RTZ Volume 37 Full Text Tibetan

Rinchen Terdzö, Volume 37, Full Text
རིན་ཆེན་གཏེར་མཛོད་ཆེན་མོ་པོད་སོ་བདུན་པ།

Contents

དཔལ་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོའི་སྒྲུབ་ཐབས་་་རྒྱས་པ།ལས་བཞི་རྣམ་རོལ་ (Volume 37, Text 1)

༄༅། །དཔལ་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོའི་སྒྲུབ་ཐབས་་་རྒྱས་པ།ལས་བཞི་རྣམ་རོལ་ཞེས་བྱ་བ་བཞུགས་སོ། ། དཔལ་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོའི་སྒྲུབ་ཐབས་ལས་བཞི་རྣམ་རོལ་ཞེས་བྱ་བ། དཔལ་སྒྲོལ་བྱེད་ཐུགས་རྗེའི་བདག་པོ་ལ་ཕྱག་འཚལ་ལོ། །ཀུན་བཟང་ཧེ་རུ་ཀ་དཔལ་གདུལ་དཀའི་འགྲོར། །རྗེས་ཆགས་གཏུམ་དྲག་གར་གྱིས་རྣམ་རོལ་པའི། །རྡོ་རྗེ་སྲིན་པོ་ལེགས་ལྡན་ཚོགས་ཀྱི་བདག །ཧེ་རུ་ཀ་དཔལ་དེ་ལ་ཕྱག་འཚལ་ལོ། །རྒྱལ་བའི་བསྟན་པ་རྗེས་སྐྱོང་ཕྲིན་ལས་བཞིས། །རྣལ་འབྱོར་རེ་བ་ཡོངས་སྐོང་བསྟན་སྲུང་གཙོ། །དགྱེས་པ་སྐྱེད་བྱེད་ཕྲིན་ལས་ཆོ་གའི་ཁྲིགས། །རྒྱུད་ལུང་གྲུབ་པའི་གཞུང་བཞིན་འདིར་བརྗོད་བྱ། །དེ་ལ་དང་པོ་དབང་ཐོབ་ཅིང་སྤྱི་དང་བྱེ་བྲག་གི་དམ་ཚིག་ལ་གནས་པའི་སྔགས་པས། དོན་གཉིས་ཀྱི་བསམ་པ་མྱུར་དུ་འགྲུབ་པའི་ལས་ལ་བསྔགས་པ་ཁོ་ནའི་དབང་དུ་བྱས་ནས་ཐུགས་དམ་བསྐང་ཞིང་དམ་ཚིག་གསོ་བའི་ཕྲིན་ལས་ཀྱི་རིམ་པ་གཙོ་བོར་སྒྲུབ་པ་ལ་གཉིས་ཏེ། ཡོ་བྱད་ཀྱི་བཅའ་གཞི་བྱ་ཚུལ་དང་། ཆོ་གའི་རིམ་པ་དངོས་ལས། དང་པོ་ནི། ཉི་ཤུ་དགུ་ལ་སོགས་པའི་དུས་གཉན་ཁྱད་པར་ཅན་ལ་སྒྲུབ་ཁང་ངམ་ཡིད་དང་མཐུན་པའི་གནས་ཀྱི་སྟེང་ལོགས་རྣམས་མཛེས་ཤིང་བརྗིད་པའི་སྤྱན་གཟིགས་སྣ་ཚོགས་ཀྱིས་བརྒྱན། དམ་ཚིག་གི་བྲིས་སྐུ་སོགས་རྟེན་གྱི་མདུན་དུ་རིན་པོ་ཆེའམ་ཐོད་པ་ལ་སོགས་པའི་སྣོད་དུ་གཙང་ཞིང་བཟང་བའི་རྒྱུ་དམ་རྫས་དང་བཅས་པ་ལས། དང་པོར་བླ་མ་ཡི་དམ་གྱི་གཏོར་མ་དཔལ་བཤོས་ཟླུམ་བརྗིད་པད་འདབ་བརྒྱད་ཀྱིས་བསྐོར་བ་དང་། ནག་པོ་ཆེན་པོའི་གཏོར་མ་ལྕགས་མཁར་ཁ་བད་ཅན་གྱི་སྟེང་དུ་བཤོས་བུ་གྲུ་གསུམ་ཧ་ཅང་མི་རྣོ་བ། དེའི་མདུན་དུ་ཡུམ་གྱི་བཤོས་བུ་ཟུར་གསུམ་པ་དང་། མཁར་གྱི་རྩ་བའི་མདུན་དང་གཡས་གཡོན་དུ་འཁོར་གྱི་བཤོས་བུ་གྲུ་གསུམ་པ་རེ་དང་རྒྱབ་ཏུ་གྲུ་གསུམ་གཡས་གཅུས་གཅིག །དེ་དག་གི་མཚམས་རྣམས་སུ་བཤོས་ཕྲན་ཆུང་བ་བརྒྱད་དང་། ཕྱི་ནས་མཐེབ་ཀྱུས་བསྐོར། མདའ་བྱ་རྒོད་མ་དར་ནག་གི་ཅོད་པན་ཅན་བཙུགས། ཤ་ཁྲག་ཆང་ཕུད་འབྲུ་སྨན་ལ་དུ་ལ་ཕུག་འཁུར་བ་ཆན་སྒོག་བཙོང་སོགས་བཟའ་བཅའ་སྣ་ཚོགས་པས་བརྒྱན་པ་དང་། གཞན་ཡང་ཆོས་སྐྱོང་ཡེ་ཤེས་པའི་རིགས་དང་། འཇིག་རྟེན་པ་གང་བསྟེན་རྣམས་དང་གཞི་བདག་གཏོར་མའི་བར་རིམ་པ་མ་འཆོལ་བར་བཤམ། དེ་དག་གི་གཡས་སུ་བདུད་རྩི། གཡོན་དུ་རཀྟ། མདུན་དུ་མཆོད་ཡོན་སོགས་གཙང་མར་སྦྱར་བའི་ཕྱིའི་མཆོད་པ་རྣམས་དང་། དབང་པོའི་མེ་ཏོག་སོགས་ཐུན་མོང་མ་ཡིན་པའི་དམ་རྫས་རྣམས་དང་འབྲེལ་བའི་མཆོད་པ་རྣམས་ཕྲེང་ཚར་དུ་བཀོད། གཞན་ཡང་ཕྱི་ནང་གསང་བའི་སྐོང་རྟེན་མཐུན་རྫས་རྣམས་དང་། རྡོར་དྲིལ་ནང་མཆོད་རྔ་སིལ་རྐང་གླིང་ཧསྟའི་གཡབ་དར་སོགས་དམ་རྫས་ཀྱི་རྣམ་གྲངས་ཐམས་ཅད་མཐོང་བརྒྱུད་ཀྱི་ཕྱག་ལེན་བཞིན་ཚོགས་པར་བཤམ་མོ། །གཉིས་པ་ཆོ་གའི་རིམ་པ་དངོས་ལ་བཅུ་བདུན་ལས། དང་པོ་བདག་གི་རྣལ་འབྱོར་ནི། སྤྱིར་ཡི་དམ་ཞི་ཁྲོ་གང་ལ་བསྟེན་ཀྱང་རུང་མོད། ཁྱད་པར་རྒྱུད་ལུང་གི་ཁྲོ་བོ་ལྟ་བུ་ལ་བྱས་ན་ཤིན་ཏུ་འབྲེལ་ཆགས་ཤིང་། གཤིན་རྗེ་ལྟར་སྒྲུབ་པ་སོགས་སོ་སོའི་གཉེན་པོའི་ལྷ་དེ་དང་དེའི་སྐབས་ཤེས་པར་བྱའོ། །གཉིས་པ་མཆོད་རྫས་རྣམས་བྱིན་གྱིས་བརླབ་པ་ནི། བདག་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་མཆོད་རྫས་ཀྱི་ཉེས་སྐྱོན་དངོས་འཛིན་དྲི་མ་ཐམས་ཅད་བསྲེགས་གཏོར་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་གནས་ཁང་དུར་ཁྲོད་དྲག་པོའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་ཨ་ལས་བྷཉྫ་འབར་བའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ་ཧཱུྃ་ཡིག་ལས་བྱུང་བའི། མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོ་ལ་སོགས་པ་ཕྱི་ནང་གསང་བའི་འདོད་པའི་ཡོན་ཏན་སོ་སོའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པས་ནམ་མཁའ་རབ་འབྱམས་གང་བ་རྣམས་སུ་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ། ཤབྡའི་བར་སྦྱར་བ་ལན་གསུམ་བརྗོད་ཅིང་རོལ་མོའི་སྒྲས་བྱིན་གྱིས་བརླབ་བོ། །སྨན་ཕུད་རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ལ་ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱཿམཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་ཀྱིས་མཚན་པ་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ། ཞེས་ལན་བདུན་བརྗོད། རཀྟ་ཡང་དེ་བཞིན་བསང་སྦྱང་། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པའི་སྣོད་དུ་རཾ་ལས་ཉི་མ་ལ་གནས་པའི་ར་ཡིག་ཞུ་བ་ལས་རཀྟའི་རྒྱ་མཚོ་ཞིང་གི་ལྷུ་དུམ་འཕྱོ་བའི་རྦ་ཀློང་འཁྲུགས་པ་ལ་ཁམས་གསུམ་གྱི་རཀྟ་ཐམས་ཅད་བསྡུས་ཤིང་ཐིམ་པར་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋ། བདུན་བརྗོད། གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས་རླུང་མེ་ཐོད་པའི་སྒྱེད་པུ་གསུམ་ལ་གནས་པའི་ཡེ་ཤེས་ཀྱི་ཀ་པཱ་ལ་སྟོང་གསུམ་དང་མཉམ་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་སོགས་བཟའ་བཅའ་བཏུང་བ་ལྡག་གཞིབ་འདོད་ཡོན་ལྔའི་ཕུང་པོ་ཟད་མི་ཤེས་པའི་ལོངས་སྤྱོད་ཀྱི་གཏེར་དུ་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་ཝ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋ། ཞེས་ལན་བདུན་བརྗོད་པས་བྱིན་གྱིས་བརླབ་བོ། །གསུམ་པ་བླ་མ་ཡི་དམ་གྱི་གཏོར་འབུལ་ནི། རང་གི་སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཕྱོགས་བཅུར་བཞུགས་པའི་བླ་མ་རིག་འཛིན་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མཁའ་ཁྱབ་ཀྱི་འཁོར་ལོར་སད་པར་བསམ་ཞིང་། ཧཱུྃ། དམིགས་མེད་མཁའ་ལྟར་ཁྱབ་ཅིང་དག་པའི་སྐུ །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང། །ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སཏྭཾ། ཛཿཧཱུྃ་བཾ་ཧོཿ ཞེས་པས་སྤྱན་དྲངས། ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཨོཾ་ཨཱཿཧཱུྃ་གུ་རུ་མཎྜ་ལ་དེ་བ་ག་ཎ་ས་པ་རི་ཝཱ་རེ་བྷྱཿཨརྒྷཾ་ནས་ཤབྡའི་བར་གྱིས་ཕྱི་མཆོད་དང་། བཛྲ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་རཾ་ཁཱ་ཧི། ཞེས་སྨན་རཀ་ཕུལ། ལྷ་རྣམས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་སྦུ་གུ་ཅན་གྱི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམ་ཞིང་། ཨི་དཾ་བ་ལིཾ་ཏ་གྲྀཧྞནྟུ་མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪ། ཞེས་ལན་གསུམ་གྱིས་གཏོར་མ་ཕུལ་ལ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཅེས་དང་། ཧཱུྃ། གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །འོད་ཟེར་ཉི་མ་འབུམ་གྱི་གཟི། ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན། །མཆེ་བ་ཟང་ཡག་ཟ་བྱེད་ཆེ་ཧོཿ ཧཱུྃ། རྔམ་པའི་ང་རོ་འབྲུག་སྟོང་ལྡིར། །གཏུམ་ཆེན་རི་རབ་འབུམ་བསྙིལ་སྐད། །ཨ་ལ་ཧ་ལའི་གད་རྒྱངས་ཆེ། །སྤྱུགས་པའི་འཐོར་རླུང་གཡེང་བ་ཆེ་ཧོཿ ཧཱུྃ། ཁྲོ་བོ་ཤེས་རབ་འོད་པོ་ཆེ། །ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་གསལ། །འབར་བའི་ཡེ་ཤེས་ཀུན་ཏུ་འཇོམས། །སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ་ཧོཿ ཧཱུྃ། ཁྲོ་བོའི་རྒྱལ་པོ་སྤྲིན་ཆེན་པོ། །འཕྲོས་པའི་དཀྱིལ་འཁོར་ཆར་ཆེན་འབེབ། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །སྣ་ཚོགས་ཁྲོས་པའི་ཐིག་ལེ་ཆེ་ཧོཿ ཧཱུྃ། བདུད་ཀུན་གྱི་ནི་བདུད་ཆེན་པོ། །བདུད་ཀྱི་བདུད་དེ་བདུད་རྣམས་འཇོམས། །འཇིགས་པའི་ཚོགས་ཀྱང་འཇིགས་བྱེད་པ། །འཇིགས་བྱེད་ཆེན་པོ་ཐིག་ལེ་ཆེ་ཧོཿ ཧཱུྃ། རྡོ་རྗེ་བྲག་ཆེན་སྲ་བ་པོ། །རྡོ་རྗེ་ཆུ་སྟེ་སྡུད་ཆེན་པོ། །རྡོ་རྗེ་མེ་སྟེ་ཀུན་འབར་ཆེ། །རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེ་ཧོཿ ཞེས་བསྟོད་ཅིང་། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོངས་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་ཕྲིན་ལས་གསོལ། མགྲོན་རྣམས་འོད་དུ་ཞུ་ནས་བདག་ལ་ཐིམ་པས་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་བསམ་མོ། །བླ་མ་ཡི་དམ་གྱི་གཏོར་འབུལ་སོ་སོར་བྱེད་པའི་ལུགས་ཀྱང་ཡོད་མོད་དབྱེར་མེད་དུ་བྱེད་པ་ཉིད་གནས་སྐབས་སུ་ལག་ལེན་ཟོར་ཡང་ཞིང་དོན་ལ་ཡང་སྔགས་ཀྱི་ལམ་ཞུགས་རྣམས་ཀྱིས་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཉིད་བླ་མའི་ངོ་བོར་ཤེས་པར་བྱའོ། །བཞི་པ་མདུན་བསྐྱེད་གསལ་འདེབས་པ་ནི། བདག་གི་ཐུགས་ཀའི་ཧཱུྃ་ལས་བཾ་འཕྲོས་ཏེ་མདུན་དུ་མཆེད་པ་ལས། བཾ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ། རཀྟའི་རྒྱ་མཚོ་རྦ་རླབས་འཁྲུག་ཅིང་ཞིང་ཆེན་གྱི་ལང་ལོང་འཕྱོ་བའི་དབུས་སུ་རི་བོ་མ་ལ་ཡ་གནམ་ལྕགས་འབར་བའི་དུར་ཁྲོད་ཆེན་པོའི་གནས། མ་མོ་འདུ་བའི་གླིང་། དུག་ཤིང་ནགས་ཚལ་སྟུག་པོའི་ལྗོངས། མི་བཟད་པའི་སྤྲིན་གཏིབས་ཤིང་། དྲག་པོའི་གློག་འོད་འཁྱུག་པ། རྒྱོབ་སོད་ཀྱི་འབྲུག་སྒྲ་ཁོལ་ཞིང་། གནམ་ལྕགས་ཨུརྨོ་དང་མཚོན་ཆའི་ཆར་འབེབ་པ། ཁྲག་གི་ཆུ་རྒྱུན་འབབ་ཅིང་ཚིལ་བུའི་འབྲུམ་ཆགས་པ། མི་རོ་གསར་རྙིང་སྣ་ཚོགས་གཅལ་དུ་བཀྲམ་ཞིང་རོ་ལངས་གར་རྩེ་བ། བྱ་ཤ་ཟན་སྣ་ཚོགས་འཕུར་ཞིང་ལྡིང་བ། གཅན་གཟན་གཏུམ་པོ་རྣམས་ངར་སྐད་སྒྲོག་པས་རྒྱུག་ཅིང་འདྲལ་བ། རབ་ཏུ་འཇིགས་ཤིང་སྐྱི་གཡའ་བའི་གནས་སུ་ཁྲག་དང་ཤ་ཆེན་རྐང་དང་ཚིལ་བུ་ཀླད་པ་དང་ལྷ་བ་རྣག་དང་ཆུ་སེར་རྣམས་ཀྱིས་གང་བའི་འོབས་རིམ་གྱིས་ཡོངས་སུ་བསྐོར་བའི་དབུས་སུ་ཐུགས་ཀའི་ཧཱུྃ་ལས་བྷྲཱུྃ་འཕྲོས། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ན་མཎྜ་ལ་བྷྲཱུྃ། དེ་ཡོངས་སུ་གྱུར་པ་ལས་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་རྨང་གཞི་ལྕགས་ལས་བྱས་པའི་སྟེང་དུ་ཤར་སྟག་གི་ཐོད་པ། ལྷོ་མིའི་ཐོད་པ། ནུབ་རྟའི་ཐོད་པ། བྱང་བྱའི་ཐོད་པས་བརྩིགས་པ། སྲིན་པོའི་ཐོད་པའི་ཁ་བད་ཅན། ཉི་ཟླ་གཟའ་སྐར་གྱི་འོད་འཕྲོ་བ། རྒྱུ་མའི་དྲྭ་ཕྱེད། ཀེང་རུས་ཀྱི་ཀ་གདུང་། རྐང་དང་རྩིབ་མའི་གྲལ་ཕྱམ། ཞིང་ལྤགས་ཀྱིས་ཐོག་ཕུབ་པའི་རྩེར་རྡོ་རྗེའི་ཏོག་གིས་མཚན་པ། སྒོ་བཞི་ལྕགས་ཀྱི་སྒོ་གླེགས་དང་རུས་པའི་རྟ་བབས་ཀྱིས་བརྒྱན་པ། མི་རོའི་རྒྱལ་མཚན། ཞིང་ཆུང་གི་འཕན་གདུགས། རོ་སྐྲའི་རྔ་ཡབ། གློ་སྙིང་གི་འཕྱང་འཕྲུལ་སོགས་འཇིགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ནང་ཁྲག་ཞག་འཁྲུག་པའི་དབུས་སུ། ལྕགས་མཁར་ནག་པོ་གྲུ་གསུམ་ལྔ་སྒྲོམ་ཐོད་པའི་རྭ་བས་བསྐོར་བའི་གྲུ་གསུམ་དབུས་མའི་ནང་དུ་རྡོ་རྗེ་བྲག་ཆེན་གཏམས་པའི་གཞི་ལ། པདྨ་དང་ཉི་མའི་སྟེང་དུ་མི་རོ་དང་རྟ་རོ་ལ་གནས་པའི་ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པར་གྱུར། སྥ་ར་ཎ་ཕཊ། དེ་ལས་འོད་ཟེར་འཕྲོས་པས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། སཾ་ཧ་ར་ཎ་ཧཱུྃ། ཚུར་འདུས་ཡོངས་སུ་གྱུར་པ་ལས། ཨོཾ་བྷུརྐུར་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཕཊ། དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ནག་པོ་ཆེན་པོ་རྡོ་རྗེ་སྲིན་པོའི་གཟུགས་ཅན། སྐུ་མདོག་མཐིང་ནག་ཐུང་ཞིང་སྦོམ་ལ་ཡན་ལག་རགས་པ། ཉི་མ་འབུམ་གྱི་གཟི་བརྗིད་ཅན། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་ཞལ་གདངས་ཤིང་མཆེ་བ་གཙིགས་པའི་གྲྭ་ནས་ཁྲག་འཛག་པ། ལྗགས་འདྲིལ་ཞིང་དྲག་པོའི་རྐན་སྒྲ་རྡེབ་པ། ཁྲོ་གཉེར་བསྡུས་པའི་ཤངས་ནས་འཐོར་བྱེད་ཀྱི་རླུང་སྒྲ་འབྱིན་པ། དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཏུ་ལྡོག་པ། དབུ་སྐྲ་དང་སྨ་ར་སྨིན་མ་ཁམ་ནག་གྱེན་དུ་འབར་བ་ལས་སྐར་ཆེན་གྱི་འོད་འཕྲོ་བ། ཕྱག་གཡས་འབར་བའི་གྲི་གུག་དང་གཡོན་གདུག་པ་ཅན་གྱི་ཁྲག་གིས་གང་བའི་ཐོད་པ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། མཆན་གཡས་སུ་ཙན་དན་གྱི་བིང་ཆེན་གཟེར་བའི་བིང་སྟོད་ནས་ལྷ་དམག་འབུམ་དང་། བིང་སྨད་ནས་བདུད་དམག་ཉི་ཁྲི་ཆིག་སྟོང་འགྱེད་པ། སྐུ་ལ་དར་ནག་གི་འཇོལ་བེར་བརྩེགས་མར་གསོལ་ཞིང་གསེར་རྐེད་ནོར་བུའི་མིག་ཚངས་ཅན་བཅིངས་པ། ཐོད་པ་སྐམ་པོ་ལྔ་རིགས་ལྔའི་རྩེ་བྲན་ཅན་གྱི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུ་དང་རྡོ་རྗེའི་དོ་ཤལ་འཕྱང་བ། ཡན་ལག་སྦྲུལ་གྱིས་དཀྲིས་ཤིང་མི་ལྤགས་ཀྱི་སྟོད་གཡོགས་སོགས་དུར་ཁྲོད་འཇིགས་པའི་ཆས་ཅན། སག་ཏིའི་ལྷྭམ་ཡུ་རིང་གསོལ་ནས་གཡོན་བརྐྱང་པའི་སྟབས་ཀྱིས་འགྱིང་ཞིང་བརྗིད་པས་དགྲ་བགེགས་རྣམས་བརྫིས་པ། གཏུམ་ཞིང་མི་བསྲུན་པའི་ཉམས་ཅན། སྤྱི་བོར་བྱ་ཁྱུང་ནག་པོ་འཕུར་ཞིང་ལྡིང་བ། སྟ་ཟུར་གཉིས་ལ་སེང་གེ་རལ་པ་སྤྲུག་པ། རྩིབ་ལོགས་ལ་འཕར་དྲེད་འཁྱུག་པ། ཞབས་ལས་སྟག་འཕྲོ་བ། ཡེ་ཤེས་ཀྱི་མེ་ཕུང་འབར་བའི་ཀློང་ན་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་བདག་ཉིད་ཅན་དུ་བཞུགས་པའོ། །རཀྴ་ཀྲོ་དྷཱི་ཤྭ་རཱི་རཀྨོ་ཧཱུྃ། གཡོན་དུ་ཉི་མ་དང་རོའི་གདན་ལ་ཡུམ་ཀྲོ་དྷཱི་ཤྭ་རཱི་མ་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། རལ་པ་ཐུར་དུ་གཏིབས་པའི་གསེབ་ནས་མེ་སྟག་འཕྲོ་བ། ཞིང་གི་པགས་པས་སྟོད་གཡོགས་ཤིང་ཉི་ཟླ་གཟའ་སྐར་དང་འཇའ་འོད་འཁྲུགས་པ། སྟག་ལྤགས་དང་རེ་ལྡེའི་སྨད་དཀྲིས་ཅན། སྦྲུལ་ནག་གི་འཕྱང་འཕྲུལ་དང་ཆུ་སྲིན་གྱི་ཐོད་པས་བརྒྱན་པ། གཡས་སྦྲུལ་ཞགས་དང་། གཡོན་ཐོད་སྐྱོགས་རུས་བཅུད་རྐང་ཀླད་དང་འབྲུ་མར་ཁྲག་ཆང་གིས་གང་བ་རོལ་ཞིང་སྟོབས་པ། གཡས་སུ་ལས་ཀྱི་མགོན་པོ་མདོག་ནག་ཅིང་མི་སྡུག་པའི་གཟུགས་ཅན། སྐྲ་ཁམ་པ་གྱེན་དུ་བརྫེས་པ། གཡས་གྲི་གུག་དང་གཡོན་ཐོད་ཁྲག་ཐོགས་པ། གཡོན་བརྐྱང་གིས་རོའི་གདན་ལ་བཀའ་ནོད་པའི་ཚུལ་གྱིས་གནས་པའོ། །ཕྱོགས་བཞིའི་ཤར་གྱི་ལྕགས་མཁར་དུ་པད་ཉི་དགྲ་བགེགས་ཀྱི་གདན་ལ་གནས་པའི་ཧཱུྃ་མཐིང་ནག་ལས། ཀྲོ་དྷ་ཛྭ་ལ་ས་མ་ཡ། ཁྲོ་ཆེན་བཛྲ་ཀིངྐ་ར་སྐུ་མདོག་མཐིང་ནག་རྔམས་ཤིང་ཁྲོས་པའི་ཉམས་ཅན་ཞལ་གཅིག་ཕྱག་གཉིས་པ། གཡས་མཚོན་ཆའི་འཁོར་ལོ་སྐོར་ཞིང་དམིགས་པའི་མགོ་ལུས་འདྲལ་བ། གཡོན་ཐོད་པ་དགྲ་བོའི་སྙིང་ཁྲག་གིས་གང་བ་ཞལ་དུ་གསོལ་བ། མི་ལྤགས་ཀྱི་སྟོད་གཡོགས་དང་སྟག་ལྤགས་ཀྱི་སྨད་དཀྲིས་ཅན། སྦྲུལ་དང་ཐོད་པས་བརྒྱན་པ། གྲི་ཐོགས་གིང་ཆེན་བཅུ་གཉིས་སོགས་ལས་བྱེད་དྲེགས་པའི་ཚོགས་ཀྱིས་བསྐོར་བ། ལྷོའི་ལྕགས་མཁར་དུ་དགྲ་བགེགས་ཀྱི་གདན་ལ་ཡ་དམར་ནག་ལས། ཡཀྴ་ཛྭ་ལ་ས་མ་ཡ། གནོད་སྦྱིན་ཟངས་མདོག་དམར་ནག་ཁ་གདངས་ཤིང་རྐན་སྒྲ་རྡེབ་པ། སྡང་མིག་གིས་དགྲ་དཔུང་སྲེག་ཅིང་རལ་པ་དམར་པོ་སྤྲིན་ལྟར་གཏིབས་པ། གཡས་གསེར་གྱི་སྤུ་གྲི་འཕྱར་ཞིང་གཡོན་བསེ་མདུང་འཛིན་པ། ཡུམ་བསེ་གདོང་ཟངས་མགྲིན་ཅན་དམར་ནག་འཇའ་ཚོན་གྱི་གོས་ཅན་བྱད་ཐག་དང་ནད་རྐྱལ་ཐོགས་པ། བསེའི་གྱད་ཆེན་བཞི། བསེ་མོ་བཞི། མི་དམར་ཤན་པ་བཞི་བཅུ་རྩ་གཉིས་སོགས་ལས་བྱེད་དྲེགས་པའི་ཚོགས་ཀྱིས་བསྐོར་བ། ནུབ་ཀྱི་ལྕགས་མཁར་དུ་པད་ཉི་དགྲ་བགེགས་ཀྱི་གདན་ལ་ཛ་དམར་ནག་ལས། རཀྴ་ཛྭ་ལ་ས་མ་ཡ། གཟའ་བདུད་ཆེན་པོ་རཱ་ཧུ་ལ་སྐུ་མདོག་དུད་ཁ་སྲིན་པོའི་གཟུགས་ཅན་མགོ་བོ་དགུ་པ། ལུས་ཀུན་མིག་གིས་གང་ཞིང་གཏུམ་རྔམས་འཁྲུགས་པའི་ཉམས་ཅན། གཡས་གྲི་གུག་འཕྱར་བའི་རྩེ་ལས་སྐྱིན་ཐང་གི་འཁོར་ལོ་བསྐོར་ཞིང་གཡོན་ཐོད་ཁྲག་རྔུབ་ཅིང་ཆུ་སྲིན་གྱི་ཞགས་པ་འཕེན་པ། སྐུ་སྨད་སྦྲུལ་དུ་འཁྱིལ་ཞིང་། ཞིང་གི་གཡང་གཞི་དང་ཐོད་སྦྲུལ་གྱི་ཕྲེང་བ་སོགས་འཇིགས་པའི་ཆས་ཀྱིས་བརྒྱན་པ། སྲིང་མོ་གདོང་མོ་བཞི། གཟའ་ཆེན་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་སོགས་སྲིད་གསུམ་དྲེགས་པའི་ཚོགས་ཀྱིས་བསྐོར་བ། བྱང་གི་ལྕགས་མཁར་དུ་མ་མཐིང་ནག་ལས། ཙིཏྟ་ཛྭ་ལ་ས་མ་ཡ། འདོད་ཁམས་བདག་མོ་རེ་མ་ཏི་ནག་མོ་སྐེམ་ཞིང་རིད་ལ་གཏུམ་པའི་ཉམས་ཅན། ཞལ་གདངས་ཤིང་མཆེ་བ་གཙིགས་པའི་བར་དུ་མི་རོ་རངས་པོ་གསོལ་བ། དྲག་པོའི་རྐན་སྒྲ་རྡེབ་ཅིང་ཤངས་ནས་ནད་ཀྱི་ན་བུན་འཐུལ་བ། ལྟེ་བ་ནས་ཉི་མ་འཆར་ཞིང་། སྤྱི་བོར་ཟླ་བ་ཚེས་པ། ཐོད་སྐམ་གྱི་དབུ་རྒྱན་དང་ཐོད་རློན་གྱི་དོ་ཤལ་ཅན། སྙན་གཡས་ལ་སེང་གེ་དང་གཡོན་པ་སྦྲུལ་དང་དྲིལ་བུས་བརྒྱན་པ། གཡས་ཁྲམ་ཤིང་འཕྱར་ཞིང་། གཡོན་ནད་རྐྱལ་དགྲ་ལ་འགྱེད་པ། མི་ལྤགས་ཀྱི་སྟོད་གཡོགས་དང་རེ་ལྡེའི་སྨད་དཀྲིས་སྦྲུལ་གྱི་སྐ་རགས་ཅན་དྲེལ་རྟ་རྐང་གསུམ་སྲིན་པོའི་ཐོད་པའི་སྒ་དང་སྦྲུལ་གྱི་གོང་སྨེད་ཅན་ལ་བཅིབས་ནས་རཀྟའི་རྒྱ་མཚོར་རོལ་པ། ནད་ཀྱི་རྐྱལ་པ། ཚོན་གྱི་གྲུ་གུ །ཤོ་རྡེའུ་དཀར་ནག །བདུད་ཀྱི་ཁྲམ་བམ་སྟེ་སྤྲུལ་པའི་མཚོན་ཆ་ལྔ་འཆང་བ། ནག་མོ་འབུམ་སྡེའི་འཁོར་དང་བཅས་ཏེ་རླུང་ནག་འཚུབ་མའི་དབུས་ན་བཞུགས་པའོ། །དེའི་ཕྱི་རོལ་གྱི་བཙོན་ཁང་བཅུ་དྲུག་ལ་གཽ་རཱི་མ་སོགས་མ་མོ་ཆེན་མོ་བརྒྱད་དང་། སིཾ་ཧ་མ་སོགས་ཕྲ་མེན་མ་བརྒྱད། ཁྱམས་ཀྱི་ཁོར་ཡུག་ལ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད། གྲྭ་བཞིར་རྐམ་མ་སོགས་གྲུ་འདེགས་མ་བཞི། སྒོ་བཞིར་བརྩོན་མོ་སོགས་སྒོ་སྲུང་བཞི། གཞན་ཡང་སླས་དང་བྱི་མོ་བྲན་མོ་རུ་འདྲེན་གྱི་ཕོ་ཉ་སོགས་ཅི་བགྱིའི་བཀའ་ཉན་འཁོར་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། ཕྱིའི་འོབས་མཁར་རྣམས་ན་འབུ་དང་འབུ་ཆེན་སྦྲང་མ་དང་སྦྲང་རྒོད་བུང་བ་དང་དུག་སྦྲུལ། སྡོམ་དང་སྡིག་པ་ལ་སོགས་པས་དགྲ་བོའི་ཤ་རུས་གཡེང་ཞིང་རོལ་པ། ཀངྐ་རུ་རྩེ་འུག་པ་དང་། ཁྲ་རྒོད་ཁྭ་ཏ་སོགས་བྱ་ཤ་ཟན་མང་པོ་འཕུར་ཞིང་ལྡིང་བས་ནམ་མཁའ་གང་བ། ཅེ་སྤྱང་དང་སེང་གེ་སྟག་གཟིག་དོམ་དྲེད་འཕར་བ་ལ་སོགས་པ་གདུག་པའི་གཅན་གཟན་སྣ་ཚོགས་ངར་སྐད་དང་བཅས་པས་ཤ་ཟ་ཞིང་ལང་ལོང་དུ་འཕྱོ་བས་ས་གཞི་ཁྱབ་པ། གཞན་ཡང་སྤྲུལ་པ་དང་ཡང་སྤྲུལ་ཕོ་ཉ་ལས་བྱེད་སྡེ་བརྒྱད་དྲེགས་པའི་དམག་ཚོགས་བསམ་གྱིས་མི་ཁྱབ་པའི་ཚོགས་ཐམས་ཅད་ཀྱང་ཕྲིན་ལས་འདོད་དགུར་བསྒྱུར་ཞིང་སྒྲུབ་པ་པོའི་རེ་བ་སྐོང་བས་ནམ་མཁའ་བར་སྣང་ས་གཞི་ཐམས་ཅད་ཡོངས་སུ་གང་བར་བསམ་མོ། །གཙོ་བོ་ཞལ་གསུམ་ཕྱག་དྲུག་བསྒོམ་པར་འདོད་ན་རྒྱུད་ཀྱི་ལེའུ་བཅོ་ལྔ་པ་ལས་འབྱུང་བ་བཞིན་ཤེས་པར་བྱའོ། །ལྔ་པ་སྤྱན་འདྲེན་པ་ནི། གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་། མ་ལ་ཡ་གནམ་ལྕགས་འབར་བའི་རི་བོ། དུར་ཁྲོད་ཆེན་པོ་བརྒྱད་སོགས་རང་བཞིན་གྱི་གནས་ནས་དཔལ་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོ་འཁོར་དང་བཅས་པ་ཐམས་ཅད་མདུན་གྱི་ནམ་མཁར་སྤྲིན་ཕུང་གཏིབས་པ་བཞིན་བྱོན་པར་བསམ་ལ། ལག་པའི་འཁྲིག་མ་བསྣོལ་མཐེའུ་ཆུང་གཉིས་སྦྲེལ་མཛུབ་མོ་ལྕགས་ཀྱུ་ལྟར་བྱས་ལ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ། ཨོཾ་བྷུར་ཀུར་མ་ཧཱ་ཀཱ་ལ་ཡ་ས་མ་ཡ་ཧྲིང་ཧྲིང་ཨཾ་ཀུ་ཤ་ཛཿཛཿ ཞེས་བརྗོད་ཅིང་རྐང་གླིང་གིས་དྲངས་པའི་རོལ་མོ་དང་། ཧསྟའི་གཡབ་དར་སྦྱར་སྤོས་ཀྱི་དུད་སྤྲིན་དབྱངས་ཀྱི་འགྱུར་བ་དང་བཅས་པས། ཧཱུྃ། ལངྐ་ཡུལ་གྱི་གྲོང་བརྡལ་གྱི། །དབུས་ཀྱི་རི་བོ་མ་ལ་ཡ། །ཀོ་ཀ་ཐང་དམར་རྒྱ་མཚོའི་དོ། །དྲག་ཤུལ་ཡོད་པའི་རྩེ་མོ་ན། །དཔལ་ཆེན་རྡོ་རྗེ་སྲིན་པོ་ཡིས། །བདུད་ཀྱི་སྡེ་རྣམས་བཏུལ་ནས་ཀྱང་། །གསང་སྔགས་འཁོར་ལོ་བསྐོར་བའི་ཚེ། །མིང་གིས་དབང་བསྐུར་བྲན་དུ་ཁས་བླངས་པ། །རྡོ་རྗེ་རོ་ལངས་དུར་ཁྲོད་ཚོགས་ཀྱི་བདག །མགོན་པོ་ནག་པོ་ཆེན་པོ་དང་། །ཉེ་གནས་ཀྲོ་ཏཱི་ཤྭ་རཱི་མ། །ཡབ་ཡུམ་གཉིས་སུ་མེད་པའི་འཁོར། །ལངྐའི་བདག་པོ་ལ་སོགས་དང་། །སླས་དང་བྱི་མོ་བྲན་མོའི་ཚོགས། །འདུས་པ་ཆེན་པོའི་རྣལ་འབྱོར་པ། །ཕོ་མོ་འཁོར་དང་བཅས་པ་རྣམས། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་པ་ཏི་ས་པ་རི་ཝཱ་ར་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་སཏྭཾ། ཨཱ་ཀརྵ་ཡ་ཧཱུྃ་ཛཿ ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཛཿཛཿ ཞེས་པས་སྤྱན་དྲང་ངོ་། །སྐབས་འདིར་ཞལ་དུ་རྔུབ་པ་སོགས་ཁྱད་པར་གྱི་ཆོ་ག་བཤད་པ་ནི་བསྙེན་སྒྲུབ་ཐུན་མོང་མ་ཡིན་པའི་སྐབས་ཁོ་ནར་དགོངས་པའོ། །དྲུག་པ་བཞུགས་སུ་གསོལ་བ་ནི། ཧཱུྃ། རྡོ་རྗེ་བྲག་ཆེན་གཏམས་པ་དང་། །ཉི་ཟླ་པདྨ་རིན་ཆེན་ཁྲི། །བམ་ཆེན་བསྣོལ་བའི་གདན་སྟེང་དུ། །རབ་འཇིགས་དཔའ་བོ་འཁོར་བཅས་བཞུགས་སུ་གསོལ། །ཧཱུྃ། བཀའ་དང་བསྟན་པ་བསྲུང་བར་ཞལ་བཞེས་པའི། །བདུད་འདུལ་དབང་ཕྱུག་མ་ཧཱ་ཀཱ་ལའི་ཚོགས། །སྲིན་ཡུལ་ལངྐ་པུ་རི་ཡི། །གྲོང་ཁྱེར་གཏན་ནས་བརླག་མཛད་ཅིང་། །ལྷ་མ་ཡིན་གྱི་བུ་མོ་ནི། །གློག་སྤྲིན་འདུལ་བར་ཞལ་བཞེས་པའི། །ལྷ་ཆེན་མགོན་པོ་ནག་པོ་ཁྱོད། །སྤྱན་འདྲེན་འདིར་བྱོན་བརྟན་པར་བཞུགས། །རྡོ་རྗེ་སྲིན་པོའི་སྤྱན་སྔ་རུ། ཁས་བླངས་དམ་བཅས་མ་གཡེལ་བར། །གསང་བ་མཆོག་གི་དཀྱིལ་འཁོར་འདིར། །ཕྲིན་ལས་མཛད་ཕྱིར་བཞུགས་སུ་གསོལ། །ཨོཾ་བྷུར་ཀུར་མ་ཧཱ་ཀཱ་ལ་པདྨ་ཀྲོ་དྷཱི་ཤྭ་རཱི་ནག་མོ་ཏིང་ལཾ་ས་མ་ཡ་སཏྭཾ་ཏིཥྛ་བཛྲ། ཞེས་བཞུགས་སུ་གསོལ། བདུན་པ་དམ་ལ་བཞག་པ་ནི། དམ་ཚིག་གི་རྒྱ་བཅིངས་ཏེ་རྡོ་རྗེ་སྤྱི་བོར་བཞག །བདུད་རྩི་ལྗགས་ལ་བྱིན་པར་མོས་ལ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ། ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལེགས་ལྡན་ཚོགས་ཀྱི་བདག་པོ་ལྕམ་དྲལ་འཁོར་དང་བཅས་པ་རྣམས་ཀྱིས་ཀུན་བཟང་རྡོ་རྗེ་འཆང་ཆེན། རྒྱལ་ཚབ་སྟོན་པ་རིགས་ལྔ། གསང་བདག་ཕྱག་ན་རྡོ་རྗེ། སྐལ་ལྡན་རྒྱལ་པོ་ཛཿ སློབ་དཔོན་སྡྱི་ར་མ་ཏི། མདོ་མཁན་དྷརྨ་བོ་དྷི། བལ་བོ་བ་སུ་དྷ་ར། གནུབས་ཆེན་སངས་རྒྱས་ཡེ་ཤེས། གནུབས་ཡོན་ཏན་རྒྱ་མཚོ། ཉང་ཤེས་རབ་མཆོག །ཉང་ཡེ་ཤེས་འབྱུང་གནས། བདེ་གཤེགས་ཟུར་མེས་དབོན་གསུམ་ནས་ཉེ་བར་བཟུང་སྟེ་དྲིན་ཅན་རྩ་བའི་བླ་མའི་བར་དུ་བྱོན་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྟོངས་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབས། སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག །ཅེས་དམ་ཚིག་གི་གཉེར་གཏད་ཅིང་། སླར་ཡང་། ཧཱུྃ། སྔོན་ཚེ་དཔལ་ཆེན་ཁྲོ་བོའི་རྒྱལ། །བདུད་འདུལ་རྡོ་རྗེ་སྲིན་པོ་ཡིས། །དྲེགས་པ་བཅོམ་ནས་སྒྲིབ་པ་སྦྱངས། །དབང་བསྐུར་མིང་བཏགས་སྲོག་སྙིང་ཕུལ། །ཆོ་འབྲང་ཀུན་ལ་དམ་ཚིག་སྦྱིན། །བསྟན་པ་ཡོངས་སུ་བསྲུང་བར་བྱས། །ཕྱི་ཡི་མཚན་ནས་བོས་པའི་ཚེ། །དཔལ་མགོན་ལེགས་ལྡན་ནག་པོ་ཆེ། །ནང་གི་མཚན་ནས་བོས་པའི་ཚེ། །བདུད་འདུལ་དུར་ཁྲོད་སྒྲོལ་བའི་གིང་། །གསང་བའི་མཚན་ནས་བོས་པའི་ཚེ། །སྒྲོལ་བྱེད་རྡོ་རྗེ་དྲག་པོ་རྩལ། །མནའ་བོར་ཁས་བླངས་མ་གཡེལ་བར། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་མཛོད། །སྐུ་གསུང་ཐུགས་སུ་བདག་སྦྱར་བའི། །ཕོ་བྲང་དཀྱིལ་འཁོར་མངའ་བདག་འདིར། །དཔལ་མགོན་དྲེགས་པའི་ཚོགས་རྣམས་ཀུན། །རྟག་ཏུ་དམ་ཚིག་ཚུལ་བཞིན་གྱིས། །ཨོཾ་ཨཱཿཧཱུྃ། ཨོཾ་བཛྲ་ཨ་མྲྀཏ་ཡ་ཧི་སརྦ་ས་མ་ཡ་ཧཱུྃ་ཧྲཱིཿཋ། ས་མ་ཡ་ཧོཿ ས་མ་ཡ་སཏྭཾཾ། ཞེས་དམ་ཚིག་གསོས་བཏབ་ལ་བདུད་རྩི་འཐོར་ཞིང་བདག་གིས་ཀྱང་མྱང་ངོ་། །བརྒྱད་པ་ཕྱག་འཚལ་བ་ནི། ཧཱུྃ། ལྷ་མིན་དམག་ཚོགས་གཡུལ་བཟློག་ཅིང་། །ལྷ་དམག་དཀར་པོའི་དབུགས་འབྱིན་པའི། །ལེགས་ལྡན་ནག་པོ་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །བསོད་ནམས་གཟི་བརྗིད་འཕགས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཚོགས་ཆེན་རྫོགས་ལ་ཕྱག་འཚལ་ལོ། །སྤྱོད་པ་རླབས་ཆེན་འཕགས་ལ་ཕྱག་འཚལ་ལོ། །དྲག་ཤུལ་མཐུ་ཆེན་ལྡན་ལ་ཕྱག་འཚལ་ལོ། །ཕ་རོལ་ཕྱིན་བཅུ་མངའ་ལ་ཕྱག་འཚལ་ལོ། །སྒྲིབ་པ་རྣམ་གཉིས་དག་ལ་ཕྱག་འཚལ་ལོ། །བདག་མེད་གཉིས་རྟོགས་ཁྱོད་ལ་ཕྱག་འཚལ་ལོ། །སྟོན་པའི་ལུང་བསྟན་ཐོབ་ལ་ཕྱག་འཚལ་ལོ། །སྔོན་གྱི་རྒྱལ་བ་རྣམས་དང་དགོངས་པ་གཅིག །རིག་འཛིན་གྲུབ་ཐོབ་རྣམས་དང་བྱིན་རླབས་གཅིག །མ་མོ་མཁའ་འགྲོ་རྣམས་དང་དམ་ཚིག་གཅིག །ལྷ་སྲིན་སྡེ་བརྒྱད་རྣམས་དང་མཐུ་རྩལ་གཅིག །སྔོན་གྱི་དྲང་སྲོང་རྣམས་དང་སྨོན་ལམ་གཅིག །ཚོགས་བདག་ཁྱོད་ལ་ཕྱག་འཚལ་ལོ། །མགོན་པོ་ཁྱོད་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏི་ཙ་ཧོཿ ཞེས་ཕྱག་བྱའོ། །དགུ་པ་མཆོད་པ་འབུལ་བ་ལ་སྤྱི་དང་ཁྱད་པར་གཉིས་ལས་དང་པོ་ནི། སྟོང་གསུམ་འདིའམ་སྟོང་གསུམ་གཞན་དག་ན། །མེ་ཏོག་ཕྲེང་བ་ལ་སོགས་རིན་ཆེན་དབྱིག །ལ་དུ་ལ་ཕུག་ལ་སོགས་ཡིད་བཞིན་ཟས། །ཐང་སྐྱེས་ཆུ་སྐྱེས་ལ་སོགས་ལོངས་སྤྱོད་རྐྱེན། །འཆི་མེད་བདུད་རྩི་ལ་སོགས་དམ་ཚིག་ཆུ། །གུ་གུལ་ཚིལ་ཆེན་ལ་སོགས་བདུག་པའི་སྤྲིན། །ཞུན་ཆེན་མར་མེ་ལ་སོགས་སྣང་གསལ་མཆོག །བཤོས་གཙང་བཟའ་བཏུང་ལོངས་སྤྱོད་སྣ་ཚོགས་པས། །རིམ་གསུམ་མཆོད་པས་ཚོགས་བདག་མཉེས་གྱུར་ཅིག །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་པ་ཏི་ས་པ་རི་ཝཱ་ར་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པཱུ་ཛ་ཧོཿ བཛྲ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པཱུ་ཛ་ཨཱཿཧཱུྃ། ཞེས་མཆོད། །གཉིས་པ་ཁྱད་པར་གྱི་མཆོད་པ་ལ་བཞི་ལས་བདུད་རྩིས་མཆོད་པ་ནི། ཧཱུྃ། ལྕང་ལོ་ཅན་གྱི་མ་ཧཱ་བྷཉྫ་རུ། །བྱང་ཆུབ་སེམས་དང་མ་ཧཱ་རཀྟ་དང་། །དྲི་ཆེན་དྲི་ཆུ་ཤ་ཆེན་རྣམ་པ་ལྔ། །གཉིས་མེད་སྦྱར་བའི་པཉྩ་ཨ་མྲྀཏ། །ནག་པོ་ཆེན་པོ་འཁོར་དང་བཅས་ལ་འབུལ། །མཆོད་བཞེས་དམ་སྐོངས་དབང་དང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། ཞེས་དང་། གཞན་ཡང་། ལུང་དང་མན་ངག་ཤེས་རྒྱུད་གབ་སྦས་པའི། །ངེས་པའི་ལུང་སྟོན་དུས་གསུམ་བླ་མ་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཚོགས་རྗེ་ཚོགས་བདག་དཔལ་ལྡན་ཧེ་རུ་ཀ །འབར་བའི་རྒྱལ་པོ་ཁྲག་འཐུང་ལྷ་ཚོགས་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། རྣལ་འབྱོར་བསྟན་པ་བསྲུང་བར་ཞལ་བཞེས་པའི། །དཔལ་ལྡན་མགོན་པོ་ཡབ་ཡུམ་འཁོར་བཅས་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། གིང་དང་གནོད་སྦྱིན་སྲིན་པོ་མ་མོ་དང་། །བཀའ་སྡོད་ལས་བྱེད་དྲེགས་པའི་ཚོགས་རྣམས་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཞེས་མཐེབ་སྲིན་ཉི་ཟླའི་གའུས་ལྷ་སོ་སོར་རྐང་འཐོན་དུ་འབུལ་ལོ། །རཀྟའི་མཆོད་པ་ནི། ཧཱུྃ། མ་ཧཱ་རཀྟ་དགྲ་བགེགས་བསྒྲལ་པའི་ཁྲག །མཱུ་ལ་རཀྟ་རང་བྱུང་པདྨའི་ཁྲག །ཆུ་དང་མ་འདྲེས་དྭངས་མའི་ཁྲག་གི་མཚོ། །ཞིང་ཆེན་ཞིང་ཆུང་རྦ་ཀློང་འཁྲུགས་པ་འདི། །ནག་པོ་ཆེན་པོ་འཁོར་དང་བཅས་ལ་འབུལ། །མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། གཏོར་མའི་མཆོད་པ་ནི། ཧཱུྃ། སྣོད་ཀྱི་འཇིག་རྟེན་ཡངས་པའི་གཏོར་གཞོང་དུ། །བཅུད་ཀྱི་སེམས་ཅན་ཐམས་ཅད་གཏོར་མར་སྦྱར། །ལྕགས་ཀྱུ་ལྔ་དང་སྒྲོན་མའི་དམ་ཚིག་རྫས། །རིས་སུ་མ་ཆད་བཟའ་བཏུང་ལོངས་སྤྱོད་ཚོགས། །ལེགས་ལྡན་ནག་པོ་འཁོར་དང་བཅས་ལ་འབུལ། །དམ་ཚིག་བཞིན་དུ་བཞེས་ནས་ཕྲིན་ལས་མཛོད། །མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཞེས་དང་། ཁྱད་པར་དུ་མགོན་པོ་ཡབ་ཡུམ་འཁོར་བཅས་ཀྱི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གཏོར་མའི་བདུད་རྩིའི་བཅུད་དྲངས་ཤིང་གསོལ་བས་ཚིམས་ཤིང་དགྱེས་པར་བསམ་ལ། གཙོ་འཁོར་སོ་སོའི་སྔགས་ཀྱི་མཐར་ཨི་དཾ་བ་ལིཾ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི་བྷུཉྫ་ཧོ་རཀྟ་པི་པ་ཏོ་ས་མ་ཡ་སྭཱ་ཧཱ། ཞེས་ལན་བདུན་གྱིས་ཕུལ་བའི་མཐར། དཔལ་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ། དུག་གསུམ་ནད་ཀྱི་སྨན་པ། རྣལ་འབྱོར་ཡོངས་ཀྱི་དགྲ་བླ། བདུད་དཔུང་སྒྲོལ་བའི་དཔའ་བོ། བསྟན་པའི་བཀའ་སྲུང་ཆེན་པོ་ལེགས་ལྡན་ཚོགས་ཀྱི་བདག་པོ། ཡུམ་ཆེན་ཀྲོ་དྷཱི་ཤྭ་རཱི། ཁྲོ་བོ་བཛྲ་ཀིངྐ་ར། གནོད་སྦྱིན་ཟངས་མདོག་རྒྱལ་པོ། སྲིན་པོ་བཟའ་བདུད་ཆེན་པོ། མ་མོ་འདོད་ཁམས་བདག་མོ། བཀའ་སྡོད་མ་མོ་མཁའ་འགྲོ། ཕོ་ཉ་ལས་བྱེད་ཤ་ཟ་བཤན་པ་སོགས་འདུས་པ་ཆེན་པོའི་རྣལ་འབྱོར་ཕོ་མོ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས་སོགས་ཀྱིས་གཏོར་མ་ཕུལ་ཞིང་ཕྲིན་ལས་བཅོལ། ཁྱད་པར་གྱི་མཆོད་པ་ནི། གཏོར་མ་ལ་རཀྟ་བྲན་ཏེ། རང་གི་ཐུགས་ཀ་ནས་ཚ་ཞིང་རྩུབ་པའི་འོད་ཟེར་འཕྲོས་པས་མགོན་པོ་འཁོར་བཅས་ཀྱི་རྒྱུད་བསྐུལ། སྤྲུལ་པའི་ཕོ་ཉ་རྣམས་ཀྱིས་ཞིང་བཅུར་གྱུར་པའི་དགྲ་བགེགས་ཐམས་ཅད་གཏོར་མ་ལ་བསྟིམས་པར་བསམ་ལ་བདེན་སྟོབས་བརྗོད་དེ་དགུག་བསྟིམ་བྱ། ཨོཾ་ཨཱཿཧཱུྃ་གིས་ཤ་ཁྲག་འདོད་ཡོན་བདུད་རྩིའི་རང་བཞིན་དུ་སྤེལ་ལ། ཧཱུྃ། རྣལ་འབྱོར་ཀུན་གྱི་དཔལ་མགོན་མཆོག །མ་ཧཱ་ཀཱ་ལ་མཐུ་རྩལ་ཅན། །དཀའ་ཐུབ་ནག་པོ་ཚུར་གསོན་ཅིག །ལེགས་ལྡན་ནག་པོ་མ་རུངས་པ། །ཤ་ཁྲག་དམར་གྱི་མཆོད་པ་བཞེས། །རང་གི་རྒྱལ་སྲིད་ལ་གནས་ཏེ། །གཞན་གྱི་སྡེ་རྣམས་ཕམ་མཛད་པ། ཁྲམ་ལ་བཏབ་པའི་དགྲ་བགེགས་རྣམས། །རོལ་ཅིག་དགོངས་ཤིག་དམ་ཚིག་གཙོ། ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །བསེ་བྱང་ཁྲམ་ལ་བཏབ་པ་ཡི། །མ་དང་སྲིང་མོ་ཆུང་མ་ལ། །དཔའ་བོ་ཁྱོད་ཀྱིས་རོལ་བར་མཛོད། །དམ་ཚིག་ཆེན་པོས་མ་གཏང་ཞིག །ཞེ་སྡང་ཅན་གྱི་བདག་པོ་རྣམས། །སེམས་ཅན་ཀུན་གྱི་སྲོག་འཕྲོག་པ། །དགྲ་བོ་ཉམས་པ་སྲོག་དང་ཕྲོལ། །ཤ་དང་ཁྲག་ལ་ལོངས་སྤྱོད་གྱིས། །གནོད་སྦྱིན་ཆེན་པོ་མ་རུངས་རྣམས། །བསེ་བྱང་ཁྲམ་ལ་བཏབ་པ་ཡི། །གསེར་དངུལ་དབྱིག་ནོར་ཀུན་ལོངས་ལ། །རང་གི་འདོད་པའི་ལོངས་སྤྱོད་གྱིས། །སྒྲུབ་པའི་རྣལ་འབྱོར་བདག་ཉིད་ལ། །ཡིད་བཞིན་ནོར་བུའི་དངོས་གྲུབ་སྩོལ། །རིགས་ངན་རྨེ་ཤ་ཅན་གྱི་ཚོགས། །བ་ལང་ཁྱི་ཤ་རྟ་ཤ་དང་། །མི་ཤ་གླང་ཆེན་ཤ་སོགས་བཞེས། །སྲིང་མོ་ཁྲག་འཐུང་མ་མོ་རྣམས། །བསད་པའི་ཁྲག་ནི་དྲོན་མོ་དག །བཞེས་ཤིག་དགྲ་བོའི་ཁྲག་ལ་ཐུངས། །སྤྲུལ་པའི་ཕྲ་མེན་མ་མོ་རྣམས། །ཐོད་རུས་རྐང་དང་འབྲུ་མར་དང་། །རྫུ་འཕྲུལ་གྲུབ་པའི་དམ་རྫས་བཞེས། །རིགས་ངན་གདུག་པའི་བུ་མོ་རྣམས། །ཤ་ཆེན་བཤང་གཅི་ཁུ་བ་ཁྲག །དམ་རྫས་འབར་བ་འདི་བཞེས་ལ། །བདག་གི་ནད་རྣམས་ཟློག་ཏུ་གསོལ། །དམིགས་པའི་དགྲ་ལ་རིམས་ནད་ཐོངས། །སྲིད་པའི་བུད་མེད་མ་རུངས་རྣམས། །བྲོ་གར་གླུ་ཚིག་མཆོད་པ་བཞེས། །དམིགས་བྱ་འཇོ་ཚུལ་སྟབས་ཀྱིས་ཕྲོགས། །ཤོར་བ་གཞོན་ནུ་བདུད་མོའི་ཚོགས། །རྣལ་འབྱོར་ཆེན་པོའི་བཀའ་བྱུང་གིས། །སྔགས་སྒྲ་དྲག་པོའི་མཆོད་པ་བཞེས། །དགྲ་བོའི་ཕུང་པོ་རྡུལ་དུ་རློགས། །ལོག་སྲེད་ཅན་གྱི་ཚོགས་རྣམས་ཉོན། །ཡང་དག་ཉིད་དུ་ཀུན་རིག་ན། །ཆེ་ཆུང་ལས་གཉིས་གང་བྱས་ཀྱང་། །གཉིས་ཀའི་དབང་དུ་མི་འགྱུར་གྱིས། །རྣལ་འབྱོར་ང་ཡི་ལས་འདི་སྒྲུབས། །གསང་ཚིག་སྟོན་པའི་ཚོགས་རྣམས་ཉོན། །བཤང་གཅི་ཁྲག་དང་སོལ་ཁུ་ཡིས། །བརྒྱ་འམ་སྟོང་དུ་བགོས་ནས་ནི། །ལིངྒ་བཅས་ན་སངས་རྒྱས་འཇིག །དམ་རྫས་མཆོད་པ་བཞེས་སུ་གསོལ། །བཅོལ་པའི་ལས་རྣམས་འགྲུབ་པར་མཛོད། །ཧཱུྃ། མངའ་བདག་ཆེན་པོ་མ་རུངས་པ། །རྡོ་རྗེ་སེམས་དཔའི་སྤྲུལ་པ་སྟེ། ཁྲོ་བོའི་རྒྱལ་པོ་གིང་ཆེན་པོ། །མངའ་བདག་བདུད་ཀྱི་རྒྱལ་པོ་བཞེངས། །བསྟོད་ཅིང་མཐུན་པའི་རྫས་འདི་འབུལ། །སྔོན་གྱི་བསྐལ་པ་དང་པོ་ལ། ཁས་བླངས་དམ་བཅས་མནའ་བོར་བའི། །དམ་བཅའ་ཐ་ཚིག་མ་འདའ་ཞིག །སྔོན་དུ་རིག་འཛིན་གོང་མས་བསྒྲུབས། །ད་ལྟ་རྣལ་འབྱོར་བདག་སྒྲུབ་ཀྱིས། །སོ་སོའི་མོས་པ་ཐ་དད་པའི། །དམ་རྫས་མཆོད་པ་འདི་བཞེས་ལ། །ཇི་ལྟར་བཅོལ་པའི་ཕྲིན་ལས་མཛོད། །ཅེས་གཙོ་འཁོར་ཐམས་ཅད་ཀྱི་སྔགས་མཐར། མ་ཧཱ་མཱཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་ཨ་མྲྀཏ་ཁཱ་ཧི། ཨི་དཾ་དྷཱུ་པེ། པུཥྤེ། གནྡྷེ། ནཻ་ཝིདྱ་བ་ལིཾ་ཏ་པི་པ་ཏོ་ཧོཿ ཞེས་རྐང་འཐོན་དུ་མཆོད་པར་བྱའོ། །བཅུ་པ་བསྟོད་པ་བྱ་བ་ནི། ཧཱུྃ། ལྷ་ཡི་སྡེ་དཔོན་ཚོགས་ཀྱི་བདག །ལེགས་ལྡན་ནག་པོ་ཆེན་པོ་ནི། །དུར་ཁྲོད་བདག་པོ་སྒྲོལ་བའི་གིང་། ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་བསྟོད། །ཧཱུྃ། དུར་ཁྲོད་ཆེན་པོ་རབ་འཇིགས་པའི། །སྲིན་ཡུལ་པུ་རི་ནག་པོའི་དཀྱིལ། །ལངྐའི་ཡུལ་གྱི་གྲོང་བརྡལ་ན། །ཀོ་ཀ་ཐང་དམར་རྒྱ་མཚོའི་དོ། །དབུས་ཀྱི་རི་བོ་མ་ལ་ཡ། །དྲག་ཤུལ་བྱན་ལག་ལྗོངས་ཀྱི་རི། །གནམ་ལྕགས་ཡོད་པའི་རྩེ་མོ་ནི། །ཆོས་འཛིན་རིགས་ཀྱི་སྒྲུབ་གནས་ཏེ། །རྡོ་རྗེ་ཐབས་ཀྱི་ལྟ་བའི་ཡུལ། །དུག་ཤིང་ནགས་ཚལ་སྟུག་པོའི་ཚལ། །གནམ་ལྕགས་ཨུརྨོ་ཆར་བཞིན་འབབ། །གསུར་ཆེན་དུད་པ་སྤྲིན་ལྟར་གཏིབས། །རྣག་ཁྲག་ཆུ་སེར་མཚོ་རུ་བསྐྱིལ། །ཤ་རུས་ཕུང་པོ་རི་ལྟར་སྤུངས། །ཅེ་སྤྱང་ལིངས་སུ་རུབ་ཅིང་འདྲལ། །བྱ་གཅན་མང་པོ་འཕུར་ཞིང་ལྡིང་། །དུར་ཁྲོད་མཁའ་འགྲོ་འདུ་བའི་ཡུལ། །རབ་ཏུ་འཇིགས་པའི་གནས་མཆོག་ན། །དྲག་པོའི་སྐུ་མཁར་ལྡེམས་སེ་ལྡེམ། །ཤར་ཕྱོགས་བམ་རིལ་སྟག་ཐོད་མཁར། །སྟག་ཐོད་འཛུམ་མདངས་མུ་ལུ་ལུ། །ལྷོ་ཕྱོགས་བམ་རིལ་མི་ཐོད་བརྩིགས། །མི་ཐོད་སྤྱུགས་པ་ཙེ་རེ་རེ། །ནུབ་ཕྱོགས་བམ་རིལ་རྟ་ཐོད་བརྩིགས། །རྟ་ཐོད་འཚེར་སྒྲ་ལྷངས་སེ་ལྷང་། །བྱང་ཕྱོགས་བམ་རིལ་བྱ་ཐོད་བརྩིགས། །བྱ་ཐོད་ཚེག་སྒྲ་དི་རི་རི། །སྲིན་པོའི་ཐོད་པའི་ཁ་བད་ཅན། །ལས་ཀྱི་འོད་ཟེར་དབལ་ཐོག་འཕྲོ། །ངོས་ལ་ང་རྒྱལ་གློག་དམར་འཁྱུག །རྩེ་ལ་དུར་བྱ་ནག་པོ་ལྡིང་། །རུ་མཚོན་ནག་པོ་པུ་རུ་རུ། །གནམ་ལྕགས་འབར་བའི་སྒོ་མོ་གསལ། །འཇིགས་པའི་སྐུ་མཁར་ནང་ཤེད་ན། །རྟ་རོ་མང་པོ་གཅལ་དུ་བཀྲམ། །མི་རོ་མང་པོ་ཁྲི་རུ་བརྩིགས། །མི་རོ་རྟ་རོའི་གདན་སྟེང་ན། །ཧཱུྃ། མངའ་བདག་བདུད་ཀྱི་རྒྱལ་པོ་བཞུགས། །གསང་བདག་ཕྱག་ན་རྡོ་རྗེ་ཡིས། །ཕྲིན་ལས་དྲག་པོའི་དབང་བསྐུར་བས། ཁྱད་པར་མཆོག་གི་སྐུ་བྱུང་བ། །ཚོགས་ཀྱི་བདག་པོ་མཐུ་བོ་ཆེ། །ཚོགས་བདག་མགོན་པོར་བཏགས་པ་ནི། །དྲེགས་པའི་གཙོ་བོ་མཛད་པའི་རྟགས། །བར་སྣང་ཁམས་ན་བཞུགས་པ་ནི། །རྡོ་རྗེ་གཤོག་པའི་སྟོབས་ལྡན་རྟགས། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །ལག་ཏུ་རྡོ་རྗེ་གཏད་པ་ནི། །སྔོན་བྱུང་དགེ་སློང་ཐུབ་དཀའ་དང་། །ཐུགས་རྗེའི་ཐབས་ཀྱིས་འབྲེལ་བའི་རྟགས། །མ་ཧཱ་ཀཱ་ལར་བཏགས་པ་ནི། ཁས་བླངས་དོན་ལས་མི་འགྱུར་རྟགས། །ལེགས་ལྡན་ནག་པོར་བཏགས་པ་ནི། །རྣལ་འབྱོར་ཕོ་ཉ་མཛད་པའི་རྟགས། །མངགས་བྱེད་ཆེན་པོར་བཏགས་པ་ནི། །བཅོལ་བའི་ལས་རྣམས་མཛད་པའི་རྟགས། །ལངྐའི་ཡུལ་ན་བཞུགས་པ་ནི། །ལྷ་སྲིན་བྲན་དུ་འཁོལ་བའི་རྟགས། །མ་ལ་ཡ་རུ་བཞུགས་པ་ནི། །དྲག་ཤུལ་སྟོབས་དང་ལྡན་པའི་རྟགས། །ཐང་དམར་རྒྱ་མཚོར་བཞུགས་པ་ནི། །ཀླུ་རྣམས་དབང་དུ་སྡུད་པའི་རྟགས། །བསྙེན་པའི་ཚུལ་གྱིས་བཀའ་སྡོད་པ། །གང་གསོལ་ལས་རྣམས་གཡེལ་མེད་རྟགས། །རྡོ་རྗེའི་བྲག་ལ་བཞུགས་པ་ནི། །འཁོར་བའི་སྐྱོན་གྱིས་མ་གོས་རྟགས། །མི་རོའི་གདན་ལ་བཞུགས་པ་ནི། །མ་ཚོགས་དབང་དུ་སྡུད་པའི་རྟགས། །མཐིང་ནག་བེར་ཆེན་གསོལ་བ་ནི། །རྣལ་འབྱོར་བུ་བཞིན་སྐྱོང་བའི་རྟགས། །རྡོ་རྗེའི་ཕྲེང་བས་བརྒྱན་པ་ནི། །ལས་བྱེད་རྡོ་རྗེར་དབང་བསྐུར་རྟགས། །ཙན་དན་དབྱུག་པ་བསྣམས་པ་ནི། ཁམས་གསུམ་རྡུལ་དུ་རློག་པའི་རྟགས། །མཚོན་ཆ་གྲི་གུག་བསྣམས་པ་ནི། །སྡང་བྱེད་དགྲ་སྲོག་གཅོད་པའི་རྟགས། །ཐོད་རློན་དམར་ཆེན་བསྣམས་པ་ནི། །དམ་ཉམས་སྙིང་ཁྲག་འཐུང་བའི་རྟགས། །མཐིང་ནག་ཁྲོ་གཏུམ་རྔམ་པ་ནི། །མངོན་སྤྱོད་དྲག་པོའི་ལས་མཛད་རྟགས། །སྦྱོར་ཡུམ་སྐུ་ལ་འཁྲིལ་བ་ནི། །ཐབས་ཤེས་ཟུང་འཇུག་བརྙེས་པའི་རྟགས། །ཞབས་ལ་སྟག་མོ་འཁྱུགས་པ་ནི། །གནོད་སྦྱིན་ལས་ལ་འགྱེད་པའི་རྟགས། །རྩིབ་ལོགས་འཕར་དྲེད་འཁྱུགས་པ་ནི། །ཟ་བྱེད་ཕོ་ཉར་འགྱེད་པའི་རྟགས། །སྟ་ཟུར་སེང་ཆེན་རྔམས་པ་ནི། །གིང་ཚོགས་ཕོ་ཉར་འགྱེད་པའི་རྟགས། །དབུ་ལ་ཁྱུང་གིས་བརྒྱན་པ་ནི། །གཟའ་གདོང་ཕོ་ཉར་འགྱེད་པའི་རྟགས། །གདུག་པའི་རྒྱན་རྣམས་ལྡན་པ་ནི། །རྫུ་འཕྲུལ་དཔག་ཡས་ངོ་མཚར་རྟགས། །བདུད་འདུལ་དབང་ཕྱུག་ནག་པོ་ཆེ། །དམ་ཚིག་ཅན་ལ་བདག་བསྟོད་དོ། །རྩེ་གཅིག་སྒྲུབ་པའི་གྲོགས་མཛོད་ལ། །ཕ་ལྟར་སྐྱོབ་ཅིང་བུ་ལྟར་འགྲོགས། །མ་ལྟར་བྱམས་ཤིང་སྲིང་ལྟར་གདུངས། །མ་གཡེལ་བཅོལ་པའི་ལས་མཛད་ཕྱིར། །མི་མངོན་དབྱིངས་ནས་སྐུ་བཞེངས་ལ། །གདུག་པའི་དགྲ་བགེགས་བསྒྲལ་བ་དང་། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །བྷྱོ། གཡོན་གྱི་ཕྱོགས་ནས་སྐུ་བྱུང་བ། །ཉེ་གནས་ཀྲོ་དྷི་ཤྭ་རཱི་མ། །གཏུམ་པའི་སྲིན་མོ་འཇིགས་ཚུལ་ཅན། །ཞལ་གཅིག་ཕྱག་གཉིས་ཐལ་བའི་མདོག །ཁྲག་རལ་དམར་པོ་མུན་ལྟར་གཏིབས། །རལ་པའི་གསེབ་ནས་མེ་སྟག་འཕྲོ། །སྐུ་སྟོད་ཞིང་ཆེན་གཡང་གཞི་གསོལ། །ཉི་ཟླ་གཟའ་སྐར་འཇའ་ཚོན་འཁྲུགས། །སྐུ་སྨད་སྟག་ལྤགས་རེ་ལྡེ་ལ། །སྦྲུལ་ནག་ཆུ་སྲིན་ཐོད་པས་བརྒྱན། །གཡས་པ་སྦྲུལ་ཞགས་ཡབ་ལ་འཁྱུད། །གཡོན་པ་ཐོད་སྐྱོགས་ཁྲག་གིས་བཀང་། །རུས་བཅུད་རྐང་མར་ཀླད་པ་ལ། །འབྲུ་མར་ཆང་དང་སྦྱར་བ་དག །རྟག་པར་རང་གིས་ལོངས་སྤྱོད་ཅིང་། །ཡབ་ལ་སྟོབ་ཅིང་དགྲ་ལ་འཕེན། །འཇིགས་པའི་མ་མོ་ཁྱོད་ལ་བསྟོད། །སྔོན་གྱི་དམ་བཅའ་མ་གཡེལ་བར། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཧཱུྃ། ཤར་ཕྱོགས་ཐོད་མཁར་འཇིགས་པ་ན། ཁྲོ་བོའི་རྒྱལ་པོ་ཀིང་ཀ་ར། །སྐུ་མདོག་མཐིང་ནག་འཇིགས་ཚུལ་ཅན། །ཕྱག་གཡས་མཚོན་ཆའི་འཁོར་ལོ་བསྐོར། །གཡོན་པ་ཐོད་རློན་སྙིང་ཁྲག་འཐུང་། །གྲི་ཐོགས་གིང་ཆེན་འཁོར་གྱིས་བསྐོར། །གསང་བའི་བདག་པོས་དབང་བསྐུར་ནས། །རྡོ་རྗེ་ཆོས་ཞེས་མིང་བཏགས་པ། །མཐུ་སྟོབས་རྩལ་ལྡན་ཁྱོད་ལ་བསྟོད། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཧཱུྃ། ལྷོ་ཕྱོགས་བསེ་སྡོང་ལྕགས་མཁར་ན། །ཡབ་གཅིག་གནོད་སྦྱིན་ཟངས་མདོག་ནི། །སྐུ་མདོག་དམར་ནག་བརྗིད་པ་ལ། །དབུ་ལ་རྒྱ་མདུད་འཁོར་ལོ་བརྩེགས། །རལ་པ་དམར་པོ་སྤྲིན་ལྟར་གཏིབས། །སྤྱན་དམར་དམ་ཉམས་དགྲ་ལ་ལྡོག །འཇིགས་པའི་ཞལ་ནི་བསྒྲད་པ་ལ། །མཆེ་བ་གནམ་ལྕགས་དགུ་ཁྲིས་གཏམས། །སྐུ་ལ་ཤུན་གྱི་གཡང་གཞི་གསོལ། །གཡས་པ་གསེར་གྱི་རལ་གྲི་འཕྱར། །གཡོན་པ་བསེ་མདུང་དམར་པོ་བསྣམས། །བ་དན་དམར་པོ་གློག་ལྟར་འཁྱུག །འཇིགས་སུ་རུང་དང་དཔའ་བྱད་ཅན། །ཡུམ་ཆེན་བསེ་གདོང་ཟངས་མགྲིན་ཅན། །བཀའ་ཉན་གྱད་ཆེན་ལྷ་སྲིན་བརྒྱད། །བསེ་མོ་གིང་ཆེན་ལས་ལ་འགྱེད། །གཏུམ་ཆེན་དྲེགས་པའི་ཚོགས་ལ་བསྟོད། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཧཱུྃ། ནུབ་ཕྱོགས་དྲག་པོའི་ལྕགས་མཁར་ན། ཁྱབ་འཇུག་ཆེན་པོ་ཀུན་ཏུ་རྒྱུ། །འཇིགས་བྱེད་ཆེན་པོ་རཱ་ཧུ་ལ། །ལུས་པོ་གཅིག་ལ་མགོ་བོ་དགུ །མགོ་ལུས་མེད་པར་མིག་གིས་གང་། །རོ་སྟོད་སྲིན་པོ་རོ་སྨད་སྦྲུལ། །འཇིགས་པའི་སྐུ་མདོག་དུད་ཀ་ལ། །གཡས་པ་གྲི་གུག་དགྲ་སྲོག་གཅོད། །གཡོན་གྱི་ཞགས་པས་བླ་སྲོག་འཆིང་། །ཉི་མ་ཟླ་བ་ལྟོ་རུ་ཟ། །ཉི་མའི་རྗེས་གཅོད་ཤར་དུ་རྒྱུ། །ཟླ་བའི་རྗེས་གཅོད་ནུབ་ཏུ་རྒྱུ། །ཉིན་མོ་རྒྱུ་བས་བླ་སྲོག་སྡུད། །མཚན་མོ་རྒྱུ་ཞིང་སྲོག་དབུགས་གཅོད། །གཟའ་གདོང་སྲིན་པོའི་དམག་ཚོགས་འགྱེད། །དམག་དཔོན་ཆེན་པོ་ཁྱོད་ལ་བསྟོད། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །བྷྱོ། བྱང་ཕྱོགས་ཁྲག་མཚོ་མེར་བའི་ནང་། །དུག་རླངས་འཁྱིལ་བའི་བསེ་མཁར་ན། །མ་གཅིག་གཉན་གྱི་རེ་མ་ཏི། །སྐུ་མདོག་མཐིང་ནག་འཇིགས་པ་ལ། ཁྲག་གི་རལ་པ་མུན་ལྟར་གཏིབས། །སྤྱི་བོའི་གཙུག་ན་ཟླ་བས་བརྒྱན། །ལྟོ་བའི་དབུས་ནས་ཉི་མ་འཆར། །སྲིད་པའི་བླ་རྐུན་ཚེ་སྲོག་འཕྲོག །སྙན་ཆ་སེང་སྦྲུལ་དྲིལ་བུས་བརྒྱན། །ཐམས་ཅད་ཟིལ་གནོན་གདུག་པ་འདུལ། །སྐུ་སྟོད་ཞིང་གི་གཡང་གཞི་ལ། །རུས་ཕྲེང་ཁྲག་དང་ཞག་གིས་བརྒྱན། །སྐུ་སྨད་རེ་ལྡེའི་ཤམ་ཐབས་ལ། །སྦྲུལ་དང་ཐོད་རློན་དྲིལ་བུས་བརྒྱན། །ཆིབས་སུ་དྲེལ་རྟ་རྐང་གསུམ་འཆིབ། །གཡས་ན་གཤིན་རྗེའི་ཁྲམ་བམ་འཕྱར། །གཡོན་ན་ནད་ཀྱི་རྐྱལ་པ་བསྣམས། །བཙན་གྱི་ཤོ་རྡེལ་ཕྱོགས་བཅུར་འཕེན། །ནད་ཀྱི་རྐྱལ་པ་དགྲ་ལ་རྡེབ། །མ་ཚོགས་འབུམ་སྡེའི་འཁོར་གྱིས་བསྐོར། །འདོད་ཁམས་བདག་མོ་ཁྱོད་ལ་བསྟོད། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །གཞན་ཡང་མགོན་པོའི་བཀའ་འཁོར་ན། །བློན་པོ་དམག་དཔོན་སྡེ་དཔོན་དང་། །རུ་འདྲེན་ཕོ་ཉ་མངག་པར་བཅས། །ཅི་བགྱི་བཀའ་ཉན་ཕོ་ཉའི་ཚོགས། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས། །དམ་རྫས་མཆོད་པ་འདི་བཞེས་ལ། །བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་སོགས་ཀྱིས་རྒྱ་ཆེར་བསྟོད་ཅིང་། དེ་ཙམ་མི་ནུས་ན། ཧཱུྃ། རྣམ་དག་དབྱིངས་ལས་མ་གཡོས་ཀྱང་། །ཐུགས་རྗེས་ཁྲོས་པའི་སྐུར་བསྟན་ནས། །བདུད་དཔུང་འཇོམས་པའི་ལས་མཛད་པ། །ལེགས་ལྡན་མགོན་ལ་ཕྱག་འཚལ་བསྟོད། །བསྐལ་པའི་མེ་ལྟར་འབར་བ་ཡི། །དུར་ཁྲོད་ཆེན་པོའི་ཀློང་དཀྱིལ་ན། །མི་མཐུན་ཕྱོགས་སུ་གྱུར་པ་ཀུན། །སྒྲོལ་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བསྟན་པ་ཕྱོགས་བཅུར་སྐྱོང་མཛད་ཅིང་། །གནོད་བྱེད་ཐམས་ཅད་ཕམ་མཛད་པ། །མཐུ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་པ་ཙམ་གྱིས་བསྟོད་པའི་མཐར་འཁོར་བསྟོད་རྒྱས་བསྡུས་ཅི་རིགས་པ་སྦྱར་བར་བྱའོ། །བཅུ་གཅིག་པ་བཟླས་པ་བྱ་བ་ནི། མགོན་པོའི་ཐུགས་ཀར་དྭངས་མའི་སྲོག་ཡིག་ཧཱུྃ་མཐིང་ནག་གི་མཐའ་སྐོར་དུ་བཟླ་བྱའི་སྔགས་ཀྱི་ཕྲེང་བ་མེ་སྟག་གི་ཚྭ་ཚྭ་འཕྲོ་བས་གཡས་སུ་བསྐོར་བར་གྱུར། བདག་དཔལ་ཆེན་པོར་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་སྣ་ཚོགས་ལྕགས་ཀྱུའི་རྣམ་པ་ཅན་འཕྲོས། མགོན་པོའི་ཐུགས་ཀའི་ཧཱུྃ་ཡིག་ནས་བཟུང་བས་རང་དབང་མེད་པར་དབང་དུ་བསྡུས་པས་ཅི་བགྱིའི་བཀའ་ནོད་ཅིང་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་པར་བསམ་ཞིང་། བཟླ་བྱའི་སྔགས་ནི། ཨོཾ་བྷུརྐུར་མ་ཧཱ་པདྨ་དྷེ་བུར་ཙི་བུར་བྱི་གེ་བྱེ་མ་ན་སེ་ཨེ་ཧོ་ཤོ་མོ་ཀྲོ་དྷ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་བསྙེན་སྔགས་སོ། །ཨོཾ་བྷུ་རུ་ཀུརྨ་ཨ་པྲརྞ་བུད་ཙི་ཀེ་བི་མ་ན་སེ་ཁ་ཤོ་མོག་ཀྲོ་དྷ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་ཉེ་བའི་སྙིང་པོའོ། །ཨོཾ་བྷུ་རུ་ཀུ་རུ་ཨི་ཙི་ཀི་བྱི་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ། ཅེས་སྒྲུབ་པའི་གསང་སྔགས་སོ། །ཨོཾ་བྷུར་ཀུརྟི་ཕཊ། ཅེས་སྒྲུབ་པ་ཆེན་པོའི་སྔགས་སོ། །འཁོར་སྔགས་བཟླ་བ་ནི། བདག་གི་ཐུགས་ཀའི་འོད་ཀྱིས་མགོན་པོའི་ཐུགས་རྒྱུད་བསྐུལ་བས། དེའི་ཐུགས་ཀ་ནས་འོད་ཟེར་མེའི་ཕྲེང་བ་ལྟ་བུས་འཁོར་རྣམས་བསྐུལ་བས་ཅི་བཅོལ་བའི་ལས་མཛད་པར་བསམ་ལ། ཨོཾ་བཛྲ་ཀྲོ་དྷ་ཛྭ་ལ་ས་མ་ཡ་ཧཱུྃ། ཨོཾ་བཛྲ་རཀྴ་ཛྭ་ལ་ས་མ་ཡ་ཧཱུྃ། ཨོཾ་བཛྲ་ཡཀྴ་ཛྭ་ལ་ས་མ་ཡ་ཧཱུྃ། ཨོཾ་བཛྲ་ཙིཏྟ་ཛྭ་ལ་ས་མ་ཡ་ཧཱུྃ་ཕཊ། ཅེས་འཁོར་རྣམ་བཞིའི་སྔགས་སོ། །དེ་ལྟར་རིམ་པ་བཞིན་སྟོང་ངམ་བརྒྱ་བརྒྱའི་ཚིགས་སུ་མཆོད་པ་རྣམ་པ་ལྔ་དང་ཁྱད་པར་བདུད་རྩིས་མཆོད་ཅིང་མཐར། ཧཱུྃ། དྲག་པོ་སྐུ་ལྔ་རྒྱལ་བའི་བཀའ་སྡོད་མཆོག །ཡེ་ཤེས་ལྔ་ལྡན་རྒྱལ་བ་རིགས་ལྔའི་འཁོར། །ཕྲིན་ལས་བདུད་འདུལ་དགྲ་བགེགས་ཀུན་གྱི་གཤེད། །ལེགས་ལྡན་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །འབར་བའི་དཀྱིལ་འཁོར་གསན་ཅིང་དགོངས་སུ་གསོལ། །ཕྱི་ནང་གསང་བའི་མཆོད་པས་དགྱེས་པར་མཛོད། །དམ་ཚིག་འགལ་འཁྲུལ་ཉམས་ཆག་མཐོལ་ཞིང་བཤགས། །ཐུན་མོང་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ། །ཅེས་བསྟོད་ཅིང་ཕྲིན་ལས་ཀྱང་གསོལ་ལོ། །བཅུ་གཉིས་པ་ཚོགས་ཀྱི་མཆོད་པ་ནི། བདག་བསྐྱེད་གང་ལ་བསྟེན་པ་དེའི་གཞུང་བཞིན་སྦྱར་བས་ཁྱབ་ཅིང་། དམིགས་བསལ་འདི་ཉིད་ལ་སྦྱར་བར་སྤྲོ་ན། ཚོགས་རྫས་རྣམས་བདུད་རྩི་ལྟར་བྱིན་གྱིས་བརླབས་ལ། ཚོགས་ཕུད་ཆ་གསུམ་དུ་སྤྲོས་ཏེ། དང་པོ་མཆོད་པ་ནི། ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཨོཾ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཞེས་མཆོད། གཉིས་པ་ནི་སྐོང་བཤགས་དང་འབྲེལ་བའི་ཕྱིར། དེའི་ཚུལ་བརྗོད་པ་ལ་གསུམ་ལས། དང་པོ་སྐོང་རྫས་བྱིན་གྱིས་བརླབ་པ་ནི། བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་གནས་ཁང་དུར་ཁྲོད་དྲག་པོའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་ཕྱི་ནང་གསང་བའི་མཆོད་པ་སྤྱན་གཟིགས་མཐུན་རྫས་རྟེན་རྫས་སྐོང་རྫས་ལ་སོགས་པ་ཐམས་ཅད། སྲིད་ཞིའི་འདོད་ཡོན་གྱི་རྣམ་པ་མཁོ་དགུ་ཚང་བ་བཟང་དགུས་འབྱོར་པ་མཛེས་དགུས་བརྒྱན་པ་ངོ་བོ་ཡེ་ཤེས་སྒྱུ་མའི་རང་བཞིན་བདེ་བའི་རྣམ་པ་ཐམས་ཅད་པར་འཆར་བས་ནམ་མཁའི་ཁམས་ཐམས་ཅད་གང་བར་བསམ་ལ་ནམ་མཁའ་མཛོད་ཀྱི་སྔགས་རྒྱའམ། རྒྱས་པར་སྔགས་དྲུག་ཕྱག་དྲུག་གིས་བྱིན་རླབས་བྱའོ། །གཉིས་པ་ཐུགས་དམ་བསྐང་བ་དངོས་ནི། ཧཱུྃ། བདག་ནི་རིག་འཛིན་སྒྲུབ་པ་པོ། །དམ་ལ་གནས་ཤིང་ལྷ་ལ་འཕྲེང་། ཁྱོད་ནི་སྲུང་མ་མཐུ་རྩལ་ཅན། །སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཞལ་བཞེས་པའི། ཁྱོད་ཀྱི་དམ་བཅའ་གཉན་པོ་དེ། །ད་ལྟ་རྣལ་འབྱོར་བདག་བསྐུལ་ན། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །མ་ཧཱ་ཀཱ་ལ་གནས་འདིར་བྱོན། །ལེགས་ལྡན་ནག་པོ་གནས་འདིར་བྱོན། །དུར་ཁྲོད་སྒྲོལ་གིང་གནས་འདིར་བྱོན། །རྡོ་རྗེ་སྒྲོལ་བྱེད་གནས་འདིར་བྱོན། །ས་བཅུའི་དབང་ཕྱུག་གནས་འདིར་བྱོན། །རིག་འཛིན་སྲུང་མ་གནས་འདིར་བྱོན། །རྣལ་འབྱོར་དགྲ་བླ་གནས་འདིར་བྱོན། །ཚོགས་བདག་ཆེན་པོ་གནས་འདིར་བྱོན། །བོས་སོ་ཆོས་སྐྱོང་སྙན་མ་སྲ། །གཡབ་བོ་ལེགས་ལྡན་སྤྱན་མ་བརྟུལ། །སྒྲུབ་བོ་ཚོགས་བདག་གོང་མ་གཡེལ། །བསྐུལ་ལོ་བདུད་རྒྱལ་མཐུ་མ་ཆུང་། །དོ་ནུབ་ཁྱོད་ཀྱི་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་། །ཧཱུྃ། མེ་ཏོག་སྤོས་དང་མར་མེ་དྲི། །ཞལ་ཟས་རོལ་མོའི་བྱེ་བྲག་དང་། །འཕན་གདུགས་ལྷབ་ལྷུབ་སྣ་ཚོགས་ཀྱིས། །ལེགས་ལྡན་འཁོར་བཅས་ཐུགས་དམ་བསྐང་། །ཤ་ཆེན་ལྔ་ནི་རི་ལྟར་སྤུངས། །བདུད་རྩི་ལྔ་ནི་མཚོ་ལྟར་བསྐྱིལ། །ཡེ་ཤེས་ལྔ་ལྡན་དམ་རྫས་འདིས། །དཔལ་མགོན་འཁོར་བཅས་ཐུགས༴ ཤ་ཆེན་ཁྲག་དང་དབང་པོ་ལྔ། །ཚིལ་ཆེན་ཞུན་མར་མཁྲིས་པ་དང་། །གཡང་གཞི་ལྷབ་ལྷུབ་རྐང་གླིང་སྒྲས། །དཔལ་མགོན་འཁོར་བཅས་ཐུགས༴ དམར་ཆེན་བཟའ་བཅའི་གཏོར་མ་དང་། །འབྲུ་བཅུད་བདུད་རྩིའི་བཏུང་བའི་རྒྱུན། ཁྱད་པར་དམ་རྫས་སྣ་ཚོགས་ཀྱིས། །དཔལ་མགོན་འཁོར་བཅས་ཐུགས༴ གླིང་བཞི་གླིང་ཕྲན་རི་རབ་དང་། །རིན་ཆེན་བདུན་དང་བཀྲ་ཤིས་རྫས། །འདོད་ཡོན་ལྔ་ཡི་མཆོད་པ་ཡིས། །དཔལ་མགོན་འཁོར་བཅས་ཐུགས༴ གཡག་ནག་རྟ་ནག་ཁྱི་ནག་དང་། །ལུག་ནག་བྱ་ནག་ལ་སོགས་པ། །རྟེན་པའི་དམ་རྫས་སྣ་ཚོགས་ཀྱིས། །དཔལ་མགོན་འཁོར་བཅས་ཐུགས་དམ་བསྐང་། །ཀྱཻ། དཔལ་ལྡན་མ་ཧཱ་ཀཱ་ལ་དང་། །རིག་འཛིན་རྣལ་འབྱོར་བདག་ཅག་གཉིས། །རྟག་ཏུ་མི་འབྲལ་འགྲོགས་པའི་ཕྱིར། །རྟག་གཏོར་ཆེན་པོས་ཐུགས་དམ་བསྐང་། །ཕྲིན་ལས་གཉན་པོ་བསྐུལ་བའི་ཕྱིར། །རྒྱུན་གཏོར་ནར་མས་ཐུགས༴ དམ་ཚིག་གཉན་པོ་བསྲེ་བའི་ཕྱིར། །བདུད་རྩི་སྨན་གྱིས་ཐུགས༴ རཀྟ་སྐོམ་དུ་འཐུང་བའི་ཕྱིར། །དམར་ཆེན་ཨརྒྷས་ཐུགས༴ ལོངས་སྤྱོད་དམར་ལ་བྱེད་པའི་ཕྱིར། །ཤ་ཁྲག་བཤོས་བུས་ཐུགས༴ ཐ་མལ་སྣང་ཞེན་སྦྱོང་བའི་ཕྱིར། །བསྐྱེད་རིམ་གསལ་བས་ཐུགས༴ ཐུགས་དམ་གནད་ནས་བསྐུལ་བའི་ཕྱིར། །བཟླས་བརྗོད་སྔགས་ཀྱིས་ཐུགས༴ མཆོག་གི་དངོས་གྲུབ་སྒྲུབ་པའི་ཕྱིར། །ཏིང་འཛིན་མཆོག་གིས་ཐུགས༴ དམ་ཚིག་ཉམས་ཆག་བསྐང་བའི་ཕྱིར། །གདུང་སེམས་དད་པས་ཐུགས༴ འབོད་པའི་དམ་རྫས་ཡིན་པའི་ཕྱིར། །གཡབ་དར་ནག་པོས་ཐུགས༴ སྒྲུབ་མཆོག་བུ་བཞིན་སྐྱོང་བའི་ཕྱིར། །མཐིང་ནག་བེར་གྱིས་ཐུགས༴ དམ་ཉམས་དགྲ་བགེགས་བསྒྲལ་བའི་ཕྱིར། །ཕྱག་མཚན་མཚོན་ཆས་ཐུགས༴ རྣལ་འབྱོར་སྲུང་སྐྱོབ་མགོན་མཛད་ཕྱིར། །སྲ་བརྟན་གོ་ཡིས་ཐུགས༴ མཐུན་པའི་དམ་རྫས་ཡིན་པའི་ཕྱིར། །དམ་རྫས་རྟེན་བཞིས་ཐུགས༴ གསང་བའི་དམ་རྫས་ཡིན་པའི་ཕྱིར། །གྲི་རྒོད་སྙིང་གིས་ཐུགས༴ ཐུགས་དམ་གཉན་པོ་བསྐངས་པ་ཡིས། །ཚོགས་བདག་འཁོར་བཅས་མཉེས་གྱུར་ཅིག །ཀྱཻ། དགོངས་ཤིག་མགོན་པོ་ཐོད་ཕྲེང་ཅན། །རྒྱལ་བའི་བཀའ་ལ་མི་ཉན་མེད། །ཟབ་མོའི་དོན་ལ་མི་སེམས་མེད། །མནའ་དང་ཁྲིམས་ལ་མི་བརྟེན་མེད། །ཟས་དང་སྐོམ་ལ་མི་ཆགས་མེད། །དོ་ནུབ་ཁྱོད་ཀྱི་ཐུགས་དམ་བསྐང་། །དོ་ནུབ་ཉམས་ཆག་མ་ལུས་བསྐང་། །དོ་ནུབ་ཞིག་རལ་མ་ལུས་གསོ། །དོ་ནུབ་ལྷ་ལ་བཤགས་པ་བྱེད། །དོ་ནུབ་ལྷ་ལ་སེམས་འཁོན་སྦྱོང་། །དོ་ནུབ་ཉེས་པར་ཁས་ཀྱང་ལེན། །དོ་ནུབ་མཉེས་པའི་ཟས་ཤིག་འདྲེན། །དོ་ནུབ་མཛའ་བའི་གཞུང་ཞིག་སྲོང་། །དོ་ནུབ་བྱམས་པའི་ལན་གཅིག་ལྡོན། །དོ་ནུབ་སྔ་མའི་གཏང་རག་གཏོང་། །དོ་ནུབ་ཕྱི་མའི་ཞུ་སྐྱེམས་འབུལ། །དོ་ནུབ་ཁྱོད་ཀྱི་ཐུགས་དམ་བསྐང་། །མ་ཧཱ་ཀཱ་ལའི་ཐུགས༴ ལེགས་ལྡན་ནག་པོའི་ཐུགས༴ ཚོགས་བདག་ཆེན་པོའི་ཐུགས༴ དུར་ཁྲོད་བདག་པོའི་ཐུགས༴ སྒྲོལ་གིང་ཆེན་པོའི་ཐུགས༴ ཀྲོ་དྷཱི་ཤྭ་རཱིའི་ཐུགས༴ ལས་མགོན་ནག་པོའི་ཐུགས༴ ཀྲོ་དྷ་ཁྲོ་བོའི་ཐུགས༴ ཡཀྴ་གནོད་སྦྱིན་ཐུགས༴ རཀྴ་སྲིན་པོའི་ཐུགས༴ འདོད་ཁམས་བདག་མོའི་ཐུགས༴ དུར་ཁྲོད་མ་ཚོགས་ཐུགས༴ འཁོར་ཚོགས་རྒྱ་མཚོའི་ཐུགས༴ ཕོ་ཉ་ཕྱག་བརྙན་ཐུགས༴ ཡང་སྤྲུལ་འབུམ་སྡེའི་ཐུགས་དམ་བསྐང་། །བསྐང་ངོ་བཤགས་སོ་ཐུགས་དམ་ཅན། །དམ་ཅན་ཐུགས་དམ་བསྐངས་གྱུར་ནས། །བདག་གི་ཉམས་ཆག་བྱང་བར་མཛོད། །དངོས་གྲུབ་བསྒྲུབ་ལ་བར་གཅོད་པའི། །འགལ་རྐྱེན་བར་ཆད་ཞི་བ་དང་། །མཐུན་རྐྱེན་བསམ་པ་ཐམས་ཅད་སྒྲུབས། །རྟག་ཏུ་ཐུགས་དམ་མ་གཡེལ་བར། །བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་བསྐང་བ་བྱའོ། །གསུམ་པ་བཤགས་པ་བྱ་བ་ནི། ཧོཿ ཡོན་ཏན་ལྷུན་རྫོགས་དངོས་གྲུབ་སྩོལ་མཛད་པའི། །རྩ་བརྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་ལྷ། །དཔལ་ཆེན་རྡོ་རྗེ་སྲིན་པོ་ཁྲོ་བོའི་རྒྱལ། །ལེགས་ལྡན་ནག་པོ་འཁོར་བཅས་དགོངས་སུ་གསོལ། །ཐེག་ཆེན་གསང་སྔགས་བླ་མེད་སྒོར་ཞུགས་ནས། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས། །རྟག་ཏུ་བསྲུང་ཞིང་སྡོམ་པར་ཁས་བླངས་ནས། །ཉམས་ཆག་འགལ་འཁྲུལ་ནོངས་པ་མཐོལ་ལོ་བཤགས། །ཐུན་བཞིའི་རྣལ་འབྱོར་སྒོམ་པར་ཁས་བླངས་ནས། །ཐ་མལ་ལས་ལ་ཡེངས་པ་མཐོལ་ལོ་བཤགས། །བདེ་གཤེགས་ཐུགས་རྒྱུད་བསྐུལ་བར་ཁས་བླངས་ནས། །དོན་མེད་ལོང་གཏམ་སྨྲས་པ་མཐོལ༴ དམིགས་མེད་ཡེ་ཤེས་བསྒོམ་པར་ཁས་བླངས་ནས། །དུག་གསུམ་རྟོག་པའི་དབང་གྱུར་མཐོལ༴ ཕྱི་ནང་གསང་རྟེན་འཛུགས་པར་ཁས་བླངས་ནས། །དགོས་པའི་དམ་རྫས་མ་ཚང་མཐོལ༴ རྟག་ཏུ་མཆོད་བསྟོད་བསྙེན་པར་ཁས་བླངས་ནས། །སྙོམ་ལས་ལེ་ལོས་ཡེངས་པ་མཐོལ༴ མན་ངག་སྦས་ནས་བསྒྲུབ་པར་ཁས་བླངས་ནས། །གསང་བའི་གཉེར་ཁ་འཆོལ་བ་མཐོལ༴ དམ་རྫས་ཕུད་ཀྱིས་མཆོད་པར་ཁས་བླངས་ནས། །འབགས་བཙོག་ཉམས་པར་གྱུར་པ་མཐོལ༴ རྒྱལ་བའི་བཀའ་བཞིན་བསྒྲུབ་པར་ཁས་བླངས་ནས། །གཟུ་ལུམ་རས་ཆོད་བགྱིས་པ་མཐོལ༴ ཟོལ་མེད་དམ་ཚིག་བསྲུང་བར་ཁས་བླངས་ནས། །ཉམས་གྲིབ་སྐྱོན་གྱིས་ཕོག་པ་མཐོལ༴ སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི །དམ་ཚིག་འགལ་བ་མ་ལུས་སོ་སོར་བཤགས། །མཐོལ་བཤགས་འབུལ་ལོ་ཚངས་པར་མཛད་ནས་ཀྱང་། །དངོས་གྲུབ་མཆོག་གིས་བདག་རྒྱུད་གཏམས་པར་མཛོད། །ཅེས་དང་ཡི་གེ་བརྒྱ་པ་མང་དུ་བཟླའོ། །དེ་ནས་མདོས་ཀྱི་སྐོང་བ་བྱེད་པར་སྤྲོ་ན་སྐབས་འདིར་བྱ་སྟེ་ལོགས་སུ་བལྟའོ། །གསུམ་པ་ཚོགས་ཐ་མ་དང་འབྲེལ་བར་དྲག་པོའི་ཕྲིན་ལས་སྤྱི་ཙམ་དུ་སྒྲུབ་པ་ནི། ཚོགས་ཟན་དམིགས་བྱའི་གཟུགས་སུ་བཅས་པའམ་མོས་ཏེ། རང་གི་སྙིང་ག་ནས་སྤྲོས་པའི་ཕོ་ཉ་རྣམས་ཀྱིས་གནོད་བྱེད་དགྲ་བགེགས་ཐམས་ཅད་བཀུག་ནས་བསྟིམ་པར་བསམ་ཞིང་། བདེན་པའི་སྟོབས་བརྗོད་དེ་དགུག་གཞུག་བྱས་ལ་དྲག་སྔགས་ཀྱི་མཐར་གནོད་བྱེད་ཨཱ་ཀརྵ་ཡ་ཛཿཛཿ ཛཿཧཱུྃ་བཾ་ཧོཿ ཞེས་འགུག་གཞུག་བྱ། མཚོན་ཆས་གདབ་ཅིང་། ཧཱུྃ། དུར་ཁྲོད་སྒྲོལ་གིང་ཚོགས་ཀྱི་བདག །ལེགས་ལྡན་ནག་པོ་མ་རུངས་པ། །རྒྱལ་བའི་བསྟན་པ་བསྲུང་བའི་ཕྱིར། ཁྲམ་ལ་བཏབ་པའི་དགྲ་བགེགས་རྣམས། །མཱ་ར་ཡ་ཡི་ལས་བཅོལ་གྱིས། །ཚེ་སྲོག་ཧུར་ཐུམས་མྱུར་དུ་སྒྲོལ། །རོལ་ཅིག་དགོངས་ཤིག་དམ་ཚིག་ཅན། ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །ཞེ་སྡང་དྲེགས་པའི་འཁོར་ཚོགས་རྣམས། །སེམས་ཅན་གདུག་པའི་སྲོག་ཕྲོགས་ལ། །ཤ་ལ་ཟོ་ཞིག་ཁྲག་ལ་ཐུངས། །དམ་ཉམས་དགྲ་བོ་མྱུར་དུ་སྒྲོལ། །མཱ་ར་ཡ་ཡི་དུས་ལ་བབ། ༼།ཨོཾ་བྷུ་རུ་ཀུ་རུ་ཨི་ཙི་ཀི་བྱི་ཨུ་ཙུཥྨ་ཀྲོ་དྷ་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད། ཨོཾ་བཛྲ་ཀྲོ་དྷ་ཛྭ་ལ་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད། ཨོཾ་བཛྲ་རཀྴ་ཛྭ་ལ་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད། ཨོཾ་བཛྲ་ཡཀྴ་ཛྭ་ལ་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད། ཨོཾ་བཛྲ་ཙིཏྟ་ཛྭ་ལ་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད།་་་མཆན།༽་་་གཞི་སྙིང་བསྒྲིལ་བའི་སྔགས་ཀྱི་མཐར་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་ཅེས་ལིངྒ་དུམ་བུར་གཏུབས་པའི་ཤ་ཁྲག་བདུད་རྩིར་སྤེལ་བ་ཞལ་དུ་སྟོབ་ཅིང་། ཧོཿ དུས་གསུམ་བདེ་གཤེགས་རྒྱལ་བའི་ཞལ་དུ་ཁ་རཾ་ཁཱ་ཧི། བཅོམ་ལྡན་རྡོ་རྗེ་སྲིན་པོའི་ཞལ་དུ་ཁ་རཾ༴ དཔལ་མགོན་ལེགས་ལྡན་ནག་པོའི་ཞལ་དུ༴ ཡུམ་ཆེན་ཁྲོ་མོའི་དབང་ཕྱུག་ཞལ་དུ༴ བཀའ་སྡོད་དྲེགས་པ་རྣམ་བཞིའི་ཞལ་དུ༴ ཕོ་ཉ་འཁོར་ཚོགས་རྒྱ་མཚོའི་ཞལ་དུ༴ དུག་གསུམ་ཤ་ཁྲག་མཆོད་པ་བཞེས་ཤིག༴ བཞེས་ཤིག་རོལ་ཅིག་དགྱེས་པར་རོལ་ཅིག་ཁ་རཾ་ཁཱ་ཧི། མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཨ་མྲྀཏ་པཱུ་ཛ་ཁཱ་ཧི། ཞེས་སྟོབ་པ་བྱས་ནས་ཚོགས་ལ་རོལ་ཅིང་ལྷག་མ་བསྔོ་བ་སོགས་སྤྱི་ལྟར་རོ། །བཅུ་གསུམ་པ་དྲག་པོའི་ལས་ལ་ཆེད་དུ་བསྐུལ་བ་ལ་གཉིས་ལས། དང་པོ་དྲག་སྔགས་བཟླ་བ་ནི། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་མེའི་ཕུང་པོ་ལྟ་བུ་འཕྲོས། མགོན་པོའི་ཐུགས་རྒྱུད་བསྐུལ་བས་དེ་ཉིད་ཁྲོས་འཁྲུགས་རྔམས་པས་འཁོར་རྣམས་བསྐུལ། དེ་རྣམས་ཀྱིས་ཀྱང་སྤྲུལ་པའི་ཕོ་ཉ་མཚོན་ཆ་ཅན་དཔག་མེད་བུ་ཡུག་འཚུབ་པ་ལྟར་སྤྲོས་པས་དགྲ་བགེགས་ཐམས་ཅད་བསད་བཅད་ཟོས་པར་བསམ་ཞིང་སྔར་གྱི་སྔགས་རྣམས་ཅུང་ཟད་བཟླས་པའི་མཐར། ཨོཾ་བྷུར་ཀུར་མ་ཧཱ་ཀཱ་ལ་ནྲྀ་ཐུམས་ལཾ་ཐུམས་རིལ་རྦད་བུ་ནྲྀ་ཛཿ དགྲ་བོའི་སྙིང་ལ་ཡ། ཏྲག་རཀྴ་མཱ་ར་ཡ་ཐུམས་རིལ་རྦད། དགྲ་བོའི་སྙིང་ཁ་རག་ནི་ཛཿབྷྱོ་བྷྱོ། ཞེས་བརྒྱ་རྩ་སོགས་ཅི་ནུས་དྲག་ཏུ་བཟླའོ། །གཉིས་པ་བསྐུལ་དངོས་ནི། སྨན་རག་གི་ཕུད་ཀྱིས་མཆོད་ཅིང་། ཧཱུྃ། ཚོགས་ཀྱི་བདག་པོ་མཐུ་བོ་ཆེ། །བར་སྣང་ཁམས་ན་བཞུགས་ཙ་ན། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །ལག་ཏུ་རྡོ་རྗེ་བྱིན་ནས་ནི། །དབང་བསྐུར་མིང་བཏགས་མངའ་གསོལ་བ། །མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །ཚོགས་བདག་རྡོ་རྗེ་ཐོད་ཕྲེང་རྩལ། །བདག་གིས་བསྙེན་ཅིང་བོས་པའི་ཚེ། །མཆོད་པ་དམ་པ་འདི་བཞེས་ལ། །ཕྲིན་ལས་སྙན་སྙུན་གསོལ་བ་ནི། །ལྷ་ཡི་དགྲ་བླར་མངའ་གསོལ་བས། །ལྷ་མིན་འདུལ་བའི་མཐུ་བོ་ཆེ། །གདུག་པའི་དགྲ་བགེགས་རྡུལ་དུ་རློགས། །སྐུ་ལ་མཚོན་ཁྲབ་ནག་པོ་གསོལ། །གཡས་པ་གསལ་ཤིང་དགྲ་ལ་ཕྱར། །གཡོན་པ་ཤུན་གྱི་མདུང་རིང་བསྣམས། །ཞལ་གདངས་མཆེ་གཙིགས་ཐོག་སེར་འབེབ། །ཚུར་སྤྱོན་དྲག་པོའི་ཕྲིན་ལས་མཛོད། །ཧཱུྃ། བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡིས། །འགྲོ་བའི་དོན་དུ་མ་ལ་ཡར། །ཀོ་ཀ་ཐང་དམར་ལངྐའི་ཡུལ། །དྲག་ཤུལ་ཡོད་པའི་རྩེ་མོ་རུ། །བདུད་རྒྱལ་ནག་པོ་བཏུལ་ནས་ནི། །ཐུགས་རྗེའི་འབྲེལ་པས་འདམ་ནས་བཏོན། །དབང་བསྐུར་མིང་བཏགས་དམ་ཚིག་ཕོག །ཆོས་སྐྱོང་སྲུང་མར་དམ་བཅས་ནས། །རིགས་ངན་རྒྱལ་བའི་སྲས་སུ་བྱས། །དེ་ཚེ་ཁྱོད་ཀྱིས་ཁས་བླངས་ནས། །རྣལ་འབྱོར་ཡོངས་ཀྱི་གྲོགས་བྱ་ཞིང་། །གཙུག་གི་ནོར་བུ་འབར་བ་ལྟར། །བཀུར་ཞིང་དགོས་པ་ཀུན་སྒྲུབ་པའི། །དམ་ལས་མ་འདའ་ཕྲིན་ལས་མཛོད། །བསྟན་པ་སྲུང་བའི་མགོན་གྱུར་པས། །དེ་ཕྱིར་མགོན་པོ་ནག་པོར་གྲགས། ཁྱོད་ནི་སྡེ་བརྒྱད་ཀུན་གྱི་རྗེ། །དེ་ཕྱིར་ལངྐའི་བདག་པོར་གྲགས། ཁྱོད་ནི་ལྷ་སྲིན་ཚོགས་ཀྱི་བདག །དེ་ཕྱིར་ཚོགས་བདག་ཆེན་པོར་གྲགས། ཁྱོད་ནི་དམ་ཆོས་སྒྲུབ་པའི་གྲོགས། །དེ་ཕྱིར་ལེགས་ལྡན་ནག་པོར་གྲགས། ཁྱོད་ནི་མ་མོ་ཀུན་གྱི་གཙོ། །དེ་ཕྱིར་དུར་ཁྲོད་བདག་པོར་གྲགས། །དམ་ཉམས་རྣམས་ཀྱི་གཤེད་མ་མཛད། །དེ་ཕྱིར་སྒྲོལ་གིང་ཆེན་པོར་གྲགས། །མཚན་དྲུག་ནས་ནི་བསྐུལ་ལགས་ན། །གྲུ་གསུམ་མཐིང་ནག་ལྕགས་མཁར་ནས། །སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །དམར་གྱི་གཏོར་མ་འདི་བཞེས་ལ། །དགྲ་བགེགས་སྒྲོལ་བའི་ཕྲིན་ལས་མཛོད། །དུས་ངན་གདུལ་དཀའི་སེམས་ཅན་རྣམས། །མ་ཐོགས་མྱུར་དུ་བསྒྲལ་བའི་ཕྱིར། །རྣལ་འབྱོར་ཆེན་པོས་ཡོངས་བསྟོད་ཅིང་། ཁྱོད་ལ་མཐུན་པའི་རྫས་འབུལ་གྱིས། །སྔོན་གྱི་བསྐལ་པ་དང་པོ་ལ། ཁས་བླངས་དམ་བཅས་མནའ་བོར་བའི། །དམ་བཅའི་ཐ་ཚིག་མ་འདའ་ཞིག །སྔོན་ཡང་རིག་འཛིན་གོང་མས་བསྒྲུབས། །ད་ལྟ་རྣལ་འབྱོར་བདག་བསྐུལ་ན། །བམ་རིལ་ཐོད་པའི་མཁར་རྩེ་ནས། །སྒྲོལ་གིང་ཆེན་པོ་སྐུ་སྐྱོད་ཅིག །རུ་མཚོན་ནག་པོ་པུ་རུ་རུ། །མཚོན་ཆ་སྣ་ཚོགས་ཆར་དུ་འབེབ། །བདུད་མདའ་ནག་པོ་ཟངས་སེ་ཟང་། །བདུད་བྱ་ནག་པོ་ལྡིང་ཞིང་འཇུམ། །སྣ་ཚོགས་དུར་ཁྲོད་རྒྱན་རྣམས་རྫོགས། །མཆེ་གཙིགས་རྔམས་པའི་ཞལ་གདངས་ནས། །ཉམས་པའི་སྙིང་ཁྲག་ཞལ་དུ་གསོལ། །ལྷ་ཆེན་ཁྱོད་ཀྱི་བཀའ་འཁོར་ན། །སྤྲུལ་པའི་ཁྲོ་བོ་ཁྲོ་མོ་འཁྲིགས། །སྲིན་པོ་སྲིན་མོ་སྐན་སྒྲ་རྡེབ། །གནོད་སྦྱིན་ཕོ་མོའི་དམག་དཔུང་བསྡོག །ཟ་བྱེད་ཕོ་མོ་ཤ་ཁྲག་རོལ། །བང་ནི་གློག་འགྱུ་ང་རོ་འབྲུག །སོ་སོའི་བཞུགས་གནས་ཐ་དད་པའི། །ཡིད་བཞིན་ནོར་བུའི་ཐུགས་དམ་ནི། །ཡོངས་སུ་རྫོགས་པ་སྒྲུབ་པར་བྱོས། །ཚོགས་བདག་ཆེན་པོ་འཁོར་བཅས་ཀྱི། །ཐུགས་དམ་གཉན་པོའི་དུས་ལ་བབ། །ཅེས་བསྐུལ་ཞིང་ཕྲིན་ལས་གསོལ་ལོ། །ཐུན་མོང་མ་ཡིན་པའི་ལས་སྦྱོར་སྒྲུབ་པར་འདོད་ན་དེའི་མན་ངག་ནི་གཞན་དུ་བལྟའོ། །བཅུ་བཞི་པ་གཏོར་མ་སྟོབ་པ་ནི། རྒྱུན་གྱི་ཕྲིན་ལས་ལ་ཐུན་གཏོར་ཉིད་དང་གཞན་དུ་སྐོང་གསོའི་གཏོར་མ་གང་བཤམས་གཏོང་བ་སྟེ། རཀྟ་བྲན་ལ་དམིགས་བྱ་དགུག །སྨན་ཕུད་བྲན་ནས་བདུད་རྩིར་སྤེལ། སྟོབ་པ་དངོས་ལ། ཧཱུྃ། ལྷ་ཡི་སྡེ་དཔོན་ཚོགས་ཀྱི་བདག །ལེགས་ལྡན་ནག་པོ་མཐུ་བོ་ཆེ། །ཉེ་གནས་ཀྲོ་དྷཱི་ཤྭ་རཱི་མ། །གིང་དང་གནོད་སྦྱིན་སྲིན་པོ་དང་། །མ་མོ་མཁའ་འགྲོ་ཕོ་ཉ་དང་། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས། །ཟག་མེད་འདོད་ཡོན་བདུད་རྩི་ཡི། །དམ་རྫས་མཆོད་གཏོར་འདི་བཞེས་ལ། །དེང་འདིར་བཅོལ་པའི་ཕྲིན་ལས་མཛོད། །སྔར་བཅོལ་ལས་ཀྱི་གཏང་རག་མཛོད། །ཕྱི་བཅོལ་ལས་ཀྱི་གསོས་སུ་བཞེས། །སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས། །དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་བསྟོད། །སློབ་དཔོན་སྐུ་དགྲ་ཁྱོད་ཀྱིས་ཐུལ། །སྒྲུབ་པ་པོ་ཡི་སྟོངས་གྲོགས་མཛོད། །བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་གཏོར་མ་སྒྲུབ་ཁང་གི་ཡང་ཐོག་སོགས་གཙང་སར་བསྐྱལ་ལོ། །བཅོ་ལྔ་པ་མཆོད་ཅིང་གསོལ་བ་ནི། སླར་ཡང་ཨརྒྷཾ་ནས་ཤབྡའི་བར་གྱིས་ཕྱི་མཆོད་དང་སྨན་རག་གཏོར་མས་མཆོད། བསྟོད་ཐུང་གིས་བསྟོད་ལ་ཕྲིན་ལས་སྨོན་ལམ་དུ་གསོལ་བ་ནི། ཧོཿ མགོན་པོ་ཁྱོད་མཆོད་བྱིན་རླབས་ཀྱིས། །ཕྱོགས་དང་དུས་ནི་ཐམས་ཅད་དུ། །སེམས་ཅན་ལེགས་དོན་འབྱོར་པ་ལ། །གེགས་ཀྱི་གནོད་པ་ཀུན་མེད་ཤོག །རྟ་དང་གླང་པོ་ནོར་དང་འབྲུ། །བུ་ཚ་ཕ་མ་གཉེན་བཤེས་རྣམས། །དགེ་ཞིང་ཚེ་རིང་ནད་མེད་པར། །ཐམས་ཅད་འབྱོར་པ་ལྡན་པར་ཤོག །འགྲོ་བ་ཉེས་མེད་བདེ་གྱུར་ནས། །ནད་དང་མུ་གེ་ཀུན་བྲལ་ཤོག །རྒྱལ་པོ་དགེ་ཞིང་དེས་པ་རྣམས། །ཆོས་ཀྱི་རྒྱལ་སྲིད་སྐྱོང་བར་ཤོག །བདེ་བར་གཤེགས་པའི་བསྟན་པ་ནི། །ཕྱོགས་དུས་ཀུན་ཏུ་རྒྱས་པ་དང་། །མྱུར་དུ་སེམས་ཅན་ཐམས་ཅད་ཀྱང་། །ཆོས་ཀྱི་སྣོད་དུ་འགྱུར་བར་ཤོག །དགེ་བ་ཐམས་ཅད་ཡོངས་བསྔོ་ཞིང་། །མགོན་པོ་ཁྱོད་མཆོད་བྱིན་རླབས་ཀྱིས། །བདག་ཅག་འཁོར་དང་བཅས་པ་རྣམས། །ལོངས་སྤྱོད་རྣམ་གཉིས་རྫོགས་པ་དང་། །བདག་གཞན་བྱང་ཆུབ་མཆོག་ཐོབ་ནས། ཁྱོད་དང་མི་འབྲལ་འགྲོགས་པར་ཤོག །ཅེས་སྨོན་ལམ་དུ་གསོལ་ལོ། །བཅུ་དྲུག་པ་ནོངས་བཤགས་ནི། ཡི་གེ་བརྒྱ་པ་ཅི་ནུས་སུ་བཟླ་ཞིང་། མ་རྙེད་ཡོངས་སུ་མ་ཚང་དང་། །ཞེས་སོགས་ཀྱིས་བཟོད་པར་གསོལ་ལོ། །བཅུ་བདུན་པ་རྗེས་བསྡུ་ནི། རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་བཛྲ་མུཿས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ཉིད་ལ་བསྟིམ། སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་ཡིག་གིས་མཚན་པར་གྱུར། བཛྲ་རཀྵ་ཧཾ་གིས་བདག་བསྲུང་། སླར་ཡང་བསྔོ་སྨོན་དང་བཀྲ་ཤིས་ཅི་རིགས་པ་བྱའོ། །སངས་རྒྱས་ཀུན་དངོས་དཔལ་ཆེན་ཧེ་རུ་ཀ །རང་གི་བསྟན་པ་སྲུང་ཕྱིར་ཕྲིན་ལས་བཞིས། །རྣམ་རོལ་ལེགས་ལྡན་ནག་པོ་ཚོགས་ཀྱི་བདག །མཆོད་པའི་ཕྲིན་ལས་མདོ་ཙམ་བརྗོད་པ་སྟེ། །རྒྱུད་ལུང་རྩ་བའི་གནད་རྣམས་མ་འཆུགས་ཤིང་། །རིག་འཛིན་བརྒྱུད་པའི་ཕྱག་བཞེས་མན་ངག་བཅས། །ཚང་ཞིང་གསལ་བར་བརྗོད་ལས་ཕྲིན་ལས་བཞི། །ལྷུན་གྲུབ་ཧེ་རུ་ཀ་དཔལ་མྱུར་ཐོབ་ཤོག །དཔལ་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོའི་སྒྲུབ་ཐབས་ཕྲིན་ལས་ཀྱི་ཆོ་ག་ལས་བཞི་རྣམ་རོལ་ཞེས་བྱ་བ། གང་ལས་སྟོན་པ་རྩ་བའི་རྒྱུད་ལུང་དང་ཁྱད་པར་གྱི་སྒོས་རྒྱུད་མན་ངག་གི་གཞུང་རྣམས་ལ་བརྟེན་ཅིང་། བདེ་གཤེགས་ཟུར་ཆུང་གིས་མཛད་པའི་ཆོ་གའི་ཁྲིགས་ལ་གཞི་བྱས་ནས་བྱིན་རླབས་ཀྱི་ཚན་ཁ་མི་ཉམས་པའི་ཕྱིར་ཡིག་རྙིང་ཁུངས་མ་ཁོ་ན་ཁྲིགས་བསྡེབས་བཀླག་ཆོག་གི་ཚུལ་དུ་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭར་སྦྱར་བའོ།། །།

དཔལ་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོའི་སྒྲུབ་ཐབས་་་འབྲིང་པོ།ལས་བཞིའི་སྙེ་མ་ (Volume 37, Text 2)

