ཁྱོད་ཧེ་རུ་ཀཿདཔལ་གྱིས༔ ཡེ་ཤེས་མཆོག་གི་མིག་དབྱེ་མཛད༔ རབ་རིབ་བདེ་བར་གཤེགས་པས་བསལ༔ ཡེ་ཤེས་མཆོག་ནི་མཐོང་བར་འགྱུར༔ བཛྲ་ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ྄༔ དཀྱིལ་འཁོར་བལྟ་བར་བསྐུལ་བ་ནི༔ ཧོ༔ ལྟོས་ཤིག་ལྟོས་ཤིག་རིགས་ཀྱི་བུ༔ མཐོང་ན་ཡེ་ཤེས་མྱུར་དུ་རྟོགས༔ འདི་ན་ཧེ་རུ་ཀཿདཔལ་གྱི༔ གྲོང་ཁྱེར་བླ་ན་མེད་པ་བཞུགས༔ སྐད་ཅིག་མཐོང་བ་ཙམ་གྱིས་ནི༔ བསྐལ་པ་དུ་མའི་སྒྲིབ་པ་སྦྱོང༔ ཞེས་སོགས་དོན་ནི་རྒྱས་པར་བཤད༔ དེ་ཡིས་དཀྱིལ་འཁོར་ནང་འཇུག་རྫོགས༔ ས་མ་ཡ་རྒྱ་རྒྱ༔ བཞི་པ་བུམ་པའི་དབང་བསྐུར་ནི༔ སྤྲོ་ན་གསོལ་གདབ་མཎྜལ་ཕུལ༔ ཧཱུྃ༔ རང་བྱུང་ཡེ་ཤེས་བུམ་པ་རུ༔ ཧེ་རུ་ཀཿདཔལ་ལྷ་ཚོགས་བཞུགས༔ ཐབས་ཤེས་གཉིས་མེད་ཞུ་བའི་ཆུས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཨཱོྃ་ཤྲཱི་ཧེ་རུ་ཀཿཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ རིན་ཆེན་པྲོག་ཞུ་དར་དཔྱང་བཅིངས༔ ཧཱུྃ༔ ཧེ་རུ་ཀཿདཔལ་དབང་གི་རྟགས༔ ཁྲག་འཐུང་ལྔ་ཡི་ཅོད་པན་དང༔ ཐབས་དང་ཤེས་རབ་དབྱེར་མེད་པའི༔ དར་འཕྱང་དབང་བསྐུར་སྦྱིན་པར་བྱ༔ ཨཱོྃ་ཤྲཱི་ཧེ་རུ་ཀཿརཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཏྲཱཾ༔ རྡོ་རྗེ་ལག་གཡས་གཏད་ལ་གསོར༔ ཧཱུྃ༔ ཡེ་ཤེས་ལྔ་ལས་རང་བྱུང་བ༔ ཐབས་ཀྱི་རང་བཞིན་རྡོ་རྗེ་ཆེ༔ སངས་རྒྱས་ཀུན་གྱི་གསང་གསུམ་ལས༔ བྱུང་བའི་རྡོ་རྗེས་དབང་བསྐུར་རོ༔ ཨཱོྃ་ཤྲཱི་ཧེ་རུ་ཀཿབཛྲ་ཨ་བྷི་ཥིཉྩ་ཧྲཱི༔ དྲིལ་བུ་གཡོན་གཏད་དཀྲོལ་ཞིང་བརྟེན༔ ཧཱུྃ༔ སངས་རྒྱས་ཀུན་གྱི་དབྱངས་ལྡན་པའི༔ ཤེས་རབ་རང་བཞིན་དྲིལ་བུ་ཆེ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་ལས༔ བྱུང་བའི་དྲིལ་བུས་དབང་བསྐུར་རོ༔ ཨཱོྃ་ཤྲཱི་ཧེ་རུ་ཀཿགཎྜེ་ཨ་བྷི་ཥིཉྩ་ཨཱ༔ རྡོར་དྲིལ་བསྣོལ་མ་མིང་བྱིན་ཏེ༔ ཧཱུྃ༔ བདེ་བར་གཤེགས་པ་ཐམས་ཅད་ཀྱིས༔ སེམས་དཔར་མིང་ནི་བཏགས་པ་བཞིན༔ རྒྱལ་བའི་མིང་ནི་བླ་ན་མེད༔ ས་གསུམ་གྲགས་པར་དབང་བསྐུར་རོ༔ ཨཱོྃ་ཤྲཱི་ཧེ་རུ་ཀཿཆེ་གེ་ཞེས་བྱའོ༔ དེ་ཡིས་བུམ་དབང་འཁོར་བཅས་རྫོགས༔ ས་མ་ཡ་རྒྱ་རྒྱ༔ ལྔ་པ་རྗེས་འབྲེལ་རྗེས་གནང་ནི༔ དཔལ་གྱི་སྐུ་ནི་སྤྱི་བོར་བཞག༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ དབུས་ཀྱི་ཧེ་རུ་ཀཿདཔལ་ཏེ༔ མངོན་རྫོགས་རྒྱལ་པོ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨཱོྃ་ཤྲཱི་ཧེ་རུ་ཀཿཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ ཤར་གྱི་ཧེ་རུ་ཀཿདཔལ་ཏེ༔ བཅོམ་ལྡན་བཛྲ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨཱོྃ་བཛྲ་ཤྲཱི་ཧེ་རུ་ཀཿཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ ལྷོ་ཡི་ཧེ་རུ་ཀཿདཔལ་ཏེ༔ བཅོམ་ལྡན་རཏྣ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨཱོྃ་རཏྣ་ཤྲཱི་ཧེ་རུ་ཀཿཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ ནུབ་ཀྱི་ཧེ་རུ་ཀཿདཔལ་ཏེ༔ བཅོམ་ལྡན་པདྨ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨཱོྃ་པདྨ་ཤྲཱི་ཧེ་རུ་ཀཿཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ བྱང་གི་ཧེ་རུ་ཀཿདཔལ་ཏེ༔ བཅོམ་ལྡན་ཀརྨ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨཱོྃ་ཀརྨ་ཤྲཱི་ཧེ་རུ་ཀཿཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ ཤར་ལྷོའི་ཧེ་རུ་ཀཿདཔལ་ཏེ༔ བཅོམ་ལྡན་གུ་ཧྱ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨཱོྃ་གུ་ཧྱ་ཤྲཱི་ཧེ་རུ་ཀཿཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ ལྷོ་ནུབ་ཧེ་རུ་ཀཿདཔལ་ཏེ༔ བཅོམ་ལྡན་ས་ནུ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨཱོྃ་ས་ནུ་ཤྲཱི་ཧེ་རུ་ཀཿཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ ནུབ་བྱང་ཧེ་རུ་ཀཿདཔལ་ཏེ༔ བཅོམ་ལྡན་ཡཀྴ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨཱོྃ་ཡཀྴ་ཤྲཱི་ཧེ་རུ་ཀཿཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ བྱང་ཤར་ཧེ་རུ་ཀཿདཔལ་ཏེ༔ བཅོམ་ལྡན་རཀྴ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨཱོྃ་རཀྴ་ཤྲཱི་ཧེ་རུ་ཀཿཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ གསུང་གི་རྗེས་གནང་བཟླས་ལུང་སྦྱིན༔ ཐུགས་ལ་མཉམ་པར་འཇོག་ཏུ་གཞུག༔ དེ་ནི་རྗེས་གནང་རིམ་པ་འོ༔ ས་མ་ཡ་རྒྱ་རྒྱ༔ དྲུག་པ་རྡོ་རྗེ་བདག་པོའི་དབང༔ སློབ་མ་ཁྲིར་བཀོད་གདུགས་ཕུབ་ལ༔ མངའ་གསོལ་ཤིས་བརྗོད་ཅི་རིགས་བྱ༔ ལུང་བསྟན་བདག་པོའི་དབང་རྫོགས་བསྒོམ༔ ས་མ་ཡ་རྒྱ་རྒྱ༔ བདུན་པ་གསང་དབང་བསྐུར་བ་ནི༔ བྱང་སེམས་དཀར་དམར་ལྕེ་ལ་བཞག༔ ཧཱུྃ༔ ཧེ་རུ་ཀཿདཔལ་མངོན་རྫོགས་རྒྱལ༔ ཡུམ་མཆོག་ཙཎྜ་ལཱི་དང་སྦྱོར༔ རྒྱལ་བའི་ཟག་མེད་བྱང་སེམས་བསྡུས༔ བདེ་སྟོང་ཟུང་འཇུག་རྟོགས་ཕྱིར་སྦྱིན༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱ༔ དེ་ཡིས་གསང་བའི་དབང་རྫོགས་སོ༔ ས་མ་ཡ་རྒྱ་རྒྱ༔ བརྒྱད་པ་ཤེར་དབང་བསྐུར་བ་ནི༔ རིག་མ་སློབ་མའི་ལག་པར་གཏད༔ ཧཱུྃ༔ འདི་ནི་བདེ་ཆེན་གསང་བའི་ལམ༔ འདུ་ཤེས་གསུམ་གྱིས་རྟག་ཏུ་བསྟེན༔ བདེ་ཆེན་ཡེ་ཤེས་རྟོགས་པར་བྱེད༔ འདི་སྤང་སངས་རྒྱས་ཐོབ་འདོད་མིན༔ རྒྱལ་བ་ཀུན་གྱི་གསང་ལམ་མཆོག༔ དེ་རིང་ཁྱོད་ལ་བསྟན་པར་བྱ༔ བུ་ཡིས་བདེ་བར་རྟག་ཏུ་རོལ༔ མ་ཧཱ་སུ་ཁ་བྷཉྫ་མོཀྵ༔ དེ་ཡིས་ཤེས་རབ་ཡེ་ཤེས་རྫོགས༔ ས་མ་ཡ་རྒྱ་རྒྱ༔ དགུ་པ་རིག་རྩལ་དབང་བསྐུར་ནི༔ རྡོ་རྗེ་སེམས་དཔའི་མེ་ལོང་བསྟན༔ ཧཱུྃ༔ སེམས་ནི་རང་བཞིན་འོད་གསལ་བ༔ དེ་ཉིད་མི་རྟོག་སྐྱེ་བ་མེད༔ གསལ་སྟོང་འགག་མེད་བདེ་བ་ཆེ༔ ཐམས་ཅད་དབྱེར་མེད་མི་ཕྱེད་པ་འོ༔ ཡང་དག་དོན་ལ་གནས་པར་གྱིས༔ དྷརྨ་དྷཱ་ཏུ་ཨ་ཨ་ཨ༔ དེ་ནི་རིག་རྩལ་དབང་བསྐུར་ཡིན༔ རྩ་བ་དགུ་བསྒྲིལ་འདི་ཉིད་ནི༔ བདག་པོའི་དབང་ཕན་མ་ཧཱ་དང༔ གསང་དབང་ཤེར་དབང་ཨ་ནུ་སྟེ༔ རིག་རྩལ་ཨ་ཏི་རྫོགས་པ་ཆེ༔ སྤྱིར་ནི་ཐེག་རིམ་དབང་བསྐུར་བ༔ ཐེག་པ་དངོས་ཀྱི་འཇུག་སྒོ་ཡིན༔ སྔོན་འགྲོ་ཐེག་རིམ་གཏན་འབེབས་ཏེ༔ ལུང་མདོ་ཨ་ནུའི་ཁྱད་པར་གྱི༔ བྱེ་བྲག་འདི་ནི་བསྡུས་དོན་ཡིན༔ རྒྱས་པར་དཔེ་རྒྱུད་ཕྱོགས་སུ་ལྟོས༔ དེ་ལྟར་ནང་སྐོར་ཡི་དམ་གྱི༔ དབང་བསྐུར་རྩ་བ་དགུ་བསྒྲིལ་ཡང༔ ལས་ཅན་བུ་དང་འཕྲད་པར་ཤོག༔ ས་མ་ཡ་རྒྱ་རྒྱ༔ གཏེར་རྒྱ༔ གསང་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ རྒྱ་རྒྱ་རྒྱ༔ ྈྈྈྈ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པས་བདེ་ཆེན་པདྨ་ཤེལ་ཕུག་གི་གནམ་ཁུང་ནས་སྤྱན་དྲངས་པའི་ཤོག་སེར་ལས་གཏན་ལ་ཕབ་རིམ་བཞིན་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །།

ཀློང་སྡེ་རྡོ་རྗེ་ཟམ་པའི་ཚུལ་ཤིང་ལ་བྲི་རྒྱུ་ (Volume 62, Text 53)

ཀློང་སྡེ་རྡོ་རྗེ་ཟམ་པའི་ཚུལ་ཤིང་ལ་བྲི་རྒྱུ། རྟེན་མེད་ཀྱི་རིག་པ་རང་གྲོལ་ལ། །ཐོགས་མེད་ཀྱི་ཤེས་རབ་རང་ཤར། །རྟག་ཆད་གཉིས་མེད་ཀྱི་ཤེས་རབ་ལ། །ཕྱོགས་རིས་མེད་ན་ལྟ་བ་ཡིན། །གཏད་མེད་ཀྱི་རིག་པ་རང་གྲོལ་ལ། །ཞེན་མེད་ཀྱི་ཉམས་མྱོང་རང་ཤར། །སྟོང་གསལ་བདེ་ཆེན་ཉམས་མྱོང་ལ། །བྱིང་རྒོད་མེད་ན་སྒོམ་པ་ཡིན། །འཛིན་མེད་ཀྱི་རིག་པ་རང་གྲོལ་ལ། །ཆགས་མེད་ཀྱི་སྤྱོད་པ་རང་ཤར། །ཐ་མལ་རང་སྤྱོད་ཀྱི་ལྷུག་པ་ལ། །བླང་དོར་མེད་ན་སྤྱོད་པ་ཡིན། །གཉིས་མེད་ཀྱི་རིག་པ་རང་གྲོལ་ལ། །བཙལ་མེད་ཀྱི་འབྲས་བུ་རང་ཤར། །འཁོར་འདས་གཉིས་མེད་ཀྱི་དགོངས་པ་ལ། །རེ་དོགས་མེད་ན་འབྲས་བུ་ཡིན། །ཀློང་སྡེ་རྡོ་རྗེ་ཟམ་པའི་གཞུང་པོད་ལས་ཕྱུང་བའོ།། །།

རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ནང་སྐོར་ཁྲིད་ཀྱི་བྱིན་རླབས་བཞུགས་ (Volume 62, Text 54)

རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ནང་སྐོར་ཁྲིད་ཀྱི་བྱིན་རླབས་བཞུགས་སོ༔ ྈྈྈྈྈྈྈྈ ན་མོ་གུ་རུ༔ ནང་སྐོར་ཁྲིད་ཀྱི་བྱིན་རླབས་ནི༔ སྔོན་དུ་མངོན་རྫོགས་རྒྱལ་པོ་ཡི༔ ཀུན་དྲིལ་ཟབ་པའི་དབང་བཞི་བསྐུར༔ དེ་ཡི་རྗེས་སུ་སློབ་དཔོན་ཉིད༔ གང་ལ་མོས་པའི་རིག་འཛིན་གསལ༔ ནམ་མཁར་དུས་གསུམ་སངས་རྒྱས་དང༔ རྫོགས་པ་ཆེན་པོའི་རིག་འཛིན་རྣམས༔ བར་དུ་ཡི་དམ་མཁའ་འགྲོའི་ཚོགས༔ མ་ལུས་ཀུན་གྱིས་མགྲིན་གཅིག་ཏུ༔ སྙན་བརྒྱུད་གདམས་པ་གསུང་བར་སྒོམས༔ སློབ་དཔོན་རང་གི་ཆ་ལུགས་གཟབ༔ ཁྲི་ཡི་སྟེང་བཞེངས་སློབ་མ་ཡི༔ སྤྲོ་བསྐྱེད་གལ་ཆེན་བར་རྣམས་སྦྱར༔ ཕྱག་ནི་སྤྱི་བོའི་གཙུག་བཞག་སྟེ༔ ཨ་ཧ་ཡི་ཧོ༔ ཨ་ནི་སྐྱེ་མེད་གསལ་བ་འོ༔ ཧ་ནི་མ་བཅོས་ཐད་ཀར་འཇོག༔ ཡི་ནི་བདེ་བ་ཆེན་པོ་ལ༔ ཧོ་ནི་དབྱེ་བ་མེད་པ་འོ༔ ཨ་ཧ་ཡི་ཧོ༔ ལག་པས་བྱིན་རླབས་ནམ་མཁར་བལྟ༔ སེམས་དང་ནམ་མཁའ་གཉིས་སུ་མེད༔ ནམ་མཁར་དངོས་པོ་ཡོད་མེད་བརྟག༔ སེམས་ལ་གཏད་སོ་ཡོད་མེད་བརྟག༔ དེ་གཉིས་མེད་པས་དམིགས་པ་མེད༔ འོན་ཀྱང་ངོ་བོ་གསལ་བ་འོ༔ སྒོམ་ཤིང་ཨོག་འཁར་བཙུགས་བྱས་ནས༔ ལུས་བསྲངས་དབང་པོ་ཐད་ཀར་གཞག༔ ལུས་དང་སེམས་གཉིས་ཐ་དད་དམ༔ ལུས་ཀྱི་དབང་པོ་གང་ནས་བྱུང༔ སེམས་ཀྱིས་ཡུལ་ལ་གང་ནས་ཁྲིད༔ དེ་གཉིས་དབྱེར་མེད་ཇི་ལྟ་བུ༔ སེམས་ནི་དམིགས་པ་མེད་པ་སྟེ༔ གང་ཡང་གནས་པ་མ་ཡིན་ནོ༔ མི་རྟོག་པ་སྟེ་ངོ་མཚར་ཆེ༔ སྒོམ་ཐག་ལུས་ལ་བསྐོན་བྱས་ཏེ༔ འོག་རླུང་ཡིད་ཙམ་འཐེན་བྱས་ལ༔ བདེ་བ་ཆེན་པོའི་རང་བཞིན་ལས༔ སེམས་འདི་འདས་པར་མ་གྱུར་ཏེ༔ འོན་ཀྱང་དམིགས་སུ་མེད་པས་ན༔ བདེ་བ་དེ་ལ་འཛིན་པ་བྲལ༔ རང་བྱུང་བདེ་ཆེན་ངོ་མཚར་ཆེ༔ དབྱེར་མེད་དམིགས་ཤིང་མདུན་དུ་བཞག༔ ལྕེ་ནི་གང་དུའང་མ་རེག་བྱ༔ ཕྱི་ནང་འཁོར་འདས་ཆོས་ཐམས་ཅད༔ གསལ་ལ་དམིགས་མེད་བདེ་བ་ཆེ༔ དབྱེར་མེད་དམིགས་ཤིང་མདུན་དུ་བཞག༔ དེ་གསུམ་དབྱེར་མེད་ངོ་བོ་ཉིད༔ འཁོར་འདས་ཐམས་ཅད་ཀློང་དུ་ཆུབ༔ མན་ངག་ཀློང་ཆུབ་གདམས་ངག་བསྒོམ༔ དེ་ནས་མངོན་རྫོགས་ཚེ་དབང་བསྐུར༔ ནང་སྐོར་ཁྲིད་ཀྱི་བྱིན་རླབས་རྫོགས༔ ས་མ་ཡ་རྒྱ་རྒྱ༔ གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །།

རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ནང་སྐོར་ཁྲིད་ཀྱི་དང་པོ་དངོས་གཞི་ (Volume 62, Text 55)

༁ྃ༔ རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ནང་སྐོར་ཁྲིད་ཀྱི་དང་པོ་དངོས་གཞི་བཞུགས༔ སྡེ་གསུམ་ནང་སྐོར་ཀློང་སྡེ། ན་མོ་གུ་རུ༔ ནང་སྐོར་ཁྲིད་ཀྱི་དངོས་གཞི་ལ༔ གཞི་དང་ལམ་དང་འབྲས་བུ་འོ༔ གཞི་ནི་ཀུན་གཞི་ངོ་བོ་སྟེ༔ རིག་ན་བདེ་བར་གཤེགས་པའི་སྐུ༔ མ་རིག་མ་དག་ཀུན་གྱི་གཞི༔ རང་བཞིན་འོད་གསལ་རང་བྱུང་སྟེ༔ རིག་ན་ཡེ་ཤེས་ཆ་ཡིན་ལ༔ མ་རིག་རྣམ་ཤེས་ཞེས་བྱ་འོ༔ ཐུགས་རྗེ་ཅིར་ཡང་སྣང་བ་ལ༔ དེ་ཡང་རྣམ་ཤེས་དེ་ཉིད་ལས༔ དབང་པོས་མཚམས་སྦྱར་ཕྱི་ཡི་ཡུལ༔ ཡུལ་དབང་ཤེས་གསུམ་དེ་ཉིད་ལས༔ སྣ་ཚོགས་ཅིར་ཡང་སྣང་བ་འོ༔ རིག་ན་ཐུགས་རྗེ་སྤྲུལ་སྐུ་སྟེ༔ མ་རིག་འཁོར་བ་འཁྲུལ་འབྱམས་སོ༔ དེ་ཉིད་ཉམས་སུ་ལེན་པའི་ཚུལ༔ དང་པོ་འགྱུ་བྱེད་ཤེས་པར་བྱ༔ འགྱུ་བ་ཏོལ་རྩེར་ཤར་བ་ན༔ འགྱུ་བྱེད་དེ་ཉིད་ཤེས་པར་བྱ༔ འགྱུ་བྱེད་ཤེས་ན་དུག་ལྔ་དག༔ འགྱུ་བ་དེ་ཡི་རྗེས་བཅད་པས༔ ཅིར་ཡང་དམིགས་པ་མེད་པ་སྟེ༔ དངོས་མེད་ཟང་ཐལ་ཅིར་ཡང་སྣང༔ དངོས་ཀྱི་རིག་པ་ཟང་ཐལ་ཏེ༔ དངོས་མེད་ཉིད་དུ་ཤར་བ་གང༔ རང་བཞིན་འོད་གསལ་ཉིད་དུ་འོ༔ སངས་པ་སྣང་བ་ཡུལ་ངོ་མེད༔ མ་འདྲེས་ཡོངས་གསལ་ངོ་མཚར་ཆེ༔ གྲོལ་བ་ཟང་ཐལ་ཡུལ་མེད་དུ༔ གྲོལ་བས་བློ་འདས་བྱ་རྩོལ་བྲལ༔ དེ་ཉིད་སྐྱོང་ཚུལ་བརྡ་བཞི་སྟེ༔ དབང་པོ་ཧད་དེ་རང་སར་གཞག༔ ཡུལ་སྣང་དབྱེར་མེད་ས་ལེར་གསལ༔ ལུས་བསྲང་ཅོག་གཞག་གང་བདེ་ལས༔ ཕྱི་ནང་འགྲོ་འོང་མི་རྟོག་པ༔ པུས་འཁྱུད་འོག་རླུང་སོར་ཕྱེད་འཐེན༔ ཆོས་རྣམས་བདེ་བ་ཆེན་པོར་བལྟ༔ ལྕེ་ནི་ཡ་རྐན་ལ་ཕྱོགས་པས༔ གང་དུ་མ་རེག་རླུང་རང་སར༔ ཕྱི་ནང་ཆོས་ཀུན་ལྟ་སྒོམ་རྣམས༔ ཡེ་ནས་དབྱེ་བ་མེད་པར་མཐོང༔ མ་ནོར་མ་བཅོས་བསམ་ལས་འདས༔ བརྗོད་པ་མེད་པའི་ཚུལ་འདི་ནི༔ གཞི་ཉིད་འཁྲུལ་མ་མྱོང་བ་ཡི༔ བྱ་རྩོལ་བློས་བྱས་རྟོག་པ་སྤངས༔ བསམ་པའི་རང་འོད་བྲལ་བར་སྤྱོད༔ བརྗོད་དུ་མེད་པའི་འབྲས་བུ་ཐོབ༔ མ་བཅོས་ཡིན་མིན་བྲལ་བ་ཡི༔ སྤང་བླང་རྩིས་གདབ་བྲལ་བར་བསྐྱང༔ གསལ་བའི་ཆ་ཡིས་ཆོས་ཐམས་ཅད༔ མི་རྟོག་ངང་དུ་ཆོས་ཀྱི་སྐུ༔ བདེ་བ་ཆེན་པོ་ལོངས་སྤྱོད་རྫོགས༔ དབྱེར་མེད་སྤྲུལ་སྐུ་ཅིར་ཡང་སྟོན༔ ལམ་རྟགས་ཡོན་ཏན་ཁྱད་པར་འཕགས༔ ནང་སྐོར་ཁྲིད་ཀྱི་དངོས་གཞི་རྫོགས༔ ས་མ་ཡ་རྒྱ་རྒྱ༔ གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །། ༁ྃ༔ རྫོགས་ཆེན་སྡེ་གསུམ་ལས༔ ནང་སྐོར་ཁྲིད་ཀྱི་རྗེས་འབྲེལ་བཞུགས༔ ྈྈྈ ནང་སྐོར་ཁྲིད་ཀྱི་རྗེས་འབྲེལ་ནི༔ ཀུན་རྫོབ་ཆོས་རྣམས་མ་ལུས་པ༔ དོན་དམ་ཉིད་ལ་མི་རྟོགས་སོ༔ ཡེ་ནས་གང་ནས་བྱུང་ཞེ་ན༔ མཚན་མ་ཙམ་དུ་ངེས་པས་ན༔ མཚན་མའི་རང་བཞིན་ཟུར་དུ་ཆད༔ ཀུན་རྫོབ་དོན་གྱི་ཕྱོགས་མི་རྟོགས༔ དོན་དམ་བློ་ཡི་ཡུལ་འདས་པས༔ ཀུན་རྫོབ་ཕྱོགས་སུ་ཅི་ལ་ལྟོས༔ གཞན་ཞིག་དག་ནས་བྱུང་ངམ་ཞེས༔ དོན་དམ་འཁྲུལ་མ་མྱོང་བ་ཡི༔ ཀུན་རྫོབ་བདེན་མེད་རང་བཞིན་ལ༔ དོན་དམ་བདེན་པའི་རང་བཞིན་ཡིན༔ བདེན་འཛིན་གཉིས་ཀྱི་ཤན་འབྱེད་ཡོད༔ ཟླ་བ་ལ་ནི་དངོས་པོ་སྲིད༔ ཆུ་ཟླ་ལ་ནི་དངོས་པོ་མེད༔ འཆར་ཚུལ་འབྲེལ་བ་ལྟོས་ཆོས་ཙམ༔ དེ་བས་ཀུན་རྫོབ་དོན་དམ་གཉིས༔ སོ་སོ་ཉིད་དུ་ཤན་འབྱེད་བྱ༔ དེ་ཕྱིར་སེམས་ནི་རྫུན་དུ་ཐལ༔ རིག་པ་བདེན་པའི་དབྱིངས་སུ་ངེས༔ སེམས་དང་རིག་པ་གཅིག་མི་གཅིག༔ རིག་པ་རིག་པའི་དབྱིངས་སུ་རྫོགས༔ སེམས་ནི་འཁྲུལ་ངོར་གཉིས་སུ་འཛིན༔ འཁྲུལ་དང་མ་འཁྲུལ་ཁྱད་ཡོད་དམ༔ ཡོད་ན་འཁྲུལ་པ་གང་ནས་བྱུང༔ མེད་ན་དབྱེ་བ་གང་གིས་འབྱེད༔ སེམས་དང་རིག་པ་ཁྱད་ཆེ་སྟེ༔ རིག་དང་མ་རིག་ངོ་བོས་སྟོང༔ ལྟོས་ཆོས་ཙམ་དུ་གཅིག་ན་ཡང༔ འཕྲོ་གཞི་ཞེས་པའི་དབྱིངས་གཅིག་ཀྱང༔ འོད་དང་མུན་པ་ག་ལ་གཅིག༔ འོད་ཀྱི་ཚེ་ན་མུན་པ་ཅི༔ མུན་པའི་ཚེ་ན་འོད་གང་ཐལ༔ དེ་གཉིས་རྣམ་པའི་ཚུལ་དུ་དབྱེ༔ རིག་པ་ནམ་མཁའི་དཀྱིལ་ལྟར་དྭངས༔ སེམས་ནི་ཁུ་རླངས་ལྟ་བུ་འོ༔ དེ་བས་ནམ་མཁའ་ཁུ་རླངས་གཉིས༔ དབྱེ་བ་ཡོད་པ་སུས་ཀྱང་ངེས༔ དེ་ཕྱིར་སེམས་རིག་སོ་སོར་དབྱེ༔ རིག་པ་ཀུན་གཞི་དྭངས་གསལ་ལ༔ སེམས་ནི་མ་རིག་དབྱིངས་སུ་འཐུམ༔ མ་ཡེངས་ཚེ་ན་རིག་པ་ཡིན༔ ཡེངས་པ་དག་ནི་སེམས་ཡིན་ནོ༔ དེ་བས་ཤིན་ཏུ་ཤན་འབྱེད་གཅེས༔ ད་ནི་རྗེས་མེད་ལ་བཟླ་སྟེ༔ ཀུན་རྫོབ་དོན་དམ་གཉིས་པོ་ནི༔ དོན་དམ་བདེན་པ་མཐོང་བའི་ཕྱིར༔ ཀུན་རྫོབ་འཁྲུལ་པའི་ལས་སྒྲིབ་རྣམས༔ ཀུན་རྫོབ་བྱ་བའི་ཆོས་ཀྱིས་བཀྲུ༔ ནོར་བུ་འདམ་གྱིས་གོས་པ་དག༔ འདམ་ནི་ཆུ་ཡིས་སྦྱངས་བཞིན་ནོ༔ དོན་དམ་ཀུན་རྫོབ་བློའི་སྒྲིབ་པ༔ ཀུན་རྫོབ་མཚན་ཉིད་དུ་མས་བརྟག༔ དོན་དུ་ཀུན་རྫོབ་ཐམས་ཅད་ཀྱང༔ དོན་དམ་དབྱིངས་ལས་གཞན་མེད་ཅིང༔ དེ་བས་སེམས་དང་རིག་པ་གཉིས༔ ཏིལ་དང་ཁུ་བ་ཇི་བཞིན་ནོ༔ རིག་དང་མ་རིག་ཁྱད་པར་ཅེས༔ རྣམ་པའི་ཆ་ལ་སོ་སོ་ཙམ༔ ངོ་བོའི་ཆ་ལ་དབྱེ་བ་མེད༔ རིག་ན་སེམས་དེ་རིག་པར་འདུ༔ རིག་པ་ཡེ་ཤེས་གཅིག་པུ་འོ༔ ཡེ་ཤེས་ཟང་ཐལ་གྱི་དགོངས་པ་ཤན་འབྱེད་ཅིང་ལ་བཟླའོ༔ ནང་སྐོར་ཁྲིད་ཀྱི་རྗེས་འབྲེལ་རྫོགས་སོ༔ ས་མ་ཡ་རྒྱ་རྒྱ༔ གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ །ཞུས་སོ།། །།

དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ནང་སྐོར་མཁའ་འགྲོའི་སྒྲུབ་ཐབས་ (Volume 62, Text 56)

༁ྃ༔ དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ནང་སྐོར་མཁའ་འགྲོའི་སྒྲུབ་ཐབས་བཞུགས་སོ༔ སྡེ་གསུམ་ནང་སྐོར་ཀློང་སྡེ། ྈྈྈྈྈྈྈ ན་མོ་གུ་རུ་དྷཱ་ཀི་ནཱི་ཡེ༔ ནང་སྐོར་མཁའ་འགྲོའི་སྒྲུབ་ཐབས་ནི༔ རང་བྱུང་ཡེ་ཤེས་ཕོ་བྲང་དུ༔ མཁའ་འགྲོ་ཆོས་འབྱུང་འབར་བའི་དཀྱིལ༔ དམིགས་པ་མེད་པའི་ལྟ་བའི་ཀློང༔ རང་བཞིན་གསལ་དྭངས་སྒོམ་པར་ཤར༔ བདེ་བ་ཆེན་པོའི་སྤྱོད་པའི་སྐུ༔ ཟུང་འཇུག་ཤིན་ཏུ་རྣམ་དག་པའི༔ རོལ་པ་བདེ་བའི་སྟོབས་ལྡན་མ༔ འབུམ་ཕྲག་མཁའ་འགྲོ་ཀུན་གྱི་གཙོ༔ མཐིང་ནག་ནམ་མཁའ་དྭངས་པའི་མདོག༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་གཡོ༔ ཕྱག་གཡས་ཐོད་པའི་ཅང་ཏེའུ་འཁྲོལ༔ གཡོན་པས་བྷནྡྷ་ཁྲག་བཀང་གསོལ༔ ཞི་ཆགས་ཁྲོས་པའི་ཉམས་འགྱུར་རྫོགས༔ སྐྲ་གྲོལ་ཐོར་གཙུག་ནོར་བུ་དང༔ རིན་ཆེན་རུས་པ་དར་སྣས་བརྒྱན༔ ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་བའི༔ བདེ་བ་ཆེན་པོའི་གར་སྟབས་ཀྱིས༔ ཡེ་ཤེས་མེ་ཕུང་འཇའ་འོད་ཀློང༔ པད་ཉི་བམ་རོའི་སྙིང་གར་བརྫིས༔ ཁ་ཊྭཱཾ་ག་ནི་མཆན་གཡོན་བརྟེན༔ ཕྱི་རོལ་ཆོས་འབྱུང་ཟུར་དྲུག་ལ༔ མདུན་ནས་བརྩམ་སྟེ་གཡས་སྐོར་དུ༔ རྡོ་རྗེ་ཕག་མོ་ནམ་མཁའི་མདངས༔ གཤིན་རྗེ་བརྟན་མ་གསེར་འོད་འཚེར༔ རྨོངས་པར་བྱེད་མ་ཟླ་ལྟར་དཀར༔ སྐྱེད་པར་བྱེད་མ་སྐུ་མདོག་སེར༔ སྒྲོལ་བར་བྱེད་མ་མརྒད་མདོག༔ གཏུམ་མོ་དུ་བའི་མདོག་ཅན་རྣམས༔ རྒྱན་དང་ཕྱག་མཚན་གཙོ་མོའི་ཚུལ༔ ཚོགས་དྲུག་རྟོག་པ་དབྱིངས་ཐིམ་པའི༔ ཡེ་ཤེས་དྲུག་གི་སྐུ་རུ་བཞེངས༔ གཞན་ཡང་རིག་འཛིན་བླ་མ་དང༔ ཡི་དམ་ཞི་ཁྲོ་རབ་འབྱམས་ལྷ༔ གནས་གསུམ་དཔའ་བོ་རྣལ་འབྱོར་མ༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་དང༔ ཆོས་སྲུང་དྲེགས་པ་སྤྲིན་ལྟར་གཏིབས༔ ཆུ་ཟླ་འཇའ་ཚོན་ཇི་བཞིན་དུ༔ སྣང་སྟོང་ཟུང་འཇུག་ཆེན་པོར་གསལ༔ བྱིན་རླབས་དབང་བསྐུར་སྤྱན་འདྲེན་སོགས༔ དོན་གྱི་ཕྲིན་ལས་ཅི་རིགས་དང༔ སྣང་སྲིད་གཞིར་བཞེངས་དཀྱིལ་འཁོར་གྱི༔ ཏིང་འཛིན་གསལ་བརྟན་མཐར་ཕྱིན་བྱ༔ ཡང་དག་ཛཔ྄་ཀྱི་དགོངས་པ་ནི༔ རང་ཉིད་བདེ་བའི་སྟོབས་ལྡན་མའི༔ ཐུགས་ཀར་ཙིཏྟ་རིན་པོ་ཆེ༔ ཟུར་དྲུག་མཆོང་གུར་ལྟ་བུའི་དབུས༔ ཉི་ཟླའི་གྭ་འུ་ཁ་སྦྱོར་ནང༔ བཾ་ཡིག་མར་མེ་ལྟར་འབར་བའི༔ ནཱ་ད་ལས་ཀྱི་སྔགས་ཀྱི་ཕྲེང༔ མགལ་མེ་ལྟ་བུར་འཁོར་བ་ཡིས༔ བདེ་ཆེན་རྩོལ་མེད་སྐྱེ་བར་བསམ༔ ཨཱོྃ་བཾ་བུདྡྷ་ཀྲོ་དྷཱི་ཤྭ་རཱི་མ་ཧཱ་སུ་ཁ་སིདྡྷི་ཧཱུྃ་ཧཱུྃ༔ འབུམ་ཕྲག་བཞི་བཟླས་དངོས་གྲུབ་ཐོབ༔ བསྙེན་པ་ཐོན་ནས་སྒྲུབ་པ་ནི༔ ཙིཏྟ་རིན་ཆེན་འབར་བའི་དབུས༔ ཨེ་བསྣོལ་ཟུར་དྲུག་ལྟེ་བ་རུ༔ ཉི་ཟླ་ཁ་སྦྱོར་བཾ་གྱིས་མཚན༔ རྩིབས་ལ་ཡི་གེ་འབྲུ་དྲུག་ཤར༔ ཨེ་ཡཾ་ཧཾ་ལཾ་རཾ་ཧཱུྃ༔ ཨེ་ནི་རྡོ་རྗེ་ཕག་མོ་སྟེ༔ ཡཾ་ནི་གཤིན་རྗེ་བརྟན་མ་སེར༔ ཧཾ་ནི་རྨོངས་པར་བྱེད་མ་དཀར༔ ལཾ་ནི་སྐྱེད་པར་བྱེད་མ་སེར༔ རཾ་ནི་སྒྲོལ་བར་བྱེད་མ་ལྗང༔ ཧཱུྃ་ནི་གཏུམ་མོ་དུ་བའི་མདོག༔ ངོ་བོ་ལྷ་ལ་རྣམ་པ་སྔགས༔ རྣམ་ཤེས་ཚོགས་དྲུག་རྣམ་དག་པའི༔ ཡེ་ཤེས་དྲུག་གི་ངོ་བོར་ལྟ༔ རྡོ་རྗེའི་སྔགས་ཀྱི་སྒྲས་བསྐུལ་བས༔ རབ་འབྱམས་ཞིང་གི་དྷཱ་ཀི་ནཱི༔ ཐམས་ཅད་བདེ་བ་ཆེན་པོས་བརྙེས༔ བདེ་ཆེན་ཡེ་ཤེས་རྩོལ་མེད་འབར༔ བདེ་བའི་བདུད་རྩིར་ཞུ་བ་ཉིད༔ བདག་ཐིམ་བྱིན་རླབས་འབར་བར་བསམ༔ ཨཱོྃ་བཾ་ཨེ་ཡཾ་ཧཾ་ལཾ་རཾ་ཧཱུྃ་མ་ཧཱ་སུ་ཁ་སིདྡྷི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཐུན་མཚམས་སིནྡྷུ་ཆང་སྦྱར་བའི༔ བདུད་རྩིའི་སྙིང་གའི་ཐིག་ལེ་མཆོད༔ དེ་ལྟར་རྩེ་གཅིག་ཁྲི་ཕྲག་བཞི༔ བཟླས་པས་བདེ་ཆེན་ཡེ་ཤེས་སྐྱེ༔ གསལ་ཞིང་མི་རྟོག་དབྱེར་མེད་པའི༔ དོན་གྱི་མཁའ་འགྲོ་དངོས་སུ་འགྲུབ༔ ལས་སྦྱོར་མདུན་དུ་ཀ་པཱ་ལ༔ མཚན་ལྡན་བདུད་རྩི་རིལ་བུ་དང༔ དར་སྣ་རིན་ཆེན་འབྲུ་སྨན་བཀང༔ རང་གི་མདུན་དུ་བཤམས་ནས་ཀྱང༔ རང་མདུན་དུར་ཁྲོད་འཇིགས་པའི་དབུས༔ ཀེང་རུས་བརྩེགས་པའི་རི་བྲག་སྟེང༔ ཡི་གེ་ཛ་དྷཱ་ད་གསུམ་ལས༔ ལས་བྱེད་མཁའ་འགྲོ་རྣམ་པ་གསུམ༔ དམར་མཐིང་དཀར་བའི་མདངས་དང་ལྡན༔ ཞལ་གསུམ་ཕྱག་བཞིའི་དང་པོ་གཉིས༔ རྡོ་རྗེ་སྡིགས་མཛུབ་ཁ་ཊྭཱཾ་གསོར༔ ཐ་མ་ཌཱ་རུ་ཐོད་ཆང་བསྣམས༔ དར་དང་རིན་ཆེན་རུས་པས་བརྒྱན༔ པདྨ་ཉི་མ་བཾ་རོའི་སྟེང༔ རོལ་པའི་སྟབས་ཀྱིས་བཞུགས་པར་བསམ༔ དམ་ཚིག་ཡེ་ཤེས་དབྱེར་མེད་བསྒོམ༔ བདག་ཉིད་མཁའ་འགྲོ་སྟོབས་ལྡན་མའི༔ ཐུགས་ནས་འཕྲོས་པའི་འོད་ཟེར་གྱིས༔ མཁའ་འགྲོ་གསུམ་གྱི་རྒྱུད་བསྐུལ་ཞིང༔ དེ་ལས་རང་འདྲ་མཁའ་ཁྱབ་འཕྲོས༔ རྒྱལ་བ་སྲས་བཅས་རྩ་གསུམ་ལྷ༔ མཁའ་འགྲོ་དམ་ཅན་ཚོགས་བཅས་ལ༔ བདེ་ཆེན་ཡེ་ཤེས་མཆོད་པར་འབུལ༔ བདེ་བ་ཆེན་པོའི་དངོས་གྲུབ་བཅུད༔ མདུན་གྱི་སྒྲུབ་པའི་རྫས་ལ་ཐིམ༔ འཇིག་རྟེན་འཇིག་རྟེན་འདས་པ་ཡི༔ དངོས་གྲུབ་ཀུན་གྱི་དབྱིག་ཏུ་བསམ༔ ཨཱོྃ་ཛ་ཧ་ན་དྷ་ཧ་ན་ད་ཧ་ན་སིདྡྷི་ཧཱུྃ༔ ཁྲི་ཕྲག་གཅིག་གིས་མཚན་མ་ཐོབ༔ རྟགས་མཚན་འགྱངས་ན་སྔགས་ཤམ་གདགས༔ སརྦ་སིདྡྷི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ་སྡུས་སྡུས་ཝཱ་ཤཾ་ཀུ་རུ་ཛཿཧཱུྃ་བཾ་ཧོ༔ འོད་དང་སྒྲ་སོགས་རྟགས་མཐོང་ཚེ༔ དངོས་གྲུབ་བླང་ཞིང་གསང་སྟེ་བཅང༔ འཇིག་རྟེན་འཇིག་རྟེན་འདས་པ་ཡི༔ སིདྡྷི་ཐམས་ཅད་བརྟན་པར་འགྱུར༔ ཁྱད་པར་བདེ་ཆེན་འབར་གཡོ་བརྟན༔ མངོན་སུམ་ཡེ་ཤེས་སྣང་བ་འཆར༔ དེ་ལྟ་བུ་ཡི་གསང་སྒྲུབ་འདི༔ བཻ་རོ་བདག་གི་ཐུགས་ཁྲག་སྟེ༔ དཔེ་རྒྱུད་འཆོལ་བར་བསྟན་པ་ལས༔ སྙན་བརྒྱུད་མན་ངག་ཉམས་པའི་ཚེ༔ ཡེ་ཤེས་སྙིང་པོ་ཚིག་གི་རྒྱུད༔ མངའ་བདག་ཡབ་སྲས་རྣམ་འཕྲུལ་སོགས༔ སྐལ་ལྡན་འགའ་ལ་སྣང་བར་འགྱུར༔ ཤིན་ཏུ་གསང་བ་དམ་ཚིག་གོ༔ ས་མ་ཡ་རྒྱ་རྒྱ༔ དེ་ལྟ་བུ་ཡི་བསྙེན་སྒྲུབ་དང༔ ལས་སྦྱོར་ཚུལ་བཞིན་ཉམས་ལེན་ཚེ༔ ཕྱི་དཀྱིལ་ཕྱི་རུ་བཀོད་པ་ནི༔ མདུན་དུ་ཟངས་ཀྱི་མཎྜལ་དབུས༔ ཆོས་འབྱུང་བསྣོལ་མའི་ལྟེ་བ་རུ༔ མེ་ཏོག་དམར་པོའི་ཚོམ་བུ་དགོད༔ དེ་སྟེང་བདུད་རྩིའི་ཐོད་པ་དང༔ མེ་ལོང་སིནྡྷུའི་ཆོས་འབྱུང་དཀྱིལ༔ བཾ་དང་རྩིབས་དྲུག་ཨེ་ཡཾ་སོགས།སྔགས་བཅས་བྲི༔ ཕྱི་ནང་ཚོགས་མཆོད་ཅི་འབྱོར་བཤམས༔ ལས་གཞུང་བསྲང་ལ་བསྙེན་སྔགས་བཟླ༔ ༈ ནང་དཀྱིལ་ལུས་ལ་དགོད་པ་ནི༔ དར་རས་གྲོ་ཤོག་དམར་པོ་ལ༔ བླ་མ་ཡབ་ཡུམ་བྱང་སེམས་དང༔ རང་བྱུང་ཅུ་གང་སིནྡྷུ་ར༔ མཚལ་དང་སྦྱར་ནས་ཆོས་འབྱུང་ནི༔ ཟུར་དྲུག་མུ་ཁྱུད་དང་བཅས་པའི༔ ལྟེ་བ་རྩིབས་ལ་ས་བོན་དང༔ མུ་ཁྱུད་དང་པོར་བསྙེན་སྒྲུབ་ཀྱི༔ སྔགས་མཐར་ཤམ་བུ་འདི་སྤེལ་བྲི༔ སརྦ་བུདྡྷ་ཀྲོ་དྷཱི་ཤྭ་རཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨཱ་བེ་ཤ་ཡ་ཧྲཱིཾ་ཧྲཱིཾ་ཕེཾ་ཛཿཧཱུྃ་བཾ་ཧོ༔ གཉིས་པར་དབྱངས་གསལ་རྟེན་སྙིང་དང༔ གསུམ་པ་རྡོར་ར་མེ་རིས་བརྒྱན༔ འབྲི་བའི་རྫས་ཀྱིས་བྱུག་ནས་ཀྱང༔ རབ་གནས་མི་ལག་མ་བརྒྱུད་པར༔ ལུས་ཀྱི་དྲོད་དང་མ་བྲལ་བཅང༔ ལས་ཀྱི་གཞུང་བསྲང་སྒྲུབ་པའི་སྔགས༔ གཙོ་བོར་བྱས་ནས་བཟླས་པར་བྱ༔ ༈ གསང་དཀྱིལ་སེམས་ལ་དགོད་པ་ནི༔ མཚན་མེད་ཟབ་མོའི་རྫོགས་རིམ་སྟེ༔ ཐུན་དང་ཐུན་མཚམས་ཐམས་ཅད་དུ༔ སྔོན་འགྲོའི་རིམ་པས་རྒྱུད་སྦྱངས་ཏེ༔ བདེ་བའི་སྟན་ལ་ལུས་གནད་བསྲང༔ རླུང་རོ་བསལ་ཞིང་འོག་གི་རླུང༔ ཡིད་ཙམ་འཐེན་ལ་ལྟེ་བར་བསྐྱིལ༔ ལུས་སེམས་བདེ་བས་ཁྱབ་པར་བསམ༔ དབང་པོའི་སྒོ་རྣམས་མ་བཀག་ཅིང༔ ཁྱད་པར་མིག་འབྲས་མི་གཡོ་བར༔ ནམ་མཁའི་དབྱིངས་སུ་ཧ་རེ་གཏོད༔ གསལ་སྟོང་བརྗོད་མེད་ལམ་དུ་ཁྱེར༔ མཐར་ཐུག་རང་སེམས་མ་བཅོས་པ༔ དུས་གསུམ་སྤྲོས་ལས་འདས་པའི་ཀློང༔ མི་རྟོག་བསམ་འདས་བརྗོད་མེད་ངང༔ ཆུ་བོའི་རྒྱུན་གྱི་རྣལ་འབྱོར་བསྐྱངས༔ བདེ་གསལ་མི་རྟོག་དབྱེར་མེད་པ༔ དོན་གྱི་བཛྲ་ཌཱ་ཀི་ནཱིའི༔ དཀྱིལ་འཁོར་མངོན་སུམ་མཐོང་བ་སྟེ༔ མཉམ་རྗེས་ཀུན་ཏུ་རང་ངོ་སྐྱོངས༔ དེ་ནི་མཆོག་གི་ལས་སྦྱོར་ཏེ༔ ཐུན་མོང་ལས་སྦྱོར་གཞུང་ལྟར་བྱ༔ འདི་ལྟར་སྒོམ་པའི་རྣལ་འབྱོར་པས༔ དངོས་གྲུབ་རྣམ་གཉིས་མྱུར་དུ་འཐོབ༔ དེ་ཕྱིར་སྙིང་ལ་གཅེས་པར་ཟུངས༔ ས་མ་ཡ་རྒྱ་རྒྱ༔ སློབ་མ་རྗེས་གཟུང་དབང་བསྐུར་ནི༔ དཀྱིལ་འཁོར་གསུམ་དང་མཆོད་གཏོར་བཤམས༔ བདག་མདུན་བུམ་པ་དབྱེར་མེད་པའི༔ དོན་གྱི་ཕྲིན་ལས་གཞུང་བསྲང་བཟླ༔ སྣོད་ལྡན་ཁྲུས་བྱ་བགེགས་ཕྲལ་བསྲུང༔ མཎྜལ་ཕུལ་ནས་གསོལ་གདབ་ནི༔ བདེ་གསལ་མི་རྟོག་དབྱེར་མེད་པའི༔ བླ་མ་རྡོ་རྗེ་བཙུན་མོ་ཡིས༔ ཐུགས་རྗེ་བརྩེ་བས་ཉེར་དགོངས་ནས༔ བྱིན་རླབས་དབང་མཆོག་བསྩལ་དུ་གསོལ༔ ལན་གསུམ་སྐྱབས་སེམས་ཚོགས་གསག་དང༔ སྡོམ་གཟུང་ཡེ་ཤེས་དབབ་བརྟན་བྱ༔ གསང་བའི་བུམ་པ་སྤྱི་བོར་བཞག༔ ཨཱོྃ༔ བདེ་ཆེན་བདུད་རྩིའི་ཐོད་པ་ལ༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་རྫོགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྣང་སྟོང་བདེ་མཆོག་མངོན་གྱུར་ཤོག༔ སྔགས་མཐར༔ ཀ་ལ་ཤ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ལྷ་ཚོགས་འོད་ཞུ་བདུད་རྩི་སྦྱིན༔ ཨཱ༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས༔ འོད་ཞུ་བྱང་སེམས་བདུད་རྩིའི་བཅུད༔ རིགས་ཀྱི་བུ་ལ་སྦྱིན་པ་ཡིས༔ གསལ་སྟོང་དགོངས་པ་མངོན་གྱུར་ཤོག༔ གུ་ཧྱ་ཛྙཱ་ན་ཨ་མྲྀཏ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ མཐའ་རྟེན་བཟླས་པའི་ལུང་ཡང་འབོགས༔ སིནྡྷུའི་མཎྜལ་ལག་ཏུ་གཏད༔ སྔགས་ཀྱི་ཐིག་ལེ་སྙིང་གར་དགོད༔ ཧཱུྃ༔ རྣམ་ཐར་གསུམ་ལྡན་དགའ་བ་བཞི༔ མཚོན་བྱེད་རྟགས་ཀྱི་མཎྜལ་ལ༔ རིགས་ཀྱི་བུ་ལ་གཏད་པ་ཡིས༔ མི་རྟོག་ཡེ་ཤེས་ཉམས་མྱོང་ཤོག༔ སིནྡྷུ་ར་མཎྜ་ལ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དབྱེར་མེད་ངང་དུ་མཉམ་པར་བཞག༔ ཧོ༔ བདེ་གསལ་མི་རྟོག་དབྱེར་མེད་པ༔ ཟུང་འཇུག་ཤིན་ཏུ་རྣམ་དག་ངང༔ རིགས་ཀྱི་བུ་ལ་བྱིན་བརླབས་པས༔ ཀློང་ལྔའི་ཡེ་ཤེས་མཐར་ཕྱིན་ཤོག༔ ཛྙཱ་ན་དྷཱ་ཏུ་ཨ་ཨ་ཨ༔ རྗེས་ཀྱི་རིམ་པ་སྤྱི་ལྟར་བྱ༔ དེ་ལྟ་བུ་ཡི་དབང་མཆོག་འདི༔ དགོངས་པ་མངོན་གྱུར་སློབ་དཔོན་གྱིས༔ སྣོད་དང་སྐལ་ལྡན་སློབ་མ་ལ༔ ཚུལ་བཞིན་སྨིན་པའི་དབང་བསྐུར་བས༔ རྩ་ཁམས་རླུང་ལ་བྱིན་ཕེབས་ནས༔ བདེ་གསལ་མི་རྟོག་དབྱེར་མེད་པའི༔ ཀློང་ཆེན་ཀུན་ཏུ་བཟང་མོའི་དབྱིངས༔ སྐུ་དང་ཡེ་ཤེས་མྱུར་འགྲུབ་འགྱུར༔ དེ་ཕྱིར་ཤིན་ཏུ་གཅེས་པར་ཟུངས༔ ས་མ་ཡ་རྒྱ་རྒྱ༔ ཨ་ཏི་གུ་ཧྱ་ས་མ་ཡ༔ གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །།

དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ གསང་སྐོར་བླ་མའི་སྒྲུབ་ཐབས་ (Volume 62, Text 57)

༁ྃ༔ དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ གསང་སྐོར་བླ་མའི་སྒྲུབ་ཐབས་བཞུགས༔ སྡེ་གསུམ་གསང་སྐོར་མན་ངག་སྡེ། ྈྈྈྈ ན་མསྶརྦ་གུ་རུ་ཡེ༔ གསང་སྐོར་བླ་མའི་སྒྲུབ་ཐབས་ནི༔ ཧཱུྃ༔ དབྱིངས་ཉིད་གདོད་ནས་རྣམ་པར་དག༔ ཨཱ༔ ཡེ་ཤེས་རིག་རྩལ་ཀུན་ལ་ཁྱབ༔ ཨཱོྃ༔ ཟུང་འཇུག་འདུས་མ་བྱས་པའི་ཀློང༔ འཁོར་འདས་སྣོད་བཅུད་སྟོང་པར་ཐིམ༔ སྟོང་པའི་རང་མདངས་འགགས་མེད་ལས༔ དབྱིངས་ཕྱུག་ཡུམ་ལྔའི་འབྱུང་རིམ་དང༔ རི་རབ་ལྷུན་པོ་བརྗིད་པའི་རྩེར༔ རྡོ་རྗེའི་སྲུང་འཁོར་དུར་ཁྲོད་དང༔ ཡེ་ཤེས་རང་སྣང་ཕོ་བྲང་དབུས༔ སེང་ཁྲི་པད་ཉི་ཟླ་བའི་སྟེང༔ གང་འདུལ་ཐུགས་རྗེའི་རོལ་པའི་རྩལ༔ གཟུགས་ཀྱི་སྐུར་བཞེངས་ཤྲཱི་སིཾ༔ དམར་སྨུག་ཤིན་ཏུ་བརྗིད་པའི་སྐུ༔ རྣལ་འབྱོར་བརྟུལ་ཞུགས་སྤྱོད་པའི་ཚུལ༔ ཁྲོ་འཛུམ་གཟི་བྱིན་རབ་ཏུ་འབར༔ ཡེ་ཤེས་ལྟ་སྟངས་དབྱིངས་ལ་གཟིར༔ ཕྱག་གཡས་ལྕགས་ཀྱུའི་ཕྱག་རྒྱ་ཡིས༔ འཁོར་འདས་ཀུན་གྱི་དྭངས་མ་བསྡུས༔ གཡོན་པའི་བདེ་སྐྱོང་སྣོད་དུ་བསྐྱིལ༔ མེ་ཏོག་ཕྲེང་བས་ཐོད་བཅིངས་ཤིང༔ ཐོད་སྐམ་ཅོད་པན་འཁོར་ལོ་སོགས༔ རིན་ཆེན་རུས་པའི་རྒྱན་གྱིས་བརྒྱན༔ དར་གྱི་ན་བཟའ་སྟག་ཤམ་གསོལ༔ ཞབས་ཟུང་གཡོན་བརྐྱང་ཕྱེད་སྐྱིལ་བཞུགས༔ སྤྱི་བོར་ཆོས་སྐུ་ཀུན་ཏུ་བཟང༔ མཐིང་གསལ་མཉམ་གཞག་ཡུམ་དང་འཁྲིལ༔ མགྲིན་པར་རྡོར་སེམས་ཡབ་ཡུམ་དཀར༔ རྡོ་རྗེ་དྲིལ་འཛིན་ལོངས་སྐུའི་ཆས༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི༔ དགའ་རབ་རྡོ་རྗེ་སྤྲུལ་སྐུའི་ཚུལ༔ མཉམ་གཞག་སྐྱིལ་ཀྲུང་མཚན་དཔེ་འབར༔ ཕྱི་རོལ་པདྨ་འདབ་བཞི་ལ༔ ཤར་དུ་ཨིནྡྲ་བྷཱུ་ཏི་མཆོག༔ དཀར་གསལ་ཆོས་འཆད་གླེགས་བམ་འཛིན༔ རྒྱལ་པོའི་ཆ་ལུགས་གཟི་བརྗིད་འབར༔ ལྷོ་རུ་འཆི་མེད་པདྨ་འབྱུང༔ གསེར་མདོག་རྡོ་རྗེ་བྷནྡྷ་བསྣམས༔ ཞི་འཛུམ་གསང་ཕོད་ཆོས་གོས་གསོལ༔ ནུབ་ཏུ་འོད་གསལ་བི་མ་ལ༔ དམར་གསལ་མཉམ་གཞག་ཚེ་བུམ་ཅན༔ ཐོར་ཚུགས་རས་གཟན་དྲང་སྲོང་ཚུལ༔ བྱང་དུ་དམ་པ་ཡེ་ཤེས་མདོ༔ དཀར་ལྗང་ཆོས་འཆད་གླེགས་བམ་འཆང༔ པཎྜི་ཏ་ཡི་ཆ་བྱད་ཅན༔ དེ་ཕྱིར་རིན་ཆེན་ཟུར་བརྒྱད་ལ༔ ཤར་དུ་བཛྲ་ཧཱུྃ་ཀཱ་ར༔ རྡོ་རྗེ་རྩེ་དགུ་ཐོད་ཁྲག་འཛིན༔ རྣལ་འབྱོར་སྤྱོད་པའི་ཆས་སུ་བཞུགས༔ ལྷོ་རུ་ཁྲག་འཐུང་ནག་པོ་ནི༔ སྨུག་ནག་བེར་ཕྱམ་ཐོད་ཁྲག་འཛིན༔ རྣལ་འབྱོར་རུས་པའི་རྒྱན་ཅན་བསྒོམ༔ ནུབ་ཏུ་སློབ་དཔོན་ཀླུ་སྒྲུབ་སྙིང༔ དཀར་སྨུག་སྤྲུལ་སྐུའི་ཆ་ལུགས་ཅན༔ ཕྱག་གཉིས་དབང་གི་པད་དབྱུག་དང༔ བྷནྡྷ་བདུད་རྩིས་གང་བ་བསྣམས༔ བྱང་དུ་པྲ་ཆེན་ཧསྟི་ནི༔ ལྗང་གསལ་རྡོ་རྗེ་ཕུར་བུ་འཛིན༔ རྣལ་འབྱོར་བརྟུལ་ཞུགས་སྤྱོད་པའི་ཚུལ༔ ཤར་ལྷོར་དྷ་ན་སཾསྐྲྀཏ༔ དཀར་སྨུག་གྲི་གུག་ཐོད་ཁྲག་བསྣམས༔ རྣལ་འབྱོར་རུས་རྒྱན་སྟག་ཤམ་འཕྱང༔ ལྷོ་ནུབ་ལས་ཀྱི་དབང་མོ་ཆེ༔ དཀར་སྨུག་རྣལ་འབྱོར་མ་ཡི་ཚུལ༔ ཌཱ་རུ་ཐོད་ཁྲག་ཁ་ཊྭཱཾ་འཆང༔ བདེ་བ་ཆེན་པོའི་གར་སྟབས་བསྒྱུར༔ ནུབ་བྱང་རམྦི་གུ་ཧྱ་ནི༔ སྨུག་ནག་ལྕགས་ཀྱུ་ཐོད་ཁྲག་འཛིན༔ ཐོད་སྐམ་དར་དང་སྟག་ཤམ་རྒྱན༔ བྱང་ཤར་ཤཱནྟིཾ་གརྦྷ་ནི༔ ནག་པོ་ཁྲོ་ཚུལ་ཐོད་རྒྱན་ཅན༔ ཐོ་བ་ཐོད་པ་ཁྲག་བཀང་བསྣམས༔ རུས་རྒྱན་སྟག་ཤམ་དར་དཔྱང་འཕུར༔ ཀུན་ཀྱང་ཡེ་ཤེས་འོད་ཀྱི་ཀློང༔ པད་ཉི་ཟླ་བའི་གདན་སྟེང་དུ༔ གཡོན་བརྐྱང་ཚུལ་གྱིས་འགྱིངས་ཏེ་བཞེངས༔ གསང་ཡུམ་འཁོར་སློབ་དཔའ་བོ་ཐབས༔ མཁའ་འགྲོ་རྒྱ་མཚོའི་སྤྲིན་ཕུང་འཕྲོ༔ གཞན་ཡང་རྩ་གསུམ་རབ་འབྱམས་ལྷ༔ ཏིལ་གྱི་གོང་བུ་ཁ་བྱེ་ལྟར༔ ཆུ་ཟླ་འཇའ་ཚོན་བཞིན་དུ་ཤར༔ སྣང་སྲིད་གཞིར་བཞེངས་ཕྱག་རྒྱར་རྫོགས༔ བྱིན་རླབས་དབང་བསྐུར་སྤྱན་དྲང་སོགས༔ དོན་གྱི་ཕྲིན་ལས་ཅི་རིགས་བྱ༔ དག་པ་རབ་འབྱམས་བསྐྱེད་རིམ་ལ༔ གསལ་བརྟན་དག་དྲན་མཐར་ཕྱིན་བསླབ༔ ཡན་ལག་བཟླས་པའི་རྣལ་འབྱོར་ནི༔ ཡེ་ཤེས་སེམས་དཔའི་ཐུགས་དབུས་སུ༔ ཙིཏྟ་མཆོང་གུར་སྨུག་པོའི་ཀློང༔ ཉི་ཟླ་ཁ་སྦྱོར་ལྟེ་བར་ཧྲཱི༔ དེ་མཐར་རྡོ་རྗེའི་སྔགས་ཀྱིས་བསྐོར༔ རྩེ་གཅིག་སེམས་བཟུང་བཟླས་པ་ཡིས༔ ཡེ་ཤེས་འོད་ཟེར་མཁའ་ཁྱབ་འཕྲོས༔ རྩ་གསུམ་རྒྱལ་བ་རབ་འབྱམས་དང༔ ཁྱད་པར་འོད་གསལ་རྫོགས་ཆེན་གྱི༔ རིན་འཛིན་བླ་མའི་ཐུགས་རྒྱུད་བསྐུལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་དབྱིག༔ ལྷ་སྔགས་ཕྱག་མཚན་འོད་ཟེར་གྱི༔ རྣམ་པར་སྤྱན་དྲངས་ཧྲཱིཿལ་ཐིམ༔ བྱིན་རླབས་དབང་དང་དངོས་གྲུབ་ཐོབ༔ དབྱིངས་རིག་དབྱེར་མེད་ངང་ནས་བཟླ༔ ཨཱོྃ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཤྲཱི་སིཾ་ཧ་སརྦ་སིདྡྷི་ཧཱུྃ༔ བསྙེན་པའི་སྔགས་འདི་འབུམ་ཕྲག་གསུམ༔ བཟླས་ཤིང་སྒྲུབ་པའི་སྐལ་ལྡན་དེ༔ རིག་འཛིན་མཆོག་དང་སྐལ་པ་མཉམ༔ དེ་ནས་སྒྲུབ་པའི་ཛཔ྄་དགོངས་ནི༔ སླར་ཡང་ཐུགས་སྲོག་སྔགས་ཕྲེང་ལས༔ འོད་འཕྲོས་སྐུ་གསུམ་སྟོན་པ་དང༔ འཁོར་ཚོགས་རྒྱ་མཚོའི་ཐུགས་དམ་བསྐུལ༔ དེ་རྣམས་གསང་གསུམ་འོད་ཟེར་གྱིས༔ སྣོད་བཅུད་ཐ་མལ་གཟུང་འཛིན་སྦྱངས༔ ལྷ་སྔགས་ཡེ་ཤེས་ཕྱག་རྒྱར་སད༔ ཚུར་འདུས་དངོས་གྲུབ་རྣམ་གཉིས་ཐོབ༔ བྱིན་རླབས་བརྟན་ཅིང་ནུས་ལྡན་བསམ༔ ཨཱོྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ྄༔ འབུམ་ཕྲག་གསུམ་གྱིས་འགྲུབ་པར་འགྱུར༔ ལས་སྦྱོར་ཐུན་མོང་རྡོ་རྗེའི་ཚེ༔ སྒྲུབ་ཅིང་བཟླས་པའི་རིམ་པ་ནི༔ ཐུགས་སྲོག་སྔགས་ཕྲེང་བཅས་པ་ལས༔ འོད་ཟེར་ལྕགས་ཀྱུ་མཁའ་ཁྱབ་འཕྲོས༔ རང་གཞན་བླ་ཚེ་ཡར་ཉམས་དང༔ འཁོར་འདས་སྲོག་གི་དྭངས་མའི་བཅུད༔ འཆི་མེད་བདུད་རྩིའི་རྣམ་པར་དྲངས༔ ཐུགས་སྲོག་ལ་ཐིམ་གཟི་བྱིན་འབར༔ སྒྲིབ་དག་ཚེ་དང་བསོད་ནམས་རྒྱས༔ ཡེ་ཤེས་རྡོ་རྗེའི་སྲོག་འགྲུབ་བསམ༔ ཨཱོྃ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ༔ འབུམ་ཕྲག་བཟླས་པས་འཆི་མེད་འགྲུབ༔ ཁྱད་པར་མཆོག་གི་ལས་སྦྱོར་ནི༔ དབྱིངས་ཀྱི་རང་ངོ་རྗེན་པར་བསྐྱང༔ རིག་གདངས་ལུ་གུ་རྒྱུད་ལ་གཟིར༔ ཉིན་མཚན་མུན་པའི་རྣལ་འབྱོར་གྱིས༔ སྣང་བཞི་མཐར་ཕྱིན་ཚེ་འདིར་འགྲུབ༔ ས་མ་ཡ༔ མན་ངག་སྙིང་གི་ཐིག་ལེ་ཡི༔ རིག་འཛིན་ཡོངས་རྫོགས་སྒྲུབ་པའི་ལུང༔ ཤིན་ཏུ་ཡང་ཟབ་གསང་སྐོར་བཅུད༔ སྐལ་ལྡན་མཆོག་གི་དཔལ་དུ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ་ས་མ་ཡ༔ གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའོ།། །།

གསང་སྐོར་བླ་མའི་སྐྱེད་བྱང་བསྡུས་པ་དང་མཚན་སྔགས་ (Volume 62, Text 58)

གསང་སྐོར་བླ་མའི་སྐྱེད་བྱང་བསྡུས་པ་དང་མཚན་སྔགས་བཞུགས། །དོན་དམ་སྐྱབས་སེམས་ཡན་བདུན་འབུལ༔་་་མན་ངག་སྡེ་ལྟར་སྦྱར།མཆན། ཧཱུྃ༔ ཀུན་གཞི་མི་དམིགས་རྣམ་པར་སྟོང༔ ཨཱ༔ རང་བཞིན་གསལ་བ་ཀུན་ལ་ཁྱབ༔ ཨཱོྃ༔ ཐུགས་རྗེ་སྣ་ཚོགས་སྤྲུལ་སྐུར་ཤར༔ རྒྱུ་ཡི་ཏིང་འཛིན་ཧྲཱིཿདམར་ལས༔ འབྱུང་བཞི་གཞལ་ཡས་ཁྲི་གདན་བསྐྱེད༔ ཤྲཱི་སིཾ་ཧ་དཀར་སྨུག་མདོག༔ གྲུབ་པའི་ཆ་ལུགས་རྡོར་དྲིལ་འཛིན༔ རིན་ཆེན་དར་སྟག་རུས་པས་བརྒྱན༔ ཡུམ་དམར་གྲི་ཐོད་འཛིན་འཁྱུད་བསྒོམ༔ སྤྱི་བོར་ཀུན་བཟང་ཡབ་ཡུམ་མཐིང༔ མགྲིན་པར་རྡོར་སེམས་ཡབ་ཡུམ་དཀར༔ ཐུགས་ཀར་དགའ་རབ་སྤྲུལ་སྐུའི་ཚུལ༔ ཕྱི་རོལ་པདྨ་འདབ་བཞི་ལ༔ ཤར་དུ་ཨིནྡྲ་བྷཱུ་ཏི་རྒྱལ༔ ལྷོ་རུ་པདྨ་འབྱུང་གནས་རྩལ༔ ནུབ་ཏུ་བི་མ་ལ་མི་ཏྲ༔ བྱང་དུ་ཛྙཱ་ན་སཱུ་ཏྲ་མཆོག༔ དེ་ཕྱིར་པདྨ་འདབ་བརྒྱད་ལ༔ ཤར་དུ་སློབ་དཔོན་ཧཱུྃ་ཀཱ་ར༔ ལྷོ་རུ་ཁྲག་འཐུང་ནག་པོ་འབར༔ ནུབ་ཏུ་ནཱ་ག་ཨརྫུ་ན༔ བྱང་དུ་པྲ་ཆེན་ཧསྟི་རྩལ༔ ཤར་ལྷོར་ངྷ་ན་སཾསྐྲྀཏ༔ ལྷོ་ནུབ་མཁའ་འགྲོ་ལས་དབང་མོ༔ ནུབ་བྱང་རམྦི་གུ་ཧྱ་ཟླ༔ བྱང་ཤར་ཤཱནྟིཾ་གརྦྷ་གསལ༔ དབང་བསྐུར་འགུགས་བསྟིམ་བཞུགས་ཕྱག་མཆོད༔ བསྟོད་ལ་ཐུགས་དབུས་ཟླ་ཧྲཱིཿའི་མཐར༔ ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་ཤྲཱི་སིཾ་ཧ་སིདྡྷི་ཧཱུྃ༔ སྤྱི་བོར་ཀུན་བཟང་ཡབ་ཡུམ་ལ་དམིགས་ཏེ། ཨཱོྃ་ཨཱཿགུ་རུ་ས་མནྟ་བྷ་དྲ་ཧཱུྃ༔ མགྲིན་པར་རྡོར་སེམས་ཡབ་ཡུམ་ལ་དམིགས་ཏེ། ཨཱོྃ་ཨཱཿགུ་རུ་བཛྲ་སཏྭ་ཧཱུྃ༔ སྙིང་གའི་དགའ་རབ་ལ་དམིགས་ཏེ། ཨཱོྃ་ཨཱཿགུ་རུ་པྲ་ཧེ་བཛྲ་ཧཱུྃ༔ སྤྲོ་ན་འཁོར་གྱི་རིག་འཛིན་རྣམས་ལ་དམིགས་ཏེ་དབང་གི་གཞུང་བཞིན་བཟླ། ཚོགས་འཁོར་རྗེས་བསྡུ་རྒྱུན་སྤྱོད་བྱ༔ འདི་ནི་མན་ངག་སྤྱི་ལ་གཅེས༔ ཀུན་གྱི་སྤྱི་དྲིལ་ཆེན་པོ་འོ༔ བྱང་བུ་རྣམས་ཀྱིས་བརྒྱན་བྱས་ཏེ༔ ཕྲིན་ལས་ནར་མར་བརྩོན་པར་བྱ༔ བསྐྱེད་རིམ་སྤྱི་ལ་གཅེས་པ་འོ༔ སམཔྟསྷྱ༔ ཤྲཱི་སིཾ་ཧའི་སྙིང་ཐིག་འདི༔ གུ་རུ་རྗེ་ལ་ལུང་ཞུས་ཏེ༔ ལས་ཅན་དོན་དུ་ཁོ་མོས་བརྗོད༔ ཟུར་མཁར་མེ་ཏོག་སྒྲོན་གྱིས་བྲིས༔ ལ་བསྭེའི་སྒྲོམ་དུ་བཞག་ནས་སུ༔ བོད་ཀྱི་ཤོད་བཞིའི་ཡ་གྱལ་སྟོད༔ གུ་རུ་པདྨའི་སྒྲུབ་གནས་མཆོག༔ འཛོམ་གྱི་བྲག་ལ་ཨ་ཐམ་རྒྱ༔ ལྷ་སྲས་ཡེ་ཤེས་རྩལ་ལ་སྤྲོད༔ ྈྈྈྈ ཅེས་པ་འདིའང་སྤྱི་ལ་གཅེས་པའི་བྱང་བུ་ཡི་གེའི་བར་ནས་རྙེད་དེ། གཏེར་སྤྲུལ་རཏྣ་ཨཀྵརཤཱསནདྷྭཛ་ལ་བཀའ་དབང་འབུལ་སྐབས་བན་རྒན་རཏྣས་བྲིས་པའི་ཡི་གེ་པ་ཞུ་བ་པོ་ཉིད་དོ། །དགེའོ།། །། ࿊ ཨིནྡྲ་བྷཱུ་ཏི། ཨཱོྃ་ཨཱཿགུ་རུ་ཨིནྡྲ་བྷཱུ་ཏི་ཧཱུྃ༔ པདྨ་འབྱུང་གནས། ཨཱོྃ་ཨཱཿགུ་རུ་པདྨ་སཾ་བྷ་ཝ་ཧཱུྃ༔ བི་མ་མི་ཏྲ། ཨཱོྃ་ཨཱཿགུ་རུ་བི་མ་ལ་མི་ཏྲ་ཧཱུྃ༔ པན་ཆེན་ཛྙཱ་ན་སཱུ་ཏྲ། ཨཱོྃ་ཨཱཿགུ་རུ་ཛྙཱ་ན་སཱུ་ཏྲ་ཧཱུྃ༔ སློབ་དཔོན་ཧཱུྃ་ཀཱ་ར། ཨཱོྃ་ཨཱཿགུ་རུ་ཧཱུྃ་ཀཱ་ར་ཧཱུྃ༔ ཁྲག་འཐུང་ནག་པོ། ཨཱོྃ་ཨཱཿགུ་རུ་ཧེ་རུ་ཀཿཀཱ་ལ་ཧཱུྃ༔ ཀླུ་སྒྲུབ། ཨཱོྃ་ཨཱཿགུ་རུ་ནཱ་གཱརྫུ་ན་ཧཱུྃ༔ པྲ་བྷ་ཧསྟི། ཨཱོྃ་ཨཱཿགུ་རུ་པྲ་བྷཱ་ཧསྟི་ཧཱུྃ༔ ངྷ་ན་སཾསྐྲྀཏ། ཨཱོྃ་ཨཱཿགུ་རུ་ངྷ་ན་སཾསྐྲྀཏ་ཧཱུྃ༔ མཁའ་འགྲོ་ལས་ཀྱི་དབང་མོ། ཨཱོྃ་ཨཱཿགུ་རུ་ཀརྨ་ཨིནྡྲ་ཎཱི་ཧཱུྃ༔ རམྦི་གུ་ཧྱ། ཨཱོྃ་ཨཱཿརམྦི་གུ་ཧྱ་ཧཱུྃ༔ ཤཱནྟིཾ་གརྦྷ། ཨཱོྃ་ཨཱཿགུ་རུ་ཤཱནྟིཾ་གརྦྷ་ཧཱུྃ༔

དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ གསང་སྐོར་བླ་མ་རིག་འཛིན་ཡོངས་རྫོགས་དབང་ཆོག་ (Volume 62, Text 59)

༁ྃ༔ དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ གསང་སྐོར་བླ་མ་རིག་འཛིན་ཡོངས་རྫོགས་དབང་ཆོག་བཞུགས་སོ༔ སྡེ་གསུམ་གསང་སྐོར་མན་ངག་སྡེ། ྈྈྈ ན་མོ་གུ་རུ་ཡེ༔ གསང་སྐོར་བླ་མའི་དབང་བསྐུར་ལ༔ སྤྱི་དང་བྱེ་བྲག་ཁྱད་པར་གསུམ༔ དེ་ལས་རིག་འཛིན་ཡོངས་རྫོགས་ཀྱི༔ སྤྱི་དབང་རྒྱས་པར་བསྐུར་བ་ནི༔ དབེན་པའི་གནས་སུ་དཀྱིལ་འཁོར་སྟེང༔ མཚན་མའི་དབང་རྫས་ཚོགས་པ་དང༔ ཕྱི་ནང་མཆོད་གཏོར་ལེགས་པར་བཤམས༔ དོན་གྱི་ཕྲིན་ལས་གཞུང་བསྲངས་ལ༔ བཟླས་པས་རྒྱུད་བསྐུལ་ནུས་ལྡན་བསྒྲུབས༔ དེ་ནས་སྣོད་ལྡན་ངེས་པ་ཡི༔ སློབ་མ་ཁྲུས་བྱས་བགེགས་བསལ་ལ༔ མཚམས་གཅོད་ཡོན་འབུལ་མིག་དགབ་ཅིང༔ མེ་ཏོག་ཐོགས་ལ་གསོལ་བ་གདབ༔ ཧོ༔ བརྒྱུད་གསུམ་རྒྱལ་བ་རིག་འཛིན་དང༔ དབྱེར་མེད་རྡོ་རྗེ་སློབ་དཔོན་གྱིས༔ བདག་ལ་བརྩེ་བས་ཉེར་དགོངས་ནས༔ སྨིན་གྲོལ་དབང་མཆོག་བསྩལ་དུ་གསོལ༔ ལན་གསུམ་གསོལ་ལ་ལན་སྦྱིན་པ༔ རིག་འཛིན་ཡོངས་རྫོགས་དཀྱིལ་འཁོར་འདིར༔ འཇུག་པའི་སྐལ་ལྡན་རེ་རེ་ཙམ༔ རྒྱུད་སྦྱང་དམ་ཚིག་སྡོམ་པ་གཟུང༔ ཚུལ་བཞིན་སྒྲུབ་ལ་བརྩོན་ནུས་སམ༔ སློབ་མས་དེ་ལྟར་ཁས་བླང་ནི༔ ཇི་ལྟར་བཀའ་བསྩལ་བདག་གིས་བགྱིད༔ ངེས་པར་རྗེས་སུ་གཟུང་མཛད་གསོལ༔ སྐྱབས་སེམས་ཚོགས་གསག་སྔོན་འགྲོ་བས༔ སྡོམ་པ་ཁས་བླངས་ཇི་བཞིན་བསྲུང༔ ཧོ༔ བདེ་བར་གཤེགས་པ་ཁྱེད་ཅི་འདྲ༔ དེ་འདྲ་ཁོ་ནར་བདག་གྱུར་ཅིག༔ སྤྲུལ་སྐུའི་སྟོན་པས་བཤད་པ་ཡི༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ ལོངས་སྐུའི་སྟོན་པས་བཤད་པ་ཡི༔ རིགས་ལྔའི་སྡོམ་པ་མ་ལུས་གཟུང༔ ཁྱད་པར་རིག་འཛིན་ཡོངས་རྫོགས་ཀྱི༔ ཉི་ཤུ་ལྔ་དང་བྱེ་བྲག་ཏུ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམས༔ ཇི་ལྟར་བསྟན་པ་བདག་གིས་གཟུང༔ སྲོག་གི་ཕྱིར་ཡང་མི་གཏོང་ན༔ རིག་འཛིན་རིག་མཆོག་བསྩལ་དུ་གསོལ༔ ཞེས་པས་ཁས་བླངས་དམ་གཞག་བྱ༔ གསང་སྐོར་ཡི་དམ་ཁྲོ་བོའི་དབང་གི་སྐབས་ལྟར་ལ་ཚིག་ཟུར་ཅུང་ཟད་བསྒྱུར་ཏེ།་་་ཤྲཱི་སིཾ་ཧ་ང་ཡིན་གྱིས༔ ང་ལ་སོགས། ཡེ་ཤེས་དབབ་ཅིང་བརྟན་པར་བྱ༔་་་སློབ་མ་འཇིགས་མེད་ཤྲཱི་སིཾ་ཧར་གསལ་བའི༔ ཞེས་སོགས་སམ། མངོན་རྟོགས་མདོར་བསྡུས་འབོགས། ཏིཥྛ་བཛྲས་བརྟན། མེ་ཏོག་འབུལ་ཞིང་སྤྱི་བོར་འཆིང༔་་་རིག་འཛིན་ཡོངས་རྫོགས་ཕོ་བྲང་དུ༔སོགས་དང་། ཧོ༔ རིག་འཛིན་རོལ་པའི་དཀྱིལ་འཁོར་འདིར༔སོགས་ནས། མིག་དར་དགྲོལ་ཞིང་དཀྱིལ་འཁོར་བསྟན༔་་་ཐབས་མཁས་རྒྱལ་པོ་རིག་འཛིན་ཆེས༔སོགས་དང་། དེང་འདིར་རིག་པ་འཛིན་བདག་གིས༔སོགས། ཧོ༔ རིག་འཛིན་རོལ་པའི་ཕོ་བྲང་དང༔ ཡེ་ཤེས་ཀྱི་བུམ་པ་དབྱེར་མེད་པའི་ནང་དུ༔ བདེ་གཤེགས་ཀུན་འདུས་འཇིགས་མེད་ཤྲཱི་སིཾ་ཧ་དང་བརྒྱུད་གསུམ་རིག་འཛིན་རྒྱ་མཚོའི་ཚོགས་རྣམས་གཙོ་འཁོར་གྱི་ཚུལ་དུ་བཞུགས་པ་སོགས་ནས། སེམས་ཉིད་བརྒྱུད་གསུམ་རིག་འཛིན་བླ་མའི་བདག་ཉིད་ཆེན་པོར་རྫོགས་པའི་སོགས། དེ་ལྟར་འཇུག་པ་སྔོན་འགྲོ་བས༔ དངོས་གཞི་མཎྜལ་གསོལ་བ་གདབ༔་་་ཧོ༔ རིག་འཛིན་ཡོངས་རྫོགས་དཀྱིལ་འཁོར་འདིར༔ ཞུགས་ཀྱང་སོགས། ཐུན་མོང་རིག་པའི་དབང་ལྔའི་་་ཧཱུྃ༔ དབྱིངས་ཀྱི་བུམ་པར་སོགས།་་་ཟུང་འཇུག་རིག་འཛིན་རོལ་པའི་ལྷ༔སོགས་རྗེས༔ ལྷ་དབང་སོ་སོར་བསྐུར་བ་ནི༔ ཧཱུྃ༔ ཆོས་སྐུའི་སྟོན་མཆོག་འོད་མི་འགྱུར༔ ཀུན་ཏུ་བཟང་པོ་ཡབ་ཡུམ་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གཟུང་འཛིན་དབྱིངས་སུ་ཐིམ་པར་ཤོག༔ ཨཱོྃ་གུ་རུ་ས་མནྟ་བྷ་དྲ་ཨ་བྷི་ཥིཉྩ་ཨཱོྃ༔ ཨཱ༔ ལོངས་སྐུའི་སྟོན་མཆོག་དཀྱིལ་འཁོར་བདག༔ རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱིས༔ རིགས་ཀྱི་བུ་ལ་དབང༴ རིག་པའི་ཡེ་ཤེས་རང་སྣང་ཤོག༔ ཨཱོྃ་གུ་རུ་བཛྲ་སཏྭ་ཨ༴ ཨཱོྃ༔ སྤྲུལ་སྐུའི་སྟོན་པ་རིག་འཛིན་གཙོ༔ དགའ་རབ་དགྱེས་པ་རྡོ་རྗེ་ཡིས༔ རིགས་ཀྱི་བུ་ལ་དབང༴ ཡོངས་རྫོགས་མཆོག་གི་དབང་ཐོབ་ཤོག༔ ཨཱོྃ་གུ་རུ་པྲ་ཧེ་བཛྲ་ཨ༴ ཧྲཱི༔ སྐུ་གསུམ་དབྱེར་མེད་ཧེ་རུ་ཀ༔ འཇིགས་མེད་ཤྲཱི་སིཾ་ཧ་ཡིས༔ རིགས་ཀྱི་བུ་ལ༴ རིག་རྩལ་དབང་མཆོག་ཐོབ་པར་ཤོག༔ ཨཱོྃ་གུ་རུ་ཤྲཱི་སིཾ་ཧ་ཨ༴ ཧྲཱི༔ རྒྱུད་ལུང་མན་ངག་ཀུན་གྱི་བདག༔ རྒྱལ་ཆེན་ཨིནྡྲ་བྷཱུ་ཏི་ཡིས༔ རིགས་ཀྱི་བུ་ལ༴ གླེགས་བམ་དབང་མཆོག་ཐོབ་པར་ཤོག༔ ཨཱོྃ་གུ་རུ་ཨིནྡྲ་བྷཱུ་ཏི་ཨ༴ ཧྲཱི༔ རྩ་གསུམ་རྒྱ་མཚོའི་ཁྱབ་བདག་ཆེ༔ འཆི་མེད་པདྨ་འབྱུང་གནས་ཀྱིས༔ རིགས་ཀྱི་བུ་ལ༴ རབ་འབྱམས་དབང་མཆོག་ཐོབ་པར་ཤོག༔ ཨཱོྃ་གུ་རུ་པདྨ་སཾ་བྷ་བ་ཨ༴ ཧྲཱི༔ པཎ་གྲུབ་ལྔ་བརྒྱའི་གཙུག་གི་རྒྱན༔ སློབ་དཔོན་བི་མ་མི་ཏྲ་ཡིས༔ རིགས་ཀྱི་བུ་ལ༴ བཤེས་གཉེན་དབང་མཆོག་ཐོབ་པར་ཤོག༔ ཨཱོྃ་གུ་རུ་བི་མ་ལ་མི་ཏྲ་ཨ་བྷི༴ ཧྲཱི༔ སྣང་བཞི་མཐར་ཕྱིན་ཡེ་ཤེས་སྐུ༔ པཎ་ཆེན་ཛྙཱ་ན་སཱུ་ཏྲ་ཡིས༔ རིགས་ཀྱི་བུ་ལ༴ དགོངས་ཀློང་དབང་མཆོག་ཐོབ་པར་ཤོག༔ ཨཱོྃ་གུ་རུ་ཛྙཱ་ན་སཱུ་ཏྲ་ཨ༴ ཧྲཱི༔ ཡང་དག་གྲུབ་པའི་ཐིག་ལེའི་སྐུ༔ སློབ་དཔོན་རྡོ་རྗེ་ཧཱུྃ་ཀཱ་རས༔ རིགས་ཀྱི་བུ་ལ༴ མེ་ལོང་ཡེ་ཤེས་མངོན་གྱུར་ཤོག༔ ཨཱོྃ་གུ་རུ་ཧཱུྃ་ཀཱ་ར་ཨ༴ ཧཱུྃ༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེ་དངོས༔ སློབ་དཔོན་ཁྲག་འཐུང་ནག་པོ་ཡིས༔ རིགས་ཀྱི་བུ་ལ༴ མཉམ་ཉིད་ཡེ་ཤེས་མངོན་གྱུར་ཤོག༔ ཨཱོྃ་གུ་རུ་ཧེ་རུ་ཀཿཀཱ་ལ་ཨ༴ ཧྲཱི༔ དབང་ཆེན་རྟ་མཆོག་རོལ་པའི་གར༔ སློབ་དཔོན་ནཱ་གཱརྫུ་ནཿཡིས༔ རིགས་ཀྱི་བུ་ལ༴ སོར་རྟོག་ཡེ་ཤེས་མངོན་གྱུར་ཤོག༔ ཨཱོྃ་གུ་རུ་ནཱ་གཱརྫུ་ནཿཨ༴ ཧྲཱི༔ ཕྲིན་ལས་ལྷ་དང་གཉིས་སུ་མེད༔ སློབ་དཔོན་པྲ་ཆེན་ཧསྟི་ཡིས༔ རིགས་ཀྱི་བུ་ལ༴ བྱ་གྲུབ་ཡེ་ཤེས་མངོན་གྱུར་ཤོག༔ ཨཱོྃ་གུ་རུ་པྲ་བྷཱ་ཧསྟི་ཨ༴ ཧྲཱི༔ སྲིད་པ་མ་མོའི་འཁོར་ལོས་སྒྱུར༔ སློབ་དཔོན་དྷ་ན་སཾསྐྲྀཏས༔ རིགས་ཀྱི་བུ་ལ༴ ཀློང་གྱུར་ཡེ་ཤེས་མངོན་གྱུར་ཤོག༔ ཨཱོྃ་གུ་རུ་དྷ་ན་སཾསྐྲྀཏ་ཨ༴ ཧྲཱི༔ རིག་འཛིན་ཌཱ་ཀིའི་འཁོར་ལོས་སྒྱུར༔ མཁའ་འགྲོ་ལས་ཀྱི་དབང་མོ་ཆེས༔ རིགས་ཀྱི་བུ་ལ༴ ཕྱག་རྒྱའི་ཡེ་ཤེས་མངོན་གྱུར་ཤོག༔ ཨཱོྃ་གུ་རུ་ཀརྨ་ཨིནྡྲ་ཎཱི་ཨ༴ ཧྲཱི༔ དྲེགས་པ་ཟིལ་གནོན་སྟོབས་ཀྱི་བདག༔ སློབ་དཔོན་རམྦི་གུ་ཧྱ་ཡིས༔ རིགས་ཀྱི་བུ་ལ༴ དབྱིངས་གྲོལ་ཡེ་ཤེས་མངོན་གྱུར་ཤོག༔ ཨཱོྃ་གུ་རུ་རམྦི་གུ་ཧྱ་ཨ༴ ཧྲཱི༔ དྲག་སྔགས་དམོད་པའི་འཁོར་ལོས་སྒྱུར༔ སློབ་དཔོན་ཤཱནྟིཾ་གརྦྷ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ མཐའ་གྲོལ་ཡེ་ཤེས་མངོན་གྱུར་ཤོག༔ ཨཱོྃ་གུ་རུ་ཤཱནྟིཾ་གརྦྷ་ཨ་བྷི་ཥིཉྩ་ཨཱོྃ༔ ལྷ་དང་དབྱེར་མེད་རིག་འཛིན་རོལ་པའི་སྐུ་ཕྱག་རྒྱའི་དབང་བསྐུར་པས༔ དེང་ཕྱིན་ཆད་འདི་ལྟར་སྣང་ཞིང་བཏགས་པའི་ཆོས་ཐམས་ཅད་སྐུ་རྡོ་རྗེ་སྣང་སྟོང་ཟུང་འཇུག་གི་ཡེ་ཤེས་ཆེན་པོ་རང་ཤར་དུ་འཆར་བར་གྱུར་ཅིག༔ གསུང་དབང་ཛཔ྄་དགོངས་གསལ་བཏབ་ནས༔ བསྙེན་སྒྲུབ་ལས་ཀྱི་བཟླས་ལུང་སྦྱིན༔ སྔགས་ཕྲེང་མགྲིན་པར་བཞག་བྱས་ལ༔ ཨཱ༔ རིག་འཛིན་རོལ་པའི་ལྷ་ཚོགས་ཀྱི༔ བསྙེན་སྒྲུབ་ལས་སྦྱོར་རྡོ་རྗེའི་སྔགས༔ རིགས་ཀྱི་བུ་ལ་སྦྱིན་པ་ཡིས༔ གྲགས་སྟོང་རང་གྲོལ་དབང་ཐོབ་ཤོག༔ ཨཱོྃ་སརྦ་མ་ཧཱ་གུ་རུ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ སྔགས་དང་དབྱེར་མེད་པའི་རིག་འཛིན་རོལ་པའི་གསུང་བཟླས་པའི་དབང་བསྐུར་པས༔ དེང་ཕྱིན་ཆད་འདི་ལྟར་སྒྲར་སྣང་ཞིང་གྲགས་པའི་ཆོས་ཀུན་གསུང་རྡོ་རྗེ་གྲགས་སྟོང་ཟུང་འཇུག་གི་ཡེ་ཤེས་ཆེན་པོ་རང་ཤར་དུ་འཆར་བར་གྱུར་ཅིག༔ ཐུགས་དབང་དགོངས་པ་ངོ་སྤྲད་ཅིང༔ མི་འགྱུར་གཉུག་མའི་ངང་དུ་གཞག༔ རྡོ་རྗེ་མེ་ལོང་བརྡས་མཚོན་ཏེ༔ ཧཱུྃ༔ མི་འགྱུར་སྟོང་ཉིད་རྡོ་རྗེའི་དབྱིངས༔ རིག་པ་མེ་ལོང་གཟུགས་བཞིན་སྣང༔ ཟུང་འཇུག་བརྡ་ཡི་དབང་བསྐུར་བས༔ དབྱེར་མེད་ངེས་དོན་རྟོགས་པར་ཤོག༔ ཨཱོྃ་སརྦ་མ་ཧཱ་གུ་རུ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཆོས་ཉིད་བསམ་གྱིས་མི་ཁྱབ་པ་དང་དབྱེར་མེད་པ་རིག་འཛིན་རོལ་པའི་ཐུགས་དགོངས་པའི་དབང་བསྐུར་པས༔ དེང་ཕྱིན་ཆད་འདི་ལྟར་གཟུང་ཞིང་འཛིན་པའི་ཆོས་ཀུན་ཐུགས་རྡོ་རྗེ་རིག་སྟོང་ཟུང་འཇུག་གི་ཡེ་ཤེས་ཆེན་པོ་རང་ཤར་དུ་འཆར་བར་གྱུར་ཅིག༔ ཡོན་ཏན་ཡོངས་རྫོགས་ཆུ་བོ་བཞིན༔ རྡོ་རྗེ་སློབ་དཔོན་དབང་བསྐུར་ཕྱིར༔ སློབ་མ་སེང་གེའི་ཁྲི་ལ་བཞག༔ གདུགས་དང་རྒྱལ་མཚན་བ་དན་འཕྱར༔ མཆོད་པའི་སྤྲིན་གྱིས་མདུན་བདར་ཏེ༔ སོ་སོའི་རྫས་ཀྱིས་དབང་བསྐུར་བྱ༔ རྡོ་རྗེ་དྲིལ་བུ་ལག་ཏུ་གཏད༔ ལྷ་ཙཀ྄་སྦོམས་ཏེ་སྤྱི་བོར་བཞག༔ ཨཱོྃ༔ རང་སྣང་རྣམ་དག་ཡེ་ཤེས་ཕོ་བྲང་ཆེར༔ སེང་ཁྲི་པདྨ་ཉི་ཟླའི་གདན་སྟེང་དུ༔ སློབ་མ་རིགས་འདུས་ཤྲཱི་སིཾ་ཧ་རྩལ༔ དཀྱིལ་འཁོར་རྒྱ་མཚོའི་བདག་པོར་བཞུགས་པ་ཡི༔ སྟེང་དུ་གདུགས་ཕུབ་གཡས་གཡོན་རྒྱལ་མཚན་འཕྱར༔ དམ་ཚིག་གསུམ་ལྡན་རྡོ་རྗེ་དྲིལ་བུ་འཁྱུད༔ ཡེ་ཤེས་དཀྱིལ་འཁོར་རབ་འབྱམས་ཐམས་ཅད་ཀྱི༔ ཡི་དམ་ལྷ་དང་དབྱེར་མེད་དབང་བསྐུར་བས༔ དགོངས་པ་མི་འགྱུར་ལྷ་ཚོགས་རང་ལ་རྫོགས༔ རིག་རྩལ་རོལ་པ་དོན་གྱི་དབང་ཐོབ་ནས༔ ཀུན་བཟང་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག༔ ཨཱོྃ་བཛྲ་མ་ཧཱ་གུ་རུ་སརྦ་མཎྜ་ལ་ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཨཱ༔་་་ནང་རྒྱུད་ཡོ་ག་གསུམ་གྱི་གླེགས་བམ་གཅེས་བཏུས་ལག་ཏུ་བཞག །རྒྱུད་ལུང་མན་ངག་དམ་པའི་མཛོད་གསུམ་གྱི༔ ཆོས་བཀའ་གཏད་པ་གླེགས་བམ་དབང་བསྐུར་བས༔ ལུང་བསྟན་རྡོ་རྗེའི་ཡེ་ཤེས་རྒྱུད་ལ་ཤར༔ རབ་འབྱམས་ཆོས་སྒོ་འབྱེད་པའི་དབང་ཐོབ་ཤོག༔ ཨཱཿསརྦ་ཏནྟྲ་དྷརྨ་ཝཱ་ཀཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ ཆོས་གོས་རྣམ་གསུམ་དར་དང་རིན་ཆེན་རྒྱན༔ བེར་ཕོད་པདྨའི་སྙན་ཞུས་མངའ་གསོལ་བས༔ སྡོམ་པ་གསུམ་ལྡན་སྡེ་སྣོད་རྒྱུད་སྡེའི་བདག༔ དགེ་བའི་བཤེས་གཉེན་དབང་མཆོག་ཐོབ་པར་ཤོག༔ ཧཱུྃ་མ་ཧཱ་ཨཱ་ཙཱརྻ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ བཀྲ་ཤིས་བུམ་པ་ལྷ་ཡི་གཞལ་ཡས་ཁང༔ རྩ་གསུམ་འོད་ཞུ་བདེ་ཆེན་བདུད་རྩིས་བལྟམས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡོན་ཏན་ཡོངས་རྫོགས་མཆོག་གི་དབང་ཐོབ་ཤོག༔ ཨཱོྃ་ཨཱཿཧཱུྃ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཨ་བྷི་ཥིཉྩ་ཧོ༔ བྲལ་བ་དང་རྣམ་པར་སྨིན་པ་དང་དབྱེར་མེད་རིག་འཛིན་རོལ་པའི་ཡོན་ཏན་གྱི་དབང་བསྐུར་པས༔ དེང་ཕྱིན་ཆད་འདི་ལྟར་སྣང་བའི་ཡུལ་ཐམས་ཅད་ཡོན་ཏན་རྡོ་རྗེ་གསལ་སྟོང་ཟུང་འཇུག་གི་ཡེ་ཤེས་ཆེན་པོར་ལྷུན་གྱིས་གྲུབ་པར་གྱུར་ཅིག༔ ཕྲིན་ལས་སྒོམ་སྒྲུབ་འཆད་ཕྲིན་ཕྱིར༔ སྐུ་དང་བགྲང་ཕྲེང་གླེགས་བམ་དང༔ སྣ་ཚོགས་རྡོ་རྗེ་ལག་ཏུ་གཏད༔ ཧཱུྃ༔ རྩ་གསུམ་ལྷ་སྒོམ་རྩེ་གཅིག་སྒྲུབ་པ་དང༔ གཞན་དོན་འཆད་ཕྲིན་རབ་འབྱམས་དབང་བསྐུར་བས༔ རྒྱལ་བའི་གདུང་འཚོབ་འགྲོ་བའི་ཁ་ལོ་སྒྱུར༔ དོན་གཉིས་ལྷུན་གྲུབ་ཕྲིན་ལས་མཐར་ཕྱིན་ཤོག༔ ཨཱོྃ་ཨཱཿཧཱུྃ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཀརྨ་ཨ་བྷི་ཥིཉྩ་ཨཱོྃ༔ དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་མཛད་པ་དང་དབྱེར་མེད་པ་རིག་འཛིན་རོལ་པའི་ཕྲིན་ལས་ཀྱི་དབང་བསྐུར་པས༔ དེང་ཕྱིན་ཆད་བྱེད་སྤྱོད་ཐམས་ཅད་ཕྲིན་ལས་རྡོ་རྗེ་ཚོར་སྟོང་ཟུང་འཇུག་གི་ཡེ་ཤེས་ཆེན་པོ་རང་ཤར་དུ་སྣང་བར་གྱུར་ཅིག༔ དེ་ལྟར་བུམ་དབང་རྫོགས་པའི་རྗེས༔ སྨོན་ལམ་གདབ་ཅིང་ཤིས་པ་བརྗོད༔ མེ་ཏོག་ཆར་ཕབ་རོལ་མོར་བཅས༔ དབང་དོན་བརྟན་ཅིང་འཕེལ་བར་བྱ༔ ཧོ༔ སྐུ་གསུམ་སྟོན་པ་བླ་མ་རིག་འཛིན་ཡོངས་རྫོགས་ཀྱི་ཕྱི་མཚན་མའི་དཀྱིལ་འཁོར་དུ༔ སྤྲོས་བཅས་བུམ་པའི་དབང་བསྐུར་པས་སྐལ་ལྡན་རིག་པ་འཛིན་པ་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཐ་མལ་སྣང་ཞེན་གྱི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག༔ ལམ་སྣང་སྲིད་གཞིར་བཞེངས་རང་བྱུང་གི་དཀྱིལ་འཁོར་སྒོམ་པ་ལ་དབང༔ འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པར་གྱུར་ཅིག༔ དེ་ནས་ཟབ་མོའི་དབང་མཆོག་གསུམ༔ ཡི་དམ་ཁྲོ་བོའི་གཞུང་བཞིན་ལ༔ སྨོན་ལམ་གོང་གི་རིགས་འགྲེ་སྦྱར༔ མཐའ་རྟེན་བཀྲ་ཤིས་ཚེ་དབང་ནི༔ ཚེ་བཅུད་འགུགས་པ་སྔོན་འགྲོ་བས༔ ཚེ་ཡི་འབྲང་རྒྱས་སྤྱི་བོར་བཞག༔ ཧྲཱི༔ ཟླ་གམ་དབང་ཆེན་གཞོན་ནུ་བུམ་སྐུའི་དབྱིངས༔ ཡེ་ཤེས་རང་སྣང་འཆི་མེད་ལྷ་ཚོགས་བཞུགས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཚེ་དང་ཡེ་ཤེས་སྣང་བ་རྒྱས་པར་ཤོག༔ ལས་སྦྱོར་ཚེ་ཡི་སྔགས་ཀྱི་མཐར༔ ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཨཱ་ཡུཿཥེ་ཨ་བྷི་ཥིཉྩ་ཨཱོྃ༔ ཚེ་བཅུད་འདུས་པའི་བཟའ་བ་དང༔ བདུད་རྩིའི་བཏུང་བ་དག་ཀྱང་སྦྱིན༔ སྐུ་བསྟིམ་ཡེ་ཤེས་ཕྱག་རྒྱས་གདབ༔ རྡོ་རྗེ་སེམས་དཔའི་ཚེ་འཐོབ་འགྱུར༔ གཞན་ཡང་བཀྲ་ཤིས་རྫས་སྦྱིན་ཞིང༔ ཤིས་བརྗོད་མེ་ཏོག་ཆར་དུ་བསྙིལ༔ རྗེས་ལ་དམ་ཚིག་ཁས་བླང་དང༔ གཏང་རག་དགའ་སྟོན་སྤྱི་ལྟར་བྱ༔ ས་མ་ཡ༔ རྒྱ་རྒྱ༔ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པས་བདེ་ཆེན་པདྨ་ཤེལ་ཕུག་གི་གནམ་ཁུང་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །།

སངས་གླིང་བཀའ་ཐང་གི་ཤྲཱི་སིཾ་ཧའི་ཞལ་གདམས་ཀྱི་དྲིས་ལན་ཉུང་ངུ་རྣམ་གསལ་ (Volume 62, Text 60)

སངས་གླིང་བཀའ་ཐང་གི་ཤྲཱི་སིཾ་ཧའི་ཞལ་གདམས་ཀྱི་དྲིས་ལན་ཉུང་ངུ་རྣམ་གསལ་བཞུགས་སོ། །ཤྲཱི་སིཾ་ཧའི་ཞལ་གདམས་ཀྱི་དོན་ལ། གང་ཤར་མ་ཞེན་གང་ཤར་མ་ཞེན་ཅིག་གཉིས་ནི། ཕྱི་གཟུང་བའི་ཡུལ་ནང་འཛིན་པའི་སེམས་གཉིས་ལ་རྣམ་རྟོག་བཟང་ངན་གང་ཤར་ལ་ཞེན་པ་མ་ཞུགས་ཅིག་ཞེས་པའི་དོན་ཏེ། སེམས་སྣང་བས་ནི་མི་འཆིང་ཞེན་པས་འཆིང་། །ཞེན་པ་འདི་དུག་གི་རོ་ལྟར་སྤོངས། །ཞེས་སོ། །མ་ཤར་མ་ཤར་གཉིས་ནི། མ་འཁྲུལ་པའི་ཤེས་པ་གཏད་མེད་དེ། ཏཻ་ལོ་པས། སེམས་ལ་གཏད་སོ་མེད་ན་ཕྱག་ཆེན་ཡིན། །འདི་ལ་གོམས་ཤིང་འདྲིས་ན་བྱང་ཆུབ་ཐོབ། །ཅེས་སོ། །ཤར་ཤར་ཞེས་པ་གཉིས་ནི། འགྱུར་མེད་ཡོངས་གྲུབ་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་སོ་སོ་རང་གིས་རིག་པའི་སྤྱོད་ཡུལ་དུ་གྱུར་པ། ཤར་མ་ཞེན་ཞེས་པ་ནི། ཆོས་རྗེ་འཇིག་རྟེན་གསུམ་གྱི་མགོན་པོས། ཆེན་པོ་གསུམ་གྱིས་མ་རེག་རྟོག་པའི་མཆོག །ཅེས་གསུངས་པ་ལྟར། གཞི་དབུ་མ་ཆེན་པོ། ལམ་ཕྱག་རྒྱ་ཆེན་པོ། འབྲས་བུ་རྫོགས་པ་ཆེན་པོ་སྟེ། ཆེན་པོ་གསུམ་གྱིས་ཀྱང་མ་རེག་པ་དེ་ནི་རྟོགས་པའི་མཆོག་ཡིན་ནོ། །ཞེས་གསུངས་པ་དེའོ། །ཤར་གྲོལ་དུས་མཉམ་ཤར་གྲོལ་དུས་མཉམ་མོ༔ ཞེས་པ་གཉིས་ནི། སྒོམ་རབ་ལ་རྣམ་རྟོག་སྒོམ་དུ་ཤར་བ་རྣམ་རྟོག་ངོ་བོ་ཆོས་སྐུར་གསུངས་པ་དེའོ། །སྟོང་སྟོང་གཉིས་ནི། ཐག་ཁྲའི་སྦྲུལ་ལྟར་མེད་སྣང་གློ་བུར་བ། མི་སྟོང་མི་སྟོང་རྣམ་པར་སྟོང་ནི། མ་ཡིན་དགག་བླ་མེད་ཆོས་ཀྱི་གནས་ལུགས་མཐར་ཐུག་པ་ཡིན་ཏེ། རྒྱུད་བླ་མ་ལས། གློ་བུར་དག་གི་ཁམས་སྟོང་གི །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་གསུངས་པ་ལྟར་རོ། །མ་འགགས་མ་འགགས་ནི་སྐུ་དང་ཡེ་ཤེས། འགག་འགག་ནི་གཉིས་འཛིན་གྱི་འཁྲུལ་སྣང་། འགག་པ་མེད་ནི་རང་བྱུང་ལྷུན་གྲུབ་ཀྱི་ཆོས་རྣམས། ཡེ་སྟོང་ཡེ་སྟོང་རྣམ་སྟོང་རྣམ་པར་སྟོང་ནི། ཡེ་གདོད་མ་ནས་དངོས་པོར་གྲུབ་མ་མྱོང་བ་གཞི་མེད་རྩ་བྲལ་འཁོར་འདས་ཀུན་ཁྱབ་བོ། །སྟེང་འོག་བར་མཚམས་ཕྱོགས་མེད་ཀུན་ཤར་འདི་ནི། ཆོས་ཉིད་རིས་མེད་སྲིད་ཞི་ཀུན་ཁྱབ་ཀྱི་ཡེ་ཤེས་ཏེ་ཤྲཱི་སིཾ་ཧ་ང་ཡི་དགོངས་ཉམས་ཆོས་ཉིད་དོན་དམ་དབྱིངས་ཀྱི་གནད་དོན་དེ་ལྟར་ཤེས་པར་མཛོད་དང་། རིམ་བཞིན་ལྟ་སྤྱོད་ཀྱི་སྣོད་དུ་རུང་ནས་སྒོམ་པ་ཀུན་ཁྱབ་ཀྱི་ཡེ་ཤེས་དབྱེར་མེད་ཀྱི་ངང་དུ་མ་བཅོས་པར་བཞག་པས། གོམས་པ་ཀློང་དུ་གྱུར་པ་ན་འབད་རྩོལ་མི་དགོས་པར་ངང་གིས་འཆར་བར་འགྱུར་རོ། །ཞེས་གསུངས་རྡོ་རྗེ་ལྟ་བུའི་ཀློང་དུ་ཐིམ༔ ཞེས་པ་བཀྲ་ཤིས་ཟུར་མང་གླིང་གི་དགེ་སློང་ཀརྨ་ཚེ་བརྟན་གྱིས་བསྐུལ་ངོར། མཁན་པོ་འབར་བ་ཆེན་པོས་བཀའ་བཀྱོན་དང་བཅས་ཏེ་བྲིས་པའི་ཡི་གེ་པ་ནི་ཞུ་བ་པོ་ཉིད་ཀྱིས་བགྱིས་པ་འགྲོ་རྣམས་བདུད་བཞིའི་གཡུལ་ལས་རྒྱལ་ཞིང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མངའ་བརྙེས་པར་གྱུར་ཅིག །བི་ཛ་ཡནྟུ།། །།

དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ གསང་སྐོར་བླ་མ་རྣམས་ཀྱི་རྡོ་རྗེའི་གླུ་ (Volume 62, Text 61)

དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ གསང་སྐོར་བླ་མ་རྣམས་ཀྱི་རྡོ་རྗེའི་གླུ་བཞུགས་སོ༔ ྈྈྈྈ ན་མོ་གུ་རུ༔ གསང་སྐོར་བླ་མའི་གླུའི་སྡེ་ཚན་ལས༔ རྒྱལ་པོ་ཨིནྡྲ་བྷཱུ་ཏིའི་རྡོ་རྗེའི་གླུ༔ བདེ་ཆེན་རང་བྱུང་མཁའ་དབྱིངས་རྣམ་དག་པ༔ གནྡྷོ་ལ་ཡི་མཁའ་འགྲོའི་གྲོང་ཁྱེར་དུ༔ ཨིནྡྲ་བྷཱུ་ཏིའི་བླ་མེད་དོན་རྟོགས་ཏེ༔ ཨ་ཧོ༔ ཆོས་དབྱིངས་རང་བྱུང་རང་ཤར་དགོངས་པ་འདི༔ ལྟ་བ་མཐའ་བཞིའི་དྲི་མ་རང་སངས་ཉིད༔ སྒོམ་པ་བློ་ལས་འདས་ཤིང་འོད་གསལ་བ༔ སྤྱོད་པ་བྱར་མེད་ངང་དུ་ལྷུག་པར་བཞག༔ འབྲས་བུ་རང་ལས་རྙེད་པ་ངོ་མཚར་ཆེ༔ ༈ སློབ་དཔོན་བི་མ་མི་ཏྲའི་རྡོ་རྗེའི་གླུ༔ ཡེ་ཤེས་དབྱིངས་སུ་རྣམ་པར་དག་པ་ཡི༔ བདེ་ཆེན་བརྩེགས་པར་མཁའ་འགྲོ་དབྱིངས་ཕྱུག་མས༔ སློབ་དཔོན་མཆོད་པས་དེ་ཚེ་འདི་སྐད་གསུངས༔ ཨ་ཧོ༔ བདེ་ཆེན་ནམ་མཁའ་གང་བའི་དབྱིངས་སུ་དག༔ རང་བྱུང་རང་ཤར་རིག་པའི་ཀློང་དུ་ཐིམ༔ དབྱིངས་རིག་གཉིས་མེད་ཟུང་འཇུག་ལ་བཟླས་པས༔ འཁོར་འདས་ཀུན་ཁྱབ་ཧེ་རུ་ཀཿདཔལ་ལོ༔ ༈ འཆི་མེད་པདྨ་འབྱུང་གནས་རྡོ་རྗེའི་གླུ༔ རང་བྱུང་རང་ཤར་ཆོས་ཉིད་བསྟན་པའི་ཚེ༔ ལྷུན་གྲུབ་བརྩེགས་ཀྱི་བམ་རོའི་ཚལ་ཆེན་དུ༔ པདྨ་འབྱུང་གནས་བརྟུལ་ཞུགས་སྤྱོད་པའི་ཚེ༔ ཨ་ཧོ༔ ཤར་གྲོལ་དུས་མཉམ་རིག་པ་ཐོལ་བྱུང་ནི༔ འཇིགས་མེད་སྣང་མེད་འཛིན་མེད་ངང་དུ་སྤྱོད༔ ཀློང་ལས་ཤར་བའི་ཆོ་འཕྲུལ་ཅིར་བསྟན་ཀྱང༔ འཁོར་འདས་མཉམ་པ་ཉིད་དུ་བརྡལ་བ་འོ༔ ༈ སློབ་དཔོན་ཛྙཱ་ན་སཱུ་ཏྲའི་རྡོ་རྗེའི་གླུ༔ བདེ་བ་ཆེན་པོའི་ཡེ་ཤེས་ཆེས་འཕགས་པ༔ ཛྙཱ་ན་སཱུ་ཏྲ་བྲག་དམར་དབེན་རྩ་རུ༔ མཁའ་འགྲོ་རྣམས་དང་ཚོགས་འཁོར་བསྐོར་བའི་ཚེ༔ ཨ་ཧོ༔ བདེ་བ་ནམ་མཁའི་ཀློང་དུ་བསྟིམས་བྱས་པས༔ བདེ་སྟོང་རྒྱ་ཆེ་ཁྱབ་བརྡལ་ནམ་མཁའ་འདྲ༔ ཞེན་པ་མེད་པ་བདེ་བའི་འཁོར་ལོ་ལ༔ ལུས་ངག་ཡིད་གསུམ་བདེ་བ་ཆེན་པོར་ཤར༔ ༈ སློབ་དཔོན་ཧཱུྃ་ཀཱ་ར་ཡི་རྡོ་རྗེའི་གླུ༔ རིག་པ་ཐོག་འབེབ་འཁྲུལ་པའི་ཚང་ཚིང་བསྲེགས༔ བསིལ་བའི་ཚལ་དུ་ཧཱུྃ་ཆེན་དགོངས་པར་བཞུགས༔ བྲམ་ཟེའི་བུ་མོས་ཚོགས་ཀྱིས་མཆོད་པའི་ཚེ༔ ཨ་ཧོ༔ རང་བྱུང་རང་ཤར་དཔལ་ཆེན་ཧེ་རུ་ཀ༔ འཁོར་བའི་ཁྲག་འཐུང་སྟོང་ཉིད་དབྱིངས་སུ་སྦྱོར༔ རིག་པ་གཏིང་གསལ་ཆོས་ཉིད་ཀློང་ཡངས་སུ༔ སྣང་བ་ཅི་ཤར་ནམ་མཁར་སྤྲིན་དེངས་འདྲ༔ ༈ སློབ་དཔོན་ཁྲག་འཐུང་ནག་པོའི་རྡོ་རྗེའི་གླུ༔ རང་སེམས་གཉུག་མའི་ངང་དུ་རྫོགས་པ་ལས༔ རྫུ་འཕྲུལ་ཆེར་སྣང་རྩུབ་འགྱུར་ཚལ་ཆེན་པོར༔ བམ་ཆེན་ཚོགས་ཀྱི་འདུ་བར་ལོངས་སྤྱོད་ཚེ༔ ཨ་ཧོ༔ བདག་འཛིན་རྣམ་རྟོག་རྩད་ནས་བཅད་པ་ལས༔ རིག་པའི་སྟོང་སྲོག་འཁོར་ལོ་ནམ་མཁར་བསྐོར༔ ཉོན་མོངས་རྣམ་རྟོག་བྱེ་བ་ཕྲག་བརྒྱ་བསད༔ ཐམས་ཅད་ཡེ་ཤེས་རོལ་པའི་རྒྱན་དུ་ཤར༔ ༈ སློབ་དཔོན་ཀླུ་སྒྲུབ་སྙིང་པོའི་རྡོ་རྗེའི་གླུ༔ སྒྱུ་མ་ལྟ་བུའི་རང་གསལ་རྟོགས་པ་ལས༔ དཔལ་གྱི་རི་ལ་མཁས་པ་ལྔ་བརྒྱའི་དབུས༔ ནཱ་གཱརྫུ་ནས་སྐྱེ་མེད་གླུ་འདི་བླངས༔ ཨ་ཧོ༔ འོད་གསལ་བྱང་ཆུབ་སེམས་འདི་ཀུན་ལ་ཁྱབ༔ རིག་པའི་རང་རྩལ་སྣང་སྲིད་དབང་དུ་བསྡུས༔ སེམས་ཀྱིས་སྣང་སྲིད་ཀུན་ལ་ཐལ་ལེར་གསལ༔ སྣང་བ་གང་ཤར་སྐྱེ་མེད་སྒྱུ་མར་ལྟོས༔ ༈ སློབ་དཔོན་པྲ་བྷཱ་ཧསྟིའི་རྡོ་རྗེའི་གླུ༔ འཛིན་པ་རབ་ཏུ་གཞོམ་པ་རྡོ་རྗེའི་ཀློང༔ པདྨ་བརྩེགས་སུ་བདེ་བ་ཆེན་པོ་བརྙེས༔ པྲ་ཆེན་ཧསྟིས་རྡོ་རྗེའི་གླུ་བླངས་པ༔ ཨ་ཧོ༔ རྐྱེན་གྱིས་གཡོ་བ་མེད་པའི་རིག་པ་ལ༔ འཛིན་པ་དུ་མས་བཅིངས་པ་སེམས་ཀྱི་གོས༔ རང་ཤར་ཀློང་དུ་འཛིན་མེད་ཟང་ཐལ་གསལ༔ སེམས་ཉིད་རྣམ་པར་དག་པའི་རིག་པ་ཤར༔ ༈ སློབ་དཔོན་དྷ་ན་སཾསྐྲྀའི་རྡོ་རྗེའི་མགུར༔ བརྗོད་ཚིག་བྲལ་བའི་ཡེ་ཤེས་བརྙེས་པ་ལས༔ རྡོ་རྗེ་གདན་གྱི་གཙུག་ལག་ཁང་ཆེན་དུ༔ གྲུབ་པའི་དབང་ཕྱུག་ཐམས་ཅད་འདུས་པའི་ཚེ༔ དྷ་ན་སཾསྐྲྀས་འཇིགས་མེད་གླུ་འདི་བླངས༔ ཨ་ཧོ༔ བརྗོད་མེད་སེམས་ལ་རིག་པས་བལྟ་མི་འཚལ༔ རྣམ་པར་དག་པའི་རིག་པ་ངང་གིས་རྫོགས༔ རིག་པ་དྭངས་གསལ་རྙོག་པ་མེད་པ་སྟེ༔ རྩ་རླུང་བྱང་ཆུབ་སེམས་རྣམས་ཐ་མི་དད༔ ༈ མཁའ་འགྲོ་ལས་ཀྱི་དབང་མོའི་རྡོ་རྗེའི་མགུར༔ མཁའ་དབྱིངས་རྣམ་པར་དག་པ་ཀུན་ཁྱབ་པ༔ ཉི་ཟླའི་ཁང་བུར་ལས་ཀྱི་དབང་མོ་ཆེས༔ ཡེ་ཤེས་མཁའ་འགྲོ་བྱེ་བ་འདུས་པའི་ཚེ༔ ཨ་ཧོ༔ ཆོས་ཀྱི་དབྱིངས་ནི་གཟུང་དུ་མེད་པ་སྟེ༔ ཀུན་ལ་གསལ་ཞིང་དམིགས་པའི་མཐའ་དང་བྲལ༔ བརྗོད་མེད་ཉག་གཅིག་བདེ་བ་ཆེན་པོ་འདི༔ སངས་རྒྱས་ཀུན་གྱི་གོ་འཕང་བླ་མེད་དོ༔ ༈ སློབ་དཔོན་རམྦི་གུ་ཧྱའི་རྡོ་རྗེའི་གླུ༔ ཀློང་ནས་ཅི་ཤར་ཆོས་དབྱིངས་ཀློང་དུ་གྲོལ༔ ནྱ་གྲོ་དྷ་ཡི་མཆོད་རྟེན་ཆེན་མོའི་དྲུང༔ བམ་རོའི་སྒྲུབ་པ་མཛད་པའི་གུང་གསེང་ལ༔ རམྦི་གུ་ཧྱས་རྡོ་རྗེའི་ཚིག་འདི་གསུངས༔ ཨ་ཧོ༔ དམིགས་སུ་མེད་ལ་ཆད་པའི་མཐའ་དང་བྲལ༔ ཅིར་ཡང་འཆར་ཞིང་རྟག་པའི་ཡུལ་ལས་འདས༔ གསལ་སྟོང་ཟུང་འཇུག་དབྱིངས་རིག་གཉིས་སུ་མེད༔ གང་ཡང་ཤར་བ་འདི་ཀ་ཆོས་ཉིད་དོ༔༈ སློབ་དཔོན་ཤཱནྟིཾ་གརྦྷའི་རྡོ་རྗེའི་གླུ༔ རྣམ་རྟོག་ཆོས་ཉིད་ཀློང་དུ་གྲོལ་བ་ལ༔ མཆོད་རྟེན་གཟི་འབར་དྲུང་དུ་དྲེགས་པ་ཅན༔ ལྷ་འདྲེ་ཀུན་གྱི་སྟོང་སྲོག་བཅད་པའི་ཚེ༔ ཤཱནྟིཾ་གརྦྷས་ཧཱུྃ་གི་གླུ་འདི་བླངས༔ ཨ་ཧོ༔ རྣམ་རྟོག་ཐམས་ཅད་སྐྱེ་མེད་ངང་དུ་ཧཱུྃ༔ འགགས་མེད་གང་ཤར་རིག་པ་ཧཱུྃ་གིས་སྦྱོར༔ རང་བྱུང་རིག་པའི་ཧཱུྃ་གིས་མ་རིག་གསོད༔ བདག་ཏུ་འཛིན་པ་གཞོམ་པའི་ཧཱུྃ་སྒྲ་ཆེ༔ ཧཱུྃ་ཧཱུྃ་ཧཱུྃ༔ གསང་སྐོར་རིག་འཛིན་རྣམས་ཀྱི་རྡོ་རྗེའི་གླུ་ཡང་དག་པའོ༔ ས་མ་ཡ་རྒྱ་རྒྱ༔ ྈྈྈྈ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །།

ཟབ་མོ་རྫོགས་ཆེན་སྡེ་གསུམ་ལས༔ གསང་སྐོར་ཡི་དམ་ཞི་སྒྲུབ་ (Volume 62, Text 62)

ཟབ་མོ་རྫོགས་ཆེན་སྡེ་གསུམ་ལས༔ གསང་སྐོར་ཡི་དམ་ཞི་སྒྲུབ་བཞུགས༔ ྈྈྈྈ ན་མོ་གུ་རུ། གསང་སྐོར་ཡི་དམ་ཞི་སྒྲུབ་ནི༔ ཨ༔ མ་བཅོས་གསལ་རྫོགས་ཀུན་ཏུ་བཟང༔ ཞལ་ཕྱག་མཚན་མའི་སྐུ་རུ་བཞེངས༔ ཕུང་པོ་ལྔ་ཉིད་བདེ་གཤེགས་ལྔ༔ འབྱུང་བ་ལྔ་པོ་ཡུམ་ཆེན་ལྔ༔ ཚོགས་ཡུལ་སེམས་དཔའ་ལྕམ་དྲལ་བརྒྱད༔ རིགས་དྲུག་གནས་དག་ཐུབ་པ་དྲུག༔ ཕྲིན་ལས་ལྷུན་གྲུབ་སྒོ་སྐྱོང་བརྒྱད༔ བཞི་བཅུ་རྩ་གཉིས་ཞི་བའི་ལྷ༔ ཡེ་ཤེས་ཐིག་ལེ་གཅིག་ཏུ་འཁྱིལ༔ གདོད་ནས་དམ་ཡེ་དབྱེར་མེད་ངང༔ འགྱུར་མེད་ཡོངས་གྲུབ་ངང་དུ་རྫོགས༔ ཨ༔ བརྗོད་མེད་འབྲུ་གཅིག་ཡིད་ཀྱིས་བཟླ༔ ཨོཾ་བོ་དྷི་ཙིཏྟ་ས་མནྟ་བྷ་དྲ་ཨ༔ ལྷ་རྟོགས་དབྱེར་མེད་ངང་ནས་བཟླས༔ སྤྲོ་ན་ལྷ་ལ་སེམས་བཟུང་ནས༔ ཞི་བའི་བསྐྱེད་སྔགས་བཟླ་བ་འམ༔ ཞི་བའི་སྤྱི་དྲིལ་ཛཔ྄་སྔགས་བཟླ༔ ྈྈྈྈྈ དབང་དང་བྱིན་གྱིས་རློབ་པའི་སྐབས། །ཀུན༵་བཟ༵ང་དོན༵་གྱི་ཕྲི༵ན་ལས་སོ།། །།

རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ གསང་སྐོར་ཡི་དམ་ཞི་བའི་སྒྲུབ་ཐབས་དྲག་པོ་གནས་འགྱུར་བཅས་ (Volume 62, Text 63)

རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ གསང་སྐོར་ཡི་དམ་ཞི་བའི་སྒྲུབ་ཐབས་དྲག་པོ་གནས་འགྱུར་བཅས་བཞུགས་སོ༔ ྈྈ ན་མོ་གུ་རུ༔ གསང་སྐོར་ཡི་དམ་ཞི་སྒྲུབ་ནི༔ ཡེ་ནས་རྣམ་པར་དག་པའི་ཞིང༔ མ་བཅོས་གསལ་རྫོགས་ཆེན་པོ་རུ༔ དབྱིངས་ཀྱི་གཞལ་ཡས་ཆེན་པོའི་དབུས༔ རིག་པ་རང་སྣང་གདན་གྱི་སྟེང༔ དབྱིངས་རིག་ཟུང་འཇུག་རྡོར་སེམས་མཐིང༔ ཞལ་གསུམ་ཕྱག་དྲུག་རྡོ་རྗེ་སོགས༔ ཕྱག་མཚན་འཛིན་ཞིང་སྙེམས་མ་འཁྲིལ༔ ཤར་དུ་རྣམ་སྣང་སྐུ་མདོག་དཀར༔ འཁོར་ལོ་ལ་སོགས་ཕྱག་མཚན་དྲུག༔ སྤྱན་མ་ཡུམ་འཁྲིལ་འོད་འབར་བསམ༔ ལྷོ་རུ་རིན་ཆེན་འབྱུང་ལྡན་ནི༔ སེར་པོ་ཞལ་གསུམ་ཕྱག་དྲུག་པ༔ རིན་ཆེན་གཙོར་གྱུར་ཕྱག་མཚན་དྲུག༔ ཡུམ་ནི་མཱ་མ་ཀཱི་དང་སྦྱོར༔ ནུབ་ཏུ་སྣང་བ་མཐའ་ཡས་ནི༔ དམར་པོ་ཞལ་གསུམ་ཕྱག་དྲུག་པ༔ པདྨ་གཙོར་གྱུར་ཕྱག་མཚན་དྲུག༔ ཡུམ་ནི་གོས་དཀར་མོ་དང་སྦྱོར༔ བྱང་དུ་དོན་ཡོད་གྲུབ་པ་ནི༔ ལྗང་གུ་ཞལ་གསུམ་ཕྱག་དྲུག་པ༔ རྒྱ་གྲམ་གཙོར་གྱུར་ཕྱག་མཚན་དྲུག༔ ཡུམ་ནི་དམ་ཚིག་སྒྲོལ་མ་འཁྲིལ༔ འཁོར་ལོའི་རྩིབས་མཆན་ནང་གི་མཚམས༔ ས་སྙིང་ནམ་སྙིང་སྤྱན་རས་གཟིགས༔ ཕྱག་རྡོར་ལཱ་སྱཻ་མཱ་ལྱཾ་དང༔ གཱིརྟཱི་ནིརྟཱི་ཡབ་ཡུམ་བརྒྱད༔ ཕྱི་ཡི་རྩིབས་ཁ་གྲུ་ཆད་ལ༔ བྱམས་པ་སྒྲིབ་སེལ་ཀུན་ཏུ་བཟང༔ འཇམ་པའི་དབྱངས་དང་པུཥྤེ་མ༔ དྷཱུ་པེ་ཨཱ་ལོ་གནྡྷེ་བརྒྱད༔ གཙོ་འཁོར་དེ་དག་ཐམས་ཅད་ཀྱང༔ རྒྱན་ཆས་བཅུ་གསུམ་དག་དང་ལྡན༔ རྡོ་རྗེ་པདྨའི་སྐྱིལ་ཀྲུང་བཞུགས༔ ནང་གི་ཁྱམས་ཀྱི་ཕྱོགས་མཚམས་སུ༔ བྱ་བྱེད་ཐུབ་པ་དྲུག་རྣམས་དང༔ སྒོ་བཞིར་མཐར་བྱེད་བརྒྱད་རྣམས་གསལ༔ མ་བཅོས་ཅི་ཡང་སྣང་བའི་སྐུ༔ མ་འགགས་ཅི་ཡང་སྣང་བའི་གསུང༔ མི་གནས་ཡེ་ཤེས་ཐུགས་དང་ལྡན༔ ཐབས་ཀྱི་སྣ་ཚོགས་སྒྱུ་འཕྲུལ་ལས༔ བདེ་བ་ཆེན་པོའི་དྲྭ་བར་ལྡན༔ གཉིས་མེད་མཉམ་སྦྱོར་ཟུང་འཇུག་བསྒོམ༔ རྒྱས་པར་རྒྱུད་བཞིན་སྙིང་པོ་བཟླ༔ བསྡུ་ན་སྙིང་པོའི་ཡང་སྙིང་ནི༔ ཨཱོྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ དེ་ཉིད་ཁྲོ་བོར་གནས་འགྱུར་ནི༔ དབུས་སུ་བྱོལ་སོང་ཁྲི་ལྔའི་སྟེང༔ བཛྲ་བུདྡྷ་རཏྣ་དང༔ པདྨ་ཀརྨ་ཧེ་རུ་ཀ༔ མཐིང་སྨུག་སེར་དམར་ལྗང་བའི་མདོག༔ ཞལ་གསུམ་ཕྱག་དྲུག་གཤོག་པ་གདེངས༔ གཡས་པ་དང་པོས་རང་རྟགས་དང༔ གཡོན་པས་དུང་ཁྲག་ལྷག་མ་རྣམས༔ ཕྱག་མཚན་གཞན་རྣམས་འཛིན་པ་འོ༔ རིགས་ལྔའི་ཁྲོ་མོ་ལྔ་དང་སྦྱོར༔ ཁྱམས་ལ་ཀོའུ་རཱི་སིང་ཧ་དང༔ སྤོར་བྱེད་བརྒྱད་དང་སྒོ་བཞི་ལ༔ རྟ་གདོང་ལ་སོགས་སྒོ་མ་བཞི༔ ཕྱི་རོལ་དབང་ཕྱུག་ཉེར་བརྒྱད་ཚོགས༔ དཔལ་གྱི་དཀྱིལ་འཁོར་ཆེན་པོར་གསལ༔ ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ གསང་སྐོར་ཡི་དམ་ཞི་བ་དང༔ དེ་ཉིད་གནས་འགྱུར་སྒྲུབ་ཐབས་རྫོགས༔ ས་མ་ཡ་རྒྱ་རྒྱ༔ ྈྈ གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཁྱེན་བརྩེའི་དབང་པོས་བྲིས་པའོ།། །།

དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ གསང་སྐོར་ཡི་དམ་ཞི་བའི་དབང་བསྐུར་ (Volume 62, Text 64)

དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ གསང་སྐོར་ཡི་དམ་ཞི་བའི་དབང་བསྐུར་བཞུགས༔ ན་མོ་གུ་རུ༔ གསང་སྐོར་ཡི་དམ་ཞི་སྒྲུབ་དབང༔ དཀྱིལ་འཁོར་བཞེངས་ཤིང་སྒྲུབ་མཆོད་བྱ༔ སློབ་མ་མདུན་འཁོད་མཎྜལ་ཕུལ༔ བླ་མ་ཞི་ཁྲོའི་ལྷ་ཚོགས་དགོངས༔ བདག་ནི་མ་རིག་འཁྲུལ་པས་བསྒྲིབས༔ སྒྲིབ་པའི་ཚོགས་རྣམས་བསལ་བར་མཛོད༔ རྗེས་སུ་འཛིན་པར་མཛད་དུ་གསོལ༔ སློབ་དཔོན་གྱིས༔ དེ་ལྟར་ཡིན་ན་ཞི་ཁྲོ་ཡི༔ བླ་མེད་ཡང་གསང་དམ་ཚིག་རྣམས༔ སྲོག་གི་ཕྱིར་ཡང་མི་གཏང་བར༔ ཁྱོད་ཀྱིས་ཡང་དག་བྲོ་བོར་ཅིག༔ སློབ་མས༔ ཨི་དན་ན་ར་ཀན༔ སློབ་མ་མ་བཅོས་ཀློང་གསལ་ཀུན་ཏུ་བཟང་པོར་གསལ་བའི་ཐུགས་ཀར་ཡེ་ཤེས་ཀྱི་འཁོར་ལོ་དྲག་ཏུ་འཁོར་བས་རྒྱལ་བ་ཐམས་ཅད་བྱོན་ནས་ཐིམ་པས་བྱིན་གྱིས་བརླབས་པར་གྱུར༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ བརྟན་པར་བྱ་ཞིང་བུམ་པ་གཟུང༔ དེ་ཡང་དབང་ལ་རྣམ་གསུམ་སྟེ༔ དག་འགྱུར་མཆོག་དབང་བསྐུར་བ་འོ༔ ཧཱུྃ༔ བཀྲ་ཤིས་བུམ་པ་སྣོད་བཅུད་ཡོངས་སུ་རྫོགས༔ རིན་ཆེན་ཅོད་པན་རྒྱལ་བའི་དབང་བསྐུར་ཆེ༔ ཡེ་ཤེས་རྡོ་རྗེ་དང་བཅས་རྒྱལ་བས་འཛིན༔ སངས་རྒྱས་གསུང་དབྱངས་དྲིལ་བུའི་སྒྲ་འཁྲོལ་ཞིང༔ བཀྲ་ཤིས་མཚན་གྱི་སྙིང་པོས་མངའ་གསོལ་བས༔ རིག་པའི་དབང་ལྔ་དུས་གཅིག་རྫོགས་གྱུར་ཅིག༔ ཨཱོྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ ཞེ་སྡང་རྣམ་དག་མི་བསྐྱོད་རྡོ་རྗེ་དང༔ གཏི་མུག་རྣམ་དག་རྣམ་པར་སྣང་མཛད་དང༔ ང་རྒྱལ་རྣམ་དག་རིན་ཆེན་འབྱུང་ལྡན་དང༔ འདོད་ཆགས་རྣམ་དག་སྣང་བ་མཐའ་ཡས་དང༔ ཕྲག་དོག་རྣམ་དག་དོན་ཡོད་གྲུབ་པ་སྟེ༔ རྒྱལ་བ་རིགས་ལྔའི་སྐུ་གསུང་ཐུགས་རྫོགས་ཤོག༔ ཧཱུྃ་ཨཱོྃ་ཏྲཱཾ་ཧྲཱིཿཨཱཿཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ནམ་མཁའ་རྣམ་དག་ཡུམ་ཆེན་དབྱིངས་ཕྱུག་མ༔ ས་ཁམས་རྣམ་དག་ཡུམ་ཆེན་སངས་རྒྱས་སྤྱན༔ ཆུ་ཁམས་རྣམ་དག་ཡུམ་ཆེན་མཱ་མ་ཀཱི༔ མེ་ཁམས་རྣམ་དག་ཡུམ་ཆེན་གོས་དཀར་མོ༔ རླུང་ཁམས་རྣམ་དག་ཡུམ་ཆེན་དམ་ཚིག་སྒྲོལ༔ རིགས་ཀྱི་ཡུམ་གྱུར་རྣམས་ཀྱི་དབང་བསྐུར་རོ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ མིག་དབང་གནས་དག་སེམས་དཔའ་ས་ཡི་སྙིང༔ གཟུགས་ཡུལ་གནས་དག་སེམས་དཔའ་བྱམས་པ་མགོན༔ རྣ་དབང་གནས་དག་སེམས་དཔའ་ནམ་མཁའི་སྙིང༔ སྒྲ་ཡུལ་གནས་དག་སེམས་དཔའ་སྒྲིབ་པ་སེལ༔ སྣ་དབང་གནས་དག་སེམས་དཔའ་སྤྱན་རས་གཟིགས༔ དྲི་ཡུལ་གནས་དག་སེམས་དཔའ་ཀུན་ཏུ་བཟང༔ ལྕེ་དབང་གནས་དག་སེམས་དཔའ་རྡོ་རྗེ་འཛིན༔ རོ་ཡུལ་གནས་དག་སེམས་དཔའ་འཇམ་དཔལ་དབྱངས༔ བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་དབང་བསྐུར་རོ༔ ཀྵིཾ་མཻ་ཏྲཱཾ་ཐིཾལྷ་ཧྲཱིཿཨ་ཛྲིཾ་མཱུཾ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མིག་གི་རྟོག་པ་གནས་དག་ལཱ་སྱཻ་མ༔ གཟུགས་ཡུལ་རྟོག་པ་གནས་དག་དྷཱུ་པེ་མ༔ རྣ་བའི་རྟོག་པ་གནས་དག་མཱ་ལྱཾ་མ༔ སྒྲ་ཡུལ་རྟོག་པ་གནས་དག་པུཥྤེ་མ༔ སྣ་ཡི་རྟོག་པ་གནས་དག་གཱིརྟཱི་མ༔ དྲི་ཡུལ་རྟོག་པ་གནས་དག་ཨཱ་ལོ་མ༔ ལྕེ་ཡི་རྟོག་པ་གནས་དག་ནིརྟཱི་མ༔ རོ་ཡུལ་རྟོག་པ་གནས་དག་གནྡྷེ་མ༔ བྱང་ཆུབ་སེམས་མ་བརྒྱད་ཀྱི་དབང་བསྐུར་རོ༔ ཧཱུྃ་ཛ་ཏྲཱཾ་ཧཱུྃ་ཧྲཱིཿབཾ་ཨཾ་ཧོ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ལྷ་ཡི་རྟོག་པ་གནས་དག་བརྒྱ་བྱིན་དབང༔ ལྷ་མིན་རྟོག་པ་གནས་དག་ཐགས་བཟང་རིས༔ མི་ཡི་རྟོག་པ་གནས་དག་ཤཱཀྱ་ཐུབ༔ བྱོལ་སོང་རྟོག་པ་གནས་དག་སེང་རབ་བརྟན༔ ཡི་དྭགས་རྟོག་པ་གནས་དག་ཁ་འབར་མ༔ དམྱལ་བའི་རྟོག་པ་གནས་དག་ཆོས་ཀྱི་རྒྱལ༔ འགྲོ་འདུལ་ཐུབ་པ་དྲུག་གི་དབང་བསྐུར་རོ༔ ཀྲིཾ་ཏྲུཾ་སྲུཾ་བྲཾ་ཀྵཾ་ཡེ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བྱེད་པ་རྣམ་དག་ཡེ་ཤེས་སྐུ་མངའ་བ༔ རྒྱལ་བ་ཀུན་ཏུ་བཟང་པོའི་དབང་བསྐུར་རོ༔ བྱ་བ་རྣམ་དག་ཆོས་ཀྱི་སྐུ་མངའ་མ༔ རྒྱལ་ཡུམ་ཀུན་ཏུ་བཟང་མོའི་དབང་བསྐུར་རོ༔ ཨ་ཨ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྟག་ལྟ་གནས་དག་སྒོ་བ་གཤིན་རྗེ་གཤེད༔ སྙིང་རྗེའི་བདག་ཉིད་རྡོ་རྗེ་ལྕགས་ཀྱུ་མ༔ ཆད་མཐའ་གནས་དག་སྒོ་བ་རྣམ་པར་རྒྱལ༔ བྱམས་པའི་བདག་ཉིད་རྡོ་རྗེ་ཞགས་པ་མ༔ མཚན་མ་གནས་དག་སྒོ་བ་རྟ་མགྲིན་རྒྱལ༔ དགའ་བའི་བདག་ཉིད་རྡོ་རྗེ་ལྕགས་སྒྲོག་མ༔ མཚན་འཛིན་གནས་དག་སྒོ་བ་བགེགས་མཐར་བྱེད༔ བཏང་སྙོམས་བདག་ཉིད་རྡོ་རྗེ་དྲིལ་བུ་མ༔ མཐར་བྱེད་ཡབ་ཡུམ་བརྒྱད་ཀྱི་དབང་བསྐུར་རོ༔ ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཛཿཧཱུྃ་བཾ་ཧོཿཨ་བྷ་ིཥིཉྩ་ཧཱུྃ༔ སྐབས་འདིར་ཕྲིན་ལས་གནས་བསྒྱུར་བྱ༔ བསྡུ་ན་སྐད་ཅིག་གནས་འགྱུར་བས༔ ཧཱུྃ༔ ཉོན་མོངས་ཞེ་སྡང་གནས་གྱུར་པའི༔ རྡོ་རྗེ་ཁྲོ་བོའི་དབང་བསྐུར་རོ༔ ཉོན་མོངས་གཏི་མུག་གནས་གྱུར་པའི༔ དེ་བཞིན་ཁྲོ་བོའི་དབང་བསྐུར་རོ༔ ཉོན་མོངས་ང་རྒྱལ་གནས་གྱུར་པའི༔ རིན་ཆེན་ཁྲོ་བོའི་དབང་བསྐུར་རོ༔ ཉོན་མོངས་འདོད་ཆགས་གནས་གྱུར་པའི༔ པདྨ་ཁྲོ་བོའི་དབང་བསྐུར་རོ༔ ཉོན་མོངས་ཕྲག་དོག་གནས་གྱུར་པའི༔ ཀརྨ་ཁྲོ་བོའི་དབང་བསྐུར་རོ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ འབྱུང་བ་ནམ་མཁའ་གནས་གྱུར་པའི༔ བཛྲ་ཀྲོ་དྷཱིའི་དབང་བསྐུར་རོ༔ འབྱུང་བ་ས་ཁམས་གནས་གྱུར་པའི༔ བུདྡྷ་ཀྲོ་དྷཱིའི་དབང་བསྐུར་རོ༔ འབྱུང་བ་ཆུ་ཁམས་གནས་གྱུར་པའི༔ རཏྣ་ཀྲོ་དྷཱིའི་དབང་སྐུར་རོ༔ འབྱུང་བ་མེ་ཁམས་གནས་གྱུར་པའི༔ པདྨ་ཀྲོ་དྷཱིའི་དབང་བསྐུར་རོ༔ འབྱུང་བ་རླུང་ཁམས་གནས་གྱུར་པའི༔ ཀརྨ་ཀྲོ་དྷཱིའི་དབང་བསྐུར་རོ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ མིག་གི་རྣམ་ཤེས་གནས་གྱུར་པ༔ མ་མོ་ཆེན་མོ་ཀོའུ་རཱི་མ༔ རྣ་བའི་རྣམ་ཤེས་གནས་གྱུར་པ༔ མ་མོ་ཆེན་མོ་ཙོའུ་རཱི་མ༔ སྣ་ཡི་རྣམ་ཤེས་གནས་གྱུར་པ༔ མ་མོ་ཆེན་མོ་པྲ་མོ་ཧ༔ ལྕེ་ཡི་རྣམ་ཤེས་གནས་གྱུར་པ༔ མ་མོ་ཆེན་མོ་བཻ་ཏཱ་ལི༔ ལུས་ཀྱི་རྣམ་ཤེས་གནས་གྱུར་པ༔ མ་མོ་ཆེན་མོ་པུཀྐ་སི༔ ཡིད་ཀྱི་རྣམ་ཤེས་གནས་གྱུར་པ༔ མ་མོ་ཆེན་མོ་ཙཎྜ་ལཱི༔ ཉོན་ཡིད་རྣམ་ཤེས་གནས་གྱུར་པ༔ མ་མོ་ཆེན་མོ་གྷསྨ་རཱི༔ ཀུན་གཞིའི་རྣམ་ཤེས་གནས་གྱུར་པ༔ མ་མོ་ཆེན་མོ་སྨེ་ཤ་ནི༔ གནས་ཀྱི་མ་མོའི་དབང་བསྐུར་རོ༔ ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གཟུགས་ཡུལ་གནས་གྱུར་སིང་ཧ་མ༔ སྒྲ་ཡུལ་གནས་གྱུར་བྱ་གྷྲི་མ༔ དྲི་ཡུལ་གནས་གྱུར་སྲྀ་ལ་མ༔ རོ་ཡུལ་གནས་གྱུར་ཤྭ་ན་མ༔ ལུས་ཡུལ་གནས་གྱུར་ཀངྐ་མ༔ ཡིད་ཡུལ་གནས་གྱུར་ཀྲྀ་ཏ་མ༔ ཉོན་ཡུལ་གནས་གྱུར་ཁ་ཁ་མ༔ གཞི་ཡུལ་གནས་གྱུར་ཧུ་ལུ་མ༔ ཡུལ་གྱི་མ་མོའི་དབང་བསྐུར་རོ༔ ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ལྷ་རྣམས་གནས་སྤོར་སྐར་མདའ་འཕེན༔ ལྷ་མིན་གནས་སྤོར་མདུང་ཐུང་ཅན༔ མི་རྣམས་གནས་སྤོར་རལ་གྲི་འཛིན༔ དུད་འགྲོ་གནས་སྤོར་དྲིལ་འཁྲོལ་མ༔ ཡི་དྭགས་གནས་སྤོར་གློག་ཤ་རྡེབ༔ དམྱལ་བ་གནས་སྤོར་མེ་འབར་མ༔ རྟག་པའི་གནས་སྤོར་ཟླ་འཕེན་མ༔ ཆད་པའི་གནས་སྤོར་ཉི་ཟེར་འཕེན༔ སྤོར་བྱེད་བརྒྱད་ཀྱི་དབང་བསྐུར་རོ༔ ཧ་ཧ་ཧུ་ལུ་ཧུ་ལུ་ཧུ་ལུ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ རྟག་ལྟ་གནས་གྱུར་རྟ་གདོང་མ༔ ཆད་ལྟ་གནས་གྱུར་ཕག་གདོང་མ༔ མཚན་མ་གནས་གྱུར་སེང་གདོང་མ༔ མཚན་འཛིན་གནས་གྱུར་སྤྱང་གདོང་མ༔ སྒོ་མ་བཞི་ཡི་དབང་བསྐུར་རོ༔ ཛཿཧཱུྃ་བཾ་ཧོཿཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ རྣམ་རྟོག་ཕྲ་རགས་གནས་གྱུར་པའི༔ ཞི་བའི་ལས་མཛད་རྣལ་འབྱོར་བདུན༔ རྒྱས་པའི་ལས་མཛད་རྣལ་འབྱོར་བདུན༔ དབང་གི་ལས་མཛད་རྣལ་འབྱོར་བདུན༔ དྲག་པོའི་ལས་མཛད་རྣལ་འབྱོར་བདུན༔ དབང་ཕྱུག་ཉེར་བརྒྱད་དབང་བསྐུར་རོ༔ བྷྱོ་སརྦ་ཡཀྵི་ཨ་བྷི་ཥིཉྩ་ཨཱོྃ༔ མཆོག་གི་དབང་བསྐུར་གསང་དབང་ནི༔ ཧཱུྃ༔ བྷནྡྷ་སྟོང་པའི་སྣོད་ནང་དུ༔ བྱང་སེམས་བདེ་བའི་བཅུད་ཀྱིས་བཀང༔ བདེ་སྟོང་དབྱེར་མེད་བདུད་རྩི་འདིས༔ གསང་དབང་ངག་ལ་ཡོངས་རྫོགས་ཤོག༔ བོ་དྷི་ཙིཏྟ་ཧཱུྃ༔ མཆོག་དབང་ཤེས་རབ་ཕྱག་རྒྱའི་དབང༔ ཧཱུྃ༔ ཡུལ་སྣང་སྣང་སྟོང་མཚན་ལྡན་མར༔ རང་རིག་བདེ་བ་ཡེ་ཤེས་པས༔ དབྱིངས་རིག་བདེ་སྟོང་གཉིས་མེད་སྦྱོར༔ ཟུང་འཇུག་བདེ་ཆེན་རྟོགས་པར་ཤོག༔ མ་ཧཱ་སུ་ཁ་ཧོ༔ མཆོག་དབང་རིག་པའི་རྩལ་དབང་ནི༔ ཨེ་མ་ཧོ༔ ངོ་བོ་སྟོང་པ་ཤེལ་གྱིས་མཚོན༔ རང་བཞིན་ལྷུན་གྲུབ་འཇའ་རུ་ཤར༔ ཐུགས་རྗེའི་འོད་ཟེར་ཀུན་ཏུ་འཕྲོ༔ རང་བྱུང་སེམས་ཉིད་ངོ་མཚར་ཆེ༔ དྷརྨ་ཤུདྡྷེ་ཨ༔ དབྱིངས་ཀྱི་རང་བཞིན་མེ་ལོང་ལ༔ འོད་ཀྱི་རང་བཞིན་དར་སྣས་བརྒྱན༔ ཐིག་ལེའི་རང་བཞིན་རྨ་བྱའི་མདོངས༔ རིག་པ་ལུག་རྒྱུད་ཤེལ་གྱི་ཕྲེང༔ མིག་ཏུ་མཚོན་ཕྱིར་ཤེལ་གྱི་ཀློང༔ དབང་པོའི་སྒོར་སྦྱར་བརྡ་བསྟན་པས༔ རིག་རྩལ་ཐོད་རྒལ་དབང་ཐོབ་ཤོག༔ དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་ཨ༔ བསྟན་པ་བུ་གཅིག་དབང་བསྐུར་ནི༔ ཨ༔ རང་བྱུང་རང་ཤར་བསྟན་པ་བུ་གཅིག་རྒྱུད༔ སངས་རྒྱས་ཀུན་གྱི་ཡེ་ཤེས་ཐུགས་རྗེའི་གཟུགས༔ འོད་གསལ་སྙིང་པོའི་བསྟན་པའི་བཙས་གཅིག་པུ༔ བྲིས་ཏེ་བཏགས་པས་གྲོལ་བའི་དབང་ཐོབ་ཤོག༔ འཁོར་ལོར་བྱས་ཏེ་མཐོང་བས་མཐོང་གྲོལ་ཤོག༔ གང་དུ་བཏགས་པ་རེག་པས་རེག་གྲོལ་ཤོག༔ བརྗོད་ཅིང་ཚིག་གི་བརྡ་སྤྲད་ཐོས་གྲོལ་ཤོག༔ བཟླས་ཤིང་བཏབ་པ་མྱོང་བས་མྱོང་གྲོལ་ཤོག༔ གང་གིས་ཚོར་བ་དེ་དག་གྲོལ་བར་ཤོག༔ འཿཨཿཤཿསཿམཿཧཿཨ་བྷི་ཥིཉྩ་ཧཱུྃ༔ བྱིན་རླབས་འཕོ་བ་གཏོར་དབང་ནི༔ ཧཱུྃ༔ གཏོར་གཞོང་དབྱིངས་ཀྱི་རང་བཞིན་གཞལ་ཡས་ཁང༔ གཏོར་མ་རིག་པ་རྒྱལ་བ་ཞི་ཁྲོའི་ལྷ༔ དབྱེར་མེད་ཟུང་འཇུག་ངང་དུ་དབང་བསྐུར་བས༔ སྣང་བ་ལྷར་དག་བར་དོར་གྲོལ་བར་ཤོག༔ ཕུང་ཁམས་གནས་འགྱུར་འོད་གསལ་ཟིན་པར་ཤོག༔ རྟོག་ཚོགས་བདེ་ཆེན་དབྱིངས་སུ་འཕོ་བར་ཤོག༔ རིག་པ་དབྱིངས་སུ་ཐིམ་པར་བྱིན་གྱིས་རློབས༔ ཚོམ་བུ་འབུམ་བཅས་མངོན་སངས་རྒྱས་གྱུར་ཅིག༔ ཨཱོྃ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་ཨཱོྃ་ཨཱཿཧཱུྃ༔ འདི་ལྟར་ཞི་ཁྲོའི་དོན་དབང་མཆོག༔ གདམས་པའི་མཐར་ཐུག་ཕྱི་རབས་དང༔ འཕྲད་དེ་འགྲོ་བ་ཐམས་ཅད་ཀུན༔ སྡུག་བསྔལ་དབྱིངས་སུ་གྲོལ་བར་ཤོག༔ ས་མ་ཡ་རྒྱ་རྒྱ༔ ྀཨཚ༔

དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས། གསང་སྐོར་བཀའ་བརྒྱད་རྫོང་འཕྲང་གི་བརྒྱུད་པའི་གསོལ་འདེབས་སྣང་བ་རང་གྲོལ་ (Volume 62, Text 65)

དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས། གསང་སྐོར་བཀའ་བརྒྱད་རྫོང་འཕྲང་གི་བརྒྱུད་པའི་གསོལ་འདེབས་སྣང་བ་རང་གྲོལ་བཞུགས་སོ། །གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་། །དཀྱིལ་འཁོར་ཀུན་བདག་ལོངས་སྐུ་རྡོ་རྗེ་སེམས། །སྤྲུལ་པའི་སྐུར་སྣང་རང་བྱུང་བཛྲ་ཧེ། །འཇིགས་མེད་དཔལ་གྱི་སེང་གེར་གསོལ་བ་འདེབས། །གསང་བ་ཀུན་བདག་རྡོ་རྗེ་ཐོད་ཕྲེང་རྩལ། །འཕོ་ཆེན་སྐུ་བརྙེས་དྲི་མེད་བཤེས་གཉེན་ཞབས། །ལོ་ཆེན་བཻ་རོ་གནུབས་བན་ནམ་མཁའི་སྙིང་། །རྒྱ་བོད་མཁས་པ་མི་བཞིར་གསོལ་བ་འདེབས། །གསང་རྒྱུད་གཉེར་འཛིན་དབྱངས་ཅན་མཚོ་རྒྱལ་མ། །ཚངས་པ་ལྷ་ཡི་མེ་ཏོག་ཡབ་སྲས་སོགས། །ལས་ཅན་དག་པའི་འཁོར་བདུན་ཞེས་གྲགས་པ། །རིག་འཛིན་ཆེ་མཆོག་རྣམས་ལ་གསོལ་བ་འདེབས། །སྡེ་གསུམ་ཤིང་རྟ་མཆོག་གྱུར་བདེ་ཆེན་གླིང་། །བྱང་ཆུབ་ལམ་འདྲེན་རྩ་བརྒྱུད་བླ་མ་དང་། །ཀློང་དགུའི་རང་བཞིན་ཡེ་ཤེས་ཕྱག་རྒྱའི་གཟུགས། །ཌཱ་ཀི་བཀའ་སྡོད་བཅས་ལ་གསོལ་བ་འདེབས། །ལྟ་བས་ཐག་ཆོད་ཏིང་འཛིན་ཉམས་སུ་ལོན། །སྤྱོད་པས་ལ་དོར་དམ་ཚིག་ས་བཞིན་བརྟན། །རིམ་པ་དབང་གིས་བགྲོད་ཅིང་ངེས་པའི་དོན། །མན་ངག་གནད་ཀྱིས་མྱུར་དུ་འགྲུབ་པར་ཤོག །ལྟ་བའི་རྫོང་ཆེན་གསུམ་ལ་བརྟན་པ་ཐོབ། །སྒོམ་པའི་འཕྲང་གསུམ་མྱུར་བགྲོད་མཐའ་རུ་ཕྱིན། །སྤྱོད་པའི་སྲོག་གསུམ་རང་དབང་ཉིད་འཕྲོག་ནས། །རྒྱུད་དོན་མན་ངག་ཉམས་འོག་ཚུད་པར་ཤོག །གསང་བའི་དགྲ་གསུམ་གཞི་ཐོག་ཉིད་དུ་སོད། །འཇིགས་པའི་བདུད་བཞི་རང་སར་ཡོངས་སུ་གྲོལ། །འགྲོ་དྲུག་གཡང་ས་དུས་གཅིག་ཆོད་ནས་ཀྱང་། །དཔལ་ཆེན་རྣམ་དགུའི་ཕྱག་རྒྱ་མྱུར་འགྲུབ་ཤོག །ཅེས་པའང་བོད་ཡུལ་དབུས་ཀྱི་སྒྲུབ་གནས་ཆེན་པོ་རྣམས་སུ་ཚོགས་ཀྱི་མཆོད་པ་བརྒྱ་ཕྲག་གི་ཕྲེང་བ་བསྟར་ཆགས་སུ་བགྱིད་པའི་རྒྱུན་ལས། དཔལ་གཡོ་རུ་ཁྲ་འབྲུག་གི་སྐུ་ཚབ་ང་འདྲ་མའི་མདུན་ཚོགས་འཁོར་རྒྱ་ཆེར་ཕུལ་བའི་སྐབས། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་བྲིས་པ་དགེ་ལེགས་འཕེལ།། །།

དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས། གསང་སྐོར་ཡི་དམ་བསྐྱེད་རིམ་དང་བྱང་བུ་ཁྲིགས་སུ་བསྡེབས་པ་ (Volume 62, Text 66)

༄༅། །དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས། གསང་སྐོར་ཡི་དམ་བསྐྱེད་རིམ་དང་བྱང་བུ་ཁྲིགས་སུ་བསྡེབས་པ་བཞུགས་སོ། ། སྡེ་གསུམ་གསང་སྐོར་མན་ངག་སྡེ། ྈྈྈ ན་མོ་གུ་རུ༔ གསང་སྐོར་ཡི་དམ་ཁྲོ་སྒྲུབ་ལས༔ སྔོན་འགྲོའི་བྱང་བུ་བསྟན་པ་ནི༔ དབྱིངས་ཉིད་རྣམ་དག་རྫོགས་སངས་རྒྱས༔ རིག་པ་ལྷུན་གྲུབ་དམ་པའི་ཆོས༔ དབྱིངས་རིག་གཉིས་མེད་ཚོགས་མཆོག་ལ༔ ཡེ་ནས་དག་པར་སྐྱབས་སུ་མཆི༔ ཨེ་མ་ཧོ་རང་རིག་བྱང་ཆུབ་སེམས༔ མ་རྟོགས་འཁྲུལ་པར་གྱུར་པ་ཀུན༔ གཉིས་སུ་མེད་པར་བསྒྲལ་བའི་ཕྱིར༔ རང་བྱུང་རང་གསལ་སེམས་བསྐྱེད་དོ༔ ནམ་མཁའ་ལྟ་བུའི་བདེ་གཤེགས་ལ༔ གསལ་བ་ཆེན་པོར་ཕྱག་འཚལ་ལོ༔ རིག་པའི་ངང་དུ་མཆོད་པར་འབུལ༔ རྒྱུན་ཆད་མེད་པའི་ཀློང་དུ་བཤགས༔ རྟག་ཅིང་སྒྲིབ་མེད་ཡི་རང་ངོ༔ ཡིན་མིན་མེད་པར་ཆོས་འཁོར་བསྐོར༔ མྱོང་བ་ཅན་དུ་བཞུགས་སུ་གསོལ༔ ངེས་པ་ཅན་གྱི་མཆོག་ཐོབ་ཤོག༔ མན་ངག་དོན་གྱི་སྔོན་འགྲོ་འོ༔ ས་མ་ཡ་རྒྱ་རྒྱ༔ སྒྲིབ་སྦྱོང་བྱང་བུ་བསྟན་པ་ནི༔ གློ་བུར་འཁྲུལ་པའི་ཐ་མལ་ལུས༔ གདོད་ནས་དག་པའི་འོད་ཀྱི་སྐུ༔ ལྷུག་པར་གནས་པའི་རྡོ་རྗེ་སེམས༔ དྭངས་པའི་ངང་དུ་གསལ་རྫོགས་བསྐྱེད༔ ཨཱོྃ་བཛྲ་སཏྭ་ཨཱ༔ མན་ངག་དོན་གྱི་སྒྲིབ་སྦྱོང་ངོ༔ ས་མ་ཡ་རྒྱ་རྒྱ༔ ཚོགས་གསག་བྱང་བུ་བསྟན་པ་ནི༔ སྟོང་པ་ཉིད་ཀྱི་དབྱིངས་ཉིད་དུ༔ རིག་པ་ཅོག་གཞག་ཚོམ་བུར་བཀོད༔ དབྱིངས་རིག་དབྱེར་མེད་མཎྜལ་འདི༔ ཀ་དག་བདེ་བར་གཤེགས་ལ་འབུལ༔ གུ་རུ་མཎྜ་ལ་པཱུ་ཛ་ཧོ༔ མན་ངག་དོན་གྱི་ཚོགས་གསག་གོ༔ ས་མ་ཡ་རྒྱ་རྒྱ༔ བྱིན་བརླབ་བྱང་བུ་བསྟན་པ་ནི༔ ཨཱོྃ་ཨཱཿཧཱུྃ། ཐུགས་རྗེ་སྤྲུལ་སྐུའི་བླ་མ་ལ༔ སྤྲོས་བཅས་གདུང་བས་གསོལ་བ་འདེབས༔ ལུས་ལ་བུམ་པའི་དབང་བསྐུར་ནས༔ སྣང་སྟོང་རྟོགས་པར་བྱིན་གྱིས་རློབས༔ རང་བཞིན་ལོངས་སྐུའི་བླ་མ་ལ༔ སྤྲོས་མེད་ངང་ནས་གསོལ་བ་འདེབས༔ ངག་ལ་གསང་བའི་དབང་བསྐུར་ནས༔ གསལ་སྟོང་རྟོགས་པར་བྱིན་གྱིས་རློབས༔ ངོ་བོ་ཆོས་སྐུའི་བླ་མ་ལ༔ ཤིན་ཏུ་སྤྲོས་མེད་ངང་ནས་འདུད༔ ཡིད་ལ་གསུམ་པའི་དབང་བསྐུར་ནས༔ བདེ་སྟོང་རྟོགས་པར་བྱིན་གྱིས་རློབས༔ དབྱེར་མེད་ཉིད་སྐུའི་བླ་མ་ལ༔ རབ་ཏུ་སྤྲོས་མེད་ངང་ནས་འདུད༔ སྒོ་གསུམ་བཞི་པའི་དབང་བསྐུར་ནས༔ རིག་སྟོང་རྟོགས་པར་བྱིན་གྱིས་རློབས༔ མན་ངག་དོན་གྱི་བྱིན་རླབས་སོ༔ ས་མ་ཡ་རྒྱ་རྒྱ༔ མཆོད་པ་བྱིན་བརླབ་བྱང་བུ་ནི༔ རཾ་ཡཾ་ཁཾ། ཞི་གནས་ལྷག་མཐོང་ཡེ་ཤེས་ལས༔ རཾ་ཡཾ་ཁཾ་འཕྲོས་དངོས་འཛིན་སྦྱངས༔ དབྱིངས་རིག་གཉིས་མེད་གཏོར་ཆེན་དང༔ ཀློང་ལྔའི་རང་བཞིན་བདུད་རྩི་ཆེ༔ སེམས་ཉིད་འཁྲུལ་པ་བསྒྲལ་པའི་ཁྲག༔ ཡེ་ཤེས་འོད་གསལ་མཆོད་སྤྲིན་འཁྲིགས༔ སྣང་བ་སྒྱུ་མར་རྟོགས་པ་ཡི༔ ཕྱི་ཡི་མཆོད་སྤྲིན་བསམ་མི་ཁྱབ༔ སྟོང་པའི་རང་རྩལ་གསལ་བ་ཆེ༔ ནང་གི་མཆོད་སྤྲིན་མཐའ་ལས་འདས༔ བདེ་བའི་རང་བཞིན་དགའ་བ་ཆེ༔ གསང་བའི་མཆོད་པ་ལྷུན་གྱིས་གྲུབ༔ ཨཱོྃ་མ་ཧཱ་བ་ལིནྟ་ཨཱཿཧཱུྃ༔ ཨཱོྃ་སརྦ་པཉྩ་ཨ་མྲྀཏ་ཨཱཿཧཱུྃ༔ ཨཱོྃ་མ་ཧཱ་རཀྟ་ཛྭ་ལ་ཨཱཿཧཱུྃ༔ ཨཱོྃ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ ཨཱོྃ་བཛྲ་པཱ་དྱཾ་ཨཱཿཧཱུྃ༔ ཨཱོྃ་བཛྲ་པུཥྤེ་ཨཱཿཧཱུྃ༔ ཨཱོྃ་བཛྲ་དྷཱུ་པེ་ཨཱཿཧཱུྃ༔ ཨཱོྃ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ༔ ཨཱོྃ་བཛྲ་གནྡྷེ་ཨཱཿཧཱུྃ༔ ཨཱོྃ་བཛྲ་ནཻ་བིདྱཱ་ཨཱཿཧཱུྃ༔ ཨཱོྃ་བཛྲ་ཤབྡ་ཨཱཿཧཱུྃ༔ ཨཱོྃ་ཨཱཿཧཱུྃ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་ཨཱཿཧཱུྃ༔ ཨཱོྃ་ཨཱཿཧཱུྃ་བོ་དྷི་ཙིཏྟ་ཨཱཿཧཱུྃ༔ སྡེ་གསུམ་དོན་གྱི་མཆོད་བརླབ་བོ༔ ས་མ་ཡ་རྒྱ་རྒྱ༔ དངོས་གཞིའི་རྟེན་གྱི་བྱང་བུ་ནི༔ ཧཱུྃ༔ ཀུན་གཞི་མི་དམིགས་རྣམ་པར་སྟོང༔ ཨཱ༔ རང་བཞིན་གསལ་བ་ཀུན་ལ་ཁྱབ༔ ཨཱོྃ༔ ཐུགས་རྗེ་སྣ་ཚོགས་སྤྲུལ་སྐུར་ཤར༔ ཐུགས་རྗེའི་འོད་ཀྱིས་སྣོད་བཅུད་སྦྱངས༔ ཆོས་དབྱིངས་མཁའ་ལ་འབྱུང་ལྔའི་སྟེང༔ སྣོད་བཅུད་དག་པའི་གཞལ་ཡས་ཁང༔ ནང་དུ་ཕོ་བྲང་གླིང་དགུ་གསལ༔ དབུས་སུ་འཇིག་རྟེན་སྣ་ཚོགས་ཁྲིར༔ དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ སྨུག་ནག་དབུ་ནི་ཉེར་གཅིག་རྣམས༔ རྩ་ཞལ་མ་གཏོགས་གཡས་དཀར་ཞིང༔ གཡོན་དམར་དབུས་མཐིང་ཁྲོས་པའི་ཉམས༔ ཕྱག་ནི་བཞི་བཅུ་རྩ་གཉིས་ཀྱིས༔ ཞི་བ་བཞི་བཅུ་རྩ་གཉིས་བསྣམས༔ ཞབས་བརྒྱད་ཐུར་བསྒྲད་འཁོར་འདས་གནོན༔ རྡོ་རྗེའི་གཤོག་བརྒྱངས་དཔལ་གྱི་ཆས༔ ཡུམ་ནི་གནམ་ཞལ་དབྱིངས་ཕྱུག་མ༔ མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད༔ གནས་ཡུལ་མཁའ་འགྲོ་འཛིན་ཅིང་འཁྲིལ༔ དང་པོས་རྡོ་རྗེ་དུང་ཁྲག་བསྣམས༔ བདེ་སྟོང་དབྱེར་མེད་སྐུ་རུ་ཤར༔ འཁོར་དུ་རིགས་བཞིའི་ཏ་ཀྲྀཏ་དང༔ ཅེ་སྤྱང་མ་བརྒྱད་ལ་སོགས་གསལ༔ ཨཱོྃ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀཿཧཱུྃ་ཕཊ༔ ཤར་དུ་ཡང་དག་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་མཐིང་ནག་འབར༔ ཕྱག་མཚན་རྒྱན་དང་ཆ་ལུགས་རྫོགས༔ ཡུམ་ནི་བཛྲ་ཀྲོ་དྷཱི་འཁྲིལ༔ རིགས་བཞི་ཀེའུ་སེང་དབང་ཕྱུག་སོགས༔ ཡབ་ཡུམ་སྤྲུལ་པའི་ཚོགས་བཅས་གསལ༔ ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ལྷོ་རུ་འཇམ་དཔལ་གཤིན་རྗེའི་གཤེད༔ སེར་ནག་ཞལ་གསུམ་ཕྱག་དྲུག་པ༔ རང་རྟགས་ཕྱག་མཚན་དུར་ཁྲོད་ཆས༔ ཡུམ་ནི་མ་མོ་ཁྲག་མིག་མ༔ སྦྱོར་སྒྲོལ་ཡུམ་བཅས་གཤེད་ཆེན་བཞི༔ འཆི་བདག་གིང་བདུད་རྩིས་པ་སོགས༔ ཡབ་ཡུམ་འཁོར་དང་བཅས་པ་གསལ༔ ཨཱོྃ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ནུབ་ཏུ་དབང་ཆེན་རྟ་མགྲིན་ནི༔ དམར་པོ་ཞལ་གསུམ་རྟ་སྐད་འཚེར༔ ཕྱག་དྲུག་རང་རྟགས་ཕྱག་མཚན་འཛིན༔ དུར་ཁྲོད་ཆས་རྫོགས་ཞབས་བཞི་བསྒྲད༔ ཡུམ་ནི་པདྨ་གཟི་ལྡན་མ༔ ཁྲ་ཐབས་རིགས་བཞིའི་ཟིལ་གནོན་དང༔ ཁམས་རྒྱ་དམུས་ལོང་ཁྱི་སྤྱང་སོགས༔ ཡབ་ཡུམ་འཁོར་དང་བཅས་པ་གསལ༔ ཨཱོྃ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ བྱང་དུ་རྡོ་རྗེ་གཞོན་ནུ་ནི༔ ལྗང་ནག་ཞལ་གསུམ་ཕྱག་དྲུག་པ༔ ཕྱག་མཚན་དུར་ཁྲོད་ཆས་རྣམས་རྫོགས༔ ཡུམ་ནི་འཁོར་ལོ་རྒྱས་འདེབས་འཁྲིལ༔ རིགས་བཞི་ཁྲོ་བཅུ་ཕུར་སྲུང་ཚོགས༔ ཡབ་ཡུམ་འཁོར་དང་བཅས་པ་གསལ༔ ཨཱོྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཤར་ལྷོར་བླ་མེད་ཧེ་རུ་ཀ༔ སྨུག་ནག་ཞལ་གསུམ་ཕྱག་དྲུག་པ༔ ཕྱག་མཚན་དུར་ཁྲོད་ཆས་རྣམས་རྫོགས༔ ཡུམ་ནི་ཉིད་གཞི་མུ་ཁ་ལེ༔ ཞལ་ལྔ་སྣ་ཚོགས་མདོག་ཅན་འཁྲིལ༔ དབྱིངས་ཀྱི་མ་མོ་རྗེ་མོ་དང༔ སྨན་མོ་མ་མོ་མཁའ་འགྲོའི་ཚོགས༔ ཡབ་ཡུམ་སྲས་འཁོར་སྤྲུལ་བཅས་གསལ༔ ཨཱོྃ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀཿགུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སཏྭཾ་མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ལྷོ་ནུབ་རིག་འཛིན་ཐོད་པ་རྩལ༔ དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན༔ ཡུམ་ནི་མཁའ་འགྲོ་ལས་དབང་མོ༔ རིགས་བཞིའི་སློབ་དཔོན་སྡེ་བཞི་དང༔ དཔའ་བོ་མཁའ་འགྲོའི་ཚོགས་བཅས་གསལ༔ ཨཱོྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ ནུབ་བྱང་དྲེགས་པ་ཀུན་འདུལ་ནི༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ རང་རྟགས་ཕྱག་མཚན་དུར་ཁྲོད་ཆས༔ ཡུམ་ནི་ཁམས་གསུམ་སྤྱི་འདུལ་འཁྲིལ༔ དབང་ཕྱུག་ཡབ་ཡུམ་སྡེ་དཔོན་སོགས༔ སྣང་སྲིད་དྲེགས་པའི་ཚོགས་བཅས་གསལ༔ ཨཱོྃ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ༔ བྱང་ཤར་སྟོབས་ལྡན་ནག་པོ་ནི༔ སེར་ནག་ཞལ་གསུམ་ཕྱག་དྲུག་པ༔ རང་རྟགས་ཕྱག་མཚན་དུར་ཁྲོད་ཆས༔ ཡུམ་ནི་འབྱུང་ལྔའི་བདག་མོ་འཁྲིལ༔ དྲེགས་པ་ཡབ་ཡུམ་སྔགས་བདག་སོགས༔ དྲེགས་པ་སྡེ་བརྒྱད་ཐམས་ཅད་གསལ༔ ཨཱོྃ་བཛྲ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཕྱི་རོལ་བར་ཁྱམས་ཁོར་ཡུག་ཏུ༔ མ་མོ་ཉེར་བརྒྱད་གིང་ལངྐ༔ འབར་མ་མཁའ་འགྲོ་ཤུགས་འགྲོར་བཅས༔ འཇིག་རྟེན་འདས་དང་མ་འདས་པའི༔ དཔལ་གྱི་འཁོར་ཚོགས་བསམ་མི་ཁྱབ༔ ཨཱོྃ་བཛྲ་སརྦ་ཡཀྵ་ས་མ་ཡ་ཧཱུྃ་ཕཊ༔ རང་རིག་རྒྱལ་པོ་ཧེ་རུ་ཀ༔ ཡེ་ཤེས་ཀློང་དགུའི་ངང་དུ་རྫོགས༔ ཅིར་ཡང་ས་ལེར་གསལ་བའི་འཁོར༔ དབྱིངས་རིག་གཉིས་སུ་མེད་པར་བསྒོམ༔ ས་མ་ཡ་རྒྱ་རྒྱ༔ དབང་བསྐུར་དགུག་བསྟིམ་བྱང་བུ་ནི༔ དུག་གསུམ་ཡེ་དག་རྡོ་རྗེ་གསུམ༔ ལྷུན་གྲུབ་རྫོགས་པར་བྱིན་གྱིས་བརླབས༔ དུག་ལྔ་རྣམ་དག་ཡེ་ཤེས་ལྔ༔ སྐུ་ལྔ་ཡེ་རྫོགས་དབང་བསྐུར་རོ༔ ཨཱོྃ་ཨཱཿཧཱུྃ༔ ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཧཱུྃ༔ མི་མངོན་དབྱིངས་ཀྱི་ཞིང་ཁམས་ནས༔ བླ་མ་རིག་འཛིན་བདེ་གཤེགས་ཚོགས༔ ཡི་དམ་དཔའ་བོ་མཁའ་འགྲོ་རྣམས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཀུན་གཞི་དག་པའི་ཞིང་ཁམས་ནས༔ གསལ་བ་ལོངས་སྤྱོད་རྫོགས་སྐུར་བཞེངས༔ ཐུགས་རྗེ་སྤྲུལ་སྐུའི་འཁོར་དང་བཅས༔ དབྱེར་མེད་ཆེན་པོར་གཤེགས་སུ་གསོལ༔ དབྱིངས་ལས་གཞན་མེད་ཆོས་སྐུའི་ཚོགས༔ བདེ་བ་ཆེ་ལ་ལོངས་སྤྱོད་པ༔ ཅིར་ཡང་སྣང་བ་སྤྲུལ་པའི་སྐུ༔ མ་ལུས་འཁོར་བཅས་གཤེགས་སུ་གསོལ༔ སྣང་ཡུལ་འཛིན་པ་དབྱིངས་སུ་ཁྲོལ༔ དབང་པོ་སྐུ་ལྔར་བྱིན་གྱིས་རློབས༔ རྣམ་ཤེས་ཡེ་ཤེས་ཆེན་པོར་སྒྱུར༔ ཀུན་གཞིའི་ཀློང་དུ་ཐིམ་པར་མཛོད༔ ཨེ་ཧྱེ་ཧི་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཛཿཧཱུྃ་བཾ་ཧོ༔ དབང་བསྐུར་དགུག་བསྟིམ་བྱང་བུ་འོ༔ ས་མ་ཡ་རྒྱ་རྒྱ༔ བཞུགས་ཕྱག་མཆོད་བསྟོད་བྱང་བུ་ནི༔ ཧཱུྃ༔ ཡེ་ནས་དག་པའི་ཀུན་བཟང་ལ༔ གཤེགས་དང་བཞུགས་པའི་མཚན་མ་མེད༔ ཕྱོགས་ལྷུང་བྲལ་བར་ཀུན་ཏུ་རྫོགས༔ གདོད་ནས་གཉིས་མེད་ངང་དུ་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ འཁྲུལ་མ་མྱོང་བའི་བྱང་ཆུབ་སེམས༔ ཨེ་མ་བདེ་བར་གཤེགས་པ་རྣམས༔ འགྲོ་བ་ཀུན་ལ་ཁྱབ་པ་ཉིད༔ གཉིས་འཛིན་བྲལ་བར་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨེ་མ་ཧོ༔ གདོད་ནས་དག་པའི་མཁའ་དབྱིངས་སུ༔ སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ལས༔ མཆོད་པའི་ཕྱག་རྒྱ་ཅིར་ཡང་སྤྲུལ༔ རྒྱལ་བའི་ཚོགས་རྣམས་དགྱེས་པར་རོལ༔ ཨཱོྃ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཤེས་ཡུལ་དབང་པོས་མཚམས་སྦྱར་བས༔ འདོད་པའི་ཡོན་ཏན་བསམ་མི་ཁྱབ༔ ཞེན་པ་མེད་པའི་རང་བཞིན་ཉིད༔ ཆོས་ཀྱི་སྐུ་ཡི་རྒྱན་དུ་མཆོད༔ ཨཱོྃ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་ཨཱཿཧཱུྃ༔ གསལ་བ་ཐབས་ཀྱི་རང་བཞིན་ལ༔ མི་རྟོག་ཤེས་རབ་སྦྱོར་བ་ཡིས༔ བདེ་བ་ཆེན་པོ་ཁྱབ་པ་ཆེ༔ དབྱེར་མེད་ངང་དུ་མཆོད་པར་འབུལ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧོ༔ དབྱིངས་ཀྱི་གཏོར་མ་རྒྱན་དང་ལྡན༔ རིག་པ་ཡེ་ཤེས་བདུད་རྩི་ལྔ༔ དབྱིངས་རིག་དབྱེར་མེད་ཁྲག་ཆེན་པོ༔ བྱ་རྩོལ་བྲལ་བའི་མཆོད་པར་འབུལ༔ ཨཱོྃ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་བ་ལིནྟ་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ ཨེ་མ་ཧོ་ངོ་མཚར་རྨད་ཀྱི་སྐུ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་རྗེ་རྨད་བྱུང་བསམ་མི་ཁྱབ༔ སྤྲོས་པའི་ཚུལ་སྟོན་སྤྲུལ་སྐུ་མཆོག༔ སྤྲོས་མེད་ལོངས་སྤྱོད་རྫོགས་པའི་སྐུ༔ ཤིན་ཏུ་རྣམ་དག་ཆོས་ཀྱི་སྐུ༔ རབ་ཏུ་ཞི་བ་ངོ་བོ་ཉིད༔ སྐུ་བཞིའི་བདག་ཉིད་རྣམས་ལ་བསྟོད༔ ཨེ་མ་ཧོ་ངོ་མཚར་རྨད་ཀྱི་གསུང༔ ཡན་ལག་དྲུག་ཅུ་དང་ལྡན་ཞིང༔ ནམ་མཁའ་ལྟ་བུར་ཁྱབ་པ་ཉིད༔ ཉི་ཟླ་ལྟ་བུར་ཀུན་ལ་གསལ༔ རྒྱ་མཚོ་ལྟ་བུར་གཏིང་མཐའ་བྲལ༔ འཇའ་ཚོན་བཞིན་དུ་སོ་སོར་སྣང༔ རིན་ཆེན་བཞིན་དུ་དགོས་འདོད་འབྱུང༔ ཀློང་ལྔའི་གསུང་ལ་ཕྱག་འཚལ་བསྟོད༔ ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཐུགས༔ ཀུན་གཞི་བྱ་རྩོལ་བྲལ་བ་ལས༔ ཅིར་ཡང་མི་དམིགས་ཅིར་ཡང་སྣང༔ འོད་གསལ་ཤེས་པ་ཟང་ཐལ་ལེ༔ སྐྱེ་བ་མེད་པའི་རང་བཞིན་ཉིད༔ འགག་པ་མེད་པ་དབང་པོར་གསལ༔ ཡུལ་སྣང་གང་ཤར་དངོས་པོས་སྟོང༔ སེམས་ཉིད་ཤར་གྲོལ་ཐུགས་ལ་བསྟོད༔ བཞུགས་ཕྱག་མཆོད་བསྟོད་བྱང་བུ་འོ༔ ས་མ་ཡ་རྒྱ་རྒྱ༔ ཧཱུྃ༔ སྟོང་གསུམ་འཇིག་རྟེན་ཐམས་ཅད་ཀུན༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ འབར་བའི་ཀློང་ནས་ཅིར་ཡང་སྣང༔ རང་བྱུང་ཛཔ྄་ཀྱི་འཕྲོ་འདུ་ལས༔ ཅིར་ཡང་གསལ་ཞིང་འགགས་པ་མེད༔ མ་བཅོས་ཡེ་རྫོགས་སྣང་སྲིད་རྣམས༔ དཔལ་གྱི་སྐུ་གསུང་ཐུགས་སུ་རྫོགས༔ ལྷུན་གྱིས་གྲུབ་པའི་རང་བཞིན་བསྒོམ༔ ཨཱོྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨཱོྃ་བཛྲ་ཙཎྜ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཨཱོྃ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨཱ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ གསང་སྐོར་ཡི་དམ་སྒྲུབ་པ་འོ༔ ས་མ་ཡ་རྒྱ་རྒྱ༔ ཚོགས་ཀྱི་མཆོད་པའི་བྱང་བུ་ནི༔ ཧཱུྃ༔ དངོས་འཛིན་འཁྲུལ་རྟོག་ཐམས་ཅད་ཀུན༔ སྣང་སྟོང་རིག་སྟོང་ཚོར་སྟོང་གི༔ ངོ་བོ་ཉིད་དུ་གདོད་ནས་དག༔ ཅིར་ཡང་འབྱུང་ཞིང་འཆར་བ་ལས༔ ཤེས་རབ་ཆེན་པོའི་སྣོད་ཡངས་སུ༔ དགའ་བ་བཞི་ཡི་ཚོགས་གཏོར་བཤམས༔ འདོད་ཡོན་ལྔ་ཡིས་རབ་བརྒྱན་པའི༔ བླ་ན་མེད་པའི་མཆོད་སྤྲིན་གཏིབས༔ ཨཱོྃ་ཨཱཿཧཱུྃ༔ ཧཱུྃ༔ འཁོར་འདས་ཕ་མཐའ་བྲལ་བའི་དབྱིངས༔ གཞོན་ནུ་བུམ་སྐུའི་ཞིང་ཁམས་ནས༔ ལོངས་སྤྱོད་རྫོགས་སྐུའི་ལྷ་ཚོགས་རྣམས༔ དགྱེས་མཆོད་བཞེས་ཕྱིར་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་བཛྲ་ས་མཱ་ཛ༔ ཧཱུྃ༔ གདོད་མའི་དབྱིངས་ཀྱི་བྷནྡྷ་རུ༔ རིག་པ་བདེ་ཆེན་འདོད་ཡོན་བཤམས༔ དབྱིངས་རིག་གཉིས་མེད་ཚོགས་མཆོད་འདི༔ རྫོགས་པ་ཆེན་པོའི་ལྷ་ལ་འབུལ༔ མ་ཧཱ་ཛྙཱ་ན་ག་ཎ་ཙཀྲ་པཱུ་ཛ་ཧོ༔ གསལ་བའི་ངང་དུ་འཛིན་པ་བཤགས༔ མི་རྟོག་ཕྱལ་ཆད་མིན་པར་བསྐང༔ བདེ་བ་ཆེན་པོའི་དངོས་གྲུབ་སྩོལ༔ དབྱེར་མེད་ངང་དུ་ལྷུན་གྲུབ་ཤོག༔ ས་མ་ཡ་ཤུདྡྷེ་ཨ༔ ཡུལ་གྱི་དྲྭ་བར་ཚུད་པའི་བདུད༔ དབང་པོའི་དྲྭ་བར་གཅིག་ཏུ་བསྡུས༔ རྣམ་ཤེས་དག་པའི་མཚོན་གྱིས་བསྒྲལ༔ ཀུན་གཞིའི་ཀློང་དུ་ཞལ་དུ་བསྟབ༔ མཱ་ར་ཡ་ཕཊ༔ སྣང་སྲིད་ཆོས་ཀུན་མ་ལུས་པ༔ བདེ་བ་ཆེན་པོའི་ཚོགས་སུ་རོལ༔ སེམས་ཉིད་རྣམ་པར་དག་གྱུར་ཏེ༔ དབྱིངས་རིག་ཟུང་འཇུག་རྟོགས་པར་ཤོག༔ ཨ་ལ་ལ་ཧོ༔ ཧཱུྃ༔ རྣམ་རྟོག་དག་པའི་ལྷག་སྡུད་རྣམས༔ འཛིན་མེད་རང་གསལ་ལྷག་གཏོར་བཞེས༔ དྲན་སྣང་སོ་མའི་བར་ཆད་སོལ༔ རང་གྲོལ་ཀློང་དུ་ཕྲིན་ལས་སྒྲུབས༔ ཨུཙྪིཥྚ་བ་ལིནྟ་ཁཱ་ཧི༔ གསལ་སྟོང་བདེ་ཆེན་དབྱེར་མེད་པའི༔ སྣང་སེམས་གཉིས་མེད་ཀློང་ཡངས་སུ༔ ཡུལ་དབང་ཤེས་གཞི་དག་པའི་ཚོགས༔ ཕུལ་པས་དབྱིངས་རིག་ཟུང་འཇུག་ཤོག༔ ཚོགས་ཀྱི་མཆོད་པའི་བྱང་བུ་འོ༔ ས་མ་ཡ་རྒྱ་རྒྱ༔ ཕྲིན་ལས་རྗེས་ཀྱི་བྱང་བུ་ནི༔ དབྱིངས་ལས་ཤར་པའི་ལྷ་ཚོགས་རྣམས༔ རིག་པའི་དབྱིངས་སུ་ཐིམ་པ་ལས༔ དབྱིངས་ཡེ་ཟུང་འཇུག་རྫོགས་པ་ཆེ༔ འཁོར་འདས་དབྱེར་མེད་ཉིད་དུ་རྫོགས༔ ཨ་ཨ་ཨ༔ ལྟ་བ་ཆོས་ཉིད་ཡེ་ནས་དག༔ སྒོམ་པ་བློ་ལས་འདས་པའི་ངང༔ སྤྱོད་པ་བསམ་ཡས་དགེ་བ་ཀུན༔ འབྲས་བུ་སྐུ་གསུམ་འཐོབ་ཕྱིར་བསྔོ༔ བསམ་དུ་མེད་པའི་ལྟ་བ་རྟོགས༔ བརྗོད་དུ་མེད་པའི་སྒོམ་ཉམས་ལོངས༔ བླང་དོར་མེད་པའི་སྤྱོད་པ་སྤྱད༔ འབྲས་བུ་ལྷུན་གྲུབ་བཀྲ་ཤིས་ཤོག༔ ཕྲིན་ལས་རྗེས་ཀྱི་བྱང་བུ་འོ༔ ས་མ་ཡ་རྒྱ་རྒྱ༔ ལྷ་སྲས་མུ་རུབ་བཙན་པོའི་རྣམ་པར་འཕྲུལ་པ་༧སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས། གནས་མཆོག་ནམ་མཁའ་ མཛོད་ནས་སྤྱན་དྲངས་པའི་ཁ་བྱང་དང་། འཕྲལ་དུ་སློབ་དཔོན་རིན་པོ་ཆེ་ཡབ་ཡུམ་གྱིས་དངོས་སུ་གསུངས་པའི་ཡང་བྱང་དང་སྙིང་བྱང་ལ་བརྟེན་ནས་མེ་འབྲུག་རྒྱལ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོའི་ཉི་ཤར་ལ། བོད་ཆེན་པོའི་སའི་ཐིག་ལེ་སྡེ་དགེ་ཆོས་རྒྱལ་ཆེན་པོའི་ཕོ་བྲང་གི་ཤར་ཕྱོགས་ཀྱི་ཡུལ་ལྗོངས། སྨད་ཤོད་ཛམ་ནང་ཕུ་ཨོ་རྒྱན་རིན་པོ་ཆེའི་སྒྲུབ་གནས་པདྨ་ཤེལ་ཕུག་གི་གནམ་ཁུང་ནས། བདག་ཅག་འདུས་པ་ཉེར་ལྔ་ཙམ་གྱིས་མཐོང་བར་དངོས་སུ་སྤྱན་དྲངས་ཤིང་། དེ་འཕྲལ་སྐལ་ལྡན་གྱི་འདུས་པ་ཉིས་བརྒྱ་བརྒལ་བར་བྱིན་རླབས་བསྩལ་ཏེ་ཐམས་ཅད་ཀྱིས་ཡིད་ཆེས་རྩོད་བྲལ་དུ་གྱུར་པའི་མཆོང་ཤོག་སྨུག་པོའི་ངོས་ནས་འཕྲལ་དུ་ཕབ་རིམ་བཞིན། བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་དག་པར་བྲིས་ཤིང་། བྱང་བུ་རྣམས་ཁྲིགས་སུ་བསྡེབས་པའི་དགེ་བས་བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན་ཞིང་། ཟབ་གཏེར་འདི་ཉིད་ཀྱི་བསྟན་པ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། །།

སྨན་མཆོད་ (Volume 62, Text 67)

སྨན་མཆོད་ནི། རྡོ་རྗེའི་དམ་ཚིག་རྨད་པོ་ཆེ༔ རྩ་བརྒྱད་སྟོང་ལ་སྦྱར་བའི་བདུད༔ རྒྱུད་དྲུག་སྡུག་བསྔལ་འཇོམས་པའི་རྩི༔ རིགས་ལྔ་ཡེ་ཤེས་ལྔ་ཡི་དངོས༔ ཨཱོྃ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ དབྱིངས་རིག་ཡབ་ཡུམ་སྣང་སྟོང་ཧེ་རུ་ཀ༔ ཆོས་ཀྱི་རྡོ་རྗེ་མཁའ་འགྲོ་ལས་ཀྱི་དབང༔ རིག་འཛིན་འདུས་པ་བླ་མའི་དཀྱིལ་འཁོར་ལ༔ མྱོང་གྲོལ་བདུད་རྩི་སྨན་གྱི་མཆོད་པ་འབུལ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ འཇམ་དཔལ་རྡོ་རྗེ་ཁྲི་སྲོང་ལྡེའུ་བཙན༔ གྲུབ་ཆེན་བརྒྱད་དང་ལས་ཅན་དག་པའི་འཁོར༔ བརྒྱུད་པ་བདུན་ལྡན་གཏེར་ཆེན་བླ་མ་ལ༔ མྱོང་གྲོལ་བདུད་རྩི་སྨན་གྱི་མཆོད་པ་འབུལ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཡེ་ཤེས་དགུ་རྫོགས་ཁྲག་འཐུང་དཀྱིལ་འཁོར་ལྷ༔ དཔལ་གྱི་བཀའ་སྡོད་འཇིག་རྟེན་དྲེགས་པའི་སྡེ༔ བདུན་བརྒྱ་ཉེར་ལྔ་བསམ་ཡས་ལྷུན་གྲུབ་ལ༔ མྱོང་གྲོལ་བདུད་རྩི་སྨན་གྱི་མཆོད་པ་འབུལ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ བདུད་རྩི་སྙིང་པོ་ཅན་གྱི་དབུས༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ ཡི་གེ་གསུམ་གྱི་རྣམ་པ་ཅན༔ དམ་ཚིག་ཕྱག་རྒྱ་གཉན་པོས་བླང༔ ཀཱ་ཡ་སིདྡྷི་ཨཱོྃ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔

གསང་སྐོར་བཀའ་བརྒྱད་ཀྱི་བཟླས་དམིགས་ཅུང་ཟད་སྤྲོས་པའི་ངག་འདོན་ (Volume 62, Text 68)

གསང་སྐོར་བཀའ་བརྒྱད་ཀྱི་བཟླས་དམིགས་ཅུང་ཟད་སྤྲོས་པའི་ངག་འདོན་བཞུགས་སོ། །སྤྲོ་ན་བཟླས་པ་ལ་གསུམ་ལས། དང་པོ་ཞི་བར་བསྙེན་པ་ནི༔ ཧཱུྃ༔ ཕྱག་མཚན་ཞི་བའི་ལྷ་ཚོགས་ཀྱི༔ ཐུགས་སྲོག་སྔགས་ཕྲེང་འོད་ཟེར་འཕྲོས༔ རྩ་གསུམ་རྒྱལ་བ་རབ་འབྱམས་མཆོད༔ བྱིན་རླབས་དངོས་གྲུབ་རང་ལ་ཐིམ༔ ཨཱོྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ བསྙེན་པ་འབུམ་ཕྲག་གསུམ་བཟླས་པས༔ བདག་ཉིད་བྱིན་བརླབས་ནུས་རྩལ་རྫོགས༔ གཉིས་པ་ཁྲོ་བོར་སྒྲུབ་པ་ནི༔ ཧཱུྃ༔ ཚོམ་བུ་དགུ་ལྡན་གཙོ་མཆོག་གི༔ ཐུགས་ཀར་ཉི་ཟླ་ཁ་སྦྱོར་དབུས༔ ཐུགས་སྲོག་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་རྒྱུད་བསྐུལ་འོད་ཟེར་འཕྲོས༔ སྣོད་བཅུད་སྣང་ཞེན་ཐམས་ཅད་སྦྱངས༔ སྣང་སྟོང་ལྷ་དང་གྲགས་སྟོང་སྔགས༔ རིག་སྟོང་འོད་གསལ་ཕྱག་རྒྱ་ཆེ༔ ཧེ་རུ་ཀཿདང་དབྱེར་མེད་གྱུར༔ ཨཱོྃ་བཛྲ་ཙཎྜ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ྄༔ སྒྲུབ་པའི་གསང་སྔགས་བཞི་འབུམ་བཟླས༔ ནུས་པ་དཔལ་ཆེན་ཉིད་དང་མཉམ༔ གསུམ་པ་ཐུན་མོང་ལས་སྦྱོར་ནི༔ ཧཱུྃ༔ བདག་ཉིད་དཀྱིལ་འཁོར་ལྷ་ཚོགས་ལས༔ སྐུ་དང་སྔགས་ཕྲེང་འོད་ཟེར་མཚོན༔ ཕོ་ཉ་དྲེགས་པ་སྐར་ལྟར་འཁྲུགས༔ སྲིད་གསུམ་ཁྱབ་ཅིང་ཁམས་གསུམ་གཡོས༔ ཞི་རྒྱས་དབང་དྲག་ཕྲིན་ལས་རྫོགས༔ ཁྱད་པར་གདུག་ཅིང་གཏུམ་པའི་ཚོགས༔ དགུག་བསྒྲལ་གནས་སྤར་ཆོས་དབྱིངས་བསྟིམས༔ མིང་གི་ལྷག་མ་མེད་པར་གྱུར༔ ཨཱོྃ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ྄༔ ལས་སྦྱོར་ཁྲི་ཕྲག་བཞི་བཟླས་པས༔ ཕྲིན་ལས་གང་བརྩམ་འགྲུབ་པར་འགྱུར༔ ས་མ་ཡ༔ ཞེས་བདེ་གླིང་བཀའ་བརྒྱད་དྲེགས་འདུལ་ལས་བྱུང་བའི་བཟླས་དམིགས་ངག་འདོན་སྐབས་འདིར་འབྲེལ་ཆགས་པས་ཟུར་དུ་ཕྱུང་ཞིང་། བསྙེན་སྒྲུབ་ལས་གསུམ་གྱི་སྔགས་རང་གཞུང་ལྟར་འབྱིན་འཇུག་བྱས་ནས་བྲིས་པ་དགེ། །།

དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས། གསང་སྐོར་ཡི་དམ་བཀའ་བརྒྱད་ཀྱི་ཕྲིན་ལས་དང་རྗེས་སུ་འབྲེལ་བའི་མངོན་སྤྱོད་ཀྱི་གཟེར་ཀ་བྱ་ཚུལ་ཤིན་ཏུ་བསྡུས་པ་ (Volume 62, Text 69)

༄༅། །དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས། གསང་སྐོར་ཡི་དམ་བཀའ་བརྒྱད་ཀྱི་ཕྲིན་ལས་དང་རྗེས་སུ་འབྲེལ་བའི་མངོན་སྤྱོད་ཀྱི་གཟེར་ཀ་བྱ་ཚུལ་ཤིན་ཏུ་བསྡུས་པ་བཞུགས་སོ། །སྡེ་གསུམ་གསང་སྐོར་མན་ངག་སྡེ། ན་མོ་གུ་རུ་ཤྲཱི་ཧེ་རུ་ཀཱ་ཡ། དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་གསང་སྐོར་ཡི་དམ་སྒྲུབ་སྡེ་བརྒྱད་ཀྱི་ཕྲིན་ལས་དང་རྗེས་འབྲེལ་གསད་ཟློག་གི་ལས་ཤིན་ཏུ་བསྡུས་པའི་ཚུལ་གྱིས་བྱ་བར་འདོད་པས། སྦྱོར་བ་ཟློག་དཀྱིལ་དང་གཏོར་ཟོར། ལིངྒ་དང་གདབ་ཀའི་ཆས། ཐུན་གཏོར་སོགས་མདོར་བསྡུས་མཐོང་བརྒྱུད་ཀྱི་ཕྱག་ལེན་ལྟར་འདུ་བྱ། བརྒྱུད་འདེབས་དང་སྔོན་གཏོར་སོགས་ནས་ལས་ཀྱི་གཞུང་བསྲང་། ལས་སྦྱོར་གྱི་བཟླས་པའི་སྐབས་སུ་ཐུན་ལའང་བསྔགས། སྟོང་ཚིགས་ཀྱི་མཆོད་བསྟོད་རྗེས་ཆོས་སྲུང་སྤྱི་བྱེ་བྲག་གི་གཏོར་བསྔོ་བསྐང་བ་སོགས་གང་འགྲུབ་དང་། ཚོགས་མཆོད་ལྷག་མའི་བར་དཀྱུས་ལྟར་སྔོན་དུ་འགྲོ་བས། ཟོར་དཀྱིལ་བྱེ་བྲག་ཏུ་གསལ་གདབ་པ་ནི། ཧཱུྃ༔ མདུན་དཀྱིལ་མ་ཏྲཾ་གནོད་བྱེད་དགྲ་བགེགས་གཟུགས༔ ཁམས་གསུམ་ཉོན་མོངས་དུག་ལྔའི་ཕུང་པོ་ལ༔ མཚོན་ཆའི་ཆར་ཕབ་རྟེན་གྱི་ཁོག་པ་ཞིག༔ དུར་ཁྲོད་རོལ་པའི་ཕོ་བྲང་ཆེན་པོར་གྱུར༔ བྷྲཱུྃ་མ་ཏྲཾ་རུ་དྲ་མཎྜ་ལ་ཕཊ༔ བརྗིད་ལྡན་གཏོར་མ་ཁྲག་འཐུང་དཔལ་ཆེན་དགུ༔ རིག་མདངས་འཁོར་ཚོགས་སྤྲུལ་པ་ཡང་སྤྲུལ་བཅས༔ ཁྱུང་གི་དབུ་བརྒྱན་ཡེ་ཤེས་མེ་འོད་འཁྲུགས༔ བཀའ་སྡོད་ཕོ་ཉའི་དམག་ཚོགས་བསམ་མི་ཁྱབ༔ ཧཱུྃ་སརྦ་ཧེ་རུ་ཀཿམཎྜ་ལ་ཧཱུྃ༔ སྣོད་ཀྱི་འཇིག་རྟེན་དུར་ཁྲོད་རོལ་པའི་ཞིང༔ བཅུད་ཀྱི་དངོས་ཀུན་དཔལ་ཆེན་ཁྲག་འཐུང་ལྷ༔ ཁྲོས་འཁྲུགས་རྔམས་བརྗིད་འཇིགས་པའི་སྐུར་སྟོན་པ༔ སྒྱུ་འཕྲུལ་དྲྭ་བའི་བཀོད་པ་ཆེན་པོར་རྫོགས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་གསལ་གདབ། ཧཱུྃ༔ དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ༔ སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང༔ ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས༔ ཡེ་ཤེས་སྒྱུ་མར་རོལ་བཞིན་གཤེགས་སུ་གསོལ༔ ཨཱོྃ་ཤྲཱི་ཧེ་རུ་ཀཿམཎྜ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ བཛྲ་ས་མཱ་ཛ༔ ཞེས་རྐང་གླིང་དང་ཤུགས་པའི་སྒྲ་དྲག་པོ་དང་བཅས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿཏིཥྛ་ལྷན༔ ཞེས་བསྟིམ་ཞིང་བཞུགས་སུ་གསོལ། ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ས་ཕྱག་བྱ། མཆོད་པ་ནི། ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་དམ་པ་ནི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ༔ དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ༔ ཨཱོྃ་ཤྲཱི་ཧེ་རུ་ཀཿམཎྜ་ལ་ས་པ་རི་ཝཱ་ར་མ་ཧཱ་ཤྨ་ཤཱ་ན་ཨརྒྷཾ་སོགས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨཱོྃ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོ༔ མ་ཧཱ་ཏ་ན་ག་ཎ་པཱུ་ཛ་ཧོ༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ཕྱི་ནང་གསང་བ་རྨད་བྱུང་གིས་མཆོད། བསྟོད་པ་ནི། ཧཱུྃ༔ བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུད་ཅིང༔ བྱམས་དང་སྙིང་རྗེས་དགྲ་ཟིན་མི་མངའ་ཡང༔ གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི༔ ཁྲག་འཐུང་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ མདུན་བསྐྱེད་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་གི་མཐར་དྲག་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་ཚ་ཞིང་རྩུབ་པ་འཕྲོས། མངོན་སྤྱོད་ཀྱི་ལས་རབ་འབྱམས་ཐམས་ཅད་ཐོགས་མེད་དུ་སྒྲུབ་པར་གྱུར། ཞེས་བརྗོད་ཅིང་བསམ། དྲག་སྔགས་སོ་ལྔ་པ་ཅི་རིགས་བཟླ་ཞིང་། ཐུན་རྫས་ལའང་བསྔགས། དེ་ནས་གསད་ལས་མདོར་བསྡུས་སུ་སྒྲུབ་པའི་སླད་གསེར་སྐྱེམས་དང་། ལིངྒ། གདབ་ཕུར། ཐུན་རྫས་སོགས་འདུ་བྱས་ལ། ཐོག་མར་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ལས་རང་ཤར་རིག་པའི་རྩལ༔ འབར་བ་ཡེ་ཤེས་ཀློང་དགུའི་ཕོ་བྲང་ཆེ༔ ཤིན་ཏུ་མི་བཟད་རབ་འཇིགས་དུར་ཁྲོད་ནས༔ ཁྲག་འཐུང་ཡོངས་རྫོགས་དྲག་པོའི་ལས་ལ་བཞེངས༔ སངས་རྒྱས་བསྟན་དང་རྣལ་འབྱོར་སྒྲུབ་པོ་ལ༔ གནོད་ཅིང་འཚེ་བའི་དགྲ་བགེགས་འབྱུང་པོའི་ཚོགས༔ ཞི་བའི་ཐབས་ཀྱིས་འདུལ་དུ་མ་འཚལ་བས༔ མངོན་སྤྱོད་དམོད་པའི་ཕྲིན་ལས་དུས་ལ་བབས༔ སྲུང་བའི་གུར་ཁང་རྡོ་རྗེའི་ཐོག་གིས་ཤིགས༔ ཟློག་པའི་ནུས་པ་རང་གཤེད་རང་ལ་གཟིར༔ འགུགས་འཆིང་སྡོམ་མྱོས་ཕྱག་རྒྱས་རྟེན་ལ་ཕོབ༔ དྲག་ཤུལ་ཆེན་པོས་བསྒྲལ་བའི་ཕྲིན་ལས་མཛོད༔ གསེར་སྐྱེམས། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་ཨཱོྃ་ཨཱཿཧཱུྃ་ལས་གསེར་སྐྱེམས་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཧཱུྃ༔ དཀོན་མཆོག་རིན་ཆེན་གསུམ་དང་རྩ་བ་གསུམ༔ ཁྱད་པར་ཆེ་མཆོག་ཁྲག་འཐུང་ལྷ་ཚོགས་རྣམས༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་མཐུ་དང་དཔུང་སྐྱེད་ཅིག༔ ཕོ་རྒྱུད་མོ་རྒྱུད་མ་ནིང་དྲེགས་པའི་སྡེ༔ མ་མོ་མཁའ་འགྲོ་ཞིང་སྐྱོང་གནས་ཉུལ་ཀུན༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་མཐུ་དང་དཔུང་སྐྱེད་ཅིག༔ ལོ་ཟླ་ཞག་དུས་སྤར་སྨེ་ཚེས་ཀྱི་བདག༔ ཡུལ་ལྷ་གཞི་བདག་མཐུ་རྩལ་ལྡན་པ་ཀུན༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་མཐུ་དང་དཔུང་སྐྱེད་ཅིག༔ དཔང་གཟུག་ནི། ཧཱུྃ༔ ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་རྩ་བ་གསུམ༔ ཆེ་མཆོག་ཁྲག་འཐུང་སྒྱུ་འཕྲུལ་དྲྭ་བའི་ལྷ༔ རྒྱུད་གསུམ་དྲེགས་པའི་དཔུང་དང་བཅས་པ་རྣམས༔ མ་གཡེལ་མ་གཡེལ་གཟུ་དང་དཔང་མཛོད་ཅིག༔ བདག་གིས་བྱང་ཆུབ་ལམ་ལ་རབ་ཞུགས་ཏེ༔ སངས་རྒྱས་བསྟན་པ་རིན་ཆེན་སྤེལ་བ་དང༔ འགྲོ་ལ་ཕན་བདེ་བགྱིད་པར་དམ་བཅས་ཀྱང༔ དམ་ཉམས་དགྲ་དང་བགེགས་ཀྱིས་བར་གཅོད་ན༔ ཡེ་ཤེས་ཐུགས་རྗེའི་སྤྱན་གྱིས་མི་གཟིགས་སམ༔ སྔོན་གྱི་ཐུགས་དམ་ཆེན་པོ་རྗེས་དགོངས་ལ༔ ཞིང་བཅུ་ཚང་བའི་དགྲ་བགེགས་བརླག་པའི་ཕྱིར༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབས༔ ཧོམ་དང་དམིགས་བྱ་བསྐྱེད་པ་ནི། རང་གི་མདུན་དུ་བྲུབ་ཁུང་བང་རིམ་དགུ་པ། ཁ་ཁྱེར་དོག་ཅིང་གཏིང་ཟབ་པ། འོག་གཞི་གསེར་གྱི་ས་གཞི་ལ་ཐུག་པ། མཚོན་ཆ་སྣ་ཚོགས་ཀྱི་ཆར་འབེབ་པའི་ཕྱི་རོལ་དུ་བཀའ་སྲུང་དྲེགས་པའི་དམག་ཚོགས་ལས་ལ་རྔམས་པ། དེའི་འོག་ཏུ་ནྲྀ་ཏྲི་ལས་གནོད་བྱེད་དགྲ་བགེགས་ནག་ལ་ཧམ་པ། རྐང་ལག་ལྕགས་སྒྲོག་གིས་བསྡམས་པ། བུ་ག་ཐམས་ཅད་ནས་ཁྲག་འཛག་པ། ཁ་ངུ་བ་མིག་ཤི་མིག་འོ་དོད་ལྷང་ལྷང་འབོད་པ་ཞིག་ཏུ་གྱུར། བདེན་སྟོབས་བརྗོད་ཅིང་བཀུག་པ་ནི། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་དཔལ་ཆེན་པོ་ཆེ་མཆོག་སྒྲུབ་སྡེ་དགུའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་དུ་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བདར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུགས་པའི་གཟུགས་ཅན་སྡང་བའི་དགྲ་དང་། གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད། སྲིད་པ་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང་སྐད་ཅིག་ཡུད་ཙམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །དྲག་སྔགས་སོ་ལྔའི་མཐར། ཨཱ་ཀརྵཱ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་ལན་གསུམ་གྱིས་སྤྱིར་དགུག །བྱེ་བྲག་ཏུ་ཕྱག་རྒྱ་བཞི་ཡི་ཕོ་ཉ་སྤྲོ་བ་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ལས་རང་བྱུང་ལྷ༔ བདེ་གཤེགས་ཞི་ཁྲོ་འབར་བའི་ཚོགས༔ དྲག་པོའི་ཕྲིན་ལས་དུས་ལ་བབས༔ མངོན་སྤྱོད་དམོད་པའི་ལས་ལ་བཞེངས༔ འགུགས་བྱེད་ཆེན་མོ་ལྕགས་ཀྱུ་མས༔ དགྲ་བགེགས་རྣམ་ཤེས་གཟུགས་ལ་སྟིམས༔ འཆིང་བྱེད་ཆེན་མོ་ཞགས་པ་མས༔ དགྲ་བགེགས་རྣམ་ཤེས་རྟེན་ལ་ཆིངས༔ སྡོམ་བྱེད་ཆེན་མོ་ལྕགས་སྒྲོག་མས༔ དགྲ་བགེགས་ལུས་སེམས་དབྱེར་མེད་སྡོམས༔ མྱོས་བྱེད་ཆེན་མོ་དྲིལ་བུ་མས༔ དགྲ་བགེགས་དབང་པོ་མྱོས་སུ་ཆུགས༔ སརྦ་ནྲྀ་ཏྲི་ཤ་ཏྲུན་བིགྷྣཱན་བཛྲ་ཨཾ་ཀུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གཎྜེ་ཧོ༔ ཞེས་དགུག་གཞུག་བཅིང་མྱོས་ཀྱི་ཕྱག་རྒྱ་དང་བཅས་རྟེན་དང་དབྱེར་མེད་དུ་གྱུར་པ་ལ་གདབ་ཀ་དངོས་གཞིའི་སླད་དུ་གདབ་ཕུར་ཐོགས་ལ། གསལ་བ་གསུམ་དང་ཚེ་ཁྲུས་གནས་གསུམ་གྱི་དགོངས་པ་གསལ་ཞིང་། ཧཱུྃ༔ བདག་ཉིད་དཔལ་ཆེན་ཧེ་རུ་ཀ༔ ཕུར་པ་སྲས་མཆོག་ཀཱི་ལ་ཡ༔ ཁམས་གསུམ་སྒྲོལ་བའི་མཐུ་ལྡན་པ༔ དགྲ་བགེགས་སྙིང་གི་དཀྱིལ་དུ་བཏབ༔ ཚེ་བསོད་དྭངས་བཅུད་རང་ལ་ཐིམ༔ གནས་ངན་དྲི་མ་ཁྲུས་ཀྱིས་སྦྱངས༔ རྣམ་ཤེས་རྒྱལ་བའི་སྲས་སུ་བསྐྱེད༔ གཟུགས་ཕུང་ཐལ་བའི་རྡུལ་དུ་རློག༔ དྲག་སྔགས་མཐར། སརྦ་ནྲྀ་ཏྲི་ཤ་ཏྲུན་བིགྷྣཱཾ་ཨཱ་ཡུར་བིནྡྷུ་ཛཿབྷྲཱུྃ༔ ཨ་སུ་ནྲྀ་ཏྲི་པྲེ་དུཿབི་ཤུདྡྷ་ཡ་ཧཱུྃ༔ ཨ་ཡཾ་སྥ་ར་ཎ་ཕཊ༔ སརྦ་དུཥྚཱཾ་བྷིནྡྷ་བྷིནྡྷ་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་མཱ་ར་ཡ་ཕཊ྄༔ ཅེས་ལུས་ཀུན་ཁྱབ་པར་གདབ། དྲག་སྔགས་བཅས་ཐུན་གྱིས་བྲབ། གསད་གྲིས་གཏུབ་ཅིང་། ཧཱུྃ༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་ཀྱིས༔ རྣོ་ངར་ཡེ་ཤེས་རལ་གྲི་ཡིས༔ མ་རིག་སྒོ་ངའི་སྦུབས་དྲལ་ནས༔ དགྲ་བགེགས་གཟུགས་ཕུང་དུམ་བུར་གཏུབ༔ དྲག་སྔགས་མཐར། སརྦ་ཤ་ཏྲུན་བིགྷྣཱན་ཙྪིནྡྷ་ཙྪིནྡྷ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བརྗོད་ཅིང་དུམ་བུར་གཏུབས་པ་ཤ་ཁྲག་དང་བཅས་མཆོག་ཆེན་གྱི་ཧོམ་གཟར་དུ་བཅུག་ཅིང་ཞལ་དུ་བསྟབ་པ་ནི། ཧཱུྃ༔ དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས༔ དུག་གསུམ་མཆོད་པ་བླ་ན་མེད༔ དཔལ་ཆེན་འཁོར་བཅས་དགྱེས་པར་བཞེས༔ མངོན་སྤྱོད་ཕྲིན་ལས་ཡོངས་རྫོགས་མཛོད༔ སརྦ་ཤ་ཏྲུན་བིགྷྣཱན་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ཟོར་གཏོར་དུ་བསྟབ་བོ། །དེ་ནས་ཟློག་པའི་ལས་རིམ་མདོར་བསྡུས་ལ། ཐོག་མར་ལིང་རོའི་ཆ་ཤས་དང་དམར་གྱི་ཕུད་ཆེན་ཟོར་གཏོར་ལ་སྦྲེང་ཞིང་། ཧཱུྃ༔ ཁྲག་འཐུང་དྲག་པོའི་དཀྱིལ་འཁོར་ལྷ༔ ཤ་ཁྲག་དམར་གྱི་མཆོད་པ་བཞེས༔ ཟ་བའི་མཆེ་རྣོན་དགྲ་ལ་གཙིགས༔ རྔམས་པའི་བརྟུལ་ཞུགས་བགེགས་ལ་སྐྱེད༔ རྣལ་འབྱོར་བདག་ཅག་སྒྲུབ་པ་པོའི༔ མི་མཐུན་འགལ་རྐྱེན་བར་ཆད་ཀུན༔ བྷྱོ་ཟློག་དྲག་པོའི་ལས་ལ་བཞེངས༔ མངོན་སྤྱོད་ཕྲིན་ལས་ཡོངས་རྫོགས་མཛོད༔ ཅེས་བསྐུལ་བ་སྔོན་དུ་འགྲོ་བས། དཔལ་ཆེན་ཁྲག་འཐུང་འཁོར་བཅས་རྣམས༔ ཁྲོས་འཁྲུགས་རྔམས་པའི་གཟི་བྱིན་འབར༔ ཞལ་ཕྱིར་གཟིགས་ནས་ཟློག་པའི་སྔགས༔ འབྲུག་སྟོང་ལྡིར་བ་ལྟར་བསྒྲགས་པས༔ སྐུ་ལས་ཕོ་ཉ་འབར་བའི་མེ༔ གཡོ་བྱེད་རླུང་གི་ཤུགས་ཅན་འཕྲོས༔ བྱང་ཆུབ་སྒྲུབ་ལ་བར་ཆད་ཀུན༔ རྒྱ་མཚོའི་ཕ་མཐར་ཟློག་ཅིང་བསྐྲད༔ མིང་གི་ལྷག་མ་མེད་པར་གྱུར༔ ཅེས་བརྗོད་ཅིང་བསམ་ལ་ཐལ་མོ་བརྡབ། དྲག་སྔགས་ཀྱི་ཤམ་དུ། བཛྲ་ཀརྨ་ཡཀྵ་སརྦ་དུཥྚཱན་ཨ་པ་ཀཱ་ར་ཛྭ་ལ་ཛྭ་ལ་རཾ་རཾ་ཡཾ་ཡཾ་བྷྱོ་བྷྱོ་ཟློག་ཟློག་བྷྱོ་ཟློག་ཅིག༔ ཅེས་བཏགས་པ་ཅི་རིགས་བཟླས་ལ། དེ་ནས་ཟློག་པའི་ལས་བཅོལ་བ་དངོས་ནི། ཐུན་གཏོར་དང་ལིང་རོའི་ཆ་ཤས་ལ་སླར་ཡང་དགྲ་བགེགས་དགུག་བསྟིམ་བསྒྲལ་ལས་བཅས་མདོར་བསྡུས་ཀྱིས་མཚམས་སྦྱར་ནས་ཟོར་གཏོར་ལ་བསྟབ་པ་སྔོན་དུ་འགྲོ་བས་ཟློག་པའི་ཕྲིན་ལས་བསྐུལ་བ་ནི། ཧཱུྃ༔ ཁྲག་འཐུང་འདུས་པའི་ཕོ་བྲང་ཆེ༔ དུར་ཁྲོད་རབ་འཇིགས་གཞལ་མེད་ཁང༔ དབུས་ཀྱི་དཀྱིལ་འཁོར་ཆེན་པོ་ནས༔ བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ༔ ཡུམ་ཆེན་གནམ་ཞལ་དབྱིངས་ཕྱུག་མ༔ རིགས་བཞི་ཁྲོ་བཅུ་སྒོ་སྐྱོང་སོགས༔ གཙོ་འཁོར་སྤྲུལ་པར་བཅས་པ་རྣམས༔ ཟློག་སྒྱུར་དྲག་པོའི་ལས་ལ་བཞེངས༔ དགྲ་བགེགས་གདུག་པ་བསྒྲལ་པ་ཡི༔ འདོད་ཆགས་ཁྲག་གི་རྒྱ་མཚོ་རོལ༔ ཞེ་སྡང་རུས་པའི་ཕུང་པོ་ཆོམས༔ གཏི་མུག་ཤ་ཡི་རི་བོ་བཞེས༔ འབར་ཞིང་འཁྲུགས་པའི་བརྟུལ་ཞུགས་སྐྱེད༔ བསྟན་དང་འགྲོ་ལ་འཚེ་བྱེད་ཅིང༔ རྣལ་འབྱོར་ལམ་གྱི་བར་ཆད་རྐྱེན༔ གཉིས་སྣང་འཁྲུལ་པ་ལས་བྱུང་བའི༔ འཇིགས་པ་བརྒྱད་དང་བཅུ་དྲུག་ཟློགས༔ ནད་རིགས་བཞི་བརྒྱ་རྩ་བཞི་ཟློགས༔ གདོན་ཚོགས་སུམ་བརྒྱ་དྲུག་ཅུ༴ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༴ དུས་མིན་འཆི་བ་བཅོ་བརྒྱད༴ གློ་བུར་བདུན་བརྒྱ་ཉི་ཤུ༴ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ༴ ལྟས་ངན་བརྒྱད་ཅུ་རྩ་གཅིག༴ ཕྱི་ནང་དྲང་སྲོང་དམོད་ཚིག༴ བན་བོན་མུ་སྟེགས་རིག་སྔགས༴ སྡེ་བརྒྱད་གདུག་པའི་ཆོ་འཕྲུལ༴ སྲ་བ་ས་ལ་མནན་པ༴ གཤེར་བ་ཆུ་ལ་གཏད་ཁྲོམ༴ འབར་བ་མེ་ལ་བསྲེགས་པ༴ གཡོ་བ་རླུང་འཁོར་བསྐོར་པ༴ ཆག་ཆེན་ཉམ་ང་ཐམས་ཅད༴ ལོ་ཟླ་ཞག་དུས་ཀེག་སྲི༴ མི་ཁ་གླེང་གཞི་འཐབ་རྩོད༴ དངོས་ཉམས་རྨི་ལམ་ལྟས་ངན༴ ཕ་མེས་དུར་ཁ་བྱེ་བ༴ ལྷ་སྲུང་བདུད་དུ་བབས་པ༴ དཔྲལ་བའི་གཤེད་དུ་འཛུགས་པ༴ ལྟག་པའི་བདུད་དུ་འཇབ་པ༴ གནམ་གྱི་འཇུ་ཐག་ཆད་པ༴ ས་ཡི་རྟེན་ཕུར་བུད་པ༴ སྣོད་ཀྱི་འཇིག་རྟེན་རྒུད་པ༴ འབྱུང་བཞི་གཡོ་ཞིང་འཁྲུགས་པ༴ སད་སེར་བཙའ་ཐན་མུ་གེ༴ དུས་ཚོད་དམན་ལྷག་ལོག་པ༴ བཅུད་ཀྱི་མི་དགེའི་རྣམ་རྟོག༴ མི་ཕྱུགས་ནད་ཡམས་གོད་ཀ༴ མཐའ་དམག་ཀླ་ཀློའི་རྒྱུ་འགྲུལ༴ བསྟན་སེལ་ཕུང་བཤིག་སྡེ་འཁྲུགས༴ རྩ་རླུང་ཐིག་ལེའི་གཡོ་འཁྲུགས༴ གཟུང་འཛིན་འཁྲུལ་པའི་གཉིས་སྣང༴ དབྱིངས་ཀྱི་རྗེ་མོ་གཡེལ་བ༴ འཇིག་རྟེན་མཁའ་འགྲོ་འཁྲུགས་པ༴ ལས་ཀྱི་མཁའ་འགྲོའི་བསུན་མ༴ འདོད་ཆགས་ལྷ་བུའི་བདུད་ཚོགས༴ ཞེ་སྡང་འཆི་བདག་རྔམས་པ༴ གཏི་མུག་ཉོན་མོངས་མུན་པ༴ ང་རྒྱལ་ཕུང་པོའི་བདུད་སྡེ༴ ཕྲག་དོག་བྱད་ཕུར་རྦོད་གཏོང༴ མདོར་ན་འགལ་རྐྱེན་མི་མཐུན་ཟློགས༔ ཟློག་གོ་དམར་ཆེན་གཏོར་མས་ཟློགས༔ སྒྱུར་རོ་དགྲ་བགེགས་སྟེང་དུ་སྒྱུར༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཨཱོྃ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀཿཧཱུྃ་ཕཊ༔ སརྦ་དུཥྚཱན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཉུང་དཀར་བྲབ་ཅིང་ཐལ་མོ་བརྡབ༔ ཧཱུྃ༔ ཁྲག་འཐུང་འདུས་པའི་ཕོ་བྲང་ཆེ༔ དུར་ཁྲོད་རབ་འཇིགས་གཞལ་མེད་ཁང༔ ཤར་ཕྱོགས་དཀྱིལ་འཁོར་ཆེན་པོ་ནས༔ བཅོམ་ལྡན་ཡང་དག་ཧེ་རུ་ཀ༔ ཡུམ་མཆོག་ཀྲོ་ངྷཱི་ཤྭ་རཱི་མ༔ རིགས་བཞིའི་ཁྲག་འཐུང་ཡབ་ཡུམ་དང༔ ཀེའུ་སེང་སྒོ་སྐྱོང་དབང་མོ་སོགས༔ གཙོ་འཁོར་སྤྲུལ་པར་བཅས་པ་རྣམས༔ ཟློག་སྒྱུར་དྲག་པོའི་ལས་ལ་བཞེངས༔ སོགས་ཟློག་བྱང་འགྲེའོ། །ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ སརྦ་དུཥྚཱན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཧཱུྃ༔ ཁྲག་འཐུང་འདུས་པའི་ཕོ་བྲང་ཆེ༔ དུར་ཁྲོད་རབ་འཇིགས་གཞལ་མེད་ཁང༔ ལྷོ་ཕྱོགས་དཀྱིལ་འཁོར་ཆེན་པོ་ནས༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད༔ ཡུམ་ཆེན་རྡོ་རྗེ་བཻ་ཏཱ་ལི༔ གཤེད་ཆེན་འཆི་བདག་གདོང་ཅན་མ༔ གིང་བདུད་རྩིས་བཤན་ལ་སོགས་པ༔ གཙོ་འཁོར་སྤྲུལ་པར་བཅས་པ་རྣམས༔ ཟློག་སྒྱུར་སོགས་འགྲེ། ཨཱོྃ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ སརྦ་དུཥྚཱན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཧཱུྃ༔ ཁྲག་འཐུང་འདུས་པའི་ཕོ་བྲང་ཆེ༔ དུར་ཁྲོད་རབ་འཇིགས་གཞལ་མེད་ཁང༔ ནུབ་ཕྱོགས་དཀྱིལ་འཁོར་ཆེན་པོ་ནས༔ བཅོམ་ལྡན་པདྨ་རྟ་མཆོག་དཔལ༔ ཡུམ་ཆེན་པདྨ་གཟི་ལྡན་མ༔ རིག་བཞི་ཕྲ་མེན་ཟིལ་གནོན་བརྒྱད༔ སྒོ་སྐྱོང་ཁམས་རྒྱ་དམུས་ལོང་སོགས༔ གཙོ་འཁོར་སྤྲུལ་པར་བཅས་པ་རྣམས༔ ཟློག་སྒྱུར་སོགས། ཨཱོྃ་པདྨཱནྟ་ཀྲིཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ སརྦ་དུཥྚཱན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཧཱུྃ༔ ཁྲག་འཐུང་འདུས་པའི་ཕོ་བྲང་ཆེ༔ དུར་ཁྲོད་རབ་འཇིགས་གཞལ་མེད་ཁང༔ བྱང་ཕྱོགས་དཀྱིལ་འཁོར་ཆེན་པོ་ནས༔ བཅོམ་ལྡན་བཛྲ་ཀུ་མཱ་ར༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ སྲས་མཆོག་རིགས་བཞི་ཁྲོ་རྒྱལ་བཅུ༔ སྒོ་སྐྱོང་ཕུར་བུའི་སྲུང་མ་སོགས༔ གཙོ་འཁོར་སྤྲུལ་པར་བཅས་པ་རྣམས༔ ཟློག་སྒྱུར་སོགས། ཨཱོྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ སརྦ་དུཥྚཱན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཧཱུྃ༔ ཁྲག་འཐུང་འདུས་པའི་ཕོ་བྲང་ཆེ༔ དུར་ཁྲོད་རབ་འཇིགས་གཞལ་མེད་ཁང༔ ཤར་ལྷོའི་དཀྱིལ་འཁོར་ཆེན་པོ་ནས༔ བཅོམ་ལྡན་བླ་མེད་ཧེ་རུ་ཀ༔ ཡུམ་ཆེན་ཉིད་གཞི་མུ་ཁ་ལེ༔ རྟག་རྒྱལ་རྗེ་མོ་སྨན་མོ་དང༔ སྒོ་སྐྱོང་ཁོར་ཡུག་ཕོ་ཉ་སོགས༔ གཙོ་འཁོར་སྤྲུལ་པར་བཅས་པ་རྣམས༔ ཟློག་སྒྱུར་སོགས། ཨཱོྃ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀཿགུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ སརྦ་དུཥྚཱན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཧཱུྃ༔ ཁྲག་འཐུང་འདུས་པའི་ཕོ་བྲང་ཆེ༔ དུར་ཁྲོད་རབ་འཇིགས་གཞལ་མེད་ཁང༔ ལྷོ་ནུབ་དཀྱིལ་འཁོར་ཆེན་པོ་ནས༔ བཅོམ་ལྡན་རིག་འཛིན་རྡོ་རྗེ་ཆོས༔ ཡུམ་ཆེན་རྡོ་རྗེ་རྣལ་འབྱོར་མ༔ རིགས་བཞི་གྲུབ་ཆེན་སྒོ་སྐྱོང་དང༔ མཁའ་འགྲོ་གིང་གི་ཚོགས་ལ་སོགས༔ གཙོ་འཁོར་སྤྲུལ་པར་བཅས་པ་རྣམས༔ ཟློག་སྒྱུར་སོགས། ཨཱོྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ སརྦ་དུཥྚཱན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཧཱུྃ༔ ཁྲག་འཐུང་འདུས་པའི་ཕོ་བྲང་ཆེ༔ དུར་ཁྲོད་རབ་འཇིགས་གཞལ་མེད་ཁང༔ ནུབ་བྱང་དཀྱིལ་འཁོར་ཆེན་པོ་ནས༔ བཅོམ་ལྡན་དྲེགས་པ་ཀུན་འདུལ་དང༔ ཡུམ་ཆེན་སྲིད་པ་སྤྱི་འདུལ་མ༔ དབང་ཕྱུག་ཆེ་སོགས་སྡེ་དཔོན་དང༔ གཏུམ་ཆེན་དྲེགས་བྱེད་དམག་གི་དཔུང༔ གཙོ་འཁོར་སྤྲུལ་པར་བཅས་པ་རྣམས༔ ཟློག་སྒྱུར་སོགས། ཨཱོྃ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ༔ སརྦ་དུཥྚཱན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཧཱུྃ༔ ཁྲག་འཐུང་འདུས་པའི་ཕོ་བྲང་ཆེ༔ དུར་ཁྲོད་རབ་འཇིགས་གཞལ་མེད་ཁང༔ བྱང་ཤར་དཀྱིལ་འཁོར་ཆེན་པོ་ནས༔ བཅོམ་ལྡན་དཔལ་ཆེན་སྟོབས་ལྡན་ནག༔ ཡུམ་ཆེན་འབྱུང་ལྔའི་བདག་མོ་དང༔ སྔགས་བདག་དྲེགས་པ་བཅོ་བརྒྱད་སོགས༔ གསོད་བྱེད་སྡེ་བརྒྱད་གདུག་པའི་དཔུང༔ གཙོ་འཁོར་སྤྲུལ་པར་བཅས་པ་རྣམས༔ ཟློག་སྒྱུར་སོགས། ཨཱོྃ་བཛྲ་སརྦ་དུཥྚཱན་ཧཱུྃ་ཕཊ༔ སརྦ་དུཥྚཱན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཧཱུྃ༔ ཁྲག་འཐུང་འདུས་པའི་ཕོ་བྲང་ཆེ༔ དུར་ཁྲོད་རབ་འཇིགས་གཞལ་མེད་ཁང༔ དཀྱིལ་འཁོར་ཆེན་པོའི་ཁོར་ཡུག་ནས༔ དབང་ཕྱུག་མཁའ་འགྲོ་གིང་ལང་ཀ༔ འབར་མ་ས་བདག་མ་སྲིང་ཚོགས༔ ཕྱོགས་སྐྱོང་རྒྱལ་ཆེན་བརྟན་མ་སོགས༔ དཔལ་གྱི་བཀའ་སྡོད་འཁོར་བཅས་རྣམས༔ ཟློག་སྒྱུར་སོགས། ཨཱོྃ་བཛྲ་སརྦ་ཀརྨ་ཡཀྵ་ས་མ་ཡ་ཧཱུྃ་ཕཊ༔ སརྦ་དུཥྚཱན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཧཱུྃ༔ ཁྲག་འཐུང་འདུས་པའི་ཕོ་བྲང་ཆེ༔ དུར་ཁྲོད་རབ་འཇིགས་གཞལ་མེད་ཁང༔ ཚོམ་བུ་དགུ་ལྡན་དཀྱིལ་འཁོར་ཆེའི༔ གཙོ་འཁོར་དཔལ་གྱི་མཁའ་དབྱིངས་སུ༔ ཁམས་གསུམ་ཀུན་ན་རྩལ་ཆེ་བ༔ སངས་རྒྱས་ཕྲིན་ལས་རྫོགས་པའི་དཔལ༔ འདབ་ཆགས་རྒྱལ་པོ་ག་རུ་ཌ༔ གཙོ་འཁོར་སྤྲུལ་པར་བཅས་པ་རྣམས༔ ཟློག་སྒྱུར་སོགས། ཨཱོྃ་བཛྲ་ག་རུ་ཌཿཧེ་ཧཾ་སེ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ སརྦ་དུཥྚཱན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ དེ་ལྟར་སོ་སོར་བསྐུལ་ཞིང་བཟློག༔ སླར་ཡང་དྲིལ་ཏེ་བཟློག་པ་ནི༔ འགུགས་བསྒྲལ་བསྟབ་པ་བྱས་ལ།་་་ཧཱུྃ༔ ཁྲག་འཐུང་འདུས་པའི་ཕོ་བྲང་ཆེ༔ དུར་ཁྲོད་རབ་འཇིགས་གཞལ་མེད་ཁང༔ ཚོམ་བུ་དགུ་ལྡན་དཀྱིལ་འཁོར་ནས༔ ཞི་ཁྲོ་རབ་འབྱམས་འབར་བའི་སྐུ༔ དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ ཡང་དག་ཁྲག་འཐུང་གཤིན་རྗེ་གཤེད༔ རྟ་མགྲིན་རྒྱལ་པོ་ཀཱི་ལ་ཡ༔ བླ་མེད་རིག་འཛིན་རྡོ་རྗེ་ཆོས༔ དྲེགས་པ་ཀུན་འདུལ་སྟོབས་ལྡན་ནག༔ གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ ལས་བྱེད་དཔལ་གྱི་བཀའ་སྡོད་དང༔ མཐུ་རྩལ་རྨད་བྱུང་ག་རུ་ཌ༔ འདུས་པ་ཆེན་པོའི་ལྷ་ཚོགས་རྣམས༔ ཟློག་སྒྱུར་སོགས་འགྲེའོ། །དྲག་སྔགས་མཐར། སརྦ་དུཥྚཱན་མ་ཧཱ་ཤ་རཱི་རཾ་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཅེས་བརྗོད་ཅིང་ཐལ་མོ་བརྡབ། བཟློག་པ་ཚར་གྲངས་གསོག་ན་རེ་རེ་བཞིན་ཐུན་གཏོར་ལིང་རོའི་ཆ་ཤས་བཅས་ལ་དགུག་གཞུག་སོགས་གོང་ལྟར་བྱས་པས་བསྟབས་ཤིང་། ཧཱུྃ༔ ཁྲག་འཐུང་འདུས་པའི་སོགས་ཟློག་བྱང་ཚང་བར་གྱེར་བའམ། ཤིན་ཏུ་བསྡུ་ན་དྲིལ་ཏེ་ཟློག་པའི་ཟློག་བྱང་ཐ་མ་ཁོ་ན་བསྐྱར་ཞིང་གྲངས་གཟུང་། གྲངས་རྫོགས་པ་ན། སླར་ཡང་ཕྱི་ལྟར་སྒོ་གསུམ་གྱི་འགལ་རྐྱེན་ཟློག་པ་ནི། ཧཱུྃ༔ དཔལ་ཆེན་ཁྲག་འཐུང་འདུས་པའི་ལྷ༔ གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ ཟློག་སྒྱུར་དྲག་པོའི་ལས་ལ་བཞེངས༔ སྒེག་པའི་སྐུ་མཆོག་ལྷུན་པོར་འགྱིང༔ དཔའ་བརྟུལ་གཟི་བརྗིད་ཉི་ལྟར་འབར༔ འཇིགས་རུང་སྲིད་ཞིའི་ཆེ་བཙན་ཆེའི༔ དམ་ཚིག་ཆེན་པོའི་དུས་ལ་བབས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ལུས་ཀྱི་ནད་གདོན་བར་ཆད་བགེགས༔ འཇིགས་དང་སྡུག་བསྔལ་ཐམས་ཅད་ཀུན༔ གནོད་བྱེད་དགྲ་བགེགས་ལུས་ལ་ཟློགས༔ ཧ་ཧར་དགོད་པས་ས་གསུམ་གཡོ༔ བརླང་པོར་གཤེ་བའི་འབྲུག་སྟོང་ལྡིར༔ དྲག་ཤུལ་རྡོ་རྗེའི་སྔགས་ཀྱི་སྒྲའི༔ དམ་ཚིག་ཆེན་པོའི་དུས་ལ་བབས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ངག་གི་ནད་གདོན་བར་ཆད་བགེགས༔ འཇིགས་དང་སྡུག་བསྔལ་ཐམས་ཅད་ཀུན༔ གནོད་བྱེད་དགྲ་བགེགས་ངག་ལ་ཟློགས༔ དམིགས་པ་མེད་པའི་སྙིང་རྗེ་ལས༔ རྔམས་པའི་གདངས་རྩལ་ཉི་ལྟར་ཤར༔ ཞི་བའི་དབྱིངས་ལས་མ་གཡོས་པའི༔ དམ་ཚིག་ཆེན་པོའི་དུས་ལ་བབས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ཡིད་ཀྱི་ནད་གདོན་བར་ཆད་བགེགས༔ འཇིགས་དང་སྡུག་བསྔལ་ཐམས་ཅད་ཀུན༔ གནོད་བྱེད་དགྲ་བགེགས་ཡིད་ལ་ཟློགས༔ དྲག་སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་ས་མ་ཡ་སརྦ་དུཥྚཱན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ནང་ལྟར་ཕུང་པོ་ལྔ་རིགས་ལྔར་ཟློག་པ་ནི། ཧཱུྃ༔ གཟུགས་ཀྱི་ཕུང་པོ་ལ་བརྟེན་པའི༔ གཉིས་སྣང་འཁྲུལ་པའི་བག་ཆགས་ཀུན༔ སྣང་སྟོང་དབྱེར་མེད་ཧེ་རུ་ཀ༔ རྡོ་རྗེ་རྟག་པའི་ཕྱག་རྒྱར་ཟློགས༔ ཚོར་བའི་ཕུང་པོ་ལ་བརྟེན་པའི༔ གཉིས་སྣང་འཁྲུལ་པའི་བག་ཆགས་ཀུན༔ ཚོར་སྟོང་དབྱེར་མེད་ཧེ་རུ་ཀ༔ རིན་ཆེན་ཉི་མའི་ཕྱག་རྒྱར་ཟློགས༔ འདུ་ཤེས་ཕུང་པོ་ལ་བརྟེན་པའི༔ གཉིས་སྣང་འཁྲུལ་པའི་བག་ཆགས་ཀུན༔ མྱོང་སྟོང་དབྱེར་མེད་ཧེ་རུ་ཀ༔ པདྨ་གར་དབང་ཕྱག་རྒྱར་ཟློགས༔ འདུ་བྱེད་ཕུང་པོ་ལ་བརྟེན་པའི༔ གཉིས་སྣང་འཁྲུལ་པའི་བག་ཆགས་ཀུན༔ རེག་སྟོང་དབྱེར་མེད་ཧེ་རུ་ཀ༔ རྟ་མཆོག་རོལ་པའི་ཕྱག་རྒྱར་ཟློགས༔ རྣམ་ཤེས་ཕུང་པོ་ལ་བརྟེན་པའི༔ གཉིས་སྣང་འཁྲུལ་པའི་བག་ཆགས་ཀུན༔ རིག་སྟོང་དབྱེར་མེད་ཧེ་རུ་ཀ༔ རྡོ་རྗེ་སེམས་དཔའི་ཕྱག་རྒྱར་ཟློགས༔ པཉྩ་ཀུ་ལ་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ གསང་བ་ཉོན་མོངས་པ་ལྔ་ཡེ་ཤེས་ལྔར་ཟློག་པ་ནི། ཧཱུྃ༔ མ་རིག་ཉེས་པའི་རྩ་བ་སྟེ༔ ཉོན་མོངས་གཏི་མུག་རྣམ་རྟོག་ཀུན༔ ཆོས་དབྱིངས་ཡེ་ཤེས་ཀློང་དུ་ཟློགས༔ འོད་གསལ་ཆེན་པོའི་ཕྱག་རྒྱས་ཐོབས༔ ཁེངས་ཤིང་རྔམས་པའི་འཛིན་པ་ཅན༔ ཉོན་མོངས་ང་རྒྱལ་རྣམ་རྟོག་ཀུན༔ མཉམ་ཉིད་ཡེ་ཤེས་ཀློང་དུ་ཟློགས༔ སྒྱུ་མ་ལྟ་བུའི་ཕྱག་རྒྱས་ཐོབས༔ ཡུལ་ལ་སྲེད་ཅིང་ཞེན་པ་ཡི༔ ཉོན་མོངས་འདོད་ཆགས་རྣམ་རྟོག་ཀུན༔ སོར་རྟོགས་ཡེ་ཤེས་ཀློང་དུ་ཟློགས༔ བདེ་བ་ཆེན་པོའི་ཕྱག་རྒྱས་ཐོབས༔ མི་མཐུན་འགལ་བའི་རྣམ་པ་ཅན༔ ཉོན་མོངས་ཕྲག་དོག་རྣམ་རྟོག་ཀུན༔ བྱ་གྲུབ་ཡེ་ཤེས་ཀློང་དུ་ཟློགས༔ རང་གྲོལ་ཆེན་པོའི་ཕྱག་རྒྱས་ཐོབས༔ གདུག་ཅིང་གཏུམ་ལ་འབར་བ་ཡི༔ ཉོན་མོངས་ཞེ་སྡང་རྣམ་རྟོག་ཀུན༔ མེ་ལོང་ཡེ་ཤེས་ཀློང་དུ་ཟློགས༔ ཀ་དག་ཆེན་པོའི་ཕྱག་རྒྱས་ཐོབས༔ པཉྩ་ཛྙཱ་ན་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ མཐར་ཐུག་རྟོག་ཚོགས་ཆོས་སྐུར་ཟློག་པ་ནི། ཧཱུྃ༔ འཁོར་འདས་ཆོས་ཀུན་གདོད་མ་ནས༔ སྟོང་ཆེན་མཁའ་ལྟར་རྣམ་པར་དག༔ དོན་གྱི་ཀུན་བཟང་ཧེ་རུ་ཀའི༔ ཐིག་ལེ་ཆེན་པོར་དབྱེར་མེད་ཀྱང༔ དེ་ཉིད་མ་རིག་འཁྲུལ་པ་ལས༔ བདག་དང་གཞན་དུ་རྣམ་པར་བརྟགས༔ ཉོན་མོངས་བག་ཆགས་རིམ་གྱིས་འཕེལ༔ འཇིགས་པའི་གདོན་དང་བཞི་བརྒྱའི་ནད༔ སྡང་བྱེད་དགྲ་དང་གནོད་བྱེད་བགེགས༔ བར་ཆད་རྐྱེན་ངན་ཅི་ཡང་ཤར༔ འཁྲུལ་པ་རྨི་ལམ་ལྟ་བུར་སྣང༔ སྣང་དུས་ཉིད་ནས་མ་གྲུབ་པས༔ སྒྱུ་མའི་འཕྲུལ་འཁོར་ཞིག་པ་ལྟར༔ རང་བཞིན་འོད་གསལ་བྱང་ཆུབ་སེམས༔ སྟོང་པ་ཉིད་ཀྱི་ངང་དུ་བྷྱོ༔ མཚན་མ་མེད་པའི་དབྱིངས་སུ་ཟློག༔ སྨོན་པ་མེད་པའི་མཁའ་ལ་བསྟིམས༔ དུས་གསུམ་འགྱུར་བ་མེད་པ་ཡི༔ ཕྱག་རྒྱ་ཆེན་པོར་རྒྱས་ཐོབས་ཤིག༔ མ་ཧཱ་ཛྙཱ་ན་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཨ་ཨ་ཨ༔ ཞེས་བརྗོད་ཅིང་བློ་འདས་རྣམ་པར་མི་རྟོག་པའི་ངང་དུ་མཉམ་པར་བཞག་ལ་དགོངས་པའི་གདེང་བསྐྱེད་དོ། །དེ་ལྟ་བུའི་ཚུལ་གྱིས་སྒྲུབ་ཞག་རྫོགས་པ་འམ། ཉིན་ཆོག་ལྟ་བུར་ཟློག་བྱང་གྲངས་གསག་ཟིན་པ་ན་འཕང་བའི་ལས་སྦྱོར་ནི། སྤྲོ་ཞིང་ནུས་ན་སྔ་དྲོའི་ཆར་ཁང་སྟེང་ནས་བསང་དང་གསེར་སྐྱེམས་བརྔན་སོགས་རྒྱས་བསྡུས་གང་རིགས་བྱ། གང་ལྟར་ཡང་ཟློག་བྱང་རྗེས་མའི་མགོར་ཤོག་ལིང་ཡོད་ན་ཐུན་གཏོར་སོགས་དང་ལྷན་ཅིག་ཏུ། དགུག་གཞུག་བསྒྲལ་ལས་མདོར་བསྡུས་བྱས་ལ་མེར་བསྲེགས་པའི་ཐལ་བ་དང་ཐུན་གཏོར་སོགས་ཞལ་དུ་བསྟབས་ནས་ཟློག་བྱང་གྱེར། ཟོར་དཀྱིལ་གྱི་ལྷ་ལ་མཆོད་བསྟོད་བཟོད་གསོལ་བྱ། དྲག་སྔགས་མཐར། ཛཿཧཱུྃ་བཾ་ཧོ༔ ཟོར་ཆེན་རྫས་ཀྱི་ཡེ་ཤེས་པ༔ བདག་ཉིད་དཔལ་གྱི་ཐུགས་ཀར་ཐིམ༔ ཁམས་གསུམ་ཆེ་བཙན་འགྲན་མེད་པའི༔ བྱིན་རླབས་གཟི་བརྗིད་འབར་བར་གྱུར༔ ཅེས་བརྗོད་ཅིང་བསམ། དམ་ཚིག་གི་ཟོར་དཀྱིལ་གྱི་སྒོ་དབྱེ་བ་ནི། དབྱེ་བའི་རྒྱ་དང་བཅས། ཧཱུྃ༔ ཚད་མེད་བཞི་ལྡན་སྒོ་མ་བཞིས༔ ཟོར་ཆེན་དཀྱིལ་འཁོར་སྒོ་བཞི་ཕྱེས༔ ཁྲག་འཐུང་ལྷ་ཚོགས་གཟི་བྱིན་སྐྱེད༔ ཕྱོགས་བཞིའི་དགྲ་བགེགས་རྡུལ་དུ་རློགས༔ ཛཿཧཱུྃ་བཾ་ཧོཿཔྲ་བེ་ཤ་ཡ་ཕཊ༔ ཅེས་བརྗོད་པས་སྒོ་བཞི་ཤག་གིས་དབྱེ། སྒོ་མ་རྣམས་ཞལ་ཕྱིར་ཕྱོགས། དཀྱིལ་འཁོར་པ་རྣམས་ལས་ལ་གཤེགས་པར་ངོ་མཐོན་གྱི་ཚུལ་དུ་བཞུགས་པར་བསམ་ལ། ཐུགས་དམ་བསྐུལ་བ་ནི། དམར་གཏོར་ལ་དགྲ་བགེགས་དགུག་བསྟིམ་ཤ་ཁྲག་གི་གཏོར་མར་བྱིན་གྱིས་བརླབས་ལ། ཧཱུྃ༔ དཔལ་ཆེན་ཚོམ་བུ་དགུ་ཡི་ལྷ༔ ཆོས་སྐུ་ཞི་ལས་མ་གཡོས་ཀྱང༔ གཟུགས་སྐུ་འཇིགས་པའི་ཕྱག་རྒྱར་བཞེངས༔ དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི༔ མི་མཐུན་རྡོ་རྗེའི་གོ་ཆས་སྲུངས༔ ཚེ་དཔལ་ཡེ་ཤེས་བྱིན་གྱིས་སྐྱེད༔ འགལ་རྐྱེན་དམོད་པའི་སྟོབས་ཀྱིས་ཟློགས༔ གདུག་ཅིང་གཏུམ་པ་དབྱིངས་སུ་སྒྲོལ༔ ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ དེ་ནས་སྲུང་མའི་གཏོར་འབུལ་དཀྱུས་ལྟར་བྱ། ཆད་ཐོའི་གཏོར་མ་ལ་དགྲ་བགེགས་དགུག་བསྟིམ་ཟས་སྐལ་དུ་བསྔོས་ལ། ཧཱུྃ༔ སྔོན་ཚེ་བདེ་གཤེགས་ཞི་ཁྲོ་རབ་འབྱམས་དང༔ བར་དུ་གྲུབ་མཆོག་རིག་འཛིན་འདུས་པའི་སྡེ༔ ཐ་མར་རྩ་བརྒྱུད་བླ་མས་བཀའ་བསྒོས་ལྟར༔ ཕོ་མོ་མ་ནིང་སྣང་སྲིད་དྲེགས་པའི་ཚོགས༔ ཐ་ཚིག་རྒྱུད་བསྐུལ་ཤ་ཁྲག་གཏོར་མ་ལོངས༔ སངས་རྒྱས་བསྟན་སྲུངས་དཀོན་མཆོག་དབུ་འཕང་བསྟོད༔ སྡང་བའི་དགྲ་ཐུལ་གནོད་པའི་བགེགས་དཔུང་ཆོམས༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཞེས་ཕུལ། ཟོར་ཆེན་རྫས་བཅས་ཕྱིར་དཔག་ལ། ཟོར་ལམ་བསལ་ཞིང་ཟ་ལམ་བསྟན་པ་ནི། ཕུར་བུ་བསྒྲིལ་ལ། ཧཱུྃ༔ ང་ནི་ཆེ་མཆོག་ཧེ་རུ་ཀ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་རྫོགས༔ དཔལ་ཆེན་པོ་དང་གཉིས་སུ་མེད༔ དེ་རིང་གདུག་པའི་ཟོར་འཕེན་གྱིས༔ ལྷ་གཤེགས་གངས་དཀར་རྩེ་ལ་གཤེགས༔ ཀླུ་གཤེགས་རྒྱ་མཚོའི་གཏིང་ལ་གཤེགས༔ བཙན་གཤེགས་བྲག་དམར་ལོགས་ལ་གཤེགས༔ གདོང་དུ་སུ་ཡང་མ་སྡོད་ཅིག༔ དེ་རིང་ཐམས་ཅད་ལས་ལ་ཆོས༔ ཕ་རོལ་བདུད་དང་དགྲ་བགེགས་ལ༔ མངོན་སྤྱོད་ལས་ཀྱི་གཡུལ་ངོ་སྤྲོད༔ བདུད་ཀྱི་རུ་དར་བསྙིལ་བར་གྱིས༔ དགྲ་དཔུང་བདུན་རྒྱུད་རྩད་ནས་ཆོད༔ བགེགས་དཔུང་ཐལ་བའི་རྡུལ་བཞིན་རློགས༔ ཅེས་དང་། ཧཱུྃ་བྷྱོ༔ ཟོར་གྱི་དཔུང་ཚོགས་ཆས་པ་ནི༔ སྲིན་པོ་ཆས་པའི་ཆོ་འདྲ་སྟེ༔ སྲིན་ཞལ་དམར་པོ་ཡ་ལ་ལ༔ འབྲོང་དར་ཆས་པའི་ཆོ་འདྲ་སྟེ༔ རྩང་རྣོན་རུ་ཐུར་ཟངས་སེ་ཟང༔ བདུད་རྒྱལ་ཆས་པའི་ཆོ་འདྲ་སྟེ༔ དར་མདུང་དམར་པོ་ཕྱ་ར་ར༔ མ་མོ་ཆས་པའི་ཆོ་འདྲ་སྟེ༔ དུག་མཚོ་མང་པོ་ཉི་ལི་ལི༔ ཀི་བསྭོ་ཆ་སྒྲ་དི་རི་རི༔ སྤྱི་ཆག་ཐམས་ཅད་གཏོར་མས་ཟློགས༔ སྒོས་ཆག་ཐམས་ཅད་ཁྱུང་གིས་སྒྱུར༔ ཟོར་གྱི་དམག་དཔུང་མཁའ་ལ་གཤེགས༔ མི་མཐུན་ཐམས་ཅད་ཟློག་པ་དང༔ དགྲ་བགེགས་སྒྲོལ་བའི་ཕྲིན་ལས་མཛོད༔ ཅེས་བརྗོད་ཅིང་འཕྱར་དར་དང་དྲག་རོལ་སོགས་ཀྱིས་སྣ་དྲངས་ལ་དྲག་སྔགས་བཟླ་བཞིན་དུ་འཕང་སར་ཁྱེར་ལ། གསེར་སྐྱེམས། གཟུ་དཔང་། ཟོར་ལམ་བསལ་ཞིང་ཟ་ལམ་བསྟན་པ་རྣམས་སྔར་ལྟར་ལ། དམིགས་བྱ་འབེམ་དུ་བྱས་ནས་དགུག་གཞུག་བྱ། དཔལ་གྱི་ཟོར་ཆེན་དམ་ཚིག་པ༔ རང་ཐིམ་གཟི་བྱིན་ནུས་སྟོབས་འབར༔ སླར་ཡང་ཁྲོ་བོའི་དམག་ཚོགས་དང༔ ཟོར་རྫས་མཚོན་གྱི་རྣོ་ངར་བཅས༔ དགྲ་བོའི་སྟེང་དུ་གློག་ལྟར་འཁྱུག༔ རྗེས་ཤུལ་ལྷག་མེད་བཅོམ་པར་གྱུར༔ ཅེས་བརྗོད་ཅིང་བསམ་ནས་ཟོར་ཆེན་བཏེག་ལ། ཧཱུྃ་ཧཱུྃ༔ ཞི་བ་ཆེན་པོའི་དབྱིངས་ལས་མ་གཡོས་ཀྱང༔ བདུད་འདུལ་ཡེ་ཤེས་ཁྲག་འཐུང་རོལ་པའི་ལྷ༔ ཟུང་འཇུག་ཀློང་དགུའི་དཀྱིལ་འཁོར་རབ་འབྱམས་དང༔ དཔལ་གྱི་བཀའ་སྡོད་མཐུ་རྩལ་ག་རུ་ཌ༔ གཙོ་འཁོར་སྤྲུལ་པ་བྲན་དང་ཕོ་ཉའི་ཚོགས༔ དེ་རིང་དྲག་པོ་ཟོར་གྱི་ལས་ལ་བཞེངས༔ མི་བཟད་འབར་བ་ཆེན་པོའི་གཟི་བྱིན་སྐྱེད༔ ཟོར་རྫས་ནད་མཚོན་དུག་གི་ཆར་ཆེན་པོས༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ བྱང་ཆུབ་སྒྲུབ་ལ་བར་དུ་གཅོད་པ་ཡི༔ ནད་གདོན་འགལ་རྐྱེན་ཆག་ཆེ་ཉམ་ང་ཀུན༔ སངས་རྒྱས་བསྟན་པ་བཤིག་པའི་སྤྱི་དགྲ་དང༔ རྣལ་འབྱོར་ཐད་དུ་ལངས་པའི་སྒོས་ཀྱི་དགྲ༔ གནས་སྐབས་མཐར་ཐུག་གནོད་ཅིང་འཚེ་བའི་བགེགས༔ བདུད་བཞིའི་དམག་ཚོགས་ཕྱི་ནང་ཉེར་འཚེའི་རྐྱེན༔ བདུད་བཞི་དཔུང་དང་བཅས་པའི་སྟེང་དུ་ཟློགས༔ སྡང་བྱེད་དགྲ་བོ་བྱད་མ་རྩད་ནས་ཆོད༔ གནོད་བྱེད་བགེགས་དཔུང་ཐལ་བའི་རྡུལ་དུ་རློགས༔ མི་ལྡོག་ཡེ་ཤེས་ཕྱག་རྒྱའི་གཟེར་ཆེན་ཐོབས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཡོངས་རྫོགས་མཛོད༔ དྲག་སྔགས་དྲག་རོལ་དང་བཅས་སྟངས་སྟབས་བསྒྱུར་ཞིང་གཏོར་མ་དགྲ་ཕྱོགས་སུ་འཕང་། ཐལ་མོ་དང་དུལ་མོ་བརྡབ། རྔམས་སྟབས་དང་བཅས་དགྲ་བགེགས་རྡུལ་དུ་བརླགས་པར་བསམ་ལ་དགོངས་པའི་གདེང་བསྐྱེད། ལྟ་སྟངས་གཟིར། ཟོར་རྗེས་གཅོད་པ་ནི། ཡེ་ཤེས་ཀྱི་བྱ་ཁྱུང་འཇིགས་སུ་རུང་བ་གཅིག་གིས་མཚམས་བཅད་པར་བསམ་ལ། ཧཱུྃ་ཁྲོཾ་བཛྲ་ག་རུ་ཌཿབྷྱོ་ཟློག༔ ཅེས་བརྗོད་ལ་རྡོ་རྗེ་སློབ་དཔོན་གྱིས་རྟིང་མནན་ཏེ་ཚུར་ལོག །རྡོ་རྗེའི་གུར་དུ་བདག་གཞན་བསྲུང་བྱ་ཐམས་ཅད་ཚུད་པར་བསམ་ལ། ཧཱུྃ༔ བདག་ཉིད་དཔལ་ཆེན་ཧེ་རུ་ཀའི༔ ཉི་ཟླ་འབར་བའི་སྡང་མིག་གིས༔ བགེགས་ཀྱི་ཚོགས་རྣམས་བསྲེགས་ཤིང་སྦྱངས༔ ཐུགས་ནས་ཁྲོ་མཚོན་མེ་ཕུང་འཕྲོས༔ མཚོན་ཆའི་འཁོར་ལོའི་རྩིིབས་སྟེང་དུ༔ ཕྱོགས་སྐྱོང་གདན་ལ་ཁྲོ་ཚོགས་འབར༔ ཡེ་ཤེས་མེ་ཕུང་འཚུབས་ཤིང་འཁྱིལ༔ རྡོ་རྗེ་འཁོར་ལོ་རིན་པོ་ཆེ༔ པདྨ་རལ་གྲི་ཐོ་བ་དང༔ ཕུར་པའི་མཚོན་ཆ་སྤྲིན་ལྟར་གཏིབས༔ ལྷ་སྔགས་ཡེ་ཤེས་རྒྱས་བཏབ་པས༔ ནམ་ཡང་འདའ་བའི་སྐབས་མེད་དོ༔ བཛྲ་ཙཀྲ་རཏྣ་པདྨ་ཁཌྒ་ཏཱིཀྵྞ་ཛྭ་ལ་རཾ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ༔ བཛྲ་རཀྵ་རཀྵ་བྷྲཱུྃ༔ ཞེས་སྲུང་འཁོར་གསལ་གདབ། དེ་ནས་ཕྱི་བསྙེགས་གཅོད་ཕྱིར་གདོང་ཕྱིར་བསྟན་ཏེ། ཧཱུྃ་ཧཱུྃ་ཧཱུྃ་བདུད་པྲ་མཱ་ར་ཡ་རྦད་ནན༔ ཁ་ལ་ཛ་མ་ལི་རྦད་ནན༔ ར་ཙ་དུ་ལིང་ཤག་རྦད་ནན༔ ཤིག་ཤིག་དུམ་དུམ་རྦད་ནན༔ ཚལ་པ་ཚལ་པ་རྦད་ནན༔ ཁྲོཾ་ཁྲོཾ་བྷྱོ་རྦད་ནན༔ རྨུགས་རྨུགས་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་དུ་ཚལ་དུ་རྦད་ནན༔ ཞེས་ཅི་རིགས་བཟླ། སྒོ་དྲུང་དུ་གཏོར་གཞོང་བཤལ་བའི་སྨན་ཕུད་ཀྱིས་བརྟན་མའི་གཏོར་མ་བྲན་ལ་བྱིན་གྱིས་བརླབས། ཧཱུྃ་བྷྱོ༔ ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུའི༔ བཀའ་ཡི་ཚོགས་དང་དམ་ཚིག་བདག༔ བོད་སྐྱོང་བརྟན་མ་འཁོར་བཅས་རྣམས༔ འདིར་གཤེགས་དམ་བསྐང་ཕྲིན་ལས་མཛོད༔ གནག་ཅིང་གདུག་པའི་བདུད་མོ་བཞི༔ དམར་གསལ་རྗེས་ཆགས་གནོད་སྦྱིན་བཞི༔ དཀར་ཤམ་ཞི་བའི་སྨན་མོ་བཞི༔ སྐྱོང་མ་ཡ་མའི་ཚོགས་བཅས་རྣམས༔ སྔོན་ཚེ་པདྨ་ཐོད་ཕྲེང་དང༔ རླངས་ཆེན་དཔལ་གྱི་སེང་གེ་ཡིས༔ ཨ་སུ་ར་ཡི་བྲག་ཕུག་ཏུ༔ ཚོགས་ཀྱི་གྲལ་དུ་བཀོད་པའི་ཚེ༔ ཐ་ཚིག་ཞལ་བཞེས་རྗེས་དགོངས་ལ༔ བཤལ་ཆུའི་བདུད་རྩི་དགྱེས་པར་རོལ༔ བོད་ཁམས་རུ་བཞིའི་སོ་ཁ་སྲུངས༔ མཐའ་དམག་གདུག་ཅན་རྒྱུ་འགྲུལ་ཆོད༔ སངས་རྒྱས་བསྟན་པ་དར་བ་དང༔ གངས་ཅན་བདེ་བའི་ཕྲིན་ལས་མཛོད༔ མ་མ་དྷཱ་ཀི་ནཱི་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ཕུལ། སྒྲུབ་ཁང་གི་སྒོ་དྲུང་དུ་དོང་བྲུས་པར་སྔར་གྱི་ལིང་རོའི་ཆ་ཤས་དང་ལིངྒ་བསྲེགས་པའི་ཐལ་བ་ཡོད་ན་བླུགས། དོང་ཁ་བཅད། གང་ལྟར་ཡང་དེའི་སྟེང་དུ་གཏོར་གཞོང་ཁ་སྦུབས། ཨེ་གྲུ་གསུམ་པར་དགྲ་བགེགས་དམ་སྲི་སྒབ་འདྲེའི་ཚོགས་བཀུགས་ཅིང་བསྟིམས་ནས། ཧཱུྃ༔ ཁམས་གསུམ་ཨེ་ཡི་བྲུབ་ཁུང་དུ༔ གདུག་པའི་དགྲ་བགེགས་བཀུག་ཅིང་བསྟིམས༔ རྡོ་རྗེ་ལྷུན་པོའི་ཕྱག་རྒྱས་མནན༔ ཡེ་ཤེས་གར་གྱི་རྒྱས་བཏབ་པས༔ བྱང་ཆུབ་སྒྲུབ་ལ་བར་གཅོད་ཀུན༔ ནམ་ཡང་ལྡང་བའི་སྐབས་མེད་དོ༔ ཨེ་ནྲྀ་ཏྲི་ལཾ་སཏྭཾ་བྷ་ཡ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་པས་ལས་མཐའ་བྲོ་ཡིས་བསྡུ། ནང་དུ་ལོགས་ནས་སྒྲུབ་དཀྱིལ་ལ་གཏང་རག་གི་མཆོད་བསྟོད་སྔོན་དུ་འགྲོ་བས་ཚེ་འགུགས་བསྐུལ། རྟེན་གཏོར་སོགས་སྒྲུབ་རྟེན་ལྷར་གསལ་བ་བཏེགས་ཅིང་། ཨཱོྃ་ཨཱཿཧཱུྃ༔ བདེ་གཤེགས་ཞི་ཁྲོ་རབ་འབྱམས་ཐུགས་རྗེའི་གཏེར༔ བསྙེན་སྒྲུབ་རྡོ་རྗེའི་དམ་ཚིག་ཐེམས་ལགས་ན༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དཀྱིལ་འཁོར་ནས༔ མཆོག་དང་ཐུན་མོང་དངོས་གྲུབ་བྱིན་དབང་སྩོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་བརྗོད་ཅིང་གཏོར་མ་གནས་གསུམ་དུ་རེག །ཚེ་རིལ་ཆང་དང་དངོས་གྲུབ་ཀྱི་རྫས་ཡོད་ན་རོལ། ནོངས་བཤགས་ནི། ཧོ༔ རྡོ་རྗེ་གསང་བའི་དཀྱིལ་འཁོར་དུ༔ སྒྲུབ་རྫས་མ་ཚང་ཏིང་འཛིན་གཡེལ༔ ཆོ་ག་ལྷག་ཆད་འགལ་འཁྲུལ་ཀུན༔ བཟོད་བཞེས་ཚངས་པའི་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པ་བརྗོད། མདུན་བསྐྱེད་རྟེན་ཡོད་ན་བརྟན་བཞུགས་དང་མེད་ན་གཤེགས་གསོལ་སྐབས་སྦྱར། བདག་བསྐྱེད་བསྡུ་བ་ནི། ཨ༔ རིག་རྩལ་རོལ་པའི་དཀྱིལ་འཁོར་དང༔ དག་པའི་སྣོད་བཅུད་དབྱིངས་སུ་ཐིམ༔ དམིགས་བསམ་བརྗོད་པ་བྲལ་བའི་ངང༔ མཁའ་ཁྱབ་འོད་གསལ་ངང་དུ་གཞག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཐུན་མཚམས་ཀྱི་ལྷ་སྐུར་ལྡང་བ་ནི། སླར་ཡང་ཆུ་ལས་རླབས་བཞིན་དུ༔ སྒོ་གསུམ་དཔལ་ཆེན་སྐུ་གསུང་ཐུགས༔ མི་ཤིགས་རྡོ་རྗེའི་གོ་དང་ལྡན༔ སྣང་སྲིད་གཞིར་བཞེངས་ཆེན་པོར་སྤྱོད༔ ཕཊ་ཕཊ་ཕཊ༔ བསྔོ་སྨོན་ནི། ཧོ༔ དགེ་བ་འདི་དང་དགེ་བ་གཞན༔ མ་ལུས་འགྲོ་བའི་དོན་དུ་བསྔོ༔ ཀུན་ཀྱང་དཔལ་ཆེན་ཧེ་རུ་ཀའི༔ ཐུགས་ཀྱི་ཐིག་ལེར་རོ་གཅིག་ཤོག༔ ཤིས་བརྗོད་ནི། མི་གནས་ཡེ་ཤེས་ཀུན་བཟང་ཧེ་རུ་ཀ༔ གང་འདུལ་རིགས་ཀྱི་ཚོམ་བུའི་སྐུར་སྟོན་པ༔ ཞི་ཁྲོ་རབ་འབྱམས་བདེན་པའི་བྱིན་རླབས་ཀྱིས༔ རྟག་ཏུ་དཔལ་གནས་བཀྲ་ཤིས་བདེ་ལེགས་ཤོག༔ ཅེས་སོགས་ཤིས་པ་བརྗོད་པ་ཇི་ལྟར་རིགས་པ་དང་བཅས་མེ་ཏོག་གི་ཆར་བསྙིལ་ཞིང་རོལ་མོའི་སྒྲ་སྙན་པར་སྦྱར་རོ། །ཅེས་པའང་དོན་གཉེར་ཅན་དག་ལ་ཕན་པའི་བསམ་པས་གཏེར་གཞུང་དུམ་བུ་ཁྲིགས་སྡེབ་ཀྱི་ཚུལ་དུ་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པས་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།

ཟློག་པའི་འགྲེས་བྱང་ (Volume 62, Text 70)

ཟློག་པའི་འགྲེས་བྱང་ནི། ཟློག་སྒྱུར་དྲག་པོའི་ལས་ལ་བཞེངས༔ དགྲ་བགེགས་གདུག་པ་བསྒྲལ་པ་ཡི༔ འདོད་ཆགས་ཁྲག་གི་རྒྱ་མཚོ་རོལ༔ ཞེ་སྡང་རུས་པའི་ཕུང་པོ་ཆོམས༔ གཏི་མུག་ཤ་ཡི་རི་བོ་བཞེས༔ འབར་ཞིང་འཁྲུགས་པའི་བརྟུལ་ཞུགས་སྐྱེད༔ བསྟན་དང་འགྲོ་ལ་འཚེ་བྱེད་ཅིང༔ རྣལ་འབྱོར་ལམ་གྱི་བར་ཆད་རྐྱེན༔ གཉིས་སྣང་འཁྲུལ་པ་ལས་བྱུང་བའི༔ འཇིགས་པ་བརྒྱད་དང་བཅུ་དྲུག་ཟློགས༔ ནད་རིགས་བཞི་བརྒྱ་རྩ་བཞི་ཟློགས༔ གདོན་ཚོགས་སུམ་བརྒྱ་དྲུག་ཅུ༴ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༴ དུས་མིན་འཆི་བ་བཅོ་བརྒྱད༴ གློ་བུར་བདུན་བརྒྱ་ཉི་ཤུ༴ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ༴ ལྟས་ངན་བརྒྱད་ཅུ་རྩ་གཅིག༴ ཕྱི་ནང་དྲང་སྲོང་དམོད་ཚིག༴ བན་བོན་མུ་སྟེགས་རིག་སྔགས༴ སྡེ་བརྒྱད་གདུག་པའི་ཆོ་འཕྲུལ༴ སྲ་བ་ས་ལ་མནན་པ༴ གཤེར་བ་ཆུ་ལ་གཏད་ཁྲོམ༴ འབར་བ་མེ་ལ་བསྲེགས་པ༴ གཡོ་བ་རླུང་འཁོར་བསྐོར་པ༴ ཆག་ཆེན་ཉམ་ང་ཐམས་ཅད༴ ལོ་ཟླ་ཞག་དུས་ཀེག་སྲི༴ མི་ཁ་གླེང་གཞི་འཐབ་རྩོད༴ དངོས་ཉམས་རྨི་ལམ་ལྟས་ངན༴ ཕ་མེས་དུར་ཁ་བྱེ་བ༴ ལྷ་སྲུང་བདུད་དུ་བབས་པ༴ དཔྲལ་བའི་གཤེད་དུ་འཛུགས་པ༴ ལྟག་པའི་བདུད་དུ་འཇབ་པ༴ གནམ་གྱི་འཇུ་ཐག་ཆད་པ༴ ས་ཡི་རྟེན་ཕུར་བུད་པ༴ སྣོད་ཀྱི་འཇིག་རྟེན་རྒུད་པ༴ འབྱུང་བཞི་གཡོ་ཞིང་འཁྲུགས་པ༴ སད་སེར་བཙའ་ཐན་མུ་གེ༴ དུས་ཚོད་དམན་ལྷག་ལོག་པ༴ བཅུད་ཀྱི་མི་དགེའི་རྣམ་རྟོག༴ མི་ཕྱུགས་ནད་ཡམས་གོད་ཀ༴ མཐའ་དམག་ཀླ་ཀློའི་རྒྱུ་འགྲུལ༴ བསྟན་སེལ་ཕུང་བཤིག་སྡེ་འཁྲུགས༴ རྩ་རླུང་ཐིག་ལེའི་གཡོ་འཁྲུགས༴ གཟུང་འཛིན་འཁྲུལ་པའི་གཉིས་སྣང༴ དབྱིངས་ཀྱི་རྗེ་མོ་གཡེལ་བ༴ འཇིག་རྟེན་མཁའ་འགྲོ་འཁྲུགས་པ༴ ལས་ཀྱི་མཁའ་འགྲོའི་བསུན་མ༴ འདོད་ཆགས་ལྷ་བུའི་བདུད་ཚོགས༴ ཞེ་སྡང་འཆི་བདག་རྔམས་པ༴ གཏི་མུག་ཉོན་མོངས་མུན་པ༴ ང་རྒྱལ་ཕུང་པོའི་བདུད་སྡེ༴ ཕྲག་དོག་བྱད་ཕུར་རྦོད་གཏོང༴ མདོར་ན་འགལ་རྐྱེན་མི་མཐུན་ཟློགས༔ ཟློག་གོ་དམར་ཆེན་གཏོར་མས་ཟློགས༔ སྒྱུར་རོ་དགྲ་བགེགས་སྟེང་དུ་སྒྱུར༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད༔

ཟློག་བྱང་སྐབས་ཀྱི་ཉེར་མཁོའི་འགུགས་བསྒྲལ་སྟོབ་པའི་ཟུར་བྱང་ (Volume 62, Text 71)

ཟློག་བྱང་སྐབས་ཀྱི་ཉེར་མཁོའི་འགུགས་བསྒྲལ་སྟོབ་པའི་ཟུར་བྱང་ལ། དེ་ནས་གཙོ་འཁོར་སོ་སོར་ལས་བཅོལ་ཏེ་ཟློག་པ་ནི། ལིང་རོ་དང་གཏོར་ཆུང་ཆ་བཅུ་གཅིག་བཤམ། འགྲུབ་ན་རེ་རེ་བཞིན་འགུགས་བསྟིམ་དང་། དྲག་སྔགས་ཀྱིས་བསྒྲལ། རང་སྔགས་ལ་ཁཱ་ཧི་བཏགས་པས་འབུལ་དགོས་ལ། བསྡུ་ན་འདིར་སྤྱི་ཁྱབ་ཏུ། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའྎ ཆོས་ཀྱི་བཀའྎ དགེ་འདུན་གྱི་བཀའྎ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་དཔལ་ཆེན་པོ་ ཆེ་མཆོག་སྒྲུབ་སྡེ་དགུའི་ དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་དུ་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བདར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུགས་པའི་གཟུགས་ཅན་སྡང་བའི་དགྲ་དང་། གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད། སྲིད་པ་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང་སྐད་ཅིག་ཡུད་ཙམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །དྲག་སྔགས་སོ་ལྔའི་མཐར། ཨཱ་ཀརྵཱ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་སྤྱིར་བཀུག །ཨཱོྃ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨཱ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཅེས་དྲག་སྔགས་སོ་ལྔ་པ་དང་། སརྦ་ནྲྀ་ཏྲི་ཤ་ཏྲུན་བིགྷྣཱཾ་ཨཱ་ཡུར་བིནྡྷུ་ཛཿབྷྲཱུྃ༔ ཨ་སུ་ནྲྀ་ཏྲི་པྲེ་དུཿབི་ཤུདྡྷ་ཡ་ཧཱུྃ༔ ཨ་ཡཾ་སྥ་ར་ཎ་ཕཊ༔ སརྦ་དུཥྚཱཾ་བྷིནྡྷ་བྷིནྡྷ་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་དགྲ་བགེགས་གནོད་བྱེད་མཱ་ར་ཡ་ཕཊ྄༔ ཅེས་པས་བསྒྲལ། ཨཱོྃ་བཛྲ་ཙཎྜ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཅེས་ཁྲོ་བོ་སྤྱི་སྔགས་གཤམ་དུ། སརྦ་ཤ་ཏྲཱུན་བིགྷྣཱན་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་ལན་གསུམ་གྱིས་འབུལ་ལ་སོ་སོའི་ཟློག་པའི་ལས་བཅོལ་སོགས་ལ་འཇུག་གོ། །།

དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ གསང་སྐོར་ཡི་དམ་ཁྲོ་བོའི་དབང་ཆོག་ (Volume 62, Text 72)

༁ྃ༔ དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ གསང་སྐོར་ཡི་དམ་ཁྲོ་བོའི་དབང་ཆོག་བཞུགས་སོ༔ སྡེ་གསུམ་གསང་སྐོར་མན་ངག་སྡེ། ྈྈྈ ན་མོ་གུ་རུ༔ གསང་སྐོར་ཡི་དམ་ཁྲོ་བོའི་དབང༔ ཚུལ་བཞིན་བསྐུར་བར་བྱ་བ་ལ༔ ཕུན་སུམ་ཚོགས་ལྔ་འཛོམ་པར་བྱ༔ བདེ་གཤེགས་སྙིང་པོས་འགྲོ་ཀུན་ཁྱབ༔ རུ་དྲ་མ་གཏོགས་བསྐུར་བར་རུང༔ དཀྱིལ་འཁོར་འཁོར་ལོ་དགུ་ལྡན་བྲི༔ ཕྱི་རུ་རྒྱས་པར་སྒོ་རྫོགས་གཅིག༔ བསྡུ་ན་རེ་ཁཱ་ལྔ་ལྡན་བྲི༔ བུམ་པ་བཅུ་འམ་གཅིག་ཀྱང་རུང༔ ཆས་ལྡན་སྐུ་གཟུགས་རྣམས་ཀྱིས་བརྒྱན༔ རིགས་ལྔ་རྡོར་དྲིལ་ཅོད་པན་བཅས༔ སྐུ་དང་སྔགས་ཕྲེང་ཕྱག་མཚན་བཅས༔ དམ་རྫས་གསང་ཐོད་རིག་མ་དང༔ ངོ་སྤྲོད་མེ་ལོང་བརྡ་རྫས་བསགས༔ བདག་མདུན་དབྱེར་མེད་བསྒྲུབས་བྱས་ཏེ༔ སློབ་མ་ཁྲུས་བྱས་བགེགས་བསྐྲད་ནས༔ ཡོལ་བའི་ཕྱི་ནས་གསོལ་བ་གདབ༔ ཧོ༔ བདེ་གཤེགས་ཀུན་འདུས་བླ་མ་རྗེ༔ སྲིད་པའི་འཁོར་ལོར་འཁྱམས་པའི་འགྲོ༔ མ་ལུས་བསྒྲལ་བར་མཛད་པ་དང༔ ཁྱད་པར་བདག་ཅག་སྒྲོལ་བར་གསོལ༔ སློབ་དཔོན་གྱིས༔ ཨེ་མ་བདེ་གཤེགས་དཀྱིལ་འཁོར་འདིར༔ ཚུལ་བཞིན་འཇུག་པའི་སྣོད་ལྡན་དཀོན༔ དམ་ཚིག་ཐུབ་ན་འཇུག་ཀྱང་རུང༔ ཞུགས་ན་མཆོག་ཐུན་དངོས་གྲུབ་འགྲུབ༔ སློབ་མས༔ སྲིད་པའི་འཁོར་ལོར་རྣམ་སྐྲག་སྟེ༔ འཇིགས་པ་ཆེ་ལས་ཐར་བའི་ཕྱིར༔ དམ་ཚིག་སྲོག་ཕྱིར་མི་གཏང་ཞིང༔ ཇི་ལྟར་བཀའ་བསྩལ་བདག་གིས་བགྱི༔ སློབ་དཔོན་གྱིས༔ དེ་ལྟར་ཡིན་ན་ཧེ་རུ་ཀའི༔ གྲོང་ཁྱེར་འདི་རུ་འཇུག་པར་རུང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ནི༔ ཚེ་འདིར་འགྲུབ་པས་སྤྲོ་བ་སྐྱེད༔ ཡོལ་བ་བསལ་ཞིང་ནང་དུ་བཏང༔ སློབ་མས་ཡོན་ཕུལ་བླ་མ་ཡིས༔ ཆོས་ཀྱི་ངེས་པ་ལྔ་ལྡན་བཤད༔ སློབ་མ་རྣམས་ཀྱིས་སླར་ཡང་ཕྱག་བཅས༔་་་མིག་དར། ཧོ༔ བདེ་བར་གཤེགས་པ་བླ་མ་རྗེ༔ དངོས་གྲུབ་ཀུན་བདག་ཡི་དམ་ལྷ༔ མཁའ་འགྲོའི་གཙོ་བོ་དགོངས་སུ་གསོལ༔ བདག་ཅག་དཀྱིལ་འཁོར་ཆེན་པོ་འདིར༔ མྱུར་དུ་གཞུག་པར་མཛད་དུ་གསོལ༔ བླ་མས༔ དཔལ་ཆེན་པོ་ཡི་གནས་འདི་རུ༔ སུ་ཡིན་འཇུག་པའི་སྐལ་མེད་པས༔ ཐེག་པའི་ཐབས་ཚུལ་ཤེས་པ་དང༔ རྒྱུད་དག་བསོད་ནམས་ལྡན་པ་རྣམས༔ འཇུག་པར་རུང་བར་རྒྱལ་བས་བཤད༔ དེ་བས་རྒྱུད་དག་ཚོགས་གསག་མཛོད༔ དེ་བཞིན་བགྱིད་ལ་སློབ་དཔོན་གྱིས༔ དཔལ་ཆེན་ཀློང་དགུའི་དཀྱིལ་འཁོར་དུ༔ ངས་ནི་ཡང་དག་ཁྱོད་གཞུག་གི༔ བླ་མེད་རྒྱུད་ལས་གང་གསུངས་པའི༔ དམ་ཚིག་ཐམས་ཅད་ཐུབ་པར་སྲུངས༔ བསྩལ་པས་སློབ་མས་ཁས་ལེན་ནི༔ བདེ་བར་གཤེགས་པ་ཁྱེད་ཅི་འདྲ༔ དེ་འདྲ་ཁོ་ནར་བདག་གྱུར་ཅིག༔ སྤྲུལ་སྐུའི་སྟོན་པས་བཤད་པ་ཡི༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ ལོངས་སྐུའི་སྟོན་པས་བཤད་པ་ཡི༔ རིགས་ལྔའི་སྡོམ་པ་མ་ལུས་གཟུང༔ ཁྱད་པར་ཧེ་རུ་ཀཿདཔལ་གྱིས༔ ཉི་ཤུ་ལྔ་དང་བྱེ་བྲག་ཏུ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམས༔ ཇི་ལྟར་བསྟན་པ་བདག་གིས་བསྲུང༔ སྲོག་གི་ཕྱིར་ཡང་མི་གཏོང་ན༔ བདེ་གཤེགས་རིགས་མཆོག་བསྩལ་དུ་གསོལ༔ ཁས་བླངས་དམ་ལ་གཞག་པ་ནི༔ ང་ནི་སངས་རྒྱས་ཀུན་བདག་ཉིད༔ ཧེ་རུ་ཀཿདཔལ་བླ་ན་མེད༔ དཔལ་ཆེན་ཆེ་མཆོག་ང་ཡིན་གྱིས༔ ང་ལ་བརྙས་པར་མ་བྱེད་ཅིག༔ རྡོ་རྗེ་ཕྲེང་བ་མགོ་བོར་བཞག༔ ང་ནི་བླ་མ་ཀུན་ཏུ་བཟང༔ ཁྱོད་ཀྱིས་བཀའ་ཡང་མི་གཅོག་ཅིང༔ བདེ་གཤེགས་རིགས་ཀྱིས་བཤད་པའི་ཆོས༔ བཤད་ཀྱིས་ཐེ་ཚོམ་མ་ཟ་ཞིག༔ རྡོ་རྗེ་ཕྲེང་བ་སྙིང་གར་བཞག༔ འདི་ནི་ངོ་བོ་དམ་ཚིག་ཆུ༔ ཡེ་ཤེས་བསྐྱེད་ཕྱིར་སྦྱིན་པ་ཡིན༔ དམ་བསྲུངས་དངོས་གྲུབ་འདིས་ཐོབ་བྱེད༔ མ་བསྲུང་ལྕགས་ཀྱི་སྡིག་པར་འགྱུར༔ སྲོག་གཅོད་དམྱལ་བ་ཆེན་པོར་ལྟུང༔ དམ་སྲུང་རྡོ་རྗེའི་ཆུ་འདི་ཐུངས༔ སློབ་མས་འཐུང་ཞིང་བྲོ་བོར་བ༔ ཨཱོྃ་བཛྲ་ས་མ་ཡ་ཨི་དན་ན་ར་ཀན༔ སློབ་མ་དཔལ་ཆེན་པོར་གསལ་བའི་སྙིང་གར་ཉི་མའི་གདན་ལ་ཧཱུྃ༔ སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ རང་བཞིན་གྱི་དབྱིངས་ནས་ཡེ་ཤེས་པའི་ཚོགས་སྤྱན་དྲངས་ཏེ་སློབ་མ་ལ་ཐིམ༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ བརྟན་པར་བྱ་འོ་སློབ་དཔོན་གྱིས༔ དཔལ་ཆེན་པོ་ཡི་ཕོ་བྲང་དུ༔ རིག་པའི་མེ་ཏོག་འདྲེས་མེད་དོར༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ ཡེ་ཤེས་ལྷ་ལ་འབབ་པར་འགྱུར༔ སློབ་མས་མེ་ཏོག་ཐལ་མོར་གཟུང༔ ཧོ༔ བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་འདིར༔ སྙིང་པོའི་ཡེ་ཤེས་བརྟག་བྱའི་ཕྱིར༔ རིག་པའི་མེ་ཏོག་འདི་འབུལ་གྱིས༔ ལས་འཕྲོའི་དབང་གིས་བཞེས་སུ་གསོལ༔ པུཥྤེ་པྲ་ཏཱིཙྪ་ཧོ༔ དོར་ཞིང་གང་ལ་ཕོག་པ་ཡི༔ རིགས་དང་མཐུན་པའི་མིང་བཏགས་ཏེ༔ ཧཱུྃ༔ མི་གནས་ཡེ་ཤེས་དཀྱིལ་འཁོར་དུ༔ རིག་པའི་མེ་ཏོག་ཕུལ་པ་འདི༔ བྱིན་རླབས་བསམ་མི་ཁྱབ་པར་ཟུངས༔ དངོས་གྲུབ་ཐམས་ཅད་འདིས་ཐོབ་ཤོག༔ པུཥྤེ་གྲྀཧྞ་སཏྭཾ་ཨི་མཾ་སཏྭ་མ་ཧཱ་བཱ་ལ༔ སློབ་མས་ཕྱག་འཚལ་འདི་སྐད་དོ༔ ཧོ༔ བསྐལ་སྔོན་བསྒྲིབས་པའི་མ་རིག་མིག༔ ཐབས་མཁས་རྒྱལ་པོ་ཧེ་རུ་ཀས༔ མྱུར་བ་ཉིད་དུ་དབྱེ་བ་དང༔ ཡེ་ཤེས་དཀྱིལ་འཁོར་བསྟན་དུ་གསོལ༔ སློབ་དཔོན་མིག་ཐུར་ཐོགས་བྱས་ལ༔ སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱིས༔ འགྲོ་བའི་མིག་ནི་དབྱེ་བར་མཛད༔ སངས་རྒྱས་ས་ལ་བཀོད་པ་བཞིན༔ དེང་འདིར་ཧེ་རུ་ཀཿབདག་གིས༔ མ་རིག་མིག་ནི་དབྱེ་བར་བྱ༔ ཙཀྵུ་པྲ་བེ་ཤ་ཡ་ཕཊ྄༔ ཧོ༔ ལྟོས་ཤིག་སྐལ་པ་ཅན་རྣམས་ལྟོས༔ བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་འདི༔ སྐད་ཅིག་མཐོང་བ་ཙམ་གྱིས་ཀྱང༔ སྒྲིབ་པ་དག་སྟེ་ཡེ་ཤེས་མཐོང༔ ཧོ༔ དཔལ་ཆེན་པོའི་ཕོ་བྲང་དགུ་དང་ཡེ་ཤེས་ཀྱི་བུམ་པ་དབྱེར་མེད་པའི་ནང་དུ༔ བདེ་གཤེགས་ཀུན་འདུས་ཚོམ་བུ་དགུ་ཡི་ཚུལ་དུ་བཞུགས་པ་འདི་ནི་མཚན་མ་རྫས་དང་ཏིང་འཛིན་སྤྲུལ་པའི་དཀྱིལ་འཁོར་དབྱེར་མེད་ཡིན་ཅིང༔ འདི་མཚོན་བྱེད་དེ༔ མཚོན་བྱ་དོན་གྱི་དཀྱིལ་འཁོར་རང་གི་སེམས་ཉིད་ཡེ་ཤེས་ཀློང་དགུར་རྫོགས་པའི་རང་བཞིན་དུ་ངོ་ཤེས་པར་གྱིས་ཤིག༔ དེ་ལྟར་ཞུགས་ནས་མངོན་པར་དབང༔ བསྐུར་ཕྱིར་མཎྜལ་གསོལ་བ་གདབ༔ ཧོ༔ ཡེ་ཤེས་དགུ་ཡི་དཀྱིལ་འཁོར་འདིར༔ ཞུགས་ཀྱང་སྨིན་པར་མཛད་དུ་གསོལ༔ སྨིན་ཅིང་གྲོལ་བ་མཐར་ཕྱིན་ཞིང༔ མི་གནས་ཀློང་དུ་སྐྱེལ་བར་མཛོད༔ ཅེས་གསོལ་སློབ་དཔོན་བུམ་པ་ཐོགས༔ ཧཱུྃ༔ དབྱིངས་ཀྱི་བུམ་པར་རིག་པའི་བཅུད༔ ཟུང་འཇུག་ཡེ་ཤེས་ཀློང་དགུའི་ལྷ༔ གཉིས་མེད་མཉམ་སྦྱོར་བདུད་རྩི་མཆོག༔ ཡེ་ཤེས་ཆུ་ཡི་དབང་བསྐུར་རོ༔ ཀ་ལ་ཤཿཨ་བྷི་ཥིཉྩ་ཧཱུྃ༔ རྒྱས་པར་ཡེ་ཤེས་ཀློང་དགུ་དབྱེ༔ རིན་ཆེན་འབར་བའི་པྲོག་ཞུ་འདི༔ རྒྱལ་བ་ཀུན་དང་མཉམ་པ་ཡི༔ གོ་འཕང་བླ་མེད་བསྒྲུབ་བྱའི་ཕྱིར༔ དབང་བསྐུར་ཅོད་པན་ཆེན་པོ་འོ༔ རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཏྲཱཾ༔ སངས་རྒྱས་རིགས་ལྔའི་ཡེ་ཤེས་ལྔས༔ དུག་ལྔ་རྣམ་པར་གཞོམ་པའི་ཕྱིར༔ མི་འགྱུར་རྡོ་རྗེ་བླ་ན་མེད༔ སངས་རྒྱས་རྡོ་རྗེའི་དབང་བསྐུར་རོ༔ བཛྲ་དྷཱ་ར་ཨ་དྷི་པ་ཏི་བཛྲ་ཨ་བྷི་ཥིཉྩ་ཧྲཱི༔ ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང༔ རྗེས་སུ་འགྲོ་བའི་ཤེས་རབ་མཆོག༔ མ་རིག་སད་པའི་དྲིལ་བུ་ཆེ༔ ཀརྨ་གྷཎྜེ་ཨ་བྷི་ཥིཉྩ་ཨཱ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེའི་མིང་ནི་བླ་ན་མེད༔ ས་གསུམ་ཀུན་ཏུ་གྲགས་པ་ཡི༔ ཆེ་གེ་མོ་ཞེས་བྱའོ༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཆེ་གེ་མོ་་་སྤྱིར་ཧེ་རུ་ཀཿདཔལ་ཞེས་སྦྱར།དྷཱ་ར་ཡཱ་མི་ཨ་བྷི་ཥིཉྩ་ཨཱོྃ༔ དཔལ་གྱི་སྐུ་རྣམས་སོ་སོར་བསྐུར༔ ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང༔ ཆོས་དབྱིངས་ཡེ་ཤེས་ལོངས་སྤྱོད་རྫོགས་པའི་སྐུ༔ བླ་ན་མེད་པ་ཆེ་མཆོག་ཧེ་རུ་ཀ༔ ཡབ་ཡུམ་འཁོར་དང་བཅས་པས་དབང་བསྐུར་རོ༔ ཨཱོྃ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀཿཧཱུྃ་ཕཊ྄༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་སྐུ༴ མེ་ལོང༴ བླ་ན་མེད་པའི་ཡང་དག་ཧེ་རུ་ཀ༔ ཡབ་ཡུམ༴ ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ སརྦ་ས་མ་ཡ་ཨ༴ ཧཱུྃ༔ ཆོས་སྐུ༴ མཉམ་ཉིད༴ བླ་ན་མེད་པའི་འཇམ་དཔལ་གཤིན་རྗེ་གཤེད༔ ཡབ་ཡུམ༴ ཨཱོྃ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ྄༔ སརྦ་ས་མ་ཡ་ཨ༴ ཧཱུྃ༔ ཆོས་སྐུ༴སོར་རྟོག༴ བླ་ན་མེད་པའི་དཔལ་ཆེན་རྟ་མཆོག་རྒྱལ༔ ཡབ་ཡུམ༴ ཨཱོྃ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱྀ་ཝ་ཧཱུྃ་ཕཊ྄༔ སརྦ་ས་མ་ཡ་ཨ༴ ཧཱུྃ༔ ཆོས་སྐུ༴ ནན་ཏན་ཡེ་ཤེས༴ བླ་ན་མེད་པའི་རྡོ་རྗེ་གཞོན་ནུ་ཆེ༔ ཡབ་ཡུམ༴ ཨཱོྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄༔ སརྦ་ས་མ་ཡ་ཨ༴ ཧཱུྃ༔ ཆོས་སྐུ༴ ཀློང་གྱུར་ཡེ་ཤེས༴ བླ་ན་མེད་པའི་ཡེ་ཤེས་ཧེ་རུ་ཀ༔ ཡབ་ཡུམ༴ ཨཱོྃ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀཿགུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ྄༔ སརྦ་ས་མ་ཡ་ཨ༴ ཧཱུྃ༔ ཆོས་སྐུ༴ ཕྱག་ཆེན་ཡེ་ཤེས༴ བླ་མེད་རིག་འཛིན་མི་ཡི་ཐོད་པ་རྩལ༔ ཡབ་ཡུམ༴ ཨཱོྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ྄༔ སརྦ་ས་མ་ཡ་ཨ༴ ཧཱུྃ༔ ཆོས་སྐུ༴ དབྱིངས་གྲོལ་ཡེ་ཤེས༴ བླ་ན་མེད་པའི་དྲེགས་པ་འདུལ་བྱེད་ཆེ༔ ཡབ་ཡུམ༴ ཨཱོྃ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ྄༔ སརྦ་ས་མ་ཡ་ཨ༴ ཧཱུྃ༔ ཆོས་སྐུ༴ མཐའ་གྲོལ་ཡེ་ཤེས༴ བླ་ན་མེད་པའི་དཔལ་ཆེན་སྟོབས་དང་ལྡན༔ ཡབ་ཡུམ༴ ཨཱོྃ་བཛྲ་སརྦ་དུཥྚཱན་ཧཱུྃ་ཕཊ྄༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྣོད་བཅུད་ཡོངས་རྫོགས་བཀའ་སྡོད་བུམ་པ་རུ༔ མ་མོ་ཉེར་བརྒྱད་གཙོར་གྱུར་བྱེ་བ་འབུམ༔ བསམ་གྱིས་མི་ཁྱབ་ཡོངས་རྫོགས་དབང་བསྐུར་བས༔ ཕྲིན་ལས་སྣ་ཚོགས་ལྷུན་གྱིས་འགྲུབ་པར་ཤོག༔ ཨཱོྃ་བཛྲ་སརྦ་ཡཀྵ་ས་མ་ཡ་ཧཱུྃ་ཕཊ྄༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ བཟླས་ལུང་སྦྱིན་ཞིང་སྔགས་ཕྲེང་གཏད༔ ཧེ་རུ་ཀཿཡི་གསུང་དང་མཉམ༔ བཟླས་བརྗོད་སྔགས་ཀྱི་ནུས་པ་རྣམས༔ ནུས་ལྡན་མི་ཉམས་འཕེལ་བ་ཡི༔ གསུང་གི་དབང་མཆོག་རྫོགས་པར་ཤོག༔ ཨཱོྃ་བཛྲ་ཀྲོ་དྷ་སརྦ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཕྱག་མཚན་དུ་བསྒོམ་རྡོ་རྗེ་གཏད༔ དབྱིངས་ཀྱི་སྟོང་ཆ་ཐུགས་ཀྱི་ངང༔ ཕྱག་མཚན་རིག་པ་ལུ་གུ་རྒྱུད༔ དབྱིངས་རིག་དབྱེར་མེད་གསལ་སྟོང་ཐུགས༔ མ་བཅོས་ལྷུག་པར་དབང་བསྐུར་རོ༔ ཨཱོྃ་བཛྲ་ཀྲོ་དྷ་སརྦ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡེ་ཤེས་སེམས་དཔའི་དབང་བསྐུར་ནི༔ ཀུན་ཏུ་བཟང་པོ་རྡོ་རྗེ་སེམས༔ འཇམ་དཔལ་གཞོན་ནུ་སྤྱན་རས་གཟིགས༔ གསང་བའི་བདག་པོ་རྡོ་རྗེ་འཛིན༔ སེམས་དཔའ་ལྔ་ཡི་དབང་བསྐུར་རོ༔ ཨཱོྃ་ས་མནྟ་བྷ་དྲ་བཛྲ་སཏྭ་མཉྫུ་ཤྲཱི་ཨཱརྻ་ཨ་བ་ལོ་ཀི་ཤྭ་ར་བཛྲ་དྷཱ་ར་ཨ་བྷི་ཥིཉྩ་ཧཱུྃ༔ ཡོན་ཏན་དམ་རྫས་ཆས་དབང་ནི༔ དབྱིངས་རིག་དབྱེར་མེད་གཏོར་མ་དང༔ འཁོར་འདས་ཡོངས་གྲོལ་རཀྟ་ཆེ༔ ཡེ་ཤེས་ལྔ་རྫོགས་བདུད་རྩིའི་དབང༔ བསྐུར་བས་བསྙེན་སྒྲུབ་མཐར་ཕྱིན་ཤོག༔ བ་ལིཾ་ཏ་རཀྟ་པཉྩ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡེ་ཤེས་ཀློང་ནས་ཤར་བའི་དཔལ་གྱི་ཆས༔ ཀོ་རློན་ཞིང་ཆེན་སྟག་ཤམ་སྦྲུལ་ཆུན་དང༔ ཐོད་སྐམ་ཐོད་རློན་རྡོ་རྗེའི་གོ་ཁྲབ་བཅས༔ ཁྲག་ཞག་ཐལ་ཆེན་རྡོ་རྗེའི་ཁྱུང་གཤོག་སོགས༔ ཡོན་ཏན་ཡོངས་རྫོགས་ཆས་ཀྱི་དབང་བསྐུར་རོ༔ ཨཱོྃ་བཛྲ་ཀྲོ་དྷ་སརྦ་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ ཕྲིན་ལས་ཁྱུང་གི་དབང་བསྐུར་ནི༔ གདུག་པ་ཀླུ་འདུལ་བྱ་ཁྱུང་དཀར་ནག་གཉིས༔ སྤྲུལ་པའི་ཁྲ་ཐབས་མང་པོ་ལས་ལ་འགྱེད༔ ལོག་རྟོག་འདུལ་ཕྱིར་དཔལ་ཆེན་ཁྱུང་གི་དབང༔ ལས་སྦྱོར་ལྷུན་གྱིས་འགྲུབ་ཕྱིར་དབང་བསྐུར་རོ༔ ཁྲོཾ་ག་རུ་ཌཿཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ བཀྲ་ཤིས་བུམ་པ་འཁོར་དང་བཅས་པའི་དབང་བསྐུར་པས༔ སློབ་མ་ཐམས་ཅད་ལྷ་རུ་འགྱུར་ཞིང་ལྷ་ཐམས་ཅད་སྣང་སྟོང་གི་ཡེ་ཤེས་སུ་རྟོགས་པར་གྱུར་ཅིག༔ མེ་ཏོག་འཐོར་ཞིང་བརྡ་དོན་བཤད༔ ཧཱུྃ༔ དབྱིངས་ཀྱི་བྷནྡྷ་ཡངས་པ་རུ༔ རིག་པ་བདེ་སྟོང་ལྷ་ཚོགས་སྦྱོར༔ ཟུང་འཇུག་བདེ་ཆེན་བདུད་རྩིའི་དབང༔ བདེ་ཆེན་ཡོངས་སུ་བསྐྱེད་ཕྱིར་བསྐུར༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ བདེ་བ་ཆེན་པོ་བྱང་ཆུབ་སེམས་ཀྱི་བདུད་རྩིས་དབང་བསྐུར་པས་ཕུང་ཁམས་ཐམས་ཅད་ལྷར་དག་སྟེ་བདེ་གསལ་ཡེ་ཤེས་མངོན་དུ་འབར་བར་གྱུར་ཅིག༔ མེ་ཏོག་འཐོར་ཞིང་བརྡ་དོན་བཤད༔ ཧཱུྃ༔ བཀྲ་ཤིས་མཚན་ལྡན་གཟུངས་མ་འདི༔ བསྟེན་ན་བདེ་བ་ཆེན་པོ་རྟོགས༔ འདི་སྤངས་སངས་རྒྱས་ཐོབ་འདོད་མིན༔ བདེ་ཆེན་ངལ་མེད་རྟག་ཏུ་རོལ༔ མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ བདེ་སྐྱེད་ཡུམ་གྱི་དབང་བསྐུར་པས་རྟོག་ཚོགས་ཐམས་ཅད་བདེ་བ་ཆེན་པོར་དག་སྟེ༔ བདེ་ཆེན་ཡེ་ཤེས་ཀློང་དུ་འབར་བར་གྱུར་ཅིག༔ མེ་ཏོག་འཐོར་ཞིང་བརྡ་དོན་བཤད༔ ཧཱུྃ༔ སེམས་ཉིད་མ་བཅོས་ཀ་ནས་དག༔ སྟོང་གསལ་རང་བྱུང་ཡེ་ཤེས་རྩལ༔ ལྷུན་གྱིས་གྲུབ་པ་མེ་ལོང་བཞིན༔ རིག་རྩལ་མཆོག་གི་དབང་ཐོབ་ཤོག༔ དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨཱ༔ ཧོ༔ རྡོ་རྗེ་སེམས་དཔའི་མེ་ལོང་གི་དབང་བསྐུར་པས༔ མི་གནས་ཡེ་ཤེས་ཀྱི་རྟོགས་པ་མངོན་དུ་འགྱུར་བར་གྱུར་ཅིག༔ མེ་ཏོག་འཐོར་ཞིང་བརྡ་དོན་བཤད༔ དབྱིངས་ཀྱི་རང་བཞིན་མེ་ལོང་ལ༔ རྨ་བྱའི་མདོངས་ལྟར་ཅི་ཡང་འཆར༔ རིག་རྩལ་ཟུང་འཇུག་རྩལ་གྱི་དབང༔ ཡང་དག་པར་ནི་རྟོགས་པར་ཤོག༔ དྷརྨ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ རིགས་ཀྱི་བུ་ལ་ཐོད་རྒལ་གྱི་དབང་བསྐུར་པས༔ དབྱིངས་ཡེ་ཟུང་དུ་འཇུག་པའི་རྟོགས་པ་མངོན་དུ་འགྱུར་བར་གྱུར་ཅིག༔ མེ་ཏོག་འཐོར་ཞིང་བརྡ་དོན་བཤད༔ ཡོངས་རྫོགས་སློབ་མའི་དབང་བསྐུར་རྫོགས༔ རྡོ་རྗེ་སློབ་དཔོན་དབང་བསྐུར་ནི༔ སློབ་མ་ཁྲི་ལ་མངའ་གསོལ་ཞིང༔ གཞན་སྣང་ཟིལ་གྱིས་གནོན་པའི་ཁྲི་སྟེང་དུ༔ སློབ་མ་དཔལ་ཆེན་རང་གི་རིག་པར་རྟོགས༔ བཀྲ་ཤིས་གདུགས་དང་རྒྱལ་མཚན་རོལ་མོའི་སྒྲ༔ རྒྱལ་བས་མེ་ཏོག་འཐོར་བས་མངའ་གསོལ་ཞིང༔ འགྲོ་དོན་མཛད་པའི་གླེགས་བམ་ཕྱག་ཤིང་དང༔ ཆོས་ཀྱི་དུང་ཆེན་རྣམས་ཀྱིས་མངའ་དབུལ་ལོ༔ རྟེན་འབྲེལ་སྙིང་པོ་བརྗོད་པར་བྱ༔ གདུག་པའི་དགྲ་བགེགས་བསྒྲལ་དབང་ནི༔ ཧཱུྃ༔ རྣམ་ཐར་གསུམ་གྱི་ཨེ་དབྱིངས་སུ༔ དུག་གསུམ་རུ་དྲ་བཀུག་ནས་ནི༔ སྐུ་གསུམ་ཕུར་པས་གདབ་པ་ཡིས༔ འོད་གསལ་དབྱིངས་བསྒྲལ་དབང་ཐོབ་ཤོག༔ ཀརྨ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྣམ་རྟོག་མཚན་འཛིན་འཁྲུལ་པ་ཀུན༔ ཡེ་ཤེས་ཀློང་དུ་བསྲེག་པའི་ཕྱིར༔ ཐབས་ཤེས་དབྱེར་མེད་གཟར་བུའི་དབང༔ མཉམ་རྫོགས་ཆེན་པོར་ཐོབ་པར་ཤོག༔ ཛྭ་ལ་རཾ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མཉམ་ཉིད་དབྱིངས་ནས་རིག་པ་བཞེངས༔ ཡེ་ཤེས་དཔག་མེད་དམག་དཔུང་འཁྲིགས༔ མ་རུངས་ལོག་རྟོག་ཟློག་པར་མཛད༔ ལ་བཟླ་ཟོར་གྱི་དབང་བསྐུར་རོ༔ མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མཉམ་ཉིད་གཡོ་བ་མེད་པའི་དབྱིངས༔ རྟོག་པ་ཕྲ་རགས་ཐམས་ཅད་མནན༔ གཉིས་སུ་མེད་པར་ཐིམ་གྱུར་པས༔ ལོག་རྟོག་གནན་པའི་དབང་བསྐུར་རོ༔ ཨཱོྃ་ལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ནན༔ ཀུན་ནས་དྲག་སྔགས་སོ་ལྔ་བརྗོད༔ སྤྱི་བླུགས་ཞྭ་དང་གོས་ནག་གཏད༔ ཧཱུྃ༔ སྣང་སྲིད་ཟིལ་གྱིས་གནོན་པའི་ཕྱིར༔ བཅུ་གསུམ་ཆས་ལྡན་དྲག་པོའི་ཞྭ༔ བེར་ནག་རྫས་སྣོད་ཕྲེང་བ་དང༔ རལ་པའི་ཐོར་ཚུགས་མེ་ལོང་སོགས༔ རྒྱུད་ལས་གསུངས་པའི་ཆས་རྣམས་ཀྱིས༔ སྔགས་འཆང་རྒྱལ་པོར་མངའ་གསོལ་ལོ༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཆས་རྣམས་བཞེས་ཤིང་འཆམས་སྟབས་བསྒྱུར༔ དབང་རྣམས་ཡོངས་རྫོགས་ཚང་བའི་རྗེས༔ བཀྲ་ཤིས་ཚེ་གལ་ལ་སོགས་སྦྱིན༔ ཧྲཱི༔ མི་འགྱུར་མི་ཤིགས་ཚེ་ཡི་དབང༔ བདེ་སྟོང་དབྱེར་མེད་གལ་གྱི་དབང༔ ཐབས་ཤེས་བཟའ་བཏུང་སྣ་ཚོགས་པའི༔ བཀྲ་ཤིས་ཞལ་ཟས་དབང་བསྐུར་རོ༔ སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧྲཱི༔ བཀྲ་ཤིས་བརྗོད་ཅིང་མེ་ཏོག་འཐོར༔ ཁས་བླང་ཡོན་འབུལ་བསྔོ་བ་བྱ༔ རྗེས་བསྡུ་རྒྱུན་སྤྱོད་ཉམས་བསྐྱང་ངོ༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི༔ དབང་བསྐུར་མན་ངག་བཞིན་བསྐུར་བ༔ ཇི་བཞིན་བགྱིས་ནས་ཕྱི་རབས་ལ༔ ཕན་ཕྱིར་པདྨ་ཤེལ་ཕུག་ཏུ༔ སྦས་པ་ལས་ཅན་དང་འཕྲད་ཤོག༔ ས་མ་ཡ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཁ་ཐཾ༔ གུ་ཧྱ༔ ྈྈྈ ལྷ་སྲས་མུ་རུབ་བཙན་པོའི་རྣམ་པར་འཕྲུལ་པ་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པས་གནས་མཆོག་ནམ་མཁའ་མཛོད་ནས་སྤྱན་དྲངས་པའི་ཁ་བྱང་དང་། འཕྲལ་དུ་སློབ་དཔོན་རིན་པོ་ཆེ་ཡབ་ཡུམ་གྱིས་དངོས་སུ་གསུངས་པའི་ཡང་བྱང་སྙིང་བྱང་ལ་བརྟེན་ནས་མེ་འབྲུག་རྒྱལ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོའི་ཉི་ཤར་ལ། བོད་ཆེན་པོའི་སའི་ཐིག་ལེ་སྡེ་དགེ་ཆོས་རྒྱལ་ཆེན་པོའི་ཕོ་བྲང་གི་ཤར་གྱི་ཕྱོགས་ཀྱི་ཡུལ་ལྗོངས་སྨད་ཤོད་ཛཾ་ནང་ཕུ་ཨོ་རྒྱན་རིན་པོ་ཆེའི་སྒྲུབ་གནས་པདྨ་ཤེལ་ཕུག་གི་གནམ་མཐོངས་ནས་བདག་ཅག་འདུས་པ་ཉེར་ལྔ་ཙམ་གྱིས་མཐོང་བར་དངོས་སུ་སྤྱན་དྲངས་ཤིང་། དེ་འཕྲལ་སྐལ་ལྡན་གྱི་འདུས་པ་ཉིས་བརྒྱ་བརྒལ་བར་བྱིན་རླབས་བསྩལ་ཏེ་ཐམས་ཅད་ཀྱིས་ཡིད་ཆེས་རྩོད་བྲལ་དུ་གྱུར་པའི་མཆོང་ཤོག་སྨུག་པོའི་ངོས་ལས་ཕབ་རིམ་བཞིན། བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་དག་པར་བྲིས་པའི་དགེ་བས་བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན་ཞིང་། ཟབ་གཏེར་གྱི་བསྟན་པ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །སརྦ་མངྒ་ལཾ།། །།

རྫོགས་པ་ཆེན་པོ་སྡེ་གསུམ་ལས། གསང་སྐོར་ཡི་དམ་ཁྲོ་བོའི་དབང་བསྐུར་བལྟས་ཆོག་ཏུ་བཀོད་པ་ཡེ་ཤེས་ཀློང་ཡངས་ (Volume 62, Text 73)

