Terdzo-JI-014



Property "author" has been marked for restricted use.








Terdzo-JI-014.pdf
Click the picture above to view the Shechen manuscript.

མགོན་པོ་གཡུལ་ཟློག་གི་ཟིན་རིས་སྒྲོན་མེ་སྐོར་གསུམ་ལས། མདོས་ཆོག་གི་ཟུར་འདེབས་དང་ལག་ལེན་གྱི་ཆིངས་སྣང་བྱེད་སྒྲོན་མེ་

mgon po g.yul zlog gi zin ris sgron me skor gsum las/_mdos chog gi zur 'debs dang lag len gyi chings snang byed sgron me

by  སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི་ (Minling Lochen Dharmaśrī)
revealed by  ཉང་རལ་ཉི་མ་འོད་ཟེར་ (Nyangral Nyima Özer)
in cycle  མགོན་པོ་གཡུལ་ཟློག་གི་མདོས་ཀྱི་ཟིན་བྲིས་སྒྲོན་མེ་སྐོར་གསུམ་ (Mgon po g.yul zlog gi mdos kyi zin bris sgron me skor gsum)
Volume 37 (ཇི) / Pages 447-492 / Folios 1a1 to 23b4

Tibetan Text

༄༅། །མགོན་པོ་གཡུལ་ཟློག་གི་ཟིན་རིས་སྒྲོན་མེ་སྐོར་གསུམ་ལས། མདོས་ཆོག་གི་ཟུར་འདེབས་དང་ལག་ལེན་གྱི་ཆིངས་སྣང་བྱེད་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།། སིདྡྷི་རསྟུ། བླ་མ་མཆོག་དང་བཅོམ་ལྡན་འདས། །དྲེགས་པ་འདུལ་བྱེད་ལ་བཏུད་དེ། །བདུད་དཔུང་གཡུལ་ཟློག་མདོས་ཆོག་གི །ཟུར་འདེབས་སྣང་བྱེད་སྒྲོན་མེ་བྲི། །དེ་ཡང་ཆོས་ཐམས་ཅད་རང་རིག་བྱང་ཆུབ་ཀྱི་སེམས་སུ་རྟོགས་པའི་ལྟ་བ་དང་། གཉེན་པོ་ལྷའི་ཏིང་འཛིན་ལ་གོམས་པ་ཅི་རིགས་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྔགས་པས། རང་གཞན་གྱི་དོན་ཆེན་ལ་དམིགས་ནས་དཔལ་མགོན་ལྕམ་དྲལ་འཁོར་དང་བཅས་པ་ཡང་དག་པར་བསྙེན་ཏེ་ཆོ་ག་བཞིན་དུ་ཐུགས་དམ་བསྐང་ཞིང་ཕྲིན་ལས་བཅོལ་བ་དང་། བྱོལ་ཆགས་ནང་འགྲས་སོགས་མི་མཐུན་པའི་ཕྱོགས་ཀུན་ཟློག་ཅིང་བདུད་དང་དགྲ་བགེགས་ཀྱི་གཡུལ་ངོ་ལས་རྣམ་པར་རྒྱལ་བའི་ཆེད་དུ་ཐབས་འདི་ལ་ནན་ཏན་དུ་བྱ་སྟེ་དེའི་རིམ་པ་ནི། ཡིད་དང་མཐུན་ཞིང་ཤིས་པའི་གནས་དབེན་པར་རྫས་དང་ཡོ་བྱད་རྣམས་ཚོགས་པར་བྱས་ལ། བཤམ་བཀོད་རྣམས་མན་ངག་གི་གནད་དང་ལྡན་པས་མ་འདྲེས་གཙང་དག་བཀོད་པས་མཛེས་པར་བཤམས་ནས་ཆོ་ག་ལ་འཇུག་པར་བྱ་སྟེ། དེ་ལ་ཐོག་མར་བདག་གི་རྣལ་འབྱོར་ནི། རང་གིས་བསྙེན་སྒྲུབ་ཐེམས་པའི་ཡི་དམ་གྱི་ལྷ་ཉིད་མཆོག་ཏུ་ཤིས་མོད། འོན་ཀྱང་འདིར་སྤྱི་ཙམ་དུ་སྒྲུབ་ཆེན་བཀའ་བརྒྱད་དམ། ཆེ་མཆོག་དང་རྟ་མགྲིན་ལྟ་བུ་ཤིས་པར་གསུངས་པས། དེ་དག་གང་མོས་ཀྱི་ཕྲིན་ལས་སྔོན་འགྲོ་ནས་བརྩམ་སྟེ་བཟླས་པའི་བར་རྫོགས་པར་བྱ། དེ་ནས་མགྲོན་རྣམ་པ་བཞིའི་གསོལ་ཁ་ནི། འདས་མ་འདས་ཀྱི་གཏོར་མའི་ཆོ་ག་སོ་སོའི་ཕྲིན་ལས་ཀྱི་གཞུང་ལྟར་རྒྱས་པར་བྱ་བའམ། མི་ནུས་པས་ནི་གསང་ཕྱི་གསེར་སྐྱེམས་ཀྱིས་བྲན་པའི་ཕུད་ལ་བརྟེན་ནས་མགྲོན་རྣམ་པ་བཞིའི་གསོལ་མཆོད་ཙམ་ཞིག་བར་འདིར་བྱ་ཞིང་། དེ་ཡང་མ་ལྕོགས་ན་སྒྲུབ་པ་པོ་དམངས་རྣམས་མདོས་བྱིན་རླབས་ཀྱི་ཆོ་ག་ལ་ཞུགས་པ་དང་། སྒྲུབ་པ་པོ་གཅིག་གིས་ཡང་ཐོག་ལྟ་བུར་སོང་སྟེ། གསང་ཕྱི་ལས་བཅད་པའི་དུམ་བུ་དང་གསེར་སྐྱེམས་རང་གི་མདུན་དུ་བཞག་སྟེ་བྱིན་གྱིས་བརླབས་པ་ལས་རིན་པོ་ཆེའི་ཕུད་སྐྱོགས་སུ་རིམ་པར་བཤམས་ནས་འབུལ་བ་ཙམ་གྱིས་ཀྱང་གསོལ་ཀའི་མངོན་པར་འདོད་པ་མཐའ་དག་བདེ་བླག་ཏུ་འགྲུབ་པ་ཡིན་ནོ། ༈ །དེ་ནས་མདོས་ཆོག་དངོས་ལ། ཐོག་མར་མདོས་བྱིན་རླབས་ཀྱི་ངག་འདོན་ཟུར་འདེབས་སྟོན་ཏེ། དེ་ལ་ཤེས་པ་བཞི་ལས། རི་རབ་གཞལ་ཡས་ཁང་དུ་ཤེས་པ་ནི། རང་ཉིད་ཡི་དམ་གྱི་ལྷར་གསལ་བའི་ངང་ནས། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་སེམས་ཉིད་འོད་གསལ་ངོ་བོ་སྟོང་པ་ཉིད་དུ་གྱུར། དེའི་ངང་ལས་རང་གདངས་འགག་པ་མེད་པའི་སྣང་བ་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དང་བཅས་པར་གྲུབ་པ་ནི། ནམ་མཁའི་དཀྱིལ་འཁོར་འབྱམས་ཀླས་པའི་དབྱིངས་སུ། རླུང་གི་དཀྱིལ་འཁོར་རྒྱ་གྲམ་ལྗང་གུ་གཡོ་བ། ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་འཁྱིལ་བ། མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་འབར་བ། སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་སྲ་ཞིང་བརྟན་པ་རྣམས་རིམ་པར་བརྩེགས་པའི་སྟེང་དུ། དབུས་སུ་རི་རབ་བང་རིམ་བཞི་པ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ། སྟེང་གི་ཟུར་བཞིར་ལྕོག་བཞི་དང་དབུས་སུ་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་འཇིགས་ཤིང་རྔམ་པའི་རྒྱན་ཐམས་ཅད་ཀྱིས་སྤྲས་པའི་ནང་། ཁྲག་ཞག་འཁྲུགས་པའི་དབུས་དང་ཕྱོགས་བཞིར་ལྕགས་མཁར་ནག་པོ་གྲུ་གསུམ་དང་ཐོད་པའི་སྐུ་མཁར་རེ་རེ་སྟེ་ལྔ་སྒྲོམ་དུ་གནས་པ། བང་རིམ་རྣམས་ལ་དྲེགས་པ་སོ་སོའི་སྐུ་མཁར་དང་། ཕྱི་རིམ་རྨང་དུ་གསེར་གྱི་རི་བདུན་དང་རོལ་པའི་མཚོ་བདུན་གྱིས་བརྒྱན་པ། གླིང་བཞིར་མ་ཏྲཾ་ཆེན་པོ་བཞི་སྒྱེལ་བའི་སྙིང་གར་དྲེགས་པ་ཆེན་པོ་བཞིའི་སྐུ་མཁར་དང་བཅས་པ། ཕྱི་རིམ་ལྕགས་རི་མུ་ཁྱུད་ཀྱིས་བསྐོར་བ་རྒྱ་ཁྱོན་དཔག་ཏུ་མེད་པ་ནམ་མཁའི་དབྱིངས་ཐམས་ཅད་ཡོངས་སུ་ཁྱབ་པར་གྱུར། གཉིས་པ་དྲེགས་པའི་གཟུགས་བརྙན་རྣམས་ཕོ་ཉ་ལས་བྱེད་དུ་ཤེས་པ་ནི། བདག་ཉིད་ཡེ་ཤེས་ཀྱི་ཁྲོ་བོ་སྐུ་ཆེ་ལ་ཡན་ལག་རགས་པ་བཟོད་པར་དཀའ་བའི་གཟི་བྱིན་ཅན་སྐུའི་ཆ་ཐམས་ཅད་ཁྲོ་ཚོགས་འབར་བའི་སྤྲིན་གྱིས་ཡོངས་སུ་གཏམས་པ། བསྐལ་པའི་མེ་དཔུང་ཆེན་པོ་ནམ་མཁའི་ཁམས་གང་བར་འབར་བའི་ཀློང་ན་ཁམས་གསུམ་དབང་དུ་སྡུད་ཅིང་། སྲིད་གསུམ་ཟིལ་གྱིས་གནོན་པ་ཆེ་བཙན་འགྲན་ཟླ་ཐམས་ཅད་དང་བྲལ་བའི་དབང་ཕྱུག་ཆེན་པོར་གྱུར་པར་མོས་པའི་སྙེམས་པ་མཆོག་ཏུ་བརྟན་པོས། རང་གི་མདུན་དུ་གཟུགས་བརྙན་བཀོད་པ་རྣམས་དྲེགས་པ་རང་རང་གི་སྐུར་གྱུར་པ་ནི། ལྕགས་མཁར་དབུས་མའི་ནང་དུ་པད་ཉི་དགྲ་བགེགས་ཀྱི་གདན་ལ་དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ནག་པོ་ཆེན་པོ་སྐུ་མདོག་མཐིང་ནག་ཆེར་ཁྲོས་པ་འབར་བ་ཆེན་པོའི་གཟི་བརྗིད་ཅན་ཐུང་ཞིང་སྦོམ་པ་ཡན་ལག་རགས་པ་ཞལ་གསུམ་ཕྱག་དྲུག་པ། ཕྱག་གཡས་གསུམ་ན་ཙན་དན་གྱི་བིང་། རྡོ་རྗེ་རྩེ་ལྔ། ལྕགས་ཀྱི་ཕུར་བུ། གཡོན་གསུམ་ན་ཐོད་ཁྲག །དབྱུག་ཏོ་དང་དགྲ་སྙིང་། སྦྲུལ་ཞགས་བསྣམས་པ། དར་ནག་གི་འཇོལ་བེར་དང་དུར་ཁྲོད་ཀྱི་ཆས་ཅན། ཞབས་གཉིས་གཡོན་བརྐྱང་འགྱིང་བའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དེའི་གཡས་སུ་ལས་མགོན་དུས་མཚན་ནག་པོ་སྤྲེའུའི་གདོང་པ་ཅན་གྲི་གུག་དང་ཐོད་ཁྲག་ཐོགས་པ། གཙོ་བོའི་གཡོན་གྱི་ཐོད་ཁར་དུ་དཔལ་ལྡན་འདོད་ཁམས་དབང་ཕྱུག་མ་མཐིང་ནག་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་ཤང་ལང་དང་ཐོད་ཕྲེང་། གཡོན་གཉིས་བྷན་དམར་དང་ཏྲི་ཤུལ་འཛིན་པ། མ་མོའི་ཆས་ཐམས་ཅད་ཀྱིས་བརྒྱན་ཅིང་བོང་བུ་གྭ་པ་ལ་འཆིབ་པ། དེའི་ཕྱི་རིམ་གྱི་ལྕགས་མཁར་བཞིའི་ཤར་དུ། ཐུགས་ཀྱི་མགོན་པོ་མཐིང་ནག་གྲི་གུག་དང་ཐོད་ཁྲག་བསྣམས་པ་དགྲ་བགེགས་ཀྱི་གདན་ལ་བཞུགས་པ། ལྷོར་སྐུའི་མགོན་པོ་མཐིང་ནག་བིང་དང་ལྕགས་པར་ཐོགས་པ་སྟག་ལ་འཆིབ་པ། ནུབ་ཏུ་གསུང་གི་མགོན་པོ་ནག་པོ་དར་མདུང་དང་བདུད་ཞགས་འཛིན་པ་རྟ་ནག་ལ་འཆིབ་པ། བྱང་དུ་ཕྲིན་ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་གྲི་གུག་དང་ཐོད་ཁྲག་བསྣམས་པ་བྱ་རོག་ལ་ཞོན་པ། སྐུ་གསུང་ཐུགས་མགོན་གསུམ་དར་ནག་གི་བེར་དང་། ལས་མགོན་དང་ཕྲིན་ལས་ཀྱི་མགོན་པོ་གཉིས་དུར་ཁྲོད་ཀྱི་ཆས་ཅན་ནོ། །དེ་དག་གི་གཡོན་གྱི་ཐོད་མཁར་བཞིའི་ཤར་དུ་བདུད་ཡུམ་རེ་མ་ཏི་མཐིང་ནག་སྤྱན་གཅིག་ཚེམས་གཅིག་ནུ་མ་གཅིག་པ་ཁྲམ་བམ་དང་ཤོ་རྡེ་ཐོགས་ནས་དྲེའུ་རྟ་ལ་ཞོན་པ། ལྷོར་གཤིན་རྗེ་རེ་མ་ཏི་མཐིང་ནག་རལ་གྲི་དང་ནེའུ་ལེ་བསྣམས་པ་བོང་བུ་གྭ་དཀར་ལ་ཞོན་པ། ནུབ་ཏུ་སྲིན་མོ་རེ་མ་ཏི་དམར་མོ་སྤྲིན་དམར་གྱི་སློག་པ་ཅན་ཁྲག་རྐྱལ་དང་ཟོར་བ་བསྣམས་པ་དྲེའུ་རྟ་ལ་ཞོན་པ། བྱང་དུ་གནོད་སྦྱིན་རེ་མ་ཏི་ནག་མོ་མི་ལྤགས་ཀྱི་གོས་ཅན་རལ་གྲི་དང་ཐོད་ཁྲག་བསྣམས་པ་ལྕགས་ཀྱི་དྲེའུ་རྟ་ལ་ཞོན་པ། ཐམས་ཅད་མ་མོའི་ཆས་ཅན་ནོ། །གཙོ་བོའི་མདུན་དུ་ནང་གཡོག་མོན་པ་གསུམ། ལྷ་མོའི་མདུན་དུ་ལྕོག་བཞིར་ལས་བྱེད་ཀྱི་མ་མོ་ལྔ། རི་རབ་ཀྱི་བང་རིམ་དང་པོ་ལ་ཕྱོགས་བཞིའི་དམག་དཔོན་རྒྱལ་པོ་ཆེན་པོ་བཞི། ཕྱོགས་བཅུར་དམག་གི་དཔུང་བྱེད་པ་ཕྱོགས་སྐྱོང་བ་བཅུ། བང་རིམ་གཉིས་པའི་ཤར་དུ་གཡས་ཀྱི་རུ་འདྲེན་སྟེང་གི་ལྷ་ཆེན་པོ་བརྒྱད། ལྷོར་མདུན་གྱི་རུ་འདྲེན་ལྷོ་ཕྱོགས་གཤིན་རྗེ་བརྒྱད། ནུབ་ཏུ་གཡོན་གྱི་རུ་འདྲེན་བདུད་པོ་བརྒྱད། བྱང་དུ་སླད་ཀྱི་རྗེས་འབྲང་གནོད་སྦྱིན་ཆེན་པོ་བརྒྱད། བང་རིམ་གསུམ་པའི་ཕྱོགས་མཚམས་བརྒྱད་དུ་ལས་བྱེད་ལྷ་སྲིན་སྡེ་བརྒྱད་དེ། ཤར་དུ་མ་ཧཱ་དེ་ཝ། ལྷོར་གཤིན་རྗེ་ཆོས་ཀྱི་རྒྱལ་པོ། ནུབ་ཏུ་བཙན་རྗེ་ཡམ་ཤུད་དམར་པོ། བྱང་དུ་གནོད་སྦྱིན་ཆེན་པོ་སོ་ཀ་རཱ་ཙ། བྱང་ཤར་དུ་མ་མོ་ཨེ་ཀ་ཛཱ་ཊི། ཤར་ལྷོར་ཀླུ་བདུད་འཆི་བདག་མགོ་དགུ་པ། ལྷོ་ནུབ་ཏུ་གཟའ་བདུད་རཱ་ཧུ་ལ། ནུབ་བྱང་དུ་བདུད་རོལ་པ་རྐྱ་གཅིག །གླིང་བཞིར་མ་ཏྲཾ་བཞིའི་མཁར་ལ་ཤར་དུ་སྲོག་བདག་ཚངས་པ་དཀར་པོ། ལྷོར་དགྲ་བླ་པེ་ཧར། ནུབ་ཏུ་སྐྱེས་བུ་རྡོ་རྗེ་ལེགས་པ། བྱང་དུ་སྲིན་པོ་སྲོག་ལེན་ཕོ་མོ་སྟེ་སྲོག་གི་ཤན་པ་དབང་ཆེན་སྡེ་བཞི། གཞན་ཡང་འཁོར་དུ་བཀའ་ཉན་བོད་སྐྱོང་བརྟན་མ་བཅུ་གཉིས། ཕྱི་སྐོར་དམག་གི་དཔུང་བྱེད་པ་སྣང་ཞིང་སྲིད་པའི་ལྷ་མ་སྲིན་སྡེ་བརྒྱད་ལ་སོགས་པ་ཐམས་ཅད་ཀྱང་འཇིགས་ཤིང་རྔམས་པའི་གཟུགས་ཅན་རང་རང་གི་སྐུ་མདོག་ཕྱག་མཚན། རྒྱན་དང་ཆ་ལུགས། འཁོར་གཡོག་སྡེ་དཔུང་། མཐུ་དང་དྲག་རྩལ་སོགས་རྣམ་འཕྲུལ་སྣ་ཚོགས་པའི་བཀོད་པ་ཆེན་པོས་བདུད་དང་དགྲ་བགེགས་ལོག་པར་འདྲེན་པ་ཐམས་ཅད་ཟིལ་གྱིས་གནོན་ཅིང་ཚར་གཅོད་པ། སྒྲུབ་པ་པོའི་བཀའ་ཉན་ཞིང་ཕྲིན་ལས་རེ་བ་ཡིད་བཞིན་དུ་སྐོང་བས་ནམ་མཁའ་བར་སྣང་ས་གཞི་ཐམས་ཅད་ཡོངས་སུ་གང་བར་གྱུར། གསུམ་པ་མཐུན་རྫས་རྣམས་སྐོང་དང་ཡས་གླུད་དུ་ཤེས་པ་ནི། བདག་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་རྫས་རྣམས་ཀྱི་ཉེས་སྐྱོན་དངོས་འཛིན་དྲི་མ་ཐམས་ཅད་བསྲེགས་གཏོར་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་བཤམས་པའི་ཡས་དང་གཟུགས་སུ་སྣང་བ་ཐམས་ཅད་ངོ་བོ་ཡེ་ཤེས་སྒྱུ་མའི་རང་བཞིན་རྣམ་པ་ཐམས་ཅད་པར་འཆར་བས་མགྲོན་རྣམས་དགྱེས་པ་སྐྱེད་པའི་དམ་རྫས་སུ་གྱུར། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་ལན་བདུན་བརྗོད་པས། ཨོཾ་གྱིས་སོ་སོའི་དབང་པོ་ཚིམ་པར་ནུས་པའི་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པའི་ལོངས་སྤྱོད་ཀྱི་ཕུང་པོར་གྱུར། ཨཱཿས་རེ་རེ་ལས་ཀྱང་མང་པོ་འཕེལ་བས་ཡུལ་དུས་ཚད་མེད་པ་ནམ་མཁའ་རབ་འབྱམས་གང་བ་རྣམས་སུ་གྱུར། ཧཱུྃ་གིས་སྡུག་བསྔལ་སེལ་བའི་སྨན་མཆོག་ཡེ་ཤེས་ཀྱི་བདུད་རྩི་ཆེན་པོའི་རང་བཞིན་དུ་གྱུར། སྭཱས་གཟུགས་བརྙན་རྣམས་མཚན་དང་དཔེ་བྱད་ཀྱིས་མཛེས་ཤིང་བརྗིད་ཆགས་པ་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཡོངས་སུ་རྫོགས་པས་སྨྲ་མཁས་འགྲོ་ཤེས་ཡིད་དུ་འོང་བས་ས་དང་བར་སྣང་ཐམས་ཅད་ཡོངས་སུ་གང་བར་གྱུར། ཧཱས་གང་ལ་གང་འདོད་ཀྱི་འདོད་དགུའི་གཏེར་ཆེན་པོར་འཆར་བས་གཏན་པ་མེད་པའི་མཆོད་སྦྱིན་ཆེན་པོ་རྣམ་པ་ཐམས་ཅད་པའི་རང་བཞིན་ཅན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དྲེགས་པ་ཅན་སྡེ་རིགས་འཁོར་གཡོག་དང་བཅས་པ་ཐམས་ཅད། མཆོད་ཡུལ་གྱི་མགྲོན་དུ་རྣམ་པར་དག་པའི་སྐུ་གསུང་ཐུགས་ཀྱི་གསང་བ་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་གཉིས་སུ་མེད་པའི་བདེ་བ་ཆེན་པོར་རོ་གཅིག་པས་ཐུགས་དམ་སྐོང་ཞིང་ཕྲིན་ལས་མཛད་པར་གྱུར། བཞི་པ་མཐུན་རྫས་རྣམས་གསོད་པའི་མཚོན་དང་དུག་དབལ་དུ་ཤེས་པ་ནི། མདུང་དང་ཕུར་བུ་དང་རྩང་ལ་སོགས་པ་ཐམས་ཅད་རྣོ་བའི་ངར་དང་ལྡན་པ། གདུག་པའི་དབལ་ཅན་དགྲ་བགེགས་ཀྱི་གནས་ལུས་ལོངས་སྤྱོད་ཐམས་ཅད་རྩད་ནས་གཅོད་ཅིང་རྡུལ་དུ་རློག་པ་ལ་ཐོགས་པ་མེད་པའི་མཐུ་དང་ལྡན་པར་གྱུར། དེ་ཐམས་ཅད་ཐུན་མོང་དུ་སྔགས་དྲུག་ཕྱག་རྒྱ་དྲུག་གི་བྱིན་གྱིས་རློབ་སྟེ། ཐལ་མོ་ཁོང་སྟོང་གི་རྒྱ་སྙིང་གར་བཅས་ལ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། ཞེས་ཆོས་ཉིད་རྣམ་དག་གི་སྔགས་རྒྱས་རྫས་རྣམས་ཤིན་ཏུ་དག་པར་བསམ། སོར་མོ་རྩེ་སྤྲད་པའི་ཚིགས་ཟུར་བཅག་པ་སྒྲོམ་བུ་ལྟ་བུའི་རྒྱ་དཔྲལ་བར་བཅས་ལ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་ཟད་མི་ཤེས་པར་སྤེལ། མཐེ་བོང་བསྣོལ་ནས་ཐལ་མོ་གཉིས་ཕྱིར་བསྐྱེད་པ་ཁ་འགྲམ་གཉིས་སུ་བཞག་ལ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བདུད་རྩི་འཁྱིལ་བའི་སྔགས་རྒྱས་དུག་ལྔ་སེལ་བའི་སྨན་མཆོག་འདོད་ཡོན་གྱི་བདུད་རྩིར་གྱུར་པར་བསམ་མོ། །ལག་པ་རྡོ་རྗེ་ཁུ་ཚུར་ལས་མཛུབ་མོ་སྒྲེང་བ་སྙིང་ག་དང་གཡོན་མཆོག་སྦྱིན་བརྐྱང་བའི་རྒྱ་བཅས་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཞེས་ཤུགས་ལྡན་འོད་ཀྱི་སྔགས་རྒྱས་མགྲོན་རྣམས་གང་ལ་གང་འདོད་ཀྱི་ལོངས་སྤྱོད་ཀྱི་ཕུང་པོར་གྱུར་པ་ལ་སྤྱོད་པར་དབང་བའོ། །གཡས་ཁུ་ཚུར་སྙིང་ག་དང་གཡོན་མཆོག་སྦྱིན་འདེགས་པའི་རྒྱ་བཅས་ལ། ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མཿས་མནྟ་སྥ་ར་ཎ་རསྨི་བྷ་བ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཡ་ཛྭ་ལ་ནི་ཧཱུྃ། ཞེས་ཡེ་ཤེས་སྐར་མདའི་སྔགས་རྒྱས་རྒྱལ་ཕམ་མེད་པར་མཉམ་སྙོམས་སུ་ཐོབ་པར་བསམ། ཐལ་མོ་ཁོང་སྟོང་ལས་སོར་མོ་རྣམས་ནང་དུ་བསྣོལ་ཅིང་རྟིང་པ་གཉིས་སྤྲད་པ་སྤྱི་བོར་བཅིངས་ལ། ན་མཿས་མནྟ་བུདྡྷ་ནཱཾ་གྲ་ཧེ་ཤྭ་རི་པྲ་བྷ་ཛྱོ་ཏི་ནི་མ་ཧཱ་ས་མ་ཡ་སྭཱ་ཧཱ། ཞེས་དབང་སྒྱུར་འཁོར་ལོའི་སྔགས་རྒྱས་མགྲོན་རྣམས་བདག་གིས་ཅི་བསྒོ་བའི་ལས་བྱེད་པར་བསམ་མོ། །ཞེས་སྔགས་རྒྱ་རྣམས་ལན་བདུན་བདུན་ཟློས་པས་བརླབས་ལ། ན་མོ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་བྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བདེན་སྟོབས་ཀྱང་བརྗོད་དོ། ༈ །དེ་ནས་དྲེགས་པ་སྤྱན་འདྲེན་པ་ནི། འབུད་དཀྲོལ་བརྡུང་བྱའི་རོལ་མོའི་ཁྱད་པར་དང་། སྤོས་དཀར། ཚིལ་ཆེན། རྒྱ་སྤོས་སོགས་བསྲེགས་པའི་དུད་སྤྲིན། གྲི་སྙིང་རྟེན་གྱི་འཁོར་ལོ་དཔྱངས་པའི་རྟེན་མདའ་དང་། གྲི་ལག་དར་སྣ་ལྔས་བརྒྱན་པའི་གཡབ་དར། རང་ཉིད་ཡི་དམ་གྱི་ལྷའི་སྙེམས་པ་མཆོག་ཏུ་བརྟན་པའི་ངང་ནས་གདུང་དབྱངས་ཀྱི་འགྱུར་བ་དང་བཅས་ཏེ། ཧཱུྃ༔ ང་ནི་སྲིད་གསུམ་ཀུན་གྱི་རྗེ༔ ཞེས་སོགས་སྤྱན་འདྲེན་དང་། བཞུགས་གསོལ་གྱི་ཚིག་རྣམས་གྱེར་ལ། དཔལ་མགོན་ལྕམ་དྲལ་སྡེ་དཔུང་འཁོར་དང་བཅས་པ་ནམ་མཁའ་འགེངས་པ་ཙམ་དུ་འུར་འུར་ཆེམ་ཆེམ་བྱོན་པ། དམ་ཚིག་པ་ལ་གཉིས་མེད་དུ་ཐིམ་ནས་དགྱེས་པ་ཆེན་པོས་བཞུགས་པར་བསམ་ལ། ཐུགས་དམ་བསྐང་ཞིང་མཆོད་པ་ཉིད་དཀྱུས་ལྟར་གྱེར་ཞིང་། དེའི་མཇུག་གི་སྔགས་མཆོད་རང་རང་གི་སྔགས་ལ་བཏགས་ནས་སོ་སོར་མཆོད་པར་གསུངས་པ་ལྟར་འགྲུབ་ན་ལེགས་ཤིང་། མི་ནུས་ན། ཨོཾ་མ་ཧཱ་ཀཱ་ལ་ག་ཎ་གྷུ་ཏི་ཡོ་གཱི་ཤྭ་རཱི་ས་པ་རི་ཝཱ་ར་ཨི་དཾ༔ པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་བིདྱ༔ ཤབྡ། མ་ཧཱ་བ་ལིཾ་ཏེ༔ རཀྟ༔ ཨ་མྲྀཏ༔ མཱཾ་ས༔ སུ་རཱ༔ ཙིཏྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་པས་མཆོད་པ་སྤྱི་དང་། ཁྱད་པར་གཏོར་མ། ཨོཾ་མ་ཧཱ་ཀཱ་ལ་ག་ཎ་གྷུ་ཏི་ཡོ་གཱི་ཤྭ་རཱི་ཏྲི་ས་མ་ཡ་ཧཱུྃ་ཛཿརུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་མ་ཧཱུྃ་མ་བྷྱོ་ཛཿཛཿས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་ནམ་གསུམ་གྱིས་ཕུལ་བས། གཏོར་རྫས་རྣམས་བདུད་རྩིར་དྭངས་པའི་བཅུད་མགྲོན་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་དྲངས་ཤིང་གསོལ་བས་ཚིམ་ཞིང་དགྱེས་པར་བསམ་པའི་ཐུན་མོང་གི་དམིགས་པ་དང་། ཁྱད་པར་མངོན་སྤྱོད་ཀྱི་ལས་ལ་ཆེད་དུ་དམིགས་པའི་ཚེ། གཏོར་རྫས་རྣམས་ངོ་བོ་བདུད་རྩི་ལ་རྣམ་པ་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས་པའི་ཕུང་པོར་དམིགས་ཏེ་ཕུལ་བས་དཔལ་མགོན་ལྕམ་དྲལ་འཁོར་བཅས་དགྱེས་པའི་ཧབ་སྒྲ་དང་བཅས་ཏེ་ཆམ་ཆམ་དུ་གསོལ་བར་བསམ་པའོ། །སྐབས་འདིར་སྐོང་ར་སྐོང་གཡག་སོགས་སྟོབ་པར་གསུངས་པ་ནི། མདངས་སྐོང་གི་རྟེན་གསོན་མ་ཡོད་ན་ཟུང་རྟེན་འབུལ་ཆོག་རིགས་མཐུན་ལས་བླངས་ཀྱང་མི་འགལ་ཞིང་ལེགས་མོད། སྤྲོས་པ་ལ་མི་དགའ་བས་ནི་ཟུར་དུ་མ་འགྲུབ་ནའང་སྐུའི་སྐོང་རྫས་སྟོབ་པའི་དཀྱུས་སུ་དོན་གྱིས་ཚང་བས་ཆད་པར་མི་འགྱུར་ཞིང་། གསེར་སྐྱེམས་ནི། འོག་ནས་འབྱུང་བ་ལྟར་རིག་འཛིན་རྩ་བརྒྱུད་མའམ། སྔར་གྱི་ཕུད་གཏོར་གྱི་ཆོ་ག་སྦྱར་བ་གང་བདེ་ཡིན་ཞིང་། གསེར་སྐྱེམས་འབུལ་བའི་ཚེ། དེ་ལ་གསང་ཕྱི་བསྣན་ནས་ཕུལ་ན་ཞལ་ཟས་ཀྱི་མཆོད་པར་གསུངས་པའང་དོན་ལ་ཚང་བར་འགྱུར་རོ། ༈ །དེ་ནས་བདག་ཉིད་ཡི་དམ་གྱི་ལྷའི་ཆེ་བའི་ང་རྒྱལ་བརྟན་པོས་དམ་ཅན་རྣམས་ལས་ལ་གཟུད་ཅིང་རྦད་བསྐུལ་བྱ་བ་ནི། རང་ཉིད་ཐོག་མ་ནས་རྟ་མགྲིན་དུ་བསྒོམས་པ་ཡིན་ན་སྨྲོས་མ་དགོས། གལ་ཏེ་ཆེ་མཆོག་ལྟ་བུའི་ང་རྒྱལ་ལ་གནས་པ་ཡིན་ན། དེ་ཉིད་ཀྱི་མགྲིན་པ་ནས་རྟ་མགྲིན་སྐུ་ཆེ་ལ་ཡན་ལག་རགས་པ་སྤྲོས་ཏེ་དཔལ་གྱི་རྟ་སྐད་ཐེངས་གསུམ་གྱིས་ལས་ལ་གཟུད་པས་ཐམས་ཅད་དྲག་པོ་མངོན་སྤྱོད་ཀྱི་ལས་ལ་རྔམས་ཤིང་ཁྲོས་པར་བསམ་ནས། སྔོན་གྱི་ཆད་ཐོ་གཉན་པོ་བསྒྲགས་ཏེ། ཐུགས་དམ་བསྐུལ་ཞིང་དགྲ་བགེགས་ཀྱི་སྟེང་དུ་རྦད། དེ་ཡང་སོ་སོའི་བསྐུལ་མཇུག་ཏུ། ས་མ་ཡ༔ ས་མ་ཡ༔ ལས་ལ་བྷྱོ་བྷྱོ༔ ཞེས་པ་ཐམས་ཅད་ལ་གདགས་ཤིང་ལོང་སྐབས་ཀྱིས་ལྕོགས་ན་བསྐུལ་སྡེ་ཚན་རེ་རེའི་མཇུག་ཏུ་ཡང་། སྲ་བའི་གོ་ཆ་ལུས་ལ་གྱོན༔ ཞེས་སོགས་ཀྱང་འདོགས་པར་གསུངས་པས་གང་འགྲུབ་བྱ། རེ་རེའི་གཤམ་དུ་མི་ནུས་ན་ཐམས་ཅད་རྫོགས་པའི་འཇུག་ཏུ་སྤྱིར་དམིགས་ནས་དཀྱུས་ལྟར་ཚར་གཅིག་གྱེར་རོ། ༈ །དེ་ནས་དབང་དུ་བསྡུ་བ་ནི། བདག་ཉིད་ཡི་དམ་གྱི་ལྷ་སྐུ་ཆེ་ཞིང་ཡན་ལག་རགས་པ་ཁྲོ་ཚོགས་འབར་བའི་སྤྲིན་ཆེན་པོས་སྐུའི་ཆ་ཐམས་ཅད་གཏམས་པ་ཁམས་གསུམ་གྱི་དབང་ཕྱུག་ཆེན་པོར་མོས་པའི་སྙེམས་པ་མཆོག་ཏུ་བརྟན་པོས། དྲེགས་པ་ཅན་ཐམས་ཅད་འདར་ཕྲི་ལི་ལི་རང་གི་མདུན་དུ་འཁོད་ནས་གུས་པས་ཅི་བཅོལ་གྱི་ལས་སྒྲུབ་ཅིང་བཀའ་ནོད་པར་བསམ་སྟེ། ཧཱུྃ༔ ང་ནི་ཆེ་མཆོག་ཧེ་རུ་ཀ༔ ཞེས་སོགས་ཀྱིས་ཆེ་བའི་ང་རྒྱལ་བསྐྱེད་ཅིང་བཀའ་བསྒོས་ལ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ བཛྲ་ཀྲོ་དྷ་ཞེས་སོགས་དབང་དུ་བསྡུ་བའི་སྔགས་བཟླའོ། ༈ །དེ་ནས་དམ་ཅན་རྣམས་བསྙེན་ཅིང་སྒྲུབ་པ་ནི། དྲེགས་པ་སོ་སོའི་སྲོག་གི་སྙིང་པོ་ནས་འབོད་པ་སྟེ། དེ་ལ་སོ་སོའི་སྲོག་སྙིང་གི་སྔགས་བྱང་དང་། ཇི་ལྟར་བཟླ་ཚུལ་གཉིས་ལས། དང་པོ་ནི། སྔགས་ཀྱང་རྒྱས་བསྡུས་གཉིས་ཀྱི་རྒྱས་པ་ཟུར་དུ་གསལ། འདིར་བསྡུས་པ་ནི། ཨོཾ་མ་ཧཱ་ཀཱ་ལ་ག་ཎ་གྷུ་ཏི་ཡོ་གཱི་ཤྭ་རཱི་ཏྲི་ས་མ་ཡ་ཧཱུྃ་ཛ༔ ཞེས་པ་གཙོ་བོ་ཡོན་ཏན་གྱི་མགོན་པོའི་སྔགས་སོ། །ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་ད་ཧཱུྃ་ཕཊ༔ ཐུགས་མགོན་གྱི་སྔགས་སོ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཏྲི་ཡཾ་ཛཿཛཿརཀྴ་དུ་བེང་ནི་ཧཱུྃ་ཛ༔ སྐུ་མགོན་གྱིའོ། །ཨོཾ་མ་ཧཱ་ཀཱ་ལ་ཏྲཀྴད་སིདྡྷི་ཡཾ་དུ་ཛཿཛ༔ གསུང་མགོན་ནོ། །ཨོཾ་མ་ཧཱ་ཀཱ་ལ་ཁ་ཁྭ་མུ་ཁ་ཧྲིང་ཛ༔ ཕྲིན་ལས་ཀྱི་མགོན་པོའོ། །ཨོཾ་མ་ཧཱ་ཀཱ་ལ་པྲི་ཀ་པ་ལ་ཡཾ་ར་ཏྲྀ་ཧ་ཤི་རོ་ཤ་གུརྦ་ཏི་བ་བནྡྷ་ཏུ་པ་ཡཾ་ནེ་ཡཾ་ནེ་ཛ་རཀྴ་དུ་བེང་ནི་ཧཱུྃ་ཛཿཀཱ་ལ་རཱ་ཏྲི་ཛ༔ ལས་མགོན་གྱི་སྔགས་སོ། །ཨོཾ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་མ་ཧཱུྃ་མ་བྷྱོ་ཛཿཛ༔ གཙོ་མོ་དཔལ་ལྡན་ལྷ་མོའི་སྔགས་སོ། །ཨོཾ་བཛྲ་ཧཱུྃ་ཀྵ་ཏྲག་རཀྴ་ཙིཏྟ་སྲོག་དུང་དུང་ཛཿཛ༔ བདུད་མོ་རེ་མ་ཏིའོ། །ཨོཾ་ཏདྱ་ཐཱ་རུ་རུ་བི་ཏོ་ཧཱུྃ་ཏིསྟ་བ་ཏོ་སི་རཀྨོ་སྙིང་ཁ་རགྨོ་བྷྱོ་ཛཿཛ༔ གཤིན་རྗེ་རེ་མ་ཏིའོ། །ཏདྱ་ཐཱ་མ་མ་སྙིང་ཁ་རགྨོ་བྷྱོ་རེ་མ་ཏི་པ་ཤ་ཙ་པ་ལ་ཛཿཛ༔ སྲིན་མོ་རེ་མ་ཏིའོ། །མ་མ་ཏྲག་རཀྴ་སྙིང་ཁ་རག་ནག་མོ་རེ་མ་ཏི་ས་མ་ཡ་ཧཱུྃ་ཛཿཛ༔ གནོད་སྦྱིན་རེ་མ་ཏིའི་སྔགས་སོ། །མ་ཧཱ་དེ་བ་སརྦ་ཨ་ཧྲིང་ཛཿ ལྷ་ཆེན་པོ་བརྒྱད་དོ། །ཡ་མ་རཱ་ཛ་སརྦ་ཡ་ཧྲིང་ཛཿ གཤིན་རྗེ་བརྒྱད་དོ། །དུནྟིཾ་ནག་པོ་སརྦ་བདུད་ཏྲི་མཱ་ར་དུ་ཧཱུྃ་ཛཿ བདུད་བརྒྱད་དོ། །མ་ཧཱ་ཡཀྵ་སརྦ་ཀྵ་དུན་ཛཿ གནོད་སྦྱིན་བརྒྱད་དོ། མ་ཧཱ་རཱ་ཛ་གིང་ཀ་ར་ཚ་རི་ས་མ་ཡ་ཛཿ རྒྱལ་ཆེན་སྡེ་བཞིའོ། །ཨོཾ་ཨིནྡྲ་ཡ་མ་ཛ་ལ་ཡཀྵ་བྷཱུ་ཏ་བ་ཧི་ན་བཱ་ཡུ་རཀྴ་ནཱ་ག་ཙནྡྲ་སཱུརྻ་མ་ར་བ་བ་ཏ་ལེ་ཏ་ལེ་ཡ་ཏ་བཾ་བ་སྭཱ་ཧཱ། ཕྱོགས་སྐྱོང་བཅུའོ། །ཨོཾ་མ་ཧཱ་དེ་བ་ཏི་ཛྷ་ཏི་ཛྭ་ལི་པྲ་མ་ན་ར་རཀྴ་ཀ་ཀ་མ་ཡ་ཧཱུྃ་དེ་བ་ད་བ་རཱ་ཙ་མ་ཧཱ་ནི་ཛ་དགྲ་བོ་ཐུམས་ཐུམས་རྦད་རྦད་ཤག་སེན་ཤག་སེན་ཛཿཛཿཧཱུྃ་ཕཊ། མ་ཧཱ་དེ་བ་འཁོར་བཅས་ཀྱིའོ། །ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ས་མ་ཡ་ཛཿཛཿ གཤིན་རྗེ་ཆོས་རྒྱལ་གྱིའོ། །ཨོཾ་ཙ་ལེ་ཡ་ཧཱུྃ་བཾ་ཧཱུྃ་ཛ་ཨ་བི་ཤུ་ས་མ་ཡ་ཏྲི་ཤཾ་རྦད་བྷྱོཿ བཙན་ཡམ་ཤུད་ཀྱིའོ། །ཨོཾ་གཾ་ཧུར་ཏྲི་བུར་ཏྲི་ཛུར་ཛ་ལ་ཏྲི་བུར་མ་ན་ཛུར་རཱ་ཙ་ཧྲིང་ཧྲིང་ཛཿཛཿ གནོད་སྦྱིན་སོ་ཀ་རཱ་ཙའོ། །ཏྲག་རཀྴ་ཁ་མུན་ཏྲ་ཨེ་ཀ་ཛཱ་ཊི་ཙ་པ་ལ་མི་ཤ་མ་སྙིང་ཁ་རག་མ་བྷྱོཿ མ་མོ་ཨེ་ཀ་ཛཱ་ཊིའོ། །ཨོཾ་ནག་པོ་ཏི་པ་ཙ་ཡ་ནཱ་ག་རཀྴ་ཨོཾ་ཕེཾ་ལཾ་ཧཱུྃ། ཀླུ་བདུད་མགོ་དགུའོ། །ཨོཾ་ཛ་པ་ཏི་རཱ་ཧུ་ལ་མ་ཧཱ་ཀྲོ་ཏ་ཀ་བབ་ཏ་ཤར་ཤ་མ་ཏ་ཤར་ཧཱུྃ་ཕཊ། གཟའ་བདུད་ཀྱིའོ། །ཨོཾ་བདུད་ཏྲི་མ་ར་དུ་དྷ་ཤ་གྲཱི་བ་ཧཱུྃ་ཛཿབདུད་པྲ་མ་ཡ་པྲ་མ་རཱ་ཙ་ཧཱུྃ་ཛཿ བདུད་རོལ་པ་རྐྱ་གཅིག་གི་སྔགས་སོ། །ཏྲི་ཙ་ལེ་ཏྲི་ཙ་ལེ་ཨག་ཤུག་མེ་བཾ་ལཾ་པ་ཤཾ་ཏྲི་ཛ་ཡ་དུ་ཏྲི་ཙ་པ་ལ་ཨ་ཤུག་མེ་སྭཱ་ཧཱ། སྲོག་བདག་ཚངས་པའོ། །ཨོཾ་རཱ་ཙ་ས་མ་ཡ་ཐིབས་ཐིབས་རཱ་ཙ་ཨ་ཧོ་བྲུཾ་རྦད་ཤ་མ་རུ་ཏྲི་མ་ཧོཿཛཿབཛྲ་སུཾ་ཏྲི་རཀྴ་རཱ་ཙ་ད་ར་མ་ཡ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་བྷྱོ། དགྲ་བླ་པེ་ཧར་རོ། །ཨོཾ་བག་ཏྲཾ་ཤི་ནི་ཀྲ་མ་ནི་བཛྲ་སཱ་དྷུ་ས་མ་ཡ་ཏྲི་ཏྲི་ཛཿཛཿ རྡོར་ལེགས་སོ། །ཨོཾ་རཀྴ་ནག་པོ་མཱ་ར་དུན་ཙེ་ཏྲི་ཀར་ཤི་ན་ལིང་རགྨོ་ཀ་ལཾ་ཤ་ལ་རྔམ་མོ་ཆུམ་རཀྴ་ཙིཏྟ་ས་མ་ཡ་ཛཿཛཿ སྲིན་པོ་ནག་པོའོ། །ཨོཾ་བཛྲ་ལི་ལི་ཧཱུྃ། སྐྱི་མཐིང་ཡ་མ་སྐྱོང་ངོ་། བཛྲ་ཏིང་ཏིང་ཧེ་ཧ། གངས་ཀྱི་ཡུམ་ཆེན་ནོ། །བཛྲ་ཧ་ར་ཧི། ཁ་རག་ཁྱུང་བཙུན་ནོ། །བཛྲ་མ་མ་བྷྱོ་ཧཱུྃ། མ་བཙུན་ཁུག་ཆོས་སོ། །བཛྲ་ཏི་ཧཱུྃ། ཀོང་བཙུན་དེ་མོའོ། །བཛྲ་མ་ཏི་ཧཱུྃ། ཤ་མེད་གངས་དཀར་རོ། །བཛྲ་ཏིང་པ་ཧཱུྃ། འབྲོག་སྲིན་འཁོར་འདུལ་ལོ། ཁ་ནི་ཁ་ཧཱུྃ། ཏིང་ཏིང་ཏིང་མོའོ། །སྲིང་སྲིང་ཧཱུྃ། གཡུའི་དྲིལ་བུའོ། །བཛྲ་རཀྴ་ཧཱུྃ། བརྡ་ལྷ་བཙན་མོ། བཛྲ་ཡཀྴ་མ་ཕྱི་ཧཱུྃ། བཙན་ལ་ལ་རོའོ། །བྱིང་ཏིང་པ་ར་ན་ཧཱུྃ། སྐྱི་མཐིང་གངས་ཀྱི་ལ་རོ་སྨན་ནོ། །སརྦ་དུཥྚཱན་ས་མ་ཡ་ཛཿཛཿ ལྷ་སྲིན་སྤྱིའོ། །དེ་རྣམས་ནི་སོ་སོའི་སྲོག་གི་སྙིང་པོ་སྟེ་འབོད་སྔགས་སོ། །ལས་སྦྱོར་ཤམ་བུའི་སྔགས་ནི། ཞི་བ་ལ། ནད་གདོན་བར་ཆད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། རྒྱས་པ་ལ། ཚེ་དཔལ་བུ་ནོར་པུཥྚིཾ་ཀུ་རུ་སྭཱ་ཧཱ། དབང་ལ། ལྷ་འདྲེ་མི་གསུམ་པ་ཤཾ་ཀུ་རུ་ཧོཿ དྲག་པོ་ལ། གནོད་བྱེད་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ། ཕས་ཀྱི་རྦོད་གཏོང་ཟློག་ན། རྦོད་ཟོར་སརྦ་བྷྱོ་ཟློག །གཡུལ་ཟློག་ན། དགྲ་དཔུང་ཆོམས། བདུད་དཔུང་ཤིགས། བགེགས་དཔུང་ཟློག །ས་མ་ཡ་བྷྱོ་བྷྱོ། ཞེས་པ་རྣམས་སྨིན་སྒྲུབ་ཀྱི་དུས་སུ་ལྷ་སྔགས་ཐམས་ཅད་དང་། མོས་སྒྲུབ་ཀྱི་དུས་སུ་གཙོ་སྔགས་ཙམ་གྱི་ཤམ་བུར་གདགས་ཏེ་བཟླའོ། །གཉིས་པ་ཇི་ལྟར་བཟླ་ཚུལ་ལ། སྨིན་སྒྲུབ་ཀྱི་ལུགས་དང་། མོས་སྒྲུབ་ཀྱི་ལུགས་གཉིས་ལས། དང་པོ་ནི། ཉིན་རེ་བཞིན་བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས། མདོས་བྱིན་གྱིས་བརླབས་ཏེ་གཏའ་མར་བཟུང་ལ། དྲེགས་པ་སྤྱན་འདྲེན། བཞུགས་གསོལ། མཆོད་པ་རྣམས་དཀྱུས་ལྟར་གཞུང་བསྲང་བའི་རྗེས་དབང་དུ་བསྡུ་བའི་ཏིང་ངེ་འཛིན་ལས་མི་གཡེལ་བའི་ངང་ནས་དྲེགས་པ་སོ་སོའི་སྲོག་གི་སྙིང་པོ་ཐུན་བཞིར་བཅད་ནས་བཟླ་ཞིང་། ཐུན་མཚམས་སུ་སྔགས་མཆོད་ཙམ་དང་། སྤྲོ་ན་ཚོགས་མཆོད་རེའང་བྱ། ཚུལ་དེ་ལྟ་བུས་ཞག་བདུན་ནམ་ཉི་ཤུ་རྩ་གཅིག་སོགས་དམ་ཅན་རྣམས་ཁུག་པའི་རྟགས་མ་བྱུང་གི་བར་དུ་འབད་པར་བྱ་ཞིང་། རྟགས་ནི། དྲེགས་པའི་ཆོ་འཕྲུལ་མ་ངེས་པ་ཅིར་ཡང་སྟོན་ཏེ། དེ་ཡང་ཚུར་ལ་རྒོལ་བ་དང་། ཉམས་སད་བྱེད་པ་དང་། དྲོད་ཉུལ་བ་སོགས་དངོས་ཉམས་རྨི་ལམ་དུ་འཇིགས་པའི་ཆོ་འཕྲུལ་བྱུང་ཡང་། དོགས་པ་དང་། སྐྲག་པ་དང་། དུབ་པ་རྣམས་སྤངས་ཏེ་ལྟ་བས་ཟིལ་གྱིས་མནན་ལ་སྤྱོད་པས་དབང་དུ་བསྡུ་ཞིང་། དམ་བརྡར་ལ་དྲག་ཏུ་བཅུན་ཏེ་བཟླའོ། །བདག་ལ་བཀའ་ཉན་ཞིང་འདུད་པའི་མཚན་མར་ཕྱག་དང་བཀུར་སྟི་བྱེད་པ་སོགས་བྱུང་ན། ཞི་རྒྱས་སོགས་ལས་གང་བྱེད་ཀྱི་ཤམ་བུ་བཏགས་ནས་བཟླ་ཞིང་། གང་ལ་དམིགས་པའི་ལས་བཅོལ། ཐུགས་དམ་བསྐང་ཞིང་མཆོད་བསྟོད་བྱ། ཐུགས་དམ་བསྐུལ་ཞིང་ལས་འདི་ཞེས་བྱ་བ་འགྲུབ་པར་མཛོད་ཅིག་ཅེས་གཉེར་གཏད་དོ། །དེ་ལྟར་བསྙེན་པ་རྫོགས་པའི་ནུབ་མོ་ནམ་ཕྱེད་ཡན་ལ་ཡི་དམ་གྱི་ཕྲིན་ལས་གཞུང་བསྲང་བ་སྔོན་དུ་འགྲོ་བས། མདོས་བྱིན་རླབས་ནས་གཟུང་། བསྐུལ་བྱང་དཀྱུས་ཉིད་དུ་གྱེར་ཏེ་དམ་ཅན་གྱི་བཟླས་པའི་བར་ཕྲིན་ལས་ཀྱི་གཞུང་བསྲང་ཞིང་། གླུད་ཡས་ཀྱི་ཆོ་འབྲང་གཏོང་ནས་ཚོགས་མཆོད་ལྷག་མའི་བར་རྫོགས་པར་བྱས་ལ། དེ་ནས་མདོས་བསྔོ་ཞིང་ཕྲིན་ལས་བཅོལ་བ་ཞག་འགའ་ཡར་སྦྲེལ་བའམ། དེ་ཉིད་ཀྱི་ནུབ་མོ་ཚེས་གྲངས་དང་དུས་ཚོད་དྲག་པོའི་ལས་ཐེབས་ཤིང་མི་ཟློག་པ་དང་བསྟུན་སྟེ་སྨད་ལས་ལ་སྦྱོར་བའང་བྱེད་པའོ། །གཉིས་པ་མོས་སྒྲུབ་ཀྱི་ལུགས་ནི། ཉིན་རེ་བཞིན་བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་མདོས་ཀྱི་བྱིན་རླབས་ནས་བཅུ་གཉིས་པ་བསྔོ་ཞིང་ཕྲིན་ལས་བཅོལ་བའི་བར་དཀྱུས་ལྟར་གྱེར་བའི་ལུགས་སོ། །དེ་ལའང་སྒྲུབ་ཚུལ་སྨིན་མི་སྨིན་ལ་བརྟེན་ནས་རྒྱས་འབྲིང་བསྡུས་གསུམ་ལས། དང་པོ་རྒྱས་པ་ནི། དབང་སྡུད་ཀྱི་སྔགས་དང་དམ་ཅན་གྱི་སྲོག་སྙིང་རྣམས་ཀྱི་བཟླས་པ་ལ་གཙོ་བོར་འདོན་ཞིང་། མདོས་བསྔོ་ཡང་རྒྱས་པ་ཚང་བར་གྱེར་བའི་ལུགས་ཏེ་གྱེར་བཟླས་གཉིས་ཀ་ཆ་མཉམ་དུ་རྒྱས་པར་བྱེད་པའི་ཕྱིར་ལག་ལེན་རྒྱས་པའོ། །གཉིས་པ་འབྲིང་པོ་ནི། བཟླས་པ་སྔར་ལྟར་རྒྱས་པར་བྱ་ཞིང་མདོས་བསྔོའི་དུས་མ་མགོན་ནང་གཡོག་དང་བཅས་པ་ཉིན་རེ་བཞིན་དཀྱུས་ལྟར་གྱེར། དེ་ཕྱིན་རུ་འདྲེན་སོགས་འཁོར་དམངས་ཀྱི་མདོས་གཞུང་དཀྱུས་ལྟར་རྐང་ཐོན་གྱི་སྨྲེང་རྣམས་ཞག་གསུམ་རེ་ལྟ་བུར་བསྐོར་ནས་རང་གི་རེས་ལ་མ་བབས་པ་རྣམས་ལ་སོ་སོར་འབྲི་འགྱུར་གྱི་སྤྱི་བསྔོ་བསྡུས་པ་རེ་གྱེར་བར་བྱ་སྟེ། འདིར་བཟླས་པ་རྒྱས་ལ་གྱེར་བསྡུས་པས་འབྲིང་པོའོ། །གསུམ་པ་བསྡུས་པ་ནི། བཟླས་པ་རྣམས་ལོང་དང་སྦྱར་ནས་ཅུང་ཟད་ཙམ་རེ་བཟླས་རྗེས་མདོས་བསྔོ་རྒྱས་པ་ལྟར་སྟེ། འདི་གྱེར་རྒྱས་ཡང་བཟླས་པ་བསྡུས་པས་མི་སྨིན་པའི་ཆ་ནས་བསྡུས་པའི་ལུགས་དང་། བཟླས་པ་དང་དེའི་སྟེང་གྱེར་ཀྱང་སྔར་ལྟར་བསྡུས་པ་བྱས་པ་ནི་ཤིན་ཏུ་བསྡུས་པའི་ལུགས་སོ། །དེ་ལྟར་ཆོ་གའི་ཆིངས་ངེས་པར་བྱས་ནས། གཙོ་འཁོར་རྣམས་ཀྱི་བཟླས་པའི་གྲངས་ཀྱི་ཆ་གསག་ལུགས་ནི། གཙོ་བོ་ཡོན་ཏན་གྱི་མགོན་པོ་དང་། གཙོ་མོ་དཔལ་ལྡན་ལྷ་མོ་གཉིས་ཀྱི་སྔགས་བརྒྱ་རྩ་རེ་བཟླས་པའི་དབང་དུ་བྱས་ན། མ་མགོན་གཞན་རྣམས་ཀྱི་སྔགས་རྣམས་ལྔ་བཅུ་རེའམ་ཉི་ཤུ་རྩ་གཅིག་ཙམ་རེ་དང་། རུ་འདྲེན་སོགས་འཁོར་དམངས་དང་། མཐར་གཙོ་སྔགས་ལ་ལས་གང་འདོད་ཀྱི་ཤམ་བུ་བཏགས་པ་རྣམས་བདུན་གྱི་མཐའ་རྟེན་པ་ཙམ་རེ་བཟླ་ཞིང་། བཟླས་པ་སོང་བ་དང་གླུད་ཡས་ཀྱི་ཆོ་འབྲང་འདོན་པའི་གྱེར་ནི། སྤྲོ་ན་རྒྱས་པ་ཟུར་དུ་བཀོད་པ་ལྟར་བྱ་ཞིང་། མི་ནུས་པས་ནི་སྨྲེང་བསྡུས་པ་ལ་བརྟེན་ཀྱང་མ་ཚང་བའི་སྐྱོན་དུ་མི་འགྱུར་བས་བསྡུས་པ་འདི་ཙམ་ཞིག་གྱེར་ཏེ། ཧཱུྃ། རྣལ་འབྱོར་དབང་ཕྱུག་བདག་ཅག་གིས། །དཀའ་དགུ་བསགས་ནས་མཐུན་དགུ་བསྡེབས། །དཀའ་བ་མི་ལས་བཙལ་བའི་མདོས། །སྲ་བ་བྲག་ལས་བརྐོས་པའི་མདོས། །རྫས་དང་ཡས་ཀྱིས་གཞི་བཟུང་ནས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །ཏིང་འཛིན་དག་པས་འདོད་དགུར་བསྒྱུར། །བཅས་བཅས་དེ་ནི་བརྡར་བརྡར་ནས། །སྐྱེས་པ་དམག་ལ་ཆས་པ་འདྲ། །བཏགས་བཏགས་དེ་ནི་བརྒྱན་བརྒྱན་ནས། །ན་ཆུང་བག་མར་ཆས་པ་འདྲ། །བྲིས་བྲིས་དེ་ནི་བཀོད་བཀོད་ནས། །སྟག་གཟིག་ཚང་ནས་འཐོན་པ་འདྲ། །སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀུན། །སྲིད་པའི་མདོས་ཆེན་འདི་ལ་གཟིགས། །འཕན་གདུགས་ནམ་རྒྱང་གུར་ལ་ལྟོས། །ཟ་འོག་གུར་ཁྱིམ་ཕུབ་པ་འདྲ། །ཤིང་རིས་མང་པོ་བྲིས་ལ་ལྟོས། །འཇིག་རྟེན་སྣང་སྲིད་མཁའ་ལ་ཤར། །མདའ་འཕང་མང་པོ་འཁྲིགས་ལ་ལྟོས། །མཁའ་ལ་འཇའ་ཚོན་འཁྱིལ་བ་འདྲ། །རི་རབ་གླིང་བཞི་གླིང་ཕྲན་བཅས། །མཐུན་པའི་རྫས་དང་ཡས་ཀྱིས་བསྐོར། །ལྷ་སྲིན་དམ་རྫས་གཉན་པོ་བསགས། །འདི་ལྟ་བུ་ཡི་མདོས་ཆེན་འདི། །བདག་དང་རྒྱུ་སྦྱོར་འཁོར་བཅས་ཀྱི། །ཚེ་དང་སྲོག་གི་གླུད་དུ་འབུལ། །ཡུལ་དང་མཁར་གྱི་གླུད་དུ་འབུལ། །ནོར་དང་རྫས་ཀྱི་གླུད་དུ་འབུལ། །ཆག་ཆེ་ཉམ་ང་ཟློག་ཏུ་གསོལ། །བཅོལ་པའི་ལས་རྣམས་བསྒྲུབ་པར་མཛོད། །ལག་ལེན་འབྲིང་པོ་དང་བསྡུས་པའི་དུས་ཀྱི་མདོས་བསྔོའི་གྱེར་བསྡུས་པའི་ཟུར་འདེབས་ནི། རུ་འདྲེན་བཞི་བསྡུ་བའི་ཚེ། བྷྱོ། དཔལ་ལྡན་མགོན་པོ་ལྕམ་དྲལ་གྱིས། །ལྷ་མིན་དམག་དཔུང་ཟློག་པའི་ཚེ། །གཡས་ཀྱི་ཕྱོགས་ནས་རུ་འདྲེན་པ། །སྟེང་གི་ལྷ་ཆེན་རྣམ་པ་བརྒྱད། །གཡོན་གྱི་ཕྱོགས་ནས་རུ་འདྲེན་པ། །ནག་པོ་བདུད་ཆེན་རྣམ་པ་བརྒྱད། །མདུན་གྱི་ཕྱོགས་ནས་རུ་འདྲེན་པ། །ལྷོ་ཕྱོགས་གཤིན་རྗེ་ནག་པོ་བརྒྱད། །སླད་ཀྱི་དེ་ནི་རྗེས་འབྲང་བ། །བྱང་ཕྱོགས་གནོད་སྦྱིན་ཆེན་པོ་བརྒྱད། །མདོས་དང་གླུད་ལ་སྤྱན་འདྲེན་གྱིས། །འདིར་གཤེགས་དམ་སྐོང་ཕྲིན་ལས་མཛོད། །རང་རང་འཁོར་གཡོག་དཔུང་དང་བཅས། །སྔོན་ཚེ་ལྷ་མིན་གཡུལ་བཟློག་ལྟར། །ད་ཡང་དགྲ་བགེགས་འདུལ་འཚལ་གྱིས། །རི་རབ་ཆེན་པོའི་ཕྱོགས་བཞི་རུ། །རང་རང་སྐུ་མཁར་གནས་ཀྱི་རྟེན། །སྐུ་རྟེན་དར་མདུང་རྣོ་བའི་མཚོན། །མཛེས་པའི་ནམ་མཁའ་འཇའ་རིས་ཅན། །རྩེ་ལ་མཐུན་པའི་སྒྲོ་ཡིས་བརྒྱན། །ལོགས་ལ་དར་སྣ་པུ་རུ་རུ། །མགུལ་ན་ཡུངས་དཀར་ཤ་ར་ར། །སོ་སོའི་ཞལ་དང་གཉིས་སུ་མེད། །མདའ་མོ་རང་རྟགས་ཕྱག་མཚན་རིས། །མོ་འཕང་མཛེས་པའི་མེ་ལོང་ཅན། །སྣ་བཞིའི་རྒྱང་བུ་ཉི་ཟླས་མཚན། །ཤིང་གྲི་མཛེས་པའི་ཡུལ་མཁར་རིས། །རྣལ་འབྱོར་འཁོར་བཅས་གླུད་དུ་འབུལ། །མི་མཐུན་རྐྱེན་དང་བར་ཆད་ཟློག །གཏོར་མ་སྤྱན་གཟིགས་གསེར་སྐྱེམས་སོགས། །རང་རང་མཐུན་པའི་དམ་རྫས་དང་། །ལྷ་གཡག་བདུད་ཤ་རོག་པོའི་ར། །ཅང་ཤེས་ལ་སོགས་དཀོར་གྱི་དབྱིག །མི་ཟད་ལོངས་སྤྱོད་ཀུན་འབུལ་གྱིས། །སོ་སོའི་ཐུགས་དམ་དེས་སྐོངས་ལ། །སྲ་བའི་གོ་ཆ་ལུས་ལ་གྱོན། །རྣོ་བའི་མཚོན་ཆ་ལག་ཏུ་ཐོགས། །དམག་དཔུང་སྐྱེད་ལ་རུ་མཚོན་ཕྱོར། །དྲག་ཤུལ་སྐྱེད་ལ་མཐུ་རྩལ་ཕྱུངས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །མི་མཐུན་རྐྱེན་རྣམས་ཞི་བར་མཛོད། །ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ། །ལོག་པར་ལྟ་བ་དབང་དུ་སྡུས། །བཅོལ་པའི་ལས་རྣམས་མ་གཡེལ་བར། །བསྟན་པའི་དགྲ་བགེགས་རྩད་ནས་ཆོད། །མ་ཧཱ་དེ་ཝ་དུནྟིང་ནག་པོ་ཡ་མ་རཱ་ཙ་ཡཀྵ་སརྦ་ས་མ་ཡ་དགྲ་བོའི་སྲོག་ལ་བྷྱོ་བྷྱོ། རྒྱལ་ཆེན་དང་ཕྱོགས་སྐྱོང་བསྡུ་ན། བྷྱོ། དཔལ་ལྡན་མགོན་པོ་ལྕམ་དྲལ་གྱིས། །ལྷ་མིན་དམག་དཔུང་ཟློག་པའི་ཚེ། །ཕྱོགས་བཞིའི་དམག་གི་དཔོན་བྱེད་པ། །རྒྱལ་པོ་ཆེན་པོ་སྡེ་བཞི་དང་། །ཕྱོགས་བཅུའི་དམག་གི་དཔུང་བྱེད་པ། །ཕྱོགས་སྐྱོང་བཅུ་པོ་འཁོར་བཅས་ཀྱང་། །མདོས་དང་གླུད་ལ་སྤྱན་འདྲེན་གྱིས། །འདིར་གཤེགས་དམ་སྐོང་ཕྲིན་ལས་མཛོད། །རང་རང་འཁོར་གཡོག་དཔུང་དང་བཅས། །སྔོན་ཚེ་ལྷ་མིན་གཡུལ་བཟློག་ལྟར། །ད་ཡང་དགྲ་བགེགས་འདུལ་འཚལ་གྱིས། །རི་རབ་ཕྱོགས་བཞིའི་སྐུ་མཁར་དང་། །ཕྱོགས་མཚམས་སྟེང་འོག་གནས་ཀྱི་རྟེན། །དར་མདུང་རྒྱལ་མཚན་སྐུ་ཡི་རྟེན། །ཞལ་ཕྱུང་ནམ་མཁའ་འཇའ་རིས་ཅན། །རྩེ་ལ་མཐུན་པའི་སྒྲོ་ཡིས་བརྒྱན། །ལོགས་ལ་དར་སྣ་པུ་རུ་རུ། །མགུལ་ན་ཡུངས་དཀར་ཤ་ར་ར། །སོ་སོའི་ཞལ་དང་གཉིས་སུ་མེད། །མདའ་ཁྲ་རང་རྟགས་ཕྱག་མཚན་རིས། །མོ་འཕང་མཛེས་པའི་མེ་ལོང་ཅན། །རིན་ཆེན་རྒྱང་བུ་ཉི་ཟླས་མཚན། །ཤིང་གྲི་མཛེས་པའི་ཡུལ་མཁར་རིས། །རྣལ་འབྱོར་འཁོར་བཅས་གླུད་དུ་འབུལ། །མི་མཐུན་རྐྱེན་དང་བར་ཆད་ཟློག །གཏོར་མ་སྤྱན་གཟིགས་གསེར་སྐྱེམས་སོགས། །རང་རང་མཐུན་པའི་དམ་ཚིག་རྫས། །ལྷ་གཡག་བྱུ་རུའི་མཛོ་སོགས་དང་། །དར་མདུང་གསང་ལུག་ལ་སོགས་པ། །རྒྱལ་ཆེན་ཕྱོགས་སྐྱོང་དཀོར་གྱི་དབྱིག །མི་ཟད་ལོངས་སྤྱོད་ཀུན་འབུལ་གྱིས། །སོ་སོའི་ཐུགས་དམ་དེས་བསྐངས་ཀྱིས། །སྲ་བའི་གོ་ཆ་ལུས་ལ་གྱོན། །རྣོ་བའི་མཚོན་ཆ་ལག་ཏུ་ཐོགས། །དམག་དཔུང་སྐྱེད་ལ་རུ་མཚོན་ཕྱོར། །དྲག་ཤུལ་སྐྱེད་ལ་མཐུ་རྩལ་ཕྱུངས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །མི་མཐུན་རྐྱེན་རྣམས་ཞི་བར་མཛོད། །ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ། །ལོག་པར་ལྟ་བ་དབང་དུ་སྡུས། །བཅོལ་པའི་ལས་རྣམས་མ་གཡེལ་བར། །བསྟན་པའི་དགྲ་བགེགས་རྩད་ནས་ཆོད། །རཱ་ཛ་གིང་ཀ་ར་ཚ་རི་ས་མ་ཡ་དྷ་ཤ་པ་ཏི་ཛ་དགྲ་བོའི་སྲོག་ལ་བྷྱོ་བྷྱོཿ ལྷ་མ་སྲིན་སྡེ་བརྒྱད་ཀྱི་མདོས་བསྔོ་བསྡུ་ན། ཧཱུྃ་བྷྱོཿ དཔལ་ལྡན་མགོན་པོ་ལྕམ་དྲལ་གྱིས། །ལྷ་མིན་དམག་དཔུང་ཟློག་པའི་ཚེ། །བཀའ་ཉན་ལས་བྱེད་མཐུ་རྩལ་ཅན། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱང། །མདོས་དང་གླུད་ལ་སྤྱན་འདྲེན་གྱིས། །འདིར་གཤེགས་དམ་སྐོང་ཕྲིན་ལས་མཛོད། །དྲེགས་པ་སྡེ་བརྒྱད་འཁོར་དང་བཅས། །དཔལ་ལྡན་མགོན་པོའི་བཀའ་འཁོར་དུ། །རང་རང་དམག་གི་དཔུང་བསྡུས་ནས། །སྔོན་ཚེ་ལྷ་མིན་གཡུལ་བཟློག་ལྟར། །ད་ཡང་དགྲ་བགེགས་འདུལ་འཚལ་གྱིས། །རི་རབ་ཆེན་པོའི་ཕྱོགས་མཚམས་སུ། །མཐུན་པའི་སྐུ་མཁར་གནས་ཀྱི་རྟེན། །རྒྱལ་མཚན་དར་མདུང་སྐུ་ཡི་རྟེན། །ཞལ་ཕྱུང་ནམ་མཁའ་འཇའ་རིས་ཅན། །རྩེ་ལ་མཐུན་པའི་སྒྲོ་ཡིས་བརྒྱན། །ལོགས་ལ་དར་སྣ་པུ་རུ་རུ། །མགུལ་ན་ཡུངས་དཀར་ཤ་ར་ར། །སོ་སོའི་ཞལ་དང་གཉིས་སུ་མེད། །མདའ་མོ་རང་རྟགས་ཕྱག་མཚན་རིས། །མོ་འཕང་མཛེས་པའི་མེ་ལོང་ཅན། །རྣམ་བཀྲའི་རྒྱང་བུ་ཉི་ཟླས་མཚན། །ཤིང་གྲི་མཛེས་པའི་ཡུལ་མཁར་རིས། །རྣལ་འབྱོར་འཁོར་བཅས་གླུད་དུ་འབུལ། །སྡེ་བརྒྱད་རང་རང་ཆད་པ་རྣམས། །བསྟན་པ་འཇིག་པའི་དགྲ་ལ་སྒྱུར། །གཏོར་མ་གསེར་སྐྱེམས་སྤྱན་གཟིགས་སོགས། །སྡེ་བརྒྱད་སོ་སོའི་མཐུན་པའི་རྫས། །རང་རང་དགྱེས་པའི་སྲོག་ཆགས་དང་། །རིན་ཆེན་སྨན་སོགས་དཀོར་གྱི་དབྱིག །མི་ཟད་ལོངས་སྤྱོད་ཀུན་འབུལ་གྱིས། །སོ་སོའི་ཐུགས་དམ་དེས་བསྐངས་ལ། །སྲ་བའི་གོ་ཆ་ལུས་ལ་གྱོན། །རྣོ་བའི་མཚོན་ཆ་ལག་ཏུ་ཐོགས། །དམག་དཔུང་སྐྱོད་ལ་རུ་མཚོན་ཕྱོར། །དྲག་ཤུལ་སྐྱེད་ལ་མཐུ་རྩལ་ཕྱུངས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །མི་མཐུན་རྐྱེན་རྣམས་ཞི་བར་མཛོད། །ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ། །ལོག་པར་ལྟ་བ་དབང་དུ་སྡུས། །བཅོལ་པའི་ལས་རྣམས་མ་གཡེལ་བར། །བསྟན་པའི་དགྲ་བགེགས་རྩད་ནས་ཆོད། །མ་ཧཱ་དེ་བ། ཡ་མ་རཱ་ཙ། ཤཱུ་ལ་རཱ་ཙ། ཡཀྵ་ཏྲི། ཏྲག་རཀྴ། ན་ག་རཱ་ཙ། རཱ་ཧུ་ལ། བདུད་ཏྲི་མཱ་ར་དུ་སརྦ་ས་མ་ཡ། དགྲ་བོའི་སྲོག་ལ་བྷྱོ་བྷྱོ། དབང་ཆེན་སྡེ་བཞིའི་མདོས་བསྔོ་བསྡུ་ན། ཀྱེ། དཔལ་ལྡན་མགོན་པོ་ལྕམ་དྲལ་གྱི། །ཕོ་ཉ་ལས་བྱེད་མཐུ་བོ་ཆེ། །དགྲ་བོའི་སྲོག་གི་ཤན་པ་ནི། །ཕྱོགས་བཞིའི་དབང་ཆེན་སྡེ་བཞི་ཡིན། །མདོས་དང་གླུད་ལ་སྤྱན་འདྲེན་གྱིས། །འདིར་གཤེགས་དམ་སྐོང་ཕྲིན་ལས་མཛོད། །རང་རང་འཁོར་གཡོག་དཔུང་དང་བཅས། །སྔོན་ཚེ་ཁས་བླངས་དམ་བཅས་ལྟར། །ད་ལྟ་དགྲ་བགེགས་བསྒྲལ་འཚལ་གྱིས། །གླིང་བཞིའི་སྐུ་མཁར་གནས་ཀྱི་རྟེན། །དར་མདུང་རྣོན་པོ་འདེབས་པའི་མཚོན། །མཐུན་པའི་རྒྱལ་མཚན་སྐུ་ཡི་རྟེན། །སྣ་བཞིའི་ནམ་མཁའ་འཇའ་རིས་ཅན། །རྩེ་ལ་མཐུན་པའི་སྒྲོ་ཡིས་བརྒྱན། །ལོགས་ན་དར་སྣ་པུ་རུ་རུ། །མགུལ་ན་ཡུངས་དཀར་ཤ་ར་ར། །སོ་སོའི་ཞལ་དང་གཉིས་སུ་མེད། །མདའ་མོ་རང་རྟགས་ཕྱག་མཚན་རིས། །མོ་འཕང་མཛེས་པའི་མེ་ལོང་ཅན། །སྣ་བཞིའི་རྒྱང་བུ་ཉི་ཟླས་མཚན། །ཤིང་གྲི་མཛེས་པའི་ཡུལ་མཁར་རིས། །རྣལ་འབྱོར་འཁོར་བཅས་གླུད་དུ་འབུལ། །མི་མཐུན་རྐྱེན་རྣམས་དགྲ་ལ་སྒྱུར། །བཤོས་བུ་གསེར་སྐྱེམས་ཤ་ཁྲག་སོགས། །སྡེ་བཞི་རང་རང་མཐུན་རྫས་དང་། །དགྱེས་པའི་སྲོག་ཆགས་དཀོར་གྱི་དབྱིག །མི་ཟད་ལོངས་སྤྱོད་ཀུན་འབུལ་གྱིས། །སོ་སོའི་ཐུགས་དམ་དེས་བསྐངས་ལ། །སྲ་བའི་གོ་ཆ་ལུས་ལ་གྱོན། །རྣོ་བའི་མཚོན་ཆ་ལག་ཏུ་ཐོགས། །དམག་དཔུང་སྐྱོད་ལ་རུ་མཚོན་ཕྱོར། །དྲག་ཤུལ་སྐྱེད་ལ་མཐུ་རྩལ་ཕྱུངས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །མི་མཐུན་རྐྱེན་རྣམས་ཞི་བར་མཛོད། །ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ། །ལོག་པར་ལྟ་བ་དབང་དུ་སྡུས། །བཅོལ་པའི་ལས་རྣམས་མ་གཡེལ་བར། །བསྟན་པའི་དགྲ་བགེགས་རྩད་ནས་ཆོད། །ཏྲི་ཙ་ལ་ཨ་ཤུག་མེ། རཱ་ཙ་པེ་ཧ་ར། ཏྲི་བཛྲ་སཱ་དྷུ། རཀྴ་རགྨོ་སརྦ་ས་མ་ཡ་དགྲ་བོའི་སྲོག་ལ་བྷྱོ་བྷྱོ། བརྟན་མ་བསྡུ་ན། ཀྱེ། བོད་ཁམས་སྐྱོང་བའི་མཐུ་རྩལ་ཅན། །བརྟན་མ་བཅུ་གཉིས་འཁོར་དང་བཅས། །སྔོན་གྱི་དམ་ལས་མ་འདའ་བར། །འབྲང་རྒྱས་མཚལ་གྱི་ཐིག་ཕྲན་ཅན། །གཙང་མའི་བལ་ཐེ་ཤུག་ཐེས་བརྒྱན། །དབུས་སུ་མ་མོའི་སྐུ་རྟེན་བཞུགས། །མདའ་ཁྲ་གཡས་ལ་འཕང་ཁྲ་གཡོན། །ངར་གླུད་མཚེ་ཡུངས་བརྒྱན་པ་ཀུན། །ནམ་མཁའ་རྒྱང་བུ་ཕྲག་པར་བཙུགས། ཁྲམ་བམ་ནག་པོ་ལག་ཏུ་བསྐུར། །ལེམ་བུ་ངར་བྱ་ལ་སོགས་པ། །མཐུན་རྫས་མདོས་གླུད་འདི་བཞེས་ལ། །ནད་དང་རིམས་ཀྱི་དལ་ཁ་རྣམས། །བསྟན་པ་འཇིག་པའི་དགྲ་ལ་སྒྱུར། །ཆག་ཆེ་ཉམ་ང་མ་ལུས་པ། །བསྟན་པ་འཇིག་པའི་དགྲ་ལ་སྒྱུར། །ནག་མོའི་ཚོགས་ཀྱི་ཁྲམ་སྣ་ཀུན། །བསྟན་པ་འཇིག་པའི་དགྲ་ལ་སྒྱུར། །མ་མོ་ནག་མོ་དུན་ཏིཾ་སརྦ་དགྲ་ལ་བྷྱོ་བྷྱོ། སྣང་སྲིད་ཀྱི་ལྷ་འདྲེ་ཡོངས་ཀྱི་བསྔོ་བ་བསྡུ་ན། བྷྱོ། དཔལ་ལྡན་མགོན་པོ་ལྕམ་དྲལ་གྱི། །ཕྱི་འཁོར་དམག་གི་དཔུང་བྱེད་པ། །སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས། །ཐམས་ཅད་མདོས་ལ་སྤྱན་འདྲེན་གྱིས། །འདིར་གཤེགས་གླུད་ལོངས་ཕྲིན་ལས་མཛོད། །ཀྱེ། ནག་པོ་བདུད་དང་དམར་པོ་བཙན། །དཀར་པོ་གིང་རྒྱལ་མ་བདུད་དང་། །ས་བདག་ཀླུ་གཉན་སྨན་མོའི་ཚོགས། །ཀླུ་བཙན་ཐེའུ་རང་ལ་སོགས་པ། །སྣང་སྲིད་ལྷ་འདྲེ་མ་ལུས་ཀུན། །མཐུན་རྫས་མདོས་གླུད་འདི་ལོངས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །བསམ་ངན་སྦྱོར་རྩུབ་མ་གཏང་བར། །རང་རང་ཁྲོམ་སྣ་དགྲ་ལ་སྒྱུར། །ཀྱེ། གཞན་ཡང་སྣང་སྲིད་ལྷ་འདྲེའི་ཚོགས། །གདོན་བགེགས་ཡུལ་བདག་མ་ལུས་ཀུན། །རང་རང་གནས་ནས་འདིར་གཤེགས་ལ། །རི་རབ་བང་རིམ་ཐ་མ་དང་། །གླིང་བཞིའི་མ་ཏྲཾ་གཞལ་ཡས་འདིར། །དར་ཟབ་རྒྱལ་མཚན་སྐུ་ཡི་རྟེན། །མཛེས་པའི་ནམ་མཁའ་འཇའ་རིས་ཅན། ཁྱོད་ཀྱི་ཞལ་དང་གཉིས་སུ་མེད། །ཤིང་གྲི་བ་ཏི་ཡུལ་མཁར་གླུད། །མདའ་ཁྲ་རྒྱང་བུ་ལུས་ཀྱི་གླུད། །སྣང་གསལ་མར་མེ་སེམས་ཀྱི་གླུད། །སྣ་ཚོགས་དར་ཟབ་གོས་ཀྱི་གླུད། །འབྲུ་སྣ་བཤོས་བུ་གསེར་སྐྱེམས་སོགས། །སྣང་སྲིད་ལྷ་འདྲེ་མཐུན་པའི་རྫས། །རྟ་གླང་མི་བྱ་ར་ལུག་སོགས། །སྣང་སྲིད་གནས་པའི་སེམས་ཅན་རྣམས། །ལྷ་འདྲེ་ཁྱེད་ཀྱི་དཀོར་གྱི་དབྱིག །ངར་གླུད་མཛེས་པ་རྒྱན་ལྡན་བརྒྱ། །མི་ཟད་ལོངས་སྤྱོད་ཀུན་འབུལ་གྱིས། །མཐུན་རྫས་མདོས་གླུད་འདི་བཞེས་ལ། །འཁོར་འདིར་གནོད་པ་མ་མཛད་པར། །སྣང་སྲིད་ལྷ་འདྲེའི་ཆད་པ་དེ། །བསྟན་པ་འཇིག་པའི་དགྲ་ལ་ཆོད། །མུན་ཁུང་དགྲ་ཡི་སྒོ་ཁར་ཆོས། །སྦྲ་ནག་དགྲ་ཡི་སྒོ་ཁར་ཕུབས། ཁྲམ་སྣ་སྡང་བའི་དགྲ་ལ་སྒྱུར། །ཟ་ཁ་སྡང་བའི་དགྲ་ལ་སྟོན། །ཕོ་བྲང་དགྲ་ཡི་ཡུལ་དུ་ཐོབས། །གདུག་རྩུབ་སྡང་བའི་དགྲ་ལ་སྟོན། །དུག་མདའ་སྡང་བའི་དགྲ་ལ་ཕོངས། །ལྟས་ངན་སྡང་བའི་དགྲ་ལ་ཐོབས། །ས་མ་ཡ་ས་མ་ཡ་སྡང་བའི་དགྲ་ལ་བྷྱོ་བྷྱོ། དེ་ལྟར་མདོས་བསྔོའི་དུས་ཉིན་རེ་བཞིན་ཕྱོགས་ཀྱི་མར་མེ་བཞི་པོ་སྤོར་ཞིང་། མདོས་ཀྱི་མདུན་ལྟ་བུ་ཇི་ལྟར་བདེ་བའི་སྟེགས་ལ་སྣོད་གཙང་མ་བརྒྱ་ཚར་གྱི་ནང་དུ་རིམ་པར། མ་མགོན་བཅུ་གཅིག །ནང་གཡོག་བརྒྱད། རུ་འདྲེན་སོ་གཉིས། རྒྱལ་ཆེན་ཕྱོགས་སྐྱོང་བཅོ་ལྔ། དྲེགས་པ་སྡེ་བརྒྱད། དབང་ཆེན་བཞི། བརྟན་མ་བཅུ་གཉིས་ཏེ་མགྲོན་ཚན་བདུན་པོར་ལྷ་གྲངས་དང་མཉམ་པའི་གསང་ཕྱི་གསེར་སྐྱེམས་དང་སྦྱར་བ་དང་། ལྷ་འདྲེ་ལ་ངར་གླུད་བཅུ་དང་གསེར་སྐྱེམས་སྦྱར་བ་རྣམས་སྔར་བྱིན་རླབས་ཀྱི་སྐབས་ནས་ཕྲེང་ཚར་དུ་བཤམས་པ་ཉིད་འདིར་སོ་སོའི་མཇུག་ཏུ་གཙང་སར་འཐོར་ཞིང་། ཚིལ་ཆེན་གྱི་གསུར་དང་རྒྱ་བོད་ཀྱི་སྤོས་བརྟུལ་བ་སོགས་ཀྱང་བྱ། ཉིན་ཐ་མར་མ་ཏྲཾ་གྱི་ལུས་ལ་བཀོད་པའི་གླུད་རྣམས་ཀྱི་ཏིང་ལོ་ཡང་སྦར་རོ། །དེ་ནས་མཐའ་སྡུད་དྲག་པོའི་ལས་ལ་སྦྱར་བ་ནི། ཉིན་རེ་བཞིན་མདོས་བསྔོའི་རྗེས་སུ་བྲུབ་ཁུང་རྣམས་ཀྱི་ལིངྒར་དམིགས་བྱ་བསྐྱེད་འགུགས་དང་ལྷ་དབྱེ་བསྡུས་པ་རེ་བྱ་ལ། དེ་ནས་ཟོར་ཐུན་གྱི་སྔགས། མ་མ་ཏྲག་རཀྴ་མུ་ཏྲ་ཁ་མུནྟྲ༔ མུ་རུ་ལུ་མ་བྷྱོ་ཧཱུྃ་བྷྱོ༔ ཏྲག་རཀྴ་མུ་ཏྲ༔ དུར་མ་ཏི་རགྨོ་ཛ༔ མ་མ་དུཾ་ལོ་ན༔ དུཾ་ལོ་ན༔ སྙིང་ཁ་ལ་རཀྴ་རྦུད༔ གཏུབས་ཙིཏྟ་བཾ་གལ་བུབ་མྱོས་སྙིང་ཁྲག་ཧ་པྲ་རུ་ལུ་ཐུམས༔ ཧེ་ས་ཐུམས༔ པྲ་མ་ར་ཐུམས༔ ཤི་ནི་ཐུམས༔ ཨེ་སྦུ་ས་མ་ཡ་ཐིབས་ཐིབས༔ ལིང་ཤར་ངེས་སོད༔ ས་མ་ཡ་སྟི་སྟ་མ་མ་རུ་ལུ་ཐིབས་ཐིབས་ཐབས་པྲ་པུར་ཁ་ཤ་བཾ་ཡཾ་ཡཾ༔ ཐུམས་རི་ལི་ལི༔ ནི་ཐིག་ནིག་གཉིས་ཕྱེད་གཉིས་ལ༔ བརྒྱད་བཅད༔ གནམ་མཐོང་ཕྱེ་ཡང༔ ལྕགས་སྒྲོག་ཁྲོལ༔ མི་རིང་སོད༔ བཛྲ་པཱ་ཎི་ཕཊ༔ བཛྲ་ར་སྟེ་ཕཊ༔ ཨ་ཧི་ཨ་ཧི་ཕཊ༔ ནཱ་ག་ལི་ནཱ་ག་ལི༔ སུཾ་པ་ལི་སུཾ་པ་ལི༔ ཚིན་ཡང་ཚིན་ཡང༔ ཁ་ཤ་བཾ་མ་དུང་ང་བྷྱོ༔ ཞེས་པ་ལན་བདུན་ནམ་གསུམ་ཙམ་དང་། མགོན་པོ་ལྕམ་དྲལ་འཁོར་བཅས་སོ་སོའི་སྔགས་ལ་ཤམ་བུ་སྦྲེལ་བ་འོག་ཏུ་ཐུན་གྱི་གདབ་སྔགས་སུ་འབྱུང་བ་ལྟར་རེ་རེ་ནས་ལན་བདུན་ནམ། མི་ནུས་ན། ཨོཾ་མ་ཧཱ་ཀཱ་ལ་ག་ཎ་གྷུ་ཏི་ཡོ་གཱི་ཤྭ་རཱི་ཏྲི་ས་མ་ཡ་ཧཱུྃ་ཛཿ ཨ་བ་རེ་བཱ་རེ་བྷིཿ དགྲ་བོ་ཐུམས་རི་ལི་ལི་མཱ་ར་ཡ་རྦད། ཅེས་པ་ཅི་རིགས་བཟླས་པས་ཟོར་ཐུན་ནུས་ལྡན་དུ་བསྒྲུབ་པར་བྱ་ཞིང་། དེ་ནས། བྷྱོ། ལྷ་ཆེན་དཔལ་འབར་ཚོགས་ཀྱི་བདག །ནག་པོ་འོད་འབར་མཐུ་བོ་ཆེ། །སྲིང་གཅིག་ལྷ་མོ་དམ་ཚིག་ཅན། །དུར་ཁྲོད་ཆེན་པོའི་ཀློང་དཀྱིལ་ནས། །བདུད་འདུལ་དྲེགས་པའི་དམག་གིས་བསྐོར། །ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །སྔོན་གྱི་ཐུགས་དམ་དུས་ལ་བབ། །བསྟན་པ་འཇིག་པའི་དགྲ་བོ་འདིས། །བླ་མ་དཀོན་མཆོག་སྐུ་ལ་བསྡོས། །སངས་རྒྱས་བསྟན་པ་གཉན་པོ་བཤིག །རྡོ་རྗེ་མཆེད་ལ་རྣམ་པར་འཚེས། །སེམས་ཅན་ཡོངས་ལ་གནོད་པ་བྱས། །ལས་ངན་མི་དགེ་མཚམས་མེད་བྱེད། །ཆོས་སྐྱོང་སྲུང་མ་ཁྱེད་ལ་བསྡོས། །བསྟན་པའི་སྲུང་མ་ཀུན་ལ་བརྙས། །བསྒྲལ་བའི་ཞིང་བཅུར་གྱུར་པ་འདི། །ནག་པོ་འཁོར་དང་བཅས་ལ་གཏད། །ཐུགས་དམ་དུས་ལས་མ་གཡེལ་བར། །མ་རུངས་གདུག་ཅན་དགྲ་བོ་འདི། །ལོ་དང་ཟླ་བར་མ་གཞག་པར། །ཞག་དང་ཟ་མའི་དུས་ལ་སྒྲོལ། །དཀོན་པའི་ཚེ་སྲོག་གཉིས་དང་ཕྲོལ། །འབྱུང་བའི་དུས་མཐའ་ད་སྡུས་ཤིག །སྲོག་རྩ་དམར་པོ་རྦད་ཀྱིས་ཆོད། །སྙིང་རྩ་དམར་པོ་ཅུར་གྱིས་ཐོན། །ཀླད་ཁྲག་དྲོན་མོ་ཞལ་དུ་རྔུབས། །དོན་སྙིང་ནང་རོལ་ཟས་སུ་རོལ། །བདུན་རྒྱུད་རྩད་ནས་གཅོད་པར་མཛོད། །ཅེས་པས་མགོན་པོ་ལྕམ་དྲལ་འཁོར་བཅས་ལས་ལ་གཏད་ཅིང་བསྐུལ་ལོ། ༈ ཁྱད་པར་རྦད་བསད་ཀྱི་རྟགས་ཡིད་ཆེས་པར་བྱུང་བའི་ནུབ་ཐ་མའི་ཉིན། མདོས་བསྔོ་བར་སོང་བ་དང་། ལྕགས་སྣོད་ལྟ་བུར་ཚོན་གྱིས་ཆོས་འབྱུང་མཐིང་ག་གྲུ་གསུམ་པ་བྲིས་པའི་ཁར་དུག་ཤིང་ངམ་ཚེར་མ་ཅན་གྱི་ཧོམ་གྲུ་གསུམ་པ་གཅིག །རང་གི་མདུན་དུ་རྩ་བའི་འབྲུབ་ཁུང་བཀོད་ལ། དེར་འབྲུབ་ཁུང་གཞན་བརྒྱད་པོའི་ལིངྒ་རྣམས་ཀྱང་བཅེར། གཞན་ཡང་གདབ་ཁའི་ཆས་བྱ་འུག་གི་སྒྲོ། ཐུན་བཅུ། ཕུར་བུ། སྒྲོལ་གྲི། སྦྱིན་སྲེག་གི་ཡམ་ཤིང་། མར་ནག །བསྲེག་རྫས་སོགས་ཚོགས་པར་བྱས་ལ། ཐོག་མར་གསེར་སྐྱེམས། ཧཱུྃ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་། །བདེ་གཤེགས་ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ། ཁྱད་པར་བཅོམ་ལྡན་དྲེགས་པའི་བདག་པོ་ཡིས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །ལེགས་ལྡན་མ་ཧཱ་ཀཱ་ལ་ལྕམ་དྲལ་སོགས། །སྣང་སྲིད་དྲེགས་པའི་སྡེ་དཔོན་ཡབ་ཡུམ་སྲས། །བཀའ་ཉན་བྲན་གཡོག་མངགས་གཞུག་བཅས་རྣམས་ཀྱིས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །སྔགས་འཆང་བདག་གི་རིགས་ཀྱི་རྒྱུད་སྲུང་དང་། །ས་ཕྱོགས་འདིར་གནས་ཡུལ་གཞི་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །ཅེས་འབུལ། དེ་ནས། ཧཱུྃ། དཀྱིལ་འཁོར་ཀུན་བདག་མཆོག་གསུམ་བླ་མ་དང་། །ཡི་དམ་ཞི་ཁྲོ་རབ་འབྱམས་མཁའ་འགྲོའི་ཚོགས། ཁྱད་པར་མ་མགོན་དམ་ཅན་རྒྱ་མཚོ་རྣམས། །འཁོར་བཅས་བདག་ལ་དགོངས་ཤིང་གསན་དུ་གསོལ། །སྣང་སྲིད་གདོད་ནས་ཆོས་སྐུར་རོ་གཅིག་ལ། །མ་རྟོགས་སྒྲིབ་བསལ་འགྲོ་ཀུན་བསྒྲལ་སེམས་ཀྱང་། །དམ་ཉམས་དགྲ་བོས་བྱེད་དུ་མ་སྟེར་རོ། །རྩ་བརྒྱུད་བླ་མས་གཟུ་དང་དཔང་མཛོད་ཅིག །སྨིན་གྲོལ་ལམ་ཞུགས་བསྐྱེད་རྫོགས་ཟབ་མོའི་དོན། །ཚུལ་བཞིན་ཉམས་བླངས་དངོས་གྲུབ་བླང་སེམས་ཀྱང་། །དམ་ཉམས་དགྲ་བོས་བྱེད་དུ་མ་སྟེར་རོ། །ཡི་དམ་ལྷ་ཚོགས་གཟུ་དང་དཔང་མཛོད་ཅིག །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །འགྲོ་ལ་ཕན་བདེའི་དགའ་སྟོན་སྤེལ་སེམས་ཀྱང་། །དམ་ཉམས་དགྲ་བོས་བྱེད་དུ་མ་སྟེར་རོ། །དཔའ་བོ་མཁའ་འགྲོས་གཟུ་དང་དཔང་མཛོད་ཅིག །ཚེ་འདི་བློས་བཏང་དབེན་པའི་གནས་རྣམས་སུ། །བདེ་ཆེན་བྱང་ཆུབ་སྒྲུབ་པར་སེམས་ན་ཡང་། །དམ་ཉམས་དགྲ་བོས་བྱེད་དུ་མ་སྟེར་རོ། །དམ་ཅན་ཆོས་སྐྱོང་གཟུ་དང་དཔང་མཛོད་ཅིག །མ་ཉེས་མ་ལན་ཡེ་ཤེས་ལྷ་ཡི་ཚོགས། །སྡིག་ཅན་ལས་ངན་བསྟན་པའི་སྤྱི་དགྲ་འདིས། །སངས་རྒྱས་བསྟན་བཤིགས་དཀོན་མཆོག་དབུ་འཕང་སྨད། །བླ་མའི་ཐུགས་དཀྲུགས་དགེ་འདུན་སྡེ་ལ་བརྙས། ཁྱད་པར་རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །རི་ལྟར་བརྗིད་ཅིང་རྩང་ལྟར་འཛུགས་པ་དང་། །མདུན་ནས་དགུག་ཅིང་རྒྱབ་འདེད་ཟུར་ནས་གསོད། །ལུས་ཀྱིས་བརྡུང་བརྡེག་དཀོར་རྫས་རྐུ་ཞིང་འཕྲོག །ངག་གི་ཡ་གས་གཞན་གྱི་ནུས་མཐུ་སྒུལ། །ཡིད་ཀྱི་བསམ་ངན་དུག་ལྟར་གཡོ་བྱེད་པའི། །སྔ་དགྲ་ལག་བདར་ཕྱི་དགྲ་ཡིད་སེམས་དང་། །ད་དགྲ་བསྡོ་བའི་དགྲ་བགེགས་གར་གནས་ཀྱང་། །དཔལ་མགོན་ལྕམ་དྲལ་བཀའ་ཉན་འཁོར་བཅས་ཀྱིས། །སྐད་ཅིག་འདིར་ཁུག་མངོན་སྤྱོད་ལས་མཛོད་ཅིག །ཅེས་གཟུ་དཔང་གསོལ། དེ་ནས་འབྲུབ་ཁུང་བསང་སྦྱང་། སྟོང་པའི་ངང་ལས་ཨེ་ལས་ལྕགས་བསྲེགས་ཀྱི་ཁང་སྒྲོམ་གྲུ་གསུམ་བང་རིམ་དགུ་པ། ཁ་ཁྱེར་དོག་ཅིང་གཏིང་ཟབ་པ། འོག་ནས་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ། ལོགས་ན་ཞེ་སྡང་གི་མེ་རླུང་འཚུབས་པ། སྟེང་ནས་གཏི་མུག་གི་མུན་པ་གཏིབས་པ། མཚོན་ཆའི་ཆར་འབེབས་ཤིང་ནད་དང་དུག་གི་རླངས་པ་འཕྱོ་བ། ཐན་དང་ལྟས་ངན་གྱི་ཆོ་འཕྲུལ་སྣ་ཚོགས་མི་བཟད་པ་འཁྲུགས་པ། ལས་བྱེད་གཤིན་རྗེའི་དམག་ཚོགས་སེང་གེ་ལྟར་རྔམས་པ། སྟག་ལྟར་འཕྱོ་བ། སྲིན་པོ་ལྟར་ཁྲོས་པ། ཤ་ཟ་ལྟར་རྒྱུག་པ། རྒྱོབ་རྒྱོབ་དང་སོད་སོད་ཀྱི་སྒྲ་འབྲུག་ལྟར་སྒྲོག་པས་གང་བ། སྲིད་པ་ལས་ཀྱི་བཙོན་ཁང་དྲག་པོ་དེའི་ནང་དུ་ནྲྀ་དུད་ཀ་ཡོངས་སུ་གྱུར་པ་ལས་དགྲ་བོ་དེ་ཉིད་ལུས་གཅེར་བུ་རིད་པ། མདོག་ནག་ཅིང་དྲན་པ་ཉམས་པ། མྱ་ངན་གྱི་ཕྱག་རྒྱ་ཅན་བུ་ག་དགུ་ནས་རྣག་ཁྲག་འཛག་པ། གནོད་བྱེད་ཐམས་ཅད་འདུས་པའི་ངོ་བོར་གྱུར། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་ཡོན་ཏན་གྱི་མགོན་པོ་ལེགས་ལྡན་རྡོ་རྗེ་སྲིན་པོ་ལྕམ་དྲལ་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བདར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུགས་པའི་གཟུགས་ཅན་སྡང་བའི་དགྲ་དང་། གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང་། སྐད་ཅིག་ཡུད་ཙམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །རྩ་སྔགས་ཤམ་བུར། ནྲྀ་ཏྲི་བཛྲ་ཨཾ་ཀུ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་འགུགས་བསྟིམ་ནན་ཏན་དུ་བྱ། ཧཱུྃ། དབྱེ་བྱེད་ལས་ཀྱི་ཕོ་ཉའི་ཚོགས། །ལས་ངན་སྡིག་ཅན་དགྲ་བོ་འདི། །སྲུང་ཞིང་སྐྱོབ་པར་བྱེད་པ་ཡི། །ཡེ་ཤེས་འཇིག་རྟེན་ལྷ་ཡི་ཚོགས། །ཕྲོལ་ཅིག་ཕྱེས་ཤིག་རྣམ་པར་ཕྱེས། །མཉམ་པོར་འོང་བའི་བདུད་དང་སྤྲོད། །མ་མ་ཏྲག་རཀྴ་མཱ་ར་ཡ་ཕྱེ་ཕྱེ་ནྲྀ་ཏྲི་དེ་བ་ཨུ་ཙ་ཏ་ཡ་ཕཊ། ཅེས་གྱེར་ཞིང་ལིངྒ་གུ་གུལ་སྦྱར་མས་བདུག་ཅིང་བྱ་འུག་གི་སྒྲོ་འཐབ་པས་ལྷ་དང་དབྱེའོ། །དེ་ནས་ཐུན་བཅུ་དབབ་པ་ནི། ཧཱུྃ། དཔལ་ལྡན་མགོན་པོ་ལྕམ་དྲལ་གྱིས། །ཕོ་ཉར་མངགས་པ་ཐུན་གྱི་བདག །དགྲ་བགེགས་བསྒྲལ་ཕྱིར་ལས་ལ་ཡ། །སྣ་ཚོགས་དྲག་པོ་ཐུན་གྱི་རྫས། །གློག་ལྟར་འཁྱུག་ཅིང་ཐོག་ལྟར་འབེབ། །དགྲ་བགེགས་ལུས་སེམས་འབེན་ལ་ཡ། །ཞེས་པའི་བར་གྱེར་བའི་རྗེས། ཨོཾ་མ་ཧཱ་ཀཱ་ལ་ག་ཎ་གྷུ་ཏི་ཡོ་གཱི་ཤྭ་རཱི་ཏྲི་ས་མ་ཡ་པཉྩ་མ་ཧཱ་ཀཱ་ལ་ས་མ་ཡ་དགྲ་བོ་ཐུམས་རི་ལི་ལི་མཱ་ར་ཡ་རྦད། ཅེས་པས་མགོན་པོའི་དུག་ཐུན་དང་། རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་མ་ཧཱུྃ་མ་བྷྱོ་ཛ་ཛཿཔཉྩ་རེ་མ་ཏཱི་ས་མ་ཡ་དགྲ་བོ་ཐུམས་རི་ལི་ལི་མཱ་ར་ཡ་རྦད། ཅེས་པས་ལྷ་མོའི་ཁྲག་ཐུན་བྲབ། དཔལ་ལྡན་མགོན་པོ་ལྕམ་དྲལ་གྱིས། །ཕོ་ཉར་མངགས་པ་ཐུན་གྱི་བདག །དགྲ་བགེགས་སྒྲོལ་ཕྱིར་ལས་ལ་ཡ། །སྣ་ཚོགས་དྲག་པོ་ཐུན་གྱི་རྫས། །གློག་ལྟར་འཁྱུག་ཅིང་ཐོག་ལྟར་འབེབ། །དགྲ་བགེགས་ལུས་སེམས་འབེན་ལ་ཡ། །མ་ཧཱ་དེ་བ་སརྦ་ས་མ་ཡ་དགྲ་བོ་ཐུམས་རི་ལི་ལི་མཱ་ར་ཡ་རྦད། ཅེས་པས་ལྷའི་ཟངས་ལྕགས་རྡོ་རྗེའི་ཐུན་རྣམས་དང་། ཡ་མ་རཱ་ཛ་སརྦ་ས་མ་ཡ་དགྲ་བོ་ཐུམས་རི་ལི་ལི་མཱ་ར་ཡ་རྦད། ཅེས་གཤིན་རྗེའི་ཁྲོམ་དང་ཡུངས་དཀར་ནག་བྲབ། དཔལ་ལྡན་མགོན་པོ་ལྕམ་དྲལ་གྱིས། །ཕོ་ཉར་མངགས་པ་ཐུན་གྱི་བདག །དགྲ་བགེགས་སྒྲོལ་ཕྱིར་ལས་ལ་ཡ། །སྣ་ཚོགས་དྲག་པོ་ཐུན་གྱི་རྫས། །གློག་ལྟར་འཁྱུག་ཅིང་ཐོག་ལྟར་འབེབ། །དགྲ་བགེགས་ལུས་སེམས་འབེན་ལ་ཡ། །དུནྟིང་ནག་པོ་སརྦ་ས་མ་ཡ་དགྲ་བོ་ཐུམས་རི་ལི་ལི་མཱ་ར་ཡ་རྦད། ཅེས་པས་བདུད་ཀྱི་ཁྲམ་དང་སྐྱེ་ཚེ་ཏིལ་ནག་གི་ཐུན་རྣམས་དང་། ཡཀྵ་སརྦ་ས་མ་ཡ་དགྲ་བོ་ཐུམས་རི་ལི་ལི་མཱ་ར་ཡ་རྦད། ཀྱིས་གནོད་སྦྱིན་གྱི་མཚེ་ཐུན་བྲབ། དཔལ་ལྡན་མགོན་པོ་ལྕམ་དྲལ་གྱིས། །ཕོ་ཉར་མངགས་པ་ཐུན་གྱི་བདག །དགྲ་བགེགས་སྒྲོལ་ཕྱིར་ལས་ལ་ཡ། །སྣ་ཚོགས་དྲག་པོ་ཐུན་གྱི་རྫས། །གློག་ལྟར་འཁྱུག་ཅིང་ཐོག་ལྟར་འབེབ། །དགྲ་བགེགས་ལུས་སེམས་འབེན་ལ་ཡ། །རཱ་ཛ་གིང་ཀ་ར་ཚ་རི་ས་མ་ཡ་དྷ་ཤ་པ་ཏི་ཛ་དགྲ་བོ་ཐུམས་རི་ལི་ལི་མཱ་ར་ཡ་རྦད། ཀྱིས་རྒྱལ་ཆེན་དང་ཕྱོགས་སྐྱོང་གི་མདའ་ཐུན་དང་། མ་ཧཱ་དེ་བ་ཡ་མ་རཱ་ཙ་ཤཱུ་ལ་རཱ་ཙ་ཡཀྵ་ཏྲི་ཏྲག་རཀྴ་ནཱ་ག་རཱ་ཙ་རཱ་ཧུ་ལ་བདུད་ཏྲ་མ་ར་དུ་སརྦ་ས་མ་ཡ་དགྲ་བོ་ཐུམས་རི་ལི་ལི་མཱ་ར་ཡ་རྦད། ཀྱིས་སྡེ་བརྒྱད་ཀྱི་ཕུར་བུ་དང་རྩང་ཐུན་བྲབ། དཔལ་ལྡན་མགོན་པོ་ལྕམ་དྲལ་གྱིས། །ཕོ་ཉར་མངགས་པ་ཐུན་གྱི་བདག །དགྲ་བགེགས་སྒྲོལ་ཕྱིར་ལས་ལ་ཡ། །སྣ་ཚོགས་དྲག་པོ་ཐུན་གྱིས་རྫས། །གློག་ལྟར་འཁྱུག་ཅིང་ཐོག་ལྟར་འབེབ། །དགྲ་བགེགས་ལུས་སེམས་འབེན་ལ་ཡ། །ཏྲི་ཙ་པ་ལ་ཨ་ཤུག་མེ་རཱ་ཙ་པེ་ཧ་ར་ཏྲི་བཛྲ་སཱ་དྷུ་རཀྴ་རགྨོ་སརྦ་ས་མ་ཡ་དགྲ་བོ་ཐུམས་རི་ལི་ལི་མཱ་ར་ཡ་རྦད། ཀྱིས་ཤན་པ་སྡེ་བཞིའི་གྲི་ཐུན་དང་། མ་མ་ནག་མོ་དུནྟིང་སརྦ་དགྲ་བོ་ཐུམས་རི་ལི་ལི་མཱ་ར་ཡ་རྦད། ཀྱིས་བརྟན་མའི་སྒོ་ང་དང་ཁྲག་ཐུན་རྣམས་བརྡེག །དམ་ཅན་གྱི་དམག་ཚོགས་ཀྱིས་ནད་མཚོན་དུག་གི་ཆར་དགྲ་བོའི་སྟེང་དུ་འབེབས་པས་བརླགས་པར་བསམ་ཞིང་། དེ་ནས། བྷྱོ། ལྷ་ཆེན་དཔལ་འབར་ཚོགས་ཀྱི་བདག །ནག་པོ་འོད་འབར་མཐུ་བོ་ཆེ། །སྲིང་གཅིག་ལྷ་མོ་དམ་ཚིག་ཅན། །དུར་ཁྲོད་ཆེན་པོའི་ཀློང་དཀྱིལ་ནས། །བདུད་འདུལ་དྲེགས་པའི་དམག་གིས་བསྐོར། །ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །སྔོན་གྱི་ཐུགས་དམ་དུས་ལ་བབ། །བསྟན་པ་འཇིག་པའི་དགྲ་བོ་འདིས། །བླ་མ་དཀོན་མཆོག་སྐུ་ལ་བསྡོས། །སངས་རྒྱས་བསྟན་པ་གཉན་པོ་བཤིག །རྡོ་རྗེ་མཆེད་ལ་རྣམ་པར་འཚེས། །སེམས་ཅན་ཡོངས་ལ་གནོད་པ་བྱས། །ལས་ངན་མི་དགེ་མཚམས་མེད་བྱེད། །ཆོས་སྐྱོང་སྲུང་མ་ཁྱེད་ལ་བསྡོས། །བསྟན་པའི་སྲུང་མ་ཀུན་ལ་བརྙས། །བསྒྲལ་བའི་ཞིང་བཅུར་གྱུར་པ་འདི། །ནག་པོ་འཁོར་དང་བཅས་ལ་གཏད། །ཐུགས་དམ་དུས་ལས་མ་གཡེལ་བར། །མ་རུངས་གདུག་ཅན་དགྲ་བོ་འདི། །ལོ་དང་ཟླ་བར་མ་གཞག་པར། །ཞག་དང་ཟ་མའི་དུས་ལ་སྒྲོལ། །དཀོན་པའི་ཚེ་སྲོག་གཉིས་དང་ཕྲོལ། །འབྱུང་བའི་དུས་མཐའ་ད་སྡུས་ཤིག །སྲོག་རྩ་དམར་པོ་རྦད་ཀྱིས་ཆོད། །སྙིང་རྩ་དམར་པོ་ཅུར་གྱིས་ཐོན། །ཀླད་ཁྲག་དྲོན་མོ་ཞལ་དུ་རྔུབས། །དོན་སྙིང་ནང་རོལ་ཟས་སུ་རོལ། །བདུན་རྒྱུད་རྩད་ནས་གཅོད་པར་མཛོད། །ཅེས་བསྐུལ་ནས། ཨོཾ་མ་ཧཱ་ཀཱ་ལཱ་ཡ། ཤཱ་ས་ན་ཨུ་པ་ཧཱ་རི་ཎི། ཨེ་ཥ་ཨ་པཉྩི་མ་ཀཱ་ལོ་ཨ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎཾ་ཡ་དི་པྲ་ཏཱིཛྙཱ་སྨ་ར་སི་ཏ་དཱ། ཨི་དཾ་དུཥྚཱན་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙཔ་ཙ། དི་ན་མེ་ཀེ་ན། སརྦ་དུཥྚཱཾ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་སྔགས་བཟླ་ཞིང་རང་ཉིད་དཔལ་ཆེན་པོ་དང་ཕུར་བུ་ལས་ཀྱི་མགོན་པོར་བསྐྱེད་ལ་ཚེ་ཁྲུས་ཀྱི་དགོངས་པ་དང་ལྡན་པས་ཕུར་གདབ་བྱས་རྗེས་སྒྲོལ་གྲིས་གཏུབས་ཏེ་བཞག་གོ ༈ །དེ་ནས་སྦྱིན་སྲེག་གི་སྒོ་ནས་ཞལ་བསྟབ་བྱ་སྟེ། ཨོཾ་ཨཱཿཧཱུྃ་གིས་རྫས་རྣམས་ཟག་པ་མེད་པ་བདུད་རྩིའི་རང་བཞིན་དུ་གྱུར་པར་བལྟས་ལ། ཨོཾ་ཨགྣི་ཛྭ་ལ་རཾ་ཞེས་གདོལ་བཤན་སོགས་ཀྱིས་མེ་ཧོམ་སྦར། དེ་ནས་ཐབ། སྭ་བྷཱ་ཝས་བསང་སྦྱང་། ཆོས་ཀུན་སྟོང་པའི་ངང་ཉིད་ལས། །ཧཱུྃ་ལས་དྲག་པོའི་ཐབ་ཁུང་ནི། །མཚན་ཉིད་ཡོངས་རྫོགས་ལྟེ་བ་རུ། །པདྨ་ཉི་མ་དགྲ་བགེགས་སྟེང་། །ལྷ་ཆེན་དཔལ་འབར་ཚོགས་ཀྱི་བདག །ཞལ་གསུམ་ཕྱག་དྲུག་འཇིགས་པའི་སྐུ །བིང་དང་རྡོ་རྗེ་ལྕགས་ཕུར་གཡས། །ཐོད་ཁྲག་དགྲ་སྙིང་སྦྲུལ་ཞགས་གཡོན། །ཞབས་གཉིས་དགྲ་བགེགས་སྟེང་དུ་བགྲད། །འཁོར་དུ་ཡེ་ཤེས་མགོན་པོ་བཞི། །རེ་ཏི་མཆེད་ལྔ་ལས་མགོན་དང་། །མོན་གསུམ་མ་ལྔ་རྒྱལ་ཆེན་བཞི། །ཕྱོགས་སྐྱོང་རུ་འདྲེན་སྡེ་བཞི་དང། །སྡེ་བརྒྱད་བརྟན་མ་བཅུ་གཉིས་སོགས། །དམ་ཅན་རྒྱ་མཚོ་འཁོར་བཅས་གསལ། །མ་ཧཱ་ཀཱ་ལ་རཀྴ་དུ་བེང་། མ་མ་རཀྴ །བཛྲ་སརྦ་དུཥྚཱཾ། ཨེ་ཧྱེ་ཧི། ཨཱ་གཙྪ་ཡ་ཨཱ་གཙྪ་ཡ། མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སཏྭཾ། ཨངྐུ་ཤ་ཛཿཛཿ ཞེས་པས་ཡེ་ཤེས་པ་སྤྲིན་གཏིབས་ལྟར་སྤྱན་དྲངས་ཏེ། ས་མ་ཡ་ཨཱ་བེ་ཤ་ཡ་ཨཱཿ ཏིཥྛ་ལྷན། ཏིཥྛ་ཨ། ས་མ་ཡ་སཏྭཾ། ཞེས་པས་དམ་ཚིག་པ་ལ་གཉིས་མེད་དུ་བསྟིམ། ཨོཾ་མ་ཧཱ་ཀཱ་ལ་ག་ཎ་གྷུ་ཏི་ཡོ་གཱི་ཤྭ་རཱི་ས་པ་རི་བཱ་ར་གནོད་བྱེད་ཨགྣི་ཛྭ་ལ་རཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ནྲྀ་ཏྲི་མཱ་ར་ཡ་རྦད། ཅེས་པའི་སྔགས་ཁོ་ནས་ཚེར་མ་ཅན་གྱི་ཡམ་ཤིང་རྩ་བར་དུག་ཁྲག་དང་ཚིལ་ཞུན་བྱུགས་པ་དང་། ཚིལ་ཞུན་བསྲེས་པའི་མར་ནག །ཡུངས་དཀར་ནག་ཏིལ་ཀེ་ཚེ་ཤང་ཚེ་ནིམ་པའི་ལོ་མ་ལན་ཚྭ་སོགས་ཀྱི་བསྲེག་རྫས་རྣམས་གྲངས་ཇི་ལྟར་རིགས་པ་ཕུལ་རྗེས། ཧཱུྃ། གདུག་རྩུབ་དྲག་པོའི་ཧོམ་ཁུང་དུ། །དམ་ཅན་རྒྱ་མཚོའི་ཚོགས་རྣམས་ལ། །སྡང་དགྲ་གནོད་པའི་བགེགས་ཚོགས་ཀྱི། །ཕྱི་ཡི་ཕུང་ཁམས་སྐྱེ་མཆེད་འབུལ། །ནང་གི་བླ་ཚེ་སྲོག་དབུགས་འབུལ། ཁ་རྗེ་ཀླུང་རྟ་དབང་ཐང་འབུལ། །བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི། ཞེས་པའི་མཐར་སྔར་གྱི་སྔགས་སྦྱར་ཏེ་ལིངྒ་རྣམས་ཧོམ་ནང་དུ་སྲེག་ཅིང་། མགོན་པོ་ལྕམ་དྲལ་འཁོར་བཅས་ཞལ་རབ་ཏུ་གདངས་པར་དམིགས་བྱ་རྣམས་ཕུལ་བས་ལྷག་མ་མེད་པར་གསོལ་བར་བསམ་ལ། ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿས་སྐུ་རྟེན་རྣམས་ལ་བསྟིམ། དམ་ཚིག་པ་འབར་བའི་རྣམ་པར་གྱུར་པར་བལྟའོ། །དེ་ཙམ་མི་ནུས་པས་ནི་ཧོམ་སྦར་ཏེ། ཧོམ་ནང་དུ་དཔལ་མགོན་ལྕམ་དྲལ་སྐད་ཅིག་གིས་བསྐྱེད་པའི་ཞལ་དུ་དམིགས་བྱ་སྟོབ་པར་བསམ་ནས། ཧཱུྃ། གདུག་རྩུབ་དྲག་པོའི་ཞེས་སོགས་ཀྱི་ལིངྒ་རྣམས་བསྲེགས་པ་ཙམ་གྱིས་ཀྱང་རུང་བ་ཡིན་ནོ། ༈ །དེ་རྗེས་མདོས་ཆེན་མཐའི་མཆོད་པ་རྣམས་གསོས་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གྷུ་ཏི་ཡོ་གཱི་ཤྭ་རཱི་ས་པ་རི་ཝཱ་ར་ཨི་དཾ་པུཥྤེ་ནས། ཤབྡའི་བར་དང་། མ་ཧཱ་བ་ལིཾ་ཏ། རཀྟ། ཨ་མྲྀཏ། མཱཾ་ས། སུ་རཱ། ཙིཏྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་ཕུལ། ཧེ་རུ་ཀ་དཔལ་སྤྱན་སྔ་རུ། །དམ་བཅས་ཇི་བཞིན་ད་ལྟ་འདིར། །བསྟན་པ་སྲུང་ཞིང་སྐྱོང་མཛད་པའི། །དམ་ཅན་ཀུན་ལ་བསྟོད་པ་བགྱི། །ཞེས་བསྟོད། མ་རྙེད་ཡོངས་སུ་མ་ཚང་སོགས་ཀྱིས་བཟོད་པར་གསོལ། དམ་ཡེ་དབྱེར་མེད་ཀྱི་མ་མགོན་ལྕམ་དྲལ་འཁོར་བཅས་སྤྲུལ་གཞིའི་ཚུལ་དུ་སྟེང་གི་ནམ་མཁར་བཞུགས། མདོས་ཟོར་རྣམས་སྤྲུལ་པའི་རྣམ་རོལ་ལྕམ་དྲལ་དྲེགས་པའི་དམག་དཔུང་དགྲ་བགེགས་སྒྲོལ་བའི་ལས་ལ་རྔམས་ཤིང་དཔའ་བར་བསམ་ལ། མ་མ་ཏྲག་རཀྴ་མུ་ཏྲ་ཁ་མུནྟྲ༔ མུ་རུ་ལུ་མ་བྷྱོ་ཧཱུྃ་བྷྱོ༔ ཏྲག་རཀྴ་མུ་ཏྲ༔ དུར་མ་ཏི་རགྨོ་ཛ༔ མ་མ་དུཾ་ལོ་ན༔ དུཾ་ལོ་ན༔ སྙིང་ཁ་ལ་རཀྴ་རྦུད༔ གཏུབས་ཙིཏྟ་བཾ་གལ་བུབ་མྱོས་སྙིང་ཁྲག་ཧ་པྲ་རུ་ལུ་ཐུམས༔ ཧེ་ས་ཐུམས༔ པྲ་མ་ར་ཐུམས༔ ཤི་ནི་ཐུམས༔ ཨེ་སྦུ་ས་མ་ཡ་ཐིབས་ཐིབས༔ ལིང་ཤར་ངེས་སོད༔ ས་མ་ཡ་སྟི་སྟ་མ་མ་རུ་ལུ་ཐིབས་ཐིབས་ཐབས་པྲ་པུར་ཁ་ཤ་བཾ་ཡཾ་ཡཾ༔ ཐུམས་རི་ལི་ལི༔ ནི་ཐིག་ནིག་གཉིས་ཕྱེད་གཉིས་ལ༔ བརྒྱད་བཅད༔ གནམ་མཐོང་ཕྱེ་ཡང༔ ལྕགས་སྒྲོག་ཁྲོལ༔ མི་རིང་སོད༔ བཛྲ་པཱ་ཎི་ཕཊ༔ བཛྲ་ར་སྟེ་ཕཊ༔ ཨ་ཧི་ཨ་ཧི་ཕཊ༔ ནཱ་ག་ལི་ནཱ་ག་ལི༔ སུཾ་པ་ལི་སུཾ་པ་ལི༔ ཚིན་ཡང་ཚིན་ཡང༔ ཁ་ཤ་བཾ་མ་དུང་ང་བྷྱོ༔ ཞེས་ཐུན་ཟོར་གྱི་སྔགས་དང་། ཨོཾ་མ་ཧཱ་ཀཱ་ལ་ག་ཎ་གྷུ་ཏི་ཡོ་གཱི་ཤྭ་རཱི་ཏྲི་ས་མ་ཡ་ཧཱུྃ་ཛཿ ཞེས་རྩ་སྔགས་ལ་དགྲ་བོ་ཐུམས་རི་ལི་ལི་མཱ་ར་ཡ་རྦད་བྷྱོ། ཞེས་བཏགས་པ་ཅི་རིགས་བཟླ་ཞིང་། སྤྲོ་ན་དེ་དུས་ཟོར་རྫས་རྣམས་གྲལ་བསྐོར་གྱིས་སྔགས་ཤིང་ཐལ་རྡེབ་དང་བཅས་བགྱིས་ཀྱང་རྣམ་པ་གསལ་ཞིང་ལེགས་པར་འགྱུར་རོ། །དེ་ནས་མདོས་ཀྱི་མདུན་དུ་ཞིང་ལྤགས་སམ་ཕྱར་ནག་གང་རིགས་བཏིངས་པའི་ཁར། མདོས་ཀྱི་མཐའི་ཟོར་ཀོང་ཉི་ཤུ་རྩ་གཅིག་པོ་དང་། ཟོར་ཀོང་ངམ་ཐོད་པ་བྱ་རོག་རྗེས་ཅན་ཞལ་དུ་སྔར་གྱི་ལིངྒའི་ཐེ་རལ་དང་། ཐུན་བཅུ་ལིང་གར་བྲབས་པའི་ཐུན་རོ་རྣམས་ཀྱང་བླུགས་པ་བཤམ། དེ་དང་ལྷན་ཅིག་དམར་གཏོར་གྲུ་གསུམ་ཤས་བརྒྱན་པ་གཅིག་དང་། ཁྲག་ཀོང་བཞི་རྣམས་ཀྱང་བཤམས་པར་དམིགས་བྱ་དགུག་བསྟིམ་བྱས་ཏེ། ཤ་ཁྲག་བདུད་རྩིའི་ངོ་བོར་སྤེལ་ནས། དམར་གཏོར་ལ་དགུགས་གཞུག་ཚར་གཅིག རཾ་ཡཾ་ཁཾ། སྟོང་པའི་ངང་ལས་གཏོར་སྣོད་དམར་གྱི་དུང་ཆེན་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་རྫས་དགྲ་བགེགས་བསྒྲལ་པ་ལས་བྱུང་བའི་ཤ་ཡི་རི་བོ་ཁྲག་གི་རྒྱ་མཚོ་རུས་པའི་ཕུང་པོ་ཀླད་ཞག་གི་ལྦུ་ཕྲེང་འཁྲིགས་པ། དམ་ཚིག་ཏུ་འོས་པའི་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པས་ནམ་མཁའ་དང་མཉམ་པར་གང་བ། ངོ་བོ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་བསམ་གྱིས་མི་ཁྱབ་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཨོཾ་མ་ཧཱ་ཀཱ་ལ་ག་ཎ་གྷུ་ཏི་ཡོ་གཱི་ཤྭ་རཱི་ཏྲི་ས་མ་ཡ་ཧཱུྃ་ཛཿས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་དམག་ལྟོའི་ཚུལ་དུ་བསྔོ། དེ་ནས་མདོས་ལམ་འཐེན། སྲིད་པ་ཧོའི་དཀར་གཏོར་ཡང་བཤམ། བསེ་ཕོར་དུ་གསེར་སྐྱེམས་བཤམས་པ་འཐོར་ཞིང་། བྷྱོ༔ བདག་གིས་མ་ཉེས་མ་ཡོ་བས༔ ཞེས་སོགས་ཀྱིས་ཟོར་ལམ་བསལ། དེ་ནས་རྣལ་འབྱོར་པ་རྣམས་དཔལ་ཆེན་པོའི་ངོ་བོ་ལས་རྣམ་པ་ཕྲིན་ལས་དྲག་ཤུལ་གྱིས་འདུལ་བའི་སྒྱུ་འཕྲུལ་གྱི་རོལ་པ་མགོན་པོ་ནག་པོའི་ཏིང་ངེ་འཛིན་དུ་གོ་འཕོས་ཏེ། ཟོར་བདག་མ་མོ་རྣམས་ཀྱིས་ཟོར་ཐོགས་ནས་དགྲ་བོའི་སྟེང་དུ་འཕངས་པས་ཐལ་བར་བརླགས་པར་བསམ་ཞིང་། སློབ་དཔོན་ཞལ་ཕྱིར་ཕྱོགས་པས། བྷྱོ༔ རྣལ་འབྱོར་དབང་ཕྱུག་ཟོར་འཕེན་ནོ༔ ཞེས་སོགས་ཀྱི་ཟོར་བསྐུལ་རྣམས་གྱེར་ཞིང་། རེ་རེའི་མཐར་ཡང་། མ་མ་ཏྲག་རཀྴ་ཞེས་སོགས་ཟོར་སྔགས་བཟླ་བ་དང་བསྟུན་གིང་དཀར་ནག་གི་ཆས་སུ་ཞུགས་པའམ་ལས་རྡོར་གྱིས་ཐེབས་ཕྱོགས་སུ་འཕེན་པ་བདེ་བའི་སར་ཀོང་ཟོར་བཅུ་གཅིག་ཁྱེར་ནས་རིམ་པར་འཕང་། དེ་རྗེས། བྷྱོ༔ ད་ནི་མདོས་ཀྱི་ལམ་བསྟན་སོགས་ལམ་བསྟན་དཀྱུས་ལྟར་གྱེར། དེ་ནས་དར་དམར་གྱི་གུར་བསལ་ཞིང་ཏིང་ལོའི་མར་མེ་རྣམས་ཀྱང་སྦར། ར་རོག་པོའི་རྭ་ལ་ཁྲམ་ཤིང་བཙུགས་ཤིང་ལྷུ་ཚིགས་རྣམས་ལའང་ཁྲམ་བྱང་བཏགས་པའི་བྱང་བུའི་རྒྱབ་ཏུ་དྲེགས་པའི་ཁྲོམ་སྣ་དགྲ་ལ་སྒྱུར། ཅེས་ཀྱང་བྲིས། བརྟན་མདོས་ཀྱི་ངར་གླུད་ངར་བྱ་ལེམ་བུ། མ་ཏྲཾ་ལུས་གླུད་བརྒྱ་རྩ། མཚམས་ཀྱི་ཞུབ་ཅན་བཞི། ཐང་རྫས་ཀྱི་སྲོག་ཆགས་གཟུགས་རྣམས་ཕད་ཚེ་རོག་པོའི་ནང་དུ་བླུགས་པ་ར་ལ་ཁལ་དུ་བཀལ། མི་ནག་པོ་གྲི་ཐོགས་པས་མདོས་ཀྱི་སྣ་ལ་ཁྲིད་དེ་ཕུར་བུ་ལ་གཏོད་དེ་བཞག །སྐྱེས་བུ་གོ་ཅན་མང་པོས་མདོས་རྣམས་རིམ་གྱིས་བཏེག་སྟེ་སྤགས་པས། དམ་ཅན་འཁོར་བཅས་ཀྱིས་ཁམས་གསུམ་གྱི་དྲེགས་པ་ལྷ་མ་སྲིན་ཐམས་ཅད་གཡུལ་ངོར་སྦྲན་ཏེ་དམག་དཔུང་དགྲ་ལ་བསྒྱུར་ནས་ཐལ་བར་བརླགས་པར་བསམ་ཞིང་། བྷྱོ་བྷྱོ་བྷྱོ༔ ང་ནི་རྣལ་འབྱོར་དབང་ཕྱུག་སོགས་ཀྱི་གྱེར་ནས་གཟུང། བྷྱོ་ཟློག་ཡ་རྦད༔ཀྱི་སྔགས་ཀྱི་བར་རྫོགས་པར་བཏང་བས་ཁྲོམ་སྣ་བསྒྱུར། དེ་ལྟར་མདོས་ཐམས་ཅད་སྤགས་གྲུབ་པ་དང་སྒྲུབ་པ་པོ་ཐམས་ཅད་བཞེངས་ཏེ་ཡི་དམ་ཕྲིན་ལས་ལྟར་བསྐུལ་དང་ཆད་ཐོ་བསྒྲག །སྤྲོས་པ་ལ་དགའ་ན་སླར་ཡང་ཕྱི་ཁྱམས་ལྟ་བུར་སྤགས་ཏེ། དེར་ཡང་རིག་འཛིན་རྩ་བརྒྱུད་ཀྱི་གསེར་སྐྱེམས་འབུལ། ཧཱུྃ༔ དཀྱིལ་འཁོར་ཀུན་བདག་སོགས་གཟུ་དཔང་སྔར་ལྟར་དང་། ལྷ་སྲིན་རྣམས་ལ་གཏོར་མ་གསེར་སྐྱེམས་ཀྱིས་བྲན་པའི་བརྔན་ཕུལ་ཏེ། ཧཱུྃ། སྔོན་ཚེ་བསྐལ་པའི་དང་པོ་ལ། །ཨོ་རྒྱན་པདྨ་ཐོད་ཕྲེང་གིས། །དམ་ལ་བཏགས་པའི་སྲུང་མ་རྣམས། །ཆོས་ཉིད་བདེན་པའི་བཀའ་ལ་ཉོན། །གདོང་དམར་བོད་ཀྱི་རྒྱལ་ཁམས་འདིར། །ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས། །བདག་ནི་སློབ་དཔོན་དེ་ཡི་བརྒྱུད། ཁྱོད་ནི་ལྷ་འདྲེ་གཡར་དམ་ཅན། །སྔོན་ཚེ་ཁས་བླངས་བཀའ་མ་བཅག །ད་ལྟ་རིག་འཛིན་དམ་མ་འདྲལ། །རྒྱན་གྱི་གཏོར་མ་འདི་བཞེས་ལ། །བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་གཡར་དམ་བསྒྲག །དེ་ནས། བྷྱོ། ད་ནི་བཟློག་བསྒྱུར་དུས་ལ་བབ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །གནོད་ཅིང་བར་དུ་གཅོད་པ་ཡི། །ལྟས་ངན་བརྒྱད་ཅུ་རྩ་བཞི་ཟློག །ཡེ་འདྲོག་སུམ་བརྒྱ་དྲུག་བཅུ་ཟློག །དུས་མིན་འཆི་དང་འཇིགས་བརྒྱད་ཟློག །གློ་བུར་བདུན་བརྒྱ་ཉི་ཤུ༴ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༴ གདོན་རིགས་སྟོང་ཕྲག་བཅོ་བརྒྱད༴ ཀེག་ཆེན་སུམ་བརྒྱ་དྲུག་ཅུ༴ ལྷ་ཆེན་དྲག་པོའི་གདུག་རྩུབ༴ ལྷ་མ་ཡིན་གྱི་སྒྱུ་སྟོབས༴ མགོན་པོའི་པར་བུས་བསྐོར་བ༴ གཤིན་རྗེའི་འཕྲུལ་འཁོར་བཅས་པ༴ དྲང་སྲོང་བྲམ་ཟེའི་དམོད་པ༴ གཟའ་ཡི་ཀིང་ཀང་འཕེན་པ༴ བཙན་ནད་གཟེར་ཁ་གཏོང་བ༴ ས་བདག་ཀླུ་ཡི་མཛེ་ནད༴ བནྡེས་འབུམ་བསྐོར་བྱེད་པ༴ སྔགས་པས་སྔགས་ཟོར་འཕེན་པ༴ བོན་གྱིས་ཛོ་དམར་འཕེན་པ༴ མུ་སྟེགས་ངན་སྔགས་བྱེད་པ༴ བྱད་ཕུར་རྦོད་གཏོང་ཟུག་པ༴ མནན་གཏད་བསྲེག་འཕང་བྱས་པ༴ མོ་རྩིས་རྨི་ལམ་ངན་པ༴ སྔ་ཞགས་མདའ་ལྟར་འཕེན་པ༴ ཕྱི་ཞགས་དྲུ་གུར་འཐུལ་བ༴ མི་མཐུན་གནོད་པའི་ཕྱོགས་ཀུན༴ བཟློག་གོ་སྲིད་པའི་མདོས་ཀྱིས་ཟློག །བསྒྱུར་རོ་དཔལ་མགོན་མཐུ་ཡིས་སྒྱུར། །ཅེས་དང་། དཔལ་ལྡན་མགོན་པོ་འཁོར་དང་བཅས། །མཐུན་རྫས་མདོས་གླུད་འདི་བཞེས་ལ། །བྱད་དང་རྦོད་གཏོང་སྒྱུར་བ་དང་། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་ཚིག་ཟུར་བསྒྱུར་ཚུལ་ཤེས་པས་བཟློག་པ་བྱ། དེ་ནས་དཀར་གཏོར་རུ་མཚོན་སོགས་ཀྱིས་སྣ་དྲངས་ཏེ། ཐེབས་ཀྱི་རྒྱུ་ཕྱོགས་དུས་ཚོད་དང་བསྟུན་ནས་དགྲ་ཕྱོགས་སུ་བཏེག་ལ། གསེར་སྐྱེམས་ཕུལ། དཀར་གཏོར་བསྔོ་ཞིང་འདོད་དོན་གསོལ། དེ་ནས་ཟོར་བསྐུལ་ནི། བྷྱོ། རྣལ་འབྱོར་དབང་ཕྱུག་ཟོར་འཕེན་ནོ། །མགོན་པོ་ནག་པོ་ཟོར་འཕེན་ནོ། །བདུད་འདུལ་ཆེན་པོ་ཟོར་འཕེན་ནོ། །ལྷ་དམག་སྡེ་དཔོན་ཟོར་འཕེན་ནོ། །དབང་ཕྱུག་ང་ཡི་བྱོལ་ཟོར་འདི། །བསྟན་པ་འཇིག་པའི་དགྲ་ལ་འཕེན། །བར་དུ་གཅོད་པའི་བགེགས་ལ་འཕེན། །ཟོར་བདག་ཚོགས་རྣམས་སྐུ་སྐྱོད་ཅིག །དམར་གཏོར་བདུད་རྩི་རཀྟ་དང་། །མཐུན་རྫས་མདོས་གླུད་འདི་ལོངས་ལ། །བར་ཆད་གདུག་པའི་དགྲ་བགེགས་ལ། །བྱོལ་ཟོར་འཕེན་པའི་ལས་མཛོད་ཅིག །སྒྱོགས་ཟོར་དེ་ནི་རྦབ་ལྟར་སྒྲིལ། ཁྲག་ཟོར་དེ་ནི་མཚོ་ལྟར་རློབས། །དུག་ཟོར་ནད་ཟོར་སྤྲིན་ལྟར་གཏིབས། །ཡུངས་ཟོར་དེ་ནི་ཆར་ལྟར་ཕོབ། །མཚེ་ཟོར་དེ་ནི་ཤིང་ལྟར་ཚུགས། །རྩང་ཟོར་དེ་ནི་མདའ་ལྟར་ཕོངས། །ཕུར་ཟོར་དེ་ནི་གཟེར་ལྟར་ཐོབས། །རྡོ་ཟོར་དེ་ནི་ཐོག་ལྟར་ཕོབ། །མདའ་ཟོར་དེ་ནི་གློག་ལྟར་འཁྲིད། །སྔགས་ཟོར་དེ་ནི་མེ་ལྟར་སྤོར། །དགྲ་བགེགས་ཐལ་བའི་རྡུལ་དུ་རློགས། །ཟོར་འཕེན་པ་ནི། བྷྱོ། དཔལ་ལྡན་མགོན་པོ་ལྕམ་དྲལ་གྱིས། །ཕོ་ཉར་མངགས་པ་ཟོར་གྱི་བདག །དགྲ་བགེགས་སྒྲོལ་ཕྱིར་ལས་ལ་ཡ། །སྣ་ཚོགས་དྲག་པོ་ཟོར་གྱི་རྫས། །གློག་ལྟར་འཁྱུག་ཅིང་ཐོག་ལྟར་འབེབ། །དགྲ་བགེགས་ལུས་སེམས་འབེན་ལ་ཡ། །ཞེས་རྒྱ་ཆེར་བརྗོད་པས་ཟོར་ཀོང་བཅུ་དང་། ཐོད་ནང་གི་ལིང་རོ་ཐུན་རོ་དང་བཅས་པ་འཕང་། དེ་ནས། བྷྱོ། ད་ནི་དཔལ་ཆེན་ཧེ་རུ་ཀ །སྣང་སྲིད་ཡོངས་རྫོགས་མདོས་གཏོང་ངོ་། །སྡེ་བརྒྱད་དྲེགས་པའི་ཞལ་བསྒྱུར་རོ། །མདོས་བདག་ཀུན་ཀྱང་མདོས་ལོངས་ལ། །གླུད་བདག་རྣམས་ཀྱང་གླུད་བཞེས་ཤིག །ཟོར་བདག་རྣམས་ཀྱང་ཟོར་རྒྱོབ་ཅིག །ལྷ་དང་དམ་ཅན་མ་ལུས་ཀུན། །སྔོན་གྱི་དམ་ཚིག་རྗེས་དགོངས་ལ། །ཞལ་དང་ཁྲོམ་བསྒྱུར་དགྲ་ལ་སྒྱུར། །གནོད་བྱེད་བགེགས་དང་དགྲ་ཡུལ་དུ། །དཔལ་མགོན་ལྕམ་དྲལ་མཐུ་རྩལ་ཕྱུངས། །དམ་ཅན་ཡོངས་ཀྱིས་ཕྲིན་ལས་མཛོད། །ཕོ་ཉ་ཡོངས་ཀྱིས་ཤན་པ་མཛོད། །སྣང་སྲིད་ལྷ་འདྲེའི་ཕོ་བྲང་ཐོབས། །དགྲ་བགེགས་སྲོག་དབུགས་ལོངས་སྤྱོད་མཛོད། །མཚོན་གྱི་ཆར་པ་དགྲ་ལ་ཕོབ། །ནད་ཀྱི་བསྐལ་པ་དགྲ་ལ་ཐོངས། །ལྟས་ངན་བརྒྱད་ཅུ་དགྲ་ལ་ཐོངས། །མི་མཐུན་གནོད་པ་མ་ལུས་པ། །དགྲ་དང་བགེགས་ཀྱི་སྟེང་དུ་སྒྱུར། །ཐལ་བའི་རྡུལ་བཞིན་བརླག་པར་མཛོད། །ཅེས་དགྲ་བགེགས་གང་ལ་བྱ་བའི་ཕྱོགས་སུ་འཕང་ཞིང་། རོལ་མོ་དྲག་ཏུ་བརྡུང་། མཚོན་ཆས་འདེད། བྷྱོས་གདབ་ཅིང་ཐལ་མོ་རྡེབ། ཞིང་ལྤགས་དང་དུལ་མོ་རྡུལ། དེའི་ཚེ་དམ་ཅན་དྲེགས་པའི་དམག་དཔུང་གནམ་ས་འགེངས་པའི་ཆོ་འཕྲུལ་གྱིས་དགྲ་ཡུལ་དུ་ཆས་ནས་དགྲའི་རྣམ་ཤེས་མར་མེ་བསད་པ་ལྟར་བཏང་། གནས་ལུས་ལོངས་སྤྱོད་ཐམས་ཅད་ཐལ་བའི་རྡུལ་ལྟར་བརླགས་པར་བསམ། མི་ལྡོག་པའི་ཕྱིར་སྲུང་འཁོར་བསྒོམ་ཞིང་། སློབ་དཔོན་གྱིས་རྟིང་མནན་ཏེ་ཕྱི་མིག་མི་བལྟ་བར་ལོག་གོ །སྤྱིར་ན་བདུད་དཔུང་གཡུལ་ཟློག་གི་མདོས་གང་དུ་གཏོང་བའི་ཕྱོགས་ནི། རྟེན་མདོས་སུ་བྱེད་ན་སྒྲུབ་ཁང་དུ་བཞུགས་སུ་གསོལ། སྐོང་མདོས་སུ་བྱེད་ན་སྒྲུབ་ཁང་གི་རྩེར་གཤེགས། ཟློག་པ་བྱེད་ན་སྒྲུབ་ཁང་སྟེང་དུ་དགྲ་ལ་ཁ་གཏད་དེ་བཙུགས། ནད་སྣ་དང་གནོད་པ་ཞི་བར་འདོད་ན་ཁྲོམ་ལམ་དུ་བཏང་། གསད་པ་གཙོ་བོར་བྱེད་ན་དགྲ་ཕྱོགས་སུ་བཏང་། གཡུལ་ངོ་ཟློག་ན་དམག་དཔུང་གི་གདོང་དུ་བཏང་བར་བྱའོ་ཞེས་འབྱུང་སྟེ་མན་ངག་དང་ལྡན་པ་རྣམས་ཀྱི་སྤྱོད་ཡུལ་ལོ། །དེ་ནས་སྒོ་དྲུང་དུ་གཏོར་གཞོང་བཤལ་བའི་ཕུད་ཀྱིས་བརྟན་མ་བསྐྱང་། སྔར་གྱི་ལིང་རོ་དུམ་བུ་དང་སྦྱིན་སྲེག་གི་ཐལ་བ་རྣམས་དོང་དུ་མནན་ལ། དེར་དམིགས་བྱ་བཀུག་པའི་ཁར་གཏོར་གཞོང་སྦུབ་པ་རི་རབ་ཏུ་བསམ་ལ། ཨོཾ་མ་ཧཱ་ཀཱ་ལ་ག་ཎ་གྷུ་ཏི་ཡོ་གཱི་ཤྭ་རཱི་ཏྲི་ས་མ་ཡ་གནོད་བྱེད་དགྲ་བགེགས་སཏྭམྦྷ་ཡ་ནན། ཞེས་བཟླས་པས་བསྐལ་པའི་མཐའ་ལ་ཐུག་གི་བར་དུ་ལྡང་མི་ནུས་པར་བཅིངས་པར་བསམ་ཞིང་བྲོ་བརྡུང་བྱ། དེ་ནས་ནང་དུ་ལོག་ནས། ཧོ༔ དུས་གསུམ་གྱི་རྒྱལ་བ་ཞེས་སོགས་ཀྱི་སྨོན་ལམ་གདབ། ཚེ་འགུགས། ཆོས་སྐྱོང་གི་གཏོར་སྐྱོང་སོགས་རྗེས་ཆོག་རྣམས་བྱ་ཞིང་དཀྱིལ་འཁོར་བསྡུ། བཀྲ་ཤིས་བརྗོད་ཅིང་ལྟ་བ་བསྐྱང་ངོ་། །གཡུལ་ཟློག་ཆོ་གའི་ལག་ལེན་ཆིངས། །སྣང་བྱེད་སྒྲོན་མེ་སྦར་ཟིན་གྱིས། །སྨིན་མོས་ལག་ལེན་རྒྱས་བསྡུས་རྣམས། །མ་འདྲེས་གཙང་དག་ལག་ཏུ་ལོངས། །མི་ཤེས་ཁེངས་ཅན་ལྟོ་འདོམ་རྣམས། །དགའ་རུ་རེ་བ་བདག་ལ་མེད། །བསྟན་དགྲའི་གཡུལ་ངོ་ཟློག་མཛད་པའི། །ལྷག་བསམ་ཅན་གྱི་བཙས་སུ་ཤོག །ཅེས་གཡུལ་ཟློག་མདོས་ཆོག་གི་ཟུར་འདེབས་དང་ལག་ལེན་གྱི་ཆིངས་གཉོས་ཞིག་ཡབ་སྲས་ཀྱི་ཕྱག་ལེན་གྱི་རྒྱུན་ལྟར་བསྐྱུད་བྱང་དུ་སྤེལ་བ་འདི་ཡང་༧གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་བཀའ་དྲིན་ལ་བརྟེན་ནས་གཉོས་ཀྱི་བན་ཆུང་དྷརྨ་ཤྲཱིས་སོ། །སརྦ་མངྒ་ལཾ།། །།


Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).