༄༅། །དཔལ་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོའི་སྒྲུབ་ཐབས་་་འབྲིང་པོ།ལས་བཞིའི་སྙེ་མ་ཞེས་བྱ་བ་བཞུགས་སོ། ། དཔལ་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོའི་སྒྲུབ་ཐབས་ལས་བཞིའི་སྙེ་མ་ཞེས་བྱ་བ། བླ་མ་ལ་ཕྱག་འཚལ་ལོ། །ཧེ་རུ་ཀ་དཔལ་ཐུགས་རྗེས་ཁྲོས་པའི་སྐུ། །མ་རུངས་བདུད་དཔུང་མཐར་མཛད་ནག་པོ་ཆེ། །ལེགས་ལྡན་ཚོགས་ཀྱི་བདག་པོར་གུས་བཏུད་ནས། །དེ་ཡི་སྒྲུབ་ཐབས་དོན་བསྡུས་མདོ་ཙམ་བྲི། །འདི་ཉིད་ཀྱི་དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྔགས་པས་ཉེར་དགུ་ལ་སོགས་པའི་དུས་ཁྱད་པར་ཅན་ལ། བྲིས་སྐུ་མཆོད་གཏོར་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་མཐོང་བརྒྱུད་བཞིན་ཚོགས་པར་བྱས་ནས། བདག་བསྐྱེད་ཀྱི་རྣལ་འབྱོར་སྔོན་དུ་འགྲོ་བས། མཆོད་པ་སྤྱི་དང་སྨན་གཏོར་རཀྟ་རྣམས་བྱིན་གྱིས་བརླབ། མདུན་བསྐྱེད་ཀྱི་རྟེན་བསང་སྦྱང་། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་ཁྲག་ཞག་འཁྲུག་པའི་ཀློང་མ་ལ་ཡ་གནམ་ལྕགས་འབར་བའི་དོ། རབ་ཏུ་འཇིགས་ཤིང་སྐྱི་གཡའ་བའི་གནས་སུ། དུར་ཁྲོད་རོལ་པའི་གཞལ་ཡས་ཁང་ཆེན་པོའི་ལྟེ་བར་པདྨ་དང་ཉི་མའི་སྟེང་དུ་མི་རོ་དང་རྟ་རོ་ལ་གནས་པའི་ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ནག་པོ་ཆེན་པོ་རྡོ་རྗེ་སྲིན་པོའི་གཟུགས་ཅན། སྐུ་མདོག་མཐིང་ནག་ཐུང་ཞིང་སྦོམ་ལ་ཡན་ལག་རགས་པ་ཉི་མ་འབུམ་གྱི་གཟི་བརྗིད་ཅན། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པའི་གྲ་ནས་ཁྲག་འཛག་པ། ལྗགས་འདྲིལ་ཞིང་དྲག་པོའི་སྐན་སྒྲ་རྡེབ་པ། ཁྲོ་གཉེར་བསྡུས་པའི་ཤངས་ནས་འཐོར་བྱེད་ཀྱི་རླུང་སྒྲ་འབྱིན་པ། དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཏུ་ལྡོག་པ། དབུ་སྐྲ་དང་སྨ་ར་སྨིན་མ་ཁམ་ནག་གྱེན་དུ་འབར་བ་ལས་སྐར་ཆེན་གྱི་འོད་འཕྲོ་བ། ཕྱག་གཡས་འབར་བའི་གྲི་གུག་དང་གཡོན་གདུག་པ་ཅན་གྱི་ཁྲག་གིས་གང་བའི་ཐོད་པ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། མཆན་གཡས་སུ་ཙན་དན་གྱི་བེང་ཆེན་གཟེར་བའི་བེང་སྟོད་ནས་ལྷ་དམག་འབུམ་དང་བེང་སྨད་ནས་བདུད་དམག་ཉིས་ཁྲི་ཆིག་སྟོང་འགྱེད་པ། སྐུ་ལ་དར་ནག་གི་འཇོལ་བེར་བརྩེགས་མར་གསོལ་ཞིང་གསེར་རྐེད་ནོར་བུའི་མིག་ཚངས་ཅན་བཅིངས་པ། ཐོད་པ་སྐམ་པོ་རིགས་ལྔའི་རྩེ་ཕྲན་ཅན་གྱི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུ་དང་རྡོ་རྗེའི་དོ་ཤལ་འཕྱང་བ། ཡན་ལག་སྦྲུལ་གྱིས་དཀྲིས་ཤིང་མི་ལྤགས་ཀྱི་སྟོད་གཡོགས་སོགས་དུར་ཁྲོད་འཇིགས་པའི་ཆས་ཅན། སག་ཏིའི་ལྷྭམ་ཡུ་རིང་གསོལ་ནས་གཡོན་བརྐྱང་བའི་སྟབས་ཀྱིས་འགྱིང་ཞིང་བརྗིད་པས་དགྲ་བགེགས་རྣམས་བརྫིས་པ། གཏུམ་ཞིང་མི་བསྲུན་པའི་ཉམས་ཅན། སྤྱི་བོར་བྱ་ཁྱུང་ནག་པོ་འཕུར་ཞིང་ལྡིང་བ། སྟ་ཟུར་གཉིས་ན་སེང་གེ་རལ་པ་སྤྲུག་པ། རྩིབ་ལོགས་ལ་འཕར་དྲེད་འཁྱུག་པ། ཞབས་ལས་སྟག་འཕྲོ་བ། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་བདག་ཉིད་ཅན་དུ་བཞུགས་པའོ། །དེའི་གཡོན་དུ་ཉི་མ་དང་རོའི་གདན་ལ་ཡུམ་ཀྲོ་དྷཱི་ཤྭ་རཱི་མ་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། རལ་པ་ཐུར་དུ་གཏིབས་པའི་གསེབ་ནས་མེ་སྟག་འཕྲོ་བ། ཞིང་གི་པགས་པས་སྟོད་གཡོགས་ཤིང་ཉི་ཟླ་གཟའ་སྐར་དང་འཇའ་འོད་འཁྲུགས་པ། སྟག་ལྤགས་དང་རེ་ལྡེའི་སྨད་དཀྲིས་ཅན། སྦྲུལ་ནག་གི་འཕྱང་འཕྲུལ་དང་ཆུ་སྲིན་གྱི་ཐོད་པས་བརྒྱན་པ། གཡས་སྦྲུལ་ཞགས་དང་གཡོན་ཐོད་སྐྱོགས་རུས་བཅུད་རྐང་ཀླད་དང་འབྲུ་མར་ཁྲག་ཆང་གིས་གང་བ་རོལ་ཞིང་སྟོབ་པ། གཡས་སུ་ལས་ཀྱི་མགོན་པོ་མདོག་ནག་ཅིང་མི་སྡུག་པའི་གཟུགས་ཅན་སྐྲ་ཁམ་པ་གྱེན་དུ་བརྫེས་ཤིང་གཡས་གྲི་གུག་དང་གཡོན་ཐོད་ཁྲག་ཐོགས་པ། གཡོན་བརྐྱང་གིས་རོའི་གདན་ལ་བཀའ་ནོད་པའི་ཚུལ་གྱིས་གནས་པའོ། །དེ་དག་གི་ཤར་དུ་ཧཱུྃ་ལས་ཁྲོ་ཆེན་བཛྲ་ཀིང་ཀ་ར་སྐུ་མདོག་མཐིང་ནག་རྔམས་ཤིང་ཁྲོས་པའི་ཉམས་ཅན་ཞལ་གཅིག་ཕྱག་གཉིས་པ། གཡས་མཚོན་ཆའི་འཁོར་ལོ་བསྐོར་ཞིང་དམིགས་པའི་མགོ་ལུས་འདྲལ་བ། གཡོན་ཐོད་པ་དགྲ་བོའི་སྙིང་ཁྲག་གིས་གང་བ་ཞལ་དུ་གསོལ་བ། མི་ལྤགས་ཀྱི་སྟོད་གཡོགས་དང་སྟག་ལྤགས་ཀྱི་སྨད་དཀྲིས་ཅན་སྦྲུལ་དང་ཐོད་པས་བརྒྱན་པ། གྲི་ཐོགས་གིང་ཆེན་བཅུ་གཉིས་སོགས་ལས་བྱེད་དྲེགས་པའི་ཚོགས་ཀྱིས་བསྐོར་བ། ལྷོར་ཡ་ལས་གནོད་སྦྱིན་ཟངས་མདོག་དམར་ནག་ཁ་གདངས་ཤིང་སྐན་སྒྲ་རྡེབ་པ། སྡང་མིག་གིས་དགྲ་དཔུང་སྲེག་ཅིང་རལ་པ་དམར་པོ་སྤྲིན་ལྟར་གཏིབས་པ། གཡས་གསེར་གྱི་སྤུ་གྲི་འཕྱར་ཞིང་གཡོན་བསེ་མདུང་འཛིན་པ། ཡུམ་བསེ་གདོང་ཟངས་མགྲིན་ཅན་དམར་ནག་འཇའ་ཚོན་གྱི་གོས་ཅན་བྱད་ཐག་དང་ནད་རྐྱལ་ཐོགས་པ། བསེའི་གྱད་ཆེན་བཞི། བསེ་མོ་བཞི། མི་དམར་བཤན་པ་བཞི་བཅུ་རྩ་གཉིས་སོགས་ལས་བྱེད་དྲེགས་པའི་ཚོགས་ཀྱིས་བསྐོར་བ། ནུབ་ཏུ་ཛ་ལས་གཟའ་བདུད་ཆེན་པོ་རཱ་ཧུ་ལ་སྐུ་མདོག་དུད་ཁ་སྲིན་པོའི་གཟུགས་ཅན་མགོ་བོ་དགུ་པ་ལུས་ཀུན་མིག་གིས་གང་ཞིང་གཏུམ་རྔམས་འཁྲུགས་པའི་ཉམས་ཅན། གཡས་གྲི་གུག་འཕྱར་བའི་རྩེ་ལས་སྐྱིན་ཐང་གི་འཁོར་ལོ་བསྐོར་ཞིང་། གཡོད་ཐོད་ཁྲག་རྔུབ་ཅིང་ཆུ་སྲིན་གྱི་ཞགས་པ་འཕེན་པ། སྐུ་སྨད་སྦྲུལ་དུ་འཁྱིལ་ཞིང་ཞིང་གི་གཡང་གཞི་དང་། ཐོད་སྦྲུལ་གྱི་ཕྲེང་བ་སོགས་འཇིགས་པའི་ཆས་ཀྱིས་བརྒྱན་པ། སྲིང་མོ་གདོང་མོ་བཞི། གཟའ་ཆེན་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་སོགས་སྲིད་གསུམ་དྲེགས་པའི་ཚོགས་ཀྱིས་བསྐོར་བ། བྱང་དུ་མ་ལས་འདོད་ཁམས་བདག་མོ་རེ་མ་ཏི་ནག་མོ་སྐེམ་ཞིང་རིད་ལ་གཏུམ་པའི་ཉམས་ཅན། ཞལ་གདངས་ཤིང་མཆེ་བ་གཙིགས་པའི་བར་དུ་མི་རོ་རངས་པོ་གསོལ་བ། དྲག་པོའི་སྐན་སྒྲ་རྡེབ་ཅིང་ཤངས་ནས་ནད་ཀྱི་ན་བུན་ཐུལ་བ། ལྟེ་བ་ནས་ཉི་མ་འཆར་ཞིང་སྤྱི་བོར་ཟླ་བ་ཚེས་པ། ཐོད་སྐམ་གྱི་དབུ་རྒྱན་དང་ཐོད་རློན་གྱི་དོ་ཤལ་ཅན། སྙན་གཡས་སེང་གེ་དང་གཡོན་པ་སྦྲུལ་དང་དྲིལ་བུས་བརྒྱན་པ། གཡས་ཁྲམ་ཤིང་འཕྱར་ཞིང་གཡོན་ནད་རྐྱལ་དགྲ་ལ་འགྱེད་པ། མི་ལྤགས་ཀྱི་སྟོད་གཡོགས་དང་རེ་ལྡེའི་སྨད་དཀྲིས་སྦྲུལ་གྱི་སྐ་རགས་ཅན། དྲེལ་རྟ་རྐང་གསུམ་སྲིན་པོའི་ཐོད་པའི་སྒ་དང་སྦྲུལ་གྱི་གོང་རྨེད་ཅན་ལ་ཆིབས་ནས་རཀྟའི་རྒྱ་མཚོར་རོལ་པ། ནད་ཀྱི་རྐྱལ་པ་ཚོན་གྱི་གྲུ་གུ་ཤོ་རྡེལ་དཀར་ནག་བདུད་ཀྱི་ཁྲམ་ཤིང་སྟེ་སྤྲུལ་པའི་མཚོན་ཆ་ལྔ་འཆང་བ་ནག་མོ་འབུམ་སྡེའི་འཁོར་དང་བཅས་ཏེ་རླུང་ནག་འཚུབས་མའི་དབུས་ན་བཞུགས་པ། དེ་དག་གི་ཕྱི་རོལ་དུ་སྤྲུལ་པ་དང་ཡང་སྤྲུལ་ཕོ་ཉ་ལས་བྱེད་སྡེ་བརྒྱད་དྲེགས་པའི་དམག་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། ཐམས་ཅད་ཀྱང་ཕྲིན་ལས་འདོད་རྒུར་སྒྱུར་ཞིང་སྒྲུབ་པ་པོའི་རེ་བ་སྐོང་བས་ནམ་མཁའ་བར་སྣང་ས་གཞི་ཐམས་ཅད་ཡོངས་སུ་གང་བར་གྱུར། གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་། མ་ལ་ཡ་གནམ་ལྕགས་འབར་བའི་རི་བོ། དུར་ཁྲོད་ཆེན་པོ་བརྒྱད་སོགས་རང་བཞིན་གྱི་གནས་ནས་དཔལ་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོ་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་སྤྲིན་ཕུང་གཏིབས་པ་བཞིན་བྱོན་པར་བསམ་ལ་ལྕགས་ཀྱུའི་རྒྱ་བཅིངས་ཏེ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊཿ ཨོཾ་བྷུརྐུར་མ་ཧཱ་ཀཱ་ལ་ས་མ་ཡ་ཧྲིཾ་ཧྲིཾ་ཨངྐུ་ཤ་ཛ་ཛཿ ཞེས་དང་། ཧཱུྃ། ལངྐ་ཡུལ་གྱི་གྲོང་གདལ་གྱི། །དབུས་ཀྱི་རི་བོ་མ་ལ་ཡ། །ཀོ་ཀ་ཐང་དམར་རྒྱ་མཚོའི་དོ། །དྲག་ཤུལ་ཡོད་པའི་རྩེ་མོ་ན། །དཔལ་ཆེན་རྡོ་རྗེ་སྲིན་པོ་ཡིས། །བདུད་ཀྱི་སྡེ་རྣམས་བཏུལ་ནས་ཀྱང་། །གསང་སྔགས་འཁོར་ལོ་བསྐོར་བའི་ཚེ། །མིང་གིས་དབང་བསྐུར་བྲན་དུ་ཁས་བླངས་པ། །རྡོ་རྗེ་རོ་ལངས་དུར་ཁྲོད་ཚོགས་ཀྱི་བདག །མགོན་པོ་ནག་པོ་ཆེན་པོ་དང་། །ཉེ་གནས་ཀྲོ་དྷཱི་ཤྭ་རཱི་མ། །ཡབ་ཡུམ་གཉིས་སུ་མེད་པའི་འཁོར། །ལངྐའི་བདག་པོ་ལ་སོགས་དང་། །སླས་དང་བྱི་མོ་བྲན་མོའི་ཚོགས། །འདུས་པ་ཆེན་པོའི་རྣལ་འབྱོར་པ། །ཕོ་མོ་འཁོར་དང་བཅས་པ་རྣམས། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་པ་ཏི་ས་པ་རི་ཝཱ་ར་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་སཏྭཾ། ཨཱ་ཀརྴ་ཡ་ཧཱུྃ་ཛཿ ཨེ་ཨ་རལླི་ཧྲིཾ་ཧྲིཾ་ཛཿཛཿཞེས་པས་སྤྱན་དྲངས་ལ། ཧཱུྃ། རྡོ་རྗེ་བྲག་ཆེན་གཏམས་པ་དང་། །ཉི་ཟླ་པདྨ་རིན་ཆེན་ཁྲི། །བམ་ཆེན་བསྣོལ་བའི་གདན་སྟེང་དུ། །རབ་འཇིགས་དཔའ་བོ་འཁོར་བཅས་བཞུགས་སུ་གསོལ། །ཨོཾ་བྷུརྐུར་མ་ཧཱ་ཀ་ལ་རཀྨོ་ཀྲོ་དྷཱི་ཤྭ་རཱི་ནག་མོ་ཏིང་ལམ་ས་མ་ཡ་སཏྭཾ་ཏིཥྛ་བཛྲ། ཞེས་བཞུགས་སུ་གསོལ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ། ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལེགས་ལྡན་ཚོགས་ཀྱི་བདག་པོ་ལྕམ་དྲལ་འཁོར་དང་བཅས་པ་རྣམས་ཀྱིས། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྟོངས་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབས། སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག །ཅེས་དམ་ཚིག་གི་གཉེར་གཏད། ལྷ་ཡི་སྡེ་དཔོན་ཚོགས་ཀྱི་བདག །ལེགས་ལྡན་ནག་པོ་མཐུ་བོ་ཆེ། །དུར་ཁྲོད་བདག་པོ་སྒྲོལ་བའི་གིང་། །འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཞེས་པས་ཕྱག་བྱ། ཧཱུྃ། སྟོང་གསུམ་འདི་འམ་སྟོང་གསུམ་གཞན་དག་ན། །མེ་ཏོག་ཕྲེང་བ་ལ་སོགས་རིན་ཆེན་དབྱིག །ལ་དུ་ལ་ཕུག་ལ་སོགས་ཡིད་བཞིན་ཟས། །ཐང་སྐྱེས་ཆུ་སྐྱེས་ལ་སོགས་ལོངས་སྤྱོད་རྐྱེན། །འཆི་མེད་བདུད་རྩི་ལ་སོགས་དམ་ཚིག་ཆུ། །གུ་གུལ་ཚིལ་ཆེན་ལ་སོགས་བདུག་པའི་སྤྲིན། །ཞུན་ཆེན་མར་མེ་ལ་སོགས་སྣང་གསལ་མཆོག །བཤོས་གཙང་བཟའ་བཏུང་ལོངས་སྤྱོད་སྣ་ཚོགས་པའི། །རིམ་གསུམ་མཆོད་པས་ཚོགས་བདག་མཉེས་གྱུར་ཅིག །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་པ་ཏི་ས་པ་རི་ཝཱ་ར་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་པཱུ་ཛ་ཧོཿ བཛྲ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པཱུ་ཛཿཧཱུྃ། ཞེས་པས་སྤྱིར་མཆོད་ནས། ཁྱད་པར་གྱི་མཆོད་པ་སྨན་ཕུད་རཀྟ་གཏོར་མ་གསུམ་འབུལ་ཚིག་ཆོ་ག་རིགས་མཐུན་གཞན་ནས་བླངས་པའི་མཐར་རྩ་སྔགས་ལ་སོ་སོའི་སྔགས་བཏགས་ནས་ཕུལ། བྱེ་བྲག་གཏོར་མ་ལ་རཀྟ་བྲན་ནས་དམིགས་བྱ་དགུག་བསྟིམ་བྱ། ནང་མཆོད་བྲན་ལ་ཨོཾ་ཨཱཿཧཱུྃ་གིས་ཤ་ཁྲག་བདུད་རྩིར་སྤེལ་ལ། ཧཱུྃ། རྣལ་འབྱོར་ཀུན་གྱི་དཔལ་མགོན་མཆོག །མ་ཧཱ་ཀཱ་ལ་མཐུ་རྩལ་ཅན། །དཀའ་ཐུབ་ནག་པོ་ཚུར་གསོན་ཅིག །ལེགས་ལྡན་ནག་པོ་མ་རུངས་པ། །ཤ་ཁྲག་དམར་གྱི་མཆོད་པ་བཞེས། །རང་གི་རྒྱལ་སྲིད་ལ་གནས་ཏེ། །གཞན་གྱི་སྡེ་རྣམས་ཕམ་མཛད་པ། ཁྲམ་ལ་བཏབ་པའི་དགྲ་བགེགས་རྣམས། །རོལ་ཅིག་དགོངས་ཤིག་དམ་ཚིག་གཙོ། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ཅེས་པ་ཙམ་གྱི་མཐར་གཙོ་འཁོར་གྱི་སྔགས་ཤམ་དུ། མ་ཧཱ་མཱཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་ཨ་མྲྀཏ་ཁཱ་ཧི། ཨི་དཾ་དྷཱུ་པེ་པུཥྤེ་གནྡྷེ་ནཻ་བིདྱཱ་བ་ལིཾ་ཏ་པི་པ་ཏོ་ཧོཿ ཞེས་མཆོད། བསྟོད་པ་ནི། ཧཱུྃ། ལྷ་མིན་དམག་ཚོགས་གཡུལ་བཟློག་ཅིང་། །ལྷ་དམག་དཀར་པོའི་དབུགས་འབྱིན་པའི། །ལེགས་ལྡན་ནག་པོ་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །བསོད་ནམས་གཟི་བརྗིད་འཕགས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཚོགས་ཆེན་རྫོགས་ལ་ཕྱག་འཚལ་ལོ། །སྤྱོད་པ་རླབས་ཆེན་འཕགས་ལ་ཕྱག་འཚལ་ལོ། །དྲག་ཤུལ་མཐུ་ཆེན་ལྡན་ལ་ཕྱག་འཚལ་ལོ། །ཕ་རོལ་ཕྱིན་བཅུ་མངའ་ལ་ཕྱག་འཚལ་ལོ། །སྒྲིབ་པ་རྣམ་གཉིས་དག་ལ་ཕྱག་འཚལ་ལོ། །བདག་མེད་གཉིས་རྟོགས་ཁྱོད་ལ་ཕྱག་འཚལ་ལོ། །སྟོན་པའི་ལུང་བསྟན་ཐོབ་ལ་ཕྱག་འཚལ་ལོ། །སྔོན་གྱི་རྒྱལ་བ་རྣམས་དང་དགོངས་པ་གཅིག །རིག་འཛིན་གྲུབ་ཐོབ་རྣམས་དང་བྱིན་རླབས་གཅིག །མ་མོ་མཁའ་འགྲོ་རྣམས་དང་དམ་ཚིག་གཅིག །ལྷ་སྲིན་སྡེ་བརྒྱད་རྣམས་དང་མཐུ་རྩལ་གཅིག །སྔོན་གྱི་དྲང་སྲོང་རྣམས་དང་སྨོན་ལམ་གཅིག །ཚོགས་བདག་ཁྱོད་ལ་ཕྱག་འཚལ་ལོ། །མགོན་པོ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ཙམ་གྱིས་བསྟོད་དེ་ཟོར་ཡང་བའི་དབང་དུ་བྱས་ལ་ཤེས་ན་བསྟོད་པ་རྒྱས་པ་གཞན་དུ་འབྱུང་བ་བཞིན་བྱའོ། །དེ་ནས་བཟླས་པ་བྱ་བ་ནི། མགོན་པོ་འཁོར་བཅས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་ལ་སོགས་པའི་མཐར་རང་རང་གི་སྲོག་སྔགས་རིགས་ཀྱི་ཁ་དོག་ཅན་གྱིས་བསྐོར་བར། བདག་བསྐྱེད་ཀྱི་ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཕོག་པས་ཐུགས་ཀྱི་རྒྱུད་རབ་ཏུ་བསྐུལ་བས་ཅི་འདོད་པའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་བསྒྲུབ་པར་བསམ་ལ། ཨོཾ་བྷུ་རུ་ཀུ་རུ་ཨི་ཙི་ཀི་བྱི་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ། དེ་ལྟར་ཅི་འགྲུབ་བཟླས་པའི་མཐར་ཉེར་སྤྱོད་ལྔ་དང་ནང་མཆོད་ཕུལ་ལ། ཧཱུྃ། དྲག་པོ་སྐུ་ལྔ་རྒྱལ་བའི་བཀའ་སྡོད་མཆོག །ཡེ་ཤེས་ལྔ་ལྡན་རྒྱལ་བ་རིགས་ལྔའི་འཁོར། །ཕྲིན་ལས་བདུད་འདུལ་དགྲ་བགེགས་ཀུན་གྱི་གཤེད། །ལེགས་ལྡན་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །འབར་བའི་དཀྱིལ་འཁོར་གསན་ཅིང་དགོངས་སུ་གསོལ། །ཕྱི་ནང་གསང་བའི་མཆོད་པས་དགྱེས་པར་མཛོད། །དམ་ཚིག་འགལ་འཁྲུལ་ཉམས་ཆག་མཐོལ་ཞིང་བཤགས། །ཐུན་མོང་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་བསྟོད་ཅིང་ཕྲིན་ལས་གསོལ། འདིར་ཚོགས་མཆོད་བྱེད་ན་ཡི་དམ་གང་ལ་བསྟེན་པ་དེའི་གཞུང་བཞིན་དང་། ཡང་ན་ཚོགས་རྫས་བྱིན་གྱིས་བརླབས་ལ། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཨོཾ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཞེས་མཆོད། བར་བ་སྐོང་བཤགས་དང་འབྲེལ་བས་སྐོང་རྫས་བྱིན་གྱིས་བརླབས་ལ། ཧཱུྃ། བདག་ནི་རིག་འཛིན་སྒྲུབ་པ་པོ། །དམ་ལ་གནས་ཤིང་ལྷ་ལ་འཕྲེང་། ཁྱོད་ནི་སྲུང་མ་མཐུ་རྩལ་ཅན། །སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཞལ་བཞེས་པའི། ཁྱོད་ཀྱི་ཐུགས་དམ་གཉན་པོ་དེ། །ད་ལྟ་རྣལ་འབྱོར་བདག་བསྐུལ་ན། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །མ་ཧཱ་ཀཱ་ལ་གནས་འདིར་བྱོན། །ལེགས་ལྡན་ནག་པོ་གནས་འདིར་བྱོན། །དུར་ཁྲོད་སྒྲོལ་གིང་གནས་འདིར་བྱོན། །རྡོ་རྗེ་སྒྲོལ་བྱེད་གནས་འདིར་བྱོན། །ས་བཅུའི་དབང་ཕྱུག་གནས་འདིར་བྱོན། །རིག་འཛིན་སྲུང་མ་གནས་འདིར་བྱོན། །རྣལ་འབྱོར་དགྲ་བླ་གནས་འདིར་བྱོན། །ཚོགས་བདག་ཆེན་པོ་གནས་འདིར་བྱོན། །བོས་སོ་ཆོས་སྐྱོང་སྙན་མ་སྲ། །གཡབ་བོ་ལེགས་ལྡན་སྤྱན་མ་བརྟུལ། །སྒྲུབ་བོ་ཚོགས་བདག་གོང་མ་གཡེལ། །བསྐུལ་ལོ་བདུད་རྒྱལ་མཐུ་མ་ཆུང་། །དོ་ནུབ་ཁྱོད་ཀྱི་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་། །ཧཱུྃ། མེ་ཏོག་སྤོས་དང་མར་མེ་དྲི། །ཞལ་ཟས་རོལ་མོའི་བྱེ་བྲག་དང་། །འཕན་གདུགས་ལྷབ་ལྷུབ་སྣ་ཚོགས་ཀྱིས། །ལེགས་ལྡན་འཁོར་བཅས་ཐུགས་དམ་བསྐང་། །ཤ་ཆེན་ལྔ་ནི་རི་ལྟར་སྤུངས། །བདུད་རྩི་ལྔ་ནི་མཚོ་ལྟར་བསྐྱིལ། །ཡེ་ཤེས་ལྔ་ལྡན་དམ་རྫས་འདིས། །དཔལ་མགོན་འཁོར་བཅས་ཐུགས༴ ཤ་ཆེན་ཁྲག་དང་དབང་པོ་ལྔ། །ཚིལ་ཆེན་ཞུན་མར་མཁྲིས་པ་དང་། །གཡང་གཞི་ལྷབ་ལྷུབ་རྐང་གླིང་སྒྲས། །དཔལ་མགོན་འཁོར་བཅས་ཐུགས༴ དམར་ཆེན་བཟའ་བཅའི་གཏོར་མ་དང་། །འབྲུ་བཅུད་བདུད་རྩི་བཏུང་བའི་རྒྱུན། ཁྱད་པར་དམ་རྫས་སྣ་ཚོགས་ཀྱིས། །དཔལ་མགོན་འཁོར་བཅས་ཐུགས༴ གླིང་བཞི་གླིང་ཕྲན་རི་རབ་དང་། །རིན་ཆེན་བདུན་དང་བཀྲ་ཤིས་རྫས། །འདོད་ཡོན་ལྔ་ཡི་མཆོད་པ་ཡིས། །དཔལ་མགོན་འཁོར་བཅས་ཐུགས༴ གཡག་ནག་རྟ་ནག་ཁྱི་ནག་དང་། །ལུག་ནག་བྱ་ནག་ལ་སོགས་པ། །རྟེན་པའི་དམ་རྫས་སྣ་ཚོགས་ཀྱིས། །དཔལ་མགོན་འཁོར་བཅས་ཐུགས་དམ་བསྐང་། །ཞེས་པ་ཙམ་གྱི་མཐར། བསྐང་ངོ་བཤགས་སོ་ཐུགས་དམ་ཅན། །དམ་ཅན་ཐུགས་དམ་བསྐངས་གྱུར་ནས། །བདག་གི་ཉམས་ཆག་བྱང་བར་མཛོད། །དངོས་གྲུབ་སྒྲུབ་ལ་བར་གཅོད་པའི། །འགལ་རྐྱེན་བར་ཆད་ཞི་བ་དང་། །མཐུན་རྐྱེན་བསམ་པ་ཐམས་ཅད་སྒྲུབས། །རྟག་ཏུ་ཐུགས་དམ་མ་གཡེལ་བར། །བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་བསྐང་བར་བྱའོ། །བཤགས་པ་ནི། ཧོཿ ཡོན་ཏན་ལྷུན་རྫོགས་དངོས་གྲུབ་སྩོལ་མཛད་པའི། །རྩ་བརྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་ལྷ། །དཔལ་ཆེན་རྡོ་རྗེ་སྲིན་པོ་ཁྲོ་བོའི་རྒྱལ། །ལེགས་ལྡན་ནག་པོ་འཁོར་བཅས་དགོངས་སུ་གསོལ། །ཐེག་ཆེན་གསང་སྔགས་བླ་མེད་སྒོར་ཞུགས་ནས། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས། །རྟག་ཏུ་བསྲུང་ཞིང་སྡོམ་པར་ཁས་བླངས་ནས། །ཉམས་ཆག་འགལ་འཁྲུལ་ནོངས་པ་མཐོལ་ལོ་བཤགས། །ཐུན་བཞིའི་རྣལ་འབྱོར་སྒོམ་པར་ཁས་བླངས་ནས། །ཐ་མལ་ལས་ལ་ཡེངས་པ་མཐོལ་ལོ་བཤགས། །བདེ་གཤེགས་ཐུགས་རྒྱུད་བསྐུལ་བར་ཁས་བླངས་ནས། །ཐ་མལ་ལོང་གཏམ་སྨྲས་པ་མཐོལ་ལོ་བཤགས། །དམིགས་མེད་ཡེ་ཤེས་སྒོམ་པར་ཁས་བླངས་ནས། །དུག་གསུམ་རྟོག་པའི་དབང་གྱུར་མཐོལ༴ ཕྱི་ནང་གསང་རྟེན་འཛུགས་པར་ཁས་བླངས་ནས། །དགོས་པའི་དམ་རྫས་མ་ཚང་མཐོལ༴ རྟག་ཏུ་མཆོད་བསྟོད་བསྙེན་པར་ཁས་བླངས་ནས། །སྙོམ་ལས་ལེ་ལོས་གཡེངས་པ་མཐོལ༴ མན་ངག་སྦས་ནས་སྒྲུབ་པར་ཁས་བླངས་ནས། །གསང་བའི་གཉེར་ཁ་འཆོལ་བ་མཐོལ༴ དམ་རྫས་ཕུད་ཀྱིས་མཆོད་པར་ཁས་བླངས་ནས། །འབགས་བཙོག་ཉམས་པར་གྱུར་པ་མཐོལ༴ རྒྱལ་བའི་བཀའ་བཞིན་སྒྲུབ་པར་ཁས་བླངས་ནས། །གཟུ་ལུམ་རས་ཆོད་བགྱིས་པ་མཐོལ༴ ཟོལ་མེད་དམ་ཚིག་བསྲུང་བར་ཁས་བླངས་ནས། །ཉམས་གྲིབ་སྐྱོན་གྱིས་ཕོག་པ་མཐོལ༴ སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི །དམ་ཚིག་འགལ་བ་མ་ལུས་སོ་སོར་བཤགས། །མཐོལ་བཤགས་འབུལ་ལོ་ཚངས་པར་མཛད་ནས་ཀྱང་། །དངོས་གྲུབ་མཆོག་གིས་བདག་རྒྱུད་གཏམས་པར་མཛོད། །ཅེས་དང་ཡིག་བརྒྱ་མང་དུ་བཟླའོ། །དེ་ལྟར་སྐོང་བཤགས་སྐབས་ཀྱི་ཕྲིན་ལས་ལ་མཁོ་བའི་དབང་དུ་བྱས་ཀྱི། རྒྱུན་གྱི་ཕྲིན་ལས་ལ་ནི། བཟླས་པའི་རྗེས་ཀྱི་བསྟོད་པ་དང་ཕྲིན་ལས་གསོལ་བའི་མཐར་ཐུན་གཏོར་ལ་དམིགས་བྱ་བཀུག་ལ་བདུད་རྩིར་སྤར་བས་མཆོད་ཅིང་། ཧཱུྃ། ལྷ་ཡི་སྡེ་དཔོན་ཚོགས་ཀྱི་བདག །ལེགས་ལྡན་ནག་པོ་མཐུ་བོ་ཆེ། །ཉེ་གནས་ཀྲོ་དྷཱི་ཤྭ་རཱི་མ། །གིང་དང་གནོད་སྦྱིན་སྲིན་པོ་དང་། །མ་མོ་མཁའ་འགྲོ་ཕོ་ཉ་དང་། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས། །ཟག་མེད་འདོད་ཡོན་བདུད་རྩི་ཡི། །དམ་རྫས་མཆོད་གཏོར་འདི་བཞེས་ལ། །དེང་འདིར་བཅོལ་པའི་ཕྲིན་ལས་མཛོད། །སྔར་བཅོལ་ལས་ཀྱི་གཏང་རག་མཛོད། །ཕྱི་བཅོལ་ལས་ཀྱི་གསོས་སུ་བཞེས། །སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས། །དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་བསྟོད། །སློབ་དཔོན་སྐུ་དགྲ་ཁྱོད་ཀྱིས་ཐུལ། །སྒྲུབ་པ་པོ་ཡི་སྟོངས་གྲོགས་མཛོད། །ཅེས་གཏོར་མ་སྒྲུབ་ཁང་གི་ཡང་ཐོག་ལ་སོགས་པར་འབུལ་ལོ། །སླར་ཡང་གཏང་རག་གི་མཆོད་བསྟོད་དང་ནོངས་པ་བཤགས། རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཏོར་མགྲོན་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྟིམ། གནས་གསུམ་དུ་ཡི་གེ་གསུམ་གྱི་རྒྱས་གདབ། དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་བརྒྱན་ནོ། །བསྟན་སྲུང་རྒྱ་མཚོའི་སྡེ་དཔོན་ནག་པོ་ཆེ། །ལེགས་ལྡན་ཚོགས་ཀྱི་བདག་པོའི་ཕྲིན་ལས་གཞུང་། །སྙིང་པོར་དྲིལ་ནས་མདོར་བསྡུས་འདིར་བརྗོད་པའི། །བསོད་ནམས་བསྟན་པ་རྒྱས་པའི་རྒྱུར་གྱུར་ཅིག །དཔལ་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོའི་ལས་བྱང་རྒྱས་པ་ལས་སླར་ཡང་སྙིང་པོ་ཁྱེར་བདེར་དྲིལ་བ་ལས་བཞིའི་།

དཔལ་ལྡན་མགོན་པོ་ལེགས་ལྡན་ནག་པོའི་དབང་ཆོག་དྲག་པོ་སྔགས་ཀྱི་རྗེས་གནང་དང་བཅས་པ་བདེ་གསལ་དོན་ལྡན་ (Volume 37, Text 3)

༄༅། །དཔལ་ལྡན་མགོན་པོ་ལེགས་ལྡན་ནག་པོའི་དབང་ཆོག་དྲག་པོ་སྔགས་ཀྱི་རྗེས་གནང་དང་བཅས་པ་བདེ་གསལ་དོན་ལྡན་ཞེས་བྱ་བ་བཞུགས་སོ། །དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་དབང་ལུང་གི་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ། ། དཀོན་མཆོག་གསུམ་གྱི་ངོ་བོ་ཆོས་ཀྱི་རྗེ། །སྐུ་ལྔ་རབ་རྫོགས་དྲུག་པ་རྡོ་རྗེ་འཆང་། །གཉིས་སུ་མེད་པའི་ཞབས་ལ་གུས་བཏུད་ནས། །བཀའ་སྡོད་ལེགས་ལྡན་ནག་པོའི་དབང་ཆོག་བྲི། །གཞུང་དང་མཐུན་པའི་གནས་ཉིད་དུ། །ཚད་དང་ལྡན་པའི་བླ་མ་དང་། །སྣོད་དང་ལྡན་པའི་སློབ་མ་ཡིས། །དགོས་པའི་ཡོ་བྱད་ཚོགས་པ་དང་། ཁྲག་འཐུང་རྣལ་འབྱོར་ལྡན་བྱས་ནས། །ཐོག་མར་ས་ལྷའི་རྣལ་འབྱོར་བརྩམ། །ལས་ཀྱི་ལྷ་བསྐྱེད་མཆོག་གཏོར་བརླབ། །ཨོཾ་བིགྷྣཱནྟ་ཀྲིཏ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། རཾ་ཡཾ་ཁཾ། ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སུརྻཱ། ཙཎྜ། པདྨ། དྷཱུ། པུ། ཨ། གན། ནཻ། ཤ །སྤྲོ་བསྡུ། བཛྲ་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་བིདྱཱ། ཤབྡ་ཨཱཿཧཱུྃ། ཨོཾ་ཨཱཿཧཱུྃ། སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱཿནཾ་ཨ་དྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། མཎྜལ་བསང་སྦྱང་། ལྷ་མོ་གསེར་མདོག་རྒྱན་ལྡན་བུམ་འཛིན་ཕག་ལ་བཞུགས། ལཾ་སརྦ་སཾ། ལཾ་ཀ་ལ་ཀྵ། སྤྲོ་བསྡུ། ལཾ་པྲ་ཏི་བྷྱེ་སྭཱ་ཧཱ། དབང་བསྐུར་བྱིན་རླབས་སྤྱན་དྲངས་བསྟིམ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨོཾ་མ་ཧཱ་ཨ་དརྴ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱདྨ་ཀོ྅་ཧཾ། ྎ ཨོཾ་བཛྲ་ས་མ་ཡ་ཛཿ དད་པ་དང་ནི་དམ་ཚིག་གི །ཚུར་གཤེགས་ས་ཡི་ལྷ་མོ་ཆེ། །མཆོད་ཡོན་བཞེས་ནས་འདི་ཉིད་དུ། །མཆོད་པས་བདག་ལ་དགྱེས་པར་མཛོད། །ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན། མ་ཧཱ་ཀ་རུ་ཎཱི་ཀཱ་དྲི་ཤྱ་ཧཱོཿ ས་མ་ཡ་ཧོཿ ས་མ་ཡ་སཏྭཾ། ཛ་ཧཱུྃ་བཾ་ཧོཿ ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ། ཀུན་བཟང་ཕྱི་མཆོད་ཕུད་གཏོར་ནི། །བདེ་བར་གཤེགས་པ་ལྷ་མོ་ཆེ། །དེ་སོགས་ཚིག་དང་མཛོད་ཀྱི་སྔགས། །རྩ་སྔགས་མཆོད་སྔགས་བཏགས་པས་དབུལ། །དེ་ནས་བཟླས་དང་བསྟོད་པ་བྱ། །ལཾ་པྲ་ཏི་བྷྱེ་སྭཱ་ཧཱ། ས་ཡི་ལྷ་མོ་བརྟན་མ་གཟི་འབར་མ། །སྐུ་གསེར་ཕྱག་ན་གསེར་གྱི་བུམ་པ་བསྣམས། །འཇའ་ཚོན་མདོག་ལྡན་ཕག་གི་ཁྲི་ལ་བཞུགས། །དེ་ལ་ཕྱག་འཚལ་བསྙེན་བསྐུར་མཆོད་ཅིང་བསྟོད། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་ལས། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ས་འདིར་དཀྱིལ་འཁོར་བྲི་བར་བྱ། །རིག་པ་འཛིན་པས་དེ་ལྟར་མཛོད། །གཏོར་མའི་ཕ་འབབ་ཕྱོགས་གཉིས་ལ། །བྱིན་ལ་གྲོགས་བཅོལ་བསྐྲད་པར་བྱ། །ལྷ་མོ་དགྱེས་ནས་ས་ལ་ཐིམ། །ལག་པ་རྡོ་རྗེ་དང་བཅས་པ། །ས་ལ་གཟུག་ཅིང་སྔགས་འདི་བརྗོད། །ཨོཾ་བཛྲ་ཀྲོ་དྷ་ཧ་ན་ཧ་ན་ཧཱུྃ་ཕཊ། ༈ དེ་ནས་ལྷ་ཡི་སྟ་གོན་ནི། །མཎྜལ་བདུད་རྩིས་བྱུགས་པར་བྱ། །ཨོཾ་ཨཱཿཧཱུྃ་མ་ཧཱ་མཎྜ་ལ་སིདྡྷི་ཀུ་རུ་ཧཱུྃ། དུར་ཁྲོད་སྐྲ་ཡིིས་ཆ་དབྱེ་ཞིང་། །སློབ་དཔོན་བདག་བསྐྱེད་གསལ་བཏབ་ལ། །མཎྜལ་བྷྲཱུྃ་ལས་དུར་ཁྲོད་ཁང་། །བསྐྱེད་ཅིང་ཁྲག་གི་ཐིག་ལེ་ལས། །སོ་སོའི་གནས་སུ་རྩ་སྔགས་ནི། །གདན་ལ་ལྷ་རྣམས་བསྐྱེད་པར་བྱ། །བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ན་ཙཀྲ་བྷྲཱུྃ། སརྦ་དུཥྚཱཾ་ནྲྀ་ཏྲི་ཏི་ར་བཾ་ཏི་ར་བཾ། ཀོ་ཀ་ཐང་དམར་རྒྱ་མཚོའི་དབུས། །མ་ལ་ཡ་ཡི་རི་རྩེ་རུ། །ཕོ་བྲང་ལྟེ་བ་གྲུ་གསུམ་ལྔ། །མུ་ཁྱུད་ཁྲག་ཁྱམས་སྒོ་བཞིར་ལྡན། །ཕྱི་རོལ་འོབས་མཁར་བརྒྱད་དང་བཅས། །རབ་ཏུ་འཇིགས་པ་བསྐྱེད་དབུས་སུ། །དགྲ་བགེགས་རོ་ཡི་གདན་སྟེང་དུ། །ཨོཾ་མ་ཧཱ་ཀཱ་ལ་ཀྲོ་དྷ་ཧཱུྃ། རཀྴ་ཀྲོ་དྷཱི་ཤྭ་རཱི་ཏྲགྨོ་ཧེ། ཤར་ལ་སོགས་པའི་མཁར་བཞི་རུ། །ཀྲོ་དྷ་ཛྭ་ལ། ཡཀྵ་ཛྭ་ལ། རཀྴ་ཛྭ་ལ། ཙིཏྟ་ཛྭ་ལ་ས་མ་ཡ། ཁྲོ་བོ་གནོད་སྦྱིན་སྲིན་པོ་དང་། །མ་མོར་བཅས་པ་འཁོར་བཅས་བསྐྱེད། །བཙོན་ཁང་རྣམས་ལ་མ་མོ་དང་། །བར་ཁྱམས་དབང་མོ་སྒོ་བཞིར་སྒོ །གྲུ་བཞིར་གྲུ་འདེགས་བཞི་དག་རྣམས། །འོབས་མཁར་རྣམས་སུ་འབུ་ཆེན་དང་། །མཐར་བྱ་གཅན་ཟན་ལ་སོགས་པ། །ཆོ་ག་བཞིན་དུ་བསྐྱེད་བྱས་ལ། །བསླབ་སྐུར་དྲངས་བསྟིམས་ཐིམ་པ་ལ། །ཕྱི་ནང་མཆོད་བཟླས་བསྟོད་པ་ནི། །ཧཱུྃ། ལྷ་ཡི་དེད་དཔོན་ཚོགས་ཀྱི་བདག །ལེགས་ལྡན་ནག་པོ་མཐུ་བོ་ཆེ། །དུར་ཁྲོད་བདག་པོ་སྒྲོལ་བའི་གིང་། ཁྲོ་བོའི་རྒྱལ་པོ་ཁྱོད་ལ་བསྟོད། །ཧཱུྃ། དྲག་པོ་སྐུ་ལྔ་རྒྱལ་བའི་བཀའ་སྡོད་མཆོག །ཡེ་ཤེས་ལྔ་ལྡན་རྒྱལ་བ་རིགས་ལྔའི་འཁོར། །ཕྲིན་ལས་བདུད་འདུལ་དགྲ་བགེགས་ཀུན་གྱི་གཤེད། །ལེགས་ལྡན་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །དེ་ནས་འདོད་དོན་གསོལ་བ་གདབ་པ་ནི། །ལེགས་ལྡན་འཁོར་བཅས་དགོས་སུ་གསོལ། ཁྱེད་ལ་མཆོད་པ་བྱ་བ་དང་། །སློབ་མ་རྗེས་སུ་གཟུང་བྱའི་ཕྱིར། །བདག་ནི་དཀྱིལ་འཁོར་བགྱིད་པར་འཚལ། །སྟ་གོན་ལ་ནི་གནས་པར་མཛོད། །དེ་བཞིན་བགྱི་འོ་དེ་བཞིན་མཛོད། ༈ །དེ་ནས་བུམ་བརྟགས་བུམ་པ་གཉིས། །རྒྱན་ལྡན་བསང་སྦྱང་གོང་དང་མཚུངས། །བྷྲཱུྃ་བྷྲཱུྃ། སྤྲོ་བསྡུ། བྷྲཱུྃ་བི་ཤྭ༴ རྣམ་རྒྱལ་བུམ་པའི་གཞལ་ཡས་སུ། །འཁོར་བཅས་བསྐྱེད་པ་སྒྲུབ་ཐབས་བཞིན། །ལས་བུམ་གདན་གསུམ་ཆོག་གསུམ་གྱིས། །བདུད་རྩི་འཁྱིལ་པར་བསྐྱེད་པ་ནི། །ལྗགས་གུ་རྒྱ་གྲམ་དྲིལ་བུ་ཅན། །བརླབ་ཅིང་དབང་བསྐུར་མཆོད་པའི་བར། །གོང་བཞིན་བྱས་ལ་བཟླས་པ་ནི། །མགོན་པོའི་བསྙེན་བསྒྲུབ་བཞི་སྔགས་ལ། །དབང་སྔགས་བཏགས་པ་བཟླ་བྱ་ཞིང་། །ལས་བུམ་གོང་ལ་ཁྲུས་སྔགས་སྦྲེལ། །མགོན་པོར་གོང་བཞིན་བསྟོད་བྱས་ལ། །སེམས་དཔའ་ལྗང་གུ་སྣ་ཚོགས་ཕྲིན་ལས་བདག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསམ་མི་ཁྱབ། །ཡེ་ཤེས་བདུད་རྩིས་སྲིད་གསུམ་འོད་ཕུང་འཁྱིལ། ཁྲོ་རྒྱལ་བདུད་རྩི་འཁྱིལ་ལ་ཕྱག་འཚལ་བསྟོད། །མཉེས་ཞུ་བྱིན་ལྡན་ཆུ་རུ་བསམ། ༈ །དེ་ནས་སློབ་མའི་སྟ་གོན་ནི། །སློབ་མ་ཁྲུས་བྱས་མཎྜལ་ཕུལ། །གྲལ་ལ་རིམ་པར་འཁོད་པ་ཡིས། །གསོལ་བ་འདི་སྐད་གདབ་པར་བྱ། །ཧོཿ རང་བཞིན་འདུ་འབྲལ་མེད་པའི་ལྷ། །ཕྱག་རྒྱ་ཆེན་པོའི་ཚོགས་མཆོག་ཏུ། །བདག་ཀྱང་མཉམ་པར་སྨྲ་བའི་ཕྱིར། །བྱི་རླབས་རབ་ཏུ་བཞུགས་སུ་གསོལ། །དེ་འདོད་སློབ་བུས་སེམས་གཉིས་བསྐྱེད། །བདག་དང་མཐའ་ཡས་སེམས་ཅན་རྣམས། །ཞེས་པས་ཀུན་རྫོབ་སེམས་བསྐྱེད་ཅིང་། །ཨེ་མ་ཚར་ལྔས་མཆོག་སེམས་བསྐྱེད། །སེམས་གཉིས་ལྡན་ལ་གསང་དོན་སྦྱིན། །ཨེ་མ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །སྣ་ཚོགས་ལུས་དང་ལོངས་སྤྱོད་དང། །གནས་དང་སྡུག་བསྔལ་ལ་སོགས་པ། །བདག་དང་བདག་གིར་སོ་སོར་འཛིན། །སུས་ཀྱང་མ་བཅིངས་བཅིང་མེད་དེ། །བཅིང་བར་བྱ་བ་ཡོད་མ་ཡིན། །རྣམ་རྟོག་བདག་ཏུ་འཛིན་པ་ཡི། །ནན་གྱིས་མཁའ་ལ་མདུད་པ་འདོར། །བཅིངས་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། ཁྱོད་ལ་རབ་ཏུ་བསྟན་པར་བྱ། །ཅེས་པའི་བར་གྱི་དོན་བཤད་དོ། །དེ་ནས་སློབ་མས་གསོལ་གདབ་པ། ཧེ་རུ་ཀ་དཔལ་ཁྱེད་ལ་འདུད། །ཐར་ལམ་ཆེན་པོ་བདག་འདོད་དེ། །དེ་ཡི་དབང་དང་དམ་ཚིག་དང་། །མགོན་པོ་དཔའ་བོར་སྐྱབས་སོང་ཞིང་། །ཐེག་ཆེན་ཁང་པར་འཇུག་པ་དང་། །མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །དེ་ནས་རྡོ་རྗེ་སློབ་མ་ཡི། །ཚེ་སྦ་བགེགས་བསྐྲད་སྒྲིབ་པ་ཕྲལ། །ལྷར་བསྐྱེད་གོ་བགོ་ལུས་སྲུང་བྱ། །ཨཱ་ཡུརྫྙཱ་ན་བྷིནྡྷུ་བྷྲཱུྃ། བི་ཤྭ་བཛྲ་སྔགས་ཀྱི་བསྐྲད། །ལག་སོར་བརླབས་ཕྲལ་བདེ་སྟོབས་སྦྱངས། །རྩ་བའི་སྔགས་ཀྱིས་མགོན་པོར་བསྐྱེད། །གོ་བགོ་ལུས་བསྲུང་བཀའ་ནན་བཅིང་། །དེ་ནས་སྲུང་སྐུད་གསུམ་སྒྲིལ་ལ། །བདུད་རྩི་འཁྱིལ་པའི་སྔགས་ཀྱིས་གདབ། །དཔུང་པར་བཅིངས་པས་ལུས་དག་བྱ། །མཎྜལ་རིགས་ལྔའི་རབ་གནས་ལྡན། །སོ་ཤིང་དོར་སྟེ་ལྟས་བརྟག་གོ །ཨོཾ་བཛྲ་ཛི་ཧ་སཾ་བྷ་ར་དྷ་ནི་ཧཱུྃ། ཙནྡན་ནམ་ནི་དྲི་ཆུ་ལ། །སྔགས་བཏབ་ཁྲུས་བཤལ་ཁོང་དུ་བཏུང་། །ཨོཾ་ཧྲཱིཿབི་ཤུདྡྷ་སརྦ་དྷརྨ་སརྦ་པཱ་པཾ་ནི་ཙ་སྱ་སཾ་ཤོ་དྷ་ནི་སརྦ་བི་ཀལྤན་ཨ་པ་ན་ཡེ་སྭཱ་ཧཱ། དྷི་དང་ཧ་ཡིས་བསྔགས་པ་ཡི། །ཀུ་ཤ་སྔོན་པོ་གཉིས་བྱིན་ལ། །སྔས་དང་སྟན་བྱ་རྨི་ལམ་བརྟག །འདྲི་ཞིང་ངན་ན་བཟློག་པར་བྱ། །དེ་ནས་གེགས་བརྒྱད་བཤད་ཀྱང་རུང། ༈ །དེ་ནས་ཐིག་མཚོན་བྱིན་བརླབས་ཏེ། །ལེགས་ལྡན་དཀྱིལ་འཁོར་གཞུང་བཞིན་བྲི། །ལས་གཞུང་བསྲང་ལ་བསྒྲུབ་ཅིང་མཆོད། །དེ་ནས་དཀྱིལ་འཁོར་འཇུག་པ་ནི། །སློབ་མ་ཁྲུས་བྱས་མཎྜལ་ཕུལ། །དེ་ནས་གསོལ་བ་གདབ་པ་ནི། དཔལ་མགོན་ལེགས་ལྡན་ནག་པོ་ཡི། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ། །བདག་ཅག་འཇུག་པར་འཚལ་ལགས་ཀྱིས། །དཔའ་བོས་ཐུགས་རྗེས་གཟུང་དུ་གསོལ། །ལན་གསུམ་བླ་མས་ལན་གདབ་པ། །ལེགས་ལྡན་ནག་པོའི་དཀྱིལ་འཁོར་དུ། །འཇུག་པར་འདོད་པའི་བུ་ཁྱོད་ཉོན། །ལས་དང་བསམ་པ་ཐམས་ཅད་འགྲུབ། །བླ་མེད་ཐེག་ཆེན་འབྲས་བུ་ཐོབ། །གནས་སྐབས་བསྟན་པ་བསྲུང་བྱའི་ཕྱིར། །ཞུམ་མེད་དཀྱིལ་འཁོར་འཇུག་ནུས་སམ། །སློབ་མས་ནུས་ཞེས་ཁས་བླངས་ལ། །བུ་ཁྱོད་སུ་ཡིན་ཅི་ལ་དགའ། །བདག་ནི་ལས་མཆོག་སྐལ་བར་ལྡན། །བདེ་མཆོག་དགའ་ཚལ་དཀྱིལ་འཁོར་འདིར། །སངས་རྒྱས་མཛད་དཀའ་སྤྱད་ནས་ནི། །འགྲོ་བ་ཐམས་ཅད་བསྒྲལ་བར་མོས། །ཨ་ཁཾ་བཱི་ར་ཧཱུྃ། བི་ཤྭ་བཛྲ་བརྗོད། ཧ་ལ་ཧ་ལ་རཾ། ཀྲོ་ཏ་ཀྲོ་ཏ་ཡཾ། ཏིཀྞ་ཏིཀྞ་ཁཾ། ཏ་ཀེཾ་ཏ་ཀེཾ་ཕཊ། ཨོཾ་ཨཱཿཧཱུྃ། སྡོམ་པ་རིམ་པར་བླང་བ་ནི། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །ཞེས་ནས་བྱང་ཆུབ་ཆེན་པོར་བསྔོ། །བདག་དང་མཐའ་ཡས་སེམས་ཅན་རྣམས། །སོགས་དང་ཨེ་མ་ཚར་ལྔ་བརྗོད། །དམ་ཚིག་ཁས་སུ་བླང་བ་ནི། །ཀྱཻ། རྡོ་རྗེ་ཆོས་དབྱིངས་ཀུན་གྱི་གཙོ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི། །བདེ་བ་མཆོག་གི་དམ་པ་སྟེ། །སེམས་ཅན་དོན་དང་འཕྲིན་ལས་སྒྲུབ། །སངས་རྒྱས་ཡོན་ཏན་འབྱུང་བའི་ཕྱིར། །དམ་ཚིག་དམ་པ་བསྲུང་བར་བགྱི། །ཆོས་ཀུན་རང་བཞིན་དག་པས་ན། །བདག་ཀྱང་རང་བཞིན་རྣམ་པར་དག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཐུགས་དམ་དབྱིངས་མཆོག་དཀྱིལ་འཁོར་འདིར། །སེམས་ཅན་འབྱམས་ཀླས་མ་ལུས་རྣམས། །མཆོག་ཉིད་བསྒྲུབ་པར་བགྱིས་པས་ན། །སྐུ་ཡི་དབྱིག་ཏུ་བདག་སྐྱེད་ཅིག །སླར་ཡང་ལྡོག་པར་མི་བགྱིད་དོ། །བཅོམ་ལྡན་ཐམས་ཅད་མཆོག་ནི་བདག་ལགས་ཏེ། །མཆོག་ཉིད་བསྒྲུབ་ཕྱིར་རྡོ་རྗེ་བླང་བར་བགྱི། །རྡོ་རྗེ་རྒྱལ་པོར་ཁྱོད་བཞུགས་པས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟེ། །རྡོ་རྗེ་དམ་ཚིག་མཆོག་ཉིད་ནི། །ཕུན་སུམ་ཚོགས་པར་བསྒྲུབ་ལགས་པས། །བདག་ལ་དུས་འདིར་བསྩལ་དུ་གསོལ། །ལན་གསུམ་བླ་མས་བཀའ་བསྒོ་བ་ནི། །འདི་ནི་རྒྱལ་བ་ཀུན་གྱི་ཐུགས། །སངས་རྒྱས་ཀུན་གྱི་དམ་ཚིག་ཡིན། །ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས། །རྟག་ཏུ་འབྲལ་བར་མ་བྱེད་ཅིག །དེ་ལྟར་ཁྱོད་ཀྱིས་རྟག་ཏུ་སྤྱོད། །ཙནྡན་ཆུ་དང་བདུད་རྩི་སྦྱིན། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །སངས་རྒྱས་ཀུན་ཁྲོས་ཁྲག་ཆེན་པོ། །སྙིང་ནས་དྲངས་ཏེ་འཐུང་བར་བྱེད། །ཨོཾ་ཡཀྴ་ཀྲོ་དྷ་ས་མ་ཡ་ཧཱུྃ། དེ་ལྟ་བས་ན་བུ་ཁྱོད་ཀྱིས། །དམ་ཚིག་འདི་ནི་བསྲུང་བར་གྱིས། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །པཉྩ་ཨ་མྲྀཏ་ཨུ་ཙིཏྟ་ཨ་མྲྀཏ་ཋ་ཋ་ཧཱུྃ། དེ་རིང་ཕན་ཆད་བུ་ཁྱོད་ཀྱི། །ཕྱག་ན་རྡོ་རྗེ་ང་ཡིན་གྱིས། །ང་ཡིས་ཇི་ལྟར་བསྒོ་བ་བཞིན། ཁྱོད་ཀྱིས་དེ་ལྟར་བྱ་དགོས་སོ། །ས་མ་ཡ་ཧཱུྃ། ཧཱུྃ། སྔོན་ཚེ་གོང་ནས་བསྙེན་པའི་ལྷ། །བདག་གི་ཉེ་གནས་གང་ལགས་པ། །ལས་འཕྲོ་ཐུགས་རྗེ་ལྡན་པའི་ལྷ། །གང་ཡིན་དེ་ལ་འབབ་གྱུར་ཅིག །པྲ་ཏཱིཙྪ་ཧོ། པྲ་ཏི་གྲིཧྞ་སྭ་མི་མཾ་སཏྭ་མ་ཧཱ་བ་ལ། རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བ་འོ། །དེ་བཞིན་གཤེགས་པ་ཐམས་ཅད་དང། །དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །དཔལ་ཧེ་རུ་ཀ་བདག་ལ་དབབ་ཏུ་གསོལ། ཨོཾ་བཛྲ་ས་མ་ཡ་ཛཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཨཱེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་སཏྭཾ། པྲ་བེ་ཤ་ཡ་ཕཊ། ཨ་བེ་ཤ་ཡ་ཨ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ། སྔོན་གྱི་མིག་མཁན་རྒྱལ་པོ་ཡིས། །ཐུར་མས་ལིང་ཏོག་བསལ་པ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཨོཾ་མུཾ་ཧཱུྃ། ཨོཾ་ནི་ཡེ་ཤེས་ལྷུན་གྱིས་གྲུབ། །མུཾ་ནི་ཡེ་ནས་རང་སངས་རྒྱས། །ཧཱུྃ་ནི་རྩ་བ་བྱང་ཆུབ་སེམས། །དཀྱིལ་འཁོར་རྣམ་གསུམ་དབྱེར་མེད་པ། །ཧ་ཞེས་མཐོང་བ་ཡོངས་སུ་དག །མ་འདྲེས་ཡོངས་རྫོགས་མཐོང་བར་བྱེད། །ཕོ་བྲང་དབུས་ན་ཐོད་མཁར་ལྔ། །དཀྱིལ་ན་སྒྲོལ་གིང་ཡབ་ཡུམ་སྟེ། ཁྲོ་བོ་གནོད་སྦྱིན་སྲིན་པོ་དང་། །མ་མོ་རིམ་པར་ཕྱོགས་བཞིར་གནས། །བཙོན་ཁང་སྲིན་མོ་བཅུ་དྲུག་དང་། །དེ་མཐའ་ཐོད་པའི་ཕྲེང་བས་བསྐོར། །གྲུ་ཆད་བཞི་ལ་གྲུ་འདེགས་བཞི། །བར་ཁྱམས་ཁྲག་མཚོར་དབང་མོ་དང་། །སྒོ་བཞིར་སྒོ་མ་ཆེན་མོ་བཞི། །དེ་དག་མཐའ་ན་འོབས་མཁར་བརྒྱད། །ཀུན་གྱི་ཕྱི་ན་ཤ་ཟ་དང་། །གནོད་སྦྱིན་འདྲེ་སྲིན་རོ་ལངས་དང་། །བྱ་གཅན་ལྕེ་སྤྱང་མང་པོས་བསྐོར། །ཤ་ཁྲག་རུས་པ་རི་དང་མཚོ། །དུར་ཁྲོད་གནས་ཆེན་འཇིགས་པར་བསྟན། ༈ །མཎྜལ་ཕུལ་ལ་དབང་ཉིད་ཞུ། །དབྱིངས་ནི་ཡེ་ཤེས་གཙོ་མཆོག་ཡིན། །རྡོ་རྗེ་དམ་པ་མཆོག་འཛིན་པ། ཁྱོད་ནི་དམ་ཚིག་གཙོ་ལགས་ཀྱིས། །དབང་ཕྱུག་རྒྱལ་པོར་དབང་སྐུར་ཅིག །རིན་པོ་ཆེ་ཡི་དབང་འདི་ནི། །སངས་རྒྱས་ཀུན་གྱིས་ཕྱག་བྱས་པ། །གསང་གསུམ་གནས་ལས་བྱུང་བ་ཡི། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །དབང་རྫས་ལྔ་དང་སློབ་མ་ལ། །རིགས་ལྔའི་རབ་གནས་ཚུལ་བཞིན་བྱ། །དོན་ལྔའི་རྟོག་པ་སོ་སོར་བསྐྱེད། །མཁའ་དབྱིངས་རྣམ་དག་བུམ་པ་ན། །དཔལ་ལྡན་མགོན་པོའི་དཀྱིལ་འཁོར་བཞུགས། །གཉིས་མེད་བྱང་ཆུབ་སེམས་རྟགས་ཆུས། །བྱིན་རླབས་མཐུ་ཡི་དབང་ཐོབ་ཤོག །ཨོཾ་བྷཱུར་ཀུར་མ་ཧཱ་ཀཱ་ལ་ཀྲོ་དྷ་ཧཱུྃ། རཀྴ་ཀྲོ་དྷཱི་ཤྭ་རཱི་ཏྲག་མོ་ཧེ། ཀྲོ་དྷ་ཡཀྵ་རཀྴ་ཙིཏྟ་ཛྭ་ལ་ས་མ་ཡ། ཧ་ཧེ་ཕཊ་བྷྱོཿ རུ་ལུ་རུ་ལུ་ཨ་བྷི་ཥིཉྩ་ཧཱུྃ། བཛྲ་ཀཱ་ལ་ཤ །བུདྡྷ་ཀཱ་ལ་ཤ །རཏྣ་ཀཱ་ལ་ཤ །པདྨ་ཀཱ་ལ་ཤ །ཀརྨ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ། ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཡེ་ཤེས་རིན་ཆེན་དབུ་རྒྱན་མཆོག །གཟི་བརྗིད་ཕུང་པོ་བླ་ན་མེད། །སངས་རྒྱས་རིན་ཆེན་ལས་བྱུང་བའི། །དབུ་རྒྱན་མཆོག་གིས་དབང་བསྐུར་རོ། །ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ། ཆོས་ཀུན་རྡོ་རྗེའི་མཚན་ཉིད་དེ། །རྡོ་རྗེ་ལ་ཡང་མཚན་ཉིད་མེད། །རྡོ་རྗེ་ལྟ་བུའི་རྣལ་འབྱོར་པས། །ཆོས་ཀུན་རྡོ་རྗེ་ལྟ་བུར་ལྟོས། །ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། འདི་ནི་སངས་རྒྱས་གསུངས་དབྱངས་ཉིད། །ཡེ་ཤེས་སེམས་དཔའི་དམ་ཚིག་རྣམས། །རྡོ་རྗེ་སེམས་དཔའི་དཀའ་ཐུབ་དམ། །རྟག་ཏུ་ཁྱོད་ཀྱིས་བཅང་བར་གྱིས། །ཨོཾ་བཛྲ་གྷཎྜེ་ཨ་བྷི་ཥིཉྩ་ཧཱུྃ། ཡང་དག་བླ་མེད་དཀྱིལ་འཁོར་དུ། །མཚན་དྲངས་རྡོ་རྗེའི་མིང་བཏགས་པ། །སྔགས་འཆང་མིང་གི་དབང་བསྐུར་བས། །རིག་འཛིན་ཞིང་དུ་གྲགས་གྱུར་ཅིག །བཛྲ་ནཱ་མ་ཨ་བྷི་ཥིཉྩ་ཧཱུྃ། ༈ གཉིས་པ་གསང་བའི་དབང་བསྐུར་བ། །མཎྜལ་ཕུལ་ལ་གསོལ་བ་གདབ། སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །ལེགས་ལྡན་ནག་པོའི་དཀྱིལ་འཁོར་དུ། །གསང་བ་མཆོག་གི་དབང་བསྐུར་བ། །དེ་འདིར་བདག་ལ་བསྩལ་དུ་གསོལ། །དཀྱིལ་འཁོར་རྣམ་གསུམ་དབྱེར་མེད་པའི། །ཡབ་ཡུམ་གཉིས་མེད་བདེ་བའི་དོན། །བྱང་ཆུབ་སེམས་ཀྱི་ཐིག་ལེ་འདིས། །བདེ་ཆེན་རྒྱལ་པོར་དབང་བསྐུར་རོ། །ཨ་ཧོ་མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་ཨཿ གསུམ་པ་མཎྜལ་ཕུལ་ལ་འདི་སྐད་ཞུ། ཁྱོད་ནི་དམ་ཚིག་ཀུན་གྱི་གཙོ། །རྡོ་རྗེ་སེམས་དཔའ་སྐྱེད་མཛད་མ། །སེམས་ཅན་དོན་སྒྲུབ་ཕྲིན་ལས་ཀྱི། །ཐུགས་རྗེས་མཉམ་སྦྱོར་གྲུབ་པར་མཛོད། །ཉེ་གནས་ཀྲོ་དྷཱི་ཤྭ་རཱི་མ། །མཚན་ལྡན་སྒེག་ཅིང་མཛེས་པ་མོ། །ལྷན་ཅིག་སྐྱེས་དགའ་སྐྱེད་པའི་ཕྱིར། །ལྷ་མོ་འདི་དང་རོལ་པར་གྱིས། །མཎྜལ་ཕུལ་ནས་འདི་སྐད་ཞུ། །དེ་བཞིན་གཤེགས་པ་དགྱེས་པ་བསྐྱེད། །རྡོ་རྗེ་ཆོས་དབྱིངས་ཀུན་གྱི་གཙོ། །མི་གནས་ཆགས་པ་ཆེན་པོ་ལས། །མ་ལུས་འབྱུང་གནས་བདག་ལ་སྩོལ། །གསང་བ་གསང་ཆེན་རབ་གསང་བ། །རང་གི་སེམས་ཀྱི་མེ་ལོང་ལྟོས། །མཐོང་བས་དེ་བཞིན་ཉིད་དུ་འགྱུར། །གཞན་མིན་རང་བྱུང་དེ་ཁོ་ན་འོ། ༈ །དེ་ནས་དྲག་པོའི་རྗེས་གནང་ནི། །ལྕགས་ཁང་དམིགས་རྟེན་བྱས་པའི་མཐར། །དྲག་པོའི་རྫས་རྣམས་དགྲམ་པར་བྱ། །མགོན་པོ་འཁོར་བཅས་བསྐྱེད་བསྟིམ་བསྐུལ། །ཡོན་ཏན་བརྗོད་ལ་སྦྱིན་པར་བྱ། །བསྙེན་སྒྲུབ་རིམ་པའི་སྔགས་བརྗོད་ཅིང་། །མན་ངག་ཐམས་ཅད་རྫོགས་པར་སྦྱིན། ༈ །སངས་རྒྱས་ཀུན་གྱི་རལ་གྲི་ཆེ། །ལས་ཀྱི་གྲི་གུག་འབར་བ་འདི། །དགྲ་བགེགས་གདུག་པ་བསྒྲལ་བའི་ཕྱིར། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །བཛྲ་ཁངྒ་ཨ་བྷི་ཥིཉྩ་ཧཱུྃ། ཏི་རའི་བིང་ཆེན་གསལ་ཤིང་འདི། །སྲིད་གསུམ་དབང་དུ་བསྡུ་བ་དང་། །གདུག་པ་རྡུལ་དུ་བརླག་བྱའི་ཕྱིར། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །ཏི་ར་དྷ་ཀ་ཛྭ་ལ་ཨ་བྷི་ཥིཉྩ་ཧཱུྃ། ཡེ་ཤེས་འབར་བའི་རྡོ་རྗེ་འདི། །དུག་ལྔ་དབྱིངས་སུ་བསྒྲལ་བ་དང་། །སྡིག་ཅན་ལྔ་ཕུང་བཤིག་པའི་ཕྱིར། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །བཛྲ་ཨ་བྷི་ཥིཉྩ་ཧཱུྃ། དྲག་པོ་གནམ་ལྕགས་ཕུར་བུ་འདི། །དབྱིངས་ནས་ཡེ་ཤེས་ཤར་བ་དང་། །ཞིང་བཅུ་གནས་སུ་བསྒྲལ་བའི་ཕྱིར། དེ་རིང༴ བཛྲ་ཀཱི་ལ་ཡ་ཨ་བྷི༴ ཐོད་རློན་གདུག་པའི་ཁྲག་གིས་བཀང་། །འཁོར་བ་དོང་ནས་སྤྲུགས་པ་དང་། །དམ་ཉམས་སྙིང་ཁྲག་འཐུང་བའི་ཕྱིར། །དེ་རིང༴ ཀ་པཱ་ལ་རཀྟ་ཨ་བྷི༴ མདུང་རྣོན་གཡང་གཞིའི་རུ་མཚོན་འདི། །བདུད་ཀྱི་གཡུལ་ལས་རྒྱལ་བ་དང་། །རྦད་དབྲལ་སྙིང་གཟེར་གདབ་པའི་ཕྱིར། །དེ་རིང༴ བཛྲ་ཤཱུ་ལ་ཨ་བྷི༴ དུག་སྦྲུལ་འབར་བའི་ཞགས་པ་འདི། །འཁོར་བའི་གནས་ནས་དྲང་བ་དང་། །བླ་སྲོག་ཡར་བ་བསྡམ་པའི་ཕྱིར། །དེ་རིང༴ ནཱ་ག་པཱ་ཤ་ཨ་བྷི༴ ཆོས་སྐུ་ཡོན་ཏན་མཆོག་མངའ་བའི། །ཕྱག་མཚན་དྲག་པོ་ཙ་མ་ར། །དམ་ཅན་གནས་ནས་འབོད་པའི་ཕྱིར། །དེ་རིང༴ བཛྲ་ཙ་མ་ར་ཨ་བྷི༴ ལེགས་ལྡན་ཁྲོ་རྒྱལ་ཐུགས་ཀ་ནས། །ཙར་ཤ་པ་ནི་མཚོན་ཆ་མཆོག །ཡུངས་དཀར་རྒྱལ་པོ་ཤ་རཱི་རམ། །དེ་རིང༴ བཛྲ་པེ་ཏ་ལི་རཀྴ་ཨ་བྷི༴ གུ་གུལ་སྦྱར་བའི་རྫས་མཆོག་འདིས། །དགྲ་བོ་ལྷ་དང་དབྱེ་བ་དང་། །བགེགས་རྣམས་མྱོས་དང་བསྐྲད་པའི་ཕྱིར། །དེ་རིང༴ མ་གུ་ཏ་ལ་པྲ་ཏ་ལ་ཨ་བྷི༴ རི་རབ་གླིང་བཞི་རྒྱ་གྲམ་འདིས། །རྟོག་པའི་ཟུག་རྔུ་གཞིལ་བ་དང་། །གདུག་པ་ཅན་རྣམས་མནན་པའི་ཕྱིར། །དེ་རིང༴ བྷི་ཤྭ་བཛྲ་སུཾ་ཨེ་བཾ་མཱ་ཡཱ་ཨ་བྷི༴ ཡེ་ཤེས་འབར་བའི་མེ་ཕུང་འདིས། །ཉོན་མོངས་འཁོར་བའི་བག་ཆགས་དང་། །དགྲ་བགེགས་ཐམས་ཅད་བསྲེག་པའི་ཕྱིར། །དེ་རིང༴ བཛྲ་ཛྭ་ལ་རཾ་ཨ་བྷི༴ ཐབས་ཤེས་ཆགས་སྡང་མདའ་གཞུ་དང་། །དྲག་པོའི་ཐུན་དང་རྫས་འདི་ཡིས། །དགྲ་བགེགས་རྡུལ་དུ་བརླག་བྱའི་ཕྱིར། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །བཛྲ་ཏཱིྑྜྷ་ཁཏྒ་ཨ་བྷི་ཥིཉྩ་ཧཱུྃ། དེ་ནས་ཞབས་ལ་སྤྱི་བོས་གཏུག །ཡོན་མཆོག་དབུལ་ཞིང་གཏང་རག་གཏང་། །ཚོགས་ཀྱི་མཆོད་པས་མཉེས་པར་བྱ། །ལྷག་བརྟན་གཤེགས་བསྡུ་ལུས་སྲུང་བསྔོ། །ཛ་གད་རྫས་ཀྱི་བཀྲ་ཤིས་གསོལ། །དཔལ་ལྡན་མགོན་པོ་ལེགས་ལྡན་ནག་པོའི་དབང་དང་དྲག་པོ་སྔགས་ཀྱི་རྗེས་གནང་བླ་མ་གོང་མའི་ཡི་གེ་ཕྱག་བཞེས་ཅུང་ཟད་ཉོག་སེ་བར་མངོན་ནས། དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོ་དང་། དུག་གི་སྤུ་གྲིའི་རྒྱུད་དང་། རྒྱ་གཞུང་དང་ཡང་མཐུན་ཕྱིར་གསལ་བར་གཙང་ཤོད་ས་མ་ཏཱི་དྷྭ་ཛས་བསྡེབས་པ། བདེ་གསལ་དོན་དང་ལྡན་པ་ཞེས་བྱ་བ་འདིས་འགྲོ་བ་མང་པོའི་དོན་བྱེད་པར་གྱུར་ཅིག །ནོངས་པ་ཅི་མཆིས་བཟོད་པར་མཛད་དུ་གསོལ། །བཀྲ་ཤིས་པར་གྱུར་ཅིག །བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་། ལོངས་སྐུ་རིགས་ལྔ། གསང་བདག་ཕྱག་ན་རྡོ་རྗེ། རྒྱལ་པོ་ཛཿ ཀུ་ཀུ་རཱ་ཛ། རོ་ལངས་བདེ་བ། རྡོ་རྗེ་བཞད་པ། དྷརྨ་བོ་དྷི། བ་སུ་དྷཱ་ར། གནུབས་སངས་རྒྱས་ཡེ་ཤེས། གནུབས་ཡོན་ཏན་རྒྱ་མཚོ། མྱང་ཆེན་ཤེར་མཆོག །ཉང་ཡེ་ཤེས་འབྱུང་གནས། ཟུར་པོ་ཆེ་ཤཱཀྱ་འབྱུང་གནས། ཟུར་ཆུང་ཤེས་རབ་གྲགས་པ། གླན་སྟོན་ཤཱཀྱ་བཟང་པོ། འདར་ནག་པ་བསོད་ནམས་གྲགས་པ། འདར་ནག་ཀུན་དགའ། ཇོ་བཙུན་ཤེས་རབ་འབར། ཧོར་ནག་དབང་སྒྲོན། མཁས་བཙུན་ཆོས་སྐྱོང་འོད། འདར་ནག་ཤཱཀྱ་བྱང་ཆུབ། འདར་ནག་ཀུན་དགའ་འོད། བར་སྟོན་བློ་གྲོས་རྒྱལ་མཚན། སྣར་སྟོན་ཤཱཀྱ་ཤྲཱི། སྣར་སྟོན་བུདྡྷ་དྷྭ་ཛ། ཤཱཀྱ་རམ་པ། རྡོ་རྗེ་ཆོས་རྒྱལ་བཟང་པོ། སྤང་སྟོན་ཆོས་ཀྱི་རྒྱལ་མཚན། འཇམ་དབྱངས་བསོད་ནམས་རྒྱལ་མཚན། དེ་གཉིས་ཀ་ལས་ཟུར་ཚོ་སྟོད་པ་སློབ་དཔོན་ཆེན་པོ་བདེ་ལེགས་རྒྱལ་མཚན། དེས་སེ་སྟོན་རིན་ཆེན་རྒྱལ་མཚན། དེས་གནུབས་སྟོན་རཏྣ་ཤྲཱི་བྷ་དྲ། དེས་དཔལ་ཧེ་རུ་ཀའི་ངོ་བོ་ཟུར་དབང་རྒྱ་ཧོར་རྡོ་རྗེ། དེས་གཙང་བསང་སྟོན་གྱི་སའི་ཐིག་ལེ་གསལ་བ་གོང་གི་འདུ་ཁང་གི་སྟེང་དུ། ཐེག་པ་མཆོག་གི་རྣལ་འབྱོར་པ་སློབ་དཔོན་པདྨ་དབང་རྒྱལ་རྡོ་རྗེ། གྲགས་པ་རྒྱལ་མཚན། མཁྱེན་རབ་དབང་ཕྱུག་དབོན་པོ་རྣམས་ལ་སྒྱུ་འཕྲུལ་ཞི་ཁྲོ་དོང་སྤྲུགས་ལེགས་ལྡན་དང་བཅས་པའི་དབང་རྫོགས་པར་དགྱེས་བཞིན་བཀའ་བསྩལ་པ། བསྟན་པ་དར་རྒྱས་འགྲོ་བ་སྨིན་གྲོལ་ཤོག །ལྷ་བཙུན་གཏེར་བཏོན་གྱི་དཔེ་འོ།། ༈ །།འདི་ནི་གཙང་ཤོད་པ་རྡོ་རྗེ་རྒྱལ་མཚན་གྱི་ཆོག་ཁྲིགས་སུ་གྲགས་པ་སྟེ་ཡིག་ཆ་འདི་དབང་གི་རྩ་ཐོ་དང་རྩ་ཚིག་ཙམ་ལས་མི་འདུག་ཅིང་། རྡོར་བྲག་རིག་འཛིན་ཆེན་པོ་པདྨ་ཕྲིན་ལས་ཀྱི་གསུང་མདོ་དབང་ཆེན་མོ་དཀྱིལ་འཁོར་རྒྱ་མཚོའི་འཇུག་ངོགས་ཀྱི་མཐའ་རྟེན་བཀའ་སྲུང་གི་དབང་དང་རྗེས་གནང་གི་སྐབས། ཚུལ་འདི་མཚམས་སྦྱོར་གྱིས་ལེགས་པར་སྤྲོས་པར་སྣང་བས་དེའི་དབང་ལུང་གི་རྒྱུན་ཡང་མ་ཆད་པར་བཞུགས་ཤིང་། ཚུལ་འདིའི་དབང་བསྐུར་བྱ་བར་མོས་ན་དེ་ལ་ལྟོས་གལ་ཆེ་ཡང་སྤྱི་དང་བྱེ་བྲག་གི་མདོར་ལེན་ཅུང་ཟད་དམིགས་ཕྱེད་དགོས་པ་ཡོད། དཔེ་འདི་སྔོན་ཆད་ཚུར་ཕུའི་དཀར་ཆག་ཏུ་མཚན་བྱང་ཙམ་འཁོད་པ། ད་ཆར་དཔེ་འཚོལ་དག་ཞུས་གང་ཤེས་ནན་གཏན་གྱིས་སྐབས་འདིར་དཀྱུས་སུ་བཞུགས་གསོལ་ཞུས་པའི་ལོ་རྒྱུས་སུ་ཞུ་དག་ཐ་མ་པ་པད་བཀོད་སྒམ་སྤྲུལ་པས་ཞུའོ། །མངྒ་ལཾ། དགེའོ།། །།

ཐུགས་དམ་ཟབ་པ་སྐོར་བདུན་གྱི་བཀའ་སྲུང་མ་ཧཱ་ཀཱ་ལའི་སྒྲུབ་ཐབས་ (Volume 37, Text 4)

༁ྃ༔ ཐུགས་དམ་ཟབ་པ་སྐོར་བདུན་གྱི་བཀའ་སྲུང་མ་ཧཱ་ཀཱ་ལའི་སྒྲུབ་ཐབས་བཞུགས༔ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ མ་ཧཱ་ཀཱ་ལ་སྒྲུབ་པར་འདོད་པས༔ ཡི་དམ་ལྷའི་བསྙེན་པ་ཐེམས་ནས༔ དུར་ཁྲོད་ཀྱི་གནས་སུ་སྟེགས་བུའི་ཁར་རྡོར་རྭ་མེ་རི་དུར་ཁྲོད་དབུས་ཐོད་མཁར་གྲུ་བཞི་སྒོ་བཞི༔ ནང་ཁྲག་ཞག་འཁྲུགས་པའི་དབུས་སུ་འཁོར་ལོ་ནག་པོ་རྩིབས་བཞི་པ་བྲི༔ ཞིང་ཆེན་དང་རོ་རས་ལ་ཡབ་ཡུམ་སྲས་འཁོར་དང་བཅས་པའི་སྐུ་ཚུལ་བཞིན་དུ་བྲི༔ རྡོ་ནག་གྲུ་གསུམ་ལ་ཧཱུྃ་གིས་མཚན་པ༔ ཞིང་ཆེན་དང་དར་ནག་ལ༔ མཚལ་དང་གྲི་ཁྲག་གསེར་ལ་སོགས་པས་སྲོག་སྔགས་རྣམས་བྲི༔ འཁོར་རྣམས་ལ་ཕ་བོང་ལོང་བུ༔ ལྷ་མོ་ལ་མཚོ་རྡེལ་གྲུ་གསུམ་རྣམས་ལ་སྲོག་ཡིག་བྲི༔ ཞིང་ཆེན་ནམ༔ རོ་རས་ལ་འཁོར་ལོ་རྩིབས་བཞི་པའི་ནང་དུ་ཡབ་ཡུམ་སྲས་གསུམ༔ རྩིབས་བཞི་ལ་འཁོར༔ མུ་ཁྱུད་ལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཤཱ་ས་ན༔ ཨུ་པ་ཧཱ་རི་ནི༔ ཨེ་ཥཱཔཉྩི་མ༔ ཀཱ་ལོ༔ ཨ་ཡཾ༔ ཨི་དཾ་རཏྣ་ཏྲ་ཡཱ་ཡ༔ ཨ་པ་ཀཱ་རི་ཎི༔ ཡ་དི་པྲ་ཏཱིཛྙཱཿ སྨ་ར་སི་ཏ་དཱ༔ ཨི་དཾ་དུཥྚཱན༔ ཁ་ཁ་ཁཱ་ཧི་ཁཱ་ཧི༔ སྨ་ར་སྨ་ར༔ གྲྀཧྞ་གྲྀཧྞ༔ བྷནྡྷ་བྷནྡྷ༔ ཧ་ན་ཧ་ན༔ ད་ཧ་ད་ཧ༔ པ་ཙ་པ་ཙ༔ དི་ན་མེ་ཀེ་ན་མཱ་ར་ཡ་ཧཱུྃ་ཕཊ་ཧཱུྃ༔ སོ་སོའི་མཐར༔ རྟེན་འདིར་བརྟན་པར་བཞུགས་ནས་བདག་སྒྲུབ་པ་པོ་ཡི་བར་ཆད་བཟློག་པ་དང༔ དངོས་གྲུབ་འགྲུབ་པའི་ཕྲིན་ལས་མཛོད་ཅིག༔ གྲི་སྙིང༔ རྟ་ནག༔ གཡག་ནག༔ བྱ་ནག་གི་སྙིང༔ ཤ་ཁྲག༔ མཚལ་གྱི་ཐིག་ལེ༔ མི་དབང་གི་འབྲས་བུ༔ ཤིང་ལོ་རླུང་ཁྱེར༔ གླང་དམར་གྱི་སྙིང༔ བྱ་རོག་གི་སྙིང༔ གྲི་ལྕགས་ཀྱི་གྲི་གུག༔ གསེར་གྱི་རལ་གྲི༔ དར་ནག་གི་རུ་མཚོན་རྣམས་ཁྲུས་དང་བགེགས་བསྐྲད་བྱ་ཞིང་མགོན་པོ་གཙོ་འཁོར་དུ་བསྒོམ་ཞིང་རབ་ཏུ་གནས་པ་དཀྱིལ་འཁོར་གྱི་དབུས་སུ་བཞག༔ དེའི་མདུན་དུ་འབྲུ་སྣ་ལྔའི་རྗེན་ཕྱེ་ཁྲག་ཆང་དང་མར་ཁུས་སྦྲུས་པ༔ བདུད་རྩི་གྲི་ཁྲག་དུག་གིས་པར་བཏབ་པ༔ ཟུར་གསུམ་ཁྲུ་གང་པ༔ དམར་གྱི་གུར་ཕུབ༔ དཀར་གྱི་ཐིག་བཏབ་པ༔ ཤ་ཁྲག་དང་འབྲས་ཆན༔ ཁུར་བ་སྒོག་ཙོང་སྤོད་ཀྱིས་བསྐོར༔ མདའ་རྒོད་སྒྲོ་མ་ལ་དར་ནག་དང་མེ་ལོང་བཏགས་པ་འཛུགས༔ འཁོར་རྣམས་ལའང་གཏོར་མ་དེ་འདྲ་བ་རེ་རེ་བཤམ༔ ཕྱི་ནང་གསང་བའི་མཆོད་པ་སྤྱན་གཟིགས༔ དེ་རྣམས་ཀྱིས་དཀྱིལ་འཁོར་གྱི་མཐའ་སྐོར༔ བགེགས་བསྐྲད༔ མཚམས་བཅད༔ སྐྱབས་འགྲོ༔ སེམས་བསྐྱེད༔ ཚོགས་བསགས་ཤིང༔ ཡི་དམ་ལྷའི་སྐུར་བསྒོམ༔ མཆོད་པ་རྣམས་བྱིན་གྱིས་བརླབ༔ རྟེན་རྣམས་ཆོས་ཉིད་དག་པའི་སྔགས་ཀྱིས་སྟོང་པར་སྦྱང༔ དུར་ཁྲོད་ཀྱི་ས་གཞིའི་དབུས་སུ་གཞལ་ཡས་ཁང་གཙོ་འཁོར་དང་བཅས་པ་བསྒོམ༔ གནས་གསུམ་བྱིན་གྱིས་བརླབ༔ ཡེ་ཤེས་པ་སྤྱན་དྲང༔ བཞུགས་སུ་གསོལ་ནས་དམ་ཡེ་བསྲེ༔ ཛཿཡིས་བཀུག༔ ཧཱུྃ་གིས་བསྟིམ༔ བཾ་གྱིས་དབྱེར་མེད་དུ་བྱ༔ ཧོཿཡིས་དགྱེས་པ་བསྐྱེད༔ ཐུགས་དམ་བསྐུལ་ཞིང་ཕྱག་བྱ༔ ཕྱི་མཆོད་དུར་ཁྲོད་ཀྱི་རྫས་དང་འདོད་ཡོན་གྱི་མཆོད་སྤྲིན༔ ནང་མཆོད་སྨན་རག་གཏོར་གསུམ༔ གསང་མཆོད་སྦྱོར་སྒྲོལ༔ དེ་ཁོ་ན་ཉིད་ལྟ་བའི་མཆོད་པ་འབུལ༔ དོན་བསྟོད་དང་རྟགས་བསྟོད་གང་ཤེས་བྱ༔ རང་ཧེ་རུ་ཀར་གསལ་བའི་ཐུགས་ཀའི་ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར་བའི་འོད་ཟེར༔ ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་ལ་སོགས་པའི་སྲོག་གི་ཡི་གེ་ལ༔ སྙིང་པོས་བསྐོར་བ་ལ་ཕོག༔ སྔོན་གྱི་ཐུགས་དམ་རྒྱུད་བསྐུལ་བར་བསམ་ལ༔ ཡི་དམ་གྱི་བཟླས་པ་ཅུང་ཟད་བྱ༔ རང་རང་གི་སྲོག་སྔགས་བཟླས་པས་ཅི་བསྒོ་བའི་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་སྒྲུབ་པར་བསམ་ལ་བཟླས་པ་རྩེ་གཅིག་ཏུ་བྱ༔ རྟགས་བྱུང་ན༔ ཧཱུྃ༔ སྲིན་པོའི་གཟུགས་ཀྱི་གདུག་པ་ཅན༔ ཧེ་རུ་ཀ་ཡི་ཕོ་ཉ་བ༔ མཁའ་འགྲོ་ཀུན་གྱི་གཙོ་བོ་ཆེ༔ དངོས་གྲུབ་ཀུན་གྱི་བདག་ཉིད་མཆོག༔ མ་ཧཱ་ཀཱ་ལ་དགོངས་སུ་གསོལ༔ ཡབ་ཡུམ་སྲས་འཁོར་ཕོ་ཉར་བཅས༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ སྒྲུབ་མཆོད་བསྙེན་པ་མཐའ་རུ་ཕྱིན༔ མ་ཧཱ་ཀཱ་ལའི་ཞལ་སྟོན་ལ༔ སྲས་མཆོག་ནག་པོས་དངོས་གྲུབ་སྩོལ༔ ཀྲོ་དྷཱི་ཤྭ་རཱིས་ཡེ་ཤེས་སྐྱེད༔ ལས་མཁན་བཞི་ཡིས་ཕྲིན་ལས་མཛོད༔ མྱུར་བ་ཉིད་དུ་དངོས་གྲུབ་སྩོལ༔ ཅེས་བསྐུལ་ཞིང་ཚོགས་ཀྱི་འཁོར་ལོ་སྐོང་བཤགས་བྱས་ནས་ལྷ་རྣམས་རྟེན་ལ་བསྟིམ་མོ༔ འཁོར་གྱི་གཏོར་མ་རྣམས་ཕྱིར་འབུལ༔ སྨོན་ལམ་གྱི་རིམ་པ་བྱའོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་དམ་ཟབ་པ་སྐོར་བདུན་གྱི་བཀའ་སྲུང་ལེགས་ལྡན་གྱི་སྲུང་ཟློག་གསད་གསུམ་གྱི་འཁོར་ལོ་བཞུགས་སོ༔ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ སྲུང་བའི་འཁོར་ལོ་བྲི་བ་ནི༔ དར་རམ་ཤོག་བུ་ལ་འཁོར་ལོ་རྩིབས་བཞི་པ༔ མུ་ཁྱུད་རྡོར་རྭ་མེ་རི་དང་བཅས་པ་བྲི༔ དབུས་དང་རྩིབས་རྣམས་ལ་ལྷ་སྔགས་སོ་སོའི་མཐར༔ ཆེ་གེའི་ལུས་ངག་ཡིད་གསུམ་རཀྵ་རཀྵ༔ མུ་ཁྱུད་ལ་དྲག་སྔགས༔ ཕྱི་པ་མུ་སྟེགས་པའི་དམོད་པ་ཐམས་ཅད་རཀྵ་རཀྵ༔ ནང་པ་སངས་རྒྱས་པའི་དམོད་པ་ཐམས་ཅད་རཀྵ་རཀྵ༔ ནད་གདོན་བར་ཆད་ཆག་ཆེ་ཉམ་ང་ཐམས་ཅད་རཀྵ་རཀྵ༔ ལྟས་ངན་ཆོ་འཕྲུལ་རྨི་ལམ་ངན་པ་ཐམས་ཅད་རཀྵ་རཀྵ༔ སྡང་བའི་དགྲ༔ གནོད་པའི་བགེགས༔ ཟ་བའི་འདྲེ༔ ཕུང་བའི་སྲི་ཐམས་ཅད་རཀྵ་རཀྵ༔ ཞེས་བྲིས་ལ་བདུད་རྩི་ལྔ་བྱུགས༔ ལྷར་བསྐྱེད་ཅིང་བལྟབས་ལ་དར་གྱིས་དྲིལ་ལ་མགུལ་དུ་བཏགས་པས་བར་ཆད་ཐམས་ཅད་བསྲུང་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟློག་པའི་འཁོར་ལོ་ནི༔ ཞིང་ལྤགས་སམ་རོ་རས་ལ་འཁོར་ལོ་རྩིབས་བཞི་མུ་ཁྱུད་མཚོན་ཆ་མེ་དཔུང་ཕྱིར་འབར་བ༔ ལྷ་སྔགས་རྣམས་ཀྱི་མཐར༔ སྒྲུབ་པ་པོ་ལ་བར་དུ་གཅོད་པ་ཐམས་ཅད་བྷྱོ་བྷྱོ་ཟློག་ཟློག༔ ཕྱི་པ་མུ་སྟེགས་པའི་བདེན་པ་དགྲ་ལ་བྷྱོ༔ ནང་པ་སངས་རྒྱས་པའི་བདེན་པ་དགྲ་ལ་བྷྱོ༔ བན་བོན་སྔགས་པའི་བསམ་སྦྱོར་ངན་པ་དགྲ་ལ་བྷྱོ༔ ནད་གདོན་བར་ཆད་ཐམས་ཅད་དགྲ་ལ་བྷྱོ༔ ཆག་ཆེ་ཉམ་ང་ཐམས་ཅད་དགྲ་ལ་བྷྱོ༔ ལྟས་ངན་ཆོ་འཕྲུལ་ཐམས་ཅད་དགྲ་ལ་བྷྱོ༔ ཞེས་བྲིས་ལ་དུག་ཁྲག་དང་གུ་གུལ་བྱུགས༔ གཏོར་མའི་རྩེར་སྦྱར་ལ་འཕང་ངོ༔ བྱད་ཁ་དང་བར་ཆད་ཐམས་ཅད་བཟློག་གོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ བསད་པ་མཚོན་ཆའི་འཁོར་ལོའི་ནང་དུ་ལིངྒ་ཟག་རྫས་དང་བཅས་པ་བཅུག༔ མུ་ཁྱུད་ལ༔ དྲག་སྔགས༔ རྩིབས་སྟེང་དུ་ལྷ་སྔགས་ཤམ་བུ༔ དགྲ་བགེགས་མྱུར་དུ་ཁུག༔ ལྷ་དང་ཕྲོལ༔ མཐུ་དང་རྫུ་འཕྲུལ་མེད་པར་གྱིས༔ རྣམ་ཤེས་རྟེན་ལ་ཕོབ༔ བྱད་དུ་ཆུག༔ སྨྱོ་བར་གྱིས༔ སྲོག་རྩ་ཆོད༔ སྙིང་ཁྲག་ཐུངས༔ ཞེས་བྲིས་ལ་དུག་ཁྲག་བྱུགས༔ འགུགས་གཞུག་དང་ལྷ་དབྱེ་བྱས་ལ་གཏོར་མའི་ཞབས་སུ་བཅུག་གོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ༁ྃ༔ ཟབ་བདུན་བཀའ་སྲུང་ལེགས་ལྡན་གྱི་སྲུང་ཟློག་གསད་གསུམ་གྱི་མན་ངག་ནི༔ རང་ཉིད་མགོན་པོ་ལེགས་ལྡན་དུ་གསལ་བའི་ཐུགས་ཀའི་ཧཱུྃ་གིས་སངས་རྒྱས་རྣམས་ཀྱི་ཡེ་ཤེས་བསྐུལ༔ འཁོར་ལོ་རྩིབས་བཅུ་པར་གྱུར༔ མགོན་པོའི་ཐུགས་ཀའི་ཧཱུྃ་ལས་ཁྲོ་བོ་བཅུ་གྲི་གུག་དང་ཐོད་ཁྲག་འཛིན་པ༔ ཕྱི་རོལ་དུ་རྡོ་རྗེ་རིན་པོ་ཆེ་པདྨ་རྒྱ་གྲམ་ཕུར་པ་རལ་གྲི༔ ཡེ་ཤེས་ཀྱི་མེ་དཔུང་གི་གུར་དུ་བསམ་མོ༔ ས་མ་ཡ༔ ༁ྃ༔ ཟློག་པའི་མན་ངག་ནི༔ མགོན་པོའི་ཐུགས་ལས་ཁྲོ་བོ་བཅུ་འཁོར་ལོ་དང་ཐུན་ཁྲག་འཛིན་པ་གྲངས་མེད་པ་སྤྲོས་ནས་བྱད་མ་ལྷ་སྲུང་ཐུན་ཁྲག་གིས་མྱོས་ཤིང༔ འཁོར་ལོས་གཏུབས་ནས་ཕར་ལ་བཟློག་པར་བསམ༔ ས་མ་ཡ༔ ༁ྃ༔ གསད་པའི་མན་ངག་ནི༔ མགོན་པོའི་མདུན་དུ་བྲུབ་ཁུང་གྲུ་གསུམ་འཇིགས་སུ་རུང་བའི་ནང་དུ་དགྲ་བོ་ཚུད༔ ཁྲོ་བོ་རྣམས་ཀྱིས་གཡོན་པའི་ལྕགས་ཀྱུས་བཟུང༔ གཡས་པའི་མཚོན་ཆའི་འཁོར་ལོས་གློ་སྙིང་གཏུབས་པར་བསམ༔ ས་མ་ཡ༔ ༁ྃ༔ སྲེག་པའི་མན་ངག་ནི༔ མེ་ཧོམ་ནང་དུ་མགོན་པོ་འཁོར་བཅས་ཞལ་ཧོམ་ཁུང་དུ་གདངས་པའི་ནང་དུ་དགྲ་བོ་གྱུར་མིད་དུ་གསོལ་ནས་ཐུགས་ཀའི་ཡེ་ཤེས་ཀྱི་མེ་དཔུང་ཆེན་པོས་ཐུལ་ཐུལ་བསྲེགས་པར་བསམ༔ ས་མ་ཡ༔ ༁ྃ༔ འཕང་བའི་མན་ངག་ནི༔ མགོན་པོ་འཁོར་བཅས་ཞལ་ཕར་ལ་གཟིགས་ནས་ཀུ་སྒྲ་དང་བསོ་སྒྲ་སྒྲོག་ཅིང༔ གཏོར་མ་ནད་མཚོན་དུག་གི་རྣམ་པ་ལྟར་ཐོག་རྒྱུག་པ་ལྟར་དགྲ་བོའི་ཡུལ་དུ་སོང་བས་ཚང་ཚིང་དུ་ཐོག་རྒྱབ་པ་ལྟར་མུན་པ་འཁྲུགས་ཤིང་སྒྲ་དང་བཅས་ཏེ་དམིགས་མེད་དུ་བརླགས་པར་བསམ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ མནན་པའི་མན་ངག་ནི༔ ལྷ་སྲིན་དྲག་པོ་གང་ཡིན་དེའམ༔ ལས་གཤིན་ནག་པོ་ས་འོག་ནས་འོངས་ཏེ་ཁ་གདངས་པའི་ནང་དུ་དགྲ་བོ་འཕངས་པས་ཁོང་དུ་མིད་དེ་རིམ་པ་དགུའི་ས་འོག་ཏུ་སོང་བར་བསམ༔ རི་རབ་ནག་པོ་ཧཱུྃ་ཡིག་གིས་མཚན་པ༔ དུག་དང་མཚོན་ཆའི་ཆར་འབེབ་པས་ཁ་བཅད༔ ས་གཞི་རྡོ་རྗེའི་རང་བཞིན་དུ་བསམ་ལ་བྲོ་བརྡུང་ངོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་དམ་ཟབ་པ་སྐོར་བདུན་གྱི་བཀའ་སྲུང་ལེགས་ལྡན་གྱི་ལས་སྦྱོར་དགྲ་བགེགས་འདུལ་བའི་སྨད་ལས་བཞུགས་སོ༔ ༁ྃ༔ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ བསྟན་པ་སྲུང་བའི་ལས་རིམ་རྣལ་འབྱོར་པ་དམ་ཚིག་ལྡན་ཞིང་མ་ཧཱ་ཀཱ་ལའི་བསྙེན་སྒྲུབ་མཐར་ཕྱིན་པས༔ ཞིང་བཅུ་ལྡན་པའི་དགྲ་བོ་བསྒྲལ་བ་ལ༔ ལས་སྦྱོར་འདི་བྱའོ༔ དུར་ཁྲོད་ཀྱི་གནས་སུ་ཕུང་ཤུལ་གྱི་ས་ལ་སྟེགས་བུ་གྲུ་གསུམ་པའི་ནང་བྲུས་པ་བཅོས་ཐོད་ངན་གྱི་ནང་དུ་དགྲའི་ལིངྒ་བཅའ༔ སྟེང་དུ་ཐུན་སྒྲོམ་ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་རྣམས་ཀྱིས་བཀང་བ༔ དེའི་རྒྱབ་ཕྱོགས་སུ་མགོན་པོའི་སྐུ་རྟེན་བཤམས་པའི་མདུན་དུ་གཏོར་མཆོད་རྣམས་ལེགས་པར་བཀྲམ༔ བདག་ཉིད་ལྷའི་ང་རྒྱལ་གྱིས་མདུན་དུ་མགོན་པོ་འཁོར་བཅས་བསྐྱེད༔ གསད་པའི་སྔགས་བཟླས་ཤིང་མགོན་པོའི་སྐུ་ལས་འོད་ཟེར་འཕྲོས་པས་ཕོ་ཉ་རྣམས་བསྐུལ༔ ལྷ་ཚོགས་རྣམས་ཀྱི་སྤྲུལ་པ་དང་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པས་དགྲ་བགེགས་ཐམས་ཅད་ལྕགས་ཀྱུས་བཟུང༔ ཞགས་པས་བཅིངས༔ ལྕགས་སྒྲོག་གིས་བསྡམས༔ དྲིལ་བུས་མྱོས་པར་བྱས༔ རྫས་ངན་གྱི་ཆར་ཕབ་པས་ལྷ་སྲུང་གཞན་དུ་བསྐྲད༔ རྣམ་ཤེས་རྟེན་དང་གཉིས་མེད་དུ་བསྟིམ༔ སྐུའི་འོད་ཟེར་གྱིས་ཚེ་དང་བསོད་ནམས༔ དབང་དང་དམ་ཚིག་ཐམས་ཅད་འཕྲོག་ནས་དགྲ་བོ་ནག་ཧྲུལ་གྱིས་སོང་བར་བསམ༔ ཕོ་ཉ་རྣམས་ཀྱིས་བྱད་ཀྱི་དྲྭ་བས་བཅིངས༔ སྨྱོ་ཁྲག་གི་ཆར་ཕབ་པས་དྲན་མེད་དུ་སོང་བར་བསམ༔ ཁུག་རྟགས་བྱུང་ན་མགོན་པོའི་ཕྱག་གཡས་ཀྱི་གྲི་གུག་དགྲ་བོའི་སྙིང་དཀར་ནག་མཚམས་སུ་བཏབ་པས་རྣམ་ཤེས་ནག་ཐུམ་གྱིས་བསད༔ ཁོང་ཁྲག་ལྷུད་ཀྱིས་ལུད་པས་ཤ་ཁྲག་རྣམས་ལྷག་མེད་དུ་ཕོ་ཉ་རྣམས་ཀྱིས་ཧབ་ཐོབ་ཟོས་པར་བསམ༔ ཤིང་ཚེར་མ་ཅན་གྱི་ཧོམ་དུ་མགོན་པོ་འཁོར་བཅས་ཞལ་རབ་ཏུ་གདངས་པར་བསྐྱེད༔ ལིངྒ་གྲི་ལྕགས་གྲི་གུག་གིས་གཏུབས་ལ༔ དགྲ་བགེགས་ལྷག་ལྷག་གསོལ་བར་བསམ་ལ་ལིངྒ་དང་ཐུན་རྫས་མེར་བསྲེག༔ ཐལ་བ་མཆོད་རྟེན་ནམ༔ ལྷ་སྲིན་དྲག་པོ་གནས་པའི་སར་མནན༔ མགོན་པོ་འཁོར་བཅས་ལ་གཏོར་མ་འབུལ་ཞིང་དམར་གཏོར་ཟོར་དུ་འཕང༔ ལྷ་རྟེན་ལ་བསྟིམ༔ དེ་ལྟར་བྱས་པས་དགྲ་བོ་གྲི་ཐབས་སུ་འཆིའོ༔ ༁ྃ༔ འདིའི་རྗེས་གནང་བྱ་བ་ནི༔ སློབ་མས་མཚོན་ཆ་ལ་སོགས་པའི་ཡོན་ཕུལ༔ སློབ་དཔོན་གྱིས་རྫས་རྣམས་གཏད་ལ༔ ཧཱུྃ༔ གསད་པ་སྤུ་གྲི་འབར་བ་དང༔ སྲུང་བ་རྡོ་རྗེ་ཕ་ལམ་ཆེ༔ ཟློག་པ་མཚོན་ཆའི་འཁོར་ལོ་འབར༔ སྲེག་པ་ཧོམ་གྱི་སྦྱོར་བ་དང༔ འཕང་བ་གནམ་ལྕགས་ཐོག་དང་འདྲ༔ མནན་པ་རི་རབ་འབར་བ་ཡི༔ འཁོར་ལོ་ཐུན་རྫས་གཏད་པ་ཡིས༔ དགྲ་བགེགས་འདུལ་བའི་དབང་ཐོབ་ཤོག༔ དྲག་སྔགས་བརྗོ་ཅིང་གཏད་དོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་དམ་ཟབ་པ་སྐོར་བདུན་གྱི་བཀའ་སྲུང་ལེགས་ལྡན་གྱི་བེང་སྒྲུབ་པ་བཞུགས་སོ༔ ༁ྃ༔ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ མགོན་པོ་ལེགས་ལྡན་གྱི་བེང་སྒྲུབ་ནི༔ ཚེར་མ་ཅན་གྱི་ཤིང་ལ་རབ་འདོམ་གང༔ འབྲིང་ཁྲུ་གསུམ༔ ཡང་ན་ཁྲུ་གང༔ རྩེ་མོར་ཏོག་ནོར་བུའི་དབྱིབས་ཅན༔ མཇུག་ཕུར་བུ་དབལ་གསུམ་པ༔ རྐེད་པ་སྒྲོམ་གྲུ་བཞི༔ ཟླུམ་པོ༔ ཟླ་གམ༔ གྲུ་གསུམ་རྣམས་ཀྱི་སྒོ་བཞི་དང་ལྡན་པ༔ སྟོད་དུ་མགོན་པོ་ལ་སྲོག་འཁོར༔ བླ་རྡོ༔ སྐུ་གཟུགས་རྣམས་བཞག༔ སྨད་དུ་གསད་སྔགས་དང་ཐུན་རྫས་ཀྱིས་གཏམས༔ དཀྱིལ་འཁོར་གྱི་དབུས་སུ་བཞག་ལ་གཏོར་མཆོད་ལེགས་པར་བཤམ༔ མགོན་པོའི་སྐུར་བསྐྱེད་ལ༔ མཆོད་བསྟོད་བཟླས་པ་བྱ༔ བེང་སྟོད་ནས་ལྷ་དམག་འབུམ༔ བེང་སྨད་ནས་བདུད་དམག་ཉིས་ཁྲི་ཆིག་སྟོང་འགྱེད་པས་དམིགས་པའི་དགྲ་བགེགས་རྣམས་ཀྱི་ཤ་ཟོས༔ ཁྲག་འཐུང༔ རྐྱེན་དང་བར་ཆད་བྱད་ཁ་རྦོད་གཏོང་སྡེ་བརྒྱད་ཀྱི་དམག་དཔུང་ཐམས་ཅད་ཕར་ལ་བཟློག་པར་བསམ༔ དྲག་སྔགས་དྲུག་ཅུ་རྩ་བརྒྱད་པ་ཤམ་བུ་ཅན་བཟླས་ཤིང་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ༔ ཀོ་ཀ་ཐང་དམར་ཁྲག་མཚོའི་ཀློང༔ མ་ལ་ཡ་ཡི་དྲག་ཤུལ་དོ༔ ཐོད་མཁར་འབར་བའི་ནང་ཤེད་ན༔ ཡབ་གཅིག་མགོན་པོ་བཞུགས་པ་ནི༔ དབུ་ནི་སྲིད་པའི་རྩེ་མོར་སླེབ༔ ཞབས་གཉིས་རྒྱ་མཚོའི་གཏིང་དུ་བསྒྲད༔ རི་རབ་འབར་བའི་ཟོམ་ལ་བརྟེན༔ ནམ་མཁའི་ཁམས་ལ་རྒྱུ་བ་ཡི༔ སྲིད་པ་གསུམ་དང་མཉམ་པའི་སྐུ༔ ཕྱག་ཞབས་ཐོག་སེར་འབབ་པ་འདྲ༔ སྐུ་ནི་ཆར་སྤྲིན་གཏིབས་པ་བཞིན༔ ཉི་མ་འབུམ་གྱི་འོད་ཟེར་འཕྲོ༔ བསྐལ་པའི་མེ་ཆེན་ཕྱོགས་བཅུར་འཕྲོ༔ དྲེགས་པ་ཐམས་ཅད་ལས་ལ་འགྱེད༔ ཁྱོད་ཀྱི་རྫུ་འཕྲུལ་ཕྱག་མཚན་ནི༔ དམག་གི་རྫོང་ཆེན་བེང་ཕུར་འཛིན༔ ཙནྡན་བེང་གི་བེང་སྟོད་ནས༔ སྤྲུལ་པའི་ལྷ་དམག་འབུམ་འབུམ་འགྱེད༔ དཀར་པོ་དངུལ་དང་སེར་པོ་གསེར༔ ཤེལ་གྱི་གོ་མཚོན་ཐོགས་པ་ནི༔ བ་དན་དཀར་པོ་ལྷབས་སེ་ལྷབ༔ སྤྲུལ་པའི་དམག་ཚོགས་ཤ་ར་ར༔ དམག་རྫོང་བེང་གི་སྨད་དག་ནས༔ དམར་པོ་ཟངས་དང་ནག་པོ་ལྕགས༔ བསེ་ཡི་གོ་ཆ་མཚོན་ཆ་ཐོགས༔ བ་དན་ནག་པོ་མུན་ལྟར་གཏིབས༔ བདུད་དམག་ཉིས་ཁྲི་ཆིག་སྟོང་འགྱེད༔ སྤྲུལ་པའི་དམག་ཚོགས་ཤ་ར་ར༔ བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ༔ བྷྱོ་བྷྱོ་གནོད་པའི་བགེགས་ལ་བྷྱོ༔ དམ་ཉམས་དགྲ་བོ་ལས་ངན་གྱི༔ སྲོག་རྩ་ཆོད་ལ་སྙིང་ཁྲག་ཐུངས༔ ལོ་དང་ཟླ་བར་མ་བཞག་ལ༔ ད་ལྟ་ཉིད་དུ་སྒྲོལ་ལ་ཤོག༔ ཞེས་རཀྟ་ཕྱར་ཞིང་བསྐུལ་ལོ༔ དེ་ནས་ཟློག་པ་བྱ་བ་ནི༔ ཧཱུྃ༔ ནམ་མཁའི་མཐའ་དང་མཉམ་པའི་དཀྱིལ་འཁོར་ནས༔ དཔལ་ལྡན་མགོན་པོ་མ་ཧཱ་ཀཱ་ལ་ནི༔ མཐིང་ནག་འབར་བ་བཻ་ཌཱུརྻ་ཡི་རི༔ ཉི་མ་འབུམ་གྱི་འོད་ཟེར་སྟོང་གིས་འཁྱུད༔ ཞལ་གྱི་ཁྲོ་གཉེར་སྤྲིན་ནག་འཁྲུགས་པ་འདྲ༔ སྤྱན་ནས་ཉི་མ་འབར་ཞིང་སྤྱན་རྩ་ཁྲག་མཚོ་འཁྲུགས༔ བར་སྣང་ཙམ་གྱི་ཞལ་གདངས་ཧ་ཧ་སྒྲོག༔ ལྗགས་ནི་གློག་དམར་ལྟ་བུར་རབ་འཁྲུགས་ཤིང༔ མཆེ་བ་ཟླ་བ་ཕྱེད་པས་རབ་ཏུ་གཏམས༔ ཚེམས་ནི་སྤུ་གྲི་འབར་བ་རྣོ་དབལ་ཅན༔ དམ་ཉམས་དགྲ་བོ་ཧབ་ཧབ་ཟས་སུ་གསོལ༔ ཕྱག་གིས་བེང་ཆེན་འབར་བ་ཀླད་ལ་བསྐོར༔ བདུད་འདུལ་ཙནྡན་བེང་གི་བེང་སྟོད་ནས༔ ལྷ་དམག་འབུམ་ཕྲག་དུ་མ་ལས་ལ་འགྱེད༔ དམག་རྫོང་ཆེན་པོ་ཙནྡན་བེང་སྨད་ནས༔ བདུད་དམག་ཉིས་ཁྲི་ཆིག་སྟོང་ལས་ལ་འགྱེད༔ གཡས་ལ་ཕྱར་བས་ཕོ་རྒྱུད་རྩད་ནས་གཅོད༔ གཡོན་པས་བསྒྲིལ་བས་མོ་རྒྱུད་རྡུལ་དུ་བརླག༔ བན་བོན་སྔགས་པའི་བསམ་སྦྱོར་ངན་པ་ཟློག༔ ལྷ་འདྲེ་སྟོང་གི་ཟ་ཁ་ཟུག་པ་ཟློག༔ མོ་རྩིས་རྨི་ལམ་ངན་པ་ཐམས་ཅད་ཟློག༔ ལྟས་ངན་ཆོ་འཕྲུལ་ཐམས་ཅད་བཟློག་ཏུ་གསོལ༔ ཧཱུྃ༔ ཁྱོད་ཀྱི་འཁོར་བཅས་ཐུགས་དམ་བསྐངས་པའི་མཐུས༔ ནད་ཁ་ཡམས་ཁ་ཐམས་ཅད་དགྲ་ལ་ཟློག༔ མོ་ངན་རྩིས་རྩུབ་ཐམས་ཅད་དགྲ་ལ་ཟློག༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དགྲ་ལ་ཟློག༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དགྲ་ལ་ཟློག༔ གློ་བུར་དགུ་བཅུ་རྩ་གཅིག་དགྲ་ལ་ཟློག༔ བྱད་ཁ་ཕུར་ཁ་ཐམས་ཅད་དགྲ་ལ་ཟློག༔ ནད་རིགས་བཞི་བརྒྱ་རྩ་བཞི་དགྲ་ལ་ཟློག༔ གདོན་རིགས་ཉིས་ཁྲི་ཆིག་སྟོང་དགྲ་ལ་ཟློག༔ ལོ་ཀག་ཟླ་ཀག་ཞག་ཀག་དགྲ་ལ་ཟློག༔ ཕོ་བདུད་དལ་ཁ་ཐམས་ཅད་གཡས་སུ་སྒྱུར༔ མོ་བདུད་དལ་ཁ་ཐམས་ཅད་གཡོན་དུ་སྒྱུར༔ སྤྱི་བདུད་དལ་ཁ་ཐམས་ཅད་མཁའ་ལ་སྒྱུར༔ ཟློག་གོ་སྒྱུར་རོ་བེང་ཆེན་ཕུར་པས་ཟློག༔ ཞེས་བེང་ཕྱར་ཞིང་བསྒྲིལ་ལ་ཕྱིར་གཡུག་ཅིང་འཕང་ངོ༔ བེང་ཆེན་ཕུར་བུའི་ལས་མཐའ་དྲག་སྔགས་ཀུན་གྱི་གཟེར་ཁ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨོ་རྒྱན་མཆོག་གྱུར་གླིང་པའི་གཏེར་མའོ།། །།

ཐུགས་དམ་ཟབ་པ་སྐོར་བདུན་གྱི༔ བཀའ་སྲུང་མགོན་པོའི་ཕྲིན་ལས་ (Volume 37, Text 5)