༄༅། །རྫོགས་པ་ཆེན་པོ་སྡེ་གསུམ་ལས། གསང་སྐོར་ཡི་དམ་ཁྲོ་བོའི་དབང་བསྐུར་བལྟས་ཆོག་ཏུ་བཀོད་པ་ཡེ་ཤེས་ཀློང་ཡངས་ཞེས་བྱ་བ་བཞུགས་སོ། །སྡེ་གསུམ་གསང་སྐོར་མན་ངག་སྡེ། ན་མོ་བཛྲ་སཏྭ་ཡ། གདོད་ནས་རྩལ་རྫོགས་ཡེ་ཤེས་སྐུ། །རང་བྱུང་ཆེ་བའི་མཆོག་དེ་ལ། །བཏུད་ནས་མན་ངག་གསང་སྐོར་གྱི། ཁྲོ་བོའི་སྨིན་བྱེད་གསལ་དགོད་བྱ། །གཏེར་གསར་རྫོགས་ཆེན་སྡེ་གསུམ་ལས་མན་ངག་གི་གསང་སྐོར་ཡི་དམ་ཁྲོ་བོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ནི། སྤྱིར་གནས་དུས་སྟོན་འཁོར་ཡོ་བྱད་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པས་བསྒྲུབ་པར་བྱ་བ་ལས། བྱེ་བྲག་དབང་བསྐུར་བའི་ཡུལ་ནི། རྩ་བ་ལས། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཁྱབ༔ རུ་དྲ་མ་གཏོགས་བསྐུར་བར་རུང༔ ཞེས་གསུངས་པས་དད་མོས་ཀྱི་ཉེར་ལེན་དང་ལྡན་ན་ཕྱོགས་རིས་སུ་མ་ཆད་པའི་སྐྱེ་འགྲོ་རྗེས་སུ་གཟུང་བར་བྱའོ། །དེ་ལ་སྦྱོར་བ་ཡོ་བྱད་ཀྱི་ཤོམ་ནི། རས་བྲིས་སམ་མཎྜལ་དྲི་བཟང་གི་ཆུས་བྱུགས་པར་ནས་འབྲས་ཀྱི་ཚོམ་བུ་གཙོ་འཁོར་དགུ་བཀོད་པའི་ཁར་བུམ་པ་མགུལ་ཆིངས་མཐིང་ཁ་སོ་ལྔའི་རྫས་ལྡན་ཁ་རྒྱན་གྱི་གསེབ་ཏུ་སྐུ་ཙཀ་གཟུངས་རྡོར་དང་བཅས་པ། གཡས་སུ་རིགས་ལྔ། རྒྱབ་ཏུ་རྡོ་རྗེ་དང་གསང་དབང་ཐོད་པའི་བདུད་རྩི། རིག་མའི་གཟུགས་བརྙན། གཡོན་དུ་དྲིལ་བུ་དང་ཤེལ་རྡོ་མེ་ལོང་། མདུན་དུ་ཞི་བ་ཀུན་བཟང་རྡོར་སེམས་རིགས་གསུམ་མགོན་པོ་ལྔ་དང་། དཔལ་དགུ་བྱ་ཁྱུང་དཀར་ནག་རྣམས་ཀྱི་ཙཀ་ལི། རྒྱབ་ཕྱོགས་སུ་དཔལ་གཏོར་གྱི་གཡས་གཡོན་དུ་སྨན་རཀ །ཆུ་གཉིས་ཉེར་སྤྱོད་གཡས་སྐོར་དུ་བཤམས་ཤིང་། གཞན་ཡང་སྔགས་ཕྲེང་། ཕྱག་མཚན་རྡོ་རྗེ། དུར་ཁྲོད་དང་དཔལ་ཆས། མངའ་གསོལ་ཆས་གདུགས་དང་རྒྱལ་མཚན་གླེགས་བམ་ཕྱག་ཤིང་ཁྲིའུ་དུང་སོགས། བྲུབ་ཁུང་ལིངྒ་ལྕགས་ཕུར། དགང་གཟར་བླུག །ཟོར་གྱི་དམར་གཏོར་མཚེ་ཡུངས་ཀྱིས་བརྒྱན་པ། རྒྱ་གྲམ་ཐོད་པ་སོགས་གནན་ཆས། ཞྭ་ནག་བེར་ནག་ཐུན་རྭ་ཐོར་ཚུགས་མེ་ལོང་སོགས་སྔགས་ཆས་རྣམས་ཀྱང་གང་བདེར་བཀོད། དེ་དག་དངོས་སུ་མ་འཛོམ་ན་ཕུར་པ་ཟོར་གཏོར་མ་གཏོགས་གཞན་རྣམས་ཙཀ་ལིས་རུང་ལ། བཀྲ་ཤིས་ཚེ་གལ། སྲུང་མའི་གཏོར་འབུལ། ཚོགས་ཀྱི་ཡོ་བྱད། དམ་ཆུ། མིག་དར་མེ་ཏོག །སྔོན་གཏོར་སོགས་ཚོགས་པར་བྱའོ། །དེ་ནས་བདག་ཉིད་ལྷའི་རྣལ་འབྱོར་ལ་གནས་པས་གང་དུ་གཞུག་པའི་དཀྱིལ་འཁོར་བསྒྲུབ་པར་བྱ་སྟེ། བརྒྱུད་འདེབས་དང་སྐྱབས་སེམས་ནས་བརྩམ་ལས་བྱང་མཐར་ཆགས་སུ་གཏང་ཞིང་། དངོས་གཞིའི་ཏིང་ངེ་འཛིན་གྱི་སྐབས་སྣང་སྲིད་རང་བྱུང་གཞིར་བཞེངས་ཀྱི་དཀྱིལ་འཁོར་དུ་ཤེས་པས་བདག་མདུན་དབྱེར་མེད་དུ་བསྒྲུབ་ཅིང་། བཟླས་པ་ཇི་ཙམ་འགྲུབ་པའི་མཐར་སྟོང་ཚིགས་དང་སྲུང་མའི་གཏོར་འབུལ། ཚོགས་བསྒྲལ་བསྟབ་ཡན་གྲུབ་པ་དང་། སྤྲོ་ན་རིག་པའི་མེ་ཏོག་དོར། མ་གྲུབ་ན་མཉམ་ཉིད་རིག་པ་ཀློང་ཡངས་ཆེན་པོའི་དཀྱིལ་འཁོར་དུ་གདོད་ནས་འཇུག་པར་ཤེས་པའི་ལྟ་དགོངས་ལ་གནས་པས་ཁྱབ་ཅིང་། གང་ལྟར་བླ་མ་དང་དཀྱིལ་འཁོར་ལ་ཡོལ་བ་གཏང་། ལས་བུམ་རྡོར་སེམས་སྙིང་པོས་བྱིན་གྱིས་བརླབ། དེ་ནས་དབང་གི་རིམ་པ་བྱ་བ་ལ་གཉིས། འཇུག་པ་དང་། དབང་དངོས་སོ། །དང་པོ་ནི། སློབ་མ་རྣམས་ལ་སྒོ་དྲུང་དུ་ཁྲུས་བྱ། བགེགས་གཏོར། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨཱོྃ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། སརྦ་བྷཱུཏ་ཨཱ་ཀརྵཱ་ཡ་ཛཿ སརྦ་བྷཱུཏ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིས་བསྔོ། ན་མོ། རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བཅོམ་ལྡན་འདས་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། དེང་འདིར་སློབ་བུ་རྣམས་ལ་དབང་བསྐུར་ཟབ་མོ་བགྱི་བ་ལ་བར་དུ་གཅོད་པའི་བགེགས་ཚོགས་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཨཱོྃ་སུམྦྷ་ནི་སོགས་ཀྱིས་བགེགས་བསྐྲད། བཛྲ་རཀྵ་རཀྵ་ཧཱུྃ། ཞེས་བརྗོད་པས་ཕྱི་རོལ་ཐམས་ཅད་རྡོ་རྗེའི་ས་གཞི་རྭ་གུར་བླ་བྲེ་དང་བཅས་པ་ཡེ་ཤེས་ཀྱི་མེ་དཔུང་མཐའ་མེད་དུ་འཕྲོ་བས་མཚམས་བཅད་པར་གྱུར། ཞེས་མཚམས་བཅད་ལ་ཡོལ་བའི་ཕྱི་ནས་གསོལ་བ་གདབ་པ་ནི། དེ་ནས་ཁྱེད་རང་རྣམས་ཐལ་མོ་མེ་ཏོག་དང་བཅས་ཏེ་ཐར་པ་ཆེན་པོའི་གྲོང་ཁྱེར་དུ་གཞུག་པར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ བདེ་གཤེགས་ཀུན་འདུས་བླ་མ་རྗེ༔ སྲིད་པའི་འཁོར་ལོར་འཁྱམས་པའི་འགྲོ༔ མ་ལུས་བསྒྲལ་བར་མཛད་པ་དང༔ ཁྱད་པར་བདག་ཅག་སྒྲོལ་བར་གསོལ༔ ཞེས་ཞུ། སྣོད་བརྟག་ཅིང་དམ་ཚིག་གི་གནས་ལ་སྤྲོ་བ་དྲི་བར་བྱ་བ་ཡིན་ཏེ། ཨེ་མ་བདེ་གཤེགས་དཀྱིལ་འཁོར་འདིར༔ ཚུལ་བཞིན་འཇུག་པའི་སྣོད་ལྡན་དཀོན༔ དམ་ཚིག་ཐུབ་ན་འཇུག་ཀྱང་རུང༔ ཞུགས་ན་མཆོག་ཐུན་དངོས་གྲུབ་འགྲུབ༔ ཅེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས། སྲིད་པའི་འཁོར་ལོར་རྣམ་སྐྲག་སྟེ༔ འཇིགས་པ་ཆེ་ལས་ཐར་བའི་ཕྱིར༔ དམ་ཚིག་སྲོག་ཕྱིར་མི་གཏང་ཞིང༔ ཇི་ལྟར་བཀའ་བསྩལ་བདག་གིས་བགྱི༔ ཞེས་ཞུ། སློབ་དཔོན་གྱིས། དེ་ལྟར་ཡིན་ན་ཧེ་རུ་ཀའི༔ གྲོང་ཁྱེར་འདི་རུ་འཇུག་པར་རུང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ནི༔ ཚེ་འདིར་འགྲུབ་པས་སྤྲོ་བ་སྐྱེད༔ ཅེས་གདམས་ལ་ཡོལ་བ་བསལ་ཞིང་སློབ་དཔོན་གྱི་མདུན་དུ་འཁོད་དུ་གཞུག །མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་གདབ་ལ། དེའང་སྟོན་པ་བླ་ན་མེད་པ་གཞི་སྙིང་པོ་དོན་གྱི་སངས་རྒྱས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད། འཁོར་འདས་མ་ལུས་པའི་སྤྱི་དཔལ། ཐོག་མའི་མགོན་པོ་ཀུན་ཏུ་བཟང་པོ་རང་བྱུང་གི་ཧེ་རུ་ཀཿཆེན་པོས་རང་སྣང་གི་དཀྱིལ་འཁོར་སྤྲོས་ཤིང་རྒྱལ་བ་རྣམས་ཀྱི་དགོངས་པར་བརྒྱུད་དེ་ཆོས་ཉིད་ཀྱི་རང་སྒྲར་སྣང་། རིག་འཛིན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིག་པའི་བརྡར་བརྒྱུད་དེ་གླེགས་བམ་ལ་ཡི་གེར་བྲིས། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ལ་གཏད་རྒྱས་བརྒྱུད་དེ་གཉེར་དུ་གཏད་ཅིང་གཏེར་དུ་སྦས། གྲུབ་ཐོབ་རྣལ་འབྱོར་པ་རྣམས་ལ་བྱིན་རླབས་སུ་བརྒྱུད་དེ་དངོས་གྲུབ་ཏུ་བབས། གང་ཟག་སྐལ་པ་ཅན་རྣམས་ཀྱི་སྙན་ཁུངས་སུ་བརྒྱུད་དེ་བོད་ཡུལ་དུ་རྗེ་འབངས་མི་དགུ་སོགས་ལ་བཀའ་བབས་པའི་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་ཆོས་སྐོར་སྤྱི་དང་བྱེ་བྲག་པ་མཐའ་ཡས་པ་ཞིག་སྔ་འགྱུར་བཀའ་གཏེར་རྣམས་སུ་བྱོན་པའི་ནང་ནས། བརྒྱུད་པ་ཉེ་ཞིང་མཁའ་འགྲོའི་ཁ་རླངས་མ་ཡལ་བ་སྔར་གྲགས་པ་རྣམས་ལས་ཀྱང་དོན་ཟབ་སྙིང་པོར་འདྲིལ་བའི་ཚུལ་གྱིས་ཁྱད་པར་དུ་འཕགས་པ་འདི་ནི། རྩོད་བྲལ་དུས་བབས་ཀྱི་གཏེར་སྟོན་ཆེན་པོ་༧ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པ་ལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཟབ་ཆོས་རྒྱུད་དང་ལུང་དང་མན་ངག་དང་འབྲེལ་བའི་སྒྲུབ་ལུགས་མཐའ་ཡས་པ་ཞིག་བཞུགས་པ་ལས། མན་ངག་གི་བཅུད་བསྡུས་བཀའ་བརྒྱད་རྫོང་འཕྲང་མ་འདི་ནི་མདོ་ཁམས་གནས་ཆེན་ཉེར་ལྔའི་ཡ་གྱལ། ཡོན་ཏན་གསུང་གི་གནས་མཆོག་སྨད་ཤོད་འཛོམ་ནང་པདྨ་ཤེལ་ཕུག་ནས། ཨོ་རྒྱན་སངས་རྒྱས་གཉིས་པ་དང་ལོ་ཆེན་བཻ་རོ་ཙ་ནའི་ཐུགས་དམ་སྙིང་པོ། སྔོན་ཆད་སའི་སྟེང་དུ་མ་གྲགས་པའི་དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་བླ་དཔེ་སྤྱན་དྲངས་པར་མཛད་པ་ལས། མན་ངག་སྡེ་གསང་སྐོར་གྱི་ཡི་དམ་ཁྲོ་བོར་སྒྲུབ་པའི་རྩ་བ་སྟེ། དེ་ལྟ་བུའི་སྨིན་བྱེད་ཟབ་མོ་བགྱི་བ་ལ་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་འབུལ་འཚལ། དེ་ནས། ཨཱོྃ་ཨཱཿཧཱུྃ་གིས་མིག་དར། ཨཱ་ཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་སྦྱིན། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་སྤྱན་སྔར་ཕྱག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བདེ་བར་གཤེགས་པ་བླ་མ་རྗེ༔ དངོས་གྲུབ་ཀུན་བདག་ཡི་དམ་ལྷ༔ མཁའ་འགྲོའི་གཙོ་བོ་དགོངས་སུ་གསོལ༔ བདག་ཅག་དཀྱིལ་འཁོར་ཆེན་པོ་འདིར༔ མྱུར་དུ་གཞུག་པར་མཛད་དུ་གསོལ༔ གསུམ། གནང་བ་སྦྱིན་པ་ནི་འདི་ལ་གསན་པས་ཁྱབ་སྟེ། དཔལ་ཆེན་པོ་ཡི་གནས་འདི་རུ༔ སུ་ཡིན་འཇུག་པའི་སྐལ་མེད་པས༔ ཐེག་པའི་ཐབས་ཚུལ་ཤེས་པ་དང༔ རྒྱུད་དག་བསོད་ནམས་ལྡན་པ་རྣམས༔ འཇུག་པར་རུང་བར་རྒྱལ་བས་བཤད༔ དེ་བས་རྒྱུད་དག་ཚོགས་གསག་མཛོད༔ གསང་བ་མཆོག་གི་དཀྱིལ་འཁོར་ཡེ་ཤེས་ཀློང་དགུའི་རང་བཞིན་རྣམ་པ་ཐམས་ཅད་པ་ལ་ཕྱོགས་དུས་ཀྱི་སྐྱབས་ཡུལ་ཐམས་ཅད་གདོད་ནས་རང་ཆས་སུ་རྫོགས་པ་ལ་དབྱིངས་རིག་གཉིས་སུ་མེད་པའི་ཚུལ་གྱིས་སྐྱབས་སུ་འགྲོ་བ་དང་། རང་བྱུང་རང་གསལ་གྱི་ངང་དུ་སེམས་བསྐྱེད་པ་དང་། གནས་ལུགས་དོན་དམ་ལྟ་བ་མཇལ་བའི་དགོངས་སྤྱོད་ལྷུན་འབྱམས་ཆེན་པོའི་ངང་དུ་ཚོགས་གསོག་པ་འདི་རྣམས་ཀྱི་རྗེས་ཟློས། དབྱིངས་ཉིད་རྣམ་དག་རྫོགས་སངས་རྒྱས༔ རིག་པ་ལྷུན་གྲུབ་དམ་པའི་ཆོས༔ དབྱིངས་རིག་གཉིས་མེད་ཚོགས་མཆོག་ལ༔ ཡེ་ནས་དག་པར་སྐྱབས་སུ་མཆི༔ ཨེ་མ་ཧོ་རང་རིག་བྱང་ཆུབ་སེམས༔ མ་རྟོགས་འཁྲུལ་པར་གྱུར་པ་ཀུན༔ གཉིས་སུ་མེད་པར་བསྒྲལ་བའི་ཕྱིར༔ རང་བྱུང་རང་གསལ་སེམས་བསྐྱེད་དོ༔ ནམ་མཁའ་ལྟ་བུའི་བདེ་གཤེགས་ལ༔ གསལ་བ་ཆེན་པོར་ཕྱག་འཚལ་ལོ༔ རིག་པའི་ངང་དུ་མཆོད་པར་འབུལ༔ རྒྱུན་ཆད་མེད་པའི་ཀློང་དུ་བཤགས༔ རྟག་ཅིང་སྒྲིབ་མེད་ཡི་རང་ངོ༔ ཡིན་མིན་མེད་པར་ཆོས་འཁོར་བསྐོར༔ མྱོང་བ་ཅན་དུ་བཞུགས་སུ་གསོལ༔ ངེས་པ་ཅན་གྱི་མཆོག་ཐོབ་ཤོག༔ དམ་ཚིག་བསྒྲག་པ་ནི་སློབ་དཔོན་གྱིས། དཔལ་ཆེན་ཀློང་དགུའི་དཀྱིལ་འཁོར་དུ༔ ངས་ནི་ཡང་དག་ཁྱོད་གཞུག་གི༔ བླ་མེད་རྒྱུད་ལས་གང་གསུངས་པའི༔ དམ་ཚིག་ཐམས་ཅད་ཐུབ་པར་སྲུངས༔ ཞེས་བསྒོས་པ་ལ། སྤྱི་དང་ཁྱད་པར་གྱི་དམ་ཚིག་རྣམས་སྲོག་བཞིན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས། བདེ་བར་གཤེགས་པ་ཁྱེད་ཅི་འདྲ༔ དེ་འདྲ་ཁོ་ནར་བདག་གྱུར་ཅིག༔ སྤྲུལ་སྐུའི་སྟོན་པས་བཤད་པ་ཡི༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ ལོངས་སྐུའི་སྟོན་པས་བཤད་པ་ཡི༔ རིགས་ལྔའི་སྡོམ་པ་མ་ལུས་གཟུང༔ ཁྱད་པར་ཧེ་རུ་ཀཿདཔལ་གྱིས༔ ཉི་ཤུ་ལྔ་དང་བྱེ་བྲག་ཏུ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམས༔ ཇི་ལྟར་བསྟན་པ་བདག་གིས་བསྲུང༔ སྲོག་གི་ཕྱིར་ཡང་མི་གཏོང་ན༔ བདེ་གཤེགས་རིགས་མཆོག་བསྩལ་དུ་གསོལ༔ ཞེས་ཁས་བླང་དུ་གཞུག །དམ་ལ་གཞག་པ་ནི། རྡོ་རྗེ་ཕྲེང་བ་མགོ་བོར་བཞག་ལ། ང་ནི་སངས་རྒྱས་ཀུན་བདག་ཉིད༔ ཧེ་རུ་ཀཿདཔལ་བླ་ན་མེད༔ དཔལ་ཆེན་ཆེ་མཆོག་ང་ཡིན་གྱིས༔ ང་ལ་བརྙས་པར་མ་བྱེད་ཅིག༔ རྡོ་རྗེ་ཕྲེང་བ་སྙིང་གར་བཞག་ལ། ང་ནི་བླ་མ་ཀུན་ཏུ་བཟང༔ ཁྱོད་ཀྱིས་བཀའ་ཡང་མི་གཅོག་ཅིང༔ བདེ་གཤེགས་རིགས་ཀྱིས་བཤད་པའི་ཆོས༔ བཤད་ཀྱིས་ཐེ་ཚོམ་མ་ཟ་ཞིག༔ དམ་ཆུ་བདུད་རྩི་སྦྱིན་ལ། འདི་ནི་ངོ་བོ་དམ་ཚིག་ཆུ༔ ཡེ་ཤེས་བསྐྱེད་ཕྱིར་སྦྱིན་པ་ཡིན༔ དམ་བསྲུངས་དངོས་གྲུབ་འདིས་ཐོབ་བྱེད༔ མ་བསྲུང་ལྕགས་ཀྱི་སྡིག་པར་འགྱུར༔ སྲོག་གཅོད་དམྱལ་བ་ཆེན་པོར་ལྟུང༔ དམ་སྲུང་རྡོ་རྗེའི་ཆུ་འདི་ཐུངས༔ དེ་ལྟར་བྱིན་པའི་དམ་ཚིག་རྡོ་རྗེའི་ཆུ་སྙིང་ལ་བསྟིམས་ཏེ་མི་འདའ་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ཨཱོྃ་བཛྲ་ས་མ་ཡ་ཨི་དན་ན་ར་ཀན༔ དེ་ནས་དབང་གི་གཞི་སྒྲུབ་པར་བྱེད་པ་ཡེ་ཤེས་པ་དབབ་པ་ལ་དམིགས་པ་འདི་བཞིན་དུ་མཛོད་ཅིག །ཁྱེད་རང་རྣམས་དཔལ་ཆེན་པོར་གསལ་བའི་སྙིང་གར་ཉི་མའི་གདན་ལ་ཧཱུྃ༔ སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ རང་བཞིན་གྱི་དབྱིངས་ནས་ཡེ་ཤེས་པའི་ཚོགས་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་ཐིམ་པར་གྱུར། བསྙེན་སྔགས་ཤམ་དུ། ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་དྲག་ཏུ་བརྗོད་ཅིང་རོལ་མོ་བྱ། ཡེ་ཤེས་པ་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ། ཚོམ་བུ་འདུ་བྱས་ལ་སློབ་དཔོན་གྱིས། དཔལ་ཆེན་པོ་ཡི་ཕོ་བྲང་དུ༔ རིག་པའི་མེ་ཏོག་འདྲེས་མེད་དོར༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ ཡེ་ཤེས་ལྷ་ལ་འབབ་པར་འགྱུར༔ ཁྱེད་རང་རྣམས་ལ་སྔར་བྱིན་པའི་མེ་ཏོག་དེ་ཉིད་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་དོར་བའི་མོས་པས་འདིའི་རྗེས་ཟློས། ཧོ༔ བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་འདིར༔ སྙིང་པོའི་ཡེ་ཤེས་བརྟག་བྱའི་ཕྱིར༔ རིག་པའི་མེ་ཏོག་འདི་འབུལ་གྱིས༔ ལས་འཕྲོའི་དབང་གིས་བཞེས་སུ་གསོལ༔ པུཥྤེ་པྲ་ཏཱིཙྪ་ཧོ༔ ཞེས་འདོར་དུ་གཞུག །རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གཙོ་དང་འཁོར་དུ་སྣང་བ་ཐམས་ཅད་ཀྱང་ཀུན་ཁྱབ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀུན་བཟང་ཆེ་མཆོག་ཧེ་རུ་ཀའི་རང་བཞིན་ཁོ་ནར་ཡིན་པས། ཁྱེད་རང་རྣམས་ཀྱི་གསང་བའི་མཚན་ཆེ་མཆོག་འདུས་པ་རྩལ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ཕུལ་པའི་མེ་ཏོག་དེ་ཉིད་ཀྱང་རིགས་ཀྱི་རྟགས་སུ་བྱིན་གྱིས་བརླབས་ཏེ་རྡོ་རྗེའི་ཅོད་པན་དུ་བཅིངས་པར་མོས་ཤིག །ཧཱུྃ༔ མི་གནས་ཡེ་ཤེས་དཀྱིལ་འཁོར་དུ༔ རིག་པའི་མེ་ཏོག་ཕུལ་པ་འདི༔ བྱིན་རླབས་བསམ་མི་ཁྱབ་པར་ཟུངས༔ དངོས་གྲུབ་ཐམས་ཅད་འདིས་ཐོབ་ཤོག༔ པུཥྤེ་གྲྀཧྞ་སཏྭཾ་ཨི་མཾ་སཏྭ་མ་ཧཱ་བཱ་ལ༔ ཞེས་མེ་ཏོག་སྤྱི་བོར་གཞག །སྒྲིབ་པས་ལྡོངས་པའི་མིག་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བསྐལ་སྔོན་བསྒྲིབས་པའི་མ་རིག་མིག༔ ཐབས་མཁས་རྒྱལ་པོ་ཧེ་རུ་ཀས༔ མྱུར་བ་ཉིད་དུ་དབྱེ་བ་དང༔ ཡེ་ཤེས་དཀྱིལ་འཁོར་བསྟན་དུ་གསོལ༔ ལྷན་སྐྱེས་མ་རིག་པའི་སྒྲིབ་གཡོགས་ཡེ་ཤེས་རིག་པའི་ཐུར་མས་བསལ་བར་མོས་ཤིག །གསེར་ཐུར་ཐོགས་ལ། སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱིས༔ འགྲོ་བའི་མིག་ནི་དབྱེ་བར་མཛད༔ སངས་རྒྱས་ས་ལ་བཀོད་པ་བཞིན༔ དེང་འདིར་ཧེ་རུ་ཀཿབདག་གིས༔ མ་རིག་མིག་ནི་དབྱེ་བར་བྱ༔ ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དར་བསལ། ཧོ༔ ལྟོས་ཤིག་སྐལ་པ་ཅན་རྣམས་ལྟོས༔ བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་འདི༔ སྐད་ཅིག་མཐོང་བ་ཙམ་གྱིས་ཀྱང༔ སྒྲིབ་པ་དག་སྟེ་ཡེ་ཤེས་མཐོང༔ ཧོ༔ དཔལ་ཆེན་པོའི་ཕོ་བྲང་དགུ་དང་ཡེ་ཤེས་ཀྱི་བུམ་པ་དབྱེར་མེད་པའི་ནང་དུ༔ བདེ་གཤེགས་ཀུན་འདུས་ཚོམ་བུ་དགུ་ཡི་ཚུལ་དུ་བཞུགས་པ་འདི་ནི་མཚན་མ་རྫས་དང་ཏིང་འཛིན་སྤྲུལ་པའི་དཀྱིལ་འཁོར་དབྱེར་མེད་ཡིན་ཅིང༔ འདི་མཚོན་བྱེད་དེ༔ མཚོན་བྱ་དོན་གྱི་དཀྱིལ་འཁོར་རང་གི་སེམས་ཉིད་ཡེ་ཤེས་ཀློང་དགུར་རྫོགས་པའི་རང་བཞིན་དུ་ངོ་ཤེས་པར་གྱིས་ཤིག༔ ཅེས་ལྷ་ངོ་བསྟན། དེ་དག་གིས་དཀྱིལ་འཁོར་ཕྱི་ནང་གི་འཇུག་པ་སོང་ནས་མངོན་པར་དབང་བསྐུར་བ་ཞུ་བའི་སླད་དུ་མཎྜལ་ཕུལ། གཉིས་པ་དབང་དངོས་ལ་གཉིས། དངོས་གཞི་རྡོ་རྗེ་སློབ་མ་དང་སློབ་དཔོན་གྱི་དབང་། མཐའ་རྟེན་དྲག་པོ་སྒྲོལ་བའི་དབང་ངོ་། །དང་པོ་ནི། དེ་ལ་ཐོག་མར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧོ༔ ཡེ་ཤེས་དགུ་ཡི་དཀྱིལ་འཁོར་འདིར༔ ཞུགས་ཀྱང་སྨིན་པར་མཛད་དུ་གསོལ༔ སྨིན་ཅིང་གྲོལ་བ་མཐར་ཕྱིན་ཞིང༔ མི་གནས་ཀློང་དུ་སྐྱེལ་བར་མཛོད༔ ལན་གསུམ། རྡོ་རྗེ་སློབ་མར་དབང་བསྐུར་བ་བུམ་གསང་ཤེར་ཡེ་ཚིག་གི་དབང་བཞི་རྣམས་རིམ་པར་འབྱུང་བའི། ཐོག་མར་བུམ་དབང་འཁོར་དང་བཅས་པ་ལ་སངས་རྒྱས་རིགས་ལྔའི་ངོ་བོ་རིག་པའི་དབང་ལྔ། རྗེས་འབྲེལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྗེས་གནང་སྦྱིན་པ་རྣམས་སུ་ཡོད་པ་ལས། དང་པོ་ཆུའི་དབང་གི་སླད་དུ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ཡེ་ཤེས་ཀློང་དགུའི་ལྷ་ཚོགས་རྣམས་བཞུགས་པའི་སྐུ་ལས་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་བྱུང་བས་སྒྲིབ་པའི་འཆིང་བ་གཏོར་ཞིང་ཡེ་ཤེས་ཀྱི་བཅུད་བླུགས་པར་མོས་ཤིག །ཧཱུྃ༔ དབྱིངས་ཀྱི་བུམ་པར་རིག་པའི་བཅུད༔ ཟུང་འཇུག་ཡེ་ཤེས་ཀློང་དགུའི་ལྷ༔ གཉིས་མེད་མཉམ་སྦྱོར་བདུད་རྩི་མཆོག༔ ཡེ་ཤེས་ཆུ་ཡི་དབང་བསྐུར་རོ༔ ཀ་ལ་ཤཿཨ་བྷི་ཥིཉྩ་ཧཱུྃ༔ ཡེ་ཤེས་རྡོ་རྗེའི་ཅོད་པན་དབུ་ལ་བཅིངས་པས་རིགས་ཐམས་ཅད་ཀྱི་རྒྱལ་སྲིད་ལ་མངའ་དབང་སྒྱུར་བར་མོས་ཤིག །རིན་ཆེན་འབར་བའི་པྲོག་ཞུ་འདི༔ རྒྱལ་བ་ཀུན་དང་མཉམ་པ་ཡི༔ གོ་འཕང་བླ་མེད་བསྒྲུབ་བྱའི་ཕྱིར༔ དབང་བསྐུར་ཅོད་པན་ཆེན་པོ་འོ༔ རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཏྲཱཾ༔ མི་འགྱུར་རྡོ་རྗེ་རྩེ་ལྔ་ཕྱག་གཡས་སུ་གཏད་པས་ཐབས་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་བདག་ཉིད་ཆེན་པོར་གྲུབ་པར་མོས་ཤིག །སངས་རྒྱས་རིགས་ལྔའི་ཡེ་ཤེས་ལྔས༔ དུག་ལྔ་རྣམ་པར་གཞོམ་པའི་ཕྱིར༔ མི་འགྱུར་རྡོ་རྗེ་བླ་ན་མེད༔ སངས་རྒྱས་རྡོ་རྗེའི་དབང་བསྐུར་རོ༔ བཛྲ་དྷཱ་ར་ཨ་དྷི་པ་ཏི་བཛྲ་ཨ་བྷི་ཥིཉྩ་ཧྲཱི༔ ལས་ཀྱི་དྲིལ་བུ་ཕྱག་གཡོན་དུ་གཏད་པས་ཤེས་རབ་སྟོང་ཉིད་གཞོམ་མེད་ཆོས་ཀྱི་སྒྲས་འགྲོ་ཁམས་སད་པར་བྱེད་པའི་མཐུ་ཐོབ་པར་མོས་ཤིག །ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང༔ རྗེས་སུ་འགྲོ་བའི་ཤེས་རབ་མཆོག༔ མ་རིག་སད་པའི་དྲིལ་བུ་ཆེ༔ ཀརྨ་གྷཎྜེ་ཨ་བྷི་ཥིཉྩ་ཨཱ༔ མིང་གི་དབང་བསྐུར་བས་རྡོ་རྗེའི་མཚན་གྱིས་ས་གསུམ་དུ་གྲགས་པའི་དབང་ཐོབ་པར་མོས་ཤིག །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེའི་མིང་ནི་བླ་ན་མེད༔ ས་གསུམ་ཀུན་ཏུ་གྲགས་པ་ཡི༔ ཧེ་རུ་ཀཿདཔལ་ཞེས་བྱ་འོ༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀཿདྷཱ་ར་ཡཱ་མི་ཨ་བྷི་ཥིཉྩ་ཨཱོྃ༔ དེ་དག་གིས་མ་རིག་ལས་གྱུར་པའི་སྒྲིབ་པ་ལྔ་དག །རིག་པ་ཡེ་ཤེས་ལྔའི་ས་བོན་གསོས་བཏབ་པས་རིག་པའི་དབང་ཞེས་བྱའོ། །དེ་ནས་སྐུ་ཕྱག་རྒྱའི་དབང་བསྐུར་བ་ལ་མདུན་བསྐྱེད་དཀྱིལ་འཁོར་དགུ་རྫོགས་གཙོ་འཁོར་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་སྣང་བརྙན་གཉིས་པ་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་གནས་རྣམས་སུ་ཐིམ་པར་མོས་ཤིག །དཔལ་དགུའི་ཙཀླི་སོ་སོས་དབང་བསྐུར་ཏེ། ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང༔ ཆོས་དབྱིངས་ཡེ་ཤེས་ལོངས་སྤྱོད་རྫོགས་པའི་སྐུ༔ བླ་ན་མེད་པ་ཆེ་མཆོག་ཧེ་རུ་ཀ༔ ཡབ་ཡུམ་འཁོར་དང་བཅས་པས་དབང་བསྐུར་རོ༔ ཨཱོྃ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀཿཧཱུྃ་ཕཊ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང༔ མེ་ལོང་ཡེ་ཤེས་ལོངས་སྤྱོད་རྫོགས་པའི་སྐུ༔ བླ་ན་མེད་པའི་ཡང་དག་ཧེ་རུ་ཀ༔ ཡབ་ཡུམ་འཁོར་དང་བཅས་པས་དབང༴ ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང༔ མཉམ་ཉིད་ཡེ་ཤེས་ལོངས་སྤྱོད་རྫོགས་པའི་སྐུ༔ བླ་ན་མེད་པའི་འཇམ་དཔལ་གཤིན་རྗེ་གཤེད༔ ཡབ་ཡུམ་འཁོར་དང་བཅས་པས་དབང༴ ཨཱོྃ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ སརྦ་ས་མ་ཡ་ཨ༴ ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང༔ སོར་རྟོག་ཡེ་ཤེས་ལོངས་སྤྱོད་རྫོགས་པའི་སྐུ༔ བླ་ན་མེད་པའི་དཔལ་ཆེན་རྟ་མཆོག་རྒྱལ༔ ཡབ་ཡུམ་འཁོར་དང་བཅས་པས་དབང༴ ཨཱོྃ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ སརྦ་ས་མ་ཡ་ཨ༴ ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང༔ ནན་ཏན་ཡེ་ཤེས་ལོངས་སྤྱོད་རྫོགས་པའི་སྐུ༔ བླ་ན་མེད་པའི་རྡོ་རྗེ་གཞོན་ནུ་ཆེ༔ ཡབ་ཡུམ་འཁོར་དང་བཅས་པས་དབང༴ ཨཱོྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ སརྦ་ས་མ་ཡ་ཨ༴ ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང༔ ཀློང་གྱུར་ཡེ་ཤེས་ལོངས་སྤྱོད་རྫོགས་པའི་སྐུ༔ བླ་ན་མེད་པའི་ཡེ་ཤེས་ཧེ་རུ་ཀ༔ ཡབ་ཡུམ་འཁོར་དང་བཅས་པས་དབང༴ ཨཱོྃ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀཿགུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ སརྦ་ས་མ་ཡ་ཨ༴ ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང༔ ཕྱག་ཆེན་ཡེ་ཤེས་ལོངས་སྤྱོད་རྫོགས་པའི་སྐུ༔ བླ་མེད་རིག་འཛིན་མི་ཡི་ཐོད་པ་རྩལ༔ ཡབ་ཡུམ་འཁོར་དང་བཅས་པས་དབང༴ ཨཱོྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ སརྦ་ས་མ་ཡ་ཨ༴ ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང༔ དབྱིངས་གྲོལ་ཡེ་ཤེས་ལོངས་སྤྱོད་རྫོགས་པའི་སྐུ༔ བླ་ན་མེད་པའི་དྲེགས་པ་འདུལ་བྱེད་ཆེ༔ ཡབ་ཡུམ་འཁོར་དང་བཅས་པས་དབང༴ ཨཱོྃ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ༔ སརྦ་ས་མ་ཡ་ཨ༴ ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང༔ མཐའ་གྲོལ་ཡེ་ཤེས་ལོངས་སྤྱོད་རྫོགས་པའི་སྐུ༔ བླ་ན་མེད་པའི་དཔལ་ཆེན་སྟོབས་དང་ལྡན༔ ཡབ་ཡུམ་འཁོར་དང་བཅས་པས་དབང༴ ཨཱོྃ་བཛྲ་སརྦ་དུཥྚཱན་ཧཱུྃ་ཕཊ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ རྣམ་རྒྱལ་བུམ་པ་ཐོགས་ཏེ། ཧཱུྃ༔ སྣོད་བཅུད་ཡོངས་རྫོགས་བཀའ་སྡོད་བུམ་པ་རུ༔ མ་མོ་ཉེར་བརྒྱད་གཙོར་གྱུར་བྱེ་བ་འབུམ༔ བསམ་གྱིས་མི་ཁྱབ་ཡོངས་རྫོགས་དབང་བསྐུར་བས༔ ཕྲིན་ལས་སྣ་ཚོགས་ལྷུན་གྱིས་འགྲུབ་པར་ཤོག༔ ཨཱོྃ་བཛྲ་སརྦ་ཡཀྵ་ས་མ་ཡ་ཧཱུྃ་ཕཊ༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ གསུང་བཟླས་པའི་ལུང་གི་སླད་དུ་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་གཉིས་པ་འཕྲོས་ཏེ་ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་སྲོག་ཧཱུྃ་ཡིག་གི་མཐར་འཁོད་པའི་མོས་པས་སྔགས་འདི་རྣམས་ཀྱི་རྗེས་ཟློས། ཞི་ཁྲོ་སྤྱི་སྔགས་དང་དྲག་སྔགས་མེ་ཕུང་མ་ལན་གསུམ་གསུམ་རྗེས་ཟློས་བྱར་གཞུག །མཐར་སྔགས་ཕྲེང་ལག་ཏུ་གཏད་ལ། ཧེ་རུ་ཀཿཔའི་གསུང་དང་མཉམ༔ བཟླས་བརྗོད་སྔགས་ཀྱི་ནུས་པ་རྣམས༔ ནུས་ལྡན་མི་ཉམས་འཕེལ་བ་ཡི༔ གསུང་གི་དབང་མཆོག་རྫོགས་པར་ཤོག༔ ཨཱོྃ་བཛྲ་ཀྲོ་དྷ་སརྦ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཐུགས་ཕྱག་མཚན་རྡོ་རྗེས་དབང་བསྐུར་བས་དབྱིངས་རིག་གཉིས་སུ་མེད་པའི་དགོངས་པ་རང་གསལ་ངང་གིས་རྫོགས་པར་མོས་ཤིག །དབྱིངས་ཀྱི་སྟོང་ཆ་ཐུགས་ཀྱི་ངང༔ ཕྱག་མཚན་རིག་པ་ལུ་གུ་རྒྱུད༔ དབྱིངས་རིག་དབྱེར་མེད་གསལ་སྟོང་ཐུགས༔ མ་བཅོས་ལྷུག་པར་དབང་བསྐུར་རོ༔ ཨཱོྃ་བཛྲ་ཀྲོ་དྷ་སརྦ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡེ་ཤེས་སེམས་དཔའ་རིགས་ལྔའི་སྐུ་གནས་ལྔར་ཐིམ་པས་རྡོ་རྗེ་དབྱིངས་ཀྱི་དབང་ཆེན་རབ་འབྱམས་རྫོགས་པར་མོས་ཤིག །ཀུན་ཏུ་བཟང་པོ་རྡོ་རྗེ་སེམས༔ འཇམ་དཔལ་གཞོན་ནུ་སྤྱན་རས་གཟིགས༔ གསང་བའི་བདག་པོ་རྡོ་རྗེ་འཛིན༔ སེམས་དཔའ་ལྔ་ཡི་དབང་བསྐུར་རོ༔ ཨཱོྃ་ས་མནྟ་བྷ་དྲ་བཛྲ་སཏྭ་མཉྫུ་ཤྲཱི་ཨཱརྱ་ཨ་ཝ་ལོ་ཀི་ཤྭ་ར་བཛྲ་དྷཱ་ར་ཨ་བྷི་ཥིཉྩ་ཧཱུྃ༔ ཡོན་ཏན་དམ་རྫས་དང་དཔལ་ཆས་ཀྱིས་དབང་བསྐུར་བས་ཆེ་བའི་ཡོན་ཏན་མ་བཙལ་ལྷུན་གྱིས་རྫོགས་པར་མོས་ཤིག །སྨན་རཀ་གཏོར་གསུམ་གཏད་ལ། དབྱིངས་རིག་དབྱེར་མེད་གཏོར་མ་དང༔ འཁོར་འདས་ཡོངས་གྲོལ་རཀྟ་ཆེ༔ ཡེ་ཤེས་ལྔ་རྫོགས་བདུད་རྩིའི་དབང༔ བསྐུར་བས་བསྙེན་སྒྲུབ་མཐར་ཕྱིན་ཤོག༔ བ་ལིཾ་ཏ་རཀྟ་པཉྩ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཧཱུྃ༔ དཔལ་ཆས་བྱིན་ལ། ཧཱུྃ༔ ཡེ་ཤེས་ཀློང་ནས་ཤར་བའི་དཔལ་གྱི་ཆས༔ ཀོ་རློན་ཞིང་ཆེན་སྟག་ཤམ་སྦྲུལ་ཆུན་དང༔ ཐོད་སྐམ་ཐོད་རློན་རྡོ་རྗེའི་གོ་ཁྲབ་བཅས༔ ཁྲག་ཞག་ཐལ་ཆེན་རྡོ་རྗེའི་ཁྱུང་གཤོག་སོགས༔ ཡོན་ཏན་ཡོངས་རྫོགས་ཆས་ཀྱི་དབང་བསྐུར་རོ༔ ཨཱོྃ་བཛྲ་ཀྲོ་དྷ་སརྦ་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ ཕྲིན་ལས་སྤྲུལ་པའི་བྱ་ཁྱུང་གི་དབང་བསྐུར་བས་རྣམ་བཞིའི་ལས་རབ་འབྱམས་ཐོགས་མེད་དུ་འགྲུབ་པའི་མཐུ་ཐོབ་པར་མོས་ཤིག །གདུག་པ་ཀླུ་འདུལ་བྱ་ཁྱུང་དཀར་ནག་གཉིས༔ སྤྲུལ་པའི་ཁྲ་ཐབས་མང་པོ་ལས་ལ་འགྱེད༔ ལོག་རྟོག་འདུལ་ཕྱིར་དཔལ་ཆེན་ཁྱུང་གི་དབང༔ ལས་སྦྱོར་ལྷུན་གྱིས་གྲུབ་ཕྱིར་དབང་བསྐུར་རོ༔ ཁྲོཾ་ག་རུ་ཌ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ བཀྲ་ཤིས་བུམ་པ་འཁོར་དང་བཅས་པའི་དབང་བསྐུར་པས༔ སློབ་མ་ཐམས་ཅད་ལྷ་རུ་གྱུར་ཅིང་ལྷ་ཐམས་ཅད་སྣང་སྟོང་གི་ཡེ་ཤེས་སུ་རྟོགས་པར་གྱུར་ཅིག༔ ཅེས་མེ་ཏོག་འཐོར། དེའང་དབྱིངས་དང་རིག་པ་ཟུང་དུ་འཇུག་པ་ནི་མཚོན་བྱ་དོན་གྱི་བུམ་པ། རང་བྱུང་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་ནི་མཚོན་བྱེད་རྟགས་ཀྱི་བུམ་པ། ཆོས་སྐུ་སྤྲོས་བྲལ་གྱི་རྟགས་སུ་བུམ་པ་ཟླུམ་པོ། ལོངས་སྤྱོད་ཡོངས་རྫོགས་ཀྱི་རྟགས་སུ་བུམ་རྒྱན་སྣ་ཚོགས། སྤྲུལ་སྐུས་འགྲོ་དོན་མཛད་པའི་རྟགས་སུ་བདུད་རྩིའི་ཆུ་རྒྱུན་ཡན་ལག་མཐའ་རྟེན་ཡོངས་རྫོགས་དང་བཅས་པ་ནི་མཚོན་པ་བརྡའི་བུམ་པ་སྟེ། བརྡ་དོན་ཟུང་དུ་འབྲེལ་བའི་བུམ་དབང་གིས་ལུས་སྒྲིབ་དག་ཅིང་། སྣང་སྟོང་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པ་དང་། ཆུ་ཟླ་ལྟ་བུའི་སྤྲུལ་པའི་སྐུ་འཐོབ་པར་འགྱུར་བའི་ནུས་པ་རྒྱུད་ལ་བཞག་པ་ཡིན་ནོ། །ཐོད་པའི་བདུད་རྩི་སྦྱིན་ལ། ཧཱུྃ༔ དབྱིངས་ཀྱི་བྷནྡྷ་ཡངས་པ་རུ༔ རིག་པ་བདེ་སྟོང་ལྷ་ཚོགས་སྦྱོར༔ ཟུང་འཇུག་བདེ་ཆེན་བདུད་རྩིའི་དབང༔ བདེ་ཆེན་ཡོངས་སུ་བསྐྱེད་ཕྱིར་བསྐུར༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ བདེ་བ་ཆེན་པོ་བྱང་ཆུབ་སེམས་ཀྱི་བདུད་རྩིས་དབང་བསྐུར་པས་ཕུང་ཁམས་ཐམས་ཅད་ལྷར་དག་སྟེ་བདེ་གསལ་ཡེ་ཤེས་མངོན་དུ་འབར་བར་གྱུར་ཅིག༔ དེའང་གསལ་བ་དང་སྟོང་པ་ཟུང་དུ་འཇུག་པ་ནི་མཚོན་བྱ་དོན་གྱི་བྱང་སེམས། རང་བྱུང་ཨཱ་ལི་ཀཱ་ལིའི་འདུ་འཕྲོ་ནི་མཚོན་བྱེད་རྟགས་ཀྱི་བྱང་སེམས། བླ་མ་ཡབ་ཡུམ་གྱི་བྱང་སེམས་སངས་རྒྱས་ཐམས་ཅད་ཞུ་བའི་ངོ་བོ་བདེ་སྐྱོང་གི་སྣོད་དུ་བསྐྱིལ་བ་མཚོན་པ་བརྡའི་བྱང་སེམས་ཏེ། བརྡ་དོན་ཟུང་དུ་འབྲེལ་བའི་གསང་དབང་གིས་ངག་སྒྲིབ་དག་ཅིང་། གསལ་སྟོང་བདག་བྱིན་བརླབ་ཀྱི་རིམ་པ་སྒོམ་པ་དང་། སྒྲ་བརྙན་ལྟ་བུའི་ལོངས་སྐུ་འཐོབ་པར་འགྱུར་བའི་ནུས་པ་རྒྱུད་ལ་བཞག་པ་ཡིན་ནོ། །རིག་མའི་གཟུགས་བརྙན་ནམ་དྲིལ་བུ་གཏད་ལ། ཧཱུྃ༔ བཀྲ་ཤིས་མཚན་ལྡན་གཟུངས་མ་འདི༔ བསྟེན་ན་བདེ་བ་ཆེན་པོ་རྟོགས༔ འདི་སྤངས་སངས་རྒྱས་ཐོབ་འདོད་མིན༔ བདེ་ཆེན་ངལ་མེད་རྟག་ཏུ་རོལ༔ མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ བདེ་སྐྱེད་ཡུམ་གྱི་དབང་བསྐུར་པས་རྟོག་ཚོགས་ཐམས་ཅད་བདེ་བ་ཆེན་པོར་དག་སྟེ༔ བདེ་ཆེན་ཡེ་ཤེས་ཀློང་དུ་འབར་བར་གྱུར་ཅིག༔ དེའང་བདེ་བ་དང་སྟོང་པ་ཟུང་དུ་འཇུག་པ་ནི་མཚོན་བྱ་དོན་གྱི་སྙོམས་འཇུག །རང་བྱུང་ཨ་ཧཾ་ཁ་སྦྱོར་གྱི་ཞུ་བདེ་ནི་མཚོན་བྱེད་རྟགས་ཀྱི་སྙོམས་འཇུག །འདུ་ཤེས་གསུམ་ལྡན་གྱི་མཉམ་པར་སྦྱོར་བའི་དགའ་བ་བཅུ་དྲུག་གི་མཐར་ལྷན་སྐྱེས་དཔེའི་ཡེ་ཤེས་ཉམས་སུ་མྱོང་བ་མཚོན་པ་བརྡའི་སྙོམས་འཇུག་སྟེ། བརྡ་དོན་ཟུང་དུ་འབྲེལ་བའི་ཤེས་རབ་ཡེ་ཤེས་ཀྱི་དབང་གིས་ཡིད་སྒྲིབ་དག་ཅིང་། བདེ་སྟོང་ཕོ་ཉའི་ལམ་སྒོམ་པ་དང་། ནམ་མཁའ་ལྟ་བུའི་ཆོས་ཀྱི་སྐུ་འཐོབ་པར་འགྱུར་བའི་ནུས་པ་རྒྱུད་ལ་བཞག་པ་ཡིན་ནོ། །ཤེལ་རྡོ་ཐོགས་ལ། ཧཱུྃ༔ སེམས་ཉིད་མ་བཅོས་ཀ་ནས་དག༔ སྟོང་གསལ་རང་བྱུང་ཡེ་ཤེས་རྩལ༔ ལྷུན་གྱིས་གྲུབ་པ་མེ་ལོང་བཞིན༔ རིག་རྩལ་མཆོག་གི་དབང་ཐོབ་ཤོག༔ དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨཱ༔ ཧོ༔ རྡོ་རྗེ་སེམས་དཔའི་མེ་ལོང་གི་དབང་བསྐུར་པས༔ མི་གནས་ཡེ་ཤེས་ཀྱི་རྟོགས་པ་མངོན་དུ་འགྱུར་བར་གྱུར་ཅིག༔ དེའང་རིག་སྟོང་ཟུང་དུ་འཇུག་པ་ནི་མཚོན་བྱ་དོན་གྱི་ཚིག་དབང་། འདི་ལྟར་སྣང་བ་ཐམས་ཅད་སྣང་དུས་ཉིད་ནས་བདེན་པར་མ་གྲུབ་པ་མཚོན་བྱེད་རྟགས་ཀྱི་ཚིག་དབང་། ཤེལ་ལ་ཡུལ་རྐྱེན་གྱིས་ཁ་དོག་སྣ་ཚོགས་སུ་སྣང་ཡང་སྟོང་པའི་དབྱིངས་སུ་རོ་གཅིག་པ་ནི་མཚོན་པ་བརྡའི་ཚིག་དབང་སྟེ། བརྡ་དོན་ཟུང་དུ་འབྲེལ་བའི་དབང་བཞི་པས་ཡེ་ཤེས་ཀྱི་དྲི་མ་དག་ཅིང་། རིག་སྟོང་ཀ་དག་ཁྲེགས་ཆོད་ཀྱི་དོན་སྒོམ་པ་དང་། ཀུན་ཁྱབ་ངོ་བོ་ཉིད་སྐུ་འཐོབ་པར་འགྱུར་བའི་ནུས་པ་རྒྱུད་ལ་བཞག་པ་ཡིན་ནོ། །མེ་ལོང་དང་རྨ་བྱའི་སྒྲོ་མདོངས་བསྟན་ལ། ཧཱུྃ༔ དབྱིངས་ཀྱི་རང་བཞིན་མེ་ལོང་ལ༔ རྨ་བྱའི་མདོངས་ལྟར་ཅི་ཡང་འཆར༔ རིག་རྩལ་ཟུང་འཇུག་རྩལ་གྱི་དབང༔ ཡང་དག་པར་ནི་རྟོགས་པར་ཤོག༔ དྷརྨ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ རིགས་ཀྱི་བུ་ལ་ཐོད་རྒལ་གྱི་དབང་བསྐུར་པས༔ དབྱིངས་ཡེ་ཟུང་དུ་འཇུག་པའི་རྟོགས་པ་མངོན་དུ་འགྱུར་བར་གྱུར་ཅིག༔ དེའང་དབྱིངས་རྣམ་དག་གི་སྒྲོན་མ་མེ་ལོང་དྭངས་པ་དང་འདྲ་བ་ལ། རྒྱང་ཞགས་ཆུའི་སྒྲོན་མའི་གནད་གཏེམས་པས། ཐིག་ལེ་སྟོང་པའི་སྒྲོན་མ་རྨ་བྱའི་མདོངས་སྒྲོ་ལྟ་བུའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་སྐུར་སྨིན་ཅིང་། ཤེས་རབ་རང་བྱུང་གི་སྒྲོན་མ་ཁོང་ནས་ཤར་ཏེ་གཞོན་ནུ་བུམ་པ་སྐུ་ཡི་ཞིང་དུ་མངོན་པར་བྱང་ཆུབ་པར་འགྱུར་བ་རིག་པ་རྩལ་གྱི་དབང་ཞེས་བྱ་སྟེ། གློ་བུར་གྱི་དྲི་མ་མཐའ་དག་དག་ཅིང་སྣང་སྟོང་ཐོད་རྒལ་ལྷུན་གྲུབ་ཀྱི་དོན་སྒོམ་པ་དང་། མི་འགྱུར་རྡོ་རྗེའི་སྐུ་ཐོབ་པར་འགྱུར་བའི་ནུས་པ་རྒྱུད་ལ་བཞག་པ་ཡིན་ནོ། །དེས་སློབ་མའི་དབང་བསྐུར་བ་ཡོངས་སུ་རྫོགས་ནས། རྡོ་རྗེ་སློབ་དཔོན་གྱི་གོ་འཕང་མཆོག་ཏུ་དབང་བསྐུར་བའི་ཕྱིར་དུ། ཁྱེད་རང་རྣམས་སངས་རྒྱས་ཐམས་ཅད་ཀྱི་གསང་བ་ཡོངས་སུ་རྫོགས་པ་དཔལ་ཆེན་ཧེ་རུ་ཀའི་བདག་ཉིད་དུ་གྱུར་པ་རྡོ་རྗེ་རིན་པོ་ཆེ་འཁོར་འདས་ཟིལ་གནོན་གྱི་ཁྲི་བརྩེགས་པ་ལ་འཁོད་པའི་སྟེང་དུ་གདུགས་དཀར་པོ་དབུབ། གཡས་གཡོན་རྒྱལ་མཚན་དང་བ་དན་བསྒྲེང་། ཕྱག་ཏུ་རྒྱུད་ལུང་མན་ངག་གི་གླེགས་བམ་དང་། ཕྱག་ཤིང་ཆོས་དུང་དཀར་པོ་རྣམས་གཏད། བཀྲ་ཤིས་པའི་ལྷ་མོ་རྣམས་ཀྱིས་མཆོད་པའི་བྱེ་བྲག་འབུལ་ཞིང་རོལ་མོའི་སྒྲ་སྒྲོག །རྒྱལ་བ་སྲས་དང་བཅས་པས་མེ་ཏོག་འཐོར་ཞིང་མངའ་གསོལ་བའི་མོས་པ་མཛོད་ཅིག །དེ་དག་དངོས་སུ་བྱ་བའམ་བྲིས་པའི་གཟུགས་བརྙན་གཏད་ཅིང་དཔོན་སློབ་གཉིས་ཀས་དམིགས་པས་གསལ་གདབ་ལ། ཧཱུྃ༔ གཞན་སྣང་ཟིལ་གྱིས་གནོན་པའི་ཁྲི་སྟེང་དུ༔ སློབ་མ་དཔལ་ཆེན་རང་གི་རིག་པར་རྟོགས༔ བཀྲ་ཤིས་གདུགས་དང་རྒྱལ་མཚན་རོལ་མོའི་སྒྲ༔ རྒྱལ་བས་མེ་ཏོག་འཐོར་བས་མངའ་གསོལ་ཞིང༔ འགྲོ་དོན་མཛད་པའི་གླེགས་བམ་ཕྱག་ཤིང་དང༔ ཆོས་ཀྱི་དུང་ཆེན་རྣམས་ཀྱིས་མངའ་དབུལ་ལོ༔ ཞེས་དང་རྟེན་སྙིང་བརྗོད་ཅིང་མེ་ཏོག་འཐོར་རོ། །གཉིས་པ་མཐའ་རྟེན་སྒྲོལ་དབང་ནི། དེ་དག་གིས་སྒོ་གསུམ་ཡེ་ཤེས་སུ་སྨིན་པར་བྱེད་པ་དབང་གི་དངོས་གཞི་སོང་ནས། གཉིས་པ་མཐའ་རྟེན་དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་རབ་འབྱམས་སྒྲུབ་པར་རྗེས་སུ་གནང་བ་ནི། རིག་སྟོང་འོད་གསལ་ཆེན་པོའི་དབྱིངས་སུ་མ་རིག་འཁྲུལ་པའི་མཚན་འཛིན་ཐམས་ཅད་རྩད་ནས་བཅད་དེ་རྟོགས་པས་བདག་བསྒྲལ་བའི་ཕྲིན་ལས་མཐར་ཕྱིན་པ་ན། ཀུན་རྫོབ་སྣང་ཚུལ་ཙམ་དུ་ཐུགས་རྗེས་གཞན་བསྒྲལ་བའི་གང་འདུལ་ལས་ཀྱི་སྦྱོར་བ་ཐོགས་པ་མེད་པར་འགྲུབ་པ་ཡིན་པས། གཙོ་བོར་འགྱུ་སྟོང་སྐྱེ་མེད་དུ་བསད་པའི་རྩལ་སྣང་སྙིང་རྗེས་གདུག་པ་ཅན་དབྱིངས་སུ་བསྒྲལ་བ་གསད་པའི་ལས་དང་། སྲེག་པ་ཧོམ་གྱི་ལས་དང་། འཕང་བ་ཟོར་གྱི་ལས་དང་། ལྡང་མེད་གནན་པའི་ལས་ལ་རང་དབང་ཐོབ་པར་མོས་ཏེ་རྡོ་རྗེའི་ཚིག་དོན་དང་མཐུན་པའི་ལྟ་དགོངས་གསལ་འདེབས་པ་ཞུ། བྲུབ་ཁུང་ལིངྒ་ཡོད་ན་དང་། མེད་ན་ལྕགས་ཕུར་ཁོ་ན་གཏད་ལ། ཧཱུྃ༔ རྣམ་ཐར་གསུམ་གྱི་ཨེ་དབྱིངས་སུ༔ དུག་གསུམ་རུ་དྲ་བཀུག་ནས་ནི༔ སྐུ་གསུམ་ཕུར་པས་གདབ་པ་ཡིས༔ འོད་གསལ་དབྱིངས་བསྒྲལ་དབང་ཐོབ་ཤོག༔ ཀརྨ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དགང་གཟར་བླུག་གཏད་ལ། ཧཱུྃ༔ རྣམ་རྟོག་མཚན་འཛིན་འཁྲུལ་པ་ཀུན༔ ཡེ་ཤེས་ཀློང་དུ་བསྲེག་པའི་ཕྱིར༔ ཐབས་ཤེས་དབྱེར་མེད་གཟར་བུའི་དབང༔ མཉམ་རྫོགས་ཆེན་པོར་ཐོབ་པར་ཤོག༔ ཛྭ་ལ་རཾ་ཨ་བྷི་ཥིཉྩ་ཧཱུྃ༔ ཟོར་གཏོར་སྦྱིན་ལ། ཧཱུྃ༔ མཉམ་ཉིད་དབྱིངས་ནས་རིག་པ་བཞེངས༔ ཡེ་ཤེས་དཔག་མེད་དམག་དཔུང་འཁྲིགས༔ མ་རུངས་ལོག་རྟོག་ཟློག་པར་མཛད༔ ལ་བཟླ་ཟོར་གྱི་དབང་བསྐུར་རོ༔ མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག་ཨ་བྷི་ཥིཉྩ་ཧཱུྃ༔ ཟོར་གཏོར་རེ་ཞིག་བཞག །གནན་ཆས་མཚོན་བྱེད་རི་རབ་སོགས་གཏད་ལ། ཧཱུྃ༔ མཉམ་ཉིད་གཡོ་བ་མེད་པའི་དབྱིངས༔ རྟོག་པ་ཕྲ་རགས་ཐམས་ཅད་མནན༔ གཉིས་སུ་མེད་པར་ཐིམ་གྱུར་པས༔ ལོག་རྟོག་གནན་པའི་དབང་བསྐུར་རོ༔ ཨཱོྃ་ལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ནན༔ སྲིད་པ་སྤྱི་བླུགས་ཀྱི་ཞྭ་དང་མཐིང་ནག་བེར་ཆེན་ལ་སོགས་པ་རྣམས་བྱིན་ཏེ་མངའ་གསོལ་བས། རིག་སྔགས་འཆང་བ་ཡོངས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་ཐབས་ཆེན་པོ་ལ་དབང་སྒྱུར་བར་མོས་ཤིག །ཞྭ་ནག་བེར་ནག་རྭ་སྲུང་རཀྴའི་ཕྲེང་བ་རལ་པ་མེ་ལོང་སོགས་དངོས་སམ་གཟུགས་བརྙན་གཏད་ལ། ཧཱུྃ༔ སྣང་སྲིད་ཟིལ་གྱིས་གནོན་པའི་ཕྱིར༔ བཅུ་གསུམ་ཆས་ལྡན་དྲག་པོའི་ཞྭ༔ བེར་ནག་རྫས་སྣོད་ཕྲེང་བ་དང༔ རལ་པའི་ཐོར་ཚུགས་མེ་ལོང་སོགས༔ རྒྱུད་ལས་གསུངས་པའི་ཆས་རྣམས་ཀྱིས༔ སྔགས་འཆང་རྒྱལ་པོར་མངའ་གསོལ་ལོ༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཆས་དངོས་སུ་ཡོད་ན་སློབ་བུའི་གཙོ་བོས་གྱོན་ཏེ་ཟོར་གཏོར་ཐོགས་ལ་འཆམས་སྟབས་སྒྱུར་ཅིང་། དཔོན་སློབ་ཀུན་གྱིས་དྲག་སྔགས་སོ་ལྔ་པའི་ཛཔ྄་དབྱངས་བརྗོད་བཞིན་དུ་གནོད་བྱེད་ཀྱི་ཕྱོགས་སུ་འཕེན་དུ་གཞུག་གོ །དེ་ནས་ཞལ་ཟས་བཟའ་བཏུང་སྣ་ཚོགས་སྦྱིན་ལ། བཀྲ་ཤིས་ཚེ་དང་གལ་ལ་སོགས་པ་བྱིན་པས་མི་འགྱུར་བའི་ཚེ། མི་ཉམས་པའི་བསོད་ནམས། རྒུད་པ་མེད་པའི་ལང་ཚོ་དང་སྙན་གྲགས་ལ་སོགས་པ་སྲིད་དང་ཞི་བའི་དཔལ་འབྱོར་ཕུན་སུམ་ཚོགས་པ་ལ་མངའ་དབང་འབྱོར་པར་མོས་ཤིག །ཧྲཱི༔ མི་འགྱུར་མི་ཤིགས་ཚེ་ཡི་དབང༔ བདེ་སྟོང་དབྱེར་མེད་གལ་གྱི་དབང༔ ཐབས་ཤེས་བཟའ་བཏུང་སྣ་ཚོགས་པའི༔ བཀྲ་ཤིས་ཞལ་ཟས་དབང་བསྐུར་རོ༔ སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་ལོངས་སྤྱད་དུ་གཞུག་ཅིང་། བཀྲ་ཤིས་ཀྱི་ཚིགས་སུ་གཅད་པ་གང་འོས་བརྗོད་ལ་མེ་ཏོག་འཐོར་། དེ་ལྟར་ན་བཀའ་བརྒྱད་མན་ངག་ཡང་རྩེ་སྙིང་པོའི་ལུགས་སུ་སྒྲུབ་པའི་ཐབས་ངོ་མཚར་རྨད་དུ་བྱུང་བ་རྫོང་འཕྲང་ཤེལ་ཕུག་མའི་དབང་བསྐུར་ལེགས་པར་གྲུབ་པ་ཡིན་པས་ཞེས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་བླངས། གཏང་རག་དང་མཎྜལ་སོགས་སྤྱི་ལྟར་བྱ་ཞིང་། ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ་སོགས་ཆོ་གའི་རྗེས་རིམ་ཀྱང་ལས་བྱང་ཉིད་ཆད་ལྷག་མེད་པར་མཐར་དབྱུང་བས་གྲུབ་བོ། །བཀའ་བརྒྱད་སྒྲུབ་ཐབས་མང་ན་ཡང་། །མན་ངག་སྙིང་པོ་འདི་འདྲ་དཀོན། །ནང་གི་རྣལ་འབྱོར་ལ་གནས་ཤིང་། །སྒྲུབ་པོ་སྤྲོས་མེད་སྙིང་གི་དཔྱིད། །གཏེར་ཆེན་བླ་མའི་ཕྱག་བཞེས་བཞིན། །ཆད་ལྷག་མེད་པར་བཀླག་ཆོག་ཏུ། །བཀོད་པའི་དགེ་བས་བདག་སོགས་ཀུན། །ཀློང་དགུའི་ཡེ་ཤེས་མངོན་གྱུར་ཤོག །ཅེས་པའང་ཟབ་ཆོས་འདི་དག་གི་སྣོད་རུང་དུ་དབུགས་དབྱུང་ཐོབ་ཅིང་སྤྲུལ་པའི་གཏེར་ཆེན་དངོས་ཀྱིས་རྗེས་སུ་བཟུང་བ། པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་སྦྱར་པ་དགེ་ལེགས་འཕེལ།། །།

རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ཤྲཱི་སིཾ་ཧའི་མན་ངག་གནད་གདམས་ (Volume 62, Text 74)

སྡེ་གསུམ་སྤྱི་གཅེས་སྐོར།་་་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ཤྲཱི་སིཾ་ཧའི་མན་ངག་གནད་གདམས་བཞུགས་སོ༔ ན་མོ་གུ་རུ༔ ཨེ་མ་ཁོ་མོ་མཚོ་རྒྱལ་གྱིས༔ གུ་རུ་རྗེ་ལ་གདམས་པ་ཞུས༔ བོད་ཤོག་རང་གི་རཀྟས་བྱུགས༔ བོད་ཡིག་བྲིས་ནས་སྒྲོམ་དུ་བཞག༔ འཛོམ་བྲག་ལ་སྦས་མ་འོངས་དུས༔ ལས་ཅན་བུ་དང་འཕྲད་པར་ཤོག༔ ས་མ་ཡ་རྒྱ༔ ཤྲཱི་སིཾ་ཧས་པདྨ་ལ༔ ཡང་ཟབ་སྙིང་ཐིག་འདི་འདྲ་བསྟན༔ ནམ་མཁའ་ལྟ་བུའི་སེམས་ཉིད་འདི༔ གསལ་རིག་རྒྱུན་ཆད་མེད་ཅིང་རྟག༔ འདི་ཡིན་མེད་པའི་མྱོང་བ་ཅན༔ ངེས་པར་ཕྱག་རྒྱ་གཞོན་ནུ་ལ༔ སྦྱོར་བས་བདེ་བའི་ཐ་མར་མཐོང༔ སྤྲོས་བཅས་སྤྲོས་མེད་ཤིན་ཏུ་དང༔ རབ་ཏུ་སྤྲོས་མེད་དབང་བཞི་ཞུ༔ རྒྱུད་སྦྱོངས་ཚོགས་བསགས་དངོས་གཞི་བསྒོམ༔ འབྲས་བུ་གཞི་ལ་སྨིན་པར་ངེས༔ གདམས་པའི་མཐར་ཐུག་འདི་འདྲ་བ༔ ལས་ཅན་བུ་དང་འཕྲད་པར་ཤོག༔ གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ །ཤུབྷཾ། ཞུས་སོ།། །།

གསང་སྐོར་ཁྲིད་ཀྱི་བྱིན་རླབས་ཀྱི་བུམ་པའི་བརྡ་དོན་ (Volume 62, Text 75)

གསང་སྐོར་ཁྲིད་ཀྱི་བྱིན་རླབས་ཀྱི་བུམ་པའི་བརྡ་དོན་ནི། བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་བཀང་བ་ནི་ནང་གསལ་ཐིམ་ལ་མ་རྨུགས་པ་གཞོན་ནུ་བུམ་སྐུ་འགྲུབ་པའི་བརྡའོ། ཁ་རྒྱན་རྣམ་པར་བཀྲ་བ་ནི་ལྷུན་གྲུབ་ཡེ་ཤེས་ཀྱི་སྣང་བ་མཁའ་ཁྱབ་ཏུ་འཆར་བའི་བརྡའོ། །མེ་ལོང་ནི་དབྱིངས་རྣམ་དག་གི་སྒྲོན་མ་རྒྱ་ཆེར་འཕེལ་བའི་བརྡའོ། །ཤེལ་གྱི་ཕྲེང་བ་ནི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་འགུལ་འཕྲིག་མེད་པར་བཀྲ་ལམ་མེར་བརྟན་པའི་བརྡའོ། །དར་སྣ་ལྔ་ནི་དུག་ལྔ་རྣམ་དག་ཡེ་ཤེས་ལྔ་ཡི་རང་འོད་གསལ་བའི་བརྡའོ། །མདའ་ནི་དབྱིངས་རིག་ཐབས་ཤེས་ཟུང་འཇུག་མདའ་ལྟར་དྲང་ཞིང་ཡེ་ཤེས་ཟང་ཐལ་དུ་འབྱིན་པའི་བརྡའོ། །བུམ་པ་ལ་བརྟེན་ནས་མཚོན་བྱེད་བརྡའི་དབང་བསྐུར་བ་ན། མཚོན་བྱ་རང་ལ་ཡེ་ནས་སྟོང་གསལ་རང་རིག་འདུས་མ་བྱས་པའི་ཡེ་ཤེས་མངོན་སུམ་དུ་རྟོགས་པའི་བརྡའོ། །རྨ་བྱའི་སྒྲོ་མདངས་ནི་ཐེག་དགུའི་རྩེ་མོ་ཤིན་ཏུ་རྣལ་འབྱོར་གྱི་མྱུར་ལམ་ཐོད་རྒལ་རིག་པའི་རྩལ་དབང་ཐམས་ཅད་ཡོངས་སུ་རྫོགས་པའི་བརྡའོ།། །།

དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ གསང་སྐོར་ཁྲིད་ཀྱི་བྱིན་རླབས་ (Volume 62, Text 76)

དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ གསང་སྐོར་ཁྲིད་ཀྱི་བྱིན་རླབས་བཞུགས་སོ༔ ྈྈྈ ན་མོ་གུ་རུ༔ གསང་སྐོར་ཁྲིད་ཀྱི་བྱིན་རླབས་ནི༔ དཀྱིལ་འཁོར་བུམ་པ་བསྣོལ་བའི་སྟེང༔ བུམ་པ་ཆས་ལྔ་ལྡན་པ་བྱས༔ གཙོ་དབུས་རིགས་ལྔ་བསྒོམ་པར་བྱ༔ སློབ་མས་སྨན་འབྲུ་རིན་པོ་ཆེ༔ དྲི་ལྔ་སྙིང་པོའི་མཎྜལ་འབུལ༔ གསོལ་བ་འདེབས་པ་འདི་ལྟ་སྟེ༔ ཨེ་མ་ཧོ་ཀུན་ཏུ་བཟང༔ གདོད་མའི་བླ་མ་དགོངས་སུ་གསོལ༔ བདག་ནི་རྣམ་པར་གྲོལ་འདོད་པས༔ ཐེག་པའི་ཡང་རྩེ་གནང་དུ་གསོལ༔ སློབ་དཔོན་གྱིས༔ ཨེ་མ་རང་རིག་བྱང་ཆུབ་སེམས༔ འདི་ལ་མོས་པ་ཤིན་ཏུ་དཀོན༔ ཐེག་པའི་རྩེ་མོ་དོན་གཉེར་བ༔ ཤིན་ཏུ་ངོ་མཚར་སྦྱིན་ཆོག་ཀྱང༔ བདག་ནི་ཀུན་ཏུ་བཟང་པོ་སྟེ༔ གཟུགས་ཀྱི་སྐུ་རུ་ལྟ་མི་འཚལ༔ ས་མ་ཡ་ཨི་དན་ན་ར་ཀན༔ སློབ་དཔོན་གྱིས་བུམ་པ་ཐོགས་ཏེ་བརྡ་དོན་བཤད༔ སློབ་མ་ཀུན་ཏུ་བཟང་པོར་བསྐྱེད་ལ་བྱིན་ཆེན་དབབ༔ ཧཱུྃ༔ དབྱིངས་ཀྱི་བུམ་པ་རིག་པའི་བཅུད༔ དབྱེར་མེད་ཁ་རྒྱན་བརྗོད་དང་བྲལ༔ དབྱིངས་ཀྱི་རང་བཞིན་མེ་ལོང་དང༔ ཤེས་རབ་རང་བཞིན་མདའ་ཡིས་བརྒྱན༔ འོད་ཟེར་མཐའ་ཡས་དར་གྱིས་བཀླུབས༔ ལུ་གུ་རྒྱུད་ནི་ཤེལ་གྱིས་མཚོན༔ ཐིག་ལེ་རྨ་བྱའི་སྒྲོ་དང་ལྡན༔ ཆོས་ཉིད་མངོན་སུམ་སྣང་བ་ཡི༔ སྤྲོས་བཅས་བུམ་པའི་དབང་བསྐུར་རོ༔ ཧཱུྃ༔ མཚན་མ་བྲལ་བ་དབྱིངས་ཀྱི་ངང༔ དམིགས་མེད་རང་གསལ་རིག་པའི་བཅུད༔ བསམ་མི་ཁྱབ་པའི་ཁ་རྒྱན་ལ༔ སྟོང་པ་ཆེན་པོའི་མདའ་ཡིས་བརྒྱན༔ བདེ་བ་མེ་ལོང་དབྱེར་མེད་ཤེལ༔ རླུང་ལྔ་དག་པ་རྨ་བྱའི་སྒྲོ༔ རྩ་ཁམས་དག་པ་དར་གྱིས་བརྒྱན༔ ཕུང་པོ་ཡོངས་གྲོལ་དབང་བསྐུར་བས༔ ཉམས་སྣང་གོང་དུ་འཕེལ་གྱུར་ཏེ༔ སྤྲོས་མེད་གསང་དབང་ཐོབ་པར་ཤོག༔ ཧཱུྃ༔ དབྱིངས་ལས་མི་འདའ་ཡུམ་གྱི་མཁའ༔ རིག་པ་ཐབས་མཆོག་བདེ་བ་ཆེ༔ གཉིས་མེད་མཉམ་སྦྱོར་བཅུད་ཀྱིས་བཀང༔ ཡོན་ཏན་ཡོངས་རྫོགས་ཁ་རྒྱན་ལ༔ ཡུམ་གྱི་རྐྱེན་བཞི་མདའ་ཡིས་བརྒྱན༔ ཡབ་ཀྱི་རྒྱུ་བཞི་མེ་ལོང་གསལ༔ དབྱེར་མི་ཕྱེད་པ་ཤེལ་གྱིས་སྤྲས༔ བདེ་བ་མཁའ་ཁྱབ་དར་གྱིས་བཀླུབས༔ བདེ་སྟོང་དབྱེར་མེད་དབང་བསྐུར་བས༔ རིག་པ་ཚད་ལ་ཕེབས་གྱུར་ཏེ༔ རབ་ཏུ་སྤྲོས་མེད་ཤེར་དབང་ཐོབ༔ ཧཱུྃ༔ ཕ་མཐའ་བྲལ་བ་དབྱིངས་ཀྱི་ངང༔ བསམ་ལས་འདས་པ་རིག་པའི་བཅུད༔ སྨྲ་བརྗོད་བྲལ་བ་ཁ་རྒྱན་ལ༔ མཚན་ཉིད་བཞི་ལྡན་མདའ་ཡིས་བརྒྱན༔ ཡེ་ནས་དག་པ་མེ་ལོང་སྟེ༔ དབྱིངས་རིག་གཉིས་བྲལ་ཤེལ་གྱིས་བརྒྱན༔ སྟོང་ཡངས་སྣ་ཚོགས་དར་གྱིས་བཀླུབས༔ རྫོགས་པ་ཆེན་པོའི་དབང་བསྐུར་བས༔ ཆོས་ཉིད་ཟད་སར་ཕྱིན་གྱུར་ཏེ༔ ཤིན་ཏུ་རྣམ་པར་གྲོལ་བར་ཤོག༔ ཧཱུྃ༔ བསྒོམ་བྱ་མེད་པ་དབྱིངས་ཀྱི་ངང༔ བསམ་ལས་འདས་པ་རིག་པའི་བཅུད༔ བརྗོད་ལས་འདས་པ་ཁ་རྒྱན་ཏེ༔ དབྱེར་མེད་སྟོང་པའི་ཤེས་རབ་མདའ༔ འགགས་མེད་ཅི་ཤར་མེ་ལོང་བརྒྱན༔ སྐྱེ་འགག་གཉིས་མེད་ཤེལ་གྱིས་བརྒྱན༔ ལྷུན་གྱིས་གྲུབ་པ་དར་གྱིས་བཀླུབས༔ ཞིང་ཁམས་ལྔ་རུ་དབང་བསྐུར་བས༔ ཐམས་ཅད་ལྷུན་རྫོགས་ཐོབ་པར་ཤོག༔ གཏང་རག་འབུལ་ཞིང་ཁས་བླང་ངོ༔ གསང་སྐོར་བྱིན་རླབས་རིམ་པ་འོ༔ ས་མ་ཡ་རྒྱ་རྒྱ༔ ྈྈ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པའོ།། །།

དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ གསང་སྐོར་ཁྲིད་ཀྱི་རིམ་པ་ (Volume 62, Text 77)

༁ྃ༔ དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ གསང་སྐོར་ཁྲིད་ཀྱི་རིམ་པ་བཞུགས་སོ༔ སྡེ་གསུམ་གསང་སྐོར་མན་ངག་སྡེ། ྈྈྈ ན་མོ་གུ་རུ༔ གསང་སྐོར་ཁྲིད་ཀྱི་རིམ་པ་ནི༔ གཞི་ལམ་འབྲས་བུ་བསྟན་པ་འོ༔ དང་པོ་ནམ་མཁའ་ལྟ་བུའི་སེམས༔ རིག་དང་མ་རིག་འཁོར་འདས་ཀྱི༔ ས་མཚམས་གྲིབ་སོ་ཙམ་ལས་མེད༔ རྒྱལ་བུ་དམངས་སུ་བབས་པ་ན༔ བློན་པོས་ངོ་ཤེས་དབང་བསྐུར་ཚེ༔ རྒྱལ་པོས་ཁམས་གསུམ་དབང་དུ་སྡུད༔ དེ་བཞིན་རང་རིག་བྱང་ཆུབ་སེམས༔ དེ་ཡི་མཚན་ཉིད་བསྟན་པར་བྱ༔ གསལ་ཞིང་རྙོགས་པ་མེད་པ་ལ༔ རིག་པ་རང་བྱུང་སྟོང་པའི་ངང༔ གསལ་སྟོང་དབྱེར་མེད་རྒྱུན་ཆད་བྲལ༔ འགྱུར་བ་མེད་ཅིང་ཀུན་ཏུ་རྟག༔ འདི་ཡིན་མེད་པའི་ངོས་གཟུང་བྲལ༔ འོན་ཀྱང་མྱོང་བ་ཅན་གྱི་གདངས༔ ངེས་པ་ཅན་དུ་གནས་པ་འོ༔ དེ་ཉིད་མཐོང་བར་བྱེད་པའི་ལམ༔ རྒྱུད་སྦྱང་ཚོགས་གསག་སྡོམ་པ་བླང༔ སྤྲོས་བཅས་སྤྲོས་མེད་ཤིན་ཏུ་དང༔ རབ་ཏུ་སྤྲོས་མེད་དབང་བཞི་ཞུ༔ སྤྲོས་བཅས་བསྐྱེད་རིམ་སྤྲོས་མེད་དུ༔ རྩ་རླུང་བསྒོམ་ཞིང་ལུས་གནད་བསྣུན༔ ཤིན་ཏུ་སྤྲོས་མེད་བདེ་བ་སྦྱང༔ རབ་ཏུ་སྤྲོས་མེད་དེ་ཉིད་བལྟ༔ བསྐྱེད་རིམ་རྒྱལ་བ་རིགས་ལྔ་འམ༔ ཡང་ན་ཞི་ཁྲོ་གསལ་རྫོགས་བསྒོམ༔ ཡུལ་སྣང་ལྷ་རུ་འགྱུར་བར་བསླབ༔ རྩ་རླུང་རང་ཉིད་ཀུན་བཟང་གི༔ སྐུ་ལ་རྩ་གསུམ་འཁོར་ལོ་དྲུག༔ ཐིག་ལེ་གཏུམ་མོ་འབར་འཛག་བསྒོམ༔ ལུས་གནད་བདུན་ལྡན་དྲུག་ཆིངས་དང༔ ཙོག་པུར་གནས་པ་རྣམ་གསུམ་གྱིས༔ བདེ་དྲོད་མི་རྟོག་གསུམ་ལྡན་གཅེས༔ བདེ་བ་མི་མོ་གཞོན་ནུ་མ༔ ཆོས་ཀྱིས་རབ་ཏུ་སྨིན་བྱས་ཏེ༔ ཡབ་ཡུམ་ཀུན་བཟང་ཀུན་བཟང་མོ༔ གནས་རྣམས་བྱིན་རླབས་མཉམ་པར་སྦྱར༔ དགའ་བ་དགའ་བ་ཆེན་པོ་དང༔ མཆོག་དགའ་དགའ་བྲལ་ལྷན་ཅིག་སྐྱེས༔ ཚོར་བ་བདེ་བའི་ངང་དུ་བསླབ༔ རྫོགས་པ་ཆེན་པོའི་དེ་ཉིད་ནི༔ ལུས་གནད་བདུན་ལྡན་ཞི་གནས་བསྒོམ༔ འཕྲུལ་འཁོར་སྣ་ཚོགས་ལྷག་མཐོང་བསྒོམ༔ ཞི་ལྷག་ཟུང་འཇུག་སྤྱོད་ལམ་ལ༔ དབྱེར་མེད་ཉིད་དུ་འདྲེས་པར་བྱ༔ ལུས་ངག་ཡིད་གསུམ་ལྷུག་པར་གནས༔ རང་བཞིན་བྱ་རྩོལ་བྲལ་བར་ལྟ༔ འབྱམས་ན་རིག་པ་ཧུར་ཕྱུང་ཞིང༔ རྩོལ་བ་དང་བཅས་མཉམ་པར་གཞག༔ བྱིངས་ན་རིག་པ་དྭངས་ལ་བསླབ༔ འགྱུ་བྱེད་རང་ངོ་ཤེས་པར་ལྟ༔ ཅི་ཡང་མ་ཡིན་ཅིར་ཡང་འཆར༔ འདི་ཞེས་བརྗོད་ཚིག་བྲལ་བ་ཡི༔ ཉམས་ལ་ངེས་པར་བསླབ་པར་བྱ༔ འབྲས་བུ་བླ་ན་མེད་པའི་ས༔ ཡང་དག་པར་ནི་ཐོབ་པར་འགྱུར༔ སྐུ་ལྔའི་འབྲས་བུ་ཚེ་འདིར་ཐོབ༔ འབྲས་བུ་གཞི་ལ་སྨིན་པར་ངེས༔ གདམས་པའི་མཐར་ཐུག་ཁོ་ན་འོ༔ གསང་སྐོར་ཁྲིད་ཀྱི་དངོས་གཞི་རྫོགས༔ ས་མ་ཡ་རྒྱ་རྒྱ༔ ༁ྃ༔ ན་མོ་གུ་རུ༔ གསང་སྐོར་ཁྲིད་ཀྱི་རྗེས་འབྲེལ་དུ༔ གནས་ཐབས་འབྲས་བུ་རྣམ་གསུམ་ནི༔ གནས་ནི་སྙིང་གའི་སྒྲོན་མ་རུ༔ ཀུན་གཞི་རང་རིག་ཡེ་ཤེས་ཏེ༔ སྐུ་དང་ཡེ་ཤེས་འོད་ལྔར་བཞུགས༔ དཀར་འཇམ་རྩ་ཡི་སྒྲོན་མ་ལས༔ དབང་པོར་གསལ་བའི་སྒྲོན་མེར་སྣང༔ སྟོང་པའི་དབྱིངས་ནི་རྣམ་པར་དག༔ རིག་པ་ཐིག་ལེ་ལུ་གུ་རྒྱུད༔ གནས་ནི་ལུས་ཀྱི་ནང་ན་གནས༔ ཤར་ནི་དབང་པོའི་ཕྱི་རུ་སྣང༔ དོན་དུ་ཕྱི་ནང་དབྱེར་མེད་ཤེས༔ ཐབས་ནི་སྐུ་གསུམ་བཞུགས་སྟངས་ཀྱིས༔ ྈྈ དབྱིངས་རིག་ཐིག་ལེའི་འོད་ལ་སྦྱང༔ ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟར༔ ཉི་མ་འཆར་ཀར་དབྱིངས་ལ་བསླབ༔ ལོངས་སྐུའི་བཞུགས་སྟངས་གླང་ཆེན་གྱིས༔ ཤར་མ་ཁད་པར་རིམ་པར་བསླབ༔ སྤྲུལ་སྐུའི་བཞུགས་སྟངས་ཙོག་པུ་ཡིས༔ ཤར་བའི་དུས་ན་འོད་ལ་སྦྱང༔ ཤིན་ཏུ་གོམས་པར་གྱུར་པ་འམ༔ མ་འདྲེས་སོ་སོར་སྣང་བ་ན༔ ལུས་གནད་བདུན་ལྡན་ཅི་བདེ་བས༔ དབྱིངས་རིག་ཐིག་ལེ་ཉེ་རྫོགས་སུ༔ སྣང་བ་རིག་པ་དབྱེར་མེད་བསྒོམ༔ དེ་ལ་ལམ་རྟགས་འཆར་ཚུལ་རྣམས༔ ཆེས་ཆེར་རིམ་པས་འཕེལ་བ་སྟེ༔ ཡུལ་ཁམས་གང་བར་མངོན་སུམ་སྣང༔ ཕྱག་མཚན་ཡིག་འབྲུ་གོང་དུ་འཕེལ༔ སྐུ་ནི་ཡོངས་རྫོགས་ཚད་ལ་ཕེབས༔ རིག་པ་རང་སྣང་ཟད་སར་ཟིན༔ སྤྱི་བོའི་གཙུག་ཏུ་འོད་བདུན་ནི༔ ཐོ་བརྩེགས་ཚུལ་དུ་བྱུང་བ་ན༔ ཞག་བདུན་འོད་ལུས་འགྲུབ་པའི་རྟགས༔ འབྲས་བུ་ཚེ་གཅིག་ལུས་འདིས་ཐོབ༔ གང་དུ་གནས་ཀྱང་ཞིང་ཁམས་སུ༔ འགྱུར་ལས་གཞན་དུ་འཕོ་བ་མེད༔ དེ་ལྟ་བུ་ཡི་རྣལ་འབྱོར་ཅན༔ མན་ངག་ཀུན་གྱི་མཐར་ཐུག་གོ༔ གསང་སྐོར་ཁྲིད་ཀྱི་རྗེས་འབྲེལ་རྫོགས༔ ས་མ་ཡ་རྒྱ་རྒྱ༔ ྈྈ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་ཛམ་ནང་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་གཏན་ལ་ཕབ་རིམ་བཞིན་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ །མངྒ་ལཾ།། །།

རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ བཀའ་སྲུང་ཡེ་ཤེས་པའི་སྒྲུབ་ཐབས་ (Volume 62, Text 78)

༁ྃ༔ རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ བཀའ་སྲུང་ཡེ་ཤེས་པའི་སྒྲུབ་ཐབས་བཞུགས་སོ༔ སྡེ་གསུམ་གསང་སྐོར་མན་ངག་སྡེ་ལ་སྤྱིའི་བཀའ་སྲུང་ཡང་ཡིན། ྈྈྈྈྈྈྈྈྈྈ ན་མོ་གུ་རུ༔ བཀའ་སྲུང་ཡེ་ཤེས་པའི་སྡེ་ནི༔ སྣང་སྲིད་ཆོས་ཀྱི་འབྱུང་གནས་རྫོགས༔ ཡུམ་ལྔ་དག་པའི་འབྱུང་བ་ལྔ༔ གདོད་ནས་ལྷུན་གྲུབ་ཡེ་ཤེས་ཀྱི༔ དུར་ཁྲོད་རོལ་པའི་གཞལ་ཡས་དགུ༔ ཕྱི་ཡི་ཕོ་བྲང་བཅས་ཏེ་གསལ༔ དབུས་སུ་བྱོལ་སོང་གཙོ་བརྒྱད་སྟེང༔ རྡོ་རྗེ་ཕག་མོ་གནམ་ཞལ་མ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་སྔོ༔ གཡས་དཀར་གཡོན་དམར་ཕག་ཞལ་ངུར༔ ཡབ་ནི་སྦས་ཚུལ་ཁ་ཊྭཱཾ་འཁྱུད༔ གྲི་ཐོད་ཐོད་རྔ་ཞིང་དབྱུག་དང༔ རྡོར་དྲིལ་འཛིན་ཅིང་གར་སྟབས་སྒྱུར༔ རིགས་བཞི་ཡུམ་བཅུ་ལྕེ་སྤྱང་བརྒྱད༔ ཤར་གྱི་དཀྱིལ་འཁོར་ཆེན་པོའི་དབུས༔ བཛྲ་ཀྲོ་དྷཱི་ཤྭ་རཱི་མ༔ ཞལ་གསུམ་ཕྱག་དྲུག་རང་རྟགས་འཛིན༔ ཡབ་ནི་ཁ་ཊྭཱཾ་གར་འཁྱུད་ཅིང༔ ཡུམ་བཞི་ཀེའུ་སེང་དབང་ཕྱུག་ཚོགས༔ ལྷོ་ཡི་དཀྱིལ་འཁོར་ཆེན་པོའི་དབུས༔ ཡུམ་ཆེན་གཉིས་ཀྱི་བཻ་ཏཱ་ལི༔ ཞལ་གསུམ་ཕྱག་དྲུག་རང་རྟགས་འཛིན༔ ཡབ་ནི་ཁ་ཊྭཱཾ་གར་འཁྱུད་ཅིང༔ ཡུམ་བཞི་བདུད་ཡུམ་སྒྲོལ་བྱེད་ཚོགས༔ ཕྱི་འཁོར་སྐྱོང་བའི་མ་མོ་གསལ༔ ནུབ་ཀྱི་དཀྱིལ་འཁོར་ཆེན་པོའི་དབུས༔ དབང་གི་རྒྱལ་མོ་གཟི་ལྡན་མ༔ ཞལ་གསུམ་ཕྱག་དྲུག་རང་རྟགས་འཛིན༔ ཡབ་ནི་ཁ་ཊྭཱཾ་གར་འཁྱུད་ཅིང༔ གཡོན་དུ་གསོད་བྱེད་ཁ་ཊྭཱཾ་འཛིན༔ ཡུམ་བཞི་ཟིལ་གནོན་སྒོ་མ་བཞི༔ ཁམ་རྒྱ་ལ་སོགས་བཀའ་སྲུང་ཚོགས༔ བྱང་གི་དཀྱིལ་འཁོར་ཆེན་པོའི་དབུས༔ སྒྲོལ་མ་འཁོར་ལོ་རྒྱས་འདེབས་མ༔ ཞལ་གསུམ་ཕྱག་དྲུག་རང་རྟགས་འཛིན༔ ཡབ་ནི་ཁ་ཊྭཱཾ་གར་འཁྲིལ་ཞིང༔ ཡུམ་བཅུ་སྒོ་བཞི་ཕུར་སྲུང་ཚོགས༔ ཤར་ལྷོ་མཚམས་ཀྱི་དཀྱིལ་འཁོར་དབུས༔ དབྱིངས་ཀྱི་རྒྱལ་མོ་མུ་ཁ་ལེ༔ ཞལ་ལྔ་ཕྱག་བཅུ་ཞབས་བཞི་བགྲད༔ ཁྱུང་ཆེན་ལ་སོགས་ཕྱག་མཚན་འཛིན༔ ཡབ་ནི་ཁ་ཊྭཱཾ་གར་འཁྲིལ་ཞིང༔ དབྱིངས་རྒྱལ་རྗེ་མོ་སྨན་མོ་སོགས༔ དཔལ་གྱི་མ་མོ་ཐམས་ཅད་གསལ༔ ལྷོ་ནུབ་མཚམས་ཀྱི་དཀྱིལ་འཁོར་དབུས༔ མཁའ་འགྲོ་ལས་ཀྱི་དབང་མོ་ཆེ༔ ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་འཛིན༔ ཡབ་ནི་ཁ་ཊྭཱཾ་གར་འཁྲིལ་ཞིང༔ རིགས་ཡུམ་ཕྱག་རྒྱ་མཁའ་འགྲོའི་ཚོགས༔ ཤུགས་འགྲོ་མ་མོ་མཁའ་འགྲོ་བཅས༔ ནུབ་བྱང་མཚམས་ཀྱི་དཀྱིལ་འཁོར་དབུས༔ ཁམས་གསུམ་སྤྱི་འདུལ་དབྱིངས་ཀྱི་རྗེ༔ ཞལ་གསུམ་ཕྱག་དྲུག་མཚོན་ཆ་འཛིན༔ ཡབ་ནི་ཁ་ཊྭཱཾ་གར་འཁྲིལ་ཞིང༔ ཨུ་མཱ་དེ་ཝཱི་ཁ་ཊྭཱཾ་འཛིན༔ དྲེགས་པ་ཡབ་ཡུམ་ཐམས་ཅད་གསལ༔ བྱང་ཤར་མཚམས་ཀྱི་དཀྱིལ་འཁོར་དབུས༔ འབྱུང་བ་ལྔ་ཡི་བདག་མོ་ནི༔ ཞལ་གསུམ་ཕྱག་དྲུག་འཇིག་རྟེན་འདེགས༔ ཡབ་ནི་ཁ་ཊྭཱཾ་གར་འཁྲིལ་ཞིང༔ དྲེགས་པའི་རྒྱལ་མོ་ཡབ་དང་བཅས༔ སྔགས་བདག་ཡབ་ཡུམ་ཐམས་ཅད་གསལ༔ ལྷ་ཚོགས་དེ་དག་ཐམས་ཅད་ཀྱང༔ ཕྱོགས་རྣམས་རིགས་ཀྱི་ཁ་དོག་ལ༔ མཚམས་རྣམས་དེ་ཡི་འདྲེས་མའི་མདོག༔ ཞབས་རྣམས་གཡས་བསྐུམ་གཡོན་བརྐྱང་ཞིང༔ དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན༔ ཡེ་ཤེས་ཡུམ་ཆེན་ཐམས་ཅད་ཀྱི༔ ཡབ་ནི་ཁ་ཊྭཱཾ་ག་ཡི་ཚུལ༔ འཇིག་རྟེན་མ་མོ་ཐམས་ཅད་ཀྱི༔ ཡབ་ནི་གཡས་ཀྱི་ཕྱོགས་ནས་འཁྲིལ༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་གསལ༔ ཐམས་ཅད་མེ་ཕུང་ཀློང་དུ་བཞུགས༔ ཕྱི་ཁྱམས་དབང་མོ་ཉེར་བརྒྱད་དང༔ དཔལ་གྱི་འཁོར་ཚོགས་བསམ་མི་ཁྱབ༔ ཉི་མ་ལས་ནི་འོད་བཞིན་བསྒོམ༔ ཨཱོྃ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་བཛྲ་བྷ་ར་ཧི་ཧཱུྃ་ཕཊ྄༔ ཨཱོྃ་བཛྲ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ྄༔ ཨཱོྃ་རཏྣ་བཻ་ཏཱ་ལི་ཧཱུྃ་ཕཊ྄༔ ཨཱོྃ་པདྨ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ྄༔ ཨཱོྃ་དིཔྟ་ཙཀྲ་ཧཱུྃ་ཕཊ྄༔ ཨཱོྃ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སཏྭཾ་སཏྭ་ཧཱུྃ་ཕཊ྄༔ ཨཱོྃ་མ་ཧཱ་ཌཱ་ཀི་ནཱི་ཧཱུྃ་ཕཊ྄༔ ཨཱོྃ་མ་ཧཱ་ཙཎྜི་སརྦ་དུཥྚཱན་ཧཱུྃ་ཕཊ྄༔ ཨཱོྃ་བཛྲ་ཙཎྜ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ྄༔ ཨཱོྃ་བཛྲ་སརྦ་ཡཀྵི་ས་མ་ཡ་ཧཱུྃ་ཕཊ྄༔ ཨཱོྃ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་མ་ཧཱ་ཀྲོ་དྷ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ྄༔ འདི་ཡི་དབང་བསྐུར་ཡབ་བཀའ་བཞིན༔ ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་ཚེ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་མ༔ རྡོ་རྗེ་ཕག་མོ་གནམ་ཞལ་མ༔ ཡབ་ཡུམ་འཁོར་དང་བཅས་རྣམས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ རྩ་སྔགས་དང་། སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ མེ་ལོང་ཡེ་ཤེས་ལས་བཞེངས་པའི༔ བཛྲ་ཀྲོ་དྷཱི་ཤྭ་རཱི་མ༔ ཡབ་ཡུམ་འཁོར་དང་བཅས་རྣམས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ མཉམ་ཉིད༴ ཡུམ་ཆེན་མ་མོ་བཻ་ཏཱ་ལི༔ ཡབ་ཡུམ༴ རིགས་ཀྱི༴ སརྦ་ས་མ་ཡ་ཨ༴ ཧཱུྃ༔ སོར་རྟོག༴ ཡུམ་ཆེན་པདྨ་གཟི་ལྡན་མ༔ ཡབ་ཡུམ༴ རིགས་ཀྱི༴ སརྦ་ས་མ་ཡ་ཨ༴ ཧཱུྃ༔ ནན་ཏན༴ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ ཡབ་ཡུམ༴ རིགས་ཀྱི༴ སརྦ་ས་མ་ཡ་ཨ༴ ཧཱུྃ༔ ཀློང་གྱུར༴ ཡུམ་ཆེན་ཉིད་གཞི་མུ་ཁ་ལེ༔ ཡབ་ཡུམ༴ རིགས་ཀྱི༴ སརྦ་ས་མ་ཡ་ཨ༴ ཧཱུྃ༔ ཕྱག་ཆེན༴ མཁའ་འགྲོ་ལས་ཀྱི་དབང་མོ་ཆེ༔ ཡབ་ཡུམ༴ རིགས་ཀྱི༴ སརྦ་ས་མ་ཡ་ཨ༴ ཧཱུྃ༔ དབྱིངས་གྲོལ༴ ཡུམ་ཆེན་ཁམས་གསུམ་སྤྱི་འདུལ་མ༔ ཡབ་ཡུམ༴ རིགས་ཀྱི༴ སརྦ་ས་མ་ཡ་ཨ༴ ཧཱུྃ༔ མཐའ་གྲོལ༴ སྲིད་པའི་རྒྱལ་མོ་འབྱུང་ལྔའི་བདག༔ ཡབ་ཡུམ༴ རིགས་ཀྱི༴ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ དེ་རྗེས་བཀའ་སྡོད་བུམ་པ་སོགས༔ ཡབ་བཀའི་དབང་བཞིན་ཚུལ་ལྡན་བསྐུར༔ ཁྱད་པར་ཡེ་ཤེས་སེམས་དཔའ་ནི༔ ཧཱུྃ༔ ཆོས་དབྱིངས་ཀུན་ཏུ་བཟང་མོ་དང༔ རྡོ་རྗེ་སྙེམས་མ་གླུ་མ་དང༔ གསང་བ་ཡེ་ཤེས་སྒྲོལ་མ་སོགས༔ རྒྱལ་བ་ཡུམ་ལྔས་དབང་བསྐུར་བས༔ རང་རིག་བྱང་ཆུབ་སེམས་རྟོགས་ཤོག༔ བཛྲ་ཙིཏྟ་བོ་དྷི་ཙིཏྟ་གཱིརྟཱི་དྷཱུ་མ་གྷ་ཡེ་ཨཱརྻ་ཏཱ་རེ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྗེས་ཀྱི་བྱ་བ་ནི༔ ཚུལ་བཞིན་མཐའ་རྒྱས་བྱེད་པར་གཅེས༔ ཚོགས་ཀྱི་འཁོར་ལོ་རྒྱས་པར་གཏང༔ ཨེ་མ་པདྨ་བདག་ཉིད་ཀྱི༔ གསང་སྔགས་ཀུན་གྱི་ཉིང་ཁུ་འདི༔ རམྦི་གུ་ཧྱའི་དྲུང་དུ་ཞུས༔ སྐབས་འདིར་མ་འོངས་པ་རྣམས་ལ༔ ཕན་ཕྱིར་ཟབ་པའི་གཏེར་དུ་སྦས༔ དུས་གསུམ་ཀུན་ཏུ་གཞན་མ་བསྟན༔ འདི་ནི་ཤིན་ཏུ་གསང་བར་གཅེས༔ རླུང་ཕྱོགས་ཙམ་ཡང་བརྗོད་མི་རུང༔ སྙིང་གི་ཁོང་དུ་སྦས་པར་བྱ༔ ནམ་ཞིག་འཆི་ཀ་བུ་ལ་གཏད༔ ས་མ་ཡ་རྒྱ་རྒྱ༔ ྈྈྈྈ ྈྈྈ གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ །སརྦ་མངྒ་ལཾ།། །།

སྡེ་གསུམ་སྤྱི་སྐོར་རབ་གནས་ཆོ་ག་ (Volume 62, Text 79)

སྡེ་གསུམ་སྤྱི་སྐོར་རབ་གནས་ཆོ་ག་བཞུགས། །དབྱིངས་དང་རིག་པ་དབྱེར་མེད་པའི༔ ཡེ་ཤེས་སྤྱན་དབྱེའི་ཆོ་ག་ནི༔ ཚད་དང་མཚན་ཉིད་རྫོགས་པ་ཡི༔ སྐུ་གཟུགས་ལ་སོགས་མདུན་བདར་ཏེ༔ མཆོད་པའི་ཡོ་བྱད་རྒྱས་པར་བཤམས༔ བདག་མདུན་སྒྲུབ་ཅིང་མཆོད་པ་དང༔ བུམ་པར་བདུད་རྩི་འཁྱིལ་པ་བསྐྱེད༔ རྡོ་རྗེའི་སྔགས་ཀྱིས་ནུས་ལྡན་བྱ༔ དེ་ནས་བགེགས་ཚོགས་གཏོར་མས་སྦྱངས༔ རང་གཞན་སྡིག་པ་ཏིལ་ལ་བསྟིམ༔ ཡེ་ཤེས་མེས་བསྲེག་ཆུ་བོར་དོར༔ ཨཱོྃ་བཛྲ་སཏྭ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ༔ ལས་ཀྱི་བུམ་པས་ཉེས་སྐྱོན་བཀྲུ༔ ཨ༔ རང་བཞིན་དབྱིངས་ཀྱི་བུམ་པ་རུ༔ ཡེ་ཤེས་རིག་པའི་བདུད་རྩིས་བལྟམས༔ རྟེན་མཆོག་རྣམས་ལ་ཁྲུས་གསོལ་བས༔ གློ་བུར་དྲི་མ་དག་གྱུར་ཅིག༔ ཨཱོྃ་ཨཱཿཧཱུྃ་ཛྙཱ་ན་ཨ་མྲྀཏ་སརྦ་ཤུདྡྷེ་སྭཱ་ཧཱ༔ ཁྲུས་རས་གཙང་མས་སྐུ་ཕྱི་ཞིང༔ དྲི་ཡིས་བྱུགས་ཏེ་ཤིས་པ་བརྗོད༔ ཨ༔ ཆོས་ཀུན་གདོད་ནས་སྐྱེ་མེད་ལས༔ སྐྱེ་བའི་རྣམ་འཕྲུལ་ཅིར་ཡང་སྣང༔ གང་འདུལ་འགྲོ་བ་སྒྲོལ་བའི་ཕྱིར༔ རྡོ་རྗེའི་སྐུ་གསུང་ཐུགས་སུ་ཤར༔ ལྷ་སྐུ་ཕྱག་རྒྱའི་གཟུགས་བརྙན་ཀུན༔ ཆོས་དབྱིངས་ཡེ་ཤེས་རྣམ་སྣང་མཛད༔ དཀར་གསལ་འཁོར་ལོ་དྲིལ་བུ་འཛིན༔ སངས་རྒྱས་སྤྱན་དང་མཉམ་པར་སྦྱོར༔ གསུང་རྟེན་རིག་པ་གླེགས་བམ་ཀུན༔ སོར་རྟོག་ཡེ་ཤེས་སྣང་མཐའ་ཡས༔ དམར་གསལ་པདྨ་དྲིལ་བུ་འཛིན༔ གོས་དཀར་མོ་དང་མཉམ་པར་སྦྱོར༔ ཐུགས་རྟེན་ཕྱག་མཚན་མཆོད་རྟེན་ཀུན༔ མེ་ལོང་ཡེ་ཤེས་མི་བསྐྱོད་རྒྱལ༔ མཐིང་གསལ་རྡོ་རྗེ་དྲིལ་བུ་འཛིན༔ དབྱིངས་ཕྱུག་མ་དང་མཉམ་པར་སྦྱོར༔ མཁྱེན་བརྩེའི་ཕྱག་བྲིས་ལས་ཞལ་བཤུས་པའོ།། །།

རྫོགས་ཆེན་སྡེ་གསུམ་གྱི་ཞི་རྒྱས་སྦྱིན་སྲེག་ཤིན་ཏུ་བསྡུས་པའི་ངག་འདོན་དགེ༔ (Volume 62, Text 80)

སྡེ་གསུམ་སྤྱི་སྐོར།་་་རྫོགས་ཆེན་སྡེ་གསུམ་གྱི་ཞི་རྒྱས་སྦྱིན་སྲེག་ཤིན་ཏུ་བསྡུས་པའི་ངག་འདོན་དགེ༔ རཾ་ཡཾ་ཁཾ༔ དབྱིངས་ཀྱི་སྣོད་དུ་རིག་པའི་བཅུད༔ མཆོད་སྦྱིན་བསྲེག་བྱའི་རྫས་རྣམས་ཀུན༔ ཟུང་འཇུག་རྡོ་རྗེའི་དམ་ཚིག་རྫས༔ ཡེ་ཤེས་བདུད་རྩིའི་ངོ་བོར་གྱུར༔ ཨཱོྃ་ཨཱཿཧཱུྃ༔ ཨ༔ འདི་ལྟར་སྣང་བའི་ཆོས་རྣམས་ཀུན༔ འཕེལ་དང་འགྲིབ་པ་མ་མཆིས་པའི༔ ཡུམ་ལྔའི་རང་བཞིན་གདོད་མ་ནས༔ ཕྱག་རྒྱ་ཆེན་པོའི་ངོ་བོར་རྫོགས༔ ཚ་ཞིང་བསྲེག་པ་མེ་ཡི་དཀྱིལ༔ ངོ་བོ་རྡོ་རྗེ་གོས་དཀར་མོ༔ རྣམ་ལྔའི་ཡེ་ཤེས་མེ་ལྔའི་ཀློང༔ འདི་གསང་སྐོར་ཡི་དམ་ཁྲོ་བོ་བཀའ་བརྒྱད་ལ་སྦྱར་ཀྱང་གཞན་ལ་ཚུལ་དེས་འགྲེ་འོ།་་་སྣོད་བཅུད་དག་པའི་ཞལ་ཡས་ཁང༔ སོགས་ནས། དབྱིངས་རིག་གཉིས་སུ་མེད་པར་བསྒོམ༔ ལྷ་ཐམས་ཅད་ཀྱང་སྐུ་མདོག་དཀར་ལ་ཞི་ཞིང་འཛུམ་པ་འོད་ཟེར་དཀར་པོ་སྤྲོ་བ་དང་སྡུད་པའི་སྒོ་ནས་ཞི་བའི་ལས་ཐམས་ཅད་མཛད་པར་གྱུར༔ དུག་གསུམ་ཡེ་དག་སོགས་ནས། སེམས་ཉིད་ཤར་གྲོལ་ཐུགས་ལ་བསྟོད༔ ཨ༔ ཤེས་རབ་དབྱིངས་ཀྱི་དགང་གཟར་དུ༔ ཐབས་མཆོག་རིག་པའི་བླུག་གཟར་གྱིས༔ དབྱེར་མེད་བདུད་རྩིའི་རྒྱུན་དྲངས་ནས༔ དཀྱིལ་འཁོར་ལྷ་ཚོགས་མཉེས་པར་གྱུར༔ ཨཱོྃ་ཨཱཿཧཱུྃ༔ ༣ བདུད་རྩི་སྨན་ཕུད།་་་ཨཱོྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཨ་མྲྀཏ་ཨཱཿཧཱུྃ༔ ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ༢༡ ཨཱོྃ་ཨཱཿཧཱུྃ༔ ༣ ཡམ་ཤིང་།་་་ཨཱོྃ་ཛྙཱ་ན་བྲྀཀྵ་ཡ་སྭཱ་ཧཱ༔ ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ༢༡ ཨཱོྃ་ཨཱཿཧཱུྃ༔ ༣ མར་ཁུ།་་་ཨཱོྃ་ཨགྣ་ཡེ་སྭཱ་ཧཱ༔ ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ༢༡ ཨཱོྃ་ཨཱཿཧཱུྃ༔ ༣ ཏིལ།་་་ཨཱོྃ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ༔ ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ༢༡ ཁྱད་པར་གྱི་རྫས་ཏིལ་ལ་གྲངས་གཟུང་། རྗེས་སུ་མཆོད་བསྟོད་སོགས་སྤྱི་ལྟར་རོ།། །། ༈ རྒྱས་པ་ལ། ལྷ་ཐམས་ཅད་ཀྱང་སྐུ་མདོག་སེར་པོ་སྒེག་ཅིང་མཛེས་པའི་ཉམས་ཅན་འོད་ཟེར་སེར་པོ་སྤྲོ་བ་དང་སྡུད་པའི་སྒོ་ནས་རྒྱས་པའི་ལས་ཐམས་ཅད་མཛད་པར་གྱུར༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཐམས་ཅད་པུཥྚིཾ་ཀུ་རུ་ཨཱོྃ༔ ཁྱད་པར་གྱི་རྫས་མེ་ཏོག་སེར་པོ་ལ། ཨཱོྃ་ཨཱ་ཡུཿཔུཎྱེ་ཛྙཱ་ན་སྭཱ་ཧཱ༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཐམས་ཅད་པུཥྚིཾ་ཀུ་རུ་ཨཱོྃ༔

གཤིན་པོ་རྗེས་འཛིན་ཆོ་ག་ (Volume 62, Text 81)

སྡེ་གསུམ་སྤྱི་སྐོར།་་་གཤིན་པོ་རྗེས་འཛིན་ཆོ་ག་བཞུགས། །གཤིན་པོ་རྗེས་སུ་འཛིན་པ་ཡི༔ མྱུར་ལམ་ཐུགས་རྗེའི་ཕྲིན་ལས་ནི༔ བདག་ཉིད་ལྷ་ཡི་ང་རྒྱལ་དང༔ བུམ་པར་རྡོ་རྗེ་སེམས་དཔའ་བསྐྱེད༔ དམིགས་རྟེན་བྱང་བུ་མདུན་དུ་བཀོད༔ བགེགས་དང་སྡིག་པ་སྦྱོང་བ་དང༔ ཁྲུས་དང་འདོད་པའི་ཡོན་ཏན་སོགས༔ ཇི་སྐད་བཤད་པའི་ཡོ་བྱད་རྣམས༔ མ་ཚང་མེད་པར་འདུ་བྱས་ནས༔ སྟོང་པའི་ངང་ལས་པད་ཟླའི་སྟེང༔ ཧྲཱིཿལས་ཚེ་འདས་ཕུང་ཁམས་སྐྱེ་མཆེད་རྣམས༔ མངོན་སུམ་བཞིན་དུ་གསལ་བར་བསམ༔ ན་མོ༔ བླ་མ་མཆོག་གསུམ་ལྷ་ཚོགས་དང༔ ཆོས་ཉིད་བསམ་གྱིས་མི་ཁྱབ་པའི༔ བདེན་པའི་སྟོབས་དང་རྟེན་འབྱུང་མཐུས༔ ཚེ་འདས་རྣམ་ཤེས་རྟེན་འདིར་ཁུག༔ ནྲྀ་བཛྲ་ཨངྐུ་ཤ་ཛ༔ སརྦ་པཱ་པཾ་ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཤུདྡྷེ་ཨ༔ ཧཱུྃ༔ ཉོན་ཅིག་ལོག་འདྲེན་བགེགས་ཀྱི་ཚོགས༔ ཚེ་འདས་ཐར་ལམ་བར་ཆད་ཀུན༔ མཆོད་སྦྱིན་གཏོར་མ་འདི་ཁྱེར་ལ༔ རང་རང་གནས་སུ་མྱུར་དུ་དེངས༔ ཧཱུྃ་ཧཱུྃ་ཧཱུྃ་ཨུཙྪཊ་ཡ་ཕཊ྄༔ གཟུངས་སྔགས་བཟླས་པའི་བྱེ་མས་བྲབ༔ ཨཱོྃ་སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་སྭཱ་ཧཱ༔ སྡིག་སྒྲིབ་ཐལ་བར་བྱས་པར་བསམ༔ དེ་ནས་བུམ་པའི་བདུད་རྩིས་བཀྲུས༔ ཧཱུྃ༔ བུམ་པ་བཟང་པོ་ཆེ་བའི་མཆོག༔ བྱེད་པ་སེམས་ཅན་ཀུན་དོན་བྱེད༔ རིག་པ་ཡེ་ཤེས་བདུད་རྩིའི་ཆུས༔ མ་རིག་སྒྲིབ་གཉིས་དྲི་མ་བཀྲུ༔ སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཧཱུྃ༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ སྐུ་གསུམ་ལྷ་ཚོགས་དུག་མི་མངའ༔ སྐུ་གསུམ་བདེན་པས་དུག་བཅོམ་མོ༔ སརྦ་པཱ་པཾ་བི་ཥ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཧཱུྃ༔ འབྱུང་དང་འབྱུང་བ་ལས་གྱུར་པའི༔ དུག་གསུམ་རྒྱུ་འབྲས་བཅས་པ་ཀུན༔ ཡེ་ཤེས་ཡུམ་བཞིའི་བྱིན་རླབས་ཀྱིས༔ རང་བཞིན་མེད་པའི་དབྱིངས་སུ་སྦྱངས༔ སརྦ་པཱ་པཾ་བི་ཤྭ་དྷ་ན་སྭཱ་ཧཱ༔ དེ་ནས་ཚེ་འདས་དཀྱིལ་འཁོར་པར༔ ཕྱག་འཚལ་སྐྱབས་སུ་འགྲོ་བར་བསམ༔ ཤིས་པའི་གླུ་དབྱངས་རོལ་མོར་བཅས༔ བུམ་པའི་བདུད་རྩིས་དབང་བསྐུར་བྱ༔ ཧཱུྃ༔ ནམ་མཁའ་གང་བའི་རྒྱལ་བ་ཡིས༔ བཀྲ་ཤིས་བུམ་པ་བཟུང་ནས་ནི༔ རྡོ་རྗེ་བདུད་རྩིའི་དབང་སྐུར་བས༔ བདེ་ཆེན་ཡེ་ཤེས་འཕེལ་བར་ཤོག༔ མ་ཧཱ་སུ་ཁ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ བྱང་ཆུབ་སེམས་ཀྱི་བདུད་རྩི་ཡིས༔ སྒོ་གསུམ་བག་ཆགས་ཀུན་སྦྱངས་ནས༔ དཀྱིལ་འཁོར་གཙོ་བོའི་གསང་གསུམ་དང༔ དབྱེར་མེད་རིགས་བདག་དབུ་བརྒྱན་བསམ༔ འདོད་ཡོན་ནམ་མཁའ་གང་བས་མཆོད༔ སྙིང་རྗེའི་ཤུགས་ཀྱིས་ལམ་བསྟན་བྱ༔ ཀྱེ་མ་ཚེ་འདས་རིགས་ཀྱི་བུ༔ སྡུག་བསྔལ་ཁམས་གསུམ་འཁོར་བ་ལ༔ ངེས་འབྱུང་དྲག་པོས་མཚམས་སྦྱར་ཏེ༔ བྱང་ཆུབ་མཆོག་ཏུ་སེམས་སྐྱེད་ཅིག༔ འདི་ནས་སྟེང་གི་ཕྱོགས་རོལ་ན༔ འོག་མིན་ཆོས་དབྱིངས་ཞིང་ཁམས་དབུས༔ རང་བཞིན་ཀུན་ཏུ་བཟང་པོ་བཞུགས༔ རང་འོད་རིག་མའི་བདེ་བ་དང༔ ཡེ་ཤེས་ནམ་མཁའ་མཉམ་པ་ཡི༔ བཀོད་པ་ཚད་མེད་བསམ་མི་ཁྱབ༔ ྈ འོད་གསལ་རྡོ་རྗེའི་མིག་གིས་ལྟོས༔ ཆོས་ཉིད་སེང་གེའི་རྩལ་ཆེན་དང༔ མཁའ་ལྡིང་རྒྱལ་པོའི་རླབས་ཀྱིས་གཤེགས༔ ཕྱིར་མི་ལྡོག་པའི་ཏིང་འཛིན་གྱིས༔ སྐུ་གསུམ་ས་ལ་ལྷུན་གྲུབ་ཤོག༔ ཨ་ཨ་ཨ༔ ཕཊ྄༔ དབྱིངས་རིག་དབྱེར་མེད་ངང་དུ་གཞག༔ བྱང་བུ་ཡེ་ཤེས་མེ་ཡིས་བསྲེགས༔ ཨ༔ སྐྱེ་མེད་དབྱིངས་ཀྱི་ཀོང་བུ་རུ༔ རིག་པ་ཡེ་ཤེས་མེ་སྦར་བས༔ གཟུང་འཛིན་མཚན་མའི་རྟོག་པ་ཀུན༔ ཀ་དག་གཏིང་གསལ་ངང་དུ་བསྲེག༔ ཨ་ཨ་ཨ༔ ཐལ་བ་རྟགས་ཀྱི་སྐུ་གདུང་བྱ༔ ཨཱོྃ༔ ནང་གསལ་གཞོན་ནུ་བུམ་པའི་སྐུ༔ ལྷུན་གྲུབ་གཟུགས་ཀྱི་རྣམ་པར་ཤར༔ རྒྱུན་མི་འཆད་པར་རྟག་བཞུགས་ནས༔ ཕྲིན་ལས་འཁོར་བ་དོང་སྤྲུག་མཛོད༔ ས་མ་ཡ་ཛྙཱ་ན་ཏིཥྛ་ཧཱུྃ༔ སླར་ཡང་ཤིས་པ་རྒྱ་ཆེར་བརྗོད༔ ཆོས་ཉིད་དོན་གྱི་སྒོ་མཐོང་ཞིང༔ རྣལ་འབྱོར་སྙིང་རྗེ་ལྡན་པ་ཡིས༔ ཐུགས་རྗེའི་ཕྲིན་ལས་འདི་བརྩམ་ན༔ འབྲེལ་ཚད་རིག་འཛིན་ཞིང་དུ་འདྲེན༔ ས་མ་ཡ༔ ༁ྃ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཡེ་ཤེས་བདུད་རྩིའི་འདོད་ཡོན་གྱིས༔ ཞིང་ཁམས་རབ་འབྱམས་ཡོངས་བཀང་སྟེ༔ དཀྱིལ་འཁོར་ལྷ་ལ་འབུལ་བར་བགྱི༔ གཟུགས་ཀྱི་ལྷ་མོས་མེ་ལོང་འཛིན༔ ནམ་མཁའ་ཁྱབ་པར་གར་བསྒྱུར་ཏེ༔ དཀྱིལ་འཁོར་ལྷ་ཚོགས་སྤྱན་ལ་ཐིམ༔ བདེ་བ་ཆེན་པོས་མཉེས་གྱུར་ཅིག༔ ཅེས་དང་། སྒྲ་ཡི་ལྷ་མོས་པི་ཝཾ་འཛིན༔ ནམ་མཁའ་ཁྱབ་པར་གར་བསྒྱུར་ཏེ༔ དཀྱིལ་འཁོར་ལྷ་ཚོགས་སྙན་ལ་ཐིམ༔ བདེ་བ་ཆེན་པོས་མཉེས་གྱུར་ཅིག༔ དྲི་ཡི་ལྷ་མོས་སྤོས་ཁང་འཛིན༔ ནམ་མཁའ་ཁྱབ་པར་གར་བསྒྱུར་ཏེ༔ དཀྱིལ་འཁོར་ལྷ་ཚོགས་ཤངས་ལ་ཐིམ༔ བདེ་བ་ཆེན་པོས་མཉེས་གྱུར་ཅིག༔ རོ་ཡི་ལྷ་མོས་ཞལ་ཟས་འཛིན༔ ནམ་མཁའ་ཁྱབ་པར་གར་བསྒྱུར་ཏེ༔ དཀྱིལ་འཁོར་ལྷ་ཚོགས་ལྗགས་ལ་ཐིམ༔ བདེ་བ་ཆེན་པོས་མཉེས་གྱུར་ཅིག༔ རེག་གི་ལྷ་མོས་རེག་བྱ་འཛིན༔ ནམ་མཁའ་ཁྱབ་པར་གར་བསྒྱུར་ཏེ༔ དཀྱིལ་འཁོར་ལྷ་ཚོགས་སྐུ་ལ་ཐིམ༔ བདེ་བ་ཆེན་པོས་མཉེས་གྱུར་ཅིག༔ ཆོས་ཀྱི་ལྷ་མོས་པུསྟི་འཛིན༔ ནམ་མཁའ་ཁྱབ་པར་གར་བསྒྱུར་ཏེ༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་ལ་ཐིམ༔ བདེ་བ་ཆེན་པོས་མཉེས་གྱུར་ཅིག༔ ཅེས་ཟས་གཏད་སྐབས་དགོས་པ་ཡིན་ནོ།། །།

རྫོགས་ཆེན་སྡེ་གསུམ་ཆ་ལག་གནས་ལུང་གི་ཆོ་ག་ཐུགས་རྗེའི་ལྕགས་ཀྱུ་ (Volume 62, Text 82)

རྫོགས་ཆེན་སྡེ་གསུམ་ཆ་ལག་གནས་ལུང་གི་ཆོ་ག་ཐུགས་རྗེའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། །ཨཱོྃ་སྭསྟི། ཆོས་ཉིད་མཉམ་པའི་ཐུགས་རྗེ་ཡིས། །ཆོས་ཅན་འཁྲུལ་པའི་འཁོར་ལོ་འཇིག །ཀུན་བཟང་བླ་མར་ཡོངས་བཏུད་ནས། །གནས་ལུང་ཆོ་ག་འདིར་གསལ་བྱ། །དེའང་གཤིན་པོ་རྗེས་འཛིན་གནས་ལུང་གི་ཆོ་ག་བྱ་བར་འདོད་པས། གང་ལ་བརྟེན་པ་རྩ་བའི་དཀྱིལ་འཁོར་གྱི་མདུན་དུ་ཚེ་འདས་ཀྱི་མིང་བྱང་དྲི་རྟེན་དང་བཅས་པ་བཞག །དེ་དང་ཉེ་བར་བགེགས་གཏོར། བྲབ་རྫས། ཟས་གཏད་རྣམས་དང་། རང་གི་མདུན་དུ་དྲི་བཟང་དང་བདུད་རྩིའི་ཆུས་བཀང་བའི་ཁྲུས་བུམ་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ནས། ལས་གཞུང་གི་བཟླས་པ་ཡན་ཚར་བའི་རྗེས་སུ། ཁྲུས་བུམ་བསང་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་རྫོགས་པའི་ནང་དུ་རྡོ་རྗེ་སེམས་དཔའ་སྐད་ཅིག་གིས་གསལ་བའི་སྐུ་ལས། སྡིག་སྒྲིབ་སྦྱོང་བའི་མཐུ་དང་ལྡན་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་པས་བུམ་པ་ཡོངས་སུ་གང་བར་བསམ་ཞིང་། གཟུངས་ཐག་ལ་འཇུས་ཏེ་ཡིག་བརྒྱའི་ཤམ་དུ། ཨཱོྃ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨཱོྃ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨཱོྃ་མ་ཐ་མ་ཐ་སརྦ་ཏཱིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨཱོྃ་སརྦ་པཱ་པཾ་བི་ཤུདྡྷེ་ཧཱུྃ་ཕཊ། ཅེས་སྒྲིབ་སྦྱོང་གི་སྔགས་སྦྲེལ་བ་ཅི་ནུས་བཟླ་ཞིང་། བྲབ་རྫས་བྱེ་ཡུངས་ལའང་བསྔགས་ཏེ་བཞག །དེ་ནས་རྟེན་ལས་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པད་ཟླའི་སྟེང༔ ནྲྀ་ལས་ཚེ་འདས་དེ་ཉིད་ནི། །ཕུང་ཁམས་སྐྱེ་མཆེད་གསོན་དུས་ལྟར། །མངོན་སུམ་བཞིན་དུ་གསལ་བར་གྱུར༔ རང་གི་ཐུགས་ཀའི་འོད་ཟེར་གྱིས། །རྣམ་ཤེས་ཨ་དཀར་རྣམ་པས་བསྟིམ། །ན་མོ༔ བླ་མ་མཆོག་གསུམ་ལྷ་ཚོགས་དང༔ ཆོས་ཉིད་བསམ་གྱིས་མི་ཁྱབ་པའི༔ བདེན་པའི་སྟོབས་དང་རྟེན་འབྱུང་མཐུས༔ ཚེ་འདས་རྣམ་ཤེས་རྟེན་འདིར་ཁུག༔ ནྲྀ་བཛྲ་ཨངྐུ་ཤ་ཛ༔ས་རྣམ་ཤེས་དང་། སརྦ་པཱ་པཾ་ཨཱ་ན་ཡ་ཧཱུྃ་གིས་སྡིག་པ་བཀུག་ནས། ཛཿཧཱུྃ་བཾ་ཧོ༔ས་རྣམ་ཤེས་ཨ་དཀར་པོའི་རྣམ་པས་རྟེན་ལ་ཐིམ་པར་བསམ། བགེགས་སྦྱོང་བའི་སླད་དུ། སརྦ་བྷཱུ་ཏ་ཨཱ་ཀརྵཱ་ཡ་ཛཿས་མགྲོན་བཀུག །སརྦ་བིགྷྣཱན་བ་ལིཾ་ཏ་ཁཱ་ཧི། ལན་གསུམ་གྱིས་གཏོར་མ་བསྔོས་ལ། ཧཱུྃ༔ ཉོན་ཅིག་ལོག་འདྲེན་བགེགས་ཀྱི་ཚོགས༔ ཚེ་འདས་ཐར་ལམ་བར་ཆད་ཀུན༔ མཆོད་སྦྱིན་གཏོར་མ་འདི་ཁྱེར་ལ༔ རང་རང་གནས་སུ་མྱུར་དུ་དེངས༔ ཧཱུྃ་ཧཱུྃ་ཧཱུྃ་ཨུཙྪཊ་ཡ་ཕཊ༔ ཅེས་དྲག་སྔགས་གུལ་ཡུངས་དང་བཅས་པས་བསྐྲད། སྔགས་ཀྱིས་སྡིག་པ་ཕྲལ་བའི་སླད་དུ། ལྷ་རྣམས་སྐུ་ལས་འོད་ཟེར་ནི། །ཉི་མ་འབུམ་གྱི་འོད་ལྟར་འཕྲོས། །ཚེ་འདས་ལུས་ལ་རེག་པ་ཡིས། །སྡིག་སྒྲིབ་ཐམས་ཅད་སྦྱངས་པར་གྱུར། །བསྔགས་པའི་བྱེ་མ་དང་ཡུངས་དཀར་བྲབ་ཅིང་ཡིག་བརྒྱའི་མཐར། སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་སྭཱ་ཧཱ༔ ཁྲུས་ཀྱིས་སྡིག་སྒྲིབ་སྦྱོང་བའི་སླད་དུ། ཁྲུས་བུམ་གྱིས་མིང་བྱང་རྟེན་ལ་བཀྲུ་ཞིང་། ཧཱུྃ༔ བུམ་པ་བཟང་པོ་ཆེ་བའི་མཆོག༔ བྱེད་པ་སེམས་ཅན་ཀུན་དོན་བྱེད༔ རིག་པ་ཡེ་ཤེས་བདུད་རྩིའི་ཆུས༔ མ་རིག་སྒྲིབ་གཉིས་དྲི་མ་བཀྲུ༔ སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ བུམ་སྒྲོས་རྟེན་ལ་བྱབ་ཅིང་། ཧཱུྃ༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ སྐུ་གསུམ་ལྷ་ཚོགས་དུག་མི་མངའ༔ སྐུ་གསུམ་བདེན་པས་དུག་བཅོམ་མོ༔ སརྦ་པཱ་པཾ་བི་ཥ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ འབྱུང་བཞིའི་རྫས་ཀྱིས་བྱབ་ཅིང་། ཧཱུྃ༔ འབྱུང་དང་འབྱུང་བ་ལས་གྱུར་པའི༔ དུག་གསུམ་རྒྱུ་འབྲས་བཅས་པ་ཀུན༔ ཡེ་ཤེས་ཡུམ་བཞིའི་བྱིན་རླབས་ཀྱིས༔ རང་བཞིན་མེད་པའི་དབྱིངས་སུ་སྦྱངས༔ སརྦ་པཱ་པཾ་བི་ཤྭ་དྷ་ན་སྭཱ་ཧཱ༔ དེ་ནས་ཕྱག་འཚལ་བའི་སླད་དུ། ཚེ་འདས་དེ་ཉིད་དཀྱིལ་འཁོར་པར༔ ཕྱག་འཚལ་སྐྱབས་སུ་འགྲོ་བར་གྱུར༔ གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་དཔལ་ལྡན་རྡོ་རྗེ་སེམས། །བདེ་ཆེན་ཡེ་ཤེས་ལྔ་ཡི་བདག །དཀྱིལ་འཁོར་ཀུན་གྱི་བྱེད་པོ་མཆོག །དེ་ལ་བདག་ནི་ཕྱག་འཚལ་ལོ། །སྐྱབས་གནས་རྒྱ་མཚོའི་ཚོགས་རྣམས་ཀྱིས། །བདག་དང་མཐའ་ཡས་སེམས་ཅན་ཀུན། །འཁོར་བ་ངན་སོང་འཇིགས་ལས་སྐྱོབས། །ཐར་པའི་གནས་སུ་དྲང་དུ་གསོལ། །ཞེས་ཕྱག་བྱ། དབང་བསྐུར་བའི་སླད་དུ། དེ་ལྟར་སྡིག་སྒྲིབ་ཡོངས་བྱང་ནས། །ཚེ་འདས་ལྷ་རུ་གསལ་བ་ལ། །ཤིས་པའི་གླུ་བླངས་རོལ་མོར་བཅས༔ བུམ་པའི་བདུད་རྩིས་དབང་བསྐུར་གྱུར༔ བུམ་པ་ཐོགས་ལ། ཧཱུྃ༔ ནམ་མཁའ་གང་བའི་རྒྱལ་བ་ཡིས༔ བཀྲ་ཤིས་བུམ་པ་བཟུང་ནས་ནི༔ རྡོ་རྗེ་བདུད་རྩིའི་དབང་བསྐུར་བས༔ བདེ་ཆེན་ཡེ་ཤེས་འཕེལ་བར་ཤོག༔ མ་ཧཱ་སུ་ཁ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ བྱང་ཆུབ་སེམས་ཀྱི་བདུད་རྩི་ཡིས༔ སྒོ་གསུམ་བག་ཆགས་ཀུན་སྦྱངས་ནས༔ དཀྱིལ་འཁོར་གཙོ་བོའི་གསང་གསུམ་དང༔ དབྱེར་མེད་རིགས་བདག་དབུ་བརྒྱན་གྱུར༔ ཨཱོྃ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་མེ་ཏོག་འཐོར། ཟས་གཏད་པའི་སླད་དུ། མདུན་དུ་བཟའ་བཏུང་སྣ་ཚོགས་བཤམས་པ་རཾ་ཡཾ་ཁཾ་གིས་བསང་སྦྱང་། འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་བསམ་ལ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས་ནས། ཧོ༔ ཐམས་ཅད་ནམ་མཁའ་མཛོད་བཞིན་དུ༔ ཟད་པ་མེད་པའི་ལོངས་སྤྱོད་ནི༔ འདོད་ཡོན་རྒྱ་མཚོའི་སྤྲིན་ཆེན་པོ༔ བཞེས་ཤིག་བདེ་བ་ཆེན་པོར་བཞེས༔ བཛྲ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ༔ ཞེས་བསྔོས་པ་དེས་ཀྱང་བདག་གིར་བཟུང་ནས་དཀྱིལ་འཁོར་པ་ལ་མཆོད་པར་བསམ་ཞིང་། དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཡེ་ཤེས་བདུད་རྩིའི་འདོད་ཡོན་གྱིས༔ ཞིང་ཁམས་རབ་འབྱམས་ཡོངས་བཀང་སྟེ༔ དཀྱིལ་འཁོར་ལྷ་ལ་འབུལ་བར་བགྱི༔ བདེ་བ་ཆེན་པོས་མཉེས་གྱུར་ཅིག༔ ཅེས་དབུལ། ལམ་བསྟན་ཏེ་གནས་སྤོར་བའི་སླད་དུ། ཀྱེ་མ་ཚེ་འདས་རིགས་ཀྱི་བུ༔ སྡུག་བསྔལ་ཁམས་གསུམ་འཁོར་བ་ལ༔ ངེས་འབྱུང་དྲག་པོས་མཚམས་སྦྱར་ཏེ༔ བྱང་ཆུབ་མཆོག་ཏུ་སེམས་སྐྱེད་ཅིག༔ འདི་ནས་སྟེང་གི་ཕྱོགས་རོལ་ན༔ འོག་མིན་ཆོས་དབྱིངས་ཞིང་ཁམས་དབུས༔ རང་བཞིན་ཀུན་ཏུ་བཟང་པོ་བཞུགས༔ རང་འོད་རིག་མའི་བདེ་བ་དང༔ ཡེ་ཤེས་ནམ་མཁའ་མཉམ་པ་ཡི༔ བཀོད་པ་ཚད་མེད་བསམ་མི་ཁྱབ༔ འོད་གསལ་རྡོ་རྗེའི་མིག་གིས་ལྟོས༔ ཆོས་ཉིད་སེང་གེའི་རྩལ་ཆེན་དང༔ མཁའ་ལྡིང་རྒྱལ་པོའི་རླབས་ཀྱིས་གཤེགས༔ ཕྱིར་མི་ལྡོག་པའི་ཏིང་འཛིན་གྱིས༔ སྐུ་གསུམ་ས་ལ་ལྷུན་གྲུབ་ཤོག༔ ཨ་ཨ་ཨ༔ ཕཊ༔ ཅེས་སྤར་ལ་མཉམ་པར་གཞག །སྙིགས་མ་སྦྱོང་བའི་སླད་དུ་བྱང་བུར་མེ་སྦར་ལ། ཨ༔ སྐྱེ་མེད་དབྱིངས་ཀྱི་ཀོང་བུ་རུ༔ རིག་པ་ཡེ་ཤེས་མེ་སྦར་བས༔ གཟུང་འཛིན་མཚན་མའི་རྟོག་པ་ཀུན༔ ཀ་དག་གཏིང་གསལ་ངང་དུ་བསྲེག༔ ཨ་ཨ་ཨ༔ ཞེས་བསྲེག །དེ་ཉིད་སཱཙྪར་བསྒྲུབ་པའི་སླད་དུ། བྱང་རོའི་སྟེང་དུ་ཟླ་བ་ལ། །གནས་པའི་ཨ་དཀར་འོད་འཕྲོ་བ། །དེ་ལས་བདུད་རྩིའི་རྒྱུན་བབས་པས། །སྡིག་སྒྲིབ་མ་ལུས་སྦྱང་པར་གྱུར། །ཅེས་ཡིག་བརྒྱ་དང་སྒྲིབ་སྦྱོང་གི་སྔགས་མང་དུ་བཟླས་པའི་དྲི་བཟང་གི་ཆུས་བཀྲུས་ནས་འཇིམ་པ་དང་སྦྱར་བས་སཱཙྪ་བཏབ་ལ། ཨཱོྃ༔ ནང་གསལ་གཞོན་ནུ་བུམ་པའི་སྐུ༔ ལྷུན་གྲུབ་གཟུགས་ཀྱི་རྣམ་པར་ཤར༔ རྒྱུན་མི་ཆད་པར་རྟག་བཞུགས་ནས༔ ཕྲིན་ལས་འཁོར་བ་དོང་སྤྲུག་མཛོད༔ ས་མ་ཡ་ཛྙཱ་ན་ཏིཥྛ་ཧཱུྃ༔ ཞེས་མེ་ཏོག་འཐོར་ལ་སྨོན་ལམ་དང་ཤིས་པ་བརྗོད་དོ། །འདིས་ཀྱང་འབྲེལ་བས་བསྡུས་པ་ཀུན། །གནས་ངན་ལམ་ལས་མྱུར་བཟློག་སྟེ། །ཐར་པ་དམ་པའི་བདེ་ཆེན་སར། །དཀྲི་བའི་ཆ་རྐྱེན་ཉིད་དུ་ཤོག །ཅེས་པའང་ཁྱབ་བདག་བླ་མ་ཨོ་རྒྱན་ཚེ་དབང་མཆོག་གྲུབ་དཔལ་འབར་གྱི་བཀའ་བསྩལ་རྗེས་སུ་བསྒྲུབ་པའི་སླད་དུ། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་གཞུང་ལ་རིགས་མཐུན་གྱི་ཁ་སྐོང་ཅུང་ཟད་ཀྱིས་བརྒྱན་ཏེ་ཁྲིགས་སུ་བསྡེབས་པ་དགེ། །།

རྫོགས་ཆེན་སྡེ་གསུམ་ཆ་ལག་བདུད་རྩི་སྨན་གྱི་སྒྲུབ་ཐབས་ཡེ་ཤེས་མཆོག་གི་བཅུད་ལེན་ (Volume 62, Text 83)

༄༅། །རྫོགས་ཆེན་སྡེ་གསུམ་ཆ་ལག་བདུད་རྩི་སྨན་གྱི་སྒྲུབ་ཐབས་ཡེ་ཤེས་མཆོག་གི་བཅུད་ལེན་ཞེས་བྱ་བ་བཞུགས་སོ། ། ཨཱོྃ་སྭསྟི། ཀུན་རྫོབ་རྫས་ཀྱི་བདུད་རྩི་ཡིས། །དོན་དམ་ཆོས་ཀྱི་བདུད་རྩིར་སྦྱོར། །བླ་མ་ཧེ་རུ་ཀར་བཏུད་ནས། །དམ་རྫས་བདུད་རྩིའི་སྒྲུབ་ཐབས་འཆད། །འདི་ལ་གསུམ། སྦྱོར་དངོས་རྗེས་སོ། །དང་པོ་ནི། རྩ་བར། བདུད་རྩི་སྨན་གྱི་སྒྲུབ་པ་ནི༔ ཤ་ལྔ་བདུད་རྩི་རྣམ་པ་ལྔ༔ རྩ་བརྒྱད་ཡན་ལག་སྟོང་ལ་སོགས༔ ཁ་དོག་དྲི་རོ་ནུས་ལྡན་པའི༔ སྨན་དུ་གྱུར་པ་ཐམས་ཅད་བསགས༔ ཁྲོལ་བུ་བྷནྡྷའི་སྣོད་དུ་བསྩལ༔ ཞེས་གསུངས་ཤིང་། གཞན་ཡང་། སྐྱེ་བདུན་གྲུབ་པ་ཐོབ་པ་ཡི༔ ཤ་ཆེན་གཙོ་གྱུར་སྒྲོན་མ་ལྔ༔ བླ་མ་ཡབ་ཡུམ་བྱང་ཆུབ་སེམས༔ གཙོར་གྱུར་ལྕགས་ཀྱུ་རྣམ་པ་ལྔ༔ གཞིར་བྱས་གཞན་གང་སེལ་མེད་པའི༔ བདུད་རྩིའི་ཕབས་གཏའ་མ་ད་ན༔ སྦྱར་ཞིང་འདྲེས་པར་བསྣུར་བྱས་ལ༔ འབྲས་གསུམ་བཟང་དྲུག་རྟག་ངུ་གསུམ༔ ག་པུར་གི་ཝཾ་སིནྡྷུ་ར༔ ཅུ་གང་བྲག་ཞུན་ཅོང་ཞི་དང༔ རྩ་བ་ལྔ་དང་དབང་པོ་ལག༔ ཤིང་ཚ་ཤུ་དག་སྤང་གི་སྤོས༔ མ་ནུ་རུ་རྟ་པྲི་ཡང་ཀུ༔ ཨུཏྤལ་ཙནྡན་དམར་པོ་སོགས༔ སེར་དང་དམར་བ་ཤས་ཆེ་ཞིང༔ མངར་སྐྱུར་ལན་ཚྭའི་རོ་ལྡན་ཕྱེ༔ ཞེས་པ་ལྟར། ཁ་དོག་དྲི་རོ་ནུས་བཅུད་ཕུན་སུམ་ཚོགས་པའི་སྨན་སྣ་རྣམས་བསགས་ལ་བྷནྡྷ་མཚན་ལྡན་དུ་ཁྲོལ་བུར་བླུགས་ཏེ་དཀྱིལ་འཁོར་གྱི་དབུས་སུ་འགོད། གསང་སྐོར་བཀའ་བརྒྱད་ལྟ་བུ་ཡི་དམ་ཞི་ཁྲོ་གང་ཡང་རུང་བའི་ལས་གཞུང་བསྲང་སྟེ་བཟླས་པ་གྲུབ་པ་དང་། མདུན་རྟེན་ལ་དམིགས་ཏེ། ཨ༔ སྣང་སྲིད་ཐམས་ཅད་བདུད་རྩི་ལྔ༔ དེ་ཉིད་རང་བྱུང་ཐིག་ལེ་གཅིག༔ རྡོ་རྗེ་སེམས་དཔའ་བདེ་བ་ཆེ༔ ཁ་སྦྱོར་གཉུག་མའི་སྐུ་རུ་བཞེངས༔ ཨཱོྃ་བཛྲ་སཏྭ་ཨཱ༔ ཞེས་ཅི་ནུས་བཟླ། ཚུལ་དེ་ལྟ་བུས་ཐུན་བཞིའམ་དྲུག་གི་ངེས་པས་ཞག་གསུམ་མམ་གཅིག་གིས་མཐའ་རྟེན་པས་ཁྲོལ་སྒྲུབ་ཟིན་ནས། སྨན་གྱི་རྡོར་སེམས་བྱང་ཆུབ་སེམས་ཀྱི་ཐིག་ལེར་ཞུ་བར་བསམ་ལ། རྡོ་རྗེའི་གཏུན་དུ་འཐག་ཅིང་། སྔགས་ཀྱི་མཐར། ཨཱོྃ་ཨཱོྃ་ཨཱོྃ། ཞེས་བརྗོད་པས་སྦྱང་། དར་གྱི་འདོ་ལེར་བཙག་ཅིང་། སྔགས་མཐར། ཨཱཿཨཱཿཨཱཿ ཞེས་པས་སྤེལ། ཆང་སྣ། ཆུ་སྣ། འོ་མ། རིན་པོ་ཆེའི་ཆུས་སྦོལ་ཞིང་། སྔགས་མཐར། ཧཱུྃ་ཧཱུྃ་ཧཱུྃ། ཞེས་པས་བསྣུར། དམ་རྫས་སྔ་མའི་ཕབས་རྒྱུན་སེལ་མེད་པ་དང་། ཕབས་ཀྱིས་བྲན་ཅིང་འདྲེས་པར་དཀྲུགས་ལ། སྔགས་མཐར། ཧོཿཧོཿཧོཿ ཞེས་པས་དབྱེར་མེད་དུ་བྱ། སྨན་རྣམས་དྲིལ་བུས་གཞལ་ཞིང་དར་གྱི་སྒྱེའུར་བླུགས་ལ་བྷནྡྷ་མཚན་ལྡན་ཁ་སྦྱོར་གྱི་ནང་དུ་བལྟམས། བགེགས་བསལ་ཞིང་ཁྲུས་ཀྱིས་སྦྱང་། ཅོད་པན་དང་རྡོར་དྲིལ་གྱིས་བརྒྱན་ཏེ་དཀྱིལ་འཁོར་དབུས་སུ་ལྡིང་ཁྲིའི་ཁར་བཀོད་ལ་གཟུངས་ཐག་བཏགས། འོག་ཏུ་དྲོད་འབེབ་ཀྱི་མར་མེ་སྦར། འབྱོར་ན་འཕན་གདུགས་རྒྱལ་མཚན་ཚར་དུ་དངར་བས་བརྒྱན། ཕྱི་ནང་གི་མཆོད་ཚོགས་གཙང་ཞིང་བཟང་བར་བཤམ་མོ། །གཉིས་པ་དངོས་གཞི་ནི། རྩ་བར། བདག་དང་མདུན་རྟེན་དབྱེར་མེད་པ༔ ཧེ་རུ་ཀཿཡི་དཀྱིལ་འཁོར་དུ༔ ཨ་ཏི་སེམས་ཀྱི་རོལ་པར་བསྒོམ༔ ཞེས་གསུངས་པ་ལྟར། ཕྲིན་ལས་ཀྱི་གཞུང་བསྲང་སྟེ་བདག་མདུན་དབྱེར་མེད་དུ་བསྐྱེད་ལ་ཕྱག་མཆོད་བསྟོད་པ་གྲུབ་ཀྱི་བར་སོང་ནས། ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཕཊ་ཛ༔ ཞེས་ཛཔ྄་ཁང་ཕྱེས་ལ། དབྱིངས་ཀྱི་བྷནྡྷ་མཚན་རྫོགས་དབུས༔ རིག་པ་ཡེ་ཤེས་བདུད་རྩིར་འཁྱིལ༔ དབྱིངས་རིག་དབྱེར་མེད་དཀྱིལ་འཁོར་པ༔ རྡོ་རྗེ་བདེ་བ་ཆེན་པོར་བཞེངས༔ སྦྱོར་བའི་ཡན་ལག་རྣམ་མང་པོས༔ འཁོར་འདས་བརྟན་གཡོའི་དྭངས་བཅུད་བཀུག༔ སྣང་སྲིད་གདོད་ནས་དེ་བཞིན་གཤེགས༔ བདེ་ཆེན་བདུད་རྩིའི་ཐིག་ལེར་འཁྱིལ༔ ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བཛྲ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་གཟུངས་ཐག་ནས་འཇུས་ཏེ་གཙོ་བོར་བཟླ། ཐུན་གྱི་མཐར་སྨན་སྲུང་བསྐུལ་ཞིང་རྟོག་པ་བསལ་བའི་ཕྱིར་བདུད་རྩི་འཐོར་ལ། ཧཱུྃ༔ འོད་གསལ་ཐིག་ལེ་ཆེན་པོ་ལས༔ རྣམ་པ་མ་འགགས་ཅིར་ཡང་ཤར༔ སྨན་སྲུང་དྲང་སྲོང་རིག་འཛིན་དང༔ རྩི་བཅུད་འབྱུང་ལྔའི་ལྷ་མོ་ཀུན༔ ཚུར་གཤེགས་གཉིས་འཛིན་རྟོག་པ་སྤོངས༔ བདེ་ཆེན་ཡེ་ཤེས་བདུད་རྩི་བཞེས༔ རྗེས་ཆགས་རོལ་པའི་འོད་ཟེར་གྱིས༔ འཁོར་འདས་རྩི་བཅུད་དྭངས་མ་སྡུས༔ བྷནྡྷ་ཁ་སྦྱོར་ཐིག་ལེར་སྟིམས༔ ཧེ་རུ་ཀཿཡི་དམ་ཚིག་གིས༔ བདུད་རྩི་རོལ་པའི་ལས་མཛོད་ཅིག༔ ཨཱོྃ་བཛྲ་ཨ་མྲྀཏ་དེ་བ་ཌཱ་ཀི་ནཱི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ་ཧོ༔ ཞེས་བསྐུལ། ཐུན་མཚམས་སུ་ལས་སྔགས་བཟླ་ཞིང་ཐུན་བྲབ་པས་བལྟ་ཉན་གྱི་ཉུལ་ལེ་ཚར་བཅད་ནས། སྤོས་དང་རོལ་མོས་གཟི་བྱིན་བསྐྱེད་ལ། ཧཱུྃ༔ འོག་མིན་རྡོ་རྗེ་དབྱིངས་ཀྱི་ཞིང༔ མཁའ་ཁྱབ་ཡེ་ཤེས་འཁོར་ལོ་དང༔ ཧེ་རུ་ཀཿཡི་གནས་དང་ཡུལ༔ དུར་ཁྲོད་བརྒྱད་ན་བཞུགས་པ་ཡི༔ བཅོམ་ལྡན་ཁྲག་འཐུང་ཧེ་རུ་ཀ༔ གནས་གསུམ་དཔའ་བོ་རྣལ་འབྱོར་མ༔ ཇི་སྙེད་འདུས་པའི་ཚོགས་ཆེན་པོ༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ སྐུ་ཡི་གར་སྟབས་གློག་ལྟར་འཁྱུགས༔ གསུང་གི་ཛཔ྄་དབྱངས་སྔགས་སྒྲ་སྒྲོགས༔ ཐུགས་ཀྱི་ཡེ་ཤེས་རྩལ་སྐྱེད་ལ༔ ཡོན་ཏན་བདེ་ཆེན་འོད་ཟེར་དང༔ ཕྲིན་ལས་ཕོ་ཉ་ཕྱོགས་བཅུར་སྤྲོས༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི༔ མཁྱེན་བརྩེ་ནུས་པའི་ཡེ་ཤེས་དང༔ སྙོམས་འཇུག་ཟག་མེད་བདུད་རྩིའི་བཅུད༔ འབྱུང་བ་ལྔ་ཡི་དྭངས་མ་དང༔ ལྷ་ཀླུ་མི་ཡི་ཚེ་བསོད་སྟོབས༔ གཟི་བརྗིད་དཔལ་དང་ནུས་བཅུད་ཀུན༔ ཐོགས་པ་མེད་པར་གནས་འདིར་སྡུས༔ འཁོར་འདས་དབྱེར་མེད་བྱིན་ཆེན་ཕོབ༔ དམ་ཚིག་སྒྲུབ་པའི་རྫས་ལ་སྟིམས༔ མཐོང་ཚོར་མྱོང་རེག་གྲོལ་བ་ཡི༔ བདེ་ཆེན་རྡོ་རྗེའི་གཟི་བྱིན་སྤོར༔ ལས་དང་ཡེ་ཤེས་དངོས་གྲུབ་ཀུན༔ ལྷུན་གྱིས་གྲུབ་པའི་དབང་མཆོག་སྐུར༔ སྣོད་བཅུད་ཁྲག་འཐུང་ཧེ་རུ་ཀའི༔ རྟེན་དང་བརྟེན་པར་བྱིན་གྱིས་རློབས༔ ཨཱོྃ་སརྦ་ཤྲཱི་ཧེ་རུ་ཀཿམ་ཧཱ་སུ་ཁ་སིདྡྷི་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བྱིན་དབབ། ཧཱུྃ་ཧཱུྃ་ཧཱུྃ་གིས་བྱིན་བསྡུ། སྐོང་བཤགས་དང་ཚོགས་ཀྱི་མཆོད་པ་རྒྱ་ཆེར་སྤེལ། དེ་ལྟར་ཐུན་བཞིའམ་དྲུག་ཏུ་བཅད་ལ་བརྩོན་པས་བསྒྲུབ་བོ། །གསུམ་པ་རྗེས་ནི། རྩ་བར། འོད་དང་སྒྲ་དང་དྲི་བཟང་དང༔ བདེ་ཆེན་ཡེ་ཤེས་སྐྱེ་བ་སོགས༔ རྟགས་བྱུང་དངོས་གྲུབ་བླང་བར་བྱ༔ ཞེས་པ་ལྟར་གྲུབ་པའི་མཚན་མ་དགེ་བ་མཐོང་བའམ། ཞག་གྲངས་བདུན་ཕྲག་སོགས་དུས་ཀྱི་ངེས་པ་རྫོགས་ནས་དངོས་གྲུབ་ལེན་པའི་ཚུལ་ནི། ཐོག་མར་དངོས་གྲུབ་བསྐུལ་བའི་དོན་དུ་སྔགས་ཀྱི་མཐར། ཀཱ་ཡ་ཝཱཀ་ཙིཏྟ་སིདྡྷ་ཕ་ལ་ཧཱུྃ། ཞེས་བཏགས་པ་མང་དུ་བཟླས་མཐར། ཧོ༔ དཔལ་ཆེན་བདུད་རྩིའི་དཀྱིལ་འཁོར་ལྷ༔ ཡོན་ཏན་མཆོག་གི་རོལ་པའི་ཚོགས༔ རྡོ་རྗེའི་དམ་ཚིག་གཉན་པོ་ཡིས༔ ཐུགས་དམ་བསྐུལ་ཞིང་རྩེ་གཅིག་བསྒྲུབས༔ རྡོ་རྗེ་སྲིན་པོའི་ནམ་ལངས་ཤིང༔ ཡེ་ཤེས་འོད་གསལ་ཉི་ཟླ་འཆར༔ སྒྲིབ་མེད་ཏིང་འཛིན་རྩལ་རྫོགས་པས༔ དངོས་གྲུབ་འབྱུང་བའི་དུས་ལ་བབས༔ སྐུ་གསུང་ཐུགས་ཀྱི་ཕོ་བྲང་ནས༔ བདུད་རྩི་གསང་བའི་དབང་མཆོག་སྐུར༔ ཡོན་ཏན་ཕྲིན་ལས་རྨད་པོ་ཆེ༔ དངོས་གྲུབ་རྣམ་གཉིས་བསྩལ་དུ་གསོལ༔ ཞེས་ཐུགས་དམ་བསྐུལ་ཏེ། ཨཱོྃ་བོ་དྷི་ཙིཏྟ་ཀཱ་ཡ་ཝཱཀ་ཙིཏྟ་མ་ཧཱ་ས་མ་ཡ་ཧོཿ ཞེས་རིག་པའི་མེ་ཏོག་དོར། སྨན་གྱི་ཕོ་བྲང་རང་གི་སྤྱི་བོར་བླངས་ལ། ཧཱུྃ༔ རང་བྱུང་བདུད་རྩིའི་ཕོ་བྲང་ནས༔ ཁ་སྦྱོར་བདེ་ཆེན་ཧེ་རུ་ཀས༔ བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོས༔ གཉིས་མེད་མཉམ་པའི་དབང་མཆོག་སྩོལ༔ ཨཱོྃ་ཨཱཿཧཱུྃ་མ་ཧཱ་སུ་ཁ་སརྦ་པཉྩ་ཨ་མྲྀཏ་ཀཱཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ༔ སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་གནས་གསུམ་དུ་གཏུག །སློབ་མ་ཡོད་ནའང་དབང་བསྐུར། བདུད་རྩི་བདེ་བ་ཆེན་པོ་ཧེ་རུ་ཀཿརང་ལ་ཐིམ་པར་བསམ། ཨ་ཧོ་མ་ཧཱ་སུ་ཁ་ཧོཿ ཞེས་རྟོགས་པ་བརྗོད་ལ། བཛྲ་པྲ་བེ་ཤ་ཡ་ཕཊ་ཀྱིས་རྒྱ་བཀྲོལ། སརྦ་པཉྩ་ཨ་མྲྀཏ་ཨཱ་བེ་ཤ་ཡ་ཨཱཿ ཞེས་པས། བདུད་རྩིའི་དྭངས་མ་དཀར་དམར་མཐིང་བའི་འོད་ཀྱི་རྣམ་པས་རང་ལ་ཐིམ་པར་བསམ། ནང་མཆོད་དང་སྦྱར་ལ། རྡོ་རྗེའི་དམ་ཚིག་རྨད་པོ་ཆེ༔ རྩ་བརྒྱད་སྟོང་ལ་སྦྱར་བའི་བདུད༔ རྒྱུ་དྲུག་སྡུག་བསྔལ་འཇོམས་པའི་རྩི༔ རིགས་ལྔ་ཡེ་ཤེས་ལྔ་ཡི་དངོས༔ ཨཱོྃ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་སྨན་གྱི་ཆེ་བ་བརྗོད་དེ། སྨན་མཆོད་ཆོ་ག་སོ་སོའི་གཞུང་བཞིན་ཕུལ་བའི་རྗེས་སུ། བདུད་རྩི་སྙིང་པོ་ཅན་གྱི་དབུས། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡི་གེ་གསུམ་གྱི་རྣམ་པ་ཅན། །དམ་ཚིག་ཕྱག་རྒྱ་གཉན་པོས་བླངས། །སྔགས་མཐར། ཀཱ་ཡ་སིདྡྷི་ཨཱོྃ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ ཞེས་གནས་གསུམ་དུ་ཐིག་ལེ་བྱས་ལ་མྱང་ཞིང་སློབ་མ་ལའང་སྦྱིན། པྲ་བརྟག་ཅིང་ཚད་གཞལ་བ་སོགས་སྤྲོ་ན་འདིར་བྱ། ཆོ་གའི་རྗེས་ཀྱི་བྱ་བ་རྣམས་གཞུང་བཞིན་མཐའ་རྒྱས་སུ་བགྱིས་པས་ལེགས་པར་གྲུབ་བོ། །མཐོང་ཚོར་མྱོང་རེག་གིས་བསྡུས་འགྲོ། །རྣམ་མང་ཉེས་རྒུད་ལས་གྲོལ་ཏེ། །ཟུང་འཇུག་བདེ་ཆེན་མཆོག་སྒྲུབ་པའི། །ཆ་རྐྱེན་ཉིད་དུ་འདི་གྱུར་ཅིག །ཅེས་པའང་ཁྱབ་བདག་བླ་མ་ཨོ་རྒྱན་ཚེ་དབང་མཆོག་གྲུབ་དཔལ་འབར་གྱི་དགོངས་བཞེད་རྗེས་སུ་བསྒྲུབ་པའི་སླད་དུ། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གཏེར་གཞུང་རྩ་བའི་དགོངས་པ་མ་འཁྲུལ་བར་རིགས་མཐུན་གྱི་ངག་འདོན་ཁ་སྐོང་ཕྲན་བུས་བརྒྱན་ཏེ་འཇུག་བདེའི་ཁྲིགས་སུ་བསྡེབས་པ་སིདྡྷི་རསྟུ།། །།

མཆོག་གཏེར་རྫོགས་ཆེན་སྡེ་གསུམ་གྱི། །བཀའ་གཏེར་སྲུང་མའི་གཏོར་མའི་དཔེའུ་རིས་ (Volume 62, Text 84)




࿊ མཆོག་གཏེར་རྫོགས་ཆེན་སྡེ་གསུམ་གྱི། །བཀའ་གཏེར་སྲུང་མའི་གཏོར་མའི་དཔེའུ་རིས་བཞུགས། །རྒྱས་སྐབས་ལྷ་གྲངས་སོ་སོར་གཏོར་མ་བཅའ། །འབྲིང་པོར་མ་མོ་ཀུན་འདུས་དམར་གཏོར་ལ། །མདུན་དུ་མཁར་སྒོ་བྲིས་པར་དམ་ཅན་ཚང་། །དེ་སྟེང་རྒྱན་ལྔ་གཤོག་རྒོད་གཙོ་འཁོར་ལྔ། །མེ་རི་གསུམ་ནི་མ་མོ་མཆེེད་གསུམ་ཡིན། །མདུན་དུ་ལྷ་ལ་བཤོས་ཟླུམ་གཉིས་རྒྱན་ཅན། །གཡས་སུ་བཙན་ལ་ཟུར་གསུམ་རྒྱན་མེད་གཅིག །གཡོན་དུ་ཀླུ་ལ་སྦྲུལ་མགོ་སྔོ་དཀར་བྱ། །རྒྱུན་གཏོར་དམར་གཏོར་ལོགས་གསུམ་མཐེབ་ཀྱུ་རེ། །མདུན་དུ་སྒོ་རིས་རྩེ་མོར་མདིལ་རྩེ་གསུམ། །དེ་ལ་སྡེ་གསུམ་བཀའ་སྲུང་གཏེར་སྲུང་འདུས། །གཏེར་སློབ་མཁན་པོ་མ་ཏི་རཏྣ་ཡིས། །བཀའ་ཐུབ་གཞུང་གི་བྲག་ཕུག་ནང་དུ་བྲིས། །ཡང་ཟབ་བསྟན་པ་འཕེལ་རྒྱས་བཀྲ་ཤིས་ཤོག། །།

ཕྱི་སྐོར་བླ་མའི་བློས་བསླང་ཆོས་འཁོར་ཚུལ་དང་ལྟེ་བའི་ལྷ་གནས་བཅས་ཀྱི་དཔེ་རིས་ (Volume 62, Text 85)

དཀྱིལ་འཁོར་ཕྱོགས་ཀྱི་དབུས་ཀྱི་ཨིནྡྲ་ནཱི་ལའི་གྲུ་ཆད་སྟེང་སྣ་ཚོགས་པདྨ་འདབ་བརྒྱད་ཀྱི་ཟེའུ་འབྲུ་དམར་སེར་མཐོ་བའི་ཁར། ཁམས་གསུམ་གྱི་འདོད་ཆགས་དག་ པའི་བརྡར་པདྨ་དམར་པོ་སུམ་བརྩེགས་ཀྱི་སྟེང་ཞེ་སྡང་དག་པའི་ཉི་དཀྱིལ་གཏི་མུག་དག་པའི་ཟླ་དཀྱིལ་ལ་རང་རིག་བྱང་ཆུབ་ཀྱི་སེམས་བདེ་གཤེགས་སྙིང་པོ་ལས་ཤྲཱི་ སིཾ་ཧ་རང་འོད་ཀྱི་སྦས་ཡུམ་དཀར་མོ་གཡོན་དུ་བཞུགས་པའོ། །

སེམས་སྡེའི་རིག་འཛིན་ཉེར་བརྒྱད་རྩ་འདབ་ལ་སྒོམ་ཚུལ་གྱི་དཔེ་རིས་ (Volume 62, Text 86)

དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས་ཕྱི་སྐོར་སེམས་སྡེའི་རིག་འཛིན་ཉེར་བརྒྱད་རྩ་འདབ་ལ་སྒོམ་ཚུལ་གྱི་དཔེའུ་རིས། སྤྱི་བོ་བདེ་ཆེན་ནས་རྩ་འཁོར་བཞིའི་དབུས་སུ་རྡོར་སེམས་དཀར་དམར་མཐིང་སེར་བཞི།

མཆོག་གཏེར་རྫོགས་ཆེན་སྡེ་གསུམ་གྱི། ནང་སྐོར་ཡི་དམ་ཁྲོ་བོ་ཡི། དཀྱིལ་འཁོར་བསླང་ཐབས་དཔེའུ་རིས་ (Volume 62, Text 87)

༄༅། །མཆོག་གཏེར་རྫོགས་ཆེན་སྡེ་གསུམ་གྱི། ནང་སྐོར་ཡི་དམ་ཁྲོ་བོ་ཡི། དཀྱིལ་འཁོར་བསླང་ཐབས་དཔེའུ་རིས་བཞུགས།།

མཆོག་གཏེར་སྡེ་གསུམ་ནང་སྐོར་ཡི་དམ་ཁྲོ་བོ་མངོན་རྫོགས་རྒྱལ་པོའི་དཀྱིལ་འཁོར་བསྡུས་པའི་ལྷ་གནས་བཀོད་ཚུལ་གྱི་དཔེ་ཐོ་ (Volume 62, Text 88)

༄༅། །མཆོག་གཏེར་སྡེ་གསུམ་ནང་སྐོར་ཡི་དམ་ཁྲོ་བོ་མངོན་རྫོགས་རྒྱལ་པོའི་དཀྱིལ་འཁོར་བསྡུས་པའི་ལྷ་གནས་བཀོད་ཚུལ་གྱི་དཔེ་ཐོ་བཞུགས།། ࿊ རྒྱས་སྐབས་བཀའ་འདུས་དཀྱིལ་འཁོར་དགུ་སྦྲགས་དང་། མ་མོ་རོལ་པའི་དཀྱིལ་འཁོར་དགུ་སྦྲགས་བཤམས། འདི་དང་རྒྱས་བསྡུས་གསུམ་ཀར་སྟེང་དུ་སྔགས་ཀྱི་གསོ་སྦྱོང་གི་སྒྱུ་འཕྲུལ་ཞི་བའི་དཀྱིལ་འཁོར་བཀོད་དགོས།

ནང་སྐོར་ཁྲོ་བོའི་བསྙེན་དམིགས་སྐབས་ཐུགས་སྲོག་དང་སྔགས་ཕྲེང་ལུག་རྒྱུད་ཀྱི་དཔེ་རིས་ (Volume 62, Text 89)

࿊ སྟེང་ཟླ་བ་ཆེ་བ། འོག་ཉི་མ་ཆུང་བ་ཞལ་ཤེས་སོ།། ࿊ གཙོ་བསྙེན་ཁོ་ན་བཟླས་སྐབས་རྡོ་རྗེ་མཐིང་ ࿊ བསྙེན་དམིགས་བསྡུས་པའི་སྐབས་དཔལ་ཆེན་པོའི་ཐུགས་ ࿊ རྒྱས་སྐབས་གཙོ་བོའི་ཐུགས་ཀར་བསྒོམ་ཚུལ། ནག་རྩེ་ལྔ་དང་། དྲིལ་སྒྲུབ་གཙོ་དགུའི་སྐབས་ ཀར་རིན་ཆེན་ཟུར་བརྒྱད་ཉི་ཟླའི་གྭའུ་བསྒོམ་ཚུལ་དཔེའུ་རིས། རྩེ་དགུ་བསྒོམ་དགོས་པའང་ཤེས་པར་བྱའོ།། ࿊ ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་འཕྲོས་ཏེ། སྔགས་ཕྲེང་ལུ་གུ་རྒྱུད་ཀྱི་འདོ་ལེས་བཏེགས་ནས་ཡབ་ཀྱི་ཞལ་ནས་ཐོན། ཡུམ་གྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད་གསང་བའི་པདྨའི་ཟེའུ་འབྲུར་འཁོར། ཡབ་ཡུམ་གཉིས་ཀ་ལྷན་སྐྱེས་བདེ་བས་དགྱེས་པ་བསྐྱེད་ཅིང་། བདུད་རྩིའི་བཅུད་བསྡུས་ཏེ་དཔལ་ཆེན་པོའི་ཐུགས་སྲོག་ཧཱུྃ་ལ་ཐིམ་པར་བསྒོམ་པའི་དཔེའུ་རིས་ལགས། ࿊ བསྙེན་སྒྲུབ་སྐབས་སུ་གཏེར་སློབ་འདུལ་འཛིན་སྔགས་ཀྱི་རྣལ་འབྱོར་ལ་མོས་པ་ལམ་དུ་བྱེད་པ་༧ཀརྨ་རཏྣས་བཀོད་པའོ།།

ནང་སྐོར་ཀློང་སྡེའི་མཁའ་འགྲོའི་སྒྲུབ་རྟེན་ནང་དཀྱིལ་ལུས་ལ་བཀོད་པའི་ཙཀྲའི་དཔེའུ་རིས། (Volume 62, Text 90)

༄༅། །ནང་སྐོར་ཀློང་སྡེའི་མཁའ་འགྲོའི་སྒྲུབ་རྟེན་ནང་དཀྱིལ་ལུས་ལ་བཀོད་པའི་ཙཀྲའི་དཔེའུ་རིས། མེ་རི་གཡོན་སྐོར་ཁ་དོག་སྣ་ལྔ། རྡོར་ར་གཞི་ནག་པོ་ལ་རྡོ་རྗེ་དཀར་པོའམ་སེར་པོ། མུ་ཁྱུད་ཕྱི་མ་སེར། ནང་མ་དམར། ས་གཞི་ལྗང་། ཆོས་འབྱུང་ཁ་ཁྱེར་སྔོ་སྐྱ། ཆོས་འབྱུང་བསྣོལ་མ་མཐིང་ནག །འདབ་བཞི་སྣ་ཚོགས་པདྨ་ལྟེ་བ་སྔོ། ཕྱི་དཀྱིལ་རྡུལ་ཚོན་སྐབས་སུ། རྡོར་རའི་ནང་དུ་དུར་ཁྲོད་བརྒྱད་དང་། པདྨའི་ར་བ་གཞན་འདྲའོ།། ࿊ འཁོར་ལོའི་རྫས་ལ། བླ་མ་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་ཅུ་གང་སིནྡྷུ་ར་རྒྱ་མཚལ་དང་སྦྱར་བ་བྱུག །རབ་རྒྱལ་པོ་ལྟ་བུ་ལ་གསེར། འབྲིང་བློན་པོ་ལྟ་བུ་ལ་དངུལ། ཐ་མ་འབངས་ལ་རྒྱ་མཚལ་གྱིས་བྲིས།

སེམས་སྡེའི་ཉམས་ལེན་ཨ་དོན་རབ་གསལ་དང་། ཀློང་སྡེ་བརྡ་བཞིའི་ཉམས་ལེན་བདེ་གསལ་མི་རྟོག་རབ་འབར། མན་ངག་སྡེའི་ཉམས་ལེན་སྙིང་པོ་སྒྲོན་མ་རབ་གསལ། བོགས་འདོན་ཉམས་དབྱངས་བྱིན་རླབས་ཆར་འབེབ། བླ་མ་ཆོས་སྐུའི་དོན་ཁྲིད་སྙིང་པོ་སངས་རྒྱས་མཛུབ་ཚུགས། ཤྲཱི་སིཾ་ཞལ་གདམས་ཀྱི་དྲིས་ལན་བཅས་དཀྱུས་བཀོད་ (Volume 62, Text 91)

༄༅། །སེམས་སྡེའི་ཉམས་ལེན་ཨ་དོན་རབ་གསལ་བཞུགས་སོ། །སྡེ་གསུམ་སྤྱི་འདུས་སྐོར། ན་མོ་གུ་རུ་བཛྲ་སཏྭ་བྷྱཿ སེམས་སྡེའི་ཨ་དོན་ཉམས་སུ་ལེན་པ་ལ། གཞི་ཐིག་ལེ་མཐིང་ག་ཟླུམ་པོའི་དབུས་སུ་ཨ་ཡིག་དཀར་པོ་བྲིས་པ་མདུན་དུ་བཀོད། རང་ཉིད་བསམ་གཏན་གྱི་གདན་ལ་ལུས་གནད་བསྲང་སྟེ་འཁོད། མིག་ཨ་ཡིག་ལ་གཅེར་གྱིས་གཏད་ལ། ངག་ཏུ། སེམས་དང་པོ་སྐྱེ་བ་མེད་དོ་ཨ། བར་དུ་གནས་པ་མེད་དོ་ཨ། ཐ་མར་འགག་པ་མེད་དོ་ཨ། སྐྱེ་འགག་གནས་གསུམ་དང་བྲལ་ལོ་ཨ། ཞེས་བརྗོད་ལ་མིག་མ་སྦྲིད་ཀྱི་བར་དུ་བལྟ། མིག་བཙུམ་པའི་ཚེ་ཨ་བཀྲ་ལམ་མེ་མ་ཤར་བར་དུ་སྦྱང་། དེ་ནས་མིག་ནམ་མཁར་གཏད་དེ་ཡང་ཡང་སྒོམ། ཡང་ཨ་དེ་ལས་ཨ་གྲངས་མེད་པ་ནམ་མཁའ་ས་གཞི་བར་སྣང་གང་བར་དམིགས་ལ་ངག་ཏུ། སྣང་སྲིད་ཁྱབ་བརྡལ་ཆེན་པོ་ཨ། ཞེས་བརྗོད་ཅིང་བསྒོམ་པར་བྱའོ། །ཡང་ཨ་དེ་ཐམས་ཅད་རྩ་བའི་ཨ་གཅིག་པོ་ལ་བསྡུས་ཏེ་ངག་ཏུ། ཆོས་སྐུ་ཐིག་ལེ་ཉག་གཅིག་ཨ། ཞེས་བརྗོད་ཅིང་སྒོམ་མོ། །ལྟ་བའི་ཡུལ་མེད་དོ་ཨ། སྒོམ་པ་བློ་ལས་འདས་སོ་ཨ། སྤྱོད་པ་རྩིས་གདབ་དང་བྲལ་ལོ་ཨ། འབྲས་བུ་འོད་གསལ་སྙིང་པོའི་ཀློང་དུ་གྲོལ་ལོ་ཨ། ཞེས་བརྗོད་ལ་མིག་མི་འགུལ་བར་བར་སྣང་ལ་གཏད་དེ་བཞག་པས་བློ་བྲལ་གྱི་དོན་རྗེན་པར་འཆར་རོ། །རིག་འཛིན་དགའ་རབ་རྡོ་རྗེས་ཆོས་ཀྱི་དབྱིངས་ནས་རྡོ་རྗེ་སེམས་དཔའི་དྲུང་དུ་སེམས་ཉིད་འོད་གསལ་བའི་དུས་སུ༔ ང་ནི་མི་ཡི་རིག་འཛིན་དགའ་རབ་རྡོ་རྗེ་སྟེ༔ སེམས་ལ་བལྟ་བའི་ཡུལ་མེད་འཛིན་པ་རང་སར་དག༔ སྒོམ་པའི་བློ་དང་བྲལ་ནས་གསལ་དང་མི་གསལ་མེད༔ སྤྱོད་པ་ཅི་དགར་བཏང་བས་རེ་དོགས་རྩིས་གདབ་བྲལ༔ འབྲས་བུ་འོད་གསལ་སྙིང་པོའི་ཀློང་དུ་རང་བཞིན་གྲོལ༔ ཞེས་བརྗོད་ཅིང་མཉམ་པར་གཞག་གོ །ཡང་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་དུར་ཁྲོད་ཧེ་ཆེན་བརྡལ་དུ་མཆོད་རྟེན་ལ་སྐུ་རྒྱབ་བརྟེན་ཏེ་སྒྲུབ་པའི་ཚེ་སྲོད་ཀྱི་དུས་སུ་དགོངས་པ་རང་བྱུང་གི་གླུ་བླངས་པ་ནི༔ དགའ་རབ་རྡོ་རྗེའི་ཐུགས་སྲས་འཇམ་དཔལ་བཤེས་གཉེན་བདག༔ གདམས་ངག་སྒོམ་མཁན་མི་སྣང་འོད་གསལ་ཀུན་ལ་ཁྱབ༔ དེ་ཉིད་དམིགས་སུ་མ་མཆིས་དམིགས་ཡུལ་རྡུལ་ཙམ་མེད༔ སྟོང་ཉིད་ཀ་ནས་དག་ཀྱང་སྐུ་དང་ཡེ་ཤེས་གསལ༔ ཞེས་གསུངས་སོ། །ཞེས་རྡོ་རྗེའི་གླུ་བླངས་ཤིང་སེམས་ཉིད་བརྗོད་བྲལ་གྱི་གཤིས་ལུགས་ལ་བཟོ་བཅོས་རྩིས་གདབ་མེད་པའི་ངང་ནས་ཕཊ྄་བརྗོད་ལ། ཨ་ཡིག་མཁའ་ལ་འཇའ་ལྟར་ཡལ། །དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་པོ་ཐོབ་པར་ཤོག །ཅེས་དགེ་བ་བསྔོ་བས་རྒྱས་གདབ་བོ། །ཞེས་པའང་རི་རྒྱལ་གྱི་ཉམས་ལེན་ཆེད་དུ་ཆུ་ཡོས་ཧོར་ཟླ་ལྔ་པའི་ཚེས་བཅུ་ལ་གཏེར་སློབ་རཏྣས་བྲིས་པ་དགེ། །། ༄༅། །ཀློང་སྡེའི་བརྡ་བཞིའི་ཉམས་ལེན་བདེ་གསལ་མི་རྟོག་རབ་འབར་བཞུགས་སོ། །ན་མོ་གུ་རུ་པདྨ་ཀཱ་ར་ཡ། ཀློང་སྡེའི་བརྡ་བཞིའི་ཉམས་སུ་ལེན་པའི་ཚུལ། །དབང་ཐོབ་དམ་ལྡན་རྣལ་འབྱོར་པས། །བདེ་བའི་སྟན་འདུག་རླུང་རོ་བསལ། །སྨོན་འཇུག་བྱང་ཆུབ་སེམས་གཉིས་བསྐྱེད། །བླ་མར་མོས་གུས་གསོལ་བ་གདབ། །ཅེས་པ་ནི་སྔོན་དུ་འགྲོ་བའི་རིམ་པ་འོ།། །།གཉིས་པ་དངོས་གཞི་ནི། ལུས་རྣམ་སྣང་ཆོས་བདུན་དང་ལྡན་པས། དང་པོ་གསལ་བ་གནད་ཀྱི་བརྡ་ནི། དབང་པོ་མ་བཀག་པ་སྟེ་མིག་སྣ་རྩེའི་མཐོ་གང་ཙམ་གྱི་ཐད་ཀར་བལྟ། དེས་རྒྱུད་ལ་སེམས་ཉིད་རང་གི་ངོ་བོ་རང་གསལ་ཞིག་འོང་ངོ་། །གཉིས་པ་མི་རྟོག་པ་གནད་ཀྱི་བརྡ་ནི། དབང་པོ་མི་གཡོ་བ་སྟེ་མིག་གི་འབྲས་བུ་མི་གཡོ་མི་འགུལ་བར་བཞག །དེ་ལ་ཇི་ལྟར་འཆར་ན་སེམས་ཉིད་རང་གསལ་ཅི་ཡང་མི་རྒྱུ་བ་ཞིག་འོང་ངོ་། །དེ་ནི་གསལ་བ་ལ་སྟོང་པས་རྒྱས་ཐེབས་པ་ཞེས་བྱའོ། །གསུམ་པ་བདེ་བ་གནད་ཀྱི་བརྡ་ནི། འོག་རླུང་ཅུང་ཞིག་འཐེན། དེས་ནི་ལུས་པོ་ཡོད་དུ་མི་ཚོར་བའི་བདེ་ཉམས་སྐྱེ། བཞི་པ་དབྱེར་མི་ཕྱེད་པའི་བརྡ་ནི། ལྕེ་རྩེ་གང་དུའང་མི་རེག་ཅིང་དབང་པོ་མ་གཡོས་པར་བཞག་གོ །དེས་བདེ་གསལ་མི་རྟོག་པ་དབྱེར་མི་ཕྱེད་པ་ཉིད་ཀྱི་མཐའ་ལ་མི་གནས་པ་རྒྱུད་ལ་འཆར་རོ། །དེ་ཇི་ལྟ་བུ་ཞེ་ན་ངོ་བོ་ཅི་ཡང་མ་གྲུབ། རྒྱ་གང་དུའང་མ་ཆད། ཕྱོགས་གང་དུའང་མ་ལྷུང་བ་སྟེ། ཆོས་རྗེ་རང་བྱུང་རྡོ་རྗེས། རྒྱུ་ནི་སེམས་ཉིད་ཐོགས་མེད་ལ། །རྒྱ་ཆད་ཕྱོགས་ལྷུང་མ་མཆིས་ཀྱང། །ངོ་བོ་སྟོང་ལ་རང་བཞིན་གསལ། །རྣམ་པ་འགག་མེད་ཅིར་ཡང་འཆར། །ཞེས་གསུངས་པ་ལྟར་རོ། །དེ་ལྟ་བུ་བརྡ་བཞི་ལ་དགོས་པ་ཁྱད་པར་ཅན་ཡོད་དེ། རྫོགས་པ་ཆེན་པོ་ལས། མིག་མ་བཙུམ་པའི་རྣལ་འབྱོར་ནི། །རྣལ་འབྱོར་ཀུན་ལས་ཁྱད་པར་འཕགས། །སེང་གེའི་ལྟ་སྟངས་ཞེས་སུ་བརྗོད། །ཅེས་དང། ཀ་ར་ཎ་བཅིངས་ཡོན་ཏན་གྱིས། །སྲིད་པ་གསུམ་པོ་གཡོ་མི་འགྱུར། །བདེ་བའི་ལུས་ནི་ཡོད་མི་ཚོར། །བདེ་གསལ་མི་རྟོག་ཕ་མཐར་ཕྱིན། །ཅེས་དང་། གང་དུའང་ལུས་མི་ཚོར་བའི་བདེ་བ་དེ་ནི། ཟག་པ་མེད་པའི་བདེ་བ་འོ། །བླ་ན་མེད་པའི་བདེ་བ་འོ། །བདེ་བ་ཆེན་པོ་འོ། །ཞེས་བཤད་དོ། །གསུམ་པ་བློ་སྦྱོང་བ་དེ་ལྟ་བུའི་དོན་ཉམས་སུ་ལེན་པ་ལ། ཚུགས་པ་དྲུག་དང་ལྡན་དགོས་ཏེ། རྒྱལ་བ་རྒོད་ཚང་པས། ཕྱི་མཚམས་རི་ཁྲོད་དུ་སྡོད་ཚུགས་པ། ནང་མཚམས་སྤྱིལ་པོར་སྡོད་ཚུགས་པ། གསང་མཚམས་མལ་དུ་སྡོད་ཚུགས་པ། གཉིས་མེད་ལྟ་བའི་སྟེང་དུ་སྡོད་ཚུགས་པ། ཡེངས་མེད་སྒོམ་པའི་སྟེང་དུ་སྡོད་ཚུགས་པ། ཆགས་མེད་སྤྱོད་པའི་སྟེང་དུ་སྡོད་ཚུགས་པ་དྲུག་དང་ལྡན་པ་ཞིག་དགོས་སོ། །ཞེས་པའང་ཀརྨ་ལུང་རིགས་ཡར་འཕེལ་གྱི་མི་བརྗེད་ཐོར་མཁན་རཏྣས་བྲིས་པ་དགེ། །། ༄༅། །མན་ངག་སྡེའི་ཉམས་ལེན་སྙིང་པོ་སྒྲོན་མ་རབ་གསལ་བཞུགས་སོ། །ན་མོ་གུ་རུ་མ་ཧཱ་ནི་དྷི་པ་དཱ་ཡ། མན་ངག་སྡེའི་ཉམས་ལེན་སྙིང་པོ་ལ། གཞི་ཀ་དག །ལམ་ཁྲེགས་ཆོད། འབྲས་བུ་ཐོད་རྒལ་སྣང་བཞི་འཆར་ཚུལ་གཏན་ལ་དབབ་པ་ལ། སེམས་ཀློང་གཉིས་ཀྱི་དོན་ཁྲིད་ངོ་སྤྲོད་ལ་བརྟེན་ནས་ཀ་དག་གི་གནས་ལུགས་ཁྲེགས་ཆོད་སྒོམ་པའི་རྩལ་རྫོགས་ནས། མན་ངག་སྡེའི་ཁྱད་ཆོས་བོགས་འདོན་ཐོད་རྒལ་སྒོམ་པ་ལ། དང་པོ་སྒྲོན་མ་གཏན་ལ་དབབ་པ་ནི། དང་པོ་སྦྱང་གཞི་རྡོ་རྗེའི་ལུས་ལ། གཡས་རོ་མ་ལ་བདེ་བའི་ཡེ་ཤེས། གཡོན་རྐྱང་མ་ལ་གསལ་བའི་ཡེ་ཤེས། དབུས་ཨ་ཝ་དྷཱུ་ཏི་ལ་མི་རྟོག་པའི་ཡེ་ཤེས་འཆར་བའི་རྟེན་དང་། ཙིཏྟ་ཤ་ཡི་སྒྲོན་མ། དེ་ལ་གནས་པའི་དཀར་འཇམ་རྩའི་སྒྲོན་མ་ཀ་ཏི་ཤེལ་གྱི་སྦུ་གུ། རྒྱང་ཞགས་ཆུའི་སྒྲོན་མ་གསུམ་ནི་ནང་གི་སྒྲོན་མ་གསུམ། དབྱིངས་རྣམ་དག་གི་སྒྲོན་མ། ཐིག་ལེ་སྟོང་པའི་སྒྲོན་མ། ཤེས་རབ་རང་བྱུང་གི་སྒྲོན་མ་གསུམ་ནི་ཕྱིའི་སྒྲོན་མ་གསུམ། ཕྱི་ནང་གཉིས་བསྡོམས་པས་སྒྲོན་མ་དྲུག་གོ །རྒྱང་ཞགས་ལ་དབྱེ་ན་གསུམ། འབྱུང་བ་འདུས་པའི་རྒྱང་ཞགས་མིག་གི་དབང་རྟེན། དབང་པོ་འདུས་པའི་རྒྱང་ཞགས་དབང་ཤེས། ཡེ་ཤེས་འདུས་པའི་རྒྱང་ཞགས་འོད་རྩ་དྭངས་པའི་སྒོའོ། །དགུར་དབྱེ་ན་བར་དོ་དུས་ཀྱི་སྒྲོན་མ་བར་དོའི་འཆར་ཚུལ། མཐར་ཐུག་འབྲས་བུའི་སྒྲོན་མ་སྐུ་དང་ཡེ་ཤེས། དེ་གཉིས་ཤུགས་ལས་འབྱུང་བ་དང་། གནས་པ་གཞིའི་སྒྲོན་མ་གཞི་ལམ་འབྲས་གསུམ་དབྱེར་མེད་པའི་ཡེ་ཤེས་ཀུན་ལ་ཁྱབ་པ་དང་དགུའོ། །བཞིར་བསྡུ་ན། ཤེས་རབ་རང་བྱུང་གི་སྒྲོན་མ། རྒྱང་ཞགས་ཆུ་ཡི་སྒྲོན་མ། དབྱིངས་རྣམ་དག་གི་སྒྲོན་མ། ཐིག་ལེ་སྟོང་པའི་སྒྲོན་མ་དང་བཞི་སྟེ། རྗེ་ཤེས་རབ་འོད་ཟེར་གྱིས། ཤེས་རབ་རང་བྱུང་སྒྲོན་མའི་དབྱིངས་རུམ་ནས། །རྒྱང་ཞགས་སྒྲོན་མས་རིག་གདངས་སྒོ་ཕྱེ་ནས། །དག་དབྱིངས་སྒྲོན་མས་སྣ་ཚོགས་རྒྱན་བཀྲམ་སྟེ། །ཐིག་ལེ་སྟོང་སྒྲོན་ཞི་ཁྲོའི་དཀྱིལ་འཁོར་འཆར། །ཞེས་གསུངས་པ་ལྟར་རོ།། །།དེ་དག་གི་དོན་ཉམས་སུ་ལེན་པའི་ཚུལ་ལ་བཞུགས་སྟངས་གསུམ་དང་གཟིགས་སྟངས་གསུམ་གྱི་གནད་བཅུན་དགོས་པ་ཡིན་ཏེ། སེང་གེ་གླང་ཆེན་དྲང་སྲོང་ཚུལ། །ལྟ་སྟངས་ཟུར་དང་འོག་ཏུ་ཕབ། །ཅེས་གསུངས་པ་ལྟར་ལས། དང་པོ་ནི། ལག་བསྣོལ་རྐང་པའི་བར་དུ་བཞག །མིག་གཉིས་གཙུག་ཏོར་ཐད་དུ་བལྟ། །ཆོས་སྐུ་སེང་གེའི་ལྟ་སྟངས་ཀྱིས། །སྟོང་ཉིད་དབྱིངས་ལ་རྣམ་པར་སྦྱངས། །ཞེས་དང་། གཉིས་པ་གླང་ཆེན་ཚུལ་ནི། ཡན་ལག་བཞི་ནི་ས་ལ་ཕབ། །ལག་གཉིས་འགྲམ་སྐྱོར་ཨོག་མ་བཏེགས། །མིག་གཉིས་ཟུར་ལ་ཁྲིད་ནས་སུ། །ལོངས་སྐུ་གླང་པོའི་གཟིགས་སྟངས་ཀྱིས། །རང་གསལ་ཐིག་ལེ་རྩལ་ལ་སྦྱངས། །གསུམ་པ་དྲང་སྲོང་ཚུལ་ནི། ལག་གཉིས་པུས་མོར་འཁྱུད་ནས་སུ། །ཙོག་པུར་ལུས་བསྲང་ཐད་དུ་བལྟ། །སྤྲུལ་སྐུ་དྲང་སྲོང་གཟིགས་སྟངས་ཀྱིས། །ཟུང་འཇུག་རིག་པའི་རྩལ་ལ་སྦྱངས། །ཞེས་གསུངས་པ་ལྟར་བཞུགས་སྟངས་གཟིགས་སྟངས་གསུམ་གྱིས་རྩལ་སྦྱངས། གཞན་ཡང་ཉི་ཟླ་མར་མེ་མེ་ལོང་ལ་ཉི་འོད་ཕོག་པ་དང་གསལ་ཁུང་སོགས་ལ་གཏད་དེ་འཛིན་མེད་ཀྱི་ངང་ལ་བློ་སྦྱངས། རེས་འགའ་ཉི་མ་ལ་རྒྱབ་གཏད་དེ་སྤྲིན་མེད་པའི་ནམ་མཁའ་ལ་གཏད་དེ་ནམ་མཁའ་སུམ་ཕྲུགས་ཀྱི་གདམས་ངག་ཉམས་སུ་བླངས། ཉིན་མོ་ཉི་ཟེར་ལ་རྩལ་སྦྱོང་བས་མིག་ལ་གནོད་དུ་དོགས་ན་མཚན་མོ་ཟླ་ཟེར་ལ་ཡུན་རིང་དུ་བལྟ། གནམ་སྟོང་ལ་མིག་ལ་དྲུས་པའི་ཟན་གྱི་ཆངས་བུ་འབྲུ་གསུམ་གྱིས་བྱིན་བརླབས་ལ། དེ་བཞིན་གཤེགས་པ་བཞིའི་མཚན་དང་སམྦྷ་རས་བསྔོ་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་བསྔོ་སྨོན་བྱ། འཆར་ཚུལ་ཐོད་རྒལ་པའི་རིགས་ཅན་ལ་ངེས་པ་ཆེར་མེད་ཀྱང་། ནང་གི་རིག་པ་ཇི་ཙམ་བརྟན་ན་ཕྱིའི་འཆར་སྒོ་དེ་ཙམ་བརྟན་པས་དུས་རྒྱུན་མ་ཡེངས་པའི་ཉམས་ལེན་གལ་ཆེ། འཆར་ཚུལ་ལ། ཆོས་ཉིད་མངོན་སུམ་མཐོང་བའི་ཚེ། དབྱིངས་རྣམ་དག་ནང་ནས་ཐིག་ལེ་ཕྲན་བུ་དང་ལུ་རྒྱུད་ཕྲན་བུ་འཆར་ཡང་ཆེར་མི་བརྟན། ཉམས་གོང་འཕེལ་ལ། ཐིག་ལེ་ལྔ་ཚོམ་དུ་སྐུ་གཟུགས་ཡིན་ནམ་མིན་ནམ་བསམ་པ་འཆར། རིག་པ་ཚད་ཕེབས་ལ། ལྷ་སྐུ་སྤྱན་ཤངས་སོགས་བཀྲ་ལམ་མེར་ཤར་ཡང་དང་པོ་རྡོ་རྗེ་སེམས་དཔའ་སོགས་ཀྱི་ཕྱེད་སྐུ་ཞེས་སྐུའི་སྟོད་དང་། དེ་ནས་སྐུ་ཡོངས་རྫོགས། རྒྱལ་བ་རིགས་ལྔ་སོགས་དང་རང་གི་ལྷག་པའི་ལྷ་ཡི་དམ་གང་ཡིན་འཆར་ཞིང་ཤིན་ཏུ་བརྟན། ཆོས་ཉིད་ཟད་པའི་སྣང་བ་ལ། འཕེལ་ཁ་ཐམས་ཅད་རྫོགས་ནས་ཐིག་ལེ་དཀར་པོ་སྲན་མ་ཙམ་འཆར་བར་བཞེད། གཏེར་ཆེན་བླ་མས་ནཱ་རོ་བདུན་བརྩེགས་ཀྱི་རེ་ཁཱ་འཆར་བར་གསུངས། ༈ གོང་བཤད་ནམ་མཁའ་སུམ་ཕྲུགས་ཀྱི་གདམས་ངག་ནི། དབྱིངས་གསུམ་བསྲེ་བའི་གདམས་ངག་ལ། །ཕྱི་དབྱིངས་སྤྲིན་མེད་ནམ་མཁའི་དབྱིངས། །ནང་དབྱིངས་རང་སེམས་སྟོང་པའི་བབ། །གསང་དབྱིངས་རིག་པ་ལུ་གུ་རྒྱུད། །ནམ་མཁའ་སུམ་ཕྲུགས་གདམས་ངག་སྐབས། །ལུ་གུ་རྒྱུད་ལ་རིག་པ་གཏད། །རིམ་གྱིས་གཡོ་བ་བརྟན་ཅིང་དག །ཅེས་གསུངས་པ་ལྟར་རོ།། ༈ དེ་དག་གི་སྐབས་སུ་ཚད་བཞི་དང་ལྡན་པ་གཅེས་ཏེ། སྒྲོན་མ་སྣང་མཛད་ལས། བཞུགས་སྟངས།་་་རི་བོ་ཅོག་གཞག་ལྟ་བའི་ཚད། །མིག་མི་འགུལ་བ།་་་རྒྱ་མཚོ་ཅོག་གཞག་སྒོམ་པའི་ཚད། །དེར་འཛིན་མེད་པ།་་་སྣང་བ་ཅོག་གཞག་སྤྱོད་པའི་ཚད། །ཐ་མལ་གྱི་ཤེས་པ།་་་རིག་པ་ཅོག་གཞག་འབྲས་བུའི་ཚད། །ཚད་བཞི་ལྡན་པའི་རྣལ་འབྱོར་དེ། །ངེས་པའི་དོན་ལ་བློ་འདྲེས་པའོ། །ཞེས་གསུངས་པ་ལྟར། མི་འགུལ་བ་གསུམ་ལ་གཞི་བཅའ། སྡོད་པ་གསུམ་གྱིས་ཚད་གཟུང་། ཐོབ་པ་གསུམ་གྱིས་གཟེར་གདབ། གདེང་བཞིའི་གྲོལ་ཚད་དུ་བསྟན་པ་བཞི་ལས། དང་པོ་ནི། ལུས་མི་འགུལ་བ་བཞུགས་སྟངས་གསུམ་དང་། རྣམ་སྣང་གི་ཆོས་བདུན། མིག་མི་འགུལ་བ་གཟིགས་སྟངས་གསུམ། རླུང་རིག་མི་འགུལ་བ་དལ་ཞིང་བཅོས་བསླད་མེད་པས་དབྱིངས་སྣང་ལས་མི་འདའ་བའོ། །གཉིས་པ་སྡོད་པ་གསུམ་ནི། ཕྱི་སྣང་བ་སྡོད་པས་རྐྱེན་ངན་གྲོགས་སུ་འཆར། ནང་ཕུང་པོ་སྡོད་པས་འཁྲུལ་པའི་བྱ་བ་དང་བྲལ། གསང་བ་རླུང་སེམས་སྡོད་པས་རྣམ་རྟོག་རང་འགག་ཏུ་འགྲོ། གསུམ་པ་ཐོབ་པ་གསུམ་ནི། ཕྱི་སྣང་བ་ལ་དབང་ཐོབ་པས་སྣང་རྐྱེན་ཞིང་ཁམས་སུ་གྲོལ། ནང་སྒྱུ་ལུས་ལ་དབང་ཐོབ་པས་གདོས་བཅས་འོད་ལུས་སུ་གྲོལ། གསང་བ་རླུང་སེམས་ལ་དབང་ཐོབ་པས་ཉོན་མོངས་ཡེ་ཤེས་སུ་གྲོལ་ལོ། །བཞི་པ་གདེང་བཞིའི་གྲོལ་ཚད་ནི། ཡར་སངས་རྒྱས་ཐོབ་ཏུ་རེ་བ་དང། མ་འཐོབ་ཀྱི་དོགས་པ་དང་བྲལ་བ་སྟེ་ཡར་གྱི་གདེང་གཉིས། མར་འཁོར་བ་ལ་ལྷུང་གི་དོགས་པ་དང་། མི་ལྷུང་གི་རེ་བ་ལས་གྲོལ་བ་ནི་མར་གྱི་གདེང་གཉིས་ཏེ་བསྡོམས་པས་བཞིའོ། །བོགས་མོས་གུས་ཀྱིས་འདོན་པ་ནི། གསང་སྐོར་བླ་མ་རྣམས་ཀྱི་རྡོ་རྗེའི་གླུ་བླངས་ཤིང་ཉམས་བསྐྱང་ངོ་།། །། ༄༅། །བོགས་དོན་ཉམས་དབྱངས་བྱིན་རླབས་ཆར་འབེབ་བཞུགས་སོ། །ན་མོ་གུ་རུ་པདྨ་སམྦྷ་ཝཱ་ཡ། འོག་མིན་ཆོས་སྐུའི་ཞིང་ན་རིགས་དྲུག་གི་ཁྱབ་བདག །ཀུན་བཟང་རྡོ་རྗེ་འཆང་དབང་དྲིན་ཆེན་གྱི་བླ་མ། །སྙིང་ནས་དྲན་པས་གསོལ་འདེབས་ཐུགས་རྗེ་ཡིས་དགོངས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་ད་ལྟ་རང་སྩོལ་ཅིག །ངེས་པ་ལྔ་དང་ལྡན་པ་ལོངས་སྐུ་ཡི་ཞིང་ན། །རྒྱལ་ཚབ་སྟོན་པ་རིགས་ལྔ་དྲིན་ཆེན་གྱི་བླ་མ། །སྙིང་ནས་གསོལ་བ་འདེབས་སོ་ཐུགས་རྗེ་ཡིས་དགོངས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་ད་ལྟ་རང་སྩོལ་ཅིག །ཟངས་མདོག་དཔལ་གྱི་རི་བོ་མཁའ་འགྲོ་ཡི་གླིང་ན། །སློབ་དཔོན་པདྨ་འབྱུང་གནས་དྲིན་ཆེན་གྱི་བླ་མ། །སྙིང་ནས་གསོལ་བ་འདེབས་སོ་ཐུགས་རྗེ་ཡིས་དགོངས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་ད་ལྟ་རང་སྩོལ་ཅིག །པདྨས་ཡོངས་སུ་ཁེབས་པ་མཁའ་སྤྱོད་ཀྱི་ཞིང་ན། །རྒྱལ་སྲས་པདྨའི་མྱུ་གུ་དྲིན་ཆེན་གྱི་བླ་མ། །སྙིང་ནས་གསོལ་བ་འདེབས་སོ་ཐུགས་རྗེ་ཡིས་དགོངས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་ད་ལྟ་རང་སྩོལ་ཅིག །སྙིང་དབུས་དྭངས་མ་ལྔ་ལྡན་འོད་ལྔ་ཡི་ཀློང་ན། །བདེ་བར་གཤེགས་པའི་སྙིང་པོ་དྲིན་ཆེན་གྱི་བླ་མ། །སྙིང་ནས་གསོལ་བ་འདེབས་སོ་ཐུགས་རྗེ་ཡིས་དགོངས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་ད་ལྟ་རང་སྩོལ་ཅིག །ཙིཏྟ་ཤ་ཡི་སྒྲོན་མ་སེམས་ཉིད་ཀྱི་ཕོ་བྲང་། །དཀར་འཇམ་རྩ་ཡི་སྒྲོན་མ་ཀ་ཏི་ཡི་ཤེལ་སྦུག །རྒྱང་ཞགས་ཆུ་ཡི་སྒྲོན་མ་མིག་དབང་གི་འཆར་སྒོ། །དག་པ་དབྱིངས་ཀྱི་སྒྲོན་མ་འོད་ཁྱིམ་གྱི་ནང་ན། །ཐིག་ལེ་སྟོང་པའི་སྒྲོན་མ་ལྔ་ལྡན་གྱི་ཚོམ་བུ། །རང་བྱུང་རིག་པའི་སྒྲོན་མ་འགྱུར་མེད་དུ་བརྟན་ཅིང་། །ཆོས་ཉིད་རིག་པའི་རང་མདངས་མངོན་སུམ་དུ་མཐོང་ནས། །ཉམས་སྣང་ལྷ་སྐུའི་སྣང་བ་གོང་འཕེལ་དང་ཇེ་བརྟན། །རིག་གདངས་འཆར་སྒོ་མ་ལུས་ཚད་དུ་རང་ཕེབས་པས། །ཆོས་ཉིད་ཟད་པའི་སྣང་བ་ཡིད་དཔྱོད་དང་བྲལ་ནས། །སྐུ་གསུམ་ཡན་ལག་བདུན་ལྡན་མཐར་ཐུག་གི་འབྲས་བུ། །ཚེ་འདིར་མངོན་དུ་འགྱུར་ནས་མ་གྱུར་གྱི་འགྲོ་བ། །མཐར་ཐུག་བླ་མེད་ས་ལ་འགོད་ནུས་སུ་གྱུར་ཅིག །ཅེས་བོགས་འདོན་གྱི་ཉམས་མགུར་འདི་ལྟར་དགོས་ཞེས་རིགས་དབོན་ཀརྨ་ལུང་རིགས་ཡར་འཕེལ་བཟང་པོས་བསྐུལ་ངོར་གཏེར་སློབ་བན་རྒན་རཏྣས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །མངྒ་ལཾ།། །། ༄༅། །མན་ངག་སྡེ་གསང་སྐོར།་་་བླ་མ་ཆོས་སྐུའི་དོན་ཁྲིད་སྙིང་པོ་སངས་རྒྱས་མཛུབ་ཚུགས་བཞུགས། །ན་མོ་གུ་རུ། ངོ་བོ་སྟོང་པ་ཆོས་ཀྱི་སྐུ། །རང་བཞིན་གསལ་བ་ལོངས་སྤྱོད་རྫོགས། །ཐུགས་རྗེ་སྣ་ཚོགས་སྤྲུལ་པའི་གར། །དབྱེར་མེད་ངོ་བོ་ཉིད་སྐུར་འདུད། །བླ་མ་ཆོས་སྐུའི་དོན་གྱི་ཁྲིད། །སྙིང་པོ་སངས་རྒྱས་མཛུབ་ཚུགས་ལ། །དེ་ཡང་སེམས་ཞེས་པ་ནི་ཕྱི་ནང་གང་དུའང་དངོས་པོར་མ་གྲུབ་པ་ཟང་ཐལ་ལེ་བ། གཞི་ངོ་བོ་ཀ་ནས་དག་པ། རང་བཞིན་གསལ་བ་ལྷུན་གྲུབ། ཐུགས་རྗེ་སྣ་ཚོགས་ཅིར་ཡང་སྣང་བ། དེ་དག་མ་བཅོས་བྱར་མེད་ཀྱི་ངང་དུ་མཉམ་པར་བཞག་པའི་ཚེ་ཅི་ཡང་མི་སེམས་པ་སྟོང་སང་ངེ་བ་དེ་ནི་ངོ་བོ་སྟོང་པ་ཆོས་ཀྱི་སྐུའོ། །ཉམས་སུ་མྱོང་བ་བརྗོད་མི་ཤེས་པ་ལོངས་སྐུ། ཡུལ་ལ་དབང་པོས་མཚམས་སྦྱར་ནས་རྟོག་ཚོགས་ཅིར་ཡང་སྣང་བ་ནི་ཐུགས་རྗེ་སྣ་ཚོགས་སྤྲུལ་པའི་སྐུ་སྟེ། འདི་ནི་ངོ་རང་ཐོག་ཏུ་འཕྲོད་ཅིང་སྐུ་གསུམ་དུ་ལ་བཟླ་བ་སྟེ་ཐག་གཅིག་ཐོག་ཏུ་གཅོད་པའོ། །སེམས་དང་རིག་པའི་ཤན་འབྱེད་ཅིང་གདེང་གྲོལ་ཐོག་ཏུ་བཅའ་བ་ནི། དཔེར་ན་རིག་པ་ནི་ནམ་མཁའ་སྟོང་པ་ལྟ་བུ། སེམས་ནི་སྤྲིན་དང་ན་བུན་འཇའ་ཚོན་ལྟ་བུ་གཞི་མེད་རྩ་བྲལ་རིག་པའི་ཀློང་དུ་ཐིམ་པའི་གྲོལ་བའི་རང་བཞིན་ཤེས་པར་བྱའོ། །དེ་ལྟ་བུའི་ལྟ་སྒོམ་སྤྱོད་འབྲས་ནི། ཨོ་རྒྱན་ཆེན་པོས། ལྟ་བ་རང་ལུགས་ངང་དུ་གཞག །སྒོམ་པ་བྱར་མེད་ངང་དུ་གནས། །སྤྱོད་པ་སྤང་བླང་བྲལ་བ་ཡིན། །འབྲས་བུ་རེ་དོགས་མེད་པར་འགྲུབ། །ཅེས་གསུངས་པ་ལྟར་རོ། །གཅེར་མཐོང་རང་གྲོལ་ལས། སྔར་རྗེས་མི་གཅད་འདས་པའི་འདུ་ཤེས་དོར། །ཕྱི་སྔོན་མི་བསུ་ཡིད་ཀྱི་འབྲེལ་ཐག་གཅད། །ད་ལྟ་འཛིན་མེད་ནམ་མཁའི་ངང་ལ་གཞག །སྒོམ་དུ་མེད་ཅིང་ཅི་ཡང་མི་སྒོམ་ཞིང་། །ཡེངས་སུ་མེད་ཅིང་ཡེངས་མེད་དྲན་པ་བརྟན། །སྒོམ་མེད་ཡེངས་མེད་ངང་ལ་གཅེར་གྱིས་ལྟོས། །རང་རིག་ཤེས་པ་རང་གསལ་ལྷང་ངེ་བ། །ཤར་བ་དེ་ནི་བྱང་ཆུབ་ཅེས་བྱ་འོ། །ཞེས་གསུངས་པ་ལྟར། སེམས་ཉིད་མ་བཅོས་གནས་ལུགས་ཀྱི་རང་ངོ་སྐྱོང་བའི་ཚུལ་ལ། གསལ་བ་གཙོ་བོར་སྟོན་པ་སེམས་སྡེ། སྟོང་པ་གཙོ་བོར་སྟོན་པ་ཀློང་སྡེ། ཟུང་འཇུག་གཙོ་བོར་སྟོན་པ་མན་ངག་གི་སྡེ་ཞེས་ཡོངས་སུ་གྲགས་ཀྱང་། མཉམ་གཞག་ཉམས་ལེན་གྱི་སྐབས་སུ། གསལ་སྟོང་སེམས་ཉིད་ཀྱི་ངང་དུ་འཇོག་པ་སེམས་སྡེ། རིག་སྟོང་ཆོས་ཉིད་ཀྱི་ཀློང་དུ་འཇོག་པ་ཀློང་སྡེ། ཆོས་ཉིད་བྱ་རྩོལ་དང་བྲལ་བའི་ངང་ལ་བཞག་པ་མན་ངག་སྡེ་ཞེས་གསུངས་ལ། དང་པོ་བལྟ་བྱའི་ཡུལ་དང་། གཉིས་པ་ལྟ་བྱེད་རིག་པའི་ངང་ལ། གསུམ་པ་བལྟ་བྱ་ལྟ་བྱེད་ཀྱི་བྱ་རྩོལ་དང་བྲལ་བའི་ངང་ལ་གཞག་པའོ། །རིག་འཛིན་ཤྲཱི་སིང་ཧའི་སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་གསུམ་ནི། དང་པོ་ཐུག་སར་གཏུགས། བར་དུ་གཞག་སར་ཞོག །ཐ་མ་འགྲོ་སར་ཐོངས། ཞེས་པའི་དོན། དང་པོ་ལྟ་བའི་ཕུ་ཐག་ཆོད་ཅིང་སྒོམ་པ་ཉམས་མྱོང་དང་ལྡན་པའི་སློབ་དཔོན་མཁས་པ་ལ་གཏུགས་ནས། སེམས་བྱུང་གནས་འགྲོ་གསུམ་གྱི་རྩད་བརྡར་བཅད་དེ་ཞུ་གཏུག་བྱེད། གཉིས་པ་གཞག་སར་འཇོག་པ་ནི། གང་ཤར་ལ་སྤང་བླང་བཟོ་བཅོས་མེད་པར་གཞག་གོ །གསུམ་པ་འགྲོ་སར་གཏོང་བ་ནི། ཉམས་སུ་མྱོང་བའི་རྗེས་ཏིང་ངེ་འཛིན་གྱི་རོ་ལ་ཞེན་འཛིན་མེད་པར་གཏོང་བའོ། །དེ་ལྟ་བུའི་དོན་ལ་ཧྲིལ་གྱིས་དྲིལ་ཏེ་འཆི་ཁ་མི་འགྱོད་པ་རང་གིས་རང་མ་ཁྲེལ་བ་ཞིག་དགོས་པ་ཡིན་ཏེ། རྗེ་མི་ལ་རས་པས། ང་མི་ལ་རས་པའི་ཆོས་ལུགས་ལ། །མི་མེད་ལུང་པའི་བྲག་ཕུག་ཏུ། །བླ་མའི་གདམས་ངག་རྩེ་གཅིག་སྒོམ། །འཆི་ཁ་འགྱོད་པ་མེད་པ་དང་། །རང་གིས་རང་ལ་མ་ཁྲེལ་བ་འོ། །ཞེས་དང་། ཆོས་རྗེ་ཡང་དགོན་པས། འཆི་བ་སྙིང་ཟུག་གི་དབེན་གནས་སུ། །ཞེན་པ་གཏིང་ལོག་གི་སྒྲུབ་པ་པོས། །ཚེ་འདི་བློས་བཏང་གི་སྒྲུབ་མཚམས་བཅད། །སེམས་ཆོས་བརྒྱད་ཀྱི་མི་ལ་ཐུག་ཕྲད་མེད། །ཅེས་གསུངས་པ་ལྟར་རོ། །དེ་ཡང་གྲུབ་བརྙེས་རིག་འཛིན་གོང་མ་རྣམས་ཀྱི་ཞལ་སྔ་ནས། ཚིག་ཤེས་པ་ལ་ཚིག་ཁྲིད། དོན་ཤེས་པ་ལ་དོན་ཁྲིད། ཉམས་མྱོང་སྐྱེ་བ་ལ་སྒོམ་ཁྲིད། མཐར་ཕྱིན་པ་ལ་འབྲས་བུའི་ཁྲིད་དགོས་པ་ཡིན། འཁྲུལ་སྣང་དུ་གཏེར་ཆེན་བླ་མའི་ཞལ་ནས། ད་མགར་རིན་པོ་ཆེ་ལ་ང་རང་གིས་གནམ་ཆོས་རྫོགས་ཆེན་གྱི་ཁྲིད་ཞུ་གི་ཡོད་པ་དང་ལྷན་ཅིག་ཏུ་ཞུ་དགོས་གསུངས་སྣང་ཤར། ཞེས་པ་འདིའང་དགེ་བྱེད་ཆུ་སྟག་ལོའི་ཆུ་སྟོད་ཟླ་བར་རྫོགས་ཆེན་སྡེ་གསུམ་གྱི་དབང་ལ་ཙཀ་ལི་ཅི་དགོས་སོགས་དཔྱད་ཅིང་དཔེ་ཆ་མཇལ་ནས་མི་བརྗེད་ཐོ་བྲི་བའི་སྐབས། དཀར་ཕྱོགས་ཀྱི་བཟང་པོ་གསུམ་པའི་ཐོ་རངས་སུ་༧སྐྱབས་མགོན་གཏེར་ཆེན་རྡོ་རྗེ་འཆང་གི་ཞལ་སྔ་ནས་བླ་མ་ཆོས་སྐུའི་དོན་ཁྲིད་གནང་གསུངས་ནས་ཁྲིད་རིམ་རྒྱས་པར་གནང་བ་རྨིས་པས། ཕྱིར་ནངས་ཚེས་བཅུ་གསུམ་དང་བཅུ་བཞི་ལ་བློ་ནས་གང་དྲན་བག་ཆགས་དགེ་ཕྱིར་གཏེར་སློབ་བན་རྒན་ཀརྨ་རཏྣས་བྲིས་པ་མི་ཆོས་བླ་མའི་རྫུན་དུ་འགྱུར་ན་རྩ་བ་གསུམ་གྱི་ལྷ་ལ་བཤགས་ཤིང་རྣམ་དཀར་དགེ་བའི་ས་བོན་མཆིས་ན་མ་རྒན་འགྲོ་བ་སེམས་ཅན་གྱི་དོན་དུ་བསྔོ་ཞིང་། མཆོག་གཏེར་ཟབ་གསང་རྫོགས་པ་ཆེན་པོའི་རིང་ལུགས་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ་བྷ་ཝནྟུ།། །། ༄༅། །སངས་གླིང་བཀའ་ཐང་གི་ཤྲཱི་སིཾ་ཧའི་ཞལ་གདམས་ཀྱི་དྲིས་ལན་ཉུང་ངུ་རྣམ་གསལ་བཞུགས་སོ། །ཤྲཱི་སིཾ་ཧའི་ཞལ་གདམས་ཀྱི་དོན་ལ། གང་ཤར་མ་ཞེན་གང་ཤར་མ་ཞེན་ཅིག་གཉིས་ནི། ཕྱི་གཟུང་བའི་ཡུལ་ནང་འཛིན་པའི་སེམས་གཉིས་ལ་རྣམ་རྟོག་བཟང་ངན་གང་ཤར་ལ་ཞེན་པ་མ་ཞུགས་ཅིག་ཞེས་པའི་དོན་ཏེ། སེམས་སྣང་བས་ནི་མི་འཆིང་ཞེན་པས་འཆིང་། །ཞེན་པ་འདི་དུག་གི་རོ་ལྟར་སྤོངས། །ཞེས་སོ། །མ་ཤར་མ་ཤར་གཉིས་ནི། མ་འཁྲུལ་པའི་ཤེས་པ་གཏད་མེད་དེ། ཏཻ་ལོ་པས། སེམས་ལ་གཏད་སོ་མེད་ན་ཕྱག་ཆེན་ཡིན། །འདི་ལ་གོམས་ཤིང་འདྲིས་ན་བྱང་ཆུབ་ཐོབ། །ཅེས་སོ། །ཤར་ཤར་ཞེས་པ་གཉིས་ནི། འགྱུར་མེད་ཡོངས་གྲུབ་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་སོ་སོ་རང་གིས་རིག་པའི་སྤྱོད་ཡུལ་དུ་གྱུར་པ། ཤར་མ་ཞེན་ཞེས་པ་ནི། ཆོས་རྗེ་འཇིག་རྟེན་གསུམ་གྱི་མགོན་པོས། ཆེན་པོ་གསུམ་གྱིས་མ་རེག་རྟོག་པའི་མཆོག །ཅེས་གསུངས་པ་ལྟར། གཞི་དབུ་མ་ཆེན་པོ། ལམ་ཕྱག་རྒྱ་ཆེན་པོ། འབྲས་བུ་རྫོགས་པ་ཆེན་པོ་སྟེ། ཆེན་པོ་གསུམ་གྱིས་ཀྱང་མ་རེག་པ་དེ་ནི་རྟོགས་པའི་མཆོག་ཡིན་ནོ། །ཞེས་གསུངས་པ་དེའོ། །ཤར་གྲོལ་དུས་མཉམ་ཤར་གྲོལ་དུས་མཉམ་མོ༔ ཞེས་པ་གཉིས་ནི། སྒོམ་རབ་ལ་རྣམ་རྟོག་སྒོམ་དུ་ཤར་བ་རྣམ་རྟོག་ངོ་བོ་ཆོས་སྐུར་གསུངས་པ་དེའོ། །སྟོང་སྟོང་གཉིས་ནི། ཐག་ཁྲའི་སྦྲུལ་ལྟར་མེད་སྣང་གློ་བུར་བ། མི་སྟོང་མི་སྟོང་རྣམ་པར་སྟོང་ནི། མ་ཡིན་དགག་བླ་མེད་ཆོས་ཀྱི་གནས་ལུགས་མཐར་ཐུག་པ་ཡིན་ཏེ། རྒྱུད་བླ་མ་ལས། གློ་བུར་དག་གི་ཁམས་སྟོང་གི །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་གསུངས་པ་ལྟར་རོ། །མ་འགགས་མ་འགགས་ནི་སྐུ་དང་ཡེ་ཤེས། འགག་འགག་ནི་གཉིས་འཛིན་གྱི་འཁྲུལ་སྣང་། འགག་པ་མེད་ནི་རང་བྱུང་ལྷུན་གྲུབ་ཀྱི་ཆོས་རྣམས། ཡེ་སྟོང་ཡེ་སྟོང་རྣམ་སྟོང་རྣམ་པར་སྟོང་ནི། ཡེ་གདོད་མ་ནས་དངོས་པོར་གྲུབ་མ་མྱོང་བ་གཞི་མེད་རྩ་བྲལ་འཁོར་འདས་ཀུན་ཁྱབ་བོ། །སྟེང་འོག་བར་མཚམས་ཕྱོགས་མེད་ཀུན་ཤར་འདི་ནི། ཆོས་ཉིད་རིས་མེད་སྲིད་ཞི་ཀུན་ཁྱབ་ཀྱི་ཡེ་ཤེས་སོ། །ཞེས་པ་བཀྲ་ཤིས་ཟུར་མང་གླིང་གི་དགེ་སློང་ཀརྨ་ཚེ་བརྟན་གྱིས་བསྐུལ་ངོར། མཁན་པོ་འབར་བ་ཆེན་པོས་བཀའ་བཀྱོན་དང་བཅས་ཏེ་བྲིས་པའི་ཡི་གེ་པ་ནི་ཞུ་བ་པོ་ཉིད་ཀྱིས་བགྱིས་པ་འགྲོ་རྣམས་བདུད་བཞིའི་གཡུལ་ལས་རྒྱལ་ཞིང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མངའ་བརྙེས་པར་གྱུར་ཅིག །བི་ཛ་ཡནྟུ།། །།

རྫོགས་པ་ཆེན་པོ་སྡེ་གསུམ་ལས། ཕྱི་སྐོར་སེམས་སྡེའི་རིག་འཛིན་ཉེར་བརྒྱད་ལུས་དཀྱིལ་ལྷ་ཡི་གསལ་བྱེད་ (Volume 62, Text 92)

༄༅། །རྫོགས་པ་ཆེན་པོ་སྡེ་གསུམ་ལས། ཕྱི་སྐོར་སེམས་སྡེའི་རིག་འཛིན་ཉེར་བརྒྱད་ལུས་དཀྱིལ་ལྷ་ཡི་གསལ་བྱེད་བཞུགས། ། སྡེ་གསུམ་ཕྱི་ནང་གཉིས་སྐོར། ན་མོ་གུ་རུ། སྤྱི་བོ་བདེ་ཆེན་འཁོར་ལོའི་རྣམ་ཤེས་འཇུག་ཡུལ་རྩ་འདབ་བཞིའི། ཤར་དུ་རྒྱལ་པོ་ཛཿའམ་ཆོས་རྒྱལ་ལུང་བསྟན་རྡོ་རྗེ་རྒྱལ་པོའི་ཆས་ཅན་གཡས་ཆོས་འཆད་གཡོན་གླེགས་བམ། ལྷོར་ལྷ་དབང་བརྒྱ་བྱིན་དཀར་པོ་ལྷའི་ཆས་ཅན་གཡས་ཕ་ལམ་ལས་གྲུབ་པའི་རྡོ་རྗེ་དཀར་པོ་གཡོན་སྡིགས་མཛུབ། ནུབ་ཏུ་གནོད་སྦྱིན་སྐར་མདའ་གདོང་གསེར་མདོག་རིན་ཆེན་རྒྱན་དང་དར་ཤམ་ཤ་རྒྱས་གསུས་ཁྱིམ་ཆེ་བ་གཡས་སྐྱབས་སྦྱིན་གཡོན་ནོར་བུ། བྱང་དུ་སྲིན་པོ་བློ་གྲོས་ཐབས་ལྡན་དམར་སྨུག་ཞི་མ་ཁྲོ་རལ་པ་དམར་སེར་ཞོལ་པོ་སྟག་ཤམ་དར་འཕྱང་ཅན་ཕྱག་གཉིས་བཻ་ཌཱུརྻའི་གླེགས་བམ་འཛིན་པ། བཞི་ཀ་ཞབས་སེམས་སྐྱིལ་ལོ། །མགྲིན་པ་ལོངས་སྤྱོད་འཁོར་ལོའི་ཚོགས་བརྒྱད་གནས་དག་རྩ་འདབ་བརྒྱད་ཀྱི། ཤར་དུ་དགའ་རབ་རྡོ་རྗེ་དཀར་པོ་དབུ་ལ་གཙུག་ཏོར་ཆོས་གོས་རྣམ་གསུམ་ཕྱག་གཉིས་ཆོས་འཁོར་ཕྱག་རྒྱ་ཞབས་རྡོར་སྐྱིལ། ལྷོར་པད་འབྱུང་ཐེག་དགུའི་ཆས་སྤྱི་ལྟར་རྡོ་རྗེ་ཐོད་པ་ཚེ་བུམ་ཁ་ཊྭཱཾ་བཅས། ནུབ་ཏུ་སློབ་དཔོན་འཇམ་དཔལ་བཤེས་གཉེན་པཎ་ཞྭ་ཆོས་གོས་ཕྱག་གཉིས་པདྨ་ལ་གནས་པའི་རལ་པོད་ཞབས་ཕྱེད་སྐྱིལ། བྱང་དུ་བི་མ་མི་ཏྲ་དཀར་ལྗང་པཎ་ཞྭ་དམར་པོ་རྩེ་སྨྱུག་ཤ་འགག་སྔོན་པོ་ཆོས་གོས་རྣམ་གསུམ་གཡས་ཆོས་འཆད་གཡོན་མཉམ་གཞག་གིས་བདུད་རྩིས་བཀང་བའི་ཐོད་པ་ཞབས་རྡོར་སྐྱིལ། ཤར་ལྷོར་རྒྱལ་པོ་དྷ་ན་ཧ་ཏེ་ལོ་རྒྱལ་པོའི་ཆས་ཕྱག་མཉམ་གཞག །ལྷོ་ནུབ་ཏུ་རྒྱལ་སྲས་རཱ་ཛ་ཧསྟི་རྒྱལ་སྲས་གཞོན་ནུའི་ཚུལ་དར་གོས་རིན་ཆེན་རྒྱན་ལྡན་ཕྱག་གཉིས་ཐར་སྦྱར། ནུབ་བྱང་དུ་སྲས་མོ་གོ་མ་སཱ་ར་བཙུན་མོའི་ཆས་ཕྱག་གཉིས་ཁྲུས་བུམ་སྟེ་སྤྱི་བླུགས། བྱང་ཤར་དུ་ཀླུ་རྒྱལ་བྱང་སེམས་དཀར་པོ་སྦྲུལ་གྱི་གདེངས་ཀ་བདུན་ལྡན་འཕང་དུ་སྦྲུལ་མཇུག་དར་དང་རིན་པོ་ཆེའི་རྒྱན་ལྡན་ཞབས་རོལ་སྟབས་ཕྱག་གཉིས་ཤེལ་གྱི་མཆོད་སྡོང་ངོ་། །སྙིང་ག་ཆོས་ཀྱི་འཁོར་ལོའི་ཡུལ་བརྒྱད་དག་པའི་རྩ་འདབ་བརྒྱད་ཀྱི་ཤར་དུ་རྒྱལ་པོ་ཀུ་ཀུ་རཱ་ཛ་རྒྱལ་པོའི་ཆས་ཕྱག་གཉིས་རིན་པོ་ཆེའི་བགྲང་ཕྲེང་། ལྷོར་ཀླུ་སྒྲུབ་དབུ་ལ་གཙུག་ཏོར་ཅུང་ཟད་འབུར་བ་ཆོས་གོས་དམར་སེར་ཐང་ཤམ་སྔོན་པོ་ཕྱག་གཉིས་ཆོས་འཆད་མཉམ་གཞག །ནུབ་ཏུ་ཀུ་ཀུ་སིདྡྷི་ཕྱི་མ་གཅེར་བུ་ཨང་རག་སྒོམ་ཐག་ཅན་ཕྱག་མཉམ་གཞག་དབུ་སྐྲ་ཅོ་རེག །བྱང་དུ་གནོད་སྦྱིན་བུ་མོ་བྱང་ཆུབ་མ་རིན་པོ་ཆེའི་གཙུག་ཕུད་ཅན་དར་དང་རིན་ཆེན་རྒྱན་ལྡན་སྐུ་མདོག་སྔོ་སངས་ཕྱག་གཉིས་རིན་ཆེན་སྒྲོམ་བུ། ཤར་ལྷོར་འཇམ་དཔལ་བཤེས་གཉེན་ཕྱི་མ་རྒྱ་གར་པཎ་ཆེན་ཆས་པཎ་ཞྭ་ཕྱག་གཉིས་གླེགས་བམ། ལྷོ་ནུབ་ཏུ་མཁའ་འགྲོ་བུདྡྷ་མ་ཏི་དཀར་མོ་དར་དང་རིན་ཆེན་རྒྱན་ལྡན་མཛེས་ཤིང་སྒེག་པ་ཕྱག་གཉིས་གར་རྒྱ། ནུབ་བྱང་དུ་མཁས་པ་ཨཱརྻ་པཱ་ལོ་དགེ་སློང་ཆས་པཎ་ཞྭ་ལེབ་ཆག་ཕྱག་གཉིས་མཉམ་གཞག །བྱང་ཤར་དུ་ཨོ་རྒྱན་མཁན་པོ་དྷ་ཧི་ཏ་དགེ་སློང་ཆས་ཕྱག་གཉིས་ས་གནོན་དབུ་ཞྭ་མེད་པའོ། །ལྟེ་བ་སྤྲུལ་པའི་འཁོར་ལོའི་འཛིན་བྱེད་དག་པའི་རྩ་འདབ་བརྒྱད་ཀྱི་ཤར་དུ་དྲང་སྲོང་བི་ཤྭ་ཏི་སྐུ་མདོག་སྔོ་སངས་དབུ་སྐྲ་ནག་པོ་ཐོར་ཚུགས་བཅིངས་པ་རས་གཟན་དཀར་པོ་ཅན་ཕྱག་གཡས་ཤིང་འབྲས་དང་གཡོན་བཅུད་ལེན་རིལ་བུས་བཀང་བའི་བྷནྡྷ། ལྷོར་སྲས་མོ་གོ་མ་དེ་ཝཱི་མཁའ་འགྲོའི་ཆ་ལུགས་ཐོར་ཚུགས་རུས་རྒྱན་དར་ཤམ་ཕྱག་གཉིས་རྡོར་དྲིལ། ནུབ་ཏུ་མཁན་པོ་རབ་སྣང་མཛད་དགེ་སློང་བགྲེས་ཚུལ་ཨག་ཚོམ་ཅན་ཕྱག་གཉིས་མཉམ་གཞག་གིས་ནོར་བུ། བྱང་དུ་རྒྱལ་པོ་དེ་བ་རཱ་ཛ་རྒྱལ་པོའི་ཆས་གཡས་སྐྱབས་སྦྱིན་གཡོན་གསེར་འཁོར། ཤར་ལྷོར་རྒྱལ་པོ་དྷརྨ་རཱ་ཛ་རྒྱལ་པོའི་ཆས་ཕྱག་གཉིས་ཀྱིས་པི་ཝཾ་རྡུང་བ། ལྷོ་ནུབ་ཏུ་སངས་རྒྱས་སྦས་པ་རྣལ་འབྱོར་པའི་ཆ་ལུགས་གཅེར་བུ་སྒོམ་ཐག་རྣམ་སྣང་ཆོས་བདུན་ལྡན་པས་རླུང་གཟུང་བ། ནུབ་བྱང་དུ་བཻ་རོ་ཙ་ན་པཎ་ཞྭ་རྣ་རིང་བོད་ཀྱི་དགེ་སློང་ཆས་ཕྱག་གཉིས་མཉམ་གཞག །བྱང་ཤར་དུ་ཡེ་ཤེས་མཚོ་རྒྱལ་དབུ་སྐྲ་ལྟག་པར་བཅིངས་པ་ནང་གོས་དམར་པོའི་སྟེང་དུ་རྔུལ་གཟན་ལྗང་གུ་ཅན་ཕྱག་གཡས་ཕུར་པ་འཕྱར་བ་གཡོན་བགྲང་ཕྲེང་། གོང་དུ་བཞུགས་ཚུལ་མ་བཤད་པ་ཐམས་ཅད་ཞབས་ཕྱེད་སྐྱིལ་དང་། ཐམས་ཅད་པདྨ་ཉི་ཟླའི་གདན་ལ་བཞུགས་པའོ། །རྩ་འཁོར་བཞིའི་དབུས་སུ་རྡོར་སེམས་དཀར་དམར་མཐིང་སེར་བཞི་བསྒོམ་དགོས། རྩ་འདབ་ཀྱི་ལྷ་རྣམས་དབུས་ཀྱི་རྡོར་སེམས་ལ་ཞལ་ཕྱོགས་པའོ། །དབོན་བླ་མ་དཀོན་མཆོག་གི་ཉམས་སུ་ལེན་སྐབས་བན་རྒན་རཏྣས་བྲིས་ཏེ་ཕུལ་བ་དགེ། །། ༄༅། །ནང་སྐོར་ཡི་དམ་ཁྲོ་བོ་ཡི་བསྐྱེད་རིམ་ལྷ་ཁྲིད་ཟུར་རྒྱན་རིན་ཆེན་ཕྲ་ཚོམ་བཞུགས། །ན་མོ་གུ་རུ་མ་ཧཱ་ནི་དྷི་པ་དཱ་ཡ། མཆོག་གཏེར་རྫོགས་ཆེན་སྡེ་གསུམ་ལས། །ནང་སྐོར་ཡི་དམ་ཁྲོ་བོ་ཡི། །ལྷ་ཁྲིད་ཟུར་རྒྱན་འདི་ན་འབྱེད། །རྩ་གསུམ་ལྷ་ཡིས་གནང་བ་སྩོལ། །དེ་ལ་འདིར་སྲུང་འཁོར་ཡེ་ཤེས་ལྔའི་འོད་ཟེར་སྒོ་ངའི་དབྱིབས་ཟླུམ་ཧྲིལ། རྡོ་རྗེ་འཁོར་ལོ་རིན་པོ་ཆེ་པདྨ་རྒྱ་གྲམ་གྱི་གུར། ནང་ནས་རིམ་པར་མཐིང་དཀར་སེར་དམར་ལྗང་ཁུ་རིམ་པ་ལྔ་སྒོ་ང་ལ་རི་མོ་བྲིས་པ་ལྟར་བར་སེང་མེད་པ། དེ་མཐར་ཡེ་ཤེས་ལྔའི་མེ་གཡོན་འཁོར་དུ་འབར་བའོ། །འདི་སྐབས་ནམ་མཁའ་ལ་ཆོས་འབྱུང་ཞེས་པ་ཆོས་ཐམས་ཅད་ཀྱི་འབྱུང་གནས་ཡིན་པ་ལས་ཟུར་གསུམ་མི་དགོས་ཏེ། འོག་ནས་རིམ་པར་དང་པོ་ནམ་མཁའ་མཐིང་ནག །དེ་སྟེང་རླུང་དཀྱིལ་ལྗང་ནག །དེ་སྟེང་མེ་དཀྱིལ་དམར་པོ། དེ་སྟེང་ཆུ་དཀྱིལ་དཀར་པོ། དེ་སྟེང་ས་དཀྱིལ་སེར་པོ་ཐམས་ཅད་ཟླུམ་པོ་སྟེ། འབྱུང་ལྔ་དག་པ་ཡུམ་ལྔའི་མཁར༔ ཞེས་སོ། །དེ་སྟེང་རི་རབ་བང་རིམ་བཞི་སྟེང་གྲུ་བཞི་ཏི་ཙ་འདྲ་བ། བང་རིམ་རི་རབ་བཅས་ཤར་ཤེལ། ལྷོ་བཻ་ཌཱུརྻ། ནུབ་པདྨ་རཱ་ག །བྱང་གསེར་ལས་གྲུབ་པ་གློ་འབུར་དང་བཅས་པའི་ཕྱོགས་མཚམས་དུར་ཁྲོད་བརྒྱད་དེ་ཕྱོགས་བཞི་པད་དབྱིབས། མཚམས་བཞི་གཞུ་དབྱིབས། བར་མཚམས་སུ་མཚོ་ཆེན་བརྒྱད་ལ་ཀླུ་ཆེན་བརྒྱད་དང་བཅས་པ་ནི། ཚོགས་བརྒྱད་དག་པ་དུར་ཁྲོད་བརྒྱད༔ འགྱུར་མེད་སྲུང་འཁོར་ཀུན་ལ་ཁྱབ༔ ཅེས་སོ། །དུར་ཁྲོད་ཀྱི་ནང་དུ་སྣ་ཚོགས་པདྨ་འབུམ་ལྡན་གྱི་དབུས་སུ་རྡོ་རྗེ་རྒྱ་གྲམ་རྭ་བཅུ་གཉིས་པའི་ལྟེ་བར། དུག་ལྔ་རྣམ་དག་གཞན་ཡས་ཁང༔ ཡེ་ཤེས་རྩལ་རྫོགས་རྒྱན་གྱིས་སྤྲས༔ ཞེས་པ་འདི་ལ་རྒྱས་པ་ལུགས་གཉིས། བསྡུས་པ་དང་གསུམ་ལས། དང་པོ་ནི། གཞལ་ཡས་རིམ་པ་སོ་སོ་ཐམས་ཅད་དུ༔ དཔལ་ཆེན་ཡེ་ཤེས་སོགས་ནི། ཟབ་བདུན་མ་མོ་རོལ་པ་ལྟར་ཡིན་པས་རང་རེས་ཟིན་བྲིས་བཀོད་ཡོད་པ་ལྟར་རོ། །ཡང་མངོན་རྟོགས་གཏེར་གཞུང་དགོངས་པ་ཕྱོགས་གཅིག་པ་ལྟར་ན། སྟེང་ཁང་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ༔ བཞི་བཅུ་རྩ་གཉིས་མ་འདྲེས་ཚོམ་བུར་རྫོགས༔ གཞལ་ཡས་བར་ཁྱམས་འཁོར་ཡུག་སོགས་ནི། སྟེང་ཁང་ཞི་བ་དང་འོག་ཁང་ཁྲོ་བོ། བཀའ་འདུས་རྩ་དཀྱིལ་ལྟར་ཡིན་པས་གསལ་བྱེད་ཐོ་ཡིག་མཆོག་གླིང་ཞལ་ལུང་ཟུར་དུ་བྲིས་པ་ཡོད་པས་དེར་བལྟའོ། །འདིར་བསྡུས་པའི་ལུགས་ནི། ཡེ་ཤེས་དང་འཇིག་རྟེན་གྱི་གཞལ་ཡས་ཁང་གཉིས་རིམ་གྱི་ནང་མ་རྟ་བབས་བཞི་མ། ཕྱི་མ་བཞིའམ་བརྒྱད་ལྡན་གྱི་དབུས་སུ་རིན་པོ་ཆེ་ཨསྨ་གརྦྷའི་གྲུ་ཆད་གློ་འབུར་ལྡན་པའི་སྟེང་གསེར་གྱི་འཁོར་ལོ་དབྱིབས་དྲག་པོ་ལྟར་ལྟེ་བ་མུ་ཁྱུད་དང་བཅས་པ། དེའི་མཐར་ལྷ་སྣམ་མམ་ཁྱམས་དྲུག་ལ་དཔལ་ཆེན་པོའི་ཡེ་ཤེས་ཀྱི་རང་རྩལ་སུམ་བརྒྱ་དང་དྲུག་ཅུ་རེ་དགུ་བཀོད་ཚུལ་ནི། དབུས་ཀྱི་གྲུ་ཆད་དང་གློ་འབུར་ལ་གནས་མ་བརྒྱད། དང་པོ་གསེར་ཁྱམས་ལ་ཡུལ་མ་བརྒྱད། སྒོ་སྐྱོང་བཞི། ཁྱམས་གཉིས་པ་ཕྱོགས་མདོག་ལ་དབང་མོ་ཉེར་བརྒྱད། ཁྱམས་གསུམ་པ་ལྗང་གུ་ལ་མཁའ་འགྲོ་སོ་གཉིས་ཕྱོགས་རེར་བརྒྱད་རེ། མ་མོ་བདུན་བྱང་ཤར་མ་གཏོགས་པའི་ཕྱོགས་མཚམས་བདུན། སྲིང་མོ་བཞི་ཕྱོགས་བཞིར་བཀོད། ཁྱམས་བཞི་པ་སྔོན་པོ་ལ་གིང་ཆེན་བཅོ་བརྒྱད་ཕྱོགས་མཚམས་བརྒྱད་དུ་གཉིས་རེ་དང་ཤར་ནུབ་གཉིས་སུ་རེ་རེས་ལྷག་པ་སྟེ་བཅོ་བརྒྱད། ཁྲོ་བོ་དྲུག་ཅུ་ཕྱོགས་རེར་བཅོ་ལྔ་རེ། ཁྱམས་ལྔ་པ་དམར་པོ་ལ་རིགས་བཞིའི་ཕོ་ཉ་བརྒྱ་དང་བཞི་བཅུ་ནི་ཕྱོགས་རེར་སུམ་ཅུ་སོ་ལྔ་རེའོ། ཁྱམས་དྲུག་པ་དཀར་པོ་ལ་མ་མོ་དྲུག་ཅུ་ནི་ཕྱོགས་རེར་བཅུ་བཞི་སྒོ་བཞིར་རེ་རེ། དེ་ཐམས་ཅད་ཡོངས་དྲིལ་བསྡོམས་པས་སུམ་བརྒྱ་དང་དྲུག་ཅུ་རེ་དགུའོ། །དེ་མཐར་ཡེ་ཤེས་སྙིང་པོའི་གཞལ་ཡས་ཁང་རྟ་བབས་བཞི་པ་པདྨ་འཁོར་ལོ་གདུགས་དང་རི་དྭགས་ཆོས་ཉན་དང་བཅས་པའོ། །ངེས་རྫོགས་ཞིབ་པར་སྒོམ་ན་སྐུ་མདོག་ཕྱག་མཚན་བཀའ་འདུས་ལྟར་རོ། །འདིར་མོས་སྒོམ་རྣམ་པ་ཙམ་ལ་ཐམས་ཅད་ཁྲོ་མོ་ལས་གདོང་ཅན་སོགས་མི་དགོས་ཏེ། གནས་མ་བརྒྱད་སྔོན་མོ་ཌཱ་རུ་ཐོད་ཆང་། ཡུལ་མ་བརྒྱད་སྨུག་ནག་ཐོད་ཁྲག་ཕྱོགས་མདོག །སྒོ་སྐྱོང་བཞི་ཕྱོགས་མདོག་ཕྱག་རྒྱ་བཞི། དབང་མོ་ཉེར་བརྒྱད། རྡོ་རྗེ། རིན་ཆེན། པདྨ། རྒྱ་གྲམ་འཛིན་པ་དཀར་སེར་དམར་ལྗང་། མཁའ་འགྲོ་སོ་གཉིས། རྡོ་རྗེ། རིན་ཆེན། པདྨ། རྒྱ་གྲམ་གྱིས་མཚན་པའི་གྲི་ཐོད་ཅན་ཕྱོགས་མདོག །མ་མོ་བདུན་མཐིང་ནག་རལ་གྲི་ཐོད་ཁྲག །སྲིང་མོ་བཞི་དཀར་སེར་དམར་ལྗང་རང་མདོག་གི་རྒྱལ་མཚན་འཛིན་པ། གིང་ཆེན་བཅོ་བརྒྱད་དཀར་སེར་དམར་ལྗང་རྔེའུ་ཆུང་བརྡུང་བ། ཁྲོ་བོ་དྲུག་ཅུ་མཐིང་ནག་གྲི་ཐོད་འཛིན་པ། རིགས་བཞིའི་ཕོ་ཉ་བརྒྱ་དང་བཞི་བཅུ་དཀར་སེར་དམར་ལྗང་། ཤར་ཕྱོགས་པ་རྣམས་ལྕགས་ཀྱུ། ལྷོ་ཕྱོགས་པ་རྣམས་ཞགས་པ། ནུབ་ཕྱོགས་པ་རྣམས་ལྕགས་སྒྲོག །བྱག་ཕྱོགས་པ་རྣམས་དྲིལ་བུ་གཡོན་ཐམས་ཅད་སྡིགས་མཛུབ། མ་མོ་དྲུག་ཅུའི་སྒོ་བཞིར་གནས་པ་ཕྱག་རྒྱ་བཞི་དང་ཐོད་ཁྲག་གཞན་ཐམས་ཅད་གཡས་བདུད་རྩིའི་བུམ་པ་དང་གཡོན་ནད་རྐྱལ་འཛིན་པ་ཕྱོགས་མདོག །གིང་ཆེན་བཅོ་བརྒྱད་མ་གཏོགས་པ་ཐམས་ཅད་མི་ལྤགས་དང་ཕོ།་་་་སྟག་མོ།་་་་གཟིག་གི་ཤམ་ཐབས་རུས་རྒྱན་ཞབས་གར་སྟབས་མེ་རླུང་གི་དབུས་སུ་གནས་པའོ། ༈ །འཇིག་རྟེན་གྱི་གཞལ་ཡས་ཁང་གཉིས་པའི་འོབས་སུ་ཁྲག་མཚོ་འཁྱིལ་བའི་ཁྲག་ཁྱམས་ལ་འཇིག་རྟེན་མ་མོ་བདུན་བརྒྱ་ཉི་ཤུ་ནི། ཕྱོགས་རེར་བརྒྱ་དང་བརྒྱད་ཅུ་རེ་ཕྱོགས་མདོག་ཁྲོ་མོའི་ཆས་ཅན་ཐམས་ཅད་ཀྱིས་དཔལ་ཆེན་པོའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་གུས་པས་ཐལ་མོ་སྦྱར་བའོ། །དཀྱིལ་འཁོར་གྱི་ཕྱི་ཁྱམས་པདྨའི་ར་བའི་ནང་དུ་འཇིག་རྟེན་པའི་འཁོར་ཡུག་ལ། ཤར་དུ་ལྷ་དང་ལྷ་མིན། ལྷོར་མི། ནུབ་ཏུ་དམྱལ་བ་དང་ཡི་དྭགས། བྱང་དུ་བྱོལ་སོང་གི་འཇིག་རྟེན་གྱིས་ཡོངས་སུ་བསྐོར་བའི་སྟེང་གི་ནམ་མཁར། ཤར་དུ་བྱང་སེམས། ལྷོར་རང་རྒྱལ། ནུབ་ཏུ་ཉན་ཐོས། བྱང་དུ་དྲང་སྲོང་གྲུབ་པ་བདེན་ཚིག་གྲུབ་པའི་ཚོགས་དང་བཅས་པ། དཀྱིལ་འཁོར་ཕྱི་མའི་རྟ་བབས་ཐད་ཀྱི་བར་སྣང་ལ་རིག་འཛིན་བྱེ་བ་ས་ཡ་སྤྲིན་ལྟར་གཏིབས་པའོ། ༈ །སྟེང་ཁང་བུམ་པའི་ནང་གི་ནམ་མཁར་ཞི་བ་ཞེ་གཉིས་ཀྱི་དཀྱིལ་འཁོར་སྒྱུ་འཕྲུལ་ལྟར་རོ། ༈ །དུར་ཁྲོད་བརྒྱད་ཀྱི་ཕྱི་རོལ་སྲུང་འཁོར་གྱི་ནང་རི་རབ་ཀྱི་སྟེང་དེར། ཤར་དུ་མངོན་མཐོ་ལྷ་མིའི་ཐེག་པ་ལ་ཕྱག་རྡོར་ངན་སོང་ཀུན་འདྲེན་གྱི་དཀྱིལ་འཁོར། ལྷོར་བྱ་རྒྱུད་ལ་མི་འཁྲུགས་པ། ནུབ་ཏུ་སྤྱོད་རྒྱུད་ལ་ཤཱཀྱ་ཐུབ་པ་སྤྲུལ་སྐུའི་དཀྱིལ་འཁོར། བྱང་དུ་རྣལ་འབྱོར་རྒྱུད་ལ་ཀུན་རིག་རྩ་བའི་དཀྱིལ་འཁོར་རྣམས་མགྲོན་ཐབས་ཀྱི་ཚུལ་ལོ། །འདི་བསྡུས་པའི་ལུགས་ཡིན་གྱི་རྒྱས་པར་ནང་སྐོར་ཡི་དམ་ཁྲོ་བོའི་སྔགས་བྱང་གི་བསྙེན་དམིགས་སྐབས་ལྟར་བསྒོམ་པར་བྱའོ། ༈ །སྙིང་པོའི་དཀྱིལ་འཁོར་གྱི་ལྟེ་བར་དཔལ་ཆེན་པོ་བསྒོམ་ཚུལ་ནི། གཡས་ནས་རིམ་པར་སེངྒེ། སྟག །གཟིག །དོམ། གླང་ཆེན། མ་ཧེ། ཆུ་སྲིན། སྦྲུལ་ཏེ་བྱོལ་སོང་གཙོ་བོ་བརྒྱད་ཀྱི་ཁྲི་སྟེང་། པདྨ། ཟླ་བ། ཉི་མའི་གདན་ལ་དཔལ་ཆེན་མངོན་རྫོགས་རྒྱལ་པོ་སྐུ་ལུས་སྨུག་ནག །དབུས་ཞལ་བདུན་མཐིང་ནག་ཁྲོ་བ། གཡས་ཞལ་བདུན་དཀར་པོ་བཞད་པ། གཡོན་ཞལ་བདུན་དམར་པོ་ཆགས་ཉམས། རྩ་བའི་ཕྱག་བརྒྱད་ཀྱིས་དང་པོ་གཉིས་གྲི་ཐོད་འཛིན་ནས་ཡུམ་ལ་འཁྱུད་པ། བར་པ་གཉིས་ཀྱི་གཡས་པས་དག་པའི་ཞིང་དང་། གཡོན་པས་མ་དག་པའི་འཇིག་རྟེན་འདེགས་པའི་ཚུལ། ཐ་མ་གཉིས་ཀྱིས་འདོད་ཁམས་དང་གཟུགས་ཁམས་ཐིག་ལེར་གནས་པ་འཛིན་པའོ། །ལྷག་མ་བར་ཕྱག་བཅུས་གཡས་པ་ལྔས་ས་དཀྱིལ་གྲུ་བཞི་སེར་པོ། ཆུ་དཀྱིལ་དཀར་ཟླུམ། མེ་དཀྱིལ་དམར་པོ་གྲུ་གསུམ། རླུང་དཀྱིལ་ཟླ་གམ་ལྗང་ཁུ། ནམ་མཁའ་མཐིང་ནག་གྲུ་གསུམ་འཛིན་པའོ། །གཡོན་པ་ལྔས། རྡོ་རྗེ། འཁོར་ལོ། རིན་པོ་ཆེ། པདྨ། རྒྱ་གྲམ་རྣམས་འཛིན་པ། ཡན་ལག་གི་ཕྱག་བརྒྱས་གཡས་པ་ལྔ་བཅུས་གྲི་གུག །གཡོན་པ་ལྔ་བཅུས་ཐོད་ཁྲག་འཛིན་པ། དཔལ་དང་དུར་ཁྲོད་ཆས་རྫོགས་རྡོ་རྗེ་རིན་ཆེན་གྱི་གཤོག་པ་གཡས་གཡོན་དུ་བརྒྱངས་ཤིང་ཞབས་གཉིས་རྡོར་སྐྱིལ་གྱིས་བཞུགས་པའི་པང་དུ། ཡུམ་བཅོམ་ལྡན་འདས་མ་རྡོ་རྗེ་བདེ་མ་སྐུ་མདོག་མཐིང་ནག་དབུས་ཞལ་སུམ་བརྩེགས་མཐིང་ག །གཡས་ཞལ་སུམ་བརྩེགས་དཀར་པོ། གཡོན་ཞལ་སུམ་བརྩེགས་དམར་པོ། ཕྱག་བཅོ་བརྒྱད་ཀྱི་གཡས་དགུས་རྡོ་རྗེ་དང་། གཡོན་དགུས་དུང་ཁྲག་འཛིན་ཅིང་ཡབ་ལ་སྦྱོར་བ། ཞབས་གཉིས་ཡབ་ཀྱི་རྐེད་དུ་པདྨའི་སྐྱིལ་ཀྲུང་གིས་འཁྲིལ་བའོ། །དེ་ཕྱིར་འཁོར་ལོ་རྩིབས་བརྒྱད་ལ་པདྨ་ཉི་མ་ཞིང་གི་གདན་ལ་རྒྱུད་ལུང་གི་ཁྲོ་བོ་བརྒྱད་ནི། ཤར་དུ་བུདྡྷ་ཧེ་རུ་ཀཿཡབ་ཡུམ་དཀར་གསལ་ཞལ་གསུམ་ཕྱག་དྲུག་གཡས་གསུམ་འཁོར་ལོ། ལྷོར་རཏྣ་ཧེ་རུ་ཀཿསེར་པོ་ཡབ་ཡུམ་གཡས་གསུམ་རིན་པོ་ཆེ། དེ་བཞིན་དུ་ནུབ་པདྨ་པདྨ། བྱང་ཀརྨ་རྒྱ་གྲམ། མཚམས་བཞིའི་ལུང་གི་ཁྲོ་བོ་བཀའ་འདུས་ལྟར་ན། ཤར་ལྷོར་རཀྴ། ལྷོ་ནུབ་ཏུ་ས་ནུ། ནུབ་བྱང་དུ་གུ་ཧྱ། བྱང་ཤར་དུ་ཡཀྴ་ཧེ་རུ་ཀཿཡིན་ཀྱང་འདིར་ནི་ཤར་ལྷོ་གུ་ཧྱ་ཧེ་རུ་ཀཿསྟེ་གསང་བའི་ཁྲག་འཐུང་། ལྷོ་ནུབ་ཏུ་ས་ནུ་ཧེ་རུ་ཀཿསྟེ་ཕྲ་བའི་ཁྲག་འཐུང་། ནུབ་བྱང་དུ་ཡཀྴ་ཧེ་རུ་ཀཿསྟེ་གནོད་སྦྱིན་ཁྲག་འཐུང་། བྱང་ཤར་དུ་རཀྴ་ཧེ་རུ་ཀཿསྟེ་སྲིན་པོ་ཁྲག་འཐུང་། བཞི་ཀ་གཡས་གསུམ་རྡོ་རྗེ། རིན་ཆེན། པདྨ། རལ་གྲི། ཁྲོ་བོ་བརྒྱད་པོ་ཐམས་ཅད་ཀྱིས་གཡོན་ཐོད་ཁྲག །ཡུམ་རྣམས་ཞལ་གཅིག་ཕྱག་གཉིས་རང་མདོག་རང་རྟགས་དང་ཐོད་ཁྲག་འཛིན་ཅིང་འཁྲིལ་སྦྱོར། རྒྱུད་ཀྱི་ཁྲོ་བོ་བཞིའི་ཡབ་རྣམས་ཞབས་གཡས་བརྐྱང་། ལུང་གི་ཁྲོ་བོ་བཞིའི་ཞབས་གཡོན་བརྐྱང་། དཔལ་དང་དུར་ཁྲོད་ཆས་རྫོགས་རྡོ་རྗེའི་གཤོག་པ་ཡུམ་ལ་གཟིག་ཤམ་སོགས་སྔ་འགྱུར་སྤྱི་ལྟར་རོ། །ཞར་བྱུང་འཕྲོས་དོན་ཤིན་ཏུ་རྒྱས་སྐབས་རྡོ་རྗེའི་སྲུང་འཁོར་ནང་གི་ཚོམ་བུའི་དཀྱིལ་འཁོར་ལ། བྱང་ཤར་དུ་ངན་སོང་གནས་འདྲེན། ནུབ་བྱང་དུ་ལྷ་མིའི་དཀྱིལ་འཁོར། ལྷོ་ནུབ་ཏུ་ཉན་ཐོས། ཤར་ལྷོར་རང་རྒྱལ། བྱང་དུ་བྱང་སེམས། ནུབ་ཏུ་ཀྲི་ཡ། ལྷོ་རུ་ཨུ་བྷ། ཤར་དུ་རྣམ་སྣང་རྡོར་དབྱིངས་ཀྱི་དཀྱིལ་འཁོར་ཏེ། འདི་རྒྱས་པའི་སྐབས་ཡིན། བསྡུས་པ་སྔར་བཤད་ཁོ་ནའོ། །ནང་སྐོར་ཡི་དམ་ཁྲོ་བོ་ལ། །གསེར་འཕྱང་མེ་མོ་བྱ་ཡི་ལོར། །བསྙེན་སྒྲུབ་འབྲེལ་འཇོག་བགྱི་བའི་སྐབས། །གཏེར་སློབ་ཀརྨ་རཏྣ་ཡིས། །ཐུན་བར་འགའ་ལ་བྲིས་པ་དགེ །བརྡ་རྟགས་དཀྱིལ་འཁོར་ལ་བརྟེན་ནས། །དོན་དམ་དཀྱིལ་འཁོར་མངོན་འགྱུར་ཤོག །གམྦྷི་ར་ནི་དྷི་ཤཱ་ས་ན་ཝརྡྷནྟུ།། །། ༄༅། །ནང་སྐོར་ཀློང་སྡེའི་མཁའ་འགྲོ་རོ་ལངས་བདེ་བའི་སྟོབས་ལྡན་མའི་རེག་ཟིག་རང་ཞལ་བལྟ་བའི་དྭངས་ཤེལ་རབ་གསལ་བཞུགས། །ནང་སྐོར་མཁའ་འགྲོ་རོ་ལངས་བདེ་བའི་སྟོབས་ལྡན་མའི་དབང་བསྐུར་ལ། དཀྱིལ་འཁོར་གསུམ་ནི་ཕྱི་དཀྱིལ་རྡུལ་ཚོན་ནམ་རས་བྲིས། ནང་དཀྱིལ་ལུས་ལ་བཀོད་པ་སྒྲུབ་རྟེན་ཙཀྲ། གསང་དཀྱིལ་སེམས་ལ་བཀོད་པ་རྫོགས་རིམ་རླུང་སེམས་གཉིས་མེད་དཀྱིལ་འཁོར་གསུམ་དང་ལྡན་པས། མཁའ་འགྲོའི་གཏོར་མ་རྒྱབ་ཟླ་གམ་ཅན་གྱི་དཔལ་གཏོར་བསྡུས་པ་རང་འདྲ་དྲུག་གིས་བསྐོར་བ་ཤ་དར་དང་གཏོར་གསོས་ཟས་སྣས་བསྐོར་བ། རྣམ་རྒྱལ་བུམ་པ་ལ་གསང་བུམ་ཁ་སྦྱར་རྫས་ལྡན། ལས་བུམ། གསང་རྫས་ཐོད་པ། བཟླས་ལུང་ལ་བགྲང་ཕྲེང་སྔོན་པོ་འབྱོར་ན་ལེགས། སིནྡྷུ་རའི་དཀྱིལ་འཁོར་ལ་ཆོས་འབྱུང་བསྣོལ་མ་ལ་དབུས་སུ་བྃ། ཟུར་དྲུག་ལ་ཤར་ནས་རིམ་པར་ཨེ་ཡཾ་ཧཾ་ལཾ་རཾ་ཧཱུྃ་ཡིག་མགོ་ཕྱིར་བསྟན་དུ་བྲི། དབང་གི་སྐབས་སྙིང་གར་ཐིག་ལེ་བྱ་དགོས། བུམ་དབང་ལ་གསང་ཐོད་ཁ་སྦྱོར་དར་དམར་གྱིས་དྲིལ་བ་ལས་བདུད་རྩི་སྦྱིན། གསང་དབང་གསང་རྫས་སྦྱིན། ཤེར་དབང་ལ་སིནྡྷུ་རའི་དཀྱིལ་འཁོར། ཚིག་དབང་ལ་ངོ་སྤྲོད་ལས་གཞན་མེད། ༈ སྒོམ་དོན་ཆོས་འབྱུང་བསྣོལ་མའི་དབུས་སུ་གསང་བ་ཡེ་ཤེས་སྟོབས་ལྡན་མ་སྔོ། མདུན་དུ་རྡོ་རྗེ་ཕག་མོ་སྔོ། གཡས་སུ་གཤིན་རྗེ་བརྟན་མ་སེར། རྨོངས་བྱེད་མ་དཀར། རྒྱབ་ཏུ་སྐྱེད་མ་སེར། གཡོན་དུ་སྒྲོལ་བྱེད་མ་ལྗང་ཁུ། གཏུམ་མོ་དུ་བའི་མདོག་ཅན་དང་དྲུག །སྒོམ་དོན་ལ་ཆོས་འབྱུང་བསྣོལ་མ་གདན་ཐབས་ཡིན་བསླང་ཐབས་མེད། དབང་སྒྲུབ་ལས་དཀྱིལ་ལ་ཆོས་འབྱུང་བསྣོལ་མ་ལས་དཀྱིལ་འཁོར་མེད། སྒོམ་དོན་ལ་མེ་རི། རྡོར་ར། ཁོར་ཡུག་དུར་ཁྲོད། པད་རའི་ལྟེ་བར་གཞལ་ཡས་ཁང་རྟ་བབས་བཞི་པའམ་སྒོ་རྐྱང་སྒོམ་དགོས། གཙོ་འཁོར་ཐམས་ཅད་ཀྱི་གཡས་ཐོད་རྔ་གཡོན་ཐོད་ཁྲག །དབུ་སྐྲ་ཐོར་ཚུགས་ཐོད་སྐམ་དབུ་བརྒྱན་ཞི་མ་ཁྲོ་སྤྱན་གསུམ་པ། དར་འཕྱང་རུས་རྒྱན། མཆན་གཡོན་དུ་རྡོ་རྗེའི་ཁ་ཊྭཱཾ་ག །ཞབས་གཡས་བསྐུམ་གཡོན་བརྐྱང་བའི་གར་སྟབས་ཅན། པདྨ་ཉི་མ་བམ་རོའི་སྙིང་གར་བརྫིས་པ། འཇའ་འོད་དང་མེ་དཔུང་གི་ཀློང་ན་གསལ་བའོ། །གཙོ་མོའི་ཐུགས་ཀར་ཙིཏྟ་རིན་ཆེན་ཟུར་དྲུག་སྨུག་པོའི་ནང་དུ་ཉི་ཟླའི་གྭའུ་ཁ་སྦྱོར་སྟེང་དཀར་འོག་དམར་གྱི་དབུས་སུ་ས་བོན་བྃ་སྔོན་པོ་མར་མེ་ལྟར་འབར་བའི་མཐར་ཨཱོྃ་བྃ་བུདྡྷ་ཀྲོ་དྷཱི་ཤྭ་རཱི་མ་ཧཱ་སུ་ཁ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་ན་དཱ་ལས་སྤྲོས་ཏེ་མདུན་ནས་ཞལ་ནང་བསྟན་གྱི་གཡས་སུ་བཀོད་པ་གཡོན་དུ་མགལ་མེའི་འཁོར་ལོ་ལྟར་འཁོར་བ་ལ་སེམས་གཟུང་ཞིང་འགོག་བཟླས་སོགས་རིམ་པར་བྱ། བསྙེན་ཚད་འབུམ་ཕྲག་བཞི། འཁོར་ལ་འབུམ་ཕྲག་གཅིག་གོ །ཞེས་མཁན་པོ་རཏྣས་སོ།། །།

རྫོགས་པ་ཆེན་པོ་སྡེ་གསུམ་གྱི་བཀའ་སྲུང་ཡེ་ཤེས་པའི་དབང་བསྐུར་བྱིན་རླབས་ཡེ་ཤེས་ཡོངས་སུ་གྲུབ་པའི་ཐིག་ལེ་ (Volume 62, Text 93)

༄༅། །རྫོགས་པ་ཆེན་པོ་སྡེ་གསུམ་གྱི་བཀའ་སྲུང་ཡེ་ཤེས་པའི་དབང་བསྐུར་བྱིན་རླབས་ཡེ་ཤེས་ཡོངས་སུ་གྲུབ་པའི་ཐིག་ལེ་ཞེས་བྱ་བ་བཞུགས་སོ། ། སྡེ་གསུམ་སྤྱི་སྐོར། ན་མོ་གུ་རུ། ཡེ་ཤེས་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །རྫོགས་ཆེན་སྡེ་གསུམ་གྱི་སྲུང་མ་ཡེ་ཤེས་པའི་དབང་ལ་སྟེགས་བུར་སྒོམ་དོན་དང་མཐུན་པའི་རས་བྲིས་སམ། ཚོམ་བུ་དགུ་བཀོད་པའི་ཁར་བུམ་པ་ཆས་ལྡན། གཡས་སུ་གསང་ཐོད། གཡོན་དུ་པདྨ་དམར་པོ་རྡོ་རྗེ་དཀར་པོས་མཚན་པ། གང་བདེར་བཀའ་སྡོད་བུམ་པ། ལྷ་ཙཀ་དང་ཡུམ་ལྔའི་སྐུའམ་ས་བོན། མདུན་དུ་དབང་གཏོར། ཕུར་པ། ཟོར་གཏོར་ཐུན་རྫས། མེ་ཧོམ། གནན་ཆས་དངོས་སམ་ཙཀ་ལིར་བྲིས་པ། སྨན་རཀ་ཉེར་སྤྱོད། སྔོན་གཏོར། ལས་བུམ་རྣམས་འདུ་བྱ། ལས་བྱང་རྒྱས་བསྡུས་གང་འོས། བདག་མདུན་ཆིག་རྫོགས་བཟླས་པ་ཅི་འགྲུབ། སྟོང་ཚིགས་ཛཔ྄་མཆོད། ཚོགས་མཆོད་འགྲུབ་ན་བྱ། ལས་བུམ་དུ་ཀརྨ་ཌཱ་ཀི་བསྐྱེད་ལ། ཨཱོྃ་ཀརྨ་ཌཱ་ཀི་ནཱི་ཧཱུྃ་ཕཊ྄། བཟླས་པ་བུམ་ལྷ་འོད་ཞུ་བྱ། རིག་མེ་དོར། སློབ་མ་ལ་ཁྲུས་བྱ། བགེགས་བསྐྲད། སྲུང་འཁོར་བསྒོམ། མཎྜལ་བཀྱེ་བསྡུ་བྱས་ལ། འོ། མཐའ་ཡས་པའི་སེམས་ཅན་ཐམས་ཅད་དཔལ་གདོད་མའི་མགོན་པོའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་འཇུག་སྒོ་དབང་གི་རིམ་པ་ཟབ་མོ་ནོད་ཅིང་། ལམ་རིམ་པ་གཉིས་ཉམས་སུ་ལེན་པར་བགྱིའོ་སྙམ་པས་གསན་འཚལ། དེ་ལ་འདིར་མདོ་ཁམས་སྨད་ཤོད་སའི་ཐིག་ལེ་འཛོམ་ཕུ་ཀློང་སེམས་འོད་གསལ་ཤེལ་གྱི་ཕུག་པ་ནས་སྤྱན་དྲངས་པའི་ཟབ་ཆོས་རྫོགས་ཆེན་སྡེ་གསུམ་གྱི་བཀའ་སྲུང་ཡེ་ཤེས་པའི་དབང་གི་དོན་དུ་མཎྜལ་ཕུལ། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོཿ བདེ་གཤེགས་ཀུན་འདུས་བླ་མ་མཆོག །མ་ལུས་རྒྱལ་བ་ཀུན་གྱི་དངོས། །མཁའ་འགྲོའི་དབང་ཕྱུག་དཀྱིལ་འཁོར་དུ། །བདག་ཉིད་སྨིན་པ་མཛད་དུ་གསོལ། །ལན་གསུམ། རྒྱུད་དག་པར་བྱ་བའི་ཕྱིར་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་སྤྱན་སྔར་རྒྱུན་བཤགས་ཡན་ལག་བརྒྱད་པ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་གསུམ། དེ་ནས་ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ལས་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྣང་སྲིད་ཆོས་ཀྱི་འབྱུང་གནས་རྫོགས༔ སློབ་མ་སྐད་ཅིག་དྲན་རྫོགས་སུ། །རྡོ་རྗེ་ཕག་མོ་གནམ་ཞལ་མ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་ཕག་ཞལ་ངུར༔ ཡབ་ནི་སྦས་ཚུལ་ཁ་ཊྭཱཾ་འཁྱུད༔ གྲི་ཐོད་ཐོད་རྔ་ཞིང་དབྱུག་དང༔ རྡོར་དྲིལ་འཛིན་ཅིང་གར་སྟབས་སྒྱུར༔ དཔལ་དང་དུར་ཁྲོད་ཆས་ཀུན་རྫོགས། །པདྨ་ཉི་མ་བམ་རོའི་སྟེང་། །ཡེ་ཤེས་མེ་ཕུང་ཀློང་དུ་གསལ། །ཡེ་ཤེས་ཀློང་དགུའི་མཁའ་འགྲོའི་ཚོགས། །གྲངས་མེད་ཉི་ཟེར་རྡུལ་ལྟར་འཚུབས། །གནས་གསུམ་ཨཱོྃ་ཨཱཿཧཱུྃ་གིས་མཚན། །དེ་ལས་འོད་འཕྲོས་ཡེ་ཤེས་པ། །སྤྱན་དྲངས་སློབ་མར་གཉིས་མེད་ཐིམ། །ཨཱོྃ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་བཛྲ་བྷ་ར་ཧི་ཧཱུྃ་ཕཊ྄༔ སྤྲོ་ན་སྔགས་ཡོངས་རྫོགས་དང་། བསྡུ་ན། ཨཱོྃ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་མ་ཧཱ་ཀྲོ་དྷཱ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ྄༔ བཛྲ་ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་རོལ་མོ་དང་བཅས་བྱིན་དབབ་ལ། ཡེ་ཤེས་པ་དེ་ཉིད་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ། རྡོ་རྗེ་མེ་ཏོག་སྤྱི་བོར་བཀོད། དེ་ནས་དངོས་གཞིའི་དབང་བསྐུར་བ་ལ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་ནམ་མཁའ་གང་བར་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པའི་རིན་པོ་ཆེའི་བུམ་པ་དཀྱིལ་འཁོར་པའི་རང་བཞིན་ཅན་གྱི་དབང་བསྐུར་བར་གྱུར། ཧཱུྃ༔ དབྱིངས་ཀྱི་བུམ་པར་རིག་པའི་བཅུད༔ ཟུང་འཇུག་ཡེ་ཤེས་ཀློང་དགུའི་ལྷ༔ གཉིས་མེད་མཉམ་སྦྱོར་བདུད་རྩིའི་མཆོག༔ ཡེ་ཤེས་ཆུ་ཡི་དབང་བསྐུར་རོ༔ ཀ་ལ་ཤཿཨ་བྷི་ཥིཉྩ་ཧཱུྃ༔ བདུད་རྩིའི་ཆུ་རྒྱུན་སྤྱི་བོ་ནས་ཞུགས་ལུས་ཀྱི་ནང་ཐམས་ཅད་གང་། དྲི་མ་ཐམས་ཅད་དག །དབང་ཐམས་ཅད་ཐོབ། ཆུའི་ལྷག་མ་གྱེན་དུ་འཁྱིལ་བ་ལས་མི་བསྐྱོད་རྡོ་རྗེ་འཆང་གིས་དབུ་བརྒྱན་པར་གྱུར། ལྷ་སྐུའི་ཕྱག་རྒྱའི་དབང་བསྐུར་བ་ནི། སྐུ་གཟུགས་ཐོགས་ལ། ཧཱུྃ༔ ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་པ༔ རྡོ་རྗེ་ཕག་མོ་གནམ་ཞལ་མ༔ ཡབ་ཡུམ་འཁོར་དང་བཅས་རྣམས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨཱོྃ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་བཛྲ་བྷ་ར་ཧི་ཧཱུྃ་ཕཊ྄༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཞེས་སྤྱི་བོར་བཞག །འཁོར་རྣམས་ལ་བསྡུས་པའི་ཚེ། ཧཱུྃ༔ ཡེ་ཤེས་བརྒྱད་ལས་སྐུར་བཞེངས་པ། །ཀྲོ་དྷཱི་ཤྭ་རཱི་བཻ་ཏཱ་ལི། །གཟི་ལྡན་རྒྱས་འདེབས་མུ་ཁ་ལེ། །ལས་དབང་སྤྱི་འདུལ་འབྱུང་ལྔའི་བདག །འཁོར་དང་བཅས་པས་དབང་བསྐུར་རོ། །སརྦ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ྄། སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཞེས་མགོར་བཞག །བཀའ་སྡོད་བུམ་པ་ཐོགས་ལ། ཧཱུྃ༔ སྣོད་བཅུད་ཡོངས་རྫོགས་བཀའ་སྡོད་བུམ་པ་རུ༔ མ་མོ་ཉེར་བརྒྱད་གཙོར་གྱུར་བྱེ་བ་འབུམ༔ བསམ་གྱིས་མི་ཁྱབ་ཡོངས་རྫོགས་དབང་བསྐུར་བས༔ ཕྲིན་ལས་སྣ་ཚོགས་ལྷུན་གྱིས་འགྲུབ་པར་ཤོག༔ ཨཱོྃ་བཛྲ་སརྦ་ཡཀྵ་ཧཱུྃ་ས་མ་ཡ་ཧཱུྃ་ཕཊ྄༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བུམ་པ་སྤྱི་བོར་བཞག་བུམ་ཆུ་བླུད། ཡེ་སེམས་ཡུམ་ལྔའི་སྐུའམ་ས་བོན་ཐོགས་ལ། ཧཱུྃ༔ ཆོས་དབྱིངས་ཀུན་ཏུ་བཟང་མོ་དང༔ རྡོ་རྗེ་སྙེམས་མ་གླུ་མ་དང༔ གསང་བ་ཡེ་ཤེས་སྒྲོལ་མ་སོགས༔ རྒྱལ་བ་ཡུམ་ལྔས་དབང་བསྐུར་བས༔ རང་རིག་བྱང་ཆུབ་སེམས་རྟོགས་ཤོག༔ བཛྲ་ཙིཏྟ་བྷོ་དྷི་ཙིཏྟ་གཱིརྟཱི་དྷཱུ་མ་གྷ་ཡེ་ཨཱརྻ་ཏཱ་རེ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྙིང་གར་བཞག །དེས་ལྷ་སྐུ་སྒོམ་པའི་དབང་ཐོབ་པའོ། །བླ་མ་ཡབ་ཡུམ་མཉམ་པར་སྦྱོར་བའི་བྱང་སེམས་ཀྱི་རྒྱུན་ཐོད་པའི་བདུད་རྩི་དང་རོ་གཅིག་པ་ལྗགས་ལ་བྱིན་པས་རྩ་ཁམས་ཐམས་ཅད་ཁྱབ་ངག་བྱིན་གྱིས་བརླབས་པར་མོས་ཤིག །ཐོད་པའི་བདུད་རྩི་སྦྱིན་ལ། ཨཱཿ བླ་མ་གནམ་ཞལ་བྷ་ར་ཧི། །སྙོམས་པར་ཞུགས་པའི་བྱང་ཆུབ་སེམས། །སློབ་མའི་ལྕེ་ལ་བཞག་པ་ཡིས། །བདེ་ཆེན་གསང་བའི་དབང་ཐོབ་ཤོག །ཨཱོྃ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་བཛྲ་བྷ་ར་ཧི་ཧཱུྃ་ཕཊ྄༔ གུ་ཧྱ་ཨ་བྷི་ཥིཉྩ་ཨཱཿ དེས་གསང་བའི་དབང་ཐོབ། རྩ་རླུང་སྒོམ་པ་ལ་དབང་བའོ། ཁྱེད་རང་སྐད་ཅིག་གིས་དཔལ་ཧེ་རུ་ཀར་གསལ་བ་ལ། མཚན་ཉིད་ལྡན་པའི་རིག་མ་ཀྲོ་དྷཱི་ཤྭ་རཱི་པང་དུ་བྱིན་པ་དང་སྙོམས་པར་ཞུགས་པས་དགའ་བཞིའི་ཡེ་ཤེས་མཐར་ཐུག་པ་རྒྱུད་ལ་སྐྱེས་པར་སྒོམས་ཤིག །བརྡ་རྟགས་གཏད་ལ། ཧཱུྃ། སློབ་མ་དཔལ་ཆེན་ཧེ་རུ་ཀཿ དབྱིངས་ཀྱི་ཡུམ་ཆེན་ལ་སྦྱོར་ནས། །དགའ་བཞིའི་ཡེ་ཤེས་རྟོགས་ནས་སུ། །ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག །སྔགས་མཐར། མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐིག་ལེ་སྒོམ་པ་ལ་དབང་བའོ། །དབང་བཞི་པ་ཚིག་གི་ངོ་སྤྲད་པ་ནི། ཕོ་ཉའི་ལམ་ལས་སྐྱེས་པའི་དཔེའི་ཡེ་ཤེས་ཀྱི་རང་ངོར་བལྟས་ཏེ་མཉམ་པར་བཞག་པས་དོན་དམ་དཔེ་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རིག་སྟོང་ནམ་མཁའ་ལྟ་བུའི་དགོངས་པ་མངོན་དུ་གྱུར་པ་དེ་ཉིད་བསྐྱང་བར་ཞུ། ཧཱུྃ། ཐབས་དང་ཤེས་རབ་དབྱེར་མེད་པར། །ཟུང་དུ་འཇུག་པའི་ཡེ་ཤེས་ནི། །རྡུལ་བྲལ་མཁའ་ལྟར་རྣམ་པར་དག །མཁའ་དང་མཉམ་པའི་དབང་ཐོབ་ཤོག །སྔགས་མཐར། དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧཱུྃ། དེས་དབང་བཞི་པ་ཐོབ། རྫོགས་པ་ཆེན་པོ་སྒོམ་པ་ལ་དབང་བའོ། །སླར་ཡང་བརྟན་བྱེད་གཏོར་མའི་དབང་བསྐུར་བ་ལ། གཏོར་མ་གནམ་ཞལ་བྷ་ར་ཧི་ཚོམ་བུ་དགུའི་ལྷ་ཚོགས་སུ་གསལ་བས་དབང་བསྐུར་བར་གྱུར། ཧཱུྃ་བྷྱོཿ ཧེ་རུ་ཀཿདཔལ་ཐམས་ཅད་ཀྱི། །བྱིན་རླབས་མཐུ་སྟོབས་གཅིག་བསྡུས་པ། །གནམ་ཞལ་དབྱིངས་ཕྱུག་བྷ་ར་ཧི། །འཁོར་དང་བཅས་པ་ཐམས་ཅད་ཀྱི། །རྡོ་རྗེ་བཞི་ཡི་དབང་བསྐུར་རོ། །གཙོ་སྔགས་དང་སྤྱི་དྲིལ་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཨཱོྃ་ཨཱཿཧཱུྃ་ཧྲཱིཿ གཏོར་མ་གནས་བཞིར་བཞག་གོ །ལས་ཀྱི་མཐའ་སྡུད་གནན་སྲེག་འཕང་གསུམ་གྱི་དབང་བསྐུར་བ་ནི། །དངོས་སམ་ཙཀ྄་ལི་གང་ཡོད་ཐོགས་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་ཕྲིན་ལས་འདུས་པའི་དཔལ༔ སྲས་མཆོག་ཕུར་པ་ཁྱོད་ཀྱི་ལག་ཏུ་གཏད༔ གསལ་གསུམ་རྫོང་འཕྲང་སྲོག་གི་གནད་ཤེས་པས༔ གདེང་གསུམ་དགོངས་པ་གསུམ་གྱིས་གཞི་བཟུང་སྟེ༔ བྱང་ཆུབ་ལམ་གྱི་བར་ཆད་མ་ལུས་ཀུན༔ འོད་གསལ་རིག་པ་ཟང་ཐལ་དབྱིངས་སུ་སྒྲོལ༔ དགྲ་ལ་ཐུན་རྫས་རྣམས་ཀྱི་ཆར་པ་ཕོབ༔ ཤིན་ཏུ་མི་བསྲུན་ཚོགས་རྣམས་ཧོམ་དུ་སྲེགས༔ ཆག་ཆེན་ཟློག་ཕྱིར་ཟོར་གྱི་དམག་དཔུང་སྐུལ༔ སླར་ཡང་མི་ལྡང་ཕྱིར་དུ་གནན་པར་གྱིས༔ མདོར་ན་གདུག་པའི་ཚོགས་ཀུན་ཚར་གཅོད་པའི༔ དྲག་པོའི་ལས་རྣམས་ཐམས་ཅད་འགྲུབ་པར་ཤོག༔ ཨཱོྃ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་མ་ཧཱ་ཀྲོ་དྷ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ྄༔ རྦད་དགུའི་སྔགས་སྦྲེལ་ལ་གཏོར་མ་ཡོད་ན་ཟོར་དུ་འཕང་། ཙཀ྄་ལི་ཡིན་ན་བྲིམ་པས་ཆོག་གོ །དབང་དོན་གྱི་ཡེ་ཤེས་པ་བརྟན་པར་བྱ་བའི་ཕྱིར་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར། དེ་དག་གི་སྒོ་ནས་སྟོད་ལས་བྱང་ཆུབ་སྒྲུབ་པའི་དབང་དང་སྨད་ལས་དྲག་པོ་དགྲ་བགེགས་བསྒྲལ་བའི་དབང་བཅས་སྙིང་པོར་དྲིལ་བ་ལེགས་པར་ཐོབ་པ་ཡིན་པས་དམ་ཚིག་ཁས་ལེན་པའི་རྗེས་ཟློས། སྐུ་དྲིན་གཏང་རག་ཏུ་མཎྜལ་ལུས་འབུལ་དགེ་བསྔོ་སྤྱི་ལྟར་བྱའོ། །འདི་ནི་འཇུག་པ་བདེ་ཕྱིར་སྙིང་པོར་དྲིལ་བ་སྟེ། རྒྱས་སྐབས་གསང་སྐོར་ཡབ་ཀའི་དབང་ལ་ལྷ་དབང་བརྗེ་བ་ཙམ་ལས་གཞན་ཡབ་ཀ་ཇི་ལྟ་བ་བཞིན་བསྐུར་དགོས་སོ། །ཞེས་པའང་དགེ་བྱེད་ཆུ་སྟག་གི་ལོ་གྲོ་ཞུན་ཟླ་བའི་དམར་ཕྱོགས་ཀྱི་དགའ་བ་དང་པོར་གཏེར་སློབ་ཀརྨ་རཏྣས་ཐུན་བར་དུ་བཀོད་པ་མཆོག་གཏེར་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །ཤུ་བྷཾ།། །།

རྫོགས་ཆེན་སྡེ་གསུམ་སྲུང་མའི་བཀའ་གཏད་གྲུབ་གཉིས་སྐལ་ལྡན་ཤིང་རྟ་ (Volume 62, Text 94)

༄༅། །རྫོགས་ཆེན་སྡེ་གསུམ་སྲུང་མའི་བཀའ་གཏད་གྲུབ་གཉིས་སྐལ་ལྡན་ཤིང་རྟ་བཞུགས་སོ། ། སྡེ་གསུམ་སྤྱི་སྐོར། ཨཱོྃ་སྭསྟི། སྡེ་གསུམ་སྲུང་མ་འབར་གདོང་མའི་བཀའ་གཏད་ལ། གཏེར་གཞུང་ལས། མདུན་དུ་ཆོས་འབྱུང་བསྣོལ་མར་བྲི༔ སྟེང་དུ་དམར་གྱི་གཏོར་མ་བཤམས༔ རང་མདུན་མ་མོ་འཁོར་བཅས་བསམ༔ ཞེས་པས། གཏོར་གདན་ཆོས་བྱུང་དམར་ནག་བསྣོལ་མའི་ཁར་དམར་གཏོར་གསུམ་ལ་སྐུ་ཙཀ་གསུམ་དང་དར་གདུགས་དམར་པོ་ཤ་རྒྱན་བཅས་བཙུགས་པ་འབྲུ་སྨན་ཟས་སྣས་བསྐོར། ༈ གཤོག་རྒོད་མ་ལ། གཏེར་གཞུང་ལས། མ་མོ་རྡོ་རྗེ་གཤོག་རྒོད་མ༔ སྒྲུབ་ཕྱིར་མཐིང་ནག་གྲུ་གསུམ་བྲི༔ དཔལ་གྱི་གཏོར་མ་རྒྱན་ལྡན་བཤམས༔ མ་མོ་འཁོར་བཅས་མདུན་དུ་བསམ༔ ཞེས་པས། མཐིང་ནག་གྲུ་གསུམ་གྱི་དབུས་སུ་ཧཱུྃ་ཕྱོགས་བཞིར་ཐིག་ལེ་དཀར་སེར་དམར་ལྗང་བྲིས་པའི་ཁར་དམར་གཏོར་གཙོ་འཁོར་ལྔ་ལ་སྐུ་གཟུགས་དར་གདུགས་ཤ་དར་བཙུགས་པ་ཟས་སྣ་གཏོར་ཀྱུས་བསྐོར་བ་བཀོད། ༈ དམ་ཅན་ལ། གཏེར་གཞུང་ལས། སྐྱེས་བུ་ཆེན་པོ་སྒྲུབ་པ་ནི༔ མདུན་དུ་དཔལ་གྱི་གཏོར་མ་ནི༔ མཁར་ཐབས་ར་མགོས་མཚན་པ་བཤམས༔ མདའ་རྒོད་མེ་ལོང་སྟག་དར་བཙུག༔ སྐྱེས་བུ་འཁོར་བཅས་མདུན་དུ་བསམ༔ ཞེས་པས། གཏོར་མ་རྒྱས་བསྡུས་གང་རུང་ལ་སྐུ་གཟུགས་དང་དར་གདུགས་དམར་པོ་འཛུགས། ཁྱད་པར་རྟེན་མདའ་རྒོད་སྒྲོ་ཅན་ལ་དར་སྣ་ལྔ་དང་མེ་ལོང་སྟག་རས་ཕ་ཝཾ་ལོང་བུར་གསེར་གྱི་སྲོག་ཡིག་བྲིས་པ་དར་དམར་པོས་དྲིལ་བ་བཏགས། མ་འབྱོར་ན་ཙཀ་ལིར་མདའ་དར་བྲིས་ལ་རྒྱབ་ཏུ་སྲོག་སྔགས་བྲིས་ཀྱང་རུང་། སྨན་རཀ་ཉེར་སྤྱོད་གཏོར་འབུལ་གསེར་སྐྱེམས་བཤམས། བདག་བསྐྱེད་མཆོག་གཏེར་ཡི་དམ་གང་ཡིན་བཟླས་པ་བཅས་གྲུབ་ནས། མཆོད་གཏོར་བྱིན་གྱིས་བརླབས་ལ། མདུན་རྟེན་སྒྲུབ་པ་ལ་གསུམ། འབར་གདོང་མ། གཤོག་རྒོད་མ། དམ་ཅན་ནོ། །དང་པོ་ནི། རང་ཉིད་ཡི་དམ་ལྷར་གསལ་མདུན། །ཆོས་འབྱུང་དམར་ནག་བསྣོལ་བའི་དབུས། །འབར་བའི་གདོང་ཅན་སྐུ་མདོག་དམར། །གཡས་སུ་སེང་གེའི་གདོང་ཅན་དཀར། །གཡོན་དུ་ཆུ་སྲིན་གདོང་ཅན་ནག །གསུམ་ཀ་རུས་རྒྱན་དུར་ཁྲོད་ཆས། །གྲི་ཐོད་འཛིན་ཞིང་གར་སྟབས་སྒྱུར། །མེ་རླུང་འཚུབ་མའི་ཀློང་དུ་གསལ། །ཨཱོྃ་མ་མ་ཛྭ་ལ་ཛྭ་ལ་ནཱི་ཙཎྜི་ཧཱུྃ་ཕཊ྄༔ ཅི་ནུས་བཟླའོ། །གཉིས་པ་གཤོག་རྒོད་མ་ནི། མཐིང་ནག་གྲུ་གསུམ་འབར་བའི་ཀློང་། །རྡོ་རྗེ་གཤོག་རྒོད་མཐིང་ནག་འབར། །མཚོན་ཆའི་གཤོག་བརྒྱང་གྲི་ཐོད་འཛིན། །པད་ཉི་དགྲ་བགེགས་གདན་ལ་འགྱིང་། །ཕྱོགས་བཞིར་ལས་བཞིའི་ཕོ་ཉ་བཞི། །དགྲ་སྙིང་ཟ་ཞིང་མེ་ལོང་བལྟ། །མི་ལྤགས་གོས་གྱོན་ཞབས་གར་སྟབས། །ཀུན་ཀྱང་འབར་བའི་དབུས་ན་གསལ། །མ་མ་ཏྲག་རཀྴ་ག་རུ་ཌཿཧཱུྃ་ཕཊ྄༔ ཅི་ནུས་བཟླའོ། །གསུམ་པ་དམ་ཅན་ནི། རང་མདུན་ཕ་ཝཾ་ལོང་བུའི་མཁར། །མེ་རླུང་དམར་ནག་འཚུབ་མ་འཁྱིལ། །འབྲུག་སྒྲ་ཐོག་སེར་བུ་ཡུག་འཚུབས། །སེང་གེ་ར་སྐྱེས་ཁྱུ་མཆོག་གླང་། །མ་ངེས་ཞོན་པ་སྣ་ཚོགས་སྟེང་། །སྐྱེས་བུ་ཆེན་པོ་དམར་ནག་ཁྲོས། །སྟག་རལ་གཡས་ལ་གཟིགས་ཤུབས་གཡོན། །རྡོ་རྗེ་འཕྱར་ཞིང་དགྲ་སྙིང་ཟ། །མཆན་གཡོན་དར་དམར་རུ་མཚོན་སྒྲེང་། །དར་བེར་ཕྱི་ནང་རིན་ཆེན་རྒྱན། །སུལ་ནས་རིན་ཆེན་ནོར་ཆར་འབེབ། །སྐུ་ལས་མེ་འོད་གློག་སྟོང་འཁྱུག །ཞལ་ནས་རྔམ་པའི་གད་རྒྱངས་སྒྲོག །ཤངས་ནས་བསྐལ་པའི་འཐོར་རླུང་འཚུབས། །མཆེད་འཁོར་ཕོ་ཉས་རུ་མཚོན་འཕྱར། །དོམ་དྲེད་འཕར་སྤྱང་ངར་སྐད་སྒྲོག །འཁོར་དང་བཅས་པ་མངོན་སུམ་གསལ། །ཨཱོྃ་ཏྲི་ཤཱུ་ལ་བཛྲ་སཱ་དྷུ་སིདྡྷི་ཧཱུྃ༔ གང་འགྲུབ་བཟླའོ། །སོ་སོའི་གཏོར་འབུལ་ཕྲིན་བཅོལ་གཏེར་གཞུང་ལྟར་བྱས་ལ། ལས་བུམ་གྱི་ཆུ་རྡོ་རྗེའི་སྔགས་ཀྱི་བྱིན་གྱིས་བརླབས་པར་གྱུར། ཨ་མྲྀཏ་བཟླས་པས་ཁྲུས་བྱ། བགེགས་བསྐྲད། སྲུང་འཁོར་བརྟན་པར་བསྒོམ་ལ། འོ་ལགས་སོ། །དེ་ཡང་ཇི་སྐད་དུ། ཡིད་ཆེས་དད་པ་འཕེལ་བའི་ཕྱིར། །དབང་བསྐུར་ཐོག་མར་ལོ་རྒྱུས་བཤད། །ཅེས་གསུངས་པ་ལྟར། གཏེར་གཞུང་རྩ་བ་ལས། ཡང་ཟབ་སྙིང་པོའི་བཀའ་སྲུང་གསུམ༔ ཤིན་ཏུ་གཉན་པས་གསང་བར་གཅེས༔ བཀའ་གཏད་བཀའ་རྒྱས་གདམས་པར་གྱིས༔ མ་འོངས་སུམ་ཅུ་ཁ་རལ་དུས༔ ལྷ་སྲས་སྐྱེ་བ་ཉིད་དང་འཕྲད༔ རྫོགས་ཆེན་བསྟན་ལ་ཕན་བྱེད་ཤོག༔ ཅེས་བཀའ་རྒྱ་ཤིན་ཏུ་དམ་དགོས་པར་གདམ་པའི་བཀའ་གཏད་བགྱི་བ་ལ་ཐོག་མར་མཎྜལ་ཕུལ། དེ་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་གྱིས། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །གཏུམ་ཆེན་ཁྲོས་མ་མེ་གདོང་མའི། །བཀའ་གཏད་ཟབ་མོ་བསྩལ་དུ་གསོལ། །ལན་གསུམ། དེ་ནས་རྒྱུད་དག་པར་བྱ་བའི་ཕྱིར་རྒྱུན་བཤགས་འདི་ལྷན་ཅིག་གསུང་བར་ཞུ། བདག་དང་མཐའ་ཡས་སེམས་ཅན་རྣམས། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། དངོས་གཞི་ནི། གཏེར་གཞུང་ལས། བཀའ་གཏད་གཏོར་མ་སློབ་བུར་གཏད༔ ཕྲིན་ལས་བཅོལ་ཞིང་དམ་བསྲེ་འོ༔ ཞེས་པས། སློབ་མ་ཐུན་མཚམས་ཀྱི་ལྷར་གསལ་བ་ལ། གཏོར་མ་མ་མོ་མཆེད་གསུམ་དངོས་སུ་གསལ་བ་བཀའི་སྲུང་མར་གཏད་པ་སྒོམས་ཤིག །གཏོར་མ་ཐོགས་ལ། ཧཱུྃ་བྷྱོཿ གཏོར་སྣོད་ཆོས་འབྱུང་བསྣོལ་མའི་དབུས། །གཏོར་མ་མ་མོ་མཆེད་གསུམ་གསལ། །དམ་ལྡན་སློབ་མའི་སྲུང་མར་གཏད། །གང་བཅོལ་ལས་བཞིའི་ཕྲིན་ལས་སྒྲུབས། །དམ་ལས་མ་འདའ་ས་མ་ཡ། །ཨཱོྃ་མ་མ་ཛྭ་ལ་ཛྭ་ལ་ནཱི་ཙཎྜི་ཧཱུྃ་ཕཊ྄༔ སརྦ་ས་མ་ཡ་རཀྵ། ཞེས་གཏོར་མ་ལག་ཏུ་བཞག །དེ་ནས་དམ་ཚིག་བསྲེ་བ་ནི། བདུད་རྩི་སློབ་མར་སྦྱིན་ཅིང་གཏོར་མར་སྦྲེང་ལ། ཧོཿ འདི་ནི་གསང་བའི་བདུད་རྩི་སྟེ། །དམ་ཚིག་སྲུང་ན་མཆོག་དངོས་འགྲུབ། །ཉམས་ན་སྲེག་པར་འགྱུར་བ་ཡིན། །དེ་ཕྱིར་བུ་དང་སྲུང་མ་གཉིས། །ཕན་ཚུན་དམ་ལས་མ་འདའ་ཞིག །ཨཱོྃ་བཛྲ་ས་མ་ཡ་ཧཱུྃ་རཀྵནྟུ། རྡོ་རྗེ་སྲུང་མ་དང་སློབ་མའི་མགོར་བཞག་གོ །དེས་མ་མོ་འབར་མ་མཆེད་གསུམ་གྱི་བཀའ་གཏད་གྲུབ་པ་ཡིན་ནོ།། ༈ །།སླར་ཡང་ལྷ་མོ་རྡོ་རྗེ་གཤོག་རྒོད་མའི་དབང་གི་དོན་དུ་མཎྜལ་ཕུལ། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །ལྷ་མོ་རྡོ་རྗེ་གཤོག་རྒོད་མའི་། །སྲོག་དབང་དམ་པ་བསྩལ་དུ་གསོལ། །ལན་གསུམ། དེ་ནས་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས་མཛོད། ན་མོ༔ རིགས་ཀུན་ཁྱབ་བདག་བླ་མ་རྗེ༔ དངོས་གྲུབ་འབྱུང་གནས་ཡི་དམ་ལྷ༔ བར་ཆད་ཀུན་སེལ་མཁའ་འགྲོའི་ཚོགས༔ རྩ་བ་གསུམ་ལ་སྐྱབས་སུ་མཆི༔ གསུམ་མམ་གཅིག །སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བཀའ་ཡི་སྲུང་མ་སྒྲུབ་ནས་ནི། །གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ གཞན་དོན་སྐྱོང་བར་དམ་བཅའ་འོ༔ གསུམ་མམ་གཅིག །དངོས་གཞི་གཏེར་གཞུང་ལས། བཀའ་གཏད་སློབ་མ་མ་མོར་བསྐྱེད༔ སྐུ་གཟུགས་ཕྱག་མཚན་བསྟིམ་པར་བྱ༔ ཞེས་གསུངས་པས་སློབ་མ་ལྷར་བསྐྱེད་པ་ནི། གྲུ་གསུམ་མཐིང་ནག་འབར་བའི་ཀློང་། །སློབ་མ་སྐད་ཅིག་དྲན་རྫོགས་སུ། །རྡོ་རྗེ་གཤོག་རྒོད་མཐིང་ནག་འབར་སོགས་ནས། ཀུན་ཀྱང་འབར་བའི་དབུས་ན་གསལ། །དེ་ལྟར་སློབ་མ་དམ་ཚིག་པར་གསལ་བ་ལ་གཏོར་མ་ཡེ་ཤེས་མཁའ་འགྲོ་དངོས་སུ་གསལ་བས་དབང་བསྐུར་ཞིང་ལུས་ལ་ཐིམ་པར་སྒོམས་ཤིག །གཏོར་མ་ཐོགས་ལ། ཧཱུྃ་བྷྱོཿ སྒྲུབ་པའི་རྟེན་མཆོག་དམ་རྫས་བ་ལིང་ཏ། །དང་པོ་འདོད་ཡོན་ལྔ་ཡི་མཆོད་པའི་སྤྲིན། །བར་དུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ལྷ། །ཐ་མ་དབང་དང་དངོས་གྲུབ་རྒྱ་མཚོའི་གཏེར། །གཏོར་མའི་དབང་བསྐུར་ལྷ་དང་གཉིས་སུ་མེད། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་འོད་ཟེར་འབར། །མ་མོ་མཁའ་འགྲོ་དབང་དུ་འདུ་བའི་ཕྱིར། །དམ་རྫས་གཏོར་མ་ཆེན་པོའི་དབང་བསྐུར་བས། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་ཤོག །མ་མ་ཏྲག་རཀྴ་ག་རུ་ཌཿཧཱུྃ་ཕཊ྄༔ སརྦ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་གཏོར་མ་གནས་བཞིར་བཞག་ལ། གཏོར་མའི་ལྷ་ཚོགས་སློབ་མ་ལ་ཐིམ་པར་གྱུར། དེ་དག་ནི་སྐུའི་སྲོག་དབང་ངོ་། །སློབ་དཔོན་ཡི་དམ་གྱི་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་རྡོ་རྗེ་གཤོག་རྒོད་མ་གཙོ་འཁོར་ལྔའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། ཞལ་ནས་སྔགས་ཀྱི་ཕྲེང་བ་ཐོན། སློབ་མའི་སྙིང་གའི་ཧཱུྃ་ཡིག་ལ་ཐིམ་པར་བསྒོམས་ལ་སྔགས་འདིའི་རྗེས་ཟློས་ལན་གསུམ། མ་མ་ཏྲག་རཀྴ་ག་རུ་ཌཿཧཱུྃ་ཕཊ྄༔ དེ་དག་ནི་གསུང་གི་སྲོག་དབང་ངོ་། །སློབ་དཔོན་ཡིད་དམ་གྱི་ལྷར་གསལ་བའི་ཐུགས་ཀ་ནས་ཕྱག་མཚན་གྲི་ཐོད་སྙིང་དང་མེ་ལོང་འཕྲོས་ནས་སློབ་མའི་སྙིང་གར་ཐིམ་པར་བསྒོམས་ལ་སེམས་མ་བཅོས་རྣལ་མའི་ངང་དུ་ཞོག་ཅིག །མ་ནི་སྟོང་པ་དབྱིངས་ཀྱི་མ། །མོ་ནི་རིག་པ་ཟང་ཐལ་མོ། །རྡོ་རྗེ་འགྱུར་མེད་ཡོངས་སུ་གྲུབ། །གཤོག་རྒོད་ཐབས་ཤེས་འདུ་འབྲལ་མེད། །ལྷ་མོ་རང་གི་སེམས་ལ་རྫོགས། །ཕཊ྄། སེམས་དུས་གསུམ་ཡིད་བྱེད་དང་བྲལ་བའི་ངང་ལ་དལ་ཅིག་མཉམ་པར་ཞོག་མཛོད། དེ་དག་ནི་ཐུགས་ཀྱི་སྲོག་དབང་ངོ་། །དེས་ལྷ་མོ་རྡོ་རྗེ་གཤོག་རྒོད་མའི་སྲོག་གཏད་གྲུབ་པ་ཡིན་ནོ།། ༈ །།ཡང་ཟབ་གསང་བ་སྙིང་གི་ཐིག་ལེའི་བཀའ་སྲུང་རྡོ་རྗེ་ལེགས་པའི་རྗེས་སུ་གནང་བ་ཞུ་བའི་ཡོན་དུ་མཎྜལ་ཕུལ། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །དམ་ཅན་རྡོ་རྗེ་ལེགས་པ་ཡི། །རྗེས་སུ་གནང་བ་བསྩལ་དུ་གསོལ། །གསུམ་མམ་གཅིག །རྒྱུད་དག་པར་བྱ་བའི་ཕྱིར་དུ་གསག་སྦྱོང་སྤེལ་གསུམ་གྱི་གནད་བསྡུས་པ་རྒྱུན་བཤགས་འདི་ལྷན་ཅིག་ཏུ་གསུང་བར་ཞུ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །གསུམ་མམ་ཚིག་རྐང་རྗེས་མ་ལན་གཉིས་བསྐྱར་རོ། །རྗེས་སུ་གནང་བའི་དངོས་གཞི་ནི། །གཏེར་གཞུང་ལས། བཀའ་གཏད་རྟེན་མདའ་ལག་ཏུ་གཏད༔ ཕྲིན་ལས་མ་ལུས་སྒྲུབ་པར་བསམ༔ ཐ་ཚིག་ཕྲིན་བཅོལ་བྱས་པས་འགྲུབ༔ ཅེས་གསུངས་པས། སློབ་དཔོན་གསང་བའི་བདག་པོ་དྲེགས་པ་ཀུན་འདུལ་དུ་གསལ་བས་མདུན་གྱི་དམ་ཅན་འཁོར་བཅས་ལ་དགོངས་པས་གཟིར་ཞིང་རྡོ་རྗེ་གདེངས་པས། ཧོཿ ཡ་ཀི་རྒྱལ་བ་ཞི་ཁྲོ་ནས། །འགོང་པོ་སྲིན་མོ་ཡན་ཆད་ལ། །སྲོག་བཞི་ཀུན་ལ་ཡོད་པ་ཡིན། །དམ་ཅན་སྲོག་སྙིང་ང་ལ་ཡོད། །དེ་རིང་སློབ་མར་རྗེས་སུ་གནང་། སྲུང་མ་དམ་ལ་གནས་སམ་ཅི། །སྲུང་མས། རྡོ་རྗེ་འཛིན་པའི་བཀའ་བཞིན་དམ་ལ་གནས་པར་བགྱིའོ་ཞེས་ཁས་བླངས་པར་མོས་ལ། རྟེན་མདའ་ཐོགས་ལ། ཧཱུྃ་ཧྲཱིཿ སྐྱེས་མཆོག་བཛྲ་ཐིག་ལེ་རྩལ། །བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །བུ་ཁྱོད་སྲུང་མར་བདག་གིས་གཏད། །རྟག་ཏུ་མཆོད་བསྟོད་བརྩོན་པར་གྱིས། །ཨཱོྃ་བཛྲ་སཱ་དྷུ་ས་མ་ཡ་སིདྡྷི་ཕ་ལ་ཨཱ་ཝེ་ཤ་ཡ་ཛཿཛཿ ཧོཿ དམ་ཅན་ཆེན་པོ། དགྲ་བླ་ཆེན་པོ། མགར་བ་དམར་པོ། ནོར་བདག་དཀར་པོ། ནག་པོ་ཐོག་མདའ། ཨ་ཙར་མོན་པ། མཆེད་ཟླ་སུམ་བརྒྱ་དྲུག་ཅུ། དགྱེས་སྡེ་བརྟན་མ་བཅུ་གཉིས། དགེ་བསྙེན་ཉི་ཤུ་རྩ་གཅིག །བཙན་དམག་ཞུབ་ཅན་སྟོང་སྡེ། སྡེ་བརྒྱད་དྲེགས་པའི་དམག་ཚོགས། ཕོ་ཉ་ཤན་པ་བྱ་གཅན། བཀའ་སྡོད་སྤྲུལ་པ་ཡང་སྤྲུལ་གྱི་ཚོགས་དང་བཅས་པ་རྣམས་ཀྱིས་བླ་མ་རྡོ་རྗེ་སློབ་དཔོན་གྱི་སྐུ་ཚེ་སྲིངས། དམ་ལྡན་རྡོ་རྗེའི་སློབ་མ་འདིའི་བཀའ་དང་བསྟན་པ་སྲུངས། དཔལ་དང་འབྱོར་པ་སྤེལ། སྙན་པ་དང་གྲགས་པ་སྒྲོགས། སྡང་བའི་དགྲ་སོད། གནོད་པའི་བགེགས་ཆོམས། བར་ཆད་ཀྱི་རྐྱེན་ཟློགས། མདོར་ན་ཞི་རྒྱས་དབང་དྲག་ཕྲིན་ལས་རྣམ་པ་བཞི་ཐོགས་པ་མེད་པར་སྒྲུབས་ཤིག ཨཱོྃ་ཏྲི་ཤཱུ་ལ་བཛྲ་སཱ་དྷུ་སིདྡྷི་ཧཱུྃ༔ ཤཱནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་ཕཊ྄། ཅེས་བརྗོད་ཅིང་རྟེན་མདའ་སློབ་མ་ལ་གཏད། ཤིས་པ་བརྗོད་ཅིང་མེ་ཏོག་འཐོར་ལ་རོལ་མོ་བྱ། དེ་དག་གི་སྐབས་སུ་ཐོབ་པའི་སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས་དང་། ཁྱད་པར་སྲུང་མ་རྟེན་སྒྲུབ་གསོལ་མཆོད་རྒྱུན་མ་ཆད་པ་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་སོགས་དང་། བཀའ་དྲིན་གཏང་རག་གི་མཎྜལ། ལུས་ལོངས་སྤྱོད་བདོག་པ་ཀུན་འབུལ་ན་ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས། དེང་ནས་བརྩམ་སྟེ་སོགས་དང་དགེ་བསྔོ་བྱ། རྗེས་ཀྱི་བྱ་བ་གང་དགོས་བྱའོ། །མཆོག་གཏེར་ཟབ་རྒྱས་རིན་ཆེན་མཛོད། །མི་ཉམས་དར་ཞིང་རྒྱས་པའི་ཕྱིར། །བསམ་སྦྱོར་རྣམ་དག་དད་མོས་ཀྱིས། །བཀོད་པའི་དགེ་ཚོགས་འགྲོ་ལ་བསྔོ། །བཀའ་སྲུང་དབང་གི་ལེ་ཚན་ནོ། །ཤུ་བྷཾ།། །།

སྡེ་གསུམ་གཏེར་གྱི་སྲུང་མའི་བཀའ་གཏད་རྣམ་གསུམ་སྲོག་གི་ཐིག་ལེ་ (Volume 62, Text 95)

༄༅། །སྡེ་གསུམ་གཏེར་གྱི་སྲུང་མའི་བཀའ་གཏད་རྣམ་གསུམ་སྲོག་གི་ཐིག་ལེ་བཞུགས། ། སྡེ་གསུམ་སྤྱི་སྐོར། ན་མོ་མ་ཧཱ་གུ་རུ་ཀྲོ་དྷ་ཡ། དེ་ཡང་དང་པོ་སྒྲུབ་པའི་རྟེན་ནི། གཏེར་གཞུང་ལས། ལྷ་མདའ་དར་དཀར་གཡག་དཀར་དང༔ མདུང་དམར་བཙན་རྟ་ཤ་བའི་རྭ༔ ཀླུ་སྨན་གླང་དམར་གཏེར་གྱི་བུམ༔ སྲོག་སྔགས་ལྡན་པ་རྟེན་དུ་གཟུག༔ འབྲས་བཤོས་ཤ་ཆང་དཀར་གསུམ་ལ༔ གཏོར་མ་རི་ཡི་གཟུགས་སུ་བྱ༔ ས་མ་ཡ༔ ཞེས་གསུངས་པའི་རྟེན་རྣམས་དངོས་སམ་དར་དཀར་དམར་མཐིང་གསུམ་ལ་བྲི། རྒྱབ་ཏུ་སྔགས་བྱང་འདོད་གསོལ་བཀོད་ཀྱང་རུང་། སྒྲུབ་གཏོར་རི་གཟུགས་བཅའ་བར་གསུངས་ཀྱང་ད་ལྟ་ཕྱག་ལེན་ལ། ལྷ་ལ་དཀར་ཟླུམ། བཙན་ལ་ཟུར་གསུམ་དམར་པོ། ཀླུ་ལ་བཤོས་སྔོན་ནམ་དཀར་ཟླུམ་སྦྲུལ་དཀྲིས་ཅན་ལ་སོ་སོའི་སྐུ་གཟུགས་དང་དར་གདུགས་རང་མདོག་འཛུགས། ཉེར་སྤྱོད་སྤྱན་གཟིགས་གང་འབྱོར་བཤམས། སྤོས་དཀར་སིཧླ་སྤང་སྤོས་བདུག་ཅིང་ཆུ་གཙང་འཐོར་ལ་ཡི་དམ་གང་ཡིན་གྱི་བདག་བསྐྱེད་བཟླས་པ་ཛཔ྄་མཆོད་བཅས་བྱ། ལས་བུམ་གྱི་ཆུ་ལས་སྔགས་ཀྱིས་བྱིན་བརླབས། བཀའ་གཏད་ནི་གཏེར་གཞུང་ལས། སྲོག་གཏད་ཟབ་མོ་བགྱི་བ་ནི༔ སློབ་དཔོན་ལྷ་རུ་གསལ་བ་ཡི༔ མདུན་དུ་དྲེགས་པ་འཁོར་བཅས་བསམ༔ ཕྲིན་ལས་བཏང་ལ་སྔགས་རྣམས་བཟླས༔ ཞེས་པས་དང་པོ་གཏོར་མ་བསང་སྦྱང་བྱིན་རླབས་བྱས་ལ། མདུན་དུ་ཨ་་་གཡས།ཏྲི་་་དབུས།ནཱཾ་་་གཡོན།གསུམ་ལས། །དྲེགས་པ་རྣམ་གསུམ་དཀར་དམར་སྔོ། །ལྷ་བཙན་ཀླུ་ཡི་ཆས་ཀུན་རྫོགས། །དཀར་པོ་ལྷ་ཡི་སྡེ་དཔོན་ནི། །གསེར་འཁོར་གཡས་ལ་ཆུ་ཤེལ་གཡོན། །གྲུ་གཡོན་དར་མདུང་དཀར་པོ་འཕྱར། །རྟ་དཀར་འཆིབས་ཤིང་ལྷ་གནས་འགྲིམ། །གསང་མཚན་རྡོ་རྗེ་འོད་གསལ་རྩལ། །དམར་པོ་བཙན་གྱི་སྡེ་དཔོན་ནི། །མདུང་དམར་གཡས་ལ་བཙན་ཞགས་གཡོན། །གདོང་ལས་འབར་བའི་མེ་འོད་འཕྲོ། །ཤངས་ནས་སྔོ་དམར་ནད་རླུང་འཚུབས། །ཞལ་ནས་དུག་གི་ཁ་ཆུ་འཛག །རྟ་དམར་ལ་ཞོན་སྟོང་གསུམ་ཉུལ། གསང་མཚན་རྡོ་རྗེ་མེ་འབར་རྩལ། །སྔོན་པོ་ཀླུ་ཡི་སྡེ་དཔོན་ནི། །ཀླུ་རྒྱལ་གཙུག་ན་རིན་ཆེན་སྲས། །ཡིད་བཞིན་ནོར་བུ་གཏེར་བུམ་འཛིན། །དགོས་འདོད་རེ་སྐོང་འབྲུ་ཆར་འབེབ། །གཟུགས་མཛེས་ཡིད་འོང་བྱིས་པའི་ཚུལ། །གཡུ་སྦྲུལ་མཇུག་མ་གཡས་སུ་འཁྱིལ། །ཀླུ་རྟ་ལ་ཞོན་རྒྱ་མཚོར་རྒྱུ། །གསང་མཚན་ནོར་བདག་གཟི་འབར་རྩལ། །སྣང་གསུམ་འོད་ལས་ཤར་པ་ཡི། །ཟབ་གཏེར་སྲུང་མ་རྣམ་གསུམ་ལ། །ཕྱི་ནང་གསང་བ་ཡང་གསང་གི །ངོ་མཚར་མཆོད་སྤྲིན་རྒྱ་མཚོས་མཆོད། །བརྒྱུད་གསུམ་བླ་མའི་སྤྱན་སྔ་རུ། །དམ་བཅས་གཏེར་བདག་འཁོར་བཅས་བསྟོད། །བཟླས་པ་བྱ་བ་ནི། དགོངས་པས་གཟིར་ཞིང་། ཨ་དེ་ཝ་རཱ་ཛ༔ ཙ་ཤཱུ་ལ་ཏྲི་ཛ༔ ནཱཾ་ནཱ་ག་རཱ་ཛ་རཏྣ་ཛ༔ གང་ནུས་བཟླས་ཤིང་གཏོར་འབུལ་ཕྲིན་བཅོལ་གཞུང་ལྟར་བྱ། སློབ་མ་རྣམས་ལ་ཁྲུས་དང་བགེགས་བསྐྲད་སྲུང་འཁོར་བརྟན་པར་སྒོམ། འོ་ན་ད་ལམ་གྱི་སྐབས་སུ་བབ་པ་མཆོག་གཏེར་རྫོགས་ཆེན་སྡེ་གསུམ་གྱི་གཏེར་བདག་སྲུང་མ་རྣམ་གསུམ་གྱི་རྗེས་གནང་བཀའ་གཏད་བགྱི་བ་ལ་རྟེན་འབྲེལ་གྱི་རྫས་དང་བཅས་མཎྜལ་ཕུལ། དེ་ལ་དང་པོ་ལོ་རྒྱུས་ནི། གཏེར་གཞུང་ལས། རང་བྱུང་པདྨ་སློབ་མར་བཅས༔ འཛོམ་གྱི་གངས་རར་བྱོན་པའི་ཚེ༔ ལྷ་ཀླུ་བཙན་གྱིས་ཞབས་ཏོག་ཕུལ༔ ཟབ་མོ་གཏེར་གྱི་སྲུང་མར་བསྐོས༔ ཚངས་པ་དཀར་པོའི་རྒྱུད་ལས་བྱུང༔ ལྷ་ཡི་རྒྱལ་པོ་འོད་གསལ་རྩལ༔ ཡམ་ཤུད་དམར་པོའི་རིགས་ལས་བྱུང༔ བཙན་གྱི་རྒྱལ་པོ་འོད་འབར་རྩལ༔ གཙུག་ན་རིན་ཆེན་རང་གི་རྒྱུད༔ ཀླུ་རྒྱལ་ནོར་བདག་གཟི་འབར་རྩལ༔ དྲེགས་པ་གསུམ་གྱིས་སྲོག་སྙིང་ཕུལ༔ བདེ་བའི་ཉམས་དང་དམར་ལམ་ལས༔ རང་གཟུགས་བཙན་གྱི་རྒྱལ་པོ་ཤར༔ གསལ་བའི་མདངས་དང་དཀར་ལམ་ལས༔ རང་གཟུགས་ལྷ་ཡི་རྒྱལ་པོ་ཤར༔ མི་རྟོག་ཉམས་དང་ནག་ལམ་ལས༔ རང་གཟུགས་ཀླུ་ཡི་རྒྱལ་པོ་ཤར༔ དེ་ལས་གཞན་དུ་གྲུབ་པ་མེད༔ ལྷ་སྲིན་སྟོང་སྲོག་ལོན་པ་འོ༔ ཞེས་ལོ་རྒྱུས་དེ་ལྡན་གྱི་རྗེས་སུ་གནང་བ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །ཟབ་གཏེར་སྲུང་མ་རྣམ་གསུམ་གྱི། །རྗེས་སུ་གནང་བ་བསྩལ་དུ་གསོལ། །གསུམ་མམ་གཅིག །རྒྱུད་དག་པར་བྱ་བའི་ཕྱིར་སྐྱབས་སེམས་ཡན་ལག་བདུན་པ་འདིའི་རྗེས་ཟློས་མཛོད། ན་མོ། མཆོག་གསུམ་རྩ་བ་གསུམ་ལ་སྐྱབས་སུ་མཆི། །འགྲོ་ཀུན་བྱང་ཆུབ་འཐོབ་པར་སེམས་བསྐྱེད་དོ། །ཕྱག་འཚལ་མཆོད་འབུལ་སྡིག་སྒྲིབ་ཉེས་ལྟུང་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐོར་དུ་གསོལ། །གྲངས་མེད་བཞུགས་གསོལ་དགེ་ཚོགས་འགྲོ་ལ་བསྔོ། །ལན་གསུམ། སློབ་དཔོན་དབང་ཆེན་དྲེགས་པ་ཟིལ་གནོན་དུ་གསལ་བས་བདུད་རྩི་སྦྱིན་ཞིང་དམ་ཚིག་བསྲེ་བ་ནི། ནང་མཆོད་ཀྱི་བདུད་རྩི་གཏོར་མར་སྦྲེང་ཞིང་སློབ་མར་སྦྱིན་ལ། ཧོཿ འདི་ནི་གསང་བའི་བདུད་རྩི་སྟེ། །དམ་ཚིག་སྲུང་ན་མཆོག་དངོས་གྲུབ། །ཉམས་ན་བསྲེག་པར་འགྱུར་བ་ཡིན། །དེ་ཕྱིར་བུ་དང་སྲུང་མ་གཉིས། །ཕན་ཚུན་དམ་ལས་མ་འདའ་ཞིག །ཨཱོྃ་བཛྲ་ས་མ་ཡ་ཧཱུྃ་རཀྵནྟུ། དེ་ནས་སློབ་མ་གཉེན་པོ་སྟོབས་ཀྱི་ལྷར་གསལ་བ་ལ། གཏེར་སྲུང་ལྷ་བཙན་ཀླུ་གསུམ་བྲན་དང་བཀའ་ཉན་ཕོ་ཉར་གཏད་པར་གྱུར། དང་པོ་ལྷ་ཡི་གཏོར་མ་ཐོགས་ལ། ཧཱུྃ། དཀར་པོ་ལྷ་ཡི་སྡེ་དཔོན་ནི། །གསང་མཚན་རྡོ་རྗེ་འོད་གསལ་རྩལ། །སློབ་དཔོན་པདྨའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་མ་གཡེལ་བར། །སློབ་མ་འདི་ཡི་ཕྲིན་ལས་སྒྲུབས། །དམ་ལ་མ་འདའ་ས་མ་ཡ། །ལག་ཏུ་གཏད་ལ་སྲོག་སྔགས་བརྗོད། བཙན་གྱི་གཏོར་མ་ཐོགས་ལ། ཧཱུྃ། དམར་པོ་བཙན་གྱི་སྡེ་དཔོན་ནི། །གསང་མཚན་རྡོ་རྗེ་མེ་འབར་རྩལ། །སློབ་དཔོན་པདྨའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་མ་གཡེལ་བར། །སློབ་མ་འདི་ཡི་ཕྲིན་ལས་སྒྲུབས། །དམ་ལ་མ་འདའ་ས་མ་ཡ། །ལག་ཏུ་གཏད་ལ་སྲོག་སྔགས་བརྗོད། ཀླུ་ཡི་གཏོར་མ་ཐོགས་ལ། ཧཱུྃ། སྔོན་པོ་ཀླུ་ཡི་སྡེ་དཔོན་ནི། །གསང་མཚན་ནོར་བདག་གཟི་འབར་རྩལ། །སློབ་དཔོན་པདྨའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་མ་གཡེལ་བར། །སློབ་མ་འདི་ཡི་ཕྲིན་ལས་སྒྲུབས། །དམ་ལ་མ་འདའ་ས་མ་ཡ། །ལག་ཏུ་གཏད་ལ་སྲོག་སྔགས་བརྗོད། དེ་དག་གིས་གཏེར་སྲུང་རྣམ་པ་གསུམ་གྱི་སྲོག་གཏད་ཟབ་མོ་གྲུབ་པ་ལ་ཤིས་པ་བརྗོད་པས་མངའ་གསོལ་བ་ནི། མི་འགྱུར་ལྷུན་པོ་སོགས་དང་། རྩ་བརྒྱུད་བླ་མའི་སོགས་ཀྱིས་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར་རོལ་མོ་བྱ། གཏང་རག་མཎྜལ། ལུས་འབུལ་དགེ་བསྔོ་སོགས་སྤྱི་དང་འདྲ་འོ། །རྒྱུན་གཏོར་ལྟར་གཏོར་འབུལ་ཕྲིན་བཅོལ་བཅས་གཏོར་མ་གཙང་སར་འབུལ་ལོ། །གོང་གནོན་གྱི་རྗེས་ཆོག་གང་དགོས་རྣམས་བྱའོ། །མཆོག་གཏེར་ཟབ་རྒྱས་རི༵ན་ཆེ༵ན་མཛོད། །མི་ཉམས་དར་༵ཞིང་རྒྱ༵ས་པའི་ཕྱིར། །བསམ་སྦྱོར་རྣམ་དག་དད་མོས་ཀྱིས། །བཀོད་པའི་དགེ་ཚོགས་འགྲོ་ལ་བསྔོ། །གཏེར་བདག་རྗེས་གནང་གི་ལེ་ཚན་ནོ། །ཤུ་བྷཾ།། །།