༁ྃ༔ ཐུགས་དམ་ཟབ་པ་སྐོར་བདུན་གྱི༔ བཀའ་སྲུང་མགོན་པོའི་ཕྲིན་ལས་བཞུགས་སོ༔ བླ་མ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ བཀའ་སྲུང་ཀུན་གྱི་མཐར་ཐུག་པ༔ མ་ཧཱ་ཀཱ་ལའི་ཕྲིན་ལས་བཤད༔ དེ་ལ་སྦྱོར་དངོས་རྗེས་གསུམ་གྱི༔ དང་པོ་རང་ཉིད་ལྷ་རུ་བསྒོམ༔ མཆོད་པ་ཐམས་ཅད་བྱིན་གྱིས་བརླབ༔ གཉིས་པ་དངོས་གཞི་བསྐྱེད་རིམ་ནི༔ མདུན་དུ་ཁྲག་མཚོ་འཁྲུགས་པའི་ཀློང༔ མ་ལ་ཡ་ཡི་རི་བོའི་དོ༔ གནམ་ལྕགས་འབར་བའི་བྲག་སྟེང་དུ༔ བྷྲཱུྃ་ལས་དུར་ཁྲོད་གཞལ་ཡས་ཁང༔ འཁོར་ལོ་རྩིབས་བརྒྱད་ལྟེ་བ་ལ༔ པད་ཉིའི་སྟེང་དུ་ཧཱུྃ་ཡིག་ལས༔ གྲི་གུག་ཧཱུྃ་གིས་མཚན་པར་གསལ༔ དེ་ལས་རྡོ་རྗེ་སྲིན་པོའི་སྐུ༔ མ་ཧཱ་ཀཱ་ལ་ལེགས་ལྡན་ནི༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཞལ་གདངས་མཆེ་གཙིགས་རྐན་སྒྲ་རྡེབ༔ སྤྱན་གསུམ་སྡང་མིག་ཕྱོགས་བཅུར་གཟིགས༔ སྨིན་མ་ཁམ་ནག་སྐར་ཆེན་འཕྲོ༔ རལ་པ་མུན་ཆེན་ལྟར་གཏིབས་ཤིང༔ ཕྱག་གཡས་གྲི་གུག་འབར་བ་དང༔ གཡོན་པས་ཐོད་པ་ཁྲག་བཀང་འཛིན༔ མཆན་དུ་ཙནྡན་བིང་ཆེན་བརྟེན༔ ལྷ་དམག་བདུད་དམག་ཕོ་ཉར་འགྱེད༔ དར་ནག་བེར་ཆེན་བརྩེགས་མར་གསོལ༔ དབུ་རྒྱན་ཐོད་སྐམ་རིན་ཆེན་སོགས༔ དུར་ཁྲོད་ཆས་ཀྱིས་ལེགས་པར་བརྒྱན༔ སག་ལྷྭམ་གསོལ་ཞིང་འདོར་སྟབས་བཞེངས༔ ཡེ་ཤེས་མེ་ཕུང་འབར་བའི་ཀློང༔ གཡོན་དུ་ཀཾ་ལས་ཡུམ་མཆོག་ནི༔ ཀྲོ་དྷཱི་ཤྭ་རཱི་ཐལ་བའི་མདོག༔ རལ་པ་རྟིང་སླེབ་སྦྲུལ་ཞགས་དང༔ ཐོད་པ་ཁྲག་བཀང་གཡོན་པས་རོལ༔ རེ་ལྡེའི་ཤམ་ཐབས་དུར་ཁྲོད་ཆས༔ ཡབ་ལ་འདུན་པའི་ཚུལ་དུ་གནས༔ གཡས་སུ་ཧཱུྃ་ལས་ལས་མགོན་ནག༔ གྲི་གུག་དང་ནི་ཐོད་ཁྲག་འཛིན༔ མི་སྡུག་གཟུགས་ཅན་བེར་ནག་གསོལ༔ ཤར་དུ་ཧཱུྃ་ལས་ཀིང་ཀ་ར༔ མཐིང་ནག་དུར་ཁྲོད་ཆས་ཀྱིས་བརྒྱན༔ མཚོན་ཆའི་འཁོར་ལོ་ཐོད་ཁྲག་འཛིན༔ གྲི་ཐོགས་གིང་ཆེན་རྣམས་ཀྱིས་བསྐོར༔ ལྷོ་རུ་ཡ་ལས་གནོད་སྦྱིན་དམར༔ བསེ་རྨོག་བསེ་ཁྲབ་སྐུ་ལ་གསོལ༔ གསེར་གྱི་རལ་གྲི་གསེར་མདུང་བསྣམས༔ སྲིན་མོ་བསེ་གདོང་སྤུ་གྲི་འཛིན༔ བསེ་ཡི་སྐྱེས་བུ་བུ་མོ་དང༔ མི་དམར་ཤན་པའི་ཚོགས་ཀྱིས་བསྐོར༔ ནུབ་ཏུ་ཛཿལས་གཟའ་བདུད་སྨུག༔ མགོ་དགུ་བྱ་རོག་ཞལ་དང་བཅུ༔ གཡས་པས་གྲི་གུག་སྐྱིན་ཐང་འབེབ༔ གཡོན་པས་ཐོད་པ་ཁྲག་བཀང་འཛིན༔ ཆུ་སྲིན་ཞགས་འཕེན་སྦྲུལ་མཇུག་ཅན༔ གཟའ་སྐར་གདོང་མོའི་ཚོགས་ཀྱིས་བསྐོར༔ བྱང་དུ་མ་ལས་འདོད་ཁམས་མ༔ ནག་མོ་གཏུམ་ལ་སྒེག་པའི་ཚུལ༔ ཞལ་དུ་མི་རོ་རེངས་པ་གསོལ༔ སྙན་ལ་སེང་གེ་སྦྲུལ་གྱིས་བརྒྱན༔ ཁྲམ་ཤིང་དང་ནི་ནད་རྐྱལ་འཛིན༔ རྨ་བྱའི་ཟུར་ཕུད་མི་ལྤགས་གསོལ༔ ལྟེ་བའི་ཐད་ནས་ཉི་ཟླ་འཆར༔ ཞབས་གཉིས་བཙན་སྐྱིལ་རོལ་པའི་སྟབས༔ དྲེལ་རྟ་རྐང་གསུམ་སྟེང་དུ་བཞུགས༔ ནག་མོ་འབུམ་གྱི་ཚོགས་ཀྱིས་བསྐོར༔ ཁྲག་མཚོ་རླུང་འཚུབས་དབུས་སུ་བཞུགས༔ སྡེ་དཔོན་སུམ་ཅུ་བཀའ་ལ་ཉན༔ དྲེགས་ཆེན་བཅོ་བརྒྱད་ལས་ལ་འགྱེད༔ གནས་གསུམ་ཨོཾ་ཨཱཿཧཱུྃ་ཡིག་ལས༔ འོད་འཕྲོས་འཁོར་བཅས་སྤྱན་དྲངས་གྱུར༔ བཛྲ་ས་མཱ་ཛ༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་དང༔ དུར་ཁྲོད་ཆེན་པོ་བརྒྱད་རྣམས་དང༔ ཀོ་ཀ་ཐང་དམར་རྒྱ་མཚོའི་དོ༔ དྲག་ཤུལ་ཅན་གྱི་རི་བོ་ནས༔ ཚོགས་རྗེ་ཚོགས་བདག་ནག་པོ་ཆེ༔ མ་ཧཱ་ཀཱ་ལ་གཤེགས་སུ་གསོལ༔ ལས་ཀྱི་མགོན་པོ་གཤེགས་སུ་གསོལ༔ ཀྲོ་ཏཱི་ཤྭ་རཱི་གཤེགས་སུ་གསོལ༔ སྒྲོལ་གིང་ནག་པོ་གཤེགས་སུ་གསོལ༔ གནོད་སྦྱིན་ཆེན་པོ་གཤེགས་སུ་གསོལ༔ གཟའ་བདུད་ཆེན་པོ་གཤེགས་སུ་གསོལ༔ འདོད་ཁམས་བདག་མོ་གཤེགས་སུ་གསོལ༔ དྲེགས་པ་སྡེ་བརྒྱད་གཤེགས་སུ་གསོལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གྷ་ཎ་པ་ཏི་ས་པ་རི་བཱ་ར་བཛྲ་ས་མཱ་ཛ༔ ཧཱུྃ༔ དུར་ཁྲོད་རོལ་པའི་གཞལ་ཡས་ཁང༔ པདྨ་ཉི་མའི་གདན་སྟེང་དུ༔ ལྷ་ཆེན་འཁོར་དང་བཅས་པ་རྣམས༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཧཱུྃ༔ སྔོན་ཚེ་ཧེ་རུ་ཀ་དཔལ་གྱིས༔ བདུད་ཀྱི་སྡེ་རྣམས་བཏུལ་བའི་ཚེ༔ མ་ཧཱ་ཀཱ་ལ་ཚོགས་ཀྱི་བདག༔ ཉེར་གནས་ཀྲོ་དྷཱི་ཤྭ་རཱི་མ༔ སླས་དང་བྱི་མོ་བྲན་མོའི་ཚོགས༔ དྲེགས་པ་སྡེ་བརྒྱད་འཁོར་དང་བཅས༔ དཔལ་གྱི་འབངས་སུ་ཞལ་འཆེས་ནས༔ བསྟན་པ་བསྲུང་བར་དམ་བཅས་ལྟར༔ དམ་ཚིག་གཉན་དགོངས་ཕྲིན་ལས་མཛོད༔ ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ གཏུམ་པོ་མི་བཟད་དྲག་ཤུལ་ཅན༔ དངོས་གྲུབ་ཀུན་གྱི་བདག་ཉིད་ཆེ༔ འཁོར་དང་བཅས་ལ་ཕྱག་འཚལ་ལོ༔ ན་མོ་ན་མཱ་མི༔ ཧཱུྃ༔ ཁྱོད་ལ་མཆོད་པ་འབུལ་བ་ནི༔ དགྲ་བགེགས་ཐམས་ཅད་བསྒྲལ་པ་ཡི༔ ཁྲག་ཆེན་ཨརྒྷཾ་ཆུ་བོ་འབབ༔ དུག་ཁྲག་ཞབས་བསིལ་མཚོ་ལྟར་བསྐྱིལ༔ དབང་པོའི་མེ་ཏོག་ནམ་མཁའ་གང༔ ཚིལ་ཆེན་གསུར་དུད་མུན་ལྟར་གཏིབས༔ ཞུན་ཆེན་སྒྲོན་མེ་བསྐལ་མེ་སྦར༔ དྲི་ཆེན་བྱུག་པ་རྦ་ཀློང་འཁྲུག༔ ཐོད་རྔ་རྐང་གླིང་འབྲུག་ལྟར་སྒྲོག༔ རྩུབ་འགྱུར་ཚལ་གྱི་མཆོད་སྤྲིན་བཞིན༔ དམ་ཅན་རྒྱ་མཚོ་རྣམས་ལ་འབུལ༔ ཧཱུྃ༔ འབྲུ་སྣའི་ཚོགས་དང་དཀར་མངར་དང༔ མྱོས་བྱེད་ལ་དུ་ཤིང་ཏོག་དང༔ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་པ༔ རོ་མངར་རེག་བྱ་འཇམ་པོའི་ཚོགས༔ ལྷ་ཡི་འདུན་ས་བཞིན་དུ་མཆོད༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཨརྒྷཾ་ནས། ཤབྡ་ཀཱ་མ་གུ་ཎ་པཱུ་ཛ་ཧོ༔ ཧཱུྃ༔ རྩ་བརྒྱད་སྟོང་ལ་སྦྱར་བ་ཡི༔ བདུད་རྩི་སྨན་གྱི་མཆོད་པ་འབུལ༔ ཆགས་ཆེན་རཀྟའི་རྦ་ཀློང་འཁྲུགས༔ མ་ཧཱ་ཀཱ་ལའི་ཚོགས་ལ་འབུལ༔ བཟའ་བཅའ་བཏུང་བ་བསམ་མི་ཁྱབ༔ འདོད་ཡོན་གཏོར་མའི་མཆོད་པ་འབུལ༔ གཉིས་མེད་བདེ་ཆེན་སྦྱོར་བ་ཡི༔ བྱང་ཆུབ་སེམས་ཀྱི་འཕྲོ་འདུས་མཆོད༔ མཁའ་དབྱིངས་ཨེ་ཡི་བྲུབ་ཁུང་དུ༔ མ་རིག་གཉིས་འཛིན་བདུད་དང་བགེགས༔ རྡོ་རྗེ་འབར་བའི་མཚོན་གྱིས་བསྒྲལ༔ ཕུང་པོ་ཤ་ཁྲག་རུས་པས་མཆོད༔ མ་རྟོགས་གཉིས་འཛིན་རུ་དྲའི་རྒྱུ༔ རྟོགས་ན་ཐམས་ཅད་ལྷ་ཡི་ངང༔ དངོས་གྲུབ་ཀུན་གྱི་འབྱུང་གནས་ཆེ༔ ཡེ་མཆོད་ཆེན་པོར་བཞེས་སུ་གསོལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་བཱ་ར་པཉྩ་ཨ་མྲྀཏ་མ་ཧཱ་རཀྟ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཨོཾ་བྷུ་རུ་ཀུ་རུ་ཨི་ཙི་ཀི་བྱི་ཨུ་ཙུཥྨ་མ་ཧཱ་ཀྲོ་དྷ་ཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ པཉྩ་ཨ་མྲྀཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ ཀྲོ་དྷཱི་ཤྭ་རཱི་ཨི་དཾ་བ་ལིཾ་ཏ༴ པཉྩ་ཨ་མྲྀཏ༴ མ་ཧཱ་རཀྟ༴ ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ་ཨི་དཾ༴ པཉྩ་ཨ༴ མ་ཧཱ་རཀྟ༴ ཨོཾ་མ་ཧཱ་ཀྲོ་དྷ་ཀིང་ཀ་ར་ས་པ་རི་བཱ་ར་ཨི་དཾ༴ པཉྩ་ཨ༴ མ་ཧཱ་རཀྟ༴ ཨོཾ་མ་ཧཱ་ཡཀྴ་ཙིཏྟ་ཧྲིང་ཧྲིང་ས་པ་རི་བཱ་ར་ཨི་དཾ༴ པཉྩ་ཨ༴ མ་ཧཱ་རཀྟ༴ ཨོཾ་རཱ་ཧུ་ལ་པཀྴ་མེ་ཀི་ས་པ་རི་བཱ་ར་ཨི་དཾ༴ པཉྩ་ཨ༴ མ་ཧཱ་རཀྟ༴ ཨོཾ་ཏྲཀ་རཀྴ་ཡཀྴ་བཻ་ཏཱ་ལི་ས་པ་རི་བཱ་ར་ཨི་དཾ༴ པཉྩ་ཨ༴ མ་ཧཱ་རཀྟ༴ སརྦ་དུཥྚཱན་ས་པ་རི་བཱ་ར་ཨི་དཾ༴ པཉྩ་ཨ༴ མ་ཧཱ་རཀྟ༴ དགྲ་བགེགས་ཆེ་གེ་ནྲྀ་ཏྲི་བཛྲ་ཨཾ་ཀུ་ཤ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཨོཾ་མ་ཧཱ་ཀཱ་ལ་དགྲ་བོ་མཱ་ར་ཡ་ཕཊ༔ མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ༴ མ་ཧཱ་ཙིཏྟ༴ མ་ཧཱ་གོ་རོ་ཙ་ན༴ མ་ཧཱ་བ་སུ་ཏ༴ ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ དྷརྨ་དྷཱ་ཏུ་པཱུ་ཛ་ཧོ༔ ཧཱུྃ༔ ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང༔ ཐབས་ཀྱི་ཆོ་འཕྲུལ་འབར་བའི་སྐུར་སྟོན་པ༔ དཔལ་མགོན་ལེགས་ལྡན་ནག་པོ་ཚོགས་ཀྱི་བདག༔ བསྟན་སྲུང་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཡེ་ཤེས་གཟི་བརྗིད་འབར་ལ་ཕྱག་འཚལ་བསྟོད༔ མཐུ་རྩལ་རྫུ་འཕྲུལ་ལྡན་ལ་ཕྱག་འཚལ་བསྟོད༔ དངོས་གྲུབ་ཐོགས་མེད་སྩོལ་ལ་ཕྱག༴ ཕྲིན་ལས་མྱུར་དུ་སྒྲུབ་ལ་ཕྱག༴ སྒྲིབ་མེད་མངོན་ཤེས་ལྡན་ལ་ཕྱག༴ སྟོན་པས་ལུང་བསྟན་ཐོབ་ལ་ཕྱག་འཚལ་བསྟོད༔ སྔོན་གྱི་རྒྱལ་བ་རྣམས་དང་དགོངས་པ་གཅིག༔ རིག་འཛིན་གྲུབ་ཐོབ་རྣམས་དང་བྱིན་རླབས་གཅིག༔ མ་མོ་མཁའ་འགྲོའི་ཚོགས་དང་དམ་ཚིག་གཅིག༔ དྲེགས་པ་སྡེ་བརྒྱད་ཚོགས་དང་མཐུ་རྩལ་གཅིག༔ སྔོན་གྱི་དྲང་སྲོང་རྣམས་དང་སྨོན་ལམ་གཅིག༔ མ་ཧཱ་ཀཱ་ལ་ཁྱོད་ལ་བདག་བསྟོད་དོ༔ ཧཱུྃ༔ ལས་ལ་ཆས་པའི་སྲས་མཆོག་ནག་པོ་ནི༔ མཐུ་རྩལ་རབ་ལྡན་གྲི་གུག་ཐོད་ཁྲག་འཛིན༔ བེར་ཆེན་གསོལ་ནས་ལྷ་ཡི་དམག་དཔུང་སྡུད༔ གཏུམ་པོ་ནག་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ མཁའ་འགྲོའི་དབང་ཕྱུག་ཀྲོ་ཏཱི་ཤྭ་རཱི་མ༔ མ་རུངས་འཆིང་མཛད་སྦྲུལ་གྱི་ཞགས་པ་དང༔ ཐོད་པ་ཁྲག་ཆང་མར་ཁུས་བཀང་བ་གསོལ༔ གསང་བའི་ཡུམ་གྱུར་ཁྱོད་ལ་ཕྱག་འཚལ་བསྟོད༔ གཞན་ཡང་སྒྲོལ་གིང་གནོད་སྦྱིན་རཱ་ཧུ་ལ༔ འདོད་ཁམས་བདག་མོ་སྡེ་དཔོན་སྔགས་བདག་སོགས༔ དཔལ་ཆེན་ཧེ་རུ་ཀ་ཡི་བཀའ་ཉན་པ༔ ཚར་གཅོད་རྗེས་འཛིན་ཕྲིན་ལས་མཛད་ལ་བསྟོད༔ ཅེས་བསྟོད་ཅིང་ཕྲིན་ལས་གསོལ་བ་ནི༔ ཧོ༔ རང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་ཤིང༔ ལོངས་སྤྱོད་རྫོགས་སྐུ་ཧེ་རུ་ཀ་དཔལ་མ་ཧཱ་ཀཱ་ལའི་སྐུར་བཞེངས་པ༔ སངས་རྒྱས་ཀྱི་བསྟན་སྲུང་ཆེན་པོ༔ རྣལ་འབྱོར་གྱི་དགྲ་བླ་ཆེན་པོ༔ གསང་སྔགས་བཀའི་སྲུང་མ༔ དམ་ཉམས་དགྲ་བོའི་གཤེད་མ༔ འཇིག་རྟེན་དྲེགས་པའི་གཙོ་བོ༔ ལེགས་ལྡན་ཚོགས་ཀྱི་བདག་པོ༔ ལས་མགོན་སྲས་མཆོག་ནག་པོ༔ ཡུམ་ཀྲོ་དྷཱི་ཤྭ་རཱི་མ༔ ཁྲོ་ཆེན་ཀིང་ཀ་ར༔ གནོད་སྦྱིན་དམར་པོ༔ གཟའ་མཆོག་རཱ་ཧུ་ལ༔ ལྷ་མོ་འདོད་ཁམས་ཀྱི་དབང་མོ་རེ་མ་ཏི༔ འཁོར་དང་བཅས་པ་རྣམས་ལ་མཆོད་དོ༔ བསྟོད་དོ༔ སངས་རྒྱས་ཀྱི་བསྟན་པ་སྲུངས༔ དཀོན་མཆོག་གི་དབུ་འཕང་བསྟོད༔ བླ་མའི་སྐུ་ཚེ་སྲིངས༔ དགེ་འདུན་གྱི་སྡེ་སྐྱོངས༔ བཤད་སྒྲུབ་ཀྱི་བསྟན་པ་སྤེལ༔ ནད་གདོན་བར་ཆད་ཞི་བ་དང༔ ཚེ་བསོད་དཔལ་འབྱོར་རྒྱས་པ་དང༔ ཡིད་ལ་འདོད་པ་ཐམས་ཅད་དབང་དུ་འདུ་བ་དང༔ དམ་ཉམས་དགྲ་བགེགས་ལོག་པར་སྤྱོད་ཅིང་བར་ཆད་ཀྱི་རྐྱེན་བྱེད་པ་ཐམས་ཅད་ཐལ་བ་རྡུལ་བཞིན་དུ་མཛོད་ཅིག༔ གསུམ་པ་རྗེས་ཀྱི་བྱ་བ་ལ༔ ཚོགས་དང་བཤགས་པ་སྐོང་བ་བྱ༔ རྟེན་ལ་བསྟིམ་མམ་རང་གནས་གཤེགས༔ བསྔོ་བ་སྨོན་ལམ་བཀྲ་ཤིས་བྱ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་དམ་ཟབ་པ་སྐོར་བདུན་གྱི་བཀའ་སྲུང་ལེགས་ལྡན་གྱི་རྟགས་བསྟོད་བཞུགས་སོ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་ཁྲོ་བོའི་སྐུར་སྟོན་པ༔ སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་བརྡ༔ རིན་ཆེན་ཐོད་སྐམ་ལྔ་ཡིས་དབུ་བརྒྱན་པ༔ བདེ་གཤེགས་རིགས་ལྔས་དབང་བསྐུར་མཛད་པའི་རྟགས༔ དབུ་སྐྲ་རལ་པ་གྱེན་དུ་སྤྲིན་ལྟར་གཏིབས༔ ལྟ་བ་རྣམ་དག་མཐའ་རུ་ཕྱིན་པའི་རྟགས༔ སྤྱན་གསུམ་སྡང་མིག་ཕྱོགས་བཅུར་གཟིགས་པ་ནི༔ རྒྱལ་བའི་སྐུ་གསུང་ཐུགས་རྣམས་རྫོགས་པའི་རྟགས༔ ཤངས་གཉེར་ཧཱུྃ་ཧཱུྃ་འཐོར་རླུང་འཕྱོ་བ་ནི༔ དངོས་འཛིན་རྣམ་རྟོག་ཐམས་ཅད་གཏོར་བའི་རྟགས༔ སྙན་ནས་སྒྲ་སྐད་འབྲུག་ལྟར་སྒྲོག་པ་ནི༔ ཆོས་རྣམས་མ་ལུས་ཐུགས་སུ་ཆུད་པའི་རྟགས༔ སྨ་ར་སྨིན་མ་ཁམ་ནག་སྐར་ཆེན་འཕྲོ༔ ཁྲོ་བོ་ཀུན་གྱི་མཐུ་སྟོབས་རྫོགས་པའི་རྟགས༔ ཞལ་གདངས་ལྗགས་འདྲིལ་རྐན་སྒྲ་རྡེབ་པ་ནི༔ ཆོས་ཀྱི་གསུང་ལྡན་སེམས་ཅན་སྒྲོལ་བའི་རྟགས༔ ཟླ་ཚེས་ལྟ་བུའི་མཆེ་བ་བཞི་གཙིགས་པ༔ མཐའ་བཞིར་འཛིན་པའི་ལོག་རྟོག་བཅོམ་པའི་རྟགས༔ དཔལ་གྱི་གཏུམ་རྔམ་སྲིན་པོ་ཁྲོས་པའི་ཞལ༔ ཆོས་རྣམས་རོ་གཅིག་སྣ་ཚོགས་སྣང་བའི་རྟགས༔ ཕྱག་གཉིས་ཞབས་ཟུང་གར་གྱི་སྟངས་སྟབས་ནི༔ ཚད་མེད་བཞི་ཡིས་བདུད་བཞི་བཅོམ་པའི་རྟགས༔ སྐུ་སྟོད་སེང་གེ་རབ་ཏུ་འགྱིང་འདྲ་བ༔ མི་འཇིགས་བཞི་ཡི་ཡོན་ཏན་རྫོགས་པའི་རྟགས༔ རྐེད་པ་གཞུ་ཡི་ཆངས་ཟུང་ལྟར་འདྲིལ་བ༔ དབང་བཅུ་མངའ་བ་ཐོགས་མེད་ཕྲིན་ལས་རྟགས༔ གསང་བ་རྡོ་རྗེ་ནོར་བུ་འབར་བ་ནི༔ ཡེ་སྦྱོར་ཡེ་སྒྲོལ་འགྲོ་དོན་མཛད་པའི་རྟགས༔ ཞབས་གཡས་བསྐུམས་པས་ཁམས་གསུམ་དབང་དུ་སྡུད༔ ཞབས་གཡོན་བརྐྱངས་པས་སྲིད་གསུམ་ཟིལ་གནོན་རྟགས༔ ས་གསུམ་དབང་སྒྱུར་བེར་ཆེན་སུམ་བརྩེགས་གསོལ༔ རིན་ཆེན་སྐ་རགས་དགོས་འདོད་སྩོལ་བའི་རྟགས༔ གཡས་པས་གྲི་གུག་སྐྱེ་ཤི་རྩད་ནས་གཅོད༔ གཡོན་པས་ཐོད་ཁྲག་འཁོར་བ་སྟོངས་པའི་རྟགས༔ བེང་ཆེན་ཕུར་བུས་དགྲ་བགེགས་མ་ལུས་བསྒྲལ༔ སྤྲུལ་པའི་དམག་འགྱེད་བདུད་ཀྱི་གཡུལ་ཟློག་རྟགས༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ་པ་ནི༔ མ་མོ་མཁའ་འགྲོ་དབང་དུ་སྡུད་པའི་རྟགས༔ ཡེ་ཤེས་མེ་ཕུང་ཀློང་དུ་བཞུགས་པ་ནི༔ མ་རིག་བག་ཆགས་རྣམ་རྟོག་སྲེག་པའི་རྟགས༔ པདྨ་ཉི་མའི་གདན་ལ་བཞུགས་པ་ནི༔ ཆེ་བའི་ཡོན་ཏན་མ་ལུས་རྫོགས་པའི་རྟགས༔ གཡས་གཡོན་གཉིས་ལས་སེང་གེ་འཕྱོ་བ་ནི༔ འཇིགས་བྱེད་ཆེན་པོ་ལས་ལ་འགྱེད་པའི་རྟགས༔ སྟ་ཟུར་གཉིས་ནས་འཕར་དྲེད་རྒྱུག་པ་ནི༔ དམ་ཉམས་དགྲ་བགེགས་སྲོག་ལ་རྔམས་མཛད་རྟགས༔ ཞབས་གཉིས་བརྡབས་པས་སྟག་མོ་འཕྲོ་བ་ནི༔ ཕྲ་མེན་མང་པོ་ལས་ལ་འགྱེད་པའི་རྟགས༔ སངས་རྒྱས་བསྟན་སྲུང་བཀའ་ཡི་བྱ་ར་བ༔ ཡེ་ཤེས་མགོན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ དེ་ཡི་ཡུམ་ཆེན་ཀྲོ་དྷཱི་ཤྭ་རཱི་མ༔ དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རྟགས༔ ཞལ་གཅིག་ཕྱག་གཉིས་ཐལ་སྐྱ་ལྟ་བུའི་མདོག༔ སྐྱེ་མེད་ཆོས་རྣམས་ཐུགས་སུ་ཆུད་པའི་རྟགས༔ ཕྱག་གཡས་སྦྲུལ་ཞགས་ནམ་མཁར་གཡུག་པ་ནི༔ ཉོན་མོངས་དངོས་མེད་རང་གྲོལ་མཁྱེན་པའི་རྟགས༔ གཡོན་པས་མར་ཁུ་ཁྲག་ཆང་གསོལ་པ་ནི༔ དུག་གསུམ་འཇོམས་ཤིང་དངོས་གྲུབ་སྩོལ་བའི་རྟགས༔ དུར་ཁྲོད་ཆས་ཀྱིས་རབ་ཏུ་བརྒྱན་པ་ནི༔ མཁའ་འགྲོ་རྣམས་ཀྱི་གཙོ་མོ་མཛད་པའི་རྟགས༔ རེ་ལྡེའི་ཤམ་ཐབས་སྐུ་ལ་གསོལ་བ་ནི༔ ཡེ་ཤེས་འཇིག་རྟེན་མ་མོ་དབང་སྡུད་རྟགས༔ སྦྱོར་སྒྲོལ་མཛད་ཕྱིར་ཡབ་ལ་འདུན་པའི་ཚུལ༔ བདེ་ཆེན་ཡེ་ཤེས་ངང་དུ་རོལ་པའི་རྟགས༔ དབྱིངས་ཀྱི་ཡུམ་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ གཏུམ་ཆེན་མི་བཟད་སྲས་མཆོག་ནག་པོ་ནི༔ སྐུ་མདོག་མཐིང་ནག་ཆར་སྤྲིན་འཁྲུགས་པ་འདྲ༔ མི་འགྱུར་རྣམ་དག་ཡེ་ཤེས་མངའ་བའི་རྟགས༔ གྲི་གུག་ཕྱར་ཞིང་ཐོད་པ་ཁྲག་བཀང་འཛིན༔ དགྲ་བགེགས་སྒྲོལ་ཞིང་དངོས་གྲུབ་སྩོལ་བའི་རྟགས༔ བེར་ཆེན་ཕྱི་ནང་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཕོ་རྒྱུད་མོ་རྒྱུད་དབང་དུ་སྡུད་པའི་རྟགས༔ མིའུ་ཐུང་གེལ་པའི་གཟུགས་ཅན་འདོར་སྟབས་བཞེངས༔ དམ་ཅན་ཡོངས་ཀྱི་གཙོ་བོ་ཁྱོད་ལ་བསྟོད༔ ཧཱུྃ༔ བཀའ་སྡོད་ཆེན་པོ་ཁྲོ་ཆེན་ཀིང་ཀ་ར༔ མཐིང་ནག་མཚོན་ཆའི་འཁོར་ལོ་ཐུན་ཁྲག་འཕེན༔ དུར་ཁྲོད་ཆས་ཅན་སྒྲོལ་གིང་བཅུ་གཉིས་འགྱེད༔ ཉམས་པ་ཐམས་ཅད་ཐབས་ཀྱིས་བསྒྲལ་བའི་རྟགས༔ སངས་རྒྱས་བསྟན་སྲུང་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ གནོད་སྦྱིན་དམར་པོ་རབ་ཁྲོས་ཁྲག་གི་མདོག༔ བསེ་ཁྲབ་བསེ་རྨོག་དུར་ཁྲོད་ཆས་ཀྱིས་བརྒྱན༔ གསེར་གྱི་སྤུ་གྲི་གསེར་མདུང་དམར་སེར་རྡེབ༔ སྲིན་མོ་བསྭེ་གདོང་གསེར་གྱི་སྤུ་གྲི་འཛིན༔ བསེ་ཡི་སྐྱེས་བུ་བཞི་དང་བུ་མོ་བཞི༔ མི་དམར་ཤན་པ་བཞི་བཅུ་ལས་ལ་འགྱེད༔ གསང་སྔགས་བཀའ་ཡི་བྱ་ར་མཛད་པའི་རྟགས༔ བསྟན་སྲུང་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ གཟའ་བདུད་དུད་ཁ་མགོ་དགུ་བྱ་རོག་ཞལ༔ ཕྱག་གཡས་གྲི་གུག་རྩེ་ནས་སྐྱིན་ཐང་འབེབ༔ གཡོན་པས་ཆུ་སྲིན་ཞགས་འཕེན་ཐོད་ཁྲག་རོལ༔ སྤྱན་སྟོང་ལྡན་ཞིང་སྐུ་སྨད་སྦྲུལ་མཇུག་འཁྱིལ༔ གཟའ་བརྒྱད་རྒྱུ་སྐར་གདོང་མོ་ཕོ་ཉར་འགྱེད༔ སྡེ་བརྒྱད་ཀུན་གྱི་དམག་དཔོན་མཛད་པའི་རྟགས༔ དྲེགས་པ་ཡོངས་ཀྱི་གཙོ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ བྱང་ཤར་མུ་ལེ་ཁྲག་མཚོ་རླུང་ནག་དབུས༔ སྲིད་པའི་རྒྱལ་མོ་དཔལ་ལྡན་ལྷ་མོ་ནི༔ རྨ་བྱ་སེང་གེ་སྦྲུལ་གྱིས་དབུ་ལ་བརྒྱན༔ མཆེ་བ་བཞི་གཙིགས་མི་རོ་རེངས་པ་གསོལ༔ གཡས་པས་ཁྲམ་ཤིང་དགྲ་བོ་ཁྲམ་ལ་འདེབས༔ གཡོན་པས་ནད་རྐྱལ་དགྲ་ལ་ནད་ཡམས་འགྱེད༔ མི་ལྤགས་གཡང་གཞི་རེ་ལྡའི་ཤམ་ཐབས་གསོལ༔ དྲེལ་རྟ་རྐང་གསུམ་སྲིན་པོའི་སྒ་སྟན་ཅན༔ འཆིབ་ནས་སྟོང་གསུམ་མ་ལུས་ཡུད་ཀྱིས་བསྐོར༔ མཚོན་གྱི་དྲུ་བུ་ནད་ཀྱི་རྐྱལ་པ་དང༔ ཤྭ་རྡིལ་དཀར་ནག་བདུད་ཀྱི་ཁྲམ་ཤིང་དང༔ སྤྲུལ་པའི་མཚོན་ཆ་རྣམ་ལྔ་ཤ་ཐག་མཛད༔ དཀར་མོ་ནག་མོ་དམར་མོ་འབུམ་གྱིས་བསྐོར༔ ནག་མོ་རེ་མ་ཏི་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ དྲེགས་པའི་སྡེ་དཔོན་སུམ་ཅུ་མཐུ་རྩལ་ཅན༔ ཆ་ལུགས་ཕྱག་མཚན་ཞོན་པ་སྣ་ཚོགས་ཅན༔ སྔགས་བདག་བཅོ་བརྒྱད་དམོད་པའི་མཚོན་ཆ་ཅན༔ འཇིགས་སུ་རུང་བའི་རྣམ་འགྱུར་ཅིར་ཡང་སྟོན༔ འཇིག་རྟེན་སྐྱོང་བའི་གཙོ་བོ་སྡེ་བརྒྱད་རྣམས༔ དམ་ཉམས་དགྲ་ཡི་ཤ་དང་ཁྲག་ལ་དགྱེས༔ དམ་ཚིག་དབང་གིས་སངས་རྒྱས་བསྟན་པ་སྲུང༔ བཀའ་སྡོད་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་པས་ལྷ་རྣམས་མཉེས་ཤིང་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་དམ་ཟབ་པ་སྐོར་བདུན་གྱི་བཀའ་སྲུང་མགོན་པོའི་སྐོང་བཤགས་བཞུགས་སོ༔ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཡེ་ཤེས་མགོན་པོའི་ཐུགས་དང་འགལ་བ་བཤགས་པ་ནི༔ གདུང་བ་དྲག་པོས་ཐལ་མོ་སྦྱར་ལ༔ ཧཱུྃ༔ མ་ཧཱ་ཀཱ་ལ་འཁོར་བཅས་དགོངས་སུ་གསོལ༔ གསང་སྔགས་ཐེག་པ་ཆེན་པོའི་སྒོར་ཞུགས་ནས༔ དམ་ཚིག་ཚུལ་བཞིན་སྲུང་བར་ཁས་བླངས་པར༔ ཉམས་ཆག་འགལ་འཁྲུལ་བྱུང་བ་མཐོལ་ལོ་བཤགས༔ འཁོར་བ་སྡུག་བསྔལ་མེ་འོབས་ལྟ་བུ་ལ༔ ཞེན་ཅིང་ཆགས་པ་ཐམས་ཅད་མཐོལ་ལོ་བཤགས༔ གཏན་གྱི་སྐྱབས་གནས་དཀོན་མཆོག་གསུམ་པོ་ལ༔ སྙིང་ནས་བློ་གཏད་མ་བགྱིས་མཐོལ་ལོ༴ འགྲོ་དྲུག་སེམས་ཅན་ཕ་མར་གྱུར་པ་ལ༔ སྙིང་རྗེས་ཕན་སེམས་ཆུང་བ་མཐོལ༴ ཉམས་ཆག་འགལ་འཁྲུལ་སྡིག་པའི་ཚོགས་རྣམས་ལ༔ མ་བཤགས་སྦས་གསང་འཆབ་པ་མཐོལ༴ མཆོད་པའི་ཞིང་དུ་གྱུར་པའི་མགྲོན་རིགས་ལ༔ སེར་སྣས་མཆོད་སྦྱིན་མ་བྱས་མཐོལ༴ གསང་སྔགས་སྟོན་པའི་རྡོ་རྗེ་སློབ་དཔོན་ལ༔ དད་ཅིང་མོས་པས་མ་བསྟེན་མཐོལ༴ དཀྱིལ་འཁོར་གཙོ་བོ་དཔལ་ལྡན་བླ་མ་ལ༔ སྙིང་ནས་ཐུགས་འགལ་བགྱིས་པ་མཐོལ༴ གསང་སྔགས་སྒྲུབ་པའི་མཆེད་དང་ལྕམ་དྲལ་ལ༔ བརྙས་ཤིང་བརྩེ་གདུང་ཆུང་བ་མཐོལ༴ ལྟ་བ་རང་བཞིན་མེད་པར་རྟོགས་པ་ལ༔ གཉིས་འཛིན་མཐའ་བཞིས་བཅིངས་པ་མཐོལ༴ ཡི་དམ་ལྷ་ཡི་བསྐྱེད་རིམ་བསྒོམ་པ་ལ༔ ཐ་མལ་ཨ་འཐས་འཁྲུལ་པ་མཐོལ༴ གསང་སྔགས་བཟླས་བརྗོད་ཚུལ་བཞིན་བགྱིད་རྒྱུ་ལ༔ ཆད་ལྷག་ཟུར་ཆག་ཉམས་པ་མཐོལ༴ བསྙེན་སྒྲུབ་ཐུན་བཞིའི་འཕྲང་ལ་བཅུག་པ་ལ༔ དོན་མེད་ལོང་གཏམ་གཡེངས་པ་མཐོལ༴ ཚོགས་དང་མཆོད་གཏོར་དུས་སུ་བརྩོན་པ་ལ༔ ལེ་ལོ་སྒྱིད་སྙོམ་གྱུར་པ་མཐོལ༴ ཕྱི་ནང་གསང་བའི་མཆོད་པ་ཐམས་ཅད་ལ༔ འབག་བཙོག་གཙང་སྨེ་མ་ཕྱེད་མཐོལ༴ དམ་རྫས་ཚུལ་བཞིན་བཤམ་པར་ཁས་བླངས་ནས༔ ཕུད་ལྷག་དྲི་མས་གོས་པ་མཐོལ༴ ཕྱི་ནང་གསང་རྟེན་བཙུགས་པར་ཁས་བླངས་ནས༔ ཚུལ་བཞིན་རྫས་མ་འཛོམས་པ་མཐོལ༴ མཐུན་རྫས་སྤྱན་གཟིགས་འབུལ་བར་ཁས་བླངས་ནས༔ ཡོ་བྱད་འབྱོར་ཚོགས་ཆུང་བ་མཐོལ༴ རྟེན་དང་ལྟ་སྤྱོད་ཟབ་མོ་གསང་བ་ལ༔ གཞན་ལ་འཆོལ་པར་སྨྲས་པ་མཐོལ༴ མན་ངག་གསང་ནས་སྒྲུབ་པར་ཁས་བླངས་ཀྱང༔ གཞན་ལ་བཤད་ཅིང་ངོམས་པ་མཐོལ༴ སློབ་དཔོན་བཀའ་དང་མཆེད་ཀྱིས་བསྒོས་པ་རྣམས༔ གཞན་ལ་མ་གསང་བཤད་པ་མཐོལ༴ དམ་ཅན་རྣམས་ཀྱིས་མཐུ་ནུས་རྟགས་བསྟན་པ༔ མ་གསང་གཞན་ལ་ངོམས་པ་མཐོལ༴ དུག་ལྔ་ཡེ་ཤེས་ལྔ་རུ་མ་རྟོགས་པར༔ ཉོན་མོངས་རང་གར་སྤྱད་པ་མཐོལ༴ ཤ་ལྔ་བདུད་རྩི་དང་དུ་མ་བླངས་ནས༔ སྦྱང་སྤེལ་བསྒྱུར་བར་མ་ནུས་མཐོལ༴ ཆོས་རྣམས་རྣམ་དག་ལྷ་རུ་མ་རྟོགས་པ༔ ཤེས་བྱའི་དམ་ལས་འགལ་བ་མཐོལ༴ དམ་ཅན་རྒྱ་མཚོ་རིགས་ལྔའི་ངང་དུ་གནས༔ བསྒྲུབ་བྱ་ཡིན་པར་མ་ཤེས་མཐོལ༴ ཐབས་ཤེས་སྦྱོར་བས་བདེ་ཆེན་ཡེ་ཤེས་རྟོགས༔ མཚན་ལྡན་རིག་མ་སྤངས་པ་མཐོལ༴ ལྷན་སྐྱེས་ཡེ་ཤེས་མ་རྟོགས་ཞེན་པས་བཅིངས༔ སྦྱོར་བ་ཕྱིན་ཅི་ལོག་པ་མཐོལ༴ ཞིང་བཅུ་ཚང་བའི་དགྲ་བགེགས་ཡལ་བར་དོར༔ ངན་སྔགས་མཐུ་ཡིས་མ་བསྒྲལ་མཐོལ༴ རང་འདོད་ཆགས་སྡང་རྫས་ངན་སྦྱོར་བས་བསྒྲལ༔ སྒྲོལ་བ་ཕྱིན་ཅི་ལོག་པ་མཐོལ༴ སེར་སྣ་ཅན་གྱི་ཟས་ནོར་ཐབས་ཀྱིས་བླངས༔ འགྲོ་དོན་མཆོད་སྦྱིན་མ་བྱས་མཐོལ༴ ཆགས་ཞེན་སྲེད་པས་དད་པའི་ནོར་བླངས་ནས༔ དངོས་པོ་ཆུད་ཟོས་སོང་བ་མཐོལ༴ རང་དང་གཞན་གྱི་གསང་བའི་དམ་ཚིག་རྣམས༔ རྫུན་གྱིས་གསང་བར་མ་ནུས་མཐོལ༴ མ་མཐོང་མཐོང་དང་མ་རྟོགས་རྟོགས་སོ་ཞེས༔ མི་ཆོས་བླ་མའི་རྫུན་སྨྲས་མཐོལ༴ སྡིག་སྤྱོད་བྱ་བ་ངན་པའི་ལས་རྩོམ་ལ༔ རྩུབ་པའི་ཚིག་གིས་མ་བཟློག་མཐོལ༴ ཞི་དུལ་ཆོས་ཀྱི་སྨྲ་བ་མི་བྱེད་པར༔ ཚིག་རྩུབ་ལོང་གཏམ་བྱས་པ་མཐོལ༴ རང་གི་གྲུབ་མཐའ་ཚུལ་བཞིན་མི་བཟུང་བར༔ དམ་ཚིག་ཉམས་དང་འདྲེས་པ་མཐོལ༴ ལྟ་སྤྱོད་སྒོམ་སྒྲུབ་ཚུལ་བཞིན་མི་བྱེད་པར༔ གསང་སྔགས་གཞུང་དང་འགལ་བ་མཐོལ༴ དེ་ལྟར་མ་རིག་དབང་དུ་སོང་བ་ཡིས༔ དམ་ཅན་རྒྱ་མཚོའི་ཐུགས་དང་འགལ་བ་བཤགས༔ ཕྱིན་ཆད་བདག་གིས་མི་འགལ་དམ་བཅའ་བས༔ མ་ཧཱ་ཀཱ་ལའི་ཚོགས་ཀྱིས་བཟོད་པར་མཛོད༔ དམིགས་མེད་ཀློང་དུ་ཚངས་པ་བསྩལ་ནས་ཀྱང༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་ཡིག་བརྒྱ་བཟླ༔ ཧོ༔ མ་ཧཱ་ཀཱ་ལ་དམ་ཅན་རྒྱ་མཚོའི་ཚོགས༔ སྒྲུབ་པ་པོ་ལ་གསན་ཅིང་དགོངས་སུ་གསོལ༔ དུར་ཁྲོད་གསང་བའི་དཀྱིལ་འཁོར་ཆེན་པོ་འདིར༔ དད་པ་དམ་ཚིག་དབང་གིས་གཤེགས་སུ་གསོལ༔ གསང་བའི་རྟེན་མཆོག་རྣམས་ལ་བཞུགས་ནས་ཀྱང༔ ཕྱི་ནང་གསང་བའི་མཆོད་པ་བཞེས་སུ་གསོལ༔ རྡོ་རྗེའི་སྐུ་གསུང་ཐུགས་ལ་ཕྱག་འཚལ་བསྟོད༔ བག་མེད་ཉམས་ཆག་འགལ་འཁྲུལ་ཐམས་ཅད་བཤགས༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ༔ མ་ཧཱ་ཀཱ་ལ་དགོངས་སུ་གསོལ༔ བདག་ནི་རིག་འཛིན་སྒྲུབ་པ་པོ༔ དམ་ལ་གནས་ཤིང་ལྷ་ལ་ཕྲེང༔ མཆོད་ཕྱིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཕྱི་ཡི་མཆོད་པ་ཡིན་པའི་ཕྱིར༔ དམར་ཆེན་ཁྲག་གི་ཨརྒྷཾ་དང༔ དུག་ཆུ་ཁོལ་མའི་ཞབས་བསིལ་འབུལ༔ དབང་པོ་ལྔ་ཡི་མེ་ཏོག་དང༔ ཚིལ་ཆེན་གསུར་གྱི་དུད་སྤྲིན་གཏིབས༔ ཞིང་ཆེན་རོ་རས་སྤར་བའི་མེ༔ མྱོས་བྱེད་གི་ཝཾ་བྱུག་པའི་བཅུད༔ ཤ་རུས་ནང་ཁྲོལ་ཞལ་གྱི་ཟས༔ ཌཱ་མ་རུ་དང་རྐང་གླིང་སྒྲ༔ རྔ་ཆེན་དུང་ཆེན་ལ་སོགས་པས༔ མགོན་པོ་འཁོར་བཅས་ཐུགས་དམ་བསྐང༔ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་པ༔ རོ་མངར་རེག་བྱ་འཇམ་པ་དང༔ རྒྱལ་སྲིད་སྣ་བདུན་བཀྲ་ཤིས་པའི༔ རྫས་མཆོག་བརྒྱད་དང་རྟགས་བརྒྱད་དང༔ བཅུ་དྲུག་ལྷ་མོའི་རོལ་པ་ཡིས༔ མགོན་པོ་འཁོར་བཅས་ཐུགས་དམ་བསྐང༔ ནང་གི་མཆོད་པ་ཡིན་པའི་ཕྱིར༔ རྩ་བརྒྱད་སྟོང་སྦྱར་ཨ་མྲྀ་ཏ༔ ཤ་ཆེན་ལང་ལིང་རཀྟར་བཅས༔ འབྲུ་སྣ་ཤིང་ཏོག་མེ་ཏོག་དང༔ དཀར་དམར་རྗེན་ཤ་སྤོད་ཀྱི་རིགས༔ ལ་དུ་ཁུར་བ་སྒོག་བཙོང་གི༔ དཔལ་གྱི་གཏོར་མ་བརྗིད་ལྡན་བཤམས༔ མགོན་པོ་འཁོར་བཅས་ཐུགས་དམ་བསྐང༔ གསང་བའི་མཆོད་པ་ཡིན་པའི་ཕྱིར༔ མཆོག་ཆེན་ཡབ་ཡུམ་མཉམ་སྦྱར་བའི༔ བྱང་ཆུབ་སེམས་ནི་བདེ་བའི་སྤྲིན༔ རུ་དྲ་དགྲ་བགེགས་བདུད་ཀྱི་ཚོགས༔ བསྒྲལ་པའི་ཤ་ཁྲག་བསམ་མི་ཁྱབ༔ ཆོས་རྣམས་མཉམ་ཉིད་རྟོགས་པ་ཡིས༔ མགོན་པོ་འཁོར་བཅས་ཐུགས་དམ་བསྐང༔ ཕྱི་ཡི་རྟེན་མཆོག་ཡིན་པའི་ཕྱིར༔ ཞྭ་ནག་གོས་ནག་སྐུ་འབག་དང༔ གོ་མཚོན་ཕྱག་མཚན་རུ་མཚོན་དང༔ རྟ་ནག་གཡག་ནག་ལུག་ནག་ཁྱི༔ བྱ་གཅན་རི་དྭགས་རིན་ཆེན་འབྲུ༔ དར་ཟབ་པགས་པ་དཀོར་ནོར་གྱིས༔ མགོན་པོ་འཁོར་བཅས་ཐུགས་དམ་བསྐང༔ ནང་གི་རྟེན་རྫས་ཡིན་པའི་ཕྱིར༔ ཐོད་པ་མཚན་ལྡན་ཞིང་ལྤགས་དང༔ ནལ་བུའི་པགས་པ་ཐོད་པ་དང༔ དཀྱིལ་འཁོར་དམ་རྫས་ལ་སོགས་པས༔ མགོན་པོ་འཁོར་བཅས་ཐུགས་དམ་བསྐང༔ གསང་བའི་རྟེན་མཆོག་ཡིན་པའི་ཕྱིར༔ གྲི་སྙིང་སྲོག་འཁོར་བླ་རྡོ་དང༔ ནལ་བུའི་སྙིང་དང་གསང་བའི་སྐུ༔ འབྲས་བུ་ལྔ་དང་ཤིང་ལོ་སོགས༔ སྲུང་མ་རྣམས་ཀྱི་སྲོག་སྔགས་ཀྱིས༔ མགོན་པོ་འཁོར་བཅས་ཐུགས༴ སྣང་སྟོང་བསྐྱེད་རིམ་གྲགས་སྟོང་སྔགས༔ མཚན་ཉིད་ལྡན་པའི་བཟླས་བརྗོད་དང༔ རྩ་རླུང་ཐིག་ལེ་བྱང་ཆུབ་པ༔ ཐབས་ཤེས་མཉམ་སྦྱར་དགའ་བཞི་བསྒོམ༔ མ་བཅོས་ལྟ་བའི་གནས་ལུགས་རྟོགས༔ ཞེན་འཛིན་མེད་པའི་སྤྱོད་པ་ཡིས༔ བསྙེན་སྒྲུབ་རྣམ་བཞི་མཐར་ཕྱིན་པས༔ མགོན་པོ་འཁོར་བཅས་ཐུགས༴ མནན་བསྲེག་འཕང་གསུམ་སྦྱོར་བ་ཡིས༔ བསྟན་པའི་དགྲ་བོ་བསྒྲལ་ནས་ཀྱང༔ སངས་རྒྱས་བསྟན་པ་སྤེལ་བ་ཡིས༔ མགོན་པོ་འཁོར་བཅས་ཐུགས༴ མ་ཧཱ་ཀཱ་ལའི་ཐུགས༴ ཚོགས་རྗེ་ཚོགས་བདག་ཐུགས༴ ལྷ་ཆེན་དཔལ་འབར་ཐུགས༴ ཆོས་སྐྱོང་ཆེན་པོའི་ཐུགས༴ སྲས་མཆོག་ནག་པོའི་ཐུགས༴ ཀྲོ་ཏཱི་ཤྭ་རཱིའི་ཐུགས༴ ཀིང་ཀ་ར་ཡི་ཐུགས༴ གནོད་སྦྱིན་ཆེན་པོའི་ཐུགས༴ གཟའ་མཆོག་ཆེན་པོའི་ཐུགས༴ དཔལ་ལྡན་ལྷ་མོའི་ཐུགས༴ གིང་ཆེན་རྣམས་ཀྱི་ཐུགས༴ ཤན་པ་རྣམས་ཀྱི་ཐུགས༴ གཟའ་སྐར་གདོང་མོའི་ཐུགས༴ མ་མོའི་ཚོགས་ཀྱི་ཐུགས༴ སྡེ་དཔོན་སུམ་ཅུའི་ཐུགས༴ སྔགས་བདག་བཅོ་བརྒྱད་ཐུགས༴ དྲེགས་ཆེན་སྡེ་བརྒྱད་ཐུགས༴ ཕོ་རྒྱུད་རྣམས་ཀྱི་ཐུགས༴ མོ་རྒྱུད་རྣམས་ཀྱི་ཐུགས༴ མ་ནིང་རྣམས་ཀྱི་ཐུགས༴ འཁོར་དང་བཅས་པའི་ཐུགས་དམ་བསྐང༔ ཐུགས་དམ་གཉན་པོ་བསྐངས་གྱུར་ནས༔ ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ༔ ཅེས་སྐོང་བ་ལ་འབད་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་དམ་ཟབ་པ་སྐོར་བདུན་གྱི་བཀའ་སྲུང་ལེགས་ལྡན་ནག་པོའི་ཚོགས་མཆོད་བཞུགས་སོ༔ ༁ྃ༔ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཞིང་ངམ་གཅན་གཟན་གྱི་པགས་པའི་སྟེང་དུ་ཚེ་གལ༔ མཱཾ་ས༔ ཟླ་རྒྱས༔ ཟླ་ཕྲོམ༔ ཁུར་བ༔ ལ་དུ་སོགས་བཟའ་བཏུང་རྣམས་བཤམ༔ རྣལ་འབྱོར་ཕོ་མོ་རྣམས་ཆས་ཀྱིས་བརྒྱན༔ བསང་ཆུ་འཐོར་ཞིང༔ རཾ་ཡཾ་ཁཾ༔ ཡེ་ཤེས་མེ་རླུང་ཆུ་ཡིས་དངོས་འཛིན་སྦྱངས༔ བྷྲཱུྃ་ལས་བྷཉྫ་འབར་བའི་སྣོད་རྣམས་སུ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿལས་བདུད་རྩི་ལྔ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ལས་ཤ་ལྔ་གསལ༔ རླུང་མེ་སྦྱོར་བས་འོད་ཞུ་བདུད་རྩིར་འཁྱིལ༔ རླངས་པས་ཡེ་ཤེས་བཅུད་བསྡུས་དེ་ལ་ཐིམ༔ དམ་ཡེ་གཉིས་མེད་ཁ་དོག་དྲི་རོར་ལྡན༔ འདོད་ཡོན་ལྔ་ཡི་མཆོད་སྤྲིན་སྤྲོ་བར་བསམ༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ རྩ་བརྒྱུད་བླ་མ་གཤེགས་སུ་གསོལ༔ རང་བཞིན་གནས་མཆོག་དམ་པ་ནས༔ ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ༔ དུར་ཁྲོད་བརྒྱད་དང་ཉེར་བཞིའི་གནས༔ དཔའ་བོ་མཁའ་འགྲོ་གཤེགས་སུ་གསོལ༔ རང་རང་གར་བཞུགས་གནས་མཆོག་ནས༔ མ་མགོན་ལྕམ་དྲལ་དམ་ཅན་རྣམས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛ༔ ཧཱུྃ༔ འདོད་ཡོན་ལྔ་ཡི་མཆོད་སྤྲིན་འདི༔ བླ་མ་ཡི་དམ་མཁའ་འགྲོ་མ༔ མ་མགོན་ལྕམ་དྲལ་ལ་སོགས་པའི༔ དམ་ཅན་རྒྱ་མཚོ་རྣམས་ལ་འབུལ༔ ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ ཧཱུྃ༔ ཐོག་མེད་དུས་ནས་བསགས་པ་ཡི༔ མ་རིག་ཉམས་ཆག་འགལ་འཁྲུལ་རྣམས༔ ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ ཡིག་བརྒྱ་བརྗོད༔ ཧཱུྃ༔ དུག་གསུམ་གདུག་པའི་དགྲ་དང་བགེགས༔ ཡེ་ཤེས་མཚོན་གྱིས་བསྒྲལ་ནས་སུ༔ ཤ་ཁྲག་རུས་པ་ནང་ཁྲོལ་བཅས༔ དམ་ཅན་སྲུང་མའི་ཞལ་དུ་བསྟབ༔ མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁཱ་ཧི༔ ཚོགས་ལ་ལོངས་སྤྱོད་ལྷག་མ་བསྡུས༔ ཨོཾ་ཨཱཿཧཱུྃ༔ ལྷག་ལ་དབང་བའི་དྲེགས་པ་ནི༔ མ་མོ་ལས་བྱེད་ཚོགས་དང་བཅས༔ མཐུ་དང་རྫུ་འཕྲུལ་བསམ་མི་ཁྱབ༔ དུར་ཁྲོད་ཀུན་ཉུལ་ཤ་ཆེན་ཟ༔ ཞིང་ལྤགས་གྱོན་ནས་བྷཉྫ་ཐོགས༔ རལ་པ་གཏིབས་ཤིང་བཤུགས་གླུ་ལེན༔ ལེགས་ཉེས་སྟངས་འཛིན་ཕྲིན་ལས་ནི༔ ཐོགས་མེད་སྒྲུབ་པའི་དམ་ཅན་རྣམས༔ ཚོགས་ལྷག་བདུད་རྩི་འདི་གསོལ་ལ༔ ཕྱི་ནང་གསང་བའི་བར་ཆད་སོལ༔ སྒྲུབ་པའི་སྡོངས་གྲོགས་མཛད་པ་དང༔ ཕྲིན་ལས་རྣམ་བཞི་མྱུར་དུ་སྒྲུབས༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ལྷག་མ་རྣམས་ཕྱི་རོལ་དུ་བསྐྱལ་ལོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་དམ་ཟབ་པ་སྐོར་བདུན་གྱི་བཀའ་སྲུང་ལེགས་ལྡན་ནག་པོའི་ཕྲིན་ལས་བཅོལ་བའི་རིམ་པ་བཞུགས་སོ༔ ༁ྃ༔ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ མགོན་པོ་འཁོར་བཅས་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ༔ ཆོས་དབྱིངས་ཡུམ་གྱི་མཁའ་ཀློང་ནས༔ མགོན་པོ་ཆེན་པོ་ཁྱོད་འོང་ཚེ༔ སངས་རྒྱས་རྣམས་ཀྱིས་དབང་བསྐུར་ལྟར༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ རུ་དྲ་ནག་པོ་བཏུལ་བའི་ཚེ༔ ཁྲོ་རྒྱལ་རྣམས་ཀྱིས་དབང་བསྐུར་ནས༔ མཐུ་རྩལ་རྨད་དུ་བྱུང་བ་བཞིན༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ དུར་ཁྲོད་ཆེན་པོ་བརྒྱད་རྣམས་སུ༔ ཚོགས་ཀྱི་སྤྱོད་པ་མཛད་པའི་ཚེ༔ རིག་འཛིན་རྣམས་ཀྱིས་བཀའ་བསྒོས་ལྟར༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཆད་ཐོ་བསྒྲག་པ་ནི༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་དུ༔ དཔལ་ཆེན་ཡང་དག་ཧེ་རུ་ཀས༔ མགོན་པོ་ནག་པོ་འཁོར་བཅས་ལ༔ དབང་བསྐུར་གསང་བའི་མཚན་བཏགས་ཚེ༔ ཇི་ལྟར་ཞལ་བཞེས་མ་གཡེལ་བར༔ དམ་རྫས་གཏོར་མ་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ལེགས་ལྡན་ནག་པོའི་གྲོང་ཁྱེར་དུ༔ བཅོམ་ལྡན་ཤཱཀྱ་ཐུབ་པ་ཡིས༔ རྡོ་རྗེ་གཙུག་ཏོར་རིགས་ལྔ་ཡིས༔ དབང་བསྐུར་དམ་ལ་བཞག་པ་བཞིན༔ ཇི་ལྟར་ཞལ་བཞེས་མ་གཡེལ་བར༔ དམ་རྫས་གཏོར་མ་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ རྒྱ་གར་རྡོ་རྗེ་གདན་དྲུང་དུ༔ རིག་འཛིན་སློབ་དཔོན་རྣམ་བརྒྱད་ཀྱིས༔ བསྟན་པ་སྲུང་བའི་བཀའ་བསྒོས་བཞིན༔ ཇི་ལྟར་ཞལ་བཞེས་མ་གཡེལ་བར༔ དམ་རྫས་གཏོར་མ་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ དཔལ་གྱི་བསམ་ཡས་གཙུག་ཕུག་ཏུ༔ སློབ་དཔོན་པདྨ་ཐོད་ཕྲེང་དང༔ དགེ་སློང་ནམ་མཁའི་སྙིང་པོ་ཡིས༔ བཀའ་ཡི་སྲུང་མར་བསྐོས་པ་བཞིན༔ ཇི་ལྟར་ཞལ་བཞེས་མ་གཡེལ་བར༔ དམ་རྫས་གཏོར་མ་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ད་ལྟ་སྒྲུབ་པའི་གནས་མཆོག་འདིར༔ མ་མགོན་ལྕམ་དྲལ་ཁྱེད་རྣམས་ལ༔ བསྙེན་སྒྲུབ་མཆོད་ཅིང་བསྟོད་དུས་སུ༔ སྔོན་གྱི་དམ་བཅའ་མ་གཡེལ་བར༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ སྲུང་བ་ལ་སོགས་པའི་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ མ་ཧཱ་ཀཱ་ལ་ཁྲོ་བོའི་རྒྱལ༔ དམ་ཅན་རྒྱ་མཚོ་ཁྱེད་རྣམས་ཀྱིས༔ ལུས་ངག་ཡིད་གསུམ་སྲུང་བ་དང༔ སྦས་ཤིང་འཇིགས་པ་བརྒྱད་ལས་སྐྱོབས༔ ནད་གདོན་བར་ཆད་ཞི་བ་དང༔ ཚེ་བསོད་དཔལ་འབྱོར་རྒྱས་པར་མཛོད༔ ཐོས་བསམ་སྒོམ་པ་འཕེལ་བ་དང༔ བསྟན་འཛིན་སྐྱེས་བུ་དར་བར་མཛོད༔ ཡིད་ལ་འདོད་པ་དབང་དུ་སྡུས༔ སྒྲུབ་གནས་གཙུག་ལག་སྲུང་བ་དང༔ འཁོར་དང་ལོངས་སྤྱོད་བསྐྱང་དུ་གསོལ༔ བྱང་ཆུབ་སྒྲུབ་ལ་བར་གཅོད་པའི༔ ཉེ་བར་འཚེ་བ་བསྲུང་དུ་གསོལ༔ ཟློག་པའི་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ དུར་ཁྲོད་རབ་འཇིགས་གཞལ་ཡས་ནས༔ མ་ཧཱ་ཀཱ་ལ་མཐུ་སྟོབས་ཅན༔ སྐུ་མདོག་མཐིང་ནག་འཇིགས་པའི་གཟུགས༔ རུ་ཏྲ་བདུད་ཀྱི་བར་ཆད་ཟློག༔ སྤྱན་གསུམ་སྡང་མིག་བགྲད་པ་ཡིས༔ འཕགས་པ་རྣམས་ཀྱི་བཀའ་ཆད་ཟློག༔ དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ༔ ལྷ་རྣམས་ཀུན་གྱི་བཀའ་ཆད་ཟློག༔ ཞལ་གདངས་ལྗགས་འདྲིལ་རྐན་སྒྲ་རྡེབ༔ མཁའ་འགྲོ་རྣམས་ཀྱི་བཀའ་ཆད་ཟློག༔ སྙན་ནས་འབྲུག་ལྟར་གསུང་སྒྲ་སྒྲོག༔ ནང་པ་ཆོས་ཀྱི་དམོད་པ་ཟློག༔ ཤངས་ནས་རྡོ་རྗེའི་འཐོར་རླུང་འཕྱོ༔ ཕྱི་པ་མུ་སྟེགས་དམོད་པ་ཟློག༔ སྨ་ར་སྨིན་མ་སྐར་ཆེན་འཕྲོ༔ གཟའ་སྐར་རྣམས་ཀྱི་ཆད་པ་ཟློག༔ གཡས་པས་གྲི་གུག་འབར་བ་འཛིན༔ གཤིན་རྗེ་རྣམས་ཀྱི་ཆད་པ་ཟློག༔ གཡོན་པ་ཐོད་པ་ཁྲག་བཀང་གསོལ༔ མ་མོ་རྣམས་ཀྱི་དམོད་པ་ཟློག༔ ཐོད་སྐམ་རིགས་ལྔས་དབུ་ལ་བརྒྱན༔ རིགས་ལྔའི་ཁྲག་འཐུང་བཀའ་ཆད་ཟློག༔ དར་ནག་བེར་ཆེན་སྐུ་ལ་གསོལ༔ མགོན་པོ་རྣམས་ཀྱི་བཀའ་ཆད་ཟློག༔ གསེར་སྐ་ནོར་བུ་རྐེད་དུ་བཅིངས༔ གནོད་སྦྱིན་རྣམས་ཀྱི་ཆད་པ་ཟློག༔ ཙནྡན་བིང་ཆེན་ཕྲག་ལ་ཕྱར༔ ལྷ་བདུད་རྣམས་ཀྱི་གཡུལ་ངོ་ཟློག༔ ཐོད་རློན་འབར་བའི་དོ་ཤལ་ཅན༔ དུར་ཁྲོད་མ་མོའི་ཆད་པ་ཟློག༔ སྟག་གི་པགས་པའི་ཤམ་ཐབས་ཅན༔ དྲེགས་པ་རྣམས་ཀྱི་ཆད་པ་ཟློག༔ ཞིང་ཆེན་ལྤགས་པས་སྟོད་གཡོགས་མཛད༔ སྲིན་པོ་རྣམས་ཀྱི་ཆད་པ་ཟློག༔ གླང་ཆེན་ཀོ་རློན་གོས་སུ་གྱོན༔ ལྷ་ཆེན་རྣམས་ཀྱི་ཆད་པ་ཟློག༔ ཞབས་ལ་སག་ལྷྭམ་ཡུ་རིང་གསོལ༔ མ་རུངས་པ་ཡི་ཚོགས་རྣམས་ཟློག༔ གཡས་པ་བསྐུམ་པའི་རོལ་སྟབས་ཀྱིས༔ ཁམས་གསུམ་གཡོ་འཁྲུགས་ཐམས་ཅད་ཟློག༔ གཡོན་པ་བརྐྱང་བའི་རོལ་སྟབས་ཀྱིས༔ སྲིད་གསུམ་དམོད་པ་ཐམས་ཅད་ཟློག༔ པདྨ་ཉི་མའི་གདན་ལ་བཞུགས༔ ཆེ་བཙན་རྣམས་ཀྱི་ཆད་པ་ཟློག༔ ཁྲག་ཞག་ཐལ་བས་སྐུ་ལ་བྱུགས༔ ཤ་ཟ་རྣམས་ཀྱི་ཆད་པ་ཟློག༔ ཧཱུྃ༔ ཡུམ་ཆེན་ཀྲོ་དྷཱི་ཤྭ་རཱི་མས༔ མོ་རྒྱུད་དམོད་པ་ཐམས་ཅད་ཟློག༔ སྐུ་ནི་ཐལ་སྐྱ་ལྟ་བུའི་མདོག༔ རོ་ལངས་རྣམས་ཀྱི་ཆད་པ་ཟློག༔ དབུ་སྐྲ་ཞོལ་པོ་རྟིང་པར་སླེབ༔ དྲང་སྲོང་རྣམས་ཀྱི་ཆད་པ་ཟློག༔ ཕྱག་གཡས་སྦྲུལ་ཞགས་འབར་བ་འཕེན༔ ཀླུ་གཉན་རྣམས་ཀྱི་གནོད་པ་ཟློག༔ མར་ཁུ་ཁྲག་ཆང་ཞལ་དུ་གསོལ༔ དབུལ་ཕོངས་སྡུག་བསྔལ་ཐམས་ཅད་ཟློག༔ ཕྱག་རྒྱ་ལྔ་ཡིས་སྐུ་ལ་བརྒྱན༔ རིགས་ལྔའི་མཁའ་འགྲོའི་བཀའ་ཆད་ཟློག༔ རེ་ལྡེའི་ཤམ་ཐབས་མཛད་པ་ཡིས༔ མ་མོ་རྣམས་ཀྱི་བཀའ་ཆད་ཟློག༔ ཡབ་ལ་རོལ་པའི་ཚུལ་དུ་བཞུགས༔ གསང་བ་སྤྱོད་ལ་བར་ཆོད་ཟློག༔ ཧཱུྃ༔ སྲས་མཆོག་ནག་པོ་འཇིགས་པའི་གཟུགས༔ ཕོ་རྒྱུད་རྣམས་ཀྱི་ཆད་པ་ཟློག༔ གྲི་གུག་འབར་བ་གཡས་ན་འཛིན༔ དགྲ་བོའི་ཕོ་རྒྱུད་རྩད་ནས་ཆོད༔ གཡོན་པས་ཐོད་ཁྲག་འབར་བ་འཛིན༔ དགྲ་བོ་མོ་རྒྱུད་མངལ་ནས་སྐོམས༔ དར་ནག་བེར་ཆེན་སྐུ་ལ་གསོལ༔ ནག་པོ་སྟོང་གི་དམོད་པ་ཟློག༔ ཞལ་གདངས་མཆེ་གཙིགས་ཧཱུྃ་སྒྲ་སྒྲོག༔ ཁྲོ་བོ་རྣམས་ཀྱི་ཆད་པ་ཟློག༔ སག་ལྷྭམ་གསོལ་ནས་འདོར་ཐབས་བསྒྲད༔ ལས་མགོན་རྣམས་ཀྱི་ཆད་པ་ཟློག༔ ཧཱུྃ༔ ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་ན༔ ཁྲོ་བོ་ཆེན་པོ་ཀིང་ཀ་ར༔ ཁྲོ་བོ་ཁྲོ་མོའི་ཕོ་ཉ་ཟློག༔ སྐུ་མདོག་མཐིང་ནག་འོད་དུ་འབར༔ ཡ་བདུད་ཆད་པ་དགྲ་ལ་ཟློག༔ སྐུ་ལ་དུར་ཁྲོད་ཆས་བརྒྱད་རྫོགས༔ མ་བདུད་རྣམས་ཀྱི་ཆད་པ་ཟློག༔ ཕྱག་གཡས་མཚོན་ཆའི་འཁོར་ལོ་བསྐོར༔ གྲི་ཐབས་དགྲ་དང་བགེགས་ལ་ཟློག༔ གཡོན་པས་ཐོད་པ་ཁྲག་བཀང་གསོལ༔ ཁྲག་ནད་དགྲ་དང་བགེགས་ལ་ཐོངས༔ ཞབས་གཉིས་འདོར་སྟབས་དགྲ་བགེགས་མནན༔ དགྲ་བགེགས་སྦྱོར་བ་ངན་པ་ཟློག༔ གྲི་ཐོགས་གིང་ཆེན་བཅུ་གཉིས་ཀྱིས༔ གིང་ཆེན་དཀར་པོའི་དམོད་པ་ཟློག༔ ཧཱུྃ༔ ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་ན༔ གནོད་སྦྱིན་དམར་པོ་གཏུམ་རྔམ་འབར༔ གནོད་སྦྱིན་དམར་པོའི་ཆད་པ་ཟློག༔ ཕྱག་གཡས་གསེར་གྱི་རལ་གྲི་ཕྱར༔ མཚོན་ཆ་དབལ་གྱི་ཆད་པ་ཟློག༔ གཡོན་པས་གསེར་མདུང་དམར་པོ་ཕྱར༔ དགྲ་ཡི་རུ་མཚོན་ཕྱར་བ་ཟློག༔ བསེ་རྨོག་བསེ་ཁྲབ་སྐུ་ལ་གསོལ༔ ཞུབ་ཆེན་ལས་ལ་འགྱེད་པ་ཟློག༔ སག་ལྷྭམ་གསོལ་ནས་འདོར་སྟབས་བཞེངས༔ གྱད་ཆེན་རྣམས་ཀྱི་ཆད་པ་ཟློག༔ བསེ་གདོང་སྤུ་གྲི་ཐོད་ཁྲག་འཛིན༔ སྲིན་མོ་རྣམས་ཀྱི་གནོད་པ་ཟློག༔ བསེ་ཡི་སྐྱེས་བུ་རྣམ་བཞི་ཡིས༔ སྐྱེས་བུ་རྣམས་ཀྱི་ཆད་པ་ཟློག༔ བསེ་ཡི་བུ་མོ་རྣམ་བཞི་ཡིས༔ བསེ་མོ་རྣམས་ཀྱི་ཆད་པ་ཟློག༔ མི་དམར་ཤན་པ་བཞི་བཅུ་ཡིས༔ ཤན་པས་གྲི་ཐབས་གཏོང་བ་ཟློག༔ ཧཱུྃ༔ ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་ན༔ གཟའ་མཆོག་རྒྱལ་པོ་རཱ་ཧུ་ལ༔ སྐུ་མདོག་དུད་ཁ་འོད་དུ་འབར༔ སྡེ་བརྒྱད་རྣམས་ཀྱི་ཆད་པ་ཟློག༔ དབུ་དགུ་བྱ་རོག་ཞལ་དང་བཅུ༔ གཟའ་ཆེན་རྣམས་ཀྱི་ཆད་པ་ཟློག༔ གཡས་པས་གྲི་གུག་སྐྱིན་ཐང་འབེབ༔ ཐོག་དང་སེར་བ་འབེབ་པ་ཟློག༔ གཡོན་པས་ཆུ་སྲིན་ཞགས་པ་འཕེན༔ ས་བདག་རྣམས་ཀྱི་ཆད་པ་ཟློག༔ སྐུ་ལ་མིག་སྟོང་སྡང་མིག་བསྒྲད༔ ལྷ་འདྲེ་སྟོང་གི་གནོད་པ་ཟློག༔ སྐུ་སྨད་སྦྲུལ་མཇུག་འཁྱིལ་ཞིང་འཁྱུག༔ ཀླུ་ཆེན་རྣམས་ཀྱི་གནོད་པ་ཟློག༔ གཟའ་ཆེན་རྒྱུ་སྐར་རྣམས་ཀྱིས་བསྐོར༔ གཟའ་སྐར་དུས་ཚེས་ངན་པ་ཟློག༔ གདོང་མོ་བཞི་ནི་ཕོ་ཉར་འགྱེད༔ གཟའ་ཡི་ཀིང་ཀང་འབེབ་པ་ཟློག༔ ཧཱུྃ༔ བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་ན༔ དཔལ་ལྡན་ལྷ་མོ་རེ་མ་ཏི༔ མ་མོ་འབུམ་གྱི་ཕོ་ཉ་ཟློག༔ སྐུ་མདོག་ནག་མོ་སྐེམ་ཞིང་སྒེག༔ གཤིན་རྗེ་མོ་ཡི་ཆད་པ་ཟློག༔ དབུ་ལ་རྨ་བྱའི་ཐོར་ཚུགས་ཅན༔ གཙུག་ཕུད་ཅན་གྱི་ཆད་པ་ཟློག༔ ཞལ་དུ་མི་རོ་རེངས་པོ་གསོལ༔ རོ་ཟ་རྣམས་ཀྱི་ཆད་པ་ཟློག༔ རྣ་བ་གཡས་པ་སེང་གེས་བརྒྱན༔ རྣམ་ཐོས་སྲས་ཀྱི་གནོད་པ་ཟློག༔ རྣ་བ་གཡོན་པ་སྦྲུལ་གྱིས་བརྒྱན༔ ཀླུ་ཡི་རྒྱལ་པོའི་གནོད་པ་ཟློག༔ དེ་ལ་དྲིལ་ཆུང་བརྒྱན་པ་ཡིས༔ ལྷ་ཕྲན་རྣམས་ཀྱིས་གནོད་པ་ཟློག༔ ཕྱག་གཡས་ཁྲམ་ཤིང་འབར་བ་འཛིན༔ གཤིན་རྗེའི་ཁྲམ་ཁ་ཐམས་ཅད་ཟློག༔ གཡོན་པས་ནད་ཀྱི་རྐྱལ་པ་འཛིན༔ མ་མོའི་ནད་ཡམས་ཐམས་ཅད་ཟློག༔ ལྟེ་བའི་ཐད་ནས་ཉི་མ་འཆར༔ སྦྱར་དུག་དུག་ནད་ཐམས་ཅད་ཟློག༔ དེ་ལ་ཟླ་བའི་དཀྱིལ་འཁོར་གནས༔ རླུང་མཁྲིས་བད་ཀན་ནད་རྣམས་ཟློག༔ ཐོད་སྦྲུལ་ཞིང་གི་པགས་པས་བརྒྱནཿ དུར་ཁྲོད་བདག་པོའི་གནོད་པ་ཟློག༔ གླང་ཆེན་ཀོ་རློན་རེ་ལྡེ་གསོལ༔ དུར་ཁྲོད་བདག་མོའི་གནོད་པ་ཟློག༔ དྲེལ་རྟ་རྐང་གསུམ་ཆིབས་སུ་འཆིབ༔ མགྱོགས་བྱེད་རྣམས་ཀྱི་ཆད་པ་ཟློག༔ མ་མོ་འབུམ་གྱི་འཁོར་གྱིས་བསྐོར༔ འདྲེ་མོ་རྣམས་ཀྱི་གནོད་པ་ཟློག༔ ཧཱུྃ༔ དྲེགས་པའི་སྡེ་དཔོན་སུམ་ཅུ་ཡིས༔ དགྲ་དང་བགེགས་ཀྱི་གནོད་པ་ཟློག༔ སྔགས་བདག་དྲེགས་ཆེན་བཅོ་བརྒྱད་ཀྱིས༔ དམོད་པའི་མཚོན་ཆ་ཐམས་ཅད་ཟློག༔ བཀའ་སྲུང་དྲེགས་པ་སྡེ་བརྒྱད་ཀྱིས༔ སྣང་སྲིད་ལྷ་འདྲེའི་གནོད་པ་ཟློག༔ མགོན་པོ་འཁོར་དང་བཅས་རྣམས་ཀྱིས༔ ཤ་ཁྲག་མཆོད་པ་འདི་བཞེས་ལ༔ བཟློག་ཅིང་བསྒྱུར་བའི་དུས་ལ་བབ༔ བྷྱོ༔ ནམ་མཁའ་ལྷ་ཡི་བྱད་སྣ་ཟློག༔ བར་སྣང་གཉན་གྱི་བྱད་ཁ༴ ས་གཞི་ཀླུ་ཡི་བྱད་གཏད༴ གཤིན་རྗེའི་འཁོར་ལོ་བསྐོར་བ༴ མ་མོའི་ནད་རྐྱལ་ཕྱེ་བ༴ མགོན་པོའི་པར་བུ་བསྐོར་བ༴ མེ་ལྷའི་སྲེག་བླུག་བྱེད་པ༴ གཤིན་རྗེའི་ཁྲམ་ལ་བཏབ་པ༴ བདུད་ཀྱི་ཞགས་པ་ནག་པོ༴ བཙན་གྱི་གྲི་ཐབས་གཏོང་བ༴ གིང་གི་སྨྱོ་འབོག་གཏོང་བ༴ གཟའ་ཡི་ཀིང་ཀང་འབེབ་པ༴ ས་བདག་ཀླུ་གཉན་ཁྲོས་པ༴ གནོད་སྦྱིན་དལ་ཁ་འབེབ་པ༔ འགོང་པོའི་ཟ་ཁ་ཟུག་པ༴ ཐེའུ་རང་སྲིས་ལ་རྐུ་བ༴ ས་ལ་དུར་འདེབས་བྱེད་པ༴ གཟའ་སྐར་ཞག་རྩིས་འདེབས་པ༴ བདུད་ཀྱིས་ཚེ་ལ་རྐུ་བ༴ འདྲེ་ཡིས་བླ་ལ་འཇབ་པ༴ སྲོག་ལ་ཧུར་ཐུམས་བྱེད་པ༴ ཉིན་གྱི་ལྟས་ངན་ཐམས་ཅད༴ མཚན་གྱི་རྨི་ལམ་ངན་པ༴ སྤྱི་ཆག་སྒོས་ཆག་ཐམས་ཅད༴ ཡུལ་ཆག་གྲོང་ཆག་ཐམས་ཅད༴ མི་ལ་ན་ཚ་བྱུང་བ༴ ཕྱུགས་ལ་གོད་ཁ་བྱུང་བ༴ ཞིང་གི་བཙའ་སད་སེར་གསུམ༴ བསེ་རག་ཟས་ལ་རྐུ་བ༴ དུས་ཀྱི་གཡོ་འཁྲུག་ཐམས་ཅད༴ མི་མཐུན་རྐྱེན་རྣམས་ཐམས་ཅད་ཀུན༔ སྡང་བ་དགྲ་ཡི་སྟེང་དུ་ཟློག༔ གནོད་པ་བགེགས་ཀྱི་སྟེང་དུ༴ ཟ་བ་འདྲེ་ཡི་སྟེང་དུ༴ ཕུང་བ་སྲི་ཡི་སྟེང་དུ་ཟློག༔ བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཟློག་སྔགས་དྲག་ཏུ་བཟླས་ལ་ཐལ་མོ་བརྡབ་བོ༔ གསད་པའི་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ ཡབ་གཅིག་མགོན་པོ་ནག་པོ་ནི༔ དམ་ཅན་རྣམས་ཀྱི་གཙོ་བོ་ཡིན༔ སྲས་མཆོག་ནག་པོ་ཆེན་པོ་ནི༔ ཕོ་རྒྱུད་ཡོངས་ཀྱི་གཙོ་བོ་ཡིན༔ ཀྲོ་ཏཱི་ཤྭ་རཱི་རེ་མ་ཏི༔ མོ་རྒྱུད་ཡོངས་ཀྱི་གཙོ་མོ་ཡིན༔ གིང་དང་གནོད་སྦྱིན་གཟའ་བདུད་གསུམ༔ དྲེགས་པ་རྣམས་ཀྱི་གཙོ་བོ་ཡིན༔ ལྷ་སྲིན་སྡེ་བརྒྱད་ཕོ་ཉར་འགྱེད༔ ཤ་ལ་དགའ་ཞིང་ཁྲག་ལ་དགྱེས༔ བསྟན་པ་གཉན་པོའི་མེལ་ཚེ་མཁན༔ ད་རེས་བསྟན་ལ་དགྲ་བྱུང་བས༔ མ་གཡེལ་ཆོས་སྐྱོང་དགྲ་ལ་ཆོས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དགྲ་བོ་བསྒྲལ་བའི་དུས་ལ་བབ༔ ཧཱུྃ༔ གཟུ་དང་དཔང་དུ་དཀོན་མཆོག་བཞུགས༔ ཞལ་ལྕེ་སྣང་སྲིད་ལྷ་འདྲེས་མཛོད༔ བདེན་རྫུན་ཆོས་སྐྱོང་ཁྱོད་ཀྱིས་ལྟོས༔ བདག་གིས་དཀོན་མཆོག་དཔང་བཙུགས་ནས༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ༔ སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར༔ བླ་མེད་སངས་རྒྱས་སྒྲུབ་པ་ལ༔ བར་དུ་གཅོད་པའི་དགྲ་བོ་འདིས༔ བདེན་པའི་ཚིག་ལ་མ་ཉན་ཅིང༔ བརྔན་པའི་ཟས་དང་ནོར་འཇལ་ཀྱང༔ ཤིན་ཏུ་འཁུ་ཞིང་རྩོད་པ་འགྱེད༔ ཉམ་ཆུང་རི་དྭགས་ལྟར་བྲོས་ནས༔ དབེན་པའི་རི་ལ་བསྒོམས་གྱུར་ཀྱང༔ དགྲ་བོས་གླགས་ལྟ་ཚོལ་དུ་བྱུང༔ ཡུན་རིང་བསྒྲུབས་ཤིང་བསྙེན་པའི་ལྷ༔ ཁྱོད་ལ་མཐུ་རྩལ་ཅི་འདུག་བལྟ༔ ཉེས་མེད་བདག་ལ་མགོན་སྐྱབས་མཛོད༔ དམ་ཉམས་དགྲ་བོ་ལས་ངན་གྱིས༔ སངས་རྒྱས་བསྟན་པ་བཤིགས་པ་དང༔ དཀོན་མཆོག་དབུ་འཕང་སྨད་པར་བྱས༔ ལྷ་དང་བླ་མ་དམོད་པ་དང༔ ཆོས་ཀྱི་ཡོ་བྱད་འཕྲོག་ཏུ་བྱུང༔ ཁྱོད་ཀྱི་མཐུ་རྩལ་ཐོགས་མེད་ཀྱིས༔ མངོན་སྤྱོད་མཛད་པའི་དུས་ལ་བབ༔ ཧཱུྃ༔ ཡེ་ཤེས་མགོན་པོ་མཐུ་རྩལ་ཅན༔ དྲེགས་པ་ཕོ་ཉ་ལས་ལ་འགྱེད༔ གང་ལ་བྱ་བ་ཁྱོད་ཀྱིས་ཤེས༔ ཡིད་ལ་བརྣགས་པའི་དགྲ་བོ་ནི༔ མིང་དང་བྱང་བུར་བྱས་པ་འདི༔ སྲིད་གསུམ་གང་དུ་གནས་གྱུར་ཀྱང༔ ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུངས༔ ཞགས་པ་ཅན་གྱིས་རྐེ་ནས་ཆིངས༔ ལྕགས་སྒྲོག་འབར་བས་ཡན་ལག་སྡོམས༔ དྲིལ་བུ་ཅན་གྱིས་མྱོས་པར་གྱིས༔ ལས་ཀྱི་རླུང་གི་རྟ་ལ་སྐྱོན༔ སྔོན་ནས་ཁྲིད་ལ་ཕྱི་ནས་དེད༔ བཙོན་ཁང་འབར་བའི་ནང་དུ་ཆུག༔ ཧཱུྃ༔ ལས་ཀྱི་ཕོ་ཉ་མཐུ་རྩལ་ཅན༔ དགྲ་དང་བགེགས་རྣམས་སྐྱོབ་བྱེད་པའི༔ ལྷ་དང་སྲུང་མ་གང་ཡང་རུང༔ དམ་ཚིག་ཉམས་པ་སྐྱོབ་བྱེད་དེ༔ རྒྱལ་བའི་བཀའ་འགལ་དམ་ལས་འདས༔ ལྷ་ཡང་བསྒྲལ་བའི་འོས་ཡིན་པས༔ རྫས་ངན་ཆར་པས་བརྒྱལ་བར་གྱིས༔ ཧཱུྃ༔ དམ་ཉམས་དགྲ་བགེགས་སྡིག་ཆེན་དེ༔ རྣམ་པར་ཤེས་པ་རྟེན་ལ་ཕོབ༔ མཐུ་དང་རྫུ་འཕྲུལ་མེད་པར་གྱིས༔ བྱད་ཀྱི་དྲྭ་བའི་ནང་དུ་ཆུག༔ དུག་ཁྲག་འབར་བས་མྱོས་པར་གྱིས༔ ཧཱུྃ༔ མ་མོ་རྣམས་ཀྱང་ལས་ལ་ཆོས༔ ཀུན་ཀྱང་འཇིགས་ཚུལ་རྔམས་སྟབས་ཅན༔ རལ་པ་མདའ་ཙམ་ཤ་ར་ར༔ ཐུན་རྫས་ཕུར་བུ་ཕྱག་ན་འཛིན༔ ཀུན་ཀྱང་དྲེལ་རྟ་རྐང་གསུམ་ཆིབས༔ མཚེ་མདའ་དྲག་པོ་སྐར་ལྟར་འཕེན༔ ཡུངས་དཀར་སེར་བ་ཤ་ར་ར༔ དུག་གི་ཐུན་རླངས་ཐིབས་སེ་ཐིབ༔ ཁྲག་ནད་དམར་པོ་ཆར་དུ་འབེབ༔ མཚོན་ཆ་མང་པོ་སྐར་ལྟར་འཁྲུག༔ མདའ་རྒོད་དྲག་པོ་ཐོག་ལྟར་འབེབ༔ རྡོ་ཐུན་རྦབ་རྒོད་ཉི་ལི་ལི༔ དགྲ་བགེགས་ལུས་སྲོག་གཉིས་ལ་ཡ༔ ཧཱུྃ༔ ལས་ཀྱི་མགོན་པོ་མཐུ་རྩལ་ཅན༔ ཕྱག་ན་གྲི་གུག་འབར་བ་ཐོགས༔ ཡེ་ཤེས་མཚོན་ཆའི་རྣོ་ངར་གྱིས༔ དགྲ་བགེགས་སྙིང་གི་དཀྱིལ་དུ་ཡ༔ དཀར་ནག་གཉིས་ཀྱི་མཚམས་སུ་ཡ༔ སྲོག་རྩ་ཆོད་ལ་སྙིང་ཁྲག་ཕོས༔ རྣམ་ཤེས་རྟེན་དང་ད་ཕྲོལ་ཅིག༔ སྲོག་ལས་དམར་ནག་དུས་ལ་བབ༔ ཧཱུྃ༔ ཡེ་ཤེས་མགོན་པོ་ཁྱེད་རྣམས་ཀྱིས༔ དགྲ་བོ་བསད་པའི་ཤ་དང་ཁྲག༔ རུས་པ་པགས་པ་ནང་ཁྲོལ་བཅས༔ བཞེས་ཤིག་ལྷག་མ་མེད་པར་མཛོད༔ མིང་ཡང་མེད་པར་བརླགས་ནས་ཀྱང༔ དམིགས་མེད་ཀློང་དུ་བསྒྲལ་བར་མཛོད༔ འཕང་བའི་དུས་སུ་དམག་ལ་བསྐུལ་བ་ནི༔ ཧཱུྃ༔ མ་ཧཱ་ཀཱ་ལ་མཐུ་བོ་ཆེ༔ ལྷ་དམག་དཀར་པོའི་དབུགས་འབྱིན་ཅིང༔ ལྷ་མིན་ཚོགས་རྣམ་ཕམ་པར་མཛད༔ གནམ་ལྕགས་འབར་བའི་རྩེ་མོ་ནས༔ མ་ཧཱ་ཀཱ་ལ་སྐུ་བཞེངས་ཤིག༔ མ་ལ་ཡ་ཡི་རི་བོ་ནས༔ སྲས་མཆོག་ནག་པོ་སྐུ་བཞེངས་ཤིག༔ ཁྲག་མཚོ་འཁྲུགས་པའི་ཀློང་དཀྱིལ་ནས༔ ཀྲོ་དྷཱི་ཤྭ་རཱི་སྐུ་བཞེངས་ཤིག༔ མཚོན་ཆ་འཁྲུགས་པའི་ཀློང་དཀྱིལ་ནས༔ ཁྲོ་ཆེན་ཀིང་ཀར་སྐུ་བཞེངས་ཤིག༔ རྩུབ་འགྱུར་ཚལ་གྱི་གནས་མཆོག་ནས༔ གནོད་སྦྱིན་དམར་ནག་སྐུ་བཞེངས་ཤིག༔ ཀི་ལི་སྒྲོག་པའི་དུར་ཁྲོད་ནས༔ གཟའ་བདུད་ཆེན་པོ་སྐུ་བཞེངས་ཤིག༔ མུ་ལེ་ཁྲག་མཚོའི་གཞལ་ཡས་ནས༔ དཔལ་ལྡན་ལྷ་མོ་སྐུ་བཞེངས་ཤིག༔ འཇིག་རྟེན་དྲེགས་པའི་གནས་མཆོག་ནས༔ དྲེགས་ཆེན་སྔགས་བདག་སྐུ་བཞེངས་ཤིག༔ དྲེགས་པ་སྡེ་བརྒྱད་དགྲ་ལ་ཆོས༔ ཧཱུྃ༔ མགོན་པོ་ལས་ལ་ཆས་པའི་ཚེ༔ སྐུ་ལ་དར་ནག་བེར་ཆེན་གསོལ༔ ཕྱག་ན་རུ་མཚོན་བེང་ཆེན་བསྣམས༔ རྫུ་འཕྲུལ་ཤུགས་ལྡན་རྟ་ནག་འཆིབ༔ ནག་པོ་སྟོང་གི་ཚོགས་ཀྱིས་བསྐོར༔ སྲིད་པའི་རྒྱལ་མོ་དག་དང་སྦྱོར༔ ཕོ་རྒྱུད་མོ་རྒྱུད་ལས་ལ་རྒྱུག༔ མཚན་ནི་སྲོག་བདུད་ནག་པོ་ཞེས༔ སྲས་མཆོག་རྟ་ཞོན་ཇག་པར་རྒྱུག༔ ཀྲོ་ཏཱི་ཤྭ་རཱི་རླུང་ལྟར་འཚུབས༔ མ་མོ་དྲེལ་ཞོན་ལས་ལ་འགྱེད༔ གིང་དང་གནོད་སྦྱིན་གྲི་ཐབས་གཏོང༔ གཟའ་མཆོག་རྒྱལ་པོས་ཀིང་ཀང་འབེབ༔ སྟོང་གསུམ་ཐམས་ཅད་གཡོ་ཞིང་འཁྲུགས༔ ནད་དང་དུག་གི་ན་བུན་གཏིབས༔ འཇིགས་པའི་ང་རོ་འབྲུག་ལྟར་སྒྲོག༔ མཚོན་ཆའི་སེར་བ་ཐོག་མདའ་འཕེན༔ བྷྱོ༔ མགོན་པོའི་དམག་ཚོགས་དགྲ་ལ་ཆོས༔ བདུད་འདུལ་སྤྲུལ་པའི་བེང་ཆེན་ནི༔ དཀར་པོ་ལྷ་ཡི་དམག་ཚོགས་འབུམ༔ དངུལ་གྱི་གོ་ཁྲབ་སྐུ་ལ་གསོལ༔ དུང་རྟ་དཀར་པོ་འོག་ཏུ་ཞོན༔ དཀར་པོ་ཤེལ་གྱི་བ་དན་འཛིན༔ ལྷ་དམག་མང་པོ་སྤྲིན་ལྟར་གཏིབས༔ དོ་ནུབ་སྡང་བའི་དགྲ་ལ་ཡ༔ དོ་ནུབ་གནོད་པའི་བགེགས་ལ་ཡ༔ སེར་པོ་གཉན་གྱི་དམག་ཚོགས་འབུམ༔ གསེར་གྱི་གོ་ཁྲབ་སྐུ་ལ་གསོལ༔ གསེར་རྟ་སེར་པོ་འོག་ཏུ་ཞོན༔ བ་དན་སེར་པོ་ལྷབས་སེ་ལྷབ༔ གཉན་དམག་སེར་ལྟར་ཤ་ར་ར༔ དོ་ནུབ་སྡང་བའི་དགྲ་ལ་ཡ༔ དོ་ནུབ་གནོད་པའི་བགེགས་ལ་ཡ༔ དམར་པོ་བཙན་གྱི་དམག་ཚོགས་འབུམ༔ ཟངས་རྨོག་ཟངས་ཁྲབ་སྐུ་ལ་གསོལ༔ བཙན་རྟ་དམར་པོ་འོག་ཏུ་ཞོན༔ བ་དན་དམར་པོ་མེ་ལྟར་འབར༔ བཙན་དམག་རྦབ་ལྟར་ཧྲི་ལི་ལི༔ དོ་ནུབ་སྡང་བའི་དགྲ་ལ་ཡ༔ དོ་ནུབ་གནོད་པའི་བགེགས་ལ་ཡ༔ ནག་པོ་བདུད་ཀྱི་དམག་ཚོགས་འབུམ༔ བདུད་ཀྱི་གོ་ཁྲབ་སྐུ་ལ་གསོལ༔ བདུད་རྟ་ནག་པོ་འོག་ཏུ་ཞོན༔ བ་དན་ནག་པོ་མུན་ལྟར་གཏིབས༔ བདུད་དམག་རླུང་ལྟར་ཚུབས་སེ་ཚུབ༔ དོ་ནུབ་སྡང་བའི་དགྲ་ལ་ཡ༔ དོ་ནུབ་གནོད་པའི་བགེགས་ལ་ཡ༔ གིང་ཆེན་དགེ་སློང་མདོ་འདོན་བརྒྱ༔ སྔགས་པ་ནག་པོ་ཕུར་ཐོགས་བརྒྱ༔ བུད་མེད་ནག་མོ་དུལ་རྡེབ་བརྒྱ༔ སྐྱེས་པ་དཔའ་བོ་སྟག་ཆས་བརྒྱ༔ རུ་འདྲེན་སྡེ་བཞིའི་དམག་དང་བཅས༔ གཟའ་བདུད་རྒྱལ་པོས་དམག་སྣ་དྲོངས༔ ཀིང་ཆེན་ཤན་པ་ཇག་པར་རྒྱུགས༔ ལྷ་མོས་དུག་མཚོན་དཔོན་མོ་གྱིས༔ སྲས་མཆོག་ནག་པོས་ཇག་དཔོན་མཛོད༔ ཀྲོ་ཏཱི་ཤྭ་རཱིས་བྱ་ར་མཛོད༔ མ་ཧཱ་ཀཱ་ལས་རྟིང་ནས་ནོན༔ བཟློག་མེད་གཡུལ་ངོ་ཆེན་པོ་སྤྲོད༔ དགྲ་བགེགས་ཕུང་ཐལ་ཉིད་དུ་ཐོངས༔ ཧཱུྃ༔ ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས༔ མགོན་པོའི་སྐུ་གཅིག་བཞུགས་པ་ནི༔ དབུ་དང་ཕྱག་ཀྱང་གྲངས་མེད་དེ༔ སྐུ་ནི་སྲིད་གསུམ་གཏོས་དང་མཉམ༔ རུ་ལུ་རུ་ལུའི་སྒྲ་ཆེན་སྒྲོག༔ འཁོར་འདས་ཐམས་ཅད་དབང་དུ་སྡུད༔ མཐུ་རྩལ་ཁྱོད་ལས་ཆེ་བ་མེད༔ འཁོར་གྱི་སྲས་མཆོག་ལ་སོགས་པའི༔ མ་མགོན་ལྕམ་དྲལ་དྲེགས་པའི་ཚོགས༔ མངོན་སྤྱོད་དྲག་པོའི་དུས་ལ་བབ༔ དམ་ཉམས་དགྲ་དང་བགེགས་ཀྱི་དཔུང༔ བདུད་དང་བདུད་ཀྱི་ཕྱོགས་རྣམས་ལ༔ ནད་མཚོན་དུག་གི་ཆར་ཕོབ་ལ༔ མི་སོད་ཁྱིམ་ཤིགས་ནོར་ཕྲོགས་ལ༔ ཐལ་བ་རྡུལ་དུ་བརླག་པར་གྱིས༔ ཞེས་བསྐུལ་ཞིང་དུལ་མོ་བརྡབ་ལ་དམོད་མོ་བྱའོ༔ དགྲ་བགེགས་སྲེག་པའི་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ དྲེགས་པའི་མགོན་པོ་འཁོར་དང་བཅས༔ དྲག་པོ་ཞལ་གྱི་ཧོམ་ཁུང་དུ༔ དམ་ཉམས་དགྲ་བོ་ལས་ངན་གྱི༔ ལུས་དང་ལོངས་སྤྱོད་ཞལ་དུ་བསྟབ༔ སྲིད་པ་གསུམ་གྱི་བྱད་བྱེད་དང༔ སེམས་ཀྱི་སྦྱོར་བ་ངན་པ་དང༔ ངག་གི་སྨྲ་བ་ངན་པ་དང༔ ལུས་ལས་བྱུང་བའི་གདུག་རྩུབ་རྣམས༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ མགུལ་དུ་སྒྲིམ་མོ་ཨཱ་རལླི༔ མིང་ཡང་མེད་པར་ཛྭ་ལ་རཾ༔ ཞེས་མིང་བྱང་རྣམས་མེ་ལ་བསྲེག་གོ༔ མནན་པའི་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ མ་ཧཱ་ཀཱ་ལའི་བཀའ་ཉན་པ༔ ལས་ཀྱི་དྲེགས་པ་མཐུ་སྟོབས་ཅན༔ དམ་ཉམས་དགྲ་བོ་སྡིག་ཅན་འདི༔ ཁྱོད་ཀྱི་ཟ་སྐལ་འདི་ཁོ་ན༔ གཏད་དོ་གཉེར་རོ་མ་ཤོར་ཅིག༔ ས་འོག་རིམ་པ་དགུ་ཡི་གནས༔ བཙོན་ཁང་ནག་པོའི་ནང་དུ་ཆུག༔ ནམ་ཡང་གཏང་བར་མ་བྱེད་ཅིག༔ བྲོ་བརྡུང་བ་ནི༔ ཧཱུྃ༔ དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་འདིར༔ མ་ཧཱ་ཀཱ་ལས་བྲོ་བརྡུངས་པས༔ ལྷ་མོའི་ཚོགས་ཀྱང་དབྱིངས་སུ་རོལ༔ དྲེགས་པ་སྡེ་བརྒྱད་ལས་ལ་འགྱེད༔ བྱ་ནག་ཁྱི་ནག་སྤྲིན་ལྟར་གཏིབས༔ དུག་ལྔས་གཟིར་བའི་དགྲ་དང་བགེགས༔ ཡེ་ཤེས་ལྔ་ཡི་རྨང་དུ་མནན༔ སྐུ་ནི་གར་དགུས་བྲོ་ཆེན་བརྡུང༔ གསུང་ནི་ཧཱུྃ་ཕཊ་ང་རོའི་གླུ༔ ཐུགས་ནི་སྒྲོལ་མཛད་ཡེ་ཤེས་ཐུགས༔ སྐུ་གསུང་ཐུགས་ཀྱི་བྲོ་བརྡུངས་པས༔ དུག་གསུམ་དགྲ་བགེགས་རྡུལ་དུ་བརླག༔ ཨོཾ་ལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ནན༔ དེ་ལྟར་ལས་བཅོལ་པས་ཕྲིན་ལས་ཐམས་ཅད་མི་འགྲུབ་མི་སྲིད་དོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ཨོ་རྒྱན་མཆོག་གྱུར་གླིང་པའི་གཏེར་མའོ།། །།

ཟབ་བདུན་བཀའ་སྲུང་ལེགས་ལྡན་ཚོགས་ཀྱི་བདག་པོའི་དབང་ཆོག་ངོ་མཚར་གསང་བ་རབ་འབྱེད་ (Volume 37, Text 6)

༄༅། །ཟབ་བདུན་བཀའ་སྲུང་ལེགས་ལྡན་ཚོགས་ཀྱི་བདག་པོའི་དབང་ཆོག་ངོ་མཚར་གསང་བ་རབ་འབྱེད་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ག་ཎ་པ་ཏ་ཡེ། དཀྱིལ་འཁོར་དབང་ཕྱུག་ཧེ་རུ་ཀ །བསྟན་སྲུང་གཙོ་བོའི་སྐུར་བཞེངས་པ། །ཚོགས་རྗེ་ཚོགས་ཀྱི་བདག་པོར་འདུད། །དེ་སྒྲུབ་འཇུག་པའི་སྒོ་འདི་འོ། །གུ་རུའི་ཐུགས་དམ་ཟབ་པ་སྐོར་བདུན་གྱི་བཀའ་སྲུང་གཙོ་བོ་ལེགས་ལྡན་ཚོགས་ཀྱི་བདག་པོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་དོན་གསུམ། སྦྱོར་བ། དངོས་གཞི། མཇུག་གི་བྱ་བའོ། །དང་པོ་ཡོ་བྱད་ཀྱི་གཤོམ་ནི། ཉེར་དགུ་ལ་སོགས་པ་ཁྱད་པར་གྱི་དུས་སུ་སྟེགས་བུ་དུག་ཁྲག་གིས་ཆག་ཆག་བཏབ་པ་ལ་བསྒོམ་དོན་དང་མཐུན་པའི་དཀྱིལ་འཁོར་བཀོད། བསྡུ་ན་མཎྜལ་གྲུ་གསུམ་མཐིང་ནག་དབུས་སུ་གྲི་གུག་ཡུ་བར་ཧཱུྃ་གིས་མཚན་པ། གཡས་གཡོན་དུ་ཐིག་ལེ་ནག་པོ་ལ་ཧཱུྃ་དང་ཐལ་སྐྱ་ལ་ཀཾ །མདུན་སོགས་ཕྱོགས་བཞིར་ཐིག་ལེ་མཐིང་གར་ཧཱུྃ། དམར་པོར་ཡ། སྨུག་པོར་ཛཿ ནག་པོར་མ་བྲིས་པ། ཟླ་གམ་གསུམ་ལ་དུར་ཁྲོད་ཀྱི་བཀོད་པ། དེ་རྒྱབ་རྡོར་རྭ་མེ་རི་ཟླུམ་པོར་བསྐོར་བའི་དབུས་སུ་ཁྲིའུ་ལ་བུམ་པ་མགུལ་ཆིངས་མཐིང་ནག་བདུད་རྩི་ལྔའི་བཅུད་དང་ལྡན་པའི་ཁར་ཐོད་པ་ཆང་དང་ཆོས་སྨན་སྦྱར་བས་བཀང་བ། དེའི་ཁར་མེ་ལོང་ལ་སིནྡྷུ་རའི་ཆོས་འབྱུང་དབུས་སུ་ཐིག་ལེ་གཙོ་འཁོར་གསུམ་ཕྱོགས་བཞིར་བཞི་བྲིས་པས་བཀབ་པའི་སྟེང་ཤེལ་རྡོ་དྲི་མེད་བཞག །དབུས་དང་གཡས་གཡོན་དུ་གཙོ་འཁོར་བདུན་གྱི་སྐུ་བརྙན། སྔགས་བྱང་། ཕྱག་མཚན་སོ་སོར་བྲིས་པའི་ཙཀླི། མདུན་དུ་ཐོད་པའམ་ཟངས་ལྕགས་ཀྱི་སྣོད་དུ་རྟེན་གཏོར་ལྕགས་མཁར་ཟླུམ་པོ་ཁ་བད་ཅན་གྱི་སྟེང་དུ་གཙོ་བོའི་བཤོས་བུ་གྲུ་གསུམ་བརྗིད་བག་ཅན། གཡས་གཡོན་དུ་གྲུ་གསུམ་གཙོ་བོའི་ཕྱེད་ཆར་སླེབ་པ་རེ་རེ། རྨང་གི་ཕྱོགས་གསུམ་དུ་གྲུ་གསུམ་རེ་རེ། རྒྱབ་ཏུ་གྲུ་གསུམ་གཡས་གཅུས་རྣམས་ལ་བཤོས་ཕྲན་དང་མཐེབ་ཀྱུ་མང་པོས་བསྐོར། རྒྱན་སྤྲོས་སྐུ་ཙཀ་དང་མདའ་དར་ནག་པོས་བརྒྱན་པ་བཀོད། རྒྱབ་ཏུ་མཆོད་གཏོར་དང་སྨན་རཀ །མཐར་ཕྱི་མཆོད་གཡས་སྐོར་དུ་བཤམ། མངོན་སྤྱོད་རྗེས་གནང་སྒྲོལ་བའི་ཕུར་བུ། སྲུང་བའི་ཙཀྲ །ཟློག་པའི་ཟོར་གཏོར། སྲེག་པའི་ཧོམ། མནན་པའི་མཆོད་རྟེན་ནག་པོ་རྣམས་དང་། བསྒྲལ་དབང་རྒྱས་པ་བྱེད་ན་ཧོམ་དང་ལིངྒ་ཐུན་རྫས་སོགས་ཀྱང་འདུ་བྱ། གཞན་ཡང་ཚོགས་མཆོད་གཏོར་སྐྱོང་གིས་མཚོན་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །གཉིས་པ་ལ་གཉིས་ལས་དང་པོ་དབང་དོན་སྒྲུབ་མཆོད་བྱ་བ་ནི། བདག་བསྐྱེད་མདོ་སྒྱུའམ་བཀའ་བརྒྱད་རིགས་ཀྱི་དཔལ་ཧེ་རུ་ཀ་གང་ཡང་རུང་བའི་སྒོམ་བཟླས་བྱ། ཟབ་བདུན་སྤྱི་ཆིངས་ལྟར་མཆོད་རྫས་སྤྱི་དང་སྨན་རཀ་གཏོར་གསུམ་བྱིན་བརླབ། དེ་ནས་མདུན་རྟེན་ལ་དམིགས་ཏེ་རང་གཞུང་ཕྲིན་ལས་ཀྱི། མདུན་དུ་ཁྲག་མཚོ་འཁྲུགས་པའི་ཀློང༔ ཞེས་སོགས་ཀྱིས་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་སྤྱན་དྲངས། བཞུགས་སུ་གསོལ། དམ་བསྒྲགས། ཕྱག་མཆོད་བསྟོད་པའི་བར་སོང་ནས་དམ་སྐོང་ཧེ་རུ་ཀའི་ཡིག་བརྒྱ་དང་གོང་གནོན་ཡི་དམ་བཟླས་དམིགས་སྔོན་དུ་འགྲོ་བས། མགོན་པོའི་ཐུགས་ཀར་ཧཱུྃ་མཐིང་ནག་གི་མཐར་བཟླ་བྱའི་སྔགས་ཀྱི་ཕྲེང་བས་གཡས་སུ་བསྐོར་བར་གྱུར། བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་མགོན་པོའི་ཐུགས་ཀའི་ཧཱུྃ་ཡིག་བསྐུལ་བས་དབང་དུ་བསྡུས། ཅི་བགྱིའི་བཀའ་ནོད་ཅིང་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་བསམ་ལ། བསྙེན་སྒྲུབ་བཟླས་པ་བཞི་འདོད་བུམ་ལས་འབྱུང་བ་ལྟར་རམ། བསྡུ་ན་གཙོ་བོའི་སྒྲུབ་སྔགས། ཨོཾ་བྷུ་རུ་ཀུ་རུ་ཨི་ཙི་ཀི་བྱི་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ༔ ཅེས་ཅི་འགྲུབ་བཟླ། ཡུམ་ལ། ཨོཾ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ༔ ལས་མགོན་ལ། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ༔ ཅེས་དང་། མགོན་པོའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་འཁོར་རྣམས་ལས་ལ་བསྐུལ་བར་གྱུར། ཨོཾ་མ་ཧཱ་ཀྲོ་དྷ་ཀིངྐ་ར་ཧཱུྃ་ཕཊ༔ ཨོཾ་མ་ཧཱ་ཡཀྴ་ཙིཏྟ་ཧྲིཾ་ཧྲིཾ་ཧཱུྃ་ཕཊ༔ ཨོཾ་རཱ་ཧུ་ལ་པཀྴ་མེ་ཀི་ཧཱུྃ་ཕཊ༔ ཨོཾ་ཏྲག་ཡཀྵ་བཻ་ཏ་ལི་ཧཱུྃ་ཕཊ༔ ཅེས་པ་རྣམས་ཀྱང་ཅུང་ཟད་རེ་བཟླས་པའི་མཐར་ཉེར་སྤྱོད་ལྔ་དང་ནང་མཆོད་ཙམ་ཕུལ། ཟུར་གསལ་རྟགས་བསྟོད་བྱ། ཕྲིན་ལས་གཤམ་གྱི། ཧོ༔ རང་བཞིན་ཆོས་ཀྱི་དབྱིངས་ལས་སོགས་ཀྱིས་ཕྲིན་ལས་གསོལ། བུམ་པ་ལ་གཟུངས་ཐག་གཏད་དེ། གཙོ་སྔགས་བརྒྱ་རྩ་བརྒྱད། འཁོར་རྣམས་ལ་བདུན་རེ་ཙམ་དང་། འབྲུ་གསུམ་ཉེར་གཅིག ལས་བུམ་ལའང་བདུད་རྩི་འཁྱིལ་པའི་སྔགས་ཇི་ལྟར་འོས་པ་བཟླས་པས་བྱིན་གྱིས་རློབ། དབང་བསྐུར་ཙམ་ལ་ཚོགས་མཆོད་མ་འགྲུབ་ཀྱང་ཆོག་མོད། སྤྲོ་ན་དམ་ཚིག་གི་རྫས་བཤམས་ལ་ཚོགས་མཆོད་ལེའུ་ལྟར་བྱིན་རླབས་སྤྱན་འདྲེན་མཆོད་བཤགས་བསྒྲལ་བསྟབ་བར་བྱ། གང་ལྟར་རིག་པའི་མེ་ཏོག་དོར་ལ་སློབ་མ་གཞུག་པར་གནང་བ་ཞུའོ། །གཉིས་པ་དབང་བསྐུར་དངོས་གཞི་བྱ་བ་ནི། འོས་ཤིང་སྣོད་དུ་རུང་བའི་སློབ་མ་ཧ་ཅང་མང་བ་མ་ཡིན་པ་ཁྲུས་ནས་དབྱུང་། བགེགས་གཏོར་བཏང་ནས་མཚམས་བཅད་ཕྱག་བཅས་གྲལ་དུ་འཁོད་པ་ལ། ནམ་མཁའི་མཐའ་དང་མཉམ་པའི་ཕ་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྐུ་བཞིའི་དབང་ཕྱུག་ཁྱབ་བདག་དཔལ་ཧེ་རུ་ཀའི་གོ་འཕང་ཚེ་འདི་ཉིད་ལ་འཐོབ་པར་བྱ། དེའི་ཆེད་དུ་བྱང་ཆུབ་སྒྲུབ་པའི་ལམ་གྱི་བར་ཆད་མི་མཐུན་པའི་ཕྱོགས་བསལ་བ་དང་། མཐུན་རྐྱེན་ལེགས་ཚོགས་འབད་མེད་དུ་བསྒྲུབ་པར་བྱ་བའི་ཕྱིར། དཔལ་ཡེ་ཤེས་ཀྱི་མགོན་པོ་ཚོགས་ཀྱི་བདག་པོའི་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་ཟབ་མོ་ནོད་པར་བགྱིའོ། །སྙམ་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གསལ་ལེགས་པར་བཏབ་ནས་གསན་འཚལ། དེ་ལ་རང་རེ་རྣམས་ཡིད་བཞིན་གྱི་ནོར་བུ་རྙེད་པ་ལས་ཀྱང་ཕན་ཡོན་ཆེ་བའི་དལ་འབྱོར་དང་ལྡན་པའི་མི་ལུས་རིན་པོ་ཆེ་ཐོབ། ངེས་ལེགས་ཐར་པའི་ལམ་ཕྱིན་ཅི་མ་ལོག་པ་སྟོན་པའི་རྒྱལ་བསྟན་རིན་པོ་ཆེའི་སྒོར་ཞུགས། དེ་ལས་ཀྱང་ཁྱད་པར་དུ་གྱུར་པ་བརྒྱ་ལམ་ན་མཚན་ཙམ་ཡང་དཀོན་པའི་གསང་སྔགས་རྡོ་རྗེ་ཐེག་པ་བླ་མེད་ཀྱི་ཟབ་ལམ་དང་མཇལ་ནས། ཚེ་གཅིག་གིས་ཟུང་འཇུག་ཆེན་པོའི་གོ་འཕང་བསྒྲུབ་རྒྱུ་ཡོད་པའི་སྐལ་པ་འདི་ལྟ་བུ་ནི་འཇིག་རྟེན་ན་མི་སྲིད་པའི་སྲིད་པ་ཐོབ་པ་ཡིན་ཡང་། ཐར་པ་དམ་པའི་ཆོས་ཟབ་མོ་བསྒྲུབ་པ་ལ་འདོད་ཁམས་དབང་ཕྱུག་བདུད་དང་བདུད་ཀྱི་རིས་ཀྱི་འབྱུང་པོ་གཙོ་བོར་གྱུར་པའི་འཚེ་བ་དང་བར་དུ་གཅོད་པ་ཤིན་ཏུ་མང་བས། དེ་དག་ལས་སྐྱོབ་པར་ནུས་པའི་སྲུང་མའི་དབང་པོ་ཁྱད་པར་ཅན་རེ་བསྟེན་པ་གལ་ཆེ་བ་ཡིན་ཏེ། ཞི་བ་ལྷས། དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བསྟེན་ན་ཡུད་ཀྱིས་སྒྲོལ་འགྱུར་བ། །དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བསྟེན། །ཅེས་གསུངས་པ་ལྟར་ལགས། སྲུང་མའང་དཀྱིལ་འཁོར་གཙོ་མཆོག་ཧེ་རུ་ཀ་ཡབ་ཡུམ་བསྟན་སྲུང་གི་ཚུལ་དུ་བཞེངས་པ་དཔལ་ལྡན་མགོན་པོ་རྣམས་དང་། མ་མོ་དབྱིངས་ཀྱི་ཡུམ་ཆེན་སོགས་ཡེ་ཤེས་ཀྱི་སྲུང་མ་རྣམས་ཀྱིས་འདི་ཕྱིའི་འཇིགས་པ་མཐའ་དག་ལས་སྐྱོབ་པར་ནུས་ཤིང་རྩ་གསུམ་རྣམ་དབྱེར་མ་མཆིས་པས་བསྙེན་ཅིང་སྐྱབས་སུ་གཟུང་བར་འོས་ཀྱི། འཇིག་རྟེན་པའི་སྲུང་མ་རང་རྒྱུད་པ་རྣམས་ནི་བསྟེན་ཅིང་མཆོད་ཀྱང་གནས་སྐབས་ཀྱི་འདོད་དོན་ཕྲན་བུ་ཙམ་ལས། རང་ཉིད་འཇིགས་པ་ལས་མ་གྲོལ་བའི་ཕྱིར་འཇིགས་པ་མཐའ་དག་ལས་སྐྱོབ་མི་ནུས་པས། འཇིག་རྟེན་ལས་འདས་པའི་སྲུང་མ་རྣམས་བསྟེན་དགོས་པ་ནི་རྒྱུད་ལུང་རྣམས་ཀྱི་དགོངས་པ་དང་རིག་འཛིན་གྲུབ་པའི་ཚོགས་ཀྱི་ཕྱག་བཞེས་ཡིན་པར་གདའ། དེ་ལྟ་བུའི་སྲུང་མ་ཕོ་རྒྱུད་མོ་རྒྱུད་མ་ནིང་གི་སྡེ་རིགས་མི་འདྲ་བ་དུ་མ་གསང་སྔགས་ཀྱི་རྒྱུད་སྡེ་རིན་པོ་ཆེ་རྣམས་ནས་གསུངས་ཤིང་སོ་སོའི་མན་ངག་ཀྱང་འཕགས་བོད་གྲུབ་པའི་དབང་ཕྱུག་རྣམས་ཀྱིས་ཇི་སྙེད་ཅིག་སྣང་བར་མཛད་པ་ལས། འདིར་སྐབས་སུ་བབས་པ་ནི། ཨ་ནུ་ཀུན་འདུས་རིག་པའི་མདོ་ཆེན་པོ་དང་། མ་ཧཱ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་བཤད་རྒྱུད་ཐལ་བ་རྣམས་ལས་གཙོ་བོར་བསྟན་ཅིང་། སྒོས་རྒྱུད་མཚོན་ཆ་མངོན་པར་རོལ་པའི་དགོངས་པ་ལྟར་རྒྱལ་བས་ལུང་བསྟན་རྒྱལ་པོ་ཛཿདང་སློབ་དཔོན་ཀུ་ཀུ་རཱ་ཛ་སོགས་གྲུབ་པའི་རིག་འཛིན་རྣམས་ཀྱིས་ལེགས་པར་བཀྲལ་ཅིང་། གངས་ཅན་ལྗོངས་སུ་གནུབས་སོ་ཟུར་གྱི་མཁས་གྲུབ་རྣམས་ཀྱིས་འགྲན་ཟླ་དང་བྲལ་བའི་སྲུང་མ་གཅིག་ཆོག་ཏུ་བསྟེན་པ། བཅོམ་ལྡན་འདས་ཀུན་བཟང་ཆེ་མཆོག་ཧེ་རུ་ཀ་ཉིད་གདུལ་བྱ་མི་སྲུན་པ་རྣམས་གདུལ་བའི་དོན་དུ། གཏུམ་ཆེན་ཁྲོ་བོའི་དབང་པོའི་སྐུར་བསྟན་པ་དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ནག་པོ་ཚོགས་རྗེ་ཚོགས་ཀྱི་བདག་པོའི་སྨིན་གྲོལ་གྱི་གདམས་སྲོལ་ཁྱད་པར་ཅན་འདི་ནི། འཇིགས་མེད་ཧེ་རུ་ཀ་དཔལ་སློབ་དཔོན་རྡོ་རྗེ་ཐོད་ཕྲེང་རྩལ་གྱིས་གངས་ཅན་ལྷའི་སྲས་པོ་དམ་འཛིན་ཡེ་ཤེས་རོལ་པ་རྩལ་ལ་མདོ་དང་སྒྱུ་འཕྲུལ་གཙོ་བོར་གྱུར་པའི་ཐུགས་དམ་ཟབ་པ་སྐོར་བདུན་ཆ་ལག་དང་བཅས་པ་གདམས་ཤིང་གཉེར་དུ་གཏད། ཕྱིས་འབྱུང་གདུལ་བྱ་སྐལ་ལྡན་རྣམས་ཀྱི་དོན་དུ་མདོ་ཁམས་ལྗོངས་སུ་ཟབ་མོའི་གཏེར་དུ་སྦས་པ་དུས་སུ་སོན་པ་ན། ལྷ་སྲས་ཉིད་ཀྱི་རྣམ་འཕྲུལ་སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་གཏེར་གནས་རྣམས་ནས་སྤྱན་དྲངས་པའི། བཀའ་སྲུང་ཀུན་གྱི་གཙོ་བོ་ལེགས་ལྡན་ཚོགས་ཀྱི་བདག་པོའི་དབང་བསྐུར་བ་ལ་བདག་ཉིད་ཀྱིས་བགྱི་བར་འོས་པ་བདག་བསྐྱེད་སྒོམ་བཟླས། མདུན་བསྐྱེད་སྒྲུབ་ཅིང་མཆོད་པ་སོགས་སྔོན་དུ་སོང་གྲུབ་པ་ལགས། སློབ་མའི་བྱ་བ་སྔོན་འགྲོ་དང་དངོས་གཞི་གཉིས་སུ་ཡོད་པ་ལས། ཐོག་མར་དབང་བསྐུར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་གཞུག །མཚམས་སྦྱོར་སྤྱི་འགྲེ་བྱས་ལ་མིག་དར་མེ་ཏོག་གཏད། བླ་མ་དཔལ་ཧེ་རུ་ཀ་དངོས་སུ་གསལ་བ་ལ་མི་ཕྱེད་པའི་དད་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བླ་མ་མགོན་པོ་དབྱེར་མེད་ཀྱིས༔ བདག་ལ་བྱིན་གྱིས་བརླབ་པ་དང༔ ཡེ་ཤེས་མགོན་པོའི་སྐུ་གསུང་ཐུགས༔ ཡོངས་རྫོགས་དབང་ཆེན་བསྩལ་དུ་གསོལ༔ ཅེས་ལན་གསུམ། ཐོག་མར་རྒྱུད་དག་པར་བྱ་བའི་སླད་དུ། བླ་མ་དཔལ་ཧེ་རུ་ཀ་དང་མདུན་བསྐྱེད་ཡེ་ཤེས་མགོན་པོའི་ལྷ་ཚོགས་རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར། བདག་སོགས་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ན་མོ༔ བདག་སོགས་སེམས་ཅན་མ་ལུས་པ༔ མཆོག་གསུམ་འདུས་པ་བླ་མ་རྗེ༔ བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ༔ མཁའ་འགྲོར་བཅས་ལ་སྐྱབས་སུ་མཆི༔ ལན་གསུམ། མ་གྱུར་སྐྱེ་དགུ་མཐའ་ཡས་པ་རྣམས་ཀྱི་དོན་དུ་དཀྱིལ་འཁོར་དབང་ཕྱུག་ཁྱབ་བདག་ཧེ་རུ་ཀའི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་ལམ་སྒྲུབ་པའི་བར་ཆད་བསལ་བ་དང་མཐུན་རྐྱེན་འདོད་རྒུའི་དངོས་གྲུབ་འབད་མེད་འགྲུབ་པར་བྱ་བའི་ཕྱིར་དཔལ་ཡེ་ཤེས་མགོན་པོའི་དཀྱིལ་འཁོར་དུ་འཇུག་ཅིང་བསྙེན་སྒྲུབ་ལ་འབད་པར་བགྱིའོ་སྙམ་པའི་སྨོན་འཇུག་དང་། འཁོར་གསུམ་རྣམ་པར་མི་རྟོག་པའི་དོན་དམ་བྱང་ཆུབ་སེམས་གསལ་ཐོབས་ལ་འདིའི་རྗེས་ཟློས། མཁའ་མཉམ་འགྲོ་རྣམས་བསྒྲལ་བའི་ཕྱིར༔ དཔལ་ཆེན་གོ་འཕང་འཐོབ་པར་བྱ༔ ཆོས་ཀུན་རང་བཞིན་ཡོངས་དག་པ༔ དམིགས་སུ་མེད་པའི་ཏིང་འཛིན་བསྒོམ༔ ལན་གསུམ། ཚོགས་ཞིང་དེ་དག་གི་སྤྱན་སྔར་ཕྱག་འཚལ་ཞིང་མཆོད་པ་འབུལ་བ་དང་། སྡིག་པ་བཤགས་ཤིང་བསོད་ནམས་ལ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ཅིང་རྟག་བརྟན་དུ་བཞུགས་པར་གསོལ་བ་འདེབས་པ་དང་། དགེ་རྩ་བྱང་ཆུབ་ཆེན་པོར་བསྔོ་བ་སྟེ་ཚོགས་གསག་ཡན་ལག་བདུན་པའི་ཏིང་ངེ་འཛིན་རྣམས་རིམ་པར་གསལ་ཐོབས་ལ་འདིའི་རྗེས་ཟློས། བླ་མ་དཔལ་ཆེན་ཧེ་རུ་ཀ༔ མཁའ་འགྲོ་ཆོས་སྐྱོང་བཅས་པ་ལ༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ འགལ་འཁྲུལ་ཉམས་ཆག་མཐོལ་ཞིང་བཤགས༔ མཆོག་དམན་དགེ་ལ་རྗེས་ཡི་རང༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་བ་མཁའ་མཉམ་འགྲོ་ལ་བསྔོ༔ ཐམས་ཅད་སངས་རྒྱས་ཐོབ་པར་ཤོག༔ ཅེས་ལན་གསུམ་བྱ། དབང་གི་རྟེན་ནམ་སྲོག་གི་རྩ་བར་གྱུར་པ་དམ་ཚིག་ལེགས་པར་གཟུང་དགོས་པས། སྤྱིར་སོ་བྱང་སྔགས་གསུམ་གྱིས་བསྡུས་པའི་སྡོམ་པ་དང་དམ་ཚིག །བྱེ་བྲག་བླ་མེད་རྡོ་རྗེ་ཐེག་པ་ནས་གསུངས་པའི་ས་མ་ཡ་འབུམ་སྡེ། ཁྱད་པར་དཔལ་ལྡན་ཡེ་ཤེས་མགོན་པོའི་རྒྱུད་དང་མན་ངག་ལས་ཇི་སྐད་གསུངས་པའི་དམ་ཚིག་གི་རིམ་པ་རྣམས་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། ཧོ༔ བླ་མ་མགོན་པོ་དགོངས་སུ་གསོལ༔ འདི་ནས་བྱང་ཆུབ་སྙིང་པོའི་བར༔ སོ་ཐར་བྱང་སེམས་གསང་སྔགས་ཀྱི༔ དམ་ཚིག་སྡོམ་པ་མ་ལུས་གཟུང༔ ལན་གསུམ། སློབ་དཔོན་གྱིས་རྡོ་རྗེ་མགོར་བཞག་ལ། གསང་བའི་དམ་ཚིག་ལས་འདས་ན༔ ཚེ་འདིར་མི་རུང་དམྱལ་བར་ལྟུང༔ དམ་ཚིག་མཆོག་ཏུ་སྲུང་བ་ཡིས༔ དངོས་གྲུབ་ཐམས་ཅད་དེས་འགྲུབ་འགྱུར༔ ཇི་ལྟར་བསྒོས་པའི་དམ་ཚིག་དང་སྡོམ་པ་ལས་འདའ་བར་མི་བྱའོ་སྙམ་པས་ཐ་ཚིག་གི་ཆུ་ནན་འཐུང་བ་དང་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ནང་མཆོད་སྦྱིན་ལ། ཨི་དན་ན་ར་ཀན༔ ཞེས་བརྗོད་དུ་གཞུག །དེ་ནས་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་ལུས་གནད་བསྲང་། རླུང་ཁ་སྦྱོར་དུ་འཆིང། ཡིད་གཞན་དུ་མ་ཡེངས་པར་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སློབ་མ་ལ་ཕོག་པས་གདོས་བཅས་སྦྱངས་ནས་འོད་ཟེར་མཐིང་གའི་ཕུང་པོར་གྱུར། དེ་ལས་དུར་ཁྲོད་རོལ་པའི་གཞལ་མེད་ཁང་ཆེན་པོའི་དབུས་སུ་པདྨ་དང་ཉི་མའི་གདན་ལ་ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ནག་པོ་རྡོ་རྗེ་སྲིན་པོའི་གཟུགས་ཅན་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས་ཤིང་རྐན་སྒྲ་རྡེབ་པ། སྤྱན་གསུམ་སྡང་མིག་ཕྱོགས་བཅུར་གཟིགས་ཤིང་། སྨ་ར་དང་སྨིན་མ་ཁམ་ནག་ལས་སྐར་ཆེན་གྱི་འོད་འཕྲོ་བ། རལ་པ་མུན་ཆེན་ལྟར་གཏིབས་ཤིང་ཕྱག་གཡས་པས་འབར་བའི་གྲི་གུག་དང་གཡོན་པས་ཁྲག་གིས་བཀང་བའི་ཐོད་པ་ཐུགས་ཀར་བསྣམས་པ། མཆན་གཡས་སུ་བིང་ཆེན་གཟེར་བའི་བེང་སྟོད་ནས་ལྷ་དམག་དང་བེང་སྨད་ནས་བདུད་དམག་ཕོ་ཉར་འགྱེད་པ། སྐུ་ལ་དར་ནག་གི་བེར་ཆེན་བརྩེགས་མར་གསོལ་ཞིང་གསེར་རྐེད་ནོར་བུའི་མིག་ཚང་ཅན་བཅིངས་པ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་ཐོད་རློན་ལྔ་བཅུ་དང་རྡོ་རྗེའི་དོ་ཤལ་ཅན། སྦྲུལ་དང་མི་ལྤགས་སོགས་དུར་ཁྲོད་འཇིགས་པའི་ཆས་ཐམས་ཅད་ཀྱིས་བརྒྱན་པ། སག་ཏིའི་ལྷམ་ཡུ་རིང་གསོལ་ནས་འདོར་ཐབས་ཀྱིས་མེ་ཕུང་འབར་བའི་ཀློང་ན་བཞེངས་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་གསལ་ཐོབས་ཤིག །གནས་གསུམ་དུ་བདུད་རྩིས་ཐིག་ལེ་བྱས་ལ། ཨོཾ་ཨཱཿཧཱུྃ༔ ཞེས་བརྗོད། དེ་ལྟར་གསལ་བའི་གནས་གསུམ་གྱི་ཡིག་འབྲུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་རང་བཞིན་དུ་མོས་པ་བརྟན་པོ་སྐྱེད་ཅིག །དེ་ནས་སློབ་དཔོན་ལ་མོས་གུས་ཚད་མེད་པ་བསྐྱེད་པས་སློབ་དཔོན་དཔལ་ཧེ་རུ་ཀ་དངོས་སུ་གསལ་བའི་ཐུགས་ཀའི་འོད་ཟེར་ནམ་མཁའི་དབྱིངས་གང་བ་འཕྲོས། རང་བཞིན་ཆོས་ཀྱི་དབྱིངས། མ་ལ་ཡ་གནམ་ལྕགས་འབར་བའི་རི་བོ། དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པ་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ནས་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག །ཤ་ཆེན་དང་གུ་གུལ་བདུག །རོལ་མོའི་སྒྲ་དྲག་ཏུ་སྦྱར་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཨེ་ཨཱ་རལླི་ཧྲིང༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨཿ ཞེས་བཟླ། དེ་ལྟར་དབབ་པའི་བྱིན་རླབས་ཀྱི་རྒྱུན་སྒོ་གསུམ་ལ་རབ་ཏུ་གནས་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ༔ ཞེས་རྡོ་རྗེ་མགོར་བཞག །སྔར་བྱིན་པའི་མེ་ཏོག་དེ་ཉིད་སྔོན་ནས་ལས་ཀྱིས་འབྲེལ་བའི་རིགས་ཀྱི་ལྷ་ལ་ཕོག་པར་ཤོག་ཅིག་པའི་འདུན་པ་སྐྱེད་ལ་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་མེ་ཏོག་འདོར་འཚལ། ཧོ༔ ཡེ་ཤེས་ལ་ནི་བཟང་ངན་མེད༔ སྔོན་གྱི་ལས་ཀྱིས་འབྲེལ་བ་ཡི༔ ཡེ་ཤེས་ལས་གྲུབ་སྲུང་མ་ལ༔ བརྟགས་པའི་མེ་ཏོག་འཕོག་པར་ཤོག༔ པུཥྤེ་པྲ་ཏཱིཙྪ་ཧོ༔ ཞེས་འགྲིམ་དཀྱིལ་དུ་འདོར་དུ་གཞུག །གང་ལ་ཕོག་པའི་རིགས་ཀྱི་མིང་ངམ་སྤྱི་ཙམ་དུ། ཁྱོད་ཀྱི་མེ་ཏོག་དཀྱིལ་འཁོར་གྱི་བདག་པོ་ལ་ཕོག་པས། དཔལ་ཧེ་རུ་ཀ་རྡོ་རྗེ་ནག་པོ་ཆེ་ཞེས་བྱ་བ་གསང་བའི་མཚན་དུ་ཟུངས་ཤིག །ཅེས་བརྗོད་ལ་མེ་ཏོག་མགོར་བཞག །མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བར་མོས་ཤིག །ཧོ༔ མ་རིག་ལིང་ཏོག་སྒྲིབ་པ་རྣམས༔ ཐུགས་རྗེའི་ཐབས་ཀྱིས་དབྱེ་བར་བྱ༔ མ་ཧཱ་ཀཱ་ལའི་དཀྱིལ་འཁོར་འདི༔ མཐོང་བ་ཙམ་གྱིས་དངོས་གྲུབ་ཐོབ༔ འདི་ལྟར་མགོན་པོའི་དཀྱིལ་འཁོར་ཡང༔ རང་གི་སེམས་ལ་རྫོགས་པ་ཡིན༔ ཞེས་གདོང་བསལ། དཔལ་ཡེ་ཤེས་མགོན་པོ་ལེགས་ལྡན་ཚོགས་ཀྱི་བདག་པོའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཐོང་བར་མོས་ལ་དད་པ་དང་སྤྲོ་བ་སྐྱེད་ཅིག །དེ་རྣམས་ཀྱིས་སྔོན་འགྲོ་འཇུག་པའི་རིམ་པ་གྲུབ། དངོས་གཞིའི་དབང་བསྐུར་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། དེའང་མཆོག་སྒྲུབ་དང་འབྲེལ་བའི་སྟོད་ལས་དབང་བཞི། མངོན་སྤྱོད་ཕྲིན་ལས་ཀྱི་ཆེད་དུ་སྨད་ལས་དྲག་པོའི་རྗེས་གནང་། མཐའ་རྟེན་གཏོར་མའི་བྱིན་རླབས་རྣམས་སུ་ཡོད་པའི། དང་པོ་སྒོ་གསུམ་ཆ་མཉམ་དང་བཅས་པའི་སྒྲིབ་པ་སྦྱང་ཞིང་ལམ་བཞི་སྒོམ་པའི་སྣོད་རུང་དུ་བྱ་བའི་ཕྱིར་དབང་བཞི་རིམ་པར་བསྐུར་བའི་ཐོག་མར། བུམ་པའི་དབང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད་ཅིག །སློབ་དཔོན་དཔལ་ཆེན་པོའི་ཐུགས་ཀའི་འོད་ཟེར་གྱི་སྣང་བས་གདན་གསུམ་ཚང་བའི་དབང་གི་ལྷ་ནམ་མཁའ་གང་བ་སྤྱན་དྲངས། བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཁྱེད་རྣམས་ཀྱིས་སློབ་མ་ལ་དབང་བསྐུར་བ་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་བུམ་པའི་བདུད་རྩིས་དབང་བསྐུར་སྩོལ་བའི་མོས་པ་མཛོད་ཅིག །རྣམ་བུམ་སྤྱི་བོར་བཞག་ལ། ཧཱུྃ༔ རང་བྱུང་ཡེ་ཤེས་བུམ་པ་རུ༔ མ་ཧཱ་ཀཱ་ལའི་ཚོགས་རྣམས་ཞུ༔ བདུད་རྩི་ཆུ་ཡིས་དབང་བསྐུར་བས༔ ལུས་ཀྱི་སྒྲིབ་པ་ཀུན་དག་ནས༔ ལྷ་དབང་ལུས་ལ་ཡོངས་རྫོགས་ཤོག༔ གཙོ་འཁོར་རྣམས་ཀྱི་སྔགས་སྦྲེལ་བའི་མཐར། ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ ཡེ་ཤེས་མགོན་པོའི་བྱིན་རླབས་ཀྱིས༔ སྐལ་ལྡན་སློབ་མ་རྣམས་ལ་བུམ་པའི་དབང་བསྐུར་པས་སྣོད་བཅུད་ལྷ་རུ་འགྱུར་བའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཅེས་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར་བ་འགྲེ །དེའི་མཐའ་རྟེན་དུ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་རྫོགས་པར་སྦྱིན་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྐུ་ལས་རང་འདྲ་བ་འཕྲོས་ནས་སློབ་མ་ལ་ཐིམ་པས་ལྷ་དེ་རྣམས་ཀྱི་མཐུ་ནུས་ཐོབ་པར་མོས་ཤིག༔ ལྷ་ཙཀ་རྣམས་རིམ་པར་མགོར་བཞག་ལ། ཧཱུྃ༔ ཆོས་ཀྱི་དབྱིངས་ལས་འབར་བའི་སྐུ༔ དྲག་ཤུལ་ཅན་གྱི་རྩེ་མོ་ནས༔ མ་ཧཱ་ཀཱ་ལ་ཚོགས་ཀྱི་བདག༔ དེ་ཡི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་བྷུ་རུ་ཀུ་རུ་ཨི་ཙི་ཀི་བྱི་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ༔ ཀ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་འབར་བའི་སྐུ༔ བསིལ་བ་ཚལ་གྱི་དུར་ཁྲོད་ནས༔ ལས་ཀྱི་མགོན་པོ་སྲས་མཆོག་ཆེ༔ དེ་ཡི་དབང་མཆོག་ཐོབ༴ ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི༴ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་འབར་བའི་སྐུ༔ གསང་བའི་དུར་ཁྲོད་ཆེན་པོ་ནས༔ ཡུམ་ཆེན་ཀྲོ་ཏཱི་ཤྭ་རཱི་མ༔ དེ་ཡི་དབང་མཆོག་ཐོབ༴ ཨོཾ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི༴ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་འབར་བའི་སྐུ༔ འཇིགས་སུ་རུང་བའི་དུར་ཁྲོད་ནས༔ ཁྲོ་བོ་ཆེན་པོ་ཀིང་ཀ་ར༔ དེ་ཡི་དབང་མཆོག་ཐོབ༴ ཨོཾ་མ་ཧཱ་ཀྲོ་དྷ་ཀིང་ཀ་ར་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི༴ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་འབར་བའི་སྐུ༔ རྩུབ་འགྱུར་ཚལ་གྱི་དུར་ཁྲོད་ནས༔ གནོད་སྦྱིན་དམར་པོ་དྲག་ཤུལ་ཅན༔ དེ་ཡི་དབང་མཆོག་ཐོབ༴ ཨོཾ་མ་ཧཱ་ཡཀྴ་ཙིཏྟ་ཧྲིཾ་ཧྲིཾ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི༴ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་འབར་བའི་སྐུ༔ ཀཱི་ལ་སྒྲོག་པའི་དུར་ཁྲོད་ནས༔ གཟའ་མཆོག་ཆེན་པོ་རཱ་ཧུ་ལ༔ དེ་ཡི་དབང་མཆོག་ཐོབ༴ ཨོཾ་རཱ་ཧུ་ལ་པཀྴ་མེ་ཀི་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི༴ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་འབར་བའི་སྐུ༔ བྱང་ཤར་མུ་ལེ་ཁྲག་མཚོ་ནས༔ དཔལ་ལྡན་ལྷ་མོ་འདོད་ཁམས་བདག༔ དེ་ཡི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཏྲག་རཀྴ་ཡཀྵ་བཻ་ཏ་ལི་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་སློབ་མ་རྣམས་ལ་མ་མགོན་ལྕམ་དྲལ་བཀའ་སྡོད་དང་བཅས་པའི་སྐུ་བསྟིམས་ཤིང༔ དེའི་སྐུར་བསྒོམས་པས་མཐུ་རྩལ་དང་ལྡན་པའི་དབང་ཐོབ་པར་གྱུར་ཅིག༔ དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་གསུང་ལས་སྔགས་ཀྱི་ཕྲེང་བ་འཕྲོས་སློབ་མའི་མགྲིན་པར་ཐིམ་པས་སྔགས་ཀྱི་ནུས་རྩལ་ཐོབ་པར་མོས་ཤིག །སྔགས་བྱང་རྣམས་མགྲིན་པར་བཞག་ལ། ཧཱུྃ༔ ཚོགས་རྗེ་ཚོགས་བདག་དབང་དང་ལྡན༔ མ་ཧཱ་ཀཱ་ལ་མཐུ་བོ་ཆེ༔ དེ་ཡི་རིག་སྔགས་བཟླས་པ་ཡི༔ དམོད་པ་འགྲུབ་པའི་དབང་ཐོབ་ཤོག༔ གོང་སྨྲོས་རང་སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ ལྷ་མིན་གཡུལ་ཟློག་བདུད་ཀྱི་གཤེད༔ སྲས་མཆོག་མ་ཧཱ་ཀཱ་ལ་ཡི༔ དེ་ཡི་རིག་སྔགས་བཟླས་པ་ཡི༔ དམོད་པ་འགྲུབ་པའི་དབང༴ རང་སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ མཁའ་འགྲོ་ཀུན་གྱི་ཚོགས་དཔོན་ཆེ༔ དབྱིངས་ཀྱི་ཡུམ་ཆེན་ཀྲོ་དྷཱི་མ༔ དེ་ཡི་རིག་སྔགས་བཟླས་པ་ཡི༔ དམོད་པ་འགྲུབ་པའི་དབང༴ རང་སྔགས་མཐར། ཝཱ་ཀ་ཨ་བྷི༴ ཧཱུྃ༔ དུར་ཁྲོད་སྒྲོལ་གིང་རྣམས་ཀྱི་གཙོ༔ ཕྲིན་ལས་ཐོགས་མེད་ཀིང་ཀ་ར༔ དེ་ཡི་རིག་སྔགས་བཟླས་པ་ཡི༔ དམོད་པ་འགྲུབ་པའི་དབང༴ རང་སྔགས་མཐར། ཝཱ་ཀ་ཨ་བྷི༴ ཧཱུྃ༔ གནོད་སྦྱིན་ཡོངས་ཀྱི་སྡེ་དཔོན་ཆེ༔ བཙན་གྱི་མགོན་པོ་བེག་རྩེ་ཡི༔ དེ་ཡི་རིག་སྔགས་བཟླས་པ་ཡི༔ དམོད་པ་འགྲུབ་པའི་དབང༴ རང་སྔགས་མཐར། ཝཱ་ཀ་ཨ་བྷི༴ ཧཱུྃ༔ ནམ་མཁའི་ཁམས་ལ་དབང་སྒྱུར་ཞིང༔ སྡེ་བརྒྱད་དྲེགས་པ་རྣམས་ཀྱི་དཔོན༔ དེ་ཡི་རིག་སྔགས་བཟླས་པ་ཡི༔ དམོད་པ་འགྲུབ་པའི་དབང༴ རང་སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ༔ ཡམས་ནད་རིམས་ནད་རྒྱུན་གཅོད་མ༔ དེ་ཡི་རིག་སྔགས་བཟླས་པ་ཡི༔ དམོད་པ་འགྲུབ་པའི་དབང༴ རང་སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཧོཿ སྐལ་ལྡན་སློབ་མ་རྣམས་ལ་མ་མགོན་ལྕམ་དྲལ་བཀའ་སྡོད་དང་བཅས་པའི་སྔགས་བསྟིམས་ཤིང་བཟླས་པ་ལ་བརྩོན་པས་ནུས་རྩལ་དང་ལྡན་པའི་དབང་ཐོབ་པར་གྱུར་ཅིག །དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཐུགས་ལས་ཕྱག་མཚན་གྱི་ཚོགས་འཕྲོས་སློབ་མའི་སྙིང་གར་ཐིམ་པས་ཡེ་ཤེས་ཀྱི་སྟོབས་རྩལ་རྫོགས་པར་མོས་ཤིག །ཕྱག་མཚན་རྣམས་སྙིང་གར་བཞག་ལ། ཧཱུྃ༔ ཐུགས་ཀྱི་སྤྲུལ་པ་བིང་ཆེན་ནི༔ སྟོད་ནས་ལྷ་དམག་འབུམ་འགྱེད་ཅིང༔ སྨད་ནས་བདུད་དམག་ཉིས་ཁྲི་དང༔ ཆིག་སྟོང་དག་གི་སྤྲུལ་པ་འགྱེད༔ བེང་ཆེན་ཕུར་བུའི་དབང་བསྐུར་རོ༔ གོང་སྨྲོས་རང་སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྦྲུལ་ཞགས་ཉོན་མོངས་དབྱིངས་སུ་གྲོལ༔ ཐོད་སྐྱོགས་བཅུད་མར་ཁྲག་ཆང་གིས༔ དུག་གསུམ་འཇོམས་ཤིང་དངོས་གྲུབ་སྩོལ༔ ཕྲིན་ལས་འགྲུབ་པའི་དབང༴ རང་སྔགས་མཐར། ཙིཏྟ་ཨ་བྷི༴ ཧཱུྃ༔ གྲི་གུག་གཤིན་རྗེའི་ལྕེ་འདྲ་བ༔ ལོག་རྟོག་འཁོར་བ་རྩད་ནས་གཅོད༔ དགྲ་བགེགས་སྲོག་སྙིང་གཏུབ་པ་ཡི༔ ཕྲིན་ལས་འགྲུབ་པའི་དབང་ཐོབ་ཤོག༔ རང་སྔགས་མཐར། ཙིཏྟ་ཨ་བྷི༴ ཧཱུྃ༔ མཚོན་ཆའི་འཁོར་ལོ་བསྐོར་བ་ཡིས༔ བདུད་ཀྱི་སྡེ་རྣམས་ཕམ་པར་མཛད༔ དགྲ་བགེགས་སྲོག་ལུས་ཕྲལ་བ་ཡི༔ ཕྲིན་ལས་འགྲུབ་པའི་དབང༴ རང་སྔགས་མཐར། ཙིཏྟ་ཨ་བྷི༴ ཧཱུྃ༔ རལ་གྲི་ཟང་ཡག་མེ་ལྟར་འབར༔ གསེར་མདུང་དགྲ་བོའི་སྙིང་ལ་གཟིར༔ བདུད་བཅོམ་སངས་རྒྱས་བསྟན་པ་སྲུང༔ ཕྲིན་ལས་འགྲུབ་པའི་དབང༴ རང་སྔགས་མཐར། ཙིཏྟ་ཨ་བྷི༴ ཧཱུྃ༔ སྐྱིན་ཐང་སེར་བས་དགྲ་དཔུང་འཇོམས༔ ཆུ་སྲིན་ཞགས་པ་འཕེན་པ་ཡིས༔ ས་བདག་ཀླུ་གཉན་ཟིལ་གྱིས་གནོན༔ ཕྲིན་ལས་འགྲུབ་པའི་དབང༴ རང་སྔགས་མཐར། ཙིཏྟ་ཨ་བྷི༴ ཧཱུྃ༔ ཁྲམ་ཤིང་དགྲ་བོ་རྩིས་ལ་འདེབས༔ ནད་ཀྱི་རྐྱལ་པས་དགྲ་བོ་གསོད༔ རྫུ་འཕྲུལ་མཚོན་ཆ་ལྔ་ཡང་འབེབས༔ ཕྲིན་ལས་འགྲུབ་པའི་དབང་ཐོབ་ཤོག༔ རང་སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་སློབ་མ་རྣམས་ལ་ལྷ་དང་བདག་ཉིད་གཉིས་སུ་མེད་པར་བལྟས་ནས་ཕྱག་མཚན་རྣམས་གཏད་པས་དགྲ་བགེགས་ཐོགས་པ་མེད་པར་བསྒྲལ་ནུས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ དེ་རྣམས་ཀྱིས་ཡེ་ཤེས་མགོན་པོ་འཁོར་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་དབང་བསྐུར་ཡོངས་རྫོགས་ཐོབ་པ་ཡིན་པས། དེང་ཕྱིན་ཆད་གསལ་བརྟན་དག་གསུམ་ལྡན་པའི་ལྷའི་བསྐྱེད་རིམ་བསྒོམ་པ་དང་། བསྙེན་སྒྲུབ་ལས་གསུམ་གྱི་བཟླས་བརྗོད་མི་འབྲལ་ཅིང་། ཟུང་འཇུག་དེ་ཁོ་ན་ཉིད་ཀྱི་ངང་དུ་མཉམ་པར་གཞག་པ་ལ་བརྩོན་པར་གྱིས་ཤིག །གཉིས་པ་གསང་བའི་དབང་བསྐུར་བ་ལ་དམིགས་འདུན་འདི་ལྟར་མཛོད། བླ་མ་དཔལ་ཡེ་ཤེས་ཀྱི་མགོན་པོ་དང་ཡུམ་ཀྲོ་དྷཱི་ཤྭ་རཱི་མཉམ་པར་སྦྱོར་བའི་བྱང་ཆུབ་ཀྱི་སེམས། སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ལྕེ་ཐོག་ཏུ་བྱིན་པས་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཤིག །ཐོད་པའི་བདུད་རྩི་དམ་རྫས་དང་སྦྱར་བ་བྱིན་ལ། ཧཱུྃ༔ བླ་མ་མགོན་པོ་ཡབ་དང་ཡུམ༔ དགའ་བཞི་རོལ་པའི་བྱང་ཆུབ་སེམས༔ སློབ་མའི་ལྕེ་ལ་བཞག་པ་ཡིས༔ ངག་གི་སྒྲིབ་པ་ཀུན་དག་ནས༔ བདེ་ཆེན་གསང་བའི་དབང་ཐོབ་ཤོག༔ སྔགས་མཐར༔ གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་སློབ་མ་རྣམས་ལ་གསང་བའི་དབང་བསྐུར་པས་རྩ་རླུང་ཐིག་ལེ་མ་ཧཱ་ཀཱ་ལ་ཡབ་ཡུམ་དུ་རྟོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ་འདུན་པ་འདི་ལྟར་མཛོད། སིནྡྷུ་རའི་དཀྱིལ་འཁོར་མ་ཧཱ་ཀཱ་ལ་མཁའ་འགྲོའི་ཚོགས་དང་བཅས་པར་གསལ་བ། རྗེས་སུ་ཆགས་པའི་བདེ་བ་ཆེན་པོས་འོད་དུ་ཞུ་བ་ཡེ་ཤེས་ཀྱི་མཁའ་འགྲོ་མར་གྱུར་པ་རིག་མ་ལ་ཐིམ་པས་དེ་ཉིད་ཀྲོ་དྷཱི་མ་དངོས་སུ་གྱུར་པ་དང་། སློབ་མ་ཡེ་ཤེས་མགོན་པོར་གསལ་བ་འདུ་ཤེས་གསུམ་ལྡན་གྱིས་མཉམ་པར་སྦྱོར་བས་དགའ་བ་བཞིའི་ཡེ་ཤེས་མཐར་ཐུག་པ་རྒྱུད་ལ་སྐྱེས་པར་མོས་ཤིག །བརྡའམ་ཕྱག་རྒྱའི་གཟུགས་བརྙན་གཏད་ལ། ཧཱུྃ༔ སྣང་སྟོང་མགོན་པོ་ཡབ་དང་ཡུམ༔ ཐབས་ཤེས་ཡབ་ཡུམ་མཉམ་སྦྱོར་བའི༔ དགའ་བ་བཞི་པོ་རྒྱུད་ལ་སྐྱེས༔ ཡིད་ཀྱི་སྒྲིབ་པ་ཀུན་དག་ནས༔ ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔ སྔགས་མཐར། མ་ཧཱ་མུ་དྲཱ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་རྣམས་ལ་ཤེས་རབ་ཡུམ་གྱི་དབང་བསྐུར་པས་མ་མགོན་ལྕམ་དྲལ་བཀའ་སྡོད་དང་བཅས་པ་བདེ་བ་ཆེན་པོའི་རང་རྩལ་དུ་དབང་དུ་འདུས་པར་གྱུར་ཅིག༔ དབང་བཞི་པ་ཚིག་གིས་ངོ་སྤྲོད་པའི་དོན་དམ་དེ་བཞིན་ཉིད་ཀྱི་དབྱིངས་སུ་མཉམ་པར་ཞོག་ཅིག །རང་བྱུང་གི་ཤེལ་རྡོ་ཕྱར་ལ། ཧཱུྃ༔ ཤེལ་དང་འཇའ་ཚོན་ཇི་བཞིན་དུ༔ ཆོས་ཀྱི་དབྱིངས་ལས་མ་མགོན་ཤར༔ རང་རིག་ཡེ་ཤེས་རྩལ་ལས་གྲུབ༔ གཉིས་སུ་འཛིན་པའི་སྒྲིབ་པ་སྦྱངས༔ རང་རིག་ངང་དུ་རྟོགས་པར་ཤོག༔ དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་སློབ་མ་རྣམས་ལ་རིག་པ་རྩལ་གྱི་དབང་བསྐུར་པས་མ་མགོན་ལྕམ་དྲལ་བཀའ་སྡོད་དང་བཅས་པ་རང་གི་སེམས་ལས་གཞན་དུ་མ་གྲུབ་པར་ཤེས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཤིས་བརྗོད་ཅི་རིགས་བྱ། དེ་རྣམས་ཀྱིས་སྟོད་ལས་ཀྱི་དབང་བཞི་གྲུབ་ནས། སྨད་ལས་དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་སྒྲུབ་པ་ལ་དབང་བའི་ཕྱིར་དུ་སྲུང་ཟློག་གསད་གསུམ་དང་མཐའ་སྡུད་རྣམས་ཀྱི་རྗེས་གནང་བྱིན་པས། རང་གཞན་བར་ཆད་ལས་སྲུང་ཞིང་ཆག་ཆེ་ཉམ་ང་ཟློག་པ་དང་། ཉམས་པ་བདུན་ལྡན་གྱི་ཡུལ་གྱུར་རྣམས་བསྒྲལ་ཞིང་། དགྲ་བགེགས་ཐམས་ཅད་ལྡང་མེད་དུ་གནོན་པ་དང་། འབར་བ་ཧོམ་གྱི་སྦྱོར་བས་སྲེག་པ་དང་། འཕང་བ་ཟོར་གྱིས་བར་ཆད་ཟློག་པའི་ནུས་རྩལ་ཐོགས་མེད་དུ་གྲུབ་པར་མོས་ཤིག །སྲུང་ཟློག་གསད་པ་མནན་སྲེག་འཕང་བའི་ཆས་རྣམས་གཏད་ལ། ཧཱུྃ༔ གསད་པ་སྤུ་གྲི་འབར་བ་དང༔ སྲུང་བ་རྡོ་རྗེ་ཕ་ལམ་ཆེ༔ ཟློག་པ་མཚོན་ཆའི་འཁོར་ལོར་འབར༔ བསྲེག་པ་ཧོམ་གྱི་སྦྱོར་བ་དང༔ འཕང་བ་གནམ་ལྕགས་ཐོག་དང་འདྲ༔ མནན་པ་རི་རབ་འབར་བ་ཡི༔ འཁོར་ལོ་ཐུན་རྫས་གཏད་པ་ཡིས༔ དགྲ་བགེགས་འདུལ་བའི་དབང་ཐོབ་ཤོག༔ དྲག་སྔགས་བརྗོད་ཅིང་གཏད་དོ། །བསྡུ་ན་དེ་ཙམ་གྱིས་ཆོག །སྤྲོས་བཅས་རྒྱས་པར་སྤྲོ་ན་དེ་འཕྲོས་སྔགས་པ་བདུད་ཆས་སུ་ཞུགས། ཧོམ་ལིང་བསྒྲལ་ཆས་རྣམས་མདུན་དུ་བཀོད། གསེར་སྐྱེམས། ཆད་མདོ་བསྐུལ་དང་ཟོར་གཏོར་རྣམས་བཤམ། དྲག་པོའི་མེ་ཧོམ་འདུ་བྱ། སློབ་དཔོན་དཔལ་ཧེ་རུ་ཀ་དང་སློབ་མ་མ་ཧཱ་ཀཱ་ལ་ཚོགས་ཀྱི་བདག་པོའི་གསལ་སྣང་དང་ང་རྒྱལ་བརྟན་པོ་བསྐྱེད་ལ། ཕྲིན་བཅོལ་གྱི་ལེའུ་ལྟར། ཧཱུྃ༔ ཆོས་དབྱིངས་ཡུམ་གྱི་མཁའ་ཀློང་ནས༔སོགས་ཀྱིས་ཐུགས་དམ་བསྐུལ། ཆད་ཐོ་བསྒྲག །གསེར་སྐྱེམས་སྤྱི་འགྲོ་གཏང་། ཧཱུྃ༔ ཡབ་གཅིག་མགོན་པོ་ནག་པོ་ནི༔སོགས་ཀྱིས་གསད་པའི་ཕྲིན་ལས་བཅོལ་ཞིང་གཟུ་དཔང་གསོལ་བའི་བར་བྱས་ལ། བདེན་བདར་འགུག་གཞུག་ལན་གསུམ་དང་། ཧཱུྃ༔ ཡེ་ཤེས་མགོན་པོ་མཐུ་རྩལ་ཅན༔སོགས་ཀྱིས་བཀུག་བསྟིམ། ལྷ་དབྱེ། ཐུན་རྣམས་རྡེག་ཅིང་གྲི་གུག་གིས་བསྒྲལ་བའི་བར་བཏང་ལ་སློབ་མ་ལའང་ལག་ལེན་བྱར་གཞུག །ཞལ་བསྟབ་སྐབས་ལིང་རོ་ཁྲག་སྐྱེམས་གཏོར་མར་བསྟབ་ཅིང་སློབ་མ་ལའང་སྦྱིན། དུམ་གཉིས་ཟུར་དུ་འཇོག ཧཱུྃ༔ མ་ཧཱ་ཀཱ་ལ་མཐུ་བོ་ཆེ༔སོགས་དམག་བསྐུལ་འཇུག་ཏུ་ཟོར་གཏོར་གནོད་པའི་ཕྱོགས་སུ་འཕེན་དུ་གཞུག །ཧོམ་སྦར་བའི་མེ་ནང་མགོན་པོ་འཁོར་བཅས་སྐད་ཅིག་གིས་གསལ་བ་ལ་ལིང་རོ་ཁྲག་སྐྱེམས་མཆོད་དུ་གཞུག་ཅིང་སྲེག་པའི་ཕྲིན་ལས་བཅོལ། སྒོ་དྲུང་དུ་དོང་བྲུས་པ་ལ་ལིང་རོ་དུམ་གཅིག་མནན་ལ་དེའི་ཕྲིན་ལས་བཅོལ། སྟེང་དུ་རྡོ་རྗེ་རྒྱ་གྲམ་གྱི་རྒྱས་བཏབ་ལ་བྲོ་བརྡུང་ཞིང་ཤིས་པ་བརྗོད་པ་རྣམས་བྱའོ། །རྒྱས་བསྡུས་གང་བྱས་ཀྱང་མཐའ་རྟེན་གཏོར་མའི་བཀའ་བསྒོ་བྱ་བ་ནི། རྟེན་གཏོར་དཔལ་འབར་བཙུགས་པ་སློབ་མའི་མགོ་ཐོག་ཏུ་བཟུང་ལ། གཏོར་སྣོད་དུར་ཁྲོད་དྲག་པོའི་གཞལ་ཡས་ཁང་དུ་གཏོར་མ་ཉིད་དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ཚོགས་ཀྱི་བདག་པོ་ཡབ་ཡུམ་བཀའ་སྡོད་དྲེགས་པ་སྡེ་བརྒྱད་ཀྱི་འཁོར་ཚོགས་དང་བཅས་པ་དངོས་སུ་གསལ་བ་ལ། ཁྱེད་རང་རྣམས་ཀྱིས་མོས་གུས་དྲག་ཏུ་བསྐྱེད་པས་སྤྱི་བོར་བྱོན། སློབ་དཔོན་གྱིས་བཀའ་བསྒོས་པའི་ཚེ། ཁྱེད་རང་གི་བྱང་ཆུབ་སྒྲུབ་པའི་བར་གཅོད་ནད་གདོན་དགྲ་བགེགས་ཐམས་ཅད་ཚར་བཅད་ཅིང་། མཐུན་རྐྱེན་ལེགས་ཚོགས་རབ་ཏུ་སྤེལ་བ་སོགས་ཕྲིན་ལས་རྣམ་བཞི་ཐོགས་པ་མེད་པར་སྒྲུབ་པ་ཞལ་གྱིས་བཞེས་པར་མོས་ཤིག །ཅེས་བྱས་ལ། ཕྲིན་ལས་ནས་འབྱུང་བ་ལྟར། ཧཱུྃ༔ ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང༔སོགས་ཀྱིས་བསྟོད། ཕྲིན་བཅོལ་ཚིག་ལྷུག་མཇུག་གི་འཁོར་དང་བཅས་པ་ཞེས་པའི་བར་བརྗོད་ལ། ཁྱེད་རྣམས་ཀྱིས་ཀུན་བཟང་ཆེ་མཆོག་ཧེ་རུ་ཀ་དཔལ་ནས་རིམ་པར་བྱོན་པའི་རྩ་བརྒྱུད་རིག་འཛིན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ཚིག་གི་ཆད་མདོ་རྗེས་སུ་དྲན་པར་མཛོད་ལ། རྡོ་རྗེའི་སློབ་མ་འདིའི་སྲུང་མ་མཛད་ཅིང་ལུས་དང་གྲིབ་མ་བཞིན་འབྲལ་བ་མེད་པར་འགྲོགས་ཏེ། ནད་གདོན་བར་ཆད་ཞི་བ་དང་། ཚེ་བསོད་དཔལ་འབྱོར་རྒྱས་པ་དང་། ཡིད་ལ་འདོད་པ་ཐམས་ཅད་དབང་དུ་འདུ་བ་དང་། དམ་ཉམས་དགྲ་བགེགས་ལོག་པར་སྤྱོད་ཅིང་བར་ཆད་ཀྱི་རྐྱེན་བྱེད་པ་ཐམས་ཅད་ཐལ་བ་རྡུལ་བཞིན་དུ་བརླག་པ་སོགས་རྣམ་བཞིའི་ཕྲིན་ལས་ཐམས་ཅད་གཡེལ་བ་མེད་པ་སྒྲུབ་པར་མཛད་དུ་གསོལ། ཞེས་པའི་མཐར། གཏོར་མའི་ལྷ་ཚོགས་འོད་དུ་ཞུ་ནས་སློབ་མ་ལ་ཐིམ་པར་གྱུར། ཅེས་བསྒོམ། ཤིས་པ་བརྗོད། དེ་ལྟར་ཟབ་ཅིང་གཉན་པའི་དབང་བསྐུར་ལེགས་པར་ཐོབ་པ་ལ་མགོན་པོ་ཉིད་རྟག་ཏུ་མི་འབྲལ་བར་སྲུང་སྐྱོབ་མཛད་པ་ཆོས་ཉིད་ཡིན་པས། ཁྱོད་རྣམས་གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་གི་རིམ་པ་སྤྱི་དང་། བྱེ་བྲག་མགོན་པོའི་རྟེན་སྒྲུབ་མཆོད་པའི་དམ་རྫས་རྣམས་ཚུལ་བཞིན་དུ་འཆང་ཞིང་སྣོད་དུ་མ་གྱུར་པ་ལ་སྐུ་དང་སྔགས་རྒྱ་དམ་རྫས་རྣམས་མི་བསྟན། བྱ་ནག་ཁྱི་ནག་ལ་རྡོ་མི་བརྡེག །དུས་རྟག་ཏུ་མཆོད་གཏོར་སྐོང་བཤགས་ལ་བརྩོན། ཁྱད་པར་ཚེས་བརྒྱད་དང་། བཅོ་ལྔ་དང་། ཉི་ཤུ་དགུ་རྣམས་ལ་དུས་ཀྱི་གཏོར་མ་མ་ཆད་པ་སོགས་ཇི་སྐད་བཤད་པའི་དམ་ཚིག་ཚུལ་བཞིན་དུ་བསྲུང་དགོས་པས་དེ་ལྟར་བགྱི་བའི་བློས་ཁས་བླང་བ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །དང་། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོ་རྣམས་སྤྱི་ལྟར་བྱས་ལ་སློབ་མ་གྱེས། གསུམ་པ་རྗེས་ཀྱི་བྱ་བ་ནི། སླར་ཡང་གཏོར་མ་གསོས་ལ་སྐོང་བཤགས་གཏང་། གོང་དུ་ཚོགས་མཆོད་ཕུལ་ན་དམ་རྫས་རོལ་ཅིང་ལྷག་མ་གཏང་། བསྒྲལ་ལས་རྒྱས་པ་མ་བྱས་ན་བསྐུལ་དང་ཆད་མདོ་གཏང་ལ་བྲོ་བརྡུང་། མཆོད་ཁ་གསོས་ལ། གཏང་རག་མཆོད་བསྟོད་བྱ། ཡིག་བརྒྱ་བརྗོད་ཅིང་ནོངས་བཤགས་བཟོད་གསོལ། ཡེ་ཤེས་པ་རྟེན་ཡོད་མེད་དང་བསྟུན་པའི་བརྟན་བཞུགས་དང་གཤེགས་གསོལ། དམ་ཚིག་པ་རང་ལ་བསྟིམ་ཞིང་དགེ་བསྔོ་ཤིས་བརྗོད་རྣམས་སྤྱི་ཆིངས་ལྟར་བྱས་པས་གྲུབ་བོ། །རབ་རྒྱས་ཡེ་ཤེས་གཟི་བརྗིད་ཀྱིས། །བདུད་སྡེའི་དཔུང་ཚོགས་ཕྱིར་བསྙིལ་ཏེ། །ཆོས་སྐྱོང་ཚོགས་ཀྱི་རྗེ་བཙན་དང་། །དབྱེར་མེད་ཆེ་བའི་མཆོག་འགྲུབ་ཤོག །ཅེས་སྤྲུལ་པའི་གཏེར་སྟོན་ཆེན་པོས་རྗེས་སུ་གནང་བ་དང་། རྣམ་གསལ་བལྟས་ཆོག་རང་འདྲའི་བློ་དམན་ལ་ཕན་པའི་བསམ་པས་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།

ཟབ་བདུན་བཀའ་སྲུང་ལས་མགོན་གྱི་སྒྲུབ་ཐབས་ (Volume 37, Text 7)

༁ྃ༔ ཟབ་བདུན་བཀའ་སྲུང་ལས་མགོན་གྱི་སྒྲུབ་ཐབས་བཞུགས་སོ༔ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ དམ་ཚིག་ལྡན་པའི་རྣལ་འབྱོར་པས༔ ལས་མགོན་བསྙེན་ཅིང་སྒྲུབ་འདོད་ན༔ དུར་ཁྲོད་འབར་བའི་གནས་མཆོག་ཏུ༔ སྟེགས་བུ་བརྩེགས་ཤིང་དཀྱིལ་འཁོར་བྲི༔ དབུས་སུ་དུར་ཁྲོད་རོ་རས་ལ༔ ཁྲག་ཆེན་དག་གིས་བྲིས་པའི་སྐུ༔ གྲི་སྙིང་དང་ནི་ནལ་བུའི་སྙིང༔ སྔགས་བྱང་བླ་རྡོ་ཐུན་རྫས་བཤམ༔ མདའ་དར་ནག་པོ་མེ་ལོང་ཅན༔ ཤ་ཁྲག་གིས་བརྒྱན་གཏོར་མ་བཤམ༔ མཆོད་པ་སྤྱན་གཟིགས་ཅི་འབྱོར་བཀྲམ༔ སྐྱབས་འགྲོ་སེམས་བསྐྱེད་ཚོགས་བསགས་ཤིང༔ བགེགས་བསྐྲད་མཚམས་གཅོད་མཆོད་བྱིན་བརླབ༔ རྟེན་རྣམས་མགོན་པོའི་དཀྱིལ་འཁོར་བསྒོམ༔ སྤྱན་དྲངས་མཆོད་བསྟོད་ཚུལ་བཞིན་བྱ༔ མ་ཧཱ་ཀཱ་ལ་ཡབ་ཡུམ་གྱི༔ ཐུགས་ཀར་ཉི་སྟེང་ཧཱུྃ་དང་བྷྱོ༔ སོ་སོའི་སྔགས་ཀྱིས་བསྐོར་བ་ལ༔ རང་གི་ཐུགས་ཀའི་འོད་ཀྱིས་ཕོག༔ སྔགས་ནི་བྱང་སེམས་རང་བཞིན་ཅན༔ ཡབ་ཡུམ་ཞལ་གསང་བརྒྱུད་པས་བསྐོར༔ སྔོན་གྱི་དམ་བཅའ་དྲན་པ་དང༔ བདེ་བ་ཆེན་པོའི་ཉམས་འབར་ནས༔ དངོས་གྲུབ་ཐམས་ཅད་སྩོལ་བ་དང༔ ཕྲིན་ལས་ཐམས་ཅད་འགྲུབ་པར་བསམ༔ གྲུབ་ནས་དངོས་གྲུབ་བསྐུལ་ནས་ཀྱང༔ རྟེན་ལ་བསྟིམ་ཞིང་བསྔོ་བ་བྱ༔ ཞག་བདུན་བརྩམས་པས་འགྲུབ་པར་འགྱུར༔ ས་མ་ཡ༔ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ མ་མགོན་སྒྲུབ་པའི་ཕྲིན་ལས་ནི༔ མདུན་དུ་དུར་ཁྲོད་ཆེན་པོའི་དབུས༔ བྷྲཱུྃ་ལས་ཐོད་མཁར་གྲུ་གསུམ་ནང༔ འཁོར་ལོ་རྩིབས་བརྒྱད་ལྟེ་བ་ལ༔ པདྨ་ཉི་མར་དགྲ་བགེགས་སྟེང༔ ཧཱུྃ་ལས་སྲས་མཆོག་ནག་པོའི་སྐུ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ བེར་ནག་གསོལ་ཞིང་དུར་ཁྲོད་ཆས༔ གྲི་གུག་དང་ནི་ཐོད་ཁྲག་འཛིན༔ བདུད་རྟ་ནག་པོ་རླུང་གཤོག་འཆིབ༔ དེ་ཡི་པང་དུ་རེ་མ་ཏི༔ མེ་ལོང་དང་ནི་ཕུར་པ་འཛིན༔ གཡང་གཞི་རེ་ལྡེའི་ཤམ་ཐབས་སོགས༔ མ་མོ་རོལ་པའི་ཆས་ཀྱིས་བརྒྱན༔ ཐབས་ཤེས་བདེ་སྟོང་འཁྲིལ་སྦྱོར་གྱིས༔ མེ་རླུང་འཁྲུགས་པའི་ཀློང་དུ་གསལ༔ ཕྱི་རོལ་འཁོར་ལོ་རྩིབས་བརྒྱད་ལ༔ རང་འདྲའི་ཡབ་ཡུམ་རྟ་ཞོན་བཞི༔ དྲེལ་ཞོན་རྣམས་ཀྱང་ཆ་ལུགས་རྫོགས༔ གཟའ་ཀླུ་བདུད་བཙན་ཕོ་ཉར་འགྱེད༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ དེ་ལས་འོད་འཕྲོས་སྤྱན་དྲངས་བསམ༔ ཧཱུྃ༔ འོག་མིན་གནས་མཆོག་དམ་པ་དང༔ གསང་ཆེན་ལྷུན་གྲུབ་གཙུག་ལག་ཁང༔ དུར་ཁྲོད་ཆེན་པོ་བརྒྱད་རྣམས་ནས༔ མ་མགོན་ལྕམ་དྲལ་སྤྱན་འདྲེན་གྱིས༔ ཡེ་ཤེས་མགོན་པོ་གཤེགས་སུ་གསོལ༔ དམ་ཚིག་མགོན་པོ་གཤེགས་སུ་གསོལ༔ ལས་ཀྱི་མགོན་པོ་གཤེགས་སུ་གསོལ༔ དཔལ་ལྡན་ལྷ་མོ་གཤེགས་སུ་གསོལ༔ དྲེགས་པ་སྡེ་བརྒྱད་གཤེགས་སུ་གསོལ༔ ཤྲཱི་མ་ཧཱ་ཀཱ་ལ་ཀཱ་ལི་ཨེ་ཨཱ་རལླི་ཧྲཱིང་ཛ༔ ཛཿཧཱུྃ་བཾ་ཧོ༔ དེ་བཞིན་གཤེགས་པ་རིགས་ལྔ་ཡིས༔ དབང་བསྐུར་རིགས་ལྔས་དབུ་བརྒྱན་བསམ༔ པདྨ་ཉི་མའི་གདན་ལ་གཞུགས༔ སྔོན་གྱི་ཐུགས་དམ་མ་གཡེལ་བར༔ སྐུ་གསུང་ཐུགས་ལ་ཕྱག་འཚལ་ལོ༔ ཧཱུྃ༔ དབང་པོའི་མེ་ཏོག་ཚིལ་ཆེན་གསུར༔ ཞུན་ཆེན་མར་མེ་ཁྲག་མཁྲིས་དྲི༔ ཤ་རུས་ཞལ་ཟས་རྐང་གླིང་སྒྲ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨན༔ རཀྟ་ཤ་ཆེན་ལང་ལིང་བཅས༔ བཟའ་བཅའི་གཏོར་མ་བསམ་མི་ཁྱབ༔ སྦྱོར་སྒྲོལ་གསང་བའི་མཆོད་སྤྲིན་གྱིས༔ མ་ཧཱ་ཀཱ་ལ་འཁོར་བཅས་མཆོད༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཀཱ་ལི་ས་པ་རི་ཝཱ་ར་པུཥྤེ་ནས་ཤབྡ་ཀཱ་མ་གུ་ཎ་མ་ཧཱ་ཏ་ན་གྷ་ཎ་པཱུ་ཛ་ཧོ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་སྙིང་རྗེ་ཁྲོས་པའི་སྐུ༔ གཏུམ་ཆེན་དུས་མཐའི་མུན་ལྟར་གཏིབས་པའི་སྐུ༔ སྲིན་པོ་ཁྲོས་འདྲ་ཞལ་གདངས་མཆེ་བ་གཙིགས༔ སྐུ་གསུམ་ཡེ་ཤེས་སྤྱན་ནི་ཉི་ལྟར་འབར༔ སྨ་ར་སྨིན་མ་རལ་པ་ཁམ་ནག་འཁྲུགས༔ ཐོད་སྐམ་རིན་ཆེན་ལྔ་ཡིས་དབུར་བརྒྱན་ཅིང༔ སྦྲུལ་ནག་རལ་པ་ནག་པོས་ས་གཞི་ཁྱབ༔ ལྟག་ན་སྤྱན་གཅིག་མ་མོ་དབང་དུ་སྡུད༔ གཡས་པས་གྲི་གུག་དགྲ་བོའི་སྲོག་རྩ་གཅོད༔ གཡོན་པས་བྷཉྫ་དམ་ཉམས་སྙིང་ཁྲག་འཐུང༔ དར་ནག་བེར་བརྩེགས་གསེར་རྐེད་མི་ལྤགས་བཅིངས༔ དམག་རྫོང་ཆེན་པོ་བེང་ཕུར་རྐེད་ལ་བཙུགས༔ སག་ལྷྭམ་ཡུ་རིང་གསོལ་ནས་རོལ་སྟབས་ཀྱིས༔ བདུད་རྟ་བཅིབས་ནས་གླིང་བཞི་ཁྱབ་པར་རྒྱུག༔ གར་བསྐུལ་ས་རུ་མི་རོ་རགས་སུ་བརྩེགས༔ ཟློག་པས་མི་བཟློག་སྔགས་ཟློག་མཁན་གྱི་གཤེད༔ མ་མོ་དྲེགས་པའི་ཚོགས་ཀྱི་ཚོགས་དཔོན་མཛད༔ དཔལ་མགོན་ནག་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ བྷྱོ༔ དེ་ཡི་ཡུམ་མཆོག་སྲིད་པའི་རྒྱལ་མོ་ནི༔ རྨ་བྱ་སེང་གེ་སྦྲུལ་གྱིས་དབུ་བརྒྱན་ཅིང༔ དུར་ཁྲོད་ཆས་ཅན་རེ་ལྡེའི་ཤམ་ཐབས་གསོལ༔ སྣང་སྲིད་རབ་གསལ་མེ་ལོང་ཕུར་པ་འཛིན༔ ལྟེ་བའི་ཐད་ནས་ཉི་མ་ཟླ་བ་ཤར༔ ཞབས་གཉིས་འཁྲིལ་བས་མཁའ་གསང་ཡབ་ལ་སྟོབ༔ ཁྱོད་ནི་བདུད་ཀྱི་ལྕམ་ལ་གཤིན་རྗེའི་ཡུམ༔ ནད་ཀྱི་བདག་མོ་སྨན་གྱི་གཙོ་མོ་མཛད༔ དཔལ་ལྡན་ལྷ་མོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ བཀའ་སྡོད་ནག་པོ་ཆེན་པོ་ལྕམ་དྲལ་བརྒྱད༔ ཡང་འཁོར་གཟའ་ཀླུ་བདུད་བཙན་ཕོ་ཉར་འགྱེད༔ སངས་རྒྱས་བསྟན་པ་སྲུང་བའི་མཐུ་སྟོབས་ཅན༔ དམ་ཅན་སྲུང་མར་བཅས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ དཔལ་མགོན་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས༔ དམ་རྫས་དམར་གྱི་གཏོར་མ་འདི་བཞེས་ཤིག༔ བདུད་རྩི་སྨན་གྱི་མཆོད་པ་འདི་བཞེས་ཤིག༔ རཀྟ་དམར་གྱི་ཨརྒྷཾ་འདི་བཞེས་ཤིག༔ ཕྱི་ནང་གསང་བའི་མཆོད་པ་འདི་བཞེས་ལ༔ དཔལ་མགོན་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས༔ དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་སྲིངས༔ རྣལ་འབྱོར་བདག་ལ་སྡང་བའི་དགྲ་བོ་སྒྲོལ༔ མཆེད་ལྕམ་འཁོར་དང་དཀོར་ནོར་སྐྱོང་བ་དང༔ རྐྱེན་དང་བར་ཆད་ཐམས་ཅད་ཟློག་ཏུ་གསོལ༔ མཆོག་དང་ཐུན་མོང་དངོས་གྲུབ་མྱུར་དུ་སྩོལ༔ ཕྲིན་ལས་གསོལ་ཞིང་རྟེན་ལ་གཉིས་མེད་བསྟིམ༔ དཔལ་མགོན་ལྕམ་དྲལ་མཉེས་ཤིང་ཕྲིན་ལས་འགྲུབ༔ ༁ྃ༔ ཡང་གཅིག་མན་ངག་བསྟན་པ་ནི༔ མ་མགོན་ལྕམ་དྲལ་སྐུ་གཟུགས་རྟེན༔ དེ་ཡི་སྟེང་དུ་འབྲུ་སྣ་དང༔ ཤ་ཁྲག་གཏོར་མ་བརྗིད་ལྡན་བཤམ༔ བྱིན་གྱིས་བརླབས་ལ་མགོན་པོར་བསྐྱེད༔ རང་གི་ཐུགས་ཀའི་འོད་ཟེར་གྱིས༔ མགོན་པོ་ཡབ་ཡུམ་ཐུགས་རྒྱུད་བསྐུལ༔ ཅི་བཅོལ་ལས་རྣམས་སྒྲུབ་པར་བསམ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་ཡཀྵ་བཻ་ཏ་ལི་ཧཱུྃ༔ སྦྲེལ་ཞིང་བཟླས་པས་རྟགས་རྣམས་འབྱུང༔ ས་མ་ཡ༔ དགྲ་བོ་ཆམ་ལ་འབེབ་པའི་ཕྱིར༔ དུར་ཁྲོད་གནས་སུ་སྟེགས་བུའི་སྟེང༔ མགོན་པོའི་སྐུ་བཤམས་དེ་ཡི་མདུན༔ འབྲུ་ནག་ཁྲག་ཆང་དུག་གི་གཏོར༔ ཟུར་གསུམ་རྩེ་མོར་སྲུང་འཁོར་དང༔ སྨད་ཆར་མིང་བྱང་གསད་འཁོར་བཅུག༔ མགོན་པོ་ཡབ་ཡུམ་དྲེགས་པར་སྐྱེད༔ མདུན་དུ་བཙོན་ཁང་དྲག་པོའི་ནང༔ དགྲ་བགེགས་བསྐྱེད་ཅིང་ཡང་ཡང་བསྟིམ༔ གསོད་དམིགས་མགོན་པོའི་གཞུང་ལྟར་བྱ༔ ལས་འགྲུབ་གཏོར་མ་ཟོར་དུ་འཕང༔ དགྲ་བོ་ཕུང་ཐལ་བརླག་པར་འགྱུར༔ ས་མ་ཡ༔ སྲུང་བ་མགོན་པོའི་གུར་ཁང་བསྒོམ༔ རང་མིང་རཀྵའི་སྔགས་མཇུག་བཏགས༔ ཟློག་པ་མགོན་པོའི་དམག་དཔུང་སྤྲོ༔ བར་ཆད་བྷྱོ་ཟློག་ཤམ་བུ་བཏགས༔ གསད་པ་དགྲ་བོ་མཱ་ར་ཡ༔ ཏིང་འཛིན་སྔགས་ཀྱི་འཕྲུལ་འཁོར་བྱ༔ ལས་རྣམས་ཐོགས་མེད་མྱུར་དུ་འགྲུབ༔ ས་མ་ཡ༔ དམ་ཉམས་བསྒྲལ་ཕྱིར་ལིངྒའི་སྟེང༔ ལྷུང་བཟེད་ཁ་སྦུབ་མཁར་གསིལ་དང༔ ཆོས་གོས་ཀྱིས་བཀབ་མདོ་སྒྲོག་ཅིང༔ ཉམས་པ་བསྟན་བཤིགས་འདི་ཞེས་པས༔ བསྟན་པ་བཤིག་པ་འདི་བཞིན་ལ༔ མགོན་པོ་ཁྱོད་ཀྱིས་སྲོག་ལས་མཛོད༔ ཅེས་པའི་དམོད་བོར་འགུག་གཞུག་བྱ༔ དེ་ཡིས་དགྲ་བོ་མྱུར་དུ་བརླག༔ ས་མ་ཡ༔ ཐུགས་དམ་གནད་ནས་བསྐུལ་བ་ནི༔ ཧཱུྃ༔ བསིལ་བ་ཚལ་གྱི་དུར་ཁྲོད་དང༔ ཁྱད་པར་རླུང་ནག་འཚུབས་ཀློང་ནས༔ མ་མགོན་ལྕམ་དྲལ་སྐུ་བཞེངས་ཤིག༔ བདག་ནི་སངས་རྒྱས་བསྟན་པ་འཛིན༔ ཁྱོད་ནི་བསྟན་པ་སྲུང་བར་བསྐོས༔ ད་ནི་བསྟན་པ་འཇིག་ལ་ཉེ༔ བསྟན་པའི་དགྲ་ལ་ལས་མཛོད་ཅིག༔ ཡིད་ལ་བརྣགས་པ་མྱུར་དུ་སྒྲོལ༔ མགོན་པོ་ལས་ལ་ཆས་པའི་ཚེ༔ ཞལ་ནི་སྤྲིན་ནག་འཁྲུགས་པ་འདྲ༔ ཕྱག་ན་རྩེ་གསུམ་གྲི་གུག་ཐོགས༔ བདུད་རྟ་ནག་པོ་རླུང་གཤོག་འཆིབ༔ ནག་པོ་འབུམ་གྱི་ཇག་པ་འགྱེད༔ བྱ་ནག་འབུམ་ནི་ཀླད་ན་ལྡིང༔ ཁྱི་ནག་འབུམ་ནི་རོལ་དུ་ཁྲིད༔ ཕོ་ཉ་གཟའ་རྒོད་ཀིང་ཀང་འབེབ༔ ཀླུ་བདུད་ནག་པོས་མཛེ་ནད་ཐོངས༔ བཙན་རྒོད་དམར་པོས་གྲི་འཐབ་ཐོངས༔ བདུད་ཀྱི་ཞགས་པ་ནག་པོ་ཐོབས༔ བྷྱོ༔ ཡུམ་ཆེན་སྲིད་པའི་རྒྱལ་མོ་ནི༔ འདྲེ་མོ་ནག་མོའི་ཆ་ལུགས་ཅན༔ ཕྱག་ན་རྩེ་གསུམ་ནད་རྐྱལ་བསྣམས༔ དྲེལ་རྟ་རྐང་གསུམ་རླུང་གཤོག་འཆིབ༔ ཁྱོད་ཀྱི་སྤྲུལ་པའི་མཚོན་ཆ་ལྔ༔ མཚོན་ཆའི་དྲུ་བུ་དགྲ་ལ་ཕོངས༔ ནད་ཀྱི་རྐྱལ་པ་དགྲ་ལ་ཕྱེས༔ དཀར་ནག་སྒྲིལ་བའི་ཤྭ་ལ་ཐོབས༔ དགྲ་བོ་གཤིན་རྗེའི་ཁྲོམ་ལ་ཐོབས༔ གསོད་པའི་ལས་མཛད་མ་མོ་བདུན༔ གཤའ་གྲི་དམར་པོ་ལག་ན་ཐོགས༔ རླུང་ནག་ཞོན་ནས་དགྲ་བོ་གསོད༔ དམག་རྒྱལ་བཞི་དང་སྲིང་མོ་བཞི༔ མ་མོ་ཐམས་ཅད་ལས་ལ་ཆོས༔ སྲོག་ལ་བསྡོས་ནས་ཁྱོད་བསྒྲུབས་པས༔ རེ་བའི་དོན་འབྲས་ད་རེས་ཡིན༔ བསྟན་པའི་དགྲ་བོ་མ་བསྒྲལ་ན༔ ཁྱོད་ཀྱིས་ཞལ་བཞེས་ཉམས་པར་འགྱུར༔ དེ་བས་དགྲ་ལ་རྟགས་ཐོངས་ཤིག༔ ལོ་དང་ཟླ་བར་མ་བཞག་ཅིག༔ ཞག་དང་ཟ་མར་མ་འགོར་བར༔ སྲོག་རྩ་ཆོད་ལ་སྙིང་ཁྲག་ཐུངས༔ དུས་ལ་བབ་བོ་ས་མ་ཡ༔ ཞེས་བསྐུལ་གོས་བརྡབ་དམོད་མོ་བྱ༔ མ་མགོན་ལས་ལ་ཆས་ནས་སུ༔ དགྲ་བོ་མྱུར་དུ་གསོད་པར་འགྱུར༔ ས་མ་ཡ༔ རིན་ཆེན་ཤིང་ངམ་རྫ་མ་སོགས༔ རི་རབ་བང་རིམ་ལྔ་པ་ཡི༔ སྟེང་དུ་ཐོད་མཁར་གྲུ་གསུམ་དུ༔ མ་མགོན་སྐུ་དང་སྔགས་བྱང་དང༔ གྲི་སྙིང་སྲོག་གི་འཁོར་ལོ་དང༔ མཚལ་དང་འབྲས་བུ་ཤིང་ལོ་སོགས༔ ནལ་བུའི་སྙིང་དང་ཕྱོགས་མཚམས་སུ༔ རྟ་ནག་གཡག་ནག་ལུག་ནག་དང༔ ཁྱི་ནག་བྱ་ནག་བྱ་མོ་ནག༔ སྙིང་དང་བཀའ་སྡོད་སྐུ་གསུང་ཐུགས༔ བང་རིམ་དྲེགས་པ་སུམ་ཅུ་ཡི༔ སྐུ་གཟུགས་སྔགས་བྱང་རྟེན་རྫས་བཤམ༔ བྱིན་རླབས་རི་རབ་ཆེན་པོའི་སྟེང༔ ཐོད་མཁར་སོ་སོའི་ནང་དག་ཏུ༔ མ་མགོན་དྲེགས་པའི་ཚོགས་རྣམས་བསྐྱེད༔ སྤྱན་དྲངས་མཆོད་བསྟོད་བཟླས་པ་བྱ༔ རྔ་ཆེན་བརྡུང་ཞིང་ཤ་ཆེན་བདུག༔ དར་ནག་གཡབ་ཅིང་རྐང་གླིང་འབུད༔ ཧཱུྃ༔ གསོན་ཅིག་དགོངས་ཤིག་ནག་པོ་ཆེ༔ སྐུ་ནི་ཆར་སྤྲིན་འཁྲུགས་པ་འདྲ༔ ཞལ་གདངས་ལྗགས་ནི་གློག་དམར་འཁྱུག༔ མཆེ་བ་ཟླ་ཚེས་སྤུ་གྲིའི་ཚེམས༔ སྤྱན་ནི་ཉི་མ་ལྟར་འབར་ཞིང༔ སྨར་སྨིན་དབུ་སྐྲ་བསྐལ་པའི་མེ༔ བེར་ཆེན་བསྐལ་པའི་མུན་པ་ལྟར༔ ཕྱག་གཡས་གྲི་གུག་ནམ་མཁར་ཕྱར༔ གཡོན་པས་ཐོད་པ་ཁྲག་བཀང་གསོལ༔ བེང་ཆེན་རྐེད་བཙུག་ལྷ་དམག་འགྱེད༔ སག་ཏིའི་ལྷྭམ་གསོལ་རོལ་སྟབས་ཀྱིས༔ རྫུ་འཕྲུལ་རྟ་ནག་རླུང་གཤོག་འཆིབ༔ སྐུ་གསུང་ཐུགས་ཀྱི་རྟེན་འདི་ལ༔ ཇི་སྲིད་བར་དུ་བཞུགས་ནས་ཀྱང༔ སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ༔ སངས་རྒྱས་བསྟན་པ་གཉན་པོ་སྲུངས༔ དཀོན་མཆོག་དབུ་འཕང་གཉན་པོ་བསྟོད༔ དཔལ་ལྡན་བླ་མའི་སྐུ་ཚེ་སྲིངས༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ ནད་གདོན་བར་ཆད་ཞི་བ་དང༔ ཚེ་དང་བསོད་ནམས་རྒྱས་པར་མཛོད༔ གང་འདོད་ཐམས་ཅད་དབང་དུ་སྡུས༔ འཁོར་དང་དཀོར་ནོར་སྐྱོང་བ་དང༔ ཉིན་གྱི་དུས་སུ་བྱ་ར་དང༔ མཚན་གྱི་དུས་སུ་མེལ་ཚེ་མཛོད༔ སྡང་བའི་དགྲ་ལ་རྟགས་ཐོངས་ཤིག༔ གནོད་པའི་བགེགས་ལ་ལས་མཛོད་ཅིག༔ བསྟན་པའི་དགྲ་བོ་བསྒྲལ་དུ་གསོལ༔ བྷྱོ༔ དཔལ་ལྡན་ལྷ་མོ་སྲིད་པའི་རྒྱལ༔ སྐུ་ནི་མུན་པ་ལྟ་བུའི་མདོག༔ རི་རབ་ཆེན་པོའི་ཟོམ་ལ་གནས༔ ལྟེ་བའི་ཐད་ནས་ཉི་ཟླ་འཆར༔ ཕྱག་ན་མེ་ལོང་སྦྲུལ་ཞགས་བསྣམས༔ རྨ་བྱའི་ཐོར་ཚུགས་ལྡེམས་སེ་ལྡེམ༔ སེང་གེ་སྦྲུལ་གྱིས་རྣ་བ་བརྒྱན༔ མི་ལྤགས་གཡང་གཞི་རེ་ལྡེ་གསོལ༔ རྫུ་འཕྲུལ་དྲེལ་རྟ་རྐང་གསུམ་བཅིབས༔ མཁའ་འགྲོ་འབུམ་གྱི་ཚོགས་དང་བཅས༔ སྐུ་གསུང་ཐུགས་ཀྱི་སོགས་ནས། བསྒྲལ་དུ་གསོལ༔ བར། ཧཱུྃ༔ བཀའ་སྡོད་ལྕམ་དྲལ་བཅུ་དྲུག་དང༔ དྲེགས་པའི་སྡེ་དཔོན་སུམ་ཅུ་ཡང༔ སྐུ་གསུང་ཐུགས་ཀྱི་སོགས། སྤྲོ་ན་བཀའ་སྡོད་དྲེགས་པ་ཡི༔ མིང་དང་ཆ་ལུགས་སྨྲོས་ཏེ་འབུལ༔ གལ་ཆེ་དེ་བཞིན་མདོས་ཀྱང་བྱ༔ ཧཱུྃ༔ དཔལ་ལྡན་མ་ཧཱ་ཀཱ་ལ་ནི༔ རི་རབ་ཆེན་པོའི་ཟོམ་ལ་བརྟེན༔ སྐུ་ནི་སྲིད་པ་གསུམ་དང་མཉམ༔ སྤྱན་ནས་བསྐལ་པའི་མེ་ཆེན་འབར༔ ཞལ་ནས་བསྐལ་པའི་ཆུ་ཆེན་འབྲུབ༔ ཤངས་ནས་བསྐལ་པའི་རླུང་ནག་འཚུབ༔ སྙན་ནས་བསྐལ་པའི་འབྲུག་སྟོང་སྒྲོག༔ ཕྱག་གཉིས་ཙནྡན་བིང་ཆེན་བརྟེན༔ བསྐལ་པའི་མུན་ལྟར་བེར་ཆེན་གསོལ༔ ལྷ་དམག་དཀར་པོའི་དབུགས་འབྱིན་ཅིང༔ ལྷ་མིན་གཡུལ་ངོ་ཟློག་པར་བྱེད༔ ཤཱཀྱ་ཐུབ་པས་དབང་བསྐུར་ནས༔ བསྟན་སྲུང་ཀུན་གྱི་གཙོ་བོར་བསྔགས༔ མ་ཧཱ་ཀཱ་ལ་ཚོགས་ཀྱི་བདག༔ དཔལ་འབར་ལེགས་ལྡན་ནག་པོ་ལ༔ སྣང་སྲིད་མདོས་ཀྱི་མཆོད་པ་འབུལ༔ ཡེ་ཤེས་ལྔ་ཡི་ནམ་མཁའ་དང༔ ཐབས་ཤེས་རང་བཞིན་མདའ་དང་འཕང༔ སྐུ་གསུང་ཐུགས་ཀྱི་རྒྱང་བུ་དང༔ བདུད་ལས་རྒྱལ་བའི་རྒྱལ་མཚན་དང༔ སྙན་པ་སྒྲོག་པའི་བ་དན་དང༔ སྐུ་གླུད་རྒྱན་དང་ལྡན་པ་རྣམས༔ མ་ཧཱ་ཀཱ་ལའི་ཚོགས་ལ་འབུལ༔ བྷྱོ༔ ཤཱཀྱ་ཐུབ་པའི་བསྟན་པ་ལ༔ སྲུང་མ་ཆེན་པོ་མཐུ་རྩལ་ཅན༔ བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ༔ འདོད་པ་ཁམས་ཀྱི་བདག་མོ་ལ༔ སྣང་སྲིད་མདོས་ཀྱི་སོགས། གོང་བཞིན་ཕྲིན་ལས་གསོལ་བ་དང༔ འཁོར་གྱི་ཚོགས་ལ་འབུལ་བར་བྱ༔ མི་རྟ་བྱ་ཁྱི་ཁྲི་འབུམ་འབུལ༔ ཧཱུྃ༔ ང་ནི་སྣང་སྲིད་ཀུན་གྱི་རྗེ༔ མ་མོ་མཁའ་འགྲོའི་ཚོགས་དཔོན་ཆེ༔ མ་ཧཱ་ཀཱ་ལ་མཐུ་བོ་ཆེ༔ ལེགས་ལྡན་ནག་པོ་ཚོགས་ཀྱི་བདག༔ ཕོ་རྒྱུད་མོ་རྒྱུད་ཀུན་འདུས་པའི༔ དཔལ་མགོན་མ་ནིང་ནག་པོ་ལ༔ མོན་པ་མི་ནག་ཁྲི་དང་འབུམ༔ རྟ་ནག་དར་གྱིས་བརྒྱན་པ་འབུམ༔ བྱ་ནག་བྱེ་བ་ས་ཡ་དང༔ ཁྱི་ནག་ལྕགས་ཀྱི་མཆེ་བ་ཅན༔ དགྲ་བོ་གསོད་པའི་ཤན་པ་འབུམ༔ ས་གཞི་བར་སྣང་གང་བར་འབུལ༔ ནག་པོ་འབུམ་གྱི་ཕོ་ཉ་ཡིས༔ བསྟན་པའི་དགྲ་བོ་ཆམ་ལ་ཕོབ༔ དམག་དཔུང་གཡུལ་ངོ་ཟློག་ཏུ་གསོལ༔ བྷྱོ༔ མཁའ་ལ་དབང་བསྒྱུར་རེ་མ་ཏཱི༔ མགོན་པོ་ཀུན་གྱི་ལྕམ་གཅིག་མ༔ དམག་གི་རྒྱལ་མོ་ཆེན་མོ་དང༔ དེ་སོགས་འཁོར་རྣམས་ཀུན་ལ་འབུལ༔ བརྟན་བཞུགས་ལས་ལ་འགྱེད་པ་འམ༔ དགོས་པའི་དོན་དང་སྦྱར་ཏེ་བྱ༔ ལྷ་སྲུང་རྟེན་ལ་འཁོར་བ་དང༔ དངོས་གྲུབ་ཐམས་ཅད་འདུ་བར་འགྱུར༔ བར་ཆད་ཟློག་པའི་གདམས་པ་མཆོག༔ ཁྲག་འཐུང་ནག་པོ་བདག་གིས་གདམས༔ ཨོ་རྒྱན་མཆོག་གྱུར་གླིང་པའི་ཟབ་གཏེར་གྱི་གསང་བ་ཡང་དག་པའོ། །དགེའོ།། །།

དཔལ་ལྡན་སྲས་མཆོག་མ་མགོན་ལྕམ་དྲལ་གྱི་སྨིན་བྱེད་ཆོ་ག་མཐུ་དབང་དྲག་རྩལ་རབ་འབྱེད་ (Volume 37, Text 8)

༄༅། །དཔལ་ལྡན་སྲས་མཆོག་མ་མགོན་ལྕམ་དྲལ་གྱི་སྨིན་བྱེད་ཆོ་ག་མཐུ་དབང་དྲག་རྩལ་རབ་འབྱེད་ཅེས་བྱ་བ་བཞུགས་སོ། ། རྟག་པར་ཞི་ལས་མ་གཡོས་ཀྱང་། །ཤིན་ཏུ་གཏུམ་པའི་ཁྲོ་གཟུགས་ཀྱིས། །བགེགས་དཔུང་ཕྱེ་མར་བརླག་མཛད་པ། །ནག་པོ་ཆེན་པོས་བདག་ལ་སྐྱོངས། །སྲས་མཆོག་ཁྲོ་ཆེན་ཀིངྐ་ར། །ལས་ཀྱི་མགོན་པོའི་ཚུལ་བསྟན་པ། །དེ་ཡི་སྨིན་བྱེད་ཁྱད་པར་ཅན། །ཐུན་མིན་བཀའ་གཏེར་བཅུད་འདུས་སོ། །ཟབ་བདུན་ལས་ཀྱི་མགོན་པོ་ཡབ་ཡུམ་ཞལ་སྦྱོར་གྱི་སྒོ་ནས་སློབ་མ་རྗེས་སུ་འཛིན་པ་ལ་དོན་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་བཤམ་བཀོད་ནི། དམ་ཚིག་བྲིས་སྐུ་ལ་སོགས་པ་རྟེན་བཀྲམ་པའི་མདུན་དུ་སྟེགས་བུ་ནག་པོའི་ཁར་གཞུང་མཐུན་དཀྱིལ་འཁོར་སྒོ་རྫོགས་ཅན་ནམ། བསྡུ་ན་མཎྜལ་གྲུ་གསུམ་མཐིང་ནག་མེ་རི་དང་བཅས་པའི་དབུས་སུ་འཁོར་ལོ་མཐིང་ནག་རྩིབས་བརྒྱད་པའི་ལྟེ་བ་དང་རྩིབས་རྣམས་ལ་ཐིག་ལེ་ནག་པོ་ཧཱུྃ་བྷྱོས་མཚན་པ་ཅན་གྱི་སྟེང་དུ་རྐང་གསུམ་ཁར། ཐོད་པའམ་ཟངས་ལྕགས་ཀྱི་སྣོད་དུ་འབྲུ་ནག་ཕྱེ་མ་ཤ་ཁྲག་དང་སྦྱར་བའི་དམར་གཏོར་ཟུར་གསུམ་ལྟོ་ཁྲ་འཁོར་བརྒྱད་དང་མཐེབ་ཀྱུས་བསྐོར་བ་རྒྱན་སྤྲོས་ཅན་སྐུ་ཙཀ་དར་གདུགས་ནག་པོས་བརྒྱན་པ་བཀོད། མདུན་སོགས་གང་བདེར། སྐུ་ཙཀ་དང་སྔགས་བྱང་དཀར་དམར་མཐིང་གསུམ། ཕྱག་མཚན་གྲི་ཐོད་མེ་ལོང་ཕུར་པ་ཕྱོགས་བསྡུས་ཀྱི་ཙཀླི། རྒྱབ་ཏུ་མཆོད་གཏོར་དང་སྨན་རཀ །དྲག་མཆོད་གཡས་སྐོར་དུ་བཤམ། གཉིས་པ་དངོས་གཞི་ལ། ཐོག་མར་དབང་དོན་སྒྲུབ་མཆོད་ནི། བདག་བསྐྱེད་དཔལ་ཧེ་རུ་ཀའི་སྒོམ་བཟླས་སྔོན་དུ་འགྲོ་བས། ཟབ་མདུན་སྤྱི་ཆིངས་ལྟར་ཕྱི་ནང་མཆོད་པ་བྱིན་བརླབས། མདུན་རྟེན་ལ་དམིགས་ཏེ་སྒྲུབ་ཕྲིན་ལྟར། མདུན་དུ་དུར་ཁྲོད་ཆེན་པོའི་དབུས༔ སོགས་ཀྱིས་དམ་ཚིག་པ་བསྐྱེད། ཡེ་ཤེས་བསྟིམ། བཞུགས་ཕྱག་མཆོད་ཅིང་བསྟོད་པའི། དམ་ཅན་སྲུང་མར་བཅས་ལ་ཕྱག་འཚལ་བསྟོད༔ ཅེས་པའི་བར་སོང་ནས། ཧེ་རུ་ཀའི་ཡིག་བརྒྱ་དང་གོང་གནོན་བཟླས་དམིགས་སྔོན་དུ་འགྲོ་བས། མ་ཧཱ་ཀཱ་ལ་ཡབ་ཡུམ་གྱི༔ ཐུགས་ཀར་ཉི་སྟེང་ཧཱུྃ་དང་བྷྱོ༔ སོ་སོའི་སྔགས་ཀྱིས་བསྐོར་བ་ལ༔ རང་གི་ཐུགས་ཀའི་འོད་ཟེར་གྱིས༔ མགོན་པོ་ཡབ་ཡུམ་ཐུགས་རྒྱུད་བསྐུལ༔ ཅི་བཅོལ་ལས་རྣམས་སྒྲུབ་པར་བསམ༔ ཞེས་དམིགས་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་ཡཀྵ་བེ་ཏཱ་ལི་ཧཱུྃ༔ ཞེས་ཡབ་ཡུམ་སྦྲེལ་མ་ཅི་འགྲུབ་བཟླ། མཐར་ཉེར་སྤྱོད་ལྔ། རང་སྔགས་ལ་སྨན་རཀ་གཏོར་གསུམ་གྱི་སྔགས་ཁཱ་ཧི་བཏགས་པ་ལན་གསུམ་འབུལ། ཧཱུྃ༔ དཔལ་མགོན་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས༔སོགས་ཀྱིས་ཕྲིན་ལས་བཅོལ། ཏིང་ངེ་འཛིན་གྱི་དབང་བླངས་ལ་གནང་བ་ནོད་དོ། །དབང་དངོས་གཞི་ལ། སྣོད་དུ་རུང་ངེས་པའི་སློབ་མ་གཅིག་གམ་ཧ་ཅང་མང་པོ་མ་ཡིན་པ། ལས་བུམ་གྱིས་ཁྲུས་བྱ། བགེགས་བསྐྲད་ལ་མཚམས་བཅད། སེམས་བསྐྱེད་གསལ་བཏབ་ལ་སྤྱི་བཤད་ཇི་ལྟར་འོས་པ་དང་། འདིར་སྐབས་སུ་བབས་པ། དཔལ་ཆེན་ཧེ་རུ་ཀ་རྡོ་རྗེ་སྲིན་པོ་ཚོགས་ཀྱི་བདག་པོའི་ཕྲིན་ལས་ཀྱི་རྣམ་འགྱུར་སྲས་མཆོག་མ་ཧཱ་ཀཱ་ལ་བེར་ནག་ཅན་ལྕམ་དྲལ་སྦྲགས་སྒྲུབ་ཀྱི་དབང་བསྐུར་བ་སྟེ། མགོན་པོ་འདི་ལའང་ནང་གསེས་སུ། ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་བེར་ནག་ཅན་དང་། ལས་ཀྱི་མགོན་པོ་སྲས་མཆོག་བེར་ནག་ཅན་དང་། འཇིག་རྟེན་གྱི་མགོན་པོ་དྲེགས་བྱེད་བེར་ནག་ཅན་གསུམ་དུ་བསྟན་པ་སོགས་ཡབ་རྐྱང་དང་། ལྷ་མོ་རང་བྱུང་རྒྱལ་མོ་ལའང་ཡེ་ཤེས་ལས་དང་འཇིག་རྟེན་པ་གསུམ་དུ་བསྟན་པ་སོགས་ཡུམ་རྐྱང་གི་རྒྱུད་དང་མན་ངག་མཚན་དང་སྐུའི་རྣམ་འགྱུར་མི་འདྲ་བར་བརྟེན་པའི་སྒྲུབ་ལུགས་དུ་མ་གསང་སྔགས་གསར་རྙིང་ཀུན་ལ་ཁྱབ་བརྡལ་དུ་བྱུང་ཞིང་། ཁྱད་པར་དུ་ཟབ་ཅིང་གཉན་པ་མ་མགོན་ཞལ་སྦྱོར་དུ་སྒྲུབ་པའི་ཚུལ། བསྟན་པ་སྔ་དར་གྱི་སྐབས་སློབ་དཔོན་ཆེན་པོ་པདྨཱཀ་རས་སྟག་ནམ་མཁའི་ལྷ་བཟུང་ལ་བསྩལ། དེ་ནས་བརྩམ་སྔགས་འཆང་མི་རབས་ཉེར་བརྒྱད་མཐར་གྲུབ་ཆེན་རིན་པོ་ཆེ་ཀརྨ་པཀྴི་ལ་མ་མགོན་གཉིས་ཀྱིས་ཕྲིན་ལས་ཁྱད་པར་དུ་སྒྲུབ་པའི་གཡར་དམ་ཕུལ་ཅིང་སྒྲུབ་ཐབས་མན་ངག་གི་བཀའ་བབས་པ་ནས་བཟུང་། ད་ལྟའི་བར་དུ་བཀའ་བརྒྱུད་ཀཾ་ཚང་ལ་བྱིན་རླབས་གཟི་བྱིན་མ་ཉམས་པར་བཞུགས་པ་དང་། སྙིང་པོར་དྲིལ་བའི་གདམས་ཟབ་འདི་ཉིད་ལྷ་སྲས་རྣམ་རོལ་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པས་སྤྱན་དྲངས་པའི། ཐུགས་དམ་ཟབ་པ་སྐོར་བདུན་གྱི་བཀའ་སྲུང་གཙོ་བོ་ལེགས་ལྡན་ཚོགས་ཀྱི་བདག་པོའི་ཆ་ལག་ཏུ་བྱོན་པ་སྟེ། བཀའ་གཏེར་གཉིས་ཀའི་བྱིན་རླབས་ཆུ་བོའི་རྒྱུན་གཅིག་འདྲེས་སུ་གྱུར་པའི་སྨིན་བྱེད་ཟབ་མོ་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་མཎྜལ་འབུལ་དུ་གཞུག །སློབ་དཔོན་ཉིད་དཔལ་ཧེ་རུ་ཀ་དང་ནག་པོ་ཆེན་པོ་ཐ་དད་མེད་པར་བཞུགས་པ་ལ་དད་གུས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། གདུག་པ་མ་ལུས་འདུལ་མཛད་པ། །ནག་པོ་ཆེན་པོ་བཅོམ་ལྡན་འདས། །མཁའ་འགྲོ་ཀུན་གྱི་དབང་ཕྱུག་གཙོ། ཁྱོད་ཀྱིས་བདག་ལ་དབང་བསྐུར་སྩོལ། །ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ། བླ་མ་དཔལ་ཧེ་རུ་ཀ་དང་མདུན་བསྐྱེད་མ་མགོན་ལྕམ་དྲལ་གྱི་ལྷ་ཚོགས་རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར། བདག་སོགས་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ན་མོ༔ བདག་སོགས་སེམས་ཅན་མ་ལུས་པ༔ མཆོག་གསུམ་འདུས་པ་བླ་མ་རྗེ༔ བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ༔ མཁའ་འགྲོར་བཅས་ལ་སྐྱབས་སུ་མཆི༔ ལན་གསུམ། མ་གྱུར་སྐྱེ་དགུ་མཐའ་ཡས་པ་རྣམས་ཀྱི་དོན་དུ་དཀྱིལ་འཁོར་གྱི་དབང་ཕྱུག་ཁྱབ་བདག་ཧེ་རུ་ཀའི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་ལམ་སྒྲུབ་པའི་བར་གཅོད་བསལ་བ་དང་། མཐུན་རྐྱེན་འདོད་རྒུའི་དངོས་གྲུབ་འབད་མེད་འགྲུབ་པར་བྱ་བའི་ཕྱིར་དཔལ་མ་མགོན་ལྕམ་དྲལ་གྱི་དབང་བསྐུར་ནོད་ཅིང་བསྙེན་སྒྲུབ་ལ་འབད་པར་བགྱིའོ་སྙམ་པའི་སྨོན་འཇུག་དང་། འཁོར་གསུམ་རྣམ་པར་མི་རྟོག་པའི་དོན་དམ་བྱང་ཆུབ་སེམས་གསལ་ཐོབ་ལ་འདིའི་རྗེས་ཟློས། མཁའ་མཉམ་འགྲོ་རྣམས་བསྒྲལ་བའི་ཕྱིར༔ དཔལ་ཆེན་གོ་འཕང་འཐོབ་པར་བྱ༔ ཆོས་ཀུན་རང་བཞིན་ཡོངས་དག་པ༔ དམིགས་སུ་མེད་པའི་ཏིང་འཛིན་བསྒོམ༔ ལན་གསུམ། ཚོགས་ཞིང་དེ་དག་གི་སྤྱན་སྔར་ཕྱག་འཚལ་ཞིང་མཆོད་པ་འབུལ་བ་དང་། སྡིག་པ་བཤགས་ཤིང་བསོད་ནམས་ལ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ཅིང་རྟག་བརྟན་དུ་བཞུགས་པར་གསོལ་བ་འདེབས་པ་དང་། དགེ་རྩ་བྱང་ཆུབ་ཆེན་པོར་བསྔོ་བ་སྟེ་ཚོགས་གསག་ཡན་ལག་བདུན་པའི་ཏིང་ངེ་འཛིན་རྣམས་རིམ་པར་གསལ་ཐོབས་ལ་འདིའི་རྗེས་ཟློས། བླ་མ་དཔལ་ཆེན་ཧེ་རུ་ཀ༔ མཁའ་འགྲོ་ཆོས་སྐྱོང་བཅས་པ་ལ༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ འགལ་འཁྲུལ་ཉམས་ཆག་མཐོལ་ཞིང་བཤགས༔ མཆོག་དམན་དགེ་ལ་རྗེས་ཡི་རང༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་བ་མཁའ་མཉམ་འགྲོ་ལ་བསྔོ༔ ཐམས་ཅད་སངས་རྒྱས་ཐོབ་པར་ཤོག༔ ཅེས་ལན་གསུམ་བྱ། དབང་གི་རྟེན་ནམ་སྲོག་གི་རྩ་བར་གྱུར་པ་དམ་ཚིག་ལེགས་པར་གཟུང་དགོས་པས། སྤྱིར་སོ་བྱང་སྔགས་གསུམ་གྱིས་བསྡུས་པའི་སྡོམ་པ་དང་དམ་ཚིག །བྱེ་བྲག་བླ་མེད་རྡོ་རྗེ་ཐེག་པ་ནས་གསུངས་པའི་ས་མ་ཡ་འབུམ་སྡེ། ཁྱད་པར་དཔལ་མ་མགོན་ལྕམ་དྲལ་གྱི་རྒྱུད་དང་མན་ངག་ལས་ཇི་སྐད་གསུངས་པའི་དམ་ཚིག་གི་རིམ་པ་རྣམས་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། ཧོ༔ བླ་མ་མགོན་པོ་དགོངས་སུ་གསོལ༔ འདི་ནས་བྱང་ཆུབ་སྙིང་པོའི་བར༔ སོ་ཐར་བྱང་སེམས་གསང་སྔགས་ཀྱི༔ དམ་ཚིག་སྡོམ་པ་མ་ལུས་གཟུང༔ ལན་གསུམ། སློབ་དཔོན་གྱིས་རྡོ་རྗེ་མགོར་བཞག་ལ། གསང་བའི་དམ་ཚིག་ལས་འདས་ན༔ ཚེ་འདིར་མི་རུང་དམྱལ་བར་ལྟུང༔ དམ་ཚིག་མཆོག་ཏུ་སྲུང་བ་ཡིས༔ དངོས་གྲུབ་ཐམས་ཅད་དེས་འགྲུབ་འགྱུར༔ ཇི་ལྟར་བསྒོས་པའི་དམ་ཚིག་དང་སྡོམ་པ་ལས་འདའ་བར་མི་བྱའོ་སྙམ་པས་ཐ་ཚིག་གི་ཆུ་ནན་འཐུང་བ་དང་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ནང་མཆོད་སྦྱིན་ལ། ཨི་དན་ན་ར་ཀན༔ ཞེས་བརྗོད་དུ་གཞུག །དེ་ནས་ཡེ་ཤེས་པ་དབབ་པ་ཡིན་པས་སྒོ་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས་ཀྱིས་སྦྱང་། སྟོང་པའི་ངང་ལས། བྷྲཱུྃ་ལས་ཐོད་མཁར་གྲུ་གསུམ་དྲག་པོའི་རྒྱན་བཀོད་འཇིགས་སུ་རུང་བ་དང་ལྡན་པའི་ནང་དུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར། པདྨ་ཉི་མ་དགྲ་བགེགས་ཕོ་མོ་སྒྱེལ་བའི་གདན་ལ་བདུད་རྟ་ནག་པོ་རླུང་གི་གཤོག་པ་ཅན་ཞིང་ཆེན་གྱི་སྟན་དང་སྒ་སྲབ་ཀྱིས་སྤྲས་པའི་སྟེང་དུ་རིག་པའི་ངོ་བོ་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས། ཁྱེད་རང་སྲས་མཆོག་ནག་པོ་ཆེན་པོ་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྲིན་པོ་ལྟར་ཁྲོས་པའི་ཉམས་ཅན། སྤྱན་གསུམ་ཉི་མ་ལྟར་འཁྱིལ་ཞིང་། ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས་པ་སྨར་སྨིན་དབུ་སྐྲ་ཁམ་ནག་ཏུ་འཕྱོ་བ། ཕྱག་གཡས་གྲི་གུག་ཕྱར་ཅིང་གཡོན་པས་ཐོད་ཁྲག་རོལ་པ། དར་ནག་གི་བེར་ཆེན་བརྩེགས་མར་གསོལ་བའི་ནང་མ་ལ་གསེར་རྐེད་དང་མི་ལྤགས་སྐ་རགས་སུ་བཅིངས་པའི་གསེབ་ཏུ་བེང་ཕུར་སྒོ་གསུམ་པ་བཙུད་པ། ཐོད་སྦྲུལ་དུར་ཁྲོད་ཆས་ཀྱིས་བརྒྱན་ཅིང་ཞབས་གཉིས་སག་ཏིའི་ལྷྭམ་ཡུ་རིང་གསོལ་ནས་ཆིབས་ལ་རོལ་སྟབས་སུ་བཞུགས་པའི་པང་དུ། ཡུམ་སྲིད་པའི་རྒྱལ་མོ་རེ་མ་ཏི་མཐིང་ནག་མ་མོའི་ཆས་ཅན་མེ་ལོང་དང་ཕུར་པ་ཐོགས་པས་འཁྱུད་ཅིང་མེ་རླུང་རབ་ཏུ་འཁྲུགས་པའི་ཀློང་ན་གསལ་བའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་མོས་ཤིག །བདུད་རྩིའི་ཐིག་ལེ་བྱས་ལ་འབྲུ་གསུམ་བརྗོད། སླར་ཡང་བླ་མ་དཔལ་ཧེ་རུ་ཀར་གསལ་བ་ལ་མོས་གུས་བྱས་པས་དེའི་ཐུགས་ཀ་ནས་འོད་ཟེར་དུས་མཐའི་གློག་གི་ཞགས་པ་ལྟ་བུ་འཕྲོས། འོག་མིན་གྱི་གནས། བསིལ་བ་ཚལ་སོགས་དུར་ཁྲོད་ཆེན་པོ་བརྒྱད། བྱང་ཤར་རླུང་ནག་དགུ་ཀློང་འཁྱིལ་བ་སོགས་སོ་སོའི་གནས་ནས་དཔལ་མ་མགོན་ལྕམ་དྲལ་འཁོར་གྱི་ཚོགས་དང་བཅས་པ། ནམ་མཁའ་ལ་ཆར་སྤྲིན་གཏིབས་པ་ལྟར་བྱོན་ནས་ཁྱེད་རང་ལ་ཐིམ་པར་མོས་ཤིག །གུ་གུལ་ཤ་ཆེན་དུད་པ་དང་རོལ་མོ་དྲག་ཏུ་འཁྲོལ་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཨེ་ཨཱ་རལླི་ཧྲིང༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨཿ ཞེས་བཟླས་ལ་དབབ། རྡོ་རྗེ་མགོར་བཞག་ལ། ཏིཥྛ་བཛྲ་གྱིས་བརྟན་པར་བྱ། དེ་རྣམས་ཀྱིས་དབང་གི་སྔོན་འགྲོ་གྲུབ་ནས་དངོས་གཞི་ལ་ཐུན་མོང་གཏོར་མའི་དབང་བསྐུར། ཁྱད་པར་བྱིན་རླབས་དགུ་ཕྲུགས། ཐུན་མོང་མ་ཡིན་པའི་དངོས་གྲུབ་སྦྱིན་པ་རྣམས་སུ་ཡོད་པ་ལས། དང་པོའི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད། དབང་གཏོར་ཐོགས་ལ། གཏོར་སྣོད་དུར་ཁྲོད་འབར་བའི་ཕོ་བྲང་ནང་དུ་གཏོར་མ་དཔལ་ལྡན་མགོན་པོ་ལྕམ་དྲལ་འཁོར་ནག་པོ་ཡབ་ཡུམ་བཅུ་དྲུག་གིས་བསྐོར་ནས་བཞུགས་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པ་གསལ་ཐོབས། དེ་ལ་མོས་གུས་བྱས་པས་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས། ཁྱེད་རང་གི་དཔྲལ་བར་ཐིམ་པས་ལུས་ཀྱི་ནད་གདོན་སྡིག་སྒྲིབ་དག །སྐུའི་དབང་བསྐུར་ཡོངས་རྫོགས་ཐོབ་པར་མོས་ཤིག ཧཱུྃ༔ ཧེ་རུ་ཀ་ཡི་སྤྲུལ་པ་མཆོག༔ ཡེ་ཤེས་མགོན་པོ་ཡབ་དང་ཡུམ༔ སྐུ་ཡི་གཟི་བྱིན་དཔལ་དུ་འབར༔ སློབ་མའི་ལུས་ལ་བྱིན་གྱིས་རློབས༔ སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ བར་ཆད་ཐམས་ཅད་བསལ་བ་དང༔ ཕྲིན་ལས་མ་ལུས་བསྒྲུབ་ཏུ་གསོལ༔ སྙིང་པོའི་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བཏགས་པ་བརྗོད་ལ་གཏོར་མ་མགོ་བོར་བཞག་པ་སོགས་གནས་གསུམ་འགྲེ། ཡང་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས། ཁྱེད་རང་གི་མགྲིན་པར་ཐིམ་པས་ངག་གི་ནད་གདོན་སྡིག་སྒྲིབ་དག །གསུང་གི་དབང་བསྐུར་ཡོངས་རྫོགས་ཐོབ་པར་མོས་ཤིག །ཧཱུྃ༔ ཧེ་རུ་ཀ་ཡི་སྤྲུལ་པ་མཆོག༔ ཡེ་ཤེས་མགོན་པོ་ཡབ་དང་ཡུམ༔ གསུང་གི་གདངས་སྐད་ཆོས་ཀྱི་སྒྲ༔ སློབ་མའི་ངག་ལ་བྱིན་གྱིས་རློབས༔ གསུང་གི་དངོས་གྲུབ་བསྩལ་དུ་གསོལ༔ བར་ཆད་ཐམས་ཅད་བསལ་བ་དང༔ ཕྲིན་ལས་མ་ལུས་བསྒྲུབ་ཏུ་གསོལ༔ སྙིང་པོའི་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། ཁྱེད་རང་གི་སྙིང་གར་ཐིམ་པས་ཡིད་ཀྱི་ནད་གདོན་སྡིག་སྒྲིབ་དག །ཐུགས་ཀྱི་དབང་བསྐུར་ཡོངས་རྫོགས་ཐོབ་པར་མོས་ཤིག །ཧཱུྃ༔ ཧེ་རུ་ཀ་ཡི་སྤྲུལ་པ་མཆོག༔ ཡེ་ཤེས་མགོན་པོ་ཡབ་དང་ཡུམ༔ ཐུགས་ནི་སྒྲོལ་མཛད་ཡེ་ཤེས་ཆེ༔ སློབ་མའི་ཡིད་ལ་བྱིན་གྱིས་རློབས༔ ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ བར་ཆད་ཐམས་ཅད་བསལ་བ་དང༔ ཕྲིན་ལས་མ་ལུས་བསྒྲུབ་ཏུ་གསོལ༔ སྙིང་པོའི་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་སྐུ་གསུང་ཐུགས་ཀྱི་དབང་དང་རྗེས་སུ་གནང་བ་ཐོབ། བསྙེན་སྒྲུབ་མཆོད་བསྟོད་ཕྲིན་ལས་སྒྲུབ་པ་ལ་དབང་བར་བྱས་པ་ཡིན་ནོ། །གཉིས་པ་ཁྱད་པར་གྱི་བྱིན་རླབས་བགྱི་བ་ལ་ཐོག་མར་སྐུའི་བྱིན་རླབས་རྣམ་གསུམ་གྱི་སླད་དུ་དམིགས་འདུན་འདི་བཞིན་དུ་མཛོད། སླར་ཡང་སློབ་དཔོན་ལ་གུས་འདུད་དྲག་ཏུ་བྱས་པས་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་མགོན་པོ་ལྕམ་དྲལ་ལ་ཕོག་པས་ཐུགས་རྒྱུད་བསྐུལ། ལྕམ་དྲལ་གཉིས་ཀྱི་དཔྲལ་བ་ནས་སྐུ་དཀར་པོའི་ཚོགས་ཆར་བབས་པ་ལྟར་བྱོན། ཁྱེད་རང་གི་དཔྲལ་བར་ཐིམ་པས་སྐུ་མགོན་དཀར་པོར་ལམ་སྟེ་གྱུར་པར་མོས་ཤིག །སྤྲོ་ན། ཧཱུྃ༔ ཧེ་རུ་ཀ་ཡི་སྤྲུལ་པ་སོགས་ནས། བསྩལ་དུ་གསོལ༔ ཅེས་དང་། བསྡུ་ན་སྔགས་ཁོ་ནས་ཀྱང་ཆོག་པས། སྙིང་པོའི་མཐར་གསུམ་ཀ་ལ། ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བཏགས་པ་བརྗོད། ཡང་ལྕམ་དྲལ་གཉིས་ཀྱི་མགྲིན་པ་ནས་སྐུ་དམར་པོའི་ཚོགས་ཆར་བབས་པ་ལྟར་བྱོན། ཁྱེད་རང་གི་མགྲིན་པར་ཐིམ་པས་གསུང་མགོན་དམར་པོར༴ སོགས་གོང་ལྟར། ཡང་ལྕམ་དྲལ་གཉིས་ཀྱི་ཐུགས་ཀ་ནས་སྐུ་མཐིང་གའི་ཚོགས་ཆར་བབས་པ་ལྟར་བྱོན། ཁྱེད་རང་གི་སྙིང་གར་ཐིམ་པས་ཐུགས་མགོན་མཐིང་གར་སོགས་གོང་ལྟར་བརྗོད་ལ་སྐུ་ཙཀ་གནས་གསུམ་དུ་བཞག །གཉིས་པ་གསུང་གི་བྱིན་རླབས་རྣམ་གསུམ་སོགས་སྔ་མ་ལྟར་ལ། དཔྲལ་བ་ནས་སྔགས་ཕྲེང་དཀར་པོའི་ཚོགས་རང་སྒྲ་དང་བཅས་པ་བྱོན། ཁྱེད་རང་གི་དཔྲལ་བར་ཉི་སྟེང་ཧཱུྃ་ཡིག་དཀར་པོའི་མཐར་འཁོད་པར་མོས་ཤིག །དེས་འགྲེས་ཏེ་གསུང་དང་ཐུགས་ལའང་སྦྱར་ཅིང་། སྔགས་གསུམ་ཀར། ཝཱ་ཀ་ཨ་བྷི་སོགས་སྦྱར་ཅིང་སྔགས་བྱང་སོ་སོར་བཞག །གསུམ་པ་ཐུགས་ཀྱི་བྱིན་རླབས་རྣམ་གསུམ་སོགས་གོང་ལྟར་ལ། དཔྲལ་བ་ནས་ཕྱག་མཚན་དང་འོད་ཟེར་དཀར་པོའི་ཚོགས་གཟི་བརྗིད་འབར་བ་བྱོན། ཁྱེད་རང་གི་དཔྲལ་བར་ཐིམ་པས་སྐུའི་གསང་བ་དང་དབྱེར་མེད་དུ་གྲུབ་པར་མོས་ཤིག །དེས་གསུང་དང་ཐུགས་ལའང་འགྲེས་ཏེ་ཚིགས་གཅད་དང་། སྔགས་རྣམས་ཙིཏྟ་ཁོ་ན་སྦྱར་ལ་ཕྱག་མཚན་གནས་རྣམས་སུ་བཞག །འདི་ཕྱིན་ཆད་སློབ་མ་བརྒྱུད་པ་འཛིན་ངེས་ལས་བྱར་མི་རུང་ལ། བྱ་དགོས་པའི་ཚེ། གསུམ་པ་ཐུན་མོང་མ་ཡིན་པའི་དངོས་གྲུབ་སྦྱིན་པ་ལ་དམིགས་པ་འདི་ལྟར་དུ་མཛོད། མདུན་བསྐྱེད་དང་གཏོར་མ་མགོན་པོ་ལྕམ་དྲལ་གསལ་བ་ལ་ཐུགས་དམ་བསྐུལ་བས་སྐུའི་གནས་རྣམས་དང་། ན་བཟའི་སུལ་ལ་སོགས་པ་ནས་དངོས་གྲུབ་རྣམ་པ་གཉིས་ཀྱི་རང་བཞིན་ཕྱག་རྒྱ་སྔགས་ཕྲེང་ཕྱག་མཚན་ནོར་བུ་རིན་པོ་ཆེའི་རྣམ་པ་ཆར་ཆེན་བབས་པ་ལྟར་བྱོན་ནས་ཁྱེད་རང་ལ་སིབ་སིབ་ཐིམ་པར་སྒོམས་ཤིག །གཏོར་མ་ཐོགས་ལ། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ནས། །ཡེ་ཤེས་མགོན་པོ་འཁོར་དང་བཅས། །འདིར་གཤེགས་འདི་ལ་དགོངས་ནས་ཀྱང་། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ནམ་མཁའི་དབྱིངས་ཀྱི་དཀྱིལ་འཁོར་ནས། །སྲས་མཆོག་ནག་པོ་འཇིགས་པའི་གཟུགས། །འདིར་གཤེགས་འདི་ལ་དགོངས་ནས་ཀྱང་། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །རི་རབ་མཆོག་གི་སྟེང་ཤེད་ནས། །འཇིག་རྟེན་མགོན་པོ་གཟི་བརྗིད་ཅན། །འདིར་གཤེགས་འདི་ལ༴ བྱིན་གྱིས་བརླབ་པར༴ མཐོང་བ་ཙམ་གྱིས་བདུད་ཀྱི་དཔུང་། །ཀུན་ནས་སྐྲག་པར་བྱེད་པ་ཡི། །མ་ཧཱ་ཀཱ་ལ་ཁྱོད་ཀྱི་ཞལ། །འདི་ལ་དེ་རིང་བསྟན་དུ་གསོལ། །ལས་བཞི་གྲུབ་པ་ཆེན་པོ་བརྒྱད། །སྐད་ཅིག་ཡུད་ཀྱིས་འགྲུབ་བྱེད་པ། །སྔགས་ཀྱི་དངོས་གྲུབ་ཆེན་པོ་དེའང་། །འདི་ལ་དེ་རིང་བསྩལ་དུ་གསོལ། །བྱམས་པའི་ཐུགས་ཀྱིས་འདི་ལ་དགོངས། །བརྩེ་བའི་སྤྱན་གྱིས་འདི་ལ་གཟིགས། །ལུང་བསྟན་རྗེས་སུ་གནང་བ་ཡི། །བཀའ་བསྩལ་འདི་ལ་གནང་དུ་གསོལ། །བྷྱོ། །མ་གཅིག་སྨིན་མཚམས་མཛོད་སྤུ་ཡི། །འོད་ཟེར་གྱི་ནི་དྲ་བ་ལས། །སྐུ་ཡི་སྤྲུལ་པ་གྲངས་མེད་འགྱེད། །དཔལ་ལྡན་ལྷ་མོ་རེ་མ་ཛ། །ཕྱོགས་བཅུ་ནམ་མཁའི་བདུད་བཅོམ་ནས། །སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ། །མ་གཅིག་ལྗགས་ཀྱི་དབང་པོ་ཡི། །འོད་ཟེར་གྱི་ནི་དྲ་བ་ལས། །གསུང་གི་སྤྲུལ་པ་གྲངས་མེད་འགྱེད། །དཔལ་ལྡན་ལྷ་མོ་རེ་མ་ཛུ། །ཕྱོགས་བཅུ་ནམ་མཁའི་བདུད་བཅོམ་ནས། །གསུང་གི་དངོས་གྲུབ་བསྩལ་དུ་གསོལ། །མ་གཅིག་ཐུགས་ཀྱི་དཔལ་བེའུ་ཡི། །འོད་ཟེར་གྱི་ནི་དྲ་བ་ལས། །ཐུགས་ཀྱི་སྤྲུལ་པ་གྲངས་མེད་འགྱེད། །དཔལ་ལྡན་ལྷ་མོ་རེ་མ་ཏི། །ཕྱོགས་བཅུ་ནམ་མཁའི་བདུད་བཅོམ་ནས། །ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་རེ་མ་ཏི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ། སྤྲོ་ན་བརྒྱུད་པའི་མཚན་དང་སྤྱི་འགྲོའི་བཀའ་བསྒོ་བརྗོད། གཏོར་མ་ལྷར་གསལ་བ་འོད་དུ་ཞུ་སྟེ་བདུད་རྩིའི་ཐིག་ལེར་འཁྱིལ་པ་ཁྱེད་རང་གིས་རོལ་པས་དཔལ་ལྡན་མགོན་པོ་ལྕམ་དྲལ་གྱི་གསང་གསུམ་ཕྲིན་ལས་དང་བཅས་པ་དང་དབྱེར་མེད་པའི་དངོས་གྲུབ་ཐོབ་པར་མོས་ཤིག །ཅེས་བྱས་ལ་གཏོར་མའི་ཆ་ཤས་སྦྱིན། ཤིས་པ་བརྗོད། དམ་ཚིག་བསྒྲག་གཟུང་གཏང་རག་སོགས་དང་། གསུམ་པ་རྗེས་ཀྱི་བྱ་བ་མཆོད་བསྟོད་ནོངས་བཤགས་གཤེགས་བསྟིམ་ཤིས་བརྗོད་ཀྱི་བར་ཡང་སྤྱི་ལྟར་བྱས་པས་འགྲུབ་བོ། །ནག་པོ་ལྕམ་དྲལ་གསང་ཆེན་དང་། །དབྱེར་མེད་མངོན་སྤྱོད་གནམ་ལྕགས་ཐོགས། །བདུད་དགྲ་དཔུང་བཅས་མགོར་དབབ་ནས། །ཆོས་ཀྱི་དབྱིངས་སུ་འཇོམས་བྱེད་ཤོག །ཅེས་བྱིན་རླབས་ཐུན་མོང་དང་ཐུན་མོང་མ་ཡིན་པ་བཀའ་བརྒྱུད་རྒྱལ་བ་ཡབ་སྲས་དང་སྤྲུལ་པའི་གཏེར་ཆེན་ཉིད་ལས་ནོས་ཏེ། གཞན་ཕན་གྱི་ལག་ལེན་གསལ་བྱེད་དུ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བསྡེབས་པ་དགེ་ལེགས་འཕེལ།། །།

ཡེ་ཤེས་མགོན་པོའི་གསང་ཁྲིད་ནག་པོ་ཁྲོས་པའི་རྒྱུད་ལས་པདྨས་བསྡུས་པ་ (Volume 37, Text 9)

༁ྃ༔ ཡེ་ཤེས་མགོན་པོའི་གསང་ཁྲིད་ནག་པོ་ཁྲོས་པའི་རྒྱུད་ལས་པདྨས་བསྡུས་པ་བཞུགས་སོ༔ བཀའ་རྒྱ་ཡོད་དོ༔ ཁྲག་འཐུང་དཔལ་གྱི་སྐུ་ལ་ཕྱག་འཚལ་ལོ༔ དབང་ཐོབ་དམ་ལྡན་རྣལ་འབྱོར་སྒྲུབ་པ་པོས༔ དུར་ཁྲོད་དམ་ནི་རང་གི་སྒྲུབ་ཁང་དུ༔ སྐུ་གསུང་ཐུགས་རྟེན་ཕྱི་ནང་མཆོད་གཏོར་བཤམ༔ དད་བརྩོན་ཤེས་རབ་སྙིང་རྗེའི་སེམས་བསྐྱེད་ལ༔ དལ་འབྱོར་རྙེད་དཀའ་མི་རྟག་རྒྱུད་ལ་བརྟེན༔ འཁོར་བའི་བྱ་བར་སྙིང་པོ་ཡོད་མེད་བལྟ༔ ལས་འབྲས་བསླུ་མེད་ཕྲ་ཞིབ་རྒྱུ་འབྲས་སེམས༔ དཀོན་མཆོག་བླ་མར་སྐྱབས་འགྲོ་ཚད་མེད་བསྒོམ༔ སྤྱི་བོར་ཀུན་བཟང་ཆེ་མཆོག་ཐོད་ཕྲེང་རྩལ༔ ཡང་ཡང་གསོལ་བཏབ་ཅི་ཡོད་མཆོད་པར་འབུལ༔ ཐལ་སྦྱར་པུས་བཙུགས་སྙིང་ནས་གུས་པ་ཡི༔ གདུང་བའི་ཤུགས་ཀྱིས་ང་རོ་དབྱངས་སྙན་པས༔ མཆི་མ་མ་བྱུང་བར་དུ་གསོལ་བ་བཏབ༔ ཧཱུྃ་ཧཱུྃ༔ སྐུ་གསུམ་བླ་མ་ཆེ་མཆོག་ཐོད་ཕྲེང་རྩལ༔ འཁོར་འདས་ཀུན་གྱི་དངོས་གྲུབ་སྩོལ་བའི་དཔལ༔ ནག་པོ་ཆེན་པོ་སྐུ་གསུམ་ཧེ་རུ་ཀ༔ གསོལ་བ་འདེབས་སོ་དབང་བཞི་བསྐུར་དུ་གསོལ༔ ཧཱུྃ་ཧཱུྃ༔ སྣང་སྲིད་རྣམ་དག་དུར་ཁྲོད་འབར་བའི་དབུས༔ རང་བྱུང་ཡེ་ཤེས་མེ་རླུང་འཁྲུགས་པའི་འོད༔ འཁོར་འདས་དབང་སྡུད་ནག་པོའི་འཁོར་ཚོགས་ཅན༔ གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ༔ རང་ལུས་འོད་གསལ་སྒྱུ་ལུས་དག་པའི་ཞིང༔ གཟུང་འཛིན་དག་པ་སྙིང་པོ་དབུ་མའི་ནང༔ སྲོག་བཞི་འདུས་པ་མ་ཧཱུྃ་དྭངས་མའི་འོད༔ རླུང་སེམས་དབྱེར་མེད་དོན་དམ་བདེ་བའི་སྐུ༔ རང་བྱུང་ཡེ་ཤེས་རྟོགས་པར་བྱིན་གྱིས་རློབས༔ ཨོཾ་མ་ཧཱ་གུ་རུ་མ་ཧཱ་ཀཱ་ལ་སརྦ་སིདྡྷི་ཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ གཞུང་ལྟར་དབང་བཞི་ལེན་ནམ་གནས་བཞིའི་བཅུད༔ བདུད་རྩིར་དྲངས་ལ་སྤྱི་བོའི་གཙུག་ནས་བསྟིམ༔ སྙིང་གར་བླ་མ་ཆེ་མཆོག་ཡབ་ཡུམ་དང༔ མ་ཧཱུྃ་དབྱེར་མེད་གཅིག་ཏུ་བསྲེས་ལ་བསྒོམ༔ རླུང་རོ་གསུམ་གྱིས་ཁམས་གསུམ་བར་ཆད་གཏོར༔ རྔུབ་རླུང་གསུམ་གྱིས་ལྟེ་འོག་གཏུམ་མོ་སྦར༔ སྙིང་གར་ཡབ་ཡུམ་སྦྱོར་མཚམས་རླུང་ཡིག་གཡོས༔ དབུ་མར་མེ་སྦར་འོད་ལྔས་སྙིང་ག་ཡི༔ བླ་མ་ཐུགས་སྲོག་མ་ཧཱུྃ་སྙོམས་པར་ཞུགས༔ སྤྱི་བོའི་ཧཾ་བསྐྱོད་བདུད་རྩི་དབབ་སྐྱིལ་བསྲུང༔ དེ་ལས་སྐྱེས་པའི་རང་བྱུང་ལྟ་བ་བསྐྱང༔ མིག་ནི་བར་སྣང་སྟོང་པའི་ངང་ལ་བལྟ༔ དུར་ཁྲོད་ཁྲག་འཐུང་རིག་པའི་ཧེ་རུ་ཀ༔ མ་བསྐྱེད་དབྱིངས་ན་གསལ་བར་བཞུགས་པ་མཐོང༔ འདུ་བ་མེད་ཅིང་འབྲལ་བ་གནས་པ་མེད༔ རང་གི་སེམས་ཉིད་སྟོང་གསལ་འོད་ལྔའི་རྩལ༔ སྐྱེ་བའི་ཡུལ་མེད་འཆི་མེད་རྟོགས་བྱའི་ཕྱིར༔ ཡིད་མིག་རླུང་གསུམ་གནད་གཅིག་ལྟེམས་ནས་ཀྱང༔ དབང་གི་ཡེ་ཤེས་བདུན་ནམ་ཉེར་གཅིག་བསྒོམ༔ མཐོང་བས་འདུ་དང་འབྲལ་བ་ཞེས་བྱའི་མིང༔ དེ་དང་བྲལ་བས་གསལ་འགྲིབ་མེད་པའི་ཐུགས༔ ཡང་དག་དོན་གྱི་མགོན་པོར་ལྷུན་གྱིས་གྲུབ༔ དེ་ཚེ་རང་གི་ཡེ་ཤེས་དགྱེས་མ་དགྱེས༔ སྒྲུབ་པའི་རྫས་དང་བཟླས་པའི་སྔགས་ཀྱང་མེད༔ ཐམས་ཅད་རང་གིས་བྱས་པ་ཡིན་པར་རྟོགས༔ སྣང་སྲིད་མེ་ལོང་གཟུགས་བརྙན་ལྟར་ཤེས་འགྱུར༔ རང་གིས་རང་ལུས་སྣང་སྟོང་ལྷ་སྐུར་རྟོགས༔ བྲག་ཆ་ལྟ་བུར་གསང་བའི་སྔགས་རྣམས་ཐོབ༔ རང་གིས་རང་འདུལ་ལྷ་ཚོགས་སེམས་སུ་རྫོགས༔ སེམས་ཀྱི་རང་བཞིན་དག་པའི་བྱང་ཆུབ་སེམས༔ རིག་པའི་དོན་ཉིད་རྟོགས་པས་ཐམས་ཅད་འདུལ༔ ཕྱི་ནང་ཞི་ཁྲོའི་བསྐྱེད་རིམ་གསལ་དག་ནས༔ རང་གིས་རང་འདུལ་དོན་དམ་རིག་པའི་ལྷ༔ བྱིན་རླབས་མགོན་པོ་ཡབ་ཡུམ་འོད་གསལ་སྐུ༔ ཞལ་གཅིག་ཆོས་སྐུ་ཕྱག་བཞི་ཕྲིན་ལས་བཞི༔ ཞབས་གཉིས་སྣང་སྟོང་ཡབ་ཡུམ་ཟུང་དུ་འཇུག༔ འཁོར་བ་རྣམ་དག་མྱང་འདས་ལྷུན་གྱིས་རྫོགས༔ འགྱུར་མེད་དོན་དམ་མཐིང་ནག་རྡོ་རྗེ་སེམས༔ དོན་གྱི་མགོན་པོ་ནག་པོ་ཆེན་པོ་ནི༔ དྲེགས་པ་འདུལ་བྱེད་ལྷ་སྐུའི་མཆོག་ཡིན་ནོ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཞེས་བཟླས་པ་ཡིས༔ ཁྲག་འཐུང་རིགས་ལྔ་ཡེ་ཤེས་ཆེན་པོའི་སྐུ༔ དུག་ལྔ་མ་སྤང་མགོན་པོར་ལྷུན་གྱིས་གྲུབ༔ དྲེགས་པ་འདུལ་ཞིང་སྐུ་གསུམ་ལྷུན་གྱིས་གྲུབ༔ ལྟ་སྒོམ་སྤྱོད་པ་དམ་ཚིག་དང་ལྡན་པས༔ དབང་བཞིའི་འབྲས་བུ་རྒྱུད་ལ་སྟེར་བར་བྱེད༔ རྗེས་སུ་དུར་ཁྲོད་རྒྱུ་ཞིང་བརྟུལ་ཞུགས་སྤྱད༔ བསྔོ་བ་སྨོན་ལམ་གདབ་ཅིང་བསྐྱེད་རྫོགས་འོད་གསལ་གཟུང༔ ཉལ་དུས་ཐུགས་སྲོག་དབུས་སུ་ཐིག་ལེར་བསྡུ༔ ལང་དུས་ཁྲོ་རྒྱལ་ང་རྒྱལ་བསྐྱེད་ཅིང་ལང༔ ཁྲུས་དང་ཁ་ཟས་བདུད་རྩི་ལྔ་ཡིས་བྱ༔ ཐུན་གཅིག་ལྷ་བསྒོམ་ཐུན་གཅིག་འཕྲུལ་འཁོར་བསྐོར༔ ཐུན་གཅིག་རླུང་དང་རྡོ་རྗེའི་བཟླས་པ་བྱ༔ ཐུན་གཅིག་ཚོགས་དང་གཏོར་མ་ཁ་ཟས་རོལ༔ ཉིན་གུང་མཚན་གུང་ངལ་གསོ་ལྟ་བ་བསྐྱང༔ རྗེས་སྤྱོད་དལ་སྤང་གེགས་སེལ་བོགས་འདོན་བྱ༔ དེ་ལྟར་བསྒྲུབས་པས་འབྲས་བུ་སྐྱེ་འཆི་དང༔ བར་དོར་གྲོལ་ནས་སྐུ་གསུམ་ཐོབ་པར་འགྱུར༔ སྐུ་གསུང་ཐུགས་ཁྲོས་གསང་བའི་རྒྱུད་ཆེན་དང༔ རྒྱ་གར་མཁས་པའི་ལུགས་བཞིན་བཅུད་དུ་གདམས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ པདྨ་བདག་གིས་ཡི་གེར་བྲིས་ནས་བསྐྱེད་རྫོགས་ཀྱི་ཡང་ཐེམ་དུ་བཞག་པའོ༔ ྀཨཚ་ཁ་ཐཾ༔

མགོན་པོ་གོང་གནོན་ཡེ་ཤེས་པའི་སྒྲུབ་ཐབས་སྙིང་པོའི་བཅུད་ཐིགས་ (Volume 37, Text 10)

མགོན་པོ་གོང་གནོན་ཡེ་ཤེས་པའི་སྒྲུབ་ཐབས་སྙིང་པོའི་བཅུད་ཐིགས་ནི། ན་མོ་ཤྲཱི་མ་ཧཱ་ཀཱ་ལ་ཡ། མཐུ་ཆེན་རྡོ་རྗེ་ནག་པོ་ཆེ། །དཔལ་ལྡན་མགོན་པོ་ཕྱག་བཞི་པ། །གོང་གནོན་ཡེ་ཤེས་ལྷ་ཉིད་དུ། །སྒྲུབ་པའི་ལས་རིམ་འདི་ལྟ་སྟེ། །བླ་མ་དཀོན་མཆོག་རྣམ་གསུམ་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །བླ་མེད་བྱང་ཆུབ་མཆོག་ཐོབ་ཕྱིར། །ཡེ་ཤེས་མགོན་པོ་བསྒྲུབ་པར་བགྱི། །རང་ལུས་ཐ་མལ་ལྟེ་བ་རུ། །ཧཱུྃ་མཐིང་མ་ཡིག་སྨུག་ནག་ལས། །འོད་འཕྲོས་ལུས་ཀུན་ཁྱབ་པར་གྱུར། །ཕྱིར་འཕྲོས་རྡོ་རྗེའི་གུར་ཁང་ནི། །སྲ་བརྟན་གཞོམ་དུ་མེད་པའི་དབུས། །པདྨ་ཉི་མ་རོ་སྟེང་དུ། །བདག་ཉིད་ཡེ་ཤེས་མགོན་པོའི་སྐུ །མཐིང་ནག་ཞལ་གཅིག་ཕྱག་བཞི་པ། །ཞལ་གདངས་མཆེ་གཙིགས་ལྗགས་འདྲིལ་ཞིང་། །སྤྱན་གསུམ་སྡང་མིག་དམར་ལ་འཁྲུག །ཁྲོ་གཉེར་བསྡུས་ཤིང་སྨིན་མ་དང་། །སྨ་ར་དམར་སེར་མེ་ལྟར་འབར། །དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས། །ཕྱག་བཞིས་ཙིཏྟ་བྷཉྫ་དང་། །རལ་གྲི་དང་ནི་ཁ་ཊྭཱཾ་འཛིན། །ཐོད་སྐམ་དབུ་བརྒྱན་ཐོད་རློན་གྱི། །དོ་ཤལ་སྦྲུལ་གྱི་ཆུན་པོས་བརྒྱན། །གླང་ཆེན་ཞིང་གི་སྟོད་གཡོགས་དང་། །སྟག་གི་པགས་པའི་ཤམ་ཐབས་ཅན། །སྣ་ཚོགས་དར་དང་རུས་པས་བརྒྱན། །ཞབས་གཉིས་ཕྱེད་སྐྱིལ་རོལ་སྟབས་ཀྱིས། །བཞུགས་པའི་པང་དུ་གསང་བའི་ཡུམ། །ཙཎྜི་ནག་མོ་ཕྱག་གཉིས་ཀྱིས། །གྲི་ཐོད་འཛིན་པས་ཡབ་ལ་འཁྱུད། །འཇིགས་གཟུགས་རུས་པའི་རྒྱན་གྱིས་བརྒྱན། །གཉིས་ཀ་མེ་དཔུང་འབར་བའི་ཀློང་། །འཇིགས་པའི་ཞལ་བགྲད་ཧ་ཧ་དང་། །ཧཱུྃ་ཧཱུྃ་ཕཊ་ཅེས་འབྲུག་སྒྲ་ལྟར། །སྒྲོག་ཅིང་བཞུགས་པའི་སྐུ་ཡིས་ནི། ཁམས་གསུམ་མ་ལུས་ཁྱབ་པར་བཞུགས། །འཁོར་དུ་དམ་ཅན་དྲེགས་པའི་ཚོགས། །གྲངས་མེད་སྤྲིན་གཏིབས་ལྟ་བུར་གྱུར། །ཡབ་ཡུམ་ཐུགས་ཀར་པད་ཉིའི་སྟེང་། །མཐིང་ནག་ཧཱུྃ་དང་སྨུག་ནག་མ། །གནས་པའི་འོད་ཀྱིས་ཡེ་ཤེས་པ། །སྤྱན་དྲངས་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿགཉིས་མེད་གྱུར། །ཐུགས་ཀའི་ཧཱུྃ་མཐར་གསང་སྔགས་ཀྱི། །ཕྲེང་བས་གཡས་སུ་བསྐོར་བ་ལས། །སྔགས་ཀྱི་འོད་ཟེར་ཞལ་ནས་འཐོན། །ཡུམ་གྱི་ཞལ་ཞུགས་སྐུའི་དབྱིབས་བརྒྱུད། །བདེ་བའི་ངར་བཅས་མཁའ་གསང་ལས། །ནོར་བུར་ཞུགས་ཏེ་འགལ་མེ་ལྟར། །ཡོངས་སུ་འཁོར་བ་ཉིད་དུ་གྱུར། །ཨོཾ་མ་ཧཱ་ཀཱ་ལ་ཨེ་ཀ་ཛཱ་ཊི་མ་མ་ཧཱུྃ་ཧཱུྃ། ཞེས་བཟླ་ཐུན་མཚམས་སྣོད་བཅུད་ཀུན། །འོད་ཞུ་རང་དང་དེ་ཉིད་ཀྱང་། །ཐུགས་ཀའི་ཧཱུྃ་བསྟིམ་ནཱ་དའི་བར། །བསྡུས་ནས་མི་དམིགས་དབྱིངས་སུ་བཞག །སླར་ཡང་མགོན་པོའི་སྐུར་ལངས་ནས། །དགེ་བ་འདི་ཡིས་མྱུར་དུ་བདག །ཡེ་ཤེས་མགོན་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་པའི་སྨོན་ལམ་ཡང་དག་གདབ། །རེས་འགའ་རྩ་བའི་བཟླས་པ་ཉིད། །སོང་རྗེས་ཐུགས་ཀའི་ཧཱུྃ་ཡིག་གི །དབུས་སུ་རང་སེམས་ཡི་དམ་ལྷ། །གཡས་གཡོན་མདུན་རྒྱབ་རྣམས་སུ་ནི། །བསྲུང་བྱ་མཐའ་དག་གནས་པར་བསམ། །སྔགས་ཕྲེང་སྐུ་ལས་ཡེ་ཤེས་ཀྱི། །འོད་ཟེར་བསྐལ་མེ་ལྟར་དྲག་པ། །འབར་ཞིང་འཚུབས་པས་གནོད་བྱེད་ཀུན། །བསྲེགས་བཅོམ་ཕྱི་རོལ་མི་ཤིགས་པ། །རྡོ་རྗེའི་གུར་གྱིས་བཅིངས་པར་བསམ། གོང་གི་རྩ་བའི་སྔགས་ཉིད་དང་། ཨོཾ་མ་ཧཱ་ཀཱ་ལ་ཨེ་ཀ་ཛཱ་ཊི་གུ་ཎ་ཧྲྀ་ད་ཧཱུྃ་ཕཊ། ཅེས་པ་གཉིས་ཀྱི་སྔགས་གཤམ་དུ། མ་མ་ཀཱ་བཱ་ཙི་རཀྵ་རཀྵ་ཧཱུྃ་ཕཊ། ཅེས་པ་བཏགས་ནས་བརྒྱ་རྩ་འམ། །ཉེར་གཅིག་ཙམ་བཟླ་སྲུང་བའི་མཆོག །སྤྱིར་ན་གོང་གི་རྩ་བའི་སྔགས། །འབུམ་ཚོ་གསུམ་གྱི་གྲངས་ཚད་ཡིན། །རྒྱུན་དུ་རྩ་སྔགས་སྟོང་བཟླས་ན། །སྲུང་སྔགས་བཏགས་པ་བརྒྱ་རྩ་གཅིག །རྩ་སྔགས་བརྒྱ་ལ་སྲུང་བའི་སྔགས། །ཉེར་གཅིག་ཙམ་རེ་བཟླས་པའི་མཐར། །ཉེར་བསྡུ་བྱས་ནས་ཐུན་མཚམས་ལྷར། །ལངས་རྗེས་གཏོར་འབུལ་བསྟོད་པ་སོགས། །རྒྱས་བསྡུས་སྐབས་དང་སྦྱར་བ་ཡིས། །ཐུན་མཚམས་བྱ་བ་འགྲུབ་པ་ཡིན། །ཞེས་དད་ལྡན་ངག་དབང་དར་རྒྱས་ཀྱིས་བསྐུལ་ངོར་གཏེར་གཞུང་རྩ་བའི་དགོངས་པ་མན་ངག་གིས་བརྒྱན་ཏེ་འགྱུར་མེད་རྡོ་རྗེས་སྨྲས་པའི་ཡི་གེ་པ་ནི་རྣམ་གྲོལ་ལོ།། །།