མཆོག་གཏེར་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་སྨིན་བྱེད་དབང་གི་གོ་རིམ་ (Volume 62, Text 96)

ན་མོ་གུ་རུ། མཆོག་གཏེར་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་སྨིན་བྱེད་དབང་གི་གོ་རིམ་ནི། ལོ་རྒྱུས་སྙིང་གི་ཏི་ཀ་ལས་ཇི་ལྟར་འབྱུང་བཞིན་གྱི་བཅས་བཤམ་བཀོད་པའི་ཚུལ་ནི། ༡༽སྤྱི་ལ་གཅེས་པ་རིག་འཛིན་བླ་མའི་དབང་ལ། དཀྱིལ་འཁོར་སྒོ་རྐྱང་པད་འདབ་བརྒྱད་ལྡན་ཁར་སྟེགས་ཀྱི་དབུས་བུམ་པ་བཅུད་ལྡན་དང་། གསང་ཐོད། རིག་ཙཀ །ཤེལ་རྡོ། རྨ་བྱའི་མདོངས་སྒྲོ་མེ་ལོང་སྦྲགས་མ་དང་། དཔལ་གྱི་གཏོར་མ་ལ་སྐུ་ཙཀ་ཡོད་ན་དང་མེད་ཀྱང་མི་འགལ། ཤྲཱི་སེང་སྐུ་འབག་དང་། སྔགས་ཕྲེང་། སྲུང་སྐུད་དམར་པོ་སློབ་མའི་གྲངས་ལྡན། དམ་ཆུ། ལས་བུམ། བགེགས་གཏོར་བཅས་བཤམས་ཏེ། དབང་སྒྲུབ་ནི་ཟབ་དབང་དང་། སེམས་སྡེའི་སྒྲུབ་དབང་གཉིས་ཀར་ཕྱི་སྐོར་བླ་མའི་བསྐྱེད་རིམ་བྱང་བུ་ཁྲིགས་སུ་བསྡེབས་པ་ཁོ་ནའོ།། ༈ །།དེ་ནས་ཕྱི་སེམས་སྡེའི་སྐོར་ལས། ༢༽ཕྱི་སྐོར་བླ་མའི་སྒྲུབ་དབང་ལ་དོན་གྱི་དཀྱིལ་འཁོར་ལས་རྫས་ཀྱི་དཀྱིལ་འཁོར་མི་དགོས་ཤིང་། ཤྲཱི་སིཾ་ཧ་དང་ཕྱི་སྐོར་བླ་མ་སོ་གཅིག་གི་སྐུ་ཙཀ་དང་། ལས་བུམ། བགེགས་གཏོར་ཙམ་མོ།། ༣༽ཕྱི་སྐོར་རྡོ་རྗེ་དབྱིངས་ཀྱི་དབང་ལ་དཀྱིལ་འཁོར་སྤྱི་འགྲེ་ཡོད་ན་དང་མེད་ན་ཚོམ་བུ་དགུ་བཀོད་པའི་ཁར་མཉྫིའི་དབུས། རྣམ་བུམ་བཅུད་ལྡན། དབུ་རྒྱན། རྡོ་རྗེ། དྲིལ་བུ། མིང་དབང་། རྣམ་སྣང་གཙོ་དགུའི་ཙཀ་ལི། མངའ་གསོལ་ཆས། ལས་བུམ། བགེགས་གཏོར་བཅས་ལ། རྒྱས་ན་ཕྱི་འཇུག་དང་མཆོག་དབང་གསུམ་སོགས་ཞལ་འཕངས་ཀྱང་དེ་ཙམ་གྱིས་འཐུས་པར་འདུག་གོ། ༤༽ཁྲིད་ཀྱི་བྱིན་རླབས་ཨ་ཡིག་མདའ་འཕེན་ལ། སྙིང་ཨས་མཚན་པའི་དཀྱིལ་འཁོར། སྟེགས་ཀྱི་ཁར་བུམ་པ་བཅུད་ལྡན་ལ་སྙིང་ཨ་ཡིས་མཚན་པ་བཏགས། ཁ་རྒྱན་ལ་པདྨ་དམར་པོ་བྲིས་པ་བཙུགས། ཁྲིད་ཀྱི་དངོས་གཞི་ལ་དབུགས་བེར་ལས་དོན་གྱི་ངོ་སྤྲོད་ཡིན་ལ་དབང་རྫས་གཞན་མེད་དོ།། ༈ །།དེ་ནས་ནང་ཀློང་སྡེའི་སྐོར་ནི། ༥༽ནང་སྐོར་རིག་འཛིན་སྒྲུབ་དབང་ནི་བཅས་བཤམ་ཕྱི་སྐོར་ལྟར་ལ་ནང་སྐོར་རིག་འཛིན་བཅོ་ལྔའི་ཙག་ལི་བཤམས་པའོ།། ༦༽ནང་སྐོར་ཡི་དམ་ཞི་བ་སྟོན་པ་བཅུ་གཉིས་ཀྱི་དབང་ལ། དཀྱིལ་འཁོར་རྒྱས་བསྡུས་གང་བབ། རྣམ་བུམ། གསང་ཐོད། རིག་ཙཀ །ཤེལ་རྡོ་བཅས་ཀྱིས་འཐུས་ལ། ལས་བུམ། བགེགས་གཏོར་བཅས་དང་། སྤྲོ་ན་ལྷ་སྐུ་བཅུ་གསུམ་ཙཀ་ལི་ཡང་བཀོད། དབང་སྒྲུབ་ནི་གཞུང་བཞིན་ནོ།། ༧༽ནང་སྐོར་ཡི་དམ་ཁྲོ་བོ་རྩ་བ་མངོན་རྫོགས་རྒྱལ་པོ་ཐེག་པ་དགུ་བསྒྲིལ་སོགས་ཀྱི་དབང་ལ། ཀུན་གྱི་སྔོན་འགྲོ་སྟ་གོན་ནི། རས་བྲིས་ཀྱི་ཕྱོགས་ལ་མ་བྱས་ཀྱང་མི་འགལ་ཡང་གཞུང་ལས་གསུངས་པའི་ཕྱིར་དགོས་པའི་དབང་དུ་བྱ་སྟེ། ཡོ་བྱད་ནི་བུམ་པ་རྫས་སྔགས་ལྡན་པ་སྟེགས་བུར་བཀོད། ས་ལྷའི་གཏོར་མ། ཕུར་བུ། བགེགས་གཏོར་གཉིས། ཆག་ཆག་གདབ་པའི་ཆུ། སོ་ཤིང་དང་འདོར་བའི་སྣོད། འཁྱོར་ཆུ། སྲུང་སྐུད་དམར་པོ། ཀུ་ཤ །ཏིལ་དང་མེ་ཆུ། གནས་གསུམ་དྲི་ཡི་ཐེག་ལེ། རྒྱས་ན་སློབ་མ་མཆོད་རྫས་རྣམ་ལྔ་ཟུར་དུ་འདེགས་དགོས། བསྡུ་ན་སྒོམ་པས་འཐུས་སོ། །དངོས་གཞི་ལ་རྒྱས་ན་དབུས་སུ་མངོན་རྫོགས་རྒྱལ་པོའི་དཀྱིལ་འཁོར་དང་མཐར་ཐེག་རིམ་གྱི་དཀྱིལ་འཁོར་བྱང་ཤར་ནས་གཡོན་སྐོར་དུ་བཀོད་དགོས་ཀྱང་། མ་འཛོམ་ན་ཚོམ་བུ་དེ་བཞིན་བཀོད། བྱང་ཤར་ནས་བརྩམ་ངན་སོང་སྒོ་འབྱེད་བུམ་པ། བྱེ་ཡུངས། ཕྱག་རྡོར་ཁྲོ་བོ་རྡོར་དྲིལ་ཅན། ཐུབ་པ་བཞི་གཞུང་གསལ་སྐུ་ཙཀ་བཅས། མིའི་ཐེག་པ་ལ། བུམ་པ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྡེ་ལྔའི་སྐུ་ཙཀ་བཅས། ལྷའི་ཐེག་པའི་དབང་ལ། བུམ་པ། དམ་པ་ཏོག་དཀར། ཚངས་པ། བརྒྱ་བྱིན། ལྷ་མོ་སྒྱུ་འཕྲུལ་རྣམས་ཀྱི་སྐུ་ཙཀ་བཅས། ཉན་ཐོས་ཐེག་པའི་དབང་ལ། བུམ་པ། ཆོས་གོས་རྣམ་གསུམ་ལྷུང་བཟེད་འཁར་གསིལ་དུང་སྤྱི་བླུགས་ཆུ་སྣོད་ཆུ་ཚགས་གདིང་བ་བཅས་བྲིས་པའི་ཙཀ་ལི། སྟོན་པ་ཉན་ཐོས་བཞིས་བསྐོར་བ་བཅས། རང་རྒྱལ་ཐེག་པའི་དབང་ལ། བུམ་པ། རང་རྒྱལ་གྱི་སྐུ་ཙཀ །རྟེན་འབྲེལ་བཅུ་གཉིས་ཀྱི་གཟུགས་བྲིས་པ་བཅས། བྱང་སེམས་ཐེག་པའི་དབང་ལ། བུམ་པ། ཉེ་སྲས་བརྒྱད་ཀྱི་སྐུ་ཙཀ །རལ་གྲི་སྨན་མཆོག་གྲུ་དང་དུང་བཅས་བྲིས་པའི་ཙཀ་ལི་བཅས། ལྷ་མི་ཉན་རང་བྱང་སེམས་རྣམས་ཀྱི་བུམ་པ་གཅིག་ཏུ་བསྡུ་ན་ཆོག་གོ །དེ་ནས་ཀྲི་ཡའི་ཐེག་པའི་དབང་ལ། བུམ་པ། སྟོན་པ་ལ་བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་བསྐོར་བའི་སྐུ་ཙཀ །རྣམ་བུམ། དབུ་རྒྱན། རིགས་གསུམ་ལོངས་སྐུའི་ཆས་ཅན་བཅས། ཨུ་བྷའི་ཐེག་པའི་དབང་ལ། བུམ་པ། དབུ་རྒྱན། རྡོར་དྲིལ། དབྱངས་གསལ་བཀོད་པའི་སྔགས་བྱང་། རྣམ་སྣང་། སྣང་མཐའ། མི་བསྐྱོད་པ། རིན་འབྱུང་རྣམས་ལོངས་སྐུའི་ཆས་ཀྱི་སྐུ་ཙཀ་བཅས། ཡོ་གའི་ཐེག་པའི་དབང་ལ། མིག་དར། མེ་ཏོག །རྣམ་བུམ། དབུ་རྒྱན། རྡོ་རྗེ། དྲིལ་བུ། མིང་དབང་རྡོར་དྲིལ། རྣམ་སྣང་ཞལ་བཞི་ཕྱག་གཉིས་མཉམ་གཞག་འཁོར་ལོ། དབྱིངས་ཕྱུག་སེམས་སྐྱིལ་གྱིས་མདུན་དུ་བཞུགས་པ། རིགས་བཞི་ཡབ་རྐྱང་ལོངས་སྐུའི་ཆས་མཉམ་གཞག་རང་རྟགས་རྡོར་སྐྱིལ་ཅན་གྱི་སྐུ་ཙཀ །རིགས་བཞིའི་ཡུམ་བཞི་ཕྱག་གཡས་གར་རྒྱ་གཡོན་རང་རྟགས་སེམས་སྐྱིལ་ཅན་རྣམས་ཀྱི་སྐུ་ཙཀ །ཀུན་རིག་གཟུངས་རིང་ཐུང་གང་འོས་ཀྱི་སྔགས་བྱང་། མེ་ལོང་། མངའ་གསོལ་ཆས་ཁྲི་གདུགས་རྒྱལ་མཚན་སོགས་བྲིས་པ་བཅས། ལས་བུམ་རྣམས་ངན་སོང་སྒོ་འབྱེད་ཀྱི་བུམ་པར་བསྡུས་ཀྱང་རུང་ངོ་། །དེ་དག་གིས་ཡན་ལག་དགུ་སྟ་གོན་དང་བཅས་པའི་བཀོད་བཤམས་སོང་ནས། ࿊ དངོས་གཞིའི་རྩ་བ་དགུ་བསྒྲིལ་མ་ཧཱ། ཨ་ནུ། ཨ་ཏི་གསུམ་གྱི་དབང་ལ། མིག་དར། མིག་ཐུར། མེ་ཏོག་འདོར་བའི་སྣོད། དམ་ཆུ་དང་། དཀྱིལ་འཁོར་དབུས་ཀྱི་ལྟེ་བར་སྟེགས་ཀྱི་ཁར། རྣམ་བུམ་དང་། དབུས་ཀྱི་ཕྱོགས་མཚམས་རྣམས་སུ། དབུ་རྒྱན། རྡོ་རྗེ། དྲིལ་བུ། མིང་དབང་། སྤྲོ་ན་གསང་མཚན་བྲི་གལ་ཆེ། མངོན་རྫོགས་རྒྱལ་པོ་གཙོ་འཁོར་དགུའི་སྐུ་ཙཀ །སྔགས་ཕྲེང་། མངའ་གསོལ་ཆས། གསང་ཐོད། རིག་ཙཀ །ཤེལ་རྡོ་དང་། ࿊ མཐའ་རྟེན་སྒྲུབ་རྫས་དབང་ལ། བྷནྡྷ་ལྟ་བུའི་སྣོད་དུ་ཆོས་སྨན་དངོས་ཀྱིས་བལྟམས་པའམ་ཆུར་སྦྱངས་པ། ཐོད་པའི་ནང་མར་མེ་དགུ་བྱས་པ། ཁྲམ་ཤིང་དང་དྲག་པོའི་འཁོར་ལོ་ཕྱོགས་གཅིག་བྲིས་པ། རྟ་ཞལ། ཕུར་བུ་དངོས་སམ་བྲིས་པ། མདོས་གཏོར་དངོས་སམ་བྲིས་པ། རྫས་དབང་ལ་ཟས་སྣ་ཅི་རིགས་བྲིས་པའམ་ཚོགས་འཁོར་རྒྱས་པས་འཐུས། །དབང་སྒྲུབ་ནི་ནང་སྐོར་ཁྲོ་བོའི་བསྐྱེད་རིམ་བྱང་བུ་ཁྲིགས་སུ་བསྡེབས་པའོ། ࿊ །རྗེས་འབྲེལ་ཚེ་ཡི་དབང་ལ། ཚེ་འབྲང་། ཚེ་རིལ་ཆང་། ཚེ་མདའ་བཅས། དེ་ཡི་དབང་སྒྲུབ་ནི་བདུད་རྩི་སྨན་གྱི་ཚེ་ལུང་བཞིན་དང་། གོང་གི་སྨན་ཐོད་ལ་དམིགས་ཏེ་སྨན་གྱི་སྒྲུབ་པའང་སྦྱར་རོ། ࿊ །ནང་སྐོར་ཁྲིད་ཀྱི་བྱིན་རླབས་ལ་ཨོག་འཁར་དང་སྒོམ་ཤིང་། སྒོམ་ཐག་འདུ་བྱ་སྟེ། ཁྲིད་ཀྱི་དངོས་གཞི་ལ་དབུགས་བེར་ཙམ་ལས་ངོ་སྤྲོད་ཁོ་ནའོ།། ༨༽ནང་སྐོར་མཁའ་འགྲོའི་དབང་ལ། ཆོས་འབྱུང་མཐིང་ནག་ཟུར་དྲུག་པའི་དབུས་ས་བོན་ནམ་ཐིག་ལེ་བཀོད་པ། མ་འཛོམ་ན་ཟངས་ཀྱི་མཎྜལ་ལ་ཆོས་འབྱུང་བསྣོལ་མར་བྲིས་ཏེ་མེ་ཏོག་དམར་པོའི་ཚོམ་བུ་བཀོད་པའི་ཁར། བྷནྡྷ་མཚན་ལྡན་བདུད་རྩི་རིལ་བུ་སྦྱར་པས་བཀང་ཞིང་གསང་ཐོད་ཁ་སྦྱོར་རམ་དར་མཐིང་གས་བཀབ་པའི་སྟེང་། མེ་ལོང་ལ་སིནྡྷུ་རའི་ཐིག་ལེར་ཆོས་འབྱུང་ཟུར་དྲུག་ལ། ཨེ་ཡཾ་ཧཾ་ལཾ་རཾ་ཧཱུྃ་དང་དབུས་སུ་བྃ་བཅས་བྲིས་པ། དེ་སྟེང་ཤེལ་རྡོ་བཅས་བཀོད། སྔགས་ཕྲེང་། ལས་བུམ། བགེགས་གཏོར་སོགས་འདུ་བྱས་ཏེ། དབང་སྒྲུབ་ནི་གཞུང་བཞིན་ནོ།། ༈ །།དེ་ནས་གསང་བ་མན་ངག་གི་སྡེ་ལས། ༩༽གསང་སྐོར་རིག་འཛིན་བཅོ་ལྔའི་དབང་ལ། འོད་ལྔའི་དཀྱིལ་འཁོར་བཤམས་པའི་ཁར་སྟེགས་ཀྱི་དབུས་རྣམ་བུམ་བཀོད། སྤྲོ་ན་རིག་པའི་དབང་ལྔའི་རྫས་རྣམས་ཀྱང་བཤམས། གང་ལྟར་ཡང་སྐུ་གསུང་ཐུགས་ཀྱི་དབང་ལ། ཀུན་བཟང་། རྡོར་སེམས། དགའ་རབ། ཤྲཱི་སིཾ། ཨིནྡྲ་བྷཱུ་ཏི། པད་འབྱུང་། བི་མ་ལ། ཛྙཱ་ན་སཱུ་ཏྲ། ཧཱུྃ་ཀཱ་ར། ཁྲག་འཐུང་ནག་པོ། ནཱ་གཱརྫུ་ན། པྲ་ཆེན་ཧསྟི། དྷ་ན་སཾསྐྲྀཏ། མཁའ་འགྲོ་ལས་དབང་མོ། རམྦི་གུ་ཧྱ། ཤཱནྟིཾ་གརྦྷ་རྣམས་ཀྱི་སྐུ་ཙཀ །སྔགས་ཕྲེང་ཤེལ་རྡོ་བཅས་དང་། རྡོ་རྗེ་སློབ་དཔོན་དུ་མངའ་དབུལ་ལ། ཁྲི་གདུགས། རྒྱལ་མཚན། བ་དན། མཆོད་རྫས། རྡོར་དྲིལ་རྣམས་དངོས་སམ་བྲིས་པ། ལྷ་ཙཀ་རྣམས་སྤོམས་ཏེ་བཅིངས་པ། ནང་རྒྱུད་ཡོ་ག་གསུམ་གྱི་གླེགས་བམ་མམ་གླེགས་བཾ་བྲིས་པའི་རྒྱབ་ཏུ་དབྱངས་གསལ་བཀོད་པ། གུ་རུའི་སྐུ་ཆས་དང་། བྲལ་སྨིན་ཡོན་ཏན་རྫོགས་པའི་དབང་ལ་བུམ་ལྷ་འོད་ཞུའི་བདུད་རྩིའི་དབང་བསྐུར་དགོས་པ་གོང་གི་རྣམ་བུམ་དེས་འཐུས། ཕྲིན་ལས་རབ་འབྱམས་དབང་ལ། སྐུ་དང་སྔགས་ཕྲེང་གླེགས་བམ་སྣ་ཚོགས་རྡོ་རྗེ་རྣམས་སོ། །དེ་ཡན་བུམ་དབང་ཡིན་ལ། སྤྲོ་ན་གསང་ཐོད། རིག་ཙཀ །ཤེལ་རྡོ་དང་། ཐོད་རྒལ་ལ་རྨ་བྱའི་མདོངས་མེ་ལོང་བཅས་བཤམས་དགོས་ཀྱང་། གསང་སྐོར་ཁྲོ་བོའི་དབང་རྒྱས་པར་ཐོབ་པ་དང་བསྐུར་དགོས་ངེས་མེད་པ་ལ། རིགས་དབང་ལྔ་དང་མཆོག་དབང་དོར་བས་ཆོག །མཐའ་རྟེན་ཚེ་འབྲང་། ཚེ་རིལ་ཆང་། ཚེ་མདའ་ཡང་བཤམས་ལ། ལས་བུམ། མིག་དར། མིག་ཐུར། མེ་ཏོག །འདོར་བའི་སྣོད། བགེགས་གཏོར་སོགས་ཀྱང་འདུ་བྱའོ། །དབང་སྒྲུབ་ནི་སྤྱི་ལ་གཅེས་པའི་མན་ངག་ཅེས་ཤྲཱི་སིཾ་གསང་སྒྲུབ་ལ་གསལ་བར་བཀོད་པ་ཉིད་ཡིན་ནོ།། ༡༠༽གསང་སྐོར་ཡི་དམ་ཞི་བ་དྲག་པོ་གནས་འགྱུར་གྱི་དབང་ལ་སྒྱུ་འཕྲུལ་ལྟ་བུའི་ཞི་དྲག་གཉིས་ཀྱི་དཀྱིལ་འཁོར་གཉིས་བརྩེགས་སུ་བཤམས་པའི་ཁར། སྟེགས་ཀྱི་དབུས་རྣམ་བུམ་བཅུད་ལྡན་ཁ་རྒྱན་ལ་ཅོད་པན་རྡོར་དྲིལ་མིང་དབང་བཅས་ཀྱི་ཙཀ་ལི་བཙུགས་ན་དབང་ལྔ་ཆིག་རྫོགས་ཡིན་པས་སྟབས་བདེ་བར་སྣང་ངོ་། །དེ་ནི་རྣམ་པར་དག་པའི་དབང་ལ། རིགས་ལྔ་ཡབ་ལྔ། ཡུམ་ལྔ། སེམས་དཔའ་བརྒྱད། སེམས་མ་བརྒྱད། ཐུབ་པ་དྲུག །བྱ་བྱེད་ཡབ་ཡུམ། སྒོ་བཞིའི་ཁྲོ་བོ་ཡབ་ཡུམ་རྣམས་ཀྱི་ཙཀ་ལི། གནས་འགྱུར་གྱི་དབང་ལ། ཁྲོ་བོ་ཡབ་ལྔ། ཡུམ་ལྔ། ཀེའུ་རི་མ་བརྒྱད། སིང་ཧ་མ་བརྒྱད། སྤོར་བྱེད་བརྒྱད། སྒོ་མ་བཞི། དབང་ཕྱུག་ཉེར་བརྒྱད་བཅས་ཀྱི་སྐུ་ཙཀ་རྣམས་སོ། །མཆོག་དབང་གསུམ་ལ། གསང་ཐོད། རིག་ཙཀ །ཤེལ་རྡོ་དང་། ཐོད་རྒལ་ལ་མེ་ལོང་དར་སྣ་ལྔས་བརྒྱན་པ་རྨ་བྱའི་མདོངས། ཤེལ་ཕྲེང་། ཤེལ་རྡོ་རྣམས་སྦྲེལ་བ་དང་། ༡༡༽ཁྲིད་ཀྱི་བྱིན་རླབས་ལ། བུམ་བསྣོལ་གྱི་དཀྱིལ་འཁོར་བཤམས་པའི་ཁར། བུམ་པ་བཅུད་ལྡན། མདའ་དར་སྣ་ལྔ། མེ་ལོང་། ཤེལ་ཕྲེང་། རྨ་བྱའི་མདོངས་དང་ལྔ། ཁྲིད་ཀྱི་དངོས་གཞི་ལ་དབུགས་བེར་ཙམ་ལས་ངོ་སྤྲོད་ཁོ་ནའོ། །འབྱོར་ན་བསྟན་པ་བུ་གཅིག་གི་རྒྱུད་དམ་བཏགས་གྲོལ་ཅི་རིགས། དཔལ་གྱི་གཏོར་མ་བཅས་དང་། ལས་བུམ། བགེགས་གཏོར་སོགས་ཀྱང་འདུ་བྱའོ། །དབང་སྒྲུབ་ནི་ཡི་དམ་ཞི་སྒྲུབ་ཀུན་བཟང་དོན་གྱི་ཕྲིན་ལས་ཉིད་བདག་བསྐྱེད་བྱས་ལ་མདུན་བསྐྱེད་ཞི་ཁྲོ་གཞུང་གསལ་བཞིན་ནོ།། ༡༢༽གསང་སྐོར་ཡི་དམ་ཁྲོ་བོའི་དབང་ལ། དཀྱིལ་འཁོར་སྒོ་རྫོགས་ལྡན་པའི་གླིང་དགུར་འཁོར་ལོ་དགུ་ལྡན་ཅན་བཤམས། བསྡུ་ན་ཚོམ་བུ་དགུ་བཀོད་པའི་ཁར། བུམ་པ་ལྷ་གྲངས་གསུངས་ཀྱང་གཅིག་ཏུ་བསྡུས་ཏེ་སྐུ་ཙཀ་བཙུགས། དབུ་རྒྱན། རྡོ་རྗེ། དྲིལ་བུ། མིང་དབང་བཅས་དབང་ལྔ་དང་། སྐུ་གསུང་ཐུགས་དབང་ལ། དཔལ་ཆེན་གཙོ་དགུའི་སྐུ་དང་། བཀའ་སྡོད་ལ་བུམ་པ། སྔགས་ཕྲེང་། ཕྱག་མཚན་རྡོ་རྗེ། ཀུན་བཟང་། རྡོར་སེམས། འཇམ་དཔལ། སྤྱན་གཟིགས། ཕྱག་རྡོར་བཅས་ཀྱི་སྐུ་ཙཀ །སྨན་གཏོར་རཀྟ། དཔལ་ཆས་བཅུ། ཁྱུང་དཀར་ནག་དང་། མཆོག་དབང་གསུམ་ལ། གསང་ཐོད། རིག་ཙཀ །ཤེལ་རྡོ། ཐོད་རྒལ་ལ། མེ་ལོང་དང་རྨ་བྱའི་མདོངས་སྒྲོ། མངའ་དབུལ་ཙཀ་ལི། དགྲ་བགེགས་སྙིང་ལ་ཕུར་བུས་གཟིར་བ། སྲེག་ཆས་ཡོངས་རྫོགས་སམ་དགང་གཟར། ཟོར་ཡོངས་རྫོགས། གནན་ཆས། སྔགས་ཆས་ཚང་མ་བཅས་བྲིས་པའི་ཙཀ་ལི། མཐར་ཚེ་གལ་གྱི་བཟའ་བཏུང་ཡང་བཤམས། ལས་བུམ། བགེགས་གཏོར། དམ་ཆུ། མིག་དར། མིག་ཐུར། མེ་ཏོག །འདོར་བའི་སྣོད་བཅས་འདུ་བྱའོ།། ༈ ༡༣༽དེ་ནས་སྡེ་གསུམ་སྲུང་མ་ཡེ་ཤེས་པའི་དབང་བསྐུར་བྱིན་རླབས་ཡེ་ཤེས་ཡོངས་གྲུབ་ལྟར་ལ། རས་བྲིས་ཚུལ་བཞིན་ཡོད་ན་དང་། མེད་ན་ཚོམ་བུ་དགུ་བཀོད་པའི་ཁར། བུམ་པ་བཅུད་ལྡན། མདུན་ལོགས་སམ་གང་བདེར། གནམ་ཞལ་མ། ཀྲོ་དྷཱི་ཤྭ་རཱི། བཻ་ཏཱ་ལི། གཟི་ལྡན། རྒྱས་འདེབས། མུ་ཁ་ལེ། ལས་དབང་། ཁམས་གསུམ་སྤྱི་འདུལ། འབྱུང་ལྔའི་བདག་མོ་སོགས་ཕྲིན་ལས་གཞུང་དུ་གསལ་བ་བཞིན་གྱི་སྐུ་ཙཀ །བཀའ་སྡོད་བུམ་པ། ཡུམ་ལྔའི་སྐུའམ་ཕྱག་མཚན་ས་བོན། གཡས་སུ་གསང་ཐོད། གཡོན་དུ་པདྨ་དམར་པོར་རྡོ་རྗེ་དཀར་པོས་མཚན་པ། མདུན་དུ་དབང་གཏོར་དང་། ཕུར་པ། ཟོར་གཏོར། ཐུན་རྫས། མེ་ཧོམ་བཅས། གནན་ཆས་དངོས་སམ་ཙཀ་ལི། ལས་བུམ། བགེགས་གཏོར་རྣམས་བཤམས། ༈ ༡༤༽སྡེ་གསུམ་སྲུང་མ་དྲེགས་པ་ཕོ་མོའི་བཀའ་གཏད་གྲུབ་གཉིས་སྐལ་ལྡན་ཤིང་རྟ་ལྟར་ལ་འབར་གདོང་མར། གཏོར་གདན་ཆོས་འབྱུང་དམར་ནག་བསྣོལ་བའི་ཁར་དམར་གཏོར་གསུམ་ལ་སྐུ་གཟུགས་དར་གདུགས་དམར་པོ་དང་ཤ་རྒྱན་བཙུགས་པར་འབྲུ་སྣ་དང་ཟས་སྣས་བསྐོར་བ་བཀོད་དེ་དམ་ཆུ་ཡང་འདུ་བྱ། གཤོག་རྒོད་མར་དཀྱིལ་འཁོར་ཉིད་ཡོད་ན་དང་མེད་ན་ཚོམ་བུ་ལྔ་བཀོད་པའི་སྟེང་། དམར་གཏོར་གཙོ་འཁོར་ལྔ་ལ་སྐུ་གཟུགས་དང་དར་གདུགས་ཤ་དར་བཙུགས་པར་ཟས་སྣས་བསྐོར་བ་དང་། དམ་ཅན་སྐྱེས་བུ་ལ་གཏོར་མ་མཁར་ཐབས་ར་མགོ་དང་སྙིང་གིས་མཚན་པར་སྐུ་གཟུགས་དང་དར་དམར་པོ་འཛུགས། ཁྱད་པར་ནི་མདའ་རྒོད་སྒྲོ་ཅན་ལ་དར་སྣ་ལྔ་དང་སྟག་རས་ཕ་ཝཾ་ལོང་བུ་ལ་གསེར་གྱི་སྲོག་སྔགས་བྲིས་པ་དར་དམར་གྱིས་དྲིལ་ལ་བཏགས། མ་འབྱོར་ན་མདའ་དར་བྲིས་པའི་རྒྱབ་ཏུ་སྲོག་སྔགས་བྲིས་པས་འཐུས་ཤིང་། བགེགས་གཏོར་དང་ལས་བུམ་བཅས་སོ།། ༈ ༡༥༽སྡེ་གསུམ་གཏེར་སྲུང་བཀའ་གཏད་རྣམ་གསུམ་སྲོག་གི་ཐིག་ལེ་ལྟར་འཛོམས་ན་རྟེན་རྣམས་རྒྱས་བསྡུས་བཤད་མ་ཐག་པ་ལྟར་དགོས་ཤིང་། འདིར་སྲོག་དབང་གི་སྐབས་སུ་བསྡུ་ན་ཕྱག་ལེན་ལྟར། ལྷ་ལ་དཀར་ཟླུམ། བཙན་ལ་ཟུར་གསུམ་དམར་པོ། ཀླུ་ལ་བཤོས་སྔོན་ནམ་དཀར་ཟླུམ་སྦྲུལ་དཀྲིས་ཅན་བཅས་ལ་སོ་སོའི་སྐུ་ཙཀ་དར་གདུགས་རང་མདོག་འཛུགས། ལས་བུམ་དང་བགེགས་གཏོར་སོགས་ཀྱང་འདུ་བྱའོ།། ༈ །།ཐུན་མོང་ཀུན་ལ་སྨན་གཏོར་རཀྟ་ཉེར་སྤྱོད་སོགས་དགོས་པ་ཡིན་གྱི་ཇི་ཙམ་རྒྱས་ཀྱང་ལེགས་པ་ནི་བསོད་ནམས་གསོག་པའི་རྒྱུར་འགྱུར་བའི་ཕྱིར་དང་། ཚོགས་མཆོད་ཀྱང་གྲུབ་ན་ལེགས་པས་སྐབས་དང་བསྟུན་ནོ། །སེམས་ཀློང་མན་ངག་གི་སྔོན་འགྲོའི་བྱང་བུ་བྱེ་བྲག་སོ་སོ་དང་། དངོས་གཞི་སོ་སོ་དང་། རྗེས་ལ་བསྡུ་རིམ་ཙམ་ལས་གཞན་སྤྱི་ལ་ཁྱབ་པའི་བྱང་བུ་རྣམས་ཀྱིས་བཅིང་དགོས་ལ། ལོང་སྐབས་དང་བསྟུན་ཅིང་ཆིངས་གཅིག་གི་ཁོངས་དབང་སྒྲུབ་ཇི་ལྟར་རིགས་པ་བགྱིས་ལ་བསྐུར་ཆོག་པའང་ཤེས་པར་གྱིས་ཤིག །ཅེས་པ་སྡེ་གསུམ་དབང་གི་བཅས་བཤམ་གཙོར་བཅིང་པ་འདིའང་ཀརྨ་རཏྣས་བཀོད་པའི་ཡི་གེ་པ་ཀརྨ་ཚུལ་ཁྲིམས་ཀྱིས་བགྱིས་པ་ཉིད། སླར་ཡང་ལོ་རྒྱུས་སྙིང་གི་ཏི་ཀ་དང་མདོ་བྱང་རབ་ཏུ་གསལ་བ་རྣམས་ལ་ཁུངས་གཏུགས་ཏེ་གཏན་ཁེལ་ཡིན་རློམས་ཀྱིས་ནན་ཏན་བགྱིས་པ་ཡི་གེ་པ་ནི་སློབ་ཆུང་པདྨ་བཛྲས་སོ། །ཞུས་སོ།། །།

སེམས་སྡེའི་མཁས་པ་བཅོ་བརྒྱད་ཀྱི་གླུ་རྡོར་གླིང་ལྟ་བ་ཀློང་ཡངས་དང་བཀའ་མ་ལས་བཏུས་ནས་ཕྱུང་བ་དང་དབང་ཟིན་ལྟ་བུ་རྗེ་ཆོས་བློའི་ཕྱག་བྲིས་དངོས་ལས་བྱུང་བ་ (Volume 62, Text 97)

སྡེ་གསུམ་ཕྱི་སྐོར། དྲྭ་མ་ལྔ། རྒྱལ་པོ་ཛཿ དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན་བཅས་ཀྱི་མཐར། རྡོར་གླིང་ལྟ་བ་ཀློང་ཡངས་མཁས་པ་ཉེར་ལྔའི་གླུ་ལས། སེམས་སྡེའི་མཁས་པ་བཅོ་བརྒྱད་ཀྱི་དགོངས་ཉམས་ནི། ࿊ ཁྱུང་ཆེན་གྱི་དགོངས་པ། ཆོས་ཉིད་ཀློང་རྡོལ་གླུ་ཡི་བསམ་གཏན། ཙནྡན་གྱི་ནགས་ཚལ་དུ་ནམ་གྱི་གུང་ལ། རྒྱལ་པོ་དྷ་ཧི་ན་ཏ་ལོས་འདི་སྐད་ལོ། །ཧོ༔ བདག་ནི་དྷ་ཧེ་ཏ་ལོ་སྟེ༔ རིག་པ་བདེ་བརྡལ་བྱང་ཆུབ་སེམས༔ དབང་བསྐུར་དཀྱིལ་འཁོར་ཆོ་ག་མེད༔ རང་གིས་རང་ཉིད་རང་གསལ་བས༔ འཁོར་འདས་ཆོས་ཚིག་དེར་ཟད་དོ༔ གྷི་ཏ་མ་ཀོ་ས་ལ་ཨ་ཧོ༔ ࿊ རིག་པའི་ཁུ་བྱུག་གི་དགོངས་པ། རིག་པ་ཀློང་རྡོལ་གླུའི་བསམ་གཏན། ཙནྡན་གོར་ཤིརྵའི་ཚལ་དུ་ནམ་གྱི་ཆ་སྟོད་ལ། སྲས་ཐུ་བོ་རཱ་ཛ་ཧསྟིས་འདི་སྐད་ལོ། །ཧོ༔ བདག་ནི་རཱ་ཛ་ཧསྟི་སྟེ༔ དམྱལ་བ་བཙོ་སྲེག་སྣང་ཡང་རང་སེམས་མདངས༔ སངས་རྒྱས་ཞིང་ཁམས་སྣང་ཡང་རང་སེམས་རྩལ༔ གཉིས་མེད་གཉིས་སུ་བྱར་མེད་ཐ་མི་དད༔ དགོངས་པའི་དོན་དྲིལ་ཚིག་དེའི་བཅུད་ཁུག་ཅིག༔ གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ ࿊ ནམ་མཁའ་ཆེའི་དགོངས་པ། ཡེ་ཤེས་ཀློང་རྡོལ་གླུ་ཡི་བསམ་གཏན། མེ་ཏོག་ཨུ་དུམ་བཱ་རའི་ཚལ་དུ་ནམ་སྨད་ཀྱི་ཆ་ལ། སྲས་མོ་སཱ་ར་ནིས་འདི་སྐད་ལོ། །ཧོ༔ བདག་ནི་སྲས་མོ་དྲན་པ་སྟེ༔ བྱང་ཆུབ་སེམས་ལ་བཟང་ངན་མེད༔ སྣང་བའི་ཡུལ་ལ་ཉེ་རིང་མེད༔ ཉམས་ལེན་སྙིང་པོར་མ་གྱུར་མེད༔ ཚོགས་དྲུག་མ་སྤང་གསལ་འདེབས་ཡིན༔ གྷི་ཏ་མ་ཀོ་ལ་ཧོཿ ࿊ ཐིག་ལེ་དྲུག་པའི་དགོངས་པ། བདེ་བ་ཀློང་རྡོལ་གླུའི་བསམ་གཏན། སྐྱ་རེངས་དང་པོ་ཤར་ཙམ་ན། རྒྱ་མཚོའི་གཏིང་རུམ་དུ་ཀླུའི་རྒྱལ་པོས་འདི་སྐད་དོ། །ཧོ༔ བདག་ནི་ཀླུ་རྒྱལ་དགའ་བོ་སྟེ༔ རྨད་བྱུང་རྫོགས་པ་ཆེན་པོ་འདི༔ ཁམས་གསུམ་སེམས་ཅན་ཀུན་ལ་ཁྱབ༔ སྟོང་གསལ་འཛིན་མེད་སྙིང་ནང་ནས༔ ཡུལ་དྲུག་ཀུན་ལ་འཆར་ཞིང་སྤྲོ༔ རང་གྲོལ་ཆེན་པོ་ཨ་ལ་ལ༔ གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ ࿊ རྩལ་ཆེན་གྱི་དགོངས་པ། བྱང་སེམས་ཀློང་རྡོལ་གླུ་ཡི་བསམ་གཏན། སྐྱ་རེངས་གཉིས་པ་ཤར་ཙམ་ན། རྒྱ་མཚོའི་གླིང་དུ་ཁྱི་ཡི་རྒྱལ་པོ་ཀུ་ཀུ་རཱ་ཛས་འདི་སྐད་ལོ། །ཧོ༔ བདག་ནི་ཁྱི་ཡི་མཁན་པོ་སྔ་མ་སྟེ༔ ཚེ་འདིར་ལྟ་སྒོམ་མཐར་ཕྱིན་བར་དོ་ཆོད༔ འཆི་ཁར་ནམ་མཁའ་ཕྱི་ནང་འདྲེས་པ་འདྲ༔ སྐྱེ་བ་རང་གར་མི་འཁྱམས་རང་སྣང་རང་དབང་ཐོབ༔ གྷི་ཏ་མ་ཀོ་ལ་ཧོཿ ࿊ སེམས་སྒོམ་གྱི་དགོངས་པ། དབྱིངས་རྡོལ་གླུ་ཡི་བསམ་གཏན། རྒྱན་ཆགས་དཔལ་གྱི་རིའི་ནགས་སུ་སྐྱ་རེངས་གསུམ་པ་ཤར་ཙམ་ན། ནཱ་གཱརྫུ་ནས་འདི་སྐད་དོ། །ཧོ༔ བདག་ནི་འཕགས་པ་ཀླུ་སྒྲུབ་སྟེ༔ རང་སེམས་ང་བདག་རྩད་བཅད་པས༔ ཕྱི་ནང་ཐམས་ཅད་སྟོང་པར་གྲོལ༔ སྟོང་ཉིད་བཅོ་བརྒྱད་གཏན་ལ་ཕེབས༔ སྐྱེ་འཆི་འཕོ་འགྱུར་གང་དགའ་མཛོད༔ གྷི་ཏ་མ་ཀོ་ལ་ས་ཧོཿ ࿊ རྨད་བྱུང་གི་དགོངས་པ། འབྱུང་ལྔ་ཡེ་ཤེས་ཀློང་རྡོལ་གླུ་ཡི་བསམ་གཏན། དམར་རེངས་དང་པོ་ཤར་ཙམ་ན་རྒྱ་མཚོའི་འགྲམ་དུ་ཁྱི་ཡི་རྒྱལ་པོ་ཕྱི་མས་འདི་སྐད་ལོ། །ཧོ༔ བདག་ནི་ཁྱི་ཡི་མཁན་པོ་ཕྱི་མ་སྟེ༔ ཡོད་པར་འཛིན་ན་རྟག་པའི་མཐའ༔ མེད་པར་འཛིན་ན་ཆད་པའི་མཐའ༔ ཡོད་མིན་མེད་མིན་མ་ཡིན་པར༔ སྟོང་གསལ་འཛིན་མེད་རྗེན་ཅེ་རེ༔ དེ་ལས་བདག་ལ་བཤད་རྒྱུ་མེད༔ གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ ࿊ ཡིད་བཞིན་ནོར་བུའི་དགོངས་པ། དངོས་གྲུབ་ཀློང་རྡོལ་གླུ་ཡི་བསམ་གཏན། དམར་རེངས་གཉིས་པ་ཤར་ཙམ་ན། གནོད་སྦྱིན་མོ་བྱང་ཆུབ་འདི་སྐད་ལོ། །ཧོ༔ བདག་ནི་གནོད་སྦྱིན་བྱང་ཆུབ་མོ༔ ཡུལ་དྲུག་མི་འགེགས་རང་གྲོལ་སྤྱོད༔ ཇི་ལྟར་རོལ་ཡང་བོགས་སུ་ཆེ༔ རང་རིག་རྒྱལ་པོའི་དབང་ཆེན་ཐོབ༔ ཚོགས་དྲུག་ལྷུག་བཞག་ཨ་ལ་ལ༔ གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ ࿊ རྩེ་མོ་བྱུང་རྒྱལ་གྱི་དགོངས་པ། རྩོལ་མེད་ཀློང་རྡོལ་གླུའི་བསམ་གཏན། ཤིང་ནལ་བྱི་ས་ལའི་རྩར་དམར་རེངས་གསུམ་པ་ཤར་ཙམ་ན། སྨད་འཚོང་མ་བུདྡྷ་མ་ཏིས་འདི་སྐད་ལོ། །ཧོ༔ བདག་ནི་སྨད་ཚོང་བདག་ཉིད་མ༔ ཅི་ཡང་ཡིད་ལ་མི་བྱེད་པས༔ ཤེས་རབ་ཕ་རོལ་ཕྱིན་མ་ཡིན༔ ལུས་སེམས་གང་ལའང་མི་ཆགས་པ༔ ཚུལ་ཁྲིམས་ཀུན་གྱི་མཐར་ཐུག་ཡིན༔ གང་ལའང་རེ་དོགས་བྲལ་བ་འདི༔ ལམ་ལྔ་ས་བཅུའི་མཐར་ཐུག་ཡིན༔ གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ ࿊ སྤྱི་གཅོད་ཀྱི་དགོངས་པ། གསང་བ་ཀློང་རྡོལ་གླུའི་བསམ་གཏན། ཤིང་ནྱ་གྲོ་དྷའི་རྩ་བར་སྲོད་ཐུན་ལ་འཇམ་དཔལ་བཤེས་གཉེན་ཕྱི་མས་འདི་སྐད་ལོ། །ཧོ༔ བདག་ནི་འཇམ་དཔལ་གཤེས་གཉེན་ཕྱི་མ་སྟེ༔ རྒྱུ་དག་པདྨའི་རྩེ་ལས་སྐྱེས༔ རྐྱེན་དག་ཨ་ཏིའི་དོན་རྣམས་རྟོགས༔ འབྲས་བུ་དག་པས་སྐུ་གསུམ་ཐོབ༔ བསྒོམ་བྱའི་རྩོལ་བ་སྐྱུར་ཐོངས་ལ༔ སྒོམ་བྱེད་སེམས་ཀྱི་ཟེལ་མ་འཇུག༔ པདྨ་ཀོ་ལ་ཤ་ཨ་ཧོཿ ࿊ སྤྱི་ཆིངས་ཀྱི་དགོངས་པ། ནམ་མཁའ་ཀློང་རྡོལ་གླུའི་བསམ་གཏན། དཔག་བསམ་ཤིང་གི་གྲིབ་མ་ལ། ཐོ་རེངས་ཁར་ཨཱརྻ་པ་ལོས་འདི་སྐད་ལོ། །ཧོཿ བྱང་ཆུབ་སེམས་ནི་ནམ་མཁའ་ལྟ་བུའི་ཀློང་། །གསལ་ལ་རྟོག་པ་མེད་པའི་ཡེ་ཤེས་ནི། །ཕྱི་དང་ནང་མེད་ཀུན་ལ་གསལ་བར་གནས་། །སངས་རྒྱས་དགོངས་པ་འདི་ལས་མེད་པར་མཇལ། །ཨེ་མ་ཀོ་ལ་ཤ་ཨ་ཧོཿ ࿊ བདེ་བ་ཕྲ་བཀོད་ཀྱི་དགོངས་པ། ཕྲིན་ལས་ཀློང་རྡོལ་གླུའི་བསམ་གཏན། རིན་པོ་ཆེའི་གླིང་དུ་ནམ་གུང་ཡོལ་ལ། ཨོ་རྒྱན་གྱི་མཁན་པོ་དྷ་ཧེས་འདི་སྐད་ལོ། །ཧོ༔ བདག་ནི་ཨོ་རྒྱན་མཁན་པོ་སྟེ༔ མ་ཧཱ་རཱ་ཛས་དགོངས་པ་དྲིལ་ཏེ་བསྟན༔ སེམས་ལ་རྩ་བ་གཅད་རྒྱུ་མེད༔ མེད་པ་དེ་ཀ་ཆོད་པ་ཡིན༔ སེམས་ལ་བལྟས་པས་མཐོང་རྒྱུ་མེད༔ མེད་པ་དེ་ཀ་རང་མཐོང་ཡིན༔ མཐོང་མེད་ངང་ལ་མ་ཡེངས་སྐྱོངས༔ ཀརྨཱཀོ་ལ་ཤ་ཨ་ཧོཿ ࿊ སྲོག་གི་འཁོར་ལོའི་དགོངས་པ། རང་བྱུང་ཀློང་རྡོལ་གླུའི་བསམ་གཏན། ནྱ་གྲོ་དྷའི་དགོན་པར་སྲོད་ཡོལ་གྱི་དུས་སུ། དྲང་སྲོང་བྷི་ཤྭ་ཏིས་འདི་སྐད་ལོ། །ཧོ༔ བདག་ནི་དྲང་སྲོང་བྷ་ཤི་སྟེ༔ ཁྲེགས་ཆོད་དོན་ལ་རྩོལ་མེད་བཞག༔ ཐོད་རྒལ་ངང་ལ་ཡེངས་མེད་བཞག༔ སྣང་བ་རིག་མདངས་རྩལ་རྫོགས་ནས༔ རང་དབང་སྐྱེ་འཇུག་འོད་ལུས་ཐོབ༔ ཨ་ཀ་ཤ་ཀོ་ལ་མ་དྷཱ་ཨ་ཧོཿ ࿊ རིན་ཆེན་ཀུན་འདུས་ཀྱི་དགོངས་པ། སྐྱེ་མེད་ཀློང་རྡོལ་གླུའི་བསམ་གཏན། རྒྱལ་བའི་དགོན་གནས་སུ་ནམ་སྨད་ལ་སྲས་མོ་གོ་མ་དེ་བཱིས་འདི་སྐད་ལོ། །ཧོ༔ བདག་ནི་སྲས་མོ་གོ་མ་དྷེ་བྱི་སྟེ༔ འབྱུང་ལྔ་རིགས་ཀྱི་ཡུམ་ལྔ་ལ༔ ཕུང་ལྔ་རིགས་ཀྱི་ཡབ་ལྔ་ཡིན༔ ཁམས་དང་སྐྱེ་མཆེད་སེམས་དཔའ་སེམས་མ་ཡིན༔ ཀུན་གཞི་སྐྱེ་མེད་ཀུན་བཟང་ཡུམ༔ ཡིད་ཀྱི་རྟོག་པ་ཀུན་བཟང་ཡབ༔ རིན་ཆེན་གསེར་གླིང་རྡོ་བཙལ་ལྟར༔ འཁྲུལ་ཡུལ་འཁྲུལ་རྒྱུ་བཙལ་མི་རྙེད༔ ཀ་པ་ལ་ཀ་མ་པ་ཤ་ཨ་ཧོཿ ࿊ སྐྱེ་མེད་རང་རིག་གི་དགོངས་པ། ཆོས་སྐུ་ཀློང་རྡོལ་གླུའི་བསམ་གཏན། ཙནྡན་སྡོང་པོའི་རྩར་གུང་ཐུན་ལ། ཁ་ཆེའི་རྒྱལ་པོ་རབ་སྣང་མཛད་འདི་སྐད་ལོ། །ཧོ༔ བདག་ནི་མཁན་པོ་རབ་སྣང་སྟེ༔ སེམས་ལ་སྐྱེ་ཤི་མེད་པར་རབ་རྟོགས་པས༔ ལུས་ལ་ཤི་དང་མ་ཤི་མེད་པར་གྲོལ༔ ལུང་ལས་མ་བྱུང་གདམས་ངག་ཁོ་བོས་རྙེད༔ སྒོམ་ལ་མི་རེ་འདོད་ཞིག་ངང་ན་བདེ༔ ཀ་ལ་པ་ཀོ་ཤ་ཨ་ཧོཿ ࿊ བདེ་བ་རབ་འབྱམས་ཀྱི་དགོངས་པ། སྐུ་གསུམ་ཀློང་རྡོལ་གླུའི་བསམ་གཏན། གྲོང་ཁྱེར་དཔལ་ཡོན་དུ་སྲོད་ཀྱི་དུས་སུ་རྒྱལ་པོ་དེ་བ་རཱ་ཛས་འདི་སྐད་ལོ། །ཧོཿ སྣང་སྲིད་ཐམས་ཅད་ཡེ་ནས་ཀུན་ཏུ་བཟང་། །ཀུན་བཟང་གུད་ན་མེད་དེ་མ་ལུས་སྙིང་པོའི་རྒྱུ། །སྣང་བ་མཐའ་དག་སྐྱེ་མེད་བདུད་རྩི་སྐུ་གསུང་ཐུགས། །སྐྱེ་མེད་ངང་ལས་མ་ཡེངས་མཉམ་བཞག་པས། །བསྒོམ་པར་བྱ་བ་འདི་ལས་མེད་པར་རྟོགས། །ལུས་ནི་སྒྱུ་མའི་ཕུང་པོ་མི་གཙང་སྟེ། །སེམས་ནི་ཡེ་ཤེས་ཆེན་པོར་ཤར། །ཙནྡྲ་དེ་ཝ་ཀོ་ས་ལ་ཨ་ཧོཿ ࿊ ནམ་མཁའ་རྒྱལ་པོའི་དགོངས་པ། གྲོལ་བ་ཀློང་རྡོལ་གླུའི་བསམ་གཏན། མེ་ཏོག་གི་ཚལ་དུ་ནམ་གྱི་ཆ་སྟོད་ལ། དྷརྨ་རཱ་ཛས་འདི་སྐད་དོ། །ཧོཿ སེམས་ཀྱི་རང་བཞིན་ཡེ་ནས་མཛོད་ཆེན་ལས། །གང་ལྟར་བཏགས་ཤིང་ཅི་ལྟར་སྣང་བ་ཀུན། །འབྱུང་འཇུག་ཐམས་ཅད་ཡེ་ནས་ཀུན་ཏུ་བཟང་། །དེ་ལྟར་གཉིས་སུ་མེད་པའི་རིག་པ་དེ། །ཀུན་ཏུ་བཟང་པོའི་སེམས་ལ་གནས། །རིག་པའི་དབྱིངས་ལ་མ་བསླད་པས། །བསྒོམ་ཞིང་བཟླས་པ་འདི་ལས་མེད། །ཀྱེ་མ་མ་རྟོགས་སྙིང་རེ་རྗེ། །ཨེ་མ་བདག་ཉིད་རང་སར་གྲོལ་བ་ཨ་ལ་ལ། །དྷོ་ཧ་ཀོ་པ་ཤ་ཨ་ཧོཿ ࿊ རྗེ་བཙུན་དམ་པའི་དགོངས་པ། ཤེས་རབ་ཀློང་རྡོལ་གླུའི་བསམ་གཏན། དབེན་པ་ཆེན་པོའི་གནས་སུ་བུདྡྷ་གུཔྟས་འདི་སྐད་ལོ། །ཧོཿ ཆོས་རྣམས་བྱང་ཆུབ་སེམས་མ་བཅོས། །ཡེ་ནས་ཀུན་ཏུ་བཟང་པོ་ལ། །གསལ་ལ་འགྱུར་བ་མེད་པའི་བྱང་ཆུབ་སེམས་དེ་ལ། །མཚན་མའི་རྣམ་པར་རྟོག་པས་མ་བསླད་དེ། །རྣམ་རྟོག་རང་བྱུང་རང་ཞིར་གནས་པ་ལས། །གཉེན་པོས་སྒོམ་དུ་མེད་པར་འཁུམས། །སེམས་ཀྱི་མེ་ལོང་མ་བལྟས་ན། །རྣམ་རྟོག་དྲི་མས་གོས་ཏ་རེ། །པྲཛྙཱ་ཀོ་ས་ལ་ཨ་ཧོཿ སྐབས་འདིར་མཁས་པ་འགའ་ཞིག་གི་གླུ་གཏེར་མ་ལ་ཅུང་ཟད་འདྲ་མིན་བཞུགས་པས་དེ་དག་འདིར་བཀའ་མ་ལྟར་ལ་ཅུང་ཟད་བསྡུས་ཏེ་བཀོད་པའོ། །ནང་སྐོར་ནས། བཻ་རོ་མཚོ་རྒྱལ་ཁྲི་སྲོང་གཡུ་སྒྲ་རྣམས་ཀྱི་རྡོ་རྗེའི་གླུ་བླང་པས་སུམ་ཅུ་རྩ་གཅིག་སྟེ། དེ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཕོག་ལ་རྟོགས་པ་བསྐྱེད་པའི་མཐར། རྗེས་ཀྱི་ཤེས་པ་གཟུང་འཛིན་གྱི་དྲི་མ་མཐའ་དག་དང་བྲལ་ནས། འགག་མེད་ཀྱི་རང་རྩལ་འཁོར་འདས་ཀྱི་སྣང་བ་ཅིར་སྣང་ཅི་སྲིད་ཅིར་ཤར་ཡང་ངོས་གཟུང་ལས་འདས་པའི་རང་རིག་ཡུལ་མེད་རང་གསལ་གྱི་ངང་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དཔེ་ཇི་ལྟར་ན། གཡོ་སྒྱུ་དང་བྲལ་བའི་མི་ལྟ་བུ་སྟེ། མ་བཅོས་ལྷུན་གྲུབ་ཀྱི་མན་ངག་གིས་རིག་པ་རྩལ་གྱི་དབང་སྐུར་བ་ཐོབ་པའི་སྟོབས་ཀྱིས་བསླུ་མི་སྲིད་དེ། གནས་ལུགས་རང་ངོ་ཤེས། རང་ས་ཟིན། རང་སར་གྲོལ་བ་མཚོན་པའོ། །སློབ་མའི་རྣ་བར་སྦུབ་མཆུ་བཙུགས་ཏེ། བུམ་པ་ཁུངས་གཏོར༴ བཙལ་དུ་མེད་པའོ༔ ཞེས་བརྗོད། སླར་ཡང་སྙིང་དང་འདྲ་བའི་སློབ་མ་གཅིག་ལ་སྦྱིན་པའི་ཆིག་བརྒྱུད་ནི། ཞེས་བསྐུལ་ལ་སློབ་དཔོན་འབོལ་སྟན་དགུ་བརྩེགས་སུ་གནས་པའི་སྟེང་ནས་སློབ་མའི་རྣ་བར་སྦུབ་མཆུ་བཙུགས་ཏེ། དང་པོ་ཐུག་ས་སོགས་ཚིག་རྐང་གསུམ་ལན་གསུམ་བརྗོད། དེ་ལྟ་བུའི་སྔོན་འགྲོ་བྱིན་རླབས་ཀྱི་རིམ་པ་སོང་ནས། གདམས་ངག་གི་དགོངས་འགྲེལ་དངོས་གཞི་ཁྲིད་ཀྱི་རིམ་པ་སྟོང་ཉིད་ཆོས་དབྱིངས་ཁྱབ་བརྡལ་གྱི་གདམས་པ་བཤད་པ་ནི། སློབ་དཔོན་གྱིས་ཚིག་དལ་ལ་སྐབས་ཕྱེད་པས། ཕྱི་སྐོར་དངོས་གཞིའི་ཁྲིད་རིམ་ལྟར། དང་པོ་ཐུག་ས༴ འབྲས་བུའོ༔ ཞེས་པའི་རྗེས་སུ་དངོས་གཞིའི་ཁྲིད་ཀྱི་བསྡུས་དོན་ལྟར། ཕྱི་སྐོར་ཁྲིད་ཀྱི་རྗེས་འབྲེལ་དགོངས་པ་རང་གསལ་ལྟ་བ་ཀློང་ཡང་སྟོན་པ་ལ། ལྟ་སྒོམ་སྤྱོད་གསུམ༴ འབྲས་བུའོ༔ ཞེས་པའི་རྗེས་སུ་དངོས་གཞིའི་ཁྲིད་ཀྱི་བསྡུས་དོན་ལྟར། ཕྱི་སྐོར་ཁྲིད་ཀྱི་རྗེས་འབྲེལ་དགོངས་པ་རང་གསལ་ལྟ་བ་ཀློང་ཡང་སྟོན་པ་ལ། ལྟ་སྒོམ་སྤྱོད་གསུམྎ གྲུབ་པ་འོ༔ ཞེས་པའི་བར་བཤད། དེ་ལྟར་བསྒོམ་བྱ་སྒོམ་བྱེད་བྲལ་བའི་ངང་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པས། རང་བཞིན་གྱི་གནས་ལུགས་རྒྱུ་རྐྱེན་མེད་པར། བྱེད་པ་པོ་མེད་པར་ལྷུན་གྱིས་གྲུབ་པས་བླང་བ་མེད་ཅིང་དོར་བ་མེད་པའི་ཕྱིར། ཀུན་ཏུ་བཟང་པོ་ཞེས་ཐ་སྙད་དུ་བཏགས་ཏེ། རང་བྱུང་གི་ཡེ་ཤེས་ཐིག་ལེ་ཉག་ཅིག་སྒྲ་ཇི་བཞིན་པ་མ་ཡིན་པ། དོན་ཐུན་མོང་མིན་པ། དགོས་ཆེད་ཀྱི་དབང་གིས་ཇི་ལྟར་བཏགས་ཀྱང་། འཁོར་འདས་ཀྱི་ཆོས་ཐམས་ཅད་དེ་བཞིན་ཉིད་དང་གཞན་དུ་བརྗོད་དུ་མེད་པར་ཐག་ཆོད་ན་དབང་ཐམས་ཅད་རྫོགས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། དེ་ལྟར་དབང་བསྐུར་རྫོགས་པར་གྱུར་པ་ལ་སོགས་ཤིས་བརྗོད་ཀྱི་མཚམས་སྦྱར། ༈ མཆོག་སྤྲུལ་ཨོ་རྒྱན་རིན་པོ་ཆེའི་ཐུགས་དམ་སྡེ་གསུམ་ཕྱག་དཔེ་འབྲལ་སྤང་ལྟ་བུའི་ནང་། རྗེ་ཆོས་བློའི་ཕྱག་བྲིས་ཡིན་ངེས་སུ་འདི་ལྟར་བཞུགས་པ་ཞལ་བཤུས་པའོ།། །།

རིག་པའི་མེ་ཏོག་དོར་བ་ (Volume 62, Text 98)

གཞན་ལ་དབང་བསྐུར་བ་དང་འབྲེལ་ན། བདག་འཇུག་རྫོགས་པར་ལེན་པའམ། ཡང་ན་སྤྲོས་པ་འཚམ་པའི་ཕྱིར། བདག་ཉིད་དཀྱིལ་འཁོར་གྱི་ལྷ་དང་རང་བཞིན་དབྱེར་མེད་དུ་བསྒོམས་ནས་རིག་པའི་མེ་ཏོག་དོར་བ་ཉིད་དོན་གྱིས་དཀྱིལ་འཁོར་དུ་ཞུགས་པ་ཡིན་པས། མེ་ཏོག་འཐོར་བ་དང་བཅས། ཨཱོྃ་བཛྲ་ས་མ་ཡ་ཨཱོྃ། ཨཱཾཿབཛྲ་ས་མ་ཡ་ཨཱཾ། ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ན་རག་དོང་སྤྲུག་སོགས་ལ།་་་ཨཱོྃ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུྃ་ཞེས་སྦྱར། ཞེས་མེ་ཏོག་ཕུལ་པས། བདག་དང་དཀྱིལ་འཁོར་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་གཉིས་སུ་མེད་པར་གྱུར་པར་བསམ་སྟེ། འཇུག་བྱའི་དཀྱིལ་འཁོར་དང་བདག་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཏེ་འབྲས་ཆོས་ལྔ་པོ་དབྱེར་མེད་རོ་གཅིག་ཏུ་བསམ་པའོ། །ཨཱོྃ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨཱོྃ་བཛྲ་ས་མ་ཡ་ཧཱུྃ། ཨཱོྃ་བཛྲ་ས་མ་ཡ་སཏྭཾ། ཨཱོྃ་བཛྲ་ས་མ་ཡ་ཧོཿ ཞེས་དངོས་གྲུབ་བསྐུལ་ཞིང་བསྟིམ། དཀྱིལ་འཁོར་གྱི་ལྷ་ལ་ཐལ་མོ་སྦྱར་བས་བཏུད་དེ། ཨཱོྃ། རྡོ་རྗེའི་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གིས་སློབ་མ་འཇུག་པར་འཚལ། །ཞེས་གསོལ་བས་གནང་བ་བྱིན་པར་བསམ་མོ། །ཞེས་པ་འདིའང་ཆོ་ག་སྤྱི་ལ་སྦྱར་ཆོག་པའི་ཕྱིར་ཉེར་མཁོའི་ཡན་ལག་ཏུ་ཟུར་དུ་བྲིས་པ་འོ།།་་་མཁྱེན་བརྩེ་དབང་པོའི་བཀའ་འབུམ་ལས་སོ།། །།

བགེགས་བསྐྲད་དང་སྲུང་འཁོར་ (Volume 62, Text 99)

སློབ་མ་རྣམས་ལ་སྒོ་དྲུང་དུ་ཁྲུས་བྱ། བགེགས་གཏོར། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨཱོྃ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། སརྦ་བྷཱུཏ་ཨཱ་ཀརྵཱ་ཡ་ཛཿ སརྦ་བྷཱུཏ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིས་བསྔོ། ཧཱུྃ༔ རང་བྱུང་སྙིང་པོ་སྒོམ་པ་ལ༔ མི་དབང་མ་རིག་བདུད་ཀྱི་ཚོགས༔ རང་རྩལ་རོལ་པའི་གཏོར་མ་ལོངས༔ ཕ་མཐའ་བྲལ་བའི་ཀློང་དུ་དེངས༔ ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄༔ ཅེས་དང་། ན་མོ། རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བཅོམ་ལྡན་འདས། རིག་འཛིན་རྩ་གསུམ་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། དེང་འདིར་སློབ་བུ་རྣམས་ལ་དབང་བསྐུར་ཟབ་མོ་བགྱི་བ་ལ་བར་དུ་གཅོད་པའི་བགེགས་ཚོགས་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཨཱོྃ་སུམྦྷ་ནི་སོགས་ཀྱིས་བགེགས་བསྐྲད་ལ། ཧཱུྃ༔ དབྱིངས་རིག་ཟུང་འཇུག་ཆོ་འཕྲུལ་ལས༔ སྣང་ཞིང་སྲིད་པས་བསྡུས་པའི་ཆོས༔ ཡེ་ནས་རང་གསལ་སྲུང་བའི་གུར༔ མ་བཅོས་ཐིག་ལེ་ཆེན་པོར་རྫོགས༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་རཀྵ༔ བཛྲ་རཀྵ་རཀྵ་ཧཱུྃ། ཞེས་བརྗོད་པས་ཕྱི་རོལ་ཐམས་ཅད་རྡོ་རྗེའི་ས་གཞི་རྭ་གུར་བླ་བྲེ་དང་བཅས་པ་ཡེ་ཤེས་ཀྱི་མེ་དཔུང་མཐའ་མེད་དུ་འཕྲོ་བས་མཚམས་བཅད་པར་གྱུར། ཅེས་མཚམས་བཅད་ལ།

དམ་ཆོས་རྫོགས་ཆེན་སྡེ་གསུམ་གྱི་དབང་བསྐུར་ཟིན་བྲིས་འོད་གསལ་སྙིང་པོའི་མཛེས་རྒྱན་ (Volume 62, Text 100)

༄༅། །པྲ བྷ སྭ ར ག རྦྷ ལ ཥ ཀ ར པ ད དྷ རྨཱ མ ཧཱ ས ནྡྷི སེ ནཱ ཏྲི ཥི ཉྩ ཏུ ཧེ རཱ ལཾ ན མ བི ཧ ར ཏི སྨ།། ༄༅། །དམ་ཆོས་རྫོགས་ཆེན་སྡེ་གསུམ་གྱི་དབང་བསྐུར་ཟིན་བྲིས་འོད་གསལ་སྙིང་པོའི་མཛེས་རྒྱན་ཞེས་བྱ་བ་བཞུགས་སོ། །

ན་མོ་གུ་རུ་པདྨཱཀ་ར་ཡ། རྒྱལ་ཀུན་འདུས་ཞལ་མཚོ་སྐྱེས་རྡོ་རྗེ་དང་། །དབྱེར་མེད་ཁྱབ་བདག་དཔལ་ལྡན་བླ་མ་ཡི། །ཞབས་རྡུལ་དད་བརྒྱའི་གཙུག་གི་ནོར་བུར་བསྙེན། །རིག་སྟོང་ཆོས་སྐུའི་དགོངས་པའི་རང་ཞལ་ངོམ། །བསྐལ་བརྒྱར་རྙེད་དཀའི་ཆོས་མཛོད་རྒྱ་མཚོའི་དབྱིག །ཐེག་དགུའི་རྩེ་རྒྱལ་རྫོགས་ཆེན་སྡེ་གསུམ་ཞེས། །ཟབ་ལས་ཆེས་ཟབ་རིག་འཛིན་ཐུགས་ཀྱི་ཐིག །ཡེ་ཤེས་ཌཱ་ཀིའི་སྙིང་ཁྲག་དྲོན་མོ་ནི། །པད་འབྱུང་དངོས་སྣང་མཆོག་གྱུར་གླིང་པ་ཡི། །ཆོས་ཚུལ་རྒྱལ་མཚན་ནོར་བུའི་ཏོག་ཆེན་པོ། །ས་འོག་གཏེར་གཅིག་འཇིག་རྟེན་སྒྲོན་མེ་ཆེའི། །དབང་བསྐུར་ཟིན་བྲིས་སྤེལ་ལ་གནང་བ་སྩོལ། །ཟབ་ཆོས་རྫོགས་ཆེན་སྡེ་གསུམ་གྱི་ཆོས་སྐོར་ལ། ཐོག་མར་སྡེ་གསུམ་སྤྱི་ལ་གཅེས་པ་རིག་འཛིན་བླ་མའི་ཟབ་དབང་ཉི་ཟླའི་རྒྱ་ཅན་ལའང་ནང་གསེས་ཐུན་མོང་ཆོས་ཀྱི་སྒོ་འབྱེད་བྱིན་རླབས་གཏོར་དབང་དང་། ཐུན་མིན་ཟབ་པའི་དབང་བཞི་བཅས་དབང་སྣ་གཉིས། ཕྱི་སྐོར་སེམས་སྡེའི་བླ་མ་སུམ་ཅུ་རྩ་གཅིག་གི་སྒྲུབ་དབང་དང་། ཡི་དམ་ཞི་བ་རྡོ་རྗེ་དབྱིངས་ཀྱི་དབང་སྤྱི་བླུགས་སུ་སྐུར་བ། ཁྲིད་ཀྱི་བྱིན་རླབས་ཨ་ཡིག་མདའ་འཕེན་མ་དང་ཟབ་ཁྲིད་དངོས་ཏེ་ཕྱི་སྐོར་གྱི་དབང་སྣ་གསུམ་དང་ཟབ་ཁྲིད། ནང་སྐོར་ཀློང་སྡེའི་བླ་མ་རིག་འཛིན་བཅོ་ལྔའི་བྱིན་རླབས་སྒྲུབ་དབང་དང་། ཡི་དམ་ཞི་བ་སྟོན་པ་བཅུ་གསུམ་གྱི་སྒྲུབ་དབང་། ཡི་དམ་ཁྲོ་བོ་མངོན་རྫོགས་རྒྱལ་པོའི་རྩ་དབང་དང་ཡན་ལག་ཐེག་པ་དགུ་བསྒྲིལ་གྱི་དབང་། ཁྲིད་ཀྱི་བྱིན་རླབས་དང་ཟབ་ཁྲིད་དངོས། མཁའ་འགྲོ་རོ་ལངས་བདེ་བའི་སྟོབས་ལྡན་མའི་དབང་སྟེ་ནང་སྐོར་གྱི་དབང་སྣ་ལྔ་དང་ཟབ་ཁྲིད། གསང་སྐོར་མན་ངག་སྡེའི་བླ་མ་རིག་འཛིན་བཅོ་ལྔའི་བྱིན་རླབས་སྒྲུབ་དབང་སྤྱི་དང་ཁྱད་པར་བ་དང་། ཡི་དམ་ཞི་བའི་དབང་ཁྲོ་བོར་གནས་འགྱུར་དང་བཅས་པ། ཡི་དམ་ཁྲོ་བོ་བཀའ་བརྒྱད་ཀྱི་དབང་། ཁྲིད་ཀྱི་བྱིན་རླབས་དང་ཟབ་ཁྲིད་དངོས་ཏེ་གསང་སྐོར་གྱི་དབང་སྣ་བཞི་དང་ཟབ་ཁྲིད། བཀའ་སྲུང་ཡེ་ཤེས་པ་མཁའ་འགྲོ་སྡེ་དགུའི་དབང་དང་བཀའ་སྲུང་འཇིག་རྟེན་དྲེགས་ཚུལ་འབར་མ་མེ་གདོང་རྡོ་རྗེ་གཤོག་རྒོད་མ་དམ་ཅན་སྐྱེས་བུ་ཆེན་པོ་གསུམ་གྱི་བཀའ་གཏད་རྣམས་དཀྱུས་བཀོད་ནང་གསེས་དབང་སྣ་བཞི། གཏེར་སྲུང་ལྷ་བཙན་ཀླུ་གསུམ་གྱི་བཀའ་གཏད་དེ་སྲུང་མའི་དབང་རྣམས་སྡོམ་སྣ་ལྔ། མཐའ་རྟེན་བཀྲ་ཤིས་འཆི་མེད་ཚེ་ལུང་གི་དབང་བཅས་དབང་སྣ་ཉི་ཤུ་ལ་སྐོར་ཚོ་བཅུ་བདུན་དུ་བཞུགས་པ་ལས། ༈ དང་པོ་རིག་འཛིན་བླ་མའི་ཟབ་དབང་ཉི་ཟླའི་རྒྱ་ཅན་བསྐུར་བ་ལ་ཐུན་མོང་དང་ཐུན་མིན་གཉིས་ཀྱི། དང་པོ་ལ་གསུམ། སྦྱོར་དངོས་རྗེས་སོ། །དང་པོ་ནི། དད་པ་ཅན་རྗེས་སུ་འཛིན་པའི་སླད་དམ་ཆོས་ཀྱི་སྒོ་འབྱེད་རིག་འཛིན་བླ་མའི་གཏོར་དབང་གི་བྱིན་རླབས་བགྱི་བ་ལ། སྟེགས་བུའི་དབུས་སུ་རས་བྲིས་འོད་ལྔའི་དཀྱིལ་འཁོར་ཧྲཱིཿཡིག་གིས་མཚན་པའམ། མཎྜ་ལར་འབྲུ་ཡི་ཚོམ་བུ་དཀར་པོ་གཅིག་བཀོད་པའི་སྟེང་མཉྫིའི་ཁར་དབང་གཏོར་དཔལ་བཤོས་སྐུ་ཙཀ་དང་དར་གདུགས་དམར་པོས་སྤྲས་པའི་གཡས་སུ་སྐུ་འབག །གཡོན་དུ་སྔགས་ཕྲེང་། མདུན་དུ་རང་བྱུང་གི་མན་ཤེལ། རྒྱབ་ཏུ་མཆོད་གཏོར་དང་བདུད་རྩི་རཀྟ། མཐར་ཉེར་སྤྱོད། ཚོགས་ཀྱི་ཡོ་བྱད། བཀའ་གཏེར་སྲུང་མའི་གཏོར་འབུལ། མཎྜལ་དང་གུལ་ཡུངས་འབེབ་རྫས། བགེགས་གཏོར། སློབ་དཔོན་གྱི་མདུན་དུ་ནང་མཆོད། རྡོར་དྲིལ། ཐོད་རྔ། གཡབ་དར། འབྲུ་དང་ཐུན་ཕོར། ཕུར་བུ། ལས་བུམ། དམ་ཆུ་སོགས་ཉེར་མཁོའི་ཆས་རྣམས་འདུ་བྱས་ལ།། །།གཉིས་པ་དངོས་གཞི་ནི། གསོལ་འདེབས་སྤྱི་དང་། བརྒྱུད་འདེབས་སྔོན་དུ་འགྲོ་བས། བསང་ཆུ་བྱིན་རླབས་དང་དཀར་གཏོར་བསྔོ་བ་ཟུར་བྱང་ལྟར་སྦྱར། ཕྱི་སྐོར་བླ་མའི་བསྐྱེད་རིམ་བྱང་བུ་ཁྲིགས་བསྡེབས་ཀྱི་དབུ་ནས་བརྩམ་བྱིན་རླབས་བྱང་བུ་ཡན་མཐར་ཆགས་སུ་བཏང་། དེ་ནས་བགེགས་གཏོར་སོགས་ཟུར་བྱང་ལྟར་བཏང་རྗེས། གཞུང་གི་མཆོད་བརླབ་བྱང་བུའི་མཚམས། བླ་མའི་བསྐྱེད་རིམ་བསྒོམ་པ་ལ། ཏིང་འཛིན་རྣམ་གསུམ་ནས། དགོངས་ཀློང་མཁར༔ རྒྱུ་ཡི་ས་བོན་ཧྲཱིཿཡིག་ལས༔ ཅིར་ཡང་སྒྱུར་བའི་རིག་འཛིན་གསལ༔ འབྱུང་བཞི་རྣམ་དག་གཞལ་ཡས་ཁང༔ ཆོས་འཁོར་ཚུལ་གྱི་དཀྱིལ་འཁོར་དབུས༔ དུག་གསུམ་དག་པའི་གདན་སྟེང་དུ༔ རྒྱལ་ཀུན་གསང་གསུམ་འདུས་པའི་སྐུ༔ ཤྲཱི་སིཾ་ཧ་དཀར་སྨུག་མདོག༔ གྲུབ་པའི་ཆ་ལུགས་རྡོར་དྲིལ་འཛིན༔ རིན་ཆེན་དར་སྟག་རུས་པས་བརྒྱན༔ ཡུམ་དམར་གྲི་ཐོད་འཛིན་འཁྱུད་བསྒོམ༔ མ་བཅོས་གསལ་རྫོགས་སོགས་ནས། དབང་བསྐུར་འགུགས་བསྟིམ་བྱང་བུ་ནས་བསྟོད་པའི་བར་དུ་གཏང་། བདག་མདུན་ཆིག་རྫོགས་རང་བཞིན་ཡོངས་གྲུབ་ཆེན་པོའི་དགོངས་པ་སྲོག་ཏུ་བཟུང་ལ། བླ་མའི་ཐུགས་དབུས་ཟླ་དཀྱིལ་སྟེང་། །རང་རིག་ངོ་བོ་ཧྲཱིཿཡིག་མཐར། །སྔགས་ཀྱི་ཕྲེང་བས་བསྐོར་བ་ལས། །འོད་ཟེར་འཕྲོ་འདུས་བྱིན་དབང་ཐོབ། །ཅེས་དགོངས་པ་སྐྱེ་མེད་ཀྱི་ངང་ནས་མཚན་སྔགས། ཨཱོྃ་ཨཱཿཧཱུྃ་གུ་རུ་ཤྲཱི་སིཾ་ཧ་སིདྡྷི་ཧཱུྃ༔ ཞེས་བཟླས་པ་ཅི་ནུས་དང་། སྙིང་དབུས་ཐིག་ཟླུམ་འོད་ལྔའི་ཀློང་། །ཨ་ཡིག་ཐ་མར་སྔགས་ཀྱིས་བསྐོར། །བདེ་ཆེན་ཡེ་ཤེས་སྣང་བ་ཡིས། །འཁོར་འདས་སྣོད་བཅུད་རྟོག་པ་སྦྱངས། །ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །སྣང་སྲིད་གཞིར་བཞེངས་ཆེན་པོའི་ངང་། །གྲགས་སྟོང་རྡོ་རྗེའི་ཛཔ྄་འདི་བཟླ། །ཞེས་ཨ་ཨ་ཨ༔གསུམ་སྦྲེལ་ཅི་གྲུབ་བཟླས་མཐར། སྟོང་ཚིགས་འབུལ། དེ་ནས་སྲུང་མའི་གཏོར་འབུལ་དང་ཚོགས་མཆོད་བསྒྲལ་བསྟབ་ཡན་གྲུབ་ནས། ལས་བུམ་ལ་དམིགས་ཏེ། བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང༔ བདུད་རྩིའི་མཚོ་དབུས་པད་ཟླའི་སྟེང༔ རྡོ་རྗེ་སེམས་དཔའ་ཟླ་བའི་མདོག༔ ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་འཛིན༔ སྙེམས་མ་ཡུམ་དང་མཉམ་པར་སྦྱོར༔ ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན༔ སྐྱིལ་ཀྲུང་བཞུགས་ཤིང་འོད་ཟེར་འབར༔ སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ བུམ་པ་ཡོངས་སུ་གང་བར་གྱུར༔ ཨཱོྃ་བཛྲ་སཏྭ་ས་མ་ཡ་སོགས་ཡིག་བརྒྱ་ཅི་འགྲུབ་བཟླས་མཐར། བུམ་ལྷ་འོད་ཞུ་བཅུད་དང་འདྲེས། །དག་བྱེད་བདུད་རྩིའི་མཆོག་ཏུ་གྱུར། །ཅེས་འོད་ཞུ་བྱ། སྣང་སྲིད་དག་མཉམ་རང་བྱུང་གི་དཀྱིལ་འཁོར་དུ་རིག་པའི་མེ་ཏོག་དོར་ཞིང་། སློབ་མ་གཞུག་པར་གསོལ་གདབ་ནི། ཧོ༔ རང་བྱུང་རིག་པ་ཡེ་ཤེས་ལྷ་ཚོགས་རྣམས༔ ཐུགས་རྗེ་རྨད་བྱུང་བརྩེ་བས་དགོངས་སུ་གསོལ༔ གསང་བ་བླ་ན་མེད་པའི་དཀྱིལ་འཁོར་དུ༔ བདག་གི་སློབ་མ་ཡང་དག་འཛིན་པར་མཛོད༔ བདེ་ཆེན་ཡེ་ཤེས་བླ་མེད་འཕེལ་བ་དང༔ གྲོལ་བ་མཐར་ཕྱིན་དགོངས་པས་གཟུང་དུ་གསོལ༔ ཞེས་གསོལ་ལྷ་རྣམས་དགྱེས་པ་ཆེན་པོ་ཡིས༔ དེ་ལྟར་ཡིན་ན་རིག་པ་འཛིན་པ་གང༔ བློ་ཆེན་སྐལ་པར་ལྡན་པའི་སློབ་མ་དག༔ བདེ་ཆེན་ཡེ་ཤེས་དཀྱིལ་འཁོར་འདིར་ཁྲིད་ལ༔ སྨིན་ཅིང་གྲོལ་བ་བླ་ན་མེད་པར་བྱོས༔ ཨ་ལ་ལ་ཧོ༔ ཞེས་གནང་བ་བསྩལ་བར་བསམ། དེ་ནས་བྱིན་རླབས་དངོས་ལ། སློབ་མ་རྣམས་ཕྱི་རོལ་དུ་ཁྲུས་ནས་དབྱུང་། ནང་དུ་འཁོད་པར་བགེགས་གཏོར། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨཱོྃ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། སརྦ་བྷཱུཏ་ཨཱ་ཀརྵཱ་ཡ་ཛཿ སརྦ་བྷཱུཏ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིས་བསྔོ། ཧཱུྃ༔ རང་བྱུང་སྙིང་པོ་སྒོམ་པ་ལ༔ མི་དབང་མ་རིག་བདུད་ཀྱི་ཚོགས༔ རང་རྩལ་རོལ་པའི་གཏོར་མ་ལོངས༔ ཕ་མཐའ་བྲལ་བའི་ཀློང་དུ་དེངས༔ ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄༔ ཅེས་དང་། ན་མོ། རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བཅོམ་ལྡན་འདས། རིག་འཛིན་རྩ་གསུམ་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། དེང་འདིར་སློབ་བུ་རྣམས་ལ་དབང་བསྐུར་ཟབ་མོ་བགྱི་བ་ལ་བར་དུ་གཅོད་པའི་བགེགས་ཚོགས་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཨཱོྃ་སུམྦྷ་ནི་སོགས་ཀྱིས་བགེགས་བསྐྲད་ལ། ཧཱུྃ༔ དབྱིངས་རིག་ཟུང་འཇུག་ཆོ་འཕྲུལ་ལས༔ སྣང་ཞིང་སྲིད་པས་བསྡུས་པའི་ཆོས༔ ཡེ་ནས་རང་གསལ་སྲུང་བའི་གུར༔ མ་བཅོས་ཐིག་ལེ་ཆེན་པོར་རྫོགས༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་རཀྵ༔ བཛྲ་རཀྵ་རཀྵ་ཧཱུྃ། ཞེས་བརྗོད་པས་ཕྱི་རོལ་ཐམས་ཅད་རྡོ་རྗེའི་ས་གཞི་རྭ་གུར་བླ་བྲེ་དང་བཅས་པ་ཡེ་ཤེས་ཀྱི་མེ་དཔུང་མཐའ་མེད་དུ་འཕྲོ་བས་མཚམས་བཅད་པར་གྱུར། ཅེས་སྲུང་འཁོར་བསྒོམ། མཎྜལ་བཀྱེ་བསྡུ་བྱས་ལ། མཚམས་སྦྱོར་ནི། འོ་ན། ནམ་མཁའ་དང་མཉམ་པའི་མར་གྱུར་འགྲོ་བ་སེམས་ཅན་ཐམས་ཅད་རང་བྱུང་གདོད་མའི་སངས་རྒྱས་ཡེ་ནས་རང་ཆས་སུ་བཞུགས་པ་ངོ་མ་ཤེས་པའི་མ་རིག་པ་གསུམ་གྱིས་དམ་ལ་བཞག་ཅིང་། མེད་སྣང་གློ་བུར་འཁྲུལ་པའི་ཀུན་རྟོག་གི་རྐྱེན་གྱི་གཞན་དབང་དུ་གྱུར་པས་སྲིད་ལམ་འཁོར་བའི་གནས་རིས་སུ་སྡུག་བསྔལ་འཁོར་ཡུག་གིས་རྟག་ཏུ་མནར་ཞིང་འོག་ནས་འོག་ཏུ་ལྷུང་བ་ལས་ནམ་ཡང་ཐར་བའི་དུས་མེད་པ་འདི་རྣམས་སྙིང་རེ་རྗེ། དེ་ཐམས་ཅད་གཟུང་འཛིན་འཁྲུལ་པའི་རྩ་བ་ཀ་ནས་དག་པའི་སེམས་ཉིད་གཞི་ཐོག་ཏུ་གྲོལ་ནས་སྐུ་དང་ཡེ་ཤེས་རྒྱ་མཚོའི་གོ་འཕང་ལ་འགོད་པའི་སླད་དུ། རིག་འཛིན་བླ་མའི་དཀྱིལ་འཁོར་ཆེན་པོར་འཇུག་པར་བགྱིའོ་སྙམ་པའི་ཀུན་སློང་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང་། སྣོད་བཅུད་ཐམས་ཅད་དག་མཉམ་ངེས་པ་ལྔ་ལྡན་གྱི་གསལ་སྣང་དང་ལྡན་པའི་ངང་ནས་ཆོས་གསན་པའི་ཀུན་ཏུ་སྤྱོད་པ་རྣམས་ཀྱང་མ་འཁྲུལ་པས་གསན་པ་ཞུ། དེ་ལ་གང་གསན་པར་བྱ་བའི་ཆོས་ནི། སྐུ་གསུམ་གྱི་སྟོན་པ་རྒྱ་མཚོས་གདུལ་བྱའི་ཁམས་དབང་མོས་པའི་སྣང་ངོར་ཟབ་རྒྱས་ཆོས་ཚུལ་བསམ་གྱིས་མི་ཁྱབ་པར་བསྟན་པ་ཐམས་ཅད་ཀྱང་། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། ཡོད་ནི་གཅིག་ལས་མེད་པ་ལ། །བསྟན་ནི་རྣམ་པ་གཉིས་སུ་བསྟན། །བྱུང་ནི་ཐེག་པ་དགུ་རུ་བྱུང་། །འདུས་ནི་རྫོགས་པ་ཆེན་པོར་འདུས། །ཞེས་གསུངས་པ་ལྟར། རྟོགས་བྱ་སངས་རྒྱས་འཕགས་པའི་མཉམ་གཞག་གི་ཡེ་ཤེས་ཆེན་པོའི་དགོངས་པ་གཅིག་གི་དོན་གཏན་ལ་འབེབ་པ། རྟོགས་བྱེད་རྒྱུ་འབྲས་ཀྱི་ཐེག་པ་གཉིས། དེ་ལ་ནང་གསེས་སུ་དབྱེ་བས་དགུ་རུ་བསྟན་པ་ཀུན་ཀྱང་འོད་གསལ་རྫོགས་པ་ཆེན་པོའི་ལམ་སྟེགས་སུ་གསུངས་པས། རྟོགས་དོན་ཆོས་ཐམས་ཅད་ཀྱི་གནས་ལུགས་གཉིས་སུ་མེད་པའི་ཡེ་ཤེས་དམ་པ་སྟེ། དེས་ན་ཐེག་པ་ཀུན་གྱི་རྩེ་མོའི་ཕུལ་དུ་གྱུར་པའི་མཆོག་གསང་བླ་ན་མེད་པ་ཨ་ཏི་ཡོ་ག་རྫོགས་པ་ཆེན་པོ་ལ་སེམས་ཀློང་མན་ངག་གི་སྡེ་གསུམ་གྱི་རྣམ་གཞག་བཞུགས་པ་སྟེ། ཨ་ཏི་བཀོད་པ་ཆེན་པོ་ལས། ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་བྲལ་ལ་མན་ངག་གོ །ཞེས་པ་ལྟར་ཡོངས་སུ་གྲགས་པ་འདི་ལའང་བཀའ་གཏེར་གྱི་རིང་ལུགས་གཉིས་ལས། སྐབས་སུ་བབས་པ་འདི་ནི་ཟབ་མོ་གཏེར་གྱི་རིང་ལུགས་ལས་བྱོན་པ་སྟེ། སྔོན་ཆད་ཟབ་གཏེར་གྱི་ཤིང་རྟ་ཀུན་ལ་པད་འབྱུང་དང་བི་མ་ལ་བཻ་རོའི་རིང་ལུགས་གཙོ་བོར་གྱུར་པ་མན་ངག་སྡེའི་སྨིན་གྲོལ་གདམས་སྐོར་དང་ཕྱག་ཆེན་གྱི་ཆོས་སྐོར་ཙམ་ལས་མ་བྱོན་ཀྱང་། སེམས་ཀློང་མན་ངག་གི་སྡེ་གསུམ་གྱི་བཀའ་སྲོལ་ཀུན་འདུས་ཀྱི་གསང་མཛོད་རྨད་དུ་བྱུང་བ་འདི་ནི། ཐེག་པ་མཆོག་གི་ཟབ་ལམ་གྱི་ཤིང་རྟ་སློབ་དཔོན་ཆེན་པོ་ཤྲཱི་སིཾ་ཧའི་མན་ངག་དགོངས་ཉམས་མཐར་ཐུག་པ། ཉིད་དང་དགོངས་པ་མཉམ་པའི་རྒྱལ་དབང་པདྨ་འབྱུང་གནས་དང་ལོ་ཆེན་བཻ་རོ་ཙ་ན་ལ་མནོག་ཆོས་སུ་བསྩལ་པའི་དམ་ཆོས་རྫོགས་པ་ཆེན་པོ། ཕྱི་སྐོར་སེམས་སྡེ་ནམ་མཁའ་ཀློང་ཡངས། ནང་སྐོར་ཀློང་སྡེ་ཉི་མ་ཀློང་ཆུབ། གསང་སྐོར་མན་ངག་འོད་ཟེར་མཐའ་ཡས་ཞེས་ཟབ་འདྲིལ་སྙིང་པོའི་ཡང་བཅུད་ཀྱི་ཆོས་སྡེ་ཆེན་པོ་འདི་ཉིད་ཟབ་གཏེར་ལས་ཇི་ལྟར་སྣང་བའི་ཚུལ་ནི། གཞུང་གི་ལུང་བསྟན་གཅེས་པའི་ལྡེའུ་མིག་ལས། དེ་ཡི་དུས་སུ་ལྷོ་ཟླའི་ཕྱོགས༔ རཏྣའི་མིང་ཅན་སྟག་གམ་གླང༔ མཆོག་གི་མིང་གྱུར་སྐྱེས་བུ་ཞིག༔ དེ་ནི་སྔོན་དུ་ལྷ་སྲས་འབྲིང༔ ད་ལྟ་ངན་ལམ་ཡེ་ཤེས་མཆོག༔ དེ་ལྟ་བུ་རུ་སྐྱེ་བ་ལེན༔ འབྲུག་གི་ལོ་ལ་གདམས་པ་འདི༔ ས་ཡི་སྟེང་དུ་དེས་འབྱིན་བྱེད༔ རྗེ་འབངས་ཡིད་ལ་ངེས་པར་གྱིས༔ ཞེས་གསུངས་པ་ལྟར་རྩོད་བྲལ་དུས་བབས་ཀྱི་སྤྲུལ་པའི་གཏེར་ཆེན་༧ཨོ་རྒྱན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པ་དང་། ཐམས་ཅད་མཁྱེན་དངོས་རྗེ་བླ་མ་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ཞེས་རིག་འཛིན་རྩལ་འཆང་ཆེན་པོ་རྣམ་གཉིས་ལ། ཟབ་གཏེར་གྱི་གསང་བ་རྒྱ་མཚོའི་བྱེ་བྲག་སྙིང་ཐིག་སྐོར་བདུན་ཞེས་ཟབ་རྒྱས་ངོ་མཚར་རྨད་དུ་བྱུང་བའི་བཀའ་བབས་མངའ་ཞིང་ཕྱག་ཏུ་བཞེས་པ་ལས། འདི་ནི་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་ཉིད་དང་དགོངས་པ་མཉམ་ཞིང་བོད་ཡུལ་ཆོས་ཀྱི་ཉི་མ་རྒྱ་ཆེ་བླ་ན་མེད་པ་འདྲེན་པའི་ཤིང་རྟ་གཅིག་པུ་ལོ་ཆེན་བཻ་རོ་ཙ་ནའི་སྙིང་ཐིག །རྫོགས་ཆེན་སྡེ་གསུམ་གྱི་བསྐྱེད་རྫོགས་མན་ངག་དང་བཅས་པའི་ཆོས་སྐོར་གྱི་སྨིན་གྲོལ་འབོགས་པའི་སྐབས་སུ་བབ་པ་སྟེ། ཟབ་ཆོས་དེ་ནི་སྡེ་དགེ་ཆོས་རྒྱལ་ཆེན་པོའི་ཕོ་བྲང་གི་ཤར་ཕྱོགས། ཁམས་ཀྱི་ཤོད་ཆེན་བཞི་ལས་སྨད་ཤོད་རྡོ་རྗེ་མུ་ནམ་དུ་གྲགས་པའི་ཡུལ་སྐྱོང་དགེ་བསྙེན་ཆེན་པོའི་མདུན། མདོ་ཁམས་གནས་ཆེན་ཉེར་ལྔའི་བྱེ་བྲག་ཡོན་ཏན་གསུང་གི་གནས་ཆེན། ཛཾ་ནང་གི་ཕུ་གསང་སྔགས་ཆུ་བོ་བཞི་ཡི་བཀའ་བབ་སློབ་དཔོན་ཆེན་པོ་རྣམ་པ་བཞིས་བྱིན་གྱིས་བརླབས་པའི་རྡོ་རྗེའི་གནས་སུ་གདོད་ནས་གྲུབ་པ་དང་རྣམ་དབྱེར་མེད་པ་ལ། གཏེར་ཆེན་རྣམ་གཉིས་ཞལ་འཛོམ་གྱིས་མཆོག་གྱུར་བདེ་ཆེན་གླིང་པས་པདྨ་ཤེལ་ཕུག་གི་གནམ་ཁུང་ནས་སྐལ་ལྡན་འདུས་པ་ཉེར་ལྔ་ཙམ་གྱིས་མཐོང་བར་དངོས་སུ་སྤྱན་དྲངས་པར་མཛད་དེ། ཀུན་མཁྱེན་བླ་མ་མཁྱེན་བརྩེའི་དབང་པོས་ཡི་གེ་པ་མཛད་ནས་མངའ་བདག་ཡབ་སྲས་ཀྱི་སྤྲུལ་པ་ལྷན་རྒྱས་ཀྱིས་གཏན་ལ་ཕབ་པ་ཉིད། ལུང་ཟིན་རྩ་བའི་ཆོས་བདག་ལ་གཅིག་བརྒྱུད་དུ་བསྩལ་པ་ལས། སྐབས་སུ་བབ་པ་འདི་ནི་མདོ་བྱང་གཞུང་ལས། དམ་ཆོས་རྫོགས་ཆེན་སྡེ་གསུམ་བཤད༔ ད་ལྟ་ཤིན་ཏུ་སྤེལ་ཕངས་པས༔ ཟབ་པ་ཐུགས་ཀྱི་གཏེར་དུ་སྦས༔ ནམ་ཞིག་ལས་ཅན་བུར་འཕྲད་ནས༔ གདམས་པ་སྣ་རེས་གྲོལ་བར་འགྱུར༔ སྙན་ནས་སྙན་དུ་བརྒྱུད་པ་གཅེས༔ གང་ཞིག་འགྲོ་དོན་སྒོ་དབྱེ་ཙམ༔ སྒྲུབ་ཐབས་སྣ་རེ་སྦྱིན་པར་བྱ༔ ཞེས་འབྱུང་བ་ལྟར་སྡེ་གསུམ་སྤྱི་ལ་གཅེས་པ་རིག་འཛིན་བླ་མའི་ཟབ་དབང་ཉི་ཟླའི་རྒྱ་ཅན་ལས། དད་པ་ཅན་ལ་གཏོར་མའི་དབང་བསྐུར་ཏེ༔ ཞེས་གསུངས་པས། ལྟ་སྒོམ་ཟབ་མོ་ཉམས་སུ་མི་ལོན་པ་དང་སྨིན་གྲོལ་གྱི་ཆོས་བརྒྱུད་འཛིན་མི་ནུས་ཀྱང་གསང་མཆོག་རྒྱལ་པོའི་ཆོས་ལ་ཡིད་ཆེས་ཀྱི་དད་པ་ཅན་སོགས་ཐུན་མོང་གི་གདུལ་བྱར་གྱུར་པ་ཡང་རྗེས་སུ་འཛིན་པའི་སླད་དུ་དང་། ཀུན་གྱི་སྔོན་འགྲོ་ཆོས་ཀྱི་སྒོ་འབྱེད་རིག་འཛིན་བླ་མའི་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་དུ་བྱིན་རླབས་གཏོར་མའི་དབང་བསྐུར་བགྱི་བ་ལ། བདག་ཉིད་ཀྱི་བགྱི་འོས་རྣམས་སྔོན་དུ་ལེགས་པར་གྲུབ་ནས། སྐུ་ཉིད་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་ཐོག་མར་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་བ་ཞུ། ཞེས་མཎྜལ་འབུལ་དུ་གཞུག །གསོལ་བ་འདེབས་པ་ནི། སློབ་དཔོན་ཉིད་རིག་འཛིན་བླ་མའི་ངོ་བོར་བཞུགས་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲགས་པོས་ཐལ་མོ་མེ་ཏོག་དང་བཅས་པས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧོ༔ བདེ་གཤེགས་རྒྱལ་བའི་གདུང་འཚོབ་ཧེ་རུ་ཀ༔ འཇིགས་བྲལ་དཔའ་བོ་ཤྲཱི་སིཾ་ཧ་དང༔ གཉིས་སུ་མེད་པའི་རྡོ་རྗེ་སློབ་དཔོན་དགོངས༔ བདག་ཅག་གྲོལ་བ་མཐར་ཕྱིན་མཛད་དུ་གསོལ༔ ལན་གསུམ། སློབ་དཔོན་གྱིས་རྡོ་རྗེ་ཕྱར་ཞིང་སྤྲོ་བ་བསྐྱེད་པ་ནི། བླ་མེད་གསང་བ་ཆེན་པོའི་ལམ་དུ་འཇུག་པ་ལ་སྡོམ་པ་དང་དམ་ཚིག་གི་རྡོ་རྗེའི་གནས་ལས་འདའ་བར་མི་རུང་ཞིང་། སྣོད་རུང་དུ་གྱུར་ན་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེའི་གནས་ལུགས་མངོན་དུ་བྱེད་ནུས་པའི་དོན་བརྡ་ཡིས་བསྟན་པ་ལ་སྙན་གཏོད་འཚལ། ཧོ༔ ཐར་པ་བླ་ན་མེད་པའི་གྲོང་ཁྱེར་དུ༔ འདུས་པའི་གཙོ་བོ་ཤྲཱི་སིཾ་ཧ་བཞུགས༔ འདི་ན་མོས་པའི་སྐལ་ལྡན་སྐྱེས་བུ་ཁྱོད༔ འཇུག་པ་ལེགས་ཤིང་དངོས་གྲུབ་ཅི་ལ་དགའ༔ དེ་ཉིད་སྦྱིན་ཅིང་འདི་ན་བླ་མེད་པའི༔ ཚེ་གཅིག་སངས་རྒྱས་སྒྲུབ་ལ་སྤྲོ་བ་སྐྱེད༔ དམ་ཚིག་མ་ལུས་ཡོངས་སུ་གཟུང་བར་གྱིས༔ ཞེས་རྗེས་སུ་བརྩེ་བས་གདམས་པའི་དོན་བཞིན་གསང་སྔགས་ཀྱི་ལམ་ལ་འཇུག་པར་སྤྲོ་བར་བྱ་ཞིང་། རྒྱུད་སྦྱོང་བའི་སླད་དུ་བླ་མ་ཡེ་ཤེས་ཀྱི་སྐུ་ཅན་དཀོན་མཆོག་རྩ་གསུམ་རྒྱ་མཚོའི་ཁྱབ་བདག་ཆེན་པོར་བཞུགས་པའི་སྤྱན་སྔར། བདག་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་བྱང་ཆུབ་བར་དུ་སྐྱབས་སུ་འགྲོ་བར་བགྱིའོ་སྙམ་པ་ཀུན་རྫོབ་གཞིའི་སྐྱབས་འགྲོ་དང་། དབྱིངས་དང་རིག་པ་ཟུང་དུ་འཇུག་པ་གསུམ་པོ་རང་བྱུང་གདོད་མའི་མཆོག་གསུམ་ཡེ་ནས་རང་ཆས་སུ་རང་ལ་བཞུགས་པ། དོན་དམ་རང་བཞིན་ཡོངས་ཤེས་ཀྱི་སྐྱབས་འགྲོའི་དེ་ཁོ་ན་ཉིད་ལ་བློ་བཞག་པ་ཟུང་དུ་འཇུག་པས་འདིའི་རྗེས་ཟློས་མཛོད། ཀུན་གཞི་དག་པའི་སོགས་བྱང་བུ་ཁྲིགས་བསྡེབས་ལྟར་ལན་གསུམ། སེམས་ཅན་གྱི་དོན་དུ་སངས་རྒྱས་འཐོབ་པར་འདོད་པའི་སྨོན་པ་དང་། དེའི་ཆེད་དུ་སྨིན་ཅིང་གྲོལ་བའི་ལམ་ལ་འཇུག་པར་འདོད་པས་རྒྱལ་བའི་སྲས་ཀྱི་སྤྱོད་པ་རླབས་པོ་ཆེར་སློབ་སྙམ་པའི། ཀུན་རྫོབ་དོན་དམ་བྱང་སེམས་བདག་གཞན་གཉིས་མེད་གནས་ལུགས་གཉུག་མའི་རང་བཞིན་དངོས་སུ་རང་ངོ་ཤེས་པའི་བློས་འདིའི་རྗེས་ཟློས། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་སོགས་ལན་གསུམ། ཞིང་མཆོག་དེ་དག་གི་སྤྱན་སྔར་ཕྱག་འཚལ་ཞིང་མཆོད་པ་འབུལ་བ་སོགས་ཀུན་རྫོབ་ཡན་ལག་བདུན་པའི་དམིགས་འདུན་དང་། དོན་དམ་རང་བྱུང་རང་གསལ་གྱི་གསག་སྦྱོང་རྩོལ་མེད་ཡེ་རྫོགས་ཀྱི་དགོངས་པ་ཟུང་དུ་འབྲེལ་བས་འདིའི་རྗེས་ཟློས། སྣང་བ་རྣམ་དག་སོགས་ལན་གསུམ། དེ་ནས་དམ་ཚིག་དང་སྡོམ་པའི་གནང་བཀག་ལས་མི་འདའ་བར་གཟུང་བའི་སླད་དུ་ཁྱེད་རང་རྣམས་ཀྱི་བླ་མ་རྩ་གསུམ་གྱི་ལྷ་ཚོགས་དཔང་པོར་བཞུགས་པའི་སྤྱན་སྔར། སོ་བྱང་སྔགས་གསུམ་གྱི་སྡོམ་པ་སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་གཟུང་བ་འདིའི་རྗེས་ཟློས་གྱིས། ཧོ༔ ཁྱབ་བདག་དཔལ་ལྡན་བླ་མ་དགོངས་སུ་གསོལ༔ བདག་ནི་དུས་གསུམ་རྒྱལ་བའི་དགོངས་པའི་མཐིལ༔ བདེ་བ་ཆེན་པོའི་ཡེ་ཤེས་ལ་དགའ་བས༔ དེ་ཉིད་མྱུར་སྩོལ་གསང་སྔགས་རིགས་མཆོག་གི༔ རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང༔ ཉི་ཤུ་རྩ་ལྔའི་དམ་ཚིག་ཆེས་འཕགས་པ༔ སྲོག་གི་ཕྱིར་ཡང་མི་གཏང་གཟུང་བར་བགྱི༔ ལན་གསུམ། སློབ་དཔོན་གྱིས་རྡོ་རྗེ་སློབ་མའི་མགོར་བཞག་ལྕེར་བདུད་རྩི་བྱིན་ཏེ། རྡོ་རྗེ་ཐེག་པའི་གསང་བ་དང་སློབ་དཔོན་བཀའ་གཉན་པ་དང་། དམ་ཚིག་སྲུང་བའི་ཕན་ཡོན། བཀའ་ལས་འདས་པའི་ཉེས་དམིགས་རྣམས་བསྒྲགས་ཤིང་མནའ་ཆུ་དཔང་པོའི་ཚུལ་དུ་བྱིན་པར་མོས་ལ། འདི་ནི་གསང་བ་བླ་ན་མེད་པ་ཡི༔ ཐར་པའི་གོ་འཕང་ཚེ་འདིར་ཐོབ་འགྱུར་བས༔ ཉེ་བའི་ལམ་མཆོག་བདེ་བ་ལམ་བྱེད་ཡིན༔ ཁྱེད་རྣམས་རྡོ་རྗེའི་དམ་ཚིག་ཐུབ་པར་གྱིས༔ མ་ཐུབ་རྡོ་རྗེའི་དམྱལ་བ་ཆེན་པོར་ལྟུང༔ སྲོག་གི་ཕྱིར་ཡང་ཡོངས་སུ་མ་གཏང་ཞིག༔ བཛྲ་ས་མ་ཡ་རཀྴ་སི་ཧཱུྃ༔ མི་འདའ་བར་ཁས་བླང་བའི་ཕྱིར་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས་གྱིས། མ་ཧཱ་སུ་ཁ་བཛྲ་ས་མ་ཡ་ཧཱུྃ༔ ཨི་དཾ་ན་ར་ཀན༔ དེ་རྣམས་ཀྱིས་དབང་གི་སྔོན་འགྲོའི་ཆོས་རྣམས་གྲུབ་ནས། དངོས་གཞི་བྱིན་རླབས་ཀྱི་རིམ་པ་ལ་ཁྱེད་རང་རྣམས་ལུས་གནད་བསྲང་། ངག་གནད་རླུང་ཁ་སྦྱོར་དུ་ཆིངས། མིག་མི་འགུལ་བར་ཡིད་ཀྱི་གནད་དམིགས་པ་འདི་བཞིན་དུ་གྱིས། ཞེས་བརྡ་སྦྱར་ལ། དམིགས་རིམ་འབོགས་པ་ནི། སློབ་བུའི་ཐ་མལ་འཛིན་རྟོག་སྦྱངས། །སྐད་ཅིག་དྲན་རྫོགས་ངང་ཉིད་ལས། །དྭངས་མ་ཡེ་ཤེས་འོད་ཀྱི་ལུས། །ཤྲཱི་སིཾ་ཧ་དཀར་སྨུག་མདོག༔ གྲུབ་པའི་ཆ་ལུགས་རྡོར་དྲིལ་འཛིན༔ རིན་ཆེན་དར་སྟག་རུས་པས་བརྒྱན༔ ཡུམ་དམར་གྲི་ཐོད་འཛིན་འཁྱུད་བསྒོམ༔ དཔོན་སློབ་ཐུགས་སྲོག་ཧྲཱིཿཡིག་ལས། །འོད་འཕྲོས་སྐུ་གསུམ་རྒྱལ་བའི་ཞིང་། །ཆོས་དབྱིངས་ཁྱབ་བརྡལ་ཆེན་པོ་ནས། །བརྒྱུད་གསུམ་རིག་འཛིན་བླ་མའི་ཚོགས། །སྤྱན་དྲངས་ཐིམ་པས་དབྱེར་མེད་གྱུར། །ཅེས་དལ་བུས་བརྗོད་ལ་སྦྱར་སྤོས་བདུག །རོལ་མོའི་སྒྲ་དབྱངས་དང་བཅས། ཧཱུྃ༔ མི་མངོན་དབྱིངས་ཀྱི་ཞིང་ཁམས་སོགས་བྱང་ཁྲིགས་ལྟར་བྱིན་དབབ་ཅིང་བསྟིམ། མཐར། ཡེ་ཤེས་ཕེབས་པ་དེ་ཉིད་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ། ཞེས་རྡོ་རྗེ་མེ་ཏོག་དང་བཅས་པ་སྤྱི་བོར་རྒྱ་གྲམ་དུ་བཀོད་ཅིང་བརྟན་པར་བྱ། དེ་ནས་ཇི་སྐད་དུ། གཏོར་ནི་ཆོས་ཀྱི་དབྱིངས་ཡིན་ཏེ། །མ་ནི་རིག་པའི་ཡེ་ཤེས་ཡིན། །ཞེས་གསུངས་པ་ལྟར་ངོ་བོ་དབྱིངས་རིག་གཉིས་སུ་མེད་པའི་གཏོར་མ། ངེས་ཚིག་བ་ལའི་སྒྲ་ལས་ཕུང་ཁམས་ཀྱི་སྟོབས་བསྐྱེད་པ། དབྱེ་ན་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་གཏོར་མ་སྟེ་དེ་ལ་བརྟེན་ནས་དབང་བཞི་ཆིག་རྫོགས་སུ་སྦྱིན་པ་སྔ་འགྱུར་རྡོ་རྗེ་སྙིང་པོའི་བཀའ་གཏེར་གྱི་རྒྱུད་དང་མན་ངག་རྣམས་ལས་འབྱུང་ཞིང། མཁས་གྲུབ་རིག་འཛིན་དག་གིས་ཕྱག་བཞེས་སུའང་མཛད་པ་ལྟར། དབང་གི་དངོས་གཞི་བྱིན་རླབས་གཏོར་མའི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་མཛོད། གཏོར་སྣོད་རང་བྱུང་གི་གཞལ་མེད་ཁང་དུ་གཏོར་མ་ཧེ་རུ་ཀཿདངོས་རིག་འཛིན་ཤྲཱི་སིཾ་ཧ་ལ་བརྒྱུད་གསུམ་རིག་འཛིན་བླ་མ་ཡི་དམ་དཀྱིལ་འཁོར་རབ་འབྱམས་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་རྒྱ་མཚོ་སྟེ། རྩ་བ་གསུམ་གྱི་ལྷ་ཚོགས་རྟེན་དང་བརྟེན་པར་བཅས་པ་དངོས་སུ་བཞུགས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་པས། འོད་ཟེར་བདུད་རྩིའི་རྒྱུན་གྱིས་སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་གྱི་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ། ཕྱི་ནང་གསང་བའི་བར་ཆད་བསལ། དབང་བཞི་ཆིག་རྫོགས་སུ་ཐོབ་པའི་མོས་པ་མཛོད། ཅེས་བརྗོད་ལ། གཏོར་མ་སློབ་མའི་སྤྱི་བོར་བཟུང་ལ། ཧཱུྃ༔ གཏོར་མའི་རང་བཞིན་རིན་ཆེན་གཞལ་ཡས་ཁང༔ ནང་དུ་བླ་མ་ཤྲཱི་སིཾ་ཧ་དང༔ རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས་རྣམས་བཞུགས༔ ཡི་དམ་ལྷ་ཚོགས་ཐམས་ཅད་སྤྲིན་ལྟར་གཏིབས༔ མ་དང་མཁའ་འགྲོ་བུ་ཡུག་བཞིན་དུ་འཚུབས༔ རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་འདིས༔ སྐལ་ལྡན་སློབ་མ་རྣམས་ལ་དབང་བསྐུར་བས༔ ཕྱི་ནང་གསང་བའི་བར་ཆད་བསལ་བ་དང༔ སྐུ་གསུང་ཐུགས་ཀྱི་དབང་ཆེན་ཡོངས་སུ་རྫོགས༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཨཱོྃ་ཨཱཿཧཱུྃ་གུ་རུ་ཤྲཱི་སིཾ་ཧ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གནས་གསུམ་དུ་བཞག །རྗེས་འབྲེལ་དུ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་རྗེས་གནང་སྦྱིན་པ་ལ། རིག་འཛིན་བླ་མའི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་འཕྲོས་ཏེ་ཁྱེད་རང་གི་སྤྱི་བོ་ནས་ཐིམ་པའི་མོས་པ་མཛོད། སྐུ་འབག་སྤྱི་བོར་བཞག །ཨཱོྃ༔ རྡོ་རྗེ་སེམས་དཔའ་བདེ་བའི་ལྷུམས་སུ་ཞུགས༔ མི་ཡི་ཡུལ་འཁྲུངས་ཐོས་བསམ་མཐར་ཕྱིན་མཛད༔ རྒྱལ་བའི་གསང་གསུམ་མ་ལུས་འདུས་པའི་སྐུ༔ དཔལ་ཆེན་རིག་འཛིན་ཤྲཱི་སིཾ་ཧ་ཡི༔ སྐུ་ཡི་ཕྱག་རྒྱ་སྒོམ་པའི་དབང་བསྐུར་རོ༔ ཨཱོྃ་ཨཱཿཧཱུྃ་གུ་རུ་ཤྲཱི་སིཾ་ཧ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ དེང་ཕྱིན་ཆད་ཐ་མལ་སྣང་ཞེན་གྱི་འཛིན་པ་བཏུལ་ནས་སྣང་སྟོང་ཟུང་འཇུག་གི་ཡེ་ཤེས་ཕྱག་རྒྱའི་སྐུ་སྒོམ་པ་དང་མི་འབྲལ་བར་གྱིས་ཤིག །གསུང་བཟླས་པ་སྔགས་ཀྱི་ལུང་སྦྱིན་པ་ནི། རིག་འཛིན་བླ་མའི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་བྱུང་ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་གར་ཐུགས་སྲོག་ས་བོན་ཧྲཱིཿཡིག་གི་མཐར་འཁོད་པ་བཟླས་པའི་རྐྱེན་གྱི་སྤྲོ་བསྡུས་བྱིན་རླབས་དབང་བསྐུར་ཐམས་ཅད་ཐོབ་པའི་མོས་པས་མཚན་སྔགས་འདིའི་རྗེས་ཟློས་མཛོད། ཅེས་བརྗོད་ལ་རྩ་སྔགས་ལན་གསུམ་དང་། སླར་ཡང་ཐུགས་སྲོག་ཨ་ཡིག་མཐིང་གསལ་དུ་གྱུར་པའི་འོད་ཀྱིས་སྣོད་བཅུད་ཐ་མལ་གྱི་ཞེན་རྟོག་སྦྱངས་ཤིང་རྡོ་རྗེ་བཞི་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་འཁོར་ལོར་སད་པའི་དགོངས་ཉམས་བསྐྱངས་ཏེ་ཨ་སུམ་སྦྲེལ་བཟླ་བ་ཞུ། ཨ་ཨ་ཨ༔སུམ་སྦྲེལ་ལན་གསུམ་བཟླ། དེ་ཉིད་བརྟན་པར་བྱ་བའི་ཕྱིར་སྔགས་ཕྲེང་མགྲིན་པར་བཞག་སྟེ། ཨཱ༔ རིག་འཛིན་གཙོ་བོ་གྲུབ་པའི་དབང་ཕྱུག་རྗེ༔ རྒྱལ་ཀུན་གསང་གསུམ་འདུས་པ་གསུང་གི་མཆོག༔ རླུང་སྔགས་གྲགས་སྟོང་སྔགས་སུ་འགྱུར་བའི་ཕྱིར༔ ཡན་ལག་དྲུག་ཅུ་ལྡན་པའི་དབང་བསྐུར་རོ༔ ཨཱོྃ་ཨཱཿཧཱུྃ་གུ་རུ་ཤྲཱི་སིཾ་ཧ་སིདྡྷི་ཧཱུྃ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེང་ཕྱིན་ཆད་ངག་རླུང་བཟླས་པ་གྲགས་སྟོང་དབྱེར་མེད་ཆུ་བོའི་རྒྱུན་ལྟར་བརྩོན་པར་གྱིས་ཤིག །ཐུགས་རང་བྱུང་གི་དགོངས་པ་ངོ་སྤྲད་པ་ནི། སེམས་དུས་གསུམ་གྱི་རྟོག་པའི་རྗེས་སུ་མི་འབྲང་བར་བླ་མའི་ཐུགས་དང་དབྱེར་མེད་དུ་བསྲེས་ནས་རིག་སྟོང་ཟུང་འཇུག་འོད་གསལ་གཉུག་མའི་ངང་དུ་མཉམ་པར་གཞག་པ་ཞུ། ཧཱུྃ༔ རིག་འཛིན་བླ་མ་ཤྲཱི་སིཾ་ཧའི་ཐུགས༔ སྤྲོས་པ་ཀུན་བྲལ་སེམས་ཉིད་ཡེ་ཤེས་ཆེ༔ བདེ་གསལ་མི་རྟོག་དབྱེར་མེད་ཀློང་དུ་ཆུབ༔ དབྱིངས་རིག་ཟུང་དུ་འཇུག་པའི་དབང་ཐོབ་ཤོག༔ ཨཱོྃ་ཨཱཿཧཱུྃ་གུ་རུ་ཤྲཱི་སིཾ་ཧ་སིདྡྷི་ཧཱུྃ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེང་ཕྱིན་ཆད་ཐ་མལ་གྱི་དྲན་རྟོག་ཐམས་ཅད་ཆོས་ཉིད་གཉུག་མ་བསམ་བརྗོད་དང་བྲལ་བའི་ངང་དུ་ལ་བཟླ་བར་གྱིས་ཤིག །དེ་ལྟར་ཁྱེད་རང་གི་སྒོ་གསུམ་རིག་འཛིན་བླ་མའི་གསང་བ་གསུམ་དང་དབྱེར་མེད་དུ་གྱུར་པས་དབང་བཞིའི་བྱིན་རླབས་ཐོབ། སྒོ་གསུམ་གྱི་སྒྲིབ་པ་དག །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རྣལ་འབྱོར་སྒོམ་པ་ལ་དབང་། སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་གོ་འཕང་མངོན་དུ་བྱེད་པའི་སྐལ་ལྡན་དུ་སྨིན་པར་བྱས་པ་ལ། རྩ་གསུམ་རྒྱལ་བ་རྒྱ་མཚོས་བཀྲ་ཤིས་ཀྱི་མེ་ཏོག་ཆར་དུ་བསྙིལ་བས་དབང་དོན་གྱི་ཡེ་ཤེས་བརྟན་ཅིང་གོང་འཕེལ་དུ་བྱས་པའི་མོས་པ་མཛོད། ཅེས་མཚམས་སྦྱར་ལ་བཀྲ་ཤིས་ཅི་རིགས་བརྗོད། དེ་ལྟར་དབང་བསྐུར་པ་ཉིད་ཟབ་གནད་ཁྱད་པར་དུ་འཕགས་པའི་ཚུལ། གཏེར་གཞུང་ལས། འདི་ཡི་གདམས་པ་སློབ་བུའི་སྣོད་བརྟག་ཅིང༔ བློ་དང་འཚམ་པར་རིམ་བཞིན་བསྟན་པ་ལས༔ པདྨའི་སྙིང་ཁྲག་ཡིན་པས་སྤེལ་བར་ཕངས༔ མ་འོངས་སྐལ་ལྡན་བུ་དང་འཕྲད་པར་ཤོག༔ ཅེས་བསྔགས་པར་མཛད་པ་ཚུལ་བཞིན་ཐོས་པ་ལས་བྱུང་བའི་སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས་མདོར་བསྡུས་ཏེ་ཁས་བླང་བ་འདིའི་རྗེས་ཟློས་གྱིས། གཙོ་བོས་ཇི་ལྟར་སོགས་དང་། དབང་བསྐུར་ཐོབ་པའི་གཏང་རག་ཏུ་མཎྜལ་ཕུལ། ཅེས་བརྗོད་ལ་མཎྜལ་ཕུལ། མཎྜལ་དུ་མ་ཟད་ལུས་དང་ལོངས་སྤྱོད་ཐམས་ཅད་འབུལ་ན་ཆ་ཤས་ནས་བཞེས་ལ་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་གྱིས། དེང་ནས་བརྩམ་སྟེ་སོགས་བརྗོད། དེ་ལྟར་རིག་འཛིན་ཤྲཱི་སིཾ་ཧའི་དབང་བསྐུར་ཉི་ཟླའི་རྒྱ་ཅན་ལས། ཐོག་མའི་ཆོས་ཀྱི་སྒོ་འབྱེད་དང་དད་པ་ཅན་རྗེས་སུ་འཛིན་པའི་བྱིན་རླབས་ལེགས་པར་གྲུབ་པའི་དགེ་ཚོགས་བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བ་དང་། འདི་ལ་བརྟེན་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་པ་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་རྣམས་རང་གནས་སུ་གྱེས་སོ།། །།གསུམ་པ་རྗེས་རིམ་ཚོགས་ལ་རོལ་ཞིང་ལྷག་མ་བསྔོ་བ་ནས་ཕྲིན་ལས་བྱང་བུ་ཁྲིགས་བསྡེབས་ལྟར་མཐར་དབྱུང་བས་གྲུབ་བོ། །ཕྱི་སྐོར་བླ་མའི་ཟབ་དབང་ལས། །ཐུན་མོང་བྱིན་རླབས་ཆོས་ཀྱི་ཆར། །དད་ལྡན་ཞིང་སར་ཕབ་པའི་མོད། །ཟབ་གསང་མཛོད་སྒོ་འབྱེད་གྱུར་ཅིག །ཕྱི་ནང་གསང་སྐོར་ཐུན་མོང་གི་ཆོས་ཀྱི་སྒོ་འབྱེད་ཐུན་མོང་བླ་མའི་བྱིན་རླབས་གཏོར་དབང་གི་ལེ་ཚན་ནོ།། །། ༄༅། །དེ་ལྟར་ཕྱི་སྐོར་རིག་འཛིན་ཤྲཱི་སིཾ་ཧའི་ཐུན་མོང་གཏོར་དབང་གིས་སྤྱིར་བྱིན་རླབས་དང་ཆོས་སྒོ་དབྱེ་བ་སྔོན་དུ་སོང་ནས། གཉིས་པ་ཐུན་མིན་ཟབ་དབང་ཉི་ཟླའི་རྒྱ་ཅན་དངོས་ཉིད་བསྐུར་བ་ལ་དོན་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་དབང་གི་རིམ་པ། རྗེས་ཀྱི་ལས་རིམ་མོ། །དང་པོ་ནི། སྟེགས་བུ་ཁེབས་ལྡན་གྱི་དབུས་སུ་ཞི་བའི་དཀྱིལ་འཁོར་སྒོ་རྫོགས་ཅན་ལྟེ་བར་པདྨ་འདབ་མ་བརྒྱད་ལྡན་གཞུང་མཐུན་ཡོད་ན་བཀྲམ། མེད་ན་མཎྜ་ལར་འབྲུའི་ཚོམ་བུ་གཅིག་བཀོད་པའི་ཁར་མཉྫིའི་སྟེང་བུམ་པ་སོ་ལྔའི་བཅུད་ལྡན་གྱི་སྟེང་ཐོད་པ་བདུད་རྩིས་བཀང་བ་དར་དམར་གྱིས་བཀབ་པ་དང་། རིག་ཙཀ །མན་ཤེལ་དང་རྨ་བྱའི་སྒྲོ་མདོངས་མེ་ལོང་། མདུན་རྒྱབ་གང་བདེར་སྨན་རཀ་གཏོར་གསུམ། ཕྱི་མཆོད་བསྐོར་བཤམ་དང་ཕྲེང་ཚར་གང་བདེ། ཉེ་ལོགས་སུ་ཚོགས་ཀྱི་ཡོ་བྱད། སྔོན་གཏོར་དཀར་དམར་སོགས་བཤམ། སློབ་དཔོན་གྱི་མདུན་ཆས་རྣམས་དང་། དམ་ཆུ། སྲད་བུ་དམར་པོའི་དཔུང་སྐུད་རྡོར་མདུད་བཏབ་པ་སློབ་མའི་གྲངས་མཉམ་སོགས་འདུ་བྱའོ།། །།གཉིས་པ་དངོས་གཞི་དབང་བསྐུར་གྱི་ལས་རིམ་ལ་སྣང་སྲིད་གཞིར་བཞེངས་ཀྱི་དགོངས་པས་བདག་མདུན་དབྱེར་མེད་དུ་སྒྲུབ་ཅིང་མཆོད་པ་དང་། དབང་བསྐུར་བ་དངོས་གཉིས་ཀྱི། དང་པོ་ནི། ཚིག་བདུན་གསོལ་འདེབས་དང་། བརྒྱུད་འདེབས་སྔོན་དུ་འགྲོ་བས། བསང་ཆུ་སྒྲུབ་པ་དང་དཀར་གཏོར་ཟུར་བྱང་ལྟར་གཏང་ལ་ཕྱི་སྐོར་བླ་མའི་བསྐྱེད་རིམ་བྱང་བུ་ཁྲིགས་བསྡེབས་ཀྱི་དབུ་ནས་བརྩམ་བྱིན་རླབས་བྱང་བུ་ཡན་མཐར་ཆགས་སུ་གཏང་། དེ་ནས་བགེགས་གཏོར་བརླབ་བསྔོ་བསྐྲད་སྲུང་ཟུར་བྱང་བཞིན་ལ། གཞུང་གི་མཆོད་པ་བྱིན་རླབས་ནས་དངོས་གཞི་རྟེན་གྱི་བྱང་བུ་བསྟོད་པ་རྫོགས་ཀྱི་བར་གྲུབ་ནས། བདག་མདུན་ཆིག་རྫོགས་རང་བཞིན་ཡོངས་གྲུབ་ཆེན་པོའི་དགོངས་པ་སྲོག་ཏུ་བཟུང་ལ། བླ་མའི་ཐུགས་དབུས་ཟླ་དཀྱིལ་སྟེང་། །རང་རིག་ངོ་བོ་ཧྲཱིཿཡིག་མཐར། །སྔགས་ཀྱི་ཕྲེང་བས་བསྐོར་བ་ལས། །འོད་ཟེར་འཕྲོ་འདུས་བྱིན་དབང་ཐོབ། །ཅེས་དགོངས་པ་སྐྱེ་མེད་ཀྱི་ངང་ནས་མཚན་སྔགས། ཨཱོྃ་ཨཱཿཧཱུྃ་གུ་རུ་ཤྲཱི་སིཾ་ཧ་སིདྡྷི་ཧཱུྃ༔ ཞེས་བཟླས་པ་ཅི་ནུས་དང་། སྙིང་དབུས་ཐིག་ཟླུམ་འོད་ལྔའི་ཀློང་། །ཨ་ཡིག་ཐ་མར་སྔགས་ཀྱིས་བསྐོར། །བདེ་ཆེན་ཡེ་ཤེས་སྣང་བ་ཡིས། །འཁོར་འདས་སྣོད་བཅུད་རྟོག་པ་སྦྱངས། །ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །སྣང་སྲིད་གཞིར་བཞེངས་ཆེན་པོའི་ངང་། །གྲགས་སྟོང་རྡོ་རྗེའི་ཛཔ྄་འདི་བཟླ། །ཞེས་ཨ་ཨ་ཨ༔གསུམ་སྦྲེལ་ཅི་འགྲུབ་བཟླས་མཐར། བུམ་བཟླས་ཟུར་དུ་སྤྲོ་ན། བུམ་པ་རང་བྱུང་གི་གཞལ་མེད་ཁང་དུ་རིག་འཛིན་བླ་མ་ཤྲཱི་སིཾ་ཧ་ཟག་མེད་ཡེ་ཤེས་སྐུ་ཅན་དུ་གསལ་བའི་སྐུ་ལས་བྱིན་རླབས་བདུད་རྩིའི་རྒྱུན་བབས་པས་བུམ་པ་ཡོངས་སུ་གང་བར་གྱུར། ཅེས་དམིགས་ནས་མཚན་སྔགས་བཟླས་ལ། སྐབས་འདིར་བུམ་ལྷ་འོད་ཞུ་མི་བྱ། ལས་བུམ། ལས་བུམ་རང་བྱུང་གཞལ་ཡས་སུ། །པད་ཟླར་རྡོར་སེམས་སྐུ་མདོག་དཀར། །རྡོ་རྗེ་དྲིལ་འཛིན་ལོངས་སྐུའི་ཆས། །ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་མཐར། །ཡིག་བརྒྱས་བསྐོར་ལས་བདུད་རྩིའི་རྒྱུན། །བབས་པས་བུམ་པ་གང་བར་གྱུར། །ཡིག་བརྒྱ་ཅི་འགྲུབ་བཟླས་མཐར། བུམ་ལྷ་འོད་ཞུ་བདུད་རྩིར་བསམ། སྟོང་ཚིགས་འབུལ་ཞིང་། སྲུང་མའི་གཏོར་འབུལ་དང་། ཚོགས་མཆོད་བཅས་བྱས་ལ། རིག་པ་མཉམ་ཉིད་ཀློང་ཡངས་ཆེན་པོའི་དཀྱིལ་འཁོར་དུ་གདོད་ནས་འཇུག་པའི་དགོངས་པ་ལ་འཁྲུལ་རྟོག་གི་བར་མ་ཆོད་པས་རིག་པའི་མེ་ཏོག་དོར་ལ། སློབ་མ་གཞུག་པར་གསོལ་བ་གདབ་པ་ནི། ཧོ༔ རང་བྱུང་རིག་པ་སོགས་ནས། བླ་ན་མེད་པར་བྱོས༔ ཨ་ལ་ལ་ཧོ༔ བར་གོང་གི་གཏོར་དབང་གི་སྐབས་ལྟར་བྱའོ། །གཉིས་པ་སློབ་མ་ལ་དབང་བསྐུར་བའི་རིམ་པ་དངོས་ནི། སྒོ་ཡི་ཕྱི་རོལ་དུ་ཁྲུས་བྱས། ནང་དུ་འཇུག་པ་ན་བགེགས་ལ་གཏོར་མ་བྱིན་ཏེ་བསྐྲད་པའི་རྗེས་ལ། གསང་མཆོག་རྒྱལ་པོའི་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པ་ལ་གཉིས་འཛིན་མཚན་རྟོག་གི་བར་ཆད་སྲུང་བའི་ཕྱིར། ལས་ཀྱི་ལྷ་མཆོག་དབང་ཆེན་ཁྲོ་བོའི་རྒྱལ་པོའི་བདག་ཉིད་དུ་བྱིན་གྱིས་བརླབས་པའི་རྡོ་རྗེའི་སྲད་བུ་སྐྱེས་པའི་དཔུང་པ་གཡོན་དང་། བུད་མེད་ཀྱི་གཡས་སུ་རྡོ་རྗེའི་མདུད་པས་བཅིངས་པར་མོས་མཛོད། ཨཱོྃ་ཧ་ཧ་ཧཱུྃ་ཧཱུྃ་ཧྲཱིཿཧྲཱིཿཕཊ྄་ཕཊ྄༔ཀྱིས་བསྔགས་པའི་སྲུང་སྐུད་དམར་པོ་བཅིངས་ནས། སྲུང་འཁོར་བསྒོམ་པ་རྣམས་གོང་ལྟར་བྱ། ལས་རྡོར་ནས་མཎྜལ་བཀྱེ་བསྡུ་དང་། སློབ་དཔོན་གྱིས། འོ། མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཁྱབ་བདག་གདོད་མའི་མགོན་པོའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་ཟབ་པ་ལས་ཀྱང་ཆེས་ཟབ་པའི་རིག་འཛིན་བླ་མའི་དབང་བསྐུར་གསན་ནས་གྲོལ་བྱེད་གདམས་པའི་རིམ་པ་རྣམས་ཚུལ་བཞིན་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཀུན་སློང་བཟང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང་། ཁྱད་པར་གྱི་ཀུན་སློང་སྣོད་བཅུད་ཐམས་ཅད་དག་པ་རབ་འབྱམས་ཡེ་ཤེས་ཀྱི་གསལ་སྣང་དང་མ་བྲལ་བའི་ངང་ནས། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་རྣམས་ཀྱང་ལེགས་པར་འདུ་བགྱིད་དེ་ཡེངས་པ་མེད་པའི་ཚུལ་གྱིས་གསན་པར་གནང་བ་ཞུ། དེའང་རང་རེ་རྣམས་ཐོབ་པར་དཀའ་བའི་དལ་འབྱོར་གྱི་རྟེན་མི་ལུས་རིན་པོ་ཆེ་ཐོབ། མཇལ་བར་དཀའ་བ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ་ཞིང་། ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་བཟང་པོ་བསྟེན་དུ་ཡོད་པའི་སྐབས་འདིར། ནན་ཏན་དུ་བྱ་བ་ནི་དལ་འབྱོར་གྱི་རྟེན་ལ་སྙིང་པོ་ལེན་པ་ཉིད་གལ་ཆེ་སྟེ། རྒྱལ་བའི་སྲས་པོ་ཞི་བ་ལྷས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །ཞེས་དང་། མི་ཡི་གྲུ་ལ་བརྟེན་ནས་སུ། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་གསུངས་པ་བཞིན་གྲུ་ཡོད་དུས་ཆུ་བོ་བརྒལ་དགོས་པ་ལྟར་དམ་པའི་ལྷ་ཆོས་ལ་ཚུལ་བཞིན་དུ་འབད་དགོས་ཏེ། ཨོ་རྒྱན་ཆེན་པོས། ད་རེས་ཕུན་ཚོགས་རྐྱེན་ཀུན་འཛོམ་དུས་འདིར། །བརྩོན་འགྲུས་དྲག་པོས་སྲིད་ལས་འདའ་བར་མཛོད། །ཅེས་གསུངས། དེ་ལྟ་བུའི་དལ་བའི་རྟེན་ཡིད་བཞིན་གྱི་ནོར་བུ་དང་འདྲ་བ་ནི། སློབ་དཔོན་ཆེན་པོས། ཤིན་ཏུ་རྙེད་དཀའ་ཨུ་དུམ་ཝཱ་ར་འདྲ། །རྙེད་པ་དོན་ཆེན་ཡིད་བཞིན་ནོར་ལས་ལྷག །ཅེས་གསུངས་པས་ཤིན་ཏུ་རྙེད་དཀའ་བ། རྙེད་ན་ཕན་འདོགས་ཆེ་བས། རྙེད་པ་ཆུས་ཟོས་སུ་མི་གཏོང་བར་དོན་ཡོད་པར་བྱས་ཏེ་རང་ཉིད་ཐར་པའི་སྐམ་སར་ཕྱིན་པར་བྱེད་དགོས། དེའང་ད་ལྟ་ནས་བསམ་སྦྱོར་གཉིས་ཀས་ལག་ཏུ་ལོན་ངེས་པ་ཞིག་མ་བྱས་ན། ལུས་རྟེན་འདིའང་མྱུར་དུ་འཇིག་པའི་ཆོས་ཉིད་ཅན་ཡིན་ཏེ། མདོ་རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །སྐྱེས་བུའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །ཞེས་གསུངས་པ་ལྟར། སྤྱིར་ཕྱི་སྣོད་འཇིག་རྟེན་རི་རབ་གླིང་བཞི་ལྕགས་རི་རོལ་མཚོ་ཉི་ཟླ་དང་བཅས་པ། ནང་བཅུད་སེམས་ཅན་ཚངས་དབང་བདེ་འབྱུང་འཁོར་ལོས་བསྒྱུར་བ་རྣམས་ཀྱི་གཙོས་འགྲོ་བ་ཐམས་ཅད། བར་རང་གི་ཕུང་ཁམས་སྐྱེ་མཆེད་སོགས་མདོར་ན་འདུས་བྱས་ཀྱི་ཆོས་ཐམས་ཅད་མི་རྟག །བྱེ་བྲག་སྐྱེས་བུ་རང་གི་ཚེ་ནི་སྐད་ཅིག་གཅིག་གིས་འཛད་དེ་མཐར་འཆི་བར་འགྱུར་ལ། འཆི་བ་དེའང་ནམ་འོང་ཆ་མེད། འཆི་བའི་ཚེ་ཆོས་མ་གཏོགས་པ་གང་གིས་ཀྱང་ཕན་པ་མེད་ཅིང་། ཤི་ནས་ཀྱང་མར་མེ་ཤི་བ་བཞིན་ཅང་མེད་དུ་མི་འགྲོ་བར་ལས་དང་ལས་ཀྱི་འབྲས་བུ་འབའ་ཞིག་གི་རྗེས་སུ་འབྲངས་ཏེ། གནས་ཁམས་གསུམ། རྟེན་རིགས་དྲུག་གིས་བསྡུས་པའི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བ་ཡང་ཡང་ལེན་དགོས། སྐྱེ་བ་གང་དུ་བླངས་ཀྱང་སྲིད་རྩེ་ནས་དམྱལ་བ་མནར་མེད་པའི་བར་དུ་སྡུག་བསྔལ་གསུམ་གྱིས་དམ་ལ་མ་བཞག་པ་འགའ་ཡང་མེད་དེ། ཇི་སྐད་དུ། འཁོར་བར་ཁབ་ཀྱི་རྩེ་ཙམ་ཡང་། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་དང་། མགོན་པོ་བྱམས་པས། མི་གཙང་ཁང་པར་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ལ་བདེ་བ་མེད། །ཅེས་གསུངས་པ་ལྟར། སྡུག་བདེན་འཁོར་བའི་མཚན་ཉིད། ཀུན་འབྱུང་འཁོར་བའི་རང་བཞིན་ཡིན་པས་ན་ཁམས་གསུམ་འཁོར་བ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས། ཁྱད་པར་ངན་སོང་གསུམ་ནི་སྡུག་བསྔལ་གྱི་འབྲས་བུར་ལོངས་སྤྱོད་པ་ཤ་སྟག་ཡིན་པས་སྡུག་བསྔལ་གྱི་སྡུག་བསྔལ་དང་། དེའི་སྟེང་དུ་མི་དང་འདོད་ལྷ་ལྷ་མིན་ནི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་འགྱུར་བའི་སྡུག་བསྔལ་ཡང་ཅི་རིགས་པ་ཡོད་ལ། སྲིད་པའི་རྩེ་མོ་གཟུགས་ཁམས་དང་། གཟུགས་མེད་པའི་ཁམས་ནི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བལྟར་མི་མངོན་པ་དང་འགྲོགས་ཏེ། རང་རང་གི་འཕེན་བྱེད་ཀྱི་ལས་ཟད་པ་དང་མཉམ་དུ་འོག་ནས་འོག་ཏུ་ལྟུང་སྟེ་འཁོར་བ་མཐའ་མེད་པར་འཁྱམས་པར་འགྱུར་བ་ཡིན་ལ། དེ་ལས་ངན་སོང་གསུམ་གྱི་གནས་ལ་འཇིགས་ཤིང་སྐྲག་སྟེ་དེ་ལས་ཐར་འདོད་ཀྱི་བློ་རྒྱུ་འབྲས་མི་བསླུ་བའི་ངེས་ཤེས་ཀྱི་དད་པ་བརྟན་པོ་རྒྱུད་ལ་སྐྱེས་ནས། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་གནས་ཏེ་དགེ་བཅུ་སྤྱོད་ཅིང་བསམ་གཟུགས་ཚད་མེད་སོགས་སྒོམ་པ་ནི་སྐྱེས་བུ་ཆུང་ངུའི་ལམ་དང་། སྲིད་པ་ཁམས་གསུམ་འཁོར་བ་མཐའ་དག་ལས་རང་གཅིག་པུ་ཐར་འདོད་ཀྱི་བློ་ངེས་འབྱུང་གི་བསམ་པས། བདེན་བཞི་མི་རྟག་བཅུ་དྲུག་སོགས་བསྒོམས་པས་གང་ཟག་བདག་མེད་རྟོགས་པ་ཉན་ཐོས་དང་། རྟེན་འབྲེལ་ལུགས་འབྱུང་ལྡོག་སྒོམ་པས་གང་ཟག་དང་ཆོས་ལ་བདག་མེད་ཕྱེད་དང་གཉིས་རྟོགས་པ་རང་སངས་རྒྱས་ཏེ་སྐྱེས་བུ་འབྲིང་གི་ལམ་ཡིན་ལ། དེ་ལྟ་བུའི་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་རྒྱུ་འབྲས་ལ་ཡིད་ཆེས་ཀྱི་དད་པ་རྣམ་པར་དག་པ་དང་། སྐྱེས་བུ་འབྲིང་དང་ཐུན་མོང་གི་ལམ་ངེས་འབྱུང་རྣམ་པར་དག་པ་རྣམས་གཞིར་བཞག་ནས། རང་ཞི་བདེའི་བསམ་པ་གཏན་ནས་སྤངས་ཏེ་མཐའ་མེད་པའི་སེམས་ཅན་ཕ་མར་གྱུར་པ་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་འདོད་ཀྱི་བསམ་པ་ཐུན་མོང་མ་ཡིན་པས། ཚད་མེད་པ་བཞི་དང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་ལ་སློབ་པ་སྐྱེས་བུ་ཆེན་པོའི་ལམ་གཞན་ཕན་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པ་རྒྱུ་ཡི་ཐེག་པ་ཉིད་ལམ་གྱི་སྲོག་ཏུ་བཟུང་སྟེ། དེ་དག་ལས་ཁྱད་པར་མྱུར་ལམ་བླ་ན་མེད་པ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བརྟེན་ནས་ཚེ་གཅིག་ལུས་གཅིག་གིས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་འཐོབ་པར་འདོད་པ་རྣམས་ཀྱི་ཉམས་སུ་བླང་བྱའི་ཆོས་ནི་འབྲས་བུ་རྡོ་རྗེ་ཐེག་པ་ཡིན་ལ། དེའང་འགྱུར་སྔ་ཕྱིའི་དབང་གིས་གསར་རྙིང་གི་བཀའ་སྲོལ་ཆེན་པོ་གཉིས་སུ་བཞུགས་པ་ལས། འདིར་འཆད་པ་པོ་པཎ་ཆེན། སྒྱུར་བྱེད་ཀྱི་ལོ་ཙཱ། སྤྱན་འདྲེན་པ་པོའི་སྦྱིན་བདག །ཕྱག་བཞེས་ཀྱི་གཙུག་ལག་ཁང་། ཞུ་རྟེན་གྱི་མེ་ཏོག །བསྒྱུར་བྱ་ཆོས་ཀྱི་ཆེ་བ་སྟེ་ཆེ་བ་དྲུག་གིས་ཁྱད་པར་དུ་འཕགས་པའི་གསང་ཆེན་རྡོ་རྗེ་ཐེག་པ་སྔ་འགྱུར་རྙིང་མ། དེ་ལའང་རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་མ་སྟེ་བཀའི་བབ་སོ་གསུམ་དུ་བཞུགས་པ་ལས། འདིར་ནི་བཀའ་བབ་ལུང་བསྟན། སྨོན་ལམ་དབང་བསྐུར། ཤོག་སེར་ཚིག་བརྒྱུད་ཏེ་བརྒྱུད་པའི་བཀའ་སྲོལ་གསུམ་དང་དྲུག་གམ། བརྒྱུད་པ་དགུ་ལྡན་གྱི་ཁྱད་པར་དུ་བྱས་པ་ཟབ་མོ་གཏེར་མ་ཡིན། གཏེར་མ་ལའང་གཏེར་ཁ་གོང་འོག་སོགས་རིག་འཛིན་རྩལ་འཆང་བརྒྱུད་མར་བྱོན་པ་རྣམས་ཀྱི་རྩ་བ་གསུམ་གྱི་སྒྲུབ་ཐབས་དང་། དབང་བསྐུར། བླ་རྫོགས་ཐུགས་གསུམ་གྱི་ཆོས་སྐོར་མན་ངག་ལས་ཚོགས་དང་འབྲེལ་བ་སྔ་ཕྱི་དུ་མར་སྤྱན་དྲངས་པ་མང་དུ་མཆིས་པ་ལས། འདིར་ཇི་སྐད་དུ་ཐང་ཡིག་ལས། ཁ་རག་ཆུ་ཕུག་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་འབྱུང༔ ཨོ་རྒྱན་བདེ་ཆེན་གླིང་པ་ཞེས་བྱ་འབྱུང༔ ཞེས་བསླུ་མེད་རྡོ་རྗེའི་ལུང་གིས་གསལ་བར་བསྟན་པ་ལྟར། མངའ་བདག་ཆོས་ཀྱི་རྒྱལ་པོ་ཁྲི་ལྡེའི་ལྷ་སྲས་བར་པ་ས་བཅུའི་དབང་ཕྱུག་མུ་རུབ་བཙད་པོ་ཡེ་ཤེས་རོལ་པ་རྩལ་གྱི་རྣམ་འཕྲུལ། རྩོད་བྲལ་དུས་བབ་ཀྱི་སྤྲུལ་པའི་གཏེར་སྟོན་ཆེན་པོ་༧ཨོ་རྒྱན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པ་ཕྲིན་ལས་འགྲོ་འདུལ་རྩལ་གྱིས། རྒྱུད་ཀྱི་ལུང་དང་འབྲེལ་བ། དངོས་སྟོབས་ཀྱི་རིགས་པས་གྲུབ་པ། མན་ངག་གི་མྱོང་བས་བརྒྱན་པ། ངོ་མཚར་བྱིན་རླབས་ཀྱི་ཚན་ཁ་མཆོག་དང་ལྡན་པའི་ཟབ་གཏེར་རྒྱུད་དང་སྒྲུབ་སྡེའི་བཀའ་སྲོལ་སྔོན་ཆད་ས་སྟེང་དུ་མ་གྲགས་པའི་སྨིན་གྲོལ་གྱི་རང་རྐང་ཚུགས་པ་བསམ་ལས་འདས་པ་རྒྱ་མཚོ་ལྟ་བུ་ཞིག་སྤྱན་དྲངས་པ་ལས། དགུང་གྲངས་ཉེར་ལྔའི་སྟེང་སྔགས་སྲུང་ཨེ་ཀ་ཛཱ་ཊིའི་ལུང་བསྟན་པ་ལྟར། སླད་ནས་དགུང་གྲངས་ཉེར་བརྒྱད་དུ་སོན་པ་རབ་བྱུང་བཅུ་བཞི་པའི་མེ་འབྲུག་རྒྱལ་གྱི་ཟླ་བའི་ཚེས་གསུམ་ལ་སྨད་ཤོད་ཛམ་ནང་གི་ཕུར། ཀློང་སེམས་ཕུག་ཏུ་གྲགས་པ་རང་བྱུང་པདྨའི་སྒྲུབ་གནས་ཀྱི་རྒྱལ་པོ་པདྨ་ཤེལ་ཕུག་གི་གནམ་ཁུང་ནས་ཐམས་ཅད་མཁྱེན་དངོས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང། ཡབ་སྲས་ལྷན་འཛོམ་ཞིང་སྐལ་ལྡན་གྱི་འདུས་པ་མང་པོས་མཐོང་བར་བར་ཆད་མེད་པར་སྤྱན་དྲངས་པར་མཛད་པ་སྟེ། པདྨའི་ཞལ་ཚབ་འགྲོ་འདུལ་སྤྲུལ་པའི་གཏེར་འབྱིན་སྔོན་བྱོན་སུས་ཀྱང་ཕྱག་ཁར་མ་སྨིན་ཅིང་། གདུལ་བྱའི་ཞིང་འདིར་སྔ་ན་མེད་པའི་ཆོས་སྡེ། བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག །རྒྱ་བོད་མཁས་གྲུབ་ཀུན་གྱི་ཐུགས་བཅུད། འབུམ་ཕྲག་དྲུག་ཅུ་རྩ་བཞིའི་སྙིང་པོ། སྡེ་གསུམ་ཀློང་དགུའི་མན་ངག་མཐར་ཐུག །ལོ་ཆེན་བཻ་རོ་ཙ་ནའི་སྙིང་ཐིག །དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ཞེས་མཚན་ཙམ་ཐོས་པས་སྲིད་པ་ཧྲུལ་པོར་བྱེད་པའི་ཟབ་ཆོས། ཡིད་བཞིན་གྱི་ནོར་བུ་བསམ་འཕེལ་དབང་གྱི་རྒྱལ་པོ་བྱེ་བས་ཀྱང་ཆ་ཙམ་བསྒྲུན་དུ་མེད་པའི་ཐོས་གྲོལ་ཆེན་མོ་འདིའི་ལོ་རྒྱུས་ནི། གཞུང་རྩ་བ་ལས། ན་མོ་གུ་རུ༔ དམ་ཆོས་རྫོགས་པ་ཆེན་པོ་སྡེ་དྲུག་ལས༔ ཐོག་མར་ལོ་རྒྱུས་ཀྱི་སྡེ་ལའང་སོགས་གཏེར་གཞུང་ལོ་རྒྱུས་དབུ་ནས་མཇུག་གི། འཕྲད་ནས་སྐལ་ལྡན་མང་པོ་གྲོལ་བར་ཤོག༔ ཅེས་པའི་བར་དང་། ཅེས་རྡོ་རྗེའི་ཚིག་གིས་བསྟན་པ་ལྟར་ལགས་ཤིང་། འདི་ལའང་གཞུང་རྩ་བ་དང་ཡན་ལག་གི་ཆོས་སྡེ་གཉིས་ལས། འདིར་སྐབས་སུ་བབ་པ་རྩ་བའི་ཆོས་སྡེ། དེ་ལའང་ཕྱི་སེམས་སྡེའི་སྐོར། ནང་ཀློང་སྡེའི་སྐོར། གསང་བ་མན་ངག་སྡེའི་སྐོར་ཏེ་སྐོར་ཚོ་ཆེན་པོ་གསུམ་དུ་བཞུགས་པ་རྣམས་ཀྱི་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་རྣམས། མ་ཧཱ་གུ་རུའི་རྡོ་རྗེའི་ལུང་ལས། དེ་ལ་དབང་བས་འདི་ཉིད་ཐོན་པའི་ཚེ༔ ལོ་གཅིག་གམ་ནི་ཡང་ན་ལོ་གསུམ་ཁོངས༔ སྐྱེས་བུ་དཔྲལ་བར་སྨེ་བ་དམར་པོས་མཚན༔ བྱིས་པའི་ཚུལ་ཅན་དེ་ལ་མཐའ་ནས་སྟེར༔ གནས་ཀྱི་ཉེ་འདབས་འདི་རུ་ཤིན་ཏུ་འབྱུང༔ ཞེས་རྡོ་རྗེའི་ལུང་གིས་ཤིན་ཏུ་གསལ་བར་བསྟན་པ་ལྟར། གཏེར་ཆེན་བླ་མའི་རིགས་སྲས་རྣམ་པ་གསུམ་ལས་གཡུ་སྒྲའི་རྣམ་འཕྲུལ་ཀུན་བཟང་འཇིགས་མེད་ཚེ་དབང་ནོར་བུ་ལ་སྒྲུབ་གནས་དེ་ཉིད་ཀྱི་གཟིམ་ཆུང་རྡོ་རྗེ་བཀོད་པར། མེ་སྟག་ཁྲུམས་ཀྱི་ཉ་བའི་ཟླ་བར་ཆོས་རྒྱལ་ཡབ་སྲས་ལྷན་རྒྱས་པས་ཡི་དམ་ཁྲོ་བོ་མངོན་རྫོགས་རྒྱལ་པོའི་སྒོ་ནས་བདུད་རྩིའི་སྒྲུབ་ཆེན་དང་འབྲེལ་བར་གདམས་ཟབ་འདི་ཉིད་ཆིག་བརྒྱུད་དུ་བསྩལ་བ་ལས་གཏེར་ཆེན་བླ་མའི་མཆོག་སྤྲུལ་རིན་པོ་ཆེ་འགྱུར་མེད་པདྨ་ཐེག་མཆོག་བསྟན་འཕེལ་གྱིས་གསན། དེ་ཉིད་ཀྱི་དྲུང་ནས། རྗེ་བླ་མ་༧འཇམ་དབྱངས་བློ་གྲོས་རྒྱ་མཚོ་ཡེ་ཤེས་སྙིང་པོ་རོལ་པ་རྩལ་གྱིས་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་ཆིག་བརྒྱུད་དུ་གསན་པ་ལས་བཀའ་རྒྱ་བཀྲོལ་ཏེ་རིམ་པར་བརྒྱུད་ནས། ཁོ་བོ་ཅག་གིས་ལེགས་པར་ཐོབ་པ་ལས། འདིར་སྨིན་བྱེད་དབང་གི་རིམ་པ་ཡིན། དེ་ལའང་རྣམ་གྲངས་མང་དུ་མཆིས་པ་ལས། འདིར་ནི་དཔལ་སྒྱུ་འཕྲུལ་དྲྭ་བ་ཆེན་པོ་ལས། སློབ་དཔོན་ཇི་ལྟར་བལྟ་ཞེ་ན། །བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་ནི་རྟག་ཏུ་རྡོ་རྗེ་འཆང་། །ཞེས་གསུངས་པ་ལྟར་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གྱི་ཡོན་ཏན་ཐམས་ཅད་བླ་མའི་ཐུགས་རྗེ་དང་བྱིན་རླབས་ཁོ་ན་ལས་འབྱུང་ཞིང་། ཁྱད་པར་གསང་སྔགས་ཀྱི་ལམ་དང་དངོས་གྲུབ། དེ་ལས་ཀྱང་བཞི་པ་དོན་གྱི་ཡེ་ཤེས་ནི་བླ་མའི་དགོངས་བརྒྱུད་ཀྱི་ཡེ་ཤེས་འཕོ་བའི་དབང་བསྐུར་བ་ཁོ་ན་ལ་རག་ལས་པའི་གནད་ཀྱིས། སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོའི་ཐུན་མོང་མ་ཡིན་པའི་རིག་པ་རྩལ་གྱི་དབང་བསྐུར་ཞུ་བའི་ཡུལ་བླ་མ་རིག་འཛིན་ཆེན་པོ་ཤྲཱི་སིཾ་ཧ་གཙོ་བོར་བཞུགས་པའི་སྐུ་ཡི་དབྱིངས་སུ་རིག་འཛིན་བླ་མ་འགྲོ་འདུལ་སུམ་ཅུ་རྩ་གཅིག་བཞུགས་པའི་བྱིན་རླབས་ཀུན་འདུས་རྡོ་རྗེ་བླ་མའི་དབང་བསྐུར་བ་སྟེ། དེ་ནི་ཐོག་མར་སྡེ་གསུམ་གྱི་དབང་དང་བྱིན་རླབས་སྤྱི་ལ་གཅེས་པ་རིག་འཛིན་བླ་མ་ཤྲཱི་སིཾ་ཧའི་ཟབ་དབང་ཉི་ཟླའི་རྒྱ་ཅན་བསྐུར་བ་ཞེས་པ་སྟེ། དེ་ལ་བདག་ཉིད་ཀྱི་བགྱི་འོས་རྣམས་གྲུབ་ནས་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་དབང་བསྐུར་ཟབ་མོ་གསན་པའི་ཡོན་དུ་མཎྜལ་འབུལ་བ་ཞུ། ཞེས་མཚམས་སྦྱར་ལ་མཎྜལ་ཕུལ། གསོལ་གདབ་ནས་བརྩམ་རྒྱུད་སྦྱོང་དམ་ཚིག་བསྒྲག་གཟུང་རྣམས་དབང་ཆིངས་སྔ་མ་ལྟར་བྱས་རྗེས། དེ་རྣམས་ཀྱིས་དབང་གི་སྔོན་འགྲོའི་ཆོས་རྣམས་གྲུབ། དངོས་གཞི་དབང་གི་གཞི་བྱིན་རླབས་འབེབ་པའི་རིམ་པ་ལ་ཁྱེད་རང་རྣམས་ལུས་གནད་བསྲང་། ངག་གནད་རླུང་ཁ་སྦྱོར་དུ་ཆིངས། མིག་མི་འགུལ་བར་ཡིད་ཀྱི་གནད་དམིགས་པ་འདི་བཞིན་གྱིས། ཞེས་བརྗོད་ལ་སྦྱར་སྤོས་བཏུལ། རོལ་མོའི་སྒྲ་དང་བཅས། སློབ་བུའི་ལུས་སྣང་མི་དམིགས་སྟོང་པའི་ངང་། །སྐད་ཅིག་དྲན་རྫོགས་ཡེ་ཤེས་སྒྱུ་མའི་སྐུ། །ཤྲཱི་སིཾ་ཧ་རྣལ་འབྱོར་གཞོན་ནུའི་ཚུལ༔ དཀར་དམར་མདངས་ལྡན་ཞལ་གཅིག་ཕྱག་གཉིས་པ༔ གཅེར་བུ་རུས་པའི་རྒྱན་དྲུག་གར་སྟབས་སྒྱུར༔ རྩ་གསུམ་འཁོར་ལོ་བཞི་ལྡན་ལྟེ་བའི་མདོར༔ གཏུམ་མོ་ཨ་ཤད་དབྱིབས་ཅན་རབ་འབར་བ༔ སྤྱི་བོར་ཐིག་ལེ་ཧྃ་ཡིག་མགོ་ཐུར་བསྟན༔ སྙིང་གར་རྣམ་ཤེས་ངོ་བོ་ཨ་དཀར་པོ༔ སློབ་མས་སློབ་དཔོན་ལ་ནི་མོས་གུས་བསྐྱེད༔ སློབ་དཔོན་ཤྲཱི་སིཾ་ཧ་ཡབ་ཡུམ་དུ༔ གསལ་བའི་སྦྱོར་མཚམས་ལས་ནི་འོད་འཕྲོས་པ༔ སློབ་མའི་གསང་བ་ནས་ཞུགས་གཏུམ་མོ་སྦར༔ སྤྱི་བོའི་ཐིག་ལེ་ཞུ་ཞིང་གསལ་བ་ལས༔ ལུས་ཀྱི་སྟོད་སྨད་དྭངས་མ་དཀར་དམར་གྱིས༔ གང་ཞིང་སྙིང་གའི་ཐད་དུ་གོ་སྐབས་ཅན༔ བདེ་བ་བསྒོམ་ཞིང་བདེ་བ་ཆེར་འཕེལ་ཚེ༔ དཀར་དམར་འདྲེས་ཤིང་ཨ་ཡིག་ལ་ཐིམ་པས༔ ཐིག་ལེ་ཆེར་འཕེལ་བདེ་བ་ཆེན་པོར་བསྒོམ༔ རྒྱལ་བའི་ཚོགས་རྣམས་བདེ་བ་ཆེན་པོར་ཞུ༔ བདུད་རྩིའི་རང་བཞིན་སྤྱི་བོའི་གཙུག་ནས་བྱུང༔ སྙིང་གི་ནང་ཞུགས་ལུས་ཀུན་མེར་གྱིས་གང༔ བདེ་བ་ཆེན་པོའི་ཡེ་ཤེས་རྩེ་གཅིག་བསྒོམ༔ ཞེས་དལ་བུས་བརྗོད་ཅིང་རྩ་སྔགས་ཨཱོྃ་ཨཱཿཧཱུྃ་གུ་རུ་ཤྲཱི་སིཾ་ཧ་སིདྡྷི་ཧཱུྃ༔དང་ཨ་ཨ་ཨ༔སུམ་སྦྲེལ་རོལ་མོས་བྱིན་དབབ། མཐར་ཡེ་ཤེས་ཕེབས་པ་དེ་ཉིད་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ། ཞེས་བརྗོད་ལ་རྡོ་རྗེ་མགོར་རྒྱ་གྲམ་དུ་འཇོག་པས་བརྟན་པར་བྱ། དབང་དངོས་ལ། རྩ་བ་བུམ་པ། གསང་བ། ཤེར་ཡེ། ཚིག་དབང་བཞི་ལ་ནང་གསེས་བུམ་གསང་ཤེར་ཡེ་གསུམ་ལ་བྱིན་རླབས་གནས་བཞིར་རིམ་དང་གཅིག་ཆར་ལྔ་ལྔ་དང་། བཞི་པ་ལ་ལྟ་སྒོམ་སྤྱོད་འབྲས་བཞི་དང་དབྱིངས་རིག་དབྱེར་མེད་དང་ལྔ་སྟེ། ལྔ་རེ་ཐོབ་པ་དབྱེ་བས་རྣམ་པ་ཉི་ཤུས་བྱང་ཆུབ་པ་ཞེས་དབང་བཞིའི་མངོན་པར་རྟོགས་པའི་བྱིན་རླབས་ཐོད་རྒལ་དུ་ཐོབ་པའི་རིག་འཛིན་བླ་མའི་ཟབ་དབང་ཉི་ཟླའི་རྒྱ་ཅན་གྱི། དང་པོ་བུམ་པའི་དབང་ལ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱིས་བུམ་པ་ཐོགས་ལ། བུམ་ནང་ཤྲཱི་སིཾ་ཧའི་སྤྱི་བོ་ཡི༔ ཨཱོྃ་ཡིག་གསལ་ཞིང་ཡབ་ཡུམ་སྦྱོར་བ་ཡིས༔ ཨཱོྃ་ལས་དགའ་བའི་བདུད་རྩི་དཀར་གསལ་བབས༔ སྐུ་གང་སྦྱོར་མཚམས་ནས་བབས་བུམ་པ་གང༔ ཁ་ནས་ལུད་ཅིང་སློབ་མའི་སྤྱི་བོར་བབ༔ བདེ་ཆེན་འཁོར་ལོའི་རྩ་ཁེངས་བདེ་ཆེན་བསྒོམ༔ དེ་བཞིན་མགྲིན་དང་ཐུགས་ཀའི་ཨཱཿཧཱུྃ་ལས༔ བདུད་རྩི་དམར་མཐིང་དགའ་ཆེན་ཁྱད་དགའ་ཡི༔ ངོ་བོར་བབས་ཤིང་སློབ་མའི་མགྲིན་པ་དང༔ སྙིང་ག་གང་བས་བདེ་མཆོག་རྒྱས་པར་བསྒོམ༔ དེ་རྗེས་ལྟེ་བའི་ཧྲཱིཿལས་ལྷན་སྐྱེས་ཀྱི༔ བདུད་རྩི་བབས་ཤིང་སློབ་མའི་ལྟེ་བ་ཁེངས༔ སྐུ་ཡི་གནས་རྣམས་མ་ལུས་ཐམས་ཅད་ནས༔ བདུད་རྩི་འོད་ལྔའི་མདངས་ལྡན་བབས་པ་ཡིས༔ སློབ་མའི་ལུས་གང་བདུད་རྩི་གྱེན་འཁྱིལ་བས༔ སྤྱི་བོའི་གཙུག་ཏུ་རྡོ་རྗེ་སེམས་དཔའ་བསམ༔ ཧཱུྃ༔ རང་བྱུང་བདེ་བ་ཆེན་པོའི་བུམ་པ་རུ༔ ལྷན་ཅིག་སྐྱེས་པའི་བླ་མ་ཡབ་ཡུམ་བཞུགས༔ བདེ་ཆེན་སྦྱོར་བའི་བདུད་རྩི་བསམ་མི་ཁྱབ༔ རང་གྲོལ་བདེ་ཆེན་ཡེ་ཤེས་བསྐྱེད་པའི་ཕྱིར༔ བླ་ན་མེད་པ་བུམ་པས་དབང་བསྐུར་རོ༔ ཨཱོྃ་ཨཱཿཧཱུྃ་གུ་རུ་ཤྲཱི་སིཾ་ཧ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་ལ་བུམ་པ་གནས་བཞིར་བཞག་ཅིང་བུམ་ཆུ་སྦྱིན། ཐོད་པའི་བདུད་རྩི་ཐོགས་ལ། གཉིས་པ་གསང་བའི་དབང་ལ་དམིགས་པ་འདི་ལྟར་མཛོད། སློབ་དཔོན་ཡབ་ཡུམ་ཤྲཱི་སིཾ་ཧ་ནི༔ མཉམ་པར་སྦྱོར་བའི་སྤྱི་མགྲིན་སྙིང་ལྟེ་བཞིར༔ ཡིག་འབྲུ་ཨཱོྃ་ཨཱཿཧཱུྃ་ཧྲཱིཿགསལ་བ་ལས༔ དགའ་བཞིའི་ངོ་བོ་འོད་ཟེར་དཀར་དམར་མཐིང༔ སེར་པོ་བདུད་རྩིའི་རང་བཞིན་ཡོངས་རྫོགས་བབས༔ སློབ་མའི་ཁར་སྦྱིན་རྩ་བཞི་ལུས་ཀུན་གང༔ བདེ་ཆེན་བཞི་དང་ཡོངས་རྫོགས་ཐོབ་པར་བསྒོམ༔ ཧཱུྃ༔ ཡུལ་སྣང་རྣམ་པར་དག་པའི་ཐོད་པ་རུ༔ རྣམ་པར་དག་པའི་དབང་པོ་སྦྱོར་པ་ཡིས༔ རྣམ་ཤེས་ཡེ་ཤེས་སྒྱུར་བའི་བྱང་སེམས་བསྐྱིལ༔ ཀུན་གཞི་རྣམ་པར་གྲོལ་ཕྱིར་དབང་བསྐུར་རོ༔ ཨཱོྃ་ཨཱཿཧཱུྃ་གུ་རུ་ཤྲཱི་སིཾ་ཧ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཐོད་པ་གནས་བཞིར་བཞག་སྟེ་བདུད་རྩི་སྦྱིན། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ལ་དམིགས་པ་འདི་ལྟར་མཛོད། རིག་ཙཀ་ཐོགས་ལ། སློབ་བུ་རིག་མ་བླ་མ་ཡབ་ཡུམ་གསལ༔ འདུ་ཤེས་གསུམ་གྱིས་སྙོམས་པར་འཇུག་པར་བསླབ༔ ཡབ་ཡུམ་གནས་བཞིར་ཡིག་འབྲུ་བཞི་གསལ་བ༔ དེ་ལས་རིམ་བཞིན་ཐིག་ལེ་འཕེལ་བ་ཡང༔ རྩ་བཞི་ལ་བབས་གྱེན་དུ་དྲངས་པ་ཡིས༔ དགའ་བཞི་ཡོངས་རྫོགས་ཉིད་དུ་བསྒོམ་པར་བྱ༔ ཧཱུྃ༔ སྣང་ཞིང་སྟོང་ལ་གསལ་བའི་རིག་མ་ལ༔ མི་རྟོག་ངང་དུ་མཉམ་པར་སྦྱོར་བ་ལས༔ བདེ་བའི་ཡེ་ཤེས་ནམ་མཁའ་གང་བར་འཕེལ༔ དབྱེར་མེད་ལྷུན་གྲུབ་ཆེན་པོར་རྟོགས་པར་ཤོག༔ ཨཱོྃ་ཨཱཿཧཱུྃ་གུ་རུ་ཤྲཱི་སིཾ་ཧ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ སློབ་མའི་ལག་གཡོན་དུ་གཏད། མན་ཤེལ་བསྟན་ལ། དབང་བཞི་པ་ལ་དམིགས་པ་འདི་བཞིན་དུ་མཛོད། དང་པོ་ལྟ་བ་ནི་བརྡ་རང་བྱུང་རྡོ་རྗེ་སེམས་དཔའི་མེ་ལོང་འདིས་མཚོན་ཏེ་དོན་རྫོགས་པ་ཆེན་པོའི་ལྟ་བ་སེམས་ཉིད་ཟང་ཐལ་ངོ་བོ་ཀ་ནས་དག་པ་ཤེལ་ལྟ་བུ་ལས། རང་བཞིན་ལྷུན་གྲུབ་ཀྱི་བཀོད་པ་འཇའ་ཚོན་ལྟ་བུའི་འཁོར་འདས་སྣ་ཚོགས་ཅིར་ཡང་འཆར་ཞིང་། ཐུགས་རྗེ་རྣམ་འཕྲུལ་དག་མ་དག་སྣ་ཚོགས་སུ་སྣང་ཡང་དབྱིངས་ཀ་དག་ཟང་ཐལ་གྱི་དགོངས་པ་ལས་ནམ་ཡང་འགྱུར་བ་མེད་པའི་དོན་ངོ་སྤྲོད་པ་ཡིན་པས་མངོན་སུམ་དུ་རྟོགས་པར་མཛོད་ཅིག །ཧཱུྃ༔ ཕྱི་ནང་ཟང་ཐལ་ཀ་ནས་དག་པ་ལ༔ ལྷུན་གྱིས་གྲུབ་པའི་འཇའ་ཚོན་ཅི་ཡང་འཆར༔ རྣམ་པར་འཕྲུལ་པའི་བྱེ་བྲག་ཅིར་སྣང་ཡང༔ རང་བྱུང་དབྱིངས་ལས་འགྱུར་བ་མེད་པ་འོ༔ ཨཱོྃ་ཨཱཿཧཱུྃ་གུ་རུ་ཤྲཱི་སིཾ་ཧ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ རྨ་བྱའི་མདོངས་སྒྲོ་མེ་ལོང་དུ་འཆར་བ་མིག་སྔར་བསྟན་ལ། གཉིས་པ་སྒོམ་པ་འོད་གསལ་ཆེན་པོ་མཚོན་བྱེད་ཀྱི་དཔེ་རྨ་བྱའི་མདོངས་སྒྲོ་དང་མེ་ལོང་གསལ་བ་འདིས་མཚོན་ཏེ། མཚོན་བྱ་དོན་གྱི་གནས་ལུགས་ཀ་དག་གི་ངོ་བོ་དབྱིངས་རྣམ་དག་མེ་ལོང་དྭངས་པ་ལྟ་བུའི་རང་བཞིན་ལ། རིག་པ་འོད་གསལ་སྒྲོན་མ་བཞིའི་སྣང་ཆ་ཕྱི་ནང་གི་དབྱིངས་དང་ཐིག་ལེ་ལུག་རྒྱུད་གསལ་བ་མདོངས་ཐིག་ལྟ་བུ། གནད་བཞིས་གཅུན་པས་ཆོས་ཉིད་རང་ལས་བྱུང་ཞིང་རང་ཤར་བ་དབྱིངས་རིག་གཉིས་མེད་རང་གདངས་ལྷུན་གྲུབ་དུ་ཤེས་པར་མཛོད་ཅིག །ཨ༔ དབྱིངས་ནི་རྣམ་པར་དག་པའི་རང་བཞིན་ལ༔ ཐིག་ལེ་གསལ་བའི་སྒྲོན་མ་རང་ལས་བྱུང༔ གཉིས་སུ་མེད་པའི་རང་གདངས་ངོ་མཚར་ཅན༔ ལྷུན་གྱིས་གྲུབ་པའི་ངང་དུ་བལྟ་བར་བྱ༔ ཨཱོྃ་ཨཱཿཧཱུྃ་གུ་རུ་ཤྲཱི་སིཾ་ཧ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ གསུམ་པ་སྤྱོད་པ་མངོན་སུམ་འོད་གསལ་གྱི་སྣང་བ་ཇི་ལྟར་ཤར་ཡང་ཕྱི་ནང་གཉིས་མེད་འཕེལ་འགྲིབ་ཀུན་བྲལ་ལམ་དུ་ཁྱེར་བའི་སྤྱོད་པ་རེ་དོགས་མེད་པ་སྐྱོང་ཚུལ་ནི། ཕྱིའི་ནམ་མཁའ་ལ་སྣོད་བཅུད་ཆགས་འཇིག་ཅི་ལྟར་བྱུང་ཡང་ནམ་མཁའ་གཅིག་གི་ཀློང་དུ་འཕེལ་འགྲིབ་མེད་པའི་དོན་ངོ་སྤྲོད་པའི་ཕྱིར། ཁྱེད་རང་རྣམས་ཀྱི་མིག་མདུན་གྱི་ནམ་མཁར་རང་བབས་སུ་ལྟོས་ལ་རྡོ་རྗེའི་ཚིག་འདིའི་དོན་ལ་སོམས་ཤིག །ཧཱུྃ༔ ཕྱི་ནང་དབྱིངས་རིག་གཉིས་སུ་མེད་པ་ལ༔ གཉིས་སུ་འཛིན་པའི་ཀུན་བརྟགས་བློ་ལས་འདས༔ ཆོས་དབྱིངས་ཁྱབ་བརྡལ་འོད་གསལ་ཟང་ཐལ་ལེ༔ འདི་ཞེས་བརྗོད་ཚིག་བྲལ་བར་དབྱིངས་རིག་བསྲེས༔ ཨཱོྃ་ཨཱཿཧཱུྃ་གུ་རུ་ཤྲཱི་སིཾ་ཧ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཨ་ཨ་ཨ༔ བཞི་པ་འབྲས་བུ་རྩོལ་མེད་རྡོ་རྗེ་སྙིང་པོའི་རྣལ་འབྱོར་ཚད་དུ་ཕྱིན་པའི་འབྲས་བུ་གཞི་རྫོགས་ཆེན་པོའི་དགོངས་པ་ཀློང་དུ་གྱུར་ནས་སྐུ་གསུམ་རང་ངོར་རྫོགས་པ་བློ་བདེ་བའི་དོན་ངོ་སྤྲོད་པའི་ཚིག་འདི་ལ་གསན་པས་ཁྱབ་སྟེ། ཧཱུྃ༔ ཡེ་ནས་རྣམ་པར་དག་པའི་གཞི་ཐོག་ཏུ༔ བྱ་རྩོལ་བྲལ་བའི་བདེ་ཆེན་མཐར་ཕྱིན་ནས༔ འབྲས་བུ་རང་ལས་རྙེད་པ་ངོ་མཚར་ཆེ༔ དོན་དམ་དམིགས་མེད་མྱོང་བ་ངོས་གཟུང་བྲལ༔ ངོ་བོ་རང་བཞིན་ཐུགས་རྗེ་རྣམ་པ་གསུམ༔ དབྱེར་མེད་མི་ཕྱེད་དབྱིངས་རིག་གཉིས་སུ་མེད༔ མཐར་ཐུག་འབྲས་བུའི་ས་ལ་ཕྱིན་པ་འོ༔ ཨཱོྃ་ཨཱཿཧཱུྃ་གུ་རུ་ཤྲཱི་སིཾ་ཧ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ དྷརྨ་ཀཱ་ཡ་ཨ༔ དེ་ལྟར་རྣམ་པ་ཉི་ཤུས་བྱང་ཆུབ་པའི༔ བདེ་བ་ཆེན་པོའི་ཟབ་དབང་བསྐུར་བ་ནི༔ ཀུན་ལ་མ་ཡིན་བློ་ཆེན་ལྡན་ལ་གཏད༔ ཅེས་གསུངས་པ་ལྟར་དང་། ཧེ་བཛྲ་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མས་དུས་ཐབས་བསྟན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་གསུངས་པ་ལྟར་དགོངས་བརྒྱུད་ཡེ་ཤེས་ཆེན་པོའི་བྱིན་རླབས་བཙན་ཐབས་སུ་འབེབ་པས་དབང་བཞིའི་རྟོགས་པ་ཐོད་རྒལ་དུ་སྐྱེ་བའི་ཟབ་གནད་ཐུན་མོང་མ་ཡིན་པ། ཤིན་ཏུ་གསང་བའི་ངེས་པ་བླ་མའི་རྡོ་རྗེ་བཞི་ཡི་དཀྱིལ་འཁོར་ལ་བསྟེན་ནས་ཟབ་པའི་དབང་བཞི་ལེགས་པར་གྲུབ་པ་ལ། རྩ་གསུམ་རབ་འབྱམས་རྒྱ་མཚོས་བཀྲ་ཤིས་ཀྱི་མེ་ཏོག་ཆར་དུ་བསྙིལ་བས་དབང་དོན་ཡེ་ཤེས་བརྟན་ཅིང་གོང་འཕེལ་དུ་བྱས་པའི་མོས་པ་མཛོད། ཅེས་མཚམས་སྦྱར་ལ་བཀྲ་ཤིས་ཅི་རིགས་བརྗོད། དེ་ལྟར་དབང་བསྐུར་པ་ཉིད་ཚུལ་བཞིན་གྲུབ་ནས་སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས་མདོར་བསྡུས་ཏེ་ཁས་བླང་བ་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། དབང་བསྐུར་ཐོབ་པའི་གཏང་རག་ཏུ་མཎྜལ་ཕུལ། ཞེས་བརྗོད་ལ་མཎྜལ་འབུལ། མཎྜལ་དུ་མ་ཟད་ལུས་དང་ལོངས་སྤྱོད་ཐམས་ཅད་འབུལ་ན་ཆ་ཤས་ནས་བཞེས་ལ་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་གྱིས། དེང་ནས་བརྩམ་སྟེ་སོགས། དེ་རྣམས་ཀྱིས་ཐོག་མའི་ཆོས་ཀྱི་སྒོ་འབྱེད་ཀུན་ལ་གཅེས་པ་རིག་འཛིན་ཤྲཱི་སིཾ་ཧའི་ཟབ་པའི་དབང་བསྐུར་ཉི་ཟླའི་རྒྱ་ཅན་ལེགས་པར་གྲུབ་པའི་དགེ་བ་རྫོགས་བྱང་དུ་བསྔོ་བ་དང་འདིའི་སྒོ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་པ་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ནས་སློབ་མ་རྣམས་རང་གནས་སུ་གཏང་ངོ་།། །།གསུམ་པ་རྗེས་རིམ་ཚོགས་ལ་རོལ་ཞིང་ལྷག་མ་བསྔོ་བ་སོགས་ཕྲིན་ལས་ཀྱི་བྱང་བུ་ལྟར་བགྱིས་པས་གྲུབ་བོ། །རིག་འཛིན་བླ་མའི་ཟབ་དབང་ནི། །ཐབས་ཤེས་ཉི་ཟླའི་རྒྱ་ཅན་གྱིས།། སྐལ་པ་ལྡན་རྣམས་རྒྱུད་སྨིན་པས། །སྐུ་བཞིའི་ས་བོན་ཐེབས་གྱུར་ཅིག །སྐོར་གསུམ་ཐུན་མོང་གི་ཐུན་མིན་བླ་མའི་ཟབ་པའི་དབང་གི་ལེ་ཚན་ནོ།། །། ༄༅། །གསུམ་པ་ཕྱི་སྐོར་སེམས་སྡེའི་བླ་མ་འགྲོ་འདུལ་སུམ་ཅུ་རྩ་གཅིག་གི་སྒྲུབ་དབང་ལ་དོན་གསུམ་ལས། དང་པོ་སྦྱོར་བ་གཤོམ་ནི། རིག་འཛིན་བླ་མའི་རྟེན་བྱིན་ཅན་བཀྲམ་པའི་མདུན། རས་བྲིས་སམ་འབྲུ་དཀར་གྱི་ཚོམ་བུ་གཅིག་གི་སྟེང་སྟེགས་བུར་གྲུབ་ཐོབ་སུམ་ཅུ་རྩ་གཅིག་གི་སྐུ་འབག་གམ་ཙཀ་ལི་བཤམ་ལ། ཕྱི་ནང་གི་མཆོད་པ་འབྱོར་ན་བརྒྱ་རྩ་མ་འབྱོར་ན་ཅི་རིགས་དང་། ཚོགས་ཀྱི་ཡོ་བྱད། སྔོན་གཏོར་སོགས་ཚོགས་པར་བྱ་བ་འོ།། །།གཉིས་པ་དངོས་གཞི་དབང་སྒྲུབ་ལ་ཕྱི་སྐོར་བླ་མའི་བསྐྱེད་རིམ་བྱང་བུ་ཁྲིགས་བསྡེབས་ཚོགས་མཆོད་གྲུབ་ཀྱི་བར་གཏང་། ལས་བུམ་མམ་བསང་ཆུ་རྡོར་སེམས་སྙིང་པོས་བརླབ། སློབ་མ་རྣམས་བོས་ལ་ཁྲུས་ནས་དབྱུང་། བགེགས་བསྐྲད་སྲུང་འཁོར་སོགས་སྤྱི་ལྟར་བྱ། མཎྜལ་བཀྱེ་བསྡུ། སེམས་བསྐྱེད་གསལ་བཏབ་ལ་ལོ་རྒྱུས་ཀྱི་ཁྱད་པར། དེ་ལ་གང་ཞིག་གསན་པར་བྱ་བའི་ཆོས་ནི། སྔ་འགྱུར་རྡོ་རྗེ་ཐེག་པ་ལ་བཀའ་གཏེར་དག་སྣང་གི་བབས་སོ་གསུམ་དུ་མཆིས་པ་ལས་འདིར་ཤིན་ཏུ་ཟབ་པ་གཏེར་གྱི་ཕྱོགས་ཡིན། དེ་ལའང་རྒྱུད་དང་སྒྲུབ་སྡེའི་ཕྱོགས་གཏོགས་ཇི་སྙེད་ཅིག་བཞུགས་པ་ལས། སྐབས་སུ་བབས་པ་སྔ་འགྱུར་རང་སྐད་ལ་བསྐྱེད་རྫོགས་རྫོགས་ཆེན་གསུམ་ཞེས་གྲགས་པའི་ཡ་གྱལ་ཐེག་དགུའི་རྩེ་རྒྱལ་ཨ་ཏི་འོད་གསལ་རྫོགས་པ་ཆེན་པོ་སྟེ། མ་ཧཱ་སནྡྷིའི་སྒྲ་ལས་དྲངས་ན་ཡང་དག་པའི་བསམ་གཏན་ཆེན་པོ་ཞེས་པར་འགྱུར་ཏེ། ཐེག་བརྒྱད་བློ་ཡི་གྲུབ་མཐའ་ལས་འདས་པའི་གནས་ལུགས་གཅིག་པུའི་ཀློང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་ཤར་བའི་ཡེ་ཤེས་བླ་ན་མེད་པ་ཉག་གཅིག་དུ་བྱེད་པ་སྟེ། དེ་ལ་ཕྱི་ནང་གསང་བའི་སྐོར་ཚོ་ཆེན་པོ་གསུམ་དུ་དབྱེ་བ་ལས། འདིར་ཕྱི་སྐོར་ལུས་ལྟ་བུ་ཀུན་བྱེད་རྒྱལ་པོའི་རྒྱུད་ལས་འཕྲོས་པའི་སྔ་འགྱུར་ལྔ་དང་ཕྱི་འགྱུར་བཅུ་གསུམ་ལ་སེམས་སྨད་བཅོ་བརྒྱད་དང་། རྨད་བྱུང་རྒྱལ་པོ་མདོ་བཅུ་བསྡོམས་པས་ཉི་ཤུ་རྩ་བརྒྱད་སོགས་རྒྱུད་ལུང་མན་ངག་གི་བསྟན་དོན། ཆོས་ཐམས་ཅད་སེམས་ཉིད་གཅིག་པུའི་ཆོ་འཕྲུལ་དུ་རྒྱུ་རྐྱེན་རྩོལ་སྒྲུབ་ལས་འདས་པར་རྟོགས་པས་སྤང་བྱའི་མཐའ་ལས་གྲོལ་བ་སེམས་སྡེ། དེ་ལའང་ནང་གསེས་སུ་འབྲས་བུ་སེམས་ཀྱི་བྱུང་ས་འདོད་པ་སོགས་དབྱེ་བ་བདུན་རྣམས་ལོ་ཆེན་བཻ་རོ་ཙ་ནས་མངའ་བདག་རྒྱལ་པོ་དང་རྒྱལ་མོ་གཡུ་སྒྲ་སྙིང་པོ་སོགས་ལ་གསུངས་པའི་རིམ་པ་ལྔ་དང་། བཻ་རོ་དང་གཡུ་སྒྲ་ལས་གཉགས་ཛྙཱ་ན་ཀུ་མཱ་རས་གསན་པ་སོགས་བཀའ་མ་དང་། གཏེར་བྱོན་ཕྱག་ཆེན་སྐོར་ཅི་རིགས་བཞུགས་པ་ལས། འདིར་ནི་༧ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པའི་ཟབ་མོ་གཏེར་ལས་བྱོན་པའི་ཕྱི་སྐོར་སེམས་སྡེ་ནམ་མཁའ་ཀློང་ཡངས་ཏེ། དུས་འཁོར་ལས། དང་པོ་ཡང་དག་བསྟན་བྱ་བ། །སློབ་དཔོན་ཡང་ནི་དམ་ཚིག་ཅན། །རྡོ་རྗེ་ཐེག་པའི་ཡན་ལག་གནས། །དེ་ཁོ་ན་ཉིད་ཚངས་སྤྱོད་ཅན། །བདུད་རྣམས་ཀྱི་ནི་རྡོ་རྗེས་ཕུག །དེ་ཡང་ས་ཡི་སྟེང་དུ་ནི། །རྡོ་རྗེ་སེམས་དཔའ་རབ་ཏུ་གྲགས། །ཞེས་པ་ལྟར། ཐོག་མར་བླ་མ་རིགས་ཀུན་བདག་པོའི་བྱིན་རླབས་དབང་གི་ཆོ་གས་སྨིན་དགོས་པས། སེམས་སྡེའི་རིག་འཛིན་བླ་མ་འགྲོ་འདུལ་སུམ་ཅུ་རྩ་གཅིག་གི་བྱིན་རླབས་དབང་བསྐུར་སྒྲུབ་པའི་སྐབས་སུ་བབས་པ་ཡིན་ལ། དེ་ལ་བདག་ཉིད་ཀྱིས་བགྱི་བར་འོས་པ་རྣམས་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་དབང་བསྐུར་གསན་པའི་ཡོན་དུ་དམིགས་ནས་མཎྜལ་འབུལ་བ་ཞུ། ཞེས་བརྡ་སྦྱར་ལ་མཎྜལ་ཕུལ། ཁྱེད་རང་རྣམས་སྙིམ་པ་མེ་ཏོག་གིས་བཀང་བ་བཅས་ཐལ་མོ་སྦྱར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་གྱིས། ཟུང་འཇུག་དགོངས་པ་བརྙེས་པ་ཡི༔ འགྲོ་འདུལ་སུམ་ཅུ་རྩ་གཅིག་གི༔ བྱིན་རླབས་བརྩེ་བས་གནང་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་བླ་མས་བསྐུར་ཐོབ་བྲལ་བའི་དབང་བསྐུར་ཡེ་ནས་རང་ལ་རྫོགས་པར་གདམས་པ་ནི་འདི་ལ་གསན་པས་ཁྱབ་སྟེ། སྤྱིར་ནི་འགྲོ་འདུལ་ལྔ་བཅུ་རྩ་བརྒྱད་པོ༔ ཐམས་ཅད་ཟུང་འཇུག་མངོན་གྱུར་ཀུན་ཏུ་བཟང༔ དགོངས་པ་རང་བྱུང་ནམ་མཁའི་རྣལ་འབྱོར་ཚོགས༔ ཡེ་ཤེས་སྐུ་ཅན་འཁོར་འདས་ཡོངས་ལ་ཁྱབ༔ བཞུགས་ཡུལ་ཞིང་ཁམས་གཞན་དུ་བཙལ་མི་འཚལ༔ ད་ལྟའི་ནམ་མཁའ་འདིར་ཡང་རྣལ་འབྱོར་རྣམས༔ རང་གི་སེམས་ཉིད་འདི་ལའང་བླ་མས་ཁྱབ༔ བསྐུར་བྱ་སྐུར་ཐབས་བསྒྲུབ་དང་སྒྲུབ་ཐབས་མེད༔ རྣལ་འབྱོར་ལྟ་བའི་ངང་ལ་སྒྲུབ་དབང་རྫོགས༔ ཞེས་བརྗོད། དེ་ནས་ཁྱེད་རང་རྣམས་ཀྱིས་ཚོགས་གསག་པའི་ཆེད་དུ་མཆོད་པ་འབུལ་བར་གདམས་པ་ནི། ཨེ་མ་ཧོ་བདེ་གཤེགས་བླ་མ་རྣམས༔ བསམ་གྱིས་མི་ཁྱབ་ཆོས་ཉིད་ཀློང༔ ཀུན་ཏུ་བཟང་པོའི་རྣལ་འབྱོར་ཡིན༔ ལྟ་བའི་རྒྱལ་པོའི་མཆོད་པ་འབུལ༔ ཞེས་གདམས་ནས། སློབ་མ་རྣམས་ཀྱིས་མཎྜལ་ཚོགས༔ ཅི་འབྱོར་བཤམས་ཏེ་ལྟ་བར་གནས༔ ཞེས་གསུངས་པས། རང་རིག་གདོད་ནས་རྣམ་པར་དག་པའི་རིག་རྩལ་བླ་མའི་ལྷ་ཚོགས་རྣམས་ཀྱི་སྤྱན་སྔར་ཚིག་རིས་དང་མཐུན་པའི་དམིགས་འདོན་ཟུང་དུ་ཆུད་པས་འདི་རྣམས་རྗེས་ཟློས་གྱིས། གདོད་ནས་དག་པའི་ཀུན་བཟང་བླ་མ་ལ༔ མཚན་འཛིན་འཁྲུལ་པའི་བསྐང་བཤགས་མི་འཚལ་ཞིང༔ གཉིས་སུ་འཛིན་པའི་ཕྱག་འཚལ་མོས་གུས་བྲལ༔ དེ་བས་རང་རིག་ཀློང་དུ་ཕྱག་འཚལ་ལོ༔ གཉིས་སུ་མེད་པའི་མཆོད་སྤྲིན་རྒྱ་མཚོས་མཆོད༔ བསམ་ལས་འདས་པའི་ངང་དུ་ཐུགས་དམ་བསྐང༔ བརྗོད་མེད་བརྗོད་པ་ཐམས་ཅད་མཐོལ་ལོ་བཤགས༔ ཨེ་མ་ཧོ་བདེ་གཤེགས་བླ་མ་རྣམས༔ ཀུན་བཟང་དགོངས་ཀློང་སེམས་སུ་རྫོགས་པ་ལ༔ ཕྱི་ནང་གཉིས་མེད་སྤྲོས་པའི་མཐའ་ལས་འདས༔ ཆོས་དབྱིངས་ཀློང་ཆུབ་ངང་དུ་ཕྱག་འཚལ་ལོ༔ ཨེ་མ་ཧོ་རང་རིག་བླ་མ་རྣམས༔ འཁོར་འདས་ཐམས་ཅད་ས་ལེར་མཐོང་བ་ལ༔ གཉིས་སུ་མེད་པའི་དབྱིངས་སུ་ལྷུན་རྫོགས་པས༔ མཐོང་བྱ་མཐོང་མཁན་མེད་ལ་ཕྱག་འཚལ་ལོ༔ ཨེ་མ་ཧོ་བདེ་གཤེགས་བླ་མ་རྣམས༔ ཕྱི་ནང་ནམ་མཁའ་ཀུན་ལ་སྐུ་ནི་ཡོངས་སུ་ཁྱབ་པ་ཉིད༔ བཞུགས་པའི་ཡུལ་ནི་ཕྱོགས་བཅུའི་འཇིག་རྟེན་དག་ན་མཆིས༔ གློ་བུར་དྲི་མའི་རྣམ་རྟོག་བསལ་ཕྱིར་གཟུགས་སྐུར་བཞེངས་པ་རྣམས༔ མཚན་འཛིན་འཁྲུལ་པ་འདི་དག་མྱུར་དུ་བསལ་བར་མཛད་དུ་གསོལ༔ ཞེས་གསོལ་བ་བཏབ་པ་ལ། སློབ་དཔོན་གྱིས། ཨེ་མ་ཧོ༔ བདེ་གཤེགས་བླ་མ་འགྲོ་འདུལ་ལྔ་བཅུ་རྩ་བརྒྱད་རྣམས༔ དམིགས་མེད་ཆོས་ཀྱི་སྐུ་ལས་ད་ལྟ་བཞེངས་སུ་གསོལ༔ ཕྱི་སྐོར་བླ་མ་སུམ་ཅུ་རྩ་གཅིག་སྣང་བར་མཛོད༔ ཡེ་ཤེས་སྐུ་ཡིས་སློབ་མར་བྱིན་རླབས་དབང་ཆེན་ད་ལྟ་བསྐུར་དུ་གསོལ༔ ཞེས་གསོལ་བ་གདབ། དེ་ནས་སློབ་དཔོན་རིག་འཛིན་བླ་མ་གཙོ་འཁོར་གྱི་སྐུར་བསྒོམ་པ་དང་། ཁྱེད་རང་རྣམས་ཀྱང་རིག་འཛིན་བླ་མ་སུམ་ཅུ་རྩ་གཅིག་གི་སྐུ་འདི་བཞིན་གསལ་ཐོབས་ཤིག །ལྟ་བ་རང་བཞིན་དགོངས་ཀློང་མཁར༔ སོགས་བྱང་ཁྲིགས་ཀྱི་རྟེན་བྱང་ལྟར་མཐར་ཆགས་སུ། བྱིན་རླབས་འོད་ཕུང་འབར་བར་བསམ༔ ཞེས་པའི་བར་བརྗོད་ཅིང་བསྒོམ། དེ་ལྟར་གསལ་བཞིན་པ་ལ་རིག་འཛིན་བླ་མ་རྣམས་ཀྱིས་དགོངས་པ་མི་གཡོ་བའི་ངང་ནས་དོ་ཧ་རྡོ་རྗེའི་གླུ་བླང་བ་དང་རང་འདྲའི་སྐུ་གཉིས་པ་རེ་བྱུང་། སྤྱི་བོ་ནས་གནས་སོ་སོར་ཐིམ་པས་སྐུའི་བྱིན་རླབས་དང་། རྡོ་རྗེའི་བཟླས་པ་བྱ་བ་གསུང་གི་བྱིན་རླབས། རིག་འཛིན་བླ་མ་རྣམས་རང་རིག་ཏུ་རྫོགས་པའི་ངང་དུ་མཉམ་པར་གཞག་པ་ཐུགས་ཀྱི་བྱིན་རླབས་ཡིན་པས་ཁྱེད་རང་རྣམས་དགོངས་པ་སྐྱེ་མེད་ཀྱི་ངང་དུ་བཞག་སྟེ་རྡོ་རྗེའི་གླུ་ལ་སྙན་གཏོད་པ་ཞུ། ཤྲཱི་སིཾ་ཧའི་སྐུ་ཐོག་ལ། བསམ་གཏན་གྱི་ཁང་བུར༔ ཤྲཱི་སིཾ་ཧའི་རྡོ་རྗེའི་གླུ་ནི༔ ཇི་ལྟར་བསམ་ཡང་མི་རྟོག་ངང༔ ཇི་ལྟར་སྨྲས་ཀྱང་སྒོམ་པ་མེད༔ སྣང་སྲིད་ཆོས་ཀུན་ཡེ་ཤེས་ངང༔ ཡེ་ཤེས་བཙལ་དུ་མེད་པ་འདི༔ རང་བྱུང་རང་ཤར་ཐལ་ལེ་བ༔ ང་ནི་དེང་ཕྱིན་གཞི་ལ་གནས༔ གཞི་ནི་མ་བཅོས་ལྷུག་པར་འདུག༔ མཚན་ཉིད་ཀུན་ལྡན་འོད་གསལ་བ༔ ཅིར་ཡང་མ་ཡིན་ཅིར་ཡང་རྟོགས༔ ལྟ་བ་མཐར་ཕྱིན་ཤྲཱི་སིཾ༔ སྒོམ་པའི་བློ་དང་བྲལ་འདོད་ནས༔ གསལ་བ་འདི་ལ་ལམ་བྱས་པས༔ གཏད་སོ་མེད་པའི་ཉམས་ཤིག་ཤར༔ རྒྱུན་ཆད་མེད་པའི་ཤྲཱི་སིཾ༔ སྤྱོད་པ་སྤྱད་རྒྱུ་འདུག་གམ་བལྟས༔ ཅི་བྱས་ཐམས་ཅད་བདེ་བ་ཆེ༔ གང་བྱུང་ཐམས་ཅད་དགའ་བའི་ངང༔ ཟུང་འཇུག་མངོན་གྱུར་ཤྲཱི་སིཾ༔ འབྲས་བུ་འཐོབ་པར་བྱ་བའི་ཕྱིར༔ གཞི་ཡི་སྟེང་དུ་མཉམ་པར་བཞག༔ འཇམ་དཔལ་བཤེས་གཉེན་གདམས་པ་སྟེ༔ སེམས་ཀྱི་ཀློང་ནས་གཏེར་དུ་རྙེད༔ རྣམ་ཤེས་ཡུལ་དབང་ཀུན་གཞི་རྣམས༔ སོ་སོར་དབྱེར་མེད་དམིགས་སུ་མེད༔ གང་ཡང་འདི་ཞེས་མེད་པ་ཡི༔ བདེ་བ་ཆེན་པོར་ཨ་ལ་ལ་ཧོ༔ ཞེས་བླང་། ཨ་སུམ་སྦྲེལ་གྱི་རྡོ་རྗེའི་བཟླས་པ་མཛད་པ་ཞུ། ཞེས་ཨ་ཡིག་རྡོར་བཟླས་བྱ། ཤྲཱི་སིཾ་ཧ་རང་རིག་ཏུ་རྫོགས་པའི་ངང་མཉམ་པར་གཞག་པ་ཞུ། དེ་ནས། ࿊ མི་ཡི་རིག་འཛིན་ཐོགས་མ་ལིཙྪ་བི་དྲི་མེད་གྲགས་པའི་སྐུ་ཐོགས་ལ། རིག་འཛིན་བླ་མའི་རྡོ་རྗེའི་གནས་བཞིའི་འཁོར་ལོའི་ལྟེ་བར་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་སེམས་དཔའ་དཀར་དམར་མཐིང་སེར་བཞི་བཞུགས་པའི། སྤྱི་བོ་བདེ་ཆེན་འཁོར་ལོའི་རྡོ་རྗེ་སེམས་དཔའ་དཀར་པོའི་རྡོ་རྗེ་གསུམ་གྱི་ཀློང་དང་དབྱེར་མེད་པ། རིན་པོ་ཆེའི་ཁང་བཟང་ནས་སྐྱ་རེངས་དང་པོ་ཤར་བ་དང་དུས་མཚུངས་པར༔ མི་ཡི་རིག་འཛིན་ཀུན་གྱི་ཐོག་མ་ལིཙྪ་བི་དྲི་མེད་གྲགས་པ་འདི་སྐད་ལོ། །ཨ་ཧོ༔ གསང་སྔགས་ནམ་མཁའི་རྣལ་འབྱོར་དྲི་མེད་གྲགས་པ་ང༔ ཡུལ་ལ་ཞུགས་པའི་སེམས་རྣམས་ཐམས་ཅད་དབྱིངས་ཉིད་དེ༔ ཅོག་གཞག་ལྷུག་པར་བཞག་པའི་རིག་པ་འདི་ཀ་རང༔ ཕྱི་ནང་གཉིས་མེད་ཟང་ཐལ་ཀུན་ཏུ་འོད་གསལ་བའོ༔ ཨ་སུམ་སྦྲེལ་གྱི་རྡོར་བཟླས་བྱ། ལིཙྪ་བི་དྲི་མེད་གྲགས་པ་རང་རིག་ཏུ་རྫོགས་པའི་ངང་མཉམ་པར་གཞག་པ་ཞུ། ཀླུ་རྒྱལ་བྱང་ཆུབ་སེམས་དཔའི་སྐུ་ཐོགས་ལ། རིག་འཛིན་བླ་མའི་རྡོ་རྗེའི་གནས་བཞིའི་འཁོར་ལོའི་ལྟེ་བར་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་སེམས་དཔའ་དཀར་དམར་མཐིང་སེར་བཞི་བཞུགས་པའི། མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྡོ་རྗེ་སེམས་དཔའ་དམར་པོའི་རྡོ་རྗེ་གསུམ་གྱི་ཀློང་དང་དབྱེར་མེད་པ། རིན་པོ་ཆེའི་ཁང་བཟང་དགུ་རིམ་ནས་སེམས་རིག་གཉིས་སུ་མེད་པར་འབྱེད་པའི་དུས་ན༔ ཀླུ་རྒྱལ་བྱང་ཆུབ་སེམས་དཔས་འདི་སྐད་ལོ། །རང་གིས་རང་བཅིངས་བཅིང་བ་དམ་པོའི་མ་རིག་པ༔ གང་གིས་དགྲོལ་དུ་མེད་དེ་རང་བྱུང་རང་གྲོལ་ལོ༔ ཡེ་ནས་རང་བྱུང་རིག་པར་ཤེས་པས་མ་བཅོས་བྱར་མེད་པ༔ གང་དུའང་མི་གནས་བསྒོམ་བྱའི་བློ་དང་བྲལ་བའོ༔ ཨ་ཡིག་རྡོར་བཟླས་དང་གོང་བཞིན་དགོངས་པའི་ངང་བསྐྱང་ངོ་།། ࿊ རིག་འཛིན་བླ་མའི་སྤྱི་བོ་བདེ་ཆེན་འཁོར་ལོའི་རྣམ་ཤེས་འཇུག་ཡུལ་རྩ་འདབ་བཞིའི་ཤར་ནས་རིམ་བཞིན་ཏེ། རྒྱལ་པོ་ཛཿའི་སྐུ་ཐོགས་ལ། ཤར་ནས། སྐལ་ལྡན་རྒྱལ་པོ་ཛཿས་མཁའ་འགྲོ་མའི་ཚོགས་ཁང་ཆེན་མོར་ཉི་མ་འཆར་ཀ་དང་དུས་མཚུངས་པར༔ བདག་ནི་སྐལ་ལྡན་རྒྱལ་པོ་ཛ༔ སྒྱུ་མ་བདེ་བའི་ལམ་བྱས་ཏེ༔ རྫོགས་པ་ཆེན་པོའི་དོན་བསྒོམས་པས༔ ཚོགས་དྲུག་ཡུལ་གྱི་སྣང་བ་ཀུན༔ སྤང་བླང་རྩིས་གདབ་མེད་པ་རུ༔ རང་ཤར་རང་གྲོལ་བདེ་བའི་ངང༔ བློ་འདས་བྱར་མེད་ཆེན་པོར་རྫོགས༔ ཨ་ཡིག་རྡོར་བཟླས་དང་གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། །ལྷ་དབང་རྒྱ་བྱིན་གྱི་སྐུ་ཐོགས་ལ། ལྷོ་ནས། ལྷའི་དབང་པོས་རྣམ་པར་རྒྱལ་བའི་ཁང་བཟང་དུ་སེམས་བདེ་བ་ཆེན་པོ་དུས་ལས་འདས་པའི་དུས་སུ༔ ལྷ་དབང་བརྒྱ་བྱིན་བདེ་ཆེན་རང་གསལ་བདག་ཉིད་ནི༔ བདེ་བའི་ཡུལ་ལ་མ་ཞེན་སྣང་བ་སྒྱུ་མར་རྟོགས༔ རང་གྲོལ་དམིགས་སུ་མེད་ལ་ཅིར་སྣང་བརྗོད་པ་བྲལ༔ ཆོས་ཉིད་ཀློང་དུ་རང་ཤར་རང་གྲོལ་ཕ་མཐར་སོན༔ ཨ་ཡིག་རྡོར་བཟླས་དང་གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། །གནོད་སྦྱིན་སྐར་མདའ་གདོང་གི་སྐུ་ཐོགས་ལ། ནུབ་ནས། གནོད་སྦྱིན་སྐར་མདའ་གདོང་གིས་ནོར་བུས་བརྒྱན་པའི་ཤིང་གི་དྲུང་ནས་སེམས་རིག་མ་བུ་འདྲེས་པའི་དུས་ན༔ ཆོས་དབྱིངས་རང་གསལ་སེམས་ལ་ཡོངས་སུ་རྫོགས་པ་ལས༔ ཀུན་ཏུ་བཟང་པོས་མ་གཟིགས་ལྟ་བ་ཀློང་ཡངས་དེ༔ མེད་པར་བསྒྲུབ་མེད་ཡེ་ཤེས་འོད་གསལ་སྙིང་པོ་སྟེ༔ སྒྱུ་མའི་ལུས་ཀྱི་རྒྱ་ཞིག་གསལ་རྫོགས་ནམ་མཁའི་རྒྱལ་པོར་འདྲེས༔ ཨ་ཡིག་རྡོར་བཟླས་དང་གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། །སྲིན་པོ་བློ་གྲོས་ཐབས་ལྡན་གྱི་སྐུ་ཐོགས་ལ། བྱང་ནས། སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་རི་བོ་གནམ་ལྕགས་འབར་བའི་རྩེ་མོ་ནས་སྐྱ་རེངས་གཉིས་པ་ཤར་བ་ན༔ ཤར་གྲོལ་དུས་མཉམ་བྱུང་བའི་བློ་གྲོས་ཐབས་ལྡན་བདག༔ དམིགས་མེད་ནམ་མཁའི་ངང་དུ་ཡེ་ནས་གནས་པ་ལས༔ འོད་གསལ་དག་པའི་ཡེ་ཤེས་ཉི་མ་སེམས་ལས་ཤར༔ གསལ་སྟོང་ཟུང་འཇུག་ཉི་མ་དྭངས་གསལ་ནམ་མཁའ་ཉིད་དང་མཚུངས༔ ཨ་ཡིག་རྡོར་བཟླས་དང་གོང་བཞིན་དགོངས་པའི་ངང་བསྐྱང་ངོ་།། ࿊ རིག་འཛིན་བླ་མའི་མགྲིན་པ་ལོངས་སྤྱོད་འཁོར་ལོའི་ཚོགས་བརྒྱད་རྣམ་དག་རྩ་འདབ་ཤར་ནས་ཕྱོགས་མཚམས་རིམ་བཞིན་ཏེ། དགའ་རབ་རྡོ་རྗེའི་སྐུ་ཐོགས་ལ། ཤར་ནས། རིག་འཛིན་དགའ་རབ་རྡོ་རྗེས་ཆོས་ཀྱི་དབྱིངས་ནས་རྡོ་རྗེ་སེམས་དཔའི་དྲུང་དུ་སེམས་ཉིད་འོད་གསལ་བའི་དུས་སུ༔ ང་ནི་མི་ཡི་རིག་འཛིན་དགའ་རབ་རྡོ་རྗེ་སྟེ༔ སེམས་ལ་བལྟ་བའི་ཡུལ་མེད་འཛིན་པ་རང་སར་དག༔ སྒོམ་པའི་བློ་དང་བྲལ་ནས་གསལ་དང་མི་གསལ་མེད༔ སྤྱོད་པ་ཅི་དགར་བཏང་བས་རེ་དོགས་རྩིས་གདབ་བྲལ༔ འབྲས་བུ་འོད་གསལ་སྙིང་པོའི་ཀློང་དུ་རང་བཞིན་གྲོལ༔ ཨ་ཡིག་རྡོར་བཟླས་དང་གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། །རྒྱལ་པོ་དྷ་ཧ་ནའི་སྐུ་ཐོགས་ལ། ཤར་ལྷོ་ནས། ཁྱུང་ཆེན་གྱི་དགོངས་པ། ཆོས་ཉིད་ཀློང་རྡོལ་གླུ་ཡི་བསམ་གཏན། ཙན་དན་གྱི་ནགས་ཚལ་དུ་ནམ་གྱི་གུང་ལ། རྒྱལ་པོ་དྷ་ཧི་ན་ཏ་ལོས་འདི་སྐད་ལོ། །ཧོ༔ བདག་ནི་དྷ་ཧེ་ཏ་ལོ་སྟེ༔ རིག་པ་བདེ་བརྡལ་བྱང་ཆུབ་སེམས༔ དབང་བསྐུར་དཀྱིལ་འཁོར་ཆོ་ག་མེད༔ རང་གིས་རང་ཉིད་རང་གསལ་བས༔ འཁོར་འདས་ཆོས་ཚིག་དེར་ཟད་དོ༔ གྷི་ཏ་མ་ཀོ་ས་ལ་ཨ་ཧོ༔ ཨ་ཡིག་རྡོར་བཟླས་དང་གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། །འཆི་མེད་པདྨ་འབྱུང་གནས་ཀྱི་སྐུ་ཐོགས་ལ། ལྷོ་ནས། འཆི་མེད་པདྨ་འབྱུང་གནས་རྡོ་རྗེའི་གླུ༔ རང་བྱུང་རང་ཤར་ཆོས་ཉིད་བསྟན་པའི་ཚེ༔ ལྷུན་གྲུབ་བརྩེགས་ཀྱི་བམ་རོའི་ཚལ་ཆེན་དུ༔ པདྨ་འབྱུང་གནས་བརྟུལ་ཞུགས་སྤྱོད་པའི་ཚེ༔ ཨ་ཧོ༔ ཤར་གྲོལ་དུས་མཉམ་རིག་པ་ཐོལ་བྱུང་ནི༔ འཇིགས་མེད་སྣང་མེད་འཛིན་མེད་ངང་དུ་སྤྱོད༔ ཀློང་ལས་ཤར་བའི་ཆོ་འཕྲུལ་ཅིར་བསྟན་ཀྱང༔ འཁོར་འདས་མཉམ་པ་ཉིད་དུ་བརྡལ་བ་འོ༔ ཨ་ཡིག་རྡོར་བཟླས་དང་གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། །རཱ་ཛ་ཧསྟིའི་སྐུ་ཐོགས་ལ། ལྷོ་ནུབ་ནས། རིག་པའི་ཁྱུ་བྱུག་གི་དགོངས་པ། རིག་པ་ཀློང་རྡོལ་གླུའི་བསམ་གཏན། ཙནྡན་གོར་ཤིརྵའི་ཚལ་དུ་ནམ་གྱི་ཆ་སྟོད་ལ། སྲས་ཐུ་བོ་རཱ་ཛ་ཧསྟིས་འདི་སྐད་ལོ། །ཧོ༔ བདག་ནི་རཱ་ཛ་ཧསྟི་སྟེ༔ དམྱལ་བ་བཙོ་སྲེག་སྣང་ཡང་རང་སེམས་མདངས༔ སངས་རྒྱས་ཞིང་ཁམས་སྣང་ཡང་རང་སེམས་རྩལ༔ གཉིས་མེད་གཉིས་སུ་བྱར་མེད་ཐ་མི་དད༔ དགོངས་པའི་དོན་དྲིལ་ཚིག་དེའི་བཅུད་ཁུག་ཅིག༔ གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ ཨ་ཡིག་རྡོར་བཟླས་དང་གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། །འཇམ་དཔལ་བཤེས་གཉེན་གྱི་སྐུ་ཐོགས་ལ། ནུབ་ནས། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་དུར་ཁྲོད་ཧེ་ཆེན་བརྡལ་དུ་མཆོད་རྟེན་ལ་སྐུ་རྒྱབ་བརྟེན་ཏེ་སྒྲུབ་པའི་ཚེ་སྲོད་ཀྱི་དུས་སུ་དགོངས་པ་རང་བྱུང་གི་གླུ་བླངས་པ་ནི༔ དགའ་རབ་རྡོ་རྗེའི་ཐུགས་སྲས་འཇམ་དཔལ་བཤེས་གཉེན་བདག༔ གདམས་ངག་སྒོམ་མཁན་མི་སྣང་འོད་གསལ་ཀུན་ལ་ཁྱབ༔ དེ་ཉིད་དམིགས་སུ་མ་མཆིས་དམིགས་ཡུལ་རྡུལ་ཙམ་མེད༔ སྟོང་ཉིད་ཀ་ནས་དག་ཀྱང་སྐུ་དང་ཡེ་ཤེས་གསལ༔ ཨ་ཡིག་རྡོར་བཟླས་དང་གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། །སྲས་མོ་སཱ་ར་ནིའི་སྐུ་ཐོགས་ལ། ནུབ་བྱང་ནས། ནམ་མཁའ་ཆེའི་དགོངས་པ། ཡེ་ཤེས་ཀློང་རྡོལ་གླུ་ཡི་བསམ་གཏན། མེ་ཏོག་ཨུ་དུམ་བཱ་རའི་ཚལ་དུ་ནམ་སྨད་ཀྱི་ཆ་ལ། སྲས་མོ་སཱ་ར་ནིས་འདི་སྐད་ལོ། །ཧོ༔ བདག་ནི་སྲས་མོ་དྲན་པ་སྟེ༔ བྱང་ཆུབ་སེམས་ལ་བཟང་ངན་མེད༔ སྣང་བའི་ཡུལ་ལ་ཉེ་རིང་མེད༔ ཉམས་ལེན་སྙིང་པོར་མ་གྱུར་མེད༔ ཚོགས་དྲུག་མ་སྤང་གསལ་འདེབས་ཡིན༔ གྷི་ཏ་མ་ཀོ་ལ་ཧོཿ ཨ་ཡིག་རྡོར་བཟླས་དང་གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། །བི་མ་མི་ཏྲིའི་སྐུ་ཐོགས་ལ། བྱང་ནས། སློབ་དཔོན་བི་མ་མི་ཏྲའི་རྡོ་རྗེའི་གླུ༔ ཡེ་ཤེས་དབྱིངས་སུ་རྣམ་པར་དག་པ་ཡི༔ བདེ་ཆེན་བརྩེགས་པར་མཁའ་འགྲོ་དབྱིངས་ཕྱུག་མས༔ སློབ་དཔོན་མཆོད་པས་དེ་ཚེ་འདི་སྐད་གསུངས༔ ཨ་ཧོ༔ བདེ་ཆེན་ནམ་མཁའ་གང་བའི་དབྱིངས་སུ་དག༔ རང་བྱུང་རང་ཤར་རིག་པའི་ཀློང་དུ་ཐིམ༔ དབྱིངས་རིག་གཉིས་མེད་ཟུང་འཇུག་ལ་བཟླས་པས༔ འཁོར་འདས་ཀུན་ཁྱབ་ཧེ་རུ་ཀཿདཔལ་ལོ༔ ཨ་ཡིག་རྡོར་བཟླས་དང་གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། །ཀླུ་རྒྱལ་དགའ་བོའི་སྐུ་ཐོགས་ལ། བྱང་ཤར་ནས། ཐིག་ལེ་དྲུག་པའི་དགོངས་པ། བདེ་བ་ཀློང་རྡོལ་གླུའི་བསམ་གཏན། སྐྱ་རེངས་དང་པོ་ཤར་ཙམ་ན། རྒྱ་མཚོའི་གཏིང་རུམ་དུ་ཀླུའི་རྒྱལ་པོས་འདི་སྐད་དོ། །ཧོ༔ བདག་ནི་ཀླུ་རྒྱལ་དགའ་བོ་སྟེ༔ རྨད་བྱུང་རྫོགས་པ་ཆེན་པོ་འདི༔ ཁམས་གསུམ་སེམས་ཅན་ཀུན་ལ་ཁྱབ༔ སྟོང་གསལ་འཛིན་མེད་སྙིང་ནང་ནས༔ ཡུལ་དྲུག་ཀུན་ལ་འཆར་ཞིང་སྤྲོ༔ རང་གྲོལ་ཆེན་པོ་ཨ་ལ་ལ༔ གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ ཨ་ཡིག་རྡོར་བཟླས་དང་གོང་བཞིན་དགོངས་པའི་ངང་བསྐྱང་ངོ་།། ࿊ རིག་འཛིན་བླ་མའི་ཐུགས་ཀ་ཆོས་ཀྱི་འཁོར་ལོའི་ཡུལ་བརྒྱད་རྣམ་དག་རྩ་འདབ་ཤར་ནས་ཕྱོགས་མཚམས་རིམ་བཞིན་ཏེ། ཀུ་ཀུ་རཱ་ཛའི་སྐུ་ཐོགས་ལ། ཤར་ནས། རྩལ་ཆེན་གྱི་དགོངས་པ། བྱང་སེམས་ཀློང་རྡོལ་གླུ་ཡི་བསམ་གཏན། སྐྱ་རེངས་གཉིས་པ་ཤར་ཙམ་ན། རྒྱ་མཚོའི་གླིང་དུ་ཁྱི་ཡི་རྒྱལ་པོ་ཀུ་ཀུ་རཱ་ཛས་འདི་སྐད་ལོ། །ཧོ༔ བདག་ནི་ཁྱི་ཡི་མཁན་པོ་སྔ་མ་སྟེ༔ ཚེ་འདིར་ལྟ་སྒོམ་མཐར་ཕྱིན་བར་དོ་ཆོད༔ འཆི་ཁར་ནམ་མཁའ་ཕྱི་ནང་འདྲེས་པ་འདྲ༔ སྐྱེ་བ་རང་གར་མི་འཁྱམས་རང་སྣང་རང་དབང་ཐོབ༔ གྷི་ཏ་མ་ཀོ་ལ་ཧོཿ ཨ་ཡིག་རྡོར་བཟླས་དང་གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། །འཇམ་དཔལ་བཤེས་གཉེན་ཕྱི་མའི་སྐུ་ཐོགས་ལ། ཤར་ལྷོ་ནས། སྤྱི་གཅོད་ཀྱི་དགོངས་པ། གསང་བ་ཀློང་རྡོལ་གླུའི་བསམ་གཏན། ཤིང་ནྱ་གྲོ་དྷའི་རྩ་བར་སྲོད་ཐུན་ལ་འཇམ་དཔལ་བཤེས་གཉེན་ཕྱི་མས་འདི་སྐད་ལོ། །ཧོ༔ བདག་ནི་འཇམ་དཔལ་གཤེས་གཉེན་ཕྱི་མ་སྟེ༔ རྒྱུ་དག་པདྨའི་རྩེ་ལས་སྐྱེས༔ རྐྱེན་དག་ཨ་ཏིའི་དོན་རྣམས་རྟོགས༔ འབྲས་བུ་དག་པས་སྐུ་གསུམ་ཐོབ༔ བསྒོམ་བྱའི་རྩོལ་བ་སྐྱུར་ཐོངས་ལ༔ སྒོམ་བྱེད་སེམས་ཀྱི་ཟེལ་མ་འཇུག༔ པདྨ་ཀོ་ལ་ཤ་ཨ་ཧོཿ ཨ་ཡིག་རྡོར་བཟླས་དང་གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། །ནཱ་གཱརྫུ་ནའི་སྐུ་ཐོགས་ལ། ལྷོ་ནས། སེམས་སྒོམ་གྱི་དགོངས་པ། དབྱིངས་ཀློང་རྡོལ་གླུ་ཡི་བསམ་གཏན། རྒྱན་ཆགས་དཔལ་གྱི་རིའི་ནགས་སུ་སྐྱ་རེངས་གསུམ་པ་ཤར་ཙམ་ན། ནཱ་གཱརྫུ་ནས་འདི་སྐད་དོ། །ཧོ༔ བདག་ནི་འཕགས་པ་ཀླུ་སྒྲུབ་སྟེ༔ རང་སེམས་ང་བདག་རྩད་བཅད་པས༔ ཕྱི་ནང་ཐམས་ཅད་སྟོང་པར་གྲོལ༔ སྟོང་ཉིད་བཅོ་བརྒྱད་གཏན་ལ་ཕེབས༔ སྐྱེ་འཆི་འཕོ་འགྱུར་གང་དགའ་མཛོད༔ གྷི་ཏ་མ་ཀོ་ལ་ས་ཧོཿ ཨ་ཡིག་རྡོར་བཟླས་དང་གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། །བུདྡྷ་མ་ཏིའི་སྐུ་ཐོགས་ལ། ལྷོ་ནུབ་ནས། རྩེ་མོ་བྱུང་རྒྱལ་གྱི་དགོངས་པ། རྩོལ་མེད་ཀློང་རྡོལ་གླུའི་བསམ་གཏན། ཤིང་ནལ་བྱི་ས་ལའི་རྩར་དམར་རེངས་གསུམ་པ་ཤར་ཙམ་ན། སྨད་འཚོང་མ་བུདྡྷ་མ་ཏིས་འདི་སྐད་ལོ། །ཧོ༔ བདག་ནི་སྨད་ཚོང་བདག་ཉིད་མ༔ ཅི་ཡང་ཡིད་ལ་མི་བྱེད་པས༔ ཤེས་རབ་ཕ་རོལ་ཕྱིན་མ་ཡིན༔ ལུས་སེམས་གང་ལའང་མི་ཆགས་པ༔ ཚུལ་ཁྲིམས་ཀུན་གྱི་མཐར་ཐུག་ཡིན༔ གང་ལའང་རེ་དོགས་བྲལ་བ་འདི༔ ལམ་ལྔ་ས་བཅུའི་མཐར་ཐུག་ཡིན༔ གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ ཨ་ཡིག་རྡོར་བཟླས་དང་གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། ཁྱི་ཡི་རྒྱལ་པོ་ཕྱི་མའི་སྐུ་ཐོགས་ལ། ནུབ་ནས། རྨད་བྱུང་གི་དགོངས་པ། འབྱུང་ལྔ་ཡེ་ཤེས་ཀློང་རྡོལ་གླུ་ཡི་བསམ་གཏན། དམར་རེངས་དང་པོ་ཤར་ཙམ་ན་རྒྱ་མཚོའི་འགྲམ་དུ་ཁྱི་ཡི་རྒྱལ་པོ་ཕྱི་མས་འདི་སྐད་ལོ། །ཧོ༔ བདག་ནི་ཁྱི་ཡི་མཁན་པོ་ཕྱི་མ་སྟེ༔ ཡོད་པར་འཛིན་ན་རྟག་པའི་མཐའ༔ མེད་པར་འཛིན་ན་ཆད་པའི་མཐའ༔ ཡོད་མིན་མེད་མིན་མ་ཡིན་པར༔ སྟོང་གསལ་འཛིན་མེད་རྗེན་ཅེ་རེ༔ དེ་ལས་བདག་ལ་བཤད་རྒྱུ་མེད༔ གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ ཨ་ཡིག་རྡོར་བཟླས་དང་གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། །ཨཱརྻ་པ་ལོའི་སྐུ་ཐོགས་ལ། ནུབ་བྱང་ནས། སྤྱི་ཆིངས་ཀྱི་དགོངས་པ། ནམ་མཁའ་ཀློང་རྡོལ་གླུའི་བསམ་གཏན། དཔག་བསམ་ཤིང་གི་གྲིབ་མ་ལ། ཐོ་རེངས་ཁར་ཨཱརྻ་པ་ལོས་འདི་སྐད་ལོ། །ཧོཿ བྱང་ཆུབ་སེམས་ནི་ནམ་མཁའ་ལྟ་བུའི་ཀློང་། །གསལ་ལ་རྟོག་པ་མེད་པའི་ཡེ་ཤེས་ནི། །ཕྱི་དང་ནང་མེད་ཀུན་ལ་གསལ་བར་གནས། །སངས་རྒྱས་དགོངས་པ་འདི་ལས་མེད་པར་མཇལ། །ཨེ་མ་ཀོ་ལ་ཤ་ཨ་ཧོཿ ཨ་ཡིག་རྡོར་བཟླས་དང་གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། །གནོད་སྦྱིན་མོ་བྱང་ཆུབ་མའི་སྐུ་ཐོགས་ལ། བྱང་ནས། ཡིད་བཞིན་ནོར་བུའི་དགོངས་པ། དངོས་གྲུབ་ཀློང་རྡོལ་གླུ་ཡི་བསམ་གཏན། དམར་རེངས་གཉིས་པ་ཤར་ཙམ་ན། གནོད་སྦྱིན་མོ་བྱང་ཆུབ་འདི་སྐད་ལོ། །ཧོ༔ བདག་ནི་གནོད་སྦྱིན་བྱང་ཆུབ་མོ༔ ཡུལ་དྲུག་མི་འགེགས་རང་གྲོལ་སྤྱོད༔ ཇི་ལྟར་རོལ་ཡང་བོགས་སུ་ཆེ༔ རང་རིག་རྒྱལ་པོའི་དབང་ཆེན་ཐོབ༔ ཚོགས་དྲུག་ལྷུག་བཞག་ཨ་ལ་ལ༔ གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ ཨ་ཡིག་རྡོར་བཟླས་དང་གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། །ཨོ་རྒྱན་གྱི་མཁན་པོ་དྷ་ཧེའི་སྐུ་ཐོགས་ལ། བྱང་ཤར་ནས། བདེ་བ་ཕྲ་བཀོད་ཀྱི་དགོངས་པ། ཕྲིན་ལས་ཀློང་རྡོལ་གླུའི་བསམ་གཏན། རིན་པོ་ཆེའི་གླིང་དུ་ནམ་གུང་ཡོལ་ལ། ཨོ་རྒྱན་གྱི་མཁན་པོ་དྷ་ཧེས་འདི་སྐད་ལོ། །ཧོ༔ བདག་ནི་ཨོ་རྒྱན་མཁན་པོ་སྟེ༔ མ་ཧཱ་རཱ་ཛས་དགོངས་པ་དྲིལ་ཏེ་བསྟན༔ སེམས་ལ་རྩ་བ་གཅད་རྒྱུ་མེད༔ མེད་པ་དེ་ཀ་ཆོད་པ་ཡིན༔ སེམས་ལ་བལྟས་པས་མཐོང་རྒྱུ་མེད༔ མེད་པ་དེ་ཀ་རང་མཐོང་ཡིན༔ མཐོང་མེད་ངང་ལ་མ་ཡེངས་སྐྱོངས༔ ཀརྨཱཀོ་ལ་ཤ་ཨ་ཧོཿ ཨ་ཡིག་རྡོར་བཟླས་དང་གོང་བཞིན་དགོངས་པའི་ངང་བསྐྱང་ངོ་།། ࿊ རིག་འཛིན་བླ་མའི་ལྟེ་བ་སྤྲུལ་པའི་འཁོར་ལོའི་འཛིན་བྱེད་རྣམ་དག་རྩ་འདབ་བརྒྱད་ལས་ཤར་ནས་ཕྱོགས་མཚམས་རིམ་བཞིན་ཏེ། དྲང་སྲོང་བྷི་ཤྭ་ཏིའི་སྐུ་ཐོགས་ལ། ཤར་ནས། སྲོག་གི་འཁོར་ལོའི་དགོངས་པ། རང་བྱུང་ཀློང་རྡོལ་གླུའི་བསམ་གཏན། ནྱ་གྲོ་དྷའི་དགོན་པར་སྲོད་ཡོལ་གྱི་དུས་སུ། དྲང་སྲོང་བྷི་ཤྭ་ཏིས་འདི་སྐད་ལོ། །ཧོ༔ བདག་ནི་དྲང་སྲོང་བྷ་ཤི་སྟེ༔ ཁྲེགས་ཆོད་དོན་ལ་རྩོལ་མེད་བཞག༔ ཐོད་རྒལ་ངང་ལ་ཡེངས་མེད་བཞག༔ སྣང་བ་རིག་མདངས་རྩལ་རྫོགས་ནས༔ རང་དབང་སྐྱེ་འཇུག་འོད་ལུས་ཐོབ༔ ཨ་ཀ་ཤ་ཀོ་ལ་མ་དྷཱ་ཨ་ཧོཿ ཨ་ཡིག་རྡོར་བཟླས་དང་གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། །དྷརྨ་རཱ་ཛའི་སྐུ་ཐོགས་ལ། ཤར་ལྷོ་ནས། ནམ་མཁའ་རྒྱལ་པོའི་དགོངས་པ། གྲོལ་བ་ཀློང་རྡོལ་གླུའི་བསམ་གཏན། མེ་ཏོག་གི་ཚལ་དུ་ནམ་གྱི་ཆ་སྟོད་ལ། དྷརྨ་རཱ་ཛས་འདི་སྐད་དོ། །ཧོཿ སེམས་ཀྱི་རང་བཞིན་ཡེ་ནས་མཛོད་ཆེན་ལས། །གང་ལྟར་བཏགས་ཤིང་ཅི་ལྟར་སྣང་བ་ཀུན། །འབྱུང་འཇུག་ཐམས་ཅད་ཡེ་ནས་ཀུན་ཏུ་བཟང་། །དེ་ལྟར་གཉིས་སུ་མེད་པའི་རིག་པ་དེ། །ཀུན་ཏུ་བཟང་པོའི་སེམས་ལ་གནས། །རིག་པའི་དབྱིངས་ལ་མ་བསླད་པས། །བསྒོམ་ཞིང་བཟླས་པ་འདི་ལས་མེད། །ཀྱེ་མ་མ་རྟོགས་སྙིང་རེ་རྗེ། །ཨེ་མ་བདག་ཉིད་རང་སར་གྲོལ་བ་ཨ་ལ་ལ། །དྷོ་ཧ་ཀོ་པ་ཤ་ཨ་ཧོཿ ཨ་ཡིག་རྡོར་བཟླས་དང་གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། །སྲས་མོ་གོ་མ་དེ་བཱིའི་སྐུ་ཐོགས་ལ། ལྷོ་ནས། རིན་ཆེན་ཀུན་འདུས་ཀྱི་དགོངས་པ། སྐྱེ་མེད་ཀློང་རྡོལ་གླུའི་བསམ་གཏན། རྒྱལ་བའི་དགོན་གནས་སུ་ནམ་སྨད་ལ་སྲས་མོ་གོ་མ་དེ་བཱིས་འདི་སྐད་ལོ། །ཧོ༔ བདག་ནི་སྲས་མོ་གོ་མ་དྷེ་བྱི་སྟེ༔ འབྱུང་ལྔ་རིགས་ཀྱི་ཡུམ་ལྔ་ལ༔ ཕུང་ལྔ་རིགས་ཀྱི་ཡབ་ལྔ་ཡིན༔ ཁམས་དང་སྐྱེ་མཆེད་སེམས་དཔའ་སེམས་མ་ཡིན༔ ཀུན་གཞི་སྐྱེ་མེད་ཀུན་བཟང་ཡུམ༔ ཡིད་ཀྱི་རྟོག་པ་ཀུན་བཟང་ཡབ༔ རིན་ཆེན་གསེར་གླིང་རྡོ་བཙལ་ལྟར༔ འཁྲུལ་ཡུལ་འཁྲུལ་རྒྱུ་བཙལ་མི་རྙེད༔ ཀ་པ་ལ་ཀ་མ་པ་ཤ་ཨ་ཧོཿ ཨ་ཡིག་རྡོར་བཟླས་དང་གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། །བུདྡྷ་གུཔྟའི་སྐུ་ཐོགས་ལ། ལྷོ་ནུབ་ནས། རྗེ་བཙུན་དམ་པའི་དགོངས་པ། ཤེས་རབ་ཀློང་རྡོལ་གླུའི་བསམ་གཏན། དབེན་པ་ཆེན་པོའི་གནས་སུ་བུདྡྷ་གུཔྟས་འདི་སྐད་ལོ། །ཧོཿ ཆོས་རྣམས་བྱང་ཆུབ་སེམས་མ་བཅོས། །ཡེ་ནས་ཀུན་ཏུ་བཟང་པོ་ལ། །གསལ་ལ་འགྱུར་བ་མེད་པའི་བྱང་ཆུབ་སེམས་དེ་ལ། །མཚན་མའི་རྣམ་པར་རྟོག་པས་མ་བསླད་དེ། །རྣམ་རྟོག་རང་བྱུང་རང་ཞིར་གནས་པ་ལས། །གཉེན་པོས་སྒོམ་དུ་མེད་པར་འཁུམས། །སེམས་ཀྱི་མེ་ལོང་མ་བལྟས་ན། །རྣམ་རྟོག་དྲི་མས་གོས་ཏ་རེ། །པྲཛྙཱ་ཀོ་ས་ལ་ཨ་ཧོཿ ཨ་ཡིག་རྡོར་བཟླས་དང་གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། ཁ་ཆེའི་རྒྱལ་པོ་རབ་སྣང་མཛད་ཀྱི་སྐུ་ཐོགས་ལ། ནུབ་ནས། སྐྱེ་མེད་རང་རིག་གི་དགོངས་པ། ཆོས་སྐུ་ཀློང་རྡོལ་གླུའི་བསམ་གཏན། ཙནྡན་སྡོང་པོའི་རྩར་གུང་ཐུན་ལ། ཁ་ཆེའི་རྒྱལ་པོ་རབ་སྣང་མཛད་འདི་སྐད་ལོ། །ཧོ༔ བདག་ནི་མཁན་པོ་རབ་སྣང་སྟེ༔ སེམས་ལ་སྐྱེ་ཤི་མེད་པར་རབ་རྟོགས་པས༔ ལུས་ལ་ཤི་དང་མ་ཤི་མེད་པར་གྲོལ༔ ལུང་ལས་མ་བྱུང་གདམས་ངག་ཁོ་བོས་རྙེད༔ སྒོམ་ལ་མི་རེ་འདོད་ཞིག་ངང་ན་བདེ༔ ཀ་ལ་པ་ཀོ་ཤ་ཨ་ཧོཿ ཨ་ཡིག་རྡོར་བཟླས་དང་གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། །བཻ་རོ་ཙ་ནའི་སྐུ་ཐོགས་ལ། ནུབ་བྱང་ནས། ལོ་ཆེན་བཻ་རོ་ཙ་ན་ཡིས༔ ཡར་ལུང་ཤེལ་གྱི་བྲག་ཕུག་ནས༔ ང་ནི་བཻ་རོ་ཙ་ན་སྟེ༔ མ་བཅོས་རང་གསལ་ངང་དུ་གནས༔ མ་ནོར་དམིགས་སུ་མ་མཆིས་ཤིང༔ བརྗོད་མེད་རིག་པ་ཟང་ཐལ་ལེ༔ བསམ་འདས་སེམས་ཀྱི་དྲི་མ་དག༔ རང་བྱུང་ཡེ་ཤེས་ངོ་བོ་ཉིད༔ རང་གསལ་རང་བཞིན་ལྷུན་གྱིས་གྲུབ༔ ཅིར་སྣང་ཆོས་སྐུའི་རྒྱན་དུ་ཤར༔ ཐུགས་རྗེ་སྤྲུལ་སྐུ་སྣ་ཚོགས་སྣང༔ ཐམས་ཅད་ཀུན་གཞིའི་དབྱིངས་སུ་རྫོགས༔ ལྟ་བའི་གནམ་འཕང་གཅོད་པའི་ཚེ༔ སྒོམ་པ་ཐབས་ཤེས་སྒྲོ་གཤོག་བརྒྱང༔ སྤྱོད་པའི་ལམ་ལ་ཞུགས་པའི་ཚེ༔ རེ་དོགས་མེད་པའི་ངང་ལ་འགྲོ༔ འབྲས་བུའི་ཕ་མཐར་བསྙེགས་པའི་ཚེ༔ གཞན་དུ་མེད་པའི་སངས་རྒྱས་རྟོགས༔ སྒོམ་པའི་གཟེབ་ལས་གྲོལ་ཙ་ན༔ ལྟ་བའི་རྒྱལ་པོ་ཕུགས་ཐག་ཆོད༔ ལམ་ལ་བགྲོད་དུ་མེད་པ་དེ༔ ལུང་དང་རིག་པས་བསྒྲུབ་མེད་ཕྱིར༔ གཞི་ཡི་སྟེང་དུ་འབྲས་བུར་སྨིན༔ ཆོས་ཉིད་ཀློང་དུ་ལ་བཟླས་ཏེ༔ རང་རིག་རྩལ་དུ་ཤན་ཡང་འབྱེད༔ དབྱིངས་རིག་གཉིས་སུ་མེད་པ་དེ༔ ཐིག་ལེ་ཉག་གཅིག་ངང་དུ་རྫོགས༔ སེམས་སྡེའི་ངང་དུ་ཉམས་བླངས་པས༔ སྣང་སྲིད་སེམས་ཀྱི་ཀློང་དུ་རྫོགས༔ ཀློང་སྡེའི་ལྟ་བ་ཉམས་བླངས་ཚེ༔ རྣམ་རྟོག་ཕྲ་རགས་ཀློང་དུ་ཐིམ༔ མན་ངག་ཉམས་སུ་བླངས་པའི་ཚེ༔ དབྱིངས་ཡེ་ཟུང་འཇུག་མངོན་སངས་རྒྱས༔ ལྟ་བའི་ཕུགས་ཐག་ཆོད་པ་ཡིན༔ སྒོམ་པའི་བློ་ལས་འདས་པ་ཡིན༔ སྤྱོད་པ་སྤྱད་དུ་མེད་པ་ཡིན༔ འབྲས་བུ་གཞན་ལ་རེ་མི་འཚལ༔ འོན་ཀྱང་རྣལ་འབྱོར་བཻ་རོ་ཡིས༔ རྒྱུ་འབྲས་ཁྱད་དུ་མི་གསོད་པས༔ སྡོམ་པ་གསུམ་གྱིས་རྒྱུད་སྦྱངས་ཏེ༔ མཚན་ལྡན་བླ་མ་དཔལ་སེང་གེ༔ སྤྱི་བོའི་གཙུག་ཏུ་འབྲལ་མེད་བཞུགས༔ རིག་འཛིན་པདྨ་འབྱུང་གནས་དེ༔ མཉེས་པ་གསུམ་གྱིས་ཡང་ཡང་བསྟེན༔ པཎ་ཆེན་བི་མ་ལ་མི་ཏྲ༔ དགོངས་པར་བཞེད་པའི་ཕ་མཐའ་བསྐང༔ བསླབ་པ་གསུམ་གྱི་ཆས་འཛིན་ཏེ༔ ལྟ་བའི་གནམ་འཕང་གཅོད་པ་ཡིན༔ སྔར་སྤྱོད་ངང་དུ་མཉམ་པར་བཞག༔ བསྟན་གཉིས་ཟུང་འཇུག་བཀྲ་ཤིས་ཤོག༔ ཨ་ཡིག་རྡོར་བཟླས་དང་གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། །དེ་བ་རཱ་ཛའི་སྐུ་ཐོགས་ལ། བྱང་ནས། བདེ་བ་རབ་འབྱམས་ཀྱི་དགོངས་པ། སྐུ་གསུམ་ཀློང་རྡོལ་གླུའི་བསམ་གཏན། གྲོང་ཁྱེར་དཔལ་ཡོན་དུ་སྲོད་ཀྱི་དུས་སུ་རྒྱལ་པོ་དེ་བ་རཱ་ཛས་འདི་སྐད་ལོ། །ཧོཿ སྣང་སྲིད་ཐམས་ཅད་ཡེ་ནས་ཀུན་ཏུ་བཟང་། །ཀུན་བཟང་གུད་ན་མེད་དེ་མ་ལུས་སྙིང་པོའི་རྒྱུ། །སྣང་བ་མཐའ་དག་སྐྱེ་མེད་བདུད་རྩི་སྐུ་གསུང་ཐུགས། །སྐྱེ་མེད་ངང་ལས་མ་ཡེངས་མཉམ་བཞག་པས། །བསྒོམ་པར་བྱ་བ་འདི་ལས་མེད་པར་རྟོགས། །ལུས་ནི་སྒྱུ་མའི་ཕུང་པོ་མི་གཙང་སྟེ། །སེམས་ནི་ཡེ་ཤེས་ཆེན་པོར་ཤར། །ཙནྡྲ་དེ་ཝ་ཀོ་ས་ལ་ཨ་ཧོཿ ཨ་ཡིག་རྡོར་བཟླས་དང་གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། །མཁའ་འགྲོ་མཚོ་རྒྱལ་གྱི་སྐུ་ཐོགས་ལ། བྱང་ཤར་ནས། ཏི་སྒྲོ་བྲག་གི་ཚོགས་ཁང་དུ༔ ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་གྱིས༔ འཁོར་འདས་ཀུན་ལ་ཁྱབ་པའི་སེམས༔ བདེ་བ་ཆེན་པོའི་ངང་དུ་ཐིམ༔ ཆོས་ཉིད་ཀློང་དུ་བལྟ་བྱ་བྲལ༔ ཁོ་མོའི་རྟོགས་པ་དེ་ཙམ་མོ༔ ཨ་ཡིག་རྡོར་བཟླས་དང་གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། །ཆོས་རྒྱལ་ཆེན་པོའི་སྐུ་ཐོགས་ལ། རིག་འཛིན་བླ་མའི་རྡོ་རྗེའི་གནས་བཞིའི་འཁོར་ལོའི་ལྟེ་བར་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་སེམས་དཔའ་དཀར་དམར་མཐིང་སེར་བཞི་བཞུགས་པའི། ཐུགས་ཀ་ཆོས་ཀྱི་འཁོར་ལོའི་རྡོ་རྗེ་སེམས་དཔའ་མཐིང་གའི་རྡོ་རྗེ་གསུམ་གྱི་ཀློང་དང་དབྱེར་མེད་པ། བསམ་ཡས་དབུ་རྩེའི་བར་ཁང་ནས༔ ཁྲི་སྲོང་རྗེ་ཡིས་འདི་སྐད་བཞེངས༔ ང་ནི་ཁྲི་སྲོང་ལྡེའུ་བཙན་ཏེ༔ སེམས་ཉིད་རང་བྱུང་ཡེ་ཤེས་འདི༔ ཅིར་ཡང་མི་དམིགས་ཅིར་ཡང་གསལ༔ ལྟ་བའི་རྒྱལ་པོ་མཐའ་གཉིས་བྲལ༔ ཨ་ཡིག་རྡོར་བཟླས་དང་གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། །གཡུ་སྒྲ་སྙིང་པོའི་སྐུ་ཐོགས་ལ། རིག་འཛིན་བླ་མའི་རྡོ་རྗེའི་གནས་བཞིའི་འཁོར་ལོའི་ལྟེ་བར་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་སེམས་དཔའ་དཀར་དམར་མཐིང་སེར་བཞི་བཞུགས་པའི། ལྟེ་བ་སྤྲུལ་པའི་འཁོར་ལོའི་རྡོ་རྗེ་སེམས་དཔའ་སེར་པོའི་རྡོ་རྗེ་གསུམ་གྱི་ཀློང་དང་དབྱེར་མེད་པ། ཡེར་པ་གཙུག་རུམ་འབར་བ་རུ༔ རྒྱལ་མོ་གཡུ་སྒྲ་སྙིང་པོ་ཡིས༔ སེམས་ལས་གཞན་པའི་སངས་རྒྱས་མེད༔ རྣམ་རྟོག་ཆོས་དབྱིངས་ཀློང་དུ་ནུབ༔ དབྱིངས་རིག་དབྱེར་མེད་རྫོགས་པ་འདི༔ བཻ་རོ་ཙ་ནའི་བཀའ་དྲིན་ལགས༔ ཨ་ཡིག་རྡོར་བཟླས་དང་གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། །དེ་རེ་རེ་ལ་ཙཀ་ལི་སྤྱི་བོར་བཞག །ཨ་ཡིག་རྡོར་བཟླས། དགོངས་པ་མཉམ་གཞག་རྣམས་མ་ཆད་པ་གལ་ཆེའོ། །དེ་རྣམས་ནི་རིག་འཛིན་བླ་མའི་སྐུ་ཡི་གནས་བཞིའི་འཁོར་ལོར་བཞུགས་པའི་བླ་མའི་བྱིན་རླབས་ཏེ། དེ་ཉིད་མི་ཉམས་ཤིང་བརྟན་པར་བྱ་བའི་སླད་དུ་རིག་འཛིན་བླ་མའི་ལྷ་ཚོགས་རྣམས་ཀྱིས་ཤིས་པ་བརྗོད་ཅིང་ཕྱག་གིས་མེ་ཏོག་འཐོར་བས་དགེ་ལེགས་སུ་བྱས་པའི་མོས་པ་མཛོད། བཀྲ་ཤིས་ཅི་རིགས་བརྗོད། བྱིན་རླབས་དབང་བསྐུར་ཟབ་མོ་ཐོབ་པའི་སྐབས་སུ་ཞལ་གྱིས་བཞེས་པའི་དམ་ཚིག་ལ་སྲུང་སྡོམ་བགྱིད་སྙམ་པས་འདིའི་རྗེས་ཟློས་གྱིས། གཙོ་བོས་ཇི་ལྟར་སོགས། དམ་ཚིག་བསྒྲག་གཟུང་གཏང་རག་མཎྜལ་ཡོན་འབུལ་དགེ་བསྔོ་རྣམས་སྤྱི་ལྟར་བྱའོ།། །།གསུམ་པ་རྗེས་ཀྱི་རིམ་པ་རྣམས་ཀྱང་བྱང་བུ་ཁྲིགས་བསྡེབས་ལྟར་རོ། །གྲུབ་བརྙེས་སུམ་ཅུ་རྩ་གཅིག་གི །བྱིན་རླབས་སྨིན་བྱེད་དབང་བསྐུར་བཅུད། །ངེས་དོན་སྙིང་པོ་འདི་ཁོ་ན། །སེམས་སྡེ་མཛེས་པའི་རྒྱན་དུ་གྱུར། །ཕྱི་སྐོར་སེམས་སྡེའི་བླ་མའི་སྒྲུབ་དབང་གི་ལེ་ཚན་ནོ།། །། ༄༅། །བཞི་པ་ཕྱི་སྐོར་ཡི་དམ་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་དབང་སྤྱི་བླུགས་སུ་བསྐུར་བ་ལ་སྦྱོར་དངོས་མཇུག་གསུམ། སྦྱོར་བ་གཤོམ་ནི། སྟེགས་བུའི་ཁར་རས་བྲིས་ཞི་དཀྱིལ་སྤྱི་འགྲེ་སྒོས་ཆོས་ཀྱི་ལྷ་མཚན་ཅན་ནམ། མ་འཛོམ་ན་མཎྜ་ལར་འབྲུའི་ཚོམ་བུ་དབུས་དང་ཕྱོགས་མཚམས་ལ་གཙོ་འཁོར་ལྔ་ཚོམ་རེ་རེ། དེ་རྒྱབ་མཚམས་བཞིར་རེ་རེ་དང་ཤར་ནུབ་གཉིས་སུ་གཉིས་རེ་སྟེ་ཐུབ་དྲུག་དང་བྱ་བྱེད། དེ་རྒྱབ་བཞི་རྣམས་བཀོད་པའི་སྟེང་མཉྫིའི་ཁར་བུམ་པ་སོ་ལྔའི་བཅུད་ལྡན། ཤར་དུ་གསང་མཚན་ཤོག་དྲིལ་དང་རྡོར་དྲིལ་ལྷན་ཅིག་ཏུ་བསྡམས་པ་དར་དཔྱང་ཅན། ལྷོར་དབུ་རྒྱན། ནུབ་ཏུ་རྡོ་རྗེ། བྱང་དུ་དྲིལ་བུ། སྟབས་གང་བདེར་ཞི་བ་གཙོ་དགུའི་སྐུ་ཙཀ །ཤར་ལྷོར་རྡོ་རྗེ་སློབ་དཔོན་མངའ་གསོལ་གྱི་ཆས་སམ་ཙཀ་ལི། ལྷོ་ནུབ་ཏུ་ཐོད་ཆང་། ནུབ་བྱང་དུ་རིག་ཙཀ །བྱང་ཤར་དུ་རང་བྱུང་ཤེལ་རྡོ། གཞན་ཡང་མིག་དར་མེ་ཏོག་སོགས་ཉེར་མཁོའི་ཡོ་བྱད་ཕྱི་ནང་གི་མཆོད་པ་ཚོགས་གཏོར་རྣམས་བཀོད་པའོ།། །།དངོས་གཞིའི་དབང་སྒྲུབ་ནི་སྔོན་རྗེས་རྣམས་ཕྱི་སྐོར་བླ་མའི་བྱང་བུ་ཁྲིགས་བསྡེབས་ལྟར་ལ། མངོན་རྟོགས་རྟེན་བྱང་གཏེར་གཞུང་ཏིང་འཛིན་གསུམ་ཚིག་རྗེས་ཕྱི་སྐོར་ཡི་དམ་སྒྲུབ་པའི་སེམས་ཉིད་ཀ་ནས་དག་པའི་ངང༔ སོགས་སྦྱར་ལ་བདག་མདུན་དབྱེར་མེད་དུ་གསལ་བཏབ་ནས་ལས་ཀྱི་རིམ་པ་བསྟོད་པའི་མཐའ་བར་བྱ། ཛཔ྄་ཀྱི་སྐབས་བཟླས་དམིགས་ནི། རང་གི་ཐུགས་སྲོག་ས་བོན་ལས༔ བདེ་བ་ཆེན་པོའི་འོད་ཟེར་འཕྲོས༔ རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་པའི༔ ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ༔ དེ་རྣམས་ཐུགས་རྗེའི་འོད་ཟེར་སྤྲིན༔ མཁའ་ཁྱབ་ཀུན་ཏུ་སྣང་བ་ཡིས༔ བདག་དང་འགྲོ་ཀུན་སྒྲིབ་གཉིས་སྦྱངས༔ ཡེ་ཤེས་མཆོག་གིས་བྱིན་བརླབས་གྱུར༔ ཛཔ྄་ཀྱི་སྔགས་ནི་སྒྲུབ་ཐབས་ཀྱི་བསྐྱེད་སྔགས་རྣམས་དང་། བྱ་བྱེད་ཐུབ་དྲུག་སྒོ་བཞི་སོགས་ལ་རང་སྔགས་ཞི་བ་སྤྱི་ཁྱབ་ནས་འབྱུང་བའི་ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཨཱོྃ༔ ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མནྟ་ཨཱ༔ ཨཱོྃ་མུ་ནེ་ཀྲེཾ་སྭཱ་ཧཱ༔ ཨཱོྃ་མུ་ནེ་ཏྲུཾ་སྭཱ་ཧཱ༔ ཨཱོྃ་མུ་ནེ་སྲུཾ་སྭཱ་ཧཱ༔ ཨཱོྃ་མུ་ནེ་བྲཾ་སྭཱ་ཧཱ༔ ཨཱོྃ་མུ་ནེ་ཀྵཾ་སྭཱ་ཧཱ༔ ཨཱོྃ་མུ་ནེ་ཡེ་སྭཱ་ཧཱ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཛཿཧཱུྃ་བཾ་ཧོ༔ ཞེས་བདག་མདུན་གྱི་འོད་ཟེར་སྤྲོ་བསྡུའི་དམིགས་པ་དང་བཅས་བཟླ་བ་གྲུབ་རྗེས། བུམ་པ་རང་བྱུང་གི་གཞལ་མེད་ཁང་དུ་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་ལྟར་གསལ་བར་གྱུར། གཟུངས་ཐག་བླངས་ལ། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་རྒྱུད་བསྐུལ། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། །ཅེས་དང་ཛཔ྄་སྔགས་བཟླ། སྟོང་ཚིགས་དང་། བུམ་པའི་ལྷ་འོད་དུ་ཞུ་བ་བུམ་ཆུ་དང་དབྱེར་མེད་དུ་གྱུར། ཅེས་བརྗོད། ལས་བུམ་གོང་ལྟར་བརླབ། བཀའ་གཏེར་སྲུང་མའི་གཏོར་འབུལ། ཚོགས་མཆོད། རིག་མེ་དོར་ཞིང་གནང་བ་ཞུ་བ་གོང་སོང་བཞིན་བྱས་ལ་དཀྱིལ་འཁོར་ཡོལ་བས་སྒྲིབ་བོ། །དབང་དངོས་ལ་སློབ་མ་ཁྲུས་ནས་དབྱུང་། བགེགས་གཏོར་བསྔོ་བ་སོགས་གྲུབ་རྗེས། སེམས་བསྐྱེད་གསལ་བཏབ་ལ། ཆོས་བཤད་ཀྱི་ཁྱད་པར་ནི། འདིར་སྐབས་སུ་བབས་པ་ཐེག་པ་རིམ་དགུའི་ཡང་རྩེ་ཨ་ཏི་ཡོ་ག་སེམས་སྡེའི་སྐོར་ལ་བཀའ་བརྒྱུད་གཏེར་བརྒྱུད་གཉིས་སུ་བཞུགས་པ་ལས། འདིར་གཏེར་བརྒྱུད་དཀོན་ལ་ངོ་མཚར་ཆེ་བ་ཨུ་དུམ་ཝཱ་ར་ལྟ་བུའི་ཟབ་ཆོས་ཀྱི། ཕྱི་སྐོར་སེམས་སྡེའི་ཡི་དམ་ཞི་བ་རྡོ་རྗེ་དབྱིངས་ཀྱི་སྒྲུབ་པའི་ཐབས་རིག་འཛིན་ཆེན་པོ་ཤྲཱི་སིཾ་ཧས་རྒྱུད་ཀྱི་དགོངས་པ་ལས་ལུང་དུ་བཏུས་ཏེ་མན་ངག་གིས་བཀྲལ་པའི་དཀྱིལ་འཁོར་དུ། ཡེ་ཤེས་སྤྱི་བླུགས་ཀྱི་དབང་བསྐུར་བ་ལ་བདག་ཉིད་ཀྱི་བགྱི་འོས་རྣམས་གྲུབ་སོགས་མཚམས་སྦྱར་ལ་མཎྜལ་འབུལ། དེ་ནས་གཞུང་ལས། རྒྱས་པར་ཕྱི་འཇུག་ལ་སོགས་བྱ༔ ཞེས་འབྱུང་བས་དེ་མདོར་བསྡུས་སྤྲོ་ན། ཁྱེད་རང་རྣམས་སྔོན་ཆད་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་མཚོན་བྱེད་མིག་དར་འཆིང་བ་ཞུ། ཙཀྵུ་བྷནྡྷ་ཝཱ་ར་མ་ཎཱ་ཡེ་སྭཱ་ཧཱ་ཞེས་འཆིང་། རང་རིག་ཡེ་ཤེས་ཀྱི་ལྷ་དང་མངོན་སུམ་དུ་མཇལ་བ་གདོད་ནས་རང་ལ་བཞུགས་པ་ངོ་ཤེས་པའི་བརྡར་ཕྱག་རྟེན་དུ་མེ་ཏོག་གི་ཕྲེང་བ་རེ་ཡང་འཛིན་མཛོད། ཨཱ་ཁཾ་བཱི་ར་ཧཱུྃ་གིས་སྦྱིན། དབང་བསྐུར་ཞུ་བའི་ཡུལ་ཞི་བ་རིགས་དགུའི་དཀྱིལ་འཁོར་གྱི་གཙོ་བོ་རྣམ་པར་སྣང་མཛད་དང་བླ་མ་ཐ་མི་དད་པ་ལ་མི་ཕྱེད་དད་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོ༔ བདེ་གཤེགས་བླ་མ་རྒྱལ་བ་སྲས་བཅས་ཀུན༔ མ་ལུས་བདག་ཅག་རྣམས་ལ་དགོངས་སུ་གསོལ༔ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་རུ༔ བདག་ཅག་གཞུག་ཅིང་སྨིན་པར་མཛད་དུ་གསོལ༔ ལན་གསུམ། སློབ་དཔོན་གྱིས་གནང་བ་སྦྱིན་པ་ནི། ཨཱོྃ༔ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར༔ འཇུག་ཅིང་སྨིན་པ་བསྐལ་པར་རྙེད་མི་འགྱུར༔ རྩོལ་བས་ཚུལ་བཞིན་འཇུག་པར་རྗེས་ཡི་རང༔ བུ་རྣམས་ཚུར་ཤོག་དམ་ཚིག་ཐུབ་པར་གྱིས༔ ཞེས་གནང་བ་སྦྱིན་ཏེ། རྒྱུད་སྦྱོང་བའི་སླད་དུ་བླ་མ་ཉིད་དཀོན་མཆོག་རྩ་གསུམ་རྒྱ་མཚོའི་ཁྱབ་བདག་བདེ་གཤེགས་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་བཞུགས་པའི་སྤྱན་སྔར། བདག་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་བྱང་ཆུབ་བར་དུ་སྐྱབས་སུ་འགྲོ་བར་བགྱིའོ་སྙམ་པ་ཀུན་རྫོབ་གཞིའི་སྐྱབས་འགྲོ་དང་། འཁོར་འདས་ཀུན་གྱི་གཞི་དབྱིངས་ངེས་པ་དོན་གྱི་སངས་རྒྱས་དང་། རྣམ་ཤེས་གནས་འགྱུར་འོད་གསལ་རྟོགས་པ་དམ་པའི་ཆོས། དབང་པོ་སྒོ་ལྔའི་ཡུལ་ཤེས་ཀྱི་གཟུང་འཛིན་རང་དག་གིས་སོ་སོ་རང་རིག་པ་ཚོགས་མཆོག་འཕགས་པའི་དགེ་འདུན་ཏེ། དཀོན་མཆོག་གསུམ་པོ་རང་བྱུང་གདོད་མའི་གནས་ལུགས་རང་ཆས་སུ་བཞུགས་པ་ངོ་ཤེས་པ་དོན་དམ་རང་བཞིན་ཡོངས་ཤེས་ཀྱི་སྐྱབས་འགྲོའི་དེ་ཁོ་ན་ཉིད་ལ་མཉམ་པར་བཞག་པས་འདིའི་རྗེས་ཟློས། ཀུན་གཞི་དག་པའི་སོགས་བྱང་ཁྲིགས་ལྟར། སུ་མཆི༔ ལན་གསུམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་འཐོབ་པར་འདོད་པ་སྨོན་པའི་སེམས་དང་། དེའི་ཆེད་དུ་སྨིན་ཅིང་གྲོལ་བའི་ལམ་ལ་འཇུག་པས་རྫོགས་སྨིན་སྦྱངས་པར་འཇུག་པར་སེམས་བསྐྱེད་པ་གཉིས་ཀུན་རྫོབ་དང་། དོན་དམ་བྱང་སེམས་གནས་ལུགས་བདེ་གཤེགས་སྙིང་པོའི་ཀློང་ཆེན་འཁྲུལ་གྲོལ་གཉིས་སུ་མེད་པའི་དོན་གྱི་ས་ལ་བདག་གཞན་མཉམ་ཉིད་དུ་འགོད་པ་ཐམས་ཅད་རྡོ་རྗེའི་རྣལ་འབྱོར་དུ་སེམས་བསྐྱེད་པ་ཟུང་འཇུག་གིས་འདིའི་རྗེས་ཟློས། ཨེ་མ་ཧོ་བདེ་གཤེགས་སོགས། བསྐྱེད་དོ༔ ལན་གསུམ། ཞིང་མཆོག་དེ་དག་གི་སྤྱན་སྔར་ཕྱག་འཚལ་བ་མཆོད་པ་འབུལ་བ་སོགས་ཀུན་རྫོབ་ཡན་ལག་བདུན་པའི་གསག་སྦྱང་གི་དམིགས་འདུན་དང་། དོན་དམ་རང་བྱུང་རང་གསལ་གྱི་དགོངས་པ་བསལ་གཞག་འཕེལ་འགྲིབ་མེད་པ་ཚོགས་ཆེན་ཡེ་རྫོགས། སྒྲིབ་གཉིས་རང་དག་གི་རང་ངོ་ཤེས་པ་གཉིས་སུ་མེད་པ་ཟུང་དུ་འབྲེལ་བས་འདིའི་རྗེས་ཟློས། སྣང་བ་རྣམ་དག་སོགས། རྟོགས་ཤོག༔ ལན་གསུམ། སྤྱི་དང་ཁྱད་པར་ལྷག་པས་བསྡུས་པའི་སྡོམ་པ་དང་དམ་ཚིག་རྣམས་རང་བཞིན་ལྟ་བའི་དམ་ཚིག་ཆེན་པོ་བཞི་རུ་ལ་བཟླ་བས་ལེགས་པར་བླངས་ནས་ཚུལ་བཞིན་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཨེ་མ་ཧོ༔ བདེ་གཤེགས་སྲས་བཅས་མ་ལུས་པ༔ ཀུན་ནས་བདག་ལ་དགོངས་སུ་གསོལ༔ དེ་བཞིན་གཤེགས་པའི་རིགས་རྣམས་ཀྱི༔ སྡོམ་པ་མ་ལུས་བདག་གིས་གཟུང༔ སྲོག་གི་ཕྱིར་ཡང་མི་གཏང་ངོ༔ ལན་གསུམ། དེ་ནས་དམ་ལ་གཞག་པ་ནི། དམ་ཚིག་སྲུང་བའི་ཕན་ཡོན་བསྒྲག་པ་བཅས་དམ་ཚིག་བསྲུང་བར་གདམས་པ་ནི། དེ་ལྟར་ཡིན་ན་དེ་བཞིན་གཤེགས༔ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ༔ བཅུག་ཅིང་སྨིན་པར་བྱེད་དུ་རུང༔ དམ་ཚིག་ཆེན་པོ་དེ་ཉིད་སྲུངས༔ དངོས་གྲུབ་ཆེན་པོ་དེས་འཐོབ་བྱེད༔ དེ་བས་དམ་ལས་མ་འདའ་ཞིག༔ ཨཱོྃ་བཛྲ་ས་མ་ཡ་ཧཱུྃ༔ རྡོ་རྗེ་མགོར་བཞག །སློབ་དཔོན་གྱིས་དབྱེ་བའི་ཕྱག་རྒྱ་དང་བཅས། ས་མ་ཡ་པྲ་བེ་ཤ་ཡ་ཕཊ། ཅེས་བརྗོད་པས་དཀྱིལ་འཁོར་གྱི་སྒོ་བཞི་ཤག་གིས་བྱེ་བར་གྱུར། ཅེས་བརྗོད་ལ་ཡོལ་བ་བསལ། ལྷ་ཚོགས་རྣམས་མངོན་སུམ་དུ་མཇལ་བར་དཀྱིལ་འཁོར་གྱི་སྒོ་བཞི་ནས་གཡས་སྐོར་གྱིས་སྐུ་གསུང་ཐུགས་ལ་ཕྱག་བྱ་བར་མོས་ཏེ་ཐལ་མོ་གནས་གསུམ་དུ་སྦྱར་ནས་རྗེས་ཟློས། ཨཱོྃ་ན་མ་ཏེ་ཧཱུྃ། ཨཱོྃ་ན་མ་མཱི་ཧཱུྃ། ཨཱོྃ་ན་མོ་ན་མ་ཧཱུྃ། ལན་བཞིར་བརྗོད། དེ་རྣམས་ཀྱིས་ཕྱི་འཇུག་གི་རིམ་པ་གྲུབ་ནས། ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་སྒོར་དབང་སྟེགས་ཀྱི་སྟེང་དུ་འཁོད་པ་ལས་ནང་འཇུག་གི་དངོས་གཞི་ཡེ་ཤེས་པ་དབབ་པ་ལ་དམིགས་པ་འདི་བཞིན་གྱིས། སློབ་མ་རྣམ་པར་སྣང་མཛད་ནི༔ དཀར་གསལ་ཞལ་གསུམ་ཕྱག་དྲུག་པ༔ གཡས་གཡོན་འཁོར་ལོ་རྡོ་རྗེ་དང༔ རིན་ཆེན་པདྨ་རྒྱ་གྲམ་དྲིལ༔ ཡུམ་ནི་དབྱིངས་ཕྱུག་མ་་་འཁོར་ལོ་དྲིལ་འཛིན།དང་འཁྲིལ༔ དེ་ལྟར་དུ་གསལ་བའི་སྤྱི་བོར་ཧཾ༔ མགྲིན་པར་ལཾ༔ སྙིང་གར་བཾ༔ ལྟེ་བར་རཾ༔ རྐང་མཐིལ་ཡཾ་རྣམས་ལས་འོད་ཟེར་འཕྲོས་པས༔ བདེ་བར་གཤེགས་པ་ནམ་མཁའ་གང་བར་བྱོན་ནས་ཡི་གེ་རྣམས་ལ་ཐིམ༔ འོད་དུ་ཞུ་ལུས་མེར་གྱིས་གང་བར་བསམ༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ སྤོས་ཀྱི་དུད་པ་དང་རོལ་མོའི་སྒྲ་བསྒྲགས་པས་བྱིན་དབབ། སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་པས་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ་ཞེས་བརྟན་པར་བྱ། མེ་ཏོག་འབུལ་བ་ནི། རང་བྱུང་རིག་པའི་མེ་ཏོག་ཡི་དམ་གྱི་ལྷ་ལ་ཕུལ་བའི་མོས་པས་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བ་ཞུ། ཧོ༔ བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་འདིར༔ སྙིང་པོའི་ཡེ་ཤེས་བརྟག་བྱའི་ཕྱིར༔ རིག་པའི་མེ་ཏོག་འདི་འབུལ་གྱིས༔ ལས་འཕྲོའི་དབང་གིས་བཞེས་སུ་གསོལ༔ པུཥྤེ་པྲ་ཏཱིཙྪ་ཧོ༔ ཞེས་ཕུལ་པས་མེ་ཏོག་ལྷག་པའི་ལྷས་བཞེས་ནས་དབང་རྟགས་ཅོད་པན་གྱི་ཚུལ་དུ་སླར་ཡང་སྤྱི་བོར་བཅིངས་ཏེ། ཧོ༔ མི་གནས་ཡེ་ཤེས་དཀྱིལ་འཁོར་དུ༔ རིག་པའི་མེ་ཏོག་ཕུལ་པ་འདི༔ བྱིན་རླབས་བསམ་མི་ཁྱབ་པར་ཟུངས༔ དངོས་གྲུབ་ཐམས་ཅད་འདིས་ཐོབ་ཤོག༔ པུཥྤེ་གྷྲྀཎ་སཏྭཾ་ཨི་མཾ་སཏྭ་མ་ཧཱ་བཱ་ལ༔ མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་ཏུ་བསལ་བར་གྱུར། ཧོ༔ སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱིས༔ འགྲོ་བའི་མིག་ནི་དབྱེ་བར་མཛད༔ སངས་རྒྱས་ས་ལ་བཀོད་པ་བཞིན༔ དེང་འདིར་རྣམ་སྣང་མཛད་བདག་གིས༔ མ་རིག་མིག་ནི་དབྱེ་བར་བྱ༔ ཙཀྵུ་པྲ་བེ་ཤ་ཡ་ཕཊ྄༔ དག་པ་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་འོག་མིན་བདེ་ཆེན་སྟུག་པོ་བཀོད་པའི་དབུས་སུ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དང་དབྱིངས་ཕྱུག་མ་ཡབ་ཡུམ། ཤར་དུ་རྡོ་རྗེ་སེམས་དཔའ་དང་སྙེམས་མ་ཡབ་ཡུམ། ལྷོར་འཇམ་དཔལ་དང་གཱིརྟཱི་མ་ཡབ་ཡུམ། ནུབ་ཏུ་སྤྱན་རས་གཟིགས་དང་མཱ་ལྱ་མ་ཡབ་ཡུམ། བྱང་དུ་ཕྱག་རྡོར་དང་ནཱིརྟི་མ་ཡབ་ཡུམ། ཤར་ལྷོར་ཀུན་བཟང་དང་མེ་ཏོག་མ་ཡབ་ཡུམ། ལྷོ་ནུབ་ཏུ་ནམ་སྙིང་དང་བདུག་སྤོས་མ་ཡབ་ཡུམ། ནུབ་བྱང་དུ་ས་སྙིང་དང་མར་མེ་མ་ཡབ་ཡུམ། བྱང་ཤར་དུ་བྱམས་པ་དང་དྲི་ཆབ་མ་ཡབ་ཡུམ་རྣམས་ལ་རིགས་ཆུང་གི་སེམས་དཔའ་སེམས་མ་བརྒྱད་བརྒྱད་ཀྱིས་བསྐོར་བ། ཁྱམས་ཀྱི་ཕྱོགས་མཚམས་སུ་བྱ་བྱེད་ཡབ་ཡུམ་དང་ཐུབ་པ་དྲུག །སྒོ་བཞིར་ཏ་ཀྲྀཏ་ཡབ་ཡུམ་སྟེ་བདེ་གཤེགས་ཞི་བ་ལྷུན་གྱིས་གྲུབ་པ་རིག་པ་ཡེ་ཤེས་ཀྱི་རྟེན་དང་བརྟེན་པའི་དཀྱིལ་འཁོར་མངོན་སུམ་དུ་མཐོང་བར་གྱུར་པའི་མོས་པ་མཛོད། དེ་ནས་དངོས་གཞིའི་དབང་བསྐུར་བ་ལའང་བཞི་ལས། དང་པོ་བུམ་པའི་དབང་བསྐུར་བ་ནི། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་གདན་གསུམ་ཚང་བའི་དབང་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་རྣམས་དང་སློབ་དཔོན་ལྷན་ཅིག་པས་མི་བསྐྱོད་པའི་ངོ་བོ་རྣམ་རྒྱལ་བུམ་པའི་ཆུས་དབང་བསྐུར་བར་གྱུར། ཧཱུྃ༔ རིན་ཆེན་བུམ་པ་གཞལ་ཡས་ཁང༔ ནང་དུ་བདེ་གཤེགས་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྣང་སྟོང་ཡེ་ཤེས་རྟོགས་པར་ཤོག༔ ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ རྒྱས་པར་སྤྲོ་ན་བསྐྱེད་སྔགས་རེ་རེའི་མཐར་ཀ་ལཱ་ཤ་བཏགས་པས་བསྐུར། རིན་འབྱུང་གི་ངོ་བོ་དབུ་རྒྱན་གྱི་དབང་བསྐུར་ཏེ། ཧཱུྃ༔ རིན་ཆེན་མཛེས་པའི་དབུ་རྒྱན་འདི༔ རྒྱལ་བ་ཀུན་གྱི་ཅོད་པན་ཏེ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ མཉམ་ཉིད་ཡེ་ཤེས་རྟོགས་པར་ཤོག༔ རཏྣ་མུ་ཀུ་ཊཾ་ཨ་བྷི་ཥིཉྩ་ཏྲཱཾ༔ དབུ་རྒྱན་སྤྱི་བོར་བཅིངས། སྣང་མཐའི་ངོ་བོ་རྡོ་རྗེ་ལག་གཡས་སུ་གཏད་དེ། ཧཱུྃ༔ མི་ཆོད་མི་ཤིགས་རྡོ་རྗེ་འདི༔ རྒྱལ་བ་ཀུན་གྱི་གསང་གསུམ་སྟེ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སོར་རྟོག་ཡེ་ཤེས་རྟོགས་པར་ཤོག༔ པདྨ་དྷཱ་ར་ཨ་བྷི་ཥིཉྩ་ཧྲཱི༔ དོན་གྲུབ་ཀྱི་ངོ་བོ་དྲིལ་བུ་ལག་གཡོན་དུ་གཏད་དེ། ཧཱུྃ༔ སྟོང་པ་ཉིད་ཀྱི་དྲིལ་བུ་ཆེ༔ རྒྱལ་བ་ཀུན་གྱི་དབྱངས་དང་ལྡན༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བྱ་གྲུབ་ཡེ་ཤེས་རྟོགས་པར་ཤོག༔ ཀརྨ་གྷཎྜེ་ཨ་བྷི་ཥིཉྩ་ཨཱ༔ རྣམ་སྣང་གི་ངོ་བོ་རྡོར་དྲིལ་བསྣོལ་མ་དང་ཅོད་པན་སྤྱི་བོར་བཅིངས་ཏེ། ཧཱུྃ༔ རྒྱལ་བ་ཀུན་གྱི་མཚན་མཆོག་ནི༔ ཐོག་མ་བར་དང་མཐའ་མར་དགེ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཆོས་དབྱིངས་ཡེ་ཤེས་རྟོགས་པར་ཤོག༔ བུདྡྷ་ན་མཿསརྦ་ཏ་ཐཱ་ག་ཏ་ཆེ་གེ་མོ་ཞེས་བྱ་བའོ༔ དེ་ལྟར་ཐུན་མོང་རིག་པའི་དབང་ལྔ་བསྐུར་པས་ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་གནས་གྱུར། ཉོན་མོངས་མ་རིག་པ་དུག་ལྔ་དག །ཡེ་ཤེས་ལྔ་མངོན་དུ་བྱས་པས་དེ་བཞིན་གཤེགས་པ་རིགས་ལྔ་དང་སྐལ་པ་མཉམ་པ་ཡིན་ནོ། །རྗེས་འབྲེལ་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བའི་སླད་དུ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཕྱག་རྒྱའི་སྐུ་གཉིས་པ་རེ་འཕྲོས་ནས་ཁྱེད་རང་རྣམས་ལ་ཐིམ་པས་སྒོ་གསུམ་སྐུ་གསུང་ཐུགས་དང་དབྱེར་མེད་དུ་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཙཀ་ལི་ཐོགས་ལ། ཧཱུྃ༔ དབུས་ཀྱི་ཕྱོགས་ཀྱི་དེ་བཞིན་གཤེགས༔ བཅོམ་ལྡན་རྣམ་པར་སྣང་མཛད་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རྣམ་པར་སྣང་མཛད་དབང་ཐོབ་ཤོག༔ ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཛྙཱ་ན་སཏྭ་ཧཱུྃ༔ ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཤར་གྱི་ཕྱོགས་ཀྱི་དེ་བཞིན་གཤེགས༔ བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རྡོ་རྗེ་སེམས་དཔའི་དབང་ཐོབ་ཤོག༔ ཨཱོྃ་བཛྲ་སཏྭ་ཨཱ༔ ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ལྷོ་ཡི་ཕྱོགས་ཀྱི་དེ་བཞིན་གཤེགས༔ བཅོམ་ལྡན་འཇམ་དཔལ་གཞོན་ནུ་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འཇམ་དཔལ་གཞོན་ནུའི་དབང་ཐོབ་ཤོག༔ ཨཱོྃ་མཉྫུ་ཤྲཱི་མཱུཾ༔ ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ཀྱི་དེ་བཞིན་གཤེགས༔ བཅོམ་ལྡན་འཇིག་རྟེན་དབང་ཕྱུག་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འཇིག་རྟེན་དབང་ཕྱུག་དབང་ཐོབ་ཤོག༔ ཨཱོྃ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ཧྲཱི༔ ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ བྱང་གི་ཕྱོགས་ཀྱི་དེ་བཞིན་གཤེགས༔ བཅོམ་ལྡན་ཕྱག་ན་རྡོ་རྗེ་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཕྱག་ན་རྡོ་རྗེའི་དབང་ཐོག་ཤོག༔ ཨཱོྃ་བཛྲ་པཱ་ཎི་ཧཱུྃ༔ ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཤར་ལྷོ་མཚམས་ཀྱི་དཀྱིལ་འཁོར་ནས༔ བཅོམ་ལྡན་ཀུན་ཏུ་བཟང་པོ་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཀུན་ཏུ་བཟང་པོའི་དབང་ཐོབ་ཤོག༔ ཨཱོྃ་ས་མནྟ་བྷ་དྲ་ཧཱུྃ༔ ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ལྷོ་ནུབ་མཚམས་ཀྱི་དེ་བཞིན་གཤེགས༔ བཅོམ་ལྡན་ནམ་མཁའི་སྙིང་པོ་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ནམ་མཁའི་སྙིང་པོའི་དབང་ཐོབ་ཤོག༔ ཨཱོྃ་ཁ་གརྦྷ་ཏྲཱཾ༔ ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ནུབ་བྱང་མཚམས་ཀྱི་དེ་བཞིན་གཤེགས༔ བཅོམ་ལྡན་ས་ཡི་སྙིང་པོ་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ས་ཡི་སྙིང་པོའི་དབང་ཐོབ་ཤོག༔ ཨཱོྃ་ཀྵིཾ་ཧི་རཱ་ཛ་ཧྲཱི༔ ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ བྱང་ཤར་མཚམས་ཀྱི་དེ་བཞིན་གཤེགས༔ བཅོམ་ལྡན་བྱམས་པ་མགོན་པོ་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བྱམས་པ་མགོན་པོའི་དབང་ཐོབ་ཤོག༔ ཨཱོྃ་མཻ་ཏྲི་དྷཱ་ར་ཨཱ༔ ཨ་བྷི་ཥིཉྩ་ཨཱོྃ༔ ཞེས་བསྐུར། དེ་ལྟར་དབང་བསྐུར་པས་ཕུང་ཁམས་སྐྱེ་མཆེད་དབང་ཡུལ་དང་བཅས་པ་ཐམས་ཅད་བདེ་གཤེགས་ཞི་བའི་ལྷ་ཚོགས་སུ་ཡེ་ནས་བཞུགས་པ་རྣམས་ཐབས་འདིས་གསལ་བཏབ་པ་ཡིན་པས་དེང་ཕྱིན་ཆད་ལྷ་དེ་དང་དེར་ཤེས་པར་གྱིས་ཤིག །གཞན་དོན་བྱེད་ནུས་པ་ཡིན་ན་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ་བ་ནི། དེ་ལ་དགོས་པའི་ཡོ་བྱད་གླེགས་བམ། ཕྱག་ཤིང་། འཁོར་ལོ། ཆོས་དུང་། རྡོར་དྲིལ། ཁྲི་གདུགས་སོགས་བཤམ་ལ། མཐའ་རྟེན་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་ལ་ཁྱེད་རང་རྣམས་རྣམ་པར་སྣང་མཛད་ཀྱི་ང་རྒྱལ་གྱིས་སེང་གེའི་ཁྲི་པད་ཉི་ཟླ་བའི་གདན་གྱི་སྟེང་དུ་འཁོད་པ་ལ། དམ་ཚིག་གསུམ་གཟུང་བའི་སླད་དུ་ལག་ཏུ་རྡོར་དྲིལ་གཏད་པ་སྙིང་གར་བསྣོལ་ཏེ་དཀྱིལ་འཁོར་མཆོག་གི་ཁྱབ་བདག་གི་སྙེམས་པ་བཟུང་བ་ལ། དོན་གཉིས་ལྷུན་གྱིས་གྲུབ་པའི་བརྡར་རྡོ་རྗེ་སློབ་དཔོན་གྱི་ཡོ་བྱད་ཀྱིས་མངའ་གསོལ་བ་ནི། ཧཱུྃ༔ རང་བྱུང་ལྷུན་གྲུབ་དགོངས་པ་མངོན་གྱུར་པའི༔ རྡོ་རྗེ་སློབ་དཔོན་བདག་པོའི་དབང་ཐམས་ཅད༔ དེང་འདིར་རྡོ་རྗེ་སློབ་དཔོན་འདིར་རྫོགས་ནས༔ རྒྱལ་བ་རྣམས་ཀྱིས་ཤིས་པ་བརྗོད་གྱུར་ཅིག༔ ཅེས་མངའ་གསོལ་ལ་རྟེན་སྙིང་བརྗོད་ཅིང་མེ་ཏོག་ཀྱང་འཐོར། དེས་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་རྩའི་སྒྲིབ་པ་དག །ལམ་རང་བཞིན་ཡོངས་གྲུབ་ཀྱི་བསྐྱེད་རིམ་སྒོམ་པ་ལ་དབང་། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་མངོན་དུ་འགྲུབ་པའི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །རྒྱས་པར་མཆོག་དབང་བསྐུར་ན་དབང་ཕྲེང་ཆེ་ཆུང་ནས་བླང་བར་གསུངས་ཀྱང་རེ་ཞིག་མངོན་དུ་མ་གྱུར་པས། འདིར་དགའ་རབ་སྙིང་ཏིག་དབང་ཆོག་ནས་སྦྱར་ན་གཏེར་ཁ་རིགས་གཅིག་པས་འཐད་ཆེ་བར་སེམས་ཤིང་དེ་ལྟར་སྤྲོ་ན། གཉིས་པ་གསང་བའི་དབང་གི་སླད་དུ། བླ་མ་དཀྱིལ་འཁོར་གྱི་བདག་པོ་ཡབ་ཡུམ་མཉམ་པར་སྦྱོར་བའི་བདེ་ཆེན་བྱང་ཆུབ་སེམས་ཀྱི་བདུད་རྩི་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་མགྲིན་པར་བྱིན་པར་མོས་ཤིག །ཐོད་པའི་བདུད་རྩི་སྦྱིན་ལ། ཨཱ༔ ཇི་ལྟར་བདེ་གཤེགས་ཡབ་རྣམས་ཀྱིས༔ རང་གི་སྲས་ལ་དབང་བསྐུར་བཞིན༔ བདེ་ཆེན་བྱང་ཆུབ་སེམས་ཀྱི་ཆུས༔ རྟོག་པའི་དྲི་མ་བསལ་བར་བྱ༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧོ༔ བདུད་རྩི་མྱང་པའི་རྐྱེན་གྱིས་དུག་གསུམ་གྱི་རྟོག་པ་འགག །བདེ་ཆེན་ཡེ་ཤེས་ཉམས་སུ་མྱོང་བར་མོས་ལ་སྔགས་འདིའི་རྗེས་ཟློས། ཨ་ཧོ་མ་ཧཱ་སུ་ཁ་ཧོ༔ དེས་ནང་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་རླུང་གི་སྒྲིབ་པ་དག །ལམ་བདག་བྱིན་རླབས་ཀྱི་རིམ་པ་སྒོམ་པ་ལ་དབང་། འབྲས་བུ་གསུང་རྡོ་རྗེ་ལོངས་སྐུ་མངོན་དུ་འགྲུབ་པའི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། གཟུགས་དང་ལང་ཚོ་ཕུལ་དུ་བྱུང་ཞིང་མཚན་ཉིད་ཡོངས་སུ་རྫོགས་པའི་རིག་མ་རྡོ་རྗེ་དབྱིངས་ཕྱུག་མའི་ངོ་བོར་བྱིན་གྱིས་བརླབས་པ། ཕྱག་ཏུ་སྤྲད་པ་དང་འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས་པས་དགའ་བཞི་ལུགས་འབྱུང་དང་ལུགས་ལྡོག་གི་མཐར་འཕོ་མེད་ལྷན་ཅིག་སྐྱེས་པའི་བདེ་ཆེན་མངོན་དུ་གྱུར་པར་མོས་ཤིག །རིག་ཙཀ་གཏད་ལ། ཧཱུྃ༔ དགའ་བའི་གནས་ཆེན་ཕྱག་རྒྱ་མོ༔ སྣ་ཚོགས་གཟུགས་ཅན་ཡིད་འོང་མ༔ ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ༔ དགའ་བདེའི་རོལ་མོ་རྟག་ཏུ་གྱིས༔ མ་ཧཱ་མུ་དྲ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གཏད། ཛཿཧཱུྃ་བཾ་ཧོཿཨ་ནུ་རཱ་ག་ཛྙཱ་ན་བཛྲ་ས་མ་ཡ་ཧོ༔ དེས་གསང་བ་ཕྱག་རྒྱའི་ཆུ་སྐྱེས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཐིག་ལེའི་སྒྲིབ་པ་དག །ལམ་དཀྱིལ་འཁོར་འཁོར་ལོ་སྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་མངོན་དུ་འགྲུབ་པའི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །བཞི་པ་དོན་དམ་ཚིག་གིས་ངོ་སྤྲོད་པའི་དབང་ནི། སྔར་དཔེ་ལས་སྐྱེས་པའི་ཡེ་ཤེས་དེ་ཉིད་ཀྱིས་མཚོན་བྱེད་དུ་བྱས་ནས། དོན་དམ་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གདོད་ནས་རང་རིག་རང་ལ་གསལ་བའི་རྡོ་རྗེ་སེམས་དཔའ་ཉིད་དུ་ཤེས་པར་གྱིས་ལ་མ་བཅོས་གཉུག་མའི་ངང་དུ་མཉམ་པར་ཞོག་ཅིག །ཤེལ་རྡོ་སྙིང་གར་བཞག །ཨ༔ གསང་བ་མཆོག་གི་དགྱེས་པ་ན༔ ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས༔ རྡོ་རྗེ་སེམས་དཔའ་བདེ་བ་ཆེ༔ དབྱིངས་རིག་ཟུང་འཇུག་རྟོགས་པར་ཤོག༔ ཛྙཱ་ན་བཛྲ་སཏྭ་ཨ་ཨ་ཨ༔ དེས་དེ་ཁོ་ན་ཉིད་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་བཞི་པ་དོན་དམ་པའི་དབང་ཐོབ། ཤེས་བྱའི་སྒྲིབ་པ་དག །ལམ་འོད་གསལ་རྫོགས་པ་ཆེན་པོ་སྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་མངོན་དུ་འགྲུབ་པའི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །ཞེས་དང་ཤིས་བརྗོད་གང་མོས་བྱ། དེ་རྣམས་ཀྱིས་རྫོགས་ཆེན་སྡེ་གསུམ་ཕྱི་སྐོར་སེམས་སྡེའི་ཡི་དམ་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལེགས་པར་གྲུབ་པ་ཡིན་ཏེ། གཞུང་ལས། དེ་ལྟར་རྡོར་དབྱིངས་དཀྱིལ་འཁོར་གྱི༔ དབང་བསྐུར་ཡོངས་རྫོགས་ཕྱི་སྐོར་འདི༔ ཡང་ཟབ་ཀུན་གྱི་མཐར་ཐུག་པའི༔ རྫོགས་པ་ཆེན་པོའི་ཆོས་སྡེར་འདུ༔ ཞེས་གསུངས་པ་ཉིད་ཚུལ་བཞིན་གྲུབ་པས་དབང་དུས་སུ་ཞལ་གྱིས་བཞེས་པའི་དམ་ཚིག་རྣམས་བསྲུང་སྙམ་པས་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དབང་རྗེས་ཀྱི་རིམ་པ་རྣམས་བྱའོ།། །།གསུམ་པ་མཇུག་ཆོག་ཀྱང་ཕྲིན་བྱང་དཀྱུས་ལྟར་བྱས་པས་གྲུབ་བོ། །རིགས་གཅིག་རིགས་རྣམས་ཀུན་གྱི་བདག །བདེ་གཤེགས་ཞི་བ་རྡོ་རྗེ་དབྱིངས། །གང་དེའི་དབང་བསྐུར་ཟིན་ཐུན་འདིས། །ཟབ་མོའི་བསྟན་པ་གསལ་གྱུར་ཅིག །ཕྱི་སྐོར་ཡི་དམ་ཞི་བ་རྡོར་དབྱིངས་ཀྱི་དབང་གི་ལེ་ཚན་ནོ།། །། ༄༅། །ལྔ་པ་ཕྱི་སྐོར་ཁྲིད་ཀྱི་བྱིན་རླབས་ཨ་ཡིག་མདའ་འཕེན་མ་དང་ཁྲིད་དངོས་ལ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་ནི། རས་བྲིས་སམ་རྡུལ་ཚོན་གྱི་ཕྱི་དབྱིབས་ཙིཏྟ་རྩེ་མོ་ནུབ་བསྟན་ལ་ནང་པདྨ་དམར་པོ་འདབ་མ་བཅུ་དྲུག་མུ་ཁྱུད་དང་བཅས་པའི་ལྟེ་བར་ཉི་གདན་ལ་ཨ་ཞབས་སྤྲོད་དབུ་ཤར་ནུབ་ཏུ་བསྟན་པ། འདབ་མ་རྣམས་ལ་ཨ་དཀར་པོ་རེ་རེ་དབུ་ཕྱིར་བསྟན་དུ་བྲི། དེའི་སྟེང་བུམ་པ་བཅུད་ལྡན་གྱི་མཆུ་ལ་རས་སམ་ཤིང་ཤུན་ལ་བྲིས་པའི་ཙིཏྟ་དམར་པོ་ཨ་ཡིག་གིས་མཚན་པ་གདག །ཕྱི་ནང་གི་མཆོད་ཚོགས་སོགས་བཤམ་མོ།། །།དངོས་གཞི་ལ་དབང་སྒྲུབ་ཕྱི་སྐོར་བླ་མའི་བྱང་བུ་ཁྲིགས་བསྡེབས་ལྟར་བདག་དང་མདུན་རྟེན་དབྱེར་མེད་ཀྱི་དགོངས་པས་བཟླས་པ་དང་། བུམ་པ་ཟུར་དུ་སྒྲུབ་མི་དགོས་ཀྱང་བུམ་ནང་ཨ་དཀར་པོ་རེ་འོད་དུ་ཞུ་བས་བུམ་ཆུ་ཆོས་ཉིད་རྒྱུ་རྐྱེན་མེད་པའི་བདུད་རྩིར་གྱུར་པར་བསམ་ལ་ཨ་གང་འགྲུབ་བཟླ། ལས་བུམ་རྡོར་སེམས་སྙིང་པོས་བྱིན་གྱིས་བརླབ། བཀའ་སྲུང་གཏོར་ཆོག་དང་ཚོགས་མཆོད་ཟབ་རྒྱས་གྲུབ་པ་ན། དབང་དངོས་ལ་སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་བསྐྲད། སྲུང་འཁོར་སྤྱི་ལྟར་དང་། མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་གདབ་རྗེས། དེ་ལ་འདིར་གྲུབ་པའི་རིག་འཛིན་རྣམས་ཀྱི་ཐུགས་བཅུད་སྔ་འགྱུར་རྙིང་མ་ལ་མདོ་སྒྱུ་སེམས་གསུམ་ཞེས་གྲུབ་པའི་མཐའ་ཆེན་པོ་གསུམ་གྱི་ཡ་གྱལ། རྫོགས་པ་ཆེན་པོ་ཀུན་གྱི་འཕྲོ་གཞིའམ་རྩ་བ་ལྟ་བུ་སེམས་ཕྱོགས་རྒྱ་མཚོའི་རྒྱུད་ལུང་མན་ངག་གི་སྙིང་པོའི་གདམས་པ། མཁས་པ་ཤྲཱི་སིཾ་ཧས་དུས་གསུམ་ཀུན་མཁྱེན་པདྨ་འབྱུང་གནས་ལ་གདམས་པ་ཟབ་དགུའི་ཡང་བཅུད། རྟོག་གེ་དང་དམ་ཉམས་འདྲེས་ཁྱེར་གྱིས་བསྲེ་བསླད་མ་ཞུགས་པ་མཁའ་འགྲོའི་ཁ་རླངས་ཐུལ་ལེ་བ་འདི་ནི། ཇི་སྐད་དུ། གསང་སྔགས་དོན་གྱི་མཚན་མ་ནི། །དཔེ་ལ་བརྟེན་ནས་ཡང་དག་འབྱུང་། །དོན་ལ་བརྟེན་ནས་ངེས་ཤེས་རྙེད། །རྟགས་ལ་བརྟེན་ནས་ཡིད་ཆེས་སྐྱེ། །ཞེས་གསུངས་པ་ལྟར། བླ་མའི་བརྒྱུད་པ་མ་ཆད་པ། དབང་གི་ཆུ་བོ་མ་ཆད་པ། གདམས་ངག་གི་སརྒ་མ་ལོག་པ། ཉམས་མྱོང་བྱིན་རླབས་ཀྱི་དྲོད་མ་ཉམས་པ་དང་། རྒྱུད་དབང་དང་འབྲེལ་བ། དབང་གདམས་ངག་དང་འབྲེལ་བ། གདམས་ངག་ཕྱག་བཞེས་དང་འབྲེལ་བ། ཕྱག་བཞེས་བླ་མ་བརྒྱུད་པའི་བྱིན་རླབས་དང་འབྲེལ་བས་ཁྱད་པར་དུ་མའི་སྒོ་ནས་འཕགས་པ་སྟེ། རྒྱུད་ལས། བརྡ་དང་བརྡ་མཚོན་གོ་བ་ནི། །དབང་གི་ནང་ནས་དབང་བཀའ་འོ། །ཞེས་གསུངས་པ་ལྟར་ལོ་ཆེན་བཻ་རོ་ཙ་ནའི་བཀའ་སྲོལ་སེམས་སྡེ་ཨ་དོན་བཅོ་བརྒྱད་ཀྱི་བརྡ་དབང་བཀའ་མའི་རྒྱུན་བཞུགས་བཞིན་པ་ལ། ཉེ་བརྒྱུད་བྱིན་རླབས་ཀྱི་ཚན་ཀ་ཟབ་གཏེར་གྱི་གསང་མཛོད་ལས་གཏེར་ཆེན་ཡབ་སྲས་ཀྱིས་སྤྱན་དྲངས་པའི་བཀའ་གཏེར་ཟུང་འཇུག་འདི་ཉིད་ཀྱི་ཕྱི་སྐོར་སེམས་སྡེའི་ཁྲིད་ཀྱི་བྱིན་རླབས་ཟླ་བའི་ཞུན་མ་སྙིང་གི་མུན་སེལ་འབུལ་བ་ལ། ཀྱེ༔ རིགས་ཀྱི་བུ་རྣམས༔ དབང་བསྐུར་བའི་ཚུལ་ནི་འདི་ལྟ་བུ་སྟེ༔ བསྐུར་བྱ་སྐུར་བྱེད་བསྐུར་ཐོབ་དང་བྲལ་བའོ༔ ཞེས་གསུངས་པ་ལྟར་དོན་དམ་ཡེ་ཤེས་ཀྱི་དབང་བསྐུར་ཐོབ་ཀྱི་མཚན་མ་ལས་འདས་པའི་དོན་མངོན་དུ་བྱ་བའི་ཕྱིར་ཀུན་རྫོབ་རྟེན་འབྲེལ་གྱི་ཆེ་བ་དབང་བསྐུར་ཞུ་བའི་སླད་དུ། ཁྱེད་རང་གིས་དངོས་སུ་འབྱོར་པ་དང་ཡིད་ཀྱིས་སྤྲུལ་པའི་མཆོད་སྤྲིན་ཞིང་ཁམས་རྒྱ་མཚོར་ཁྱབ་པར་སྤྲུལ་ནས་འབུལ་བ་ཞུ། མཎྜལ་ཕུལ། འོ། རང་ཤེས་རིག་པའི་རྒྱལ་པོ་བླ་མ་ཀུན་ཏུ་བཟང་པོར་སྒོམས་ལ་དད་མོས་གདུང་བ་དྲགས་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བདག་ལ་བྱ་རྩོལ་བྲལ་བའི་རྫོགས་ཆེན་ཐམས་ཅད་སེམས་སུ་བལྟ་བ༔ བརྡ་ཙམ་གྱིས་ནི་རྟོགས་པའི་བྱིན་རླབས་འཕོ་བའི་དབང༔ སློབ་དཔོན་དགོངས་པའི་མཐར་ཐུག་གང་ཡོད་བདག་ལ་བསྩལ་དུ་གསོལ༔ ལན་གསུམ། དེ་ནས་མཆོད་བསྟོད་བཤགས་པ་བྱ་བར་གསུངས་པས་ཚིག་རིས་དང་མཐུན་པའི་ཀུན་བཟང་དོན་གྱི་ཕྲིན་ལས་ཀྱི་སྒོམ་དོན་གསལ་ཐོབས་ཤིག །དཔོན་སློབ་ལྷན་ཅིག་པས་ཕྱི་སྐོར་བླ་མའི་བྱང་བུའི་མཆོད་བསྟོད་དང་། སྒྲིབ་སྦྱོང་བྱང་བུ། ཆོས་ཉིད་ཀློང་བཤགས་སོགས་རྒྱས་བསྡུས་ཅི་རིགས་བྱ། དེ་ནས་སློབ་དཔོན་གྱིས། ཀྱེ༔ རིགས་ཀྱི་བུ་སློབ་དཔོན་མ་བཅོས་གསལ་རྫོགས་ལྷུག་པར་གནས་པའི་སྙིང་རྩ་འདབ་དབུས་དང་བཅས་པའི་ཕྱོགས་བརྒྱད་ན་ཨ་སུམ་ཅུ་རྩ་གཅིག་བསྒོམ༔ སྙིང་གར་གནས་པའི་ཨ་དཀར་པོ་ལས་འོད་ཟེར་མདའ་འཕང་པ་ལྟར་འཕྲོས༔ དཀྱིལ་འཁོར་དབུས་ཀྱི་ཨ་ཐམས་ཅད་ལའང་ཕོག༔ དེ་ལས་ཀྱང་འོད་ཟེར་སྔར་ལྟར་འཕྲོས་ཏེ་རྫས་ཀྱི་ཨ་ཡིག་ལ་ཕོག༔ དེ་ལས་འོད་ཟེར་སྐར་མདའ་ལྟར་འཕྲོས་པས་སློབ་མའི་སྙིང་ནང་གི་ཨ་ལ་ཕོག་པས༔ སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཨ་ཡིག་བཞི་ལ་ཐིམ༔ རང་ལུས་ཀྱང་ཨ་ཡིག་ལ་ཐིམ༔ ཨ་ཡིག་འོད་དུ་མེར་གྱིས་ཞུ་ནས་མི་དམིགས་པར་མཉམ་པར་བཞག༔ སླར་ཡང་མ་འདྲེས་གསལ་རྫོགས་སུ་གསལ་བས༔ སྙིང་གའི་ཨ་ཡིག་ལས་འོད་འཕྲོས༔ སྙིང་གི་ནང་ཐམས་ཅད་གསལ༔ བུམ་ནང་གི་མར་མེ་ལྟ་བུའི་འོད་གསལ་བར་བལྟ་བ་ནི་སྤྱི་ཙམ་སྟེ་མན་ངག་ནི་གཞན་དུ་ཤེས༔ ཞེས་གསུངས་པའི་གདམས་ངག་གུད་དུ་སྦས་པ་ནི། དཀྱིལ་འཁོར་པད་བུམ་སྙིང་ཨ་དེ༔ ཡུལ་དབང་ཤེས་གསུམ་ཀུན་གཞི་མཚོན༔ སྣང་སྟོང་བདེ་སྟོང་བདེ་བ་ཆེ༔ ཡུལ་སྟོང་དབང་དག་རྣམ་ཤེས་འགྱུར༔ ཀུན་གཞི་བྱ་བྱེད་བྲལ་བ་འོ༔ ཞེས་རྡོ་རྗེའི་ཚིག་ཏུ་བསྟན་པའི་དོན་ཁྲིད་བརྒྱུད་ལྡན་བླ་མའི་ཞལ་ལུང་ལས་བླང་བར་བྱའོ། །དཀྱིལ་འཁོར་གྱི་བརྡ་དོན་ངོ་སྤྲད་པ་ནི༔ དཀྱིལ་འཁོར་དབུས་ཀྱི་ཨ་དཀར་པོ་དེ་ནི་ཀུན་གཞི་དྲི་མ་མེད་པ་མཚོན་ནོ༔ ཨ་ཡིག་ཕྱི་རོལ་དུ་ཙིཏྟ་རིན་ཆེན་འདི་ནི་ཀུན་གཞིའི་ངོ་བོ་སྟོང་པའི་འོད་གསལ་བ་ལས་མ་རིག་པ་རྣམ་ཤེས་སམ༔ རིག་པའི་དུས་ན་ཡེ་ཤེས་སུ་མཚོན་པས་སྐུ་གཉིས་ལྷུན་གྱིས་གྲུབ་པའོ༔ བུམ་པ་ནི་ལུས་དབང་པོའི་སྒོ་ཐམས་ཅད་གསལ་ཞིང་རྣམ་ཤེས་ཀྱི་འཇུག་སྒོ་ཕྱི་ནང་གི་ཡུལ་ཤེས་གཉིས་ཀྱི་གོ་འབྱེད་པ་ལྟ་བུ་སྟེ༔ བུམ་པའི་སྒོ་འགགས་པས་སོ་སོར་དབྱེ་བ་ཙམ་ལས་བུམ་པ་དབྱིངས་སུ་ཐིམ་པའི་ཚེ་ནམ་མཁའ་ཕྱི་ནང་གཅིག་ཏུ་འགྱུར་བ་བཞིན༔ ལུས་ཀྱི་རྒྱ་གྲོལ་བས་ཡུལ་དང་ཤེས་པ་དབྱེར་མེད་ཅིང༔ དེ་ཉིད་ཀྱང་ཀུན་གཞིའི་དབྱིངས་སུ་རྫོགས་པར་འགྱུར་བས་ན༔ མ་དག་པའི་དབང་པོ་གཉིས་སུ་འཛིན་ཅིང༔ དག་པའི་དབང་པོ་བདེན་མེད་དུ་མཐོང་བས་བུམ་པ་ཆག་པའི་མར་མེས་ཕྱི་ནང་འོད་གསལ་བ་བཞིན༔ འོད་གསལ་དག་པའི་གཞོན་ནུ་བུམ་པའི་སྐུར་ལྷུན་གྱིས་གྲུབ་པར་མཚུངས་ལ༔ པདྨ་ནི་མ་དག་པའི་ངོ་ནས་ཀུན་གཞི་ནས་གསལ་བའི་ཆ་མ་རྟོགས་པར་རྣམ་ཤེས་ཀྱི་འཇུག་པ་དབང་པོས་མཚམས་སྦྱར་ཏེ་ཡུལ་ཐམས་ཅད་སྣ་ཚོགས་བདེན་ཞེན་དུ་མཐོང་བར་བྱེད་ལ༔ དེ་ཉིད་རྣམ་ཤེས་གནས་འགྱུར་བའི་ཚེ་དབང་པོ་བདེ་བ་འོད་གསལ་ཞིང་ཕྱི་ཡི་རྟོག་ཚོགས་ཐམས་ཅད་ཆོས་ཉིད་ཀྱི་རང་སྣང་དུ་རྟོགས་པས་ཞིང་ཁམས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མཐོང་བའི་བརྡའོ༔ དབང་བསྐུར་བ་ནི༔ སློབ་དཔོན་གྱིས་བུམ་པ་ཐོགས་ལ༔ དང་པོ་དབང་པོའི་ཚོར་བས་མཚམས་སྦྱར་ཏེ༔ རྣམ་ཤེས་ལོག་པར་བྱེད་པ་དག་པ་དང༔ དབང་པོ་བདེན་མེད་ཉིད་དུ་རྟོགས་བྱའི་ཕྱིར༔ བདེ་ཆེན་གཞོན་ནུ་ཕྱག་རྒྱ་བུམ་པའི་དབང༔ བདེ་བས་དེ་ཉིད་རྟོགས་ཕྱིར་དབང་བསྐུར་རོ༔ ཁ་རྒྱན་སྣ་ཚོགས་མདོངས་སྒྲོ་པདྨའི་འདབ༔ སྣང་སྟོང་དབྱེར་མེད་ཡུལ་ཀུན་དག་པ་དང༔ སྣང་སྲིད་བདེ་བ་ཆེན་པོར་འཆར་བའི་ཕྱིར༔ བུམ་པའི་ཁ་རྒྱན་སྣང་སྟོང་མདངས་གསལ་དབང༔ ཕྱི་ནང་གཉིས་མེད་རྟོགས་ཕྱིར་དབང་བསྐུར་རོ༔ རྣམ་ཤེས་ཡུལ་ལ་འཇུག་པའི་མ་དག་པ༔ རྡོ་ལ་གསེར་འགྱུར་རྩི་ཡིས་བཏབ་པ་བཞིན༔ བདེ་ཆེན་མཁའ་དབྱིངས་མཉམ་སྦྱར་གཅིག་ཏུ་འཁྲིལ༔ ཙིཏྟ་རིན་ཆེན་འབར་བ་ཟུར་བརྒྱད་འདི༔ བདེ་བ་བརྒྱད་དུ་མཚོན་པའི་དབང་བསྐུར་བས༔ དགའ་བཞིའི་ཡེ་ཤེས་དབྱིངས་སུ་རྣམ་ཤེས་དག༔ ཡེ་ཤེས་འོད་གསལ་ཀློང་དུ་གྲོལ་བར་ཤོག༔ ཨ་ནི་ཀུན་གཞི་ཀ་དག་སྒྲིབ་བྲལ་ལ༔ གཙང་ཞིང་རྟག་ལ་འགྱུར་བ་མེད་པའི་ངང༔ བཟང་ངན་བླང་དོར་འཛིན་པའི་མཐའ་ལས་འདས༔ འོད་གསལ་ཀློང་ཆུབ་སེམས་ཉིད་ཡེ་ཤེས་སུ༔ བལྟས་པས་སྣང་སྲིད་ཐམས་ཅད་ཡེ་ཤེས་དབྱིངས༔ ཡོངས་རྫོགས་རྩོལ་བ་མེད་པའི་ངང་དུ་བལྟ༔ ཨ་ཨ་ཨ༔ ཞེས་པའི་བར་བརྗོད་ལ་དབང་བསྐུར་ཞིང་བུམ་ཆུ་སྦྱིན། རིག་འཛིན་དགོངས་ཉམས་ཀྱི་གླུས་བསྐུལ་བ་ལ། རིག་འཛིན་སོ་སོའི་སྐུ་ཐོགས་ལ། རྩ་བ་རིག་འཛིན་ཤྲཱི་སིཾ་ཧས་བསམ་གཏན་གྱི་ཁང་བུར་གླུ་ཕྱི་མ་རྒྱས་པ་འདི་སྐད་དོ། །ཇི་ལྟར་བསམ་ཡང་མི་རྟོག་ངང༔ ཇི་ལྟར་སྨྲས་ཀྱང་སྒོམ་པ་མེད༔ སྣང་སྲིད་ཆོས་ཀུན་ཡེ་ཤེས་ངང༔ ཡེ་ཤེས་བཙལ་དུ་མེད་པ་འདི༔ རང་བྱུང་རང་ཤར་ཐལ་ལེ་བ༔ ང་ནི་དེང་ཕྱིན་གཞི་ལ་གནས༔ གཞི་ནི་མ་བཅོས་ལྷུག་པར་འདུག༔ མཚན་ཉིད་ཀུན་ལྡན་འོད་གསལ་བ༔ ཅིར་ཡང་མ་ཡིན་ཅིར་ཡང་རྟོགས༔ ལྟ་བ་མཐར་ཕྱིན་ཤྲཱི་སིཾ༔ སྒོམ་པའི་བློ་དང་བྲལ་འདོད་ནས༔ གསལ་བ་འདི་ལ་ལམ་བྱས་པས༔ གཏད་སོ་མེད་པའི་ཉམས་ཤིག་ཤར༔ རྒྱུན་ཆད་མེད་པའི་ཤྲཱི་སིཾ༔ སྤྱོད་པ་སྤྱད་རྒྱུ་འདུག་གམ་བལྟས༔ ཅི་བྱས་ཐམས་ཅད་བདེ་བ་ཆེ༔ གང་བྱུང་ཐམས་ཅད་དགའ་བའི་ངང༔ ཟུང་འཇུག་མངོན་གྱུར་ཤྲཱི་སིཾ༔ འབྲས་བུ་འཐོབ་པར་བྱ་བའི་ཕྱིར༔ གཞི་ཡི་སྟེང་དུ་མཉམ་པར་བཞག༔ འཇམ་དཔལ་བཤེས་གཉེན་གདམས་པ་སྟེ༔ སེམས་ཀྱི་ཀློང་ནས་གཏེར་དུ་རྙེད༔ རྣམ་ཤེས་ཡུལ་དབང་ཀུན་གཞི་རྣམས༔ སོ་སོར་དབྱེར་མེད་དམིགས་སུ་མེད༔ གང་ཡང་འདི་ཞེས་མེད་པ་ཡི༔ བདེ་བ་ཆེན་པོར་ཨ་ལ་ལ་ཧོ༔ སླར་ཡང་སྙིང་དང་འདྲ་བའི་སློབ་མ་གཅིག་ལ་སྦྱིན་པའི་ཆིག་བརྒྱུད་ནི༔ སློབ་དཔོན་འབོལ་སྟན་དགུ་བརྩེགས་སུ་གནས་པའི་སྟེང་ནས་སློབ་མའི་རྣ་བར་སྦུབས་མཆུ་བཙུགས་ཏེ༔ སྐད་ཤུབ་བུས་གཞན་གྱིས་མ་ཚོར་བར། བུམ་པ་ཁུངས་གཏོར་གྱི་དགོངས་པ་ལས༔ ཆོས་ཐམས་ཅད་ཡེ་ཤེས་སུ་ཤེས༔ ཡེ་ཤེས་བཙལ་དུ་མེད་པའོ༔ ཞེས་དང་། དང་པོ་ཐུག་ས་གཅིག་ཏུ་ཐུག༔ བར་དུ་བལྟ་ས་གཅིག་ལ་བལྟ༔ མཐར་མར་མཐོང་བ་གཅིག་ཏུ་མཐོང༔ ཞེས་ངོ་སྤྲོད༔ སྦུབས་མཆུའི་གདམས་པ་སྤྱི་དང་ཁྱད་པར་བཅས་ལན་གསུམ་ཐེབས་པར་གདབ། རྒྱས་པར་སྤྲོ་ན། འདིའི་དབང་གཞུང་ལས། རྒྱས་པར་རྩ་ཡི་ཨ་ཡིག་བཅོ་བརྒྱད་ལ་སེམས་འཛིན༔ དོན་བཅོ་བརྒྱད་ཀྱི་གླུ་བླང་བ་གཞན་དུ་བལྟ་འོ༔ ཞེས་གསུངས་པ་ནི། རླུང་རོ་བསལ། ལུས་གནད་དང་བཅས། དཔོན་སློབ་གཉིས་ཀའི་ཙིཏྟ་རིན་པོ་ཆེ་འབར་བའི་གཞལ་ཡས་སུ་པདྨ་འདབ་མ་བཅུ་དྲུག་པའི་ལྟེ་བ་ལ་ཨ་དཀར་པོ་ཞལ་སྤྲོད་དང་། འདབ་མ་བཅུ་དྲུག་ལ་ཨ་དཀར་པོ་བཅུ་དྲུག་མགོ་ཕྱིར་བསྟན་དུ་བསྒོམ་པར་བྱའོ། །དེ་ནས་བླ་མའི་ཐུགས་ལ་གནས་པའི་པདྨའི་ཨ་རྣམས་འོད་དུ་ཞུ་ནས། འོད་དེ་སོག་མདའ་བཞིན་དུ་དཀར་ནར་གྱིས་སོང་བ་དེས་དཀྱིལ་འཁོར་གྱི་པདྨའི་ཨ་རྣམས་ལ་ཕོག་པས་དེ་རྣམས་ཀྱང་འོད་དུ་དཀར་མེར་གྱིས་ཞུ། དེ་ལས་ཀྱང་འོད་དཀར་ནར་གྱིས་འཕྲོས་ནས་སྟེང་གི་བུམ་པའི་ཨ་རྣམས་ལ་ཕོག་པས་དེ་རྣམས་ཀྱང་འོད་དུ་དཀར་མེར་གྱིས་ཞུ་ནས། འོད་དེ་སློབ་མའི་སྙིང་གའི་པདྨའི་ཨ་རྣམས་ལ་ཕོག་པས། འཁོར་བའི་བག་ཆགས་དང་རྣམ་པར་རྟོག་པ་ཐམས་ཅད་སྦྱངས་ནས་སེམས་ཉིད་དག་པའི་ངོ་བོ་ཨ་དཀར་པོ་དེ་རྣམས་ལ་ཤེས་པ་མ་ཡེངས་པར་གཏད་པས། དེ་རྣམས་ཤིན་ཏུ་དཀར་བ་རང་བཞིན་གྱིས་འོད་གསལ་བར་གྱུར་ནས་སྙིང་གི་ནང་འོད་ཀྱིས་ཁེངས་པ་དང་། ཨ་དེ་རྣམས་འོད་ཀྱི་རང་བཞིན་དུ་གྱུར་ནས་ལུས་ཀྱི་ནང་དང་། རིམ་གྱིས་འཇིག་རྟེན་གྱི་ཁམས་དང་། ནམ་མཁའི་མཐའ་ཀླས་པར་འོད་ཀྱིས་ཁྱབ། མཐར་དེ་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་བཞིན་སླར་འདུས་ནས་ཐིག་ལེ་ཆེན་པོའི་རང་བཞིན་དུ་གསལ། དེ་ཐིག་ལེ་ཤིན་ཏུ་ཕྲ་བ་ལ་འདུས། དེ་ཡང་ཡལ་གྱིས་ཡལ་བ་ལ་རིག་པ་གཏད་ཅིང་མཉམ་པར་བཞག་པས། འཁོར་འདས་ཀྱི་སྣང་བ་ཅི་ཤར་ཡང་ངོ་བོ་ངོས་གཟུང་ལས་འདས་པའི་རང་རིག་ཡུལ་མེད་རང་གསལ་གྱི་ངང་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །ཞེས་གསལ་བཏབ་ལ་སྒོམ་དུ་གཞུག །དེ་ནས་རྒྱལ་པོ་དྷ་ཧི་ན་ཏ་ལོའི་གླུ་ནས་བརྩམ་རིག་འཛིན་བཅོ་བརྒྱད་ཀྱི་གླུ་རེ་རེ་དང་། སྦུབས་མཆུའི་གདམས་པ་རེ། གཡུང་སྟོན་རྡོ་རྗེ་དཔལ་བཟང་གི་བཀའ་མའི་སེམས་སྨད་དབང་ཆོག་ལས་ཁོལ་དུ་ཕྱུང་ནས་བསྐུར་བར་བྱའོ། །ཞེས་གསུངས་པ་སོགས་དཀྱུས་སུ་བྲིས་པ་ནི། ༡༽ཁྱུང་ཆེན་གྱི་དགོངས་པ། ཆོས་ཉིད་ཀློང་རྡོལ་གླུ་ཡི་བསམ་གཏན། ཙན་དན་གྱི་ནགས་ཚལ་དུ་ནམ་གྱི་གུང་ལ། རྒྱལ་པོ་དྷ་ཧི་ན་ཏ་ལོས་འདི་སྐད་ལོ། །ཧཱུྃ། འགྱུར་བ་མེད་པའི་ཆོས་ཉིད་ནི། །ཀུན་གཞི་མ་བཅོས་བྱང་ཆུབ་སེམས། །གཟུང་འཛིན་རྣམ་རྟོག་ཡུལ་ལས་འདས། །སྣང་བའི་གཟུགས་མེད་བྱང་ཆུབ་སེམས། །ཅི་ལའང་མི་དཔྱད་རྟོག་པས་མི་གཟུང་ཞིང་། །སེམས་ཉིད་རང་བཞིན་བསམ་མེད་མཁའ་འདྲ་ལ། །མ་ཡེངས་མ་བསླད་བཅོས་པ་མེད་པར་གཞག །སྒོམ་དུ་མེད་པའི་ཆོས་དབྱིངས་ཆེན་པོ་ལ། །བསམ་དུ་མེད་པའི་རིག་པ་མ་ཡེངས་ཞོག །དེ་ལས་སྒོམ་དུ་རྡུལ་ཙམ་མེད་པར་འཁུམས། །སྐྱེ་བ་བརྒྱུད་ནས་རྒྱལ་པོར་བདག་སྐྱེས་ཏེ། །དོ་ཧ་དེ་བླངས་ང་རྒྱལ་བཅག་པ་ལས། །སྔོན་ཆད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །སེམས་དང་ཆོས་ཉིད་འདྲེས་པའི་འཕྲོ་བླངས་ཤིང་། །སྒྱུ་མའི་ཕུང་པོ་ད་ལྟ་བསྙིལ་བའི་ཕྱིར། །ཀུན་བཟང་ཐུགས་ཀྱི་འོད་ཟེར་བདག་ལ་ཤར། །གྷི་ཏ་མ་ཀོ་ས་ལ་ཨ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ། །སྦུབ་མཆུ་ནི། གསེར་གྱི་ཁྱུང་གཤོག་ཅེས་པའི་མན་ངག་ལས། གསལ་ལ་མི་གཡོ་ཐལ་བྱུང་བའོ།། ༢༽རིག་པའི་ཁུ་བྱུག་གི་དགོངས་པ། རིག་པ་ཀློང་རྡོལ་གླུའི་བསམ་གཏན། ཙནྡན་གོར་ཤིརྵའི་ཚལ་དུ་ནམ་གྱི་ཆ་སྟོད་ལ། སྲས་ཐུ་བོ་རཱ་ཛ་ཧསྟིས་འདི་སྐད་ལོ། །ཧཱུྃ། ཀུན་གཞི་ཡེ་ནས་མ་བཅོས་དེ་བཞིན་ཆོས་ཀྱི་དབྱིངས། །རང་བྱུང་ཡེ་ཤེས་མཁའ་འདྲ་མཉམ་པ་ཆེན་པོའི་ངང་། །ཚིག་དང་ཡི་གེའི་སྒྲ་ལས་འདས་པ་ཀུན་ཏུ་བཟང་། །སེམས་དང་ཆོས་ཉིད་མཉམ་ཞིང་དབྱེར་མེད་ན། །ལུས་ངག་ཡིད་གསུམ་མཚན་མ་ཅིས་བསླད་ཀྱང་། །ཆོས་ཉིད་བྱང་ཆུབ་སེམས་ལ་འགྱུར་མེད་དེ། །རྣམ་རྟོག་སྐྱོན་སྤངས་ཀུན་གཞི་བྱང་ཆུབ་སེམས། །མ་བཅོས་ངང་དུ་བཞག་པ་ལས། །སྒོམ་ཞེས་གུད་ན་མེད་པར་འཁུམས། །སྒྱུ་མའི་ཕུང་པོ་ད་ལྟ་བསྙིལ་བའི་ཕྱིར། །ཀུན་བཟང་ཐུགས་ཀྱི་འོད་ཟེར་ང་ལ་ཤར། །གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ སྦུབ་མཆུ་ནི། བུམ་པ་ཁུངས་གཏོར་ཞེས་བྱ་བའི་མན་ངག་ལས། ཡེ་ཤེས་མ་བཙལ་ཡན་པར་ཞོག། ༣༽ནམ་མཁའ་ཆེའི་དགོངས་པ། ཡེ་ཤེས་ཀློང་རྡོལ་གླུ་ཡི་བསམ་གཏན། མེ་ཏོག་ཨུ་དུམ་བཱ་རའི་ཚལ་དུ་ནམ་སྨད་ཀྱི་ཆ་ལ། སྲས་མོ་སཱ་ར་ནིས་འདི་སྐད་ལོ། །ཧཱུྃ། །ཀུན་གཞི་མ་བཅོས་ཡེ་ནས་ཆོས་ཀྱི་དབྱིངས། །རྒྱུ་དང་རྐྱེན་གྱིས་མ་སྐྱེས་འཇིག་དྲལ་མེད། །རང་བྱུང་ལྷུན་གྱིས་གྲུབ་པའི་བཅོམ་ལྡན་འདས། །གཟུང་འཛིན་ཀུན་ལས་འདས་པ་རྡོ་རྗེ་སེམས་དཔའི་ཐུགས། །ཡེ་ནས་མ་བཅོས་ཆོས་ཀྱི་དབྱིངས་ཉིད་ལ། །རང་བྱུང་རང་གསལ་རིག་པ་ཡེ་ཤེས་ཀྱིས། །མ་བཅོས་མ་བསླད་ངང་དུ་བཞག་པ་ནི། །རྡོ་རྗེ་སེམས་དཔའི་དགོངས་པ་ཡིན། །བདག་གི་སྒོམ་པ་འདི་ལས་མེད་པར་འཁུམས། །སྒྱུ་མའི་ཕུང་པོ་ད་ལྟ་བསྙིལ་བའི་ཕྱིར། །ཀུན་བཟང་ཐུགས་ཀྱི་གཏེར་ཆེན་བདག་ལ་བབས། །གྷི་ཏ་མ་ཀོ་ལ་ཧོཿ སྦུབ་མཆུ་ནི། ཉི་མ་ཤར་བ་ལྟ་བུའི་མན་ངག་ལས། རིག་པ་ཅིག་ཆར་ལྷུག་པར་གཞག། ༤༽ཐིག་ལེ་དྲུག་པའི་དགོངས་པ། བདེ་བ་ཀློང་རྡོལ་གླུའི་བསམ་གཏན། སྐྱ་རེངས་དང་པོ་ཤར་ཙམ་ན། རྒྱ་མཚོའི་གཏིང་རུམ་དུ་ཀླུའི་རྒྱལ་པོས་འདི་སྐད་དོ། །ཧཱུྃ། མཐའ་དང་དབུས་མེད་ནམ་མཁའ་ལྟ་བུའི་ཐུགས། །སྨྲ་བསམ་ཡུལ་ལས་འདས་པ་ཆོས་ཀྱི་སྐུ། །སྲིད་འབྱུང་སྐྱེ་འགྲོ་རྣམ་པར་དག་བྱས་ནས། །མ་བཅོས་རྣམ་པར་དག་པ་ཀུན་གཞི་བྱང་ཆུབ་སེམས། །མ་བཙལ་མཉམ་པར་བཞག་པ་སྒོམ་པའི་མཆོག །རིག་པ་ཆོས་ཀྱི་དབྱིངས་སུ་མ་བཅོས་ན། །རྣམ་པར་གྲོལ་བའི་ལམ་མཆོག་གཞན་མེད་དེ། །དུས་གསུམ་བདེ་བར་གཤེགས་པའི་དགོངས་པ་ཉིད། །དཔག་ཅིང་གཞལ་ཡང་འདི་ལས་མེད་པར་མཇལ། །བདག་གི་ཕུང་པོ་གདོས་བཅས་འདི་བསྙིལ་ནས། །ཀུན་བཟང་དབྱེ་བ་མེད་པའི་ས་ལ་མཆི། །གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ སྦུབ་མཆུ་ནི། དབུལ་མོ་གཏེར་འཆང་ཞེས་བྱ་བའི་མན་ངག་ལས། ཐམས་ཅད་སྤྲུལ་པ་སྐུ་སྟེ་བཏང་སྙོམས་ངང་།། ༥༽རྩལ་ཆེན་གྱི་དགོངས་པ། བྱང་སེམས་ཀློང་རྡོལ་གླུ་ཡི་བསམ་གཏན། སྐྱ་རེངས་གཉིས་པ་ཤར་ཙམ་ན། རྒྱ་མཚོའི་གླིང་དུ་ཁྱི་ཡི་རྒྱལ་པོ་ཀུ་ཀུ་རཱ་ཛས་འདི་སྐད་ལོ། །ཧཱུྃ། ཡེ་ནས་ལྷུན་གྲུབ་ཀུན་ཏུ་བཟང་པོའི་ངང་། །གསལ་ལ་མི་རྟོག་སྤྲོས་བྲལ་བྱང་ཆུབ་སེམས། །མི་འགྱུར་མི་དམིགས་ཆོས་ཀྱི་དབྱིངས་ཉིད་ལས། །རིག་པ་མི་འགྱུར་མ་བསླད་མཉམ་བཞག་ན། །ཅི་ལའང་མི་གནས་གང་ལའང་མི་སེམས་པ། །མཆོག་ཏུ་གསང་བའི་རྨད་བྱུང་སེམས་ཉིད་འདི། །རྣ་བས་ཉན་པ་ལ་སོགས་སྤྱོད་ཡུལ་ཡོད་མ་ཡིན། །ཀུན་གཞི་མི་འགྱུར་དབྱིངས་ཆེན་ལ། །རིག་པ་མི་འགྱུར་མ་ཡེངས་གཞག །སྒོམ་པ་འདི་ལས་མེད་པར་འཁུམས། ཁམས་གསུམ་རང་སར་གྲོལ་བས་བཙལ་ཞིང་བསྒྲུབ་མི་དགོས། །རེ་ཞིང་དོགས་པ་མེད་པས་བདག་ཉིད་སངས་རྒྱས་ཡིན། །གྷི་ཏ་མ་ཀོ་ལ་ཧོཿ སྦུབ་མཆུ་ནི། མེ་ལོང་ལྟ་བུ་ཞེས་བྱ་བའི་མན་ངག་ལས། སྤྲོས་མེད་བྱང་ཆུབ་ཡན་པར་གནས།། ༦༽སེམས་སྒོམ་གྱི་དགོངས་པ། དབྱིངས་ཀློང་རྡོལ་གླུ་ཡི་བསམ་གཏན། རྒྱན་ཆགས་དཔལ་གྱི་རིའི་ནགས་སུ་སྐྱ་རེངས་གསུམ་པ་ཤར་ཙམ་ན། ནཱ་གཱརྫུ་ནས་འདི་སྐད་དོ། །ཧཱུྃ། སྣང་བ་ཐམས་ཅད་ཡེ་ནས་དབྱིངས་ཆེན་ལ། །རིག་པ་འཕོ་འགྱུར་མེད་པའི་དུར་བཏབ་ནས། །དབྱིངས་ཉིད་མི་འགྱུར་རིག་པ་མི་བསླད་དེ། །མ་ཡེངས་མི་འགྱུར་མཁའ་ལྟར་དག་པ་ལ། །མ་ཡེངས་མ་བཅོས་ཡོངས་ཀྱི་འོད་གསལ་ལས། །སྒོམ་པ་མིང་དུ་བཏགས་པ་གུད་ན་མེད་པར་འཁུམས། །བདག་གི་ཕུང་པོ་གདོས་བཅས་འདི། །དབྱེ་བ་མེད་པའི་ས་ལ་མཆི། །གྷི་ཏ་མ་ཀོ་ལ་ས་ཧོཿ སྦུབ་མཆུ་ནི། ཐིག་ལེ་ཆེན་པོ་ཞེས་བྱ་བའི་མན་ངག་ལས། ཆོས་ཉིད་བདེ་ཆེན་ངང་དུ་གསལ།། ༧༽རྨད་བྱུང་གི་དགོངས་པ། འབྱུང་ལྔ་ཡེ་ཤེས་ཀློང་རྡོལ་གླུ་ཡི་བསམ་གཏན། དམར་རེངས་དང་པོ་ཤར་ཙམ་ན་རྒྱ་མཚོའི་འགྲམ་དུ་ཁྱི་ཡི་རྒྱལ་པོ་ཕྱི་མས་འདི་སྐད་ལོ། །ཧཱུྃ། ཆོས་དབྱིངས་བྱང་ཆུབ་སེམས་ནི་འབྱུང་བ་ལྔ་ཡིན་ཏེ། །མ་བཅོས་རང་བཞིན་གསལ་བས་མཁའ་ལྟར་དག །འགྲོ་བའི་གཟུང་འཛིན་སྲེག་པས་མེ་ལྟར་གནས། །དམིགས་མེད་གདོད་ནས་དག་པས་རླུང་ལྟར་གནས། །གཟུང་འཛིན་སྐྱོན་དང་བྲལ་བས་ཆུ་ལྟར་གནས། །ཅིས་ཀྱང་བསྐྱོད་མེད་སྲ་བས་ས་ལྟར་གནས། །འབྱུང་བ་ལྔ་ཉིད་ཡེ་ནས་ཆོས་ཉིད་བྱང་ཆུབ་སེམས། །གདོད་ནས་དག་པའི་ནམ་མཁའ་འདྲ་བ་ལ། །དམིགས་པ་མེད་པར་མ་ཡེངས་གནས་པ་ལས། །སྒོམ་པ་འདི་ལས་གུད་ན་མེད་པར་རྟོགས། །བདག་གི་ཕུང་པོ་གདོས་བཅས་འདི། །དབྱེ་བ་མེད་པའི་ས་ལ་མཆི། །གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ སྦུབ་མཆུ་ནི། སེངྒེ་འགྱིང་བ་ལྟ་བུ་ཞེས་བྱ་བའི་མན་ངག་ལས། ཉོན་མོངས་ལྔ་ཉིད་ཡེ་ཤེས་ལྔ་རུ་གསལ།། ༨༽ཡིད་བཞིན་ནོར་བུའི་དགོངས་པ། དངོས་གྲུབ་ཀློང་རྡོལ་གླུ་ཡི་བསམ་གཏན། དམར་རེངས་གཉིས་པ་ཤར་ཙམ་ན། གནོད་སྦྱིན་མོ་བྱང་ཆུབ་འདི་སྐད་ལོ། །ཧཱུྃ། ཆོས་ཉིད་བྱང་ཆུབ་སེམས་ལ་བླང་ཞིང་བལྟར་མེད་དེ། །བལྟ་བའི་གཟུགས་མེད་ཡོངས་ལ་གསལ་བར་སྣང་། །ཅིས་ཀྱང་བཅོས་སུ་མེད་ལ་བསླད་དུ་མེད། །སེམས་ཀྱི་རང་བཞིན་ཅི་ལའང་མི་གནས་ཏེ། །རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །ཇི་ལྟར་བསླད་ཀྱང་དབྱིངས་ལས་འགྱུར་བ་མེད། །དབྱིངས་ཉིད་རིག་པས་མི་བཙལ་ཏེ། །སེམས་ཉིད་མཁའ་ལྟར་དག་པ་སྟེ། །མ་བཅོས་རང་བཞིན་མེད་པ་ལས། །སྒོམ་པ་འདི་ལས་མེད་པར་བདག་གིས་རྟོགས། །བདག་གི་ཕུང་པོ་གདོས་བཅས་འདི་བསྙིལ་ནས། །ཀུན་བཟང་ཐུགས་ཀྱི་འོད་ཟེར་བདག་ལ་ཤར། །གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ སྦུབ་མཆུ་ནི། མཁའ་ལྡིང་ཆེན་པོ་ཞེས་བྱ་བའི་མན་ངག་ལས། འཁོར་བ་མ་བཙལ་ཡེ་ནས་སངས་རྒྱས་ཡིན། ། ༩༽རྩེ་མོ་བྱུང་རྒྱལ་གྱི་དགོངས་པ། རྩོལ་མེད་ཀློང་རྡོལ་གླུའི་བསམ་གཏན། ཤིང་ནལ་བྱི་ས་ལའི་རྩར་དམར་རེངས་གསུམ་པ་ཤར་ཙམ་ན། སྨད་འཚོང་མ་བུདྡྷ་མ་ཏིས་འདི་སྐད་ལོ། །ཧཱུྃ། ཨེ་མ་ཧོཿ ཆོས་ཉིད་བྱང་ཆུབ་སེམས་ལ་བརྟག་ཅིང་དཔྱད་དུ་མེད། །བཙལ་ཞིང་གཉེན་པོས་བཅོས་སུ་མེད། །སེམས་ལས་སངས་རྒྱས་ལོགས་ན་མེད། །བཙལ་བས་མི་རྙེད་སེམས་ལས་སངས་རྒྱས་མེད། །སེམས་ཀྱི་རང་བཞིན་མ་བཅོས་སངས་རྒྱས་ཡིན། །གདོད་ནས་མ་བཙལ་བྱང་ཆུབ་སྙིང་པོ་ལ། །ཏིང་འཛིན་མ་བསྒོམ་ངང་གིས་གསལ་བ་ལས། །སངས་རྒྱས་དགོངས་པ་འདི་ལས་མེད་པར་འཁུམས། །བདག་གི་ཕུང་པོ་གདོས་བཅས་འདི་བསྙིལ་ནས། །ཀུན་བཟང་ཐུགས་ཀྱི་འོད་ཟེར་བདག་ལ་ཤར། །གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ སྦུབ་མཆུ་ནི། ཡེ་ཤེས་ཕྲེང་བ་ཞེས་བྱ་བའི་མན་ངག་ལས། སྣང་སྲིད་ཡེ་ཤེས་ངང་དུ་གསལ། ། ༡༠༽སྤྱི་གཅོད་ཀྱི་དགོངས་པ། གསང་བ་ཀློང་རྡོལ་གླུའི་བསམ་གཏན། ཤིང་ནྱ་གྲོ་དྷའི་རྩ་བར་སྲོད་ཐུན་ལ་འཇམ་དཔལ་བཤེས་གཉེན་ཕྱི་མས་འདི་སྐད་ལོ། །ཧཱུྃ། ཀུན་གཞི་ཡངས་པའི་དབྱེ་ཐང་ལ། །རང་རིག་དག་པའི་ཀློང་ནས་ནི། །ཡེ་ཤེས་ཉི་མ་རང་ལ་ཤར། །ཤར་བའི་དུས་ན་ནུབ་པ་མེད། །ཤར་ནས་མ་བཅོས་གསལ་བ་ལ། །སངས་རྒྱས་ཆོས་ཉིད་སྔ་ཕྱི་གསུམ། །གང་དུ་བཙལ་ཡང་རྙེད་མཐའ་མེད། །ཀུན་གཞི་ཡངས་པའི་ཆོས་ཉིད་ལས། །རིག་པ་ཆོས་སྐུའི་ཉི་ཤར་བ། །མ་བཅོས་ནུབ་པ་མེད་པ་ལས། །སྒོམ་དུ་འདི་ལས་མེད་པར་འཁུམས། །མྱོང་ན་སེམས་ཀྱི་བདུད་རྩི་མྱོང་། །བལྟ་ན་རིག་པའི་ཡེ་ཤེས་ལྟོས། །པདྨ་ཀོ་ལ་ཤ་ཨ་ཧོཿ སྦུབ་མཆུ་ནི། སེམས་ཀྱི་འཁོར་ལོ་ཞེས་བྱ་བའི་མན་ངག་ལས། སེམས་ཀྱི་བདེ་ཆེན་ཉམས་མྱོང་གསལ།། ༡༡༽སྤྱི་ཆིངས་ཀྱི་དགོངས་པ། ནམ་མཁའ་ཀློང་རྡོལ་གླུའི་བསམ་གཏན། དཔག་བསམ་ཤིང་གི་གྲིབ་མ་ལ། ཐོ་རེངས་ཁར་ཨཱརྻ་པ་ལོས་འདི་སྐད་ལོ། །ཧཱུྃ། བྱང་ཆུབ་སེམས་ནི་ནམ་མཁའ་ལྟ་བུའི་ཀློང་། །གསལ་ལ་རྟོག་པ་མེད་པའི་ཡེ་ཤེས་ནི། །ཕྱི་དང་ནང་མེད་ཀུན་ལ་གསལ་བར་གནས། །གདོད་ནས་དག་པས་ནམ་མཁའི་ཀློང་འདྲ་ལས། །རྣམ་རྟོག་རྟོག་པའི་ཡེ་ཤེས་མངོན་ཤར་བ། །སྐྱེ་འགག་དབྱེར་མེད་རང་བཞིན་མེད་པ་ལ། །སངས་རྒྱས་དགོངས་པ་འདི་ལས་མེད་པར་མཇལ། །ཟ་ན་སེམས་ཉིད་བདུད་རྩི་ཟོ། །གྱོན་ན་ཆོས་ཉིད་གོས་སུ་གྱོན། ཨེ་མ་ཀོ་ལ་ཤ་ཨ་ཧོཿ སྦུབ་མཆུ་ནི། སྒྲོན་མ་གསལ་བ་ཞེས་བྱ་བའི་མན་ངག་ལས། སེམས་ཉིད་གྱིན་འདའ་རྣལ་མར་ཞོག། ༡༢༽བདེ་བ་ཕྲ་བཀོད་ཀྱི་དགོངས་པ། ཕྲིན་ལས་ཀློང་རྡོལ་གླུའི་བསམ་གཏན། རིན་པོ་ཆེའི་གླིང་དུ་ནམ་གུང་ཡོལ་ལ། ཨོ་རྒྱན་གྱི་མཁན་པོ་དྷ་ཧེས་འདི་སྐད་ལོ། །ཧཱུྃ། སེམས་ཉིད་སངས་རྒྱས་ཡིན་པ་ལས། །སེམས་ལས་སངས་རྒྱས་ལོགས་ན་མེད། །སེམས་ཉིད་ཡེ་ནས་སངས་རྒྱས་ཡིན་པ་ལས། །རིག་པ་མི་འགྱུར་རང་བཞིན་མེད་པ་འདི། །ཟབ་མོའི་ཆོས་དབྱིངས་དོན་དམ་མི་བརྗོད་གསལ། །རྒྱ་མཚོ་ཆེ་ལྟར་ཆོས་དབྱིངས་ཟབ་མོ་ལས། །རིག་པ་མི་འགྱུར་གདོད་ནས་གསལ་བར་ཤར། །ཀུན་གཞི་གཏན་ནས་སྦྱོང་བའི་ཉི་ཆེན་པོ། །མཁའ་ལྟར་དག་པ་ཡངས་ལ་ཁྱབ་པར་བརྡལ། །ཆོས་ཉིད་ཡེ་ནས་དག་པས་སྦྱང་དུ་མེད་པ་ལ། །རིག་པ་མི་འགྱུར་གདོད་ནས་གསལ་བར་ཤར། །ཕྱིན་ཅི་ལོག་གིས་མ་བསླད་གསལ་བར་གནས། །བདེ་བར་གཤེགས་པའི་དགོངས་པ་འདི་ལས་མེད་པར་མཇལ། །ཆོས་ཉིད་ནམ་མཁའ་ཆེན་པོ་ལ། །རྣལ་འབྱོར་རིག་པའི་ཁྱུང་ཆེན་ལྡིང་། །ཀརྨཱཀོ་ལ་ཤ་ཨ་ཧོཿ སྦུབ་མཆུ་ནི། སྐྱེས་བུ་གྱད་ཀྱི་རྩལ་འཆང་ཞེས་བྱ་བའི་མན་ངག་ལས། རིག་པ་མི་གཡོ་རྒྱ་མཚོ་བཞིན་དུ་གནས།། ༡༣༽སྲོག་གི་འཁོར་ལོའི་དགོངས་པ། རང་བྱུང་ཀློང་རྡོལ་གླུའི་བསམ་གཏན། ནྱ་གྲོ་དྷའི་དགོན་པར་སྲོད་ཡོལ་གྱི་དུས་སུ། དྲང་སྲོང་བྷི་ཤྭ་ཏིས་འདི་སྐད་ལོ། །ཧཱུྃ། མ་བཅོས་མཁའ་ལ་གཟའ་སྐར་ཀུན་འཕྱོ་བས། །གདོད་ནས་དག་པའི་མཁའ་ནི་མི་བསྐྱོད་དེ། །བྱང་ཆུབ་སེམས་ནི་མཁའ་ལྟར་དག་པ་ལ། །མཚན་མའི་རྣམ་རྟོག་སྒྱུ་མས་ཅི་བསླད་ཀྱང་། །རྣམ་དག་སེམས་ཉིད་དབྱིངས་ལ་འཕོ་འགྱུར་མེད། །ཆོས་དབྱིངས་བརྡལ་བ་ཆེན་པོའི་དཀྱིལ་འཁོར་ལ། །རིག་པ་ཡེ་ཤེས་དུར་བཏབ་པས། །གསལ་བའི་དཀྱིལ་འཁོར་གསལ་བར་ཤར། །ཤར་བ་ཉིད་ཀྱི་དོན་དེ་མ་ཡེངས་ལས། །སངས་རྒྱས་རྣམས་ལ་དགོངས་པ་འདི་ལས་མེད། །རིག་པ་ཡེ་ཤེས་རླུང་ཆེན་གྱིས། །རྣམ་རྟོག་རྡུལ་ཕྲན་མེད་པར་ཕྱགས། །ཨ་ཀ་ཤ་ཀོ་ལ་མ་དྷཱ་ཨ་ཧོཿ སྦུབ་མཆུ་ནི། ལྷ་མོ་མཁའ་ལྡིང་ཞེས་བྱ་བའི་མན་ངག་ལས། འཁོར་འདས་སེམས་ལ་རྫོགས་པས་ལྷུན་གྱིས་གྲུབ།། ༡༤༽རིན་ཆེན་ཀུན་འདུས་ཀྱི་དགོངས་པ། སྐྱེ་མེད་ཀློང་རྡོལ་གླུའི་བསམ་གཏན། རྒྱལ་བའི་དགོན་གནས་སུ་ནམ་སྨད་ལ་སྲས་མོ་གོ་མ་དེ་བཱིས་འདི་སྐད་ལོ། །ཧཱུྃ། སངས་རྒྱས་ཀུན་གྱི་ཐུགས་ཉིད་ཡི་གེ་ཨ་ཡིན་ཏེ། །ཨ་ཡི་རང་བཞིན་ཡེ་ནས་དངོས་པོ་མེད། །བདེ་གཤེགས་ཀུན་གྱི་འབྱུང་གནས་ཨ་ཡིན་ཏེ། །བདེན་གཉིས་ལ་སོགས་སྣང་སྲིད་ཅིར་སྣང་ཡང་། །ཨ་ཡི་དངོས་གཞི་ཡེ་ནས་བྱང་ཆུབ་སེམས། །འཕོ་འགྱུར་འདུ་འབྲལ་མེད་པའི་སངས་རྒྱས་ཏེ། །སྨྲ་བསམ་ཡུལ་ལས་འདས་པའི་བྱང་ཆུབ་དབྱིངས་ཉིད་ལ། །ཨ་ལྟར་སྐྱེ་བ་མེད་པའི་རིག་པ་བྱང་ཆུབ་སེམས། །མ་བཅོས་མ་ཡེངས་མཉམ་པར་བཞག་པ་ལས། །བདག་གི་སྒོམ་པ་འདི་ལས་མེད་པར་འཁུམས། །ཆོས་ཉིད་དབྱེ་ཐང་ཆེན་པོ་ལ། །རིག་པ་ཡེ་ཤེས་རྟ་ཕོ་རྒྱུག །ཀ་པ་ལ་ཀ་མ་པ་ཤ་ཨ་ཧོཿ སྦུབ་མཆུ་ནི། མན་ངག་ཡེ་ཤེས་འཁྱིལ་བ་ལས། གཉིས་མེད་ཡེ་ཤེས་ངང་དུ་རོ་གཅིག་པས།། ༡༥༽སྐྱེ་མེད་རང་རིག་གི་དགོངས་པ། ཆོས་སྐུ་ཀློང་རྡོལ་གླུའི་བསམ་གཏན། ཙནྡན་སྡོང་པོའི་རྩར་གུང་ཐུན་ལ། ཁ་ཆེའི་རྒྱལ་པོ་རབ་སྣང་མཛད་འདི་སྐད་ལོ། །ཧཱུྃ། བྱང་ཆུབ་སེམས་ནི་ཡེ་ནས་ཆོས་ཀྱི་སྐུ། །མཁའ་དང་འདྲ་བས་ཀུན་ལ་ཁྱབ་པར་སྣང་། །སྣང་བ་ཉིད་ཀྱང་སྟོང་པ་སྟེ། །སྟོང་པའི་ཆོ་འཕྲུལ་ཅི་སྣང་བ། །བསམ་དུ་རྡུལ་ཙམ་མེད་པ་ལ། །སྟོར་བྲལ་མེད་པར་མ་ཡེངས་ཞོག །ཆོས་ཉིད་སེམས་ཀྱི་བདུད་རྩི་ཡིས། ཁམས་གསུམ་འཁོར་བའི་ནད་པ་གསོ། །ཀ་ལ་པ་ཀོ་ཤ་ཨ་ཧོཿ སྦུབ་མཆུ་ནི། ཐིག་ལེ་ཉི་ཤར་ཞེས་བྱ་བའི་མན་ངག་ལས། གཉིས་མེད་རྡོ་རྗེ་ཡེ་ཤེས་གསལ།། ༡༦༽བདེ་བ་རབ་འབྱམས་ཀྱི་དགོངས་པ། སྐུ་གསུམ་ཀློང་རྡོལ་གླུའི་བསམ་གཏན། གྲོང་ཁྱེར་དཔལ་ཡོན་དུ་སྲོད་ཀྱི་དུས་སུ་རྒྱལ་པོ་དེ་བ་རཱ་ཛས་འདི་སྐད་ལོ། །ཧཱུྃ། སྣང་སྲིད་ཆོས་རྣམས་མངོན་དུ་རྟོགས་པ་རྣམས། །ཡང་དག་ཉིད་དུ་འདི་ལྟར་བསྒོམ་བྱ་སྟེ། །སྣང་སྲིད་ཐམས་ཅད་ཡེ་ནས་ཀུན་ཏུ་བཟང་། །སྐྱེ་མེད་ངང་ལས་མ་ཡེངས་མཉམ་བཞག་པས། །བསྒོམ་པར་བྱ་བ་འདི་ལས་མེད་པར་རྟོགས། །ལུས་ནི་སྒྱུ་མའི་ཕུང་པོ་མི་གཙང་སྟེ། །སེམས་ནི་ཡེ་ཤེས་ཆེན་པོར་ཤར། །ཙནྡྲ་དེ་ཝ་ཀོ་ས་ལ་ཨ་ཧོཿ སྦུབ་མཆུ་ནི། ཆོས་ཉིད་མཁའ་ལྟར་ཡངས་པ་ཞེས་བྱ་བའི་མན་ངག་ལས། བླང་དོར་མེད་ཅིང་མཉམ་པའི་ངང་དུ་གསལ།། ༡༧༽ནམ་མཁའ་རྒྱལ་པོའི་དགོངས་པ། གྲོལ་བ་ཀློང་རྡོལ་གླུའི་བསམ་གཏན། མེ་ཏོག་གི་ཚལ་དུ་ནམ་གྱི་ཆ་སྟོད་ལ། དྷརྨ་རཱ་ཛས་འདི་སྐད་དོ། །ཧོ། སེམས་ཀྱི་རང་བཞིན་ཡེ་ནས་མཛོད་ཆེན་ལས། །གང་ལྟར་བཏགས་ཤིང་ཅི་ལྟར་སྣང་བ་ཀུན། །འབྱུང་འཇུག་ཐམས་ཅད་ཡེ་ནས་ཀུན་ཏུ་བཟང་། །དེ་ལྟར་གཉིས་སུ་མེད་པའི་རིག་པ་དེ། །ཀུན་ཏུ་བཟང་པོའི་སེམས་ལ་གནས། །རིག་པའི་དབྱིངས་ལ་མ་བསླད་པས། །བསྒོམ་ཞིང་བཟླས་པ་འདི་ལས་མེད། །ཀྱེ་མ་མ་རྟོགས་སྙིང་རེ་རྗེ། །རང་སེམས་རྩོལ་མེད་སངས་རྒྱས་ཡིན་པ་ལ། །ས་ལམ་བགྲོད་ནས་རྒྱུ་འབྲས་ལྟོས་པའི་བློ། །རྨི་ལམ་ཟས་ནོར་རྗེས་སུ་འཚོལ་བ་འདྲ། །ཨེ་མ་བདག་ཉིད་རང་སར་གྲོལ་བ་ཨ་ལ་ལ། །དྷོ་ཧ་ཀོ་པ་ཤ་ཨ་ཧོཿ སྦུབ་མཆུ་ནི། ཡེ་ཤེས་ཆེན་པོ་ཞེས་བྱ་བའི་མན་ངག་ལས། གང་ནས་བལྟས་ཀྱང་ཡེ་ཤེས་རྩེ་གཅིག་འཆར།། ༡༨༽རྗེ་བཙུན་དམ་པའི་དགོངས་པ། ཤེས་རབ་ཀློང་རྡོལ་གླུའི་བསམ་གཏན། དབེན་པ་ཆེན་པོའི་གནས་སུ་བུདྡྷ་གུཔྟས་འདི་སྐད་ལོ། །ཧཱུྃ། ཆོས་རྣམས་མ་བཅོས་བྱང་ཆུབ་སེམས། །ཡེ་ནས་ཀུན་ཏུ་བཟང་པོ་ལ། །གསལ་ལ་འགྱུར་བ་མེད་པའི་བྱང་ཆུབ་སེམས་དེ་ལ། །མཚན་མའི་རྣམ་པར་རྟོག་པས་མ་བསླད་དེ། །རྣམ་རྟོག་རང་བྱུང་རང་ཞིར་གནས་པ་ལས། །གཉེན་པོས་སྒོམ་དུ་མེད་པར་འཁུམས། །སེམས་ཀྱི་མེ་ལོང་མ་བལྟས་ན། །རྣམ་རྟོག་དྲི་མས་གོས་ཏ་རེ། །པྲཛྙཱ་ཀོ་ས་ལ་ཨ་ཧོཿ སྦུབ་མཆུ་ནི། ནམ་མཁའ་སྤྲིན་དང་ལྡན་པ་ཞེས་བྱ་བའི་མན་ངག་ལས། ཆོས་རྣམས་མ་བཅོས་ལྷུན་གྱིས་གྲུབ་པའི་ངང་།། །། ༈ འཕྲོས་དོན་གཞུང་གསུངས་ལྟར་སྤྲོ་ན་དྲྭ་མ་ལྔ་དང་། བཀའ་བབས་གྲུབ་བརྙེས་བཅུ་རྣམས་ཀྱི་དགོངས་ཉམས་གླུ་ཡང་བྱ་བར་གསུངས་པ་ནི། ༡༽ལིཙྪ་བི་དྲི་མེད་གྲགས་པས་རིན་པོ་ཆེའི་ཁང་བཟང་ནས་སྐྱ་རེངས་དང་པོ་ཤར་བ་དང་དུས་མཚུངས་པར༔ ཨ་ཧོ༔ གསང་སྔགས་ནམ་མཁའི་རྣལ་འབྱོར་དྲི་མེད་གྲགས་པ་ང༔ ཡུལ་ལ་ཞུགས་པའི་སེམས་རྣམས་ཐམས་ཅད་དབྱིངས་ཉིད་དེ༔ ཅོག་གཞག་ལྷུག་པར་བཞག་པའི་རིག་པ་འདི་ཀ་རང༔ ཕྱི་ནང་གཉིས་མེད་ཟང་ཐལ་ཀུན་ཏུ་འོད་གསལ་བའོ༔ ༢༽ལྷའི་དབང་པོས་རྣམ་པར་རྒྱལ་བའི་ཁང་བཟང་དུ་སེམས་བདེ་བ་ཆེན་པོ་དུས་ལས་འདས་པའི་དུས་སུ༔ ལྷ་དབང་བརྒྱ་བྱིན་བདེ་ཆེན་རང་གསལ་བདག་ཉིད་ནི༔ བདེ་བའི་ཡུལ་ལ་མ་ཞེན་སྣང་བ་སྒྱུ་མར་རྟོགས༔ རང་གྲོལ་དམིགས་སུ་མེད་ལ་ཅིར་སྣང་བརྗོད་པ་བྲལ༔ ཆོས་ཉིད་ཀློང་དུ་རང་ཤར་རང་གྲོལ་ཕ་མཐར་སོན༔ ༣༽གནོད་སྦྱིན་སྐར་མདའ་གདོང་གིས་ནོར་བུས་བརྒྱན་པའི་ཤིང་གི་དྲུང་ནས་སེམས་རིག་མ་བུ་འདྲེས་པའི་དུས་ན༔ ཆོས་དབྱིངས་རང་གསལ་སེམས་ལ་ཡོངས་སུ་རྫོགས་པ་ལས༔ ཀུན་ཏུ་བཟང་པོས་མ་གཟིགས་ལྟ་བ་ཀློང་ཡངས་དེ༔ མེད་པར་བསྒྲུབ་མེད་ཡེ་ཤེས་འོད་གསལ་སྙིང་པོ་སྟེ༔ སྒྱུ་མའི་ལུས་ཀྱི་རྒྱ་ཞིག་གསལ་རྫོགས་ནམ་མཁའི་རྒྱལ་པོར་འདྲེས༔ ༤༽སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་རི་བོ་གནམ་ལྕགས་འབར་བའི་རྩེ་མོ་ནས་སྐྱ་རེངས་གཉིས་པ་ཤར་བ་ན༔ ཤར་གྲོལ་དུས་མཉམ་བྱུང་བའི་བློ་གྲོས་ཐབས་ལྡན་བདག༔ དམིགས་མེད་ནམ་མཁའི་ངང་དུ་ཡེ་ནས་གནས་པ་ལས༔ འོད་གསལ་དག་པའི་ཡེ་ཤེས་ཉི་མ་སེམས་ལས་ཤར༔ གསལ་སྟོང་ཟུང་འཇུག་ཉི་མ་དྭངས་གསལ་ནམ་མཁའ་ཉིད་དང་མཚུངས༔ ༥༽ཀླུ་རྒྱལ་བྱང་ཆུབ་སེམས་དཔས་རིན་པོ་ཆེའི་ཁང་བཟང་དགུ་རིམ་ནས་སེམས་རིག་གཉིས་སུ་མེད་པར་འབྱེད་པའི་དུས་ན༔ རང་གིས་རང་བཅིངས་བཅིང་བ་དམ་པོའི་མ་རིག་པ༔ གང་གིས་དགྲོལ་དུ་མེད་དེ་རང་བྱུང་རང་གྲོལ་ལོ༔ ཡེ་ནས་རང་བྱུང་རིག་པར་ཤེས་པས་མ་བཅོས་བྱར་མེད་པ༔ གང་དུའང་མི་གནས་བསྒོམ་བྱའི་བློ་དང་བྲལ་བའོ༔ ༈ སྐལ་ལྡན་རྒྱལ་པོ་ཛཿས་མཁའ་འགྲོ་མའི་ཚོགས་ཁང་ཆེན་མོར་ཉི་མ་འཆར་ཀ་དང་དུས་མཚུངས་པར༔ བདག་ནི་སྐལ་ལྡན་རྒྱལ་པོ་ཛ༔ སྒྱུ་མ་བདེ་བའི་ལམ་བྱས་ཏེ༔ རྫོགས་པ་ཆེན་པོའི་དོན་བསྒོམས་པས༔ ཚོགས་དྲུག་ཡུལ་གྱི་སྣང་བ་ཀུན༔ སྤང་བླང་རྩིས་གདབ་མེད་པ་རུ༔ རང་ཤར་རང་གྲོལ་བདེ་བའི་ངང༔ བློ་འདས་བྱར་མེད་ཆེན་པོར་རྫོགས༔༈ བཀའ་བབས་གྲུབ་བརྙེས་བཅུ་ནི། ༡༽ལོ་ཆེན་བཻ་རོ་ཙ་ན་ཡིས༔ ཡར་ཀླུང་ཤེལ་གྱི་བྲག་ཕུག་ནས༔ ང་ནི་བཻ་རོ་ཙ་ན་སྟེ༔ མ་བཅོས་རང་གསལ་ངང་དུ་གནས༔ མ་ནོར་དམིགས་སུ་མ་མཆིས་ཤིང༔ བརྗོད་མེད་རིག་པ་ཟང་ཐལ་ལེ༔ བསམ་འདས་སེམས་ཀྱི་དྲི་མ་དག༔ རང་བྱུང་ཡེ་ཤེས་ངོ་བོ་ཉིད༔ རང་གསལ་རང་བཞིན་ལྷུན་གྱིས་གྲུབ༔ ཅིར་སྣང་ཆོས་སྐུའི་རྒྱན་དུ་ཤར༔ ཐུགས་རྗེ་སྤྲུལ་སྐུ་སྣ་ཚོགས་སྣང༔ ཐམས་ཅད་ཀུན་གཞིའི་དབྱིངས་སུ་རྫོགས༔ ལྟ་བའི་གནམ་འཕང་གཅོད་པའི་ཚེ༔ སྒོམ་པ་ཐབས་ཤེས་སྒྲོ་གཤོག་བརྒྱང༔ སྤྱོད་པའི་ལམ་ལ་ཞུགས་པའི་ཚེ༔ རེ་དོགས་མེད་པའི་ངང་ལ་འགྲོ༔ འབྲས་བུའི་ཕ་མཐར་བསྙེགས་པའི་ཚེ༔ གཞན་དུ་མེད་པའི་སངས་རྒྱས་རྟོགས༔ སྒོམ་པའི་གཟེབ་ལས་གྲོལ་ཙ་ན༔ ལྟ་བའི་རྒྱལ་པོ་ཕུགས་ཐག་ཆོད༔ ལམ་ལ་བགྲོད་དུ་མེད་པ་དེ༔ ལུང་དང་རིགས་པས་བསྒྲུབ་མེད་ཕྱིར༔ གཞི་ཡི་སྟེང་དུ་འབྲས་བུར་སྨིན༔ ཆོས་ཉིད་ཀློང་དུ་ལ་བཟླས་ཏེ༔ རང་རིག་རྩལ་དུ་ཤན་ཡང་འབྱེད༔ དབྱིངས་རིག་གཉིས་སུ་མེད་པ་དེ༔ ཐིག་ལེ་ཉག་གཅིག་ངང་དུ་རྫོགས༔ སེམས་སྡེའི་ངང་དུ་ཉམས་བླངས་པས༔ སྣང་སྲིད་སེམས་ཀྱི་ཀློང་དུ་རྫོགས༔ ཀློང་སྡེའི་ལྟ་བ་ཉམས་བླངས་ཚེ༔ རྣམ་རྟོག་ཕྲ་རགས་ཀློང་དུ་ཐིམ༔ མན་ངག་ཉམས་སུ་བླངས་པའི་ཚེ༔ དབྱིངས་ཡེ་ཟུང་འཇུག་མངོན་སངས་རྒྱས༔ ལྟ་བའི་ཕུགས་ཐག་ཆོད་པ་ཡིན༔ སྒོམ་པའི་བློ་ལས་འདས་པ་ཡིན༔ སྤྱོད་པ་སྤྱད་དུ་མེད་པ་ཡིན༔ འབྲས་བུ་གཞན་ལ་རེ་མི་འཚལ༔ འོན་ཀྱང་རྣལ་འབྱོར་བཻ་རོ་ཡིས༔ རྒྱུ་འབྲས་ཁྱད་དུ་མི་གསོད་པས༔ སྡོམ་པ་གསུམ་གྱིས་རྒྱུད་སྦྱངས་ཏེ༔ མཚན་ལྡན་བླ་མ་དཔལ་སེང་གེ༔ སྤྱི་བོའི་གཙུག་ཏུ་འབྲལ་མེད་བཞུགས༔ རིག་འཛིན་པདྨ་འབྱུང་གནས་དེ༔ མཉེས་པ་གསུམ་གྱིས་ཡང་ཡང་བསྟེན༔ པཎ་ཆེན་བི་མ་ལ་མི་ཏྲ༔ དགོངས་པར་བཞེད་པའི་ཕ་མཐའ་བསྐང༔ བསླབ་པ་གསུམ་གྱི་ཆས་འཛིན་ཏེ༔ ལྟ་བའི་གནམ་འཕང་གཅོད་པ་ཡིན༔ སྔར་སྤྱོད་ངང་དུ་མཉམ་པར་བཞག༔ བསྟན་གཉིས་ཟུང་འཇུག་བཀྲ་ཤིས་ཤོག༔ ༢༽ཡེར་པ་གཙུག་རུམ་འབར་བ་རུ༔ རྒྱལ་མོ་གཡུ་སྒྲ་སྙིང་པོ་ཡིས༔ སེམས་ལས་གཞན་པའི་སངས་རྒྱས་མེད༔ རྣམ་རྟོག་ཆོས་དབྱིངས་ཀློང་དུ་ནུབ༔ དབྱིངས་རིག་དབྱེར་མེད་རྫོགས་པ་འདི༔ བཻ་རོ་ཙ་ནའི་བཀའ་དྲིན་ལགས༔ ༣༽བསམ་ཡས་དབུ་རྩེའི་བར་ཁང་ནས༔ ཁྲི་སྲོང་རྗེ་ཡིས་འདི་སྐད་བཞེངས༔ ང་ནི་ཁྲི་སྲོང་ལྡེའུ་བཙན་ཏེ༔ སེམས་ཉིད་རང་བྱུང་ཡེ་ཤེས་འདི༔ ཅིར་ཡང་མི་དམིགས་ཅིར་ཡང་གསལ༔ ལྟ་བའི་རྒྱལ་པོ་མཐའ་གཉིས་བྲལ༔ ༤༽ཏི་སྒྲོ་བྲག་གི་ཚོགས་ཁང་དུ༔ ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་གྱིས༔ འཁོར་འདས་ཀུན་ལ་ཁྱབ་པའི་སེམས༔ བདེ་བ་ཆེན་པོའི་ངང་དུ་ཐིམ༔ ཆོས་ཉིད་ཀློང་དུ་བལྟ་བྱ་བྲལ༔ ཁོ་མོའི་རྟོགས་པ་དེ་ཙམ་མོ༔ ༥༽ལྷ་སྲས་མུ་ཁྲིའི་དགོངས་ཉམས་བཀའ་ཐང་ལས་བཏུས་པ་ཟུར་བྱང་ཡོད། ༦༽མཁར་ཆུའི་གནས་སུ་ནམ་སྙིང་གིས༔ རང་བྱུང་རང་ཤར་ཡེ་ཤེས་འདི༔ བསྒོམ་བྱའི་བློ་ལས་རིང་དུ་འདས༔ སྒོམ་བྱེད་ཤེས་པ་རང་སར་དེངས༔ ཅིར་ཡང་དམིགས་སུ་མེད་པར་ཤར༔ ༧༽ཡར་ཀླུང་ཕུ་ནས་གཉགས་ཆེན་གྱིས༔ ལྷུན་གྲུབ་ཡེ་ཤེས་བསམ་མི་ཁྱབ༔ ནམ་མཁའ་ལྟ་བུ་མཐའ་བྲལ་བ༔ ཟུང་དུ་འཇུག་པའི་ཡེ་ཤེས་དེ༔ བློ་བྱས་ཡིད་དཔྱོད་ཀུན་ལས་འདས༔ ༨༽ཀོང་པོ་བྲག་དཀར་ཡང་དབེན་ནས༔ གཉན་ཆེན་དཔལ་གྱི་ཡེ་ཤེས་ཀྱིས༔ རང་རིག་ལྷུན་གྲུབ་བློ་ལས་འདས༔ སེམས་ཉིད་ནམ་མཁའ་མཐའ་དབུས་མེད༔ ཚོགས་བརྒྱད་སྣང་ལ་ངོས་གཟུང་མེད༔ རང་བྱུང་དགོངས་པ་འདི་ཀ་འོ༔ ༩༽བདུད་རི་གནམ་ལྕགས་འབར་བའི་རྩེར༔ འབྲོག་མི་དཔལ་གྱི་ཡེ་ཤེས་ཀྱིས༔ དགོངས་པ་རང་བྱུང་རང་ཤར་འདི༔ མ་བཅོས་ལྷུག་པར་བཞག་ཙམ་ན༔ བརྗོད་དུ་མེད་པའི་ཉམས་ཤིག་ཤར༔ བསམ་དུ་མེད་པའི་འབྲས་བུ་རྙེད༔ ༡༠༽ཟངས་ཡག་བྲག་གི་ཀེའུ་ཚང་ནས༔ ལང་གྲོ་དཀོན་མཆོག་འབྱུང་གནས་ཀྱིས༔ སེམས་ལ་བསམ་དུ་མེད་པའི་ཉམས༔ རང་གསལ་རྗེན་པར་གནས་པ་འདི༔ འཁོར་འདས་ཀུན་ལ་ཁྱབ་པ་ཉིད༔ དུས་གསུམ་སངས་རྒྱས་དགོངས་པ་ལགས༔ ༡༡༽སྔགས་འཆང་རྡོ་རྗེ་བདུད་འཇོམས་ཀྱི་དགོངས་ཉམས་བཀའ་ཐང་དང་བཻ་རོའི་འདྲ་འབག་ལས་བཏུས་པ་ཟུར་བྱང་ཡོད། ཞེས་དགོངས་ཉམས་ཀྱི་གླུ་བླངས། བསྡུ་ན་དེ་ལས། བཻ་རོ། ཆོས་རྒྱལ། མཚོ་རྒྱལ་གསུམ་གྱི་གླུའི་ཆོག་པར་སེམས། དེ་ལྟར་རྒྱ་བོད་ཀྱི་རིག་འཛིན་རྣམས་ཀྱི་དགོངས་ཉམས་ཀྱི་དོ་ཧ་རྡོ་རྗེའི་གླུ་གསན་ཅིང་རྟོགས་པ་བསྐྱེད་པའི། རྗེས་ཀྱི་ཤེས་པ་གཟུང་འཛིན་གྱི་དྲི་མ་མཐའ་དག་དང་བྲལ་ནས། འགག་མེད་ཀྱི་རང་རྩལ་འཁོར་འདས་ཀྱི་སྣང་བ་ཅིར་སྣང་ཅི་སྲིད་ཅིར་ཤར་ཡང་ངོས་གཟུང་ལས་འདས་པའི་རང་རིག་ཡུལ་མེད་རང་གསལ་གྱི་ངང་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །དཔེ་ཇི་ལྟར་ན། གཡོ་སྒྱུ་དང་བྲལ་བའི་མི་ལྟ་བུ་སྟེ། མ་བཅོས་ལྷུན་གྲུབ་ཀྱི་མན་ངག་གིས་རིག་པ་རྩལ་གྱི་དབང་སྐུར་བ་ཐོབ་པའི་སྟོབས་ཀྱིས་བསླུ་མི་སྲིད་དེ། གནས་ལུགས་རང་ངོ་ཤེས། རང་ས་ཟིན། རང་སར་གྲོལ་བ་མཚོན་པའོ། །དེ་ལྟར་བསྒོམ་བྱ་སྒོམ་བྱེད་བྲལ་བའི་ངང་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པས། རང་བཞིན་གྱི་གནས་ལུགས་རྒྱུ་རྐྱེན་མེད་པར། བྱེད་པ་པོ་མེད་པར་ལྷུན་གྱིས་གྲུབ་པས། བླང་བ་མེད་ཅིང་དོར་བ་མེད་པའི་ཕྱིར་ཀུན་ཏུ་བཟང་པོ་ཞེས་ཐ་སྙད་དུ་བཏགས་ཏེ། རང་བྱུང་གི་ཡེ་ཤེས་ཐིག་ལེ་ཉག་ཅིག་སྒྲ་ཇི་བཞིན་པ་མ་ཡིན་པ། དོན་ཐུན་མོང་མིན་པ། དགོས་ཆེད་ཀྱིས་དབང་གིས་ཇི་ལྟར་བཏགས་ཀྱང་། འཁོར་འདས་ཀྱི་ཆོས་ཐམས་ཅད་དེ་བཞིན་ཉིད་དང་གཞན་དུ་བརྗོད་དུ་མེད་པར་ཐག་ཆོད་ན་དབང་ཐམས་ཅད་རྫོགས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། དེ་རྣམས་ཀྱི་ཕྱི་སྐོར་ཁྲིད་ཀྱི་བྱིན་རླབས་ཨ་ཡིག་མདའ་འཕེན་མ་རྩ་བ་དང་འཕྲོས་དོན་བཅས་ལེགས་པར་གྲུབ་པ་ཡིན་པས་དམ་ཚིག་ཁས་བླང་བ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དམ་ཚིག་ཁས་བླང་གྲུབ་ནས། དེ་ལྟར་ཕྱི་སྐོར་ཁྲིད་ཀྱི་བྱིན་རླབས་ཟླ་བའི་ཞུན་མ་སྙིང་གི་མུན་སེལ་གྱི་དབང་བསྐུར་བ་ཡོངས་སུ་གྲུབ་པའི་གཏང་རག་དང་། སླར་གྲོལ་བྱེད་ཁྲིད་རིམ་དངོས་ཞུ་བའི་ཡོན་དུ་མཎྜལ་ཆབས་ཅིག་གནང་བ་ཞུ། སེམས་སྡེའི་སྔོན་འགྲོའི་ཚོགས་གསག་བྱང་བུ་ལྟར་འབུལ་དུ་གཞུག །དེའང་རིག་འཛིན་ཆེན་པོ་ཤྲཱི་སིཾ་ཧའི་དགོངས་བཅུད། གྲུབ་པའི་སློབ་དཔོན་པདྨ་སཾ་བྷ་ཝ་དང་། ལོ་ཆེན་བཻ་རོ་ཙ་ནའི་མན་ངག་གནད་འདྲིལ་ཟབ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས། ཕྱི་སྐོར་སེམས་སྡེ་ནམ་མཁའ་ཀློང་ཡངས་ཀྱི་ཁྲིད་ཚུལ་བགྱི་བ་ལ། སྐུ་ཉིད་རྣམས་ཐུགས་གཞན་དུ་མི་གཡོ་བར་གཏེར་གཞུང་རྡོ་རྗེའི་ཚིག་རྐང་འདི་ལ་སྙན་གྱི་དབང་པོ་རྩེ་གཅིག་ཏུ་གཏོད་འཚལ། ན་མོ་གུ་རུ༔ ཕྱི་སྐོར་དངོས་གཞིའི་ཁྲིད་རིམ་ནི༔ སོགས། ས་མ་ཡ་རྒྱ་རྒྱ༔ ཞེས་གསུངས་པ་དང་། དངོས་གཞིའི་ཁྲིད་ཀྱི་བསྡུས་དོན་ནི། ན་མོ་གུ་རུ༔ ཕྱི་སྐོར་ཁྲིད་ཀྱི་རྗེས་འབྲེལ་ནི༔ སོགས། ས་མ་ཡ་རྒྱ་རྒྱ༔ དེ་ལྟར་རྫོགས་པ་ཆེན་པོ་ཕྱི་སྐོར་སེམས་སྡེའི་ཁྲིད་ཚུལ་ཟབ་མོ་གྲུབ་པ་ལགས་ཤིང་། སྨིན་གྲོལ་ཆིག་རྫོགས་སུ་ཐོབ་པའི་བཀའ་དྲིན་གཏང་རག་ཏུ་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་འབུལ་བའི་མོས་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམ་སོགས་དགེ་བསྔོ་བཅས་བྱ།། །།མཇུག་ཆོག་ཕྲིན་བྱང་ལྟར་བྱས་པས་གྲུབ་བོ། །བྱིན་རླབས་སྨིན་བྱེད་ཀུན་གྱི་དབྱིག །སེམས་ཀྱི་རྡོ་རྗེའི་ངོ་སྤྲོད་ནི། །གཏེར་གཞུང་དགོངས་པ་ཇི་ལྟར་བར། །གསལ་བྱེད་ལམ་འདིའི་མཛེས་རྒྱན་གྲུབ། ཕྱི་སྐོར་ཁྲིད་ཀྱི་བྱིན་རླབས་ཨ་ཡིག་མདའ་འཕེན་མ་རྩ་ལག་དང་ཟབ་ཁྲིད་དངོས་དང་རྗེས་འབྲེལ་བཅས་ཀྱི་ལེ་ཚན་ནོ།། །། ༄༅། །དྲུག་པ་ནང་སྐོར་ཀློང་སྡེའི་རིག་འཛིན་བཅོ་ལྔའི་བྱིན་རླབས་སྒྲུབ་དབང་ལ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་ནི། ཕྱི་སྐོར་རིག་འཛིན་བླ་མའི་སྒྲུབ་དབང་གི་གཤོམ་ལྟར་ལ་ཚོམ་བུར་འདིའི་སྒོས་ཀྱི་ལྷ་གྲངས་དང་རིག་འཛིན་རྣམས་ཀྱི་ཙཀ་ལི་བཤམ་པ་ཙམ་ཁྱད་པར་རོ།། །།དངོས་གཞིའི་དབང་སྒྲུབ་ནང་སྐོར་ཡི་དམ་ཁྲོ་བོའི་བྱང་བུ་ཁྲིགས་བསྡེབས་ལྟར་ཁོག་ཕུབ་ནས། རྟེན་བྱང་མངོན་རྟོགས་དང་བཟླས་པ་རྣམས་ནང་སྐོར་རིག་འཛིན་བླ་མའི་སྒྲུབ་ཐབས་ལྟར་ལ། བཟླས་དམིགས་ནི། ཐུགས་ཀར་པདྨ་ཟླ་བའི་གདན༔ དེ་དབུས་ཨ་ལ་སྔགས་ཀྱིས་བསྐོར༔ འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ ཚུར་འདུས་དངོས་གྲུབ་བདག་ལ་ཐིམ༔ སླར་འཕྲོས་འགྲོ་བའི་སྒྲིབ་གཉིས་སྦྱངས༔ སྣོད་བཅུད་སྐུ་དང་ཞིང་དུ་དག༔ སྣང་གྲགས་རྟོག་པའི་ཆོས་རྣམས་ཀུན། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རྫོགས༔ ཞེས་གསལ་བཏབ་ལ་གཙོ་བོའི་མཚན་སྔགས་ཅི་ནུས་དང་གཞན་རྣམས་དེའི་ཕྱེད་ཆ་སོགས་ཇི་ལྟར་འོས་པ་བཟླས་ལ། གཏང་རག་མཆོད་བསྟོད་བྱ། བཀའ་སྲུང་དང་ཚོགས་མཆོད་རྒྱས་པར་བྱ་ཞིང་། ལས་བུམ་དུ་རྡོར་སེམས་བསྐྱེད་བཟླས་བྱ། དབང་དངོས་ནི་ཕྱི་སྐོར་བླ་མའི་སྒྲུབ་དབང་གཏེར་གཞུང་ལས། དེ་བཞིན་དུ་སྐོར་གསུམ་གྱི་བླ་མ་རྣམས་ཀྱི་བྱིན་རླབས་རིགས་པས་འཕྲུལ་ལོ༔ ཞེས་གསུངས་པས། ཕྱི་སྐོར་རིག་འཛིན་གྱི་བྱིན་རླབས་ལ་ཁ་བསྒྱུར་ནས་བྱ་དགོས་པས་ན། ཐོག་མར་ཁྲུས་དང་། བསྐྲད་སྲུང་། མཎྜལ་བཀྱེ་བསྡུ། སེམས་སྐྱེད་གསལ་བཏབ་ལ། དེའང་མཚམས་སྦྱོར་གྱི་ཁྱད་པར། དེ་ལ་འདིར་གསན་བྱའི་ཆོས་ནི། ཁྱབ་བདག་ཀུན་བཟང་རྡོ་རྗེ་འཆང་ཆེན་པོས་བསྟན་པའི་སྔགས་རྒྱུད་རྒྱ་མཚོའི་ཡང་རྩེ་མན་ངག་རྫོགས་པ་ཆེན་པོ། དེ་ཡང་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་རྒྱ་ཆད་ཕྱོགས་ལྷུང་མེད་པ་ཐེག་པ་ཐམས་ཅད་ཀྱི་དོན་ཡོངས་སུ་རྫོགས་པས་རྩེ་མོར་གྱུར་པ་སྟེ། ཀུན་བྱེད་ལས། གཅིག་རྫོགས་གཉིས་རྫོགས་སེམས་སུ་རྫོགས། །གཅིག་རྫོགས་སེམས་ཀྱིས་བྱས་པར་རྫོགས། །གཉིས་རྫོགས་ཕུན་སུམ་ཚོགས་པར་རྫོགས། །ཀུན་རྫོགས་བྱང་ཆུབ་སེམས་སུ་རྫོགས། །ཞེས་པ་ལྟར། ཨ་ནུ་མན་ཆད་ཐམས་ཅད་རྩོལ་སྒྲུབ་ཀྱི་བླང་དོར་བྱས་པས་རེ་དོགས་ཀྱི་དྲི་མས་རང་བྱུང་གི་ཡེ་ཤེས་ལ་སྒྲིབ་ཅིང་། ཨ་ཏི་ཡོ་ག་ནི་བྱ་རྩོལ་དང་བྲལ་བའི་ཡེ་ཤེས་ལ་དབང་བསྒྱུར་པ་ཡིན། དེ་ལའང་ཕྱི་ནང་གསང་བའི་སྐོར་ཚོ་གསུམ་ལས། འདིར་ནང་སྐོར་སྙིང་ལྟ་བུ་ཀུན་ཏུ་བཟང་པོ་ཀློང་ཆེན་རབ་འབྱམས་རྒྱལ་པོ་སོགས་རྒྱུད་ལུང་རྣམས་ཀྱིས་བསྟན་དོན། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་ལས་འགྲོ་འོང་མེད་པའི་ཕྱིར། སྐུ་གསུམ་རང་ཆས་ཀྱི་དབྱིངས་ལས་མི་འགྱུར་བར་རྟོགས་པས་གཉེན་པོའི་མཐའ་ལས་གྲོལ་བ་ནང་བྱ་བྲལ་ཀློང་གི་སྡེ། དེ་ལའང་དཀར་ནག་ཁྲ་གསུམ་དང་རབ་འབྱམས་ཀློང་གི་སྡེ་བཞི་རྣམས་ལོ་ཆེན་བཻ་རོ་ཙ་ནས་སྤང་མི་ཕམ་མགོན་པོ་ལ་གསུངས་པས་འཇའ་ལུས་སུ་གཤེགས་པ་ལས་དར་བ་སོགས་བཀའ་མ་དང་། རྩོད་དུས་ཀྱི་གདུལ་བྱ་ཀུན་བཟང་ཐུགས་ཀྱི་བསྟན་པས་འདུལ་བའི་དུས་སུ་སོན་པ་ན་སྤྲུལ་པའི་གཏེར་འབྱིན་རྒྱ་མཚོའི་འཁོར་ལོས་བསྒྱུར་བ། ༧ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་ཛམ་ནང་པདྨ་ཤེལ་ཕུག་གི་གནམ་ཁུང་ནས་སྤྱན་དྲངས་པའི་རྫོགས་པ་ཆེན་པོ་སྡེ་གསུམ་ལས། ནང་སྐོར་ཀློང་སྡེའི་རིག་འཛིན་བླ་མའི་སྒྲུབ་དབང་ཡིན་ལ། དེ་ནི་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། བླ་མ་སངས་རྒྱས་ཀུན་དང་མཉམ། །བསྟེན་པ་དེ་ལས་ཡོན་ཏན་ནི། །དཔག་བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་འདྲ་བ་ཡི། །ཡོན་ཏན་དཔག་ཏུ་མེད་པ་ཐོབ། །དེ་ལ་དམིགས་ནས་བླ་མ་བསྟེན། །འཁོར་བའི་གཡུལ་ངོ་བཟློག་ཕྱིར་རོ། །ཞེས་གསུངས་པ་ལྟར། ལྷན་སྐྱེས་ནམ་མཁའ་ལྟ་བུའི་ཡེ་ཤེས་ཀྱང་བླ་མའི་བྱིན་རླབས་ལམ་དུ་བྱས་པས་མངོན་སུམ་སྟེར་བར་གསུངས་ན། མངོན་མཐོ་དང་ངེས་ལེགས་ཀྱི་འབྲས་བུ་ནི་འབད་མེད་དུ་སྟེར་བར་སྨྲོས་ཅི་དགོས་པས། ཐོག་མ་ཉིད་དུ་རིག་འཛིན་བླ་མ་རྣམས་ཀྱི་རྡོ་རྗེ་གསུམ་གྱི་བྱིན་རླབས་འཕོ་བའི་དབང་བསྐུར་བ་སྟེ། མདོ་བྱང་ལས། རིག་འཛིན་བླ་མ་འགྲོ་འདུལ་བཅོ་ལྔ་ཡང༔ རྒྱ་གར་ཡུལ་གྱི་སློབ་དཔོན་ཆེན་པོ་རྣམས༔ འགྲོ་དོན་ཕྱིར་དུ་བོད་ཀྱི་ཡུལ་དུ་འཁྲུངས༔ དེ་ཡི་དབང་བྱས་ཡེ་ཤེས་མཚོ་རྒྱལ་ལ༔ ལྷ་སྲས་ཀྱིས་ཞུས་ལྷ་སྲས་གཤེགས་རྗེས་སུ༔ ཟུར་མཁར་བཟའ་ཡིས་ཡི་གེར་བཀོད་པ་དག༔ ངན་ལམ་བནྡེས་ཁྲིགས་སུ་བཏབ་པ་འདི༔ བླ་མའི་ཕྲིན་ལས་དགོངས་པ་འོད་གསལ་ཞེས༔ འདི་ཡི་བྱིན་རླབས་བླ་མའི་སྤྱི་སྐོར་ལས༔ གྲུབ་པའི་ཚུལ་སྟོན་བཀའ་བབས་དབང་བསྐུར་ཞིང༔ ཐུགས་ཀྱི་བྱིན་རླབས་རྡོ་རྗེའི་གླུ་རྣམས་བླང༔ ཞེས་པ་ལྟར་ནང་སྐོར་རིག་འཛིན་བཅོ་ལྔའི་བྱིན་རླབས་དབང་བསྐུར་བགྱི་བ་ལ་བདག་ཉིད་ཀྱིས་བགྱི་འོས་གྲུབ་ནས་སོགས་ཀྱིས་མཚམས་སྦྱར་མཎྜལ་འབུལ་བ་སོགས་བྱ། དབང་དངོས་ལ་ཕྱི་སྐོར་བླ་མའི་སྒྲུབ་དབང་བྱིན་རླབས་ཀྱི་གསོལ་གདབ་ནས་བརྩམ་གོང་ལྟར་བྱ་བར་གསུངས་པ་དཀྱུས་སུ་བྲིས་པ་ནི། ཁྱེད་རང་རྣམས་སྙིམ་པ་མེ་ཏོག་གིས་བཀང་བ་བཅས་ཐལ་མོ་སྦྱར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་གྱིས། ཟུང་འཇུག་དགོངས་པ་བརྙེས་པ་ཡི༔ འགྲོ་འདུལ་རིག་འཛིན་བཅོ་ལྔ་ཡི༔ བྱིན་རླབས་བརྩེ་བས་གནང་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་བླ་མས་བསྐུར་ཐོབ་བྲལ་བའི་དབང་བསྐུར་ཡེ་ནས་རང་ལ་རྫོགས་པར་གདམས་པ་ནི་འདི་ལ་གསན་པས་ཁྱབ་སྟེ། སྤྱིར་ནི་འགྲོ་འདུལ་ལྔ་བཅུ་རྩ་བརྒྱད་པོ༔ ཐམས་ཅད་ཟུང་འཇུག་མངོན་གྱུར་ཀུན་ཏུ་བཟང༔ དགོངས་པ་རང་བྱུང་ནམ་མཁའི་རྣལ་འབྱོར་ཚོགས༔ ཡེ་ཤེས་སྐུ་ཅན་འཁོར་འདས་ཡོངས་ལ་ཁྱབ༔ བཞུགས་ཡུལ་ཞིང་ཁམས་གཞན་དུ་བཙལ་མི་འཚལ༔ ད་ལྟའི་ནམ་མཁའ་འདིར་ཡང་རྣལ་འབྱོར་རྣམས༔ རང་གི་སེམས་ཉིད་འདི་ལའང་བླ་མས་ཁྱབ༔ བསྐུར་བྱ་སྐུར་ཐབས་བསྒྲུབ་དང་སྒྲུབ་ཐབས་མེད༔ རྣལ་འབྱོར་ལྟ་བའི་ངང་ལ་སྒྲུབ་དབང་རྫོགས༔ ཞེས་བརྗོད། དེ་ནས་ཁྱེད་རང་རྣམས་ཀྱིས་ཚོགས་གསག་པའི་ཆེད་དུ་མཆོད་པ་འབུལ་བར་གདམས་པ་ནི། ཨེ་མ་ཧོ་བདེ་གཤེགས་བླ་མ་རྣམས༔ བསམ་གྱིས་མི་ཁྱབ་ཆོས་ཉིད་ཀློང༔ ཀུན་ཏུ་བཟང་པོའི་རྣལ་འབྱོར་ཡིན༔ ལྟ་བའི་རྒྱལ་པོའི་མཆོད་པ་འབུལ༔ ཞེས་གདམས་ནས། སློབ་མ་རྣམས་ཀྱིས་མཎྜལ་ཚོགས༔ ཅི་འབྱོར་བཤམས་ཏེ་ལྟ་བར་གནས༔ ཞེས་གསུངས་པས། རང་རིག་གདོད་ནས་རྣམ་པར་དག་པའི་རིག་རྩལ་བླ་མའི་ལྷ་ཚོགས་རྣམས་ཀྱི་སྤྱན་སྔར་ཚིག་རིས་དང་མཐུན་པའི་དམིགས་འདོན་ཟུང་དུ་ཆུད་པས་འདི་རྣམས་རྗེས་ཟློས་གྱིས། གདོད་ནས་དག་པའི་ཀུན་བཟང་བླ་མ་ལ༔ མཚན་འཛིན་འཁྲུལ་པའི་བསྐང་བཤགས་མི་འཚལ་ཞིང༔ གཉིས་སུ་འཛིན་པའི་ཕྱག་འཚལ་མོས་གུས་བྲལ༔ དེ་བས་རང་རིག་ཀློང་དུ་ཕྱག་འཚལ་ལོ༔ གཉིས་སུ་མེད་པའི་མཆོད་སྤྲིན་རྒྱ་མཚོས་མཆོད༔ བསམ་ལས་འདས་པའི་ངང་དུ་ཐུགས་དམ་བསྐང༔ བརྗོད་མེད་བརྗོད་པ་ཐམས་ཅད་མཐོལ་ལོ་བཤགས༔ ཨེ་མ་ཧོ་བདེ་གཤེགས་བླ་མ་རྣམས༔ ཀུན་བཟང་དགོངས་ཀློང་སེམས་སུ་རྫོགས་པ་ལ༔ ཕྱི་ནང་གཉིས་མེད་སྤྲོས་པའི་མཐའ་ལས་འདས༔ ཆོས་དབྱིངས་ཀློང་ཆུབ་ངང་དུ་ཕྱག་འཚལ་ལོ༔ ཨེ་མ་ཧོ་རང་རིག་བླ་མ་རྣམས༔ འཁོར་འདས་ཐམས་ཅད་ས་ལེར་མཐོང་བ་ལ༔ གཉིས་སུ་མེད་པའི་དབྱིངས་སུ་ལྷུན་རྫོགས་པས༔ མཐོང་བྱ་མཐོང་མཁན་མེད་ལ་ཕྱག་འཚལ་ལོ༔ ཨེ་མ་ཧོ་བདེ་གཤེགས་བླ་མ་རྣམས༔ ཕྱི་ནང་ནམ་མཁའ་ཀུན་ལ་སྐུ་ནི་ཡོངས་སུ་ཁྱབ་པ་ཉིད༔ བཞུགས་པའི་ཡུལ་ནི་ཕྱོགས་བཅུའི་འཇིག་རྟེན་དག་ན་མཆིས༔ གློ་བུར་དྲི་མའི་རྣམ་རྟོག་བསལ་ཕྱིར་གཟུགས་སྐུར་བཞེངས་པ་རྣམས༔ མཚན་འཛིན་འཁྲུལ་པ་འདི་དག་མྱུར་དུ་བསལ་བར་མཛད་དུ་གསོལ༔ ཞེས་གསོལ་བ་བཏབ་པ་ལ། སློབ་དཔོན་གྱིས། ཨེ་མ་ཧོ༔ བདེ་གཤེགས་བླ་མ་འགྲོ་འདུལ་ལྔ་བཅུ་རྩ་བརྒྱད་རྣམས༔ དམིགས་མེད་ཆོས་ཀྱི་སྐུ་ལས་ད་ལྟ་བཞེངས་སུ་གསོལ༔ ནང་སྐོར་བླ་མ་རིག་འཛིན་བཅོ་ལྔར་སྣང་བར་མཛོད༔ ཡེ་ཤེས་སྐུ་ཡིས་སློབ་མར་བྱིན་རླབས་དབང་ཆེན་ད་ལྟ་བསྐུར་དུ་གསོལ༔ ཞེས་གསོལ་བ་གདབ། དེ་ནས་སློབ་དཔོན་རིག་འཛིན་བླ་མ་གཙོ་འཁོར་གྱི་སྐུར་བསྒོམ་པ་དང་། ཁྱེད་རང་རྣམས་ཀྱང་རིག་འཛིན་བླ་མའི་སྐུ་འདི་བཞིན་གསལ་ཐོབས་ཤིག །ཨ༔ ཀ་དག་དེ་བཞིན་ཉིད་དབྱིངས་སོགས་ནང་སྐོར་སྒྲུབ་ཐབས་ལྟར་བླ་མའི་མངོན་རྟོགས་དཔོན་སློབ་གཉིས་ཀས། སྣང་ལ་རང་བཞིན་མེད་པར་གསལ༔ ཞེས་པའི་བར་བརྗོད་ཅིང་བསྒོམ། དེ་ལྟར་གསལ་བཞིན་པ་ལ་རིག་འཛིན་བླ་མ་རྣམས་ཀྱིས་དགོངས་པ་མི་གཡོ་བའི་ངང་ནས་དོ་ཧ་རྡོ་རྗེའི་གླུ་བླང་བ་དང་རང་འདྲའི་སྐུ་གཉིས་པ་རེ་བྱུང་། སྤྱི་བོ་ནས་ཐིམ་པས་སྐུའི་བྱིན་རླབས་དང་། མཚན་སྔགས་ཀྱི་བཟླས་པ་བྱ་བ་གསུང་གི་བྱིན་རླབས། རིག་འཛིན་བླ་མ་རྣམས་རང་རིག་ཏུ་རྫོགས་པའི་ངང་དུ་མཉམ་པར་གཞག་པ་ཐུགས་ཀྱི་བྱིན་རླབས་ཡིན་པས་ཁྱེད་རང་རྣམས་དགོངས་པ་སྐྱེ་མེད་ཀྱི་ངང་དུ་བཞག་སྟེ་རྡོ་རྗེའི་གླུ་ལ་སྙན་གཏོད་པ་ཞུ། དགའ་རབ་རྡོ་རྗེའི་སྐུ་ཐོགས་ལ། རིག་འཛིན་དགའ་རབ་རྡོ་རྗེས་ཆོས་ཀྱི་དབྱིངས་ནས་རྡོ་རྗེ་སེམས་དཔའི་དྲུང་དུ་སེམས་ཉིད་འོད་གསལ་བའི་དུས་སུ༔ ང་ནི་མི་ཡི་རིག་འཛིན་དགའ་རབ་རྡོ་རྗེ་སྟེ༔ སེམས་ལ་བལྟ་བའི་ཡུལ་མེད་འཛིན་པ་རང་སར་དག༔ སྒོམ་པའི་བློ་དང་བྲལ་ནས་གསལ་དང་མི་གསལ་མེད༔ སྤྱོད་པ་ཅི་དགར་བཏང་བས་རེ་དོགས་རྩིས་གདབ་བྲལ༔ འབྲས་བུ་འོད་གསལ་སྙིང་པོའི་ཀློང་དུ་རང་བཞིན་གྲོལ༔ ཞེས་སྐུ་སྤྱི་བོར་གཞག །མཚན་སྔགས་ཀྱི་རྗེས་བཟླས་ལན་གསུམ་མཛོད། ཨཱོྃ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པྲ་ཧེ་བཛྲ་སརྦ་སིདྡྷི་ཧཱུྃ༔ དགའ་རབ་རྡོ་རྗེ་ རང་རིག་ཏུ་རྫོགས་པའི་ངང་དུ་མཉམ་པར་གཞག །ཅེས་བརྗོད་ལ་དགོངས་པའི་ངང་བསྐྱང་། ཚུལ་དེ་བཞིན་འོག་མ་རྣམས་ལ་ཡང་མ་ཆད་པར་བྱ་བས། ༈ པདྨ་འབྱུང་གནས་སྐུ་ཐོགས་ལ། འཆི་མེད་པདྨ་འབྱུང་གནས་རྡོ་རྗེའི་གླུ༔ རང་བྱུང་རང་ཤར་ཆོས་ཉིད་བསྟན་པའི་ཚེ༔ ལྷུན་གྲུབ་བརྩེགས་ཀྱི་བམ་རོའི་ཚལ་ཆེན་དུ༔ པདྨ་འབྱུང་གནས་བརྟུལ་ཞུགས་སྤྱོད་པའི་ཚེ༔ ཨ་ཧོ༔ ཤར་གྲོལ་དུས་མཉམ་རིག་པ་ཐོལ་བྱུང་ནི༔ འཇིགས་མེད་སྣང་མེད་འཛིན་མེད་ངང་དུ་སྤྱོད༔ ཀློང་ལས་ཤར་བའི་ཆོ་འཕྲུལ་ཅིར་བསྟན་ཀྱང༔ འཁོར་འདས་མཉམ་པ་ཉིད་དུ་བརྡལ་བ་འོ༔ ཞེས་སྐུ་སྤྱི་བོར་གཞག །ཨཱོྃ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨ་སམྦྷ་བ་སརྦ་སིདྡྷི་ཧཱུྃ༔ ཞེས་རྗེས་ཟློས་དང་། གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། ༈ །འཇམ་དཔལ་བཤེས་གཉེན་གྱི་སྐུ་ཐོགས་ལ། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་དུར་ཁྲོད་ཧེ་ཆེན་བརྡལ་དུ་མཆོད་རྟེན་ལ་སྐུ་རྒྱབ་བརྟེན་ཏེ་སྒྲུབ་པའི་ཚེ་སྲོད་ཀྱི་དུས་སུ་དགོངས་པ་རང་བྱུང་གི་གླུ་བླངས་པ་ནི༔ དགའ་རབ་རྡོ་རྗེའི་ཐུགས་སྲས་འཇམ་དཔལ་བཤེས་གཉེན་བདག༔ གདམས་ངག་སྒོམ་མཁན་མི་སྣང་འོད་གསལ་ཀུན་ལ་ཁྱབ༔ དེ་ཉིད་དམིགས་སུ་མ་མཆིས་དམིགས་ཡུལ་རྡུལ་ཙམ་མེད༔ སྟོང་ཉིད་ཀ་ནས་དག་ཀྱང་སྐུ་དང་ཡེ་ཤེས་གསལ༔ ཞེས་སྐུ་སྤྱི་བོར་གཞག །ཨཱོྃ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་མཉྫུ་ཤྲཱི་མི་ཏྲ་སརྦ་སིདྡྷི་ཧཱུྃ༔ ཞེས་རྗེས་ཟློས་དང་། གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། ༈ །ཤྲཱི་སིཾ་ཧའི་སྐུ་ཐོགས་ལ། ཤྲཱི་སིཾ་ཧའི་རྡོ་རྗེའི་གླུ་ནི༔ ཇི་ལྟར་བསམ་ཡང་མི་རྟོག་ངང༔ ཇི་ལྟར་སྨྲས་ཀྱང་སྒོམ་པ་མེད༔ སྣང་སྲིད་ཆོས་ཀུན་ཡེ་ཤེས་ངང༔ ཡེ་ཤེས་བཙལ་དུ་མེད་པ་འདི༔ རང་བྱུང་རང་ཤར་ཐལ་ལེ་བ༔ ང་ནི་དེང་ཕྱིན་གཞི་ཀློང་གནས༔ གཞི་ནི་མ་བཅོས་ལྷུག་པར་འདུག༔ མཚན་ཉིད་ཀུན་ལྡན་འོད་གསལ་བ༔ ཅིར་ཡང་མ་ཡིན་ཅིར་ཡང་རྟོགས༔ ལྟ་བ་མཐར་ཕྱིན་ཤྲཱི་སིཾ༔ སྒོམ་པའི་བློ་དང་བྲལ་འདོད་ནས༔ གསལ་བ་འདི་ལ་ལམ་བྱས་པས༔ གཏད་སོ་མེད་པའི་ཉམས་ཤིག་ཤར༔ རྒྱུན་ཆད་མེད་པའི་ཤྲཱི་སིཾ༔ སྤྱོད་པ་སྤྱད་རྒྱུ་འདུག་གམ་བལྟས༔ ཅི་བྱས་ཐམས་ཅད་བདེ་བ་ཆེ༔ གང་བྱུང་ཐམས་ཅད་དགའ་བའི་ངང༔ ཟུང་འཇུག་མངོན་གྱུར་ཤྲཱི་སིཾ༔ འབྲས་བུ་འཐོབ་པར་བྱ་བའི་ཕྱིར༔ གཞི་ཡི་ཀློང་དུ་མཉམ་པར་བཞག༔ འཇམ་དཔལ་བཤེས་གཉེན་གདམས་པ་སྟེ༔ སེམས་ཀྱི་ཀློང་ནས་གཏེར་དུ་རྙེད༔ གསལ་བའི་དབྱིངས་སུ་སྤྲུལ་པ་རྣམས༔ མི་རྟོག་པ་ཡི་ངང་ལ་བཞག༔ བདེ་བ་ཆེན་པོར་ལྷུན་གྲུབ་སྟེ༔ དབྱེར་མེད་ངང་དུ་ཨ་ལ་ལ་ཧོ༔ ཞེས་བསམ་གཏན་གྱི་ཁང་བུར་གླུ་ཕྱི་མ་བླངས་པའོ༔ ཞེས་སྐུ་སྤྱི་བོར་གཞག །ཨཱོྃ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཤྲཱི་སིཾ་ཧ་སརྦ་སིདྡྷི་ཧཱུྃ༔ ཞེས་རྗེས་ཟློས་དང་། གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། ༈ །ཛྙཱ་སཱུ་ཏྲའི་སྐུ་ཐོགས་ལ། སློབ་དཔོན་ཛྙཱ་ན་སཱུ་ཏྲའི་རྡོ་རྗེའི་གླུ༔ བདེ་བ་ཆེན་པོའི་ཡེ་ཤེས་ཆེས་འཕགས་པ༔ ཛྙཱ་ན་སཱུ་ཏྲ་བྲག་དམར་དབེན་རྩ་རུ༔ མཁའ་འགྲོ་རྣམས་དང་ཚོགས་འཁོར་བསྐོར་བའི་ཚེ༔ ཨ་ཧོ༔ བདེ་བ་ནམ་མཁའི་ཀློང་དུ་བསྟིམས་བྱས་པས༔ བདེ་སྟོང་རྒྱ་ཆེ་ཁྱབ་བརྡལ་ནམ་མཁའ་འདྲ༔ ཞེན་པ་མེད་པ་བདེ་བའི་འཁོར་ལོ་ལ༔ ལུས་ངག་ཡིད་གསུམ་བདེ་བ་ཆེན་པོར་ཤར༔ ཞེས་སྐུ་སྤྱི་བོར་གཞག །ཨཱོྃ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཛྙཱ་ན་སཱུ་ཏྲ་སརྦ་སིདྡྷི་ཧཱུྃ༔ ཞེས་རྗེས་ཟློས་དང་། གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། ༈ །བི་མ་མི་ཏྲའི་སྐུ་ཐོགས་ལ། སློབ་དཔོན་བི་མ་མི་ཏྲའི་རྡོ་རྗེའི་གླུ༔ ཡེ་ཤེས་དབྱིངས་སུ་རྣམ་པར་དག་པ་ཡི༔ བདེ་ཆེན་བརྩེགས་པར་མཁའ་འགྲོ་དབྱིངས་ཕྱུག་མས༔ སློབ་དཔོན་མཆོད་པས་དེ་ཚེ་འདི་སྐད་གསུངས༔ ཨ་ཧོ༔ བདེ་ཆེན་ནམ་མཁའ་གང་བའི་དབྱིངས་སུ་དག༔ རང་བྱུང་རང་ཤར་རིག་པའི་ཀློང་དུ་ཐིམ༔ དབྱིངས་རིག་གཉིས་མེད་ཟུང་འཇུག་ལ་བཟླས་པས༔ འཁོར་འདས་ཀུན་ཁྱབ་ཧེ་རུ་ཀཿདཔལ་ལོ༔ ཞེས་སྐུ་སྤྱི་བོར་གཞག །ཨཱོྃ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་བི་མ་ལ་མི་ཏྲ་སརྦ་སིདྡྷི་ཧཱུྃ༔ ཞེས་རྗེས་ཟློས་དང་། གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། ༈ །བཻ་རོ་ཙ་ནའི་སྐུ་ཐོགས་ལ། ལོ་ཆེན་བཻ་རོ་ཙ་ན་ཡིས༔ ཡར་ཀླུང་ཤེལ་གྱི་བྲག་ཕུག་ནས༔ ང་ནི་བཻ་རོ་ཙ་ན་སྟེ༔ མ་བཅོས་རང་གསལ་ངང་དུ་གནས༔ མ་ནོར་དམིགས་སུ་མ་མཆིས་ཤིང༔ བརྗོད་མེད་རིག་པ་ཟང་ཐལ་ལེ༔ བསམ་འདས་སེམས་ཀྱི་དྲི་མ་དག༔ རང་བྱུང་ཡེ་ཤེས་ངོ་བོ་ཉིད༔ རང་གསལ་རང་བཞིན་ལྷུན་གྱིས་གྲུབ༔ ཅིར་སྣང་ཆོས་སྐུའི་རྒྱན་དུ་ཤར༔ ཐུགས་རྗེ་སྤྲུལ་སྐུ་སྣ་ཚོགས་སྣང༔ ཐམས་ཅད་ཀུན་གཞིའི་དབྱིངས་སུ་རྫོགས༔ ལྟ་བའི་གནམ་འཕང་གཅོད་པའི་ཚེ༔ སྒོམ་པ་ཐབས་ཤེས་སྒྲོ་གཤོག་བརྒྱང༔ སྤྱོད་པའི་ལམ་ལ་ཞུགས་པའི་ཚེ༔ རེ་དོགས་མེད་པའི་ངང་ལ་འགྲོ༔ འབྲས་བུའི་ཕ་མཐར་བསྙེགས་པའི་ཚེ༔ གཞན་དུ་མེད་པའི་སངས་རྒྱས་རྟོགས༔ སྒོམ་པའི་གཟེབ་ལས་གྲོལ་ཙ་ན༔ ལྟ་བའི་རྒྱལ་པོ་ཕུགས་ཐག་ཆོད༔ ལམ་ལ་བགྲོད་དུ་མེད་པ་དེ༔ ལུང་དང་རིགས་པས་བསྒྲུབ་མེད་ཕྱིར༔ གཞི་ཡི་སྟེང་དུ་འབྲས་བུར་སྨིན༔ ཆོས་ཉིད་ཀློང་དུ་ལ་བཟླས་ཏེ༔ རང་རིག་རྩལ་དུ་ཤན་ཡང་འབྱེད༔ དབྱིངས་རིག་གཉིས་སུ་མེད་པ་དེ༔ ཐིག་ལེ་ཉག་གཅིག་ངང་དུ་རྫོགས༔ སེམས་སྡེའི་ངང་དུ་ཉམས་བླངས་པས༔ སྣང་སྲིད་སེམས་ཀྱི་ཀློང་དུ་རྫོགས༔ ཀློང་སྡེའི་ལྟ་བ་ཉམས་བླངས་ཚེ༔ རྣམ་རྟོག་ཕྲ་རགས་ཀློང་དུ་ཐིམ༔ མན་ངག་ཉམས་སུ་བླངས་པའི་ཚེ༔ དབྱིངས་ཡེ་ཟུང་འཇུག་མངོན་སངས་རྒྱས༔ ལྟ་བའི་ཕུགས་ཐག་ཆོད་པ་ཡིན༔ སྒོམ་པའི་བློ་ལས་འདས་པ་ཡིན༔ སྤྱོད་པ་སྤྱད་དུ་མེད་པ་ཡིན༔ འབྲས་བུ་གཞན་ལ་རེ་མི་འཚལ༔ འོན་ཀྱང་རྣལ་འབྱོར་བཻ་རོ་ཡིས༔ རྒྱུ་འབྲས་ཁྱད་དུ་མི་གསོད་པས༔ སྡོམ་པ་གསུམ་གྱིས་རྒྱུད་སྦྱངས་ཏེ༔ མཚན་ལྡན་བླ་མ་དཔལ་སེང་གེ༔ སྤྱི་བོའི་གཙུག་ཏུ་འབྲལ་མེད་བཞུགས༔ རིག་འཛིན་པདྨ་འབྱུང་གནས་དེ༔ མཉེས་པ་གསུམ་གྱིས་ཡང་ཡང་བསྟེན༔ པཎ་ཆེན་བི་མ་ལ་མི་ཏྲ༔ དགོངས་པར་བཞེད་པའི་ཕ་མཐའ་བསྐང༔ བསླབ་པ་གསུམ་གྱི་ཆས་འཛིན་ཏེ༔ ལྟ་བའི་གནམ་འཕང་གཅོད་པ་ཡིན༔ སྔར་སྤྱོད་ངང་དུ་མཉམ་པར་བཞག༔ བསྟན་གཉིས་ཟུང་འཇུག་བཀྲ་ཤིས་ཤོག༔ ཅེས་སྐུ་སྤྱི་བོར་གཞག །ཨཱོྃ་ཨཱཿཧཱུྃ་གུ་རུ་བཻ་རོ་ཙ་ན་སིདྡྷི་ཧཱུྃ༔ ཞེས་རྗེས་ཟློས་དང་། གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། ༈ ཁྲི་སྲོང་རྗེ་ཡི་སྐུ་ཐོགས་ལ། བསམ་ཡས་དབུ་རྩེའི་བར་ཁང་ནས༔ ཁྲི་སྲོང་རྗེ་ཡིས་འདི་སྐད་བཞེངས༔ ང་ནི་ཁྲི་སྲོང་ལྡེའུ་བཙན་ཏེ༔ སེམས་ཉིད་རང་བྱུང་ཡེ་ཤེས་འདི༔ ཅིར་ཡང་མི་དམིགས་ཅིར་ཡང་གསལ༔ ལྟ་བའི་རྒྱལ་པོ་མཐའ་གཉིས་བྲལ༔ ཞེས་སྐུ་སྤྱི་བོར་གཞག །ཨཱོྃ་ཨཱཿསརྦ་མ་ཧཱ་གུ་རུ་ཧཱུྃ༔ ཞེས་རྗེས་ཟློས་དང་། གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། ༈ །གཉགས་ཆེན་གྱི་སྐུ་ཐོགས་ལ། ཡར་ཀླུང་ཕུ་ནས་གཉགས་ཆེན་གྱིས༔ ལྷུན་གྲུབ་ཡེ་ཤེས་བསམ་མི་ཁྱབ༔ ནམ་མཁའ་ལྟ་བུ་མཐའ་བྲལ་བ༔ ཟུང་དུ་འཇུག་པའི་ཡེ་ཤེས་དེ༔ བློ་བྱས་ཡིད་དཔྱོད་ཀུན་ལས་འདས༔ ཞེས་སྐུ་སྤྱི་བོར་གཞག །ཨཱོྃ་ཨཱཿསརྦ་མ་ཧཱ་གུ་རུ་ཧཱུྃ༔ ཞེས་རྗེས་ཟློས་དང་། གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། ༈ །གཉན་ཆེན་དཔལ་ཡེའི་སྐུ་ཐོགས་ལ། ཀོང་པོ་བྲག་དཀར་ཡང་དབེན་ནས༔ གཉན་ཆེན་དཔལ་གྱི་ཡེ་ཤེས་ཀྱིས༔ རང་རིག་ལྷུན་གྲུབ་བློ་ལས་འདས༔ སེམས་ཉིད་ནམ་མཁའ་མཐའ་དབུས་མེད༔ ཚོགས་བརྒྱད་སྣང་ལ་ངོས་གཟུང་མེད༔ རང་བྱུང་དགོངས་པ་འདི་ཀ་འོ༔ ཞེས་སྐུ་སྤྱི་བོར་གཞག །ཨཱོྃ་ཨཱཿསརྦ་མ་ཧཱ་གུ་རུ་ཧཱུྃ༔ ཞེས་རྗེས་ཟློས་དང་། གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། ༈ །ཉང་བན་གྱི་སྐུ་ཐོགས་ལ། ལྗོན་པ་ལུང་ནས་ཉང་བན་གྱིས༔ ལྟ་བ་ཕྱོགས་ལྷུང་མེད་པ་དེ༔ དམིགས་བྱ་མེད་པའི་ངོ་བོ་ཉིད༔ ལྟ་བྱེད་བློ་ཡི་གཟེབ་ལས་གྲོལ༔ བལྟ་བྱའི་སྙིང་པོ་ཡེ་ཤེས་ཆེ༔ ཞེས་སྐུ་སྤྱི་བོར་གཞག །ཨཱོྃ་ཨཱཿསརྦ་མ་ཧཱ་གུ་རུ་ཧཱུྃ༔ ཞེས་རྗེས་ཟློས་དང་། གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། ༈ །ནམ་སྙིང་གི་སྐུ་ཐོགས་ལ། མཁར་ཆུའི་གནས་སུ་ནམ་སྙིང་གིས༔ རང་བྱུང་རང་ཤར་ཡེ་ཤེས་འདི༔ བསྒོམ་བྱའི་བློ་ལས་རིང་དུ་འདས༔ སྒོམ་བྱེད་ཤེས་པ་རང་སར་དེངས༔ ཅིར་ཡང་དམིགས་སུ་མེད་པར་ཤར༔ ཞེས་སྐུ་སྤྱི་བོར་གཞག །ཨཱོྃ་ཨཱཿསརྦ་མ་ཧཱ་གུ་རུ་ཧཱུྃ༔ ཞེས་རྗེས་ཟློས་དང་། གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། ༈ །འབྲོག་མི་དཔལ་ཡེའི་སྐུ་ཐོགས་ལ། བདུད་རི་གནམ་ལྕགས་འབར་བའི་རྩེར༔ འབྲོག་མི་དཔལ་གྱི་ཡེ་ཤེས་ཀྱིས༔ དགོངས་པ་རང་བྱུང་རང་ཤར་འདི༔ མ་བཅོས་ལྷུག་པར་བཞག་ཙམ་ན༔ བརྗོད་དུ་མེད་པའི་ཉམས་ཤིག་ཤར༔ བསམ་དུ་མེད་པའི་འབྲས་བུ་རྙེད༔ ཅེས་སྐུ་སྤྱི་བོར་གཞག །ཨཱོྃ་ཨཱཿསརྦ་མ་ཧཱ་གུ་རུ་ཧཱུྃ༔ ཞེས་རྗེས་ཟློས་དང་། གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། ༈ །གནུབས་ཆེན་གྱི་སྐུ་ཐོགས་ལ། ཡང་རྫོང་གནས་ནས་གནུབས་ཆེན་གྱིས༔ ང་ནི་སངས་རྒྱས་ཡེ་ཤེས་ཏེ༔ སངས་རྒྱས་རང་ལས་རྙེད་པ་ཡིན༔ ལྟ་བའི་རྒྱལ་པོ་གནམ་འཕང་གཅོད༔ སྒོམ་པ་ཐབས་ཤེས་གཤོག་རྩལ་ཆེ༔ སྤྱོད་པ་འཇིགས་མེད་ཧེ་རུ་ཀ༔ འབྲས་བུ་སྲིད་ཞིའི་ཐིག་ལེར་རྫོགས༔ ཞེས་སྐུ་སྤྱི་བོར་གཞག །ཨཱོྃ་ཨཱཿསརྦ་མ་ཧཱ་གུ་རུ་ཧཱུྃ༔ ཞེས་རྗེས་ཟློས་དང་། གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། ༈ །ལང་གྲོའི་སྐུ་ཐོགས་ལ། ཟངས་ཡག་བྲག་གི་ཀེའུ་ཚང་ནས༔ ལང་གྲོ་དཀོན་མཆོག་འབྱུང་གནས་ཀྱིས༔ སེམས་ལ་བསམ་དུ་མེད་པའི་ཉམས༔ རང་གསལ་རྗེན་པར་གནས་པ་འདི༔ འཁོར་འདས་ཀུན་ལ་ཁྱབ་པ་ཉིད༔ དུས་གསུམ་སངས་རྒྱས་དགོངས་པ་ལགས༔ ཞེས་སྐུ་སྤྱི་བོར་གཞག །ཨཱོྃ་ཨཱཿསརྦ་མ་ཧཱ་གུ་རུ་ཧཱུྃ༔ ཞེས་རྗེས་ཟློས་དང་། གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། ༈ །རྒྱལ་བ་མཆོག་དབྱངས་སྐུ་ཐོགས་ལ། བསམ་ཡས་མཆིམས་ཕུའི་དབེན་རྩ་ནས༔ རྒྱལ་བ་མཆོག་དབྱངས་འདི་སྐད་དོ༔ བློ་འདས་བསམ་བརྗོད་བྲལ་བའི་སེམས༔ རིག་པའི་ངང་དུ་གཉིས་མེད་འདྲེས༔ ཕྱི་ནང་ཀུན་ལ་ཟང་ཐལ་ལེ༔ མ་བཅོས་ཡེ་རྫོགས་ཆེན་པོ་འོ༔ ཞེས་སྐུ་སྤྱི་བོར་གཞག །ཨཱོྃ་ཨཱཿསརྦ་མ་ཧཱ་གུ་རུ་ཧཱུྃ༔ ཞེས་རྗེས་ཟློས་དང་། གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། ༈ །རླངས་ཆེན་དཔལ་སེང་སྐུ་ཐོགས་ལ། ཁམས་ཀྱི་ཁྱུང་བྲག་དབེན་རྩ་ནས༔ རླངས་ཆེན་དཔལ་གྱི་སེང་གེ་ཡིས༔ གསལ་བ་ཐབས་སུ་བྱས་ནས་ཀྱང༔ སྟོང་པ་ཤེས་རབ་ངང་དུ་རྫོགས༔ གསལ་སྟོང་དབྱེར་མེད་ཀློང་དུ་འཕྱོ༔ ཀུན་བཟང་དགོངས་པ་རང་ལས་རྙེད༔ ཅེས་སྐུ་སྤྱི་བོར་གཞག །ཨཱོྃ་ཨཱཿསརྦ་མ་ཧཱ་གུ་རུ་ཧཱུྃ༔ ཞེས་རྗེས་ཟློས་དང་། གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། ༈ །མཁའ་འགྲོ་མཚོ་རྒྱལ་གྱི་སྐུ་ཐོགས་ལ། ཏི་སྒྲོ་བྲག་གི་ཚོགས་ཁང་དུ༔ ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་གྱིས༔ འཁོར་འདས་ཀུན་ལ་ཁྱབ་པའི་སེམས༔ བདེ་བ་ཆེན་པོའི་ངང་དུ་ཐིམ༔ ཆོས་ཉིད་ཀློང་དུ་བལྟ་བྱ་བྲལ༔ ཁོ་མོའི་རྟོགས་པ་དེ་ཙམ་མོ༔ ཞེས་སྐུ་སྤྱི་བོར་གཞག །ཨཱོྃ་ཨཱཿསརྦ་མ་ཧཱ་གུ་རུ་ཧཱུྃ༔ ཞེས་རྗེས་ཟློས་དང་། གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། ༈ །གཡུ་སྒྲ་སྙིང་པོའི་སྐུ་ཐོགས་ལ། ཡེར་པ་གཙུག་རུམ་འབར་བ་རུ༔ རྒྱལ་མོ་གཡུ་སྒྲ་སྙིང་པོ་ཡིས༔ སེམས་ལས་གཞན་པའི་སངས་རྒྱས་མེད༔ རྣམ་རྟོག་ཆོས་དབྱིངས་ཀློང་དུ་ནུབ༔ དབྱིངས་རིག་དབྱེར་མེད་རྫོགས་པ་འདི༔ བཻ་རོ་ཙ་ནའི་བཀའ་དྲིན་ལགས༔ ཞེས་སྐུ་སྤྱི་བོར་གཞག །ཨཱོྃ་ཨཱཿསརྦ་མ་ཧཱ་གུ་རུ་ཧཱུྃ༔ ཞེས་རྗེས་ཟློས་དང་། གོང་བཞིན་དགོངས་པའི་ངང་བསྐྱང་ངོ་། །དེ་རྣམས་ཀྱི་བྱིན་རླབས་བརྟན་པར་བྱ་བའི་སླད་དུ་རིག་འཛིན་བླ་མའི་ལྷ་ཚོགས་རྣམས་ཀྱི་ཤིས་པ་བརྗོད་ཅིང་ཕྱག་གིས་མེ་ཏོག་འཐོར་བས་དགེ་ལེགས་སུ་བྱས་པའི་མོས་པ་མཛོད། བཀྲ་ཤིས་ཅི་རིགས་བརྗོད། བྱིན་རླབས་དབང་བསྐུར་ཟབ་མོ་ཐོབ་པའི་སྐབས་སུ་ཞལ་གྱིས་བཞེས་པའི་དམ་ཚིག་ལ་སྲུང་སྡོམ་བགྱིད་སྙམ་པས་འདིའི་རྗེས་ཟློས་གྱིས། གཙོ་བོས་ཇི་ལྟར་སོགས། དམ་ཚིག་བསྒྲག་གཟུང་གཏང་རག་མཎྜལ་ཡོན་འབུལ་དགེ་བསྔོ་རྣམས་སྤྱི་ལྟར་བྱའོ། ༈ །སྐབས་འདིར་ཤེས་པར་བྱ་བ་ལ། བརྒྱུད་འཛིན་གཙོ་བོ་གཏེར་སློབ་མཁན་ཆེན་ཀརྨ་རཏྣས་གཏེར་གཞུང་དགོངས་དོན་ཁྲིགས་སུ་བསྟར་བའི་བཻ་རོ་གཙོར་གྱུར་པའི་ནང་སྐོར་རིག་འཛིན་བཅོ་ལྔའི་བསྐྱེད་བཟླས་བྱང་བུ་དང་དབང་ཆོག་བཞུགས་པ་ཉིད་སྦྱོར་ན་ཁྱད་མེད་ལ། དེའི་ཚེ་དབང་སྒྲུབ་ཀྱི་དངོས་གཞིར་བྱང་བུ་དེ་ཉིད་ལྟར་བསྒོམ་བཟླས་དང་། དབང་བསྐུར་བའི་ཚེ་ནའང་དེ་ལས་འབྱུང་བའི་གོ་རིམ་ལྟར། གཙོ་བོ་བཻ་རོ་དང་། ཁྲི་སྲོང་ནས་བརྩམ་བོད་ཀྱི་རིག་འཛིན་བཅུ་གསུམ་གྱི་གླུ་རིམ་པར་བླངས་ཏེ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་སོ་སོ་བཞིན་བྱའོ། །མཁན་ཆེན་རཏྣའི་ལུགས་འདི་རྗེ་བླ་མ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་ཟུར་དུ་དམིགས་བསལ་གསན་ཡོད་མེད་སོམ་ཉིར་འདུག་ཀྱང་དོན་བརྒྱུད་ནི་ཆུ་བོ་གཅིག་འདྲེས་སུ་རུང་ངམ་སྙམ་པ་མངྒ་ལའི་རྣམ་པར་རྟོག་པའོ།། །།རྗེ་རིམ་ཕྲིན་ལས་མཇུག་གི་རིམ་པ་རྣམས་ནང་སྐོར་གྱི་རྗེས་བྱང་ལྟར་རོ། །ཀློང་ཆེན་གྲུབ་པའི་རིག་འཛིན་གྱི། །བྱིན་རླབས་སྤྲིན་ཕུང་ཆར་རྒྱུན་ནི། །སྐལ་ལྡན་དད་པའི་ཞིང་ས་རུ། །འབེབ་པའི་ཐབས་བཟང་འདི་ཀོ་རྨད། །ནང་སྐོར་ཀློང་སྡེའི་བླ་མའི་སྒྲུབ་དབང་གི་ལེ་ཚན་ནོ།། །། ༄༅། །བདུན་པ་ནང་སྐོར་ཀློང་སྡེའི་ཡི་དམ་ཞི་བ་རྫོགས་ཆེན་སྟོན་པ་བཅུ་གསུམ་གྱི་དབང་ལ། སྦྱོར་བ་རས་བྲིས་ཞི་དཀྱིལ་སྤྱི་མཐུན་ལྷ་གནས་ལྟེ་བ་ཟླུམ་སྐོར་མཐིང་ག་ཕྱི་སྐོར་པད་འདབ་བཞི་དང་དེ་རྒྱབ་པད་འདབ་བརྒྱད་ཕྱོགས་མདོག་མཚམས་བཞི་མཐིང་ག་ཅན་ཐིག་ལེས་མཚན་པ་དགྲམ་པའམ། མཎྜལ་སྟེང་འབྲུའི་ཚོམ་བུ་བཅུ་གསུམ་དེ་འགྲེས་ཀྱིས་བཀོད། དེ་སྟེང་མཉྫིའི་ཁར་བུམ་པ་སོ་ལྔའི་བཅུད་ལྡན་ཁ་རྒྱན་ཅན། མདུན་དུ་སྟོན་པ་རྣམས་ཀྱི་སྐུ་ཙཀ་བཅུ་གསུམ་ཀྱང་བཀོད། གཡས་སུ་ཐོད་ཆང་བདུད་རྩི། གཡོན་དུ་རིག་ཙཀ །རྒྱབ་ཏུ་ཤེལ་རྡོ་བཅས་དང་། ཕྱི་ནང་གི་མཆོད་པ་དང་ཚོགས་གཏོར་སོགས་སྤྱི་ལྟར་འདུ་བྱས་ནས།། །།དངོས་གཞིའི་དབང་སྒྲུབ་ལ་ནང་སྐོར་ཁྲོ་བོའི་བྱང་བུ་ཁྲིགས་བསྡེབས་ལྟར་ལ་རྟེན་བྱང་མངོན་རྟོགས་རྗེས། བརྟེན་པ་ནང་སྐོར་ཡི་དམ་ཞི་སྒྲུབ་གཏེར་གཞུང་གིས་བདག་མདུན་དབྱེར་མེད་དུ་བསྒོམ་ལ་བསྟོད་པའི་མཐར། ཛཔ྄་དམིགས་ནི། བདེ་གཤེགས་སྟོན་པ་བཅུ་གཉིས་རྣམས༔ སྣང་སྲིད་སྐུ་ཡི་རོལ་པས་གང༔ སྔགས་ནི་གྲགས་སྟོང་རང་སྒྲ་སྒྲོག༔ འོད་གསལ་ངོ་བོའི་ཐུགས་ཀྱི་ངང༔ མཆོད་སྤྲིན་རྒྱ་མཚོས་རྒྱལ་བ་དགྱེས༔ འགྲོ་རྣམས་བླ་མེད་ས་ལ་བཀོད༔ སྣང་སྲིད་གཞིར་བཞེངས་བདེ་བ་ཆེ༔ དགོངས་པ་ཀློང་ཡངས་ངང་དུ་རྫོགས༔ ཞེས་པའི་དགོངས་པ་སྲོག་ཏུ་བཟུང་སྟེ་གཞུང་གི་བཟླས་པ་ཅི་འགྲུབ་དང་། བུམ་སྒྲུབ་ཟུར་དུ་སྤྲོ་ན། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་བདེ་གཤེགས་སྟོན་པ་བཅུ་གསུམ་གྱི་ཚོམ་བུ་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་ལྟར་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་སོགས་སྤྱི་ལྟར་གསལ་བཏབ་ལ་བཟླས་པ་བྱ། མཐར་སྟོང་ཚིགས་འོད་ཞུ། ལས་བུམ་སོགས་དང་། བཀའ་སྲུང་ཚོགས་མཆོད་རིག་མེ་དོར་བ་བཅས་གྲུབ་ནས། དབང་དངོས་ལ་ཁྲུས་སོགས་སྤྱི་དང་མཚུངས། མཚམས་སྦྱོར་གྱི་ཁྱད་པར། དེ་ཡང་ཕྱོགས་བཅུའི་བདེ་བར་གཤེགས་པ་རྣམས་ཕྱོགས་བཅུའི་ཞིང་རབ་འབྱམས་རྣམས་སུ་གདུལ་བྱ་དང་འདུལ་བྱེད་ཀྱི་རྣམ་པར་རོལ་པ་འབྱམས་ཀླས་པ་ལས། སྐུ་གསུམ་བསྟན་པའི་སྙིང་པོ་འོད་གསལ་རྫོགས་པ་ཆེན་པོ་བསྟན་པར་མཛད་པའི་ཚུལ། སྒྱུ་འཕྲུལ་རྒྱ་མཚོ་ལས། རྒྱལ་བ་སེམས་དཔའ་རྣལ་འབྱོར་པ། །དགོངས་པ་རིག་པ་རྣ་བར་བརྒྱུད། །ཅེས་གསུངས་པ་ལྟར། བདག་ཅག་གི་སྟོན་པ་ཉིད་ཆོས་སྐུ་ཀུན་ཏུ་བཟང་པོ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་ལས་མ་གཡོས་པར། ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་སངས་རྒྱས་དང་རྡོ་རྗེ་སེམས་དཔའ་སོགས་ཀྱི་ཐུགས་རྗེའི་རྩལ་ལས་ཕྱོགས་བཅུའི་ཞིང་ཀུན་ཏུ་འགྲོ་བའི་དོན་མཛད་པའི་བྱེ་བྲག །མི་མཇེད་འཇིག་རྟེན་གྱི་ཞིང་འདིའི་དབང་དུ་བྱས་ན་བྱིན་རླབས་མཆོག་དང་ཡེ་ཤེས་དམ་པའི་སྤྲུལ་པ་གཉིས་སུ་སྣང་བའི་ཕྱི་མ་ལ། བསྐལ་པ་དང་པོར་དགའ་ལྡན་བརྩེགས་པར་སྟོན་པ་ཁྱེའུ་སྣང་བ་དམ་པ་ཚེ་ལོ་དཔག་མེད་དུས་བྱོན་པ་ནས། ཚེ་ལོ་བརྒྱ་པའི་སྐབས་སེར་སྐྱའི་གནས་སུ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བར་སྟོན་པ་ཤཱཀྱ་ཐུབ་པ་སྟེ་ལྷ་དང་མིའི་ཡུལ་དུ་བྱོན་པ་དྲུག་དྲུག་གིས། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལ་སོགས་པས་མཚོན་རང་བཞིན་རྫོགས་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་པ་རྒྱལ་བ་དགོངས་པས་བརྒྱུད་ནས། དཔལ་རྡོ་རྗེ་སེམས་དཔས་རིག་འཛིན་དགའ་རབ་རྡོ་རྗེ་ནས་རིམ་པར་གུ་རུ་རིན་པོ་ཆེ་དང་ལོ་ཆེན་བཻ་རོའི་བར་བརྡ་བརྒྱུད། དེ་ནས་ད་ལྟའི་བར་གང་ཟག་སྙན་བརྒྱུད་ཀྱི་བབ་སོ་ཆེན་པོ་གསུམ་གྱི་དང་པོར་བགྲང་བའི་དགོངས་བརྒྱུད་སྟོན་པ་བཅུ་གསུམ་ནི། ངོ་བོ་ཆོས་སྐུ་ཀུན་ཏུ་བཟང་པོ་གཅིག་གི་ཡེ་ཤེས་ལས་གཞན་དུ་མ་གྱུར་ཀྱང་། རྣམ་པ་མཚན་དང་སྐུ་ཡི་བཀོད་པ་གང་འདུལ་དུ་སྣང་བ་ཀུན་དཀྱིལ་འཁོར་གཅིག་ཏུ་སྒྲུབ་པའི་བྱིན་རླབས་དབང་གི་ཆོ་ག་སྒྲུབ་པ་སྐབས་སུ་བབ་པ་སྟེ། འདི་ནི་༧གཏེར་ཆེན་མཆོག་གྱུར་གླིང་པའི་ཟབ་གཏེར་རྫོགས་པ་ཆེན་པོ་ནང་སྐོར་ཀློང་སྡེའི་ཡི་དམ་ཞི་བའི་སྒྲུབ་ཐབས་སུ་བྱོན་པའི་བྱིན་རླབས་དགོངས་པ་བརྡ་བཞིའི་སྒྲུབ་དབང་གསང་གསུམ་རྡོ་རྗེ་འབར་བ་སྟེ་དེ་ཉིད་གསན་པའི་ཡོན་དུ་མཎྜལ་ཕུལ། ཞེས་འབུལ། ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཡེ་སངས་རྒྱས་པ་གདོད་མའི་ཀུན་ཏུ་བཟང༔ ཐོག་མའི་སྟོན་པ་ཆེན་པོ་བཅུ་གསུམ་གྱི༔ རང་བྱུང་དགོངས་པ་ཀློང་ཡངས་བསྟན་དུ་གསོལ༔ ཆོས་དབྱིངས་འུབ་ཆུབ་ཀློང་དུ་མི་འདའ་བའི༔ རྣལ་འབྱོར་ནམ་མཁའི་རྒྱལ་པོ་བལྟ་འདོད་ཀྱིས༔ ད་ལྟ་ཉིད་དུ་བླ་མས་བསྩལ་དུ་གསོལ༔ ལན་གསུམ། ཞེས་མི་ཕྱེད་དད་པས་གསོལ་བ་བཏབ་པ་ལ། བླ་མས་མཁྱེན་བརྩེ་ཡེ་ཤེས་ཀྱི་སྒོ་ཕྱེས་ཏེ་བཀའ་ཡི་གནང་བ་སྦྱིན་པ་ནི། ཨེ་མ་ཧོ༔ བདེ་གཤེགས་སྟོན་པ་རིག་འཛིན་ནི༔ བསྟན་པ་གཉིས་ཀྱི་བདག་པོ་སྟེ༔ ཀུན་ཏུ་བཟང་པོ་མན་ཆད་ནས༔ བོད་ཀྱི་རིག་འཛིན་ཡན་ཆད་དུ༔ འགྲོ་འདུལ་བདུན་ཅུ་རྩ་གཅིག་ནི༔ ཆོས་དབྱིངས་ཀློང་ལ་ཁྱབ་པ་ཉིད༔ ཐམས་ཅད་ནམ་མཁའི་རྣལ་འབྱོར་ཡིན༔ འཁོར་འདས་ཀུན་ལ་ཁྱབ་པའི་སྐུ༔ གློ་བུར་འཁྲུལ་པས་མ་བསྒྲིབ་ན༔ རང་ཡང་ནམ་མཁའི་ངང་དུ་རྫོགས༔ འགྲོ་འདུལ་རྣམས་དང་དགོངས་པ་གཅིག༔ ད་ལྟའི་ནམ་མཁའ་འདི་རྣམས་ཀྱང༔ བདུན་ཅུ་རྩ་གཅིག་འདུས་པ་ཡི༔ ཐུགས་རྗེའི་ཀློང་ཆེན་དམ་པ་འོ༔ དེ་ཕྱིར་མཆོད་པའི་སྤྲིན་ཚོགས་འབུལ༔ ཞེས་གསུངས་པ་ལྟར་བརྒྱུད་གསུམ་རིག་འཛིན་བླ་མ་མདོ་སྔགས་བསྟན་པའི་བདག་པོ་ཀུན་ཏུ་བཟང་པོ་ནས་ད་ལྟའི་བར་བྱོན་པ་ཐམས་ཅད། དགོངས་ཀློང་ཡེ་ཤེས་གཅིག་གི་ཐིག་ལེར་སྟོན་འཁོར་དགོངས་པ་གཅིག་ཏུ་ཤར་བའི་དད་མོས་དྲགས་པོས། ཁྱེད་རང་གི་ལུས་ལོངས་སྤྱོད་དགེ་ཚོགས་དང་བཅས་པ་ཀུན་བཟང་མཆོད་པའི་སྤྲིན་དུ་འབུལ་བ་ཀུན་རྫོབ་དམིགས་པའི་རྣམ་པ་ཅན་དང་དོན་དམ་ཤར་གྲོལ་གཉིས་མེད་ཀྱི་ལྷ་ལ་གཉིས་འཛིན་དག་པའི་མཆོད་པ་འབུལ་བ་དང་། ཀུན་རྫོབ་མཚན་མའི་རྟོག་པས་འཁྲུལ་པ་རང་རྒྱུད་དུ་སྤྱོད་པའི་སྡིག་ལྟུང་ཐམས་ཅད་དོན་དམ་རིག་པ་བཅིངས་གྲོལ་ལས་འདས་པའི་ངོ་བོར་དགེ་སྡིག་རྒྱུ་འབྲས་དང་བྲལ་བས། བཤགས་བྱ་བཤགས་བྱེད་བྲལ་བའི་ངང་དུ་བཤགས་པ་སོགས་ཀྱི་དོན་དྲན་བཞིན་པས་རྗེས་ཟློས། ཀུན་རྫོབ་རིག་པའི་ཀློང་ཡངས་ནམ་མཁའ་ཆེ༔ ཀུན་བཟང་ཀློང་དུ་རྟོགས་པའི་མཆོད་པའི་སྤྲིན༔ ཤར་དང་ཤར་ཡུལ་མེད་པར་མཆོད་པ་འབུལ༔ འཛིན་ཡུལ་མེད་པའི་ངང་དུ་མཐོལ་ལོ་བཤགས༔ བཤགས་བྱ་བཤགས་བྱེད་བྲལ་བ་ངོ་མཚར་ཆེ༔ ཡེ་ཤེས་ཀློང་ཆུབ་ངང་དུ་མཛད་དུ་གསོལ༔ སློབ་དཔོན་གྱིས། ཁྱེད་རང་རྣམས་ཀྱིས་དོན་དམ་ཆོས་ཉིད་ཀྱི་དབང་རང་རིག་གདོད་མའི་མགོན་པོ་ཡེ་སངས་རྒྱས་པ་ལ་བསྐུར་ཐོབ་བྲལ་བའི་དགོངས་པ་རིག་པ་རང་གནས་སུ་བཞག་པས། བལྟ་སྟངས་ནམ་མཁར་གཏད་དེ་ངོ་བོ་བསྐྱངས་པས་དོན་གྱི་བྱིན་རླབས་རྫོགས་པར་བསྟན་པ་ནི། རང་རིག་གཞི་ལུས་ཀུན་ཏུ་བཟང་པོ་ལ༔ ཞལ་ཕྱག་མཚན་མ་བྱིན་རླབས་མི་འཚལ་ཞིང༔ རྣལ་འབྱོར་ནམ་མཁའ་ཆེ་ལ་ལྟ་སྟངས་ཀྱིས༔ རང་གསལ་མ་བཅོས་ལྷུག་པར་གནས་པར་གྱིས༔ དེ་ནས་བྱིན་རླབས་དགོངས་པ་བརྡ་ཡི་དབང་བཞི་རིམ་པར་བསྐུར་བ་ལ། དབྱིངས་ཟང་ཐལ་གྱི་བུམ་པ་ལ་ཡེ་ཤེས་བཅུད་དང་ཁ་རྒྱན་གྱིས་གཏམས་པའི་རྫས་ཀྱི་བུམ་པའི་བརྡས། དོན་དབྱིངས་རིག་ཟུང་འཇུག་གི་གནས་ལུགས་གདོད་ནས་འདུ་འབྲལ་མེད་པར་རང་ལ་བཞུགས་པ་མཚོན་པར་མོས་མཛོད། བུམ་པ་ཐོགས་ལ། བུམ་པ་ཆོས་དབྱིངས་ཕྱི་ནང་མེད་པ་ལ༔ རང་བྱུང་ཡེ་ཤེས་ཁ་རྒྱན་བཅུད་ཀྱིས་གཏམས༔ བསྐུར་བྱ་བསྐུར་ཐོབ་མེད་པར་རང་ལ་རྫོགས༔ ཨེ་མ་ཧོ༔ ཆོས་ཀྱི་དབྱིངས་སུ་རྫོགས་པའི་དབང་ཐོབ་ཤོག༔ གསང་བའི་དབང་གི་སླད་དུ་རིག་སྟོང་དབྱིངས་ཀྱི་བྷནྫར་འོད་གསལ་སྣང་བ་རྒྱས་པའི་བདུད་རྩི་མངོན་དུ་བྱ་བའི་བརྡར་སྙིང་པོ་ར་ས་ཡཱ་ན་སྦྱིན་པར་མོས་མཛོད། བདུད་རྩི་ཐོགས་ལ། གསལ་རིག་རྒྱུན་ཆད་མེད་པའི་ཐོད་པའི་ནང༔ ཡོངས་སུ་དེ་ཉིད་རྒྱས་པའི་བདུད་རྩི་ཞུ༔ ཨེ་མ་ཧོ༔ མདངས་གསལ་གསལ་རྫོགས་ངང་དུ་དབང་བསྐུར་བས༔ སྣང་བ་མཐོང་མེད་མཐོང་བ་རབ་གསལ་ཤོག༔ ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་བདེ་ཆེན་རྣམ་ཀུན་མཆོག་ལྡན་སྟོང་པའི་དགའ་མ་དང་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཀྱི་རིག་པའི་ཁྱེའུ་གཉིས་མེད་རྟག་པར་དགྱེས་པའི་ཟུང་འཇུག་གི་བརྡ་གཟུགས་འདིས་མཚོན་པར་མོས། རིག་ཙཀ་གཏད་ལ། བདེ་ཆེན་ཡེ་ཤེས་གང་བའི་ལང་ཚོ་ཡིས༔ རིག་པ་རང་གསལ་གཅིག་ཏུ་བདེ་བར་འཁྲིལ༔ གཉིས་མེད་སྣང་མེད་འཛིན་མེད་བདེ་བ་ཆེ༔ ཨེ་མ་ཧོ་བདེ་ཆེན་ཡེ་ཤེས་དབང་བསྐུར་བས༔ རྟོག་ཚོགས་བདེ་བ་ཆེན་པོའི་ངང་དུ་གྲོལ༔ དབང་བཞི་པའི་སླད་དུ་ཆོས་ཉིད་ཀ་དག་གི་ཀློང་དུ་འཁོར་འདས་ཀྱི་སྣང་བ་འཇའ་ཚོན་ལྟར་བཀྲ་ཡང་། སྐྱེ་འགག་གནས་གསུམ་དང་བྲལ་བའི་དགོངས་པའི་དབྱིངས་ལས་མ་གཡོས་པ་རྡོ་རྗེ་སེམས་དཔའི་མན་ཤེལ་གྱི་བརྡས་མཚོན་ཏེ། མན་ཤེལ་ཕྱར་ནས། སེམས་དཔའི་མེ་ལོང་དྭངས་གསལ་རྙོག་པ་ཀུན་དང་བྲལ༔ སྣང་བ་ཅི་ཤར་འཇའ་ཚོན་བཞིན་དུ་དངོས་མེད་པར༔ གང་ནས་མ་བྱུང་ཕྱི་ནང་ཀུན་ཏུ་ཐལ་ལེར་གསལ༔ དབྱིངས་རིག་ཟུང་འཇུག་དགོངས་པས་དབང་བསྐུར་བསྐུར་ཐོབ་མེད༔ རྩིས་གདབ་བྲལ་བའི་ངང་དུ་གནས་པས་དབང་བསྐུར་ཡོངས་རྫོགས་ཤོག༔ དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨ་ལ་ལ་ཧོ༔ དེ་རྣམས་ཀྱིས་དངོས་གཞིའི་དབང་བཞི་གྲུབ་ནས། རྗེས་འབྲེལ་ཡེ་ཤེས་ཀྱི་དགོངས་བརྒྱུད་འཕོ་བས་དབང་དོན་སྐྱེས་བརྟན་གོང་འཕེལ་གྱི་སླད་དུ་མངོན་རྫོགས་སྟོན་པ་བཅུ་གསུམ་གྱི་བྱིན་རླབས་འཕོ་བའི་དབང་བསྐུར་བ་ལ། རང་བྱུང་རྡོ་རྗེའི་རྒྱུད་ཀྱི་ཚིག་བསྒྲག་པ་དང་ལྷན་ཅིག་སྟོན་པ་བདེ་བར་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་རེ་སྤྲོས་ཏེ་ཁྱེད་རང་གི་སྤྱི་བོར་ཐིམ་པས་རྡོ་རྗེ་ཡེ་ཤེས་ཆེན་པོའི་བྱིན་རླབས་བཙན་ཐབས་སུ་ཐོབ་པར་མོས་ཤིག །སྟོན་པ་བཅུ་གསུམ་གྱི་སྐུ་རེ་སྦྲགས་ཏེ་འདས་རྗེས་ཀྱི་ཁྲིད་དལ་བར་བཀླག་ནས་བསྐུར་བ་རྡོར་གླིང་ལྟ་བ་ཀློང་ཡངས་ནས་ཟུར་དུ་ཕྱུང་བ་ལྟར་བྱའོ། །ཞེས་པ་ཅུང་གསལ་བའི་ཟུར་རྒྱན་དཀྱུས་སུ་ལག་ལེན་བདེ་ཕྱིར་དགོད་ན། ཐོག་མར་སྟོན་པ་དང་པོ་རྡོ་རྗེ་འཆང་ཆེན་གྱི་སྐུ་ཐོགས་ལ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །གདོད་མའི་དབྱིངས་ལས་གང་འདུལ་ཤར། །སྐུ་ལྔ་ལྷུན་རྫོགས་སངས་རྒྱས་མེས། །རྡོ་རྗེ་འཆང་ཆེན་དབང་བསྐུར་རོ། །མ་ཧཱ་བཛྲ་དྷཱ་ར་ཨ་བྷི་ཥིཉྩ་ཨཱོྃ། ཞེས་སྤྱི་བོར་བཞག །རྡོར་གླིང་ཕ་རྒྱུད་ལྟ་བ་ཀློང་ཡངས་ལས་འབྱུང་བ་བཞིན། རྒྱ་གར་སྐད་དུ༔ སརྦ་བྷེ་ལ་ཏྲི་དྷརྨ་ྈ བོད་སྐད་དུ༔ རང་བྱུང་ཆོས་ཚིག་ཐམས་ཅད་རང་ཤར་བའི་གླེག་བམ༔ སོགས་ནས། རྡོ་རྗེ་འཆང་དང་པོའི་དགོངས་པ་བསྟན་པའི་བུ་གཅིག་པ་རྫོགས་སོ༔ བར་ཚན་གསུམ་གསལ་དག་ལྡན་པར་བཀླག །དེ་བཞིན་དུ་སྟོན་པ་གཉིས་པ་རྡོ་རྗེ་སེམས་དཔའི་སྐུ་ཐོགས་ལ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །ལྷ་ཡུལ་དགའ་ལྡན་བརྩེགས་པ་རུ། །རིག་པ་སྐུར་སྨིན་ཕྱག་རྒྱའི་གཟུགས། །རྡོ་རྗེ་སེམས་དཔའི་དབང་བསྐུར་རོ། །མ་ཧཱ་སནྡྷིཿབཛྲ་སཏྭ་ཨ་བྷི་ཥིཉྩ་ཨཱོྃ། ཞེས་སྤྱི་བོར་བཞག་ལ། རྒྱ་གར་སྐད་དུ༔ སརྦ་དྷརྨཱ་བྷྱཻ༔ བོད་སྐད་དུ༔ ཆོས་ཐམས་ཅད་ཀྱི་གནད༔ སོགས་ནས། སྔགས་ཀྱི་སྲུང་མས་འདི་སྲུངས་ཤིག༔ སྟོན་པ་གསུམ་པ་མཛེས་པའི་ཏོག་གི་སྐུ་ཐོགས་ལ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །མི་མཇེད་འཇིག་རྟེན་ཁམས་ཉིད་དུ། །ཚེ་ལོ་བྱེ་བའི་དུས་བྱོན་པའི། །མཛེས་པའི་ཏོག་གི་་་འོད་མི་འཁྲུགས་པ།དབང་བསྐུར་རོ། །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། ཞེས་སྤྱི་བོར་བཞག །རྒྱ་གར་སྐད་དུ༔ སརྦ་དུ་ས་དྷརྐཾ༔ བོད་སྐད་དུ༔ ཡང་ཏིག་སྲོག་གཟེར༔ སོགས་ནས། ཐུགས་རྗེ་གཅེར་གྲོལ་ཡིན་ནོ༔ སྟོན་པ་བཞི་པ་འཇམ་དཔལ་འཇིགས་སྐྱོབ་བམ་མཛེས་པའི་དཔལ་གྱི་སྐུ་ཐོགས་ལ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །དྲོད་གཤེར་འདུས་པ་འོད་ཕུང་དུ། །ཚེ་ལོ་འབུམ་པའི་དུས་བྱོན་པའི། །མཛེས་པའི་དཔལ་གྱི་་་འཇིགས་སྐྱོབ་དཀར་པོ།དབང་བསྐུར་རོ། །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། ཞེས་སྤྱི་བོར་བཞག །རྒྱ་གར་སྐད་དུ༔ ཨེ་བཾ་ཀྲུ་ཡ༔ བོད་སྐད་དུ༔ གསེར་གྱི་འབྲུ་གཅིག་པ༔ སོགས་ནས། སྔགས་ཀྱི་བདག་མོས་སྲུངས་ཤིག༔ སྟོན་པ་ལྔ་པ་གཞོན་ནུ་རྣམ་རོལ་གྱི་སྐུ་ཐོགས་ལ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །ཆགས་འབྱུང་མངལ་དུ་སྣང་བ་རུ། །ཚེ་ལོ་བརྒྱད་ཁྲིའི་དུས་བྱོན་པའི། །གཞོན་ནུ་རྣམ་རོལ་དབང་བསྐུར་རོ། །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། ཞེས་སྤྱི་བོར་བཞག །རྒྱ་གར་སྐད་དུ༔ མཱ་མ་ཨཱཀྵེ༔ བོད་སྐད་དུ༔ རིགས་དྲུག་རང་གྲོལ༔ སོགས་ནས། སྔགས་ཀྱི་སྲུང་མས་བཀའ་འདི་སྲུངས༔ སྟོན་པ་དྲུག་པ་རྡོ་རྗེ་འཆང་གི་སྐུ་སྤྱི་བོར་བཞག་ལ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །འཚོ་བྱེད་གཞོན་ནུའི་ལྡུམ་ར་རུ། །ཚེ་ལོ་བདུན་ཁྲིའི་དུས་བྱོན་པའི། །རྡོ་རྗེ་འཆང་གི་དབང་བསྐུར་རོ། །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། རྒྱ་གར་སྐད་དུ༔ བུདྡྷ་དྷེ་ཀ་ར་ཨ་ཏི་ན་མཿ བོད་སྐད་དུ༔ སངས་རྒྱས་ཀྱི་ཞལ་ཆེམས་དང་པོ་ཞེས་བྱ་བ༔ སོགས་ནས། དཔལ་སྔགས་ཀྱི་བདག་མོ་ནག་མོ་ཁྲོས་མས་སྲུངས་ཤིག༔ སྟོན་པ་བདུན་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་གྱི་སྐུ་སྤྱི་བོར་བཞག་ལ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །དུར་ཁྲོད་མེ་རི་འབར་བ་རུ། །ཚེ་ལོ་དྲུག་ཁྲིའི་དུས་བྱོན་པའི། །གཞོན་ནུ་སྟོབས་ལྡན་དབང་བསྐུར་རོ། །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། རྒྱ་གར་སྐད་དུ༔ བུདྡྷ་དྷེ་ཀ་ར་ཡ་དྷུ་ཡི་ན་མ༔ བོད་སྐད་དུ༔ སངས་རྒྱས་ཀྱི་འདས་རྗེས་གཉིས་པ་ཞེས་བྱ་བ༔ སོགས་ནས། མཁའ་འགྲོ་མ་ནག་མོས་རྒྱལ་བའི་བཀའ་འདི་སྲུངས་ཤིག༔ སྟོན་པ་བརྒྱད་པ་དྲང་སྲོང་ཁྲོས་པའི་རྒྱལ་པོའི་སྐུ་སྤྱི་བོར་བཞག་ལ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །སྲིན་པོ་རུ་ལུའི་སྒྲ་ལྡན་དུ། །ཚེ་ལོ་ཁྲི་པའི་དུས་བྱོན་པའི། །དྲང་སྲོང་ཁྲོས་རྒྱལ་དབང་བསྐུར་རོ། །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། རྒྱ་གར་སྐད་དུ༔ བུདྡྷ་དྷེ་ཀ་ར་ཡ་ཏྲི་ཏི་ན་མ༔ བོད་སྐད་དུ༔ སངས་རྒྱས་ཀྱི་ཞལ་ཆེམས་གསུམ་པ་ཞེས་བྱ་བ༔ སོགས་ནས། སྔགས་ཀྱི་སྲུང་མས་བཀའ་འདི་སྲུངས་ཤིག༔ སྟོན་པ་དགུ་པ་གསེར་འོད་དམ་པའི་སྐུ་སྤྱི་བོར་བཞག་ལ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །བྱ་རྒོད་སྤུངས་པའི་རི་བོ་རུ། །ཚེ་ལོ་ལྔ་སྟོང་དུས་བྱོན་པའི། །གསེར་འོད་དམ་པའི་དབང་བསྐུར་རོ། །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། རྒྱ་གར་སྐད་དུ༔ བུདྡྷ་དྷེ་ཀ་ར་ཡ༔ བོད་སྐད་དུ༔ སངས་རྒྱས་ཀྱི་ཞལ་ཆེམས༔ སོགས་ནས། སྔགས་ཀྱི་སྲུང་མས་ཐུབ་པར་སྲུངས༔ སྟོན་པ་བཅུ་པ་བརྩེགས་པའི་བློ་གྲོས་ཀྱི་སྐུ་སྤྱི་བོར་བཞག་ལ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །སོག་པོ་གཡུ་སྨིན་ཅན་གནས་སུ། །ཚེ་ལོ་སྟོང་གི་དུས་བྱོན་པའི། །བརྩེགས་པའི་བློ་གྲོས་དབང་བསྐུར་རོ། །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། རྒྱ་གར་སྐད་དུ༔ བུདྡྷ་དྷརྨ༔ བོད་སྐད་དུ༔ སངས་རྒྱས་ཀྱི་ཆོས་ཚིག༔ སོགས་ནས། སྔགས་ཀྱི་སྲུང་མས་བཀའ་འདི་སྲུངས་ཤིག༔ སྟོན་པ་བཅུ་གཅིག་པ་འོད་སྲུང་བསྒྲེས་པོའི་སྐུ་སྤྱི་བོར་བཞག་ལ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །བྱ་རྒོད་ཕུང་པོའི་རི་བོ་རུ། །ཚེ་ལོ་ལྔ་བརྒྱའི་དུས་བྱོན་པའི། །འོད་སྲུང་བགྲེས་པོའི་དབང་བསྐུར་རོ། །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། རྒྱ་གར་སྐད་དུ༔ སརྦ་ཏ་ཐཱ་ག་ཏ་བྷྱ༔ བོད་སྐད་དུ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་བཅུད༔ སོགས་ནས། སྔགས་ཀྱི་སྲུང་མས་སྲུངས་ཤིག༔ སྟོན་པ་བཅུ་གཉིས་པ་མངོན་རྫོགས་རྒྱལ་པོའི་སྐུ་སྤྱི་བོར་བཞག་ལ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །རྡོ་རྗེ་གདན་གྱི་ཤིང་དྲུང་དུ། །ཚེ་ལོ་སུམ་བརྒྱའི་དུས་བྱོན་པའི། །མངོན་རྫོགས་རྒྱལ་པོའི་དབང་བསྐུར་རོ། །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། རྒྱ་གར་སྐད་དུ༔ བུདྡྷ་ཨཀྵེ་བཾ༔ བོད་སྐད་དུ༔ སངས་རྒྱས་ཀྱི་གནད་ཐེམ༔ སོགས་ནས། སྐུ་གསུང་ཐུགས་ཀྱི་རྒྱ་ཡོད་དོ༔ སྟོན་པ་བཅུ་གསུམ་པ་ཤཱཀྱ་ཐུབ་པའི་སྐུ་སྤྱི་བོར་བཞག་ལ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །ཝ་རཱ་ཎ་སཱའི་གནས་མཆོག་ཏུ། །ཚེ་ལོ་བརྒྱ་པའི་དུས་བྱོན་པའི། །ཤཱཀྱ་ཐུབ་པའི་དབང་བསྐུར་རོ། །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། རྒྱ་གར་སྐད་དུ༔ རཏྣ་ཏི་ལ༔ བོད་སྐད་དུ༔ རིན་ཆེན་ཐིག་ལེ༔ སོགས་ནས། འདས་རྗེས་དགོངས་ཉམས་བསྟན་པ་ཀུན་གྱི་ཐུགས་བཅུད་དོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་རྗེས་མཚམས་སྦྱོར་བཅས་ཤིས་བརྗོད་ཅི་རིགས་བྱས་ལ། དེ་རྣམས་ཀྱིས་ནང་སྐོར་ཀློང་སྡེའི་ཡི་དམ་ཞི་སྒྲུབ་བདེ་གཤེགས་བཅུ་གསུམ་གྱི་དབང་བསྐུར་གསང་གསུམ་རྡོ་རྗེ་འབར་བ་ཐོབ་པ་ལས་བྱུང་བའི་དམ་ཚིག་ལ་སྲུང་སྡོམ་བགྱིད་སྙམ་པས་རྗེས་ཟློས་གྱིས། གཙོ་བོས་སོགས་རྗེས་རིམ་ནི་དབང་རྗེས་སྤྱི་ལྟར་དང་།། །།ཕྲིན་ལས་རྗེས་ཀྱི་རིམ་པ་ནང་བྱང་དཀྱུས་ལྟར་བྱའོ། །མཚན་ཙམ་ཐོས་པར་དཀའ་བ་ཡི། །ཐུན་མིན་བདེ་གཤེགས་བཅུ་གསུམ་གྱི། །བྱིན་རླབས་འདི་འདྲ་འཇིག་རྟེན་དཀོན། །བདག་ཀྱང་སྐལ་པ་བཟང་ངོ་སྙམ། །ནང་སྐོར་ཡི་དམ་ཞི་བ་རྫོགས་ཆེན་སྟོན་པ་བཅུ་གསུམ་གྱི་སྒྲུབ་དབང་གི་ལེ་ཚན་ནོ།། །། ༄༅། །བརྒྱད་པ་ནང་སྐོར་ཀློང་སྡེའི་རྩ་བ་ཡི་དམ་ཁྲོ་བོ་མངོན་རྫོགས་རྒྱལ་པོ་དང་ཡན་ལག་དགུ་བསྒྲིལ་གྱི་དབང་ལ། སྟ་གོན་དང་། དངོས་གཞི། མཇུག་གསུམ་སྟེ། སྤྱིར་གཏེར་གཞུང་དུ་སྟ་གོན་གྱི་ཚིག་ཟིན་ལྟར་ན་སྔ་རྗེས་ལན་གཉིས་སུ་གསུངས་ཤིང་། བཀའ་མ་ཚོགས་ཆེན་འདུས་པ་ལ་ནི་དངོས་གཞི་མ་ཧཱའི་དབང་གི་སྐབས་སུ་སྟ་གོན་མཛད་པ་ཡིན་ཡང་། འདིར་ཡན་ལག་ཐེག་དགུའི་དབང་རྣམས་རྩ་བའི་དཀྱིལ་འཁོར་གྱི་འཕྲོས་དོན་ཙམ་ལས་དབང་སྒྲུབ་དང་དཀྱིལ་ཆོག་སྒེར་དུ་མ་གསུངས་པས་སྟ་གོན་ཐོག་མར་མཛད་ནས། ཡན་ལག་དང་རྩ་བའི་དབང་བསྐུར་མཐའ་རྟེན་བཅས་རིམ་ཅན་དུ་བསྐུར་བ་ཕྱག་ལེན་དུ་མཛད་པས། ༈ དང་པོ་སྟ་གོན་ལ་ས་ལྷ་བུམ་སློབ་བཞི་ལས། དང་པོ་ས་ཡི་སྟ་གོན་ནི། གང་དུ་བྱ་བའི་གཞི་དེར་གཏོར་མ་དཀར་དམར་གསེར་སྐྱེམས་བཅས་དང་། སེང་ལྡེང་གི་ཕུར་བུ་སོར་བརྒྱད་པ་དར་དམར་ཅོད་པན་ཅན། དྲིའི་ཆུ་བདུད་རྩི་ལྔ་སྦྱར་དུང་ཕོར་སོགས་དགོས་པའི་ཡོ་བྱད་རྣམས་བཤམས་ལ། བརྒྱུད་འདེབས། བསང་ཆུ། སྔོན་འགྲོ་ནང་སྐོར་ཁྲོ་བོའི་བྱང་བུ་ཁྲིགས་བསྡེབས་ཀྱི་དབུ་ནས་བྱིན་བརླབ་བྱང་བུ་ཡན་བཏང་ལ། བདག་བསྐྱེད་རྒྱས་པར་བྱ་བ་འམ། རང་ཉིད་སྐད་ཅིག་གིས་གཉུག་མའི་ཧེ་རུ་ཀཿདཔལ་ཆེན་མངོན་རྫོགས་རྒྱལ་པོ་རང་སྣང་གི་ཡུམ་དང་བཅས་པའི་སྐུར་ལམ་གྱིས་གསལ་བར་མོས་ལ། གཏོར་མ་དཀར་དམར་རྒྱན་ལྡན་གཉིས་ལས་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་བསམ། ཨཱོྃ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། གཏོར་མ་དང་པོ། སྡྱཱ་ན་པ་ཏི་ཀྵེ་ཏྲ་པཱ་ལཉྩ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་གསུམ་གྱིས་བསྔོས་ལ། ཧཱུྃ༔ ཆོས་དབྱིངས་རང་རྩལ་ལས་ཤར་བའི༔ སྣང་བ་སྣ་ཚོགས་ས་བདག་ལ༔ དྲན་སྣང་སོ་མའི་གཏོར་མ་འབུལ༔ གློ་བུར་སྣང་བའི་ས་འདི་སྩོལ༔ བྷཱུ་མི་པ་ཏི་བ་ལིཾ་ཏ་ཁཱ་ཧི༔ ཞེས་གསོལ། ས་གཟུང་བའི་སླད་དུ་དབང་མཆོག་གི་ཕུར་བུ་ཐོགས་ལ། རང་གི་ཐུགས་ཀ་ནས་ཧྲཱིཿཡིག་མར་མེ་ལྟར་འབར་བ་འཕྲོས། ཕུར་བུ་ལ་ཐིམ་པས་དེ་ཉིད་དཔལ་རྟ་མགྲིན་སྐུ་མདོག་དམར་པོ་དབྱུག་ཏོ་དང་ཐོད་ཁྲག་འཛིན་པ་སྐུ་སྨད་ཕུར་བུའི་དབལ་ཅན་དུ་གྱུར་པར་བསམ་ཞིང་། ཨཱོྃ་པདྨཱན་ཏ་ཀྲྀཏ་ཕཊ༔ ཅེས་ལན་བདུན་བཟླས་ནས་ས་གཞི་ལ་བཏབ་པས། དེ་ལས་འོད་ཟེར་འཕྲོས་ས་གཞི་ལ་ཁྱབ་པས་སྣང་སྲིད་ཐམས་ཅད་བདག་གི་དབང་དུ་འདུས་པར་བསམ། ས་སྦྱོང་བའི་སླད་དུ། རང་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་པས་སྣོད་བཅུད་ཀྱི་དངོས་འཛིན་མ་དག་པའི་ཉེས་སྐྱོན་ཐམས་ཅད་བསྲེགས་གཏོར་བཀྲུས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྣོད་བཅུད་སྣང་སྲིད་ཐམས་ཅད་འོག་མིན་བཀོད་པ་ལྷུན་གྲུབ་ཀྱི་ཞིང་ཁམས་ཆེན་པོར་ཡོངས་སུ་རྫོགས་པར་གསལ་ལ། ཨཱོྃ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་བཟླ་ཞིང་ལག་གཡས་པའི་སོར་མོ་ལྔ་རྡོ་རྗེ་རྩེ་ལྔ་པར་མོས་པས་བསྐོར་ཞིང་རེག །ས་སྲུང་བའི་སླད་དུ། གཏོར་མ་གཉིས་པ། ཨཱོྃ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ནས། ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིནྟེ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བསྔོས་ལ། ཧཱུྃ༔ རང་བྱུང་སྙིང་པོ་སྒོམ་པ་ལ༔ མི་དབང་མ་རིག་བདུད་ཀྱི་ཚོགས༔ རང་རྩལ་རོལ་པའི་གཏོར་མ་ལོངས༔ ཕ་མཐའ་བྲལ་བའི་ཀློང་དུ་དེངས༔ ཧཱུྃ་ཧཱུྃ་ཧཱུྃ་ཕཊ༔ ཅེས་དང་སུམྦྷ་ནི་སོགས་དྲག་སྔགས་ཡུངས་ཐུན་ཚམ་རྔམ་དང་བཅས་པས་བསྐྲད་ལ། ཧཱུྃ༔ དབྱིངས་རིག་ཟུང་འཇུག་ཆོ་འཕྲུལ་ལས༔ སྣང་ཞིང་སྲིད་པས་བསྡུས་པའི་ཆོས༔ ཡེ་ནས་རང་གསལ་སྲུང་བའི་གུར༔ མ་བཅོས་ཐིག་ལེ་ཆེན་པོར་རྫོགས༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་རཀྵ༔ ཞེས་སྲུང་འཁོར་བསྒོམ། ས་འདུལ་བའི་སླད་དུ་དྲིའི་དུང་ཞལ་ཐོགས་ལ། ཧཱུྃ༔ ཆོས་དབྱིངས་ཡུམ་གྱི་ས་གཞི་ལ༔ རིག་པ་ཐབས་ཀྱི་བདུད་རྩི་ཡིས༔ བདེ་སྟོང་དངོས་གྲུབ་འཛིན་པའི་ཕྱིར༔ ཟུང་དུ་འཇུག་པའི་ཆག་ཆག་གདབ༔ པཉྩ་ཨ་མྲྀཏ་མཎྜ་ལ་ཧཱུྃ༔ ཞེས་དཀྱིལ་འཁོར་གྱི་གཞི་ལ་བྱང་ཤར་ནས་གཡས་སྐོར་དུ་ཁྱེམ་མེད་པར་བྱུག་གོ། ༈ །།གཉིས་པ་ལྷ་སྟ་གོན་ལ། དྲིས་བྱུག་པའི་མཎྜལ་ཆེ་ལེགས་སྟེང་ཚོམ་བུ་དབུས་དང་ཕྱོགས་མཚམས་སུ་རྒྱུད་ལུང་གི་ཁྲོ་བོ་གཙོ་དགུ། དེའི་ཕྱི་རོལ་རིམ་བཞིན་གནས་ཡུལ་མ་མོ་བཅུ་དྲུག་སྒོ་བ་བཞི། ཤར་སྟོད་ནས་ཕྱོགས་རེར་བདུན་བདུན་གྱིས་དབང་མོ་ཉེར་བརྒྱད་ཙམ་དངོས་སུ་བཀོད་ལ། གཞན་རྣམས་མཚོན་བྱེད་འབྲུའི་སིལ་མ་བཀྲམ། ཕྱིའི་ཕྱོགས་མཚམས་སུ་ཡན་ལག་གི་དཀྱིལ་འཁོར་མཚོན་པའི་ཚོམ་བུ་བརྒྱད་བཀོད་པ་སྟེགས་བུར་བཤམས་ལ་ཕྱི་ནང་གི་མཆོད་པས་མཐའ་བསྐོར། དེ་སྟེང་སྟེང་ཁང་ཞི་དཀྱིལ་ཚོམ་བུ་ཞེ་གཉིས་ཅན་ཡང་དབུས་སུ་སྟེག་ལ་བཀོད་ནས། ནང་སྐོར་ཁྲོ་བོའི་བྱང་བུ་ཁྲིགས་བསྡེབས་ཀྱི་མཆོད་པ་བྱིན་རླབས་ནས་བརྟེན་པའི་བྱང་བུའི་ནང་གཏེར་གཞུང་ཕྱོགས་གཅིག་གི་དགོངས་པ་ཟུར་བྱང་ལྟར་སྦྱར་ལ་བསྟོད་པའི་བར་གཏང་ངོ་།། ༈ །།གསུམ་པ་བུམ་པ་སྟ་གོན་ལ། རྩ་བ་དང་ཡན་ལག་གི་དབང་ཁྲུས་ཀྱི་བུམ་པ་ཐམས་ཅད་ལ་གུ་གུལ་བདུག་ལ་ཡུངས་ཐུན་བྲབ་ཅིང་དྲག་སྔགས་བཟླས་པས་བསྐྲད་ལ། སྭ་བྷཱ་ཝའི་སྔགས་བརྗོད་པས་དྲི་བཟང་གི་ཆུ་གཙང་དང་ཉེར་ལྔ་དང་སོ་ལྔའི་རྫས་སྐབས་ཕྱེད་པར་བླུགས། ཨཱོྃ་ཛྙཱ་ན་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་བྷྲཱུྃ༔ ཞེས་མགུལ་ཆིངས་ཁ་རྒྱན་གཟུངས་རྡོར་སོགས་རྒྱན་གྱིས་སྤྲས་པ་སྟེགས་བུར་སོ་སོའི་གནས་ཚོན་དུ་བཀོད་ལ་གཟུངས་ཐག་བཏགས། རྩ་དཀྱིལ་དང་ནི་ཡན་ལགས་སོ་སོ་ཡི། །བུམ་པ་རང་བྱུང་གཞལ་ཡས་ཁང་ཆེན་དབུས། །བྱོལ་སོང་པདྨ་ཉི་ཟླའི་གདན་སྟེང་དུ༔ སོགས་ནས་ནང་བྱང་གི་བརྟེན་པའི་བྱང་བུའི་ནང་དགོངས་པ་ཕྱོགས་གཅིག་པའི་ཟུར་བྱང་སྦྱར་ལ་བསྟོད་པའི་བར་དང་། གཟུངས་ཐག་བླངས་ལ། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་སོགས་བརྗོད་ལ་སྤྱི་འདུས་སྙིང་པོ་དང་། ཡང་སྙིང་ཅི་ནུས་ཙམ་མམ། སྤྲོ་ན་སྔགས་བྱང་ལྟར་རྩ་ལག་གི་བཟླས་པ་ཡོངས་རྫོགས་གང་འཚམ་བཟླ། སྟོང་ཚིགས་དང་། འབྲུ་གསུམ་གྱིས་མཆོད་ཡོན་ཕུལ་བའི་རྐྱེན་གྱིས་ལྷ་རྣམས་འོད་དུ་ཞུ་སྟེ་བུམ་ཆུ་དང་དབྱེར་མེད་དུ་གྱུར། ཅེས་བརྗོད་དོ།། ༈ །།བཞི་པ་སློབ་མ་སྟ་གོན་ལ་སྦྱོར་བ། འོ་མ་ཅན་ནམ་འབྲས་བུ་ཅན་གྱི་སོ་ཤིང་སོར་བཅུ་གཉིས་པ་གས་ཆག་མེད་པའི་རྩེ་མོ་སོར་གཉིས་ཟླུམ་པོ་ལ་མེ་ཏོག་གིས་བརྒྱན་ཅིང་སྨད་དབལ་ལྡན་དྲིའི་ཆུས་རླན་པ་དང་། མཎྜལ་པད་འདབ་བཞི་པར་མེ་ཏོག་གི་ཚོམ་བུ་ལྔ་བཀོད་པ། དྲིའི་ཁྱོར་ཆུ། དཔུང་སྐུད་ཁ་དོག་ལྔ་བསྒྲིལ་རྡོ་རྗེའི་མདུད་པ་གསུམ་ལྡན། ཀུ་ཤ་ཆེ་ཆུང་གི་ཕོན་པོ། ཏིལ་ནག་དང་མེ་ཆུ། དྲིའི་དུང་ཞལ། སློབ་མ་མཆོད་པའི་ཉེར་སྤྱོད་བཅས་ཉེ་ལོགས་སུ་བསྡོག །ཟུང་དུ་མ་གྱུར་པའི་སློབ་མ་རྣམས་བོས། སྒོའི་ཕྱི་རོལ་དུ་ཁྲུས་ནས་དབྱུང་། ནང་དུ་ཞུགས་པ་ན་བགེགས་ལ་གཏོར་མ་སྦྱིན་ཅིང་བསྐྲད། སྲུང་འཁོར་བསྒོམ། མཎྜལ་བཀྱེ་བསྡུ་བྱས་ནས། སེམས་བསྐྱེད་གསལ་གདབ། མཚམས་སྦྱོར་གྱི་ཁྱད་པར། དེ་ལ་འདིར་རང་རེ་རྣམས་ཀྱིས་རྙེད་པར་དཀའ་བའི་དལ་འབྱོར་གྱི་རྟེན་འདི་ལྟ་བུ་ཐོབ་པ་ནི་དུས་རེས་འགའ་ཙམ་ཡིན། ཐོབ་པ་དེ་ཡང་ཡུན་དུ་མི་རྟག་ཅིང་མྱུར་དུ་འཇིག་པའི་ཆོས་ཅན་ཡིན་པས་དེ་བས་ན་མྱུར་བ་ཉིད་དུ་དམ་པའི་ཆོས་ལ་འབད་པ་དྲག་པོ་ཅི་ནས་ཀྱང་བྱ། དེ་ཡང་ཤི་བའི་རྗེས་སུ་ལས་དཀར་ནག་གང་བསགས་པའི་འབྲས་བུ་བདེ་སྡུག་ལ་ལོངས་སྤྱོད་ཅིང་། ཟག་བཅས་འཁོར་བའི་གནས་འདིར་བདེ་བ་ལྟར་སྣང་བ་རྣམས་ཀྱང་དོན་དུ་སྡུག་བསྔལ་གྱི་རྒྱུ་ཁོ་ན་ལས་མ་འདས་པས། དེས་ན་ཁམས་གསུམ་འཁོར་བ་ལ་ངེས་པར་འབྱུང་བའི་བློ་ཤུགས་དྲགས་སུ་བསྐྱེད་ཅིང་། རྒྱུ་འབྲས་བླང་དོར་ལ་ཕྲ་ཞིང་ཕྲ་བ་ནས་བརྩོན་པ་ལྷུར་ལེན་པ་གལ་ཆེ་ལ། བླང་ཞིང་བསྒྲུབ་པར་བྱ་བ་དམ་པའི་ཆོས་དེ་ལ་ཡང་། གདུལ་བྱའི་ཁམས་དབང་དང་འཚམ་པར་ཆོས་ཚུལ་བསམ་གྱིས་མི་ཁྱབ་པ་ལས། རེ་ཞིག་སྤང་གཉེན་གྱི་དབང་དུ་བསྡུ་ན། སངས་རྒྱས་གསང་བའི་རྣམ་འཇོམས་གཟུངས་འགྲེལ་ལས། སངས་རྒྱས་མཆོག་གིས་ཆོས་གསུངས་པ། །འདུལ་བ་མདོ་སྡེ་མངོན་པ་དང་། །རིག་པ་འཛིན་པའི་སྡེ་བཞིར་གནས། །ཞེས་སྡེ་སྣོད་བཞིར་དབྱེ་བ་དང་། སྔ་འགྱུར་རང་སྐད་ཐུན་མོང་མིན་པ་སྤྱི་མདོ་དགོངས་འདུས་ལས། ལང་ཀའི་བདག་པོ་གཞན་ཡང་གང་། །དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་བསྟན་པ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་བསྒྱུར་ཐབས་ཀྱི་ཐེག་པ་འོ། །ཞེས་གསུམ་དུ་སྣང་བ་ལས་དེ་རེ་རེ་ལའང་གསུམ་གསུམ་དུ་ཕྱེ་བས་དགུར་འགྱུར་ཏེ། ཀུན་འབྱུང་འདྲེན་པའི་ཐེག་པ་ནི། ཉན་ཐོས་རང་རྒྱལ་བྱང་སེམས་ཏེ་མཚན་ཉིད་སྡེ་གསུམ་དང་། དཀའ་ཐུབ་རིག་བྱེད་ཐེག་པ་ནི། ཀྲི་ཡ་ཨུ་པ་ཡོ་ག་སྟེ་ཕྱི་རྒྱུད་སྡེ་གསུམ་དང་། དབང་བསྒྱུར་ཐབས་ཀྱི་ཐེག་པ་ནི། རྒྱུད་མ་ཧཱ་ཡོ་ག །ལུང་ཨ་ནུ་ཡོ་ག །མན་ངག་ཨ་ཏི་ཡོ་ག་སྟེ་ནང་རྒྱུད་སྡེ་གསུམ་རྣམས་སུ་དབྱེ་བ་དང་། ལང་ཀར་གཤེགས་པ་ལས། ལྷ་ཡི་ཐེག་དང་ཚངས་པའི་ཐེག །དེ་བཞིན་དུ་ནི་ཉན་ཐོས་དང་། །དེ་བཞིན་གཤེགས་དང་རང་རྒྱལ་གྱི། །ཐེག་པ་ཐ་དད་པར་བཤད་དོ། །ཞེས་མངོན་མཐོའི་ཐེག་པ་ལྷ་མི་གཉིས། ངེས་པར་ལེགས་པའི་ཐེག་པ་ཉན་རང་བྱང་སེམས་གསུམ་དང་ལྔར་དབྱེ་བ་རྣམས་སུ་ཡོད་པས། མདོ་རྒྱུད་དེ་དག་གི་རྗེས་སུ་འབྲངས་ནས་ཉམས་ལེན་མངོན་རྟོགས་ཀྱི་རིམ་པ་སོ་སོའི་ལམ་རང་རང་གི་ལྟ་སྒོམ་སྤྱོད་པའི་ཉམས་ལེན་རང་རྐྱ་ཐུབ་པ་དང་། གསང་སྔགས་རྡོ་རྗེ་ཐེག་པ་རྣལ་འབྱོར་བླ་མེད་ཀྱི་ལམ་སྟེགས་སུའང་བསྟན་པས་མཐར་ཐུག་སྔགས་ཀྱི་ལྟ་སྤྱོད་ལས་གཞན་དུ་མ་གྱུར་པ་ཡིན་ཞིང་། ལམ་ཉམས་ལེན་ཐེག་དགུ་དེ་རྣམས་རང་རང་གི་གཞུང་དང་མི་འགལ་བར་བཀྲལ་ཞིང་འཇུག་སྒོ་དབང་གིས་སྨིན་པར་བྱ་བ་རྒྱས་པར་སྔ་འགྱུར་བཀའ་མ་ལུང་ཨ་ནུ་ཡོ་ག་མདོ་ཚོགས་ཆེན་འདུས་པ་དང་། བསྡུས་པའི་ཚུལ་གཏེར་ཁ་དུ་མ་ལས་ཀྱང་འབྱུང་བའི་བཀའ་སྲོལ་གཉིས་ལས་འདིར་ཟབ་མོ་གཏེར་གྱི་ཕྱོགས་ཡིན། དེ་ལ་ཡང་ཐེག་དགུ་ཡོངས་རྫོགས་ཀྱི་དབང་བསྐུར་མང་དུ་བཞུགས་པ་ལས། འདིར་དམ་ཆོས་རྫོགས་ཆེན་སྡེ་གསུམ་གྱི་ནང་སྐོར། ཆོས་ཐམས་ཅད་ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་ལས་མི་འདའ་བར་བསྟན་པ་ཀློང་དགུ་བམ་པོ་ཉི་ཁྲིའི་རྒྱུད་ཀྱི་བཅུད་ཕྱུང་བ། མན་ངག་གི་རྩ་བ་སྤྲུལ་སྐུ་དགའ་རབ་རྡོ་རྗེའི་མདོ་ལུང་ཆེན་པོའི་རྒྱུད་ལས་བཏུས་པའི་རིག་འཛིན་ཤྲཱི་སིཾ་ཧའི་མན་ངག་གི་ཁྱད་ཆོས་སུ་བཞག་པ། རྫོགས་པ་ཆེན་པོ་སྡེ་གསུམ་གྱི་ནང་སྐོར་རྩ་བ་ཀློང་སྡེའི་ཡི་དམ་ཁྲོ་བོ་མངོན་རྫོགས་རྒྱལ་པོ་དང་། ཡན་ལག་ཐེག་པ་དགུ་བསྒྲིལ་གྱི་དབང་སྟེ། གཞུང་ལས། དེ་ལྟར་སྡེ་གསུམ་ནང་སྐོར་གྱི༔ རྩ་བ་ཡན་ལག་དཀྱིལ་འཁོར་པའི༔ སྔགས་ཀྱི་ཕྲེང་བ་དགོངས་པ་བཅས༔ ཤྲཱི་སིཾ་ཧའི་ཐུགས་ཀྱི་བཅུད༔ ཐུན་མོང་མ་ཡིན་ལུང་ཆེན་པོའི༔ བཅུད་འདྲིལ་མན་ངག་ཡང་ཞུན་འདི༔ བཻ་རོ་བདག་གི་ཐུགས་དམ་སྟེ༔ ད་ལྟ་སྤེལ་ཕངས་གཏེར་དུ་སྦས༔ མ་འོངས་མངའ་བདག་ཡབ་སྲས་ཀྱི༔ སྤྲུལ་པ་སྒྱུ་མའི་སྐྱེས་བུ་ཟུང༔ དུས་ཀྱི་ཐ་མར་འབྱུང་བ་དང༔ འཕྲད་ནས་གཞན་ལ་ཕན་པར་ཤོག༔ ཅེས་གསུངས་པ་ལྟར། འཇམ་མགོན་ཉི་ཟླ་ཟུང་གཅིག་གིས་ངེས་གསང་བསྟན་པའི་མེ་རོ་གསོ་བའི་སྲོག་གི་ཟུངས་སུ་ས་སྟེང་དུ་སྣང་བར་མཛད་པ་དབང་གི་གཏེར་མཛོད་ཆེན་པོ་ཞེས་སྔོན་འགྲོ་སྟ་གོན་འཇུག་པའི་ཆོས་ལ་ཡན་ལག་བཅུ། ཡན་ལག་སྒོ་འབྱེད་དང་ལམ་སྟེགས་ཐེག་རིམ་དབང་ཕྲེང་བཅས་དགུ་དང་། རྩ་བ་མངོན་རྫོགས་ནང་རྒྱུད་ཡོ་ག་གསུམ་གྱི་དབང་རིམ་དགུ་བསྒྲིལ་གཅིག་བཅས་བཅུ། མཐའ་རྟེན་དང་མཐའ་རྫོགས་ཡན་ལག་གཉིས་བཅས་ཉེར་གཉིས་འབྱུང་བའི་དབང་གི་རིམ་པ་རྣམས་དཀྱུས་གཅིག་ཏུ་བསྐུར་བ་ལ། སྟ་གོན་དང་དངོས་གཞི་གཉིས་ལས། ཐོག་མར་སྔོན་འགྲོ་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་འབུལ་བ་ཞུ། ཞེས་བརྡ་སྦྱར་ལ་མཎྜལ་འབུལ། དེ་ནས་ལག་གཉིས་སྙིམ་པ་མེ་ཏོག་གིས་བཀང་སྟེ་ཐལ་མོ་སྦྱར་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོ༔ འདྲེན་པའི་གཙོ་བོ་བླ་མ་རྗེ༔ བདག་ཅག་འཁོར་བ་ལས་སྒྲོལ་ཕྱིར༔ ཐར་པའི་ལམ་མཆོག་སྟོན་པ་དང༔ ཐུགས་རྗེས་བརྩེ་བར་གཟུང་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་སློབ་དཔོན་གྱིས་ལན་སྦྱིན་པ་ནི། ཧོ༔ ཐར་པ་དོན་གཉེར་སྐལ་ལྡན་རྣམས༔ ཚུར་ཤོག་ཇི་ལྟར་འཚམ་པ་ཡི༔ ལམ་མཆོག་བདག་གིས་སྟོན་པས་ན༔ སྐལ་པ་ལྡན་རྣམས་སྤྲོ་བ་སྐྱེད༔ རྒྱུད་དག་པར་བྱ་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཆེན་པོ་སངས་རྒྱས་ཆོས་ཀྱི་སྐུ། རང་མདངས་མ་འགགས་པར་གསལ་བ་དམ་པའི་ཆོས། སྣ་ཚོགས་ཅི་ཡང་ཤར་བ་དགེ་འདུན་ཏེ་དེ་ལྟ་བུའི་གནས་ལུགས་ཡོངས་ཤེས་ཀྱི་ངང་ནས་རིག་པའི་སྣང་ཆར། མདུན་གྱི་ནམ་མཁར་སྐྱབས་གནས་དཀོན་མཆོག་རྩ་གསུམ་རྒྱ་མཚོ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར། རང་གཞན་སེམས་ཅན་ཐམས་ཅད་འཁོར་བའི་འཇིགས་པ་ལས་བསྒྲལ་བའི་བློས་དྭངས་འདོད་ཡིད་ཆེས་ཀྱི་དད་པ་དྲགས་པོ་བསྐྱེད་དེ། དེང་ནས་གཟུང་སྟེ་བྱང་ཆུབ་སྙིང་པོའི་བར་དུ་མི་ཕྱེད་གུས་པས་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས། ངོ་བོ་སྟོང་པ་སོགས་ལན་གསུམ། སེམས་བསྐྱེད་པའི་སླད་དུ། སེམས་ཅན་ཐམས་ཅད་ཡེ་ནས་ཆོས་ཀྱི་དབྱིངས་རྣམ་པར་དག་པ་བྲི་གང་འཕོ་འགྱུར་བྲལ་བར་བཞུགས་པ་ལ། རང་ངོ་མ་ཤེས་པས་བསྒྲིབས་ཏེ་བདག་གཞན་དུ་སྒྲོ་བཏགས་པའི་གཉིས་ཆོས་ཀྱི་འཁྲུལ་པས་བཅིངས་པའི་འགྲོ་བ་རྣམས། སྲིད་ཞིར་མི་གནས་པའི་དཔལ་ཆེན་རང་བྱུང་ཁྲོ་བོའི་རྒྱལ་པོའི་ཡེ་ཤེས་ཀྱི་ཀློང་དུ་བསྒྲལ་བར་བྱའོ་སྙམ་པའི་བློས། ཕྱོགས་ལྷུང་དང་བྲལ་བར་ཁྱབ་གདལ་ཆེན་པོར་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཨེ་མ་ཧོ་ཆོས་དབྱིངས་སོགས་ལན་གསུམ། སླར་ཡང་ཞིང་མཆོག་དེ་དག་གི་སྤྱན་སྔར་གསག་སྦྱང་སྤེལ་གསུམ་གྱི་གནད་བསྡུས་པ་ཡན་ལག་བརྒྱད་པ་བགྱི་བ་ལ། ཆོས་དབྱིངས་མཐའ་དབུས་བྲལ་བའི་དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་ལ་དམིགས་མེད་ལྟ་བའི་ངང་ནས་གཉིས་སུ་མེད་པར་ཕྱག་འཚལ་ཞིང་། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཀློང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་སྤང་བླང་མཚན་འཛིན་མེད་པར་སྒྲིབ་བྲལ་དུ་གསལ་བའི་སྣང་སྲིད་ཐམས་ཅད་མཆོད་པར་འབུལ་བ་དང་། དགེ་སྡིག་གི་ཆོས་ཐམས་ཅད་སྤང་བླང་འཛིན་མེད་མཉམ་པ་ཉིད་ཀྱི་ཀློང་དུ་གནས་པ་མ་ཤེས་པས་རྒྱུ་འབྲས་གཉིས་སུ་འཛིན་པའི་སྡིག་ལྟུང་ཐམས་ཅད་བཤགས་པ་དང་། ཆོས་ཅན་གྱི་སྣང་ཆ་མ་འདྲེས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ཀློང་དུ་ཕྱོགས་དུས་ཀྱི་སློབ་དང་མི་སློབ་ཟག་བཅས་ཟག་མེད་ཀྱི་དགེ་ཆོས་ཐམས་ཅད་རྣམ་པར་རང་རྩལ་དུ་གསལ་བ་ལ་སོ་སོ་རང་རིག་པས་རྗེས་སུ་ཡི་རང་ཞིང་། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ཀློང་དུ་གང་ལ་གང་འདུལ་གྱི་འདོད་རྒུ་ཐམས་ཅད་འབྱུང་བའི་ཕྲིན་ལས་ལ་འབད་མེད་ལྷུན་གྲུབ་ཆེན་པོར་དབང་འབྱོར་པས། རིགས་ཅན་གསུམ་ལ་བློ་རིམ་དང་འཚམ་པའི་ཆོས་འཁོར་རྒྱུན་མི་འཆད་དུ་བསྐོར་བར་བསྐུལ་བ་དང་། སྲིད་ཞིར་མི་གནས་ཤིང་བདེན་གཉིས་དབྱེར་མེད་ཆེན་པོར་ཆོས་གཟུགས་ཀྱི་སྐུ་གཉིས་རྟག་པར་འདུ་འབྲལ་མེད་པར་བཞུགས་པ་དང་། དེ་ལས་བྱུང་བའི་དགེ་བ་དམ་པས་མཐའ་བྲལ་གཟུང་འཛིན་གྱི་སྒྲིབ་པ་ཕྲ་རགས་ལས་འདས་པའི་ཆོས་དབྱིངས་ཡེ་ཤེས་ཆེན་པོའི་ཀློང་དུ་མངོན་པར་བྱང་ཆུབ་པར་བསྔོ་བ་སྟེ་དོན་དེ་རྣམས་དྲན་བཞིན་པས་རྗེས་ཟློས། དམིགས་མཐའ་བྲལ་བའི་སོགས་ལན་གསུམ། དེ་ནས་ཚོགས་ཞིང་དཔང་པོར་བཞུགས་པའི་སྤྱན་སྔར་སྐྱབས་འགྲོ་ནས་གཟུང་། ངེས་འབྱུང་གི་བློས་སོ་ཐར་གྱི་སྡོམ་པ་དང་། བྱང་ཆུབ་སེམས་དཔའི་ཉེས་སྤྱོད་སྡོམ་པ་དང་དགེ་བ་ཆོས་སྡུད་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང་། རྡོ་རྗེ་ཐེག་པ་བདེ་གཤེགས་རིགས་ལྔའི་ཕྱི་ནང་གསང་བའི་སྡོམ་པ་དང་དམ་ཚིག་རྣམས་གཟུང་བར་བགྱིའོ་སྙམ་པས་རྗེས་ཟློས། བདེ་གཤེགས་སྲས་བཅས་དགོངས་སུ་གསོལ༔ བདག་གིས་དཀོན་མཆོག་གསུམ་བཟུང་ཞིང༔ དེ་བཞིན་མཁན་པོ་ཕ་མ་དང༔ དགེ་བའི་གྲོགས་ལ་བཀུར་སྟི་དང༔ དགེ་བཅུ་ཕར་ཕྱིན་བདག་གིས་སྤྱད༔ རིགས་ལྔའི་སྡོམ་པ་མ་ལུས་གཟུང༔ མགོན་པོས་ལམ་མཆོག་བསྟན་དུ་གསོལ༔ ལན་གསུམ། དེ་ལྟར་རྒྱུད་སྡོམ་ལྡན་དུ་བྱས་པ་ལ། སློབ་དཔོན་གྱིས་དཀྱིལ་འཁོར་དུ་འཇུག་པར་གནང་བ་སྦྱིན་པ་ནི། དེ་ལྟར་ཡིན་ན་གསང་སྔགས་ཀྱི༔ དཀྱིལ་འཁོར་དག་ཏུ་འཇུག་རུང་ཡིན༔ བརྟག་ཕྱིར་སྟ་གོན་ལེགས་པར་གྱིས༔ ཞེས་གདམས་ཏེ། དང་པོ་དངོས་གྲུབ་ཀྱི་ལྟས་བརྟག་པའི་ཕྱིར་སོ་ཤིང་སྦྱིན་པ་ནི། མཎྜལ་ཚོམ་བུ་ལྔ་ལྡན་འདུ་བྱས་ལ། མཁའ་དབྱིངས་ཀྱི་རྒྱས་སོ་ཤིང་བཟུང་སྟེ་རྩེ་མོས་སོ་བྲུས་པ་ལྟར་བྱས་པས་ལུས་ཀྱི་སྒྲིབ་པ་དག་ཅིང་བུམ་དབང་གི་སྣོད་རུང་དུ་བྱས་ལ་དངོས་གྲུབ་ཀྱི་ལྟས་བརྟག་པའི་དོན་དུ་ལྟོས་པ་མེད་པར་འདིའི་རྗེས་ཟློས་དང་བཅས་ཏེ་མཎྜལ་དུ་འདོར་བ་ཞུ། ཧོ༔ ཆོས་དབྱིངས་མཎྜལ་རྣམ་པར་དག༔ ཡེ་ཤེས་ལྔ་ཡི་ཚོམ་བུར་གསལ༔ བདག་གི་དུག་ལྔ་ཡེ་ཤེས་སུ༔ སངས་ནས་སྐལ་པ་མཐོང་བར་ཤོག༔ བཛྲ་ཧཱ་ས་ཧ༔ ཞེས་པས་དོར་ལ། ལྟས་བརྟག་པ་ནི། ཕྱོགས་བཞི་དབུས་ནི་རིགས་ལྔ་དང༔ སྟེང་འོག་མཁའ་སའི་དངོས་གྲུབ་ཐོབ༔ མ་འཛིན་ངན་པས་བཤགས་ཤིང་བསྐྱར༔ ཞེས་གསུངས་སོ། ཁྱོར་ཆུ་སྦྱིན་པ་ནི། ཁྱོར་ཆུ་ལག་གཡས་སུ་ལན་གསུམ་བྱིན་པ་ཧུབ་གསུམ་དུ་བཏུང་ཞིང་ལྷག་མས་ཁྲུས་བྱས་ཤིང་རྒྱབ་ཏུ་དོར་བས་ངག་གི་སྒྲིབ་པ་དག་ནས་གསང་དབང་གི་སྣོད་རུང་དུ་བྱས་ཤིང་རྨི་ལམ་བརྟག་པ་དེ་གསལ་བར་བྱས་པར་མོས། དུང་ཞལ་གྱི་ཆུ་ཐོགས་ནས། དྲི་མེད་ཁྱོར་ཆུ་བདུད་རྩིའི་མཚོ༔ རྣམ་པར་དག་པ་ཁྲུས་ཀྱི་ཆུས༔ བག་ཆགས་ངན་པ་སངས་གྱུར་ནས༔ སྐལ་བཟང་རྨི་ལམ་མཐོང་བར་ཤོག༔ ལས་སྔགས་རྡོར་སེམས་སྙིང་པོ་བཟླ་བཞིན་དུ་སྦྱིན། སྲུང་སྐུད་བཅིང་བ་ནི། ལས་སྔགས་རྡོར་སེམས་སྙིང་པོས་བསྔགས་ཏེ། བར་ཆད་བསལ་ཕྱིར་ལས་སྔགས་ཀྱིས༔ བསྔགས་པའི་རྡོ་རྗེའི་སྲུང་སྐུད་བཏགས༔ ཞེས་གསུངས་པ་ལྟར་ཕྲིན་ལས་ཀྱི་ལྷ་ཡི་རང་བཞིན་དུ་བྱིན་གྱིས་བརླབས་པའི་སྲུང་སྐུད་སྐྱེས་པའི་དཔུང་པ་གཡོན་དང་བུད་མེད་ཀྱི་གཡས་སུ་བཅིངས་པས་ཁམས་ཀྱི་སྒྲིབ་པ་སྦྱངས་ཤིང་ཤེར་དབང་གི་སྣོད་རུང་དུ་བྱས་ཏེ་རྨི་ལམ་བརྟག་པའི་བར་ཆད་སྲུང་བར་མོས། རྨི་ལམ་བརྟག་པ་མི་འཁྲུག་པའི་ཕྱིར་དུ་དྷཱི་དང་ཁཾ་ལས་བྱུང་བའི་ཀུ་ཤའི་ཆུན་པོ་སྔས་དང་སྟན་གྱི་དོན་དུ་སྦྱིན་པ་དང་རྨི་ལམ་དངོས་བརྟག་དགོས་པར་གདམས་པ་ནི། ཧཱུྃ༔ ཐབས་ཀྱི་དྷཱི་ལས་སྐྱེས་པ་དང༔ ཤེས་རབ་ཁཾ་ལས་སྐྱེས་པ་ཡི༔ གཙང་ཞིང་དགེ་བའི་སྔས་སྟན་ལ༔ ཉལ་ཏེ་ལྷ་ལ་སེམས་བཟུང་ལ༔ བཟང་ངན་གང་བྱུང་བདག་ལ་སྟོན༔ གང་ཡང་ཆོས་ཉིད་ཀློང་ལ་ཞོག༔ བཛྲ་དྷཱི་ཁཾ༔ ཞེས་པས་སྦྱིན། སྡིག་སྦྱོང་ནི། ཏིལ་དང་མེ་ཆུ་བཤམ་ལ། ཁྱེད་རང་དབང་གིས་སྨིན་པར་བྱེད་པའི་འགལ་རྐྱེན་སྡིག་སྒྲིབ་སྦྱང་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། ཐ་མལ་ལུས་ཀྱི་རྐང་མཐིལ་ལ༔ ཡཾ་དང་ལྟེ་བར་རཾ་སྙིང་གར༔ སྡིག་པ་ཀཾ་ཡིག་རྣམ་པར་གནས༔ སློབ་དཔོན་ཐུགས་ཀའི་འོད་ཟེར་གྱིས༔ ཡཾ་རཾ་རླུང་མེའི་སྦྱོར་བ་ཡིས༔ ཀཾ་ཡིག་སློབ་མའི་སྣ་ནས་ཐོན༔ ཏིལ་ལ་བསྟིམས་ལ་སྡིགས་མཛུབ་ཀྱིས༔ ཡེ་ཤེས་མེ་དང་ཆུ་ལ་སྦྱངས༔ ཨཱོྃ་སརྦ་པཱ་པཾ་ཨ་པ་ན་ཡ་བི་ཤུདྡྷེ་སྭཱ་ཧཱ༔ ཞེས་པའི་སྔགས་ལན་ཁ་ཡར་གྱིས་ཏིལ་བསྲེགས་མཐར་མེ་ཆུར་དོར། དེ་ལྟར་སྒོ་གསུམ་རྡོ་རྗེ་གསུམ་དུ་དག་ཅིང་དབང་ཤེས་ལྷ་ཡི་རོལ་པར་ཤེས་པས་སྨིན་རུང་དུ་བྱེད་པའི་ཕྱིར་ཁྱེད་རང་སྐད་ཅིག་གིས་རྡོ་རྗེ་སེམས་དཔར་གསལ་བའི་གནས་གསུམ་དུ་དྲི་ཡི་ཐིག་ལེ་བྱ་སྟེ། ཨཱོྃ་ཨཱཿཧཱུྃ༔ ཞེས་གནས་གསུམ་དུ་དྲི་ཡི་ཐིག་ལེ་བཀོད། འབྲུ་གསུམ་ལ་བསྒོམས་རྒྱལ་རྣམས་ཀྱི༔ གསང་གསུམ་བྱིན་རླབས་ཐམས་ཅད་བསྟིམ༔ དེ་ཉིད་ལ་ཉེ་བར་སྤྱོད་པ་རྣམས་ཀྱིས་མཆོད་པར་གྱུར། ཨཱོྃ་བཛྲ་པུཥྤེ་སོགས་ནས། ནཻ་བིདྱཱའི་བར་གྱི་མཆོད་པ་རྣམ་ལྔས་མཆོད། ཟམ་མོའི་ཆོས་བཤད་པས་སྤྲོ་བ་སྐྱེད་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ན་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འདི་ནི། །དེ་བས་ཀྱང་ནི་དཀོན་པ་སྟེ། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཀྱེ་རིགས་ཀྱི་བུ་རྣམས་འཇིག་རྟེན་ན་ཨུ་དུམ་ཝཱ་རའི་མེ་ཏོག་བརྒྱ་ལམ་ན་འབྱུང་སྲིད་ཀྱི་དེ་བས་སངས་རྒྱས་འཇིག་རྟེན་དུ་འབྱོན་པ་དཀོན། བྱོན་ཀྱང་ཆོས་གསུངས་པ་དང་ཁྱད་པར་ཐེག་ཆེན་གསུངས་པ་དཀོན། དེ་ལས་ཀྱང་གསང་སྔགས་རྡོ་རྗེ་ཐེག་པ་གསུངས་པ་ནི་ཤིན་ཏུ་དཀོན་པས་རྙེད་པར་དཀའ་ཞིང་། རྙེད་ན་དོན་ཆེ་བ་དཀྱིལ་འཁོར་ཆེན་པོ་ལན་གཅིག་མཐོང་བས་ཀྱང་བསྐལ་པ་བྱེ་བར་བསགས་པའི་སྡིག་པ་འདགས་པར་གསུངས་ན། དཀྱིལ་འཁོར་དུ་ཞུགས་ནས་དབང་བསྐུར་བ་ཚུལ་བཞིན་ཐོབ་པར་གྱུར་ན་སྨྲོས་ཀྱང་ཅི་དགོས་ཏེ། ཐབས་མང་དཀའ་བ་མེད་པའི་ཚུལ་གྱིས་རིང་པོར་མི་ཐོགས་པར་བླ་ན་མེད་པ་སངས་རྒྱས་ཀྱི་གོ་འཕང་བདེ་བླག་ཏུ་འཐོབ་པར་བྱེད་པ་མྱུར་ལམ་རྡོ་རྗེ་ཐེག་པའི་རིགས་སུ་སྐྱེས་པ་ནི་ཁྱེད་རྣམས་ཀྱིས་རྙེད་པ་ལེགས་པར་རྙེད་པ་ཡིན་པས། སྤྲོ་བ་ཆེན་པོ་སྐྱེད་ལ་ཡང་དག་པའི་བློ་གྲོས་དང་བསམ་པ་དེ་ལས་ནམ་ཡང་མི་འགྱུར་བར་གྱིས་ཤིག །འདི་མཚམས་དངོས་སྟ་སྦྲེལ་ན་འོག་གི་དངོས་གཞིའི་ལོ་རྒྱུས་ལ་འཇུག་ཅིང་། དེ་ལྟར་ན་འོག་གི་སྙན་གསན་དབབ་པ་སོགས་ལྷ་སྟའི་རྗེས་རིམ་རྣམས་ཀྱང་གོང་གི་ལྷ་སྟ་གྲུབ་མཚམས་རང་དུ་བྱའོ། །དཀྱུས་སུ། དངོས་གཞི་དབང་བསྐུར་བའི་ཆོ་ག་སང་ཉིན་འབྱུང་བ་ལགས་པས་དགེ་བའི་རྩ་བ་གཞན་དོན་དུ་བསྔོ་བ་ཞུ། བསོད་ནམས་འདི་ཡིས་སོགས་ཀྱིས་དགེ་བ་བསྔོས་ཏེ་སློབ་མ་རྣམས་རང་གནས་སུ་གཏང་། སློབ་དཔོན་གྱིས་སྟ་གོན་གྱི་ལྷ་ལ་སྙན་གསན་དབབ་པ་ནི། པུས་བཙུགས་ཀྱིས་འདུག་ལ་སྤོས་འཐུལ་ཞིང་དྲིལ་བུ་འཁྲོལ་བས། ཧཱུྃ༔ བདེ་གཤེགས་རྒྱལ་བ་དགོངས་སུ་གསོལ༔ རིག་པ་འཛིན་པ་བདག་གིས་ནི༔ ཐུགས་རྗེའི་དཀྱིལ་འཁོར་བྲི་འཚལ་གྱིས༔ འགྲོ་བའི་དོན་དུ་གནང་དུ་གསོལ༔ ཅེས་བྲི་ཞིང་བསྒྲུབ་པར་གསོལ་བ་བཏབ་ལ་མཆོད་བསྟོད་སྔོན་དུ་འགྲོ་བས། འདེགས་པའི་རྒྱ་དང་བཅས། ཨཱོྃ་བཛྲ་ཨུཏྟིཥྛ། ཞེས་པས། སྟ་གོན་གྱི་ལྷ་རྣམས་བར་སྣང་འོད་ཀྱི་དྲྭ་བར་བཞུགས་པར་མོས། ཚོམ་བུ་དང་མཆོད་པ་རྣམས་བསྡུ། ཕྱིར་ནངས་སློབ་མ་རྣམས་ཀྱིས་རྨི་ལམ་དགེ་བའི་མཚན་མ་མཐོང་ན་ཞེན་པ་མེད་པའི་སྒོ་ནས་གཟེངས་བསྟོད། ཅི་ཡང་མ་མཐོང་ན་འབྲིང་། ངན་ན་ཞི་བའི་སྲེག་བླུག་སོགས་ཟློག་པའི་ཐབས་བྱ་ཞིང་། གཙོ་བོ་ཆོས་ཉིད་སྒྱུ་མ་ལྟ་བུར་ཤེས་པས་བདེན་མེད་ཀྱི་རྒྱས་བཏབ་པས་བཟློག་གོ །སྤྲོ་ན་སྐབས་འདིར་ཕྱི་བཤགས་ཀྱི་རིགས་ཀྱང་སྤྱི་ལྟར་གང་འགྲུབ་བྱ་བར་གསུངས་སོ།། ༈ །།གཉིས་པ་དངོས་གཞི་ལ་གསུམ། དབང་རྟེན་དཀྱིལ་འཁོར་བཤམ་པ། དབང་དོན་སྒྲུབ་མཆོད། དབང་སྐུར་བ་དངོས་སོ། །དང་པོ་ནི། སྟེགས་ཀྱི་ཁར་འདིའི་རས་བྲིས་དངོས་སམ་བཀའ་མའི་འདུས་མདོའི་རས་བྲིས་ལྟ་བུ་ཡོད་ན་བཀྲམ། མེད་ན་ཚོམ་བུ་གོང་བཞིན་བཀོད། དེའི་སྟེང་མཉྫིའི་ཁར་སྔར་སྟ་གོན་བྱས་པའི་བུམ་པ་རྣམས་རང་གནས་སོ་སོར། ཕྱོགས་བཞིར་ཐུན་མོང་རིག་པའི་དབང་རྫས་ལྔ་དང་འཛོམ་ན་གསང་མཚན་ཤོག་དྲིལ། མངོན་རྫོགས་རྒྱལ་པོ་གཙོ་འཁོར་དགུའི་ལྷ་ཙཀ །མངའ་གསོལ་ཆས། གསང་ཐོད། རིག་ཙཀ །མན་ཤེལ་རྣམས་རྩ་དབང་དང་། མཐའ་རྟེན་སྒྲུབ་རྫས་ལ་སྨན་གྱི་ཕོ་བྲང་། མར་མེ་གླིང་དགུ། ཁྲམ་ཤིང་དང་འཁོར་ལོ། རྟ་ཞལ། ཕུར་བུ། མདོས་གཏོར། མཐའ་རྫོགས་ལ་ཞལ་ཟས་སྣ་ཚོགས་རྣམས་བཤམ། རྩ་དཀྱིལ་གྱི་སྲུང་རའི་ནང་ཁྱམས་ལ་བྱང་ཤར་ནས་བརྩམ་སྟེ་གཡོན་སྐོར་དུ། སྒོ་འབྱེད་དབང་ལ། ཁྲུས་བུམ། བྱེ་ཡུངས། ཕྱག་རྡོར་སྐུ་ཙཀ་དང་དམྱལ་བ་ཡི་དྭགས་དུད་འགྲོ་ལྷ་མིན་ཐུབ་པ་བཞིའི་ཙཀ་ལི་ལྔ། ནུབ་བྱང་དུ་ལྷ་མི་གཉིས་ཀྱི། མི་ཡི་ཐེག་པར། ཁྲུས་བུམ། འཁོར་ལོས་བསྒྱུར་རྒྱལ་སྡེ་ལྔའི་ཙཀ་ལི་གཅིག །ལྷ་ལ། བུམ་པ། ལྷ་བུ་དམ་པ་ཏོག་དཀར་ལ་འཁོར་ཚངས་པ་བརྒྱ་བྱིན་ལྷ་མོ་སྒྱུ་འཕྲུལ་རྣམས་ཀྱི་སྐུ་ཙཀ་གཅིག །ལྷོ་ནུབ་ཏུ་ཉན་ཐོས་ལ། བུམ་པ། རབ་བྱུང་ཆས། སྟོན་པ་ཉན་ཐོས་བཞིས་བསྐོར་སྐུ་ཙཀ་གཅིག །ཤར་ལྷོར་རང་རྒྱལ་ལ། བུམ་པ། རང་རྒྱལ་གཙོ་འཁོར་གྱི་སྐུ་ཙཀ །རྟེན་འབྲེལ་བཅུ་གཉིས་ཀྱི་གཟུགས་བྲིས་ཙཀ་ལི། བྱང་དུ་བྱང་སེམས་ལ། བུམ་པ། སེམས་དཔའ་བརྒྱད་ཀྱི་སྐུ་ཙཀ །རལ་གྲི་དང་སྨན་གྲུ་དུང་བཅས་བྲིས་པའི་ཙཀ་ལི། ནུབ་ཏུ་ཀྲྀ་ཡ་ལ། ཁྲུས་བུམ་ཉེར་ལྔའི་རྫས་ལྡན། སྟོན་པ་ལ་བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་བསྐོར་བའི་སྐུ་ཙཀ་གཅིག །རྣམ་བུམ། དབུ་རྒྱན། རིགས་གསུམ་ལོངས་སྐུའི་ཆས་ཅན་སྐུ་ཙཀ་གཅིག །ལྷོ་རུ་ཨུ་བྷའི་དབང་ལ། བུམ་པ། དབུ་རྒྱན། རྡོར་དྲིལ། དབྱངས་གསལ་བཀོད་པའི་སྔགས་བྱང་། རྣམ་སྣང་དང་སྣང་མཐའ་མི་བསྐྱོད་རིན་འབྱུང་བཅས་ལོངས་སྐུའི་ཆས་ཅན་རིགས་བཞིའི་སྐུ་ཙཀ་གཅིག །ཤར་དུ་ཡོ་གའི་དབང་ལ། བུམ་པ་སོགས་རིགས་དབང་ལྔ། རྣམ་སྣང་ཞལ་བཞི་ཕྱག་གཉིས་མཉམ་གཞག་འཁོར་ལོ་དབྱིངས་ཕྱུག་སེམས་སྐྱིལ་གྱིས་མདུན་དུ་བཞུགས་པ་དང་། རིགས་བཞི་ཡབ་རྐྱང་ལོངས་སྐུའི་ཆས་མཉམ་གཞག་རང་རྟགས་རྡོར་སྐྱིལ་ཅན་གྱི་སྐུ་ཙཀ །རིགས་བཞིའི་ཡུམ་བཞི་ཕྱག་གཡས་གར་རྒྱ་གཡོན་རང་རྟགས་སེམས་སྐྱིལ་ཅན་རྣམས་ཀྱི་སྐུ་ཙག་བཅས་གསུམ། ཀུན་རིགས་གཟུངས་ཀྱི་སྔགས་བྱང་། མེ་ལོང་། མངའ་གསོལ་ཆས་བཅས། དེ་ལྟར་ཡན་ལག་སྒོ་འབྱེད་དང་ལམ་སྟེགས་ཐེག་རིམ་དབང་རྫས་རྣམས་རྩ་དཀྱིལ་གྱི་ཕྱོགས་མཚམས་རྣམས་སུ་གཡོན་སྐོར་གྱིས་བཤམས་པ་ཕྱག་ལེན་བསྡུས་པ་གཏེར་གཞུང་རྩ་བའི་དགོངས་དོན་ལྟར་རོ། །དེ་རྣམས་ཀྱི་ཕྱི་རོལ་དུ་སྨན་གཏོར་རཀྟ་སོགས་ཕྱི་ནང་གི་མཆོད་པས་བསྐོར་ཞིང་ཚོགས་ཀྱི་ཡོ་བྱད་རྒྱས་པར་བཤམས། དམ་ཆུ་དང་གསེར་ཐུར་མིག་དར་མེ་ཏོག་ཕྱག་ཤིང་སོགས་ཀྱང་འདུ་བྱའོ།། །། ༈ གཉིས་པ་དབང་དོན་སྒྲུབ་མཆོད་ནི། དངོས་སྟ་མི་སྦྲེལ་ན་འདིར་བརྒྱུད་འདེབས་དང་བསང་ཆུ་སྔོན་འགྲོས། ནང་སྐོར་ཁྲོ་བྱང་གི་དབུ་ནས་བྱ། སྦྲེལ་ན་མི་དགོས། ནང་སྐོར་ཡི་དམ་ཁྲོ་བོའི་བྱང་བུ་ཁྲིགས་བསྡེབས་ཀྱི་མཆོད་པ་བྱིན་རླབས་ཀྱི་བྱང་བུ་ནས་ལྷ་སྐྱེད་བརྟེན་བྱང་སྐབས་གཏེར་གཞུང་གི་དགོངས་པ་ཕྱོགས་གཅིག་པའི་ལྡེབ་འཕྱང་སྦྱར་ནས། སྤྱན་འདྲེན་སྐབས་སྔར་སྟ་གོན་གྱི་ནམ་མཁའི་ལྷ་ཡང་བསྟིམས་ལ། བསྟོད་པའི་མཇུག་ཏུ་ཛཔ྄་ཁང་དབྱེ་བ་ནི། ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཕཊ྄་ཛ༔ དབང་གཞུང་ལས། ཐེག་པ་དགུ་ཡི་དཀྱིལ་འཁོར་རྣམས༔ རྩ་བའི་འཁོར་གྱི་ཚུལ་དུ་བསྒོམ༔ དཔེར་ན་རྩ་བའི་ཤེལ་གཅིག་ལ༔ ཐོ་ཕྱིར་འཇའ་ཚོན་ཤར་བཞིན་བསྒོམ༔ ཞེས་གསུངས་པ་ལྟར། ཆོས་ཉིད་ལྟ་བའི་ཀློང་དུ་ཐེག་དགུའི་ཡོན་ཏན་གཞིར་རྫོགས་ཐམས་ཅད་དཀྱིལ་འཁོར་གྱི་ལྷ་ཡི་རོལ་པར་ཤར་བའི་ངེས་པས་ཡན་ལག་གི་དཀྱིལ་འཁོར་དུ་བཀོད་པའི་བུམ་པ་སོགས་དབང་རྫས་རྣམས་ཡེ་ཤེས་ཀྱི་རོལ་པར་ཤེས་པས་ལྟ་བའི་ངང་བསྐྱངས་ཏེ་བཟླས་པ་བྱ་བ་གལ་ཆེ་ཞིང་། རྣམ་པ་ཙམ་དུ། མདུན་བསྐྱེད་ཡེ་ཤེས་རང་སྣང་གི་གཞལ་མེད་ཁང་ཆེན་པོའི་སྟེང་ཁང་བུམ་པའི་ནང་གི་ནམ་མཁར་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་བཞི་བཅུ་རྩ་གཉིས་མ་འདྲེས་ཚོམ་བུ་གསལ་རྫོགས་དང་། དཀྱིལ་འཁོར་ཕྱི་མའི་ཁྲག་ཁྱམས་ལ་འཇིག་རྟེན་མ་མོ་བདུན་བརྒྱ་ཉི་ཤུ་ཁྲོ་མོའི་ཆས་ཅན་ཕྱོགས་རེར་བརྒྱ་དང་བརྒྱད་ཅུ་རེ་ཕྱོགས་མདོག་གཙོ་ལ་གུས་ཚུལ་ཐལ་མོ་སྦྱར་བ། དཀྱིལ་འཁོར་ཕྱི་ཁྱམས་རྟ་བབས་ཐད་ཀྱི་བར་སྣང་ལ་བརྒྱུད་གསུམ་རིག་འཛིན་བླ་མ་བྱེ་བ་ས་ཡ་སྤྲིན་ལྟར་གཏིབས་པ། ཕྱི་ཁྱམས་པདྨའི་ར་བའི་ནང་གི་འཇིག་རྟེན་པའི་འཁོར་ཡུག་ལ་འགྲོ་བ་རིགས་དྲུག་གི་སྟེང་གི་ནམ་མཁར་བྱང་སེམས་ཉན་རང་དྲང་སྲོང་གྲུབ་པ་རྣམས་གནས་པ། ཀུན་གྱི་ཕྱི་རོལ་རྡོ་རྗེའི་སྲུང་གུར་ནང་གི་རི་རབ་ཀྱི་སྟེང་ལ་ལམ་སྟེགས་ཐེག་པ་འོག་མའི་ཡན་ལག་གི་དཀྱིལ་འཁོར་རྣམས་གསལ་བ་ནི། རང་རང་གི་རིགས་དང་མཐུན་པའི་དཀྱིལ་འཁོར་གཞལ་ཡས་སོ་སོའི་ནང་དུ། བྱང་ཤར་དུ་ངན་སོང་ཀུན་འདྲེན་སྒོ་འབྱེད་ཕྱག་རྡོར་གྱི་དཀྱིལ་འཁོར་ལ་གསང་བདག་ཁྲོ་བོའི་རྒྱལ་པོར་འཁོར་ངན་འགྲོའི་འདྲེན་སྟོན་རྣམ་གསུམ་སྤྲུལ་སྐུའི་ཚུལ་དང་ལྷ་མིན་གྱི་སྟོན་པ་རྒྱལ་པོའི་ཆས་ཅན་བཞི། ནུབ་བྱང་དུ་ལྷ་མིའི་ཐེག་པའི་དཀྱིལ་འཁོར་ལ། མི་ཡི་སྟོན་པ་ཟས་གཙང་སྲས་འཁོར་ལོས་བསྒྱུར་བའི་ཆས་ཅན་ལ་འཁོར་གསེར་དངུལ་ཟངས་ལྕགས་ཀྱི་འཁོར་སྒྱུར་རང་འདྲ་བཞི་དང་། ལྷ་ཡི་སྟོན་པ་དམ་པ་ཏོག་དཀར་རྒྱལ་པོའི་ཆས་ཅན་ལ་འཁོར་ཚངས་པ་གདོང་བཞི་དང་དབང་པོ་བརྒྱ་བྱིན་ལྷ་མོ་སྒྱུ་འཕྲུལ་མ་དང་བཅས་པ། ལྷོ་ནུབ་ཏུ་ཉན་ཐོས་ཐེག་པའི་དཀྱིལ་འཁོར་ལ་སྟོན་པ་ཐུབ་དབང་མཆོག་གི་སྤྲུལ་སྐུའི་ཚུལ་ལ་འཁོར་ཉན་ཐོས་ཆེན་པོ་ཉེ་བར་འཁོར་དང་ཤཱ་རིའི་བུ་མོང་གལ་བུ་ཀུན་དགའ་བོ་རྣམ་པ་བཞི། ཤར་ལྷོར་རང་རྒྱལ་ཐེག་པའི་དཀྱིལ་འཁོར་ལ་སྟོན་པ་རང་སངས་རྒྱས་དགྲ་བཅོམ་པ་རབ་བྱུང་གི་ཚུལ་ཅན་གཙོ་བོའི་སྐུ་ལས་མེ་འབར་བ་དང་། འཁོར་མི་རྟག་དོན་རྟོགས་སྐུ་ལས་ཆུ་འཁྲུགས། སྟོང་ཉིད་དོན་རྟོགས་མཁའ་ལ་བཞུགས་པ་དང་། གཞན་ཡང་མི་རྟོག་དོན་རྟོགས། འཇིགས་པ་མེད་པ། སྣང་བའི་ཆོས་ལ་མི་ཞེན་འོད་འབར་སོགས་རྫུ་འཕྲུལ་སྟོན་པ། བྱང་དུ་བྱང་སེམས་ཐེག་པའི་དཀྱིལ་འཁོར་ལ་ཉེ་སྲས་བརྒྱད་སོགས་བྱང་སེམས་སེམས་དཔའི་ཆ་བྱད་ཅན། ནུབ་ཏུ་བྱ་བའི་རྒྱུད་ཀྱི་ཐེག་པའི་དཀྱིལ་འཁོར་ལ་གཙོ་བོ་སྟོན་པ་གསེར་མདོག་མྱ་ངན་མེད་དཔལ་དང་རིགས་གསུམ་ལོངས་སྤྱོད་རྫོགས་སྐུ་ལ་རྨ་བྱ་ཅན་སོགས་བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་བསྐོར་བ། ལྷོར་སྤྱོད་པའི་རྒྱུད་ཀྱི་ཐེག་པའི་དཀྱིལ་འཁོར་ལ་གཙོ་བོ་རྣམ་པར་སྣང་མཛད་དང་། སྣང་བ་མཐའ་ཡས། མི་བསྐྱོད་པ། རིན་ཆེན་འབྱུང་ལྡན་ཏེ་རྒྱལ་བ་རིགས་བཞི་ལོངས་སྤྱོད་རྫོགས་སྐུའི་ཆས་ཅན། ཤར་དུ་རྣལ་འབྱོར་རྒྱུད་ཡོ་ག་རྣམ་སྣང་རྡོར་དབྱིངས་ལ་གཙོ་བོ་རྣམ་སྣང་དཀར་པོ་ཞལ་བཞི་ཕྱག་གཉིས་མཉམ་བཞག་མཚན་རྫོགས་འཁོར་ལོ། ཡུམ་དབྱིངས་ཕྱུག་མ་སེམས་སྐྱིལ་གྱིས་མདུན་དུ་བཞུགས་པ། འཁོར་ཡབ་རིགས་བཞི་རང་མདོག་ལོངས་སྐུའི་ཆས་ཅན་མཉམ་གཞག་རང་རྟགས་རྡོར་དཀྱིལ། ཡུམ་བཞི་རྣམས་ཕྱག་གཡས་གར་རྒྱ་དང་གཡོན་རང་རྟགས། ཞབས་སེམས་སྐྱིལ་རིགས་ཀྱི་ཁ་དོག་ཅན་ནོ། །དེ་ལྟར་ཡན་ལག་གི་དཀྱིལ་འཁོར་དེ་རྣམས་ཀྱང་དྭངས་པའི་མཁའ་ལ་འཇའ་ཚོན་ཤར་བ་ལྟར་བཀྲ་ལམ་གྱིས་གསལ་བར་གྱུར། ཞེས་བརྗོད་ནས་རང་འདྲའི་སྐལ་མཉམ་གྱིས་འདི་བཞིན་མོས་པས་གསལ་འདེབས་གནང་བ་གལ་ཆེ་སྙམ་ཞིང་། ནང་སྐོར་ཁྲོ་བོའི་སྔགས་བྱང་གཏེར་གཞུང་ལྟར་སོ་སོའི་ཛཔ྄་དམིགས་བཅས། རྩ་དཀྱིལ་ཡན་ལག་དང་བཅས་པའི་བཟླས་པའང་སྦྱར། དངོས་སྟ་སྦྲེལ་སྐབས་བུམ་པ་བསྒྲུབས་ཟིན་མ་ཐག་པ་ཡིན་པས་ངེས་པར་མི་དགོས་ཀྱང་། སྤྲོ་ཞིང་གལ་ཆེའི་ནན་ཏན་བྱེད་ན་དང་། མི་སྦྲེལ་སྐབས་ནི་སྔར་སྟ་གོན་སྐབས་བཞིན་སླར་ངེས་པར་བྱའོ། །སྨན་གྱི་ཕོ་བྲང་ལ་དམིགས་ཏེ་བདུད་རྩི་སྨན་སྒྲུབ་ངག་འདོན་གཏེར་གཞུང་གི་ཞི་བ་དང་། ཁྲོ་བོ་ལ། དབྱིངས་ཀྱི་བྷནྡྷ་སོགས་ནས་བཟླས་པ་དང་། སྨན་སྲུང་སྤྱན་དྲངས་རྟོགས་བསལ་བཅས་ཚང་མ་བསྡུས་ཙམ་བྱ། བཀའ་གཏེར་སྲུང་མའི་གཏོར་བསྔོ། ཚོགས་མཆོད་སྐོང་བཤགས་བཅས་ཟབ་རྒྱས་དང་། ལས་བུམ་ལ་རྡོར་སེམས་བསྐྱེད་པའམ་སྙིང་པོས་བརླབ། བདག་འཇུག་མདོར་བསྡུས་ཟུར་བྱང་ལྟར་རམ། རིག་པའི་མེ་ཏོག་དོར་ཞིང་གནང་བ་ཞུ་བ་རྣམས་གྲུབ་པར་བྱའོ།། ༈ །།གསུམ་པ་དངོས་གཞིའི་དབང་བསྐུར་བ་དངོས་ལ། ཡན་ལག་སྒོ་འབྱེད་དང་ལམ་སྟེགས་སོགས་ཐེག་རིམ་དགུ་སྒྲིལ་གྱི་དབང་དང་། རྩ་བ་ནང་རྒྱུད་གསུམ་སྒྲིལ་གྱི་དབང་། མཐའ་རྟེན་སྒྲུབ་རྫས་དང་མཐའ་རྫོགས་ཞལ་ཟས་ཀྱི་དབང་བཅས་ཡོད་པ་ལས། དང་པོ་ནི། སྔར་སྟ་གོན་བྱས་པའི་སློབ་མ་རྣམས་སྒོ་དྲུང་དུ་བོས་ལ་ཁྲུས་ནས་དབྱུང་། ནང་དུ་ཞུགས་ནས་གྲལ་ལ་འཁོད་པ་དང་བགེགས་གཏོར་བསྔོས་ལ་བསྐྲད་ཅིང་སྲུང་འཁོར་བསྒོམ། མཎྜལ་བཀྲམ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། ཆོས་བཤད་སྤྱིར་སྟ་གོན་སྐབས་བཞིན་ལས་ཁྱད་པར་ནི། དེ་ཡང་སྣོད་བཅུད་དབྱིངས་ཡེ་གཉིས་མེད་ཀྱི་དཀྱིལ་འཁོར་དུ་རང་ཤར་བ་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་ལམ་བྱེད་ཨ་ནུ་ལུང་གི་མདོ་བཞི་ལ་སོགས་པའི་དགོངས་པ། དབང་གི་ཆུ་བོ་བཞི་རྒྱུན་མ་ཆད་པ་འཕགས་པའི་ཡུལ་དུ་རྒྱལ་པོ་ཛཿལས་བརྒྱུད་པ། གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་རྒྱ་བལ་བྲུ་ཤ་སོགས་ཀྱི་སློབ་དཔོན་བཞི་ལས། དབང་རྒྱུད་བཤད་མན་ངག་དང་བཅས་པ་གསན་པའི་རྒྱུན་སྔ་འགྱུར་བཀའ་མའི་རིང་ལུགས་མ་ཉམས་པར་བཞུགས་པའི་དགོངས་པ་དང་མི་འགལ་ཞིང་། བསྐྱེད་རྫོགས་ཉམས་ལེན་གྱི་རིམ་པ་རྫོགས་པ་ཆེན་པོ་ཀློང་སྡེའི་མན་ངག་ལྟར་བཀྲལ་པའི་ཡི་དམ་མངོན་རྫོགས་རྒྱལ་པོ་ཐེག་པ་རིམ་དགུའི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་དབང་བསྐུར་ཚུལ། ཟབ་མོ་གཏེར་གྱི་བཀའ་བབ་ལས་བྱུང་བའི་སྔོན་མེད་ངོ་མཚར་རྨད་དུ་བྱུང་བའི་གསང་བའི་ལམ་ཁྱད་པར་དུ་འཕགས་པ་སྟེ། དེ་ཡང་དབང་གི་ངོ་བོ་ནི། རྒྱུ་གཉིས་རྐྱེན་བཞི་ཚོགས་ལ་བརྟེན་ནས་གོ་འཕང་གི་ཆོས་རྒྱུད་ལ་འཇོག་པའི་ལས་ཀྱིས་རྒྱུད་ཀྱི་དྲི་མ་བྱང་བའམ་ཉམས་སྨད་པར་བྱས་ཤིང་། ཐར་པའི་མྱུ་གུ་མངོན་དུ་སྐྱེས་པའམ་སྐྱེ་ངེས་ཀྱི་ས་བོན་ཁྱད་པར་ཅན་གསོས་ཐེབས་པས། ལམ་སྒོམ་རུང་དང་འབྲས་བུ་ཐོབ་རུང་གི་ནུས་པ་མཐུ་ཅན་དུ་སྨིན་པར་བྱེད་པ་སྟེ། ས་བོན་གསོས་ཐེབས་པའི་ཆ་དེ་སྔགས་ཀྱི་སྡོམ་པའང་ཡིན་ལ་དམ་ཚིག་ཀྱང་ཡིན་ནོ། །ངེས་ཚིག་ནི། ཨ་བྷི་ཥིཉྩའི་སྒྲ་ལས་དྲངས་ན། མངོན་པར་གཏོར་བས་ན་དབང་སྟེ། སྦྱང་བྱ་སྒོ་གསུམ་གྱི་དྲི་མ་གཏོར་ཞིང་འཁྲུད་པར་བྱེད་པའི་ཕྱིར་དང་། ཡང་མངོན་པར་བླུགས་པས་ན་དབང་སྟེ། ལམ་སྒོམ་རུང་དང་འབྲས་བུ་ཐོབ་རུང་གི་ནུས་པ་ཁྱད་པར་ཅན་རྒྱུད་ལ་འཇོག་པའི་ཕྱིར། དེ་ལྟར་ཡང་བརྟག་གཉིས་ལས། གཏོར་དང་བླུགས་པ་ཞེས་བྱ་བ། །དེས་ན་དབང་ཞེས་བརྗོད་པར་བྱ། །ཞེས་གསུངས། དབྱེ་ན་དབང་དོན་བསྡུས་པ་ལས། རྗེས་འཇུག་ལས་ཀྱི་དང་པོ་ལ། །ཆུ་བོ་བཞི་ཡི་དབང་བསྐུར་བ། །ཡོ་ག་ལ་སོགས་ཐེག་དྲུག་ལ། །ཕྱི་དབང་རྒྱུད་ཀྱི་ཆུ་བོས་བྱ། །བསྐྱེད་པ་མ་ཧཱ་ཡོ་ག་ལ། །ནང་དབང་འབྱུང་བའི་ཆུ་བོས་བྱ། །རྫོགས་པ་ཨ་ནུ་ཡོ་ག་ལ། །སྒྲུབ་དབང་གྲགས་པའི་ཆུ་བོས་བྱ། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །གསང་དབང་རྫོགས་པའི་ཆུ་བོས་བྱ། །ཞེས་གསུངས་པ་ལྟར། ཐེག་རིམ་དགུའི་དབང་རྣམས་སྤྱིར་བཞུགས་ཤིང་། ནང་གསེས་ཀྱི་དབྱེ་བ་ཡན་ལག་སྒོ་འབྱེད་དང་ལམ་སྟེགས་སོགས་ཕྱི་རྒྱུད་དབང་རིམ་དགུ་དང་། ཡན་ལག་ཅན་རྩ་བ་མངོན་རྫོགས་ནང་རྒྱུད་ཡོ་ག་སུམ་སྒྲིལ་གྱི་དབང་མཐའ་རྟེན་རྫོགས་དང་བཅས་པ་རྣམས་རིམ་པར་བསྒྲུབ་པར་བགྱི་བ་ལ་བདག་ཉིད་ཀྱི་བགྱི་འོས་རིགས་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་དབང་བསྐུར་གསན་པའི་ཡོན་དུ་མཎྜལ་ཕུལ། སྟ་དངོས་མ་སྦྲེལ་ན་འདིར་སྐྱབས་སེམས་ཚོགས་གསག་སྡོམ་གཟུང་རྣམས་སྟ་གོན་སྐབས་ལྟར་བྱའོ། །དེ་ནས་ཐོག་མར་སྒོ་འབྱེད་ཕྱག་རྡོར་ངན་སོང་ཀུན་སྦྱོང་གི་དབང་བསྐུར་བ་ནི། ངན་སོང་གི་གནས་ནས་དྲང་བའི་ཕྱིར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ་མ་ཀྱི་ཧུད་རྡོ་རྗེ་འཛིན༔ འགྲོ་མགོན་ཐུགས་རྗེས་བདག་སྐྱོབས་ཤིག༔ དབང་མཆོག་རྒྱལ་པོ་བསྒྲག་ཏུ་གསོལ༔ སླད་ནས་མི་འཆབ་མི་སྦེད་དོ༔ ལན་གསུམ། དེ་ལ་སློབ་དཔོན་གྱིས་ལན་གསོལ་བ་ནི། བུ་འདིར་ཤོག་ཅིག་རིགས་ཀྱི་བུ༔ རང་གི་ཉམས་དང་ཟླས་ཉམས་ཀྱིས༔ ངན་སོང་གནས་སུ་ལྟུང་པ་ལས༔ སྐྱོབ་ཕྱིར་དབང་མཆོག་སྦྱིན་པར་བྱ༔ ཞེས་གནང་བ་བསྩལ་ནས། མངོན་རྫོགས་རྩ་བའི་དཀྱིལ་འཁོར་ཆེན་པོའི་མཐའ་ཡི་དུར་ཁྲོད་ཀྱི་ཕྱི་དང་སྲུང་བའི་ར་བའི་ནང་གི་བྱང་ཤར་ངན་སོང་སྦྱོང་བའི་དཀྱིལ་འཁོར་ནས་གཙོ་བོ་གསང་བའི་བདག་པོ་ངན་སོང་ཀུན་འདྲེན་གྱི་ལྷ་ཚོགས་འཁོར་དང་བཅས་པ་ནམ་མཁའ་གང་བར་བྱོན་ནས་སློབ་དཔོན་དང་དབྱེར་མེད་པས། བུམ་པ་བདུད་རྩིས་གང་བའི་ཡེ་ཤེས་ཀྱི་ཆུ་རྒྱུན་གྱིས་སྤྱི་བོ་ནས་ཁྲུས་མཛད་པས་དུག་གསུམ་རྒྱུ་འབྲས་དང་བཅས་པ་དབྱིངས་སུ་དག་པར་མོས་ཤིག །བྱང་ཤར་གྱི་བུམ་པ་ཐོགས་ཏེ། ཧཱུྃ༔ བྱང་ཤར་དཀྱིལ་འཁོར་ཆེན་པོ་ནས༔ ཕྱག་ན་རྡོ་རྗེ་དབྱིངས་ནས་བཞེངས༔ བཀྲ་ཤིས་ཁྲུས་ཀྱི་བུམ་པ་འདིར༔ རྒྱལ་བ་ཀུན་གྱི་ཐུགས་རྗེའི་ཆུས༔ སློབ་མའི་དུག་གསུམ་སྒྲིབ་སྦྱངས་ནས༔ ན་རཀ་གནས་རྣམས་དོང་སྤྲུགས་ཤོག༔ ཨཱོྃ་བཛྲ་པཱ་ཎི་ཧཱུྃ་ཕཊ྄༔ ཁྲུས་བྱ། སྔགས་དེ་བརྗོད་ཅིང་ཡུངས་དཀར་གྱིས་བྲབ། སྡིག་སྒྲིབ་ཐམས་ཅད་ཡེ་ཤེས་ཀྱི་མེས་བསྲེགས། བྱང་སེམས་ཀྱི་ཆུས་བཀྲུས་ཤིང་སྦྱངས་པར་བསམ། སློབ་དཔོན་གསང་བའི་བདག་པོ་ཡི༔ ཕྱག་གཡས་ཉི་མ་ལ་གནས་པའི༔ སོར་མོར་ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ གཡོན་པ་ཟླ་བ་ལ་གནས་པའི༔ སོར་མོར་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ རིགས་ལྔ་ཡབ་ཡུམ་སྐུར་གྱུར་པ༔ ཐལ་སྦྱར་བསྣོལ་བསྡམས་ཀྱིས། ཨཱོྃ་བཛྲ་སུ་ར་ཏི༔ ཨཱོྃ་བཛྲ་ཨཉྫ་ལི༔ ཨཱོྃ་བཛྲ་བནྡྷ་བཾ༔ རིགས་ལྔ་ཡབ་ཡུམ་སྦྱོར་བ་ཡིས༔ དམྱལ་བ་ཡི་དྭགས་དུད་འགྲོ་རུ༔ སྐྱེ་བའི་སྡིག་སྒྲིབ་ས་བོན་སྦྱངས༔ ཐལ་མོ་གཟེངས་བསྐུམ་བཀྲོལ་བའི་ཕྱག་རྒྱ་བཅས་ཏེ། ཨཱོྃ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ྄༔ ཨཱོྃ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ྄༔ ཨཱོྃ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ྄༔ སྔགས་གསུམ་བརྗོད། དེས་སློབ་མ་རྣམས་ངན་སོང་གི་གནས་ལས་ཐར་བར་བྱེད་པ་སྦྱོར་བ་སྡིག་སྒྲིབ་དག་བྱེད་ཀྱི་དབང་གིས་རྒྱུད་སྣོད་རུང་དུ་བྱས་ནས་ལྷ་ཚོགས་རྣམས་ཀྱི་ཡེ་ཤེས་ཕྱག་རྒྱའི་སྐུ་ཡིས་དབང་བསྐུར་བར་མོས་ཤིག །སྐུ་རྣམས་ཀྱི་དབང་རིམ་པར་བསྐུར་ཏེ། ཧཱུྃ༔ གསང་བའི་བདག་པོ་རྡོ་རྗེ་འཛིན༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང༔ རྡོ་རྗེ་དྲིལ་འཛིན་ཁྲོ་བོའི་རྒྱལ༔ ཐར་པར་འདྲེན་པས་དབང་བསྐུར་རོ༔ ཨཱོྃ་བཛྲ་པཱ་ཎི་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ དམྱལ་བ་འདུལ་མཛད་ཆོས་ཀྱི་རྒྱལ༔ སྤྲུལ་སྐུ་སྟོན་པའི་ཚུལ་བཟུང་བས༔ ཞེ་སྡང་སྡིག་སྒྲིབ་འཇོམས་པར་མཛད༔ དེ་བཞིན་གཤེགས་པས་དབང་བསྐུར་རོ༔ ཨཱོྃ་མུ་ནེ་ཡེ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཡི་དྭགས་འདུལ་མཛད་ཁ་འབར་རྒྱལ༔ སྤྲུལ་སྐུ་སྟོན་པའི་ཚུལ་བཟུང་བས༔ འདོད་ཆགས་སྡིག་སྒྲིབ་འཇོམས་པར་མཛད༔ དེ་བཞིན་གཤེགས་པས་དབང་བསྐུར་རོ༔ ཨཱོྃ་མུ་ནེ་སྲུཾ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ དུད་འགྲོ་འདུལ་མཛད་སེང་རབ་བརྟན༔ སྤྲུལ་སྐུ་སྟོན་པའི་ཚུལ་བཟུང་བས༔ གཏི་མུག་སྡིག་སྒྲིབ་འཇོམས་མཛད་པའི༔ དེ་བཞིན་གཤེགས་པས་དབང་བསྐུར་རོ༔ ཨཱོྃ་མུ་ནེ་ཀྵཾ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཞེས་ངན་འགྲོའི་གནས་གསུམ་སྦྱངས་རྗེས། སླར་ཡང་གསང་བའི་བདག་པོ་འཁོར་དང་བཅས་པས་ཁྲུས་མཛད་པས་ཉོན་མོངས་པ་ཕྲག་དོག་དང་ལོག་ལྟའི་སྡིག་སྒྲིབ་རྒྱུ་འབྲས་རྣམས་བཀྲུས་ཤིང་སྦྱང་པར་མོས་ཤིག །སླར་ཡང་བྱང་ཤར་གྱི་བུམ་པ་ཐོགས་ནས། ཧཱུྃ༔ བྱང་ཤར་དཀྱིལ་འཁོར་ཆེན་པོ་ནས༔ ཕྱག་ན་རྡོ་རྗེ་དབྱིངས་ནས་བཞེངས༔ བཀྲ་ཤིས་ཁྲུས་ཀྱི་བུམ་པ་འདིར༔ རྒྱལ་བ་ཀུན་གྱི་ཐུགས་རྗེའི་ཆུས༔ སློབ་མའི་ཕྲག་དོག་སྒྲིབ་སྦྱངས་ནས༔ ལྷ་མིན་གནས་རྣམས་དོང་སྤྲུགས་ཤོག༔ ཨཱོྃ་བཛྲ་པཱ་ཎི་ཧཱུྃ་ཕཊ྄༔ ཅེས་ཁྲུས་བྱས་རྗེས། ལྷ་མིན་གྱི་ཐུབ་པ་གཙོ་འཁོར་བཞིའི་དབང་བསྐུར་ཞིང་བྱིན་གྱིས་བརླབས་པར་མོས་ལ། སྐུ་ཐོགས་ཏེ། ཧཱུྃ༔ ཕྲག་དོག་རབ་ཏུ་འཇོམས་པ་དང༔ རྟག་ཆད་གཉིས་ཀྱི་མཐའ་བསལ་མཛད༔ གཟུགས་ཅན་མུ་སྟེགས་ལ་སོགས་པའི༔ ལྟ་ལོག་སུམ་བརྒྱ་དྲུག་ཅུ་དང༔ གཟུགས་མེད་ལྷ་མིན་མཐུ་ཆེན་འཇོམས༔ ལྷ་མིན་བཅོམ་ལྡན་ཐགས་བཟང་རིས༔ རྒྱལ་པོའི་ཆ་ལུགས་འཁོར་ལོ་འཛིན༔ དེད་དཔོན་བཞི་ཡི་ཚོགས་རྣམས་ཀྱིས༔ ལོག་ལྟ་འཇོམས་ཕྱིར་དབང་བསྐུར་རོ༔ ཨཱོྃ་མུ་ནེ་ཏྲཱུཾ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ དེས་ཡན་ལག་དང་པོ་ཐར་པའི་སྒོ་འབྱེད་ཀྱི་དབང་གྲུབ་ནས། ཡན་ལག་གཉིས་པ་མི་ཡི་ཐེག་པ་དགེ་བཅུ་སྟོན་པའི་དབང་བསྐུར་བ་ལ། དཀྱིལ་འཁོར་ཆེན་པོའི་ནུབ་བྱང་གི་སྨད་ནས་མི་ཡི་ཐུབ་པ་ཤཱཀྱའི་རྒྱལ་པོ་གཙོ་འཁོར་རྣམས་ཀྱིས་རིན་པོ་ཆེའི་བུམ་པར། སྟོན་པ་ཟས་གཙང་སྲས་སོགས་སངས་རྒྱས་ཀྱི་བྱིན་རླབས་བདུད་རྩིས་གང་བས་དབང་བསྐུར་བས་མ་དག་པའི་ཆ་བཀྲུས་ཤིང་དག་པ་ཡེ་ཤེས་ཀྱི་བྱིན་རླབས་ཐོབ་པར་མོས་མཛོད། ནུབ་བྱང་གི་བཀྲ་ཤིས་བུམ་པ་ཐོགས་ལ། ཧཱུྃ༔ བཀྲ་ཤིས་བུམ་པ་ཀུན་ཏུ་དགེ་བའི་ཁྲུས༔ མཛངས་ཤིང་བློ་གྲོས་ལྡན་པར་བྱ་བའི་ཕྱིར༔ སངས་རྒྱས་བྱིན་རླབས་བདུད་རྩི་ཆུ་ཡི་མཆོག༔ དེང་འདིར་སྐལ་ལྡན་རྣམས་ལ་དབང་བསྐུར་རོ༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ འགྲོ་འདུལ་མི་ཡི་སྟོན་པ་ཟས་གཙང་སྲས་ཤཱཀྱའི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་གསེར་དངུལ་ཟངས་ལྕགས་ཀྱི་འཁོར་ལོས་བསྒྱུར་རྒྱལ་བཞིའི་འཁོར་དང་བཅས་པས་བྱིན་གྱིས་བརླབས་པར་གྱུར༔ སྐུ་ཐོགས་ལ། ཧཱུྃ༔ འདོད་ཆགས་འཇོམས་མཛད་བཅོམ་ལྡན་ཤཱཀྱའི་རྒྱལ༔ ཟས་གཙང་སྲས་པོ་ཁྱེའུ་མཛེས་པའི་གཟུགས༔ ལྟ་བས་ཆོག་མི་ཤེས་པ་རྒྱལ་པོའི་ཚུལ༔ དང་པོ་གསེར་གྱི་འཁོར་ལོས་བསྒྱུར་བའི་རྒྱལ༔ གཉིས་པ་དངུལ་གྱི་འཁོར་ལོས་བསྒྱུར་བའི་རྒྱལ༔ གསུམ་པ་ཟངས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ༔ བཞི་པ་ལྕགས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ༔ འཇིག་རྟེན་མི་ཡི་རྒྱལ་པོ་སྡེ་ལྔ་ཡིས༔ བཀྲ་ཤིས་རྣམ་པར་དགེ་བའི་དབང་བསྐུར་བས༔ སྐྱོན་སྤང་ལེགས་པའི་ཡོན་ཏན་སྒྲུབ་པ་ཡི༔ དགེ་བཅུ་ཕུན་སུམ་ཚོགས་པའི་དབང་ཐོབ་ཤོག༔ ཨཱོྃ་མུ་ནེ་སྲུཾ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཡན་ལག་གཉིས་པ་མིའི་ཐེག་པ༔ ཡོངས་སུ་རྫོགས་པའི་དབང་ལྡན་གྱུར༔ དེས་མངོན་མཐོའི་དང་པོ་མི་ཡི་ཐེག་པའི་ལམ་དང་ཡོན་ཏན་ཐམས་ཅད་རྫོགས་པར་བྱས་པ་ལ། ཡན་ལག་གསུམ་པ་ལྷ་ཡི་དགེ་བཅུ་སྟོན་པའི་ཕྱིར། དཀྱིལ་འཁོར་ཆེན་པོའི་ནུབ་བྱང་གི་སྟོད་ནས་ལྷ་ཡི་ཐེག་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་དག་གཙང་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པས་སྤྱི་བོ་ནས་དབང་བསྐུར་ཞིང་བཀྲུས་པར་མོས་མཛོད། སླར་ཡང་ནུབ་བྱང་གི་བཀྲ་ཤིས་བུམ་པ་ཐོགས་ཏེ། ཧཱུྃ༔ ཅིར་ཡང་འགྱུར་བའི་སྣ་ཚོགས་ཆོ་འཕྲུལ་ལས༔ བཀྲ་ཤིས་བུམ་པ་ཁྲུས་ཀྱི་གཞལ་ཡས་ཁང༔ ལྷ་ཡི་བྱ་བ་ཐོག་མར་དག་བྱེད་ཁྲུས༔ འཇིག་རྟེན་ཆོས་ཚུལ་དེ་དང་མཐུན་པའི་ཕྱིར༔ དགེ་བའི་ཁྲུས་ཆབ་གཙང་མས་དབང་བསྐུར་རོ༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ལྷ་ཡི་སྟོན་པ་བཅོམ་ལྡན་དབང་པོ་བརྒྱ་བྱིན་འཁོར་དང་བཅས་པས་དབང་བསྐུར་བས་ཞི་ལྷག་གི་ཏིང་ངེ་འཛིན་གྱི་ཡོན་ཏན་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་བསམ། སྐུ་ཙཀ་ཐོགས་ལ། ཧཱུྃ༔ ང་རྒྱལ་འཇོམས་མཛད་བཅོམ་ལྡན་བརྒྱ་བྱིན་ནི༔ དམ་པ་ཏོག་དཀར་ལྷ་ཡི་རྒྱལ་པོའི་ཚུལ༔ ཀུན་ལ་དབང་བསྒྱུར་ཚངས་པ་གདོང་བཞི་དང༔ སྲིད་པའི་མེས་པོ་ལྷ་དབང་བརྒྱ་བྱིན་ནི༔ ཀུན་ཏུ་དགེ་བ་ལྷ་ཡི་ཚོགས་ཀྱི་རྗེ༔ ཀུན་ཏུ་མཛེས་པ་ལྷ་མོ་སྒྱུ་འཕྲུལ་མ༔ ལྷ་ཡི་དགེ་བཅུ་ཕུན་སུམ་ཚོགས་གྱུར་པའི༔ འཇིག་རྟེན་ལྷ་དབང་རྣམས་ཀྱི་དབང་བསྐུར་རོ༔ ཨཱོྃ་མུ་ནེ་ཀྲེཾ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཡན་ལག་གསུམ་པ་ལྷའི་ཐེག་པ༔ ཡོངས་སུ་རྫོགས་པའི་དབང་ལྡན་གྱུར༔ དེས་ཐོག་མའི་ལམ་སྟེགས་སོར་བཞག་ལྷ་མིའི་ཐེག་པའི་དབང་གྲུབ་ནས། ད་ནི་ཡན་ལག་བཞི་པ་ཉན་ཐོས་ཐེག་པའི་དབང་བསྐུར་བ་ནི། དཀྱིལ་འཁོར་ཆེན་པོའི་ལྷོ་ནུབ་ཉན་ཐོས་ཐེག་པའི་དཀྱིལ་འཁོར་གྱི་གཙོ་བོ་ཤཱཀྱ་ཐུབ་པ་མཆོག་གི་སྤྲུལ་པའི་སྐུ་གཙོ་འཁོར་རྣམས་ཀྱིས་ལམ་གྱི་མི་མཐུན་ཕྱོགས་སྦྱང་བའི་ཕྱིར། རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བས་ཁྲུས་མཛད་པས། རྒྱལ་བ་ཤཱཀྱའི་དབང་པོ་སྐུ་བལྟམས་པ་དང་ལྷ་རྣམས་ཀྱིས་ཁྲུས་གསོལ་བ་བཞིན་དགེ་ལེགས་ཀྱི་དཔལ་རྒྱས་པར་གྱུར་པར་མོས། ལྷོ་ནུབ་ཀྱི་བུམ་པ་ཐོགས་ལ། ཧོ༔ རྒྱལ་བ་འཇིག་རྟེན་ལ་ནི་སྐུ་བལྟམས་ཚེ༔ ལྷ་ཡི་རྒྱལ་པོ་རྣམས་ཀྱིས་ཁྲུས་གསོལ་ལྟར༔ རྣམ་པར་རྒྱལ་བའི་བུམ་པ་ཁྲུས་ཀྱི་མཛོད༔ འཇིག་རྟེན་ཀུན་ཏུ་ཤིས་པ་དང་པོའི་དབང༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ སྐལ་བཟང་འདྲེན་པ་རྣམས་ཀྱིས་འགྲོ་བ་འདུལ་བའི་དོན་དུ་བཞེས་པའི་ཐར་པའི་རྒྱལ་མཚན་ཆེན་པོ་ཆོས་གོས་རྣམ་པ་གསུམ་དང་། སྦྱངས་པའི་ཡོན་ཏན་གྱི་རྟེན་ལྷུང་བཟེད་འཁར་གསིལ་ལ་སོགས་འཚོ་བའི་ཡོ་བྱད་སྤྲུལ་སྐུ་ཆགས་བྲལ་གྱི་ཆས་རྣམས་ཀྱིས་དབང་བསྐུར་བས་ཚངས་པར་སྤྱོད་པ་བསླབ་པ་གསུམ་གྱི་ཡོན་ཏན་མངོན་དུ་གྱུར་པར་མོས། ཆོས་གོས་གསུམ་སོགས་རབ་བྱུང་ཆས་གཏད་ལ། ཧོ༔ རབ་ཏུ་བྱུང་ཞིང་ཚངས་པར་སྤྱོད་པའི་ཚེ༔ ཆོས་གོས་རྣམ་གསུམ་ལྷུང་བཟེད་འཁར་གསིལ་དང༔ སྤྱི་བླུགས་ཆུ་སྣོད་ཆུ་ཚགས་ལ་སོགས་པའི༔ རབ་བྱུང་ཆ་ལུགས་ཆས་ཀྱིས་དབང་བསྐུར་བས༔ ཚངས་པར་སྤྱོད་པའི་སྡོམ་པ་ཡོངས་རྫོགས་ཤོག༔ མཉམ་མེད་ཐུབ་པའི་དབང་པོ་སྟོན་པ་འཁོར་དང་བཅས་པས་དབང་བསྐུར་བས་ཉན་ཐོས་ཀྱི་ལམ་ཡོངས་སུ་རྫོགས་པའི་ཡོན་ཏན་མངོན་དུ་གྱུར་པར་མོས། ཐུབ་དབང་འཁོར་བཅས་ཀྱི་སྐུ་ཙཀ་གཏད་དེ། ཧཱུྃ༔ སྟོན་པའི་རྒྱལ་པོ་བཅོམ་ལྡན་ཤཱཀྱ་ཐུབ༔ གསེར་མདོག་ས་གནོན་མཉམ་གཞག་མཚན་དཔེས་སྤྲས༔ ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཉེ་བར་འཁོར༔ མངོན་པར་ཤེས་པ་ལྡན་པ་ཤཱ་རིའི་བུ༔ རྫུ་འཕྲུལ་ཁྱད་པར་འཕགས་པ་མོའུ་གལ་བུ༔ རྒྱལ་བའི་རིམ་གྲོ་ཉན་ཐོས་ཀུན་དགའ་བོ༔ གཞན་ཡང་ཉན་ཐོས་དགེ་སློང་དཔག་མེད་པས༔ དབང་བསྐུར་ཚུལ་ཁྲིམས་མཐའ་རུ་ཕྱིན་པར་ཤོག༔ ཨཱོྃ་མུ་ནི་མུ་ནི་མ་ཧཱ་མུ་ནི་ཤཱཀྱ་མུ་ནི་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ འོ་རིགས་ཀྱི་བུ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་སྐྱབས་སུ་མ་སོང་ན་སྲིད་པའི་གཡང་ས་ལས་ནམ་ཡང་མི་སྒྲོལ་བས། ཁྱེད་རྣམས་ལ་སྟོན་པ་སངས་རྒྱས་འཁོར་བཅས་ཀྱི་སྐུ་ཡི་དབང་བསྐུར། འཕགས་པའི་དགེ་འདུན་གྱི་རྗེས་སུ་སློབ་ཕྱིར་རབ་ཏུ་བྱུང་བའི་ཆས་ཀྱིས་སྤྲས། རྟོགས་པའི་ཆོས་བསླབ་པ་གསུམ་ལྡན་དུ་བྱེད་པར་ལམ་བདེན་ལུང་འབོགས་པའི་ཚུལ་དུ་དབང་བསྐུར་པས། སྲིད་པའི་མཐའ་ལས་གྲོལ་བའི་དབང་ཐོབ་པའི་དོན་སྒྲོག་པ་ལ་སྙན་གཏོད་འཚལ། ཨེ་མ༔ ལྷ་མིའི་ཐེག་པ་དགེ་བ་བཅུ་སྤྱད་ཀྱང༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མ་སོང་བས༔ འཁོར་བར་འཕགས་པ་ནམ་ཡང་མི་འགྱུར་ཞིང༔ དགེ་སྡིག་སྤང་བླང་ཙམ་ལས་ལྟ་བ་མེད༔ ཉན་ཐོས་ལྟ་བ་བག་ཡོད་ཚུལ་བཞིན་ལས༔ ཆོས་ཀྱི་བདག་མེད་ཕྱེད་ཙམ་རྟོགས་པ་དང༔ གང་ཟག་བདག་མེད་རྟོགས་པ་སྐད་ཅིག་མ༔ དེ་ལས་གཞོམ་མེད་གཞན་དུ་སྟོང་པར་ལྟ༔ དྷརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཡན་ལག་བཞི་པ་ཉན་ཐོས་ཐེག༔ ཡོངས་སུ་རྫོགས་པའི་དབང་ལྡན་གྱུར༔ ཡན་ལག་ལྔ་པ་རང་རྒྱལ་གྱི་ཐེག་པའི་དབང་བསྐུར་བ་ལ། དཀྱིལ་འཁོར་ཆེན་པོའི་ཤར་ལྷོའི་རང་རྒྱལ་དཀྱིལ་འཁོར་གྱི་གཙོ་འཁོར་རྣམས་ཀྱིས་ལྷ་ཡི་བདུད་རྩིས་གང་བའི་བུམ་པས་དབང་བསྐུར་བས། རྟེན་ཅིང་འབྲེལ་འབྱུང་གི་དོན་རྟོགས་པའི་རང་བྱང་ཆུབ་ཀྱི་ལམ་ཀུན་ལ་དབང་བའི་སྐལ་ལྡན་དུ་བྱས་པར་གྱུར། ཤར་ལྷོའི་བུམ་པ་ཐོགས་ཏེ། ཧཱུྃ༔ ཐོག་མཐའ་བར་དུ་དགེ་བའི་ལྷ་ཡི་ཆུ༔ དངོས་པོའི་དྲི་འཇོམས་མི་རྟག་ཚུལ་སྟོན་པ༔ ཡོངས་སུ་སྡིག་སྒྲིབ་འཇོམས་པའི་ཆུ་ཡིས་བཀྲུ༔ རྫུ་འཕྲུལ་ཤུགས་ཀྱིས་སྟོན་པའི་དབང་ཐོབ་ཤོག༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཡིད་བཞིན་བདེ་བ་མཆོག་གི་གོ་འཕང་མངོན་དུ་གྱུར་པའི་རང་རྒྱལ་གྱི་སྟོན་པ་རྫུ་འཕྲུལ་སྣ་ཚོགས་འདུ་མཛད་པ་གཙོ་འཁོར་རྣམས་ཀྱིས་དབང་བསྐུར་བྱིན་གྱིས་བརླབས་པར་སོམས། སྐུ་ཙཀ་ཐོགས་ལ། ཧཱུྃ༔ སློབ་དཔོན་མེད་པར་རང་སངས་རྒྱས་པའི་སྐུ༔ ཉོན་མོངས་དགྲ་བཅོམ་མ་རིག་ཀུན་ལས་ལྡོག༔ རང་རྒྱལ་གཙོ་བོའི་སྐུ་ལས་མེ་འབར་དང༔ མི་རྟག་དོན་རྟོགས་སྐུ་ལས་ཆུ་འཁྲུགས་དང༔ སྟོང་ཉིད་དོན་རྟོགས་རང་རྒྱལ་མཁའ་ལ་བཞུགས༔ མི་རྟོག་དོན་རྟོགས་རང་རྒྱལ་འཇིགས་པ་མེད༔ སྣང་བའི་ཆོས་ལ་མི་ཞེན་འོད་ཕུང་འབར༔ རང་རྒྱལ་ཆེན་པོ་རྣམས་ཀྱི་དབང་ཐོབ་ཤོག །ཨཱོྃ་སརྦ་མ་ཧཱ་ཡཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ རང་སངས་རྒྱས་རྣམས་ནི་སློབ་དཔོན་མེད་པར་དུར་ཁྲོད་དུ་སོང་སྟེ་ལམ་སྔོན་སྦྱང་གི་ནུས་པས་རྟེན་འབྲེལ་ལུགས་འབྱུང་ལྡོག་གི་དོན་མངོན་དུ་གྱུར་ནས་གང་ཟག་དང་ཆོས་ཀྱི་བདག་མེད་པ་ཕྱེད་དང་གཉིས་རྟོགས་པ་མཚོན་ཕྱིར་རྟེན་འབྲེལ་བཅུ་གཉིས་ཀྱི་གཟུགས་ཀྱི་དབང་བསྐུར་བར་མོས། རྟེན་འབྲེལ་བཅུ་གཉིས་ཀྱི་གཟུགས་ཐོགས་ལ། ཧཱུྃ༔ རྟེན་འབྲེལ་བཅུ་གཉིས་ཐོག་མ་མ་རིག་པ༔ ཡོངས་དག་གང་ཟག་བདག་མེད་ཉིད་རྟོགས་ཤིང༔ སྲིད་པའི་འཁོར་ལོའི་དྲྭ་བ་རྣམ་འཇོམས་པའི༔ རྟེན་འབྲེལ་བཅུ་གཉིས་མངོན་པར་དག་གྱུར་པས༔ བརྡ་རྟགས་གཟུགས་ཀྱི་ཐ་མ་གདོས་བཅས་ཚོགས༔ མི་རྟག་སྟོན་པའི་ཚུལ་གྱིས་དབང་བསྐུར་རོ༔ དྷརྨ་ཨ་བྷི་ཥིཉྩ་ཨཱ༔ ཡན་ལག་ལྔ་པ་རང་རྒྱལ་ཐེག༔ ཡོངས་སུ་རྫོགས་པའི་དབང་ལྡན་གྱུར༔ ཡན་ལག་དྲུག་པ་བྱང་སེམས་ཐེག་པའི་དབང་བསྐུར་བ་ནི། མངོན་རྫོགས་དཀྱིལ་འཁོར་ཆེན་པོའི་བྱང་ནས་རྒྱལ་བའི་སྲས་པོ་རིགས་གསུམ་མགོན་པོ་སོགས་མཁའ་དབྱིངས་གང་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བུམ་པ་བྱང་ཆུབ་སེམས་ཀྱི་བདུད་རྩིའི་གང་བ་བསྣམས་ཏེ་སྤྱི་བོ་ནས་ཁྲུས་མཛད་ཅིང་དབང་བསྐུར་བར་མོས། བྱང་གི་བུམ་པ་ཐོགས་ལ། ཧཱུྃ༔ ཕན་བདེའི་འབྱུང་གནས་བཀྲ་ཤིས་བུམ་པ་རུ༔ བྱང་ཆུབ་སེམས་ཀྱི་ཆུ་ཡི་བདུད་རྩིས་བཀང༔ སྡུག་བསྔལ་ཐམས་ཅད་རྣམ་པར་སྦྱོང་བའི་ཕྱིར༔ སྐལ་ལྡན་རྣམས་ལ་སྙིང་པོའི་ཁྲུས་གསོལ་བས༔ བྱང་ཆུབ་སེམས་དཔའི་རིགས་ཅན་དག་ཏུ་གྱུར༔ རྒྱ་ཆེན་རྒྱུན་མི་ཆད་པའི་བྱང་ཆུབ་སེམས༔ རྣམ་པར་བརྟན་ཅིང་རབ་ཏུ་འཕེལ་གྱུར་ཅིག༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་ཁྲུས་བྱས་ཤིང་དབང་བསྐུར་པས་ཁྱེད་རྣམས་སེམས་དཔའ་གཞོན་ནུ་ལྷ་ཡི་ཆ་བྱད་ཅན་དུ་གྱུར་པ་ལ། བྱང་སེམས་ཉེ་བའི་སྲས་མཆོག་རྣམས་ཀྱི་དབང་བསྐུར་བས་དེ་དག་གི་ཐུགས་བསྐྱེད་དང་རྣམ་ཐར་གྱི་དཔལ་ལ་སྤྱོད་པའི་དབང་དམ་པ་ཐོབ་པར་གྱུར། བྱང་ཆུབ་སེམས་དཔའི་སྐུ་རྣམས་སྤྱི་བོར་བཞག་ལ། ཧཱུྃ༔ སྙིང་རྗེའི་བདག་ཉིད་འཕགས་མཆོག་ཐུགས་རྗེ་ཆེ༔ མཁྱེན་བརྩེའི་བདག་ཉིད་འཇམ་དཔལ་ཡེ་ཤེས་སེམས༔ སྡུག་བསྔལ་ཀུན་འཇོམས་བཅོམ་ལྡན་རྡོ་རྗེ་འཛིན༔ ས་བཅུའི་མགོན་པོ་འཕགས་མཆོག་མི་ཕམ་མགོན༔ གཞན་ཡང་སྒྲིབ་པ་རྣམ་སེལ་ནམ་མཁའི་སྙིང༔ ཀུན་ཏུ་བཟང་པོ་ས་ཡི་སྙིང་པོ་དང༔ ཟླ་བའི་བློ་གྲོས་བྱམས་མགོན་ཐུགས་རྗེའི་གཏེར༔ སེམས་དཔའི་རྒྱལ་པོ་གསེར་འོད་དམ་པ་སོགས༔ བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་གི༔ ཐུགས་བསྐྱེད་རྣམ་དག་སྨོན་ལམ་ཡོངས་གྲུབ་པ༔ སེམས་ཅན་ཀུན་ལ་སྨན་མཛད་མཁྱེན་བརྩེ་ནུས༔ མ་ལུས་ཡོངས་སུ་རྫོགས་པའི་དབང་ཐོབ་ཤོག༔ ཨཱོྃ་བྷོ་དྷི་སཏྭ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཐེག་པ་ཆེན་པོའི་ལམ་གྱི་ཡོན་ཏན་རྣམས་རྒྱུད་ལ་རྫོགས་ཏེ་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཚོགས་དང་སྐལ་བ་མཉམ་པའི་མཐར། འགྲོ་བའི་སྡུག་བསྔལ་གཅོད་བྱེད་ཤེས་རབ་ཀྱི་རལ་གྲི་སོགས་རྫས་རྣམས་ཀྱི་དབང་བསྐུར་བ་ནི། རལ་གྲི་སོགས་འགྲོ་བའི་དོན་མཚོན་རྣམས་གཏད་དེ། སྡུག་བསྔལ་གཅོད་མཛད་ཤེས་རབ་རལ་གྲི་དང༔ ཉོན་མོངས་གཅོང་ནད་འབྱིན་པའི་སྨན་གྱི་རྒྱལ༔ སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ་བའི་གྲུ༔ སེམས་ཅན་ཀུན་གྱི་དབུགས་དབྱུང་ཆོས་ཀྱི་དུང༔ བྱང་ཆུབ་སེམས་ཀྱི་རང་བཞིན་ཀུན་ཁྱབ་པ༔ རྟག་ཏུ་ཡོན་ཏན་མངོན་སུམ་རྫོགས་གྱུར་པའི༔ བྱང་ཆུབ་སེམས་དཔའ་རྣམས་ཀྱི་གང་དགོངས་པ༔ སེམས་ཅན་ཀུན་ལ་དེ་ཉིད་འབྱུང་གྱུར་ཅིག༔ ཨཱོྃ་སརྦ་བྷོ་དྷི་སཏྭ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་དབང་བསྐུར་པས་ཞི་བ་ཕྱོགས་གཅིག་གི་མཐའ་ལས་གྲོལ་ནས་ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་རྟོགས་པའི་བློ་ཟུང་དུ་འཇུག་པས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ཐེག་པ་ཆེན་པོའི་ལམ་གྱི་ཡོན་ཏན་རྒྱ་མཚོ་ཡོངས་སུ་རྫོགས་པས་དོན་གཉིས་ལྷུན་གྲུབ་ཀྱི་ས་ལ་དབུགས་དབྱུང་ནས་ལུང་བསྟན་པ་ནི། སློབ་དཔོན་གྱིས་ཕྱག་གདེངས་ཏེ༔ འདི་ཕན་ཐེག་དམན་ཉན་ཐོས་རང་དོན་ཏེ༔ འདི་ནི་ཐེག་ཆེན་གཞན་དོན་རླབས་ཆེན་ཡིན༔ སྨོན་ལམ་ཡང་དག་དགེ་བའི་འཇུག་པ་སྟེ༔ བྱང་ཆུབ་སེམས་དཔའི་སྡོམ་པ་བླ་ན་མེད༔ བདག་མེད་རྣམ་གཉིས་རང་བཞིན་རྟོགས་གྱུར་ཏེ༔ དེ་རིང་བྱང་ཆུབ་སེམས་དཔའི་རིགས་ཅན་ནོ༔ རྒྱལ་བ་ཀུན་གྱིས་སྲས་ཀྱི་དམ་པར་དགོངས༔ སྤྲོ་བ་སྐྱེད་ཅིག་གཞན་ཕན་རྒྱ་ཆེར་གྱིས༔ བྷོ་དྷི་སཏྭ་ཨཱ༔ ཡན་ལག་དྲུག་པ་བྱང་སེམས་ཐེག༔ ཡོངས་སུ་རྫོགས་པའི་དབང་ལྡན་གྱུར༔ དེ་དག་གིས་རྒྱུ་མཚན་ཉིད་ཐེག་པའི་དབང་རྣམས་གྲུབ་ནས། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་དབང་གི་དང་པོ་ཕྱི་རྒྱུད་སྡེ་གསུམ་ལས། ཡན་ལག་བདུན་པ་ཀྲི་ཡའི་ཐེག་པའི་དབང་བསྐུར་བ་ནི། དཀྱིལ་འཁོར་ཆེན་པོའི་ནུབ་ནས་ཀྲི་ཡ་རིགས་གསུམ་འདུས་པའི་ལྷ་ཚོགས་རྣམས་ཀྱིས། རྒྱལ་བ་ཤཱཀྱའི་དབང་པོ་སྐུ་བལྟམས་པའི་ཚེ་ལྷ་རྣམས་ཀྱིས་ཁྲུས་གསོལ་པ་བཞིན། ཡེ་ཤེས་བདུད་རྩིའི་གང་བའི་བུམ་པས་སྤྱི་བོ་ནས་དབང་བསྐུར་ཞིང་བཀྲུས་པར་མོས་མཛོད། ནུབ་ཀྱི་དག་བྱེད་ཁྲུས་ཀྱི་བུམ་པ་ཐོགས་ཏེ། ཧཱུྃ༔ རྣམ་པར་རྒྱལ་བའི་སྟོན་པ་སངས་རྒྱས་ཉིད༔ ས་ཆེན་འདི་རུ་རྣམ་པར་བལྟམས་པའི་ཚེ༔ ཀུན་གྱི་དང་པོ་བཀྲ་ཤིས་ཁྲུས་གསོལ་ལྟར༔ ཤིན་ཏུ་དགེ་བའི་ཆབ་ཀྱིས་ཁྲུས་བགྱི་འོ༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ རིགས་གསུམ་འདུས་པའི་ལྷ་ཚོགས་ནམ་མཁའ་གང་བས་སྐུ་ཕྱག་རྒྱའི་དཀྱིལ་འཁོར་གྱི་དབང་བསྐུར་བར་གྱུར། སྟོན་པ་བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་བསྐོར་བའི་སྐུ་སྤྱི་བོར་བཞག་ལ། ཧཱུྃ༔ སྟོན་པ་གསེར་མདོག་མྱ་ངན་མེད་པའི་རྒྱལ༔ ཉོན་མོངས་དུག་རྣམས་སེལ་བའི་རྨ་བྱ་ཅན༔ སྒྲིབ་པའི་དྲི་མའི་ཚོགས་འཇོམས་བསིལ་བའི་ཚལ༔ གདོན་བགེགས་མ་ལུས་ཀུན་འཇོམས་སོ་སོར་འབྲང༔ སྡུག་བསྔལ་རྣམ་པར་འཇོམས་པ་ལྷ་མོའི་མཆོག༔ འཇིགས་པ་བརྒྱད་རྣམས་ཞི་མཛད་ཞི་བ་མ༔ ཡོངས་སུ་སྡུག་བསྔལ་སྦྱོང་མཛད་རིག་པའི་རྒྱལ༔ ཀུན་ཏུ་བསོད་ནམས་འཕེལ་མཛད་རྣམ་པར་རྒྱལ༔ ལས་ཀུན་གྲུབ་པར་མཛད་པ་གྲུབ་པ་མོ༔ བཀྲ་ཤིས་ལྷ་མོ་བརྒྱད་ཀྱི་དབང་བསྐུར་བས༔ ཤིན་ཏུ་རྣམ་པར་དགེ་དང་བཀྲ་ཤིས་ཤིང༔ རྣམ་པར་རྒྱལ་བའི་དབང་མཆོག་ཐོབ་པར་ཤོག༔ དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཁྱེད་རང་ལ་ཐིམ་པས། སློབ་མ་རྣམས་སྐད་ཅིག་གིས་སྟོན་པ་ཐུབ་པའི་དབང་པོ་གསེར་མདོག་མྱ་ངན་མེད་པའི་རྒྱལ་པོའི་སྐུར་གྱུར་པ་ལ་བཀྲ་ཤིས་རྣམ་པར་རྒྱལ་བའི་བུམ་པའི་དབང་བསྐུར་བས། ལྷ་ཚོགས་རྣམས་ཀྱི་ཡེ་ཤེས་དང་ཡོན་ཏན་ཡོངས་སུ་རྫོགས་པ་ཐོབ་པར་གྱུར། སླར་ཡང་ནུབ་ཀྱི་བུམ་པས་དབང་བསྐུར་ལ། ཧཱུྃ༔ བཀྲ་ཤིས་རྣམ་པར་རྒྱལ་བའི་བུམ་པ་ནས༔ ཉོན་མོངས་དུག་འཇོམས་ཕ་རོལ་ཕྱིན་པའི་ཆུ༔ བཀོད་པ་ཁྱད་འཕགས་དགེ་མཚན་དུ་མར་བཅས༔ ཡེ་ཤེས་ཆུ་བོ་མཆོག་གི་ཁྲུས་བགྱི་འོ༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ བུམ་ཆུ་སྦྱིན་ཞིང་ཁྲུས་བྱ། དེ་ལྟར་དབང་བསྐུར་ཞིང་ཁྲུས་བྱས་པས་དུག་ལྔ་དག །ཡེ་ཤེས་ལྔ་མངོན་དུ་གྱུར། བུམ་པའི་བདུད་རྩིས་ལུས་གང་། ཟེགས་མ་སྤྱི་བོར་འཁྱིལ་པ་ཡོངས་སུ་གྱུར་པ་རིགས་ཀྱི་བདག་པོས་དབུ་བརྒྱན་པ་མཚོན་ཕྱིར་དབུ་རྒྱན་སྤྱི་བོར་བཅིངས་ལ། དམ་པ་ཏོག་དཀར་ལྷ་ཡུལ་ནས་གཤེགས་ཏེ༔ དེ་ཚེ་རྒྱལ་བ་བྱམས་པ་མགོན་པོ་ལ༔ རྒྱལ་ཚབ་དབང་བསྐུར་ཅོད་པན་བཅིངས་པ་ལྟར༔ རིན་ཆེན་ཅོད་པན་དམ་པས་དབང་བསྐུར་རོ༔ ཨཱོྃ་རཏྣ་མུ་ཀུ་ཏྲཱྃ་ཨ་བྷི་ཥིཉྩ་མཱི༔ ཁྱེད་རྣམས་ཀྱི་ལུས་ངག་ཡིད་གསུམ་རིགས་གསུམ་སེམས་དཔའ་རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས་ཀྱི་བདག་ཉིད་དུ་བྱིན་གྱིས་བརླབས་པར་གྱུར་པར་མོས། རིགས་གསུམ་ལྷ་ཡི་སྐུ་སྤྱི་བོར་བཞག་ལ། ཧཱུྃ༔ སྣང་སྲིད་རིགས་གསུམ་དཀྱིལ་འཁོར་མཐོང་བའི་ཕྱིར༔ སྐུ་ཡི་རིགས་མཆོག་འཇམ་དཔལ་ཡེ་ཤེས་སེམས༔ གསུང་གི་རིགས་མཆོག་འཕགས་པ་སྤྱན་རས་གཟིགས༔ ཐུགས་ཀྱི་རིགས་མཆོག་བཅོམ་ལྡན་གསང་བའི་བདག༔ དུག་གསུམ་དག་ནས་སྐུ་གསུམ་མཐོང་བ་དང༔ རིགས་གསུམ་ལྷ་ཚོགས་རྣམས་དང་དབྱེར་མེད་ཤོག༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡེ་ཤེས་ཐིག་ལེའི་རྒྱུད་ལས། ཆུ་ཡི་དབང་བསྐུར་དབུ་རྒྱན་དག །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །ཞེས་གསུངས་པ་ལྟར། ཡན་ལག་བདུན་པ་ཀྲི་ཡའི་ཐེག༔ ཡོངས་སུ་རྫོགས་པའི་དབང་ཐོབ་གྱུར༔ ཡན་ལག་བརྒྱད་པ་ཨུ་བྷའི་ཐེག་པའི་དབང་བསྐུར་བ་ནི། ཆུ་དང་ཅོད་པན་ཏེ་ཀྲི་ཡར་གྲགས་པའི་སྟེང་། དེ་ཡང་རྒྱུད་ལས། རྡོ་རྗེ་དྲིལ་བུ་དེ་བཞིན་མིང་། །སྤྱོད་པའི་རྒྱུད་ལ་རབ་ཏུ་གྲགས། །ཞེས་པ་ལྟར། མངོན་རྫོགས་རྩ་བའི་དཀྱིལ་འཁོར་ཆེན་པོའི་ལྷོ་ཕྱོགས་ནས་ཨུ་བྷ་ཡའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་རིག་པའི་ལྷ་མོ་རྣམས་སྤྲོས་ཏེ་བཀྲ་ཤིས་པའི་རྣམ་པ་དུ་མས་དབང་བསྐུར་བར་གྱུར། ལྷོ་ཡི་བུམ་པ་ཐོགས་ལ། ཧཱུྃ༔ རང་གསལ་དག་པའི་བུམ་པ་རུ༔ ཡེ་ཤེས་བཞི་ཡི་ཆུ་ཡིས་བཀང༔ ཉོན་མོངས་སྦྱོང་ཕྱིར་ཁྲུས་བགྱིས་པས༔ ཡེ་ཤེས་རྣམ་བཞི་མཐོང་བར་ཤོག༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ བུམ་པ་བཟང་པོ་ལས་བྱུང་བའི་ཆུས་ཁྲུས་བྱས་ཤིང་ཡོན་ཏན་ཡོངས་སུ་རྫོགས་པའི་བརྡར་དབང་ལྷས་དབུ་རྒྱན་སྤྱི་བོར་བཅིངས་པར་གྱུར། དབུ་རྒྱན་བཅིངས་ལ། ཧཱུྃ༔ རྣམ་པར་རྒྱལ་བའི་སངས་རྒྱས་ཀྱི༔ རིན་ཆེན་དབང་རྟགས་ཅོད་པན་ཆེ༔ རྒྱལ་བའི་དབང་རྣམས་རྫོགས་པའི་ཕྱིར༔ དབུ་རྒྱན་དམ་པས་དབང་བསྐུར་རོ༔ རཏྣ་མུ་ཀུ་ཏྲཱྃ༔ ཐུགས་བདེ་སྟོང་ཆེན་པོ་ཐབས་ཤེས་གཉིས་སུ་མེད་པའི་ཕྱག་རྒྱ་རྡོ་རྗེ་དང་དྲིལ་བུ་གཏད་པ་ཟུང་འཇུག་གི་ཡེ་ཤེས་རྟོགས་པའི་བརྡར་ཐུགས་ཀར་བསྣོལ་ཏེ་ཟུངས་ཤིག །རྡོར་དྲིལ་གཏད་ལ་བསྣོལ་ཏེ་ཕྱག་རྒྱ་བྱེད་དུ་གཞུག །ཧཱུྃ༔ རྣམ་པར་དག་པའི་ཡེ་ཤེས་ཀྱི༔ ཐབས་ཀྱི་རྡོ་རྗེ་གཟུང་བར་གྱིས༔ སྟོང་པ་ཟུང་འཇུག་དབྱངས་ལྡན་པའི༔ ཤེས་རབ་དྲིལ་བུ་གཟུང་བར་གྱིས༔ བཛྲ་དྷཱ་ར་ཀརྨ་གཎྜེ༔ གསུང་རིག་པའི་སྔགས་ཀྱི་བྱིན་རླབས་འཐོབ་པའི་ཕྱིར་ཐབས་ཤེས་དབྱངས་གསལ་གྱི་ཡི་གེའི་ཕྲེང་བས་དབང་བསྐུར་བར་གྱུར། སྔགས་བྱང་གཏད་ལ། ཧཱུྃ༔ སྔགས་དང་ཕྱག་རྒྱ་བླ་མེད་པས༔ ཐམས་ཅད་ཡེ་ཤེས་ཆེན་པོར་སྒྱུར༔ ཐབས་དང་ཤེས་རབ་ཟུང་འཇུག་པའི༔ སྔགས་དང་ཕྱག་རྒྱ་གཟུང་བར་གྱིས༔ ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨ༔ ཀ་ཁ་ག་གྷ་ང༔ ཙ་ཚ་ཛ་ཛྷ་ཉ༔ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ་ཀྵ༔ སྐུ་ཕྱག་རྒྱའི་དབང་བསྐུར་བའི་ཕྱིར་རིགས་ཀྱི་འཁོར་ལོས་བསྒྱུར་བ་བཞིའི་དབང་བསྐུར་བར་གྱུར། སྐུ་ཙཀ་ཐོགས་ལ། ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་བཅོམ་ལྡན་རྣམ་སྣང་མཛད༔ སོར་རྟོག་ཡེ་ཤེས་བཅོམ་ལྡན་སྣང་མཐའ་ཡས༔ མེ་ལོང་ཡེ་ཤེས་བཅོམ་ལྡན་མི་བསྐྱོད་པ༔ མཉམ་ཉིད་ཡེ་ཤེས་བཅོམ་ལྡན་རིན་ཆེན་འབྱུང༔ རྒྱལ་བ་རིགས་བཞིའི་དབང་ཆེན་རབ་བསྐུར་བས༔ རིགས་བཞིའི་ལྷ་ཡི་དངོས་གྲུབ་འགྲུབ་པར་ཤོག༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་བཻ་རོ་ཙ་ན་པདྨ་དྷཱ་ར་ཨཀྵོ་བྷྱཿརཏྣ་སཾ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ༔ ཡན་ལག་བརྒྱད་པ་ཨུ་བྷའི་ཐེག༔ ཡོངས་སུ་རྫོགས་པའི་དབང་ཐོབ་གྱུར༔ ཡན་ལག་དགུ་པ་ཡོ་གའི་ཐེག་པའི་དབང་བསྐུར་བ་ཡང་། རྒྱུད་སྔ་མ་ལས། ཕྱིར་མི་ལྡོག་པ་ཡི་ནི་དབང་། །རྣལ་འབྱོར་རྒྱུད་དུ་གསལ་བར་ཕྱེས། །དེ་ནི་དྲུག་པའི་བྱེ་བྲག་དབང་། །སློབ་དཔོན་གྱི་ནི་དབང་ཞེས་བྱ། །ཞེས་གསུངས་པ་ལྟར་བྱ་སྤྱོད་དུ་གྲགས་པའི་དབང་རྣམས་ཀྱི་སྟེང་དམ་ཚིག་གསུམ་སྦྱིན་པ་དང་རྡོ་རྗེ་སློབ་དཔོན་གྱི་དབང་རྣལ་འབྱོར་གྱི་རྒྱུད་ལས་འབྱུང་བ་ལྟར། རྫོགས་པར་སྟེར་བ་ལ་འཇུག་པའི་ཆོས་ནི། ཐོག་མར་ཁྱེད་རང་མངོན་རྫོགས་རྩ་བའི་དཀྱིལ་འཁོར་གྱི་ཤར་ཕྱོགས་ཡོ་ག་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་སྔོན་ཆད་མ་མཇལ་བའི་མ་རིག་པའི་སྒྲིབ་གཡོགས་མཚོན་བྱེད་མིག་དར་འཆིང་བ་ཞུ། ཨཱ་ཁཾ་ཝཱི་ར་ཧཱུྃ་གིས་འཆིང་། ལྷ་དང་མཇལ་བའི་ཕྱག་རྟེན་དུ་མེ་ཏོག་རེ་ཡང་ཕྱག་ཏུ་འཛིན་མཛོད། ཨཱ་ཁཾ་ཝཱི་ར་ཧཱུྃ། གསང་བ་གཉན་པོའི་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བ་ལ་རྒྱུད་སྡོམ་པ་དང་མ་ལྡན་ན་དབང་གི་བཅུད་མི་ཆགས་པར་གདམས་པ་ནི། འདི་ཕན་ཉོན་མོངས་བཀྲུ་བའི་བྱ་བ་ཡིན༔ ད་ནི་ཡེ་ཤེས་གོང་དུ་འཕེལ་བ་ཡི༔ གསང་སྔགས་ཡོ་གའི་ཐེག་པར་འཇུག་པ་སྟེ༔ རིགས་ལྔའི་སྡོམ་པ་མ་ལུས་ཐུབ་པར་སྲུངས༔ ཞེས་བརྗོད་ལ། རིགས་ལྔ་སྤྱི་དང་བྱེ་བྲག་གི་སྡོམ་པ་གཟུང་བར་བགྱི་འོ་སྙམ་པའི་བློས་འདིའི་རྗེས་ཟློས། བདེ་བར་གཤེགས་པ་སློབ་དཔོན་དགོངས༔ རིགས་ལྔའི་སྡོམ་པ་མ་ལུས་པ༔ རྣལ་འབྱོར་རྒྱུད་དུ་གང་གསུངས་པ༔ དེ་དག་ཐམས་ཅད་བདག་གིས་བསྡམ༔ ས་མ་ཡ་ཨི་དན་ན་ར་ཀན༔ དེ་ནས་དབང་གི་གཞི་འགོད་པ་ཡེ་ཤེས་པ་འབེབ་པའི་སླད་དུ་སློབ་མ་རྣམས་ཀྱི་གཞི་ལུས་རྣམ་པར་སྣང་མཛད་ཀྱི་སྐུ་འདི་ལྟར་གསལ་ཐོབས་ཤིག །སློབ་མ་མི་དམིགས་སྟོང་པ་ཉིད་དུ་གྱུར། །སྟོང་པའི་ངང་ལས་པད་ཟླའི་གདན་གྱི་སྟེང༔ དུས་གསུམ་སངས་རྒྱས་ཀུན་རིག་རྣམ་སྣང་མཛད༔ ཞལ་བཞི་ཕྱག་གཉིས་མཉམ་གཞག་འཁོར་ལོ་འཛིན༔ དཀར་པོ་ལོངས་སྤྱོད་རྫོགས་སྐུ་མཚན་དཔེ་རྫོགས༔ ལྷ་མོ་དབྱིངས་ཕྱུག་མ་ནི་མདུན་ན་འདུད༔ དེ་ལྟར་གསལ་བའི་གནས་གསུམ་ཡིག་འབྲུས་མཚན། །སློབ་དཔོན་ཐུགས་ནས་འོད་ཟེར་འཕྲོས་པ་ཡིས། །ཡེ་ཤེས་སྤྱན་དྲངས་དབྱེར་མེད་ཐིམ་པར་གྱུར། །ཨཱོྃ་བུདྡྷ་བཻ་རོ་ཙ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་དབབ། ཡེ་ཤེས་པ་རྣམས་བརྟན་པར་གྱུར། །ཏིཥྛ་བཛྲ་ཞེས་སྤྱི་བོར་རྡོ་རྗེ་བཞག་པས་བརྟན་པར་བྱ། དཀྱིལ་འཁོར་གྱི་ལྷ་ལ་སྔར་ཕྱག་ཏུ་གཏད་པའི་མེ་ཏོག་འབུལ་ཏེ་སྔགས་འདིའི་རྗེས་ཟློས། པུཥྤེ་པཱུ་ཛ་ཧོ༔ མེ་ཏོག་སླར་ཡང་དབང་རྟགས་ཅོད་པན་དུ་སྤྱི་བོར་བཅིངས་ཏེ། པུཥྤེ་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བཱ་ལ༔ ལྷག་པའི་ལྷ་སྤྱི་བོ་ནས་ཐིམ་པར་བསམ། མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བར་མོས་མཛོད། ཙཀྵུ་པྲ་བེ་ཤ་ཡ་ཕཊ྄༔ ཅེས་བརྗོད་པས་རང་སྣང་ཡེ་ཤེས་ཀྱི་འཁོར་ལོ་ཡོ་ག་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་མཇལ་བར་མོས་པ་དང་སྤྲོ་བ་སྐྱེད་ཅིག །དེ་ནས་དབང་བསྐུར་བ་དངོས་ལ། ཐོག་མར་རིག་པའི་དབང་ལྔ་ལས། དང་པོ་མི་བསྐྱོད་པའི་ངོ་བོ་ཆོས་དབྱིངས་བུམ་པ་བདུད་རྩིའི་རང་བཞིན་ཅན་གྱིས་དབང་བསྐུར་བས་ཞེ་སྡང་རྣམ་དག་མེ་ལོང་ཡེ་ཤེས་མངོན་དུ་གྱུར་པར་མོས་མཛོད། རྣམ་བུམ་ཐོགས་ཏེ། ཧཱུྃ༔ ཆོས་དབྱིངས་རྣམ་པར་དག་པའི་བུམ་པ་རུ༔ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་མངོན་སུམ་བཞེངས༔ དག་པ་ལྷ་ཡི་བདུད་རྩི་དབབ་པ་ཡི༔ མེ་ལོང་ཡེ་ཤེས་བུམ་པས་དབང་བསྐུར་རོ༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨཀྵོ་བྷྱཿཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར་ཞིང་བུམ་ཆུ་སྦྱིན་ལ་སྤྱི་བོར་གཏོར། རིན་འབྱུང་གི་ངོ་བོ་རྒྱལ་བ་རིགས་ལྔའི་དབུ་རྒྱན་གྱིས་དབང་བསྐུར་བས་ང་རྒྱལ་རྣམ་དག་མཉམ་ཉིད་ཡེ་ཤེས་མངོན་དུ་གྱུར་པར་མོས་མཛོད། དབུ་རྒྱན་ཐོགས་ལ། ཏྲཱྃ༔ འདི་ནི་རྒྱལ་བ་ཐམས་ཅད་ཀྱིས༔ དབང་བསྐུར་ཅོད་པན་ཆེན་པོ་སྟེ༔ རྒྱལ་བ་རིགས་ལྔས་དབུ་བརྒྱན་པས༔ མཉམ་ཉིད་ཡེ་ཤེས་རྟོགས་པར་ཤོག༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་རཏྣ་སཾ་བྷ་ཝ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཏྲཱྃ༔ ཞེས་མགོ་བོར་གཞག །སྣང་མཐའི་ངོ་བོ་གཞོམ་མེད་རྡོ་རྗེས་དབང་བསྐུར་བས་འདོད་ཆགས་རྣམ་དག་སོར་རྟོག་ཡེ་ཤེས་མངོན་དུ་གྱུར་པར་མོས་མཛོད། རྡོ་རྗེ་ཐོགས་ལ། ཧྲཱི༔ ཡང་དག་གཞོམ་མེད་རྡོ་རྗེ་ཆེ༔ ཏིང་ངེ་འཛིན་དང་ཡེ་ཤེས་ཀྱི༔ རྡོ་རྗེ་རབ་ཏུ་གསོར་བ་ཡིས༔ སོར་རྟོག་ཡེ་ཤེས་རྟོགས་པར་ཤོག༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་པདྨ་དྷཱ་ར་ཨ་བྷི་ཥིཉྩ་ཧྲཱི༔ ལག་གཡས་སུ་གཏད། དོན་གྲུབ་ཀྱི་ངོ་བོ་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་དྲིལ་བུས་དབང་བསྐུར་བས་ཕྲག་དོག་རྣམ་དག་བྱ་གྲུབ་ཡེ་ཤེས་མངོན་དུ་གྱུར་པར་མོས་མཛོད། དྲིལ་བུ་ཐོགས་ལ། ཨཱ༔ ཡང་དག་ཡེ་ཤེས་སངས་རྒྱས་དབྱངས༔ རྒྱལ་བ་རྣམས་ཀྱི་ཆོས་ཀྱི་སྒྲ༔ དབྱངས་སྙན་དྲིལ་བུས་དབང་བསྐུར་བས༔ བྱ་གྲུབ་ཡེ་ཤེས་རྟོགས་པར་ཤོག༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཀརྨ་ཨ་མོ་གྷ་སིདྡྷི་ཀརྨ་གཎྜེ་ཨ་བྷི་ཥིཉྩ་ཨཱ༔ དཀྲོལ་ཞིང་ལག་གཡོན་དུ་གཏད། རྣམ་པར་སྣང་མཛད་ཀྱི་ངོ་བོ་སངས་རྒྱས་རིགས་སུ་མཚན་གསོལ་བས་གཏི་མུག་རྣམ་དག་ཆོས་དབྱིངས་ཡེ་ཤེས་མངོན་དུ་གྱུར་པར་མོས་མཛོད། མིང་དྲིལ་ཐོགས་ལ། ཧཱུྃ༔ འདི་ནི་སངས་རྒྱས་ཀུན་གྱི་མིང༔ ས་རྣམས་ཀུན་ཏུ་གྲགས་གྱུར་པའི༔ དེ་བཞིན་རིགས་སུ་མཚན་གསོལ་བས༔ ཆོས་དབྱིངས་ཡེ་ཤེས་རྟོགས་པར་ཤོག༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་བུདྡྷ་བཻ་རོ་ཙ་ན་ཆེ་གེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ༔ ཞེས་སྤྱི་བོར་འཁྲོལ། དེ་ལྟར་རིག་པའི་དབང་ལྔ་བསྐུར་པས། མ་རིག་པ་ལྔ་སྦྱངས། ཕུང་པོ་ལྔ་གནས་གྱུར། ཡེ་ཤེས་ལྔ་ཡི་རྟོགས་པ་རྒྱུད་ལ་སྐྱེས་པར་གྱུར། བུམ་དབང་གི་རྗེས་འབྲེལ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ལ་ལྷ་སྐུ་ཕྱག་རྒྱའི་དབང་ནི། མངོན་རྫོགས་དཀྱིལ་འཁོར་ཆེན་པོའི་ཤར་ཕྱོགས་ཀྱི་དཀྱིལ་འཁོར་དུ་བཞུགས་པའི་རྣམ་པར་སྣང་མཛད་རྒྱལ་བ་རིགས་ལྔའི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས་ཏེ་ལུས་ལ་ཐིམ་པར་མོས་ཤིག །སྐུ་ཙཀ་རྣམས་ཐོགས་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་ཀུན་རིག་རྣམ་སྣང་མཛད༔ ཞལ་བཞི་ཕྱག་གཉིས་མཉམ་གཞག་འཁོར་ལོ་འཛིན༔ དཀར་པོ་ལོངས་སྤྱོད་རྫོགས་སྐུ་མཚན་དཔེ་རྫོགས༔ ལྷ་མོ་དབྱིངས་ཕྱུག་མ་ནི་མདུན་ན་འདུད༔ དེ་བཞིན་གཤེགས་པ་མཆོག་གི་དབང་བསྐུར་རོ༔ ཨཱོྃ་བུདྡྷ་བཻ་རོ་ཙ་ན་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ དུས་གསུམ་སངས་རྒྱས་རྒྱལ་བ་རིགས་བཞི་རྣམས༔ ཞལ་གཅིག་ཕྱག་གཉིས་མཉམ་གཞག་རང་རྟགས་འཛིན༔ མཐིང་སེར་དམར་ལྗང་ལོངས་སྤྱོད་རྫོགས་སྐུའི་ཆས༔ བདེ་བར་གཤེགས་པ་བཞི་ཡི་དབང་བསྐུར་རོ༔ ཨཱོྃ་བཛྲ་ཨཀྵོ་བྷྱཿརཏྣ་སཾ་བྷ་ཝ་པདྨ་དྷཱ་ར་ཀརྨ་ཨ་མོ་གྷ་སིདྡྷི་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ མཚམས་ལ་བཞུགས་པའི་དེ་བཞིན་གཤེགས་མ་བཞི༔ ཞལ་གཅིག་ཕྱག་གཉིས་གར་བསྒྱུར་རང་རྟགས་འཛིན༔ མཐིང་སེར་དམར་ལྗང་ཡབ་ལ་འདུད་པའི་ཚུལ༔ བདེ་བར་གཤེགས་མ་བཞི་ཡི་དབང་བསྐུར་རོ༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་པདྨ་ཀརྨ་མུ་དྲ་ཨ་བྷི་ཥིཉྩ་ཨཱོྃ༔ གསུང་གི་དབང་བཟླས་པའི་ལུང་སྦྱིན་པ་ནི། སྔགས་ཡི་གེའི་ཕྲེང་བའི་དབང་བསྐུར་བས་གསུང་གི་བྱིན་རླབས་དང་ནུས་པའི་སྟོབས་རྫོགས་པར་གྱུར། སྔགས་བྱང་ཐོགས་ལ། ཧཱུྃ༔ རྡོ་རྗེ་རྩེ་མོའི་གཟུངས་སྔགས་བླ་ན་མེད༔ ངན་སོང་རྣམ་འཇོམས་སྡིག་པའི་ཚོགས་འཇོམས་པ༔ རྒྱལ་བའི་གསང་སྔགས་རིག་སྔགས་ཐམས་ཅད་ཀྱི༔ དབང་བསྐུར་མ་ལུས་ཡོངས་སུ་རྫོགས་པར་ཤོག༔ ངན་སོང་སྦྱོང་བའི་གཟུངས་སྔགས། ཨཱོྃ་ཤྭ་དྷ་ནི་ཤྭ་དྷ་ནི་སརྦ་པཱ་པཾ་བི་ཤྭ་དྷ་ནི་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤྭ་དྷ་ནེ་སྭཱ་ཧཱ༔ ཞེས་ཚར་གཅིག་བརྗོད། ཐུགས་ཀྱི་དབང་བསྐུར་བ་ནི། ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བའི་དབྱིངས་སུ་མཉམ་པར་བཞག་པས། སྣང་ཙམ་མ་འགགས་པར་ཆོས་ཀུན་རང་གསལ་དུ་ཤར་བ་དེ་མཚོན་བྱེད་མེ་ལོང་དུ་གཟུགས་བརྙན་ཤར་བ་འདིས་མཚོན་ཏེ། མེ་ལོང་ཐོགས་ལ། ཧཱུྃ༔ ཆོས་རྣམས་མ་ལུས་ཐམས་ཅད་ནི༔ གཟུང་དུ་མེད་ལ་འཛིན་པ་བྲལ༔ མེ་ལོང་ནང་གི་གཟུགས་བརྙན་ལྟར༔ བརྗོད་དུ་མེད་པ་རྟོགས་པར་ཤོག༔ ཙིཏྟ་དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨཱ༔ དེ་ལྟར་ཡོ་ག་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་དབང་བསྐུར་ཞིང་སྐུ་གསུང་ཐུགས་རྡོ་རྗེའི་བྱིན་གྱིས་བརླབས་པས། གཞན་དོན་བྱེད་ནུས་པ་ལྷ་དང་སྐལ་པ་མཉམ་པ་མཚོན་པའི་སླད་དུ་རྡོ་རྗེ་སློབ་དཔོན་ལ་འོས་པའི་ཡོ་བྱད་རྣམས་ཀྱིས་མངའ་གསོལ་ཞིང་ཤིས་པ་བརྗོད་པ་ནི། རྡོ་རྗེ་སློབ་དཔོན་གྱི་ཆས་རྣམས་གཏད་དེ། ཧཱུྃ༔ དཀྱིལ་འཁོར་གཙོ་བོའི་གོ་འཕང་མཉམ་པའི་ཕྱིར༔ ཁྲི་ལ་མངའ་གསོལ་གདུགས་ཕུབ་རྒྱལ་མཚན་ཕྱར༔ རྒྱལ་བ་ཀུན་གྱི་ཤིས་པའི་མེ་ཏོག་ཀྱང༔ དེ་རིང་འདི་ལ་ཀུན་གྱིས་འཐོར་བར་ཤོག༔ རྟེན་སྙིང་བརྗོད་ཅིང་མེ་ཏོག་འཐོར་བར་བྱའོ། །དེ་ཡང་རྒྱུད་ལས། ཕྱིར་མི་ལྡོག་པ་ཡི་ནི་དབང་། །རྣལ་འབྱོར་རྒྱུད་ལ་གསལ་བར་བྱས། །ཞེས་གསུངས་པ་ལྟར་ནང་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པའམ་ཕྱི་རྒྱུད་སྡེ་གསུམ་གྱི་དབང་བསྐུར་པས། ཡན་ལག་དགུ་པ་ཡོ་གའི་ཐེག༔ ཡོངས་སུ་རྫོགས་པའི་དབང་རྫོགས་འགྱུར༔ འདིར་གཏེར་གཞུང་དུ་ས་བཅད་ཡན་ལག་བཅུ་གཉིས་སུ་གསུངས་པའི། བཅུ་པ་ནི་སྟ་གོན་སོགས་སྔོན་འགྲོ་རྣམས་ཡིན་ཞིང་། བཅུ་གཅིག་པ་སྒྲུབ་རྫས་དང་། བཅུ་གཉིས་པ་མཐའ་རྟེན་དང་མཐའ་རྫོགས་ཞལ་ཟས་ཀྱི་དབང་གཉིས་ཡིན་ལ་དེ་གཉིས་རྩ་དབང་གི་རྗེས་སུ་འབྱུང་ངོ་། ༈ །དཀྱིལ་འཁོར་ཡོལ་བས་བསྒྲིབ། དེ་རྣམས་ཀྱིས་ཡན་ལག་གི་རིམ་པ་དགུ་པོ་སོ་སོའི་དབང་རྣམས་ཡོངས་སུ་གྲུབ་ནས། ད་ནི་གཉིས་པ་ཡན་ལག་ཅན་རྩ་བ་མངོན་རྫོགས་རྒྱལ་པོ་ནང་པ་ཐབས་རྒྱུད་མ་ཧཱ་ཨ་ནུ་ཨ་ཏི་གསུམ་གཅིག་དྲིལ་གྱི་དབང་གི་གཏེར་མཛོད་ཆེན་པོ་དངོས་ཉིད་བསྐུར་བ་ལ། དཀྱིལ་འཁོར་དུ་འཇུག་པའི་ཆོས་དང་ཞུགས་ནས་དབང་བསྐུར་བ་གཉིས་ཀྱི་ཐོག་མར་འཇུག་པའི་དང་པོ་ཕྱི་འཇུག་ནི། དཀྱིལ་འཁོར་གྱི་ཕྱི་སྒོ་ནས་ཡེ་ཤེས་ནང་གསལ་གསང་བ་ཆེན་པོའི་དཀྱིལ་འཁོར་གྱི་ནང་དུ་འཇུག་པར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ ཡེ་གསང་ཐབས་ཀྱི་སྒོ་བ་རྣམས༔ རིག་པའི་ཡེ་ཤེས་མཐོང་འདོད་པས༔ བདག་ཅག་སྐལ་ལྡན་ཕོ་མོ་རྣམས༔ ཐར་པའི་གྲོང་དུ་གཏོང་བར་གསོལ༔ ལན་གཅིག །དེའི་ལན་དུ་སྒོ་སྲུང་ཁྲོ་བོ་ཆེན་པོས། ཧཱུྃ༔ རིག་པའི་ཡེ་ཤེས་མཐོང་འདོད་ན༔ བླ་མ་དཔལ་ཆེན་མཁའ་འགྲོ་མའི༔ བཀའ་བཞིན་དམ་ཚིག་ཐུབ་པ་དང༔ སྡོམ་པ་ལ་ནི་གནས་པར་གྱིས༔ ཞེས་གསུངས་ནས་ཐར་པ་ཆེན་པོའི་གྲོང་ཁྱེར་གྱི་སྒོ་ནས་ནང་དུ་བཏང་བར་མོས། ཡོལ་བ་བསལ། བྱུར་དང་སྐལ་པ་ངན་པ་སྦྱང་བའི་ཕྱིར་ཁྲུས་བྱས་ཤིང་བགེགས་བསལ་བར་མོས། ཇི་ལྟར་བལྟམས་པ་སོགས་ཁྲུས། བགེགས་བསྐྲད། སྲུང་འཁོར་རྣམས་བྱས་མཐར། མངོན་རྫོགས་རྩ་བའི་དབང་བསྐུར་ཞུ་བའི་དོན་དུ་མཎྜལ་འབུལ་བ་ཞུ། ཞེས་མཎྜལ་ཕུལ། དེ་ནས་གཉིས་པ་ནང་འཇུག་གི་ཐོག་མར་ཐལ་སྦྱར་གུས་ཚུལ་གྱིས་འཁོད་ལ། སྔོན་ཆད་གཉིས་འཛིན་གྱི་སྒྲིབ་པས་ཡེ་ཤེས་གསང་བའི་དཀྱིལ་འཁོར་མ་མཐོང་བ་མཚོན་བྱེད་དུ་སྤྱན་དར་འཆིང་བ་ཞུ། ཨཱོྃ་ཨཱཿཧཱུྃ་གིས་མིག་དར་འཆིང་། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་རྟེན་དུ་མེ་ཏོག་གི་ཕྲེང་བ་རེ་འཛིན་མཛོད། ཨཱ་ཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་སྦྱིན། ཐལ་མོ་མེ་ཏོག་དང་བཅས་པས་ཐར་པ་ཆེན་པོའི་གྲོང་ཁྱེར་དུ་གཞུག་པར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ ཧེ་རུ་ཀཿདང་གཉིས་མེད་པའི༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ ཁྲག་འཐུང་ཆེན་པོའི་གྲོང་ཁྱེར་དུ༔ བདག་ཅག་མགོན་པོས་གཞུག་པར་འཚལ༔ ལན་གསུམ། སློབ་དཔོན་གྱིས་གནང་བ་སྦྱིན་ཞིང་སྤྲོ་བ་སྐྱེད་པ་ནི། དེ་ལྟར་ཡིན་ན་ཧེ་རུ་ཀའི༔ གྲོང་ཁྱེར་ཆེན་པོར་གཞུག་པར་བྱ༔ བླ་མེད་རྒྱུད་ལས་གང་གསུངས་པའི༔ དམ་ཚིག་ཐམས་ཅད་ཐུབ་པར་གྱིས༔ གསང་སྔགས་ལམ་མཆོག་རྙེད་པ་ནི༔ བསྐལ་པ་བརྒྱ་ལམ་རེས་འགའ་ཙམ༔ ཨུ་དུམ་ཝཱ་རའི་མེ་ཏོག་འདྲ༔ དེས་ན་དགའ་ཞིང་སྤྲོ་བར་གྱིས༔ ཞེས་པས་གནང་བ་བསྩལ་བ་ལ། དངོས་གྲུབ་མཆོག་གི་གནས་ལ་འདུན་པས་སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས་འཛིན་སྙམ་པས་འདིའི་རྗེས་ཟློས། བདེ་བར་གཤེགས་པ་ཧེ་རུ་ཀའི༔ བདག་ཉིད་བླ་མ་དགོངས་སུ་གསོལ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་དང༔ མི་སྤང་ལྔ་དང་དང་ལེན་ལྔ༔ ཤེས་བྱ་ལྔ་དང་བསྒྲུབ་བྱ་ལྔ༔ སྤྱད་པར་བྱ་བའི་དམ་ཚིག་ལྔ༔ མ་ལུས་བདག་གིས་གཟུང་བར་བགྱི༔ སྲོག་གི་ཕྱིར་ཡང་མི་གཏོང་ངོ༔ ལན་གསུམ། དཔལ་ཧེ་རུ་ཀཿམཆོག་གི་གོ་འཕང་མངོན་དུ་བྱེད་པ་ནི་དམ་ཚིག་སྲུང་བ་ལ་རག་ལས་པས། བདག་ལས་ཇི་ལྟར་ཁས་བླང་བའི་དམ་ཚིག་གི་གནས་རྣམས་ལས་འདའ་བར་མ་བྱེད་ཅིག །དེ་ལ་ཐོག་མར་རྡོ་རྗེ་སློབ་དཔོན་བཀའ་གཉན་པས་དམ་ལ་གཞག་པ་ནི། རྡོ་རྗེ་སྤྱི་བོར་བཞག་སྟེ། ཧོ༔ བདག་ནི་ཧེ་རུ་ཀཿདཔལ་ཏེ༔ ང་ལ་བརྙས་པར་མི་རུང་ངོ༔ ཚུལ་འདི་ལས་ནི་འདས་པ་ན༔ དཀྱིལ་འཁོར་གཙོ་བོར་འགལ་བར་འགྱུར༔ ཨཱོྃ་བཛྲ་ས་མ་ཡ་ཧཱུྃ༔ བཀའ་ལས་འདས་པའི་ཉེས་པ་བསྒྲགས་པས་དམ་ལ་གཞག་པ་ནི། རྡོ་རྗེ་སྙིང་གར་བཞག་སྟེ། ཧེ་རུ་ཀཿདཔལ་བདག་གིས་ནི༔ བསྒོ་བའི་བཀའ་ལ་ཉན་པར་གྱིས༔ གལ་ཏེ་བཀའ་ལས་འདས་པ་ན༔ གསང་སྔགས་འབྲས་བུ་ཐོབ་འདོད་མིན༔ བཛྲ་ས་མ་ཡ་ཏིཥྛ༔ ཁེ་ཉེན་གཉིས་ཀའི་དཔང་པོ་མནའ་ཆུ་སྦྱིན་པས་དམ་ལ་གཞག་པ་ནི། རྡོ་རྗེ་སེམས་དཔའི་དམ་ཆུ་སྦྱིན་ལ། འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ དམ་བསྲུངས་ཡེ་ཤེས་སེམས་དཔའ་སྟེ༔ འདས་ན་ཡཀྴ་ནག་པོར་འགྱུར༔ སྙིང་ཁྲག་འཐུང་ཞིང་དམྱལ་བར་ལྟུང༔ དེ་བས་དམ་ཚིག་ཐུབ་པར་གྱིས༔ བཛྲ་ས་མ་ཡ་རཀྴ་སི་ཧཱུྃ༔ ཁེ་ཉེན་ཤེས་པས་དམ་ལས་མི་འདའ་བར་བྲོ་བོར་བར་གདམས་པ་ནི། ཧེ་རུ་ཀཿདཔལ་ཚུལ་འདི་ནི༔ གསང་བས་བྱིན་རླབས་བླ་ན་མེད༔ ཚུལ་འདི་སྨྲས་ཤིང་བདག་བརྙས་ན༔ དམ་ཚིག་ལས་ནི་འགལ་བར་འགྱུར༔ དེ་བས་སྙིང་ནས་བྲོ་བོར་ཅིག༔ སློབ་མས་རྡོ་རྗེ་རྩེ་གཅིག་གི༔ ཕྱག་རྒྱ་སྙིང་གར་བཟུང་བྱས་ཏེ༔ རྡོ་རྗེའི་བྲོ་བོར་རྗེས་ཟློས་མཛོད། །ཨཱོྃ་བཛྲ་ས་མ་ཡ་ཨི་དན་ན་ར་ཀན༔ ཞེས་བྲོ་བོར། དེ་ནས་དབང་གི་གཞི་སྒྲུབ་པ་ཡེ་ཤེས་དབབ་པ་ལ་ལུས་གནད་དྲང་པོར་བསྲང་། ངག་གནད་སྲོག་རྩོལ་ཁ་སྦྱོར་དུ་འཆིང་། སེམས་ཀྱི་གནད་དམིགས་པ་འདི་བཞིན་མཛོད། སྣང་སྲིད་ཆོས་འབྱུང་ཆེན་པོར་བསམ༔ དབུས་སུ་སློབ་མ་མངོན་རྫོགས་རྒྱལ༔ ཧེ་རུ་ཀཿདཔལ་ཞལ་གཅིག་པ༔ སྨུག་ནག་ཕྱག་གཉིས་གྲི་ཐོད་འཛིན༔ ཞབས་གཉིས་སྐྱིལ་ཀྲུང་ཡུམ་དང་འཁྲིལ༔ བམ་རོ་པད་ཉིར་གནས་པ་ཡི༔ སྙིང་གར་ཆོས་འབྱུང་དམར་པོའི་ནང༔ ཨ་ཤད་དམར་པོ་འོད་འབར་སྒོམས༔ སློབ་དཔོན་ཧེ་རུ་ཀཿདཔལ་གྱི༔ ཐུགས་སྲོག་ཧཱུྃ་གིས་ཡེ་ཤེས་བཀུག༔ སློབ་བུའི་སྙིང་གར་གཉིས་མེད་བསྟིམ༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ་ཨ་ཧཾ༔ ཧ་ཧ་ཧ་ཧཱུྃ་ཧཱུྃ་ཧཱུྃ༔ ཨཱ་རལླི་ཨེ་ཧྱེ་ཧི་ཨ་ཧཾ༔ བཛྲ་ས་མ་ཡ་ཛཿཨ་ཧཾ༔ སྦྱར་བའི་སྤོས་བདུག །སྔགས་དང་ཐོད་རྔ་སོགས་རོལ་མོའི་སྒྲ་དང་བཅས་པས་དབབ་བོ། །དེ་ལྟར་སྐུ་གསུང་ཐུགས་ཕེབས་པའི་རྟགས་གང་བྱུང་བ་དེ་ཞེན་མེད་དུ་སྐྱོངས་ཤིག །ཡེ་ཤེས་པ་དབབ་པ་དེ་ཉིད་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ་ཞེས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག །མེ་ཏོག་དོར་གཞི་འདུ་བྱས་ལ་དོར་བར་བསྐུལ་བ་ནི་སློབ་དཔོན་གྱིས། ཧོ༔ བདེ་གཤེགས་རྒྱལ་བའི་ཕོ་བྲང་འདིར༔ ཡེ་ཤེས་ལྷ་ཚོགས་དངོས་སུ་བཞུགས༔ འབྲེལ་བ་གང་ཡོད་བརྟག་པའི་ཕྱིར༔ རིག་པའི་མེ་ཏོག་ལྷ་ལ་ཕུལ༔ ཁྱེད་རང་རྣམས་ལ་སྔར་བྱིན་པའི་མེ་ཏོག་ལྷའི་དཀྱིལ་འཁོར་དུ་འདོར་བའི་མོས་པས་འདིའི་རྗེས་ཟློས། ཧོ༔ བསྐལ་པ་སྔོན་ནས་འབྲེལ་པ་ཡི༔ ཡེ་ཤེས་རིག་པའི་ལྷ་མཆོག་ལ༔ རང་རིག་ལྷ་དང་ངོ་འཕྲོད་ཕྱིར༔ ཁ་དོག་ལྔ་ལྡན་མེ་ཏོག་འབུལ༔ ཐུགས་ཀྱིས་དགྱེས་པར་བཞེས་སུ་གསོལ༔ བཛྲ་པུཥྤེ་པྲ་ཏཱིཙྪ་ཧོ༔ ཞེས་འདོར་དུ་གཞུག་ལ། དོར་བས་དབུས་ལ་བབས་པ་ན༔ བུདྡྷ་ཧེ་རུ་ཀཿདཔལ་དང༔ དེ་བཞིན་ཕྱོགས་བཞིར་རིག་པར་བྱ༔ མཚམས་བཞིར་གུ་ཧྱ་ལ་སོགས་སོ༔ ཞེས་གསུངས་པས་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱང་གཙོ་བོ་དཔལ་ཆེན་མངོན་རྫོགས་རྒྱལ་པོའི་ཐུགས་ཡེ་ཤེས་ཆེན་པོའི་རང་བཞིན་ཁོ་ན་ལས་གཞན་དུ་གྱུར་པ་མ་ཡིན་པས་ཁྱེད་རྣམས་ཀྱི་གསང་མཚན་བུདྡྷ་ཧེ་རུ་ཀཿདཔལ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ཕུལ་པའི་མེ་ཏོག་དེ་ཉིད་རང་རིག་ཡེ་ཤེས་ཀྱི་ལྷ་དང་མཇལ་བར་དབང་བའི་བརྡར་དང་གསང་མཚན་ལྷན་ཅིག་དབང་རྟགས་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིངས་པའི་མོས་པ་མཛོད། ཧོ༔ ཡེ་ཤེས་ལྷ་ཚོགས་ཐམས་ཅད་ལ༔ རིག་པའི་མེ་ཏོག་ཕུལ་པ་ཡི༔ བྱིན་རླབས་བསམ་མི་ཁྱབ་པ་དེ༔ རང་རིག་ལྷ་དང་ངོ་འཕྲོད་དེ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ༔ དཔལ་ཆེན་པོ་དང་དབྱེར་མེད་ཤོག༔ པུཥྤེ་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བཱ་ལ༔ ཞེས་མེ་ཏོག་སྤྱི་བོར་བཞག །མ་རིག་པའི་སྒྲིབ་པས་ལྡོངས་པའི་མིག་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བདེ་བར་གཤེགས་པ་མིག་མཁན་རྒྱལ༔ ཧེ་རུ་ཀཿདཔལ་མཐོང་བྱའི་ཕྱིར༔ བསྐལ་པ་སྔོན་ནས་བསྒྲིབས་པ་ཡི༔ མ་རིག་ལིང་ཏོག་བསལ་དུ་གསོལ༔ ལྷན་སྐྱེས་མ་རིག་པའི་སྒྲིབ་གཡོགས་ཡེ་ཤེས་རིག་པའི་ཐུར་མས་བསལ་བར་མོས། གསེར་ཐུར་ཐོགས་ལ། ཧོ༔ དེང་ཁྱོད་ཧེ་རུ་ཀཿདཔལ་གྱིས༔ ཡེ་ཤེས་མཆོག་གི་མིག་དབྱེ་མཛད༔ རབ་རིབ་བདེ་བར་གཤེགས་པས་བསལ༔ ཡེ་ཤེས་མཆོག་ནི་མཐོང་བར་འགྱུར༔ བཛྲ་ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ྄༔ ཅེས་མིག་དར་བསལ་ཏེ། དཀྱིལ་འཁོར་བལྟ་བར་བསྐུལ་བ་ནི༔ ཧོ༔ ལྟོས་ཤིག་ལྟོས་ཤིག་རིགས་ཀྱི་བུ༔ མཐོང་ན་ཡེ་ཤེས་མྱུར་དུ་རྟོགས༔ འདི་ན་ཧེ་རུ་ཀཿདཔལ་གྱི༔ གྲོང་ཁྱེར་བླ་ན་མེད་པ་བཞུགས༔ སྐད་ཅིག་མཐོང་བ་ཙམ་གྱིས་ནི༔ བསྐལ་པ་དུ་མའི་སྒྲིབ་པ་སྦྱོང༔ ཞེས་གསུངས་པ་ལྟར། སྨིན་པར་བྱ་བའི་དབང་གི་བྱེད་ལས་ཀྱང་དཀྱིལ་འཁོར་ལ་བརྟེན་ནས་བསྐུར་དགོས་ཤིང་། དཀྱིལ་འཁོར་ལ་ཡང་རང་བཞིན་ཡེ་ཤེས། ཏིང་འཛིན་སྤྲུལ་པ། རིག་པ་ཉམས། གཟུགས་བརྙན་རྟེན་གྱི་དཀྱིལ་འཁོར་བཞི་ལས། ཐོག་མར་སློབ་མ་གཞུག་པར་བྱ་བའི་ཡུལ་གཟུགས་བརྙན་གྱི་དཀྱིལ་འཁོར་ཡིན་པས། དེ་འདི་ལྟར་སྐུ་གསུམ་ཡེ་ཤེས་རོལ་པའི་རྣམ་འཕྲུལ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ཏིང་ངེ་འཛིན་སྤྲུལ་པའི་དཀྱིལ་འཁོར་གྱི་བྱིན་གྱིས་བརླབས་པའི་ཡེ་ཤེས་ཀྱི་མེ་དང་རིགས་ལྔའི་ཕྱག་མཚན་གྱི་སྲུང་འཁོར་འབྱུང་ལྔ་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་། རྡོ་རྗེའི་རྡུལ་གྱིས་འཐས་པའི་གཞིར་ཡེ་ཤེས་རྣམ་ལྔའི་མེ་དང་རྡོ་རྗེའི་སྲུང་བའི་ར་གུར་ནང་གི་ཕྱོགས་མཚམས་སུ་སྒོ་འབྱེད་དང་ལམ་སྟེགས་སོགས་ཡན་ལག་ཐེག་རིམ་དགུ་ཡི་སོ་སོའི་རིགས་དང་མཐུན་པའི་དཀྱིལ་འཁོར་དགུ། དེ་ཡི་ནང་དུ་དུར་ཁྲོད་ཆེན་པོ་བརྒྱད་དང་པདྨའི་ར་བའི་ནང་འཇིག་རྟེན་པའི་འཁོར་ཡུག་སོགས་ཀྱིས་བསྐོར་བའི་དབུས་སུ། སྣ་ཚོགས་རྡོ་རྗེའི་གདན་གྱི་ལྟེ་བར་མངོན་རྫོགས་རྩ་བའི་གཞལ་མེད་ཁང་ཕྱི་ནང་རིམ་པ་གཉིས་ལྡན་གྲུ་བཞི་སྒོ་བཞི་ནང་མ་རྟ་བབས་བཞི་དང་ཕྱི་མ་བརྒྱད་ལྡན་གྱི་ལྟེ་བར། གདན་དྲག་པོའི་འཁོར་ལོ་རྩིབས་བརྒྱད་པའི་དབུས་སུ་བྱོལ་སོང་གཙོ་བརྒྱད་པདྨ་ཉི་ཟླའི་སྟེང་དུ་སྲིད་ཞིའི་སྤྱི་དཔལ་མངོན་རྫོགས་རྒྱལ་པོ་སྐུ་མདོག་སྨུག་ནག་དབུ་ཉེར་གཅིག་མཐིང་དཀར་དམར་བ། རྩ་བའི་ཕྱག་དང་པོ་གཉིས་ཀྱིས་གྲི་ཐོད་འཛིན་པས་ཡུམ་ལ་འཁྱུད་པ། བར་པའི་གཡས་གཡོན་གྱིས་དག་དང་མ་དག་གི་འཇིག་རྟེན་འདེགས་ཚུལ། ཐ་མ་གཉིས་ཀྱིས་འོད་ཀྱི་ཐིག་ལེའི་ཀློང་དུ་འདོད་གཟུགས་ཀྱི་འཇིག་རྟེན་གནས་པ་འཛིན་པ། ལྷག་མ་བར་ཕྱག་བཅུས་གཡས་སུ་འབྱུང་བ་ལྔ། གཡོན་ལྔས་རིགས་ལྔའི་ཕྱག་མཚན། ལྷག་མ་གཡས་ལྔ་བཅུས་གྲི་གུག །གཡོན་ལྔ་བཅུས་ཐོད་ཁྲག་འཛིན་པ། དཔལ་དང་དུར་ཁྲོད་ཀྱི་ཆས་ཅན་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ཡུམ་རྡོ་རྗེ་བདེ་མ་དབུ་དགུ་ཕྱག་བཅོ་བརྒྱད་ཀྱིས་གྲི་ཐོད་འཛིན་པ་དང་སྦྱོར་བ། དེའི་ཕྱི་འཁོར་ལོའི་རྩིབས་བརྒྱད་དུ་རྒྱུད་ལུང་གི་ཁྲོ་བོ་བརྒྱད། དེའི་མཐར་ཁྱམས་དྲུག་སོགས་ལ་དཔལ་ཆེན་པོའི་ཡེ་ཤེས་ཀྱི་རང་རྩལ་འཁོར་ཚོགས་སུམ་བརྒྱ་དང་དྲུག་ཅུ་རེ་དགུ། སྟེང་ཁང་བུམ་པའི་ནང་དུ་ཞི་བ་བཞི་བཅུ་རྩ་གཉིས། དཀྱིལ་འཁོར་ཕྱི་མའི་རྟ་བབས་ཐད་ཀྱི་བར་སྣང་ལ་བརྒྱུད་གསུམ་རིག་འཛིན་བླ་མ་རྣམས་དང་། དུར་ཁྲོད་ཀྱི་ཕྱི་འཁོར་སྲུང་རའི་ནང་དུ་ཡན་ལག་ཐེག་དགུ་སྒོ་འབྱེད་ལམ་སྟེགས་ཀྱི་དཀྱིལ་འཁོར་སོགས་མ་འདྲེས་ཡོངས་རྫོགས་ཉི་མ་དང་འོད་ཟེར་བཞིན་བཞུགས་པ་སྟེ། དཔལ་ཆེན་མངོན་རྫོགས་རྒྱལ་པོའི་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་རྣམས། མཚོན་བྱེད་དཔེ་ཡི་དཀྱིལ་འཁོར་འདི་དང་དབྱེར་མེད་ཅིང་། མཚོན་བྱ་དོན་གྱི་དཀྱིལ་འཁོར་གཉུག་མ་མི་ཤིགས་པའི་སྒོ་གསུམ་ལ་གདོད་མ་ཉིད་ནས་རང་བྱུང་ལྷུན་གྲུབ་ཏུ་བཞུགས་པ་ངོ་ཤེས་པར་གྱིས་ཤིག །དེས་དཀྱིལ་འཁོར་ཕྱི་ནང་དུ་འཇུག་པ་སོང་ནས། གཉིས་པ་ཞུགས་ནས་མངོན་པར་དབང་བསྐུར་བ་ཞུ་བའི་སླད་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧཱུྃ༔ དཔལ་ཆེན་མངོན་རྫོགས་དཀྱིལ་འཁོར་འདིར༔ ཞུགས་ཀྱང་སྨིན་པར་མཛད་དུ་གསོལ༔ སྨིན་ཅིང་གྲོལ་བ་མཐར་ཕྱིན་ཅིང༔ མི་གནས་ཀློང་དུ་སྐྱེལ་བར་མཛོད༔ ལན་གསུམ་གྱིས་གསོལ་བ་བཏབ་ནས། དབང་དངོས་ལའང་། ཕྱི་ཕན་པ། ནང་ནུས་པ། གསང་བ་ཟབ་མོའི་དབང་། མཐའ་རྟེན་སྒྲུབ་རྫས་དང་མཐའ་རྫོགས་ཞལ་ཟས་ཀྱི་དབང་རྣམས་སུ་ཡོད་པ་ལས། དང་པོའི་སླད་དུ་མ་རིག་པ་ལྔ་ཡེ་ཤེས་ལྔར་དག་པའི་ཆེད་དུ་རིག་པའི་དབང་ལྔ་བསྐུར་བ་ལ། བུམ་པ་རང་བྱུང་གི་གཞལ་མེད་ཁང་ཆེན་པོར་བུམ་བཅུད་ཧེ་རུ་ཀཿདཔལ་ཞུ་བའི་ཆུ་རྒྱུན་དང་བཅས་པ་དབང་ལྷ་རྣམས་ཀྱིས་ཐོགས་ཏེ་དབང་བསྐུར་བར་གྱུར། ཧཱུྃ༔ རང་བྱུང་ཡེ་ཤེས་བུམ་པ་རུ༔ ཧེ་རུ་ཀཿདཔལ་ལྷ་ཚོགས་བཞུགས༔ ཐབས་ཤེས་གཉིས་མེད་ཞུ་བའི་ཆུས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཨཱོྃ་ཤྲཱི་ཧེ་རུ་ཀཿཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ དབང་བསྐུར་ཞིང་བུམ་ཆུ་སྦྱིན་ལ། དཔལ་ཧེ་རུ་ཀའི་དབང་རྟགས་ཅོད་པན་སྤྱི་བོར་བཅིངས་ཏེ། ཧཱུྃ༔ ཧེ་རུ་ཀཿདཔལ་དབང་གི་རྟགས༔ ཁྲག་འཐུང་ལྔ་ཡི་ཅོད་པན་དང༔ ཐབས་དང་ཤེས་རབ་དབྱེར་མེད་པའི༔ དར་འཕྱང་དབང་བསྐུར་སྦྱིན་པར་བྱ༔ ཨཱོྃ་ཤྲཱི་ཧེ་རུ་ཀཿརཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཏྲཱཾ༔ དབུ་རྒྱན་དར་དཔྱང་བཅས་པས་དབང་བསྐུར། ཐབས་བདེ་བ་ཆེན་པོའི་རང་བཞིན་རྡོ་རྗེ་ཕྱག་གཡས་སུ་གཏད་དེ་ཐུགས་ཀར་གསོར་ཅིག །ཧཱུྃ༔ ཡེ་ཤེས་ལྔ་ལས་རང་བྱུང་བ༔ ཐབས་ཀྱི་རང་བཞིན་རྡོ་རྗེ་ཆེ༔ སངས་རྒྱས་ཀུན་གྱི་གསང་གསུམ་ལས༔ བྱུང་བའི་རྡོ་རྗེས་དབང་བསྐུར་རོ༔ ཨཱོྃ་ཤྲཱི་ཧེ་རུ་ཀཿབཛྲ་ཨ་བྷི་ཥིཉྩ་ཧྲཱི༔ ལག་གཡས་སུ་གཏད་ལ་གསོར་དུ་གཞུག །ཤེས་རབ་སྟོང་ཉིད་ཀྱི་ངོ་བོ་དྲིལ་བུ་ཕྱག་གཡོན་དུ་གཏད་དེ་དཀྲོལ་ཞིང་དཀུ་ལ་རྟེན་ཅིག །ཧཱུྃ༔ སངས་རྒྱས་ཀུན་གྱི་དབྱངས་ལྡན་པའི༔ ཤེས་རབ་རང་བཞིན་དྲིལ་བུ་ཆེ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་ལས༔ བྱུང་བའི་དྲིལ་བུས་དབང་བསྐུར་རོ༔ ཨཱོྃ་ཤྲཱི་ཧེ་རུ་ཀཿགཎྜེ་ཨ་བྷི་ཥིཉྩ་ཨཱ༔ ལག་གཡོན་དུ་གཏད་པ་དཀྲོལ་ཞིང་དཀུར་བརྟེན་དུ་གཞུག །རྡོར་དྲིལ་བསྣོལ་མ་སྤྱི་བོར་བཞག་པ་དང་བཅས་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེའི་མིང་གིས་དབང་བསྐུར་ཏེ། ཧཱུྃ༔ བདེ་བར་གཤེགས་པ་ཐམས་ཅད་ཀྱིས༔ སེམས་དཔར་མིང་ནི་བཏགས་པ་བཞིན༔ རྒྱལ་བའི་མིང་ནི་བླ་ན་མེད༔ ས་གསུམ་གྲགས་པར་དབང་བསྐུར་རོ༔ ཨཱོྃ་ཤྲཱི་ཧེ་རུ་ཀཿབུདྡྷ་ཧེ་རུ་ཀཿདཔལ་ཞེས་བྱ་བའི་ཁྲོ་བོའི་རྒྱལ་པོ་འོ༔ ཞེས་གསང་མཚན་བསྒྲག །དེ་ལྟར་རིག་པའི་དབང་ལྔ་བསྐུར་པས་ཉོན་མོངས་པ་ལྔ་དག །ཡེ་ཤེས་ལྔ་རྒྱུད་ལ་སྐྱེས། ཁྲག་འཐུང་རིགས་ལྔའི་གོ་འཕང་ཐོབ་པའི་སྐལ་བ་རྒྱུད་ལ་བཞག་པ་ཡིན་ནོ། །གཉིས་པ་དེ་དང་རྗེས་འབྲེལ་ནང་ནུས་པ་འཇུག་པའི་སླད་དུ་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་སྦྱིན་པའི་ཐོག་མར། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཡེ་ཤེས་ཕྱག་རྒྱའི་སྐུ་རྣམས་ལས་སྐུ་གཉིས་པ་རེ་འཕྲོས་ཁྱེད་རང་མངོན་རྫོགས་ཧེ་རུ་ཀར་གསལ་བའི་གནས་རྣམས་སུ་ཐིམ་པས། སྣོད་བཅུད་ཐ་མལ་གྱི་ཞེན་རྟོག་ཡེ་ཤེས་ལྷ་ཡི་འཁོར་ལོར་དག་པའི་མོས་པ་མཛོད། སྐུ་ཙཀ་རྣམས་ཀྱིས་རིམ་པར་དབང་བསྐུར་ལ། ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ དབུས་ཀྱི་ཧེ་རུ་ཀཿདཔལ་ཏེ༔ མངོན་རྫོགས་རྒྱལ་པོ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨཱོྃ་ཤྲཱི་ཧེ་རུ་ཀཿཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ ཤར་གྱི་ཧེ་རུ་ཀཿདཔལ་ཏེ༔ བཅོམ་ལྡན་བཛྲ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨཱོྃ་བཛྲ་ཤྲཱི་ཧེ་རུ་ཀཿཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ ལྷོ་ཡི་ཧེ་རུ་ཀཿདཔལ་ཏེ༔ བཅོམ་ལྡན་རཏྣ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨཱོྃ་རཏྣ་ཤྲཱི་ཧེ་རུ་ཀཿཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ ནུབ་ཀྱི་ཧེ་རུ་ཀཿདཔལ་ཏེ༔ བཅོམ་ལྡན་པདྨ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨཱོྃ་པདྨ་ཤྲཱི་ཧེ་རུ་ཀཿཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ བྱང་གི་ཧེ་རུ་ཀཿདཔལ་ཏེ༔ བཅོམ་ལྡན་ཀརྨ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨཱོྃ་ཀརྨ་ཤྲཱི་ཧེ་རུ་ཀཿཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ ཤར་ལྷོའི་ཧེ་རུ་ཀཿདཔལ་ཏེ༔ བཅོམ་ལྡན་གུ་ཧྱ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨཱོྃ་གུ་ཧྱ་ཤྲཱི་ཧེ་རུ་ཀཿཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ ལྷོ་ནུབ་ཧེ་རུ་ཀཿདཔལ་ཏེ༔ བཅོམ་ལྡན་ས་ནུ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨཱོྃ་ས་ནུ་ཤྲཱི་ཧེ་རུ་ཀཿཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ ནུབ་བྱང་ཧེ་རུ་ཀཿདཔལ་ཏེ༔ བཅོམ་ལྡན་ཡཀྴ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨཱོྃ་ཡཀྴ་ཤྲཱི་ཧེ་རུ་ཀཿཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ བྱང་ཤར་ཧེ་རུ་ཀཿདཔལ་ཏེ༔ བཅོམ་ལྡན་རཀྴ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨཱོྃ་རཀྴ་ཤྲཱི་ཧེ་རུ་ཀཿཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ དེ་ནས་གསུང་བཟླས་པའི་སྔགས་ཀྱི་ལུང་སྦྱིན་པ་ནི། བླ་མ་ཧེ་རུ་ཀཿདཔལ་དང་ཁྱེད་རང་མངོན་རྫོགས་ཧེ་རུ་ཀར་གསལ་བའི་སྙིང་གར་ཉི་མའི་སྟེང་དུ་རྡོ་རྗེ་རྩེ་དགུའི་ལྟེ་བར་ཧཱུྃ་མཐིང་ནག་དེ་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་སྒོམས། བླ་མ་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་སྔགས་ཕྲེང་གཉིས་པ་བྱུང་ཞལ་ནས་ཐོན་ཁྱེད་རང་གི་ཞལ་དུ་ཞུགས། ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས་བརྟན་གཡོའི་སྒྲ་སྐད་ཐམས་ཅད་གྲགས་སྟོང་རྡོ་རྗེའི་སྔགས་སུ་དག་པར་མོས་ལ་འདིའི་རྗེས་ཟློས། ཨཱོྃ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་སོགས་ཕྲིན་ལས་ལྟར་སྙིང་པོ་དང་ཡང་སྙིང་རྣམས་ལན་གསུམ་རེ་རྗེས་ཟློས་བྱར་གཞུག །ཐུགས་ཀྱི་རྗེས་གནང་གི་སླད་དུ་དུས་གསུམ་གྱི་སྤྲོས་པས་གདོད་ནས་རྣམ་པར་དག་པའི་ཆོས་ཉིད་རང་བྱུང་གི་རིག་པ་དབྱིངས་ཡེ་གཉིས་སུ་མེད་པའི་ངང་དུ་མཉམ་པར་བཞག་པས་དྲན་རྟོག་ཆོས་ཉིད་ཀྱི་འཁོར་ལོར་དག་པར་མོས་ཤིག །དེས་སྐུ་གསུང་ཐུགས་ཀྱི་རྗེས་གནང་གི་རིམ་པ་གྲུབ་ནས། རྡོ་རྗེ་སློབ་དཔོན་བདག་པོའི་དབང་ལ་ཁྱེད་རང་རྣམས་སེང་གེའི་ཁྲིར་འཁོད། སྟེང་དུ་གདུགས་ཕུབ། རྡོ་རྗེ་སློབ་དཔོན་གྱི་ཆས་དང་མཆོད་པའི་ཡོ་བྱད་རྣམས་ཀྱིས་མངའ་གསོལ་བར་གྱུར། ཆས་རྣམས་གཏད་ལ། ཧཱུྃ༔ དཀྱིལ་འཁོར་གཙོ་བོའི་གོ་འཕང་མཉམ་པའི་ཕྱིར༔ ཁྲི་ལ་མངའ་གསོལ་གདུགས་ཕུབ་རྒྱལ་མཚན་ཕྱར༔ རྒྱལ་བ་ཀུན་གྱི་ཤིས་པའི་མེ་ཏོག་ཀྱང༔ དེ་རིང་འདི་ལ་ཀུན་གྱིས་འཐོར་བར་ཤོག༔ རྟེན་སྙིང་བརྗོད་ཅིང་མེ་ཏོག་འཐོར། ཨཱོྃ་བཛྲ་པུཥྤེ་སོགས་ཉེར་སྤྱོད་ལྔས་མཆོད། ཤིས་བརྗོད་ཅི་རིགས་བྱའོ། །ལུང་བསྟན་པའི་སླད་དུ་སློབ་དཔོན་གྱིས་ལག་གཡོན་པས་ཆོས་གོས་ཀྱི་གྲྭ་རི་དྭགས་ཀྱི་རྣ་བ་ལྟར་བཟུང་། གཡས་སྐྱབས་སྦྱིན་དང་བཅས་བཞེངས་ཏེ། སློབ་དཔོན་དེ་བཞིན་གཤེགས་པ་སྤྲུལ་པའི་སྐུའི་ཆ་བྱད་ཅན་གྱིས་ལུང་བསྟན་པ་ནི། ཀྱེ་དཔལ་བུདྡྷ་ཧེ་རུ་ཀཿཞེས་བྱ་བའི་དེ་བཞིན་གཤེགས་པ་ས་འོག་ས་སྟེང་ས་བླ་རྣམས་སུ་གྲགས་ཤིང་དེ་བཞིན་གཤེགས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་བྱང་ཆུབ་ཏུ་ལུང་བསྟན་པ་དང་དབུགས་དབྱུང་བར་འགྱུར་རོ། །དེས་བདག་པོའི་དབང་རྫོགས་པ་ཡིན་ནོ། །དེ་ལྟར་ཕྱི་ཐར་པ་ཆེན་པོའི་དཀྱིལ་འཁོར་དུ་ཕྱི་ཕན་པ་དང་ནང་ནུས་པའི་བདག་ཉིད་ཅན་གྱི་བུམ་པའི་དབང་བསྐུར་པས་ལས་དང་ལུས་སྒྲིབ་དག་ཅིང་། སྣང་སྟོང་དཀྱིལ་འཁོར་གྱི་འཁོར་ལོར་ཤར་བ་མ་ཧཱ་ཡོ་གའི་ལམ་སྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུ་འཐོབ་པར་འགྱུར་བའི་ནུས་པ་རྒྱུད་ལ་བཞག་པ་ཡིན་ནོ། །གསུམ་པ་གསང་བ་ཟབ་མོའི་དབང་གསུམ་བསྐུར་བ་ལ། གསང་བ་བྱང་ཆུབ་སེམས་ཀྱི་དབང་བསྐུར་བའི་སླད་དུ་བླ་མ་ཧེ་རུ་ཀཿཡབ་ཡུམ་མཉམ་པར་སྦྱོར་བའི་ཉི་ཟླ་བྱང་སེམས་ཐོད་པའི་ནང་དུ་ལྷུང་བ་ལྕེ་ཐོག་ཏུ་བཞག་པར་གྱུར། ཐོད་པའི་བདུད་རྩི་ཐོགས་ལ། ཧཱུྃ༔ ཧེ་རུ་ཀཿདཔལ་མངོན་རྫོགས་རྒྱལ༔ ཡུམ་མཆོག་ཙཎྜ་ལཱི་དང་སྦྱོར༔ རྒྱལ་བའི་ཟག་མེད་བྱང་སེམས་བསྡུས༔ བདེ་སྟོང་ཟུང་འཇུག་རྟོགས་ཕྱིར་སྦྱིན༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བདུད་རྩི་མྱངས་པས་བདེ་སྟོང་གི་ཡེ་ཤེས་ཉམས་སུ་མྱོང་བར་མོས་མཛོད། དེ་ལྟར་གསང་བའི་དབང་བསྐུར་པས་ངག་སྒྲིབ་དག་ཅིང་། ཨ་ནུ་ཡོ་གའི་རང་ལུས་ཐབས་ལྡན་གསལ་སྟོང་བདག་བྱིན་རླབས་ཀྱི་རིམ་པ་སྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་འཐོབ་པར་འགྱུར་བའི་ནུས་པ་རྒྱུད་ལ་བཞག་པ་ཡིན་ནོ། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ་པདྨ་ཅན་གྱི་ཕྱག་རྒྱ་གནམ་ཞལ་དབྱིངས་ཕྱུག་མའི་ངོ་བོར་སྤྲོས་པ་ཁྱེད་རང་རྣམས་ཀྱི་ལག་གཡས་པར་ཕྱག་རྒྱའི་ལག་གཡོན་པ་གཏད་དེ། རིག་ཙཀ་ཐོགས་ལ། ཧཱུྃ༔ འདི་ནི་བདེ་ཆེན་གསང་བའི་ལམ༔ འདུ་ཤེས་གསུམ་གྱིས་རྟག་ཏུ་བསྟེན༔ བདེ་ཆེན་ཡེ་ཤེས་རྟོགས་པར་བྱེད༔ འདི་སྤང་སངས་རྒྱས་ཐོབ་འདོད་མིན༔ རྒྱལ་བ་ཀུན་གྱི་གསང་ལམ་མཆོག༔ དེ་རིང་ཁྱོད་ལ་བསྟན་པར་བྱ༔ བུ་ཡིས་བདེ་བར་རྟག་ཏུ་རོལ༔ མ་ཧཱ་སུ་ཁ་བྷཉྫ་མོཀྵ༔ དེ་ལྟར་འདུ་ཤེས་གསུམ་ལྡན་གྱིས་སྙོམ་པར་ཞུགས་པས་ལྷན་སྐྱེས་བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་བར་མོས་ཤིག །དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པས་ཡིད་སྒྲིབ་དག་ཅིང་། ཨ་ནུ་ཡོ་གའི་གཞན་ལུས་བདེ་སྟོང་ཕོ་ཉའི་ལམ་སྒོམ་པ་ལ་དབང་། འབྲས་བུ་ཆོས་ཀྱི་སྐུ་འཐོབ་པར་འགྱུར་བའི་ནུས་པ་རྒྱུད་ལ་བཞག་པ་ཡིན་ནོ། །དོན་དམ་རིག་པ་རྩལ་གྱི་དབང་བསྐུར་བའི་སླད་དུ། རང་བྱུང་རྡོ་རྗེ་སེམས་དཔའི་མན་ཤེལ་གྱི་བརྡས་མཚོན་ཏེ། མན་ཤེལ་ཐོགས་ལ། ཧཱུྃ༔ སེམས་ནི་རང་བཞིན་འོད་གསལ་བ༔ དེ་ཉིད་མི་རྟོག་སྐྱེ་བ་མེད༔ གསལ་སྟོང་འགག་མེད་བདེ་བ་ཆེ༔ ཐམས་ཅད་དབྱེར་མེད་མི་ཕྱེད་པ་འོ༔ ཡང་དག་དོན་ལ་གནས་པར་གྱིས༔ དྷརྨ་དྷཱ་ཏུ་ཨ་ཨ་ཨ༔ འདི་ལྟར་སྣང་བ་ཐམས་ཅད་སྣང་དུས་ནས་མ་གྲུབ་ཅིང་གདོད་ནས་ཤིན་ཏུ་རྣམ་པར་དག་པའི་དབྱིངས་སྟོང་པ་ཆེན་པོ་དང་། རིག་པའི་རྩལ་སྣ་ཚོགས་སུ་ཤར་བ་མན་ཤེལ་ལ་ཡུལ་རྐྱེན་གྱིས་ཁ་དོག་སྣ་ཚོགས་སུ་སྣང་ཡང་སྟོང་པ་དང་རོ་གཅིག་པ་ལྟར། དབྱིངས་རིག་གཉིས་སུ་མེད་པའི་དོན་ངོ་ཤེས་པར་གྱིས་ལ་མཉམ་པར་འཇོག་འཚལ། དེ་ལྟར་དབང་བཞི་པ་བསྐུར་པས། ཡེ་ཤེས་ཀྱི་དྲི་མ་དག །རིག་སྟོང་ཟུང་འཇུག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་སྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་འཐོབ་པའི་ནུས་པ་རྒྱུད་ལ་བཞག་པ་ཡིན་ནོ། །དེ་རྣམས་ཀྱིས་དངོས་གཞིའི་དབང་བསྐུར་རྣམས་གྲུབ་ནས། གསུམ་པ་མཐའ་རྟེན་སྒྲུབ་རྫས་ཀྱི་དབང་བསྐུར་བ་ལ། ཐོག་མར་སྨན་གྱི་ཕོ་བྲང་གི་དབང་བསྐུར་བ་སྟེ། ཆོས་དོན་རྟགས་རྫས་ཀྱི་བདུད་རྩིས་སྣང་སྲིད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རང་བཞིན་དུ་རྣམ་པར་དག་པའི་རྡོ་རྗེ་མངོན་རྫོགས་ཆེ་མཆོག་ཁྲག་འཐུང་ཆེན་པོའི་ཡོན་ཏན་གྱི་དངོས་གྲུབ་ལ་དབང་བསྒྱུར་བའི་ཕྱིར། དཔལ་ཧེ་རུ་ཀཿཡབ་ཡུམ་གཉིས་མེད་མཉམ་པར་སྦྱོར་བའི་བདུད་རྩི་བྱང་ཆུབ་སེམས་ཀྱིས་དབང་བསྐུར་བར་མོས་ཤིག །བདུད་རྩི་སྨན་གྱིས་དབང་བསྐུར་ཏེ། ཧཱུྃ༔ བདེ་ཆེན་ཡེ་ཤེས་བདུད་རྩི་ནི༔ ཧེ་རུ་ཀཿདཔལ་ཡབ་ཡུམ་རྣམས༔ གཉིས་མེད་སྦྱོར་བའི་དམ་ཚིག་རྫས༔ ར་ས་ཡཱ་ནས་དབང་བསྐུར་རོ༔ པཉྩ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ཆེན་པོ་འབྲས་བུའི་ཡེ་ཤེས་ཀློང་དགུ་གཅིག་ཏུ་འཁྱིལ་བ་རྡོ་རྗེ་སེམས་དཔའ་མངོན་པར་ཡང་དག་པར་རྫོགས་པའི་ཧེ་རུ་ཀཿསངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི། ཐུགས་ཡེ་ཤེས་སྒྲིབ་མེད་འོད་གསལ་མཆོག་གི་དངོས་གྲུབ་མངོན་དུ་བྱེད་པའི་ཕྱིར་མར་མེ་གླིང་དགུས་དབང་བསྐུར་བར་མོས་ཤིག །མར་མེ་གླིང་དགུའི་དབང་བསྐུར་ལ། ཧཱུྃ༔ དབྱིངས་སུ་མཚོན་པའི་ཀོང་བུ་རུ༔ ཡེ་ཤེས་ཀློང་དགུའི་ཞུན་ཆེན་བལྟམས༔ ཧེ་རུ་ཀཿདགུའི་མེ་འབར་བ༔ སྣང་གསལ་མར་མེས་དབང་བསྐུར་རོ༔ བཛྲ་ཨཱ་ལོ་ཀེ་ཨ་བྷི་ཥིཉྩ་ཧཱུྃ༔ འཁོར་ལོ་རྣམ་པ་བཞིས་སྲིད་ཞིའི་སྟོང་སྲོག་འཕྲོག་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ཅན་དཔལ་ཆེན་ཁྲག་འཐུང་རོལ་པའི་དགོངས་སྤྱོད་ཀྱིས་བདུད་དང་མུ་སྟེགས་གདུལ་དཀའ་མངོན་སྤྱོད་ཀྱིས་འདུལ་བའི་ཕྲིན་ལས་ལ་དབང་ཐོབ་པར་མོས་མཛོད། ཁྲམ་ཤིང་དང་འཁོར་ལོ་གཏད་ལ། ཧཱུྃ༔ བདུད་འདུལ་མཐུ་ཆེན་དམིགས་བྱ་ངན༔ གསད་པའི་ཁྲམ་དུ་འདེབས་པ་དང༔ ཚད་མེད་སྟོང་སྲོག་འཁོར་ལོ་ཡིས༔ གདུག་པའི་ཚོགས་འཇོམས་དབང་བསྐུར་རོ༔ ཐུམ་རིལ་ཙཀྲ་ཝརྟི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེ་འགག་པ་མེད་པའི་སྒྲ་དབྱངས་རྟ་སྐད་ཐེངས་གསུམ་གྱི་དགོངས་པས། དབང་ཆེན་མངོན་རྫོགས་དཔལ་གྱི་གོ་འཕང་མངོན་དུ་བྱེད་ཕྱིར་རྟ་ཞལ་གྱིས་དབང་བསྐུར་བར་མོས་མཛོད། རྟ་མགོ་སྤྱི་བོར་བཞག་ལ། ཧཱུྃ༔ རྔམ་པ་ཧི་ཧིའི་སྒྲ་ཆེན་གྱིས༔ སྣང་སྲིད་དུས་གཅིག་དབང་བསྡུས་ནས༔ ཡེ་ཤེས་འཇིག་རྟེན་ལས་ལ་ཚུད༔ མཆོག་ཐུན་འགྲུབ་པའི་དབང་ཐོབ་ཤོག༔ ཧ་ཡ་གྲཱྀ་ཝ་ཨ་བྷི་ཥིཉྩ་ཧཱུྃ༔ ཐལ་འབྱིན་ཕུར་པ་རྣམ་བཞིའི་དགོངས་པ་ཡུལ་ལ་ཐེབས་པས་རྫོང་འཕྲང་སྲོག་གི་ལས་ལ་དབང་ཐོབ་ནས། གདུག་ཅན་དབྱིངས་སུ་སྒྲོལ་བའི་དཔལ་ཆེན་མངོན་རྫོགས་ཆེན་པོའི་ཕྲིན་ལས་ཐུགས་རྗེའི་མཚོན་ཆས་འཛིན་ནས་མི་གཏོང་བའི་དབང་ཐོབ་པར་མོས་མཛོད། ཕུར་པ་འདྲིལ་ཞིང་གཏད་ལ། ཧཱུྃ༔ བདུད་འདུལ་མཐུ་ཆེན་ཀཱི་ལ་ཡ༔ འཇོམས་བྱེད་ཆེན་པོའི་དབང་བསྐུར་བས༔ གསལ་བ་གསུམ་ལྡན་སྲོག་གསུམ་གསལ༔ ལོག་རྟོག་བསྒྲལ་བའི་དབང་ཐོབ་ཤོག༔ ཨཱོྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བསྐལ་ངན་དུས་ཀྱི་གཡོ་འཁྲུགས་ཆོས་ཉིད་སྐྱེ་མེད་ཀྱི་དབྱིངས་སུ་འཆོས་ཕྱིར། ཆོས་ཅན་སྣང་སྲིད་ཡོངས་རྫོགས་སྲིད་པ་མདོས་ཀྱི་དབང་བསྐུར་བས་དོན་གཉིས་ལྷུན་གྲུབ་འགག་མེད་ཕྲིན་ལས་ཀྱི་དཔལ་ལ་དབང་ཐོབ་པར་མོས་ཤིག༔ མདོས་གཏོར་གཏད་ལ། ཧཱུྃ༔ སྣང་སྲིད་གཡོ་འཁྲུགས་བཟློག་པའི་ཕྱིར༔ སྣང་སྲིད་མདོས་ཀྱི་རི་རབ་ལ༔ དོན་གཉིས་བཅུད་ཀྱིས་བརྒྱན་བྱས་ཏེ༔ ཡོངས་རྫོགས་མདོས་ཀྱི་དབང་བསྐུར་རོ༔ ཨཱོྃ་སརྦ་བ་ལིཾ་ཏ་བྷྱོ་བྷྱོ་ཟློག་ཟློག༔ ཨ་བྷི་ཥིཉྩ་ཧཱུྃ༔ དེས་མཐའ་རྟེན་གྱི་རྫས་དབང་གྲུབ་ནས། མཐའ་རྫོགས་བཀྲ་ཤིས་ཞལ་གསོའི་དབང་ནི། རྡོ་རྗེའི་ཚེ་དང་ཐབས་ཀྱི་མཱཾ་ས་ཤེས་རབ་ཛ་གད་ཞལ་ཟས་བཟའ་བཏུང་སྣ་ཚོགས་ཀྱི་བྱེ་བྲག་སོགས་དངོས་གྲུབ་ཀྱི་རྫས་ཐམས་ཅད་ལ་རོལ་པས། མཆོག་དང་ཐུན་མོང་གི་དངོས་གྲུབ་རྒྱ་མཚོའི་དཔལ་ལ་ལོངས་སྤྱོད་པར་གྱུར་ཅིག །དངོས་གྲུབ་ཀྱི་རྫས་ཞལ་ཟས་བཟའ་བཏུང་སྣ་ཚོགས་གཏད་ལ། ཧཱུྃ༔ བཀྲ་ཤིས་ཚེ་ནི་ཚེ་ཡི་ལུང༔ ཐབས་ཤེས་རྫས་མཆོག་བདེ་བའི་ལུང༔ ཛ་གད་སྨན་མཆོག་གལ་གྱི་ལུང༔ མཱཾ་ས་རྫས་མཆོག་ནུས་པ་བསྐྱེད༔ འབྲས་བུ་རིགས་བྱེད་རིགས་རྒྱུད་ལུང༔ ཟླ་རྒྱས་ཟླ་ཕྲོམ་བཀྲ་ཤིས་ཟས༔ མཐའ་རྫོགས་དགའ་སྟོན་དབང་བསྐུར་རོ༔ ག་ཎ་ཙཀྲ་མངྒ་ལཾ་ཨཱ་ཡུཿསིདྡྷི་བྷྲཱུྃ༔ དེ་རྣམས་ཀྱིས་ནང་སྐོར་ཀློང་སྡེའི་ཡི་དམ་ཁྲོ་བོ་མངོན་རྫོགས་ཧེ་རུ་ཀའི་ཡན་ལག་དང་རྩ་བའི་དབང་མཐའ་རྟེན་རྫོགས་དང་བཅས་པ་རྣམས་གྲུབ་པ་སྟེ། བྱིན་རླབས་བརྟན་པར་བྱ་བའི་སླད་དུ་བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་ཤིས་པའི་ཚིག་གིས་མངའ་གསོལ་བར་གྱུར། བཀྲ་ཤིས་ཅི་རིགས་བརྗོད། དེ་ལྟར་གྱི་དབང་བསྐུར་པའི་རིམ་པ་ཡང་། གཞུང་ལས། རྩ་བ་དགུ་བསྒྲིལ་འདི་ཉིད་ནི༔ བདག་པོའི་དབང་ཕན་མ་ཧཱ་དང༔ གསང་དབང་ཤེར་དབང་ཨ་ནུ་སྟེ༔ རིག་རྩལ་ཨ་ཏི་རྫོགས་པ་ཆེ༔ སྤྱིར་ནི་ཐེག་རིམ་དབང་བསྐུར་བ༔ ཐེག་པ་དངོས་ཀྱི་འཇུག་སྒོ་ཡིན༔ སྔོན་འགྲོ་ཐེག་རིམ་གཏན་འབེབས་ཏེ༔ ལུང་མདོ་ཨ་ནུའི་ཁྱད་པར་གྱི༔ བྱེ་བྲག་འདི་ནི་བསྡུས་དོན་ཡིན༔ རྒྱས་པར་དཔེ་རྒྱུད་ཕྱོགས་སུ་ལྟོས༔ དེ་ལྟར་ནང་སྐོར་ཡི་དམ་གྱི༔ དབང་བསྐུར་རྩ་བ་དགུ་བསྒྲིལ་ཡང༔ ལས་ཅན་བུ་དང་འཕྲད་པར་ཤོག༔ ཅེས་གསུངས་པ་ལྟར་ཐེག་པ་རིམ་དགུའི་དབང་རྣམས་ཡོངས་སུ་རྫོགས་པའི་དབང་གི་གཏེར་མཛོད་ཆེན་པོ་ལེགས་པར་གྲུབ་པ་ལགས་ཤིང་། དབང་དུས་སུ་ཞལ་གྱིས་བཞེས་པའི་དམ་ཚིག་རྣམས་མདོར་བསྡུས་ཏེ་གཟུང་བ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དམ་ཚིག་ཁས་བླང་དང་། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་སོགས་དབང་རྗེས་རྣམས་གྲུབ་ནས་སློབ་མ་རྣམས་རང་གནས་སུ་གཏང་ངོ་།། །།གསུམ་པ་རྗེས་ནི། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་བསྔོ་བ། གཏོར་སྐྱོང་། དཀྱིལ་འཁོར་རྗེས་ཀྱི་ཆོ་ག་རྣམས་ནང་སྐོར་ཀློང་སྡེའི་ཁྲོ་བོའི་བྱང་བུ་ཁྲིགས་བསྡེབས་ལྟར་བྱས་པས་གྲུབ་བོ། །ནང་སྐོར་ཀློང་སྡེའི་ཡི་དམ་ནི། ཁྲག་འཐུང་མངོན་རྫོགས་རྒྱལ་པོ་ཡི། །རྩ་བ་ཡན་ལག་སྨིན་བྱེད་རྣམས། །བསྐུར་ཚུལ་ཀློང་སྡེའི་མཛེས་རྒྱན་སྤེལ། །ནང་སྐོར་ཡི་དམ་ཁྲོ་བོ་མངོན་རྫོགས་རྒྱལ་པོའི་ཡན་ལག་དང་རྩ་བའི་དབང་གི་ལེ་ཚན་ནོ།། །། ༄༅། །དགུ་པ་ནང་སྐོར་ཀློང་སྡེའི་ཁྲིད་ཀྱི་བྱིན་རླབས་ལ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་ནི། ཕྱི་ནང་གསང་བའི་མཆོད་ཚོགས་རྣམས་ཚོགས་པར་བྱ། ཨོག་འཁར། སྒོམ་ཐག །དམིགས་ཤིང་ངམ་ཚུལ་ཤིང་གསུམ་ཙམ་ལས་སྤྲོས་མེད་ཀྱི་བྱིན་རླབས་ཡིན་པས་གཞན་དབང་རྫས་དང་། དབང་སྒྲུབ་ལོགས་སུ་མི་དགོས་ཤིང་། སློབ་དཔོན་ལྟ་དགོངས་དང་ལྡན་པས་ཀུན་བཟང་དོན་གྱི་ཕྲིན་ལས་ནི། ཨ༔ ཆོས་རྣམས་ཡེ་ནས་སངས་རྒྱས་རང་བཞིན་ལ༔ བསྐྱེད་པའི་རིམ་པ་དམིགས་སུ་མ་མཆིས་སོ༔ རང་རྩལ་རྫོགས་པའི་རྣམ་སྣང་བཻ་རོ་རྗེ༔ འོད་གསལ་ཐིག་ལེ་རང་ཤར་ཀློང་དུ་བསྐྱེད༔ འཁྲུལ་མ་མྱོང་བའི་ཀ་དག་ཆོས་སྐུ་ལ༔ སྤྱན་འདྲེན་གཤེགས་སུ་གསོལ་བ་ག་ལ་ཡོད༔ ལྷུན་གྱིས་གྲུབ་ཅིང་འདུ་འབྲལ་མེད་པའི་ལྷ༔ སྟོང་གསལ་འདུས་མ་བྱས་པར་གཤེགས་སུ་གསོལ༔ སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ལ༔ དབང་བསྐུར་རྒྱས་གདབ་བཞུགས་སུ་གསོལ་བྱ་ཅི༔ འོད་གསལ་སྤྲོས་བྲལ་རིག་པ་ཟང་ཐལ་ངང༔ ཡེ་ནས་མ་བཅོས་རང་བབ་བཞུགས་གསོལ་རྫོགས༔ ཆོས་རྣམས་དབྱིངས་རིག་སྐུ་དང་ཞིང་ཁམས་ལ༔ མཆོད་པའི་ལོངས་སྤྱོད་སྤྲོ་རུ་མ་མཆིས་ཕྱིར༔ དག་པའི་སྣང་བ་འབྱམས་ཀླས་ཡེ་ཤེས་སྤྲིན༔ གཉིས་མེད་མཉམ་པའི་ངང་དུ་འབུལ་བར་བགྱི༔ སྟོང་གསལ་ཉིད་ལས་གཡོས་པ་མ་མཆིས་པའི༔ ཡོན་ཏན་ལྷུན་གྲུབ་ནང་དབྱིངས་ཆེན་པོའི་ངང༔ ངོ་བོ་རང་བཞིན་མ་འདྲེས་སོ་སོར་གསལ༔ གཉིས་སུ་མེད་པའི་ཚུལ་གྱིས་ཕྱག་འཚལ་ལོ༔ གདོད་མའི་གནས་ལུགས་ཤེལ་ལྟར་དྭངས་པ་ལ༔ ལྷུན་གྲུབ་སྣང་བ་འཇའ་ལྟར་ཀུན་ཏུ་ཤར༔ གཉིས་མེད་ཟུང་འཇུག་རིག་པའི་རྩལ་དབང་ཆེས༔ འབྲས་བུ་གཞི་རུ་སྨིན་པར་དབང་བསྐུར་རོ༔ བླ་ན་མེད་པའི་སྣང་བ་མཐར་ཕྱིན་ཕྱིར༔ རེ་དོགས་མེད་པར་སྒོམ་པ་ཀློང་ཆུབ་པ༔ ལྟ་བའི་རྒྱལ་པོ་ནམ་འཕང་གཅོད་པ་བཞིན༔ ཁྱུང་ཆེན་རྩལ་རྫོགས་ངང་དུ་ངོ་སྤྲད་དོ༔ གཟུང་འཛིན་བློ་ཟད་འཁོར་འདས་ཁྱབ་གདལ་ངང༔ དགོངས་ཀློང་གཅིག་འདྲེས་ཡེ་ཤེས་མཐར་ཕྱིན་ཤོག༔ ཅེས་དགོངས་པ་མི་གཡོ་བའི་ངང་ནས་གསལ་གདབ་ལ།། །།དངོས་གཞི་ཁྲིད་ཀྱི་བྱིན་རླབས་ནི། སློབ་མ་རྣམས་ཁྲུས་དང་། བགེགས་བསྐྲད་སྲུང་འཁོར་བསྡུས་ཙམ་བྱས་ནས། སེམས་བསྐྱེད་གསལ་གདབ། མཚམས་སྦྱོར་གྱི་ཁྱད་པར། དེ་ལ་འདིར་དཔལ་ཀུན་ཏུ་བཟང་པོའི་ཐུགས་བཅུད། རྫོགས་པ་ཆེན་པོ་ཀློང་སྡེ་ལ་མཁས་པ་བཻ་རོ་ཙ་ནས་སྤང་མི་ཕམ་མགོན་པོ་ལ་གདམས་པ་རིང་བརྒྱུད་བར་མ་ཆད་པར་བཞུགས་པ་ལ། འདིར་ཤིན་ཏུ་བརྒྱུད་ཐག་ཉེ་ཞིང་གཏེར་ཡིག་གི་དཔེ་དཔང་མངའ་བས་ཁུངས་བཙུན་པ། གང་ལ་གང་འདུལ་གྱི་ཕྲིན་ལས་རྨད་དུ་བྱུང་བ་ཤིན་ཏུ་ཟབ་པ་གཏེར་གྱི་ཕྱོགས་ཡིན་ལ། དེ་ཡང་ཟབ་གཏེར་འབྱིན་པའི་རིག་འཛིན་གྲུབ་ཐོབ་ཀུན་གྱི་རྒྱལ་པོ། སྙིགས་དུས་བསྟན་འགྲོའི་དཔལ་མགོན་མཚུངས་ཟླ་མ་མཆིས་པ་རིག་འཛིན་མཁས་གྲུབ་ཀུན་གྱི་རྒྱལ་པོ། ༧ཨོ་རྒྱན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པས་ཟབ་མོའི་གཏེར་ཁ་སུམ་ཅུ་རྩ་བདུན་ཐུན་མོང་ཀུན་གྱི་སྤྱོད་ཡུལ་དུ་བཞེས་པའི་དགུ་པ། གྲུབ་པའི་སློབ་དཔོན་ཆེན་པོའི་མན་ངག །བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་ནང་སྐོར་ཀློང་སྡེའི་ཁྲིད་ཀྱི་བྱིན་རླབས་བརྡ་བཞི་གནད་ཀྱི་མན་ངག་བསྟན་པ། ལོ་ཆེན་བཻ་རོས་རུ་དམ་ཕ་ཝང་ནག་པོའི་སྟེང་དུ་ཐུགས་སྲས་རྒྱལ་མོ་གཡུ་སྒྲ་སྙིང་པོ་ལ་གནང་བའི་དགོངས་བཅུད་ཟབ་མོ་ལྟ་བ་རང་བབས་ཀློང་ཡངས་ཞེས་བྱ་བ་ཞུ་བའི་ཡོན་དུ་ཞེས་མཚམས་སྦྱར་ལ་མཎྜལ་འབུལ། བླ་མ་ཉིད་སྣང་བཞི་མཐར་སོན་འཇའ་ལུས་འཕོ་བ་ཆེན་པོའི་ཡེ་ཤེས་ཀྱི་སྐུ་བརྙེས་པ་སློབ་དཔོན་བཻ་རོ་ཙ་ནའི་སྐུར་བསྒོམ་པ་ནི། སེམས་ཉིད་ངོ་བོ་རང་རིག་འདི༔ ལོ་ཆེན་བཻ་རོ་དཀར་གསལ་འཛུམ༔ པཎ་ཞྭ་ཆོས་གོས་སྨུག་བེར་གསོལ༔ རྡོ་རྗེའི་སྐྱིལ་ཀྲུང་པད་ཟླར་བཞུགས༔ མཉམ་གཞག་ཐོད་པ་བཅུད་བཀང་བསྣམས༔ འོད་དང་འོད་ཟེར་འབར་བར་བསྒོམ༔ ཨཱོྃ་ཨཱཿཧཱུྃ་གུ་རུ་བཻ་རོ་ཙ་ན་སིདྡྷི་ཧཱུྃ༔ ཞེས་མཚན་སྔགས་ཅུང་ཟད་བཟླ། བླ་མ་དེ་ལྟར་གསལ་བ་ལ། ནམ་མཁར་དུས་གསུམ་སངས་རྒྱས་དང༔ རྫོགས་པ་ཆེན་པོའི་རིག་འཛིན་རྣམས༔ བར་དུ་ཡི་དམ་མཁའ་འགྲོའི་ཚོགས༔ མ་ལུས་ཀུན་གྱིས་མགྲིན་གཅིག་ཏུ༔ སྙན་བརྒྱུད་གདམས་པ་གསུང་བར་སྒོམས༔ ཞེས་བརྗོད། དེ་ནས་སྤྲོ་བ་བསྐྱེད་པ་ནི། ཧོ༔ ཐར་པ་བླ་ན་མེད་པའི་གྲོང་ཁྱེར་དུ༔ འདུས་པའི་གཙོ་བོ་ལོ་ཆེན་བཻ་རོ་བཞུགས༔ འདི་ན་མོས་པའི་སྐལ་ལྡན་སྐྱེས་བུ་ཁྱོད༔ འཇུག་པ་ལེགས་ཤིང་དངོས་གྲུབ་ཅི་ལ་དགའ༔ དེ་ཉིད་སྦྱིན་ཅིང་འདི་ན་བླ་མེད་པའི༔ ཚེ་གཅིག་སངས་རྒྱས་སྒྲུབ་ལ་སྤྲོ་བ་སྐྱེད༔ དམ་ཚིག་མ་ལུས་ཡོངས་སུ་གཟུང་བར་གྱིས༔ སློབ་མས་ཐལ་མོ་སྦྱར་ཞིང་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ ཁྱབ་བདག་དཔལ་ལྡན་བླ་མ་དགོངས་སུ་གསོལ༔ བདག་ནི་དུས་གསུམ་རྒྱལ་བའི་དགོངས་པའི་མཐིལ༔ བདེ་བ་ཆེན་པོའི་ཡེ་ཤེས་ལ་དགའ་བས༔ དེ་ཉིད་མྱུར་སྩོལ་གསང་སྔགས་རིགས་མཆོག་གི༔ རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང༔ ཉི་ཤུ་རྩ་ལྔའི་དམ་ཚིག་ཆེས་འཕགས་པ༔ སྲོག་གི་ཕྱིར་ཡང་མི་གཏང་གཟུང་བར་བགྱི༔ སློབ་དཔོན་རྡོ་རྗེ་མགོར་བཞག་བདུད་རྩི་སྦྱིན༔ འདི་ནི་གསང་བ་བླ་ན་མེད་པ་ཡི༔ ཐར་པའི་གོ་འཕང་ཚེ་འདིར་ཐོབ་འགྱུར་བ༔ ཉེ་བའི་ལམ་མཆོག་བདེ་བ་ལམ་བྱེད་ཡིན༔ ཁྱེད་རྣམས་རྡོ་རྗེའི་དམ་ཚིག་ཐུབ་པར་གྱིས༔ མ་ཐུབ་རྡོ་རྗེའི་དམྱལ་བ་ཆེན་པོར་ལྟུང༔ སྲོག་གི་ཕྱིར་ཡང་ཡོངས་སུ་མ་གཏང་ཞིག༔ བཛྲ་ས་མ་ཡ་རཀྴ་སི་ཧཱུྃ༔ སློབ་མས་དམ་ཆུ་འཐུང་ཞིང་བྲོ་བོར་བ་འདིའི་རྗེས་ཟློས། མ་ཧཱ་སུ་ཁ་བཛྲ་ས་མ་ཡ་ཧཱུྃ༔ ཨི་དན་ན་ར་ཀན༔ སློབ་དཔོན་འོད་གསལ་རྫོགས་པ་ཆེན་པོ་ཆོས་དབྱིངས་བྱ་རྩོལ་བསལ་གཞག་བྲལ་བའི་དགོངས་པའི་ངང་ལས་མི་གཡོ་བར། ཕྱག་གཡས་པ་སློབ་མའི་སྤྱི་བོའི་གཙུག་ཏུ་བཞག་པས་བྱིན་གྱིས་བརླབ་པ་དང་། སྤྱན་རྡོ་རྗེའི་ལྟ་སྟངས་ནམ་མཁར་བསྒྲད་དེ། ཨ་ཧ་ཡི་ཧོ༔ ཞེས་རྡོ་རྗེའི་ཡི་གེ་འབྲུ་བཞི་བརྗོད། སློབ་མ་ཁ་ཤས་ཡོད་ན་རེ་རེའི་མགོར་འབྲུ་བཞི་ཚར་རེ་གསུངས་གྲུབ་ནས། རང་བྱུང་གསང་བ་ཆེན་པོའི་ཡི་གེ་དེ་ཡི་དོན་བཤད་པ་ནི། ཨ་ནི་སྐྱེ་མེད་གསལ་བ་འོ༔ ཧ་ནི་མ་བཅོས་ཐད་ཀར་འཇོག༔ ཡི་ནི་བདེ་བ་ཆེན་པོ་ལ༔ ཧོ་ནི་དབྱེ་བ་མེད་པ་འོ༔ ཡང་སློབ་དཔོན་གྱིས་ཕྱག་ནམ་མཁར་གདེངས་ནས། ཨ་ཧ་ཡི་ཧོ༔ ཞེས་ཆོས་དབྱིངས་རང་བྱུང་ཀུན་ཏུ་བཟང་པོ་འོད་གསལ་སེམས་ཀྱི་རྡོ་རྗེ་རྒྱ་ཆད་ཕྱོགས་ལྷུང་ཐམས་ཅད་དང་བྲལ་བ་རྣམ་པར་དག་ཅིང་། ཟབ་ཞི་སྤྲོས་བྲལ་བསམ་གྱིས་མི་ཁྱབ་པ་ཟག་མེད་ཡོན་ཏན་ལྷུན་རྗོགས་རང་བྱུང་ཡེ་ཤེས་བདེ་བའི་ཀློང་ཆེན་པོའི་ངང་དུ་མཉམ་པར་བཞག་གོ །དེ་ལྟར་རང་བབས་གཉུག་མའི་ཀློང་ཡངས་ཆེན་པོར་བླ་མས་བརྡ་ཡི་བྱིན་བརླབ་ཀྱིས་ངོ་སྤྲད་པ་དེ་ཉིད་ཉམས་སུ་ཇི་ལྟར་བླང་བའི་ཚུལ་བསྟན་པའི་སྒོ་ནས་རྒྱས་པར་ངོ་སྤྲད་པ་ལ་བཞི་ལས། དང་པོ་ནི། ལག་པས་བྱིན་རླབས་ནམ་མཁར་བལྟ༔ ཞེས་གསུངས་པའི་དོན། སློབ་དཔོན་གྱི་ཕྱག་གི་བརྡས་བྱིན་གྱིས་བརླབས་པ་དེའི་རྗེས་སུ། སློབ་མས་ལུས་གནད་དང་བཅས་དབང་པོའི་སྒོ་མི་བཀག་པར་མིག་གཉིས་ནམ་མཁའི་དབྱིངས་སུ་ཧ་རེ་བལྟར་བཅུག་ལ་རྡོ་རྗེའི་ཚིག་གི་ངོ་སྤྲད་པ་ནི། སེམས་དང་ནམ་མཁའ་གཉིས་སུ་མེད༔ ནམ་མཁར་དངོས་པོ་ཡོད་མེད་བརྟག༔ སེམས་ལ་གཏད་སོ་ཡོད་མེད་བརྟག༔ དེ་གཉིས་མེད་པས་དམིགས་པ་མེད༔ འོན་ཀྱང་ངོ་བོ་གསལ་བ་འོ༔ དེའང་མིག་གཉིས་སྨིན་ཕྲག་གི་ནམ་མཁར་བལྟ། རླུང་རྩོལ་བ་ཆེར་མ་བསྐྱེད་པའི་ཕྱིར་གནན་ཡིད་ཙམ་བྱ། རིག་པ་མིག་ལ་གཏད་པས་སེམས་དང་ནམ་མཁའ་གཉིས་སུ་མེད་པའི་ཉམས་ཤར་བ་ན། ནམ་མཁའ་ལ་སྐྱེ་འགག་ཐོག་མཐའ་དབུས་སོགས་དངོས་པོར་གྲུབ་པ་ཡོད་མེད་དང་། སེམས་ལའང་དམིགས་པའི་གཏད་སོ་ཡོད་མེད་ཐུང་ཙམ་རེ་བརྟགས་པས། ཡུལ་དང་ཡུལ་ཅན་གཉིས་སུ་མེད་པས་དམིགས་སུ་མེད། མེད་པ་ཕྱང་ཆད་དུ་མ་སོང་བར་ཅིར་ཡང་གྲུབ་པ་མེད་པའི་སྟོང་ཆད་དེ། དཔེ་སྨག་དྭངས་པའི་ནམ་མཁའ་འམ་སྟོན་གནམ་གཡའ་ཐག་ཆད་པ་ལྟ་བུའི་རང་རིག་གསལ་དྭངས་སུ་ལྷག་གེར་འཆར་བ། དེ་ཐོག་རྩོལ་མེད་དུ་བཞག་པ་ནི་རྡོ་རྗེའི་ཡི་གེ་དང་པོ་༼ཨ་ཞེས་༽གསལ་བའི་བརྡའོ། །དེ་ལྟར་དབང་པོའི་སྒོ་མི་བཀག་པར་སེམས་ཉིད་རང་བཞིན་གྱིས་གསལ་བ་སྤྲུལ་པ་སྐུའི་དོན་བསྒོམ་པར་གྱིས་ཤིག །གཉིས་པ་ནི། སྒོམ་ཤིང་ཨོག་འཁར་བཙུག་བྱས་ཏེ༔ ལུས་བསྲངས་དབང་པོ་ཐད་ཀར་གཞག༔ ཅེས་གསུངས་པས། ལག་གཡོན་དུ་སྒོམ་ཤིང་གཏད་པ་མདུན་ནས་འཛུག་པའི་སྟེང་ཨོག་ཀོ་གཞག །ལུས་གནད་རྣམ་སྣང་ཆོས་བདུན་ནམ་ཕྱེད་སྐྱིལ། ཡང་ན་ཙོག་པུ་རྐང་མཐིལ་སར་ཕབ། དེ་རྣམས་གང་ལ་ཡང་སྒལ་ཚིགས་དྲང་པོར་བསྲང་། དབང་པོ་སྒོ་མ་གཡོས་པར་མིག་ཧད་པོར་ཐད་ཀར་བཞག་ལ། ངོ་སྤྲད་པ་ནི། ལུས་དང་སེམས་གཉིས་ཐ་དད་དམ༔ ལུས་ཀྱི་དབང་པོ་གང་ནས་བྱུང༔ སེམས་ཀྱིས་ཡུལ་ལ་གང་ནས་ཁྲིད༔ དེ་གཉིས་དབྱེར་མེད་ཇི་ལྟ་བུ༔ སེམས་ནི་དམིགས་པ་མེད་པ་སྟེ༔ གང་ཡང་གནས་པ་མ་ཡིན་ནོ༔ མི་རྟོག་པ་སྟེ་ངོ་མཚར་ཆེ༔ དེའང་ལུས་སེམས་གཉིས་ངོ་བོ་གཅིག་པ་དང་ཐ་དད་གང་ཡིན། མིག་ལ་སོགས་པའི་དབང་པོ་དྲུག་པོ་རྣམས་གང་ནས་བྱུང་། སེམས་ཞེས་བྱ་བའི་ཝལ་པོ་འདིས་དབང་པོ་རྣམས་ཡུལ་ལ་ཁྲིད་ནས་གཟུང་འཛིན་ཞེན་རྟོགས་བསྐྱེད་ལུགས་ཇི་འདྲ། ཡུལ་དབང་དེ་གཉིས་དབྱེར་མེད་གཅིག་ཏུ་འདྲེས་ནས། ཡུལ་འཛིན་དེ་ཡི་རང་བཞིན་ཇི་ལྟར་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་དཔྱད་པས། སེམས་ལ་གདོད་ནས་སྐྱེ་འགག་གནས་པ། དམིགས་པ། འགྲོ་འོང་ཐམས་ཅད་དང་བྲལ་བའི་ཡིན་ལུགས་ཕུ་ཐག་ཆོད་ཅིང་། ཡུལ་དང་རིག་པ་དངོས་མེད་ཟང་ཐལ། སྣང་བ་ཡུལ་མེད། རིག་པ་དངོས་མེད། ཟང་ཐལ་ཡུལ་མེད་བློ་ཡི་སྤྱོད་ཡུལ་དུ་མ་གྲུབ་པ། གང་ལའང་མི་འཛིན། ཅི་ལའང་རྟོག་པ་མེད་པའི་ངང་དུ་བཞག་པ་ནི་རྡོ་རྗེའི་ཡི་གེ་གཉིས་པ་༼ཧ་ཞེས་༽མི་རྟོག་པའི་བརྡའོ། །དེ་ལྟར་སྒོམ་རྟེན་འདི་ལ་བརྟེན་ནས་ལུས་གནད་དང་ལྡན་པས་དབང་པོའི་སྒོ་མ་གཡོས་པར་ཆོས་ཉིད་རྣམ་པར་མི་རྟོག་པ་ཆོས་ཀྱི་སྐུའི་དོན་སྒོམ་པར་གྱིས་ཤིག །གསུམ་པ་ནི། སྒོམ་ཐག་ལུས་ལ་བསྐོན་བྱས་ཏེ༔ འོག་རླུང་ཡིད་ཙམ་འཐེན་བྱས་ལ༔ ཞེས་གསུངས་པས། པུས་འཁྱུད་བྱིན་པ་ཕྱག་ལེན་ལྟར་བཅིངས། འོག་རླུང་ཨ་ལོང་འབྱེད་འཛུམ་གྱིས་ཡིད་ཙམ་འཐེན་ཏེ། ངོ་སྤྲད་པ་ནི། བདེ་བ་ཆེན་པོའི་རང་བཞིན་ལས༔ སེམས་འདི་འདས་པར་མ་གྱུར་ཏེ༔ འོན་ཀྱང་དམིགས་སུ་མེད་པས་ན༔ བདེ་བ་དེ་ལ་འཛིན་པ་བྲལ༔ རང་བྱུང་བདེ་ཆེན་ངོ་མཚར་ཆེ༔ དེའང་ཐ་མལ་གྱི་ཤེས་པ། གཉུག་མ། སོ་མ། ལྷུག་པ་དེ་ཉིད་བདེ་བའི་ངོ་བོར་ཤར་བ་ན། གསལ་ལ་རྟོག་པ་མེད་པའི་ཆོས་ཉིད་རང་གསལ་མི་རྟོག་པ་དེ། ལས་རླུང་གིས་མ་གཡོས་པར་ཧད་དེ་བཞག་པས། ཆོས་ཉིད་རང་བྱུང་བདེ་བ་ཆེན་པོ། དེ་ལ་དེར་འཛིན་དང་བྲལ་ཞིང་ལུས་སེམས་ལ་བདེ་བས་ཁྱབ། བདེ་བ་དེའང་སྒྱུ་མར་སྣང་བས་སྡུག་བསྔལ་རང་བཞིན་མེད་པར་ཤེས་པའི་ངང་ལ་བློ་བདེ་ཆེན་པོ་རྒྱུན་ཆད་མེད་པར་འབྱུང་བ་ནི་རྡོ་རྗེའི་ཡི་གེ་གསུམ་པ་༼ཡི་ཞེས་༽བདེ་བའི་བརྡའ་སྟེ། དེའི་གྲོགས་སུ་སྐབས་རེར་ལྕེའུ་ཆུང་གི་བདུད་རྩི་བཞོ། བར་རླུང་མནན་པའང་བྱའོ། །དེ་ལྟར་སྒོམ་ཐག་འདི་དང་མི་འབྲལ་བར་འོག་རླུང་འཐེན་པ་དང་བཅས་རང་བྱུང་བདེ་བ་ཆེན་པོ་ལོངས་སྤྱོད་རྫོགས་སྐུའི་དོན་སྒོམ་པར་གྱིས་ཤིག །བཞི་པ་ནི། དབྱེར་མེད་དམིགས་ཤིང་མདུན་དུ་བཞག༔ ལྕེ་ནི་གང་དུའང་མ་རེག་བྱ༔ ཞེས་གསུངས་པས། ཡེ་ཤེས་ཀྱི་ཚུལ་དང་། ཆོས་ཉིད་ཀྱི་ཚུལ་དང་། བདེ་བའི་ཚུལ་དང་། དབྱིངས་ཀྱི་ཚུལ་བཞིའི་དོན་སྟོན་པའི་ཚུལ་ཤིང་གཏད་པ་མདུན་དུ་བཀྲམ། ལྕེ་རྩེ་གཡོན་དུ་ཅུང་ཟད་བསྒྲིལ་ནས་གང་ལའང་མ་རེག་པར་ཞོག་ཅིག །ངོ་སྤྲད་པ་ནི། ཕྱི་ནང་འཁོར་འདས་ཆོས་ཐམས་ཅད༔ གསལ་ལ་དམིགས་མེད་བདེ་བ་ཆེ༔ དབྱེར་མེད་དམིགས་ཤིང་མདུན་དུ་བཞག༔ དེ་གསུམ་དབྱེར་མེད་ངོ་བོ་ཉིད༔ འཁོར་འདས་ཐམས་ཅད་ཀློང་དུ་ཆུབ༔ མན་ངག་ཀློང་ཆུབ་གདམས་ངག་བསྒོམ༔ དེའང་བདེ་གསལ་མི་རྟོག་གསུམ་ཀའང་སོ་སོ་མ་ཡིན་ཆོས་ཉིད་གཉུག་མའི་གཤིས་ལ་དབྱེར་མེད་ཆེན་པོར་གནས་པ་སྟེ། སྣང་སྲིད་འཁོར་འདས་ཀྱི་བསྡུས་པའི་ཆོས་ཐམས་ཅད་ཡུལ་མེད་རང་གསལ། འཛིན་བྲལ་དམིགས་མེད། རང་གཤིས་བདེ་བ་ཆེན་པོ། དེ་གསུམ་ཚིག་གིས་གསུམ་དུ་དབྱེའང་། དོན་ལ་གཅིག་ལས་མེད་ལ། དེའང་རྟག་པ་ཐེར་ཟུག་དངོས་མཚན་དུ་གྲུབ་པ་གང་ཡང་མེད་ཅིང་ཆོས་ཉིད་རང་བྱུང་གདོད་མའི་ཡེ་ཀློང་ཆོས་དབྱིངས་ཀུན་ཏུ་བཟང་པོའི་ངོ་བོར་བཞུགས་པ་ངོ་ཤེས། སངས་རྒྱས་གཞན་ན་མེད་པར་ཐག་ཆོད། སྣང་སྲིད་ཐམས་ཅད་ནམ་མཁའི་ངང་དུ་གཅིག །སྟོང་པ་འོད་གསལ་ཆེན་པོར་ཤར་བ་དེ་ལ་ཐག་ཆོད་དེ་རང་རིག་པའི་ཡེ་ཤེས་ཀྱིས་ཡང་ཡང་ལྟ་བས་ལྟ་བ། དེ་ལ་མ་ཡེངས་པ་སྒོམ་པ། དེ་གྲོགས་སུ་གྱུར་པ་སྤྱོད་པ། དེ་མངོན་དུ་གྱུར་པ་འབྲས་བུ་བཞིའང་ད་ལྟར་གྱི་ཤེས་པ་གསལ་རིག་སྐད་ཅིག་མ་གཅིག་ལ་ཚང་བས། དེ་ལ་འཛིན་མེད་ཡེངས་མེད་དུ་བསྒོམས་པས་འཁོར་འདས་སུ་སྣང་བ་ཐམས་ཅད་གཉུག་མ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་ཀློང་དུ་འུབ་ཆུབ་པ་ནི་རྡོ་རྗེའི་ཡི་གེ་བཞི་པ་༼ཧོ་ཞེས་༽བདེ་གསལ་མི་རྟོག་གསུམ་དབྱེར་མེད་པའི་བརྡའོ། །དེ་ལྟར་ཚུལ་བཞིའི་ཏིང་ངེ་འཛིན་གྱི་དོན་སྟོན་པའི་དམིགས་ཤིང་དང་བཅས་ལྕེ་རྩེ་གང་ལའང་མི་རྟེན་པར་འཇོག་པའི་ངང་ནས་དབྱེར་མེད་ངོ་བོ་ཉིད་སྐུའི་དོན་སྒོམ་པ་ལས་ནམ་ཡང་མ་གཡོས་པར་གྱིས་ཤིག །དེ་ལྟར་བརྡ་བཞིའི་ངོ་སྤྲད་པ་དེ་བཞིན་སྒོམ་པས་ཉམས་སུ་བླང་བ་ན། ཐོག་མར་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་ཡུན་རིང་དུ་སྒོམ། བླ་མའི་རྣལ་འབྱོར་དང་དབང་བླང་ཐུགས་ཡིད་བསྲེས་པའི་ངང་། རླུང་རོ་བསལ། ལུས་གནད་དང་བཅས། སྔར་དབང་དུས་སུ་གདབ་པ་དང་ཁྲིད་ཀྱི་སྐབས་སུ་འབྱུང་བའི་མན་ངག་རྣམས་དམིགས་ཐུན་དུ་བཅད་ལ་མྱོང་བ་ཐུན་ཐུན་དུ་བསྒོམ་ཞིང་། ཐུན་མཐར་དགེ་རྩ་གཞན་དོན་དུ་བསྔོ་བ་སོགས་སྤྱི་ལྟར་བྱ། དེ་ལྟར་བརྩོན་པས་ཉམས་སུ་བླང་བས་རིང་པོར་མི་ཐོག་པར་འཁྲུལ་རྟོག་བག་ཆགས་དང་བཅས་པ་རང་སར་ཟད་དེ། གསལ་བ་སྤྲུལ་པའི་སྐུ། མི་རྟོག་པ་ཆོས་སྐུ། བདེ་བ་ལོངས་སྐུ། དབྱེར་མི་ཕྱེད་པ་ངོ་བོ་ཉིད་ཀྱི་སྐུ་སྟེ་གཞི་དུས་ཇི་ལྟར་བཞུགས་པ། ལམ་དུས་བརྡའ་བཞིའི་གནད་ཀྱིས་འབྲས་བུ་རང་ཤར་དུ་གྱུར་ཏེ་བློ་ཟད་ཆོས་ཟད་རྫོགས་པ་ཆེན་པོ། དངོས་པོ་གཤིས་ཀྱི་གནས་ལུགས་ཡེ་གྲོལ་གསང་བའི་སྐུ་རང་སྣང་དུ་འཆར་བ་ན་བཀག་པས་མི་ཁོག་སྟེ། ཉམས་ཀྱི་ཕྲེང་བ་ལས། སྟོན་པ་རྡོ་རྗེ་སེམས་དཔའི་ཞལ་ནས། ཡེ་ཤེས་སྤྱི་བླུགས་སུ་ཤར་བ་ཉི་མ་ལྟ་བུ། ཆོས་ཉིད་ཐུག་ཕྲད་དུ་ཤར་བ་རྒྱལ་པོ་ལྟ་བུ། རྣམ་རྟོག་ཡེ་ཤེས་སུ་ལྡང་བ་ནགས་ཀྱི་མེ་ལྟ་བུ། མཚན་མ་རང་སར་གྲོལ་བ་ནམ་མཁའ་ལྟ་བུ། ཏིང་ངེ་འཛིན་འབྱུང་འཇུག་དང་བྲལ་བ་རིན་ཆེན་གསེར་གླིང་ལྟ་བུ། དེ་ལྟ་བུ་དང་ལྡན་པའི་རྣལ་འབྱོར་པ་ལ་གོལ་འགྲིབ་མེད་པར་ཐག་ཆོད། སྤང་ལེན་མེད་པར་ཐག་ཆོད། མཚན་སྒོམ་མེད་པར་ཐག་ཆོད། རྩོལ་བྱ་མི་དགོས་པར་ཐག་ཆོད། ཅེས་གསུངས་པའི་དགོངས་པ་དེར་ཕྱིན་པར་འགྱུར་བས་དད་བརྩོན་དྲག་པོས་ཉམས་ལེན་ལ་འབད་པར་བྱའོ། །འདིར་སྤྲོ་ན། ནང་སྐོར་རིག་འཛིན་སྒྲུབ་དབང་སྐབས་ལྟར་རྒྱ་བོད་ཀྱི་བླ་མའི་དགོངས་ཉམས་ཀྱི་གླུ་ཕྲེང་རྐྱང་པ་རྣམས་བྱ་ཞིང་གཏེར་གཞུང་དུ་དགོས་པའི་གསལ་ཁ་ནི་མེད་དོ། །དེ་རྣམས་ཀྱིས་ནང་སྐོར་ཀློང་སྡེའི་ཁྲིད་ཀྱི་བྱིན་རླབས་ལྟ་བ་རང་བབ་ཀློང་ཡངས་ལེགས་པར་གྲུབ་པ་ཡིན་པས་དམ་ཚིག་ཁས་བླངས་པ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། དེ་ལྟར་ཐོབ་པའི་གཏང་རག་དང་། སླར་གྲོལ་བྱེད་ཁྲིད་ཀྱི་རིམ་པ་དངོས་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཀློང་སྡེའི་སྔོན་འགྲོ་ཚོགས་གསག་བྱང་བུ་ལྟར་འབུལ་དུ་གཞུག །དེ་ལ་འདིར་གྲུབ་པའི་སློབ་དཔོན་ཆེན་པོ་རྣམ་པ་གསུམ་གྱི་དགོངས་བཅུད། རྒྱལ་དབང་པདྨཱཀ་ར་དང་ལོ་ཆེན་བཻ་རོ་ཙ་ནས་བཀྲལ་བའི་དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས། ནང་སྐོར་ཀློང་སྡེ་ཉི་མ་ཀློང་ཆུབ་དགོངས་པ་འོད་གསལ་གྱི་ཟབ་ཁྲིད་དངོས་གཞི་སྙིང་པོར་དྲིལ་བ་ཉིད་འཆད་པ་ནི་གཏེར་གཞུང་རྡོ་རྗེའི་གསུང་འདི་ལ་ཉན་པ་ཞུ། ན་མོ་གུ་རུ༔ ནང་སྐོར་ཁྲིད་ཀྱི་དངོས་གཞི་ལ༔ སོགས་ནས། ས་མ་ཡ་རྒྱ་རྒྱ༔ ཞེས་འབྱུང་བ་དང་། དེ་ཉིད་ཀྱི་རྗེས་འབྲེལ་དུ། ནང་སྐོར་ཁྲིད་ཀྱི་རྗེས་འབྲེལ་ནི༔ སོགས། ས་མ་ཡ་རྒྱ་རྒྱ༔ ཞེས་གསུངས་པ་རྣམས་ཀྱི་ཚིག་དོན་ཐུགས་ལ་བཅགས་པས་ཉམས་ལེན་ཚུལ་བཞིན་གནང་བ་ནས། སྨིན་གྲོལ་དེ་དག་ལེགས་པར་ཐོབ་པའི་གཏང་རག་ཏུ་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་ཡོངས་སུ་འབུལ་བའི་བློས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམ་སྟེ་སོགས་ཀྱིས་དགེ་བསྔོ་བཅས་བྱའོ།། །།རྗེས་རིམ་ནི་དགོངས་པ་མཉམ་ཉིད་དུ་འཇོག་པ་ལས་གཞན་ནི་མེད་དོ། །བྱིན་རླབས་ཁྱད་དུ་འཕགས་པ་ཡི། །གསལ་བྱེད་ཉུང་ངུ་འདི་ཉིད་ཀྱང་། །གསེར་ལ་གཡུ་ཡི་སྤྲས་པ་བཞིན། །མཛེས་རྒྱན་འདི་ཡང་བླ་མའི་དྲིན། །ནང་སྐོར་ཁྲིད་ཀྱི་བྱི་རླབས་དང་ཟབ་ཁྲིད་དངོས་བཅས་ཀྱི་ལེ་ཚན་ནོ།། །། ༄༅། །བཅུ་པ་ནང་སྐོར་མཁའ་འགྲོའི་དབང་ལ་བཤམ་ནི། ཟངས་ཀྱི་མཎྜལ་ལ་རྡུལ་ཚོན་ནམ་རས་བྲིས་གང་རུང་གི་ཆོས་འབྱུང་བསྣོལ་མ་པདྨ་དུར་ཁྲོད་རྡོར་ར་མེ་རི་ཅན་གྱི་ལྟེ་བར་མེ་ཏོག་དམར་པོའི་ཚོམ་བུ་བཀོད་ལ་བཤམ། མ་ནུས་ན་མཎྜལ་སྟེང་ལྷ་གྲངས་དང་མཐུན་པའི་ཚོམ་བུ་བཀོད་པས་ཀྱང་རུང་། དེ་སྟེང་མཉྫིའི་ཁར་ཐོད་པ་བདུད་རྩིས་བཀང་བ་དང་། དེ་སྟེང་འཁར་བའི་མེ་ལོང་སིནྡྷུ་ར་བྱུག་པར་ཆོས་འབྱུང་བསྣོལ་མའི་དབུས་སུ་བྃ། དེ་མཐར་མདུན་ནས་བརྩམ་སྟེ་ཟུར་དྲུག་ལ་ཨེ་ཡཾ་ཧཾ་ལཾ་རཾ་ཧཱུྃ་གི་སྔགས་འབྲུ་དྲུག་གཡས་སྐོར་དུ་བྲིས་པས་བཀབ་པ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དང་། མཆོད་ཚོགས་རྣམས་དང་ཉེར་མཁོའི་ཆས་རྣམས་བཤམ། ནང་སྐོར་ཡི་དམ་ཁྲོ་བོའི་བྱང་བུ་ཁྲིགས་བསྡེབས་ལྟར་དངོས་གཞི་རྟེན་བྱང་གི་བྷྲཱུྃ་ཛྙཱ་ན་ཙཀྲ་མཎྜལ་བྷྲཱུྃ༔ ཞེས་པའི་མཚམས་མཁའ་འགྲོ་རང་གཞུང་གི་རང་བྱུང་ཡེ་ཤེས་ཕོ་བྲང་དུ༔ སོགས་མངོན་རྟོགས་སྦྱར་ལ། དཀྱིལ་འཁོར་གསུམ་དབྱེར་མེད་དུ་བསྐྱེད་ཅིང་དབང་བསྐུར་ནས་བསྟོད་པ་གྲུབ་ཀྱི་བར་སོང་སྟེ། བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པ་གཞུང་ལྟར་བྱ། སྒྲུབ་པའི་སྐབས་ལ། ཐུན་མཚམས་སིནྡྷུ་ཆང་སྦྱར་བའི༔ བདུད་རྩིའི་སྙིང་གའི་ཐིག་ལེ་མཆོད༔ ཅེས་གསུངས་པ། སྒྲུབ་པའི་སྔགས་མཐར་འབྲུ་གསུམ་བཏགས་པས་བདུད་རྩི་མྱང་བ་ཡིན་ནམ་སྙམ། ཐུན་མཐར་སྟོང་ཚིགས། སྲུང་མའི་གཏོར་འབུལ། ཚོགས་མཆོད་གྲུབ་ནས། བསང་ཆུ་རྡོར་སེམས་སྙིང་པོས་བརླབས། རིག་མེ་དོར་བ་བཅས་གྲུབ་ནས།། །།དབང་བསྐུར་དངོས་ལ། སློབ་མ་ཁྲུས་དང་། བགེགས་བསྐྲད་སྤྱི་ལྟར་བྱ། སེམས་བསྐྱེད་གསལ་གདབ་ལ། མཚམས་སྦྱོར་གྱི་ཁྱད་པར། དེ་ལ་འདིར་གསན་བྱའི་དམ་པའི་ཆོས་ནི། ཁྱབ་བདག་ཀུན་བཟང་རྡོ་རྗེ་འཆང་ཆེན་པོས་ཆོས་ཚུལ་མཐའ་ཡས་པ་བསྟན་པ་ཡང་། སྤྱི་མདོ་དགོངས་པ་འདུས་པ་ལས། ཐེག་པ་དཔག་མེད་བསྟན་པ་ལས། །ཇི་ལྟར་མོས་པ་ཐ་དད་པས། །འཁྲིད་པར་བྱ་བའི་ཐབས་སུ་ཟད། །མཐར་ཐུག་འབྲས་བུའི་ཐེག་པ་ནི། །རྡོ་རྗེ་ཐེག་པ་ཉིད་ལས་མེད། །ཅེས་གསུངས་པ་ལྟར་དགོངས་པའི་མཐར་ཐུག་རྡོ་རྗེ་ཐེག་པ་ཡིན་ཞིང་། དེའི་ཡང་རྩེ་ཨ་ཏི་འོད་གསལ་རྫོགས་པ་ཆེན་པོ་ལ་སྐོར་ཚོ་གསུམ་དང་རྗེས་སུ་འབྲེལ་བའི་རྩ་བ་གསུམ་གྱི་སྒྲུབ་སྐོར་མཐའ་ཡས་པ་བཞུགས་པ་ལས། རྣམ་མེད་ཆོས་དབྱིངས་རྡོ་རྗེ་བཙུན་མོའི་ཡེ་ཤེས་སྒྲ་ཇི་བཞིན་པ་མངོན་དུ་བྱེད་པ་ནི་དངོས་གྲུབ་མཐའ་དག་གི་རྩ་བ་སྟེ། དེ་ཉིད་རྟོགས་པའི་ཐབས་ལ་རྣམ་བཅས་མཁའ་འགྲོའི་དབང་དང་སྒྲུབ་པ་ལ་བརྩོན་དགོས་པས། དེའི་ཚུལ་ཆོས་དང་གང་ཟག་གཉིས་ཀ་ཚད་མ་གསུམ་གྱིས་ལེགས་པར་གྲུབ་ཅིང་རྩོད་པ་དང་བྲལ་བའི་ཟབ་ཆོས་རྫོགས་ཆེན་སྡེ་གསུམ་གྱི་ནང་སྐོར་ཀློང་སྡེའི་ཆོས་སྐོར་ལས་བྱོན་པའི། ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོའི་གསང་སྒྲུབ་མཁའ་འགྲོ་དགོངས་པ་ཀློང་གསལ་གྱི་རྒྱུད་ལས། ལུང་དང་སྒྲུབ་ཐབས་སུ་བཏུས་པ་མཁའ་འགྲོའི་དགོངས་རྒྱན་དང་ཟབ་པ་ཡུམ་གྱི་དབང་བསྐུར་བཅས། ཀུན་ལ་ཐུན་མོང་དུ་མ་གྲགས་ཤིང་ཟབ་གནད་དུ་མས་ཁྱད་པར་འཕགས་པ་འདི་ཉིད། གཞུང་རྩ་བ་ལས། དེ་ལྟ་བུ་ཡི་གསང་སྒྲུབ་འདི༔ བཻ་རོ་བདག་གི་ཐུགས་ཁྲག་སྟེ༔ དཔེ་རྒྱུད་འཆོལ་བར་བསྟན་པ་ལས༔ སྙན་བརྒྱུད་མན་ངག་ཉམས་པའི་ཚེ༔ ཡེ་ཤེས་སྙིང་པོ་ཚིག་གི་རྒྱུད༔ མངའ་བདག་ཡབ་སྲས་རྣམ་འཕྲུལ་སོགས༔ སྐལ་ལྡན་འགའ་ལ་སྣང་བར་འགྱུར༔ ཤིན་ཏུ་གསང་བ་དམ་ཚིག་གོ༔ ཞེས་རྣམ་སྣང་ལོ་ཙཱའི་ཐུགས་བཅུད་ཟབ་མོ་འདིའི་བྱིན་རླབས་བསྒྲུབ་པར་བགྱི་བ་ལ། སློབ་དཔོན་གྱིས་བགྱི་འོས་རྣམས་གྲུབ་ནས་ཁྱེད་རང་གི་ངོ་སྐལ་སྨིན་བྱེད་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་བ་ཞུ། མཎྜལ་ཕུལ། དེ་ནས་བླ་མ་རྡོ་རྗེ་བཙུན་མོ་དངོས་སུ་བཞུགས་པ་ལ་མི་ཕྱེད་དད་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བདེ་གསལ་མི་རྟོག་དབྱེར་མེད་པའི༔ བླ་མ་རྡོ་རྗེ་བཙུན་མོ་ཡིས༔ ཐུགས་རྗེ་བརྩེ་བས་ཉེར་དགོངས་ནས༔ བྱིན་རླབས་དབང་མཆོག་བསྩལ་དུ་གསོལ༔ ལན་གསུམ། རྒྱུད་དག་པར་བྱ་བའི་ཕྱིར་བླ་མ་ཁྱབ་བདག་རྡོ་རྗེ་བཙུན་མོའི་སྤྱན་སྔར་སྐུ་གསུམ་རང་ངོ་ཤེས་པའི་སྐྱབས་འགྲོ་དང་། གཉིས་སྣང་རང་གྲོལ་ཆེན་པོར་སེམས་བསྐྱེད་པ། དོན་དམ་པའི་ཡན་ལག་བདུན་པ་འབུལ་བ་རྣམས་ཀྱི་རྗེས་ཟློས། སྐྱབས་སེམས་སོགས་ཀྱི་ཚིག་རྣམས་ནང་བྱང་ལྟར་བྱ། སླར་ཡང་སྔགས་ཀྱི་སྡོམ་པ་དང་དམ་ཚིག་རྣམས་གཟུང་སྙམ་པས་འདིའི་རྗེས་ཟློས། རང་བྱུང་རྡོ་རྗེ་བཙུན་མོ་ཡི༔ བདག་ཉིད་བླ་མ་དགོངས་སུ་གསོལ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་དང༔ མི་སྤང་ལྔ་དང་དང་ལེན་ལྔ༔ ཤེས་བྱ་ལྔ་དང་བསྒྲུབ་བྱ་ལྔ༔ སྤྱད་པར་བྱ་བའི་དམ་ཚིག་ལྔ༔ མ་ལུས་བདག་གིས་གཟུང་བར་བགྱི༔ ལན་གསུམ། དེ་རྣམས་ཀྱིས་རྒྱུད་སྦྱོང་བའི་རིམ་པ་རྣམས་གྲུབ་ནས། དངོས་གཞི་བྱིན་རླབས་ཀྱི་གཞི་འགོད་པ་ལ་ཁྱེད་རང་དམིགས་པ་འདི་བཞིན་དུ་མཛོད། མཁའ་འགྲོ་ཆོས་འབྱུང་འབར་བའི་དཀྱིལ༔ དམིགས་པ་མེད་པའི་ལྟ་བའི་ཀློང༔ རང་བཞིན་གསལ་དྭངས་སྒོམ་པར་ཤར༔ བདེ་བ་ཆེན་པོའི་སྤྱོད་པའི་སྐུ༔ ཟུང་འཇུག་ཤིན་ཏུ་རྣམ་དག་པའི༔ རོལ་པ་བདེ་བའི་སྟོབས་ལྡན་མ༔ འབུམ་ཕྲག་མཁའ་འགྲོ་ཀུན་གྱི་གཙོ༔ མཐིང་ནག་ནམ་མཁའ་དྭངས་པའི་མདོག༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་གཡོ༔ ཕྱག་གཡས་ཐོད་པའི་ཅང་ཏེའུ་འཁྲོལ༔ གཡོན་པས་བྷནྡྷ་ཁྲག་བཀང་གསོལ༔ ཞི་ཆགས་ཁྲོས་པའི་ཉམས་འགྱུར་རྫོགས༔ སྐྲ་གྲོལ་ཐོར་གཙུག་ནོར་བུ་དང༔ རིན་ཆེན་རུས་པ་དར་སྣས་བརྒྱན༔ ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་བའི༔ བདེ་བ་ཆེན་པོའི་གར་སྟབས་ཀྱིས༔ ཡེ་ཤེས་མེ་ཕུང་འཇའ་འོད་ཀློང༔ པད་ཉི་བམ་རོའི་སྙིང་གར་བརྫིས༔ ཁ་ཊྭཱཾ་ག་ནི་མཆན་གཡོན་བརྟེན༔ གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན། །སློབ་དཔོན་ཐུགས་ནས་འོད་འཕྲོས་པས། །ཡེ་ཤེས་སྤྱན་དྲངས་དབྱེར་མེད་ཐིམ། །སྤོས་རོལ་དང་བཅས་བསྙེན་སྒྲུབ་སྔགས་མཐར། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾཿ ཞེས་དྲག་ཏུ་བརྗོད་པས་དབབ། ཏིཥྛ་བཛྲ། ཞེས་བརྗོད་པས་བརྟན་པར་བྱས་པའི་མོས་པ་མཛོད། ཐོད་བུམ་ཐོགས་ལ། མཁའ་དབྱིངས་ཁྱབ་པའི་ལྷ་ཚོགས་རྣམས་ཀྱིས་རང་བྱུང་བདེ་སྐྱོང་གི་བུམ་པ་ཐོགས་ཏེ་དབང་བསྐུར་བར་གྱུར། ཨཱོྃ༔ བདེ་ཆེན་བདུད་རྩིའི་ཐོད་པ་ལ༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་རྫོགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྣང་སྟོང་བདེ་མཆོག་མངོན་འགྱུར་ཤོག༔ སྔགས་མཐར༔ ཀ་ལ་ཤ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ལྷ་ཚོགས་རྣམས་འོད་དུ་ཞུ་བའི་མཁའ་སྦྱོར་གསང་བའི་བདུད་རྩི་ལྕེ་ཐོག་ཏུ་བཞག་པར་གྱུར། ཨཱ༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས༔ འོད་ཞུ་བྱང་སེམས་བདུད་རྩིའི་བཅུད༔ རིགས་ཀྱི་བུ་ལ་སྦྱིན་པ་ཡིས༔ གསལ་སྟོང་དགོངས་པ་མངོན་གྱུར་ཤོག༔ གུ་ཧྱ་ཛྙཱ་ན་ཨ་མྲྀཏ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ བདུད་རྩི་སྦྱིན། རྗེས་འབྲེལ་བཟླས་ལུང་སྦྱིན་པ་ནི། དཔོན་སློབ་གཉིས་ཀའི་ཐུགས་རིན་ཆེན་ཟུར་དྲུག་མཆོང་གུར་ལྟ་བུའི་ཉི་ཟླའི་གྭའུའི་ནང་བྃ་ཡིག་སྔགས་ཕྲེང་བཅས་གསལ་བ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཕྲེང་བྱུང་། ཞལ་ནས་ཐོན་ཁྱེད་རང་གི་ཞལ་དུ་ཞུགས། ཐུགས་སྲོག་གི་མཐར་འཁོད་པའི་མོས་པས་བསྙེན་སྔགས་འདིའི་རྗེས་ཟློས་མཛོད། བསྙེན་སྔགས་ལན་གསུམ། སླར་ཡང་ཁྱེད་རང་གི་ཙིཏྟ་རིན་ཆེན་ཟུར་དྲུག་པའི་དབུས་ཉི་ཟླའི་གྭའུའི་ནང་བྃ་ཡིག་དང་རྩིབས་ལ་ཡི་གེ་ཨེ་ཡཾ་ཧཾ་ལཾ་རཾ་ཧཱུྃ་འབྲུ་དྲུག་གིས་མདུན་ནས་གཡས་སྐོར་དུ་མཚན་པ། སྔགས་བཟླས་པའི་རྐྱེན་གྱིས་ཚོགས་དྲུག་གི་རྣམ་རྟོག་ཡེ་ཤེས་དྲུག་གི་ངོ་བོར་ཤར་ཞིང་རབ་འབྱམས་ཞིང་གི་ཌཱ་ཀི་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བས། བདེ་བ་ཆེན་པོའི་གཟི་བྱིན་ལྷག་པར་འབར་ཏེ་ཐམས་ཅད་བདུད་རྩིར་ཞུ་ནས་བདག་ལ་ཐིམ་པས། བྱིན་རླབས་ནུས་སྟོབས་མཆོག་ཏུ་འབར་བར་བསམ་ལ་སྒྲུབ་པའི་སྔགས་ཀྱི་རྗེས་ཟློས་མཛོད། སྒྲུབ་སྔགས་ལན་གསུམ། ལས་སྦྱོར་གྱི་བཟླས་པའི་སླད་དུ་སླར་ཡང་འོད་ཟེར་འཕྲོས། ལས་བྱེད་མཁའ་འགྲོ་གསུམ་གྱི་ཐུགས་རྒྱུད་བསྐུལ། དེ་ལས་རང་འདྲ་མཁའ་ཁྱབ་ཏུ་འཕྲོས། རྒྱལ་བ་སྲས་བཅས་ལ་མཆོད་པ་ཕུལ། བདེ་བ་ཆེན་པོའི་དངོས་གྲུབ་བསྡུས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྣམས་འོད་ཟེར་བདུད་རྩིའི་རྣམ་པས་བསྡུས་པ་རང་ལ་ཐིམ་པར་བསམ་ལ་ལས་སྦྱོར་གྱི་སྔགས་འདིའི་རྗེས་ཟློས་མཛོད། ལས་སྔགས་ལན་གསུམ། ཤམ་བུ་བཏགས་པ་ལན་གཅིག་རྗེས་ཟློས་བྱར་གཞུག །དེང་ཕྱིན་ཆད་བསྙེན་སྒྲུབ་ལས་སྦྱོར་གྱི་བཟླས་པ་ཆུ་བོའི་རྒྱུན་ལྟར་གྱིས་ཤིག །སིནྡྷུ་རའི་མཎྜལ་ཕྱག་ཏུ་གཏད་ཅིང་ཐིག་ལེ་སྙིང་གར་བཀོད་པ་དང་ཤེས་རབ་རྣམ་ཐར་གསུམ་ལྡན་དབྱིངས་ཀྱི་ཆུ་སྐྱེས་ལ་བརྟེན་པའི་དགའ་བཞིའི་ཡེ་ཤེས་མངོན་དུ་བྱས་པའི་མོས་པ་མཛོད། ཧཱུྃ༔ རྣམ་ཐར་གསུམ་ལྡན་དགའ་བ་བཞི༔ མཚོན་བྱེད་རྟགས་ཀྱི་མཎྜལ་ལ༔ རིགས་ཀྱི་བུ་ལ་གཏད་པ་ཡིས༔ མི་རྟོག་ཡེ་ཤེས་ཉམས་མྱོང་ཤོག༔ སིནྡྷུ་ར་མཎྜ་ལ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ལག་ཏུ་གཏད་ཅིང་སྙིང་གར་ཐིག་ལེ་བྱ། དེ་ནི་མཚོན་བྱེད་དཔེ་ཡི་ཡེ་ཤེས་ཡིན་ལ་མཚོན་བྱ་དོན་གྱི་ཡེ་ཤེས་བདེ་གསལ་མི་རྟོག་དབྱེར་མེད་པ་ཟུང་འཇུག་ཤིན་ཏུ་རྣམ་པར་དག་པའི་ངང་དུ་མཉམ་པར་ཞོག་མཛོད། དེའི་དོན་རྡོ་རྗེའི་ཚིག་གིས་ངོ་སྤྲད་པ་ནི། ཧོ༔ བདེ་གསལ་མི་རྟོག་དབྱེར་མེད་པ༔ ཟུང་འཇུག་ཤིན་ཏུ་རྣམ་དག་ངང༔ རིགས་ཀྱི་བུ་ལ་བྱིན་བརླབས་པས༔ ཀློང་ལྔའི་ཡེ་ཤེས་མཐར་ཕྱིན་ཤོག༔ ཛྙཱ་ན་དྷཱ་ཏུ་ཨ་ཨ་ཨ༔ དེ་རྣམས་ཀྱིས་སྒོ་གསུམ་དང་ཁམས་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་སྦྱངས། དབྱིངས་ཕྱུག་རྡོ་རྗེ་ཕག་མོའི་གསང་བ་གསུམ་ཡེ་ཤེས་རྡོ་རྗེ་དང་བཅས་པའི་བྱིན་རླབས་ཐོབ། ས་འོག་ས་སྟེང་མཁའ་སྤྱོད་ཀྱི་གནས་གསུམ་གྱི་མཁའ་འགྲོའི་ཚོགས་དང་སྐལ་བ་མཉམ་པར་བྱས། སྐུ་བཞིའི་ས་བོན་ཐེབ་པ་ཡིན་ནོ། །བྱིན་རླབས་དངོས་གྲུབ་བརྟན་པར་བྱ་བའི་སླད་དུ་བླ་མ་དང་དབྱིངས་ཡུམ་རྡོ་རྗེ་ཕག་མོའི་ལྷ་ཚོགས་རྣམས་ཀྱིས་ཤིས་པ་བརྗོད་པར་གྱུར། བཀྲ་ཤིས་བརྗོད། དེ་ལྟར་བསྒྲུབས་པའི་དགོས་པ་དང་ཕན་ཡོན་ཡང་། གཞུང་རྩ་བ་ལས། དེ་ལྟ་བུ་ཡི་དབང་མཆོག་འདི༔ དགོངས་པ་མངོན་གྱུར་སློབ་དཔོན་གྱིས༔ སྣོད་དང་སྐལ་ལྡན་སློབ་མ་ལ༔ ཚུལ་བཞིན་སྨིན་པའི་དབང་བསྐུར་བས༔ རྩ་ཁམས་རླུང་ལ་བྱིན་ཕེབས་ནས༔ བདེ་གསལ་མི་རྟོག་དབྱེར་མེད་པའི༔ ཀློང་ཆེན་ཀུན་ཏུ་བཟང་མོའི་དབྱིངས༔ སྐུ་དང་ཡེ་ཤེས་མྱུར་འགྲུབ་འགྱུར༔ དེ་ཕྱིར་ཤིན་ཏུ་གཅེས་པར་ཟུངས༔ ཞེས་གསུངས་པ་བཞིན་མཁའ་འགྲོའི་ཟབ་དབང་བྱིན་རླབས་ཁྱད་པར་དུ་འཕགས་པ་ལེགས་པར་གྲུབ་པ་ཡིན་པས་རང་བཞིན་ལྟ་བའི་དམ་ཚིག་ལས་མི་འདའ་ཞིང་། ཁྱད་པར་གྱི་སྤྱོད་པ་དམ་ཚིག་སྤྱི་དང་བྱེ་བྲག་མཁའ་འགྲོ་དགོས་ཀྱི་དམ་ཚིག་རྣམས་ལས་ཀྱང་འདའ་བར་མི་བགྱིད་དོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་ཡོན་འབུལ་དགེ་བསྔོ་རྣམས་བྱའོ།། །།རྗེས་རིམ་ནི། སློབ་དཔོན་གྱིས་ཚོགས་ལ་རོལ་བ་སོགས་རྗེས་ཀྱི་ལས་རིམ་རྣམས་བྱའོ། ཁྱབ་བདག་རྡོ་རྗེ་བཙུན་མོ་ཡི། །བྱིན་རླབས་བདུད་རྩིའི་ཟིལ་མངར་ནི། །སྙིང་གི་པདྨོར་བྲན་པ་ལས། །བྱུང་བའི་ཚིག་དོན་སྦྲང་རྩི་འོ། །ནང་སྐོར་མཁའ་འགྲོའི་དབང་གི་ལེ་ཚན་ནོ།། །། ༄༅། །བཅུ་གཅིག་པ་གསང་སྐོར་བླ་མ་རིག་འཛིན་ཡོངས་རྫོགས་ཀྱི་སྤྱི་དང་བྱེ་བྲག་ཁྱད་པར་གྱི་དབང་ལ། སྦྱོར་བ་ཡོ་བྱད་ཀྱི་བཤམ་ནི། འདིའི་རས་བྲིས་འོད་ལྔའི་དཀྱིལ་འཁོར་རམ་མེད་ན་མཎྜལ་དབུས་སུ་ཚོམ་བུ་གཅིག་དང་ཕྱོགས་བཞིར་བཞི། དེའི་ཕྱི་རོལ་དུ་བརྒྱད་བཀོད་པའི་ཁར་མཉྫིའི་སྟེང་རྣམ་བུམ་སོ་ལྔའི་བཅུད་ལྡན། ཕྱོགས་བཞིར་རིག་དབང་ལྔའི་ཆས། མདུན་དུ་གསང་སྐོར་རིག་འཛིན་བཅུ་དྲུག་གི་སྐུ་ཙཀ །མཐའ་སྐོར་གང་བདེར་སྔགས་ཕྲེང་། མེ་ལོང་དང་རྡོ་རྗེ། མངའ་གསོལ་ཆས། རྡོར་དྲིལ། རྒྱུད་ཀྱི་གླེགས་བམ། དར་གྱི་ཆས་གོས། སྣ་ཚོགས་རྡོ་རྗེ། གསང་ཐོད། རིག་མ། ཤེལ་རྡོ། མེ་ལོང་དང་རྨ་བྱའི་མདོངས། ཚེ་འབྲང་། ཚེ་རིལ་ཆང་། ཚེ་མདའ། བཀྲ་ཤིས་རྫས་རྟགས་སྣ་བདུན། ཁྱད་པར་བྱིན་རླབས་ལ་གསང་སྐོར་རིག་འཛིན་བཅུ་གསུམ་གྱི་སྐུ་ཙཀ །གཞན་ཡང་མིག་དར། མེ་ཏོག །ཕྱི་ནང་གི་མཆོད་ཚོགས་རྣམས་འདུ་བྱའོ། །དབང་དོན་སྒྲུབ་མཆོད་ནི། སྔོན་རྗེས་རྣམས་གསང་སྐོར་ཡི་དམ་ཁྲོ་བྱང་གི་ཁྲིགས་ལྟར་ལ། མངོན་རྟོགས་དང་བཟླས་པ་རྣམས་གསང་སྐོར་བླ་མའི་སྒྲུབ་ཐབས་ལྟར་བྱ། བུམ་བཟླས་ཟུར་དུ་སྤྲོ་ན་དམིགས་བཟླས་འོད་ཞུ་སྤྱི་ཁྱབ་ལྟར་དང་། ལས་བུམ་རྡོར་སེམས་སྙིང་པོས་བརླབ། སྲུང་མའི་གཏོར་ཆོག་དང་། ཚོགས་མཆོད། རིག་མེ་དོར་བ་བཅས་གྲུབ་ནས།། །།དངོས་གཞི་དབང་ལ། སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་བསྐྲད། སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་གདབ་ལ། མཚམས་སྦྱོར་གྱི་ཁྱད་པར། དེ་ལ་འདིར་བདེ་བར་གཤེགས་པ་ཐམས་ཅད་ཀྱི་དགོངས་པའི་ཞེ་ཕུགས། རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་གསེང་ལམ། མ་ཡེ་ཤེས་ཀྱི་ཌཱ་ཀི་བྱེ་བ་འབུམ་གྱི་ཐུགས་ཁྲག་འོད་གསལ་རྫོགས་པ་ཆེན་པོ་ལ་དབྱེ་ན། ཨ་ཏི་བཀོད་པ་ཆེན་པོ་ལས། ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་བྲལ་ལ་མན་ངག་སྡེ། །ཞེས་གསུངས་པ་ལྟར་གསུམ་དུ་དབྱེ་བ་དེ་ཐམས་ཅད་ཀྱང་། ནམ་མཁའ་ཆེ་ལས། རང་བྱུང་ཡེ་ཤེས་རྩོལ་མེད་ལས། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །ཞེས་པ་ལྟར་རྩོལ་མེད་ཀྱི་ལམ་ཡིན་པར་གཅིག་ཀྱང་། གསང་བ་མན་ངག་གི་སྡེས་རིག་པ་རང་གནས་ཀྱི་ཡེ་ཤེས་རྗེན་གཅེར་དུ་སྟོན་པས་ཁྱད་པར་དུ་འཕགས་པའི་གསང་སྐོར་ལ་བཀའ་གཏེར་ཇི་སྙེད་ཅིག་བཞུགས་པ་ལས། འདིར་མཐོང་བས་བྱིན་རླབས་ཀྱི་བབ་དང་ལྡན་པ། ཐོས་པས་ངན་སོང་གི་སྐྱེ་སྒོ་འགག་པ། ཚུལ་བཞིན་ཉམས་སུ་བླངས་པས་ཚེ་འདིར་སངས་རྒྱས་འཇའ་ལུས་འཕོ་བ་ཆེན་པོའི་གྲུབ་མཐའ་སྙོགས་པ། གླེགས་བམ་ལ་རེག་པ་ཙམ་གྱིས་ཀྱང་ཐར་པའི་ས་བོན་ཐེབས་ངེས་པའི་ཟབ་ཆོས་བྱིན་རླབས་ཀྱི་ཚན་ཁ་ཁྱད་པར་དུ་འཕགས་པའི་རྫོགས་པ་ཆེན་པོའི་ཆོས་སྡེ་ལས། སྐབས་སུ་བབས་པ་འདི་ནི་གཞི་ལམ་འབྲས་གསུམ་གྱི་ཆོས་ཐམས་ཅད་ཀ་དག་དང་ལྷུན་གྲུབ་དབྱེར་མེད་པའི་དོན་རང་གི་མཚན་ཉིད་སྤང་གཉེན་གཉིས་ཀའི་མཐའ་ལས་གྲོལ་བ་གསང་བ་ཟབ་པ་མན་ངག་གི་སྡེ། ཡིད་དཔྱོད་ཀུན་ལས་འདས་ཤིང་ཆོས་ཅན་གྱི་སྣང་བ་ཐམས་ཅད་ཆོས་ཉིད་ཀ་དག་ཡོངས་གྲོལ་ཆེན་པོར་སྡུད་པས་ཁྱད་པར་དུ་འཕགས་པ། གནད་ཐོག་ཏུ་ཕེབས་པའི་མེ་བཙའ་ལྟ་བུ་གསང་བ་སྙིང་ཁྲག་གམ་སྲོག་གི་དྭངས་མ་དང་འདྲ་བ་རྒྱུད་ཆེན་བཅུ་བདུན་སོགས་ཀྱིས་བསྟན་དོན། བི་མ་དང་པད་འབྱུང་། བཻ་རོ་གསུམ་གྱི་བཀའ་སྲོལ་ལས་བྱུང་བ་བཀའ་གཏེར་དག་སྣང་གི་བབ་སོ་ཟབ་རྒྱས་མཐའ་ཀླས་པ་བཞུགས་པ་ལས། འདི་ནི་མངའ་བདག་ཆོས་རྒྱལ་ཡབ་སྲས་ཀྱི་རྣམ་འཕྲུལ་རིག་འཛིན་རྩལ་འཆང་རྣམ་གཉིས་ཀྱིས་ཟབ་མོ་གཏེར་ལས་སྤྱན་འདྲེན་པར་མཛད་པའི་ཟབ་ཆོས་བཻ་རོའི་ཐུགས་ཏིག་གི་གསང་སྐོར་མན་ངག་གི་སྡེའི་བླ་མ་རིག་འཛིན་ཡོངས་རྫོགས་ཀྱི་དབང་བསྐུར་ཞེས། སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝས་རྒྱ་གར་ནས་དཀའ་བ་དུ་མ་སྤྱད་དེ། ཟག་མེད་ཡེ་ཤེས་ཀྱི་སྐུ་ཅན་གྱི་སློབ་དཔོན་མང་པོ་མཉེས་པ་གསུམ་གྱིས་བསྟེན་ནས་ཐེག་མཆོག་རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག་གསན་པའི། བླ་མ་ཡོངས་རྫོགས་འདུས་པའི་གསེང་ལམ་གྱི་དབང་བསྐུར་ཟབ་མོ་བསྒྲུབ་པར་བགྱི་བ་ལ་བདག་ཉིད་ཀྱིས་བགྱི་འོས་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དཀྱིལ་འཁོར་ཕྱི་ནང་དུ་འཇུག་པའི་ཆོས་རྣམས་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་ཕུལ། སྔོན་ཆད་རང་རིག་བླ་མའི་དཀྱིལ་འཁོར་མ་མཐོང་བའི་བརྡར་མིག་དར་འཆིང་བ་ཞུ། ཨཱོྃ་ཨཱཿཧཱུྃ། ཡེ་ཤེས་ཀྱི་ལྷ་དང་མཇལ་བའི་ཕྱག་རྟེན་དུ་ཨཱ་ཁཾ་ཝཱི་ར་ཧཱུྃ་ལས་སྐྱེས་པའི་མེ་ཏོག་གཏད་པར་གྱུར། ཨཱ་ཁཾ་ཝཱི་ར་ཧཱུྃ། ཐལ་མོ་མེ་ཏོག་དང་བཅས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བརྒྱུད་གསུམ་རྒྱལ་བ་རིག་འཛིན་དང༔ དབྱེར་མེད་རྡོ་རྗེ་སློབ་དཔོན་གྱིས༔ བདག་ལ་བརྩེ་བས་ཉེར་དགོངས་ནས༔ སྨིན་གྲོལ་དབང་མཆོག་བསྩལ་དུ་གསོལ༔ ལན་གསུམ། གསང་བ་མཆོག་གི་ལམ་གྱི་སྣོད་དང་ལྡན་མི་ལྡན་བརྟག་པའི་དྲི་བ་བྱ་བ་ནི། རིག་འཛིན་ཡོངས་རྫོགས་དཀྱིལ་འཁོར་འདིར༔ འཇུག་པའི་སྐལ་ལྡན་རེ་རེ་ཙམ༔ རྒྱུད་སྦྱང་དམ་ཚིག་སྡོམ་པ་གཟུང༔ ཚུལ་བཞིན་སྒྲུབ་ལ་བརྩོན་ནུས་སམ༔ ཞེས་དྲིས་པས་སློབ་མས་བཀའ་བཞིན་སྒྲུབ་པར་ཁས་བླངས་ཏེ་ལན་གསོལ་བ་འདིའི་རྗེས་ཟློས། ཇི་ལྟར་བཀའ་བསྩལ་བདག་གིས་བགྱིད༔ ངེས་པར་རྗེས་སུ་གཟུང་མཛད་གསོལ༔ དེ་ནས་རྒྱུད་སྦྱོང་བའི་སླད་དུ་ཚོགས་གསག་པ་ལ་དམིགས་འདུན་འདི་ལྟར་མཛོད། ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་དབྱིངས་ནི་སངས་རྒྱས་ཀུན་གྱི་དགོངས་པ་སྟེ་དེ་ཉིད་དོན་དམ་ཆོས་སྐུའི་བླ་མ་མཆོག་གསུམ་ཡང་ཡིན་པས་དེ་རང་ལ་ཡེ་ནས་འདུ་འབྲལ་མེད་པར་བཞུགས་པ་ངོ་ཤེས་པའི་ཕྱིར། ཀུན་རྫོབ་གཟུགས་སྐུའི་བླ་མ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་མཆོག་གསུམ་ཀུན་འདུས་སུ་ཤེས་པའི་ཡིད་ཆེས་དད་པས་བདེན་གཉིས་དབྱིངས་རིག་དབྱེར་མེད་ཀྱི་སྐྱབས་འགྲོ་འདིའི་རྗེས་ཟློས། དབྱིངས་ཉིད་རྣམ་དག་སོགས་ལན་གསུམ། འགྲོ་ཀུན་གདོད་ནས་ཆོས་ཉིད་ཀྱི་ཀློང་དུ་ཡེ་སངས་རྒྱས་ཀྱང་དེ་ལྟར་མ་རྟོགས་ཨ་འཐས་སུ་ཞེན་པས། མེད་སྣང་སྲིད་པར་འཁྲུལ་པས་གདུང་བའི་ཡིད་ཅན་ཀུན་རང་བྱུང་རང་གསལ་གྱི་ངང་དུ་བསྒྲལ་ཕྱིར་ཕྱོགས་རིས་མེད་པའི་སེམས་བསྐྱེད་ཀྱི་གཡར་དམ་གཟུང་བ་འདིའི་རྗེས་ཟློས། ཨེ་མ་ཧོ་རང་རིག་སོགས་ལན་གསུམ། དབྱིངས་རིག་གསལ་ཁྱབ་ཆེན་པོར་གསག་སྦྱང་གཉིས་མེད་བསལ་བཞག་དང་བྲལ་བའི་དགོངས་ཀློང་མཆོག་ལ་རྗེས་སུ་འདུན་པས་དོན་དམ་པའི་ཡན་ལག་བདུན་པ་འདིའི་རྗེས་ཟློས། ནམ་མཁའ་ལྟ་བུའི་སོགས་ལན་གསུམ། སྤྱི་དང་ཁྱད་པར་གྱི་དམ་ཚིག་དང་སྡོམ་པ་རྣམས་གཟུང་སྙམ་པས་འདིའི་རྗེས་ཟློས། ཧོ༔ བདེ་བར་གཤེགས་པ་ཁྱེད་ཅི་འདྲ༔ དེ་འདྲ་ཁོ་ནར་བདག་གྱུར་ཅིག༔ སྤྲུལ་སྐུའི་སྟོན་པས་བཤད་པ་ཡི༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ ལོངས་སྐུའི་སྟོན་པས་བཤད་པ་ཡི༔ རིགས་ལྔའི་སྡོམ་པ་མ་ལུས་གཟུང༔ ཁྱད་པར་རིག་འཛིན་ཡོངས་རྫོགས་ཀྱི༔ ཉི་ཤུ་ལྔ་དང་བྱེ་བྲག་ཏུ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམས༔ ཇི་ལྟར་བསྟན་པ་བདག་གིས་གཟུང༔ སྲོག་གི་ཕྱིར་ཡང་མི་གཏོང་ན༔ རིག་འཛིན་རིག་མཆོག་བསྩལ་དུ་གསོལ༔ ཞེས་པས་ཁས་བླང་དུ་འཇུག །དམ་ལ་གཞག་པ་ནི། རྡོ་རྗེ་ཕྲེང་བ་མགོ་བོར་བཞག་ལ། ང་ནི་སངས་རྒྱས་ཀུན་བདག་ཉིད༔ ཧེ་རུ་ཀཿདཔལ་བླ་ན་མེད༔ ཤྲཱི་སིཾ་ཧ་ང་ཡིན་གྱིས༔ ང་ལ་བརྙས་པར་མ་བྱེད་ཅིག༔ རྡོ་རྗེ་ཕྲེང་བ་སྙིང་གར་བཞག་ལ། ང་ནི་བླ་མ་ཀུན་ཏུ་བཟང༔ ཁྱོད་ཀྱིས་བཀའ་ཡང་མི་གཅོག་ཅིང༔ བདེ་གཤེགས་རིགས་ཀྱིས་བཤད་པའི་ཆོས༔ བཤད་ཀྱིས་ཐེ་ཚོམ་མ་ཟ་ཞིག༔ དམ་ཆུ་བདུད་རྩི་སྦྱིན་ལ། འདི་ནི་ངོ་བོ་དམ་ཚིག་ཆུ༔ ཡེ་ཤེས་བསྐྱེད་ཕྱིར་སྦྱིན་པ་ཡིན༔ དམ་བསྲུངས་དངོས་གྲུབ་འདིས་ཐོབ་བྱེད༔ མ་བསྲུང་ལྕགས་ཀྱི་སྡིག་པར་འགྱུར༔ སྲོག་གཅོད་དམྱལ་བ་ཆེན་པོར་ལྟུང༔ དམ་སྲུང་རྡོ་རྗེའི་ཆུ་འདི་ཐུངས༔ དེ་ལྟར་བྱིན་པའི་དམ་ཚིག་རྡོ་རྗེའི་ཆུ་སྙིང་ལ་བསྟིམས་ཏེ་མི་འདའ་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ཨཱོྃ་བཛྲ་ས་མ་ཡ་ཨི་དན་ན་ར་ཀན༔ དེ་ནས་དབང་གི་གཞི་སྒྲུབ་པ་ཡེ་ཤེས་དབབ་པའི་སླད་དུ་དམིགས་པ་འདི་ལྟར་གསལ་ཐོབས་ཤིག །འཁོར་འདས་སྣོད་བཅུད་སྟོང་པར་ཐིམ༔ སྟོང་པའི་རང་མདངས་འགགས་མེད་རྩལ༔ སེང་ཁྲི་པད་ཉི་ཟླ་བའི་སྟེང༔ སློབ་མ་འཇིགས་མེད་ཤྲཱི་སིཾ་ཧ༔ དམར་སྨུག་ཤིན་ཏུ་བརྗིད་པའི་སྐུ༔ རྣལ་འབྱོར་བརྟུལ་ཞུགས་སྤྱོད་པའི་ཚུལ༔ ཁྲོ་འཛུམ་གཟི་བྱིན་རབ་ཏུ་འབར༔ ཡེ་ཤེས་ལྟ་སྟངས་དབྱིངས་ལ་གཟིགས༔ ཕྱག་གཡས་ལྕགས་ཀྱུའི་ཕྱག་རྒྱ་ཡིས༔ འཁོར་འདས་ཀུན་གྱི་དྭངས་མ་བསྡུས༔ གཡོན་པའི་བདེ་སྐྱོང་སྣོད་དུ་བསྐྱིལ༔ མེ་ཏོག་ཕྲེང་བས་ཐོད་བཅིངས་ཤིང༔ ཐོད་སྐམ་ཅོད་པན་འཁོར་ལོ་སོགས༔ རིན་ཆེན་རུས་པའི་རྒྱན་གྱིས་བརྒྱན༔ དར་གྱི་ན་བཟའ་སྟག་ཤམ་གསོལ༔ ཞབས་ཟུང་གཡོན་བརྐྱང་ཕྱེད་སྐྱིལ་བཞུགས༔ སྤྱི་བོར་ཆོས་སྐུ་ཀུན་ཏུ་བཟང༔ མཐིང་གསལ་མཉམ་གཞག་ཡུམ་དང་འཁྲིལ༔ མགྲིན་པར་རྡོར་སེམས་ཡབ་ཡུམ་དཀར༔ རྡོ་རྗེ་དྲིལ་འཛིན་ལོངས་སྐུའི་ཆས༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི༔ དགའ་རབ་རྡོ་རྗེ་སྤྲུལ་སྐུའི་ཚུལ༔ མཉམ་གཞག་སྐྱིལ་ཀྲུང་མཚན་དཔེ་འབར༔ དེ་ལྟར་གསལ་བའི་གནས་གསུམ་རྡོ་རྗེ་གསུམ་གྱི་ཡི་གེས་མཚན་པ་དང་། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་ཀྱང་འོད་ཟེར་འཕྲོས་པས་ཡེ་ཤེས་པ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ་ཁྱེད་རང་ལ་ཐིམ་པའི་མོས་པ་མཛོད། རྩ་སྔགས་མཐར། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཛཿཧཱུྃ་བཾ་ཧོཿ མང་དུ་བརྗོད་པས་དབབ། ཡེ་ཤེས་པ་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ་ཞེས་བརྟན་པར་བྱ། ཚོམ་བུ་འདུ་བྱས་ལ། སློབ་དཔོན་གྱིས། རིག་འཛིན་ཡོངས་རྫོགས་ཕོ་བྲང་དུ༔ རིག་པའི་མེ་ཏོག་འདྲེས་མེད་དོར༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ ཡེ་ཤེས་ལྷ་ལ་འབབ་པར་འགྱུར༔ ཁྱེད་རང་རྣམས་ལ་སྔར་བྱིན་པའི་མེ་ཏོག་དེ་ཉིད་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་དོར་བའི་མོས་པས་འདིའི་རྗེས་ཟློས། ཧོ༔ རིག་འཛིན་རོལ་པའི་དཀྱིལ་འཁོར་འདིར༔ སྙིང་པོའི་ཡེ་ཤེས་བརྟག་བྱའི་ཕྱིར༔ རིག་པའི་མེ་ཏོག་འདི་འབུལ་གྱིས༔ ལས་འཕྲོའི་དབང་གིས་བཞེས་སུ་གསོལ༔ པུཥྤེ་པྲ་ཏཱིཙྪ་ཧོ༔ ཞེས་འདོར་དུ་གཞུག །རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གཙོ་དང་འཁོར་དུ་སྣང་བ་ཐམས་ཅད་ཀྱང་དཔལ་མགོན་རིག་འཛིན་བླ་མ་ཡེ་ཤེས་ཀྱི་སྐུ་ཅན་ཤྲཱི་སིཾ་ཧའི་ཡེ་ཤེས་ལྔའི་རོལ་རྩལ་བརྒྱུད་གསུམ་རིག་འཛིན་བླ་མའི་བདག་ཉིད་རྣམ་པ་ཐམས་ཅད་པའི་རང་བཞིན་ཁོ་ན་ཡིན་པས། ཁྱེད་རང་རྣམས་ཀྱི་གསང་བའི་མཚན་རིགས་མཆོག་འདུས་པ་རྩལ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་མེ་ཏོག་ཕུལ་པ་དེ་ཉིད་ཀྱང་རིགས་ཀྱི་རྟགས་སུ་བྱིན་གྱིས་བརླབས་ཏེ་རྡོ་རྗེའི་ཅོད་པན་དུ་བཅིངས་པར་མོས་ཤིག །ཧཱུྃ༔ མི་གནས་ཡེ་ཤེས་དཀྱིལ་འཁོར་དུ༔ རིག་པའི་མེ་ཏོག་ཕུལ་པ་འདི༔ བྱིན་རླབས་བསམ་མི་ཁྱབ་པར་ཟུངས༔ དངོས་གྲུབ་ཐམས་ཅད་འདིས་ཐོབ་ཤོག༔ པུཥྤེ་གྲྀཧྞ་སཏྭཾ་ཨི་མཾ་སཏྭ་མ་ཧཱ་བཱ་ལ༔ ཞེས་མེ་ཏོག་སྤྱི་བོར་གཞག །སྒྲིབ་པས་ལྡོངས་པའི་མིག་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བསྐལ་སྔོན་བསྒྲིབས་པའི་མ་རིག་མིག༔ ཐབས་མཁས་རྒྱལ་པོ་རིག་འཛིན་ཆེས༔ མྱུར་བ་ཉིད་དུ་དབྱེ་བ་དང༔ ཡེ་ཤེས་དཀྱིལ་འཁོར་བསྟན་དུ་གསོལ༔ ལྷན་སྐྱེས་མ་རིག་པའི་སྒྲིབ་གཡོགས་ཡེ་ཤེས་རིག་པའི་ཐུར་མས་བསལ་བར་མོས་ཤིག །ཅེས་གསེར་ཐུར་ཐོགས་ལ། སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱིས༔ འགྲོ་བའི་མིག་ནི་དབྱེ་བར་མཛད༔ སངས་རྒྱས་ས་ལ་བཀོད་པ་བཞིན༔ དེང་འདིར་རིག་པ་འཛིན་བདག་གིས༔ མ་རིག་མིག་ནི་དབྱེ་བར་བྱ༔ ཙཀྵུ་པྲ་བེ་ཤ་ཡ་ཕཊ྄༔ ཅེས་མིག་དར་བསལ། ཧོ༔ ལྟོས་ཤིག་སྐལ་པ་ཅན་རྣམས་ལྟོས༔ རིག་འཛིན་ཡོངས་རྫོགས་དཀྱིལ་འཁོར་འདི༔ སྐད་ཅིག་མཐོང་བ་ཙམ་གྱིས་ཀྱང༔ སྒྲིབ་པ་དག་སྟེ་ཡེ་ཤེས་མཐོང༔ ཧོ༔ རིག་འཛིན་རོལ་པའི་ཕོ་བྲང་དང་ཡེ་ཤེས་ཀྱི་བུམ་པ་དབྱེར་མེད་པའི་ནང་དུ༔ བདེ་གཤེགས་ཀུན་འདུས་འཇིགས་མེད་ཤྲཱི་སིཾ་ཧ་དང་བརྒྱུད་གསུམ་རིག་འཛིན་རྒྱ་མཚོའི་ཚོགས་རྣམས་གཙོ་འཁོར་གྱི་ཚུལ་དུ་བཞུགས་པ་འདི་ནི་མཚན་མ་རྫས་དང་ཏིང་འཛིན་སྤྲུལ་པའི་དཀྱིལ་འཁོར་དབྱེར་མེད་ཡིན་ཞིང༔ འདི་མཚོན་བྱེད་དེ༔ མཚོན་བྱ་དོན་གྱི་དཀྱིལ་འཁོར་རང་གི་སེམས་ཉིད་བརྒྱུད་གསུམ་རིག་འཛིན་བླ་མའི་བདག་ཉིད་ཆེན་པོར་རྫོགས་པའི་རང་བཞིན་དུ་ངོ་ཤེས་པར་གྱིས་ཤིག༔ ཅེས་ལྷ་ངོ་བསྟན། དེ་དག་གི་དཀྱིལ་འཁོར་ཕྱི་ནང་གི་འཇུག་པ་སོང་ནས། མངོན་པར་དབང་བསྐུར་བ་ཞུ་བའི་སླད་དུ་མཎྜལ་ཕུལ། གཉིས་པ་དབང་དངོས་ལ། བུམ་དབང་རྗེས་འབྲེལ་བཅས་སྤྱི་དང་། བྱེ་བྲག་གསང་བ། ཤེར་ཡེ། ཚིག་དབང་། མཐའ་རྟེན་བཀྲ་ཤིས་ཚེ་ཡི་དབང་དང་། ཁྱད་པར་བླ་མའི་བྱིན་རླབས་ཟབ་མོ་རྣམས་སུ་ཡོད་པ་ལས། དེ་ལ་ཐོག་མར་སྤྱི་དབང་བུམ་པའི་དབང་རྗེས་འབྲེལ་དང་བཅས་པ་རྣམས་ཞུ་བའི་ཡོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ རིག་འཛིན་ཡོངས་རྫོགས་དཀྱིལ་འཁོར་འདིར༔ ཞུགས་ཀྱང་སྨིན་པར་མཛད་དུ་གསོལ༔ སྨིན་ཅིང་གྲོལ་བ་མཐར་ཕྱིན་ཞིང༔ མི་གནས་ཀློང་དུ་སྐྱེལ་བར་མཛོད༔ ལན་གསུམ། དེ་ལ་ཐོག་མར་བུམ་དབང་འཁོར་དང་བཅས་པ་ལ་སངས་རྒྱས་རིགས་ལྔའི་ངོ་བོ་རིག་པའི་དབང་ལྔ། རྗེས་འབྲེལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྗེས་གནང་སྦྱིན་པ་རྣམས་སུ་ཡོད་པ་ལས། དང་པོ་ཆུ་ཡི་དབང་གི་སླད་དུ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་རིག་འཛིན་ཡོངས་རྫོགས་ཀྱི་ལྷ་ཚོགས་རྣམས་བཞུགས་པའི་སྐུ་ལས་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་བྱུང་བས་སྒྲིབ་པའི་འཆིང་བ་གཏོར་ཞིང་ཡེ་ཤེས་ཀྱི་བཅུད་བླུགས་པར་མོས་ཤིག །ཧཱུྃ༔ དབྱིངས་ཀྱི་བུམ་པར་རིག་པའི་བཅུད༔ ཟུང་འཇུག་རིག་འཛིན་རོལ་པའི་ལྷ༔ གཉིས་མེད་མཉམ་སྦྱོར་བདུད་རྩི་མཆོག༔ ཡེ་ཤེས་ཆུ་ཡི་དབང་བསྐུར་རོ༔ ཀ་ལ་ཤཿཨ་བྷི་ཥིཉྩ་ཧཱུྃ༔ ཡེ་ཤེས་རྡོ་རྗེའི་ཅོད་པན་དབུ་ལ་བཅིངས་པས་རིགས་ཐམས་ཅད་ཀྱི་རྒྱལ་སྲིད་ལ་མངའ་དབང་བསྒྱུར་བར་མོས་ཤིག །རིན་ཆེན་འབར་བའི་པྲོག་ཞུ་འདི༔ རྒྱལ་བ་ཀུན་དང་མཉམ་པ་ཡི༔ གོ་འཕང་བླ་མེད་བསྒྲུབ་བྱའི་ཕྱིར༔ དབང་བསྐུར་ཅོད་པན་ཆེན་པོ་འོ༔ རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཏྲཱཾ༔ མི་འགྱུར་རྡོ་རྗེ་རྩེ་ལྔ་ཕྱག་གཡས་སུ་གཏད་པས་ཐབས་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་བདག་ཉིད་ཆེན་པོར་གྲུབ་པར་མོས་ཤིག །སངས་རྒྱས་རིགས་ལྔའི་ཡེ་ཤེས་ལྔས༔ དུག་ལྔ་རྣམ་པར་གཞོམ་པའི་ཕྱིར༔ མི་འགྱུར་རྡོ་རྗེ་བླ་ན་མེད༔ སངས་རྒྱས་རྡོ་རྗེའི་དབང་བསྐུར་རོ༔ བཛྲ་དྷཱ་ར་ཨ་དྷི་པ་ཏི་བཛྲ་ཨ་བྷི་ཥིཉྩ་ཧྲཱི༔ ལས་ཀྱི་དྲིལ་བུ་ཕྱག་གཡོན་དུ་གཏད་པས་ཤེས་རབ་སྟོང་ཉིད་གཞོམ་མེད་ཆོས་ཀྱི་སྒྲས་འགྲོ་ཁམས་སད་པར་བྱེད་པའི་མཐུ་ཐོབ་པར་མོས་ཤིག །ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང༔ རྗེས་སུ་འགྲོ་བའི་ཤེས་རབ་མཆོག༔ མ་རིག་སད་པའི་དྲིལ་བུ་ཆེ༔ ཀརྨ་གཎྜེ་ཨ་བྷི་ཥིཉྩ་ཨཱ༔ མིང་གི་དབང་བསྐུར་བས་རྡོ་རྗེའི་མཚན་གྱིས་ས་གསུམ་དུ་གྲགས་པའི་དབང་ཐོབ་པར་མོས་ཤིག །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེའི་མིང་ནི་བླ་ན་མེད༔ ས་གསུམ་ཀུན་ཏུ་གྲགས་པ་ཡི༔ རིག་འཛིན་འདུས་པ་རྩལ་ཞེས་བྱའོ༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཤྲཱི་བིདྱཱ་དྷཱ་ར་ཡཱ་མི་ཨ་བྷི་ཥིཉྩ་ཨཱོྃ༔ དེ་དག་གིས་མ་རིག་པ་ལས་གྱུར་པའི་སྒྲིབ་པ་ལྔ་དག །རིག་པ་ཡེ་ཤེས་ལྔའི་ས་བོན་གསོས་བཏབ་པས་རིག་པའི་དབང་ཞེས་བྱའོ། །དེ་ནས་དེའི་རྗེས་འབྲེལ་དུ། སྐུ་ཕྱག་རྒྱའི་དབང་བསྐུར་བ་ལ་མདུན་བསྐྱེད་རིག་འཛིན་རོལ་པའི་ལྷ་ཚོགས་གཙོ་འཁོར་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་སྣང་བརྙན་གཉིས་པ་རེ་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་གནས་རྣམས་སུ་ཐིམ་པར་མོས་ཤིག །རིག་འཛིན་སོ་སོའི་སྐུ་ཙཀ་གིས་དབང་བསྐུར་ཏེ། ཧཱུྃ༔ ཆོས་སྐུའི་སྟོན་མཆོག་འོད་མི་འགྱུར༔ ཀུན་ཏུ་བཟང་པོ་ཡབ་ཡུམ་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གཟུང་འཛིན་དབྱིངས་སུ་ཐིམ་པར་ཤོག༔ ཨཱོྃ་གུ་རུ་ས་མནྟ་བྷ་དྲ་ཨ་བྷི་ཥིཉྩ་ཨཱོྃ༔ ཨཱ༔ ལོངས་སྐུའི་སྟོན་མཆོག་དཀྱིལ་འཁོར་བདག༔ རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རིག་པའི་ཡེ་ཤེས་རང་སྣང་ཤོག༔ ཨཱོྃ་གུ་རུ་བཛྲ་སཏྭ་ཨ་བྷི་ཥིཉྩ་ཨཱོྃ༔ ཨཱོྃ༔ སྤྲུལ་སྐུའི་སྟོན་པ་རིག་འཛིན་གཙོ༔ དགའ་རབ་དགྱེས་པ་རྡོ་རྗེ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡོངས་རྫོགས་མཆོག་གི་དབང་ཐོབ་ཤོག༔ ཨཱོྃ་གུ་རུ་པྲ་ཧེ་བཛྲ་ཨ་བྷི་ཥིཉྩ་ཨཱོྃ༔ ཧྲཱི༔ སྐུ་གསུམ་དབྱེར་མེད་ཧེ་རུ་ཀ༔ འཇིགས་མེད་ཤྲཱི་སིཾ་ཧ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རིག་རྩལ་དབང་མཆོག་ཐོབ་པར་ཤོག༔ ཨཱོྃ་གུ་རུ་ཤྲཱི་སིཾ་ཧ་ཨ་བྷི་ཥིཉྩ་ཨཱོྃ༔ ཧྲཱི༔ རྒྱུད་ལུང་མན་ངག་ཀུན་གྱི་བདག༔ རྒྱལ་ཆེན་ཨིནྡྲ་བྷཱུ་ཏི་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གླེགས་བམ་དབང་མཆོག་ཐོབ་པར་ཤོག༔ ཨཱོྃ་གུ་རུ་ཨིནྡྲ་བྷཱུ་ཏི་ཨ་བྷི་ཥིཉྩ་ཨཱོྃ༔ ཧྲཱི༔ རྩ་གསུམ་རྒྱ་མཚོའི་ཁྱབ་བདག་ཆེ༔ འཆི་མེད་པདྨ་འབྱུང་གནས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རབ་འབྱམས་དབང་མཆོག་ཐོབ་པར་ཤོག༔ ཨཱོྃ་གུ་རུ་པདྨ་སཾ་བྷ་ཝ་ཨ་བྷི་ཥིཉྩ་ཨཱོྃ༔ ཧྲཱི༔ པཎ་གྲུབ་ལྔ་བརྒྱའི་གཙུག་གི་རྒྱན༔ སློབ་དཔོན་བི་མ་མི་ཏྲ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ བཤེས་གཉེན་དབང་མཆོག་ཐོབ་པར་ཤོག༔ ཨཱོྃ་གུ་རུ་བི་མ་ལ་མི་ཏྲ་ཨ་བྷི་ཥིཉྩ་ཨཱོྃ༔ ཧྲཱི༔ སྣང་བཞི་མཐར་ཕྱིན་ཡེ་ཤེས་སྐུ༔ པཎ་ཆེན་ཛྙཱ་ན་སཱུ་ཏྲ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དགོངས་ཀློང་དབང་མཆོག་ཐོབ་པར་ཤོག༔ ཨཱོྃ་གུ་རུ་ཛྙཱ་ན་སཱུ་ཏྲ་ཨ་བྷི་ཥིཉྩ་ཨཱོྃ༔ ཧྲཱི༔ ཡང་དག་གྲུབ་པའི་ཐིག་ལེའི་སྐུ༔ སློབ་དཔོན་རྡོ་རྗེ་ཧཱུྃ་ཀཱ་རས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ མེ་ལོང་ཡེ་ཤེས་མངོན་གྱུར་ཤོག༔ ཨཱོྃ་གུ་རུ་ཧཱུྃ་ཀཱ་ར་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེ་དངོས༔ སློབ་དཔོན་ཁྲག་འཐུང་ནག་པོ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ མཉམ་ཉིད་ཡེ་ཤེས་མངོན་གྱུར་ཤོག༔ ཨཱོྃ་གུ་རུ་ཧེ་རུ་ཀཿཀཱ་ལ་ཨ་བྷི་ཥིཉྩ་ཨཱོྃ༔ ཧྲཱི༔ དབང་ཆེན་རྟ་མཆོག་རོལ་པའི་གར༔ སློབ་དཔོན་ནཱ་གརྫུ་ནཿཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སོར་རྟོག་ཡེ་ཤེས་མངོན་གྱུར་ཤོག༔ ཨཱོྃ་གུ་རུ་ནཱ་གཱརྫུ་ནཿཨ་བྷི་ཥིཉྩ་ཨཱོྃ༔ ཧྲཱི༔ ཕྲིན་ལས་ལྷ་དང་གཉིས་སུ་མེད༔ སློབ་དཔོན་པྲ་ཆེན་ཧསྟི་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ བྱ་གྲུབ་ཡེ་ཤེས་མངོན་གྱུར་ཤོག༔ ཨཱོྃ་གུ་རུ་པྲ་བྷཱ་ཧསྟི་ཨ་བྷི་ཥིཉྩ་ཨཱོྃ༔ ཧྲཱི༔ སྲིད་པ་མ་མོའི་འཁོར་ལོས་སྒྱུར༔ སློབ་དཔོན་དྷ་ན་སཾསྐྲྀཏས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཀློང་གྱུར་ཡེ་ཤེས་མངོན་གྱུར་ཤོག༔ ཨཱོྃ་གུ་རུ་དྷ་ན་སཾསྐྲྀཏ་ཨ་བྷི་ཥིཉྩ་ཨཱོྃ༔ ཧྲཱི༔ རིག་འཛིན་ཌཱ་ཀིའི་འཁོར་ལོས་སྒྱུར༔ མཁའ་འགྲོ་ལས་ཀྱི་དབང་མོ་ཆེས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཕྱག་རྒྱའི་ཡེ་ཤེས་མངོན་གྱུར་ཤོག༔ ཨཱོྃ་གུ་རུ་ཀརྨ་ཨིནྡྲ་ཎཱི་ཨ་བྷི་ཥིཉྩ་ཨཱོྃ༔ ཧྲཱི༔ དྲེགས་པ་ཟིལ་གནོན་སྟོབས་ཀྱི་བདག༔ སློབ་དཔོན་རམྦི་གུ་ཧྱ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དབྱིངས་གྲོལ་ཡེ་ཤེས་མངོན་གྱུར་ཤོག༔ ཨཱོྃ་གུ་རུ་རམྦི་གུ་ཧྱ་ཨ་བྷི་ཥིཉྩ་ཨཱོྃ༔ ཧྲཱི༔ དྲག་སྔགས་དམོད་པའི་འཁོར་ལོས་སྒྱུར༔ སློབ་དཔོན་ཤཱནྟིཾ་གརྦྷ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ མཐའ་གྲོལ་ཡེ་ཤེས་མངོན་གྱུར་ཤོག༔ ཨཱོྃ་གུ་རུ་ཤཱནྟིཾ་གརྦྷ་ཨ་བྷི་ཥིཉྩ་ཨཱོྃ༔ ལྷ་དང་དབྱེར་མེད་རིག་འཛིན་རོལ་པའི་སྐུ་ཕྱག་རྒྱའི་དབང་བསྐུར་པས༔ དེང་ཕྱིན་ཆད་འདི་ལྟར་སྣང་ཞིང་བཏགས་པའི་ཆོས་ཐམས་ཅད་སྐུ་རྡོ་རྗེ་སྣང་སྟོང་ཟུང་འཇུག་གི་ཡེ་ཤེས་ཆེན་པོ་རང་ཤར་དུ་འཆར་བར་གྱུར་ཅིག༔ གསུང་བཟླས་པའི་ལུང་གི་སླད་དུ། ཁྱེད་རང་གི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཐུགས་མཆོང་གུར་སྨུག་པོའི་ཀློང་དུ་ཉི་ཟླའི་གྭའུའི་དབུས་སུ་ཧྲཱིཿདམར་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་དང་། བླ་མ་དཀྱིལ་འཁོར་པའི་ལྷ་ཚོགས་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་གཉིས་པ་འཕྲོས། ཞལ་ནས་ཐོན་ཁྱེད་རང་གི་ཞལ་དུ་ཞུགས་ཐུགས་སྲོག་གི་མཐར་འཁོད་པ་དང་། དེ་ལས་འོད་ཟེར་འཕྲོས་རྩ་གསུམ་རྒྱལ་བ་རབ་འབྱམས་དང་རིག་འཛིན་བླ་མ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། གསང་བ་གསུམ་གྱི་བྱིན་རླབས་ལྷ་སྔགས་ཕྱག་མཚན་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པར་མོས་ལ་བསྙེན་སྔགས་འདིའི་རྗེས་ཟློས། བསྙེན་སྔགས་ལན་གསུམ་དང་། སླར་ཡང་ཐུགས་སྲོག་གི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་སྤྲོ་བསྡུས་སྐུ་གསུམ་གྱི་སྟོན་པ་འཁོར་དང་བཅས་པའི་ཐུགས་རྒྱུད་བསྐུལ། གསང་བ་གསུམ་གྱི་བྱིན་རླབས་འོད་ཟེར་གྱི་རྣམ་པས་སྣོད་བཅུད་ཐ་མལ་གྱི་གཟུང་འཛིན་སྦྱངས། དག་པ་རབ་འབྱམས་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོར་སད་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མཆོག་ཏུ་བརྟན་ཅིང་ནུས་ལྡན་དུ་བྱས་པས། དངོས་གྲུབ་རྣམ་པ་གཉིས་ལ་དབང་ཐོབ་པར་བསམ་ལ་སྒྲུབ་སྔགས་འདིའི་རྗེས་ཟློས་ལན་གསུམ་བཟླ། སླར་ཡང་འོད་ཟེར་འཕྲོས་རང་གཞན་གྱི་བླ་ཚེ་ཆད་ཉམ་ཡར་པ་ཐམས་ཅད་དང་འཁོར་འདས་ཀྱི་དྭངས་བཅུད་བསྡུས། ཐུགས་སྲོག་ལ་ཐིམ་པས་ཚེ་བསོད་རྒྱས། དབྱིངས་རིག་དབྱེར་མེད་ཡེ་ཤེས་རྡོ་རྗེའི་སྲོག་འགྲུབ་པར་མོས་ལ་ལས་སྦྱོར་ཚེ་སྔགས་འདིའི་རྗེས་ཟློས། ལན་གསུམ་བྱ། དེ་བརྟན་པར་བྱ་བའི་ཕྱིར་སྔགས་ཕྲེང་མགྲིན་པར་བཞག་ལ། ཨཱ༔ རིག་འཛིན་རོལ་པའི་ལྷ་ཚོགས་ཀྱི༔ བསྙེན་སྒྲུབ་ལས་སྦྱོར་རྡོ་རྗེའི་སྔགས༔ རིགས་ཀྱི་བུ་ལ་སྦྱིན་པ་ཡིས༔ གྲགས་སྟོང་རང་གྲོལ་དབང་ཐོབ་ཤོག༔ ཨཱོྃ་སརྦ་མ་ཧཱ་གུ་རུ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ སྔགས་དང་དབྱེར་མེད་པའི་རིག་འཛིན་རོལ་པའི་གསུང་བཟླས་པའི་དབང་བསྐུར་པས༔ དེང་ཕྱིན་ཆད་འདི་ལྟར་སྒྲར་སྣང་ཞིང་གྲགས་པའི་ཆོས་ཀུན་གསུང་རྡོ་རྗེ་གྲགས་སྟོང་ཟུང་འཇུག་གི་ཡེ་ཤེས་ཆེན་པོ་རང་ཤར་དུ་འཆར་བར་གྱུར་ཅིག༔ ཐུགས་ཀྱི་དབང་གི་སླད་དུ་རང་རིག་དུས་གསུམ་འགྱུར་མེད་ཁྱབ་གདལ་ཆེན་པོའི་དགོངས་པའི་ངང་དུ་བཞག་པ་དང་། དེ་མཚོན་བྱེད་རྡོ་རྗེ་སེམས་དཔའི་མེ་ལོང་གི་བརྡས་མཚོན་ཏེ། མེ་ལོང་དུ་རྡོ་རྗེ་ཤར་བ་བསྟན་ལ། ཧཱུྃ༔ མི་འགྱུར་སྟོང་ཉིད་རྡོ་རྗེའི་དབྱིངས༔ རིག་པ་མེ་ལོང་གཟུགས་བཞིན་སྣང༔ ཟུང་འཇུག་བརྡ་ཡི་དབང་བསྐུར་བས༔ དབྱེར་མེད་ངེས་དོན་རྟོགས་པར་ཤོག༔ ཨཱོྃ་སརྦ་མ་ཧཱ་གུ་རུ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཆོས་ཉིད་བསམ་གྱིས་མི་ཁྱབ་པ་དང་དབྱེར་མེད་པ་རིག་འཛིན་རོལ་པའི་ཐུགས་དགོངས་པའི་དབང་བསྐུར་པས༔ དེང་ཕྱིན་ཆད་འདི་ལྟར་གཟུང་ཞིང་འཛིན་པའི་ཆོས་ཀུན་ཐུགས་རྡོ་རྗེ་རིག་སྟོང་ཟུང་འཇུག་གི་ཡེ་ཤེས་ཆེན་པོ་རང་ཤར་དུ་འཆར་བར་གྱུར་ཅིག༔ དེ་ནས་གཞུང་ལས། ཡོན་ཏན་ཡོངས་རྫོགས་ཆུ་བོ་བཞིན༔ རྡོ་རྗེ་སློབ་དཔོན་དབང་བསྐུར་ཕྱིར༔ སློབ་མ་སེང་གེའི་ཁྲི་ལ་བཞག༔ གདུགས་དང་རྒྱལ་མཚན་བ་དན་འཕྱར༔ མཆོད་པའི་སྤྲིན་གྱིས་མདུན་བདར་ཏེ༔ སོ་སོའི་རྫས་ཀྱིས་དབང་བསྐུར་བྱ༔ ཞེས་གསུངས་པ་ལྟར་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རིག་འཛིན་བླ་མའི་རྡོ་རྗེ་སློབ་དཔོན་གྱི་གོ་འཕང་མཆོག་ལ་འགོད་པ་ཡོན་ཏན་ཡོངས་རྫོགས་ཀྱི་དབང་གི་ཆུ་བོ་བཞིན་བྱིན་རླབས་འཕོ་བའི་དབང་བསྐུར་བའི་ཕྱིར་དུ། ཁྱེད་རང་རྣམས་སངས་རྒྱས་ཐམས་ཅད་ཀྱི་གསང་བ་ཡོངས་སུ་རྫོགས་པ་རིག་པ་རྩལ་གྱི་དབང་ཐོབ་པ་སྣང་སྲིད་ཟིལ་གནོན་རིག་འཛིན་ཆེན་པོ་ཤྲཱི་སིཾ་ཧའི་གསང་གསུམ་དང་གཉིས་སུ་མེད་པའི་བདག་ཉིད་དུ་གྱུར་པ་རྡོ་རྗེ་རིན་པོ་ཆེ་འཁོར་འདས་ཟིལ་གནོན་གྱི་སེང་གེའི་ཁྲི་བརྩེགས་པ་ལ་འཁོད་པའི་སྟེང་དུ་གདུགས་དཀར་པོ་དབུབ། གཡས་གཡོན་རྒྱལ་མཚན་དང་བ་དན་བསྒྲེང་། ཕྱག་ཏུ་རྡོ་རྗེ་དྲིལ་བུ། ཕྱག་ཤིང་ཆོས་དུང་དཀར་པོ་རྣམས་གཏད། ནམ་མཁའ་གང་བའི་དབང་གི་ལྷས་དཀྱིལ་འཁོར་རབ་འབྱམས་ཀྱི་ལྷ་ཚོགས་ཆར་བབ་པ་ལྟར་སྤྲོས་ནས་ཁྱེད་རང་ལ་ཐིམ་པས་བྱིན་རླབས་ཡེ་ཤེས་ཀྱི་གཟི་བྱིན་འབར། བཀྲ་ཤིས་པའི་ལྷ་མོ་རྣམས་ཀྱིས་མཆོད་པའི་བྱེ་བྲག་འབུལ་ཞིང་རོལ་མོའི་སྒྲ་སྒྲོག །རྒྱལ་བ་སྲས་དང་བཅས་པས་ཤིས་པའི་མེ་ཏོག་འཐོར་ཞིང་མངའ་གསོལ་བའི་མོས་པ་མཛོད་ཅིག །དེ་དག་དངོས་སུ་བྱ་བའམ་བྲིས་པའི་གཟུགས་བརྙན་གཏད་ཅིང་ལྷ་ཙཀ་ཡོངས་རྫོགས་སྦམས་པ་སྤྱི་བོར་བཞག་ལ། དཔོན་སློབ་གཉིས་ཀས་དམིགས་པ་དེ་ལྟར་གསལ་གདབ་ལ། ཨཱོྃ༔ རང་སྣང་རྣམ་དག་ཡེ་ཤེས་ཕོ་བྲང་ཆེར༔ སེང་ཁྲི་པདྨ་ཉི་ཟླའི་གདན་སྟེང་དུ༔ སློབ་མ་རིགས་འདུས་ཤྲཱི་སིཾ་ཧ་རྩལ༔ དཀྱིལ་འཁོར་རྒྱ་མཚོའི་བདག་པོར་བཞུགས་པ་ཡི༔ སྟེང་དུ་གདུགས་ཕུབ་གཡས་གཡོན་རྒྱལ་མཚན་འཕྱར༔ དམ་ཚིག་གསུམ་ལྡན་རྡོ་རྗེ་དྲིལ་བུ་འཁྱུད༔ ཡེ་ཤེས་དཀྱིལ་འཁོར་རབ་འབྱམས་ཐམས་ཅད་ཀྱི༔ ཡི་དམ་ལྷ་དང་དབྱེར་མེད་དབང་བསྐུར་བས༔ དགོངས་པ་མི་འགྱུར་ལྷ་ཚོགས་རང་ལ་རྫོགས༔ རིག་རྩལ་རོལ་པ་དོན་གྱི་དབང་ཐོབ་ནས༔ ཀུན་བཟང་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག༔ ཨཱོྃ་བཛྲ་མ་ཧཱ་གུ་རུ་སརྦ་མཎྜ་ལ་ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ དེས་ཡི་དམ་ལྷ་ཡིས་སྐུ་རྡོ་རྗེ་དཀྱིལ་འཁོར་ཀུན་གྱི་བདག་པོར་དབང་བསྐུར་ནས། དབང་གི་ལྷ་ཚོགས་རྣམས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་བདག་ཉིད་རྒྱུད་ལུང་མན་ངག་གི་གླེགས་བམ་མགྲིན་པར་བཞག་པས། གསང་བ་རྒྱ་མཚོའི་མཛོད་གསུམ་བཤད་སྒྲུབ་བྱེད་པ་ལ་དབང་ཞིང་ཞི་ཁྲོ་རྒྱལ་བ་རབ་འབྱམས་ཀྱི་གསུང་རྡོ་རྗེའི་བྱིན་རླབས་དབང་གི་སྐལ་ལྡན་དུ་གྱུར་པར་བསམ་ལ། རྒྱུད་ལུང་མན་ངག་གི་གླེགས་བམ་གཏད་དེ། ཨཱ༔ རྒྱུད་ལུང་མན་ངག་དམ་པའི་མཛོད་གསུམ་གྱི༔ ཆོས་བཀའ་གཏད་པ་གླེགས་བམ་དབང་བསྐུར་བས༔ ལུང་བསྟན་རྡོ་རྗེའི་ཡེ་ཤེས་རྒྱུད་ལ་ཤར༔ རབ་འབྱམས་ཆོས་སྒོ་འབྱེད་པའི་དབང་ཐོབ་ཤོག༔ ཨཱཿསརྦ་ཏནྟྲ་དྷརྨ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེས་པུསྟི་གླེགས་བམ་གྱི་དབང་གིས་གསུང་རྡོ་རྗེ་གསང་བ་ཀུན་གྱི་མངའ་བདག་ཏུ་དབང་བསྐུར་ནས། ཐེག་པ་གསུམ་གྱི་ལམ་གྱི་ཡོན་ཏན་མཐའ་དག་རྫོགས་པའི་རྣམ་ཐར་གྱི་ཐུགས་ཡོངས་འཛིན་དགེ་བའི་བཤེས་གཉེན་གྱི་དབང་གིས་མདོ་སྔགས་བསྟན་པ་ཀུན་གྱི་བདག་པོར་མངའ་གསོལ་བར་མོས་ཤིག །གུ་རུའི་སྐུ་ཆས་རྣམས་ཀྱིས་མངའ་གསོལ་བའི་ཚུལ་གྱིས། ཧཱུྃ༔ ཆོས་གོས་རྣམ་གསུམ་དར་དང་རིན་ཆེན་རྒྱན༔ བེར་ཕོད་པདྨའི་སྙན་ཞུས་མངའ་གསོལ་བས༔ སྡོམ་པ་གསུམ་ལྡན་སྡེ་སྣོད་རྒྱུད་སྡེའི་བདག༔ དགེ་བའི་བཤེས་གཉེན་དབང་མཆོག་ཐོབ་པར་ཤོག༔ ཧཱུྃ་མ་ཧཱ་ཨཱ་ཙཱརྻ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་དགེ་བའི་བཤེས་གཉེན་གྱི་དབང་སོ་བྱང་སྔགས་ཀྱི་བསླབ་པ་མཐར་ཕྱིན་པ་སྤྱོད་པའི་དབང་གིས་ཐུགས་རྡོ་རྗེ་རིག་པ་འཛིན་པའི་ཆེ་མཆོག་ཏུ་མངའ་གསོལ་ནས། ཡོན་ཏན་དོན་གཉིས་ལྷུན་གྲུབ་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་རྒྱལ་ཐབས་སྤྱི་བླུགས་རིག་པ་རྩལ་གྱི་དབང་གི་སླད་དུ། གདན་གསུམ་ཡོངས་རྫོགས་ཀྱི་འཁོར་ལོས་རིན་པོ་ཆེའི་བུམ་པ་བདེ་ཆེན་ཡེ་ཤེས་ཀྱི་བདུད་རྩིས་གཏམས་པས་དབང་བསྐུར་བས་ཡེ་ཤེས་རྡོ་རྗེ་ཡོན་ཏན་གྱི་དབང་ཐོབ་པར་གྱུར། རྣམ་རྒྱལ་བུམ་པའི་དབང་བསྐུར་ལ། ཧོ༔ བཀྲ་ཤིས་བུམ་པ་ལྷ་ཡི་གཞལ་ཡས་ཁང༔ རྩ་གསུམ་འོད་ཞུ་བདེ་ཆེན་བདུད་རྩིས་བལྟམས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡོན་ཏན་ཡོངས་རྫོགས་མཆོག་གི་དབང་ཐོབ་ཤོག༔ ཨཱོྃ་ཨཱཿཧཱུྃ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཨ་བྷི་ཥིཉྩ་ཧོ༔ བྲལ་བ་དང་རྣམ་པར་སྨིན་པ་དང་དབྱེར་མེད་རིག་འཛིན་རོལ་པའི་ཡོན་ཏན་གྱི་དབང་བསྐུར་པས༔ དེང་ཕྱིན་ཆད་འདི་ལྟར་སྣང་བའི་ཡུལ་ཐམས་ཅད་ཡོན་ཏན་རྡོ་རྗེ་གསལ་སྟོང་ཟུང་འཇུག་གི་ཡེ་ཤེས་ཆེན་པོར་ལྷུན་གྱིས་གྲུབ་པར་གྱུར་ཅིག༔ དེ་ལྟར་ཡོན་ཏན་ཡོངས་རྫོགས་དབང་གི་ཆུ་བོ་བཞིན་རྫོགས་པར་ཐོབ་པས། སླར་ཡང་བདག་དོན་དུ་ཉན་སྒོམ་སྒྲུབ་པ། གཞན་དོན་དུ་འཆད་སྤེལ་གྱི་ཕྲིན་ལས་དང་། གཉིས་དོན་དུ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་ཐམས་ཅད་རྫོགས་པར་བྱས་པས། དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོའི་རྒྱལ་ཐབས་ལ་སྤྱོད་པའི་འགྲོ་འདུལ་ཕྲིན་ལས་ཀྱི་དབང་ཐོབ་པར་མོས། ཞི་ཁྲོའི་སྐུ་བགྲང་ཕྲེང་གླེགས་བམ་སྣ་ཚོགས་རྡོ་རྗེ་རྣམས་དངོས་སམ་ཙཀ་ལི་གཏད་ལ། ཧཱུྃ༔ རྩ་གསུམ་ལྷ་སྒོམ་རྩེ་གཅིག་སྒྲུབ་པ་དང༔ གཞན་དོན་འཆད་ཕྲིན་རབ་འབྱམས་དབང་བསྐུར་བས༔ རྒྱལ་བའི་གདུང་འཚོབ་འགྲོ་བའི་ཁ་ལོ་སྒྱུར༔ དོན་གཉིས་ལྷུན་གྲུབ་ཕྲིན་ལས་མཐར་ཕྱིན་ཤོག༔ ཨཱོྃ་ཨཱཿཧཱུྃ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཀརྨ་ཨ་བྷི་ཥིཉྩ་ཨཱོྃ༔ དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་མཛད་པ་དང་དབྱེར་མེད་པ་རིག་འཛིན་རོལ་པའི་ཕྲིན་ལས་ཀྱི་དབང་བསྐུར་པས༔ དེང་ཕྱིན་ཆད་བྱེད་སྤྱོད་ཐམས་ཅད་ཕྲིན་ལས་རྡོ་རྗེ་ཚོར་སྟོང་ཟུང་འཇུག་གི་ཡེ་ཤེས་ཆེན་པོ་རང་ཤར་དུ་སྣང་བར་གྱུར་ཅིག༔ ཧོ༔ བཀྲ་ཤིས་བུམ་པ་འཁོར་དང་བཅས་པའི་དབང་བསྐུར་པས༔ སློབ་མ་ཐམས་ཅད་ལྷ་རུ་འགྱུར་ཞིང་ལྷ་ཐམས་ཅད་སྣང་སྟོང་གི་ཡེ་ཤེས་སུ་རྟོགས་པར་གྱུར་ཅིག༔ རྗེས་སུ་རྟོགས་བརྗོད་སྨོན་ལམ་གདབ་ཅིང་ཤིས་པ་བརྗོད་པ་ནི། ཧོ༔ སྐུ་གསུམ་སྟོན་པ་བླ་མ་རིག་འཛིན་ཡོངས་རྫོགས་ཀྱི་ཕྱི་མཚན་མའི་དཀྱིལ་འཁོར་དུ༔ སྤྲོས་བཅས་བུམ་པའི་དབང་བསྐུར་པས་སྐལ་ལྡན་རིག་པ་འཛིན་པ་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཐ་མལ་སྣང་ཞེན་གྱི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག༔ ལམ་སྣང་སྲིད་གཞིར་བཞེངས་རང་བྱུང་གི་དཀྱིལ་འཁོར་སྒོམ་པ་ལ་དབང༔ འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག༔ ཅེས་མེ་ཏོག་འཐོར་ཞིང་བཀྲ་ཤིས་ཅི་རིགས་བརྗོད་ལ་རོལ་མོ་བྱའོ།། །།གཉིས་པ་བྱེ་བྲག་གི་དབང་རིམ་བཞི་ལས་དང་པོ། གསང་དབང་ནི། བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་སེམས་སངས་རྒྱས་ཐམས་ཅད་ཞུ་བའི་ངོ་བོ་བདུད་རྩི་མྱོང་བས་བདེ་གསལ་གྱི་ཡེ་ཤེས་མངོན་དུ་འབར་བར་མོས་ཤིག །ཐོད་པའི་བདུད་རྩི་སྦྱིན་ལ། ཧཱུྃ༔ དབྱིངས་ཀྱི་བྷནྡྷ་ཡངས་པ་རུ༔ རིག་པ་བདེ་སྟོང་ལྷ་ཚོགས་སྦྱོར༔ ཟུང་འཇུག་བདེ་ཆེན་བདུད་རྩིའི་དབང༔ བདེ་ཆེན་ཡོངས་སུ་བསྐྱེད་ཕྱིར་བསྐུར༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ བདེ་བ་ཆེན་པོ་བྱང་ཆུབ་སེམས་ཀྱི་བདུད་རྩིས་དབང་བསྐུར་པས་ཕུང་ཁམས་ཐམས་ཅད་ལྷར་དག་སྟེ་བདེ་གསལ་ཡེ་ཤེས་མངོན་དུ་འབར་བར་གྱུར་ཅིག༔ གསང་དབང་གི་རྟོགས་བརྗོད་སྨོན་ལམ་ནི། ཧོ༔ སྐུ་གསུམ་སྟོན་པ་བླ་མ་རིག་འཛིན་ཡོངས་རྫོགས་ཀྱི་ལུས་ཀྱི་དཀྱིལ་འཁོར་དུ༔ སྤྲོས་མེད་གསང་བའི་དབང་བསྐུར་པས་སྐལ་ལྡན་རིག་པ་འཛིན་པ་རྣམས་ཀྱི་ངག་རླུང་འཕོ་བཅས་ཀྱི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག༔ ལམ་གསལ་སྟོང་བདག་བྱིན་རླབས་ཀྱི་རིམ་པ་སྒོམ་པ་ལ་དབང༔ འབྲས་བུ་གསུང་རྡོ་རྗེ་ལོངས་སྐུ་འགྲུབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག༔ ཅེས་བརྗོད། གཉིས་པ་ཤེར་དབང་ནི། དཀྱིལ་འཁོར་པའི་ཐུགས་ཀ་ནས་རིག་མ་ཡུམ་གྱི་ངོ་བོ་སྤྲོས་ཏེ་ཁྱེད་རང་དང་འདུ་ཤེས་གསུམ་ལྡན་གྱིས་སྦྱོར་བས། བདེ་ཆེན་ཡེ་ཤེས་ཀློང་དུ་གྱུར་པར་མོས་ཤིག །རིག་མའི་གཟུགས་བརྙན་ནམ་དྲིལ་བུ་གཏད་ལ། ཧཱུྃ༔ བཀྲ་ཤིས་མཚན་ལྡན་གཟུངས་མ་འདི༔ བསྟེན་ན་བདེ་བ་ཆེན་པོ་རྟོགས༔ འདི་སྤངས་སངས་རྒྱས་ཐོབ་འདོད་མིན༔ བདེ་ཆེན་ངལ་མེད་རྟག་ཏུ་རོལ༔ མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ བདེ་སྐྱེད་ཡུམ་གྱི་དབང་བསྐུར་པས་རྟོག་ཚོགས་ཐམས་ཅད་བདེ་བ་ཆེན་པོར་དག་སྟེ༔ བདེ་ཆེན་ཡེ་ཤེས་ཀློང་དུ་འབར་བར་གྱུར་ཅིག༔ ཤེར་དབང་གི་རྟོགས་བརྗོད་སྨོན་ལམ་ནི། ཧོ༔ སྐུ་གསུམ་སྟོན་པ་བླ་མ་རིག་འཛིན་ཡོངས་རྫོགས་ཀྱི་གསང་བ་བྷ་གའི་དཀྱིལ་འཁོར་དུ༔ ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པས་སྐལ་ལྡན་རིག་པ་འཛིན་པ་རྣམས་ཀྱི་ཡིད་ཐིག་ལེའི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག༔ ལམ་གཞན་ལུས་ཕོ་ཉའི་རྣལ་འབྱོར་སྒོམ་པ་ལ་དབང༔ འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་འགྲུབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག༔ ཅེས་བརྗོད། གསུམ་པ་ཚིག་དབང་ནི། ཀ་དག་ཁྲེགས་ཆོད་མཚོན་པ་རྡོ་རྗེ་སེམས་དཔའི་མེ་ལོང་གི་བརྡ་ལ་བརྟེན་ནས། རིག་སྟོང་ཡེ་ཤེས་ཀྱི་རྟོགས་པ་མངོན་དུ་གྱུར་པར་མོས་ཤིག །ཤེལ་རྡོ་ཐོགས་ལ། ཧཱུྃ༔ སེམས་ཉིད་མ་བཅོས་ཀ་ནས་དག༔ སྟོང་གསལ་རང་བྱུང་ཡེ་ཤེས་རྩལ༔ ལྷུན་གྱིས་གྲུབ་པ་མེ་ལོང་བཞིན༔ རིག་རྩལ་མཆོག་གི་དབང་ཐོབ་ཤོག༔ དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨཱ༔ ཧོ༔ རྡོ་རྗེ་སེམས་དཔའི་མེ་ལོང་གི་དབང་བསྐུར་པས༔ མི་གནས་ཡེ་ཤེས་ཀྱི་རྟོགས་པ་མངོན་དུ་འགྱུར་བར་གྱུར་ཅིག༔ ལྷུན་གྲུབ་ཐོད་རྒལ་མཚོན་པ་མེ་ལོང་དང་རྨ་བྱའི་མདོངས་སྒྲོའི་བརྡ་ལ་བརྟེན་ནས། དབྱིངས་ཡེ་ཟུང་འཇུག་གི་རྟོགས་པ་མངོན་དུ་གྱུར་པར་མོས་ཤིག །མེ་ལོང་དང་རྨ་བྱའི་མདོངས་སྒྲོ་བསྟན་ལ། ཧཱུྃ༔ དབྱིངས་ཀྱི་རང་བཞིན་མེ་ལོང་ལ༔ རྨ་བྱའི་མདོངས་ལྟར་ཅི་ཡང་འཆར༔ རིག་རྩལ་ཟུང་འཇུག་རྩལ་གྱི་དབང༔ ཡང་དག་པར་ནི་རྟོགས་པར་ཤོག༔ དྷརྨ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ རིགས་ཀྱི་བུ་ལ་ཐོད་རྒལ་གྱི་དབང་བསྐུར་པས༔ དབྱིངས་ཡེ་ཟུང་དུ་འཇུག་པའི་རྟོགས་པ་མངོན་དུ་འགྱུར་བར་གྱུར་ཅིག༔ དབང་བཞི་པའི་རྟོགས་བརྗོད་སྨོན་ལམ་ནི། ཧོ༔ སྐུ་གསུམ་སྟོན་པ་བླ་མ་རིག་འཛིན་ཡོངས་རྫོགས་ཀྱི་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ རབ་ཏུ་སྤྲོས་མེད་བཞི་པའི་དབང་བསྐུར་པས་སྐལ་ལྡན་རིག་པ་འཛིན་པ་རྣམས་ཀྱི་སྒོ་གསུམ་སྙོམས་འཇུག་གི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག༔ ལམ་རིག་སྟོང་ཟུང་འཇུག་རྫོགས་པ་ཆེན་པོ་སྒོམ་པ་ལ་དབང༔ འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག༔ ཅེས་བརྗོད། དེ་ནས་མདོ་བྱང་ལས། མཐའ་རྟེན་ཚེ་ཡི་གདམས་པ་གསང་བའི་ལམ༔ ཞེས་གསུངས་པ་ལྟར་བཞི་པ་མཐའ་རྟེན་ཚེ་ཡི་དབང་བསྐུར་བ་ལ། ཚེ་འགུགས་པའི་སླད་དུ་རིག་འཛིན་བླ་མ་རྣམས་ཀྱི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་ལྷ་མོ་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་ལྟར་འཕྲོས་པས་རང་གཞན་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་པ་དང་། འཁོར་འདས་ཀྱི་ཚེ་བཅུད་རྣམས་བསྡུས་ནས་ཁྱེད་རང་དང་སྒྲུབ་པའི་རྫས་ལ་ཐིམ་པར་གྱུར། ཅེས་བརྗོད་ལ་མདའ་དར་གཡབ་ཅིང་། ཧཱུྃ༔ རིག་འཛིན་བླ་མའི་ལྷ་ཚོགས་རྣམས༔ ཐུགས་དམ་ཆེན་པོའི་དུས་ལ་བབ༔ ཚེ་འགུགས་རྡོ་རྗེའི་ཕོ་ཉ་མོ༔ འཁོར་འདས་ཁམས་ཀུན་ཁྱབ་པར་སྤྲོས༔ སྡེ་བརྒྱད་འབྱུང་པོའི་ཚོགས་རྣམས་ཀྱིས༔ བླ་ཚེ་ཕྲོགས་པ་རང་སོར་ཚུད༔ སྣོད་ཀྱི་འབྱུང་བཞིའི་དཔལ་དང་གཡང༔ དྭངས་མ་གཟི་བརྗིད་རྟེན་ལ་སྟིམས༔ བཅུད་ཀྱི་སྐྱེ་འགྲོའི་ཚེ་བསོད་སྟོབས༔ བརྟན་དང་སེམས་དང་དབྱེར་མེད་སྲེས༔ རྩ་གསུམ་རྒྱལ་བའི་ཐུགས་རྗེའི་དབྱིག༔ ཡེ་ཤེས་དབྱིངས་ཀྱི་ཐིག་ལེར་སྡུས༔ མི་འགྱུར་མི་ཤིགས་རྟག་པ་ཡི༔ དངོས་གྲུབ་དམ་པ་བསྩལ་དུ་གསོལ༔ ཨཱོྃ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཞེས་པས་བསྐུལ། ཚེ་ཡི་འབྲང་རྒྱས་རིག་འཛིན་ཚེ་ལྷའི་དཀྱིལ་འཁོར་དུ་གསལ་བ་སྤྱི་བོར་སྤྱན་དྲངས་པས་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། ཧྲཱི༔ ཟླ་གམ་དབང་ཆེན་གཞོན་ནུ་བུམ་སྐུའི་དབྱིངས༔ ཡེ་ཤེས་རང་སྣང་འཆི་མེད་ལྷ་ཚོགས་བཞུགས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཚེ་དང་ཡེ་ཤེས་སྣང་བ་རྒྱས་པར་ཤོག༔ ལས་སྦྱོར་ཚེ་ཡི་སྔགས་ཀྱི་མཐར༔ ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཨཱ་ཡུཿཥེ་ཨ་བྷི་ཥིཉྩ་ཨཱོྃ༔ ཞེས་ཚེ་འབྲང་གི་དབང་བསྐུར། ཐབས་ཤེས་ཀྱི་རྫས་ཚེ་བཅུད་འདུས་པའི་བཟའ་བ་དང་བདུད་རྩིའི་བཏུང་བ་ལག་གཡས་གཡོན་དུ་སྦྱིན་པས། མི་འགྱུར་བདེ་བ་ཆེན་པོ་དང་ཤེས་རབ་སྟོང་ཉིད་ཟུང་དུ་འཇུག་པའི་ཚེ་ལ་མངའ་བརྙེས་པར་མོས་པ་མཛོད། ཚེ་རིལ་ཚེ་ཆང་གཏད་དེ། ཚེ་སྔགས་གོང་བཞིན་བརྗོད། སླར་ཡང་ཚེ་འབྲང་སྤྱི་བོར་བཞག་སྟེ། རིག་འཛིན་ཚེ་ལྷའི་དཀྱིལ་འཁོར་ལྷ་ཚོགས་ལས་རང་འདྲ་གཉིས་པ་མཆེད་དེ་ཁྱེད་རང་ལ་ཐིམ་པའི་མོས་པ་མཛོད། ཛཿཧཱུྃ་བཾ་ཧོཿས་བསྟིམ། རྒྱས་གདབ་པ་ནི། ཧཱུྃ༔ ཚེ་བཅུད་སྙིང་དབུས་རྟེན་ལ་ཐིམ༔ རིག་འཛིན་ཚེ་ཡི་དངོས་གྲུབ་ཐོབ༔ ཡེ་ཤེས་རྡོ་རྗེའི་ཕྱག་རྒྱ་ཡིས༔ རྟག་པ་དམ་པར་རྒྱས་གདབ་བོ༔ ཛྙཱ་ན་བཛྲ་རཀྵ་རཀྵ་ཧཱུྃ༔ མཐའ་རྟེན་དུ་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན་གྱིས་མངའ་གསོལ་བར་མོས། རྫས་བརྒྱད་ཐོགས་ལ། བཅོམ་ལྡན་ཤཱཀྱ་སེང་གེས་བྱིན་བརླབས་པའི། །འཕགས་ལམ་ཡན་ལག་བརྒྱད་ལྡན་བཀྲ་ཤིས་རྫས། །རེག་པས་མི་མཐུན་ཕྱོགས་ཀུན་ཞི་བ་དང་། །དགེ་ལེགས་ཡོན་ཏན་རྟག་ཏུ་འཕེལ་གྱུར་ཅིག །ཨཱོྃ་མངྒ་ལཾ་དྲ་བྱ་ཨ་བྷི་ཥིཉྩ་མི། རྟགས་བརྒྱད་ཐོགས་ལ། བསོད་ནམས་ཡོངས་རྫོགས་སངས་རྒྱས་རྣམས་ཀྱི་མཚན། །རྣམ་ཐར་བརྒྱད་ལྡན་བཀྲ་ཤིས་རྟགས་བརྒྱད་ཀྱིས། །བྱང་ཆུབ་སེམས་མའི་ཚོགས་བཅས་མངའ་གསོལ་བས། །འཇིག་རྟེན་ཀུན་ན་རྟག་ཏུ་བདེ་ལེགས་ཤོག །ཨཱོྃ་ཨཥྚ་མངྒ་ལཾ་ཨ་བྷི་ཥིཉྩ་མི། རྒྱལ་སྲིད་སྣ་བདུན་ཐོགས་ལ། འཕགས་པའི་སར་གནས་འཁོར་ལོས་སྒྱུར་རྣམས་ཀྱི། །བྱང་ཆུབ་ཡན་ལག་བདུན་ལྡན་རིན་ཆེན་གྱིས། །དེང་འདིར་ཉོན་མོངས་དགྲ་ལས་རྣམ་རྒྱལ་ཞིང་། །སྲིད་ཞིའི་དཔལ་གྱིས་འབྱོར་པའི་དབང་བསྐུར་རོ། །ཨཱོྃ་མ་ཧཱ་རཏྣ་ཨ་བྷི་ཥིཉྩ་མི། ཞེས་སྤྱི་འགྲོའི་ཚིག་གིས་སྦྱིན། དེ་རྣམས་ཀྱི་རིག་འཛིན་ཡོངས་རྫོགས་ཀྱི་སྤྱི་དང་བྱེ་བྲག་གི་དབང་རྒྱས་པར་བསྐུར་བ་མཐའ་རྟེན་དང་བཅས་པ་གྲུབ་ནས།། །།ད་ནི་ཁྱད་པར་གྱི་དབང་བསྐུར་དགོངས་པ་མཐར་ཕྱིན་ཞེས། གསང་སྐོར་རིག་འཛིན་བླ་མའི་བྱིན་རླབས་ཁྱད་པར་བ་ཟབ་མོ་སྒྲུབ་པ་སྟེ། དེའང་ཕྱི་སྐོར་བླ་མའི་སྒྲུབ་དབང་ལས། དེ་བཞིན་དུ་སྐོར་གསུམ་བླ་མ་རྣམས་ཀྱི་བྱིན་རླབས་རིག་པས་འཕྲུལ་ལོ༔ ཞེས་འབྱུང་ཞིང་དེ་དང་མཐུན་པར་མདོ་བྱང་ལས་ཀྱང་སྐབས་འདིར། བླ་མ་ཡོངས་རྫོགས་སྒོམ་པའི་གསེང་ལམ་ཞེས༔ བྱིན་རླབས་སྤྱི་ལས་ཁྱད་པར་མཚན་དང་ནི༔ སྐུ་ཡི་རྣམ་པས་སྔོན་དུ་སྐུས་དབང་བསྐུར༔ གསུང་ལ་གདམས་པ་ཐུགས་ལ་རྡོ་རྗེའི་གླུ༔ དགོངས་པའི་ཉམས་སྐྱོང་བཞི་ཡིས་རྫོགས་པ་ལ༔ དབང་བསྐུར་དགོངས་པ་མཐར་ཕྱིན་ཞེས་བྱ་འོ༔ ཞེས་གསལ་བར་བསྟན་པའི་ཁྱད་པར་གྱི་བྱིན་རླབས་དབང་བསྐུར་དགོངས་པ་མཐར་ཕྱིན་ཉིད་སྒྲུབ་པ་ལ་ཐོག་མར་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཞེས་བརྡ་སྦྱར་ལ་མཎྜལ་ཕུལ། ཁྱེད་རང་རྣམས་སྙིམ་པ་མེ་ཏོག་གིས་བཀང་བ་བཅས་ཐལ་མོ་སྦྱར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་གྱིས། ཟུང་འཇུག་དགོངས་པ་བརྙེས་པ་ཡི༔ འགྲོ་འདུལ་རིག་འཛིན་ཡོངས་རྫོགས་ཀྱི༔ བྱིན་རླབས་བརྩེ་བས་གནང་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་བླ་མས་བསྐུར་ཐོབ་བྲལ་བའི་དབང་བསྐུར་ཡེ་ནས་རང་ལ་རྫོགས་པར་གདམས་པ་ནི་འདི་ལ་གསན་པས་ཁྱབ་སྟེ། སྤྱིར་ནི་འགྲོ་འདུལ་ལྔ་བཅུ་རྩ་བརྒྱད་པོ༔ ཐམས་ཅད་ཟུང་འཇུག་མངོན་གྱུར་ཀུན་ཏུ་བཟང༔ དགོངས་པ་རང་བྱུང་ནམ་མཁའི་རྣལ་འབྱོར་ཚོགས༔ ཡེ་ཤེས་སྐུ་ཅན་འཁོར་འདས་ཡོངས་ལ་ཁྱབ༔ བཞུགས་ཡུལ་ཞིང་ཁམས་གཞན་དུ་བཙལ་མི་འཚལ༔ ད་ལྟའི་ནམ་མཁའ་འདིར་ཡང་རྣལ་འབྱོར་རྣམས༔ རང་གི་སེམས་ཉིད་འདི་ལའང་བླ་མས་ཁྱབ༔ བསྐུར་བྱ་སྐུར་ཐབས་བསྒྲུབ་དང་སྒྲུབ་ཐབས་མེད༔ རྣལ་འབྱོར་ལྟ་བའི་ངང་ལ་སྒྲུབ་དབང་རྫོགས༔ ཞེས་བརྗོད། དེ་ནས་ཁྱེད་རང་རྣམས་ཀྱིས་ཚོགས་གསག་པའི་ཆེད་དུ་མཆོད་པ་འབུལ་བར་གདམས་པ་ནི། ཨེ་མ་ཧོ་བདེ་གཤེགས་བླ་མ་རྣམས༔ བསམ་གྱིས་མི་ཁྱབ་ཆོས་ཉིད་ཀློང༔ ཀུན་ཏུ་བཟང་པོའི་རྣལ་འབྱོར་ཡིན༔ ལྟ་བའི་རྒྱལ་པོའི་མཆོད་པ་འབུལ༔ ཞེས་གདམས་ནས། སློབ་མ་རྣམས་ཀྱིས་མཎྜལ་ཚོགས༔ ཅི་འབྱོར་བཤམས་ཏེ་ལྟ་བར་གནས༔ ཞེས་གསུངས་པས། རང་རིག་གདོད་ནས་རྣམ་པར་དག་པའི་རིག་རྩལ་བླ་མའི་ལྷ་ཚོགས་རྣམས་ཀྱི་སྤྱན་སྔར་ཚིག་རིས་དང་མཐུན་པའི་དམིགས་འདོན་ཟུང་དུ་ཆུད་པས་འདི་རྣམས་རྗེས་ཟློས་གྱིས། གདོད་ནས་དག་པའི་ཀུན་བཟང་བླ་མ་ལ༔ མཚན་འཛིན་འཁྲུལ་པའི་བསྐང་བཤགས་མི་འཚལ་ཞིང༔ གཉིས་སུ་འཛིན་པའི་ཕྱག་འཚལ་མོས་གུས་བྲལ༔ དེ་བས་རང་རིག་ཀློང་དུ་ཕྱག་འཚལ་ལོ༔ གཉིས་སུ་མེད་པའི་མཆོད་སྤྲིན་རྒྱ་མཚོས་མཆོད༔ བསམ་ལས་འདས་པའི་ངང་དུ་ཐུགས་དམ་བསྐང༔ བརྗོད་མེད་བརྗོད་པ་ཐམས་ཅད་མཐོལ་ལོ་བཤགས༔ ཨེ་མ་ཧོ་བདེ་གཤེགས་བླ་མ་རྣམས༔ ཀུན་བཟང་དགོངས་ཀློང་སེམས་སུ་རྫོགས་པ་ལ༔ ཕྱི་ནང་གཉིས་མེད་སྤྲོས་པའི་མཐའ་ལས་འདས༔ ཆོས་དབྱིངས་ཀློང་ཆུབ་ངང་དུ་ཕྱག་འཚལ་ལོ༔ ཨེ་མ་ཧོ་རང་རིག་བླ་མ་རྣམས༔ འཁོར་འདས་ཐམས་ཅད་ས་ལེར་མཐོང་བ་ལ༔ གཉིས་སུ་མེད་པའི་དབྱིངས་སུ་ལྷུན་རྫོགས་པས༔ མཐོང་བྱ་མཐོང་མཁན་མེད་ལ་ཕྱག་འཚལ་ལོ༔ ཨེ་མ་ཧོ་བདེ་གཤེགས་བླ་མ་རྣམས༔ ཕྱི་ནང་ནམ་མཁའ་ཀུན་ལ་སྐུ་ནི་ཡོངས་སུ་ཁྱབ་པ་ཉིད༔ བཞུགས་པའི་ཡུལ་ནི་ཕྱོགས་བཅུའི་འཇིག་རྟེན་དག་ན་མཆིས༔ གློ་བུར་དྲི་མའི་རྣམ་རྟོག་བསལ་ཕྱིར་གཟུགས་སྐུར་བཞེངས་པ་རྣམས༔ མཚན་འཛིན་འཁྲུལ་པ་འདི་དག་མྱུར་དུ་བསལ་བར་མཛད་དུ་གསོལ༔ ཞེས་གསོལ་བ་བཏབ་པ་ལ། སློབ་དཔོན་གྱིས། ཨེ་མ་ཧོ༔ བདེ་གཤེགས་བླ་མ་འགྲོ་འདུལ་ལྔ་བཅུ་རྩ་བརྒྱད་རྣམས༔ དམིགས་མེད་ཆོས་ཀྱི་སྐུ་ལས་ད་ལྟ་བཞེངས་སུ་གསོལ༔ གསང་སྐོར་རིག་འཛིན་ཡོངས་རྫོགས་གནས་འདིར་སྣང་བར་མཛོད༔ ཡེ་ཤེས་སྐུ་ཡིས་སློབ་མར་བྱིན་རླབས་དབང་ཆེན་ད་ལྟ་བསྐུར་དུ་གསོལ༔ ཞེས་གསོལ་བ་གདབ། དེ་ནས་སློབ་དཔོན་རིག་འཛིན་བླ་མ་གཙོ་འཁོར་གྱི་སྐུར་བསྒོམ་པ་དང་། ཁྱེད་རང་རྣམས་ཀྱང་རིག་འཛིན་བླ་མ་ཡོངས་རྫོགས་ཀྱི་སྐུ་འདི་བཞིན་གསལ་ཐོབས་ཤིག །སྤྲོ་ན། ཧཱུྃ༔ དབྱིངས་ཉིད་གདོད་ནས་རྣམ་པར་དག༔ སོགས་ནས། སྣང་སྲིད་གཞིར་བཞེང་ཕྱག་རྒྱར་རྫོགས༔ བར་རམ། བསྡུ་ན། ཧཱུྃ༔ ཀུན་གཞི་མི་དམིགས་རྣམ་པར་སྟོང༔ སོགས་ནས། ཤཱནྟིཾ་གྷརྦྷ་གསལ༔ བར་རྒྱས་བསྡུས་གང་རུང་བཏང་། དེ་ཡང་དབང་བཞི་པའི་ཡེ་ཤེས་ཕྱིན་ཅི་མ་ལོག་པ་རྒྱུད་ལ་སྐྱེ་བའི་རྒྱུ་མ་ནོར་བ་ནི་དགོངས་རྒྱུད་བྱིན་རླབས་དང་ལྡན་པའི་བླ་མའི་རྡོ་རྗེ་གསུམ་གྱི་དབང་གིས་སྨིན་པར་བྱེད་པ་ལ་རག་ལས་ཤིང་། དེ་ཡང་རྣམ་པ་ལམ་བྱེད་རྡོ་རྗེ་གསུམ་གྱི་དབང་བསྐུར་བ་ནི། བྱིན་རླབས་མྱུར་དུ་འཇུག་ཅིང་སྐྱེས་བརྟན་གོང་འཕེལ་དུ་བྱེད་པའི་ཐབས་ཀྱི་ཟབ་ཁྱད་ཐུན་མོང་མ་ཡིན་པ་སྟེ་དེ་ཉིད་འབོགས་པ་ལ། ཐོག་མར་སྐུ་རྡོ་རྗེའི་བྱིན་རླབས་འཕོ་བའི་ཕྱིར་སྐུས་དབང་བསྐུར་བ་ནི། སློབ་དཔོན་རིག་འཛིན་བླ་མ་ཆེན་པོ་ཤྲཱི་སིཾ་ཧ་འོད་གསལ་ཡེ་ཤེས་ཀྱི་སྐུ་ཅན་བརྟན་གཡོ་སྲིད་ཞི་ཀུན་ཁྱབ་རྡུལ་དང་དངོས་པོའི་ཆོས་ལས་འདས་ཀྱང་། སྣང་སྟོང་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་སྒྱུ་མ་དང་འཇའ་ཚོན་ཤར་བ་ལྟར་གཙོ་འཁོར་ཡོངས་རྫོགས་སུ་གསལ་བས་དགོངས་བརྒྱུད་རིག་རྩལ་སློབ་མ་ལ་ཆེད་དུ་གཏད་ཅིང་ལྟ་སྟངས་གཟིར་བས། ཡེ་ཤེས་ཀྱི་སྐུ་གཉིས་པ་ཞིག་ཐུགས་ཀ་ནས་ཡེ་ཤེས་སེམས་དཔའི་ཚུལ་དུ་སྤྲོས་ཏེ་རྡོ་རྗེའི་གླུ་འདི་གསུངས་པར་མོས་ཤིག །ཤྲཱི་སིཾ་ཧའི་སྐུ་ཙཀ་ཐོགས་ལ། སངས་གླིང་བཀའ་ཐང་ལས་བྱུང་བའི་ཤྲཱི་སིཾ་ཧའི་རྡོ་རྗེའི་གླུ་ནི། ཤྲཱི་སིཾ་ཧས་མཁའ་ལ་སྡིགས་མཛུབ་གཏད༔ གང་ཤར་མ་ཞེན་གང་ཤར་མ་ཞེན་ཅིག༔ མ་ཤར་མ་ཤར་ཤར་ཤར་ཤར་མ་ཞེན༔ ཤར་གྲོལ་དུས་མཉམ་ཤར་གྲོལ་དུས་མཉམ་མོ༔ སྟོང་སྟོང་མི་སྟོང་མི་སྟོང་རྣམ་པར་སྟོང༔ མ་འགགས་མ་འགགས་འགག་འགག་འགག་པ་མེད༔ ཡེ་སྟོང་ཡེ་སྟོང་རྣམ་སྟོང་རྣམ་པར་སྟོང༔ སྟེང་འོག་བར་མཚམས་ཕྱོགས་མེད་ཀུན་ཤར་འདི༔ ཤྲཱི་སིཾ་ཧའི་དོན་དམ་གནད་དེ་མཛོད༔ ལྟ་སྤྱོད་སྣོད་རུང་དབྱེར་མེད་ངང་གིས་འཆར༔ ཞེས་གསུངས་རྡོ་རྗེ་ལྟ་བུའི་ཀློང་དུ་ཐིམ༔ ཞེས་བརྗོད་སྐུ་སྤྱི་བོར་བཞག །ཅེས་གསུངས་ནས་སྤྱི་བོ་ནས་ཐིམ་པས་རྡུལ་བྲལ་སྣང་སྟོང་མཁའ་ཁྱབ་འཕོ་བ་ཆེན་པོའི་རྡོ་རྗེའི་སྐུ་ཡི་དབང་དང་། ཐུགས་དོན་གྱི་དགོངས་པ་བསམ་གྱིས་མི་ཁྱབ་པའི་དབྱིངས་དང་གཉིས་མེད་དུ་གྱུར་པའི་ཐུགས་རྡོ་རྗེའི་བྱིན་རླབས་གཉིས་ཆིག་རྫོགས་སུ་ཐོབ་པར་སྒོམས་ཤིག །སྤྲོ་ན་གང་ཤར་མ་ཞེན་སོགས་ངོ་སྤྲོད་དོན་ཉུང་ངུ་རྣམ་གསལ་མཁན་ཆེན་རཏྣའི་གསུང་གིས་གནད་བཀྲོལ་ཏེ་བཤད་ན་ལེགས་པར་སེམས། གསུམ་པ་གསུང་རྡོ་རྗེའི་བྱིན་རླབས་འཕོ་བའི་ཕྱིར་གདམས་པའི་སྙིང་པོ་སྔགས་ཀྱི་དབང་ནི། རིག་འཛིན་ཤྲཱི་སིཾ་ཧའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་དགའ་རབ་རྡོ་རྗེའི་ཐུགས་ཙིཏྟ་རིན་པོ་ཆེའི་མཆོང་གུར་དབུས་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་ལྟེ་བར་ཧྲཱིཿམཐར་རང་སྔགས་ཀྱིས་བསྐོར་བའི་སྔགས་ཕྲེང་བར་མ་ཆད་པ་མགལ་མེ་བཞིན་བྱུང་། ཞལ་ནས་ཐོན་སློབ་མའི་ཁར་ཞུགས། སྙིང་གར་ཡེ་ཤེས་སེམས་དཔའི་ཐུགས་སྲོག་ཧྲཱིཿལ་ཐིམ་པར་མོས་ལ་རྡོ་རྗེའི་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་ཤྲཱི་སིཾ་ཧ་སིདྡྷི་ཧཱུྃ༔ དེ་ལ་སྤྱིར་རླུང་འབྱིན་འཇུག་གནས་གསུམ་འབྲུ་གསུམ་རྡོ་རྗེའི་གསུང་གི་གསང་བར་ལྷུན་གྱིས་གྲུབ་པར་ཤེས་པས་ཕྲ་རག་གི་རྡོ་རྗེའི་བཟླས་པ་དབང་པོས་གང་ཆུན་པ་མཛོད་ཅིག །ཅེས་བརྡ་སྦྱར་ལ་རྡོར་བཟླས་ལན་གསུམ་སོགས་བྱེད་དུ་གཞུག །དེ་ལྟར་མཚན་བཅས་སྐུ་དང་སྔགས་ཀྱི་རྣམ་པ་གང་ལྟར་སྣང་ཡང་། རྡོ་རྗེའི་གླུ་ཡི་དགོངས་དོན་མཚན་མེད་རང་རིག་ཀ་དག་གཉུག་མ་ཡེ་ཤེས་ཆེན་པོའི་ངོ་བོ་ལས་གཞན་དུ་མ་དམིགས་པར་ཤེས་པས་དེ་གའི་ངང་དུ་སྣང་སེམས་གཉིས་མེད་དུ་ཐིམ་པས་དངོས་མཚན་གང་དུའང་མ་གྲུབ་པར་ཆོས་ཉིད་ཁྱབ་བརྡལ་གྱི་ཀློང་དུ་མཉམ་པར་ཞོག་ཅིག །དེས་མཚོན་ནས། ཐུགས་ཀའི་ཡེ་ཤེས་སེམས་དཔའ་རིག་འཛིན་དགའ་རབ་རྡོ་རྗེ་སོགས་བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་སོ་སོའི་ཐུགས་ཀྱི་དགོངས་ཉམས་དོ་ཧ་རྡོ་རྗེའི་གླུ་དགོངས་པ་མི་གཡོ་བའི་ངང་ནས་བླང་བ་དང་ཆབས་ཅིག །རང་འདྲའི་ཡེ་ཤེས་པའི་སྐུ་གཉིས་པ་རེ་བྱུང་ནས་སྤྱི་བོ་ནས་ཐིམ་པ་རྡོ་རྗེའི་སྐུ་དང་ཐུགས་ཀྱི་བྱིན་རླབས་དང་། སྙིང་པོ་མཚན་སྔགས་སྤྲོ་བསྡུའི་དམིགས་པས་རྗེས་བཟླས་དང་འབྲུ་གསུམ་རྡོར་བཟླས་བྱ་བ་གསུང་གི་བྱིན་རླབས། དེ་ལྟར་མཚན་བཅས་སྐུ་སྔགས་དོ་ཧ་རྣམས་མཚན་མེད་རང་རིག་གཉུག་མ་ཁྱབ་གདལ་གྱི་ཀློང་དུ་དགོངས་ཉམས་སྐྱོང་བ་ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཏེ། རྡོ་རྗེ་བཞི་ཡི་བྱིན་རླབས་སྤྱི་དོན་གྱི་དགོངས་པ་དེ་ལྟ་བུའི་ངང་ལས་མ་ཡེངས་པར་རིག་འཛིན་བླ་མ་རྣམས་ཀྱི་བྱིན་རླབས་དབང་བསྐུར་རིམ་བཞིན་གསན་འཚལ། རིག་འཛིན་དགའ་རབ་རྡོ་རྗེའི་སྐུ་ཐོགས་ལ། བླ་མ་དཀྱིལ་འཁོར་གཙོ་བོའི་ཐུགས་ཀའི་ཡེ་ཤེས་སེམས་དཔའ། རིག་འཛིན་དགའ་རབ་རྡོ་རྗེས་ཆོས་ཀྱི་དབྱིངས་ནས་རྡོ་རྗེ་སེམས་དཔའི་དྲུང་དུ་སེམས་ཉིད་འོད་གསལ་བའི་དུས་སུ༔ ང་ནི་མི་ཡི་རིག་འཛིན་དགའ་རབ་རྡོ་རྗེ་སྟེ༔ སེམས་ལ་བལྟ་བའི་ཡུལ་མེད་འཛིན་པ་རང་སར་དག༔ སྒོམ་པའི་བློ་དང་བྲལ་ནས་གསལ་དང་མི་གསལ་མེད༔ སྤྱོད་པ་ཅི་དགར་བཏང་བས་རེ་དོགས་རྩིས་གདབ་བྲལ༔ འབྲས་བུ་འོད་གསལ་སྙིང་པོའི་ཀློང་དུ་རང་བཞིན་གྲོལ༔ ཞེས་སྐུ་སྤྱི་བོར་གཞག །མཚན་སྔགས་འདིའི་རྗེས་ཟློས། ཨཱོྃ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པྲ་ཧེ་བཛྲ་སརྦ་སིདྡྷི་ཧཱུྃ༔ འབྲུ་གསུམ་རྡོར་བཟླས་མཛོད། དགའ་རབ་རྡོ་རྗེ་རང་རིག་ཀ་དག་གཉུག་མ་ཡེ་ཤེས་ཆེན་པོའི་ངོ་བོ་ལས་གཞན་དུ་མ་དམིགས་པའི་དགོངས་ཉམས་སྐྱོངས།། ༈ རྒྱལ་པོ་ཨིནྡྲ་བྷཱུ་ཏིའི་སྐུ་ཐོགས་ལ། བླ་མ་དཀྱིལ་འཁོར་ཆེན་པོའི་ཤར་ཕྱོགས་ཀྱི་པདྨའི་འདབ་མའི་སྟེང་ནས། རྒྱུད་ལུང་མན་ངག་ཀུན་གྱི་བདག་པོ་ནི། །རྒྱལ་པོ་ཨིནྡྲ་བྷཱུ་ཏིའི་རྡོ་རྗེའི་གླུ༔ བདེ་ཆེན་རང་བྱུང་མཁའ་དབྱིངས་རྣམ་དག་པ༔ གནྡྷོ་ལ་ཡི་མཁའ་འགྲོའི་གྲོང་ཁྱེར་དུ༔ ཨིནྡྲ་བྷཱུ་ཏིའི་བླ་མེད་དོན་རྟོགས་ཏེ༔ ཨ་ཧོ༔ ཆོས་དབྱིངས་རང་བྱུང་རང་ཤར་དགོངས་པ་འདི༔ ལྟ་བ་མཐའ་བཞིའི་དྲི་མ་རང་སངས་ཉིད༔ སྒོམ་པ་བློ་ལས་འདས་ཤིང་འོད་གསལ་བ༔ སྤྱོད་པ་བྱར་མེད་ངང་དུ་ལྷུག་པར་བཞག༔ འབྲས་བུ་རང་ལས་རྙེད་པ་ངོ་མཚར་ཆེ༔ ཞེས་སྐུ་སྤྱི་བོར་གཞག །མཚན་སྔགས་འདིའི་རྗེས་ཟློས། ཨཱོྃ་ཨཱཿགུ་རུ་ཨིནྡྲ་བྷཱུ་ཏི་ཧཱུྃ༔ འབྲུ་གསུམ་རྡོར་བཟླས་མཛོད། རྒྱལ་པོ་ཨིནྡྲ་བྷཱུ་ཏི་རང་རིག་ཀ་དག་གཉུག་མ་ཡེ་ཤེས་ཆེན་པོའི་ངོ་བོ་ལས་གཞན་དུ་མ་དམིགས་པའི་དགོངས་ཉམས་སྐྱོངས།། ༈ འཆི་མེད་པདྨ་འབྱུང་གནས་སྐུ་ཐོགས་ལ། བླ་མ་དཀྱིལ་འཁོར་ཆེན་པོའི་ལྷོ་ཕྱོགས་ཀྱི་པདྨའི་འདབ་མའི་སྟེང་ནས། རྩ་གསུམ་རྒྱ་མཚོའི་ཁྱབ་བདག་ཆེན་པོ་ནི། །འཆི་མེད་པདྨ་འབྱུང་གནས་རྡོ་རྗེའི་གླུ༔ རང་བྱུང་རང་ཤར་ཆོས་ཉིད་བསྟན་པའི་ཚེ༔ ལྷུན་གྲུབ་བརྩེགས་ཀྱི་བམ་རོའི་ཚལ་ཆེན་དུ༔ པདྨ་འབྱུང་གནས་བརྟུལ་ཞུགས་སྤྱོད་པའི་ཚེ༔ ཨ་ཧོ༔ ཤར་གྲོལ་དུས་མཉམ་རིག་པ་ཐོལ་བྱུང་ནི༔ འཇིགས་མེད་སྣང་མེད་འཛིན་མེད་ངང་དུ་སྤྱོད༔ ཀློང་ལས་ཤར་བའི་ཆོ་འཕྲུལ་ཅིར་བསྟན་ཀྱང༔ འཁོར་འདས་མཉམ་པ་ཉིད་དུ་བརྡལ་བ་འོ༔ ཞེས་སྐུ་སྤྱི་བོར་གཞག །མཚན་སྔགས་འདིའི་རྗེས་ཟློས། ཨཱོྃ་ཨཱཿགུ་རུ་པདྨ་སཾ་བྷ་ཝ་ཧཱུྃ༔ འབྲུ་གསུམ་རྡོར་བཟླས་མཛོད། འཆི་མེད་པདྨ་འབྱུང་གནས་རང་རིག་ཀ་དག་གཉུག་མ་ཡེ་ཤེས་ཆེན་པོའི་ངོ་བོ་ལས་གཞན་དུ་མ་དམིགས་པའི་དགོངས་ཉམས་སྐྱོངས།། ༈ སློབ་དཔོན་བི་མ་མི་ཏྲའི་སྐུ་ཐོགས་ལ། བླ་མ་དཀྱིལ་འཁོར་ཆེན་པོའི་ནུབ་ཕྱོགས་ཀྱི་པདྨའི་འདབ་མའི་སྟེང་ནས། པཎ་གྲུབ་ལྔ་བརྒྱའི་གཙུག་གི་རྒྱན་གྱུར་པ། །སློབ་དཔོན་བི་མ་མི་ཏྲའི་རྡོ་རྗེའི་གླུ༔ ཡེ་ཤེས་དབྱིངས་སུ་རྣམ་པར་དག་པ་ཡི༔ བདེ་ཆེན་བརྩེགས་པར་མཁའ་འགྲོ་དབྱིངས་ཕྱུག་མས༔ སློབ་དཔོན་མཆོད་པས་དེ་ཚེ་འདི་སྐད་གསུངས༔ ཨ་ཧོ༔ བདེ་ཆེན་ནམ་མཁའ་གང་བའི་དབྱིངས་སུ་དག༔ རང་བྱུང་རང་ཤར་རིག་པའི་ཀློང་དུ་ཐིམ༔ དབྱིངས་རིག་གཉིས་མེད་ཟུང་འཇུག་ལ་བཟླས་པས༔ འཁོར་འདས་ཀུན་ཁྱབ་ཧེ་རུ་ཀཿདཔལ་ལོ༔ ཞེས་སྐུ་སྤྱི་བོར་གཞག །མཚན་སྔགས་འདིའི་རྗེས་ཟློས། ཨཱོྃ་ཨཱཿགུ་རུ་བི་མ་ལ་མི་ཏྲ་ཧཱུྃ༔ འབྲུ་གསུམ་རྡོར་བཟླས་མཛོད། སློབ་དཔོན་བི་མ་མི་ཏྲ་རང་རིག་ཀ་དག་གཉུག་མ་ཡེ་ཤེས་ཆེན་པོའི་ངོ་བོ་ལས་གཞན་དུ་མ་དམིགས་པའི་དགོངས་ཉམས་སྐྱོངས།། ༈ སློབ་དཔོན་ཛྙཱ་ན་སཱུ་ཏྲའི་སྐུ་ཐོགས་ལ། བླ་མ་དཀྱིལ་འཁོར་ཆེན་པོའི་བྱང་ཕྱོགས་ཀྱི་པདྨའི་འདབ་མའི་སྟེང་ནས། སྣང་བཞིན་མཐར་ཕྱིན་ཡེ་ཤེས་སྐུ་ཅན་ནི། །སློབ་དཔོན་ཛྙཱ་ན་སཱུ་ཏྲའི་རྡོ་རྗེའི་གླུ༔ བདེ་བ་ཆེན་པོའི་ཡེ་ཤེས་ཆེས་འཕགས་པ༔ ཛྙཱ་ན་སཱུ་ཏྲ་བྲག་དམར་དབེན་རྩ་རུ༔ མཁའ་འགྲོ་རྣམས་དང་ཚོགས་འཁོར་བསྐོར་བའི་ཚེ༔ ཨ་ཧོ༔ བདེ་བ་ནམ་མཁའི་ཀློང་དུ་བསྟིམས་བྱས་པས༔ བདེ་སྟོང་རྒྱ་ཆེ་ཁྱབ་བརྡལ་ནམ་མཁའ་འདྲ༔ ཞེན་པ་མེད་པ་བདེ་བའི་འཁོར་ལོ་ལ༔ ལུས་ངག་ཡིད་གསུམ་བདེ་བ་ཆེན་པོར་ཤར༔ ཞེས་སྐུ་སྤྱི་བོར་གཞག །མཚན་སྔགས་འདིའི་རྗེས་ཟློས། ཨཱོྃ་ཨཱཿགུ་རུ་ཛྙཱ་ན་སཱུ་ཏྲ་ཧཱུྃ༔ འབྲུ་གསུམ་རྡོར་བཟླས་མཛོད། པཎ་ཆེན་ཛྙཱ་ན་སཱུ་ཏྲ་རང་རིག་ཀ་དག་གཉུག་མ་ཡེ་ཤེས་ཆེན་པོའི་ངོ་བོ་ལས་གཞན་དུ་མ་དམིགས་པའི་དགོངས་ཉམས་སྐྱོངས།། ༈ སློབ་དཔོན་ཧཱུྃ་ཀཱ་རའི་སྐུ་ཐོགས་ལ། བླ་མ་དཀྱིལ་འཁོར་ཆེན་པོའི་པདྨའི་ཕྱི་རོལ་རིན་ཆེན་ཟུར་བརྒྱད་ཤར་གྱི་ཟུར་སྟེང་ནས། ཐུགས་མཆོག་ཡང་དག་གྲུབ་པའི་ཐིག་ལེའི་སྐུ། །སློབ་དཔོན་ཧཱུྃ་ཀཱ་ར་ཡི་རྡོ་རྗེའི་གླུ༔ རིག་པ་ཐོག་འབེབ་འཁྲུལ་པའི་ཚང་ཚིང་བསྲེགས༔ བསིལ་བའི་ཚལ་དུ་ཧཱུྃ་ཆེན་དགོངས་པར་བཞུགས༔ བྲམ་ཟེའི་བུ་མོས་ཚོགས་ཀྱིས་མཆོད་པའི་ཚེ༔ ཨ་ཧོ༔ རང་བྱུང་རང་ཤར་དཔལ་ཆེན་ཧེ་རུ་ཀ༔ འཁོར་བའི་ཁྲག་འཐུང་སྟོང་ཉིད་དབྱིངས་སུ་སྦྱོར༔ རིག་པ་གཏིང་གསལ་ཆོས་ཉིད་ཀློང་ཡངས་སུ༔ སྣང་བ་ཅི་ཤར་ནམ་མཁར་སྤྲིན་དེངས་འདྲ༔ ཞེས་སྐུ་སྤྱི་བོར་གཞག །མཚན་སྔགས་འདིའི་རྗེས་ཟློས། ཨཱོྃ་ཨཱཿགུ་རུ་ཧཱུྃ་ཀཱ་ར་ཧཱུྃ༔ འབྲུ་གསུམ་རྡོར་བཟླས་མཛོད། གུ་རུ་ཧཱུྃ་ཀཱ་ར་རང་རིག་ཀ་དག་གཉུག་མ་ཡེ་ཤེས་ཆེན་པོའི་ངོ་བོ་ལས་གཞན་དུ་མ་དམིགས་པའི་དགོངས་ཉམས་སྐྱོངས།། ༈ སློབ་དཔོན་ཁྲག་འཐུང་ནག་པོའི་སྐུ་ཐོགས་ལ། བླ་མ་དཀྱིལ་འཁོར་ཆེན་པོའི་པདྨའི་ཕྱི་རོལ་རིན་ཆེན་ཟུར་བརྒྱད་ལྷོ་ཡི་ཟུར་སྟེང་ནས། སྐུ་མཆོག་བཅོམ་ལྡན་འཇམ་དཔལ་གཤིན་རྗེ་དངོས། །སློབ་དཔོན་ཁྲག་འཐུང་ནག་པོའི་རྡོ་རྗེའི་གླུ༔ རང་སེམས་གཉུག་མའི་ངང་དུ་རྫོགས་པ་ལས༔ རྫུ་འཕྲུལ་ཆེར་སྣང་རྩུབ་འགྱུར་ཚལ་ཆེན་པོར༔ བམ་ཆེན་ཚོགས་ཀྱི་འདུ་བར་ལོངས་སྤྱོད་ཚེ༔ ཨ་ཧོ༔ བདག་འཛིན་རྣམ་རྟོག་རྩད་ནས་བཅད་པ་ལས༔ རིག་པའི་སྟོང་སྲོག་འཁོར་ལོ་ནམ་མཁར་བསྐོར༔ ཉོན་མོངས་རྣམ་རྟོག་བྱེ་བ་ཕྲག་བརྒྱ་བསད༔ ཐམས་ཅད་ཡེ་ཤེས་རོལ་པའི་རྒྱན་དུ་ཤར༔ ཞེས་སྐུ་སྤྱི་བོར་གཞག །མཚན་སྔགས་འདིའི་རྗེས་ཟློས། ཨཱོྃ་ཨཱཿགུ་རུ་ཧེ་རུ་ཀཿཀཱ་ལ་ཧཱུྃ༔ འབྲུ་གསུམ་རྡོར་བཟླས་མཛོད། སློབ་དཔོན་ཁྲག་འཐུང་ནག་པོ་རང་རིག་ཀ་དག་གཉུག་མ་ཡེ་ཤེས་ཆེན་པོའི་ངོ་བོ་ལས་གཞན་དུ་མ་དམིགས་པའི་དགོངས་ཉམས་སྐྱོངས།། ༈ སློབ་དཔོན་ཀླུ་སྒྲུབ་སྙིང་པོའི་སྐུ་ཐོགས་ལ། བླ་མ་དཀྱིལ་འཁོར་ཆེན་པོའི་པདྨའི་ཕྱི་རོལ་རིན་ཆེན་ཟུར་བརྒྱད་ནུབ་ཀྱི་ཟུར་སྟེང་ནས། གསུང་མཆོག་དབང་ཆེན་རྟ་མཆོག་རོལ་པའི་གར། །སློབ་དཔོན་ཀླུ་སྒྲུབ་སྙིང་པོའི་རྡོ་རྗེའི་གླུ༔ སྒྱུ་མ་ལྟ་བུའི་རང་གསལ་རྟོགས་པ་ལས༔ དཔལ་གྱི་རི་ལ་མཁས་པ་ལྔ་བརྒྱའི་དབུས༔ ནཱ་གཱརྫུ་ནས་སྐྱེ་མེད་གླུ་འདི་བླངས༔ ཨ་ཧོ༔ འོད་གསལ་བྱང་ཆུབ་སེམས་འདི་ཀུན་ལ་ཁྱབ༔ རིག་པའི་རང་རྩལ་སྣང་སྲིད་དབང་དུ་བསྡུས༔ སེམས་ཀྱིས་སྣང་སྲིད་ཀུན་ལ་ཐལ་ལེར་གསལ༔ སྣང་བ་གང་ཤར་སྐྱེ་མེད་སྒྱུ་མར་ལྟོས༔ ཞེས་སྐུ་སྤྱི་བོར་གཞག །མཚན་སྔགས་འདིའི་རྗེས་ཟློས། ཨཱོྃ་ཨཱཿགུ་རུ་ནཱ་གཱརྫུ་ན་ཧཱུྃ༔ འབྲུ་གསུམ་རྡོར་བཟླས་མཛོད། སློབ་དཔོན་ཀླུ་སྒྲུབ་སྙིང་པོ་རང་རིག་ཀ་དག་གཉུག་མ་ཡེ་ཤེས་ཆེན་པོའི་ངོ་བོ་ལས་གཞན་དུ་མ་དམིགས་པའི་དགོངས་ཉམས་སྐྱོངས།། ༈ སློབ་དཔོན་པྲ་བྷ་ཧསྟིའི་སྐུ་ཐོགས་ལ། བླ་མ་དཀྱིལ་འཁོར་ཆེན་པོའི་པདྨའི་ཕྱི་རོལ་རིན་ཆེན་ཟུར་བརྒྱད་བྱང་གི་ཟུར་སྟེང་ནས། ཕྲིན་ལས་ལྷ་དང་གཉིས་སུ་མེད་པ་ནི། །སློབ་དཔོན་པྲ་བྷ་ཧསྟིའི་རྡོ་རྗེའི་གླུ༔ འཛིན་པ་རབ་ཏུ་གཞོམ་པ་རྡོ་རྗེའི་ཀློང༔ པདྨ་བརྩེགས་སུ་བདེ་བ་ཆེན་པོ་བརྙེས༔ པྲ་ཆེན་ཧསྟིས་རྡོ་རྗེའི་གླུ་བླངས་པ༔ ཨ་ཧོ༔ རྐྱེན་གྱིས་གཡོ་བ་མེད་པའི་རིག་པ་ལ༔ འཛིན་པ་དུ་མས་བཅིངས་པ་སེམས་ཀྱི་གོས༔ རང་ཤར་ཀློང་དུ་འཛིན་མེད་ཟང་ཐལ་གསལ༔ སེམས་ཉིད་རྣམ་པར་དག་པའི་རིག་པ་ཤར༔ ཞེས་སྐུ་སྤྱི་བོར་གཞག །མཚན་སྔགས་འདིའི་རྗེས་ཟློས། ཨཱོྃ་ཨཱཿགུ་རུ་པྲ་བྷ་ཧསྟི་ཧཱུྃ༔ འབྲུ་གསུམ་རྡོར་བཟླས་མཛོད། སློབ་དཔོན་པྲ་བྷ་ཧསྟི་རང་རིག་ཀ་དག་གཉུག་མ་ཡེ་ཤེས་ཆེན་པོའི་ངོ་བོ་ལས་གཞན་དུ་མ་དམིགས་པའི་དགོངས་ཉམས་སྐྱོངས།། ༈ སློབ་དཔོན་ངྷ་ན་སཾསྐྲྀཏའི་སྐུ་ཐོགས་ལ། བླ་མ་དཀྱིལ་འཁོར་ཆེན་པོའི་པདྨའི་ཕྱི་རོལ་རིན་ཆེན་ཟུར་བརྒྱད་ཤར་ལྷོའི་ཟུར་སྟེང་ནས། བླ་མེད་སྲིད་པ་མ་མོའི་འཁོར་ལོས་སྒྱུར། །སློབ་དཔོན་དྷ་ན་སཾསྐྲྀའི་རྡོ་རྗེའི་མགུར༔ བརྗོད་ཚིག་བྲལ་བའི་ཡེ་ཤེས་བརྙེས་པ་ལས༔ རྡོ་རྗེ་གདན་གྱི་གཙུག་ལག་ཁང་ཆེན་དུ༔ གྲུབ་པའི་དབང་ཕྱུག་ཐམས་ཅད་འདུས་པའི་ཚེ༔ དྷ་ན་སཾསྐྲྀས་འཇིགས་མེད་གླུ་འདི་བླངས༔ ཨ་ཧོ༔ བརྗོད་མེད་སེམས་ལ་རིག་པས་བལྟ་མི་འཚལ༔ རྣམ་པར་དག་པའི་རིག་པ་ངང་གིས་རྫོགས༔ རིག་པ་དྭངས་གསལ་རྙོག་པ་མེད་པ་སྟེ༔ རྩ་རླུང་བྱང་ཆུབ་སེམས་རྣམས་ཐ་མི་དད༔ ཞེས་སྐུ་སྤྱི་བོར་གཞག །མཚན་སྔགས་འདིའི་རྗེས་ཟློས། ཨཱོྃ་ཨཱཿགུ་རུ་ངྷ་ན་སཾསྐྲྀཏ་ཧཱུྃ༔ འབྲུ་གསུམ་རྡོར་བཟླས་མཛོད། སློབ་དཔོན་དྷ་ན་སཾསྐྲྀཏ་རང་རིག་ཀ་དག་གཉུག་མ་ཡེ་ཤེས་ཆེན་པོའི་ངོ་བོ་ལས་གཞན་དུ་མ་དམིགས་པའི་དགོངས་ཉམས་སྐྱོངས།། ༈ མཁའ་འགྲོ་ལས་ཀྱི་དབང་མོའི་སྐུ་ཐོགས་ལ། བླ་མ་དཀྱིལ་འཁོར་ཆེན་པོའི་པདྨའི་ཕྱི་རོལ་རིན་ཆེན་ཟུར་བརྒྱད་ལྷོ་ནུབ་ཀྱི་ཟུར་སྟེང་ནས། བླ་མ་རིག་འཛིན་ཌཱ་ཀིའི་འཁོར་ལོས་སྒྱུར། །མཁའ་འགྲོ་ལས་ཀྱི་དབང་མོའི་རྡོ་རྗེའི་མགུར༔ མཁའ་དབྱིངས་རྣམ་པར་དག་པ་ཀུན་ཁྱབ་པ༔ ཉི་ཟླའི་ཁང་བུར་ལས་ཀྱི་དབང་མོ་ཆེས༔ ཡེ་ཤེས་མཁའ་འགྲོ་བྱེ་བ་འདུས་པའི་ཚེ༔ ཨ་ཧོ༔ ཆོས་ཀྱི་དབྱིངས་ནི་གཟུང་དུ་མེད་པ་སྟེ༔ ཀུན་ལ་གསལ་ཞིང་དམིགས་པའི་མཐའ་དང་བྲལ༔ བརྗོད་མེད་ཉག་གཅིག་བདེ་བ་ཆེན་པོ་འདི༔ སངས་རྒྱས་ཀུན་གྱི་གོ་འཕང་བླ་མེད་དོ༔ ཞེས་སྐུ་སྤྱི་བོར་གཞག །མཚན་སྔགས་འདིའི་རྗེས་ཟློས། ཨཱོྃ་ཨཱཿགུ་རུ་ཀརྨ་ཨིནྡྲ་ཎཱི་ཧཱུྃ༔ འབྲུ་གསུམ་རྡོར་བཟླས་མཛོད། །མཁའ་འགྲོ་ལས་ཀྱི་དབང་མོ་རང་རིག་ཀ་དག་གཉུག་མ་ཡེ་ཤེས་ཆེན་པོའི་ངོ་བོ་ལས་གཞན་དུ་མ་དམིགས་པའི་དགོངས་ཉམས་སྐྱོངས།། ༈ སློབ་དཔོན་རམྦི་གུ་ཧྱའི་སྐུ་ཐོགས་ལ། བླ་མ་དཀྱིལ་འཁོར་ཆེན་པོའི་པདྨའི་ཕྱི་རོལ་རིན་ཆེན་ཟུར་བརྒྱད་ནུབ་བྱང་གི་ཟུར་སྟེང་ནས། བཅོམ་ལྡན་དྲེགས་པ་ཟིལ་གནོན་སྟོབས་ཀྱི་བདག །སློབ་དཔོན་རམྦི་གུ་ཧྱའི་རྡོ་རྗེའི་གླུ༔ ཀློང་ནས་ཅི་ཤར་ཆོས་དབྱིངས་ཀློང་དུ་གྲོལ༔ ནྱ་གྲོ་དྷ་ཡི་མཆོད་རྟེན་ཆེན་མོའི་དྲུང༔ བམ་རོའི་སྒྲུབ་པ་མཛད་པའི་གུང་གསེང་ལ༔ རམྦི་གུ་ཧྱས་རྡོ་རྗེའི་ཚིག་འདི་གསུངས༔ ཨ་ཧོ༔ དམིགས་སུ་མེད་ལ་ཆད་པའི་མཐའ་དང་བྲལ༔ ཅིར་ཡང་འཆར་ཞིང་རྟག་པའི་ཡུལ་ལས་འདས༔ གསལ་སྟོང་ཟུང་འཇུག་དབྱིངས་རིག་གཉིས་སུ་མེད༔ གང་ཡང་ཤར་བ་འདི་ཀ་ཆོས་ཉིད་དོ༔ ཞེས་སྐུ་སྤྱི་བོར་གཞག །མཚན་སྔགས་འདིའི་རྗེས་ཟློས། ཨཱོྃ་ཨཱཿརམྦི་གུ་ཧྱ་ཧཱུྃ༔ འབྲུ་གསུམ་རྡོར་བཟླས་མཛོད། །སློབ་དཔོན་རམྦི་གུ་ཧྱ་རང་རིག་ཀ་དག་གཉུག་མ་ཡེ་ཤེས་ཆེན་པོའི་ངོ་བོ་ལས་གཞན་དུ་མ་དམིགས་པའི་དགོངས་ཉམས་སྐྱོངས།། ༈ སློབ་དཔོན་ཤཱནྟིཾ་གརྦྷའི་སྐུ་ཐོགས་ལ། བླ་མ་དཀྱིལ་འཁོར་ཆེན་པོའི་པདྨའི་ཕྱི་རོལ་རིན་ཆེན་ཟུར་བརྒྱད་བྱང་ཤར་གྱི་ཟུར་སྟེང་ནས། དཔལ་ཆེན་དྲག་སྔགས་དམོད་པའི་འཁོར་ལོས་བསྒྱུར། །སློབ་དཔོན་ཤཱནྟིཾ་གརྦྷའི་རྡོ་རྗེའི་གླུ༔ རྣམ་རྟོག་ཆོས་ཉིད་ཀློང་དུ་གྲོལ་བ་ལ༔ མཆོད་རྟེན་གཟི་འབར་དྲུང་དུ་དྲེགས་པ་ཅན༔ ལྷ་འདྲེ་ཀུན་གྱི་སྟོང་སྲོག་བཅད་པའི་ཚེ༔ ཤཱནྟིཾ་གརྦྷས་ཧཱུྃ་གི་གླུ་འདི་བླངས༔ ཨ་ཧོ༔ རྣམ་རྟོག་ཐམས་ཅད་སྐྱེ་མེད་ངང་དུ་ཧཱུྃ༔ འགགས་མེད་གང་ཤར་རིག་པ་ཧཱུྃ་གིས་སྦྱོར༔ རང་བྱུང་རིག་པའི་ཧཱུྃ་གིས་མ་རིག་གསོད༔ བདག་ཏུ་འཛིན་པ་གཞོམ་པའི་ཧཱུྃ་སྒྲ་ཆེ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་སྐུ་སྤྱི་བོར་གཞག །མཚན་སྔགས་འདིའི་རྗེས་ཟློས། ཨཱོྃ་ཨཱཿགུ་རུ་ཤཱནྟིཾ་གརྦྷ་ཧཱུྃ༔ འབྲུ་གསུམ་རྡོར་བཟླས་མཛོད། །སློབ་དཔོན་ཤཱནྟིཾ་གརྦྷ་རང་རིག་ཀ་དག་གཉུག་མ་ཡེ་ཤེས་ཆེན་པོའི་ངོ་བོ་ལས་གཞན་དུ་མ་དམིགས་པའི་དགོངས་ཉམས་སྐྱོངས། དེ་ལྟར་གསང་སྐོར་རིག་འཛིན་བཅུ་གསུམ་གྱི་གླུ་དང་འབྲེལ་བའི་སྐུ་ཡི་དབང་། མཚན་སྔགས་རྗེས་ཟློས་དང་འབྲུ་གསུམ་རྡོར་བཟླས་བྱ་བ་གསུང་གདམ་པའི་དབང་། དགོངས་ཉམས་གླུས་ངོ་སྤྲད་པ་ཐུགས་དབང་དང་། དེའི་དོན་ལ་མཉམ་གཞག་བྱ་བ་ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཏེ་དེ་རྣམས་མ་ཆད་པར་བྱ་དགོས། དེ་དག་རྣམས་ཀྱིས་གསང་སྐོར་རིག་འཛིན་ཡོངས་རྫོགས་ཀྱི་སྤྱི་དང་བྱེ་བྲག་གི་དབང་རྒྱས་པར་བསྐུར་པ་དང་། གཏེར་གཞུང་མདོ་བྱང་གི་དགོངས་པ་ལྟར་ཁྱད་པར་བྱིན་རླབས་ཀྱི་དབང་བསྐུར་དགོངས་པ་མཐར་ཕྱིན་བཅས་ལེགས་པར་གྲུབ་པ་ལ། བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་ཤིས་པ་བརྗོད་པས་དབང་དོན་གྱི་ཡེ་ཤེས་བརྟན་ཅིང་གོང་འཕེལ་དུ་བྱས་པའི་མོས་པ་མཛོད། ཤིས་བརྗོད་བྱ། དེ་ནས་དབང་དུས་སུ་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་མཐའ་དག་ལ་སྲུང་སྡོམ་བགྱིད་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་ཡོན་འབུལ་དགེ་བསྔོ་རྣམས་བྱའོ།། །།རྗེས་རིམ་ནི་ཚོགས་ལ་རོལ་བ་སོགས་ཕྲིན་ལས་ལྟར་བྱའོ། །ཡོངས་རྫོགས་བླ་མའི་སྒྲུབ་ཐབས་ནི། །བྱིན་རླབས་དངོས་གྲུབ་ཀུན་གྱི་གཞི། །དེ་ཡི་སྨིན་བྱེད་དབང་ཆོག་ལ། །མཛེས་པར་བྱེད་པའི་རྒྱན་འདི་འོ། །གསང་སྐོར་མན་ངག་སྡེའི་བླ་མ་རིག་འཛིན་ཡོངས་རྫོགས་ཀྱི་སྤྱི་དང་བྱེ་བྲག་གི་དབང་དང་ཁྱད་པར་གྱི་བྱིན་རླབས་ཟབ་མོའི་ལེ་ཚན་ནོ།། །། ༄༅། །བཅུ་གཉིས་པ་གསང་སྐོར་ཡི་དམ་ཞི་བའི་དབང་ལ། སྦྱོར་བ་བཤམ་ནི། སྒྱུ་འཕྲུལ་ལྟ་བུ་ཞི་ཁྲོའི་དཀྱིལ་འཁོར་རས་བྲིས་སྟེང་འོག་ཏུ་བཤམས་པའམ། མ་འབྱོར་ན་ཚོམ་བུ་ལྷ་གྲངས་སོ་སོར་བཀོད་པའི་ཁར་མཉྫིའི་སྟེང་བུམ་པ་སོ་ལྔའི་བཅུད་ལྡན་གྱི་ཁ་རྒྱན་ལ་ཅོད་པན། རྡོར་དྲིལ། མིང་དབང་རྣམས་བྲིས་པའི་ཙཀ་ལི་བཏགས་པ། མདུན་དུ་ཞི་བ་རིགས་ལྔ། ཡུམ་ལྔ། སེམས་དཔའ་བརྒྱད། སེམས་མ་བརྒྱད། ཐུབ་པ་དྲུག །བྱ་བྱེད་ཡབ་ཡུམ། སྒོ་བཞིའི་ཁྲོ་བོ་ཡབ་ཡུམ་བཅས་དང་། གནས་འགྱུར་ལ། ཁྲོ་བོ་ཡབ་ལྔ། ཡུམ་ལྔ། ཀོའུ་རཱི་མ་བརྒྱད། སེང་ཧ་མ་བརྒྱད། སྤོར་བྱེད་བརྒྱད། སྒོ་མ་བཞི། དབང་ཕྱུག་ཉེར་བརྒྱད་བཅས་ཀྱི་སྐུ་ཙཀ །གཡས་སུ་གསང་ཐོད། གཡོན་དུ་རིག་ཙཀ །ཤེལ་རྡོ་བཅས་མཆོག་དབང་གསུམ་གྱི་རྫས་དང་། ཐོད་རྒལ་ལ་མེ་ལོང་དར་སྣ་ལྔས་བརྒྱན་པ། རྨ་བྱའི་མདོངས། ཤེལ་ཕྲེང་། ཤེལ་རྡོ་རྣམས་སྦྲེལ་བ་དང་། རྒྱབ་ཏུ་བསྟན་བུའམ་བཏགས་གྲོལ་འཁོར་ལོ། མདུན་དུ་དབང་གཏོར་གཙོ་སྐུ་དར་གདུགས་ཅན། མིག་དར་མེ་ཏོག་དང་། གཞན་ཡང་ཕྱི་ནང་གི་མཆོད་པ། ཚོགས་ཀྱི་ཡོ་བྱད་སོགས་དགོས་པ་རྣམས་བཀོད། དབང་སྒྲུབ་ལ་གསང་སྐོར་ཁྲོ་བྱང་ཁྲིགས་བསྡེབས་ཀྱིས་ཁོག་ཕུབ་ནས། ཡི་དམ་ཞི་སྒྲུབ་ཀུན་བཟང་དོན་གྱི་ཕྲིན་ལས་ཉིད་ཀྱི་སྐྱེད་བཟླས་ཀྱིས་བདག་བསྐྱེད་བྱས་ལ། མདུན་བསྐྱེད་ཞི་ཁྲོ་གནས་འགྱུར་གྱི་མངོན་རྟོགས་ལྟར་ལས། དང་པོ་ཞི་བ་སྒོམ་པ་ནི། བྱང་ཁྲིགས་རྟེན་བྱང་གི་ཐུགས་རྗེའི་འོད་ཀྱིས་སྣོད་བཅུད་སྦྱངས༔ ཞེས་པའི་མཚམས། ཡེ་ནས་རྣམ་པར་དག་པའི་ཞིང༔སོགས་ཞི་སྒྲུབ་སྦྱར་ལ་བསྒོམས་ནས། དབང་བསྐུར་སྤྱན་འདྲེན་མཆོད་བསྟོད་བར་གྲུབ་པ་དང་། ཧཱུྃ༔ སྣང་བ་ཐམས་ཅད་ཞི་བའི་སྐུ༔ གྲགས་པ་ཐམས་ཅད་སྔགས་ཀྱི་དབྱངས༔ རིག་པ་རྟོག་མེད་འོད་གསལ་དབྱིངས༔ མཆོད་སྤྲིན་རྒྱ་མཚོས་ཞིང་ཁམས་ཁེངས༔ ཕྲིན་ལས་དུ་མས་འགྲོ་བ་བསྒྲལ༔ མཁའ་ཁྱབ་རྒྱལ་བའི་དཀྱིལ་འཁོར་ཉིད༔ དུ་མ་རོ་གཅིག་ངང་དུ་རྫོགས༔ ཞེས་དམིགས་པའི་འཕྲོ་འདུ་དང་བཅས་ཞི་བའི་ལྷ་ཛཔ྄་སོ་སོའམ་སྤྱི་དྲིལ་བཟླ། སླར་ཡང་། དེ་ཉིད་ཁྲོ་བོར་གནས་འགྱུར་ནི༔ དབུས་སུ་བྱོལ་སོང་ཁྲི་ལྔའི་སྟེང༔ སོགས་ནས། དཔལ་གྱི་དཀྱིལ་འཁོར་ཆེན་པོར་གསལ༔ བར་གྱིས་གནས་བསྒྱུར་ཅིང་། སྤྲོ་ན་སླར་ཡང་ཕྱག་མཆོད་བསྟོད་པའི་བྱང་བུ་ཙམ་བྱས་ལ། ཧཱུྃ༔ སྣང་བ་ཐམས་ཅད་ཁྲོ་བོའི་སྐུ༔ གྲགས་པ་ཐམས་ཅད་སོགས་གོང་བཞིན་དམིགས་པའི་འཕྲོ་འདུ་དང་བཅས་ཁྲོ་ཛཔ྄་སོ་སོའམ་སྤྱི་དྲིལ་རུ་ལུ་བཟླས་མཐར། བུམ་བཟླས་ཟུར་དུ་སྤྲོ་ན་སྤྱི་ཁྱབ་ལྟར་མདོར་བསྡུས་འོད་ཞུ་བཅས། དེ་རྗེས་སྲུང་མའི་གཏོར་ཆོག །ཚོགས་མཆོད། ཏིང་ངེ་འཛིན་གྱི་དབང་བླང་བའམ་རིག་པའི་མེ་ཏོག་དོར།། །།དབང་དངོས་ལ། སློབ་མ་རྣམས་ཁྲུས་དང་བགེགས་བསྐྲད་ལ་སྲུང་། སེམས་བསྐྱེད་དང་། མཚམས་སྦྱོར་གྱི་ཁྱད་པར། དེ་ལ་འདིར་སྐབས་སུ་བབ་པའི་གསན་བྱའི་ཆོས་ནི། ཀུན་བྱེད་ལས། མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་སྔགས་ཀྱི་ཐེག་པ་འོ། །ཞེས་གསུངས་པ་ལྟར་སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ་ཐམས་ཅད་བསྡུ་ན་རྒྱུ་འབྲས་ཀྱི་ཐེག་པ་གཉིས་ལས། ཁྱད་དུ་འཕགས་པ་འབྲས་བུ་སྔགས་ཀྱི་ཐེག་པའི་ཡང་རྩེ་བླ་མེད་ནང་རྒྱུད་སྡེ་གསུམ་སྟེ། དེ་ཡང་རིག་པའི་རྩལ་དུ་སྣང་བ་མ་ཧཱ། རིག་པའི་ཆོ་འཕྲུལ་དུ་སྣང་བ་ཨ་ནུ། རིག་པ་རང་ཤར་བ་ཨ་ཏི་དང་གསུམ་ལས་འདིར་ཕྱི་མ། དེ་ལའང་ཕྱི་ནང་གསང་བའི་སྐོར་ཚོ་གསུམ་ལས། འདིར་གསང་སྐོར་སེམས་ལས་འདས་པའི་རིག་པ་ཡེ་ཤེས་ཉག་གཅིག་རྩལ་དུ་འདོན་པའི་མན་ངག་གི་རྒྱལ་པོའི་བཀའ་སྲོལ་རྣམས་ལས་ཁྱད་པར་དུ་གྱུར་པ། དམ་ཆོས་རྫོགས་ཆེན་སྡེ་གསུམ་གྱི་གསང་སྐོར་ཡི་དམ་ཞི་བ་ཁྲོ་བོ་གནས་འགྱུར་གྱི་སྨིན་བྱེད་བསྒྲུབ་པར་བགྱི་བའི་སྐབས་སུ་བབས་པ་ཡིན། དེ་ལ་བདག་ཉིད་ཀྱིས་བགྱི་འོས་གྲུབ་ནས་ཁྱེད་རང་གི་ངོ་སྐལ་དུ་གྱུར་པ་ལ་སྨིན་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཞེས་བརྗོད་ལ་མཎྜལ་འབུལ་དུ་གཞུག །རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གཟོད་འཇུག་དགོས་པའི་བརྡར་མིག་དར་འཆིང་མཛོད། ཨཱོྃ་ཨཱཿཧཱུྃ། དོན་དམ་ཡེ་ཤེས་ལྔའི་དཀྱིལ་འཁོར་རང་རིག་གདོད་མའི་ངོ་བོར་རྫོགས་པ་མངོན་དུ་བྱ་བའི་བརྡར་མེ་ཏོག་གི་ཕྲེང་བ་ཁ་དོག་ལྔ་པ་རེ་ཐོགས་མཛོད། ཨཱ་ཁཾ་ཝཱི་ར་ཧཱུྃ། རྒྱུད་རྣམ་པར་དག་པའི་སྡོམ་པ་དང་ལྡན་པའི་ཕྱིར་དབྱིངས་རིག་གཉིས་མེད་མཆོག་གསུམ་ཞི་ཁྲོ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར། རང་རིག་ལ་ཡེ་རྫོགས་སུ་བཞུགས་པའི་གདངས་ཕྱིར་གསལ་ཡེ་ཤེས་ཀྱི་འཁོར་ལོ་མཁའ་ཁྱབ་ཏུ་སད་པ། གཉིས་མེད་ཐིག་ལེ་གཅིག་ཏུ་རྫོགས་པའི་དོན་ཤེས་པས་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས་ལན་གསུམ་མཛོད། དབྱིངས་ཉིད་རྣམ་དག་སོགས་ལན་གསུམ། འགྲོ་ཀུན་རྒྱལ་བ་ཞི་ཁྲོ་གདན་གསུམ་ལྷའི་འཁོར་ལོ་ལས་གཞན་དུ་མ་གྱུར་ཀྱང། བློས་བཏགས་འཁྲུལ་སྣང་གི་གཞན་དབང་ཅན་མ་དག་སྲིད་པའི་རྒྱུ་འབྲས་ལ་སྤྱོད་པ་ཐམས་ཅད་རྣམ་གྲོལ་ཡེ་ཤེས་དག་པའི་དགོངས་པར་ངལ་འཚོ་བའི་ཆེད་སྨོན་འཇུག་གི་དམ་བཅའ་གཟུང་བ་འདིའི་རྗེས་ཟློས། ཨེ་མ་ཧོ་རང་རིག་སོགས་ལན་གསུམ། དག་ཆེན་ཆོས་ཉིད་ཀྱི་ལྷ་ལ་ཡེ་ཤེས་རྒྱུན་མི་ཆད་པའི་གསག་སྦྱང་མངོན་དུ་བྱ་བས་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་ཐིག་ལེར་ངལ་འཚོ་བའི་ཆེད་འདིའི་རྗེས་ཟློས། ནམ་མཁའ་ལྟ་བུའི་སོགས་གསུམ། དེ་ནས་དཀྱིལ་འཁོར་གཉན་པོར་འཇུག་སྟེ་སྨིན་པའི་ཕྱིར་བླ་མ་དང་ཡི་དམ་གྱི་ལྷ་ཐ་མི་དད་པ་ལ་ཐལ་མོ་མེ་ཏོག་གིས་བཀང་སྟེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་ཞི་ཁྲོའི་ལྷ་ཚོགས་དགོངས༔ བདག་ནི་མ་རིག་འཁྲུལ་པས་བསྒྲིབས༔ སྒྲིབ་པའི་ཚོགས་རྣམས་བསལ་བར་མཛོད༔ རྗེས་སུ་འཛིན་པར་མཛད་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ། སློབ་དཔོན་གྱིས༔ དེ་ལྟར་ཡིན་ན་ཞི་ཁྲོ་ཡི༔ བླ་མེད་ཡང་གསང་དམ་ཚིག་རྣམས༔ སྲོག་གི་ཕྱིར་ཡང་མི་གཏང་བར༔ ཁྱོད་ཀྱིས་ཡང་དག་བྲོ་བོར་ཅིག༔ སློབ་མས་གསང་བ་གཉན་པོའི་ཐ་ཚིག་ལས་མི་འདའ་བར་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ཨི་དན་ན་ར་ཀན༔ དེ་ནས་དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། སློབ་མ་མ་བཅོས་ཀློང་གསལ་ཀུན་ཏུ་བཟང་པོར་གསལ་བའི་ཐུགས་ཀར་ཡེ་ཤེས་ཀྱི་འཁོར་ལོ་དྲག་ཏུ་འཁོར་བས་རྒྱལ་བ་ཐམས་ཅད་བྱོན་ནས་ཐིམ་པས་བྱིན་གྱིས་བརླབས་པར་གྱུར༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་པས་བྱིན་དབབ། ཡེ་ཤེས་པ་བརྟན་པར་གྱུར་ཅིག ཏིཥྛ་བཛྲ། ཞེས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག །ཁྱེད་རྣམས་ལ་སྔར་ཕྱག་ཏུ་གཏད་པའི་མེ་ཏོག་དེ་ཉིད་ཡེ་ཤེས་ཀྱི་དཀྱིལ་འཁོར་འདིར་དོར་བས་ལས་ཀྱིས་འབྲེལ་བའི་ལྷག་པའི་ལྷ་ལ་བབ་པར་ཤོག་སྙམ་པས་འདིའི་རྗེས་ཟློས། ཧོ༔ བདེ་གཤེགས་ཞི་ཁྲོའི་དཀྱིལ་འཁོར་འདིར༔ སྙིང་པོའི་ཡེ་ཤེས་བརྟག་བྱའི་ཕྱིར༔ རིག་པའི་མེ་ཏོག་འདི་འབུལ་གྱིས༔ ལས་འཕྲོའི་དབང་གིས་བཞེས་སུ་གསོལ༔ པུཥྤེ་པྲ་ཏཱིཙྪ་ཧོ༔ ཞེས་འདོར་དུ་བཅུག །རྟེན་དང་བརྟེན་པའི་དཀྱིལ་འཁོར་གཙོ་འཁོར་དུ་སྣང་བ་ཐམས་ཅད་ཁྱབ་བདག་ཀུན་ཏུ་བཟང་པོ་གཅིག་གི་རང་བཞིན་ལས་མ་འདས་པས། མེ་ཏོག་གཙོ་བོས་བཞེས་ནས་སླར་རིགས་ཀྱི་རྟགས་སུ་རྡོ་རྗེའི་ཅོད་པན་དུ་བཅིངས་པ་དང་གསང་བའི་མཚན་རིག་འཛིན་འདུས་པ་རྩལ་དུ་གནང་བར་མོས་མཛོད། ལྷན་སྐྱེས་མ་རིག་པའི་སྒྲིབ་གཡོགས་ཡེ་ཤེས་རིག་པའི་ཐུར་མས་བསལ་བར་མོས། སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱིས༔ འགྲོ་བའི་མིག་ནི་དབྱེ་བར་མཛད༔ སངས་རྒྱས་ས་ལ་བཀོད་པ་བཞིན༔ དེང་འདིར་རིག་པ་འཛིན་བདག་གིས༔ མ་རིག་མིག་ནི་དབྱེ་བར་བྱ༔ ཙཀྵུ་པྲ་བེ་ཤ་ཡ་ཕཊ྄༔ ཅེས་མིག་དར་བསལ། ཧོ༔ ལྟོས་ཤིག་སྐལ་པ་ཅན་རྣམས་ལྟོས༔ བདེ་གཤེགས་ཞི་ཁྲོའི་དཀྱིལ་འཁོར་འདི༔ སྐད་ཅིག་མཐོང་བ་ཙམ་གྱིས་ཀྱང༔ སྒྲིབ་པ་དག་སྟེ་ཡེ་ཤེས་མཐོང༔ ཧོཿ རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་ཐ་མི་དད་པའི་དཀྱིལ་འཁོར་འདི་རུ་འོག་ཁང་ཞི་བ་བདེ་གཤེགས་རིགས་ལྔ་ཡབ་ཡུམ་དང་། བྱ་བྱེད་གཉིས། སེམས་དཔའ་སེམས་མ་བརྒྱད་བརྒྱད། ཐུབ་པ་དྲུག །སྒོ་བ་ཡབ་ཡུམ་བཞི། སྟེང་ཁང་ཁྲོ་བོའི་དཀྱིལ་འཁོར་དུ་ཁྲག་འཐུང་རིགས་ལྔ་ཡབ་ཡུམ། གནས་ཡུལ་གྱི་མ་མོ་དང་སྤོར་མ་བརྒྱད་བརྒྱད། སྒོ་མ་བཞི། དབང་ཕྱུག་ཉེར་བརྒྱད་རྣམས་བཞུགས་པའི་གདན་ཁྲི་གཞལ་ཡས་ཁང་དང་བཅས་པ་སྣང་ལ་མ་འགགས་པ་ཆུ་ཟླ་དང་འཇའ་ཚོན་བཞིན་བཀྲག་ས་ལེ། མཚན་མ་རྫས་ཀྱི་དཀྱིལ་འཁོར་དུ་གཉིས་སུ་མེད་པར་མཇལ་བས། མཚོན་བྱ་དོན་གྱི་དཀྱིལ་འཁོར་དབྱིངས་ཀ་དག་ཞི་བ། འོད་གསལ་ལྷུན་གྲུབ་ཁྲོ་བོའི་དཀྱིལ་འཁོར་རང་བྱུང་གསལ་རྫོགས་སུ་ཐབས་འདིས་མངོན་དུ་བྱེད་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །དབང་དངོས་ལ་ཐུན་མོང་བུམ་པའི་དབང་། ཁྱད་པར་འཁོར་ཆོས་གནས་སུ་དག་པ་ཞི་བའི་ལྷ་དབང་། ཡེ་ཤེས་གནས་འགྱུར་ཁྲོ་བོའི་ལྷ་དབང་། དེ་དག་ཐུན་མོང་དུ་མཆོག་དབང་གོང་མ་གསུམ། མཐའ་རྟེན་བཅས་བསྐུར་བའོ། །ཐོག་མར་ཐུན་མོང་བུམ་པའི་ཕན་ནུས་ཀྱི་དབང་བསྐུར་བའི་སླད་དུ། ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་ཡབ་ཡུམ་འཁོར་དང་བཅས་པ་གདན་གསུམ་ཚང་བའི་དབང་གི་ལྷར་སད་པ་རྣམས་དང་སློབ་དཔོན་ལྷན་ཅིག་པས། ཡེ་ཤེས་གཅིག་ཉིད་དུ་མར་ཤར་བའི་ཆོ་འཕྲུལ་རིག་པའི་དབང་ལྔའི་རྫས་རྣམས་གཙོ་བོ་རྣམ་པར་རྒྱལ་བའི་བུམ་པ་གཅིག་ལ་བརྡ་དོན་རྫོགས་པའི་དབང་བསྐུར་བསྩལ་བར་གྱུར། ཧཱུྃ༔ བཀྲ་ཤིས་བུམ་པ་སྣོད་བཅུད་ཡོངས་སུ་རྫོགས༔ རིན་ཆེན་ཅོད་པན་རྒྱལ་བའི་དབང་བསྐུར་ཆེ༔ ཡེ་ཤེས་རྡོ་རྗེ་དང་བཅས་རྒྱལ་བས་འཛིན༔ སངས་རྒྱས་གསུང་དབྱངས་དྲིལ་བུའི་སྒྲ་འཁྲོལ་ཞིང༔ བཀྲ་ཤིས་མཚན་གྱི་སྙིང་པོས་མངའ་གསོལ་བས༔ རིག་པའི་དབང་ལྔ་དུས་གཅིག་རྫོགས་གྱུར་ཅིག༔ ཨཱོྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨ་བྷི་ཥིཉྩ་ཨཱ༔ དེ་ལྟར་བུམ་པ་ལ་བརྟེན་པའི་རིག་པའི་དབང་ལྔ་ཡོངས་སུ་རྫོགས་པས་དུག་ལྔ་དབྱིངས་སུ་དག །སྐུ་ལྔ་ཡེ་ཤེས་ལྔ་ཐོབ་པའི་ནུས་པ་རྒྱུད་ལ་བཞག་པའོ། །དེ་ནས་ཁྱད་པར་དུ་དག་འགྱུར་ཞི་ཁྲོའི་ལྷ་དབང་བསྐུར་བ་ལ། ཐོག་མར་འཁོར་ཆོས་གནས་སུ་དག་པ་ཞི་བའི་ལྷ་ཚོགས་རྣམས་ལས་སྐུ་ཕྱག་རྒྱ་གཉིས་པ་རེ་འཕྲོས། ཁྱེད་རང་ལ་ཐིམ་པས་ཕུང་ཁམས་སྐྱེ་མཆེད་ལྷའི་འཁོར་ལོར་འཆར་བར་མོས་ཤིག །ཞི་བའི་ལྷ་ཙཀ་རྣམས་ཀྱི་དབང་བསྐུར་ལ། ཧཱུྃ༔ ཞེ་སྡང་རྣམ་དག་མི་བསྐྱོད་རྡོ་རྗེ་དང༔ གཏི་མུག་རྣམ་དག་རྣམ་པར་སྣང་མཛད་དང༔ ང་རྒྱལ་རྣམ་དག་རིན་ཆེན་འབྱུང་ལྡན་དང༔ འདོད་ཆགས་རྣམ་དག་སྣང་བ་མཐའ་ཡས་དང༔ ཕྲག་དོག་རྣམ་དག་དོན་ཡོད་གྲུབ་པ་སྟེ༔ རྒྱལ་བ་རིགས་ལྔའི་སྐུ་གསུང་ཐུགས་རྫོགས་ཤོག༔ ཧཱུྃ་ཨཱོྃ་ཏྲཱཾ་ཧྲཱིཿཨཱཿཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ནམ་མཁའ་རྣམ་དག་ཡུམ་ཆེན་དབྱིངས་ཕྱུག་མ༔ ས་ཁམས་རྣམ་དག་ཡུམ་ཆེན་སངས་རྒྱས་སྤྱན༔ ཆུ་ཁམས་རྣམ་དག་ཡུམ་ཆེན་མཱ་མ་ཀཱི༔ མེ་ཁམས་རྣམ་དག་ཡུམ་ཆེན་གོས་དཀར་མོ༔ རླུང་ཁམས་རྣམ་དག་ཡུམ་ཆེན་དམ་ཚིག་སྒྲོལ༔ རིགས་ཀྱི་ཡུམ་གྱུར་རྣམས་ཀྱི་དབང་བསྐུར་རོ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ མིག་དབང་གནས་དག་སེམས་དཔའ་ས་ཡི་སྙིང༔ གཟུགས་ཡུལ་གནས་དག་སེམས་དཔའ་བྱམས་པ་མགོན༔ རྣ་དབང་གནས་དག་སེམས་དཔའ་ནམ་མཁའི་སྙིང༔ སྒྲ་ཡུལ་གནས་དག་སེམས་དཔའ་སྒྲིབ་པ་སེལ༔ སྣ་དབང་གནས་དག་སེམས་དཔའ་སྤྱན་རས་གཟིགས༔ དྲི་ཡུལ་གནས་དག་སེམས་དཔའ་ཀུན་ཏུ་བཟང༔ ལྕེ་དབང་གནས་དག་སེམས་དཔའ་རྡོ་རྗེ་འཛིན༔ རོ་ཡུལ་གནས་དག་སེམས་དཔའ་འཇམ་དཔལ་དབྱངས༔ བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་དབང་བསྐུར་རོ༔ ཀྵིཾ་མཻ་ཏྲཱཾ་ཐིཾལྷ་ཧྲཱིཿཨ་ཛྲིཾ་མཱུཾ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མིག་གི་རྟོག་པ་གནས་དག་ལཱ་སྱཻ་མ༔ གཟུགས་ཡུལ་རྟོག་པ་གནས་དག་དྷཱུ་པེ་མ༔ རྣ་བའི་རྟོག་པ་གནས་དག་མཱ་ལྱཾ་མ༔ སྒྲ་ཡུལ་རྟོག་པ་གནས་དག་པུཥྤེ་མ༔ སྣ་ཡི་རྟོག་པ་གནས་དག་གཱིརྟཱི་མ༔ དྲི་ཡུལ་རྟོག་པ་གནས་དག་ཨཱ་ལོ་མ༔ ལྕེ་ཡི་རྟོག་པ་གནས་དག་ནིརྟཱི་མ༔ རོ་ཡུལ་རྟོག་པ་གནས་དག་གནྡྷེ་མ༔ བྱང་ཆུབ་སེམས་མ་བརྒྱད་ཀྱི་དབང་བསྐུར་རོ༔ ཧཱུྃ་ཛཿཏྲཱཾ་ཧཱུྃ་ཧྲཱིཿབཾ་ཨཾ་ཧོ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ལྷ་ཡི་རྟོག་པ་གནས་དག་བརྒྱ་བྱིན་དབང༔ ལྷ་མིན་རྟོག་པ་གནས་དག་ཐགས་བཟང་རིས༔ མི་ཡི་རྟོག་པ་གནས་དག་ཤཱཀྱ་ཐུབ༔ བྱོལ་སོང་རྟོག་པ་གནས་དག་སེང་རབ་བརྟན༔ ཡི་དྭགས་རྟོག་པ་གནས་དག་ཁ་འབར་མ༔ དམྱལ་བའི་རྟོག་པ་གནས་དག་ཆོས་ཀྱི་རྒྱལ༔ འགྲོ་འདུལ་ཐུབ་པ་དྲུག་གི་དབང་བསྐུར་རོ༔ ཀྲིཾ་ཏྲུཾ་སྲུཾ་བྲཾ་ཀྵཾ་ཡེ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བྱེད་པ་རྣམ་དག་ཡེ་ཤེས་སྐུ་མངའ་བ༔ རྒྱལ་བ་ཀུན་ཏུ་བཟང་པོའི་དབང་བསྐུར་རོ༔ བྱ་བ་རྣམ་དག་ཆོས་ཀྱི་སྐུ་མངའ་མ༔ རྒྱལ་ཡུམ་ཀུན་ཏུ་བཟང་མོའི་དབང་བསྐུར་རོ༔ ཨ་ཨ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྟག་ལྟ་གནས་དག་སྒོ་བ་གཤིན་རྗེ་གཤེད༔ སྙིང་རྗེའི་བདག་ཉིད་རྡོ་རྗེ་ལྕགས་ཀྱུ་མ༔ ཆད་མཐའ་གནས་དག་སྒོ་བ་རྣམ་པར་རྒྱལ༔ བྱམས་པའི་བདག་ཉིད་རྡོ་རྗེ་ཞགས་པ་མ༔ མཚན་མ་གནས་དག་སྒོ་བ་རྟ་མགྲིན་རྒྱལ༔ དགའ་བའི་བདག་ཉིད་རྡོ་རྗེ་ལྕགས་སྒྲོག་མ༔ མཚན་འཛིན་གནས་དག་སྒོ་བ་བགེགས་མཐར་བྱེད༔ བཏང་སྙོམས་བདག་ཉིད་རྡོ་རྗེ་དྲིལ་བུ་མ༔ མཐར་བྱེད་ཡབ་ཡུམ་བརྒྱད་ཀྱི་དབང་བསྐུར་རོ༔ ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཛཿཧཱུྃ་བཾ་ཧོཿཨ་བྷི་ཥིཉྩ་ཧཱུྃ༔ དེ་རྣམས་ཀྱིས་ཕུང་ལྔ་འབྱུང་ལྔ་ཤེས་ཡུལ་དབང་དུས་བྱ་བྱེད་ཉོན་དྲུག་རྟག་ཆད་མཐའ་བརྒྱད་དང་བཅས་པ་གནས་སུ་དག་པའི་བཞི་བཅུ་རྩ་གཉིས་ཞི་བའི་དབང་དམ་པ་ཐོབ་པ་ཡིན་ནོ། །དེ་ནས་ཡེ་ཤེས་གནས་འགྱུར་བདེ་གཤེགས་ཁྲོ་བོའི་ཕྱག་རྒྱའི་ལྷ་ཡི་དབང་བསྐུར་བ་ནི།་་་སྐབས་འདིར་སྤྲོ་ན་ཕྲིན་ལས་ལྟར་དེ་ཉིད་ཁྲོ་བོར་གནས་འགྱུར་ནི༔སོགས་ནས། དཔལ་གྱི་དཀྱིལ་འཁོར་ཆེན་པོར་གསལ༔བར་གྱིས་དབང་ལྷ་གནས་བསྒྱུར་བྱའོ། །ཞི་བའི་ལྷ་ཚོགས་རྣམས་སྐད་ཅིག་གིས་ཁྲག་འཐུང་རོལ་པའི་ལྷ་ཚོགས་སུ་གནས་གྱུར་པའི་སྐུ་ལས་གཉིས་པ་རེ་འཕྲོས་ཏེ། ཁྱེད་རང་རྣམས་ལ་ཐིམ་པས་འཇོམས་བྱེད་ཁྲོ་རྒྱལ་འབར་བའི་སྐུ་གསུང་ཐུགས་དང་གཉིས་མེད་དུ་གྱུར་པར་སྒོམས་ཤིག །ཁྲོ་བོའི་ལྷ་ཙཀ་རྣམས་ཀྱི་དབང་བསྐུར་ལ། ཧཱུྃ༔ ཉོན་མོངས་ཞེ་སྡང་གནས་གྱུར་པའི༔ རྡོ་རྗེ་ཁྲོ་བོའི་དབང་བསྐུར་རོ༔ ཉོན་མོངས་གཏི་མུག་གནས་གྱུར་པའི༔ དེ་བཞིན་ཁྲོ་བོའི་དབང་བསྐུར་རོ༔ ཉོན་མོངས་ང་རྒྱལ་གནས་གྱུར་པའི༔ རིན་ཆེན་ཁྲོ་བོའི་དབང་བསྐུར་རོ༔ ཉོན་མོངས་འདོད་ཆགས་གནས་གྱུར་པའི༔ པདྨ་ཁྲོ་བོའི་དབང་བསྐུར་རོ༔ ཉོན་མོངས་ཕྲག་དོག་གནས་གྱུར་པའི༔ ཀརྨ་ཁྲོ་བོའི་དབང་བསྐུར་རོ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ འབྱུང་བ་ནམ་མཁའ་གནས་གྱུར་པའི༔ བཛྲ་ཀྲོ་དྷཱིའི་དབང་བསྐུར་རོ༔ འབྱུང་བ་ས་ཁམས་གནས་གྱུར་པའི༔ བུདྡྷ་ཀྲོ་དྷཱིའི་དབང་བསྐུར་རོ༔ འབྱུང་བ་ཆུ་ཁམས་གནས་གྱུར་པའི༔ རཏྣ་ཀྲོ་དྷཱིའི་དབང་བསྐུར་རོ༔ འབྱུང་བ་མེ་ཁམས་གནས་གྱུར་པའི༔ པདྨ་ཀྲོ་དྷཱིའི་དབང་བསྐུར་རོ༔ འབྱུང་བ་རླུང་ཁམས་གནས་གྱུར་པའི༔ ཀརྨ་ཀྲོ་དྷཱིའི་དབང་བསྐུར་རོ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ མིག་གི་རྣམ་ཤེས་གནས་གྱུར་པའི༔ མ་མོ་ཆེན་མོ་ཀོའུ་རཱི་མ༔ རྣ་བའི་རྣམ་ཤེས་གནས་གྱུར་པའི༔ མ་མོ་ཆེན་མོ་ཙོའུ་རཱི་མ༔ སྣ་ཡི་རྣམ་ཤེས་གནས་གྱུར་པའི༔ མ་མོ་ཆེན་མོ་པྲ་མོ་ཧ༔ ལྕེ་ཡི་རྣམ་ཤེས་གནས་གྱུར་པའི༔ མ་མོ་ཆེན་མོ་བཻ་ཏཱ་ལི༔ ལུས་ཀྱི་རྣམ་ཤེས་གནས་གྱུར་པའི༔ མ་མོ་ཆེན་མོ་པུཀྐ་སི༔ ཡིད་ཀྱི་རྣམ་ཤེས་གནས་གྱུར་པའི༔ མ་མོ་ཆེན་མོ་ཙཎྜ་ལཱི༔ ཉོན་ཡིད་རྣམ་ཤེས་གནས་གྱུར་པའི༔ མ་མོ་ཆེན་མོ་གྷསྨ་རཱི༔ ཀུན་གཞིའི་རྣམ་ཤེས་གནས་གྱུར་པའི༔ མ་མོ་ཆེན་མོ་སྨེ་ཤ་ནི༔ གནས་ཀྱི་མ་མོའི་དབང་བསྐུར་རོ༔ ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གཟུགས་ཡུལ་གནས་གྱུར་སེང་ཧ་མ༔ སྒྲ་ཡུལ་གནས་གྱུར་བྱ་གྷྲྀ་མ༔ དྲི་ཡུལ་གནས་གྱུར་སྲྀ་ལ་མ༔ རོ་ཡུལ་གནས་གྱུར་ཤྭ་ན་མ༔ ལུས་ཡུལ་གནས་གྱུར་ཀངྐ་མ༔ ཡིད་ཡུལ་གནས་གྱུར་ཀྲྀ་ཏ་མ༔ ཉོན་ཡུལ་གནས་གྱུར་ཁྭ་ཁ་མ༔ གཞི་ཡུལ་གནས་གྱུར་ཧུ་ལུ་མ༔ ཡུལ་གྱི་མ་མོའི་དབང་བསྐུར་རོ༔ ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ལྷ་རྣམས་གནས་སྤོར་སྐར་མདའ་འཕེན༔ ལྷ་མིན་གནས་སྤོར་མདུང་ཐུང་ཅན༔ མི་རྣམས་གནས་སྤོར་རལ་གྲི་འཛིན༔ དུད་འགྲོ་གནས་སྤོར་དྲིལ་འཁྲོལ་མ༔ ཡི་དྭགས་གནས་སྤོར་གློག་ཤ་རྡེབ༔ དམྱལ་བ་གནས་སྤོར་མེ་འབར་མ༔ རྟག་པའི་གནས་སྤོར་ཟླ་འཕེན་མ༔ ཆད་པའི་གནས་སྤོར་ཉི་ཟེར་འཕེན༔ སྤོར་བྱེད་བརྒྱད་ཀྱི་དབང་བསྐུར་རོ༔ ཧ་ཧ་ཧུ་ལུ་ཧུ་ལུ་ཧུ་ལུ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ རྟག་ལྟ་གནས་གྱུར་རྟ་གདོང་མ༔ ཆད་ལྟ་གནས་གྱུར་ཕག་གདོང་མ༔ མཚན་མ་གནས་གྱུར་སེང་གདོང་མ༔ མཚན་འཛིན་གནས་གྱུར་སྤྱང་གདོང་མ༔ སྒོ་མ་བཞི་ཡི་དབང་བསྐུར་རོ༔ ཛཿཧཱུྃ་བཾ་ཧོཿཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ རྣམ་རྟོག་ཕྲ་རགས་གནས་གྱུར་པའི༔ ཞི་བའི་ལས་མཛད་རྣལ་འབྱོར་བདུན༔ རྒྱས་པའི་ལས་མཛད་རྣལ་འབྱོར་བདུན༔ དབང་གི་ལས་མཛད་རྣལ་འབྱོར་བདུན༔ དྲག་པོའི་ལས་མཛད་རྣལ་འབྱོར་བདུན༔ དབང་ཕྱུག་ཉེར་བརྒྱད་དབང་བསྐུར་རོ༔ བྷྱོ་སརྦ་ཡཀྵི་ཨ་བྷི་ཥིཉྩ་ཨཱོྃ༔ དེ་རྣམས་ཀྱིས་ཉོན་མོངས་འབྱུང་བ་དབང་ཡུལ་ཉོན་ཤེས་བྱ་བྱེད་འགྲོ་དྲུག་རྟག་ཆད་མཚན་འཛིན་རྣམ་རྟོག་ཕྲ་རག་སོགས་གནས་གྱུར་དཔལ་ཆེན་ཁྲོ་བོ་རོལ་པ་དྲུག་ཅུ་རྩ་དྲུག་གི་དབང་ཐོབ་པས་དེའི་གོ་འཕང་གི་ཆོས་རྒྱུད་ལ་བཞག་པ་ཡིན་ནོ། །དེས་སྣང་བཅས་སྣོད་བཅུད་སྐུ་རྡོ་རྗེའི་དཀྱིལ་འཁོར་དུ་ཕན་ནུས་ཀྱི་བདག་ཉིད་ཅན་གྱི་བུམ་པའི་དབང་གིས་སྨིན་པར་བྱས་པས། ཕུང་ཁམས་ཀྱི་སྒྲིབ་པ་སྦྱངས། ཡོངས་གྲུབ་གདན་གསུམ་ཚང་བའི་བསྐྱེད་རིམ་སྒོམ་པ་ལ་དབང་། གཞན་སྣང་འགྲོ་འདུལ་སྤྲུལ་སྐུའི་གོ་འཕང་གི་ཆོས་རྒྱུད་ལ་བཞག་པ་ཡིན་ནོ། །དེ་ནས་མཆོག་དབང་གོང་མ་རྣམ་གསུམ་བསྐུར་བ་ལ། གསང་དབང་གི་སླད་དུ་བླ་མ་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་མཉམ་པར་སྦྱོར་བའི་བདེ་བའི་ཟིལ་གྱིས་སངས་རྒྱས་ཀུན་གྱི་ལྷག་པའི་བྱང་སེམས་ཀྱི་བཅུད་བསྡུས་པ་ལྕེ་ཐོག་ཏུ་བྱིན་པར་མོས་མཛོད། ཐོད་པའི་བདུད་རྩི་ཐོགས་ལ། ཧཱུྃ༔ བྷནྡྷ་སྟོང་པའི་སྣོད་ནང་དུ༔ བྱང་སེམས་བདེ་བའི་བཅུད་ཀྱིས་བཀང༔ བདེ་སྟོང་དབྱེར་མེད་བདུད་རྩི་འདིས༔ གསང་དབང་ངག་ལ་ཡོངས་རྫོགས་ཤོག༔ བོ་དྷི་ཙིཏྟ་ཧཱུྃ༔ གསལ་སྟོང་བདེ་བས་བརྒྱན་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པར་མོས། དེས་ཕྱེད་སྣང་གསུང་རྡོ་རྗེའི་དཀྱིལ་འཁོར་དུ་གསང་དབང་ཐོབ་པས། ལས་རླུང་གི་རྒྱུ་བ་དྷཱུ་ཏིའི་དབྱིངས་སུ་དག་པར་བྱས། སྐྱེ་མེད་རང་བྱུང་རྡོ་རྗེའི་བཟླས་པ་ལ་དབང་། རང་སྣང་བདེ་ཆེན་ལོངས་སྐུའི་གོ་འཕང་གི་ཆོས་རྒྱུད་ལ་བཞག་པ་ཡིན་ནོ། །ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། སྣ་ཚོགས་གཟུགས་ཅན་མའི་ཕྱག་རྒྱའི་རེག་པས་དཔེ་ཡི་ཡེ་ཤེས་དྲངས་པ་ལ་བརྟེན་ནས་ཡུལ་དབང་ཆགས་སྡང་ལས་འདས་པའི་དབྱིངས་རིག་གཉིས་མེད་དུ་ངོ་སྤྲད་པར་གྱུར། རིག་ཙཀ་ཐོགས་ལ། ཧཱུྃ༔ ཡུལ་སྣང་སྣང་སྟོང་མཚན་ལྡན་མར༔ རང་རིག་བདེ་བ་ཡེ་ཤེས་པས༔ དབྱིངས་རིག་བདེ་སྟོང་གཉིས་མེད་སྦྱོར༔ ཟུང་འཇུག་བདེ་ཆེན་རྟོགས་པར་ཤོག༔ མ་ཧཱ་སུ་ཁ་ཧོ༔ བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས། དེས་སྣང་མེད་ཐུགས་རྡོ་རྗེའི་དཀྱིལ་འཁོར་དུ་ཤེར་དབང་ཐོབ་པས། གཉིས་སྣང་གི་འཆིང་བ་དབྱིངས་སུ་དག །བདེ་ཆེན་འོད་གསལ་གྱི་ཡེ་ཤེས་སྒོམ་པ་ལ་དབང་། གཏིང་གསལ་འགག་མེད་ཆོས་སྐུའི་གོ་འཕང་གི་ཆོས་རྒྱུད་ལ་བཞག་པ་ཡིན་ནོ། །དབང་བཞི་པ་ཀ་དག་ཁྲེགས་ཆོད་ཀྱི་དོན་གྱི་ཡེ་ཤེས་ངོ་བོ་རང་བཞིན་ཐུགས་རྗེའི་ཁྱད་པར་གསུམ་ལྡན་རང་བྱུང་རྡོ་རྗེ་སེམས་དཔའི་མེ་ལོང་གི་བརྡ་དང་རྡོ་རྗེའི་ཚིག་གིས་དོན་ངོ་སྤྲད་པ་ནི། ཤེལ་རྡོ་ཐོགས་ལ། ཨེ་མ་ཧོ༔ ངོ་བོ་སྟོང་པ་ཤེལ་གྱིས་མཚོན༔ རང་བཞིན་ལྷུན་གྲུབ་འཇའ་རུ་ཤར༔ ཐུགས་རྗེའི་འོད་ཟེར་ཀུན་ཏུ་འཕྲོ༔ རང་བྱུང་སེམས་ཉིད་ངོ་མཚར་ཆེ༔ དྷརྨ་ཤུདྡྷེ་ཨ༔ ལྷུན་གྲུབ་རིག་རྩལ་ཐོད་རྒལ་གྱི་སྣང་བ་དབྱིངས་རིག་སྒྲོན་མ་དྲུག་ལྡན་རྫས་དང་བརྡ་རྟགས་ཀྱིས་མཚོན་པའི་དབང་ནི། ངོ་སྤྲོད་ཀྱི་རྫས་རྣམས་ཐོགས་ལ། དབྱིངས་ཀྱི་རང་བཞིན་མེ་ལོང་ལ༔ འོད་ཀྱི་རང་བཞིན་དར་སྣས་བརྒྱན༔ ཐིག་ལེའི་རང་བཞིན་རྨ་བྱའི་མདོངས༔ རིག་པ་ལུག་རྒྱུད་ཤེལ་གྱི་ཕྲེང༔ མིག་ཏུ་མཚོན་ཕྱིར་ཤེལ་གྱི་ཀློང༔ དབང་པོའི་སྒོར་སྦྱར་བརྡ་བསྟན་པས༔ རིག་རྩལ་ཐོད་རྒལ་དབང་ཐོབ་ཤོག༔ དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་ཨ༔ དབྱིངས་རིག་གཉིས་མེད་ཀྱི་ངང་ལ་མཉམ་པར་ཞོག །དེས་གཉིས་མེད་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་བཞི་པའི་དབང་བསྐུར་པས། སྣང་གསུམ་འཕོ་བའི་སྒྲིབ་པ་སྦྱངས། དབྱིངས་རིག་ཟུང་འཇུག་གི་ལམ་སྒོམ་པ་ལ་དབང་། མཆོག་ཏུ་མི་འགྱུར་ངོ་བོ་ཉིད་སྐུའི་གོ་འཕང་གི་ཆོས་རྒྱུད་ལ་བཞག་པ་ཡིན་ནོ། །དེ་ནས་མཐའ་རྟེན་ལས། དང་པོ་དབང་བཞིའི་ཡེ་ཤེས་གོང་འཕེལ་དུ་བྱ་བའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པུ་བསྟན་པ་བུ་གཅིག་གི་རྒྱུད། ཐོག་མའི་མགོན་པོའི་བྱིན་རླབས་མཆོག་གི་སྤྲུལ་པ་བསྟན་པའི་བཙས་གསུམ་གྱི་འདྲ་འབག་གི་དབང་བསྐུར་བས་གྲོལ་བ་དྲུག་ལྡན་གྱི་སྐལ་པ་མངོན་དུ་གྱུར་པར་མོས་ལ། བསྟན་བུའི་གླེགས་བམ་གནས་གསུམ་དུ་བཞག་ལ། ཨ༔ རང་བྱུང་རང་ཤར་བསྟན་པ་བུ་གཅིག་རྒྱུད༔ སངས་རྒྱས་ཀུན་གྱི་ཡེ་ཤེས་ཐུགས་རྗེའི་གཟུགས༔ འོད་གསལ་སྙིང་པོའི་བསྟན་པའི་བཙས་གཅིག་པུ༔ བྲིས་ཏེ་བཏགས་པས་གྲོལ་བའི་དབང་ཐོབ་ཤོག༔ འཁོར་ལོར་བྱས་ཏེ་མཐོང་བས་མཐོང་གྲོལ་ཤོག༔ གང་དུ་བཏགས་པ་རེག་པས་རེག་གྲོལ་ཤོག༔ བརྗོད་ཅིང་ཚིག་གིས་བརྡ་སྤྲད་ཐོས་གྲོལ་ཤོག༔ བཟླས་ཤིང་བཏབ་པ་མྱོང་བས་མྱོང་གྲོལ་ཤོག༔ གང་གིས་ཚོར་བ་དེ་དག་གྲོལ་བར་ཤོག༔ འཿཨཿཤཿསཿམཿཧཿཨ་བྷི་ཥིཉྩ་ཧཱུྃ༔ གཉིས་པ་དབྱིངས་རིག་གཉིས་མེད་བརྡ་དོན་རྟགས་གསུམ་རྫོགས་པའི་གཏོར་མས་དཀྱིལ་འཁོར་ལྷ་ཚོགས་ཡོངས་སུ་རྫོགས་པའི་དབང་བསྐུར་བས་སྐྱེ་འཆི་བར་དོ་སྐུ་གསུམ་ཡེ་ཤེས་ཀྱི་རང་བཞིན་ཆེན་པོར་ལམ་དུ་ཁྱེར་བའི་དབང་ཐོབ་པར་མོས་མཛོད། གཏོར་མ་གནས་གསུམ་དུ་བཞག་ལ། ཧཱུྃ༔ གཏོར་གཞོང་དབྱིངས་ཀྱི་རང་བཞིན་གཞལ་ཡས་ཁང༔ གཏོར་མ་རིག་པ་རྒྱལ་བ་ཞི་ཁྲོའི་ལྷ༔ དབྱེར་མེད་ཟུང་འཇུག་ངང་དུ་དབང་བསྐུར་བས༔ སྣང་བ་ལྷར་དག་བར་དོར་གྲོལ་བར་ཤོག༔ ཕུང་ཁམས་གནས་གྱུར་འོད་གསལ་ཟིན་པར་ཤོག༔ རྟོག་ཚོགས་བདེ་ཆེན་དབྱིངས་སུ་འཕོ་བར་ཤོག༔ རིག་པ་དབྱིངས་སུ་ཐིམ་པར་བྱིན་གྱིས་རློབས༔ ཚོམ་བུ་འབུམ་བཅས་མངོན་སངས་རྒྱས་གྱུར་ཅིག༔ ཨཱོྃ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་ཨཱོྃ་ཨཱཿཧཱུྃ༔ དེ་རྣམས་ཀྱིས་གསང་སྐོར་ཡི་དམ་ཞི་བ་ཁྲོ་བོ་གནས་གྱུར་བཅས་ཀྱི་དབང་བསྐུར་ལེགས་པར་གྲུབ་པ་ལ། བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་ཤིས་པའི་ཚིག་བརྗོད་པས་དབང་དོན་གྱི་ཡེ་ཤེས་བརྟན་ཅིང་གོང་འཕེལ་དུ་བྱས་པའི་མོས་པ་མཛོད། ཅེས་ཤིས་པ་བརྗོད་ཅིང་། དམ་ཚིག་ཁས་བླང་ཡོན་འབུལ་སོགས་བྱའོ།། །།རྗེས་ནི་སློབ་དཔོན་གྱིས་དཀྱིལ་འཁོར་རྗེས་རིམ་མཐར་དབྱུང་ངོ་། །རང་རིག་རྩལ་ལ་ཞི་ཁྲོའི་ལྷ། །ཉི་དང་ཟེར་བཞིན་དབྱེར་མེད་བཞུགས། །སད་བྱེད་དབང་གི་ཆུ་རྒྱུན་འདི། །ངེས་དོན་གྲུབ་པའི་བཅུད་དུ་སྤེལ། །གསང་སྐོར་ཡི་དམ་ཞི་བའི་དབང་ཁྲོ་བོར་གནས་འགྱུར་དང་བཅས་པའི་ལེ་ཚན་ནོ།། །། ༄༅། །བཅུ་གསུམ་པ་གསང་སྐོར་ཡི་དམ་ཁྲོ་བོ་ལ་བྱང་བུ་ཁྲིགས་བསྡེབས་ཀུན་གཟིགས་རྡོ་རྗེ་གཟི་བརྗིད་དང་། དབང་ཆོག་འཇམ་མགོན་བླ་མ་བློ་མཐའ་ཡས་པའི་ལེགས་བཤད་ཡེ་ཤེས་ཀློང་ཡངས་ལྟར་ཤེས་པར་བྱ་བ་སྟེ་གསང་སྐོར་ཡི་དམ་ཁྲོ་བོ་བཀའ་བརྒྱད་ཀྱི་དབང་གི་ལེ་ཚན་ནོ།། །། ༄༅། །བཅུ་བཞི་པ་གསང་སྐོར་ཁྲིད་ཀྱི་བྱིན་རླབས་ལ། སྦྱོར་བ་བཤམ་ནི། བུམ་པ་བསྣོལ་མ་དམར་པོ་ཆིངས་ལྗང་ཁ་རྒྱན་པདྨ་དམར་པོ་དང་དཔག་བསམ་ཤིང་ལོས་བརྒྱན་པ་ཞབས་གདན་སྣ་ཚོགས་པདྨ་ཅན་སྟེང་མའི་ཞབས་ཤར་དང་འོག་མ་ལྷོར་བསྟན་པའི། བསྣོལ་མཚམས་ཀྱི་ཤར་ལྷོར་ཐིག་ལེ་དཀར་པོ། ལྷོ་ནུབ་ཏུ་སེར་པོ། ནུབ་བྱང་དུ་དམར་པོ། བྱང་ཤར་ལྗང་གུ། དེ་སོ་སོ་ལ་འོད་ལྔས་བསྐོར་བའི་འོག་གཞི་མཐིང་ག་ཀུན་གྱི་མཐར་འོད་ལྔའི་མུ་ཁྱུད་ཅན་གྱི་རས་བྲིས་ཀྱི་དཀྱིལ་འཁོར་སྟེང་མཉྫའི་ཁར། བུམ་པ་ལྔ་དྲི་དང་སོ་ལྔའི་བཅུད་ལྡན། ཁ་རྒྱན་གསེབ་ཏུ་མདའ། དར་སྣ་ལྔ། མེ་ལོང་། ཤེལ་ཕྲེང་། རྨ་བྱའི་སྒྲོ་རྣམས་དང་། མགུལ་ཆིངས་རིགས་ལྔའི་ཁ་དོག་བཅིང་པ་དབུས་དང་ཕྱོགས་བཞིར་བཀོད། མཐའ་སྐོར་ཕྱི་ནང་གི་མཆོད་པ་དང་ཚོགས་ཀྱི་ཡོ་བྱད་སོགས་རྒྱས་པར་བཤམས་ལ། སྒྲུབ་པ་ནི་གོང་དུ་གསང་སྐོར་རིག་འཛིན་བླ་མ་ཡོངས་རྫོགས་ཀྱི་དབང་སྒྲུབ་ལས་བྱང་སྐབས་སུ་སྨྲོས་པ་ལྟར་བཟླས་པ་བཅས་གྲུབ་པར་བྱས་རྗེས། བུམ་པའི་ནང་དུ་དེ་བཞིན་གཤེགས་པ་རིགས་ལྔ་སྐད་ཅིག་གིས་གསལ་ལ། ཞི་ཁྲོའི་སྤྱི་སྔགས་དང་། ཧཱུྃ་ཨཱོྃ་ཏྲཱཾ་ཧྲཱིཿཨཱ༔ སོགས་རིགས་ལྔའི་ས་བོན་བཟླ། སྟོང་ཚིགས་དང་སྲུང་མའི་གཏོར་འབུལ་སོགས་དང་ཚོགས་མཆོད་བཅས་རྒྱས་པར་གྲུབ་ནས། དོན་དམ་དགོངས་པ་གསལ་འདེབས་ཙམ་གྱིས་བདག་འཇུག་གི་དོན་ཚང་བས།། །།བྱིན་རླབས་དངོས་ལ། སློབ་མ་རྣམས་ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་གདབ་ལ། མཚམས་སྦྱོར་གྱི་ཁྱད་པར། དེ་ལ་འདིར་དམ་ཆོས་རྫོགས་ཆེན་སྡེ་གསུམ་གྱི་ཡ་གྱལ་སྤྲུལ་སྐུ་དགའ་རབ་རྡོ་རྗེའི་ཐུགས་བཅུད་ཀྱི་ཉིང་ཁུ་གསང་སྐོར་ཟབ་པ་མན་ངག་སྡེའི་ཁྲིད་ཀྱི་བྱིན་རླབས་འབུལ་བ་ལ། ཁྱེད་རྣམས་ཀྱིས་སྐུ་ལྔ་ཡེ་ཤེས་ལྔ་ལ་ལོངས་སུ་སྤྱོད་པའི་རྟེན་འབྲེལ་དུ་སྨན་དང་འབྲུ་དང་རིན་པོ་ཆེ། དྲི་དང་སྙིང་པོ་ལྔ་རྣམས་ཀྱི་མཎྜལ་ཕུལ་བར་མོས་ལ་ཞིང་ཁམས་འབུལ་བ་ཞུ། ཞེས་མཎྜལ་འབུལ་དུ་གཞུག །དེ་ཡང་རྒྱུད་མ་དག་ན་དབང་མི་ཐོབ་པས་ཉམས་ཆག་སྐོང་བའི་ཕྱིར་བླ་མའི་སྐུ་ལས་འོད་ཟེར་འཕྲོས་པ། སོ་སོ་རང་རང་ལ་རེག་པས་ཉི་འོད་ཀྱིས་བ་མོ་སྦྱངས་པ་བཞིན་དུ་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་པར་མོས་ལ། ཡིག་བརྒྱ་ཅི་འགྲུབ་བཟླར་གཞུག་གོ །དེ་ནས་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོ་ཀུན་ཏུ་བཟང༔ གདོད་མའི་བླ་མ་དགོངས་སུ་གསོལ༔ བདག་ནི་རྣམ་པར་གྲོལ་འདོད་པས༔ ཐེག་པའི་ཡང་རྩེ་གནང་དུ་གསོལ༔ ལན་གསུམ། སློབ་དཔོན་གྱིས་གནང་བ་སྦྱིན་ཅིང་དབང་གི་བཅུད་འཛིན་ཕྱིར་བླ་མ་སངས་རྒྱས་ཆོས་ཀྱི་སྐུར་བལྟ་བའི་མོས་གུས་བྱེད་དགོས་པར་གདམས་པས་དབང་གི་སྒོ་དབྱེ་བ་ནི། ཨེ་མ་རང་རིག་བྱང་ཆུབ་སེམས༔ འདི་ལ་མོས་པ་ཤིན་ཏུ་དཀོན༔ ཐེག་པའི་རྩེ་མོ་དོན་གཉེར་བ༔ ཤིན་ཏུ་ངོ་མཚར་སྦྱིན་ཆོག་ཀྱང༔ བདག་ནི་ཀུན་ཏུ་བཟང་པོ་སྟེ༔ གཟུགས་ཀྱི་སྐུ་རུ་ལྟ་མི་འཚལ༔ ཇི་ལྟར་བསྒོས་པའི་རྡོ་རྗེའི་དམ་ཚིག་རྣམས་ལས་མི་འདའ་བའི་བྲོ་བོར་བ་འདིའི་རྗེས་ཟློས། ས་མ་ཡ་ཨི་དན་ན་ར་ཀན༔ དེ་ནས་ཁྲིད་གཞུང་ལས། དེ་ཉིད་མཐོང་བར་བྱེད་པའི་ལམ༔ རྒྱུད་སྦྱང་ཚོགས་གསག་སྡོམ་པ་བླང༔ སྤྲོས་བཅས་སྤྲོས་མེད་ཤིན་ཏུ་དང༔ རབ་ཏུ་སྤྲོས་མེད་དབང་བཞི་ཞུ༔ ཞེས་གསུངས་པ་ལྟར། ཐོག་མར་རྒྱུད་སྦྱོང་བའི་སླད་དུ་ཚོགས་གསག་པ་ལ་དམིགས་འདུན་འདི་ལྟར་དུ་མཛོད། ཕྱོགས་དུས་ཀྱི་སྐྱབས་ཡུལ་ཐམས་ཅད་གདོད་ནས་རང་ལ་རང་ཆས་སུ་རྫོགས་པ་ལ་དབྱིངས་རིག་གཉིས་སུ་མེད་པའི་ཚུལ་གྱིས་སྐྱབས་སུ་འགྲོ་བ་དང་། རང་བྱུང་རང་གསལ་ལྷུན་གྲུབ་ཆེན་པོའི་ངང་དུ་སེམས་བསྐྱེད་པ་དང་། གནས་ལུགས་དོན་དམ་ལྟ་བ་མཇལ་བའི་དགོངས་སྤྱོད་ལྷུན་འབྱམས་ཆེན་པོའི་ངང་དུ་ཚོགས་གསོག་པ་འདི་རྣམས་ཀྱི་རྗེས་ཟློས། དབྱིངས་ཉིད་རྣམ་དག་རྫོགས་སངས་རྒྱས༔ སོགས་གསང་སྐོར་བྱང་བུ་བཞིན་སྐྱབས་སེམས་ཚོགས་གསག་རྣམས་ལན་གསུམ་རེ། སྤྱི་དང་ཁྱད་པར་གྱི་སྡོམ་པ་དང་དམ་ཚིག་རྣམས་སྲོག་བཞིན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས། ཧོ༔ བདེ་བར་གཤེགས་པ་ཁྱེད་ཅི་འདྲ༔ དེ་འདྲ་ཁོ་ནར་བདག་གྱུར་ཅིག༔ སྤྲུལ་སྐུའི་སྟོན་པས་བཤད་པ་ཡི༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ ལོངས་སྐུའི་སྟོན་པས་བཤད་པ་ཡི༔ རིགས་ལྔའི་སྡོམ་པ་མ་ལུས་གཟུང༔ ཁྱད་པར་རིག་འཛིན་ཡོངས་རྫོགས་ཀྱི༔ ཉི་ཤུ་ལྔ་དང་བྱེ་བྲག་ཏུ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམས༔ ཇི་ལྟར་བསྟན་པ་བདག་གིས་གཟུང༔ སྲོག་གི་ཕྱིར་ཡང་མི་གཏོང་ན༔ རིག་འཛིན་རིགས་མཆོག་བསྩལ་དུ་གསོལ༔ ཞེས་ཁས་བླང་དུ་གཞུག །དེ་ཡང་དབང་བསྐུར་བ་མཚོན་བྱེད་དཔེ་ཡི་དཀྱིལ་འཁོར་ལ་བརྟེན་ནས་བསྐུར་དགོས་ལ། མཚོན་བྱ་དོན་གྱི་དཀྱིལ་འཁོར་གདོད་ནས་རང་ལ་གནས་པ་ཉིད་ཀྱང་། མཚོན་བྱེད་དཔེ་ཡི་དཀྱིལ་འཁོར་ལ་བརྟེན་ནས་ངོ་སྤྲད་དགོས་ཤིང་། དཔེ་ཡི་དཀྱིལ་འཁོར་ལའང་བརྡ་དང་རྟགས་ཀྱི་དཀྱིལ་འཁོར་དུ་མ་ལས་སྐབས་འདིར་བརྡ་བུམ་པ་བསྣོལ་མའི་དཀྱིལ་འཁོར་ལ་བརྟེན་ནས་བསྐུར་དགོས་པས་དེའི་དོན་བཤད་པ་ནི། རྡོ་རྗེའམ་ཕྱག་ཤིང་གིས་མཚོན་ཏེ། ཀྱེ། སྐལ་ལྡན་རིགས་ཀྱི་བུ་རྣམས་འདི་ལྟར་ཤེས་པར་གྱིས་ཤིག །དེ་ཡང་མདུན་གྱི་དཀྱིལ་འཁོར་བུམ་པ་དམར་པོ་གཉིས་བསྣོལ་བ་པདྨ་དམར་པོ་དང་དཔག་བསམ་ཤིང་གི་ཁ་རྒྱན་ཅན། བུམ་གདན་སྣ་ཚོགས་པདྨ་དང་ས་གཞི་སྔོན་པོ། བུམ་པའི་ཁ་ཞབས་བསྣོལ་མཚམས་བཞིར་ཐིག་ལེ་དཀར་སེར་དམར་ལྗང་བཞི་དང་བཅས་པ་སོ་སོར་དང་ཀུན་གྱི་མཐར་འོད་ལྔའི་མུ་ཁྱུད་ཀྱིས་བསྐོར་བ་ནི་རྟེན་གྱི་དཀྱིལ་འཁོར་ཏེ། དེ་ལ་བུམ་པ་གཉིས་བསྣོལ་དུ་བྱུང་བ་ནི་དོན་དམ་ཆོས་ཉིད་འགྱུར་བ་མེད་པ་རིག་སྟོང་ཆོས་སྐུ་དང་། ཀུན་རྫོབ་རྣམ་འགྱུར་འགག་པ་མེད་པ་སྣང་སྟོང་གཟུགས་སྐུ་སྟེ་སྟོང་པ་ཆོས་སྐུ་དང་སྣང་བ་གཟུགས་སྐུ་གཉིས་ཟུང་དུ་འབྲེལ་བའི་བརྡ་འོ། ཁ་དོག་དམར་པོར་བྱུང་བ་ནི་བརྟན་གཡོ་འཁོར་འདས་ཀྱི་ཆོས་ཀུན་ལ་དབང་བསྒྱུར་ཞིང་རྗེས་ཆགས་བདེ་བ་ཆེན་པོའི་ཡེ་ཤེས་རྩོལ་མེད་དུ་འབར་བའི་བརྡ་འོ། །དཔག་བསམ་ཤིང་དང་པདྨ་དམར་པོས་ཁ་བརྒྱན་པ་ནི་མ་འབད་ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་བཀོད་པ་སོ་སོར་མ་འདྲེས་རང་བྱུང་འདོད་རྒུར་འཇོ་བའི་བརྡ་འོ། །བུམ་གདན་སྣ་ཚོགས་པདྨ་ནི་ཆོས་ཉིད་ཀྱི་ངོ་བོ་ལ་ཡེ་ནས་སྐྱོན་དང་དྲི་མས་མ་གོས་ཤིང་རོལ་རྩལ་ཐབས་སྣ་ཚོགས་སུ་ཤར་བའི་བརྡ་འོ། ཁྱམས་སྔོན་པོར་བྱུང་བ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མཐིང་ག་ཁྱབ་པ་ཆེན་པོས་ཀུན་ཏུ་ཁྱབ་ཅིང་ནམ་ཡང་འགྱུར་བ་མེད་པའི་བརྡ་འོ། །འོད་ལྔའི་ཐིག་ལེ་དང་མུ་ཁྱུད་ཀྱིས་ཟླུམ་པོར་བསྐོར་བ་རྣམས་ནི་གདོད་ནས་ཆོས་དབྱིངས་ཀུན་ནས་ཟླུམ་པ་སྤྲོས་པའི་གྲྭ་ཟུར་དང་བྲལ་ཞིང་རིགས་ལྔ་སྐུ་ལྔ་ཡེ་ཤེས་ལྔའི་རང་བཞིན་ཡེ་ནས་ལྷུན་གྲུབ་ཏུ་གནས་པའི་བརྡ་འོ། །རྟེན་གྱི་དཀྱིལ་འཁོར་དེའི་སྟེང་དུ་བརྟེན་པ་དབང་རྫས་ཀྱི་བུམ་པ་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས་བཀང་བ་ལྔར་བྱུང་བ་ནི་རིགས་ལྔ་རང་ལ་མཚོན་པའི་བརྡ་འོ། །མགུལ་ཆིངས་ལྔ་ནི་རིགས་ཀྱི་ཡུམ་ཆེན་ལྔ་དང་ཡབ་ལྔ་ཐབས་ཤེས་དབྱེར་མེད་པའི་བརྡ་འོ། ཁ་རྒྱན་ལྔ་ནི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ཡེ་ནས་རང་ལ་རྫོགས་པའི་བརྡ་འོ། །ཤེལ་ལྔ་ནི་ངོ་བོ་ཀ་ནས་དག་པ་ཀ་དག་གཏིང་གསལ་ཆོས་ཀྱི་སྐུའི་གཞི་མཚོན་པའི་བརྡ་འོ། །རྨ་བྱའི་མདོངས་སྒྲོ་ལྔ་ནི་རང་བཞིན་འོད་གདངས་སྒྲོན་མ་ལྔ་རང་ལས་འཆར་བ་ལྷུན་གྲུབ་ལོངས་སྐུའི་གཞི་མཚོན་པའི་བརྡ་འོ། །མེ་ལོང་ལྔ་ནི་ཟུང་འཇུག་ཐུགས་རྗེ་རིག་པའི་སྙིང་པོ་ཡེ་ཤེས་ལྔའི་སྤྲུལ་པ་འཕྲོ་བའི་གཞི་མཚོན་པའི་བརྡ་འོ། །མདའ་ལྔ་ནི་རང་གནས་ཀྱི་ཡེ་ཤེས་སྒྲིབ་ཐོག་མེད་པར་ཟང་ཐལ་དུ་འབྱིན་པའི་ཤེས་རབ་ལྔ་བཞི་ལ་མཚོན་པའི་བརྡ་འོ། །དར་སྣ་ལྔ་ནི་རླུང་ལྔ་དབྱིངས་སུ་མཚོན་པའི་དུག་ལྔ་རྣམ་དག་ཡེ་ཤེས་ལྔ་ཡི་རང་འོད་གསལ་བའི་བརྡ་འོ། །དེ་ལྟར་དེ་འདྲའི་རང་བཞིན་ཅན་གྱི་རྟེན་དང་བརྟེན་པའི་མཚོན་བྱེད་དཔེ་ཡི་དཀྱིལ་འཁོར་གྱིས་མཚོན་པའི་མཚོན་བྱ་དོན་གྱི་ཡེ་ཤེས། ཡེ་ནས་རང་ལ་རང་ཆས་སུ་གནས་པའི་གཞི་ཀ་དག་དང་ལྷུན་གྲུབ་ཀྱང་གཞི་ཡི་རྟེན་དང་བརྟེན་པ་སྟེ་གཞི་མཚོན་པའི་བརྡ་འོ། །ལམ་ཁྲེགས་ཆོད་དང་ཐོད་རྒལ་ཉམས་སུ་ལེན་པ་ཡང་ལམ་གྱི་རྟེན་དང་བརྟེན་པ་སྟེ་ལམ་མཚོན་པའི་བརྡ་འོ། །འབྲས་བུ་ཟད་སར་གྲོལ་བ་གདོད་མའི་གྲོལ་གཞི་ཆོས་གཟུགས་གཉིས་ཀྱང་འབྲས་བུའི་རྟེན་དང་བརྟེན་པ་སྟེ་འབྲས་བུ་མཚོན་པའི་བརྡ་འོ། །དེ་ལྟར་རྟེན་དང་བརྟེན་པའི་བརྡ་དོན་ཤེས་པར་གྱིས་ལ། ཐོག་མར་དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་སློབ་མ་གཞི་ཡི་ཀུན་ཏུ་བཟང་པོ་ཡབ་ཡུམ་གཅེར་བུ་རྒྱན་མེད་པ་སྒོམས། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས་ནས་སློབ་མ་རྣམས་ལ་ཐིམ་པར་མོས། གསང་སྐོར་བྱང་བུའི་སྤྱན་འདྲེན་བརྗོད་ཅིང་སྔགས་དང་བཅས་པས་བྱིན་དབབ། དེ་ནས་དབུས་ཀྱི་བུམ་པ་ཐོགས་ཏེ། དེ་ཡང་དབྱིངས་དང་རིག་པ་ཟུང་དུ་འཇུག་པ་ནི་མཚོན་བྱ་དོན་གྱི་བུམ་པ། རང་བྱུང་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་ནི་མཚོན་བྱེད་རྟགས་ཀྱི་བུམ་པ། ཆོས་སྐུ་སྤྲོས་བྲལ་གྱི་རྟགས་སུ་བུམ་པ་ཟླུམ་པོ། ལོངས་སྤྱོད་ཡོངས་རྫོགས་ཀྱི་རྟགས་སུ་བུམ་རྒྱན་སྣ་ཚོགས། སྤྲུལ་སྐུས་འགྲོ་དོན་སྣ་ཚོགས་མཛད་པའི་རྟགས་སུ་བུམ་བཅུད་བདུད་རྩིའི་ཆུ་རྒྱུན་ཅན་ནི་མཚོན་པ་བརྡ་ཡི་བུམ་པ་སྟེ། དེ་ལྟར་དོན་རྟགས་བརྡ་གསུམ་ཟུང་འཇུག་གི་བུམ་པ་ལ་བརྟེན་ནས་མཚོན་བྱེད་བརྡ་ཡི་དབང་སྤྲོས་བཅས་བུམ་དབང་དང་སྤྲོས་མེད་གསང་དབང་། རབ་ཏུ་སྤྲོས་མེད་ཤེར་དབང་དང་ཤིན་ཏུ་སྤྲོས་མེད་ཡེ་ཤེས་རྣམ་གྲོལ། ཐམས་ཅད་ལྷུན་རྫོགས་ཞིང་ཁམས་ལྔ་རུ་དབང་བསྐུར་བ་བཅས་བསྐུར་བས། མཚོན་བྱ་སྣང་བཞི་མཐར་ཕྱིན་ནས་རང་ལ་ཡེ་གནས་སྟོང་གསལ་རང་རིག་འདུས་མ་བྱས་པའི་ཡེ་ཤེས་མངོན་སུམ་དུ་རྟོགས་པ་ཐམས་ཅད་ལྷུན་རྫོགས་རང་སྣང་རྣམ་དག་ཞིང་ཁམས་ལྔ་ལ་དབང་བསྒྱུར་བའི་བརྡ་དོན་གོ་བར་གྱིས་ཤིག །ཧཱུྃ༔ དབྱིངས་ཀྱི་བུམ་པ་རིག་པའི་བཅུད༔ དབྱེར་མེད་ཁ་རྒྱན་བརྗོད་དང་བྲལ༔ དབྱིངས་ཀྱི་རང་བཞིན་མེ་ལོང་དང༔ ཤེས་རབ་རང་བཞིན་མདའ་ཡིས་བརྒྱན༔ འོད་ཟེར་མཐའ་ཡས་དར་གྱིས་བཀླུབས༔ ལུ་གུ་རྒྱུད་ནི་ཤེལ་གྱིས་མཚོན༔ ཐིག་ལེ་རྨ་བྱའི་སྒྲོ་དང་ལྡན༔ ཆོས་ཉིད་མངོན་སུམ་སྣང་བ་ཡི༔ སྤྲོས་བཅས་བུམ་པའི་དབང་བསྐུར་རོ༔ ཞེས་དབང་བསྐུར་ཞིང་བུམ་ཆུ་སྦྱིན། དེ་བཞིན་དུ་ཤར་གྱི་བུམ་པ་ཐོགས་ལ། ཧཱུྃ༔ མཚན་མ་བྲལ་བ་དབྱིངས་ཀྱི་ངང༔ དམིགས་མེད་རང་གསལ་རིག་པའི་བཅུད༔ བསམ་མི་ཁྱབ་པའི་ཁ་རྒྱན་ལ༔ སྟོང་པ་ཆེན་པོའི་མདའ་ཡིས་བརྒྱན༔ བདེ་བ་མེ་ལོང་དབྱེར་མེད་ཤེལ༔ རླུང་ལྔ་དག་པ་རྨ་བྱའི་སྒྲོ༔ རྩ་ཁམས་དག་པ་དར་གྱིས་བརྒྱན༔ ཕུང་པོ་ཡོངས་གྲོལ་དབང་བསྐུར་བས༔ ཉམས་སྣང་གོང་དུ་འཕེལ་གྱུར་ཏེ༔ སྤྲོས་མེད་གསང་དབང་ཐོབ་པར་ཤོག༔ ལྷོ་ཡི་བུམ་པ་ཐོགས་ལ། ཧཱུྃ༔ དབྱིངས་ལས་མི་འདའ་ཡུམ་གྱི་མཁའ༔ རིག་པ་ཐབས་མཆོག་བདེ་བ་ཆེ༔ གཉིས་མེད་མཉམ་སྦྱོར་བཅུད་ཀྱིས་བཀང༔ ཡོན་ཏན་ཡོངས་རྫོགས་ཁ་རྒྱན་ལ༔ ཡུམ་གྱི་རྐྱེན་བཞི་མདའ་ཡིས་བརྒྱན༔ ཡབ་ཀྱི་རྒྱུ་བཞི་མེ་ལོང་གསལ༔ དབྱེར་མི་ཕྱེད་པ་ཤེལ་གྱིས་སྤྲས༔ བདེ་བ་མཁའ་ཁྱབ་དར་གྱིས་བཀླུབས༔ བདེ་སྟོང་དབྱེར་མེད་དབང་བསྐུར་བས༔ རིག་པ་ཚད་ལ་ཕེབས་གྱུར་ཏེ༔ རབ་ཏུ་སྤྲོས་མེད་ཤེར་དབང་ཐོབ༔ ནུབ་ཀྱི་བུམ་པ་ཐོགས་ལ། ཧཱུྃ༔ ཕ་མཐའ་བྲལ་བ་དབྱིངས་ཀྱི་ངང༔ བསམ་ལས་འདས་པ་རིག་པའི་བཅུད༔ སྨྲ་བརྗོད་བྲལ་བ་ཁ་རྒྱན་ལ༔ མཚན་ཉིད་བཞི་ལྡན་མདའ་ཡིས་བརྒྱན༔ ཡེ་ནས་དག་པ་མེ་ལོང་སྟེ༔ དབྱིངས་རིག་གཉིས་བྲལ་ཤེལ་གྱིས་བརྒྱན༔ སྟོང་ཡངས་སྣ་ཚོགས་དར་གྱིས་བཀླུབས༔ རྫོགས་པ་ཆེན་པོའི་དབང་བསྐུར་བས༔ ཆོས་ཉིད་ཟད་སར་ཕྱིན་གྱུར་ཏེ༔ ཤིན་ཏུ་རྣམ་པར་གྲོལ་བར་ཤོག༔ བྱང་གི་བུམ་པ་ཐོགས་ལ། ཧཱུྃ༔ བསྒོམ་བྱ་མེད་པ་དབྱིངས་ཀྱི་ངང༔ བསམ་ལས་འདས་པ་རིག་པའི་བཅུད༔ བརྗོད་ལས་འདས་པ་ཁ་རྒྱན་ཏེ༔ དབྱེར་མེད་སྟོང་པའི་ཤེས་རབ་མདའ༔ འགགས་མེད་ཅི་ཤར་མེ་ལོང་བརྒྱན༔ སྐྱེ་འགག་གཉིས་མེད་ཤེལ་གྱིས་བརྒྱན༔ ལྷུན་གྱི་གྲུབ་པ་དར་གྱིས་བཀླུབས༔ ཞིང་ཁམས་ལྔ་རུ་དབང་བསྐུར་བས༔ ཐམས་ཅད་ལྷུན་རྫོགས་ཐོབ་པར་ཤོག༔ ཅེས་སོ་སོར་དབང་བསྐུར་ཞིང་བུམ་ཆུ་སྦྱིན་པ་རྣམས་བྱ། དེ་ལྟར་དབྱིངས་དང་ཡེ་ཤེས་ཀྱི་སྣང་བ་རྣམ་པ་བཞི་མཚོན་པའི་བུམ་པ་རྒྱན་དང་ལྡན་པ་གནས་བཞིར་བཞག་ཅིང་བུམ་ཆུ་སྦྱིན་པ་དང་ཁྲུས་བྱས་པས་དབང་བཞི་པ་དེ་ཁོ་ན་ཉིད་ལ་ནང་གསེས་སུ་སྤྲོས་སྤྲོས་མེད་རབ་དང་ཤིན་ཏུ་སྤྲོས་པ་མེད་པར་དབྱེ་བའི་དབང་བཞི་ཐོབ། ཤེས་ཉམས་ཡིད་དཔྱོད་ཀྱི་སྒྲིབ་པ་ཕྲ་རགས་དག །ཡེ་ཤེས་ཀྱི་རྩ་རླུང་ཐིག་ལེའི་ཁམས་དྭངས་མར་སྨིན། ལམ་ལྷུན་གྱིས་གྲུབ་པའི་སྣང་བ་བཞི་མཐར་ཕྱིན། འབྲས་བུ་སྐུ་བཞིའི་གོ་འཕང་མངོན་དུ་བྱས་པར་མོས་མཛོད། དེ་རྣམས་ཀྱིས་གསང་སྐོར་ཁྲིད་ཀྱི་བྱིན་རླབས་ལེགས་པར་ཐོབ་པ་ཡིན་པས་དམ་ཚིག་ཁས་བླང་བ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། དེ་ལྟར་གསང་སྐོར་ཁྲིད་ཀྱི་བྱིན་རླབས་ཟབ་མོ་ཟད་སར་འཁྱོལ་བའི་ཡེ་ཤེས་གསེང་ལམ་ལེགས་པར་གྲུབ་པའི་གཏང་རག་དང་རྗེས་འབྲེལ་གྲོལ་བྱེད་ཁྲིད་ཀྱི་རིམ་པ་དངོས་ཞུ་བའི་ཡོན་དུ་དམིགས་ཏེ་ཞིང་ཁམས་འབུལ་བ་འཚལ། མན་ངག་དོན་གྱི་ཚོགས་གསག་བྱང་བུ་ལྟར་འབུལ་དུ་གཞུག །འཆད་བྱའི་གསང་བ་ཟབ་མོ་འདི་ནི་ཐེག་པ་ཀུན་གྱི་རྩེ་མོ། དུས་གསུམ་རྒྱལ་བ་རྣམས་ཀྱི་དགོངས་པའི་སྐྱེལ་སོ། ཀུན་བཟང་པདྨཱཀ་རའི་ཐུགས་ཀྱི་དགོངས་ཉམས་མཐར་ཐུག །རྣལ་འབྱོར་ཀུན་གྱི་མཆོག་གམ་རྩེ་མོ་བྱ་བྲལ་འབྲས་བུའི་ཐེག་པ་ཨ་ཏི་རྫོགས་པ་ཆེན་པོའི་ཟབ་ཁྲིད་ཀུན་གྱི་སྙིང་པོ་ལས་ཀྱང་སྙིང་པོར་གྱུར་པ་འདི་ནི། དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་མཐར་ཐུག་གསང་བ་མན་ངག་གི་སྡེ་ཡི་དངོས་གཞིའི་ཁྲིད་ཡེ་ཤེས་རིག་པའི་རལ་གྲིའི་གདམས་ཁྲིད་ཟབ་མོ་བགྱི་བ་ནི། ཨོ་རྒྱན་ཆེན་པོས་རྡོ་རྗེའི་གསུང་གཏེར་གཞུང་དྲི་མ་མེད་པ་འདི་ལ་སྙན་གཏོད་འཚལ། ན་མོ་གུ་རུ༔ གསང་སྐོར་ཁྲིད་ཀྱི་རིམ་པ་ནི༔ སོགས་ནས། ས་མ་ཡ་རྒྱ་རྒྱ༔ ཞེས་པས་རང་བཞིན་རྫོགས་པ་ཆེན་པོ་གཞི་ལམ་འབྲས་གསུམ་གྱི་དགོངས་པ། དབང་བཞིའི་ལམ་གྱི་རིམ་པས་ཉམས་སུ་ལེན་ཅིང་། ཀ་དག་ཁྲེགས་ཆོད་ཀྱི་ལྟ་བ་གཏན་ལ་ཕབ་པའི་ཚུལ་བསྟན་ནས། རྗེས་འབྲེལ་དུ་ལྷུན་གྲུབ་ཐོད་རྒལ་གྱི་ལམ་སྒྲོན་མ་དྲུག་ལ་བརྟེན་ནས་བཞུགས་སྟངས་དང་གཟིགས་སྟངས་སྒོ་ཡུལ་རླུང་རིག་གི་གནད་ལ་བསླབས་པས་སྣང་བཞི་མཐར་སོན་འཕོ་མེད་འོད་ལུས་འགྲུབ་པའི་ཚུལ་སྟོན་པ་ཡེ་ཤེས་ལྟ་བའི་རྒྱལ་པོ་སྟེ། ན་མོ་གུ་རུ༔ གསང་སྐོར་ཁྲིད་ཀྱི་རྗེས་འབྲེལ་དུ༔ སོགས་ནས། ས་མ་ཡ་རྒྱ་རྒྱ༔ ཞེས་གསང་ཆེན་ཟབ་མོའི་མཐར་ཐུག་རྡོ་རྗེའི་གསུང་གི་དོན་གནད་རྣམས་ཐུགས་ཀྱི་དཔལ་བེའུར་བསྟི་བ་ནས། དེ་ལྟར་གསང་སྐོར་མན་ངག་སྡེའི་ཁྲིད་ཀྱི་བྱིན་རླབས་དང་གྲོལ་བྱེད་ཟབ་ཁྲིད་དངོས་ཀྱི་རིམ་པ་བཅས་ལེགས་པར་གྲུབ་པ་ལགས་ན། བདག་ལུས་སྒོ་གསུམ་གཅེས་པར་བསྐྱང་བའི་གཉེན་གྲོགས་བདོག་རྒུའི་ལོངས་སྤྱོད་དུས་གསུམ་དགེ་བའི་དངོས་པོ་སོགས་ལྟོས་མེད་ཆབས་ཅིག་ཏུ་འབུལ་སྙམ་པས་འདིའི་རྗེས་ཟློས། དེང་ནས་བརྩམ་སྟེ་སོགས་ཡོན་འབུལ་དགེ་བསྔོ་རྣམས་སྤྱི་ལྟར་བྱའོ།། །།རྗེས་ནི་སློབ་དཔོན་གྱིས་ཚོགས་རོལ་ལྷག་ཆོག་སོགས་མཐར་དབྱུང་ངོ་། །རྡོ་རྗེའི་ཡེ་ཤེས་སྙིང་དབུས་སུ། །སད་པའི་ཐབས་ཚུལ་འདི་ལྟ་བུ། །དུས་གསུམ་འབྱོན་པར་དཀའ་བའི་ཆོས། །སྙིང་པོའི་བསྟན་པའི་མཛེས་རྒྱན་གྲུབ། །གསང་སྐོར་ཁྲིད་ཀྱི་བྱིན་རླབས་དང་ཟབ་ཁྲིད་དངོས་བཅས་ཀྱི་ལེ་ཚན་ནོ།། །། ༄༅། །བཅོ་ལྔ་པ་བཀའ་སྲུང་ཡེ་ཤེས་མཁའ་འགྲོ་དང་། འབར་མ་མེ་གདོང་སོགས་སྲུང་མ་རྣམས་ཀྱི་དབང་བསྐུར་ལ་གཤོམ་ནི། མཎྜལ་ལར་འབྲུའི་ཚོམ་བུ་དགུ་བཀོད་པའི་ཁར། རྣམ་བུམ་སོ་ལྔའི་རྫས་ལྡན། མདུན་དུ་གནམ་ཞལ་དང་བཛྲ་ཀྲོ་དྷཱི་ཤྭ་རཱི་བཻ་ཏཱ་ལི་པདྨ་གཟི་ལྡན་རྒྱས་འདེབས་མུ་ཁ་ལེ་ལས་དབང་ཁམས་གསུམ་སྤྱི་འདུལ་འབྱུང་བདག་སྟེ་ཡུམ་དགུའི་ལྷ་ཙཀ །གཡས་སུ་སྔགས་ཕྲེང་། ཕྱག་མཚན་རྡོ་རྗེ། རྒྱབ་ཏུ་ཐོད་ཆང་། གཡོན་དུ་རིག་མ། ཤེལ་རྡོ། ཡེ་སེམས་དབྱིངས་ཕྱུག་ཡུམ་ལྔའི་ཙཀ་ལི་རྣམས་བཤམ་མོ། །ཕྱོགས་གང་བདེར་བཀའ་སྲུང་འབར་མ་མེ་གདོང་མར་གདན་ཆོས་འབྱུང་དམར་ནག་བསྣོལ་མའི་སྟེང་ཚོམ་བུ་གཅིག་བཀོད་པའི་ཁར། སྣོད་གཅིག་ཏུ་དམར་གཏོར་ཆེ་ཆུང་གསུམ་གཏོར་ཙཀ་དར་གདུགས་ཀྱིས་བརྒྱན་པ་དང་། ཕྱག་མཚན་གྲི་ཐོད། གཤོག་རྒོད་མར་གདན་གྲུ་གསུམ་མཐིང་ནག་གི་ལྟེ་བར་ཚོམ་བུ་ལྔ་བཀོད་པའི་སྟེང་དམར་གཏོར་གཙོ་དང་འཁོར་བཞི་སྐུ་ཙཀ་དར་གདུགས་ཅན། ཕྱག་མཚན་གྲི་ཐོད་བཅས་དང་། དམ་ཅན་ལ་མཎྜལ་ཚོམ་བུ་གཅིག་གི་སྟེང་། གཏོར་མ་མཁར་ཐབས་སྙིང་དང་ར་མགོས་མཚན་པ་སྐུ་ཙཀ་དར་གདུགས་དམར་པོ་ཅན་དང་། མདའ་རྒོད་སྒྲོ་མར་མེ་ལོང་སྟག་རས་དར་ནག་དང་བླ་རྡོར་སྲོག་ཡིག་བྲིས་པ་དར་དམར་གྱི་གྲིལ་བ་བཏགས་པ་དང་། ཕྱག་མཚན་རྡོ་རྗེ་དགྲ་སྙིང་བཅས་བཤམས། གཙོ་འཁོར་དེ་རྣམས་ཀྱི་མཆོད་གཏོར་དང་ཕྱི་ནང་གི་མཆོད་པ། ཚོགས་ཀྱི་ཡོ་བྱད་སོགས་འདུ་བྱའོ།། །།དབང་སྒྲུབ་ནི། གསང་སྐོར་ཁྲོ་བྱང་ཁྲིགས་བསྡེབས་ཀྱིས་ཁོག་ཕུབ་ལ། ཐུགས་རྗེའི་འོད་ཀྱིས་སྣོད་བཅུད་སྦྱངས༔ ཞེས་པའི་མཚམས་སུ་བཀའ་སྲུང་ཡེ་ཤེས་པའི་སྒྲུབ་ཐབས་ཀྱི། སྣང་སྲིད་ཆོས་ཀྱི་འབྱུང་གནས་སོགས་མངོན་རྟོགས་སྦྱར་རྗེས། དབང་བསྐུར་སོགས་ཁྲོ་བྱང་ལྟར་བྱས་ལ། བཟླས་པ་ནི། མདུན་བསྐྱེད་གཙོ་འཁོར་ཀུན་གྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་གི་མཐར་སྔགས་ཕྲེང་གཡས་སུ་བཀོད་པ་གཡོན་དུ་འཁོར་བ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་དང་བཅས་པ་མཆོད། སེམས་ཅན་གྱི་དོན་བྱས། བྱང་ཆུབ་སྒྲུབ་པའི་བར་ཆད་བདུད་བགེགས་ལོག་འདྲེན་ཐམས་ཅད་ཚར་བཅད། སྣང་སྲིད་ཐམས་ཅད་ཁྲོ་མོ་རོལ་པའི་དཀྱིལ་འཁོར་ཆེན་པོར་གྱུར་པར་བསམས་ལ། གཞུང་གསལ་སྔགས་རྣམས་གཙོ་འཁོར་གྱི་འགྲོས་དང་སྦྱར་ཏེ་བཟླ་ཞིང་། བུམ་བཟླས་སྤྲོ་ན་སྤྱི་ཁྱབ་ལྟར་དང་། ལས་བུམ་སྒྲུབ་པ། སྟོང་ཚིགས། བཀའ་གཏེར་སྲུང་མའི་གཏོར་འབུལ་བཅས་གྲུབ་ནས། ༈ འབར་མ་མེ་གདོང་ཅན་གྱི་མངོན་རྟོགས་ལ་འཇུག་སྟེ། རཾ་ཡཾ་ཁཾ། རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །རང་བྱུང་མཆོད་པའི་ཕུང་པོ་ནི། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུ། །དཔག་ཡས་ནམ་མཁའ་གང་བར་གྱུར། །ཨཱོྃ་སརྦ་པཱུ་ཛ་མེ་གྷ་ས་མ་ཡེ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་པ་སྔོན་དུ་འགྲོ་བས། རང་ཉིད་ཡི་དམ་ལྷར་གསལ་མདུན། །ཧཱུྃ༔ ཆོས་འབྱུང་དམར་ནག་བསྣོལ་མའི་དབུས། །གཏུམ་ཆེན་ཁྲོས་མ་མེ་ཡི་གདོང༔ ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན༔ འབར་བའི་ཀློང་དུ་གར་སྒྱུར་མ༔ ཆུ་སྲིན་སེང་གེའི་གདོང་ཅན་གཉིས༔ དཀར་ནག་མདོག་ཅན་གྲི་ཐོད་འཛིན༔ མ་མོ་མཆེད་གསུམ་བཀའ་སྡོད་བཅས༔ མངོན་སུམ་བཞིན་དུ་བཞུགས་པར་བསམ། ཨཱོྃ་མ་མ་ཛྭ་ལ་ཛྭ་ལ་ནཱི་ཙཎྜི་བཛྲ་ས་མ་ཡ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན་གྱིས་བརྟན་པར་བཞུགས། ཨཱོྃ་བཛྲ་ཨརྒྷཾ་སོགས་ནས། ཤབྡ་མ་ཧཱ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་པཱུ་ཛ་ཧོཿས་མཆོད། ཧཱུྃ། ངོ་བོ་དབྱིངས་ཡུམ་ཨེ་ཀ་ཛཱཿ རྣམ་པ་ཁྲོས་མ་མེ་ཡི་གདོང་། །མཆེད་གསུམ་འབར་བའི་བཀའ་སྡོད་ཚོགས། །འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །གཙོ་མོའི་ཐུགས་ཀར་ཉི་མ་ལ་གནས་པའི་བྷྱོཿལ་སྔགས་ཕྲེང་གིས་བསྐོར་བ་ལ་བདག་གི་ཐུགས་ཀའི་འོད་ཀྱིས་རེག་པས་ཕྲིན་ལས་མ་ལུས་པ་སྒྲུབ་པར་མོས་ལ། ཨཱོྃ་མ་མ་ཛྭ་ལ་ཛྭ་ལ་ནཱི་ཙཎྜི་ཧཱུྃ་ཕཊ྄༔ ཅེས་སྲོག་སྔགས་བཟླས་མཐར། ཧཱུྃ། ཐུན་མོང་ཁྱད་པར་བླ་ན་མེད། །ཕྱི་ནང་གསང་བའི་མཆོད་སྤྲིན་ནི། །དངོས་བཤམས་ཡིད་ལས་བྱུང་བ་དག །ནམ་མཁའ་གང་བར་སྤྲོས་ཏེ་མཆོད། །ཨཱོྃ་ཤྲཱི་བཛྲ་དྷརྨ་པ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས། ཤབྡ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་མོའི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམ་ལ། རྩ་སྔགས་མཐར། ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་པ་ལན་གསུམ་གྱིས་དབུལ། དཔལ་ཡེ་ཤེས་ཀྱི་མ་མོ་འབར་མ་མེ་གདོང་མ་འཁོར་དང་བཅས་པས་སངས་རྒྱས་ཀྱི་བསྟན་པ་སྲུངས་སོགས་ནས། ཕྲིན་ལས་མཛོད་ཅིག །ཧཱུྃ༔ གཏུམ་ཆེན་ཁྲོས་མ་མེ་ཡི་གདོང༔ ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན༔ འབར་བའི་ཀློང་དུ་གར་སྒྱུར་མ༔ ཆུ་སྲིན་སེང་གེའི་གདོང་ཅན་གཉིས༔ དཀར་ནག་མདོག་ཅན་གྲི་ཐོད་འཛིན༔ མ་མོ་མཆེད་གསུམ་བཀའ་སྡོད་བཅས༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ གདུག་པའི་དགྲ་བགེགས་ཐལ་བར་རློགས༔ ཞེས་ཕྲིན་ལས་བཅོལ་ལོ།། ༈ །།གཏེར་སྲུང་གཤོག་རྒོད་ཀྱི་མདུན་རྟེན་ལ་དམིགས་ནས། སྔར་ལྟར་མཆོད་པ་བྱིན་གྱིས་བརླབ། ཧཱུྃ༔ མཐིང་ནག་གྲུ་གསུམ་འབར་བའི་ཀློང་། །དབྱིངས་ལས་སྐུར་བཞེངས་མ་མོ་ནི༔ གཏུམ་ཆེན་མཐིང་ནག་གྲི་ཐོད་འཛིན༔ གཤོག་བརྒྱང་མེ་ཡི་ཀློང་ན་བཞུགས༔ རིགས་བཞིའི་ཕོ་ཉ་བཞི་ཡིས་བསྐོར༔ དཀར་སེར་དམར་ལྗང་སྙིང་མེ་ལོང༔ འཛིན་ཅིང་མེ་ཀློང་གར་ཐབས་སྒྱུར༔ མ་མོ་འབུམ་གྱི་འཁོར་གྱིས་བསྐོར༔ མདུན་དུ་མངོན་སུམ་བཞུགས་པར་བསམ། །ཨཱོྃ་མ་མ་ཏྲག་རཀྴ་ག་རུ་ཌཿབཛྲ་ས་མ་ཡ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན་གྱིས་བཞུགས་སུ་གསོལ། ཨརྒྷཾ་སོགས་ནས། ཤབྡ་མ་ཧཱ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་པཱུ་ཛ་ཧོཿས་མཆོད། ཧཱུྃ། བདེ་ཆེན་ཡེ་ཤེས་མ་མོ་ནི། །བསྟན་སྲུང་རྡོ་རྗེ་གཤོག་རྒོད་མ། །རིགས་བཞིའི་ཕོ་ཉ་སྤྲུལ་པ་འཁོར། །བསམ་མི་ཁྱབ་ལ་ཕྱག་འཚལ་བསྟོད། །མདུན་གྱི་མ་མོ་འཁོར་བཅས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་མ་ཡིག་གི་མཐར་སྔགས་ཀྱིས་བསྐོར་བ་ལ་བདག་གི་ཐུགས་ཀའི་འོད་ཀྱིས་རེག་པས་ཕྲིན་ལས་ཐམས་ཅད་སྒྲུབ་པར་བསམ་ལ། ཨཱོྃ་མ་མ་ཏྲག་རཀྴ་ག་རུ་ཌཿཧཱུྃ་ཕཊ྄༔ ཅེས་བཟླས་པ་བྱ། མཆོད་པ་གོང་ལྟར་ལ། རང་སྔགས་ལ་གཏོར་སྔགས་བཏགས་པས་དབུལ། ཧཱུྃ༔ དབྱིངས་ལས་སྐུར་བཞེངས་མ་མོ་ནི༔ གཏུམ་ཆེན་མཐིང་ནག་གྲི་ཐོད་འཛིན༔ གཤོག་བརྒྱང་མེ་ཡི་ཀློང་ན་བཞུགས༔ རིགས་བཞིའི་ཕོ་ཉ་བཞི་ཡིས་བསྐོར༔ དཀར་སེར་དམར་ལྗང་སྙིང་མེ་ལོང༔ འཛིན་ཅིང་མེ་ཀློང་གར་ཐབས་སྒྱུར༔ མ་མོ་འབུམ་གྱི་འཁོར་གྱིས་བསྐོར༔ འདིར་བྱོན་དམ་རྫས་མཆོད་གཏོར་བཞེས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་ཕྲིན་ལས་བཅོལ་ལོ།། ༈ །།དམ་ཅན་གྱི་མདུན་རྟེན་ལ་དམིགས་ནས། མཆོད་པ་སྔར་ལྟར་བྱིན་བརླབས་རྗེས། ཧཱུྃ༔ རང་མདུན་ཕ་ཝཾ་ལོང་བུའི་མཁར། །མེ་རླུང་དམར་ནག་འཚུབས་མ་འཁྱིལ། །འབྲུག་སྒྲ་ཐོག་སེར་བུ་ཡུག་འཚུབས། །སྟོབས་ལྡན་སེང་གེ་གཞོན་པའི་སྟེང་། །དབང་གི་སྤྲུལ་པ་རྡོ་རྗེ་ལེགས༔ དམར་ནག་རྡོ་རྗེ་དགྲ་སྙིང་འཛིན༔ དར་གྱི་བེར་ཆེན་ཕྱི་ནང་གསོལ༔ དབུ་སྐྲ་གྱེན་བརྫེས་ཐོད་སྐམ་བརྒྱན༔ སྭག་ལྷྭམ་གསོལ་ཞིང་སེང་ཆེན་འཆིབས༔ བཙན་དམག་ཞུབ་ཅན་སྟོང་གིས་བསྐོར༔ དགྱེས་སྡེ་བརྟན་མ་བཅུ་གཉིས་སོགས༔ ཡང་ཟབ་བཀའ་ཡི་སྲུང་མ་རྣམས༔ མངོན་སུམ་བཞིན་དུ་བཞུགས་པར་བསམ། ཨཱོྃ་ཏྲི་ཤཱུ་ལ་བཛྲ་སཱ་དྷུ་སིདྡྷི་ཧཱུྃ༔ བཛྲ་ས་མ་ཡ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན་གྱིས་བཞུགས་སུ་གསོལ། ཨཱོྃ་བཛྲ་ཨརྒྷཾ་ནས། ཤབྡ་མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་པཱུ་ཛ་ཧོཿས་མཆོད། ཧཱུྃ། དམ་ཅན་དམར་ནག་ཐིག་ལེ་རྩལ། །ཕྱག་གཉིས་རྡོ་རྗེ་དགྲ་སྙིང་བསྣམས། །མཆེད་འཁོར་སུམ་བརྒྱ་དྲུག་ཅུ་སོགས། །འཁོར་དང་སྤྲུལ་པར་བཅས་ལ་བསྟོད། །སྐྱེས་བུ་ཆེན་པོའི་ཐུགས་ཀར་ཉི་མ་ལ་གནས་པའི་ཏྲི་ཡིག་གི་མཐར་སྔགས་ཀྱིས་བསྐོར་བ་ལ་བདག་གི་ཐུགས་ཀའི་འོད་ཀྱིས་རེག་པས་ཕྲིན་ལས་ཐམས་ཅད་སྒྲུབ་པར་བསམ་ལ། ཨཱོྃ་ཏྲི་ཤཱུ་ལ་བཛྲ་སཱ་དྷུ་སིདྡྷི་ཧཱུྃ༔ ཞེས་སྲོག་སྔགས་བཟླ། མཆོད་པ་གོང་ལྟར་ལ། རང་སྔགས་ལ་གཏོར་སྔགས་བཏགས་པས་གཏོར་མ་འབུལ། ཧཱུྃ༔ དབང་གི་སྤྲུལ་པ་རྡོ་རྗེ་ལེགས༔ དམར་ནག་རྡོ་རྗེ་དགྲ་སྙིང་འཛིན༔ དར་གྱི་བེར་ཆེན་ཕྱི་ནང་གསོལ༔ དབུ་སྐྲ་གྱེན་བརྫེས་ཐོད་སྐམ་བརྒྱན༔ སྭག་ལྷྭམ་གསོལ་ཞིང་སེང་ཆེན་འཆིབས༔ བཙན་དམག་ཞུབ་ཅན་སྟོང་གིས་བསྐོར༔ དགྱེས་སྡེ་བརྟན་མ་བཅུ་གཉིས་སོགས༔ ཡང་ཟབ་བཀའ་ཡི་སྲུང་མ་རྣམས༔ འདིར་བྱོན་དམ་རྫས་མཆོད་གཏོར་བཞེས༔ སྒྲུབ་པ་པོ་ཡི་བསམ་པ་སྒྲུབས༔ ཞེས་ཕྲིན་ལས་བཅོལ་ལོ།། ༈ །།དེ་ནས་ཚོགས་མཆོད་དང་རིག་མེ་དོར་བ་གྲུབ་ནས། སློབ་མ་ལ་ཁྲུས་བྱས། བགེགས་བསྐྲད། སྲུང་འཁོར། སེམས་བསྐྱེད་གསལ་གདབ་ལ། མཚམས་སྦྱོར་གྱི་ཁྱད་པར། དེ་ལ་འདིར་ཀུན་བཟང་ཁྱབ་བདག་ཧེ་རུ་ཀཿཡི་ཐ་ཚིག་ཕོག་པའི་ཡེ་ཤེས་ལས་དང་འཇིག་རྟེན་གྱི་སྲུང་མ་མཐའ་ཡས་པ་བཞུགས་པ་ལས། འདིར་ནི་ངོ་བོ་དབྱིངས་ཕྱུག་ཁྲོ་མོའི་སྤྱི་རྗེ་དཔལ་ཆེན་པོའི་ཡེ་ཤེས་ཀློང་དགུའི་ཁྲོ་རྒྱལ་ཧེ་རུ་ཀཿརྣམས་ཀྱི་གསང་བའི་ཡུམ་ཆེན་རྣམ་པ་དགུ་རྣམས། ཟབ་ཆོས་གསང་བ་ཆེན་པོའི་གཉེར་འཛིན་ཅིང་ཕྲིན་ལས་ནུས་རྩལ་མྱུར་བ། ཤེས་རབ་སྟོང་པའི་ཕྱག་རྒྱར་གཉིས་མིན་གཉིས་སུ་སྣང་བའི་སྲུང་མའི་དབང་མོའི་སྐུར་བསྟན་པ་དཀྱིལ་འཁོར་གཅིག་ཏུ་བསྡུས་ཏེ་སྒྲུབ་པ་འདི་ནི། ཐེག་དགུའི་རྩེ་རྒྱལ་དམ་ཆོས་རྫོགས་ཆེན་སྡེ་གསུམ་གྱི་གསང་སྐོར་ཡི་དམ་ཁྲོ་བོ་བཀའ་བརྒྱད་རྫོང་འཕྲང་གི་ཡུམ་ཀ་ཡེ་ཤེས་ཁྲོས་མའི་རྒྱལ་མོ་དབྱིངས་ཀྱི་རྗེ་བཙན་མ་རྣམས་དང་། ཟབ་གཏེར་བཀའ་ཡི་སྲུང་མ་འབར་མ་ཆེན་མོ་མེ་ཡི་གདོང་ཅན། རྡོ་རྗེ་གཤོག་རྒོད་མ། དམ་ཅན་སྐྱེས་བུ་ཆེན་པོ་རྣམས་ཀྱི་བཀའ་གཏད་རྣམས་རིམ་པར་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་ཕུལ། བླ་མ་དཔལ་ཆེན་ཧེ་རུ་ཀར་གསལ་བ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་སློབ་དཔོན་དགོངས་སུ་གསོལ། །བདག་ནི་བསྟན་པ་སྲུང་བའི་ཕྱིར། །བདེ་བར་གཤེགས་པས་བཀའ་བསྒོས་པ། །དྲེགས་པ་མཐུ་ཡི་དབང་བསྐུར་ཞུ། །ལན་གསུམ་རྗེས། གསང་བ་མཆོག་གི་དཀྱིལ་འཁོར་ཡེ་ཤེས་ཀློང་དགུའི་རང་བཞིན་རྣམ་པ་ཐམས་ཅད་པ་ལ་ཕྱོགས་དུས་ཀྱི་སྐྱབས་ཡུལ་ཐམས་ཅད་གདོད་ནས་རང་ཆས་སུ་རྫོགས་པ་ལ་དབྱིངས་རིག་གཉིས་སུ་མེད་པའི་ཚུལ་གྱིས་སྐྱབས་སུ་འགྲོ་བ་དང་། རང་བྱུང་རང་གསལ་གྱི་ངང་དུ་སེམས་བསྐྱེད་པ་དང་། གནས་ལུགས་དོན་དམ་ལྟ་བ་མཇལ་བའི་དགོངས་སྤྱོད་ལྷུན་འབྱམས་ཆེན་པོའི་ངང་དུ་ཚོགས་གསོག་པ་འདི་རྣམས་ཀྱི་རྗེས་ཟློས། དབྱིངས་ཉིད་རྣམ་དག་སོགས་སྐྱབས་འགྲོ། ཨེ་མ་ཧོ་རང་རིག་སོགས་སེམས་བསྐྱེད། ནམ་མཁའ་ལྟ་བུའི་བདེ་གཤེགས་སོགས་གསག་སྦྱང་། སྤྱི་དང་ཁྱད་པར་གྱི་དམ་ཚིག་རྣམས་སྲོག་བཞིན་དུ་སྲུང་སྙམས་པས་འདིའི་རྗེས་ཟློས། བདེ་བར་གཤེགས་པ་ཁྱེད་ཅི་འདྲ༔ དེ་འདྲ་ཁོ་ནར་བདག་གྱུར་ཅིག༔ སྤྲུལ་སྐུའི་སྟོན་པས་བཤད་པ་ཡི༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ ལོངས་སྐུའི་སྟོན་པས་བཤད་པ་ཡི༔ རིགས་ལྔའི་སྡོམ་པ་མ་ལུས་གཟུང༔ ཁྱད་པར་ཧེ་རུ་ཀཿདཔལ་གྱིས༔ ཉི་ཤུ་ལྔ་དང་བྱེ་བྲག་ཏུ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམས༔ ཇི་ལྟར་བསྟན་པ་བདག་གིས་བསྲུང༔ སྲོག་གི་ཕྱིར་ཡང་མི་གཏོང་ན༔ བདེ་གཤེགས་རིགས་མཆོག་བསྩལ་དུ་གསོལ༔ ཞེས་ཁས་བླང་དུ་གཞུག །བཀའ་སྲུང་རྣམས་ཀྱི་དབང་བསྐུར་བའི་སྔོན་འགྲོ་དམ་ཚིག་རྡོ་རྗེའི་ཆུ་ནན་སྦྱིན་པ་ནི། འདི་ནི་ངོ་བོ་དམ་ཚིག་ཆུ༔ ཡེ་ཤེས་བསྐྱེད་ཕྱིར་སྦྱིན་པ་ཡིན༔ དམ་བསྲུངས་དངོས་གྲུབ་འདིས་ཐོབ་བྱེད༔ མ་བསྲུང་ལྕགས་ཀྱི་སྡིག་པར་འགྱུར༔ སྲོག་གཅོད་དམྱལ་བ་ཆེན་པོར་ལྟུང༔ དམ་སྲུང་རྡོ་རྗེའི་ཆུ་འདི་ཐུངས༔ དེ་ལྟར་བྱིན་པའི་དམ་ཚིག་རྡོ་རྗེའི་ཆུ་སྙིང་ལ་བསྟིམས་ཏེ་མི་འདའ་བར་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ཨཱོྃ་བཛྲ་ས་མ་ཡ་ཨི་དན་ན་ར་ཀན༔ དབང་ནི་དཀྱིལ་འཁོར་ལ་བརྟེན་ནས་ཐོབ་ཀྱང་དབང་སྲོག་དམ་ཚིག་གིས་གཟུང་དགོས་པའི་གནད་ཀྱིས་སྲུང་སྡོམ་ཆུ་ནན་སྦྱིན་པས་གནད་ལ་བཀར་ཏེ། དབང་དངོས་ཀྱི་གཞི་སྒྲུབ་པ་ཡེ་ཤེས་པ་དབབ་པ་ལ་དམིགས་པ་འདི་བཞིན་མཛོད། སྣོད་བཅུད་ཁྲག་འཐུང་རོལ་པའི་དུར་ཁྲོད་འོག་མིན་རྡོ་རྗེ་བཙུན་མོའི་མཁའ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་དབུས། བྱོལ་སོང་གཙོ་བརྒྱད་པད་ཉི་དྲེགས་པ་ལྷ་ཆེན་ཁྱོ་ཤུག་སྟེང་དུ་རང་སེམས་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས་འཁོར་ལོའི་དབང་ཕྱུག་རྡོ་རྗེ་ཕག་མོ་གནམ་ཞལ་མ། སྐུ་མདོག་མཐིང་ནག་ཞལ་གསུམ་གཡས་དཀར་གཡོན་དམར། དབུས་མཐིང་ཁྲོ་མོ་ཆེན་མོའི་གཙུག་ཏུ་ཕག་ཞལ་ངུར་བ། ཕྱག་དྲུག་གཡས་གསུམ་གྲི་གུག་ཐོད་རྔ་རྡོ་རྗེ། གཡོན་གསུམ་ཐོད་ཁྲག་ཞིང་དབྱུག་དྲིལ་བུ་འཛིན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་གར་སྟབས་ཀྱིས་རོལ་ཞིང་། ཡབ་ཧེ་རུ་ཀཿསྦས་ཚུལ་དུ་བཞུགས་པའི་རྡོ་རྗེའི་ཁ་ཊྭཱཾ་ག་མཆན་གཡོན་དུ་བརྟེན་པར་གསལ་བའི་སྙིང་གར་ཉི་མའི་གདན་ལ་ཧཱུྃ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་ཡེ་ཤེས་པའི་ཚོགས་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་ཐིམ་པར་གྱུར། བསྙེན་སྔགས་ཤམ་དུ། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་དྲག་ཏུ་བརྗོད་ཅིང་རོལ་མོ་བྱ། ཡེ་ཤེས་པ་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ། དེ་དག་གིས་དཀྱིལ་འཁོར་དུ་འཇུག་པའི་རིམ་པ་སོང་ནས། དབང་བསྐུར་དངོས་གཞིའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ ཡེ་ཤེས་དགུ་ཡི་དཀྱིལ་འཁོར་འདིར༔ ཞུགས་ཀྱང་སྨིན་པར་མཛད་དུ་གསོལ༔ སྨིན་ཅིང་གྲོལ་བ་མཐར་ཕྱིན་ཞིང༔ མི་གནས་ཀློང་དུ་སྐྱེལ་བར་མཛོད༔ ལན་གསུམ། དེ་ནས་དབང་བསྐུར་བ་དངོས་ལ་བུམ་གསང་ཤེར་ཡེ་ཚིག་གི་དབང་དང་བཞི་རྣམས་རིམ་པར་འབྱུང་བའི། ཐོག་མར་བུམ་དབང་རྗེས་འབྲེལ་དང་བཅས་པ་ལ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ཡེ་ཤེས་ཀློང་དགུ་དབྱིངས་ཕྱུག་ཁྲོ་མོ་རྣམ་དགུའི་ལྷ་ཚོགས་བཞུགས་པའི་སྐུ་ལས་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་བྱུང་བས་སྒྲིབ་པའི་འཆིང་བ་གཏོར་ཞིང་ཡེ་ཤེས་ཀྱི་བཅུད་བླུག་པར་མོས་ཤིག །ཧཱུྃ༔ དབྱིངས་ཀྱི་བུམ་པར་རིག་པའི་བཅུད༔ ཟུང་འཇུག་ཡེ་ཤེས་ཀློང་དགུའི་ལྷ༔ གཉིས་མེད་མཉམ་སྦྱོར་བདུད་རྩི་མཆོག༔ ཡེ་ཤེས་ཆུ་ཡི་དབང་བསྐུར་རོ༔ ཀ་ལ་ཤཿཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་བུམ་པ་བཟང་པོ་ལས་བྱུང་བའི་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་པས། ལུས་ཀྱི་ནང་ཐམས་ཅད་གང་། དུག་ལྔའི་དྲི་མ་ཐམས་ཅད་དག །ཡེ་ཤེས་ལྔ་མངོན་དུ་གྱུར་པའོ། །དེ་ནས་རྗེས་འབྲེལ་སྐུ་ཕྱག་རྒྱའི་དབང་བསྐུར་བ་ལ་མདུན་བསྐྱེད་དབྱིངས་ཕྱུག་ཁྲོ་མོ་རྣམ་དགུའི་སྐུ་ལས་ཡེ་ཤེས་ཀྱི་སྣང་བརྙན་གཉིས་པ་རེ་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་གནས་རྣམས་སུ་ཐིམ་པར་མོས་ཤིག །ཁྲོ་མོ་རྣམ་དགུའི་སྐུ་ཙཀ་སོ་སོས་དབང་བསྐུར་ཏེ། ཧཱུྃ༔ ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་པ༔ རྡོ་རྗེ་ཕག་མོ་གནམ་ཞལ་མ༔ ཡབ་ཡུམ་འཁོར་དང་བཅས་རྣམས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨཱོྃ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་བཛྲ་བྷཱ་ར་ཧི་ཧཱུྃ་ཕཊ྄༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ མེ་ལོང་ཡེ་ཤེས་ལས་བཞེངས་པའི༔ བཛྲ་ཀྲོ་དྷཱི་ཤྭ་རཱི་མ༔ ཡབ་ཡུམ་འཁོར་དང་བཅས༴ རིགས་ཀྱི་བུ་ལ་དབང༴ ཨཱོྃ་བཛྲ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ྄༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ མཉམ་ཉིད་ཡེ་ཤེས་ལས་བཞེངས་པའི༔ ཡུམ་ཆེན་མ་མོ་བཻ་ཏཱ་ལི༔ ཡབ་ཡུམ་འཁོར༴ རིགས་ཀྱི་བུ༴ ཨཱོྃ་རཏྣ་བཻ་ཏཱ་ལི་ཧཱུྃ་ཕཊ྄༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ སོར་རྟོག་ཡེ་ཤེས་ལས་བཞེངས་པའི༔ ཡུམ་ཆེན་པདྨ་གཟི་ལྡན་མ༔ ཡབ་ཡུམ་འཁོར༴ རིགས་ཀྱི་བུ༴ ཨཱོྃ་པདྨ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ྄༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ནན་ཏན་ཡེ་ཤེས་ལས་བཞེངས་པའི༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ ཡབ་ཡུམ་འཁོར༴ རིགས་ཀྱི་བུ༴ ཨཱོྃ་དིཔྟ་ཙཀྲ་ཧཱུྃ་ཕཊ྄༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཀློང་གྱུར་ཡེ་ཤེས་ལས་བཞེངས་པའི༔ ཡུམ་ཆེན་ཉིད་གཞི་མུ་ཁ་ལེ༔ ཡབ་ཡུམ་འཁོར༴ རིགས་ཀྱི་བུ༴ ཨཱོྃ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སཏྭཾ་སཏྭ་ཧཱུྃ་ཕཊ྄༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཕྱག་ཆེན་ཡེ་ཤེས་ལས་བཞེངས་པའི༔ མཁའ་འགྲོ་ལས་ཀྱི་དབང་མོ་ཆེ༔ ཡབ་ཡུམ་འཁོར༴ རིགས་ཀྱི་བུ༴ ཨཱོྃ་མ་ཧཱ་ཌཱ་ཀི་ནཱི་ཧཱུྃ་ཕཊ྄༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ དབྱིངས་གྲོལ་ཡེ་ཤེས་ལས་བཞེངས་པའི༔ ཡུམ་ཆེན་ཁམས་གསུམ་སྤྱི་འདུལ་མ༔ ཡབ་ཡུམ་འཁོར༴ རིགས་ཀྱི་བུ༴ ཨཱོྃ་མ་ཧཱ་ཙཎྜི་སརྦ་དུཥྚཱན་ཧཱུྃ་ཕཊ྄༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ མཐའ་གྲོལ་ཡེ་ཤེས་ལས་བཞེངས་པའི༔ སྲིད་པའི་རྒྱལ་མོ་འབྱུང་ལྔའི་བདག༔ ཡབ་ཡུམ་འཁོར་དང་བཅས་རྣམས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨཱོྃ་བཛྲ་ཙཎྜ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ྄༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ སླར་ཡང་རྣམ་བུམ་ཐོགས་ལ། བཀའ་སྡོད་ཀྱི་དབང་བསྐུར་བ་ནི། ཧཱུྃ༔ སྣོད་བཅུད་ཡོངས་རྫོགས་བཀའ་སྡོད་བུམ་པ་རུ༔ དབང་མོ་ཉེར་བརྒྱད་གཙོར་གྱུར་བྱེ་བ་འབུམ༔ བསམ་གྱིས་མི་ཁྱབ་ཡོངས་རྫོགས་དབང་བསྐུར་བས༔ ཕྲིན་ལས་སྣ་ཚོགས་ལྷུན་གྱིས་འགྲུབ་པར་ཤོག༔ ཨཱོྃ་བཛྲ་སརྦ་ཡཀྵ་ཧཱུྃ་ས་མ་ཡ་ཧཱུྃ་ཕཊ྄༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ གསུང་བཟླས་པའི་ལུང་གི་སླད་དུ་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་གཉིས་པ་འཕྲོས་ཏེ་ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་སྲོག་ཧཱུྃ་ཡིག་གི་མཐར་འཁོད་པའི་མོས་པས་སྔགས་འདི་རྣམས་ཀྱི་རྗེས་ཟློས། །ཡུམ་དགུ་དང་བཀའ་སྡོད་དྲག་སྔགས་སྤྱི་དྲིལ་རྣམས་ལན་གསུམ་གསུམ་རྗེས་ཟློས་བྱར་གཞུག །མཐར་སྔགས་ཕྲེང་ལག་ཏུ་གཏད་ལ། ཁྲོ་མོ་རྣམ་དགུའི་གསུང་དང་མཉམ༔ བཟླས་བརྗོད་སྔགས་ཀྱི་ནུས་པ་རྣམས༔ ནུས་ལྡན་མི་ཉམས་འཕེལ་བ་ཡི༔ གསུང་གི་དབང་མཆོག་རྫོགས་པར་ཤོག༔ ཨཱོྃ་བཛྲ་ཀྲོ་དྷཱི་སརྦ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཐུགས་ཕྱག་མཚན་རྡོ་རྗེས་དབང་བསྐུར་བས་དབྱིངས་རིག་གཉིས་སུ་མེད་པའི་དགོངས་པ་རང་གསལ་ངང་གིས་རྫོགས་པར་མོས་ཤིག །དབྱིངས་ཀྱི་སྟོང་ཆ་ཐུགས་ཀྱི་ངང༔ ཕྱག་མཚན་རིག་པ་ལུ་གུ་རྒྱུད༔ དབྱིངས་རིག་དབྱེར་མེད་གསལ་སྟོང་ཐུགས༔ མ་བཅོས་ལྷུག་པར་དབང་བསྐུར་རོ༔ ཨཱོྃ་བཛྲ་ཀྲོ་དྷ་སརྦ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཁྱད་པར་ཡེ་ཤེས་སེམས་དཔའ་རྒྱལ་བ་ཡུམ་ལྔའི་སྐུ་གནས་ལྔར་བསྟིམས་པས་བདེ་སྟོང་རྡོ་རྗེ་དབྱིངས་ཀྱི་དབང་ཆེན་རབ་འབྱམས་རྫོགས་པར་མོས་ཤིག །ཡུམ་ལྔའི་སྐུ་སྙིང་གར་བཞག་སྟེ། ཧཱུྃ༔ ཆོས་དབྱིངས་ཀུན་ཏུ་བཟང་མོ་དང༔ རྡོ་རྗེ་སྙེམས་མ་གླུ་མ་དང༔ གསང་བ་ཡེ་ཤེས་སྒྲོལ་མ་སོགས༔ རྒྱལ་བ་ཡུམ་ལྔས་དབང་བསྐུར་བས༔ རང་རིག་བྱང་ཆུབ་སེམས་རྟོགས་ཤོག༔ བཛྲ་ཙིཏྟ་བོ་དྷི་ཙིཏྟ་གཱིརྟཱི་དྷཱུ་མ་གྷ་ཡེ་ཨཱརྻ་ཏཱ་རེ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ བཀྲ་ཤིས་བུམ་པ་འཁོར་དང་བཅས་པའི་དབང་བསྐུར་པས༔ སློབ་མ་ཐམས་ཅད་ལྷ་རུ་འགྱུར་ཞིང་ལྷ་ཐམས་ཅད་སྣང་སྟོང་གི་ཡེ་ཤེས་སུ་རྟོགས་པར་གྱུར་ཅིག༔ གསང་ཐོད་ཀྱི་བདུད་རྩི་སྦྱིན་ལ། ཧཱུྃ༔ དབྱིངས་ཀྱི་བྷནྡྷ་ཡངས་པ་རུ༔ རིག་པ་བདེ་སྟོང་ལྷ་ཚོགས་སྦྱོར༔ ཟུང་འཇུག་བདེ་ཆེན་བདུད་རྩིའི་དབང༔ བདེ་ཆེན་ཡོངས་སུ་བསྐྱེད་ཕྱིར་བསྐུར༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ བདེ་བ་ཆེན་པོ་བྱང་ཆུབ་སེམས་ཀྱི་བདུད་རྩིས་དབང་བསྐུར་པས་ཕུང་ཁམས་ཐམས་ཅད་ལྷར་དག་སྟེ་བདེ་གསལ་ཡེ་ཤེས་མངོན་དུ་འབར་བར་གྱུར་ཅིག༔ ཤེར་དབང་ནི། རིག་མའི་གཟུགས་བརྙན་ནམ་དྲིལ་བུ་གཏད་ལ། ཧཱུྃ༔ བཀྲ་ཤིས་མཚན་ལྡན་གཟུངས་མ་འདི༔ བསྟེན་ན་བདེ་བ་ཆེན་པོ་རྟོགས༔ འདི་སྤངས་སངས་རྒྱས་ཐོབ་འདོད་མིན༔ བདེ་ཆེན་ངལ་མེད་རྟག་ཏུ་རོལ༔ མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ བདེ་སྐྱེད་ཡུམ་གྱི་དབང་བསྐུར་པས་རྟོག་ཚོགས་ཐམས་ཅད་བདེ་བ་ཆེན་པོར་དག་སྟེ༔ བདེ་ཆེན་ཡེ་ཤེས་ཀློང་དུ་འབར་བར་གྱུར་ཅིག༔ ཤེལ་རྡོ་བསྟན་ལ། ཧཱུྃ༔ སེམས་ཉིད་མ་བཅོས་ཀ་ནས་དག༔ སྟོང་གསལ་རང་བྱུང་ཡེ་ཤེས་རྩལ༔ ལྷུན་གྱིས་གྲུབ་པ་མེ་ལོང་བཞིན༔ རིག་རྩལ་མཆོག་གི་དབང་ཐོབ་ཤོག༔ དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨཱ༔ ཧོ༔ རྡོ་རྗེ་སེམས་དཔའི་མེ་ལོང་གི་དབང་བསྐུར་པས༔ མི་གནས་ཡེ་ཤེས་ཀྱི་རྟོགས་པ་མངོན་དུ་འགྱུར་བར་གྱུར་ཅིག༔ དེ་རྣམས་ཀྱིས་དབྱིངས་ཕྱུག་རྡོ་རྗེ་བཙུན་མོ་དཔལ་གྱི་ཁྲོ་མོ་རྣམ་དགུའི་ཟབ་དབང་རྣམས་བཅས་ཡོངས་སུ་གྲུབ་པའོ། །འདི་ལ་གཏེར་གཞུང་དུ། ཡབ་བཀའི་དབང་རྣམས་ཚུལ་བཞིན་བསྐུར༔ ཞེས་གསུངས་ཀྱང་ཅུང་ཟད་འབྱིན་འཇུག་མ་བྱས་ན་ཧ་ཅང་རྒྱས་དྲགས་སྙམ་ནས་སྙིང་པོའི་བཅུད་བསྡུས་པའི་ཁུལ་ཡིན་པས་འོས་མིན་དཔྱད་དགོས་པ་ཡོད་དོ།། །། ༈ དེ་ནས་བཀའ་སྲུང་གསུམ་གྱི་བཀའ་གཏད་ཀྱི་བཤམ་སྒྲུབ་གོང་དུ་སོང་ནས་བཀའ་གཏད་དངོས་ལ། གཏེར་གཞུང་ལས། ཡང་ཟབ་སྙིང་པོའི་བཀའ་སྲུང་གསུམ༔ ཤིན་ཏུ་གཉན་པས་གསང་བར་གཅེས༔ བཀའ་གཏད་བཀའ་རྒྱས་བསྡམ་པར་གྱིས༔ ཞེས་གསུངས་པ་ལྟར། ཐོག་མར་ཟབ་གཏེར་བཀའ་ཡི་སྲུང་མ་ངོ་བོ་སྔགས་སྲུང་ཨེ་ཀ་ཛཱ་ཊི་ལ་རྣམ་པ་ལས་ཀྱི་མཁའ་འགྲོ་འབར་མ་མེ་གདོང་མའི་བཀའ་གཏད་བགྱི་བ་ལ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །གཏུམ་ཆེན་ཁྲོས་མ་མེ་གདོང་མའི། །བཀའ་གཏད་ཟབ་མོ་བསྩལ་དུ་གསོལ། །ལན་གསུམ། རྒྱུད་དག་པའི་ཕྱིར་རྒྱུན་བཤགས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། བཀའ་གཏད་རྗེས་གནང་དངོས་ལ། གཞུང་ལས། བཀའ་གཏད་གཏོར་མ་སློབ་བུར་གཏད༔ ཕྲིན་ལས་བཅོལ་ཞིང་དམ་བསྲེ་འོ༔ ཞེས་གསུངས་པ་ལྟར་བྱ་བ་ལ། སློབ་དཔོན་ཧེ་རུ་ཀའི་སྙེམས་པས་བཀའ་བསྒོས་པས་མདུན་གྱི་མ་མོ་མཆེད་གསུམ་དངོས་སུ་བྱོན་ཏེ། ཁྱེད་རང་དཔལ་ཆེན་པོའི་སྐུར་གསལ་བ་ལ་གུས་པའི་ཚུལ་གྱིས་ཇི་ལྟར་འདོད་པའི་ཕྲིན་ལས་ཐོགས་མེད་དུ་བསྒྲུབ་པར་ཞལ་གྱིས་བཞེས་ནས་འོད་ཀྱི་རྣམ་པས་ལྟེ་བར་ཐིམ་པར་མོས་ཤིག །སྐུ་ཙཀ་ཅན་གྱི་གཏོར་མ་གཏད་ལ། ཧཱུྃ། གཏུམ་ཆེན་ཁྲོས་མ་མེ་ཡི་གདོང་། །མཐིང་ནག་གྲི་གུག་ཐོད་ཁྲག་ཅན། །འཁོར་དུ་ཆུ་སྲིན་སེང་གེའི་གདོང་། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །ཨཱོྃ་མ་མ་ཛྭ་ལ་ཛྭ་ལ་ནཱི་ཙཎྜི་ཧཱུྃ་ཕཊ༔ སརྦ་ས་མ་ཡ་རཀྵ། བདུད་རྩིས་གཏོར་མ་ལ་བྲན་ཅིང་སློབ་མར་བྱིན་ལ། ཨཱོྃ་བཛྲ་ས་མ་ཡ་ཧཱུྃ་རཀྵནྟུ། ཞེས་བརྗོད། རྡོ་རྗེ་སློབ་མའི་མགོར་བཞག །ཛཿཧཱུྃ་བཾ་ཧོཿས་བསྟིམ། མདུན་གྱི་ཆོས་སྐྱོང་གི་ཐུགས་ཀ་ནས་སྲོག་སྔགས་བྱུང་སློབ་མའི་སྙིང་གར་ཐིམ་པར་མོས་ལ་སྔགས་འདིའི་རྗེས་ཟློས། ཨཱོྃ་མ་མ་ཛྭ་ལ་ཛྭ་ལ་ནཱི་ཙཎྜི་ཧཱུྃ་ཕཊ྄༔ ལན་གསུམ། ཕྱག་མཚན་གཏད་ལ། ཧཱུྃ། གཟུང་འཛིན་དབྱིངས་གཅོད་གྲི་གུག་དང་། །བདེ་ཆེན་བཅུད་ལྡན་བྷནྡྷ་ནི། །བསྟན་སྲུང་མ་མོའི་ཐུགས་ཀྱི་རྟེན། །ཡེ་ཤེས་ཕྱག་རྒྱས་དབང་བསྐུར་རོ། །ཙིཏྟ་ས་མ་ཡ་ཧཱུྃ། གཏོར་མ་གཏུམ་ཆེན་ཁྲོས་མ་མེ་གདོང་མ་འཁོར་བཅས་སུ་གསལ་བ་ལག་ཏུ་གཏད་དེ། ཧཱུྃ༔ གཏུམ་ཆེན་ཁྲོས་མ་མེ་ཡི་གདོང༔ ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན༔ འབར་བའི་ཀློང་དུ་གར་སྒྱུར་མ༔ ཆུ་སྲིན་སེང་གེའི་གདོང་ཅན་གཉིས༔ དཀར་ནག་མདོག་ཅན་གྲི་ཐོད་འཛིན༔ མ་མོ་མཆེད་གསུམ་བཀའ་སྡོད་བཅས༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ གདུག་པའི་དགྲ་བགེགས་ཐལ་བར་རློགས། ཁྱད་པར་རྡོ་རྗེ་སློབ་མ་ལ། །ལུས་དང་གྲིབ་བཞིན་འགྲོགས་ནས་ཀྱང་། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །སྲོག་སྔགས་མཐར། ས་མ་ཡ་རཀྵནྟུ། ཞེས་བརྗོད་པས་དམ་ཚིག་གཅིག་ཏུ་འདྲེས་པར་མོས་ཤིག །དེས་འབར་མ་མེ་གདོང་མའི་བཀའ་གཏད་གྲུབ་ནས། ༈ སླར་ཡང་ངོ་བོ་ལྷ་མོ་རེ་མ་ཏི་སོགས་དང་གཉིས་སུ་མེད་ཅིང་། རྣམ་འགྱུར་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་བཀའ་ཡི་གཉེར་འཛིན་མ། མ་མོ་རྡོ་རྗེ་གཤོག་རྒོད་མའི་བཀའ་གཏད་ཀྱི་དོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །སངས་རྒྱས་བསྟན་པ་སྲུང་བའི་ཕྱིར། །ལྷ་མོ་རྡོ་རྗེ་གཤོག་རྒོད་མའི། །སྲོག་དབང་དམ་པ་བསྩལ་དུ་གསོལ། །ལན་གསུམ། རྒྱུན་བཤགས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་རྒྱུན་བཤགས་ལན་གསུམ་རྗེས་ཟློས་བྱར་གཞུག །བཀའ་གཏད་དངོས་ལ། བཀའ་གཏད་སློབ་མ་མ་མོར་བསྐྱེད༔ སྐུ་གཟུགས་ཕྱག་མཚན་བསྟིམ་པར་བྱ༔ ཞེས་གསུངས་པས། སློབ་མ་རྣམས་ཀྱི་ཕུང་ཁམས་ཐམས་ཅད་སྟོང་པར་སྦྱངས་ལ། གྲུ་གསུམ་མཐིང་ནག་འབར་བའི་ཀློང་། །སློབ་མ་སྐད་ཅིག་དྲན་རྫོགས་སུ། །དབྱིངས་ལས་སྐུར་བཞེངས་མ་མོ་ནི༔ གཏུམ་ཆེན་མཐིང་ནག་གྲི་ཐོད་འཛིན༔ གཤོག་བརྒྱང་མེ་ཡི་ཀློང་ན་བཞུགས༔ རིགས་བཞིའི་ཕོ་ཉ་བཞི་ཡིས་བསྐོར༔ དཀར་སེར་དམར་ལྗང་སྙིང་མེ་ལོང༔ འཛིན་ཞིང་མེ་ཀློང་གར་ཐབས་སྒྱུར༔ མ་མོ་འབུམ་གྱི་འཁོར་གྱིས་བསྐོར༔ དེ་ལྟར་གསལ་བ་ལ་མདུན་བསྐྱེད་ལས་རང་འདྲའི་སྐུ་སྤྲོས་ཏེ་ཁྱེད་རང་ལ་ཐིམ་པར་མོས་ཤིག །ཧཱུྃ། དབྱིངས་ཀྱི་མ་མོ་གཤོག་རྒོད་མ། །རིགས་བཞིའི་འཁོར་དང་སྤྲུལ་པ་བཅས། །རྒྱལ་བའི་བསྟན་པ་སྲུང་མཛད་པའི། །ལྷ་མོའི་སྐུ་ཡི་དབང་བསྐུར་རོ། །མ་མ་ཏྲག་རཀྴ་ག་རུ་ཌཿཧཱུྃ་ཕཊ྄༔ ཨ་བྷི་ཥིཉྩ་ཨཱོྃ། ཛཿཧཱུྃ་བཾ་ཧོས་བསྟིམ། དེ་ནི་སྐུ་ཡི་དབང་བསྐུར་རོ། །སློབ་དཔོན་ཡི་དམ་གྱི་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་རྡོ་རྗེ་གཤོག་རྒོད་མའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། མ་མོའི་ཐུགས་ཀར་ཉི་མ་ལ་གནས་པའི་མ་ཡིག་གི་མཐར་སྔགས་ཀྱིས་བསྐོར་བ་ལས་སྔགས་ཕྲེང་བྱུང་། ཞལ་ནས་ཐོན། ཁྱེད་རང་མ་མོར་གསལ་བའི་ཞལ་དུ་ཞུགས། སྙིང་གར་ཉི་མ་ལ་གནས་པའི་མ་ཡིག་ལ་ཐིམ་པས་གསུང་གི་སྲོག་ལ་དབང་ཐོབ་པར་མོས་ལ་སྔགས་འདིའི་རྗེས་ཟློས་མཛོད། མ་མ་ཏྲག་རཀྴ་ག་རུ་ཌཿཧཱུྃ་ཕཊ྄༔ ལན་གསུམ། དེ་ནི་གསུང་གི་དབང་བསྐུར་རོ། །ཐུགས་ཕྱག་མཚན་གྱི་རྣམ་པར་སྤྲོས་ཏེ་སྙིང་གར་ཐིམ་པས་སྲོག་ཏུ་འདྲེས་པར་མོས་ཤིག །མ་ནི་སྟོང་པ་དབྱིངས་ཀྱི་མ། །མོ་ནི་རིག་པ་ཟང་ཐལ་མོ། །རྡོ་རྗེ་འགྱུར་མེད་ཡོངས་སུ་གྲུབ། །གཤོག་རྒོད་ཐབས་ཤེས་འདུ་འབྲལ་མེད། །ལྷ་མོ་རང་གི་སེམས་ལ་རྫོགས། །ཞེས་བརྗོད་དེ་མཉམ་པར་གཞག །དེ་ནི་ཐུགས་ཀྱི་དབང་ངོ་། །གཏོར་མ་མ་མོ་རྡོ་རྗེ་གཤོག་རྒོད་མ་འཁོར་བཅས་སུ་གསལ་བ་ལག་ཏུ་གཏད་ལ། ཧཱུྃ༔ དབྱིངས་ལས་སྐུར་བཞེངས་མ་མོ་ནི༔ གཏུམ་ཆེན་མཐིང་ནག་གྲི་ཐོད་འཛིན༔ གཤོག་བརྒྱང་མེ་ཡི་ཀློང་ན་བཞུགས༔ རིགས་བཞིའི་ཕོ་ཉ་བཞི་ཡིས་བསྐོར༔ དཀར་སེར་དམར་ལྗང་སྙིང་མེ་ལོང༔ འཛིན་ཞིང་མེ་ཀློང་གར་ཐབས་སྒྱུར༔ མ་མོ་འབུམ་གྱི་འཁོར་གྱིས་བསྐོར༔ འདིར་བྱོན་དམ་རྫས་མཆོད་གཏོར་བཞེས༔ གདུག་པའི་དགྲ་བགེགས་ཐལ་བར་རློགས། ཁྱད་པར་རྡོ་རྗེའི་སློབ་མ་ལ། །ལུས་དང་གྲིབ་བཞིན་འགྲོགས་ནས་ཀྱང་། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །སྲོག་སྔགས་མཐར། ས་མ་ཡ་རཀྵནྟུ། ཞེས་ཐ་ཚིག་བསྒྲགས་པས་མ་མོ་འཁོར་དང་བཅས་པ་དགྱེས་པའི་ཚུལ་གྱིས་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་བསྒྲུབ་པར་ཞལ་གྱིས་བཞེས་པས་དམ་ཚིག་གཅིག་ཏུ་འདྲེས་པར་མོས་ཤིག །ཛཿཧཱུྃ་བཾ་ཧོཿས། ལྷ་ཚོགས་རྣམས་ཁྱེད་རང་ལ་ཐིམ་པར་གྱུར། དེས་མ་མོ་རྡོ་རྗེ་གཤོག་རྒོད་མའི་བཀའ་གཏད་གྲུབ་ནས། ༈ སླར་ཡང་འོད་གསལ་རྫོགས་པ་ཆེན་པོའི་བཀའ་སྲུང་ཁྱད་པར་ཅན་དྲག་རྩལ་མྱུར་མགྱོགས་ཀྱི་ཕྲིན་ལས་དང་ལྡན་པ་འདི་ནི་འོག་མིན་དུ་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་སྤྱན་སྔར་ཡེ་ཤེས་ཀྱི་རྡོ་རྗེ་ལེགས་པ། མ་ལ་ཡར་གསང་བདག་གི་དྲུང་དུ་དམ་ཚིག་གི་རྡོ་རྗེ་ལེགས་པ། རྒྱ་བོད་ཆོས་འཁོར་རྣམས་སུ་སྐྱེས་མཆོག་རྡོ་རྗེ་ལེགས་པ་སོགས་རྣམ་འཕྲུལ་མཐའ་ཡས་པའི་ངང་ཚུལ་ཅན། ཡང་ཟབ་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་བཀའ་སྲུང་རྡོ་རྗེ་ལེགས་པའི་རྗེས་གནང་གསན་པའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །སངས་རྒྱས་བསྟན་པ་སྲུང་བའི་ཕྱིར། །དམ་ཅན་རྡོ་རྗེ་ལེགས་པ་ཡི། །རྗེས་སུ་གནང་བ་བསྩལ་དུ་གསོལ། །ལན་གསུམ། རྒྱུན་བཤགས་འདི་ཡི་རྗེས་ཟློས་གནང་བ་ཞུ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། རྗེས་གནང་དངོས་ལ། གཞུང་ལས། བཀའ་གཏད་རྟེན་མདའ་ལག་ཏུ་གཏད༔ ཕྲིན་ལས་མ་ལུས་སྒྲུབ་པར་བསམ༔ ཐ་ཚིག་ཕྲིན་བཅོལ་བྱས་པས་འགྲུབ༔ ཅེས་གསུངས་པ་ལྟར་བྱ་བ་ལ། སློབ་དཔོན་དཔལ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་འཕྲོས། མདུན་གྱི་དམ་ཅན་ལ་ཕོག་པས་ཐུགས་རྒྱུད་བསྐུལ་ཏེ་སློབ་མའི་མདུན་དུ་བྱོན་ནས་རྗེ་ལ་འབངས་ཀྱིས་འདུད་པ་ལྟར་ཕྲིན་ལས་སྒྲུབ་པ་ལ་དགྱེས་ཤིང་ངོ་ཐོན་དུ་བཞུགས་པར་བསམ། སྐུ་གཟུགས་གཏད་དེ། ཧཱུྃ་ཧྲཱིཿ སྐྱེས་མཆོག་བཛྲ་ཐིག་ལེ་རྩལ། །བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། ཁྱོད་ཀྱི་སྲུང་མར་གཏད་པར་བྱ། །རྟག་ཏུ་མཆོད་བསྟོད་བརྩོན་པར་གྱིས། །ཨཱོྃ་ཏྲི་ཤཱུ་ལ་བཛྲ་སཱ་དྷུ་སིདྡྷི་ཧཱུྃ༔ ཨཱ་བེ་ཤ་ཡ་ཛཿཛཿ དམ་ཅན་ཉིད་དགྱེས་ཤིང་ཆགས་པས་རང་འདྲ་དཔག་མེད་སྤྲོས་ཏེ་སློབ་མ་ལ་ཐིམ་པར་གྱུར། དེ་ནི་སྐུ་ཡི་རྗེས་གནང་ངོ་། །ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་དམ་ཅན་གྱི་ཐུགས་རྒྱུད་བསྐུལ། ཞལ་ནས་སྔགས་ཕྲེང་ཐོན། སློབ་མའི་སྙིང་གའི་ཧཱུྃ་གི་ཞབས་ཀྱུ་ལ་ཐིམ་པར་བསམ་ལ་སྔགས་འདིའི་རྗེས་ཟློས་མཛོད། ཨཱོྃ་ཏྲི་ཤཱུ་ལ་བཛྲ་སཱ་དྷུ་སིདྡྷི་ཧཱུྃ༔ ལན་གསུམ། དེ་ནི་གསུང་གི་རྗེས་གནང་ངོ་། །ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཐུགས་ཡེ་ཤེས་ཀྱི་རྣམ་པ་ཕྱག་མཚན་གྱི་ཚུལ་དུ་བྱུང་ནས་སྙིང་གའི་ཧཱུྃ་ལ་ཐིམ་པར་མོས་ཤིག །ཕྱག་མཚན་རྡོ་རྗེ་ཙིཏྟ་གཏད་དེ། ཧཱུྃ། པདྨ་དབང་གི་སྤྲུལ་པ་ཡི། །རྡོ་རྗེས་ཕོ་རྒྱུད་ཕོ་ཉར་འགྱེད། །ཙིཏྟས་མོ་རྒྱུད་ལས་ལ་འཛུད། །ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག །ཙིཏྟ་བཛྲ་ས་མ་ཡ་ཧོཿ དེ་ནི་ཐུགས་ཀྱི་རྗེས་གནང་ངོ་། །མཐར་གཏོར་མ་དམ་ཅན་འཁོར་དང་བཅས་པར་གསལ་ལ། ཧཱུྃ༔ དབང་གི་སྤྲུལ་པ་རྡོ་རྗེ་ལེགས༔ དམར་ནག་རྡོ་རྗེ་དགྲ་སྙིང་འཛིན༔ དར་གྱི་བེར་ཆེན་ཕྱི་ནང་གསོལ༔ དབུ་སྐྲ་གྱེན་བརྫེས་ཐོད་སྐམ་བརྒྱན༔ སྭག་ལྷྭམ་གསོལ་ཞིང་སེང་ཆེན་འཆིབས༔ བཙན་དམག་ཞུབ་ཅན་སྟོང་གིས་བསྐོར༔ དགྱེས་སྡེ་བརྟན་མ་བཅུ་གཉིས་སོགས༔ ཡང་ཟབ་བཀའ་ཡི་སྲུང་མ་རྣམས༔ འདིར་བྱོན་དམ་རྫས་མཆོད་གཏོར་བཞེས༔ གདུག་པའི་དགྲ་བགེགས་ཐལ་བར་རློགས། ཁྱད་པར་རྡོ་རྗེའི་སློབ་མ་ལ། །ལུས་དང་གྲིབ་བཞིན་འགྲོགས་ནས་ཀྱང་། །སྒྲུབ་པ་པོ་ཡི་བསམ་པ་སྒྲུབས༔ ཨཱོྃ་ཏྲི་ཤཱུ་ལ་བཛྲ་སཱ་དྷུ་སིདྡྷི་ཧཱུྃ༔ ས་མ་ཡ་རཀྵནྟུ། གཏོར་མ་ལ་བདུད་རྩིས་བྲན་ཏེ་བཤལ་ཆུ་སློབ་མ་ལ་ཡང་སྦྱིན། སླར་ཡང་སློབ་མས་ཀྱང་གཏོར་མ་ལ་བདུད་རྩི་བྲན་ནས། རྟེན་མདའ་དང་གཏོར་མ་ལག་ཏུ་གཏད་དེ། ཨཱོྃ་བཛྲ་སཱ་དྷུ་ས་མ་ཡ་སིདྡྷི་ཕ་ལ་ཨཱ་བེ་ཤ་ཡ་ཛཿཛཿ ཤཱནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་ཕཊ྄། ཅེས་བརྗོད་དོ། །དེ་དག་ནི་གཏེར་གཞུང་རྩ་བ་ཧ་ཅང་བསྡུས་དྲགས་ནས། གཏེར་སློབ་རཏྣའི་གསུང་དང་གུང་སྤྲོས་ཏེ་ཅུང་ཟད་རྒྱས་པར་བྲིས་པ་གཟུ་ལུམ་དུ་གྱུར་ན་ལྷ་དང་ཌཱ་ཀིར་བཟོད་པར་གསོལ་ལོ། །དེ་ལྟར་ཟབ་གཏེར་བཀའ་ཡི་སྲུང་མའི་དབང་པོ་རྣམས་ཀྱི་དབང་བསྐུར་དང་བཀའ་གཏད་ལེགས་པར་གྲུབ་པ་ཡིན་པས། བྱིན་རླབས་བརྟན་ཅིང་གོང་འཕེལ་དུ་བྱ་བའི་སླད་དུ་རྩ་གསུམ་རྒྱ་མཚོས་བཀྲ་ཤིས་པའི་ཚིག་གིས་དབུགས་དབྱུང་བར་གྱུར། ཅེས་ཤིས་བརྗོད་ཅི་རིགས་བྱ། དབང་བསྐུར་ཐོབ་པ་ལས་བྱུང་བའི་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ལ་སྲུང་སྡོམ་བགྱིད་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ་དང་ལུས་འབུལ་དགེ་བསྔོ་བཅས་བྱའོ།། །།རྗེས་རིམ་དཀྱིལ་འཁོར་རྗེས་ཀྱི་ཆོ་ག་རྣམས་མཐར་དབྱུང་ངོ་། །ཀུན་དང་མཐུན་ལ་ཀུན་ལས་འཕགས། །ཡོངས་སུ་མ་གྲགས་ཟབ་པའི་ཆོས། །དགའ་རབ་པད་འབྱུང་བཻ་རོ་ཡི། །ཐུགས་ཀྱི་ཐིག་ལེ་ཨེ་མ་ཧོཿ བཀའ་སྲུང་ཡེ་ཤེས་ཁྲོ་མོའི་དབང་དང་འཇིག་རྟེན་དྲེགས་ཚུལ་བཀའ་གཏད་གསུམ་བཅས་ནང་གསེས་བཞི་ཅན་ལེ་ཚན་ནོ།། །། ༄༅། །བཅུ་དྲུག་པ་སྡེ་གསུམ་གཏེར་སྲུང་ལྷ་བཙན་ཀླུ་གསུམ་གྱི་བཀའ་གཏད་ལ། སྦྱོར་བ་བཤམ་སྒྲུབ་ནི་མདུན་སྟེགས་སུ་ལྷ་ལ་འབྲས་བཤོས་དཀར་ཟླུམ། བཙན་ལ་བཤོས་དམར་པོ་ཟུར་གསུམ། ཀླུ་ལ་བཤོས་སྔོན་པོ་སྦྲུལ་དཀྲིས་ཅན་བཅས་གཙང་ཞིང་རྒྱན་ལྡན་སོ་སོའི་སྐུ་ཙཀ་དར་གདུགས་མཐུན་རྫས་ཀྱིས་བརྒྱན་པ་སྣོད་སོ་སོར་བཤམས་པའི་མདུན་དུ་ཉེར་སྤྱོད་ཕྲེང་ཚར་བཀོད་ལ། རཾ་ཡཾ་ཁཾ། རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་མཆོད་གཏོར་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨཱོྃ་སརྦ་པཱུ་ཛ་མེ་གྷ་ས་མ་ཡ་ཨཱཿཧཱུྃ། ཨཱོྃ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བྱིན་བརླབས་ལ། མདུན་དུ་ཨ་ཏྲི་ནཱཾ་གསུམ་ལས། །དྲེགས་པ་ཆེ་གསུམ་དཀར་དམར་སྔོ། །ལྷ་བཙན་ཀླུ་ཡི་ཆས་ཀུན་རྫོགས། །དཀར་པོ་ལྷ་ཡི་སྡེ་དཔོན་ནི། །གསེར་འཁོར་གཡས་ལ་ཆུ་ཤེལ་གཡོན། །གྲུ་གཡོན་མདུང་དར་དཀར་པོ་ཕྱར། །རྟ་དཀར་འཆིབས་ཤིང་ལྷ་གནས་འགྲིམ། །གསང་མཚན་རྡོ་རྗེ་འོད་གསལ་རྩལ། །འཁོར་བཅས་འདིར་གཤེགས་རྟེན་ལ་བཞུགས། །དམར་པོ་བཙན་གྱི་སྡེ་དཔོན་ནི། །མདུང་དམར་གཡས་ལ་བཙན་ཞགས་གཡོན། །གདོང་ལས་འབར་བའི་མེ་འོད་འཕྲོ། །ཤངས་ནས་སྔོ་དམར་ནད་རླུང་འཚུབས། །ཞལ་ནས་དུག་གི་ཁ་ཆུ་འཛག །རྟ་དམར་ལ་ཞོན་སྟོང་གསུམ་ཉུལ། །གསང་མཚན་རྡོ་རྗེ་མེ་འབར་རྩལ། །འཁོར་དང་བཅས་པ་གཤེགས་སུ་གསོལ། །སྔོན་པོ་ཀླུ་ཡི་སྡེ་དཔོན་ནི། །ཀླུ་རྒྱལ་གཙུག་ན་རིན་ཆེན་སྲས། །ཡིད་བཞིན་ནོར་བུ་གཏེར་བུམ་འཛིན། །དགོས་འདོད་རེ་སྐོང་འབྲུ་ཆར་འབེབ། །གཟུགས་མཛེས་ཡིད་འོང་བྱིས་པའི་ཚུལ། །གཡུ་སྦྲུལ་མཇུག་མ་གཡས་སུ་འཁྱིལ། །ཀླུ་རྟ་ལ་ཞོན་རྒྱ་མཚོར་རྒྱུ། །གསང་མཚན་ནོར་བདག་གཟི་འབར་རྩལ། །མ་ལུས་འཁོར་བཅས་གཤེགས་སུ་གསོལ། །ནི་དྷི་པ་ཏིཿས་པ་རི་ཝཱ་ར་བཛྲ་ས་མ་ཛཿས་སྤྱན་དྲངས། སྣང་གསུམ་འོད་ལས་ཤར་པ་ཡི། །ཟབ་གཏེར་སྲུང་མ་མཆེད་གསུམ་ལ། །ཕྱི་ནང་གསང་བ་བླ་མེད་པའི། །ངོ་མཚར་མཆོད་སྤྲིན་རྒྱ་མཚོས་མཆོད། །ནི་དྷི་པ་ཏིཿས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ནི་དྷི་པ་ཏིཿདེ་ཝ་རཱ་ཛ་ཤཱུ་ལ་རཱ་ཛ་ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་མཆོད་པ་དང་སྨན་གཏོར་རཀྟ་འབུལ། ཟབ་གཏེར་སྲུང་མའི་དབང་པོ་ལྷ་བཙན་ཀླུ་ཡི་རྒྱལ་པོ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་པ་དམ་པ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས་སོགས་ཀྱིས་ཕྲིན་ལས་བཅོལ། བསྟོད་ཕྲིན་ནི། ཀྱཻ༔ ལྷ་ཡུལ་དེ་ནི་ཤེལ་མཁར་དུ༔ གསལ་བའི་འོད་ལས་ལྷ་ཡི་རྒྱལ༔ ཤེལ་རྨོག་ཤེལ་ཁྲབ་འོད་དུ་འཚེར༔ དར་འཕྲུ་དར་མདུང་སྤྲིན་ལྟར་བསྐྱོད༔ གསེར་གྱི་འཁོར་ལོ་ཉི་ལྟར་ཤར༔ ཆུ་ཤེལ་ནོར་བུ་ཟླ་ལྟར་གསལ༔ གནམ་རྟ་དཀར་པོ་མགྱོགས་འགྲོ་འཆིབས༔ ལྷ་སྨན་ལྷ་དམག་འབུམ་གྱིས་བསྐོར༔ འབྲས་བཤོས་རྒྱན་ལྡན་འདི་བཞེས་ལ༔ དཀར་ཕྱོགས་སྐྱོང་ཞིང་བསྟན་པ་སྤེལ༔ ཀྱཻ༔ བཙན་ཡུལ་ཟངས་ཐང་དམར་པོ་ན༔ ཟངས་རི་རྩེ་དགུའི་ཕོ་བྲང་ནས༔ བཙན་རྒྱལ་བསྐལ་པའི་མེ་ལྟར་འབར༔ མདུང་དམར་ཞགས་པ་གློག་ལྟར་འཁྱུག༔ བསྭེ་ཁྲབ་ཟངས་རྨོག་ཡ་ལ་ལ༔ རྟ་དམར་རླུང་གཤོག་དགོང་མོ་འགྲིམ༔ བཙན་དམག་ཤན་པ་འབུམ་གྱིས་བསྐོར༔ ཤ་ཁྲག་དམར་གྱི་གཏོར་མ་བཞེས༔ ནག་ཕྱོགས་སྒྲོལ་ལ་བསྟན་པ་སྲུངས༔ ཀྱཻ༔ ཀླུ་ཡུལ་རྒྱ་མཚོ་སྟེང་སྔོན་ནས༔ ཀླུ་རྒྱལ་དཀར་ལ་སྔོ་བའི་མདངས༔ ཡིད་འོང་ཁྱེ་འུ་གཞོན་ནུའི་ཚུལ༔ དར་གྱི་ན་བཟའ་རིན་ཆེན་བརྒྱན༔ སྦྲུལ་མཇུག་གཡས་འཁྱིལ་ཀླུ་རྟ་འཆིབས༔ ཡིད་བཞིན་ནོར་བུ་གཏེར་བུམ་འཛིན༔ ཀླུ་སྨན་ཀླུ་ཕྲན་འབུམ་གྱིས་བསྐོར༔ དཀར་གསུམ་བདུད་རྩིའི་གཏོར་མ་བཞེས༔ སྙིང་པོའི་རྣལ་འབྱོར་ཐམས་ཅད་ལ༔ ལོངས་སྤྱོད་དངོས་གྲུབ་ཆར་ལྟར་ཕོབ༔ བཟླས་དམིགས་ནི། མདུན་གྱི་ལྷ་བཙན་ཀླུ་རྒྱལ་སོ་སོའི་ཐུགས་ཀར་ཟླ་ཉིའི་སྟེང་དུ་ཨ་ཏྲི་ནཱཾ་གསུམ་ལ་རང་སྔགས་ཀྱིས་བསྐོར་བ་ལ་བདག་གི་ཐུགས་ཀའི་འོད་ཀྱིས་རེག་པས་ཕྲིན་ལས་ཐམས་ཅད་སྒྲུབ་པར་མོས་ལ། ཨ་དེ་ཝ་རཱ་ཛ༔ ཙ་ཤཱུ་ལ་ཏྲི་ཛ༔ ནཱཾ་ནཱ་ག་རཱ་ཛཿརཏྣ་ཛ༔ ཅི་ནུས་བཟླས་ལ། ཨཱོྃ་བཛྲ་ཨརྒྷཾ་སོགས་ནས། ཤབྡ་སརྦ་པཱུ་ཛ་ཧོཿ དུས་གསུམ་རྒྱལ་བའི་བཀའ་སྡོད་དཔའ་བོ་ཆེ། །རིག་འཛིན་ཀུན་གྱི་ཅི་བགྱིའི་དམ་ཚིག་ཅན། །ཟབ་གཏེར་བསྟན་པ་སྲུང་བར་དམ་ནོས་པའི། །གཏེར་གྱི་བདག་པོ་འཁོར་དང་བཅས་ལ་བསྟོད། །ཟབ་གཏེར་སྲུང་མའི་དབང་པོ་ལྷ་རྒྱལ་གསལ་བའི་འོད་ལྡན། བཙན་རྒྱལ་བསྐལ་པའི་མེ་འབར། ཀླུ་རྒྱལ་ནོར་འཛིན་གཞོན་ནུ་གཏེར་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས་སོགས་ཀྱིས་ཕྲིན་ལས་བཅོལ་བར་བྱའོ།། །།དངོས་གཞི་བཀའ་གཏད་དངོས་ལ། སློབ་མ་ཁྲུས་བྱས། བགེགས་བསྐྲད། སྲུང་འཁོར་བསྒོམས་རྗེས། སེམས་བསྐྱེད་གསལ་བཏབ་ལ། དེ་ཡང་གཞུང་ལས། རང་བྱུང་པདྨ་སློབ་མར་བཅས༔ འཛོམ་གྱི་གངས་རར་བྱོན་པའི་ཚེ༔ ལྷ་ཀླུ་བཙན་གྱིས་ཞབས་ཏོག་ཕུལ༔ ཟབ་མོ་གཏེར་གྱི་སྲུང་མར་བསྐོས༔ ཚངས་པ་དཀར་པོའི་རྒྱུད་ལས་བྱུང༔ ལྷ་ཡི་རྒྱལ་པོ་འོད་གསལ་རྩལ༔ ཡམ་ཤུད་དམར་པོའི་རིགས་ལས་བྱུང༔ བཙན་གྱི་རྒྱལ་པོ་འོད་འབར་རྩལ༔ གཙུག་ན་རིན་ཆེན་རང་གི་རྒྱུད༔ ཀླུ་རྒྱལ་ནོར་བདག་གཟི་འབར་རྩལ༔ དྲེགས་པ་གསུམ་གྱིས་སྲོག་སྙིང་ཕུལ༔ བདེ་བའི་ཉམས་དང་དམར་ལམ་ལས༔ རང་གཟུགས་བཙན་གྱི་རྒྱལ་པོ་ཤར༔ གསལ་བའི་མདངས་དང་དཀར་ལམ་ལས༔ རང་གཟུགས་ལྷ་ཡི་རྒྱལ་པོ་ཤར༔ མི་རྟོག་ཉམས་དང་ནག་ལམ་ལས༔ རང་གཟུགས་ཀླུ་ཡི་རྒྱལ་པོ་ཤར༔ དེ་ལས་གཞན་དུ་གྲུབ་པ་མེད༔ ལྷ་སྲིན་སྟོང་སྲོག་ལོན་པ་འོ༔ ཞེས་གསུངས་པ་ལྟར། གངས་རིའི་ཁྲོད་ཙམ་ན་མངོན་པར་མཐོ་བའི་རང་བྱུང་པདྨའི་སྒྲུབ་གནས་ཀུན་གྱི་རྒྱལ་པོ་སྨད་ཤོད་འཛོམ་ཕུ་ཀློང་སེམས་འོད་གསལ་ཤེལ་གྱི་ཕུག་པ་རུ། འཕགས་བོད་ཀྱི་དབང་གི་ཆུ་བོ་བཞི་ཡི་སློབ་དཔོན་སོགས། རིག་འཛིན་ལོ་པཎ་རྒྱ་མཚོའི་ཟབ་གཏེར་གྱི་བཅུད་དུ་གཏམས་པའི་ལོ་ཆེན་བཻ་རོ་ཙ་ནའི་སྙིང་ཐིག །རྫོགས་པ་ཆེན་པོ་སྡེ་གསུམ་གྱི་གཏེར་སྲུང་ལྷ་བཙན་ཀླུ་ཡི་རྒྱལ་པོ་མཆེད་གསུམ་གྱི་བཀའ་གཏད་ཞུ་བའི་ཆེད་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །སངས་རྒྱས་བསྟན་པ་སྲུང་བའི་ཕྱིར། །ཟབ་གཏེར་སྲུང་མ་རྣམ་གསུམ་གྱི། །རྗེས་སུ་གནང་བ་བསྩལ་དུ་གསོལ། །ལན་གསུམ། རྒྱུད་དག་པར་བྱ་བའི་ཕྱིར་སྐྱབས་སེམས་ཡན་ལག་བདུན་པ་འདིའི་རྗེས་ཟློས་མཛོད། ན་མོ། མཆོག་གསུམ་རྩ་བ་གསུམ་ལ་སྐྱབས་སུ་མཆི། །འགྲོ་ཀུན་བྱང་ཆུབ་འཐོབ་པར་སེམས་བསྐྱེད་དོ། །ཕྱག་འཚལ་མཆོད་འབུལ་སྡིག་སྒྲིབ་ཉེས་ལྟུང་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐོར་དུ་གསོལ། །གྲངས་མེད་བཞུགས་གསོལ་དགེ་ཚོགས་འགྲོ་ལ་བསྔོ། །ཞེས་ལན་གསུམ། ཐོག་མར་སློབ་མ་གཉེན་པོ་སྟོབས་ཀྱི་ལྷ་ཀུན་བཟང་ཆེ་མཆོག་ཧེ་རུ་ཀཿསྨུག་ནག་དབུ་ཉེར་གཅིག་གི་རྩ་ཞལ་མ་གཏོགས་ཞལ་གཡས་ཐམས་ཅད་དཀར། གཡོན་དམར། དབུས་མཐིང་ནག །ཕྱག་བཞི་བཅུ་རྩ་གཉིས་ཀྱིས་ཞི་བ་ཞེ་གཉིས་འཛིན་ཞིང་། ཞབས་བརྒྱད་བརྐྱང་བསྐུམ་དུ་བགྲད་པ་དཔལ་དང་དུར་ཁྲོད་རོལ་པའི་ཆས་ཀྱིས་བརྗིད་པའི་ཡུམ་གནམ་ཞལ་དབྱིངས་ཕྱུག་དབུ་དགུ་ཕྱག་བཅོ་བརྒྱད་ཀྱིས་གྲི་ཐོད་དང་གནས་ཡུལ་མ་མོ་བསྣམས་པ་དང་སྦྱོར་བས། འཁོར་འདས་ཟིལ་གྱིས་གནོན་པའི་བདག་ཉིད་ཅན་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཡེ་ཤེས་པའི་ཚོགས་སྤྱན་དྲངས་ཏེ་ཁྱེད་རང་གི་སྒོ་གསུམ་ལ་ཐིམ་པར་གྱུར། ཨཱོྃ་བཛྲ་ཙཎྜ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་དྲག་ཏུ་བརྗོད་ཅིང་སྤོས་རོལ་དང་བཅས་པས་དབབ། ཏིཥྛ་བཛྲས་བརྟན་པར་བྱ། དེ་ལྟར་ཁྱེད་རང་གཉན་པོ་སྟོབས་ཀྱི་ལྷའི་ང་རྒྱལ་དང་ལྡན་པ་ལ་ལྷ་རྒྱལ་གསལ་བའི་འོད་ལྡན་འཁོར་དང་བཅས་པ་བྲན་དང་ཕོ་ཉའི་ཚུལ་དུ་གཏད་པར་མོས་ཤིག །ལྷ་ཡི་གཏོར་མ་གཏད་དེ། ཧཱུྃ། དཀར་པོ་ལྷ་ཡི་སྡེ་དཔོན་ནི། །གསང་མཚན་རྡོ་རྗེ་འོད་གསལ་རྩལ། །སློབ་དཔོན་པདྨའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་མ་གཡེལ་བར། །སློབ་མ་འདི་ཡི་ཕྲིན་ལས་སྒྲུབས། །དམ་ལས་མ་འདའ་ས་མ་ཡ། །གཏོར་མ་ལག་ཏུ་བཞག །ཅེས་བཀའ་བསྒོས་ཏེ་གཏད་པས་ལྷ་རྒྱལ་གསལ་བའི་འོད་ལྡན་གྱི་ཐུགས་ཀའི་ས་བོན་ཨ་ལས་རང་སྔགས་དུང་གི་ཕྲེང་བ་ལྟར་བྱུང་ནས་ཁྱེད་རང་དཔལ་ཆེན་པོའི་ལྟེ་བ་ནས་ཞུགས་པར་མོས་ལ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨ་དེ་ཝ་རཱ་ཛ༔ ལྷ་རྒྱལ་གསལ་བའི་འོད་ལྡན་ཐིག་ལེ་དཀར་པོའི་རྣམ་པས་ཁྱེད་རང་ལ་ཐིམ་པས་རིག་སྟོང་གསལ་བའི་དབྱིངས་དང་དབྱེར་མེད་པར་མོས་ཤིག །སླར་ཡང་བཙན་རྒྱལ་བསྐལ་པའི་མེ་འབར་འཁོར་དང་བཅས་པ་ཁྱེད་རང་ལ་བྲན་དང་ཕོ་ཉའི་ཚུལ་དུ་གཏད་པར་མོས་ཤིག །བཙན་གཏོར་ཐོགས་ལ། ཧཱུྃ། དམར་པོ་བཙན་གྱི་སྡེ་དཔོན་ནི། །གསང་མཚན་རྡོ་རྗེ་མེ་འབར་རྩལ། །སློབ་དཔོན་པདྨའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་མ་གཡེལ་བར། །སློབ་མ་འདི་ཡི་ཕྲིན་ལས་སྒྲུབས། །དམ་ལས་མ་འདའ་ས་མ་ཡ། གཏོར་མ་སློབ་མའི་ལག་ཏུ་བཞག །ཅེས་བཀའ་བསྒོས་ཏེ་གཏད་པས་བཙན་རྒྱལ་རྡོ་རྗེ་མེ་འབར་གྱི་ཐུགས་ཀ་ནས་ས་བོན་ཏྲི་ལས་རང་སྔགས་མགལ་མེའི་ཕྲེང་བ་ལྟར་བྱུང་ནས་ཁྱེད་རང་དཔལ་ཆེན་པོའི་ལྟེ་བ་ནས་ཞུགས་པར་མོས་ལ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཙ་ཤཱུ་ལ་ཏྲི་ཛ༔ བཙན་རྒྱལ་རྡོ་རྗེ་མེ་འབར་ཐིག་ལེ་དམར་པོའི་རྣམ་པས་ཁྱེད་རང་ལ་ཐིམ་པས་རིག་སྟོང་བདེ་བའི་ཉམས་དང་དབྱེར་མེད་པར་མོས་ཤིག །སླར་ཡང་ཀླུ་རྒྱལ་ནོར་བདག་གཟི་འབར་འཁོར་དང་བཅས་པ་བྲན་དང་ཕོ་ཉའི་ཚུལ་དུ་གཏད་པར་མོས་ཤིག །ཀླུ་གཏོར་ཐོགས་ལ། ཧཱུྃ། སྔོན་པོ་ཀླུ་ཡི་སྡེ་དཔོན་ནི། །གསང་མཚན་ནོར་བདག་གཟི་འབར་རྩལ། །སློབ་དཔོན་པདྨའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་མ་གཡེལ་བར། །སློབ་མ་འདི་ཡི་ཕྲིན་ལས་སྒྲུབས། །དམ་ལས་མ་འདའ་ས་མ་ཡ། །གཏོར་མ་སློབ་མའི་ལག་ཏུ་གཏད། ཞེས་བཀའ་བསྒོས་ཏེ་གཏད་པས་ཀླུ་རྒྱལ་ནོར་བདག་གཟི་འབར་གྱི་ཐུགས་ཀ་ནས་ས་བོན་ནཱཾ་ལས་རང་སྔགས་བཻ་ཌཱུརྻའི་ཕྲེང་བ་ལྟར་བྱུང་ནས་ཁྱེད་རང་དཔལ་ཆེན་པོའི་ལྟེ་བ་ནས་ཞུགས་པར་མོས་ལ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ནཱཾ་ནཱ་ག་རཱ་ཛ་རཏྣ་ཛ༔ ཀླུ་རྒྱལ་ནོར་བདག་གཟི་འབར་ཐིག་ལེ་སྔོན་པོའི་རྣམ་པར་གྱུར་ཏེ་ཁྱེད་རང་ལ་ཐིམ་པས་རིག་སྟོང་མི་རྟོག་པའི་ཡེ་ཤེས་དང་གཅིག་ཏུ་འདྲེས་པར་མོས་ལ་མཉམ་པར་ཞོག་མཛོད། སླར་ཡང་གཏོར་མ་གསུམ་སྣོད་གཅིག་ཏུ་བསྡུས་པ་སློབ་མའི་ལག་པར་གཏད་དེ། གཏོར་མ་འདི་དག་ལྷ་བཙན་ཀླུ་ཡི་དགེ་བསྙེན་མཆེད་གསུམ་འཁོར་དང་སྤྲུལ་པ་ལས་བྱེད་ཕོ་ཉ་དང་བཅས་པར་གསལ་བའི། སྟེང་གི་ཆ་ལ་རྩ་བརྒྱུད་ཀྱི་བླ་མ་སངས་རྒྱས་བྱང་སེམས་དང་བཅས་པ་སྤྲིན་གཏིབས་པ་བཞིན་བཞུགས་པར་མོས་མཛོད། ཨ་དེ་ཝ་རཱ་ཛ༔ ཙ་ཤཱུ་ལ་ཏྲི་ཛ༔ ནཱཾ་ནཱ་ག་རཱ་ཛ་རཏྣ་ཛ༔ དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་གཏེར་སྲུང་ལྷ་རྒྱལ་གསལ་བའི་འོད་ལྡན། བཙན་རྒྱལ་བསྐལ་པའི་མེ་འབར། ཀླུ་རྒྱལ་ནོར་འཛིན་གཞོན་ནུ་རྣམ་གསུམ་སོ་སོའི་འཁོར་གཡོག་ཕོ་ཉ་ལས་མཁན་དང་བཅས་པ་རྣམས་ཀྱིས། ཨོ་རྒྱན་པདྨ་སཾ་བྷ་ལ་སོགས་པའི་རྩ་བརྒྱུད་བླ་མ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་སྲུང་མ་དམ་པ་མཛད་ནས། ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཏེ་འགལ་རྐྱེན་སོལ། མཐུན་རྐྱེན་སྒྲུབས། མཆོག་དང་ཐུན་མོང་གི་དངོས་གྲུབ་བདེ་བླག་ཏུ་འགྲུབ་པའི་མགོན་སྐྱབས་དང་དཔུང་གྲོགས་མཛོད་ཅིག །ཅེས་བཀའ་བསྒོས་པས་བླ་མ་དང་སངས་རྒྱས་བྱང་སེམས་རྣམས་གཏེར་སྲུང་སྤུ་གྲི་མཆེད་གསུམ་ལ་ཐིམ། དེ་གསུམ་འོད་དུ་ཞུ་ནས་སློབ་མ་ལ་ཐིམ་པར་དཔོན་སློབ་གཉིས་ཀས་བསྒོམ། རྗེས་དམ་ཚིག་བསྒྲག་ཅིང་ཁས་བླང་ཡོན་འབུལ་དང་།། །།རྗེ་རིམ་ཆོ་གའི་རྗེས་ལས་རྣམས་སྤྱི་ལྟར་བྱའོ། །སྲིད་ན་རྙེད་དཀའི་ཟབ་གཏེར་གྱི། །ཡང་ཟབ་ནོར་བུའི་སྒྲོམ་ཆེན་པོའི། །གཏེར་སྲུང་སྤུ་གྲི་མཆེད་གསུམ་གྱི། །བཀའ་གཏད་ངོ་མཚར་ཕྲིན་ལས་གསོས། །ཚུལ་འདི་ཁྱབ་བདག་འཇམ་པའི་དབྱངས་༧དྷརྨ་མ་ཏིའི་དབང་ཁྲིགས་དཀྱུས་སུ་མི་བཞུགས་ཀྱང་། གཏེར་ཆེན་མཆོག་གིས་ཆེད་དུ་བསྩལ་པའི་བརྒྱུད་པ་བཞུགས་བཞིན་པར་མཁན་ཆེན་རཏྣའི་ཁྲིགས་བསྡེབས་བཅས་མ་ཉམས་པར་བཞུགས་པའི་དགོངས་དོན་འདུས་གསལ་སྙིང་པོའི་ཚུལ་དུ་ཟབ་ལམ་གྱི་བསྟན་པའི་རྒྱུན་ལ་ཕན་རེའི་ལྷག་བློས་བྲིས་ཏེ་དཀྱུས་སུ་བཞུགས་སུ་གསོལ་བའོ། །གཏེར་སྲུང་ལྷ་བཙན་ཀླུའི་རྒྱལ་པོ་གསུམ་གྱི་བཀའ་གཏད་པའི་ལེ་ཚན་ནོ།། །། ༄༅། །བཅུ་བདུན་པ་མཐའ་རྟེན་འཆི་མེད་ཚེ་ཡི་དབང་ལ་གཤོམ་ནི། ནང་སྐོར་ཡི་དམ་ཁྲོ་བོ་མངོན་རྫོགས་ཀྱི་དཀྱིལ་འཁོར་རམ། མ་འབྱོར་ན་མཎྜལ་ཚོམ་བུ་ལྷ་གྲངས་བཀོད་པའི་ཁར། བུམ་པ་སོ་ལྔའི་བཅུད་ལྡན། གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང་། མདུན་དུ་ཚེ་མདའ་དང་ཕྱི་ནང་གི་མཆོད་པ། ཚོགས་ཀྱི་ཡོ་བྱད་རྣམས་བཤམས། དངོས་གཞིའི་སྒྲུབ་པ་ནི། ནང་སྐོར་ཀློང་སྡེའི་ཁྲོ་བོའི་བྱང་བུ་ཁྲིགས་བསྡེབས་ལྟར་བསྟོད་པ་རྫོགས་ཀྱི་བར་བཏང་ལ། བདག་མདུན་མངོན་རྫོགས་རྒྱལ་པོ་ཡི༔ ཐུགས་ཀར་རིན་ཆེན་ཟུར་བརྒྱད་པ༔ སོགས་ཚེ་ལུང་རང་གཞུང་ལྟར་བཟླས་པ་ཅི་འགྲུབ་བྱས་མཐར། ཐུགས་ཀའི་ཚེ་དཔག་མེད་པ་ཡི༔ ཐུགས་ལས་མགྱོགས་མའི་སོགས་ནས། སྐལ་ལྡན་བདག་ལ་བསྩལ་དུ་གསོལ༔ ཚེ་ཛཔ྄་བརྗོད་ཅིང་ཚེ་འགུགས་བསྐུལ། ཐུན་མཐར་སྟོང་ཚིགས། ལས་བུམ། གཏོར་བསྔོ། ཚོགས་མཆོད་དང་། བདག་འཇུག་རྒྱས་བསྡུས་ཅི་རིགས་གྲུབ་ནས།། །།ཚེ་དབང་དངོས་ནི། སློབ་མ་རྣམས་ལ་ཁྲུས་བགེགས་བསྐྲད་སྲུང་འཁོར་བསྒོམ་པ་སྔོན་དུ་འགྲོ་བས། སེམས་བསྐྱེད་གསལ་གདབ་ལ། མཚམས་སྦྱོར་གྱི་ཁྱད་པར། དེ་ལ་འདིར་རང་རེ་རྣམས་ཀྱི་ཆོས་སྤྱོད་བསླབ་ལྡན་གྱི་རྟེན་འདི་ནི་ཡུན་རིང་པོར་འཚོ་བའི་ཐབས་ཚུལ་ལྷུར་ལེན་དགོས་པ་ནི། མ་ཧཱ་གུ་རུས། ལས་རྣམས་ཀུན་གྱི་ཐོག་མར་ནི༔ འཆི་མེད་ཚེ་ཡི་སྒྲུབ་པ་བྱ༔ ཞེས་གདམས་པ་ལྟར། ཚེ་སྒྲུབ་ཀྱི་གདམས་པ་བཀའ་གཏེར་དག་སྣང་གི་རིམ་པ་ཀུན་ལས་རྨད་དུ་བྱུང་བ། དུས་གསུམ་ཀུན་མཁྱེན་བཻ་རོའི་ཐུགས་བཅུད་འོད་གསལ་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་ནང་སྐོར་ཀློང་སྡེའི་ཡི་དམ་ཁྲོ་བོ་མངོན་རྫོགས་རྒྱལ་པོའི་ཆ་ལག །འཆི་མེད་བདུད་རྩི་སྨན་གྱི་ཚེ་ལུང་གི་བཀྲ་ཤིས་ཚེ་ཡི་དབང་བསྐུར་བ། ཐེག་པའི་རྩེ་རྒྱལ་ཟབ་མོ་རྫོགས་ཆེན་སྡེ་གསུམ་ཆོས་སྐོར་གྱི་དབང་བསྐུར་ཡོངས་རྫོགས་གྲུབ་པའི་མཐའ་རྟེན་གྱི་ཚུལ་དུ་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་ཕུལ། མི་ཕྱེད་དད་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ བདུད་རྩི་སྨན་གྱི་ལྷ་ཚོགས་རྣམས༔ བཀྲ་ཤིས་བརྟན་པ་ཚེ་ཡི་ལུང༔ མི་འགྱུར་མི་ཤིགས་དངོས་གྲུབ་ཆེ༔ ད་ལྟ་ཉིད་དུ་བསྩལ་དུ་གསོལ༔ ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ་ཚོགས་ཞིང་རྩ་གསུམ་རྒྱལ་བ་རབ་འབྱམས་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་རྒྱུན་བཤགས་ཡན་ལག་བརྒྱད་པ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། དེ་ནས་དབང་གི་གཞི་སྒྲུབ་པའི་སླད་དུ་དམིགས་པ་འདི་ལྟར་གསལ་ཐོབ་མཛོད། གཉིས་སུ་མེད་པའི་ལྟ་བ་ཀློང་ཡངས་ལ༔ ཆོས་སྐུ་ཐིག་ལེ་ཉག་གཅིག་མངོན་པར་རྫོགས༔ ཀུན་ནས་གསལ་བ་གང་དུའང་མི་གནས་ཤིང༔ ཕྱོགས་ཀུན་ལ་ནི་ཞལ་ཕྱག་ཐལ་ལེར་གསལ༔ དེ་ཉིད་ཟུང་འཇུག་ཡེ་ཤེས་གཟུགས་ཀྱི་སྐུ༔ བྱོལ་སོང་པདྨ་ཉི་ཟླའི་གདན་སྟེང་དུ༔ རང་རིག་རྒྱལ་པོ་དཔལ་ཆེན་མངོན་རྫོགས་ནི༔ སྨུག་ནག་སྐུ་ནི་ནམ་མཁའི་མཐའ་དང་མཉམ༔ དབུས་ཞལ་མཐིང་ནག་བདུན་ནི་རྔམ་པའི་ཚུལ༔ གཡས་ཞལ་དཀར་བདུན་གཡོན་ཞལ་བདུན་དམར་རྣམས༔ འཛུམ་ཞིང་ཁྲོ་ལ་ཆགས་པའི་ཉམས་དང་ལྡན༔ རྩ་བའི་ཕྱག་བརྒྱད་དང་པོས་གྲི་ཐོད་འཛིན༔ དེ་འོག་ཞིང་ཁམས་དང་ནི་འཇིག་རྟེན་འཛིན༔ གསུམ་པས་འདོད་ཁམས་གཟུགས་ཁམས་ཐིག་ལེར་འཛུད༔ ལྷག་མ་ལྔ་རྣམས་འབྱུང་ལྔ་ཕྱག་མཚན་ལྔ༔ ཡན་ལག་ཕྱག་བརྒྱས་གྲི་ཐོད་འཛིན་པ་འོ༔ དཔལ་ཆེན་རྔམ་པ་དུར་ཁྲོད་རོལ་པའི་ཆས༔ རྡོ་རྗེའི་གཤོག་བརྒྱངས་ཞབས་ནི་སྐྱིལ་ཀྲུང་བཞུགས༔ པང་དུ་མ་རྒྱུད་ལྷ་མོ་ཀུན་གྱི་གཙོ༔ མཐིང་ནག་ཞལ་དགུ་ཕྱག་ནི་བཅོ་བརྒྱད་ཀྱིས༔ རྡོ་རྗེ་དུང་ཁྲག་འཛིན་པས་ཡབ་ལ་འཁྱུད༔ ཀུན་གཞི་བདེ་གཤེགས་སྙིང་པོའི་ངོ་བོར་གསལ༔ ཐུགས་ཀར་རིན་ཆེན་ཟུར་བརྒྱད་པ༔ མཆོང་གུར་ཕུབ་པ་ལྟ་བུའི་ནང༔ པད་ཟླར་ཧྲཱིཿལས་ཚེ་དཔག་མེད༔ དཀར་པོ་ལོངས་སྤྱོད་རྫོགས་སྐུའི་ཆས༔ ཕྱག་གཡོན་མཉམ་གཞག་ཚེ་བུམ་ནི༔ ཚེ་ཡི་བཅུད་ཀྱིས་གང་རྒྱར་བལྟམས༔ གཡས་པས་སྣ་ཚོགས་རྡོ་རྗེ་ཡིས༔ གཡོན་པའི་ཚེ་བུམ་ཁ་བཀབ་སྟེ༔ རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས༔ ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱིས་སྤྲས༔ ཐུགས་ཀར་ཉི་ཟླའི་གྭ་འུ་ནང༔ ནྲྀ་ཡིག་ལྗང་གུ་ཧཱུྃ་ཨཿས་མཚན༔ གནས་གསུམ་འབྲུ་གསུམ་མཚན་པ་དང་། །སློབ་དཔོན་ཐུགས་ཀའི་འོད་ཟེར་གྱིས། །རང་འདྲའི་ཡེ་ཤེས་སྤྱན་དྲངས་གྱུར། །ཚེ་ཛཔ྄་མཐར་ཡེ་ཤེས་དབབ་པའི་སྔགས་བརྗོད། ཏིཥྛ་བཛྲ། སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཐུགས་ཀ་ནས་ཚེ་འགུགས་པའི་ལྷ་མོ་མགྱོགས་མ་མཁའ་འགྲོ་སྲོག་བདག་ཤུགས་འགྲོའི་ཚོགས་ཉི་ཟེར་གྱི་རྡུལ་འཁྲིགས་པ་ལྟར་ཕྲོས་ཏེ་ཚེ་ཡར་པ་འཐོར་པ་ཉམས་ཆག་ཏུ་གྱུར་པ་དང་། ཕྱོགས་བཅུ་བརྟན་གཡོའི་ཚེ་བཅུད་བསྡུས་ནས་ཁྱེད་རང་རྣམས་དང་མདུན་གྱི་དངོས་གྲུབ་ཀྱི་རྫས་ལ་ཐིམ་པར་མོས། ཞེས་གོང་ལྟར་ཚེ་འགུགས་བསྐུལ། དེ་ནས་བུམ་པ་ཐོགས་ལ། བུམ་པ་སྤྱི་བོར་བཟུང་བྱས་ལ༔ ནང་དུ་ཚེ་བཅུད་འདུས་པ་རྣམས༔ ངོ་བོ་ཡེ་ཤེས་བདུད་རྩི་ལ༔ རྣམ་པ་མངོན་རྫོགས་རྒྱལ་པོ་དམར༔ ཞལ་གཅིག་ཕྱག་གཉིས་ཡུམ་དང་འཁྲིལ༔ གཉིས་ཀའི་ཕྱག་གཉིས་ཚེ་བུམ་འཛིན༔ དེ་ཉིད་རྡོ་རྗེའི་ཁ་བཀབ་བསམ༔ སྤྱི་བོར་རྡོར་སེམས་ཚེ་དཔག་མེད༔ ཐུགས་ཀར་རྩ་བའི་ཚེ་ལྷ་བསྒོམ༔ འཁོར་དུ་ལྷ་མོ་བཅུ་དྲུག་བསམ༔ སྐུ་ལས་བདུད་རྩི་ཆེར་བབས་པས༔ སྤྱི་བོའི་གཙུག་ནས་སྙིང་དབུས་ཞུགས༔ ལུས་གང་དུས་མིན་འཆི་བ་སྦྱངས༔ ཚེ་ཡི་རིག་འཛིན་ཐོབ་པར་བསམ༔ ཧཱུྃ༔ བཀྲ་ཤིས་བུམ་པ་ཚེ་ཡི་ལུང༔ དངོས་གྲུབ་རྒྱ་མཚོའི་སྲོག་དང་ལྡན༔ ནམ་མཁའ་གང་བ་ཚེ་ཡི་མཆོག༔ ཡེ་ཤེས་སྣང་བ་ལམ་མེ་བ༔ བདེ་བ་ཆེན་པོ་བདུད་རྩིའི་ལུང༔ ད་ལྟ་ཉིད་དུ་བསྩལ་དུ་གསོལ༔ དུས་མིན་འཆི་བ་སྦྱོང་བ་དང༔ ལོ་བརྒྱ་ཐུབ་པའི་ཚེ་ཐོབ་ཤོག༔ ཨཱོྃ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར་ཞིང་བུམ་ཆུ་སྦྱིན། ཚེ་རིལ་ཆང་ཐོགས་ལ། འཆི་མེད་ཚེ་ཡི་བདུད་རྩི་དང་བརྟན་གཡོའི་དྭངས་བཅུད་འདུས་པའི་རིལ་བུ་གསོལ་བས་རྩ་ཨ་ཝ་དྷཱུ་ཏིའི་དབུས། སྲོག་ཆེན་པོའི་རླུང་གི་བཅུད། མི་ཤིགས་ཐིག་ལེ་ཆེན་པོའི་ཟུངས་སུ་བསྟིམས་པས་སྐུ་གསུང་ཐུགས་དབྱེར་མེད་རྡོ་རྗེའི་ཡེ་ཤེས་ཀྱི་ཚེ་འཆི་མེད་རྟག་པ་དམ་པའི་དངོས་གྲུབ་ལ་དབང་བསྒྱུར་བར་མོས། ཧཱུྃ༔ ཚེ་ཡི་དངོས་གྲུབ་རྒྱུད་གསུམ་པོ༔ རྩ་སྲོག་ཙིཏྟའི་ཐིག་ལེར་བསྟིམ༔ མི་ཕྱེད་སྐུ་གསུང་ཐུགས་རྡོ་རྗེའི༔ དབང་དང་བྱིན་རླབས་དངོས་གྲུབ་སྩོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨཱ་ཡུརྫྙཱ་ན་སིདྡྷི་ཧཱུྃ་བྷྲཱུྃ༔ འཆི་མེད་ཚེ་ཡིས་ལུས་གང་ནས༔ མི་འགྱུར་རྟག་པའི་སྐུ་ཐོབ་ཤོག༔ ཚེ་མདའ་སྤྱི་བོར་རྒྱ་གྲམ་དུ་བཞག་ལ། འཆི་མེད་ཚེ་ཡི་བདུད་རྩིས་ལུས་གང་། ཚེ་བཅུད་དྭངས་མ་ཐམས་ཅད་སྙིང་གར་ཉི་ཟླའི་གྭའུའི་བར་ཚེ་རྟེན་ལ་ཐིམ་པ་དང་འོད་གསལ་གཉུག་མའི་ངང་ལ་མཉམ་པར་བཞག་པས་འཆི་མེད་རྟག་པ་དམ་པའི་སྐུ་ཐོབ་པར་མོས་མཛོད། ཧཱུྃ༔ ཚེ་བཅུད་སྙིང་དབུས་རྟེན་ལ་ཐིམ༔ རིག་འཛིན་ཚེ་ཡི་དངོས་གྲུབ་ཐོབ༔ ཡེ་ཤེས་རྡོ་རྗེའི་ཕྱག་རྒྱ་ཡིས༔ རྟག་པ་དམ་པར་རྒྱས་གདབ་བོ༔ ཛྙཱ་ན་བཛྲ་རཀྵ་རཀྵ་ཧཱུྃ༔ མཐའ་རྟེན་དུ་འཆི་མེད་རྩ་གསུམ་ཚེ་ལྷ་རབ་འབྱམས་ཀྱི་ཞལ་ནས་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད་ཅིང་ཕྱག་གིས་མེ་ཏོག་དཀར་པོའི་ཆར་འཁོར་ཡུག་ཏུ་བསྙིལ་བས་ཕྱོགས་དུས་གནས་སྐབས་ཀུན་ཏུ་དགེ་ལེགས་ཀྱི་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཅིག །ཨཱོྃ་ཡེ་དྷརྨ་སོགས་བཀྲ་ཤིས་ཅི་རིགས་བརྗོད། མཐའ་རྟེན་བཀྲ་ཤིས་འཆི་མེད་ཚེ་ཡི་དབང་བསྐུར་ལེགས་པར་གྲུབ་པའི་དམ་ཚིག་གི་གནས་རྣམས་སྲོག་ལས་གཅེས་པར་གཟུང་སྙམ་པས་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། དབང་བསྐུར་གྲུབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་འབུལ་བ་ཞུ། ཞིང་ཁམས་འབུལ། དེར་མ་ཟད་ལུས་ལོངས་སྤྱོད་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པའི་དྲུང་དུ་འབུལ་ན་ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས་རྗེས་ཟློས། དེང་ནས་བརྩམ་སྟེ་སོགས། དེ་དག་རྣམས་ཀྱིས་ཟབ་གཏེར་བྱེ་བ་ཕྲག་བརྒྱའི་ཡང་སྙིང་། ༧ཨོ་རྒྱན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པའི་གཏེར་བྱོན་རྫོགས་ཆེན་སྡེ་གསུམ་གྱི་སྨིན་བྱེད་དབང་བསྐུར་གྱི་རིམ་པ་དང་། གྲོལ་བྱེད་ཁྲིད་ཀྱི་བྱིན་རླབས་དང་ཟབ་ཁྲིད་དངོས། མཐའ་རྟེན་འཆི་མེད་ཚེ་ཡི་ལུང་གི་དབང་བསྐུར་བཅས། ལེགས་པར་གྲུབ་པའི་དགེ་ཚོགས་རྣམས་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བའི་མཐུ་ལས། སེམས་ཅན་ཐམས་ཅད་རང་རིག་གདོད་མའི་གཞི་ཀློང་དུ་མངོན་པར་བྱང་ཆུབ་པ་དང་། ཟབ་ཆོས་འདི་ཉིད་ཀྱང་དར་ཞིང་རྒྱས་ལ་སྨིན་པ་དང་གྲོལ་བའི་ཕྲིན་ལས་ནམ་མཁའ་དང་མཉམ་པར་འབྱུང་བར་ཤོག་ཅིག་སྙམ་པས། བསྔོ་བ་དང་སྨོན་ལམ་གྱི་རིམ་པ་ལྷན་ཅིག་ཏུ་གནང་བ་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་རང་གནས་སུ་གཏང་ངོ་།། །།རྗེས་རིམ་སློབ་དཔོན་གྱིས་ཚོགས་ལ་རོལ། ལྷག་མ་བསྔོ། གཏོར་སྐྱོང་སོགས་རྗེས་ཀྱི་རིམ་པ་རྣམས་བྱའོ། །འཆི་མེད་གྲུབ་པའི་གདམས་ཟབ་ཀྱི། །སྨིན་བྱེད་ཚེ་ཡི་བདུད་རྩི་ནི། །ཡིད་ཅན་ཀུན་ལ་བྱིན་པ་ཡིས། །འཆི་མེད་རྡོ་རྗེའི་སྲོག་ཐོབ་ཤོག །འདི་ནི་ནང་སྐོར་མངོན་རྫོགས་ཁྲོ་བོའི་ཡན་ལག་སྨན་གྱི་ཚེ་ལུང་ཡིན་ཡང་། བརྒྱུད་པའི་ཕྱག་བཞེད་དུ་སྡེ་གསུམ་སྨིན་གྲོལ་ཡོངས་རྫོགས་གྲུབ་པའི་མཐའ་རྟེན་དུ་སྦྱོར་བའི་ལེ་ཚན་ཏེ་བཅུ་བདུན་རྒྱུད་ཀྱི་གྲངས་ངེས་སུ་བཞུགས་པའོ། །དེ་དག་གིས་ཟབ་ཆོས་རྫོགས་ཆེན་སྡེ་གསུམ་གྱི་སྨིན་དབང་གི་ཕྲེང་བ་མཐའ་དག་ཡོངས་སུ་རྫོགས་པའོ།། །། སླར་སྨྲས་པ། འདིར་འབད་དགེ་ཚོགས་མཁའ་དབྱིངས་རྗེས་འགྲོ་བ། །སྲིད་པས་དུབ་པའི་འགྲོ་བ་ཡོངས་ལ་བསྔོ། །རྣམ་མཁྱེན་སྐུ་བཞིའི་གོ་འཕང་མྱུར་ཐོབ་ནས། །འཇིགས་རུང་འཁོར་བའི་རྒྱ་མཚོ་དོང་སྤྲུགས་ཤོག །འདིར་འབད་བློ་ཡི་ཉེས་པ་ཅི་མཆིས་པ། །བླ་མ་རྩ་གསུམ་རྣམས་ཀྱི་སྤྱན་སྔར་བཤགས། །བྱང་ཆུབ་ལམ་ལ་སྒྲིབ་པར་མི་འགྱུར་བའི། །དག་ཚངས་ཡེ་ཤེས་མཆོག་གི་དབུགས་དབྱུང་སྩོལ། །མཆོག་གསང་སྡེ་གསུམ་ཉི་ཟླའི་འོད་སྣང་གི །ཕྲིན་ལས་འོད་ཟེར་སྲིད་མཐའི་བར་དུ་ཁྱབ། །ཐེག་བརྒྱད་བློ་ཡི་གྲུབ་མཐའ་ཟིལ་གྱིས་གནོན། །མཆོག་བསྟན་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག །ཅེས་རྫོགས་ཆེན་སྡེ་གསུམ་གྱི་དབང་གི་མཛེས་རྒྱན་ཟིན་ཐུན་འདི་ཡང་གཏེར་ཆེན་མཆོག་གྱུར་གླིང་པའི་རྣམ་རོལ་ཐུགས་རྗེ་བཀའ་དྲིན་གྱི་དཔལ་མགོན་དམ་པར་གྱུར་པ། ངེས་དོན་གྲུབ་པའི་རྡོ་རྗེའི་བཀའ་བསྩལ་རིན་པོ་ཆེ་སྤྱི་བོར་བཅིངས་ཏེ་འབྲི་གཞིའི་ཤོག་བུ་སོགས་ཀྱང་གནང་བ་ལ་བརྟེན། འཇམ་དབྱངས་བློ་གྲོས་རྒྱ་མཚོའམ་གཙུག་ལག་ལུང་རིགས་ཉི་མ་སྨྲ་བའི་སེང་གེ་ཐུབ་བསྟན་བཤད་སྒྲུབ་རྒྱལ་མཚན་དཔལ་བཟང་པོས་གནས་བརྟན་དགོན་གྱི་ཆོས་གྲྭ་གསང་སྔགས་རྡོ་རྗེ་བཀོད་པའི་ཕོ་བྲང་གི་དབུ་རྩེར། སྨིན་ཟླའི་ཚེས་ཉི་ཤུ་ནས་དབུ་བརྩམ་སྟེ་ཟླ་བ་དེའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་ཚེས་ཉེར་ལྔའི་ཉི་མ་འཆར་ཁའི་དུས་སུ་ཡོངས་སུ་གྲུབ་པར་བགྱིས་པ་འདིས་ཀྱང། ཟབ་ཆོས་རིན་པོ་ཆེའི་བསྟན་པ་ཕྱོགས་དུས་ཀུན་ཏུ་ཁྱབ་པ་དང་། ཡིད་ཅན་ཐམས་ཅད་དཔལ་ལྡན་བླ་མ་ཀུན་ཏུ་བཟང་པོའི་གོ་འཕང་འཐོབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། ཤུ་བྷཾ།། །། ༈ སླད་ནས་འདིར་མི་གསལ་བའི་བརྒྱུད་འཛིན་གཏེར་སློབ་ཐུན་མིན་མཁན་ཆེན་རཏྣའི་གསུང་སྡེ་གསུམ་གྱི་མན་ངག་སྒོམ་ཁྲིད་ལེའུ་ཚན་ཆེ་ཆུང་རིགས་དང་། རྩ་དཀྱིལ་དཔེའུ་རིས། ཟུར་རྒྱན་ཁྲིགས་ཟིན་སྐོར་བཅས་འདི་ཉིད་ཀྱི་རྒྱབ་རྟེན་སྐབས་ཁོང་དུ་ཆུད་པ་གལ་ཆེ་སྙམ་འཕྲོས་སུ་སྨྲོས་པ་དང་། དབང་ཟིན་འདི་ཉིད་ཀྱི་དགོངས་དོན་ལ་གསར་སྤྲོས་ཅུང་ཟད་སྤེལ་བ་པོ་མཆོག་གཏེར་དབོན་རྒྱུད་དུ་སྐྱེས་པ་གཏེར་སྲས་སྤྲུལ་མིང་པ་དང་། བསམ་གཏན་རྒྱ་མཚོ་ཟུང་གིས་གོ་བསྡུར་ཞུས་ཤིང་ཡི་གེའི་འདུ་བྱེད་ཉེ་གནས་ཀརྨ་བདུད་འདུལ་ནས་བགྱིས་པ་འདིས་ཀྱང་ཀུན་བཟང་ཐུགས་ཀྱི་བསྟན་པ་འཕེལ་བའི་ཆ་རྐྱེན་དུ་གྱུར་ཅིག། །། ༈ སྤྲུལ་པའི་གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་རྒྱལ་པོ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པའི་ཟབ་གཏེར་གྱི་སྙིང་བཅུད་ལོ་ཆེན་རྣམ་སྣང་སྲུང་བའི་ཐུགས་ཏིག །བཀའ་བབས་སྙིང་ཐིག་བརྒྱ་རྩའི་ཡང་ཏིག །རྫོགས་ཆེན་སྡེ་གསུམ་གྱི་ཆོས་སྐོར་ཡོངས་སུ་རྫོགས་པའི་དབང་ཁྲིགས་ཐམས་ཅད་མཁྱེན་གཟིགས་༧འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་མཛད་པ་འདི་ཉིད། སྨིན་གྲོལ་གསན་པའི་སྐབས་དེར་འཕྲལ་དུ་བླ་མའི་བཀའ་བཞིན་ཕྱག་བྲིས་གནང་བ་ཙམ་ལས་རྗེས་ནས་དཔྱད་ཞུས་འཕྲི་བསྣན་སོགས་གཏན་ནས་མ་བྱུང་བས་དེ་རིགས་ཁྱོད་ཀྱིས་ཞབས་ཏོག་བསྒྲུབ་པར་འོས་ཞེས། སྦས་ཡུལ་འབྲས་མོ་ལྗོངས་ནས་བོད་ཡུལ་དབུས་གྱུར་འཆང་དུ་རླུང་ཕྲིན་གྱི་ལམ་ནས་གསུང་གི་ཐ་མ་འདས་རྗེས་ལྟ་བུར་བསྩལ་བ། བླ་མའི་བཀའ་སྒྲུབ་པ་དང་རང་འདྲའི་བློ་རྨོངས་ལའང་ཕན་སེམས་ཀྱིས་གཏེར་གཞུང་རྡོ་རྗེའི་ཚིག་དང་རིགས་མཐུན་གྱི་ཡིག་ཆ་ལ་གོ་བསྡུར་ཞིབ་དཔྱད་ཀྱིས། བླ་མར་གསོལ་བ་བཏབ་བཞིན་གུས་སློབ་ཐ་ཆུང་མངྒ་ལ་ཤྲཱི་བྷཱུ་ཏིའམ་འོད་གསལ་རྡོ་རྗེ་ཐུགས་མཆོག་རྩལ་གྱིས་ལྷོ་མོན་ཤིང་ལོའི་ཚལ་ན་ཡིབ་པའི་སྐབས། རང་ལོ་རེ་གཅིག་གི་སྟེང་ནོར་སྐྱོང་གི་ལོ་གྲོ་བཞིན་ཟླ་བའི་ཚེས་བཅུར་རྫོགས་པར་བྲིས་ཏེ་རྗེ་བླ་མའི་མཆོག་སྤྲུལ་རིན་པོ་ཆེར་སྨིན་གྲོལ་ཚང་སྤྲུགས་སུ་ཕུལ་བས། རང་གཞན་གྱི་རྒྱུད་ལ་སྒྲིབ་པའི་རྒྱུར་མི་འགྱུར་ཞིང་ཐེག་མཆོག་སྙིང་པོའི་བསྟན་པ་ལ་བྱ་བ་མཆོག་ཏུ་བྱེད་པའི་ཉེར་ལེན་ཁོ་ནར་གྱུར་ཅིག །སརྦ་དཱ་སུ་ཤྲཱི་ཡེ་བྷ་ཝནྟུ།། །། ࿊ འདིར་གླེང་བར་བྱ་བ་ནི། ༧སྐྱབས་རྗེ་དིལ་མཁྱེན་རིན་པོ་ཆེས་ཚུལ་འདིར་དཔྱད་ཞུས་འཕྲི་བསྣན་མཛད་སྐབས། སྔོན་གྱེས་དཔེ་རྒྱུན་ཞིག་ལས། རྗེ་ཆོས་བློའི་གཟིགས་དཔེ་ངོ་མ་བྲིས་བསུབ་མཆན་བྲིས་དང་ལྡེབ་འཛུད་ཕྱག་བྲིས་དངོས་མང་ཙམ་ཅན་ཕྱག་སོན་མ་གྱུར་ངེས་ཅན་གྱི་བཟོར་འདུག་ཅིང་། ད་ཆ་རིན་ཆེན་གཏེར་མཛོད་ཆེན་པོ་པར་གསར་སྐབས་འདིར། རྗེ་བླ་མ་ངེས་དོན་བསྟན་པའི་མངའ་བདག་མཆོག་གི་སྤྲུལ་པའི་སྐུ་༧འཇམ་དབྱངས་ཆོས་ཀྱི་རྒྱ་མཚོ་མཆོག་ལ། དེ་ལྟར་ཕྱག་བྲིས་དངོས་བཅོས་དང་བསྟུན་དགོས་མིན། གཞན་ཡང་དངོས་སྟ་སོ་སོར་འཕྲལ་མིན། གླུ་ཕྲེང་རྣམས་དཀྱུས་སུ་འཛུད་མིན་དང་། བཟླས་དམིགས་མི་གསལ་བ་སོགས་གཏེར་ཆེན་བདུད་འཇོམས་རིན་པོ་ཆེའི་ཆོག་ཁྲིགས་དང་དིལ་མཁྱེན་རིན་པོ་ཆེའི་སྡེ་གསུམ་ཁྲིད་ཡིག་ལས་བླང་བར་འོས་མིན། སྦྱོར་དངོས་ཀུན་ཏུ་དངོས་འགལ་དོན་དང་མི་མཐུན་པ་ཆེན་པོ་ནི་མཁས་གྲུབ་དམ་པའི་གསུང་ལ་ཡོང་བ་མི་སྲིད་ཀྱང་། ཐོག་མཐའ་ཀུན་ཏུ་ཞིབ་ཆའི་གསལ་བཀོད་མ་བྱུང་བ་རྣམས་བཅོས་དགོས་མིན་སོགས་གཞན་ལ་བརྒྱུད་ནས་འཕྲུལ་ཕྲིན་ལས་སྔོན་ཞུས་དང་། རྗེས་སུ་རང་གིས་ཕྲིན་བརྒྱུད་དངོས་ཞུས་བཀའ་དགོངས་ཞུས་པར། དེ་ལྟར་བྱ་བར་གནང་བ་སྦྱིན་པས་མ་ཚད་ངེས་པར་དུ་དེ་ལྟར་གྱིས་ཞེས་བསྐུལ་མ་འདེབས་པ་ཡིན་གསུངས་པའི་དོན་གྱི་བདག་པོའི་བཀའ་ཐོབ། རང་གིས་ཀྱང་དུས་མཐའ་གལ་ཆུང་ཆོས་ལ་བྱེད་པའི་དུས་འདིར། དཔེ་ཀློག་རྒྱུས་འཚོལ་ཆེར་མི་བྱེད་པར་གྱ་ཚོམ་དུ་འཇུག་པ་དག་ལ་ལག་ལེན་དང་ཚིག་ཙམ་ལ་ཡང་ཆད་ལྷག་མི་འབྱུང་ཞིང་། འཇུག་པ་བདེ་བའི་དོན་དང་དཔེ་རྒྱུན་ཁ་གསལ་སྤྱོད་བདེ་ཁོ་ནར་དམིགས་ནས་གཙོ་བོ་གཏེར་གཞུང་དང་གོང་ཞུས་དབང་བསྒྲིགས་དག་དང་དིལ་མཁྱེན་རིན་པོ་ཆེས་མཛད་པ་སྡེ་གསུམ་སྐྱེད་རྫོགས་ཁྲིད་ཡིག །གཞན་འོས་བསྟུན་སྡེ་གསུམ་རིང་བརྒྱུད་ཀྱི་ཡིག་ཆ་རྣམས་ལའང་ཞིབ་བལྟས་ཀྱིས་འཁྲུགས་སྡེབ་ཞུས་ལྷན་མང་ཙམ་བཅས་ཞུས་དཔྱད་རྣམ་པར་དག་པའི་སྲི་ཞུ་སྒྲུབ་ཁུལ་བྱེད་པ་པོ་ནི། ༧རྗེ་བླ་མ་དིལ་མཁྱེན་རིན་པོ་ཆེ་ཡབ་སྲས་ཀྱི་སློབ་འབངས་ཆོས་རྗེ་སྨིན་གླིང་པའི་གྲྭ་རིགས་སུ་གཏོགས་པ་པད་བཀོད་སྒམ་སྤྲུལ་ལམ་རྒྱལ་ཁམས་ཀུན་ཏུ་དྭགས་པོ་སྤྲུལ་སྐུར་འབོད་པས་བོད་རབ་བྱུང་༡༧ཤིང་ཕོ་རྟའི་ཟླ་བ་བཅུ་པའི་ཚེས་བཅུ་ཉིན་གྲུབ་པར་ཞུས་པ་སྟེ། རྨོངས་བློས་ཉེས་ཚོགས་གང་གྱུར་སྙིང་ནས་བཤགས་ཤིང་ལྷག་བསམ་དགེ་བའི་ལེགས་བྱས་མཆིས་ན་དེས་ནི་བསྟན་འགྲོའི་དགེ་ལེགས་འཕེལ་བར་གྱུར་ཅིག །མངྒ་ལཾ།། །།དབང་གིས་སྨིན་ཅིང་དམ་ཚིག་སྡོམ་པར་ལྡན། །རིམ་གཉིས་ལམ་ལ་བསྙེན་སྒྲུབ་མཐར་ཕྱིན་ཏེ། །དཀའ་བ་མེད་པར་རིག་འཛིན་གོ་འཕང་བགྲོད། །དངོས་གྲུབ་རྣམ་གཉིས་བདེ་བླག་འགྲུབ་གྱུར་ཅིག །ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱཿ ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏེ་ཧྱ་བ་དཏ྄། ཏེ་ཥཱཉྩ་ཡོ་ནི་རོ་དྷ། ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ།། །།