མགོན་པོ་བདུད་དཔུང་གཡུལ་ཟློག་གདུག་པ་ཀུན་འཇོམས་ཀྱི་མདོས་མངའ་བདག་ཉང་གི་གཏེར་མ་འགྲོ་བའི་མགོན་པོ་ཡབ་སྲས་ཀྱི་ཕྱག་ལེན་ (Volume 37, Text 11)

༄༅༔ མགོན་པོ་བདུད་དཔུང་གཡུལ་ཟློག་གདུག་པ་ཀུན་འཇོམས་ཀྱི་མདོས་མངའ་བདག་ཉང་གི་གཏེར་མ་འགྲོ་བའི་མགོན་པོ་ཡབ་སྲས་ཀྱི་ཕྱག་ལེན་བཞུགས་སོ༔ བཅོམ་ལྡན་འདས་དྲེགས་པ་ཅན་ཐམས་ཅད་ཀྱི་བདག་པོ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་ལྟ་སྤྱོད་གདིང་ལྡན་པས༔ ཆོས་སྐྱོང་བསྟན་སྲུང་འཁོར་དང་བཅས༔ བསྐང་ཞིང་ཕྲིན་ལས་བཅོལ་བ་དང༔ བྱོལ་ཆག་ནང་འགྲས་ཟློག་པ་དང༔ དགྲ་བགེགས་གཡུལ་ངོ་བཟློག་པའི་ཕྱིར༔ བདུད་དཔུང་གཡུལ་ཟློག་མདོས་འདི་ཉིད༔ པདྨ་ཐོད་ཕྲེང་བདག་གིས་བཤད༔ ྈྈྈྈྈ ྈྈྈ བདུད་དཔུང་གཡུལ་ཟློག་གདུག་པ་ཀུན་འཇོམས་ཀྱི་མདོས་འདི་ལ་སྤྱི་དོན་ཉེར་གཅིག་གིས་བསྟན་ཏེ༔ གང་ཟག་གང་གིས་བྱ་བ་དང༔ རྫས་གསག་པ་དང༔ མདོས་བཤམ་པ་དང༔ བྱིན་གྱིས་བརླབ་པ་དང༔ དྲེགས་པ་སྤྱན་དྲང་བ་དང༔ བཞུགས་སུ་གསོལ་བ་དང༔ མཆོད་པ་འབུལ་ཞིང་ཐུགས་དམ་བསྐང་བ་དང༔ བསྐུལ་ཞིང་ཕྲིན་ལས་བཅོལ་བ་དང༔ དབང་དུ་བསྡུ་བ་དང༔ བསྙེན་ཅིང་སྒྲུབ་པ་དང༔ གླུད་ཡས་ཀྱི་ཆོ་འབྲང་འདོན་པ་དང༔ མདོས་བསྔོ་ཞིང་ཕྲིན་ལས་བཅོལ་བ་དང༔ གསོད་པའི་ཐུན་དབབ་པ་དང༔ དྲག་པོའི་ཟོར་འཕང་བ་དང༔ མདོས་ལམ་བསྟན་པ་དང༔ ཁྲམ་སྣ་བསྒྱུར་བ་དང༔ མདོས་བསྐྱལ་བ་དང༔ སྨོན་ལམ་གདབ་པ་དང༔ ཚེ་འགུགས་པ་དང༔ བཀྲ་ཤིས་བརྗོད་པ་དང༔ རྒྱས་གདབ་ཅིང་དགེ་བ་བསྔོ་བའོ༔ ༈ དང་པོ་མདོས་འདི་བྱེད་པའི་རྟེན་གྱི་གང་ཟག་ནི༔ གང་སྣང་སྣང་གིས་བྱ་བ་མ་ཡིན་ཏེ༔ རྣལ་འབྱོར་པ་དམ་ལ་གནས་ཤིང་ལྟ་སྤྱོད་ཀྱི་གདིང་དང་ལྡན་པ༔ དམ་ཅན་མཁའ་འགྲོ་བྲན་དུ་ཁོལ་བ་ཞིག་གིས་བྱའོ༔ ༈ གཉིས་པ་རྫས་གསག་པ་ནི༔ མདོས་ཀྱི་རྒྱུ་དང༔ སྐོང་རྫས་དང༔ མཆོད་རྫས་དང༔ གསད་པའི་རྫས་ལ་སོགས་པ་གོང་ནས་སྟ་གོན་དུ་བྱའོ༔ ༈ གསུམ་པ་མདོས་བཤམ་པ་ནི༔ རྣལ་འབྱོར་པས་དབེན་པའི་གནས་སུ༔ སྟེགས་བུ་འདོམ་གང་གྲུ་བཞི་པ་བཤམས་ཏེ༔ དེ་ལ་སྤོས་དང་སྨན་གྱི་ཆག་ཆག་གདབ་སྟེ༔ འབྲུ་སྣ་བཅུ་གསུམ་གྱི་ངར་ཕྱེ་ཁལ་གསུམ་ལ༔ རིན་པོ་ཆེ་སྣ་ཚོགས་ཀྱི་ཕྱེ་མ་བཏབ་སྟེ༔ ཆུ་སྣ་བཅུ་གསུམ་གྱིས་སྦྲུས་ནས༔ དེའི་སུམ་ཆ་ལ་དབུས་སུ་རི་རབ་བང་རིམ་བཞི་པ་ཆོས་ལུགས་སུ་མཐུན་པར་བྱ་སྟེ༔ དེའི་ཕྱོགས་བཞིར་མ་ཏྲཾ་བཞི་རྐང་པ་བསྣོལ་བར་བྱའོ༔ དེ་ནས་རི་རབ་ཀྱི་སྟེང་དུ་ཕྱོགས་བཞི་དབུས་དང་ལྔར༔ ལྕགས་མཁར་ནག་པོ་རེ་རེ་དང༔ ཐོད་མཁར་དེ་བས་ཅུང་ཟད་དམའ་བ་རེ་རེ་བྱ་སྟེ༔ དེའི་ཁར་དབུས་མའི་སྟེང་དུ༔ ཡེ་ཤེས་མགོན་པོའི་གཟུགས་་་ཞལ་གསུམ་ཕྱག་དྲུག་པ།དང༔ གྲི་རྒོད་ཀྱི་སྙིང་དང༔ མོན་ནག་གི་སྙིང་བཞག༔ ཤར་གྱི་མཁར་ལ་ཐུགས་ཀྱི་མགོན་པོ་་་གྲི་གུག་ཐོགས་པ།དང༔ ཁྱི་ནག་གི་སྙིང༔ ལྷོར་སྐུའི་མགོན་པོ་་་སྟག་ཞོན་བེར་ཅན།དང༔ ལུག་ནག་གི་སྙིང༔ ནུབ་ཏུ་གསུང་གི་མགོན་པོ་་་མདུང་ཅན་རྟ་ལ་ཞོན་པ།དང༔ གཡག་ནག་གི་སྙིང༔ བྱང་དུ་ཕྲིན་ལས་ཀྱི་མགོན་པོ་་་གྲི་གུག་ཅན་བྱ་རོག་ལ་ཞོན་པ།དང༔ བྱ་རོག་གི་སྙིང༔ ཡེ་ཤེས་ཀྱི་མགོན་པོའི་གཡས་ཕྱོགས་སུ༔ མི་ལུས་སྤྲེའུའི་མགོ་ཅན་གྲི་དང་ཐོད་པ་ཐོགས་པ་་་ལས་བྱེད་མགོན་པོ།དང༔ ཕག་རྒོད་ཀྱི་སྙིང་བཞག༔ གཞན་ཡང་མདའ་བྱ་རྒོད་མ་དར་ནག་ཅན༔ མི་ནག༔ ཁྱི་ནག༔ ལུག་ནག༔ གཡག་ནག༔ བྱ་ནག་དང༔ ཕག་ནག་གི་རྒྱལ་མཚན་དང་དྲུག༔ རིམ་པ་ལྟར་རེ་རེ་གཟུགས་སོ༔ ལྕམ་མོ་ལ་དབུས་ཀྱི་ཐོད་མཁར་ལ་ཡེ་ ཤེས་ཀྱི་མ་མོ་དང༔ ནལ་བུའི་སྙིང་དང༔ ལུག་སྨུག་གི་སྙིང་བཞག༔ ཤར་དུ་བདུད་ཀྱི་ཡུམ་རེ་མ་ཏི་ལ་ལུག་ནག་གི་སྙིང་དང༔ མི་རིང་གི་གཟུགས༔ ལྷོར་གཤིན་རྗེ་རེ་མ་ཏི་དང༔ གྲི་རྒོད་ཀྱི་སྙིང༔ ནུབ་ཏུ་སྲིན་མོ་རེ་མ་ཏི་དང༔ ཁྱི་སེར་རྒྱའི་སྙིང༔ བྱང་དུ་གནོད་སྦྱིན་ནག་མོ་རེ་མ་ཏི་་་དྲེལ་ཞོན་རལ་གྲི་ཅན།དང༔ གྲི་མོའི་སྙིང་བཞག༔ ནལ་བུའི་རྒྱལ་མཚན་དང༔ ཀྱུང་ཀ་དང༔ ཁྱི་ནག་དང༔ ཁྱི་སེར་རྒྱ་དང༔ བྱ་མོ་ནག་མོའི་རྒྱལ་མཚན་དང་ལྔ་རིམ་པ་ལྟར་དགོད་དོ༔ ཡེ་ཤེས་མ་མོའི་མདུན་དུ༔ སྐྱི་མཐིང་མ་དགོད༔ ལྕོགས་བཞི་ལ༔ བ་ལམ་མ༔ ཁྲི་སྨན་མ༔ ཆུ་སྲིན་མགོ༔ མ་ཡམས་ནག་མོ་བཞི་དགོད་དོ༔ མཐུན་རྫས་ནི༔ ཤ་སྣ་དང༔ སྙིང་སྣ་རྣམས་བཞག་གོ༔ སྤྱིའི་རྫས་ནི༔ བྱ་ནག༔ གཡག་ནག༔ ར་ནག༔ ལུག་ནག་དང༔ ཁྱི་ནག༔ དོམ་ནག༔ རྟ་ནག༔ ཕག་ནག༔ སྤྲེལ་ནག༔ མཛོ་ནག་དང༔ ནམ་མཁའ་ནག་པོ་འཇའ་རིས༔ མདའ་ནག་རང་རྟགས་ཀྱི་རི་མོ་ཅན༔ འཕང་ནག་གསེར་གཡུའི་རི་མོ་ཅན༔ རྒྱང་བུ་ནག་པོ་ཉི་ཟླས་བརྒྱན་པ༔ ཤིང་རིས་བ་དན་ནག་པོ༔ མདུང་ནག་པོ༔ མ་མོའི་སྙིང་བཤོས༔ མགོན་པོའི་བཤོས་བུ་ནག་པོ༔ ཁྲག་སྣ་ཞལ་བུ༔ འབྲུ་ནག་གི་གཏོར་མ༔ ཛ་གད༔ ཚིལ་ཆེན་གྱི་ཏིང་ལོ༔ དེ་དག་རེ་རེ་ལ་བཅུ་བཅུ་བསགས་ལ་རི་རབ་སྟེང་དུ་འགོད་དོ༔ དེ་ལ་དར་ནག་གི་གུར་ཕུབ་ལ་བཞག་གོ༔ བང་རིམ་དང་པོ་ལ༔ རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ་དགོད་དོ༔ དེ་ཡང་ཕྱོགས་བཞིར་རྒྱལ་ཆེན་བཞི་ལ༔ རྟ་པ་དཀར་པོ་དང༔ སྔོན་པོ་དང༔ དམར་པོ་དང༔ སེར་པོ་དར་མདུང་ཐོགས་པ་བཞི་དང༔ གཡག་དཀར་བཞི་དང༔ མཛོ་དམར་བཞི༔ རྟ་སྔོན་བཞི༔ བ་དན༔ མདའ་འཕང་བཞི༔ ནམ་མཁའ་ཞལ་ཕྱུང་བ༔ རྒྱང་བུ༔ ཤིང་རིས༔ གཏོར་མ༔ གསེར་སྐྱེམས༔ གསང་ལུག་བཞི་བཞིའོ༔ ཕྱོགས་སྐྱོང་བཅུ་ལ༔ རང་གཟུགས་ཀྱི་ཕྲག་པ་ལ་དར་མདུང་བཙུགས་པ་བཅུ༔ རྒྱལ་མཚན་བཅུ༔ ནམ་མཁའ་ཁ་དོག་དང་མཐུན་པ༔ མདའ༔ འཕང༔ རྒྱང་བུ༔ ཤིང་རིས༔ གསང་ལུག༔ གཏོར་མ༔ སྤྱན་གཟིགས༔ ལྷ་བཤོས༔ མཁར་པོ༔ གསེར་སྐྱེམས་ཞལ་བུ་བཅུ་བཅུ་བསགས་ཏེ༔ ཕྱོགས་བཞི་མཚམས་བཞིར་རིམ་པར་དགྲམ་མོ༔ དེ་ནས་བང་རིམ་གཉིས་པའི་ཤར་ཕྱོགས་སུ་ལྷ་ཆེན་པོ་བརྒྱད་ལ༔ དངུལ་མཁར་བརྒྱད་ལ་རང་རང་གི་གཟུགས་སྨྲང་ནས་བྱུང་བ་ལྟར༔ ཕྲག་པ་ལ་དར་མདུང་དཀར་པོ་བརྒྱད་བཙུགས་པ་དང༔ དཀར་གཏོར་སྨན་སྣས་བརྒྱན་པ་དང༔ ལྷ་བཤོས༔ ལྷ་གཡག༔ གསང་ལུག་དང༔ བནྡེ༔ མཁར་ཐབས་བ་དན་བཙུགས་པ་དང༔ མདའ་དཀར༔ འཕང་དཀར༔ རྒྱང་བུ་དཀར་པོ༔ ཤིང་རིས༔ ནམ་མཁའ་དཀར་པོ་འཇའ་རིས༔ གསེར་སྐྱེམས་ཞལ་བུ༔ ཀུན་ལ་བརྒྱད་བརྒྱད་དུ་བྱས་ལ་དགོད་དོ༔ བང་རིམ་གཉིས་པའི་ལྷོ་ཕྱོགས་སུ༔ གཤིན་རྗེ་ཆེན་པོ་བརྒྱད་མི་མགོ་བརྒྱད་ཀྱི་སྟེང་དུ༔ རང་གཟུགས་འཆིབ་པ་དང་བཅས་པ་བརྒྱད་ཀྱི་ལག་ཏུ་ཁྲམ་ཤིང་བརྒྱད་བསྐུར་རོ༔ ཞིང་གི་རྒྱལ་མཚན༔ དབུས་རང་རང་གི་ཞལ་དང་མཐུན་པའི་ནམ་མཁའ་བརྒྱད༔ མདའ༔ འཕང༔ ཤིང་རིས༔ ཤ་སྣའི་གཏོར་མ༔ ར་རོག༔ ཚིལ་ཆེན་གྱི་མར་མེ༔ ངར་གླུད༔ བ་དན༔ མདུང་དམར༔ ཀུན་ལ་བརྒྱད་བརྒྱད་བྱས་ལ་དགོད་དོ༔ ནུབ་ཏུ་བདུད་པོ་ནག་པོ་བརྒྱད་ལ༔ ལྕགས་མཁར་བརྒྱད༔ མི་ནག་རྟ་ནག་ཅན་གཡས་སུ་མདའ་གཞུ༔ གཡོན་དུ་མཚེ་ཡུངས༔ ཕྲག་པ་ལ་དར་མདུང་ནག་པོ་བཙུགས་པ་བརྒྱད༔ བདུད་ཤ་ནག་པོ་བརྒྱད༔ མི་ནག་གཡས་སུ་མཚེ་དང་གཡོན་དུ་ཁྲམ་ཤིང་ཁུར་བ༔ ལུག་ནག༔ ར་ནག༔ གཡག་ནག༔ བདུད་བཤོས༔ གསེར་སྐྱེམས༔ མདའ༔ འཕང༔ རྒྱང་བུ༔ ནམ་མཁའ་ཤིང་རིས༔ བ་དན་རྣམས་བརྒྱད་བརྒྱད་འགོད་དོ༔ བྱང་དུ་གནོད་སྦྱིན་བརྒྱད་ལ་རིན་པོ་ཆེའི་མཁར་བརྒྱད་ཀྱི་སྟེང་དུ༔ རང་གཟུགས་ཀྱི་རྟ་པ་དར་མདུང་ཅན་ཁྲ་བོ་བརྒྱད༔ ནམ་མཁའ་སྔོན་པོ༔ མདའ༔ འཕང༔ ཤིང་རིས༔ རྒྱང་བུ༔ བ་དན༔ དཀར་གཏོར༔ གསང་ཕྱི་བ༔ གསེར་སྐྱེམས༔ ཤ་སྣ༔ ཁྲག་སྣ༔ སྟག༔ གཟིག༔ བྱ་ཁྲ༔ དེ་རྣམས་བརྒྱད་བརྒྱད་བྱས་ལ་འགོད་དོ༔ བང་རིམ་གསུམ་པ་ལ་མཁར་བརྒྱད་ལ་ལྷ་སྲིན་སྡེ་བརྒྱད་འགོད་དོ༔ ཤར་གྱི་དབང་ཕྱུག་ཆེན་པོ་མ་ཧཱ་དེ་བ་འབྲུག་ལ་ཞོན་པ༔ གཡས་ན་རྩེ་གསུམ་བ་དན་གྱིས་མཚན་པ༔ གཡོན་ན་ཞགས་པ་ཐོགས་པ་དང༔ བློན་པོ་བཞིའི་གཟུགས་དང་བཅས་པ༔ རྟའི་ཚིལ་བུ་དང་སྙིང་སྣ་དང་ཁྲག་ལ་བྱས་པའི་གཏོར་མ་གཅིག་དང༔ མེ་ཏོག་སྣ་ཚོགས༔ རིན་པོ་ཆེ་ལྔ༔ སྨན་ལྔ༔ ཆང་སྣ་ཚོགས༔ སྙིང་སྣ༔ ཤ་སྣ༔ བུ་རམ༔ འབྲས་དང་བཞིའོ༔ གཏོར་མ་བཞི༔ ནམ་མཁའ༔ མདའ༔ འཕང༔ ཤིང་གྲི༔ རྒྱང་བུ༔ རྒྱལ་མཚན་རྣམས་ལྔ་ལྔ་གསག་གོ༔ གཞན་ཡང་སྤྱན་གཟིགས་སྣ་ཚོགས་དགྲམ་མོ༔ ལྷོར་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་སྐུ་མདོག་སྔོ་ནག་མ་ཧེ་སྔོ་ནག་ལ་འཆིབ་པ༔ གཡས་ན་བེ་ཅོན་བསྣམས་པ་དགྲ་ལ་རྡེག་པ༔ གཡོན་ན་སྡིགས་མཛུབ་ཞགས་པ་བསྣམས་པ༔ ཕྲག་པ་ལ་དར་མདུང་བཙུགས་པ་བྱས་ལ་བཞག་གོ༔ འཁོར་ལས་ཀྱི་གཤིན་རྗེ་མོན་པ་རྣམ་བཞི༔ མི་ལུས་སེང་གེ་སྟག་དང་དྲེད་དང་ཁྱུང་གི་མགོ་ཅན་དང༔ ཤ་ཁྲག་སྣ་ཚོགས་ཀྱི་གཏོར་མ་དང༔ ར་རོག་དང༔ དཔལ་ཟན་དང༔ སྟག་དང༔ གཟིག་དང༔ ནམ་མཁའ་ཞལ་ཕྱུང་བ༔ འཇའ་རིས་དང༔ མདའ་དང༔ འཕང་དང༔ མདུང་དང༔ ཁྲམ་ཤིང༔ ཀུན་ལ་ལྔ་ལྔ༔ རྟ་དམར༔ ཁྱི་དམར༔ འུག་པ༔ སྲིན་བྱ༔ ར་དཀར༔ ལུག་དཀར༔ ཁྱིའི་རྒྱལ་མཚན་རེ་རེ་བསགས་ལ་འགོད་དོ༔ ནུབ་ཏུ་བཙན་གྱི་རྒྱལ་པོ་ཡམ་ཤུད་དམར་པོ༔ བསེའི་ཟངས་གྲི་དང་ཟངས་ཞགས་ཐོགས་པ༔ བཙན་རྟ་དམར་པོ་ལ་འཆིབ་པ༔ འཁོར་ལས་ཀྱི་བཙན་རྒོད་འབྱུང་བ་བཞིའི་བཙན་བཞིའི་གཟུགས་དང༔ ར་དམར༔ རྟ་དམར༔ མི་དམར༔ བྱ་དམར་བཞིའི་རྒྱལ་མཚན་དང༔ དེ་བཞིའི་གཟུགས་དང༔ གསེར་སྐྱེམས་དང༔ སྤྱན་གཟིགས་དང༔ བཙན་བཤོས་དང༔ གཙང་མའི་ཤ་ཁྲག་གི་གཏོར་མ་ལྔ་དང༔ རི་དྭགས་ལྔ༔ རལ་གྲི་ལྔ༔ མདུང་དམར་ལྔ༔ མདའ༔ འཕང༔ ནམ་མཁའ༔ རྒྱང་བུ༔ ཤིང་རིས༔ བ་དན་ལྔ་ལྔ་གསག་གོ༔ བྱང་དུ་གནོད་སྦྱིན་སོ་ག་རཱ་ཙ་སྐུ་མདོག་ནག་པོ་ལྕགས་ཀྱི་རལ་པ་ཅན༔ གཡས་པ་བདུད་ཀྱི་ཁྲམ་བམ་ཅན༔ གཡོན་པ་རྒྱུ་ཞགས་བསྣམས་ནས་དགྲ་འཆིང་བ༔ འཁོར་ལས་ཀྱི་གནོད་སྦྱིན་འཕྲང་འགུགས་པ་བཞིའི་གཟུགས་དང༔ ཁྱི་དཀར་གྱི་སྙིང་དང༔ གླང་ནག༔ ར་དམར༔ བྱ་དཀར༔ རྟ་དཀར་ལྔའི་སྙིང་དང༔ ཤ་ཁྲག་གི་གཏོར་མ་ལྔ་དང༔ གསང་ཕྱི་བ་ལྔ་དང༔ གཡག་དང༔ བཤོས་བུ་དང༔ རིན་པོ་ཆེའི་རྒྱལ་མཚན་དང༔ མདུང་དང༔ ནམ་མཁའ༔ ཤིང་རིས༔ མདའ༔ འཕང༔ རྒྱང་བུ་རྣམས་ལྔ་ལྔ་བསགས་ལ་འགོད་དོ༔ བྱང་ཤར་དུ་མ་མོ་ཨེ་ཀ་ཛཱ་ཊི་འབྲུ་ནག་ལ་བྱས་པའི་གྲུ་གསུམ་ཉིས་བརྩེགས་སྟེང་དུ༔ བུད་མེད་ཀྱི་སྙིང་ངམ༔ ལུག་ནག་གི་སྙིང་བཞག་སྟེ༔ དེའི་མདུན་དུ་མ་མོའི་གཟུགས་བཞག༔ མེ་ལོང་གི་སྟེང་དུ་བྱང་སེམས་དཀར་དམར་ཡང་བཞག༔ དེ་ལ་དར་ནག་གི་གུར་ཕུབ༔ བནྡྷར་བདུད་རྩི་ཆང་དང་སྦྱར་བ་དང༔ ཤ་སྣ༔ སྙིང་སྣ་འབྱོར་ཚད་ཀྱི་སྣོད་དང༔ ཚིལ་ཆེན་གྱི་མར་མེ་དང༔ ཤ་ཆེན་གྱི་གསུར་དང༔ རཀྟའི་སྣོད་དང་བཅས་པ་བཞག༔ འཁོར་གྱི་དབང་མོ་ཆེའི་གཟུགས་དང༔ ནམ་མཁའ་སྨུག་ནག༔ དཀར༔ དམར༔ མཐིང་ག་དང༔ མདའ༔ འཕང༔ རྒྱང་བུ༔ མདུང༔ དར༔ མེ་ལོང༔ སྤྱང་སྙིང༔ བཤོས༔ བྱ་སྨུག༔ ལུག་ནག༔ ཁྱི་ནག༔ དེ་རྣམས་ལྔ་ལྔ་བསགས་ལ་འགོད་དོ༔ ཤར་ལྷོར་ཀླུ་འཆི་བདག་མགོ་དགུ་མི་ལུས་སྦྲུལ་མགོ་དགུ་པ༔ འཁོར་རིགས་བཞིའི་ཀླུ་དང༔ དཀར་གཏོར་རྩི་སྨན་གྱིས་བརྒྱན་པ་དང༔ ནམ་མཁའ་ཁ་དོག་ལྔ་པ་རེ་རེ་དང༔ མདའ༔ འཕང༔ ཤིང་རིས༔ རྒྱང་བུ་ལྔ་ལྔ་དང༔ ཤིང་སྣ་ལྔ༔ ཀླུ་བཤོས༔ ཉ༔ སྦྲུལ༔ སྦལ༔ ལྕོང༔ ཆུ་རྟ༔ ཆུ་གླང༔ ཆུ་ལུག་ལྔ་ལྔ་གསག་གོ༔ ལྷོ་ནུབ་ཏུ་གཟའ་ཁྱབ་འཇུག་ཆེན་པོ༔ མི་ལུས་སྦྲུལ་མཇུག་ཅན༔ ཕྱག་ན་རྭའི་མདའ་གཞུ་ཐོགས་པའོ༔ འཁོར་ངན་སྔགས་ཀྱི་བདག་མོ་གདོང་མོ་བཞིའི་གཟུགས་དང༔ ར་རོག་དང༔ ཉའི་སྙིང་དང༔ ཤ་རུལ་དང༔ ཉ་རུལ་དང༔ ཁྲག་གིས་བརྒྱན་པའི་གཏོར་མ་དང༔ ར་རོག་དང༔ གཟའ་ལུག་དང༔ གཟའ་བཤོས་དང༔ ལེམ་བུ་དང༔ ནམ་མཁའ་དང༔ མདུང་དང༔ མདའ༔ རྒྱང་བུ༔ ཤིང་རིས༔ འཕན་རྣམས་གསག་གོ༔ ནུབ་བྱང་དུ་བདུད་རོལ་པོ་རྐྱ་གཅིག་མི་ནག་རྟ་ནག་ཁྲམ་བམ་ཐོགས་པ་དང༔ འཁོར་བདུད་པོ་བཞིའི་གཟུགས་དང༔ མི༔ བྱ༔ གླང༔ ཁྱི༔ རྟ་སྟེ་ནག་པོ་ལྔའི་སྙིང་དང༔ དེ་ལྔའི་གཟུགས་ལྔ་ལྔ་དང༔ མདུང་ནག༔ ཁྲམ་བམ༔ མདའ༔ འཕང༔ ནམ་མཁའ༔ རྒྱང་བུ༔ ཤིང་གྲི༔ བདུད་བཤོས༔ བནྡེ༔ མཁར་ཐབས་རྣམས་ལྔ་ལྔ་བསགས་ལ་འགོད་དོ༔ དེ་ནས་རི་རབ་བང་རིམ་འོག་མའི་ལོགས་ལ་སྲིད་པ་སྤྱིའི་སྐོས་ལ༔ ཟུར་བཞིར་སྤྲེའུ་དང༔ རྨ་བྱ་དང༔ བྱ་རྒོད་དང༔ རྔ་མོའི་རྒྱལ་མཚན་དང་བཞི་ཕྱར༔ མི༔ རྟ༔ གླང་པོ༔ ར༔ ལུག༔ བྱ༔ ཁྱི༔ ཕག༔ དྲེའུ༔ གསང་ཕྱི་བ༔ ལེམ་བུ༔ བཤོས་བུ༔ བནྡྷ༔ གཏོར་མ༔ དར་སྣ༔ ཤིང་སྣ༔ རཏྣ་ལྔ༔ འབྲུ་ལྔ༔ གསེར་སྐྱེམས༔ མར་མེ༔ སྨན་སྣ༔ མདའ༔ འཕང༔ ཤིང་གྲི༔ ནམ་མཁའ༔ རྒྱང་བུ༔ རྒྱལ་མཚན་རྣམས་བརྒྱད་བརྒྱད་བཤམ་མོ༔ དེ་ནས་ཕྱོགས་བཞིར་ཤར་དུ་མ་ཏྲཾ་གི་སྙིང་གར༔ ཤེལ་མཁར་སུམ་ཐོག་གཡུའི་ཁ་བད་ཅན་གྱི་སྟེང་དུ༔ སྲོག་བདག་ཚངས་པ་དཀར་པོ་སེང་གེ་ལ་འཆིབ་པ༔ མཐུན་རྫས་བྱ་དཀར་ཟེ་དམར༔ ཁྱི་དཀར་སྣ་དམར༔ རྟ་དཀར་གདོང་དམར༔ ལུག་དཀར་རྭ་དམར༔ མི་དཀར་ཐོད་དམར་དེ་རྣམས་དྲུག་དྲུག་དང༔ དེ་དྲུག་གི་རྒྱལ་མཚན་དང༔ གསང་ཕྱི་བ་དང༔ བཤོས་བུ་མཁར་ཐབས་དང༔ ཟུར་གསུམ་དང༔ མདའ༔ འཕང༔ ནམ་མཁའ༔ མདུང༔ ཤིང་རིས༔ རྒྱང་བུ༔ སྨྱུག་རྒོད༔ གསེར་སྐྱེམས་རྣམས་ལྔ་ལྔ་བསགས་ལ་མཁར་ལ་འགོད་དོ༔ ལྷོར་བེ་དཀར་ལ་འབྲུ་ཟན་ལས་བྱས་པའི་གསེར་མཁར་སུམ་ཐོག་པ་དབུ་རྩེར་བྱས་པའི་རྩེ་ལ༔ རྒྱལ་པོ་ཉིད་ཆིབས་སུ་བན་གླང་སྣ་རིང་ལ་འཆིབ་པ༔ དབུ་ལ་སྨྱུག་ཞུ་གསོལ་བ༔ ཕྱག་ན་ཤེར་ཤིང་གི་གསེག་ཤང་བསྣམས་པ་བཞག༔ མདུན་དུ་ཡུམ་ཤཱནྟི་རོ་ཟན་བཞག༔ གཡས་གཡོན་དུ་སྐྱེས་བུ་སྟག་ཆས་ཅན་རེ་རེ་བཞག༔ མདུན་རྒྱབ་ཏུ་ཁོལ་པོ་ཤན་པ་གྲི་ཐོགས་པ་བཞི༔ གཡས་སུ་སྐྱེས་པ་སྟག་ཆས་ཅན་ལྔ༔ གཡོན་དུ་བཙུན་པ་དགྲ་བཅོམ་པ་ལྔ༔ མདུན་དུ་བུད་མེད་ནག་མོ་ལྔ༔ རྒྱབ་ཏུ་བནྡེ་ནག་པོ་ལྔ༔ ཐ་མར་ཕྱག་བརྙན་མོན་བུ་བརྒྱ༔ གཞན་ཡང་གསང་ཕྱི་བ་དང༔ ལུག་དཀར་མོའི་ལག་པ་དང༔ སྟག༔ སྤྲེའུ༔ དར་ཟབ༔ སྤྱང་ཀི༔ སེང་གེ་ལྔའི་རྒྱལ་མཚན་དང༔ དེ་ལྔའི་གཟུགས་བཞི་བཞི་དང༔ བཤོས་བུ་མཁར་ཐབས༔ ཟུར་གསུམ༔ ཟུར་དྲུག༔ ཟུར་བདུན༔ གསང་ཕྱི་བ༔ གསེར་སྐྱེམས༔ སྨྱུག་རྒོད༔ ནམ་མཁའ༔ མདའ༔ དར་མདུང༔ ཤིང་གྲི༔ རྒྱང་བུ་རྣམས་ལྔ་བསགས་ལ་འགོད་དོ༔ ནུབ་ཏུ་སྐྱེས་བུ་རྡོ་རྗེ་ལེགས་པ༔ འབྲུའི་གསས་མཁར་དམར་པོ་སུམ་བརྩེགས་ཀྱི་རྩེར༔ སྐྱེས་བུའི་གཟུགས་ཞུར་པོ་ལག་དཀར་ལ་འཆིབ་པ༔ གཡས་ན་རལ་གྲི༔ གཡོན་ཁྲམ་ཤིང་བསྣམས་པ་བཞག༔ དེའི་ཤར་དུ་དགེ་བཤེས་ཀྱི་གཟུགས༔ དབུ་ལ་པྲོག་ཞུ༔ སྐུ་ལ་ངུར་སྨྲིག༔ ཤེལ་ཕྲེང་ག་ཤལ༔ ཞབས་ལ་སག་ཏི༔ ཕྱག་ན་རྡོ་རྗེ༔ རྐེད་ལ་གསེར་སྐ༔ ལྷོར་བནྡེའི་གཟུགས༔ སྐུ་ལ་གཡང་གཞི༔ དབུ་ལ་སྤྱི་བླུགས༔ ཕྱག་ན་བདུད་ཁྲམ༔ ཆིབས་སུ་ཅེ་སྤྱང༔ ནུབ་ཏུ་ཇག་དཔོན་གྱི་གཟུགས༔ དབུ་ལ་སྤྱང་ཞྭ༔ སྐུ་ལ་བསེ་སླག༔ སྟག་རལ་གཟིག་ཤུབ༔ དར་མདུང༔ གསེར་སྐ༔ བྱང་དུ་ཚོང་དཔོན་གྱི་གཟུགས༔ དབུ་ལ་འོབ་ཞྭ༔ སྐུ་ལ་གཡི་སྤྱང༔ ཕྱག་ན་སྦ་ལྕག༔ ཆིབས་སུ་དྲེའུ༔ ནམ་མཁའ་ཁ་དོག་བཞི་དང༔ མདའ༔ འཕང༔ རྒྱང་བུ༔ ཤིང་རིས༔ དར་མདུང༔ གྲི་བཤོས༔ བཤོས་བུ༔ ལྕགས་ཐོ༔ ར་ཤ༔ གསེར་སྐྱེམས༔ དེ་རྣམས་བཞི་བཞི་དང༔ ར་དཀར་པོ༔ སེར་རྒྱ༔ ཞོལ་པོ་ཁམ་པ༔ ལུག་ཁ་རྒྱ༔ དྲེའུ་ཁལ༔ བོང་ཁལ༔ རྟ་ཁལ་རྣམས་དགོད་དོ༔ བྱང་དུ་ཐོད་མཁར་སུམ་བརྩེགས་སྒོ་ཅན་ལ༔ སྟེང་དུ་དགྲ་བོའི་ལིང་གདན་ལ་སྲིན་པོ་ནག་པོ༔ ཤང་ལང་དང་བནྡྷ་ཐོགས་ནས་སྲིན་རྟ་ཁམ་པ་ལ་འཆིབ་པ༔ སྲིན་མོ་དམར་མོ་གྲི་གུག་དང་མི་སྙིང་ཐོགས་པ་བཞག༔ དབུས་སུ་ཞིང་ལྤགས་ཀྱི་གདུགས་དང༔ ནམ་མཁའ་དམར་ནག༔ ཕྱོགས་བཞིར་སྲིན་བྱ༔ འུག་པ༔ བྱ་རྒོད༔ བྱ་རོག་བཞི་ལྡིང་བ༔ ཟུར་བཞིར༔ ར༔ ལུག༔ སྟག༔ གཟིག་གི་རྒྱལ་མཚན་ཕྱར་བ༔ དགྲ་བོའི་ལིང་ག་མི་ཁྲག་མི་ཚིལ་གྱིས་བྱུགས་པའི་གཏོར་མ་བཞི་དང༔ ར༔ ལུག༔ སྟག༔ སྤྱང་ཀི༔ ཁྭ་ཏ༔ ཀངྐ༔ ལིང་དུ༔ གཟིག༔ དྲེད་མོང༔ མ་ཧེ༔ ཁྱི༔ དོམ༔ ཅེ་སྤྱང༔ ཤ་སྣ༔ ཁྲག་སྣ༔ སྨན་ཕུད་རྣམས་རེ་རེ༔ མདའ༔ མདུང་དམར༔ རྒྱང་བུ༔ ཤིང་གྲི་རྣམས་ལྔ་ལྔ་དགོད་དོ༔ དེ་ནས་མ་ཏྲཾ་བཞིའི་ལུས་ལ་ལྷ་སྲིན་ཡོངས་ལ་ཁྱབ་པར་བསྔོས་ལ་རྣལ་འབྱོར་པའི་ཚེ་སྲོག་བསླུ་བའི་ཕྱིར་ངར་གླུད་ཆས་ཀྱིས་བརྒྱན་པ་བརྒྱ་རྩ་བརྒྱད་དགོད་དོ༔ དེ་ནས་ཐ་མའི་མཚམས་བཞིར་འབྲུ་སྣ་བྲེ་རེ་རེའི་སྟེང་དུ༔ རྟ་དང༔ གླང་པོ་དང༔ སེང་གེ་དང༔ མ་ཧེ་ལ་ཞོན་པའི་ངར་གླུད་ཁྲུ་གང་བ་འཁོར་གསུམ་བཏགས་པ༔ གོ་ཞུབ་གྱོན་པ་བཞི་དར་ནག་པོས་ཞལ་བཀབ་ལ་བཞག་གོ༔ བརྟན་མ་བཅུ་གཉིས་ལ་འབྲང་རྒྱས་མཐོ་གང་བ་མཚལ་གྱི་ཐིག་བཏབ་པ་བཅུ་གཉིས་ཀྱི་སྟེང་དུ་རང་གཟུགས་བཅུ་གཉིས༔ བལ་ཐེ༔ ཤུག་ཐེ༔ མདའ༔ འཕང༔ ནམ་མཁའ༔ རྒྱང་བུ༔ ངར་བྱ༔ ལེམ་བུ༔ ཁྲམ་ཤིང་རྣམས་བཅུ་གཉིས་བཅུ་གཉིས་འགོད་དོ༔ དེའི་ཕྱི་རོལ་དུ་ཟོར་ཀོང་ཉེར་གཅིག་ཏུ་རྩང་དམར༔ མཚེ་ཡུངས༔ དུག་ཁྲག༔ སྔོན་དམར་གྱི་སྤྲིན་དང་བཅས་པ་བཞག༔ མཐུན་རྫས་སུ༔ ཁྲག་ཐུན༔ ཕྱེ་མ་གསུམ་གྱི་ཐུན༔ ཡུངས་ཐུན༔ སྐེ་ཚེ༔ ཁྲམ་བམ༔ ཏིལ་ནག༔ མཚེ༔ སྐྱེར་མདའ༔ རྩང༔ ཕུར་ཐུན༔ གྲི༔ སྒོ་ང༔ དེ་རྣམས་བརྒྱད་བརྒྱད༔ ཐོད་པ་མཚན་ངན་ནང་དུ་དགྲ་བགེགས་ཀྱི་ལིང་ག་བཅུག་པ་བརྒྱད་བྲུབ་ཁུང་བརྒྱད་ཀྱི་ཁ་ལ་ཕྱོགས་ཕྱོགས་སུ་འགོད་དོ༔ གཞན་ཡང་འབྲུ་སྣའི་གཏོར་མ་བརྒྱད་ལ༔ སྨན་སྣ་དང༔ ཤ་སྣ་དང༔ དཀར་གསུམ་དང༔ ཁྲག་སྣ་དང༔ མངར་སྣ་དང༔ སྒོག་བཙོང་ལ་སོགས་པ་དང༔ ཤིང་ཏོག་དང༔ ཁུར་བ་དང༔ རྒྱན་གྱིས་བརྒྱན་པ་བཤམ་མོ༔ ཆང་ཕུད་དང༔ ཞལ་ཟས༔ རྒྱ་ཚོས་དང༔ དཀོར་ཆ་དུ་མ་དང༔ སྤྱན་གཟིགས་ཀྱང་དགྲམ་མོ༔ དེའི་ཕྱི་རོལ་དུ་ལྕགས་རི་ནག་པོས་བསྐོར་བ་ལ༔ ཤིང་སྣ་ཚོགས་དང༔ དར་ཟབ་སྣ་ཚོགས་དང༔ ནམ་མཁའ་སྣ་ཚོགས་དང༔ ཐང་དང་ཆུ་ལ་གནས་པའི་སེམས་ཅན་འགོད་དོ༔ གཞན་ཡང་སྐོང་ར་དང༔ སྐོང་ལུག་དང༔ སྐོང་གཡག་དང༔ སྐོང་བྱ་ནག་པོ་དང༔ འདོད་པའི་ལོངས་སྤྱོད་ལ་སོགས་པ་སྣ་ཚོགས་པ་བཤམས་ལ་བཞག་གོ༔ ༈ བཞི་པ་མདོས་བྱིན་གྱིས་བརླབ་པ་ནི༔ སྔགས་པ་བདག་ཉིད་ལུས་ལ་བེར་ནག་དང༔ མགོ་ལ་ཐོད་དམར་དང༔ སྟོད་གཡོགས་སྨད་དཀྲིས་དང༔ ཕྱག་རྒྱ་ཕུ་དུང་དང༔ ཁ་གསེར་ཁ་གཡུ་ཁ་དང༔ དར་མཐིང་ནག་དང༔ ལག་ཆིངས་དང་ཆས་ཀྱིས་བརྒྱན་ལ༔ འབྲུ་བྲེ་བཅུ་གསུམ་གྱི་སྟེང་དུ༔ གསང་བྲེ་ཐག་པ་གཅིག་ལ༔ མདའ་བྱ་རྒོད་མ་ལ་དར་སྣ་ཚོགས་དང༔ རིན་པོ་ཆེ་སྣ་ཚོགས་བཏགས་ལ་གཟུག༔ གསེར་སྐྱེམས་མ་ཉམས་པ༔ རྒྱ་ཕོར་དང༔ བསེ་ཕོར་དང༔ དངུལ་སྐྱོགས་སུ་བཀང་ལ་མདུན་དུ་བཞག་སྟེ༔ མགྲོན་རྣམ་པ་བཞི་ལ་གསོལ་ཁ་རྒྱས་པར་བྱས་ལ༔ ཡི་དམ་གྱི་ཕྲིན་ལས་གཞུང་བསྲངས་ལ་མཆོད་བསྟོད་ཡན་ཆད་རྫོགས་པར་བྱ་སྟེ༔ བར་འདིར་མདོས་བྱིན་གྱིས་བརླབ་པ་ལ་ཤེས་པ་རྣམ་པ་བཞིས་སྦྱོར་བ་ལས༔ དང་པོ་རི་རབ་གཞལ་ཡས་ཁང་དུ་ཤེས་པ་ནི༔ ཨོཾ་སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་སྦྱངས་པའི་ངང་ལས༔ ནམ་མཁའ༔ རླུང༔ ཆུ༔ མེ༔ སའི་སྟེང༔ འབྱུང་བ་རིམ་བརྩེགས་ཀྱི་སྟེང་དུ༔ དབུས་སུ་རི་རབ་བང་རིམ་བཞི་པ་རིན་པོ་ཆེ་བཞི་ལས་གྲུབ་པ༔ སྟེང་ལྕོག་བཞི་དང་གཞལ་ཡས་ཀྱིས་བརྒྱན་པ༔ ཕྱི་རིམ་རྨང་དུ་གསེར་གྱི་རི་བདུན་དང༔ གླིང་བཞིར་མ་ཏྲཾ་ཆེན་པོ་བཞི་སྒྱེལ་བ༔ དེའི་སྙིང་གར་དྲེགས་པ་ཅན་ཆེན་པོ་བཞིའི་སྐུ་མཁར་དང་བཅས་པ༔ ཕྱི་རིམ་ལྕགས་རི་མུ་ཁྱུད་ཀྱིས་བསྐོར་བ་རྒྱ་ཁྱོན་དཔག་ཏུ་མེད་པར་རབ་ཏུ་བྱིན་གྱིས་བརླབ་བོ༔ གཉིས་པ་དྲེགས་པའི་གཟུགས་བརྙན་ཕོ་ཉ་ལས་བྱེད་དུ་ཤེས་པ་ནི༔ རི་རབ་ཀྱི་སྟེང་དུ་བདག་ཉིད་ཡེ་ཤེས་པའི་ཁྲོ་བོ་སྐུ་ཆེ་ལ་ཡན་ལག་རགས་པར་བསྐྱེད་ལ༔ དེའི་མདུན་དུ་མགོན་པོ་ལྕམ་དྲལ་ལ་སོགས་པའི་ཆོས་སྐྱོང་གི་གཟུགས་བརྙན་གོང་དུ་བཀོད་པ་ཐམས་ཅད་དྲེགས་པ་རང་རང་གི་སྐུ་རྒྱན་ཆ་ལུགས་རབ་ཏུ་གསལ་བ༔ རང་རང་གི་འཁོར་དང་བཅས་པ༔ བདག་གི་བཀའ་ཉན་ཞིང་ཕྲིན་ལས་སྒྲུབ་པར་བྱིན་གྱིས་བརླབ་བོ༔ གསུམ་པ་མཐུན་རྫས་སྐོང་དང་ཡས་གླུད་དུ་ཤེས་པ་ནི༔ བཤམས་པའི་ཡས་དང་གཟུགས་སུ་སྣང་བ་ཐམས་ཅད་ཐབས་ཤེས་རབ་གཉིས་སུ་མེད་པའི་ཏིང་ངེ་འཛིན་གྱིས་དབང་བསྒྱུར་ལ༔ རཾ་ཡཾ་ཁཾ་གིས་བསྲེགས་སྦྱང་བཀྲུས་ཏེ༔ ཨོཾ་གྱིས་འདོད་པའི་ལོངས་སྤྱོད་ལྔར་གྱུར་པར་བྱིན་གྱིས་བརླབ༔ ཨཱཿཡིས་ནམ་མཁའ་ཁྱབ་པར་གྱུར་པར་བྱིན་གྱིས་བརླབ༔ ཧཱུྃ་གིས་བདུད་རྩི་ཆེན་པོའི་རང་བཞིན་དུ་གྱུར་པར་བྱིན་གྱིས་བརླབ༔ གཟུགས་བརྙན་ཐམས་ཅད་མཚན་དང་དཔེ་བྱད་དང་ཕུང་པོ་ཁམས་དང་སྐྱེ་མཆེད་དང་ལྡན་པར་གྱུར་པར་བྱིན་གྱིས་བརླབ༔ ཧཱས་གང་ལ་གང་འདོད་ཆོས་སྐྱོང་ཕོ་མོའི་སྐུ་གསུང་ཐུགས་དང་གཉིས་སུ་མེད་པར་གྱུར་པར་བྱིན་གྱིས་བརླབས་ལ་ཐུགས་དམ་བསྐང་ངོ༔ བཞི་པ་ཐུན་རྫས་གསད་པའི་མཚོན་དང་དུག་དབལ་དུ་ཤེས་པ་ནི༔ མདུང་དང༔ ཕུར་པ་དང༔ རྩང་ལ་སོགས་པ་ཐམས་ཅད་དགྲ་བགེགས་རྩད་ནས་གཅོད་ཅིང་རྡུལ་དུ་རློག་པའི་མཐུ་དང་ལྡན་པར་གྱུར་པར་བྱིན་གྱིས་བརླབས་ལ་དགྲ་བགེགས་ལ་བརྡེག་གོ༔ ༈ ལྔ་པ་དྲེགས་པ་སྤྱན་དྲང་བ་ནི༔ ཚིལ་ཆེན་སྤོས་དཀར་དང༔ རྒྱ་སྤོས་ཀྱི་དུད་པ་བཏང་ལ༔ རྔ་བརྡུང༔ དུང་འབུད༔ དྲིལ་བུ་གསིལ་ཞིང་བདག་ཉིད་པདྨ་དབང་ཆེན་ནམ༔ ཡི་དམ་དུ་གསལ་བའི་ངང་ལས་གདུང་བའི་དབྱངས་ཀྱིས་འབོད་པ༔་་་གཡབ་དར་སྤོས་སྣོད་དང་བཅས། ཧཱུྃ༔ ང་ནི་སྲིད་གསུམ་ཀུན་གྱི་རྗེ༔ ང་ནི་འཁོར་འདས་ཀུན་གྱི་བདག༔ ང་ནི་དྲེགས་པ་ཀུན་གྱི་གཙོ༔ ང་ནི་དུས་གསུམ་སངས་རྒྱས་ཡིན༔ ང་ནི་ཁྲོ་བོའི་རྒྱལ་པོ་ཡིན༔ ཁྲོ་རྒྱལ་ང་ཡི་བཀའ་བཞིན་དུ༔ དམ་ཚིག་གཉན་ལས་མ་འདའ་བར༔ བསྟན་པ་སྲུང་བའི་བདག་པོ་རྣམས༔ གསང་བའི་གནས་འདིར་དམ་ལ་འདུ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་སྤྱོན་ཆོས་སྐྱོང་འཁོར་བཅས་རྣམས༔ སྔོན་གྱི་ཁས་བླངས་དམ་བཅས་བཞིན༔ བསྟན་པ་བསྲུང་བའི་དུས་ལ་བབ༔ བདུད་དཔུང་འདུལ་བའི་དུས་ལ་བབ༔ བགེགས་དཔུང་འཇོམས་པའི་དུས་ལ་བབ༔ དགྲ་དཔུང་བཤིག་པའི་དུས་ལ་བབ༔ ཧཱུྃ༔ རང་བཞིན་དུར་ཁྲོད་གཞལ་ཡས་ནས༔ དཔལ་ལྡན་མགོན་པོ་གཤེགས་སུ་གསོལ༔ མ་ཧཱ་ཀཱ་ལ་གཤེགས་སུ་གསོལ༔ ལྷ་ཆེན་དཔལ་འབར་གཤེགས་སུ་གསོལ༔ ལེགས་ལྡན་ནག་པོ་གཤེགས༴ བསྟན་པའི་སྲུང་མ་གཤེགས༴ དཀྱིལ་འཁོར་བདག་པོ་གཤེགས༴ རིག་འཛིན་སྲོག་ཤིང་གཤེགས༴ རྣལ་འབྱོར་དགྲ་བླ་གཤེགས༴ འདོད་ཁམས་དབང་ཕྱུག་གཤེགས༴ བདུད་འདུལ་མཐུ་ཆེན་གཤེགས༴ ལྷ་ཡི་དེད་དཔོན་གཤེགས༴ དུག་གསུམ་ནད་འཇོམས་གཤེགས༴ ནག་པོ་དགྲ་འདུལ་གཤེགས༴ ལྷ་མིན་གཡུལ་ཟློག་གཤེགས༴ ལྷ་དམག་སྡེ་དཔོན་གཤེགས༴ ཚོགས་ཀྱི་བདག་པོ་གཤེགས༴ ས་བཅུའི་མངའ་བདག་གཤེགས༴ དམ་ཅན་ནག་པོ་གཤེགས༴ བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ༔ ཁྱོད་ཀྱི་བཀའ་སྡོད་ལས་མཁན་ནི༔ དུས་མཚན་ནག་པོ་གཤེགས་སུ་གསོལ༔ བདུད་པོ་ནག་པོ་གཤེགས༴ སྲོག་ལེན་སྲིན་པོ་གཤེགས༴ ཁྱོད་ཀྱི་སྐུ་ཡི་སྤྲུལ་པ་ནི༔ ནག་པོ་མདུང་ཐོགས་གཤེགས༴ ཁྱོད་ཀྱི་གསུང་གི་སྤྲུལ་པ་ནི༔ མོན་པ་དུང་འབུད་གཤེགས༴ ཁྱོད་ཀྱི་ཐུགས་ཀྱི་སྤྲུལ་པ་ནི༔ སྙིང་འབྱིན་ནག་པོ་གཤེགས༴ ཁྱོད་ཀྱི་འཁོར་གྱི་དམག་དཔུང་ནི༔ ཉིས་ཁྲི་ཆིག་སྟོང་གཤེགས་སུ་གསོལ༔ མ་ཧཱ་ཀཱ་ལ་ས་མ་ཡ་ཛཿཛ༔ བྷྱོ༔ དུར་ཁྲོད་དབྱིངས་ཀྱི་དཀྱིལ་འཁོར་ནས༔ དཔལ་ལྡན་ལྷ་མོ་རེ་མ་ཏི༔ འདོད་ཁམས་གཙོ་མོ་གཤེགས་སུ་གསོལ༔ བདུད་ཀྱི་ཡུམ་གཅིག་གཤེགས༴ གཤིན་རྗེའི་ལྕམ་གཅིག་གཤེགས༴ གསང་སྔགས་སྲུང་མ་གཤེགས༴ ནད་ཀྱི་བདག་མོ་གཤེགས༴ བྱང་ཤར་མཚམས་ནས་གཤེགས༴ རླུང་ནག་འཚུབས་མའི་ནང་ནས་གཤེགས༴ ནག་མོ་ཁྱོད་ཀྱི་གཡོག་མོ་ནི༔ ཁྲི་སྨན་ལང་གཤེད་གཤེགས༴ ནག་མོ་ཁྱོད་ཀྱི་ཕྱག་བརྙན་ནི༔ ནག་མོ་སྟོང་དང་གཤེགས༴ བདུད་མོ་འབུམ་དང་གཤེགས་སུ་གསོལ༔ མ་མ་ས་མ་ཡ་དུ་དུ་ཛཿཛ༔ ཧཱུྃ༔ དཔལ་ལྡན་མགོན་པོ་ནག་པོ་ཡི༔ གཡས་ཀྱི་ཕྱོགས་ནས་རུ་འདྲེན་པ༔ ལྷ་ཆེན་བརྒྱད་པོ་འཁོར་དང་བཅས༔ ལྷ་དམག་ཚོགས་དང་གཤེགས་སུ་གསོལ༔ ཧཱུྃ༔ དཔལ་ལྡན་མགོན་པོ་ནག་པོ་ཡི༔ གཡོན་གྱི་ཕྱོགས་ནས་རུ་འདྲེན་པ༔ ནག་པོ་བདུད་བརྒྱད་འཁོར་དང་བཅས༔ བདུད་པོའི་ཚོགས་དང་གཤེགས་སུ་གསོལ༔ ཧཱུྃ༔ དཔལ་ལྡན་མགོན་པོ་ནག་པོ་ཡི༔ མདུན་གྱི་ཕྱོགས་ནས་རུ་འདྲེན་པ༔ གཤིན་རྗེ་བརྒྱད་པོ་འཁོར་དང་བཅས༔ ཁྲམ་ཐོགས་ཚོགས་དང་གཤེགས་སུ་གསོལ༔ ཧཱུྃ༔ དཔལ་ལྡན་མགོན་པོ་ནག་པོ་ཡི༔ སླད་ཀྱི་དེ་ནི་རྗེས་འབྲང་བ༔ གནོད་སྦྱིན་བརྒྱད་པོ་འཁོར་དང་བཅས༔ བདུད་བྱེད་ཚོགས་དང་གཤེགས་སུ་གསོལ༔ ཧཱུྃ༔ དཔལ་ལྡན་མགོན་པོ་ནག་པོ་ཡི༔ ལྷ་དམག་ཀུན་གྱི་དཔའ་བོ་ནི༔ རྒྱལ་པོ་སྡེ་བཞི་འཁོར་དང་བཅས༔ རིགས་བཞིའི་དམག་དང་གཤེགས་སུ་གསོལ༔ ཧཱུྃ༔ དཔལ་ལྡན་མགོན་པོ་ནག་པོ་ཡི༔ ཕྱོགས་མཚམས་ཕོ་ཉའི་ལས་བྱེད་པ༔ ཕྱོགས་སྐྱོང་བཅུ་པོ་འཁོར་དང་བཅས༔ རང་རང་དཔུང་དང་གཤེགས་སུ་གསོལ༔ ཧཱུྃ༔ སྟེང་ཕྱོགས་ལྷ་ཡི་ཕོ་བྲང་ནས༔ དབང་ཕྱུག་མ་ཧཱ་དེ་ཝ་ཡི༔ ལྷ་དམག་འབུམ་སྡེ་འཁོར་དང་བཅས༔ བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ༔ ལྷོ་ཕྱོགས་ལྕགས་མཁར་སྒོ་མེད་ནས༔ གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ཡང༔ ལས་ཀྱི་གཤིན་རྗེ་འབུམ་དང་བཅས༔ བསྟན་པ་བསྲུང་ཕྱིར་གཤེགས༴ བྱང་ཤར་བཙན་རི་དམར་པོ་ནས༔ བཙན་རྒྱལ་ཡམ་ཤུད་དམར་པོ་ཡང༔ ཤ་ཟ་ཁྲག་འཐུང་འབུམ་དང་བཅས༔ བསྟན་པ་བསྲུང་ཕྱིར་གཤེགས༴ ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ གནོད་སྦྱིན་སོ་ག་རཱ་ཙ་ཡང༔ གནོད་སྦྱིན་སྟོང་གི་ཚོགས་དང་བཅས༔ བསྟན་པ་བསྲུང་ཕྱིར་གཤེགས༴ མི་མངོན་མཁའ་དབྱིངས་བདེ་ཆེན་ནས༔ སྔགས་སྲུང་ཨེ་ཀ་ཙཱ་ཏི་ཡང༔ མ་མོ་འབུམ་གྱི་ཚོགས་དང་བཅས༔ བསྟན་པ་བསྲུང་ཕྱིར་གཤེགས༴ བདུད་ཡུལ་མུན་པའི་གླིང་དགུ་ནས༔ བདུད་པོ་རོལ་པ་རྐྱ་གཅིག་ཀྱང༔ ནག་པོ་ཁྲམ་ཐོགས་འབུམ་དང་བཅས༔ བསྟན་པ་བསྲུང་ཕྱིར་གཤེགས༴ བར་སྣང་ཡངས་པའི་དཀྱིལ་འཁོར་ནས༔ གཟའ་བདུད་ཁྱབ་འཇུག་ཆེན་པོ་ཡང༔ ནམ་མཁའི་གཟའ་སྐར་འཁོར་དང་བཅས༔ བསྟན་པ་བསྲུང་ཕྱིར་གཤེགས༴ རྒྱ་མཚོ་ཆེན་པོའི་གཏིང་རུམ་ནས༔ ཀླུ་བདུད་ནག་པོ་མགོ་དགུ་ཡང༔ ཀླུ་གཉན་ས་བདག་འཁོར་དང་བཅས༔ བསྟན་པ་བསྲུང་ཕྱིར་གཤེགས༴ རྟག་ཆགས་ཕོ་བྲང་གནས་ཡུལ་ནས༔ སྲོག་བདག་ཚངས་པ་དཀར་པོ་ཡང༔ སྲིད་པའི་མདོས་ལ་སྤྱན་འདྲེན་གྱིས༔ གནས་འདིར་མྱུར་དུ་གཤེགས༴ སྟེང་ཕྱོགས་འཕྲུལ་གྱི་གཞལ་ཡས་ནས༔ ཀླུ་ཚ་རྨུ་བདུད་འཁོར་དང་བཅས༔ སྲིད་པའི་མདོས་ལ་སྤྱན་འདྲེན་གྱིས༔ གནས་འདིར་མྱུར་དུ་གཤེགས༴ འོ་ཡུག་བྱེ་ཚང་རྫོང་མཁར་ནས༔ སྐྱེས་བུ་རྡོ་རྗེ་ལེགས་པ་ཡང༔ སྲིད་པའི་མདོས་ལ་སྤྱན་འདྲེན་གྱིས༔ གནས་འདིར་མྱུར་དུ་གཤེགས༴ རྡོ་རྗེ་གདན་གྱི་ལྷོ་ནུབ་ནས༔ སྒྲོལ་གིང་བཤན་པ་ཕོ་མོ་ཡང༔ དུར་ཁྲོད་ཤ་ཟའི་འཁོར་དང་བཅས༔ སྲིད་པའི་མདོས་ལ་སྤྱན་འདྲེན་གྱིས༔ བསྟན་པ་བསྲུང་ཕྱིར་གཤེགས༴ རང་རང་རྟག་ཆགས་ཕོ་བྲང་ནས༔ སྣང་སྲིད་ལྷ་འདྲེ་མ་ལུས་པ༔ སྡེ་རིས་འཁོར་གཡོག་བཅས་པ་རྣམས༔ སྲིད་པའི་མདོས་ལ་སྤྱན་འདྲེན་གྱིས༔ བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ༔ མ་ཧཱ་ཀཱ་ལ་རཀྴ་དུ་བིཾ་ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨཾ་གུ་ཤ་ཛཿཛ༔ ཞེས་མདུན་གྱི་ནམ་མཁའ་ལ་སྤྲིན་འཐིབས་པ་ལྟར་སྤྱན་དྲང་ངོ༔ ༈ དྲུག་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ དཔལ་ལྡན་ཆོས་སྐྱོང་ནག་པོ་ཆེ༔ སྡེ་དཔོན་ལྷ་ཆེན་དཔལ་འབར་དང༔ མ་གཅིག་འདོད་ཁམས་དབང་ཕྱུག་མ༔ དཔལ་ལྡན་ལྷ་མོ་ཆེན་མོ་ལ༔ བདུད་འདུལ་དམག་གིས་བསྐོར་བ་ནི༔ བསྟན་པ་སྲུང་བའི་དམ་ཚིག་ཅན༔ ཕྱི་ནས་སྐྱོང་བ་འཁོར་དང་བཅས༔ རི་རབ་ཆེན་པོའི་གཞལ་ཡས་འདིར༔ གདུག་པའི་དགྲ་བགེགས་གདན་ཁྲི་ལ༔ གཉིས་སུ་མེད་པར་བརྟན་པར་བཞུགས༔ གཉིས་མེད་བརྟན་པར་བཞུགས་ནས་ཀྱང༔ བསྟན་པ་གཉན་པོ་བསྲུང་བ་དང༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ས་མ་ཡ༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ ཏིཥྛ་ལྷན༔ ཏིསྟ་ཨཱ༔ ས་མ་ཡ་སཏྭཾ༔ ཞེས་བསྐྱེད་པ་ལ་གཉིས་སུ་མེད་པར་བསྟིམ་མོ༔ ༈ བདུན་པ་ཐུགས་དམ་བསྐང་ཞིང་མཆོད་པ་འབུལ་བ་ནི༔ ཧཱུྃ༔ ལྷ་མིན་དམག་ཚོགས་གཡུལ་ཟློག་ཅིང༔ བདུད་དཔུང་མ་ལུས་ཀུན་འདུལ་བ༔ དཔལ་ལྡན་མགོན་པོ་ལྕམ་དྲལ་ལ༔ བསྟན་སྲུང་ཚོགས་ཀྱིས་བསྐོར་བ་ནི༔ ཤར་གྱི་ཕྱོགས་ནས་ལྷ་ཆེན་བརྒྱད༔ ལྷོ་ཡི་ཕྱོགས་ནས་གཤིན་རྗེ་བརྒྱད༔ ནུབ་ཀྱི་ཕྱོགས་ནས་བདུད་པོ་བརྒྱད༔ བྱང་གི་ཕྱོགས་ནས་གནོད་སྦྱིན་བརྒྱད༔ རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དང༔ ལས་བྱེད་རྒྱལ་པོ་མཐུ་ཆེན་བཞི༔ ལྷ་འདྲེའི་ཚོགས་བཅས་མ་ལུས་ལ༔ བདག་གིས་མཆོད་པ་འབུལ་བ་ནི༔ རིན་ཆེན་སྣ་ལྔའི་རི་རབ་ལ༔ མཐུན་པའི་དམ་རྫས་སྣ་ཚོགས་བཀོད༔ འདོད་ཡོན་ལྔ་ཡི་རྒྱན་གྱིས་སྤྲས༔ ལོངས་སྤྱོད་སྣ་ཚོགས་སྤྲིན་ལྟར་གཏིབས༔ བསྐང་བའི་དམ་རྫས་ཀུན་བཤམས་ནས༔ ཐུགས་དམ་གཉན་པོ་བསྐང་བ་ནི༔ གདུགས་དང་རྒྱལ་མཚན་བ་དན་དང༔ ནམ་མཁའ་མདུང་དང་མདའ་འཕང་དང༔ གཡག་ནག་བྱ་ནག་ལུག་ལ་སོགས༔ ཆོས་སྐྱོང་འཁོར་བཅས་སྤྱན་ལ་འབུལ༔ སྐུ་ཡི་ཐུགས་དམ་བསྐངས་གྱུར་ཅིག༔ རྔ་དང་དུང་དང་ཆ་ལང་དང༔ པི་ཝཾ་གླིང་བུ་ཐོད་རྔའི་སྒྲ༔ གདུང་དབྱངས་སིལ་སྙན་ལ་སོགས་པ༔ ཆོས་སྐྱོང་འཁོར་བཅས་སྙན་ལ་འབུལ༔ ཡོན་ཏན་ཐུགས་དམ་བསྐངས་གྱུར་ཅིག༔ རྒྱ་སྤོས་བོད་སྤོས་གསུར་ཆེན་དང༔ སྤོས་དཀར་དུད་པ་ལ་སོགས་པ༔ ཆོས་སྐྱོང་འཁོར་བཅས་ཤངས་ལ་འབུལ༔ ཕྲིན་ལས་ཐུགས་དམ་བསྐངས་གྱུར་ཅིག༔ དཀར་གཏོར་དམར་གཏོར་བདུད་རྩི་དང༔ བཤོས་བུ་ཤ་སྣ་སྙིང་སྣ་དང༔ འབྲུ་སྨན་གསེར་སྐྱེམས་ལ་སོགས་པ༔ ཆོས་སྐྱོང་འཁོར་བཅས་ལྗགས་ལ་འབུལ༔ གསུང་གི་ཐུགས་དམ་བསྐངས་གྱུར་ཅིག༔ ཤེས་རབ་སྤྲོས་བྲལ་དག་པ་ལས༔ ཐབས་ཀྱི་ཕྱག་རྒྱ་ཅིར་ཡང་སྤྲུལ༔ སྤྲུལ་པ་སྣང་ཡང་ཆོས་ཉིད་དབྱིངས༔ གཉིས་མེད་མཆོད་པ་ཐུགས་ལ་འབུལ༔ འཁོར་བཅས་ཐུགས་དམ་བསྐངས་གྱུར་ཅིག༔ དགྲ་དཔུང་བདུད་དཔུང་གཞོམ་པའི་ཕྱིར༔ ནག་པོའི་དམ་རྫས་སྣ་ཚོགས་ཀྱིས༔ དཔལ་ལྡན་མགོན་པོའི་ཐུགས་དམ་བསྐང༔ འདོད་ཁམས་དབང་དུ་བསྡུ་བའི་ཕྱིར༔ ནལ་བུའི་སྙིང་སོགས་དམ་རྫས་ཀྱིས༔ དཔལ་ལྡན་ལྷ་མོའི་ཐུགས་དམ་བསྐང༔ ནག་པོ་ཆེན་པོའི་བཀའ་ཉན་ཕྱིར༔ ཕག་རྒོད་སྙིང་ལ་སོགས་པ་ཡིས༔ དུས་མཚན་ནག་པོའི་ཐུགས༴ སྐུ་གསུང་ཐུགས་ལས་སྤྲུལ་པའི་ཕྱིར༔ ཤ་ཁྲག་གཏོར་མ་ལ་སོགས་པས༔ མོན་པ་གསུམ་གྱི་ཐུགས༴ དགྲ་ལ་ཡམས་ནད་དབབ་པའི་ཕྱིར༔ ཤ་སྣ་སྙིང་སྣ་ལ་སོགས་པས༔ མ་མོའི་ཚོགས་ཀྱི་ཐུགས༴ ལྷ་མིན་དམག་དཔུང་གཞོམ་པའི་ཕྱིར༔ ལྷ་གཡག་དཀར་གཏོར་ལ་སོགས་པས༔ ལྷ་ཆེན་བརྒྱད་ཀྱི་ཐུགས༴ དགྲ་དཔུང་ཁྲམ་ལ་གདབ་པའི་ཕྱིར༔ ར་རོག་དམར་གཏོར་ལ་སོགས་པས༔ གཤིན་རྗེ་བརྒྱད་ཀྱི་ཐུགས༴ དགྲ་ལ་བདུད་དམག་དབབ་པའི་ཕྱིར༔ ཤ་བ་ལུག་ནག་ལ་སོགས་པས༔ བདུད་ཕོ་རྣམས་ཀྱི་ཐུགས༴ དགྲ་སྲོག་མངོན་དུ་གཅད་པའི་ཕྱིར༔ ཤ་ཁྲག་སྟག་གཟིག་ལ་སོགས་པས༔ བྱང་ཕྱོགས་གནོད་སྦྱིན་ཐུགས༴ ཕྱོགས་བཞིའི་བགེགས་དཔུང་གཞོམ་པའི་ཕྱིར༔ གསང་ལུག་དཀར་གཏོར་ལ་སོགས་པས༔ རྒྱལ་ཆེན་བཞི་ཡི་ཐུགས༴ ཕྱོགས་བཅུའི་བགེགས་དཔུང་ཟློག་པའི་ཕྱིར༔ གཏོར་མ་སྤྱན་གཟིགས་ལ་སོགས་པས༔ ཕྱོགས་སྐྱོང་བཅུ་ཡི་ཐུགས༴ དགྲ་ལ་གནམ་དལ་དབབ་པའི་ཕྱིར༔ རིན་ཆེན་མེ་ཏོག་ལ་སོགས་པས༔ དབང་ཕྱུག་ཆེན་པོའི་ཐུགས༴ དགྲ་སྲོག་འཁོར་ལོས་གཅད་པའི་ཕྱིར༔ ར་རོག་སྦང་ཟན་ལ་སོགས་པས༔ ཆོས་ཀྱི་རྒྱལ་པོའི་ཐུགས༴ དགྲ་སྙིང་དམར་པོ་དབྱུང་བའི་ཕྱིར༔ བཙན་བཤོས་ཤ་ཁྲག་ལ་སོགས་པས༔ ཡམ་ཤུད་དམར་པོའི་ཐུགས༴ དགྲ་བགེགས་རྩད་ནས་གཅད་པའི་ཕྱིར༔ རིན་ཆེན་རྒྱལ་མཚན་ལ་སོགས་པས༔ གནོད་སྦྱིན་ཆེན་པོའི་ཐུགས༴ གསང་སྔགས་བསྟན་པ་བསྲུང་བའི་ཕྱིར༔ ཤེལ་ནག་སྙིང་ལ་སོགས་པ་ཡིས༔ ཨེ་ཀ་ཙཱ་ཏིའི་ཐུགས༴ དགྲ་ལ་མཛེ་ནད་གཏང་བའི་ཕྱིར༔ དཀར་གཏོར་རྩི་སྨན་ལ་སོགས་པས༔ ཀླུ་བདུད་ནག་པོའི་ཐུགས༴ ཐོག་སེར་ཀིང་ཀང་དབབ་པའི་ཕྱིར༔ ར་རོག་སྙིང་ལ་སོགས་པ་ཡིས༔ གཟའ་བདུད་མགོ་དགུའི་ཐུགས༴ དགྲ་བོ་ཁྲམ་ལ་གདབ་པའི་ཕྱིར༔ བྱ་ནག་ཁྱི་ནག་ལ་སོགས་པས༔ རོལ་པོ་རྐྱ་གཅིག་ཐུགས༴ བོད་ཁམས་སྐྱོང་བ་ཡིན་པའི་ཕྱིར༔ ལེམ་བུ་ངར་བྱ་ལ་སོགས་པས༔ བརྟན་མ་བཅུ་གཉིས་ཐུགས༴ བསྟན་པ་འཇིག་པའི་དགྲ་བོ་རྣམས༔ སྨྱོ་འབོག་ནད་ཀྱིས་གསད་པའི་ཕྱིར༔ དཀར་པོ་དྲུག་གི་སྐོང་རྫས་དང༔ གསང་ཕྱི་བཤོས་བུ་ལ་སོགས་པས༔ ཤར་ཕྱོགས་སྲོག་བདག་ཐུགས་དམ་བསྐང༔ ཆོས་འཁོར་གཉན་པོ་བསྲུང་བ་དང༔ ལྟས་ངན་ཆོ་འཕྲུལ་དབབ་པའི་ཕྱིར༔ སྟག་སྤྲེ་ལ་སོགས་རྒྱལ་མཚན་དང༔ དཀར་མོའི་ལག་ཡ་ལ་སོགས་པས༔ པེ་དཀར་རྒྱལ་པོའི་ཐུགས༴ མྱུར་མགྱོགས་ཕོ་ཉར་རྦད་པ་དང༔ བླ་སྲོག་སྔོན་དུ་དགུག་པའི་ཕྱིར༔ ར་ཤ་ར་ཁྲག་ལ་སོགས་པས༔ རྡོ་རྗེ་ལེགས་པའི་ཐུགས༴ ཤན་པ་ཕོ་ཉར་འགྱེད་པའི་ཕྱིར༔ མི་ཡི་ཤ་ཁྲག་ཚིལ་སོགས་དང༔ ར་ལུག་རྒྱལ་མཚན་ལ་སོགས་པས༔ ཤན་པ་ཕོ་མོའི་ཐུགས༴ གཞན་ཡང་ཐུགས་དམ་བསྐང་བ་ནི༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་རྣམས་མ་ལུས་པ༔ ཐམས་ཅད་ཞི་བར་བྱ་བ་དང༔ ཚེ་དབང་ལོངས་སྤྱོད་སྤེལ་བ་དང༔ ལོག་ལྟ་དབང་དུ་བསྡུ་བ་དང༔ ལྷ་སྲིན་སྡེ་བརྒྱད་མཆོད་པ་དང༔ ཁྲོམ་སྣ་དགྲ་ལ་བསྒྱུར་བ་དང༔ དགྲ་བགེགས་མ་ལུས་བསྒྲལ་བྱའི་ཕྱིར༔ གླིང་བཞི་སྣོད་བཅུད་བཅས་པ་ནི༔ མཐུན་པའི་རྫས་ཀྱིས་བཀང་བྱས་ནས༔ འདོད་དགུ་འབྱུང་བའི་རིན་ཆེན་དང༔ སྤྱན་གཟིགས་ཞལ་ཟས་ལ་སོགས་པ༔ འདོད་ཡོན་ལ་སོགས་དུ་མ་ཡིས༔ ལྷ་སྲིན་མ་ལུས་ཐུགས་དམ་བསྐང༔ ཁྱེད་ཀྱིས་ཐུགས་དམ་དེས་བསྐངས་ནས༔ གཡར་དམ་ཉམས་པ་སོར་ཆུད་དེ༔ བདག་ཅག་འཁོར་དང་བཅས་པ་ཡི༔ མི་མཐུན་རྐྱེན་དང་བར་ཆད་ཟློག༔ ཨི་དཾ༔ པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་ཝིདྱ༔ ཤབྡ༔ མ་ཧཱ་བ་ལིཾ་ཏེ༔ རཀྟ༔ ཨ་མྲྀཏ༔ མཱཾ་ས༔ སུ་རཱ༔ ཙིཏྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་རང་རང་སྔགས་ལ་བཏགས་ལ་མཆོད་པ་དང༔ སྐོང་ར་སྐོང་གཡག་ལ་སོགས་བསྟབ༔ གསེར་སྐྱེམས་བཏང༔ སྤྱན་གཟིགས་ཞལ་ཟས་ཀྱིས་མཆོད་དོ༔ ༈ བརྒྱད་པ་བསྐུལ་ཞིང་ལས་ལ་རྦད་པ་ནི༔ དེ་ནས་རྣལ་འབྱོར་པ་བདག་ཉིད་ཡི་དམ་གྱི་ལྷའི་ཆེ་བའི་ང་རྒྱལ་བསྐྱེད་ལ༔ ལྷ་དང་སྲུང་མ་རྣམས་བསྐུལ༔ དཔལ་གྱི་རྟ་སྐད་ཐེངས་གསུམ་ལ་སོགས་པས་དམ་ཅན་ལས་ལ་གཟུད་ཅིང་དེའི་རྗེས་སུ་དཔལ་ལྡན་མགོན་པོ་འཁོར་དང་བཅས་པ་བསྐུལ་ཞིང་དགྲ་བགེགས་ལ་རྦད་པ༔ ཧཱུྃ༔ མ་གཡེལ་མ་འཕང་ལྷ་དང་དམ་ཅན་རྣམས༔ བདག་ནི་རྣལ་འབྱོར་རིག་འཛིན་སྒྲུབ་པ་པོ༔ ཁྱེད་ནི་བསྟན་པའི་སྲུང་མ་དམ་ཚིག་ཅན༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀ་ཡི་སྤྱན་སྔ་རུ༔ རང་རྟགས་སྲོག་གི་སྙིང་པོ་ཕུལ་ནས་ནི༔ རང་རང་དམ་ཚིག་གཉན་པོ་ཁས་བླངས་ཏེ༔ སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ༔ དམ་བཅས་དམ་ལས་མ་འདའ་ཐུགས་དམ་ཅན༔ སྔོན་ཚེ་ཤཱཀྱ་ཐུབ་པའི་སྤྱན་སྔ་རུ༔ རང་རྟགས་སྲོག་གི་སྙིང་པོ་ཕུལ་ནས་ནི༔ རང་རང་དམ་ཚིག་གཉན་པོ་ཁས་བླངས་ཏེ༔ སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ༔ དམ་བཅས་དམ་ལས་མ་འདའ་ཐུགས་དམ་ཅན༔ སྔོན་ཚེ་རྡོ་རྗེ་འཛིན་པའི་སྤྱན་སྔ་རུ༔ རང་རྟགས་སྲོག་གི་སྙིང་པོ་ཕུལ་ནས་ནི༔ རང་རང་དམ་ཚིག་གཉན་པོ་ཁས་བླངས་ཏེ༔ སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ༔ དམ་བཅས་དམ་ལས་མ་འདའ་ཐུགས་དམ་ཅན༔ སྔོན་ཚེ་རིག་འཛིན་བརྒྱུད་པའི་སྤྱན་སྔ་རུ༔ རང་རྟགས་སྲོག་གི་སྙིང་པོ་ཕུལ་ནས་ནི༔ རང་རང་དམ་ཚིག་གཉན་པོ་ཁས་བླངས་ཏེ༔ སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ༔ དམ་བཅས་དམ་ལས་མ་འདའ་ཐུགས་དམ་ཅན༔ ཁྱེད་ཀྱི་དམ་ཚིག་གཉན་པོ་བདག་བསྐུལ་གྱིས༔ ཡེ་ཤེས་མགོན་པོ་མ་གཡེལ་དམ་ལ་འདུ༔ ས་བཅུའི་མངའ་བདག་མ་གཡེལ་དམ་ལ་འདུ༔ ཕ་རོལ་ཕྱིན་རྫོགས་མ་གཡེལ་དམ་ལ་འདུ༔ ལུང་བསྟན་མཐུ་ཐོབ་མ་གཡེལ་དམ་ལ་འདུ༔ བདག་མེད་དོན་རྟོགས་མ་གཡེལ་དམ་ལ་འདུ༔ དྲག་ཤུལ་མཐུ་ཆེན་མ་གཡེལ་དམ་ལ་འདུ༔ སྒྲིབ་གཉིས་ཀུན་སྤངས་མ་གཡེལ་དམ་ལ་འདུ༔ ཚོགས་གཉིས་ཡོངས་རྫོགས་མ་གཡེལ་དམ་ལ་འདུ༔ ཡོན་ཏན་ཀུན་རྫོགས་མ་གཡེལ་དམ་ལ་འདུ༔ ཧཱུྃ༔ དཔལ་ལྡན་མགོན་པོ་ནག་པོ་ནི༔ རབ་ཏུ་ཁྲོས་པ་རྦད་པའི་ཚེ༔ བསིལ་བ་ཚལ་གྱི་དུར་ཁྲོད་ནས༔ མཁའ་འགྲོ་སྟོང་གི་ཚོགས་དང་བཅས༔ ཤ་ཟ་བྱེ་བ་ཕོ་ཉར་འགྱེད༔ གནོད་སྦྱིན་འབུམ་སྡེ་བྲན་དུ་ཁོལ༔ ཞིང་སྐྱོང་ཚོགས་རྣམས་དབང་དུ་སྡུད༔ ལྷ་སྲིན་སྡེ་བརྒྱད་དམག་དཔུང་རོལ༔ ཞལ་གསུམ་ཕྱག་དྲུག་འཇིགས་པ་ལ༔ གཡས་པ་ཙན་དན་བིང་ཆེན་དང༔ རྡོ་རྗེ་ལྕགས་ཕུར་དགྲ་ལ་རྡེག༔ གཡོན་གསུམ་བནྡྷ་རཀྟ་དང༔ དགྲ་སྙིང་འབྱིན་ཅིང་སྦྲུལ་ཞགས་ཐོགས༔ སྐུ་སྟོད་ཞིང་གི་གཡང་གཞི་གསོལ༔ སྐུ་སྨད་སྟག་གི་ཤམ་ཐབས་ཅན༔ སྤྱན་དགུ་སྡང་མིག་གྱེན་དུ་བསྒྲད༔ མེ་ཡི་ཚྭ་ཚྭ་སྐར་ལྟར་འཁྲུག༔ དབུ་སྐྲ་ཁམ་ནག་གསིགས་པ་ཡིས༔ སྡོམ་དང་སྡིག་པ་ཆར་དུ་འབེབ༔ ཞལ་གསུམ་མི་བཟད་ཧཱུྃ་སྒྲ་སྒྲོག༔ བཤུགས་པའི་སྐད་ཀྱིས་དགྲ་བགེགས་འགུགས༔ སྐུ་མདོག་མཐིང་ནག་འབར་བ་ལ༔ དར་ནག་བེར་ཆེན་ལྷུབས་སེ་ལྷུབ༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་ཀྱིས༔ འབྱུང་པོ་སྟོང་སྡེ་གདན་དུ་བཏིང༔ དཔལ་ལྡན་མགོན་པོའི་དུས་ལ་བབ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་མདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ ཐུགས་ཀྱི་མགོན་པོ་མཐུ་བོ་ཆེ༔ ལྷ་ཆེན་དཔའ་བོ་དམ་ལ་འདུ༔ མ་ཧཱ་ཀཱ་ལ་དམ་ལ་འདུ༔ མཐུ་རྩལ་མངའ་བདག་དམ་ལ་འདུ༔ འཇིགས་བྱེད་ཆེན་པོ་དམ་ལ་འདུ༔ ནག་པོ་དགྲ་ལ་རྦད་པའི་ཚེ༔ སྐུ་མདོག་མཐིང་ནག་འབར་བ་ལ༔ བསྐལ་པའི་མེ་ཡི་ཀློང་ན་བཞུགས༔ གཡས་པ་གྲི་གུག་དགྲ་སྲོག་གཅོད༔ གཡོན་པ་ཐོད་པ་དགྲ་ཁྲག་གསོལ༔ ཞལ་ནས་མི་ཁྲག་རྟ་ཁྲག་འཛག༔ སྤྱན་དམར་ལྡོག་པས་འོད་ཀྱིས་འགེངས༔ ཤངས་ནས་རླུང་གི་འཇིག་རྟེན་འཚུབས༔ སྐུ་ལ་དར་ནག་འཇོལ་བེར་གསོལ༔ ཐོད་པའི་ཕྲེང་བ་སེ་རལ་ཁ༔ ཞབས་གཉིས་བགྲད་པས་གདུག་པ་འདུལ༔ ནག་པོ་ཐུགས་དམ་རྒྱུད་བསྐུལ་གྱིས༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ སྐུ་ཡི་མགོན་པོ་མཐུ་བོ་ཆེ༔ ལེགས་ལྡན་ནག་པོ་དམ་ལ་འདུ༔ རྣལ་འབྱོར་དགྲ་བླ་དམ་ལ་འདུ༔ རིག་འཛིན་སྲོག་ཤིང་དམ་ལ་འདུ༔ མནའ་ཟན་གཤེད་མ་དམ་ལ་འདུ༔ ཆོས་སྐྱོང་སྲུང་མ་དམ་ལ་འདུ༔ ནག་པོ་དགྲ་ལ་རྦད་པའི་ཚེ༔ སྐུ་མདོག་མཐིང་ནག་འབར་བ་ལ༔ དབུ་སྐྲ་རལ་པ་ཤ་ར་ར༔ སྤྱན་དམར་མཆེ་གཙིགས་རབ་ཏུ་རྔམ༔ སྙན་ཆ་མི་མགོ་ཕྲུ་ལུ་ལུ༔ ན་བཟའ་དར་ནག་འཇོ་ལོ་ལོ༔ རྐེད་ལ་གསེར་སྐ་ཁྱུགས་སེ་ཁྱུག༔ ཞབས་ལ་སྭག་ཏི་ཁྲངས་སེ་ཁྲང༔ ཆིབས་སུ་དཔའ་བོ་སྟག་ལ་འཆིབ༔ ཉི་ཟླའི་འོད་བཞིན་ཁྱུགས་སེ་ཁྱུག༔ གཡས་པ་ཙན་དན་བིང་ནང་ནས༔ བདུད་འདུལ་དམག་དཔུང་དགྲ་ལ་འགྱེད༔ གཡོན་པ་བནྡྷར་སྙིང་ཁྲག་འཐུང༔ ཆོས་སྐྱོང་སྲུང་མ་མཐུ་བོ་ཆེ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ གསུང་གི་མགོན་པོ་མཐུ་བོ་ཆེ༔ བདུད་པོ་ནག་པོ་དམ་ལ་འདུ༔ མོན་པ་ནག་པོ་དམ་ལ་འདུ༔ སྲོག་ལེན་ནག་པོ་དམ་ལ་འདུ༔ ཤན་པ་ནག་པོ་དམ་ལ་འདུ༔ གཅེར་བུ་ནག་པོ་དམ་ལ་འདུ༔ མི་དུར་ཆེན་པོ་དམ་ལ་འདུ༔ ནག་པོ་དགྲ་ལ་རྦད་པའི་ཚེ༔ ཨུ་ཙ་ལ་ཡི་དུར་ཁྲོད་ནས༔ སྐུ་མདོག་མཐིང་ནག་འབར་བ་ལ༔ སྐུ་ལ་དར་ནག་བེར་ཆེན་གསོལ༔ གཡས་ན་བ་དན་རྩེ་གསུམ་ཕྱར༔ གཡོན་ན་བདུད་ཀྱི་ཞགས་པ་བསྣམས༔ བདུད་རྟ་ནག་པོ་འདུ་རུ་རུ༔ བདུད་ཀྱི་དམག་ཚོགས་ཉེ་རེ་རེ༔ ཁྲམ་ཐོགས་མང་པོ་ཆི་ལི་ལི༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ ཕྲིན་ལས་མགོན་པོ་མཐུ་བོ་ཆེ༔ ནག་པོ་ཆེན་པོ་དམ་ལ་འདུ༔ བྱ་རོག་མིང་ཅན་དམ་ལ་འདུ༔ ཤ་ཟ་ནག་པོ་དམ་ལ་འདུ༔ གཏོར་ལེན་ནག་པོ་དམ་ལ་འདུ༔ མཁའ་འགྲོ་ནག་པོ་དམ་ལ་འདུ༔ ནག་པོ་དགྲ་ལ་རྦད་པའི་ཚེ༔ བསིལ་བ་ཚལ་གྱི་དུར་ཁྲོད་ནས༔ མཁའ་འགྲོ་ཕོ་མོའི་དཀྱིལ་འཁོར་ནས༔ སྐུ་མདོག་མཐིང་ནག་འབར་བ་ལ༔ མུན་ནག་ཆེན་པོ་རབ་ཏུ་འཐིབས༔ བསྐལ་པའི་མེ་ཕུང་འབར་བའི་ནང་ཤེད་ན༔ དབུ་ནི་འཇིགས་བྱེད་བྱ་རོག་གདོང༔ གཡས་པ་གྲི་གུག་དམར་པོ་ཡིས༔ དམ་ཉམས་དགྲ་བོའི་དོན་སྙིང་འབྱིན༔ གཡོན་པ་ཐོད་པ་ཁྲག་བཀང་ནས༔ དཀྲུག་ཅིང་ཞལ་དུ་གསོལ་བར་བྱེད༔ རྔམ་པའི་སྒྲ་འབྱིན་གདུག་པ་སྒྲོལ༔ ལས་སུ་སངས་རྒྱས་བསྟན་པ་སྲུང༔ འཁོར་དུ་ཤ་ཟ་མཁའ་འགྲོས་བསྐོར༔ རེས་འགའ་ཆིབས་སུ་བྱ་རོག་འཆིབ༔ ཤ་ཟ་བྱ་ནག་གླད་ན་ལྡིང༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ ལས་ཀྱི་མགོན་པོ་མཐུ་བོ་ཆེ༔ སྲིན་པོའི་རྒྱལ་པོ་དམ་ལ་འདུ༔ སྲིན་པོ་བྱ་གཤོག་དམ་ལ་འདུ༔ མི་ནག་སྤྲེལ་གདོང་དམ་ལ་འདུ༔ ཆོ་འཕྲུལ་བདག་པོ་དམ་ལ་འདུ༔ ནག་པོ་མི་ཟན་དམ་ལ་འདུ༔ ནག་པོ་དགྲ་ལ་རྦད་པའི་ཚེ༔ སྐུ་མདོག་མཐིང་ནག་སྲིན་པོའི་གཟུགས༔ རལ་པ་ཁམ་ནག་ཤ་ར་ར༔ སྤྱན་རྩ་དམར་པོ་ལོག་གེ་ལོག༔ རྔམས་པའི་མཆེ་བ་གཙིགས་སེ་གཙིག༔ ལུས་ལ་སྤུ་ནག་ཞོ་ལོ་ལོ༔ སྤྲེ་གདོང་དམར་པོ་ཡ་ལ་ལ༔ སྐེ་ལ་རུས་པའི་ཁོལ་ཐག་བཏགས༔ རུས་པའི་ཝང་མིག་ཁྲ་ལ་ལ༔ གཡས་པ་གྲི་གུག་དགྲ་སྲོག་གཅོད༔ གཡོན་པ་ཐོད་པར་སྙིང་ཁྲག་འཐུང༔ ཁ་ནས་བཤུགས་པས་འདྲེ་སྲིན་འབོད༔ ཡུམ་གཅིག་དུས་མཚན་ནག་མོ་དང༔ བདུད་དང་འདྲེ་སྲིན་འཁོར་དང་བཅས༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ ཕྱོགས་ཕྱོགས་དེ་ནི་ཕ་གི་ན༔ ཉི་མ་བྱང་ཤར་ཕ་གི་ན༔ རླུང་ནག་འཚུབས་མའི་ནང་ཤེད་ན༔ བསེ་ཡི་སྐུ་མཁར་གྲུ་བཞི་ལ༔ རྨང་གཞི་ལྕགས་ལ་ཟུར་བཞི་མཆོང༔ ལོགས་བཞི་བསེ་ལ་ཁ་བད་གཡུ༔ སྐུ་མཁར་དེ་ཡི་ནང་ཤེད་ན༔ ཐོད་མཁར་དེ་ཡི་ནང་ཤེད་ན༔ མི་རོ་རྟ་རོའི་ཁྲི་སྟེང་ནས༔ འདོད་ཁམས་གཙོ་མོ་སྐུ་སྐྱོད་ཅིག༔ བདུད་ཀྱི་ཡུམ་གཅིག་དམ་ལ་འདུ༔ གཤིན་རྗེའི་ལྕམ་གཅིག་དམ་ལ་འདུ༔ མཐིང་ནག་གཅེར་བུ་རལ་པ་ཅན༔ རལ་པ་གཡས་ནས་གཡོན་དུ་འཁྱིལ༔ ཐོད་རློན་ཕྲེང་བ་དབུ་ལ་བཅིངས༔ སྙན་ཆ་སེང་གེ་སྦྲུལ་གྱིས་བརྒྱན༔ སྤྱན་གསུམ་མཆེ་གཙིགས་སྡང་མིག་བགྲད༔ ཞལ་ནི་དྲག་པོའི་ཧོམ་ཁུང་གདངས༔ ཤང་ལང་ཐོད་ཕྲེང་གཡས་ན་བསྣམས༔ བནྡྷ་ཏྲི་ཤུལ་གཡོན་ན་བསྣམས༔ སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན༔ ལྕགས་སྒྲོག་འབར་བ་ཞབས་ལ་འཁྲོལ༔ ཆིབས་སུ་བོང་བུ་གྭ་པ་འཆིབ༔ བདུད་ཀྱི་ཁྲམ་བམ་སྔ་ཤར་བཅིངས༔ ནད་ཀྱི་རྐྱལ་པ་ཕྱི་ཤར་བཅིངས༔ ནག་མོ་འབུམ་ཕྲག་བྲན་དུ་ཁོལ༔ མིང་པོ་དམ་ཅན་རྣལ་འབྱོར་བདག༔ མ་ཡི་ཐུགས་དམ་རྒྱུད་བསྐུལ་གྱིས༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ༔ མ་གཅིག་ལྷ་མོ་དཔལ་ལྷ་མོ༔ དཔལ་ལྡན་བདུད་མོ་རེ་མ་ཏི༔ ནག་མོ་གཅེར་བུ་རལ་པ་ཅན༔ རལ་པ་རྣམ་པར་བསིགས་པ་ཡིས༔ ཁམས་གསུམ་མ་ལུས་དབང་དུ་སྡུད༔ ཐོད་རློན་ཕྲེང་བ་སྐུ་ལ་བརྒྱན༔ དཔྲལ་ན་མིག་གཅིག་ཁམས་གསུམ་གཟིགས༔ ཞལ་ནས་མཆེ་གཙིགས་དགྲ་ཤ་ཟ༔ བྲང་གི་ནུ་གཅིག་རྣལ་འབྱོར་གསོ༔ ཐུགས་དམ་དྲག་ཏུ་བསྐུལ་བའི་ཚེ༔ གཡས་པ་བདུད་ཁྲམ་ནག་པོ་བསྣམས༔ དམ་ཉམས་དགྲ་བོ་ཁྲམ་ལ་ཐོབས༔ གཡོན་པ་ཤོ་རྡེའུ་དཀར་ནག་འགྲིམས༔ བསྟན་པའི་དགྲ་བོ་ཤོ་ལ་ཐོབས༔ ཤངས་ནས་ནད་འཚུབས་དགྲ་ལ་ཐོངས༔ ཆིབས་སུ་དྲེལ་རྟ་རྐང་གསུམ་འཆིབ༔ དྲྭ་བ་དགུ་ཡི་སྟེང་ལེན་ཅན༔ ཐོད་པའི་སྒ་ལ་ཞིང་ལྤགས་གདན༔ སྦྲུལ་ནག་ཆུན་པོའི་གོང་ཐག་ལ༔ སྦྲུལ་ནག་གཤིབས་པའི་ཕ་འུས་བརྒྱན༔ སྔ་ཤར་ཁྲག་ཞགས་མདའ་ལྟར་འཕེན༔ ཕྱི་ཤར་ཚོན་དྲུ་དགྲ་ལ་རྐྱོང༔ མ་བདུན་འབུམ་ཕྲག་བྲན་དུ་ཁོལ༔ མིང་པོ་དམ་ཅན་རྣལ་འབྱོར་བདག༔ མ་ཡི་ཐུགས་དམ་རྒྱུད་བསྐུལ་གྱིས༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ༔ མ་གཅིག་ལྷ་མོ་དཔལ་ལྷ་མོ༔ གཤིན་རྗེའི་ལྕམ་གཅིག་རེ་མ་ཏི༔ ཞལ་གཅིག་ཕྱག་གཉིས་འཇིགས་པའི་གཟུགས༔ གཡས་པ་རལ་གྲིས་དགྲ་སྲོག་གཅོད༔ གཡོན་པ་ནེའུ་ལེ་ནོར་ལྡན་འཛིན༔ ཆིབས་སུ་བོང་བུ་གྭ་དམར་འཆིབ༔ དམ་ཚིག་ཅན་གྱི་གྲོགས་མཛད་མ༔ མཐིང་ནག་རལ་པ་ཤ་ར་ར༔ དཔྲལ་བའི་དཀྱིལ་ནས་ཟླ་བ་འཆར༔ སྙན་གྱི་ལྟག་ན་དྲིལ་བུ་འཁྲོལ༔ སྙན་ཆ་སེང་གེ་སྦྲུལ་གྱིས་མཛེས༔ སྐུ་སྟོད་གླང་ཆེན་ཀོ་བས་གཡོགས༔ སྐུ་སྨད་རེ་ལྡེ་ནག་པོས་དཀྲིས༔ ཐོད་པའི་ཕྲེང་བ་སེར་ལ་ཁ༔ ལྟེ་བའི་དཀྱིལ་ན་ཉི་མ་འཆར༔ དུར་ཁྲོད་ཐལ་ཆེན་ཁྲག་ཞག་མཚོན༔ གཤིན་རྗེ་མ་ཚོགས་བྲན་དུ་ཁོལ༔ མིང་པོ་དམ་ཅན་རྣལ་འབྱོར་བདག༔ མ་ཡི་ཐུགས་དམ་རྒྱུད་བསྐུལ་གྱིས༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ༔ མ་གཅིག་ལྷ་མོ་དཔལ་ལྷ་མོ༔ སྲིན་མོ་ཤ་ཟ་རེ་མ་ཏི༔ དམར་མོ་སྤྲིན་དམར་སླག་པ་གསོལ༔ ཁྲག་གི་རལ་པ་ཤ་ར་ར༔ ཁ་ནས་ནད་ཀྱི་རླངས་པ་གཏོང༔ མི་རོ་འབུམ་ནི་ཕྲག་ལ་བཀལ༔ རྟ་རོ་འབུམ་ནི་རྩིག་པར་བརྩིགས༔ ཆིབས་སུ་དྲེལ་རྟ་རྐང་གསུམ་འཆིབ༔ གཡས་པ་ཁྲག་གི་རྐྱལ་བ་བསྣམས༔ གཡོན་པ་བདུད་ཀྱི་ཟོར་རིས་བསྣམས༔ དགྲ་ཤ་ཟ་ཞིང་དགྲ་ཁྲག་འཐུང༔ བདུད་དང་བར་གཅོད་ཐལ་བར་རློག༔ སྲིན་མོའི་མ་ཚོགས་བྲན་དུ་ཁོལ༔ མིང་པོ་དམ་ཅན་རྣལ་འབྱོར་བདག༔ མ་ཡི་ཐུགས་དམ་རྒྱུད་བསྐུལ་གྱིས༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ༔ མ་གཅིག་ལྷ་མོ་དཔལ་ལྷ་མོ༔ གནོད་སྦྱིན་ནག་མོ་རེ་མ་ཏི༔ ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ ནག་མོ་ཞལ་གཅིག་ཕྱག་གཉིས་མ༔ གཡས་པ་རལ་གྲི་སོ་རྒལ་གྱིས༔ བསྟན་པའི་དགྲ་བདུད་སྲོག་རྩ་ཆོད༔ གཡོན་པ་ཐོད་ཁྲག་དམར་པོ་ཡིས༔ བསྒྲལ་བའི་ཞིང་བཅུའི་སྙིང་ཁྲག་འཐུང༔ ཞིང་ལྤགས་རློན་པའི་ན་བཟའ་གསོལ༔ ཆིབས་སུ་ལྕགས་ཀྱི་དྲེལ་རྟ་འཆིབ༔ བསྟན་པའི་དགྲ་ལ་རྦད་པའི་ཚེ༔ རྔམས་པའི་ཞལ་གདངས་མཆེ་གཙིགས་ནས༔ སྲོག་རྩ་དམར་པོ་རྩད་ནས་གཅོད༔ སྙིང་ཁྲག་དྲོན་མོ་ཞལ་དུ་རྔུབ༔ བར་ཆད་བགེགས་ལ་རྦད་པའི་ཚེ༔ ཁྲོ་ཞིང་གཏུམ་པའི་ང་རོ་ཡིས༔ ཐོགས་པ་མེད་པར་སྒྲོལ་བར་བྱེད༔ བཀའ་ཡི་བྱ་ར་མཛད་པའི་ཚེ༔ དམ་ཚིག་ཉམས་པའི་ཚེ་སྲོག་ལེན༔ དམ་ཅན་རྣལ་འབྱོར་བདག་ཅག་གིས༔ རབ་ཏུ་གདུང་ཞིང་བོས་པའི་ཚེ༔ མ་སྲིང་ཚུལ་གྱིས་གྲོགས་མཛད་མ༔ གནོད་སྦྱིན་མ་ཚོགས་བྲན་དུ་ཁོལ༔ མིང་པོ་དམ་ཅན་རྣལ་འབྱོར་བདག༔ མ་ཡི་ཐུགས་དམ་རྒྱུད་བསྐུལ་གྱིས༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ༔ མ་གཅིག་ལྷ་མོ་དཔལ་ལྷ་མོ༔ དཔལ་ལྡན་ལྷ་མོ་རེ་མ་ཏི༔ ནག་མོ་གཅེར་བུ་རལ་པ་ཅན༔ སྤྱན་གསུམ་མཆེ་གཙིགས་དགྲ་ལ་རྔམས༔ གཡས་གཡོན་མདུང་དང་རལ་གྲི་བསྣམས༔ སྐུ་སྟོད་ཞིང་ལྤགས་གཡང་གཞི་གྱོན༔ སྐུ་སྨད་རེ་ལྡེའི་ཤམ་བུ་ཅན༔ ཆིབས་སུ་བོང་བུ་རླུང་གཤོག་འཆིབ༔ མཚན་མོ་དཔག་ཚད་བརྒྱད་ཁྲིར་རྒྱུག༔ མི་ཤ་ཟ་ཞིང་མི་ཁྲག་འཐུང༔ ཐེ་བྲང་དགུ་བརྒྱའི་དོན་སྙིང་འབྱིན༔ ལྷ་མིན་དགུ་བརྒྱའི་ལིངས་པ་མོ༔ དམ་ཉམས་དགྲ་བོའི་སྲོག་གཅོད་མ༔ བསྟན་པ་སྲུང་བའི་མཐུ་རྩལ་ཅན༔ མ་མོ་འབུམ་གྱི་འཁོར་དང་བཅས༔ མིང་པོ་དམ་ཅན་རྣལ་འབྱོར་བདག༔ མ་ཡི་ཐུགས་དམ་རྒྱུད་བསྐུལ་གྱིས༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ དཔལ་ལྡན་མགོན་པོ་ལྕམ་དྲལ་ལ༔ བྲན་གཡོག་ཕོ་ཉས་བསྐོར་བ་ནི༔ སྐུ་ཡི་སྤྲུལ་པ་ལས་བྱེད་ནི༔ མོན་ནག་ལག་ན་ཏྲི་ཤཱུལ་ཐོགས༔ རྩེ་ལ་མི་རོའི་རྒྱལ་མཚན་ཕྱར༔ མགུལ་ན་དར་ནག་རུ་མཚོན་བཏགས༔ ལྷ་སྲིན་སྡེ་བརྒྱད་དམག་དཔུང་སྡུད༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ གསུང་གི་སྤྲུལ་པ་ལས་བྱེད་ནི༔ མོན་པ་སྔོ་ནག་འཇིགས་པ་ལ༔ ཕྱག་ན་མ་ཧེའི་རྭ་དུང་འབུད༔ དུང་སྒྲས་ལྷ་སྲིན་ལས་ལ་འབོད༔ གཏུམ་ཆེན་ནག་པོ་མཐུ་བོ་ཆེ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ ཐུགས་ཀྱི་སྤྲུལ་པ་ལས་བྱེད་ནི༔ གསོད་བྱེད་མོན་པ་ནག་པོ་ལ༔ ཕྱག་ན་སྤུ་གྲིས་དགྲ་སྙིང་འབྱིན༔ གསོད་བྱེད་ནག་པོ་མཐུ་བོ་ཆེ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ༔ མ་གཅིག་ལྷ་མོ་དཔལ་ལྷ་མོའི༔ གཡོག་མོ་བཀའ་ཉན་ལས་བྱེད་མ༔ མ་གཅིག་སྐྱི་མཐིང་ཡ་མ་སྐྱོང༔ ནག་མོ་རལ་ཅན་མི་སྙིང་ཐོགས༔ ཆིབས་སུ་ཤ་བ་རུ་བཅུ་འཆིབ༔ སྐུ་ལ་གོ་ཟུ་སེར་ནག་གསོལ༔ ཞལ་ནས་དུག་ཁྲག་ཁ་ཆུ་འཛག༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ༔ མ་གཅིག་ལྷ་མོ་དཔལ་ལྷ་མོའི༔ གཡོག་མོ་བཀའ་ཉན་ལས་བྱེད་མ༔ མ་གཅིག་བ་ལམ་དྲེལ་སྣ་མ༔ ནག་མོ་ལག་ན་གཡང་གཞི་འདེབས༔ ཆིབས་སུ་དྲེལ་ནག་རྐང་གསུམ་འཆིབ༔ སྐུ་ལ་དར་ནག་ལ་འུ་གསོལ༔ བྲན་གཡོག་སྤུན་བདུན་འཁོར་དང་བཅས༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ༔ མ་གཅིག་ལྷ་མོ་དཔལ་ལྷ་མོའི༔ གཡོག་མོ་བཀའ་ཉན་ལས་བྱེད་མ༔ མ་གཅིག་ཁྲི་སྨན་སི་ལེ་མ༔ སྨུག་ནག་ཆུ་སྲིན་གཡང་གཞི་བསྣམས༔ ཆིབས་སུ་བྱ་ནག་དེ་མོ་འཆིབ༔ སྐུ་ལ་ཟང་ཟང་བེར་ཆེན་གསོལ༔ ཆུ་སྲིན་ནག་མོ་འཁོར་དང་བཅས༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ༔ མ་གཅིག་ལྷ་མོ་དཔལ་ལྷ་མོའི༔ གཡོག་མོ་བཀའ་ཉན་ལས་བྱེད་མ༔ ཀླུ་མོ་གཞོག་སྐམ་ཆུ་སྲིན་མགོ༔ སུ་དང་འཕྲད་ཀྱང་སྲོག་ལ་རྒོལ༔ མཆེ་བ་སྤུ་གྲི་གཏམས་པ་འདྲ༔ ཅི་དང་འཕྲད་ཀྱང་ཟས་སུ་ཟ༔ ནག་མོ་ཆེན་མོ་ཧ་ལ་མ༔ ལག་ན་ཐོད་པ་ཁྲག་གིས་བཀང༔ འཐོར་ཞིང་ཡམས་ནད་ཆར་འབེབ་མ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ༔ མ་གཅིག་ལྷ་མོ་དཔལ་ལྷ་མོའི༔ གཡོག་མོ་བཀའ་ཉན་ལས་བྱེད་མ༔ མ་ཡམས་ནག་མོ་མཐུ་མོ་ཆེ༔ ལག་ན་ཁྲག་གི་ཟོར་ཕོར་ཐོགས༔ སྐུ་ལ་འབྲི་འུ་སྟོད་དཀར་གསོལ༔ ཆིབས་སུ་མཛོ་མོ་རུ་ཡོན་འཆིབ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ དཔལ་ལྡན་མགོན་པོ་ལྕམ་དྲལ་གྱི༔ གཡས་ཀྱི་ཕྱོགས་ནས་རུ་འདྲེན་པ༔ སྟེང་གི་ལྷ་ཆེན་རྣམ་པ་བརྒྱད༔ མི་མཇེད་བདག་པོ་ཚངས་པ་དང༔ ལྷ་ཆེན་བྷྲིང་གི་རི་ཏི་དང༔ ལྷ་ཆེན་ཚོགས་ཀྱི་བདག་པོ་དང༔ ལྷ་ཆེན་དྲག་པོ་ཆེན་པོ་དང༔ ལྷ་ཆེན་དགའ་བྱེད་དབང་ཕྱུག་དང༔ ལྷ་ཆེན་གཞོན་ནུ་སྨིན་དྲུག་དང༔ ལྷ་ཆེན་དབང་པོ་བརྒྱ་བྱིན་དང༔ ལྷ་ཆེན་བྱི་ཏྲི་པ་ཏྲ་དང༔ འཁོར་གྱི་ལྷ་དམག་འབུམ་དང་བཅས༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ དཔལ་ལྡན་མགོན་པོ་ལྕམ་དྲལ་གྱི༔ གཡོན་གྱི་ཕྱོགས་ནས་རུ་འདྲེན་པ༔ བདུད་ཀྱི་རྒྱལ་པོ་ཆེན་པོ་བརྒྱད༔ བདུད་པོ་བསྐོས་རྗེ་བྲང་དཀར་དང༔ བདུད་པོ་ནག་པོ་བཀྲག་མེད་དང༔ བདུད་པོ་ཡ་བ་ནག་པོ་དང༔ བདུད་པོ་རྔམ་པ་དུང་མགོ་ཅན༔ བདུད་པོ་ནག་པོ་སྤྱི་རིང་དང༔ བདུད་པོ་སྟག་གུ་སྤྱན་གཅིག་དང༔ བདུད་ཀྱི་རྒྱལ་པོ་སྟག་མགོ་ཅན༔ བདུད་པོ་ནག་པོ་འཛུམ་མེད་དང༔ སོ་སོའི་བཀའ་ཉན་ལས་བྱེད་དང༔ བདུད་པོ་འབུམ་སྡེ་འཁོར་དང་བཅས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ༔ དཔལ་ལྡན་མགོན་པོ་ལྕམ་དྲལ་གྱི༔ མདུན་གྱི་ཕྱོགས་ནས་རུ་འདྲེན་པ༔ ལྷོ་ཕྱོགས་གཤིན་རྗེ་ཆེན་པོ་བརྒྱད༔ གཤིན་རྗེ་ཡ་མ་རཱ་ཙ་དང༔ གཤིན་རྗེའི་རྒྱལ་པོ་ཡ་བ་ཏི༔ གཤིན་རྗེ་ཨ་བ་གླང་མགོ་དང༔ གཤིན་རྗེ་རལ་པ་ཚར་དགུ་དང༔ གཤིན་རྗེའི་རྒྱལ་པོ་ཕྱ་སངས་དང༔ གཤིན་རྗེ་ཆེན་པོ་ཏེལ་པ་དང༔ གཤིན་རྗེའི་རྒྱལ་པོ་རྨིག་པ་དང༔ གཤིན་རྗེ་ཆེན་པོ་མིག་དམར་དང༔ ལས་ཀྱི་གཤིན་རྗེ་འབུམ་དང་བཅས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ༔ དཔལ་ལྡན་མགོན་པོ་ལྕམ་དྲལ་གྱི༔ སླད་ཀྱི་དེ་ནི་རྗེས་འབྲང་བ༔ བྱང་ཕྱོགས་གནོད་སྦྱིན་ཆེན་པོ་བརྒྱད༔ གནོད་སྦྱིན་རྒྱལ་པོ་ཛམྦྷ་ལ༔ གང་བ་བཟང་དང་ནོར་བུ་བཟང༔ དབང་པོ་ཙི་པི་ཀུཎྜ་ལི༔ སྒོ་ཡི་དབང་པོ་ཀེ་མ་ལ༔ ཞང་བློན་རྡོ་རྗེ་བདུད་འདུལ་རྣམས༔ གནོད་སྦྱིན་འབུམ་སྡེ་འཁོར་དང་བཅས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ༔ དཔལ་ལྡན་མགོན་པོ་ལྕམ་དྲལ་གྱིས༔ རི་རབ་ཕྱོགས་བཞིར་བྱོན་པའི་ཚེ༔ ཕྱོགས་བཞིའི་དམག་དཔོན་ཆེན་པོ་ནི༔ ཤར་ན་རྒྱལ་པོ་ཡུལ་འཁོར་སྲུང༔ ལྷོ་ན་རྒྱལ་པོ་འཕགས་སྐྱེས་པོ༔ ནུབ་ན་རྒྱལ་པོ་སྤྱན་མི་བཟང༔ བྱང་ན་རྒྱལ་པོ་རྣམ་ཐོས་སྲས༔ རིགས་བཞིའི་དམག་དཔུང་འཁོར་དང་བཅས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ༔ དཔལ་ལྡན་མགོན་པོ་ལྕམ་དྲལ་གྱི༔ ཕྱོགས་བཅུར་དམག་གི་དཔུང་བྱེད་པ༔ ཆོས་སྐྱོང་ཕྱོགས་སྐྱོང་བཅུ་པོ་ཡིན༔ ཕྱོགས་སྐྱོང་མ་གཡེལ་དམ་ལ་འདུ༔ བྷྱོ༔ ཤར་གྱི་ཕྱོགས་སུ་བྱོན་པའི་ཚེ༔ དྲི་ཟའི་དམག་དཔུང་འབུམ་གྱིས་བསྐོར༔ ལས་སུ་སངས་རྒྱས་བསྟན་པ་སྲུང༔ ཟས་སུ་ཤ་དང་ཁྲག་ལ་རོལ༔ གདུག་པའི་དགྲ་བགེགས་སྲོག་རྩ་ཆོད༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ༔ ལྷོ་ཡི་ཕྱོགས་སུ་བྱོན་པའི་ཚེ༔ གྲུལ་བུམ་དམག་དཔུང་འབུམ་གྱིས་བསྐོར༔ ལས་སུ་སངས་རྒྱས་བསྟན་པ་སྲུང༔ ཟས་སུ་ཤ་དང་ཁྲག་ལ་རོལ༔ གདུག་པའི་དགྲ་བགེགས་སྲོག་རྩ་ཆོད༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ༔ ནུབ་ཀྱི་ཕྱོགས་སུ་བྱོན་པའི་ཚེ༔ ཆུ་ལྷའི་དམག་དཔུང་འབུམ་གྱིས་བསྐོར༔ ལས་སུ་སངས་རྒྱས་བསྟན་པ་སྲུང༔ ཟས་སུ་ཤ་དང་ཁྲག་ལ་རོལ༔ གདུག་པའི་དགྲ་བགེགས་སྲོག་རྩ་ཆོད༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ༔ བྱང་གི་ཕྱོགས་སུ་བྱོན་པའི་ཚེ༔ གནོད་སྦྱིན་དམག་དཔུང་འབུམ་གྱིས་བསྐོར༔ ལས་སུ་སངས་རྒྱས་བསྟན་པ་སྲུང༔ ཟས་སུ་ཤ་དང་ཁྲག་ལ་རོལ༔ གདུག་པའི་དགྲ་བགེགས་སྲོག་རྩ་ཆོད༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ ཤར་ལྷོ་མཚམས་སུ་བྱོན་པའི་ཚེ༔ མེ་ལྷའི་དམག་དཔུང་འབུམ་གྱིས་བསྐོར༔ ལས་སུ་སངས་རྒྱས་བསྟན་པ་སྲུང༔ ཟས་སུ་ཤ་དང་ཁྲག་ལ་རོལ༔ གདུག་པའི་དགྲ་བགེགས་སྲོག་རྩ་ཆོད༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ ལྷོ་ནུབ་མཚམས་སུ་བྱོན་པའི་ཚེ༔ བདེན་བྲལ་དམག་དཔུང་འབུམ་གྱིས་བསྐོར༔ ལས་སུ་སངས་རྒྱས་བསྟན་པ་སྲུང༔ ཟས་སུ་ཤ་དང་ཁྲག་ལ་རོལ༔ གདུག་པའི་དགྲ་བགེགས་སྲོག་རྩ་ཆོད༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ ནུབ་བྱང་མཚམས་སུ་བྱོན་པའི་ཚེ༔ རླུང་ལྷའི་དམག་དཔུང་འབུམ་གྱིས་བསྐོར༔ ལས་སུ་སངས་རྒྱས་བསྟན་པ་སྲུང༔ ཟས་སུ་ཤ་དང་ཁྲག་ལ་རོལ༔ གདུག་པའི་དགྲ་བགེགས་སྲོག་རྩ་ཆོད༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ བྱང་ཤར་མཚམས་སུ་བྱོན་པའི་ཚེ༔ དབང་ལྡན་དམག་དཔུང་འབུམ་གྱིས་བསྐོར༔ ལས་སུ་སངས་རྒྱས་བསྟན་པ་སྲུང༔ ཟས་སུ་ཤ་དང་ཁྲག་ལ་རོལ༔ གདུག་པའི་དགྲ་བགེགས་སྲོག་རྩ་ཆོད༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ༔ དཔལ་ལྡན་མགོན་པོ་ལྕམ་དྲལ་གྱིས༔ སྟེང་གི་ཕྱོགས་སུ་བྱོན་པའི་ཚེ༔ ཚངས་པའི་དམག་དཔུང་འབུམ་གྱིས་བསྐོར༔ ལས་སུ་སངས་རྒྱས་བསྟན་པ་སྲུང༔ ཟས་སུ་ཤ་དང་ཁྲག་ལ་རོལ༔ གདུག་པའི་དགྲ་བགེགས་སྲོག་རྩ་ཆོད༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ༔ དཔལ་ལྡན་མགོན་པོ་ལྕམ་དྲལ་གྱིས༔ འོག་གི་ཕྱོགས་སུ་བྱོན་པའི་ཚེ༔ ས་བདག་དམག་དཔུང་འབུམ་གྱིས་བསྐོར༔ ལས་སུ་སངས་རྒྱས་བསྟན་པ་སྲུང༔ ཟས་སུ་ཤ་དང་ཁྲག་ལ་རོལ༔ གདུག་པའི་དགྲ་བགེགས་སྲོག་རྩ་ཆོད༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ དཔལ་ལྡན་མགོན་པོ་ལྕམ་དྲལ་གྱི༔ ལས་བྱེད་ལྷ་སྲིན་སྡེ་བརྒྱད་ཡིན༔ སྡེ་བརྒྱད་མ་གཡེལ་དམ་ལ་འདུ༔ བྷྱོ༔ ལྷ་རྣམས་ཀུན་གྱི་རྒྱལ་པོ་ནི༔ དབང་ཕྱུག་མ་ཧཱ་དེ་ཝ་ཡིན༔ མཐིང་ནག་སེང་གེ་རྩལ་ཆེན་འཆིབ༔ ལྷ་ཡི་བློན་པོ་འཁོར་དང་བཅས༔ ལས་སུ་སངས་རྒྱས་བསྟན་པ་སྲུང༔ ཟས་སུ་ཤ་དང་ཁྲག་ལ་རོལ༔ གདུག་པའི་དགྲ་བགེགས་སྲོག་རྩ་ཆོད༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ༔ གཤིན་རྗེ་རྣམས་ཀྱི་རྒྱལ་པོ་ནི༔ གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ཡིན༔ ལས་ཀྱི་མོན་པ་འཁོར་དང་བཅས༔ ལས་སུ་སངས་རྒྱས་བསྟན་པ་སྲུང༔ ཟས་སུ་ཤ་དང་ཁྲག་ལ་རོལ༔ གདུག་པའི་དགྲ་བགེགས་སྲོག་རྩ་ཆོད༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ བཙན་རྣམས་ཡོངས་ཀྱི་རྒྱལ་པོ་ནི༔ བཙན་རྒོད་ཡམ་ཤུད་དམར་པོ་ཡིན༔ རལ་པ་ཅན་གྱི་འཁོར་དང་བཅས༔ ལས་སུ་སངས་རྒྱས་བསྟན་པ་སྲུང༔ ཟས་སུ་ཤ་དང་ཁྲག་ལ་རོལ༔ གདུག་པའི་དགྲ་བགེགས་སྲོག་རྩ་ཆོད༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ༔ གནོད་སྦྱིན་རྣམས་ཀྱི་རྒྱལ་པོ་ནི༔ གནོད་སྦྱིན་སོ་ག་རཱ་ཙ་ཡིན༔ ལས་ཀྱི་གནོད་སྦྱིན་འཁོར་དང་བཅས༔ ལས་སུ་སངས་རྒྱས་བསྟན་པ་སྲུང༔ ཟས་སུ་ཤ་དང་ཁྲག་ལ་རོལ༔ གདུག་པའི་དགྲ་བགེགས་སྲོག་རྩ་ཆོད༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ༔ མ་མོ་རྣམས་ཀྱི་རྒྱལ་མོ་ནི༔ སྔགས་སྲུང་ཨེ་ཀ་ཙཱ་ཏི་ཡིན༔ ཕུང་བྱེད་མ་བཞི་འཁོར་དང་བཅས༔ ལས་སུ་སངས་རྒྱས་བསྟན་པ་སྲུང༔ ཟས་སུ་ཤ་དང་ཁྲག་ལ་རོལ༔ གདུག་པའི་དགྲ་བགེགས་སྲོག་རྩ་ཆོད༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ༔ ཀླུ་རྣམས་ཀུན་གྱི་རྒྱལ་པོ་ནི༔ ཀླུ་བདུད་ནག་པོ་མགོ་དགུ་ཡིན༔ རིགས་བཞིའི་ཀླུ་ཡི་འཁོར་དང་བཅས༔ ལས་སུ་སངས་རྒྱས་བསྟན་པ་སྲུང༔ ཟས་སུ་ཤ་དང་ཁྲག་ལ་རོལ༔ གདུག་པའི་དགྲ་བགེགས་སྲོག་རྩ་ཆོད༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ༔ ནམ་མཁའི་གཟའ་སྐར་རྒྱལ་པོ་ནི༔ གཟའ་བདུད་ནག་པོ་མགོ་དགུ་ཡིན༔ གདོང་མོ་བཞི་ཡི་འཁོར་དང་བཅས༔ ལས་སུ་སངས་རྒྱས་བསྟན་པ་སྲུང༔ ཟས་སུ་ཤ་དང་ཁྲག་ལ་རོལ༔ གདུག་པའི་དགྲ་བགེགས་སྲོག་རྩ་ཆོད༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ༔ ནག་པོ་བདུད་ཀྱི་རྒྱལ་པོ་ནི༔ བདུད་པོ་རོལ་པོ་རྐྱ་གཅིག་ཡིན༔ བདུད་པོ་བཞི་ཡི་འཁོར་དང་བཅས༔ ལས་སུ་སངས་རྒྱས་བསྟན་པ་སྲུང༔ ཟས་སུ་ཤ་དང་ཁྲག་ལ་རོལ༔ གདུག་པའི་དགྲ་བགེགས་སྲོག་རྩ་གཅོད༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ༔ དཔལ་ལྡན་མགོན་པོ་ལྕམ་དྲལ་གྱི༔ ཕོ་ཉ་སྲོག་གི་ཤན་པ་བཞི༔ སྲིད་པའི་དབང་ཆེན་སྡེ་བཞི་ཡིན༔ སྡེ་བཞི་མ་གཡེལ་དམ་ལ་འདུ༔ བྷྱོ༔ ཤར་གྱི་ཕྱོགས་ཀྱི་ཕོ་ཉ་ནི༔ སྲོག་བདག་དཀར་པོ་སྙིང་འབྱིན་ཡིན༔ གིང་ཆེན་དམག་དཔུང་མཐུ་བོ་ཆེ༔ དཀར་པོ་གིང་གི་འཁོར་དང་བཅས༔ ལས་སུ་སངས་རྒྱས་བསྟན་པ་སྲུང༔ ཟས་སུ་ཤ་དང་ཁྲག་ལ་རོལ༔ གདུག་པའི་དགྲ་བགེགས་སྲོག་རྩ་ཆོད༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ༔ ལྷོ་ཡི་ཕྱོགས་ཀྱི་ཕོ་ཉ་ནི༔ དགྲ་བླ་པེ་ཀར་རྒྱལ་པོ་ཡིན༔ རྒྱལ་པོའི་དམག་དཔོན་མཐུ་བོ་ཆེ༔ རྒྱལ་ཕྲན་སྟོང་སྡེ་འཁོར་དང་བཅས༔ ལས་སུ་སངས་རྒྱས་བསྟན་པ་སྲུང༔ ཟས་སུ་ཤ་དང་ཁྲག་ལ་རོལ༔ གདུག་པའི་དགྲ་བགེགས་སྲོག་རྩ་ཆོད༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ༔ ནུབ་ཀྱི་ཕྱོགས་ཀྱི་ཕོ་ཉ་ནི༔ སྐྱེས་བུ་རྡོ་རྗེ་ལེགས་པ་ནི༔ དགྲ་བླའི་དམག་དཔོན་མཐུ་བོ་ཆེ༔ སུམ་བརྒྱ་དྲུག་ཅུ་འཁོར་དང་བཅས༔ ལས་སུ་སངས་རྒྱས་བསྟན་པ་སྲུང༔ ཟས་སུ་ཤ་དང་ཁྲག་ལ་རོལ༔ གདུག་པའི་དགྲ་བགེགས་སྲོག་རྩ་ཆོད༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ༔ བྱང་གི་ཕྱོགས་ཀྱི་ཕོ་ཉ་ནི༔ སྲིན་པོ་སྲོག་ལེན་ཕོ་མོ་ཡིན༔ ཤན་པའི་དམག་དཔུང་མཐུ་བོ་ཆེ༔ དུར་ཁྲོད་ཤ་ཟ་འཁོར་དང་བཅས༔ ལས་སུ་སངས་རྒྱས་བསྟན་པ་སྲུང༔ ཟས་སུ་ཤ་དང་ཁྲག་ལ་རོལ༔ གདུག་པའི་དགྲ་བགེགས་སྲོག་རྩ་ཆོད༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ༔ དཔལ་ལྡན་མགོན་པོ་ལྕམ་དྲལ་གྱི༔ ཕྱག་བརྙན་བོད་ཁམས་སྐྱོང་མ་ཡིན༔ བོད་ཁམས་བརྟན་མ་བཅུ་གཉིས་ནི༔ མ་ཚོགས་མ་གཡེལ་དམ་ལ་འདུ༔ མ་གཅིག་སྐྱི་མཐིང་ཡ་མ་སྐྱོང༔ གངས་ཀྱི་ཡུམ་ཆེན་གཡུ་བུན་མ༔ མ་བཙུན་ཁུག་ཆོས་གཡར་མོ་བསིལ༔ ཤ་མེད་གངས་དཀར་སྨན་གཅིག་མ༔ ཁ་རག་ཁྱུང་བཙུན་དཔལ་གྱི་ཡུམ༔ ཀོང་བཙུན་དེ་མོ་བོད་ཁམས་སྐྱོང༔ ལྷོ་ཡི་ཏིང་ཏིང་ཏིང་ལོ་སྨན༔ བྱང་གི་འབྲོག་སྲིན་འཁོར་འདུལ་མ༔ གཡུ་ཡི་དྲིལ་བུ་སིལ་ལེ་མ༔ བརྡལ་ལ་བཙན་མོ་སྨན་གཅིག་མ༔ བཙན་ལ་ལ་རོ་སྨན་གཅིག་མ༔ སྐྱི་མཐིང་གངས་ཀྱི་ལ་རོ་སྨན༔ རང་རང་འཁོར་དང་བཅས་པ་རྣམས༔ ལས་སུ་སངས་རྒྱས་བསྟན་པ་སྲུང༔ ཟས་སུ་ཤ་དང་ཁྲག་ལ་རོལ༔ གདུག་པའི་དགྲ་བགེགས་སྲོག་རྩ་ཆོད༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དམ་ཚིག་གཉན་ལས་མ་འདའ་བར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ༔ དཔལ་ལྡན་མགོན་པོ་ལྕམ་དྲལ་གྱི༔ ཕྱི་འཁོར་དམག་གི་དཔུང་བྱེད་པ༔ མཐོ་བ་སྲིད་པའི་རྩེ་མོ་ནས༔ ས་འོག་དམྱལ་ཁམས་ཡན་ཆད་ཀྱི༔ སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས༔ སྡེ་དང་དཔུང་བཅས་མ་ལུས་ལ༔ རང་རང་མཐུན་པའི་རྫས་འབུལ་གྱིས༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ས་མ་ཡ༔ ས་མ་ཡ༔ ལས་ལ་བྷྱོ་བྷྱོ༔ ཞེས་པ་ཐམས་ཅད་ཀྱི་ཤམ་བུ་ལ་འདི་གདགས་སོ༔ སྲ་བའི་གོ་ཆ་ལུས་ལ་གྱོན༔ རྣོ་བའི་མཚོན་ཆ་ལག་ཏུ་ཐོགས༔ དམག་དཔུང་སྐྱེད་ལ་རུ་མཚོན་ཕྱོར༔ དྲག་ཤུལ་སྐྱེད་ལ་མཐུ་རྩལ་ཕྱུངས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་རྣམས་ཞི་བར་མཛོད༔ ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ༔ ལོག་པར་ལྟ་བ་དབང་དུ་སྡུས༔ བསྟན་པའི་དགྲ་བགེགས་རྩད་ནས་ཆོད༔ བཅོལ་པའི་ལས་རྣམས་གྲུབ་པར་མཛོད༔ དུས་ལ་བབ་པོ་ས་མ་ཡ༔ ས་མ་ཡ༔ ཀརྨ་ཀརྨ་བྷྱོ་བྷྱོ༔ ཅེས་ཀུན་ལ་གདགས་སོ༔ བསྐུལ་རྫོགས་སོ༔ གཞན་ཡང་གང་ལ་དམིགས་པའི་ཕྲིན་ལས་བཅོལ་ལོ༔ ༈ དགུ་པ་དབང་དུ་བསྡུ་བ་ནི༔ བདག་ཉིད་ཆེ་མཆོག་ཧེ་རུ་ཀའམ༔ པདྨ་དབང་ཆེན་དུ་བསྐྱེད་ལ༔ འཇིག་རྟེན་ལས་འདས་པའི་ཁྲོ་བོའི་རིགས་ཐམས་ཅད་ཀྱིས་སྐུའི་གནས་སུ་གཏམས་ནས༔ སྐུ་ཆེ་ལ་ཡན་ལག་རགས་པས་ཁམས་གསུམ་དབང་དུ་སྡུད་པ༔ སྲིད་གསུམ་ཟིལ་གྱིས་གནོན་པ་དྲེགས་པ་ཅན་ཐམས་ཅད་འདར་ཞིང་འདུད་པས་ལས་ལ་ཁོལ་བར་བསམ་ལ༔ ཆེ་བའི་ང་རྒྱལ་བསྐྱེད་ལ་འདི་སྐད་དོ༔ ཧཱུྃ༔ ང་ནི་ཆེ་མཆོག་ཧེ་རུ་ཀ༔ ང་ནི་པདྨ་དབང་ཆེན་ཡིན༔ སྐུ་ནི་རི་རབ་བས་ཀྱང་ཆེ༔ གསུང་ནི་ཧཱུྃ་སྒྲ་འབྲུག་ལྟར་སྒྲོག༔ ཤངས་ནས་བསྐལ་པའི་འཐོར་རླུང་འཚུབ༔ སྤྱན་ནས་མེ་ཡི་ཕུང་པོ་འབར༔ སྨིན་མ་ཁྲོ་གཉེར་རྦ་རླབས་འཁྲུག༔ རལ་པ་ཁམ་ནག་སྲིད་རྩེར་འབར༔ ཕྱག་མཚན་མཚོན་ཆ་སྐར་ལྟར་འཁྲུག༔ དུས་གསུམ་བཞུགས་པའི་སངས་རྒྱས་དང༔ ཁྲོ་རྒྱལ་ཐམས་ཅད་སྐུ་ལ་རྫོགས༔ གཟི་བརྗིད་ཕྱོགས་བཅུར་མེ་ལྟར་འབར༔ བསྐལ་པའི་མེ་ཡི་ཀློང་དཀྱིལ་ནས༔ དྲེགས་པ་མ་ལུས་ལས་ལ་ཁོལ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུད༔ འཇིག་རྟེན་ཁམས་ཀུན་གཡོ་འགུལ་བྱེད༔ དམ་ལས་འདས་པའི་སྙིང་ཁྲག་འཐུང༔ བདུད་དང་ལོག་འདྲེན་ཞབས་ཀྱིས་གནོན༔ དམ་ཅན་མ་ལུས་སྲོག་ནས་གཟིར༔ དབང་གི་རྒྱལ་པོས་ལས་འཆོལ་གྱིས༔ ང་ཡི་བཀའ་ལས་གང་འདའ་བ༔ ལུས་སེམས་རྡུལ་དུ་བརླག་པར་བྱེད༔ དེ་བས་དམ་ཅན་མ་ལུས་པ༔ གོང་གོང་ཆུམ་ཆུམ་དམ་ལ་འདུ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ༔ ཡ་མཱནྟ་ཀ༔ པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཙཎྜ་མ་ཧཱ་རོ་ཥ་ཎ༔ ཀཱ་ལ་རཱུ་པ༔ བཛྲ་ཡཀྵ་ཀྲོ་དྷ༔ པདྨ་བན་དྷ་མུ་ཁ༔ ཨཱ་ཀརྴ་ཡ་ཨཱ་ཀརྴ་ཡ༔ བྷནྡྷ་ཡ༔ བྷནྡྷ་ཡ༔ ཏོ་ཤ་ཡ༔ ཏོ་ཤ་ཡ༔ མོ་ཧ་ཡ་མོ་ཧ་ཡ༔ ཤྲཱི་མ་ཧཱ་ཀཱ་ལ་སརྦ་རཱུ་པ༔ བཛྲ་དུཥྚཱཾ༔ སརྦ་དྷཱ་ཀི་ནཱི་ཧྲྀ་ད་ཡ༔ ཧ་ཧ་ཧི་ཧི༔ ཨེ་ཨཱ་རལླི་ཧཱུྃ་ཛ༔ ཞེས་བརྒྱ་རྩ་བརྒྱད་བཟླས་ལ་དབང་དུ་བསྡུ་བའི་ཏིང་ངེ་འཛིན་ལས་མ་ཡེངས་པར་སྲོག་གི་སྙིང་པོ་ནས་འབོད་དོ༔ ༈ བཅུ་པ་དམ་ཅན་རྣམས་བསྙེན་ཅིང་སྒྲུབ་པ་ནི༔ དྲེགས་པ་སོ་སོའི་སྲོག་གི་སྙིང་པོ་ནས་འབོད་པ་སྟེ་གཞན་དུ་ཤེས་པར་བྱའོ༔ ༈ བཅུ་གཅིག་པ་གླུད་ཡས་ཀྱི་ཆོ་འབྲང་འདོན་པ་ནི༔ ངར་གླུད་དང༔ གསེར་སྐྱེམས་དང༔ ནམ་མཁའ་དང༔ རྒྱང་བུ་དང༔ གླུད་ལ་སོགས་པའི་ཆོ་འབྲང་བར་འདིར་འདོན་ཏེ་སྤྱི་ལྟར་ཤེས་པར་བྱའོ༔ ༈ བཅུ་གཉིས་པ་མདོས་བསྔོ་ཞིང་ཕྲིན་ལས་བཅོལ་བ་ནི༔ བསྙེན་པ་རྫོགས་ནས་ཐོན་པའི་ནུབ་མོ༔ ཚེས་གྲངས་དང་དུས་ཚོད་དྲག་པོའི་ལས་ཐེབས་ཤིང༔ མི་ཟློག་པ་དང་བསྟུན་ཏེ༔ དེ་ནས་ནམ་ཕྱེད་ཡན་ཆད་དཔལ་གྱི་ཕྲིན་ལས་གཞུང་བསྲང་བ་དང༔ ཆོས་སྐྱོང་གི་ཕྲིན་ལས་གཞུང་བསྲང་བ་དང༔ ཚོགས་དང་ལྷག་མ་ཡན་ཆད་རྫོགས་པར་བགྱིས་ལ༔ བོད་སྤོས་དང༔ རྒྱ་སྤོས་དང༔ ཚིལ་ཆེན་གྱི་དུད་པ་གཏང༔ རྔ་བརྡུང༔ དུང་འབུད༔ སྤྱན་གཟིགས་དང་ཞལ་ཟས་རྣམས་རྒྱས་པར་བཤམས་ལ༔ ཐོག་མར་མགོན་པོ་ལ་བསྔོ་བ༔ ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་མ་ཧཱ་ཀཱ་ལའི་ཚོགས༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ བསྐུལ་ལོ་ཐུགས་དམ་གཉན་བསྐུལ་ལོ༔ མཛོད་ཅིག་བསྟན་པའི་སྲུང་མ་མཛོད༔ སྔོན་གྱི་བསྐལ་པ་དང་པོ་ལ༔ ལྷ་དང་ལྷ་མིན་འཐབ་པའི་ཚེ༔ དེ་ཚེ་ཚངས་པ་བརྒྱ་བྱིན་གྱིས༔ མ་ཧཱ་དེ་བ་ལྷ་ཡི་གཙོ༔ ནག་པོ་དཔལ་འབར་སྤྱན་དྲངས་པས༔ དྲག་པོ་བདུད་འདུལ་མཐུ་རྩལ་ཅན༔ དཔལ་མགོན་ལྷ་ཡི་སྡེ་དཔོན་ཁྱོད༔ ལྷ་མིན་འདུལ་བར་ཞལ་བཞེས་ནས༔ རི་རབ་རྩེ་ལ་གཤེགས་པའི་ཚེ༔ ལྷ་རྣམས་མཆོག་ཏུ་དགའ་བ་སྐྱེས༔ དེ་ཚེ་ལྷ་ཡི་དཔུང་བྱེད་པའི༔ དམག་དཔོན་ཕྱོགས་བཅུ་ཀུན་ནས་བསྡུས༔ ཀུན་ཀྱང་སྲ་བའི་གོ་ཆ་གྱོན༔ རྣོ་ངར་ལྡན་པའི་མཚོན་ཆ་བཟུང༔ དཔའ་བོ་བྱེད་པའི་རུ་དར་ཕྱར༔ དམག་དཔུང་བྱེ་བ་དུང་ཕྱུར་གྱིས༔ མཆོད་པའི་སྤྲིན་ཚོགས་ཀུན་ཕུལ་ནས༔ དཀོན་མཆོག་གསུམ་ལ་གསོལ་བ་བཏབ༔ རྣམ་པར་རྒྱལ་བའི་རྒྱལ་མཚན་སྒྲེང༔ བདུད་ལས་རྒྱལ་བའི་དཔའ་དར་ཕྱར༔ ལྷ་དམག་སྡུད་པའི་རྔ་སྒྲ་བརྡུངས༔ ཟིལ་གནོན་འཇིགས་པའི་དུང་བུས་ནས༔ ལྷ་མིན་སྐྲག་བྱེད་རྐན་སྒྲ་བརྡབས༔ དེ་ཚེ་དཔལ་ལྡན་མགོན་པོ་ཁྱོད༔ ལྷ་དམག་བྱེ་བའི་གཙོ་བོ་མཛད༔ འཇིགས་བྱེད་སྐུ་ཡི་ཆ་ལུགས་ནི༔ མཐིང་ནག་འབར་བ་འཇིགས་པ་ལ༔ རལ་པ་ཁམ་ནག་གྱེན་ལ་བརྫེས༔ དར་ནག་ཅོད་པན་དབུ་ལ་བཅིངས༔ རལ་པ་བསིགས་པས་སྲིད་གསུམ་འདུལ༔ སྤྱན་དགུ་སྡང་མིག་ལྡོག་པ་ཡིས༔ བསྐལ་པའི་མེ་ཕུང་རབ་ཏུ་འབར༔ ཤངས་ནས་བསྐལ་པའི་འཐོར་རླུང་འཚུབས༔ འཇིགས་པའི་རླུང་སྒྲ་འུ་རུ་རུ༔ དྲག་པོའི་ཞལ་གདངས་མཆེ་བ་གཙིགས༔ བདུད་དཔུང་མ་ལུས་སྲོག་རྩ་གཅོད༔ སྨ་ར་ཨག་ཚོམ་ཁམ་ནག་འབར༔ ལྷ་མིན་མ་ལུས་ཟིལ་གྱིས་གནོན༔ ཐོད་སྐམ་འབུམ་གྱིས་དབུ་བརྒྱན་ནས༔ དགྲ་བགེགས་མ་ལུས་བརླག་པར་བྱེད༔ སྐུ་ལ་དར་ནག་འཇོལ་བེར་གསོལ༔ དར་ལྕེ་འབུམ་ཕྲག་པུ་རུ་རུ༔ སྟག་ལྤགས་རློན་པའི་གོང་རས་ལ༔ ཞིང་གི་གཡང་གཞི་ཕྲུ་ལུ་ལུ༔ སྙན་ཆ་མགུལ་ཆུ་ལྷུ་ཚིགས་ལ༔ སྦྲུལ་ནག་འབུམ་གྱིས་རྒྱན་དུ་བྱས༔ མི་མགོ་རློན་པའི་ཕྲེང་བ་ཡི༔ དོ་ཤལ་སེ་རལ་ཁ་རུ་བརྒྱན༔ བར་སྣང་ཉི་ཟླ་གཟའ་སྐར་གྱིས༔ སྐུ་ཡི་ཕྱོགས་མཚམས་བརྒྱད་དུ་བཀྲམ༔ གཡས་ཀྱི་དང་པོ་བེ་ཅོན་གྱིས༔ ལྷ་མིན་དམག་ཚོགས་རྡུལ་དུ་རློག༔ བར་མ་རྡོ་རྗེ་རྩེ་ལྔ་ཡིས༔ དགྲ་བགེགས་མགོ་ལུས་ཚལ་པར་གཤོག༔ ཐ་མ་ལྕགས་ཀྱི་ཕུར་པ་ཡིས༔ ལས་ངན་གདུག་པའི་སྙིང་ལ་གཟིར༔ གཡོན་གྱི་དང་པོ་བྷན་དམར་གྱིས༔ བསྟན་པའི་དགྲ་ལ་རིམས་ནད་འབེབ༔ བར་མ་དབྱུག་ཐོས་དགྲ་སྙིང་འབྱིན༔ ཐ་མ་སྦྲུལ་གྱི་ཞགས་པ་ཡིས༔ བླ་ཚེ་འགུགས་ཤིང་སྲོག་དབུགས་ལེན༔ གསེར་སྐ་རིན་ཆེན་སྐུ་ལ་བཅིངས༔ ཞབས་གཉིས་བརྐྱང་བསྐུམ་དགྲ་བགེགས་གཟིར༔ སྲིད་པ་གསུམ་གྱི་མངའ་བདག་པོ༔ ལྷ་རྣམས་ཡོངས་ཀྱི་དམག་དཔོན་ཆས༔ དེ་ཚེ་དབང་པོ་བརྒྱ་བྱིན་གྱིས༔ དེད་དཔོན་ཆེན་པོ་ཁྱོད་བསྐུལ་བས༔ དཔལ་མགོན་འཁོར་དང་བཅས་པ་ཡིས༔ ལྷ་མིན་དམག་ཚོགས་གཡུལ་ངོ་བཟློག༔ ལྷ་མིན་ང་རྒྱལ་ཀུན་བཅོམ་པས༔ བདུད་འདུལ་དཔའ་བོ་ཆེན་པོར་གྲགས༔ སྔོན་ཚེ་ལྷ་མིན་བཏུལ་པ་ལྟར༔ ད་ཡང་དགྲ་བགེགས་འདུལ་འཚལ་གྱིས༔ རིན་ཆེན་རི་རབ་གཞལ་ཡས་འདིར༔ བམ་ཆེན་བསྣོལ་བའི་ཁྲི་རྨང་ལ༔ ལྕགས་མཁར་ནག་པོ་གནས་ཀྱི་རྟེན༔ མདའ་མོ་བྱ་རྒོད་དར་ནག་ཅན༔ ནག་པོ་ཁྱོད་ཀྱི་སྐུ་ཡི་རྟེན༔ གྲི་རྒོད་སྙིང་དང་མོན་ནག་སྙིང༔ ནག་པོ་ཁྱོད་ཀྱི་དམ་ཚིག་རྫས༔ མཐིང་ནག་ནམ་མཁའ་འཇའ་རིས་ཅན༔ རྩེ་ལ་བྱ་ནག་སྒྲོ་ཡིས་བརྒྱན༔ ལོགས་ལ་དར་ནག་པུ་རུ་རུ༔ མགུལ་ན་ཡུངས་དཀར་ཤ་ར་ར༔ ནག་པོའི་ཞལ་དང་གཉིས་སུ་མེད༔ མདའ་ནག་བིང་ཆེན་ཐོད་ཁྲག་རིས༔ འཕང་ནག་གསེར་གཡུ་མེ་ལོང་རིས༔ རྒྱང་བུ་ནག་པོ་ཉི་ཟླས་བརྒྱན༔ ཤིང་གྲི་མཛེས་པའི་ཡུལ་མཁར་རིས༔ རྣལ་འབྱོར་འཁོར་བཅས་གླུད་དུ་འབུལ༔ མི་མཐུན་རྐྱེན་དང་བར་གཅོད་ཟློག༔ མི་ནག་ཞིང་གི་རྒྱལ་མཚན་དང༔ མདུང་ནག་བ་དན་ནག་པོ་ཅན༔ བཤོས་བུ་ནག་པོ་ཁྲག་གིས་བྱུགས༔ འབྲུ་ནག་གཏོར་མ་ཤ་ཁྲག་དང༔ བདུད་རྩི་མར་མེ་སྤོས་ལ་སོགས༔ ནག་པོ་ཁྱོད་ཀྱི་མཐུན་པའི་རྫས༔ བྱ་ནག་གཡག་ནག་ལ་སོགས་པ༔ ནག་པོ་བཅུ་གསུམ་སྐོང་བའི་རྫས༔ མི་ཟད་ལོངས་སྤྱོད་ཀུན་འབུལ་གྱིས༔ མགོན་པོའི་ཐུགས་དམ་དེས་བསྐངས་ལ༔ སྲ་བའི་གོ་ཆ་སྐུ་ལ་གྱོན༔ རྣོ་བའི་མཚོན་ཆ་ལག་ཏུ་ཐོགས༔ དམག་དཔུང་སྐྱོད་ལ་རུ་མཚོན་ཕྱོར༔ དྲག་ཤུལ་སྐྱེད་ལ་མཐུ་རྩལ་ཕྱུངས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་རྣམས་ཞི་བར་མཛོད༔ ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ༔ ལོག་པར་ལྟ་བ་དབང་དུ་སྡུས༔ བཅོལ་པའི་ལས་ལ་མ་གཡེལ་བར༔ བསྟན་པའི་དགྲ་བགེགས་རྩད་ནས་ཆོད༔ ཨོཾ་མ་ཧཱ་ཀཱ་ལ་གྷ་ཎ་གྷུ་ཏི༔ ཡོ་གཱི་ཤྭ་རཱི༔ ཏྲི་ས་མ་ཡ་དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ ཧཱུྃ༔ དཔལ་ལྡན་མགོན་པོ་ནག་པོ་ཁྱོད༔ ཐུགས་ཀྱི་མགོན་པོར་སྐུ་སྤྲུལ་པ༔ ཤར་ཕྱོགས་ལྷ་ཡི་དམག་དཔོན་ནི༔ འཇིགས་བྱེད་ནག་པོ་གྲི་གུག་ཅན༔ སྐུ་མདོག་མཐིང་ནག་འཇིགས་པ་ལ༔ སྐུ་ལ་བསྐལ་པའི་མེ་ཕུང་འབར༔ བར་ཆད་དགྲ་བགེགས་ཐལ་བར་སྲེག༔ གཡས་གཡོན་གྲི་གུག་ཐོད་ཁྲག་འཛིན༔ སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན༔ རབ་འཇིགས་ཁྲོ་བོའི་ཆ་བྱད་ཅན༔ ཞབས་གཉིས་བརྐྱང་བསྐུམ་དགྲ་བགེགས་གནོན༔ ཁམས་གསུམ་གདུག་པ་འདུལ་བ་པོ༔ ནག་པོ་འཁོར་དང་བཅས་པ་ཡིས༔ ལྷ་མིན་དམག་ཚོགས་གཡུལ་ངོ་བཟློག༔ ལྷ་མིན་ང་རྒྱལ་ཀུན་བཅོམ་པས༔ བདུད་འདུལ་དཔའ་བོ་ཆེན་པོར་གྲགས༔ སྔོན་ཚེ་ལྷ་མིན་བཏུལ་པ་ལྟར༔ ད་ཡང་དགྲ་བགེགས་འདུལ་འཚལ་གྱིས༔ རིན་ཆེན་རི་རབ་གཞལ་ཡས་འདིར༔ བམ་ཆེན་བསྣོལ་བའི་གདན་ཁྲི་ལ༔ ལྕགས་མཁར་ནག་པོ་གནས་ཀྱི་རྟེན༔ མདའ་མོ་བྱ་རྒོད་དར་ནག་བརྒྱན༔ ནག་པོ་ཁྱོད་ཀྱི་སྐུ་ཡི་རྟེན༔ གྲི་རྒོད་སྙིང་དང་ཁྱི་ནག་སྙིང༔ ནག་པོ་ཁྱོད་ཀྱི་དམ་ཚིག་རྫས༔ མཐིང་ནག་ནམ་མཁའ་འཇའ་རིས་ཅན༔ རྩེ་ལ་བྱ་ནག་སྒྲོ་ཡིས་བརྒྱན༔ ལོགས་ལ་དར་ནག་པུ་རུ་རུ༔ མགུལ་ན་ཡུངས་དཀར་ཤ་ར་ར༔ ནག་པོའི་ཞལ་དང་གཉིས་སུ་མེད༔ མདའ་ནག་གྲི་གུག་ཐོད་ཁྲག་རིས༔ འཕང་ནག་གསེར་གཡུའི་མེ་ལོང་ཅན༔ རྒྱང་བུ་ནག་པོ་ཉི་ཟླས་བརྒྱན༔ ཤིང་གྲི་མཛེས་པའི་ཡུལ་མཁར་རིས༔ རྣལ་འབྱོར་འཁོར་བཅས་གླུད་དུ་འབུལ༔ མི་མཐུན་རྐྱེན་དང་བར་གཅོད་ཟློག༔ ནག་པོ་ཁྱི་ཡི་རྒྱལ་མཚན་དང༔ མདུང་ནག་བ་དན་ནག་པོ་ཅན༔ བཤོས་བུ་ནག་པོ་ཁྲག་གིས་བྱུག༔ འབྲུ་ནག་གཏོར་མ་ཤ་ཁྲག་དང༔ བདུད་རྩི་མར་མེ་སྤོས་ལ་སོགས༔ ནག་པོ་ཁྱོད་ཀྱི་མཐུན་པའི་རྫས༔ བྱ་ནག་གཡག་ནག་ལ་སོགས་པ༔ ནག་པོ་བཅུ་གསུམ་སྐོང་བའི་རྫས༔ མི་ཟད་ལོངས་སྤྱོད་ཀུན་འབུལ་གྱིས༔ མགོན་པོའི་ཐུགས་དམ་དེས་བསྐངས་ལ༔ སྲ་བའི་གོ་ཆ་སྐུ་ལ་གྱོན༔ རྣོ་བའི་མཚོན་ཆ་ལག་ཏུ་ཐོགས༔ དམག་དཔུང་སྐྱོད་ལ་རུ་མཚོན་ཕྱོར༔ དྲག་ཤུལ་སྐྱེད་ལ་མཐུ་རྩལ་ཕྱུངས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་རྣམས་ཞི་བར་མཛོད༔ ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ༔ ལོག་པར་ལྟ་བ་དབང་དུ་སྡུས༔ བཅོལ་པའི་ལས་རྣམས་མ་གཡེལ་བར༔ བསྟན་པའི་དགྲ་བགེགས་རྩད་ནས་ཆོད༔ ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་ད་ཡ་ཧཱུྃ་ཕཊ༔ ས་མ་ཡ་དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ ཧཱུྃ༔ དཔལ་ལྡན་མགོན་པོ་ནག་པོ་ཁྱོད༔ སྐུ་ཡི་མགོན་པོར་རབ་སྤྲུལ་པ༔ ལྷོ་ཕྱོགས་ལྷ་དམག་དེད་དཔོན་ནི༔ ལེགས་ལྡན་ནག་པོ་མཐུ་བོ་ཆེ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ དབུ་སྐྲ་སྦྲུལ་གྱི་རལ་པ་ཅན༔ སྙན་ཆ་མགུལ་ཆུ་མི་ཐོད་ཅན༔ གསེར་སྐ་རིན་ཆེན་སྐུ་ཡི་རྒྱན༔ ཞབས་ལ་སག་ཏི་ཡུ་རིང་གསོལ༔ སྐུ་ལ་དར་ནག་འཇོལ་བེར་གསོལ༔ ཆིབས་སུ་གཅན་གཟན་སྟག་ལ་འཆིབ༔ ཕྱག་གཡས་ཙན་དན་བིང་ནང་ནས༔ བདུད་དང་ལྷ་མིན་འདུལ་བ་ཡི༔ དམག་དཔུང་ཉིས་ཁྲི་ཆིག་སྟོང་འགྱེད༔ གཡོན་པ་ལྕགས་པར་ནག་པོའི་ནང༔ དམ་ཉམས་དགྲ་བོའི་སྙིང་ཁྲག་འཐུང༔ ལྷ་མ་ཡིན་གྱི་བུ་མོ་ནི༔ ནམ་མཁའི་གློག་མ་སྤྲིན་ཡང་འདུལ༔ ལོག་ལྟ་དམ་ཉམས་རྡུལ་དུ་རློག༔ བདུད་ཀྱི་ཞགས་པ་ནག་པོ་ཡིས༔ བསྟན་པ་འཇིག་པའི་མགུལ་ནས་བསྡམ༔ ལྕགས་ཀྱི་བྱ་ཁྲས་རྒྱུ་མ་འདྲེན༔ ཅེ་སྤྱང་ནག་པོས་ཁྲག་རྗེས་གཅོད༔ རུ་མཚོན་ནག་པོ་དབལ་ཅན་གྱིས༔ སྲིད་པའི་ལྷ་འདྲེ་དམ་ལ་སྡུད༔ ཞལ་བགྲད་མཆེ་བ་རབ་ཏུ་གཙིགས༔ སྤྱན་གསུམ་སྡང་མིག་རྣམ་པར་ལྡོག༔ དགྲ་བགེགས་སྒྲོལ་ཅིང་སྲོག་དབུགས་ལེན༔ འདོད་པ་ཁམས་ཀྱི་དབང་ཕྱུག་པོ༔ ནག་པོ་འཁོར་དང་བཅས་པ་ཡིས༔ ལྷ་མིན་དམག་ཚོགས་གཡུལ་ངོ་བཟློག༔ ལྷ་མིན་ང་རྒྱལ་ཀུན་བཅོམ་པས༔ བདུད་འདུལ་དཔའ་བོ་ཆེན་པོར་གྲགས༔ སྔོན་ཚེ་ལྷ་མིན་བཏུལ་པ་ལྟར༔ ད་ཡང་དགྲ་བགེགས་འདུལ་འཚལ་གྱིས༔ རིན་ཆེན་རི་རབ་གཞལ་ཡས་འདིར༔ དགྲ་བགེགས་བསྒྲལ་བའི་གདན་ཁྲི་ལ༔ ལྕགས་མཁར་ནག་པོ་གནས་ཀྱི་རྟེན༔ མདའ་མོ་བྱ་རྒོད་དར་ནག་བརྒྱན༔ ནག་པོ་ཁྱོད་ཀྱི་སྐུ་ཡི་རྟེན༔ གྲི་རྒོད་སྙིང་དང་ལུག་ནག་སྙིང༔ ནག་པོ་ཁྱོད་ཀྱི་དམ་ཚིག་རྫས༔ མཐིང་ནག་ནམ་མཁའ་འཇའ་རིས་ཅན༔ རྩེ་ལ་བྱ་ནག་སྒྲོ་ཡིས་བརྒྱན༔ ལོགས་ལ་དར་ནག་པུ་རུ་རུ༔ མགུལ་ན་ཡུངས་དཀར་ཤ་ར་ར༔ ནག་པོའི་ཞལ་དང་གཉིས་སུ་མེད༔ མདའ་ནག་བིང་ཆེན་རྒྱུ་ཞགས་རིས༔ འཕང་ནག་གསེར་གཡུའི་མེ་ལོང་ཅན༔ རྒྱང་བུ་ནག་པོ་ཉི་ཟླས་བརྒྱན༔ ཤིང་གྲི་མཛེས་པའི་ཡུལ་མཁར་རིས༔ རྣལ་འབྱོར་འཁོར་བཅས་གླུད་དུ་འབུལ༔ མི་མཐུན་རྐྱེན་དང་བར་གཅོད་ཟློག༔ སྨུག་ནག་ལུག་གི་རྒྱལ་མཚན་དང༔ མདུང་ནག་བ་དན་ནག་པོ་ཅན༔ བཤོས་བུ་ནག་པོ་ཁྲག་གིས་བྱུག༔ འབྲུ་ནག་གཏོར་མ་ཤ་ཁྲག་དང༔ བདུད་རྩི་མར་མེ་སྤོས་ལ་སོགས༔ ནག་པོ་ཁྱོད་ཀྱི་མཐུན་པའི་རྫས༔ བྱ་ནག་གཡག་ནག་ལ་སོགས་པ༔ ནག་པོ་བཅུ་གསུམ་སྐོང་བའི་རྫས༔ མི་ཟད་ལོངས་སྤྱོད་ཀུན་འབུལ་གྱིས༔ མགོན་པོའི་ཐུགས་དམ་དེས་བསྐངས་ལ༔ སྲ་བའི་གོ་ཆ་སྐུ་ལ་གྱོན༔ རྣོ་བའི་མཚོན་ཆ་ལག་ཏུ་ཐོགས༔ དམག་དཔུང་སྐྱོད་ལ་རུ་མཚོན་ཕྱོར༔ དྲག་ཤུལ་སྐྱེད་ལ་མཐུ་རྩལ་ཕྱུངས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་རྣམས་ཞི་བར་མཛོད༔ ཚེ་དང་བསོད་ནམས་རྒྱས་པར་སྤེལ༔ ལོག་པར་ལྟ་བ་དབང་དུ་སྡུས༔ བཅོལ་པའི་ལས་རྣམས་མ་གཡེལ་བར༔ བསྟན་པའི་དགྲ་བགེགས་རྩད་ནས་ཆོད༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཏྲི་ཡཾ་ཛ་ཛཿརཀྴ་དུ་བེཾ་ནི་ཧཱུྃ་ཛ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ ཧཱུྃ༔ དཔལ་ལྡན་མགོན་པོ་ནག་པོ་ཁྱོད༔ གསུང་གི་མགོན་པོར་སྐུ་སྤྲུལ་པ༔ ནུབ་ཕྱོགས་ལྷ་དམག་དེད་དཔོན་ནི༔ སྲོག་ལེན་ནག་པོ་མཐུ་བོ་ཆེ༔ སྐུ་ལུས་སོལ་སྒྱེ་འགྲེང་བ་འདྲ༔ རལ་པ་ནག་པོས་ཞུ་ལུབ་བྱས༔ སྐུ་ལ་དར་ནག་བེར་ཆེན་གསོལ༔ ཆིབས་སུ་རྟ་ནག་རྟིང་དཀར་འཆིབ༔ གཡས་པ་དར་མདུང་རྩེ་གསུམ་ཕྱར༔ དམག་དཔུང་མ་ལུས་དམ་ལ་སྡུད༔ གཡོན་ན་བདུད་ཀྱི་ཞགས་པ་བསྣམས༔ བསྟན་པའི་དགྲ་བོ་ཡན་ལག་འཆིང༔ བདུད་ཀྱི་ཁྲམ་བམ་རྐེད་པར་བཙུགས༔ བར་ཆད་དགྲ་བགེགས་ཁྲམ་ལ་འདེབས༔ ལྕགས་མདའ་ལྕགས་གཞུ་གྲུ་མོར་གཟིང༔ དགྲ་བོའི་སྙིང་ལ་གཟེར་བར་བྱེད༔ བདུད་པོ་སྲོག་ལེན་ཤན་པའི་གཙོ༔ ནག་པོ་འཁོར་དང་བཅས་པ་ཡིས༔ ལྷ་མིན་དམག་ཚོགས་གཡུལ་ངོ་བཟློག༔ ལྷ་མིན་ང་རྒྱལ་ཀུན་བཅོམ་པས༔ བདུད་འདུལ་དཔའ་བོ་ཆེན་པོར་གྲགས༔ སྔོན་ཚེ་ལྷ་མིན་བཏུལ་པ་ལྟར༔ ད་ཡང་དགྲ་བགེགས་འདུལ་འཚལ་གྱིས༔ རིན་ཆེན་རི་རབ་གཞལ་ཡས་འདིར༔ མི་རོ་རྟ་རོའི་གདན་ཁྲི་ལ༔ ལྕགས་མཁར་ནག་པོ་གནས་ཀྱི་རྟེན༔ མདའ་མོ་བྱ་རྒོད་དར་ནག་ཅན༔ ནག་པོ་ཁྱོད་ཀྱི་སྐུ་ཡི་རྟེན༔ གྲི་རྒོད་སྙིང་དང་གཡག་ནག་སྙིང༔ ནག་པོ་ཁྱོད་ཀྱི་དམ་ཚིག་རྫས༔ མཐིང་ནག་ནམ་མཁའ་འཇའ་རིས་ཅན༔ རྩེ་ལ་བྱ་ནག་སྒྲོ་ཡིས་བརྒྱན༔ ལོགས་ན་དར་ནག་པུ་རུ་རུ༔ མགུལ་ན་ཡུངས་དཀར་ཤ་ར་ར༔ ནག་པོའི་ཞལ་དང་གཉིས་སུ་མེད༔ མདའ་ནག་རྩེ་གསུམ་སྙིང་ཞགས་རིས༔ འཕང་ནག་གསེར་གཡུའི་མེ་ལོང་ཅན༔ རྒྱང་བུ་ནག་པོ་ཉི་ཟླས་བརྒྱན༔ ཤིང་གྲི་མཛེས་པའི་ཡུལ་མཁར་རིས༔ རྣལ་འབྱོར་འཁོར་བཅས་གླུད་དུ་འབུལ༔ མི་མཐུན་རྐྱེན་དང་བར་གཅོད་ཟློག༔ ནག་པོ་གཡག་གི་རྒྱལ་མཚན་དང༔ མདུང་ནག་བ་དན་ནག་པོ་ཅན༔ བཤོས་བུ་ནག་པོ་ཁྲག་གིས་བྱུག༔ འབྲུ་ནག་གཏོར་མ་ཤ་ཁྲག་དང༔ བདུད་རྩི་མར་མེ་སྤོས་ལ་སོགས༔ ནག་པོ་ཁྱོད་ཀྱི་མཐུན་པའི་རྫས༔ བྱ་ནག་གཡག་ནག་ལ་སོགས་པ༔ ནག་པོ་བཅུ་གསུམ་སྐོང་བའི་རྫས༔ མི་ཟད་ལོངས་སྤྱོད་ཀུན་འབུལ་གྱིས༔ མགོན་པོའི་ཐུགས་དམ་དེས་བསྐངས་ལ༔ སྲ་བའི་གོ་ཆ་སྐུ་ལ་གྱོན༔ རྣོ་བའི་མཚོན་ཆ་ལག་ཏུ་ཐོགས༔ དམག་དཔུང་སྐྱོད་ལ་རུ་མཚོན་ཕྱོར༔ དྲག་ཤུལ་སྐྱེད་ལ་མཐུ་རྩལ་ཕྱུངས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་རྣམས་ཞི་བར་མཛོད༔ ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ༔ ལོག་པར་ལྟ་བ་དབང་དུ་སྡུས༔ བཅོལ་པའི་ལས་རྣམས་མ་གཡེལ་བར༔ བསྟན་པའི་དགྲ་བགེགས་རྩད་ནས་ཆོད༔ ཨོཾ་མ་ཧཱ་ཀཱ་ལ་ཏྲཀྴད་སི་ཏི་ཡཾ་དུ་ཛཿཛ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ ཧཱུྃ༔ དཔལ་ལྡན་མགོན་པོ་ནག་པོ་ཁྱོད༔ ཕྲིན་ལས་མགོན་པོར་སྐུ་སྤྲུལ་པ༔ བྱང་ཕྱོགས་ལྷ་དམག་དེད་དཔོན་ནི༔ གཏོར་ལེན་ནག་པོ་མཐུ་བོ་ཆེ༔ ལས་ཀྱི་མགོན་པོ་བྱ་རོག་གདོང༔ མདོག་ནག་གཟུགས་ཐུང་བརྗིད་པའི་སྐུ༔ སྐུ་ལ་སྦྲུལ་དང་ཐོད་པས་བརྒྱན༔ དབུ་ནི་འཇིགས་པའི་བྱ་རོག་གདོང༔ རལ་པ་ཁམ་ནག་གྱེན་དུ་བརྗེས༔ གཡས་གཡོན་གྲི་གུག་ཐོད་ཁྲག་འཛིན༔ ཤ་ཟན་ཞིང་སྐྱོང་མཁའ་འགྲོའི་ཚོགས༔ མ་མོ་བྱེ་བ་བྲན་དུ་ཁོལ༔ ལས་སུ་གདུག་པ་སྒྲོལ་ལ་བརྩོན༔ རབ་ཏུ་འཇིགས་པའི་རྔམ་སྒྲ་ཅན༔ ཆིབས་སུ་སྤྲུལ་པའི་བྱ་རོག་འཆིབ༔ ནག་པོ་སྟོང་གི་སྡེ་དཔོན་པོ༔ མགོན་པོ་འཁོར་དང་བཅས་པ་ཡིས༔ ལྷ་མིན་དམག་ཚོགས་གཡུལ་ངོ་བཟློག༔ ལྷ་མིན་ང་རྒྱལ་ཀུན་བཅོམ་པས༔ བདུད་འདུལ་དཔའ་བོ་ཆེན་པོར་གྲགས༔ སྔོན་ཚེ་ལྷ་མིན་བཏུལ་པ་ལྟར༔ ད་ཡང་དགྲ་བགེགས་འདུལ་འཚལ་གྱིས༔ རིན་ཆེན་རི་རབ་གཞལ་ཡས་ཁང༔ ཅེ་སྤྱང་མི་རོའི་གདན་ཁྲི་ལ༔ ལྕགས་མཁར་ནག་པོ་གནས་ཀྱི་རྟེན༔ མདའ་མོ་བྱ་རྒོད་དར་ནག་ཅན༔ ནག་པོ་ཁྱོད་ཀྱི་སྐུ་ཡི་རྟེན༔ གྲི་རྒོད་སྙིང་དང་བྱ་རོག་སྙིང༔ ནག་པོ་ཁྱོད་ཀྱི་དམ་ཚིག་རྫས༔ མཐིང་ནག་ནམ་མཁའ་འཇའ་རིས་ཅན༔ རྩེ་ལ་བྱ་ནག་སྒྲོ་ཡིས་བརྒྱན༔ ལོགས་ལ་དར་ནག་པུ་རུ་རུ༔ མགུལ་ན་ཡུངས་དཀར་ཤ་ར་ར༔ ནག་པོའི་ཞལ་དང་གཉིས་སུ་མེད༔ མདའ་ནག་གྲི་གུག་ཐོད་ཁྲག་རིས༔ འཕང་ནག་གསེར་གཡུའི་མེ་ལོང་ཅན༔ རྒྱང་བུ་ནག་པོ་ཉི་ཟླས་བརྒྱན༔ ཤིང་གྲི་མཛེས་པའི་ཡུལ་མཁར་རིས༔ རྣལ་འབྱོར་འཁོར་བཅས་གླུད་དུ་འབུལ༔ མི་མཐུན་རྐྱེན་དང་བར་གཅོད་ཟློག༔ བྱ་ནག་འཇིགས་པའི་རྒྱལ་མཚན་དང༔ མདུང་ནག་བ་དན་ནག་པོ་ཅན༔ བཤོས་བུ་ནག་པོ་ཁྲག་གིས་བྱུགས༔ འབྲུ་ནག་གཏོར་མ་ཤ་ཁྲག་དང༔ བདུད་རྩི་མར་མེ་སྤོས་ལ་སོགས༔ ནག་པོ་ཁྱོད་ཀྱི་མཐུན་པའི་རྫས༔ བྱ་ནག་གཡག་ནག་ལ་སོགས་པ༔ ནག་པོ་བཅུ་གསུམ་སྐོང་བའི་རྫས༔ མི་ཟད་ལོངས་སྤྱོད་ཀུན་འབུལ་གྱིས༔ མགོན་པོའི་ཐུགས་དམ་དེས་བསྐངས་ལ༔ སྲ་བའི་གོ་ཆ་སྐུ་ལ་གྱོན༔ རྣོ་བའི་མཚོན་ཆ་ལག་ཏུ་ཐོགས༔ དམག་དཔུང་སྐྱོད་ལ་རུ་མཚོན་ཕྱོར༔ དྲག་ཤུལ་སྐྱེད་ལ་མཐུ་རྩལ་ཕྱུངས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་རྣམས་ཞི་བར་མཛོད༔ ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ༔ ལོག་པར་ལྟ་བ་དབང་དུ་སྡུས༔ བཅོལ་པའི་ལས་རྣམས་མ་གཡེལ་བར༔ བསྟན་པའི་དགྲ་བགེགས་རྩད་ནས་ཆོད༔ ཨོཾ་མ་ཧཱ་ཀཱ་ལ་ཁ་ཁ་མུ་ཁ་ཧྲིང་ཛ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ ཧཱུྃ༔ དཔལ་ལྡན་མགོན་པོ་ནག་པོ་ཡི༔ བཀའ་ཉན་ལས་བྱེད་མཐུ་རྩལ་ཅན༔ ལྷ་མིན་མ་རུངས་ཀུན་འདུལ་བ༔ དུས་མཚན་ནག་པོ་མི་ཐོད་ཅན༔ མཐིང་ནག་རབ་ཏུ་འཇིགས་པའི་གཟུགས༔ འཇིགས་བྱེད་གྷ་ཎའི་མངའ་བདག་པོ༔ འཇིགས་ཤིང་ཡ་ང་མུན་ནག་ཀློང༔ རྨང་གཞི་ལྕགས་ལས་བྱས་པ་ཡི༔ བམ་རིལ་ཐོད་པའི་མཁར་ནང་ནས༔ སྟེང་ནས་བསྐལ་པའི་གློག་དམར་འགྱུ༔ ལོགས་ལ་ཐོག་གི་ཚྭ་ཚྭ་འཕྲོ༔ ཞབས་ན་ཁྲག་གི་རྒྱ་མཚོ་འཁྲུགས༔ ཐོད་མཁར་དེ་ཡི་ནང་ཤེད་ན༔ ནག་པོ་མི་ཡི་ཐོད་པ་ཅན༔ ཆུང་མ་ནག་མོ་གསེར་མིག་མ༔ སྲིན་པོ་འཁོར་དང་བཅས་པ་བཞུགས༔ ལྷ་མིན་དམག་དཔུང་འདུལ་བའི་ཚེ༔ དཔལ་ལྡན་མགོན་པོ་ནག་པོ་ཆེ༔ མི་སྲུན་བསྟན་པ་སྲུང་བའི་མགོན༔ མི་བཟད་གཅེར་བུ་སྲིན་པོའི་ལུས༔ རལ་པ་ཁམ་ནག་གྱེན་དུ་བརྫེས༔ སྤྱན་དམར་ལྡོག་ཅིང་མཆེ་བ་གཙིགས༔ སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན༔ མེ་ཕུང་འབར་བའི་ནང་ན་འགྱིང༔ སྤྲུལ་པ་འཇིགས་པའི་སྤྲེའུ་ནག་འགྱེད༔ ཕྱག་ན་ཙན་དན་བིང་ཆེན་བསྣམས༔ བདུད་དང་དགྲ་བགེགས་སྲོག་རྩ་གཅོད༔ རུ་མཚོན་ནག་པོ་ཕྱར་ནས་ནི༔ ལྷ་མིན་དམག་དཔུང་གཡུལ་ངོ་བཟློག༔ ལྷ་མིན་ང་རྒྱལ་ཀུན་བཅོམ་པས༔ བདུད་འདུལ་དཔའ་བོ་ཆེན་པོར་གྲགས༔ སྔོན་ཚེ་ལྷ་མིན་བཏུལ་པ་ལྟར༔ ད་ཡང་དགྲ་བགེགས་འདུལ་འཚལ་གྱིས༔ རིན་ཆེན་རི་རབ་གཞལ་ཡས་འདིར༔ དམ་ཉམས་བསྒྲལ་པའི་གདན་ཁྲི་ལ༔ ལྕགས་མཁར་ནག་པོ་གནས་ཀྱི་རྟེན༔ ལྕགས་ཀྱུ་དམར་པོ་དར་ནག་ཅན༔ ནག་པོ་ཁྱོད་ཀྱི་སྐུ་ཡི་རྟེན༔ གྲི་རྒོད་སྙིང་དང་ཕག་རྒོད་སྙིང༔ ནག་པོ་ཁྱོད་ཀྱི་དམ་ཚིག་རྫས༔ མཐིང་ནག་ནམ་མཁའ་འཇའ་རིས་ཅན༔ རྩེ་ལ་བྱ་ནག་སྒྲོ་ཡིས་བརྒྱན༔ ལོགས་ལ་དར་ནག་པུ་རུ་རུ༔ མགུལ་ན་ཡུངས་དཀར་ཤ་ར་ར༔ ནག་པོའི་ཞལ་དང་གཉིས་སུ་མེད༔ མདའ་ནག་ལྕགས་ཀྱུ་ཐོད་ཁྲག་རིས༔ འཕང་ནག་གསེར་གཡུ་མེ་ལོང་ཅན༔ རྒྱང་བུ་ནག་པོ་ཉི་ཟླས་བརྒྱན༔ ཤིང་གྲི་མཛེས་པའི་ཡུལ་མཁར་རིས༔ རྣལ་འབྱོར་འཁོར་བཅས་གླུད་དུ་འབུལ༔ མི་མཐུན་རྐྱེན་དང་བར་ཆད་ཟློག༔ ཕག་པ་ནག་པོའི་རྒྱལ་མཚན་དང༔ མདུང་ནག་བ་དན་ནག་པོ་ཅན༔ བཤོས་བུ་ནག་པོ་ཁྲག་གིས་བྱུག༔ འབྲུ་ནག་གཏོར་མ་ཤ་ཁྲག་དང༔ བདུད་རྩི་མར་མེ་སྤོས་ལ་སོགས༔ ནག་པོ་ཁྱོད་ཀྱི་མཐུན་པའི་རྫས༔ བྱ་ནག་གཡག་ནག་ལ་སོགས་པ༔ ནག་པོ་བཅུ་གསུམ་སྐོང་བའི་རྫས༔ མི་ཟད་ལོངས་སྤྱོད་ཀུན་འབུལ་གྱིས༔ མགོན་པོའི་ཐུགས་དམ་དེས་བསྐངས་ལ༔ སྲ་བའི་གོ་ཆ་སྐུ་ལ་གྱོན༔ རྣོ་བའི་མཚོན་ཆ་ལག་ཏུ་ཐོགས༔ དམག་དཔུང་སྐྱོད་ལ་རུ་མཚོན་ཕྱོར༔ དྲག་ཤུལ་སྐྱེད་ལ་མཐུ་རྩལ་ཕྱུངས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་རྣམས་ཞི་བར་མཛོད༔ ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ༔ ལོག་པར་ལྟ་བ་དབང་དུ་སྡུས༔ བཅོལ་པའི་ལས་རྣམས་མ་གཡེལ་བར༔ བསྟན་པའི་དགྲ་བགེགས་རྩད་ནས་ཆོད༔ ཨོཾ་མ་ཧཱ་ཀཱ་ལ་པྲི་ཀ་པ་ལ་ཡ་ར་ཏྲྀ༔ ཧ་ཤི་རོ་ཤ་གུར་བ་ཏི༔ བ་བནྡྷ་ཏུ་པ༔ ཡཾ་ནེ་ཡཾ་ནེ་ཛ༔ རཀྴ་དུ་བེཾ་ནི་ཧཱུྃ་ཛ༔ ཀཱ་ལ་རཱ་ཏྲི་ཛ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ དེ་ནས་དཔལ་ལྡན་ལྷ་མོ་ལ་བསྔོ་བ༔ ཧཱུྃ་བྷྱོ༔ དཔལ་ལྡན་མགོན་པོ་ལྕམ་དྲལ་གྱི༔ སྨོན་ལམ་ཤུགས་ཀྱིས་འབྲེལ་བའི་ལྕམ༔ མ་གཅིག་ལྷ་མོ་དཔལ་ལྷ་མོ༔ དཔལ་ལྡན་གཉན་གྱི་རེ་མ་ཏི༔ བྱང་ཤར་བསེ་མཁར་གཡུ་སྒོ་ཅན༔ ཐོད་པ་དགུ་བརྩེགས་གཞལ་ཡས་ནས༔ མི་རོ་རྟ་རོ་གཅལ་དུ་བཀྲམ༔ མི་ཁྲག་རྟ་ཁྲག་རྒྱ་མཚོར་བསྐྱིལ༔ ཕོ་བྲང་དགུ་བརྒྱའི་གབ་ཙེ་ལ༔ ལྷ་སྲིན་དགུ་བརྒྱའི་ནང་བྱན་མ༔ དེ་ན་དཔལ་ལྡན་ལྷ་མོ་བཞུགས༔ མ་ཡི་ནང་ནས་མ་གཅིག་མ༔ མ་མོ་ཆེན་མོ་དེ་ན་བཞུགས༔ སྲིང་གི་ནང་ནས་སྲིང་གཅིག་མ༔ སྲིང་མོ་ཆེན་མོ་དེ་ན་བཞུགས༔ དཔལ་ལྡན་མི་ཕམ་སྲིད་གསུམ་མགོན༔ རྣམ་ཐར་སྒོ་གསུམ་ལྡན་པ་ཡིས༔ མ་མོ་ཉིད་ཀྱི་རང་དོན་མཐར་ཕྱིན་ནས༔ སྙིང་རྗེས་འགྲོ་བ་མི་གཏོང་བས༔ སྣ་ཚོགས་ཐབས་ཀྱིས་འགྲོ་དོན་མཛད༔ ནག་མོ་གཏུམ་ཆེན་ཆར་སྤྲིན་མདོག༔ ཞལ་གཅིག་ཕྱག་བཞི་ཞབས་གཉིས་མ༔ ཆིབས་སུ་བོང་བུ་གྭ་པ་འཆིབ༔ མཚན་མོ་དུར་ཁྲོད་ཁྱབ་པར་ཉུལ༔ གཡས་པ་ཤང་ལང་འབར་བ་ཡིས༔ བདུད་དང་ལྷ་མིན་མགོ་བོ་གཅོད༔ འོག་མ་མི་མགོའི་ཕྲེང་བ་ཡིས༔ བསྟན་པ་འཇིག་པ་གྲངས་ལ་འདེབས༔ གཡོན་པ་བནྡྷ་དམར་གྱིས་བཀང༔ དགྲ་བོའི་སྙིང་ཁྲག་ཞལ་དུ་གསོལ༔ འོག་མ་ཏྲི་ཤཱུལ་བནྡྷ་ཕྱར༔ ལྷ་མིན་ཐོད་ཕྲེང་དོ་ཤལ་བྱས༔ སྐུ་སྟོད་གླང་ཆེན་ཀོ་རློན་ལ༔ སྐུ་སྨད་རེ་ལྡེའི་ཤམ་བུ་ཅན༔ གདུག་པ་སྦྲུལ་གྱི་སྐ་རགས་བཅིངས༔ སྐུ་ལ་ཁྲག་ཞག་ཐིག་ལེས་སྤྲས༔ སྐད་ནི་དུང་དང་འབྲུག་ལྟར་སྒྲོག༔ མ་མོ་མཁའ་འགྲོ་དམ་ལ་འདུ༔ རྟག་པར་གཤིན་རྗེའི་ཕོ་བྲང་འཛིན༔ དམ་པའི་ས་ནས་གཟུགས་སུ་འཛིན༔ གཟུགས་ཁམས་གནས་སུ་བྱོན་པའི་ཚེ༔ ཚངས་པའི་རྒྱལ་པོ་ལ་སོགས་པ༔ ལྷ་རྣམས་ཀུན་གྱིས་ཁྱེད་ལ་འདུད༔ གཞན་འཕྲུལ་དབང་བྱེད་གནས་བྱོན་ཚེ༔ དབང་ཕྱུག་ཆེན་པོས་སྐུ་ལ་འཁྲིལ༔ སུམ་ཅུ་རྩ་གསུམ་ལྷ་གནས་སུ༔ ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས༔ ནག་མོ་ཁྱོད་ལ་ཕྱག་བྱས་ནས༔ ལྷ་མིན་དམག་དཔུང་འདུལ་བར་བསྐོས༔ དེ་ཚེ་ལྷ་མིན་ཕུང་བར་བྱས༔ ལྷ་མིན་རྒྱལ་པོ་ཀུན་གྱིས་བཏུད༔ དེ་ཚེ་ཆོ་འཕྲུལ་བསྟན་པ་ནི༔ སྐུ་ནི་རི་རབ་གཏོས་དང་མཉམ༔ ལྟེ་བའི་ཐད་ནས་ཉི་ཟླ་འཆར༔ རྒྱལ་ཆེན་བཞི་པོས་ཕྱག་བྱས་མ༔ རྒྱ་མཚོ་མེ་འབར་སྐེམ་ནུས་པས༔ ས་འོག་དབང་པོ་ཀུན་གྱིས་བཏུད༔ ཁྱོད་ཀྱི་ཆོ་འཕྲུལ་འདི་བསྟན་པས༔ བདུད་དང་གཤིན་རྗེ་འདར་ཞིང་འདུད༔ མཁའ་འགྲོ་ཤ་ཟ་བྲན་དུ་ཁོལ༔ མ་མོ་འབུམ་གྱི་ཚོགས་དང་བཅས༔ སྔོན་ཚེ་ལྷ་མིན་བཏུལ་པ་ལྟར༔ ད་ཡང་དགྲ་བགེགས་འདུལ་འཚལ་གྱིས༔ རིན་ཆེན་རི་རབ་གཞལ་ཡས་འདིར༔ ཐོད་པའི་སྐུ་མཁར་གནས་ཀྱི་རྟེན༔ ནལ་བུའི་སྙིང་དང་ལུག་ནག་སྙིང༔ མ་མོ་ཁྱོད་ཀྱི་དམ་ཚིག་རྫས༔ མཐིང་ནག་ནམ་མཁའ་འཇའ་རིས་ཅན༔ རྩེ་ལ་རྨ་བྱའི་སྒྲོ་ཡིས་བརྒྱན༔ ལོགས་ལ་དར་ནག་པུ་རུ་རུ༔ མགུལ་ན་ཡུངས་དཀར་ཤ་ར་ར༔ མ་མོའི་ཞལ་དང་གཉིས་སུ་མེད༔ མདའ་ནག་ཤང་ལང་ཐོད་ཁྲག་རིས༔ འཕང་ནག་གསེར་གཡུའི་མེ་ལོང་ཅན༔ རྒྱང་བུ་ནག་པོ་ཉི་ཟླས་བརྒྱན༔ ཤིང་གྲི་མཛེས་པའི་ཡུལ་མཁར་རིས༔ རྣལ་འབྱོར་འཁོར་བཅས་གླུད་དུ་འབུལ༔ མི་མཐུན་རྐྱེན་དང་བར་ཆད་ཟློག༔ ཞིང་ཆུང་ནལ་བུའི་རྒྱལ་མཚན་དང༔ མདུང་ནག་བ་དན་ནག་པོ་ཅན༔ སྙིང་བཤོས་དམར་པོ་ཟུར་གསུམ་དང༔ དམར་གཏོར་ཤ་སྣ་ཁྲག་སྣ་དང༔ ཚིལ་ཆེན་དུད་པ་མར་མེ་སོགས༔ དཔལ་ལྡན་ལྷ་མོའི་མཐུན་པའི་རྫས༔ ལུག་ནག་བྱ་ནག་ལ་སོགས་པ༔ ནག་མོ་འཁོར་བཅས་སྐོང་བའི་རྫས༔ མི་ཟད་ལོངས་སྤྱོད་ཀུན་འབུལ་གྱིས༔ མ་ཡི་ཐུགས་དམ་དེས་བསྐངས་ལ༔ སྲ་བའི་གོ་ཆ་སྐུ་ལ་གྱོན༔ རྣོ་བའི་མཚོན་ཆ་ལག་ཏུ་ཐོགས༔ དམག་དཔུང་སྐྱོད་ལ་རུ་མཚོན་ཕྱོར༔ དྲག་ཤུལ་སྐྱེད་ལ་མཐུ་རྩལ་ཕྱུངས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་རྣམས་ཞི་བར་མཛོད༔ ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ༔ ལོག་པར་ལྟ་བ་དབང་དུ་སྡུས༔ བཅོལ་པའི་ལས་རྣམས་མ་གཡེལ་བར༔ བསྟན་པའི་དགྲ་བགེགས་རྩད་ནས་ཆོད༔ ཨོཾ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་མ་ཧཱུྃ་མ་བྷྱོ་ཛཿཛ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ མ་གཅིག་ལྷ་མོ་དཔལ་ལྷ་མོ༔ བདུད་ཀྱི་ཡུམ་གཅིག་རེ་མ་ཏི༔ ཆིབས་སུ་དྲེལ་རྟ་རྐང་གསུམ་འཆིབ༔ དྲྭ་བ་དགུ་ཡི་སྟེང་ལེན་ཅན༔ བྱེ་རུ་དམར་པོའི་རྒྱན་སྲབ་ཅན༔ ཉིན་བཞིན་ཁྱོ་དགུ་བསྐུངས་ནས་སྦེད༔ མཚན་བཞིན་དུར་ཁྲོད་ཁྱབ་པར་ཉུལ༔ རྣལ་འབྱོར་ཡོངས་ཀྱི་ཚོགས་ཁང་འགྲིམ༔ ཁྱོད་ཀྱི་སྐུ་མདོག་མཐིང་ནག་ལ༔ རལ་པའི་ཟར་བུ་གཡོན་པར་འཁྱིལ༔ ཞལ་ནས་མི་ཁྲག་རྟ་ཁྲག་འཛག༔ མིག་ནས་ཁྲག་འཛག་ཟུ་ལུ་ལུ༔ དྲེལ་རྟ་རླུང་གི་ཤུགས་བསྐྱོད་པས༔ མཚན་མོ་དཔག་ཚད་བརྒྱད་ཁྲིར་ཉུལ༔ རྣལ་འབྱོར་ཆེན་མོ་དབང་ཕྱུག་མ༔ ཁྱོད་ཀྱི་ལག་པ་གཡས་པ་ན༔ བདུད་ཀྱི་ཁྲམ་བམ་ནག་པོ་བསྣམས༔ འདོད་ཁམས་སྐྱེ་འགྲོ་སེམས་ཅན་ཀུན༔ སང་ཕོད་དེང་སང་སུ་འཆི་བ༔ དོ་ཅིག་ཁྱོད་ཀྱིས་ཁྲམ་ལ་འདེབས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀུན༔ གལ་ཏེ་ཁྲམ་ལ་བཏབ་པ་ན༔ ཁྲམ་ཁ་ཕྱིས་ལ་བདུད་ཁ་སྒྱུར༔ བསྟན་པ་འཇིག་པའི་དགྲ་བོ་འདི༔ བདུད་ཀྱི་ཁྲམ་ལ་ད་ཐོབས་ཤིག༔ ཁྱོད་ཀྱི་ལག་པ་གཡོན་པ་ན༔ བཙན་གྱི་ཤོ་རྡེལ་དཀར་ནག་འགྲེམས༔ འདོད་ཁམས་སྐྱེ་འགྲོ་སེམས་ཅན་ཀུན༔ སང་ཕོད་དེང་སང་སུ་འཆི་བ༔ དོ་ཅིག་ཁྱོད་ཀྱིས་ཁྲམ་ལ་འདེབས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀུན༔ གལ་ཏེ་ཤོ་ལ་བཀྲམ་སྲིད་ན༔ ཤོ་རྡེ་དཀར་ནག་ད་བརྗེས་ལ༔ བྱང་དམར་དཀྱུས་ནས་ད་ཐོན་ཅིག༔ ཁྱོད་ཀྱི་མཆན་ཁུང་གཡོན་པ་ན༔ ནད་རྐྱལ་སྦྲུལ་གྱིས་བཅིངས་པ་བཅུག༔ འདོད་ཁམས་སྐྱེ་འགྲོ་སེམས་ཅན་ཀུན༔ སང་ཕོད་དེང་སང་སུ་འཆི་བ༔ དོ་ཅིག་ནད་ཀྱི་གཟེར་མདའ་གཏོང༔ ནད་ཡམས་ནད་ཀྱི་གཟེར་ཁ་རྣམས༔ བསྟན་པ་འཇིག་པའི་དགྲ་ལ་སྒྱུར༔ ནག་མོ་ཁྱོད་ཀྱི་ཕྱི་ཤ་ལ༔ ཚོན་གྱི་དྲུ་གུ་སྔོན་དམར་བཀལ༔ འདོད་ཁམས་སྐྱེ་འགྲོ་སེམས་ཅན་ཀུན༔ སང་ཕོད་དེང་སང་སུ་འཆི་བ༔ དོ་ཅིག་འཁྲུགས་པའི་ལྟས་ངན་གཏོང༔ བསྟན་པ་འཇིག་པའི་དགྲ་བོ་འདི༔ མཚོན་འཁྲུགས་སྣ་བདུན་གྲི་རུ་སོད༔ ནག་མོ་འབུམ་གྱི་ཚོགས་བཅས་ཀྱིས༔ སྔོན་ཚེ་ལྷ་མིན་གཡུལ་ངོ་བཟློག༔ ད་ཡང་དགྲ་བགེགས་འདུལ་འཚལ་གྱིས༔ རིན་ཆེན་རི་རབ་ཤར་ཕྱོགས་འདིར༔ ཐོད་པའི་སྐུ་མཁར་གནས་ཀྱི་རྟེན༔ ནལ་བུའི་སྙིང་དང་ལུག་ནག་སྙིང༔ མ་མོ་ཁྱོད་ཀྱི་དམ་ཚིག་རྫས༔ མཐིང་ནག་ནམ་མཁའ་འཇའ་རིས་ཅན༔ རྩེ་ལ་རྨ་བྱའི་སྒྲོ་ཡིས་བརྒྱན༔ ལོགས་ན་དར་ནག་པུ་རུ་རུ༔ མགུལ་ན་ཡུངས་དཀར་ཤ་ར་ར༔ མ་མོའི་ཞལ་དང་གཉིས་སུ་མེད༔ མདའ་ནག་ཁྲམ་བམ་ཤོ་རྡེ་རིས༔ འཕང་ནག་གསེར་གཡུའི་མེ་ལོང་ཅན༔ རྒྱང་བུ་ནག་པོ་ཉི་ཟླས་བརྒྱན༔ ཤིང་གྲི་མཛེས་པའི་ཡུལ་མཁར་རིས༔ རྣལ་འབྱོར་འཁོར་བཅས་གླུད་དུ་འབུལ༔ མི་མཐུན་རྐྱེན་དང་བར་ཆད་ཟློག༔ བྱ་ནག་ཀྱུང་ཀའི་རྒྱལ་མཚན་ཅན༔ མདུང་ནག་བ་དན་ནག་པོ་ཅན༔ སྙིང་བཤོས་དམར་པོ་ཟུར་གསུམ་དང༔ དམར་གཏོར་ཤ་སྣ་ཁྲག་སྣ་དང༔ ཚིལ་ཆེན་དུད་པ་མར་མེ་སོགས༔ དཔལ་ལྡན་ལྷ་མོ་མཐུན་པའི་རྫས༔ ལུག་སྨུག་བྱ་ནག་ལ་སོགས་པ༔ ནག་མོ་འཁོར་བཅས་སྐོང་བའི་རྫས༔ མི་ཟད་ལོངས་སྤྱོད་ཀུན་འབུལ་གྱིས༔ མ་ཡི་ཐུགས་དམ་དེས་བསྐངས་ལ༔ སྲ་བའི་གོ་ཆ་སྐུ་ལ་གྱོན༔ རྣོ་བའི་མཚོན་ཆ་ལག་ཏུ་ཐོགས༔ དམག་དཔུང་སྐྱོད་ལ་རུ་མཚོན་ཕྱོར༔ དྲག་ཤུལ་སྐྱེད་ལ་མཐུ་རྩལ་ཕྱུངས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་རྣམས་ཞི་བར་མཛོད༔ ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ༔ ལོག་པར་ལྟ་བ་དབང་དུ་སྡུས༔ བཅོལ་པའི་ལས་རྣམས་མ་གཡེལ་བར༔ བསྟན་པའི་དགྲ་བགེགས་རྩད་ནས་ཆོད༔ ཨོཾ་བཛྲ་ཧཱུྃ་ཀྵ་ཏྲག་རཀྴ་ཙིཏྟ་སྲོག་དུང་དུང་ཛཿཛ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ མ་གཅིག་ལྷ་མོ་དཔལ་ལྷ་མོ༔ གཤིན་རྗེའི་ལྕམ་གཅིག་རེ་མ་ཏི༔ མཐིང་ནག་རལ་པ་རྟིང་པར་དྲུད༔ སྤྱན་དམར་ཁ་གདངས་མཆེ་བ་གཙིགས༔ མགོ་ལུས་ཐོད་ཕྲེང་སྦྲུལ་གྱིས་བརྒྱན༔ གཡས་གཡོན་རལ་གྲི་ནེའུ་ལེ་འཛིན༔ སྙན་ཆ་དྲིལ་བུ་སེང་གེ་སྦྲུལ༔ ལྟེ་བ་དཔྲལ་བ་ཉི་ཟླས་བརྒྱན༔ སྟོད་སྨད་གླང་ཆེན་རེ་ལྡེེས་དཀྲིས༔ ཞབས་ལ་ལྕགས་སྒྲོག་མཛེས་པས་བརྒྱན༔ ཐལ་ཆེན་ཁྲག་དང་ཞག་གིས་མཚན༔ ཆིབས་སུ་བོང་བུ་གྭ་དམར་འཆིབ༔ རླུང་གཤོག་མཇུག་མར་མིག་ཅན་ལ༔ ཞིང་གི་ལྤགས་པས་སྟན་བྱས་བཅིབས༔ འཁོར་དུ་མ་མོ་འབུམ་གྱིས་བསྐོར༔ བདུད་དང་གཤིན་རྗེ་ཕོ་ཉར་འགྱེད༔ གསོད་ལ་དགའ་ཞིང་སྙིང་ཁྲག་འཐུང༔ ཤ་ཟན་སྲིན་པོ་དགྲ་ལ་གཏོང༔ རིམས་ནད་དལ་ཡམས་དགྲ་ལ་འབེབ༔ ལྷ་མོ་འཁོར་དང་བཅས་པ་ཡིས༔ སྔོན་ཚེ་ལྷ་མིན་གཡུལ་ངོ་བཟློག༔ སྔོན་ཚེ་དགྲ་བགེགས་བཏུལ་པ་ལྟར༔ ད་ཡང་དགྲ་བགེགས་འདུལ་འཚལ་གྱིས༔ རིན་ཆེན་རི་རབ་ལྷོ་ཕྱོགས་འདིར༔ ཐོད་པའི་སྐུ་མཁར་གནས་ཀྱི་རྟེན༔ ནལ་བུའི་སྙིང་དང་དཔའ་བོའི་སྙིང༔ མ་མོ་ཁྱོད་ཀྱི་དམ་ཚིག་རྫས༔ མཐིང་ནག་ནམ་མཁའ་འཇའ་རིས་ཅན༔ རྩེ་ལ་རྨ་བྱའི་སྒྲོ་ཡིས་བརྒྱན༔ ལོགས་ལ་དར་ནག་པུ་རུ་རུ༔ མགུལ་ན་ཡུངས་དཀར་ཤ་ར་ར༔ མ་མོའི་ཞལ་དང་གཉིས་སུ་མེད༔ མདའ་ནག་རལ་གྲི་ནེའུ་ལེ་རིས༔ འཕང་ནག་གསེར་གཡུའི་མེ་ལོང་ཅན༔ རྒྱང་བུ་ནག་པོ་ཉི་ཟླས་མཚན༔ ཤིང་གྲི་མཛེས་པའི་ཡུལ་མཁར་རིས༔ རྣལ་འབྱོར་འཁོར་བཅས་གླུད་དུ་འབུལ༔ མི་མཐུན་རྐྱེན་དང་བར་ཆད་ཟློག༔ སེང་གེའི་གཡང་གཞི་རྒྱལ་མཚན་དང༔ མདུང་ནག་བ་དན་ནག་པོ་ཅན༔ སྙིང་བཤོས་དམར་པོ་ཟུར་གསུམ་དང༔ དམར་གཏོར་ཤ་སྣ་ཁྲག་སྣ་དང༔ ཚིལ་ཆེན་དུད་པ་མར་མེ་སོགས༔ དཔལ་ལྡན་ལྷ་མོ་མཐུན་པའི་རྫས༔ ལུག་སྨུག་བྱ་ནག་ལ་སོགས་པ༔ མ་མོ་འཁོར་བཅས་སྐོང་བའི་རྫས༔ མི་ཟད་ལོངས་སྤྱོད་ཀུན་འབུལ་གྱིས༔ མ་ཡི་ཐུགས་དམ་དེས་བསྐངས་ལ༔ སྲ་བའི་གོ་ཆ་སྐུ་ལ་གྱོན༔ རྣོ་བའི་མཚོན་ཆ་ལག་ཏུ་ཐོགས༔ དམག་དཔུང་སྐྱོད་ལ་རུ་མཚོན་ཕྱོར༔ དྲག་ཤུལ་སྐྱེད་ལ་མཐུ་རྩལ་ཕྱུངས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་རྣམས་ཞི་བར་མཛོད༔ ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ༔ ལོག་པར་ལྟ་བ་དབང་དུ་སྡུས༔ བཅོལ་པའི་ལས་རྣམས་མ་གཡེལ་བར༔ བསྟན་པའི་དགྲ་བགེགས་རྩད་ནས་ཆོད༔ ཨོཾ་ཏདྱ་ཐཱ༔ རུ་རུ་བི་ཏོ་ཧཱུྃ་ཏིསྟ་བ་ཏོ་སི༔ རག་མོ་སྙིང་ཁ་རཀ་མ་བྷྱོ་ཛཿཛ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ མ་གཅིག་ལྷ་མོ་དཔལ་ལྷ་མོ༔ དཔལ་ལྡན་སྲིན་མོ་རེ་མ་ཏི༔ མ་གཅིག་བཞུགས་པའི་གནས་བསྟན་པ༔ ཕྱོགས་ཕྱོགས་དེ་ནི་ཕ་གི་ན༔ ཁྲག་མཚོ་ཁོལ་མའི་ནང་ཤེད་ན༔ ཁྲག་མཁར་ལྡེམ་པའི་ནང་ཤེད་ན༔ མཐུ་རྩལ་བདག་མོ་དབང་ཕྱུག་མ༔ ཁྲག་ཟོར་འཕེན་ཅིང་ལྟས་ངན་གཏོང༔ སྐུ་ཡི་ཆ་བྱད་དམར་མོ་ལ༔ སྤྲིན་དམར་སླག་པ་གོས་སུ་གྱོན༔ ཁྲག་གི་རལ་པ་ཤ་ར་ར༔ མི་རོ་འབུམ་ནི་ཕྲག་ལ་བཀལ༔ རྟ་རོ་འབུམ་ནི་རྩིག་པར་བརྩིགས༔ ཁ་ནས་ནད་རླངས་དགྲ་ལ་གཏོང༔ ཆིབས་སུ་དྲེལ་ནག་རྐང་གསུམ་འཆིབ༔ སྣང་སྲིད་ཀུན་ལ་ལྟས་ངན་གཏོང༔ གཡས་ན་ཁྲག་གི་རྐྱལ་པ་བསྣམས༔ དམ་ཉམས་དགྲ་ལ་ནད་ཁྲག་འཐོར༔ གཡོན་ན་བདུད་ཀྱི་ཟོར་རིས་བསྣམས༔ དགྲ་བགེགས་ཀུན་གྱི་གཡན་པོ་ཡིན༔ ནག་མོ་འཁོར་དང་བཅས་པ་ཡིས༔ སྔོན་ཚེ་ལྷ་མིན་གཡུལ་ངོ་བཟློག༔ སྔོན་ཚེ་དགྲ་བགེགས་བཏུལ་པ་ལྟར༔ ད་ཡང་དགྲ་བགེགས་འདུལ་འཚལ་གྱིས༔ རིན་ཆེན་རི་རབ་ནུབ་ཕྱོགས་འདིར༔ ཐོད་པའི་སྐུ་མཁར་གནས་ཀྱི་རྟེན༔ ནལ་བུའི་སྙིང་དང་ཁྱི་མོའི་སྙིང༔ མ་མོ་ཁྱོད་ཀྱི་དམ་ཚིག་རྫས༔ མཐིང་ནག་ནམ་མཁའ་འཇའ་རིས་ཅན༔ རྩེ་ལ་རྨ་བྱའི་སྒྲོ་ཡིས་བརྒྱན༔ ལོགས་ལ་དར་ནག་པུ་རུ་རུ༔ མགུལ་ན་ཡུངས་དཀར་ཤ་ར་ར༔ མ་མོའི་ཞལ་དང་གཉིས་སུ་མེད༔ མདའ་དམར་ཁྲག་རྐྱལ་ཟོར་རིས་ཅན༔ འཕང་ནག་གསེར་གཡུའི་མེ་ལོང་ཅན༔ རྒྱང་བུ་ནག་པོ་ཉི་ཟླས་མཚན༔ ཤིང་རིས་མཛེས་པའི་ཡུལ་མཁར་རིས༔ རྣལ་འབྱོར་འཁོར་བཅས་གླུད་དུ་འབུལ༔ མི་མཐུན་རྐྱེན་དང་བར་ཆད་ཟློག༔ ཁྱི་མོ་སེར་སྐྱའི་རྒྱལ་མཚན་དང༔ མདུང་ནག་བ་དན་ནག་པོ་ཅན༔ སྙིང་བཤོས་དམར་པོ་ཟུར་གསུམ་དང༔ དམར་གཏོར་ཤ་སྣ་ཁྲག་སྣ་དང༔ ཚིལ་ཆེན་དུད་པ་མར་མེ་སོགས༔ དཔལ་ལྡན་ལྷ་མོ་མཐུན་པའི་རྫས༔ ལུག་སྨུག་བྱ་ནག་ལ་སོགས་པ༔ ནག་མོ་འཁོར་བཅས་སྐོང་བའི་རྫས༔ མི་ཟད་ལོངས་སྤྱོད་ཀུན་འབུལ་གྱིས༔ ཁྱེད་ཀྱི་ཐུགས་དམ་དེས་བསྐངས་ལ༔ སྲ་བའི་གོ་ཆ་སྐུ་ལ་གྱོན༔ རྣོ་བའི་མཚོན་ཆ་ལག་ཏུ་ཐོགས༔ དམག་དཔུང་སྐྱོད་ལ་རུ་མཚོན་ཕྱོར༔ དྲག་ཤུལ་སྐྱེད་ལ་མཐུ་རྩལ་ཕྱུངས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་རྣམས་ཞི་བར་མཛོད༔ ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ༔ ལོག་པར་ལྟ་བ་དབང་དུ་སྡུས༔ བཅོལ་པའི་ལས་རྣམས་མ་གཡེལ་བར༔ བསྟན་པའི་དགྲ་བགེགས་རྩད་ནས་ཆོད༔ ཏདྱ་ཐཱ༔ མ་མ་སྙིང་ཁ་རག་མ་བྷྱོ༔ རེ་མ་ཏི༔ པ་ཤ་ཙ་པ་ལ་ཛཿཛ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ མ་གཅིག་ལྷ་མོ་དཔལ་ལྷ་མོ༔ གནོད་སྦྱིན་ནག་མོ་རེ་མ་ཏི༔ ལྕང་ལོ་ཅན་གྱི་གནས་ཀྱི་བདག༔ གནོད་སྦྱིན་མ་ཚོགས་བྲན་དུ་ཁོལ༔ དམ་ཚིག་སྲུང་བའི་གྲོགས་མཛད་ཅིང༔ དམ་ཚིག་ཉམས་པའི་རྗེས་གཅོད་མ༔ ནག་མོ་ཞལ་གཅིག་ཕྱག་གཉིས་མ༔ གཡས་གཡོན་རལ་གྲི་ཐོད་ཁྲག་བསྣམས༔ ན་བཟའ་ཞིང་གི་གཡང་གཞི་གསོལ༔ ཆིབས་སུ་དྲེལ་རྟ་ནག་པོ་འཆིབ༔ མ་མོ་འཁོར་དང་བཅས་པ་ཡིས༔ སྔོན་ཚེ་ལྷ་མིན་གཡུལ་བཟློག་ལྟར༔ ད་ཡང་དགྲ་བགེགས་འདུལ་འཚལ་གྱིས༔ རིན་ཆེན་རི་རབ་བྱང་ཕྱོགས་འདིར༔ ཐོད་པའི་སྐུ་མཁར་གནས་ཀྱི་རྟེན༔ ནལ་བུའི་སྙིང་དང་གྲི་མོའི་སྙིང༔ མ་མོ་ཁྱོད་ཀྱི་དམ་ཚིག་རྫས༔ མཐིང་ནག་ནམ་མཁའ་འཇའ་རིས་ཅན༔ རྩེ་ལ་རྨ་བྱའི་སྒྲོ་ཡིས་བརྒྱན༔ ལོགས་ལ་དར་ནག་པུ་རུ་རུ༔ མགུལ་ན་ཡུངས་དཀར་ཤ་ར་ར༔ མ་མོའི་ཞལ་དང་གཉིས་སུ་མེད༔ མདའ་ནག་རལ་གྲི་ཐོད་ཁྲག་རིས༔ འཕང་ནག་གསེར་གཡུའི་མེ་ལོང་ཅན༔ རྒྱང་བུ་ནག་པོ་ཉི་ཟླས་མཚན༔ ཤིང་རིས་མཛེས་པའི་ཡུལ་མཁར་རིས༔ རྣལ་འབྱོར་འཁོར་བཅས་གླུད་དུ་འབུལ༔ མི་མཐུན་རྐྱེན་དང་བར་ཆད་ཟློག༔ བྱ་མོ་ནག་མོའི་རྒྱལ་མཚན་དང༔ མདུང་ནག་བ་དན་ནག་པོ་ཅན༔ སྙིང་བཤོས་དམར་པོ་ཟུར་གསུམ་དང༔ དམར་གཏོར་ཤ་སྣ་ཁྲག་སྣ་དང༔ ཚིལ་ཆེན་དུད་པ་མར་མེ་སོགས༔ དཔལ་ལྡན་ལྷ་མོ་མཐུན་པའི་རྫས༔ ལུག་སྨུག་བྱ་ནག་ལ་སོགས་པ༔ ནག་མོ་འཁོར་བཅས་སྐོང་བའི་རྫས༔ མི་ཟད་ལོངས་སྤྱོད་ཀུན་འབུལ་གྱིས༔ ཁྱེད་ཀྱི་ཐུགས་དམ་དེས་བསྐངས་ལ༔ སྲ་བའི་གོ་ཆ་སྐུ་ལ་གྱོན༔ རྣོ་བའི་མཚོན་ཆ་ལག་ཏུ་ཐོགས༔ དམག་དཔུང་སྐྱོད་ལ་རུ་མཚོན་ཕྱོར༔ དྲག་ཤུལ་སྐྱེད་ལ་མཐུ་རྩལ་ཕྱུངས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་རྣམས་ཞི་བར་མཛོད༔ ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ༔ ལོག་པར་ལྟ་བ་དབང་དུ་སྡུས༔ བཅོལ་པའི་ལས་རྣམས་མ་གཡེལ་བར༔ བསྟན་པའི་དགྲ་བགེགས་རྩད་ནས་ཆོད༔ མ་མ་ཏྲག་རཀྴ་སྙིང་ཁ་རག༔ ནག་མོ་རེ་མ་ཏི༔ ས་མ་ཡ་ཧཱུྃ་ཛཿཛ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ དེ་ནས་ལྕམ་དྲལ་གྱི་ནང་གཡོག་ལ་བསྔོ་བ༔ བྷྱོ༔ དཔལ་ལྡན་མགོན་པོ་ལྕམ་དྲལ་གྱི༔ ནང་གཡོག་བཀའ་ཡི་ལས་མཁན་ནི༔ མོན་པ་ནག་པོ་ཏྲི་ཤཱུལ་འཛིན༔ མོན་པ་སྔོ་ནག་རྭ་དུང་འབུད༔ ནག་པོ་སྤུ་གྲི་ཙིཏྟ་འབྱིན༔ སྐུ་གསུང་ཐུགས་ཀྱི་མོན་པ་གསུམ༔ ལྷ་སྲིན་ཀུན་གྱི་དམག་བསྡུས་ནས༔ བསྟན་པའི་དགྲ་སྲོག་དམར་ལེན་བྱེད༔ སྔོན་ཚེ་དགྲ་བགེགས་བཏུལ་པ་བཞིན༔ ད་ཡང་དགྲ་བགེགས་འདུལ་འཚལ་གྱིས༔ རིན་ཆེན་རི་རབ་བྱང་ཕྱོགས་འདིར༔ དཔལ་ལྡན་མགོན་པོའི་སྤྱན་སྔ་རུ༔ ཤ་ཁྲག་དམར་གྱི་གཏོར་མ་དང༔ བཤོས་བུ་ནག་པོ་རྩེ་དམར་དང༔ གསེར་སྐྱེམས་གཙང་མ་འདི་འབུལ་གྱིས༔ ཁྱེད་ཀྱི་ཐུགས་དམ་དེས་བསྐངས་ལ༔ སྲ་བའི་གོ་ཆ་སྐུ་ལ་གྱོན༔ རྣོ་བའི་མཚོན་ཆ་ལག་ཏུ་ཐོགས༔ དམག་དཔུང་སྐྱོད་ལ་རུ་མཚོན་ཕྱོར༔ དྲག་ཤུལ་སྐྱེད་ལ་མཐུ་རྩལ་ཕྱུངས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་རྣམས་ཞི་བར་མཛོད༔ ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ༔ ལོག་པར་ལྟ་བ་དབང་དུ་སྡུས༔ བཅོལ་པའི་ལས་རྣམས་མ་གཡེལ་བར༔ བསྟན་པའི་དགྲ་བགེགས་རྩད་ནས་ཆོད༔ མ་ཧཱ་ཀཱ་ལ་ཀརྨ་རཀྴ་ཏྲི་དུ་ཛ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ མ་གཅིག་སྐྱི་མཐིང་ཡ་མ་སྐྱོང༔ ནག་མོ་སྙིང་ཐོགས་ཤ་བ་ཞོན༔ མ་གཅིག་བ་ལམ་དྲེལ་སྣ་མ༔ གཡང་གཞི་ཐོགས་ནས་དྲེལ་ནག་འཆིབ༔ མ་གཅིག་ཁྲི་སྨན་ས་ལེ་མ༔ ལག་ན་ཆུ་སྲིན་གཡང་གཞི་ཐོགས༔ ཆིབས་སུ་སོ་བྱ་རོག་པོ་འཆིབ༔ མ་གཅིག་ཀླུ་མོ་ཆུ་སྲིན་མགོ༔ ཐོད་ཁྲག་ཐོགས་ནས་ཡམས་ནད་གཏོང༔ མ་ཡམས་ནག་མོ་མཐུ་མོ་ཆེ༔ ཁྲག་གི་ཟོར་ཐོགས་མཛོ་མོ་འཆིབ༔ མ་མོའི་ལས་བྱེད་ཁྱེད་ལྔ་ཡང༔ ནག་མོའི་ཚོགས་ཀྱི་དམག་བསྡུས་ནས༔ ནད་དལ་རིམས་ནད་ཀུན་ཏུ་གཏོང༔ འགྲོ་བ་ཡོངས་ཀྱི་སྲོག་ལ་རྒོལ༔ བསྟན་པའི་དགྲ་བོའི་བླ་ཚེ་ལེན༔ ཤ་ཟ་ཁྲག་འཐུང་སྲོག་གཅོད་མ༔ སྔོན་ཚེ་དགྲ་བགེགས་བཏུལ་པ་ལྟར༔ ད་ཡང་དགྲ་བགེགས་འདུལ་འཚལ་གྱིས༔ རི་རབ་མཚམས་བཞི་དབུས་དང་ལྔར༔ དཔལ་ལྡན་ལྷ་མོའི་སྤྱན་སྔ་རུ༔ ཤ་ཁྲག་སྙིང་སྣ་ལ་སོགས་པ༔ རང་རང་མཐུན་པའི་རྫས་འབུལ་གྱིས༔ ཁྱེད་ཀྱི་ཐུགས་དམ་དེས་བསྐངས་ལ༔ ནད་དང་རིམས་ཀྱི་དལ་ཁ་རྣམས༔ བསྟན་པ་འཇིག་པའི་དགྲ་ལ་སྒྱུར༔ སྔོན་གྱི་དམ་ལས་མ་འདའ་བར༔ སྲ་བའི་གོ་ཆ་སྐུ་ལ་གྱོན༔ རྣོ་བའི་མཚོན་ཆ་ལག་ཏུ་ཐོགས༔ དམག་དཔུང་སྐྱོད་ལ་རུ་མཚོན་ཕྱོར༔ དྲག་ཤུལ་སྐྱེད་ལ་མཐུ་རྩལ་ཕྱུངས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་རྣམས་ཞི་བར་མཛོད༔ ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ༔ ལོག་པར་ལྟ་བ་དབང་དུ་སྡུས༔ བཅོལ་པའི་ལས་རྣམས་མ་གཡེལ་བར༔ བསྟན་པའི་དགྲ་བགེགས་རྩད་ནས་ཆོད༔ ༈ བྷྱོ༔ དཔལ་ལྡན་མགོན་པོ་ལྕམ་དྲལ་གྱིས༔ ལྷ་མིན་དམག་དཔུང་ཟློག་པའི་ཚེ༔ གཡས་ཀྱི་ཕྱོགས་ནས་རུ་འདྲེན་པ༔ སྟེང་གི་ལྷ་ཆེན་བརྒྱད་པོ་ཡང༔ མདོས་དང་གླུད་ལ་སྤྱན་འདྲེན་གྱིས༔ འདིར་གཤེགས་དམ་སྐོངས་ཕྲིན་ལས་མཛོད༔ བྷྱོ༔ མི་མཇེད་བདག་པོ་ཚངས་པ་ནི༔ སྐུ་མདོག་དམར་སེར་འོད་ཟེར་འབར༔ དཔའ་བོ་གདོང་བཞིས་གླིང་བཞི་འདུལ༔ སྐུ་ལ་ཤེལ་ཁྲབ་དཀར་པོ་གསོལ༔ ཕྱག་ན་དབྱུག་པ་གུནྡྷེ་བསྣམས༔ ཆིབས་སུ་གླང་ཆེན་རབ་བརྟན་འཆིབ༔ གཟུགས་ཁམས་ལྷ་དམག་འབུམ་དང་བཅས༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ ཨོཾ་དེ་བ་བྲཧྨ་ཡེ་ཧཱུྃ་ཕཊ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ ལྷ་ཡི་དབང་པོ་བརྒྱ་བྱིན་ནི༔ སྐུ་མདོག་དཀར་པོ་འོད་ཟེར་འབར༔ དབུ་ལ་རིན་ཆེན་པྲོག་ཞུ་གསོལ༔ སྐུ་ལ་དར་དཀར་ན་བཟའ་གསོལ༔ གཡས་ཀྱི་ཕྱག་ན་རྡོ་རྗེ་བསྣམས༔ གཡོན་པ་སྤུ་གྲི་ཀ་མ་ལ༔ ཆིབས་སུ་གླང་ཆེན་ས་སྲུང་འཆིབ༔ བློན་པོ་ཉེ་དབང་སུམ་ཅུ་གཉིས༔ འདོད་ཁམས་ལྷ་དམག་སྟོང་དང་བཅས༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ ཨོཾ་དྷེ་བ་ཀ་ཤ་ཡེ་ཧཱུྃ་ཕཊ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ ཧཱུྃ༔ ལྷ་ཆེན་ཚོགས་ཀྱི་བདག་པོ་ནི༔ སྐུ་མདོག་སེར་པོ་འོད་ཟེར་འབར༔ དབུ་ལ་རིན་ཆེན་རྒྱན་གྱིས་བརྒྱན༔ སྐུ་ལ་བསེ་ཁྲབ་སེར་པོ་གསོལ༔ ཕྱག་ན་ཕུབ་དང་ལ་ཕུག་འཛིན༔ ཆིབས་སུ་བྱི་བ་སྔོན་པོ་འཆིབ༔ འདོད་ཁམས་ལྷ་དམག་སྟོང་དང་བཅས༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ ཨོཾ་གྷ་ཎ་པ་ཏི་ཡེ་ཧཱུྃ་ཕཊ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ ལྷ་ཆེན་དྲག་པོ་ཆེན་པོ་ནི༔ སྐུ་མདོག་སྨུག་ནག་འོད་ཟེར་འབར༔ དབུ་ལ་རིན་ཆེན་རྒྱན་གྱིས་བརྒྱན༔ སྐུ་ལ་བསེ་ཁྲབ་སྨུག་པོ་གསོལ༔ ཕྱག་ན་བགྲང་ཕྲེང་བསྣམས་ཤིང་འདྲེན༔ ཆིབས་སུ་ཆུ་སྲིན་རྒོད་མ་འཆིབ༔ འདོད་ཁམས་ལྷ་དམག་སྟོང་དང་བཅས༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ ཨོཾ་དྷེ་བ་ཏ་བྱ་མ་ཧཱ་ཧཱུྃ་ཕཊ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ ལྷ་ཆེན་བྷྲྀང་གི་རི་ཏི་ནི༔ སྐུ་མདོག་སྔོན་པོ་འོད་ཟེར་འབར༔ དབུ་ལ་རིན་ཆེན་རྒྱན་གྱིས་བརྒྱན༔ སྐུ་ལ་གཡུ་ཁྲབ་སྔོན་པོ་གསོལ༔ ཕྱག་ན་རིན་ཆེན་གུནྡྷེ་བསྣམས༔ ཆིབས་སུ་མཚལ་ལུ་ཞུར་པོ་འཆིབ༔ འདོད་ཁམས་ལྷ་དམག་སྟོང་དང་བཅས༔ མཐུན་རྫས་མདོས་གླུད་འདི་བཞེས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ ཨོཾ་བྷྲྀང་གི་རི་ཏི་ཡེ་ཧཱུྃ་ཕཊ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ ལྷ་ཆེན་དགའ་བྱེད་དབང་ཕྱུག་ནི༔ སྐུ་མདོག་ནག་པོ་འོད་ཟེར་འབར༔ དབུ་ལ་རིན་ཆེན་རྒྱན་གྱིས་བརྒྱན༔ སྐུ་ལ་ལྕགས་ཁྲབ་ནག་པོ་གསོལ༔ ཕྱག་ན་མདའ་གཞུ་དགྲ་ལ་འཕེན༔ ཆིབས་སུ་མ་ཧེ་གླང་རྒོད་འཆིབ༔ འདོད་ཁམས་ལྷ་དམག་སྟོང་དང་བཅས༔ མཐུན་རྫས་མདོས་གླུད་འདི་བཞེས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ ཨོཾ་ནན་དེ་ཤྭ་ར་ཡེ་ཧཱུྃ་ཕཊ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ ལྷ་ཆེན་གཞོན་ནུ་གདོང་དྲུག་ནི༔ སྐུ་མདོག་སེར་པོ་འོད་ཟེར་འབར༔ དབུ་ལ་རིན་ཆེན་རྒྱན་གྱིས་བརྒྱན༔ སྐུ་ལ་བསེ་ཁྲབ་སེར་པོ་གསོལ༔ ཕྱག་ནག་སེར་གྱི་བུམ་པ་བསྣམས༔ ཆིབས་སུ་ཁྱིམ་བྱ་དཀར་པོ་འཆིབ༔ འདོད་ཁམས་ལྷ་དམག་སྟོང་དང་བཅས༔ མཐུན་རྫས་མདོས་གླུད་འདི་བཞེས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ ཨོཾ་ཀུ་མཱ་ར་ཡེ་ཧཱུྃ་ཕཊ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ ལྷ་ཆེན་བྱི་ཏྲི་པ་ཏྲ་ནི༔ སྐུ་མདོག་དམར་སེར་འོད་ཟེར་འབར༔ དབུ་ལ་རིན་ཆེན་རྒྱན་གྱིས་བརྒྱན༔ སྐུ་ལ་བསེ་ཁྲབ་དམར་པོ་གསོལ༔ ཕྱག་ན་ཟངས་ཀྱི་ཐོང་གཤོལ་བསྣམས༔ ཆིབས་སུ་སྐྱོད་བྱེད་འཁོར་ལོ་འཆིབ༔ འདོད་ཁམས་ལྷ་དམག་སྟོང་དང་བཅས༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ ཨོཾ་མ་ཧཱ་བྱི་ནུ་རཱ་ཙ་ཡེ་ཧཱུྃ་ཕཊ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ ལྷ་ཆེན་བརྒྱད་པོ་འཁོར་དང་བཅས༔ ལྷ་དམག་བྱེ་བ་དུང་ཕྱུར་ཚོགས༔ སྔོན་ཚེ་ལྷ་མིན་གཡུལ་བཟློག་ལྟར༔ ད་ཡང་དགྲ་བགེགས་འདུལ་འཚལ་གྱིས༔ རི་རབ་ཆེན་པོའི་ཤར་ཕྱོགས་འདིར༔ རིན་ཆེན་སྐུ་མཁར་གནས་ཀྱི་རྟེན༔ ཤེལ་མདུང་བ་དན་སྐུ་ཡི་རྟེན༔ དུང་གི་ནམ་མཁའ་འཇའ་རིས་ཅན༔ རྩེ་ལ་ཐང་དཀར་སྒྲོ་ཡིས་བརྒྱན༔ ལོགས་ལ་དར་ནག་པུ་རུ་རུ༔ མགུལ་ན་ཡུངས་དཀར་ཤ་ར་ར༔ ཁྱེད་ཀྱི་ཞལ་དང་གཉིས་སུ་མེད༔ མདའ་དར་ལྷ་ཡི་ཕྱག་མཚན་རིས༔ འཕང་དཀར་གསེར་གཡུའི་མེ་ལོང་ཅན༔ རྒྱང་བུ་དཀར་པོ་ཉི་ཟླས་མཚན༔ ཤིང་གྲི་མཛེས་པའི་ཡུལ་མཁར་རིས༔ རྣལ་འབྱོར་འཁོར་བཅས་གླུད་དུ་འབུལ༔ མི་མཐུན་རྐྱེན་དང་བར་ཆད་སོལ༔ ལྷ་གཡག་དཀར་གཏོར་གསང་ལུག་དང༔ ལྷ་ཆེན་འཁོར་བཅས་དཀོར་གྱི་དབྱིག༔ མི་ཟད་ལོངས་སྤྱོད་ཀུན་འབུལ་གྱིས༔ ཁྱེད་ཀྱི་ཐུགས་དམ་དེས་བསྐངས་ལ༔ སྲ་བའི་གོ་ཆ་སྐུ་ལ་གྱོན༔ རྣོ་བའི་མཚོན་ཆ་ལག་ཏུ་ཐོགས༔ དམག་དཔུང་སྐྱོད་ལ་རུ་མཚོན་ཕྱོར༔ དྲག་ཤུལ་སྐྱེད་ལ་མཐུ་རྩལ་ཕྱུངས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་རྣམས་ཞི་བར་མཛོད༔ ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ༔ ལོག་པར་ལྟ་བ་དབང་དུ་སྡུས༔ བཅོལ་པའི་ལས་རྣམས་མ་གཡེལ་བར༔ བསྟན་པའི་དགྲ་བགེགས་རྩད་ནས་ཆོད༔ མ་ཧཱ་དེ་ཝ་སརྦ་ས་མ་ཡ་དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ དཔལ་ལྡན་མགོན་པོ་ལྕམ་དྲལ་གྱིས༔ ལྷ་མིན་དམག་དཔུང་ཟློག་པའི་ཚེ༔ གཡོན་གྱི་ཕྱོགས་ནས་རུ་འདྲེན་པ༔ ནུབ་ཕྱོགས་བདུད་ཆེན་བརྒྱད་པོ་ཡང༔ མདོས་དང་གླུད་ལ་སྤྱན་འདྲེན་གྱིས༔ འདིར་གཤེགས་དམ་སྐོང་ཕྲིན་ལས་མཛོད༔ ཀྱེ༔ བདུད་པོ་སྐོས་རྗེ་དྲང་དཀར་ནི༔ འཇིག་རྟེན་སྲིད་པའི་དཀྱིལ་འཁོར་ནས༔ ལྕགས་མཁར་ནག་པོའི་ནང་ཤེད་ནས༔ རུ་དྲ་བསྣོལ་བའི་གདན་སྟེང་ན༔ བདུད་པོ་སྐོས་རྗེ་དྲང་དཀར་ནི༔ སྐུ་མདོག་ནག་པོ་མུན་ལྟར་གཏིབས༔ མི་ལུས་སེང་གེའི་མགོ་བོ་ཅན༔ ཁྲག་གི་རལ་པ་ཤ་ར་ར༔ སྤྱན་ནས་ཁྲག་གི་ཞམ་ཆུ་འབབ༔ སྐུ་ལ་ཟབ་བེར་ནག་པོ་གསོལ༔ གཡས་ན་སྦྲུལ་གྱི་ཞགས་པ་བསྣམས༔ གཡོན་ན་བདུད་ཀྱི་ཁྲམ་བམ་བསྣམས༔ ལས་ཀྱི་བདུད་པོ་སྲོག་གི་བདག༔ སྙིང་རྗེ་མེད་པར་ཤ་ཁྲག་ཟ༔ ཆིབས་སུ་བདུད་རྟ་ནག་པོ་འཆིབ༔ བདུད་པོ་འབུམ་ཕྲག་བྲན་དུ་ཁོལ༔ སྣང་སྲིད་མ་མོའི་སྐོས་པ་མཛད༔ འབྱུང་བ་ལྔ་ལ་དབང་ཡང་སྒྱུར༔ སྐྱེ་འགྲོ་སྲིད་པ་སྲོག་གི་བདག༔ འབྱུང་བའི་དམག་དཔུང་འཁོར་དང་བཅས༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ བསྟན་པ་འཇིག་པའི་དགྲ་བགེགས་འདི༔ བདུད་ཀྱི་ཁྲམ་ཁས་ཁྲམ་ལ་ཐོབས༔ ཨོཾ་རུ་དྲ་པ་ཏྲ་མུ་ཁྲག་ཙ་ར་ཁྲག་ཙ་པ་ཏེ་ཕོར་པ་དུན་ཧབ་སྭཱ་ཧཱ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ བདུད་པོ་ནག་པོ་བཀྲག་མེད་ནི༔ སུམ་ཅུ་རྩ་གསུམ་ལྷ་ཡུལ་ན༔ སྐུ་མདོག་ནག་པོ་འབར་བ་ལ༔ གཡས་ན་རལ་གྲི་རྩེ་གསུམ་བསྣམས༔ གཡོན་པ་བདུད་ཞགས་ནག་པོ་འཕེན༔ བསྟན་པ་འཇིག་པའི་དགྲ་བོ་འདི༔ ཞགས་པས་ཆིངས་ལ་རལ་གྲིས་གཏུབས༔ ཆིབས་སུ་ལྕགས་ཀྱི་དྲེལ་རྟ་འཆིབ༔ བདུད་ཀྱི་ཁྲམ་བམ་སྔ་ཤར་བཀལ༔ མི་རོ་རྟ་རོ་ཕྱི་ཤར་བཀལ༔ ཉིན་པར་ཕོ་བརྒྱའི་ཤ་ལ་ཟ༔ ནུབ་མོ་མོ་བརྒྱའི་ཁྲག་ལ་འཐུང༔ ཁྲམ་ཐོགས་བདུད་ཀྱི་རྒྱལ་པོ་ཁྱོད༔ བདུད་པོའི་དམག་དཔུང་འཁོར་དང་བཅས༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ བསྟན་པ་འཇིག་པའི་དགྲ་བགེགས་འདི༔ བདུད་ཀྱི་ཁྲམ་ཁས་ཁྲམ་ལ་ཐོབས༔ ཏྲག་རཀྴ་བདུད་པོ་དགྲ་བོའི་སྲོག་ལ་ཐུམས་རི་ལི་ལི་བྷྱོ༔ བྷྱོ༔ བདུད་པོ་ཡ་བ་ནག་པོ་ནི༔ དབུ་ལ་རལ་པའི་ཐོར་ཚུགས་ཅན༔ མིག་ནས་མེ་འབར་སྟོང་གསུམ་སྲེག༔ ཁ་ནས་ནད་ཀྱི་རླངས་པ་འཐུལ༔ ཟས་སྐོམ་མི་རྟའི་ཤ་ཁྲག་རོལ༔ གཡས་ན་བདུད་ཞགས་ནག་པོ་བསྣམས༔ གཡོན་པ་བདུད་ཀྱི་རལ་གྲི་བསྣམས༔ བསྟན་པ་འཇིག་པའི་དགྲ་བོ་འདི༔ ཞགས་པས་ཆིངས་ལ་རལ་གྲིས་གཏུབས༔ སྐུ་ལ་མི་ལྤགས་རློན་པ་གསོལ༔ མི་མགོའི་ཕྲེང་བས་དོ་ཤལ་བྱས༔ ཆིབས་སུ་བདུད་རྟ་ནག་པོ་འཆིབ༔ ལས་སུ་དགྲ་བོའི་ཚེ་སྲོག་ལེན༔ ཁྲམ་ཐོགས་བདུད་ཀྱི་རྒྱལ་པོ་ཁྱོད༔ བདུད་པོའི་དམག་དཔུང་འཁོར་དང་བཅས༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ བསྟན་པ་འཇིག་པའི་དགྲ་བགེགས་འདི༔ བདུད་ཀྱི་ཁྲམ་ཁས་ཁྲམ་ལ་ཐོབས༔ བུ་རུ་ལུ་མཱ་ར་ཡ་ཛ་རོ་ལ་ཤ་ཐུམས་རི་ལི་ལི༔ བདུད་ཁྲཾ་དགྲ་ལ་བྷྱོ༔ ཤ་ལ་ཐུན་བྷྱོ༔ ཙི་ཏི་བཾ་རིལ་རྦད་རྦད༔ བྷྱོ༔ བདུད་པོ་རྔམས་པ་དུང་མགོ་ཅན༔ སྐུ་མདོག་དམར་པོ་རལ་པ་ཅན༔ སྐུ་ལ་སྟག་ལྤགས་གོ་ཟུ་གསོལ༔ གཡས་པ་བདུད་ཀྱི་རལ་གྲི་ཡིས༔ དགྲ་བོའི་བྲང་གི་ལྷན་སྣེར་རྡེག༔ ཙིཏྟ་འབྱིན་ཅིང་ལུས་སྲོག་འབྲལ༔ ཆིབས་སུ་བ་ལང་དམར་པོ་འཆིབ༔ ཆིབས་ཀྱི་སྔ་ཤ་གཡས་གཡོན་ལ༔ བདུད་ཁྲམ་ནག་པོ་འབུམ་རིལ་བཀལ༔ བསྟན་པའི་དགྲ་བོ་ཁྲམ་ལ་འདེབས༔ ཁྲམ་ཐོགས་བདུད་ཀྱི་རྒྱལ་པོ་ཁྱོད༔ བདུད་ཕོའི་དམག་དཔུང་འཁོར་དང་བཅས༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ བསྟན་པ་འཇིག་པའི་དགྲ་བགེགས་འདི༔ བདུད་ཀྱི་ཁྲམ་ཁས་ཁྲམ་ལ་ཐོབས༔ བདུད་པོ་མཱ་ར་ཡ་ཙིཏྟ་བྱི་ཀ་རོ་ཤེ་ཙ་རྦད༔ ཁུག་ཁུག་དགྲ་བོ་མཱ་ར་ཡ་རྦད༔ ཚལ་པ་བདུད་པོ་ཤག་ཏྲ་ཡེ་རྦད༔ བྷྱོ༔ བདུད་པོ་ནག་པོ་སྤྱི་རིང་ནི༔ ནག་པོ་མེ་ཡི་རལ་པ་ཅན༔ མོན་མོའི་ལུས་ལ་འུག་པའི་མགོ༔ གསེར་མིག་སེར་པོ་ཀྱི་ལི་ལི༔ ཁ་རླངས་མཛེ་ནད་འབར་བ་གཏོང༔ སྐུ་ལ་བྱ་ཐུལ་ནག་པོ་གསོལ༔ སྤྲེལ་མགོ་སྟོང་གི་ཕྲེང་བ་ཅན༔ གཡས་གཡོན་བདུད་ཞགས་རལ་གྲི་བསྣམས༔ དམ་ཉམས་དགྲ་བོ་སྲོག་དང་འབྲལ༔ ཆིབས་སུ་བདུད་བྱ་ནག་པོ་འཆིབ༔ ཁྲམ་ཐོགས་བདུད་ཀྱི་རྒྱལ་པོ་ཁྱོད༔ བདུད་པོའི་དམག་དཔུང་འཁོར་དང་བཅས༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ བསྟན་པ་འཇིག་པའི་དགྲ་བགེགས་འདི༔ བདུད་ཀྱི་ཁྲམ་ཁས་ཁྲམ་ལ་ཐོབས༔ བདུད་པྲ་མ་ཡ་སྙིང་རོ་ཙ་ནན༔ ཐུམས་རི་ལི་རྦད༔ ཏྲག་རཀྴ་དགྲ་སྙིང་ལ་ཡ༔ ཙ་རག་ཤ་སྙིང་ལ་ཐུམས་རི་ལི་རྦད༔ བྷྱོ༔ བདུད་པོ་སྟག་གུ་སྤྱན་གཅིག་ནི༔ མོན་པ་ནག་པོ་སྟག་མགོ་ཅན༔ ཞེ་སྡང་དཔྲལ་ན་མིག་གཅིག་པོ༔ ཕྱག་གཡས་ལྕགས་ཀྱི་སྤུ་གྲི་བསྣམས༔ དགྲ་བོའི་ཙིཏྟ་དམར་པོ་འབྱིན༔ སྐུ་ལ་མི་ལྤགས་རློན་པ་གསོལ༔ ཆིབས་སུ་བྲ་ནག་རྟིང་དཀར་འཆིབ༔ ཁྲམ་ཐོགས་བདུད་ཀྱི་རྒྱལ་པོ་ཁྱོད༔ བདུད་པོའི་དམག་དཔུང་འཁོར་དང་བཅས༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ བསྟན་པ་འཇིག་པའི་དགྲ་བགེགས་འདི༔ བདུད་ཀྱི་ཁྲམ་ཁས་ཁྲམ་ལ་ཐོབས༔ ཙིཏྟ་གིང་ཀ་ར་སྲོག་རྩ་རྨུགས༔ སྙིང་རྩ་ཆོད༔ ཏིག་ཏ་རོ་ཙ་བཾ༔ ཐུམས་རི་ལི་ལི་ཛ༔ གིང་རོ་ཤག་ཤ་ལ་རྦད༔ ཁྲག་ལ་རྦད༔ སྲོག་རྩ་རྦད༔ དགྲ་བོ་ཐུམས་རི་ལི་ལི་རྦད༔ བྷྱོ༔ བདུད་པོ་སྟག་གི་མགོ་ཅན་ནི༔ དམར་པོ་མེ་ཡི་རལ་པ་ཅན༔ འཇའ་ཚོན་སྣ་ལྔའི་ཐུལ་བ་གསོལ༔ མིག་ནས་ཁྲག་འཛག་རྒྱུ་གཟེར་གཏོང༔ སྣ་ནས་ནད་ཀྱི་རླངས་པ་གཏོང༔ ཁ་ནས་མེ་སྟག་སྟོང་གསུམ་སྲེག༔ གཡས་པ་ཁྲམ་བམ་དགྲ་ལ་འདེབས༔ གཡོན་པ་ཞགས་པས་བླ་སྲོག་འགུགས༔ ཆིབས་སུ་བདུད་རྟ་ནག་པོ་འཆིབ༔ ཁྲམ་ཐོགས་བདུད་ཀྱི་རྒྱལ་པོ་ཁྱོད༔ བདུད་པོའི་དམག་དཔུང་འཁོར་དང་བཅས༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ བསྟན་པ་འཇིག་པའི་དགྲ་བགེགས་འདི༔ བདུད་ཀྱི་ཁྲམ་ཁས་ཁྲམ་ལ་ཐོབས༔ ཡ་མ་རཱ་ཙ་ཏྲག་རག་ཤ་རྦད༔ བདུད་ནག་པོ་དགྲ་བོའི་སྙིང་ལ་ཐུམས་རི་ལི་ལི་རྦད༔ བྷྱོ༔ བདུད་པོ་ནག་པོ་འཛུམ་མེད་ནི༔ ནག་པོ་བསེ་ཡི་རལ་པ་ཅན༔ གསེར་མིག་སེར་པོ་ལྷང་ངེ་ལྷང༔ སྣ་ནས་ནད་ཀྱི་རླངས་པ་གཏོང༔ ལུས་ལ་སྟག་གི་ལྤགས་པ་གྱོན༔ གཡས་ན་བདུད་ཀྱི་ཁྲམ་བམ་བསྣམས༔ གཡོན་ན་རལ་གྲི་རྩེ་གསུམ་བསྣམས༔ ཆིབས་སུ་གླང་ཆེན་སྔོན་པོ་འཆིབ༔ ཁྲམ་ཐོགས་བདུད་ཀྱི་རྒྱལ་པོ་ཁྱོད༔ བདུད་པོའི་དམག་དཔུང་འཁོར་དང་བཅས༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ བསྟན་པ་འཇིག་པའི་དགྲ་བགེགས་འདི༔ བདུད་ཀྱི་ཁྲམ་ཁས་ཁྲམ་ལ་ཐོབས༔ བདུད་པྲ་མ་ཡ་ཏྲག་རག་ཤ༔ བདུད་པྲ་མ་ཡ་དགྲ་བོའི་སྙིང་རྩ་ནན༔ ས་མ་ཡ་ཕཊ༔ སྙིང་རོ་ཙ་བ་དགྲ་བོའི་སྲོག་ལ་ཐུམས་རི་ལི་ལི་ཛ༔ ཀྱེ༔ ནག་པོ་བདུད་བརྒྱད་འཁོར་དང་བཅས༔ ཆོས་སྐྱོང་གཡོན་གྱི་རུ་དྲངས་ནས༔ སྔོན་ཚེ་ལྷ་མིན་གཡུལ་བཟློག་ལྟར༔ ད་ཡང་དགྲ་བགེགས་འདུལ་འཚལ་གྱིས༔ རི་རབ་ཆེན་པོའི་ནུབ་ཕྱོགས་འདིར༔ ལྕགས་མཁར་ནག་པོ་གནས་ཀྱི་རྟེན༔ དར་མདུང་ནག་པོ་རྣོ་བའི་མཚོན༔ མཐིང་ནག་ནམ་མཁའ་འཇའ་རིས་ཅན༔ རྩེ་ལ་བདུད་བྱའི་སྒྲོ་ཡིས་བརྒྱན༔ ལོགས་ལ་དར་ནག་པུ་རུ་རུ༔ མགུལ་ན་ཡུངས་དཀར་ཤ་ར་ར༔ ཁྱེད་ཀྱི་ཞལ་དང་གཉིས་སུ་མེད༔ མདའ་ནག་བདུད་ཀྱི་ཁྲམ་བམ་རིས༔ འཕང་ནག་གསེར་གཡུའི་མེ་ལོང་ཅན༔ རྒྱང་བུ་ནག་པོ་ཉི་ཟླས་མཚན༔ ཤིང་གྲི་མཛེས་པའི་ཡུལ་མཁར་རིས༔ རྣལ་འབྱོར་འཁོར་བཅས་གླུད་དུ་འབུལ༔ བདུད་ཀྱི་ཁྲམ་ཁ་དགྲ་ལ་སྒྱུར༔ བདུད་བཤོས་སྤྱན་གཟིགས་ལ་སོགས་པ༔ བདུད་པོ་ཁྱོད་ཀྱི་མཐུན་པའི་རྫས༔ བདུད་ཤྭ་ལུག་ནག་ལ་སོགས་པ༔ ནག་པོ་འཁོར་བཅས་དཀོར་གྱི་དབྱིག༔ མི་ཟད་ལོངས་སྤྱོད་ཀུན་འབུལ་གྱིས༔ ཁྱེད་ཀྱི་ཐུགས་དམ་དེས་བསྐངས་ལ༔ སྲ་བའི་གོ་ཆ་སྐུ་ལ་གྱོན༔ རྣོ་བའི་མཚོན་ཆ་ལག་ཏུ་ཐོགས༔ དམག་དཔུང་སྐྱོད་ལ་རུ་མཚོན་ཕྱོར༔ དྲག་ཤུལ་སྐྱེད་ལ་མཐུ་རྩལ་ཕྱུངས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་རྣམས་ཞི་བར་མཛོད༔ ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ༔ ལོག་པར་ལྟ་བ་དབང་དུ་སྡུས༔ བཅོལ་པའི་ལས་རྣམས་མ་གཡེལ་བར༔ བསྟན་པའི་དགྲ་བགེགས་རྩད་ནས་ཆོད༔ དུན་ཏི་ནག་པོ་སརྦ་ས་མ་ཡ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ དཔལ་ལྡན་མགོན་པོ་ལྕམ་དྲལ་གྱིས༔ ལྷ་མིན་དམག་དཔུང་བཟློག་པའི་ཚེ༔ མདུན་གྱི་ཕྱོགས་ནས་རུ་འདྲེན་པ༔ ལྷོ་ཕྱོགས་གཤིན་རྗེ་བརྒྱད་པོ་ཡང༔ མདོས་དང་གླུད་ལ་སྤྱན་འདྲེན་གྱིས༔ འདིར་གཤེགས་དམ་སྐོང་ཕྲིན་ལས་མཛོད༔ བྷྱོ༔ གཤིན་རྗེ་ཡ་མ་རཱ་ཙ་ནི༔ སྐུ་མདོག་མཐིང་ནག་རལ་པ་ཅན༔ ཞལ་གཅིག་ཕྱག་བཞི་འཇིགས་པའི་གཟུགས༔ གཡས་པ་དབྱུག་པ་རལ་གྲི་བསྣམས༔ གཡོན་པ་ཞགས་པ་རལ་གྲི་ཐོགས༔ ཆིབས་སུ་མ་ཧེ་སྔོ་ནག་འཆིབ༔ ཁྱོད་ནི་སྲིད་པའི་གཞི་འཛིན་ཡིན༔ མགོ་བྱེད་འབྱེད་པའི་གཤིན་རྗེ་ཁྱོད༔ ལས་ཀྱི་གཤིན་རྗེ་འཁོར་དང་བཅས༔ ཐོད་མཁར་ལྕགས་ཀྱི་ཁང་པ་འདིར༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ ཙ་ར་རོག་པོའི་ཁྲམ་ཁ་ཟློག༔ བསྟན་པ་འཇིག་པའི་དགྲ་བོ་འདི༔ ཁྲམ་ལ་ཐོབས་ལ་སྟོང་ལ་དཀྱུས༔ འཁོར་ལོ་སྐོར་ལ་མཚོན་ཆས་གཏུབས༔ ཡ་མ་རཱ་ཙ་དགྲ་བོ་པྲ་མ་ཡ་རྦད༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ གཤིན་རྗེའི་རྒྱལ་པོ་ཕྱ་སང་ནི༔ སྐུ་མདོག་དཀར་སེར་རལ་པ་ཅན༔ ཞལ་གཅིག་ཕྱག་བཞི་འཇིགས་པའི་གཟུགས༔ གཡས་པ་དབྱུག་པ་འཁོར་ལོ་བསྣམས༔ གཡོན་པ་ཞགས་པ་མེ་དཔུང་བསྣམས༔ ཆིབས་སུ་ཉི་ཟླའི་འཁོར་ལོ་འཆིབ༔ ཁྱོད་ནི་སྲིད་པའི་སྐོས་འདེབས་ཡིན༔ ཚེ་སྲོག་སྡུད་པའི་གཤིན་རྗེ་ཁྱོད༔ ལས་ཀྱི་གཤིན་རྗེ་འཁོར་དང་བཅས༔ ཐོད་མཁར་ལྕགས་ཀྱི་ཁང་པ་འདིར༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ ཙ་ར་རོག་པོའི་ཁྲམ་ཁ་ཟློག༔ བསྟན་པ་འཇིག་པའི་དགྲ་བོ་འདི༔ ཁྲམ་ལ་ཐོབས་ལ་སྟོང་ལ་དཀྱུས༔ འཁོར་ལོ་སྐོར་ལ་མཚོན་ཆས་གཏུབས༔ ས་དོ་མེ་ཡ་དགྲ་བོ་བཾ་རིལ་རྦད༔ བྷྱོ༔ གཤིན་རྗེའི་རྒྱལ་པོ་ཡ་བ་ཏི༔ སྐུ་མདོག་སྔོ་ནག་རལ་པ་ཅན༔ ཞལ་གཅིག་ཕྱག་བཞི་འཇིགས་པའི་གཟུགས༔ གཡས་པ་དབྱུག་ཞགས་རལ་གྲི་བསྣམས༔ གཡོན་པ་ཞགས་པ་དགྲ་སཏྭ་བསྣམས༔ ཆིབས་སུ་ཆུ་གླང་སྔོན་པོ་འཆིབ༔ ཁྱོད་ནི་སྲིད་པའི་གཞི་འཛིན་ཡིན༔ ཁྲག་སྐྱུག་གཏོང་བའི་གཤིན་རྗེ་ཁྱོད༔ ལས་ཀྱི་གཤིན་རྗེ་འཁོར་དང་བཅས༔ ཐོད་མཁར་ལྕགས་ཀྱི་ཁང་པ་འདིར༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ ཙ་ར་རོག་པོའི་ཁྲམ་ཁ་ཟློག༔ བསྟན་པ་འཇིག་པའི་དགྲ་བོ་འདི༔ ཁྲམ་ལ་ཐོབས་ལ་སྟོང་ལ་དཀྱུས༔ འཁོར་ལོ་སྐོར་ལ་མཚོན་ཆས་གཏུབས༔ ཡ་མེ་དོ་རུ་དགྲ་བོ་རག་ཏ་ཙ་ར་ཡ་རྦད༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ གཤིན་རྗེའི་རྒྱལ་པོ་ཏེལ་པ་ནི༔ སྐུ་མདོག་ནག་པོ་རལ་པ་ཅན༔ ཞལ་གཅིག་ཕྱག་བཞི་འཇིགས་པའི་གཟུགས༔ གཡས་པ་དབྱུག་པ་མདའ་ཡང་ཐོགས༔ གཡོན་པ་ཞགས་པ་གཞུ་ཐོགས་ནས༔ ཆིབས་སུ་རླུང་གི་རྔ་མོང་འཆིབ༔ ཁྱོད་ནི་སྲིད་པའི་དབུགས་ལེན་ཡིན༔ དགྲ་བོའི་ཚེ་སྲོག་དབུགས་ལེན་ཅིང༔ སྲོག་དབུགས་ལེན་པའི་གཤིན་རྗེ་ཁྱོད༔ ལས་ཀྱི་གཤིན་རྗེ་འཁོར་དང་བཅས༔ ཐོད་མཁར་ལྕགས་ཀྱི་ཁང་པ་འདིར༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ ཙ་ར་རོག་པོའི་ཁྲམ་ཁ་ཟློག༔ བསྟན་པ་འཇིག་པའི་དགྲ་བོ་འདི༔ ཁྲམ་ལ་ཐོབས་ལ་སྟོང་ལ་དཀྱུས༔ འཁོར་ལོ་སྐོར་ལ་མཚོན་ཆས་གཏུབས༔ ཎ་ཡོ་ད་ཡ་དགྲ་བོ་ཁ་ཏྲ་པ་ལ་མུ་ཏྲ་རྦད་ཡ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ གཤིན་རྗེ་ཨ་བ་གླང་མགོ་ནི༔ སྐུ་མདོག་དུད་ཁ་རལ་པ་ཅན༔ ཞལ་གཅིག་ཕྱག་བཞི་འཇིགས་པའི་གཟུགས༔ གཡས་གཉིས་དབྱུག་པ་ལྕགས་ཀྱུ་བསྣམས༔ གཡོན་པ་ཞགས་པ་ལྕགས་སྒྲོག་བསྣམས༔ ཆིབས་སུ་དྲེལ་རྟ་རྐང་གསུམ་འཆིབ༔ ཁྱོད་ནི་སྲིད་པའི་ཁོག་འབུབ་ཡིན༔ བརྒྱལ་བར་བྱེད་པའི་གཤིན་རྗེ་ཁྱོད༔ ལས་ཀྱི་གཤིན་རྗེ་འཁོར་དང་བཅས༔ ཐོད་མཁར་ལྕགས་ཀྱི་ཁང་པ་འདིར༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ ཙ་ར་རོག་པོའི་ཁྲམ་ཁ་ཟློག༔ བསྟན་པ་འཇིག་པའི་དགྲ་བོ་འདི༔ ཁྲམ་ལ་ཐོབས་ལ་སྟོང་ལ་དཀྱུས༔ འཁོར་ལོ་སྐོར་ལ་མཚོན་ཆས་གཏུབས༔ ཡ་ད་ཡོ་ནི་དགྲ་བོ་མུར་ཙ་ཡ་རྦད༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ གཤིན་རྗེའི་རྒྱལ་པོ་རྨིག་པ་ནི༔ སྐུ་མདོག་སྔོ་ནག་རལ་པ་ཅན༔ ཞལ་གཅིག་ཕྱག་བཞི་འཇིགས་པའི་གཟུགས༔ གཡས་གཉིས་དབྱུག་པ་བེར་ཀ་ཐོགས༔ གཡོན་པ་ཞགས་པ་མདུང་ཐུང་ཐོགས༔ ཆིབས་སུ་ཤ་བ་རུ་བཅུ་འཆིབ༔ ཁྱོད་ནི་སྲིད་པའི་སྲོག་ལེན་ཡིན༔ བླ་ཚེ་འགུགས་པའི་གཤིན་རྗེ་ཁྱོད༔ ལས་ཀྱི་གཤིན་རྗེ་འཁོར་དང་བཅས༔ ཐོད་མཁར་ལྕགས་ཀྱི་ཁང་པ་འདིར༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ ཙ་ར་རོག་པོའི་ཁྲམ་ཁ་ཟློག༔ བསྟན་པ་འཇིག་པའི་དགྲ་བོ་འདི༔ ཁྲམ་ལ་ཐོབས་ལ་སྟོང་ལ་དཀྱུས༔ འཁོར་ལོ་སྐོར་ལ་མཚོན་ཆས་གཏུབས༔ ར་ཡ་ཀྵེ་ཡ་དགྲ་བོ་རུ་ཏ་ནན༔ ཁྲམ་ཏི་རྦད་ཡ༔ བྷྱོ༔ གཤིན་རྗེ་རལ་པ་ཚལ་དགུ་ནི༔ སྐུ་མདོག་མཐིང་ནག་རལ་པ་ཅན༔ ཞལ་གཅིག་ཕྱག་བཞི་འཇིགས་པའི་གཟུགས༔ གཡས་པ་དབྱུག་པ་རལ་གྲི་བསྣམས༔ གཡོན་པ་སྲིད་གསུམ་དོན་སྙིང་འདྲེན༔ ཆིབས་སུ་དུག་སྦྲུལ་ནག་པོ་འཆིབ༔ ཁྱོད་ནི་སྲིད་པའི་བྱན་མཁན་ཡིན༔ གསོད་པར་བྱེད་པའི་གཤིན་རྗེ་ཁྱོད༔ ལས་ཀྱི་གཤིན་རྗེ་འཁོར་དང་བཅས༔ ཐོད་མཁར་ལྕགས་ཀྱི་ཁང་པ་འདིར༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ ཙ་ར་རོག་པོའི་ཁྲམ་ཁ་ཟློག༔ བསྟན་པ་འཇིག་པའི་དགྲ་བོ་འདི༔ ཁྲམ་ལ་ཐོབས་ལ་སྟོང་ལ་དཀྱུས༔ འཁོར་ལོ་སྐོར་ལ་མཚོན་ཆས་གཏུབས༔ ཡ་ཀྵེ་ཡ་ཙ་དགྲ་བོ་ནྲྀ་མཱ་ར་ཡ་རྦད༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ གཤིན་རྗེའི་རྒྱལ་པོ་མིག་དམར་ནི༔ སྐུ་མདོག་དམར་ནག་རལ་པ་ཅན༔ ཞལ་གཅིག་ཕྱག་བཞི་འཇིགས་པའི་གཟུགས༔ གཡས་པ་དབྱུག་པ་རྩེ་གསུམ་བསྣམས༔ གཡོན་པ་ཞགས་པ་སྤུ་གྲི་བསྣམས༔ ཆིབས་སུ་ལྐུག་པ་ལུག་ལ་འཆིབ༔ ཁྱོད་ནི་སྲིད་པའི་ཤན་པ་ཡིན༔ རྩྭ་སྲོག་གཅོད་པའི་གཤིན་རྗེ་ཁྱོད༔ ལས་ཀྱི་གཤིན་རྗེ་འཁོར་དང་བཅས༔ ཐོད་མཁར་ལྕགས་ཀྱི་ཁང་པ་འདིར༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ ཙ་ར་རོག་པོའི་ཁྲམ་ཁ་ཟློག༔ བསྟན་པ་འཇིག་པའི་དགྲ་བོ་འདི༔ ཁྲམ་ལ་ཐོབས་ལ་སྟོང་ལ་དཀྱུས༔ འཁོར་ལོ་སྐོར་ལ་མཚོན་ཆས་གཏུབས༔ ནི་ར་མ་ཡ་དགྲ་བོ་མཱ་ར་ཡ་ཁྲི་དུ་རྦད་ཡཱ༔ གཞན་ཡང་ཁྱེད་ཀྱི་འཁོར་གཡོག་ནི༔ ཀཱ་ལ་པཱ་ཤ་བདུད་ཞགས་ཐོགས༔ ཡ་མ་དཎྜི་ལྕགས་ཀྱུ་འཛིན༔ ཡ་མ་དུན་ཏི་ཟ་བྱེད་རྔམས༔ ཡ་མ་ཙཀྲ་བེ་ཅོན་ཐོགས༔ ཟ་བྱེད་གསོད་བྱེད་ནམ་གྲུ་དང༔ ཕོ་ཉ་མོ་དང་ཤ་ཀ་ཏི༔ མཆེ་བ་ཅན་དང་བེ་ཅོན་མ༔ དུས་མཚན་མ་དང་ལྕགས་ཀྱུ་མ༔ ལུ་གུ་རྒྱུད་དང་འབེབ་པ་མོ༔ ཤ་ཟན་ལྕེ་སྐམ་དྲེགས་པའི་ཚོགས༔ ལས་ཀྱི་མོན་པ་ཕོ་མོ་རྣམས༔ ལས་ཀྱི་གཤིན་རྗེ་འཁོར་དང་བཅས༔ ཐོད་མཁར་ལྕགས་ཀྱི་ཁང་པ་འདིར༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ ཙ་ར་རོག་པོའི་ཁྲམ་ཁ་ཟློག༔ བསྟན་པ་འཇིག་པའི་དགྲ་བོ་འདི༔ ཁྲམ་ལ་ཐོབས་ལ་སྟོང་ལ་དཀྱུས༔ འཁོར་ལོ་སྐོར་ལ་མཚོན་ཆས་གཏུབས༔ ཡ་མ་ཀརྨ་སརྦ་ཀ་ར་ཡ་བྷྱོ་བྷྱོ༔ ཀྱེ༔ ལྷོ་ཕྱོགས་གཤིན་རྗེ་འཁོར་དང་བཅས༔ ཆོས་སྐྱོང་མདུན་གྱི་རུ་དྲངས་ནས༔ སྔོན་ཚེ་ལྷ་མིན་གཡུལ་བཟློག་ལྟར༔ ད་ཡང་དགྲ་བགེགས་འདུལ་འཚལ་གྱིས༔ རི་རབ་ཆེན་པོའི་ལྷོ་ཕྱོགས་འདིར༔ ཐོད་མཁར་བང་རིམ་གནས་ཀྱི་རྟེན༔ ཁྲམ་བམ་མདུང་དམར་འདེབས་པའི་མཚོན༔ ཞལ་མཐུན་ནམ་མཁའ་འཇའ་རིས་ཅན༔ རྩེ་ལ་འདབ་ཆགས་སྤུ་ཡིས་བརྒྱན༔ ལོགས་ལ་དར་སྣ་པུ་རུ་རུ༔ མགུལ་ན་ཡུངས་དཀར་ཤ་ར་ར༔ ཁྱེད་ཀྱི་ཞལ་དང་གཉིས་སུ་མེད༔ མདའ་སྔོན་རང་རྟགས་དབྱུག་པ་རིས༔ འཕང་སྔོན་གསེར་གྱི་མེ་ལོང་ཅན༔ གཡུ་རྒྱང་སྔོན་པོ་ཉི་ཟླས་མཚན༔ ཤིང་གྲི་མཛེས་པའི་ཡུལ་མཁར་རིས༔ རྣལ་འབྱོར་འཁོར་བཅས་གླུད་དུ་འབུལ༔ གཤིན་རྗེའི་ཁྲམ་ཁ་དགྲ་ལ་སྒྱུར༔ ཤ་སྣའི་གཏོར་མ་ངར་གླུད་དང༔ ཞིང་གི་རྒྱལ་མཚན་ལ་སོགས་པ༔ གཤིན་རྗེའི་རྒྱལ་པོ་མཐུན་པའི་རྫས༔ ཙ་ར་རོག་པོའི་ཁྲམ་ཁ་འདི༔ ནག་པོ་ཁྱོད་ཀྱི་དཀོར་གྱི་དབྱིག༔ མི་ཟད་ལོངས་སྤྱོད་ཀུན་འབུལ་གྱིས༔ ཁྱོད་ཀྱི་ཐུགས་དམ་དེས་བསྐངས་ལ༔ སྲ་བའི་གོ་ཆ་སྐུ་ལ་གྱོན༔ རྣོ་བའི་མཚོན་ཆ་ལག་ཏུ་ཐོགས༔ དམག་དཔུང་སྐྱེད་ལ་རུ་མཚོན་ཕྱོར༔ དྲག་ཤུལ་སྐྱེད་ལ་མཐུ་རྩལ་ཕྱུངས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་རྣམས་ཞི་བར་མཛོད༔ ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ༔ ལོག་པར་ལྟ་བ་དབང་དུ་སྡུས༔ བཅོལ་པའི་ལས་རྣམས་མ་གཡེལ་བར༔ བསྟན་པའི་དགྲ་བགེགས་རྩད་ནས་ཆོད༔ ཡ་མ་རཱ་ཛ་སརྦ་ས་མ་ཡ་དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ དཔལ་ལྡན་མགོན་པོ་ལྕམ་དྲལ་གྱིས༔ ལྷ་མིན་དམག་དཔུང་བཟློག་པའི་ཚེ༔ སླད་ཀྱི་དེ་ནི་རྗེས་འབྲང་བ༔ བྱང་ཕྱོགས་གནོད་སྦྱིན་ཆེན་པོ་བརྒྱད༔ མདོས་དང་གླུད་ལ་སྤྱན་འདྲེན་གྱིས༔ འདིར་གཤེགས་དམ་སྐོང་ཕྲིན་ལས་མཛོད༔ བྷྱོ༔ གནོད་སྦྱིན་རྒྱལ་པོ་ཛམྦྷ་ལ༔ སྐུ་མདོག་གསེར་གྱི་འོད་དང་ལྡན༔ མཚན་དང་དཔེ་བྱད་འབར་བ་ལ༔ སྐུ་ལུས་སྦོམ་ཞིང་གསུས་པ་འཁྱིལ༔ གཡས་ན་བཱི་ཛ་པཱུ་ར་བསྣམས༔ གཡོན་པ་ནེའུ་ལེ་རིན་ཆེན་ཅན༔ སྐུ་ལ་རིན་ཆེན་རྒྱན་གྱིས་སྤྲས༔ ཆིབས་སུ་ངང་པ་གསེར་སྒང་འཆིབ༔ ཁྱོད་ནི་གནོད་སྦྱིན་དེད་དཔོན་ཡིན༔ བྱང་ཕྱོགས་གནོད་སྦྱིན་འཁོར་དང་བཅས༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ བསྟན་པ་འཇིག་པའི་དགྲ་ལ་ཡ༔ བར་དུ་གཅོད་པའི་བགེགས་ལ་ཡ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ ཧཱུྃ༔ གནོད་སྦྱིན་ནོར་བུ་བཟང་པོ་ནི༔ སྐུ་མདོག་དམར་པོ་འོད་ཟེར་འབར༔ མཚན་དང་དཔེ་བྱད་འབར་བ་ལ༔ སྐུ་ལུས་སྦོམ་ཞིང་གསུས་པ་འཁྱིལ༔ གཡས་ན་འགུགས་བྱེད་ལྕགས་ཀྱུ་བསྣམས༔ གཡོན་པ་བཱི་ཛ་པཱུ་ར་འཛིན༔ སྐུ་ལ་རིན་ཆེན་རྒྱན་གྱིས་སྤྲས༔ ཆིབས་སུ་གསེར་གྱི་རྟ་ཕོ་འཆིབ༔ བཞུགས་གནས་གངས་དཀར་རྩེ་ལ་བརྟེན༔ ཁྱོད་ནི་གནོད་སྦྱིན་དེད་དཔོན་ཡིན༔ བྱང་ཕྱོགས་གནོད་སྦྱིན་འཁོར་དང་བཅས༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ བསྟན་པ་འཇིག་པའི་དགྲ་ལ་ཡ༔ བར་དུ་གཅོད་པའི་བགེགས་ལ་ཡ༔ ཨོཾ་མ་ཎི་བྷ་དྲཱ་ཡ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ གནོད་སྦྱིན་གང་བ་བཟང་པོ་ནི༔ སྐུ་མདོག་སེར་པོ་འོད་ཟེར་འབར༔ མཚན་དང་དཔེ་བྱད་འབར་བ་ལ༔ སྐུ་ལུས་སྦོམ་ཞིང་གསུས་པ་འཁྱིལ༔ གཡས་པ་གསོད་པའི་མདུང་ཐུང་འཛིན༔ རལ་གྲི་ཐོག་གི་མཚོན་ཆ་གཡོན༔ སྐུ་ལ་དུང་ཁྲབ་དཀར་པོ་གསོལ༔ ཆིབས་སུ་གཡུ་ཡི་གྱི་ལིང་འཆིབ༔ ཁྱོད་ནི་གནོད་སྦྱིན་དེད་དཔོན་ཡིན༔ བྱང་ཕྱོགས་གནོད་སྦྱིན་འཁོར་དང་བཅས༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ བསྟན་པ་འཇིག་པའི་དགྲ་ལ་ཡ༔ བར་དུ་གཅོད་པའི་བགེགས་ལ་ཡ༔ ཨོཾ་པཱུརྞ་བྷ་དྲཱ་ཡ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ གནོད་སྦྱིན་སྤྱོད་པའི་དབང་པོ་ནི༔ སྐུ་མདོག་སྔོན་པོ་འོད་ཟེར་འབར༔ མཚན་དང་དཔེ་བྱད་འབར་བ་ལ༔ སྐུ་ལུས་སྦོམ་ཞིང་གསུས་པ་འཁྱིལ༔ གཡས་ཀྱི་ཕྱག་ན་ཞགས་པ་བསྣམས༔ གཡོན་པ་རྡོ་རྗེ་ལྕགས་ཀྱུ་འཛིན༔ སྐུ་ལ་བདུད་འདུལ་གོ་ཁྲབ་གསོལ༔ ཆིབས་སུ་སྤྲུལ་པའི་གྱི་ལིང་འཆིབ༔ ཁྱོད་ནི་གནོད་སྦྱིན་དེད་དཔོན་ཡིན༔ བྱང་ཕྱོགས་གནོད་སྦྱིན་འཁོར་དང་བཅས༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ བསྟན་པ་འཇིག་པའི་དགྲ་ལ་ཡ༔ བར་དུ་གཅོད་པའི་བགེགས་ལ་ཡ༔ ཨོཾ་ཙ་རེན་དྲཱ་ཡ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ གནོད་སྦྱིན་ཙི་པི་ཀུནྡྷ་ལཱི༔ སྐུ་མདོག་དམར་པོ་འོད་ཟེར་འབར༔ མཚན་དང་དཔེ་བྱད་འབར་བ་ལ༔ སྐུ་ལུས་སྦོམ་ཞིང་གསུས་པ་འཁྱིལ༔ གཡས་པ་ནོར་བུ་རིན་ཆེན་འཛིན༔ གཡོན་པ་རུ་དར་དམར་པོ་བསྣམས༔ ཆིབས་སུ་སྤྲུལ་པའི་གྱི་ལིང་འཆིབ༔ ཆོ་འཕྲུལ་ཀླུ་ཡི་སྤྲུལ་པ་འགྱེད༔ ཁྱོད་ནི་གནོད་སྦྱིན་དེད་དཔོན་ཡིན༔ བྱང་ཕྱོགས་གནོད་སྦྱིན་འཁོར་དང་བཅས༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ བསྟན་པ་འཇིག་པའི་དགྲ་ལ་ཡ༔ བར་དུ་གཅོད་པའི་བགེགས་ལ་ཡ༔ ཨོཾ་ཙི་པི་ཀུནྡྷ་ལཱི་ནི་ཡེ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ གནོད་སྦྱིན་སྒོ་ཡི་དབང་པོ་ནི༔ སྐུ་མདོག་སེར་པོ་འོད་ཟེར་འབར༔ མཚན་དང་དཔེ་བྱད་འབར་བ་ལ༔ སྐུ་ལུས་སྦོམ་ཞིང་གསུས་པ་འཁྱིལ༔ གཡས་པ་རིན་ཆེན་དབྱུག་པ་བསྣམས༔ གཡོན་པ་ནེའུ་ལེ་དཀུ་ལ་བརྟེན༔ ཆིབས་སུ་སྤྲུལ་པའི་གྱི་ལིང་འཆིབ༔ ཆོ་འཕྲུལ་གཤིན་རྗེའི་སྤྲུལ་པ་འགྱེད༔ ཁྱེད་ནི་གནོད་སྦྱིན་དེད་དཔོན་ཡིན༔ བྱང་ཕྱོགས་གནོད་སྦྱིན་འཁོར་དང་བཅས༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ བསྟན་པ་འཇིག་པའི་དགྲ་ལ་ཡ༔ བར་དུ་གཅོད་པའི་བགེགས་ལ་ཡ༔ ཨོཾ་མུ་ཁེན་དྲཱ་ཡ་དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ གནོད་སྦྱིན་རྒྱལ་པོ་ཀེ་མཱ་ལ༔ སྐུ་མདོག་ལྗང་གུ་འོད་ཟེར་འབར༔ མཚན་དང་དཔེ་བྱད་འབར་བ་ལ༔ སྐུ་ལུས་སྦོམ་ཞིང་གསུས་པ་འཁྱིལ༔ གཡས་པ་རིན་ཆེན་ལྕགས་ཀྱུ་འཛིན༔ གཡོན་པ་བཱི་ཛ་པཱུ་ར་བསྣམས༔ ཆིབས་སུ་སྤྲུལ་པའི་གྱི་ལིང་འཆིབ༔ སྤྲུལ་པ་སྲིན་པོའི་ཆོ་འཕྲུལ་འགྱེད༔ ཁྱོད་ནི་གནོད་སྦྱིན་དེད་དཔོན་ཡིན༔ བྱང་ཕྱོགས་གནོད་སྦྱིན་འཁོར་དང་བཅས༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ བསྟན་པ་འཇིག་པའི་དགྲ་ལ་ཡ༔ བར་དུ་གཅོད་པའི་བགེགས་ལ་ཡ༔ ཨོཾ་ཀི་ལི་མཱ་ལི་ནི༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ གནོད་སྦྱིན་རྡོ་རྗེ་བདུད་འདུལ་ནི༔ སྐུ་མདོག་མཐིང་ནག་འོད་ཟེར་འབར༔ མཚན་དང་དཔེ་བྱད་འབར་བ་ལ༔ སྐུ་ལུས་སྦོམ་ཞིང་གསུས་པ་འཁྱིལ༔ གཡས་པ་རྩེ་གསུམ་དར་མདུང་འཛིན༔ གཡོན་པ་ཐོད་པ་དམར་གྱིས་བཀང༔ སྐུ་ལ་དར་ནག་འཇོལ་བེར་གསོལ༔ ཆིབས་སུ་སྤྲུལ་པའི་གྱི་ལིང་འཆིབ༔ ཁྱོད་ནི་གནོད་སྦྱིན་དེད་དཔོན་ཡིན༔ བྱང་ཕྱོགས་གནོད་སྦྱིན་འཁོར་དང་བཅས༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ བསྟན་པ་འཇིག་པའི་དགྲ་ལ་ཡ༔ བར་དུ་གཅོད་པའི་བགེགས་ལ་ཡ༔ ཨོཾ་བཛྲ་ཡཀྵ་མ་ཧཱ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ ཀྱེ༔ བྱང་ཕྱོགས་གནོད་སྦྱིན་འཁོར་དང་བཅས༔ ཆོས་སྐྱོང་སླད་ཀྱི་རྗེས་འབྲངས་ནས༔ སྔོན་ཚེ་ལྷ་མིན་གཡུལ་བཟློག་ལྟར༔ ད་ཡང་དགྲ་བགེགས་འདུལ་འཚལ་གྱིས༔ རི་རབ་ཆེན་པོའི་བྱང་ཕྱོགས་འདིར༔ རི་རབ་མཁར་སོགས་གནས་ཀྱི་རྟེན༔ དར་མདུང་ཁྲ་བོ་འདེབས་པའི་མཚོན༔ གཡུ་ཡི་ནམ་མཁའ་འཇའ་རིས་ཅན༔ རྩེ་ལ་རྨ་བྱའི་སྒྲོ་ཡིས་བརྒྱན༔ ལོགས་ལ་དར་སྔོན་པུ་རུ་རུ༔ མགུལ་ན་ཡུངས་དཀར་ཤ་ར་ར༔ ཁྱེད་ཀྱི་ཞལ་དང་གཉིས་སུ་མེད༔ མདའ་སྔོན་རང་རྟགས་ཕྱག་མཚན་རིས༔ གཡུ་འཕང་གསེར་གྱི་མེ་ལོང་ཅན༔ གཡུ་རྒྱང་སྔོན་པོ་ཉི་ཟླས་མཚན༔ ཤིང་གྲི་མཛེས་པའི་ཡུལ་མཁར་རིས༔ རྣལ་འབྱོར་འཁོར་བཅས་གླུད་དུ་འབུལ༔ མི་མཐུན་རྐྱེན་དང་བར་ཆད་ཟློག༔ བ་དན་དཀར་གཏོར་གསེར་སྐྱེམས་དང༔ ཤ་སྣ་ཁྲག་སྣ་མཐུན་པའི་རྫས༔ ཅང་ཤེས་སྟག་གཟིག་ལ་སོགས་པ༔ གནོད་སྦྱིན་འཁོར་བཅས་དཀོར་གྱི་དབྱིག༔ མི་ཟད་ལོངས་སྤྱོད་ཀུན་འབུལ་གྱིས༔ ཁྱེད་ཀྱི་ཐུགས་དམ་དེས་བསྐངས་ལ༔ སྲ་བའི་གོ་ཆ་སྐུ་ལ་གྱོན༔ རྣོ་བའི་མཚོན་ཆ་ལག་ཏུ་ཐོགས༔ དམག་དཔུང་སྐྱོད་ལ་རུ་མཚོན་ཕྱོར༔ དྲག་ཤུལ་སྐྱེད་ལ་མཐུ་རྩལ་ཕྱུངས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་རྣམས་ཞི་བར་མཛོད༔ ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ༔ ལོག་པར་ལྟ་བ་དབང་དུ་སྡུས༔ བཅོལ་པའི་ལས་རྣམས་མ་གཡེལ་བར༔ བསྟན་པའི་དགྲ་བགེགས་རྩད་ནས་ཆོད༔ ཡཀྴ་སརྦ་ས་མ་ཡ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ དེ་ནས་རྒྱལ་པོ་ཆེན་པོ་བཞི་ལ་བསྔོ་བ༔ བྷྱོ༔ དཔལ་ལྡན་མགོན་པོ་ལྕམ་དྲལ་གྱིས༔ ལྷ་མིན་དམག་དཔུང་ཟློག་པའི་ཚེ༔ ཕྱོགས་བཞིའི་དམག་གི་དཔོན་བྱེད་པ༔ རྒྱལ་པོ་ཆེན་པོ་སྡེ་བཞི་ཡང༔ མདོས་དང་གླུད་ལ་སྤྱན་འདྲེན་གྱིས༔ འདིར་གཤེགས་དམ་སྐོང་ཕྲིན་ལས་མཛོད༔ བྷྱོ༔ རི་རབ་ཆེན་པོའི་ཤར་ཕྱོགས་ན༔ ཟབ་ཅིང་རྒྱ་ཆེན་གཟིགས་འཕགས་པོ༔ རིན་ཆེན་མཛེས་པའི་གཞལ་ཡས་ནས༔ ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་སྲུང༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར༔ ཕྱག་ན་པི་ཝཾ་རྒྱུད་མང་བསྣམས༔ སྐུ་ལ་དུང་ཁྲབ་དཀར་པོ་གསོལ༔ དབུ་ལ་ཤེལ་གྱི་རྨོག་ཞུ་གསོལ༔ ཆིབས་སུ་སྤྲུལ་པའི་གྱི་ལིང་འཆིབ༔ ཤར་ཕྱོགས་དྲི་ཟའི་དམག་དང་བཅས༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ ཨོཾ་དྷྲྀཥྚ་རཱཥྚྲ་ཡེ་ཧཱུྃ་ཕཊ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ རི་རབ་ཆེན་པོའི་ལྷོ་ཕྱོགས་ན༔ ཟབ་ཅིང་རྒྱ་ཆེན་གཟིགས་འཕགས་པོ༔ རིན་ཆེན་མཛེས་པའི་གཞལ་ཡས་ནས༔ ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་པོ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ༔ ཕྱག་ན་གཅོད་པའི་རལ་གྲི་བསྣམས༔ སྐུ་ལ་ལྕགས་ཁྲབ་སྔོན་པོ་གསོལ༔ དབུ་ལ་མུ་མེན་རྨོག་ཞུ་གསོལ༔ ཆིབས་སུ་སྤྲུལ་པའི་གྱི་ལིང་འཆིབ༔ ལྷོ་ཕྱོགས་གྲུལ་བུམ་འཁོར་དང་བཅས༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ ཨོཾ་བཻ་རཱུ་ཌྷ་ཀ་ཡེ་ཧཱུྃ་ཕཊ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ རི་རབ་ཆེན་པོའི་ནུབ་ཕྱོགས་ནས༔ ཟབ་ཅིང་རྒྱ་ཆེན་གཟིགས་འཕགས་པོ༔ རིན་ཆེན་མཛེས་པའི་གཞལ་ཡས་ནས༔ ནུབ་ཕྱོགས་རྒྱལ་པོ་སྤྱན་མི་བཟང༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ ཕྱག་ན་སྦྲུལ་གྱི་ཞགས་པ་བསྣམས༔ སྐུ་ལ་མཆོང་ཁྲབ་སྨུག་པོ་གསོལ༔ དབུ་ལ་བསེ་ཡི་རྨོག་ཞུ་གསོལ༔ ཆིབས་སུ་སྤྲུལ་པའི་རྟ་ཕོ་འཆིབ༔ ནུབ་ཕྱོགས་ཀླུ་དམག་འཁོར་དང་བཅས༔ མཐུན་པའི་མདོས་གླུད་འདི་བཞེས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ ཨོཾ་བི་རཱུ་པཱཀྵ་ཡེ་ཧཱུྃ་ཕཊ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ རི་རབ་ཆེན་པོའི་བྱང་ཕྱོགས་ནས༔ ཟབ་ཅིང་རྒྱ་ཆེན་གཟིགས་འཕགས་པོ༔ རིན་ཆེན་མཛེས་པའི་གཞལ་ཡས་ནས༔ བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་སེར༔ ཕྱག་གཉིས་མདུང་དང་ནེའུ་ལེ་འཛིན༔ སྐུ་ལ་གསེར་ཁྲབ་སེར་པོ་གསོལ༔ དབུ་ལ་གསེར་གྱི་རྨོག་ཞུ་གསོལ༔ ཆིབས་སུ་སྤྲུལ་པའི་རྟ་ཕོ་འཆིབ༔ བྱང་ཕྱོགས་གནོད་སྦྱིན་དམག་དང་བཅས༔ མཐུན་པའི་མདོས་གླུད་འདི་བཞེས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ ཨོཾ་བཻ་ཤྲ་བ་ཎ་ཡེ་ཧཱུྃ་ཕཊ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ ཀྱེ༔ རྒྱལ་པོ་སྡེ་བཞི་འཁོར་དང་བཅས༔ ཕྱོགས་བཞིའི་དམག་གི་དཔོན་བྱས་ནས༔ སྔོན་ཚེ་ལྷ་མིན་གཡུལ་བཟློག་ལྟར༔ ད་ཡང་དགྲ་བགེགས་འདུལ་འཚལ་གྱིས༔ རི་རབ་ཆེན་པོའི་ཕྱོགས་བཞི་རུ༔ རིན་ཆེན་མཁར་པོ་གནས་ཀྱི་རྟེན༔ དར་མདུང་བ་དན་འདེབས་པའི་མཚོན༔ ཞལ་ཕྱུང་ནམ་མཁའ་འཇའ་རིས་ཅན༔ རྩེ་ལ་མཐུན་པའི་བྱ་སྒྲོས་བརྒྱན༔ ལོགས་ལ་དར་སྣ་པུ་རུ་རུ༔ མགུལ་ན་ཡུངས་དཀར་ཤ་ར་ར༔ ཁྱེད་ཀྱི་ཞལ་དང་གཉིས་སུ་མེད༔ མདའ་བཀྲ་རྒྱལ་མཚན་ཕྱག་མཚན་རིས༔ མོ་འཕང་གསེར་གཡུའི་མེ་ལོང་ཅན༔ སྣ་བཞིའི་རྒྱང་བུ་ཉི་ཟླས་མཚན༔ ཤིང་གྲི་མཛེས་པའི་ཡུལ་མཁར་རིས༔ རྣལ་འབྱོར་འཁོར་བཅས་གླུད་དུ་འབུལ༔ མི་མཐུན་རྐྱེན་དང་བར་ཆད་ཟློག༔ དཀར་གཏོར་གསེར་སྐྱེམས་གསང་ལུག་རྣམས༔ རྒྱལ་ཆེན་འཁོར་བཅས་མཐུན་པའི་རྫས༔ ལྷ་གཡག་བྱུ་རུའི་མཛོ་ལ་སོགས༔ རྒྱལ་ཆེན་འཁོར་བཅས་དཀོར་གྱི་དབྱིག༔ མི་ཟད་ལོངས་སྤྱོད་ཀུན་འབུལ་གྱིས༔ ཁྱེད་ཀྱི་ཐུགས་དམ་དེས་བསྐངས་ལ༔ སྲ་བའི་གོ་ཆ་སྐུ་ལ་གྱོན༔ རྣོ་བའི་མཚོན་ཆ་ལག་ཏུ་ཐོགས༔ དམག་དཔུང་སྐྱོད་ལ་རུ་མཚོན་ཕྱོར༔ དྲག་ཤུལ་སྐྱེད་ལ་མཐུ་རྩལ་ཕྱུངས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་རྣམས་ཞི་བར་མཛོད༔ ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ༔ ལོག་པར་ལྟ་བ་དབང་དུ་སྡུས༔ བཅོལ་པའི་ལས་རྣམས་མ་གཡེལ་བར༔ བསྟན་པའི་དགྲ་བགེགས་རྩད་ནས་ཆོད༔ རཱ་ཙ་གིང་ཀ་ར་ཚ་རི་ས་མ་ཡ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ དེ་ནས་ཕྱོགས་སྐྱོང་བཅུ་ལ་བསྔོ་བ༔ བྷྱོ༔ དཔལ་ལྡན་མགོན་པོ་ལྕམ་དྲལ་གྱིས༔ ལྷ་མིན་དམག་དཔུང་ཟློག་པའི་ཚེ༔ ཕྱོགས་བཅུའི་དམག་གི་དཔུང་བྱེད་པ༔ ཕྱོགས་སྐྱོང་བཅུ་པོ་འཁོར་བཅས་ཀྱང༔ མདོས་དང་གླུད་ལ་སྤྱན་འདྲེན་གྱིས༔ འདིར་གཤེགས་དམ་སྐོང་ཕྲིན་ལས་མཛོད༔ བྷྱོ༔ ཤར་ཕྱོགས་སྐྱོང་བ་གདོན་གྱི་བདག༔ དྲི་ཟའི་རྒྱལ་པོ་བརྒྱ་བྱིན་ཏེ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར༔ རྡོ་རྗེ་གསོར་ཞིང་དགྲ་སྙིང་འགེམས༔ ཆིབས་སུ་གླང་ཆེན་དཀར་པོ་འཆིབ༔ དྲི་ཟའི་དམག་དཔུང་འཁོར་དང་བཅས༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ སྔོན་ཚེ་ལྷ་མིན་གཡུལ་བཟློག་ལྟར༔ ད་ཡང་དགྲ་བགེགས་འདུལ་འཚལ་གྱིས༔ དྲི་ཟའི་དམག་ཚོགས་ཁྲམ་སྒྱུར་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ ཨོཾ་ཨིནྡྲ་ཡེ་ཧཱུྃ་ཕཊ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ ལྷོ་ཕྱོགས་གྲུལ་བུམ་གདོན་གྱི་བདག༔ གྲུལ་བུམ་རྒྱལ་པོ་གཤིན་རྗེའི་རྗེ༔ མཐིང་ནག་འཇིགས་བྱེད་རལ་པ་ཅན༔ གཡས་གཡོན་དབྱུག་པ་ཞགས་པ་འཛིན༔ ཆིབས་སུ་མ་ཧེ་སྔོ་ནག་འཆིབ༔ གྲུལ་བུམ་དམག་དཔུང་འཁོར་དང་བཅས༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ སྔོན་ཚེ་ལྷ་མིན་གཡུལ་བཟློག་ལྟར༔ ད་ཡང་དགྲ་བགེགས་འདུལ་འཚལ་གྱིས༔ གྲུལ་བུམ་དམག་ཚོགས་ཁྲམ་སྒྱུར་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ ཨོཾ་ཡ་མ་ཡེ་ཧཱུྃ་ཕཊ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ ནུབ་ཕྱོགས་སྐྱོང་བ་གདོན་གྱི་བདག༔ ཀླུ་ཡི་རྒྱལ་པོ་ཆུ་ལྷ་ནི༔ སྐུ་མདོག་དཀར་སེར་རལ་པ་ཅན༔ ལག་ན་སྦྲུལ་ཞགས་ནོར་བུ་འཛིན༔ ཆིབས་སུ་ཆུ་སྲིན་སྔོན་པོ་འཆིབ༔ ཀླུ་ཡི་དམག་དཔུང་འཁོར་དང་བཅས༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ སྔོན་ཚེ་ལྷ་མིན་གཡུལ་བཟློག་ལྟར༔ ད་ཡང་དགྲ་བགེགས་འདུལ་འཚལ་གྱིས༔ ཆུ་ལྷའི་དམག་ཚོགས་ཁྲམ་སྒྱུར་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ ཨོཾ་བ་རུ་ཎ་ཡེ་ཧཱུྃ་ཕཊ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ བྱང་ཕྱོགས་སྐྱོང་བ་གདོན་གྱི་བདག༔ གནོད་སྦྱིན་རྒྱལ་པོ་ཆེན་པོ་སྟེ༔ མཐིང་ནག་གཏུམ་ཐུང་རལ་པ་ཅན༔ ཕྱག་ན་གསེར་གྱི་བེ་ཅོན་བསྣམས༔ ཆིབས་སུ་སེང་གེ་མགོ་སྔོན་འཆིབ༔ གནོད་སྦྱིན་དམག་དཔུང་འཁོར་དང་བཅས༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ སྔོན་ཚེ་ལྷ་མིན་གཡུལ་བཟློག་ལྟར༔ ད་ཡང་དགྲ་བགེགས་འདུལ་འཚལ་གྱིས༔ གནོད་སྦྱིན་དམག་ཚོགས་ཁྲམ་སྒྱུར་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ ཨོཾ་ཡཀྵ་ཡེ་ཧཱུྃ་ཕཊ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ ཤར་ལྷོ་སྐྱོང་བ་གདོན་གྱི་བདག༔ མེ་ལྷའི་རྒྱལ་པོ་དྲང་སྲོང་སྟེ༔ སྐུ་མདོག་དམར་སེར་རལ་པ་ཅན༔ ལག་ན་མེ་ཡི་དཀྱིལ་འཁོར་བསྣམས༔ ཆིབས་སུ་ར་སྐྱེས་ཁམ་པ་འཆིབ༔ མེ་ལྷའི་དམག་དཔུང་འཁོར་དང་བཅས༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ སྔོན་ཚེ་ལྷ་མིན་གཡུལ་བཟློག་ལྟར༔ ད་ཡང་དགྲ་བགེགས་འདུལ་འཚལ་གྱིས༔ མེ་ལྷའི་དམག་ཚོགས་ཁྲམ་སྒྱུར་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ ཨོཾ་ཨགྣ་ཡེ་ཧཱུྃ་ཕཊ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ ལྷོ་ནུབ་སྐྱོང་བ་གདོན་གྱི་བདག༔ སྲིན་པོའི་རྒྱལ་པོ་ཆེན་པོ་སྟེ༔ སྐུ་མདོག་སྨུག་ནག་རལ་པ་ཅན༔ གཡས་གཡོན་རལ་གྲི་རྒྱུ་ཞགས་ཐོགས༔ ཆིབས་སུ་མི་རྒོད་སྲིན་པོ་འཆིབ༔ བདེན་བྲལ་དམག་དཔུང་འཁོར་དང་བཅས༔ མཐུན་པའི་མདོས་གླུད་འདི་ལོངས་ལ༔ སྔོན་ཚེ་ལྷ་མིན་གཡུག་བཟློག་ལྟར༔ ད་ཡང་དགྲ་བགེགས་འདུལ་འཚལ་གྱིས༔ བདེན་བྲལ་དམག་ཚོགས་ཁྲམ་སྒྱུར་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ ཨོཾ་ནཻ་རཱྀ་ཏི་རག་ཤ་ཡེ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ ནུབ་བྱང་སྐྱོང་བ་གདོན་གྱི་བདག༔ རླུང་ལྷའི་རྒྱལ་པོ་ཆེན་པོ་སྟེ༔ སྐུ་མདོག་ལྗང་ནག་རལ་པ་ཅན༔ ཕྱག་ན་མདུང་ལ་བ་དན་ཕྱར༔ ཆིབས་སུ་ཤ་ཕོ་རུ་བཅུ་འཆིབ༔ རླུང་ལྷའི་དམག་ཚོགས་འཁོར་དང་བཅས༔ མཐུན་པའི་མདོས་གླུད་འདི་བཞེས་ལ༔ སྔོན་ཚེ་ལྷ་མིན་གཡུལ་བཟློག་ལྟར༔ ད་ཡང་དགྲ་བགེགས་འདུལ་འཚལ་གྱིས༔ རླུང་ལྷའི་དམག་ཚོགས་ཁྲམ་སྒྱུར་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ ཨོཾ་བ་ཡ་བེ་ཡེ་ཧཱུྃ་ཕཊ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ བྱང་ཤར་སྐྱོང་བ་གདོན་གྱི་བདག༔ བགེགས་ཀྱི་རྒྱལ་པོ་ཆེན་པོ་སྟེ༔ སྐུ་མདོག་སྔོ་སྐྱ་རལ་པ་ཅན༔ ལག་ན་ཏྲི་ཤཱུལ་འབར་བ་ཐོགས༔ ཆིབས་སུ་ཁྱུ་མཆོག་དཀར་པོ་འཆིབ༔ འབྱུང་པོའི་དམག་དཔུང་འཁོར་དང་བཅས༔ མཐུན་པའི་མདོས་གླུད་འདི་ལོངས་ལ༔ སྔོན་ཚེ་ལྷ་མིན་གཡུལ་བཟློག་ལྟར༔ ད་ཡང་དགྲ་བགེགས་འདུལ་འཚལ་གྱིས༔ འབྱུང་པོའི་དམག་ཚོགས་ཁྲམ་སྒྱུར་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ ཨོཾ་ཨཱི་ཤ་ན་ཡེ་ཧཱུྃ་ཕཊ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ སྟེང་ཕྱོགས་སྐྱོང་བ་གདོན་གྱི་བདག༔ ཉི་མ་དམར་སེར་རལ་པ་ཅན༔ ལག་ན་པདྨའི་ཞགས་པ་བསྣམས༔ ཆིབས་སུ་རྟ་དམར་ཕྲུམ་སྔོན་འཆིབ༔ ཟླ་བ་དཀར་པོ་གཟི་བརྗིད་ཅན༔ ཕྱག་ན་ཨུཏྤལ་སྔོན་པོ་བསྣམས༔ ཆིབས་སུ་ལྷ་བྱ་ངང་པ་འཆིབ༔ གཟའ་སྐར་དམག་དཔུང་འཁོར་དང་བཅས༔ མཐུན་པའི་མདོས་གླུད་འདི་བཞེས་ལ༔ སྔོན་ཚེ་ལྷ་མིན་གཡུལ་བཟློག་ལྟར༔ ད་ཡང་དགྲ་བགེགས་འདུལ་འཚལ་གྱིས༔ གཟའ་སྐར་དམག་ཚོགས་ཁྲམ་སྒྱུར་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ ཨོཾ་སཱུརྻ་ཙན་དྲ་ཡ་ཧཱུྃ་ཕཊ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ འོག་ཕྱོགས་སྐྱོང་བ་གདོན་གྱི་བདག༔ ས་ཡི་ལྷ་མོ་སྐུ་མདོག་སེར༔ རབ་ཏུ་མཛེས་པའི་རྒྱན་ལྡན་མ༔ གསེར་གྱི་རྡོ་རྗེ་བུམ་པ་བསྣམས༔ ཆིབས་སུ་ཕག་རྒོད་དམར་སེར་འཆིབ༔ ས་བདག་དམག་དཔུང་འཁོར་དང་བཅས༔ མཐུན་པའི་མདོས་གླུད་འདི་བཞེས་ལ༔ སྔོན་ཚེ་ལྷ་མིན་གཡུལ་བཟློག་ལྟར༔ ད་ཡང་དགྲ་བགེགས་འདུལ་འཚལ་གྱིས༔ ས་བདག་དམག་ཚོགས་ཁྲམ་སྒྱུར་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ ཨོཾ་ཨ་དྷོ་མ་མ་པ་ཏ་ཡེ་ཧཱུྃ་ཕཊ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ ཀྱེ༔ ཕྱོགས་སྐྱོང་བཅུ་པོ་འཁོར་དང་བཅས༔ ཕྱོགས་བཅུའི་དམག་གི་དཔུང་བྱས་ནས༔ སྔོན་ཚེ་ལྷ་མིན་གཡུལ་བཟློག་ལྟར༔ ད་ཡང་དགྲ་བགེགས་འདུལ་འཚལ་གྱིས༔ རི་རབ་ཆེན་པོའི་གཞལ་ཡས་འདིར༔ ཕྱོགས་མཚམས་སྟེང་འོག་གནས་ཀྱི་རྟེན༔ ཟ་འོག་རྒྱལ་མཚན་སྐུ་ཡི་རྟེན༔ ཕྱོགས་སྐྱོང་རང་རང་ཞལ་ཕྱུང་བའི༔ མཛེས་པའི་ནམ་མཁའ་འཇའ་རིས་ཅན༔ རྩེ་ལ་འདབ་ཆགས་སྤུ་ཡིས་བརྒྱན༔ ལོགས་ལ་དར་སྣ་པུ་རུ་རུ༔ མགུལ་ན་ཡུངས་དཀར་ཤ་ར་ར༔ ཁྱེད་ཀྱི་ཞལ་དང་གཉིས་སུ་མེད༔ མདའ་བཀྲ་རང་རང་ཕྱག་མཚན་རིས༔ བསེ་འཕང་གཡུ་ཡི་མེ་ལོང་ཅན༔ རིན་ཆེན་རྒྱང་བུ་ཉི་ཟླས་མཚན༔ ཤིང་གྲི་མཛེས་པའི་ཡུལ་མཁར་རིས༔ རྣལ་འབྱོར་འཁོར་བཅས་གླུད་དུ་འབུལ༔ ཕྱོགས་སྐྱོང་བཅུ་ཡི་འཁོར་གདོན་ཚོགས༔ བསྟན་པ་འཇིག་པའི་དགྲ་ལ་ཟློག༔ གཏོར་མ་སྤྱན་གཟིགས་བཤོས་བུ་སོགས༔ ཕྱོགས་སྐྱོང་འཁོར་བཅས་མཐུན་པའི་རྫས༔ དར་མདུང་གསང་ལུག་ལ་སོགས་པ༔ ཕྱོགས་སྐྱོང་འཁོར་བཅས་དཀོར་གྱི་དབྱིག༔ མི་ཟད་ལོངས་སྤྱོད་ཀུན་འབུལ་གྱིས༔ ཁྱེད་ཀྱི་ཐུགས་དམ་དེས་བསྐངས་ལ༔ སྲ་བའི་གོ་ཆ་སྐུ་ལ་གྱོན༔ རྣོ་བའི་མཚོན་ཆ་ལག་ཏུ་ཐོགས༔ དམག་དཔུང་སྐྱོད་ལ་རུ་མཚོན་ཕྱོར༔ དྲག་ཤུལ་སྐྱེད་ལ་མཐུ་རྩལ་ཕྱུངས༔ བཅོལ་པའི་ལས་རྣམས་མ་གཡེལ་བར༔ བསྟན་པའི་དགྲ་བགེགས་རྩད་ནས་ཆོད༔ དྷ་ཤ་པ་ཏི་ཛ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ དེ་ནས་ལྷ་མ་སྲིན་སྡེ་བརྒྱད་འཁོར་དང་བཅས་པ་ལ་བསྔོ་བ༔ ཧཱུྃ་བྷྱོ༔ དཔལ་ལྡན་མགོན་པོ་འཁོར་བཅས་ཀྱིས༔ ལྷ་མིན་དམག་དཔུང་ཟློག་པའི་ཚེ༔ བཀའ་ཉན་ལས་བྱེད་མཐུ་རྩལ་ཅན༔ སྣང་སྲིད་ལྷ་འདྲེ་སྡེ་བརྒྱད་ཀྱང༔ མདོས་དང་གླུད་ལ་སྤྱན་འདྲེན་གྱིས༔ འདིར་གཤེགས་དམ་སྐོང་ཕྲིན་ལས་མཛོད༔ བྷྱོ༔ མདོ་ཁམས་ཉི་ཤུའི་ཡང་གཙོ་ནི༔ གཟུགས་ཁམས་ལྷ་ཡི་དགའ་བའི་ཚལ༔ གཞལ་ཡས་བདེ་བའི་ཕོ་བྲང་ནས༔ ཆོས་ཀྱི་རྒྱལ་སྲིད་དབང་ཐོབ་པའི༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ནི༔ སྐུ་མདོག་དམར་སེར་འབར་བ་ལ༔ ཚད་མེད་བཞི་ལྡན་དབུ་བཞི་ཡིས༔ གླིང་བཞིའི་གདུག་པ་མ་ལུས་འཇོམས༔ གཡས་གཉིས་དབྱུག་པ་བགྲང་ཕྲེང་འཛིན༔ གཡོན་གཉིས་གུནྡྷེ་བླག་སྡོང་བསྣམས༔ པདྨ་སེར་པོས་སྐུ་ལ་བརྒྱན༔ རས་ཀྱི་ཁ་ཚར་མགུལ་རྒྱན་བྱས༔ བསམ་པ་ཙམ་གྱིས་ཡུད་ཀྱིས་ཕྱིན༔ ཐུགས་དམ་དྲག་ཏུ་བསྐུལ་བྱས་ནས༔ ལོག་ལྟའི་དགྲ་བགེགས་འཇོམས་པའི་ཚེ༔ མེ་དཔུང་གཏིབས་པའི་ཀློང་དཀྱིལ་ནས༔ བདུད་འདུལ་ཆེན་པོར་སྐུ་སྤྲུལ་ནས༔ བྱང་ཤར་མཚམས་ནས་སྐུ་རྟེན་བསྟན༔ སྐུ་མདོག་སྔོ་ནག་འོད་ཕུང་འབར༔ དབང་ཕྱུག་ཁྲོ་བརྗིད་གཏུམ་བག་ཅན༔ སྤྲུལ་པས་ནམ་མཁའ་གང་བར་བྱས༔ ཟིལ་གནོན་སྟོབས་ཀྱིས་གདུག་པ་འདུལ༔ སྤྱན་གསུམ་ཞལ་གདངས་མཆེ་བ་ཅན༔ བསྟན་པ་བསྲུང་ཕྱིར་སྤྱན་འདྲེན་ན༔ ལྷ་ཆེན་འཁོར་བཅས་གཤེགས་སུ་གསོལ༔ དབང་ཕྱུག་གནས་ནས་བསྐྱོད་ཙམ་ན༔ ནག་པོ་སྤྱན་གསུམ་སྡང་མིག་ལྡོག༔ དབུ་སྐྲ་རལ་པ་ཐོག་རྒོད་འབེབ༔ སྤྱན་ནས་དྲག་པོའི་སེར་བ་འབེབ༔ རྣོ་དབལ་མཆེ་བ་ཟླ་ཚེས་ཀྱིས༔ དགྲ་བོ་བདུན་རྒྱུད་རྩད་ནས་གཅོད༔ ཤངས་ནས་འཐོར་རླུང་བུ་ཡུག་འཚུབས༔ གཡས་ན་རྩེ་གསུམ་འབར་བ་ལ༔ ཁྱུང་གི་རྒྱལ་མཚན་ཕྱར་ཞིང་བསྣམས༔ གཡོན་ན་ཞགས་པ་འགྲིལ་ཚུལ་བྱེད༔ བེ་ཅོན་དགྲ་བོའི་སྙིང་ལ་རྡེག༔ ཆིབས་སུ་གཡུ་འབྲུག་སྔོན་པོ་འཆིབ༔ གསེར་གྱི་རལ་གྲི་ཀླད་ལ་བསྐོར༔ གནམ་ལྕགས་ཤང་ལང་གློ་ལ་བཏགས༔ ཁྱོད་ཀྱི་ཐུགས་དམ་རྒྱུད་བསྐུལ་གྱིས༔ རླབས་ཆེན་ལྷ་དམག་དཔུང་དང་བཅས༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ བསྟན་པའི་རུ་དྲ་རྩད་ནས་ཆོད༔ ཨོཾ་མ་ཧཱ་དེ་ཝཱ་ཤྭ་ར་ཀཱ་ལ་ཧཱུྃ་ཕཊ༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ དབང་ཕྱུག་ཆེན་པོའི་ལས་བྱེད་པ༔ ལྷ་ཡི་བློན་པོ་རྣམ་པ་བཞི༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ བྷྱོ༔ ཤར་ཕྱོགས་དྲི་ཟའི་འཇིག་རྟེན་ན༔ དྲི་ཟ་ལྷ་ཡི་བློན་པོ་ནི༔ དཀར་པོ་ཞལ་གཅིག་ཕྱག་གཉིས་པ༔ དངུལ་གྱི་གཞུ་བརྡུང་མདའ་ལྟོང་ནས༔ ཕྱག་ནས་དངུལ་གྱི་ཐོག་ཆེན་འབེབ༔ ཐོག་སེར་ཀིང་ཀང་ཀུན་གྱི་བདག༔ ཆིབས་སུ་འབྲུག་ཆེན་ཁ་གདངས་འཆིབ༔ དངུལ་གྱི་འཁོར་ལོས་རབ་སྒྱུར་ཞིང༔ རོལ་དུ་ཁྱུང་དང་སེང་གེ་ཁྲིད༔ ཁྱོད་ཀྱི་ཐུགས་དམ་རྒྱུད་བསྐུལ་གྱིས༔ རླབས་ཆེན་ལྷ་དམག་དཔུང་དང་བཅས༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ བསྟན་པའི་རུ་དྲ་རྩད་ནས་ཆོད༔ ཨོཾ་གྷནྡྷརྦྦ་དེ་བ་རག་ཤ་དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ ལྷོ་ཕྱོགས་གཤིན་རྗེའི་འཇིག་རྟེན་ན༔ གཤིན་རྗེ་ལྷ་ཡི་བློན་པོ་ནི༔ སེར་པོ་ཞལ་གཅིག་ཕྱག་གཉིས་པ༔ གསེར་གྱི་གཞུ་བརྡུང་མདའ་ལྟོང་ནས༔ ཕྱག་ནས་གསེར་གྱི་ཐོག་ཆེན་འབེབ༔ ཐོག་སེར་ཀིང་ཀང་ཀུན་གྱི་བདག༔ ཆིབས་སུ་འབྲུག་ཆེན་ཁ་གདངས་འཆིབ༔ གསེར་གྱི་འཁོར་ལོས་རབ་སྒྱུར་ཞིང༔ རོལ་དུ་ཁྱུང་དང་སེང་གེ་ཁྲིད༔ ཁྱོད་ཀྱི་ཐུགས་དམ་རྒྱུད་བསྐུལ་གྱིས༔ རླབས་ཆེན་ལྷ་དམག་དཔུང་དང་བཅས༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ བསྟན་པའི་རུ་དྲ་རྩད་ནས་ཆོད༔ ཨོཾ་ཡ་མ་དེ་བ་རག་ཤ་དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ ནུབ་ཕྱོགས་ཀླུ་ཡི་འཇིག་རྟེན་ན༔ ཀླུ་དབང་ལྷ་ཡི་བློན་པོ་ནི༔ དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ ཟངས་ཀྱི་གཞུ་བརྡུང་མདའ་ལྟོང་ནས༔ ཕྱག་ནས་ཟངས་ཀྱི་ཐོག་ཆེན་འབེབ༔ ཐོག་སེར་ཀིང་ཀང་ཀུན་གྱི་བདག༔ ཆིབས་སུ་འབྲུག་ཆེན་ཁ་གདངས་འཆིབ༔ ཟངས་ཀྱི་འཁོར་ལོས་རབ་སྒྱུར་ཞིང༔ རོལ་དུ་ཁྱུང་དང་སེང་གེ་ཁྲིད༔ ཁྱོད་ཀྱི་ཐུགས་དམ་རྒྱུད་བསྐུལ་གྱིས༔ རླབས་ཆེན་ལྷ་དམག་དཔུང་དང་བཅས༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ བསྟན་པའི་རུ་དྲ་རྩད་ནས་ཆོད༔ ཨོཾ་ནཱ་ག་དྷེ་བ་ཙན་དྷ་དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ བྱང་ཕྱོགས་གནོད་སྦྱིན་འཇིག་རྟེན་ན༔ གནོད་སྦྱིན་ལྷ་ཡི་བློན་པོ་ནི༔ ནག་པོ་ཞལ་གཅིག་ཕྱག་གཉིས་པ༔ ལྕགས་ཀྱི་གཞུ་བརྡུང་མདའ་སྟོང་ནས༔ ཕྱག་ནས་ལྕགས་ཀྱི་ཐོག་ཆེན་འབེབ༔ ཐོག་སེར་ཀིང་ཀང་ཀུན་གྱི་བདག༔ ཆིབས་སུ་འབྲུག་ཆེན་ཁ་གདངས་འཆིབ༔ ལྕགས་ཀྱི་འཁོར་ལོས་རབ་སྒྱུར་ཞིང༔ རོལ་དུ་ཁྱུང་དང་སེང་གེ་ཁྲིད༔ ཁྱོད་ཀྱི་ཐུགས་དམ་རྒྱུད་བསྐུལ་གྱིས༔ རླབས་ཆེན་ལྷ་དམག་དཔུང་དང་བཅས༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ བསྟན་པའི་རུ་དྲ་རྩད་ནས་ཆོད༔ ཨོཾ་ཡཀྵ་དེ་བ་དུ་སྭཱ་ཧཱ་དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ ཀྱེ༔ ལྷ་ཆེན་དབང་ཕྱུག་འཁོར་དང་བཅས༔ དཔལ་ལྡན་མགོན་པོའི་བཀའ་འཁོར་དུ༔ ལྷ་རྣམས་དམག་གི་དཔུང་བསྡུས་ནས༔ སྔོན་ཚེ་ལྷ་མིན་གཡུལ་བཟློག་ལྟར༔ ད་ཡང་དགྲ་བགེགས་འདུལ་འཚལ་གྱིས༔ རི་རབ་ཆེན་པོའི་ཤར་ཕྱོགས་འདིར༔ ཟ་འོག་རྒྱལ་མཚན་སྐུ་ཡི་རྟེན༔ ཞལ་ཕྱུང་ནམ་མཁའ་འཇའ་རིས་ཅན༔ རྩེ་ལ་རྨ་བྱའི་སྒྲོ་ཡིས་བརྒྱན༔ ལོགས་ལ་དར་སྣ་པུ་རུ་རུ༔ མགུལ་ན་ཡུངས་དཀར་ཤ་ར་ར༔ ཁྱེད་ཀྱི་ཞལ་དང་གཉིས་སུ་མེད༔ མདའ་བཀྲ་རང་ཞལ་ཕྱག་མཚན་རིས༔ དངུལ་འཕང་གསེར་གྱི་མེ་ལོང་ཅན༔ དུང་རྒྱང་དཀར་པོ་ཉི་ཟླས་མཚན༔ ཤིང་གྲི་མཛེས་པའི་ཡུལ་མཁར་རིས༔ རྣལ་འབྱོར་འཁོར་བཅས་གླུད་དུ་འབུལ༔ སྟེང་ཕྱོགས་ལྷ་ཡི་ཆད་པ་རྣམས༔ བསྟན་པ་འཇིག་པའི་དགྲ་ལ་བྷྱོ༔ གཏོར་མ་རྟ་ཡི་ཁྲག་ཚིལ་ཅན༔ མེ་ཏོག་སྙིང་སྣ་ཤ་སྣ་སོགས༔ དབང་ཕྱུག་འཁོར་བཅས་མཐུན་པའི་རྫས༔ རིན་ཆེན་སྣ་ལྔ་སྨན་ལ་སོགས༔ ལྷ་ཆེན་འཁོར་བཅས་དཀོར་གྱི་དབྱིག༔ མི་ཟད་ལོངས་སྤྱོད་ཀུན་འབུལ་གྱིས༔ ཁྱེད་ཀྱི་ཐུགས་དམ་དེས་བསྐངས་ལ༔ སྲ་བའི་གོ་ཆ་སྐུ་ལ་གྱོན༔ རྣོ་བའི་མཚོན་ཆ་ལག་ཏུ་ཐོགས༔ དམག་དཔུང་སྐྱོད་ལ་རུ་མཚོན་ཕྱོར༔ དྲག་ཤུལ་སྐྱེད་ལ་མཐུ་རྩལ་ཕྱུངས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་རྣམས་ཞི་བར་མཛོད༔ ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ༔ ལོག་པར་ལྟ་བ་དབང་དུ་སྡུས༔ བཅོལ་པའི་ལས་རྣམས་མ་གཡེལ་བར༔ བསྟན་པའི་དགྲ་བགེགས་རྩད་ནས་ཆོད༔ ཨོཾ་ཙ་དུར་མུ་ཁ་རག་ཤ་བྲཧྨ་ན་མ་ཧཱ་དེ་ཝ་དགྲ་བོའི་སྙིང་ལ་རོ་ཁ་མ་འོད་དུ་ཁ་ཧཱུྃ་པྲ་མ་ཡ་སྭཱཧཱ༔ གཤིན་རྗེ་ཆོས་ཀྱི་རྒྱལ་པོ་འཁོར་དང་བཅས་པ་ལ་བསྔོ་བ༔ བྷྱོ༔ ཕྱོགས་ཕྱོགས་དེ་ནི་ཕ་གི་ན༔ ལྷོ་ཕྱོགས་དེ་ནི་གྱད་ཀྱི་ཡུལ༔ མཚན་མོ་བསྐལ་པའི་མེ་དཔུང་འབར༔ ཉིན་བཞིན་རླུང་ནག་འཚུབས་མ་འཚུབ༔ ནང་ནུབ་ཆུ་བོ་ཆེན་པོའི་གཞུང༔ དེ་ལྟ་བུ་ཡི་གནས་མཆོག་ན༔ གཤིན་རྗེ་ཡོངས་ཀྱི་རྒྱལ་པོ་ནི༔ འཆི་བདག་ཆོས་ཀྱི་རྒྱལ་པོ་ཞེས༔ དམྱལ་བ་མཐར་བྱེད་གཤིན་རྗེ་གཤེད༔ སྐུ་མདོག་སྔོ་ནག་འབར་བ་ལ༔ དབུ་སྐྲ་འཇིགས་པའི་རལ་པ་ཅན༔ ཐོད་པའི་ཕྲེང་བ་ག་ཤལ་གྱོན༔ གཡས་པ་བེ་ཅོན་འབར་བ་བསྣམས༔ གཡོན་པ་སྡིགས་མཛུབ་ཞགས་པ་འཛིན༔ སྐུ་ལ་སྟག་དང་སྦྲུལ་གྱིས་བརྒྱན༔ ཆིབས་སུ་མ་ཧེ་ནག་པོ་འཆིབ༔ སྲིད་པ་གསུམ་ཀ་ལྟོ་ན་འཕྱོ༔ སྐྱེ་འགྲོ་མ་ལུས་སྲོག་བདུད་གཅོད༔ ལས་ཀྱི་གཤིན་རྗེ་འཁོར་དང་བཅས༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ བསྟན་པའི་རུ་དྲ་རྩད་ནས་ཆོད༔ ཨོཾ་ཡ་མ་རཱ་ཙ་ས་དོ་མེ་ཡ་ཏྲི་ལིང་ཤ་ཡཾ་སཾ་ཐུཾ་ཐུཾ་གཤིན་རྗེ་དགྲ་བོའི་སྙིང་ཁྲག་ལ་ཐུན་བྷྱོ་རྦད༔ བྷྱོ༔ གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་ལས་བྱེད་པ༔ ལས་ཀྱི་གཤིན་རྗེ་མོན་པ་བཞི༔ ཤར་གྱི་ཕྱོགས་ནས་བླ་འགུགས་པ༔ དུང་གི་མོན་པ་སེང་གེའི་མགོ༔ དབུ་དགུ་སྤྱན་དགུ་ཞལ་དགུ་གདངས༔ ཕྱག་དགུ་ཞབས་དགུ་སྙིང་ཡང་དགུ༔ དབུ་དགུ་རྔམས་པའི་ཁྲོ་ཚུལ་ཅན༔ སྤྱན་དགུས་བསྒྲལ་བའི་ཞིང་ལ་ལྟ༔ ཞལ་དགུས་དགྲ་ཤ་དགྲ་རུས་གསོལ༔ ཕྱག་དགུས་ཁོང་ནས་ཙིཏྟ་འབྱིན༔ ལྗགས་དགུས་སྙིང་ཁྲག་དྲོན་མོ་འཐུང༔ སྙིང་དགུས་དགྲ་བོ་ཡིད་ལ་འཛིན༔ ཞབས་དགུས་སྟོང་གསུམ་བླ་ལ་རྒྱུག༔ ལས་ཀྱི་གཤིན་རྗེ་མི་ཟན་ཁྱོད༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ བསྟན་པའི་རུ་དྲ་རྩད་ནས་ཆོད༔ སརྦ་དུན་ཏི་ཙིཏྟ་རོ་མྱག༔ དགྲ་བོའི་སྲོག་ལ་ཐུམས་རི་ལི་ལི་བྷྱོ༔ བྷྱོ༔ ལྷོ་ཡི་ཕྱོགས་ནས་བླ་འགུགས་པ༔ ལྕགས་ཀྱི་མོན་པ་སྟག་གི་མགོ༔ དབུ་དགུ་སྤྱན་དགུ་ཞལ་དགུ་གདངས༔ ཕྱག་དགུ་ཞབས་དགུ་སྙིང་ཡང་དགུ༔ དབུ་དགུ་རྔམས་པའི་ཁྲོ་ཚུལ་ཅན༔ སྤྱན་དགུས་བསྒྲལ་བའི་ཞིང་ལ་ལྟ༔ ཞལ་དགུས་དགྲ་ཤ་དགྲ་རུས་གསོལ༔ ཕྱག་དགུས་ཁོང་ནས་ཙིཏྟ་འབྱིན༔ ལྗགས་དགུས་སྙིང་ཁྲག་དྲོན་མོ་འཐུང༔ སྙིང་དགུས་དགྲ་བོ་ཡིད་ལ་འཛིན༔ ཞབས་དགུས་སྟོང་གསུམ་བླ་ལ་རྒྱུག༔ ལས་ཀྱི་གཤིན་རྗེ་མི་ཟན་ཁྱོད༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ བསྟན་པའི་རུ་དྲ་རྩད་ནས་ཆོད༔ ཧ་ལ་ཧ་ལ་དུན་ཏི་ཙིཏྟ་རོ་མྱག༔ དགྲ་བོའི་སྲོག་ལ་ཐུམས་རི་ལི་ལི་རྦད་བྷྱོ༔ བྷྱོ༔ ནུབ་ཀྱི་ཕྱོགས་ནས་བླ་འགུགས་པ༔ བསེ་ཡི་མོན་པ་དྲེད་ཀྱི་མགོ༔ དབུ་དགུ་སྤྱན་དགུ་ཞལ་དགུ་གདངས༔ ཕྱག་དགུ་ཞབས་དགུ་སྙིང་ཡང་དགུ༔ དབུ་དགུ་རྔམས་པའི་ཁྲོ་ཚུལ་ཅན༔ སྤྱན་དགུས་བསྒྲལ་བའི་ཞིང་ལ་ལྟ༔ ཞལ་དགུས་དགྲ་ཤ་དགྲ་རུས་གསོལ༔ ཕྱག་དགུས་ཁོང་ནས་ཙིཏྟ་འབྱིན༔ ལྗགས་དགུས་སྙིང་ཁྲག་དྲོན་མོ་འཐུང༔ སྙིང་དགུས་དགྲ་བོ་ཡིད་ལ་འཛིན༔ ཞབས་དགུས་སྟོང་གསུམ་བླ་ལ་རྒྱུག༔ ལས་ཀྱི་གཤིན་རྗེ་མི་ཟན་ཁྱོད༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ བསྟན་པའི་རུ་དྲ་རྩད་ནས་ཆོད༔ རཱ་ག་དུན་ཏི་ཙིཏྟ་རོ་མྱག༔ དགྲ་བོའི་སྲོག་ལ་ཐུམས་རི་ལི་ལི་བྷྱོ༔ བྷྱོ༔ བྱང་གི་ཕྱོགས་ནས་བླ་འགུགས་པ༔ གསེར་གྱི་མོན་པ་ཁྱུང་གི་མགོ༔ དབུ་དགུ་སྤྱན་དགུ་ཞལ་དགུ་གདངས༔ ཕྱག་དགུ་ཞབས་དགུ་སྙིང་ཡང་དགུ༔ དབུ་དགུ་རྔམས་པའི་ཁྲོ་ཚུལ་ཅན༔ སྤྱན་དགུས་བསྒྲལ་བའི་ཞིང་ལ་ལྟ༔ ཞལ་དགུས་དགྲ་ཤ་དགྲ་རུས་གསོལ༔ ཕྱག་དགུས་ཁོང་ནས་ཙིཏྟ་འབྱིན༔ ལྗགས་དགུས་སྙིང་ཁྲག་དྲོན་མོ་འཐུང༔ སྙིང་དགུས་དགྲ་བོ་ཡིད་ལ་འཛིན༔ ཞབས་དགུས་སྟོང་གསུམ་བླ་ལ་རྒྱུག༔ ལས་ཀྱི་གཤིན་རྗེ་མི་ཟན་ཁྱོད༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ བསྟན་པའི་རུ་དྲ་རྩད་ནས་ཆོད༔ ཀརྨ་བྷ་ཏི་དུན་ཏིང་ཙིཏྟ་རོ་མྱག༔ དགྲ་བོའི་སྲོག་ལ་ཐུམས་རི་ལི་ལི་བྷྱོ༔ ཀྱེ༔ ཆོས་ཀྱི་རྒྱལ་པོ་འཁོར་དང་བཅས༔ དཔལ་ལྡན་མགོན་པོའི་བཀའ་འཁོར་དུ༔ གཤིན་རྗེའི་དམག་གི་དཔུང་བསྡུས་ནས༔ སྔོན་ཚེ་ལྷ་མིན་གཡུལ་བཟློག་ལྟར༔ ད་ཡང་དགྲ་བགེགས་འདུལ་འཚལ་གྱིས༔ རི་རབ་ཆེན་པོའི་ལྷོ་ཕྱོགས་འདིར༔ རྒྱལ་མཚན་རྣམ་ལྔ་སྐུ་ཡི་རྟེན༔ དར་མདུང་ཁྲམ་ཤིང་འདེབས་པའི་མཚོན༔ རང་ཞལ་ནམ་མཁའ་འཇའ་རིས་ཅན༔ རྩེ་ལ་འུག་པའི་སྒྲོ་ཡིས་བརྒྱན༔ ལོགས་ལ་དར་སྣ་པུ་རུ་རུ༔ མགུལ་ན་ཡུངས་དཀར་ཤ་ར་ར༔ ཁྱེད་ཀྱི་ཞལ་དང་གཉིས་སུ་མེད༔ མདའ་བཀྲ་བེ་ཅོན་ཞགས་པ་རིས༔ གསེར་འཕང་གཡུ་ཡི་མེ་ལོང་ཅན༔ གསེར་རྒྱང་སེར་པོ་ཉི་ཟླས་མཚན༔ ཤིང་གྲི་མཛེས་པའི་ཡུལ་མཁར་རིས༔ རྣལ་འབྱོར་འཁོར་བཅས་གླུད་དུ་འབུལ༔ འཆི་བདག་གཤིན་རྗེའི་ཆད་པ་རྣམས༔ བསྟན་པ་འཇིག་པའི་དགྲ་ལ་ཟློག༔ ཤ་ཁྲག་གཏོར་མ་དཔལ་ཟན་རྣམས༔ གཤིན་རྗེ་འཁོར་བཅས་མཐུན་པའི་རྫས༔ ར་རོག་སྟག་གཟིག་ལ་སོགས་པ༔ འཆི་བདག་གཤིན་རྗེའི་དཀོར་གྱི་དབྱིག༔ མི་ཟད་ལོངས་སྤྱོད་ཀུན་འབུལ་གྱིས༔ ཁྱེད་ཀྱི་ཐུགས་དམ་དེས་བསྐངས་ལ༔ སྲ་བའི་གོ་ཆ་སྐུ་ལ་གྱོན༔ རྣོ་བའི་མཚོན་ཆ་ལག་ཏུ་ཐོགས༔ དམག་དཔུང་སྐྱོད་ལ་རུ་མཚོན་ཕྱོར༔ དྲག་ཤུལ་སྐྱེད་ལ་མཐུ་རྩལ་ཕྱུངས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་རྣམས་ཞི་བར་མཛོད༔ ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ༔ ལོག་པར་ལྟ་བ་དབང་དུ་སྡུས༔ བཅོལ་པའི་ལས་རྣམས་མ་གཡེལ་བར༔ བསྟན་པའི་དགྲ་བགེགས་རྩད་ནས་ཆོད༔ ཡ་མ་མེ་ད་ཀྵེ་རག་ཤ་དགྲ་བོའི་སྙིང་ལ་བཾ་རིལ་རྦད་ཡ༔ བཙན་ཡམ་ཤུད་དམར་པོ་འཁོར་དང་བཅས་པ་ལ་བསྔོ་བ༔ བྷྱོ༔ ཕྱོགས་ཕྱོགས་དེ་ནི་ཕ་གི་ན༔ ཉི་མ་ནུབ་ཕྱོགས་ཕ་གི་ན༔ ནུབ་ཕྱོགས་བཙན་རི་དམར་པོ་ལ༔ རྩེ་ལ་གནོད་སྦྱིན་སྟོབས་ཆེན་བཞུགས༔ རྨང་ན་བཙན་བཙུན་ཕྱག་བརྙན་བཞུགས༔ བཙན་རི་དེ་ཡི་ཟུར་ཤེད་ན༔ མཁར་གཅིག་དེ་ནི་ཟངས་ཀྱི་མཁར༔ ཟངས་མཁར་དམར་པོ་ལྡེམས་སེ་ལྡེམ༔ རྩེ་ན་གཡུ་བད་ཁྲིགས་སེ་ཁྲིག༔ ལོགས་ལ་བྱུ་རུའི་རེ་གཞི་ལ༔ བསེ་སྒོ་དམར་པོ་ཏ་ལ་ལ༔ མཐིང་ཤུན་སྔོན་མོའི་ཡག་ཤིང་ཅན༔ སྐུ་མཁར་དེ་ཡི་ནང་ཤེད་ན༔ ཟངས་ཁྲི་དམར་པོའི་གདན་སྟེང་ན༔ བཙན་རྒྱལ་ཡམ་ཤུད་དམར་པོ་བཞུགས༔ དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ སྐུ་ལ་སྟག་ལྤགས་ཞུ་ལུབ་གསོལ༔ གཡས་པ་བསེ་ཡི་རལ་གྲི་ཡིས༔ དམ་ཉམས་དགྲ་བོའི་མགོ་ལུས་གཤོག༔ གཡོན་པ་ཟངས་ཞགས་དམར་པོ་རྡེག༔ དམ་ཉམས་དགྲ་བོའི་བླ་ཚེ་འགུགས༔ ཆིབས་སུ་བཙན་རྟ་དམར་པོ་འཆིབ༔ ལས་སུ་སྐྱེ་འགྲོའི་སྲོག་གཅོད་ཅིང༔ གསོད་ལ་རྔམས་པའི་མཆེ་བ་གཙིགས༔ ཤ་ལ་ཁམ་ཁམ་གཅོད་ཅིང་ཟ༔ ཁྲག་ལ་ཧུབ་ཀྱིས་འདེབས་ཤིང་འཐུང༔ སྤྱན་མིག་དམར་པོ་ཧར་བར་བསྒྲད༔ ཟ་མ་མོ་བརྒྱའི་སྲོག་བདག་ཡིན༔ འཁོར་ནི་གདུག་པའི་རྔམས་སྟབས་ཅན༔ ལ་ལ་ཟེར་གསུམ་བཅིབས་ནས་འགྱུ༔ ལ་ལ་གཅན་གཟན་གདུག་པ་ཅན༔ ལ་ལ་མགྱོགས་པའི་ཅང་ཤེས་ཞོན༔ དམར་པོ་བཙན་གྱི་འཁོར་དང་བཅས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ བསྟན་པའི་རུ་དྲ་རྩད་ནས་ཆོད༔ ཨོཾ་ཙ་ལེ་ཡ་ཧཱུྃ་བཾ་ཧཱུྃ་ཛ་ཨ་བྷི་ཤུ་ས་མ་ཡ་ཏྲི་ཤོ་རྦད་བྷྱོ༔ ཨོཾ་ཙུ་རུ་ཙུ་རུ་ཤད་ཤད་སྣ་ལ་ཆོམ་རྦད༔ བྷྱོ༔ བཙན་གྱི་རྒྱལ་པོའི་ལས་བྱེད་པ༔ འབྱུང་བ་ལྔ་ཡི་བཙན་གྱི་རྒྱལ༔ མདོས་དང་གླུད་ལ་སྤྱན་འདྲེན་གྱིས༔ འདིར་གཤེགས་དམ་སྐོང་ཕྲིན་ལས་མཛོད༔ ཧཱུྃ༔ ཕྱོགས་ཕྱོགས་བཙན་ཡུལ་ཕ་གི་ན༔ ས་རི་ཡོལ་པོའི་སྟེང་ཤེད་ན༔ དུང་ཁང་དཀར་པོའི་ནང་ཤེད་ན༔ གདུག་པའི་བཙན་ཆེན་མ་རུངས་པ༔ ཤར་བཙན་དཀར་པོ་ས་ཡི་བུ༔ རྔམས་པའི་མཆེ་གཙིགས་རལ་པ་ཅན༔ ཁ་ནས་ཁྲག་མདའ་དམར་པོ་འཕེན༔ མིག་ནས་མེ་འོད་དམར་པོ་འཕྲོ༔ ལག་པས་ཐེབ་གནོན་གཟིར་བར་བྱེད༔ སྐྱེ་འགྲོ་མ་ལུས་སྒྲོལ་བའི་བདག༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ བསྟན་པའི་རུ་དྲ་རྩད་ནས་ཆོད༔ ཨོཾ་བཛྲ་ཙ་ཤོ་བཾ་པ་རིད་རིས་ཛ༔ མུ་ཙ་ཤཾ་རྒན་ཐུན་ཡ༔ མུ་ཀྲི་ལི་སྐོར་དགྲ་བོའི་སྲོག་ལ་རྦད་ཡ༔ བྷྱོ༔ ལྷོ་ཕྱོགས་མེ་འོད་འབར་བ་ན༔ བསེ་མཁར་སྨུག་པོའི་ནང་ཤེད་ན༔ ལྷོ་བཙན་ཆེན་པོ་མེ་ཡི་བུ༔ གདུག་པའི་བཙན་ཆེན་མ་རུངས་པ༔ གདུག་པ་མེ་ཡི་བླ་འོད་འབར༔ དམར་པོ་མཆེ་གཙིགས་རལ་པ་ཅན༔ ཁ་ནས་དགྲ་ལ་གཟེར་ཐབས་གཏོང༔ ཕྱག་ནས་སྲིད་པའི་ཐོག་མདའ་འཕེན༔ སྐྱེ་འགྲོ་མ་ལུས་སྒྲོལ་བའི་བདག༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ བསྟན་པའི་རུ་དྲ་རྩད་ནས་ཆོད༔ ཨོཾ་རན་ཏེ་རྦད་དུར་མ་ཏྲི་ཏྲཾ་ཛ༔ ཙ་ཤོ་ལ་བཾ་རིལ་ཐུན་ཡ༔ ཀེ་ཏྲེ་མ་རུ་ཙེ་དགྲ་བོའི་སྙིང་ལ་རྦད་ཡ༔ བྷྱོ༔ ནུབ་ཕྱོགས་འབྱུང་བ་ཆུ་འཁྱགས་ནས༔ ལྕགས་མཁར་ནག་པོའི་ནང་ཤེད་ནས༔ གདུག་པའི་བཙན་ཆེན་མ་རུངས་པ༔ ནུབ་བཙན་འབྱུང་བ་ཆུ་ཡི་བུ༔ སྔོན་པོ་མཆེ་གཙིགས་རལ་པ་ཅན༔ ཁ་ནས་གཟེར་ནད་བརྒྱལ་ནད་གཏོང༔ ཕྱག་ན་གདུག་པའི་ཐོག་སེར་འབེབ༔ སྐྱེ་འགྲོ་མ་ལུས་སྒྲོལ་བའི་བདག༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ བསྟན་པའི་རུ་དྲ་རྩད་ནས་ཆོད༔ ཨོཾ་པདྨ་རོ་ཤ་ཙ་ཙ༔ ལཾ་ཙ༔ ཀར་ཙེ་རཾ༔ བི་ཙ་ཤཾ་ཛ༔ ཤེ་ཤ་རཾ་བི་ཡ་རྦད༔ མུ་ཏྲོ་པ་ཤ་ཡཾ་རྦད༔ ཤ་ལ་མུ་ཏྲི་རྦད༔ བྷྱོ༔ བྱང་ཕྱོགས་རླུང་ནག་ཞིང་ཁམས་ནས༔ གཡུ་མཁར་སྔོན་པོའི་ནང་ཤེད་ནས༔ གདུག་པའི་བཙན་ཆེན་མ་རུངས་པ༔ བྱང་ཕྱོགས་འབྱུང་བ་རླུང་གི་བུ༔ ལྗང་ནག་མཆེ་གཙིགས་རལ་པ་ཅན༔ ཁ་ནས་སྨྱོ་འབོག་བརྒྱལ་ནད་གཏོང༔ ཕྱག་ན་གདུག་པའི་མཚོན་ཐོགས་ནས༔ སྐར་མདའ་ཆར་ཆེན་དགྲ་ལ་འབེབ༔ སྐྱེ་འགྲོ་མ་ལུས་སྒྲོལ་བའི་བདག༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ བསྟན་པའི་རུ་དྲ་རྩད་ནས་ཆོད༔ ཧཱུྃ་ཏ་ཙེ་རཾ་པ་ཡཾ་ཤེ་པྲ་ཏི་ཛཿ ཁ་ལ་ཁཾ་ཏྲཾ་ཤཾ་རྦད༔ པ་ལ་དན༔ པ་ལ་ཆུཾ་རྦད་ཡ༔ ཀྱེ༔ ཡམ་ཤུད་དམར་པོ་འཁོར་དང་བཅས༔ དཔལ་ལྡན་མགོན་པོའི་བཀའ་འཁོར་དུ༔ བཙན་གྱི་དམག་གི་དཔུང་བྱས་ནས༔ སྔོན་ཚེ་ལྷ་མིན་གཡུལ་བཟློག་ལྟར༔ ད་ཡང་དགྲ་བགེགས་འདུལ་འཚལ་གྱིས༔ རི་རབ་ཆེན་པོའི་ནུབ་ཕྱོགས་འདིར༔ བསེ་མཁར་དམར་པོ་གནས་ཀྱི་རྟེན༔ ར་དམར་རྒྱལ་མཚན་སྐུ་ཡི་རྟེན༔ བྱུ་རུའི་ནམ་མཁའ་འཇའ་རིས་ཅན༔ རྩེ་ལ་ཟེར་མོའི་སྒྲོ་ཡིས་བརྒྱན༔ ལོགས་ལ་དར་དམར་པུ་རུ་རུ༔ མགུལ་ན་ཡུངས་དཀར་ཤ་ར་ར༔ ཁྱེད་ཀྱི་ཞལ་དང་གཉིས་སུ་མེད༔ མདའ་བཀྲ་རལ་གྲི་ཤོ་རྡེལ་རིས༔ མཆོང་འཕང་དུང་གི་མེ་ལོང་ཅན༔ བསེ་རྒྱང་དམར་པོ་ཉི་ཟླས་མཚན༔ ཤིང་གྲི་མཛེས་པའི་ཡུལ་མཁར་རིས༔ བ་དན་དམར་པོ་མཛེས་པར་ཕྱར༔ དྲག་པོའི་མདུང་དམར་འདེབས་པའི་མཚོན༔ རྣལ་འབྱོར་འཁོར་བཅས་གླུད་དུ་འབུལ༔ དམར་པོ་བཙན་གྱི་ཆད་པ་རྣམས༔ བསྟན་པ་འཇིག་པའི་དགྲ་ལ་ཟློག༔ བཙན་བཤོས་གསེར་སྐྱེམས་སྤྱན་གཟིགས་རྣམས༔ བཙན་རྒྱལ་འཁོར་བཅས་མཐུན་པའི་རྫས༔ ར་དམར་བྱ་དམར་ལ་སོགས་པ༔ བཙན་ཆེན་འཁོར་བཅས་དཀོར་གྱི་དབྱིག༔ མི་ཟད་ལོངས་སྤྱོད་ཀུན་འབུལ་གྱིས༔ ཁྱེད་ཀྱི་ཐུགས་དམ་དེས་བསྐངས་ལ༔ སྲ་བའི་གོ་ཆ་སྐུ་ལ་གྱོན༔ རྣོ་བའི་མཚོན་ཆ་ལག་ཏུ་ཐོགས༔ དམག་དཔུང་སྐྱོད་ལ་རུ་མཚོན་ཕྱོར༔ དྲག་ཤུལ་སྐྱེད་ལ་མཐུ་རྩལ་ཕྱུངས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་རྣམས་ཞི་བར་མཛོད༔ ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ༔ ལོག་པར་ལྟ་བ་དབང་དུ་སྡུས༔ བཅོལ་པའི་ལས་རྣམས་མ་གཡེལ་བར༔ བསྟན་པའི་དགྲ་བགེགས་རྩད་ནས་ཆོད༔ ཨ་བི་ཤུ་སརྦ་ས་མ་ཡ་ཏྲི་དུན་དུན༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ གནོད་སྦྱིན་སོ་ག་རཱ་ཙ་འཁོར་དང་བཅས་ལ་བསྔོ་བ༔ བྷྱོ༔ འདས་པའི་དུས་ན་སྔོན་བྱུང་བའི༔ ཕ་དང་དེ་ནི་ཡབ་ཀྱི་མཚན༔ རྡོ་རྗེ་གར་གྱི་དབང་ཕྱུག་དང༔ མ་དང་དེ་ནི་ཡུམ་གྱི་མཚན༔ པདྨ་གར་གྱི་དབང་ཕྱུག་མ༔ དེ་གཉིས་ཚོགས་ཤིང་བཤོས་པ་ལས༔ ཟླ་བ་གསུམ་དུ་ལོན་པའི་ཚེ༔ མ་ཡི་ལུས་པོ་མ་བདེ་ནས༔ འདར་ཞིང་གཡའ་ཞིང་དངངས་པ་ལས༔ དེ་ནས་ཞག་གསུམ་དྲོ་བཞི་ནས༔ གནོད་སྦྱིན་གཅེར་བུ་གདུག་པ་བཙས༔ དེ་ཡི་དུས་དང་དེ་ཚེ་ན༔ གནོད་སྦྱིན་གྲོང་ཁྱེར་དམར་པོ་ན༔ ཁྲམ་ཐོགས་ཡོངས་ཀྱི་རྒྱལ་པོ་ནི༔ གནོད་སྦྱིན་སོ་ག་རཱ་ཙ་བཞུགས༔ ལྕགས་མཁར་ནག་པོའི་ནང་ཤེད་ན༔ མི་རོ་རྟ་རོ་བྲུང་དུ་བརྩེགས༔ ལྕགས་ཀྱི་སྤྱང་ཕོ་སྔོན་པོ་བརྒྱད༔ དགྲ་བོའི་སྲོག་ལ་རྟོད་ཅིང་རྔམས༔ ཟངས་ཀྱི་འཕར་བ་དམར་པོ་བརྒྱད༔ དགྲ་བོའི་དོན་སྙིང་འབྲུ་བར་བྱེད༔ སྐུ་མཁར་དེ་ཡི་རྩེ་མོ་ལ༔ བྱ་སྐད་དེ་ནི་ཙེ་རེ་རེ༔ དུར་བྱ་མཚལ་ལུ་བྱ་བ་ཡིན༔ མཁར་གྱི་སྒོ་ཟུར་གཡས་པ་ན༔ ཁྱི་སྐད་ཟུག་པ་ཀངས་སེ་ཀང༔ དུར་ཁྱི་དཀར་པོ་བྱ་བ་ཡིན༔ སྐུ་མཁར་དེ་ཡི་ནང་ཤེང་ན༔ ལས་ཀྱི་གནོད་སྦྱིན་མཐུ་བོ་ཆེ༔ སོ་ག་རཱ་ཙ་སྐུ་བཞེངས་ཤིག༔ སྐུ་མདོག་དཀར་པོ་གངས་རི་འདྲ༔ ལྕགས་ཀྱི་རལ་པས་རྐེད་པར་སླེབ༔ སྤྱན་དམར་གྲུ་གསུམ་ལྡོག་ནས་ནི༔ བསྟན་པ་འཇིག་པའི་དགྲ་ལ་གཟིར༔ ཤངས་ནས་དྲག་པོའི་རླུང་བྱུང་བས༔ འཇིག་རྟེན་ཁམས་ཀུན་གཡོ་ཞིང་འགུལ༔ ཞལ་གདངས་མཆེ་བ་རབ་གཙིགས་ནས༔ སྣ་ཚོགས་ནད་ཀྱི་མཚོན་ཆར་འབེབ༔ གཡས་པ་བདུད་ཀྱི་ཁྲམ་ཤིང་བསྣམས༔ སང་ཕོད་དེང་སང་སུ་འཆི་བ༔ དོ་གཅིག་དེང་སང་ཁྲམ་ལ་འདེབས༔ གཡོན་པ་རྒྱུ་ཞགས་བསྣམས་ནས་ནི༔ དགྲ་བོའི་ཙིཏྟ་ཞལ་དུ་རྔུབ༔ རྣལ་འབྱོར་དམ་ཅན་བདག་ཅག་གིས༔ ཁྲོས་ནས་དྲག་ཏུ་བསྐུལ་བའི་ཚེ༔ སྤྱན་ལྡོག་མཆེ་གཙིགས་རབ་ཁྲོས་ནས༔ དགྲ་ལ་སྨྱོ་འབོག་བརྒྱལ་ནད་གཏོང༔ ཁྱི་དཀར་བརྒྱད་ནི་གཡས་ན་འགྱེད༔ དགྲ་བོའི་སྲོག་ལ་རྟོད་ཅིང་རྔམས༔ ལྕགས་སྤྱང་བརྒྱད་ནི་གཡོན་ནས་འགྱེད༔ དགྲ་བོའི་ཤ་ལ་ཧབ་ཅིང་རོལ༔ མདུན་ན་ཟངས་ཀྱི་འཕར་བ་བརྒྱད༔ འགྱེད་ཅིང་དགྲ་བོའི་སྙིང་ཁྲག་འཐུང༔ ཀླད་ན་དུར་བྱ་ཟ་དམར་བརྒྱད༔ ལྡིང་ཞིང་དགྲ་བོའི་ཤ་རུས་འདྲལ༔ གནོད་སྦྱིན་གདུག་པ་འཁོར་དང་བཅས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ བསྟན་པའི་རུ་དྲ་རྩད་ནས་ཆོད༔ ཛ་ཏྲི་ཧོ་བ་ཏྲ་བ་ཏྲ་ཨི་དཾ་བ་ལིཾ་པཱུ་ཙ་ལ་ཁཱ་ཧི་ཁཱ་ཧི༔ བྷྱོ༔ གནོད་སྦྱིན་ཆེན་པོའི་ལས་བྱེད་པ༔ ལས་ཀྱི་གནོད་སྦྱིན་འཕྲང་པ་བཞི༔ བདུད་ཀྱི་འཕྲང་པ་ཆེན་པོ་ནི༔ མི་ནག་ལྕགས་ཀྱི་རལ་པ་ཅན༔ རལ་པ་གཟེངས་པས་མུན་ལྟར་གཏིབས༔ གདུག་པའི་ལུས་ལ་མཆེ་བ་གཙིགས༔ རྔམ་པའི་ཆ་བྱད་སྲིན་པོའི་གདོང༔ ཕྱག་ན་ལྕགས་ཀྱི་འཁར་བ་བསྣམས༔ གདུག་པའི་སྐུ་སྤྲུལ་འཁོར་དང་བཅས༔ སྤྲུལ་པས་འཇིག་རྟེན་ཁྱབ་པར་འགེངས༔ རྔམ་ཆེན་ནག་པོ་གསོད་ལ་བརྩོན༔ གདུག་པ་མི་བཟད་རྔམས་ཤིང་མཆོང༔ གནོད་སྦྱིན་ནག་པོ་སྒྲོལ་བའི་གིང༔ སྲིད་པ་གསུམ་ལ་དབང་སྒྱུར་ཞིང༔ སྲིད་པའི་གཡུལ་ངོ་ཟློག་པར་བྱེད༔ དགྲ་བོའི་སྲོག་ལ་འཇུམ་པར་བྱེད༔ ལྕགས་ཀྱི་བྱ་ཁྲ་ཆེན་པོར་རྫུ༔ ལྕགས་མདོག་སྔོན་པོ་ཏ་ལ་ལ༔ མཁའ་ལ་ལྡིང་ཞིང་དགྲ་སྙིང་འཛིན༔ སྤྲུལ་པ་བྱ་ཁྲ་དཔག་མེད་འགྱེད༔ བདུད་ཀྱི་བྱ་ཁྲ་གནམ་ལ་ལྡིང༔ བདུད་བྱ་གནམ་ལ་ལྡིང་ཙམ་ན༔ ལྕགས་ཀྱི་ཁྱི་མོ་འདུར་ཞིང་རྔམ༔ རྔམས་པ་ཆེན་པོ་སྤྲུལ་པའི་གཙོ༔ བདུད་པོའི་ཐུགས་དམ་དུས་ལ་བབ༔ ལས་ཀྱི་གནོད་སྦྱིན་འཁོར་དང་བཅས༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ བསྟན་པའི་རུ་དྲ་རྩད་ནས་ཆོད༔ ཨོཾ་ཀྲོ་དྷ་རྦད་ཛ༔ ར་ཏྲི་ཡ་ཤོ་རྦད༔ ཙུ་རུ་ཙུ་རུ་ཡཾ་ཐུམས་ཆོད༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ ལས་ཀྱི་གནོད་སྦྱིན་མཐུ་བོ་ཆེ༔ བཙན་གྱི་འཕྲང་པ་ཆེན་པོ་ནི༔ ཨ་བསེ་རྒྱལ་བ་ཆེན་པོ་བྱ༔ དམར་པོ་ཟངས་ཀྱི་རལ་པ་ཅན༔ སྐུ་ལ་དར་དམར་རལ་ཀ་གསོལ༔ ཕྱག་ན་བྱུ་རུའི་འཁར་བ་རྣམས༔ ཀླད་ལ་བསྐོར་ཞིང་དགྲ་ལ་རྡེག༔ དྲག་ཏུ་ཁྲོས་ནས་དགྲ་ལ་རྦད་པའི་ཚེ༔ ཉམས་པའི་སྲོག་རྩ་དམར་པོ་ལ༔ སྤྲུལ་པ་ཁྲ་ཆེན་ཞུངས་སེ་ཞུང༔ གདུག་བྱེད་སྤྲུལ་པ་ཕྱོགས་བཅུར་འགྱེད༔ དགྲ་སྲོག་ཆོད་ལ་སྙིང་ཁྲག་འཇིབས༔ བཙན་ཆེན་རྔམ་པ་གཟེར་ནད་བདག༔ གདུག་པའི་སྐྱེ་འགྲོ་སྒྲོལ་བྱེད་པའི༔ སྤྲུལ་པའི་བཙན་ཕྲན་བསམ་ཡས་ཀྱིས༔ བཙན་དམག་དམར་པོ་འབེབ་པར་བྱེད༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ ལས་ཀྱི་གནོད་སྦྱིན་འཁོར་དང་བཅས༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ བསྟན་པའི་རུ་དྲ་རྩད་ནས་ཆོད༔ ཨོཾ་མུར་ཡོ་ག་ད་རི་ཛ༔ མུ་ཏྲོ་ཁ་ལ་ཐུམས་རྦད༔ མུ་གྲམ་ཡོར་ཏི་ཆོད༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ ལས་ཀྱི་གནོད་སྦྱིན་མཐུ་བོ་ཆེ༔ རྒྱལ་པོའི་འཕྲང་པ་ཆེན་པོ་ནི༔ སྐྱེ་འགྲོ་ཀུན་གྱི་སྲོག་གི་བདག༔ དཀར་པོ་དུང་གི་རལ་པ་ཅན༔ སྐུ་ལ་དུང་གི་རལ་ག་གསོལ༔ དབུ་ལ་རིན་ཆེན་རྒྱན་གྱིས་བརྒྱན༔ ཕྱག་ན་དུང་འཁར་དཀར་པོ་བསྣམས༔ འཁར་བ་བརྡབས་པས་སྐྱེ་འགྲོ་སྒྲོལ༔ སྤྲུལ་པ་གིང་ཆེན་ལས་ལ་གཏོང༔ ཕྱག་སོར་དུང་གི་སེན་མོ་ཅན༔ དགྲ་བོའི་རྩ་རྒྱུས་འདྲེན་པར་བྱེད༔ དཀར་པོ་ནམ་མཁའི་མི་བོ་ཆེ༔ གཡས་ན་སྟག་སྨད་འཕྱོང་ཞིང་རྔམས༔ གཡོན་ན་སྦྲུལ་སྨད་འཁྱུག་ཅིང་ལྡག༔ སྤྲུལ་པའི་སྲོག་བདག་གདུག་པ་ཅན༔ ཉམས་པའི་སྲོག་རྩ་དམར་པོ་གཅོད༔ སྒྲོལ་བྱེད་དུང་གི་འཁར་བ་ཅན༔ སྨྱོ་འབོག་བརྒྱལ་ནད་དགྲ་ལ་གཏོང༔ སྤྲུལ་པའི་ཐེའུ་བྲང་ལས་ལ་འགྱེད༔ གང་ལ་བྱ་བ་རྡུལ་དུ་རློག༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ ལས་ཀྱི་གནོད་སྦྱིན་འཁོར་དང་བཅས༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ བསྟན་པའི་རུ་དྲ་རྩད་ནས་ཆོད༔ ཨོཾ་མུ་རུ་ཛ་ཤོ་པ་རི་ཛ༔ ཁ་མུན་ཤ་ཡོ་གི་དྷ་རི་རྦད༔ དགྲ་ལ་རྦད་ན་སྲོག་ཆོད༔ དགྲ་བོའི་སྲོག་བྷྱོ་བྷྱོ༔ བྷྱོ༔ ལས་ཀྱི་གནོད་སྦྱིན་མཐུ་བོ་ཆེ༔ བདུད་མོའི་འཕྲང་མ་ཆེན་མོ་ནི༔ མ་མོ་ཁྲག་གི་རལ་པ་ཅན༔ གཡས་ན་ཐོད་དབྱུག་འབར་བ་རྡེག༔ གཡོན་ན་བནྡྷ་རཀྟ་འཐོར༔ གདུག་པའི་སྐུ་ལུས་ཕྱོགས་གཅིག་པ༔ མཐིང་ནག་འབར་བའི་བེར་ཆེན་གསོལ༔ ཆིབས་སུ་དྲེལ་ནག་འཆིབ་ཅིང་རྒྱུག༔ གདུག་པའི་དགྲ་བགེགས་མ་ལུས་སྒྲོལ༔ བདུད་པོ་སྐྱོད་ཅིང་སྲིད་པ་གཡེར༔ ཤ་ཁྲག་སྤྲུགས་པའི་བརྡས་མཚོན་ནས༔ རྔམ་ཆེན་བདུད་མོས་སྲོག་རྩ་ཆོད༔ བདུད་མོ་ལག་རིང་ཤན་པ་མོ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ ལས་ཀྱི་གནོད་སྦྱིན་འཁོར་དང་བཅས༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ བསྟན་པའི་རུ་དྲ་རྩད་ནས་ཆོད༔ ཨོཾ་མུ་རུ་ལ་ལི་རྦད་ན་ཛ༔ མུ་རམ་ཤཾ་རྦད༔ མུ་ཏྲ་རུ་ལུ་ཙིཏྟ་ཤ་ཡ་རྦད་དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ ཀྱེ༔ གནོད་སྦྱིན་རྒྱལ་པོ་འཁོར་དང་བཅས༔ དཔལ་ལྡན་མགོན་པོའི་བཀའ་འཁོར་དུ༔ གནོད་སྦྱིན་དམག་གི་དཔུང་བསྡུས་ནས༔ སྔོན་ཚེ་ལྷ་མིན་གཡུལ་བཟློག་ལྟར༔ ད་ཡང་དགྲ་བགེགས་འདུལ་འཚལ་གྱིས༔ རི་རབ་ཆེན་པོའི་བྱང་ཕྱོགས་འདིར༔ རིན་ཆེན་མཁར་པོ་གནས་ཀྱི་རྟེན༔ དར་མདུང་ཁྲ་བོ་འདེབས་པའི་མཚོན༔ རིན་ཆེན་རྒྱལ་མཚན་སྐུ་ཡི་རྟེན༔ ཞལ་ཕྱུང་ནམ་མཁའ་འཇའ་རིས་ཅན༔ རྩེ་ལ་སྦབ་ཟེར་སྒྲོ་ཡིས་བརྒྱན༔ ལོགས་ལ་དར་ལྗང་པུ་རུ་རུ༔ མགུལ་ན་ཡུངས་དཀར་ཤ་ར་ར༔ ཁྱེད་ཀྱི་ཞལ་དང་གཉིས་སུ་མེད༔ མདའ་སྔོན་གནོད་སྦྱིན་ཕྱག་མཚན་རིས༔ གཡུ་འཕང་གསེར་གྱི་མེ་ལོང་ཅན༔ གཡུ་རྒྱང་སྔོན་པོ་ཉི་ཟླས་མཚན༔ ཤིང་གྲི་མཛེས་པའི་ཡུལ་མཁར་རིས༔ རྣལ་འབྱོར་འཁོར་བཅས་གླུད་དུ་འབུལ༔ ལས་ཀྱི་གནོད་སྦྱིན་ཆད་པ་རྣམས༔ བསྟན་པ་འཇིག་པའི་དགྲ་ལ་ཟློག༔ ཁྱི་དཀར་གླང་ནག་སྙིང་ལ་སོགས༔ ཤ་ཁྲག་གཏོར་མ་གསང་ཕྱི་བཤོས༔ གནོད་སྦྱིན་འཁོར་བཅས་མཐུན་པའི་རྫས༔ གཡག་དང་ཁྱི་དཀར་ལ་སོགས་པ༔ གནོད་སྦྱིན་འཁོར་བཅས་དཀོར་གྱི་དབྱིག༔ མི་ཟད་ལོངས་སྤྱོད་ཀུན་འབུལ་གྱིས༔ ཁྱེད་ཀྱི་ཐུགས་དམ་དེས་བསྐངས་ལ༔ སྲ་བའི་གོ་ཆ་ལུས་ལ་གྱོན༔ རྣོ་བའི་མཚོན་ཆ་ལག་ཏུ་ཐོགས༔ དམག་དཔུང་སྐྱེད་ལ་རུ་མཚོན་ཕྱོར༔ དྲག་ཤུལ་སྐྱེད་ལ་མཐུ་རྩལ་ཕྱུངས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་རྣམས་ཞི་བར་མཛོད༔ ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ༔ ལོག་པར་ལྟ་བ་དབང་དུ་སྡུས༔ བཅོལ་པའི་ལས་རྣམས་མ་གཡེལ་བར༔ བསྟན་པའི་དགྲ་བགེགས་རྩད་ནས་ཆོད༔ ཀརྨ་རག་ཤ་ཡཀྵ་སརྦ་དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ སྔགས་སྲུང་ཨེ་ཀ་ཙཱ་ཏི་འཁོར་དང་བཅས་པ་ལ་བསྔོ་བ༔ བྷྱོ༔ མི་མངོན་མཁའ་དབྱིངས་བདེ་ཆེན་ནས༔ དབྱིངས་ནས་སྐུ་བསྐྱེད་མ་མོའི་གཙོ༔ ཁམས་གསུམ་སྲིད་གསུམ་མངའ་མཛད་མ༔ སྔགས་སྲུང་ནག་མོ་རལ་པ་ཅན༔ ཨེ་ཀ་ཙཱ་ཏི་མཐུ་མོ་ཆེ༔ སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང༔ འགྲོ་བའི་དོན་དུ་སྐུར་བསྟན་པ༔ རྡོ་རྗེ་ནག་མོ་ལས་ཀྱི་གཙོ༔ སྲིད་པའི་མ་གཅིག་དབྱིངས་ནས་བཞེངས༔ གཤིན་རྗེའི་ཡུམ་གཅིག་སྐུ་སྐྱོད་ཅིག༔ ཁྲག་མཚོ་ཁོལ་མའི་ཀློང་དཀྱིལ་ན༔ གྲུ་གསུམ་མཐིང་ནག་གཞལ་ཡས་ན༔ སྐུ་མདོག་མཐིང་ནག་ཙེ་རེ་རེ༔ སྨུག་ནག་ནམ་མཁའི་གཏོས་དང་མཉམ༔ དཔྲལ་བའི་དཀྱིལ་ན་སྤྱན་གཅིག་མ༔ སྲིད་པ་གསུམ་ལ་བྱ་ར་བྱེད༔ སྤྱི་བོའི་གཙུག་ན་རལ་གཅིག་མ༔ གཡུ་ཡི་ལན་ཕྲན་ཤ་ར་ར༔ མི་བཟད་འཇིགས་པའི་ཁྲོ་གཉེར་ཅན༔ དུང་གི་མཆེ་གཙིགས་ཐམས་སེ་ཐམ༔ གསེར་གྱི་སྙན་ཆ་ཁྲ་ལ་ལ༔ ཆིབས་སུ་བོང་ནག་དྲེ་འུ་འཆིབ༔ ཚེ་འབྲང་ནག་པོ་སྐུ་ལ་གསོལ༔ མཐིང་གི་གོ་ཅོག་དབུ་ལ་གྱོན༔ གཡས་ན་གཡུ་ཡི་སྤྱང་མོ་བསྣམས༔ གཡོན་ན་འཕྲུལ་གྱི་མེ་ལོང་བསྣམས༔ ཐུགས་ལས་སྤྱང་མོ་དགུ་འབུམ་འགྱེད༔ དམ་ཚིག་ཅན་གྱི་དགྲ་བླ་མོ༔ རྣལ་འབྱོར་ཡོངས་ཀྱི་སྒྲུབ་སྡེ་མོ༔ མ་མོ་ཀུན་གྱི་གཙོ་མོ་ཁྱོད༔ ནག་མོ་ཆེན་མོ་གཡར་དམ་ཅན༔ ཁྱོད་ཀྱི་ཐུགས་དམ་རྒྱུད་བསྐུལ་གྱིས༔ མ་མོ་འབུམ་གྱི་འཁོར་དང་བཅས༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ བསྟན་པའི་རུ་དྲ་རྩད་ནས་ཆོད༔ ཏྲག་རཀྴ་ཁ་མུནྟ་ཨེ་ཀ་ཙཱ་ཏི་པ་ལ་མི་ཤ་སྙིང་ཁ་རག་མ་བྷྱོ༔ ས་མ་ཡ་དགྲ་བོའི་སྙིང་ལ་རྦུད་ནི་ཛཿཛ༔ བྷྱོ༔ སྔགས་སྲུང་ནག་མོའི་ལས་བྱེད་མ༔ ནམ་མཁའི་དབྱིངས་ཀྱི་དཀྱིལ་འཁོར་ནས༔ ཕོ་ཉ་ཀུན་གྱི་གཙོ་མོ་ནི༔ ཁྲམ་ཁ་གཏོང་བའི་མཐུ་མོ་ཆེ༔ སྐུ་ནི་མི་བཟད་རྔམ་སྟབས་ཅན༔ གསུང་གིས་འབྲུག་སྟོང་སྒྲ་སྒྲོག་ཅིང༔ གློག་སྟོང་འགྱུ་བའི་ལྗགས་འབྱིན་མ༔ རྣོ་གདུག་མཆེ་གཙིགས་དགྲ་བགེགས་སྒྲོལ༔ གཡས་པ་ལྕགས་མདུང་དར་ནག་ཕྱར༔ བདུད་ཀྱི་དམག་དཔུང་རྡུལ་དུ་རློག༔ གཡོན་པ་སྲིན་པོའི་མདའ་གཞུ་བསྣམས༔ དགྲ་བགེགས་མ་ལུས་རྡུལ་དུ་རློག༔ སྐུ་ལས་འོད་ཟེར་རབ་འཕྲོས་པས༔ ཕོ་ཉ་འབུམ་སྤྲུལ་མུ་སྟེགས་འདུལ༔ ཐལ་ཆེན་ཁྲག་གིས་ལུས་བསྐུས་ནས༔ ཁྲག་གི་ཆང་གིས་མྱོས་མཛད་དེ༔ དམ་ཉམས་དགྲ་ལ་རྦད་པའི་ཚེ༔ མཆི་མ་ཁྲག་འཛག་ཤ་ར་ར༔ ཡུད་ཙམ་ཉིད་ན་ཚེ་སྲོག་ལེན༔ སྲོག་སྙིང་ཇི་ལྟར་ཕུལ་པ་ལྟར༔ སྔོན་གྱི་དམ་ལས་མ་འདའ་བར༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ བསྟན་པའི་རུ་དྲ་རྩད་ནས་ཆོད༔ མ་ཏྲག་རག་ཤ་ཁ་མུན་ཙ་མ་བྷྱོ༔ རུ་རུ་ལུ་སྙིང་ཁྲག་ཁ་ལ་རག་ཤ་ནི༔ རྦད་ཐུམས་རི་ལི་ལི་རྦད༔ བྷྱོ༔ ཐེག་ཆེན་ས་གཞིའི་དཀྱིལ་འཁོར་ནས༔ བདུད་མོ་ཀུན་གྱི་གཙོ་མོ་ནི༔ ས་གཞི་འདེགས་པའི་དབང་མོ་ཆེ༔ སྣང་སྲིད་ཀུན་གྱིས་སྐུ་བརྒྱན་ཅིང༔ དབུ་ནི་ལྕགས་གཏུན་མེས་བསྲེགས་འདྲ༔ བ་སྤུ་ཀུན་གྱི་བུ་ག་ནས༔ སྤྲུལ་པའི་ཕྲ་མེན་འཕྲོས་པ་ཡིས༔ དགྲ་དཔུང་མ་ལུས་གཡུལ་དུ་འཇོམས༔ ཀོ་རློན་སྟོད་ཀྱི་ཡ་བ་སྐོར༔ ཞིང་ལྤགས་རློན་པའི་ཤམ་ཐབས་ཅན༔ སྔགས་པས་གདུངས་ཤིང་བོས་པའི་ཚེ༔ མཆི་མ་ཐུལ་ཐུལ་མྱུར་དུ་བྱོན༔ བསྟན་པའི་དགྲ་ལ་རྦད་པའི་ཚེ༔ གཡས་པ་དར་ནག་གཡབ་ཀྱིས་འདེབས༔ རལ་གྲི་མེ་འོད་འབར་བ་གཡོན༔ ཅིར་ཡང་འགྱུར་བའི་ཆོ་འཕྲུལ་གྱིས༔ གང་ལ་དམིགས་པ་ལེན་པར་བྱེད༔ སྲོག་སྙིང་ཇི་ལྟར་ཕུལ་པ་ལྟར༔ སྔོན་གྱི་དམ་ལས་མ་འདའ་བར༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ བསྟན་པའི་རུ་དྲ་རྩད་ནས་ཆོད༔ སྙིང་ལ་རག་ཤ་ཐུམས་རི་ལི་ལི་རྦད༔ བྷྱོ༔ རི་རབ་གླིང་བཞིའི་དཀྱིལ་འཁོར་ནས༔ སྨན་ཕྲན་ཀུན་གྱི་གཙོ་མོ་ནི༔ རི་རབ་གླིང་བཞིའི་དབང་མོ་ཆེ༔ སྐུ་མདོག་སེར་ནག་མི་བསྲུན་པ༔ སྲིན་མོའི་ཐོད་རློན་ཕྲེང་བས་བརྒྱན༔ རལ་པ་དམར་ནག་ཐོར་ཚུགས་ཅན༔ དབུ་ཡི་རལ་པ་གསིགས་པ་ཡིས༔ བདུད་ཀྱི་དཔུང་རྣམས་བརྒྱལ་ཞིང་སྐྲག༔ ཞབས་ཀྱིས་རི་རབ་གླིང་བཞི་གནོན༔ མུ་མེན་གསེར་གྱི་སྙན་ཆ་འཁྲོལ༔ ལྕགས་ཀྱི་གཏུན་པོ་འབར་བ་གཡས༔ རལ་གྲི་མེ་འོད་འབར་བ་གཡོན༔ ལན་འགའ་དྲག་ཏུ་བསྐུལ་བའི་ཚེ༔ རང་ལ་རང་ཡང་འཚིག་ཅིང་རྔམས༔ ཅིར་ཡང་སྤྲུལ་པའི་ཆོ་འཕྲུལ་གྱིས༔ གང་ལ་བསམ་པ་ལེན་པར་བྱེད༔ སྲོག་སྙིང་ཇི་ལྟར་ཕུལ་པ་ལྟར༔ སྔོན་གྱི་དམ་ལས་མ་འདའ་བར༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ བསྟན་པའི་རུ་དྲ་རྩད་ནས་ཆོད༔ ནི་ཤ་ཀུ་རུ་རག་ཤ་ཁ་རཾ་ནི་ཀུ་རུ་ཁ་རཾ་མ་བྷྱོ༔ བྷྱོ༔ རྒྱ་མཚོའི་གླིང་གི་དཀྱིལ་འཁོར་ནས༔ ཉུལ་ལེ་ཀུན་གྱི་གཙོ་མོ་ནི༔ རྒྱ་མཚོའི་གླིང་གི་དབང་མོ་ཆེ༔ ཞི་བའི་སྐུ་ལ་སྣང་སྲིད་གསལ༔ གཡུ་ཡི་མགོ་ལ་ཤེལ་གྱི་མིག༔ སྦྲུལ་དང་ཐོད་པས་སྐུ་ལ་བརྒྱན༔ སྐུ་ལས་འོད་ཟེར་ཆེར་འཕྲོས་པས༔ ལྕགས་སྤྱང་འབུམ་གྱིས་སྟོང་ཁམས་ཁྱབ༔ གཡས་པ་རྩེ་གསུམ་དྲེགས་པ་སྒྲོལ༔ གཡོན་པ་ལྕགས་ཀྱུས་དགྲ་བོ་འཛིན༔ ཁྲོས་པས་གདུངས་ནས་རྦད་པའི་ཚེ༔ ཅིར་ཡང་སྤྲུལ་པའི་ཆོ་འཕྲུལ་གྱིས༔ གང་ལ་རྦད་པ་ལེན་པར་བྱེད༔ སྲོག་སྙིང་ཇི་ལྟར་ཕུལ་པ་ལྟར༔ སྔོན་གྱི་དམ་ལས་མ་འདའ་བར༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ བསྟན་པའི་རུ་དྲ་རྩད་ནས་ཆོད༔ ཏྲག་རག་ཤ་མུ་ཏྲ་སྙིང་ཁ་རག་མུ་མ་བྷྱོ༔ ཀྱེ༔ སྔགས་ཀྱི་སྲུང་མ་འཁོར་དང་བཅས༔ དཔལ་ལྡན་མགོན་པོའི་བཀའ་འཁོར་དུ༔ མ་མོའི་དམག་གི་དཔུང་བྱས་ནས༔ སྔོན་ཚེ་ལྷ་མིན་གཡུལ་བཟློག་ལྟར༔ ད་ཡང་དགྲ་བགེགས་འདུལ་འཚལ་གྱིས༔ རི་རབ་ཆེན་པོའི་བྱང་ཤར་འདིར༔ གྲུ་གསུམ་མཐིང་ནག་གནས་ཀྱི་རྟེན༔ དར་མདུང་འོད་ཅན་འདེབས་པའི་མཚོན༔ ཞིང་ལྤགས་དར་འཕུར་སྐུ་ཡི་རྟེན༔ ཞལ་ཕྱུང་ནམ་མཁའ་འཇའ་རིས་ཅན༔ རྩེ་ལ་བྱ་ནག་སྒྲོ་ཡིས་བརྒྱན༔ ལོགས་ལ་དར་ནག་པུ་རུ་རུ༔ མགུལ་ན་ཡུངས་དཀར་ཤ་ར་ར༔ ཁྱེད་ཀྱི་ཞལ་དང་གཉིས་སུ་མེད༔ མདའ་ནག་མ་མོའི་ཕྱག་མཚན་རིས༔ ལྕགས་འཕང་དུང་གི་མེ་ལོང་ཅན༔ རྒྱང་བུ་ནག་པོ་ཉི་ཟླས་མཚན༔ ཤིང་གྲི་མཛེས་པའི་ཡུལ་མཁར་རིས༔ རྣལ་འབྱོར་འཁོར་བཅས་གླུད་དུ་འབུལ༔ ནད་གཏོང་མ་མོའི་ཆད་པ་རྣམས༔ བསྟན་པ་འཇིག་པའི་དགྲ་ལ་ཟློག༔ ཤ་སྣ་ཁྲག་སྣ་སྙིང་སྣ་རྣམས༔ ཚིལ་ཆེན་མར་མེ་ལ་སོགས་པ༔ མ་མོ་འཁོར་བཅས་མཐུན་པའི་རྫས༔ བྱ་སྨུག་ལུག་ནག་ལ་སོགས་པ༔ མ་མོ་མཁའ་འགྲོའི་དཀོར་གྱི་དབྱིག༔ མི་ཟད་ལོངས་སྤྱོད་ཀུན་འབུལ་གྱིས༔ ཁྱེད་ཀྱི་ཐུགས་དམ་དེས་བསྐངས་ལ༔ སྲ་བའི་གོ་ཆ་སྐུ་ལ་གྱོན༔ རྣོ་བའི་མཚོན་ཆ་ལག་ཏུ་ཐོགས༔ དམག་དཔུང་སྐྱོད་ལ་རུ་མཚོན་ཕྱོར༔ དྲག་ཤུལ་སྐྱེད་ལ་མཐུ་རྩལ་ཕྱུངས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་རྣམས་ཞི་བར་མཛོད༔ ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ༔ ལོག་པར་ལྟ་བ་དབང་དུ་སྡུས༔ བཅོལ་པའི་ལས་རྣམས་མ་གཡེལ་བར༔ བསྟན་པའི་དགྲ་བགེགས་རྩད་ནས་ཆོད༔ ས་མ་ཡ༔ ས་མ་ཡ༔ ཀརྨ་ཀརྨ༔ བྷྱོ་བྷྱོ༔ ཀླུ་བདུད་ནག་པོ་འཁོར་དང་བཅས་པ་ལ་བསྔོ་བ༔ བྷྱོ༔ རྒྱ་མཚོ་ཆེན་པོའི་ཀློང་དཀྱིལ་ནས༔ སྦྲུལ་ནག་འཁྱིལ་བའི་དཀྱིལ་འཁོར་ན༔ འཆི་བདག་ནག་པོ་མགོ་དགུ་པ༔ བདུད་ཆེན་འཆི་བདག་ཀླུ་ཡི་བདུད༔ འགྲོ་བ་མི་ཡི་བདུད་དུ་ཆེ༔ དམ་ལ་གནས་པའི་རྣལ་འབྱོར་བདག༔ ཁྱོད་ལ་དཔུང་གཉེན་སྐྱབས་འཚོལ་ན༔ རྒྱ་མཚོའི་ནང་ནས་སྐུ་བཞེངས་ལ༔ མཐུན་པའི་དམ་རྫས་འདི་འབུལ་གྱིས༔ བསྟན་པ་བསྲུང་བའི་དུས་ལ་བབ༔ བྷྱོ༔ ཀླུ་བདུད་འཆི་བདག་མགོ་དགུ་པ༔ རྒྱུ་ནི་རྒྱ་མཚོའི་ནང་ནས་རྒྱུ༔ སྐུ་ནི་རི་རབ་ངོས་ལ་བརྟེན༔ ཀླུ་སྲིན་ཕོ་མོ་ཕོ་ཉར་འགྱེད༔ དབུ་ནི་བར་སྣང་ཁམས་ན་འཕྱོ༔ སྐད་ནི་བར་སྣང་འབྲུག་ཏུ་སྒྲོག༔ སྦྲུལ་ནག་འབར་བའི་རལ་པ་ལ༔ མཛེ་དང་ཤུ་བའི་ཚྭ་ཚྭ་འཕྲོ༔ ཨི་ལ་ཨིྑཤའི་སྒྲ་བསྒྲགས་པས༔ སྟོང་གསུམ་མཛེ་དང་ཤུ་བས་འགེངས༔ སྡང་བའི་དགྲ་ལ་མཛེ་ཤུ་གཏོང༔ མིག་ནས་ཁྲག་དང་ཆུ་སེར་འབེབ༔ ཞལ་ནས་མེ་འབར་སྟོང་ཁམས་སྲེག༔ གཡས་བརྒྱད་སྦྲུལ་ནག་ཞགས་པ་འཕེན༔ སྡང་བའི་དགྲ་བོ་ཞགས་པས་འཆིང༔ གཡོན་པས་ནད་ཀྱི་རྐྱལ་པ་ཐོགས༔ སྡང་བའི་དགྲ་ཡུལ་ནད་ཀྱིས་འགེངས༔ ཀླུ་ཆེན་བརྒྱད་ནི་ཐུགས་ལ་འཆར༔ ཀླུ་བདུད་སྟོང་ནི་སྐུ་ཡི་གཡས་ནས་འཆར༔ ས་བདག་སྟོང་ནི་སྐུ་ཡི་གཡོན་ནས་འཆར༔ ཀླུ་བྲན་སྟོང་ནི་ཞབས་ཀྱི་མཐིལ་ནས་འཆར༔ ལྷ་ཀླུ་སྟོང་གི་འཁོར་དང་བཅས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ བསྟན་པའི་དགྲ་བགེགས་རྩད་ནས་ཆོད༔ ཨ་ཥ་ན་ནག་པོ་ཏི་པ་ཙ་ཡ༔ ནཱ་ག་དགྲ་བོ་ཨ་ཤ་ན་རྦད༔ སུ་ན་རྦད༔ ཀུ་རག་ཤ་རྦད༔ ཙི་ར་ཙི་ར་རྦད༔ ཙ་ར་བ་ར་རུ་ཤ་རྦད༔ ཙུ་ར་རྦད༔ ཁ་ཡཾ་དགྲ་བོ་ལ་ཡ༔ བྷྱོ༔ འཆི་བདག་སྐུ་ལ་སྦྱོར་བའི་ཡུམ༔ བུད་མེད་ལུས་ལ་སྦྲུལ་གྱི་མཇུག༔ གཡས་པ་སྤྲུལ་ཞགས་དགྲ་བོ་འཆིང༔ གཡོན་པ་མཛེ་ཤུ་ཕྱོགས་བཅུར་འཕྲོ༔ ཀླུ་ཆེན་བརྒྱད་དང་སྦྱོར་བ་མཛད༔ ཀླུ་མོ་སྟོང་གི་འཁོར་དང་བཅས༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ བསྟན་པའི་རུ་དྲ་རྩད་ནས་ཆོད༔ ནཱ་ག་རཱ་ཙ་ས་མ་ཡ་དགྲ་བོའི་སྙིང་ལ་ཛཿཛ༔ བྷྱོ༔ སྦྲུལ་ནག་ཐུགས་ཀྱི་སྤྲུལ་པ་ལས༔ བུ་ནི་རྒྱལ་རིགས་ཀླུ་ཡི་བུ༔ སྦྲུལ་གྱི་ལུས་ལ་གླང་གི་མགོ་བོ་ཅན༔ བྱོལ་སོང་ལུས་ལ་སྦྲུལ་གྱིས་བརྒྱན༔ སྦྲུལ་གྱི་ལུས་ལ་ཐོར་ཚུགས་ཅན༔ འཁོར་ནི་རྒྱལ་རིགས་འབུམ་གྱིས་བསྐོར༔ རྒྱལ་རིགས་ཀླུ་རྣམས་ཕོ་ཉར་འགྱེད༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ བསྟན་པའི་རུ་དྲ་རྩད་ནས་ཆོད༔ བྷྱོ༔ ཕྲག་པ་གཡས་ནས་བྱུང་བ་ནི༔ བུ་ནི་རྗེ་རིགས་སེར་པོའི་བུ༔ མི་ལུས་སྦྲུལ་མཇུག་སྦལ་པའི་མགོ༔ སྐུ་ལ་སྦྲུལ་ནག་ཐུལ་པ་གསོལ༔ འཁོར་ནི་རྗེ་རིགས་འབུམ་གྱིས་བསྐོར༔ རྗེ་རིགས་ཀླུ་རྣམས་ཕོ་ཉར་འགྱེད༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ བསྟན་པའི་རུ་དྲ་རྩད་ནས་ཆོད༔ བྷྱོ༔ ཕྲག་པ་གཡོན་ནས་སྤྲུལ་པ་ནི༔ བུ་ནི་སྟོབས་ཆེན་དམངས་རིགས་བུ༔ མི་ལུས་སྦྲུལ་མཇུག་རྩངས་པའི་མགོ༔ ནོར་བུ་འབར་བའི་དབུ་རྒྱན་ཅན༔ འཁོར་ནི་དམངས་རིགས་འབུམ་གྱིས་བསྐོར༔ དམངས་རིགས་ཀླུ་རྣམས་ཕོ་ཉར་འགྱེད༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ བསྟན་པའི་རུ་དྲ་རྩད་ནས་ཆོད༔ བྷྱོ༔ པུས་མོ་གཡས་ནས་སྤྲུལ་པ་ནི༔ བུ་ནི་ཆུ་གླང་བྲམ་ཟེའི་བུ༔ མི་ལུས་སྦྲུལ་མཇུག་སྡིག་པའི་དབུ༔ སྦྲུལ་ནག་འབར་བས་ལུས་ལ་བརྒྱན༔ འཁོར་དུ་བྲམ་ཟེའི་ཀླུ་རྣམས་བསྐོར༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ བསྟན་པའི་རུ་དྲ་རྩད་ནས་ཆོད༔ ནཱ་ག་རཱ་ཙ་ས་མ་ཡ་དགྲ་བོའི་སྙིང་ལ་ཛཿཛ༔ ཀྱེ༔ ཀླུ་བདུད་ནག་པོ་འཁོར་དང་བཅས༔ དཔལ་ལྡན་མགོན་པོའི་བཀའ་འཁོར་དུ༔ ཀླུ་ཡི་དམག་གིས་དཔུང་བྱས་ནས༔ སྔོན་ཚེ་ལྷ་མིན་གཡུལ་བཟློག་ལྟར༔ ད་ཡང་དགྲ་བགེགས་འདུལ་འཚལ་གྱིས༔ རི་རབ་ཆེན་པོའི་ཤར་ལྷོ་འདིར༔ པདྨའི་སྡོང་པོ་གནས་ཀྱི་རྟེན༔ རི་རབ་ཤིང་སྣ་སྐུ་ཡི་རྟེན༔ ཞལ་ཕྱུང་ནམ་མཁའ་འཇའ་རིས་ཅན༔ རྩེ་ལ་ཆུ་བྱའི་སྒྲོ་ཡིས་བརྒྱན༔ ལོགས་ལ་དར་སྣ་པུ་རུ་རུ༔ མགུལ་ན་ཡུངས་དཀར་ཤ་ར་ར༔ ཁྱེད་ཀྱི་ཞལ་དང་གཉིས་སུ་མེད༔ མདའ་སྔོན་སྦྲུལ་ནག་ནད་རྐྱལ་རིས༔ གཡུ་འཕང་གསེར་གྱི་མེ་ལོང་ཅན༔ གཡུ་རྒྱང་སྔོན་པོ་ཉི་ཟླས་བརྒྱན༔ ཤིང་གྲི་མཛེས་པའི་ཡུལ་མཁར་རིས༔ རྣལ་འབྱོར་འཁོར་བཅས་གླུད་དུ་འབུལ༔ འཆི་བདག་ཀླུ་ཡི་ཆད་པ་རྣམས༔ བསྟན་པ་འཇིག་པའི་དགྲ་ལ་ཟློག༔ དཀར་གསུམ་མངར་གསུམ་ལ་སོགས་པ༔ ཀླུ་བདུད་འཁོར་བཅས་མཐུན་པའི་རྫས༔ ཆུ་རྟ་ཆུ་ལུག་ལ་སོགས་པ༔ ཀླུ་གཉན་ས་བདག་དཀོར་གྱི་དབྱིག༔ མི་ཟད་ལོངས་སྤྱོད་ཀུན་འབུལ་གྱིས༔ ཁྱེད་ཀྱི་ཐུགས་དམ་དེས་བསྐངས་ལ༔ སྲ་བའི་གོ་ཆ་སྐུ་ལ་གྱོན༔ རྣོ་བའི་མཚོན་ཆ་ལག་ཏུ་ཐོགས༔ དམག་དཔུང་སྐྱོད་ལ་རུ་མཚོན་ཕྱོར༔ དྲག་ཤུལ་སྐྱེད་ལ་མཐུ་རྩལ་ཕྱུངས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་རྣམས་ཞི་བར་མཛོད༔ ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ༔ ལོག་པར་ལྟ་བ་དབང་དུ་སྡུས༔ བཅོལ་པའི་ལས་རྣམས་མ་གཡེལ་བར༔ བསྟན་པའི་དགྲ་བགེགས་རྩད་ནས་ཆོད༔ ནཱ་ག་ལི་ཡཾ་ཡཾ༔ ནཱ་ག་བ་རུ་ཎ་ཚེ་ཡེ༔ སརྦ་ནི༔ སརྦ་ནི་རྦད༔ ནཱ་ག་ཀུ་རུ༔ ནཱ་ག་ལི་ཙི་ཏི་ཛྭ་ལ་མཱ་ར་ཡ་ཛ༔ གཟའ་བདུད་ཆེན་པོ་འཁོར་དང་བཅས་པ་ལ་བསྔོ་བ༔ བྷྱོ༔ བར་སྣང་ཡངས་པའི་དཀྱིལ་འཁོར་ནས༔ རོག་ཏི་ཁྱབ་འཇུག་མཐུ་བོ་ཆེ༔ ཕ་ནི་སྲིན་ལ་མ་ནི་ཀླུ༔ ཀླུ་སྲིན་ཚོགས་པའི་མཐུ་བོ་ཆེ༔ ལུས་པོ་གཅིག་ལ་མགོ་བོ་དགུ༔ མགོ་ལུས་མེད་པར་མིག་གིས་གང༔ རོ་སྟོད་མི་ལ་རོ་སྨད་སྦྲུལ༔ སྐུ་མདོག་དུད་ཀ་འཇིགས་པའི་གཟུགས༔ གཡས་ན་ཆུ་སྲིན་ཞགས་པ་ཐོགས༔ གཡོན་ན་ར་ཡི་མདའ་གཞུ་ཐོགས༔ ཟླ་བའི་རྗེས་གཅོད་ཤར་དུ་རྒྱུག༔ ཉི་མའི་རྗེས་གཅོད་ནུབ་ཏུ་རྒྱུག༔ ཉིན་མོ་རྒྱུ་ཞིང་མཚན་མོ་འཇོམས༔ བར་སྣང་ཁམས་སུ་བཞུགས་ཙམ་ན༔ ཉི་མ་ཟླ་བ་ལྟོ་རུ་ཟ༔ རྒྱ་མཚོའི་སྟེང་དུ་བཞུགས་ཙམ་ན༔ ཀླུ་རྣམས་ཀུན་ཀྱང་དཀྲུག་ཅིང་སློང༔ འཇིགས་བྱེད་ཆེན་པོ་མི་བསྲུན་པ༔ སྤྲུལ་པས་འཇིག་རྟེན་ཁམས་ཀུན་འགེངས༔ མིང་བརྒྱ་པོ་ལ་མཚན་སྟོང་པོ༔ དུས་ཚོད་ཚེས་གྲངས་ཀུན་གྱི་བདག༔ ལྷ་སྲིན་ཀུན་གྱི་ནང་བྱན་བྱེད༔ ལྷ་སྲིན་སྡེ་བརྒྱད་དམག་དཔོན་བྱེད༔ འབྱུང་བ་ལྔ་ཡི་ཕུང་པོ་ཆེ༔ ཁྱོད་ནི་ཁྲོ་ཆེན་སྤྲུལ་པ་སྟེ༔ སྟེང་འོག་ཕྱོགས་མཚམས་ཀུན་ན་གནས༔ ཀིང་ཀང་ཆེན་པོ་འབེབ་པར་བྱེད༔ གང་དམིགས་ཟས་སུ་ཟ་ཙམ་ན༔ རིན་ཆེན་རྣམ་ལྔའི་ཐོག་འབེབས་ཤིང༔ དགྲ་སྙིང་འབྱིན་ཞིང་ཟ་བར་བྱེད༔ ཧཱུྃ༔ རོག་ཏི་ཁྱབ་འཇུག་མི་བཟད་པ༔ ལུས་གཅིག་མགོ་བོ་དགུ་པ་སྟེ༔ མགོ་གཅིག་སྲིན་པོ་བྱི་ཏྲི་པ་ཏྲས་བྱ༔ སྲིན་པོའི་སེར་གཅིག་ཀིང་ཀང་འབེབ༔ མགོ་གཅིག་དྲང་སྲོང་དགྲ་བླའི་སྐུ༔ སྐྱིན་ཐང་ཀིང་ཀང་དྲག་ཏུ་འབེབ༔ མགོ་གཅིག་ཁྱབ་འཇུག་ཆེན་པོ་སྟེ༔ འཇིག་རྟེན་གཡོ་འགུལ་ཀིང་ཀང་འབེབ༔ མགོ་གཅིག་དུ་བ་མཇུག་རིང་སྐུ༔ ལྷ་སྲིན་ཡོངས་ཀྱི་ཀིང་ཀང་འབེབ༔ མགོ་གཅིག་ཙ་ར་ཀ་ཞེས་བྱ༔ གློ་བུར་ནད་ཀྱི་ཀིང་ཀང་འབེབ༔ མགོ་གཅིག་བྱི་ནུ་རཱ་ཙས་བྱ༔ གློ་བུར་འཁྲུལ་པའི་ཀིང་ཀང་འབེབ༔ མགོ་གཅིག་ལྗང་སྔོན་དམག་དཔོན་ཏེ༔ རིམས་ནད་སད་སེར་མུ་གེ་འབེབ༔ བར་སྣང་གཟའ་སྐར་འཁོར་དང་བཅས༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ བསྟན་པའི་རུ་དྲ་རྩད་ནས་ཆོད༔ ཨོཾ་ཛ་སིང་ཏ་རཱ་ཧུ་ལ་མ་ཧཱ་ཀྲོ་ཏ་ཀ་བས་ཏ་ཤར་ཤལ༔ དྷ་ཤ་རཱ་ཧུ་ལ་ཕཊ༔ བྷྱོ༔ ཤར་ཕྱོགས་ནམ་མཁའི་དཀྱིལ་ཡངས་ན༔ ཤར་གྱི་སྟག་སྲིན་ཟོར་བའི་གདོང༔ སྲིན་མོའི་ལུས་ལ་སྟག་མགོ་ཅན༔ ཁ་ནས་འབྲུག་སྒྲོག་འུ་རུ་རུ༔ ལག་ནས་ཐོག་ཆེན་ཆེམས་སེ་ཆེམ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ བསྟན་པའི་རུ་དྲ་རྩད་ནས་ཆོད༔ མ་མ་རག་མོའི་སྙིང་རྩ་ལ་ཤ་མ་བྷྱོ༔ བྷྱོ༔ ལྷོ་ཕྱོགས་ནམ་མཁའི་དཀྱིལ་ཡངས་ན༔ ལྷོ་ཡི་བམ་སྲིན་དྲེད་མོའི་གདོང༔ སྲིན་མོའི་ལུས་ལ་དྲེད་མོའི་མགོ༔ ཁ་ནས་འབྲུག་སྒྲོག་འུ་རུ་རུ༔ ལག་ན་ཐོག་ཆེན་ཆེམས་སེ་ཆེམ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ བསྟན་པའི་རུ་དྲ་རྩད་ནས་ཆོད༔ མ་མ་རག་མོ་རུ་རུ་རོ་རུ་ཙ་པ་ལ་དགྲ་བོའི་སྙིང་ཁ་རག་མ་བྷྱོ༔ བྷྱོ༔ ནུབ་ཕྱོགས་ནམ་མཁའི་དཀྱིལ་ཡངས་ན༔ ནུབ་ཀྱི་ཀོང་སྲིན་བ་ལང་གདོང༔ སྲིན་མོའི་ལུས་ལ་བ་གླང་མགོ༔ ཁ་ནས་འབྲུག་སྒྲོག་འུ་རུ་རུ༔ ལག་ན་ཐོག་ཆེན་ཆེམས་སེ་ཆེམ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ བསྟན་པའི་རུ་དྲ་རྩད་ནས་ཆོད༔ མ་མ་རག་མོ༔ ཏྲག་མོ་ཏྲག་མོ་ཤིག་ཤིག་སྙིང་ཁ་རག་མ་བྷྱོ༔ བྷྱོ༔ བྱང་ཕྱོགས་ནམ་མཁའི་དཀྱིལ་ཡངས་ན༔ བྱང་གི་འབྲོག་སྲིན་ཆུ་སྲིན་གདོང༔ སྲིན་མོའི་ལུས་ལ་ཆུ་སྲིན་མགོ༔ ཁ་ནས་འབྲུག་སྒྲོག་འུ་རུ་རུ༔ ལག་ནས་ཐོག་ཆེན་ཆེམས་སེ་ཆེམ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ བསྟན་པའི་རུ་དྲ་རྩད་ནས་ཆོད༔ མ་མ་རག་མོ༔ ཙབ་མོ་ཙབ་མོ༔ ཁྲག་ལ་མུ་ཤ་ཡ་བྷྱོ༔ ཀྱེ༔ གཟའ་བདུད་ཆེན་པོ་འཁོར་དང་བཅས༔ དཔལ་ལྡན་མགོན་པོའི་བཀའ་འཁོར་དུ༔ གཟའ་ཡི་དམག་གི་དཔུང་བྱས་ནས༔ སྔོན་ཚེ་ལྷ་མིན་གཡུལ་བཟློག་ལྟར༔ ད་ཡང་དགྲ་བགེགས་འདུལ་འཚལ་གྱིས༔ རི་རབ་ཆེན་པོའི་ལྷོ་ནུབ་འདིར༔ དར་མདུང་ཁྲ་བོ་སྐུ་ཡི་རྟེན༔ ཞལ་ཕྱུང་ནམ་མཁའ་འཇའ་རིས་ཅན༔ རྩེ་ལ་ཕོ་རོག་སྒྲོ་ཡིས་བརྒྱན༔ ལོགས་ལ་དར་ནག་པུ་རུ་རུ༔ མགུལ་ན་ཡུངས་དཀར་ཤ་ར་ར༔ ཁྱེད་ཀྱི་ཞལ་དང་གཉིས་སུ་མེད༔ མདའ་ཁྲ་སྦྲུལ་ཞགས་ཐོག་སེར་རིས༔ ལྕགས་འཕང་དུང་གི་མེ་ལོང་ཅན༔ རྒྱང་བུ་ནག་པོ་ཉི་ཟླས་བརྒྱན༔ ཤིང་གྲི་མཛེས་པའི་ཡུལ་མཁར་རིས༔ རྣལ་འབྱོར་འཁོར་བཅས་གླུད་དུ་འབུལ༔ དྲག་པོ་གཟའ་ཡི་ཆད་པ་རྣམས༔ བསྟན་པ་འཇིག་པའི་དགྲ་ལ་ཟློག༔ ར་རོག་སྙིང་དང་ཉ་ཡི་སྙིང༔ ཤ་རུལ་ཉ་རུལ་ལ་སོགས་པ༔ གཟའ་བདུད་འཁོར་བཅས་མཐུན་པའི་རྫས༔ གཟའ་ར་གཟའ་ལུག་ལ་སོགས་པ༔ གཟའ་བདུད་འཁོར་བཅས་དཀོར་གྱི་དབྱིག༔ མི་ཟད་ལོངས་སྤྱོད་ཀུན་འབུལ་གྱིས༔ ཁྱེད་ཀྱི་ཐུགས་དམ་དེས་བསྐངས་ལ༔ སྲ་བའི་གོ་ཆ་སྐུ་ལ་གྱོན༔ རྣོ་བའི་མཚོན་ཆ་ལག་ཏུ་ཐོགས༔ དམག་དཔུང་སྐྱོད་ལ་རུ་མཚོན་ཕྱོར༔ དྲག་ཤུལ་སྐྱེད་ལ་མཐུ་རྩལ་ཕྱུངས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་རྣམས་ཞི་བར་མཛོད༔ ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ༔ ལོག་པར་ལྟ་བ་དབང་དུ་སྡུས༔ བཅོལ་པའི་ལས་རྣམས་མ་གཡེལ་བར༔ བསྟན་པའི་དགྲ་བགེགས་རྩད་ནས་ཆོད༔ ཡ་མ་སྙིང༔ ཡ་མ་ཁྲག༔ རཱ་ཧུ་ལ་པ་ཤ་མེ་ཀེ་ཏེ་དུ་མ་ར་ཡ་ཤི་ན་ཛྭ་ལ་ཏིག་གེ་ཨ་ཙི་ཏི་སྭཱ་ཧཱ་ཧཱུྃ་ཛཿཛ༔ བདུད་རོལ་པོ་རྐྱ་གཅིག་འཁོར་དང་བཅས་པ་ལ་བསྔོ་བ༔ བྷྱོ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ ཡེ་མེད་སྟོང་པའི་ངང་ཉིད་ལས༔ སྲིད་པའི་བདུད་གཡག་ནག་པོ་སྲིད༔ བདུད་གཡག་ནག་པོ་བསྒྲལ་པ་ལས༔ རྨིག་པར་རོལ་པོ་རྐྱ་གཅིག་སྲིད༔ དེ་ནས་བར་གྱི་བསྐལ་པ་ལ༔ ཡང་ཅིག་སྐྱེ་བ་བླངས་པའི་ཚེ༔ ཕ་དང་དེ་ནི་ཡབ་ཀྱི་མཚན༔ རྫུན་རྒན་གཉེར་བ་བྱ༔ མ་དང་དེ་ནི་ཡུམ་སྨྲོས་པ༔ རུས་པ་མཆིམས་བཟའ་སྦག་མ་སྦུག་མོ་ལགས༔ ཡབ་ཡུམ་དེ་གཉིས་སྲིད་པའི་སྲས༔ སྲིན་པོ་མགོ་དགུ་བྱུང་བ་ལ༔ དེ་ལ་གསང་བའི་བདག་པོ་ཡིས༔ མགོ་བརྒྱད་རྦད་ཀྱིས་བཅད་པ་ལས༔ སྲིན་པོ་དེ་ཡི་ཞལ་ན་རེ༔ ཀྱེ་མ་གསང་བདག་སྡིག་པོ་ཆེ༔ དེ་སྐད་ཅེས་ནི་སྨྲས་པ་དང༔ སྲིན་པོའི་མགོ་གཅིག་བཞག་པ་ལས༔ བདུད་པོ་རོལ་པོ་རྐྱ་གཅིག་བྱུང༔ མི་ནག་འཇིགས་པ་ལ༔ སྨིན་མ་གཡས་པ་དཀར༔ འཆིབ་པའི་རྟ་ནག་ལ༔ མཇིང་པ་གཡས་པ་དཀར༔ ཡུལ་དང་ས་མ་མཆིས༔ ཐུགས་ཆད་བྲང་གབ་ནས༔ ཡུལ་གྱི་ཡ་ཕུ་རུ༔ ཆབ་ཀྱི་ཡ་མགོ་རུ༔ མཁར་སྟོང་རི་གམ་པར་བྱོན༔ མི་རབ་ཏུ་ཆོས་རྒྱལ་བ་ལ༔ ཡུལ་གྱི་སྐལ་པ་བླངས་པ་ལ༔ དེ་རུ་ཡུལ་སྐལ་མ་སྟེར་ནས༔ ཡུལ་གཅིག་ཕོ་ལང་གངས་དཀར་དུ༔ བདུད་རྒྱལ་རེ་ཏེ་མགོ་ཡག་ལ༔ ཡུལ་དང་ས་ཡི་སྐལ་བླངས་པས༔ དེ་རུ་མིང་དང་མཚན་བཏགས་པ༔ བདུད་པོ་རྨིག་པ་སྙིང་ནག་ཡིན༔ ཆིབས་སུ་དྲིལ་རྟ་རྐང་གསུམ་འཆིབ༔ སྐུ་ལ་དར་གྱི་བེར་ནག་གསོལ༔ སྦར་ལེ་སྔོན་པོ་ཕྱག་ན་བསྣམས༔ འགྲོ་བ་མི་ཡི་བདུད་དུ་ཆེ༔ དེ་ནས་བསྐལ་པ་ཐ་མ་ལ༔ བདུད་པོ་རོལ་པོ་རྐྱ་གཅིག་སྟེ༔ མི་ནག་རྟ་ནག་བེར་ནག་ཅན༔ ཀླད་ན་བྱ་ནག་ལིངས་སེ་ལིང༔ ཕྱི་ན་ཁྱི་ནག་བྲེངས་སེ་བྲེང༔ རོལ་དུ་རྟ་ནག་ཤ་ར་ར༔ འཁོར་དུ་མི་ནག་རོལ་ལོ་ལོ༔ བྱང་བུ་རྩིབས་ལོག་ཕྱག་ན་བསྣམས༔ དྲག་ཏུ་ཁྲོས་ཏེ་རྦད་པའི་ཚེ༔ བྱ་ནག་དགྲ་ལ་སྡོང་ཡང་འགྲོ༔ ཁྱི་ནག་དགྲ་ལ་ཚང་ཡང་འཚོལ༔ རྟ་ནག་དགྲ་ལ་བྲེས་ཀྱང་འཆའ༔ མི་ནག་དགྲ་ལ་བྲང་ཡང་འདེབས༔ ནག་པོ་བདུད་ཀྱི་འཁོར་དང་བཅས༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ བསྟན་པའི་རུ་དྲ་རྩད་ནས་ཆོད༔ བདུད་ཏྲི་དུན་རྨུག་རྦད༔ དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ བྷྱོ༔ བདུད་རྣམས་ཀུན་གྱི་བདུད་རྗེ་སྟེ༔ ནག་པོ་བདུད་ཀྱི་བློན་པོ་ཡིན༔ རེ་ཏེ་མགོ་ཡག་ལྕགས་ཀྱི་འཁར་བ་ཅན༔ མཐིང་ནག་འབར་བ་ཞེ་སྡང་ལུས༔ དབུ་སྐྲ་རལ་པ་གྱེན་དུ་བརྫེས༔ ཞལ་གདངས་རྔམ་པའི་མཆེ་བ་གཙིགས༔ ཁ་ནས་གདུག་པའི་ནད་རླངས་འཕྱུར༔ མཐིང་ནག་བདུད་ཀྱི་བེར་ཆེན་གསོལ༔ ཁྲག་མིག་ཁྲ་བོ་བསེ་བཞིན་འབར༔ ཆིབས་སུ་བདུད་རྟ་ནག་པོ་འཆིབ༔ བདུད་རྟ་ནག་པོ་མིག་གཅིག་ལ༔ ནད་དང་ཁྲག་གི་ཤྭ་རྡེལ་འགེལ༔ འཁོར་དུ་བདུད་པོ་འབུམ་གྱིས་བསྐོར༔ ཤ་ལ་དགའ་ཞིང་ཁྲག་ལ་དད༔ ཞེ་སྡང་འབར་བའི་ནམ་མཁའ་ལ༔ གཏི་མུག་འབར་བའི་ས་གཞི་སྟེ༔ བདུད་ཡུལ་ངམ་ཤོད་དྲུང་གཅིག་ན༔ ལྕགས་མཁར་སྔོན་པོའི་ནང་ན་བཞུགས༔ གཡས་ན་བདུད་ཀྱི་གིང་བརྒྱ་འགྱེད༔ མདུན་ན་བདུད་ཀྱི་གིང་ཆེན་རེ༔ རྔམས་པ་སྟག་མགོ་གསོད་ཅིང་རྔམ༔ སྲིད་པ་གསུམ་གྱི་བདག་པོ་སྟེ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ བསྟན་པའི་རུ་དྲ་རྩད་ནས་ཆོད༔ ཨོཾ་ཡང་འདྲེ་ཡང་སམ་དང་ལིང་ཤམ་ཛ༔ མི་ལི་སམ་པྲ་ཤ་མ༔ དགྲ་བོའི་སྲོག་ལ་རྦད༔ བྷྱོ༔ བདུད་ཡུལ་ངམ་ཤོད་དྲུང་རྩལ་ན༔ ཐོད་རུས་འབར་བའི་སྐུ་མཁར་ན༔ སྲིད་པ་ཡོངས་ལ་དབང་སྒྱུར་བའི༔ བཙན་བདུད་ཡོར་པོ་དེ་ན་བཞུགས༔ སྐུ་མདོག་དམར་ནག་འབར་བ་ལ༔ ཞལ་བགྲད་མཆེ་གཙིགས་སྤྱན་རྩ་དམར༔ ཁམ་ནག་རལ་པ་གྱེན་དུ་བརྫེས༔ བདུད་ཀྱི་བེར་ནག་སྐུ་ལ་གསོལ༔ ཕྱག་ན་ཟངས་ཀྱི་འཁར་བ་ཐོགས༔ ཆིབས་སུ་འཕར་སྤྱང་མང་པོ་འཆིབ༔ སྲིད་གསུམ་རྒྱུག་ཅིང་སྐོས་བསྟིམས་ནས༔ སྐྱེ་འགྲོ་ཀུན་ལ་ལིངས་ཀྱང་འདེབས༔ སྲིད་པའི་ཚེ་སྲོག་དབང་སྒྱུར་ཞིང༔ ཕོ་བདུད་ཐམས་ཅད་མདུན་མར་སྡུད༔ གིང་ཆེན་ཐམས་ཅད་ཕོ་ཉར་འགྱེད༔ གསད་གཅད་ལ་སོགས་ཤ་ཁྲག་གསོལ༔ ཐུགས་དམ་བསྐུལ་ནས་སྐྱོད་ཙམ་ན༔ རླུང་ནག་འཚུབ་ཅིང་སྲིད་པ་གཡོམ༔ སྐམ་སྐམ་ཁྲོ་ཞིང་གསོད་ལ་རྔམས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ བསྟན་པའི་རུ་དྲ་རྩད་ནས་ཆོད༔ ཨོཾ་ཡག་ཤ་ཁ་ལིང༔ པྲ་རྩེ་རྩི་ར་ཛ༔ ཁ་ལོ་བཾ་ཤི་ཁམ༔ དགྲ་བོའི་སྲོག་ལ་རྦད་ཡ༔ བྷྱོ༔ བདུད་ཆེན་ཁྱབ་པ་ལག་རིང་ནི༔ ལྕགས་མཁར་ནག་པོའི་ནང་ཤེད་ནས༔ སྐུ་མདོག་མཐིང་ནག་འབར་བ་ལ༔ རལ་པ་ཁམ་ནག་གྱེན་དུ་བརྫེས༔ ཞལ་གདངས་མཆེ་གཙིགས་དུག་མིག་བསྒྲད༔ ལྕགས་ཁྲབ་སྔོན་པོ་སྐུ་ལ་གསོལ༔ གཡུ་ཡི་འཁར་བ་ཕྱག་ན་བསྣམས༔ སྲིད་པ་གསུམ་ཉུལ་བླ་ཚེ་རྐུ༔ རལ་པ་གསིགས་པས་མུན་ནག་འཁྱིལ༔ མཆེ་གཙིགས་བདུད་ཕྲན་ལས་ལ་འགྱེད༔ ཁ་ནས་མེ་འབར་ལམས་སེ་ལམ༔ སྣ་ནས་དུད་འཐུལ་ཐུ་ལུ་ལུ༔ རལ་པ་རབ་ཏུ་སྤྲུགས་པ་ཡིས༔ གཟའ་རྒོད་ཆར་དུ་འབེབ་པར་བྱེད༔ རྒྱུ་སྐར་ཐམས་ཅད་ཚོམ་བུར་འཁྲིགས༔ རབ་ཏུ་ཁྲོས་པས་རྦད་པའི་ཚེ༔ དགྲ་བོའི་སྲོག་རྩ་དམར་པོ་གཅོད༔ སྙིང་ཁྲག་དྲོན་མོ་ཞལ་དུ་སྟོབ༔ བདུད་ཕྲན་ཐམས་ཅད་ལས་ལ་གཏོང༔ ཆིབས་སུ་གདུག་པའི་དོམ་ནག་འཆིབ༔ ལས་སུ་དགྲ་བོའི་ཤ་ཁྲག་ཟ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ བསྟན་པའི་རུ་དྲ་རྩད་ནས་ཆོད༔ ཨོཾ་མུ་ཏི་ཁ་རུ་མ་པ་ཤ་ཡ་ཛ༔ ས་མ་དང་ལིང་ཀཾ་ཀཾ་དགྲ་བོའི་སྲོག་ལ་རྦད་ཡ༔ བྷྱོ༔ བདུད་ཆེན་ཐོམ་པོ་བསེ་མཁར་ཅན༔ བདུད་རྗེ་རྒྱལ་པོ་མ་རུངས་པ༔ སྐུ་མདོག་སྨུག་ནག་འབར་བ་ལ༔ ཞལ་བསྒྲད་མཆེ་གཙིགས་སྤྱན་རྩ་ལྡོག༔ རལ་པ་ཁམ་ནག་གྱེན་ལ་བསྒྲེང༔ ཕྱག་ན་བསེ་ཡི་འཁར་བ་བསྣམས༔ སྐུ་ལ་གཡག་ཐུལ་སྔོན་པོ་གསོལ༔ ཆིབས་སུ་ལྐུག་པ་ལུག་ལ་འཆིབ༔ སྲིད་པ་གསུམ་ལ་དབང་སྒྱུར་ཞིང༔ གདུག་པ་མ་ལུས་སྒྲོལ་བར་བྱེད༔ དྲག་ཏུ་ཁྲོས་ནས་རྦད་པའི་ཚེ༔ དགྲ་བོའི་ཤ་ཁྲག་རྩ་རྒྱུས་འདྲེན༔ གདུག་པའི་མཚོན་ཆ་ཆར་དུ་འབེབ༔ ཐོགས་པ་མེད་པར་སྒྲོལ་ལ་བརྩོན༔ བདུད་པོ་མི་ཟན་ཕོ་ཉར་འགྱེད༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ བསྟན་པའི་རུ་དྲ་རྩད་ནས་ཆོད༔ ཨོཾ་ཁ་རུ་པྲ་ཡ་ཤཾ་ཛ༔ ཁ་ར་བ་ཤ་ཐུམས་དགྲ་བོའི་སྲོག་ལ་རྦད་ཡ༔ ཀྱེ༔ བདུད་པོ་ནག་པོ་འཁོར་དང་བཅས༔ དཔལ་ལྡན་མགོན་པོའི་བཀའ་འཁོར་དུ༔ བདུད་ཀྱི་དམག་གི་དཔུང་བྱས་ནས༔ སྔོན་ཚེ་ལྷ་མིན་གཡུལ་བཟློག་ལྟར༔ ད་ཡང་དགྲ་བགེགས་འདུལ་འཚལ་གྱིས༔ རི་རབ་ཆེན་པོའི་ནུབ་བྱང་འདིར༔ བདུད་མཁར་ནག་པོ་གནས་ཀྱི་རྟེན༔ དར་མདུང་ནག་པོ་དཔའ་བོའི་ཆས༔ བདུད་ཁྲམ་ནག་པོ་འདེབས་པའི་མཚོན༔ ནམ་མཁའ་ནག་པོ་འཇའ་རིས་ཅན༔ རྩེ་ལ་ཀྱུང་ཀའི་སྒྲོ་ཡིས་བརྒྱན༔ ལོགས་ལ་དར་ནག་པུ་རུ་རུ༔ མགུལ་ན་ཡུངས་དཀར་ཤ་ར་ར༔ ཁྱེད་ཀྱི་ཞལ་དང་གཉིས་སུ་མེད༔ མདའ་ནག་ཁྲམ་བམ་བདུད་ཞགས་རིས༔ ལྕགས་འཕང་དུང་གི་མེ་ལོང་ཅན༔ རྒྱང་བུ་ནག་པོ་ཉི་ཟླས་བརྒྱན༔ ཤིང་གྲི་མཛེས་པའི་ཡུལ་མཁར་རིས༔ རྣལ་འབྱོར་འཁོར་བཅས་གླུད་དུ་འབུལ༔ ནག་པོ་བདུད་ཀྱི་ཆད་པ་རྣམས༔ བསྟན་པ་འཇིག་པའི་དགྲ་ལ་སྒྱུར༔ མི་ནག་རྟ་ནག་བྱ་ནག་སྙིང་ལ་སོགས༔ བདུད་པོ་འཁོར་བཅས་དཀོར་གྱི་དབྱིག༔ གླང་ནག་རྟ་ནག་ལ་སོགས་པ༔ བདུད་པོ་འཁོར་བཅས་མཐུན་པའི་རྫས༔ མི་ཟད་ལོངས་སྤྱོད་ཀུན་འབུལ་གྱིས༔ འདིར་གཤེགས་དམ་བསྐངས་ཕྲིན་ལས་མཛོད༔ སྲ་བའི་གོ་ཆ་སྐུ་ལ་གྱོན༔ རྣོ་བའི་མཚོན་ཆ་ལག་ཏུ་ཐོགས༔ དམག་དཔུང་སྐྱེད་ལ་རུ་མཚོན་ཕྱོར༔ དྲག་ཤུལ་སྐྱེད་ལ་མཐུ་རྩལ་ཕྱུངས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་རྣམས་ཞི་བར་མཛོད༔ ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ༔ ལོག་པར་ལྟ་བ་དབང་དུ་སྡུས༔ བཅོལ་པའི་ལས་རྣམས་མ་གཡེལ་བར༔ བསྟན་པའི་དགྲ་བགེགས་རྩད་ནས་ཆོད༔ བདུད་པོ་ནག་པོ་སརྦ་རུ་ཏྲི་དགྲ་བོའི་སྲོག་ལ་ཐུམས་རི་ལི་ལི་རྦད་བྷྱོ༔ ཞེས་ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས་པ་ལ་བསྔོ་ཞིང་ཕྲིན་ལས་བཅོལ་ལོ༔ དེ་ནས་ཕྱོགས་བཞིའི་ཤན་པ་སྡེ་བཞི་ལ་བསྔོ་བ༔ ཀྱེ༔ དཔལ་ལྡན་མགོན་པོ་ལྕམ་དྲལ་གྱི༔ ཕོ་ཉ་ལས་བྱེད་མཐུ་བོ་ཆེ༔ དགྲ་བོའི་སྲོག་གི་ཤན་པ་ནི༔ ཕྱོགས་བཞིའི་དབང་ཆེན་སྡེ་བཞི་ཡིན༔ མདོས་དང་གླུད་ལ་སྤྱན་འདྲེན་གྱིས༔ འདིར་གཤེགས་དམ་སྐོང་ཕྲིན་ལས་མཛོད༔ ཀྱེ༔ ཤར་ཕྱོགས་སྲིད་པ་སྲོག་གི་བདག༔ རྒྱལ་པོ་ཆེན་པོ་བཞུགས་པ་ནི༔ ཕྱོགས་ཕྱོགས་དེ་ནི་ཕ་གི་ན༔ ཉི་མ་ཤར་ཕྱོགས་ཕ་གི་ན༔ ཡུལ་ཡང་དེ་ནི་ཤེལ་གྱི་ཡུལ༔ མཁར་ཡང་དེ་ནི་ཤེལ་གྱི་མཁར༔ ཤེལ་མཁར་གནམ་དུ་ལྡེམས་སེ་ལྡེམ༔ མི་ཡང་དེ་ནི་ཤེལ་གྱི་མི༔ ཤེལ་འོད་དཀར་པོ་ལམས་སེ་ལམ༔ རྩེ་ལ་བྱ་དཀར་ཟེ་དམར་ལྡིང༔ བྱ་སྐད་དེ་ནི་ཅོངས་སེ་ཅོང༔ སྒོ་ན་ཁྱི་དཀར་སྣ་དམར་ཟུག༔ ཁྱི་སྐད་དེ་ནི་ཀངས་སེ་ཀང༔ མདུན་ན་རྟ་དཀར་རྔོག་དམར་རྒྱུག༔ རྟ་སྐད་དེ་ནི་ཙེ་རེ་རེ༔ ར་བར་ལུག་དཀར་ར་དཀར་འཕྱོ༔ ལུག་དཀར་འབའ་སྒྲ་དི་རི་རི༔ ར་དཀར་སྦྲིད་པ་ཤ་ར་ར༔ ཤེལ་བྲག་འབུམ་གྱིས་མཐའ་བསྐོར་ནས༔ ཤེལ་མཁར་དེ་ཡི་ནང་ཤེད་ན༔ སྐྱེས་བུ་ཤར་ཕྱོགས་རྒྱལ་པོ་བཞུགས༔ ཁྱོད་ཀྱི་ཕ་དང་ཡབ་ཀྱི་མཚན༔ ཕ་ཡབ་བདུད་ཀྱི་རྒྱལ་པོ་ཡིན༔ ཡར་ལ་ཤོད་ཀྱི་སྐྱེས་ཏོ་རེ༔ དུང་གི་སྟག་ཅན་དཀར་པོར་སྤྲུལ༔ མ་དང་དེ་ནི་ཡུམ་གྱི་མཚན༔ མ་བདུད་ཀྱི་ནི་རྒྱལ་མོ་ནི༔ མངའ་བདག་པདྨའི་ཕྲེང་ཞེས་བྱ༔ གཡུ་ཡི་བྱ་རྒོད་སྔོན་པོར་སྤྲུལ༔ དེ་གཉིས་དཔྱལ་དང་བཤོས་པའི་སྲས༔ སྐྱེས་བུ་སྐུ་ལྷ་གསང་བ་བྱ༔ སྐུ་མདོག་དཀར་པོ་འབར་བ་ལ༔ སྐུ་ལ་འོད་དཀར་ལམས་སེ་ལམ༔ དབུ་ལ་ཤེལ་གྱི་རལ་པ་ཅན༔ ཤེལ་གྱི་རལ་པ་ཤ་ར་ར༔ དཔྲལ་བའི་དབྱིངས་ན་སྤྱན་གཅིག་པོ༔ སྤྱན་གཅིག་དེ་ནི་ཧྲིགས་སེ་ཧྲིག༔ རྔམ་པའི་ཞལ་ལ་ཚེམས་གཅིག་པོ༔ ཚེམས་གཅིག་དེ་ནི་ཙ་ར་ར༔ གཡས་པ་ཤེལ་གྱི་སྤུ་གྲི་ཡིས༔ བསྟན་པའི་དགྲ་བོའི་སྲོག་རྩ་གཅོད༔ གཡོན་པ་ཉི་ཟེར་ཞགས་པ་ཡིས༔ དགྲ་བོའི་ཚེ་སྲོག་དབང་དུ་སྡུད༔ སྐུ་ལ་དར་དཀར་རལ་ག་གསོལ༔ གིང་ཆེན་ཐམས་ཅད་དབང་དུ་སྡུད༔ ཆིབས་སུ་སེང་གེ་དཀར་པོ་འཆིབ༔ ཡིད་ཀྱི་བསམས་པས་ཡུད་ཀྱིས་ཕྱིན༔ ཀུན་གྱི་སྲོག་ལ་མངའ་མཛད་པ༔ སྲིད་པའི་སྲོག་བདག་ཆེན་པོ་སྟེ༔ གཟུགས་ཁམས་ལྷ་ཡི་སྡེ་དཔོན་པོ༔ ཚངས་པ་ཆེན་པོ་ཞེས་ཀྱང་བྱ༔ ལི་བྱིན་ཧར་ལེགས་ཞེས་ཀྱང་བྱ༔ གིང་ཆེན་བདུད་ཀྱི་སྡེ་དཔོན་པོ༔ གིང་ཆེན་དམག་དཔོན་ཞེས་ཀྱང་བྱ༔ ཉི་སང་པད་ཀྱི་རྒྱལ་པོ་བྱ༔ ཉི་མ་ཤར་ལ་མངའ་མཛད་པ༔ ཤར་གྱི་ཟང་ཡག་ཅེས་ཀྱང་བྱ༔ གིང་ཆེན་འབུམ་གྱི་འཁོར་དང་བཅས༔ སྔོན་ཚེ་ཁས་བླངས་དམ་བཅས་ལྟར༔ ད་ལྟ་དགྲ་བགེགས་བསྒྲལ་འཚལ་གྱིས༔ གིང་ཆེན་རི་རབ་ཤར་ཕྱོགས་འདིར༔ ཤེལ་མཁར་གཡུ་བད་གནས་ཀྱི་རྟེན༔ ཤེལ་མདུང་བ་དན་འདེབས་པའི་མཚོན༔ སྨྱུག་རྒོད་རྒྱལ་མཚན་སྐུ་ཡི་རྟེན༔ ཤེལ་མཁར་ནམ་མཁའ་འཇའ་རིས་ཅན༔ རྩེ་ལ་ཐང་དཀར་སྒྲོ་ཡིས་བརྒྱན༔ ལོགས་ལ་དར་དཀར་པུ་རུ་རུ༔ མགུལ་ན་ཡུངས་དཀར་ཤ་ར་ར༔ རྒྱལ་པོའི་ཞལ་དང་གཉིས་སུ་མེད༔ དུང་མདའ་སྤུ་གྲི་ཞགས་པ་རིས༔ དུང་འཕང་མཆོང་གི་མེ་ལོང་རིས༔ དུང་རྒྱང་དཀར་པོ་ཉི་ཟླས་བརྒྱན༔ ཤིང་གྲི་མཛེས་པའི་ཡུལ་མཁར་རིས༔ རྣལ་འབྱོར་འཁོར་བཅས་གླུད་དུ་འབུལ༔ དཀར་པོ་དྲུག་གི་རྒྱལ་མཚན་དང༔ གསང་ཕྱི་བཤོས་བུ་གསེར་སྐྱེམས་སོགས༔ རྒྱལ་ཆེན་འཁོར་བཅས་མཐུན་པའི་རྫས༔ བྱ་དཀར་ཟེ་དམར་ལ་སོགས་པ༔ དཀར་པོ་རྣམ་དྲུག་རྒྱལ་མཚན་བཅས༔ གིང་ཆེན་འཁོར་བཅས་དཀོར་གྱི་དབྱིག༔ མི་ཟད་ལོངས་སྤྱོད་ཀུན་འབུལ་གྱིས༔ ཁྱེད་ཀྱི་ཐུགས་དམ་དེས་བསྐངས་ལ༔ སྲ་བའི་གོ་ཆ་སྐུ་ལ་གྱོན༔ རྣོ་བའི་མཚོན་ཆ་ལག་ཏུ་ཐོགས༔ དམག་དཔུང་སྐྱོད་ལ་རུ་མཚོན་ཕྱོར༔ དྲག་ཤུལ་སྐྱེད་ལ་མཐུ་རྩལ་ཕྱུངས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་རྣམས་ཞི་བར་མཛོད༔ ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ༔ ལོག་པར་ལྟ་བ་དབང་དུ་སྡུས༔ བཅོལ་པའི་ལས་རྣམས་མ་གཡེལ་བར༔ བསྟན་པའི་དགྲ་བགེགས་རྩད་ནས་ཆོད༔ ཏྲི་ཙ་ལེ་ཏྲི་ཙ་ལ་ཨ་ཤུག་མེ༔ བཾ་ལཾ་པ་ཤཾ་ཏྲི་ཙ་ལ་དུ༔ ཤེལ་གྱི་རུ་གཉན་དཀར་པོ་དུན་བྷྱོ༔ ཙིཏྟ་སྲོག་ལ་ནན༔ བཾ་རིལ་རྦད༔ པེ་དཀར་དགྲ་བླ་ལ་བསྔོ་བ༔ བྷྱོ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ རྒྱལ་པོའི་སྐུ་གཅིག་བཞུགས་པ་ནི༔ ཕ་ནི་བདུད་ལ་མ་ནི་ཀླུ༔ བདུད་དང་ཀླུ་གཉིས་བཤོས་པའི་སྲས༔ སྟོང་དཔོན་ཆེན་པོ་མཆེད་ལྔར་བལྟམས༔ དེ་ལྟར་ལྔ་ཡི་ལྔ་ཚིགས་པ༔ དགེ་བསྙེན་ཆེན་པོར་མཚན་ཡང་བཏགས༔ དགྲ་བླ་ཆེན་པོར་མངའ་ཡང་གསོལ༔ དགུང་སྔོན་སྟེང་དུ་གནས་བཅས་ནས༔ མཐུ་སྟོབས་ཀུན་གྱི་བདག་པོ་མཛད༔ དེ་ནས་བར་གྱི་བསྐལ་པ་ལ༔ བྷ་ཏ་ཧོར་གྱི་ཡུལ་ན་བཞུགས༔ སྒོམ་གྲྭའི་སྲུང་མར་མངའ་ཡང་གསོལ༔ དེ་ནས་ཐ་མ་ད་ལྟའི་དུས༔ མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱིས༔ ཆོས་འཁོར་བསམ་ཡས་བཞེངས་པའི་ཚེ༔ ལྷ་འདྲེ་མཐུ་ཆེན་བསམ་ཡས་ཀྱང༔ ཆོས་འཁོར་སྲུང་མ་མ་རྙེད་ནས༔ བདག་འདྲ་པདྨ་འབྱུང་གནས་དང༔ མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱིས༔ མགྱོགས་པའི་ཇག་པ་བཀྲམ་ནས་ནི༔ ཆོས་འཁོར་སྲུང་མའི་དོན་ཆེད་དུ༔ བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ༔ དཀོར་ཆ་མང་པོ་ཁྱེར་ནས་འོང༔ དེ་ཕྱིར་རྒྱལ་པོ་སྤྱན་དྲངས་ནས༔ བསམ་ཡས་པེ་དཀར་གླིང་དུ་བྱོན༔ གནས་དང་རྟེན་དུ་བྱས་ཏེ་བཞུགས༔ ཉིན་བཞིན་བཤུགས་པ་ཀྱུ་རུ་རུ༔ མཚན་བཞིན་བསོ་སྒྲ་དི་རི་རི༔ ནངས་ནུབ་འོད་དུ་ཁྱུགས་སེ་ཁྱུག༔ དེ་ན་རྒྱལ་པོ་སྐུ་བཞུགས་པ༔ ཞལ་གཅིག་ཕྱག་གཉིས་འཇིགས་པ་ལ༔ དབུ་ལ་མོན་གྱི་སྨྱུག་ཞུ་གསོལ༔ སྐུ་ལ་དར་བེར་ནག་པོ་གསོལ༔ ཕྱག་ན་དུང་གི་སྦ་གུག་བསྣམས༔ ཤེར་ཤིང་གསེག་ཤང་སི་ལི་ལི༔ ཆིབས་སུ་བ་གླང་སྣ་རིང་འཆིབ༔ ཡུམ་གཅིག་ཤཱནྟིཾ་རོ་ཟན་མ༔ བུད་མེད་ནག་མོ་འོ་དོད་འབོད༔ ནང་གི་བློན་པོ་པུ་ཏྲ་རྡོ་རྗེ་འབར༔ ཕྱི་ཡི་བློན་པོ་ཧ་ཤ་ལག་འགྲོལ་ལགས༔ ཕྱག་བརྙན་གཟུངས་པ་མོན་བུ་པུ་ཏྲ་དང༔ མག་པ་གནམ་ཐེ་དཀར་པོ་འགྱེད༔ ཁྱེད་ཀྱི་གཡས་ཀྱི་རུ་འདྲེན་པ༔ དཔའ་བོ་སྟག་ཆས་བརྒྱ་ཡིས་འདྲེན༔ ཁྱོད་ཀྱི་གཡོན་གྱི་རུ་འདྲེན་པ༔ ཉན་ཐོས་དགྲ་བཅོམ་བརྒྱ་ཡིས་འདྲེན༔ ཁྱོད་ཀྱི་སྔོན་གྱི་སྣ་མཚོན་པ༔ བུད་མེད་ནག་མོ་བརྒྱ་ཡིས་མཚོན༔ སྐྱེས་བུའི་སླད་ཀྱི་རྗེས་ཉུལ་བ༔ བནྡེ་ནག་པོ་བརྒྱ་ཡིས་ཉུལ༔ ཁྱོད་ཀྱི་སྐུ་ཡི་སྐྱོ་སངས་ནི༔ འབག་སེང་གར་མཁན་སུམ་བརྒྱ་ལྡིང༔ རྒྱལ་པོ་འཁོར་དང་བཅས་པ་རྣམས༔ སྔོན་ཚེ་ཁས་བླངས་དམ་བཅས་ལྟར༔ ད་ལྟ་དགྲ་བགེགས་བསྒྲལ་འཚལ་གྱིས༔ གླིང་བཞི་རི་རབ་ལྷོ་ཕྱོགས་འདིར༔ གསེར་མཁར་དབུ་རྩེ་གནས་ཀྱི་རྟེན༔ གསེར་མདུང་བ་དན་འདེབས་པའི་མཚོན༔ སྨྱུག་རྒོད་རྒྱལ་མཚན་སྐུ་ཡི་རྟེན༔ གསེར་གྱི་ནམ་མཁའ་འཇའ་རིས་ཅན༔ རྩེ་ལ་གསེར་བྱའི་སྒྲོ་ཡིས་བརྒྱན༔ ལོགས་ལ་དར་སེར་པུ་རུ་རུ༔ མགུལ་ན་ཡུངས་དཀར་ཤ་ར་ར༔ རྒྱལ་པོའི་ཞལ་དང་གཉིས་སུ་མེད༔ གསེར་མདའ་མཛེས་པའི་གསེག་ཤང་རིས༔ གསེར་འཕང་གཡུ་ཡི་མེ་ལོང་ཅན༔ གསེར་རྒྱང་སེར་པོ་ཉི་ཟླས་བརྒྱན༔ ཤིང་གྲི་མཛེས་པའི་ཡུལ་མཁར་རིས༔ རྣལ་འབྱོར་འཁོར་བཅས་གླུད་དུ་འབུལ༔ གསང་ཕྱི་བཤོས་བུ་གསེར་སྐྱེམས་སོགས༔ རྒྱལ་ཆེན་འཁོར་བཅས་མཐུན་པའི་རྫས༔ སྟག་སྤྲེ་སྤྱང་ཀི་ལ་སོགས་པ༔ རྒྱལ་པོ་འཁོར་བཅས་དཀོར་གྱི་དབྱིག༔ མི་ཟད་ལོངས་སྤྱོད་ཀུན་འབུལ་གྱིས༔ ཁྱེད་ཀྱི་ཐུགས་དམ་དེས་བསྐངས་ལ༔ སྲ་བའི་གོ་ཆ་སྐུ་ལ་གྱོན༔ རྣོ་བའི་མཚོན་ཆ་ལག་ཏུ་ཐོགས༔ དམག་དཔུང་སྐྱོད་ལ་རུ་མཚོན་ཕྱོར༔ དྲག་ཤུལ་སྐྱེད་ལ་མཐུ་རྩལ་ཕྱུངས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་རྣམས་ཞི་བར་མཛོད༔ ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ༔ ལོག་པར་ལྟ་བ་དབང་དུ་སྡུས༔ བཅོལ་པའི་ལས་རྣམས་མ་གཡེལ་བར༔ བསྟན་པའི་དགྲ་བགེགས་རྩད་ནས་ཆོད༔ རཱ་ཙ་སི་ཏི་ས་མ་ཡ་ཛཿཐིབ་ཐིབ༔ རཱ་ཙ་ཨ་ཧོ་བྲུཾ་རྦད༔ ཤ་མ་རུ་ཏྲི་མ་ཧོ་ཛ༔ སུཾ་ཏྲི་རག་ཤ་དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ སྐྱེས་བུ་རྡོ་རྗེ་ལེགས་པ་ལ་བསྔོ་བ༔ ཧཱུྃ་བྷྱོ༔ ཕྱོགས་ཕྱོགས་དེ་ནི་ཕ་གི་ན༔ ཉི་མ་ནུབ་ཕྱོགས་ཕ་གི་ན༔ སྐྱེས་བུ་རྡོ་རྗེ་ལེགས་པ་བཞུགས༔ གཙང་བཙན་ཆེན་པོ་དེ་ན་བཞུགས༔ ཚོང་དཔོན་ཆེན་པོ་དེ་ན་བཞུགས༔ དགྲ་བླ་ཆེན་པོ་དེ་ན་བཞུགས༔ དགེ་བཤེས་དམ་པ་དེ་ན་བཞུགས༔ སྐྱེས་བུ་ཆོས་མཁན་དེ་ན་བཞུགས༔ དབུ་ལ་རིན་ཆེན་པྲོག་ཞུ་གསོལ༔ སྐུ་ལ་ན་བཟའ་ངུར་སྨྲིག་གསོལ༔ ཤེལ་གྱི་ཕྲེང་བས་ག་ཤལ་བྱས༔ ཞབས་ལ་སྭག་ཏི་ཡུ་རིང་གསོལ༔ ཕྱག་ན་གསེར་གྱི་རྡོ་རྗེ་བསྣམས༔ རྐེད་ལ་ཕྱག་ཤིང་ཡུ་རིང་བཙུགས༔ མཆེད་ཟླ་སུམ་བརྒྱ་དྲུག་ཅུ་ལ༔ དམ་ཆོས་བདེན་པའི་བཀའ་ཡང་འཆད༔ དེ་ལ་མིང་དང་མཚན་བཏགས་པ༔ ཤེས་རབ་ལེགས་སྐྱོང་ཆེན་པོ་བྱ༔ དགེ་བཤེས་ཆེན་པོའི་ཚུལ་དུ་བཞུགས༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ བྷྱོ༔ དེ་ནས་བནྡེ་མཛད་ཙམ་ན༔ སྐུ་ལ་མི་ཡི་གཡང་གཞི་གསོལ༔ དབུ་ལ་སྲིད་པའི་སྤྱི་བླུགས་གྱོན༔ ཕྱག་ན་བདུད་ཀྱི་ཁྲམ་ཤིང་བསྣམས༔ ཆིབས་སུ་ལྕགས་ཀྱི་སྤྱང་པོ་འཆིབ༔ འཁོར་དུ་གིང་དང་མ་མོས་བསྐོར༔ མཚན་ནི་སློབ་དཔོན་ལེགས་པ་བྱ༔ དགེ་བསྙེན་ཆེན་པོ་རིག་པ་ཅན༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ བྷྱོ༔ དེ་ནས་ཇག་དཔོན་མཛད་པའི་ཚེ༔ དབུ་ལ་སྤྱང་ཞུ་འཐིབས་པ་གསོལ༔ སྐུ་ལ་སེང་གེའི་སླག་པ་གསོལ༔ སྟག་རལ་དེ་ནི་གཡས་ན་བཀྲ༔ གཟིག་ཤུབས་དེ་ནི་གཡོན་ནས་འཁྱུགས༔ ཕྱག་ན་དར་མདུང་དམར་པོ་བསྣམས༔ ཆིབས་སུ་ངང་པ་སེར་པོ་འཆིབ༔ འཁོར་དུ་བཙན་ཕྲན་མང་པོས་བསྐོར༔ བཙན་གྱི་ཇག་པ་ཆེན་པོ་སྟེ༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ བྷྱོ༔ དེ་ནས་ཚོང་དཔོན་མཛད་ཙམ་ན༔ དབུ་ལ་འོབ་ཞྭ་ཆེན་པོ་གསོལ༔ སྐུ་ལ་གཡི་སྤྱང་སླག་པ་གསོལ༔ ཕྱག་ན་སྦ་ལྕག་དཀར་པོ་བསྣམས༔ ཆིབས་སུ་དྲེ་འུ་གྭ་པ་འཆིབ༔ ཁྲལ་ལ་མཛོ་དྲེལ་བོང་ནག་དེད༔ ཁལ་དུ་ལ་རྫས་རྒྱ་རྫས་འགེལ༔ འཁོར་དུ་ཚོང་དཔོན་མང་པོས་བསྐོར༔ མཚན་ནི་ཚོང་དཔོན་ལེགས་པ་བྱའོ༔ ཚོང་དཔོན་ཆེན་པོ་ཀུན་ཏུ་རྒྱུ༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ དེ་ནས་བསྟན་པ་སྲུང་བའི་ཚེ༔ མི་རྫུ་དགུ་རྫུ་རྫུ་འཕྲུལ་ཅན༔ སྤྲུལ་པ་དཔག་ཏུ་མེད་པ་འགྱེད༔ གཡས་གཡོན་རལ་གྲི་ཁྲམ་ཤིང་བསྣམས༔ ཆིབས་སུ་ཞུར་པོ་ལག་དཀར་འཆིབ༔ དམ་ཉམས་དགྲ་བོའི་གཤེད་མ་མཛད༔ སྔོན་ཚེ་རྡོ་རྗེ་ལེགས་པ་སྐྱོང༔ ད་ལྟ་གཙང་བཙན་སྐྱེས་གཅིག་པོ༔ འཁོར་དུ་སུམ་བརྒྱ་དྲུག་ཅུར་བཅས༔ སྔོན་ཚེ་ཁས་བླངས་དམ་བཅས་ལྟར༔ ད་ཡང་དགྲ་བགེགས་བསྒྲལ་བྱའི་ཕྱིར༔ གླིང་བཞི་རི་རབ་ནུབ་ཕྱོགས་ན༔ མཆོང་མཁར་སུམ་ཐོག་གནས་ཀྱི་རྟེན༔ དར་མདུང་དམར་པོ་འདེབས་པའི་མཚོན༔ སྨྱུག་རྒོད་ལྷ་ཤུག་སྐུ་ཡི་རྟེན༔ བྱེ་རུའི་ནམ་མཁའ་འཇའ་རིས་ཅན༔ རྩེ་ལ་ཟེར་མོའི་སྒྲོ་ཡིས་བརྒྱན༔ ལོགས་ལ་དར་དམར་པུ་རུ་རུ༔ མགུལ་ན་ཡུངས་དཀར་ཤ་ར་ར༔ དགྲ་བླའི་ཞལ་དང་གཉིས་སུ་མེད༔ མདའ་དམར་གྱི་ནི་ཕྱག་མཚན་རིས༔ མཆོང་འཕང་དུང་གི་མེ་ལོང་ཅན༔ རྒྱང་བུ་དམར་པོ་ཉི་ཟླས་བརྒྱན༔ ཤིང་གྲི་མཛེས་པའི་ཡུལ་མཁར་རིས༔ རྣལ་འབྱོར་འཁོར་བཅས་གླུད་དུ་འབུལ༔ གྲི་བཤོས་གསེར་སྐྱེམས་ར་ཤ་སོགས༔ དགྲ་བླ་ཆེན་པོའི་མཐུན་པའི་རྫས༔ ར་ལུག་རྟ་བོང་དྲེའུ་ཁལ་སོགས༔ གཙང་བཙན་འཁོར་བཅས་དཀོར་གྱི་དབྱིག༔ མི་ཟད་ལོངས་སྤྱོད་ཀུན་འབུལ་གྱིས༔ ཁྱེད་ཀྱི་ཐུགས་དམ་དེས་བསྐངས་ལ༔ སྲ་བའི་གོ་ཆ་སྐུ་ལ་གྱོན༔ རྣོ་བའི་མཚོན་ཆ་ལག་ཏུ་ཐོགས༔ དམག་དཔུང་སྐྱོད་ལ་རུ་མཚོན་ཕྱོར༔ དྲག་ཤུལ་སྐྱེད་ལ་མཐུ་རྩལ་ཕྱུངས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་རྣམས་ཞི་བར་མཛོད༔ ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ༔ ལོག་པར་ལྟ་བ་དབང་དུ་སྡུས༔ བཅོལ་པའི་ལས་རྣམས་མ་གཡེལ་བར༔ བསྟན་པའི་དགྲ་བགེགས་རྩད་ནས་ཆོད༔ བག་ཏྲཾ་ཤི་ནི་ཀྲ་མ་ནི༔ བཛྲ་སཱ་དྷུ་ས་མ་ཡ༔ ཏྲི་ཏྲི་ཛཿཛ༔ པྲ་ན་རྦད་དུཾ༔ ཚེ་ལ་གུར་པ་ཏི་བ་དུ་ཡ༔ གིང་ཀ་ར་ལས་ལ་བྷྱོ་བྷྱོ༔ སྲིན་པོ་ནག་པོ་ལ་བསྔོ་བ༔ བྷྱོ༔ འདས་པའི་དུས་ན་སྔོན་བྱུང་བའི༔ དུར་ཁྲོད་ཆེན་པོ་བསིལ་བའི་ཚལ༔ བམ་རི་ཐོད་མཁར་ཆེན་པོ་ལ༔ གནམ་ལྕགས་ཨུར་མོའི་གཟེར་བཏབ་ནས༔ ཏི་རའི་གདུང་དང་ཕྱམ་གྱིས་བྲེས༔ མི་ཡི་ཁྲག་ཚིལ་འདམ་གྱིས་བྱུགས༔ ཞིང་ལྤགས་ཐོག་ལ་རྒྱུ་མའི་རྒྱུད༔ ཞིང་བཅུ་རས་ཀྱི་ཁ་བད་བཏང༔ བསེ་ཡི་སྒོ་མོ་ཁྲིགས་སེ་ཁྲིག༔ སྤྲུལ་པའི་གློག་སྟོང་ཁྱུགས་སེ་ཁྱུག༔ གཟའ་སྐར་ཐོག་ལ་ཉི་ཟླའི་མཐོངས༔ སྔོན་པོ་གཡུ་ཡི་བ་གམ་ལ༔ རྩེ་ལ་ནད་ཀྱི་ན་བུན་འཐུལ༔ ཟུར་བཞིར་ཞིང་གི་རྒྱལ་མཚན་ཕྱར༔ ལོགས་བཞིར་འདབ་ཆགས་སྣ་ཚོགས་ལྡིང༔ སྟེང་ན་གནམ་ལྕགས་ཐོག་འབྲུག་ལྡིར༔ སྤྲིན་དང་ན་བུན་མུན་ལྟར་གཏིབས༔ ཤིང་ལོ་དུར་ཁྲོད་ཆས་ཀྱིས་བརྒྱན༔ ལྷ་སྲིན་ང་རོ་འོ་དོད་འབོད༔ ཐོད་མཁར་དེ་ཡི་ནང་ཤེད་ན༔ ལྷ་སྲིན་སྡེ་བརྒྱད་ཚོགས་ཀྱི་དབུས༔ གྲུ་གསུམ་གདུག་རྩུབ་འབར་བའི་དབུས༔ ནང་ན་ཞིང་ཆེན་གདན་ཁྲི་བརྩེགས༔ དེ་ན་སྲིན་པོའི་རྒྱལ་པོ་བཞུགས༔ ཕ་དང་དེ་ནི་ཡབ་ཀྱི་མཚན༔ གནོད་སྦྱིན་ཐོད་པའི་ཕྲེང་བ་ཅན༔ མ་དང་དེ་ནི་ཡུམ་གྱི་མཚན༔ ཀླུ་མོ་འཇིགས་པའི་གློག་ཕྲེང་མ༔ ཡབ་ཡུམ་ཉོན་མོངས་རང་གར་སྤྱད༔ དེ་ལ་ཞག་གསུམ་དྲོ་བཞི་ན༔ དུག་དང་ཁྲག་གི་གྲོད་པ་གཉིས༔ སྐྱེས་པས་ཕ་མ་འཇིགས་སྐྲག་ནས༔ གདུག་པའི་སྐད་ངན་ཕྱུང་བ་ལས༔ དེ་ཚེ་འཇམ་དཔལ་གཤེད་པོ་ཡིས༔ འདུལ་བའི་སྤྲུལ་པ་བཀྱེ་བ་ནི༔ མཁའ་འགྲོ་གཟི་བརྗིད་གློག་འགྱུ་ཡིས༔ ཡེ་ཤེས་རལ་གྲིས་གྲོད་པ་གཤགས༔ དེ་ཡི་ནང་ནས་བྱུང་བ་ནི༔ སྲིན་པོ་ཀཱ་ལ་སྲོག་ལེན་པོ༔ གཅེར་བུ་སྤྱན་གསུམ་འཇིགས་པའི་གཟུགས༔ ཁ་ནས་དུག་སྐྱུག་སྲིད་གསུམ་སྒྲོལ༔ ཕྱག་ན་བནྡྷ་ཐོགས་ནས་ནི༔ ཉིན་ལས་ཕོ་བརྒྱའི་སྲོག་ལ་ཟ༔ མཚན་ལས་མོ་བརྒྱའི་སྙིང་ཁྲག་འཐུང༔ སྲིན་རྟ་ཁམ་པ་ལ་བཅིབས་ནས༔ ནངས་ནུབ་མི་ལ་ལྟས་ངན་འབེབ༔ ཁྲག་གྲོད་བརྡལ་བའི་ནང་ཤེད་ནས༔ སྲིན་མོ་མཱ་ར་སྙིང་ཟན་མ༔ དམར་མོ་ཁྲག་གི་མེ་སྟག་འཕྲོ༔ ཁ་ནས་མཚོན་ཆའི་ཆར་པ་འབེབ༔ གྲི་གུག་སྙིང་ཕྲེང་ཐོགས་ནས་ནི༔ ཉིན་ལས་ཕོ་བརྒྱའི་སྙིང་ལ་ཟ༔ མཚན་ལས་མོ་བརྒྱའི་སྙིང་ཁྲག་འཐུང༔ ནངས་ནུབ་སྤྲུལ་པ་ལྟས་ངན་འགྱེད༔ སྲིན་པོ་སྲིན་མོ་དེ་གཉིས་ཀྱིས༔ སྲིད་གསུམ་འཇིག་རྟེན་ཕུང་བར་བྱས༔ དེ་དུས་བཅོམ་ལྡན་གཤེད་པོ་ཡིས༔ བཀའ་དང་དམ་ལ་བཏགས་ནས་ནི༔ སངས་རྒྱས་བསྟན་པའི་སྲུང་མར་བསྐོས༔ མི་ཡི་ཤ་ཁྲག་ཟ་བ་ལ༔ བ་ལིཾ་དགྲ་གཟུགས་ཀྱིས་མཆོད་དེ༔ སྲིན་པོ་ཤན་པ་སྲོག་ལེན་དང༔ མཱ་ར་སྙིང་ཟན་བྱ་བར་བཏགས༔ གསང་མཚན་ཤན་པ་དམར་ནག་བཏགས༔ ཤ་ཟན་གཅན་གཟན་ཅེ་སྤྱང་དང༔ ཀངྐ་རོ་ལངས་ལ་སོགས་པ༔ འཇིགས་ཤིང་ཡ་ངའི་ཚོགས་ཀྱིས་བསྐོར༔ དུག་ཁྲག་སྨྱོ་བའི་ནད་བདག་ཁྱོད༔ མ་ཧཱ་དེ་བ་བྲན་དུ་ཁོལ༔ སྐྱེ་འགྲོ་རྩིས་ལ་འདེབས་ཤིང་ཉུལ༔ མངག་པར་ལྷ་སྲིན་སྡེ་བརྒྱད་གཏོང༔ ཤ་ཟན་ཆེན་མོ་འཁོར་དང་བཅས༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ སྔོན་ཚེ་ཁས་བླངས་དམ་བཅས་ལྟར༔ ད་ལྟར་དགྲ་བགེགས་འདུལ་འཚལ་གྱིས༔ གླིང་བཞི་རི་རབ་བྱང་ཕྱོགས་འདིར༔ ཐོད་མཁར་སུམ་ཐོག་གནས་ཀྱི་རྟེན༔ དར་མདུང་དམར་པོ་འདེབས་པའི་མཚོན༔ ཞིང་ལྤགས་གདུགས་ཆུང་སྐུ་ཡི་རྟེན༔ དམར་ནག་ནམ་མཁའ་འཇའ་རིས་ཅན༔ རྩེ་ལ་སྲིན་བྱའི་སྒྲོ་ཡིས་བརྒྱན༔ ལོགས་ལ་དར་ནག་པུ་རུ་རུ༔ མགུལ་ན་ཡུངས་དཀར་ཤ་ར་ར༔ ཁྱེད་ཀྱི་ཞལ་དང་གཉིས་སུ་མེད༔ མདའ་ནག་ཤང་ལང་གྲི་གུག་རིས༔ གཡུ་འཕང་གསེར་གྱི་མེ་ལོང་ཅན༔ གཡུ་རྒྱང་སྔོན་པོ་ཉི་ཟླས་མཚན༔ ཤིང་གྲི་མཛེས་པའི་ཡུལ་མཁར་རིས༔ རྣལ་འབྱོར་འཁོར་བཅས་གླུད་དུ་འབུལ༔ མི་མཐུན་རྐྱེན་རྣམས་ཟློག་ཏུ་གསོལ༔ ར་ལུག་སྟག་གཟིག་རྒྱལ་མཚན་དང༔ ཤ་ཁྲག་ལོངས་སྤྱོད་མཐུན་པའི་རྫས༔ སྟག་སྤྱང་ཁྭ་དང་ཀང་ཀ་དང༔ མ་ཧེ་ཁྱི་དང་དོམ་ལ་སོགས༔ སྲིན་པོ་ཕོ་མོའི་དཀོར་གྱི་དབྱིག༔ མི་ཟད་ལོངས་སྤྱོད་ཀུན་འབུལ་གྱིས༔ ཁྱེད་ཀྱི་ཐུགས་དམ་དེས་བསྐངས་ལ༔ སྲ་བའི་གོ་ཆ་སྐུ་ལ་གྱོན༔ རྣོ་བའི་མཚོན་ཆ་ལག་ཏུ་ཐོགས༔ དམག་དཔུང་སྐྱོད་ལ་རུ་མཚོན་ཕྱོར༔ དྲག་ཤུལ་སྐྱེད་ལ་མཐུ་རྩལ་ཕྱུངས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་རྣམས་ཞི་བར་མཛོད༔ ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ༔ ལོག་པར་ལྟ་བ་དབང་དུ་སྡུས༔ བཅོལ་པའི་ལས་རྣམས་མ་གཡེལ་བར༔ བསྟན་པའི་དགྲ་བགེགས་རྩད་ནས་ཆོད༔ རག་ཤ་ནག་པོ་མཱ་ར་དུན་རྩེ་ཏྲི་ཀར་ཤི་ན་ལིང༔ རག་མོ་ཀ་ལམ་ཤ་ལ་རྔམ་མོ་ཆུམ༔ རག་ཤ་རག་མོ་དགྲ་བོའི་སྲོག་ལ་བྷྱོ་བྷྱོ༔ ད་ནི་བརྟན་མ་བཅུ་གཉིས་ལ་བསྔོ་བ༔ ཀྱེ༔ ཡུལ་ནི་ལྷོ་ཁ་མོན་ཁ་ན༔ གླང་ཐང་ལ་མུ་བཙུན་གྱི་ལྕམ་མོ་ནི༔ གདུང་རུས་གཉན་ཏེ་གླན་མོ་བཟའ༔ ས་མཐའི་སྐྱི་མཐིང་ཡ་མ་སྐྱོང༔ གཡག་ལྤགས་རློན་པའི་ན་བཟའ་ལ༔ ཁྱུང་གཤོག་སྟོང་གི་ཤམ་ཐབས་ཅན༔ ཆིབས་སུ་དྲེལ་རྟ་རྐང་གསུམ་འཆིབ༔ ཕྱག་ན་ཟངས་ཀྱི་ཕུར་པ་བསྣམས༔ སྔོན་མོ་མ་བདུན་འཁོར་དང་བཅས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ བསྟན་པ་འཇིག་པའི་དགྲ་ལ་བྷྱོ༔ ཧཱུྃ་བཛྲ་ཧཱུྃ་བཛྲ་ལི་ལི་མ་ཧཱུྃ༔ བྷྱོ༔ ཡུལ་ནི་གསང་འཕྱོ་ལ་གནས་ན༔ གངས་ཀྱི་ཡུམ་ཆེན་གཡུ་བུན་མ༔ གདུང་རུས་གཉན་ཏེ་ཤ་བཟའ་མོ༔ དགྲ་བླའི་རྒྱལ་མོ་ལྕམ་གཅིག་མ༔ སེང་གེ་དཀར་མོའི་གཡང་གཞི་གྱོན༔ ཆིབས་སུ་སེང་གེ་དཀར་པོ་འཆིབ༔ ཕྱག་ན་རྡོ་རྗེ་རྩེ་ལྔ་བསྣམས༔ དཀར་མོ་མ་བདུན་འཁོར་དང་བཅས༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ བསྟན་པ་འཇིག་པའི་དགྲ་ལ་བྷྱོ༔ ཧཱུྃ་ལམ་གྲེ་བཛྲ་སྟིབ་སྟིབ་ཏིང་ཏིང་བཛྲ་ཨོཾ༔ བྷྱོ༔ ཡུལ་ནི་ཁ་རག་སུལ་དྲུག་ན༔ འདར་བུ་སྟོང་དང་རྗེ་ཡི་ལྕམ༔ གདུང་རུས་གཉན་ཏེ་ཁྱུང་མོ་བཟའ༔ ཁ་རག་ཁྱུང་བཙུན་དཔལ་གྱི་ཡུམ༔ ན་བཟའ་མི་ལྤགས་རློན་པ་གྱོན༔ མི་སྙིང་ཁུག་པའི་ཤམ་ཐབས་ཅན༔ ཆིབས་སུ་བྱ་རྒྱལ་ཁྱུང་ཆེན་འཆིབ༔ ཕྱག་ན་དུག་མདའ་ལྟོང་ནག་བསྣམས༔ སེར་མོ་མ་བདུན་འཁོར་དང་བཅས༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ བསྟན་པ་འཇིག་པའི་དགྲ་ལ་བྷྱོ༔ ཧཱུྃ་བྷྱོ་རི་ལི་ལི་ཧཱུྃ་བྷྱོ་ཛཿཛ༔ བྷྱོ༔ ཡུལ་ནི་དབྱར་ཡུལ་དབྱར་སྟོད་ན༔ དབྱར་ཐར་བཙུན་གྱི་ལྕམ་མོ་ནི༔ གདུང་རུས་གཉན་ཏེ་དབྱར་བཟའ་མོ༔ མ་བཙུན་ཁུག་ཆོས་དབྱར་མོ་བསིལ༔ སྦྲུལ་ནག་གཏམ་པའི་གཡང་གཞི་གསོལ༔ ཆིབས་སུ་རྣ་བུ་ཤད་ལ་འཆིབ༔ ཕྱག་ན་སེང་ལྡེང་ཕུར་པ་བསྣམས༔ དམར་ནག་མ་བདུན་འཁོར་དང་བཅས༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ བསྟན་པ་འཇིག་པའི་དགྲ་ལ་བྷྱོ༔ ཧཱུྃ་མ་མ་ཧཱུྃ༔ བཛྲ་ཙ་མ་མ་ཧཱ་ཧཱུྃ་བྷྱོ༔ བྷྱོ༔ ཡུལ་ནི་ཀོང་ཡུལ་བྲེ་སྣ་ན༔ ཀོང་ལྷ་དཀར་པོའི་ལྕམ་མོ་ནི༔ གདུང་རུས་གཉན་ཏེ་ཀོང་བཟའ་མོ༔ ཀོང་བཙུན་དེ་མོ་བོད་ཁམས་སྐྱོང༔ སེང་ལྤགས་སྟོང་གི་སླག་པ་ཅན༔ སྦྲུལ་ནག་སྟོང་གི་ཤམ་ཐབས་ཅན༔ ཆིབས་སུ་ཀོང་རྟ་དཀར་པོ་འཆིབ༔ ཕྱག་ན་ཁྲག་གི་བུམ་པ་ཐོགས༔ ནག་མོ་མ་བདུན་འཁོར་དང་བཅས༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ བསྟན་པ་འཇིག་པའི་དགྲ་ལ་བྷྱོ༔ ཧཱུྃ་ཚོམ་ཆད་ཆད་མ་དྷྲི་བྷྱོ་ཛཿཛ༔ བྷྱོ༔ ཡུལ་ནི་ཤེའུ་ཡུལ་ཤེའུ་སྟོད་ན༔ གངས་དཀར་རྫོང་གི་ཁ་ཤེད་ན༔ ཤེ་འུ་བུ་དཀར་པོའི་ལྕམ་མོ་ནི༔ གདུང་རུས་གཉན་ཏེ་ཤེ་འུ་བཟའ༔ ཤ་མེད་གངས་དཀར་རྡོ་རྗེ་སྨན༔ དུང་གི་ཁུ་འཕང་སྐུ་ལ་གསོལ༔ གཡུ་ཡི་སྐ་རགས་ཐམས་སེ་ཐམ༔ ཆིབས་སུ་དུང་ཤ་དཀར་མོ་འཆིབ༔ ཕྱག་ན་ཁྲག་གི་རྐྱལ་པ་བསྣམས༔ གངས་སྨན་བདུན་གྱི་འཁོར་དང་བཅས༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ བསྟན་པ་འཇིག་པའི་དགྲ་ལ་བྷྱོ༔ ཧཱུྃ་བཛྲ་ཛ་ལ་དམ་ཧཱུྃ་བཛྲ་ཏི་བྷྱོ་ཛ༔ བྷྱོ༔ ཡུལ་ནི་བྱང་འབྲོག་སྣ་བརྒྱད་ན༔ འབྲོག་རྗེ་ཐང་ལྷའི་ལྕམ་མོ་ནི༔ གདུང་རུས་གཉན་ཏེ་འབྲོག་བཟའ་མོ༔ བྱང་གི་འབྲོག་སྲིན་འཁོར་འདུལ་མ༔ གླང་ནག་སྟོང་གི་སླག་པ་ཅན༔ ཁྱུང་གཤོག་སྟོང་གི་ཤམ་ཐབས་ཅན༔ ཆིབས་སུ་གསེར་ཤ་ཡུ་མོ་འཆིབ༔ ཕྱག་ན་ལྕགས་ཀྱི་ཕུར་པ་བསྣམས༔ ས་བདག་མ་བདུན་འཁོར་དང་བཅས༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ བསྟན་པ་འཇིག་པའི་དགྲ་ལ་བྷྱོ༔ བཛྲ་ལྡེམ་ཤེལ་ཧཱུྃ་སྲིང་ཧེ་ཧེ་ཧ་ཧཱུྃ་བྷྱོ༔ བྷྱོ༔ ཡུལ་ནི་རྨ་ཡུལ་ཐང་བརྒྱད་ན༔ རྨ་རྗེ་ཕོ་འབྲང་ལྕམ་གཅིག་མ༔ གདུང་རུས་གཉན་ཏེ་རྨ་བཟའ་མོ༔ བྱང་གི་སྨན་ཏིང་ཏིང་མོ་བཙུན༔ གཡག་ལྤགས་སྟོང་གི་སླག་པ་གསོལ༔ ཁྱུང་གཤོག་སྟོང་གི་ཤམ་ཐབས་ཅན༔ ཆིབས་སུ་འབྲོང་བུ་རྭ་དགུ་འཆིབ༔ ཕྱག་ན་མཆོང་གི་ཕུར་པ་བསྣམས༔ ཉི་འོད་མ་བདུན་འཁོར་དང་བཅས༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ བསྟན་པ་འཇིག་པའི་དགྲ་ལ་བྷྱོ༔ ཧཱུྃ་བྷྱོ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཛ༔ བྷྱོ༔ ཡུལ་ནི་ཡར་ལུང་ཡར་ཕུག་ན༔ ཡར་ལྷ་ཤམ་པོའི་ལྕམ་མོ་ནི༔ གདུང་རུས་གཉན་ཏེ་ཤེལ་བཟའ་མོ༔ གཡུ་ཡི་དྲིལ་བུ་སི་ལེ་མ༔ སྐུ་ལ་སྤྱང་ཀིའི་སླག་པ་གསོལ༔ མི་རྩིབ་དཀྱུས་པའི་ཤམ་ཐབས་ཅན༔ ཆིབས་སུ་གཡུ་ཡི་སེང་མོ་འཆིབ༔ སྔོན་མོ་མ་བདུན་འཁོར་དང་བཅས༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ བསྟན་པ་འཇིག་པའི་དགྲ་ལ་བྷྱོ༔ ཧཱུྃ་ཤོལ་པྲ་སིང་ཧ་ར་ཧཱུྃ་བྷྱོ་ཛ༔ ཧཱུྃ༔ ཡུལ་ནི་སྟལ་བུ་པ་ཏྲ་ན༔ སྟ་ཀ་ཤར་གྱི་ལྕམ་མོ་ནི༔ གདུང་རུས་གཉན་ཏེ་སྟ་བཟའ་མོ༔ དཀར་མོ་མིག་གཅིག་མཆེ་བ་ཅན༔ མི་མགོ་བརྩེགས་པའི་ཐུལ་པ་གསོལ༔ ཆིབས་སུ་ཕག་རྒོད་ནག་མོ་འཆིབ༔ ཕྱག་ན་ཞིང་གི་དབྱུག་པ་བསྣམས༔ དཀར་མོ་མ་བདུན་འཁོར་དང་བཅས༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ མཐུན་རྫས་མདོས་གླུད་འདི་བཞེས་ལ༔ བསྟན་པ་འཇིག་པའི་དགྲ་ལ་བྷྱོ༔ ཧཱུྃ་ཧཱུྃ་དྲུན་བྷྱོ་ཛཿཛ༔ ཧཱུྃ༔ ཡུལ་ནི་ལ་ཡུལ་ལ་སྟོད་ན༔ གནོད་སྦྱིན་སྙིང་པོ་འབྲོག་ལྕམ་མོ༔ གདུང་རུས་གཉན་ཏེ་ལ་བཟའ་མོ༔ བཙན་ལ་ལ་རོ་སྨན་གཅིག་མ༔ གྱི་ལིང་དཀར་པོའི་སྟོད་ལྤགས་ལ༔ སྟག་ལྤགས་སྟོང་གི་ཤམ་ཐབས་ཅན༔ ཆིབས་སུ་དྲེད་ནག་ཁ་སེར་འཆིབ༔ ལག་ན་བསེ་ཡི་ཕུར་བུ་བསྣམས༔ དམར་མོ་མ་བདུན་འཁོར་དང་བཅས༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ མཐུན་རྫས་མདོས་གླུད་འདི་བཞེས་ལ༔ བསྟན་པ་འཇིག་པའི་དགྲ་ལ་བྷྱོ༔ ཉུ་རེ་ཧཱུྃ་མ་མོ་བྷྱོ་ཛཿཛ༔ བྷྱོ༔ ཡུལ་ནི་བྱང་ཡུལ་གཙང་སྟོད་ན༔ སྐྱི་མཐིང་གངས་ཀྱི་ལ་རོ་སྨན༔ བཙན་རྗེ་ཐོད་དཀར་ལྕམ་གཅིག་མ༔ གདུང་རུས་གཉན་ཏེ་གཙང་བཟའ་མོ༔ སྦྲུལ་ནག་སྟོང་གི་ཐུལ་པ་ལ༔ གཡག་ལྤགས་རློན་པའི་ཤམ་ཐབས་ཅན༔ ཕྱག་ན་བྱ་རྒོད་ཕུར་བུ་བསྣམས༔ ཆིབས་སུ་གཡུ་འབྲུག་སྔོན་པོ་འཆིབ༔ བཀའ་ཉན་མ་བདུན་འཁོར་དང་བཅས༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ མཐུན་རྫས་མདོས་གླུད་འདི་བཞེས་ལ༔ བསྟན་པ་འཇིག་པའི་དགྲ་ལ་བྷྱོ༔ ཧཱུྃ་ཚལ་ཤལ་ཨ་ལི་མ་པྲི་ཀི་ལི་མ་བྷྱོ་ཧཱུྃ་ཛ༔ ཀྱེ༔ བོད་ཁམས་སྐྱོང་བའི་མཐུ་རྩལ་ཅན༔ བརྟན་མ་བཅུ་གཉིས་འཁོར་དང་བཅས༔ སྔོན་གྱི་དམ་ལས་མ་འདའ་བར༔ འབྲང་རྒྱས་མཚལ་གྱི་ཐིག་ཕྲན་ཅན༔ གཙང་མའི་བལ་ཐེའུ་ཤུག་ཐེལ་བརྒྱན༔ དབུས་སུ་མ་མོའི་སྐུ་རྟེན་བཞུགས༔ མདའ་ཁྲ་གཡས་ལ་འཕང་ཁྲ་གཡོན༔ ངར་གླུད་མཚེ་ཡུངས་བརྒྱན་པའི་ཐུན༔ ནམ་མཁའ་རྒྱང་བུ་ཕྲག་པར་བཙུགས༔ ཁྲམ་བམ་ནག་པོ་ལག་ཏུ་བསྐུར༔ ལེམ་བུ་ངར་བྱ་ལ་སོགས་པ༔ མཐུན་རྫས་མདོས་གླུད་འདི་བཞེས་ལ༔ ནད་དང་རིམས་ཀྱི་དལ་ཁ་རྣམས༔ བསྟན་པ་འཇིག་པའི་དགྲ་ལ་སྒྱུར༔ ཆག་ཆེ་ཉམ་ང་མ་ལུས་པ༔ བསྟན་པ་འཇིག་པའི་དགྲ་ལ་སྒྱུར༔ ནག་མོའི་ཚོགས་ཀྱི་ཁྲོམ་སྣ་ཀུན༔ བསྟན་པ་འཇིག་པའི་དགྲ་ལ་བྷྱོ༔ མ་མ་ནག་མོ་དུན་ཏིཾ་སརྦ་དགྲ་ལ་བྷྱོ་བྷྱོ༔ དེ་ནས་སྣང་སྲིད་ཀྱི་ལྷ་འདྲེ་ཡོངས་ལ་བསྔོ་བ༔ བྷྱོ༔ དཔལ་ལྡན་མགོན་པོ་ལྕམ་དྲལ་གྱི༔ ཕྱི་འཁོར་དམག་གི་དཔུང་བྱེད་པ༔ སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས༔ ཐམས་ཅད་མདོས་ལ་སྤྱན་འདྲེན་གྱིས༔ འདིར་གཤེགས་གླུད་ལོངས་ཕྲིན་ལས་མཛོད༔ ཀྱེ༔ ནག་པོ་བདུད་ཀྱི་སྤྱི་མེས་ནི༔ སྤྱི་མེས་རཱ་ཙ་རྒྱལ་བ་དང༔ ཀུན་ཁྱབ་དང་པ་དང༔ མ་ལེ་ག་ཤག་དང༔ རེ་ཏེ་འགོ་ཡག་དང༔ པདྨ་གར་དབང་དང༔ བདུད་རྗེ་མ་ཀུག་དང༔ སྟག་ཞུ་མཆེད་བཞི་དང༔ ལྐུག་པ་འཛུམ་མུལ་དང༔ ཁྱབ་པ་ལག་རིང་དང༔ ཐོམ་པོ་ཐོམ་ཆུང་དང༔ ཤར་བ་ཕྲེང་ཐོགས་དང༔ རོལ་པོ་རྐྱ་དགུ་དང༔ འོ་དེ་འབར་བ་དང༔ འོ་དེ་ལྐུག་པ་དང༔ འོ་དེ་ཐོམ་པོ་དང༔ རལ་པ་སྤྱི་བཅིངས་དང༔ གར་བུ་གྲི་ཐོགས་དང༔ འཁོར་ལོ་བཅུ་གཉིས་དང༔ ཐོམ་པོ་ཐོམ་ཆུང་ལ་སོགས་ཏེ༔ རྒྱལ་བློན་འཁོར་འབངས་བཅས་པ་ཡི༔ ནག་པོ་བདུད་རྣམས་ཐམས་ཅད་ཀྱང༔ མདོས་གླུད་མཐུན་རྫས་འདི་ལོངས་ལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས༔ བདུད་ཀྱི་ཁྲམ་ལ་མ་འདེབས་པར༔ བདུད་ཀྱི་ཁྲམ་སྣ་དགྲ་ལ་སྒྱུར༔ ཀྱེ༔ དམར་པོ་བཙན་གྱི་རྒྱལ་པོ་ནི༔ སྤྱི་བཙན་ཆེན་པོ་དང༔ འབྱུང་བའི་བཙན་ལྔ་དང༔ བཙན་རྒྱལ་ཨང་མིི་སྟེར༔ བཙན་རྒྱལ་ཨུང་མི་སྟེར༔ སྐྱེས་བུ་ལུང་བཙན་དང༔ རོལ་པོ་སྡེ་ཚོགས་དང༔ ཀླུ་བཙན་མཆེད་གསུམ་དང༔ སེ་བཙན་རོལ་པོ་དང༔ བཙན་བུ་སྟོང་སྡེ་དང༔ གནམ་བཙན་བཀའ་རུམ་རྗེ༔ གཞའ་བཙན་རུམ་ཕ་རྗེ༔ གངས་བཙན་རྔམ་ཆེན་འོད༔ གཡའ་བཙན་སྔོན་པོ་དང༔ སྤང་བཙན་སེ་སྡོང་དང༔ བྲག་བཙན་དམར་པོ་དང༔ ལུང་པ་བརྒྱ་ཡི་བཙན༔ སིལ་མ་སྟོང་སྡེ་ལ་སོགས་པ༔ དམར་པོ་བཙན་རྣམས་མ་ལུས་ཀྱང༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས༔ བཙན་གྱི་ཤོ་ལ་མ་གདབ་པར༔ བཙན་གྱི་ཁྲོམ་སྣ་དགྲ་ལ་སྒྱུར༔ ཀྱེ༔ དཀར་པོ་གིང་གི་རྒྱལ་པོ་ནི༔ ཡའི་ནི་དཀར་པོ་དང༔ ཤར་མ་ཆེན་པོ་དང༔ ཨ་པ་ལ་དང་ནི༔ དཀར་པོ་སྤྱན་གཅིག་དང༔ ཁུ་ལེ་ལག་དགུ་དང༔ སྐྱེས་ཏོ་རེ་དང་ནི༔ རྒྱལ་པོ་ཤིང་བྱ་ཅན༔ གནམ་ལྷ་བྱང་ཆུབ་དང༔ སྲོག་བདག་རྔམས་པ་དང༔ རཱ་ཙ་ཨག་ཤོ་དང༔ དབང་ཕྱུག་ཆེན་པོ་དང༔ མགོན་པོ་ཆེན་པོ་དང༔ དཀར་པོ་དེ་སེ་དང༔ ཤོར་བ་རྐྱ་དགུ་དང༔ ཉི་སང་པད་དང་ཁུ་སང་པད༔ རྒྱལ་ཕྲན་དེ་ནི་བཅུ་གཉིས་དང༔ རྒྱལ་སིལ་སྟོང་སྡེ་ལ་སོགས་པ༔ རྒྱལ་པོའི་རིགས་རྣམས་མ་ལུས་ཀྱང༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ སྨྱོ་འབོག་གློ་བུར་མ་གཏང་བར༔ རྒྱལ་པོའི་ཁྲོམ་སྣ་དགྲ་ལ་སྒྱུར༔ ཀྱེ༔ མ་བདུད་རྣམས་ཀྱི་རྒྱལ་མོ་ནི༔ བདུད་མོ་རྒྱལ་བྱིན་ཀུན་དགའ་མ༔ ནག་མོ་འུག་སྡོང་དང༔ ནག་མོ་ཁྲག་མིག་དང༔ ཁ་ནས་མེ་འབར་མ༔ སྣ་ནས་དུད་འཐུལ་མ༔ མིག་ནས་ཁྲག་འཛག་མ༔ ལག་ནས་ཐོག་འབེབ་མ༔ རལ་ནག་ས་གཞི་ཁྱབ༔ རྡོ་རྗེ་གློག་མ་སྤྲིན༔ བདུད་མོ་མགོ་ཏི་དང༔ གྱད་མོ་ཁ་མཆུ་མ༔ དུར་ཁྲོད་འཇོལ་ལེ་མ༔ བདུད་མོ་ཁྲམ་ཐོགས་མ༔ ནག་མོ་ཁྲམ་ཐོགས་མ༔ བདུད་མོ་བཅུ་གསུམ་ལ་སོགས་པ༔ བདུད་མོའི་ཚོགས་རྣམས་མ་ལུས་ཀྱང༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ བདུད་མོའི་ཡམས་ནད་མ་དབབ་པར༔ མ་བདུད་ཁྲོམ་སྣ་དགྲ་ལ་སྒྱུར༔ ཀྱེ༔ ས་བདག་ཀུན་གྱི་རྒྱལ་པོ་ནི༔ ཐེ་སེ་རྒྱལ་པོ་དང༔ ཙང་ཙང་འཁོར་བ་དང༔ ལྷ་མོ་བརྟན་མ་དང༔ རྒྱལ་མོ་པདྨ་ཕྲེང༔ བེ་སྣ་ལག་ཆེན་དང༔ ཙང་ཀུན་འཕྱེའོ་དང༔ ལིང་ཚེ་དགུ་པ་དང༔ ས་བདག་དུམ་ཆེན་དང༔ ཕྱོགས་བཞིའི་ས་བདག་དང༔ སྟག་རལ་མི་ཆེན་དང༔ ལྟོ་བ་ལག་རིང་དང༔ གྱ་ནོམ་དུས་འཁོར་དང༔ མཚམས་ཀྱི་ས་བདག་ལ་སོགས་པ༔ ས་བདག་རིགས་རྣམས་མ་ལུས་ཀྱང༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ གདུག་པའི་དུག་ནད་མ་གཏོང་བར༔ ས་བདག་ཁྲམ་སྣ་དགྲ་ལ་སྒྱུར༔ ཀྱེ༔ ཀླུ་ཡི་རྒྱལ་པོ་ནི༔ སངས་རྒྱས་བཅོམ་ལྡན་འདས༔ ཀླུ་ཆེན་རྣམ་པ་བརྒྱད༔ ཀླུ་བྲན་རིགས་བཞིའི་ཚོགས༔ བ་སུ་རིགས་དྲུག་དང༔ ཀླུ་རིགས་ཉི་ཤུ་ལྔ༔ གདུག་པ་ཀླུ་ཡི་ཚོགས༔ གཉན་དང་མཚོ་སྨན་དང༔ ཀླུ་སྨན་ལ་སོགས་པ༔ ཀླུ་གཉན་འཁོར་དང་བཅས་པ་རྣམས༔ མཐུན་པའི་མདོས་གླུད་འདི་ལོངས་ལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ ཀླུ་ཡི་དུག་གནོད་མ་གཏང་བར༔ ཀླུ་གཉན་ཁྲམ་སྣ་དགྲ་ལ་སྒྱུར༔ ཀྱེ༔ སྨན་གྱི་རྒྱལ་མོ་ཆེན་མོ་ནི༔ ནམ་མཁའ་འོད་ཀྱི་སྨན་གཅིག་མ༔ ཤར་གྱི་དཀར་མོ་དབུ་དགུ་མ༔ ལྷོ་ཡི་སེར་མོ་བཅུད་སྡུད་མ༔ ནུབ་སྨན་བྱེ་རུའི་ཐུལ་པ་ཅན༔ བྱང་སྨན་ལྗང་གུ་གཡུ་ཐུལ་ཅན༔ གངས་སྨན་ལྕམ་གཅིག་མ༔ གཡུ་སྨན་གྲུབ་ཏིང་སྨན༔ སྤང་སྨན་འོད་ལྡན་མ༔ བྲག་གི་སྨན་གཅིག་མ༔ ནགས་སྨན་གདུག་པའི་འཁོར༔ ལྕེ་སྨན་ལྕམ་མོའི་ཚོགས༔ སྲིད་པའི་སྨན་ཆེན་མ་རུངས་པ༔ སྨན་མོ་འཁོར་བཅས་མ་ལུས་ཀྱང༔ མཐུན་པའི་མདོས་གླུད་འདི་ལོངས་ལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ སྨན་གྱི་གནོད་གདུག་མ་གཏོང་བར༔ སྨན་མོའི་ཁྲམ་སྣ་དགྲ་ལ་སྒྱུར༔ ཀྱེ༔ ཀླུ་བཙན་རྣམས་ཀྱི་རྒྱལ་པོ་ནི༔ ཀླུ་བཙན་ཀྲོ་ཏི་རྒྱལ་བ་དང༔ ཀླུ་བཙན་མཆེད་གསུམ་དང༔ ཀླུ་བཙན་ནག་པོ་དང༔ ཀླུ་བཙན་སེར་པོ་དང༔ ཀླུ་བཙན་དམར་པོ་དང༔ ཀླུ་བཙན་དཀར་པོ་དང༔ ཀླུ་བཙན་སྔོན་པོ་དང༔ ཀླུ་བཙན་གདུག་རྩུབ་དང༔ ཀླུ་བཙན་རྔམ་ཆེན་དང༔ ཀླུ་བཙན་སྟོང་ཚོགས་འཁོར་དང་བཅས༔ ཀླུ་བཙན་དྲག་པོ་མ་ལུས་ཀྱང༔ མཐུན་པའི་མདོས་གླུད་འདི་བཞེས་ལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ གདུག་རྩུབ་དུག་མདའ་མ་འཕེན་པར༔ ཀླུ་བཙན་ཁྲམ་སྣ་དགྲ་ལ་སྒྱུར༔ ཀྱེ༔ ཐེ་བྲང་རྣམས་ཀྱི་རྒྱལ་པོ་ནི༔ སྲིད་པའི་དཀར་པོ་སྤྱན་གཅིག་དང༔ གནམ་ལ་གནས་པའི་སྤུན་གསུམ་དང༔ ས་ལ་གནས་པའི་སྤུན་གསུམ་དང༔ ཐེ་སེ་ཀུག་པོ་མཆུ་རིང་དང༔ ཏྲི་སེ་ས་ནི་མུ་ཏྲི་དང༔ གནམ་ལྷ་བྱང་ཆུབ་དང༔ གནམ་ལྷ་བེ་ཏ་དང༔ གནམ་ཐེལ་དཀར་པོ་དང༔ བ་ཏི་ལ་གེ་ནི་ཏེ་དང༔ སྦས་ཐེའུ་རྩང་ཐེའུ་དང༔ དེ་དག་ལ་སོགས་པ༔ སྲིད་པའི་ཐེ་བྲང་མ་ལུས་ཀྱང༔ མཐུན་པའི་མདོས་གླུད་འདི་བཞེས་ལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ ཐེ་བྲང་སྐྱས་ཁ་མ་འདེབས་པར༔ ཐེ་བྲང་ཁྲམ་སྣ་དགྲ་ལ་སྒྱུར༔ ཀྱེ༔ གཞན་ཡང་སྣང་སྲིད་ལྷ་འདྲེའི་ཚོགས༔ གཙོ་བོ་གདོན་ཆེན་བཅོ་བརྒྱད་དང༔ བྱིས་པའི་གདོན་ཆེན་བཅོ་ལྔ་དང༔ ཡུལ་བདག་བཙན་བཙུན་མ་ལུས་དང༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་ཚོགས༔ ལུས་པ་མེད་པ་ཐམས་ཅད་ཀུན༔ རང་རང་གནས་ནས་འདིར་གཤེགས་ལ༔ རི་རབ་བང་རིམ་ཐ་མ་དང༔ གླིང་བཞི་མ་ཏྲཾ་གཞལ་ཡས་འདིར༔ དར་ཟབ་རྒྱལ་མཚན་སྐུ་ཡི་རྟེན༔ མཛེས་པའི་ནམ་མཁའ་འཇའ་རིས་ཅན༔ ཁྱེད་ཀྱི་ཞལ་དང་གཉིས་སུ་མེད༔ ཤིང་གྲི་བ་ཏི་ཡུལ་མཁར་གླུད༔ མདའ་བཀྲ་རྒྱང་བུ་ལུས་ཀྱི་གླུད༔ སྣང་གསལ་མར་མེ་སེམས་ཀྱི་གླུད༔ སྣ་ཚོགས་དར་ཟབ་གོས་ཀྱི་གླུད༔ འབྲུ་སྣ་བཤོས་བུ་གསེར་སྐྱེམས་སོགས༔ སྣང་སྲིད་ལྷ་འདྲེ་མཐུན་པའི་རྫས༔ རྟ་གླང་མི་བྱ་ར་ལུག་ལ་སོགས་པ༔ སྣང་སྲིད་གནས་པའི་སེམས་ཅན་རྣམས༔ ལྷ་འདྲེ་ཁྱེད་ཀྱི་དཀོར་གྱི་དབྱིག༔ ངར་གླུད་མཛེས་པ་རྒྱན་ལྡན་བརྒྱ༔ མི་ཟད་ལོངས་སྤྱོད་ཀུན་འབུལ་གྱིས༔ མཐུན་རྫས་མདོས་གླུད་འདི་བཞེས་ལ༔ འཁོར་འདིར་གནོད་པ་མ་མཛད་པར༔ སྣང་སྲིད་ལྷ་འདྲེའི་ཆད་པ་དེ༔ བསྟན་པ་འཇིག་པའི་དགྲ་ལ་ཆོད༔ མུན་ཁུང་དགྲ་ཡི་སྒོ་ཁར་ཆོས༔ སྦྲ་ནག་དགྲ་ཡི་སྒོ་ཁར་ཕུབས༔ ཁྲམ་སྣ་སྡང་བའི་དགྲ་ལ་སྒྱུར༔ ཟ་ཁ་སྡང་བའི་དགྲ་ལ་སྟོན༔ ཕོ་བྲང་དགྲ་ཡི་ཡུལ་དུ་ཐོབས༔ གདུག་རྩུབ་སྡང་བའི་དགྲ་ལ་སྟོན༔ དུག་མདའ་སྡང་བའི་དགྲ་ལ་ཕོངས༔ ལྟས་ངན་སྡང་བའི་དགྲ་ལ་ཕོབ༔ ས་མ་ཡ་ས་མ་ཡ་སྡང་བའི་དགྲ་ལ་བྷྱོ་བྷྱོ༔ ཞེས་བསྔོ་ཞིང་གསེར་སྐྱེམས་སུ་ངར་གླུད་བཅུགས་ལ་ཕྱོགས་བཅུར་གཏོར་རོ༔ ༈ བཅུ་གསུམ་པ་གསོད་པའི་ཐུན་དབབ་པ་ནི༔ མགོན་པོའི་དུག་ཐུན༔ ལྷ་མོའི་ཁྲག་ཐུན༔ ལྷའི་ཟངས་ལྕགས་རྡོ་རྗེའི་ཐུན༔ གཤིན་རྗེའི་ཁྲམ་དང་ཡུངས་ཐུན༔ བདུད་ཀྱི་ཁྲམ་དང་ཀེ་ཚེ་ཏིལ་ཐུན༔ གནོད་སྦྱིན་གྱི་མཚེ་ཐུན༔ རྒྱལ་ཆེན་དང་ཕྱོགས་སྐྱོང་གི་མདའ་ཐུན༔ ལྷ་སྲིན་སྡེ་བརྒྱད་ཀྱི་རྩང་ཐུན་དང་ཕུར་ཐུན༔ ཤན་པ་སྡེ་བཞིའི་མཚོན་ཐུན༔ བརྟན་མའི་སྒོ་ང་དང་ཁྲག་ཐུན༔ དེ་ལྟར་སོ་སོའི་ཐུན་དང་གསད་པའི་དྲག་སྔགས་ཀྱིས་ཐོད་པའི་ལིངྒ་རྣམས་ལ་གདབ་ཅིང་གསོད་དོ༔ ༈ བཅུ་བཞི་པ་དྲག་པོའི་ཟོར་འཕང་བ་ནི༔ དེ་ནས་ཟོར་ཀོང་རྣམས་དང་དམར་གཏོར་གཅིག་གདན་ལས་སྤགས་ཏེ༔ ཁྲག་ཕོར་པ་བཞི་དང་བཅས་པ་ཞིང་ལྤགས་སམ་ཕྱར་བའི་སྟེང་དུ་བཞག་ལ༔ ལིངྒ་བྲབས་པའི་ཐུན་རྣམས་ཀྱང་བླངས་ཏེ་ཟོར་ཀོང་དུ་བསྩལ་ལ༔ བསེ་ཕོར་དུ་གསེར་སྐྱེམས་བཤམས་ཏེ༔ ཟོར་ལམ་བསལ་བ༔ བྷྱོ༔ བདག་གིས་མ་ཉེས་མ་ཡོ་བས༔ དཀོན་མཆོག་གསུམ་པོ་གཟུ་དང་དཔང༔ དུས་གསུམ་རྒྱལ་བ་གཟུ་དང་དཔང༔ ཕྱི་ནང་ཆོས་སྐྱོང་གཟུ་དང་དཔང༔ སྣང་སྲིད་ལྷ་འདྲེ་གཟུ་དང་དཔང༔ ཡུལ་བདག་ལྷ་ཀླུ་གཟུ་དང་དཔང༔ རྣལ་འབྱོར་བདག་གི་ཟོར་ཁ་འདི༔ སྟེང་གི་ལྷ་ལ་མི་འཕེན་ནོ༔ ལྷ་རྣམས་གསེར་སྐྱེམས་འདི་གསོལ་ལ༔ མཐོ་བ་རྣམས་ཀྱིས་ཞབས་སྐུམས་ལ༔ དྲག་པོ་ཟོར་གྱི་ལམ་ཕྱེས་ཤིག༔ རྣལ་འབྱོར་བདག་གི་ཟོར་ཁ་འདི༔ འོག་གི་ཀླུ་ལ་མི་འཕེན་ནོ༔ ཀླུ་རྣམས་གསེར་སྐྱེམས་འདི་གསོལ་ལ༔ དམའ་བ་རྣམས་ཀྱིས་དབུ་ཆུམས་ལ༔ དྲག་པོ་ཟོར་གྱི་ལམ་ཕྱེས་ཤིག༔ རྣལ་འབྱོར་བདག་གི་ཟོར་ཁ་འདི༔ བར་གྱི་གཉན་ལ་མི་འཕེན་ནོ༔ གཉན་རྣམས་གསེར་སྐྱེམས་འདི་གསོལ་ལ༔ དྲག་པོ་ཟོར་གྱི་ལམ་ཕྱེས་ཤིག༔ ལྷ་སྲིན་སྡེ་བརྒྱད་གང་ཡིན་པ༔ ཉི་ཟླ་གཟའ་སྐར་ལ་སོགས་པ༔ གསེར་སྐྱེམས་གཙང་མ་འདི་གསོལ་ལ༔ ལྷ་སྲིན་སྡེ་བརྒྱད་སྐུ་ཟུར་ཅིག༔ ན་བཟའ་དེ་ནི་མཐའ་སྡུས་ལ༔ དྲག་པོ་ཟོར་གྱི་ལམ་ཕྱེས་ཤིག༔ རྣལ་འབྱོར་བདག་གི་ཟོར་ཁ་འདི༔ ཡུལ་བདག་བཙན་བཙུན་མི་འཕེན་ནོ༔ ཡུལ་བདག་ས་རྟེན་གཉན་པོ་རྣམས༔ གསེར་སྐྱེམས་གཙང་མ་འདི་གསོལ་ལ༔ ཀོ་ལོང་གདུག་པ་མ་འཆང་བར༔ དྲག་པོ་ཟོར་གྱི་ལམ་ཕྱེས་ཤིག༔ རྣལ་འབྱོར་བདག་གི་ཟོར་ཁ་འདི༔ འགོ་བའི་ལྷ་ལ་མི་འཕེན་ནོ༔ ཕོ་ལྷ་དགྲ་བླ་ལ་སོགས་པ༔ གསེར་སྐྱེམས་གཙང་མ་འདི་གསོལ་ལ༔ དགྲ་ཡི་དཔུང་གཉེན་མ་བྱེད་པར༔ དྲག་པོ་ཟོར་གྱི་ལམ་ཕྱེས་ཤིག༔ ཅེས་གསེར་སྐྱེམས་ཕྱོགས་བཅུར་གཏོར་ཞིང་བདེན་པ་བརྡར་རོ༔ དེ་ནས་ཟོར་འཕང་བ་ནི༔ རྣལ་འབྱོར་པ་དཔལ་མགོན་པོའི་ཆས་སུ་ཞུགས་ལ༔ མགོན་པོའི་ཏིང་ངེ་འཛིན་གསལ་ཏེ༔ ཟོར་གྱི་བདག་པོ་རྣམས་ཀྱིས་ཟོར་རྣམས་ཕྱག་ཏུ་བཞེས་པར་བསམ་ལ་བསྐུལ་ལོ༔ བྷྱོ༔ རྣལ་འབྱོར་དབང་ཕྱུག་ཟོར་འཕེན་ནོ༔ མགོན་པོ་ནག་པོ་ཟོར་འཕེན་ནོ༔ བདུད་འདུལ་ཆེན་པོ་ཟོར་འཕེན་ནོ༔ ལྷ་དམག་དེད་དཔོན་ཟོར་འཕེན་ནོ༔ དབང་ཕྱུག་ང་ཡི་བྱོལ་ཟོར་འདི༔ བསྟན་པ་འཇིག་པའི་དགྲ་ལ་འཕེན༔ བར་དུ་གཅོད་པའི་བགེགས་ལ་འཕེན༔ ཟོར་བདག་ཆེན་མོ་སྐུ་སྐྱོད་ཅིག༔ ཁྲག་ཟོར་ནད་ཀྱི་བདག་མོ་ནི༔ ལྷ་མོ་ནག་མོ་མགོ་འཕྱངས་མ༔ སུམ་ཅུ་རྩ་གསུམ་ལྷ་ཡུལ་ནས༔ དཔལ་ལྡན་ནག་མོ་སྐུ་སྐྱོད་ཅིག༔ སྐུ་མདོག་མཐིང་ནག་འབར་བ་ལ༔ ལྷ་ཆེན་བརྒྱད་ཀྱིས་དབུ་ལ་བརྒྱན༔ ན་བཟའ་སྟག་ལྤགས་ཐུལ་པ་གསོལ༔ ཆིབས་སུ་གཅན་གཟན་སྟག་ལ་འཆིབ༔ གཡས་པ་སྒྲོལ་བའི་ཁྲག་ཟོར་འཕེན༔ གཡོན་པ་དགྲ་ཡི་སྙིང་ཁྲག་འཐུང༔ ཟོར་གྱི་བདག་མོ་མཐུ་བོ་ཆེ༔ དམར་གཏོར་བདུད་རྩི་རཀྟ་དང༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ བར་ཆད་གདུག་པའི་དགྲ་བགེགས་ལ༔ བྱོལ་ཟོར་འཕེན་པའི་ལས་མཛོད་ཅིག༔ སྒྱོགས་ཟོར་དེ་ནི་རྦབ་ལྟར་སྒྲིལ༔ ཁྲག་ཟོར་དེ་ནི་མཚོ་ལྟར་རློབས༔ དུག་ཟོར་ནད་ཟོར་སྤྲིན་ལྟར་གཏིབས༔ ཡུངས་ཟོར་དེ་ནི་ཆར་ལྟར་ཕོབ༔ མཚེ་ཟོར་དེ་ནི་ཤིང་ལྟར་ཚུགས༔ རྩང་ཟོར་དེ་ནི་མདའ་ལྟར་ཕོངས༔ ཕུར་ཟོར་དེ་ནི་གཟེར་ལྟར་ཐོབས༔ རྡོ་ཟོར་དེ་ནི་ཐོག་ལྟར་ཕོབ༔ མདའ་ཟོར་དེ་ནི་གློག་ལྟར་ཁྲིད༔ སྔགས་ཟོར་དེ་ནི་མེ་ལྟར་སྦོར༔ དགྲ་བགེགས་ཐལ་བའི་རྡུལ་དུ་རློགས༔ བྷྱོ༔ ཆེ་ཞེ་དེ་ཡི་གཅུང་མོ་ནི༔ ཁྲག་ཟོར་བདག་མོ་ཆེན་མོ་སྟེ༔ ལྟས་ངན་འབེབ་པའི་མཐུ་མོ་ཆེ༔ ཀླུ་ཡུལ་གཏིང་ནས་སྐུ་སྐྱོད་ཅིག༔ མ་མོ་ཆེན་མོ་བསྐུལ་བའི་ཚེ༔ ཉ་ལྕོང་སྦལ་བའི་ལྟས་ངན་འབེབ༔ ཕྱག་ན་ཁྲག་གི་ཟོ་རིས་བསྣམས༔ ཟོར་གྱི་བདག་མོ་མཐུ་མོ་ཆེ༔ དམར་གཏོར་བདུད་རྩི་རཀྟ་དང༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ བར་ཆད་གདུག་པའི་དགྲ་བགེགས་ལ༔ བྱོལ་ཟོར་འཕེན་པའི་ལས་མཛོད་ཅིག༔ སྒྱོགས་ཟོར་དེ་ནི་རྦབ་ལྟར་སྒྲིལ༔ ཁྲག་ཟོར་དེ་ནི་མཚོ་ལྟར་རློབས༔ དུག་ཟོར་ནད་ཟོར་སྤྲིན་ལྟར་གཏིབས༔ ཡུངས་ཟོར་དེ་ནི་ཆར་ལྟར་ཕོབ༔ མཚེ་ཟོར་དེ་ནི་ཤིང་ལྟར་ཚུགས༔ རྩང་ཟོར་དེ་ནི་མདའ་ལྟར་ཕོངས༔ ཕུར་ཟོར་དེ་ནི་གཟེར་ལྟར་ཐོབས༔ རྡོ་ཟོར་དེ་ནི་ཐོག་ལྟར་ཕོབ༔ མདའ་ཟོར་དེ་ནི་གློག་ལྟར་ཁྲིད༔ སྔགས་ཟོར་དེ་ནི་མེ་ལྟར་སྦོར༔ དགྲ་བགེགས་ཐལ་བའི་རྡུལ་དུ་རློགས༔ བྷྱོ༔ ཆེ་ཞེ་དེ་ཡི་གཅུང་མོ་ནི༔ ནམ་མཁའ་གཏིང་ལ་དབང་སྒྱུར་མ༔ ཁྲག་ཟོར་ནད་ཀྱི་བདག་མོ་སྟེ༔ ནམ་མཁའི་དབྱིངས་ནས་སྐུ་སྐྱོད་ཅིག༔ དབུ་ལ་གཟའ་ཆེན་བརྒྱད་ཀྱིས་བརྒྱན༔ སྤྱན་ལས་ཉི་མ་ཟླ་བ་འཆར༔ གཡས་པ་དྲག་པོའི་ཐོག་འབེབས་ཤིང༔ གཡོན་པ་དུང་གི་སེར་བ་འབེབ༔ སྐུ་ལ་སྤྲིན་ཆེན་འཁྲིགས་པ་གསོལ༔ ཆིབས་སུ་དགུ་ཚིགས་གཞུང་ལ་འཆིབ༔ ལྟས་ངན་གཏོང་ཞིང་ཁྲག་ཟོར་འབེབ༔ ཟོར་གྱི་བདག་མོ་མཐུ་མོ་ཆེ༔ དམར་གཏོར་བདུད་རྩི་རཀྟ་དང༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ བར་ཆད་གདུག་པའི་དགྲ་བགེགས་ལ༔ བྱོལ་ཟོར་འཕེན་པའི་ལས་མཛོད་ཅིག༔ སྒྱོགས་ཟོར་དེ་ནི་རྦབ་ལྟར་སྒྲིལ༔ དུག་ཟོར་དེ་ནི་མཚོ་ལྟར་རློབས༔ ཁྲག་ཟོར་ནད་ཟོར་སྤྲིན་ལྟར་གཏིབས༔ ཡུངས་ཟོར་དེ་ནི་ཆར་ལྟར་ཕོབ༔ མཚེ་ཟོར་དེ་ནི་ཤིང་ལྟར་ཚུགས༔ རྩང་ཟོར་དེ་ནི་མདའ་ལྟར་ཕོངས༔ ཕུར་ཟོར་དེ་ནི་གཟེར་ལྟར་ཐོབས༔ རྡོ་ཟོར་དེ་ནི་ཐོག་ལྟར་ཕོབ༔ མདའ་ཟོར་དེ་ནི་གློག་ལྟར་ཁྲིད༔ སྔགས་ཟོར་དེ་ནི་མེ་ལྟར་སྦོར༔ དགྲ་བགེགས་ཐལ་བའི་རྡུལ་དུ་རློགས༔ བྷྱོ༔ ཆེ་ཞེ་དེ་ཡི་གཅུང་མོ་བ༔ ས་བདག་ནག་མོ་རལ་པ་ཅན༔ ས་གཞིའི་ནང་ནས་སྐུ་སྐྱོད་ཅིག༔ སྐུ་མདོག་མཐིང་ནག་འབར་བ་ལ༔ རི་བོའི་ལུས་ལ་རྒྱ་མཚོའི་སྤྱན༔ རྩི་ཤིང་ནགས་ཚལ་གོས་སུ་གྱོན༔ ཀླུ་རྒྱལ་འབུམ་གྱི་ཁྲི་ལ་བཞུགས༔ སྲིད་པ་གསུམ་གྱི་མངའ་བདག་མོ༔ དྲག་ཏུ་རྦད་ནས་སྐྱོད་པའི་ཚེ༔ སྐྱིན་ཐང་གཡོ་ཞིང་རྨ་འདང་འབེབ༔ ཟོར་གྱི་བདག་མོ་མཐུ་མོ་ཆེ༔ དམར་གཏོར་བདུད་རྩི་རཀྟ་དང༔ མཐུན་རྫས་མདོས་གླུད་འདི་ལོངས་ལ༔ བར་ཆད་གདུག་པའི་དགྲ་བགེགས་ལ༔ བྱོལ་ཟོར་འཕེན་པའི་ལས་མཛོད་ཅིག༔ སྒྱོགས་ཟོར་དེ་ནི་རྦབ་ལྟར་སྒྲིལ༔ ཁྲག་ཟོར་དེ་ནི་མཚོ་ལྟར་རློབས༔ དུག་ཟོར་ནད་ཟོར་སྤྲིན་ལྟར་གཏིབས༔ ཡུངས་ཟོར་དེ་ནི་ཆར་ལྟར་ཕོབ༔ མཚེ་ཟོར་དེ་ནི་ཤིང་ལྟར་ཚུགས༔ རྩང་ཟོར་དེ་ནི་མདའ་ལྟར་ཕོངས༔ ཕུར་ཟོར་དེ་ནི་གཟེར་ལྟར་ཐོབས༔ རྡོ་ཟོར་དེ་ནི་ཐོག་ལྟར་ཕོབ༔ མདའ་ཟོར་དེ་ནི་གློག་ལྟར་ཁྲིད༔ སྔགས་ཟོར་དེ་ནི་མེ་ལྟར་སྦོར༔ དགྲ་བགེགས