མཆོག་གཏེར་རྫོགས་ཆེན་སྡེ་གསུམ་གྱི་དབང་བསྐུར་ཡོངས་རྫོགས་ཁྲིགས་སུ་བསྡེབས་པ་ཀུན་བཟང་རིག་འཛིན་བླ་མའི་དགོངས་རྒྱན་ (Volume 62, Text 101)

༄༅། །མཆོག་གཏེར་རྫོགས་ཆེན་སྡེ་གསུམ་གྱི་དབང་བསྐུར་ཡོངས་རྫོགས་ཁྲིགས་སུ་བསྡེབས་པ་ཀུན་བཟང་རིག་འཛིན་བླ་མའི་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ། ། ཨཱོྃ་སྭསྟི། ཀ་དག་གཏིང་གསལ་གཞོན་ནུ་བུམ་སྐུའི་ཀློང་། །ལྷུན་གྲུབ་ཕྱིར་གསལ་སྒྱུ་འཕྲུལ་རྡོ་རྗེའི་སྤྲིན། །ཐུགས་རྗེ་གང་འདུལ་དེར་སྣང་ཆུ་ཟླའི་གར། ཁྱབ་བདག་གདོད་མའི་མགོན་པོ་བླ་མ་རྒྱལ། །ཐེག་དགུའི་རྩེ་རྒྱལ་ཤིན་ཏུ་རྣལ་འབྱོར་ཆེའི། །ལམ་སྲོལ་རིང་བརྒྱུད་འཚོལ་ལ་ལྟོས་མིན་པར། །ཉེ་བརྒྱུད་ཌཱ་ཀིའི་ཞལ་རླངས་མ་ཡལ་བའི། །སྔོན་མེད་ངོ་མཚར་གསང་མཛོད་འབྱེད་དེར་བསྔགས། །རིགས་འདུས་པད་འབྱུང་ཞབས་དང་བཻ་རོ་རྗེས། །མན་ངག་གནད་དུ་དྲིལ་པ་སྡེ་གསུམ་གྱི། །སྨིན་གྲོལ་འབོགས་པའི་ལག་ཁྲིགས་འཇུག་བདེའི་སྐྱེས། །སྐལ་བཟང་འདོད་འཇོའི་དགའ་སྟོན་འདི་ན་སྤྲོ། །དེ་ཡང་མཆོག་གཏེར་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་དབང་བསྐུར་ཡོངས་རྫོགས་དཀྱུས་གཅིག་ཏུ་གསལ་བར་བྱེད་པ་ལ། ཐོག་མར་སྤྱིར་གཅེས་པ་རིག་འཛིན་བླ་མའི་ཟབ་དབང་ཉི་ཟླའི་རྒྱ་ཅན་ལ་ནང་གསེས་ཐུན་མོང་གཏོར་དབང་དང་། ཐུན་མིན་ཟབ་དབང་དངོས་བཅས་དབང་སྣ་གཉིས། ཕྱི་སྐོར་བླ་མ་འགྲོ་འདུལ་སུམ་ཅུ་རྩ་གཅིག་གི་སྒྲུབ་དབང་། ཡི་དམ་ཞི་བ་རྡོ་རྗེ་དབྱིངས་ཀྱི་དབང་བསྐུར། ཁྲིད་ཀྱི་བྱིན་རླབས་ཨ་ཡིག་མདའ་འཕེན་མ་སྟེ། ཕྱི་སྐོར་སེམས་སྡེ་ལ་དབང་སྣ་གསུམ། ནང་སྐོར་བླ་མ་རིག་འཛིན་བཅོ་ལྔའི་སྒྲུབ་དབང་། ཡི་དམ་ཞི་བ་མངོན་རྫོགས་སྟོན་པ་བཅུ་གསུམ་གྱི་དབང་། ཡི་དམ་ཁྲོ་བོ་མངོན་རྫོགས་རྒྱལ་པོ་རྩ་བ་ཡན་ལག་དང་བཅས་པའི་དབང་། ཁྲིད་ཀྱི་བྱིན་རླབས། མཁའ་འགྲོ་རོ་ལངས་བདེ་བའི་སྟོབས་ལྡན་མའི་དབང་སྟེ། ནང་སྐོར་ཀློང་སྡེ་ལ་དབང་སྣ་ལྔ། གསང་སྐོར་བླ་མ་རིག་འཛིན་ཡོངས་རྫོགས་ཀྱི་སྒྲུབ་དབང་སྤྱི་བྱེ་ཁྱད་པར་བ། ཡི་དམ་ཞི་བའི་དབང་ཁྲོ་བོ་གནས་གྱུར་དང་བཅས་པ། ཡི་དམ་ཁྲོ་བོ་བཀའ་བརྒྱད་ཀྱི་དབང་། ཁྲིད་ཀྱི་བྱིན་རླབས་ཏེ། གསང་སྐོར་མན་ངག་སྡེ་ལ་དབང་སྣ་བཞི། བཀའ་སྲུང་ཡེ་ཤེས་པ་དབྱིངས་ཕྱུག་མཁའ་འགྲོ་སྡེ་དགུའི་དབང་། བཀའ་སྲུང་འཇིག་རྟེན་པ་འབར་མ་མེ་གདོང་མའི་སྲོག་གཏད། རྡོ་རྗེ་གཤོག་རྒོད་མའི་སྲོག་གཏད། དམ་ཅན་སྐྱེས་བུ་ཆེན་པོའི་སྲོག་གཏད། གཏེར་སྲུང་ལྷ་བཙན་ཀླུ་གསུམ་གྱི་བཀའ་གཏད་བཅས། སྲུང་མའི་སྐོར་ལ་དབང་སྣ་ལྔ་སྟེ། ཁྱོན་དྲིལ་དབང་སྣ་བཅུ་དགུའི་སྡེ་གསུམ་ཡོངས་རྫོགས་ཀྱི་སྨིན་བྱེད་ཚང་བར་འགྱུར་བ་ཡིན་ལ། དེ་རྣམས་ལས་གསང་སྐོར་ཡི་དམ་ཁྲོ་བོ་བཀའ་བརྒྱད་ཀྱི་དབང་ཁྲིགས་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གསུང་རབ་ཏུ་བཞུགས་པའི་ཕྱིར་འདིར་གསར་སྤྲོས་མ་བགྱིས་པས་ཡིག་ཆ་དེ་ཉིད་འདིར་མེད་དུ་མི་རུང་ཞིང་། བསྐུར་ཚུལ་འོག་ཏུ་སྨྲོས་པ་ལྟར་དབང་རེ་རེ་བཞིན་སོ་སོར་བཤམ་སྒྲུབ་ཀྱིས་དབང་སྣ་རེ་བཞིན་སྦྱོར་དངོས་རྗེས་ཚང་དུ་སྒྲུབ་པའམ། ཡང་ན་ཆོ་གའི་ཆིངས་གཅིག་གི་ཁོངས་སུ་དབང་སྒྲུབ་ཇི་ལྟར་རིགས་པ་བྱས་ནས་སྡེབས་སུ་བསྐུར་བའང་རུང་སྟེ་ལོངས་སྐབས་དང་བསྟུན་པས་ཆོག་གོ །གང་ལྟར་སློབ་དཔོན་རང་ཉིད་སྡེ་གསུམ་རྩ་དཀྱིལ་གང་ཡང་རུང་བའི་བསྙེན་པ་ལས་སུ་རུང་ཞིང་། དབང་རྫས་ཀྱི་ཡོ་བྱད་དང་ཆོ་གའི་ལག་ལེན་ཕྲ་མོ་ཙམ་ཡང་རས་སུ་མི་བོར་བར་ཚང་ལ་མ་ནོར་བའི་སྒོ་ནས་སློབ་མ་རྗེས་སུ་འཛིན་པ་དང་། སློབ་བུའང་དམ་ཚིག་ཐུབ་ངེས་པ་ཧ་ཅང་མང་བ་མ་ཡིན་པ་ལས། ཁྱབ་བརྡལ་དུ་སྤེལ་ན་དཔོན་སློབ་གཉིས་ཀའི་དངོས་གྲུབ་ཀྱི་གེགས་སུ་འགྱུར་བ་ཡིན་པས་ཤིན་ཏུ་གཟབ་པར་གཅེས་སོ། །རང་གནས་སྐུ་བཞིའི་ཡེ་ཤེས་ཉིད། །སད་བྱེད་དབང་གི་ཆོ་གའི་ཁྲིགས། །རྡོ་རྗེའི་ཚིག་དོན་མ་འཁྲུལ་བར། །ལེགས་བཤད་དགོངས་པའི་རྒྱན་དུ་བསྒྲུབས། །རྫོགས་པ་ཆེན་པོ་སྡེ་གསུམ་གྱི་དབང་གི་ཆོག་ཁྲིགས་སྤྱིའི་ཁོག་ཕུབ་སྡོམ་ཚིག་བཤད་པའི་ལེ་ཚན་ནོ།། །། ༄༅། །ཨཱོྃ་སྭསྟི། དཀྱིལ་འཁོར་རབ་འབྱམས་སྤྲོ་བསྡུའི་བདག །རིག་འཛིན་བླ་མའི་ཞབས་པདྨོ། །ཚངས་པའི་རྒྱན་དུ་རྟག་བཀོད་ནས། །སྨིན་ལམ་ཟབ་མོའི་སྒོ་འཕར་དབྱེ། །རྫོགས་པ་ཆེན་པོ་སྡེ་གསུམ་ལས་ཐོག་མར་སྤྱི་ལ་གཅེས་པ་རིག་འཛིན་བླ་མའི་ཟབ་དབང་ཉི་ཟླའི་རྒྱ་ཅན་བསྐུར་བ་ལ་གཉིས། ཐུན་མོང་གི་གདུལ་བྱ་དད་པ་ཅན་རྗེས་སུ་འཛིན་པ་བྱིན་རླབས་སྒོ་འབྱེད་ཀྱི་དབང་དང་། ཐུན་མོང་མིན་པའི་གདུལ་བྱ་བརྩོན་འགྲུས་ཅན་རྗེས་སུ་འཛིན་པ་ཟབ་དབང་དངོས་བསྐུར་བའོ། །སྔ་མ་ལ་སྦྱོར་དངོས་རྗེས་གསུམ་གྱི། དང་པོ་དབང་རྟེན་འདུ་བྱ་ཞིང་དབང་དོན་སྒྲུབ་པའི་ཚུལ་ནི། སྣོད་བཅུད་ཀྱི་རྟེན་འབྲེལ་ཚོགས་པ་ན་གནས་དུས་དགེ་བར་སྒྲུབ་ཁང་བྱི་དོར་གྱིས་གཙང་ཞིང་མཛེས་པར་བྱས་ལ། གུང་དུ་སྟེགས་བུའི་དབུས་སུ་རས་བྲིས་ཀྱི་དཀྱིལ་འཁོར་འོད་ལྔའི་ཐིག་ལེ་ཧྲཱིཿཡིག་གིས་མཚན་པ་བྲིས་པའམ། མཎྜལ་ལ་མེ་ཏོག་དཀར་པོའི་ཚོམ་བུ་གཅིག་བཀོད་པའི་སྟེང་དུ་མཉྫིའི་ཁར་དབང་གཏོར་དཔལ་བཤོས་ཕྱག་བཞེས་བཞིན་བཞེངས་པ་སྐུ་ཙཀ་དར་གདུགས་དམར་པོས་སྤྲས་པ་ཅན་བརྟན་པར་འགོད། དེའི་གཡས་སུ་ཤྲཱི་སིཾ་གི་སྐུ་འབག །གཡོན་དུ་སྔགས་ཕྲེང་། མདུན་དུ་རང་བྱུང་གི་ཤེལ་རྡོ། རྒྱབ་ཏུ་མཆོད་གཏོར་སྨན་རཀ །མཐར་ཆུ་གཉིས་ཉེར་སྤྱོད་ལྔ་བཅས་བཤམ། སློབ་དཔོན་གྱི་མདུན་དུ་གཡོན་ནས་བརྩམ་སྟེ་ནང་མཆོད། རྡོར་དྲིལ། ཌཱ་མ་རུ། ལས་བུམ། མེ་ཏོག་གི་སྣོད་བཅས་འགོད། གཞན་ཡང་སྔོན་གཏོར། ཚོགས་ཀྱི་ཡོ་བྱད། ཆོས་སྐྱོང་སྤྱི་དང་གཏེར་སྲུང་གི་གཏོར་འབུལ། མཆོད་པའི་མཎྜལ། གུལ་ཡུངས་འབེབ་རྫས་སོགས་ཉེ་བར་མཁོ་བའི་ཡོ་བྱད་མཐའ་དག་ཚོགས་པར་འདུ་བྱས་ལ། དབང་དོན་སྒྲུབ་མཆོད་ཀྱི་ཐོག་མར་ཚིག་བདུན་དང་བརྒྱུད་འདེབས་སྔོན་དུ་འགྲོ་བས། བསང་ཆུ་བྱིན་རླབས་དང་དཀར་གཏོར་བསྔོ་བ་ཟུར་བྱང་ལྟར་སྦྱར། ཕྱི་སྐོར་བླ་མའི་བསྐྱེད་རིམ་བྱང་བུ་ཁྲིགས་བསྡེབས་ཀྱི་དབུ་ནས་བརྩམ་བྱིན་རླབས་བྱང་བུ་ཡན་མཐར་ཆགས་སུ་བཏང་། དེ་ནས་བགེགས་གཏོར་སོགས་ཟུར་བྱང་ལྟར་བཏང་རྗེས། གཞུང་གི་མཆོད་བརླབ་བྱང་བུའི་མཚམས། བླ་མའི་བསྐྱེད་རིམ་བསྒོམ་པ་ལ། ཏིང་འཛིན་རྣམ་གསུམ་ནས། དགོངས་ཀློང་མཁར༔ རྒྱུ་ཡི་ས་བོན་ཧྲཱིཿཡིག་ལས༔ ཅིར་ཡང་སྒྱུར་བའི་རིག་འཛིན་གསལ༔ འབྱུང་བཞི་རྣམ་དག་གཞལ་ཡས་ཁང༔ ཆོས་འཁོར་ཚུལ་གྱི་དཀྱིལ་འཁོར་དབུས༔ དུག་གསུམ་དག་པའི་གདན་སྟེང་དུ༔ རྒྱལ་ཀུན་གསང་གསུམ་འདུས་པའི་སྐུ༔ ཤྲཱི་སིཾ་ཧ་དཀར་སྨུག་མདོག༔ གྲུབ་པའི་ཆ་ལུགས་རྡོར་དྲིལ་འཛིན༔ རིན་ཆེན་དར་སྟག་རུས་པས་བརྒྱན༔ ཡུམ་དམར་གྲི་ཐོད་འཛིན་འཁྱུད་བསྒོམ༔ མ་བཅོས་གསལ་རྫོགས་སོགས་ནས། དབང་བསྐུར་འགུགས་བསྟིམ་བྱང་བུ་ནས་བསྟོད་པའི་བར་དུ་གཏང་། བདག་མདུན་ཆིག་རྫོགས་རང་བཞིན་ཡོངས་གྲུབ་ཆེན་པོའི་དགོངས་པ་སྲོག་ཏུ་བཟུང་ལ། བླ་མའི་ཐུགས་དབུས་ཟླ་དཀྱིལ་སྟེང་། །རང་རིག་ངོ་བོ་ཧྲཱིཿཡིག་མཐར། །སྔགས་ཀྱི་ཕྲེང་བས་བསྐོར་བ་ལས། །འོད་ཟེར་འཕྲོ་འདུས་བྱིན་དབང་ཐོབ། །ཅེས་དགོངས་པ་སྐྱེ་མེད་ཀྱི་ངང་ནས་མཚན་སྔགས། ཨཱོྃ་ཨཱཿཧཱུྃ་གུ་རུ་ཤྲཱི་སིཾ་ཧ་སིདྡྷི་ཧཱུྃ༔ ཞེས་བཟླས་པ་ཅི་ནུས་དང་། སྙིང་དབུས་ཐིག་ཟླུམ་འོད་ལྔའི་ཀློང་། །ཨ་ཡིག་ཐ་མར་སྔགས་ཀྱིས་བསྐོར། །བདེ་ཆེན་ཡེ་ཤེས་སྣང་བ་ཡིས། །འཁོར་འདས་སྣོད་བཅུད་རྟོག་པ་སྦྱངས། །ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །སྣང་སྲིད་གཞིར་བཞེངས་ཆེན་པོའི་ངང་། །གྲགས་སྟོང་རྡོ་རྗེའི་ཛཔ྄་འདི་བཟླ། །ཞེས་ཨ་ཨ་ཨ༔གསུམ་སྦྲེལ་ཅི་གྲུབ་བཟླས་མཐར། སྟོང་ཚིགས་འབུལ། དེ་ནས་སྲུང་མའི་གཏོར་འབུལ་དང་ཚོགས་མཆོད་བསྒྲལ་བསྟབ་ཡན་གྲུབ་ནས། ལས་བུམ་ལ་དམིགས་ཏེ། བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང༔ བདུད་རྩིའི་མཚོ་དབུས་པད་ཟླའི་སྟེང༔ རྡོ་རྗེ་སེམས་དཔའ་ཟླ་བའི་མདོག༔ ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་འཛིན༔ སྙེམས་མ་ཡུམ་དང་མཉམ་པར་སྦྱོར༔ ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན༔ སྐྱིལ་ཀྲུང་བཞུགས་ཤིང་འོད་ཟེར་འབར༔ སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ བུམ་པ་ཡོངས་སུ་གང་བར་གྱུར༔ ཨཱོྃ་བཛྲ་སཏྭ་ས་མ་ཡ་སོགས་ཡིག་བརྒྱ་ཅི་འགྲུབ་བཟླས་མཐར། བུམ་ལྷ་འོད་ཞུ་བཅུད་དང་འདྲེས། །དག་བྱེད་བདུད་རྩིའི་མཆོག་ཏུ་གྱུར། །ཅེས་མོས། དེ་ནས་སྣང་སྲིད་དག་མཉམ་རང་བྱུང་གི་དཀྱིལ་འཁོར་དུ་རིག་པའི་མེ་ཏོག་དོར་བ་ཙམ་གྱིས་འཇུག་པ་སྔོན་དུ་འགྲོ་བས། སློབ་མ་གཞུག་པར་གསོལ་བ་གདབ་པ་ནི། ཧོ༔ རང་བྱུང་རིག་པ་ཡེ་ཤེས་ལྷ་ཚོགས་རྣམས༔ ཐུགས་རྗེ་རྨད་བྱུང་བརྩེ་བས་དགོངས་སུ་གསོལ༔ གསང་བ་བླ་ན་མེད་པའི་དཀྱིལ་འཁོར་དུ༔ བདག་གི་སློབ་མ་ཡང་དག་འཛིན་པར་མཛོད༔ བདེ་ཆེན་ཡེ་ཤེས་བླ་མེད་འཕེལ་བ་དང༔ གྲོལ་བ་མཐར་ཕྱིན་དགོངས་པས་གཟུང་དུ་གསོལ༔ ཞེས་གསོལ་ལྷ་རྣམས་དགྱེས་པ་ཆེན་པོ་ཡིས༔ དེ་ལྟར་ཡིན་ན་རིག་པ་འཛིན་པ་གང༔ བློ་ཆེན་སྐལ་པར་ལྡན་པའི་སློབ་མ་དག༔ བདེ་ཆེན་ཡེ་ཤེས་དཀྱིལ་འཁོར་འདིར་ཁྲིད་ལ༔ སྨིན་ཅིང་གྲོལ་བ་བླ་ན་མེད་པར་བྱོས༔ ཨ་ལ་ལ་ཧོ༔ ཞེས་གནང་བ་བསྩལ་བར་བསམ་མོ།། །།གཉིས་པ་བྱིན་རླབས་དབང་བསྐུར་དངོས་ནི། སློབ་མ་རྣམས་སྒོའི་ཕྱི་རོལ་དུ་བོས་ལ། ཇི་ལྟར་བལྟམས་པ་སོགས་དང་། ཡི་གེ་བརྒྱ་པ་བཟླ་བཞིན་ལས་བུམ་གྱི་ཆུས་ཁྲུས་ནས་དབྱུང་། ནང་དུ་འཁོད་པ་ན་བགེགས་གཏོར་རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་བལྟས་ལ། ཨཱོྃ་ཨཱཿཧཱུྃ་གིས་བྱིན་བརླབ། སརྦ་བྷཱུ་ཏ་ཨཱ་ཀརྵཱ་ཡ་ཛཿས་མགྲོན་བཀུག་པ་ལ། སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིནྟེ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བསྔོས་ནས། ན་མོ། དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཁྱད་པར་རིག་འཛིན་བླ་མ་རྩ་གསུམ་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་རླབས་ཀྱིས་དེང་འདིར་རྡོ་རྗེའི་སློབ་མ་རྣམས་དཀྱིལ་འཁོར་ཆེན་པོར་གཞུག་ཅིང་དབང་བསྐུར་ཟབ་མོ་སྒྲུབ་པ་ལ། བར་དུ་གཅོད་པའི་བགེགས་ཚོགས་ལོག་པར་འདྲེན་པ་ཐམས་ཅད་གཏོར་མ་འདིས་མགུ་ཞིང་ཚིམས་པར་གྱིས་ལ་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཨཱོྃ་སུམྦྷ་ནི་སོགས་དྲག་སྔགས་ཡུངས་ཐུན་ཚམ་རྔམ་དང་བཅས་པས་བསྐྲད་ལ། ཨཱོྃ་བཛྲ་རཀྵ་ཛྭ་ལ་རཾ་ཧཱུྃ། ཕྱོགས་མཚམས་སྟེང་འོག་ཐམས་ཅད་རྡོ་རྗེའི་ས་གཞི་ར་བ་དྲྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བས་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པར་གྱུར་པར་བསམ། མཎྜལ་བཀྱེ་བསྡུ་བྱས་ལ། འོ་ན་མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་མ་རིག་གསུམ་གྱིས་དམ་ལ་བཞག་ཅིང་འཁྲུལ་པའི་གཞན་དབང་དུ་གྱུར་པས། སྲིད་ལམ་འཁོར་བའི་གནས་རིས་སུ་སྡུག་བསྔལ་ཁོར་ཡུག་གིས་རྟག་ཏུ་མནར་ཞིང་འོག་ནས་འོག་ཏུ་ལྟུང་བ་ལས་ནམ་ཡང་ཐར་བའི་དུས་མེད་པ་འདི་རྣམས་སྙིང་རེ་རྗེ། དེ་ཐམས་ཅད་གློ་བུར་འཁྲུལ་པའི་རྩ་བ་སེམས་ཉིད་གཞི་ཐོག་ཏུ་གྲོལ་ནས་སྐུ་དང་ཡེ་ཤེས་རྒྱ་མཚོའི་གོ་འཕང་ལ་འགོད་པའི་སླད་དུ་རིག་འཛིན་བླ་མའི་དཀྱིལ་འཁོར་ཆེན་པོར་འཇུག་པར་བགྱིའོ་སྙམ་པའི་ཀུན་སློང་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང་། སྣོད་བཅུད་ཐམས་ཅད་དག་མཉམ་ངེས་པ་ལྔ་ལྡན་གྱི་གསལ་སྣང་ལ་བློ་བཞག་སྟེ་ཆོས་གསན་པའི་ཀུན་ཏུ་སྤྱོད་པ་རྣམས་ཀྱང་ལེགས་པར་འདུ་བགྱིས་ནས་གསན་པ་ཞུ། དེ་ལ་གང་ཞིག་གསན་པར་བྱ་བ་ནི་རྒྱལ་བ་སྐུ་གསུམ་གྱི་སྟོན་པ་རྒྱ་མཚོས་གདུལ་བྱ་རྣམས་ཀྱི་ཁམས་དབང་བསམ་པའི་བྱེ་བྲག་དང་རྗེས་སུ་མཐུན་པར་ཟབ་རྒྱས་ཀྱི་ཆོས་ཚུལ་བསམ་གྱིས་མི་ཁྱབ་པར་བསྟན་པ་ཐམས་ཅད། དབྱེ་བའི་སྒོ་ནས་ཐེག་པ་རིམ་པ་དགུར་གནས་ཀྱང་བསྡུ་བའི་སྒོ་ནས་ངེས་པའི་ཐེག་པ་གསུམ་དུ་བསྡུ་བའི་ཚུལ། སྤྱི་མདོ་དགོངས་པ་འདུས་པ་ལས། དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་སྣང་བ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་སྒྱུར་ཐབས་ཀྱི་ཐེག་པ་འོ། །ཞེས་ཕྱི་ཀུན་འབྱུང་འདྲེན་པའི་ཐེག་པ། ནང་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ། གསང་བ་དབང་སྒྱུར་ཐབས་ཀྱི་ཐེག་པ་གསུམ་ལས་འདིར་ཕྱི་མ། དེ་ལའང་རྒྱུད་མ་ཧཱ་ཡོ་ག །ལུང་ཨ་ནུ་ཡོ་ག །མན་ངག་ཨ་ཏི་ཡོ་ག་སྟེ་གསུམ་དུ་དབྱེ་བ་ལས། འདིར་ནི་ཀུན་གྱི་རྩེ་མོའམ་ཕུལ་དུ་གྱུར་པ་མཆོག་གསང་བླ་མེད་ཨ་ཏི་ཡོ་ག་སྟེ། འདི་ལའང་གདམས་ངག་གི་བཀའ་སྲོལ་བསམ་གྱིས་མི་ཁྱབ་པར་བཞུགས་པ་ལས། འདིར་སློབ་དཔོན་ཆེན་པོ་ཤྲཱི་སིཾ་ཧའི་མན་ངག་དགོངས་ཉམས་མཐར་ཐུག་པ་རྒྱལ་དབང་པདྨ་འབྱུང་གནས་དང་། ལོ་ཆེན་བཻ་རོ་ཙ་ནའི་ཐུགས་དམ་སྙིང་པོའི་ཡང་ཞུན་དམ་ཆོས་རྫོགས་པ་ཆེན་པོ། ཕྱི་སྐོར་སེམས་སྡེ་ནམ་མཁའ་ཀློང་ཡངས། ནང་སྐོར་ཀློང་སྡེ་ཉི་མ་ཀློང་ཆུབ། གསང་སྐོར་མན་ངག་འོད་ཟེར་མཐའ་ཡས་ཞེས། ཟབ་འདྲིལ་སྙིང་པོའི་ཡང་བཅུད་ཀྱི་ཆོས་སྡེ་ཆེན་པོ་འདི་ཉིད་ཟབ་མོ་གཏེར་ལས་ཇི་ལྟར་སྣང་བའི་ཚུལ་ནི་གཞུང་གི་ལུང་བསྟན་གཅེས་པའི་ལྡེའུ་མིག་ལས། དེ་ཡི་དུས་སུ་ལྷོ་ཟླའི་ཕྱོགས༔ རཏྣའི་མིང་ཅན་སྟག་གམ་གླང༔ མཆོག་གི་མིང་གྱུར་སྐྱེས་བུ་ཞིག༔ དེ་ནི་སྔོན་དུ་ལྷ་སྲས་འབྲིང༔ ད་ལྟ་ངན་ལམ་ཡེ་ཤེས་མཆོག༔ དེ་ལྟ་བུ་རུ་སྐྱེ་བ་ལེན༔ འབྲུག་གི་ལོ་ལ་གདམས་པ་འདི༔ ས་ཡི་སྟེང་དུ་དེས་འབྱིན་བྱེད༔ རྗེ་འབངས་ཡིད་ལ་ངེས་པར་གྱིས༔ ཞེས་གསུངས་པ་ལྟར་རྩོད་བྲལ་དུས་བབས་ཀྱི་སྤྲུལ་པའི་གཏེར་ཆེན་༧ཨོ་རྒྱན་མཆོག་འགྱུར་བདེ་ཆེན་ཞིག་པོ་གླིང་པ་དང་། བཀའ་བབས་བདུན་གྱི་མངའ་བདག་ཐམས་ཅད་མཁྱེན་དངོས་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལྷན་རྒྱས་པས་མདོ་སྨད་ཛམ་ནང་པདྨ་ཤེལ་ཕུག་གི་གནམ་ཁུང་ནས་སྤྱན་དྲངས་ཏེ། ལུང་ཟིན་རྩ་བའི་ཆོས་བདག་ལ་གཅིག་བརྒྱུད་དུ་བསྩལ་པའི་དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་སྟེ་དེ་ལས་སྐབས་སུ་བབས་པ་འདི་ནི་མདོ་བྱང་ལས། དམ་ཆོས་རྫོགས་ཆེན་སྡེ་གསུམ་བཤད༔ ད་ལྟ་ཤིན་ཏུ་སྤེལ་ཕངས་པས༔ ཟབ་པ་ཐུགས་ཀྱི་གཏེར་དུ་སྦས༔ ནམ་ཞིག་ལས་ཅན་བུར་འཕྲད་ནས༔ གདམས་པ་སྣ་རེས་གྲོལ་བར་འགྱུར༔ སྙན་ནས་སྙན་དུ་བརྒྱུད་པ་གཅེས༔ གང་ཞིག་འགྲོ་དོན་སྒོ་དབྱེ་ཙམ༔ སྒྲུབ་ཐབས་སྣ་རེ་སྦྱིན་པར་བྱ༔ ཞེས་བྱུང་བ་ལྟར་སྡེ་གསུམ་སྤྱི་ལ་གཅེས་པ་རིག་འཛིན་བླ་མའི་ཟབ་དབང་ཉི་ཟླའི་རྒྱ་ཅན་ལས། ཐུན་མོང་དད་པ་ཅན་རྗེས་སུ་འཛིན་པའི་སླད་དུ་ཀུན་གྱི་སྔོན་འགྲོ་ཆོས་ཀྱི་སྒོ་འབྱེད་ཟབ་མོའི་བྱིན་རླབས་དབང་བསྐུར་གྱི་རིམ་པ་བགྱི་བ་ལ། བདག་ཉིད་སློབ་དཔོན་གྱི་བགྱི་འོས་རྣམས་སྔོན་དུ་ལེགས་པར་གྲུབ་ནས། སྐུ་ཉིད་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་འབུལ་བ་ཞུ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །སློབ་དཔོན་ཉིད་རིག་འཛིན་བླ་མའི་ངོ་བོར་བཞུགས་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲགས་པོས་ཕྱག་སྙིམ་པ་མེ་ཏོག་དང་བཅས་ཐལ་མོ་སྦྱར་ལ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧོ༔ བདེ་གཤེགས་རྒྱལ་བའི་གདུང་འཚོབ་ཧེ་རུ་ཀ༔ འཇིགས་བྲལ་དཔའ་བོ་ཤྲཱི་སིཾ་ཧ་དང༔ གཉིས་སུ་མེད་པའི་རྡོ་རྗེ་སློབ་དཔོན་དགོངས༔ བདག་ཅག་གྲོལ་བ་མཐར་ཕྱིན་མཛད་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་བརྩེ་བའི་ཐུགས་རྗེས་གནང་བ་བསྩལ་ཞིང་ཆོས་ཀྱི་སྒོ་དབྱེ་བའི་སྒོ་ནས་སྤྲོ་བ་བསྐྱེད་པར་བྱ་བ་ཡིན་ཏེ། རྡོ་རྗེ་འཕྱར་ཞིང་། ཧོ༔ ཐར་པ་བླ་ན་མེད་པའི་གྲོང་ཁྱེར་དུ༔ འདུས་པའི་གཙོ་བོ་ཤྲཱི་སིཾ་ཧ་བཞུགས༔ འདི་ན་མོས་པའི་སྐལ་ལྡན་སྐྱེས་བུ་ཁྱོད༔ འཇུག་པ་ལེགས་ཤིང་དངོས་གྲུབ་ཅི་ལ་དགའ༔ དེ་ཉིད་སྦྱིན་ཅིང་འདི་ན་བླ་མེད་པའི༔ ཚེ་གཅིག་སངས་རྒྱས་སྒྲུབ་ལ་སྤྲོ་བ་སྐྱེད༔ དམ་ཚིག་མ་ལུས་ཡོངས་སུ་གཟུང་བར་གྱིས༔ ཞེས་གདམས། དེ་ལ་ཐོག་མར་རྒྱུད་དག་པར་བྱ་བའི་སླད་དུ་བླ་མ་ཉིད་དཀོན་མཆོག་རྩ་གསུམ་རྒྱ་མཚོའི་ཁྱབ་བདག་ཆེན་པོར་བཞུགས་པའི་སྤྱན་སྔར། བདག་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་འགྲོ་བར་བགྱིའོ་སྙམ་པ་ཀུན་རྫོབ་གཞིའི་སྐྱབས་འགྲོ་དང་། དབྱིངས་རིག་ཟུང་འཇུག་རང་བྱུང་གདོད་མའི་གཤིས་ལུགས་དཀོན་མཆོག་གསུམ་གྱི་ངོ་བོར་ཡེ་ནས་རང་ཆས་སུ་བཞུགས་པ་ཉིད་རང་ངོ་ཤེས་པའི་སྒོ་ནས་རང་བབ་དེ་ཁོ་ན་ཉིད་དུ་ལ་བཟླ་བ་དོན་དམ་འབྲས་བུའི་སྐྱབས་འགྲོ་རང་བཞིན་ཡོངས་ཤེས་ཀྱི་ངང་ནས་འདིའི་རྗེས་ཟློས། ཀུན་གཞི་དག་པའི་སོགས་ལན་གསུམ། འདི་ལྟར་མ་རིག་འཁྲུལ་པའི་འཁོར་ལོར་ཁ་འཕྱན་པའི་སྐྱེ་འགྲོ་གློ་བུར་འཁྲུལ་སྣང་གི་སྡུག་བསྔལ་ལ་སྤྱོད་པ་ཐམས་ཅད་རང་གནས་འོད་གསལ་ཆོས་སྐུའི་ཀློང་ཆེན་པོར་གྲོལ་བའི་ཆེད་དུ་སྨིན་གྲོལ་ཟབ་མོའི་སྒོར་འཇུག་པར་བགྱིའོ་སྙམ་པ་ཀུན་རྫོབ་རྒྱུའི་སེམས་བསྐྱེད་དང་། དོན་དམ་པར་གནས་ལུགས་བདེ་གཤེགས་སྙིང་པོ་འཆིང་གྲོལ་ལས་འདས་པའི་རང་བཞིན་གཉུག་མ་ལྷུན་རྫོགས་ཆེན་པོའི་ངོ་བོར་མཉམ་པར་འཇོག་པ་མཐར་ཐུག་འབྲས་བུའི་སེམས་བསྐྱེད་ལ་བློ་བཞག་བཞིན་པས་འདིའི་རྗེས་ཟློས། ཨེ་མ་ཧོ་བདེ་གཤེགས་སོགས་ལན་གསུམ། ཞིང་མཆོག་དེ་དག་གི་སྤྱན་སྔར་ཕྱག་འཚལ་ཞིང་མཆོད་པ་འབུལ་བ་སོགས་ཀུན་རྫོབ་ཡན་ལག་བདུན་པའི་དམིགས་འདུན་དང་དོན་དམ་རང་གསལ་གྱི་དགོངས་པ་ཟུང་དུ་འབྲེལ་བས་འདིའི་རྗེས་ཟློས། སྣང་བ་རྣམ་དག་སོགས་ལན་གསུམ། རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་བྱེ་བྲག་རྩ་བ་དང་ཡན་ལག་གིས་བསྡུས་པ་རྣམས་ལེགས་པར་བླངས་ནས་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། ཧོ༔ ཁྱབ་བདག་དཔལ་ལྡན་བླ་མ་དགོངས་སུ་གསོལ༔ བདག་ནི་དུས་གསུམ་རྒྱལ་བའི་དགོངས་པའི་མཐིལ༔ བདེ་བ་ཆེན་པོའི་ཡེ་ཤེས་ལ་དགའ་བས༔ དེ་ཉིད་མྱུར་སྩོལ་གསང་སྔགས་རིགས་མཆོག་གི༔ རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང༔ ཉི་ཤུ་རྩ་ལྔའི་དམ་ཚིག་ཆེས་འཕགས་པ༔ སྲོག་གི་ཕྱིར་ཡང་མི་གཏང་གཟུང་བར་བགྱི༔ ལན་གསུམ། སློབ་མའི་མགོར་རྡོ་རྗེ་བཞག་ལྕེ་ལ་བདུད་རྩི་བྱིན་ཏེ། འདི་ནི་གསང་བ་བླ་ན་མེད་པ་ཡི༔ ཐར་པའི་གོ་འཕང་ཚེ་འདིར་ཐོབ་འགྱུར་བས༔ ཉེ་བའི་ལམ་མཆོག་བདེ་བ་ལམ་བྱེད་ཡིན༔ ཁྱེད་རྣམས་རྡོ་རྗེའི་དམ་ཚིག་ཐུབ་པར་གྱིས༔ མ་ཐུབ་རྡོ་རྗེའི་དམྱལ་བ་ཆེན་པོར་ལྟུང༔ སྲོག་གི་ཕྱིར་ཡང་ཡོངས་སུ་མ་གཏང་ཞིག༔ བཛྲ་ས་མ་ཡ་རཀྴ་སི་ཧཱུྃ༔ ཇི་ལྟར་བསྒོས་པའི་དམ་ཚིག་གི་ཚུལ་ལས་ནམ་ཡང་འདའ་བར་མི་བགྱིད་དོ་སྙམ་པའི་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། མ་ཧཱ་སུ་ཁ་བཛྲ་ས་མ་ཡ་ཧཱུྃ༔ ཨི་དན་ན་ར་ཀན༔ ཞེས་བསྐྱལ། དེ་རྣམས་ཀྱིས་དབང་གི་སྔོན་འགྲོའི་ཆོས་རྣམས་གྲུབ་ནས། དངོས་གཞི་བྱིན་རླབས་ཀྱི་གཞི་འགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ། ཁྱེད་རང་རྣམས་ལུས་གནད་སྐྱིལ་ཀྲུང་དྲང་པོར་སྲོངས་ལ་མིག་མི་འགུལ་བའི་བལྟ་སྟངས་དབྱིངས་ལ་གཏོད། ངག་གི་གནད་སྟེང་འོག་གི་རླུང་ཁ་སྦྱོར་དུ་ཆིངས། ཡིད་ཀྱི་གནད་ཚོགས་དྲུག་གི་ཡུལ་ལ་སྐད་ཅིག་ཙམ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད། སློབ་བུའི་ཐ་མལ་འཛིན་རྟོག་སྦྱངས། །སྐད་ཅིག་དྲན་རྫོགས་ངང་ཉིད་ལས། །དྭངས་མ་ཡེ་ཤེས་འོད་ཀྱི་ལུས། །ཤྲཱི་སིཾ་ཧ་དཀར་སྨུག་མདོག༔ གྲུབ་པའི་ཆ་ལུགས་རྡོར་དྲིལ་འཛིན༔ རིན་ཆེན་དར་སྟག་རུས་པས་བརྒྱན༔ ཡུམ་དམར་གྲི་ཐོད་འཛིན་འཁྱུད་བསྒོམ༔ དཔོན་སློབ་ཐུགས་སྲོག་ས་བོན་ལས། །འོད་འཕྲོས་སྐུ་གསུམ་རྒྱལ་བའི་ཞིང་། །ཆོས་དབྱིངས་བརྡལ་ཁྱབ་ཆེན་པོ་ནས། །བརྒྱུད་གསུམ་རིག་འཛིན་བླ་མའི་ཚོགས། །སྤྱན་དྲངས་ཐིམ་པས་དབྱེར་མེད་གྱུར། །ཅེས་བརྡ་སྦྱར་ལ། སྦྱར་སྤོས་བཏུལ་ཞིང་རོལ་མོའི་སྒྲ་དབྱངས་དང་བཅས། ཧཱུྃ༔ མི་མངོན་དབྱིངས་ཀྱི་ཞིང་ཁམས་སོགས་ལས་བྱང་ལྟར་སྔགས་མང་དུ་བརྗོད་པས་བྱིན་དབབ་ལ། དེ་ལྟར་བྱིན་དབབ་པའི་ཡེ་ཤེས་པ་དེ་ཉིད་བྱང་ཆུབ་སྙིང་པོའི་བར་དུ་བརྟན་པར་བྱས་པའི་མོས་པ་མཛོད། རྡོ་རྗེ་མེ་ཏོག་དང་བཅས་པ་སྤྱི་བོར་རྒྱ་གྲམ་དུ་བཀོད་ནས། ཏིཥྛ་བཛྲས་བརྟན་པར་བྱ། དེ་ནས་དངོས་གཞི་བྱིན་རླབས་ཡོངས་རྫོགས་གཏོར་མའི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། གཏོར་སྣོད་རང་བྱུང་གི་གཞལ་མེད་ཁང་ཆེན་པོར་གཏོར་མ་རིག་འཛིན་བླ་མའི་ལྷ་ཚོགས་དངོས་སུ་བཞུགས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཏེ་དབང་བསྐུར་བས་གསང་བ་གསུམ་གྱི་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་ཆིག་རྫོགས་སུ་ཐོབ་པའི་མོས་པ་མཛོད། གཏོར་མ་ཐོགས་ལ། ཧཱུྃ༔ གཏོར་མའི་རང་བཞིན་རིན་ཆེན་གཞལ་ཡས་ཁང༔ ནང་དུ་བླ་མ་ཤྲཱི་སིཾ་ཧ་དང༔ རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས་རྣམས་བཞུགས༔ ཡི་དམ་ལྷ་ཚོགས་ཐམས་ཅད་སྤྲིན་ལྟར་གཏིབས༔ མ་དང་མཁའ་འགྲོ་བུ་ཡུག་བཞིན་དུ་འཚུབས༔ རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་འདིས༔ སྐལ་ལྡན་སློབ་མ་རྣམས་ལ་དབང་བསྐུར་བས༔ ཕྱི་ནང་གསང་བའི་བར་ཆད་བསལ་བ་དང༔ སྐུ་གསུང་ཐུགས་ཀྱི་དབང་ཆེན་ཡོངས་སུ་རྫོགས༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཨཱོྃ་ཨཱཿཧཱུྃ་གུ་རུ་ཤྲཱི་སིཾ་ཧ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གཏོར་མ་གནས་གསུམ་དུ་བཞག །རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ལ། ཐོག་མར་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བའི་སླད་དུ། རིག་འཛིན་བླ་མའི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་ཞིག་རྒྱངས་ཀྱིས་བྱུང་། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པས་སྐུའི་བྱིན་རླབས་མ་ལུས་པ་ཐོབ་པའི་མོས་པ་མཛོད། སྐུ་འབག་སྤྱི་བོར་བཞག་ལ། ཨཱོྃ༔ རྡོ་རྗེ་སེམས་དཔའ་བདེ་བའི་ལྷུམས་སུ་ཞུགས༔ མི་ཡི་ཡུལ་འཁྲུངས་ཐོས་བསམ་མཐར་ཕྱིན་མཛད༔ རྒྱལ་བའི་གསང་གསུམ་མ་ལུས་འདུས་པའི་སྐུ༔ དཔལ་ཆེན་རིག་འཛིན་ཤྲཱི་སིཾ་ཧ་ཡི༔ སྐུ་ཡི་ཕྱག་རྒྱ་སྒོམ་པའི་དབང་བསྐུར་རོ༔ རྩ་སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ དེང་ཕྱིན་ཆད་ཐ་མལ་སྣང་ཞེན་གྱི་འཛིན་པ་བཏུལ་ནས་སྣང་སྟོང་ཟུང་འཇུག་ཡེ་ཤེས་ཕྱག་རྒྱའི་སྐུ་སྒོམ་པ་དང་མི་འབྲལ་བར་གྱིས་ཤིག །གསུང་བཟླས་པའི་ལུང་སྦྱིན་པའི་སླད་དུ། སློབ་དཔོན་རིག་འཛིན་བླ་མའི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་བྱུང་། ཞལ་ནས་ཐོན། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་གི་མཐར་འཁོད་པ་བཟླས་པའི་རྐྱེན་གྱིས་གསུང་སྔགས་ཀྱི་བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་པའི་མོས་པ་དང་བཅས་ཏེ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། རྩ་སྔགས་དང་ཨ་སུམ་སྦྲེལ་རྗེས་ཟློས་ལན་གསུམ་རེ་བྱ། སྔགས་ཀྱི་ཕྲེང་བ་མགྲིན་པར་བཞག་སྟེ་དབང་བསྐུར་བས་དེ་ཉིད་བརྟན་པར་བྱས་པའི་མོས་པ་མཛོད། སྔགས་ཕྲེང་མགྲིན་པར་བཞག་ལ། ཨཱ༔ རིག་འཛིན་གཙོ་བོ་གྲུབ་པའི་དབང་ཕྱུག་རྗེ༔ རྒྱལ་ཀུན་གསང་གསུམ་འདུས་པ་གསུང་གི་མཆོག༔ རླུང་སྔགས་གྲགས་སྟོང་སྔགས་སུ་འགྱུར་བའི་ཕྱིར༔ ཡན་ལག་དྲུག་ཅུ་ལྡན་པའི་དབང་བསྐུར་རོ༔ རྩ་སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེང་ཕྱིན་ཆད་ངག་ཐ་མལ་དུ་འཛིན་པའི་བརྗོད་པ་བཏུལ་ཏེ་རླུང་སྔགས་དབྱེར་མི་ཕྱེད་པའི་སྙིང་པོ་གྲགས་སྟོང་ཆུའི་རྒྱུན་ལྟར་བཟླ་བ་ལ་བརྩོན་པར་གྱིས་ཤིག །ཐུགས་འོད་གསལ་གྱི་དགོངས་པ་ངོ་སྤྲོད་པའི་སླད་དུ། སེམས་དུས་གསུམ་གྱི་རྟོག་པའི་རྗེས་སུ་མི་འབྲང་བར་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་བསྲེས་ནས་རིག་སྟོང་ཟུང་འཇུག་འོད་གསལ་གཉུག་མའི་ངང་དུ་མཉམ་པར་བཞག་པས་རིག་འཛིན་བླ་མའི་ཐུགས་ཀྱི་དགོངས་པ་མངོན་དུ་གྱུར་པའི་མོས་པ་མཛོད། ཧཱུྃ༔ རིག་འཛིན་བླ་མ་ཤྲཱི་སིཾ་ཧའི་ཐུགས༔ སྤྲོས་པ་ཀུན་བྲལ་སེམས་ཉིད་ཡེ་ཤེས་ཆེ༔ བདེ་གསལ་མི་རྟོག་དབྱེར་མེད་ཀློང་དུ་ཆུབ༔ དབྱིངས་རིག་ཟུང་དུ་འཇུག་པའི་དབང་ཐོབ་ཤོག༔ རྩ་སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དཔོན་སློབ་གཉིས་ཀས་ཅུང་ཟད་མཉམ་པར་གཞག །དེང་ཕྱིན་ཆད་ཡིད་ཐ་མལ་གྱི་དྲན་རྟོག་འཛིན་ཞེན་ཐམས་ཅད་བཏུལ་ཏེ་ཆོས་ཉིད་གཉུག་མ་བསམ་བརྗོད་དང་བྲལ་བའི་ངང་དུ་ལ་བཟླ་བར་གྱིས་ཤིག །དེ་ལྟར་ཁྱེད་རང་རྣམས་ཀྱི་སྒོ་གསུམ་རིག་འཛིན་བླ་མའི་གསང་བ་གསུམ་དང་དབྱེར་མེད་དུ་གྱུར་པ་ལ། བླ་མ་དཀྱིལ་འཁོར་པའི་ལྷ་ཚོགས། ནམ་མཁའ་གང་བའི་ཚོགས་ཀྱིས་བཀྲ་ཤིས་པའི་བདེན་ཚིག་དབྱངས་སུ་ལེན་བཞིན་མེ་ཏོག་མནྡཱ་རཿབའི་ཆར་སིལ་མར་བསྙིལ་བས་དབང་དོན་གྱི་ཡེ་ཤེས་སྔར་མ་སྐྱེས་པ་བསྐྱེད། སྐྱེས་པ་གོང་ནས་གོང་དུ་འཕེལ་ཞིང་བརྟན་པར་བྱས་པའི་མོས་པ་མཛོད། ཅེས་མཚམས་སྦྱར་ལ་ཤིས་བརྗོད་ཇི་ལྟར་རིགས་པ་སྤེལ། དེ་དག་རྣམས་ཀྱི་སྒོ་ནས་རྩ་བའི་གཞུང་ལས། འདི་ཡི་གདམས་པ་སློབ་བུའི་སྣོད་བརྟག་ཅིང༔ བློ་དང་འཚམ་པར་རིམ་བཞིན་བསྟན་པ་ལས༔ པདྨའི་སྙིང་ཁྲག་ཡིན་པས་སྤེལ་བར་ཕངས༔ ཞེས་ཤིན་ཏུ་ཟབ་ཅིང་རབ་ཏུ་གཅེས་པའི་གཙིགས་སུ་བསྔགས་པར་མཛད་པ་བླ་མའི་ཟབ་དབང་ཉི་ཟླའི་རྒྱ་ཅན་ལས། ཐུན་མོང་དད་པ་ཅན་རྗེས་སུ་འཛིན་པ་ཐོག་མའི་ཆོས་ཀྱི་སྒོ་འབྱེད་ཟབ་མོའི་དབང་བསྐུར་ལེགས་པར་ཐོབ་པ་ལགས། དེའང་དབང་གི་སྲོག་དམ་ཚིག་གིས་འཛིན་དགོས་པས་ན་རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་ཁྱད་པར་ལྷག་པས་བསྡུས་པ་མཐའ་དག་ཚུལ་བཞིན་དུ་བསྲུང་བར་ཁས་བླང་བ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་ལན་གསུམ། དབང་བསྐུར་བ་ལེགས་པར་ཐོབ་པའི་གཏང་རག་ཏུ་མཎྜལ་ཕུལ། ཞེས་མཎྜལ་འབུལ་དུ་གཞུག །སླར་ཡང་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་པ་ལྟར་སྤྲོས་ཏེ་འབུལ་ན་ཆ་ཤས་རེ་རེ་ནས་བཞེས་ལ་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས། དེང་ནས་བརྩམ་སྟེ་སོགས་ལན་གསུམ། དེ་ལྟར་དབང་བསྐུར་ཟབ་མོ་ལེགས་པར་གསན་པ་ལས་བྱུང་བའི་དགེ་ཚོགས་རྣམས་བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བའི་རྒྱས་འདེབས་ལྷན་ཅིག་ཏུ་གནང་བ་དང་། འདི་ལ་བརྟེན་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་པ་ཞུ། བསོད་ནམས་འདི་ཡིས་སོགས་བསྔོ་སྨོན་ཇི་ལྟར་རིགས་པ་བརྗོད་ལ་སློབ་མ་རྣམས་རང་གནས་སུ་གཏང་ངོ་།། །།གསུམ་པ་རྗེས་ཀྱི་རིམ་པ་ནི། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་བསྔོ་བ་སོགས་ཕྲིན་ལས་བྱང་བུ་ཁྲིགས་བསྡེབས་མཐར་ཆགས་སུ་བཏང་བས་ལེགས་པར་གྲུབ་བོ།། །། ༈ གཉིས་པ་ཐུན་མོང་མ་ཡིན་པའི་གདུལ་བྱ་བརྩོན་འགྲུས་ཅན་རྗེས་སུ་འཛིན་པ་ཟབ་དབང་དངོས་བསྐུར་བ་ལ་གསུམ། སྦྱོར་བ་ཤོམ་དང་སྒྲུབ་མཆོད། དངོས་གཞི་དབང་གི་ཆོ་ག །རྗེས་མཐའ་རྒྱས་ཀྱི་ལས་རིམ་མོ། །དང་པོ་ནི། སྟེགས་བུ་ཁེབས་ལྡན་གྱི་དབུས་སུ་དཀྱིལ་འཁོར་སྒོ་རྫོགས་པད་འདབ་བརྒྱད་ལྡན་བྲིས་པའི་རས་དཀྱིལ་བཀྲམ་པའམ། མ་འབྱོར་ན་མཎྜལ་མེ་ཏོག་གི་ཚོམ་བུ་གཅིག་བཀོད་པའི་ཁར་མཉྫིའི་སྟེང་དུ་བུམ་པ་སོ་ལྔའི་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་ཀྱིས་སྤྲས་པ་འགོད། དེའི་གཡས་སུ་གསང་ཐོད་ཆང་དང་མངར་གསུམ་ཆོས་སྨན་སྦྱར་བས་བཀང་བའི་ཁ་དར་དམར་བརྒྱད་ལྟེབས་ཀྱིས་བཀབ་པ། གཡོན་དུ་རིག་མའི་གཟུགས་བརྙན། མདུན་དུ་ཤེལ་རྡོ་རྨ་བྱའི་མདོངས་སྒྲོ་དང་མེ་ལོང་སྦྲགས་མ། རྒྱབ་ཏུ་མཆོད་རྫས་སྨན་རཀ་གཏོར་གསུམ། མཐའ་སྐོར་བྱང་ཤར་མཚམས་འཛིན་མེ་ཏོག་ནས་བརྩམ་ཆུ་གཉིས་ཉེར་སྤྱོད་ལྔ་གཡས་སྐོར་དུ་བཤམ། ཉེ་ལོགས་སུ་སྲད་བུ་དམར་པོའི་སྲུང་སྐུད་རྡོ་རྗེའི་མདུད་པ་བཏབ་པ་སློབ་མའི་གྲངས་མཉམ། གཞན་ཡང་ཚོགས་དང་གཏོར་མ་སོགས་འདིར་དགོས་པའི་ཡོ་བྱད་ཐམས་ཅད་སྔར་བཞིན་ཚང་བར་འདུ་བྱས་ལ། དབང་དོན་སྒྲུབ་མཆོད་ཀྱི་ཚུལ་སྔ་མ་ཁོ་ན་ལྟར་ལས། མཆོད་བརླབ་བྱང་བུ་ནས་དངོས་གཞི་རྟེན་གྱི་བྱང་བུ་ཁྲིགས་སྡེབ་གཞུང་ལྟར་སྦྲེལ་ཏེ་བསྟོད་པ་གྲུབ་ཀྱི་བར་དུ་བཏང་། གོང་བཞིན་ཛཔ྄་དམིགས་གསལ་བཏབ་ལ་མཚན་སྔགས་དང་ཨ་སུམ་སྦྲེལ་གྱི་བཟླས་པ་ཅི་འགྲུབ་བྱ། བུམ་བཟླས་ཟུར་དུ་སྤྲོ་ན། བུམ་པ་རང་བྱུང་གི་གཞལ་མེད་ཁང་དུ་རིག་འཛིན་བླ་མའི་ལྷ་ཚོགས་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ལ། བཟླས་པ་ཅི་ནུས་མཐར། སྟོང་ཚིགས་ཕུལ། སྐབས་འདིར་བུམ་ལྷ་འོད་ཞུ་མི་བྱ། དེ་ནས་སྲུང་མའི་གཏོར་འབུལ་དང་ཚོགས་མཆོད་ནས་གནང་བ་ནོད་པའི་བར་གོང་བཞིན་བྱའོ།། །།གཉིས་པ་དངོས་གཞི་དབང་བསྐུར་བ་ནི། སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་གཏོར་བསྔོས་ལ་ཕྱིར་བསྐྲད་མཐར། ཨཱོྃ་ཧ་ཧ་ཧཱུྃ་ཧཱུྃ་ཧྲཱིཿཧྲཱིཿཕཊ་ཕཊ༔ ཅེས་བཟླས་པས་བསྔགས་པའི་སྲུང་སྐུད་ཕོའི་དཔུང་པ་གཡོན་དང་མོའི་གཡས་སུ་འཆིང་ལ་སྲུང་འཁོར་གསལ་བཏབ། མཎྜལ་བཀྱེ་བསྡུ་བྱས་ལ། སེམས་བསྐྱེད་གསལ་གདབ་སོགས་ཆོས་བཤད་ལོ་རྒྱུས་སྔར་བཞིན་ལས། སྡེ་གསུམ་སྤྱི་ལ་གཅེས་པ་རིག་འཛིན་བླ་མའི་ཟབ་དབང་ཉི་ཟླའི་རྒྱ་ཅན་ལས། ཐུན་མོང་མ་ཡིན་པའི་གདུལ་བྱ་བརྩོན་འགྲུས་ཅན་རྗེས་སུ་འཛིན་པ་ཟབ་དབང་དངོས་བསྐུར་བར་བགྱི་བ་ལ། བདག་ཉིད་སློབ་དཔོན་གྱིས་བགྱི་འོས་རྣམས་སྔོན་དུ་གྲུབ་ནས་སོགས་ཀྱི་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །གསོལ་བ་གདབ་པ་ནས་དམ་ཚིག་བསྒྲག་གཟུང་གི་བར་སྔར་བཞིན་སོང་ནས་ཡེ་ཤེས་དབབ་པའི་སྐབས། ཡིད་ཀྱི་གནད་ཚོགས་དྲུག་གི་ཡུལ་ལ་སྐད་ཅིག་ཙམ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད། སློབ་བུའི་ལུས་སྣང་མི་དམིགས་སྟོང་པའི་ངང་། །སྐད་ཅིག་དྲན་རྫོགས་ཡེ་ཤེས་སྒྱུ་མའི་སྐུ། །ཤྲཱི་སིཾ་ཧ་རྣལ་འབྱོར་གཞོན་ནུའི་ཚུལ༔ དཀར་དམར་མདངས་ལྡན་ཞལ་གཅིག་ཕྱག་གཉིས་པ༔ གཅེར་བུ་རུས་པའི་རྒྱན་དྲུག་གར་སྟབས་སྒྱུར༔ རྩ་གསུམ་འཁོར་ལོ་བཞི་ལྡན་ལྟེ་བའི་མདོར༔ གཏུམ་མོ་ཨ་ཤད་དབྱིབས་ཅན་རབ་འབར་བ༔ སྤྱི་བོར་ཐིག་ལེ་ཧྃ་ཡིག་མགོ་ཐུར་བསྟན༔ སྙིང་གར་རྣམ་ཤེས་ངོ་བོ་ཨ་དཀར་སྒོམས༔ སློབ་དཔོན་ཤྲཱི་སིཾ་ཧ་ཡབ་ཡུམ་དུ༔ གསལ་ལ་བཟོད་མེད་མོས་གུས་བསྐྱེད་པའི་མཐུས། །བླ་མའི་སྦྱོར་མཚམས་ལས་ནི་འོད་འཕྲོས་པ༔ སློབ་མའི་གསང་བ་ནས་ཞུགས་གཏུམ་མོ་སྦར༔ སྤྱི་བོའི་ཐིག་ལེ་ཞུ་ཞིང་གསལ་བ་ལས༔ ལུས་ཀྱི་སྟོད་སྨད་དྭངས་མ་དཀར་དམར་གྱིས༔ གང་ཞིང་སྙིང་གའི་ཐད་དུ་གོ་སྐབས་ཅན༔ བདེ་བ་བསྒོམ་ཞིང་བདེ་བ་ཆེར་འཕེལ་ཚེ༔ དཀར་དམར་འདྲེས་ཤིང་ཨ་ཡིག་ལ་ཐིམ་པས༔ ཐིག་ལེ་ཆེར་འཕེལ་བདེ་བ་ཆེན་པོར་བསྒོམ༔ རྒྱལ་བའི་ཚོགས་རྣམས་བདེ་བ་ཆེན་པོར་ཞུ༔ བདུད་རྩིའི་རང་བཞིན་སྤྱི་བོའི་གཙུག་ནས་བྱུང༔ སྙིང་གི་ནང་ཞུགས་ལུས་ཀུན་མེར་གྱིས་གང༔ བདེ་བ་ཆེན་པོའི་ཡེ་ཤེས་རྩེ་གཅིག་བསྒོམ༔ ཞེས་བརྡ་སྤྲད་ལ་སྦྱར་སྤོས་བཏུལ་ཞིང་ཌཱ་དྲིལ་རོལ་མོའི་སྒྲ་དང་བཅས་རྩ་སྔགས་དང་ཨ་སུམ་སྦྲེལ་མང་དུ་བཟླས་པས་བྱིན་དབབ་ལ་གོང་བཞིན་བརྟན་པར་བྱ། དེ་ནས་དངོས་གཞིའི་དབང་རྣམས་རིམ་པར་འབྱུང་བའི་དང་པོ་བུམ་པའི་དབང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། བུམ་ནང་ཤྲཱི་སིཾ་ཧའི་སྤྱི་བོ་ཡི༔ ཨཱོྃ་ཡིག་གསལ་ཞིང་ཡབ་ཡུམ་སྦྱོར་བ་ཡིས༔ ཨཱོྃ་ལས་དགའ་བའི་བདུད་རྩི་དཀར་གསལ་བབས༔ སྐུ་གང་སྦྱོར་མཚམས་ནས་བབས་བུམ་པ་གང༔ ཁ་ནས་ལུད་ཅིང་སློབ་མའི་སྤྱི་བོར་བབས༔ བདེ་ཆེན་འཁོར་ལོའི་རྩ་ཁེངས་བདེ་ཆེན་བསྒོམ༔ དེ་བཞིན་མགྲིན་དང་ཐུགས་ཀའི་ཨཱཿཧཱུྃ་ལས༔ བདུད་རྩི་དམར་མཐིང་དགའ་ཆེན་ཁྱད་དགའ་ཡི༔ ངོ་བོར་བབས་ཤིང་སློབ་མའི་མགྲིན་པ་དང༔ སྙིང་ག་གང་བས་བདེ་མཆོག་རྒྱས་པར་བསྒོམ༔ དེ་རྗེས་ལྟེ་བའི་ཧྲཱིཿལས་ལྷན་སྐྱེས་ཀྱི༔ བདུད་རྩི་བབས་ཤིང་སློབ་མའི་ལྟེ་བ་ཁེངས༔ སྐུ་ཡི་གནས་རྣམས་མ་ལུས་ཐམས་ཅད་ནས༔ བདུད་རྩི་འོད་ལྔའི་མདངས་ལྡན་བབས་པ་ཡིས༔ སློབ་མའི་ལུས་གང་བདུད་རྩི་གྱེན་འཁྱིལ་བས༔ སྤྱི་གཙུག་རྡོ་རྗེ་སེམས་དཔས་རྒྱས་བཏབ་བསམ༔ རྣམ་བུམ་ཐོགས་ལ། ཧཱུྃ༔ རང་བྱུང་བདེ་བ་ཆེན་པོའི་བུམ་པ་རུ༔ ལྷན་ཅིག་སྐྱེས་པའི་བླ་མ་ཡབ་ཡུམ་བཞུགས༔ བདེ་ཆེན་སྦྱོར་བའི་བདུད་རྩི་བསམ་མི་ཁྱབ༔ རང་གྲོལ་བདེ་ཆེན་ཡེ་ཤེས་བསྐྱེད་པའི་ཕྱིར༔ བླ་ན་མེད་པ་བུམ་པས་དབང་བསྐུར་རོ༔ རྩ་སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བུམ་པ་གནས་བཞིར་བཞག་ཅིང་བུམ་ཆུ་སྦྱིན། དེས་བུམ་པ་ལ་བརྟེན་པའི་དབང་བཞི་རིམ་དང་ཆིག་རྫོགས་སུ་ཐོབ་པ་ཡིན་ནོ། །གཉིས་པ་གསང་བའི་དབང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་ཡབ་ཡུམ་ཤྲཱི་སིཾ་ཧ་ནི༔ མཉམ་པར་སྦྱོར་བའི་སྤྱི་མགྲིན་སྙིང་ལྟེ་བཞིར། །ཡིག་འབྲུ་ཨཱོྃ་ཨཱཿཧཱུྃ་ཧྲཱིཿགསལ་བ་ལས། །དགའ་བཞིའི་ངོ་བོ་འོད་ཟེར་དཀར་དམར་མཐིང༔ སེར་པོ་བདུད་རྩིའི་རང་བཞིན་ཡོངས་རྫོགས་བབ༔ སློབ་མའི་ཁར་སྦྱིན་རྩ་བཞི་ལུས་ཀུན་གང༔ བདེ་ཆེན་བཞི་དང་ཡོངས་རྫོགས་ཐོབ་པར་བསྒོམ༔ གསང་ཐོད་བདུད་རྩི་ཐོགས་ལ། ཧཱུྃ༔ ཡུལ་སྣང་རྣམ་པར་དག་པའི་ཐོད་པ་རུ༔ རྣམ་པར་དག་པའི་དབང་པོ་སྦྱོར་པ་ཡིས༔ རྣམ་ཤེས་ཡེ་ཤེས་སྒྱུར་བའི་བྱང་སེམས་བསྐྱིལ༔ ཀུན་གཞི་རྣམ་པར་གྲོལ་ཕྱིར་དབང་བསྐུར་རོ༔ རྩ་སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ཐོད་པ་གནས་བཞིར་བཞག་ཅིང་བདུད་རྩི་སྦྱིན། དེས་ཐོད་པའི་བདུད་རྩི་ལ་བརྟེན་པའི་དབང་བཞི་རིམ་དང་ཆིག་རྫོགས་སུ་ཐོབ་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་བུ་རིག་མ་བླ་མ་ཡབ་ཡུམ་གསལ༔ འདུ་ཤེས་གསུམ་གྱིས་སྙོམས་པར་འཇུག་པར་བསླབ༔ ཡབ་ཡུམ་གནས་བཞིར་ཡིག་འབྲུ་བཞི་གསལ་བ༔ དེ་ལས་རིམ་བཞིན་ཐིག་ལེ་འཕེལ་བ་ཡང༔ རྩ་བཞི་ལ་བབས་གྱེན་དུ་དྲངས་པ་ཡིས༔ དགའ་བཞི་ཡོངས་རྫོགས་ཉིད་དུ་བསྒོམ་པར་བྱ༔ རིག་ཙཀ་ཐོགས་ལ། ཧཱུྃ༔ སྣང་ཞིང་སྟོང་ལ་གསལ་བའི་རིག་མ་ལ༔ མི་རྟོག་ངང་དུ་མཉམ་པར་སྦྱོར་བ་ལས༔ བདེ་བའི་ཡེ་ཤེས་ནམ་མཁའ་གང་བར་འཕེལ༔ དབྱེར་མེད་ལྷུན་གྲུབ་ཆེན་པོར་རྟོགས་པར་ཤོག༔ རྩ་སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ལག་གཡོན་དུ་གཏད། དེས་གསང་བ་བྷ་གའི་དཀྱིལ་འཁོར་ལ་བརྟེན་པའི་དབང་བཞི་རིམ་དང་ཆིག་རྫོགས་སུ་ཐོབ་པ་ཡིན་ནོ། །དེ་ནས་དབང་བཞི་པའི་སླད་དུ། རང་བྱུང་རྡོ་རྗེ་སེམས་དཔའི་མེ་ལོང་འདིས་མཚོན་ཏེ་སེམས་ཉིད་ཟང་ཐལ་ངོ་བོ་ཀ་ནས་དག་པ་ཤེལ་ལྟ་བུ་ལས། རང་བཞིན་ལྷུན་གྲུབ་ཀྱི་ཡོན་ཏན་འཇའ་ཚོན་ལྟར་ཅིར་ཡང་འཆར་ཞིང་། ཐུགས་རྗེ་རྣམ་འཕྲུལ་འགག་མེད་སྣ་ཚོགས་སུ་སྣང་ཡང་དབྱིངས་ལ་འགྱུར་བ་མེད་པའི་དོན་རྟོགས་པར་མཛོད་ཅིག །མན་ཤེལ་བསྟན་ལ། ཧཱུྃ༔ ཕྱི་ནང་ཟང་ཐལ་ཀ་ནས་དག་པ་ལ༔ ལྷུན་གྱིས་གྲུབ་པའི་འཇའ་ཚོན་ཅི་ཡང་འཆར༔ རྣམ་པར་འཕྲུལ་པའི་བྱེ་བྲག་ཅིར་སྣང་ཡང༔ རང་བྱུང་དབྱིངས་ལས་འགྱུར་བ་མེད་པ་འོ༔ རྩ་སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ རྨ་བྱའི་མདོངས་ཐིག་མེ་ལོང་དུ་འཆར་བ་འདིས་མཚོན་ཏེ། ཀ་དག་གི་ངོ་བོ་དབྱིངས་རྣམ་དག་མེ་ལོང་དྭངས་པ་ལྟ་བུའི་རང་བཞིན་ལ། རིག་པ་ཐིག་ལེ་ལུག་རྒྱུད་གསལ་བ་མདོངས་ཐིག་ལྟ་བུ་རང་ལས་འབྱུང་ཞིང་རང་ཤར་བ་སྣང་སྟོང་གཉིས་མེད་རང་གདངས་ལྷུན་གྲུབ་ཏུ་ཤེས་པར་མཛོད་ཅིག །རྨ་བྱའི་མདོངས་སྒྲོ་མེ་ལོང་དུ་འཆར་བ་བསྟན་ལ། ཨ༔ དབྱིངས་ནི་རྣམ་པར་དག་པའི་རང་བཞིན་ལ༔ ཐིག་ལེ་གསལ་བའི་སྒྲོན་མ་རང་ལས་བྱུང༔ གཉིས་སུ་མེད་པའི་རང་གདངས་ངོ་མཚར་ཅན༔ ལྷུན་གྱིས་གྲུབ་པའི་ངང་དུ་བལྟ་བར་བྱ༔ རྩ་སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཁྱེད་རང་རྣམས་སྒོ་གསུམ་མ་བཅོས་ལྷུག་པར་ཀློད་ལ་ལྟ་སྟངས་གཡོ་བ་མེད་པས་མདུན་གྱི་ནམ་མཁའི་དབྱིངས་ལ་རང་བབས་སུ་ལྟོས་ཤིག །ཧཱུྃ༔ ཕྱི་ནང་དབྱིངས་རིག་གཉིས་སུ་མེད་པ་ལ༔ གཉིས་སུ་འཛིན་པའི་ཀུན་བརྟགས་བློ་ལས་འདས༔ ཆོས་དབྱིངས་ཁྱབ་བརྡལ་འོད་གསལ་ཟང་ཐལ་ལེ༔ འདི་ཞེས་བརྗོད་ཚིག་བྲལ་བར་དབྱིངས་རིག་བསྲེས༔ རྩ་སྔགས་མཐར། ཨ་ཨ་ཨ༔ སེམས་དུས་གསུམ་གྱི་རྟོག་པས་མ་བསླད་པར་ཐ་མལ་གྱི་ཤེས་པ་སོར་བཞག་རང་བབས་གཉུག་མའི་གཤིས་ལུགས་དེ་ཁོ་ན་ཉིད་ཀྱི་ངང་དུ་མཉམ་པར་ཞོག་ཅིག །ཧཱུྃ༔ ཡེ་ནས་རྣམ་པར་དག་པའི་གཞི་ཐོག་ཏུ༔ བྱ་རྩོལ་བྲལ་བའི་བདེ་ཆེན་མཐར་ཕྱིན་ནས༔ འབྲས་བུ་རང་ལས་རྙེད་པ་ངོ་མཚར་ཆེ༔ དོན་དམ་དམིགས་མེད་མྱོང་བ་ངོས་གཟུང་བྲལ༔ ངོ་བོ་རང་བཞིན་ཐུགས་རྗེ་རྣམ་པ་གསུམ༔ དབྱེར་མེད་མི་ཕྱེད་དབྱིངས་རིག་གཉིས་སུ་མེད༔ མཐར་ཐུག་འབྲས་བུའི་ས་ལ་ཕྱིན་པ་འོ༔ རྩ་སྔགས་མཐར། དྷརྨ་ཀཱ་ཡ་ཨ༔ ཞེས་ཅུང་ཟད་མཉམ་པར་གཞག །དེས་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་མཐར་ཐུག་ཚིག་གི་དབང་ཆེན་རབ་འབྱམས་རིམ་དང་ཆིག་རྫོགས་སུ་ཐོབ་པ་ཡིན་ནོ། །དེ་ནས་གོང་བཞིན། ནམ་མཁའ་གང་བའི་རྩ་གསུམ་རྒྱ་མཚོའི་ཚོགས་ཀྱིས་བཀྲ་ཤིས་སོགས་ཀྱིས་མཚམས་སྦྱར་ལ་ཤིས་བརྗོད་གང་འོས་བྱ། དེ་ལྟར་ན་དེ་དག་རྣམས་ཀྱི་སྒོ་ནས་ཇི་སྐད་དུ། དེ་ལྟར་རྣམ་པ་ཉི་ཤུས་བྱང་ཆུབ་པའི༔ བདེ་བ་ཆེན་པོའི་ཟབ་དབང་བསྐུར་བ་ནི༔ ཀུན་ལ་མ་ཡིན་བློ་ཆེན་ལྡན་ལ་གཏད༔ ཅེས་ཤིན་ཏུ་ཟབ་ཅིང་རབ་ཏུ་གཅེས་པའི་གཙིགས་སུ་བསྔགས་པར་མཛད་པ་བླ་མའི་ཟབ་དབང་ཉི་ཟླའི་རྒྱ་ཅན་ཐུན་མོང་མ་ཡིན་པ་ཉིད་ལེགས་པར་ཐོབ་པ་ལགས་སོགས་ཀྱི་མཚམས་སྦྱར་ཏེ་དམ་ཚིག་ཁས་ལེན། གཏང་རཀ་མཎྜལ་ལུས་ལོངས་སྤྱོད་དབུལ་བ། དགེ་བསྔོ་བཅས་ཀྱི་སློབ་མ་རྣམས་གྲོལ་ལོ།། །།གསུམ་པ་རྗེས་མཐའ་རྒྱས་ཀྱི་རིམ་པ་ནི། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་བསྔོ་བ་སོགས་ཆོ་གའི་རྗེས་ཀྱི་བྱ་བ་རྣམས་མཐར་ཆགས་སུ་བཏང་བས་གྲུབ་བོ། །རང་གནས་སྐུ་བཞིའི་ཡེ་ཤེས་ཉིད། །སད་བྱེད་རྡོ་རྗེའི་གཏོར་བླུགས་ཀྱི། །ཆོ་ག་ཟབ་དབང་བདུད་རྩིའི་སྐྱེས། །སྐལ་བཟང་འདོད་འཇོའི་དཔྱིད་དུ་གྲུབ། །སྡེ་གསུམ་སྤྱི་ལ་གཅེས་པ་ཟབ་དབང་ཉི་ཟླའི་རྒྱ་ཅན་གྱི་ལེའུ་ཚན་ནོ།། །། ༄༅། །སྭསྟི། མི་འགྱུར་ཡེ་ཤེས་གཅིག་ཉིད་ལས། །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་གར། །རིག་འཛིན་རྒྱ་མཚོར་གུས་བཏུད་ནས། །གང་དེའི་དགོངས་ཉམས་རྩལ་དབང་དབྱེ། །རྫོགས་པ་ཆེན་པོ་སྡེ་གསུམ་ལས་ཕྱི་སྐོར་སེམས་སྡེའི་བླ་མ་འགྲོ་འདུལ་སུམ་ཅུ་རྩ་གཅིག་གི་སྒྲུབ་དབང་བསྐུར་བ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། མདུན་དཀྱིལ་རས་བྲིས་སྤྱི་མཐུན་ནམ་མནྜལ་ལ་མེ་ཏོག་གི་ཚོམ་བུ་གཅིག་བཀོད་པའི་ཁར་འཕྲུལ་སྟེགས་ལ་གྲུབ་ཐོབ་སུམ་ཅུ་རྩ་གཅིག་གི་སྐུ་འབག་བཤམ། ཕྱི་ནང་གི་མཆོད་པ་གང་འབྱོར་དང་། ཚོགས་ཀྱི་ཡོ་བྱད་སོགས་ཆོ་གར་འོས་པའི་རིགས་རྣམས་འདུ་བྱས་ལ། བླ་མའི་བསྐྱེད་རིམ་བྱང་བུ་ཁྲིགས་བསྡེབས་ཀྱི་གཞུང་བསྲང་ནས་བཟླས་པ་ཅི་འགྲུབ་དང་ཚོགས་མཆོད་རྒྱས་པར་བྱ། རྣམ་བུམ་བསྒྲུབ་པ་མི་དགོས་ཤིང་། ལས་བུམ་རྡོར་སེམས་བསྐྱེད་བཟླས་ཀྱིས་བྱིན་བརླབ་བོ།། །།གཉིས་པ་སྒྲུབ་དབང་དངོས་ནི། སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་བསྐྲད་ལ་སྲུང་འཁོར་བསྒོམ། མཎྜལ་བཀྱེ་བསྡུ་དང་། སེམས་བསྐྱེད་གསལ་བཏབ་ལ་ལོ་རྒྱུས་ཀྱི་ཁྱད་པར། དེ་ལ་འདིར་སྐབས་སུ་བབས་པའི་འཆད་བྱ་གསང་སྔགས་སྔ་འགྱུར་བའི་རང་སྐད་ཐུན་མིན་བླ་མེད་ཡོ་ག་སྐོར་གསུམ་ཞེས། ཆོས་ཐམས་ཅད་སེམས་ཉིད་སྣང་སྟོང་དབྱེར་མེད་པའི་ཆོ་འཕྲུལ་དུ་རྟོགས་པས་ཐབས་བསྐྱེད་པའི་རིམ་པ་དང་སྤྱོད་པ་གཙོ་བོར་བརྟེན་པ་རྒྱུད་མ་ཧཱ་ཡོ་ག །ཆོས་ཐམས་ཅད་སེམས་ཉིད་དབྱིངས་ཡེ་གཉིས་སུ་མེད་པའི་རྩལ་དུ་རྟོགས་པས་ཤེས་རབ་རྫོགས་པའི་རིམ་པ་དང་ཏིང་ངེ་འཛིན་གཙོ་བོར་བརྟེན་པ་ལུང་ཨ་ནུ་ཡོ་ག །ཆོས་ཐམས་ཅད་ཡེ་ནས་སྐྱེ་འགག་མེད་པར་རང་བྱུང་གི་ཡེ་ཤེས་རང་སྣང་བར་རྟོགས་པས་ཡེ་ཐོག་ཏུ་གྲོལ་བར་བྱེད་པའི་ཐབས་སྤང་བླང་རེ་དོགས་དང་བྲལ་བས་ལྟ་བ་ལ་གཙོ་བོར་བརྟེན་པ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་སྟེ། དེ་ལྟར་བསྐྱེད་རྫོགས་རྣམ་པ་གསུམ་དུ་དབྱེ་བ་ལས་འདིར་མན་ངག་རྫོགས་པ་ཆེན་པོ། དེའང་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་རྒྱ་ཆད་ཕྱོགས་ལྷུང་མེད་པ་ཐེག་པ་ཀུན་གྱི་དོན་ཐམས་ཅད་ཡོངས་སུ་རྫོགས་པས་རྩེ་མོར་གྱུར་པ་སྟེ། ཀུན་བྱེད་རྒྱལ་པོ་ལས། གཅིག་རྫོགས་གཉིས་རྫོགས་སེམས་སུ་རྫོགས། །གཅིག་རྫོགས་སེམས་ཀྱི་བྱས་པར་རྫོགས། །གཉིས་རྫོགས་ཕུན་སུམ་ཚོགས་པར་རྫོགས། །ཀུན་རྫོགས་བྱང་ཆུབ་སེམས་སུ་རྫོགས། །ཞེས་གསུངས། དེས་ན་མ་ཧཱ་དང་ཨ་ནུ་མན་ཆད་ཐམས་ཅད་རྩོལ་སྒྲུབ་ཀྱི་བླང་དོར་བྱས་པས་རེ་དོགས་ཀྱི་དྲི་མས་རང་བྱུང་གི་ཡེ་ཤེས་ལ་སྒྲིབ་པའི་ཕྱིར་རྫོགས་ཆེན་གྱི་གོལ་སར་བཤད་དེ། ནམ་མཁའ་དང་མཉམ་པའི་རྒྱུད་ལས། མ་ཧཱ་རྡོ་རྗེ་འཆང་འདོད་པས། །ཐབས་དང་ཤེས་རབ་སྒོར་ཞུགས་ནས། །རང་རྒྱུད་དག་པའི་དཀྱིལ་འཁོར་ལ། །བསྙེན་སྒྲུབ་རྣམ་བཞིས་སྒྲུབ་པར་བྱེད། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྩོལ་སྒྲུབ་འདས་པའི་བྱང་ཆུབ་སེམས། །རྩོལ་སྒྲུབ་འདས་པ་མ་ཧཱས་སྒྲིབ། །རྫོགས་ཆེན་རྩོལ་སྒྲུབ་བྱེད་པ་ནི། །མ་ཧཱ་ཡོ་གར་གོལ་བར་བཤད། །ཨ་ནུ་དབྱེར་མེད་ས་འདོད་པ། །དབྱིངས་དང་ཡེ་ཤེས་སྒོར་ཞུགས་ནས། །འདི་ལྟར་སྣང་བའི་ཆོས་རྣམས་ལ། །རྒྱུ་ནི་དག་པའི་དབྱིངས་ལྟ་བ། །འབྲས་བུ་ཡེ་ཤེས་དཀྱིལ་འཁོར་ལྷ། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྒྱུ་འབྲས་འདས་པའི་བྱང་ཆུབ་སེམས། །རྒྱུ་འབྲས་འདས་པ་ཨ་ནུས་སྒྲིབ། །རྫོགས་ཆེན་རྒྱུ་འབྲས་གཉིས་ལྟ་ན། །ཨ་ནུ་ཡོ་གར་གོལ་བར་བཤད། །ཅེས་གསུངས། རྒྱུ་མཚན་དེའི་ཕྱིར་ཨ་ཏི་ཡོ་ག་ནི་བྱ་རྩོལ་དང་བྲལ་བའི་ཡེ་ཤེས་ལ་དབང་བསྒྱུར་པ་སྟེ། ཀུན་བྱེད་ལས། ཀྱཻ་སེམས་དཔའ་ཆེན་པོ། རྫོགས་པ་ཆེན་པོའི་ལྟ་སྤྱོད་ནི། །རྒྱུ་འབྲས་སྒྲུབ་དང་མི་འདྲ་སྟེ། །ལྟ་སྤྱོད་བྱང་ཆུབ་སེམས་འདི་ནི། །ནམ་མཁའ་ལྟ་བུའི་རང་བཞིན་ཏེ། །ནམ་མཁའ་ལ་ནི་རྟོག་དཔྱོད་འདས། །ཞེས་སོགས་རྒྱ་ཆེར་གསུངས་ཤིང་། ནམ་མཁའ་ཆེ་ལས་ཀྱང་། རང་བྱུང་ཡེ་ཤེས་རྩོལ་མེད་ལས། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །ཞེས་གསུངས། རྫོགས་པ་ཆེན་པོ་དེ་ལ་དབྱེ་ན། ཨ་ཏི་བཀོད་པ་ཆེན་པོ་ལས། ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་བྲལ་ལ་མན་ངག་སྡེ། །ཞེས་པས། སེམས་སྡེ་ཀློང་སྡེ་མན་ངག་གི་སྡེ་དང་གསུམ་ལས་འདིར་སེམས་སྡེ། དེ་ལ་སྔ་འགྱུར་ལྔ་དང་ཕྱི་འགྱུར་བཅུ་གསུམ་སྟེ་མ་བུ་བཅོ་བརྒྱད་དུ་གནས་པའི་རྒྱུད་ཀྱི་དགོངས་པའི་ཉིང་ཁུ་ཟབ་མོ་སྟེ། དེ་ལའང་རིང་བརྒྱུད་བཀའ་མ་དང་། ཉེ་བརྒྱུད་གཏེར་མའི་བཀའ་སྲོལ་གཉིས་སུ་བཞུགས་པ་ལས། འདིར་ཤིན་ཏུ་ཟབ་པ་ཉེ་བརྒྱུད་གཏེར་མ། ཀུན་བཟང་རྡོ་རྗེ་སེམས་དཔའི་ཐུགས་བཅུད། སངས་རྒྱས་གཉིས་པ་པདྨ་ཀ་རའི་མན་ངག །བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་སྔ་ན་མེད་པའི་ངོ་མཚར་རྨད་དུ་བྱུང་བ། ཟབ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་ནང་ཚན་ཕྱི་སྐོར་སེམས་སྡེའི་རིག་འཛིན་བླ་མ་འགྲོ་འདུལ་སུམ་ཅུ་རྩ་གཅིག་གི་བྱིན་རླབས་རྩལ་དབང་ཟབ་མོ་སྒྲུབ་པ་སྐབས་སུ་བབ་པ་ཡིན། དེ་ལ་བདག་ཉིད་སློབ་དཔོན་གྱིས་བགྱི་བར་འོས་པ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །སྙིམ་པ་མེ་ཏོག་གིས་བཀང་བའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཟུང་འཇུག་དགོངས་པ་བརྙེས་པ་ཡི༔ འགྲོ་འདུལ་སུམ་ཅུ་རྩ་གཅིག་གི༔ བྱིན་རླབས་བརྩེ་བས་གནང་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་བསྐུར་ཐོབ་བྲལ་བའི་དབང་བསྐུར་ཡེ་ནས་རང་ལ་རྫོགས་པར་གདམས་པའི་སྒོ་ནས་ལན་སྦྱིན་པ་འདི་ལ་གསན་པས་ཁྱབ་སྟེ། སྤྱིར་ནི་འགྲོ་འདུལ་ལྔ་བཅུ་རྩ་བརྒྱད་པོ༔ ཐམས་ཅད་ཟུང་འཇུག་མངོན་གྱུར་ཀུན་ཏུ་བཟང༔ དགོངས་པ་རང་བྱུང་ནམ་མཁའི་རྣལ་འབྱོར་ཚོགས༔ ཡེ་ཤེས་སྐུ་ཅན་འཁོར་འདས་ཡོངས་ལ་ཁྱབ༔ བཞུགས་ཡུལ་ཞིང་ཁམས་གཞན་དུ་བཙལ་མི་འཚལ༔ ད་ལྟའི་ནམ་མཁའ་འདིར་ཡང་རྣལ་འབྱོར་རྣམས༔ རང་གི་སེམས་ཉིད་འདི་ལའང་བླ་མས་ཁྱབ༔ བསྐུར་བྱ་སྐུར་ཐབས་བསྒྲུབ་དང་སྒྲུབ་ཐབས་མེད༔ རྣལ་འབྱོར་ལྟ་བའི་ངང་ལ་སྒྲུབ་དབང་རྫོགས༔ ཞེས་དང་། དེ་ལ་རང་གནས་ཡེ་ཤེས་ཀྱི་ཚོགས་གསག་པའི་ཆེད་དུ་ལྟ་བའི་རྒྱལ་པོ་ཡས་འབུབ་ཀྱི་མཆོད་པ་འབུལ་བར་གདམས་པ་སྟེ། ཨེ་མ་ཧོ་བདེ་གཤེགས་བླ་མ་རྣམས༔ བསམ་གྱིས་མི་ཁྱབ་ཆོས་ཉིད་ཀློང༔ ཀུན་ཏུ་བཟང་པོའི་རྣལ་འབྱོར་ཡིན༔ ལྟ་བའི་རྒྱལ་པོའི་མཆོད་པ་འབུལ༔ དེའང་རང་རིག་གདོད་ནས་རྣམ་པར་དག་པ་རིག་རྩལ་བླ་མའི་ལྷ་ཚོགས་རྣམས་ཀྱི་སྤྱན་སྔར་གནས་ལུགས་ལྟ་བ་མཇལ་བའི་ཕྱག་འཚལ་ཞིང་གང་ཤར་ཆོས་ཉིད་ཀྱི་རྒྱན་དུ་རིག་པའི་མཆོད་པ་འབུལ་བ་སྔོན་དུ་འགྲོ་བས། གློ་བུར་འཁྲུལ་པའི་མུན་ཁུང་བརྟོལ་ཏེ་འོད་གསལ་སྣང་བའི་དགའ་སྟོན་སྩོལ་བར་གསོལ་བ་གདབ་པ་འདིའི་རྗེས་ཟློས། གདོད་ནས་དག་པའི་ཀུན་བཟང་བླ་མ་ལ༔ མཚན་འཛིན་འཁྲུལ་པའི་བསྐང་བཤགས་མི་འཚལ་ཞིང༔ གཉིས་སུ་འཛིན་པའི་ཕྱག་འཚལ་མོས་གུས་བྲལ༔ དེ་བས་རང་རིག་ཀློང་དུ་ཕྱག་འཚལ་ལོ༔ གཉིས་སུ་མེད་པའི་མཆོད་སྤྲིན་རྒྱ་མཚོས་མཆོད༔ བསམ་ལས་འདས་པའི་ངང་དུ་ཐུགས་དམ་བསྐང༔ བརྗོད་མེད་བརྗོད་པ་ཐམས་ཅད་མཐོལ་ལོ་བཤགས༔ ཨེ་མ་ཧོ་བདེ་གཤེགས་བླ་མ་རྣམས༔ ཀུན་བཟང་དགོངས་ཀློང་སེམས་སུ་རྫོགས་པ་ལ༔ ཕྱི་ནང་གཉིས་མེད་སྤྲོས་པའི་མཐའ་ལས་འདས༔ ཆོས་དབྱིངས་ཀློང་ཆུབ་ངང་དུ་ཕྱག་འཚལ་ལོ༔ ཨེ་མ་ཧོ་རང་རིག་བླ་མ་རྣམས༔ འཁོར་འདས་ཐམས་ཅད་ས་ལེར་མཐོང་བ་ལ༔ གཉིས་སུ་མེད་པའི་དབྱིངས་སུ་ལྷུན་རྫོགས་པས༔ མཐོང་བྱ་མཐོང་མཁན་མེད་ལ་ཕྱག་འཚལ་ལོ༔ ཨེ་མ་ཧོ་བདེ་གཤེགས་བླ་མ་རྣམས༔ ཕྱི་ནང་ནམ་མཁའ་ཀུན་ལ་སྐུ་ནི་ཡོངས་སུ་ཁྱབ་པ་ཉིད༔ བཞུགས་པའི་ཡུལ་ནི་ཕྱོགས་བཅུའི་འཇིག་རྟེན་དག་ན་མཆིས༔ གློ་བུར་དྲི་མའི་རྣམ་རྟོག་བསལ་ཕྱིར་གཟུགས་སྐུར་བཞེངས་པ་རྣམས༔ མཚན་འཛིན་འཁྲུལ་པ་འདི་དག་མྱུར་དུ་བསལ་བར་མཛད་དུ་གསོལ༔ ཞེས་གསོལ་བ་བཏབ། སློབ་དཔོན་གྱིས་རིག་འཛིན་བླ་མ་རྣམས་ལ་ཐུགས་དམ་བསྐུལ་བའི་སླད་དུ་གསོལ་བ་གདབ་པར་བྱ་བ་ཡིན་ཏེ། ཨེ་མ་ཧོ༔ བདེ་གཤེགས་བླ་མ་འགྲོ་འདུལ་ལྔ་བཅུ་རྩ་བརྒྱད་རྣམས༔ དམིགས་མེད་ཆོས་ཀྱི་སྐུ་ལས་ད་ལྟ་བཞེངས་སུ་གསོལ༔ ཕྱི་སྐོར་བླ་མ་སུམ་ཅུ་རྩ་གཅིག་སྣང་བར་མཛོད༔ ཡེ་ཤེས་སྐུ་ཡིས་སློབ་མར་བྱིན་རླབས་དབང་ཆེན་ད་ལྟ་བསྐུར་དུ་གསོལ༔ ཞེས་གསོལ་བ་བཏབ། སློབ་དཔོན་ཉིད་རིག་འཛིན་བླ་མའི་སྐུར་བཞུགས་པའི་དྲུང་དུ། ཁྱེད་རང་རྣམས་ཀྱང་རིག་འཛིན་བླ་མ་སུམ་ཅུ་རྩ་གཅིག་གི་སྐུ་འདི་བཞིན་དུ་གསལ་ཐོབས་ཤིག །ལྟ་བ་རང་བཞིན་དགོངས་ཀློང་མཁར༔ ཞེས་སོགས་རྟེན་གྱི་བྱང་བུ་མཐར་ཆགས་སུ་བཏང་ནས། བྱིན་རླབས་འོད་ཕུང་འབར་བར་བསམ༔ བར་བྱ། དེ་ལྟར་གསལ་བཞིན་པ་ལ་རིག་འཛིན་བླ་མ་རྣམས་ཀྱིས་དོ་ཧ་རྡོ་རྗེའི་གླུ་དགོངས་པ་མི་གཡོ་བའི་ངང་ནས་བླངས་པ་དང་ཆབས་ཅིག །རང་འདྲའི་སྐུ་གཉིས་པ་རེ་བྱུང་སྤྱི་བོ་ནས་ཐིམ་པས་སྐུའི་བྱིན་རླབས་དང་། རྡོ་རྗེའི་བཟླས་པ་བྱ་བ་གསུང་གི་བྱིན་རླབས་དང་། རིག་འཛིན་བླ་མ་རྣམས་རང་རིག་ཏུ་རྫོགས་པའི་ངང་དུ་མཉམ་པར་གཞག་པ་ཐུགས་ཀྱི་བྱིན་རླབས་ཡིན་པས། ཁྱེད་རང་རྣམས་དགོངས་པ་སྐྱེ་མེད་ཀྱི་ངང་ལས་མ་གཡོས་བཞིན་དུ་གྲགས་སྟོང་རྡོ་རྗེའི་གླུ་བླང་བ་འདི་ལ་སྙན་གྱི་དབང་པོ་རྩེ་གཅིག་ཏུ་གཏོད་པ་ཞུ། ཤྲཱི་སིཾ་ཧའི་སྐུ་ཙཀ་ཐོགས་ལ། སློབ་དཔོན་ཤྲཱི་སིཾ་ཧས་བསམ་གཏན་གྱི་ཁང་བུར་རྡོ་རྗེའི་གླུ་ཕྱི་མ་བླངས་པ་འདི་སྐད་ལོ། །ཇི་ལྟར་བསམ་ཡང་མི་རྟོག་ངང༔ ཇི་ལྟར་སྨྲས་ཀྱང་སྒོམ་པ་མེད༔ སྣང་སྲིད་ཆོས་ཀུན་ཡེ་ཤེས་ངང༔ ཡེ་ཤེས་བཙལ་དུ་མེད་པ་འདི༔ རང་བྱུང་རང་ཤར་ཐལ་ལེ་བ༔ ང་ནི་དེང་ཕྱིན་གཞི་ལ་གནས༔ གཞི་ནི་མ་བཅོས་ལྷུག་པར་འདུག༔ མཚན་ཉིད་ཀུན་ལྡན་འོད་གསལ་བ༔ ཅིར་ཡང་མ་ཡིན་ཅིར་ཡང་རྟོགས༔ ལྟ་བ་མཐར་ཕྱིན་ཤྲཱི་སིཾ༔ སྒོམ་པའི་བློ་དང་བྲལ་འདོད་ནས༔ གསལ་བ་འདི་ལ་ལམ་བྱས་པས༔ གཏད་སོ་མེད་པའི་ཉམས་ཤིག་ཤར༔ རྒྱུན་ཆད་མེད་པའི་ཤྲཱི་སིཾ༔ སྤྱོད་པ་སྤྱད་རྒྱུ་འདུག་གམ་བལྟས༔ ཅི་བྱས་ཐམས་ཅད་བདེ་བ་ཆེ༔ གང་བྱུང་ཐམས་ཅད་དགའ་བའི་ངང༔ ཟུང་འཇུག་མངོན་གྱུར་ཤྲཱི་སིཾ༔ འབྲས་བུ་འཐོབ་པར་བྱ་བའི་ཕྱིར༔ གཞི་ཡི་སྟེང་དུ་མཉམ་པར་བཞག༔ འཇམ་དཔལ་བཤེས་གཉེན་གདམས་པ་སྟེ༔ སེམས་ཀྱི་ཀློང་ནས་གཏེར་དུ་རྙེད༔ རྣམ་ཤེས་ཡུལ་དབང་ཀུན་གཞི་རྣམས༔ སོ་སོར་དབྱེར་མེད་དམིགས་སུ་མེད༔ གང་ཡང་འདི་ཞེས་མེད་པ་ཡི༔ བདེ་བ་ཆེན་པོར་ཨ་ལ་ལ་ཧོ༔ ཞེས་བླངས་ལ་སྐུ་ཙཀ་སྤྱི་བོར་བཞག །ཨ་སུམ་སྦྲེལ་གྱི་རྡོ་རྗེའི་བཟླས་པ་མཛད་པ་ཞུ། ཞེས་རྡོར་བཟླས་ལན་བདུན་ནམ་གསུམ་ཙམ་བྱ། ཤྲཱི་སིཾ་ཧ་རང་རིག་ཏུ་རྫོགས་པའི་ངང་དུ་མཉམ་པར་ཞོག་ཅིག །ཅེས་དགོངས་པའི་ངང་དར་ཅིག་བསྐྱང་། ࿊ དེ་བཞིན་དུ་ལིཙྪ་བི་དྲི་མེད་གྲགས་པའི་སྐུ་ཐོགས་ལ། རིན་པོ་ཆེའི་ཁང་བཟང་ནས་སྐྱ་རེང་དང་པོ་ཤར་བ་དང་དུས་མཚུངས་པར་ལིཙྪ་བི་དྲི་མེད་གྲགས་པས་འདི་སྐད་ལོ། །ཨ་ཧོ༔ གསང་སྔགས་ནམ་མཁའི་རྣལ་འབྱོར་དྲི་མེད་གྲགས་པ་ང༔ ཡུལ་ལ་ཞུགས་པའི་སེམས་རྣམས་ཐམས་ཅད་དབྱིངས་ཉིད་དེ༔ ཅོག་གཞག་ལྷུག་པར་བཞག་པའི་རིག་པ་འདི་ཀ་རང༔ ཕྱི་ནང་གཉིས་མེད་ཟང་ཐལ་ཀུན་ཏུ་འོད་གསལ་བའོ༔ ཞེས་དང་། ཨ་སུམ་སྦྲེལ་གྱི་རྡོ་རྗེའི་བཟླས་པ་མཛད་པ་ཞུ། ལིཙྪ་བི་དྲི་མེད་གྲགས་པ་ རང་རིག་ཏུ་རྫོགས་པའི་ངང་དུ་མཉམ་པར་ཞོག་ཅིག །ཀླུ་རྒྱལ་བྱང་ཆུབ་སེམས་དཔའི་སྐུ་ཐོགས་ལ། རིན་པོ་ཆེའི་ཁང་བཟང་དགུ་རིམ་ནས་སེམས་རིག་གཉིས་སུ་མེད་པར་འབྱེད་པའི་དུས་ཀྱི་ཚེ་ཀླུ་རྒྱལ་བྱང་ཆུབ་སེམས་དཔས་འདི་སྐད་ལོ། །རང་གིས་རང་བཅིངས་བཅིང་བ་དམ་པོའི་མ་རིག་པ༔ གང་གིས་དགྲོལ་དུ་མེད་དེ་རང་བྱུང་རང་གྲོལ་ལོ༔ ཡེ་ནས་རང་བྱུང་རིག་པར་ཤེས་པས་མ་བཅོས་བྱར་མེད་པ༔ གང་དུའང་མི་གནས་བསྒོམ་བྱའི་བློ་དང་བྲལ་བ་འོ༔ ཞེས་དང་། གོང་བཞིན་རྡོར་བཟླས་དང་མཉམ་གཞག་བྱ་བ་འོག་མ་རྣམས་ལ་འགྲེ། ࿊ རྒྱལ་པོ་ཛཿའི་སྐུ་ཐོགས་ལ། མཁའ་འགྲོ་མའི་ཚོགས་ཁང་ཆེན་མོར་ཉི་མ་འཆར་ཀ་དང་དུས་མཚུངས་པར་སྐལ་ལྡན་རྒྱལ་པོ་ཛཿས་འདི་སྐད་ལོ། །བདག་ནི་སྐལ་ལྡན་རྒྱལ་པོ་ཛ༔ སྒྱུ་མ་བདེ་བའི་ལམ་བྱས་ཏེ༔ རྫོགས་པ་ཆེན་པོའི་དོན་བསྒོམས་པས༔ ཚོགས་དྲུག་ཡུལ་གྱི་སྣང་བ་ཀུན༔ སྤང་བླང་རྩིས་གདབ་མེད་པ་རུ༔ རང་ཤར་རང་གྲོལ་བདེ་བའི་ངང༔ བློ་འདས་བྱར་མེད་ཆེན་པོར་རྫོགས༔ རྡོར་བཟླས་དགོངས་གཞག་བྱ། ལྷ་དབང་བརྒྱ་བྱིན་གྱི་སྐུ་ཐོགས་ལ། རྣམ་པར་རྒྱལ་བའི་ཁང་བཟང་དུ་སེམས་བདེ་བ་ཆེན་པོ་དུས་ལས་འདས་པའི་ཚེ་ལྷ་ཡི་དབང་པོས་འདི་སྐད་ལོ། །ལྷ་དབང་བརྒྱ་བྱིན་བདེ་ཆེན་རང་གསལ་བདག་ཉིད་ནི༔ བདེ་བའི་ཡུལ་ལ་མ་ཞེན་སྣང་བ་སྒྱུ་མར་རྟོགས༔ རང་གྲོལ་དམིགས་སུ་མེད་ལ་ཅིར་སྣང་བརྗོད་པ་བྲལ༔ ཆོས་ཉིད་ཀློང་དུ་རང་ཤར་རང་གྲོལ་ཕ་མཐར་སོན༔ རྡོར་བཟླས་དགོངས་གཞག་བྱ། གནོད་སྦྱིན་སྐར་མདའ་གདོང་གི་སྐུ་ཐོགས་ལ། ནོར་བུས་བརྒྱན་པའི་ཤིང་གི་དྲུང་ན་སེམས་རིག་མ་བུ་འདྲེས་པའི་དུས་ཀྱི་ཚེ་གནོད་སྦྱིན་སྐར་མདའ་གདོང་གིས་འདི་སྐད་ལོ། །ཆོས་དབྱིངས་རང་གསལ་སེམས་ལ་ཡོངས་སུ་རྫོགས་པ་ལས༔ ཀུན་ཏུ་བཟང་པོས་མ་གཟིགས་ལྟ་བ་ཀློང་ཡངས་དེ༔ མེད་པར་བསྒྲུབ་མེད་ཡེ་ཤེས་འོད་གསལ་སྙིང་པོ་སྟེ༔ སྒྱུ་མའི་ལུས་ཀྱི་རྒྱ་ཞིག་གསལ་རྫོགས་ནམ་མཁའི་རྒྱལ་པོར་འདྲེས༔ རྡོར་བཟླས་དགོངས་གཞག་བྱ། སྲིན་པོ་བློ་གྲོས་ཐབས་ལྡན་གྱི་སྐུ་ཐོགས་ལ། རི་བོ་གནམ་ལྕགས་འབར་བའི་རྩེ་མོ་ནས་སྐྱ་རེངས་གཉིས་པ་ཤར་བ་ན་སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་འདི་སྐད་ལོ། །ཤར་གྲོལ་དུས་མཉམ་བྱུང་བའི་བློ་གྲོས་ཐབས་ལྡན་བདག༔ དམིགས་མེད་ནམ་མཁའི་ངང་དུ་ཡེ་ནས་གནས་པ་ལས༔ འོད་གསལ་དག་པའི་ཡེ་ཤེས་ཉི་མ་སེམས་ལས་ཤར༔ གསལ་སྟོང་ཟུང་འཇུག་ཉི་མ་དྭངས་གསལ་ནམ་མཁའ་ཉིད་དང་མཚུངས༔ རྡོར་བཟླས་དགོངས་གཞག་བྱ། ࿊ དགའ་རབ་རྡོ་རྗེའི་སྐུ་ཐོགས་ལ། ཆོས་ཀྱི་དབྱིངས་ནས་རྡོ་རྗེ་སེམས་དཔའི་དྲུང་དུ་སེམས་ཉིད་འོད་གསལ་བའི་དུས་སུ་རིག་འཛིན་དགའ་རབ་རྡོ་རྗེས་འདི་སྐད་ལོ། །ང་ནི་མི་ཡི་རིག་འཛིན་དགའ་རབ་རྡོ་རྗེ་སྟེ༔ སེམས་ལ་བལྟ་བའི་ཡུལ་མེད་འཛིན་པ་རང་སར་དག༔ སྒོམ་པའི་བློ་དང་བྲལ་ནས་གསལ་དང་མི་གསལ་མེད༔ སྤྱོད་པ་ཅི་དགར་བཏང་བས་རེ་དོགས་རྩིས་གདབ་བྲལ༔ འབྲས་བུ་འོད་གསལ་སྙིང་པོའི་ཀློང་དུ་རང་བཞིན་གྲོལ༔ རྡོར་བཟླས་དགོངས་གཞག་བྱ། རྒྱལ་པོ་དྷ་ཧ་ནའི་སྐུ་ཐོགས་ལ། ཁྱུང་ཆེན་གྱི་དགོངས་པ། ཆོས་ཉིད་ཀློང་རྡོལ་གླུ་ཡི་བསམ་གཏན། ཙན་དན་གྱི་ནགས་ཚལ་དུ་ནམ་གྱི་གུང་ལ། རྒྱལ་པོ་དྷ་ཧི་ན་ཏ་ལོས་འདི་སྐད་ལོ། །ཧོ༔ བདག་ནི་དྷ་ཧེ་ཏ་ལོ་སྟེ༔ རིག་པ་བདེ་བརྡལ་བྱང་ཆུབ་སེམས༔ དབང་བསྐུར་དཀྱིལ་འཁོར་ཆོ་ག་མེད༔ རང་གིས་རང་ཉིད་རང་གསལ་བས༔ འཁོར་འདས་ཆོས་ཚིག་དེར་ཟད་དོ༔ གྷི་ཏ་མ་ཀོ་ས་ལ་ཨ་ཧོ༔ རྡོར་བཟླས་དགོངས་གཞག་བྱ། འཆི་མེད་པདྨ་འབྱུང་གནས་ཀྱི་སྐུ་ཐོགས་ལ། འཆི་མེད་པདྨ་འབྱུང་གནས་རྡོ་རྗེའི་གླུ༔ རང་བྱུང་རང་ཤར་ཆོས་ཉིད་བསྟན་པའི་ཚེ༔ ལྷུན་གྲུབ་བརྩེགས་ཀྱི་བམ་རོའི་ཚལ་ཆེན་དུ༔ པདྨ་འབྱུང་གནས་བརྟུལ་ཞུགས་སྤྱོད་པའི་ཚེ༔ ཨ་ཧོ༔ ཤར་གྲོལ་དུས་མཉམ་རིག་པ་ཐོལ་བྱུང་ནི༔ འཇིགས་མེད་སྣང་མེད་འཛིན་མེད་ངང་དུ་སྤྱོད༔ ཀློང་ལས་ཤར་བའི་ཆོ་འཕྲུལ་ཅིར་བསྟན་ཀྱང༔ འཁོར་འདས་མཉམ་པ་ཉིད་དུ་བརྡལ་བ་འོ༔ རྡོར་བཟླས་དགོངས་གཞག་བྱ། རཱ་ཛ་ཧསྟིའི་སྐུ་ཐོགས་ལ། རིག་པའི་ཁྱུ་བྱུག་གི་དགོངས་པ། རིག་པ་ཀློང་རྡོལ་གླུའི་བསམ་གཏན། ཙནྡན་གོར་ཤིརྵའི་ཚལ་དུ་ནམ་གྱི་ཆ་སྟོད་ལ། སྲས་ཐུ་བོ་རཱ་ཛ་ཧསྟིས་འདི་སྐད་ལོ། །ཧོ༔ བདག་ནི་རཱ་ཛ་ཧསྟི་སྟེ༔ དམྱལ་བ་བཙོ་སྲེག་སྣང་ཡང་རང་སེམས་མདངས༔ སངས་རྒྱས་ཞིང་ཁམས་སྣང་ཡང་རང་སེམས་རྩལ༔ གཉིས་མེད་གཉིས་སུ་བྱར་མེད་ཐ་མི་དད༔ དགོངས་པའི་དོན་དྲིལ་ཚིག་དེའི་བཅུད་ཁུག་ཅིག༔ གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ རྡོར་བཟླས་དགོངས་གཞག་བྱ། འཇམ་དཔལ་བཤེས་གཉེན་གྱི་སྐུ་ཐོགས་ལ། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་དུར་ཁྲོད་ཧེ་ཆེན་བརྡལ་དུ་མཆོད་རྟེན་ལ་སྐུ་རྒྱབ་བརྟེན་ཏེ་སྒྲུབ་པའི་ཚེ་སྲོད་ཀྱི་དུས་སུ་དགོངས་པ་རང་བྱུང་གི་གླུ་བླངས་པ་ནི༔ དགའ་རབ་རྡོ་རྗེའི་ཐུགས་སྲས་འཇམ་དཔལ་བཤེས་གཉེན་བདག༔ གདམས་ངག་སྒོམ་མཁན་མི་སྣང་འོད་གསལ་ཀུན་ལ་ཁྱབ༔ དེ་ཉིད་དམིགས་སུ་མ་མཆིས་དམིགས་ཡུལ་རྡུལ་ཙམ་མེད༔ སྟོང་ཉིད་ཀ་ནས་དག་ཀྱང་སྐུ་དང་ཡེ་ཤེས་གསལ༔ རྡོར་བཟླས་དགོངས་གཞག་བྱ། སྲས་མོ་སཱ་ར་ནིའི་སྐུ་ཐོགས་ལ། ནམ་མཁའ་ཆེའི་དགོངས་པ། ཡེ་ཤེས་ཀློང་རྡོལ་གླུ་ཡི་བསམ་གཏན། མེ་ཏོག་ཨུ་དུམ་བཱ་རའི་ཚལ་དུ་ནམ་སྨད་ཀྱི་ཆ་ལ། སྲས་མོ་སཱ་ར་ནིས་འདི་སྐད་ལོ། །ཧོ༔ བདག་ནི་སྲས་མོ་དྲན་པ་སྟེ༔ བྱང་ཆུབ་སེམས་ལ་བཟང་ངན་མེད༔ སྣང་བའི་ཡུལ་ལ་ཉེ་རིང་མེད༔ ཉམས་ལེན་སྙིང་པོར་མ་གྱུར་མེད༔ ཚོགས་དྲུག་མ་སྤང་གསལ་འདེབས་ཡིན༔ གྷི་ཏ་མ་ཀོ་ལ་ཧོཿ རྡོར་བཟླས་དགོངས་གཞག་བྱ། བི་མ་མི་ཏྲིའི་སྐུ་ཐོགས་ལ། སློབ་དཔོན་བི་མ་མི་ཏྲའི་རྡོ་རྗེའི་གླུ༔ ཡེ་ཤེས་དབྱིངས་སུ་རྣམ་པར་དག་པ་ཡི༔ བདེ་ཆེན་བརྩེགས་པར་མཁའ་འགྲོ་དབྱིངས་ཕྱུག་མས༔ སློབ་དཔོན་མཆོད་པས་དེ་ཚེ་འདི་སྐད་གསུངས༔ ཨ་ཧོ༔ བདེ་ཆེན་ནམ་མཁའ་གང་བའི་དབྱིངས་སུ་དག༔ རང་བྱུང་རང་ཤར་རིག་པའི་ཀློང་དུ་ཐིམ༔ དབྱིངས་རིག་གཉིས་མེད་ཟུང་འཇུག་ལ་བཟླས་པས༔ འཁོར་འདས་ཀུན་ཁྱབ་ཧེ་རུ་ཀཿདཔལ་ལོ༔ རྡོར་བཟླས་དགོངས་གཞག་བྱ། ཀླུ་རྒྱལ་འཇོག་པོའི་སྐུ་ཐོགས་ལ། ཐིག་ལེ་དྲུག་པའི་དགོངས་པ། བདེ་བ་ཀློང་རྡོལ་གླུའི་བསམ་གཏན། སྐྱ་རེངས་དང་པོ་ཤར་ཙམ་ན། རྒྱ་མཚོའི་གཏིང་རུམ་དུ་ཀླུའི་རྒྱལ་པོས་འདི་སྐད་དོ། །ཧོ༔ བདག་ནི་ཀླུ་རྒྱལ་དགའ་བོ་སྟེ༔ རྨད་བྱུང་རྫོགས་པ་ཆེན་པོ་འདི༔ ཁམས་གསུམ་སེམས་ཅན་ཀུན་ལ་ཁྱབ༔ སྟོང་གསལ་འཛིན་མེད་སྙིང་ནང་ནས༔ ཡུལ་དྲུག་ཀུན་ལ་འཆར་ཞིང་སྤྲོ༔ རང་གྲོལ་ཆེན་པོ་ཨ་ལ་ལ༔ གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ རྡོར་བཟླས་དགོངས་གཞག་བྱ། ࿊ ཀུ་ཀུ་རཱ་ཛའི་སྐུ་ཐོགས་ལ། རྩལ་ཆེན་གྱི་དགོངས་པ། བྱང་སེམས་ཀློང་རྡོལ་གླུ་ཡི་བསམ་གཏན། སྐྱ་རེངས་གཉིས་པ་ཤར་ཙམ་ན། རྒྱ་མཚོའི་གླིང་དུ་ཁྱི་ཡི་རྒྱལ་པོ་ཀུ་ཀུ་རཱ་ཛས་འདི་སྐད་ལོ། །ཧོ༔ བདག་ནི་ཁྱི་ཡི་མཁན་པོ་སྔ་མ་སྟེ༔ ཚེ་འདིར་ལྟ་སྒོམ་མཐར་ཕྱིན་བར་དོ་ཆོད༔ འཆི་ཁར་ནམ་མཁའ་ཕྱི་ནང་འདྲེས་པ་འདྲ༔ སྐྱེ་བ་རང་གར་མི་འཁྱམས་རང་སྣང་རང་དབང་ཐོབ༔ གྷི་ཏ་མ་ཀོ་ལ་ཧོཿ རྡོར་བཟླས་དགོངས་གཞག་བྱ། འཇམ་དཔལ་བཤེས་གཉེན་ཕྱི་མའི་སྐུ་ཐོགས་ལ། སྤྱི་གཅོད་ཀྱི་དགོངས་པ། གསང་བ་ཀློང་རྡོལ་གླུའི་བསམ་གཏན། ཤིང་ནྱ་གྲོ་དྷའི་རྩ་བར་སྲོད་ཐུན་ལ་འཇམ་དཔལ་བཤེས་གཉེན་ཕྱི་མས་འདི་སྐད་ལོ། །ཧོ༔ བདག་ནི་འཇམ་དཔལ་གཤེས་གཉེན་ཕྱི་མ་སྟེ༔ རྒྱུ་དག་པདྨའི་རྩེ་ལས་སྐྱེས༔ རྐྱེན་དག་ཨ་ཏིའི་དོན་རྣམས་རྟོགས༔ འབྲས་བུ་དག་པས་སྐུ་གསུམ་ཐོབ༔ བསྒོམ་བྱའི་རྩོལ་བ་སྐྱུར་ཐོངས་ལ༔ སྒོམ་བྱེད་སེམས་ཀྱི་ཟེལ་མ་འཇུག༔ པདྨ་ཀོ་ལ་ཤ་ཨ་ཧོཿ རྡོར་བཟླས་དགོངས་གཞག་བྱ། ནཱ་གཱརྫུ་ནའི་སྐུ་ཐོགས་ལ། སེམས་སྒོམ་གྱི་དགོངས་པ། དབྱིངས་ཀློང་རྡོལ་གླུ་ཡི་བསམ་གཏན། རྒྱན་ཆགས་དཔལ་གྱི་རིའི་ནགས་སུ་སྐྱ་རེངས་གསུམ་པ་ཤར་ཙམ་ན། ནཱ་གཱརྫུ་ནས་འདི་སྐད་དོ། །ཧོ༔ བདག་ནི་འཕགས་པ་ཀླུ་སྒྲུབ་སྟེ༔ རང་སེམས་ང་བདག་རྩད་བཅད་པས༔ ཕྱི་ནང་ཐམས་ཅད་སྟོང་པར་གྲོལ༔ སྟོང་ཉིད་བཅོ་བརྒྱད་གཏན་ལ་ཕེབས༔ སྐྱེ་འཆི་འཕོ་འགྱུར་གང་དགའ་མཛོད༔ གྷི་ཏ་མ་ཀོ་ལ་ས་ཧོཿ རྡོར་བཟླས་དགོངས་གཞག་བྱ། བུདྡྷ་མ་ཏིའི་སྐུ་ཐོགས་ལ། རྩེ་མོ་བྱུང་རྒྱལ་གྱི་དགོངས་པ། རྩོལ་མེད་ཀློང་རྡོལ་གླུའི་བསམ་གཏན། ཤིང་ནལ་བྱི་ས་ལའི་རྩར་དམར་རེངས་གསུམ་པ་ཤར་ཙམ་ན། སྨད་འཚོང་མ་བུདྡྷ་མ་ཏིས་འདི་སྐད་ལོ། །ཧོ༔ བདག་ནི་སྨད་ཚོང་བདག་ཉིད་མ༔ ཅི་ཡང་ཡིད་ལ་མི་བྱེད་པས༔ ཤེས་རབ་ཕ་རོལ་ཕྱིན་མ་ཡིན༔ ལུས་སེམས་གང་ལའང་མི་ཆགས་པ༔ ཚུལ་ཁྲིམས་ཀུན་གྱི་མཐར་ཐུག་ཡིན༔ གང་ལའང་རེ་དོགས་བྲལ་བ་འདི༔ ལམ་ལྔ་ས་བཅུའི་མཐར་ཐུག་ཡིན༔ གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ རྡོར་བཟླས་དགོངས་གཞག་བྱ། ཁྱི་ཡི་རྒྱལ་པོ་ཕྱི་མའི་སྐུ་ཐོགས་ལ། རྨད་བྱུང་གི་དགོངས་པ། འབྱུང་ལྔ་ཡེ་ཤེས་ཀློང་རྡོལ་གླུ་ཡི་བསམ་གཏན། དམར་རེངས་དང་པོ་ཤར་ཙམ་ན་རྒྱ་མཚོའི་འགྲམ་དུ་ཁྱི་ཡི་རྒྱལ་པོ་ཕྱི་མས་འདི་སྐད་ལོ། །ཧོ༔ བདག་ནི་ཁྱི་ཡི་མཁན་པོ་ཕྱི་མ་སྟེ༔ ཡོད་པར་འཛིན་ན་རྟག་པའི་མཐའ༔ མེད་པར་འཛིན་ན་ཆད་པའི་མཐའ༔ ཡོད་མིན་མེད་མིན་མ་ཡིན་པར༔ སྟོང་གསལ་འཛིན་མེད་རྗེན་ཅེ་རེ༔ དེ་ལས་བདག་ལ་བཤད་རྒྱུ་མེད༔ གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ རྡོར་བཟླས་དགོངས་གཞག་བྱ། ཨཱརྻ་པ་ལོའི་སྐུ་ཐོགས་ལ། སྤྱི་ཆིངས་ཀྱི་དགོངས་པ། ནམ་མཁའ་ཀློང་རྡོལ་གླུའི་བསམ་གཏན། དཔག་བསམ་ཤིང་གི་གྲིབ་མ་ལ། ཐོ་རེངས་ཁར་ཨཱརྻ་པ་ལོས་འདི་སྐད་ལོ། །ཧོཿ བྱང་ཆུབ་སེམས་ནི་ནམ་མཁའ་ལྟ་བུའི་ཀློང་། །གསལ་ལ་རྟོག་པ་མེད་པའི་ཡེ་ཤེས་ནི། །ཕྱི་དང་ནང་མེད་ཀུན་ལ་གསལ་བར་གནས། །སངས་རྒྱས་དགོངས་པ་འདི་ལས་མེད་པར་མཇལ། །ཨེ་མ་ཀོ་ལ་ཤ་ཨ་ཧོཿ རྡོར་བཟླས་དགོངས་གཞག་བྱ། གནོད་སྦྱིན་མོ་བྱང་ཆུབ་མའི་སྐུ་ཐོགས་ལ། ཡིད་བཞིན་ནོར་བུའི་དགོངས་པ། དངོས་གྲུབ་ཀློང་རྡོལ་གླུ་ཡི་བསམ་གཏན། དམར་རེངས་གཉིས་པ་ཤར་ཙམ་ན། གནོད་སྦྱིན་མོ་བྱང་ཆུབ་འདི་སྐད་ལོ། །ཧོ༔ བདག་ནི་གནོད་སྦྱིན་བྱང་ཆུབ་མོ༔ ཡུལ་དྲུག་མི་འགེགས་རང་གྲོལ་སྤྱོད༔ ཇི་ལྟར་རོལ་ཡང་བོགས་སུ་ཆེ༔ རང་རིག་རྒྱལ་པོའི་དབང་ཆེན་ཐོབ༔ ཚོགས་དྲུག་ལྷུག་བཞག་ཨ་ལ་ལ༔ གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ རྡོར་བཟླས་དགོངས་གཞག་བྱ། ཨོ་རྒྱན་གྱི་མཁན་པོ་དྷ་ཧེའི་སྐུ་ཐོགས་ལ། བདེ་བ་ཕྲ་བཀོད་ཀྱི་དགོངས་པ། ཕྲིན་ལས་ཀློང་རྡོལ་གླུའི་བསམ་གཏན། རིན་པོ་ཆེའི་གླིང་དུ་ནམ་གུང་ཡོལ་ལ། ཨོ་རྒྱན་གྱི་མཁན་པོ་དྷ་ཧེས་འདི་སྐད་ལོ། །ཧོ༔ བདག་ནི་ཨོ་རྒྱན་མཁན་པོ་སྟེ༔ མ་ཧཱ་རཱ་ཛས་དགོངས་པ་དྲིལ་ཏེ་བསྟན༔ སེམས་ལ་རྩ་བ་གཅད་རྒྱུ་མེད༔ མེད་པ་དེ་ཀ་ཆོད་པ་ཡིན༔ སེམས་ལ་བལྟས་པས་མཐོང་རྒྱུ་མེད༔ མེད་པ་དེ་ཀ་རང་མཐོང་ཡིན༔ མཐོང་མེད་ངང་ལ་མ་ཡེངས་སྐྱོངས༔ ཀརྨཱཀོ་ལ་ཤ་ཨ་ཧོཿ རྡོར་བཟླས་དགོངས་གཞག་བྱ། ࿊ དྲང་སྲོང་བྷི་ཤྭ་ཏིའི་སྐུ་ཐོགས་ལ། སྲོག་གི་འཁོར་ལོའི་དགོངས་པ། རང་བྱུང་ཀློང་རྡོལ་གླུའི་བསམ་གཏན། ནྱ་གྲོ་དྷའི་དགོན་པར་སྲོད་ཡོལ་གྱི་དུས་སུ། དྲང་སྲོང་བྷི་ཤྭ་ཏིས་འདི་སྐད་ལོ། །ཧོ༔ བདག་ནི་དྲང་སྲོང་བྷ་ཤི་སྟེ༔ ཁྲེགས་ཆོད་དོན་ལ་རྩོལ་མེད་བཞག༔ ཐོད་རྒལ་ངང་ལ་ཡེངས་མེད་བཞག༔ སྣང་བ་རིག་མདངས་རྩལ་རྫོགས་ནས༔ རང་དབང་སྐྱེ་འཇུག་འོད་ལུས་ཐོབ༔ ཨ་ཀ་ཤ་ཀོ་ལ་མ་དྷཱ་ཨ་ཧོཿ རྡོར་བཟླས་དགོངས་གཞག་བྱ། དྷརྨ་རཱ་ཛའི་སྐུ་ཐོགས་ལ། ནམ་མཁའ་རྒྱལ་པོའི་དགོངས་པ། གྲོལ་བ་ཀློང་རྡོལ་གླུའི་བསམ་གཏན། མེ་ཏོག་གི་ཚལ་དུ་ནམ་གྱི་ཆ་སྟོད་ལ། དྷརྨ་རཱ་ཛས་འདི་སྐད་དོ། །ཧོཿ སེམས་ཀྱི་རང་བཞིན་ཡེ་ནས་མཛོད་ཆེན་ལས། །གང་ལྟར་བཏགས་ཤིང་ཅི་ལྟར་སྣང་བ་ཀུན། །འབྱུང་འཇུག་ཐམས་ཅད་ཡེ་ནས་ཀུན་ཏུ་བཟང་། །དེ་ལྟར་གཉིས་སུ་མེད་པའི་རིག་པ་དེ། །ཀུན་ཏུ་བཟང་པོའི་སེམས་ལ་གནས། །རིག་པའི་དབྱིངས་ལ་མ་བསླད་པས། །བསྒོམ་ཞིང་བཟླས་པ་འདི་ལས་མེད། །ཀྱེ་མ་མ་རྟོགས་སྙིང་རེ་རྗེ། །ཨེ་མ་བདག་ཉིད་རང་སར་གྲོལ་བ་ཨ་ལ་ལ། །དྷོ་ཧ་ཀོ་པ་ཤ་ཨ་ཧོཿ རྡོར་བཟླས་དགོངས་གཞག་བྱ། སྲས་མོ་གོ་མ་དེ་བཱིའི་སྐུ་ཐོགས་ལ། རིན་ཆེན་ཀུན་འདུས་ཀྱི་དགོངས་པ། སྐྱེ་མེད་ཀློང་རྡོལ་གླུའི་བསམ་གཏན། རྒྱལ་བའི་དགོན་གནས་སུ་ནམ་སྨད་ལ་སྲས་མོ་གོ་མ་དེ་བཱིས་འདི་སྐད་ལོ། །ཧོ༔ བདག་ནི་སྲས་མོ་གོ་མ་དྷེ་བྱི་སྟེ༔ འབྱུང་ལྔ་རིགས་ཀྱི་ཡུམ་ལྔ་ལ༔ ཕུང་ལྔ་རིགས་ཀྱི་ཡབ་ལྔ་ཡིན༔ ཁམས་དང་སྐྱེ་མཆེད་སེམས་དཔའ་སེམས་མ་ཡིན༔ ཀུན་གཞི་སྐྱེ་མེད་ཀུན་བཟང་ཡུམ༔ ཡིད་ཀྱི་རྟོག་པ་ཀུན་བཟང་ཡབ༔ རིན་ཆེན་གསེར་གླིང་རྡོ་བཙལ་ལྟར༔ འཁྲུལ་ཡུལ་འཁྲུལ་རྒྱུ་བཙལ་མི་རྙེད༔ ཀ་པ་ལ་ཀ་མ་པ་ཤ་ཨ་ཧོཿ རྡོར་བཟླས་དགོངས་གཞག་བྱ། བུདྡྷ་གུཔྟའི་སྐུ་ཐོགས་ལ། རྗེ་བཙུན་དམ་པའི་དགོངས་པ། ཤེས་རབ་ཀློང་རྡོལ་གླུའི་བསམ་གཏན། དབེན་པ་ཆེན་པོའི་གནས་སུ་བུདྡྷ་གུཔྟས་འདི་སྐད་ལོ། །ཧོཿ ཆོས་རྣམས་མ་བཅོས་བྱང་ཆུབ་སེམས། །ཡེ་ནས་ཀུན་ཏུ་བཟང་པོ་ལ། །གསལ་ལ་འགྱུར་བ་མེད་པའི་བྱང་ཆུབ་སེམས་དེ་ལ། །མཚན་མའི་རྣམ་པར་རྟོག་པས་མ་བསླད་དེ། །རྣམ་རྟོག་རང་བྱུང་རང་ཞིར་གནས་པ་ལས། །གཉེན་པོས་སྒོམ་དུ་མེད་པར་འཁུམས། །སེམས་ཀྱི་མེ་ལོང་མ་བལྟས་ན། །རྣམ་རྟོག་དྲི་མས་གོས་ཏ་རེ། །པྲཛྙཱ་ཀོ་ས་ལ་ཨ་ཧོཿ རྡོར་བཟླས་དགོངས་གཞག་བྱ། ཁ་ཆེའི་རྒྱལ་པོ་རབ་སྣང་མཛད་ཀྱི་སྐུ་ཐོགས་ལ། སྐྱེ་མེད་རང་རིག་གི་དགོངས་པ། ཆོས་སྐུ་ཀློང་རྡོལ་གླུའི་བསམ་གཏན། ཙནྡན་སྡོང་པོའི་རྩར་གུང་ཐུན་ལ། ཁ་ཆེའི་རྒྱལ་པོ་རབ་སྣང་མཛད་འདི་སྐད་ལོ། །ཧོ༔ བདག་ནི་མཁན་པོ་རབ་སྣང་སྟེ༔ སེམས་ལ་སྐྱེ་ཤི་མེད་པར་རབ་རྟོགས་པས༔ ལུས་ལ་ཤི་དང་མ་ཤི་མེད་པར་གྲོལ༔ ལུང་ལས་མ་བྱུང་གདམས་ངག་ཁོ་བོས་རྙེད༔ སྒོམ་ལ་མི་རེ་འདོད་ཞིག་ངང་ན་བདེ༔ ཀ་ལ་པ་ཀོ་ཤ་ཨ་ཧོཿ རྡོར་བཟླས་དགོངས་གཞག་བྱ། བཻ་རོ་ཙ་ནའི་སྐུ་ཐོགས་ལ། ལོ་ཆེན་བཻ་རོ་ཙ་ན་ཡིས༔ ཡར་ལུང་ཤེལ་གྱི་བྲག་ཕུག་ནས༔ ང་ནི་བཻ་རོ་ཙ་ན་སྟེ༔ མ་བཅོས་རང་གསལ་ངང་དུ་གནས༔ མ་ནོར་དམིགས་སུ་མ་མཆིས་ཤིང༔ བརྗོད་མེད་རིག་པ་ཟང་ཐལ་ལེ༔ བསམ་འདས་སེམས་ཀྱི་དྲི་མ་དག༔ རང་བྱུང་ཡེ་ཤེས་ངོ་བོ་ཉིད༔ རང་གསལ་རང་བཞིན་ལྷུན་གྱིས་གྲུབ༔ ཅིར་སྣང་ཆོས་སྐུའི་རྒྱན་དུ་ཤར༔ ཐུགས་རྗེ་སྤྲུལ་སྐུ་སྣ་ཚོགས་སྣང༔ ཐམས་ཅད་ཀུན་གཞིའི་དབྱིངས་སུ་རྫོགས༔ ལྟ་བའི་གནམ་འཕང་གཅོད་པའི་ཚེ༔ སྒོམ་པ་ཐབས་ཤེས་སྒྲོ་གཤོག་བརྒྱང༔ སྤྱོད་པའི་ལམ་ལ་ཞུགས་པའི་ཚེ༔ རེ་དོགས་མེད་པའི་ངང་ལ་འགྲོ༔ འབྲས་བུའི་ཕ་མཐར་བསྙེགས་པའི་ཚེ༔ གཞན་དུ་མེད་པའི་སངས་རྒྱས་རྟོགས༔ སྒོམ་པའི་གཟེབ་ལས་གྲོལ་ཙ་ན༔ ལྟ་བའི་རྒྱལ་པོ་ཕུགས་ཐག་ཆོད༔ ལམ་ལ་བགྲོད་དུ་མེད་པ་དེ༔ ལུང་དང་རིག་པས་བསྒྲུབ་མེད་ཕྱིར༔ གཞི་ཡི་སྟེང་དུ་འབྲས་བུར་སྨིན༔ ཆོས་ཉིད་ཀློང་དུ་ལ་བཟླས་ཏེ༔ རང་རིག་རྩལ་དུ་ཤན་ཡང་འབྱེད༔ དབྱིངས་རིག་གཉིས་སུ་མེད་པ་དེ༔ ཐིག་ལེ་ཉག་གཅིག་ངང་དུ་རྫོགས༔ སེམས་སྡེའི་ངང་དུ་ཉམས་བླངས་པས༔ སྣང་སྲིད་སེམས་ཀྱི་ཀློང་དུ་རྫོགས༔ ཀློང་སྡེའི་ལྟ་བ་ཉམས་བླངས་ཚེ༔ རྣམ་རྟོག་ཕྲ་རགས་ཀློང་དུ་ཐིམ༔ མན་ངག་ཉམས་སུ་བླངས་པའི་ཚེ༔ དབྱིངས་ཡེ་ཟུང་འཇུག་མངོན་སངས་རྒྱས༔ ལྟ་བའི་ཕུགས་ཐག་ཆོད་པ་ཡིན༔ སྒོམ་པའི་བློ་ལས་འདས་པ་ཡིན༔ སྤྱོད་པ་སྤྱད་དུ་མེད་པ་ཡིན༔ འབྲས་བུ་གཞན་ལ་རེ་མི་འཚལ༔ འོན་ཀྱང་རྣལ་འབྱོར་བཻ་རོ་ཡིས༔ རྒྱུ་འབྲས་ཁྱད་དུ་མི་གསོད་པས༔ སྡོམ་པ་གསུམ་གྱིས་རྒྱུད་སྦྱངས་ཏེ༔ མཚན་ལྡན་བླ་མ་དཔལ་སེང་གེ༔ སྤྱི་བོའི་གཙུག་ཏུ་འབྲལ་མེད་བཞུགས༔ རིག་འཛིན་པདྨ་འབྱུང་གནས་དེ༔ མཉེས་པ་གསུམ་གྱིས་ཡང་ཡང་བསྟེན༔ པཎ་ཆེན་བི་མ་ལ་མི་ཏྲ༔ དགོངས་པར་བཞེད་པའི་ཕ་མཐའ་བསྐང༔ བསླབ་པ་གསུམ་གྱི་ཆས་འཛིན་ཏེ༔ ལྟ་བའི་གནམ་འཕང་གཅོད་པ་ཡིན༔ སྔར་སྤྱོད་ངང་དུ་མཉམ་པར་བཞག༔ བསྟན་གཉིས་ཟུང་འཇུག་བཀྲ་ཤིས་ཤོག༔ རྡོར་བཟླས་དགོངས་གཞག་བྱ། དེ་བ་རཱ་ཛའི་སྐུ་ཐོགས་ལ། བདེ་བ་རབ་འབྱམས་ཀྱི་དགོངས་པ། སྐུ་གསུམ་ཀློང་རྡོལ་གླུའི་བསམ་གཏན། གྲོང་ཁྱེར་དཔལ་ཡོན་དུ་སྲོད་ཀྱི་དུས་སུ་རྒྱལ་པོ་དེ་བ་རཱ་ཛས་འདི་སྐད་ལོ། །ཧོཿ སྣང་སྲིད་ཐམས་ཅད་ཡེ་ནས་ཀུན་ཏུ་བཟང་། །ཀུན་བཟང་གུད་ན་མེད་དེ་མ་ལུས་སྙིང་པོའི་རྒྱུ། །སྣང་བ་མཐའ་དག་སྐྱེ་མེད་བདུད་རྩི་སྐུ་གསུང་ཐུགས། །སྐྱེ་མེད་ངང་ལས་མ་ཡེངས་མཉམ་བཞག་པས། །བསྒོམ་པར་བྱ་བ་འདི་ལས་མེད་པར་རྟོགས། །ལུས་ནི་སྒྱུ་མའི་ཕུང་པོ་མིང་གཙང་སྟེ། །སེམས་ནི་ཡེ་ཤེས་ཆེན་པོར་ཤར། །ཙནྡྲ་དེ་ཝ་ཀོ་ས་ལ་ཨ་ཧོཿ རྡོར་བཟླས་དགོངས་གཞག་བྱ། མཁའ་འགྲོ་མཚོ་རྒྱལ་གྱི་སྐུ་ཐོགས་ལ། ཏི་སྒྲོ་བྲག་གི་ཚོགས་ཁང་དུ༔ ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་གྱིས༔ འཁོར་འདས་ཀུན་ལ་ཁྱབ་པའི་སེམས༔ བདེ་བ་ཆེན་པོའི་ངང་དུ་ཐིམ༔ ཆོས་ཉིད་ཀློང་དུ་བལྟ་བྱ་བྲལ༔ ཁོ་མོའི་རྟོགས་པ་དེ་ཙམ་མོ༔ རྡོར་བཟླས་དགོངས་གཞག་བྱ། ࿊ ཆོས་རྒྱལ་ཆེན་པོའི་སྐུ་ཐོགས་ལ། བསམ་ཡས་དབུ་རྩེའི་བར་ཁང་ནས༔ ཁྲི་སྲོང་རྗེ་ཡིས་འདི་སྐད་བཞེངས༔ ང་ནི་ཁྲི་སྲོང་ལྡེའུ་བཙན་ཏེ༔ སེམས་ཉིད་རང་བྱུང་ཡེ་ཤེས་འདི༔ ཅིར་ཡང་མི་དམིགས་ཅིར་ཡང་གསལ༔ ལྟ་བའི་རྒྱལ་པོ་མཐའ་གཉིས་བྲལ༔ རྡོར་བཟླས་དགོངས་གཞག་བྱ། གཡུ་སྒྲ་སྙིང་པོའི་སྐུ་ཐོགས་ལ། ཡེར་པ་གཙུག་རུམ་འབར་བ་རུ༔ རྒྱལ་མོ་གཡུ་སྒྲ་སྙིང་པོ་ཡིས༔ སེམས་ལས་གཞན་པའི་སངས་རྒྱས་མེད༔ རྣམ་རྟོག་ཆོས་དབྱིངས་ཀློང་དུ་ནུབ༔ དབྱིངས་རིག་དབྱེར་མེད་རྫོགས་པ་འདི༔ བཻ་རོ་ཙ་ནའི་བཀའ་དྲིན་ལགས༔ རྡོར་བཟླས་དགོངས་གཞག་བྱའོ། །དེ་ལྟར་བྱིན་རླབས་འཕོ་བའི་དབང་བསྐུར་ཐོབ་པའི་ཡེ་ཤེས་ཀྱི་རྒྱུན་དེ་ཉིད་མི་ཉམས་བརྟན་པར་བྱ་བའི་སླད་དུ། རིག་འཛིན་བླ་མའི་ལྷ་ཚོགས་ནམ་མཁའ་གང་བར་སད་པ་རྣམས་ཀྱིས་སྨོན་པའི་བདེན་ཚིག་གི་རྒྱས་གདབ་ཅིང་ཤིས་པ་བརྗོད་པའི་མེ་ཏོག་གི་ཆར་ཕབ་པས་དགེ་ལེགས་སུ་བྱས་པའི་མོས་པ་མཛོད། མེ་ཏོག་འཐོར་བཞིན། ཆོས་ཉིད་དངོས་པོ་མེད་པའི་ཡེ་སྟོང་འདི། །ལྟ་བ་འདི་དང་མི་འབྲལ་འགྲོགས་པར་ཤོག །ཆོས་ཉིད་ཉམས་མྱོང་མེད་པའི་བདེ་སྟོང་འདི། །སྒོམ་པ་འདི་དང་མི་འབྲལ་འགྲོགས་པར་ཤོག །སེམས་ཉིད་འཆོས་པ་མེད་པའི་རང་སྟོང་འདི། །སྤྱོད་པ་འདི་དང་མི་འབྲལ་འགྲོགས་པར་ཤོག །ཆོས་ཉིད་འགྱུར་བ་མེད་པའི་ཡེ་སྟོང་འདི། །འབྲས་བུ་འདི་དང་མི་འབྲལ་འགྲོགས་པར་ཤོག །ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་པར་གྱུར་ཅིག །སྨོན་ལམ་གྱི་མཐུ་བཙན་པར་གྱུར་ཅིག །དེ་ཁོ་ན་ཉིད་ཀྱི་དོན་ལ་བློ་གནས་པར་གྱུར་ཅིག །ཅེས་དང་ཤིས་བརྗོད་གང་འོས་བྱ། དེ་རྣམས་ཀྱི་སྒོ་ནས་ཕྱི་སྐོར་སེམས་སྡེའི་རིག་འཛིན་བླ་མ་འགྲོ་འདུལ་སུམ་ཅུ་རྩ་གཅིག་གི་བྱིན་རླབས་དབང་བསྐུར་ཟབ་མོ་ལེགས་པར་གྲུབ་པ་ལགས་པས། རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་ཁྱད་པར་གྱིས་བསྡུས་པ་མཐའ་དག་ཚུལ་བཞིན་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དབང་གི་རྗེས་རིམ་སྤྱི་ལྟར་བྱའོ།། །།གསུམ་པ་རྗེས་ནི། ཚོགས་ལ་རོལ་པ་སོགས་ཆོ་གའི་རྗེས་རིམ་རྣམས་བྱང་བུ་ཁྲིགས་བསྡེབས་ལྟར་མཐར་དབྱུང་བས་གྲུབ་བོ། །ཀུན་བཟང་གདོད་མའི་དབྱིངས་ཉིད་ལས། །གང་འདུལ་ཡེ་ཤེས་སྒྱུ་མའི་གར། །རྡོ་རྗེའི་རིག་འཛིན་རྒྱ་མཚོ་ཡི། །དགོངས་ཉམས་རྩལ་དབང་འཇུག་བདེའི་དཔྱིད། །ཕྱི་སྐོར་སེམས་སྡེའི་རིག་འཛིན་བླ་མ་འགྲོ་འདུལ་སུམ་ཅུ་རྩ་གཅིག་གི་བྱིན་རླབས་དབང་བསྐུར་གྱི་ལེའུ་ཚན་ནོ།། །། ༄༅། །སྭསྟི། བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ། །མངོན་པར་སྣང་ལ་ཡོངས་བཏུད་ནས། །གང་དེའི་སྨིན་བྱེད་ལམ་བཟང་དབྱེ། །རྫོགས་པ་ཆེན་པོ་སྡེ་གསུམ་ལས་ཕྱི་སྐོར་སེམས་སྡེའི་ཡི་དམ་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཚུལ་ལ། སྦྱོར་བ་རས་བྲིས་ཞི་དཀྱིལ་སྤྱི་འགྲེ་སྒོས་ཆོས་ཀྱི་ལྷ་མཚན་ཅན་གྱི་འདིང་དཀྱིལ་བཀྲམ་པའམ། མ་འབྱོར་ན་མཎྜལ་ལ་ཚོམ་བུ་དབུས་དང་ཕྱོགས་མཚམས་སུ་གཙོ་འཁོར་ལྔ་ཚོམ་རེ་རེ། །དེ་རྒྱབ་མཚམས་བཞིར་རེ་རེ་དང་ཤར་ནུབ་གཉིས་སུ་གཉིས་རེ། དེ་རྒྱབ་བཞི་བཅས་བཀོད་པའི་སྟེང་དུ་མཉྫིར་བུམ་པ་སོ་ལྔའི་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་ཀྱིས་སྤྲས་པ། ཤར་དུ་གསང་མཚན་ཤོག་དྲིལ་དང་རྡོར་དྲིལ་ལྷན་ཅིག་ཏུ་བསྡམས་པ། ལྷོར་དབུ་རྒྱན། ནུབ་ཏུ་རྡོ་རྗེ། བྱང་དུ་དྲིལ་བུ། མདུན་དུ་སྐུ་ཙཀ་ཡོངས་རྫོགས། ཤར་ལྷོར་མངའ་དབུལ་ཆས་ཁྲི་གདུགས་གླེགས་བམ་ཕྱག་ཤིང་འཁོར་ལོ་རྡོར་དྲིལ་དུང་བཅས་དངོས་སམ་ཙཀླི། ལྷོ་ནུབ་ཏུ་གསང་ཐོད་ཨ་མྲྀཏས་གཏམས་པ། ནུབ་བྱང་དུ་རིག་མའི་གཟུགས་བརྙན། བྱང་ཤར་དུ་རང་བྱུང་གི་ཤེལ་རྡོ་བཅས་འགོད། ཕྱི་ནང་གི་མཆོད་པ་དང་ཚོགས་གཏོར་སོགས་སྤྱི་ལྟར་དང་། མིག་དར་མེ་ཏོག་སོགས་ཉེར་མཁོའི་ཡོ་བྱད་རྣམས་ཚང་བར་འདུ་བྱས་ལ། དབང་སྒྲུབ་ཆོ་གའི་སྔོན་རྗེས་རྣམས་བླ་མའི་བྱང་བུ་ཁྲིགས་བསྡེབས་ལྟར་ལས། མངོན་རྟོགས་གཏེར་གཞུང་ཕྱི་སྐོར་ཡི་དམ་ཞི་བའི་སྒྲུབ་པ། སེམས་ཉིད་ཀ་ནས་དག་པའི་ངང༔ སོགས་རྟེན་བྱང་ཏིང་འཛིན་གསུམ་ཚིག་རྗེས་སྦྱར་ལ་བདག་མདུན་དབྱེར་མེད་དུ་གསལ་གདབ། ཛཔ྄་ཀྱི་སྐབས་བཟླས་དམིགས་ནི། རང་གི་ཐུགས་སྲོག་ས་བོན་ལས༔ བདེ་བ་ཆེན་པོའི་འོད་ཟེར་འཕྲོས༔ རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་པའི༔ ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ༔ དེ་རྣམས་ཐུགས་རྗེའི་འོད་ཟེར་སྤྲིན༔ མཁའ་ཁྱབ་ཀུན་ཏུ་སྣང་བ་ཡིས༔ བདག་དང་འགྲོ་ཀུན་སྒྲིབ་གཉིས་སྦྱངས༔ ཡེ་ཤེས་མཆོག་གིས་བྱིན་རླབས་གྱུར༔ ཅེས་བསྒོམ་ལ་སྒྲུབ་ཐབས་ཀྱི་བསྐྱེད་སྔགས་རྣམས་དང་བྱ་བྱེད་ཐུབ་དྲུག་སྒོ་སྐྱོང་རྣམས་ཞི་བ་སྤྱི་ལྟར་གཙོ་འཁོར་གྱི་འགྲོས་དང་སྦྱར་ཏེ་བཟླས་མཐར། བུམ་བཟླས་ནི། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་ལྟར་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཕོག །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་གཉིས་མེད་རོ་གཅིག་གྱུར། །ཅེས་གཟུངས་ཐག་ནས་འཇུས་ཏེ་བཟླས་པ་ཅི་འགྲུབ་བྱ། མཐར་སྟོང་ཚིགས་ཀྱིས་མཆོད་བསྟོད་ཕུལ་ལ། ཨཱོྃ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས་བུམ་པའི་ལྷ་རྣམས་བདེ་སྟོང་ཆེན་པོས་འོད་དུ་ཞུ་བ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་པར་མོས། ལས་བུམ་གོང་ལྟར་བརླབ། བཀའ་གཏེར་སྲུང་མའི་གཏོར་འབུལ་དང་ཚོགས་མཆོད་ཕུལ། རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དེ་དཀྱིལ་འཁོར་ཡོལ་བས་བསྒྲིབ་བོ།། །།དབང་བསྐུར་དངོས་ལ། སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ལ་ཆོས་བཤད་གོང་བཞིན་རྒྱས་བསྡུས་ཇི་ལྟར་རིགས་པ་དང་ཁྱད་པར། འདིར་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་ནང་ཚན་ཕྱི་སྐོར་སེམས་ལུང་མ་ཧཱའི་མན་ངག་དང་འབྲེལ་བ་ཡི་དམ་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ། ཡེ་ཤེས་སྤྱི་བླུགས་ཀྱི་དབང་བསྐུར་ཟབ་མོ་བསྒྲུབ་པ་ལ་བདག་ཉིད་ཀྱིས་བགྱི་འོས་རྣམས་སྔོན་དུ་གྲུབ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །ཁྱེད་རང་རྣམས་སྔོན་ཆད་གསང་བའི་དཀྱིལ་འཁོར་ཆེན་པོར་མ་ཞུགས་པ་མཚོན་པའི་ཕྱིར་མིག་དར་འཆིང་བ་ཞུ། ཨཱོྃ་ཙཀྵུ་བྷནྡྷ་ཝཱ་ར་མ་ཎཱ་ཡེ་སྭཱ་ཧཱ། ཞེས་མིག་དར་འཆིང་། ཡེ་ཤེས་ཀྱི་ལྷ་དང་མཇལ་བའི་ཕྱག་རྟེན་དུ་མེ་ཏོག་གི་ཕྲེང་བ་རེ་གཟུང་བར་མཛོད། ཨཱ་ཁཾ་བཱི་ར་ཧཱུྃ། ཞེས་མེ་ཏོག་གཏད། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་ཐལ་མོ་མེ་ཏོག་དང་བཅས་མི་ཕྱེད་དད་པས་གསོལ་བ་གདབ་པ་འདིའི་རྗེས་ཟློས། ཨེ་མ་ཧོ༔ བདེ་གཤེགས་བླ་མ་རྒྱལ་བ་སྲས་བཅས་ཀུན༔ མ་ལུས་བདག་ཅག་རྣམས་ལ་དགོངས་སུ་གསོལ༔ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་རུ༔ བདག་ཅག་གཞུག་ཅིང་སྨིན་པར་མཛད་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་སྤྲོ་བ་བསྐྱེད་པའི་སྒོ་ནས་གནང་བ་སྦྱིན་པ་ལགས་ཏེ། ཨཱོྃ༔ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར༔ འཇུག་ཅིང་སྨིན་པ་བསྐལ་པར་རྙེད་མི་འགྱུར༔ རྩོལ་བས་ཚུལ་བཞིན་འཇུག་པར་རྗེས་ཡི་རང༔ བུ་རྣམས་ཚུར་ཤོག་དམ་ཚིག་ཐུབ་པར་གྱིས༔ ཞེས་བསྒོ། དེ་ལ་ཐོག་མར་རྒྱུད་དག་པར་བྱ་བའི་སླད་དུ་སོགས་སྐྱབས་སེམས་དང་ཚོགས་གསག་བཅས་སྔར་བླ་མའི་ཐུན་མོང་བྱིན་རླབས་སྒོ་འབྱེད་ཀྱི་དབང་གི་སྐབས་བཞིན་འདིར་བྱ། གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་ཁྱད་པར་ལྷག་པས་བསྡུས་པ་རྣམས་ལེགས་པར་བླངས་ནས་ཚུལ་བཞིན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས། ཨེ་མ་ཧོ༔ བདེ་གཤེགས་སྲས་བཅས་མ་ལུས་པ༔ ཀུན་ནས་བདག་ལ་དགོངས་སུ་གསོལ༔ དེ་བཞིན་གཤེགས་པའི་རིགས་རྣམས་ཀྱི༔ སྡོམ་པ་མ་ལུས་བདག་གིས་གཟུང༔ སྲོག་གི་ཕྱིར་ཡང་མི་གཏང་ངོ༔ ལན་གསུམ། དམ་ཚིག་རྡོ་རྗེའི་ཕྱག་རྒྱ་སྤྱི་བོར་བཀོད་པ་ཁེ་ཉེན་གྱི་དཔང་པོར་བཞུགས་པའི་དོན་གོ་བར་གྱིས་ཤིག །དེ་ལྟར་ཡིན་ན་དེ་བཞིན་གཤེགས༔ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ༔ བཅུག་ཅིང་སྨིན་པར་བྱེད་དུ་རུང༔ དམ་ཚིག་ཆེན་པོ་དེ་ཉིད་སྲུངས༔ དངོས་གྲུབ་ཆེན་པོ་དེས་འཐོབ་བྱེད༔ དེ་བས་དམ་ལས་མ་འདའ་ཞིག༔ ཨཱོྃ་བཛྲ་ས་མ་ཡ་ཧཱུྃ༔ ཞེས་རྡོ་རྗེ་མགོར་བཞག །སློབ་དཔོན་གྱིས་དབྱེ་བའི་རྒྱ་དང་བཅས། ས་མ་ཡ་པྲ་ཝེ་ཤ་ཡ་ཕཊ། ཅེས་པས། དཀྱིལ་འཁོར་གྱི་སྒོ་བཞི་ཤག་གིས་དབྱེ་བར་གྱུར། ཅེས་བརྗོད་ལ་ཡོལ་བ་བསལ། ཤར་སྒོ་ནས་གཡས་སྐོར་དུ་ཕྱིན་ཏེ་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ལ་ཕྱག་བྱ་བར་མོས་པས་ཐལ་མོ་གནས་གསུམ་དུ་སྦྱོར་ལ་འདིའི་རྗེས་ཟློས། ཨཱོྃ་ན་མ་ཏེ་ཧཱུྃ། ཨཱོྃ་ན་མ་མཱི་ཧཱུྃ། ཨཱོྃ་ན་མོ་ན་མ་ཧཱུྃ། ལན་བཞི། དེ་རྣམས་ཀྱིས་ཕྱི་འཇུག་གི་རིམ་པ་རྣམས་གྲུབ། དེ་ནས་ནང་འཇུག་གི་དངོས་གཞི་ཡེ་ཤེས་པ་དབབ་པའི་སླད་དུ། ཁྱེད་རང་རྣམས་དཀྱིལ་འཁོར་ཆེན་པོའི་ཤར་སྒོའི་ཁྱམས་སུ་དབང་སྟེགས་ཀྱི་ཁྲི་ལ་འཁོད་པར་མོས་ཏེ་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་དམིགས་པ་འདི་རྩེ་གཅིག་སྒོམ་མཛོད། ཤཱུནྱ་ཏཱས་བསང་སྦྱང་། ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཀྱིས་མཚོན་པའི་གཟུང་འཛིན་གྱི་སྣང་བ་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་ཀྱི་ངང་ལས། ཆུ་ལས་ཆུ་བུར་བརྡོལ་བ་ལྟར་སྐད་ཅིག་གིས་རྣམ་པར་སྣང་མཛད་སྐུ་མདོག་དཀར་གསལ་ཞལ་གསུམ་ཞི་ཞིང་འཛུམ་པའི་ཉམས་ཅན། ཕྱག་དྲུག་གི་གཡས་གསུམ་འཁོར་ལོ་རིན་པོ་ཆེ་རྒྱ་གྲམ་དང་། གཡོན་གསུམ་རྡོ་རྗེ་པདྨ་དྲིལ་བུ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་པང་དུ་ཡུམ་དབྱིངས་ཕྱུག་མ་སྔོན་མོ་འཁོར་ལོ་དང་དྲིལ་བུ་འཛིན་པས་མགུལ་ནས་འཁྱུད་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་ཞི་བའི་ཚུལ་དགུ་ལྡན་ཅིང་། དར་དང་རིན་པོ་ཆེ་སོགས་ལོངས་སྤྱོད་རྫོགས་པའི་རྒྱན་གྱིས་སྤྲས་པ། འོད་ཟེར་དཔག་ཏུ་མེད་པར་འཕྲོ་བའི་སྐུ་ཅན་དུ་གསལ་བའི་སྤྱི་བོར་ཧཾ། མགྲིན་པར་ལཾ། སྙིང་གར་བཾ། ལྟེ་བར་རཾ། རྐང་མཐིལ་དུ་ཡཾ་རྣམས་ཀྱིས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་གྱི་སྣང་བ་བསམ་གྱིས་མི་ཁྱབ་པ་འཕྲོས་པས་འོག་མིན་གྱི་ཞིང་ན་བཞུགས་པའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། དེ་ཐམས་ཅད་ནམ་མཁའི་དབྱིངས་གང་བར་བྱོན་ཏེ་ལུས་དཀྱིལ་གྱི་ཡི་གེ་རྣམས་ལ་ཐིམ། ཡི་གེ་རྣམས་འོད་དུ་མེར་གྱིས་ཞུ་ནས་ལུས་ཀྱི་ནང་ཐམས་ཅད་གང་བས་བདེ་སྟོང་གི་ཡེ་ཤེས་མཆོག་ཏུ་འབར་བར་མོས་མཛོད། ཅེས་འབེབ་པའི་རྫས་གཏུལ། རོལ་མོའི་སྒྲ་དང་བཅས། ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཛྙཱ་ན་སཏྭ་ཧཱུྃ༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་དྲག་ཏུ་བརྗོད་ལ་དབབ། དེ་ལྟར་བྱིན་དབབ་པའི་ཡེ་ཤེས་པ་དེ་ཉིད་བྱང་ཆུབ་མ་འཐོབ་ཀྱི་བར་དུ་བརྟན་པར་བྱས་པའི་མོས་པ་མཛོད། རྡོ་རྗེ་མེ་ཏོག་དང་བཅས་པ་སྤྱི་བོར་བཞག་ལ། ཏིཥྛ་བཛྲས་བརྟན་པར་བྱ། སྔར་བྱིན་པའི་མེ་ཏོག་དེ་ཉིད་ཚེ་རབས་ནས་འབྲེལ་བའི་རིགས་ཀྱི་ལྷ་ལ་འབུལ་བའི་མོས་པས་འདིའི་རྗེས་ཟློས་དང་བཅས་ཚོམ་བུའི་དཀྱིལ་འཁོར་དུ་འདོར་བ་ཞུ། འགྲིམ་དཀྱིལ་བཀོད་ལ། ཧོ༔ བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་འདིར༔ སྙིང་པོའི་ཡེ་ཤེས་བརྟག་བྱའི་ཕྱིར༔ རིག་པའི་མེ་ཏོག་འདི་འབུལ་གྱིས༔ ལས་འཕྲོའི་དབང་གིས་བཞེས་སུ་གསོལ༔ པུཥྤེ་པྲ་ཏཱིཙྪ་ཧོ༔ ཞེས་འདོར་དུ་གཞུག །མེ་ཏོག་ལྷག་པའི་ལྷས་བཞེས་ཏེ་སླར་དབང་རྟགས་ཅོད་པན་དུ་བཅིངས་པར་མོས་ཤིག །ཧོ༔ མི་གནས་ཡེ་ཤེས་དཀྱིལ་འཁོར་དུ༔ རིག་པའི་མེ་ཏོག་ཕུལ་པ་འདི༔ བྱིན་རླབས་བསམ་མི་ཁྱབ་པར་ཟུངས༔ དངོས་གྲུབ་ཐམས་ཅད་འདིས་ཐོབ་ཤོག༔ པུཥྤེ་གྷྲྀ་ཎ་སཏྭཾ་ཨི་མཾ་སཏྭ་མ་ཧཱ་བཱ་ལ༔ ཞེས་མེ་ཏོག་སླར་སྤྱི་བོར་བཅིངས། མ་རིག་པའི་སྒྲིབ་གཡོགས་དང་མིག་དར་ལྷན་ཅིག་བསལ་བར་མོས་ཤིག །གསེར་ཐུར་ཐོགས་ལ། ཧོ༔ སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱིས༔ འགྲོ་བའི་མིག་ནི་དབྱེ་བར་མཛད༔ སངས་རྒྱས་ས་ལ་བཀོད་པ་བཞིན༔ དེང་འདིར་རྣམ་སྣང་མཛད་བདག་གིས༔ མ་རིག་མིག་ནི་དབྱེ་བར་བྱ༔ ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དར་བསལ། དེ་ལྟར་དྲི་མེད་ཡེ་ཤེས་ཀྱི་སྤྱན་ཐོབ་པ་ལ་བརྟེན་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཡབ་ཡུམ་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་མངོན་སུམ་དུ་མཇལ་བར་མོས་ལ་སྤྲོ་བ་རྒྱ་ཆེན་པོ་བསྐྱེད་མཛོད། དེ་རྣམས་ཀྱིས་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། ཞུགས་ནས་མངོན་པར་དབང་བསྐུར་བ་དངོས་ལ་རྣམ་གྲངས་བཞི་ལས། དང་པོ་བུམ་པའི་དབང་གི་སླད་དུ། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་གདན་གསུམ་ཚང་བའི་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས། དེ་རྣམས་དང་སློབ་དཔོན་ལྷན་ཅིག་པས་རིན་པོ་ཆེའི་བུམ་པ་རྡོ་རྗེ་མི་བསྐྱོད་པའི་རང་བཞིན་ཅན་གྱི་བདུད་རྩིའི་ཆུ་རྒྱུན་གྱིས་གང་བ་ཐོགས་ཏེ་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་དབང་བསྐུར་བར་མོས་ཤིག །རྣམ་བུམ་ཐོགས་ལ། ཧཱུྃ༔ རིན་ཆེན་བུམ་པ་གཞལ་ཡས་ཁང༔ ནང་དུ་བདེ་གཤེགས་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྣང་སྟོང་ཡེ་ཤེས་རྟོགས་པར་ཤོག༔ ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ སྤྲོ་ན་བསྐྱེད་སྔགས་རེ་རེའི་མཐར་ཀ་ལཱ་ཤ་སྦྱར། བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་སྦྱིན། དེ་ལྟར་བུམ་པའི་ཆུས་དབང་བསྐུར་པས་ཉོན་མོངས་པ་ཞེ་སྡང་དག །རྣམ་པར་ཤེས་པའི་ཕུང་པོ་རྡོ་རྗེ་མི་བསྐྱོད་པའི་ངོ་བོར་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། དབང་ལྷ་རྣམས་དང་སློབ་དཔོན་ལྷན་ཅིག་པས་རིན་ཆེན་འབྱུང་ལྡན་གྱི་ངོ་བོར་གྱུར་པའི་རིན་པོ་ཆེའི་དབུ་རྒྱན་གྱིས་དབང་བསྐུར་ཞིང་སྤྱི་བོར་བཅིངས་པར་མོས་ཤིག །དབུ་རྒྱན་ཐོགས་ལ། ཧཱུྃ༔ རིན་ཆེན་མཛེས་པའི་དབུ་རྒྱན་འདི༔ རྒྱལ་བ་ཀུན་གྱི་ཅོད་པན་ཏེ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ མཉམ་ཉིད་ཡེ་ཤེས་རྟོགས་པར་ཤོག༔ རཏྣ་མུ་ཀུ་ཊཾ་ཨ་བྷི་ཥིཉྩ་ཏྲཱཾ༔ ཞེས་སྤྱི་བོར་བཅིངས། དེ་ལྟར་དབུ་རྒྱན་ཅོད་པན་གྱིས་དབང་བསྐུར་པས་ཉོན་མོངས་པ་ང་རྒྱལ་དག །ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་གྱི་ངོ་བོར་གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། དབང་ལྷ་རྣམས་དང་སློབ་དཔོན་ལྷན་ཅིག་པས་སྣང་བ་མཐའ་ཡས་ཀྱི་རང་བཞིན་ཅན་གྱི་རྡོ་རྗེས་དབང་བསྐུར་ཞིང་ལག་གཡས་སུ་གཏད་པར་མོས་ཤིག །རྡོ་རྗེ་ཐོགས་ལ། ཧཱུྃ༔ མི་ཆོད་མི་ཤིགས་རྡོ་རྗེ་འདི༔ རྒྱལ་བ་ཀུན་གྱི་གསང་གསུམ་སྟེ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སོར་རྟོག་ཡེ་ཤེས་རྟོགས་པར་ཤོག༔ པདྨ་དྷཱ་ར་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་སྤྱི་བོར་བཞག་ཅིང་ལག་གཡས་སུ་གཏད། དེ་ལྟར་རྡོ་རྗེས་དབང་བསྐུར་པས་ཉོན་མོངས་པ་འདོད་ཆགས་དག །འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་ཀྱི་ངོ་བོར་གནས་གྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། དབང་ལྷ་རྣམས་དང་སློབ་དཔོན་ལྷན་ཅིག་པས་དོན་ཡོད་གྲུབ་པའི་རང་བཞིན་ཅན་གྱི་དྲིལ་བུས་དབང་བསྐུར་ཞིང་ལག་གཡོན་དུ་གཏད་པར་མོས་ཤིག །དྲིལ་བུ་ཐོགས་ལ། ཧཱུྃ༔ སྟོང་པ་ཉིད་ཀྱི་དྲིལ་བུ་ཆེ༔ རྒྱལ་བ་ཀུན་གྱི་དབྱངས་དང་ལྡན༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བྱ་གྲུབ་ཡེ་ཤེས་རྟོགས་པར་ཤོག༔ ཀརྨ་གྷཎྜེ་ཨ་བྷི་ཥིཉྩ་ཨཱ༔ ཞེས་སྤྱི་བོར་བཞག་ཅིང་ལག་གཡོན་དུ་གཏད། དེ་ལྟར་དྲིལ་བུས་དབང་བསྐུར་པས་ཉོན་མོངས་པ་ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པའི་ངོ་བོར་གནས་གྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། དབང་ལྷ་རྣམས་དང་སློབ་དཔོན་ལྷན་ཅིག་པས་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཅན་གྱི་རྡོ་རྗེའི་མིང་གིས་མངོན་པར་དབང་བསྐུར་བར་མོས་ཤིག །གསང་མཚན་ཅོད་པན་ནམ་རྡོར་དྲིལ་ལྷན་ཅིག་ཏུ་བསྡམས་པ་ཐོགས་ལ། ཧཱུྃ༔ རྒྱལ་བ་ཀུན་གྱི་མཚན་མཆོག་ནི༔ ཐོག་མ་བར་དང་མཐའ་མར་དགེ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཆོས་དབྱིངས་ཡེ་ཤེས་རྟོགས་པར་ཤོག༔ བུདྡྷ་ན་མཿསརྦ་ཏ་ཐཱ་ག་ཏ་ཀྱེ་དཔལ་ཀུན་ཏུ་གཟིགས་པ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ༔ ཞེས་བསྐུར། དེ་ལྟར་མིང་གིས་དབང་བསྐུར་པས་ཉོན་མོངས་པ་གཏི་མུག་དག །གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་ཀྱི་ངོ་བོར་གནས་གྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། དེའི་རྗེས་འབྲེལ་དུ་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བ་ལ། དཀྱིལ་འཁོར་པའི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་འཕྲོས་ཏེ་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག །སྐུ་ཙཀ་རྣམས་རིམ་པར་ཐོགས་ལ། ཧཱུྃ༔ དབུས་ཀྱི་ཕྱོགས་ཀྱི་དེ་བཞིན་གཤེགས༔ བཅོམ་ལྡན་རྣམ་པར་སྣང་མཛད་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རྣམ་པར་སྣང་མཛད་དབང་ཐོབ་ཤོག༔ ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཛྙཱ་ན་སཏྭ་ཧཱུྃ༔ ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཤར་གྱི་ཕྱོགས་ཀྱི་དེ་བཞིན་གཤེགས༔ བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རྡོ་རྗེ་སེམས་དཔའི་དབང་ཐོབ་ཤོག༔ ཨཱོྃ་བཛྲ་སཏྭ་ཨཱ༔ ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ལྷོ་ཡི་ཕྱོགས་ཀྱི་དེ་བཞིན་གཤེགས༔ བཅོམ་ལྡན་འཇམ་དཔལ་གཞོན་ནུ་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འཇམ་དཔལ་གཞོན་ནུའི་དབང་ཐོབ་ཤོག༔ ཨཱོྃ་མཉྫུ་ཤྲཱི་མཱུཾ༔ ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ཀྱི་དེ་བཞིན་གཤེགས༔ བཅོམ་ལྡན་འཇིག་རྟེན་དབང་ཕྱུག་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འཇིག་རྟེན་དབང་ཕྱུག་དབང་ཐོབ་ཤོག༔ ཨཱོྃ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ཧྲཱི༔ ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ བྱང་གི་ཕྱོགས་ཀྱི་དེ་བཞིན་གཤེགས༔ བཅོམ་ལྡན་ཕྱག་ན་རྡོ་རྗེ་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཕྱག་ན་རྡོ་རྗེའི་དབང་ཐོབ་ཤོག༔ ཨཱོྃ་བཛྲ་པཱ་ཎི་ཧཱུྃ༔ ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཤར་ལྷོ་མཚམས་ཀྱི་དཀྱིལ་འཁོར་ནས༔ བཅོམ་ལྡན་ཀུན་ཏུ་བཟང་པོ་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཀུན་ཏུ་བཟང་པོའི་དབང་ཐོབ་ཤོག༔ ཨཱོྃ་ས་མནྟ་བྷ་དྲ་ཧཱུྃ༔ ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ལྷོ་ནུབ་མཚམས་ཀྱི་དེ་བཞིན་གཤེགས༔ བཅོམ་ལྡན་ནམ་མཁའི་སྙིང་པོ་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ནམ་མཁའི་སྙིང་པོའི་དབང་ཐོབ་ཤོག༔ ཨཱོྃ་ཁ་གརྦྷ་ཏྲཱཾ༔ ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ནུབ་བྱང་མཚམས་ཀྱི་དེ་བཞིན་གཤེགས༔ བཅོམ་ལྡན་ས་ཡི་སྙིང་པོ་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ས་ཡི་སྙིང་པོའི་དབང་ཐོབ་ཤོག༔ ཨཱོྃ་ཀྵིཾ་ཧི་རཱ་ཛ་ཧྲཱི༔ ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ བྱང་ཤར་མཚམས་ཀྱི་དེ་བཞིན་གཤེགས༔ བཅོམ་ལྡན་བྱམས་པ་མགོན་པོ་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བྱམས་པ་མགོན་པོའི་དབང་ཐོབ་ཤོག༔ ཨཱོྃ་མཻ་ཏྲི་དྷ་ར་ཨཱ༔ ཨ་བྷི་ཥིཉྩ་ཨཱོྃ༔ ཞེས་སྤྱི་བོར་བསྐུར། དེ་ལྟར་བརྡ་ལྷ་སྐུ་ཕྱག་རྒྱས་དབང་བསྐུར་པ་ལ་བརྟེན་ནས། དོན་ཕྱི་སྣོད་གཞལ་ཡས་ཁང་། ནང་བཅུད་ལྷའི་དཀྱིལ་འཁོར། རྒྱུད་ཕུང་ཁམས་སྐྱེ་མཆེད་དབང་ཡུལ་དང་བཅས་པ་ཐམས་ཅད་བདེ་གཤེགས་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་སུ་ཡེ་ནས་བཞུགས་པ་ཉིད་ཐབས་འདིས་གསལ་བཏབ་པ་ཡིན་པས། དེང་ཕྱིན་ཆད་གདན་གསུམ་ཚང་བའི་དཀྱིལ་འཁོར་འཁོར་ལོའི་ང་རྒྱལ་ལ་རྟག་ཏུ་གནས་པའི་སྒོ་ནས་ཅིར་སྣང་ཆོས་ཉིད་བདེ་བ་ཆེན་པོའི་ལོངས་སྤྱོད་ལ་རོལ་པར་མཛོད་ཅིག །དེ་ལྟར་དབང་ཡོངས་སུ་རྫོགས་པ་ཐོབ་པ་ལ་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་བའི་ཕྱིར་ཁྱེད་རང་རྣམས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་ལ་གནས་པའི་སྟེང་དུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་ཕུབ་ཅིང་། རྐང་འོག་ཏུ་འཁོར་ལོ། ལག་ཏུ་རྡོར་དྲིལ་དུང་དང་གླེགས་བམ་ཕྱག་ཤིང་རྣམས་གཏད་ནས་རྡོ་རྗེ་སློབ་དཔོན་གྱི་དབང་གི་བྱེད་ལས་གཞན་དོན་འཆད་ཕྲིན་གྱི་གནང་བ་བསྩལ་བར་མོས་ཤིག །ཡོ་བྱད་རྣམས་གཏད་ལ། ཧཱུྃ༔ རང་བྱུང་ལྷུན་གྲུབ་དགོངས་པ་མངོན་གྱུར་པའི༔ རྡོ་རྗེ་སློབ་དཔོན་བདག་པོའི་དབང་ཐམས་ཅད༔ དེང་འདིར་རྡོ་རྗེ་སློབ་དཔོན་འདིར་རྫོགས་ནས༔ རྒྱལ་བ་རྣམས་ཀྱིས་ཤིས་པ་བརྗོད་གྱུར་ཅིག༔ ཅེས་དང་། རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་འཐོར། དེ་ལྟར་ན་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་རྩའི་དྲི་མ་དག །ལམ་སྣང་སྟོང་ཟུང་འཇུག་བསྐྱེད་པའི་རིམ་པ་སྒོམ་པ་ལ་དབང་། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །འདིར་དབང་གཞུང་དུ་མཆོག་དབང་གོང་མ་གསུམ་དབང་ཕྲེང་ཆེ་ཆུང་ནས་བླང་བར་གསུངས་པ་གཏེར་ཁ་རིགས་གཅིག་པའི་གནད་ཀྱིས་དགའ་རབ་སྙིང་ཐིག་ནས་ལེན་པའི་ཕྱག་བཞེས་ལྟར་ན། གཉིས་པ་གསང་བའི་དབང་གི་སླད་དུ། བླ་མ་དཀྱིལ་འཁོར་གྱི་བདག་པོ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བའི་སྒྲ་དང་དགའ་བའི་འོད་ཟེར་གྱིས་རྒྱལ་བ་སྲས་དང་བཅས་པ་བཀུག་ཏེ་ཞལ་དུ་ཞུགས། ཐུགས་ཀར་བྱང་ཆུབ་ཀྱི་སེམས་སུ་ཞུ། མཁའ་གསང་ནས་ཕྱུང་སྟེ་དཀར་དམར་ལྷག་པའི་བྱང་སེམས་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པ་ལྕེ་ལ་བཞག་སྟེ་དབང་བསྐུར་བར་མོས་ཤིག །གསང་ཐོད་ཐོགས་ལ། ཨ༔ ཇི་ལྟར་བདེ་གཤེགས་ཡབ་རྣམས་ཀྱིས༔ རང་གི་སྲས་ལ་དབང་བསྐུར་བཞིན༔ བདེ་ཆེན་བྱང་ཆུབ་སེམས་ཀྱི་ཆུས༔ རྟོག་པའི་དྲི་མ་བསལ་བར་བྱ༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧོ༔ ཞེས་བདུད་རྩི་སྦྱིན། རྣམ་པར་རྟོག་པ་མེད་པའི་བློས་སྔགས་འདིའི་རྗེས་ཟློས་དང་བཅས་མྱང་བ་ཞུ། ཨ་ཧོ་མ་ཧཱ་སུ་ཁ་ཧོ༔ ཞེས་མྱང་དུ་བཅུག །དེས་སློབ་དཔོན་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་རླུང་གི་དྲི་མ་དག །ལམ་རང་བྱིན་རླབས་ཀྱི་རིམ་པ་སྒོམ་པ་ལ་དབང་། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། སློབ་དཔོན་གྱི་ཡུམ་དབྱིངས་ཕྱུག་མ་ལས་གཟུགས་དང་ལང་ཚོ་ཕུལ་དུ་བྱུང་ཞིང་མཚན་ཉིད་ཡོངས་སུ་རྫོགས་པའི་ཤེས་རབ་མ་སྤྲོས་ཏེ་ཁྱེད་རང་གི་མདུན་དུ་ཆགས་པའི་ཉམས་འགྱུར་དང་བཅས་འཁོད་ནས་བདེ་བ་བརྟེན་པར་བསྐུལ་བར་མོས་ཤིག །རིག་ཙཀ་ཐོགས་ལ། ཧཱུྃ༔ དགའ་བའི་གནས་ཆེན་ཕྱག་རྒྱ་མོ༔ སྣ་ཚོགས་གཟུགས་ཅན་ཡིད་འོང་མ༔ ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ༔ དགའ་བདེའི་རོལ་མོ་རྟག་ཏུ་གྱིས༔ མ་ཧཱ་མུ་དྲ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ལག་ཏུ་གཏད། ཛཿཧཱུྃ་བཾ་ཧོཿཨ་ནུ་རཱ་ག་ཛྙཱ་ན་བཛྲ་ས་མ་ཡ་ཧོ༔ ཞེས་ཤེས་རབ་མ་དང་འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པས་ཡས་བབས་རྒྱུ་དང་མས་བརྟན་འབྲས་བུའི་དགའ་བ་བཞི་ཉམས་སུ་མྱོང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་འགྱུར་མེད་དུ་བརྟན་པར་མོས་ཤིག །དེས་ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པ་ཐོབ། ཡིད་ཐིག་ལེའི་སྒྲིབ་པ་དག །ལམ་གཞན་ལུས་ཕོ་ཉའི་ལམ་སྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དབང་བཞི་པ་དོན་དམ་ངོ་སྤྲོད་རིག་པ་རྩལ་གྱི་དབང་གི་སླད་དུ། སྔར་དཔེ་ལས་སྐྱེས་པའི་ཡེ་ཤེས་དེ་ཉིད་ཀྱིས་མཚོན་བྱེད་དུ་བྱས་ནས་དོན་དམ་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གདོད་ནས་རང་རིག་རང་ལ་གསལ་བའི་དོན་རྡོ་རྗེ་སེམས་དཔའི་མེ་ལོང་གི་བརྡས་མཚོན་ཏེ། དབྱིངས་ཀ་དག་ནང་གསལ་སྤྲོས་པ་དང་བྲལ་བ་ལས་རིག་གདངས་ལྷུན་གྲུབ་ཀྱི་སྣང་བ་ཕྱིར་གསལ་དུ་འཆར་ཡང་ངོ་བོ་ལས་ནམ་ཡང་མ་གཡོས་པའི་དོན་གོ་བར་མཛོད་ལ་མཉམ་པར་ཞོག་ཅིག །ཤེལ་རྡོ་ཐོགས་ལ། ཨ༔ གསང་བ་མཆོག་གི་དགྱེས་པ་ན༔ ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས༔ རྡོ་རྗེ་སེམས་དཔའ་བདེ་བ་ཆེ༔ དབྱིངས་རིག་ཟུང་འཇུག་རྟོགས་པར་ཤོག༔ ཛྙཱ་ན་བཛྲ་སཏྭ་ཨ་ཨ་ཨ༔ ཞེས་ཤེལ་རྡོ་སྙིང་གར་བཞག །དེས་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་དག །ལམ་འོད་གསལ་རྫོགས་པ་ཆེན་པོ་ཀ་དག་དང་ལྷུན་གྲུབ་ཉམས་སུ་ལེན་པ་ལ་དབང་། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། བླ་མ་དཀྱིལ་འཁོར་པའི་ལྷ་ཚོགས་ནམ་མཁའ་གང་བའི་ཚོགས་ཀྱིས་སོགས་ཀྱིས་མཚམས་སྦྱར་ལ་ཤིས་བརྗོད་རྒྱས་པར་སྤེལ། དེ་རྣམས་ཀྱི་སྒོ་ནས་གཞུང་ལས། དེ་ལྟར་རྡོར་དབྱིངས་དཀྱིལ་འཁོར་གྱི༔ དབང་བསྐུར་ཡོངས་རྫོགས་ཕྱི་སྐོར་འདི༔ ཡང་ཟབ་ཀུན་གྱི་མཐར་ཐུག་པའི༔ རྫོགས་པ་ཆེན་པོའི་ཆོས་སྡེར་འདུ༔ ཞེས་གསུངས་པ་ལྟར་རྫོགས་པ་ཆེན་པོ་ཕྱི་སྐོར་སེམས་སྡེ་མ་ཧཱའི་མན་ངག་དང་འབྲེལ་བ་ཡི་དམ་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ཟབ་མོ་ལེགས་པར་གྲུབ་པ་ལགས་སོགས་ཀྱི་མཚམས་སྦྱར་ལ་དམ་ཚིག་བསྒྲག་གཟུང་སོགས་དབང་གི་རྗེས་རིམ་སྤྱི་ལྟར་བྱའོ།། །།སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་གཏོང་བ་སོགས་ཆོ་གའི་རྗེས་རིམ་རྣམས་ཀྱང་གཞུང་བཞིན་མཐར་ཆགས་སུ་བཏང་བས་གྲུབ་བོ། །མི་འགྱུར་གཉུག་མའི་ཡེ་ཤེས་གང་། །རྡོ་རྗེ་དབྱིངས་ཀྱི་ཕྱག་རྒྱ་རུ། །ཡོངས་སྣང་དེ་ཡི་དཀྱིལ་འཁོར་དུ། །འཇུག་པའི་ཐབས་ཚུལ་འདི་རྨད་བྱུང་། །ཕྱི་སྐོར་སེམས་སྡེའི་ཡི་དམ་ཞི་བ་རྡོ་རྗེ་དབྱིངས་ཀྱི་དབང་གི་ལེའུ་ཚན་ནོ།། །། ༄༅། །སྭསྟི། བྱིན་རླབས་འཕོ་བའི་དབང་ཆེན་གྱིས། །སྐལ་ལྡན་གྲོལ་གཞིར་སྨིན་མཛད་པ། །རིག་འཛིན་བླ་མར་གུས་བཏུས་ནས། ཁྲིད་ཀྱི་བྱིན་རླབས་མཛོད་སྒོ་དབྱེ། །རྫོགས་པ་ཆེན་པོ་སྡེ་གསུམ་ལས་ཕྱི་སྐོར་སེམས་སྡེའི་ཁྲིད་ཀྱི་བྱིན་རླབས་ཨ་ཡིག་མདའ་འཕེན་མ་བསྒྲུབ་པ་ལ། སྦྱོར་བ་རྡུལ་ཚོན་ནམ་རས་བྲིས་ཀྱི་ཕྱི་དཀྱིལ་ཙིཏྟ་རྩེ་མོ་ནུབ་བསྟན་ལ་ནང་པདྨ་དམར་པོ་འདབ་མ་བཅུ་དྲུག་པ་མུ་ཁྱུད་དང་བཅས་པའི་ལྟེ་བར་ཨ་ཞབས་སྤྲོད་ཤར་ནུབ་ཏུ་མགོ་བསྟན་པ། འདབ་མ་རྣམས་ལ་ཨ་དཀར་པོ་མགོ་ཕྱིར་བསྟན་རེ་རེས་མཚན་པ་ཅན་བྲིས་པ་བཀྲམ། དེ་སྟེང་མཉྫིའི་ཁར་བུམ་པ་བཅུད་ལྡན་གྱི་མཆུ་ལ་རས་སམ་ཤིང་ཤུན་ལ་བྲིས་པའི་ཙིཏྟ་དམར་པོ་ཨ་ཡིག་གིས་མཚན་པ་གདག །ཕྱི་ནང་གི་མཆོད་ཚོགས་བཤམ་ལ། ཕྱི་སྐོར་བླ་མའི་བསྐྱེད་རིམ་བྱང་བུ་ཁྲིགས་བསྡེབས་ལྟར་བདག་མདུན་དབྱེར་མེད་ཀྱི་དགོངས་པས་བཟླས་པ་དང་། བུམ་ནང་ཨ་དཀར་པོ་ཞུ་བས་བདུད་རྩིར་བསམ་ལ་ཨ་གང་འགྲུབ་བཟླ། ལས་བུམ་རྡོར་སེམས་ཀྱིས་བརླབ། བཀའ་སྲུང་གཏོར་ཆོག་དང་ཚོགས་མཆོད་ཟབ་རྒྱས་གྲུབ་ནས།། །།བྱིན་རླབས་དངོས་ལ། སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ། མཎྜལ་བཀྱེ་བསྡུ་དང་། སེམས་བསྐྱེད་གསལ་བཏབ་ལ་མཚམས་སྦྱོར་གྱི་ཁྱད་པར། དེ་ལ་འདིར་གྲུབ་པའི་རིག་འཛིན་རྣམས་ཀྱི་ཐུགས་བཅུད་སྔ་འགྱུར་རྙིང་མ་ལ་མདོ་སྒྱུ་སེམས་གསུམ་ཞེས་གྲུབ་པའི་མཐའ་ཆེན་པོ་གསུམ་དུ་གྲགས་པའི་ཡ་གྱལ། རྫོགས་པ་ཆེན་པོ་ཀུན་གྱི་འཕྲོ་གཞིའམ་རྩ་བ་ལྟ་བུ་སེམས་ཕྱོགས་རྒྱ་མཚོའི་མན་ངག་གི་སྙིང་པོ་མཁས་པ་ཤྲཱི་སིཾ་ཧས་དུས་གསུམ་ཀུན་མཁྱེན་པདྨ་འབྱུང་གནས་ལ་གདམས་པ་ཟབ་དགུའི་ཡང་བཅུད། རྟོག་གེ་དང་དམ་ཉམས་འདྲེས་ཁྱེར་གྱིས་བསྲེ་བསླད་མ་ཞུགས་པ་གཏེར་བརྒྱུད་མཁའ་འགྲོའི་ཁ་རླངས་ཐུལ་ལེ་བ་འདི་ཉིད་ཀྱི་ཁྲིད་ཀྱི་བྱིན་རླབས་ཟབ་མོ་འབུལ་བ་ལ། ཀྱེ་རིགས་ཀྱི་བུ་རྣམས༔ དབང་བསྐུར་བའི་ཚུལ་ནི་འདི་ལྟ་བུ་སྟེ༔ བསྐུར་བྱ་སྐུར་བྱེད་བསྐུར་ཐོབ་དང་བྲལ་བའོ༔ དེ་མཚོན་བྱེད་བརྡ་ལ་བརྟེན་ནས་འཇུག་དགོས་པས་ཐོག་མར་ཁྱེད་རང་གི་དངོས་སུ་འབྱོར་པ་དང་ཡིད་ཀྱིས་སྤྲུལ་པའི་མཆོད་སྤྲིན་ཞིང་ཁམས་རྒྱ་མཚོར་ཁྱབ་པར་སྤྲུལ་ནས་མཎྜལ་འབུལ་བ་ཞུ། ཞེས་མཎྜལ་འབུལ་དུ་གཞུག །འོ་རང་ཤེས་རིག་པའི་རྒྱལ་པོ་བླ་མ་ཀུན་ཏུ་བཟང་པོར་སྒོམས་ལ་དད་མོས་གདུང་བ་དྲགས་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བདག་ལ་བྱ་རྩོལ་བྲལ་བའི་རྫོགས་ཆེན་ཐམས་ཅད་སེམས་སུ་བལྟ་བ༔ བརྡ་ཙམ་གྱིས་ནི་རྟོགས་པའི་བྱིན་རླབས་འཕོ་བའི་དབང༔ སློབ་དཔོན་དགོངས་པའི་མཐར་ཐུག་གང་ཡོད་བདག་ལ་བསྩལ་དུ་གསོལ༔ ལན་གསུམ། དེ་ནས་མཆོད་བསྟོད་བཤགས་པ་བྱ་བ་རྣམས་ཚིག་རིས་དང་མཐུན་པའི་སྒོམ་དོན་གསལ་ཐོབས་ཤིག །དཔོན་སློབ་ལྷན་ཅིག་པས་ཕྱི་སྐོར་བླ་མའི་བྱང་བུའི་མཆོད་བསྟོད་དང་། སྒྲིབ་སྦྱོང་བྱང་བུའམ་ཆོས་ཉིད་ཀློང་བཤགས་སོགས་རྒྱས་བསྡུས་ཅི་རིགས་བྱ། དེ་ནས་བྱིན་རླབས་དངོས་གཞིའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཀྱེ༔ རིགས་ཀྱི་བུ་སློབ་དཔོན་མ་བཅོས་གསལ་རྫོགས་ལྷུག་པར་གནས་པའི་སྙིང་རྩ་འདབ་དབུས་དང་བཅས་པའི་ཕྱོགས་བརྒྱད་ན་ཨ་སུམ་ཅུ་རྩ་གཅིག་བསྒོམ༔ སྙིང་གར་གནས་པའི་ཨ་དཀར་པོ་ལས་འོད་ཟེར་མདའ་འཕང་བ་ལྟར་འཕྲོས༔ དཀྱིལ་འཁོར་དབུས་ཀྱི་ཨ་ཐམས་ཅད་ལའང་ཕོག༔ དེ་ལས་ཀྱང་འོད་ཟེར་སྔར་ལྟར་འཕྲོས་ཏེ་རྫས་ཀྱི་ཨ་ཡིག་ལ་ཕོག༔ དེ་ལས་འོད་ཟེར་སྐར་མདའ་ལྟར་འཕྲོས་པས་སློབ་མའི་སྙིང་ནང་གི་ཨ་ལ་ཕོག་པས༔ སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཨ་ཡིག་བཞི་ལ་ཐིམ༔ རང་ལུས་ཀྱང་ཨ་ཡིག་ལ་ཐིམ༔ ཨ་ཡིག་འོད་དུ་མེར་གྱིས་ཞུ་ནས་མི་དམིགས་པར་མཉམ་པར་བཞག༔ སླར་ཡང་མ་འདྲེས་གསལ་རྫོགས་སུ་གསལ་བས༔ སྙིང་གའི་ཨ་ཡིག་ལས་འོད་འཕྲོས༔ སྙིང་གི་ནང་ཐམས་ཅད་གསལ༔ བུམ་ནང་གི་མར་མེ་ལྟ་བུའི་འོད་གསལ་བར་བལྟ་བ་ལ་ཤེས་པ་གཏོད་ཅིག །དེ་ནི་སྤྱི་ཙམ་སྟེ་མན་ངག་ནི་གཞན་དུ་ཤེས༔ ཞེས་གསུངས་པའི་གདམས་ངག་གུད་དུ་སྦས་པ་ནི། དཀྱིལ་འཁོར་པད་བུམ་སྙིང་ཨ་དེ༔ ཡུལ་དབང་ཤེས་གསུམ་ཀུན་གཞི་མཚོན༔ སྣང་སྟོང་བདེ་སྟོང་བདེ་བ་ཆེ༔ ཡུལ་སྟོང་དབང་དག་རྣམ་ཤེས་འགྱུར༔ ཀུན་གཞི་བྱ་བྱེད་བྲལ་བ་འོ༔ ཞེས་རྡོ་རྗེའི་ཚིག་ཏུ་བསྟན་པའི་དོན་ཁྲིད་བརྒྱུད་ལྡན་བླ་མའི་ཞལ་ལུང་ལས་བླང་བར་བྱའོ། །དཀྱིལ་འཁོར་གྱི་བརྡ་དོན་ངོ་སྤྲད་པ་ནི༔ དཀྱིལ་འཁོར་དབུས་ཀྱི་ཨ་དཀར་པོ་དེ་ནི་ཀུན་གཞི་དྲི་མ་མེད་པ་མཚོན་ནོ༔ ཨ་ཡིག་ཕྱི་རོལ་དུ་ཙིཏྟ་རིན་ཆེན་འདི་ནི་ཀུན་གཞིའི་ངོ་བོ་སྟོང་པའི་འོད་གསལ་བ་ལས་མ་རིག་པ་རྣམ་ཤེས་སམ༔ རིག་པའི་དུས་ན་ཡེ་ཤེས་སུ་མཚོན་པས་སྐུ་གཉིས་ལྷུན་གྱིས་གྲུབ་པའོ༔ བུམ་པ་ནི་ལུས་དབང་པོའི་སྒོ་ཐམས་ཅད་གསལ་ཞིང་རྣམ་ཤེས་ཀྱི་འཇུག་སྒོ་ཕྱི་ནང་གི་ཡུལ་ཤེས་གཉིས་ཀྱི་གོ་འབྱེད་པ་ལྟ་བུ་སྟེ༔ བུམ་པའི་སྒོ་འགགས་པས་སོ་སོར་དབྱེ་བ་ཙམ་ལས་བུམ་པ་དབྱིངས་སུ་ཐིམ་པའི་ཚེ་ནམ་མཁའ་ཕྱི་ནང་གཅིག་ཏུ་འགྱུར་བ་བཞིན༔ ལུས་ཀྱི་རྒྱ་གྲོལ་བས་ཡུལ་དང་ཤེས་པ་དབྱེར་མེད་ཅིང༔ དེ་ཉིད་ཀྱང་ཀུན་གཞིའི་དབྱིངས་སུ་རྫོགས་པར་འགྱུར་བས་ན༔ མ་དག་པའི་དབང་པོ་གཉིས་སུ་འཛིན་ཅིང༔ དག་པའི་དབང་པོ་བདེན་མེད་དུ་མཐོང་བས་བུམ་པ་ཆག་པའི་མར་མེས་ཕྱི་ནང་འོད་གསལ་བ་བཞིན་འོད་གསལ་དག་པའི་གཞོན་ནུ་བུམ་པའི་སྐུར་ལྷུན་གྱིས་གྲུབ་པར་མཚུངས་ལ༔ པདྨ་ནི་མ་དག་པའི་ངོ་ནས་ཀུན་གཞི་ནས་གསལ་བའི་ཆ་མ་རྟོགས་པར་རྣམ་ཤེས་ཀྱི་འཇུག་པ་དབང་པོས་མཚམས་སྦྱར་ཏེ་ཡུལ་ཐམས་ཅད་སྣ་ཚོགས་བདེན་ཞེན་དུ་མཐོང་བར་བྱེད་ལ༔ དེ་ཉིད་རྣམ་ཤེས་གནས་འགྱུར་བའི་ཚེ་དབང་པོ་བདེ་བ་འོད་གསལ་ཞིང་ཕྱིའི་རྟོག་ཚོགས་ཐམས་ཅད་ཆོས་ཉིད་ཀྱི་རང་སྣང་དུ་རྟོགས་པས་ཞིང་ཁམས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མཐོང་བའི་བརྡའོ༔ ཞེས་ངོ་སྤྲོད་ལ། བུམ་པ་ཐོགས་ཏེ། དང་པོ་དབང་པོའི་ཚོར་བས་མཚམས་སྦྱར་ཏེ༔ རྣམ་ཤེས་ལོག་པར་བྱེད་པ་དག་པ་དང༔ དབང་པོ་བདེན་མེད་ཉིད་དུ་རྟོགས་བྱའི་ཕྱིར༔ བདེ་ཆེན་གཞོན་ནུ་ཕྱག་རྒྱ་བུམ་པའི་དབང༔ བདེ་བས་དེ་ཉིད་རྟོགས་ཕྱིར་དབང་བསྐུར་རོ༔ ཁ་རྒྱན་སྣ་ཚོགས་མདོངས་སྒྲོ་པདྨའི་འདབ༔ སྣང་སྟོང་དབྱེར་མེད་ཡུལ་ཀུན་དག་པ་དང༔ སྣང་སྲིད་བདེ་བ་ཆེན་པོར་འཆར་བའི་ཕྱིར༔ བུམ་པའི་ཁ་རྒྱན་སྣང་སྟོང་མདངས་གསལ་དབང༔ ཕྱི་ནང་གཉིས་མེད་རྟོགས་ཕྱིར་དབང་བསྐུར་རོ༔ རྣམ་ཤེས་ཡུལ་ལ་འཇུག་པའི་མ་དག་པ༔ རྡོ་ལ་གསེར་འགྱུར་རྩི་ཡིས་བཏབ་པ་བཞིན༔ བདེ་ཆེན་མཁའ་དབྱིངས་མཉམ་སྦྱར་གཅིག་ཏུ་འཁྲིལ༔ ཙིཏྟ་རིན་ཆེན་འབར་བ་ཟུར་བརྒྱད་འདི༔ བདེ་བ་བརྒྱད་དུ་མཚོན་པའི་དབང་བསྐུར་བས༔ དགའ་བཞིའི་ཡེ་ཤེས་དབྱིངས་སུ་རྣམ་ཤེས་དག༔ ཡེ་ཤེས་འོད་གསལ་ཀློང་དུ་གྲོལ་བར་ཤོག༔ ཨ་ནི་ཀུན་གཞི་ཀ་དག་སྒྲིབ་བྲལ་ལ༔ གཙང་ཞིང་རྟག་ལ་འགྱུར་བ་མེད་པའི་ངང༔ བཟང་ངན་བླང་དོར་འཛིན་པའི་མཐའ་ལས་འདས༔ འོད་གསལ་ཀློང་ཆུབ་སེམས་ཉིད་ཡེ་ཤེས་སུ༔ བལྟས་པས་སྣང་སྲིད་ཐམས་ཅད་ཡེ་ཤེས་དབྱིངས༔ ཡོངས་རྫོགས་རྩོལ་བ་མེད་པའི་ངང་དུ་བལྟ༔ ཨ་ཨ་ཨ༔ ཞེས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་སྦྱིན། རིག་འཛིན་དགོངས་ཉམས་ཀྱི་གླུས་བསྐུལ་བ་ལ་རྩ་བ་རིག་འཛིན་ཤྲཱི་སིཾ་ཧས་བསམ་གཏན་གྱི་ཁང་བུར་རྡོ་རྗེའི་གླུ་ཕྱི་མ་རྒྱས་པ་འདི་སྐད་ལོ། །ཇི་ལྟར་བསམ་ཡང་མི་རྟོག་ངང༔ ཇི་ལྟར་སྨྲས་ཀྱང་སྒོམ་པ་མེད༔ སྣང་སྲིད་ཆོས་ཀུན་ཡེ་ཤེས་ངང༔ ཡེ་ཤེས་བཙལ་དུ་མེད་པ་འདི༔ རང་བྱུང་རང་ཤར་ཐལ་ལེ་བ༔ ང་ནི་དེང་ཕྱིན་གཞི་ལ་གནས༔ གཞི་ནི་མ་བཅོས་ལྷུག་པར་འདུག༔ མཚན་ཉིད་ཀུན་ལྡན་འོད་གསལ་བ༔ ཅིར་ཡང་མ་ཡིན་ཅིར་ཡང་རྟོགས༔ ལྟ་བ་མཐར་ཕྱིན་ཤྲཱི་སིཾ༔ སྒོམ་པའི་བློ་དང་བྲལ་འདོད་ནས༔ གསལ་བ་འདི་ལ་ལམ་བྱས་པས༔ གཏད་སོ་མེད་པའི་ཉམས་ཤིག་ཤར༔ རྒྱུན་ཆད་མེད་པའི་ཤྲཱི་སིཾ༔ སྤྱོད་པ་སྤྱད་རྒྱུ་འདུག་གམ་བལྟས༔ ཅི་བྱས་ཐམས་ཅད་བདེ་བ་ཆེ༔ གང་བྱུང་ཐམས་ཅད་དགའ་བའི་ངང༔ ཟུང་འཇུག་མངོན་གྱུར་ཤྲཱི་སིཾ༔ འབྲས་བུ་འཐོབ་པར་བྱ་བའི་ཕྱིར༔ གཞི་ཡི་སྟེང་དུ་མཉམ་པར་བཞག༔ འཇམ་དཔལ་བཤེས་གཉེན་གདམས་པ་སྟེ༔ སེམས་ཀྱི་ཀློང་ནས་གཏེར་དུ་རྙེད༔ རྣམ་ཤེས་ཡུལ་དབང་ཀུན་གཞི་རྣམས༔ སོ་སོར་དབྱེར་མེད་དམིགས་སུ་མེད༔ གང་ཡང་འདི་ཞེས་མེད་པ་ཡི༔ བདེ་བ་ཆེན་པོར་ཨ་ལ་ལ་ཧོ༔ ཞེས་བླངས། དེ་ལྟར་རྡོ་རྗེ་གླུའི་དགོངས་དོན་གདམས་ངག་གི་ངོ་སྤྲོད་ཆིག་བརྒྱུད་དུ་གདམས་པ་ནི། སློབ་བུའི་རྣ་བར་ཟངས་དུང་ལྟ་བུའི་སྦུབས་མཆུ་བཙུགས་ནས་སྐད་ཤུབ་བུས་གཞན་གྱིས་མ་ཐོས་པར་བྱས་ལ། བུམ་པ་ཁུངས་གཏོར་གྱི་དགོངས་པ་ལས། ཆོས་ཐམས་ཅད་ཡེ་ཤེས་སུ་ཤེས༔ ཡེ་ཤེས་བཙལ་དུ་མེད་པ་འོ༔ ཞེས་དང་། དང་པོ་ཐུག་ས་གཅིག་ཏུ་ཐུག༔ བར་དུ་བལྟ་ས་གཅིག་ལ་བལྟ༔ མཐའ་མར་མཐོང་བ་གཅིག་ཏུ་མཐོང༔ ཞེས་ལན་གསུམ་རེ་དལ་བུར་བརྗོད། རྒྱས་པར་སྤྲོ་ན། འདིའི་དབང་གཞུང་ལས། རྒྱས་པར་རྩ་ཡི་ཨ་ཡིག་བཅོ་བརྒྱད་ལ་སེམས་འཛིན༔ དོན་བཅོ་བརྒྱད་ཀྱི་གླུ་བླང་བ་གཞན་དུ་བལྟ་འོ༔ ཞེས་གསུངས་པ་ནི། རླུང་རོ་བསལ། ལུས་གནད་དང་བཅས། དཔོན་སློབ་གཉིས་ཀའི་ཙིཏྟ་རིན་པོ་ཆེ་འབར་བའི་གཞལ་ཡས་སུ་པདྨ་འདབ་མ་བཅུ་དྲུག་པའི་ལྟེ་བ་ལ་ཨ་དཀར་པོ་ཞལ་སྤྲོད་དང་། འདབ་མ་བཅུ་དྲུག་ལ་ཨ་དཀར་པོ་བཅུ་དྲུག་མགོ་ཕྱིར་བསྟན་དུ་བསྒོམ་པར་བྱའོ། །དེ་ནས་བླ་མའི་ཐུགས་ལ་གནས་པའི་པདྨའི་ཨ་རྣམས་འོད་དུ་ཞུ་ནས། འོད་དེ་སོག་མདའ་བཞིན་དུ་དཀར་ནར་གྱིས་སོང་བ་དེས་དཀྱིལ་འཁོར་གྱི་པདྨའི་ཨ་རྣམས་ལ་ཕོག་པས་དེ་རྣམས་ཀྱང་འོད་དུ་དཀར་མེར་གྱིས་ཞུ། དེ་ལས་ཀྱང་འོད་དཀར་ནར་གྱིས་འཕྲོས་ནས་སྟེང་གི་བུམ་པའི་ཨ་རྣམས་ལ་ཕོག་པས་དེ་རྣམས་ཀྱང་འོད་དུ་དཀར་མེར་གྱིས་ཞུ་ནས། འོད་དེ་སློབ་མའི་སྙིང་གའི་པདྨའི་ཨ་རྣམས་ལ་ཕོག་པས། འཁོར་བའི་བག་ཆགས་དང་རྣམ་པར་རྟོག་པ་ཐམས་ཅད་སྦྱངས་ནས་སེམས་ཉིད་དག་པའི་ངོ་བོ་ཨ་དཀར་པོ་དེ་རྣམས་ལ་ཤེས་པ་མ་ཡེངས་པར་གཏད་པས། དེ་རྣམས་ཤིན་ཏུ་དཀར་བ་རང་བཞིན་གྱིས་འོད་གསལ་བར་གྱུར་ནས་སྙིང་གི་ནང་འོད་ཀྱིས་ཁེངས་པ་དང་། ཨ་དེ་རྣམས་འོད་ཀྱི་རང་བཞིན་དུ་གྱུར་ནས་ལུས་ཀྱི་ནང་དང་། རིམ་གྱིས་འཇིག་རྟེན་གྱི་ཁམས་དང་། ནམ་མཁའི་མཐའ་ཀླས་པར་འོད་ཀྱིས་ཁྱབ། མཐར་དེ་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་བཞིན་སླར་འདུས་ནས་ཐིག་ལེ་ཆེན་པོའི་རང་བཞིན་དུ་གསལ། དེ་ཐིག་ལེ་ཤིན་ཏུ་ཕྲ་བ་ལ་འདུས། དེ་ཡང་ཡལ་གྱིས་ཡལ་བ་ལ་རིག་པ་གཏད་ཅིང་མཉམ་པར་བཞག་པས། འཁོར་འདས་ཀྱི་སྣང་བ་ཅི་ཤར་ཡང་ངོ་བོ་ངོས་བཟུང་ལས་འདས་པའི་རང་རིག་ཡུལ་མེད་རང་གསལ་གྱི་ངང་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱའོ། །ཞེས་གསལ་བཏབ་ལ་བསྒོམ་དུ་གཞུག །དེ་ནས་སེམས་སྡེའི་བླ་མ་རྒྱལ་པོ་དྷ་ཧེ་ན་ཏ་ལོ་ནས་བཟུང་རིག་འཛིན་བཅོ་བརྒྱད་ཀྱི་གླུ་རེ་དང་སྦྲགས་ནས་ངོ་སྤྲད་སྦུབས་མཆུའི་གདམས་པ་བཅོ་བརྒྱད་དཀྱུས་སུ་བྲིས་པ་ནི། ༡༽ཁྱུང་ཆེན་གྱི་དགོངས་པ། ཆོས་ཉིད་ཀློང་རྡོལ་གླུ་ཡི་བསམ་གཏན། ཙན་དན་གྱི་ནགས་ཚལ་དུ་ནམ་གྱི་གུང་ལ། རྒྱལ་པོ་དྷ་ཧི་ན་ཏ་ལོས་འདི་སྐད་ལོ། །ཧཱུྃ། འགྱུར་བ་མེད་པའི་ཆོས་ཉིད་ནི། །ཀུན་གཞི་མ་བཅོས་བྱང་ཆུབ་སེམས། །གཟུང་འཛིན་རྣམ་རྟོག་ཡུལ་ལས་འདས། །སྣང་བའི་གཟུགས་མེད་བྱང་ཆུབ་སེམས། །ཅི་ལའང་མི་དཔྱད་རྟོག་པས་མི་གཟུང་ཞིང་། །སེམས་ཉིད་རང་བཞིན་བསམ་མེད་མཁའ་འདྲ་ལ། །མ་ཡེངས་མ་བསླད་བཅོས་པ་མེད་པར་གཞག །སྒོམ་དུ་མེད་པའི་ཆོས་དབྱིངས་ཆེན་པོ་ལ། །བསམ་དུ་མེད་པའི་རིག་པ་མ་ཡེངས་ཞོག །དེ་ལས་སྒོམ་དུ་རྡུལ་ཙམ་མེད་པར་འཁུམས། །སྐྱེ་བ་བརྒྱུད་ནས་རྒྱལ་པོར་བདག་སྐྱེས་ཏེ། །དོ་ཧ་དེ་བླངས་ང་རྒྱལ་བཅག་པ་ལས། །སྔོན་ཆད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །སེམས་དང་ཆོས་ཉིད་འདྲེས་པའི་འཕྲོ་བླངས་ཤིང་། །སྒྱུ་མའི་ཕུང་པོ་ད་ལྟ་བསྙིལ་བའི་ཕྱིར། །ཀུན་བཟང་ཐུགས་ཀྱི་འོད་ཟེར་བདག་ལ་ཤར། །གྷི་ཏ་མ་ཀོ་ས་ལ་ཨ་ཧོཿ ཞེས་རྡོ་རྗེའི་གླུ་བླངས་སོ། །སྦུབ་མཆུ་ནི། གསེར་གྱི་ཁྱུང་གཤོག་ཅེས་པའི་མན་ངག་ལས། གསལ་ལ་མི་གཡོ་ཐལ་བྱུང་བའོ།། ༢༽རིག་པའི་ཁུ་བྱུག་གི་དགོངས་པ། རིག་པ་ཀློང་རྡོལ་གླུའི་བསམ་གཏན། ཙནྡན་གོར་ཤིརྵའི་ཚལ་དུ་ནམ་གྱི་ཆ་སྟོད་ལ། སྲས་ཐུ་བོ་རཱ་ཛ་ཧསྟིས་འདི་སྐད་ལོ། །ཧཱུྃ། ཀུན་གཞི་ཡེ་ནས་མ་བཅོས་དེ་བཞིན་ཆོས་ཀྱི་དབྱིངས། །རང་བྱུང་ཡེ་ཤེས་མཁའ་འདྲ་མཉམ་པ་ཆེན་པོའི་ངང་། །ཚིག་དང་ཡི་གེའི་སྒྲ་ལས་འདས་པ་ཀུན་ཏུ་བཟང་། །སེམས་དང་ཆོས་ཉིད་མཉམ་ཞིང་དབྱེར་མེད་ན། །ལུས་ངག་ཡིད་གསུམ་མཚན་མ་ཅིས་བསླད་ཀྱང་། །ཆོས་ཉིད་བྱང་ཆུབ་སེམས་ལ་འགྱུར་མེད་དེ། །རྣམ་རྟོག་སྐྱོན་སྤངས་ཀུན་གཞི་བྱང་ཆུབ་སེམས། །མ་བཅོས་ངང་དུ་བཞག་པ་ལས། །སྒོམ་ཞེས་གུད་ན་མེད་པར་འཁུམས། །སྒྱུ་མའི་ཕུང་པོ་ད་ལྟ་བསྙིལ་བའི་ཕྱིར། །ཀུན་བཟང་ཐུགས་ཀྱི་འོད་ཟེར་ང་ལ་ཤར། །གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ སྦུབ་མཆུ་ནི། བུམ་པ་ཁུངས་གཏོར་ཞེས་བྱ་བའི་མན་ངག་ལས། ཡེ་ཤེས་མ་བཙལ་ཡན་པར་ཞོག། ༣༽ནམ་མཁའ་ཆེའི་དགོངས་པ། ཡེ་ཤེས་ཀློང་རྡོལ་གླུ་ཡི་བསམ་གཏན། མེ་ཏོག་ཨུ་དུམ་བཱ་རའི་ཚལ་དུ་ནམ་སྨད་ཀྱི་ཆ་ལ། སྲས་མོ་སཱ་ར་ནིས་འདི་སྐད་ལོ། །ཧཱུྃ། ཀུན་གཞི་མ་བཅོས་ཡེ་ནས་ཆོས་ཀྱི་དབྱིངས། །རྒྱུ་དང་རྐྱེན་གྱིས་མ་སྐྱེས་འཇིག་དྲལ་མེད། །རང་བྱུང་ལྷུན་གྱིས་གྲུབ་པའི་བཅོམ་ལྡན་འདས། །གཟུང་འཛིན་ཀུན་ལས་འདས་པ་རྡོ་རྗེ་སེམས་དཔའི་ཐུགས། །ཡེ་ནས་མ་བཅོས་ཆོས་ཀྱི་དབྱིངས་ཉིད་ལ། །རང་བྱུང་རང་གསལ་རིག་པ་ཡེ་ཤེས་ཀྱིས། །མ་བཅོས་མ་བསླད་ངང་དུ་བཞག་པ་ནི། །རྡོ་རྗེ་སེམས་དཔའི་དགོངས་པ་ཡིན། །བདག་གི་སྒོམ་པ་འདི་ལས་མེད་པར་འཁུམས། །སྒྱུ་མའི་ཕུང་པོ་ད་ལྟ་བསྙིལ་བའི་ཕྱིར། །ཀུན་བཟང་ཐུགས་ཀྱི་གཏེར་ཆེན་བདག་ལ་བབས། །གྷི་ཏ་མ་ཀོ་ལ་ཧོཿ སྦུབ་མཆུ་ནི། ཉི་མ་ཤར་བ་ལྟ་བུའི་མན་ངག་ལས། རིག་པ་ཅིག་ཆར་ལྷུག་པར་གཞག། ༤༽ཐིག་ལེ་དྲུག་པའི་དགོངས་པ། བདེ་བ་ཀློང་རྡོལ་གླུའི་བསམ་གཏན། སྐྱ་རེངས་དང་པོ་ཤར་ཙམ་ན། རྒྱ་མཚོའི་གཏིང་རུམ་དུ་ཀླུའི་རྒྱལ་པོས་འདི་སྐད་དོ། །ཧཱུྃ། མཐའ་དང་དབུས་མེད་ནམ་མཁའ་ལྟ་བུའི་ཐུགས། །སྨྲ་བསམ་ཡུལ་ལས་འདས་པ་ཆོས་ཀྱི་སྐུ། །སྲིད་འབྱུང་སྐྱེ་འགྲོ་རྣམ་པར་དག་བྱས་ནས། །མ་བཅོས་རྣམ་པར་དག་པ་ཀུན་གཞི་བྱང་ཆུབ་སེམས། །མ་བཙལ་མཉམ་པར་བཞག་པ་སྒོམ་པའི་མཆོག །རིག་པ་ཆོས་ཀྱི་དབྱིངས་སུ་མ་བཅོས་ན། །རྣམ་པར་གྲོལ་བའི་ལམ་མཆོག་གཞན་མེད་དེ། །དུས་གསུམ་བདེ་བར་གཤེགས་པའི་དགོངས་པ་ཉིད། །དཔག་ཅིང་གཞལ་ཡང་འདི་ལས་མེད་པར་མཇལ། །བདག་གི་ཕུང་པོ་གདོས་བཅས་འདི་བསྙིལ་ནས། །ཀུན་བཟང་དབྱེ་བ་མེད་པའི་ས་ལ་མཆི། །གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ སྦུབ་མཆུ་ནི། དབུལ་མོ་གཏེར་འཆང་ཞེས་བྱ་བའི་མན་ངག་ལས། ཐམས་ཅད་སྤྲུལ་པ་སྐུ་སྟེ་བཏང་སྙོམས་ངང་།། ༥༽རྩལ་ཆེན་གྱི་དགོངས་པ། བྱང་སེམས་ཀློང་རྡོལ་གླུ་ཡི་བསམ་གཏན། སྐྱ་རེངས་གཉིས་པ་ཤར་ཙམ་ན། རྒྱ་མཚོའི་གླིང་དུ་ཁྱི་ཡི་རྒྱལ་པོ་ཀུ་ཀུ་རཱ་ཛས་འདི་སྐད་ལོ། །ཧཱུྃ། ཡེ་ནས་ལྷུན་གྲུབ་ཀུན་ཏུ་བཟང་པོའི་ངང་། །གསལ་ལ་མི་རྟོག་སྤྲོས་བྲལ་བྱང་ཆུབ་སེམས། །མི་འགྱུར་མི་དམིགས་ཆོས་ཀྱི་དབྱིངས་ཉིད་ལས། །རིག་པ་མི་འགྱུར་མ་བསླད་མཉམ་བཞག་ན། །ཅི་ལའང་མི་གནས་གང་ལའང་མི་སེམས་པ། །མཆོག་ཏུ་གསང་བའི་རྨད་བྱུང་སེམས་ཉིད་འདི། །རྣ་བས་ཉན་པ་ལ་སོགས་སྤྱོད་ཡུལ་ཡོད་མ་ཡིན། །ཀུན་གཞི་མི་འགྱུར་དབྱིངས་ཆེན་ལ། །རིག་པ་མི་འགྱུར་མ་ཡེངས་གཞག །སྒོམ་པ་འདི་ལས་མེད་པར་འཁུམས། ཁམས་གསུམ་རང་སར་གྲོལ་བས་བཙལ་ཞིང་བསྒྲུབ་མི་དགོས། །རེ་ཞིང་དོགས་པ་མེད་པས་བདག་ཉིད་སངས་རྒྱས་ཡིན། །གྷི་ཏ་མ་ཀོ་ལ་ཧོཿ སྦུབ་མཆུ་ནི། མེ་ལོང་ལྟ་བུ་ཞེས་བྱ་བའི་མན་ངག་ལས། སྤྲོས་མེད་བྱང་ཆུབ་ཡན་པར་གནས།། ༦༽སེམས་སྒོམ་གྱི་དགོངས་པ། དབྱིངས་ཀློང་རྡོལ་གླུ་ཡི་བསམ་གཏན། རྒྱན་ཆགས་དཔལ་གྱི་རིའི་ནགས་སུ་སྐྱ་རེངས་གསུམ་པ་ཤར་ཙམ་ན། ནཱ་གཱརྫུ་ནས་འདི་སྐད་དོ། །ཧཱུྃ། སྣང་བ་ཐམས་ཅད་ཡེ་ནས་དབྱིངས་ཆེན་ལ། །རིག་པ་འཕོ་འགྱུར་མེད་པའི་དུར་བཏབ་ནས། །དབྱིངས་ཉིད་མི་འགྱུར་རིག་པ་མི་བསླད་དེ། །མ་ཡེངས་མི་འགྱུར་མཁའ་ལྟར་དག་པ་ལ། །མ་ཡེངས་མ་བཅོས་ཡོངས་ཀྱི་འོད་གསལ་ལས། །སྒོམ་པ་མིང་དུ་བཏགས་པ་གུད་ན་མེད་པར་འཁུམས། །བདག་གི་ཕུང་པོ་གདོས་བཅས་འདི། །དབྱེ་བ་མེད་པའི་ས་ལ་མཆི། །གྷི་ཏ་མ་ཀོ་ལ་ས་ཧོཿ སྦུབ་མཆུ་ནི། ཐིག་ལེ་ཆེན་པོ་ཞེས་བྱ་བའི་མན་ངག་ལས། ཆོས་ཉིད་བདེ་ཆེན་ངང་དུ་གསལ།། ༧༽རྨད་བྱུང་གི་དགོངས་པ། འབྱུང་ལྔ་ཡེ་ཤེས་ཀློང་རྡོལ་གླུ་ཡི་བསམ་གཏན། དམར་རེངས་དང་པོ་ཤར་ཙམ་ན་རྒྱ་མཚོའི་འགྲམ་དུ་ཁྱི་ཡི་རྒྱལ་པོ་ཕྱི་མས་འདི་སྐད་ལོ། །ཧཱུྃ། ཆོས་དབྱིངས་བྱང་ཆུབ་སེམས་ནི་འབྱུང་བ་ལྔ་ཡིན་ཏེ། །མ་བཅོས་རང་བཞིན་གསལ་བས་མཁའ་ལྟར་དག །འགྲོ་བའི་གཟུང་འཛིན་སྲེག་པས་མེ་ལྟར་གནས། །དམིགས་མེད་གདོད་ནས་དག་པས་རླུང་ལྟར་གནས། །གཟུང་འཛིན་སྐྱོན་དང་བྲལ་བས་ཆུ་ལྟར་གནས། །ཅིས་ཀྱང་བསྐྱོད་མེད་སྲ་བས་ས་ལྟར་གནས། །འབྱུང་བ་ལྔ་ཉིད་ཡེ་ནས་ཆོས་ཉིད་བྱང་ཆུབ་སེམས། །གདོད་ནས་དག་པའི་ནམ་མཁའ་འདྲ་བ་ལ། །དམིགས་པ་མེད་པར་མ་ཡེངས་གནས་པ་ལས། །སྒོམ་པ་འདི་ལས་གུད་ན་མེད་པར་རྟོགས། །བདག་གི་ཕུང་པོ་གདོས་བཅས་འདི། །དབྱེ་བ་མེད་པའི་ས་ལ་མཆི། །གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ སྦུབ་མཆུ་ནི། སེངྒེ་འགྱིང་བ་ལྟ་བུ་ཞེས་བྱ་བའི་མན་ངག་ལས། ཉོན་མོངས་ལྔ་ཉིད་ཡེ་ཤེས་ལྔ་རུ་གསལ།། ༨༽ཡིད་བཞིན་ནོར་བུའི་དགོངས་པ། དངོས་གྲུབ་ཀློང་རྡོལ་གླུ་ཡི་བསམ་གཏན། དམར་རེངས་གཉིས་པ་ཤར་ཙམ་ན། གནོད་སྦྱིན་མོ་བྱང་ཆུབ་འདི་སྐད་ལོ། །ཧཱུྃ། ཆོས་ཉིད་བྱང་ཆུབ་སེམས་ལ་བླང་ཞིང་བལྟར་མེད་དེ། །བལྟ་བའི་གཟུགས་མེད་ཡོངས་ལ་གསལ་བར་སྣང་། །ཅིས་ཀྱང་བཅོས་སུ་མེད་ལ་བསླད་དུ་མེད། །སེམས་ཀྱི་རང་བཞིན་ཅི་ལའང་མི་གནས་ཏེ། །རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །ཇི་ལྟར་བསླད་ཀྱང་དབྱིངས་ལས་འགྱུར་བ་མེད། །དབྱིངས་ཉིད་རིག་པས་མི་བཙལ་ཏེ། །སེམས་ཉིད་མཁའ་ལྟར་དག་པ་སྟེ། །མ་བཅོས་རང་བཞིན་མེད་པ་ལས། །སྒོམ་པ་འདི་ལས་མེད་པར་བདག་གིས་རྟོགས། །བདག་གི་ཕུང་པོ་གདོས་བཅས་འདི་བསྙིལ་ནས། །ཀུན་བཟང་ཐུགས་ཀྱི་འོད་ཟེར་བདག་ལ་ཤར། །གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ སྦུབ་མཆུ་ནི། མཁའ་ལྡིང་ཆེན་པོ་ཞེས་བྱ་བའི་མན་ངག་ལས། འཁོར་བ་མ་བཙལ་ཡེ་ནས་སངས་རྒྱས་ཡིན།། ༩༽རྩེ་མོ་བྱུང་རྒྱལ་གྱི་དགོངས་པ། རྩོལ་མེད་ཀློང་རྡོལ་གླུའི་བསམ་གཏན། ཤིང་ནལ་བྱི་ས་ལའི་རྩར་དམར་རེངས་གསུམ་པ་ཤར་ཙམ་ན། སྨད་འཚོང་མ་བུདྡྷ་མ་ཏིས་འདི་སྐད་ལོ། །ཧཱུྃ། ཨེ་མ་ཧོཿ ཆོས་ཉིད་བྱང་ཆུབ་སེམས་ལ་བརྟག་ཅིང་དཔྱད་དུ་མེད། །བཙལ་ཞིང་གཉེན་པོས་བཅོས་སུ་མེད། །སེམས་ལས་སངས་རྒྱས་ལོགས་ན་མེད། །བཙལ་བས་མི་རྙེད་སེམས་ལས་སངས་རྒྱས་མེད། །སེམས་ཀྱི་རང་བཞིན་མ་བཅོས་སངས་རྒྱས་ཡིན། །གདོད་ནས་མ་བཙལ་བྱང་ཆུབ་སྙིང་པོ་ལ། །ཏིང་འཛིན་མ་བསྒོམ་ངང་གིས་གསལ་བ་ལས། །སངས་རྒྱས་དགོངས་པ་འདི་ལས་མེད་པར་འཁུམས། །བདག་གི་ཕུང་པོ་གདོས་བཅས་འདི་བསྙིལ་ནས། །ཀུན་བཟང་ཐུགས་ཀྱི་འོད་ཟེར་བདག་ལ་ཤར། །གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ སྦུབ་མཆུ་ནི། ཡེ་ཤེས་ཕྲེང་བ་ཞེས་བྱ་བའི་མན་ངག་ལས། སྣང་སྲིད་ཡེ་ཤེས་ངང་དུ་གསལ།། ༡༠༽སྤྱི་གཅོད་ཀྱི་དགོངས་པ། གསང་བ་ཀློང་རྡོལ་གླུའི་བསམ་གཏན། ཤིང་ནྱ་གྲོ་དྷའི་རྩ་བར་སྲོད་ཐུན་ལ་འཇམ་དཔལ་བཤེས་གཉེན་ཕྱི་མས་འདི་སྐད་ལོ། །ཧཱུྃ། ཀུན་གཞི་ཡངས་པའི་དབྱེ་ཐང་ལ། །རང་རིག་དག་པའི་ཀློང་ནས་ནི། །ཡེ་ཤེས་ཉི་མ་རང་ལ་ཤར། །ཤར་བའི་དུས་ན་ནུབ་པ་མེད། །ཤར་ནས་མ་བཅོས་གསལ་བ་ལ། །སངས་རྒྱས་ཆོས་ཉིད་སྔ་ཕྱི་གསུམ། །གང་དུ་བཙལ་ཡང་རྙེད་མཐའ་མེད། །ཀུན་གཞི་ཡངས་པའི་ཆོས་ཉིད་ལས། །རིག་པ་ཆོས་སྐུའི་ཉི་ཤར་བ། །མ་བཅོས་ནུབ་པ་མེད་པ་ལས། །སྒོམ་དུ་འདི་ལས་མེད་པར་འཁུམས། །མྱོང་ན་སེམས་ཀྱི་བདུད་རྩི་མྱོང་། །བལྟ་ན་རིག་པའི་ཡེ་ཤེས་ལྟོས། །པདྨ་ཀོ་ལ་ཤ་ཨ་ཧོཿ སྦུབ་མཆུ་ནི། སེམས་ཀྱི་འཁོར་ལོ་ཞེས་བྱ་བའི་མན་ངག་ལས། སེམས་ཀྱི་བདེ་ཆེན་ཉམས་མྱོང་གསལ།། ༡༡༽སྤྱི་ཆིངས་ཀྱི་དགོངས་པ། ནམ་མཁའ་ཀློང་རྡོལ་གླུའི་བསམ་གཏན། དཔག་བསམ་ཤིང་གི་གྲིབ་མ་ལ། ཐོ་རེངས་ཁར་ཨཱརྻ་པ་ལོས་འདི་སྐད་ལོ། །ཧཱུྃ། བྱང་ཆུབ་སེམས་ནི་ནམ་མཁའ་ལྟ་བུའི་ཀློང་། །གསལ་ལ་རྟོག་པ་མེད་པའི་ཡེ་ཤེས་ནི། །ཕྱི་དང་ནང་མེད་ཀུན་ལ་གསལ་བར་གནས། །གདོད་ནས་དག་པས་ནམ་མཁའི་ཀློང་འདྲ་ལས། །རྣམ་རྟོག་རྟོག་པའི་ཡེ་ཤེས་མངོན་ཤར་བ། །སྐྱེ་འགག་དབྱེར་མེད་རང་བཞིན་མེད་པ་ལ། །སངས་རྒྱས་དགོངས་པ་འདི་ལས་མེད་པར་མཇལ། །ཟ་ན་སེམས་ཉིད་བདུད་རྩི་ཟོ། །གྱོན་ན་ཆོས་ཉིད་གོས་སུ་གྱོན། ཨེ་མ་ཀོ་ལ་ཤ་ཨ་ཧོཿ སྦུབ་མཆུ་ནི། སྒྲོན་མ་གསལ་བ་ཞེས་བྱ་བའི་མན་ངག་ལས། སེམས་ཉིད་གྱིན་འདའ་རྣལ་མར་ཞོག། ༡༢༽བདེ་བ་ཕྲ་བཀོད་ཀྱི་དགོངས་པ། ཕྲིན་ལས་ཀློང་རྡོལ་གླུའི་བསམ་གཏན། རིན་པོ་ཆེའི་གླིང་དུ་ནམ་གུང་ཡོལ་ལ། ཨོ་རྒྱན་གྱི་མཁན་པོ་དྷ་ཧེས་འདི་སྐད་ལོ། །ཧཱུྃ། སེམས་ཉིད་སངས་རྒྱས་ཡིན་པ་ལས། །སེམས་ལས་སངས་རྒྱས་ལོགས་ན་མེད། །སེམས་ཉིད་ཡེ་ནས་སངས་རྒྱས་ཡིན་པ་ལས། །རིག་པ་མི་འགྱུར་རང་བཞིན་མེད་པ་འདི། །ཟབ་མོའི་ཆོས་དབྱིངས་དོན་དམ་མི་བརྗོད་གསལ། །རྒྱ་མཚོ་ཆེ་ལྟར་ཆོས་དབྱིངས་ཟབ་མོ་ལས། །རིག་པ་མི་འགྱུར་གདོད་ནས་གསལ་བར་ཤར། །ཀུན་གཞི་གཏན་ནས་སྦྱོང་བའི་ཉི་ཆེན་པོ། །མཁའ་ལྟར་དག་པ་ཡངས་ལ་ཁྱབ་པར་བརྡལ། །ཆོས་ཉིད་ཡེ་ནས་དག་པས་སྦྱང་དུ་མེད་པ་ལ། །རིག་པ་མི་འགྱུར་གདོད་ནས་གསལ་བར་ཤར། །ཕྱིན་ཅི་ལོག་གིས་མ་བསླད་གསལ་བར་གནས། །བདེ་བར་གཤེགས་པའི་དགོངས་པ་འདི་ལས་མེད་པར་མཇལ། །ཆོས་ཉིད་ནམ་མཁའ་ཆེན་པོ་ལ། །རྣལ་འབྱོར་རིག་པའི་ཁྱུང་ཆེན་ལྡིང་། །ཀརྨཱཀོ་ལ་ཤ་ཨ་ཧོཿ སྦུབ་མཆུ་ནི། སྐྱེས་བུ་གྱད་ཀྱི་རྩལ་འཆང་ཞེས་བྱ་བའི་མན་ངག་ལས། རིག་པ་མི་གཡོ་རྒྱ་མཚོ་བཞིན་དུ་གནས།། ༡༣༽སྲོག་གི་འཁོར་ལོའི་དགོངས་པ། རང་བྱུང་ཀློང་རྡོལ་གླུའི་བསམ་གཏན། ནྱ་གྲོ་དྷའི་དགོན་པར་སྲོད་ཡོལ་གྱི་དུས་སུ། དྲང་སྲོང་བྷི་ཤྭ་ཏིས་འདི་སྐད་ལོ། །ཧཱུྃ། མ་བཅོས་མཁའ་ལ་གཟའ་སྐར་ཀུན་འཕྱོ་བས། །གདོད་ནས་དག་པའི་མཁའ་ནི་མི་བསྐྱོད་དེ། །བྱང་ཆུབ་སེམས་ནི་མཁའ་ལྟར་དག་པ་ལ། །མཚན་མའི་རྣམ་རྟོག་སྒྱུ་མས་ཅི་བསླད་ཀྱང་། །རྣམ་དག་སེམས་ཉིད་དབྱིངས་ལ་འཕོ་འགྱུར་མེད། །ཆོས་དབྱིངས་བརྡལ་བ་ཆེན་པོའི་དཀྱིལ་འཁོར་ལ། །རིག་པ་ཡེ་ཤེས་དུར་བཏབ་པས། །གསལ་བའི་དཀྱིལ་འཁོར་གསལ་བར་ཤར། །ཤར་བ་ཉིད་ཀྱི་དོན་དེ་མ་ཡེངས་ལས། །སངས་རྒྱས་རྣམས་ལ་དགོངས་པ་འདི་ལས་མེད། །རིག་པ་ཡེ་ཤེས་རླུང་ཆེན་གྱིས། །རྣམ་རྟོག་རྡུལ་ཕྲན་མེད་པར་ཕྱགས། །ཨ་ཀ་ཤ་ཀོ་ལ་མ་དྷཱ་ཨ་ཧོཿ སྦུབ་མཆུ་ནི། ལྷ་མོ་མཁའ་ལྡིང་ཞེས་བྱ་བའི་མན་ངག་ལས། འཁོར་འདས་སེམས་ལ་རྫོགས་པས་ལྷུན་གྱིས་གྲུབ།། ༡༤༽རིན་ཆེན་ཀུན་འདུས་ཀྱི་དགོངས་པ། སྐྱེ་མེད་ཀློང་རྡོལ་གླུའི་བསམ་གཏན། རྒྱལ་བའི་དགོན་གནས་སུ་ནམ་སྨད་ལ་སྲས་མོ་གོ་མ་དེ་བཱིས་འདི་སྐད་ལོ། །ཧཱུྃ། སངས་རྒྱས་ཀུན་གྱི་ཐུགས་ཉིད་ཡི་གེ་ཨ་ཡིན་ཏེ། །ཨ་ཡི་རང་བཞིན་ཡེ་ནས་དངོས་པོ་མེད། །བདེ་གཤེགས་ཀུན་གྱི་འབྱུང་གནས་ཨ་ཡིན་ཏེ། །བདེན་གཉིས་ལ་སོགས་སྣང་སྲིད་ཅིར་སྣང་ཡང་། །ཨ་ཡི་དངོས་གཞི་ཡེ་ནས་བྱང་ཆུབ་སེམས། །འཕོ་འགྱུར་འདུ་འབྲལ་མེད་པའི་སངས་རྒྱས་ཏེ། །སྨྲ་བསམ་ཡུལ་ལས་འདས་པའི་བྱང་ཆུབ་དབྱིངས་ཉིད་ལ། །ཨ་ལྟར་སྐྱེ་བ་མེད་པའི་རིག་པ་བྱང་ཆུབ་སེམས། །མ་བཅོས་མ་ཡེངས་མཉམ་པར་བཞག་པ་ལས། །བདག་གི་སྒོམ་པ་འདི་ལས་མེད་པར་འཁུམས། །ཆོས་ཉིད་དབྱེ་ཐང་ཆེན་པོ་ལ། །རིག་པ་ཡེ་ཤེས་རྟ་ཕོ་རྒྱུག །ཀ་པ་ལ་ཀ་མ་པ་ཤ་ཨ་ཧོཿ སྦུབ་མཆུ་ནི། མན་ངག་ཡེ་ཤེས་འཁྱིལ་བ་ལས། གཉིས་མེད་ཡེ་ཤེས་ངང་དུ་རོ་གཅིག་པས།། ༡༥༽སྐྱེ་མེད་རང་རིག་གི་དགོངས་པ། ཆོས་སྐུ་ཀློང་རྡོལ་གླུའི་བསམ་གཏན། ཙནྡན་སྡོང་པོའི་རྩར་གུང་ཐུན་ལ། ཁ་ཆེའི་རྒྱལ་པོ་རབ་སྣང་མཛད་འདི་སྐད་ལོ། །ཧཱུྃ། བྱང་ཆུབ་སེམས་ནི་ཡེ་ནས་ཆོས་ཀྱི་སྐུ། །མཁའ་དང་འདྲ་བས་ཀུན་ལ་ཁྱབ་པར་སྣང་། །སྣང་བ་ཉིད་ཀྱང་སྟོང་པ་སྟེ། །སྟོང་པའི་ཆོ་འཕྲུལ་ཅི་སྣང་བ། །བསམ་དུ་རྡུལ་ཙམ་མེད་པ་ལ། །སྟོར་བྲལ་མེད་པར་མ་ཡེངས་ཞོག །ཆོས་ཉིད་སེམས་ཀྱི་བདུད་རྩི་ཡིས། ཁམས་གསུམ་འཁོར་བའི་ནད་པ་གསོ། །ཀ་ལ་པ་ཀོ་ཤ་ཨ་ཧོཿ སྦུབ་མཆུ་ནི། ཐིག་ལེ་ཉི་ཤར་ཞེས་བྱ་བའི་མན་ངག་ལས། གཉིས་མེད་རྡོ་རྗེ་ཡེ་ཤེས་གསལ།། ༡༦༽བདེ་བ་རབ་འབྱམས་ཀྱི་དགོངས་པ། སྐུ་གསུམ་ཀློང་རྡོལ་གླུའི་བསམ་གཏན། གྲོང་ཁྱེར་དཔལ་ཡོན་དུ་སྲོད་ཀྱི་དུས་སུ་རྒྱལ་པོ་དེ་བ་རཱ་ཛས་འདི་སྐད་ལོ། །ཧཱུྃ། སྣང་སྲིད་ཆོས་རྣམས་མངོན་དུ་རྟོགས་པ་རྣམས། །ཡང་དག་ཉིད་དུ་འདི་ལྟར་བསྒོམ་བྱ་སྟེ། །སྣང་སྲིད་ཐམས་ཅད་ཡེ་ནས་ཀུན་ཏུ་བཟང་། །སྐྱེ་མེད་ངང་ལས་མ་ཡེངས་མཉམ་བཞག་པས། །བསྒོམ་པར་བྱ་བ་འདི་ལས་མེད་པར་རྟོགས། །ལུས་ནི་སྒྱུ་མའི་ཕུང་པོ་མིང་གཙང་སྟེ། །སེམས་ནི་ཡེ་ཤེས་ཆེན་པོར་ཤར། །ཙནྡྲ་དེ་ཝ་ཀོ་ས་ལ་ཨ་ཧོཿ སྦུབ་མཆུ་ནི། ཆོས་ཉིད་མཁའ་ལྟར་ཡངས་པ་ཞེས་བྱ་བའི་མན་ངག་ལས། བླང་དོར་མེད་ཅིང་མཉམ་པའི་ངང་དུ་གསལ།། ༡༧༽ནམ་མཁའ་རྒྱལ་པོའི་དགོངས་པ། གྲོལ་བ་ཀློང་རྡོལ་གླུའི་བསམ་གཏན། མེ་ཏོག་གི་ཚལ་དུ་ནམ་གྱི་ཆ་སྟོད་ལ། དྷརྨ་རཱ་ཛས་འདི་སྐད་དོ། །ཧོཿ སེམས་ཀྱི་རང་བཞིན་ཡེ་ནས་མཛོད་ཆེན་ལས། །གང་ལྟར་བཏགས་ཤིང་ཅི་ལྟར་སྣང་བ་ཀུན། །འབྱུང་འཇུག་ཐམས་ཅད་ཡེ་ནས་ཀུན་ཏུ་བཟང་། །དེ་ལྟར་གཉིས་སུ་མེད་པའི་རིག་པ་དེ། །ཀུན་ཏུ་བཟང་པོའི་སེམས་ལ་གནས། །རིག་པའི་དབྱིངས་ལ་མ་བསླད་པས། །བསྒོམ་ཞིང་བཟླས་པ་འདི་ལས་མེད། །ཀྱེ་མ་མ་རྟོགས་སྙིང་རེ་རྗེ། །རང་སེམས་རྩོལ་མེད་སངས་རྒྱས་ཡིན་པ་ལ། །ས་ལམ་བགྲོད་ནས་རྒྱུ་འབྲས་ལྟོས་པའི་བློ། །རྨི་ལམ་ཟས་ནོར་རྗེས་སུ་འཚོལ་བ་འདྲ། །ཨེ་མ་བདག་ཉིད་རང་སར་གྲོལ་བ་ཨ་ལ་ལ། །དྷོ་ཧ་ཀོ་པ་ཤ་ཨ་ཧོཿ སྦུབ་མཆུ་ནི། ཡེ་ཤེས་ཆེན་པོ་ཞེས་བྱ་བའི་མན་ངག་ལས། གང་ནས་བལྟས་ཀྱང་ཡེ་ཤེས་རྩེ་གཅིག་འཆར།། ༡༨༽རྗེ་བཙུན་དམ་པའི་དགོངས་པ། ཤེས་རབ་ཀློང་རྡོལ་གླུའི་བསམ་གཏན། དབེན་པ་ཆེན་པོའི་གནས་སུ་བུདྡྷ་གུཔྟས་འདི་སྐད་ལོ། །ཧཱུྃ། ཆོས་རྣམས་མ་བཅོས་བྱང་ཆུབ་སེམས། །ཡེ་ནས་ཀུན་ཏུ་བཟང་པོ་ལ། །གསལ་ལ་འགྱུར་བ་མེད་པའི་བྱང་ཆུབ་སེམས་དེ་ལ། །མཚན་མའི་རྣམ་པར་རྟོག་པས་མ་བསླད་དེ། །རྣམ་རྟོག་རང་བྱུང་རང་ཞིར་གནས་པ་ལས། །གཉེན་པོས་སྒོམ་དུ་མེད་པར་འཁུམས། །སེམས་ཀྱི་མེ་ལོང་མ་བལྟས་ན། །རྣམ་རྟོག་དྲི་མས་གོས་ཏ་རེ། །པྲཛྙཱ་ཀོ་ས་ལ་ཨ་ཧོཿ སྦུབ་མཆུ་ནི། ནམ་མཁའ་སྤྲིན་དང་ལྡན་པ་ཞེས་བྱ་བའི་མན་ངག་ལས། ཆོས་རྣམས་མ་བཅོས་ལྷུན་གྱིས་གྲུབ་པའི་ངང་། །ཞེས་ལན་གསུམ་རེ་གདབ། ༈ འདིར་འཕྲོས་དོན་ལས་ཅན་དྲྭ་མ་བཞི་དང་། བོད་ཀྱི་རིག་འཛིན་བཀའ་བབས་བཅུ་རྣམས་ཀྱི་གླུ་ཡང་རིག་པས་དཔྱད་ལ་གཞུང་གཞན་དུ་རྟོགས་པར་གསུངས་པ་འཇུག་པ་བདེ་ཕྱིར་དཀྱུས་སུ་བྲིས་པ་ནི། འཕྲོས་དོན་གཞུང་གསུངས་ལྟར་སྤྲོ་ན་དྲྭ་མ་ལྔ་དང་། བཀའ་བབས་གྲུབ་བརྙེས་བཅུ་རྣམས་ཀྱི་དགོངས་ཉམས་གླུ་ཡང་བྱ་བར་གསུངས་པ་ནི། ༡༽ལིཙྪ་བི་དྲི་མེད་གྲགས་པས་རིན་པོ་ཆེའི་ཁང་བཟང་ནས་སྐྱ་རེངས་དང་པོ་ཤར་བ་དང་དུས་མཚུངས་པར༔ ཨ་ཧོ༔ གསང་སྔགས་ནམ་མཁའི་རྣལ་འབྱོར་དྲི་མེད་གྲགས་པ་ང༔ ཡུལ་ལ་ཞུགས་པའི་སེམས་རྣམས་ཐམས་ཅད་དབྱིངས་ཉིད་དེ༔ ཅོག་གཞག་ལྷུག་པར་བཞག་པའི་རིག་པ་འདི་ཀ་རང༔ ཕྱི་ནང་གཉིས་མེད་ཟང་ཐལ་ཀུན་ཏུ་འོད་གསལ་བའོ༔ ༢༽ལྷའི་དབང་པོས་རྣམ་པར་རྒྱལ་བའི་ཁང་བཟང་དུ་སེམས་བདེ་བ་ཆེན་པོ་དུས་ལས་འདས་པའི་དུས་སུ༔ ལྷ་དབང་བརྒྱ་བྱིན་བདེ་ཆེན་རང་གསལ་བདག་ཉིད་ནི༔ བདེ་བའི་ཡུལ་ལ་མ་ཞེན་སྣང་བ་སྒྱུ་མར་རྟོགས༔ རང་གྲོལ་དམིགས་སུ་མེད་ལ་ཅིར་སྣང་བརྗོད་པ་བྲལ༔ ཆོས་ཉིད་ཀློང་དུ་རང་ཤར་རང་གྲོལ་ཕ་མཐར་སོན༔ ༣༽གནོད་སྦྱིན་སྐར་མདའ་གདོང་གིས་ནོར་བུས་བརྒྱན་པའི་ཤིང་གི་དྲུང་ནས་སེམས་རིག་མ་བུ་འདྲེས་པའི་དུས་ན༔ ཆོས་དབྱིངས་རང་གསལ་སེམས་ལ་ཡོངས་སུ་རྫོགས་པ་ལས༔ ཀུན་ཏུ་བཟང་པོས་མ་གཟིགས་ལྟ་བ་ཀློང་ཡངས་དེ༔ མེད་པར་བསྒྲུབ་མེད་ཡེ་ཤེས་འོད་གསལ་སྙིང་པོ་སྟེ༔ སྒྱུ་མའི་ལུས་ཀྱི་རྒྱ་ཞིག་གསལ་རྫོགས་ནམ་མཁའི་རྒྱལ་པོར་འདྲེས༔ ༤༽སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་རི་བོ་གནམ་ལྕགས་འབར་བའི་རྩེ་མོ་ནས་སྐྱ་རེངས་གཉིས་པ་ཤར་བ་ན༔ ཤར་གྲོལ་དུས་མཉམ་བྱུང་བའི་བློ་གྲོས་ཐབས་ལྡན་བདག༔ དམིགས་མེད་ནམ་མཁའི་ངང་དུ་ཡེ་ནས་གནས་པ་ལས༔ འོད་གསལ་དག་པའི་ཡེ་ཤེས་ཉི་མ་སེམས་ལས་ཤར༔ གསལ་སྟོང་ཟུང་འཇུག་ཉི་མ་དྭངས་གསལ་ནམ་མཁའ་ཉིད་དང་མཚུངས༔ ༥༽ཀླུ་རྒྱལ་བྱང་ཆུབ་སེམས་དཔས་རིན་པོ་ཆེའི་ཁང་བཟང་དགུ་རིམ་ནས་སེམས་རིག་གཉིས་སུ་མེད་པར་འབྱེད་པའི་དུས་ན༔ རང་གིས་རང་བཅིངས་བཅིང་བ་དམ་པོའི་མ་རིག་པ༔ གང་གིས་དགྲོལ་དུ་མེད་དེ་རང་བྱུང་རང་གྲོལ་ལོ༔ ཡེ་ནས་རང་བྱུང་རིག་པར་ཤེས་པས་མ་བཅོས་བྱར་མེད་པ༔ གང་དུའང་མི་གནས་བསྒོམ་བྱའི་བློ་དང་བྲལ་བའོ༔ ༈ སྐལ་ལྡན་རྒྱལ་པོ་ཛཿས་མཁའ་འགྲོ་མའི་ཚོགས་ཁང་ཆེན་མོར་ཉི་མ་འཆར་ཀ་དང་དུས་མཚུངས་པར༔ བདག་ནི་སྐལ་ལྡན་རྒྱལ་པོ་ཛ༔ སྒྱུ་མ་བདེ་བའི་ལམ་བྱས་ཏེ༔ རྫོགས་པ་ཆེན་པོའི་དོན་བསྒོམས་པས༔ ཚོགས་དྲུག་ཡུལ་གྱི་སྣང་བ་ཀུན༔ སྤང་བླང་རྩིས་གདབ་མེད་པ་རུ༔ རང་ཤར་རང་གྲོལ་བདེ་བའི་ངང༔ བློ་འདས་བྱར་མེད་ཆེན་པོར་རྫོགས༔ ༈ བཀའ་བབས་གྲུབ་བརྙེས་བཅུ་ནི། ༡༽ལོ་ཆེན་བཻ་རོ་ཙ་ན་ཡིས༔ ཡར་ཀླུང་ཤེལ་གྱི་བྲག་ཕུག་ནས༔ ང་ནི་བཻ་རོ་ཙ་ན་སྟེ༔ མ་བཅོས་རང་གསལ་ངང་དུ་གནས༔ མ་ནོར་དམིགས་སུ་མ་མཆིས་ཤིང༔ བརྗོད་མེད་རིག་པ་ཟང་ཐལ་ལེ༔ བསམ་འདས་སེམས་ཀྱི་དྲི་མ་དག༔ རང་བྱུང་ཡེ་ཤེས་ངོ་བོ་ཉིད༔ རང་གསལ་རང་བཞིན་ལྷུན་གྱིས་གྲུབ༔ ཅིར་སྣང་ཆོས་སྐུའི་རྒྱན་དུ་ཤར༔ ཐུགས་རྗེ་སྤྲུལ་སྐུ་སྣ་ཚོགས་སྣང༔ ཐམས་ཅད་ཀུན་གཞིའི་དབྱིངས་སུ་རྫོགས༔ ལྟ་བའི་གནམ་འཕང་གཅོད་པའི་ཚེ༔ སྒོམ་པ་ཐབས་ཤེས་སྒྲོ་གཤོག་བརྒྱང༔ སྤྱོད་པའི་ལམ་ལ་ཞུགས་པའི་ཚེ༔ རེ་དོགས་མེད་པའི་ངང་ལ་འགྲོ༔ འབྲས་བུའི་ཕ་མཐར་བསྙེགས་པའི་ཚེ༔ གཞན་དུ་མེད་པའི་སངས་རྒྱས་རྟོགས༔ སྒོམ་པའི་གཟེབ་ལས་གྲོལ་ཙ་ན༔ ལྟ་བའི་རྒྱལ་པོ་ཕུགས་ཐག་ཆོད༔ ལམ་ལ་བགྲོད་དུ་མེད་པ་དེ༔ ལུང་དང་རིགས་པས་བསྒྲུབ་མེད་ཕྱིར༔ གཞི་ཡི་སྟེང་དུ་འབྲས་བུར་སྨིན༔ ཆོས་ཉིད་ཀློང་དུ་ལ་བཟླས་ཏེ༔ རང་རིག་རྩལ་དུ་ཤན་ཡང་འབྱེད༔ དབྱིངས་རིག་གཉིས་སུ་མེད་པ་དེ༔ ཐིག་ལེ་ཉག་གཅིག་ངང་དུ་རྫོགས༔ སེམས་སྡེའི་ངང་དུ་ཉམས་བླངས་པས༔ སྣང་སྲིད་སེམས་ཀྱི་ཀློང་དུ་རྫོགས༔ ཀློང་སྡེའི་ལྟ་བ་ཉམས་བླངས་ཚེ༔ རྣམ་རྟོག་ཕྲ་རགས་ཀློང་དུ་ཐིམ༔ མན་ངག་ཉམས་སུ་བླངས་པའི་ཚེ༔ དབྱིངས་ཡེ་ཟུང་འཇུག་མངོན་སངས་རྒྱས༔ ལྟ་བའི་ཕུགས་ཐག་ཆོད་པ་ཡིན༔ སྒོམ་པའི་བློ་ལས་འདས་པ་ཡིན༔ སྤྱོད་པ་སྤྱད་དུ་མེད་པ་ཡིན༔ འབྲས་བུ་གཞན་ལ་རེ་མི་འཚལ༔ འོན་ཀྱང་རྣལ་འབྱོར་བཻ་རོ་ཡིས༔ རྒྱུ་འབྲས་ཁྱད་དུ་མི་གསོད་པས༔ སྡོམ་པ་གསུམ་གྱིས་རྒྱུད་སྦྱངས་ཏེ༔ མཚན་ལྡན་བླ་མ་དཔལ་སེང་གེ༔ སྤྱི་བོའི་གཙུག་ཏུ་འབྲལ་མེད་བཞུགས༔ རིག་འཛིན་པདྨ་འབྱུང་གནས་དེ༔ མཉེས་པ་གསུམ་གྱིས་ཡང་ཡང་བསྟེན༔ པཎ་ཆེན་བི་མ་ལ་མི་ཏྲ༔ དགོངས་པར་བཞེད་པའི་ཕ་མཐའ་བསྐང༔ བསླབ་པ་གསུམ་གྱི་ཆས་འཛིན་ཏེ༔ ལྟ་བའི་གནམ་འཕང་གཅོད་པ་ཡིན༔ སྔར་སྤྱོད་ངང་དུ་མཉམ་པར་བཞག༔ བསྟན་གཉིས་ཟུང་འཇུག་བཀྲ་ཤིས་ཤོག༔ ༢༽ཡེར་པ་གཙུག་རུམ་འབར་བ་རུ༔ རྒྱལ་མོ་གཡུ་སྒྲ་སྙིང་པོ་ཡིས༔ སེམས་ལས་གཞན་པའི་སངས་རྒྱས་མེད༔ རྣམ་རྟོག་ཆོས་དབྱིངས་ཀློང་དུ་ནུབ༔ དབྱིངས་རིག་དབྱེར་མེད་རྫོགས་པ་འདི༔ བཻ་རོ་ཙ་ནའི་བཀའ་དྲིན་ལགས༔ ༣༽བསམ་ཡས་དབུ་རྩེའི་བར་ཁང་ནས༔ ཁྲི་སྲོང་རྗེ་ཡིས་འདི་སྐད་བཞེངས༔ ང་ནི་ཁྲི་སྲོང་ལྡེའུ་བཙན་ཏེ༔ སེམས་ཉིད་རང་བྱུང་ཡེ་ཤེས་འདི༔ ཅིར་ཡང་མི་དམིགས་ཅིར་ཡང་གསལ༔ ལྟ་བའི་རྒྱལ་པོ་མཐའ་གཉིས་བྲལ༔ ༤༽ཏི་སྒྲོ་བྲག་གི་ཚོགས་ཁང་དུ༔ ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་གྱིས༔ འཁོར་འདས་ཀུན་ལ་ཁྱབ་པའི་སེམས༔ བདེ་བ་ཆེན་པོའི་ངང་དུ་ཐིམ༔ ཆོས་ཉིད་ཀློང་དུ་བལྟ་བྱ་བྲལ༔ ཁོ་མོའི་རྟོགས་པ་དེ་ཙམ་མོ༔ ༥༽ལྷ་སྲས་མུ་ཁྲིའི་དགོངས་ཉམས་བཀའ་ཐང་ལས་བཏུས་པ་ཟུར་བྱང་ཡོད། ༦༽མཁར་ཆུའི་གནས་སུ་ནམ་སྙིང་གིས༔ རང་བྱུང་རང་ཤར་ཡེ་ཤེས་འདི༔ བསྒོམ་བྱའི་བློ་ལས་རིང་དུ་འདས༔ སྒོམ་བྱེད་ཤེས་པ་རང་སར་དེངས༔ ཅིར་ཡང་དམིགས་སུ་མེད་པར་ཤར༔ ༧༽ཡར་ཀླུང་ཕུ་ནས་གཉགས་ཆེན་གྱིས༔ ལྷུན་གྲུབ་ཡེ་ཤེས་བསམ་མི་ཁྱབ༔ ནམ་མཁའ་ལྟ་བུ་མཐའ་བྲལ་བ༔ ཟུང་དུ་འཇུག་པའི་ཡེ་ཤེས་དེ༔ བློ་བྱས་ཡིད་དཔྱོད་ཀུན་ལས་འདས༔ ༨༽ཀོང་པོ་བྲག་དཀར་ཡང་དབེན་ནས༔ གཉན་ཆེན་དཔལ་གྱི་ཡེ་ཤེས་ཀྱིས༔ རང་རིག་ལྷུན་གྲུབ་བློ་ལས་འདས༔ སེམས་ཉིད་ནམ་མཁའ་མཐའ་དབུས་མེད༔ ཚོགས་བརྒྱད་སྣང་ལ་ངོས་གཟུང་མེད༔ རང་བྱུང་དགོངས་པ་འདི་ཀ་འོ༔ ༩༽བདུད་རི་གནམ་ལྕགས་འབར་བའི་རྩེར༔ འབྲོག་མི་དཔལ་གྱི་ཡེ་ཤེས་ཀྱིས༔ དགོངས་པ་རང་བྱུང་རང་ཤར་འདི༔ མ་བཅོས་ལྷུག་པར་བཞག་ཙམ་ན༔ བརྗོད་དུ་མེད་པའི་ཉམས་ཤིག་ཤར༔ བསམ་དུ་མེད་པའི་འབྲས་བུ་རྙེད༔ ༡༠༽ཟངས་ཡག་བྲག་གི་ཀེའུ་ཚང་ནས༔ ལང་གྲོ་དཀོན་མཆོག་འབྱུང་གནས་ཀྱིས༔ སེམས་ལ་བསམ་དུ་མེད་པའི་ཉམས༔ རང་གསལ་རྗེན་པར་གནས་པ་འདི༔ འཁོར་འདས་ཀུན་ལ་ཁྱབ་པ་ཉིད༔ དུས་གསུམ་སངས་རྒྱས་དགོངས་པ་ལགས༔ ༡༡༽སྔགས་འཆང་རྡོ་རྗེ་བདུད་འཇོམས་ཀྱི་དགོངས་ཉམས་བཀའ་ཐང་དང་བཻ་རོའི་འདྲ་འབག་ལས་བཏུས་པ་ཟུར་བྱང་ཡོད། ཞེས་དགོངས་ཉམས་ཀྱི་གླུ་བླངས། བསྡུ་ན་དེ་ལས། བཻ་རོ། ཆོས་རྒྱལ། མཚོ་རྒྱལ་གསུམ་གྱི་གླུའི་ཆོག་གམ་སྙམ་མོ། །འདི་རྣམས་ལ་ངོ་སྤྲོད་ཟུར་དུ་མི་བཞུགས་པས་མ་འགྲུབ་ཀྱང་ཆད་པའི་སྐྱོན་མེད་པར་སེམས། དེ་རྣམས་ཀྱིས་ཕྱི་སྐོར་ཁྲིད་ཀྱི་བྱིན་རླབས་རྩ་བ་དང་འཕྲོས་དོན་བཅས་པའི་སྨིན་བྱེད་ཟླ་བའི་ཞུན་མ་སྙིང་གི་མུན་སེལ་ཉིད་ཡོངས་སུ་གྲུབ་པ་ལགས། དེ་ལྟར་ལེགས་པར་ཐོབ་པའི་གཏང་རག་དང་། སླར་ཡང་སྨིན་ཟིན་གྲོལ་བར་བྱེད་པ་ཁྲིད་ཀྱི་རིམ་པ་ཞུ་བའི་ཡོན་དུ་མཎྜལ་ཆབས་ཅིག་འདི་བཞིན་གནང་བ་ཞུ། ངོ་བོའི་ཞིང་ཁམས་རྒྱ་ཆེ་ཞིང༔ རང་བཞིན་གསལ་བའི་རྒྱན་གྱིས་སྤྲས༔ ཐུགས་རྗེ་ཅིར་སྣང་མཎྜལ་འདི༔ གསལ་རྫོགས་བདེ་བར་གཤེགས་ལ་འབུལ༔ གུ་རུ་མཎྜ་ལ་པཱུ་ཛ་ཧོ༔ དེ་ཡང་རིག་འཛིན་ཆེན་པོ་ཤྲཱི་སིཾ་ཧའི་དགོངས་བཅུད། གྲུབ་པའི་སློབ་དཔོན་པདྨ་སམྦྷ་ཝ་དང་། ལོ་ཆེན་བཻ་རོ་ཙ་ནའི་མན་ངག་གནད་དུ་འདྲིལ་བ་ཟབ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས། ཕྱི་སྐོར་སེམས་སྡེ་ནམ་མཁའ་ཀློང་ཡངས་ཀྱི་ཁྲིད་ཚུལ་བགྱི་བ་ལ། སྐུ་ཉིད་རྣམས་ཐུགས་གཞན་དུ་མ་གཡེངས་པར་གཏེར་གཞུང་རྡོ་རྗེའི་ཚིག་རྐང་འདི་ལ་སྙན་གྱི་དབང་པོ་རྩེ་གཅིག་ཏུ་གཏོད་འཚལ། ན་མོ་གུ་རུ༔ ཕྱི་སྐོར་དངོས་གཞིའི་ཁྲིད་རིམ་ནི༔ དང་པོ་ཐུག་ས་གཅིག་ཏུ་ཐུག༔ ཅེས་པས༔ ལྟ་བ་མངོན་དུ་གྱུར་པའི་བླ་མ་ཞིག་ཏུ་གཏུག༔ གདམས་ངག་ལེགས་པར་ཞུས་ལ་ཐེ་ཚོམ་གྱི་དྲི་མ་བཅད༔ ཡུལ་དངོས་པོ་འདུག་གམ་བརྟགས་པས་མི་རྟག་པ་གློ་བུར་དུ་བྱུང་བ་རྣམས་ལ་བློ་བཞག་སྟེ༔ སྨིག་རྒྱུ་དུ་བ་རྣམས་ལའང་དངོས་པོ་ཡོད་མེད་ལེགས་པར་དཔྱད་པའི་ཚེ༔ ཡུལ་ཐམས་ཅད་སྟོང་ཞིང་ཡུལ་དེ་རྣམས་ལ་རྣམ་ཤེས་འབྱམས་པའི་མཚམས་སྦྱར་བ་པོ་ནི་དབང་པོ་སྟེ༔ དཔེར་ན་མགོ་བོ་ད་ལྟ་རང་དུ་མཚོན་གྱིས་བཅད་དེ་རྡོ་བས་ཞིབ་པར་བཏགས་ནས་བྱ་ཁྱིར་བྱིན་ན་མགོ་བོ་སོང་བའི་ཡུལ་ཡང་མེད༔ དེ་བཞིན་དུ་དབང་པོ་མི་རྟག་པ་དང་དབང་པོ་སྟོང་པ་ཉིད་དོ༔ དབང་པོ་དེ་ལ་འཇུག་པའི་རྣམ་ཤེས་དུས་གསུམ་གྱི་རྣམ་རྟོག་ལ་དཔྱད་དེ་བརྟགས་ན། སྔར་དྲན་པའི་ཤེས་པ་མཚན་མོའི་རྨི་ལམ་བཞིན་དུ་གར་སོང་ཆ་མེད༔ མ་འོངས་པའི་རྟོག་པ་གློ་བུར་ཆུའི་རྦ་རླབས་ལྟ་བུར་འབྱུང་བའི་ཡུལ་འདི་ལས་འབྱུང་མེད༔ ད་ལྟའི་ཤེས་པ་ནམ་མཁའི་དབྱིངས་སུ་ཁུ་རླངས་ལྟ་བུ་འདི་དངོས་མེད་མྱུར་དུ་ཡལ་བ་ཡིན་ནོ༔ རྣམ་ཤེས་འབྱུང་བའི་ཡུལ་ཀུན་གཞི་ཉིད་དངོས་པོར་གྲུབ་བམ་མ་གྲུབ༔ གྲུབ་ན་ཕྱི་ནང་ལུས་ཀྱི་སྟོད་སྨད་སྙིང་དཀར་ནག་མཚམས་གང་དུ་གནས་བརྟགས་པས་ཡུལ་མི་རྙེད་དོ༔ མ་གྲུབ་ན་འཁོར་བ་བདེ་སྡུག་གི་བྱེད་ལས་སྣ་ཚོགས་པ་ཀུན་གཞི་ཉིད་ལས་འབྱུང་བའོ༔ བར་དུ་བལྟ་ས་གཅིག་ལ་བལྟ༔ ཞེས་པས། སྣང་བ་ཐམས་ཅད་དངོས་མེད་ནམ་མཁའི་འཇའ་ཚོན་ལྟ་བུར་བལྟས་བྱས་ཏེ༔ སྟོང་པ་ཐམས་ཅད་བདེ་བའི་ངང་དུ་རྒྱས་གདབ་གཉིས་སུ་མེད་པ་ནི༔ བདེ་བ་ཐམས་ཅད་སྟོང་པའི་རང་བཞིན་ངོས་གཟུང་བྲལ་བར་ཡེ་ནས་སྟོང༔ ཕྱལ་ཆད་མ་ཡིན་བདེ་སྟོང་གཉིས་མེད་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ༔ སྣང་བ་ཐམས་ཅད་ཡུལ་ལ་འབྱམས་པ་འཁྲུལ་པའི་བློ་རྣམས་མ་ལུས་ཀུན༔ སྟོང་ཞིང་མ་འདྲེས་སོ་སོར་གསལ་བ་བསྐྱེད་པའི་རིམ་པ་མ་བསྐྱེད་གསལ༔ ཡོངས་སུ་འཛིན་པ་མེད་པས་དངོས་པོ་མེད་པར་ཡུལ་རྣམས་ཐམས་ཅད་སྟོང་པར་དག༔ སྟོང་པ་དེ་ཡང་རང་རིག་བྱང་ཆུབ་སེམས་ཀྱི་ངོ་བོ་ཨེ་མ་ཧོ༔ བདེ་བ་དེ་ཡང་དབང་པོའི་སྒོ་ལ་རྐྱེན་གྱིས་སྨིན་པར་ཡང་དག་བརྩོན༔ དབང་པོའི་བདེ་བ་རང་ལས་བྱུང་ཞིང་ལུས་ཀུན་ཐམས་ཅད་ཀུན་ཏུ་ཁྱབ༔ ཀུན་ཏུ་སྣང་བའི་སྒོ་ནི་ཚོགས་དྲུག་ཡུལ་ལ་འཇུག་པའི་དབང་པོའི་གསང་ལམ་བདེ༔ བདེ་བ་དེ་ཉིད་སྟོང་པར་བྱས་ན་དབང་པོའི་ཡུལ་ཡང་རྣམ་པར་སྟོང་པ་རང་རིག་བྱང་ཆུབ་སེམས་ཀྱིས་སོ༔ ཕྱག་རྒྱའི་ཡུལ་ལ་དབང་པོའི་རྣམ་ཤེས་བཅུག་བྱས་ན༔ རྣམ་ཤེས་བདེ་བའི་ངང་དུ་ཐིམ་གྱུར་ཚོགས་དྲུག་ཡུལ་སྣང་འགག༔ རྣམ་ཤེས་གང་དུ་མི་གནས་སྟོང་ལ་མྱོང་གསལ་བདེ་བ་ཆེ༔ དབྱེར་མེད་དག་པར་གྱུར་པ་རང་རིག་བྱང་ཆུབ་སེམས་ཀྱིས་མཐོང༔ ཡུལ་དབང་ཤེས་གསུམ་བདེ་བའི་ངང་དུ་རྣམ་པར་དག་གྱུར་པས༔ ཀུན་གཞིའི་ངང་དུ་རྣམ་ཤེས་གནས་འགྱུར་སེམས་རིག་གཉིས་མེད་པར༔ འུབ་ཆུབ་ཀློང་དུ་བལྟ་བྱ་བྲལ་བའི་ངང་དུ་རྟོགས་བྱ་ཡེ་ཤེས་དེ་ཉིད་ཁོ་ནའོ༔ བལྟ་ཚུལ་ཤྲཱི་སིཾ་ཧས་གདམས་པ་ཚིགས་སུ་བཅད་པ་དེ་དག་གིས་རྟོགས་པར་འགྱུར་ལ༔ མཐའ་མར་མཐོང་བ་གཅིག་ཏུ་མཐོང༔ ཞེས་པས་ཡུལ་སྟོང་པས་ན་དབང་པོའི་མཚང་རིག་ཅིང་རྣམ་པར་དག་སྟེ་འཇུག་བྱེད་རྣམ་ཤེས་བདེ་བ་ཆེན་པོའི་ཡེ་ཤེས་སུ་གྱུར་པས་ཀུན་གཞི་བྱ་རྩོལ་དང་བྲལ་བར་འུབ་ཆུབ་ཀློང་དུ་གྲོལ་བར་འགྱུར་བ་ནི་འབྲས་བུའོ༔ ཕྱི་སྐོར་ཁྲིད་ཀྱི་དངོས་གཞི་རྫོགས་སོ༔ ས་མ་ཡ་རྒྱ་རྒྱ༔ ཞེས་དང་། སླར་ཡང་དངོས་གཞིའི་ཁྲིད་ཀྱི་བསྡུས་དོན་ནི་འདི་ལྟ་སྟེ། ན་མོ་གུ་རུ༔ ཕྱི་སྐོར་ཁྲིད་ཀྱི་རྗེས་འབྲེལ་ནི༔ ལྟ་སྒོམ་སྤྱོད་གསུམ་འབྲས་བུ་ལས༔ ལྟ་བ་ཀུན་གཞི་སྟོང་པ་ཉིད༔ ཅིར་ཡང་མེད་ལ་མྱོང་བ་ཅན༔ གལ་ཏེ་གནས་པ་མ་ཡིན་ནམ༔ རྣམ་ཤེས་གསལ་སྟོང་དམིགས་སུ་མེད༔ སྤྲོས་པའི་མཐའ་དང་བྲལ་བ་ཉིད༔ དབང་པོ་ཡུལ་གཉིས་བདེ་བར་སྤྱོད༔ ཀུན་གཞི་ཡེ་ཤེས་བདེ་ཆེན་འཆར༔ འབྲས་བུ་སྐུ་གཉིས་འགྲུབ་པ་འོ༔ དངོས་གཞིའི་ཁྲིད་དོན་མདོར་བསྡུས་སོ༔ ས་མ་ཡ་རྒྱ་རྒྱ༔ ཞེས་གསལ་དག་སྙན་པའི་སྒོ་ནས་གོ་བརྡ་འཕྲོད་ངེས་པར་བཀླག །དེ་དག་རྣམས་ཀྱི་སྒོ་ནས་ཕྱི་སྐོར་སེམས་སྡེའི་མན་ངག་གི་བྱིན་རླབས་དང་ཟབ་ཁྲིད་ཡོངས་རྫོགས་དཀྱུས་གཅིག་ཏུ་ཕུལ་གྲུབ་པ་ལགས་པས། འདི་ལྟར་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་བྱ་རྩོལ་ལས་འདས་པ་གདོད་ནས་ཡེ་སངས་རྒྱས་པར་ཤེས་པས་ངང་བཞག་གི་ཏིང་ངེ་འཛིན་ཆུ་བོའི་རྒྱུན་ལྟར་སྐྱོང་བ་དང་། གཉིས་འཛིན་བློ་རྟོག་གིས་སྲུང་དུ་མེད་པ་རང་བཞིན་ལྟ་བའི་དམ་ཚིག་ཆེན་པོ་ལས་ནམ་ཡང་འདའ་བར་མི་བྱ་བའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། དེ་ལྟར་ཐོབ་པའི་གཏང་རག་ཏུ་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་འབུལ་བའི་མོས་པས་འདིའི་རྗེས་ཟློས། དེང་ནས་བརྩམ་སྟེ་སོགས་དང་དགེ་བསྔོ་བཅས་སྤྱི་ལྟར་བྱའོ།། །།སློབ་དཔོན་གྱིས་ཚོགས་ལ་རོལ་བ་སོགས་ཆོ་གའི་རྗེས་རིམ་རྣམས་གཞུང་བཞིན་མཐར་དབྱུང་བས་གྲུབ་བོ། །རང་གནས་ཡེ་ཤེས་སྙིང་པོའི་དོན། །རྡོ་རྗེའི་ཚིག་གིས་མཚོན་བྱས་ནས། །མངོན་སུམ་གནད་ལ་དབབ་པའི་ཚུལ། །སྨིན་བྱེད་རྒྱ་མཚོའི་ཉིང་ཁུ་ལགས། །ཕྱི་སྐོར་སེམས་སྡེའི་ཁྲིད་ཀྱི་བྱིན་རླབས་ཨ་ཡིག་མདའ་འཕེན་མའི་ལེའུ་ཚན་ནོ།། །། ༄༅། །སྭསྟི། ཆོས་ཉིད་མཉམ་པའི་ཀློང་ཆེན་ལས། །གང་འདུལ་སྒྱུ་མའི་ཕྱག་རྒྱར་སྟོན། །རིག་འཛིན་ཚོགས་ལ་གུས་བཏུད་ནས། །དེ་ཡི་བྱིན་རླབས་ལམ་མཆོག་དབྱེ། །རྫོགས་པ་ཆེན་པོ་སྡེ་གསུམ་ལས་ནང་སྐོར་ཀློང་སྡེའི་བླ་མ་རིག་འཛིན་བཅོ་ལྔའི་བྱིན་རླབས་སྒྲུབ་དབང་བསྐུར་བའི་ཚུལ་ལ། སྦྱོར་བ་མདུན་དཀྱིལ་རས་བྲིས་སྤྱི་མཐུན་ནམ་མཎྜལ་མེ་ཏོག་གི་ཚོམ་བུ་གཙོ་འཁོར་ལྔ་དང་མཐའ་སྐོར་དུ་སིལ་མ་བཀོད་པའི་ཁར་འཕྲུལ་སྟེགས་ལ་རིག་འཛིན་བཅོ་ལྔའི་སྐུ་འབག་བཤམ། ཕྱི་ནང་གི་མཆོད་པ་དང་། ཚོགས་ཀྱི་ཡོ་བྱད་སོགས་ཆོ་གར་འོས་པའི་རིགས་རྣམས་ཚོགས་པར་འདུ་བྱས་ལ། དབང་སྒྲུབ་ནང་སྐོར་ཁྲོ་བོའི་བྱང་བུ་ཁྲིགས་བསྡེབས་ཀྱིས་ཁོག་ཕུབ་ནས། མངོན་རྟོགས་དང་བཟླས་པ་རྣམས་ནང་སྐོར་རིག་འཛིན་བླ་མའི་སྒྲུབ་ཐབས་ལྟར་ལ། བཟླས་དམིགས་ནི། ཐུགས་དབུས་པདྨ་ཟླ་བའི་སྟེང་། །ཨ་མཐར་སྔགས་ཀྱི་ཕྲེང་བས་བསྐོར། །འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད། །ཚུར་འདུས་དངོས་གྲུབ་བདག་ལ་ཐིམ། །སླར་འཕྲོས་འགྲོ་བའི་སྒྲིབ་གཉིས་སྦྱངས། །སྣོད་བཅུད་ལྷ་དང་གཞལ་ཡས་ཁང་། །སྣང་གྲགས་རྟོག་པའི་ཆོས་རྣམས་ཀུན། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་རྫོགས། །ཞེས་གསལ་བཏབ་ལ་གཙོ་བོའི་མཚན་སྔགས་ཅི་ནུས་དང་གཞན་རྣམས་དེའི་ཕྱེད་ཆ་སོགས་ཇི་ལྟར་འོས་པ་རྣམས་དང་། སྟོང་ཚིགས་དང་བཀའ་སྲུང་གཏོར་ཆོག །ཚོགས་མཆོད་བཅས་རྒྱས་པར་བྱ་ཞིང་། ལས་བུམ་རྡོར་སེམས་བསྐྱེད་བཟླས་ཀྱིས་བརླབ།། །།བྱིན་རླབས་སྒྲུབ་དབང་དངོས་ལ། སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་བསྐྲད་ཅིང་སྲུང་མཚམས་བཅད། མཎྜལ་བཀྲམ་བསྡུ་དང་། སེམས་བསྐྱེད་གསལ་བཏབ་ལ་ལོ་རྒྱུས་ཀྱི་ཁྱད་པར། དེ་ལ་གསན་བྱ་དམ་པའི་ཆོས་ཀྱི་རྣམ་གྲངས་མཐའ་ཡས་པ་ཞིག་མཆིས་པ་ལས་སྐབས་སུ་བབས་པ་འདི་ནི་སྔ་འགྱུར་རྙིང་མའི་བཀའ་སྲོལ་ལ་ཐེག་པ་རིམ་པ་དགུར་གྲགས་པ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནང་དབང་བསྒྱུར་ཐབས་ཀྱི་ཐེག་པ། དེ་ལའང་ཐབས་དང་ཤེས་རབ་ཟུང་འཇུག་གི་རྣལ་འབྱོར་གཙོར་བཏོན་པའི་དབང་ལས་མ་ཧཱ་ཨ་ནུ་ཨ་ཏི་སྟེ་ཡོ་ག་རྣམ་པ་གསུམ་ལས། འདིར་ཐམས་ཅད་ཀྱི་ཡང་རྩེ་ཨ་ཏི་ཡོ་ག །དེ་ལའང་ཕྱི་སེམས་སྡེ། ནང་ཀློང་སྡེ། གསང་བ་མན་ངག་གི་སྡེ་དང་གསུམ་དུ་བཞུགས་པ་ལས། འདིར་ནང་སྐོར་སྙིང་ལྟ་བུ་ཀུན་ཏུ་བཟང་པོ་ཀློང་ཆེན་རབ་འབྱམས་རྒྱལ་པོ་སོགས་རྒྱུད་ལུང་རྣམས་ཀྱིས་བསྟན་དོན་ཆོས་ཐམས་ཅད་ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་ལས་ནམ་ཡང་འདའ་རུ་མེད་པར་སྟོན་པ་ཀློང་སྡེ་ཡིན། འདི་ལའང་རྒྱུད་ལུང་མན་ངག་གི་རིམ་པ་བསམ་གྱིས་མི་ཁྱབ་པ་བཞུགས་ཤིང་། དེ་དག་ལས་ཕལ་མོ་ཆེ་ཞིག་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་པ་རིག་འཛིན་གྲུབ་པ་ཡོངས་ཀྱི་གཙུག་རྒྱན་སློབ་དཔོན་ཆེན་པོ་ཤྲཱི་སིཾ་ཧ་ལས། རྣམ་སྣང་སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནས་དཀའ་བ་མང་དུ་སྤྱད་ནས་གསན་ཏེ། ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལ་སོགས་པ་བོད་དུ་བསྒྱུར། ལོ་ཙཱ་བ་ཉིད་ཀྱང་འཇའ་ལུས་ཀྱི་གྲུབ་མཐར་གཤེགས་ཤིང་གདམས་ངག་སྤང་མི་ཕམ་མགོན་པོ་ལ་ཆིག་བརྒྱུད་དུ་གནང་བས་དེས་མཚོན་བརྒྱུད་པ་ལྔའི་བར་དུ་འཇའ་ལུས་སུ་གཤེགས་པ་ཤ་སྟག་བྱུང་། དེ་ལས་ཀྱང་གདོད་མའི་བཙན་ས་ཟིན་པའི་གྲུབ་ཐོབ་ཀྱི་བརྒྱུད་པ་བར་མ་ཆད་པ་ལས་བྱོན་པའི་བརྡ་བརྒྱུད་རྡོ་རྗེ་ཟམ་པ་ཞེས་རིང་བརྒྱུད་བཀའི་ཆུ་བོ་ད་ལྟའི་བར་མ་ཉམས་པར་བཞུགས་པ་ཡིན་ལ། འདིར་ནི་དེ་ལས་ཀྱང་བཀའ་བབས་ལུང་བསྟན། སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱ་སྟེ། ཁྱད་པར་གྱི་བརྒྱུད་པ་གསུམ་དང་ལྡན་པའི་ངོ་མཚར་གཏེར་བརྒྱུད་མཁའ་འགྲོའི་ཁ་རླངས་མ་ཡལ་བ། བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག །དམ་ཆོས་རྫོགས་ཆེན་སྡེ་གསུམ་གྱི་ནང་ཚན། ནང་སྐོར་ཀློང་སྡེའི་རིག་འཛིན་བཅོ་ལྔའི་བྱིན་རླབས་དབང་བསྐུར་གྱི་རིམ་པ་ཟབ་མོ་བསྒྲུབ་པར་བགྱི་བ་ལགས། དེ་ལ་བདག་ཉིད་སློབ་དཔོན་གྱིས་བགྱི་བར་འོས་པ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །སྙིམ་པ་མེ་ཏོག་གིས་བཀང་བའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཟུང་འཇུག་དགོངས་པ་བརྙེས་པ་ཡི༔ འགྲོ་འདུལ་རིག་འཛིན་བཅོ་ལྔ་ཡི༔ བྱིན་རླབས་བརྩེ་བས་གནང་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་བསྐུར་ཐོབ་བྲལ་བའི་དབང་བསྐུར་ཡེ་ནས་རང་ལ་རྫོགས་པར་གདམས་པའི་སྒོ་ནས་ལན་སྦྱིན་པ་འདི་ལ་གསན་པས་ཁྱབ་སྟེ། སྤྱིར་ནི་འགྲོ་འདུལ་རིག་འཛིན་ལྔ་བཅུ་རྩ་བརྒྱད་པོ༔ ཐམས་ཅད་ཟུང་འཇུག་མངོན་གྱུར་ཀུན་ཏུ་བཟང༔ དགོངས་པ་རང་བྱུང་ནམ་མཁའི་རྣལ་འབྱོར་ཚོགས༔ ཡེ་ཤེས་སྐུ་ཅན་འཁོར་འདས་ཡོངས་ལ་ཁྱབ༔ བཞུགས་ཡུལ་ཞིང་ཁམས་གཞན་དུ་བཙལ་མི་འཚལ༔ ད་ལྟའི་ནམ་མཁའ་འདིར་ཡང་རྣལ་འབྱོར་རྣམས༔ རང་གི་སེམས་ཉིད་འདི་ལའང་བླ་མས་ཁྱབ༔ བསྐུར་བྱ་སྐུར་ཐབས་བསྒྲུབ་དང་སྒྲུབ་ཐབས་མེད༔ རྣལ་འབྱོར་ལྟ་བའི་ངང་ལ་སྒྲུབ་དབང་རྫོགས༔ ཞེས་དང་། དེ་ལ་རང་གནས་ཡེ་ཤེས་ཀྱི་ཚོགས་གསག་པའི་ཆེད་དུ་ལྟ་བའི་རྒྱལ་པོ་ཡས་འབུབ་ཀྱི་མཆོད་པ་འབུལ་བར་གདམས་པ་སྟེ། ཨེ་མ་ཧོ་བདེ་གཤེགས་བླ་མ་རྣམས༔ བསམ་གྱིས་མི་ཁྱབ་ཆོས་ཉིད་ཀློང༔ ཀུན་ཏུ་བཟང་པོའི་རྣལ་འབྱོར་ཡིན༔ ལྟ་བའི་རྒྱལ་པོའི་མཆོད་པ་འབུལ༔ རང་རིག་གདོད་ནས་རྣམ་པར་དག་པ་རིག་རྩལ་བླ་མའི་ལྷ་ཚོགས་རྣམས་ཀྱི་སྤྱན་སྔར་གནས་ལུགས་ལྟ་བ་མཇལ་བའི་ཕྱག་འཚལ་ཞིང་གང་ཤར་ཆོས་ཉིད་རྒྱན་དུ་རོལ་པའི་མཆོད་པ་འབུལ་བ་སྔོན་དུ་འགྲོ་བས། གློ་བུར་འཁྲུལ་པའི་མུན་ཁུང་བརྟོལ་ཏེ་འོད་གསལ་སྣང་བའི་དགའ་སྟོན་སྩོལ་བར་གསོལ་བ་གདབ་པ་འདིའི་རྗེས་ཟློས། གདོད་ནས་དག་པའི་ཀུན་བཟང་བླ་མ་ལ༔ མཚན་འཛིན་འཁྲུལ་པའི་བསྐང་བཤགས་མི་འཚལ་ཞིང༔ གཉིས་སུ་འཛིན་པའི་ཕྱག་འཚལ་མོས་གུས་བྲལ༔ དེ་བས་རང་རིག་ཀློང་དུ་ཕྱག་འཚལ་ལོ༔ གཉིས་སུ་མེད་པའི་མཆོད་སྤྲིན་རྒྱ་མཚོས་མཆོད༔ བསམ་ལས་འདས་པའི་ངང་དུ་ཐུགས་དམ་བསྐང༔ བརྗོད་མེད་བརྗོད་པ་ཐམས་ཅད་མཐོལ་ལོ་བཤགས༔ ཨེ་མ་ཧོ་བདེ་གཤེགས་བླ་མ་རྣམས༔ ཀུན་བཟང་དགོངས་ཀློང་སེམས་སུ་རྫོགས་པ་ལ༔ ཕྱི་ནང་གཉིས་མེད་སྤྲོས་པའི་མཐའ་ལས་འདས༔ ཆོས་དབྱིངས་ཀློང་ཆུབ་ངང་དུ་ཕྱག་འཚལ་ལོ༔ ཨེ་མ་ཧོ་རང་རིག་བླ་མ་རྣམས༔ འཁོར་འདས་ཐམས་ཅད་ས་ལེར་མཐོང་བ་ལ༔ གཉིས་སུ་མེད་པའི་དབྱིངས་སུ་ལྷུན་རྫོགས་པས༔ མཐོང་བྱ་མཐོང་མཁན་མེད་ལ་ཕྱག་འཚལ་ལོ༔ ཨེ་མ་ཧོ་བདེ་གཤེགས་བླ་མ་རྣམས༔ ཕྱི་ནང་ནམ་མཁའ་ཀུན་ལ་སྐུ་ནི་ཡོངས་སུ་ཁྱབ་པ་ཉིད༔ བཞུགས་པའི་ཡུལ་ནི་ཕྱོགས་བཅུའི་འཇིག་རྟེན་དག་ན་མཆིས༔ གློ་བུར་དྲི་མའི་རྣམ་རྟོག་བསལ་ཕྱིར་གཟུགས་སྐུར་བཞེངས་པ་རྣམས༔ མཚན་འཛིན་འཁྲུལ་པ་འདི་དག་མྱུར་དུ་བསལ་བར་མཛད་དུ་གསོལ༔ ཞེས་གསོལ་བ་བཏབ། སློབ་དཔོན་གྱིས་རིག་འཛིན་བླ་མ་རྣམས་ལ་ཐུགས་དམ་བསྐུལ་བའི་སླད་དུ་གསོལ་བ་གདབ་པར་བྱ་བ་ཡིན་ཏེ། ཨེ་མ་ཧོ༔ བདེ་གཤེགས་བླ་མ་འགྲོ་འདུལ་ལྔ་བཅུ་རྩ་བརྒྱད་རྣམས༔ དམིགས་མེད་ཆོས་ཀྱི་སྐུ་ལས་ད་ལྟ་བཞེངས་སུ་གསོལ༔ ནང་སྐོར་བླ་མ་རིག་འཛིན་བཅོ་ལྔར་གནང་བར་མཛོད༔ ཡེ་ཤེས་སྐུ་ཡིས་སློབ་མར་བྱིན་རླབས་དབང་ཆེན་ད་ལྟ་བསྐུར་དུ་གསོལ༔ ཞེས་གསོལ་བ་བཏབ། སློབ་དཔོན་ཉིད་རིག་འཛིན་བླ་མའི་སྐུར་བཞུགས་པའི་དྲུང་དུ། ཁྱེད་རང་རྣམས་ཀྱང་རིག་འཛིན་བླ་མ་བཅོ་ལྔའི་སྐུ་འདི་བཞིན་དུ་གསལ་ཐོབས་ཤིག །ཨ༔ ཀ་དག་དེ་བཞིན་ཉིད་ཀྱི་དབྱིངས༔ ཞེས་སོགས་སྒྲུབ་ཐབས་མཐར་ཆགས་སུ་བཏང་ནས། སྣང་ལ་རང་བཞིན་མེད་པར་གསལ༔ བར་དང་། དེ་ལྟར་གསལ་བཞིན་པ་ལ་རིག་འཛིན་བླ་མ་རྣམས་ཀྱིས་དོ་ཧ་རྡོ་རྗེའི་གླུ་དགོངས་པ་མི་གཡོ་བའི་ངང་ནས་བླངས་པ་དང་ཆབས་ཅིག་རང་འདྲའི་སྐུ་གཉིས་པ་རེ་བྱུང་བ་སྤྱི་བོ་ནས་ཐིམ་པས་སྐུའི་བྱིན་རླབས་དང་། རྡོ་རྗེའི་བཟླས་པ་བྱ་བ་གསུང་གི་བྱིན་རླབས། རིག་འཛིན་བླ་མ་རྣམས་རང་རིག་ཏུ་རྫོགས་པའི་ངང་དུ་མཉམ་པར་གཞག་པ་ཐུགས་ཀྱི་བྱིན་རླབས་ཡིན་པས། ཁྱེད་རང་རྣམས་དགོངས་པ་སྐྱེ་མེད་ཀྱི་ངང་ལས་མ་གཡོས་བཞིན་དུ་གྲགས་སྟོང་རྡོ་རྗེའི་གླུ་བླངས་པ་འདི་ལ་སྙན་གྱི་དབང་པོ་རྩེ་གཅིག་ཏུ་གཏོད་པ་ཞུ། དགའ་རབ་རྡོ་རྗེའི་སྐུ་ཐོགས་ལ། ཆོས་ཀྱི་དབྱིངས་ནས་རྡོ་རྗེ་སེམས་དཔའི་དྲུང་དུ་སེམས་ཉིད་འོད་གསལ་བའི་དུས་སུ་རིག་འཛིན་དགའ་རབ་རྡོ་རྗེས་འདི་སྐད་ལོ། །ང་ནི་མི་ཡི་རིག་འཛིན་དགའ་རབ་རྡོ་རྗེ་སྟེ༔ སེམས་ལ་བལྟ་བའི་ཡུལ་མེད་འཛིན་པ་རང་སར་དག༔ སྒོམ་པའི་བློ་དང་བྲལ་ནས་གསལ་དང་མི་གསལ་མེད༔ སྤྱོད་པ་ཅི་དགར་བཏང་བས་རེ་དོགས་རྩིས་གདབ་བྲལ༔ འབྲས་བུ་འོད་གསལ་སྙིང་པོའི་ཀློང་དུ་རང་བཞིན་གྲོལ༔ ཞེས་བླངས་ལ་སྐུ་ཙཀ་སྤྱི་བོར་བཞག །ཨ་སུམ་སྦྲེལ་གྱི་རྡོ་རྗེའི་བཟླས་པ་མཛད་པ་ཞུ། ཞེས་རྡོར་བཟླས་ལན་བདུན་ནམ་གསུམ་ཙམ་བྱ། དགའ་རབ་རྡོ་རྗེ་རང་རིག་ཏུ་རྫོགས་པའི་ངང་དུ་མཉམ་པར་ཞོག་ཅིག །ཅེས་དགོངས་པའི་ངང་དར་ཅིག་བསྐྱང་། ༈ དེ་བཞིན་དུ་པདྨ་འབྱུང་གནས་སྐུ་ཐོགས་ལ། འཆི་མེད་པདྨ་འབྱུང་གནས་རྡོ་རྗེའི་གླུ༔ རང་བྱུང་རང་ཤར་ཆོས་ཉིད་བསྟན་པའི་ཚེ༔ ལྷུན་གྲུབ་བརྩེགས་ཀྱི་བམ་རོའི་ཚལ་ཆེན་དུ༔ པདྨ་འབྱུང་གནས་བརྟུལ་ཞུགས་སྤྱོད་པའི་ཚེ༔ ཨ་ཧོ༔ ཤར་གྲོལ་དུས་མཉམ་རིག་པ་ཐོལ་བྱུང་ནི༔ འཇིགས་མེད་སྣང་མེད་འཛིན་མེད་ངང་དུ་སྤྱོད༔ ཀློང་ལས་ཤར་བའི་ཆོ་འཕྲུལ་ཅིར་བསྟན་ཀྱང༔ འཁོར་འདས་མཉམ་པ་ཉིད་དུ་བརྡལ་བ་འོ༔ ཞེས་སྐུ་སྤྱི་བོར་གཞག །ཨ་སུམ་སྦྲེལ་གྱི་རྡོར་བཟླས། པདྨ་འབྱུང་གནས་ རང་རིག་ཏུ་རྫོགས་པའི་ངང་དུ་མཉམ་པར་གཞག། ༈ འཇམ་དཔལ་བཤེས་གཉེན་གྱི་སྐུ་ཐོགས་ལ། དུར་ཁྲོད་ཧེ་ཆེན་བརྡལ་དུ་མཆོད་རྟེན་ལ་སྐུ་རྒྱབ་བརྟེན་ཏེ་བསྒྲུབ་པའི་ཚེ་སྲོད་ཀྱི་དུས་སུ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་དགོངས་པ་རང་བྱུང་གི་གླུ་བླངས་པ་ནི་འདི་སྐད་ལོ། །དགའ་རབ་རྡོ་རྗེའི་ཐུགས་སྲས་འཇམ་དཔལ་བཤེས་གཉེན་བདག༔ གདམས་ངག་སྒོམ་མཁན་མི་སྣང་འོད་གསལ་ཀུན་ལ་ཁྱབ༔ དེ་ཉིད་དམིགས་སུ་མ་མཆིས་དམིགས་ཡུལ་རྡུལ་ཙམ་མེད༔ སྟོང་ཉིད་ཀ་ནས་དག་ཀྱང་སྐུ་དང་ཡེ་ཤེས་གསལ༔ གོང་བཞིན་རྡོར་བཟླས་དང་མཉམ་གཞག་བྱ་བ་འོག་མ་རྣམས་ལའང་འགྲེ། ༈ ཤྲཱི་སིཾ་ཧའི་སྐུ་ཐོགས་ལ། བསམ་གཏན་གྱི་ཁང་བུར་སློབ་དཔོན་ཤྲཱི་སིཾ་ཧས་འདི་སྐད་ལོ། །ཇི་ལྟར་བསམ་ཡང་མི་རྟོག་ངང༔ ཇི་ལྟར་སྨྲས་ཀྱང་སྒོམ་པ་མེད༔ སྣང་སྲིད་ཆོས་ཀུན་ཡེ་ཤེས་ངང༔ ཡེ་ཤེས་བཙལ་དུ་མེད་པ་འདི༔ རང་བྱུང་རང་ཤར་ཐལ་ལེ་བ༔ ང་ནི་དེང་ཕྱིན་གཞི་ཀློང་གནས༔ གཞི་ནི་མ་བཅོས་ལྷུག་པར་འདུག༔ མཚན་ཉིད་ཀུན་ལྡན་འོད་གསལ་བ༔ ཅིར་ཡང་མ་ཡིན་ཅིར་ཡང་རྟོགས༔ ལྟ་བ་མཐར་ཕྱིན་ཤྲཱི་སིཾ༔ སྒོམ་པའི་བློ་དང་བྲལ་འདོད་ནས༔ གསལ་བ་འདི་ལ་ལམ་བྱས་པས༔ གཏད་སོ་མེད་པའི་ཉམས་ཤིག་ཤར༔ རྒྱུན་ཆད་མེད་པའི་ཤྲཱི་སིཾ༔ སྤྱོད་པ་སྤྱད་རྒྱུ་འདུག་གམ་བལྟས༔ ཅི་བྱས་ཐམས་ཅད་བདེ་བ་ཆེ༔ གང་བྱུང་ཐམས་ཅད་དགའ་བའི་ངང༔ ཟུང་འཇུག་མངོན་གྱུར་ཤྲཱི་སིཾ༔ འབྲས་བུ་འཐོབ་པར་བྱ་བའི་ཕྱིར༔ གཞི་ཡི་ཀློང་དུ་མཉམ་པར་བཞག༔ འཇམ་དཔལ་བཤེས་གཉེན་གདམས་པ་སྟེ༔ སེམས་ཀྱི་ཀློང་ནས་གཏེར་དུ་རྙེད༔ གསལ་བའི་དབྱིངས་སུ་སྤྲུལ་པ་རྣམས༔ མི་རྟོག་པ་ཡི་ངང་ལ་བཞག༔ བདེ་བ་ཆེན་པོར་ལྷུན་གྲུབ་སྟེ༔ དབྱེར་མེད་ངང་དུ་ཨ་ལ་ལ་ཧོ༔ ཞེས་དང་རྡོར་བཟླས་དགོངས་བསྐྱང་བྱ། ༈ ཛྙཱ་སཱུ་ཏྲའི་སྐུ་ཐོགས་ལ། རང་བྱུང་བྲག་དམར་དབེན་རྩ་རུ་མཁའ་འགྲོ་མ་རྣམས་དང་ཚོགས་ཀྱི་འཁོར་ལོ་བསྐོར་ནས་བདེ་བ་ཆེན་པོའི་ཡེ་ཤེས་ཆེས་འཕགས་པའི་ཚེ་སློབ་དཔོན་ཛྙཱ་ན་སཱུ་ཏྲས་འདི་སྐད་ལོ། །ཨ་ཧོ༔ བདེ་བ་ནམ་མཁའི་ཀློང་དུ་བསྟིམས་བྱས་པས༔ བདེ་སྟོང་རྒྱ་ཆེ་ཁྱབ་བརྡལ་ནམ་མཁའ་འདྲ༔ ཞེན་པ་མེད་པ་བདེ་བའི་འཁོར་ལོ་ལ༔ ལུས་ངག་ཡིད་གསུམ་བདེ་བ་ཆེན་པོར་ཤར༔ ཞེས་དང་རྡོར་བཟླས་དགོངས་བསྐྱང་བྱ། ༈ བི་མ་མི་ཏྲའི་སྐུ་ཐོགས་ལ། ཡེ་ཤེས་དབྱིངས་སུ་རྣམ་པར་དག་པའི་དུར་ཁྲོད་ཆེན་པོ་བདེ་ཆེན་བརྩེགས་པར་མཁའ་འགྲོ་དབྱིངས་ཕྱུག་མས་མཆོད་པའི་ཚེ་སློབ་དཔོན་བི་མ་མི་ཏྲས་འདི་སྐད་ལོ། །ཨ་ཧོ༔ བདེ་ཆེན་ནམ་མཁའ་གང་བའི་དབྱིངས་སུ་དག༔ རང་བྱུང་རང་ཤར་རིག་པའི་ཀློང་དུ་ཐིམ༔ དབྱིངས་རིག་གཉིས་མེད་ཟུང་འཇུག་ལ་བཟླས་པས༔ འཁོར་འདས་ཀུན་ཁྱབ་ཧེ་རུ་ཀཿདཔལ་ལོ༔ ཞེས་དང་རྡོར་བཟླས་དགོངས་བསྐྱང་བྱ། ༈ བཻ་རོ་ཙ་ནའི་སྐུ་ཐོགས་ལ། ཡར་ཀླུང་ཤེལ་གྱི་བྲག་ཕུག་ཆེན་པོར་སྙིང་པོའི་གནས་ལུགས་མངོན་དུ་གྱུར་པའི་ཚེ་སློབ་དཔོན་བཻ་རོ་ཙ་ནས་འདི་སྐད་ལོ། །ང་ནི་བཻ་རོ་ཙ་ན་སྟེ༔ མ་བཅོས་རང་གསལ་ངང་དུ་གནས༔ མ་ནོར་དམིགས་སུ་མ་མཆིས་ཤིང༔ བརྗོད་མེད་རིག་པ་ཟང་ཐལ་ལེ༔ བསམ་འདས་སེམས་ཀྱི་དྲི་མ་དག༔ རང་བྱུང་ཡེ་ཤེས་ངོ་བོ་ཉིད༔ རང་གསལ་རང་བཞིན་ལྷུན་གྱིས་གྲུབ༔ ཅིར་སྣང་ཆོས་སྐུའི་རྒྱན་དུ་ཤར༔ ཐུགས་རྗེ་སྤྲུལ་སྐུ་སྣ་ཚོགས་སྣང༔ ཐམས་ཅད་ཀུན་གཞིའི་དབྱིངས་སུ་རྫོགས༔ ལྟ་བའི་གནམ་འཕང་གཅོད་པའི་ཚེ༔ སྒོམ་པ་ཐབས་ཤེས་སྒྲོ་གཤོག་བརྒྱང༔ སྤྱོད་པའི་ལམ་ལ་ཞུགས་པའི་ཚེ༔ རེ་དོགས་མེད་པའི་ངང་ལ་འགྲོ༔ འབྲས་བུའི་ཕ་མཐར་བསྙེགས་པའི་ཚེ༔ གཞན་དུ་མེད་པའི་སངས་རྒྱས་རྟོགས༔ སྒོམ་པའི་གཟེབ་ལས་གྲོལ་ཙ་ན༔ ལྟ་བའི་རྒྱལ་པོ་ཕུགས་ཐག་ཆོད༔ ལམ་ལ་བགྲོད་དུ་མེད་པ་དེ༔ ལུང་དང་རིགས་པས་བསྒྲུབ་མེད་ཕྱིར༔ གཞི་ཡི་སྟེང་དུ་འབྲས་བུར་སྨིན༔ ཆོས་ཉིད་ཀློང་དུ་ལ་བཟླས་ཏེ༔ རང་རིག་རྩལ་དུ་ཤན་ཡང་འབྱེད༔ དབྱིངས་རིག་གཉིས་སུ་མེད་པ་དེ༔ ཐིག་ལེ་ཉག་གཅིག་ངང་དུ་རྫོགས༔ སེམས་སྡེའི་ངང་དུ་ཉམས་བླངས་པས༔ སྣང་སྲིད་སེམས་ཀྱི་ཀློང་དུ་རྫོགས༔ ཀློང་སྡེའི་ལྟ་བ་ཉམས་བླངས་ཚེ༔ རྣམ་རྟོག་ཕྲ་རགས་ཀློང་དུ་ཐིམ༔ མན་ངག་ཉམས་སུ་བླངས་པའི་ཚེ༔ དབྱིངས་ཡེ་ཟུང་འཇུག་མངོན་སངས་རྒྱས༔ ལྟ་བའི་ཕུགས་ཐག་ཆོད་པ་ཡིན༔ སྒོམ་པའི་བློ་ལས་འདས་པ་ཡིན༔ སྤྱོད་པ་སྤྱད་དུ་མེད་པ་ཡིན༔ འབྲས་བུ་གཞན་ལ་རེ་མི་འཚལ༔ འོན་ཀྱང་རྣལ་འབྱོར་བཻ་རོ་ཡིས༔ རྒྱུ་འབྲས་ཁྱད་དུ་མི་གསོད་པས༔ སྡོམ་པ་གསུམ་གྱིས་རྒྱུད་སྦྱངས་ཏེ༔ མཚན་ལྡན་བླ་མ་དཔལ་སེང་གེ༔ སྤྱི་བོའི་གཙུག་ཏུ་འབྲལ་མེད་བཞུགས༔ རིག་འཛིན་པདྨ་འབྱུང་གནས་དེ༔ མཉེས་པ་གསུམ་གྱིས་ཡང་ཡང་བསྟེན༔ པཎ་ཆེན་བི་མ་ལ་མི་ཏྲ༔ དགོངས་པར་བཞེད་པའི་ཕ་མཐའ་བསྐང༔ བསླབ་པ་གསུམ་གྱི་ཆས་འཛིན་ཏེ༔ ལྟ་བའི་གནམ་འཕང་གཅོད་པ་ཡིན༔ སྔར་སྤྱོད་ངང་དུ་མཉམ་པར་བཞག༔ བསྟན་གཉིས་ཟུང་འཇུག་བཀྲ་ཤིས་ཤོག༔ ཅེས་དང་རྡོར་བཟླས་དགོངས་བསྐྱང་བྱ། ༈ ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་ཐོགས་ལ། བསམ་ཡས་དབུ་རྩེའི་བར་ཁང་གཡུ་ཞལ་ཅན་ནས་མངའ་བདག་ཁྲི་སྲོང་ལྡེའུ་བཙན་འདི་སྐད་ལོ། །ང་ནི་ཁྲི་སྲོང་ལྡེའུ་བཙན་ཏེ༔ སེམས་ཉིད་རང་བྱུང་ཡེ་ཤེས་འདི༔ ཅིར་ཡང་མི་དམིགས་ཅིར་ཡང་གསལ༔ ལྟ་བའི་རྒྱལ་པོ་མཐའ་གཉིས་བྲལ༔ ཞེས་དང་རྡོར་བཟླས་དགོངས་བསྐྱང་བྱ། ༈ གཉགས་ཆེན་གྱི་སྐུ་ཐོགས་ལ། ཡར་མོ་ལུང་གི་ཕུ་བདུད་རྩི་འབྱུང་བའི་བ་གམ་ནས་གཉགས་ཆེན་ཛྙཱ་ན་ཀུ་མཱ་རས་འདི་སྐད་ལོ། །ལྷུན་གྲུབ་ཡེ་ཤེས་བསམ་མི་ཁྱབ༔ ནམ་མཁའ་ལྟ་བུ་མཐའ་བྲལ་བ༔ ཟུང་དུ་འཇུག་པའི་ཡེ་ཤེས་དེ༔ བློ་བྱས་ཡིད་དཔྱོད་ཀུན་ལས་འདས༔ ཞེས་དང་རྡོར་བཟླས་དགོངས་བསྐྱང་བྱ། ༈ དཔལ་གྱི་ཡེ་ཤེས་ཀྱི་སྐུ་ཐོགས་ལ། ཀོང་པོ་བྲག་དཀར་ལྷ་ཆུ་འཁྱིལ་བའི་ཡང་དབེན་ནས་གཉན་ཆེན་དཔལ་གྱི་ཡེ་ཤེས་འདི་སྐད་ལོ། །རང་རིག་ལྷུན་གྲུབ་བློ་ལས་འདས༔ སེམས་ཉིད་ནམ་མཁའ་མཐའ་དབུས་མེད༔ ཚོགས་བརྒྱད་སྣང་ལ་ངོས་གཟུང་མེད༔ རང་བྱུང་དགོངས་པ་འདི་ཀ་འོ༔ ཞེས་དང་རྡོར་བཟླས་དགོངས་བསྐྱང་བྱ། ༈ ཉང་བན་གྱི་སྐུ་ཐོགས་ལ། ཀོང་ཡུལ་ལྗོན་པ་ལུང་གི་འཆི་མེད་ཚེའི་ཀེའུ་ཚང་ནས་ཉང་བན་ཏིང་འཛིན་བཟང་པོས་འདི་སྐད་ལོ། །ལྟ་བ་ཕྱོགས་ལྷུང་མེད་པ་དེ༔ དམིགས་བྱ་མེད་པའི་ངོ་བོ་ཉིད༔ ལྟ་བྱེད་བློ་ཡི་གཟེབ་ལས་གྲོལ༔ བལྟ་བྱའི་སྙིང་པོ་ཡེ་ཤེས་ཆེ༔ ཞེས་དང་རྡོར་བཟླས་དགོངས་བསྐྱང་བྱ། ༈ ནམ་མཁའི་སྙིང་པོའི་སྐུ་ཐོགས་ལ། ལྷོ་བྲག་མཁར་ཆུ་དཔལ་གྱི་ཕུག་མོ་ཆེ་ནས་དགེ་སློང་ནམ་མཁའི་སྙིང་པོས་འདི་སྐད་ལོ། །རང་བྱུང་རང་ཤར་ཡེ་ཤེས་འདི༔ བསྒོམ་བྱའི་བློ་ལས་རིང་དུ་འདས༔ སྒོམ་བྱེད་ཤེས་པ་རང་སར་དེངས༔ ཅིར་ཡང་དམིགས་སུ་མེད་པར་ཤར༔ ཞེས་དང་རྡོར་བཟླས་དགོངས་བསྐྱང་བྱ། ༈ འབྲོག་མི་དཔལ་ཡེའི་སྐུ་ཐོགས་ལ། བདུད་རི་གནམ་ལྕགས་འབར་བའི་རྩེ་མོ་ནས་འབྲོག་མི་དཔལ་གྱི་ཡེ་ཤེས་འདི་སྐད་ལོ། །དགོངས་པ་རང་བྱུང་རང་ཤར་འདི༔ མ་བཅོས་ལྷུག་པར་བཞག་ཙམ་ན༔ བརྗོད་དུ་མེད་པའི་ཉམས་ཤིག་ཤར༔ བསམ་དུ་མེད་པའི་འབྲས་བུ་རྙེད༔ ཅེས་དང་རྡོར་བཟླས་དགོངས་བསྐྱང་བྱ། ༈ གནུབས་ཆེན་གྱི་སྐུ་ཐོགས་ལ། སྒྲགས་ཀྱི་ཡང་རྫོང་གི་ཀེའུ་ཚང་ནས་གནུབས་ཆེན་སངས་རྒྱས་ཡེ་ཤེས་འདི་སྐད་ལོ། །ང་ནི་སངས་རྒྱས་ཡེ་ཤེས་ཏེ༔ སངས་རྒྱས་རང་ལས་རྙེད་པ་ཡིན༔ ལྟ་བའི་རྒྱལ་པོ་གནམ་འཕང་གཅོད༔ སྒོམ་པ་ཐབས་ཤེས་གཤོག་རྩལ་ཆེ༔ སྤྱོད་པ་འཇིགས་མེད་ཧེ་རུ་ཀ༔ འབྲས་བུ་སྲིད་ཞིའི་ཐིག་ལེར་རྫོགས༔ ཞེས་དང་རྡོར་བཟླས་དགོངས་བསྐྱང་བྱ། ༈ ལང་གྲོ་ལོ་ཙཱའི་སྐུ་ཐོགས་ལ། བྲག་དམར་ཟངས་ཡག་ནམ་མཁའ་རྫོང་ནས་ལང་གྲོ་དཀོན་མཆོག་འབྱུང་གནས་འདི་སྐད་ལོ། །སེམས་ལ་བསམ་དུ་མེད་པའི་ཉམས༔ རང་གསལ་རྗེན་པར་གནས་པ་འདི༔ འཁོར་འདས་ཀུན་ལ་ཁྱབ་པ་ཉིད༔ དུས་གསུམ་སངས་རྒྱས་དགོངས་པ་ལགས༔ ཞེས་དང་རྡོར་བཟླས་དགོངས་བསྐྱང་བྱ། ༈ རྒྱལ་བ་མཆོག་དབྱངས་ཀྱི་སྐུ་ཐོགས་ལ། བསམ་ཡས་བྲག་དམར་མཆིམས་ཕུའི་དབེན་རྩ་ནས་ངན་ལམ་རྒྱལ་བ་མཆོག་དབྱངས་འདི་སྐད་ལོ། །བློ་འདས་བསམ་བརྗོད་བྲལ་བའི་སེམས༔ རིག་པའི་ངང་དུ་གཉིས་མེད་འདྲེས༔ ཕྱི་ནང་ཀུན་ལ་ཟང་ཐལ་ལེ༔ མ་བཅོས་ཡེ་རྫོགས་ཆེན་པོ་འོ༔ ཞེས་དང་རྡོར་བཟླས་དགོངས་བསྐྱང་བྱ། ༈ རླངས་ཆེན་དཔལ་སེང་གི་སྐུ་ཐོགས་ལ། ཁམས་ཀྱི་ཁྱུང་ཚང་བྲག་གི་དབེན་རྩ་ནས་རླངས་ཆེན་དཔལ་གྱི་སེང་གེས་འདི་སྐད་ལོ། །གསལ་བ་ཐབས་སུ་བྱས་ནས་ཀྱང༔ སྟོང་པ་ཤེས་རབ་ངང་དུ་རྫོགས༔ གསལ་སྟོང་དབྱེར་མེད་ཀློང་དུ་འཕྱོ༔ ཀུན་བཟང་དགོངས་པ་རང་ལས་རྙེད༔ ཅེས་དང་རྡོར་བཟླས་དགོངས་བསྐྱང་བྱ། ༈ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྐུ་ཐོགས་ལ། གཞོ་སྟོད་ཏི་སྒྲོ་བྲག་གི་ཚོགས་ཁང་ཆེན་མོ་ནས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་འདི་སྐད་ལོ། །འཁོར་འདས་ཀུན་ལ་ཁྱབ་པའི་སེམས༔ བདེ་བ་ཆེན་པོའི་ངང་དུ་ཐིམ༔ ཆོས་ཉིད་ཀློང་དུ་བལྟ་བྱ་བྲལ༔ ཁོ་མོའི་རྟོགས་པ་དེ་ཙམ་མོ༔ ཞེས་དང་རྡོར་བཟླས་དགོངས་བསྐྱང་བྱ། ༈ གཡུ་སྒྲ་སྙིང་པོའི་སྐུ་ཐོགས་ལ། ལྷ་སའི་ཡེར་པ་གཙུག་རུམ་འབར་བའི་ཕུག་ནས་རྒྱལ་མོ་གཡུ་སྒྲ་སྙིང་པོས་འདི་སྐད་ལོ། །སེམས་ལས་གཞན་པའི་སངས་རྒྱས་མེད༔ རྣམ་རྟོག་ཆོས་དབྱིངས་ཀློང་དུ་ནུབ༔ དབྱིངས་རིག་དབྱེར་མེད་རྫོགས་པ་འདི༔ བཻ་རོ་ཙ་ནའི་བཀའ་དྲིན་ལགས༔ ཞེས་དང་རྡོར་བཟླས་དགོངས་བསྐྱང་བྱ། ཞེས་བསྐུར་རོ། །དེ་ལྟར་བྱིན་རླབས་འཕོ་བའི་དབང་བསྐུར་ཐོབ་པའི་ཡེ་ཤེས་ཀྱི་རྒྱུན་དེ་ཉིད་མི་ཉམས་བརྟན་པར་བྱ་བའི་སླད་དུ་རིག་འཛིན་བླ་མའི་ལྷ་ཚོགས་ནམ་མཁའ་གང་བར་སད་པ་རྣམས་ཀྱིས་སྨོན་པའི་ཚིག་གི་ཤིས་པ་བརྗོད་ཅིང་མེ་ཏོག་གི་ཆར་ཕབ་པས་དགེ་ལེགས་སུ་བྱས་པའི་མོས་པ་མཛོད། ཅེས་ཤིས་བརྗོད་གང་འོས་བྱ། དེ་རྣམས་ཀྱི་སྒོ་ནས་ནང་སྐོར་ཀློང་སྡེའི་བླ་མ་རིག་འཛིན་བཅོ་ལྔའི་བྱིན་རླབས་དབང་བསྐུར་ཟབ་མོ་ལེགས་པར་གྲུབ་པ་ལགས་པས། རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་ཁྱད་པར་གྱིས་བསྡུས་པ་མཐའ་དག་ཚུལ་བཞིན་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དབང་གི་རྗེས་རིམ་སྤྱི་ལྟར་བྱའོ།། །།སློབ་དཔོན་གྱིས་ཚོགས་ལ་རོལ་བ་སོགས་ཆོ་གའི་རྗེས་རིམ་རྣམས་བྱང་བུ་ཁྲིགས་བསྡེབས་ལྟར་མཐར་དབྱུང་བས་གྲུབ་བོ། །ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི། །རང་རྩལ་སྒྱུ་འཕྲུལ་རྡོ་རྗེའི་སྤྲིན། །འགྲོ་འདུལ་ཚོམ་བུའི་དགོངས་ཉམས་བྱིན། །སྐལ་ལྡན་སྙིང་ལ་འདོད་རྒུར་འཇོ། །ནང་སྐོར་ཀློང་སྡེའི་བླ་མ་རིག་འཛིན་བཅོ་ལྔའི་བྱིན་རླབས་དབང་བསྐུར་གྱི་ལེའུ་ཚན་ནོ།། །། ༄༅། །སྭསྟི། སྐུ་གསུམ་བསྟན་པའི་སྙིང་པོ་མཆོག །མི་མཇེད་ཞིང་འདིར་སྣང་མཛད་མགོན། །སྟོན་པ་བཅུ་གཉིས་ལ་བཏུད་ནས། །དེ་ཡི་སྨིན་བྱེད་ལམ་བཟང་དབྱེ། །རྫོགས་པ་ཆེན་པོ་སྡེ་གསུམ་ལས་ནང་སྐོར་ཀློང་སྡེའི་ཡི་དམ་ཞི་བ་རྫོགས་ཆེན་སྟོན་པ་བཅུ་གཉིས་ཀྱི་སྒྲུབ་དབང་བསྐུར་བའི་ཚུལ་ལ། སྦྱོར་བ་རས་བྲིས་ཞི་དཀྱིལ་སྤྱི་མཐུན་ལྷ་གནས་ལྟེ་བ་ཟླུམ་སྐོར་མཐིང་ག་ཕྱི་སྐོར་པད་འདབ་བཞི་དང་དེ་རྒྱབ་པད་འདབ་བརྒྱད་ཕྱོགས་མདོག་མཚམས་བཞི་མཐིང་ག་ཅན་ཐིག་ལེས་མཚན་པ་དགྲམ་པའམ། མ་འབྱོར་ན་མཎྜལ་ལ་མེ་ཏོག་གི་ཚོམ་བུ་དབུས་སུ་གཅིག །ཕྱོགས་བཞིར་བཞི་དེ་རྒྱབ་བརྒྱད་བཅས་བཀོད་པའི་ཁར་མཉྫིའི་སྟེང་དུ་བུམ་པ་སོ་ལྔའི་བཅུད་ལྡན། གཡས་སུ་ཐོད་ཆང་མངར་གསུམ་ཆོས་སྨན་སྦྱར་བ། གཡོན་དུ་རིག་མའི་གཟུགས་བརྙ་ན། རྒྱབ་ཏུ་རང་བྱུང་གི་ཤེལ་རྡོ། མདུན་དུ་སྐུ་ཙག་རྣམས་བཅས་བཤམ། ཕྱི་ནང་གི་མཆོད་པ་དང་ཚོགས་གཏོར་སོགས་སྤྱི་ལྟར་འདུ་བྱས་ནས། དབང་སྒྲུབ་ནང་སྐོར་ཁྲོ་བོའི་བྱང་བུ་ཁྲིགས་བསྡེབས་ཀྱིས་ཁོག་ཕུབ་ནས་མངོན་རྟོགས་རྟེན་བྱང་བསྐྱེད་རྗེས། བརྟེན་པ་གཏེར་གཞུང་ནང་སྐོར་ཡི་དམ་ཞི་སྒྲུབ་ལྟར་བདག་མདུན་དབྱེར་མེད་དུ་བསྒོམས་ལ། ཛཔ྄་དམིགས་ནི། བདེ་གཤེགས་སྟོན་པ་བཅུ་གཉིས་རྣམས༔ སྣང་སྲིད་སྐུ་ཡི་རོལ་པས་གང༔ སྔགས་ནི་གྲགས་སྟོང་རང་སྒྲ་སྒྲོག༔ འོད་གསལ་ངོ་བོའི་ཐུགས་ཀྱི་ངང༔ མཆོད་སྤྲིན་རྒྱ་མཚོས་རྒྱལ་བ་དགྱེས༔ འགྲོ་རྣམས་བླ་མེད་ས་ལ་བཀོད༔ སྣང་སྲིད་གཞིར་བཞེངས་བདེ་བ་ཆེ༔ དགོངས་པ་ཀློང་ཡངས་ངང་དུ་རྫོགས༔ ཞེས་པའི་དགོངས་པ་སྲོག་ཏུ་བཟུང་སྟེ་གཞུང་གི་བཟླས་པ་ཅི་འགྲུབ་དང་། བུམ་སྒྲུབ་ཟུར་དུ་སྤྲོ་ན། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་བདེ་གཤེགས་སྟོན་པ་བཅུ་གསུམ་གྱི་ཚོམ་བུ་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་ལྟར་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་སོགས་སྤྱི་ལྟར་གསལ་བཏབ་ལ་བཟླས་པ་བྱ། མཐར་སྟོང་ཚིགས་ཕུལ་ལ་འོད་ཞུ་དང་། ལས་བུམ་དུ་རྡོར་སེམས་བསྐྱེད་བཟླས། སྲུང་མའི་གཏོར་འབུལ། ཚོགས་ཀྱི་མཆོད་པ། རིག་པའི་མེ་ཏོག་དོར་ནས་གནང་བ་ནོད་པ་བཅས་བྱའོ།། །།དབང་དངོས་ལ། སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ། མཎྜལ་བཀྲམ་བསྡུ་དང་། སེམས་བསྐྱེད་གསལ་བཏབ་ལ་ཆོས་བཤད་ཅི་རིགས་པ་ལས་ཁྱད་པར། འདིར་དམ་ཆོས་རྫོགས་ཆེན་སྡེ་གསུམ་གྱི་ནང་ཚན་ནང་སྐོར་ཀློང་སྡེའི་ཡི་དམ་ཞི་བའི་ཚུལ་དུ་སྒྲུབ་པ་སྐུ་གསུམ་བསྟན་པའི་སྙིང་པོ་འོད་གསལ་རྫོགས་པ་ཆེན་པོའི་སྟོན་པ་མངོན་རྫོགས་རྒྱལ་པོ་བཅུ་གསུམ་གྱི་སྨིན་བྱེད་ཟབ་མོ་བསྒྲུབ་པར་བགྱི་བ་ལ། བདག་ཉིད་སློབ་དཔོན་གྱིས་བགྱི་བར་འོས་པ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །ཕྱག་སྙིམ་པ་མེ་ཏོག་གིས་བཀང་བའི་ཐལ་མོ་སྦྱོར་ལ་མི་ཕྱེད་དད་པའི་ཡིད་ཀྱིས་གསོལ་བ་གདབ་པ་འདིའི་རྗེས་ཟློས། ཡེ་སངས་རྒྱས་པ་གདོད་མའི་ཀུན་ཏུ་བཟང༔ ཐོག་མའི་སྟོན་པ་ཆེན་པོ་བཅུ་གཉིས་ཀྱི༔ རང་བྱུང་དགོངས་པ་ཀློང་ཡངས་བསྟན་དུ་གསོལ༔ ཆོས་དབྱིངས་འུབ་ཆུབ་ཀློང་དུ་མི་འདའ་བའི༔ རྣལ་འབྱོར་ནམ་མཁའི་རྒྱལ་པོ་བལྟ་འདོད་ཀྱིས༔ ད་ལྟ་ཉིད་དུ་བླ་མས་བསྩལ་དུ་གསོལ༔ ལན་གསུམ། ཞེས་གསོལ་བ་བཏབ་པ་ལ་དོན་གྱི་ངེས་ཤེས་བསྐྱེད་པའི་སྒོ་ནས་གནང་བ་སྦྱིན་པར་བྱ་བ་ཡིན་ཏེ། ཨེ་མ་ཧོ༔ བདེ་གཤེགས་སྟོན་པ་རིག་འཛིན་ནི༔ བསྟན་པ་གཉིས་ཀྱི་བདག་པོ་སྟེ༔ ཀུན་ཏུ་བཟང་པོ་མན་ཆད་ནས༔ བོད་ཀྱི་རིག་འཛིན་ཡན་ཆད་དུ༔ འགྲོ་འདུལ་བདུན་ཅུ་རྩ་གཅིག་ནི༔ ཆོས་དབྱིངས་ཀློང་ལ་ཁྱབ་པ་ཉིད༔ ཐམས་ཅད་ནམ་མཁའི་རྣལ་འབྱོར་ཡིན༔ འཁོར་འདས་ཀུན་ལ་ཁྱབ་པའི་སྐུ༔ གློ་བུར་འཁྲུལ་པས་མ་བསྒྲིབ་ན༔ རང་ཡང་ནམ་མཁའི་ངང་དུ་རྫོགས༔ འགྲོ་འདུལ་རྣམས་དང་དགོངས་པ་གཅིག༔ ད་ལྟའི་ནམ་མཁའ་འདི་རྣམས་ཀྱང༔ བདུན་ཅུ་རྩ་གཅིག་འདུས་པ་ཡི༔ ཐུགས་རྗེའི་ཀློང་ཆེན་དམ་པ་འོ༔ དེ་ཕྱིར་མཆོད་པའི་སྤྲིན་ཚོགས་འབུལ༔ དེ་ནས་ཁྱེད་རང་རྣམས་ཀྱི་ལུས་ལོངས་སྤྱོད་དགེ་ཚོགས་དང་བཅས་པ་ཀུན་བཟང་མཆོད་པའི་སྤྲིན་ཆེན་པོར་སྤྲོས་ཏེ་འབུལ་བ་ཀུན་རྫོབ་རྒྱུ་བསོད་ནམས་ཀྱི་ཚོགས་དང་། སྣང་བ་རིག་པའི་རྒྱན་དུ་རང་ཤར་བ་ཉིད་ཤར་གྲོལ་འཛིན་མེད་གཉུག་མའི་ལྷ་ལ་འཁོར་གསུམ་ཡོངས་དག་ཆེན་པོའི་མཆོད་པ་འབུལ་བ་དོན་དམ་འབྲས་བུ་ཡེ་ཤེས་ཀྱི་ཚོགས་ཏེ། ཚོགས་གཉིས་ཡེ་རྫོགས་ཆེན་པོའི་ངང་དུ་ལ་བཟླ་བ་དང་། རང་བྱུང་གི་རིག་པ་ཟང་ཐལ་འཆིང་གྲོལ་ལས་འདས་པའི་ངོ་བོར་དགེ་སྡིག་རྒྱུ་འབྲས་ཕན་གནོད་ཀྱི་མཚན་མ་དང་བྲལ་བས་བཤགས་བྱ་བཤགས་བྱེད་ལས་འདས་པ་ཡེ་ཤེས་ཀློང་ཆེན་ཡངས་པའི་ངང་དུ་མཉམ་པར་བཞག་བཞིན་པས་འདིའི་རྗེས་ཟློས། ཀུན་རྫོབ་རིག་པའི་ཀློང་ཡངས་ནམ་མཁའ་ཆེ༔ ཀུན་བཟང་ཀློང་དུ་རྟོགས་པའི་མཆོད་པའི་སྤྲིན༔ ཤར་དང་ཤར་ཡུལ་མེད་པར་མཆོད་པར་འབུལ༔ འཛིན་ཡུལ་མེད་པའི་ངང་དུ་མཐོལ་ལོ་བཤགས༔ བཤགས་བྱ་བཤགས་བྱེད་བྲལ་བ་ངོ་མཚར་ཆེ༔ ཡེ་ཤེས་ཀློང་ཆུབ་ངང་དུ་མཛད་དུ་གསོལ༔ ཡེ་ནས་བསྐུར་ཐོབ་བྲལ་བའི་ཆོས་ཉིད་རིག་པ་རང་གནས་ཀུན་ཏུ་བཟང་པོའི་ཀློང་ཆེན་པོར་སྐུ་དང་ཡེ་ཤེས་ཡོན་ཏན་ལྷུན་གྱིས་གྲུབ་པའི་ཕྱིར་ཐ་སྙད་སྤྲོས་པའི་བྱིན་དབབ་པ་ལ་མི་ལྟོས་པས་ན། ནམ་མཁའི་རྣལ་འབྱོར་མ་བཅོས་རང་གསལ་ལྷུག་པར་གནས་པས་དོན་གྱི་བྱིན་རླབས་རྫོགས་པར་སྟོན་པ་ཡིན་ཏེ། རང་རིག་གཞི་ལུས་ཀུན་ཏུ་བཟང་པོ་ལ༔ ཞལ་ཕྱག་མཚན་མ་བྱིན་རླབས་མི་འཚལ་ཞིང༔ རྣལ་འབྱོར་ནམ་མཁའ་ཆེ་ལ་ལྟ་སྟངས་ཀྱིས༔ རང་གསལ་མ་བཅོས་ལྷུག་པར་གནས་པར་གྱིས༔ དབང་དངོས་གཞི་ལ་རྣམ་གྲངས་བཞིར་ཡོད་པ་ལས། དང་པོ་སྤྲོས་བཅས་བུམ་པའི་དབང་ནི། བརྡ་བུམ་པ་བཅུད་ལྡན་རྒྱན་དང་བཅས་པས་མཚོན་ཏེ། དོན་དབྱིངས་རིག་ཟུང་འཇུག་གི་གནས་ལུགས་རྟོགས་པར་མཛོད་ཅིག །བུམ་པ་ཐོགས་ལ། བུམ་པ་ཆོས་དབྱིངས་ཕྱི་ནང་མེད་པ་ལ༔ རང་བྱུང་ཡེ་ཤེས་ཁ་རྒྱན་བཅུད་ཀྱིས་གཏམས༔ བསྐུར་བྱ་བསྐུར་ཐོབ་མེད་པར་རང་ལ་རྫོགས༔ ཨེ་མ་ཧོ༔ ཆོས་ཀྱི་དབྱིངས་སུ་རྫོགས་པའི་དབང་ཐོབ་ཤོག༔ ཅེས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་སྦྱིན། གཉིས་པ་སྤྲོས་མེད་གསང་བའི་དབང་ནི། བརྡ་ཐོད་པའི་བདུད་རྩི་མྱང་བ་ལ་བརྟེན་ནས། དོན་ལས་རླུང་གི་རྒྱུ་བ་རྣམས་དབུ་མར་ཐིམ་པས་སྨྲ་བསམ་བརྗོད་བྲལ་གསལ་ལ་མི་རྟོག་པའི་ཡེ་ཤེས་ལྷག་གེར་མཐོང་བར་མོས་ཤིག །གསང་ཐོད་ཐོགས་ལ། གསལ་རིག་རྒྱུན་ཆད་མེད་པའི་ཐོད་པའི་ནང༔ ཡོངས་སུ་དེ་ཉིད་རྒྱས་པའི་བདུད་རྩིར་ཞུ༔ ཨེ་མ་ཧོ༔ མདངས་གསལ་གསལ་རྫོགས་ངང་དུ་དབང་བསྐུར་བས༔ སྣང་བ་མཐོང་མེད་མཐོང་བ་རབ་གསལ་ཤོག༔ ཅེས་བདུད་རྩི་སྦྱིན། གསུམ་པ་ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། བརྡ་མཚན་ཉིད་ཡོངས་སུ་རྫོགས་པའི་རིག་མ་གཏད་པ་དང་མཉམ་པར་སྦྱོར་བའི་རྐྱེན་གྱིས། དོན་ལྷན་སྐྱེས་ཀ་དག་གི་ཡེ་ཤེས་རྩོལ་མེད་དུ་སྐྱེས་པར་མོས་ཤིག །རིག་ཙཀ་ཐོགས་ལ། བདེ་ཆེན་ཡེ་ཤེས་གང་བའི་ལང་ཚོ་ཡིས༔ རིག་པ་རང་གསལ་གཅིག་ཏུ་བདེ་བར་འཁྲིལ༔ གཉིས་མེད་སྣང་མེད་འཛིན་མེད་བདེ་བ་ཆེ༔ ཨེ་མ་ཧོ་བདེ་ཆེན་ཡེ་ཤེས་དབང་བསྐུར་བས༔ རྟོག་ཚོགས་བདེ་བ་ཆེན་པོའི་ངང་གྲོལ་ཤོག༔ ཅེས་ལག་གཡོན་དུ་གཏད། བཞི་པ་རབ་ཏུ་སྤྲོས་མེད་ངོ་སྤྲོད་དོན་གྱི་དབང་ནི། བརྡ་རྡོ་རྗེ་སེམས་དཔའི་མེ་ལོང་གིས་མཚོན་ཏེ། དོན་རྩོལ་བྲལ་བློ་འདས་འོད་གསལ་གྱི་དགོངས་པ་མངོན་དུ་གྱུར་པར་མོས་ལ་གནས་ལུགས་མ་བཅོས་པའི་ངང་དུ་མཉམ་པར་ཞོག་ཅིག །ཤེལ་རྡོ་ཐོགས་ལ། སེམས་དཔའི་མེ་ལོང་དྭངས་གསལ་རྙོག་པ་ཀུན་དང་བྲལ༔ སྣང་བ་ཅི་ཤར་འཇའ་ཚོན་བཞིན་དུ་དངོས་མེད་པར༔ གང་ནས་མ་བྱུང་ཕྱི་ནང་ཀུན་ཏུ་ཐལ་ལེར་གསལ༔ དབྱིངས་རིག་ཟུང་འཇུག་དགོངས་པས་དབང་བསྐུར་བསྐུར་ཐོབ་མེད༔ རྩིས་གདབ་བྲལ་བའི་ངང་དུ་གནས་པས་དབང་བསྐུར་ཡོངས་རྫོགས་ཤོག༔ དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨ་ལ་ལ་ཧོ༔ ཞེས་བརྗོད་ལ་ཅུང་ཟད་མཉམ་པར་གཞག །དེང་ནས་དབྱིངས་རིག་ཟུང་འཇུག་ཀ་དག་ཡེ་སངས་རྒྱས་པའི་དགོངས་པ་དང་མ་བྲལ་བས་ཆོས་ཐམས་ཅད་རང་བཞིན་རྫོགས་པ་ཆེན་པོའི་ཀློང་དུ་ལ་བཟླ་བར་གྱིས་ཤིག །དེ་རྣམས་ཀྱིས་དངོས་གཞིའི་བྱིན་རླབ་དགོངས་པ་བརྡ་བཞིའི་དབང་བསྐུར་གསང་གསུམ་རྡོ་རྗེ་འབར་བ་གྲུབ་ནས། རྗེས་འབྲེལ་མངོན་རྫོགས་སྟོན་པ་བཅུ་གསུམ་གྱི་བྱིན་རླབས་འཕོ་བའི་དབང་བསྐུར་བ་ལ། འདས་རྗེས་ཞལ་ཆེམས་རྡོ་རྗེའི་རྒྱུད་ཀྱི་ཚིག་རྣམས་བསྒྲག་པ་དང་ལྷན་ཅིག་ཡེ་ཤེས་ཀྱི་ཕྱག་རྒྱ་རེ་འཕྲོས་ཏེ། ཁྱེད་རང་གི་སྤྱི་བོ་ནས་སྙིང་གར་ཐིམ་པས་སྟོན་པ་དེ་རྣམས་དང་དབྱེར་མི་ཕྱེད་པའི་སྤངས་རྟོགས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པར་མོས་ཤིག །ཐོག་མར་སྟོན་པ་དང་པོ་རྡོ་རྗེ་འཆང་ཆེན་གྱི་སྐུ་ཐོགས་ལ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །རྡོ་རྗེ་འཆང་ཆེན་དབང་བསྐུར་རོ། །འཁོར་འདས་འུབ་ཆུབ་གདོད་མའི་ཀློང་། །ཀུན་བཟང་དགོངས་པ་མངོན་གྱུར་ཤོག །མ་ཧཱ་སནྡྷིཿམ་ཧཱ་བཛྲ་དྷཱ་ར་ཨ་བྷི་ཥིཉྩ་ཨཱོྃ། ཞེས་སྤྱི་བོར་བཞག །རྡོར་གླིང་ཕ་རྒྱུད་ལྟ་བ་ཀློང་ཡངས་ལས་འབྱུང་བ་བཞིན། རྒྱ་གར་སྐད་དུ༔ སརྦ་བྷེ་ལ་ཏྲི་དྷརྨ་ྈ བོད་སྐད་དུ༔ རང་བྱུང་ཆོས་ཚིག་ཐམས་ཅད་རང་ཤར་བའི་གླེག་བམ༔ སོགས་ནས། རྡོ་རྗེ་འཆང་དང་པོའི་དགོངས་པ་བསྟན་པའི་བུ་གཅིག་པ་རྫོགས་སོ༔ བར་ཚན་གསུམ་གསལ་དག་ལྡན་པར་བཀླག །དེ་བཞིན་དུ་སྟོན་པ་གཉིས་པ་རྡོ་རྗེ་སེམས་དཔའི་སྐུ་ཐོགས་ལ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །རྡོ་རྗེ་སེམས་དཔའི་དབང་བསྐུར་རོ། །འཁོར་འདས་འུབ་ཆུབ་གདོད་མའི་ཀློང་། །ཀུན་བཟང་དགོངས་པ་མངོན་འགྱུར་ཤོག །མ་ཧཱ་སནྡྷིཿབཛྲ་སཏྭ་ཨ་བྷི་ཥིཉྩ་ཨཱོྃ། ཞེས་སྤྱི་བོར་བཞག་ལ། རྒྱ་གར་སྐད་དུ༔ སརྦ་དྷརྨཱ་བྷྱཻ༔ བོད་སྐད་དུ༔ ཆོས་ཐམས་ཅད་ཀྱི་གནད༔ སོགས་ནས། སྔགས་ཀྱི་སྲུང་མས་འདི་སྲུངས་ཤིག༔ སྟོན་པ་གསུམ་པ་མཛེས་པའི་ཏོག་གི་སྐུ་ཐོགས་ལ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །མཛེས་པའི་ཏོག་གི་་་འོད་མི་འཁྲུགས་པ།དབང་བསྐུར་རོ། །འཁོར་འདས་འུབ་ཆུབ་གདོད་མའི་ཀློང་། །ཀུན་བཟང་དགོངས་པ་མངོན་གྱུར་ཤོག །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། ཞེས་སྤྱི་བོར་བཞག །རྒྱ་གར་སྐད་དུ༔ སརྦ་དུ་ས་དྷརྐཾ༔ བོད་སྐད་དུ༔ ཡང་ཏིག་སྲོག་གཟེར༔ སོགས་ནས། ཐུགས་རྗེ་གཅེར་གྲོལ་ཡིན་ནོ༔ སྟོན་པ་བཞི་པ་འཇམ་དཔལ་འཇིགས་སྐྱོབ་བམ་མཛེས་པའི་དཔལ་གྱི་སྐུ་ཐོགས་ལ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །མཛེས་པའི་དཔལ་གྱི་དབང་བསྐུར་རོ། །འཁོར་འདས་འུབ་ཆུབ་གདོད་མའི་ཀློང་། །ཀུན་བཟང་དགོངས་པ་མངོན་གྱུར་ཤོག །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། ཞེས་སྤྱི་བོར་བཞག །རྒྱ་གར་སྐད་དུ༔ ཨེ་བཾ་ཀྲུ་ཡ༔ བོད་སྐད་དུ༔ གསེར་གྱི་འབྲུ་གཅིག་པ༔ སོགས་ནས། སྔགས་ཀྱི་བདག་མོས་སྲུངས་ཤིག༔ སྟོན་པ་ལྔ་པ་གཞོན་ནུ་རྣམ་རོལ་གྱི་སྐུ་ཐོགས་ལ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །གཞོན་ནུ་རྣམ་རོལ་དབང་བསྐུར་རོ། །འཁོར་འདས་འུབ་ཆུབ་གདོད་མའི་ཀློང་། །ཀུན་བཟང་དགོངས་པ་མངོན་གྱུར་ཤོག །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། ཞེས་སྤྱི་བོར་བཞག །རྒྱ་གར་སྐད་དུ༔ མཱ་མ་ཨཱཀྵེ༔ བོད་སྐད་དུ༔ རིགས་དྲུག་རང་གྲོལ༔ སོགས་ནས། སྔགས་ཀྱི་སྲུང་མས་བཀའ་འདི་སྲུངས༔ སྟོན་པ་དྲུག་པ་རྡོ་རྗེ་འཆང་གི་སྐུ་སྤྱི་བོར་བཞག་ལ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །རྡོ་རྗེ་འཆང་གི་དབང་བསྐུར་རོ། །འཁོར་འདས་འུབ་ཆུབ་གདོད་མའི་ཀློང་། །ཀུན་བཟང་དགོངས་པ་མངོན་གྱུར་ཤོག །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། རྒྱ་གར་སྐད་དུ༔ བུདྡྷ་དྷེ་ཀ་ར་ཨ་ཏི་ན་མ༔ བོད་སྐད་དུ༔ སངས་རྒྱས་ཀྱི་ཞལ་ཆེམས་དང་པོ་ཞེས་བྱ་བ༔ སོགས་ནས། དཔལ་སྔགས་ཀྱི་བདག་མོ་ནག་མོ་ཁྲོས་མས་སྲུངས་ཤིག༔ སྟོན་པ་བདུན་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་གྱི་སྐུ་སྤྱི་བོར་བཞག་ལ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །གཞོན་ནུ་སྟོབས་ལྡན་དབང་བསྐུར་རོ། །འཁོར་འདས་འུབ་ཆུབ་གདོད་མའི་ཀློང་། །ཀུན་བཟང་དགོངས་པ་མངོན་གྱུར་ཤོག །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། རྒྱ་གར་སྐད་དུ༔ བུདྡྷ་དྷེ་ཀ་ར་ཡ་དྷུ་ཡི་ན་མ༔ བོད་སྐད་དུ༔ སངས་རྒྱས་ཀྱི་འདས་རྗེས་གཉིས་པ་ཞེས་བྱ་བ༔ སོགས་ནས། མཁའ་འགྲོ་མ་ནག་མོས་རྒྱལ་བའི་བཀའ་འདི་སྲུངས་ཤིག༔ སྟོན་པ་བརྒྱད་པ་དྲང་སྲོང་ཁྲོས་པའི་རྒྱལ་པོའི་སྐུ་སྤྱི་བོར་བཞག་ལ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །དྲང་སྲོང་ཁྲོས་རྒྱལ་དབང་བསྐུར་རོ། །འཁོར་འདས་འུབ་ཆུབ་གདོད་མའི་ཀློང་། །ཀུན་བཟང་དགོངས་པ་མངོན་གྱུར་ཤོག །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། རྒྱ་གར་སྐད་དུ༔ བུདྡྷ་དྷེ་ཀ་ར་ཡ་ཏྲི་ཏི་ན་མ༔ བོད་སྐད་དུ༔ སངས་རྒྱས་ཀྱི་ཞལ་ཆེམས་གསུམ་པ་ཞེས་བྱ་བ༔ སོགས་ནས། སྔགས་ཀྱི་སྲུང་མས་བཀའ་འདི་སྲུངས་ཤིག༔ སྟོན་པ་དགུ་པ་གསེར་འོད་དམ་པའི་སྐུ་སྤྱི་བོར་བཞག་ལ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །གསེར་འོད་དམ་པའི་དབང་བསྐུར་རོ། །འཁོར་འདས་འུབ་ཆུབ་གདོད་མའི་ཀློང་། །ཀུན་བཟང་དགོངས་པ་མངོན་གྱུར་ཤོག །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། རྒྱ་གར་སྐད་དུ༔ བུདྡྷ་དྷེ་ཀ་ར་ཡ༔ བོད་སྐད་དུ༔ སངས་རྒྱས་ཀྱི་ཞལ་ཆེམས༔ སོགས་ནས། སྔགས་ཀྱི་སྲུང་མས་ཐུབ་པར་སྲུངས༔ སྟོན་པ་བཅུ་པ་བརྩེ་བའི་བློ་གྲོས་ཀྱི་སྐུ་སྤྱི་བོར་བཞག་ལ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །བརྩེ་བའི་བློ་གྲོས་དབང་བསྐུར་རོ། །འཁོར་འདས་འུབ་ཆུབ་གདོད་མའི་ཀློང་། །ཀུན་བཟང་དགོངས་པ་མངོན་གྱུར་ཤོག །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། རྒྱ་གར་སྐད་དུ༔ བུདྡྷ་དྷརྨ༔ བོད་སྐད་དུ༔ སངས་རྒྱས་ཀྱི་ཆོས་ཚིག༔ སོགས་ནས། སྔགས་ཀྱི་སྲུང་མས་བཀའ་འདི་སྲུངས་ཤིག༔ སྟོན་པ་བཅུ་གཅིག་པ་འོད་སྲུང་བསྒྲེས་པོའི་སྐུ་སྤྱི་བོར་བཞག་ལ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །འོད་སྲུང་བསྒྲེས་པོའི་དབང་བསྐུར་རོ། །འཁོར་འདས་འུབ་ཆུབ་གདོད་མའི་ཀློང་། །ཀུན་བཟང་དགོངས་པ་མངོན་གྱུར་ཤོག །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། རྒྱ་གར་སྐད་དུ༔ སརྦ་ཏ་ཐཱ་ག་ཏ་བྷྱ༔ བོད་སྐད་དུ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་བཅུད༔ སོགས་ནས། སྔགས་ཀྱི་སྲུང་མས་སྲུངས་ཤིག༔ སྟོན་པ་བཅུ་གཉིས་པ་མངོན་རྫོགས་རྒྱལ་པོའི་སྐུ་སྤྱི་བོར་བཞག་ལ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །མངོན་རྫོགས་རྒྱལ་པོའི་དབང་བསྐུར་རོ། །འཁོར་འདས་འུབ་ཆུབ་གདོད་མའི་ཀློང་། །ཀུན་བཟང་དགོངས་པ་མངོན་གྱུར་ཤོག །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། རྒྱ་གར་སྐད་དུ༔ བུདྡྷ་ཨཀྵེ་བཾ༔ བོད་སྐད་དུ༔ སངས་རྒྱས་ཀྱི་གནད་ཐེམ༔ སོགས་ནས། སྐུ་གསུང་ཐུགས་ཀྱི་རྒྱ་ཡོད་དོ༔ སྟོན་པ་བཅུ་གསུམ་པ་ཤཱཀྱ་ཐུབ་པའི་སྐུ་སྤྱི་བོར་བཞག་ལ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །ཤཱཀྱ་ཐུབ་པའི་དབང་བསྐུར་རོ། །འཁོར་འདས་འུབ་ཆུབ་གདོད་མའི་ཀློང་། །ཀུན་བཟང་དགོངས་པ་མངོན་གྱུར་ཤོག །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ༔ རྒྱ་གར་སྐད་དུ༔ རཏྣ་ཏི་ལ༔ བོད་སྐད་དུ༔ རིན་ཆེན་ཐིག་ལེ༔ སོགས་ནས། འདས་རྗེས་དགོངས་ཉམས་བསྟན་པ་ཀུན་གྱི་ཐུགས་བཅུད་དོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་བཀླག །དེ་རྣམས་ཀྱི་སྒོ་ནས་ནང་སྐོར་ཀློང་སྡེའི་ཡི་དམ་ཞི་སྒྲུབ་རྫོགས་ཆེན་སྟོན་པ་བཅུ་གསུམ་གྱི་བྱིན་རླབས་དབང་བསྐུར་ཟབ་མོ་རྗེ་འབྲེལ་དང་བཅས་ལེགས་པར་གྲུབ་པ་ལགས་པས་སོགས་ཀྱིས་མཚམས་སྦྱར་ཏེ་དམ་ཚིག་ཁས་ལེན་སོགས་དབང་གི་རྗེས་རིམ་སྤྱི་ལྟར་བྱའོ།། །།སློབ་དཔོན་གྱིས་ཚོགས་ལ་རོལ་པ་སོགས་ཆོ་གའི་རྗེས་རིམ་རྣམས་བྱང་བུ་ཁྲིགས་བསྡེབས་ལྟར་མཐར་དབྱུང་བས་གྲུབ་བོ། །ཡེ་ཤེས་དབྱིངས་ལས་རང་ཤར་བ། །མངོན་རྫོགས་སྟོན་པ་བཅུ་གསུམ་གྱི། །ཐུགས་གསང་རྡོ་རྗེའི་རྩེ་མོའི་བཅུད། །ལས་འཕྲོའི་སྐལ་པར་འཁྱིལ་འདི་རྨད། །ནང་སྐོར་ཀློང་སྡེའི་ཡི་དམ་ཞི་བ་རྫོགས་ཆེན་སྟོན་པ་བཅུ་གཉིས་ཀྱི་བྱིན་རླབས་དབང་གི་ལེའུ་ཚན་ནོ།། །། ༄༅། །སྭསྟི། ཆོས་དབྱིངས་མི་འགྱུར་ཀློང་ཆེན་ལས། །ཡེ་ཤེས་སྒྱུ་མའི་སྤྲིན་ཕུང་འཕྲོ། །མངོན་རྫོགས་རྒྱལ་པོར་གུས་བཏུད་ནས། །གང་དེའི་སྨིན་བྱེད་སྒོ་འཕར་དབྱེ། །རྫོགས་པ་ཆེན་པོ་སྡེ་གསུམ་ལས་ནང་སྐོར་ཀློང་སྡེའི་ཡི་དམ་ཁྲོ་བོའི་སྒྲུབ་དབང་ཟབ་མོ་བསྐུར་བའི་ཚུལ་ལ་གཉིས། སྦྱོར་བ་སྟ་གོན་དང་། དབང་བསྐུར་དངོས་སོ། །དང་པོ་ལ་གཉིས། སའི་ཆོ་ག་དང་། ལྷག་པར་གནས་པའོ། །དང་པོ་ནི། གང་དུ་བྱ་བའི་གཞི་དེར་གཏོར་མ་དཀར་དམར་གསེར་སྐྱེམས་བཅས་བཤམ། སེང་ལྡེང་གི་ཕུར་བུ་སོར་བརྒྱད་པ་དར་དམར་གྱི་ཅོད་པན་ཅན་དང་། དྲིའི་ཆུ་བདུད་རྩི་ལྔ་དང་སྦྱར་བའི་དུང་ཕོར་སོགས་དགོས་པའི་ཡོ་བྱད་རྣམས་འདུ་བྱས་ཏེ། བརྒྱུད་འདེབས་སྔོན་དུ་འགྲོ་བས། ནང་སྐོར་ཡི་དམ་ཁྲོ་བོའི་ཕྲིན་ལས་ཀྱི་བྱང་བུ་ཁྲིགས་བསྡེབས་ཀྱི་དབུ་ནས་བརྩམ་བྱིན་རླབས་བྱང་བུ་ཡན་བཏང་ལ། རང་ཉིད་སྐད་ཅིག་གིས་དཔལ་ཆེན་མངོན་རྫོགས་རྒྱལ་པོ་ཧེ་རུ་ཀཿརང་སྣང་གི་ཡུམ་དང་བཅས་པ་འབར་བ་ཆེན་པོའི་འོད་ཟེར་རབ་ཏུ་འཁྲུགས་པའི་སྐུར་ལམ་གྱིས་གསལ་བར་གྱུར། བསང་ཆུ་སྒྲུབ་པ་ནི། དེའི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་པས་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་སྦྱངས། སྟོང་པའི་ངང་ལས་བསང་ཆུའི་སྟེང་དུ། ཨ་ཙཎྡྲ་མཎྜ་ལ། ཟླ་བ་ལ་གནས་པའི་ཧཱུྃ་ཡིག་དཀར་པོ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། འཕྲོས་འདུས་ཡོངས་སུ་གྱུར་པ་ལས། ཨཱོྃ་བཛྲ་སཏྭ་ཨཱཿ དཔལ་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་རང་འོད་ཀྱི་ཡུམ་སྙེམས་མ་དཀར་མོ་དང་མཉམ་པར་སྦྱོར་བའི་སྐུར་གྱུར་པར་བསམ་ཞིང་། ཨཱོྃ་བཛྲ་སཏྭ་ཧཱུྃ། ཞེས་སྙིང་པོ་བརྒྱ་རྩ་བརྒྱད་ཀྱིས་བྱིན་བརླབས་པས། རྡོ་རྗེ་སེམས་དཔའི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ། གཏོར་མ་དཀར་དམར་རྒྱན་ལྡན་གཉིས་ལས་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་བསམ། ཨཱོྃ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། གཏོར་མ་དང་པོ། སྡྱཱ་ན་པ་ཏི་ཀྵེ་ཏྲ་པཱ་ལཉྩ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་གསུམ་གྱིས་བསྔོས་ལ། ཧཱུྃ༔ ཆོས་དབྱིངས་རང་རྩལ་ལས་ཤར་བའི༔ སྣང་བ་སྣ་ཚོགས་ས་བདག་ལ༔ དྲན་སྣང་སོ་མའི་གཏོར་མ་འབུལ༔ གློ་བུར་སྣང་བའི་ས་འདི་སྩོལ༔ བྷཱུ་མི་པ་ཏི་བ་ལིཾ་ཏ་ཁཱ་ཧི༔ ཞེས་གསོལ། ས་གཟུང་བའི་སླད་དུ་དབང་མཆོག་གི་ཕུར་བུ་ཐོགས་ལ། རང་གི་ཐུགས་ཀ་ནས་ཧྲཱིཿཡིག་མར་མེ་ལྟར་འབར་བ་འཕྲོས། ཕུར་བུ་ལ་ཐིམ་པས་དེ་ཉིད་དཔལ་རྟ་མགྲིན་སྐུ་མདོག་དམར་པོ་དབྱུག་ཏོ་དང་ཐོད་ཁྲག་འཛིན་པ་སྐུ་སྨད་ཕུར་བུའི་དབལ་ཅན་དུ་གྱུར་པར་བསམ་ཞིང་། ཨཱོྃ་པདྨཱན་ཏ་ཀྲྀཏ་ཕཊ༔ ཅེས་ལན་བདུན་བཟླས་ནས་ས་གཞི་ལ་བཏབ་པས། དེ་ལས་འོད་ཟེར་འཕྲོས་ས་གཞི་ལ་ཁྱབ་པས་སྣང་སྲིད་ཐམས་ཅད་བདག་གི་དབང་དུ་འདུས་པར་བསམ། ས་སྦྱོང་བའི་སླད་དུ། རང་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་པས་སྣོད་བཅུད་ཀྱི་དངོས་འཛིན་མ་དག་པའི་ཉེས་སྐྱོན་ཐམས་ཅད་བསྲེགས་གཏོར་བཀྲུས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྣོད་བཅུད་སྣང་སྲིད་ཐམས་ཅད་འོག་མིན་བཀོད་པ་ལྷུན་གྲུབ་ཀྱི་ཞིང་ཁམས་ཆེན་པོར་ཡོངས་སུ་རྫོགས་པར་གསལ་ལ། ཨཱོྃ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾཿ ཞེས་བཟླ་ཞིང་ལག་གཡས་པའི་སོར་མོ་ལྔ་རྡོ་རྗེ་རྩེ་ལྔ་པར་མོས་པས་བསྐོར་ཞིང་རེག །ས་སྲུང་བའི་སླད་དུ། གཏོར་མ་གཉིས་པ། ཨཱོྃ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ནས། ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིནྟེ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བསྔོས་ལ། ཧཱུྃ༔ རང་བྱུང་སྙིང་པོ་སྒོམ་པ་ལ༔ མི་དབང་མ་རིག་བདུད་ཀྱི་ཚོགས༔ རང་རྩལ་རོལ་པའི་གཏོར་མ་ལོངས༔ ཕ་མཐའ་བྲལ་བའི་ཀློང་དུ་དེངས༔ ཧཱུྃ་ཧཱུྃ་ཧཱུྃ་ཕཊ༔ ཅེས་དང་སུམྦྷ་ནི་སོགས་དྲག་སྔགས་ཡུངས་ཐུན་ཚམ་རྔམ་དང་བཅས་པས་བསྐྲད་ལ། ཧཱུྃ༔ དབྱིངས་རིག་ཟུང་འཇུག་ཆོ་འཕྲུལ་ལས༔ སྣང་ཞིང་སྲིད་པས་བསྡུས་པའི་ཆོས༔ ཡེ་ནས་རང་གསལ་སྲུང་བའི་གུར༔ མ་བཅོས་ཐིག་ལེ་ཆེན་པོར་རྫོགས༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་རཀྵ༔ ཞེས་སྲུང་འཁོར་བསྒོམ། ས་འདུལ་བའི་སླད་དུ་དྲིའི་དུང་ཞལ་ཐོགས་ལ། ཧཱུྃ༔ ཆོས་དབྱིངས་ཡུམ་གྱི་ས་གཞི་ལ༔ རིག་པ་ཐབས་ཀྱི་བདུད་རྩི་ཡིས༔ བདེ་སྟོང་དངོས་གྲུབ་འཛིན་པའི་ཕྱིར༔ ཟུང་དུ་འཇུག་པའི་ཆག་ཆག་གདབ༔ པཉྩ་ཨ་མྲྀཏ་མཎྜ་ལ་ཧཱུྃ༔ ཞེས་དཀྱིལ་འཁོར་གྱི་གཞི་ལ་བྱང་ཤར་ནས་གཡས་སྐོར་དུ་ཁྱེམ་མེད་པར་བྱུག་གོ ༈ །གཉིས་པ་ལྷག་པར་གནས་པའི་ཚུལ་ལ་གསུམ། ལྷ། བུམ་པ། སློབ་མ་སྟ་གོན་ནོ། །དང་པོ་ལྷ་སྟ་གོན་ནི། དཀྱིལ་འཁོར་གྱི་གཞིར་མཎྜལ་དྲིས་བྱུགས་པར་མེ་ཏོག་གི་ཚོམ་བུ་དབུས་སུ་ཆེ་བ་གཅིག །ཕྱོགས་མཚམས་རྣམས་སུ་བརྒྱད། མཐའ་སྐོར་དུ་འཁོར་རྣམས་མཚོན་བྱེད་མེ་ཏོག་སིལ་མ་དང་། ཕྱི་མཐར་ཕྱོགས་མཚམས་སུ་ཡན་ལག་གི་དཀྱིལ་འཁོར་ཚོམ་བུ་བརྒྱད། སྟེང་དུ་ཞི་ཚོམ་བཅས་བཀྲམ། སྨན་རཀ་གཏོར་མ་ཆུ་གཉིས་ཉེར་སྤྱོད་ལྔ་བཅས་བཤམས་ལ། ནང་སྐོར་ཁྲོ་བོའི་ཕྲིན་ལས་བྱང་བུ་ཁྲིགས་བསྡེབས་ཀྱི་མཆོད་པ་བྱིན་རླབས་ནས་བརྩམ་ཕྲིན་ལས་ཀྱི་བརྟེན་པ་ལྷའི་བྱང་བུ་གཏེར་གཞུང་དགོངས་པ་ཕྱོགས་གཅིག་པ་ལྟར་སྦྱར་ནས་བསྟོད་པའི་རྗེས་བར་གཞུང་བསྲངས་བར་བྱའོ། ༈ །གཉིས་པ་བུམ་པ་སྟ་གོན་ནི། རིན་པོ་ཆེའི་བུམ་པ་རྩ་དཀྱིལ་དང་ཡན་ལག་གི་གྲངས་ཚང་བ་ལ་གུ་གུལ་བདུག་ཅིང་ཡུངས་དཀར་གྱིས་བྲབ་པ་དང་བཅས་དྲག་སྔགས་བཟླས་པས་བགེགས་བསྐྲད། སྭ་བྷཱ་ཝའི་སྔགས་བརྗོད་བཞིན་རྒྱུན་འབབ་ཀྱི་ཆུ་གཙང་དྲི་བཟང་དང་ཉེར་ལྔ་སོ་ལྔའི་རྫས་སྐབས་ཕྱེད་པའི་བཅུད་ཀྱིས་སུམ་གཉིས་དགང་། ཨཱོྃ་ཛྙཱ་ན་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་བྷྲཱུྃ༔ ཞེས་མགུལ་ཆིངས་ཀྱིས་སྤྲས་ཤིང་ཁ་རྒྱན་གཟུངས་རྡོར་དང་ལྡན་པ་དཀྱིལ་འཁོར་སོ་སོའི་དབུས་ཀྱི་མཚོན་གནས་སུ་མཉྫིར་བཀོད། ཉེ་ལོགས་སུ་དྲིའི་དུང་ཞལ་ཞིག་ཀྱང་འདུ་བྱས་ལ། རྩ་དཀྱིལ་དང་ནི་ཡན་ལག་སོ་སོ་ཡི། །བུམ་པ་རང་བྱུང་གཞལ་ཡས་ཁང་ཆེན་དབུས། །བྱོལ་སོང་པདྨ་ཉི་ཟླའི་གདན་སྟེང་དུ༔ སོགས་ལས་བྱང་གི་ལྷ་བསྐྱེད་བསྒྱུར་སོ་སྔར་ལྷ་སྟའི་སྐབས་བཞིན་བསྒྱུར་བས་བསྟོད་པའི་བར་དུ་བཏང་སྟེ། གཟུངས་ཐག་བླངས་ལ། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་རྒྱུད་བསྐུལ། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། །ཅེས་སྙིང་པོ་དང་ཡང་སྙིང་ཅི་འགྲུབ་ཙམ་མམ། སྤྲོ་ན་སྔགས་བྱང་ལྟར་རྩ་ལག་གི་བཟླས་པ་ཡོངས་རྫོགས་འབབ་ཞུའི་དགོངས་པས་གང་འཚམ་བཟླས་མཐར་སྟོང་ཚིགས་ཕུལ། ཨཱོྃ་ཨཱཿཧཱུྃ་གིས་དུང་ཆོས་ཀྱིས་མཆོད་ཡོན་ཕུལ་བས། བུམ་པའི་ལྷ་རྣམས་ཆགས་པ་ཆེན་པོས་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་སོ་སོའི་བུམ་པའི་ཆུ་དང་གཉིས་མེད་དུ་གྱུར་པར་བསམ། དཀྱིལ་འཁོར་ཡོལ་བས་བསྒྲིབ་སྟེ་བཞག་གོ ༈ །གསུམ་པ་སློབ་མ་སྟ་གོན་ལ་སྦྱོར་བ། འོ་མ་ཅན་ནམ་འབྲས་བུ་ཅན་གྱི་སོ་ཤིང་སོར་བཅུ་གཉིས་པ་གས་ཆག་མེད་པའི་རྩེ་མོ་སོར་གཉིས་ཟླུམ་པོ་ལ་མེ་ཏོག་གིས་བརྒྱན་ཅིང་སྨད་དབལ་ལྡན་དྲིའི་ཆུས་རླན་པ་དང་། མཎྜལ་པད་འདབ་བཞི་པར་མེ་ཏོག་གི་ཚོམ་བུ་ལྔ་བཀོད་པ། དྲིའི་ཁྱོར་ཆུ། དཔུང་སྐུད་ཁ་དོག་ལྔ་བསྒྲིལ་རྡོ་རྗེའི་མདུད་པ་གསུམ་ལྡན། ཀུ་ཤ་ཆེ་ཆུང་གི་ཕོན་པོ། ཏིལ་ནག་དང་མེ་ཆུ། དྲིའི་དུང་ཞལ། སློབ་མ་མཆོད་པའི་ཉེར་སྤྱོད་བཅས་ཉེ་ལོགས་སུ་བསྡོག །ཟུང་དུ་མ་གྱུར་པའི་སློབ་མ་རྣམས་སྒོ་དྲུང་དུ་འཁོད་པ་ལ། ཇི་ལྟར་བལྟམས་པ་སོགས་བརྗོད་ཅིང་ལས་བུམ་གྱི་ཆུས་ཁྲུས་བྱ། ཕྱག་བཅས་གྲལ་དུ་འཁོད་པ་དང་མེ་ཏོག་བཀྲམ་བསྡུ་བྱས་ལ། གཉིས་པ་དངོས་ལ་བཅུ་ལས། དང་པོ་ཀུན་སློང་བཅོས་པས་མཚམས་སྦྱར་ཏེ་མཎྜལ་འབུལ་བ་ནི། སེམས་བསྐྱེད་གསལ་བཏབ་ནས། དེའང་རང་རེ་རྣམས་ཚེ་རབས་ཐོག་མ་མེད་པ་ནས་བློ་འཁྲུལ་རྟོག་གི་གཞན་དབང་ལ་བརྟེན་ནས་མུ་མཐའ་མེད་པའི་འཁོར་བའི་རྒྱ་མཚོ་ཆེན་པོར་ཡང་ནས་ཡང་དུ་འཁྱམས་ཤིང་སྡུག་བསྔལ་ཤ་སྟག་ཉམས་སུ་མྱོང་བ་ལས། ད་རེས་སྔོན་བསགས་དགེ་བ་རླབས་པོ་ཆེ་རྣམ་པར་སྨིན་པའི་མཐུ་ལས་དལ་འབྱོར་ཚང་བའི་མི་ལུས་ཡང་དག་པ་ཐོབ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ། དེའི་ཡང་སྙིང་རྡོ་རྗེ་ཐེག་པའི་ཟབ་ཆོས་དང་འཕྲད། དེ་སྟོན་བྱེད་མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་གྱིས་རྗེས་སུ་བཟུང་བ་སོགས་ལོ་ལེགས་པའི་སྟོན་ཐོག་ལྟར་ཕུན་སུམ་ཚོགས་པའི་སྐལ་བ་དང་ལྡན་པའི་སྐབས་འདིར། མནོག་ཆུང་ཚེ་འདིའི་བྱ་བས་མི་ཚེ་སྟོང་ཟད་དུ་མི་གཏང་བར་དོན་ཆུང་རྨི་ལམ་ལྟ་བུའི་བྱ་བཞག་རྣམས་ལིང་གིས་བོར་ནས། འདི་དང་གཏན་གྱི་ཕན་བདེའི་འབྱུང་གནས་མཚུངས་ཟླ་མ་མཆིས་པ་དམ་པའི་ཆོས་རྣམ་པར་དག་པ་ཞིག་བསྒྲུབ་པ་ལ་ཅིས་ཀྱང་འབད་འཚལ། བསྒྲུབ་བྱ་དམ་པའི་ཆོས་ཀྱི་ཚུལ་ལ་གདུལ་བྱའི་ཁམས་དབང་གི་རྗེས་སུ་འགྲོ་བའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པར་བཞུགས་པ་དེ་ཐམས་ཅད་དབྱེ་བའི་སྒོ་ནས་ཐེག་པ་རིམ་པ་དགུར་གནས་ཀྱང་། བསྡུ་བའི་སྒོ་ནས་ཐེག་པ་ཆེ་ཆུང་གཉིས་སུ་འདུ་བ་ལས་འདིར་ཐེག་པ་ཆེན་པོ། དེ་ལ་རྒྱུ་འབྲས་ཀྱི་ཐེག་པ་གཉིས་ལས་འདིར་རྒྱུའི་ཐེག་པ་ལས། ལམ་བདེ་བ་དང་། དུས་མྱུར་བ་དང་། ཐབས་ལ་མཁས་པ་སྟེ་ཁྱད་པར་གསུམ་གྱིས་འཕགས་པའི་འབྲས་བུ་རྡོ་རྗེ་ཐེག་པ་ཡིན། དེ་ལའང་ཕྱི་ཀྲི་ཡོག་སྡེ་གསུམ་གྱི་ཐེག་པ་དང་། ནང་བླ་ན་མེད་པའི་ཐེག་པ་གཉིས་ལས་འདིར་ཕྱི་མ། དེ་ལའང་སྔགས་གསར་རྙིང་གཉིས་ལས། འདིར་གསར་མ་ལས་ཆེ་བ་དྲུག་ལྡན་གྱིས་ཁྱད་པར་དུ་གྱུར་པ་གསང་སྔགས་རྙིང་མ། རྙིང་མ་ལའང་བཀའ་གཏེར་གྱི་སྲོལ་ཁ་ཆེན་པོ་གཉིས་སུ་ཡོད་པ་ལས། འདིར་ཉེ་བརྒྱུད་ཟབ་མོ་གཏེར་གྱི་ཆོས་སྡེ་ཟབ་རྒྱས་ཀྱི་ཐེག་པ་མ་ལུས་པའི་མཐར་ཐུག །ཚེ་འདི་ཉིད་ལ་མཆོག་གི་དངོས་གྲུབ་མངོན་དུ་བྱེད་པའི་མྱུར་ལམ། མན་ངག་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་ནང་ཚན། ཆོས་ཐམས་ཅད་ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་ལས་མི་འདའ་བར་སྟོན་པ་ཀློང་དགུ་བམ་པོ་ཉི་ཁྲིའི་རྒྱུད་ཀྱི་བཅུད་ཕྱུང་པ། ནང་སྐོར་ཀློང་སྡེ་རྫོགས་པ་ཨ་ནུ་ཡོ་གའི་མན་ངག་འདུས་པ་ཆེན་པོ་མདོའི་ལུང་དང་འབྲེལ་བ་ཡི་དམ་ཁྲོ་བོ་མངོན་རྫོགས་རྒྱལ་པོ་རྩ་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་སྒྲུབ་པར་བྱེད་པ་ཡིན། དེ་ལ་ཇི་སྐད་དུ། དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བར། །རྡོ་རྗེ་འཆང་གིས་གསུངས་པ་སྟེ། །ཞེས་གསུངས་པ་ལྟར་དབང་བསྐུར་བ་དེ་ཡང་དཀྱིལ་འཁོར་སྔོན་དུ་འགྲོ་བ་ཅན་ཡིན་ལ། དཀྱིལ་འཁོར་གྱི་སྔོན་འགྲོའི་ཆོས་ལའང་སའི་ཆོ་ག་དང་སྟ་གོན་དུ་བྱ་བ་གཉིས་ལས། འདིར་ས་ཡི་ཆོ་ག་དང་ལྷ་དང་བུམ་པའི་སྟ་གོན་བཅས་སྔོན་དུ་སོང་། ད་སློབ་མ་སྟ་གོན་གྱི་བྱ་བ་དེ་སྒྲུབ་པ་སྐབས་སུ་བབས་པ་ཡིན་པས། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་ལྷག་གནས་ཀྱི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་མཎྜལ་འབུལ་དུ་གཞུག །གཉིས་པ་གསོལ་བ་གདབ་ཅིང་གནང་བ་སྦྱིན་པ་ནི། ཕྱག་སྙིམ་པ་མེ་ཏོག་གིས་བཀང་བའི་ཐལ་མོ་སྦྱོར་ལ་སྙིང་ནས་དད་མོས་གདུང་ཤུགས་དྲགས་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོ༔ འདྲེན་པའི་གཙོ་བོ་བླ་མ་རྗེ༔ བདག་ཅག་འཁོར་བ་ལས་སྒྲོལ་ཕྱིར༔ ཐར་པའི་ལམ་མཆོག་སྟོན་པ་དང༔ ཐུགས་རྗེས་བརྩེ་བར་གཟུང་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་སྤྲོ་བ་བསྐྱེད་པའི་སྒོ་ནས་གནང་བ་སྦྱིན་པ་འདི་ལ་གསན་པས་ཁྱབ་པར་གདའ། ཧོ༔ ཐར་པ་དོན་གཉེར་སྐལ་ལྡན་རྣམས༔ ཚུར་ཤོག་ཇི་ལྟར་འཚམ་པ་ཡི༔ ལམ་མཆོག་བདག་གིས་སྟོན་པས་ན༔ སྐལ་པ་ལྡན་རྣམས་སྤྲོ་བ་སྐྱེད༔ གསུམ་པ་རྒྱུད་སྦྱོང་ཞིང་སྡོམ་པ་གཟུང་བ་ནི། དེ་ལ་ཐོག་མར་རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། མདུན་གྱི་ནམ་མཁར་སྐྱབས་གནས་དཀོན་མཆོག་རྩ་གསུམ་རྒྱ་མཚོ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར། རང་གཞན་སེམས་ཅན་ཐམས་ཅད་དེང་ནས་སྙིང་པོ་བྱང་ཆུབ་མ་འཐོབ་ཀྱི་བར་དུ་རྩེ་གཅིག་གུས་པ་ཆེན་པོས་སྐྱབས་སུ་འགྲོ་བ་ཀུན་རྫོབ་རྒྱུའི་སྐྱབས་འགྲོ་དང་། དོན་དམ་པར་ཆོས་ཐམས་ཅད་ཀྱི་གནས་ལུགས་ངོ་བོ་ཀ་དག་སྤྲོས་བྲལ་བརྡལ་ཁྱབ་ཆེན་པོ་ཡེ་ནས་རང་ཆས་སུ་བཞུགས་པ་སངས་རྒྱས། རང་བཞིན་མ་འགགས་ལྷུན་གྲུབ་སྐུ་དང་ཐིག་ལེའི་རོལ་པ་རང་གསལ་བ་དམ་ཆོས། ཐུགས་རྗེ་རོལ་རྩལ་འགག་མེད་སྣ་ཚོགས་སྤྲུལ་པའི་ཆོ་འཕྲུལ་ཅིར་ཡང་སྣང་བ་དགེ་འདུན་ཏེ། དེ་ལྟ་བུའི་མཆོག་གསུམ་སྐྱབས་གནས་ཆིག་རྫོགས་རིག་པ་བྱང་ཆུབ་སེམས་ཀྱི་གཤིས་སུ་བསྐྱབ་བྱ་སྐྱོབ་བྱེད་ལས་འདས་པ་དབྱེར་མེད་མཉམ་བརྡལ་ཆེན་པོར་རང་བབས་སུ་ལ་བཟླ་བ་དོན་གྱི་སྐྱབས་འགྲོ་ཡོངས་ཤེས་ཀྱི་ངང་ནས་འདིའི་རྗེས་ཟློས། ངོ་བོ་སྟོང་པ་སོགས་སྔོན་འགྲོའི་བྱང་བུ་ལྟར་ལན་གསུམ། སེམས་བསྐྱེད་པའི་སླད་དུ་སེམས་ཅན་ཐམས་ཅད་ཡེ་ནས་ཆོས་ཀྱི་དབྱིངས་རྣམ་པར་དག་པ་བྲི་གང་འཕོ་འགྱུར་བྲལ་བར་བཞུགས་པ་ལ། རང་ངོ་མ་ཤེས་པས་བསྒྲིབས་ཏེ་བདག་གཞན་སྒྲོ་བཏགས་པའི་གཉིས་ཆོས་ཀྱི་འཁྲུལ་པས་བཅིངས་པའི་འགྲོ་བ་རྣམས། སྲིད་ཞིར་མི་གནས་པའི་དཔལ་ཆེན་རང་བྱུང་ཁྲོ་བོའི་རྒྱལ་པོའི་ཡེ་ཤེས་ཀྱི་ཀློང་དུ་བསྒྲལ་བར་བྱའོ་སྙམ་པའི་བློས་ཕྱོགས་ལྷུང་དང་བྲལ་བར་ཁྱབ་གདལ་ཆེན་པོར་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཨེ་མ་ཧོ་ཆོས་དབྱིངས་སོགས་ལན་གསུམ། གསག་སྦྱོང་སྤེལ་གསུམ་གྱི་གནད་བསྡུས་པ་ཡན་ལག་བདུན་པ་བགྱི་བ་ལ། དམིགས་བསམ་བརྗོད་པའི་མཐའ་ལས་འདས་པ་རང་རིག་བདེ་གཤེགས་སྙིང་པོའི་ལྷ་ཚོགས་ལ་ཆོས་དབྱིངས་འདུ་འབྲལ་མེད་པར་རྟོགས་པའི་ཕྱག་འཚལ་བ་དང་། རང་གསལ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཀློང་དུ་འཁོར་འདས་སྣང་སྲིད་ཀྱི་བཀོད་པ་རང་བྱུང་རྒྱན་གྱི་འཁོར་ལོར་ཤར་བའི་མཆོད་པ་ཕུལ་བ་དང་། ཆོས་དབྱིངས་མཉམ་པ་ཉིད་ཀྱི་ཀློང་དུ་དགེ་སྡིག་སྤང་བླང་གི་འཛིན་རྟོག་དམིགས་སུ་མེད་པར་མ་ཤེས་པས་ཕན་གནོད་རྒྱུ་འབྲས་སུ་ཞེན་པ་ལྟ་བའི་གོལ་སྒྲིབ་ཡོངས་སུ་བཤགས་པ་དང་། ཀུན་ཁྱབ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ཀློང་དུ་ཟག་མེད་བྱང་གྲོལ་གྱི་དགེ་ཚོགས་མཐའ་དག་མ་འདྲེས་ཀུན་ཏུ་གསལ་བ་ལ་ངོ་མཚར་བའི་རྗེས་སུ་ཡི་རང་བ་དང་། དག་གྲོལ་གྱི་བྱ་བ་ལྷུན་གྱིས་གྲུབ་པའི་ཀློང་ལས་བརྗོད་མེད་ན་དའི་དབྱངས་ཀྱིས་འདོད་འབྱུང་ཡིད་བཞིན་རྫོགས་པ་ཆེན་པོའི་ཆོས་འཁོར་རྒྱུན་དུ་བསྐོར་བར་བསྐུལ་བ་དང་། བདེན་གཉིས་དབྱེར་མེད་ཟུང་འཇུག་ཡེ་ཤེས་རྡོ་རྗེའི་སྐུ་མཆོག་རང་རིག་འདུ་འབྲལ་མེད་པའི་ངོ་བོར་རྟག་ཁྱབ་ཞི་བ་གཡུང་དྲུང་ཆེན་པོར་བཞུགས་སུ་གསོལ་བ་དང་། དེ་ལྟ་བུའི་ཟག་མེད་ཡེ་ཤེས་ཀྱི་དགེ་ཚོགས་ཆོས་ཀྱི་དབྱིངས་སུ་བསྔོ་བའི་ཐ་སྙད་བྲལ་བར་ཤེས་པ་ལས་གཉིས་མེད་མཐའ་གྲོལ་ཆེན་པོའི་གོ་འཕང་སྨོན་པ་མེད་པའི་འབྲས་བུ་རང་ས་ཟིན་པ་སྟེ། ཁྱད་པར་ཅན་གྱི་དོན་དྲན་བཞིན་པས་འདིའི་རྗེས་ཟློས། དམིགས་མཐའ་བྲལ་བའི་སོགས་ལན་གསུམ། ཨ་ཏི་ཁྱབ་བརྡལ་ཡེ་གྲོལ་ཆེན་པོར་མཚན་མའི་བསྲུང་སྡོམ་མི་དམིགས་ཀྱང་། གཟུང་འཛིན་གྱི་སྒྲོག་ཏུ་ཆུད་པའི་མེད་སྣང་འཁོར་བའི་འགྲོ་རྣམས་བསྒྲལ་བའི་སླད་དུ། ཕྱི་སྒོ་གསུམ་གྱི་ཉེས་སྤྱོད་སྡོམ་པ་སོ་སོ་ཐར་པའི་ཚུལ་ཁྲིམས། ནང་གཞན་ལ་ཕན་པ་སྒྲུབ་པ་བྱང་ཆུབ་སེམས་དཔའི་བསླབ་བྱ། གསང་བ་རང་རྒྱུད་ཐབས་ཤེས་དབྱེར་མེད་ཟག་མེད་བདེ་བ་ཆེན་པོའི་རང་བཞིན་དུ་སྡོམ་པ་རིག་འཛིན་སྔགས་ཀྱི་དམ་ཚིག་མཐའ་དག་ལེགས་པར་བླངས་ནས་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། བདེ་གཤེགས་སྲས་བཅས་དགོངས་སུ་གསོལ༔ བདག་གིས་དཀོན་མཆོག་གསུམ་བཟུང་ཞིང༔ དེ་བཞིན་མཁན་པོ་ཕ་མ་དང༔ དགེ་བའི་གྲོགས་ལ་བཀུར་སྟི་དང༔ དགེ་བཅུ་ཕར་ཕྱིན་བདག་གིས་སྤྱད༔ རིགས་ལྔའི་སྡོམ་པ་མ་ལུས་གཟུང༔ མགོན་པོས་ལམ་མཆོག་བསྟན་དུ་གསོལ༔ ཞེས་ལན་གསུམ། དེ་ལྟར་རྒྱུད་སྦྱངས་ཤིང་སྡོམ་ལྡན་དུ་བྱས་པ་ཉིད་དཀྱིལ་འཁོར་དུ་འཇུག་པར་གནང་ཞིང་སྟ་གོན་ལ་གནས་པར་གདམས་པ་འདི་ལ་གསན་འཚལ། དེ་ལྟར་ཡིན་ན་གསང་སྔགས་ཀྱི༔ དཀྱིལ་འཁོར་དག་ཏུ་འཇུག་རུང་ཡིན༔ བརྟག་ཕྱིར་སྟ་གོན་ལེགས་པར་གྱིས༔ བཞི་པ་སོ་ཤིང་དོར་བ་ནི། དེ་ནས་དངོས་གྲུབ་ཀྱི་སྐལ་པ་བརྟག་པ་ལ་གཉིས་ལས། དང་པོ་སོ་ཤིང་དོར་ཏེ་བརྟག་པ་ནི། ཧཱུྃ་ལས་བྱུང་བའི་སོ་ཤིང་བྱང་ཆུབ་ཀྱི་ཤིང་གི་རང་བཞིན་སོར་བཅུ་གཉིས་པའི་ཚད་ཅན་དྲིས་བྱུགས་ཤིང་རྩེ་མོར་མེ་ཏོག་གི་ཅོད་པན་བཅིངས་པ་དངོས་གྲུབ་ཀྱི་ལྟས་བརྟག་པའི་ནུས་པ་དང་ལྡན་པར་གྱུར། དེ་ཉིད་ཁྱེད་རང་རྣམས་ཀྱི་ལག་པ་ཐལ་མོའི་བར་དུ་བཟུང་ལ་རྩེ་མོས་སོ་བྲུད་པས་སྡིག་སྒྲིབ་ཐམས་ཅད་སྐྱུགས་པར་མོས་ཤིང་། དཔལ་ཆེན་མངོན་རྫོགས་རྒྱལ་པོའི་ལྷ་ཚོགས་རྣམས་ཀྱིས་བདག་ལ་བཟང་ངན་གྱི་པྲ་བརྟག་བསྟན་དུ་གསོལ་སྙམ་པའི་འདུན་པ་རྩེ་གཅིག་པས་ཚིག་འདིའི་རྗེས་ཟློས་དང་བཅས་མཎྜལ་གྱི་དབུས་སུ་དྲང་པོར་འདོར་མཛོད། ཅེས་སོ་ཤིང་གཏད་ལ། ཧོ༔ ཆོས་དབྱིངས་མཎྜལ་རྣམ་པར་དག༔ ཡེ་ཤེས་ལྔ་ཡི་ཚོམ་བུར་གསལ༔ བདག་གི་དུག་ལྔ་ཡེ་ཤེས་སུ༔ སངས་ནས་སྐལ་པ་མཐོང་བར་ཤོག༔ བཛྲ་ཧཱ་ས་ཧ༔ དེ་ལྟར་དོར་པས་མཎྜལ་གྱི་དབུས་སུ་བབས་ན་མཆོག་གི་དངོས་གྲུབ་ཐོབ། ཤར་དུ་ཞི་བ། ལྷོ་རུ་རྒྱས་པ། ནུབ་ཏུ་དབང་། བྱང་དུ་དྲག་པོ། སྟེང་དུ་མཁའ་སྤྱོད། འོག་ཏུ་ས་སྤྱོད། མཚམས་སུ་ལས་ཕྲན་ཚེགས་འགྲུབ། མ་ཚུད་ན་ལན་གསུམ་བསྐྱར་ལ་དོར། །གསུམ་ཀ་ལ་མ་ཚུད་ན་རེ་ཞིག་སྐལ་པ་ཆད་པར་གསུངས་པས་ཉམས་ཆག་སྐོང་ཞིང་ཚོགས་གསག་པ་ལ་འབད་པར་རིགས་སོ། །ལྔ་པ་ཁྱོར་ཆུ་སྦྱིན་པ་ནི། དེ་ནས་གཉིས་པ་རྨི་ལམ་བརྟག་པ་ལ་སྦྱོར་དངོས་གཉིས་ཀྱི་སྦྱོར་བ་ལའང་གསུམ་ལས། དང་པོ་རྨི་ལམ་གསལ་བའི་ཆེད་དུ་ཁྱོར་ཆུ་བླུད་པ་ནི། ལས་བུམ་མམ་དུང་ཞལ་གྱི་ཆུ་བཾ་མང་དུ་བཟླས་པས་བརླབས། དྲིའི་ཆུ་ཁྱོར་བར་ལན་གསུམ་བྱིན་པ་འཐུང་ལ་ལྷག་མ་རྒྱབ་ཏུ་དོར་ཅིག །དྲི་མེད་ཁྱོར་ཆུ་བདུད་རྩིའི་མཚོ༔ རྣམ་པར་དག་པ་ཁྲུས་ཀྱི་ཆུས༔ བག་ཆགས་ངན་པ་སངས་གྱུར་ནས༔ སྐལ་བཟང་རྨི་ལམ་མཐོང་བར་ཤོག༔ ཅེས་ལས་སྔགས་བཟླ་ཞིང་ཁྱོར་ཆུ་སྦྱིན། དྲུག་པ་སྲུང་སྐུད་གདག་པ་ནི། གཉིས་པ་རྨི་ལམ་ལ་བར་ཆད་སྲུང་བའི་དོན་དུ་དཔུང་སྐུད་གདག་པ་ནི། ཡེ་ཤེས་ལྔ་དང་རྡོ་རྗེ་གསུམ་མཚོན་པའི་སྲུང་བའི་སྐུད་པ་སྐྱེས་པའི་དཔུང་པ་གཡོན་དང་བུད་མེད་ཀྱི་གཡས་སུ་བཅིངས་པས་སྒོ་གསུམ་གྱི་བར་ཆད་ཐམས་ཅད་སྲུང་བར་མོས་ཤིག །ཅེས་ལས་སྔགས་ཀྱིས་བསྔགས་པའི་སྲུང་སྐུད་བཅིངས་ལ་རྡོ་རྗེས་རྒྱ་གྲམ་དུ་རྒྱས་གདབ། བདུན་པ་ཀུ་ཤ་སྦྱིན་པ་ནི། གསུམ་པ་རྨི་ལམ་མི་འཁྲུག་པའི་ཕྱིར་དུ་ཀུ་ཤའི་སྔས་སྟན་སྦྱིན་པ་ལ། དྷཱི་དང་ཁཾ་ལས་སྐྱེས་པའི་ཀུ་ཤ་སྔོ་ལྗང་རྨ་བྱའི་མགྲིན་མདོག་ལྟར་འཇམ་ལ་རེག་ན་བདེ་བ། སློབ་མ་རྣམས་ཀྱི་རྨི་ལམ་མི་འཁྲུག་ཅིང་གསལ་བའི་ནུས་པ་དང་ལྡན་པ་ཉིད་ཆུང་བ་སྔས་དང་ཆེ་བ་སྟན་གྱི་དོན་དུ་ཟུངས་ཤིག །ཧཱུྃ༔ ཐབས་ཀྱི་དྷཱི་ལས་སྐྱེས་པ་དང༔ ཤེས་རབ་ཁཾ་ལས་སྐྱེས་པ་ཡི༔ གཙང་ཞིང་དགེ་བའི་སྔས་སྟན་ལ༔ ཉལ་ཏེ་ལྷ་ལ་སེམས་བཟུང་ལ༔ བཟང་ངན་གང་བྱུང་བདག་ལ་སྟོན༔ གང་ཡང་ཆོས་ཉིད་ཀློང་ལ་ཞོག༔ བཛྲ་དྷཱི་ཁཾ༔ ཞེས་ལག་གཡས་གཡོན་དུ་གཏད། གཉིས་པ་རྨི་ལམ་བརྟག་པ་དངོས་ནི་དོ་ནུབ་ཁྱེད་རང་རྣམས་བླ་མའམ་དཀྱིལ་འཁོར་ལ་མགོ་ཕྱོགས་པས་ཀུ་ཤའི་སྔས་སྟན་ལ་སེང་གེ་ཉལ་སྟབས་དང་བཅས་དགེ་བའི་སེམས་ཀྱིས་ཉོལ་ལ། དེ་ལས་ཐོ་རངས་ན་རྨི་ལམ་གྱི་མཚན་མ་བཟང་ངན་དག་མཐོང་བར་འགྱུར་བས་ནངས་པར་ཁོ་བོ་ལ་སྨྲོས་ཤིག །ཅེས་བསྒོ། བརྒྱད་པ་སྡིག་སྒྲིབ་སྦྱོང་བ་ནི། ཏིལ་དང་མེ་ཆུ་མདུན་དུ་བཀོད་ལ། དེ་ནས་སྡིག་སྒྲིབ་སྦྱོང་བའི་སླད་དུ་ཁྱེད་རང་རྣམས་ཐ་མལ་དུ་གནས་པའི་རྐང་མཐིལ་དུ་ཡཾ་ལྗང་གུ་དང་ལྟེ་བར་རཾ་དམར་པོ། སྙིང་གར་ཀཾ་ནག་པོ་ལ་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་འདུས་པར་མོས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རྐང་མཐིལ་གྱི་ཡཾ་དང་ལྟེ་བའི་རཾ་བསྐུལ། མེ་རླུང་གི་སྦྱོར་བས་སྙིང་གའི་ཀཾ་ཡིག་དེད། སྣ་སྒོར་སྡིག་པ་རྭ་ཅན་གྱི་རྣམ་པས་ཐོན་ནས་མདུན་གྱི་ཏིལ་ལ་ཐིམ་པ་དེ་ཉིད་ཡེ་ཤེས་ཀྱི་མེས་བསྲེགས་ཤིང་ཆོས་ཉིད་ཀྱི་རྒྱ་མཚོར་དོར་བར་མོས་ཤིག །ཨཱོྃ་སརྦ་པཱ་པཾ་ཨ་པ་ན་ཡ་བི་ཤུདྡྷེ་སྭཱ་ཧཱ༔ ཞེས་ལན་གསུམ་སོགས་བརྗོད་བཞིན་གཡས་སུ་མེར་བསྲེགས་གཡོན་དུ་ཆུར་བླུགས་ལ་ཕྱིར་དོར། དགུ་པ་གནས་གསུམ་བྱིན་གྱིས་བརླབ་པ་ནི། དེ་ལྟར་ཁྱེད་རང་རྣམས་ཀྱི་སྡིག་སྒྲིབ་ཐམས་ཅད་ལྷག་མེད་དུ་བྱང་ནས་ལུས་འོད་ཀྱི་གོང་བུར་ཞུ་བ་ལས། སྐད་ཅིག་གིས་རྡོ་རྗེ་སེམས་དཔའ་དཀར་གསལ་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་དར་དང་རིན་པོ་ཆེའི་རྒྱན་ཅན་ཞབས་སྐྱིལ་ཀྲུང་དུ་བཞུགས་པ་རང་འོད་ཀྱི་ཤེས་རབ་མ་དང་མཉམ་པར་སྦྱོར་བའི་སྐུར་ལམ་གྱིས་གྱུར་པའི་དཔྲལ་བར་ཨཱོྃ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གསལ་བར་གྱུར། ཨཱོྃ་ཨཱཿཧཱུྃ། ཞེས་བརྗོད་བཞིན་གནས་གསུམ་དུ་དྲིས་ཐིག་ལེ་བྱ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས་ཏེ་ཁྱེད་རང་ལ་ཐིམ་པས་དབྱེར་མེད་དུ་གྱུར་པ་ཉིད་བརྟན་པར་བྱས་པའི་མོས་པ་མཛོད། རྡོ་རྗེ་དང་བཅས་པའི་མེ་ཏོག་སྤྱི་བོར་བཞག་ལ། ཏིཥྛ་བཛྲ། ཞེས་བརྗོད། དེ་ལྟར་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལྷའི་བདག་ཉིད་ཡེ་ནས་ཡིན་པ་ལ་ཡིན་པར་གསལ་བཏབ་པ་དེ་མཆོད་པའི་ཡུལ་དུ་གཟུང་བ་ཡིན་པས་སློབ་དཔོན་གྱིས་མཆོད་པ་བགྱིས་པའི་མོས་པ་མཛོད། ཨཱོྃ་བཛྲ་པུཥྤེ་ཨཱཿཧཱུྃ་སོགས་ནས། ནཻ་བིདྱཱའི་བར་གྱིས་ཉེར་སྤྱོད་འབུལ་ཚུལ་བྱའོ། །བཅུ་པ་ཆོས་བཤད་པ་ནི། ཟབ་མོའི་སྒོར་ཞུགས་ནས་ཕྱིར་མི་ལྡོག་པའི་སླད་དུ་བདེན་པའི་ཆོས་བཤད་པས་སྤྲོ་བ་བསྐྱེད་པ་འདི་ལ་གསན་འཚལ། འཇིག་རྟེན་འདི་ན་ཀུན་མཁྱེན་དག །ཨུ་དུམ་ཝཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ན་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འདི་ནི། །དེ་བས་ཀྱང་ནི་དཀོན་པ་སྟེ། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཀྱེ་རིགས་ཀྱི་བུ་རྣམས་འཇིག་རྟེན་ན་ཨུ་དུམ་ཝཱ་རའི་མེ་ཏོག་བརྒྱ་ལམ་ན་འབྱུང་སྲིད་ཀྱི་དེ་བས་སངས་རྒྱས་འཇིག་རྟེན་དུ་འབྱོན་པ་དཀོན། བྱོན་ཀྱང་ཆོས་གསུངས་པ་དང་ཁྱད་པར་ཐེག་ཆེན་གསུངས་པ་དཀོན། དེ་ལས་ཀྱང་གསང་སྔགས་རྡོ་རྗེ་ཐེག་པ་གསུངས་པ་ནི་ཤིན་ཏུ་དཀོན་པས་རྙེད་པར་དཀའ་ཞིང་། རྙེད་ན་དོན་ཆེ་བ་དཀྱིལ་འཁོར་ཆེན་པོ་ལན་གཅིག་མཐོང་བས་ཀྱང་བསྐལ་པ་བྱེ་བར་བསགས་པའི་སྡིག་པ་འདགས་པར་གསུངས་ན། དཀྱིལ་འཁོར་དུ་ཞུགས་ནས་དབང་བསྐུར་བ་ཚུལ་བཞིན་ཐོབ་པར་གྱུར་ན་སྨྲོས་ཀྱང་ཅི་དགོས་ཏེ། ཐབས་མང་དཀའ་བ་མེད་པའི་ཚུལ་གྱིས་རིང་པོར་མི་ཐོགས་པར་བླ་ན་མེད་པ་སངས་རྒྱས་ཀྱི་གོ་འཕང་བདེ་བླག་ཏུ་འཐོབ་པར་བྱེད་པ་མྱུར་ལམ་རྡོ་རྗེ་ཐེག་པའི་རིགས་སུ་སྐྱེས་པ་ནི་ཁྱེད་རྣམས་ཀྱིས་རྙེད་པ་ལེགས་པར་རྙེད་པ་ཡིན་པས། སྤྲོ་བ་ཆེན་པོ་བསྐྱེད་ལ་ཡང་དག་པའི་བློ་གྲོས་དང་བསམ་པ་དེ་ལས་ནམ་ཡང་མི་འགྱུར་བར་གྱིས་ཤིག །འདི་མཚམས་དངོས་སྟ་སྦྲེལ་ན་འོག་གི་དངོས་གཞིའི་ལོ་རྒྱུས་ལ་འཇུག་ཅིང་། དེ་ལྟར་ན་འོག་གི་སྙན་གསན་དང་མཆོད་བསྟོད་ལྷ་འདེགས་པ་དེ་རྣམས་ཀྱང་ལྷ་སྟ་གོན་གྱི་རྗེས་སུ་རང་བྱའོ། །དཀྱུས་སུ། དངོས་གཞི་དབང་བསྐུར་བའི་ཆོ་ག་སང་ཉིན་འབྱུང་བ་ལགས་པས་དགེ་བའི་རྩ་བ་གཞན་དོན་དུ་བསྔོ་བ་ཞུ། བསོད་ནམས་འདི་ཡིས་སོགས་ཀྱིས་དགེ་བ་བསྔོས་ཏེ་སློབ་མ་རྣམས་རང་གནས་སུ་གཏང་ངོ་། །སློབ་དཔོན་གྱིས་སྟ་གོན་གྱི་ལྷ་ལ་སྙན་གསན་དབབ་པ་ནི། པུས་བཙུགས་ཀྱིས་འདུག་ལ་སྤོས་འཐུལ་ཞིང་དྲིལ་བུ་འཁྲོལ་བས། ཧཱུྃ༔ བདེ་གཤེགས་རྒྱལ་བ་དགོངས་སུ་གསོལ༔ རིག་པ་འཛིན་པ་བདག་གིས་ནི༔ ཐུགས་རྗེའི་དཀྱིལ་འཁོར་བྲི་འཚལ་གྱིས༔ འགྲོ་བའི་དོན་དུ་གནང་དུ་གསོལ༔ ཅེས་བྲི་ཞིང་བསྒྲུབ་པར་གསོལ་བ་བཏབ་ལ་མཆོད་བསྟོད་སྔོན་དུ་འགྲོ་བས། འདེགས་པའི་རྒྱ་དང་བཅས། ཨཱོྃ་བཛྲ་ཨུཏྟིཥྛ། ཞེས་པས། སྟ་གོན་གྱི་ལྷ་རྣམས་བར་སྣང་འོད་ཀྱི་དྲྭ་བར་བཞུགས་པར་མོས། ཚོམ་བུ་དང་མཆོད་པ་རྣམས་བསྡུ། ཕྱིར་ནངས་སློབ་མ་རྣམས་ཀྱིས་རྨི་ལམ་དགེ་བའི་མཚན་མ་མཐོང་ན་ཞེན་པ་མེད་པའི་སྒོ་ནས་གཟེངས་བསྟོད། ཅི་ཡང་མ་མཐོང་ན་འབྲིང་། ངན་ན་ཞི་བའི་སྲེག་བླུག་སོགས་ཟློག་པའི་ཐབས་བྱ་ཞིང་། གཙོ་བོ་ཆོས་ཉིད་སྒྱུ་མ་ལྟ་བུར་ཤེས་པས་བདེན་མེད་ཀྱི་རྒྱས་བཏབ་པས་བཟློག་གོ། །།གཉིས་པ་དབང་བསྐུར་བ་དངོས་ལ་གསུམ། དབང་རྟེན་དཀྱིལ་འཁོར་བཤམ་པ། དབང་དོན་སྒྲུབ་ཅིང་མཆོད་པ། དབང་བསྐུར་དངོས་གཞི་ལ་འཇུག་པའོ། །དང་པོ་ནི། སྟེགས་བུའི་དབུས་སུ་འདི་ཉིད་ཀྱི་ཞི་ཁྲོའི་དཀྱིལ་འཁོར་རས་བྲིས་དངོས་སམ་བཀའ་མ་འདུས་མདོའི་རས་བྲིས་ལྟ་བུ་ཡོད་ན་བཀྲམ། མེད་ན་མཎྜལ་ལ་ཚོམ་བུ་གཙོ་འཁོར་ཡན་ལག་ཞི་བ་དང་བཅས་པའི་ལྷ་གྲངས་བཀོད་པའི་སྟེང་དུ་མཉྫིའི་ཁར་སྔར་སྟ་གོན་བྱས་པའི་བུམ་པ་རྣམས་གནས་སོ་སོར་བརྟན་པོར་འགོད། དེའི་མདུན་དུ་གཙོ་འཁོར་དགུའི་སྐུ་ཙག །རྡོར་དྲིལ་ལྷན་ཅིག་ཏུ་བསྡམས་པ་དང་འཛོམ་ན་གསང་མཚན་ཤོག་དྲིལ། གཡས་སུ་དབུ་རྒྱན་ཅོད་པན། གསང་ཐོད་མངར་གསུམ་ཆོས་སྨན་སྦྱར་བ། སྔགས་ཕྲེང་། རྒྱབ་ཏུ་རྡོ་རྗེ། རིག་མའི་གཟུགས་བརྙན། གཡོན་དུ་དྲིལ་བུ། ཤེལ་རྡོ། ཁྲི་གདུགས་རྡོར་དྲིལ་འཁོར་ལོ་དུང་སོགས་མངའ་གསོལ་ཆས་བཅས་མངོན་རྫོགས་རྩ་བའི་དབང་དང་། མཐའ་རྟེན་སྒྲུབ་རྫས་དབང་ལ་ཕྱོགས་མཚམས་རྣམས་སུ་རིམ་བཞིན། སྨན་གྱི་ཕོ་བྲང་། ཀ་པཱ་ལར་མར་མེ་གླིང་དགུ། ཁྲམ་ཤིང་དང་དྲག་པོའི་འཁོར་ལོ་ཕྱོགས་གཅིག་བྲིས་པ། རྟ་ཞལ། ཕུར་བུ། མདོས་གཏོར་དངོས་སམ་བྲིས་པ། མཐའ་རྫོགས་ལ་ཞལ་ཟས་ཚོགས་རྫས། ཚེ་འབྲང་། ཚེ་རིལ་ཆང་། མདའ་དར་བཅས་འགོད། དེ་རྒྱབ་ཐེག་རིམ་གྱི་དབང་དཀྱིལ་ལ། བྱང་ཤར་སྒོ་འབྱེད་ཀྱི་དབང་ནས་བརྩམ་དང་པོ་མཚམས་བཞི་དང་བྱང་ནས་ཕྱོགས་བཞི་གཡོན་སྐོར་གྱིས་ཡོ་གའི་དབང་དཀྱིལ་ཤར་དུ་སླེབ་པར་བྱ་སྟེ། ཐོག་མར་སྒོ་འབྱེད་དབང་ལ། བུམ་པ་ཉེར་ལྔའི་བཅུད་ལྡན། བྲབ་རྫས་བྱེ་ཡུངས། ཕྱག་རྡོར་དང་ངན་འགྲོ་གསུམ་དང་ལྷ་མིན་ཐུབ་པ་བཞིའི་སྐུ་ཙཀ་བཅས། ནུབ་བྱང་གི་སྨད་དུ་མིའི་ཐེག་པ་ལ། བུམ་པ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྡེ་ལྔའི་སྐུ་ཙཀ་བཅས། ནུབ་བྱང་གི་སྟོད་དུ་ལྷ་ཡི་ཐེག་པའི་དབང་ལ། བུམ་པ། དམ་པ་ཏོག་དཀར་ལ་འཁོར་ཚངས་པ། བརྒྱ་བྱིན། ལྷ་མོ་སྒྱུ་འཕྲུལ་རྣམས་ཀྱི་སྐུ་ཙཀ་བཅས། ལྷོ་ནུབ་ཏུ་ཉན་ཐོས་ཐེག་པའི་དབང་ལ། བུམ་པ། ཆོས་གོས་རྣམ་གསུམ་ལྷུང་བཟེད་འཁར་གསིལ་དུང་སྤྱི་བླུགས་ཆུ་སྣོད་ཆུ་ཚགས་གདིང་བ་བཅས་བྲིས་པའི་ཙཀ་ལི། སྟོན་པ་ཉན་ཐོས་བཞིས་བསྐོར་བ་བཅས། ཤར་ལྷོར་རང་རྒྱལ་ཐེག་པའི་དབང་ལ། བུམ་པ། རང་རྒྱལ་གཙོ་འཁོར་གྱི་སྐུ་ཙཀ །རྟེན་འབྲེལ་བཅུ་གཉིས་ཀྱི་གཟུགས་བྲིས་པ་བཅས། བྱང་དུ་བྱང་སེམས་ཐེག་པའི་དབང་ལ། བུམ་པ། ཉེ་སྲས་བརྒྱད་ཀྱི་སྐུ་ཙཀ །རལ་གྲི། ཨ་རུ། གྲུ། དུང་རྣམས་བྲིས་པའི་ཙཀ་ལི་བཅས། ལྷ་མི་ཉན་རང་བྱང་སེམས་རྣམས་ཀྱི་ཁྲུས་ཀྱི་བུམ་པ་གཅིག་ཏུ་བསྡུས་ཀྱང་ཆོག་གོ །ནུབ་ཏུ་ཀྲི་ཡའི་ཐེག་པའི་དབང་ལ། བུམ་པ། སྟོན་པ་ལ་བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་བསྐོར་བའི་སྐུ་ཙཀ །རྣམ་བུམ། དབུ་རྒྱན། རིགས་གསུམ་ལོངས་སྐུའི་ཆས་ཅན་བཅས། ལྷོར་ཨུ་པའི་ཐེག་པའི་དབང་ལ། བུམ་པ། དབུ་རྒྱན། རྡོར་དྲིལ། དབྱངས་གསལ་བཀོད་པའི་སྔགས་བྱང་། རྣམ་སྣང་། སྣང་མཐའ། མི་བསྐྱོད་པ། རིན་འབྱུང་རྣམས་ལོངས་སྐུའི་ཆས་ཅན་གྱི་སྐུ་ཙཀ་གཅིག་བཅས། ཤར་དུ་ཡོ་གའི་ཐེག་པའི་དབང་ལ། རྣམ་བུམ། དབུ་རྒྱན། རྡོ་རྗེ་དྲིལ་བུ། མིང་དབང་རྡོར་དྲིལ། རྣམ་སྣང་ཞལ་བཞི་ཕྱག་གཉིས་མཉམ་གཞག་འཁོར་ལོ་དབྱིངས་ཕྱུག་སེམས་སྐྱིལ་གྱིས་མདུན་དུ་བཞུགས་པ་གཅིག རིགས་བཞི་ཡབ་རྐྱང་ལོངས་སྐུའི་ཆས་མཉམ་གཞག་རང་རྟགས་རྡོར་སྐྱིལ་ཅན་གྱི་སྐུ་ཙཀ་གཅིག །རིགས་བཞིའི་ཡུམ་བཞི་ཕྱག་གཡས་གར་རྒྱ་གཡོན་རང་རྟགས་སེམས་སྐྱིལ་ཅན་རྣམས་ཀྱི་སྐུ་ཙག་གཅིག །ཀུན་རིག་གཟུངས་རིང་ཐུང་གང་འོས་ཀྱི་སྔགས་བྱང་། མེ་ལོང་། མངའ་གསོལ་ཆས་ཁྲི་གདུགས་རྒྱལ་མཚན་སོགས་དངོས་སམ་བྲིས་པ་བཅས་འགོད། ཕྱི་རོལ་དུ་ཕྱི་ནང་གི་མཆོད་པ། ཚོགས་དང་གཏོར་མའི་བྱེ་བྲག །བདུད་རྩི་ཨ་མྲྀཏ་དང་སྦྱར་བའི་དམ་ཆུ། མིག་དར། མེ་ཏོག །འགྲིམ་དཀྱིལ། ཚུལ་བཞིན་སྦྱར་བའི་འབེབ་རྫས། གསེར་ཐུར། ཕྱག་ཤིང་། མཎྜལ་གྱི་ཆས་སོགས་ཕྲིན་ལས་དང་དབང་གི་སྐབས་སོ་སོར་དགོས་པའི་ཡོ་བྱད་རྣམས་ཚང་བར་འདུ་བྱའོ། །གཉིས་པ་དབང་དོན་སྒྲུབ་མཆོད་ནི། བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས། ནང་སྐོར་ཁྲོ་བོའི་ཕྲིན་ལས་བྱང་བུ་ཁྲིགས་བསྡེབས་ཀྱི་དབུ་ནས་བརྩམ་བྱིན་རླབས་བྱང་བུ་ཡན་གྲུབ་པ་དང་། སྔར་ས་ཆོག་གི་སྐབས་བཞིན་འབྱུང་གཏོར་བསྔོས་ལ་སྲུང་འཁོར་བསྒོམ། དེ་ནས་མཆོད་རླབས་བྱང་བུ་ནས་ལྷ་བསྐྱེད་ནང་། བརྟེན་པ་ལྷའི་བསྐྱེད་བྱང་དགོངས་པ་ཕྱོགས་གཅིག་པ་ལྟར་སྟེང་ཁང་ཞི་བ་སོགས་ཐེག་རིམ་དགུའི་དཀྱིལ་འཁོར་རྣམས་ཀྱང་འཁོར་གྱི་ཚུལ་དུ་མ་འདྲེས་གསལ་རྫོགས་སུ་བསྒོམ་ཞིང་། སྤྱན་འདྲེན་སྐབས་སྔར་ནམ་མཁར་བཏེགས་པའི་སྟ་གོན་གྱི་ལྷ་ཡང་དཀྱིལ་འཁོར་ལ་བསྟིམས་ནས་ཕྱག་མཆོད་བསྟོད་པའི་བར་དུ་སོང་སྟེ། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ་ཛཿ ཞེས་མདུན་དཀྱིལ་གྱི་གོ་སར་ཛཔ྄་ཁང་ཕྱེས་ལ་ཟུར་གསལ་གཏེར་གཞུང་སྔགས་བྱང་མཇུག་གི་ཛཔ྄་དམིགས་རྣམས་རིམ་པར་གསལ་བཏབ་ནས་སྤྱི་དྲིལ་སྙིང་པོ་དང་ཡང་སྙིང་། འཁོར་སྔགས། ཡན་ལག་གི་དཀྱིལ་འཁོར་རྣམས་ཀྱི་སྔགས་བཅས་གཙོ་འཁོར་གྱི་འགྲོས་དང་སྦྱར་ཏེ་བཟླས་པ་ཅི་འགྲུབ་དང་། སྤྲོ་ན་དང་སྟ་དངོས་མ་སྦྲེལ་སྐབས་ངེས་པར་སྟ་གོན་སྐབས་བཞིན་བུམ་བཟླས་ཀྱང་བྱ། དེ་ནས་སྨན་གྱི་ཕོ་བྲང་ལ་དམིགས་ཏེ། དབྱིངས་ཀྱི་བྷནྡྷ་སོགས་བསྐྱེད་བཟླས། སྨན་སྲུང་སྤྱན་འདྲེན་རྟོག་བསལ་བཅས་སོང་ནས། བདུད་རྩི་སྨན་གྱི་ཚེ་ལུང་བཞིན། བདག་མདུན་མངོན་རྫོགས་རྒྱལ་པོ་ཡི༔ ཐུགས་ཀར་རིན་ཆེན་ཟུར་བརྒྱད་པ༔ སོགས་ཀྱིས་གསལ་བཏབ་ལ་ཚེ་ཛཔ྄་ཅི་འགྲུབ་མཐར་ཚེ་འགུགས་བསྐུལ་ལ་རྒྱས་གདབ་བྱ། སྟོང་ཚིགས་ཕུལ་ཏེ་ཡིག་བརྒྱས་ནོངས་པ་བཤགས། བཀའ་སྲུང་དང་གཏེར་སྲུང་གི་གཏོར་ཆོག །ཚོགས་བྱིན་རླབས་ནས་བསྟབ་པའི་བར་དུ་བཏང་ལ། བདག་འཇུག་ཟུར་བྱང་བཞིན་བླང་བའམ་བསྡུ་ན་རིག་པའི་མེ་ཏོག་དོར་ཞིང་གནང་བ་ནོད་དོ། །གསུམ་པ་དབང་བསྐུར་དངོས་གཞི་ལ་གཉིས། ཡན་ལག་ཐེག་པ་དགུ་བསྒྲིལ་གྱི་དབང་དང་། རྩ་བ་ནང་རྒྱུད་གསུམ་བསྒྲིལ་གྱི་དབང་ངོ་། །དང་པོ་ལ་དགུ་ལས། དང་པོ་སྒོ་འབྱེད་ཕྱག་རྡོར་དབང་ནི། སྔར་སྟ་གོན་བྱས་པའི་སློབ་མ་རྣམས་སྒོ་དྲུང་དུ་བོས་ལ་ཁྲུས་ནས་དབྱུང་། ནང་དུ་ཞུགས་ནས་གྲལ་ལ་འཁོད་པ་དང་བགེགས་གཏོར་བསྔོས་ལ་བསྐྲད་ཅིང་སྲུང་འཁོར་བསྒོམ། མཎྜལ་བཀྲམ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། ཆོས་བཤད་གོང་གི་ནང་སྐོར་རིག་འཛིན་བཅོ་ལྔའི་སྒྲུབ་དབང་གི་སྐབས་བཞིན་ལས་ཁྱད་པར། དམ་ཆོས་རྫོགས་ཆེན་སྡེ་གསུམ་གྱི་ནང་ཚན། ནང་སྐོར་ཀློང་སྡེ་ཨ་ནུ་མདོ་ལུང་ཆེན་པོ་དང་འབྲེལ་བ་ཡི་དམ་ཁྲོ་བོ་མངོན་རྫོགས་རྒྱལ་པོ་རྩ་བའི་དཀྱིལ་འཁོར་དུ་དབང་བསྐུར་དངོས་གཞི་སྒྲུབ་པར་བྱེད་པ་ཡིན། དེ་ལའང་ཡན་ལག་ཐེག་པ་དགུ་བསྒྲིལ་གྱི་དབང་དང་། རྩ་བ་ནང་རྒྱུད་གསུམ་བསྒྲིལ་གྱི་དབང་གཉིས་སུ་ཡོད་པ་ལས། ཐོག་མར་ཡན་ལག་ཐེག་པ་དགུའི་དཀྱིལ་འཁོར་དུ་རིམ་པར་གཞུག་ཅིང་དབང་བསྐུར་བར་བྱ་བ་ལ། བདག་ཉིད་སློབ་དཔོན་གྱིས་བགྱི་བར་འོས་པ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །དངོས་སྟ་མ་སྦྲེལ་སྐབས་འདིར་རྒྱུད་སྦྱོང་དང་སྡོམ་གཟུང་རྣམས་སྟ་གོན་སྐབས་ལྟར་སླར་བྱའོ། །ཕྱག་ཐལ་མོ་མེ་ཏོག་དང་བཅས་ཏེ་མི་ཕྱེད་དད་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ལན་གསུམ། དེ་ལ་ཐོག་མར་དབང་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་སྒོ་འབྱེད་ཕྱག་ན་རྡོ་རྗེ་ངན་སོང་གནས་འདྲེན་གྱི་དབང་བསྐུར་བའི་སླད་དུ། མདུན་གྱི་དཀྱིལ་འཁོར་ཆེན་པོའི་བྱང་ཤར་གྱི་ཕྱོགས་ཀྱི་ཡན་ལག་གི་དཀྱིལ་འཁོར་ནས་དཔལ་ཆེན་ཕྱག་ན་རྡོ་རྗེའི་གསང་གསུམ་བྱིན་རླབས་འདུས་པའི་བདུད་རྩིའི་རྒྱུན་གྱིས་ཁྲུས་བྱས་ཤིང་དབང་བསྐུར་བར་མོས་མཛོད། བྱང་ཤར་གྱིས་བུམ་པ་ཐོགས་ལ། ཧཱུྃ༔ བྱང་ཤར་དཀྱིལ་འཁོར་ཆེན་པོ་ནས༔ ཕྱག་ན་རྡོ་རྗེ་དབྱིངས་ནས་བཞེངས༔ བཀྲ་ཤིས་ཁྲུས་ཀྱི་བུམ་པ་འདིར༔ རྒྱལ་བ་ཀུན་གྱི་ཐུགས་རྗེའི་ཆུས༔ སློབ་མའི་དུག་གསུམ་སྒྲིབ་སྦྱངས་ནས༔ ན་རཀ་གནས་རྣམས་དོང་སྤྲུགས་ཤོག༔ ཨཱོྃ་བཛྲ་པཱ་ཎི་ཧཱུྃ་ཕཊ༔ ཅེས་བུམ་ཆུ་སྤྱི་བོར་བླུགས་ཤིང་ངག་ཏུ་སྦྱིན། གསང་བའི་བདག་པོའི་སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་མེའི་ཚྭ་ཚྭ་ལྟ་བུ་འཕྲོས་པས་སློབ་བུ་རྣམས་ངན་སོང་གསུམ་དུ་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་སྦྱངས་པར་གྱུར་པའི་མོས་པ་མཛོད། ཡུངས་དཀར་གྱིས་བྲབ་ཅིང་། ཨཱོྃ་བཛྲ་སུ་ར་ཏི༔ ཨཱོྃ་བཛྲ་ཨཉྫ་ལི༔ ཨཱོྃ་བཛྲ་བནྡྷ་བཾ༔ ཨཱོྃ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨཱོྃ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨཱོྃ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ སློབ་མ་རྣམས་ཀྱི་སྡིག་སྒྲིབ་ཐམས་ཅད་ཉི་མས་བ་མོ་བཞུས་པ་ལྟར་དག་སྟེ་ངན་སོང་གི་གནས་ནས་ཐར་བར་གྱུར་པ་ལ། མདུན་བསྐྱེད་གསང་བའི་བདག་པོ་འཁོར་དང་བཅས་པའི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་འཕྲོས་ཏེ་ཁྱེད་རང་རྣམས་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་མཛོད། སྐུ་ཙཀ་རྣམས་རིམ་པར་ཐོགས་ལ། ཧཱུྃ༔ གསང་བའི་བདག་པོ་རྡོ་རྗེ་འཛིན༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང༔ རྡོ་རྗེ་དྲིལ་འཛིན་ཁྲོ་བོའི་རྒྱལ༔ ཐར་པར་འདྲེན་པས་དབང་བསྐུར་རོ༔ ཨཱོྃ་བཛྲ་པཱ་ཎི་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ དམྱལ་བ་འདུལ་མཛད་ཆོས་ཀྱི་རྒྱལ༔ སྤྲུལ་སྐུ་སྟོན་པའི་ཚུལ་བཟུང་བས༔ ཞེ་སྡང་སྡིག་སྒྲིབ་འཇོམས་པར་མཛད༔ དེ་བཞིན་གཤེགས་པས་དབང་བསྐུར་རོ༔ ཨཱོྃ་མུ་ནེ་ཡེ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཡི་དྭགས་འདུལ་མཛད་ཁ་འབར་རྒྱལ༔ སྤྲུལ་སྐུ་སྟོན་པའི་ཚུལ་བཟུང་བས༔ འདོད་ཆགས་སྡིག་སྒྲིབ་འཇོམས་པར་མཛད༔ དེ་བཞིན་གཤེགས་པས་དབང་བསྐུར་རོ༔ ཨཱོྃ་མུ་ནེ་སྲུཾ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ དུད་འགྲོ་འདུལ་མཛད་སེང་རབ་བརྟན༔ སྤྲུལ་སྐུ་སྟོན་པའི་ཚུལ་བཟུང་བས༔ གཏི་མུག་སྡིག་སྒྲིབ་འཇོམས་མཛད་པའི༔ དེ་བཞིན་གཤེགས་པས་དབང་བསྐུར་རོ༔ ཨཱོྃ་མུ་ནེ་ཀྵཾ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཞེས་སྤྱི་བོར་བསྐུར། སླར་ཡང་བྱང་ཤར་གྱི་བུམ་པ་ཐོགས་ལ། ཧཱུྃ༔ བྱང་ཤར་དཀྱིལ་འཁོར་ཆེན་པོ་ནས༔ ཕྱག་ན་རྡོ་རྗེ་དབྱིངས་ནས་བཞེངས༔ བཀྲ་ཤིས་ཁྲུས་ཀྱི་བུམ་པ་འདིར༔ རྒྱལ་བ་ཀུན་གྱི་ཐུགས་རྗེའི་ཆུས༔ སློབ་མའི་ཕྲག་དོག་སྒྲིབ་སྦྱངས་ནས༔ ལྷ་མིན་གནས་རྣམས་དོང་སྤྲུགས་ཤོག༔ ཨཱོྃ་བཛྲ་པཱ་ཎི་ཧཱུྃ་ཕཊ༔ ཅེས་བུམ་ཆུ་སྤྱི་བོར་བླུགས་ཤིང་ངག་ཏུ་སྦྱིན། ཐགས་བཟང་རིས་ཀྱི་སྐུ་ཐོགས་ལ། ཧཱུྃ༔ ཕྲག་དོག་རབ་ཏུ་འཇོམས་པ་དང༔ རྟག་ཆད་གཉིས་ཀྱི་མཐའ་བསལ་མཛད༔ གཟུགས་ཅན་མུ་སྟེགས་ལ་སོགས་པའི༔ ལྟ་ལོག་སུམ་བརྒྱ་དྲུག་ཅུ་དང༔ གཟུགས་མེད་ལྷ་མིན་མཐུ་ཆེན་འཇོམས༔ ལྷ་མིན་བཅོམ་ལྡན་ཐགས་བཟང་རིས༔ རྒྱལ་པོའི་ཆ་ལུགས་འཁོར་ལོ་འཛིན༔ དེད་དཔོན་བཞི་ཡི་ཚོགས་རྣམས་ཀྱིས༔ ལོག་ལྟ་འཇོམས་ཕྱིར་དབང་བསྐུར་རོ༔ ཨཱོྃ་མུ་ནི་ཏྲུཾ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཞེས་སྤྱི་བོར་བསྐུར། དེ་རྣམས་ཀྱིས་རྒྱུ་དུག་གསུམ་དང་ཕྲག་དོག་གི་ཀུན་ནས་བསླངས་པའི་ལས་ཀྱི་འབྲས་བུ་ངན་སོང་གསུམ་དང་། ལྷ་མིན་དུ་སྐྱེ་བའི་སྡིག་སྒྲིབ་བག་ཆགས་སྐལ་པ་ངན་པ་དང་བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་ཉེ་བར་ཞི་ནས། བདེ་འགྲོ་ཐར་པའི་གྲོང་དུ་དབུགས་འབྱིན་པའི་སྐལ་པ་བཟང་པོ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་མིའི་ཐེག་པའི་དབང་ནི། དེས་ཡན་ལག་དང་པོ་སྒོ་འབྱེད་ཀྱི་དབང་བསྐུར་བ་གྲུབ་ནས། ཡན་ལག་གཉིས་པ་མིའི་ཐེག་པའི་དབང་གི་སླད་དུ། དཀྱིལ་འཁོར་ཆེན་པོའི་ནུབ་བྱང་གི་སྨད་ཀྱི་ཕྱོགས་ཀྱི་ཡན་ལག་གི་དཀྱིལ་འཁོར་ནས་རྣམ་པར་འདྲེན་པ་འཇིག་རྟེན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཚུལ་དུ་རོལ་པས་བུམ་པའི་བདུད་རྩིས་ཁྲུས་བྱས་ཤིང་དབང་བསྐུར་བར་མོས་ཤིག །ནུབ་བྱང་གི་སྨད་ཀྱི་བུམ་པ་ཐོགས་ལ། ཧཱུྃ༔ བཀྲ་ཤིས་བུམ་པ་ཀུན་ཏུ་དགེ་བའི་ཁྲུས༔ མཛངས་ཤིང་བློ་གྲོས་ལྡན་པར་བྱ་བའི་ཕྱིར༔ སངས་རྒྱས་བྱིན་རླབས་བདུད་རྩི་ཆུ་ཡི་མཆོག༔ དེང་འདིར་སྐལ་ལྡན་རྣམས་ལ་དབང་བསྐུར་རོ༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བུམ་ཆུ་སྤྱི་བོར་བླུགས་ཤིང་ངག་ཏུ་བྱིན། འཁོར་སྒྱུར་སྡེ་ལྔའི་སྐུ་ཐོགས་ལ། ཧཱུྃ༔ འདོད་ཆགས་འཇོམས་མཛད་བཅོམ་ལྡན་ཤཱཀྱའི་རྒྱལ༔ ཟས་གཙང་སྲས་པོ་ཁྱེ་འུ་མཛེས་པའི་གཟུགས༔ ལྟ་བས་ཆོག་མི་ཤེས་པ་རྒྱལ་པོའི་ཚུལ༔ དང་པོ་གསེར་གྱི་འཁོར་ལོས་སྒྱུར་བའི་རྒྱལ༔ གཉིས་པ་དངུལ་གྱི་འཁོར་ལོས་སྒྱུར་བའི་རྒྱལ༔ གསུམ་པ་ཟངས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ༔ བཞི་པ་ལྕགས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ༔ འཇིག་རྟེན་མི་ཡི་རྒྱལ་པོ་སྡེ་ལྔ་ཡིས༔ བཀྲ་ཤིས་རྣམ་པར་དགེ་བའི་དབང་བསྐུར་བས༔ སྐྱོན་སྤང་ལེགས་པའི་ཡོན་ཏན་སྒྲུབ་པ་ཡི༔ དགེ་བཅུ་ཕུན་སུམ་ཚོགས་པའི་དབང་ཐོབ་ཤོག །ཨཱོྃ་མུ་ནེ་སྲུཾ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཞེས་སྤྱི་བོར་བསྐུར། དེས་རྒྱུ་འདོད་ཆགས་ཀྱིས་ཀུན་ནས་བསླངས་པའི་ལས་ཀྱི་འབྲས་བུ་བྲེལ་ཕོངས་མི་རུ་སྐྱེ་བའི་སྡིག་སྒྲིབ་བག་ཆགས་སྐལ་པ་ངན་པ་དང་བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་ཉེ་བར་ཞི་ནས། ཕུན་ཚོགས་དགེ་བ་བཅུའི་ཡོན་ཏན་ལ་དབང་འབྱོར་ཏེ་མིའི་ཐེག་པ་ཡོངས་སུ་རྫོགས་པའི་སྐལ་པ་བཟང་པོ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ལྷའི་ཐེག་པའི་དབང་ནི། དེས་ཡན་ལག་གཉིས་པ་མིའི་དགེ་བཅུ་སྟོན་པའི་དབང་བསྐུར་གྲུབ་ནས། ཡན་ལག་གསུམ་པ་ལྷའི་དགེ་བཅུ་སྟོན་པའི་དབང་གི་སླད་དུ། ནམ་མཁའ་གང་བའི་ལྷ་རྣམས་ཀྱིས་བུམ་པའི་བདུད་རྩིས་ཁྲུས་གསོལ་ཞིང་། དཀྱིལ་འཁོར་ཆེན་པོའི་ནུབ་བྱང་གི་སྟོད་ཀྱི་ཕྱོགས་ཀྱི་ཡན་ལག་གི་དཀྱིལ་འཁོར་ནས་རྣམ་པར་འདྲེན་པ་བཅོམ་ལྡན་འདས་ལྷ་དབང་བརྒྱ་བྱིན་སྤྲུལ་པའི་ཚོགས་དང་བཅས་པ་བྱོན་ཏེ། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་ཤིག །ནུབ་བྱང་གི་སྟོད་ཀྱི་བུམ་པ་ཐོགས་ལ། ཧཱུྃ༔ ཅིར་ཡང་སྒྱུར་བའི་སྣ་ཚོགས་ཆོ་འཕྲུལ་ལས༔ བཀྲ་ཤིས་བུམ་པ་ཁྲུས་ཀྱི་གཞལ་ཡས་ཁང༔ ལྷ་ཡི་བྱ་བ་ཐོག་མར་དག་བྱེད་ཁྲུས༔ འཇིག་རྟེན་ཆོས་ཚུལ་དེ་དང་མཐུན་པའི་ཕྱིར༔ དགེ་བའི་ཁྲུས་ཆབ་གཙང་མས་དབང་བསྐུར་རོ༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་བུམ་ཆུ་སྤྱི་བོར་བླུགས་ཤིང་ངག་ཏུ་སྦྱིན། དམ་པ་ཏོག་དཀར་སོགས་ཀྱི་སྐུ་ཐོགས་ལ། ཧཱུྃ༔ ང་རྒྱལ་འཇོམས་མཛད་བཅོམ་ལྡན་བརྒྱ་བྱིན་ནི༔ དམ་པ་ཏོག་དཀར་ལྷ་ཡི་རྒྱལ་པོའི་ཚུལ༔ ཀུན་ལ་དབང་བསྒྱུར་ཚངས་པ་གདོང་བཞི་དང༔ སྲིད་པའི་མེས་པོ་ལྷ་དབང་བརྒྱ་བྱིན་ནི༔ ཀུན་ཏུ་དགེ་བ་ལྷ་ཡི་ཚོགས་ཀྱི་རྗེ༔ ཀུན་ཏུ་མཛེས་པ་ལྷ་མོ་སྒྱུ་འཕྲུལ་མ༔ ལྷ་ཡི་དགེ་བཅུ་ཕུན་སུམ་ཚོགས་གྱུར་པའི༔ འཇིག་རྟེན་ལྷ་དབང་རྣམས་ཀྱི་དབང་བསྐུར་རོ༔ ཨཱོྃ་མུ་ནེ་ཀྲེཾ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཞེས་སྤྱི་བོར་གཞག །དེས་རྒྱུ་ང་རྒྱལ་གྱིས་ཀུན་ནས་བསླངས་པའི་ལས་ཀྱི་འབྲས་བུ་འཕོ་ལྟུང་ལྷ་རུ་སྐྱེ་བའི་སྡིག་སྒྲིབ་བག་ཆགས་སྐལ་པ་ངན་པ་དང་བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་ཉེ་བར་ཞི་ནས། ཕུན་ཚོགས་དགེ་བ་བཅུའི་ཡོན་ཏན་ལ་དབང་འབྱོར་ཏེ་ལྷའི་ཐེག་པ་ཡོངས་སུ་རྫོགས་པའི་སྐལ་པ་བཟང་པོ་ཅན་དུ་བྱས་པ་ཡིན་ནོ། །བཞི་པ་ཉན་ཐོས་ཐེག་པའི་དབང་ནི། དེས་ཐོག་མའི་ལམ་སྟེགས་སོར་བཞག་ལྷ་མིའི་ཐེག་པའི་དབང་བསྐུར་བ་གྲུབ་ནས། ཡན་ལག་བཞི་པ་ཉན་ཐོས་ཐེག་པའི་དབང་བསྐུར་བའི་སླད་དུ། ནམ་མཁའ་གང་བའི་ལྷ་རྣམས་ཀྱིས་མཆོད་པའི་སྤྲིན་དང་བཅས་ཏེ་བུམ་པའི་བདུད་རྩིས་ཁྲུས་གསོལ་ཞིང་། དཀྱིལ་འཁོར་ཆེན་པོའི་ལྷོ་ནུབ་ཀྱི་ཕྱོགས་ཀྱི་ཡན་ལག་གི་དཀྱིལ་འཁོར་ནས་རྣམ་འདྲེན་ཤཱཀྱའི་རྒྱལ་པོ་འཁོར་དང་བཅས་པ་བྱོན་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་ཤིག །ལྷོ་ནུབ་ཀྱི་བུམ་པ་ཐོགས་ལ། ཧོ༔ རྒྱལ་བ་འཇིག་རྟེན་ལ་ནི་སྐུ་བལྟམས་ཚེ༔ ལྷ་ཡི་རྒྱལ་པོ་རྣམས་ཀྱིས་ཁྲུས་གསོལ་ལྟར༔ རྣམ་པར་རྒྱལ་བའི་བུམ་པ་ཁྲུས་ཀྱི་མཛོད༔ འཇིག་རྟེན་ཀུན་ཏུ་ཤིས་པ་དང་པོའི་དབང༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་བུམ་ཆུ་སྤྱི་བོར་བླུགས་ཤིང་ངག་ཏུ་སྦྱིན། ཡོ་བྱད་རྣམས་བྲིས་པའི་ཙཀླི་གཏད་ལ། ཧོ༔ རབ་ཏུ་བྱུང་ཞིང་ཚངས་པར་སྤྱོད་པའི་ཚེ༔ ཆོས་གོས་རྣམ་གསུམ་ལྷུང་བཟེད་འཁར་གསིལ་དང༔ སྤྱི་བླུགས་ཆུ་སྣོད་ཆུ་ཚགས་ལ་སོགས་པའི༔ རབ་བྱུང་ཆ་ལུགས་ཆས་ཀྱིས་དབང་བསྐུར་བས༔ ཚངས་པར་སྤྱོད་པའི་སྡོམ་པ་ཡོངས་རྫོགས་ཤོག༔ ཅེས་ལག་ཏུ་གཏད། སྟོན་པ་འཁོར་བཅས་ཀྱི་སྐུ་ཐོགས་ལ། ཧཱུྃ༔ སྟོན་པའི་རྒྱལ་པོ་བཅོམ་ལྡན་ཤཱཀྱ་ཐུབ༔ གསེར་མདོག་ས་གནོན་མཉམ་གཞག་མཚན་དཔེས་སྤྲས༔ ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཉེ་བར་འཁོར༔ མངོན་པར་ཤེས་པ་ལྡན་པ་ཤཱ་རིའི་བུ༔ རྫུ་འཕྲུལ་ཁྱད་པར་འཕགས་པ་མོའུ་གལ་བུ༔ རྒྱལ་བའི་རིམ་གྲོ་ཉན་ཐོས་ཀུན་དགའ་བོ༔ གཞན་ཡང་ཉན་ཐོས་དགེ་སློང་དཔག་མེད་པས༔ དབང་བསྐུར་ཚུལ་ཁྲིམས་མཐའ་རུ་ཕྱིན་པར་ཤོག༔ ཨཱོྃ་མུ་ནི་མུ་ནི་མ་ཧཱ་མུ་ནི་ཤཱཀྱ་མུ་ནི་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཞེས་སྤྱི་བོར་བསྐུར། ཨེ་མ༔ ལྷ་མིའི་ཐེག་པ་དགེ་བ་བཅུ་སྤྱད་ཀྱང༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མ་སོང་བས༔ འཁོར་བར་འཕགས་པ་ནམ་ཡང་མི་འགྱུར་ཞིང༔ དགེ་སྡིག་སྤང་བླང་ཙམ་ལས་ལྟ་བ་མེད༔ ཉན་ཐོས་ལྟ་བ་བག་ཡོད་ཚུལ་བཞིན་ལས༔ ཆོས་ཀྱི་བདག་མེད་ཕྱེད་ཙམ་རྟོགས་པ་དང༔ གང་ཟག་བདག་མེད་རྟོགས་པ་སྐད་ཅིག་མ༔ དེ་ལས་གཞོམ་མེད་གཞན་དུ་སྟོང་པར་ལྟ༔ དྷརྨ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཉོན་མོངས་པ་དུག་ལྔས་ཀུན་ནས་བསླངས་པའི་ལས་ཀྱི་འབྲས་བུ་ཁམས་གསུམ་དུ་འཁོར་ཞིང་སྐྱེ་བའི་སྡིག་སྒྲིབ་བག་ཆགས་སྐལ་པ་ངན་པ་དང་བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་ཉེ་བར་ཞི་ནས། སྤོང་བའི་ཚུལ་ཁྲིམས་རྣམ་པར་དག་པ་ལ་དབང་འབྱོར་ཞིང་ཞི་བདེ་ཉན་ཐོས་ཀྱི་ཐེག་པ་ཡོངས་སུ་རྫོགས་ཏེ་འགོག་པའི་མྱང་འདས་དགྲ་བཅོམ་པའི་གོ་འཕང་འཐོབ་པའི་སྐལ་པ་བཟང་པོ་ཅན་དུ་བྱས་པ་ཡིན་ནོ། །ལྔ་པ་རང་རྒྱལ་ཐེག་པའི་དབང་ནི། དེས་ཡན་ལག་བཞི་པ་ཉན་ཐོས་ཀྱི་ཐེག་པའི་དབང་བསྐུར་བ་གྲུབ་ནས། ཡན་ལག་ལྔ་པ་རང་རྒྱལ་གྱི་ཐེག་པའི་དབང་བསྐུར་བའི་སླད་དུ། ནམ་མཁའ་གང་བའི་ལྷ་རྣམས་ཀྱིས་བུམ་པའི་བདུད་རྩིས་ཁྲུས་གསོལ་ཞིང་། དཀྱིལ་འཁོར་ཆེན་པོའི་ཤར་ལྷོའི་ཕྱོགས་ཀྱི་ཡན་ལག་གི་དཀྱིལ་འཁོར་ནས་འདྲེན་པ་རང་རྒྱལ་གྱི་ཚོགས་རྣམས་བྱོན་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་ཤིག །ཤར་ལྷོའི་བུམ་པ་ཐོགས་ལ། ཧཱུྃ༔ ཐོག་མཐའ་བར་དུ་དགེ་བའི་ལྷ་ཡི་ཆུ༔ དངོས་པོའི་དྲི་འཇོམས་མི་རྟག་ཚུལ་སྟོན་པ༔ ཡོངས་སུ་སྡིག་སྒྲིབ་འཇོམས་པའི་ཆུ་ཡིས་བཀྲུ༔ རྫུ་འཕྲུལ་ཤུགས་ཀྱིས་སྟོན་པའི་དབང་ཐོབ་ཤོག༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་བུམ་ཆུ་སྤྱི་བོར་བླུགས་ཤིང་ངག་ཏུ་སྦྱིན། རང་རྒྱལ་གཙོ་འཁོར་གྱི་སྐུ་ཙཀ་སྤྱི་བོར་གཞག་ལ། ཧཱུྃ༔ སློབ་དཔོན་མེད་པར་རང་སངས་རྒྱས་པའི་སྐུ༔ ཉོན་མོངས་དགྲ་བཅོམ་མ་རིག་ཀུན་ལས་ལྡོག༔ རང་རྒྱལ་གཙོ་བོ་སྐུ་ལས་མེ་འབར་དང༔ མི་རྟག་དོན་རྟོགས་སྐུ་ལས་ཆུ་འཁྲུགས་དང༔ སྟོང་ཉིད་དོན་རྟོགས་རང་རྒྱལ་མཁའ་ལ་བཞུགས༔ མི་རྟོག་དོན་རྟོགས་རང་རྒྱལ་འཇིགས་པ་མེད༔ སྣང་བའི་ཆོས་ལ་མི་ཞེན་འོད་ཕུང་འབར༔ རང་རྒྱལ་ཆེན་པོ་རྣམས་ཀྱི་དབང་ཐོབ་ཤོག༔ ཨཱོྃ་སརྦ་མ་ཧཱ་ཡཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ རྟེན་འབྲེལ་བཅུ་གཉིས་བྲིས་པའི་གཟུགས་བརྙན་ལག་ཏུ་གཏད་ལ། ཧཱུྃ༔ རྟེན་འབྲེལ་བཅུ་གཉིས་ཐོག་མ་མ་རིག་པ༔ ཡོངས་དག་གང་ཟག་བདག་མེད་ཉིད་རྟོགས་ཤིང༔ སྲིད་པའི་འཁོར་ལོའི་དྲྭ་བ་རྣམ་འཇོམས་པའི༔ རྟེན་འབྲེལ་བཅུ་གཉིས་མངོན་པར་དག་གྱུར་པས༔ བརྡ་རྟགས་གཟུགས་ཀྱི་ཐ་མ་གདོས་བཅས་ཚོགས༔ མི་རྟག་སྟོན་པའི་ཚུལ་གྱིས་དབང་བསྐུར་རོ༔ དྷརྨ་ཨ་བྷི་ཥིཉྩ་ཨཱ༔ དེས་ཉོན་མོངས་མ་རིག་པས་ཀུན་ནས་བསླངས་པའི་ལས་ཀྱི་འབྲས་བུ་ལུགས་འབྱུང་འཁོར་བའི་བག་ཆགས་སྡིག་སྒྲིབ་སྐལ་པ་ངན་པ་དང་བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་ཉེ་བར་ཞི་ནས། ལུགས་ལྡོག་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཡོན་ཏན་ལ་དབང་འབྱོར་ཞིང་རང་རྒྱལ་གྱི་ཐེག་པ་ཡོངས་སུ་རྫོགས་ཏེ། ལྷག་བཅས་དང་ལྷག་མེད་མྱང་འདས་ཀྱི་གོ་འཕང་འཐོབ་པའི་སྐལ་པ་བཟང་པོ་ཅན་དུ་བྱས་པ་ཡིན་ནོ། །དྲུག་པ་བྱང་སེམས་ཐེག་པའི་དབང་ནི། དེས་ཡན་ལག་ལྔ་པ་རང་རྒྱལ་ཐེག་པའི་དབང་བསྐུར་བ་གྲུབ་ནས། ཡན་ལག་དྲུག་པ་བྱང་སེམས་ཀྱི་ཐེག་པའི་དབང་བསྐུར་བའི་སླད་དུ། ནམ་མཁའ་གང་བའི་ལྷ་དང་ལྷ་མོ་རྣམས་ཀྱིས་མཆོད་པའི་སྤྲིན་དང་བཅས་ཏེ་བུམ་པའི་བདུད་རྩིས་ཁྲུས་གསོལ་ཞིང་། དཀྱིལ་འཁོར་ཆེན་པོའི་བྱང་གི་ཕྱོགས་ཀྱི་ཡན་ལག་གི་དཀྱིལ་འཁོར་ནས་བྱང་ཆུབ་སེམས་དཔའ་འཕགས་པའི་ཚོགས་རྣམས་བྱོན་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་ཤིག །བྱང་གི་བུམ་པ་ཐོགས་ལ། ཧཱུྃ༔ ཕན་བདེའི་འབྱུང་གནས་བཀྲ་ཤིས་བུམ་པ་རུ༔ བྱང་ཆུབ་སེམས་ཀྱི་ཆུ་ཡི་བདུད་རྩིས་བཀང༔ སྡུག་བསྔལ་ཐམས་ཅད་རྣམ་པར་སྦྱོང་བའི་ཕྱིར༔ སྐལ་ལྡན་རྣམས་ལ་སྙིང་པོའི་ཁྲུས་གསོལ་བས༔ བྱང་ཆུབ་སེམས་དཔའི་རིགས་ཅན་དག་ཏུ་གྱུར༔ རྒྱ་ཆེན་རྒྱུན་མི་ཆད་པའི་བྱང་ཆུབ་སེམས༔ རྣམ་པར་བརྟན་ཅིང་རབ་ཏུ་འཕེལ་གྱུར་ཅིག༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་བུམ་ཆུ་སྤྱི་བོར་བླུགས་ཤིང་ངག་ཏུ་སྦྱིན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐུ་སྤྱི་བོར་གཞག་ལ། ཧཱུྃ༔ སྙིང་རྗེའི་བདག་ཉིད་འཕགས་མཆོག་ཐུགས་རྗེ་ཆེ༔ མཁྱེན་བརྩེའི་བདག་ཉིད་འཇམ་དཔལ་ཡེ་ཤེས་སེམས༔ སྡུག་བསྔལ་ཀུན་འཇོམས་བཅོམ་ལྡན་རྡོ་རྗེ་འཛིན༔ ས་བཅུའི་མགོན་པོ་འཕགས་མཆོག་མི་ཕམ་མགོན༔ གཞན་ཡང་སྒྲིབ་པ་རྣམ་སེལ་ནམ་མཁའི་སྙིང༔ ཀུན་ཏུ་བཟང་པོ་ས་ཡི་སྙིང་པོ་དང༔ ཟླ་བའི་བློ་གྲོས་བྱམས་མགོན་ཐུགས་རྗེའི་གཏེར༔ སེམས་དཔའི་རྒྱལ་པོ་གསེར་འོད་དམ་པ་སོགས༔ བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་གི༔ ཐུགས་བསྐྱེད་རྣམ་དག་སྨོན་ལམ་ཡོངས་གྲུབ་པ༔ སེམས་ཅན་ཀུན་ལ་སྨན་མཛད་མཁྱེན་བརྩེ་ནུས༔ མ་ལུས་ཡོངས་སུ་རྫོགས་པའི་དབང་ཐོབ་ཤོག༔ ཨཱོྃ་བོ་དྷི་སཏྭ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཕྱག་མཚན་སོགས་ལག་ཏུ་གཏད་ལ། སྡུག་བསྔལ་གཅོད་མཛད་ཤེས་རབ་རལ་གྲི་དང༔ ཉོན་མོངས་གཅོང་ནད་འབྱིན་པའི་སྨན་གྱི་རྒྱལ༔ སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ་བའི་གྲུ༔ སེམས་ཅན་ཀུན་གྱི་དབུགས་དབྱུང་ཆོས་ཀྱི་དུང༔ བྱང་ཆུབ་སེམས་ཀྱི་རང་བཞིན་ཀུན་ཁྱབ་པ༔ རྟག་ཏུ་ཡོན་ཏན་མངོན་སུམ་རྫོགས་གྱུར་པའི༔ བྱང་ཆུབ་སེམས་དཔའ་རྣམས་ཀྱི་གང་དགོངས་པ༔ སེམས་ཅན་ཀུན་ལ་དེ་ཉིད་འབྱུང་གྱུར་ཅིག༔ ཨཱོྃ་སརྦ་བོ་དྷི་སཏྭ་ཨ་བྷི་ཥིཉྩ་ཧཱུྃ༔ སློབ་དཔོན་གྱི་ཕྱག་གདེངས་ཏེ༔ འདི་ཕན་ཐེག་དམན་ཉན་ཐོས་རང་དོན་ཏེ༔ འདི་ནི་ཐེག་ཆེན་གཞན་དོན་རླབས་ཆེན་ཡིན༔ སྨོན་ལམ་ཡང་དག་དགེ་བའི་འཇུག་པ་སྟེ༔ བྱང་ཆུབ་སེམས་དཔའི་སྡོམ་པ་བླ་ན་མེད༔ བདག་མེད་རྣམ་གཉིས་རང་བཞིན་རྟོགས་གྱུར་ཏེ༔ དེ་རིང་བྱང་ཆུབ་སེམས་དཔའི་རིགས་ཅན་ནོ༔ རྒྱལ་བ་ཀུན་གྱིས་སྲས་ཀྱི་དམ་པར་དགོངས༔ སྤྲོ་བ་སྐྱེད་ཅིག་གཞན་ཕན་རྒྱ་ཆེར་གྱིས༔ བོ་དྷི་སཏྭ་ཨཱ༔ དེས་གཉིས་སྣང་གཟུང་འཛིན་གྱིས་ཀུན་ནས་བསླངས་པའི་ལས་ཀྱི་འབྲས་བུ་སྲིད་པ་འཁོར་བའི་རྒྱ་མཚོར་ལྟུང་བའི་བག་ཆགས་སྐལ་པ་ངན་པ་དང་བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་ཉེ་བར་ཞི་ནས། ཤེས་རབ་དང་སྙིང་རྗེ་ཆེན་པོས་བདེན་པ་གཉིས་ཀྱི་དོན་ལ་དབང་འབྱོར་ཞིང་བྱང་ཆུབ་སེམས་དཔའི་ཐེག་པ་ཡོངས་སུ་རྫོགས་ཏེ་སྐུ་གཉིས་ཀྱི་གོ་འཕང་མངོན་དུ་འགྲུབ་པའི་སྐལ་པ་བཟང་པོ་ཅན་དུ་བྱས་པ་ཡིན་ནོ། །བདུན་པ་ཀྲི་ཡའི་ཐེག་པའི་དབང་ནི། དེས་ཡན་ལག་དྲུག་པ་བྱང་སེམས་ཐེག་པའི་དབང་བསྐུར་བ་གྲུབ་ནས། ཡན་ལག་བདུན་པ་ཀྲི་ཡའི་ཐེག་པའི་དབང་བསྐུར་བའི་སླད་དུ། ནམ་མཁའ་གང་བའི་ལྷ་ཚོགས་རྣམས་ཀྱིས་མཆོད་པའི་སྤྲིན་དང་བཅས་ཏེ་བུམ་པའི་བདུད་རྩིས་ཁྲུས་གསོལ་ཞིང་། དཀྱིལ་འཁོར་ཆེན་པོའི་ནུབ་ཀྱི་ཕྱོགས་ཀྱི་ཡན་ལག་གི་དཀྱིལ་འཁོར་ནས་སྟོན་པ་རིགས་གསུམ་འཁོར་དང་བཅས་པ་བྱོན་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་ཤིག །ནུབ་ཀྱི་བུམ་པ་ཐོགས་ལ། ཧཱུྃ༔ རྣམ་པར་རྒྱལ་བའི་སྟོན་པ་སངས་རྒྱས་ཉིད༔ ས་ཆེན་འདི་རུ་རྣམ་པར་བལྟམས་པའི་ཚེ༔ ཀུན་གྱི་དང་པོ་བཀྲ་ཤིས་ཁྲུས་གསོལ་ལྟར༔ ཤིན་ཏུ་དགེ་བའི་ཆབ་ཀྱིས་ཁྲུས་བགྱི་འོ༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་བུམ་ཆུ་སྤྱི་བོར་བླུགས་ཤིང་ངག་ཏུ་སྦྱིན། ལྷ་རྣམས་ཀྱི་སྐུ་སྤྱི་བོར་གཞག་ཅིང་། ཧཱུྃ༔ སྟོན་པ་གསེར་མདོག་མྱ་ངན་མེད་པའི་རྒྱལ༔ ཉོན་མོངས་དུག་རྣམས་སེལ་བའི་རྨ་བྱ་ཅན༔ སྒྲིབ་པའི་དྲི་མའི་ཚོགས་འཇོམས་བསིལ་བའི་ཚལ༔ གདོན་བགེགས་མ་ལུས་ཀུན་འཇོམས་སོ་སོར་འབྲང༔ སྡུག་བསྔལ་རྣམ་པར་འཇོམས་པ་ལྷ་མོའི་མཆོག༔ འཇིགས་པ་བརྒྱད་རྣམས་ཞི་མཛད་ཞི་བ་མ༔ ཡོངས་སུ་སྡུག་བསྔལ་སྦྱོང་མཛད་རིག་པའི་རྒྱལ༔ ཀུན་ཏུ་བསོད་ནམས་འཕེལ་མཛད་རྣམ་པར་རྒྱལ༔ ལས་ཀུན་གྲུབ་པར་མཛད་པ་གྲུབ་པ་མོ༔ བཀྲ་ཤིས་ལྷ་མོ་བརྒྱད་ཀྱི་དབང་བསྐུར་བས༔ ཤིན་ཏུ་རྣམ་པར་དགེ་དང་བཀྲ་ཤིས་ཤིང༔ རྣམ་པར་རྒྱལ་བའི་དབང་མཆོག་ཐོབ་པར་ཤོག༔ སླར་ཡང་ནུབ་ཀྱི་བུམ་པ་ཐོགས་ལ། ཧཱུྃ༔ བཀྲ་ཤིས་རྣམ་པར་རྒྱལ་བའི་བུམ་པ་ནས༔ ཉོན་མོངས་དུག་འཇོམས་ཕ་རོལ་ཕྱིན་པའི་ཆུ༔ བཀོད་པ་ཁྱད་འཕགས་དགེ་མཚན་དུ་མར་བཅས༔ ཡེ་ཤེས་ཆུ་བོ་མཆོག་གིས་ཁྲུས་བགྱི་འོ༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་ཁྲུས་བྱ། དབུ་རྒྱན་བཅིང་ལ། དམ་པ་ཏོག་དཀར་ལྷ་ཡུལ་ནས་གཤེགས་ཏེ༔ དེ་ཚེ་རྒྱལ་བ་བྱམས་པ་མགོན་པོ་ལ༔ རྒྱལ་ཚབ་དབང་བསྐུར་ཅོད་པན་བཅིངས་པ་ལྟར༔ རིན་ཆེན་ཅོད་པན་དམ་པས་དབང་བསྐུར་རོ༔ ཨཱོྃ་རཏྣ་མུ་ཀུ་ཏྲཱཾ་ཨ་བྷི་ཥིཉྩ་མི༔ རིགས་གསུམ་མགོན་པོའི་སྐུ་ཐོགས་ལ། ཧཱུྃ༔ སྣང་སྲིད་རིགས་གསུམ་དཀྱིལ་འཁོར་མཐོང་བའི་ཕྱིར༔ སྐུ་ཡི་རིགས་མཆོག་འཇམ་དཔལ་ཡེ་ཤེས་སེམས༔ གསུང་གི་རིགས་མཆོག་འཕགས་པ་སྤྱན་རས་གཟིགས༔ ཐུགས་ཀྱི་རིགས་མཆོག་བཅོམ་ལྡན་གསང་བའི་བདག༔ དུག་གསུམ་དག་ནས་སྐུ་གསུམ་མཐོང་བ་དང༔ རིགས་གསུམ་ལྷ་ཚོགས་རྣམས་དང་དབྱེར་མེད་ཤོག༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྤྱི་བོར་བསྐུར། དེས་བྱ་རྒྱུད་རིགས་གསུམ་གྱི་དཀྱིལ་འཁོར་དུ་ཆུ་དང་ཅོད་པན་གྱི་དབང་རྗེས་འབྲེལ་དང་བཅས་པ་ཐོབ། དཀའ་ཐུབ་དང་གཙང་སྦྲའི་ཀུན་སྤྱོད་ལ་གནས་པས། དོན་དམ་པར་མཐའ་བཞི་དང་བྲལ་བའི་དག་པར་རྟོགས་ནས། ཀུན་རྫོབ་ཏུ་དངོས་གྲུབ་གཞན་ལ་རེ་ཞིང་རྩོལ་བའི་ཚུལ་གྱིས་སྒྲུབ་པ་ཀྲི་ཡའི་ཐེག་པ་ཡོངས་སུ་རྫོགས་པ་ལ་དབང་འབྱོར་ཏེ། རིགས་གསུམ་གྱི་བྱང་ཆུབ་མངོན་དུ་འགྲུབ་པའི་སྐལ་པ་བཟང་པོ་ཅན་དུ་བྱས་པ་ཡིན་ནོ། །བརྒྱད་པ་ཨུ་པ་ཡའི་ཐེག་པའི་དབང་ནི། དེས་ཡན་ལག་བདུན་པ་ཀྲི་ཡའི་ཐེག་པའི་དབང་བསྐུར་བ་གྲུབ་ནས། ཡན་ལག་བརྒྱད་པ་ཨུ་པ་ཡའི་ཐེག་པའི་དབང་བསྐུར་བའི་སླད་དུ། ནམ་མཁའ་གང་བའི་ལྷ་ཚོགས་རྣམས་ཀྱིས་མཆོད་པའི་སྤྲིན་དང་བཅས་ཏེ་བུམ་པའི་བདུད་རྩིས་ཁྲུས་བྱས་ཤིང་ཅོད་པན་དང་རྡོར་དྲིལ་གྱི་དབང་བྱིན། དཀྱིལ་འཁོར་ཆེན་པོའི་ལྷོ་ཡི་ཕྱོགས་ཀྱི་ཡན་ལག་གི་དཀྱིལ་འཁོར་ནས་རྒྱལ་བ་རིགས་བཞིའི་ལྷ་ཚོགས་བྱོན་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་ཤིག །ལྷོ་ཡི་བུམ་པ་ཐོགས་ལ། ཧཱུྃ༔ རང་གསལ་དག་པའི་བུམ་པ་རུ༔ ཡེ་ཤེས་བཞི་ཡི་ཆུ་ཡིས་བཀང༔ ཉོན་མོངས་སྦྱོང་ཕྱིར་ཁྲུས་བགྱིས་པས༔ ཡེ་ཤེས་རྣམ་བཞི་མཐོང་བར་ཤོག༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་བུམ་ཆུ་སྤྱི་བོར་བླུགས་ཤིང་ངག་ཏུ་སྦྱིན། དབུ་རྒྱན་ཅོད་པན་སྤྱི་བོར་དབང་བསྐུར་ལ། ཧཱུྃ༔ རྣམ་པར་རྒྱལ་བའི་སངས་རྒྱས་ཀྱི༔ རིན་ཆེན་དབང་རྟགས་ཅོད་པན་ཆེ༔ རྒྱལ་བའི་དབང་རྣམས་རྫོགས་པའི་ཕྱིར༔ དབུ་རྒྱན་དམ་པས་དབང་བསྐུར་རོ༔ རཏྣ་མུ་ཀུ་ཏྲཱཾ༔ རྡོ་རྗེ་དྲིལ་བུ་ལག་ཏུ་གཏད་ལ། ཧཱུྃ༔ རྣམ་པར་དག་པའི་ཡེ་ཤེས་ཀྱི༔ ཐབས་ཀྱི་རྡོ་རྗེ་གཟུང་བར་གྱིས༔ སྟོང་པ་ཟུང་འཇུག་དབྱངས་ལྡན་པའི༔ ཤེས་རབ་དྲིལ་བུ་གཟུང་བར་གྱིས༔ བཛྲ་དྷཱ་ར་ཀརྨ་གཎྜེ༔ རྡོར་དྲིལ་བཟུང་བ་སྙིང་གར་བསྣོལ་དུ་བཅུག་ལ། ཧཱུྃ༔ སྔགས་དང་ཕྱག་རྒྱ་བླ་མེད་པས༔ ཐམས་ཅད་ཡེ་ཤེས་ཆེན་པོར་སྒྱུར༔ ཐབས་དང་ཤེས་རབ་ཟུང་འཇུག་པའི༔ སྔགས་དང་ཕྱག་རྒྱ་གཟུང་བར་གྱིས༔ ཞེས་དང་དབྱངས་གསལ་བརྗོད། རིགས་བཞིའི་སྐུ་ཙཀ་སྤྱི་བོར་གཞག་ལ། ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་བཅོམ་ལྡན་རྣམ་སྣང་མཛད༔ སོར་རྟོག་ཡེ་ཤེས་བཅོམ་ལྡན་སྣང་མཐའ་ཡས༔ མེ་ལོང་ཡེ་ཤེས་བཅོམ་ལྡན་མི་བསྐྱོད་པ༔ མཉམ་ཉིད་ཡེ་ཤེས་བཅོམ་ལྡན་རིན་ཆེན་འབྱུང༔ རྒྱལ་བ་རིགས་བཞིའི་དབང་ཆེན་རབ་བསྐུར་བས༔ རིགས་བཞིའི་ལྷ་ཡི་དངོས་གྲུབ་འགྲུབ་པར་ཤོག༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་བཻ་རོ་ཙ་ན་པདྨ་དྷཱ་ར་ཨཀྵོ་བྷྱཿརཏྣ་སཾ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བསྐུར། དེས་སྤྱོད་རྒྱུད་རིགས་བཞིའི་དཀྱིལ་འཁོར་དུ་ཆུ་དང་ཅོད་པན་རྡོར་དྲིལ་གྱི་དབང་རྗེས་འབྲེལ་དང་བཅས་པ་ཐོབ། ཕྱི་ལུས་ངག་གི་བྱ་བ་དང་ནང་སེམས་ཀྱི་ཏིང་ངེ་འཛིན་ཆ་མཉམ་པར་སྤྱོད་དེ། ལྷ་དང་བདག་གཉིས་སྤུན་ནམ་གྲོགས་པོའི་ཚུལ་དུ་བལྟས་ནས་དངོས་གྲུབ་སྒྲུབ་པ་ཨུ་པ་ཡའི་ཐེག་པ་ཡོངས་སུ་རྫོགས་པ་ལ་དབང་འབྱོར་ཏེ། རིགས་བཞིའི་བྱང་ཆུབ་མངོན་དུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དགུ་པ་ཡོ་གའི་ཐེག་པའི་དབང་ནི། དེས་ཡན་ལག་བརྒྱད་པ་ཨུ་པ་ཡའི་ཐེག་པའི་དབང་བསྐུར་བ་གྲུབ་ནས། ཡན་ལག་དགུ་པ་ཡོ་གའི་ཐེག་པའི་དབང་བསྐུར་བ་ལ། ཐོག་མར་ཁྱེད་རང་རྣམས་དཀྱིལ་འཁོར་ཆེན་པོའི་ཤར་ཕྱོགས་ཀྱི་ཡན་ལག་ཡོ་ག་རྡོར་དབྱིངས་ཀྱི་དཀྱིལ་འཁོར་མ་མཇལ་བའི་སྒྲིབ་གཡོགས་དང་བཅས་པ་མཚོན་ཕྱིར་མིག་དར་རེ་འཆིང་བ་ཞུ། ཨཱོྃ་ཨཱཿཧཱུྃ་གིས་མིག་དར་བཅིང་། ལྷ་དང་མཇལ་བའི་ཕྱག་རྟེན་དུ་མེ་ཏོག་གསར་པ་རེ་ཐོགས་པ་མཛོད། ཨཱ་ཁཾ་བཱི་ར་ཧཱུྃ་གིས་གཏད། འདི་ཕན་ཉོན་མོངས་བཀྲུ་བའི་བྱ་བ་ཡིན༔ ད་ནི་ཡེ་ཤེས་གོང་དུ་འཕེལ་བ་ཡི༔ གསང་སྔགས་ཡོ་གའི་ཐེག་པར་འཇུག་པ་སྟེ༔ རིགས་ལྔའི་སྡོམ་པ་མ་ལུས་ཐུབ་པར་སྲུངས༔ ཞེས་ཇི་སྐད་བསྒོས་པའི་སྡོམ་པ་མ་ལུས་པ་གཟུང་ཞིང་མི་ཉམས་པར་བསྲུང་བར་བགྱིད་སྙམ་པས་འདིའི་རྗེས་ཟློས། བདེ་བར་གཤེགས་པ་སློབ་དཔོན་དགོངས༔ རིགས་ལྔའི་སྡོམ་པ་མ་ལུས་པ༔ རྣལ་འབྱོར་རྒྱུད་དུ་གང་གསུངས་པ༔ དེ་དག་ཐམས་ཅད་བདག་གིས་བསྡམ༔ ས་མ་ཡ་ཨི་དན་ན་ར་ཀན༔ དེ་ནས་དབང་གི་སྣོད་དུ་རུང་བར་བྱ་བའི་ཕྱིར་ཁྱེད་རང་རྣམས་ཀྱི་གཞི་ལུས་ལྷའི་སྐུ་འདི་ལྟར་དུ་གསལ་ཐོབས་མཛོད། སློབ་མའི་ལུས་སྣང་མི་དམིགས་སྟོང་པར་གྱུར། །སྟོང་པའི་ངང་ལས་པད་ཟླའི་གདན་གྱི་སྟེང་། །དུས་གསུམ་སངས་རྒྱས་ཀུན་རིག་རྣམ་སྣང་མཛད༔ ཞལ་བཞི་ཕྱག་གཉིས་མཉམ་གཞག་འཁོར་ལོ་འཛིན༔ དཀར་པོ་ལོངས་སྤྱོད་རྫོགས་སྐུ་མཚན་དཔེ་རྫོགས༔ ལྷ་མོ་དབྱིངས་ཕྱུག་མ་ནི་མདུན་ན་འདུད༔ དེ་ལྟར་གསལ་བའི་གནས་གསུམ་འབྲུ་གསུམ་མཚན། །སློབ་དཔོན་ཐུགས་ཀའི་འོད་ཀྱིས་ཡེ་ཤེས་པ། །དབྱིངས་ནས་སྤྱན་དྲངས་དབྱེར་མེད་ཐིམ་པར་གྱུར། །ཨཱོྃ་བུདྡྷ་བཻ་རོ་ཙ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་སྤོས་རོལ་བཅས་དབབ། ཡེ་ཤེས་པ་དེ་ཉིད་བརྟན་པར་གྱུར་པའི་མོས་པ་མཛོད། ཏིཥྛ་བཛྲ་ཞེས་རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་གཞག །སྔར་བྱིན་པའི་མེ་ཏོག་དེ་ཉིད་དཀྱིལ་འཁོར་གྱི་ལྷ་ལ་འབུལ་བའི་མོས་པས་ཚོམ་བུ་རིགས་ལྔར་གསལ་བ་ལ་སྔགས་འདིའི་རྗེས་ཟློས་དང་བཅས་འདོར་མཛོད། པུཥྤེ་པཱུ་ཛ་ཧོ༔ ཞེས་མེ་ཏོག་འདོར་དུ་གཞུག །མེ་ཏོག་ལྷག་པའི་ལྷས་བཞེས་ཏེ་སླར་ཡང་དབང་རྟགས་སུ་སྤྱི་བོར་བསྩལ་བར་མོས་ཤིག །པུཥྤེ་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བཱ་ལ༔ ཞེས་མེ་ཏོག་སྤྱི་བོར་བཀོད། མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་ཏུ་བསལ་བར་མོས་ཤིག །ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་མིག་དར་བསལ། ཡེ་ཤེས་དག་པའི་སྤྱན་གྱིས་ཡོ་ག་རིགས་ལྔའི་དཀྱིལ་འཁོར་ཚུལ་བཞིན་དུ་མཐོང་བར་མོས་ཤིག །དེ་རྣམས་ཀྱིས་འཇུག་པའི་རིམ་པ་སོང་ནས། དབང་བསྐུར་བ་དངོས་ལ། དབང་ལྷ་ནམ་མཁའ་གང་བར་སད་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས། ཆོས་དབྱིངས་བུམ་པ་མི་བསྐྱོད་པའི་ངོ་བོ་བདུད་རྩིའི་རང་བཞིན་ཅན་གྱིས་དབང་བསྐུར་བས་ཞེ་སྡང་རྣམ་དག་མེ་ལོང་ཡེ་ཤེས་མངོན་དུ་གྱུར་པར་མོས་མཛོད། ཤར་དཀྱིལ་གྱི་ཡོ་གའི་རྣམ་བུམ་ཐོགས་ཏེ། ཧཱུྃ༔ ཆོས་དབྱིངས་རྣམ་པར་དག་པའི་བུམ་པ་རུ༔ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་མངོན་སུམ་བཞེངས༔ དག་པ་ལྷ་ཡི་བདུད་རྩི་དབབ་པ་ཡི༔ མེ་ལོང་ཡེ་ཤེས་བུམ་པས་དབང་བསྐུར་རོ༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨཀྵོ་བྷྱཿཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར་ཞིང་བུམ་ཆུ་སྦྱིན་ལ་སྤྱི་བོར་གཏིག །རིན་འབྱུང་གི་ངོ་བོ་རྒྱལ་བ་རིགས་ལྔའི་དབུ་རྒྱན་གྱིས་དབང་བསྐུར་བས་ང་རྒྱལ་རྣམ་དག་མཉམ་ཉིད་ཡེ་ཤེས་མངོན་དུ་གྱུར་པར་མོས་ཤིག །དབུ་རྒྱན་ཐོགས་ལ། ཏྲཱྃ༔ འདི་ནི་རྒྱལ་བ་ཐམས་ཅད་ཀྱིས༔ དབང་བསྐུར་ཅོད་པན་ཆེན་པོ་སྟེ༔ རྒྱལ་བ་རིགས་ལྔས་དབུ་བརྒྱན་པས༔ མཉམ་ཉིད་ཡེ་ཤེས་རྟོགས་པར་ཤོག༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་རཏྣ་སམྦྷ་ཝ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཏྲཱྃ༔ ཞེས་མགོ་བོར་གཞག །སྣང་མཐའི་ངོ་བོ་གཞོམ་མེད་རྡོ་རྗེས་དབང་བསྐུར་བས་འདོད་ཆགས་རྣམ་དག་སོར་རྟོག་ཡེ་ཤེས་མངོན་དུ་གྱུར་པར་མོས་ཤིག །རྡོ་རྗེ་ཐོགས་ལ། ཧྲཱི༔ ཡང་དག་གཞོམ་མེད་རྡོ་རྗེ་ཆེ༔ ཏིང་ངེ་འཛིན་དང་ཡེ་ཤེས་ཀྱི༔ རྡོ་རྗེ་རབ་ཏུ་གསོར་བ་ཡིས༔ སོར་རྟོག་ཡེ་ཤེས་རྟོགས་པར་ཤོག༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་པདྨ་དྷཱ་ར་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་ལག་གཡས་སུ་གཏད། དོན་གྲུབ་ཀྱི་ངོ་བོ་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་དྲིལ་བུས་དབང་བསྐུར་བས་ཕྲག་དོག་རྣམ་དག་བྱ་གྲུབ་ཡེ་ཤེས་མངོན་དུ་གྱུར་པར་མོས་ཤིག །དྲིལ་བུ་ཐོགས་ལ། ཨཱ༔ ཡང་དག་ཡེ་ཤེས་སངས་རྒྱས་དབྱངས༔ རྒྱལ་བ་རྣམས་ཀྱི་ཆོས་ཀྱི་སྒྲ༔ དབྱངས་སྙན་དྲིལ་བུས་དབང་བསྐུར་བས༔ བྱ་གྲུབ་ཡེ་ཤེས་རྟོགས་པར་ཤོག༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཀརྨ་ཨ་མོ་གྷ་སིདྡྷི་ཀརྨ་གཎྜེ་ཨ་བྷི་ཥིཉྩ་ཨཱ༔ ཞེས་དཀྲོལ་ཞིང་ལག་གཡོན་དུ་གཏད། རྣམ་པར་སྣང་མཛད་ཀྱི་ངོ་བོ་སངས་རྒྱས་རིགས་གསུམ་གྱི་མཚན་གསོལ་བས་གཏི་མུག་རྣམ་དག་ཆོས་དབྱིངས་ཡེ་ཤེས་མངོན་དུ་གྱུར་པར་མོས་ཤིག །མིང་དབང་རྡོར་དྲིལ་ཐོགས་ལ། ཧཱུྃ༔ འདི་ནི་སངས་རྒྱས་ཀུན་གྱི་མིང༔ ས་རྣམས་ཀུན་ཏུ་གྲགས་གྱུར་པའི༔ དེ་བཞིན་རིགས་སུ་མཚན་གསོལ་བས༔ ཆོས་དབྱིངས་ཡེ་ཤེས་རྟོགས་པར་ཤོག༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་བུདྡྷ་བཻ་རོ་ཙ་ན་རྣམ་པར་སྣང་མཛད་ཅེས་བྱ་བའི་དེ་བཞིན་གཤེགས་པའོ༔ ཞེས་སྤྱི་བོར་འཁྲོལ། དེ་ལྟར་རིག་པའི་དབང་ལྔ་བསྐུར་པས། མ་རིག་པ་ལྔ་སྦྱངས། ཕུང་པོ་ལྔ་གནས་གྱུར། ཡེ་ཤེས་ལྔ་ཡི་རྟོགས་པ་རྒྱུད་ལ་སྐྱེས་པར་མོས་མཛོད། དེའི་རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ལ། དཀྱིལ་འཁོར་ཆེན་པོའི་ཤར་གྱི་ཕྱོགས་ཀྱི་ཡན་ལག་གི་དཀྱིལ་འཁོར་དུ་བཞུགས་པའི་རྣམ་པར་སྣང་མཛད་རྒྱལ་བ་རིགས་ལྔའི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས་ཏེ་ལུས་ལ་ཐིམ་པར་མོས་ཤིག །སྐུ་ཙཀ་རྣམས་ཐོགས་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་ཀུན་རིག་རྣམ་སྣང་མཛད༔ ཞལ་བཞི་ཕྱག་གཉིས་མཉམ་གཞག་འཁོར་ལོ་འཛིན༔ དཀར་པོ་ལོངས་སྤྱོད་རྫོགས་སྐུ་མཚན་དཔེ་རྫོགས༔ ལྷ་མོ་དབྱིངས་ཕྱུག་མ་ནི་མདུན་ན་འདུད༔ དེ་བཞིན་གཤེགས་པ་མཆོག་གི་དབང་བསྐུར་རོ༔ ཨཱོྃ་བུདྡྷ་བཻ་རོ་ཙ་ན་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ དུས་གསུམ་སངས་རྒྱས་རྒྱལ་བ་རིགས་བཞི་རྣམས༔ ཞག་གཅིག་ཕྱག་གཉིས་མཉམ་གཞག་རང་རྟགས་འཛིན༔ མཐིང་སེར་དམར་ལྗང་ལོངས་སྤྱོད་རྫོགས་སྐུའི་ཆས༔ བདེ་བར་གཤེགས་པ་བཞི་ཡི་དབང་བསྐུར་རོ༔ ཨཱོྃ་བཛྲ་ཨཀྵོ་བྷྱཿརཏྣ་སམྦྷ་ཝ་པདྨ་དྷཱ་ར་ཀརྨ་ཨ་མོ་གྷ་སིདྡྷི་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ མཚམས་ལ་བཞུགས་པའི་དེ་བཞིན་གཤེགས་མ་བཞི༔ ཞལ་གཅིག་ཕྱག་གཉིས་གར་བསྒྱུར་རང་རྟགས་འཛིན༔ མཐིང་སེར་དམར་ལྗང་ཡབ་ལ་འདུད་པའི་ཚུལ༔ བདེ་བར་གཤེགས་མ་བཞི་ཡི་དབང་བསྐུར་རོ༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་པདྨ་ཀརྨ་མུ་དྲ་ཨ་བྷི་ཥིཉྩ་ཨཱོྃ༔ ཞེས་བསྐུར། གསུང་བཟླས་པའི་ལུང་བྱིན་ཅིང་སྔགས་ཀྱི་བྱང་བུ་མགྲིན་པར་བཞག་པས་རྒྱལ་བའི་གསུང་གི་བྱིན་རླབས་ངག་ལ་ཞུགས་པར་མོས་མཛོད། སྔགས་བྱང་ཐོགས་ལ། ཧཱུྃ༔ རྡོ་རྗེ་རྩེ་མོའི་གཟུངས་སྔགས་བླ་ན་མེད༔ ངན་སོང་རྣམས་འཇོམས་སྡིག་པའི་ཚོགས་འཇོམས་པ༔ རྒྱལ་བའི་གསང་སྔགས་རིགས་སྔགས་ཐམས་ཅད་ཀྱི༔ དབང་བསྐུར་མ་ལུས་ཡོངས་སུ་རྫོགས་པར་ཤོག༔ གཟུངས་སྔགས་འདིའི་རྗེས་ཟློས་མཛོད། ངན་སོང་སྦྱོང་བའི་གཟུངས་སྔགས། ཨཱོྃ་ཤྭ་དྷ་ནི་ཤྭ་དྷ་ནི་སརྦ་པཱ་པཾ་བི་ཤྭ་དྷ་ནེ་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤྭ་དྷ་ནེ་སྭཱ་ཧཱ༔ ཞེས་རྗེས་ཟློས་ཚར་གཅིག་བྱ་ཞིང་། སྔགས་བྱང་མགྲིན་པར་གཞག །ཐུགས་ཀྱི་དགོངས་པ་ངོ་སྤྲད་པའི་སླད་དུ། མེ་ལོང་དྭངས་པ་ལ་གཟུགས་བརྙན་སྣ་ཚོགས་སུ་ཤར་བ་འདིས་མཚོན་ཏེ་དབྱིངས་སྤྲོས་པ་དང་བྲལ་བའི་ངང་ལས་རྩལ་སྣང་འགགས་མེད་འཁོར་འདས་ཀྱི་རྣམ་པ་ཇི་ལྟར་ཤར་ཡང་། ངོ་བོ་ཆོས་ཉིད་བརྗོད་དུ་མེད་པའི་ངང་ལས་མི་འདའ་བའི་དོན་གོ་བར་གྱིས་ལ་འོད་གསལ་རྣམ་པར་མི་རྟོག་པའི་ངང་དུ་མཉམ་པར་ཞོག་ཅིག །ཧཱུྃ༔ ཆོས་རྣམས་མ་ལུས་ཐམས་ཅད་ནི༔ གཟུང་དུ་མེད་ལ་འཛིན་པ་བྲལ༔ མེ་ལོང་ནང་གི་གཟུགས་བརྙན་ལྟར༔ བརྗོད་དུ་མེད་པ་རྟོགས་པར་ཤོག༔ ཙིཏྟ་དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨཱ༔ དེ་ལྟར་དབང་ཐོབ་ནས་གཞན་དོན་བྱེད་ནུས་པའི་སླད་དུ་རྡོ་རྗེ་སློབ་དཔོན་ལ་འོས་པའི་ཡོ་བྱད་རྣམས་ཀྱིས་མངའ་གསོལ་བར་མོས་མཛོད། ཆས་རྣམས་གཏད་ལ། ཧཱུྃ༔ དཀྱིལ་འཁོར་གཙོ་བོའི་གོ་འཕང་མཉམ་པའི་ཕྱིར༔ ཁྲི་ལ་མངའ་གསོལ་གདུགས་ཕུབ་རྒྱལ་མཚན་ཕྱར༔ རྒྱལ་བ་ཀུན་གྱི་ཤིས་པའི་མེ་ཏོག་ཀྱང༔ དེ་རིང་འདི་ལ་ཀུན་གྱིས་འཐོར་བར་ཤོག༔ ཅེས་རྟེན་སྙིང་བརྗོད་ཅིང་མེ་ཏོག་འཐོར། དེས་ཡོ་ག་རིགས་ལྔའི་དཀྱིལ་འཁོར་དུ་སློབ་མའི་དབང་རྗེས་འབྲེལ་དང་བཅས་པ་དང་སློབ་དཔོན་གྱི་དབང་བཅས་ཐོབ། ནང་ཐབས་ཤེས་ཀྱི་ལམ་ཕྱག་རྒྱ་བཞི་དང་འབྲེལ་བའི་མཚན་བཅས་དང་མཚན་མེད་ཀྱི་རྣལ་འབྱོར་ཟབ་མོ་གཙོ་བོར་སྒྲུབ་པ་ཡོ་གའི་ཐེག་པ་ཡོངས་སུ་རྫོགས་པ་ལ་དབང་འབྱོར། རིགས་ལྔ་ཡེ་ཤེས་ལྔའི་ངོ་བོ་མངོན་དུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་རྩ་བ་ནང་རྒྱུད་གསུམ་བསྒྲིལ་གྱི་དབང་ལ་གཉིས། རྩ་དབང་དངོས་དང་། མཐའ་རྟེན་གྱི་དབང་ངོ་། །དང་པོ་ནི། འདིར་དཀྱིལ་འཁོར་ལ་ཡོལ་བ་གཏང་། དེ་རྣམས་ཀྱིས་ཡན་ལག་ཐེག་པ་དགུ་བསྒྲིལ་གྱི་དབང་རྣམས་ལེགས་པར་གྲུབ། ད་ནི་རྩ་བ་མངོན་རྫོགས་རྒྱལ་པོའི་དཀྱིལ་འཁོར་དུ་ནང་རྒྱུད་གསུམ་བསྒྲིལ་གྱི་དབང་བསྐུར་བ་ལ། ཐོག་མར་ཕྱི་འཇུག་གི་སླད་དུ་ཁྱེད་རང་རྣམས་དཀྱིལ་འཁོར་ཁང་པའི་ཕྱི་རོལ་གྱི་སྒོ་དྲུང་དུ་འཁོད་པར་མོས་ཏེ་སྒོ་སྲུང་ཁྲོ་བོ་རྣམས་ལ་སྒོ་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ ཡེ་གསང་ཐབས་ཀྱི་སྒོ་བ་རྣམས༔ རིག་པའི་ཡེ་ཤེས་མཐོང་འདོད་པས༔ བདག་ཅག་སྐལ་ལྡན་ཕོ་མོ་རྣམས༔ ཐར་པའི་གྲོང་དུ་གཏོང་བར་གསོལ༔ ལན་གསུམ། དེའི་ལན་དུ་སྒོ་སྲུང་ཁྲོ་བོས་འདི་སྐད་བསྒོས་པར་མོས་ཤིག །ཧཱུྃ༔ རིག་པའི་ཡེ་ཤེས་མཐོང་འདོད་ན༔ བླ་མ་དཔལ་ཆེན་མཁའ་འགྲོ་མའི༔ བཀའ་བཞིན་དམ་ཚིག་ཐུབ་པ་དང༔ སྡོམ་པ་ལ་ནི་གནས་པར་གྱིས༔ ཞེས་གསུངས་ཤིང་ཕོ་བྲང་ཆེན་པོའི་སྒོ་ཤག་གིས་ཕྱེས་ཏེ་ནང་དུ་བཏང་བའི་མོས་པ་མཛོད། འདིར་ཁྲུས་དང་བགེགས་བསལ་བ་འབྱུང་ཡང་དབང་གོང་མ་རྣམས་དང་སྦྲེལ་ཚེ་སྔར་སོང་བས་འཐུས། བླ་མ་དཔལ་ཆེན་མངོན་རྫོགས་རྒྱལ་པོའི་ངོ་བོར་བཞུགས་པ་ལ་རྩ་བའི་དབང་བསྐུར་ཟབ་མོ་ཞུ་བའི་དོན་དུ་མཎྜལ་འབུལ་བ་མཛོད། ཅེས་མཎྜལ་ཕུལ། ཐོག་མར་ཁྱེད་རང་རྣམས་དཔལ་ཆེན་ཁྲག་འཐུང་མངོན་རྫོགས་རྒྱལ་པོའི་དཀྱིལ་འཁོར་ཆེན་པོ་མ་མཇལ་བའི་སྒྲིབ་གཡོགས་དང་བཅས་པར་མཚོན་ཕྱིར་མིག་དར་རེ་འཆིང་བ་ཞུ། ཨཱོྃ་ཨཱཿཧཱུྃ་གིས་མིག་དར་བཅིང་། ལྷ་དང་མཇལ་བའི་ཕྱག་རྟེན་དུ་མེ་ཏོག་གསར་པ་རེ་ཐོགས་པ་མཛོད། ཨཱ་ཁཾ་བཱི་ར་ཧཱུྃ་གིས་གཏད། ཐལ་མོ་མེ་ཏོག་དང་བཅས་པས་ཐར་པ་ཆེན་པོའི་གྲོང་ཁྱེར་དུ་གཞུག་པར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ ཧེ་རུ་ཀཿདང་གཉིས་མེད་པའི༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ ཁྲག་འཐུང་ཆེན་པོའི་གྲོང་ཁྱེར་དུ༔ བདག་ཅག་མགོན་པོས་གཞུག་པར་འཚལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་སློབ་དཔོན་གྱིས་དམ་ཚིག་གི་བསླབ་བྱ་བསྙད་ཅིང་སྤྲོ་བ་བསྐྱེད་པའི་སྒོ་ནས་ལན་སྦྱིན་པ་འདི་ལ་གསན་པས་ཁྱབ་སྟེ། དེ་ལྟར་ཡིན་ན་ཧེ་རུ་ཀའི༔ གྲོང་ཁྱེར་ཆེན་པོར་གཞུག་པར་བྱ༔ བླ་མེད་རྒྱུད་ལས་གང་གསུངས་པའི༔ དམ་ཚིག་ཐམས་ཅད་ཐུབ་པར་གྱིས༔ གསང་སྔགས་ལམ་མཆོག་རྙེད་པ་ནི༔ བསྐལ་པ་བརྒྱ་ལམ་རེས་འགའ་ཙམ༔ ཨུ་དུམ་ཝཱ་རའི་མེ་ཏོག་འདྲ༔ དེས་ན་དགའ་ཞིང་སྤྲོ་བར་གྱིས༔ ཞེས་གདམས། རྡོ་རྗེ་ཐེག་པ་སྤྱི་དང་ཁྱད་པར་ལྷག་པས་བསྡུས་པའི་དམ་ཚིག་མཐའ་དག་ཚུལ་བཞིན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས། བདེ་བར་གཤེགས་པ་ཧེ་རུ་ཀའི༔ བདག་ཉིད་བླ་མ་དགོངས་སུ་གསོལ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་དང༔ མི་སྤང་ལྔ་དང་དང་ལེན་ལྔ༔ ཤེས་བྱ་ལྔ་དང་བསྒྲུབ་བྱ་ལྔ༔ སྤྱད་པར་བྱ་བའི་དམ་ཚིག་ལྔ༔ མ་ལུས་བདག་གིས་གཟུང་བར་བགྱི༔ སྲོག་གི་ཕྱིར་ཡང་མི་གཏོང་ངོ༔ ལན་གསུམ། འདི་ལྟར་ཁས་བླངས་པའི་དམ་ཚིག་གི་གནས་རྣམས་ལས་ནམ་ཡང་འདར་རུང་བ་མ་ཡིན་པས་ཁེ་ཉེན་གྱི་གནད་ལ་བཀར་ནས་དམ་ལ་གཞག་པར་བྱ་བ་ལགས་ཏེ། རྡོ་རྗེ་སྤྱི་བོར་བཞག་ལ། ཧོ༔ བདག་ནི་ཧེ་རུ་ཀཿདཔལ་ཏེ༔ ང་ལ་བརྙས་པར་མི་རུང་ངོ༔ ཚུལ་འདི་ལས་ནི་འདས་པ་ན༔ དཀྱིལ་འཁོར་གཙོ་བོར་འགལ་བར་འགྱུར༔ ཨཱོྃ་བཛྲ་ས་མ་ཡ་ཧཱུྃ༔ རྡོ་རྗེ་སྙིང་གར་བཞག་ལ། ཧེ་རུ་ཀཿདཔལ་བདག་གིས་ནི༔ བསྒོ་བའི་བཀའ་ལ་ཉན་པར་གྱིས༔ གལ་ཏེ་བཀའ་ལས་འདས་པ་ན༔ གསང་སྔགས་འབྲས་བུ་ཐོབ་འདོད་མིན༔ བཛྲ་ས་མ་ཡ་ཏིཥྛ༔ དམ་ཆུ་བདུད་རྩི་སྦྱིན་ལ། འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ དམ་བསྲུངས་ཡེ་ཤེས་སེམས་དཔའ་སྟེ༔ འདས་ན་ཡཀྴ་ནག་པོར་འགྱུར༔ སྙིང་ཁྲག་འཐུང་ཞིང་དམྱལ་བར་ལྟུང༔ དེ་བས་དམ་ཚིག་ཐུབ་པར་གྱིས༔ བཛྲ་ས་མ་ཡ་རཀྴ་སི་ཧཱུྃ༔ རྡོ་རྗེ་གདེངས་ལ། ཧེ་རུ་ཀཿདཔལ་ཚུལ་འདི་ནི༔ གསང་བས་བྱིན་རླབས་བླ་ན་མེད༔ ཚུལ་འདི་སྨྲས་ཤིང་བདག་བརྙས་ན༔ དམ་ཚིག་ལས་ནི་འགལ་བར་འགྱུར༔ དེ་བས་སྙིང་ནས་བྲོ་བོར་ཅིག༔ ཁྱེད་རང་རྣམས་ཀྱི་ལག་གཉིས་རྡོ་རྗེ་རྩེ་གཅིག་གི་ཕྱག་རྒྱ་སྙིང་གར་བཟུང་ལ་གསང་བའི་དམ་ཚིག་གཉན་པོ་ལས་ནམ་ཡང་མི་འདའ་འོ་སྙམ་པས་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ཨཱོྃ་བཛྲ་ས་མ་ཡ་ཨི་དན་ན་ར་ཀན༔ ཞེས་བྲོ་བོར། དེ་ནས་དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་རྣམས་ལུས་གནད་སྐྱིལ་ཀྲུང་དྲང་པོར་སྲོངས། ངག་གནད་སྲོག་རྩོལ་ཁ་སྦྱོར་དུ་ཆིངས། སེམས་ཀྱི་གནད་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད། སྣང་སྲིད་ཆོས་འབྱུང་ཆེན་པོར་བསམ༔ དབུས་སུ་སློབ་མ་མངོན་རྫོགས་རྒྱལ༔ ཧེ་རུ་ཀཿདཔལ་ཞལ་གཅིག་པ༔ སྨུག་ནག་ཕྱག་གཉིས་གྲི་ཐོད་འཛིན༔ ཞབས་གཉིས་སྐྱིལ་ཀྲུང་ཡུམ་དང་འཁྲིལ༔ བམ་རོ་པད་ཉིར་གནས་པ་ཡི༔ སྙིང་གར་ཆོས་འབྱུང་དམར་པོའི་ནང༔ ཨ་ཤད་དམར་པོ་འོད་འབར་སྒོམས༔ སློབ་དཔོན་ཧེ་རུ་ཀཿདཔལ་གྱི༔ ཐུགས་སྲོག་ཧཱུྃ་གི་འོད་ཟེར་གྱིས། །དབྱིངས་ནས་ཡེ་ཤེས་སེམས་དཔའི་ཚོགས། །དཔག་མེད་ཆར་ཆེན་བབས་པ་བཞིན། །སྤྱན་དྲངས་སློབ་བུའི་སྒོ་གསུམ་དང་། ཁྱད་པར་སྙིང་གའི་ཨ་ཤད་ལ། །སིབ་སིབ་ཐིམ་པས་བདེ་དྲོད་གཡོས། །ཡེ་ཤེས་གཟི་བྱིན་འབར་བར་སྒོམས། །ཞེས་དམིགས་པ་ཕོག་ལ་འབེབ་པའི་རྫས་དུད་རོལ་མོའི་སྒྲ་དང་སྦྱར་ཏེ། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ་ཨ་ཧཾ༔ ཧ་ཧ་ཧ་ཧཱུྃ་ཧཱུྃ་ཧཱུྃ༔ ཨཱ་རལླི་ཨེ་ཧྱེ་ཧི་ཨ་ཧཾ༔ བཛྲ་ས་མ་ཡ་ཛཿཨ་ཧཾ༔ ཞེས་མང་དུ་བརྗོད་པས་དབབ་ལ་ཕེབས་རྟགས་བྱུང་བ་ན། དེ་ལྟར་བྱིན་དབབ་པའི་ཡེ་ཤེས་པ་དེ་ཉིད་བྱང་ཆུབ་མ་འཐོབ་ཀྱི་བར་དུ་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ། ཞེས་རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་གཞག །མེ་ཏོག་འདོར་བའི་ར་བ་བཀོད་ལ། ཧོ༔ བདེ་གཤེགས་རྒྱལ་བའི་ཕོ་བྲང་འདིར༔ ཡེ་ཤེས་ལྷ་ཚོགས་དངོས་སུ་བཞུགས༔ འབྲེལ་པ་གང་ཡོད་བརྟག་པའི་ཕྱིར༔ རིག་པའི་མེ་ཏོག་ལྷ་ལ་ཕུལ༔ ཁྱེད་རང་རྣམས་ལ་སྔར་བྱིན་པའི་མེ་ཏོག་དེ་ཉིད་དཀྱིལ་འཁོར་གྱི་ལྷ་ལ་འབུལ་བའི་མོས་པས་ཚིག་འདིའི་རྗེས་ཟློས་དང་བཅས་ཚོམ་བུའི་དཀྱིལ་འཁོར་དུ་འདོར་བ་ཞུ། ཧོ༔ བསྐལ་པ་སྔོན་ནས་འབྲེལ་པ་ཡི༔ ཡེ་ཤེས་རིག་པའི་ལྷ་མཆོག་ལ༔ རང་རིག་ལྷ་དང་ངོ་འཕྲོད་ཕྱིར༔ ཁ་དོག་ལྔ་ལྡན་མེ་ཏོག་འབུལ༔ ཐུགས་ཀྱིས་དགྱེས་པར་བཞེས་སུ་གསོལ༔ བཛྲ་པུཥྤེ་པྲ་ཏཱིཙྪ་ཧོ༔ ཞེས་འདོར་དུ་གཞུག་ལ། དབུས་སུ་བབས་ན་བུདྡྷ་ཧེ་རུ་ཀཿདཔལ། དེ་བཞིན་དུ་ཕྱོགས་བཞིར་བཛྲ་སོགས་རིགས་བཞི། མཚམས་བཞིར་གུ་ཧྱ་སོགས་གསང་མཚན་སོ་སོར་འདོགས་པའམ། སྤྱི་ཁྱབ་ཙམ་དུ། དེ་ལྟར་ཕུལ་པའི་མེ་ཏོག་དེ་ཉིད་དབུས་དང་ཕྱོགས་མཚམས་གང་དུ་ཕོག་ཀྱང་འདྲ་སྟེ། ཚོམ་བུའི་དཀྱིལ་འཁོར་ཇི་ལྟར་སྣང་བ་ཐམས་ཅད་གཙོ་བོའི་ཐུགས་ཡེ་ཤེས་ཀྱི་རང་རྩལ་ཁོ་ན་ལས་གཞན་དུ་མ་དམིགས་པའི་ཕྱིར་ཁྱེད་རང་རྣམས་ཀྱི་མེ་ཏོག་གཙོ་བོ་ལ་ཕོག་པ་ཡིན་པས་གསང་བའི་མཚན་ཡང་བུདྡྷ་ཧེ་རུ་ཀཿཞེས་བྱ་བར་ཟུངས་ཤིག །ལྷ་དང་མི་འབྲལ་ཞིང་རང་རྒྱུད་བྱིན་གྱིས་རློབ་པའི་བརྡར་མེ་ཏོག་དེ་ཉིད་སླར་ཡང་དབང་རྟགས་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིངས་པར་མོས་ཤིག །ཧོ༔ ཡེ་ཤེས་ལྷ་ཚོགས་ཐམས་ཅད་ལ༔ རིག་པའི་མེ་ཏོག་ཕུལ་པ་ཡི༔ བྱིན་རླབས་བསམ་མི་ཁྱབ་པ་དེ༔ རང་རིག་ལྷ་དང་ངོ་འཕྲོད་དེ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ༔ དཔལ་ཆེན་པོ་དང་དབྱེར་མེད་ཤོག༔ པུཥྤེ་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བཱ་ལ༔ ཞེས་མེ་ཏོག་སྤྱི་བོར་གཞག །དེ་ནས་མིག་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བདེ་བར་གཤེགས་པ་མིག་མཁན་རྒྱལ༔ ཧེ་རུ་ཀཿདཔལ་མཐོང་བྱའི་ཕྱིར༔ བསྐལ་པ་སྔོན་ནས་བསྒྲིབས་པ་ཡི༔ མ་རིག་ལིང་ཏོག་བསལ་དུ་གསོལ༔ གསེར་ཐུར་ཐོགས་ལ། ཡེ་ཤེས་རིག་པའི་ཐུར་མས་ལྷན་སྐྱེས་མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བར་མོས་ཤིག །ཧོ༔ དེང་ཁྱོད་ཧེ་རུ་ཀཿདཔལ་གྱིས༔ ཡེ་ཤེས་མཆོག་གི་མིག་དབྱེ་མཛད༔ རབ་རིབ་བདེ་བར་གཤེགས་པས་བསལ༔ ཡེ་ཤེས་མཆོག་ནི་མཐོང་བར་འགྱུར༔ བཛྲ་ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དར་དང་ཡོལ་བ་བསལ་ལ། རྡོ་རྗེའམ་ཕྱག་ཤིང་གིས་མཚོན་ཏེ། ཧོ༔ ལྟོས་ཤིག་ལྟོས་ཤིག་རིགས་ཀྱི་བུ༔ མཐོང་ན་ཡེ་ཤེས་མྱུར་དུ་རྟོགས༔ འདི་ན་ཧེ་རུ་ཀཿདཔལ་གྱི༔ གྲོང་ཁྱེར་བླ་ན་མེད་པ་བཞུགས༔ སྐད་ཅིག་མཐོང་བ་ཙམ་གྱིས་ནི༔ བསྐལ་པ་དུ་མའི་སྒྲིབ་པ་སྦྱོང༔ དེ་ལྟར་དྲི་མེད་ཡེ་ཤེས་ཀྱི་མིག་ཐོབ་པ་ལ་བརྟེན་ནས་དཔལ་ཆེན་མངོན་རྫོགས་རྒྱལ་པོའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཇལ་བར་མོས་ལ་དད་པ་དང་སྤྲོ་བ་རྒྱ་ཆེན་པོ་བསྐྱེད་མཛོད། དེའང་ཏིང་འཛིན་གྱི་དཀྱིལ་འཁོར་མཚོན་བྱེད་དཔེའི་དཀྱིལ་འཁོར་འདི་དང་དབྱེར་མེད་ཅིང་། མཚོན་བྱ་དོན་གྱི་དཀྱིལ་འཁོར་གཉུག་མ་མི་ཤིགས་པའི་ཐིག་ལེ་སྐུ་དང་ཡེ་ཤེས་ཀྱི་འཁོར་ལོ་ཡེ་ནས་རང་ཆས་ལྷུན་གྲུབ་ཏུ་བཞུགས་པ་ཉིད་ངོ་ཤེས་པར་གྱིས་ཤིག །དེ་རྣམས་ཀྱིས་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། ཞུགས་པའི་དཀྱིལ་འཁོར་དེར་དབང་བསྐུར་བ་དངོས་གཞི་ཞུ་བའི་སླད་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧཱུྃ༔ དཔལ་ཆེན་མངོན་རྫོགས་དཀྱིལ་འཁོར་འདིར༔ ཞུགས་ཀྱང་སྨིན་པར་མཛད་དུ་གསོལ༔ སྨིན་ཅིང་གྲོལ་བ་མཐར་ཕྱིན་ཅིང༔ མི་གནས་ཀློང་དུ་སྐྱེལ་བར་མཛོད༔ ལན་གསུམ། དབང་དངོས་ལ་ཕྱི་ཕན་པའི་དབང་། ནང་ནུས་པའི་དབང་། གསང་བ་ཟབ་མོའི་དབང་རྣམས་སུ་ཡོད་པ་ལས། དང་པོ་ཕྱི་ཕན་པའི་དབང་གི་སླད་དུ། ཐོག་མར་མ་རིག་པ་ལྔ་ཡེ་ཤེས་ལྔར་དག་པའི་ཆེད་དུ་རིག་པའི་དབང་ལྔ་བསྐུར་བ་ལ། ནམ་མཁའ་གང་བར་སད་པའི་དབང་ལྷ་རྣམས་ཀྱིས་བཀྲ་ཤིས་པའི་རྣམས་པ་དུ་མ་དང་བཅས་ཏེ། བུམ་པ་རང་བྱུང་གི་གཞལ་མེད་ཁང་ཆེན་པོར་བུམ་བཅུད་ཧེ་རུ་ཀཿདཔལ་ཞུ་བའི་རང་བཞིན་ཅན་གྱི་བདུད་རྩིའི་ཆུ་རྒྱུན་གྱིས་མངོན་པར་དབང་བསྐུར་བར་མོས་ཤིག །རྣམ་བུམ་ཐོགས་ལ། ཧཱུྃ༔ རང་བྱུང་ཡེ་ཤེས་བུམ་པ་རུ༔ ཧེ་རུ་ཀཿདཔལ་ལྷ་ཚོགས་བཞུགས༔ ཐབས་ཤེས་གཉིས་མེད་ཞུ་བའི་ཆུས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཨཱོྃ་ཤྲཱི་ཧེ་རུ་ཀཿཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྤྱི་བོར་བཞག་ཅིང་བུམ་ཆུ་སྦྱིན། དཔལ་རིགས་ལྔ་ཧེ་རུ་ཀའི་རང་བཞིན་ཅན་གྱི་རིན་པོ་ཆེའི་དབུ་རྒྱན་དར་དཔྱང་དང་ལྡན་པ་སྤྱི་བོར་བཅིངས་ཏེ་དབང་བསྐུར་བར་མོས་ཤིག །དབུ་རྒྱན་ཐོགས་ལ། ཧཱུྃ༔ ཧེ་རུ་ཀཿདཔལ་དབང་གི་རྟགས༔ ཁྲག་འཐུང་ལྔ་ཡི་ཅོད་པན་དང༔ ཐབས་དང་ཤེས་རབ་དབྱེར་མེད་པའི༔ དར་འཕྱང་དབང་བསྐུར་སྦྱིན་པར་བྱ༔ ཨཱོྃ་ཤྲཱི་ཧེ་རུ་ཀཿརཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཏྲཱྃ༔ ཞེས་མགོ་བོར་གཞག །ཐབས་བདེ་བ་ཆེན་པོའི་རང་བཞིན་ཅན་གྱི་རྡོ་རྗེ་ཕྱག་གཡས་སུ་གཏད་དེ་དབང་བསྐུར་བར་མོས་ཤིག །རྡོ་རྗེ་ཐོགས་ལ། ཧཱུྃ༔ ཡེ་ཤེས་ལྔ་ལས་རང་བྱུང་བ༔ ཐབས་ཀྱི་རང་བཞིན་རྡོ་རྗེ་ཆེ། སངས་རྒྱས་ཀུན་གྱི་གསང་གསུམ་ལས༔ བྱུང་བའི་རྡོ་རྗེས་དབང་བསྐུར་རོ༔ ཨཱོྃ་ཤྲཱི་ཧེ་རུ་ཀཿབཛྲ་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་ལག་གཡས་སུ་གཏད་པ་གསོར་ཞིང་སྙིང་གར་གཟུང་དུ་བཅུག །ཤེས་རབ་སྟོང་པ་ཉིད་ཀྱི་རང་བཞིན་དྲིལ་བུ་ཕྱག་གཡོན་དུ་གཏད་དེ་དབང་བསྐུར་བར་མོས་ཤིག །དྲིལ་བུ་ཐོགས་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་དབྱངས་ལྡན་པའི༔ ཤེས་རབ་རང་བཞིན་དྲིལ་བུ་ཆེ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་ལས༔ བྱུང་བའི་དྲིལ་བུས་དབང་བསྐུར་རོ༔ ཨཱོྃ་ཤྲཱི་ཧེ་རུ་ཀཿགཎྜེ་ཨ་བྷི་ཥིཉྩ་ཨཱ༔ ཞེས་ལག་གཡོན་དུ་གཏད་པ་དཀྲོལ་ཞིང་དཀུར་བརྟེན་དུ་བཅུག །ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་རྣམས་དང་སློབ་དཔོན་ལྷན་ཅིག་པས་རྡོ་རྗེའི་མིང་གི་དབང་བསྐུར་བར་མོས་ཤིག །རྡོར་དྲིལ་བསྣོལ་མ་ཐོགས་ལ། ཧཱུྃ༔ བདེ་བར་གཤེགས་པ་ཐམས་ཅད་ཀྱིས༔ སེམས་དཔར་མིང་ནི་བཏགས་པ་བཞིན༔ རྒྱལ་བའི་མིང་ནི་བླ་ན་མེད༔ ས་གསུམ་གྲགས་པར་དབང་བསྐུར་རོ༔ ཨཱོྃ་ཤྲཱི་ཧེ་རུ་ཀཿཀྱེ་དཔལ་བུདྡྷ་ཧེ་རུ་ཀཿཞེས་བྱ་བའི་ཁྲོ་བོའི་རྒྱལ་པོ་འོ། །ཞེས་དྲིལ་བུ་སྨིན་མཚམས་སུ་དཀྲོལ། དེ་རྣམས་ཀྱིས་ཐུན་མོང་རིག་པའི་དབང་ལྔ་ཐོབ། ཉོན་མོངས་པ་ལྔ་དག །ཡེ་ཤེས་ལྔ་རྒྱུད་ལ་སྐྱེས། ཁྲག་འཐུང་རིགས་ལྔའི་གོ་འཕང་འགྲུབ་པའི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །དེ་ནས་ནང་ནུས་པ་འཇུག་པའི་དབང་ལ་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་ལས། ཐོག་མར་སྐུའི་རྗེས་གནང་གི་སླད་དུ། དཀྱིལ་འཁོར་པའི་ཡེ་ཤེས་ཕྱག་རྒྱའི་སྐུ་ལས་སྐུ་གཉིས་པ་རེ་འཕྲོས། ཁྱེད་རང་མངོན་རྫོགས་ཧེ་རུ་ཀར་གསལ་བའི་སྤྱི་བོ་ནས་ཞུགས་ཏེ་ལུས་ལ་ཐིམ་པར་མོས་ཤིག །སྐུ་ཙཀ་རྣམས་རིམ་པར་ཐོགས་ལ། ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ དབུས་ཀྱི་ཧེ་རུ་ཀཿདཔལ་ཏེ༔ མངོན་རྫོགས་རྒྱལ་པོ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨཱོྃ་ཤྲཱི་ཧེ་རུ་ཀཿཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ ཤར་གྱི་ཧེ་རུ་ཀཿདཔལ་ཏེ༔ བཅོམ་ལྡན་བཛྲ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨཱོྃ་བཛྲ་ཤྲཱི་ཧེ་རུ་ཀཿཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ ལྷོ་ཡི་ཧེ་རུ་ཀཿདཔལ་ཏེ༔ བཅོམ་ལྡན་རཏྣ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨཱོྃ་རཏྣ་ཤྲཱི་ཧེ་རུ་ཀཿཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ ནུབ་ཀྱི་ཧེ་རུ་ཀཿདཔལ་ཏེ༔ བཅོམ་ལྡན་པདྨ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨཱོྃ་པདྨ་ཤྲཱི་ཧེ་རུ་ཀཿཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ བྱང་གི་ཧེ་རུ་ཀཿདཔལ་ཏེ༔ བཅོམ་ལྡན་ཀརྨ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨཱོྃ་ཀརྨ་ཤྲཱི་ཧེ་རུ་ཀཿཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ ཤར་ལྷོའི་ཧེ་རུ་ཀཿདཔལ་ཏེ༔ བཅོམ་ལྡན་གུ་ཧྱ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨཱོྃ་གུ་ཧྱ་ཤྲཱི་ཧེ་རུ་ཀཿཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ ལྷོ་ནུབ་ཧེ་རུ་ཀཿདཔལ་ཏེ༔ བཅོམ་ལྡན་ས་ནུ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨཱོྃ་ས་ནུ་ཤྲཱི་ཧེ་རུ་ཀཿཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ ནུབ་བྱང་ཧེ་རུ་ཀཿདཔལ་ཏེ༔ བཅོམ་ལྡན་ཡཀྴ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨཱོྃ་ཡཀྴ་ཤྲཱི་ཧེ་རུ་ཀཿཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ བྱང་ཤར་ཧེ་རུ་ཀཿདཔལ་ཏེ༔ བཅོམ་ལྡན་རཀྴ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨཱོྃ་རཀྴ་ཤྲཱི་ཧེ་རུ་ཀཿཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཞེས་སྤྱི་བོར་བསྐུར། དེ་ནས་གསུང་གི་རྗེས་སུ་གནང་བའི་སླད་དུ། ཁྱེད་རང་རྣམས་དཔལ་ཆེན་པོར་གསལ་བའི་སྙིང་གར་ཉི་མའི་སྟེང་དུ་རྡོ་རྗེ་རྩེ་དགུ་པའི་ལྟེ་བར་ཧཱུྃ་མཐིང་ནག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ། སློབ་དཔོན་དཔལ་ཆེན་པོའི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་བྱུང་། ཞལ་ནས་ཐོན་ཏེ་ཁྱེད་རང་གི་ཞལ་དུ་ཞུགས། ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས་བརྟན་གཡོའི་སྒྲ་སྐད་ཐམས་ཅད་གྲགས་སྟོང་གཞོམ་མེད་སྔགས་ཀྱི་རོལ་པར་གྲགས་པར་མོས་ལ་སྔགས་འདིའི་རྗེས་ཟློས། ཨཱོྃ་བཛྲ་ཀྲོ་དྷ་སོགས་བསྐྱེད་པའི་བྱང་བུ་ལྟར་སྙིང་པོ་དང་ཡང་སྙིང་བཅས་རྗེས་ཟློས་ལན་གསུམ་རེ་བྱ། དེ་ནས་ཐུགས་ཀྱི་རྗེས་སུ་གནང་བའི་སླད་དུ་སེམས་དུས་གསུམ་གྱི་སྤྲོས་པ་ཆོད་ལ་རང་བབས་གཉུག་མའི་གཤིས་ལུགས་འོད་གསལ་རྣམ་པར་མི་རྟོག་པའི་ངང་དུ་མཉམ་པར་འཇོག་མཛོད། ཅེས་དར་ཅིག་མཉམ་པར་གཞག །དེ་ལྟར་མཉམ་པར་བཞག་པས་གདོད་ནས་རྣམ་པར་དག་པ་ཆོས་ཉིད་རང་བྱུང་གི་ཡེ་ཤེས་དཔལ་ཆེན་ཧེ་རུ་ཀའི་ཐུགས་ཀྱི་གསང་བ་རིག་སྟོང་རྗེན་པའི་ངོ་བོ་ཡེ་ནས་རང་དང་ལྷན་ཅིག་སྐྱེས་པའི་གནས་ལུགས་ཉིད་མངོན་དུ་གྱུར་པའི་ངེས་ཤེས་བསྐྱེད་མཛོད། དེ་རྣམས་ཀྱི་རྗེས་འབྲེལ་དུ་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་ཞིང་ལུང་བསྟན་པའི་སྒོ་ནས་དབུགས་དབྱུང་བའི་ཕྱིར། ཁྱེད་རང་རྣམས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་ལ་གནས་པའི་སྟེང་དུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་ཕུབ་ཅིང་། རྐང་འོག་ཏུ་འཁོར་ལོ། ལག་ཏུ་རྡོར་དྲིལ་དུང་དང་གླེགས་བམ་ཕྱག་ཤིང་རྣམས་གཏད་ནས་རྡོ་རྗེ་སློབ་དཔོན་གྱི་དབང་གི་བྱེད་ལས་གཞན་དོན་འཆད་ཕྲིན་གྱི་གནང་བ་བསྩལ་བར་མོས་ཤིག །ཡོ་བྱད་རྣམས་གཏད་ལ། ཧཱུྃ༔ རང་བྱུང་ལྷུན་གྲུབ་དགོངས་པ་མངོན་གྱུར་པའི༔ རྡོ་རྗེ་སློབ་དཔོན་བདག་པོའི་དབང་ཐམས་ཅད༔ དེང་འདིར་རྡོ་རྗེ་སློབ་དཔོན་འདིར་རྫོགས་ནས༔ རྒྱལ་བ་རྣམས་ཀྱིས་ཤིས་པ་བརྗོད་གྱུར་ཅིག༔ ཅེས་དང་། རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་མཐོར། སློབ་དཔོན་གྱི་ལག་གཡོན་པས་ཆོས་གོས་ཀྱི་གྲྭ་རི་དྭགས་ཀྱི་རྣ་བ་ལྟར་གཟུང་། གཡས་སྐྱབས་སྦྱིན་དང་བཅས་བཞེངས་ཏེ། སློབ་དཔོན་དེ་བཞིན་གཤེགས་པ་སྤྲུལ་པའི་སྐུའི་ཆ་བྱད་ཅན་དུ་བཞེངས་ཏེ་ཁྱེད་རང་རྣམས་བྱང་ཆུབ་མཆོག་ཏུ་ལུང་བསྟན་པར་མོས་ཤིག །འདིར་ནི་ཁྱེད་ལ་ངས་ལུང་བསྟན༔ མངོན་རྫོགས་རྒྱལ་པོ་ཞེས་བྱ་བ༔ སྲིད་པ་ཀུན་ལས་རྣམ་གྲོལ་བའི༔ དེ་བཞིན་གཤེགས་པ་ཉིད་ཡིན་ནོ༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་སྭ་བྷཱ་ཝ་བྷུརྦྷུ་ཝ་སྭ༔ འདི་ལྟར་ངས་ལུང་བསྟན་པའི་དབྱངས་ནི་ས་འོག་ས་སྟེང་ས་བླ་རྣམས་སུ་གྲགས་ཤིང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་མགྲིན་གཅིག་ཏུ་ལུང་སྟོན་པ་དང་དབུགས་དབྱུང་བར་འགྱུར་བ་ཡིན་ནོ། །འདི་ཉིད་གཞུང་དུ། སློབ་མ་ཁྲིར་བཀོད་གདུགས་ཕུབ་ལ༔ མངའ་གསོལ་ཤིས་བརྗོད་ཅི་རིགས་བྱ༔ ལུང་བསྟན་བདག་པོའི་དབང་རྫོགས་བསྒོམ༔ ཞེས་པ་ཙམ་ལས་བསྐུར་ཚིག་མ་བྱུང་བས་ཕྱི་སྐོར་ཞི་བ་རྡོར་དབྱིངས་དང་རིགས་མཐུན་ལས་ཁ་བསྐང་བའོ། །དེ་ལྟར་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་རྗེས་འབྲེལ་དང་བཅས་པ་ཐོབ། ལུས་རྩའི་སྒྲིབ་པ་དག །སྣང་སྟོང་བསྐྱེད་པའི་རིམ་པ་མ་ཧཱ་ཡོ་ག་སྒོམ་པ་ལ་དབང་། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འགྲུབ་པའི་ནུས་པ་རྒྱུད་ལ་བཞག་པ་ཡིན་ནོ། །དེ་ནས་གསང་བ་ཟབ་མོའི་དབང་གསུམ་བསྐུར་བ་ལ། ཐོག་མར་གསང་བའི་དབང་གི་སླད་དུ། སློབ་དཔོན་དཔལ་ཆེན་ཧེ་རུ་ཀཿཡབ་ཡུམ་བདེ་ཆེན་དགྱེས་པར་རོལ་པའི་བྱང་སེམས་དཀར་དམར་གྱི་རྒྱུན་ཐོད་པའི་བདུད་རྩི་དང་རོ་གཅིག་པ་དེ་ཉིད་ཁྱེད་རང་རྣམས་ཀྱི་ལྕེ་ཐོག་ཏུ་བཞག་པར་མོས་ཤིག །ཐོད་པའི་བདུད་རྩི་ཐོགས་ལ། ཧཱུྃ༔ ཧེ་རུ་ཀཿདཔལ་མངོན་རྫོགས་རྒྱལ༔ ཡུམ་མཆོག་ཙཎྜ་ལཱི་དང་སྦྱོར༔ རྒྱལ་བའི་ཟག་མེད་བྱང་སེམས་བསྡུས༔ བདེ་སྟོང་ཟུང་འཇུག་རྟོགས་ཕྱིར་སྦྱིན༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བདུད་རྩི་སྦྱིན་པ་མྱང་དུ་གཅུག །ཞེས་བདུད་རྩི་མྱངས་པས་རྩ་ཁམས་ཐམས་ཅད་བདུད་རྩིས་གང་སྟེ་བདེ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཤིག །དེས་སློབ་དཔོན་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་རླུང་གི་སྒྲིབ་པ་དག །གསལ་སྟོང་བདག་བྱིན་རླབས་ཀྱི་རིམ་པ་སྒོམ་པ་ལ་དབང་། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ་འགྲུབ་པའི་ནུས་པ་རྒྱུད་ལ་བཞག་པ་ཡིན་ནོ། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། པདྨ་ཅན་གྱི་ཤེས་རབ་མ་གནམ་ཞལ་དབྱིངས་ཕྱུག་མའི་ངོ་བོར་སྤྲོས་པའི་ལག་གཡོན་ནས་བཟུང་སྟེ་ཁྱེད་རང་རྣམས་ཀྱི་ལག་གཡས་པར་གཏད་དེ་ཐར་པ་བརྟེན་པར་བསྐུལ་བར་མོས་ཤིག །རིག་མའི་ཙཀླི་ཐོགས་ལ། ཧཱུྃ༔ འདི་ནི་བདེ་ཆེན་གསང་བའི་ལམ༔ འདུ་ཤེས་གསུམ་གྱིས་རྟག་ཏུ་བསྟེན༔ བདེ་ཆེན་ཡེ་ཤེས་རྟོགས་པར་བྱེད༔ འདི་སྤང་སངས་རྒྱས་ཐོབ་འདོད་མིན༔ རྒྱལ་བ་ཀུན་གྱི་གསང་ལམ་མཆོག༔ དེ་རིང་ཁྱོད་ལ་བསྟན་པར་བྱ༔ བུ་ཡིས་བདེ་བར་རྟག་ཏུ་རོལ༔ མ་ཧཱ་སུ་ཁ་བྷཉྫ་མོཀྵ༔ ཞེས་ལག་གཡས་སུ་གཏད། དེ་ལྟར་འདུ་ཤེས་གསུམ་ལྡན་གྱི་སྒོ་ནས་སྙོམས་པར་ཞུགས་པས་རྗེས་ཆགས་བདེ་ཆེན་གྱི་ཡེ་ཤེས་ཆེས་ཆེར་འབར་ཞིང་བྱང་སེམས་དབབ་ལྡོག་གི་སྦྱོར་བས་ལྷན་སྐྱེས་དགའ་བའི་ཡེ་ཤེས་རྒྱུད་ལ་བརྟན་པར་མོས་ཤིག །དེས་ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཐིག་ལེའི་སྒྲིབ་པ་དག །བདེ་སྟོང་ཕོ་ཉའི་ལམ་ཨ་ནུ་ཡོ་ག་སྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་འགྲུབ་པའི་ནུས་པ་རྒྱུད་ལ་བཞག་པ་ཡིན་ནོ། །དབང་བཞི་པ་རིག་པ་རྩལ་གྱི་དབང་གི་སླད་དུ། གཞི་ཆོས་ཉིད་སྐྱེ་བ་མེད་པའི་དབྱིངས་ལས་རྩལ་སྣང་འགག་མེད་སྣ་ཚོགས་སུ་འཆར་བ་རྡོ་རྗེ་སེམས་དཔའི་མེ་ལོང་གི་བརྡ་འདིས་མཚོན་པར་བྱ་བ་ཡིན་ཏེ། ཤེལ་རྡོ་ཐོགས་ལ། ཧཱུྃ༔ སེམས་ནི་རང་བཞིན་འོད་གསལ་བ༔ དེ་ཉིད་མི་རྟོག་སྐྱེ་བ་མེད༔ གསལ་སྟོང་འགག་མེད་བདེ་བ་ཆེ༔ ཐམས་ཅད་དབྱེར་མེད་མི་ཕྱེད་པ་འོ༔ ཡང་དག་དོན་ལ་གནས་པར་གྱིས༔ དྷརྨ་དྷཱ་ཏུ་ཨ་ཨ་ཨ༔ འདི་ལྟར་སྣང་བ་ཐམས་ཅད་སྣང་དུས་ཉིད་ནས་མ་གྲུབ་ཅིང་གདོད་ནས་ཤིན་ཏུ་རྣམ་པར་དག་པའི་དབྱིངས་སྟོང་པ་ཆེན་པོ་དང་རིག་པའི་རྩལ་སྣ་ཚོགས་སུ་ཤར་བ། མན་ཤེལ་ལ་ཡུལ་རྐྱེན་གྱིས་ཁ་དོག་སྣ་ཚོགས་སུ་སྣང་ཡང་སྟོང་པ་དང་རོ་གཅིག་པ་ལྟར། དབྱིངས་རིག་གཉིས་སུ་མེད་པའི་དོན་ངོ་ཤེས་པར་གྱིས་ལ་མཉམ་པར་འཇོག་འཚལ། དེས་ཡང་གསང་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། ཡེ་ཤེས་ཀྱི་དྲི་མ་དག །རིག་སྟོང་ཟུང་འཇུག་རྫོགས་པ་ཆེན་པོའི་ལམ་ཨ་ཏི་ཡོ་ག་སྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་འགྲུབ་པའི་ནུས་པ་རྒྱུད་ལ་བཞག་པ་ཡིན་ནོ། །གཉིས་པ་མཐའ་རྟེན་གྱི་དབང་ལ། སྒྲུབ་རྫས་ཀྱི་དབང་དང་། ཚེའི་དབང་གཉིས་ལས། དང་པོ་ནི། དེ་རྣམས་ཀྱིས་དངོས་གཞིའི་དབང་བསྐུར་བ་གྲུབ་ནས། མཐའ་རྟེན་སྒྲུབ་རྫས་ཀྱི་དབང་བསྐུར་བའི་སླད་དུ། གྲོལ་བ་བཞི་ལྡན་དམ་རྫས་ར་ས་ཡཱ་ན། ཡེ་ཤེས་ཀློང་དགུ་མཚོན་པའི་ཞུན་ཆེན་གྱི་མར་མེ། གདུག་པ་ཅན་ཚར་གཅོད་པ་ཁྲམ་ཤིང་དང་འཁོར་ལོ། འཁོར་འདས་དབང་དུ་སྡུད་པ་རྟ་མགོའི་ཕྱ་རྒྱ། ལོག་རྟོག་བདུད་དགྲ་ཐལ་བར་འབྱིན་པའི་ཕུར་བུ། སྣོད་བཅུད་ཡོངས་རྫོགས་སྲིད་པ་མདོས་ཀྱི་ཕྱག་རྒྱ། བཀྲ་ཤིས་ཚེ་གཡང་རིགས་རྒྱུད་བསོད་ནམས་སྤེལ་བ་མཐའ་རྫོགས་ཞལ་ཟས་ལོངས་སྤྱོད་ཀྱི་དབང་རྣམ་རིམ་པར་བསྐུར་བར་མོས་ཤིག །སྨན་གྱི་ཕོ་བྲང་ཐོགས་ལ། ཧཱུྃ༔ བདེ་ཆེན་ཡེ་ཤེས་བདུད་རྩི་ནི༔ ཧེ་རུ་ཀཿདཔལ་ཡབ་ཡུམ་རྣམས༔ གཉིས་མེད་སྦྱོར་བའི་དམ་ཚིག་རྫས༔ ར་ས་ཡཱ་ནས་དབང་བསྐུར་རོ༔ པཉྩ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བདུད་རྩི་མྱང་དུ་གཞུག །མར་མེ་གླིང་དགུ་ཐོགས་ལ། ཧཱུྃ༔ དབྱིངས་སུ་མཚོན་པའི་ཀོང་བུ་རུ༔ ཡེ་ཤེས་ཀློང་དགུའི་ཞུན་ཆེན་བལྟམས༔ ཧེ་རུ་ཀཿདགུའི་མེ་འབར་བ༔ སྣང་གསལ་མར་མེས་དབང་བསྐུར་རོ༔ བཛྲ་ཨཱ་ལོ་ཀེ་ཨ་བྷི་ཥིཉྩ་ཧཱུྃ༔ ཁྲམ་ཤིང་དང་འཁོར་ལོ་ཐོགས་ལ། ཧཱུྃ༔ བདུད་འདུལ་མཐུ་ཆེན་དམིགས་བྱ་ངན༔ གསད་པའི་ཁྲམ་དུ་འདེབས་པ་དང༔ ཚད་མེད་སྟོང་སྲོག་འཁོར་ལོ་ཡིས༔ གདུག་པའི་ཚོགས་འཇོམས་དབང་བསྐུར་རོ༔ ཐུམ་རིལ་ཙཀྲ་ཝརྟི་ཨ་བྷི་ཥིཉྩ་ཧཱུྃ༔ དབང་སྡུད་རྟ་མགོ་ཐོགས་ལ། ཧཱུྃ༔ རྔམ་པ་ཧི་ཧིའི་སྒྲ་ཆེན་གྱིས༔ སྣང་སྲིད་དུས་གཅིག་དབང་བསྡུས་ནས༔ ཡེ་ཤེས་འཇིག་རྟེན་ལས་ལ་ཚུད༔ མཆོག་ཐུན་འགྲུབ་པའི་དབང་ཐོབ་ཤོག༔ ཧ་ཡ་གྲཱི་ཝ་ཨ་བྷི་ཥིཉྩ་ཧཱུྃ༔ ཕུར་བུ་ཐོགས་ལ། ཧཱུྃ༔ བདུད་འདུལ་མཐུ་ཆེན་ཀཱི་ལ་ཡ༔ འཇོམས་བྱེད་ཆེན་པོའི་དབང་བསྐུར་བས༔ གསལ་བ་གསུམ་ལྡན་སྲོག་གསུམ་གསལ༔ ལོག་རྟོག་བསྒྲལ་བའི་དབང་ཐོབ་ཤོག༔ ཨཱོྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ མདོས་གཏོར་ཐོགས་ལ། ཧཱུྃ༔ སྣང་སྲིད་གཡོ་འཁྲུགས་བཟློག་པའི་ཕྱིར༔ སྣ་སྲིད་མདོས་ཀྱི་རི་རབ་ལ༔ དོན་གཉིས་བཅུད་ཀྱིས་བརྒྱན་བྱས་ཏེ༔ ཡོངས་རྫོགས་མདོས་ཀྱི་དབང་བསྐུར་རོ༔ ཨཱོྃ་སརྦ་བ་ལིཾ་ཏ་བྷྱོ་བྷྱོ་ཟློག་ཟློག་ཟློག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཞལ་ཟས་བཟའ་བཏུང་ཐོགས་ལ། ཧཱུྃ༔ བཀྲ་ཤིས་ཚེ་ནི་ཚེ་ཡི་ལུང༔ ཐབས་ཤེས་རྫས་མཆོག་བདེ་བའི་ལུང༔ ཛ་གད་སྨན་མཆོག་གལ་གྱི་ལུང༔ མཱཾ་ས་རྫས་མཆོག་ནུས་པ་བསྐྱེད༔ འབྲས་བུ་རིགས་བྱེད་རིགས་རྒྱུད་ལུང༔ ཟླ་རྒྱས་ཟླ་ཕྲོམ་བཀྲ་ཤིས་ཟས༔ མཐའ་རྫོགས་དགའ་སྟོན་དབང་བསྐུར་རོ༔ ག་ཎ་ཙཀྲ་མངྒ་ལཾ་ཨཱ་ཡུཿསིདྡྷི་བྷྲཱུྃ༔ ཞེས་བསྐུར་རོ།། ༈ གཉིས་པ་ཚེའི་དབང་ནི། དེ་ནས་མཐའ་རྒྱས་འཆི་མེད་ཚེའི་དབང་བསྐུར་བ་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བདུད་རྩི་སྨན་གྱི་ལྷ་ཚོགས་རྣམས༔ བཀྲ་ཤིས་བརྟན་པ་ཚེ་ཡི་ལུང༔ མི་འགྱུར་མི་ཤིགས་དངོས་གྲུབ་ཆེ༔ ད་ལྟ་ཉིད་དུ་བསྩལ་དུ་གསོལ༔ ལན་གསུམ། སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཐུགས་ཀ་ནས་ཚེ་འགུགས་ཀྱི་ལྷ་མོ་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པས། ཁྱེད་རང་རྣམས་ཀྱི་བླ་ཚེ་ཡར་པ་འཐོར་པ་ཉམས་ཆག་ཏུ་གྱུར་པ་རྣམས་དང་ཕྱོགས་བཅུ་བརྟན་གཡོའི་ཚེ་བཅུད་མ་ལུས་པ་བསྡུས་ནས་ཁྱེད་རང་རྣམས་དང་མདུན་གྱི་ཚེ་རྫས་ལ་ཐིམ་པར་མོས་ཤིག །མདའ་དར་གཡབ་ལ། ཧཱུྃ༔ བདུད་རྩིའི་གང་རྒྱ་སྨན་གྱི་ལུང༔ རཏྣ་པདྨ་ཚེ་ཡི་ལུང༔ བཛྲ་པདྨ་ཕོ་ཉར་སྤྲོ༔ འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱི༔ ཚེ་དང་སྨན་གྱི་བཅུད་སྡུས་ལ༔ གནས་འདིར་ད་ལྟ་ཉིད་དུ་ཁུག༔ མགྱོགས་མ་བཞི་དང་མཁའ་འགྲོ་བཞི༔ སྲོག་བདག་བཞི་དང་ཤུགས་འགྲོ་བཞི༔ སྲིད་གསུམ་ཚེ་ཡི་བདག་མོ་རྣམས༔ ཚེ་དང་སྨན་གྱི་བཅུད་འདིར་སྡུས༔ བཀྲ་ཤིས་བུམ་པའི་ནང་དུ་སྐྱིལ༔ སྐལ་ལྡན་རྣམས་ལ་བསྩལ་དུ་གསོལ༔ ཨཱོྃ་ཨ་མཱ་ར་ཎི་ཛི་བནྟི་ཡེ་གུ་རུ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་པུཎྱེ་པུཎྱེ་མ་ཧཱ་པུཎྱེ་བྷྲཱུྃ་བྷྲཱུྃ་བྷྲཱུྃ༔ བུམ་པའི་ནང་དུ་ཚེ་བཅུད་རྣམས༔ ངོ་བོ་ཡེ་ཤེས་བདུད་རྩི་ལ༔ རྣམ་པ་མངོན་རྫོགས་རྒྱལ་པོ་དམར༔ ཞལ་གཅིག་ཕྱག་གཉིས་ཡུམ་དང་འཁྲིལ༔ གཉིས་ཀའི་ཕྱག་གཉིས་ཚེ་བུམ་འཛིན༔ དེ་ཉིད་རྡོ་རྗེས་ཁ་བཀབ་བསམ༔ སྤྱི་བོར་རྡོར་སེམས་ཚེ་དཔག་མེད༔ ཐུགས་ཀར་རྩ་བའི་ཚེ་ལྷ་བསྒོམ༔ འཁོར་དུ་ལྷ་མོ་བཅུ་དྲུག་བསམ༔ སྐུ་ལས་བདུད་རྩི་ཆེར་བབས་པས༔ སྤྱི་བོའི་གཙུག་ནས་སྙིང་དབུས་ཞུགས༔ ལུས་གང་དུས་མིན་འཆི་བ་སྦྱངས༔ ཚེ་ཡི་རིག་འཛིན་ཐོབ་པར་གྱུར༔ བུམ་པ་ཐོགས་ལ། ཧཱུྃ༔ བཀྲ་ཤིས་བུམ་པ་ཚེ་ཡི་ལུང༔ དངོས་གྲུབ་རྒྱ་མཚོའི་སྲོག་དང་ལྡན༔ ནམ་མཁའ་གང་བ་ཚེ་ཡི་མཆོག༔ ཡེ་ཤེས་སྣང་བ་ལམ་མེ་བ༔ བདེ་བ་ཆེན་པོ་བདུད་རྩིའི་ལུང༔ ད་ལྟ་ཉིད་དུ་བསྩལ་དུ་གསོལ༔ དུས་མིན་འཆི་བ་སྦྱོང་བ་དང༔ ལོ་བརྒྱ་ཐུབ་པའི་ཚེ་ཐོབ་ཤོག༔ ཨཱོྃ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་སྦྱིན། འཆི་མེད་ཚེ་ཡི་བདུད་རྩི་དང་བརྟན་གཡོའི་དྭངས་བཅུད་འདུས་པའི་རིལ་བུ་གསོལ་བས་འཆི་མེད་རྟག་པ་དམ་པའི་དངོས་གྲུབ་ལ་དབང་འབྱོར་བར་མོས་ཤིག །ཚེ་རིལ་ཆང་སྦྱིན་ལ། ཧཱུྃ༔ ཚེ་ཡི་དངོས་གྲུབ་རྒྱུད་གསུམ་པོ༔ རྩ་སྲོག་ཙིཏྟའི་ཐིག་ལེར་བསྟིམ༔ མི་ཕྱེད་སྐུ་གསུང་ཐུགས་རྡོ་རྗེའི༔ དབང་དང་བྱིན་རླབས་དངོས་གྲུབ་སྩོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨཱ་ཡུརྫྙཱ་ན་སིདྡྷི་ཧཱུྃ་བྷྲཱུྃ༔ ཞེས་ཚེ་སྔགས་བཟླ། ཚེ་བཅུད་དྭངས་མ་ཐམས་ཅད་སྙིང་གའི་ཉི་ཟླ་གྭའུའི་ནང་གི་ཚེ་རྟེན་ལ་ཐིམ་པས་འཆི་མེད་རྟག་པ་དམ་པའི་སྐུ་ཐོབ་པར་མོས་ཤིག །ཚེ་མདའ་སྤྱི་བོར་རྒྱ་གྲམ་དུ་བཞག་ལ། ཧཱུྃ༔ ཚེ་བཅུད་སྙིང་དབུས་རྟེན་ལ་ཐིམ༔ རིག་འཛིན་ཚེ་ཡི་དངོས་གྲུབ་ཐོབ༔ ཡེ་ཤེས་རྡོ་རྗེའི་ཕྱག་རྒྱ་ཡིས༔ རྟག་པ་དམ་པར་རྒྱས་གདབ་བོ༔ ཛྙཱ་ན་བཛྲ་རཀྵ་རཀྵ་ཧཱུྃ༔ ཞེས་རྒྱས་གདབ། ཚེ་དབང་འདི་ཉིད་སྡེ་གསུམ་དབང་བསྐུར་ཡོངས་རྫོགས་གྲུབ་པའི་རྗེས་ཀྱི་མཐའ་དགེར་མཛད་པའི་ཕྱག་བཞེས་ལྟར་བྱེད་པར་སྤྲོ་ན་སྐབས་འདིར་ཚེ་རྫས་བཤམ་བསྒྲུབ་དོར་ཏེ། རྗེས་སུ་མངོན་རྫོགས་དཀྱིལ་འཁོར་ལ་ཚེ་རྫས་རྐྱང་པ་བཤམ་བསྒྲུབ་བྱ་བ་དང་། ཚེ་དབང་སྐབས་ལོ་རྒྱུས་མདོར་བསྡུས་ཀྱི་མཚམས་སྦྱར་ལ་མཎྜལ་ཕུལ་མཐར་གསོལ་གདབ་མན་གོང་སྨྲོས་ལྟར་བགྱིས་པས་འགྲུབ་བོ། །དེ་ལྟར་དབང་རྣམས་ཡོངས་སུ་རྫོགས་པར་ཐོབ་པ་ལ། སློབ་དཔོན་དང་དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ཀྱིས་ཤིས་པ་བརྗོད་པའི་དབྱངས་སྙན་སྒྲོག་ཅིང་མེ་ཏོག་གི་ཆར་སིལ་མར་བསྙིལ་བས་དབང་དོན་གྱི་ཡེ་ཤེས་བརྟན་པར་བྱས་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ་ཤིས་བརྗོད་ཇི་ལྟར་འོས་པ་བྱ། དེ་ལྟར་ན་ཇི་སྐད་དུ་གཞུང་ལས། རྩ་བ་དགུ་བསྒྲིལ་འདི་ཉིད་ནི༔ བདག་པོའི་དབང་ཕན་མ་ཧཱ་དང༔ གསང་དབང་ཤེར་དབང་ཨ་ནུ་སྟེ༔ རིག་རྩལ་ཨ་ཏི་རྫོགས་པ་ཆེ༔ སྤྱིར་ནི་ཐེག་རིམ་དབང་བསྐུར་བ༔ ཐེག་པ་དངོས་ཀྱི་འཇུག་སྒོ་ཡིན༔ སྔོན་འགྲོ་ཐེག་རིམ་གཏན་འབེབས་ཏེ༔ ལུང་མདོ་ཨ་ནུའི་ཁྱད་པར་གྱི༔ བྱེ་བྲག་འདི་ནི་བསྡུས་དོན་ཡིན༔ རྒྱས་པར་དཔེ་རྒྱུད་ཕྱོགས་སུ་ལྟོས༔ ཞེས་གསུངས་པ་ལྟར་ནང་སྐོར་ཀློང་སྡེ་ཨ་ནུ་མདོ་ལུང་ཆེན་པོ་དང་བསྡེབས་པར་མཛད་པ་མངོན་རྫོགས་ཧེ་རུ་ཀའི་དཀྱིལ་འཁོར་དུ། འཇུག་སྒོ་ཐེག་པ་རིམ་འཇུག་དབང་གིས་ཐོག་དྲངས་ཏེ་རྩ་བ་དང་ཡན་ལག་གི་དབང་རྣམས་ཡོངས་སུ་རྫོགས་པ་དབང་གི་གཏེར་མཛོད་ཆེན་པོ་མཐའ་རྒྱས་སུ་ལེགས་པར་གྲུབ་པ་ལགས་པས། དབང་དུས་སུ་ཞལ་གྱིས་བཞེས་པའི་དམ་ཚིག་མཐའ་དག་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དམ་ཚིག་ཁས་བླང་དང་། གཏར་རག་མནྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་བཅས་གྲུབ་ནས་སློབ་མ་རྣམས་རང་གནས་སུ་གཏང་ངོ་།། །།སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་བསྔོ། གཏོར་སྐྱོང་དང་། དཀྱིལ་འཁོར་གྱི་རྗེས་ཆོག་རྣམས་ཁྲོ་བོའི་བྱང་བུ་ཁྲིགས་བསྡེབས་ལྟར་བྱས་པས་གྲུབ་བོ། །མཁའ་ཁྱབ་ཡེ་ཤེས་ཕྱག་རྒྱ་ཡིས། །ཅིར་སྣང་བདེ་ཆེན་རྡོ་རྗེར་སྡོམ། །དཀྱིལ་འཁོར་གཅིག་ཉིད་ལ་ཞུགས་པས། །ཐེག་ཀུན་དབང་རྫོགས་ངོ་མཚར་རྨད། །ནང་སྐོར་ཀློང་སྡེའི་ཡི་དམ་ཁྲོ་བོ་མངོན་རྫོགས་རྒྱལ་པོའི་ཡན་ལག་དང་རྩ་དབང་གི་ལེའུ་ཚན་ནོ།། །། ༄༅། །སྭསྟི། ཆོས་རྣམས་མ་ལུས་འབྱུང་བའི་གནས། །ཆོས་ཉིད་བཟང་མོའི་མཁའ་ཀློང་ཆེར། །རོ་མཉམ་རྟོགས་པས་འདིར་བཏུད་ནས། ཁྲིད་ཚུལ་བྱིན་རླབས་སྒོ་འཕར་དབྱེ། །རྫོགས་པ་ཆེན་པོ་སྡེ་གསུམ་ལས་ནང་སྐོར་ཀློང་སྡེའི་ཁྲིད་ཀྱི་བྱིན་རླབས་ཟབ་མོ་བསྒྲུབ་པ་ལ། སྦྱོར་བ་ནི། ཕྱི་ནང་གསང་བའི་མཆོད་ཚོགས་རྣམས་ཚོགས་པར་བྱ། ཨོག་འཁར། སྒོམ་ཐག །དམིགས་ཤིང་བཅས་གསུམ་ཙམ་ལས་སྤྲོས་མེད་ཀྱི་བྱིན་རླབས་ཡིན་པས་གཞན་དབང་རྫས་དང་། དབང་སྒྲུབ་ལོགས་སུ་མི་དགོས་ཤིང་། སློབ་དཔོན་ལྟ་དགོངས་དང་ལྡན་པས་ཀུན་བཟང་དོན་གྱི་ཕྲིན་ལས་ནི། ཨ༔ ཆོས་རྣམས་ཡེ་ནས་སངས་རྒྱས་རང་བཞིན་ལ༔ བསྐྱེད་པའི་རིམ་པ་དམིགས་སུ་མ་མཆིས་སོ༔ རང་རྩལ་རྫོགས་པའི་རྣམ་སྣང་བཻ་རོ་རྗེ༔ འོད་གསལ་ཐིག་ལེ་རང་ཤར་ཀློང་དུ་བསྐྱེད༔ འཁྲུལ་མ་མྱོང་བའི་ཀ་དག་ཆོས་སྐུ་ལ༔ སྤྱན་འདྲེན་གཤེགས་སུ་གསོལ་བ་ག་ལ་ཡོད༔ ལྷུན་གྱིས་གྲུབ་ཅིང་འདུ་འབྲལ་མེད་པའི་ལྷ༔ སྟོང་གསལ་འདུས་མ་བྱས་པར་གཤེགས་སུ་གསོལ༔ སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ལ༔ དབང་བསྐུར་རྒྱས་གདབ་བཞུགས་སུ་གསོལ་བྱ་ཅི༔ འོད་གསལ་སྤྲོས་བྲལ་རིག་པ་ཟང་ཐལ་ངང༔ ཡེ་ནས་མ་བཅོས་རང་བབ་བཞུགས་གསོལ་རྫོགས༔ ཆོས་རྣམས་དབྱིངས་རིག་སྐུ་དང་ཞིང་ཁམས་ལ༔ མཆོད་པའི་ལོངས་སྤྱོད་སྤྲོ་རུ་མ་མཆིས་ཕྱིར༔ དག་པའི་སྣང་བ་འབྱམས་ཀླས་ཡེ་ཤེས་སྤྲིན༔ གཉིས་མེད་མཉམ་པའི་ངང་དུ་འབུལ་བར་བགྱི༔ སྟོང་གསལ་ཉིད་ལས་གཡོས་པ་མ་མཆིས་པའི༔ ཡོན་ཏན་ལྷུན་གྲུབ་ནང་དབྱིངས་ཆེན་པོའི་ངང༔ ངོ་བོ་རང་བཞིན་མ་འདྲེས་སོ་སོར་གསལ༔ གཉིས་སུ་མེད་པའི་ཚུལ་གྱིས་ཕྱག་འཚལ་ལོ༔ གདོད་མའི་གནས་ལུགས་ཤེལ་ལྟར་དྭངས་པ་ལ༔ ལྷུན་གྲུབ་སྣང་བ་འཇའ་ལྟར་ཀུན་ཏུ་ཤར༔ གཉིས་མེད་ཟུང་འཇུག་རིག་པའི་རྩ་དབང་ཆེས༔ འབྲས་བུ་གཞི་རུ་སྨིན་པར་དབང་སྐུར་རོ༔ བླ་ན་མེད་པའི་སྣང་བ་མཐར་ཕྱིན་ཕྱིར༔ རེ་དོགས་མེད་པར་སྒོམ་པ་ཀློང་ཆུབ་པ༔ ལྟ་བའི་རྒྱལ་པོ་ནམ་འཕང་གཅོད་པ་བཞིན༔ ཁྱུད་ཆེན་རྩ་རྫོགས་ངང་དུ་ངོ་སྤྲད་དོ༔ གཟུང་འཛིན་བློ་ཟད་འཁོར་འདས་ཁྱབ་གདལ་ངང༔ དགོངས་ཀློང་གཅིག་འདྲེས་ཡེ་ཤེས་མཐར་ཕྱིན་ཤོག༔ ཅེས་དགོངས་པ་མི་གཡོ་བའི་ངང་ལ་བཞག་གོ། །།དངོས་གཞི་ཁྲིད་ཀྱི་བྱིན་རླབས་ནི། སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་གདབ་ལ་མཚམས་སྦྱོར་གྱི་ཁྱད་པར། དེ་ལ་འདིར་དཔལ་ཀུན་ཏུ་བཟང་པོའི་ཐུགས་བཅུད། གྲུབ་པའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། ལོ་ཆེན་བཻ་རོ་ཙ་ནའི་མན་ངག །བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་ནང་ཚན་ནང་སྐོར་ཀློང་སྡེའི་ཁྲིད་ཀྱི་བྱིན་རླབས་ཟབ་མོ་བགྱི་བ་ལ། ཐོག་མར་ཞུ་བའི་ཡོན་དུ་མཎྜལ་ཞིག་འབུལ་མཛོད། ཅེས་མཎྜལ་འབུལ་དུ་གཞུག །བླ་མ་ཉིད་སློབ་དཔོན་བཻ་རོའི་སྐུར་འདི་ལྟར་དུ་གསལ་ཐོབ་མཛོད། རྒྱལ་ཀུན་ངོ་བོ་བླ་མ་ནི། །ལོ་ཆེན་བཻ་རོ་དཀར་གསལ་འཛུམ༔ པཎ་ཞྭ་ཆོས་གོས་སྨུག་བེར་གསོལ༔ རྡོ་རྗེའི་སྐྱིལ་ཀྲུང་པད་ཟླར་བཞུགས༔ མཉམ་གཞག་ཐོད་པ་བཅུད་བཀང་བསྣམས༔ འོད་དང་འོད་ཟེར་འབར་བ་ཡི༔ ནམ་མཁར་དུས་གསུམ་སངས་རྒྱས་དང༔ རྫོགས་པ་ཆེན་པོའི་རིག་འཛིན་རྣམས༔ བར་དུ་ཡི་དམ་མཁའ་འགྲོའི་ཚོགས༔ མ་ལུས་ཀུན་གྱིས་མགྲིན་གཅིག་ཏུ༔ སྙན་བརྒྱུད་གདམས་པ་གསུང་བར་སྒོམས༔ ཞེས་བརྗོད། དེ་ནས་སྤྲོ་བ་བསྐྱེད་པ་ནི། ཧོ༔ ཐར་པ་བླ་ན་མེད་པའི་གྲོང་ཁྱེར་དུ༔ འདུས་པའི་གཙོ་བོ་ལོ་ཆེན་བཻ་རོ་བཞུགས༔ འདི་ན་མོས་པའི་སྐལ་ལྡན་སྐྱེས་བུ་ཁྱོད༔ འཇུག་པ་ལེགས་ཤིང་དངོས་གྲུབ་ཅི་ལ་དགའ༔ དེ་ཉིད་སྦྱིན་ཅིང་འདི་ན་བླ་མེད་པའི༔ ཚེ་གཅིག་སངས་རྒྱས་སྒྲུབ་ལ་སྤྲོ་བ་སྐྱེད༔ དམ་ཚིག་མ་ལུས་ཡོངས་སུ་གཟུང་བར་གྱིས༔ སློབ་མས་ཐལ་མོ་སྦྱར་ཞིང་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ ཁྱབ་བདག་དཔལ་ལྡན་བླ་མ་དགོངས་སུ་གསོལ༔ བདག་ནི་དུས་གསུམ་རྒྱལ་བའི་དགོངས་པའི་མཐིལ༔ བདེ་བ་ཆེན་པོའི་ཡེ་ཤེས་ལ་དགའ་བས༔ དེ་ཉིད་མྱུར་སྩོལ་གསང་སྔགས་རིགས་མཆོག་གི༔ རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང༔ ཉི་ཤུ་རྩ་ལྔའི་དམ་ཚིག་ཆེས་འཕགས་པ༔ སྲོག་གི་ཕྱིར་ཡང་མི་གཏང་གཟུང་བར་བགྱི༔ སློབ་དཔོན་རྡོ་རྗེ་མགོར་བཞག་བདུད་རྩི་སྦྱིན༔ འདི་ནི་གསང་བ་བླ་ན་མེད་པ་ཡི༔ ཐར་པའི་གོ་འཕང་ཚེ་འདིར་ཐོབ་འགྱུར་བ༔ ཉེ་བའི་ལམ་མཆོག་བདེ་བ་ལམ་བྱེད་ཡིན༔ ཁྱེད་རྣམས་རྡོ་རྗེའི་དམ་ཚིག་ཐུབ་པར་གྱིས༔ མ་ཐུབ་རྡོ་རྗེའི་དམྱལ་བ་ཆེན་པོར་ལྟུང༔ སྲོག་གི་ཕྱིར་ཡང་ཡོངས་སུ་མ་གཏང་ཞིག༔ བཛྲ་ས་མ་ཡ་རཀྴ་སི་ཧཱུྃ༔ སློབ་མས་དམ་ཆུ་འཐུང་ཞིང་བྲོ་བོར་བ་འདིའི་རྗེས་ཟློས། མ་ཧཱ་སུ་ཁ་བཛྲ་ས་མ་ཡ་ཧཱུྃ༔ ཨི་དན་ན་ར་ཀན༔ སློབ་དཔོན་གྱི་ཕྱག་སློབ་མའི་སྤྱི་གཙུག་ཏུ་བཞག་ལ། ཨ་ཧ་ཡི་ཧོ༔ ཨ་ནི་སྐྱེ་མེད་གསལ་བ་འོ༔ སློབ་དཔོན་གྱི་ཕྱག་ནམ་མཁར་གདེངས་ནས། ཧ་ནི་མ་བཅོས་ཐད་ཀར་འཇོག༔ ཡི་ནི་བདེ་བ་ཆེན་པོ་ལ༔ ཧོ་ནི་དབྱེ་བ་མེད་པ་འོ༔ ཨ་ཧ་ཡི་ཧོ༔ ཧོ། ལྟ་སྟངས་གཡོ་བ་མེད་པས་མདུན་གྱི་ནམ་མཁའི་དབྱིངས་ལ་ལྟོས་ཤིག །སེམས་དང་ནམ་མཁའ་གཉིས་སུ་མེད༔ ནམ་མཁར་དངོས་པོ་ཡོད་མེད་བརྟག༔ སེམས་ལ་གཏད་སོ་ཡོད་མེད་བརྟག༔ དེ་གཉིས་མེད་པས་དམིགས་པ་མེད༔ འོན་ཀྱང་ངོ་བོ་གསལ་བ་འོ༔ སྒོམ་ཤིང་ཨོག་འཁར་བཙུག་ལ། ལུས་བསྲངས་དབང་པོ་ཐད་ཀར་གཞག༔ ལུས་དང་སེམས་གཉིས་ཐ་དད་དམ༔ ལུས་ཀྱི་དབང་པོ་གང་ནས་བྱུང༔ སེམས་ཀྱིས་ཡུལ་ལ་གང་ནས་ཁྲིད༔ དེ་གཉིས་དབྱེར་མེད་ཇི་ལྟ་བུ༔ སེམས་ནི་དམིགས་པ་མེད་པ་སྟེ༔ གང་ཡང་གནས་པ་མ་ཡིན་ནོ༔ མི་རྟོག་པ་སྟེ་ངོ་མཚར་ཆེ༔ སྒོམ་ཐག་ལུས་ལ་བསྐོན་ཏེ། འོག་རླུང་ཡིད་ཙམ་འཐེན་བྱས་ལ༔ བདེ་བ་ཆེན་པོའི་རང་བཞིན་ལས༔ སེམས་འདི་འདས་པར་མ་གྱུར་ཏེ༔ འོན་ཀྱང་དམིགས་སུ་མེད་པས་ན༔ བདེ་བ་དེ་ལ་འཛིན་པ་བྲལ༔ རང་བྱུང་བདེ་ཆེན་ངོ་མཚར་ཆེ༔ དམིགས་ཤིང་མདུན་དུ་བཞག་ལ། ལྕེ་ནི་གང་དུའང་མ་རེག་བྱ༔ ཕྱི་ནང་འཁོར་འདས་ཆོས་ཐམས་ཅད༔ གསལ་ལ་དམིགས་མེད་བདེ་བ་ཆེ༔ དབྱེར་མེད་དམིགས་ཤིང་མདུན་དུ་བཞག༔ དེ་གསུམ་དབྱེར་མེད་ངོ་བོ་ཉིད༔ འཁོར་འདས་ཐམས་ཅད་ཀློང་དུ་ཆུབ༔ མན་ངག་ཀློང་ཆུབ་གདམས་ངག་བསྒོམ༔ འདིར་ཟིན་བྲིས་སུ་རིག་འཛིན་བྱིན་རླབས་ལྟར་ནང་སྐོར་གྱི་གླུ་རྣམས་རྐྱང་པ་ལེན་པར་གསུངས་ཀྱང་གཏེར་གཞུང་དུ་མི་གསལ་བས་མ་གྲུབ་ནའང་ཆད་སྐྱོན་མེད་པར་སེམས། དེས་ནང་སྐོར་ཀློང་སྡེའི་ཁྲིད་ཀྱི་བྱིན་རླབས་ལྟ་བ་རང་བབ་ཀློང་ཡངས་ལེགས་པར་གྲུབ་པ་ལགས། དེ་ལྟར་ཐོབ་པའི་གཏང་རག་དང་། སླར་ཡང་གྲོལ་བྱེད་ཁྲིད་ཀྱི་རིམ་པ་དངོས་གཞི་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཀློང་སྡེའི་སྔོན་འགྲོ་ཚོགས་གསག་བྱང་བུ་ལྟར་འབུལ་དུ་གཞུག །དེ་ལ་འདིར་དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས་ནང་སྐོར་ཀློང་སྡེ་ཉི་མ་ཀློང་ཆུབ་དགོངས་པ་འོད་གསལ་གྱི་ཟབ་ཁྲིད་དངོས་གཞི་འཆད་པ་ནི་རྩ་བ་རྡོ་རྗེའི་གསུང་འདི་ལ་མ་ཡེངས་རྩེ་གཅིག་པས་གསན་པ་ཞུ། ན་མོ་གུ་རུ༔ ནང་སྐོར་ཁྲིད་ཀྱི་དངོས་གཞི་ལ༔ གཞི་དང་ལམ་དང་འབྲས་བུ་འོ༔ གཞི་ནི་ཀུན་གཞི་ངོ་བོ་སྟེ༔ རིག་ན་བདེ་བར་གཤེགས་པའི་སྐུ༔ མ་རིག་མ་དག་ཀུན་གྱི་གཞི༔ རང་བཞིན་འོད་གསལ་རང་བྱུང་སྟེ༔ རིག་ན་ཡེ་ཤེས་ཆ་ཡིན་ལ༔ མ་རིག་རྣམ་ཤེས་ཞེས་བྱ་འོ༔ ཐུགས་རྗེ་ཅིར་ཡང་སྣང་བ་ལ༔ དེ་ཡང་རྣམ་ཤེས་དེ་ཉིད་ལས༔ དབང་པོས་མཚམས་སྦྱར་ཕྱི་ཡི་ཡུལ༔ ཡུལ་དབང་ཤེས་གསུམ་དེ་ཉིད་ལས༔ སྣ་ཚོགས་ཅིར་ཡང་སྣང་བ་འོ༔ རིག་ན་ཐུགས་རྗེ་སྤྲུལ་སྐུ་སྟེ༔ མ་རིག་འཁོར་བ་འཁྲུལ་འབྱམས་སོ༔ དེ་ཉིད་ཉམས་སུ་ལེན་པའི་ཚུལ༔ དང་པོ་འགྱུ་བྱེད་ཤེས་པར་བྱ༔ འགྱུ་བ་ཏོལ་རྩེར་ཤར་བ་ན༔ འགྱུ་བྱེད་དེ་ཉིད་ཤེས་པར་བྱ༔ འགྱུ་བྱེད་ཤེས་ན་དུག་ལྔ་དག༔ འགྱུ་བ་དེ་ཡི་རྗེས་བཅད་པས༔ ཅིར་ཡང་དམིགས་པ་མེད་པ་སྟེ༔ དངོས་མེད་ཟང་ཐལ་ཅིར་ཡང་སྣང༔ དངོས་ཀྱི་རིག་པ་ཟང་ཐལ་ཏེ༔ དངོས་མེད་ཉིད་དུ་ཤར་བ་གང༔ རང་བཞིན་འོད་གསལ་ཉིད་དུ་འོ༔ སངས་པ་སྣང་བ་ཡུལ་ངོ་མེད༔ མ་འདྲེས་ཡོངས་གསལ་ངོ་མཚར་ཆེ༔ གྲོལ་བ་ཟང་ཐལ་ཡུལ་མེད་དུ༔ གྲོལ་བས་བློ་འདས་བྱ་རྩོལ་བྲལ༔ དེ་ཉིད་སྐྱོང་ཚུལ་བརྡ་བཞི་སྟེ༔ དབང་པོ་ཧད་དེ་རང་སར་གཞག༔ ཡུལ་སྣང་དབྱེར་མེད་ས་ལེར་གསལ༔ ལུས་བསྲང་ཅོག་གཞག་གང་བདེ་ལས༔ ཕྱི་ནང་འགྲོ་འོང་མི་རྟོག་པ༔ པུས་འཁྱུད་འོག་རླུང་སོར་ཕྱེད་འཐེན༔ ཆོས་རྣམས་བདེ་བ་ཆེན་པོར་བལྟ༔ ལྕེ་ནི་ཡ་རྐན་ལ་ཕྱོགས་པས༔ གང་དུ་མ་རེག་རླུང་རང་སར༔ ཕྱི་ནང་ཆོས་ཀུན་ལྟ་སྒོམ་རྣམས༔ ཡེ་ནས་དབྱེ་བ་མེད་པར་མཐོང༔ མ་ནོར་མ་བཅོས་བསམ་ལས་འདས༔ བརྗོད་པ་མེད་པའི་ཚུལ་འདི་ནི༔ གཞི་ཉིད་འཁྲུལ་མ་མྱོང་བ་ཡི༔ བྱ་རྩོལ་བློས་བྱས་རྟོག་པ་སྤངས༔ བསམ་པའི་རང་འོད་བྲལ་བར་སྤྱོད༔ བརྗོད་དུ་མེད་པའི་འབྲས་བུ་ཐོབ༔ མ་བཅོས་ཡིན་མིན་བྲལ་བ་ཡི༔ སྤང་བླང་རྩིས་གདབ་བྲལ་བར་བསྐྱང༔ གསལ་བའི་ཆ་ཡིས་ཆོས་ཐམས་ཅད༔ མི་རྟོག་ངང་དུ་ཆོས་ཀྱི་སྐུ༔ བདེ་བ་ཆེན་པོ་ལོངས་སྤྱོད་རྫོགས༔ དབྱེར་མེད་སྤྲུལ་སྐུ་ཅིར་ཡང་སྟོན༔ ལམ་རྟགས་ཡོན་ཏན་ཁྱད་པར་འཕགས༔ ནང་སྐོར་ཁྲིད་ཀྱི་དངོས་གཞི་རྫོགས༔ ས་མ་ཡ་རྒྱ་རྒྱ༔ ནང་སྐོར་ཁྲིད་ཀྱི་རྗེས་འབྲེལ་ནི༔ ཀུན་རྫོབ་ཆོས་རྣམས་མ་ལུས་པ༔ དོན་དམ་ཉིད་ལ་མི་རྟོགས་སོ༔ ཡེ་ནས་གང་ནས་བྱུང་ཞེ་ན༔ མཚན་མ་ཙམ་དུ་ངེས་པས་ན༔ མཚན་མའི་རང་བཞིན་ཟུར་དུ་ཆད༔ ཀུན་རྫོབ་དོན་གྱི་ཕྱོགས་མི་རྟོགས༔ དོན་དམ་བློ་ཡི་ཡུལ་འདས་པས༔ ཀུན་རྫོབ་ཕྱོགས་སུ་ཅི་ལ་ལྟོས༔ གཞན་ཞིག་དག་ནས་བྱུང་ངམ་ཞེས༔ དོན་དམ་འཁྲུལ་མ་མྱོང་བ་ཡི༔ ཀུན་རྫོབ་བདེན་མེད་རང་བཞིན་ལ༔ དོན་དམ་བདེན་པའི་རང་བཞིན་ཡིན༔ བདེན་འཛིན་གཉིས་ཀྱི་ཤན་འབྱེད་ཡོད༔ ཟླ་བ་ལ་ནི་དངོས་པོ་སྲིད༔ ཆུ་ཟླ་ལ་ནི་དངོས་པོ་མེད༔ འཆར་ཚུལ་འབྲེལ་བ་ལྟོས་ཆོས་ཙམ༔ དེ་བས་ཀུན་རྫོབ་དོན་དམ་གཉིས༔ སོ་སོ་ཉིད་དུ་ཤན་འབྱེད་བྱ༔ དེ་ཕྱིར་སེམས་ནི་རྫུན་དུ་ཐལ༔ རིག་པ་བདེན་པའི་དབྱིངས་སུ་ངེས༔ སེམས་དང་རིག་པ་གཅིག་མི་གཅིག༔ རིག་པ་རིག་པའི་དབྱིངས་སུ་རྫོགས༔ སེམས་ནི་འཁྲུལ་ངོར་གཉིས་སུ་འཛིན༔ འཁྲུལ་དང་མ་འཁྲུལ་ཁྱད་ཡོད་དམ༔ ཡོད་ན་འཁྲུལ་པ་གང་ནས་བྱུང༔ མེད་ན་དབྱེ་བ་གང་གིས་འབྱེད༔ སེམས་དང་རིག་པ་ཁྱད་ཆེ་སྟེ༔ རིག་དང་མ་རིག་ངོ་བོས་སྟོང༔ ལྟོས་ཆོས་ཙམ་དུ་གཅིག་ན་ཡང༔ འཕྲོ་གཞི་ཞེས་པའི་དབྱིངས་གཅིག་ཀྱང༔ འོད་དང་མུན་པ་ག་ལ་གཅིག༔ འོད་ཀྱི་ཚེ་ན་མུན་པ་ཅི༔ མུན་པའི་ཚེ་ན་འོད་གང་ཐལ༔ དེ་གཉིས་རྣམ་པའི་ཚུལ་དུ་དབྱེ༔ རིག་པ་ནམ་མཁའི་དཀྱིལ་ལྟར་དྭངས༔ སེམས་ནི་ཁུ་རླངས་ལྟ་བུ་འོ༔ དེ་བས་ནམ་མཁའ་ཁུ་རླངས་གཉིས༔ དབྱེ་བ་ཡོད་པ་སུས་ཀྱང་ངེས༔ དེ་ཕྱིརསེམས་རིག་སོ་སོར་དབྱེ༔ རིག་པ་ཀུན་གཞི་དྭངས་གསལ་ལ༔ སེམས་ནི་མ་རིག་དབྱིངས་སུ་འཐུམ༔ མ་ཡེངས་ཚེ་ན་རིག་པ་ཡིན༔ ཡེངས་པ་དག་ནི་སེམས་ཡིན་ནོ༔ དེ་བས་ཤིན་ཏུ་ཤན་འབྱེད་གཅེས༔ ད་ནི་རྗེས་མེད་ལ་བཟླ་སྟེ༔ ཀུན་རྫོབ་དོན་དམ་གཉིས་པོ་ནི༔ དོན་དམ་བདེན་པ་མཐོང་བའི་ཕྱིར༔ ཀུན་རྫོབ་འཁྲུལ་པའི་ལས་སྒྲིབ་རྣམས༔ ཀུན་རྫོབ་བྱ་བའི་ཆོས་ཀྱིས་བཀྲུ༔ ནོར་བུ་འདམ་གྱིས་གོས་པ་དག༔ འདམ་ནི་ཆུ་ཡིས་སྦྱང་བཞིན་ནོ༔ དོན་དམ་ཀུན་རྫོབ་བློའི་སྒྲིབ་པ༔ ཀུན་རྫོབ་མཚན་ཉིད་དུ་མས་བརྟག༔ དོན་དུ་ཀུན་རྫོབ་ཐམས་ཅད་ཀྱང༔ དོན་དམ་དབྱིངས་ལས་གཞན་མེད་ཅིང༔ དེ་བས་སེམས་དང་རིག་པ་གཉིས༔ ཏིལ་དང་ཁུ་བ་ཇི་བཞིན་ནོ༔ རིག་དང་མ་རིག་ཁྱད་པར་གཅེས༔ རྣམ་པའི་ཆ་ལ་སོ་སོ་ཙམ༔ ངོ་བོའི་ཆ་ལ་དབྱེ་བ་མེད༔ རིག་ན་སེམས་དེ་རིག་པར་འདུ༔ རིག་པ་ཡེ་ཤེས་གཅིག་པུ་འོ༔ ཡེ་ཤེས་ཟང་ཐལ་གྱི་དགོངས་པ་ཤན་འབྱེད་ཅིང་ལ་བཟླའོ༔ ནང་སྐོར་ཁྲིད་ཀྱི་རྗེས་འབྲེལ་རྫོགས་སོ༔ ས་མ་ཡ་རྒྱ་རྒྱ༔ ཞེས་གསུངས་པ་རྣམས་ཀྱི་ཚིག་དོན་ཐུགས་ལ་བཅགས་ཏེ་སྒོམ་མེད་ཡེངས་མེད་ཀློང་ཆེན་ནམ་མཁའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་ཆུ་བོའི་རྒྱུན་ལྟ་བུར་བསྐྱངས་ནས་ཆོས་ཟད་བློ་འདས་ཀྱི་ས་ལ་གཏན་གྱི་སྲིད་འཛིན་པར་མཛོད་ཅིག །རྗེས་ཀྱི་རིམ་པ་ནི། དེ་རྣམས་ཀྱིས་ནང་སྐོར་ཀློང་སྡེའི་ཁྲིད་ཀྱི་བྱིན་རླབས་གདམས་ཁྲིད་དངོས་དང་བཅས་པ་ལེགས་པར་གྲུབ་པ་ལགས་པས། གསང་སྔགས་འདའ་དཀའི་སྡོམ་པ་སྤྱི་དང་ཁྱད་པར་རང་བཞིན་ལྟ་བའི་དམ་ཚིག་ཡེ་སྲུང་ལྷུན་གྲུབ་ཆེན་པོའི་རྒྱ་ལས་ནམ་ཡང་མི་འདའ་བའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དབང་གི་རྗེས་རིམ་སྤྱི་ལྟར་མཐར་དབྱུང་ཞིང་།། །།སློབ་དཔོན་རང་ཉིད་དམིགས་མེད་ཁྱབ་བརྡལ་ཆེན་པོར་མཉམ་པར་བཞག་པས་གྲུབ་བོ། །ཡེ་ཤེས་ཟང་ཐལ་དགོངས་པའི་བྱིན། །མངོན་སུམ་ཅར་ཕོག་དབབ་ལས་འདིར། །འཁྲུལ་སྣང་རྫུན་ཕུགས་རང་བརྡིབས་ནས། །རྡོ་རྗེའི་ས་མཆོག་ནོན་དེ་མཚར། །ནང་སྐོར་ཀློང་སྡེའི་ཁྲིད་ཀྱི་བྱིན་རླབས་གདམས་ཁྲིད་དངོས་དང་བཅས་པའི་ལེའུ་མཚན་ནོ།། །། ༄༅། །སྭསྟི། མཆོག་ཏུ་མི་འགྱུར་ཆོས་ཀྱི་དབྱིངས། །རྣམ་བཅས་ཡེ་ཤེས་ཕྱག་རྒྱར་སྣང་། །ཤེས་རབ་ཡུམ་ཆེན་དེར་བཏུད་ནས། །སྨིན་ལམ་ཟབ་མོའི་སྒོ་འཕར་དབྱེ། །རྫོགས་པ་ཆེན་པོ་སྡེ་གསུམ་ལས་ནང་སྐོར་ཀློང་སྡེ་ཨ་ནུ་དང་འབྲེལ་བ་མཁའ་འགྲོ་རོ་ལངས་བདེ་བའི་སྟོབས་ལྡན་མའི་དབང་བསྐུར་བ་ལ། སྦྱོར་བ་དཀྱིལ་འཁོར་རྡུལ་ཚོན་ནམ་རས་བྲིས་གང་རུང་གིས་ཆོས་འབྱུང་བསྣོལ་མ་ཕྱི་སྐོར་པདྨ་དུར་ཁྲོད་རྡོར་ར་མེ་རིས་བསྐོར་བ་ཚུལ་བཞིན་བྲིས་པའམ། མ་འབྱོར་ན་ཟངས་ཀྱི་མཎྜལ་ལ་མེ་ཏོག་གི་ཚོམ་བུ་གཙོ་འཁོར་བདུན་བཀོད་པ་བཀྲམ། དེ་སྟེང་མཉྫིའི་ཁར་གསང་བུམ་ཐོད་པ་ཁ་སྦྱར་བདུད་རྩི་ཨ་མྲྀཏས་གཏམས་པ་དར་དམར་གྱིས་དྲིལ་བ་དང་། དེ་སྟེང་འཁར་བའི་མེ་ལོང་སིནྡྷུ་ར་བརྡལ་བར་ཆོས་འབྱུང་བསྣོལ་མའི་དབུས་སུ་བྃ། ཟུར་དྲུག་ལ་མདུན་ནས་གཡས་སྐོར་དུ་རིམ་པར་ཨེ་ཡཾ་ཧཾ་ལཾ་རཾ་ཧཱུྃ་རྣམས་ཡིག་མགོ་ཕྱིར་བསྟན་དུ་བྲིས་པ་འགོད། མཆོད་གཏོར་སྨན་རཀ་ཉེར་སྤྱོད་སོགས་སྤྱི་དང་མཐུན་པར་བཤམ། གཞན་ཡང་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱས་ལ། ནང་སྐོར་ཡི་དམ་ཁྲོ་བོའི་བྱང་བུ་ཁྲིགས་བསྡེབས་ཀྱིས་ཁོག་ཕུབ་སྟེ། དངོས་གཞི་རྟེན་གྱི་བྱང་བུའི་མཇུག །བྷྲཱུྃ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུྃ༔ ཞེས་པའི་མཚམས་སུ། རང་བྱུང་ཡེ་ཤེས་ཕོ་བྲང་དུ༔ སོགས་མཁའ་འགྲོ་རང་གཞུང་གི་མངོན་རྟོགས་སྦྱར་ལ། སྣང་སྟོང་ཟུང་འཇུག་ཆེན་པོར་གསལ༔ བར་དང་། དུག་གསུམ་ཡེ་དག་རྡོ་རྗེ་གསུམ༔ སོགས་ནས་བསྟོད་པ་གྲུབ་ཀྱི་བར་དུ་སོང་སྟེ། རང་ཉིད་བདེ་བའི་སྟོབས་ལྡན་མའི༔ སོགས་སོ་སོའི་དམིགས་གནད་བཅས་བསྙེན་སྒྲུབ་ལས་སྦྱོར་གྱི་བཟླས་པ་གཞུང་བཞིན་བྱ་ཞིང་། སྒྲུབ་སྔགས་ཀྱི་བཟླས་པའི་མཇུག་ཏུ་སིནྡྷུ་ར་ཆང་དང་སྦྱར་བ་བྱིན་གྱིས་བརླབས་ཏེ་འབྲུ་གསུམ་གྱིས་མྱང་། ཐུན་མཐར་སྟོང་ཚིགས་ཀྱིས་མཆོད་བསྟོད་ཕུལ། སྲུང་མའི་གཏོར་འབུལ་དང་ཚོགས་མཆོད་བྱ། ལས་བུམ་རྡོར་སེམས་སྙིང་པོས་བྱིན་བརླབས་ལ། རིག་པའི་མེ་ཏོག་དོར་ནས་གནང་བ་ནོད་དོ།། །།དེ་ནས་དབང་བསྐུར་དངོས་ལ། སློབ་མ་རྣམས་ཁྲུས་ནས་དབྱུང་ལ། བགེགས་བསལ་ཞིང་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ལ། གོང་གི་ཆོས་བཤད་ཇི་ལྟར་རིགས་པས་མཚམས་སྦྱར་ཏེ། ཁྱད་པར། འདིར་དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་ནང་ཚན་ནང་སྐོར་ཀློང་སྡེ་ཨ་ནུ་དང་འབྲེལ་བའི་གདམས་ཟབ། སྐལ་ལྡན་རྣམས་ལ་མཆོག་ཐུན་གྱི་དངོས་གྲུབ་བཙན་ཐབས་ལག་གཏོད་དུ་སྩོལ་བ་ལ་ཡི་དམ་གཞན་ལས་ཀྱང་ཁྱད་པར་དུ་འཕགས་པའི་མྱུར་ལམ་བླ་ན་མེད་པ་སྟེ། དོན་དམ་པར་སྤྲོས་བྲལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཀློང་ཆེན་ཀུན་ཏུ་བཟང་མོ་ཉིད་རྣམ་འགྱུར་རྟགས་ཀྱི་ཕྱག་རྒྱ་རིགས་ལྔ་ཌཱ་ཀའི་སྤྲིན་ཕུང་གང་འདུལ་སྒྱུ་འཕྲུལ་དྲྭ་བའི་བཀོད་པ་མཁའ་ཁྱབ་ཏུ་སྣང་བ་ལས། འདིར་ནི་ཟབ་ཆོས་གཞན་ལ་མ་གྲགས་པའི་གསང་བ་ངོ་མཚར་རྨད་དུ་བྱུང་བ་ཡེ་ཤེས་མཁའ་འགྲོ་རོ་ལངས་བདེ་བའི་སྟོབས་ལྡན་མའི་སྒྲུབ་སྐོར་ཏེ། གཞུང་ལས། དེ་ལྟ་བུ་ཡི་གསང་སྒྲུབ་འདི༔ བཻ་རོ་བདག་གི་ཐུགས་ཁྲག་སྟེ༔ དཔེ་རྒྱུད་འཆོལ་བར་བསྟན་པ་ལས༔ སྙན་བརྒྱུད་མན་ངག་ཉམས་པའི་ཚེ༔ ཡེ་ཤེས་སྙིང་པོ་ཚིག་གི་རྒྱུད༔ མངའ་བདག་ཡབ་སྲས་རྣམ་འཕྲུལ་སོགས༔ སྐལ་ལྡན་འགའ་ལ་སྣང་བར་འགྱུར༔ ཤིན་ཏུ་གསང་བ་དམ་ཚིག་གོ༔ ཞེས་བསྔགས་པར་མཛད་པ་འདིའི་བྱིན་རླབས་དབང་བསྐུར་གྱི་རིམ་པ་སྒྲུབ་པ་ལ་བདག་ཉིད་སློབ་དཔོན་གྱིས་བགྱི་འོས་རྣམས་སྔོན་དུ་གྲུབ་ནས། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་སྨིན་བྱེད་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་མཛོད། ཅེས་མཎྜལ་འབུལ་དུ་གཞུག །སློབ་དཔོན་ཉིད་རྡོ་རྗེ་བཙུན་མོའི་ངོ་བོར་བཞུགས་པ་ལ་མི་ཕྱེད་གུས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བདེ་གསལ་མི་རྟོག་དབྱེར་མེད་པའི༔ བླ་མ་རྡོ་རྗེ་བཙུན་མོ་ཡིས༔ ཐུགས་རྗེ་བརྩེ་བས་ཉེར་དགོངས་ནས༔ བྱིན་རླབས་དབང་མཆོག་བསྩལ་དུ་གསོལ༔ ལན་གསུམ། སྐུ་གསུམ་རང་ངོ་ཤེས་པ་གནས་ལུགས་དོན་གྱི་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས། ངོ་བོ་སྟོང་པ་སོགས་ལན་གསུམ། གཉིས་སྣང་རང་གྲོལ་ཆེན་པོར་ལ་བཟླ་བ་དོན་དམ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཨེ་མ་ཧོ་ཆོས་དབྱིངས་སོགས་ལན་གསུམ། དོན་དམ་སྒྲིབ་པ་ཡེ་དག་ཚོགས་ཆེན་ཡེ་རྫོགས་ཀྱི་རྒྱུན་བཤགས་འབུལ་བ་འདིའི་རྗེས་ཟློས། དམིགས་མཐའ་བྲལ་བའི་སོགས་ལན་གསུམ། འདའ་དཀའ་རྡོ་རྗེའི་དམ་ཚིག་སྤྱི་དང་ཁྱད་པར་གྱིས་བསྡུས་པ་མཐའ་དག་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། བདེ་ཆེན་ཡེ་ཤེས་རྣལ་འབྱོར་མའི༔ བདག་ཉིད་བླ་མ་དགོངས་སུ་གསོལ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་དང༔ མི་སྤང་ལྔ་དང་དང་ལེན་ལྔ༔ ཤེས་བྱ་ལྔ་དང་བསྒྲུབ་བྱ་ལྔ༔ སྤྱད་པར་བྱ་བའི་དམ་ཚིག་ལྔ༔ མ་ལུས་བདག་གིས་གཟུང་བར་བགྱི༔ ལན་གསུམ། དེ་རྣམས་ཀྱིས་རྒྱུད་སྦྱོང་བའི་རིམ་པ་གྲུབ་ནས། དངོས་གཞི་དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་ཐུགས་ཀའི་འོད་ཟེར་གྱིས། །སློབ་བུའི་ལུས་སྣང་སྟོང་པར་སྦྱངས། །རང་བྱུང་ཡེ་ཤེས་ཆོ་འཕྲུལ་ལས། །མཁའ་འགྲོ་ཆོས་འབྱུང་འབར་བའི་དཀྱིལ༔ ཞེས་སོགས་མངོན་རྟོགས་བཞིན་གསལ་ལ། ཁ་ཊྭཱཾ་ག་ནི་མཆན་གཡོན་བརྟེན༔ བར་དང་། གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན། །སློབ་དཔོན་ཐུགས་ཀའི་འོད་ཟེར་དང་། །རྡོ་རྗེའི་སྔགས་ཀྱི་སྒྲས་བསྐུལ་བས། །རབ་འབྱམས་ཞིང་གི་དྷཱ་ཀི་ནཱི། །ཐམས་ཅད་བདེ་བ་ཆེན་པོས་བཞེངས། །ནམ་མཁའ་གང་བར་ཆར་བཞིན་བབས། །སློབ་མའི་སྒོ་གསུམ་ལ་ཐིམ་པས། །བདེ་ཆེན་ཡེ་ཤེས་རྩོལ་མེད་ཤར། །བྱིན་རླབས་གཟི་བྱིན་འབར་བར་སྒོམས། །སྤོས་རོལ་དང་བཅས་བསྙེན་སྒྲུབ་སྔགས་མཐར། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ། ཞེས་དྲག་ཏུ་བརྗོད་པས་དབབ། བྱིན་དབབ་པའི་ཡེ་ཤེས་པ་དེ་ཉིད་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ། ཞེས་བརྟན་པར་བྱ། དེ་ནས་དངོས་གཞི་བུམ་པའི་དབང་གི་སླད་དུ། མཁའ་དབྱིངས་གང་བའི་དབང་ལྷ་རིག་པའི་ལྷ་མོ་རྣམས་ཀྱིས་རང་བྱུང་བདེ་སྐྱོང་གི་བུམ་པ་དབྱིངས་ཕྱུག་དྷཱ་ཀིའི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་ངོ་བོ་ཅན་གྱིས་སྤྱི་བོ་ནས་དབང་བསྐུར་བས། ལུས་རྩ་ཁམས་གདོས་བཅས་ཀྱི་དྲི་མ་སྦྱངས་ཏེ། སྣང་སྟོང་ཟག་མེད་བདེ་བ་མཆོག་གི་སྐུ་མངོན་དུ་གྱུར་པར་མོས་ཤིག །གསང་བུམ་ཐོགས་ལ། ཨཱོྃ༔ བདེ་ཆེན་བདུད་རྩིའི་ཐོད་པ་ལ༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་རྫོགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྣང་སྟོང་བདེ་མཆོག་མངོན་གྱུར་ཤོག༔ སྔགས་མཐར། ཀ་ལ་ཤ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཞེས་སྤྱི་བོར་གཞག །གསང་བའི་དབང་གི་སླད་དུ་ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྗེས་ཆགས་བདེ་བ་ཆེན་པོས་འོད་དུ་ཞུ་བའི་བྱང་སེམས་བདུད་རྩིའི་རྒྱུན་ལྕེ་ཐོག་ཏུ་མྱང་བས། ངག་རླུང་འཕོ་བཅས་དྲི་མ་སྦྱངས་ཏེ། གསལ་སྟོང་འགག་མེད་མི་ཤིགས་ན་དའི་དབྱངས་སུ་འཕོས་པར་མོས་ཤིག །གསང་བུམ་གྱི་བདུད་རྩི་སྦྱིན་ལ། ཨཱ༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས༔ འོད་ཞུ་བྱང་སེམས་བདུད་རྩིའི་བཅུད༔ རིགས་ཀྱི་བུ་ལ་སྦྱིན་པ་ཡིས༔ གསལ་སྟོང་དགོངས་པ་མངོན་གྱུར་ཤོག༔ གུ་ཧྱ་ཛྙཱ་ན་ཨ་མྲྀཏ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་མྱང་དུ་གཞུག །དེའི་རྗེས་འབྲེལ་བཟླས་པའི་ལུང་གི་སླད་དུ། དཔོན་སློབ་གཉིས་ཀའི་ཐུགས་རིན་པོ་ཆེ་ཟུར་དྲུག་པ་མཆོང་གུར་ལྟ་བུའི་དབུས་སུ་ཉི་ཟླའི་གྭའུའི་ནང་དུ་བཾ་ཡིག་སྔགས་ཕྲེང་བཅས་གསལ་ཐོབས། སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཕྲེང་བྱུང་ཞལ་ནས་ཐོན། ཁྱེད་རང་གི་ཞལ་དུ་ཞུགས། ཐུགས་སྲོག་གི་མཐར་མགལ་མེ་ལྟར་འཁོར་བར་མོས་ལ་བསྙེན་སྔགས་འདིའི་རྗེས་ཟློས། བསྙེན་སྔགས་ལན་གསུམ། སླར་ཡང་ཙིཏྟ་རིན་ཆེན་འབར་བའི་དབུས་སུ་ཆོས་འབྱུང་བསྣོལ་མ་ཟུར་དྲུག་པའི་ལྟེ་བར་ཉི་ཟླའི་གྭའུའི་ནང་དུ་བྃ་དང་རྩིབས་དྲུག་ལ་མདུན་ནས་གཡས་སྐོར་དུ་ཨེ་ཡཾ་ཧཾ་ལཾ་རཾ་ཧཱུྃ་རྣམས་ཀྱིས་མཚན་པ། སྔགས་བཟླས་པའི་རྐྱེན་གྱིས་ཚོགས་དྲུག་ཡེ་ཤེས་དྲུག་གི་ངོ་བོར་ཤར་ཞིང་རབ་འབྱམས་ཞིང་གི་དྷཱ་ཀི་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བས་བདེ་བ་ཆེན་པོའི་གཟི་བྱིན་ལྷག་པར་འབར། དེ་ཐམས་ཅད་བདུད་རྩིར་ཞུ་ནས་བདག་ལ་ཐིམ་པས་བྱིན་རླབས་ནུས་སྟོབས་མཆོག་ཏུ་འབར་བར་མོས་ལ་སྒྲུབ་སྔགས་འདིའི་རྗེས་ཟློས། སྒྲུབ་སྔགས་ལན་གསུམ། ཡང་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས། ལས་བྱེད་མཁའ་འགྲོ་གསུམ་གྱི་ཐུགས་རྒྱུད་བསྐུལ། དེ་ལས་རང་འདྲ་མཁའ་ཁྱབ་ཏུ་འཕྲོས། རྒྱལ་བ་སྲས་བཅས་ལ་མཆོད་པ་ཕུལ། བདེ་བ་ཆེན་པོའི་དངོས་གྲུབ་བསྡུས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྣམས་འོད་ཟེར་བདུད་རྩིའི་རྣམ་པས་བསྡུས་པ་རང་ལ་ཐིམ་པས་ལས་དང་དངོས་གྲུབ་ཐམས་ཅད་ལ་དབང་འབྱོར་བར་མོས་པས་ལས་སྔགས་འདིའི་རྗེས་ཟློས། ལས་སྔགས་ལན་གསུམ་དང་ཤམ་བུ་བཏགས་པ་ལན་གཅིག་རྗེས་ཟློས་བྱ། དེང་ཕྱིན་ཆད་བསྙེན་སྒྲུབ་ལས་སྦྱོར་གྱི་བཟླས་པ་ཆུ་བོའི་རྒྱུན་ལྟར་བརྩོན་པར་གྱིས་ཤིག །ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། སིནྡྷུ་རའི་མཎྜལ་དབྱིངས་ཕྱུག་དྷཱ་ཀིའི་ཚོམ་བུར་སྣང་བ་ཕྱག་ཏུ་གཏད་ཅིང་ཐིག་ལེ་སྙིང་གར་བཀོད་པས། འཁོར་གསུམ་གཟུང་འཛིན་གྱི་དྲི་མ་སྦྱངས་ཏེ། ཤེས་རབ་རྣམ་ཐར་གསུམ་ལྡན་དབྱིངས་ཀྱི་ཆུ་སྐྱེས་སུ་ཐབས་མཆོག་རིག་པའི་རྡོ་རྗེ་སྙོམས་འཇུག་གི་སྦྱོར་བས་དགའ་བཞིའི་མཐར་ཐུག་ལྷན་སྐྱེས་བདེ་ཆེན་ཡེ་ཤེས་མངོན་དུ་གྱུར་པར་མོས་ཤིག །སིནྡྷུ་རའི་མཎྜལ་ཐོགས་ལ། ཧཱུྃ༔ རྣམ་ཐར་གསུམ་ལྡན་དགའ་བ་བཞི༔ མཚོན་བྱེད་རྟགས་ཀྱི་མཎྜལ་ལ༔ རིགས་ཀྱི་བུ་ལ་གཏད་པ་ཡིས༔ མི་རྟོག་ཡེ་ཤེས་ཉམས་མྱོང་ཤོག༔ སིནྡྷུ་ར་མཎྜ་ལ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྙིང་གར་སིནྡྷུ་རས་ཐིག་ལེ་བཀོད། དབང་བཞི་པའི་སླད་དུ། སྔར་དཔེའི་ཡེ་ཤེས་ངོ་སྤྲད་པ་དེ་ཉིད་མཚོན་བྱེད་དུ་བྱས་ནས་མཚོན་བྱ་དོན་གྱི་ཡེ་ཤེས་བདེ་གསལ་མི་རྟོག་དབྱེར་མེད་ཟུང་འཇུག་ཤིན་ཏུ་རྣམ་དག་བློ་འདས་ཀྱི་དབྱིངས་སུ་མཉམ་པར་བཞག་པས། གཞི་སྣང་གི་དྲི་མ་སྦྱངས་ཏེ། མི་ཤིགས་ཀློང་ལྔའི་ཡེ་ཤེས་མངོན་དུ་གྱུར་པར་མོས་མཛོད། ཧོ༔ བདེ་གསལ་མི་རྟོག་དབྱེར་མེད་པ༔ ཟུང་འཇུག་ཤིན་ཏུ་རྣམ་དག་ངང༔ རིགས་ཀྱི་བུ་ལ་བྱིན་བརླབས་པས༔ ཀློང་ལྔའི་ཡེ་ཤེས་མཐར་ཕྱིན་ཤོག༔ ཛྙཱ་ན་དྷཱ་ཏུ་ཨ་ཨ་ཨ༔ ཞེས་ཅུང་ཟད་མཉམ་པར་གཞག །དེ་ལྟར་དབང་བཞི་ཟབ་མོ་ཐོབ་པ་ལ། མཁའ་དབྱིངས་ཁྱབ་པར་སད་པའི་དྷཱ་ཀིའི་ཚོགས་དང་སློབ་དཔོན་ལྷན་ཅིག་པས་ཤིས་པ་བརྗོད་པས་མངའ་གསོལ་བས་དབང་དོན་གྱི་ཡེ་ཤེས་བརྟན་པར་བྱས་པའི་མོས་པ་མཛོད། ཅེས་ཤིས་བརྗོད་ཅི་ལྟར་རིགས་པ་བྱ། དེ་ལྟར་ན་ནང་སྐོར་མཁའ་འགྲོ་རོ་ལངས་བདེ་བའི་སྟོབས་ལྡན་མའི་དབང་བསྐུར་ཟབ་མོ་ལེགས་པར་གྲུབ་པ་སྟེ། གཞུང་ལས། དེ་ལྟ་བུ་ཡི་དབང་མཆོག་འདི༔ དགོངས་པ་མངོན་གྱུར་སློབ་དཔོན་གྱིས༔ སྣོད་དང་སྐལ་ལྡན་སློབ་མ་ལ༔ ཚུལ་བཞིན་སྨིན་པའི་དབང་བསྐུར་བས༔ རྩ་ཁམས་རླུང་ལ་བྱིན་ཕེབས་ནས༔ བདེ་གསལ་མི་རྟོག་དབྱེར་མེད་པའི༔ ཀློང་ཆེན་ཀུན་ཏུ་བཟང་མོའི་དབྱིངས༔ སྐུ་དང་ཡེ་ཤེས་མྱུར་འགྲུབ་འགྱུར༔ དེ་ཕྱིར་ཤིན་ཏུ་གཅེས་པར་ཟུངས༔ ཞེས་གསུངས་པ་ལྟར་དགོས་པ་ཕན་ཡོན་རྒྱ་ཆེན་པོ་དང་ལྡན་པ་ལགས་པས་སྤྲོ་བ་བསྐྱེད་པ་དང་། དབང་སྲོག་སྔགས་ཀྱི་དམ་ཚིག་སྤྱི་དང་ཁྱད་པར་ཌཱ་ཀི་སྒོས་ཀྱི་དམ་ཚིག་རྣམས་ཚུལ་བཞིན་གཟུང་ཞིང་བསྲུང་ངོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དམ་ཚིག་ཁས་ལེན། གཏང་རག་མཎྜལ་དང་ལུས་དབུལ། དགེ་བསྔོ་བཅས་སྤྱི་ལྟར་བྱས་ལ་སློབ་མ་གྱེས།། །།སློབ་དཔོན་གྱིས་ཆོ་གའི་རྗེས་ཀྱི་བྱ་བའང་གཞུང་བཞིན་མཐར་ཆགས་སུ་བགྱིས་པས་གྲུབ་བོ། །དབང་མཆོག་ཡེ་ཤེས་ཆུ་རྒྱུན་གྱིས། །གཉིས་རྟོག་དྲི་མ་རབ་གཏོར་ཏེ། །རྡོ་རྗེ་བཙུན་མོའི་གོ་འཕང་ཆེ། །རྒྱུད་ལ་བླུགས་པའི་ཚུལ་འདི་རྨད། །ནང་སྐོར་ཀློང་སྡེའི་མཁའ་འགྲོ་རོ་ལངས་བདེ་བའི་སྟོབས་ལྡན་མའི་དབང་གི་ལེའུ་མཚན་ནོ།། །། ༄༅། །སྭསྟི། རྩོལ་མེད་ཐེག་པས་སྐལ་བཟང་འགྲོ། །གདོད་མའི་གྲོལ་གཞིར་འཁྲིད་མཛད་པ། །རིག་འཛིན་ཚོགས་ལ་གུས་བཏུད་ནས། །གང་དེའི་སྨིན་བྱེད་འཇུག་སྒོ་དབྱེ། །རྫོགས་པ་ཆེན་པོ་སྡེ་གསུམ་ལས་གསང་སྐོར་བླ་མ་རིག་འཛིན་ཡོངས་རྫོགས་ཀྱི་སྨིན་བྱེད་སྒྲུབ་པ་ལ། སྦྱོར་བ་ཚུལ་བཞིན་བྲིས་པའི་འདིང་དཀྱིལ་ལམ། མ་འབྱོར་ན་མཎྜལ་ལ་མེ་ཏོག་གི་ཚོམ་བུ་དབུས་སུ་གཅིག །ཕྱོགས་བཞིར་རེ་རེ། དེ་རྒྱབ་བརྒྱད་བཅས་བཀོད་པའི་ཁར་མཉྫིའི་སྟེང་དུ་རྣམ་བུམ་སོ་ལྔའི་བཅུད་ལྡན། ཕྱོགས་བཞིར་ཐུན་མོང་རིག་པའི་དབང་རྫས། མདུན་དུ་ལྷ་ཙཀ་ཡོངས་རྫོགས། མཐའ་སྐོར་དུ་སྔགས་ཕྲེང་། མེ་ལོང་། རྡོ་རྗེ། མངའ་གསོལ་ཆས། རྡོར་དྲིལ། གླེགས་བམ། དར་གྱི་ཆས་གོས། སྣ་ཚོགས་རྡོ་རྗེ། གསང་ཐོད། རིག་ཙཀ །ཤེལ་རྡོ། མེ་ལོང་དང་རྨ་བྱའི་མདོངས། ཚེ་འབྲང་། ཚེ་རིལ་ཆང་། ཚེ་མདའ། བཀྲ་ཤིས་རྫས་རྟགས་སྣ་བདུན་བཅས་བཀོད། ཁྱད་པར་དབང་ཆས་རིག་འཛིན་བཅུ་གསུམ་ཙཀླི་བཅས་དང་། ཕྱི་ནང་གི་མཆོད་ཚོགས། མིག་དར་མེ་ཏོག་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཚང་བར་འདུ་བྱས་ལ། དབང་དོན་སྒྲུབ་མཆོད་ནི། གསང་སྐོར་ཁྲོ་བོའི་བསྐྱེད་རིམ་བྱང་བུ་ཁྲིགས་བསྡེབས་ཀྱི་ཁོག་ཕུབ་སྟེ། མངོན་རྟོགས་དང་བཟླས་པ་རྣམས་འདིའི་སྒྲུབ་ཐབས་ལྟར་བྱ། བུམ་བཟླས་ཟུར་དུ་སྤྲོ་ན་དམིགས་བཟླས་འོད་ཞུ་སྤྱི་ཁྱབ་ལྟར་དང་། ལས་བུམ་རྡོར་སེམས་སྙིང་པོས་བརླབ། སྲུང་མའི་གཏོར་འབུལ་དང་ཚོགས་མཆོད། རིག་མེ་དོར་བ་བཅས་གྲུབ་ནས།། །།དངོས་གཞི་དབང་ལ། སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ལ། མཚམས་སྦྱོར་གྱི་ཁྱད་པར། དེ་ལ་འདིར་བདེ་བར་གཤེགས་པ་ཐམས་ཅད་ཀྱི་དགོངས་པའི་ཞེ་ཕུགས། རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་གསེང་ལམ། ཡེ་ཤེས་ཌཱ་ཀི་བྱེ་བ་འབུམ་གྱི་ཐུགས་ཁྲག །འོད་གསལ་རྫོགས་པ་ཆེན་པོ་ལ་དབྱེ་ན། ཨ་ཏི་བཀོད་པ་ཆེན་པོ་ལས། ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་བྲལ་ལ་མན་ངག་སྡེ། །ཞེས་གསུངས་པ་ལྟར་གསུམ་དུ་དབྱེ་བ་དེ་ཐམས་ཅད་ཀྱང་། ནམ་མཁའ་ཆེ་ལས། རང་བྱུང་ཡེ་ཤེས་རྩོལ་མེད་ལས། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །ཞེས་པ་ལྟར་རྩོལ་མེད་ཀྱི་ལམ་ཡིན་པར་གཅིག་ཀྱང་རིག་པ་རང་གནས་ཀྱི་ཡེ་ཤེས་རྗེན་ཅར་དུ་སྟོན་པ་གསང་བ་མན་ངག་གི་སྡེའི་ཁྱད་ཆོས་ཏེ། དེ་ལྟ་བུའི་གདམས་པ་འདི་ཉིད་མཐོང་བས་བྱིན་རླབས་ཀྱི་བབ་དང་ལྡན་པ། ཐོས་པས་ངན་སོང་གི་སྐྱེ་སྒོ་དགག་པ། ཚུལ་བཞིན་ཉམས་སུ་བླངས་པས་ཚེ་འདིར་འཇའ་ལུས་འཕོ་བ་ཆེན་པོའི་གྲུབ་མཐའ་སྙེགས་པ། གླེགས་བམ་ལ་རེག་པ་ཙམ་གྱིས་ཀྱང་ཐར་པའི་ས་བོན་ཐེབས་ངེས་པའི་ཟབ་ཆོས་བྱིན་རླབས་ཀྱི་ཚན་ཁ་ཁྱད་པར་དུ་མས་འཕགས་པ་མན་ངག་སྙིང་ཐིག་ཆེན་མོ་ལའང་བཀའ་སྲོལ་ཇི་སྙེད་ཅིག་བཞུགས་པ་ལས། སྐབས་སུ་བབས་པ་འདི་ནི་ཡིད་དཔྱོད་ལྟ་བའི་འཛིན་སྟངས་ལས་འདས་ཤིང་ཆོས་ཅན་གྱི་སྣང་བ་ཐམས་ཅད་ཆོས་ཉིད་ཀ་དག་ཡོངས་གྲོལ་ཆེན་པོར་སྡུད་པ། གནད་ཐོག་ཏུ་ཐེབས་པའི་མེ་བཙའ་ལྟ་བུ་གསང་བ་སྙིང་ཁྲག་གམ་སྲོག་གི་དྭངས་མ་དང་འདྲ་བའི་རྒྱུད་ཆེན་བཅུ་བདུན་སོགས་ཀྱིས་བསྟན་དོན། སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་དང་། ལོ་ཆེན་བཻ་རོ་ཙ་ནས་མན་ངག་མནོག་ཆོས་སུ་བསྡེབས་པར་མཛད་པ། མངའ་བདག་ཆོས་རྒྱལ་ཡབ་སྲས་ཀྱི་རྣམ་འཕྲུལ་རིག་འཛིན་རྩལ་འཆང་རྣམ་གཉིས་ཀྱི་ཟབ་གཏེར་རྒྱ་མཚོའི་ཡང་ཞུན་དམ་ཆོས་རྫོགས་ཆེན་སྡེ་གསུམ་གྱི་ནང་ཚན། གསང་སྐོར་མན་ངག་སྡེའི་བླ་མ་རིག་འཛིན་ཡོངས་རྫོགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ཟབ་མོ་སྒྲུབ་པ་ལ། བདག་ཉིད་ཀྱིས་བགྱི་བར་འོས་པ་རྣམས་སྔོན་དུ་གྲུབ་ནས་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །མཚམས་སྦྱོར་དང་སྔགས་སྤྱི་མཐུན་བཅས་མིག་དར་མེ་ཏོག་གཏད། ཐལ་མོ་མེ་ཏོག་དང་བཅས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བརྒྱུད་གསུམ་རྒྱལ་བ་རིག་འཛིན་དང༔ དབྱེར་མེད་རྡོ་རྗེ་སློབ་དཔོན་གྱིས༔ བདག་ལ་བརྩེ་བས་ཉེར་དགོངས་ནས༔ སྨིན་གྲོལ་དབང་མཆོག་བསྩལ་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་སྣོད་དང་སྐལ་པ་དྲི་བའི་སྒོ་ནས་ལན་སྦྱིན་པ་འདི་ལ་གསན་འཚལ། རིག་འཛིན་ཡོངས་རྫོགས་དཀྱིལ་འཁོར་འདིར༔ འཇུག་པའི་སྐལ་ལྡན་རེ་རེ་ཙམ༔ རྒྱུད་སྦྱང་དམ་ཚིག་སྡོམ་པ་གཟུང༔ ཚུལ་བཞིན་སྒྲུབ་ལ་བརྩོན་ནུས་སམ༔ ཞེས་དྲིས་པ་ལ་སླར་ཡང་ནན་ཏན་ཆེན་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཇི་ལྟར་བཀའ་བསྩལ་བདག་གིས་བགྱིད༔ ངེས་པར་རྗེས་སུ་གཟུང་མཛད་གསོལ༔ དེ་ནས་རྒྱུད་སྦྱོང་བའི་སླད་དུ་ཚོགས་གསག་པ་ལ་དམིགས་འདུན་འདི་ལྟར་དུ་མཛོད། ཕྱོགས་དུས་ཀྱི་སྐྱབས་ཡུལ་ཐམས་ཅད་གདོད་ནས་རང་ལ་རང་ཆས་སུ་རྫོགས་པ་ལ་དབྱིངས་རིག་གཉིས་སུ་མེད་པའི་ཚུལ་གྱིས་སྐྱབས་སུ་འགྲོ་བ་དང་། རང་བྱུང་རང་གསལ་ལྷུན་གྲུབ་ཆེན་པོའི་ངང་དུ་སེམས་བསྐྱེད་པ་དང་། གནས་ལུགས་དོན་དམ་ལྟ་བ་མཇལ་བའི་དགོངས་སྤྱོད་ལྷུན་འབྱམས་ཆེན་པོའི་ངང་དུ་ཚོགས་གསོག་པ་འདི་རྣམས་ཀྱི་རྗེས་ཟློས། དབྱིངས་ཉིད་རྣམ་དག་རྫོགས་སངས་རྒྱས༔ སོགས་གསང་སྐོར་བྱང་བུ་བཞིན་སྐྱབས་སེམས་ཚོགས་གསག་རྣམས་ལན་གསུམ་རེ་བྱ། སྤྱི་དང་ཁྱད་པར་གྱི་སྡོམ་པ་དང་དམ་ཚིག་རྣམས་སྲོག་བཞིན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས། ཧོ༔ བདེ་བར་གཤེགས་པ་ཁྱེད་ཅི་འདྲ༔ དེ་འདྲ་ཁོ་ནར་བདག་གྱུར་ཅིག༔ སྤྲུལ་སྐུའི་སྟོན་པས་བཤད་པ་ཡི༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ ལོངས་སྐུའི་སྟོན་པས་བཤད་པ་ཡི༔ རིགས་ལྔའི་སྡོམ་པ་མ་ལུས་གཟུང༔ ཁྱད་པར་རིག་འཛིན་ཡོངས་རྫོགས་ཀྱི༔ ཉི་ཤུ་ལྔ་དང་བྱེ་བྲག་ཏུ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམས༔ ཇི་ལྟར་བསྟན་པ་བདག་གིས་གཟུང༔ སྲོག་གི་ཕྱིར་ཡང་མི་གཏོང་ན༔ རིག་འཛིན་རིགས་མཆོག་བསྩལ་དུ་གསོལ༔ ཞེས་ཁས་བླང་དུ་གཞུག །དམ་ལ་གཞག་པ་ནི། རྡོ་རྗེ་ཕྲེང་བ་མགོ་བོར་བཞག་ལ། ང་ནི་སངས་རྒྱས་ཀུན་བདག་ཉིད༔ ཧེ་རུ་ཀཿདཔལ་བླ་ན་མེད༔ ཤྲཱི་སིཾ་ཧ་ང་ཡིན་གྱིས༔ ང་ལ་བརྙས་པར་མ་བྱེད་ཅིག༔ རྡོ་རྗེ་ཕྲེང་བ་སྙིང་གར་བཞག་ལ། ང་ནི་བླ་མ་ཀུན་ཏུ་བཟང༔ ཁྱོད་ཀྱིས་བཀའ་ཡང་མི་གཅོག་ཅིང༔ བདེ་གཤེགས་རིགས་ཀྱི་བཤད་པའི་ཆོས༔ བཤད་ཀྱིས་ཐེ་ཚོམ་མ་ཟ་ཞིག༔ དམ་ཆུ་བདུད་རྩི་སྦྱིན་ལ། འདི་ནི་ངོ་བོ་དམ་ཚིག་ཆུ༔ ཡེ་ཤེས་བསྐྱེད་ཕྱིར་སྦྱིན་པ་ཡིན༔ དམ་བསྲུངས་དངོས་གྲུབ་འདིས་ཐོབ་བྱེད༔ མ་བསྲུང་ལྕགས་ཀྱི་སྡིག་པར་འགྱུར༔ སྲོག་གཅོད་དམྱལ་བ་ཆེན་པོར་ལྟུང༔ དམ་སྲུང་རྡོ་རྗེའི་ཆུ་འདི་ཐུངས༔ དེ་ལྟར་བྱིན་པའི་དམ་ཚིག་གི་ཆུ་ནན་སྙིང་ལ་བསྟིམས་ཏེ་མི་འདའ་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ཨཱོྃ་བཛྲ་ས་མ་ཡ་ཨི་དན་ན་ར་ཀན༔ དེ་ནས་དབང་གི་གཞི་སྒྲུབ་པར་བྱེད་པ་ཡེ་ཤེས་པ་དབབ་པ་ལ་དམིགས་པ་འདི་བཞིན་དུ་མཛོད་ཅིག །འཁོར་འདས་སྣོད་བཅུད་སྟོང་པར་ཐིམ༔ སྟོང་པའི་རང་མདངས་འགགས་མེད་རྩལ༔ སེང་ཁྲི་པད་ཉི་ཟླ་བའི་སྟེང༔ སློབ་མ་རིག་འཛིན་ཤྲཱི་སིཾ༔ དམར་སྨུག་ཤིན་ཏུ་བརྗིད་པའི་སྐུ༔ རྣལ་འབྱོར་བརྟུལ་ཞུགས་སྤྱོད་པའི་ཚུལ༔ ཁྲོ་འཛུམ་གཟི་བྱིན་རབ་ཏུ་འབར༔ ཡེ་ཤེས་ལྟ་སྟངས་དབྱིངས་ལ་གཟིགས༔ ཕྱག་གཡས་ལྕགས་ཀྱུའི་ཕྱག་རྒྱ་ཡིས༔ འཁོར་འདས་ཀུན་གྱི་དྭངས་མ་བསྡུས༔ གཡོན་པའི་བདེ་སྐྱོང་སྣོད་དུ་བསྐྱིལ༔ མེ་ཏོག་ཕྲེང་བས་ཐོད་བཅིངས་ཤིང༔ ཐོད་སྐམ་ཅོད་པན་འཁོར་ལོ་སོགས༔ རིན་ཆེན་རུས་པའི་རྒྱན་གྱིས་བརྒྱན༔ དར་གྱི་ན་བཟའ་སྟག་ཤམ་གསོལ༔ ཞབས་ཟུང་གཡོན་བརྐྱང་ཕྱེད་སྐྱིལ་བཞུགས༔ སྤྱི་བོར་ཆོས་སྐུ་ཀུན་ཏུ་བཟང༔ མཐིང་གསལ་མཉམ་གཞག་ཡུམ་དང་འཁྲིལ༔ མགྲིན་པར་རྡོར་སེམས་ཡབ་ཡུམ་དཀར༔ རྡོ་རྗེ་དྲིལ་འཛིན་ལོངས་སྐུའི་ཆས༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི༔ དགའ་རབ་རྡོ་རྗེ་སྤྲུལ་སྐུའི་ཚུལ༔ མཉམ་གཞག་སྐྱིལ་ཀྲུང་མཚན་དཔེ་འབར༔ དེ་ལྟར་གསལ་བའི་གནས་གསུམ་དུ༔ རྡོ་རྗེའི་ཡི་གེ་འབྲུ་གསུམ་མཚན། །སློབ་དཔོན་ཐུགས་ལས་འོད་ཟེར་འཕྲོས། །རང་བཞིན་གནས་ནས་ཡེ་ཤེས་པ། །དཔག་མེད་སྤྱན་དྲངས་ཁྱེད་རང་གི །སྒོ་གསུམ་ལ་ཐིམ་དབྱེར་མེད་གྱུར། །སྤོས་རོལ་བཅས་རྩ་སྔགས་མཐར། ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་དྲག་ཏུ་བརྗོད་ལ་དབབ། ཡེ་ཤེས་པ་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ། འགྲིམ་དཀྱིལ་འདུ་བྱས་ལ། རིག་འཛིན་ཡོངས་རྫོགས་ཕོ་བྲང་དུ༔ རིག་པའི་མེ་ཏོག་འདྲེས་མེད་དོར༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ ཡེ་ཤེས་ལྷ་ལ་འབབ་པར་འགྱུར༔ ཁྱེད་རང་རྣམས་ལ་སྔར་བྱིན་པའི་མེ་ཏོག་དེ་ཉིད་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་དོར་བའི་མོས་པས་འདིའི་རྗེས་ཟློས། ཧོ༔ རིག་འཛིན་རོལ་པའི་དཀྱིལ་འཁོར་འདིར༔ སྙིང་པོའི་ཡེ་ཤེས་བརྟག་བྱའི་ཕྱིར༔ རིག་པའི་མེ་ཏོག་འདི་འབུལ་གྱིས༔ ལས་འཕྲོའི་དབང་གིས་བཞེས་སུ་གསོལ༔ པུཥྤེ་པྲ་ཏཱིཙྪ་ཧོ༔ ཞེས་དོར་དུ་གཞུག །རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གཙོ་དང་འཁོར་དུ་སྣང་བ་ཐམས་ཅད་ཀྱང་ཀུན་ཁྱབ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་འཇིགས་མེད་ཤྲཱི་སིཾ་ཧའི་རང་བཞིན་ཁོ་ན་ཡིན་པས། ཁྱེད་རང་རྣམས་ཀྱི་གསང་བའི་མཚན་རིག་འཛིན་འདུས་པ་རྩལ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ཕུལ་པའི་མེ་ཏོག་དེ་ཉིད་ཀྱང་རིགས་ཀྱི་རྟགས་སུ་བྱིན་གྱིས་བརླབས་ཏེ་རྡོ་རྗེའི་ཅོད་པན་དུ་བཅིངས་པར་མོས་ཤིག །ཧཱུྃ༔ མི་གནས་ཡེ་ཤེས་དཀྱིལ་འཁོར་དུ༔ རིག་པའི་མེ་ཏོག་ཕུལ་པ་འདི༔ བྱིན་རླབས་བསམ་མི་ཁྱབ་པར་ཟུངས༔ དངོས་གྲུབ་ཐམས་ཅད་འདིས་ཐོབ་ཤོག༔ པུཥྤེ་གྲྀཧྞ་སཏྭཾ་ཨི་མཾ་སཏྭ་མ་ཧཱ་བ་ལ༔ ཞེས་མེ་ཏོག་སྤྱི་བོར་གཞག །སྒྲིབ་པས་ལྡོངས་པའི་མིག་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བསྐལ་སྔོན་བསྒྲིབས་པའི་མ་རིག་མིག༔ ཐབས་མཁས་རྒྱལ་པོ་རིག་འཛིན་ཆེས༔ མྱུར་བ་ཉིད་དུ་དབྱེ་བ་དང༔ ཡེ་ཤེས་དཀྱིལ་འཁོར་བསྟན་དུ་གསོལ༔ ལྷན་སྐྱེས་མ་རིག་པའི་སྒྲིབ་གཡོགས་ཡེ་ཤེས་རིག་པའི་ཐུར་མས་བསལ་བར་མོས་ཤིག །གསེར་ཐུར་ཐོགས་ལ། སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱིས༔ འགྲོ་བའི་མིག་ནི་དབྱེ་བར་མཛད༔ སངས་རྒྱས་ས་ལ་བཀོད་པ་བཞིན༔ དེང་འདིར་རིག་པ་འཛིན་བདག་གིས༔ མ་རིག་མིག་ནི་དབྱེ་བར་བྱ༔ ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་མིག་དར་བསལ། ཧོ༔ ལྟོས་ཤིག་སྐལ་པ་ཅན་རྣམས་ལྟོས༔ རིག་འཛིན་ཀུན་འདུས་དཀྱིལ་འཁོར་འདི༔ སྐད་ཅིག་མཐོང་བ་ཙམ་གྱིས་ཀྱང༔ སྒྲིབ་པ་དག་སྟེ་ཡེ་ཤེས་མཐོང༔ ཧོ༔ རིག་འཛིན་རོལ་པའི་ཕོ་བྲང་དང༔ ཡེ་ཤེས་ཀྱི་བུམ་པ་དབྱེར་མེད་པའི་ནང་དུ༔ བདེ་གཤེགས་ཀུན་འདུས་འཇིགས་མེད་ཤྲཱི་སིཾ་ཧ་དང་བརྒྱུད་གསུམ་རིག་འཛིན་རྒྱ་མཚོའི་ཚོགས་རྣམས་གཙོ་འཁོར་གྱི་ཚུལ་དུ་བཞུགས་པ་འདི་ནི་མཚན་མ་རྫས་དང་ཏིང་འཛིན་སྤྲུལ་པའི་དཀྱིལ་འཁོར་དབྱེར་མེད་ཡིན་ཅིང༔ འདི་མཚོན་བྱེད་དེ༔ མཚོན་བྱ་དོན་གྱི་དཀྱིལ་འཁོར་རང་གི་སེམས་ཉིད་ཡེ་ཤེས་བརྒྱུད་གསུམ་རིག་འཛིན་བླ་མའི་བདག་ཉིད་ཆེན་པོར་རྫོགས་པའི་རང་བཞིན་དུ་ངོ་ཤེས་པར་གྱིས་ཤིག༔ ཅེས་ལྷ་ངོ་བསྟན། དེ་དག་གིས་དཀྱིལ་འཁོར་ཕྱི་ནང་གི་འཇུག་པ་སོང་ནས་མངོན་པར་དབང་བསྐུར་བ་དངོས་གཞི་ཞུ་བའི་སླད་དུ་མཎྜལ་ཕུལ། ཐོག་མར་གསོལ་བ་གདབ་པ་འདིའི་རྗེས་ཟློས། ཧོ༔ རིག་འཛིན་ཡོངས་རྫོགས་དཀྱིལ་འཁོར་འདིར༔ ཞུགས་ཀྱང་སྨིན་པར་མཛད་དུ་གསོལ༔ སྨིན་ཅིང་གྲོལ་བ་མཐར་ཕྱིན་ཞིང༔ མི་གནས་ཀློང་དུ་སྐྱེལ་བར་མཛོད༔ ལན་གསུམ། དབང་བསྐུར་བ་དངོས་ལ་བྱིན་རླབས་སྤྱི་དང་བྱེ་བྲག་གིས་བསྡུས་པའི་བུམ་གསང་ཤེར་ཡེ་ཚིག་དབང་རྗེས་འབྲེལ་དང་བཅས་པ་དང་། ཁྱད་པར་བའི་བྱིན་རླབས་བཅས་རིམ་པར་འབྱུང་བ་ལས། དང་པོ་བྱིན་རླབས་སྤྱི་ལྟར་བྱ་བ་བུམ་པའི་དབང་རྗེས་འབྲེལ་དང་བཅས་པའི་སླད་དུ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་རིག་འཛིན་རོལ་པའི་ལྷ་ཚོགས་རྣམས་བཞུགས་པའི་སྐུ་ལས་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་བྱུང་བས་སྒྲིབ་པའི་འཆིང་བ་གཏོར་ཞིང་ཡེ་ཤེས་ཀྱི་བཅུད་བླུགས་པར་མོས་ཤིག །རྣམ་བུམ་ཐོགས་ལ། ཧཱུྃ༔ དབྱིངས་ཀྱི་བུམ་པར་རིག་པའི་བཅུད༔ ཟུང་འཇུག་རིག་འཛིན་རོལ་པའི་ལྷ༔ གཉིས་མེད་མཉམ་སྦྱོར་བདུད་རྩི་མཆོག༔ ཡེ་ཤེས་ཆུ་ཡི་དབང་བསྐུར་རོ༔ ཀ་ལ་ཤཿཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བུམ་ཆུ་སྤྱི་བོར་གཏིགས། ཡེ་ཤེས་རྡོ་རྗེའི་ཅོད་པན་དབུ་ལ་བཅིངས་པས་རིགས་ཐམས་ཅད་ཀྱི་རྒྱལ་སྲིད་ལ་མངའ་དབང་སྒྱུར་བར་མོས་ཤིག །རིན་ཆེན་འབར་བའི་པྲོག་ཞུ་འདི༔ རྒྱལ་བ་ཀུན་དང་མཉམ་པ་ཡི༔ གོ་འཕང་བླ་མེད་བསྒྲུབ་བྱའི་ཕྱིར༔ དབང་བསྐུར་ཅོད་པན་ཆེན་པོ་འོ༔ རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཏྲཱྃ༔ ཞེས་དབུ་རྒྱན་སྤྱི་བོར་གཏད། མི་འགྱུར་རྡོ་རྗེ་རྩེ་ལྔ་ཕྱག་གཡས་སུ་གཏད་པས་ཐབས་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་བདག་ཉིད་ཆེན་པོར་གྲུབ་པར་མོས་ཤིག །སངས་རྒྱས་རིགས་ལྔའི་ཡེ་ཤེས་ལྔས༔ དུག་ལྔ་རྣམ་པར་གཞོམ་པའི་ཕྱིར༔ མི་འགྱུར་རྡོ་རྗེ་བླ་ན་མེད༔ སངས་རྒྱས་རྡོ་རྗེའི་དབང་བསྐུར་རོ༔ བཛྲ་དྷཱ་ར་ཨ་དྷི་པ་ཏི་བཛྲ་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་རྡོ་རྗེ་ལག་གཡས་སུ་གཏད། ལས་ཀྱི་དྲིལ་བུ་ཕྱག་གཡོན་དུ་གཏད་པས་ཤེས་རབ་སྟོང་པ་ཉིད་གཞོམ་མེད་ཆོས་ཀྱི་སྒྲས་འགྲོ་ཁམས་སད་པར་བྱེད་པའི་མཐུ་ཐོབ་པར་མོས་ཤིག །ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང༔ རྗེས་སུ་འགྲོ་བའི་ཤེས་རབ་མཆོག༔ མ་རིག་སད་པའི་དྲིལ་བུ་ཆེ༔ ཀརྨ་གཎྜེ་ཨ་བྷི་ཥིཉྩ་ཨཱ༔ ཞེས་དྲིལ་བུ་ལག་གཡོན་དུ་གཏད། མིང་གི་དབང་བསྐུར་བས་རྡོ་རྗེའི་མཚན་གྱིས་ས་གསུམ་དུ་གྲགས་པའི་དབང་ཐོབ་པར་མོས་ཤིག །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེའི་མིང་ནི་བླ་ན་མེད༔ ས་གསུམ་ཀུན་ཏུ་གྲགས་པ་ཡི༔ རིག་པ་འཛིན་པ་ཞེས་བྱ་འོ༔ རྡོར་དྲིལ་བསྣོལ་མ་སྤྱི་བོར་དཀྲོལ་ཞིང་། ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཤྲཱི་བིདྱ་དྷཱ་ར་ཡཱ་མི་ཨ་བྷི་ཥིཉྩ་ཨཱོྃ༔ དེ་དག་གིས་མ་རིག་པ་ལས་གྱུར་པའི་སྒྲིབ་པ་ལྔ་དག །རིག་པ་ཡེ་ཤེས་ལྔ་ཡི་ས་བོན་གསོས་བཏབ་པས་ན་རིག་པའི་དབང་ཞེས་བྱའོ། །དེ་ནས་བུམ་དབང་གི་རྗེས་འབྲེལ་ལས་སྐུ་ཕྱག་རྒྱའི་དབང་བསྐུར་བ་ལ། མདུན་བསྐྱེད་དཀྱིལ་འཁོར་རིག་འཛིན་གཙོ་འཁོར་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་སྣང་བརྙན་གཉིས་པ་རེ་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་གནས་རྣམས་སུ་ཐིམ་པར་མོས་ཤིག །སྐུ་ཙཀ་རྣམས་རིམ་པར་ཐོགས་ལ། ཧཱུྃ༔ ཆོས་སྐུའི་སྟོན་མཆོག་འོད་མི་འགྱུར༔ ཀུན་ཏུ་བཟང་པོ་ཡབ་ཡུམ་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གཟུང་འཛིན་དབྱིངས་སུ་ཐིམ་པར་ཤོག༔ ཨཱོྃ་གུ་རུ་ས་མནྟ་བྷ་དྲ་ཨ་བྷི་ཥིཉྩ་ཨཱོྃ༔ ཨཱ༔ ལོངས་སྐུའི་སྟོན་མཆོག་དཀྱིལ་འཁོར་བདག༔ རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རིག་པའི་ཡེ་ཤེས་རང་སྣང་ཤོག༔ ཨཱོྃ་གུ་རུ་བཛྲ་སཏྭ་ཨ་བྷི་ཥིཉྩ་ཨཱོྃ༔ ཨཱོྃ༔ སྤྲུལ་སྐུའི་སྟོན་པ་རིག་འཛིན་གཙོ༔ དགའ་རབ་དགྱེས་པ་རྡོ་རྗེ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡོངས་རྫོགས་མཆོག་གི་དབང་ཐོབ་ཤོག༔ ཨཱོྃ་གུ་རུ་པྲ་ཧེ་བཛྲ་ཨ་བྷི་ཥིཉྩ་ཨཱོྃ༔ ཧྲཱི༔ སྐུ་གསུམ་དབྱེར་མེད་ཧེ་རུ་ཀ༔ འཇིགས་མེད་ཤྲཱི་སིཾ་ཧ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རིག་རྩལ་དབང་མཆོག་ཐོབ་པར་ཤོག༔ ཨཱོྃ་གུ་རུ་ཤྲཱི་སིཾ་ཧ་ཨ་བྷི་ཥིཉྩ་ཨཱོྃ༔ ཧྲཱི༔ རྒྱུད་ལུང་མན་ངག་ཀུན་གྱི་བདག༔ རྒྱལ་ཆེན་ཨིནྡྲ་བྷཱུ་ཏི་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གླེགས་བམ་དབང་མཆོག་ཐོབ་པར་ཤོག༔ ཨཱོྃ་གུ་རུ་ཨིནྡྲ་བྷཱུ་ཏི་ཨ་བྷི་ཥིཉྩ་ཨཱོྃ༔ ཧྲཱི༔ རྩ་གསུམ་རྒྱ་མཚོའི་ཁྱབ་བདག་ཆེ༔ འཆི་མེད་པདྨ་འབྱུང་གནས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རབ་འབྱམས་དབང་མཆོག་ཐོབ་པར་ཤོག༔ ཨཱོྃ་གུ་རུ་པདྨ་སམྦྷ་ཝ་ཨ་བྷི་ཥིཉྩ་ཨཱོྃ༔ ཧྲཱི༔ པཎ་གྲུབ་ལྔ་བརྒྱའི་གཙུག་གི་རྒྱན༔ སློབ་དཔོན་བི་མ་མི་ཏྲ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ བཤེས་གཉེན་དབང་མཆོག་ཐོབ་པར་ཤོག༔ ཨཱོྃ་གུ་རུ་བི་མ་ལ་མི་ཏྲ་ཨ་བྷི་ཥིཉྩ་ཨཱོྃ༔ ཧྲཱི༔ སྣང་བཞི་མཐར་ཕྱིན་ཡེ་ཤེས་སྐུ༔ པཎ་ཆེན་ཛྙཱ་ན་སཱུ་ཏྲ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དགོངས་ཀློང་དབང་མཆོག་ཐོབ་པར་ཤོག༔ ཨཱོྃ་གུ་རུ་ཛྙཱ་ན་སཱུ་ཏྲ་ཨ་བྷི་ཥིཉྩ་ཨཱོྃ༔ ཧྲཱི༔ ཡང་དག་གྲུབ་པའི་ཐིག་ལེའི་སྐུ༔ སློབ་དཔོན་རྡོ་རྗེ་ཧཱུྃ་ཀཱ་རས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ མེ་ལོང་ཡེ་ཤེས་མངོན་གྱུར་ཤོག༔ ཨཱོྃ་གུ་རུ་ཧཱུྃ་ཀཱ་ར་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེ་དངོས༔ སློབ་དཔོན་ཁྲག་འཐུང་ནག་པོ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ མཉམ་ཉིད་ཡེ་ཤེས་མངོན་གྱུར་ཤོག༔ ཨཱོྃ་གུ་རུ་ཧེ་རུ་ཀཿཀཱ་ལ་ཨ་བྷི་ཥིཉྩ་ཨཱོྃ༔ ཧྲཱི༔ དབང་ཆེན་རྟ་མཆོག་རོལ་པའི་གར༔ སློབ་དཔོན་ནཱ་གཱརྫུ་ནཿཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སོར་རྟོག་ཡེ་ཤེས་མངོན་གྱུར་ཤོག༔ ཨཱོྃ་གུ་རུ་ནཱ་གཱརྫུ་ནཿཨ་བྷི་ཥིཉྩ་ཨཱོྃ༔ ཧྲཱི༔ ཕྲིན་ལས་ལྷ་དང་གཉིས་སུ་མེད༔ སློབ་དཔོན་པྲ་ཆེན་ཧསྟི་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ བྱ་གྲུབ་ཡེ་ཤེས་མངོན་གྱུར་ཤོག༔ ཨཱོྃ་གུ་རུ་པྲ་བྷཱ་ཧསྟི་ཨ་བྷི་ཥིཉྩ་ཨཱོྃ༔ ཧྲཱི༔ སྲིད་པ་མ་མོའི་འཁོར་ལོས་སྒྱུར༔ སློབ་དཔོན་དྷ་ན་སཾསྐྲྀཏས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཀློང་གྱུར་ཡེ་ཤེས་མངོན་གྱུར་ཤོག༔ ཨཱོྃ་གུ་རུ་དྷ་ན་སཾསྐྲྀཏ་ཨ་བྷི་ཥིཉྩ་ཨཱོྃ༔ ཧྲཱི༔ རིག་འཛིན་ཌཱ་ཀིའི་འཁོར་ལོས་སྒྱུར༔ མཁའ་འགྲོ་ལས་ཀྱི་དབང་མོ་ཆེས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཕྱག་རྒྱའི་ཡེ་ཤེས་མངོན་གྱུར་ཤོག༔ ཨཱོྃ་གུ་རུ་ཀརྨ་ཨིནྡྲ་ཎཱི་ཨ་བྷི་ཥིཉྩ་ཨཱོྃ༔ ཧྲཱི༔ དྲེགས་པ་ཟིལ་གནོན་སྟོབས་ཀྱི་བདག༔ སློབ་དཔོན་རམྦི་གུ་ཧྱ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དབྱིངས་གྲོལ་ཡེ་ཤེས་མངོན་གྱུར་ཤོག༔ ཨཱོྃ་གུ་རུ་རམྦི་གུ་ཧྱ་ཨ་བྷི་ཥིཉྩ་ཨཱོྃ༔ ཧྲཱི༔ དྲག་སྔགས་དམོད་པའི་འཁོར་ལོས་སྒྱུར༔ སློབ་དཔོན་ཤཱནྟིཾ་གརྦྷ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ མཐའ་གྲོལ་ཡེ་ཤེས་མངོན་གྱུར་ཤོག༔ ཨཱོྃ་གུ་རུ་ཤཱནྟིཾ་གརྦྷ་ཨ་བྷི་ཥིཉྩ་ཨཱོྃ༔ ཞེས་བསྐུར། ལྷ་དང་དབྱེར་མེད་རིག་འཛིན་རོལ་པའི་སྐུ་ཕྱག་རྒྱའི་དབང་བསྐུར་པས༔ དེང་ཕྱིན་ཆད་འདི་ལྟར་སྣང་ཞིང་བཏགས་པའི་ཆོས་ཐམས་ཅད་སྐུ་རྡོ་རྗེ་སྣང་སྟོང་ཟུང་འཇུག་གི་ཡེ་ཤེས་ཆེན་པོ་རང་ཤར་དུ་འཆར་བར་གྱུར་ཅིག༔ གསུང་བཟླས་པའི་ལུང་གི་སླད་དུ། ཁྱེད་རང་གི་ཐུགས་ཀར་ཡེ་ཤེས་སེམས་པའི་ཐུགས་མཆོང་གུར་སྨུག་པོའི་ཀློང་དུ་ཉི་ཟླའི་གྭའུའི་དབུས་སུ་ཧྲཱིཿདམར་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་དང་། བླ་མ་དཀྱིལ་འཁོར་པའི་ལྷ་ཚོགས་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་གཉིས་པ་འཕྲོས། ཞལ་ནས་ཐོན་ཁྱེད་རང་གི་ཞལ་དུ་ཞུགས་ཐུགས་སྲོག་གི་མཐར་འཁོད་པ་དང་། དེ་ལས་འོད་ཟེར་འཕྲོས་རྩ་གསུམ་རྒྱལ་བ་རབ་འབྱམས་རིག་འཛིན་བླ་མ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། གསང་བ་གསུམ་གྱི་བྱིན་རླབས་ལྷ་སྔགས་ཕྱག་མཚན་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པར་མོས་ལ་སྔགས་འདིའི་རྗེས་ཟློས། བསྙེན་སྒྲུབ་ལས་གསུམ་གྱི་རྩ་སྔགས་ལན་གསུམ་རེ་རྗེས་ཟློས་བྱ། དེ་བརྟན་པར་བྱ་བའི་ཕྱིར་སྔགས་ཕྲེང་མགྲིན་པར་བཞག་ལ། ཨཱ༔ རིག་འཛིན་རོལ་པའི་ལྷ་ཚོགས་ཀྱི༔ བསྙེན་སྒྲུབ་ལས་སྦྱོར་རྡོ་རྗེའི་སྔགས༔ རིགས་ཀྱི་བུ་ལ་སྦྱིན་པ་ཡིས༔ གྲགས་སྟོང་རང་གྲོལ་དབང་ཐོབ་ཤོག༔ ཨཱོྃ་སརྦ་མ་ཧཱ་གུ་རུ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ སྔགས་དང་དབྱེར་མེད་པའི་རིག་འཛིན་རོལ་པའི་གསུང་བཟླས་པའི་དབང་བསྐུར་པས༔ དེང་ཕྱིན་ཆད་འདི་ལྟར་སྒྲར་སྣང་ཞིང་གྲགས་པའི་ཆོས་ཀུན་གསུང་རྡོ་རྗེ་གྲགས་སྟོང་ཟུང་འཇུག་གི་ཡེ་ཤེས་ཆེན་པོ་རང་ཤར་དུ་འཆར་བར་གྱུར་ཅིག༔ ཐུགས་ཀྱི་དབང་གི་སླད་དུ། མེ་ལོང་དུ་རྡོ་རྗེའི་གཟུགས་བརྙན་ཤར་བའི་བརྡ་འདིས་མཚོན་ཏེ་རང་རིག་སྟོང་གསལ་ཟུང་འཇུག་མི་འགྱུར་གཉུག་མའི་ངང་དུ་མཉམ་པར་བཞག་པས་སྐྱེ་མེད་དོན་གྱི་དགོངས་པ་མངོན་དུ་རྫོགས་པར་མོས་ཤིག །མེ་ལོང་དུ་རྡོ་རྗེའི་གཟུགས་བརྙན་ཤར་བ་བསྟན་ལ། ཧཱུྃ༔ མི་འགྱུར་སྟོང་ཉིད་རྡོ་རྗེའི་དབྱིངས༔ རིག་པ་མེ་ལོང་གཟུགས་བཞིན་སྣང༔ ཟུང་འཇུག་བརྡ་ཡི་དབང་བསྐུར་བས༔ དབྱེར་མེད་ངེས་དོན་རྟོགས་པར་ཤོག༔ ཨཱོྃ་སརྦ་མ་ཧཱ་གུ་རུ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཆོས་ཉིད་བསམ་གྱིས་མི་ཁྱབ་པ་དང་དབྱེར་མེད་པ་རིག་འཛིན་རོལ་པའི་ཐུགས་དགོངས་པའི་དབང་བསྐུར་པས༔ དེང་ཕྱིན་ཆད་འདི་ལྟར་གཟུང་ཞིང་འཛིན་པའི་ཆོས་ཀུན་ཐུགས་རྡོ་རྗེ་རིག་སྟོང་ཟུང་འཇུག་གི་ཡེ་ཤེས་ཆེན་པོ་རང་ཤར་དུ་འཆར་བར་གྱུར་ཅིག༔ ཡོན་ཏན་ཡོངས་རྫོགས་རྡོ་རྗེ་སློབ་དཔོན་མཆོག་ཏུ་འོས་པའི་ཡོ་བྱད་རྣམས་ཀྱིས་མངའ་གསོལ་ཞིང་དབང་བསྐུར་བས་ཆེ་བའི་ཡོན་ཏན་མ་བཙལ་ལྷུན་གྱིས་རྫོགས་པར་མོས་ཤིག །གདན་ཁྲི་སོགས་ཚིག་གསལ་བཞིན་དང་། ལག་ཏུ་རྡོར་དྲིལ། སྤྱི་བོར་ལྷ་ཙཀ་ཡོངས་རྫོགས་སྦམས་ཏེ་བཀོད་ལ། ཨཱོྃ༔ རང་སྣང་རྣམ་དག་ཡེ་ཤེས་ཕོ་བྲང་ཆེར༔ སེང་ཁྲི་པདྨ་ཉི་ཟླའི་གདན་སྟེང་དུ༔ སློབ་མ་རིགས་འདུས་ཤྲཱི་སིཾ་ཧ་རྩལ༔ དཀྱིལ་འཁོར་རྒྱ་མཚོའི་བདག་པོར་བཞུགས་པ་ཡི༔ སྟེང་དུ་གདུགས་ཕུབ་གཡས་གཡོན་རྒྱལ་མཚན་འཕྱར༔ དམ་ཚིག་གསུམ་ལྡན་རྡོ་རྗེ་དྲིལ་བུ་འཁྱུད༔ ཡེ་ཤེས་དཀྱིལ་འཁོར་རབ་འབྱམས་ཐམས་ཅད་ཀྱི༔ ཡི་དམ་ལྷ་དང་དབྱེར་མེད་དབང་བསྐུར་བས༔ དགོངས་པ་མི་འགྱུར་ལྷ་ཚོགས་རང་ལ་རྫོགས༔ རིག་རྩལ་རོལ་པ་དོན་གྱི་དབང་ཐོབ་ནས༔ ཀུན་བཟང་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག༔ ཨཱོྃ་བཛྲ་མ་ཧཱ་གུ་རུ་སརྦ་མཎྜ་ལ་ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ནང་རྒྱུད་ཡོ་ག་གསུམ་གྱི་གླེགས་བམ་གཅེས་བཏུས་ལག་ཏུ་གཏད་ལ། ཨཱ༔ རྒྱུད་ལུང་མན་ངག་དམ་པའི་མཛོད་གསུམ་གྱི༔ ཆོས་བཀའ་གཏད་པ་གླེགས་བམ་དབང་བསྐུར་བས༔ ལུང་བསྟན་རྡོ་རྗེའི་ཡེ་ཤེས་རྒྱུད་ལ་ཤར༔ རབ་འབྱམས་ཆོས་སྒོ་འབྱེད་པའི་དབང་ཐོབ་ཤོག༔ ཨཱཿསརྦ་ཏནྟྲ་དྷརྨ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཆས་གོས་རྣམས་ཚིག་གསལ་བཞིན་གཏད་ལ། ཧཱུྃ༔ ཆོས་གོས་རྣམ་གསུམ་དར་དང་རིན་ཆེན་རྒྱན༔ བེར་ཕོད་པདྨའི་སྙན་ཞུས་མངའ་གསོལ་བས༔ སྡོམ་པ་གསུམ་ལྡན་སྡེ་སྣོད་རྒྱུད་སྡེའི་བདག༔ དགེ་བའི་བཤེས་གཉེན་དབང་མཆོག་ཐོབ་པར་ཤོག༔ ཧཱུྃ་མ་ཧཱ་ཨཱ་ཙཱརྻ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རྣམ་བུམ་སྤྱི་བོར་བཞག་ལ། ཧོ༔ བཀྲ་ཤིས་བུམ་པ་ལྷ་ཡི་གཞལ་ཡས་ཁང༔ རྩ་གསུམ་འོད་ཞུ་བདེ་ཆེན་བདུད་རྩིས་བལྟམས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡོན་ཏན་ཡོངས་རྫོགས་མཆོག་གི་དབང་ཐོབ་ཤོག༔ ཨཱོྃ་ཨཱཿཧཱུྃ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཨ་བྷི་ཥིཉྩ་ཧོ༔ ཞེས་བུམ་ཆུ་སྦྱིན། བྲལ་བ་དང་རྣམ་པར་སྨིན་པ་དང་དབྱེར་མེད་རིག་འཛིན་རོལ་པའི་ཡོན་ཏན་གྱི་དབང་བསྐུར་པས༔ དེང་ཕྱིན་ཆད་འདི་ལྟར་སྣང་བའི་ཡུལ་ཐམས་ཅད་ཡོན་ཏན་རྡོ་རྗེ་གསལ་སྟོང་ཟུང་འཇུག་གི་ཡེ་ཤེས་ཆེན་པོར་ལྷུན་གྱིས་གྲུབ་པར་གྱུར་ཅིག༔ ཕྲིན་ལས་སྒོམ་སྒྲུབ་འཆད་ཕྲིན་གྱི་ཆས་རྣམས་གཏད་པས་རྒྱལ་བའི་གདུང་འཚོབ་དོན་གཉིས་ལྷུན་གྱིས་འགྲུབ་པའི་མཐུ་དབང་ལ་མངའ་བརྙེས་པར་མོས་ཤིག །སྐུ་དང་བགྲང་ཕྲེང་གླེགས་བམ་སྣ་ཚོགས་རྡོ་རྗེ་རྣམས་གཏད་ལ། ཧཱུྃ༔ རྩ་གསུམ་ལྷ་སྒོམ་རྩེ་གཅིག་སྒྲུབ་པ་དང༔ གཞན་དོན་འཆད་འཕྲིན་རབ་འབྱམས་དབང་བསྐུར་བས༔ རྒྱལ་བའི་གདུང་འཚོབ་འགྲོ་བའི་ཁ་ལོ་སྒྱུར༔ དོན་གཉིས་ལྷུན་གྲུབ་ཕྲིན་ལས་མཐར་ཕྱིན་ཤོག༔ ཨཱོྃ་ཨཱཿཧཱུྃ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཀརྨ་ཨ་བྷི་ཥིཉྩ་ཨཱོྃ༔ དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་མཛད་པ་དང་དབྱེར་མེད་པ་རིག་འཛིན་རོལ་པའི་ཕྲིན་ལས་ཀྱི་དབང་བསྐུར་པས༔ དེང་ཕྱིན་ཆད་བྱེད་སྤྱོད་ཐམས་ཅད་ཕྲིན་ལས་རྡོ་རྗེ་ཚོར་སྟོང་ཟུང་འཇུག་གི་ཡེ་ཤེས་ཆེན་པོ་རང་ཤར་དུ་སྣང་བར་གྱུར་ཅིག༔ ཧོ༔ བཀྲ་ཤིས་བུམ་པ་འཁོར་དང་བཅས་པའི་དབང་བསྐུར་པས༔ སློབ་མ་ཐམས་ཅད་ལྷ་རུ་འགྱུར་ཞིང་ལྷ་ཐམས་ཅད་སྣང་སྟོང་གི་ཡེ་ཤེས་སུ་རྟོགས་པར་གྱུར་ཅིག༔ ཅེས་མེ་ཏོག་འཐོར། ཧོ༔ སྐུ་གསུམ་སྟོན་པ་བླ་མ་རིག་འཛིན་ཡོངས་རྫོགས་ཀྱི་ཕྱི་མཚན་མའི་དཀྱིལ་འཁོར་དུ༔ སྤྲོས་བཅས་བུམ་པའི་དབང་བསྐུར་པས༔ སྐལ་ལྡན་རིག་པ་འཛིན་པ་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཐ་མལ་སྣང་ཞེན་གྱི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག༔ ལམ་སྣང་སྲིད་གཞིར་བཞེངས་རང་བྱུང་གི་དཀྱིལ་འཁོར་སྒོམ་པ་ལ་དབང༔ འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པར་གྱུར་ཅིག༔ གཉིས་པ་བྱིན་རླབས་བྱེ་བྲག་པ་ལ་དབང་གོང་མ་གསུམ་དང་རྗེས་འབྲེལ་ཚེ་དབང་རྣམས་ལས། གསང་བའི་དབང་གི་སླད་དུ་བླ་མ་རིག་འཛིན་ཡོངས་རྫོགས་ཀྱི་ལྷ་ཚོགས་མཉམ་པར་སྦྱོར་བའི་བྱང་སེམས་བདུད་རྩིའི་རྒྱུན་ལྕེ་ཐོག་ཏུ་བཞག་པར་མོས་ཤིག །ཐོད་པའི་བདུད་རྩི་སྦྱིན་ལ། ཧཱུྃ༔ དབྱིངས་ཀྱི་བྷནྡྷ་ཡངས་པ་རུ༔ རིག་པ་བདེ་སྟོང་ལྷ་ཚོགས་སྦྱོར༔ ཟུང་འཇུག་བདེ་ཆེན་བདུད་རྩིའི་དབང༔ བདེ་ཆེན་ཡོངས་སུ་བསྐྱེད་ཕྱིར་བསྐུར༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ བདེ་བ་ཆེན་པོ་བྱང་ཆུབ་སེམས་ཀྱི་བདུད་རྩིས་དབང་བསྐུར་པས་ཕུང་ཁམས་ཐམས་ཅད་ལྷར་དག་སྟེ་བདེ་གསལ་ཡེ་ཤེས་མངོན་དུ་འབར་བར་གྱུར་ཅིག༔ ཅེས་མེ་ཏོག་འཐོར། ཧོ༔ སྐུ་གསུམ་སྟོན་པ་བླ་མ་རིག་འཛིན་ཡོངས་རྫོགས་ཀྱི་ལུས་ཀྱི་དཀྱིལ་འཁོར་དུ༔ སྤྲོས་མེད་གསང་བའི་དབང་བསྐུར་པས༔ སྐལ་ལྡན་རིག་པ་འཛིན་པ་རྣམས་ཀྱི་ངག་རླུང་འཕོ་བཅས་ཀྱི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག༔ ལམ་གསལ་སྟོང་བདག་བྱིན་རླབས་ཀྱི་རིམ་པ་སྒོམ་པ་ལ་དབང༔ འབྲས་བུ་གསུང་རྡོ་རྗེ་ལོངས་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པར་གྱུར་ཅིག༔ ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། གཟུགས་དང་ལང་ཚོ་མཚན་ཉིད་ཡོངས་སུ་རྫོགས་པའི་ཤེས་རབ་མ་ཕྱག་རྒྱའི་དོན་དུ་གཏད་པར་མོས་ཤིག །རིག་མའི་གཟུགས་བརྙན་ནམ་དྲིལ་བུ་གཏད་ལ། ཧཱུྃ༔ བཀྲ་ཤིས་མཚན་ལྡན་གཟུངས་མ་འདི༔ བསྟེན་ན་བདེ་བ་ཆེན་པོ་རྟོགས༔ འདི་སྤངས་སངས་རྒྱས་ཐོབ་འདོད་མིན༔ བདེ་ཆེན་ངལ་མེད་རྟག་ཏུ་རོལ༔ མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ བདེ་སྐྱེད་ཡུམ་གྱི་དབང་བསྐུར་པས་རྟོག་ཚོགས་ཐམས་ཅད་བདེ་བ་ཆེན་པོར་དག་སྟེ༔ བདེ་ཆེན་ཡེ་ཤེས་ཀློང་དུ་འབར་བར་གྱུར་ཅིག༔ ཅེས་མེ་ཏོག་འཐོར། ཧོ༔ སྐུ་གསུམ་སྟོན་པ་བླ་མ་རིག་འཛིན་ཡོངས་རྫོགས་ཀྱི་ཡུམ་གསང་བ་བྷ་གའི་དཀྱིལ་འཁོར་དུ༔ ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པས༔ སྐལ་ལྡན་རིག་པ་འཛིན་པ་རྣམས་ཀྱི་ཡིད་ཐིག་ལེའི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག༔ ལམ་གཞན་ལུས་ཕོ་ཉའི་རྣལ་འབྱོར་སྒོམ་པ་ལ་དབང༔ འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་འགྲུབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག༔ དབང་བཞི་པའི་སླད་དུ། རྡོ་རྗེ་སེམས་དཔའི་མེ་ལོང་འདིའི་བརྡས་མཚོན་ཏེ་སེམས་ཉིད་སྟོང་གསལ་རང་བྱུང་གི་ཡེ་ཤེས་སུ་ངོ་སྤྲད་པས་ཀ་དག་སྐྱེ་མེད་རིག་པ་རྩལ་གྱི་དབང་ཆེན་ལ་མངའ་བརྙེས་པར་མོས་ཤིག །ཤེལ་རྡོ་ཐོགས་ལ། ཧཱུྃ༔ སེམས་ཉིད་མ་བཅོས་ཀ་ནས་དག༔ སྟོང་གསལ་རང་བྱུང་ཡེ་ཤེས་རྩལ༔ ལྷུན་གྱིས་གྲུབ་པ་མེ་ལོང་བཞིན༔ རིག་རྩལ་མཆོག་གི་དབང་ཐོབ་ཤོག༔ དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨཱ༔ ཧོ༔ རྡོ་རྗེ་སེམས་དཔའི་མེ་ལོང་གི་དབང་བསྐུར་པས༔ མི་གནས་ཡེ་ཤེས་ཀྱི་རྟོགས་པ་མངོན་དུ་འགྱུར་བར་གྱུར་ཅིག༔ ལྷུན་གྲུབ་ཐོད་རྒལ་མཚོན་པ་མེ་ལོང་དང་རྨ་བྱའི་མདོངས་སྒྲོའི་བརྡ་ལ་བརྟེན་ནས། དབྱིངས་ཡེ་ཟུང་འཇུག་གི་རྟོགས་པ་མངོན་དུ་གྱུར་པར་མོས་ཤིག །མེ་ལོང་དང་རྨ་བྱའི་མདོངས་སྒྲོ་བསྟན་ལ། ཧཱུྃ༔ དབྱིངས་ཀྱི་རང་བཞིན་མེ་ལོང་ལ༔ རྨ་བྱའི་མདོངས་ལྟར་ཅི་ཡང་འཆར༔ རིག་རྩལ་ཟུང་འཇུག་རྩལ་གྱི་དབང༔ ཡང་དག་པར་ནི་རྟོགས་པར་ཤོག༔ དྷརྨ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ རིགས་ཀྱི་བུ་ལ་ཐོད་རྒལ་གྱི་དབང་བསྐུར་པས༔ དབྱིངས་ཡེ་ཟུང་དུ་འཇུག་པའི་རྟོགས་པ་མངོན་དུ་འགྱུར་བར་གྱུར་ཅིག༔ ཅེས་མེ་ཏོག་འཐོར། ཧོ༔ སྐུ་གསུམ་སྟོན་པ་བླ་མ་རིག་འཛིན་ཡོངས་རྫོགས་ཀྱི་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་རབ་ཏུ་སྤྲོས་མེད་བཞི་པའི་དབང་བསྐུར་པས༔ སྐལ་ལྡན་རིག་པ་འཛིན་པ་རྣམས་ཀྱི་སྒོ་གསུམ་སྙོམས་འཇུག་གི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག༔ ལམ་རིག་སྟོང་ཟུང་འཇུག་རྫོགས་པ་ཆེན་པོ་སྒོམ་པ་ལ་དབང༔ འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པར་གྱུར་ཅིག༔ མཐའ་རྟེན་རྗེས་འབྲེལ་བཀྲ་ཤིས་ཚེ་ཡི་དབང་སོགས་བསྐུར་བ་ལ། ཚེ་འགུགས་པའི་སླད་དུ་ལྷ་མོ་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་ལྟར་འཕྲོས་པས་རང་གཞན་གྱི་བླ་ཚེ་ཆད་ཉམས་ཡར་པ་དང་། འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་འོད་ཟེར་བདུད་རྩིའི་རྣམ་པར་བསྡུས་ནས་ཁྱེད་རང་རྣམས་ལ་ཐིམ་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ། མདུན་གྱི་ཚེ་རྫས་རྣམས་ལའང་ཐིམ་པས་རྡོ་རྗེ་ཚེའི་བཅུད་ལེན་དུ་གྱུར་པར་མོས་ཤིག །མདའ་དར་གཡབ་ལ། ཧཱུྃ༔ རིག་འཛིན་བླ་མའི་ལྷ་ཚོགས་རྣམས༔ ཐུགས་དམ་ཆེན་པོའི་དུས་ལ་བབ༔ ཚེ་འགུགས་རྡོ་རྗེའི་ཕོ་ཉ་མོ༔ འཁོར་འདས་ཁམས་ཀུན་ཁྱབ་པར་སྤྲོས༔ སྡེ་བརྒྱད་འབྱུང་པོའི་ཚོགས་རྣམས་ཀྱིས༔ བླ་ཚེ་ཕྲོགས་པ་རང་སོར་ཚུད༔ སྣོད་ཀྱི་འབྱུང་བཞིའི་དཔལ་དང་གཡང༔ དྭངས་མ་གཟི་བརྗིད་རྟེན་ལ་སྟིམས༔ བཅུད་ཀྱི་སྐྱེ་འགྲོའི་ཚེ་བསོད་སྟོབས༔ བརྟན་དང་སེམས་དང་དབྱེར་མེད་སྲེས༔ རྩ་གསུམ་རྒྱལ་བའི་ཐུགས་རྗེའི་དབྱིག༔ ཡེ་ཤེས་དབྱིངས་ཀྱི་ཐིག་ལེར་སྡུས༔ མི་འགྱུར་མི་ཤིགས་རྟག་པ་ཡི༔ དངོས་གྲུབ་དམ་པ་བསྩལ་དུ་གསོལ༔ ཞེས་བརྗོད་ལ། ཨཱོྃ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཞེས་བསྐུལ། ཚེའི་འབྲང་རྒྱས་རིག་འཛིན་ཚེ་ལྷའི་དཀྱིལ་འཁོར་དུ་གསལ་བ་སྤྱི་བོར་སྤྱན་དྲངས་པས་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ཤིག །ཚེ་འབྲང་ཐོགས་ལ། ཧྲཱི༔ ཟླ་གམ་དབང་ཆེན་གཞོན་ནུ་བུམ་སྐུའི་དབྱིངས༔ ཡེ་ཤེས་རང་སྣང་འཆི་མེད་ལྷ་ཚོགས་བཞུགས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཚེ་དང་ཡེ་ཤེས་སྣང་བ་རྒྱས་པར་ཤོག༔ ཚེ་སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཨཱ་ཡུཿཥེ་ཨ་བྷི་ཥིཉྩ་ཨཱོྃ༔ ཞེས་སྤྱི་བོར་གཞག །ཐབས་མི་འགྱུར་བའི་བདེ་བ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་ཟུང་དུ་འཇུག་པའི་ཚེ་ལ་མངའ་བརྙེས་པར་མོས་ཤིག །ཅེས་ཚེ་སྔགས་བཟླ་བཞིན་ཚེ་རིལ་ཆང་སྦྱིན། སླར་ཡང་ཚེ་འབྲང་སྤྱི་བོར་བཞག་སྟེ། རིག་འཛིན་ཚེ་ལྷའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལས་རང་འདྲ་གཉིས་པ་མཆེད་དེ་ཁྱེད་རང་རྣམས་ལ་ཐིམ་པས་གཉིས་མེད་དུ་གྱུར་པར་མོས་ཤིག །ཛཿཧཱུྃ་བཾ་ཧོཿ ཞེས་བསྟིམ། ཧཱུྃཿ ཚེ་བཅུད་སྙིང་དབུས་རྟེན་ལ་ཐིམ༔ རིག་འཛིན་ཚེ་ཡི་དངོས་གྲུབ་ཐོབ༔ ཡེ་ཤེས་རྡོ་རྗེའི་ཕྱག་རྒྱ་ཡིས༔ རྟག་པ་དམ་པར་རྒྱས་གདབ་བོ༔ ཛྙཱ་ན་བཛྲ་རཀྵ་རཀྵ་ཧཱུྃ༔ ཞེས་བརྗོད་ལ་རྒྱས་གདབ། བཀྲ་ཤིས་པའི་རྫས་རྟགས་བརྒྱད་བརྒྱད་དང་རིན་ཆེན་སྣ་བདུན་གྱིས་མངའ་གསོལ་ཞིང་ཤིས་པ་བརྗོད་པས་བདེ་ལེགས་སུ་བྱས་པར་མོས་ཤིག །བཅོམ་ལྡན་ཤཱཀྱ་སེང་གེས་བྱིན་བརླབས་པའི། །འཕགས་ལམ་ཡན་ལག་བརྒྱད་ལྡན་བཀྲ་ཤིས་རྫས། །རེག་པས་མི་མཐུན་ཕྱོགས་ཀུན་ཞི་བ་དང་། །དགེ་ལེགས་ཡོན་ཏན་རྟག་ཏུ་འཕེལ་གྱུར་ཅིག །ཨཱོྃ་མངྒ་ལཾ་དྲ་བྱ་ཨ་བྷི་ཥིཉྩ་མི། རྟགས་བརྒྱད་ཐོགས་ལ། བསོད་ནམས་ཡོངས་རྫོགས་སངས་རྒྱས་རྣམས་ཀྱི་མཚན། །རྣམ་ཐར་བརྒྱད་ལྡན་བཀྲ་ཤིས་རྟགས་བརྒྱད་ཀྱིས། །བྱང་ཆུབ་སེམས་མའི་ཚོགས་བཅས་མངའ་གསོལ་བས། །འཇིག་རྟེན་ཀུན་ན་རྟག་ཏུ་བདེ་ལེགས་ཤོག །ཨཱོྃ་ཨཥྚ་མངྒ་ལཾ་ཨ་བྷི་ཥིཉྩ་མི། རྒྱལ་སྲིད་སྣ་བདུན་ཐོགས་ལ། འཕགས་པའི་སར་གནས་འཁོར་ལོས་སྒྱུར་རྣམས་ཀྱི། །བྱང་ཆུབ་ཡན་ལག་བདུན་ལྡན་རིན་ཆེན་གྱིས། །དེང་འདིར་ཉོན་མོངས་དགྲ་ལས་རྣམ་རྒྱལ་ཞིང་། །སྲིད་ཞིའི་དཔལ་གྱིས་འབྱོར་པའི་དབང་བསྐུར་རོ། །ཨཱོྃ་མ་ཧཱ་རཏྣ་ཨ་བྷི་ཥིཉྩ་མི། ཞེས་སྤྱི་འགྲོའི་ཚིག་གིས་སྦྱིན་ཅིང་། ཤིས་བརྗོད་ཅི་རིགས་བྱ། དེ་རྣམས་ཀྱིས་གསང་སྐོར་བླ་མ་རིག་འཛིན་ཡོངས་རྫོགས་ཀྱི་སྤྱི་དང་བྱེ་བྲག་གི་སྨིན་བྱེད་རྗེས་འབྲེལ་མཐའ་རྟེན་དང་བཅས་པ་ལེགས་པར་གྲུབ་པ་ལགས་ཤིང་། ད་ནི་གསུམ་པ་ཁྱད་པར་གྱི་བྱིན་རླབས་དབང་བསྐུར་དགོངས་པ་མཐར་ཕྱིན་ཞེས། གསང་སྐོར་རིག་འཛིན་བླ་མའི་བྱིན་རླབས་ཟབ་མོ་སྒྲུབ་པ་སྟེ། དེའང་ཕྱི་སྐོར་བླ་མའི་སྒྲུབ་དབང་ལས། དེ་བཞིན་དུ་སྐོར་གསུམ་བླ་མ་རྣམས་ཀྱི་བྱིན་རླབས་རིག་པས་འཕྲུལ་ལོ༔ ཞེས་འབྱུང་ཞིང་དེ་དང་མཐུན་པར་མདོ་བྱང་ལས་ཀྱང་སྐབས་འདིར། བླ་མ་ཡོངས་རྫོགས་སྒོམ་པའི་གསེང་ལམ་ཞེས༔ བྱིན་རླབས་སྤྱི་ལས་ཁྱད་པར་མཚན་དང་ནི༔ སྐུ་ཡི་རྣམ་པས་སྔོན་དུ་སྐུས་དབང་བསྐུར༔ གསུང་ལ་གདམས་པ་ཐུགས་ལ་རྡོ་རྗེའི་གླུ༔ དགོངས་པའི་ཉམས་སྐྱོང་བཞི་ཡིས་རྫོགས་པ་ལ༔ དབང་བསྐུར་དགོངས་པ་མཐར་ཕྱིན་ཞེས་བྱ་འོ༔ ཞེས་གསལ་བར་བསྟན་པའི་ཁྱད་པར་གྱི་བྱིན་རླབས་དབང་བསྐུར་དགོངས་པ་མཐར་ཕྱིན་ཉིད་སྒྲུབ་པ་ལ་ཐོག་མར་ཞུ་བའི་ཡོན་དུ་མཎྜལ་ཕུལ། སྙིམ་པ་མེ་ཏོག་གིས་བཀང་བའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཟུང་འཇུག་དགོངས་པ་བརྙེས་པ་ཡི༔ འགྲོ་འདུལ་རིག་འཛིན་ཡོངས་རྫོགས་ཀྱི༔ བྱིན་རླབས་བརྩེ་བས་གནང་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་བསྐུར་ཐོབ་བྲལ་བའི་དབང་བསྐུར་ཡེ་ནས་རང་ལ་རྫོགས་པར་གདམས་པའི་སྒོ་ནས་ལན་སྦྱིན་པ་འདི་ལ་གསན་པས་ཁྱབ་སྟེ། སྤྱིར་ནི་འགྲོ་འདུལ་རིག་འཛིན་ལྔ་བཅུ་རྩ་བརྒྱད་པོ༔ ཐམས་ཅད་ཟུང་འཇུག་མངོན་གྱུར་ཀུན་ཏུ་བཟང༔ དགོངས་པ་རང་བྱུང་ནམ་མཁའི་རྣལ་འབྱོར་ཚོགས༔ ཡེ་ཤེས་སྐུ་ཅན་འཁོར་འདས་ཡོངས་ལ་ཁྱབ༔ བཞུགས་ཡུལ་ཞིང་ཁམས་གཞན་དུ་བཙལ་མི་འཚལ༔ ད་ལྟའི་ནམ་མཁའ་འདིར་ཡང་རྣལ་འབྱོར་རྣམས༔ རང་གི་སེམས་ཉིད་འདི་ལའང་བླ་མས་ཁྱབ༔ བསྐུར་བྱ་སྐུར་ཐབས་བསྒྲུབ་དང་སྒྲུབ་ཐབས་མེད༔ རྣལ་འབྱོར་ལྟ་བའི་ངང་ལ་སྒྲུབ་དབང་རྫོགས༔ ཞེས་དང་། དེ་ལ་རང་གནས་ཡེ་ཤེས་ཀྱི་ཚོགས་གསག་པའི་ཆེད་དུ་ལྟ་བའི་རྒྱལ་པོ་ཡས་འབུབ་ཀྱི་མཆོད་པ་འབུལ་བར་གདམས་པ་སྟེ། ཨེ་མ་ཧོ་བདེ་གཤེགས་བླ་མ་རྣམས༔ བསམ་གྱིས་མི་ཁྱབ་ཆོས་ཉིད་ཀློང༔ ཀུན་ཏུ་བཟང་པོའི་རྣལ་འབྱོར་ཡིན༔ ལྟ་བའི་རྒྱལ་པོའི་མཆོད་པ་འབུལ༔ རང་རིག་གདོད་ནས་རྣམ་པར་དག་པ་རིག་རྩལ་བླ་མའི་ལྷ་ཚོགས་རྣམས་ཀྱི་སྤྱན་སྔར་གནས་ལུགས་ལྟ་བ་མཇལ་བའི་ཕྱག་འཚལ་ཞིང་གང་ཤར་ཆོས་ཉིད་རྒྱན་དུ་རོལ་པའི་མཆོད་པ་འབུལ་བ་སྔོན་དུ་འགྲོ་བས། གློ་བུར་འཁྲུལ་པའི་མུན་ཁུང་བརྟོལ་ཏེ་འོད་གསལ་སྣང་བའི་དགའ་སྟོན་སྩོལ་བར་གསོལ་བ་གདབ་པ་འདིའི་རྗེས་ཟློས། གདོད་ནས་དག་པའི་ཀུན་བཟང་བླ་མ་ལ༔ མཚན་འཛིན་འཁྲུལ་པའི་བསྐང་བཤགས་མི་འཚལ་ཞིང༔ གཉིས་སུ་འཛིན་པའི་ཕྱག་འཚལ་མོས་གུས་བྲལ༔ དེ་བས་རང་རིག་ཀློང་དུ་ཕྱག་འཚལ་ལོ༔ གཉིས་སུ་མེད་པའི་མཆོད་སྤྲིན་རྒྱ་མཚོས་མཆོད༔ བསམ་ལས་འདས་པའི་ངང་དུ་ཐུགས་དམ་བསྐང༔ བརྗོད་མེད་བརྗོད་པ་ཐམས་ཅད་མཐོལ་ལོ་བཤགས༔ ཨེ་མ་ཧོ་བདེ་གཤེགས་བླ་མ་རྣམས༔ ཀུན་བཟང་དགོངས་ཀློང་སེམས་སུ་རྫོགས་པ་ལ༔ ཕྱི་ནང་གཉིས་མེད་སྤྲོས་པའི་མཐའ་ལས་འདས༔ ཆོས་དབྱིངས་ཀློང་ཆུབ་ངང་དུ་ཕྱག་འཚལ་ལོ༔ ཨེ་མ་ཧོ་རང་རིག་བླ་མ་རྣམས༔ འཁོར་འདས་ཐམས་ཅད་ས་ལེར་མཐོང་བ་ལ༔ གཉིས་སུ་མེད་པའི་དབྱིངས་སུ་ལྷུན་རྫོགས་པས༔ མཐོང་བྱ་མཐོང་མཁན་མེད་ལ་ཕྱག་འཚལ་ལོ༔ ཨེ་མ་ཧོ་བདེ་གཤེགས་བླ་མ་རྣམས༔ ཕྱི་ནང་ནམ་མཁའ་ཀུན་ལ་སྐུ་ནི་ཡོངས་སུ་ཁྱབ་པ་ཉིད༔ བཞུགས་པའི་ཡུལ་ནི་ཕྱོགས་བཅུའི་འཇིག་རྟེན་དག་ན་མཆིས༔ གློ་བུར་དྲི་མའི་རྣམ་རྟོག་བསལ་ཕྱིར་གཟུགས་སྐུར་བཞེངས་པ་རྣམས༔ མཚན་འཛིན་འཁྲུལ་པ་འདི་དག་མྱུར་དུ་བསལ་བར་མཛད་དུ་གསོལ༔ ཞེས་གསོལ་བ་བཏབ། སློབ་དཔོན་གྱིས་རིག་འཛིན་བླ་མ་རྣམས་ལ་ཐུགས་དམ་བསྐུལ་བའི་སླད་དུ་གསོལ་བ་གདབ་པར་བྱ་བ་ཡིན་ཏེ། ཨེ་མ་ཧོ༔ བདེ་གཤེགས་བླ་མ་འགྲོ་འདུལ་ལྔ་བཅུ་རྩ་བརྒྱད་རྣམས༔ དམིགས་མེད་ཆོས་ཀྱི་སྐུ་ལས་ད་ལྟ་བཞེངས་སུ་གསོལ༔ གསང་སྐོར་རིག་འཛིན་ཡོངས་རྫོགས་གནས་འདིར་སྣང་བར་མཛོད༔ ཡེ་ཤེས་སྐུ་ཡིས་སློབ་མར་བྱིན་རླབས་དབང་ཆེན་ད་ལྟ་བསྐུར་དུ་གསོལ༔ ཞེས་གསོལ་བ་བཏབ། དེ་ནས་སློབ་དཔོན་རིག་འཛིན་བླ་མ་གཙོ་འཁོར་གྱི་སྐུར་བསྒོམ་པ་དང་། ཁྱེད་རང་རྣམས་ཀྱང་རིག་འཛིན་བླ་མ་ཡོངས་རྫོགས་ཀྱི་སྐུ་འདི་བཞིན་དུ་གསལ་ཐོབས་ཤིག །སྤྲོ་ན། ཧཱུྃ༔ དབྱིངས་ཉིད་གདོད་ནས་རྣམ་པར་དག༔ སོགས་ནས། སྣང་སྲིད་གཞིར་བཞེང་ཕྱག་རྒྱར་རྫོགས༔ བར་རམ། བསྡུ་ན། ཧཱུྃ༔ ཀུན་གཞི་མི་དམིགས་རྣམ་པར་སྟོང༔ སོགས་ནས། ཤཱནྟིཾ་གྷརྦྷ་གསལ༔ བར་རྒྱས་བསྡུས་གང་རུང་བཏང་། སློབ་དཔོན་རིག་འཛིན་གཙོ་བོ་ཤྲཱི་སིཾ་ཧར་གསལ་བའི་ཞལ་ནས། རིག་འཛིན་བླ་མ་རྣམས་ཀྱི་དོ་ཧ་རྡོ་རྗེའི་མགུར་གླུ་དགོངས་པ་མི་གཡོ་བའི་ངང་ནས་བླང་བ་དང་ཆབས་ཅིག་མདུན་དཀྱིལ་རིག་འཛིན་བླ་མའི་ལྷ་ཚོགས་ལས་རང་འདྲའི་སྐུ་གཉིས་པ་རེ་བྱུང་བ་སྤྱི་བོ་ནས་ཐིམ་པ་སྐུ་ཡི་བྱིན་རླབས་དང་། རྡོ་རྗེའི་བཟླས་པ་བྱ་བ་གསུང་གི་བྱིན་རླབས་དང་། རིག་འཛིན་བླ་མ་རྣམས་རང་རིག་ཏུ་རྫོགས་པའི་ངང་དུ་མཉམ་པར་བཞག་པ་ཐུགས་དང་ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཡིན་པས། ཁྱེད་རང་རྣམས་དགོངས་པ་སྐྱེ་མེད་ཀྱི་ངང་ལས་མ་གཡོས་བཞིན་དུ་གྲགས་སྟོང་རྡོ་རྗེའི་གླུ་བླང་བ་འདི་ལ་སྙན་གྱི་དབང་པོ་རྩེ་གཅིག་ཏུ་གཏོད་པ་ཞུ། ཤྲཱི་སིཾ་ཧའི་སྐུ་ཐོགས་ལ། པདྨ་བཀའ་ཐང་ལས་བྱུང་བའི་ཤྲཱི་སིཾ་ཧའི་གླུ་ནི། ཤྲཱི་སིཾ་ཧས་མཁའ་ལ་སྡིགས་མཛུབ་གཏད༔ གང་ཤར་མ་ཞེན་གང་ཤར་མ་ཞེན་ཅིག༔ མ་ཤར་མ་ཤར་ཤར་ཤར་ཤར་མ་ཞེན༔ ཤར་གྲོལ་དུས་མཉམ་ཤར་གྲོལ་དུས་མཉམ་མོ༔ སྟོང་སྟོང་མི་སྟོང་མི་སྟོང་རྣམ་པར་སྟོང༔ མ་འགགས་མ་འགགས་འགག་འགག་འགག་པ་མེད༔ ཡེ་སྟོང་ཡེ་སྟོང་རྣམ་སྟོང་རྣམ་པར་སྟོང༔ སྟེང་འོག་བར་མཚམས་ཕྱོགས་མེད་ཀུན་ཤར་འདི༔ ཤྲཱི་སིཾ་ཧའི་དོན་དམ་གནད་དེ་མཛོད༔ ལྟ་སྤྱོད་སྣོད་རུང་དབྱེར་མེད་ངང་གིས་འཆར༔ ཞེས་གསུངས་རྡོ་རྗེ་ལྟ་བུའི་ཀློང་དུ་ཐིམ༔ ཞེས་སྐུ་སྤྱི་བོར་གཞག །ཨཱོྃ་ཨཱཿཧཱུྃ་གི་རྡོ་རྗེའི་བཟླས་པ་ལན་གསུམ་རེ་གནང་བ་ཞུ། ཞེས་རྡོར་བཟླས་བྱ། ཤྲཱི་སིཾ་ཧ་ རང་རིག་ཏུ་རྫོགས་པའི་ངང་དུ་མཉམ་པར་ཞོག་ཅིག །ཅེས་དར་ཅིག་མཉམ་པར་གཞག །རྡོར་བཟླས་དང་མཉམ་གཞག་བྱ་བ་དེས་འགྲེས་ཏེ་འོག་མ་ཀུན་ལ་མ་ཆད་པར་བྱའོ། ༈ །རིག་འཛིན་དགའ་རབ་རྡོ་རྗེའི་སྐུ་ཐོགས་ལ། རིག་འཛིན་དགའ་རབ་རྡོ་རྗེས་ཆོས་ཀྱི་དབྱིངས་ནས་རྡོ་རྗེ་སེམས་དཔའི་དྲུང་དུ་སེམས་ཉིད་འོད་གསལ་བའི་དུས་སུ༔ ང་ནི་མི་ཡི་རིག་འཛིན་དགའ་རབ་རྡོ་རྗེ་སྟེ༔ སེམས་ལ་བལྟ་བའི་ཡུལ་མེད་འཛིན་པ་རང་སར་དག༔ སྒོམ་པའི་བློ་དང་བྲལ་ནས་གསལ་དང་མི་གསལ་མེད༔ སྤྱོད་པ་ཅི་དགར་བཏང་བས་རེ་དོགས་རྩིས་གདབ་བྲལ༔ འབྲས་བུ་འོད་གསལ་སྙིང་པོའི་ཀློང་དུ་རང་བཞིན་གྲོལ༔ ཞེས་སྤྱི་བོར་གཞག །རྡོར་བཟླས་དང་དགོངས་གཞག་བྱ། ༈ ཨིནྡྲ་བྷཱུ་ཏིའི་སྐུ་ཐོགས་ལ། རྒྱལ་པོ་ཨིནྡྲ་བྷཱུ་ཏིའི་རྡོ་རྗེའི་གླུ༔ བདེ་ཆེན་རང་བྱུང་མཁའ་དབྱིངས་རྣམ་དག་པ༔ གནྡྷོ་ལ་ཡི་མཁའ་འགྲོའི་གྲོང་ཁྱེར་དུ༔ ཨིནྡྲ་བྷཱུ་ཏིའི་བླ་མེད་དོན་རྟོགས་ཏེ༔ ཨ་ཧོ༔ ཆོས་དབྱིངས་རང་བྱུང་རང་ཤར་དགོངས་པ་འདི༔ ལྟ་བ་མཐའ་བཞིའི་དྲི་མ་རང་སངས་ཉིད༔ སྒོམ་པ་བློ་ལས་འདས་ཤིང་འོད་གསལ་བ༔ སྤྱོད་པ་བྱར་མེད་ངང་དུ་ལྷུག་པར་བཞག༔ འབྲས་བུ་རང་ལས་རྙེད་པ་ངོ་མཚར་ཆེ༔ རྡོར་བཟླས་དང་དགོངས་གཞག་བྱ། ༈ པདྨ་འབྱུང་གནས་ཀྱི་སྐུ་ཐོགས་ལ། འཆི་མེད་པདྨ་འབྱུང་གནས་རྡོ་རྗེའི་གླུ༔ རང་བྱུང་རང་ཤར་ཆོས་ཉིད་བསྟན་པའི་ཚེ༔ ལྷུན་གྲུབ་བརྩེགས་ཀྱི་བམ་རོའི་ཚལ་ཆེན་དུ༔ པདྨ་འབྱུང་གནས་བརྟུལ་ཞུགས་སྤྱོད་པའི་ཚེ༔ ཨ་ཧོ༔ ཤར་གྲོལ་དུས་མཉམ་རིག་པ་ཐོལ་བྱུང་ནི༔ འཇིགས་མེད་སྣང་མེད་འཛིན་མེད་ངང་དུ་སྤྱོད༔ ཀློང་ལས་ཤར་བའི་ཆོ་འཕྲུལ་ཅིར་བསྟན་ཀྱང༔ འཁོར་འདས་མཉམ་པ་ཉིད་དུ་བརྡལ་བ་འོ༔ རྡོར་བཟླས་དང་དགོངས་གཞག་བྱ། ༈ བི་མ་ལའི་སྐུ་ཐོགས་ལ། སློབ་དཔོན་བི་མ་མི་ཏྲའི་རྡོ་རྗེའི་གླུ༔ ཡེ་ཤེས་དབྱིངས་སུ་རྣམ་པར་དག་པ་ཡི༔ བདེ་ཆེན་བརྩེགས་པར་མཁའ་འགྲོ་དབྱིངས་ཕྱུག་མས༔ སློབ་དཔོན་མཆོད་པས་དེ་ཚེ་འདི་སྐད་གསུངས༔ ཨ་ཧོ༔ བདེ་ཆེན་ནམ་མཁའ་གང་བའི་དབྱིངས་སུ་དག༔ རང་བྱུང་རང་ཤར་རིག་པའི་ཀློང་དུ་ཐིམ༔ དབྱིངས་རིག་གཉིས་མེད་ཟུང་འཇུག་ལ་བཟླས་པས༔ འཁོར་འདས་ཀུན་ཁྱབ་ཧེ་རུ་ཀཿདཔལ་ལོ༔ རྡོར་བཟླས་དང་དགོངས་གཞག་བྱ། ༈ ཛྙཱ་ན་སཱུ་ཏྲའི་སྐུ་ཐོགས་ལ། སློབ་དཔོན་ཛྙཱ་ན་སཱུ་ཏྲའི་རྡོ་རྗེའི་གླུ༔ བདེ་བ་ཆེན་པོའི་ཡེ་ཤེས་ཆེས་འཕགས་པ༔ ཛྙཱ་ན་སཱུ་ཏྲ་བྲག་དམར་དབེན་རྩ་རུ༔ མཁའ་འགྲོ་རྣམས་དང་ཚོགས་འཁོར་བསྐོར་བའི་ཚེ༔ ཨ་ཧོ༔ བདེ་བ་ནམ་མཁའི་ཀློང་དུ་བསྟིམས་བྱས་པས༔ བདེ་སྟོང་རྒྱ་ཆེ་ཁྱབ་བརྡལ་ནམ་མཁའ་འདྲ༔ ཞེན་པ་མེད་པ་བདེ་བའི་འཁོར་ལོ་ལ༔ ལུས་ངག་ཡིད་གསུམ་བདེ་བ་ཆེན་པོར་ཤར༔ རྡོར་བཟླས་དང་དགོངས་གཞག་བྱ། ༈ ཧཱུྃ་ཀཱ་རའི་སྐུ་ཐོགས་ལ། སློབ་དཔོན་ཧཱུྃ་ཀཱ་ར་ཡི་རྡོ་རྗེའི་གླུ༔ རིག་པ་ཐོག་འབེབ་འཁྲུལ་པའི་ཚང་ཚིང་བསྲེགས༔ བསིལ་བའི་ཚལ་དུ་ཧཱུྃ་ཆེན་དགོངས་པར་བཞུགས༔ བྲམ་ཟེའི་བུ་མོས་ཚོགས་ཀྱིས་མཆོད་པའི་ཚེ༔ ཨ་ཧོ༔ རང་བྱུང་རང་ཤར་དཔལ་ཆེན་ཧེ་རུ་ཀ༔ འཁོར་བའི་ཁྲག་འཐུང་སྟོང་ཉིད་དབྱིངས་སུ་སྦྱོར༔ རིག་པ་གཏིང་གསལ་ཆོས་ཉིད་ཀློང་ཡངས་སུ༔ སྣང་བ་ཅི་ཤར་ནམ་མཁར་སྤྲིན་དེངས་འདྲ༔ རྡོར་བཟླས་དང་དགོངས་གཞག་བྱ། ༈ ཁྲག་འཐུང་ནག་པོའི་སྐུ་ཐོགས་ལ། སློབ་དཔོན་ཁྲག་འཐུང་ནག་པོའི་རྡོ་རྗེའི་གླུ༔ རང་སེམས་གཉུག་མའི་ངང་དུ་རྫོགས་པ་ལས༔ རྫུ་འཕྲུལ་ཆེར་སྣང་རྩུབ་འགྱུར་ཚལ་ཆེན་པོར༔ བམ་ཆེན་ཚོགས་ཀྱི་འདུ་བར་ལོངས་སྤྱོད་ཚེ༔ ཨ་ཧོ༔ བདག་འཛིན་རྣམ་རྟོག་རྩད་ནས་བཅད་པ་ལས༔ རིག་པའི་སྟོང་སྲོག་འཁོར་ལོ་ནམ་མཁར་བསྐོར༔ ཉོན་མོངས་རྣམ་རྟོག་བྱེ་བ་ཕྲག་བརྒྱ་བསད༔ ཐམས་ཅད་ཡེ་ཤེས་རོལ་པའི་རྒྱན་དུ་ཤར༔ རྡོར་བཟླས་དང་དགོངས་གཞག་བྱ། ༈ ཀླུ་སྒྲུབ་སྙིང་པོའི་སྐུ་ཐོགས་ལ། སློབ་དཔོན་ཀླུ་སྒྲུབ་སྙིང་པོའི་རྡོ་རྗེའི་གླུ༔ སྒྱུ་མ་ལྟ་བུའི་རང་གསལ་རྟོགས་པ་ལས༔ དཔལ་གྱི་རི་ལ་མཁས་པ་ལྔ་བརྒྱའི་དབུས༔ ནཱ་གཱརྫུ་ནས་སྐྱེ་མེད་གླུ་འདི་བླངས༔ ཨ་ཧོ༔ འོད་གསལ་བྱང་ཆུབ་སེམས་འདི་ཀུན་ལ་ཁྱབ༔ རིག་པའི་རང་རྩལ་སྣང་སྲིད་དབང་དུ་བསྡུས༔ སེམས་ཀྱིས་སྣང་སྲིད་ཀུན་ལ་ཐལ་ལེར་གསལ༔ སྣང་བ་གང་ཤར་སྐྱེ་མེད་སྒྱུ་མར་ལྟོས༔ རྡོར་བཟླས་དང་དགོངས་གཞག་བྱ། ༈ པྲ་བྷཱ་ཧསྟིའི་སྐུ་ཐོགས་ལ། སློབ་དཔོན་པྲ་བྷཱ་ཧསྟིའི་རྡོ་རྗེའི་གླུ༔ འཛིན་པ་རབ་ཏུ་གཞོམ་པ་རྡོ་རྗེའི་ཀློང༔ པདྨ་བརྩེགས་སུ་བདེ་བ་ཆེན་པོ་བརྙེས༔ པྲ་ཆེན་ཧསྟིས་རྡོ་རྗེའི་གླུ་བླངས་པ༔ ཨ་ཧོ༔ རྐྱེན་གྱིས་གཡོ་བ་མེད་པའི་རིག་པ་ལ༔ འཛིན་པ་དུ་མས་བཅིངས་པ་སེམས་ཀྱི་གོས༔ རང་ཤར་ཀློང་དུ་འཛིན་མེད་ཟང་ཐལ་གསལ༔ སེམས་ཉིད་རྣམ་པར་དག་པའི་རིག་པ་ཤར༔ རྡོར་བཟླས་དང་དགོངས་གཞག་བྱ། ༈ དྷ་ན་སཾསྐྲྀཏའི་སྐུ་ཐོགས་ལ། སློབ་དཔོན་དྷ་ན་སཾསྐྲྀའི་རྡོ་རྗེའི་མགུར༔ བརྗོད་ཚིག་བྲལ་བའི་ཡེ་ཤེས་བརྙེས་པ་ལས༔ རྡོ་རྗེ་གདན་གྱི་གཙུག་ལག་ཁང་ཆེན་དུ༔ གྲུབ་པའི་དབང་ཕྱུག་ཐམས་ཅད་འདུས་པའི་ཚེ༔ དྷ་ན་སཾསྐྲྀས་འཇིགས་མེད་གླུ་འདི་བླངས༔ ཨ་ཧོ༔ བརྗོད་མེད་སེམས་ལ་རིག་པས་བལྟ་མི་འཚལ༔ རྣམ་པར་དག་པའི་རིག་པ་ངང་གིས་རྫོགས༔ རིག་པ་དྭངས་གསལ་རྙོགས་པ་མེད་པ་སྟེ༔ རྩ་རླུང་བྱང་ཆུབ་སེམས་རྣམས་ཐ་མི་དད༔ རྡོར་བཟླས་དང་དགོངས་གཞག་བྱ། ༈ ལས་ཀྱི་དབང་མོའི་སྐུ་ཐོགས་ལ། མཁའ་འགྲོ་ལས་ཀྱི་དབང་མོའི་རྡོ་རྗེའི་མགུར༔ མཁའ་དབྱིངས་རྣམ་པར་དག་པ་ཀུན་ཁྱབ་པ༔ ཉི་ཟླའི་ཁང་བུར་ལས་ཀྱི་དབང་མོ་ཆེས༔ ཡེ་ཤེས་མཁའ་འགྲོ་བྱེ་བ་འདུས་པའི་ཚེ༔ ཨ་ཧོ༔ ཆོས་ཀྱི་དབྱིངས་ནི་གཟུང་དུ་མེད་པ་སྟེ༔ ཀུན་ལ་གསལ་ཞིང་དམིགས་པའི་མཐའ་དང་བྲལ༔ བརྗོད་མེད་ཉག་གཅིག་བདེ་བ་ཆེན་པོ་འདི༔ སངས་རྒྱས་ཀུན་གྱི་གོ་འཕང་བླ་མེད་དོ༔ རྡོར་བཟླས་དང་དགོངས་གཞག་བྱ། ༈ རམྦི་གུ་ཧྱའི་སྐུ་ཐོགས་ལ། སློབ་དཔོན་རམྦི་གུ་ཧྱའི་རྡོ་རྗེའི་གླུ༔ ཀློང་ནས་ཅི་ཤར་ཆོས་དབྱིངས་ཀློང་དུ་གྲོལ༔ ནྱ་གྲོ་དྷ་ཡི་མཆོད་རྟེན་ཆེན་མོའི་དྲུང༔ བམ་རོའི་སྒྲུབ་པ་མཛད་པའི་གུང་གསེང་ལ༔ རམྦི་གུ་ཧྱས་རྡོ་རྗེའི་ཚིག་འདི་གསུངས༔ ཨ་ཧོ༔ དམིགས་སུ་མེད་ལ་ཆད་པའི་མཐའ་དང་བྲལ༔ ཅིར་ཡང་འཆར་ཞིང་རྟག་པའི་ཡུལ་ལས་འདས༔ གསལ་སྟོང་ཟུང་འཇུག་དབྱིངས་རིག་གཉིས་སུ་མེད༔ གང་ཡང་ཤར་བ་འདི་ཀ་ཆོས་ཉིད་དོ༔ རྡོར་བཟླས་དང་དགོངས་གཞག་བྱ། ༈ ཤཱནྟིཾ་གརྦྷའི་སྐུ་ཐོགས་ལ། སློབ་དཔོན་ཤཱནྟིཾ་གརྦྷའི་རྡོ་རྗེའི་གླུ༔ རྣམ་རྟོག་ཆོས་ཉིད་ཀློང་དུ་གྲོལ་བ་ལ༔ མཆོད་རྟེན་གཟི་འབར་དྲུང་དུ་དྲེགས་པ་ཅན༔ ལྷ་འདྲེ་ཀུན་གྱི་སྟོང་སྲོག་བཅད་པའི་ཚེ༔ ཤཱནྟིཾ་གརྦྷས་ཧཱུྃ་གི་གླུ་འདི་བླངས༔ ཨ་ཧོ༔ རྣམ་རྟོག་ཐམས་ཅད་སྐྱེ་མེད་ངང་དུ་ཧཱུྃ༔ འགགས་མེད་གང་ཤར་རིག་པ་ཧཱུྃ་གིས་སྦྱོར༔ རང་བྱུང་རིག་པའི་ཧཱུྃ་གིས་མ་རིག་གསོད༔ བདག་ཏུ་འཛིན་པ་གཞོམ་པའི་ཧཱུྃ་སྒྲ་ཆེ༔ ཧཱུྃ་ཧཱུྃ་ཧཱུྃ༔ རྡོར་བཟླས་དང་དགོངས་གཞག་བྱ། ཞེས་བསྐུར། དེ་ལྟར་བྱིན་རླབས་འཕོ་བའི་ཁྱད་པར་གྱི་དབང་བསྐུར་དགོངས་པ་མཐར་ཕྱིན་ཉིད་ལེགས་པར་ཐོབ་པའི་ཡེ་ཤེས་ཀྱི་རྒྱུན་དེ་ཉིད་མི་ཉམས་བརྟན་པར་བྱ་བའི་སླད་དུ། རིག་འཛིན་བླ་མའི་ལྷ་ཚོགས་ནམ་མཁའ་གང་བར་སད་པ་རྣམས་ཀྱིས་སྨོན་པའི་ཚིག་གི་ཤིས་པ་བརྗོད་ཅིང་མེ་ཏོག་གི་ཆར་ཕབ་པས་དགེ་ལེགས་སུ་བྱས་པའི་མོས་པ་མཛོད། ཅེས་ཤིས་བརྗོད་གང་འོས་བྱ། དེ་རྣམས་ཀྱི་གསང་སྐོར་རིག་འཛིན་བླ་མའི་བྱིན་རླབས་སྤྱི་དང་བྱེ་བྲག་ཁྱད་པར་བ་བཅས་མ་ལུས་མཐའ་དག་གཞུང་དང་མདོ་བྱང་གི་དགོངས་དོན་ལྟར་ཆད་ལྷག་མེད་པར་ཕུལ་གྲུབ་པས། རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་བྱེ་བྲག་རྣམས་ཚུལ་བཞིན་དུ་བསྲུང་སྙམ་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་ལེན། གཏང་རག་མཎྜལ། ལུས་དབུལ། དགེ་བསྔོ་བཅས་བྱས་ལ་སློབ་མ་གྱེས།། །།སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་བསྔོ་བ་སོགས་རྗེས་ཀྱི་བྱ་བ་རྣམས་ཕྲིན་ལས་དཀྱུས་བཞིན་མཐར་དབྱུང་བས་གྲུབ་བོ། །སྐལ་ལྡན་ཡེ་ཤེས་བླ་མའི་སར། །བདེ་མྱུར་དཀྲི་བའི་ལམ་ཟབ་ཕུལ། །རིག་འཛིན་ཡོངས་རྫོགས་སྨིན་བྱེད་ནི། །རྡོ་རྗེ་སྙིང་པོའི་བཅུད་དུ་གྲུབ། །གསང་སྐོར་བླ་མ་རིག་འཛིན་ཡོངས་རྫོགས་ཀྱི་དབང་གི་ལེའུ་ཚན་ནོ།། །། ༄༅། །སྭསྟི། ཆོས་ཉིད་བཟང་མོའི་མཁའ་ཀློང་ལས། །ཆོས་ཅན་ཞི་ཁྲོའི་སྤྲིན་ཕུང་སྤྲོ། །སྲིད་ཞིའི་ཁྱབ་བདག་དེར་བཏུད་ནས། །གང་དེའི་སྨིན་ལམ་རྣམ་གསལ་དབྱེ། །རྫོགས་པ་ཆེན་པོ་སྡེ་གསུམ་ལས་གསང་སྐོར་ཡི་དམ་ཞི་བའི་དབང་བསྐུར་བ་ལ། སྦྱོར་བ་ཞི་ཁྲོ་སྒྱུ་འཕྲུལ་ལྟ་བུའི་ཞི་དྲག་གཉིས་ཀྱི་དཀྱིལ་འཁོར་གཉིས་བརྩེགས་སུ་བཤམ་པའམ། མ་འབྱོར་ན་མཎྜལ་ལ་ཚོམ་བུ་ལྷ་གྲངས་སོ་སོར་བཀོད་པ་སྟེང་འོག་བརྩེགས་ཏེ་བཤམས་པའི་ཁར། འཕྲུལ་སྟེགས་ཀྱི་སྟེང་རྣམ་བུམ་སོ་ལྔའི་བཅུད་ལྡན་བཀོད་པའི་ཁ་རྒྱན་ལ་ཅོད་པན་རྡོར་དྲིལ་མིང་དབང་བཅས་ཀྱི་ཙཀླི་བཙུག་ན་དབང་ལྔ་ཆིག་རྫོགས་ཡིན་པས་སྟབས་བདེ། མདུན་དུ་ཞི་ཁྲོའི་སྐུ་ཙཀ་ཡོངས་རྫོགས། གཡས་སུ་གསང་ཐོད། གཡོན་དུ་རིག་ཙཀ་དང་། ཤེལ་རྡོ། མེ་ལོང་དར་སྣ་ལྔས་བརྒྱན་པ་དང་རྨ་བྱའི་མདོངས་ཤེལ་ཕྲེང་། རྒྱབ་ཏུ་གཏགས་གྲོལ་ཙཀྲའམ་གླེགས་བམ་དར་སྣས་དྲིལ་བ། མདུན་དུ་དབང་གཏོར་གཙོ་སྐུ་དར་གདུགས་ཅན་བཅས་འགོད། གཞན་ཡང་ཕྱི་ནང་གི་མཆོད་ཚོགས་སོགས་དགོས་པའི་ཡོ་བྱད་རྣམས་འདུ་བྱས་ལ། དབང་དོན་སྒྲུབ་མཆོད་ནི། གསང་སྐོར་ཁྲོ་བོའི་བྱང་བུ་ཁྲིགས་བསྡེབས་ཀྱིས་ཁོག་ཕུབ་ནས། ཡི་དམ་ཞི་སྒྲུབ་ཀུན་བཟང་དོན་གྱི་ཕྲིན་ལས་ཉིད་ཀྱི་སྐྱེད་བཟླས་ཀྱིས་བདག་བསྐྱེད་བྱས་ལ། མདུན་བསྐྱེད་ཞི་ཁྲོ་གནས་འགྱུར་གྱི་མངོན་རྟོགས་ལྟར་ལས། ཐོག་མར་ཞི་བ་བསྒོམ་པ་ནི། བྱང་ཁྲིགས་རྟེན་བྱང་གི་ཐུགས་རྗེའི་འོད་ཀྱིས་སྣོད་བཅུད་སྦྱངས༔ ཞེས་པའི་མཚམས། ཡེ་ནས་རྣམ་པར་སོགས་ཞི་སྒྲུབ་སྦྱར་ལ་བསྒོམས་ནས། དབང་སྐུར་ནས་སྤྱན་འདྲེན་མཆོད་བསྟོད་བར་གྲུབ་པ་དང་། ཧཱུྃ༔ སྣང་བ་ཐམས་ཅད་ཞི་བའི་སྐུ༔ གྲགས་པ་ཐམས་ཅད་སྔགས་ཀྱི་དབྱངས༔ རིག་པ་རྟོག་མེད་འོད་གསལ་དབྱིངས༔ མཆོད་སྤྲིན་རྒྱ་མཚོས་ཞིང་ཁམས་ཁེངས༔ ཕྲིན་ལས་དུ་མས་འགྲོ་བ་བསྒྲལ༔ མཁའ་ཁྱབ་རྒྱལ་བའི་དཀྱིལ་འཁོར་ཉིད༔ དུ་མ་རོ་གཅིག་ངང་དུ་རྫོགས༔ ཞེས་དམིགས་པའི་འཕྲོ་འདུ་དང་བཅས་ཞི་ཛཔ྄་བཟླ། སླར་ཡང་། དེ་ཉིད་ཁྲོ་བོར་གནས་འགྱུར་ནི༔ དབུས་སུ་བྱོལ་སོང་ཁྲི་ལྔའི་སྟེང༔ སོགས་ནས། དཔལ་གྱི་དཀྱིལ་འཁོར་ཆེན་པོར་གསལ༔ བར་གྱིས་གནས་བསྒྱུར་ཅིང་། སྤྲོ་ན་སླར་ཡང་ཕྱག་མཆོད་བསྟོད་པའི་བྱང་བུ་ཙམ་བྱས་ལ། ཧཱུྃ༔ སྣང་བ་ཐམས་ཅད་ཁྲོ་བོའི་སྐུ༔ གྲགས་པ་ཐམས་ཅད་སོགས་གོང་གི་ཞི་བའི་སྐབས་བཞིན་དམིགས་པའི་འཕྲོ་འདུ་དང་བཅས་རུ་ལུ་བཟླས་མཐར། བུམ་བཟླས་ཟུར་དུ་སྤྲོ་ན་སྤྱི་ཁྱབ་ལྟར་བྱ། དེ་ནས་སྲུང་མའི་གཏོར་འབུལ། ཚོགས་མཆོད་བཅས་གྲུབ་ནས། ཏིང་ངེ་འཛིན་གྱི་དབང་བླང་བའམ་རིག་མེ་དོར་ལ་གནང་བ་ནོད་དོ།། །།དབང་དངོས་ལ། སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ནས། གོང་གི་གསང་སྐོར་རིག་འཛིན་ཡོངས་རྫོགས་ཀྱི་དབང་བཤད་ལྟར་ལས། དམ་ཆོས་རྫོགས་ཆེན་སྡེ་གསུམ་གྱི་ནང་ཚན། གསང་སྐོར་མན་ངག་སྡེའི་ཡི་དམ་ཞི་བའི་སྨིན་བྱེད་སྒྲུབ་པར་བགྱི་བ་ལ། བདག་ཉིད་ཀྱི་བགྱི་འོས་རྣམས་སྔོན་དུ་གྲུབ་སོགས་ཀྱིས་མཚམས་སྦྱར་ཏེ་མཎྜལ་འབུལ་དུ་གཞུག །ཁྱེད་རང་རྣམས་སྔོན་ཆད་གསང་བའི་དཀྱིལ་འཁོར་ཆེན་པོར་མ་ཞུགས་པ་མཚོན་པའི་ཕྱིར་མིག་དར་འཆིང་བ་ཞུ། ཨཱོྃ་ཙཀྵུ་བྷནྡྷ་ཝཱ་ར་མ་ཎཱ་ཡེ་སྭཱ་ཧཱ། ཞེས་མིག་དར་འཆིང་། ཡེ་ཤེས་ཀྱི་ལྷ་དང་མཇལ་བའི་ཕྱག་རྟེན་དུ་མེ་ཏོག་གི་ཕྲེང་བ་རེ་གཟུང་བར་མཛོད། ཨཱ་ཁཾ་བཱི་ར་ཧཱུྃ། ཞེས་མེ་ཏོག་གཏད། དེ་ནས་རྒྱུད་སྦྱོང་བའི་སླད་དུ་ཚོགས་གསག་པ་ལ་དམིགས་འདུན་འདི་ལྟར་དུ་མཛོད། ཕྱོགས་དུས་ཀྱི་སྐྱབས་ཡུལ་ཐམས་ཅད་གདོད་ནས་རང་ལ་རང་ཆས་སུ་རྫོགས་པ་ལ་དབྱིངས་རིག་གཉིས་སུ་མེད་པའི་ཚུལ་གྱིས་སྐྱབས་སུ་འགྲོ་བ་དང་། རང་བྱུང་རང་གསལ་ལྷུན་གྲུབ་ཆེན་པོའི་ངང་དུ་སེམས་བསྐྱེད་པ་དང་། གནས་ལུགས་དོན་དམ་ལྟ་བ་མཇལ་བའི་དགོངས་སྤྱོད་ལྷུན་འབྱམས་ཆེན་པོའི་ངང་དུ་ཚོགས་གསོག་པ་འདི་རྣམས་ཀྱི་རྗེས་ཟློས། དབྱིངས་ཉིད་རྣམ་དག་རྫོགས་སངས་རྒྱས༔ སོགས་གསང་སྐོར་བྱང་བུ་བཞིན་སྐྱབས་སེམས་ཚོགས་གསག་རྣམས་ལན་གསུམ་རེ། ཕྱག་སྙིམ་པ་མེ་ཏོག་གིས་བཀང་བའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་ཞི་ཁྲོའི་ལྷ་ཚོགས་དགོངས༔ བདག་ནི་མ་རིག་འཁྲུལ་པས་བསྒྲིབས༔ སྒྲིབ་པའི་ཚོགས་རྣམས་བསལ་བར་མཛོད༔ རྗེས་སུ་འཛིན་པར་མཛད་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་སློབ་དཔོན་གྱིས་དམ་ཚིག་གི་གནད་ལ་བཀར་བའི་སྒོ་ནས་ལན་སྦྱིན་པར་བྱ་བ་ཡིན་ཏེ། དེ་ལྟར་ཡིན་ན་ཞི་ཁྲོ་ཡི༔ བླ་མེད་ཡང་གསང་དམ་ཚིག་རྣམས༔ སྲོག་གི་ཕྱིར་ཡང་མི་གཏང་བར༔ ཁྱོད་ཀྱིས་ཡང་དག་བྲོ་བོར་ཅིག༔ ཅེས་བསྒོས་པ་ལ་གསང་བའི་དམ་ཚིག་གི་ཚུལ་ལས་ནམ་ཡང་མི་འདའ་འོ་སྙམ་པས་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ཨི་དན་ན་ར་ཀན༔ དེ་ལ་ཐོག་མར་དབང་གི་གཞི་འགོད་པའི་སླད་དུ་ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་བཞིན་དུ་མཛོད། སློབ་མ་མ་བཅོས་ཀློང་གསལ་ཀུན་ཏུ་བཟང་པོར་གསལ་བའི་ཐུགས་ཀར་ཡེ་ཤེས་ཀྱི་འཁོར་ལོ་དྲག་ཏུ་འཁོར་བ་ལས་རྒྱལ་བ་ཐམས་ཅད་བྱོན་ནས་ཐིམ་པས་བྱིན་གྱིས་བརླབས་པར་མོས་ཤིག༔ ཞི་ཁྲོའི་སྤྱི་སྔགས་མཐར། ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་སྤོས་རོལ་བཅས་དྲག་ཏུ་བརྗོད་ལ་དབབ། བྱིན་དབབ་པའི་ཡེ་ཤེས་པ་དེ་ཉིད་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ། ཞེས་རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་གཞག །སྔར་བྱིན་པའི་མེ་ཏོག་དེ་ཉིད་ཚེ་རབས་ནས་འབྲེལ་བའི་རིགས་ཀྱི་ལྷ་ལ་འབུལ་བའི་མོས་པས་འདིའི་རྗེས་ཟློས་དང་བཅས་ཚོམ་བུའི་དཀྱིལ་འཁོར་དུ་འདོར་བ་ཞུ། འགྲིམ་དཀྱིལ་བཀོད་ལ། ཧོ༔ བླ་མ་ཞི་ཁྲོའི་དཀྱིལ་འཁོར་འདིར༔ སྙིང་པོའི་ཡེ་ཤེས་བརྟག་བྱའི་ཕྱིར༔ རིག་པའི་མེ་ཏོག་འདི་འབུལ་གྱིས༔ ལས་འཕྲོའི་དབང་གིས་བཞེས་སུ་གསོལ༔ པུཥྤེ་པྲ་ཏཱིཙྪ་ཧོ༔ ཞེས་འདོར་དུ་གཞུག །མེ་ཏོག་ལྷག་པའི་ལྷས་བཞེས་ཏེ་སླར་དབང་རྟགས་ཅོད་པན་དུ་བཅིངས་པར་མོས་ཤིག །ཧོ༔ མི་གནས་ཡེ་ཤེས་དཀྱིལ་འཁོར་དུ༔ རིག་པའི་མེ་ཏོག་ཕུལ་པ་འདི༔ བྱིན་རླབས་བསམ་མི་ཁྱབ་པར་ཟུངས༔ དངོས་གྲུབ་ཐམས་ཅད་འདིས་ཐོབ་ཤོག༔ པུཥྤེ་གྷྲྀ་ཎ་སཏྭཾ་ཨི་མཾ་སཏྭ་མ་ཧཱ་བཱ་ལ༔ ཞེས་མེ་ཏོག་སླར་སྤྱི་བོར་བཅིངས། མ་རིག་པའི་སྒྲིབ་གཡོགས་དང་མིག་དར་ལྷན་ཅིག་བསལ་བར་མོས་ཤིག །གསེར་ཐུར་ཐོགས་ལ། ཧོ༔ སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱིས༔ འགྲོ་བའི་མིག་ནི་དབྱེ་བར་མཛད༔ སངས་རྒྱས་ས་ལ་བཀོད་པ་བཞིན༔ དེང་འདིར་རིག་པ་འཛིན་བདག་གིས༔ མ་རིག་མིག་ནི་དབྱེ་བར་བྱ༔ ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དར་བསལ། ཧོ༔ ལྟོས་ཤིག་སྐལ་པ་ཅན་རྣམས་ལྟོས༔ བླ་མ་ཞི་ཁྲོའི་དཀྱིལ་འཁོར་འདི༔ སྐད་ཅིག་མཐོང་བ་ཙམ་གྱིས་ཀྱང༔ སྒྲིབ་པ་དག་སྟེ་ཡེ་ཤེས་མཐོང༔ དེ་ལྟར་བཅོམ་ལྡན་འདས་བླ་མ་ཞི་ཁྲོ་སྒྱུ་འཕྲུལ་རོལ་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་མངོན་སུམ་དུ་མཇལ་བར་མོས་ལ་སྤྲོ་བ་རྒྱ་ཆེན་པོ་བསྐྱེད་མཛོད། ཅེས་བསྟན། དེ་ནས་དབང་དངོས་ལ། ཐུན་མོང་བུམ་དབང་དང་རྗེས་འབྲེལ་གནས་སུ་དག་པ་ཞི་བའི་དབང་དང་། གནས་སུ་གྱུར་པ་ཁྲོ་བོའི་དབང་། གཉིས་ཀའི་ཐུན་མོང་དུ་མཆོག་གི་དབང་གསུམ་མཐའ་རྟེན་བཅས་རིམ་པར་འབྱུང་བ་ལས། དང་པོའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། གདན་གསུམ་ཚང་བའི་དབང་ལྷ་ནམ་མཁའ་གང་བར་སད་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས། རྡོ་རྗེ་མི་བསྐྱོད་པའི་རང་བཞིན་ཅན་གྱི་བུམ་པའི་བདུད་རྩིས་ཁྲུས་བྱས་ཤིང་དབང་བསྐུར། རིན་ཆེན་འབྱུང་ལྡན་གྱི་ངོ་བོར་གྱུར་པའི་རིགས་ལྔའི་ཅོད་པན་གྱིས་དབུ་བརྒྱན། སྣང་བ་མཐའ་ཡས་ཀྱི་རང་བཞིན་རྡོ་རྗེ་ཕྱག་གཡས་སུ་གཏད། དོན་ཡོད་གྲུབ་པའི་བདག་ཉིད་དྲིལ་བུ་གཡོན་དུ་གཏད། རྣམ་པར་སྣང་མཛད་ཀྱི་བདག་ཉིད་རྡོ་རྗེ་མིང་གིས་མངོན་པར་དབང་བསྐུར་ཏེ་མངའ་གསོལ་བར་མོས་ཤིག །རྣམ་བུམ་རིག་དབང་ལྔས་མཚན་པ་ཐོགས་ལ། ཧཱུྃ༔ བཀྲ་ཤིས་བུམ་པ་སྣོད་བཅུད་ཡོངས་སུ་རྫོགས༔ རིན་ཆེན་ཅོད་པན་རྒྱལ་བའི་དབང་བསྐུར་ཆེ༔ ཡེ་ཤེས་རྡོ་རྗེ་དང་བཅས་རྒྱལ་བས་འཛིན༔ སངས་རྒྱས་གསུང་དབྱངས་དྲིལ་བུའི་སྒྲ་འཁྲོལ་ཞིང༔ བཀྲ་ཤིས་མཚན་གྱི་སྙིང་པོས་མངའ་གསོལ་བས༔ རིག་པའི་དབང་ལྔ་དུས་གཅིག་རྫོགས་གྱུར་ཅིག༔ ཨཱོྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨ་བྷི་ཥིཉྩ་ཨཱ༔ ཞེས་སྤྱི་བོ་དང་ལག་གཉིས་སུ་བཞག་ལ་བུམ་ཆུ་སྦྱིན། དེ་ལྟར་ན་བུམ་པ་ལ་བརྟེན་པའི་རིག་པའི་དབང་ལྔ་ཆིག་རྫོགས་སུ་ཐོབ། ཉོན་མོངས་པ་ལྔའི་དྲི་མ་སྦྱངས། ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་གནས་གྱུར། ཡེ་ཤེས་ལྔ་མངོན་དུ་འགྲུབ་པའི་ནུས་པ་རྒྱུད་ལ་བཞག་པ་ཡིན་ནོ། །དེའི་རྗེས་འབྲེལ་དུ་གནས་སུ་དག་པ་ཞི་བའི་ལྷ་སྐུ་ཕྱག་རྒྱའི་དབང་གི་སླད་དུ་དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་འཕྲོས་ཏེ་ཁྱེད་རང་རྣམས་ལ་ཐིམ་པས་དབྱེར་མེད་དུ་གྱུར་པར་མོས་ཤིག །སྐུ་ཙཀ་རྣམས་ཀྱི་དབང་རིམ་པར་བསྐུར་ཞིང་། ཧཱུྃ༔ ཞེ་སྡང་རྣམ་དག་མི་བསྐྱོད་རྡོ་རྗེ་དང༔ གཏི་མུག་རྣམ་དག་རྣམ་པར་སྣང་མཛད་དང༔ ང་རྒྱལ་རྣམ་དག་རིན་ཆེན་འབྱུང་ལྡན་དང༔ འདོད་ཆགས་རྣམ་དག་སྣང་བ་མཐའ་ཡས་དང༔ ཕྲག་དོག་རྣམ་དག་དོན་ཡོད་གྲུབ་པ་སྟེ༔ རྒྱལ་བ་རིགས་ལྔའི་སྐུ་གསུང་ཐུགས་རྫོགས་ཤོག༔ ཧཱུྃ་ཨཱོྃ་ཏྲཱཾ་ཧྲཱིཿཨཱཿཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ནམ་མཁའ་རྣམ་དག་ཡུམ་ཆེན་དབྱིངས་ཕྱུག་མ༔ ས་ཁམས་རྣམ་དག་ཡུམ་ཆེན་སངས་རྒྱས་སྤྱན༔ ཆུ་ཁམས་རྣམ་དག་ཡུམ་ཆེན་མཱ་མ་ཀཱི༔ མེ་ཁམས་རྣམ་དག་ཡུམ་ཆེན་གོས་དཀར་མོ༔ རླུང་ཁམས་རྣམ་དག་ཡུམ་ཆེན་དམ་ཚིག་སྒྲོལ༔ རིགས་ཀྱི་ཡུམ་གྱུར་རྣམས་ཀྱི་དབང་བསྐུར་རོ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ མིག་དབང་གནས་དག་སེམས་དཔའ་ས་ཡི་སྙིང༔ གཟུགས་ཡུལ་གནས་དག་སེམས་དཔའ་བྱམས་པ་མགོན༔ རྣ་དབང་གནས་དག་སེམས་དཔའ་ནམ་མཁའི་སྙིང༔ སྒྲ་ཡུལ་གནས་དག་སེམས་དཔའ་སྒྲིབ་པ་སེལ༔ སྣ་དབང་གནས་དག་སེམས་དཔའ་སྤྱན་རས་གཟིགས༔ དྲི་ཡུལ་གནས་དག་སེམས་དཔའ་ཀུན་ཏུ་བཟང༔ ལྕེ་དབང་གནས་དག་སེམས་དཔའ་རྡོ་རྗེ་འཛིན༔ རོ་ཡུལ་གནས་དག་སེམས་དཔའ་འཇམ་དཔལ་དབྱངས༔ བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་དབང་བསྐུར་རོ༔ ཀྵིཾ་མཻ་ཏྲཱཾ་ཐིཾལྷ་ཧྲཱིཿཨ་ཛྲིཾ་མཱུཾ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མིག་གི་རྟོག་པ་གནས་དག་ལཱ་སྱཻ་མ༔ གཟུགས་ཡུལ་རྟོག་པ་གནས་དག་དྷཱུ་པེ་མ༔ རྣ་བའི་རྟོག་པ་གནས་དག་མཱ་ལྱ་མ༔ སྒྲ་ཡུལ་རྟོག་པ་གནས་དག་པུཥྤེ་མ༔ སྣ་ཡི་རྟོག་པ་གནས་དག་གཱིརྟཱི་མ༔ དྲི་ཡུལ་རྟོག་པ་གནས་དག་ཨཱ་ལོ་མ༔ ལྕེ་ཡི་རྟོག་པ་གནས་དག་ནིརྟཱི་མ༔ རོ་ཡུལ་རྟོག་པ་གནས་དག་གནྡྷེ་མ༔ བྱང་ཆུབ་སེམས་མ་བརྒྱད་ཀྱི་དབང་བསྐུར་རོ༔ ཧཱུྃ་ཛ་ཏྲཱཾ་ཧཱུྃ་ཧྲཱིཿབཾཿཨཾ་ཧོ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ལྷ་ཡི་རྟོག་པ་གནས་དག་བརྒྱ་བྱིན་དབང༔ ལྷ་མིན་རྟོག་པ་གནས་དག་ཐགས་བཟང་རིས༔ མི་ཡི་རྟོག་པ་གནས་དག་ཤཱཀྱ་ཐུབ༔ བྱོལ་སོང་རྟོག་པ་གནས་དག་སེང་རབ་བརྟན༔ ཡི་དྭགས་རྟོག་པ་གནས་དག་ཁ་འབར་མ༔ དམྱལ་བའི་རྟོག་པ་གནས་དག་ཆོས་ཀྱི་རྒྱལ༔ འགྲོ་འདུལ་ཐུབ་པ་དྲུག་གི་དབང་བསྐུར་རོ༔ ཀྲིཾ་ཏྲུཾ་སྲུཾ་བྲཾ་ཀྵཾ་ཡེ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བྱེད་པ་རྣམ་དག་ཡེ་ཤེས་སྐུ་མངའ་བ༔ རྒྱལ་བ་ཀུན་ཏུ་བཟང་པོའི་དབང་བསྐུར་རོ༔ བྱ་བ་རྣམ་དག་ཆོས་ཀྱི་སྐུ་མངའ་མ༔ རྒྱལ་ཡུམ་ཀུན་ཏུ་བཟང་མོའི་དབང་བསྐུར་རོ༔ ཨ་ཨ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྟག་ལྟ་གནས་དག་སྒོ་བ་གཤིན་རྗེ་གཤེད༔ སྙིང་རྗེའི་བདག་ཉིད་རྡོ་རྗེ་ལྕགས་ཀྱུ་མ༔ ཆད་མཐའ་གནས་དག་སྒོ་བ་རྣམ་པར་རྒྱལ༔ བྱམས་པའི་བདག་ཉིད་རྡོ་རྗེ་ཞགས་པ་མ༔ མཚན་མ་གནས་དག་སྒོ་བ་རྟ་མགྲིན་རྒྱལ༔ དགའ་བའི་བདག་ཉིད་རྡོ་རྗེ་ལྕགས་སྒྲོག་མ༔ མཚན་འཛིན་གནས་དག་སྒོ་བ་བགེགས་མཐར་བྱེད༔ བཏང་སྙོམས་བདག་ཉིད་རྡོ་རྗེ་དྲིལ་བུ་མ༔ མཐར་བྱེད་ཡབ་ཡུམ་བརྒྱད་ཀྱི་དབང་བསྐུར་རོ༔ ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཛཿཧཱུྃ་བཾ་ཧོཿཨ་བྷི་ཥིཉྩ་ཧཱུྃ༔ དེ་རྣམས་ཀྱིས་ཕུང་ལྔ་འབྱུང་ལྔ་དབང་ཡུལ་རྟོག་པ་བྱ་བྱེད་ལྟ་བ་སྐྱེ་གནས་དང་བཅས་པ་མ་སྤང་གནས་སུ་དག་ནས་བདེ་གཤེགས་ཞི་བ་རབ་འབྱམས་ཀྱི་གོ་འཕང་གི་ཆོས་རྒྱུད་ལ་བཞག་པ་ཡིན་ནོ། །སླར་ཡང་གཉིས་པ་གནས་སུ་གྱུར་པ་ཁྲོ་བོའི་ལྷ་དབང་ནི།་་་སྐབས་འདིར་སྤྲོ་ན་ཕྲིན་ལས་ལྟར་དེ་ཉིད་ཁྲོ་བོར་གནས་འགྱུར་ནི༔སོགས་ནས། དཔལ་གྱི་དཀྱིལ་འཁོར་ཆེན་པོར་གསལ༔བར་གྱིས་དབང་ལྷ་གནས་བསྒྱུར་བྱའོ། །དཀྱིལ་འཁོར་གྱི་ཞི་བའི་ལྷ་ཚོགས་དེ་རྣམས་སྐད་ཅིག་གིས་འབར་བ་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་སུ་གནས་གྱུར་ཏེ་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་འཕྲོས་ནས་ཁྱེད་རང་རྣམས་ལ་ཐིམ་པས་གཉིས་མེད་དུ་གྱུར་པར་མོས་ཤིག །ཧཱུྃ༔ ཉོན་མོངས་ཞེ་སྡང་གནས་གྱུར་པའི༔ རྡོ་རྗེ་ཁྲོ་བོའི་དབང་བསྐུར་རོ༔ ཉོན་མོངས་གཏི་མུག་གནས་གྱུར་པའི༔ ༴ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ མིག་གི་རྣམ་ཤེས་གནས་གྱུར་པའི༔ མ་མོ་ཆེན་མོ་ཀོའུ་རཱི་མ༔ རྣ་བའི་རྣམ་ཤེས་གནས་གྱུར་པའི༔ མ་མོ་ཆེན་མོ་ཙོའུ་རཱི་མ༔ སྣ་ཡི་རྣམ་ཤེས་གནས་གྱུར་པའི༔ མ་མོ་ཆེན་མོ་པྲ་མོ་ཧ༔ ལྕེ་ཡི་རྣམ་ཤེས་གནས་གྱུར་པའི༔ མ་མོ་ཆེན་མོ་བཻ་ཏཱ་ལི༔ ལུས་ཀྱི་རྣམ་ཤེས་གནས་གྱུར་པའི༔ མ་མོ་ཆེན་མོ་པུཀྐ་སི༔ ཡིད་ཀྱི་རྣམ་ཤེས་གནས་གྱུར་པའི༔ མ་མོ་ཆེན་མོ་ཙཎྜ་ལཱི༔ ཉོན་ཡིད་རྣམ་ཤེས་གནས་གྱུར་པའི༔ མ་མོ་ཆེན་མོ་གྷསྨ་རཱི༔ ཀུན་གཞིའི་རྣམ་ཤེས་གནས་གྱུར་པའི༔ མ་མོ་ཆེན་མོ་སྨེ་ཤ་ནི༔ གནས་ཀྱི་མ་མོའི་དབང་བསྐུར་རོ༔ ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གཟུགས་ཡུལ་གནས་གྱུར་སིཾ་ཧ་མ༔ སྒྲ་ཡུལ་གནས་གྱུར་བྱ་གྷྲི་མ༔ དྲི་ཡུལ་གནས་གྱུར་སྲྀ་ལ་མ༔ རོ་ཡུལ་གནས་གྱུར་ཤྭ་ན་མ༔ ལུས་ཡུལ་གནས་གྱུར་ཀངྐ་མ༔ ཡིད་ཡུལ་གནས་གྱུར་ཀྲྀ་ཏ་མ༔ ཉོན་ཡུལ་གནས་གྱུར་ཁ་ཁ་མ༔ གཞི་ཡུལ་གནས་གྱུར་ཧུ་ལུ་མ༔ ཡུལ་གྱི་མ་མོའི་དབང་བསྐུར་རོ༔ ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ལྷ་རྣམས་གནས་སྤོར་སྐར་མདའ་འཕེན༔ ལྷ་མིན་གནས་སྤོར་མདུང་ཐུང་ཅན༔ མི་རྣམས་གནས་སྤོར་རལ་གྲི་འཛིན༔ དུད་འགྲོ་གནས་སྤོར་དྲིལ་འཁྲོལ་མ༔ ཡི་དྭགས་གནས་སྤོར་གློག་ཤ་རྡེབ༔ དམྱལ་བ་གནས་སྤོར་མེ་འབར་མ༔ རྟག་པའི་གནས་སྤོར་ཟླ་འཕེན་མ༔ ཆད་པའི་གནས་སྤོར་ཉི་ཟེར་འཕེན༔ སྤོར་བྱེད་བརྒྱད་ཀྱི་དབང་བསྐུར་རོ༔ ཧ་ཧ་ཧུ་ལུ་ཧུ་ལུ་ཧུ་ལུ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ རྟག་ལྟ་གནས་གྱུར་རྟ་གདོང་མ༔ ཆད་ལྟ་གནས་གྱུར་ཕག་གདོང་མ༔ མཚན་མ་གནས་གྱུར་སེང་གདོང་མ༔ མཚན་འཛིན་གནས་གྱུར་སྤྱང་གདོང་མ༔ སྒོ་མ་བཞི་ཡི་དབང་བསྐུར་རོ༔ ཛཿཧཱུྃ་བཾ་ཧོཿཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ རྣམ་རྟོག་ཕྲ་རགས་གནས་གྱུར་པའི༔ ཞི་བའི་ལས་མཛད་རྣལ་འབྱོར་བདུན༔ རྒྱས་པའི་ལས་མཛད་རྣལ་འབྱོར་བདུན༔ དབང་གི་ལས་མཛད་རྣལ་འབྱོར་བདུན༔ དྲག་པོའི་ལས་མཛད་རྣལ་འབྱོར་བདུན༔ དབང་ཕྱུག་ཉེར་བརྒྱད་དབང་བསྐུར་རོ༔ བྷྱོ་སརྦ་ཡཀྵི་ཨ་བྷི་ཥིཉྩ་ཨཱོྃ༔ དེ་རྣམས་ཀྱིས་ཀུན་གཞི་ཡིད་ཆོས་ཁམས་དང་རྣམ་ཤེས་འགྲོ་དྲུག་ལྟ་བ་སོགས་མ་སྤང་གནས་སུ་གྱུར་ཏེ་དཔལ་ཆེན་ཁྲོ་བོ་རོལ་པའི་གོ་འཕང་གི་ཆོས་རྒྱུད་ལ་བཞག་པ་ཡིན་ནོ། །དེ་ལྟར་ན་ཕྱི་ཀུན་རྫོབ་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་རྩའི་སྒྲིབ་པ་སྦྱངས་ཏེ་བསྐྱེད་པའི་རིམ་པ་སྒོམ་པ་ལ་དབང་། འབྲས་བུ་སྣང་སྟོང་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། དེ་ནས་གསུམ་པ་དག་གྱུར་གཉིས་ཀའི་ཐུན་མོང་མཆོག་གི་དབང་གསུམ་མཐའ་རྟེན་དང་བཅས་བསྐུར་བ་ལ། ཐོག་མར་གསང་བའི་དབང་གི་སླད་དུ། བླ་མ་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་བདེ་ཆེན་མཉམ་པར་སྦྱོར་བའི་བྱང་སེམས་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཅན་དེ་ཉིད་ཐོད་པའི་བདུད་རྩི་དང་སྦྱར་ཏེ་ཁྱེད་རང་རྣམས་ཀྱི་ལྕེ་ཐོག་ཏུ་བཞག་པར་མོས་ཤིག །གསང་ཐོད་ཐོགས་ལ། ཧཱུྃ༔ བྷནྡྷ་སྟོང་པའི་སྣོད་ནང་དུ༔ བྱང་སེམས་བདེ་བའི་བཅུད་ཀྱིས་བཀང༔ བདེ་སྟོང་དབྱེར་མེད་བདུད་རྩི་འདིས༔ གསང་དབང་ངག་ལ་ཡོངས་རྫོགས་ཤོག༔ བོ་དྷི་ཙིཏྟ་ཧཱུྃ༔ ཞེས་མྱང་དུ་བཅུག །དེ་ལྟར་སྦྱིན་པ་དེ་ཉིད་རྣམ་པར་རྟོག་པ་མེད་པའི་བློས་མྱངས་པས་རྩ་ཐམས་ཅད་བདུད་རྩིས་གང་། དུག་གསུམ་གྱི་རྣམ་རྟོག་དག །བདེ་བའི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་མོས་ཤིག །དེས་སློབ་དཔོན་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་རླུང་གི་སྒྲིབ་པ་སྦྱངས་ཏེ་བདག་བྱིན་གྱིས་རློབ་པའི་རྫོགས་རིམ་སྒོམ་པ་ལ་དབང་། འབྲས་བུ་གསལ་སྟོང་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། གཟུགས་དང་ལང་ཚོ་མཚན་ཉིད་ཕུན་སུམ་ཚོགས་པའི་ཤེས་རབ་མ་ཀུན་ཏུ་བཟང་མོའི་ངོ་བོ་ཅན་ཕྱག་རྒྱའི་དོན་དུ་གཏད་པར་མོས་ཤིག །རིག་ཙཀ་ཐོགས་ལ། ཧཱུྃ༔ ཡུལ་སྣང་སྣང་སྟོང་མཚན་ལྡན་མར༔ རང་རིག་བདེ་བ་ཡེ་ཤེས་པས༔ དབྱིངས་རིག་བདེ་སྟོང་གཉིས་མེད་སྦྱོར༔ ཟུང་འཇུག་བདེ་ཆེན་རྟོགས་པར་ཤོག༔ མ་ཧཱ་སུ་ཁ་ཧོ༔ ཞེས་ལག་གཡས་སུ་གཏད། དེ་ལྟར་གཏད་པའི་རིག་མ་དང་ཁྱེད་རང་རྣམས་འདུ་ཤེས་གསུམ་ལྡན་གྱི་སྒོ་ནས་མཉམ་པར་སྦྱར་ཏེ་ཟག་མེད་བདེ་ཆེན་གྱི་ཡེ་ཤེས་ཆེས་ཆེར་སྦར་བས། བྱང་སེམས་དྭངས་མ་དབབ་ལྡོག་གི་སྦྱོར་བས་དགའ་བ་བཞིའི་མཐར་ཐུག་ལྷན་སྐྱེས་ཀྱི་ཡེ་ཤེས་རྒྱུད་ལ་བརྟན་པར་མོས་ཤིག །དེས་ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཐིག་ལེའི་སྒྲིབ་པ་སྦྱངས་ཏེ་ཕོ་ཉ་བདེ་བ་ཆེན་པོའི་ལམ་སྒོམ་པ་ལ་དབང་། འབྲས་བུ་བདེ་སྟོང་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་དབང་བཞི་པ་རིག་པ་རྩལ་གྱི་དབང་གི་སླད་དུ། རྡོ་རྗེ་སེམས་དཔའི་མེ་ལོང་གི་བརྡ་འདིས་མཚོན་ནས་རང་རིག་གདོད་མའི་གཤིས་ལུགས་སྟོང་གསལ་འགག་མེད་རང་བྱུང་གི་ཡེ་ཤེས་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་དོན་གོ་བར་གྱིས་ལ། ཀ་དག་ཁྲེགས་ཆོད་ཀྱི་དགོངས་པ་དབྱིངས་རིག་གཉིས་སུ་མེད་པའི་ངང་དུ་མཉམ་པར་ཞོག་ཅིག །ཤེལ་རྡོ་ཐོགས་ལ། ཨེ་མ་ཧོ༔ ངོ་བོ་སྟོང་པ་ཤེལ་གྱིས་མཚོན༔ རང་བཞིན་ལྷུན་གྲུབ་འཇའ་རུ་ཤར༔ ཐུགས་རྗེའི་འོད་ཟེར་ཀུན་ཏུ་འཕྲོ༔ རང་བྱུང་སེམས་ཉིད་ངོ་མཚར་ཆེ༔ དྷརྨ་ཤུདྡྷེ་ཨ༔ རིག་རྩལ་ལྷུན་གྲུབ་ཐོད་རྒལ་སྒྲོན་མ་བཞིའི་སྣང་བ་དབང་པོའི་སྒོར་མངོན་སུམ་དུ་འཆར་བའི་ཚུལ་བརྡ་འདི་རྣམས་ཀྱིས་མཚོན་པར་ཤེས་པར་གྱིས་ལ། ཆོས་ཟད་དགོངས་པའི་དབྱིངས་སུ་ལ་བཟླ་བར་མཛོད་ཅིག །མེ་ལོང་དར་སྣ་མདོངས་སྒྲོ་ཤེལ་ཕྲེང་ཤེལ་རྡོ་རྣམས་བསྟན་ལ། དབྱིངས་ཀྱི་རང་བཞིན་མེ་ལོང་ལ༔ འོད་ཀྱི་རང་བཞིན་དར་སྣས་བརྒྱན༔ ཐིག་ལེའི་རང་བཞིན་རྨ་བྱའི་མདོངས༔ རིག་པ་ལུག་རྒྱུད་ཤེལ་གྱི་ཕྲེང༔ མིག་ཏུ་མཚོན་ཕྱིར་ཤེལ་གྱི་ཀློང༔ དབང་པོའི་སྒོར་སྦྱར་བརྡ་བསྟན་པས༔ རིག་རྩལ་ཐོད་རྒལ་དབང་ཐོབ་ཤོག༔ དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་ཨ༔ དེས་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་རིག་པའི་རྩལ་དབང་ཐོབ། སྒོ་གསུམ་སྙོམས་འཇུག་གི་སྒྲིབ་པ་སྦྱངས་ཏེ་རྫོགས་ཆེན་ཁྲེགས་ཆོད་ཐོད་རྒལ་གྱི་རྣལ་འབྱོར་སྒོམ་པ་ལ་དབང་། འབྲས་བུ་སྣང་བཞི་ཟད་སར་འཁྱོལ་ཏེ་ཀུན་བཟང་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་རྣམས་ཀྱིས་དབང་གི་དངོས་གཞི་རྣམས་གྲུབ་ནས་མཐའ་རྟེན་གྱི་དབང་ལ། སངས་རྒྱས་ཀུན་གྱི་ཡེ་ཤེས་ཐུགས་རྗེའི་རང་གཟུགས་སུ་སྣང་བ་བསྟན་པ་བུ་གཅིག་པའི་རྒྱུད་ཀྱི་གླེགས་བམ་རིན་པོ་ཆེའི་དབང་བསྐུར་ཞིང་དེ་ཉིད་མི་འབྲལ་བར་བཅངས་པས། འགྲོ་འདུལ་གྲོལ་བ་དྲུག་གི་ཕྲིན་ལས་རྩོལ་མེད་དུ་བརྡལ་བས་འཁོར་བ་དོང་ནས་སྤྲུག་པའི་མཐུ་དབང་ལ་མངའ་བརྙེས་པར་མོས་ཤིག །བཏགས་གྲོལ་ཐོགས་ལ། ཨ༔ རང་བྱུང་རང་ཤར་བསྟན་པ་བུ་གཅིག་རྒྱུད༔ སངས་རྒྱས་ཀུན་གྱི་ཡེ་ཤེས་ཐུགས་རྗེའི་གཟུགས༔ འོད་གསལ་སྙིང་པོའི་བསྟན་པའི་བཙས་གཅིག་པུ༔ བྲིས་ཏེ་བཏགས་པས་གྲོལ་བའི་དབང་ཐོབ་ཤོག༔ འཁོར་ལོར་བྱས་ཏེ་མཐོང་བས་མཐོང་གྲོལ་ཤོག༔ གང་དུ་བཏགས་པ་རེག་པས་རེག་གྲོལ་ཤོག༔ བརྗོད་ཅིང་ཚིག་གི་བརྡ་སྤྲད་ཐོས་གྲོལ་ཤོག༔ བཟླས་ཤིང་བཏབ་པ་མྱོང་བས་མྱོང་གྲོལ་ཤོག༔ གང་གིས་ཚོར་བ་དེ་དག་གྲོལ་བར་ཤོག༔ འཿཨཿཤཿསཿམཿཧཿཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྤྱི་བོར་གཏུགས་ཤིང་ལག་ཏུ་གཏད། བྱིན་རླབས་འཕོ་བ་གཏོར་མའི་དབང་གི་སླད་དུ། གཏོར་སྣོད་དབྱིངས་ཀྱི་གཞལ་མེད་ཁང་ཆེན་པོར་གཏོར་མ་རིག་རྩལ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་སུ་བཞུགས་པས་དབང་བསྐུར་བས། མ་དག་སྐྱེ་འཆི་བར་དོའི་སྣང་བ་ཐམས་ཅད་བཙན་ཐབས་སུ་ཆོད་དེ་རིག་པ་གདོད་མའི་དབྱིངས་སུ་བཙན་ས་ཟིན་པའི་བྱིན་རླབས་འཕོ་བའི་དབང་ཆེན་ཐོབ་པར་མོས་ཤིག །གཏོར་མ་ཐོགས་ལ། ཧཱུྃ༔ གཏོར་གཞོང་དབྱིངས་ཀྱི་རང་བཞིན་གཞལ་ཡས་ཁང༔ གཏོར་མ་རིག་པ་རྒྱལ་བ་ཞི་ཁྲོའི་ལྷ༔ དབྱེར་མེད་ཟུང་འཇུག་ངང་དུ་དབང་བསྐུར་བས༔ སྣང་བ་ལྷར་དག་བར་དོར་གྲོལ་བར་ཤོག༔ ཕུང་ཁམས་གནས་འགྱུར་འོད་གསལ་ཟིན་པར་ཤོག༔ རྟོག་ཚོགས་བདེ་ཆེན་དབྱིངས་སུ་འཕོ་བར་ཤོག༔ རིག་པ་དབྱིངས་སུ་ཐིམ་པར་བྱིན་གྱིས་རློབས༔ ཚོམ་བུ་འབུམ་བཅས་མངོན་སངས་རྒྱས་གྱུར་ཅིག༔ ཨཱོྃ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་ཨཱོྃ་ཨཱཿཧཱུྃ༔ ཞེས་གནས་གསུམ་དུ་གཞག །བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་ཤིས་པ་བརྗོད་པའི་བདེན་ཚིག་སྒྲོག་ཅིང་མེ་ཏོག་གི་ཆར་སིལ་མར་བསྙིལ་བས་དབང་དོན་གྱི་ཡེ་ཤེས་བརྟན་ཅིང་གོང་འཕེལ་དུ་བྱས་པར་མོས་མཛོད། ཅེས་ཤིས་བརྗོད་ཅི་རིགས་བྱ། དེ་རྣམས་ཀྱི་སྒོ་ནས་གསང་སྐོར་ཡི་དམ་ཞི་བ་བདེ་གཤེགས་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་བྱ་བ་ལེགས་པར་གྲུབ་པ་ལགས་པས་སོགས་ཀྱིས་མཚམས་སྦྱར་ཏེ་དམ་ཚིག་ཁས་ལེན། གཏང་རག་མཎྜལ་དང་ལུས་དབུལ། དགེ་བསྔོ་བཅས་སྤྱི་ལྟར་བྱས་ལ་སློབ་མ་གྱེས།། །།སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་བསྔོ་བ་སོགས་ཆོ་གའི་རྗེས་ཀྱི་བྱ་བ་གཞུང་བཞིན་མཐར་དབྱུང་བས་གྲུབ་བོ། །ཡེ་ཤེས་གཅིག་ཉིད་དུ་མའི་གར། །ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ཆེར། །སྐལ་བཟང་རྒྱུད་དག་ནུས་ཐོབ་ཕྱིར། །རྡོ་རྗེའི་ལམ་གྱི་འཇུག་ངོགས་སོ། །གསང་སྐོར་ཡི་དམ་ཞི་བའི་དབང་གི་ལེའུ་ཚན་ནོ།། །། ༈ སྐབས་འདིར་འཇམ་མགོན་གུ་ཎའི་ལྗགས་སྒྲིག་རིན་ཆེན་གཏེར་མཛོད་དུ་བཞུགས་པ་གསང་སྐོར་ཡི་དམ་ཁྲོ་བོའི་དབང་ཆོག་ཡེ་ཤེས་ཀློང་ཡངས་ཉིད་འདིར་བླངས་ཏེ་བསྐུར་བར་བྱའོ།། །། ༄༅། །སྭསྟི། བྱིན་རླབས་འཕོ་བའི་དབང་ཆེན་གྱིས། །སྐལ་ལྡན་རྟོགས་གྲོལ་དུས་མཉམ་དུ། །སྦྱོར་མཛད་བླ་མར་གུས་བཏུད་ནས། །གསང་ཁྲིད་བྱིན་རླབས་སྒོ་འཕར་དབྱེ། །རྫོགས་པ་ཆེན་པོ་སྡེ་གསུམ་ལས་གསང་སྐོར་ཨ་ཏིའི་ཁྲིད་ཀྱི་བྱིན་རླབས་སྒྲུབ་པ་ལ། སྦྱོར་བ་རྡུལ་ཚོན་ནམ་རས་བྲིས་ཀྱི་བུམ་པ་བསྣོལ་མ་དམར་པོ་ཆིངས་ལྗང་ཁ་རྒྱན་པདྨ་དམར་པོ་དང་དཔག་བསམ་ཤིང་ལོས་བརྒྱན་པ་ཞབས་གདན་སྣ་ཚོགས་པདྨ་ཅན་སྟེང་མའི་ཞབས་ཤར་དང་འོག་མ་ལྷོར་བསྟན་པའི། བསྣོལ་མཚམས་ཀྱི་ཤར་ལྷོར་ཐིག་ལེ་དཀར་པོ། ལྷོ་ནུབ་ཏུ་སེར་པོ། ནུབ་བྱང་དུ་དམར་པོ། བྱང་ཤར་ལྗང་གུ། དེ་སོ་སོ་ལ་འོད་ལྔས་བསྐོར་བའི་འོག་གཞི་མཐིང་ག་འོད་ལྔའི་མུ་ཁྱུད་ཅན་གྱི་རས་བྲིས་ཀྱི་དཀྱིལ་འཁོར་སྟེང་མཉྫའི་ཁར་བུམ་པ་དྲི་དང་སོ་ལྔའི་བཅུད་ལྡན་གྱི་ཁ་རྒྱན་གསེབ་ཏུ། མདའ། དར་སྣ་ལྔ། མེ་ལོང་། ཤེལ་ཕྲེང་། རྨ་བྱའི་མདོངས་བཅས་བཙུགས་པ་འགོད། འཛོམ་ན་དེའི་ཕྱོགས་བཞིར་བུམ་པ་བཞི་མགུལ་ཆིངས་ཕྱོགས་མདོག་ལ་ཁ་རྒྱན་གོང་མཚུངས་ཅན་འགོད་ཅིང་མ་འཛོམ་ན་གཅིག་གིས་འཐུས། ཕྱི་ནང་གི་མཆོད་པ་སོགས་འདུ་བྱས་ལ། གསང་སྐོར་རིག་འཛིན་བླ་མ་ཡོངས་རྫོགས་ཀྱི་ལས་གཞུང་སྔར་སྒྲུབ་དབང་སྐབས་ལྟར་བསྲངས་ཏེ་བཟླས་པ་ཅི་འགྲུབ་དང་། བུམ་པའི་ནང་དུ་རྒྱལ་བ་རིགས་ལྔ་སྐད་ཅིག་གིས་གསལ་བཏབ་ལ་ཞི་ཁྲོའི་སྤྱི་ཛཔ྄་དང་། ཧཱུྃ་ཨཱོྃ་སྭཱ་ཨཱཾ་ཧཱ༔ ཅི་རིགས་བཟླ། སྲུང་མའི་གཏོར་འབུལ་དང་ཚོགས་མཆོད་གྲུབ་ནས། དོན་དམ་དབང་ཆེན་ཡོངས་རྫོགས་དགོངས་པ་གསལ་འདེབས་ཙམ་གྱིས་བདག་འཇུག་གི་དོན་ཚང་བས།། །།བྱིན་རླབས་དངོས་ལ། སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་བསལ་ཞིང་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ལ། གོང་གི་གསང་སྐོར་ཆོས་བཤད་ཇི་ལྟར་རིགས་པས་མཚམས་སྦྱར་ཏེ། འདིར་གསང་སྐོར་ཨ་ཏིའི་ཁྲིད་ཀྱི་བྱིན་རླབས་ཟབ་མོ་སྒྲུབ་པ་ལ། ཐོག་མར་ཞུ་བའི་ཡོན་དུ་ཁྱེད་རང་རྣམས་ནས་འབྲུ་ལྔ། སྨན་ལྔ། དྲི་ལྔ། རིན་ཆེན་ལྔ། སྙིང་པོ་ལྔ་རྣམས་ཀྱི་མཎྜལ་སོ་སོར་འབུལ་བར་མོས་ལ་ཞིང་ཁམས་འབུལ་བ་འཚལ། ཞེས་མཎྜལ་འབུལ་དུ་གཞུག །དེ་ཡང་རྒྱུད་མ་དག་ན་དབང་མི་ཐོབ་པས་ཉམས་ཆག་སྐོང་བའི་ཕྱིར་བླ་མའི་སྐུ་ལས་འོད་ཟེར་འཕྲོས་པ། སོ་སོ་རང་རང་ལ་རེག་པས་ཉི་འོད་ཀྱིས་བ་མོ་སྦྱངས་པ་བཞིན་དུ་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་པར་མོས་ལ། ཡིག་བརྒྱ་ཅི་འགྲུབ་བཟླར་གཞུག་གོ །བླ་མ་ཉིད་ཁྱབ་བདག་ཀུན་ཏུ་བཟང་པོའི་ངོ་བོར་བཞུགས་པའི་འདུ་ཤེས་བསྐྱེད་དེ་དད་མོས་དྲགས་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོ་ཀུན་ཏུ་བཟང༔ གདོད་མའི་བླ་མ་དགོངས་སུ་གསོལ༔ བདག་ནི་རྣམ་པར་གྲོལ་འདོད་པས༔ ཐེག་པའི་ཡང་རྩེ་གནང་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་སློབ་དཔོན་གྱིས་སྤྲོ་བ་བསྐྱེད་ཅིང་གསང་དམ་བསྒྲག་པའི་སྒོ་ནས་ལན་སྦྱིན་པ་ཡིན་ཏེ། ཨེ་མ་རང་རིག་བྱང་ཆུབ་སེམས༔ འདི་ལ་མོས་པ་ཤིན་ཏུ་དཀོན༔ ཐེག་པའི་རྩེ་མོ་དོན་གཉེར་བ༔ ཤིན་ཏུ་ངོ་མཚར་སྦྱིན་མཆོག་ཀྱང༔ བདག་ནི་ཀུན་ཏུ་བཟང་པོ་སྟེ༔ གཟུགས་ཀྱི་སྐུ་རུ་ལྟ་མི་འཚལ༔ མཆོག་ཏུ་གསང་བའི་དམ་ཚིག་གཉན་པོའི་ཚུལ་ལས་ནམ་ཡང་མི་འདའ་བའི་བློས་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ས་མ་ཡ་ཨི་དན་ན་ར་ཀན༔ དེ་ནས་ཁྲིད་གཞུང་ལས། དེ་ཉིད་མཐོང་བར་བྱེད་པའི་ལམ༔ རྒྱུད་སྦྱང་ཚོགས་གསག་སྡོམ་པ་བླང༔ སྤྲོས་བཅས་སྤྲོས་མེད་ཤིན་ཏུ་དང༔ རབ་ཏུ་སྤྲོས་མེད་དབང་བཞི་ཞུ༔ ཞེས་གསུངས་པ་ལྟར། ཐོག་མར་རྒྱུད་སྦྱོང་བའི་སླད་དུ་ཚོགས་གསག་པ་ལ་དམིགས་འདུན་འདི་ལྟར་དུ་མཛོད། ཕྱོགས་དུས་ཀྱི་སྐྱབས་ཡུལ་ཐམས་ཅད་གདོད་ནས་རང་ལ་རང་ཆས་སུ་རྫོགས་པ་ལ་དབྱིངས་རིག་གཉིས་སུ་མེད་པའི་ཚུལ་གྱིས་སྐྱབས་སུ་འགྲོ་བ་དང་། རང་བྱུང་རང་གསལ་ལྷུན་གྲུབ་ཆེན་པོའི་ངང་དུ་སེམས་བསྐྱེད་པ་དང་། གནས་ལུགས་དོན་དམ་ལྟ་བ་མཇལ་བའི་དགོངས་སྤྱོད་ལྷུན་འབྱམས་ཆེན་པོའི་ངང་དུ་ཚོགས་གསོག་པ་འདི་རྣམས་ཀྱི་རྗེས་ཟློས། དབྱིངས་ཉིད་རྣམ་དག་རྫོགས་སངས་རྒྱས༔ སོགས་གསང་སྐོར་བྱང་བུ་བཞིན་སྐྱབས་སེམས་ཚོགས་གསག་རྣམས་ལན་གསུམ་རེ། སྤྱི་དང་ཁྱད་པར་གྱི་སྡོམ་པ་དང་དམ་ཚིག་རྣམས་སྲོག་བཞིན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས། ཧོ༔ བདེ་བར་གཤེགས་པ་ཁྱེད་ཅི་འདྲ༔ དེ་འདྲ་ཁོ་ནར་བདག་གྱུར་ཅིག༔ སྤྲུལ་སྐུའི་སྟོན་པས་བཤད་པ་ཡི༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ ལོངས་སྐུའི་སྟོན་པས་བཤད་པ་ཡི༔ རིགས་ལྔའི་སྡོམ་པ་མ་ལུས་གཟུང༔ ཁྱད་པར་རིག་འཛིན་ཡོངས་རྫོགས་ཀྱི༔ ཉི་ཤུ་ལྔ་དང་བྱེ་བྲག་ཏུ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམས༔ ཇི་ལྟར་བསྟན་པ་བདག་གིས་གཟུང༔ སྲོག་གི་ཕྱིར་ཡང་མི་གཏོང་ན༔ རིག་འཛིན་རིགས་མཆོག་བསྩལ་དུ་གསོལ༔ ཞེས་ཁས་བླང་དུ་གཞུག །དེ་ཡང་དབང་བསྐུར་བ་མཚོན་བྱེད་དཔེ་ཡི་དཀྱིལ་འཁོར་ལ་བརྟེན་ནས་བསྐུར་དགོས་ལ། མཚོན་བྱ་དོན་གྱི་དཀྱིལ་འཁོར་གདོད་ནས་རང་ལ་གནས་པ་ཉིད་ཀྱང་། མཚོན་བྱེད་དཔེ་ཡི་དཀྱིལ་འཁོར་ལ་བརྟེན་ནས་ངོ་སྤྲད་དགོས་ཤིང་། དཔེ་ཡི་དཀྱིལ་འཁོར་ལའང་བརྡ་དང་རྟགས་ཀྱི་དཀྱིལ་འཁོར་དུ་མ་ལས་སྐབས་འདིར་བརྡ་བུམ་པ་བསྣོལ་མའི་དཀྱིལ་འཁོར་ལ་བརྟེན་ནས་བསྐུར་དགོས་པས་དེའི་དོན་བཤད་པ་ནི། རྡོ་རྗེའམ་ཕྱག་ཤིང་གིས་མཚོན་ཏེ། ཀྱཻ། སྐལ་ལྡན་རིགས་ཀྱི་བུ་རྣམས་འདི་ལྟར་ཤེས་པར་གྱིས་ཤིག །དེ་ཡང་མདུན་གྱི་དཀྱིལ་འཁོར་དུ་བུམ་པ་གཉིས་བསྣོལ་དུ་བྱུང་བ་ནི་དོན་དམ་ཆོས་ཉིད་འགྱུར་བ་མེད་པ་རིག་སྟོང་ཆོས་སྐུ་དང་། ཀུན་རྫོབ་རྣམ་འགྱུར་འགག་པ་མེད་པ་སྣང་སྟོང་གཟུགས་སྐུ་ཟུང་དུ་འབྲེལ་བའི་བརྡའོ། ཁ་དོག་དམར་པོར་བྱུང་བ་ནི་བརྟན་གཡོ་འཁོར་འདས་ཀྱི་ཆོས་ཀུན་ལ་དབང་བསྒྱུར་ཞིང་རྗེས་ཆགས་བདེ་བ་ཆེན་པོའི་ཡེ་ཤེས་རྩོལ་མེད་དུ་འབར་བའི་བརྡའོ། །དཔག་བསམ་ཤིང་གིས་ཁ་བརྒྱན་པ་ནི་ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་བཀོད་པ་མ་འདྲེས་རང་བྱུང་འདོད་རྒུར་འཇོ་བའི་བརྡའོ། །བུམ་གདན་སྣ་ཚོགས་པདྨ་ནི་ཆོས་ཉིད་ཀྱི་ངོ་བོ་ལ་ཡེ་ནས་སྐྱོན་དང་དྲི་མས་མ་གོས་ཤིང་རོལ་རྩལ་ཐབས་སྣ་ཚོགས་སུ་ཤར་བའི་བརྡའོ། ཁྱམས་སྔོན་པོར་བྱུང་བ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀུན་ཏུ་ཁྱབ་ཅིང་ནམ་ཡང་འགྱུར་བ་མེད་པའི་བརྡའོ། །འོད་ལྔའི་མུ་ཁྱུད་ཀྱིས་ཟླུམ་པོར་བསྐོར་བ་ནི་ཆོས་དབྱིངས་ཀུན་ནས་ཟླུམ་པ་སྤྲོས་པའི་གྲྭ་ཟུར་དང་བྲལ་ཞིང་སྐུ་ལྔ་ཡེ་ཤེས་ལྔའི་རང་བཞིན་ཡེ་ནས་ལྷུན་གྲུབ་ཏུ་གནས་པའི་བརྡའོ། །དེ་ལྟར་ན་གཞི་ཀ་དག་དང་ལྷུན་གྲུབ། ལམ་ཁྲེགས་ཆོད་དང་ཐོད་རྒལ། འབྲས་བུ་ཆོས་སྐུ་དང་གཟུགས་སྐུ་ཡང་བུམ་པ་གཉིས་བསྣོལ་གྱི་བརྡ་འདིས་མཚོན་པ་ཡིན་ནོ། །ཞེས་དཀྱིལ་འཁོར་ངོ་སྤྲད། དེ་ནས་ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་སློབ་མ་རྣམས་གཞིའི་ཀུན་ཏུ་བཟང་པོ་ཡབ་ཡུམ་མཐིང་ག་གཅེར་བུ་རྒྱན་མེད་པ་འཇའ་འོད་ཐིག་ལེའི་ཀློང་དུ་བཞུགས་པར་གསལ་ཐོབས། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་འོག་མིན་གྱི་ཞིང་ནས་ཡེ་ཤེས་པ་ཆར་བབས་པ་ལྟར་སྤྱན་དྲངས་ནས་ཁྱེད་རང་རྣམས་ལ་ཐིམ་པས་དབྱེར་མེད་དུ་གྱུར་པར་མོས་མཛོད། སྤོས་རོལ་བཅས་གསང་སྐོར་བྱང་བུའི་སྤྱན་འདྲེན་དང་སྔགས་དྲག་ཏུ་བརྗོད་པས་བྱིན་དབབ། བུམ་པ་ཐོགས་ལ། ཀྱེ་རིགས་ཀྱི་བུ་རྣམས། འདི་ལྟར་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་བཀང་བ་ནི་ནང་གསལ་ཐིམ་ལ་མ་རྨུགས་པ་གཞོན་ནུ་བུམ་པའི་སྐུ་འགྲུབ་པའི་བརྡའོ། ཁ་རྒྱན་རྣམ་པར་བཀྲ་བ་ནི་ལྷུན་གྲུབ་ཡེ་ཤེས་ཀྱི་སྣང་བ་མཁའ་ཁྱབ་ཏུ་འཆར་བའི་བརྡའོ། །མེ་ལོང་ནི་དབྱིངས་རྣམ་དག་གི་སྒྲོན་མ་རྒྱ་ཆེར་འཕེལ་བའི་བརྡའོ། །ཤེལ་གྱི་ཕྲེང་བ་ནི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་འགུལ་འཕྲིག་མེད་པར་བཀྲ་ལམ་མེར་བརྟན་པའི་བརྡའོ། །དར་སྣ་ལྔ་ནི་དུག་ལྔ་རྣམ་དག་ཡེ་ཤེས་ལྔ་ཡི་རང་འོད་གསལ་བའི་བརྡའོ། །མདའ་ནི་དབྱིངས་རིག་ཐབས་ཤེས་ཟུང་འཇུག་མདའ་ལྟར་དྲང་ཞིང་ཡེ་ཤེས་ཟང་ཐལ་དུ་འབྱིན་པའི་བརྡའོ། །རྨ་བྱའི་སྒྲོ་མདོངས་ནི་ཐེག་དགུའི་རྩེ་མོ་ཤིན་ཏུ་རྣལ་འབྱོར་གྱི་མྱུར་ལམ་ཐོད་རྒལ་རིག་པའི་རྩལ་དབང་ཐམས་ཅད་ཡོངས་སུ་རྫོགས་པའི་བརྡའོ། །དེ་ལྟར་བུམ་པ་ལ་བརྟེན་ནས་མཚོན་བྱེད་བརྡའི་དབང་སྤྲོས་བཅས་དང་སྤྲོས་མེད་རབ་ཏུ་སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཐམས་ཅད་ལྷུན་རྫོགས་རྣམས་བསྐུར་བས། མཚོན་བྱ་རང་ལ་ཡེ་གནས་སྟོང་གསལ་རང་རིག་འདུས་མ་བྱས་པའི་ཡེ་ཤེས་སྣང་བཞི་མཐར་ཕྱིན་ནས་མངོན་སུམ་དུ་རྟོགས་པའི་བརྡ་དོན་གོ་བར་གྱིས་ཤིག །ཧཱུྃ༔ དབྱིངས་ཀྱི་བུམ་པ་རིག་པའི་བཅུད༔ དབྱེར་མེད་ཁ་རྒྱན་བརྗོད་དང་བྲལ༔ དབྱིངས་ཀྱི་རང་བཞིན་མེ་ལོང་དང༔ ཤེས་རབ་རང་བཞིན་མདའ་ཡིས་བརྒྱན༔ འོད་ཟེར་མཐའ་ཡས་དར་གྱིས་བཀླུབས༔ ལུ་གུ་རྒྱུད་ནི་ཤེལ་གྱིས་མཚོན༔ ཐིག་ལེ་རྨ་བྱའི་སྒྲོ་དང་ལྡན༔ ཆོས་ཉིད་མངོན་སུམ་སྣང་བ་ཡི༔ སྤྲོས་བཅས་བུམ་པའི་དབང་བསྐུར་རོ༔ ཡོད་ན་དེ་བཞིན་ཤར་བུམ་ཐོགས་ལ། ཧཱུྃ༔ མཚན་མ་བྲལ་བ་དབྱིངས་ཀྱི་ངང༔ དམིགས་མེད་རང་གསལ་རིག་པའི་བཅུད༔ བསམ་མི་ཁྱབ་པའི་ཁ་རྒྱན་ལ༔ སྟོང་པ་ཆེན་པོའི་མདའ་ཡིས་བརྒྱན༔ བདེ་བ་མེ་ལོང་དབྱེར་མེད་ཤེལ༔ རླུང་ལྔ་དག་པ་རྨ་བྱའི་སྒྲོ༔ རྩ་ཁམས་དག་པ་དར་གྱིས་བརྒྱན༔ ཕུང་པོ་ཡོངས་གྲོལ་དབང་བསྐུར་བས༔ ཉམས་སྣང་གོང་དུ་འཕེལ་གྱུར་ཏེ༔ སྤྲོས་མེད་གསང་དབང་ཐོབ་པར་ཤོག༔ ལྷོ་བུམ་ཐོགས་ལ། ཧཱུྃ༔ དབྱིངས་ལས་མི་འདའ་ཡུམ་གྱི་མཁའ༔ རིག་པ་ཐབས་མཆོག་བདེ་བ་ཆེ༔ གཉིས་མེད་མཉམ་སྦྱོར་བཅུད་ཀྱིས་བཀང༔ ཡོན་ཏན་ཡོངས་རྫོགས་ཁ་རྒྱན་ལ༔ ཡུམ་གྱི་རྐྱེན་བཞི་མདའ་ཡིས་བརྒྱན༔ ཡབ་ཀྱི་རྒྱུ་བཞི་མེ་ལོང་གསལ༔ དབྱེར་མི་ཕྱེད་པ་ཤེལ་གྱིས་སྤྲས༔ བདེ་བ་མཁའ་ཁྱབ་དར་གྱིས་བཀླུབས༔ བདེ་སྟོང་དབྱེར་མེད་དབང་བསྐུར་བས༔ རིག་པ་ཚད་ལ་ཕེབས་གྱུར་ཏེ༔ རབ་ཏུ་སྤྲོས་མེད་ཤེར་དབང་ཐོབ༔ ནུབ་བུམ་ཐོགས་ལ། ཧཱུྃ༔ ཕ་མཐའ་བྲལ་བ་དབྱིངས་ཀྱི་ངང༔ བསམ་ལས་འདས་པ་རིག་པའི་བཅུད༔ སྨྲ་བརྗོད་བྲལ་བ་ཁ་རྒྱན་ལ༔ མཚན་ཉིད་བཞི་ལྡན་མདའ་ཡིས་བརྒྱན༔ ཡེ་ནས་དག་པ་མེ་ལོང་སྟེ༔ དབྱིངས་རིག་གཉིས་བྲལ་ཤེལ་གྱིས་བརྒྱན༔ སྟོང་ཡངས་སྣ་ཚོགས་དར་གྱིས་བཀླུབས༔ རྫོགས་པ་ཆེན་པོའི་དབང་བསྐུར་བས༔ ཆོས་ཉིད་ཟད་སར་ཕྱིན་གྱུར་ཏེ༔ ཤིན་ཏུ་རྣམ་པར་གྲོལ་བར་ཤོག༔ བྱང་བུམ་ཐོགས་ལ། ཧཱུྃ༔ བསྒོམ་བྱ་མེད་པ་དབྱིངས་ཀྱི་ངང༔ བསམ་ལས་འདས་པ་རིག་པའི་བཅུད༔ བརྗོད་ལས་འདས་པ་ཁ་རྒྱན་ཏེ༔ དབྱེར་མེད་སྟོང་པའི་ཤེས་རབ་མདའ༔ འགགས་མེད་ཅི་ཤར་མེ་ལོང་བརྒྱན༔ སྐྱེ་འགག་གཉིས་མེད་ཤེལ་གྱིས་བརྒྱན༔ ལྷུན་གྱིས་གྲུབ་པ་དར་གྱིས་བཀླུབས༔ ཞིང་ཁམས་ལྔ་རུ་དབང་བསྐུར་བས༔ ཐམས་ཅད་ལྷུན་རྫོགས་ཐོབ་པར་ཤོག༔ ཅེས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་སྦྱིན། དེས་གསང་སྐོར་ཁྲིད་ཀྱི་བྱིན་རླབས་ཟབ་མོ་ལེགས་པར་ཕུལ་གྲུབ་པ་ལགས། དེ་ལྟར་ལེགས་པར་ཐོབ་པའི་གཏང་རག་དང་། སླར་ཡང་སྨིན་ཟིན་གྲོལ་བར་བྱེད་པ་ཁྲིད་ཀྱི་རིམ་པ་ཞུ་བའི་ཡོན་དུ་མཎྜལ་ཆབས་ཅིག་འདི་བཞིན་དུ་འབུལ་བ་ཞུ། སྟོང་པ་ཉིད་ཀྱི་དབྱིངས་ཉིད་དུ༔ རིག་པ་ཅོག་གཞག་ཚོམ་བུར་བཀོད༔ དབྱིངས་རིག་དབྱེར་མེད་མཎྜལ་འདི༔ ཀ་དག་བདེ་བར་གཤེགས་ལ་འབུལ༔ གུ་རུ་མཎྜ་ལ་པཱུ་ཛ་ཧོ༔ ཞེས་མཎྜལ་འབུལ། དེ་ཡང་རིག་འཛིན་ཆེན་པོ་ཤྲཱི་སིཾ་ཧའི་དགོངས་བཅུད། གྲུབ་པའི་སློབ་དཔོན་པདྨ་སམྦྷ་ཝ་དང་། ལོ་ཆེན་བཻ་རོ་ཙ་ནའི་མན་ངག་གནད་དུ་འདྲིལ་བ་ཟབ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས། གསང་སྐོར་མན་ངག་ཨ་ཏི་ཡོ་གའི་གདམས་ཁྲིད་བགྱི་བ་ལ། སྐུ་ཉིད་རྣམས་ཐུགས་གཞན་དུ་མ་ཡེངས་པར་གཏེར་གཞུང་རྡོ་རྗེའི་ཚིག་རྐང་འདི་ལ་སྙན་གྱི་དབང་པོ་རྩེ་གཅིག་ཏུ་གཏོད་འཚལ། ན་མོ་གུ་རུ༔ གསང་སྐོར་ཁྲིད་ཀྱི་རིམ་པ་ནི༔ གཞི་ལམ་འབྲས་བུ་བསྟན་པ་འོ༔ དང་པོ་ནམ་མཁའ་ལྟ་བུའི་སེམས༔ རིག་དང་མ་རིག་འཁོར་འདས་ཀྱི༔ ས་མཚམས་གྲིབ་སོ་ཙམ་ལས་མེད༔ རྒྱལ་བུ་དམངས་སུ་བབས་པ་ན༔ བློན་པོས་ངོ་ཤེས་དབང་བསྐུར་ཚེ༔ རྒྱལ་པོས་ཁམས་གསུམ་དབང་དུ་སྡུད༔ དེ་བཞིན་རང་རིག་བྱང་ཆུབ་སེམས༔ དེ་ཡི་མཚན་ཉིད་བསྟན་པར་བྱ༔ གསལ་ཞིང་རྙོགས་པ་མེད་པ་ལ༔ རིག་པ་རང་བྱུང་སྟོང་པའི་ངང༔ གསལ་སྟོང་དབྱེར་མེད་རྒྱུན་ཆད་བྲལ༔ འགྱུར་བ་མེད་ཅིང་ཀུན་ཏུ་རྟག༔ འདི་ཡིན་མེད་པའི་ངོས་གཟུང་བྲལ༔ འོན་ཀྱང་མྱོང་བ་ཅན་གྱི་གདངས༔ ངེས་པ་ཅན་དུ་གནས་པ་འོ༔ དེ་ཉིད་མཐོང་བར་བྱེད་པའི་ལམ༔ རྒྱུད་སྦྱང་ཚོགས་གསག་སྡོམ་པ་བླང༔ སྤྲོས་བཅས་སྤྲོས་མེད་ཤིན་ཏུ་དང༔ རབ་ཏུ་སྤྲོས་མེད་དབང་བཞི་ཞུ༔ སྤྲོས་བཅས་བསྐྱེད་རིམ་སྤྲོས་མེད་དུ༔ རྩ་རླུང་བསྒོམ་ཞིང་ལུས་གནད་བསྣུན༔ ཤིན་ཏུ་སྤྲོས་མེད་བདེ་བ་སྦྱང༔ རབ་ཏུ་སྤྲོས་མེད་དེ་ཉིད་བལྟ༔ བསྐྱེད་རིམ་རྒྱལ་བ་རིགས་ལྔ་འམ༔ ཡང་ན་ཞི་ཁྲོ་གསལ་རྫོགས་བསྒོམ༔ ཡུལ་སྣང་ལྷ་རུ་འགྱུར་བར་བསླབ༔ རྩ་རླུང་རང་ཉིད་ཀུན་བཟང་གི༔ སྐུ་ལ་རྩ་གསུམ་འཁོར་ལོ་དྲུག༔ ཐིག་ལེ་གཏུམ་མོ་འབར་འཛག་བསྒོམ༔ ལུས་གནད་བདུན་ལྡན་དྲུག་ཆིངས་དང༔ ཙོག་པུར་གནས་པ་རྣམ་གསུམ་གྱིས༔ བདེ་དྲོད་མི་རྟོག་གསུམ་ལྡན་གཅེས༔ བདེ་བ་མི་མོ་གཞོན་ནུ་མ༔ ཆོས་ཀྱིས་རབ་ཏུ་སྨིན་བྱས་ཏེ༔ ཡབ་ཡུམ་ཀུན་བཟང་ཀུན་བཟང་མོ༔ གནས་རྣམས་བྱིན་རླབས་མཉམ་པར་སྦྱར༔ དགའ་བ་དགའ་བ་ཆེན་པོ་དང༔ མཆོག་དགའ་དགའ་བྲལ་ལྷན་ཅིག་སྐྱེས༔ ཚོར་བ་བདེ་བའི་ངང་དུ་བསླབ༔ རྫོགས་པ་ཆེན་པོའི་དེ་ཉིད་ནི༔ ལུས་གནད་བདུན་ལྡན་ཞི་གནས་བསྒོམ༔ འཕྲུལ་འཁོར་སྣ་ཚོགས་ལྷག་མཐོང་བསྒོམ༔ ཞི་ལྷག་ཟུང་འཇུག་སྤྱོད་ལམ་ལ༔ དབྱེར་མེད་ཉིད་དུ་འདྲེས་པར་བྱ༔ ལུས་ངག་ཡིད་གསུམ་ལྷུག་པར་གནས༔ རང་བཞིན་བྱ་རྩོལ་བྲལ་བར་ལྟ༔ འབྱམས་ན་རིག་པ་ཧུར་ཕྱུང་ཞིང༔ རྩོལ་བ་དང་བཅས་མཉམ་པར་གཞག༔ བྱིངས་ན་རིག་པ་དྭངས་ལ་བསླབ༔ འགྱུ་བྱེད་རང་ངོ་ཤེས་པར་ལྟ༔ ཅི་ཡང་མ་ཡིན་ཅིར་ཡང་འཆར༔ འདི་ཞེས་བརྗོད་ཚིག་བྲལ་བ་ཡི༔ ཉམས་ལ་ངེས་པར་བསླབ་པར་བྱ༔ འབྲས་བུ་བླ་ན་མེད་པའི་ས༔ ཡང་དག་པར་ནི་ཐོབ་པར་འགྱུར༔ སྐུ་ལྔའི་འབྲས་བུ་ཚེ་འདིར་ཐོབ༔ འབྲས་བུ་གཞི་ལ་སྨིན་པར་ངེས༔ གདམས་པའི་མཐར་ཐུག་ཁོ་ན་འོ༔ གསང་སྐོར་ཁྲིད་ཀྱི་དངོས་གཞི་རྫོགས༔ ས་མ་ཡ་རྒྱ་རྒྱ༔ ༁ྃ༔ ན་མོ་གུ་རུ༔ གསང་སྐོར་ཁྲིད་ཀྱི་རྗེས་འབྲེལ་དུ༔ གནས་ཐབས་འབྲས་བུ་རྣམ་གསུམ་ནི༔ གནས་ནི་སྙིང་གའི་སྒྲོན་མ་རུ༔ ཀུན་གཞི་རང་རིག་ཡེ་ཤེས་ཏེ༔ སྐུ་དང་ཡེ་ཤེས་འོད་ལྔར་བཞུགས༔ དཀར་འཇམ་རྩ་ཡི་སྒྲོན་མ་ལས༔ དབང་པོར་གསལ་བའི་སྒྲོན་མེར་སྣང༔ སྟོང་པའི་དབྱིངས་ནི་རྣམ་པར་དག༔ རིག་པ་ཐིག་ལེ་ལུ་གུ་རྒྱུད༔ གནས་ནི་ལུས་ཀྱི་ནང་ན་གནས༔ ཤར་ནི་དབང་པོའི་ཕྱི་རུ་སྣང༔ དོན་དུ་ཕྱི་ནང་དབྱེར་མེད་ཤེས༔ ཐབས་ནི་སྐུ་གསུམ་བཞུགས་སྟངས་ཀྱིས༔ དབྱིངས་རིག་ཐིག་ལེའི་འོད་ལ་སྦྱང༔ ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟར༔ ཉི་མ་འཆར་ཀར་དབྱིངས་ལ་བསླབ༔ ལོངས་སྐུའི་བཞུགས་སྟངས་གླང་ཆེན་གྱིས༔ ཤར་མ་ཁད་པར་རིམ་པར་བསླབ༔ སྤྲུལ་སྐུའི་བཞུགས་སྟངས་ཙོག་པུ་ཡིས༔ ཤར་བའི་དུས་ན་འོད་ལ་སྦྱང༔ ཤིན་ཏུ་གོམས་པ་གྱུར་པ་འམ༔ མ་འདྲེས་སོ་སོར་སྣང་བ་ན༔ ལུས་གནད་བདུན་ལྡན་ཅི་བདེ་བས༔ དབྱིངས་རིག་ཐིག་ལེ་ཉེ་རྫོགས་སུ༔ སྣང་བ་རིག་པ་དབྱེར་མེད་བསྒོམ༔ དེ་ལ་ལམ་རྟགས་འཆར་ཚུལ་རྣམས༔ ཆེས་ཆེར་རིམ་པས་འཕེལ་བ་སྟེ༔ ཡུལ་ཁམས་གང་བར་མངོན་སུམ་སྣང༔ ཕྱག་མཚན་ཡིག་འབྲུ་གོང་དུ་འཕེལ༔ སྐུ་ནི་ཡོངས་རྫོགས་ཚད་ལ་ཕེབས༔ རིག་པ་རང་སྣང་ཟད་སར་ཟིན༔ སྤྱི་བོའི་གཙུག་ཏུ་འོད་བདུན་ནི༔ ཐོ་བརྩེགས་ཚུལ་དུ་བྱུང་བ་ན༔ ཞག་བདུན་འོད་ལུས་འགྲུབ་པའི་རྟགས༔ འབྲས་བུ་ཚེ་གཅིག་ལུས་འདིས་ཐོབ༔ གང་དུ་གནས་ཀྱང་ཞིང་ཁམས་སུ༔ འགྱུར་ལས་གཞན་དུ་འཕོ་བ་མེད༔ དེ་ལྟ་བུ་ཡི་རྣལ་འབྱོར་ཅན༔ མན་ངག་ཀུན་གྱི་མཐར་ཐུག་གོ༔ གསང་སྐོར་ཁྲིད་ཀྱི་རྗེས་འབྲེལ་རྫོགས༔ ས་མ་ཡ་རྒྱ་རྒྱ༔ ཞེས་རང་བཞིན་རྫོགས་པ་ཆེན་པོ་ཆོས་ཉིད་བྱ་རྩོལ་བྲལ་བའི་གནས་ལུགས་གཞི་ལམ་འབྲས་བུ་གསུམ་གྱི་སྒོ་ནས་གཏན་ལ་ཕབ་སྟེ་ལྟ་བའི་གཞི་གཟུང་། དབང་བཞིའི་ལམ་དང་འབྲེལ་བའི་བསྐྱེད་རྫོགས་ཀྱི་རྣལ་འབྱོར་ཐུན་མོང་དང་། ཁྱད་པར་རིག་པ་ལྷོངས་སུ་ཕུད་དེ་སེམས་ལས་འདས་པའི་ཡེ་ཤེས་རྗེན་ཅར་རང་བབ་ཆུ་བོའི་རྒྱུན་ལྟར་སྐྱོང་བ་ཀ་དག་ཁྲེགས་ཆོད་ཀྱིས་གཞུང་བསྲང་། སྒོ་ཡུལ་རིག་པའི་གནད་ལ་བརྟེན་ནས་སྒྲོན་མ་བཞིའི་སྣང་བ་འོད་གསལ་ཆེན་པོར་མངོན་སུམ་དུ་སྤྱོད་པ་ལྷུན་གྲུབ་ཐོད་རྒལ་གྱི་རྣལ་འབྱོར་ཟབ་མོས་རྗེས་བསྐྱངས་ཏེ། འབྲས་བུ་ཕྱི་དུས་སུ་མི་ལྟོས་པར་ཚེ་ལུས་གཅིག་ལ་འཕོ་ཆེན་འཇའ་ལུས་གཞོན་ནུ་བུམ་པ་སྐུར་མངོན་པར་བྱང་ཆུབ་པའི་ཚུལ། གཏེར་གཞུང་རྡོ་རྗེའི་ཚིག་གིས་ཇི་ལྟར་བསྟན་པའི་དོན་རྣམས་ཐུགས་ཀྱི་དཔལ་བེའུར་བཅངས་ནས་རྨད་དུ་བྱུང་བའི་གདམས་ཟབ་འདི་ལྟ་བུ་མཇལ་བ་དོན་ལྡན་དུ་མཛད་འཚལ། དེ་རྣམས་ཀྱིས་གསང་སྐོར་ཁྲིད་ཀྱི་བྱིན་རླབས་དང་ཁྲིད་རིམ་དངོས་གཞི་བཅས་ཚང་སྤྲུགས་སུ་ལེགས་པར་གྲུབ་པ་ལགས་པས་རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་། ཁྱད་པར་ཆོས་ཐམས་ཅད་ཆོས་ཉིད་མཉམ་བརྡལ་ཆེན་པོའི་དགོངས་པར་ལ་བཟླ་བས་བསྲུང་མཚམས་ལས་འདས་པ་དམ་ཚིག་ཡེ་བསྲུང་ལྷུན་གྲུབ་ཆེན་པོའི་རྒྱ་ལས་ནམ་ཡང་མི་འདའ་བའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དམ་ཚིག་ཁས་ལེན། གཏང་རག་མཎྜལ་ལུས་དབུལ། དགེ་བསྔོ་བཅས་བྱས་ལ་སློབ་མ་གྱེས།། །།སློབ་དཔོན་གྱིས་ཆོ་གའི་རྗེས་རིམ་གཞུང་བཞིན་མཐར་དབྱུང་བས་གྲུབ་བོ། །སེམས་ལས་འདས་པའི་ཡེ་ཤེས་གང་། །མངོན་སུམ་རང་ཐོག་འབེབ་པའི་གནད། །མཆོག་གསང་རྡོ་རྗེ་རྩེ་མོ་ཡི། །གདམས་པའི་ཡང་ཞུན་སྙིང་པོ་འོ། །གསང་སྐོར་མན་ངག་སྡེའི་ཁྲིད་ཀྱི་བྱིན་རླབས་གདམས་ཁྲིད་དངོས་དང་བཅས་པའི་ལེའུ་ཚན་ནོ།། །། ༄༅། །སྭསྟི། དབྱིངས་ལས་འབར་བའི་ཕྱག་རྒྱ་ཡིས། །སྡེ་གསུམ་བཀའ་ཡི་གཉེར་ཁ་འཛིན། །བསྟན་སྲུང་ཚོགས་ལ་གུས་བཏུད་ནས། །སྲོག་དབང་ཟབ་མོའི་ཆོ་ག་འཆད། །རྫོགས་པ་ཆེན་པོ་སྡེ་གསུམ་གྱི་བཀའ་སྲུང་གཏེར་སྲུང་དང་བཅས་པའི་སྲོག་དབང་དཀྱུས་གཅིག་ཏུ་སྒྲུབ་པ་ལ། གཞི་སྟེགས་དབུས་སུ་བཀའ་སྲུང་ཡེ་ཤེས་པའི་དཀྱིལ་འཁོར་སྒོམ་དོན་དང་མཐུན་པའི་རས་བྲིས་སམ་མཎྜལ་ལ་འབྲུ་ནག་ཁྲག་ཆང་གིས་གཤེར་བའི་ཚོམ་བུ་གཙོ་འཁོར་དགུ་བཀོད་པའི་ཁར་རྣམ་བུམ་སོ་ལྔའི་བཅུད་ལྡན། མདུན་དུ་གཙོ་འཁོར་དགུའི་སྐུ་ཙཀ་དང་དབང་གཏོར། གཡས་སུ་གསང་ཐོད་དང་སྔགས་ཕྲེང་། རྒྱབ་ཏུ་བཀའ་སྡོད་བུམ་པ། གཡོན་དུ་རིག་ཙཀ །ཤེལ་རྡོ། དབྱིངས་ཕྱུག་ཡུམ་ལྔའི་སྐུ་ཙཀ་བཅས་འགོད། དེའི་གཡས་ནས་གཡས་སུ་བཀའ་སྲུང་དྲེགས་པ་གསུམ་ལས། འབར་མ་མེ་གདོང་མར་མཎྜལ་ཆོས་འབྱུང་བསྣོལ་མའམ་ཚོམ་བུ་གཅིག་བཀོད་པའི་ཁར་དམར་གཏོར་གཙོ་འཁོར་གསུམ་པ་སྐུ་ཙཀ་དར་གདུགས་ཅན་དང་། ཕྱག་མཚན་གྲི་ཐོད་བཅས། རྡོ་རྗེ་གཤོག་རྒོད་མར་མཎྜལ་གྲུ་གསུམ་མཐིང་ནག་བྲིས་པའམ་ཚོམ་བུ་ལྔ་བཀོད་པའི་ཁར་དམར་གཏོར་གཙོ་འཁོར་ལྔ་པ་སྐུ་ཙཀ་དར་གདུགས་ཅན། དམ་ཅན་སྐྱེས་བུ་ལ་མཎྜལ་ཚོམ་བུ་གཅིག་བཀོད་པའི་ཁར་གཏོར་མ་མཁར་ཐབས་སྙིང་དང་ར་མགོས་མཚན་པར་སྐུ་ཙཀ་དར་གདུགས་དམར་པོ་ཅན་དང་། མདའ་རྒོད་སྒྲོ་མ་མེ་ལོང་དར་ནག་སྟག་རས་ཕ་ཝཾ་ལོང་བུ་ལ་གསེར་གྱིས་སྲོག་སྔགས་བྲིས་པ་དར་དམར་གྱིས་དྲིལ་ཏེ་བཏགས་པ་འཛུག །མ་འབྱོར་ན་མདའ་དར་བྲིས་པའི་རྒྱབ་ཏུ་སྲོག་སྔགས་བྲིས་པས་འཐུས། རྩ་དཀྱིལ་གྱི་གཡོན་དུ་གཏེར་སྲུང་རྣམ་གསུམ་གྱི་བཀའ་གཏད་ལ། འཛོམ་ན་རྟེན་རྫས་རྣམས་གཏེར་གཞུང་དུ་གསལ་བ་བཞིན་དགོས་ཀྱང་། སྲོག་དབང་སྐབས་འདིར་བསྡུས་པའི་ཕྱག་བཞེས་ལྟར། ལྷ་ལ་གཏོར་མ་དཀར་ཟླུམ། བཙན་ལ་ཟུར་གསུམ་དམར་པོ། ཀླུ་ལ་བཤོས་སྔོན་ནམ་དཀར་ཟླུམ་སྦྲུལ་དཀྲིས་ཅན་བཅས་ལ་སོ་སོའི་སྐུ་ཙཀ་དང་དར་གདུགས་རང་མདོག་ཅན་བཙུགས་པ་སྣོད་སོ་སོར་ཕྲེང་ཚར་དུ་འགོད། དེ་རྣམས་ཀྱི་མཐར་སྐོར་དུ་ཉེར་སྤྱོད་དང་། མདུན་རྒྱབ་གང་བདེར་སོ་སོའི་མཆོད་གཏོར་སྨན་རཀ །གཞན་ཡང་འདིར་འོས་པའི་ཡོ་བྱད་ཐམས་ཅད་ཚང་བར་འདུ་བྱས་ལ། དབང་དོན་སྒྲུབ་མཆོད་ནི། གསང་སྐོར་ཡི་དམ་བསྐྱེད་རིམ་བྱང་བུའི་ཁོག་ཕུབ་སྟེ། དངོས་གཞི་རྟེན་གྱི་བྱང་བུའི་དབུ་ནས། ཐུགས་རྗེའི་འོད་ཀྱིས་སྣོད་བཅུད་སྦྱངས༔ ཞེས་པའི་མཚམས་སུ་བཀའ་སྲུང་ཡེ་ཤེས་པའི་སྒྲུབ་ཐབས་རང་གཞུང་གི་སྣང་སྲིད་ཆོས་ཀྱི་འབྱུང་གནས་རྫོགས༔ ཞེས་སོགས་མངོན་རྟོགས་གཞུང་བསྲང་ལ་བདག་མདུན་ཆིག་རྫོགས་སུ་གསལ་གདབ། ཉི་མ་ལས་ནི་འོད་བཞིན་བསྒོམ༔ བར་དང་། དུག་གསུམ་ཡེ་དག་རྡོ་རྗེ་གསུམ༔ སོགས་བྱང་བུའི་རྒྱས་གདབ་དབང་བསྐུར་ནས་བརྩམ་བསྟོད་པའི་བར་དུ་བཏང་ལ། བཟླས་པའི་ཐོག་མར་ཉམས་ཆག་འཁོན་གྲིབ་སྦྱོང་བའི་སླད་དུ། བདག་བསྐྱེད་ཀྱི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། མདུན་བསྐྱེད་ཀྱི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆག་ཉེས་ལྟུང་གི་ཚོགས་ཐམས་ཅད་བྱང་ཞིང་དག །གསང་བ་གསུམ་གྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཟེར་དཀར་དམར་མཐིང་གའི་རྣམ་པར་བྱོན་ནས་བདག་ལ་ཐིམ་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ། སླར་ཡང་འོད་ཟེར་འཕྲོས་པས་སྲུང་མ་དམ་ཅན་རྒྱ་མཚོའི་ཐུགས་རྒྱུད་བསྐུལ། ཅི་བཅོལ་བའི་ཕྲིན་ལས་བཞི་ཐོགས་མེད་དུ་སྒྲུབ་པར་བསམ་ཞིང་ཡི་གེ་བརྒྱ་པ་ཅུང་ཟད་བཟླ། རྩ་བའི་བཟླས་པ་དངོས་ནི། མདུན་བསྐྱེད་གཙོ་འཁོར་ཀུན་གྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་གི་མཐར་སྔགས་ཕྲེང་གཡས་སུ་བཀོད་པ་གཡོན་དུ་འཁོར་བ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་དང་བཅས་པ་མཆོད། སེམས་ཅན་གྱི་དོན་བྱས། བྱང་ཆུབ་སྒྲུབ་པའི་བར་ཆད་བདུད་བགེགས་ལོག་འདྲེན་ཐམས་ཅད་ཚར་བཅད། སྣང་སྲིད་ཐམས་ཅད་ཁྲོ་མོ་རོལ་པའི་དཀྱིལ་འཁོར་ཆེན་པོར་གྱུར་པར་བསམ་ལ། གཞུང་གསལ་སྔགས་རྣམས་གཙོ་འཁོར་གྱི་འགྲོས་དང་སྦྱར་ཏེ་བཟླ་ཞིང་། བུམ་བཟླས་སྤྲོ་ནའང་སྤྱི་ལྟར་བྱས་མཐར་སྟོང་ཚིགས་ཀྱིས་མཆོད། ࿊ དེ་ནས་འབར་གདོང་མའི་མདུན་རྟེན་ལ་དམིགས་ཏེ། རང་ཉིད་ཡི་དམ་ལྷར་གསལ་མདུན། །ཆོས་འབྱུང་དམར་ནག་བསྣོལ་བའི་དབུས། །འབར་བའི་གདོང་ཅན་སྐུ་མདོག་དམར། །གཡས་སུ་སེང་གེའི་གདོང་ཅན་དཀར། །གཡོན་དུ་ཆུ་སྲིན་གདོང་ཅན་ནག །གསུམ་ཀ་རུས་རྒྱན་དུར་ཁྲོད་ཆས། །གྲི་ཐོད་འཛིན་ཞིང་གར་སྟབས་སྒྱུར། །མེ་རླུང་འཚུབ་མའི་ཀློང་དུ་གསལ། །རང་གི་ཐུགས་ནས་འོད་འཕྲོས་པས། །མདུན་གྱི་མ་མོའི་ཐུགས་རྒྱུད་བསྐུལ། །སྔོན་གྱི་དམ་ཚིག་རྗེས་དྲན་ཏེ། །ཕྲིན་ལས་ཐོགས་མེད་སྒྲུབ་པར་གྱུར། །ཅེས་དམིགས་ལ། ཨཱོྃ་མ་མ་ཛྭ་ལ་ཛྭ་ལ་ནཱི་ཙཎྜི་ཧཱུྃ་ཕཊ༔ ཅེས་ཅི་འགྲུབ་བཟླས་མཐར། ཧཱུྃ། ཐུན་མོང་ཁྱད་པར་བླ་ན་མེད། །ཕྱི་ནང་གསང་བའི་མཆོད་སྤྲིན་ནི། །དངོས་བཤམས་ཡིད་ལས་བྱུང་བ་དག །ནམ་མཁའ་གང་བར་སྤྲོས་ཏེ་མཆོད། །ཨཱོྃ་མ་མ་ཛྭ་ལ་ཛྭ་ལ་ནཱི་ཙཎྜི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་ཉེར་སྤྱོད་དང་། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་སྨན་རཀ་སྟོབ། ཨཱོྃ་མ་མ་ཛྭ་ལ་ཛྭ་ལ་སོགས་སྙིང་པོའི་མཐར། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་མམ་བདུན་གྱིས་གཏོར་མ་ཕུལ་ལ། ཧཱུྃ༔ གཏུམ་ཆེན་ཁྲོས་མ་མེ་ཡི་གདོང༔ ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན༔ འབར་བའི་ཀློང་དུ་གར་སྒྱུར་མ༔ ཆུ་སྲིན་སེང་གེའི་གདོང་ཅན་གཉིས༔ དཀར་ནག་མདོག་ཅན་གྲི་ཐོད་འཛིན༔ མ་མོ་མཆེད་གསུམ་བཀའ་སྡོད་བཅས༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ གདུག་པའི་དགྲ་བགེགས་ཐལ་བར་རློགས༔ བཅོལ་བའི་ཕྲིན་ལས་མྱུར་སྒྲུབ་མཛོད། །ཅེས་བསྟོད་ཅིང་ཕྲིན་ལས་གསོལ། ࿊ དེ་ནས་གཤོག་རྒོད་མའི་མདུན་རྟེན་ལ་དམིགས་ཏེ། མདུན་དུ་གྲུ་གསུམ་འབར་བའི་ཀློང་། །རྡོ་རྗེ་གཤོག་རྒོད་མཐིང་ནག་འབར། །མཚོན་ཆའི་གཤོག་བརྒྱང་གྲི་ཐོད་འཛིན། །པད་ཉི་དགྲ་བགེགས་གདན་ལ་འགྱིང་། །ཕྱོགས་བཞིར་ལས་བཞིའི་ཕོ་ཉ་བཞི། །དགྲ་སྙིང་ཟ་ཞིང་མེ་ལོང་བལྟ། །མི་ལྤགས་གོས་གྱོན་ཞབས་གར་སྟབས། །ཀུན་ཀྱང་འབར་བའི་དབུས་ན་གསལ། །རང་གི་ཐུགས་ནས་འོད་འཕྲོས་པས། །མདུན་གྱི་མ་མོའི་ཐུགས་རྒྱུད་བསྐུལ། །སྔོན་གྱི་དམ་ཚིག་རྗེས་དྲན་ཏེ། །ཕྲིན་ལས་ཐོགས་མེད་སྒྲུབ་པར་གྱུར། །ཅེས་དམིགས་ལ། མ་མ་ཏྲག་རཀྴ་ག་རུ་ཌཿཧཱུྃ་ཕཊ༔ ཅེས་ཅི་འགྲུབ་བཟླས་མཐར་གོང་བཞིན་ཉེར་སྤྱོད་དང་སྨན་རཀ །རང་སྔགས་ལ་གཏོར་སྔགས་བཏགས་པས་གཏོར་མ་ཕུལ་ལ། ཧཱུྃ༔ དབྱིངས་ལས་སྐུར་བཞེངས་མ་མོ་ནི༔ གཏུམ་ཆེན་མཐིང་ནག་གྲི་ཐོད་འཛིན༔ གཤོག་བརྒྱང་མེ་ཡི་ཀློང་ན་བཞུགས༔ རིགས་བཞིའི་ཕོ་ཉ་བཞི་ཡིས་བསྐོར༔ དཀར་སེར་དམར་ལྗང་སྙིང་མེ་ལོང༔ འཛིན་ཞིང་མེ་ཀློང་གར་ཐབས་སྒྱུར༔ མ་མོ་འབུམ་གྱི་འཁོར་གྱིས་བསྐོར༔ འདིར་བྱོན་དམ་རྫས་མཆོད་གཏོར་བཞེས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་གསོལ། ࿊ དེ་ནས་དམ་ཅན་གྱི་མདུན་རྟེན་ལ་དམིགས་ཏེ། རང་མདུན་ཕ་ཝཾ་ལོང་བུའི་མཁར། །མེ་རླུང་དམར་ནག་འཚུབ་མ་འཁྱིལ། །འབྲུག་སྒྲ་ཐོག་སེར་བུ་ཡུག་འཚུབས། །སེང་གེ་ར་སྐྱེས་ཁྱུ་མཆོག་གླང་། །མ་ངེས་ཞོན་པ་སྣ་ཚོགས་སྟེང་། །སྐྱེས་བུ་ཆེན་པོ་དམར་ནག་ཁྲོས། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །རྡོ་རྗེ་འཕྱར་ཞིང་དགྲ་སྙིང་ཟ། །མཆན་གཡོན་དར་དམར་རུ་མཚོན་སྒྲེང་། །དར་བེར་ཕྱི་ནང་རིན་ཆེན་རྒྱན། །སུལ་ནས་རིན་ཆེན་ནོར་ཆར་འབེབ། །སྐུ་ལས་མེ་འོད་གློག་སྟོང་འཁྱུག །ཞལ་ནས་རྔམ་པའི་གད་རྒྱངས་སྒྲོག །ཤངས་ནས་བསྐལ་པའི་འཐོར་རླུང་འཚུབས། །མཆེད་འཁོར་ཕོ་ཉས་རུ་མཚོན་འཕྱར། །དོམ་དྲེད་འཕར་སྤྱང་ངར་སྐད་སྒྲོག །འཁོར་དང་བཅས་པ་མངོན་སུམ་གསལ། །རང་གི་ཐུགས་ནས་འོད་འཕྲོས་པས། །མདུན་གྱི་དམ་ཅན་ཐུགས་རྒྱུད་བསྐུལ། །སྔོན་གྱི་དམ་ཚིག་རྗེས་དྲན་ཏེ། །ཕྲིན་ལས་ཐོགས་མེད་སྒྲུབ་པར་གྱུར། །ཅེས་དམིགས་ལ། ཨཱོྃ་ཏྲི་ཤཱུ་ལ་བཛྲ་སཱ་དྷུ་སིདྡྷི་ཧཱུྃ༔ ཞེས་ཅི་འགྲུབ་བཟླས་མཐར་གོང་བཞིན་ཉེར་སྤྱོད་སྨན་རཀ་དང་། རང་སྔགས་ལ་གཏོར་སྔགས་བཏགས་པས་གཏོར་མ་ཕུལ་ལ། ཧཱུྃ༔ དབང་གི་སྤྲུལ་པ་རྡོ་རྗེ་ལེགས༔ དམར་ནག་རྡོ་རྗེ་དགྲ་སྙིང་འཛིན༔ དར་གྱི་བེར་ཆེན་ཕྱི་ནང་གསོལ༔ དབུ་སྐྲ་གྱེན་བརྫེས་ཐོད་སྐམ་བརྒྱན༔ སག་ལྷྭམ་གསོལ་ཞིང་སེང་ཆེན་འཆིབས༔ བཙན་དམག་ཞུབ་ཅན་སྟོང་གིས་བསྐོར༔ དགྱེས་སྡེ་བརྟན་མ་བཅུ་གཉིས་སོགས༔ ཡང་ཟབ་བཀའ་ཡི་སྲུང་མ་རྣམས༔ འདིར་བྱོན་དམ་རྫས་མཆོད་གཏོར་བཞེས༔ སྒྲུབ་པ་པོ་ཡི་བསམ་པ་སྒྲུབས༔ ཞེས་གསོལ། ࿊ དེ་ནས་གཡོན་གྱི་གཏེར་སྲུང་དྲེགས་པ་རྣམ་གསུམ་གྱི་མདུན་བསྐྱེད་ལ་དམིགས་ཏེ། མདུན་དུ་ཨ་ཏྲི་ནཱཾ་གསུམ་ལས། །དྲེགས་པ་རྣམ་གསུམ་དཀར་དམར་སྔོ། །ལྷ་བཙན་ཀླུ་ཡི་ཆས་ཀུན་རྫོགས། །དཀར་པོ་ལྷ་ཡི་སྡེ་དཔོན་ནི། །གསེར་འཁོར་གཡས་ལ་ཆུ་ཤེལ་གཡོན། །གྲུ་གཡོན་དར་མདུང་དཀར་པོ་འཕྱར།། རྟ་དཀར་འཆིབས་ཤིང་ལྷ་གནས་འགྲིམ། །གསང་མཚན་རྡོ་རྗེ་འོད་གསལ་རྩལ། །དམར་པོ་བཙན་གྱི་སྡེ་དཔོན་ནི། །མདུང་དམར་གཡས་ལ་བཙན་ཞགས་གཡོན། །གདོང་ལས་འབར་བའི་མེ་འོད་འཕྲོ། །ཤངས་ནས་སྔོ་དམར་ནད་རླུང་འཚུབས། །ཞལ་ནས་དུག་གི་ཁ་ཆུ་འཛག །རྟ་དམར་ལ་ཞོན་སྟོང་གསུམ་ཉུལ། །གསང་མཚན་རྡོ་རྗེ་མེ་འབར་རྩལ། །སྔོན་པོ་ཀླུ་ཡི་སྡེ་དཔོན་ནི། །ཀླུ་རྒྱལ་གཙུག་ན་རིན་ཆེན་སྲས། །ཡིད་བཞིན་ནོར་བུ་གཏེར་བུམ་འཛིན། །དགོས་འདོད་རེ་སྐོང་འབྲུ་ཆར་འབེབ། །གཟུགས་མཛེས་ཡིད་འོང་བྱིས་པའི་ཚུལ། །གཡུ་སྦྲུལ་མཇུག་མ་གཡས་སུ་འཁྱིལ། །ཀླུ་རྟ་ལ་ཞོན་རྒྱ་མཚོར་རྒྱུ། །གསང་མཚན་ནོར་བདག་གཟི་འབར་རྩལ། །སྣང་གསུམ་འོད་ལས་ཤར་པ་ཡི། །ཟབ་གཏེར་སྲུང་མ་རྣམ་གསུམ་ལ། །ཕྱི་ནང་གསང་བ་ཡང་གསང་གི །ངོ་མཚར་མཆོད་སྤྲིན་རྒྱ་མཚོས་མཆོད། །བརྒྱུད་གསུམ་བླ་མའི་ཐ་ཚིག་ཅན། །གཏེར་བདག་འཁོར་དང་བཅས་ལ་བསྟོད། །དགོངས་པས་གཟིར་ཞིང་། ཨ་དེ་ཝ་རཱ་ཛ༔ ཙ་ཤཱུ་ལ་ཏྲི་ཛ༔ ནཱཾ་ནཱ་ག་རཱ་ཛ་རཏྣ་ཛ༔ ཞེས་ཅི་འགྲུབ་བཟླས་མཐར། རང་སྔགས་ལ་གཏོར་སྔགས་བཏགས་པ་ལན་གསུམ་རེས་གཏོར་མ་ཕུལ་ལ། བརྒྱུད་གསུམ་བླ་མའི་སྤྱན་སྔ་རུ། །དམ་བཅས་ཇི་བཞིན་ད་ལྟ་འདིར། །ཟབ་གཏེར་བསྟན་པ་བསྲུང་མཛད་པ། །འཁོར་དང་བཅས་ལ་བསྟོད་པར་བགྱི། །ཞེས་བསྟོད། ལས་བུམ་དུ་སྐད་ཅིག་གིས་ཀརྨ་ཌཱ་ཀི་གསལ་ལ། ཨཱོྃ་ཀརྨ་ཌཱ་ཀི་ནཱི་ཧཱུྃ་ཕཊ། ཅེས་བཟླས་པས་བྱིན་བརླབ། དེ་ནས་ཚོགས་མཆོད་དང་། རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ།། །།དབང་བསྐུར་དངོས་ལ། སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་བསལ་ཞིང་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ལ་ཆོས་བཤད་ཀྱི་ཁྱད་པར། དེ་ལ་འདིར་ཁྱབ་བདག་ཀུན་བཟང་ཧེ་རུ་ཀཿཡབ་ཡུམ་ཉིད་གདུལ་བྱ་ཞི་བས་མི་འདུལ་བ་རྣམས་ཕྲིན་ལས་དྲག་པོས་ཡོངས་སུ་འདུལ་བ་དང་། གསང་ཆེན་རྒྱུད་ལུང་མན་ངག་ཟབ་མོའི་བཀའ་རྣམས་འཇིག་རྟེན་ན་ཡུན་དུ་སྐྱོང་བར་བྱ་བའི་ཕྱིར་ཡེ་ཤེས་དབྱིངས་དང་དྲེགས་པ་ལས་ཀྱི་ཕོ་ཉའི་ཕྱག་རྒྱ་ཇི་སྙེད་ཅིག་སྣང་བར་མཛད་པ་ལས། འདིར་ནི་སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་རྩལ་དང་ལོ་ཆེན་བཻ་རོ་ཙ་ནས་སྙིང་པོའི་གདམས་ཟབ་མནོག་ཆོས་སུ་དྲིལ་བ་རྫོགས་ཆེན་སྡེ་གསུམ་དང་འབྲེལ་བའི་བཀའ་སྲུང་གི་སྐོར་ཡིན། དེ་ལའང་ཡེ་ཤེས་པ་དང་དྲེགས་པའི་ཚུལ་གཉིས་སུ་ཡོད་པ་ལས། ཐོག་མར་ཡེ་ཤེས་དབྱིངས་ཀྱི་ཌཱ་ཀི་གསང་སྐོར་བཀའ་བརྒྱད་རྫོང་འཕྲང་གི་ཡུམ་བཀའ་དབྱིངས་ཕྱུག་ཁྲོས་མའི་རྒྱལ་མོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ། བདག་ཉིད་ཀྱི་བགྱི་འོས་རྣམས་སྔོན་དུ་གྲུབ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོ་ཐ་མི་དད་པའི་སྤྱན་སྔར་ཕྱག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བདེ་བར་གཤེགས་པ་བླ་མ་རྗེ༔ དངོས་གྲུབ་ཀུན་བདག་ཡི་དམ་ལྷ༔ མཁའ་འགྲོའི་གཙོ་མོ་དགོངས་སུ་གསོལ༔ བདག་ཅག་དཀྱིལ་འཁོར་ཆེན་པོ་འདིར༔ མྱུར་དུ་གཞུག་པར་མཛད་དུ་གསོལ༔ ལན་གསུམ། གནང་བ་སྦྱིན་པ་ནི་འདི་ལ་གསན་པས་ཁྱབ་སྟེ། མཁའ་འགྲོ་མ་ཡི་གནས་འདི་རུ༔ སུ་ཡིན་འཇུག་པའི་སྐལ་མེད་པས༔ ཐེག་པའི་ཐབས་ཚུལ་ཤེས་པ་དང༔ རྒྱུད་དག་བསོད་ནམས་ལྡན་པ་རྣམས༔ འཇུག་པར་རུང་བར་རྒྱལ་བས་བཤད༔ དེ་བས་རྒྱུད་དག་ཚོགས་གསོག་མཛོད༔ གསང་བ་མཆོག་གི་དཀྱིལ་འཁོར་ཡེ་ཤེས་མཁའ་འགྲོའི་རང་བཞིན་རྣམ་པ་ཐམས་ཅད་པ་ཕྱོགས་དུས་ཀྱི་སྐྱབས་ཡུལ་མ་ལུས་གདོད་ནས་རང་ཆས་སུ་རྫོགས་པ་ལ། དབྱིངས་རིག་གཉིས་སུ་མེད་པའི་ཚུལ་གྱིས་སྐྱབས་སུ་འགྲོ་བ་དང་། རང་བྱུང་རང་གསལ་གྱི་ངང་དུ་སེམས་བསྐྱེད་པ་དང་། གནས་ལུགས་དོན་དམ་ལྟ་བ་མཇལ་བའི་གསག་སྦྱོང་གི་དགོངས་སྤྱོད་ལྷུན་འབྱམས་ཆེན་པོའི་ངང་ནས་འདི་རྣམས་ཀྱི་རྗེས་ཟློས། དབྱིངས་ཉིད་རྣམ་དག་རྫོགས་སངས་རྒྱས༔ ཞེས་སོགས་གསང་སྐོར་ཡི་དམ་སྔོན་འགྲོའི་བྱང་བུ་ལྟར་སྐྱབས་སེམས་ཚོགས་གསག་རྣམས་རྗེས་ཟློས་བྱ། དམ་བསྒྲག་པ་ལ། ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ༔ ངས་ནི་ཡང་དག་ཁྱོད་གཞུག་གི༔ བླ་མེད་རྒྱུད་ལས་གང་གསུངས་པའི༔ དམ་ཚིག་ཐམས་ཅད་ཐུབ་པར་སྲུངས༔ ཞེས་བསྒོས་པ་ལ། སྤྱི་དང་ཁྱད་པར་གྱི་དམ་ཚིག་རྣམས་སྲོག་བཞིན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས། བདེ་བར་གཤེགས་པ་ཁྱེད་ཅི་འདྲ༔ དེ་འདྲ་ཁོ་ནར་བདག་གྱུར་ཅིག༔ སྤྲུལ་སྐུའི་སྟོན་པས་བཤད་པ་ཡི༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ ལོངས་སྐུའི་སྟོན་པས་བཤད་པ་ཡི༔ རིགས་ལྔའི་སྡོམ་པ་མ་ལུས་གཟུང༔ ཁྱད་པར་ཧེ་རུ་ཀཿདཔལ་གྱི༔ ཉི་ཤུ་ལྔ་དང་བྱེ་བྲག་ཏུ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམས༔ ཇི་ལྟར་བསྟན་པ་བདག་གིས་བསྲུང༔ སྲོག་གི་ཕྱིར་ཡང་མི་གཏོང་ན༔ བདེ་གཤེགས་རིགས་མཆོག་བསྩལ་དུ་གསོལ༔ དམ་ཆུ་བདུད་རྩི་སྦྱིན་ལ། འདི་ནི་ངོ་བོ་དམ་ཚིག་ཆུ༔ ཡེ་ཤེས་བསྐྱེད་ཕྱིར་སྦྱིན་པ་ཡིན༔ དམ་བསྲུངས་དངོས་གྲུབ་འདིས་ཐོབ་བྱེད༔ མ་བསྲུང་ལྕགས་ཀྱི་སྡིག་པར་འགྱུར༔ སྲོག་གཅོད་དམྱལ་བ་ཆེན་པོར་ལྟུང༔ དམ་སྲུང་རྡོ་རྗེའི་ཆུ་འདི་ཐུངས༔ དེ་ལྟར་བྱིན་པའི་དམ་ཚིག་རྡོ་རྗེའི་ཆུ་སྙིང་ལ་བསྟིམས་ཏེ་མི་འདའ་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ཨཱོྃ་བཛྲ་ས་མ་ཡ་ཨི་དན་ན་ར་ཀན༔ དེ་ནས་དབང་གི་གཞི་སྒྲུབ་པར་བྱེད་པ་ཡེ་ཤེས་པ་དབབ་པ་ལ་དམིགས་པ་འདི་བཞིན་དུ་མཛོད་ཅིག །ཁྱེད་རང་རྣམས་རྡོ་རྗེ་ཕག་མོ་གནམ་ཞལ་མར་གསལ་བའི་སྙིང་གར་ཉི་མའི་གདན་ལ་ཧཱུྃ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་ཡེ་ཤེས་པའི་ཚོགས་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་ཐིམ་པར་གྱུར། སྔགས་ཤམ་དུ། ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་དྲག་ཏུ་བརྗོད་ཅིང་རོལ་མོ་བྱ། ཡེ་ཤེས་པ་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ། ཞེས་བརྟན་པར་བྱ། དེ་ནས་དངོས་གཞིའི་དབང་བསྐུར་བ་ལ་བུམ་གསང་ཤེར་ཡེ་ཚིག་དབང་རྣམས་རིམ་པར་འབྱུང་བ་ལས། ཐོག་མར་བུམ་པའི་དབང་གི་སླད་དུ་བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ་རྣམས་བཞུགས་པའི་སྐུ་ལས་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་བྱུང་བས་སྒྲིབ་པའི་འཆིང་བ་གཏོར་ཞིང་ཡེ་ཤེས་ཀྱི་བཅུད་བླུགས་པར་མོས་ཤིག །བུམ་པ་ཐོགས་ལ། ཧཱུྃ༔ དབྱིངས་ཀྱི་བུམ་པར་རིག་པའི་བཅུད༔ ཟུང་འཇུག་ཡེ་ཤེས་མཁའ་འགྲོའི་ལྷ༔ གཉིས་མེད་མཉམ་སྦྱོར་བདུད་རྩི་མཆོག༔ ཡེ་ཤེས་ཆུ་ཡི་དབང་བསྐུར་རོ༔ ཀ་ལ་ཤཿཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྤྱི་བོར་བཞག་ལ་བུམ་ཆུ་སྦྱིན། རྗེས་འབྲེལ་སྐུའི་དབང་གི་སླད་དུ་མདུན་བསྐྱེད་ཀྱི་སྐུ་ལས་སྐུ་གཉིས་པ་རེ་འཕྲོས་ཏེ་ཐིམ་པར་མོས་ཤིག །ཧཱུྃ༔ ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་མ༔ རྡོ་རྗེ་ཕག་མོ་གནམ་ཞལ་མ༔ ཡབ་ཡུམ་འཁོར་དང་བཅས་རྣམས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨཱོྃ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་བཛྲ་བྷ་ར་ཧི་ཧཱུྃ་ཕཊ྄༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ མེ་ལོང་ཡེ་ཤེས་ལས་བཞེངས་པའི༔ བཛྲ་ཀྲོ་དྷཱི་ཤྭ་རཱི་མ༔ ཡབ་ཡུམ་འཁོར་དང༴ རིགས་ཀྱི་བུ་ལ་དབང༴ ཨཱོྃ་དིཔྟ་ཙཀྲ་ཧཱུྃ་ཕཊ྄༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཀློང་གྱུར་ཡེ་ཤེས་ལས་བཞེངས་པའི༔ ཡུམ་ཆེན་ཉིད་གཞི་མུ་ཁ་ལེ༔ ཡབ་ཡུམ་འཁོར་དང༴ རིགས་ཀྱི་བུ་ལ་དབང༴ ཨཱོྃ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སཏྭཾ་སཏྭ་ཧཱུྃ་ཕཊ྄༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཕྱག་ཆེན་ཡེ་ཤེས་ལས་བཞེངས་པའི༔ མཁའ་འགྲོ་ལས་ཀྱི་དབང་མོ་ཆེ༔ ཡབ་ཡུམ་འཁོར་དང༴ རིགས་ཀྱི་བུ་ལ་དབང༴ ཨཱོྃ་མ་ཧཱ་ཌཱ་ཀི་ནཱི་ཧཱུྃ་ཕཊ྄༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ དབྱིངས་གྲོལ་ཡེ་ཤེས་ལས་བཞེངས་པའི༔ ཡུམ་ཆེན་ཁམས་གསུམ་སྤྱི་འདུལ་མ༔ ཡབ་ཡུམ་འཁོར་དང༴ རིགས་ཀྱི་བུ་ལ་དབང༴ ཨཱོྃ་མ་ཧཱ་ཙཎྜི་སརྦ་དུཥྚཱན་ཧཱུྃ་ཕཊ྄༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ མཐའ་གྲོལ་ཡེ་ཤེས་ལས་བཞེངས་པའི༔ སྲིད་པའི་རྒྱལ་མོ་འབྱུང་ལྔའི་བདག༔ ཡབ་ཡུམ་འཁོར་དང༴ རིགས་ཀྱི་བུ་ལ་དབང༴ ཨཱོྃ་བཛྲ་ཙཎྜ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ྄༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ བཀའ་སྡོད་བུམ་པ་ཐོགས་ལ། ཧཱུྃ༔ སྣོད་བཅུད་ཡོངས་རྫོགས་བཀའ་སྡོད་བུམ་པ་རུ༔ མ་མོ་ཉེར་བརྒྱད་གཙོར་གྱུར་བྱེ་བ་འབུམ༔ བསམ་གྱིས་མི་ཁྱབ་ཡོངས་རྫོགས་དབང་བསྐུར་བས༔ ཕྲིན་ལས་སྣ་ཚོགས་ལྷུན་གྱིས་འགྲུབ་པར་ཤོག༔ ཨཱོྃ་བཛྲ་སརྦ་ཡཀྵི་ས་མ་ཡ་ཧཱུྃ་ཕཊ྄༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བསྐུར། གསུང་བཟླས་པའི་ལུང་གི་སླད་དུ་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་གཉིས་པ་རེ་ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་སྲོག་ཧཱུྃ་ཡིག་གི་མཐར་འཁོད་པར་མོས་ལ་སྔགས་འདི་རྣམས་ཀྱི་རྗེས་ཟློས། ཡུམ་བཀའ་རང་གཞུང་གི་སྔགས་རྣམས་རྗེས་ཟློས་ལན་གསུམ་རེ་བྱ། མཐར་སྔགས་ཕྲེང་ལག་ཏུ་གཏད་ལ། ཡེ་ཤེས་ཌཱ་ཀིའི་གསུང་དང་མཉམ༔ བཟླས་བརྗོད་སྔགས་ཀྱི་ནུས་པ་རྣམས༔ ནུས་ལྡན་མི་ཉམས་འཕེལ་བ་ཡི༔ གསུང་གི་དབང་མཆོག་རྫོགས་པར་ཤོག༔ ཨཱོྃ་ཛྙཱ་ན་ཌཱ་ཀི་ནཱི་སརྦ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཐུགས་ཕྱག་མཚན་རྡོ་རྗེས་དབང་བསྐུར་བས་དབྱིངས་རིག་གཉིས་སུ་མེད་པའི་དགོངས་པ་རང་གསལ་ངང་གིས་རྫོགས་པར་མོས་ཤིག །དབྱིངས་ཀྱི་སྟོང་ཆ་ཐུགས་ཀྱི་ངང༔ ཕྱག་མཚན་རིག་པ་ལུ་གུ་རྒྱུད༔ དབྱིངས་རིག་དབྱེར་མེད་གསལ་སྟོང་ཐུགས༔ མ་བཅོས་ལྷུག་པར་དབང་བསྐུར་རོ༔ ཨཱོྃ་ཛྙཱ་ན་ཌཱ་ཀི་ནཱི་སརྦ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡེ་ཤེས་སེམས་མ་ཡུམ་ལྔའི་སྐུ་གནས་ལྔར་ཐིམ་པས་རྡོ་རྗེ་དབྱིངས་ཀྱི་དབང་ཆེན་རབ་འབྱམས་རྫོགས་པར་མོས་ཤིག །ཡུམ་ལྔའི་སྐུ་སྙིང་གར་བཞག་ལ། ཧཱུྃ༔ ཆོས་དབྱིངས་ཀུན་ཏུ་བཟང་མོ་དང༔ རྡོ་རྗེ་སྙེམས་མ་གླུ་མ་དང༔ གསང་བ་ཡེ་ཤེས་སྒྲོལ་མ་སོགས༔ རྒྱལ་བ་ཡུམ་ལྔས་དབང་བསྐུར་བས༔ རང་རིག་བྱང་ཆུབ་སེམས་རྟོགས་ཤོག༔ བཛྲ་ཙིཏྟ་བོ་དྷི་ཙིཏྟ་གཱིརྟཱི་དྷུ་མ་གྷཱ་ཡེ་ཨཱརྻ་ཏཱ་རེ་ཨ་བྷི་ཥིཉྩ་ཧཱུྃ༔ ཡོན་ཏན་དམ་རྫས་དང་དཔལ་ཆས་ཀྱི་དབང་བསྐུར་བས་ཆེ་བའི་ཡོན་ཏན་མ་བཙལ་ལྷུན་གྱིས་རྫོགས་པར་མོས་ཤིག །སྨན་རཀ་གཏོར་གསུམ་ཐོགས་ལ། དབྱིངས་རིག་དབྱེར་མེད་གཏོར་མ་དང༔ འཁོར་འདས་ཡོངས་གྲོལ་རཀྟ་ཆེ༔ ཡེ་ཤེས་ལྔ་རྫོགས་བདུད་རྩིའི་དབང༔ བསྐུར་བས་བསྙེན་སྒྲུབ་མཐར་ཕྱིན་ཤོག༔ བ་ལིཾ་ཏ་རཀྟ་པཉྩ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཧཱུྃ༔ དཔལ་ཆས་བྱིན་ལ། ཧཱུྃ༔ ཡེ་ཤེས་ཀློང་ནས་ཤར་བའི་དཔལ་གྱི་ཆས༔ ཀོ་རློན་ཞིང་ཆེན་སྟག་ཤམ་སྦྲུལ་ཆུན་དང༔ ཐོད་སྐམ་ཐོད་རློན་རྡོ་རྗེའི་གོ་ཁྲབ་བཅས༔ ཁྲག་ཞག་ཐལ་ཆེན་རྡོ་རྗེའི་ཁྱུང་གཤོག་སོགས༔ ཡོན་ཏན་ཡོངས་རྫོགས་ཆས་ཀྱི་དབང་བསྐུར་རོ༔ ཨཱོྃ་ཛྙཱ་ན་ཌཱ་ཀི་ནཱི་སརྦ་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ ཕྲིན་ལས་ཕུར་བུ་དང་གནན་སྲེག་འཕང་བའི་ཆས་རྣམས་གཏད་པས་མངོན་སྤྱོད་དྲག་པོའི་མཐུ་རྩལ་ཡོངས་སུ་རྫོགས་པར་མོས་ཤིག །ལྕགས་ཕུར་སྲེག་འཕང་གནན་པའི་ཆས་རྣམས་གཏད་ལ། ཧཱུྃ༔ རྣམ་ཐར་གསུམ་གྱི་ཨེ་དབྱིངས་སུ༔ དུག་གསུམ་རུ་དྲ་བཀུག་ནས་ནི༔ སྐུ་གསུམ་ཕུར་པས་གདབ་པ་ཡིས༔ འོད་གསལ་དབྱིངས་བསྒྲལ་དབང་ཐོབ་ཤོག༔ གཉིས་འཛིན་འཁྲུལ་པ་སྲེག་པའི་ཧོམ༔ མ་རུང་ལོག་རྟོག་ཟློག་པའི་ཟོར༔ རྟོག་པ་དབྱིངས་གནོན་རི་རབ་བཅས༔ སྔགས་འཆང་རྒྱལ་པོ་ཁྱོད་ལ་གཏད༔ གཉིས་སྣང་བསྟན་དགྲ་ཚར་གཅོད་པའི༔ མངོན་སྤྱོད་ཕྲིན་ལས་དབང་ཐོབ་ཤོག༔ སརྦ་ཀརྨ་བི་ཤྭ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གཏད། ཧོ༔ བཀྲ་ཤིས་བུམ་པ་འཁོར་དང་བཅས་པའི་དབང་བསྐུར་པས༔ སློབ་མ་ཐམས་ཅད་ལྷ་རུ་འགྱུར་ཞིང་ལྷ་ཐམས་ཅད་སྣང་སྟོང་གི་ཡེ་ཤེས་སུ་རྟོགས་པར་གྱུར་ཅིག༔ ཅེས་མེ་ཏོག་འཐོར། དེ་ལྟར་བུམ་པའི་དབང་བསྐུར་པས་ལུས་ཀྱི་སྒྲིབ་པ་དག་ཅིང་། སྣང་སྟོང་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པ་དང་། ཆུ་ཟླ་ལྟ་བུའི་སྤྲུལ་པའི་སྐུ་འཐོབ་པར་འགྱུར་བའི་ནུས་པ་རྒྱུད་ལ་བཞག་པ་ཡིན་ནོ། །ཐོད་པའི་བདུད་རྩི་སྦྱིན་ལ། ཧཱུྃ༔ དབྱིངས་ཀྱི་བྷནྡྷ་ཡངས་པ་རུ༔ རིག་པ་བདེ་སྟོང་ལྷ་ཚོགས་སྦྱོར༔ ཟུང་འཇུག་བདེ་ཆེན་བདུད་རྩིའི་དབང༔ བདེ་ཆེན་ཡོངས་སུ་བསྐྱེད་ཕྱིར་བསྐུར༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ བདེ་བ་ཆེན་པོ་བྱང་ཆུབ་སེམས་ཀྱི་བདུད་རྩིས་དབང་བསྐུར་པས༔ ཕུང་ཁམས་ཐམས་ཅད་ལྷར་དག་སྟེ་བདེ་གསལ་ཡེ་ཤེས་མངོན་དུ་འབར་བར་གྱུར་ཅིག༔ དེ་ལྟར་བྱང་སེམས་བདུད་རྩི་གསང་བའི་དབང་གིས་ངག་གི་སྒྲིབ་པ་དག་ཅིང་། གསལ་སྟོང་བདག་བྱིན་རླབས་ཀྱི་རིམ་པ་སྒོམ་པ་དང་། སྒྲ་བརྙན་ལྟ་བུའི་ལོངས་སྤྱོད་རྫོགས་སྐུ་འཐོབ་པར་འགྱུར་བའི་ནུས་པ་རྒྱུད་ལ་བཞག་པ་ཡིན་ནོ། །རིག་མའི་གཟུགས་བརྙན་ནམ་དྲིལ་བུ་གཏད་ལ། ཧཱུྃ༔ བཀྲ་ཤིས་མཚན་ལྡན་གཟུངས་མ་འདི༔ བསྟེན་ན་བདེ་བ་ཆེན་པོ་རྟོགས༔ འདི་སྤངས་སངས་རྒྱས་ཐོབ་འདོད་མིན༔ བདེ་ཆེན་ངལ་མེད་རྟག་ཏུ་རོལ༔ མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ བདེ་སྐྱེད་ཡུམ་གྱི་དབང་བསྐུར་པས་རྟོག་ཚོགས་ཐམས་ཅད་བདེ་བ་ཆེན་པོར་དག་སྟེ༔ བདེ་ཆེན་ཡེ་ཤེས་ཀློང་དུ་འབར་བར་གྱུར་ཅིག༔ དེ་ལྟར་བདེ་བ་ཆེན་པོ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པས་ཡིད་ཀྱི་སྒྲིབ་པ་དག་ཅིང་། བདེ་སྟོང་ཕོ་ཉའི་ལམ་སྒོམ་པ་དང་། ནམ་མཁའ་ལྟ་བུའི་ཆོས་ཀྱི་སྐུ་འཐོབ་པར་འགྱུར་བའི་ནུས་པ་རྒྱུད་ལ་བཞག་པ་ཡིན་ནོ། །ཤེལ་རྡོ་ཐོགས་ལ། ཧཱུྃ༔ སེམས་ཉིད་མ་བཅོས་ཀ་ནས་དག༔ སྟོང་གསལ་རང་བྱུང་ཡེ་ཤེས་རྩལ༔ ལྷུན་གྱིས་གྲུབ་པ་མེ་ལོང་བཞིན༔ རིག་རྩལ་མཆོག་གི་དབང་ཐོབ་ཤོག༔ དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨ༔ ཧོ༔ རྡོ་རྗེ་སེམས་དཔའི་མེ་ལོང་གི་དབང་བསྐུར་པས༔ མི་གནས་ཡེ་ཤེས་ཀྱི་རྟོག་པ་མངོན་དུ་འགྱུར་བར་གྱུར་ཅིག༔ དེ་ལྟར་རིག་སྟོང་ཟུང་དུ་འབྲེལ་བའི་དབང་བཞི་པ་བསྐུར་པས་ཡེ་ཤེས་ཀྱི་དྲི་མ་དག་ཅིང་། རིག་སྟོང་ཀ་དག་ཁྲེགས་ཆོད་ཀྱི་དོན་བསྒོམ་པ་དང་། ཀུན་ཁྱབ་ངོ་བོ་ཉིད་སྐུ་འཐོབ་པར་འགྱུར་བའི་ནུས་པ་རྒྱུད་ལ་བཞག་པ་ཡིན་ནོ། །མེ་ལོང་དང་རྨ་བྱའི་སྒྲོ་མདོངས་བསྟན་ལ། ཧཱུྃ༔ དབྱིངས་ཀྱི་རང་བཞིན་མེ་ལོང་ལ༔ རྨ་བྱའི་མདོངས་ལྟར་ཅི་ཡང་འཆར༔ རིག་རྩལ་ཟུང་འཇུག་རྩལ་གྱི་དབང༔ ཡང་དག་པར་ནི་རྟོགས་པར་ཤོག༔ དྷརྨ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ རིགས་ཀྱི་བུ་ལ་ཐོད་རྒལ་གྱི་དབང་བསྐུར་པས༔ དབྱིངས་ཡེ་ཟུང་དུ་འཇུག་པའི་རྟོགས་པ་མངོན་དུ་འགྱུར་བར་གྱུར་ཅིག༔ དེ་ལྟར་འོད་གསལ་སྒྲོན་མ་བཞི་མཚོན་པ་རིག་པ་རྩལ་གྱི་དབང་བསྐུར་པས་གློ་བུར་གྱི་དྲི་མ་མཐའ་དག་དག་ཅིང་། སྣང་སྟོང་ཐོད་རྒལ་ལྷུན་གྲུབ་ཀྱི་དོན་སྒོམ་པ་དང་། མི་འགྱུར་རྡོ་རྗེའི་སྐུ་འཐོབ་པར་འགྱུར་བའི་ནུས་པ་རྒྱུད་ལ་བཞག་པ་ཡིན་ནོ། །དེ་རྣམས་ཀྱིས་ཟབ་གསང་རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག་གི་ཆོས་ཐམས་ཅད་འབྱུང་བའི་གཞིའམ་བདག་པོར་གྱུར་པས་ན་བཀའ་སྲུང་ཡེ་ཤེས་པའི་ངོ་བོར་བཞུགས་པ་རྡོ་རྗེ་ཕག་མོ་གནམ་ཞལ་དབྱིངས་ཕྱུག་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཟབ་མོ་ལེགས་པར་གྲུབ་པ་ལགས་སོ།། ༈ །།ད་ནི་དོན་དམ་ཆོས་ཀྱི་དབྱིངས་ལས་རྣམ་འགྱུར་དྲེགས་པ་རང་རྒྱུད་པའི་ཚུལ་དུ་བསྟན་ཏེ་གསང་བའི་གཉེར་ཁ་འཛིན་པར་མཛད་པ་བཀའ་སྲུང་འཇིག་རྟེན་པ་རྣམས་ཀྱི་སྲོག་གཏད་སྒྲུབ་པ་ལ། གཏེར་གཞུང་རྩ་བ་ལས། ཡང་ཟབ་སྙིང་པོའི་བཀའ་སྲུང་གསུམ༔ ཤིན་ཏུ་གཉན་པས་གསང་བར་གཅེས༔ བཀའ་གཏད་བཀའ་རྒྱས་བསྡམས་པར་གྱིས༔ མ་འོངས་སུམ་ཅུའི་ཁ་རལ་དུས༔ ལྷ་སྲས་སྐྱེ་བ་ཉིད་དང་འཕྲད༔ རྫོགས་ཆེན་བསྟན་ལ་ཕན་བྱེད་ཤོག༔ ཅེས་བཀའ་རྒྱ་ཤིན་ཏུ་དམ་པའི་བཀའ་སྲུང་རྣམས་ལས། ཐོག་མར་འབར་མ་མེའི་གདོང་ཅན་གྱི་སྲོག་གཏད་ཞུ་བའི་དོན་དུ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །གཏུམ་ཆེན་ཁྲོས་མ་མེ་གདོང་མའི། །བཀའ་གཏད་ཟབ་མོ་བསྩལ་དུ་གསོལ། ལན་གསུམ། དངོས་གཞི་གཏེར་གཞུང་ལས། བཀའ་གཏད་གཏོར་མ་སློབ་བུར་གཏད༔ ཕྲིན་ལས་བཅོལ་ཞིང་དམ་བསྲེ་འོ༔ ཞེས་གསུངས་པས། ཁྱེད་རང་རྣམས་དབྱིངས་ཡུམ་རྡོ་རྗེ་ཕག་མོ་གནམ་ཞལ་མའི་ང་རྒྱལ་གྱིས་འཁོད་པ་ལ། མདུན་གྱི་གཏོར་སྣོད་དམར་ནག་ཆོས་འབྱུང་བསྣོལ་མའི་དབུས་སུ་གཏོར་མ་འདི་ཉིད་གཏུམ་ཆེན་ཁྲོས་མ་མེའི་གདོང་ཅན་སྐུ་མདོག་མཐིང་ནག །གཡས་སུ་སེང་གེའི་གདོང་ཅན་དཀར་མོ། གཡོན་དུ་ཆུ་སྲིན་གདོང་ཅན་ནག་མོ། གསུམ་ཀའང་ཁྲོ་གཏུམ་མི་བཟད་འཇིགས་པའི་གཟུགས་ཅན། རུས་པའི་རྒྱན་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། གྲི་གུག་དང་ཐོད་ཁྲག་འཛིན་ཞིང་ཞབས་གཉིས་གར་སྟབས་ཀྱིས་མེ་ཕུང་རླུང་ནག་འཚུབས་མའི་དབུས་ན་རོལ་པར་གསལ་བ་མངོན་སུམ་དུ་བཀའ་ཡི་སྲུང་མར་གཏད་པར་མོས་ཤིག །གཏོར་མ་སྐུ་ཙཀ་ཅན་ཐོགས་ལ། ཧཱུྃ༔ གཏུམ་ཆེན་ཁྲོས་མ་མེ་ཡི་གདོང༔ ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན༔ འབར་བའི་ཀློང་དུ་གར་སྒྱུར་མ༔ ཆུ་སྲིན་སེང་གེའི་གདོང་ཅན་གཉིས༔ དཀར་ནག་མདོག་ཅན་གྲི་ཐོད་འཛིན༔ མ་མོ་མཆེད་གསུམ་བཀའ་སྡོད་བཅས༔ དམ་ལྡན་སློབ་མའི་སྲུང་མར་གཏད། །གང་བཅོལ་ལས་བཞིའི་ཕྲིན་ལས་སྒྲུབས། །དམ་ལས་མ་འདའ་ས་མ་ཡ། །ཨཱོྃ་མ་མ་ཛྭ་ལ་ཛྭ་ལ་ནཱི་ཙཎྜི་ཧཱུྃ་ཕཊ༔ སརྦ་ས་མ་ཡ་རཀྵ། ཞེས་གཏོར་མ་ལག་ཏུ་གཏད། དམ་ཚིག་བསྲེ་བ་ནི། བདུད་རྩི་སློབ་མར་སྦྱིན་ཅིང་གཏོར་མར་སྦྲེང་ལ། ཧོཿ འདི་ནི་གསང་བའི་བདུད་རྩི་སྟེ། །དམ་ཚིག་བསྲུང་ན་མཆོག་དངོས་གྲུབ། །ཉམས་ན་སྲེག་པར་འགྱུར་བ་ཡིན། །དེ་ཕྱིར་བུ་དང་སྲུང་མ་གཉིས། །ཕན་ཚུན་དམ་ལས་མ་འདའ་ཞིག །ཨཱོྃ་བཛྲ་ས་མ་ཡ་ཧཱུྃ་རཀྵནྟུ། ཞེས་རྡོ་རྗེ་མགོར་བཞག །དེ་ལྟར་དམ་ཚིག་ཕོག་པས་འབར་མ་ཉིད་ནས་སྡེ་གསུམ་སྙིང་པོའི་བསྟན་དང་བསྟན་འཛིན་སྐྱོང་བའི་གཡར་དམ་མདོངས་གསོལ་དུ་བཞེས་ཏེ་སྒྲུབ་པ་པོའི་ཕྲིན་ལས་མཛད་པ་ལ་དགྱེས་ཤིང་ངོ་འཐོན་དུ་བཞུགས་པར་མོས་ཤིག །དེས་འབར་མ་མཆེད་གསུམ་གྱི་བཀའ་གཏད་གྲུབ་པ་ལགས། ༈ སླར་ཡང་ལྷ་མོ་རྡོ་རྗེ་གཤོག་རྒོད་མའི་དབང་གི་དོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །ལྷ་མོ་རྡོ་རྗེ་གཤོག་རྒོད་མའི། །སྲོག་དབང་དམ་པ་བསྩལ་དུ་གསོལ། །ལན་གསུམ། དངོས་གཞི་གཏེར་གཞུང་ལས། བཀའ་གཏད་སློབ་མ་མ་མོར་བསྐྱེད༔ སྐུ་གཟུགས་ཕྱག་མཚན་བསྟིམ་པར་བྱ༔ ཞེས་གསུངས་པས། ཁྱེད་རང་རྣམས་ལྷའི་སྐུ་འདི་ལྟར་དུ་གསལ་ཐོབས། གྲུ་གསུམ་མཐིང་ནག་འབར་བའི་ཀློང་། །སློབ་མ་སྐད་ཅིག་དྲན་རྫོགས་སུ། །རྡོ་རྗེ་གཤོག་རྒོད་མཐིང་ནག་འབར། །མཚོན་ཆའི་གཤོག་བརྒྱང་གྲི་ཐོད་འཛིན། །པད་ཉི་དགྲ་བགེགས་གདན་ལ་འགྱིང་། །ཕྱོགས་བཞིར་ལས་བཞིའི་ཕོ་ཉ་བཞི། །དགྲ་སྙིང་ཟ་ཞིང་མེ་ལོང་བལྟ། །མི་ལྤགས་གོས་གྱོན་ཞབས་གར་སྟབས། །ཀུན་ཀྱང་འབར་བའི་དབུས་ན་གསལ། །དེ་ལྟར་དམ་ཚིག་པར་གསལ་བ་ལ། གཏོར་མ་ཡེ་ཤེས་མཁའ་འགྲོ་དངོས་སུ་གསལ་བས་དབང་བསྐུར་ཞིང་ལུས་ལ་ཐིམ་པར་སྒོམས་ཤིག །གཏོར་མ་སྐུ་ཙཀ་ཅན་ཐོགས་ལ། ཧཱུྃ༔ དབྱིངས་ལས་སྐུར་བཞེངས་མ་མོ་ནི༔ གཏུམ་ཆེན་མཐིང་ནག་གྲི་ཐོད་འཛིན༔ གཤོག་བརྒྱང་མེ་ཡི་ཀློང་ན་བཞུགས༔ རིགས་བཞིའི་ཕོ་ཉ་བཞི་ཡིས་བསྐོར༔ དཀར་སེར་དམར་ལྗང་སྙིང་མེ་ལོང༔ འཛིན་ཞིང་མེ་ཀློང་གར་ཐབས་སྒྱུར༔ མ་མོ་འབུམ་གྱི་འཁོར་གྱིས་བསྐོར༔ འདིར་བྱོན་རྡོ་རྗེའི་སློབ་མ་ལ། །མི་འབྲལ་ལུས་དང་གྲིབ་བཞིན་འགྲོགས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ མ་མ་ཏྲག་རཀྴ་ག་རུ་ཌཿཧཱུྃ་ཕཊ༔ སརྦ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་གནས་བཞིར་བཞག་ལ། གཏོར་མའི་ལྷ་ཚོགས་སློབ་མ་ལ་ཐིམ་པར་གྱུར། དེ་ནི་སྐུའི་སྲོག་དབང་ངོ་། །སློབ་དཔོན་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་རྡོ་རྗེ་གཤོག་རྒོད་མ་གཙོ་འཁོར་ལྔའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། ཞལ་ནས་སྔགས་ཀྱི་ཕྲེང་བ་ཐོན་སློབ་མའི་སྙིང་གའི་ཧཱུྃ་ཡིག་ལ་ཐིམ་པར་སྒོམས་ལ་སྔགས་འདིའི་རྗེས་ཟློས། མ་མ་ཏྲག་རཀྴ་ག་རུ་ཌཿཧཱུྃ་ཕཊ༔ ལན་གསུམ། དེ་ནི་གསུང་གི་སྲོག་དབང་ངོ་། །སློབ་དཔོན་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་ཕྱག་མཚན་གྲི་ཐོད་སྙིང་དང་མེ་ལོང་འཕྲོས་ནས་སློབ་མའི་སྙིང་གར་ཐིམ་པར་སྒོམས་ལ་སེམས་མ་བཅོས་རྣལ་མའི་ངང་དུ་ཞོག་ཅིག །མ་ནི་སྟོང་པ་དབྱིངས་ཀྱི་མ། །མོ་ནི་རིག་པ་ཟང་ཐལ་མོ། །རྡོ་རྗེ་འགྱུར་མེད་དབྱིངས་སུ་གྲུབ། །གཤོག་རྒོད་ཐབས་ཤེས་འདུ་འབྲལ་མེད། །ལྷ་མོ་རང་གི་སེམས་ལ་རྫོགས། །ཕཊ། སེམས་དུས་གསུམ་ཡིད་བྱེད་དང་བྲལ་བའི་ངང་ལ་དར་ཅིག་མཉམ་པར་ཞོག་མཛོད། དེ་ནི་ཐུགས་ཀྱི་སྲོག་དབང་ངོ་། །དེས་ལྷ་མོ་རྡོ་རྗེ་གཤོག་རྒོད་མའི་སྲོག་གཏད་གྲུབ་པ་ལགས། ༈ སླར་ཡང་གསང་བ་སྙིང་གི་ཐིག་ལེའི་བཀའ་སྲུང་རྡོ་རྗེ་ལེགས་པའི་རྗེས་སུ་གནང་བ་ཞུ་བའི་དོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །དམ་ཅན་རྡོ་རྗེ་ལེགས་པ་ཡི། །རྗེས་སུ་གནང་བ་བསྩལ་དུ་གསོལ། །ལན་གསུམ། དངོས་གཞི་གཏེར་གཞུང་ལས། བཀའ་གཏད་རྟེན་མདའ་ལག་ཏུ་གཏད༔ ཕྲིན་ལས་མ་ལུས་སྒྲུབ་པར་བསམ༔ ཐ་ཚིག་ཕྲིན་བཅོལ་བྱས་པས་འགྲུབ༔ ཅེས་གསུངས་པས་ཁྱེད་རང་རྣམས་གཉེན་པོ་སྟོབས་ཀྱི་ལྷ་ཡི་དམ་དྲག་པོའི་གསལ་སྣང་དང་ང་རྒྱལ་གྱིས་འཁོད་པ་ལ། མདུན་གྱི་རྟེན་མདའ་སྐྱེས་བུ་ཆེན་པོའི་སྲོག་རྟེན་དམ་ཅན་དངོས་སུ་གསལ་བ་ཕྱག་ཏུ་གཏད་པས་མི་འབྲལ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཏེ་ཅི་བཅོལ་བའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་པར་མོས་ཤིག །རྟེན་མདའ་དང་གཏོར་མ་ཐོགས་ལ། ཧཱུྃ༔ དབང་གི་སྤྲུལ་པ་རྡོ་རྗེ་ལེགས༔ དམར་ནག་རྡོ་རྗེ་དགྲ་སྙིང་འཛིན༔ དར་གྱི་བེར་ཆེན་ཕྱི་ནང་གསོལ༔ དབུ་སྐྲ་གྱེན་བརྫེས་ཐོད་སྐམ་བརྒྱན༔ སག་ལྷྭམ་གསོལ་ཞིང་སེང་ཆེན་འཆིབས༔ བཙན་དམག་ཞུབ་ཅན་སྟོང་གིས་བསྐོར༔ དགྱེས་སྡེ་བརྟན་མ་བཅུ་གཉིས་སོགས༔ ཡང་ཟབ་བཀའ་ཡི་སྲུང་མ་རྣམས༔ བུ་ཁྱོད་སྲུང་མར་བདག་གིས་གཏད། །རྟག་ཏུ་མཆོད་བསྟོད་བརྩོན་པར་གྱིས། །དམ་ཅན་བཀའ་ཡི་སྲུང་མས་ཀྱང་། །མི་འབྲལ་ལུས་དང་གྲིབ་བཞིན་འགྲོགས། །འདོད་དོན་བསམ་པ་ཐམས་ཅད་སྒྲུབས། །ཞེས་དང་། སྤྲོ་ན། ཧོ་དམ་ཅན་ཆེན་པོ། དགྲ་བླ་ཆེན་པོ། མགར་བ་དམར་པོ། ནོར་བདག་དཀར་པོ། ནག་པོ་ཐོད་མདའ། ཨ་ཙར་མོན་པ་མཆེད་ཟླ་སུམ་བརྒྱ་དྲུག་ཅུ། དགྱེས་སྡེ་བརྟན་མ་བཅུ་གཉིས། དགེ་བསྙེན་ཉི་ཤུ་རྩ་གཅིག །བཙན་དམག་ཞུབ་ཅན་སྟོང་སྡེ། སྡེ་བརྒྱད་དྲེགས་པའི་དམག་ཚོགས། ཕོ་ཉ་ཤན་པ་བྱ་གཅན་བཀའ་སྡོད་སྤྲུལ་པ་ཡང་སྤྲུལ་གྱི་ཚོགས་དང་བཅས་པ་རྣམས་ཀྱིས་བླ་མ་རྡོ་རྗེ་སློབ་དཔོན་གྱི་སྐུ་ཚེ་སྲིངས། དམ་ལྡན་རྡོ་རྗེ་སློབ་མ་འདིའི་བཀའ་དང་བསྟན་པ་སྲུངས། དཔལ་དང་འབྱོར་པ་སྤེལ། སྙན་པ་དང་གྲགས་པ་སྒྲོགས། སྡང་བའི་དགྲ་སོད། གནོད་པའི་བགེགས་ཆོམས། བར་ཆད་ཀྱི་རྐྱེན་ཟློགས། མདོར་ན་ཞི་རྒྱས་དབང་དྲག་ཕྲིན་ལས་རྣམ་པ་བཞི་ཐོགས་པ་མེད་པར་སྒྲུབས་ཤིག །ཨཱོྃ་ཏྲི་ཤཱུ་ལ་བཛྲ་སཱ་དྷུ་སིདྡྷི་ཧཱུྃ༔ ཤཱནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་ཕཊ། ཅེས་རྟེན་མདའ་དང་གཏོར་མ་ལག་ཏུ་གཏད། སློབ་དཔོན་གྱིས་ཇི་སྐད་བསྒོས་པ་བཞིན་སྐྱེས་བུ་ཆེན་པོས་རྟག་ཏུ་འགྲོགས་ཤིང་ཕྲིན་ལས་སྒྲུབ་པར་ཞལ་གྱིས་བཞེས་པར་མོས་ཤིག །དེས་དམ་ཅན་སྐྱེས་བུ་ཆེན་པོའི་སྲོག་གཏད་ཕུལ་གྲུབ་པ་ལགས་སོ།། ༈ །།སླར་ཡང་གཏེར་བདག་སྲུང་མ་རྣམ་གསུམ་གྱི་རྗེས་གནང་ཞུ་བའི་དོན་དུ་རྟེན་འབྲེལ་གྱི་རྫས་དང་བཅས་མཎྜལ་ཕུལ། དེའང་གཏེར་གཞུང་ལས། རང་བྱུང་པདྨ་སློབ་མར་བཅས༔ འཛོམ་གྱི་གངས་རར་བྱོན་པའི་ཚེ༔ ལྷ་ཀླུ་བཙན་གྱིས་ཞབས་ཏོག་ཕུལ༔ ཟབ་མོ་གཏེར་གྱི་སྲུང་མར་བསྐོས༔ ཚངས་པ་དཀར་པོའི་རྒྱུད་ལས་བྱུང༔ ལྷ་ཡི་རྒྱལ་པོ་འོད་གསལ་རྩལ༔ ཡམ་ཤུད་དམར་པོའི་རིགས་ལས་བྱུང༔ བཙན་གྱི་རྒྱལ་པོ་འོད་འབར་རྩལ༔ གཙུག་ན་རིན་ཆེན་རང་གི་རྒྱུད༔ ཀླུ་རྒྱལ་ནོར་བདག་གཟི་འབར་རྩལ༔ དྲེགས་པ་གསུམ་གྱིས་སྲོག་སྙིང་ཕུལ༔ བདེ་བའི་ཉམས་དང་དམར་ལམ་ལས༔ རང་གཟུགས་བཙན་གྱི་རྒྱལ་པོར་ཤར༔ གསལ་བའི་མདངས་དང་དཀར་ལམ་ལས༔ རང་གཟུགས་ལྷ་ཡི་རྒྱལ་པོར་ཤར༔ མི་རྟོག་ཉམས་དང་ནག་ལམ་ལས༔ རང་གཟུགས་ཀླུ་ཡི་རྒྱལ་པོར་ཤར༔ དེ་ལས་གཞན་དུ་གྲུབ་པ་མེད༔ ལྷ་སྲིན་སྟོང་སྲོག་ལོན་པ་འོ༔ ཞེས་ལོ་རྒྱུས་དེ་ལྡན་གྱི་རྗེས་སུ་གནང་བ་སྒྲུབ་པ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །ཟབ་གཏེར་སྲུང་མ་རྣམ་གསུམ་གྱི། །རྗེས་སུ་གནང་བ་བསྩལ་དུ་གསོལ། །ལན་གསུམ། སློབ་དཔོན་དབང་ཆེན་པདྨ་དྲེགས་པ་ཟིལ་གནོན་དུ་གསལ་བས་ལྷ་མི་གཉིས་ཀར་བདུད་རྩི་སྦྱིན་ཞིང་དམ་ཚིག་བསྲེ་བར་བྱ་བ་ཡིན་ཏེ། ནང་མཆོད་ཀྱི་བདུད་རྩི་གཏོར་མར་སྦྲེང་ཞིང་སློབ་མར་སྦྱིན་ལ། ཧོཿ འདི་ནི་གསང་བའི་བདུད་རྩི་སྟེ། །དམ་ཚིག་བསྲུང་ན་མཆོག་དངོས་འགྲུབ། །ཉམས་ན་བསྲེག་པར་འགྱུར་བ་ཡིན། །དེ་ཕྱིར་བུ་དང་སྲུང་མ་གཉིས། །ཕན་ཚུན་དམ་ལས་མ་འདའ་ཞིག །ཨཱོྃ་བཛྲ་ས་མ་ཡ་ཧཱུྃ་རཀྵནྟུ། དེ་ནས་སློབ་མ་གཉེན་པོ་སྟོབས་ཀྱི་ལྷར་གསལ་བ་ལ། གཏེར་སྲུང་ལྷ་བཙན་ཀླུ་གསུམ་བྲན་དང་བཀའ་ཉན་ཕོ་ཉར་གཏད་པར་མོས་ཤིག །ལྷ་ཡི་གཏོར་མ་ཐོགས་ལ། ཧཱུྃ། དཀར་པོ་ལྷ་ཡི་སྡེ་དཔོན་ནི། །གསང་མཚན་རྡོ་རྗེ་འོད་གསལ་རྩལ། །སློབ་དཔོན་པདྨའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་མ་གཡེལ་བར། །སློབ་མ་འདི་ཡི་ཕྲིན་ལས་སྒྲུབས། །དམ་ལས་མ་འདའ་ས་མ་ཡ། །ཞེས་ལག་ཏུ་གཏད་ལ་སྲོག་སྔགས་བརྗོད། བཙན་གྱི་གཏོར་མ་ཐོགས་ལ། ཧཱུྃ། དམར་པོ་བཙན་གྱི་སྡེ་དཔོན་ནི། །གསང་མཚན་རྡོ་རྗེ་འོད་འབར་རྩལ། །སློབ་དཔོན་པདྨའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་མ་གཡེལ་བར། །སློབ་མ་འདི་ཡི་ཕྲིན་ལས་སྒྲུབས། །དམ་ལས་མ་འདའ་ས་མ་ཡ། །ཞེས་ལག་ཏུ་གཏད་ལ་སྲོག་སྔགས་བརྗོད། ཀླུ་ཡི་གཏོར་མ་ཐོགས་ལ། ཧཱུྃ། སྔོན་པོ་ཀླུ་ཡི་སྡེ་དཔོན་ནི། །གསང་མཚན་ནོར་བདག་གཟི་འབར་རྩལ། །སློབ་དཔོན་པདྨའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་མ་གཡེལ་བར། །སློབ་མ་འདི་ཡི་ཕྲིན་ལས་སྒྲུབས། །དམ་ལས་མ་འདའ་ས་མ་ཡ། །ཞེས་ལག་ཏུ་གཏད་ལ་སྲོག་སྔགས་བརྗོད། དེ་དག་གིས་གཏེར་སྲུང་རྣམ་པ་གསུམ་གྱི་སྲོག་གཏད་ཟབ་མོ་གྲུབ་པ་ལ་ཤིས་པ་བརྗོད་པས་མངའ་གསོལ་བར་མོས་ཤིག །རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་ཞུགས༔ ཡི་དམ་མཁའ་འགྲོ་ལུས་དང་གྲིབ་བཞིན་འགྲོགས༔ ཆོས་སྐྱོང་སྲུང་མས་བར་ཆད་ཀུན་བསལ་ནས༔ མཆོག་ཐུན་དངོས་གྲུབ་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་སོགས་ཀྱིས་ཤིས་བརྗོད་སྤེལ། དེ་ལྟར་ན་དེ་རྣམས་ཀྱི་སྒོ་ནས་སྡེ་གསུམ་བཀའ་ཡི་སྲུང་མ་གཏེར་སྲུང་དང་བཅས་པའི་སྲོག་དབང་བཀའ་གཏད་ཀྱི་རིམ་པ་ལེགས་པར་གྲུབ་པ་ལགས་པས། རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་ཁྱད་པར་སྲུང་མ་བསྙེན་སྒྲུབ་གསོལ་མཆོད་ལ་བརྩོན་པ་སོགས་བསླབ་བྱའི་ཚུལ་ལས་ནམ་ཡང་མི་འདའ་བའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དམ་ཚིག་ཁས་ལེན། གཏང་རག་མཎྜལ་ལུས་དབུལ། དགེ་བསྔོ་བཅས་བྱའོ།། །།སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་བསྔོ། དམ་ཅན་རྣམས་ལ་གཏོར་འབུལ་དང་འབྲེལ་རྟེན་ལ་བསྟིམ་པའམ་རང་གནས་སུ་གཤེགས། གཏོར་སྐྱོང་སོགས་རྗེས་ཀྱི་བྱ་བ་རྣམས་གཞུང་བཞིན་མཐར་ཆགས་སུ་བགྱིས་པས་གྲུབ་བོ། །དབྱིངས་ཡུམ་ཡེ་ཤེས་ཌཱ་ཀི་ནཱི། །རྣམ་འགྱུར་འཇིག་རྟེན་ཚུལ་དང་བཅས། །རྡོ་རྗེའི་གསང་མཛོད་གཉེར་འཛིན་གྱི། །སྲོག་དབང་ཟབ་གཉན་བཅུད་དུ་བསྡེབས། །སྡེ་གསུམ་བཀའ་ཡི་སྲུང་མ་རྣམས་ཀྱི་སྲོག་དབང་གི་ལེའུ་ཚན་ཏེ། དེ་རྣམས་ཀྱིས་མཆོག་གཏེར་རྫོགས་ཆེན་སྡེ་གསུམ་གྱི་དབང་བསྐུར་ཡོངས་སུ་རྫོགས་པ་ལེགས་པར་ཚང་ངོ་། །སླར་སྨྲས་པ། བསམ་ཡས་ཐེག་པའི་ཡང་རྩེ་རྫོགས་པ་ཆེ། །སྡེ་གསུམ་དགོངས་པའི་གསང་ཚིག་རྡོ་རྗེའི་གསུང་། །ཚུལ་བཞིན་ཉམས་འོག་ཆུད་རྣམས་ལྟ་ཅི་སྟེ། །ཐོས་པ་ཙམ་ཡང་འཁོར་བ་མཐའ་ཅན་ཉིད། །དེ་སླད་དེར་འཇུག་ཐོག་མའི་ལམ་གྱི་གཞི། །དབང་གི་རྟེན་འབྲེལ་ཁོ་ནར་རག་ལས་ཕྱིར། །སྨིན་གྲོལ་ཆོ་གའི་ལག་ལེན་ཇི་བཞིན་དུ། །མ་ནོར་རྣམ་གསལ་འཇུག་བདེའི་ཁྲིགས་སུ་བསྡེབས། །འདིར་འབད་བསོད་ནམས་གང་ཞིག་ཐོབ་པ་དེས། །འགྲོ་ཀུན་རྫོགས་ཆེན་ལམ་གྱི་སྣོད་གྱུར་ཏེ། །དཀའ་བ་མེད་པར་འཁྲུལ་ཆོས་དབྱིངས་ཟད་ནས། །གདོད་མའི་གཞི་ལ་འཁོར་བ་དོང་སྤྲུགས་ཤོག །དེ་ལྟར་མཆོག་གཏེར་རྫོགས་ཆེན་སྡེ་གསུམ་གྱི་སྨིན་གྲོལ་དབང་བསྐུར་ཡོངས་རྫོགས་དཀྱུས་གཅིག་ཏུ་ཁྲིགས་སུ་བསྡེབས་པ་ཀུན་བཟང་རིག་འཛིན་བླ་མའི་དགོངས་རྒྱན་ཞེས་བྱ་བ་འདིའང་། ༧གསང་འཛིན་ཁྱབ་བདག་བླ་མ་ཨོ་རྒྱན་ཚེ་དབང་མཆོག་གྲུབ་དཔལ་འབར་གྱི་ཞལ་སྔ་ནས་ཟབ་ཆོས་འདིའི་སྨིན་གྲོལ་གྱི་བདུད་རྩི་སྐལ་པ་བཟང་པོའི་དཔྱིད་དུ་ནོས་པའི་སྐབས། རྣམ་གསལ་འཇུག་བདེའི་ངག་ཁྲིགས་འདི་ལྟ་བུ་ཞིག་ཅིས་ཀྱང་སྒྲུབ་པར་གྱིས་ཤིག་པའི་བཀའ་ལུང་བཏུད་མར་ཕེབས་པ་བཞིན་རྗེས་སུ་སྒྲུབ་པའི་གཡར་དམ་སྙིང་ལ་བཀོད་ཀྱང་གཞན་རྐྱེན་མི་བཟད་པའི་ཁོལ་པོར་འཕྱན་ཏེ་ཡུན་རིང་པོར་འགྱངས་པ་ན། སླར་ཡང་༧རྒྱལ་དབང་ཀརྨ་པ་ཀུན་བཟང་རིག་པའི་རྡོ་རྗེའི་བཀའ་ལུང་གིས་རྗེ་བླ་མར་སྙན་བསྐུལ་གནང་བར་མཛད་པ་དང་། འཁོར་ལོའི་མགོན་པོ་༧མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དཔལ་བཟང་པོའི་ཞལ་སྔ་ནས་ཀྱང་ལེགས་སོའི་གསུང་གིས་དབུགས་དབྱུང་ཐོབ་པ་ལ་བརྟེན་ནས། རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་ལྔ་བཅུ་ང་དགུར་སོན་པ་དགེ་བྱེད་ཆུ་ཕོ་སྟག་གི་ལོ་འབྲས་བུ་བཅུད་དུ་སྨིན་པའི་དུས་ཀྱི་ཆར། རི་བོ་རིན་ཆེན་སྤུངས་པའི་མགུལ་ཀུན་ཏུ་བཟང་པོའི་ནགས་ཁྲོད་ཉམས་དགའ་བའི་གནས་སུ་གྲུབ་པར་སྤེལ་བའི་ཟིན་བྲིས་ལས། ཐོག་མའི་གླེགས་བམ་དུ་འབེབ་པ་པོ་ནི་ལྷོ་མོན་ཤིང་ལོའི་ཚལ་གྱི་སྔགས་སྟོན་ཆོས་གྲགས་རྒྱ་མཚོས་བགྱིས་པའོ། །འདིས་ཀྱང་མཆོག་གཏེར་སྙིང་པོའི་རིང་ལུགས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་མི་ནུབ་ཡུན་དུ་གནས་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །། ࿊ སླར་ཡང་ཚུལ་འདི་རིན་ཆེན་གཏེར་མཛོད་ཆེན་པོར་བཞུགས་སུ་གསོལ་སྐབས། གཏེར་གཞུང་དངོས་དང་སྐྱབས་རྗེས་ཆོག་ཁྲིགས་མཛད་སྐབས་སྤྱན་ལམ་དུ་མ་གྱུར་ངེས་པའི་རྗེ་ཆོས་བློའི་གཟིགས་དཔེ་དངོས་ཕྱག་མཆན་བྲིས་བསུབ་ལྡེབ་འཛུད་མང་པོ་ཅན། གཞན་ཡང་ཟིན་བྲིས་དང་རིང་བརྒྱུད་བཀའ་མའི་ཡིག་ཆ་སོགས་དང་བསྟུན་ནས། འཁྲུགས་སྡེབ་ཞུས་ལྷན་མང་ཙམ་བཅས་ཞུས་དཔྱད་ཀྱི་སྲི་ཞུ་གཙང་དག་ཏུ་སྒྲུབ་པ་པོ་ནི་པད་བཀོད་སྒམ་སྤྲུལ་ལམ་དྭགས་པོ་སྤྲུལ་སྐུར་འབོད་པས་བསྒྲུབས་པས། རྨོངས་བློས་ནོངས་གྱུར་སྙིང་ནས་བཤགས་ཤིང་ལེགས་དགེས་སྙིང་པོའི་བསྟན་པ་འཕེལ་བར་ཤོག་ཅིག །མངྒ་ལཾ།། །། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ།། །།