Terdzo-CHA-026

From Rinchen Terdzö
Revision as of 11:04, 28 September 2016 by Jeremi (talk | contribs) (Text replace - "‘" to "'")
This page is under construction. Check back later for updated content.

ཚེ་སྒྲུབ་གསང་བ་འདུས་པའི་ནང་སྒྲུབ་འདོན་སྒོམ་ཕྱག་ལེན་བལྟས་ཆོག་ཏུ་བསྡེབས་པ་དངོས་གྲུབ་ལྗོན་ཤིང་

tshe sgrub gsang ba 'dus pa'i nang sgrub 'don sgom phyag len bltas chog tu bsdebs pa dngos grub ljon shing

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  རཏྣ་གླིང་པ་ (Ratna Lingpa)
in cycle  ཚེ་སྒྲུབ་གསང་བ་འདུས་པ་ (Tshe sgrub gsang ba 'dus pa)
Volume 6 (ཆ) / Pages 505-528 / Folios 1a1 to 12b2

[edit]

༄༅། །ཚེ་སྒྲུབ་གསང་བ་འདུས་པའི་ནང་སྒྲུབ་འདོན་སྒོམ་ཕྱག་ལེན་བལྟས་ཆོག་ཏུ་བསྡེབས་པ་དངོས་གྲུབ་ལྗོན་ཤིང་ཞེས་བྱ་བ་བཞུགས་སོ། ། མཚན་གྱི་ཡི་གེ་ཡིད་ལ་ཤར་ཙམ་གྱིས། །རིང་པོར་འཚོ་དང་མཆོག་གྲུབ་བདུད་རྩིའི་བཅུད། །གཅིག་ཆར་སྩོལ་མཛད་བླ་མ་ཚེ་དཔག་མེད། །རྟག་ཏུ་ཚངས་པའི་ཡུལ་སར་མཆོད་པར་བགྱི། །གྲགས་པ་ཙམ་མིན་བྱིན་རླབས་མངོན་སུམ་རྒྱུན། །སྙིགས་དུས་འདིར་ཡང་གཞན་ལས་ཆེས་འཕགས་པ། །ལྷོ་གཏེར་ཚེ་སྒྲུབ་གསང་བ་འདུས་པ་ཡི། །ནང་སྒྲུབ་ཆོག་སྒྲིག་རང་གཞན་དོན་དུ་བསྡེབ། །མཚན་ཉིད་ལྡན་པའི་སྒྲུབ་པ་པོ་འདི་ཉིད་ཀྱི་ནང་སྒྲུབ་ལ་འཇུག་པར་འདོད་པས་བར་ཆད་མེད་ཅིང་སྒྲུབ་པ་མཐར་ཕྱིན་པའི་ཆེད་དུ། སཱཙྪ་བཏབ་ཅིང་ལམ་འཕྲང་བཅོས་པ། སྲོག་སླུ་ཞིང་ཚེ་ཐར་གཏོང་བ། སྐོང་བཤགས་ཆབ་གཏོར་སྦྱིན་གཏོང་སོགས་དགེ་བའི་དཔུང་བསྐྱེད་ཅི་འགྲུབ་སྔོན་དུ་འགྲོ་བས། སྦྱོར་བའི་ཁྱད་པར་ལྔ་པོ་ཕྱི་སྒྲུབ་ལས་བྱང་དུ་བཤད་པ་བཞིན་ལ། དཀྱིལ་འཁོར་རྡུལ་ཚོན་བཞེངས་ན་བའི་རྣམ་ལྔ་དྲི་བཟང་སྦྱར་བས་ཆག་ཆག་དང་ཐིག་གདབ་ལ་གཏེར་གཞུང་རྡོ་རྗེའི་ཚིག་འདི་བརྗོད་དོ། ཧཱུྃ༔ སྐྱེ་བ་མེད་པའི་ཆོ་འཕྲུལ་ནི༔ མི་འགྱུར་རྟག་པའི་གཡུང་དྲུང་གསལ༔ གསང་བ་ཡུམ་གྱི་མཁའ་ཀློང་ནས༔ བཅུ་དྲུག་ལོན་པའི་ཐིག་ལེ་འཛིན༔ ཡིད་འོང་འཁྲིལ་ལྡེམ་ལྷ་མོའི་གཟུགས༔ གསང་བ་རྡོ་རྗེའི་ཐིག་ཐོབ་ཅིག༔ བྷྲཱུྃ་ཛྙཱ་ན་ཙཀྲ་མནྜ་ལ་ཧཱུྃ་བྷྲཱུྃ༔ རས་བྲིས་ཡིན་ན་ཆག་ཆག་གདབ་ལ་བཏིང་། ཐིག་གདབ་མི་དགོས། དེའང་དཀྱིལ་འཁོར་སྤྱི་ལས་བྱང་ཕྱི་སྒྲུབ་དང་འདྲ་བ་ལས་པདྨ་འདབ་བཞི་རིམ་པ་གཉིས། དེ་རྒྱབ་འདབ་ལྔ་བཅས་ཕྱོགས་ཚོན། དེ་རྒྱབ་ཚེ་ལྷ་མགྲོན་ཐབས་ཀྱི་པདྨ་འདབ་བརྒྱད་མཛེས་ཚོན་བྱ། གཉིས་ཀ་མ་འབྱོར་ན་ཚོམ་བུ་གྲངས་དེ་མཚུངས་བཀོད་ཀྱང་རུང་། བུམ་པ་བཅའ་སྐབས་གུ་གུལ་གྱིས་བདུག་ཅིང་ཧཱུྃ་བཞིའི་སྔགས་ཀྱིས་བགེགས་བསྐྲད། རིགས་བཟང་གི་ཁྱེའུ་བུ་མོ་བཀྲ་ཤིས་པས་རྒྱུན་འབབ་ཀྱི་ཆུ་བླངས་པ་དང་། བུམ་རྫས་ཉེར་ལྔ། ཨ་མྲྀཏ་སྦྱར་བའི་མར་གྱི་རིལ་བུ་གྲངས་མེད་བླུགས་པ་རྣམས་ཁྱད་པར་རོ། །བཤམ་བཀོད་གཞན་ལས་བྱང་ལྟར་བྱའོ། །དངོས་གཞི་ཕྲིན་ལས་ཀྱི་གཞུང་བསྲང་བ་ལ་གསུམ། བསྙེན་པ། སྒྲུབ་པ། ལས་སྦྱོར་རོ། །གསུམ་ཀའང་བསྙེན་པ་དང་དེའི་དམིགས་གནད་ཐ་དད་དུ་དབྱེ་བ་ཙམ་ལས། ལས་བྱང་གིས་ཁོག་དབུབ། སྒེར་ཆོས་འདིར་བསྟན་རྣམས་སྦྱར་དགོས་པ་ལ་ཁྱད་པར་མེད། དེའང་གྲངས་བསྙེན་བྱེད་ན་སོ་སོའི་གཤམ་གསལ་ལྟར་དང་། དུས་བསྙེན་བྱེད་ན་གསུམ་ཀའང་ཞག་གྲངས་བདུན་བདུན་ཡིན་པས་བདུན་གསུམ་ཉེར་གཅིག་ལ་འགྲུབ་པར་བྱའོ། །སྒྲུབ་པ་པོ་བདུན་ཡོད་ན་མི་གྲངས་བརྩི་བའི་ཞག་གཅིག་ལ་བདུན་བརྩིས་ཏེ་ཞག་གསུམ་ལ་བསྙེན་སྒྲུབ་ལས་གསུམ་གྲུབ་པར་བྱས་ཀྱང་རུང་བ་ཆགས་མེད་རིན་པོ་ཆེས་གསུངས་པས་འབྱོར་པ་དམན་པའི་བསྙེན་རྒྱུན་འདོད་པ་སོགས་ལ་འདི་ཉིད་སྟབས་བདེ་བར་སྣང་ངོ་། །དེ་ལ་དང་པོ་བསྙེན་པ་ནི། བརྒྱུད་འདེབས་ནས་བརྩམ་འདོན་བྱའི་ཁོག་ལས་བྱང་གསར་བསྒྲིགས་ཀྱི་དཀྱུས་ལྟར་ལ། མཚམས་གཅོད་ཀྱི། ང་ཡི་བཀའ་ལས་འདའ་མ་བྱེད༔ ཅེས་པའི་མཚམས་སུ། ཧཱུྃ༔ སྟེང་ཡང་རྡོ་རྗེའི་བླ་རེ་ལ༔ འོག་ཀྱང་རྡོ་རྗེའི་ས་གཞི་སྟེ༔ ཕྱོགས་མཚམས་རྡོ་རྗེའི་གུར་དུ་གྱུར༔ ཧཱུྃ༔ སྟེང་ཡང་འཁོར་ལོའི་བླ་རེ་ལ༔ འོག་ཀྱང་འཁོར་ལོའི་ས་གཞི་སྟེ༔ ཕྱོགས་མཚམས་འཁོར་ལོའི་གུར་དུ་གྱུར༔ ཧཱུྃ༔ སྟེང་ཡང་དབྱུག་ཏོའི་བླ་རེ་ལ༔ འོག་ཀྱང་དབྱུག་ཏོའི་ས་གཞི་སྟེ༔ ཕྱོགས་མཚམས་དབྱུག་ཏོའི་གུར་དུ་གྱུར༔ ཧཱུྃ༔ སྟེང་ཡང་རལ་གྲིའི་བླ་རེ་ལ༔ འོག་ཀྱང་རལ་གྲིའི་ས་གཞི་སྟེང༔ ཕྱོགས་མཚམས་རལ་གྲིའི་གུར་དུ་གྱུར༔ ཧཱུྃ༔ སྟེང་ཡང་རྒྱ་གྲམ་བླ་རེ་ལ༔ འོག་ཀྱང་རྒྱ་གྲམ་ས་གཞི་སྟེ༔ ཕྱོགས་མཚམས་རྒྱ་གྲམ་གུར་དུ་གྱུར༔ ཧཱུྃ༔ སྟེང་ཡང་ཕུར་པའི་བླ་རེ་ལ༔ འོག་ཀྱང་ཕུར་པའི་ས་གཞི་སྟེ༔ ཕྱོགས་མཚམས་ཕུར་པའི་གུར་དུ་གྱུར༔ ཧཱུྃ༔ སྟེང་ཡང་མེ་ཡི་བླ་རེ་ལ༔ འོག་ཀྱང་མེ་ཡི་ས་གཞི་སྟེ༔ ཕྱོགས་མཚམས་མེ་ཡི་གུར་དུ་གྱུར༔ ཐམས་ཅད་བསྣོལ་མར་འཁོར་བའི་ཕྱིར༔ བར་མཚམས་མེད་པར་བསྡམས་པ་ལ༔ ཡེ་ཤེས་མེ་དཔུང་འུ་རུ་རུ༔ ཁྲོ་ཆུང་མང་པོ་སྐར་ལྟར་རྒྱུག༔ རླུང་ལྟར་འཁྲུག་ཅིང་འབར་བར་བསྒོམ༔ བགེགས་རྣམས་རྒྱ་མཚོ་ཆེ་འགྲམ་དུ༔ ལྕགས་རི་ནག་པོའི་ཕྱིར་བསྐྲད་དོ༔ ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་བཛྲ་ཙཀྲ་ཏཱིགྣ་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ་རཾ་རཀྵ་རཀྵ་ཧཱུྃ་ཕཊ༔ དེ་ནས་བརྡ་སྒོ་ཕྱག་དམ་བཅའ་བཅས་སྤྲོ་ན། ཧཱུྃ༔ གསང་འདུས་ཚེ་ཡི་རང་བྱུང་ཡེ་ཤེས་ལྷ༔ འཁོར་འདས་ཐམས་ཅད་དཀྱིལ་འཁོར་གཅིག་གི་ངང༔ མ་རིག་རང་གསང་ཐབས་ཀྱིས་སྒོ་བཅད་པ༔ རང་རིག་གསལ་སྟོང་དག་པའི་སྒོ་ཕྱེས་ཤིག༔ བྷྲཱུྃ་ཛྙཱ་ན་པྲ་ཝེ་ཤ་ཡ་ཕཊ༔ ཧཱུྃ༔ འཁོར་འདས་ཐམས་ཅད་རང་བྱུང་ཡེ་ཤེས་ལྷ༔ ཀུན་ཁྱབ་རང་བྱུང་ཡེ་ཤེས་དོན་མ་རྟོགས༔ རང་གསལ་མཐའ་དབུས་མེད་ཀྱང་མུ་བཞིར་གོལ༔ དོན་དམ་སྙིང་པོའི་རང་བཞིན་མཇལ་ཕྱག་འཚལ༔ གུ་རུ་ཨཱ་ཡུ་ཨ་ཏི་པཱུ་ཧོ༔ ཧཱུྃ༔ ཚེ་ཡི་རང་རྩལ་རྒྱུ་དྲུག་འཁོར་བར་སྦྱངས༔ ཐོག་མེད་དུས་ནས་རང་སེམས་ཡི་དམ་ལྷ༔ དུས་འདིར་རང་བྱུང་སྙིང་པོའི་དོན་རྟོགས་པས༔ སྲོག་གི་ཕྱིར་ཡང་མི་གཏང་ས་མ་ཡ༔ ཙིཏྟ་བཛྲ་ས་མ་ཡ་ཛ༔ འདི་གསུམ་མ་བརྗོད་ཀྱང་ཆོག །དེ་ནས་བྱིན་འབེབ། མཆོད་བརླབ། བཤགས་པ། བཛྲ་ས་མ་ཡ་ཤུདྡྷེ་ཨ༔ ཞེས་པའི་མཚམས་སུ་བདག་བསྐྱེད་ནི། བྷྲཱུྃ་བཛྲ་རཀྵ་རཀྵ་ཧཱུྃ༔ བྷྲཱུྃ་ལས་ཡེ་ཤེས་ཀྱི་གཞལ་ཡས་ཁང་སྒོ་གྲུ་རྟ་བབས་ཆོས་འཁོར་རྣམས་ཡོངས་སུ་རྫོགས་པ༔ ཕྱི་གསལ་ནང་གསལ་ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་ཆེན་པོར་གྱུར་པའི་སྟེང་ཐམས་ཅད་རྡོ་རྗེའི་བླ་རེ༔ འོག་ཐམས་ཅད་རྡོ་རྗེའི་ས་གཞི༔ ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་གུར་དུ་གྱུར༔ དེ་ལྟ་བུའི་གཞལ་ཡས་ཁང་གི་ནང་དུ་པདྨ་ཉི་ཟླའི་སྟེང་དུ་ཧྲཱིཿདམར་པོ་དེ་ལས་འོད་ཟེར་ཕར་འཕྲོས༔ རྒྱལ་བ་རྣམས་ལ་མཉེས་པའི་མཆོད་པ་འབུལ༔ སེམས་ཅན་གྱི་སྒྲིབ་པ་སྦྱངས༔ ཚུར་འདུས་ཡོངས་སུ་གྱུར་པ་ལས་བདག་ཉིད་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་སྟེང་ན་འཆི་མེད་ཚེའི་བུམ་པ་འཛིན་པ༔ འོད་དང་འོད་ཟེར་དུ་འཕྲོ་བར་གྱུར༔ དེ་ནས་མདུན་རྟེན་གྱི་དཀྱིལ་འཁོར་བསྐྱེད་པ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཞེས་བརྗོད་པས། མདུན་གྱི་དཀྱིལ་འཁོར་བུམ་པ་དང་བཅས་པ་མི་དམིགས་པ་ལས༔ གཞལ་ཡས་ཁང་ཆེན་པོ་གྲུ་བཞི་སྒོ་བཞི་རྟ་བབས་བཞི༔ གདུགས་ཏོག་ཆོས་འཁོར་རྣམས་ཡོངས་སུ་རྫོགས་པ༔ ཕྱི་གསལ་ནང་གསལ་འོད་དུ་འབར་བ༔ ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་དབུས་སུ་རྨ་བྱ་བརྒྱད་དང་པདྨ་དང་ཉི་མ་ཟླ་བའི་དལ་གྱི་སྟེང་དུ༔ རང་བྱུང་ལྷུན་གྱིས་གྲུབ་པའི་ཡི་གེ་ཧྲཱིཿདམར་པོ་འོད་འབར་བ་ལས་འོད་ཟེར་ཕར་འཕྲོས༔ སེམས་ཅན་གྱི་སྒྲིབ་པ་སྦྱངས༔ རྒྱལ་བ་རྣམས་ལ་མཉེས་པའི་མཆོད་པ་འབུལ༔ ཁྱད་པར་དུ་འཁོར་འདས་ཀྱི་ཚེ་དང་བསོད་ནམས་དཔལ་དང་དྭངས་བཅུད་ཐམས་ཅད་ཚུར་བསྡུས༔ ཧྲཱིཿལ་ཐིམ༔ ཡོངས་སུ་གྱུར་པ་ལས་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་ན་ཚེའི་བུམ་པ་འཆི་མེད་བདུད་རྩིས་གང་བ་འཛིན་པ༔ རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ༔ མདུན་ན་ཚེའི་ལྷ་མོ་གོས་དཀར་མོ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར་སེར༔ ཕྱག་གཡས་པདྨའི་ཕྲེང་བ་ཡབ་ཀྱི་མགུལ་ནས་འཁྱུད་པ༔ གཡོན་ཚེ་བུམ་ཡབ་ཀྱི་སྙན་གཡས་ཐད་དུ་འཛིན་པ༔ དབུ་སྐྲ་གྲོལ་བ༔ གཅེར་བུ་ལ་རིན་པོ་ཆེ་དང་པདྨའི་ཕྲེང་བ་དང་རྒྱན་དྲུག་གིས་སྤྲས་པ༔ འཛུམ་པའི་མདངས་དང་ལྡན་པ༔ ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ་བའོ༔ དེའི་ཤར་དུ་མི་བསྐྱོད་པ་ཚེ་དཔག་མེད་ཡབ་ཡུམ་་་མཱ་མ་ཀཱི་་་སྐུ་མདོག་སྔོན་པོ་ཕྱག་ན་ཚེའི་བུམ་པ་འཛིན་པ༔ ལྷོར་རིན་ཆེན་འབྱུང་ལྡན་ཚེ་དཔག་མེད་ཡབ་ཡུམ་་་སྤྱན་མ་་་སྐུ་མདོག་སེར་པོ་ཕྱག་ན་ཚེའི་བུམ་པ་འཛིན་པ༔ ནུབ་ཏུ་རྣམ་པར་སྣང་མཛད་ཚེ་དཔག་མེད་ཡབ་ཡུམ་་་དབྱིངས་ཕྱུག་མ་་སྐུ་མདོག་དཀར་པོ་ཕྱག་ན་ཚེའི་བུམ་པ་འཛིན་པ༔ བྱང་དུ་དོན་ཡོད་གྲུབ་པ་ཚེ་དཔག་མེད་ཡབ་ཡུམ་་་སྒྲོལ་མ་་་སྐུ་མདོག་ལྗང་གུ་ཕྱག་ན་ཚེའི་བུམ་པ་འཛིན་པ༔ དེའི་ཕྱི་རིམ་ཤར་དུ་ལཱ་སེ་དཀར་མོ་གཡས་མདའ་དར་དང་གཡོན་ཚེའི་བུམ་པ་འཛིན་པ༔ ལྷོར་མཱ་ལེ་སྔོན་མོ་གཡས་མདའ་དར་དང་གཡོན་ཚེའི་བུམ་པ་འཛིན་པ༔ ནུབ་ཏུ་གཱིརྟཱི་དམར་མོ་གཡས་མདའ་དར་དང་གཡོན་ཚེའི་བུམ་པ་འཛིན་པ༔ བྱང་དུ་ནཱིརྟཱི་ལྗང་མོ་གཡས་མདའ་དར་དང་གཡོན་ཚེའི་བུམ་པ་འཛིན་པ༔ དེ་དག་རྣམས་ཀྱང་ལྷ་མོའི་ཕྱེད་སྐྱིལ་དུ་བཞུགས་པའོ༔ དེའི་ཕྱི་རིམ་ཤར་དུ་དཀར་མོ་མགྱོགས་མ་ཚེའི་བུམ་པ་འཛིན་པ༔ ལྷོར་སྔོན་མོ་མགྱོགས་མ་ཚེའི་བུམ་པ་འཛིན་པ༔ ནུབ་ཏུ་དམར་མོ་མགྱོགས་མ་ཚེའི་བུམ་པ་འཛིན་པ༔ བྱང་དུ་ལྗང་མོ་མགྱོགས་མ་ཚེའི་བུམ་པ་འཛིན་པ་ཀུན་ཀྱང་པདྨའི་སྐྱིལ་ཀྲུང་དུ་བཞུགས་པའོ༔ དེའི་ཕྱི་རིམ་གྱི་ཤར་དུ་སྒོ་མ་ལྕགས་ཀྱུ་མ་དཀར་མོ་ལྕགས་ཀྱུ་དང་བསེའི་གྭའུ་འཛིན་པ༔ ལྷོར་སྒོ་མ་ཞགས་པ་མ་སེར་མོ་རིན་པོ་ཆེ་དང་ཞགས་པ་འཛིན་པ༔ ནུབ་ཏུ་སྒོ་མ་ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག་དང་བནྡྷ་འཛིན་པ༔ བྱང་དུ་སྒོ་མ་དྲིལ་བུ་མ་ལྗང་མོ་རྒྱ་གྲམ་དང་གཡུའི་གྭའུ་འཛིན་པ༔ སྒོ་མ་རྣམས་བརྐྱང་བསྐུམ་གར་ཐབས་སུ་བཞུགས་པའོ༔ ཀུན་ཀྱང་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ་དར་རྣམ་པ་ལྔའི་སྟོད་གཡོགས་དང་དམར་པོའི་ཤམ་ཐབས་ཅན༔ འོད་ཟེར་དཔག་ཏུ་མེད་པ་འཕྲོ་བར་གྱུར༔ དེ་དག་གི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་མཐིང་ག༔ ཨོཾ་ཨཱཿཧཱུྃ་བརྗོད་པས་རྒྱལ་བ་ཐམས་ཅད་ཀྱིས་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས༔ ཡེ་ཤེས་ལྔའི་དབང་བསྐུར་བར་གྱུར༔ དེ་ནས་ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་ལྟེ་བ་ལ་ཧྲཱིཿདམར་པོའི་མཐའ་ལ་རྩ་བའི་སྔགས་ཀྱིས་བསྐོར་བར་གྱུར༔ སྔགས་ལས་འོད་ཟེར་འཕྲོས་ཏེ་བདེ་བ་ཅན་ནས་རང་རང་གི་ཡེ་ཤེས་པ་སྤྱན་དྲངས་ཏེ༔ དམ་ཚིག་པ་རང་ལ་ཐིམ༔ གཉིས་སུ་མེད་པར་གྱུར་ཏེ་འོད་ཟེར་གྱིས་སྟོང་གསུམ་གང་བར་གྱུར༔ ཨོཾ་ཨཱ་ཡུཿསརྦ་ཏ་ཐཱ་ག་ཏ་ཛྙཱ་ན་མུ་དྲ་ས་མ་ཡ་ཛ་ཛ༔ དེ་ནས་སྤྱན་འདྲེན་པ་ནི། ཧཱུྃ༔ ནུབ་ཕྱོགས་བདེ་ཆེན་དག་པའི་ཞིང༔ ཞེས་སོགས་སྤྱན་འདྲེན་ནས་བསྟོད་པའི་བར་མཐར་ཆགས་སུ་གཏང་། སྐབས་འདིར་མདུན་བསྐྱེད་གཙོ་བོའི་ཕྱག་གི་བུམ་པ་དང་བཤམས་པའི་བུམ་པ་གཉིས་དབྱེར་མེད་དུ་བསྒོམ་པར་བཞེད་པས་བུམ་བསྐྱེད་ཟུར་དུ་མེད་དོ། །དེ་ནས། ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སོགས་ཀྱིས་ཚེ་བསྐུལ་ལ། བཟླས་པའི་དམིགས་པ་ནི། བདག་ཉིད་ཚེ་དཔག་མེད་ཀྱི་ཐུགས་ཀར་མེ་ཏོག་པདྨ་དམར་པོའི་སྟེང་དུ། གསེར་གྱི་རྡོ་རྗེ་རྒྱ་གྲམ་གདན་ཐབས་སུ་ཡོད་པའི་ལྟེ་བའི་སྟེང་དུ་འོག་ཉི་མ་སྟེང་ཟླ་བ་གཉིས་ཀྱི་གྭའུ་ཁ་སྦྱོར་ཁ་ཅུང་ཟད་བྱེ་བ། དེའི་ནང་དུ་པདྨ་དང་ཟླ་བའི་གདན་གྱི་དབུས་སུ་ཐུགས་སྲོག་ཧྲཱིཿདམར་པོ་བྱེ་རུའི་མདོག་ཅན་ལངས་ཏེ་གནས་པ། ཧྲཱིཿཡིག་བ་ཚག་ངོས་རྒྱབ་སྒལ་ཚིགས་ངོས་ན་བསྟན་པ་གཡོ་འགུལ་མེད་པ་ཁྲོང་ངེ་གནས་པ། ཧྲཱིཿདེའི་ནང་སྟོང་པ་ཟངས་ཀྱི་སྦུ་གུ་ལྟ་བུའི། ཧའི་ཁོག་པའི་ནང་དུ་རང་གི་བླ་སྲོག་གི་ངོ་བོ་ནྲྀཿལྗང་གུ་བཀྲག་མདངས་སྐར་ཆེན་ཤར་བ་ཙམ་ཡོད་པ། དེའི་གཡས་སུ་སྲོག་མི་འགྱུར་བའི་ཡི་གེ་ཨ་དཀར་པོ། གཡོན་དུ་སྲོག་བརྟན་པར་བྱེད་པའི་ཡི་གེ་ཧཱུྃ་མཐིང་ག་གསུམ་གསལ་བར་གྱུར། ཧྲཱིཿཡིག་གི་མཐར་བཟླ་བྱའི་སྔགས་ཕྲེང་གྱེན་ལངས་ཡིག་ངོ་ཕྱིར་བསྟན་ཏུ་གནས་པ། བཟླས་པ་བྱས་པས་སྔགས་ཕྲེང་བྱེ་རུའི་ཕྲེང་བའམ་མགལ་མེའི་འཁོར་ལོ་ལྟར་གཡས་སུ་དམར་ཀྱི་ལི་ལི་འཁོར་བ། མདུན་བསྐྱེད་གཙོ་འཁོར་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿལ་་་མདུན་བསྐྱེད་ལ་ཨ་ནྲྀཿཧཱུྃ་གསུམ་མི་དགོས་སོ། །སྔགས་ཕྲེང་གཡས་སུ་འཁོར་བར་གྱུར། རང་གི་ཐུགས་ཀ་ནས་ཧྲཱིཿདམར་པོ་ཞིག་འཕྲོས། མདུན་བསྐྱེད་དཀྱིལ་འཁོར་གཙོ་བོའི་ཕྱག་གི་བུམ་པའི་དབུས་སུ་ཟླ་བའི་གདན་ལ་འཁོད་པ་ལ་སྔགས་ཀྱི་ཕྲེང་བས་གཡས་སུ་ཀྱི་ལི་ལི་འཁོར་བར་གྱུར། ཞེས་པ་དེ་ཡན་ཆད་ནི་བསྙེན་སྒྲུབ་ལས་སྦྱོར་གསུམ་ཀར་འདོན་སྒོམ་བྱེད་ཚུལ་ཁྱད་པར་མེད་ལ། མི་འདྲ་བའི་ཁྱད་པར་བསྙེན་པའི་དུས་སུ། བདག་གི་ཐུགས་ཀ་ནས་འོད་ཟེར་ཁ་དོག་ལྔ་ལྡན་དམར་པོ་ཤས་ཆེ་བ་འཕྲོས་གཟུངས་ཐག་ལ་བརྒྱུད་ནས་སོང་སྟེ་དཀྱིལ་འཁོར་ལྷ་ཐམས་ཅད་ལ་འོད་དེ་ཕོག་པས་ཐུགས་རྒྱུད་བསྐུལ།་་་ཐུགས་རྒྱུད་བསྐུལ་ཟེར་བ་ནི་སྔོན་ཚེ་ཟད་པའི་ཚེ་བསྲིང་བའི་དམ་བཅའ་དང་སྨོན་ལམ་དེ་དྲན་པའོ། །དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཟེར་ཁ་དོག་སྣ་ཚོགས་དམར་པོ་ཤས་ཆེ་བ་སྟེང་འོག་ཕྱོགས་བཅུར་ནམ་མཁས་གར་ཁྱབ་ཏུ་འཕྲོས། འཁོར་བའི་སེམས་ཅན་ཐམས་ཅད་དང་། མྱ་ངན་ལས་འདས་པ་ཉན་རང་བྱང་སེམས་རྫོགས་པའི་སངས་རྒྱས་ཏེ་འཁོར་འདས་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་བཀྲག་མདངས་དཔལ་དང་གཟི་བརྗིད་ཐམས་ཅད་འོད་དང་འོད་ཟེར་གྱི་རྣམ་པར་ཚུར་བསྡུས་ནས། ལ་ལ་རང་ལ་ཐིམ། ལ་ལ་མདུན་བསྐྱེད་ཀྱི་ཕྱག་གི་བུམ་པར་སིབ་སིབ་རུག་རུག་ཐིམ་པར་གྱུར་པར་བསྒོམས་ལ་སྔགས་བཟླ། གཞུང་དུ་ནྲྀཿའཁྱམས་པ་ཞེས་བྱ་བ་རང་གི་བླ་དང་སྲོག་འཁྱམས་པ་ཡིན་ཏེ། ཡང་རང་གི་ཐུགས་ཀའི་འོད་ཟེར་གཟུངས་ཐག་ལ་བརྒྱུད་ནས་སོང་། དཀྱིལ་འཁོར་གྱི་ལྷ་ཚོགས་ལ་ཕོག་པས་ཐུགས་རྒྱུད་བསྐུལ། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་ཐུགས་ཀའི་སྔགས་འཁོར་བཞིན་པ་ལས། འོད་ཟེར་སྟེང་འོག་ཕྱོགས་བཅུར་འཕྲོས་པས། རང་གི་བླ་སྲོག་འཁྱམས་པ། གདོན་ཆེན་གྱིས་ཕྲོགས་པ། གདོན་ཕྲན་གྱིས་བརྐུས་པ། བྱད་མ་ལྷ་སྲུང་གིས་བཀུག་པ་ཐམས་ཅད། འོད་དང་འོད་ཟེར་གྱི་ཚུལ་དུ་འབ་སེ་འུབ་སེ་བསྡུས། བདག་ལ་སིབ་སིབ་ཐིམ། མདུན་བསྐྱེད་ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པར་རུག་རུག་བླུགས་པར་མོས་ལ་སྔགས་བཟླ། ཡང་རང་གི་ཐུགས་ཀའི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་བ་ལས། དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལ་ཕོག་པས། སྔགས་དྲག་ཏུ་འཁོར་བས་ཐུགས་རྒྱུད་བསྐུལ་ནས། མདུན་བསྐྱེད་ལྷ་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་ནམ་མཁའ་ཁྱབ་པར་འཕྲོས་པས། ནམ་མཁའ་ཉི་ཟླ་ས་ཆུ་མེ་རླུང་འཁོར་འདས་སྣོད་ཀྱི་འཇིག་རྟེན་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་ཚེ་བསོད་ནམས་བཅུད་ཐམས་ཅད། འོད་ཁ་དོག་སྣ་ཚོགས་དང་། ཟེར་བཀྲག་མདངས་ཆེན་པོ་སྤྲིན་མེད་པའི་ཉི་མ་ལྟར་འབ་སེ་འུབ་སེ་བསྡུས་ཏེ། རང་ལ་སིབ་སིབ་ཐིམ་པ་དང་། མདུན་བསྐྱེད་ཀྱི་བུམ་པའི་ནང་དུ་རུག་རུག་སོང་པས་ཚེའི་བདུད་རྩིར་གྱུར་པར་མོས་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨཱ་ཡུཿསིདྡྷི་ཧཱུྃ་ཧྲཱི༔ དངོས་གྲུབ་ཀུན་འབྱུང་ཞེས་བྱ་བའི་འབྲུ་བཅུ་བཞི་པ་འདི་མི་ཚིག་གིས་བར་མ་ཆོད་ཅིང་དམིགས་པའི་འཕྲོ་འདུ་མ་ཡེངས་པར་བཟླ། གྲངས་ཀྱི་བསྙེན་པ་འབུམ་ཚོ་གསུམ་མོ། །ཐུན་མཐར་ལས་བྱང་ལྟར་ཚེ་འགུགས། ཧཱུྃ༔ ཤར་གྱི་ཕྱོགས་ནས་ཚེ་འགུགས་མ༔ སོགས་ནས། ཐུགས་དམ་བསྐུལ་བའི་མཇུག འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཅེས་པའི་བར་སོང་ནས། གསོལ་བ་གདབ་པ་ནི། ཀྱེ༔ རྗེ་བཙུན་ཨོ་རྒྱན་རིན་པོ་ཆེ༔ རྒྱལ་བའི་དབང་པོ་ཚེ་དཔག་མེད༔ འགྲོ་བ་ཀུན་གྱི་གཉེན་གཅིག་པོ༔ མགོན་མེད་བདག་ལ་ཐུགས་རྗེས་ཟུངས༔ བདག་ལ་རེ་ས་གཞན་ན་མེད༔ སྐྱིད་སྡུག་རེ་ལྟོས་ཁྱེད་ཤེས་པས༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ འབྱུང་བ་ཕྱི་ཡི་བཅུད་སྡུས་ལ༔ རྣལ་འབྱོར་ནང་གི་ལུས་ལ་སྟིམས༔ རྡོ་རྗེ་ཚེ་ཡི་དབང་ཐོབ་ཤོག༔ ཅེས་དབྱངས་དང་བཅས་ལན་གསུམ་བྱ། དབང་བླང་བ་ནི། མདུན་བསྐྱེད་ཕྱག་གི་བུམ་པའི་ནང་ནས་གཟུངས་ཐག་ལ་བརྒྱུད་དེ་འཆི་མེད་ཚེའི་བཅུད་འོད་ཟེར་དུ་ནར་བྱུང་སྟེ། བདག་གི་གནས་གསུམ་དང་ཁྱད་པར་དུ་སྙིང་གའི་ནྲྀཿལ་ཐིམ་པས་བཀྲག་མདངས་གཟི་བརྗིད་དང་ལྡན་པར་གྱུར། དེ་ནས་ཚེ་འཛུག་པ། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔སོགས་ནས། རྒྱས་གདབ་དང་རྡོ་རྗེའི་ཚིག་གི་སྨོན་ལམ་ལན་གསུམ་བཅས་བརྗོད་དེ་ཐུན་མཚམས་ཀྱི་བྱ་བ་ལ་འཇུག །སླར་ཐུན་བཟུང་བ་ནི། བྱིན་འབེབ་ནས་སྨོན་ལམ་བར་དེ་བཞིན་དུ་བསྐྱར་ལ་ཐུན་གསུམ་མམ་བཞིར་བྱ། ཐུན་རྗེས་མའི་སྐབས་རྒྱས་གདབ་གྲུབ་མཚམས་བཀའ་སྲུང་གཏོར་འབུལ། ཚོགས་སྐོང་སོགས་མཐའ་རྒྱས་སུ་བྱ་ཞིང་ཞག་གྲངས་གང་བྱེད་ལ་དེས་འགྲེའོ། །གཉིས་པ་སྒྲུབ་པ་ནི། བཟླས་དམིགས། གཡས་སུ་ཀྱི་ལི་ལི་འཁོར་བར་གྱུར། ཞེས་པའི་མཚམས་སུ། རང་གི་ཐུགས་ཀ་ནས་འོད་ཟེར་གཟུངས་ཐག་ལ་བརྒྱུད་ནས་སོང་། དཀྱིལ་འཁོར་གྱི་ལྷ་ཚོགས་ལ་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ། མདུན་བསྐྱེད་དཀྱིལ་འཁོར་དབུས་ཀྱི་ཚེ་དཔག་མེད་ཡབ་ཡུམ་སྦྱོར་བ་མཛད་པའི་སྦྱོར་མཚམས་ནས་འོད་ཟེར་ཁ་དོག་སྣ་ཚོགས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འཕྲོས་པས། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི། སྟེང་ལྷའི་ཚེའི་དངོས་གྲུབ་ཐམས་ཅད་ཨཿདཀར་པོ། བར་མིའི་ཚེའི་དངོས་གྲུབ་ཐམས་ཅད་ནྲྀཿལྗང་གུ །འོག་ཀླུ་དང་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱི་ཚེའི་དངོས་གྲུབ་ཐམས་ཅད་ཧཱུྃ་སྔོན་པོའི་གཟུགས་ཀྱི་རྣམ་པར་གྱུར་ཏེ། སྟེང་འོག་ནམ་མཁའ་བར་སྣང་ཐམས་ཅད་ཡི་གེ་དེ་གསུམ་གྱིས་མེ་རེ་རེ་གང་བར་གྱུར། མདུན་བསྐྱེད་ཀྱི་ཐུགས་སྲོག་ཧྲཱིཿདང་ཕྱག་གི་བུམ་པའི་དབུས་ཀྱི་ཧྲཱིཿསྔགས་ཕྲེང་དང་བཅས་པ་ལས། འོད་ཟེར་ཁ་དོག་སྣ་ཚོགས་ལྕགས་ཀྱུའི་དབྱིབས་སུ་ཚེ་འགུགས་པ་དང་སྡུད་པའི་ཕོ་ཉའི་ཚུལ་དུ་འཕྲོས་པས། ཡིག་འབྲུ་གསུམ་གྱིས་གང་བ་ཐམས་ཅད་འུབ་ཧྲིལ་བདག་ལ་ཐིམ་ཞིང་། ཁྱད་པར་དུ་མདུན་བསྐྱེད་ཀྱི་ཕྱག་གི་བུམ་པ་དང་བཤམས་པའི་བུམ་པ་དབྱེར་མེད་པ་རྒྱ་ཁྱོན་དཔག་ཏུ་མེད་པའི་ནང་དུ་ཡང་བསྡུས་པས་ཡིག་འབྲུ་གསུམ་པོ་ཞུ་ནས་བདུད་རྩིར་གྱུར་པས་ཆིལ་གྱིས་གང་བར་གྱུར་པར་མོས་ལ་སྔགས་བཟླ། ཡང་རང་གི་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐྱེད་བསྐུལ་བས་སྦྱོར་མཚམས་དང་ཕྱག་གི་བུམ་པའི་དབུས་ཀྱི་ཧྲཱིཿསྔགས་ཕྲེང་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། ཕྱི་ས་ཆུ་མེ་རླུང་ནམ་མཁའི་བཅུད་ཐམས་ཅད་འོད་ཟེར་ཁ་དོག་སྣ་ལྔའི་ཚུལ་དུ་བསྡུས་ནས་བདག་དང་བུམ་པའི་ནང་གི་བདུད་རྩི་ལ་སིབ་སིབ་ཐིམ་པར་གྱུར་ཏེ། སྔགས་བཟླ། ཡང་རང་གི་འོད་ཀྱིས་མདུན་བསྐྱེད་བསྐུལ་བས། ཐུགས་སྲོག་ཧྲཱིཿདང་བུམ་པ་ལ་སོགས་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ནང་རྒྱལ་བ་རིགས་ལྔ་ཡབ་ཡུམ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཚེའི་དངོས་གྲུབ་ཀྱི་ངོ་བོ་འོད་ཟེར་ཁ་དོག་ལྔ་འུབ་འུབ་ཧྲིལ་ཧྲིལ་བསྡུས་ནས། བདག་དང་མདུན་གྱི་བུམ་པའི་བདུད་རྩི་ལ་འདུས་ཤིང་ཐིམ་པར་གྱུར། སྔགས་བཟླ། ཡང་རང་གི་ཐུགས་སྲོག་འོད་ཀྱིས་མདུན་བསྐྱེད་བསྐུལ། དེའི་འོད་ཟེར་གྱིས་གསང་བ་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་རྒྱལ་སྲས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་འཆི་མེད་ཚེའི་དངོས་གྲུབ་ཐམས་ཅད་འོད་ཟེར་བདུད་རྩིའི་རྣམ་པར་འདུས་ཤིང་བུམ་པར་ཐིམ། བདག་ལའང་རྒྱུན་ཆད་མེད་པར་ཐིམ་པར་གྱུར། ཅེས་མོས་ལ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ བྷྲཱུྃ་ནྲྀཿཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཡིད་བཞིན་ནོར་བུ་ཞེས་བྱ་བའི་འབྲུ་བཅུ་བཞི་པ་འདི་བཟླ། གྲངས་ཚད་བྱེ་བ་གཅིག་གོ །ཐུན་མཐར་ཚེ་འགུགས། གསོལ་གདབ། དབང་ལེན་སོགས་དང་། ཐུན་རྗེས་མའི་བྱ་བ་བསྙེན་པའི་སྐབས་སུ་སྨོས་པ་ལྟར་རོ། །གསུམ་པ་ལས་སྦྱོར་ནི། བཟླས་དམིགས། གཡས་སུ་ཀྱི་ལི་ལི་འཁོར་བར་གྱུར། ཞེས་པའི་འཕྲོས་སུ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་གྱི་གཙོ་བོ་ལ་ཕོག །གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། འཁོར་ཚེའི་ལྷ་མོ་རྣམས་ལ་ཕོག །ལྷ་མོ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་རང་རང་གི་མདོག་ཅན་ཕྱོགས་ཐམས་ཅད་དུ་འཕྲོས་པས། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་རྒྱལ་སྲས། ཚེའི་བདག་པོ་ཚེ་ལ་དབང་བ་དཔག་ཏུ་མེད་པའི་བྱིན་རླབས་ཚེའི་དངོས་གྲུབ་དང་། འབྱུང་བ་བཞིའི་བཅུད་དང་། ནམ་མཁའ་དང་ཉི་ཟླའི་བཅུད་དང་འགྲོ་བ་སྣོད་བཅུད་འཇིག་རྟེན་གྱི་ཁམས་ཐམས་ཅད་ཨ་ནྲྀཿཧཱུྃ་གསུམ་གྱི་རྣམ་པར་རིངས་པར་རིངས་པར་འུབ་འུབ་བསྡུས་ནས། ལྷ་མོ་རང་རང་གི་ཕྱག་གི་བུམ་པར་མེར་མེར་ཆིལ་ཆིལ་ཁེངས་ཤིང་བདུད་རྩི་ཞུ་ཞིང་ཁོལ། དེ་ཐམས་ཅད་གཙོ་བོའི་ཕྱག་གི་བུམ་པར་སིབ་སིབ་རུག་རུག་བླུགས་ཏེ་བདུད་རྩིས་བུམ་པ་གང་བ་དེ། གཙོ་བོའི་ཕྱག་གཉིས་བརྐྱངས་ཏེ་བདག་གི་མགོ་ལ་བཞག་ནས་དབང་བསྐུར་ཞིང་། ལྷ་ཚོགས་ཐམས་ཅད་ཀྱིས་འཆི་མེད་ཚེའི་སྔགས་ཀྱི་རང་སྒྲ་དི་རི་རི་གསུངས་པས་བདུད་རྩི་ཚངས་བུག་ནས་ཞུགས། ལུས་ཐམས་ཅད་དཀར་ལྟེམ་མེ་གང་། བཅུད་ཀྱི་དྭངས་མ་སྙིང་དབུས་ཀྱི་ཨ་ནྲྀཿཧཱུྃ་གསུམ་ལ་ཐིམ་པས། བཀྲག་མདངས་འོད་དུ་འབར་བར་གྱུར། ཅེས་མོས་ལ། ཨོཾ་ཚེ་བྷྲཱུྃ༔ གཡུ་བྷྲཱུྃ༔ གཡུ་ཚེ་བྷྲཱུྃ༔ ཨཱ་ཡུརྫྙཱ་ན་གཡུ་ཚེ་བྷྲཱུྃ༔ ཚེ་ལས་ལ་སྦྱར་བའི་སྙིང་པོ་ཡིག་འབྲུ་བཅོ་ལྔ་པ་གྲངས་ནི་བྱེ་བ་གཅིག་གོ །ཐུན་མཐར་ཚེ་འགུགས་ནས་གསོལ་འདེབས་བར་དུ་གཏང་། དབང་བླང་བའི་དམིགས་པ་གོང་གི་ཏིང་ངེ་འཛིན་གྱིས་འཐུས་པས་མི་དགོས་ཤིང་ཚེ་འཛུག་པ་མན་ཆད་དང་། ཐུན་རྗེས་མའི་བྱ་བ་སོགས་ཀྱང་སྔར་བཞིན་ནོ། །འདི་ཉིད་སྒྲུབ་པའི་སྐབས་སུ་གལ་ཆེ་བའི་སྤང་བླང་དང་། རྟགས་ཀྱི་རིམ་པའང་གཏེར་གཞུང་ལས། འདིའི་དུས་སུ་སྨྲ་བ་བཅད་དེ་གཞན་གྱི་ཟས་གྲིབ་ཅན་མི་ཟ༔ འཐབ་རྩོད་ལ་སོགས་འཁོན་ལ་གཟབ༔ སྡིག་ཅན་གྲིབ་ཅན་ལ་སོགས་དང་གདོང་མི་སྤྲད་དམ་དུ་བྱའོ༔ དེའི་དུས་སུ་རྟགས་ཀྱི་རིམ་པ་ཕྱི་ནང་གསང་གསུམ་དུ་འབྱུང་སྟེ༔ ལུས་བདེ༔ ཤེས་པ་གསལ༔ བསྙེན་སྒྲུབ་ལ་སྤྲོ༔ རྨིས་ལྟས་སུ་གངས་རི་ལ་འཛེགས་པ༔ མཆོད་རྟེན་དང་སཱཙྪ་མང་པོ་མཐོང་བ་དང༔ མཁར་སྤེའུ་འཛིན་པའམ༔ བརྩིག་པ་དང༔ ཆུ་བོ་བརྒལ་བ་དང༔ ཆང་འོ་མ་བདུད་རྩི་འཐུང་བ༔ ཉི་ཟླ་ཤར་བ༔ ལོ་ཐོག་ལེགས་པ༔ འབྲུ་ལ་ལོངས་སྤྱོད་བྱེད་པ༔ གོ་ཆ་གྱོན་པ༔ བཙན་ས་ཟིན་པ༔ ཞལ་མཇལ་ལུང་སྟོན༔ བུམ་ཆུ་ཁོལ་བ༔ འོད་ཟེར་འཕྲོ་བ༔ རླངས་པ་འབྱུང་བ༔ དྲི་བཟང་ཐུལ་བ་ལ་སོགས་པ་དཔག་མེད་འབྱུང་སྟེ༔ ངེས་པར་ཚེ་འགྲུབ་པའི་རྟགས་སོ༔ ཡང་ངན་པའི་རྟགས་གོང་གི་དེས་བཟློག་པའོ༔ ངན་པ་རྟོག་པ་ཟ་བ་རྣམས་ཚེ་སྒྲུབ་མ་བྱས་པ་ལ་བྱུང་ན་ཚེ་སྒྲུབ་ལ་འབད་ཅིང༔ ཚེ་སྒྲུབ་བྱས་དུས་ཀྱང་རྟགས་ངན་པ་དང་འདྲེས་མར་བྱུང་ན་སྤོག་ཆོག་བྱས་ཏེ༔ ཚེ་སྒྲུབ་བསྐྱར་ལ་བྱ་སྟེ༔ ཆག་སྒོ་ཡོད་པར་ཤེས་པར་བྱའོ༔ བཟང་པོར་གྱུར་ན་ཐེ་ཚོམ་མེད་པར་བཟློག་གོ༔ ཞེས་གསུངས་པ་ལྟར་རོ། །དེ་ལྟར་གྲངས་དུས་གང་རུང་ཐེམས་ནས་སྒྲུབ་པ་གྲོལ་བའི་ཐོ་རངས་སུ། ལས་བྱང་གཞུང་བསྲངས་ལ། བསྟོད་པ་ཡན་གྲུབ་པ་དང་། ཚོགས་བྱིན་བརླབ་ནས་བསྒྲལ་བསྟབ་བར་བྱ། དེ་ནས། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ལྷ་ཚོགས་ལ་ཕོག་པས། ཐུགས་ཀའི་ཧྲཱིཿདང་སྦྱོར་མཚམས་ནས་འོད་ཟེར་སྣ་ཚོགས་ཕྱོགས་ཐམས་ཅད་དུ་འཕྲོས་པས། འཁོར་འདས་ཀྱི་ཚེ་དང་བསོད་ནམས་ཁྱད་པར་དུ་འབྱུང་བ་ལྔའི་བཅུད་ཐམས་ཅད་འུབ་འུབ་ཧྲིལ་ཧྲིལ་བསྡུས་ནས། ཚེ་ཆང་དང་ཚེ་ནས་ཚེ་རིལ་རྣམས་ལ་སིབ་སིབ་ཐིམ་པར་བསྒོམ་ཞིང་། ཨོཾ་ཚེ་བྷྲཱུྃ༔ གཡུ་བྷྲཱུྃ༔ གཡུ་ཚེ་བྷྲཱུྃ༔ ཨཱ་ཡུརྫྙཱ་ན་གཡུ་ཚེ་བྷྲཱུྃ༔ ཞེས་མི་གཅིག་ཡིན་ན་བརྒྱ་བཟླས། མང་ན་སྤྱི་ལས་སྟོང་འགྲོ་བར་བྱའོ། །དེ་ནས་གོང་གི་བསྙེན་སྒྲུབ་ལས་གསུམ་གྱི་སྔགས་རྣམས་འཛབ་དབྱངས་ཀྱི་ཚུལ་དུ་བྱ་ཞིང་མི་གཅིག་ཡིན་ན་བརྒྱ་རེ། མང་ན་སྤྱི་ཁ་ནས་སྟོང་འགྲོ་བར་བྱ་བ་ནི་དངོས་གྲུབ་ལེན་ཁར་བསྙེན་སྒྲུབ་ཁ་གསོ་བའི་དོན་ནོ། །དེ་གྲུབ་ནས་དཀྱིལ་འཁོར་ལ་མཎྜལ་རྒྱས་པར་ཕུལ། དབང་གི་དོན་དུ་གོང་གསལ་གསོལ་འདེབས་དེ་དབྱངས་དང་བཅས་ལན་གསུམ་བྱས་ལ་ཚེ་འགུགས་པ་ནི། ཚེ་གཏོར་བུམ་པ་ཨོ་རྒྱན་ཚེ་དཔག་མེད་དངོས་སུ་གསལ་བ་མདུན་བསྐྱེད་གཙོ་བོ་དང་དབྱེར་མེད་པ་ལ། མདུན་བསྐྱེད་ཚེའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཕྱག་གཡས་ཚེའི་མདའ་དར་གཡབ་ཤིང་། དཔལ་དང་བསོད་ནམས་བཀྲག་མདངས་གཟི་བརྗིད་ཐམས་ཅད་བསྡུས་ནས་བདག་ལ་ཐིམ་ཞིང་། གཡོན་པ་ཐམས་ཅད་ཚེའི་བུམ་པར་ཚེ་བཅུད་བསྡུས་ཤིང་། བདག་ལ་དབང་བསྐུར་བའི་ཕྱིར། གཙོ་བོའི་བུམ་པར་རུག་རུག་བླུགས་པར་གྱུར། མདའ་དར་གཡབ་ལ། ཧཱུྃ༔ ཤར་གྱི་ཕྱོགས་ནས་ཚེ་འགུགས་མ༔ཞེས་པ་ནས། ཨཱ་ཡུ་ཤེ་ཛྙཱ་ན་ཛཿཛ༔ ཞེས་པའི་བར་བཏང་། མདུན་བསྐྱེད་དཀྱིལ་འཁོར་གྱི་གཙོ་བོས་ཕྱག་གི་བུམ་པས་བདག་ཉིད་ལ་དབང་བསྐུར་བསྩལ་བར་གྱུར། རྡོར་དྲིལ་དང་བཅས་བུམ་པ་བཟུང་ནས། ཀྱེ༔ རྗེ་བཙུན་ཨོ་རྒྱན་མགོན་པོ་ཚེ་དཔག་མེད༔ ཅེས་སོགས་ལས་བྱང་གི་མཇུག་ནས་འབྱུང་བ་ལྟར། སྐྱེ་འཆི་མེད་པ་ཚེ་ཡི་དབང་ཐོབ་ཤོག༔ ཅེས་པའི་བར་དབྱངས་དང་བཅས་བརྗོད། མདུན་གྱི་གཙོ་བོས་ཕྱག་གི་བུམ་པ་དང་དབྱེར་མེད་པའི་བུམ་པས་དབང་བསྐུར་ཞིང་མདོར་ན་ནམ་མཁའ་ཐམས་ཅད་རྒྱལ་བ་ཚེ་དཔག་ཏུ་མེད་པའི་ལྷ་ཚོགས་ཀྱིས་གང་བ། ཀུན་ཀྱང་འཆི་མེད་སྔགས་ཀྱི་རང་སྒྲ་དི་རི་རི། ལྷ་མོ་རྣམས་ཀྱིས་བཀྲ་ཤིས་པའི་ཚིགས་སུ་བཅད་པ་འུ་རུ་རུ་དབང་བསྐུར་བས་བདག་གི་སྤྱི་བོ་ནས་མར་འཆི་མེད་ཚེའི་བདུད་རྩི་དཀར་ན་ར་ར་བབས། ལུས་སྤྱི་བོ་ནས་གསང་གནས་ཡན་ཆད་འཆི་མེད་བདུད་རྩིས་དཀར་ལྟེམས་ཀྱིས་གང་བར་བསྒོམས་ལ་སྔགས་ལྔ་པོ་བརྗོད་ཅིང་བུམ་པ་མགོའི་ཕྱོགས་ལྔར་བཞག །བུམ་ཆུ་བཏུང་། དེ་ནས། ཚེ་གཏོར་མདུན་བསྐྱེད་ཀྱི་གཙོ་བོ་དང་དབྱེར་མེད་པ་རང་གི་སྤྱི་བོར་བྱོན། དེའི་དཔྲལ་བ་མགྲིན་པ་ཐུགས་ཀ་ལྟེ་བ་བཞི་ནས། འོད་ཟེར་དཀར་དམར་མཐིང་ལྗང་བཞིའི་ཐིག་ལེ་ཨོཾ་ཨཱཿཧཱུྃ་ཧྲཱིཿས་མཚན་པ་རང་གི་གནས་བཞིར་ཐིམ་པས། དབང་བཞི་ཐོབ་པར་གྱུར། ཧཱུྃ༔ མི་འགྱུར་རྡོ་རྗེ་ཚེ་ཡི་རྟེན༔ གཡང་ཞག་འཁྱིལ་པའི་དམ་རྫས་ནི༔ ཚེ་དཔག་མེད་པའི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རྫོགས་པའི་དཔལ༔ ཚེ་དང་དཔལ་གྱི་འཕྲོ་འདུར་གསལ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལུས་ངག་སྐུ་གསུང་ཐུགས་སུ་སྨིན༔ འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཤེ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་བརྗོད་ལ་རང་གི་གནས་བཞིར་གཏུགས། ཚེ་ཆང་ཚེ་རིལ་མྱང་ལ། ཧཱུྃ༔ རྩ་ཁམས་དག་པ་ལུས་ཀྱི་དཀྱིལ་འཁོར་ན༔ དམ་རྫས་ཚེ་ཡི་བདུད་རྩི་འདིས༔ འབྱུང་བ་ཕྱི་ཡི་བཅུད་རྣམས་སྡུས༔ རྣལ་འབྱོར་ནང་གི་ལུས་ལ་བསྟིམས༔ སྐྱེ་ཤི་མེད་པའི་ཚེ་ཐོབ་ནས༔ འགྱུར་བ་མེད་པའི་དོན་རྟོགས་ཤོག༔ ཚེ་མདའ་ཚེ་ནས་ལག་ཏུ་འཛིན་ལ། ཧཱུྃ༔ མདའ་ནི་སྐྱེས་པ་ཕོ་ཡི་རྟེན༔ གསེར་ནི་རིན་ཆེན་སྙིང་པོའི་བཅུད༔ འགྱུར་བ་མེད་པའི་བླ་རྟེན་མཛོད༔ གཡུ་ནི་ཟ་མ་མོ་ཡི་རྟེན༔ བལ་ནི་ལོངས་སྤྱོད་གཡང་གི་རྒྱུ༔ ཤྭ་ནི་བྱིས་པ་ཆུང་གི་རྟེན༔ དུང་ནི་བཀྲ་ཤིས་དགེ་བའི་རྫས༔ ཚེ་ནི་མི་འགྱུར་ལུས་ལ་བསྟིམ༔ ཕོ་ཡི་བླ་རྟེན་ཕོ་ལ་གཏད༔ མོ་ཡི་བླ་རྟེན་མོ་ལ་གཏད༔ བྱིས་པའི་བླ་རྟེན་ཆུང་ལ་གཏད༔ ཉིན་མོ་བཀྲ་ཤིས་མཚན་བཀྲ་ཤིས༔ ཉིན་མཚན་རྟག་ཏུ་བཀྲ་ཤིས་ཤོག༔ སྙིང་པོ་ཉི་ཟླ་གསལ་གྱུར་ཅིག༔ དེ་ནས་ཚེ་སྦ་ཞིང་བསྟིམ་པ་ནི། དེ་ལྟར་དབང་བསྐུར་པས་ལུས་འཆི་མེད་བདུད་རྩིས་དཀར་ལྟེམས་ཀྱིས་གང་བའི་དྭངས་མའི་དྭངས་མ་བཅུད་ཀྱི་ཡང་བཅུད་ཐམས་ཅད་རང་གི་སྙིང་གའི་དབུས་ན། རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བའི་སྟེང་ན། ཉི་ཟླའི་གྭའུ་ཁ་སྦྱོར་གྱི་ནང་དུ། སྲོག་མི་འགྱུར་བའི་རྟེན་ཨ་ནྲྀཿཧཱུྃ་གསུམ་གནས་པ་ལ། བཅུད་ཐམས་ཅད་སིབ་ཀྱིས་ཡིག་འབྲུ་གསུམ་ལ་ཐིམ་པས། བཀྲག་མདངས་སུ་འབར། འོད་ཟེར་བ་སྤུའི་བུ་ག་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འཕྲོས། འཁོར་འདས་གཉིས་ཀྱི་ཚེ་དཔལ་བཀྲག་མདངས་གཟི་བརྗིད་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་བླངས་པ་ལྟར། འུབས་སེ་འདུས་ནས་གནས་གསུམ་དང་བ་སྤུའི་བུ་ག་ནས་སིབ་སིབ་འདུས། སྙིང་དབུས་ཀྱི་ཨ་ནྲྀཿཧཱུྃ་གསུམ་ལ་ཐིམ། སྲོག་རྩ་ཐམས་ཅད་གང་། སླར་ཡང་ལྷ་དང་དྲང་སྲོང་རིག་འཛིན་ཀླུ་དབང་འཁོར་ལོས་སྒྱུར་བའི་རྒྱལ་པོ། འཇིག་རྟེན་གྱི་ཁམས་ན་ཚེ་དང་བསོད་ནམས་ལ་དབང་བའི་ཚེ་བསོད་དཔལ་འབྱོར་བཅུད་ཐམས་ཅད་འདུས་ཤིང་སྙིང་དབུས་ཨ་ནྲྀཿཧཱུྃ་གི་ཡི་གེ་འབྲུ་གསུམ་ལ་ཐིམ། བདག་བཀྲག་མདངས་འོད་དུ་འབར། བཅུ་དྲུག་ལོན་པའི་གཞོན་ཤ་དང་ལྡན་པར་གྱུར། རྟེན་འབྲེལ་མི་བསླུ་བས་དེ་ལྟར་འགྱུར་ངེས་སྙམ་པའི་དཔའ་གདིང་བསྐྱེད་དོ། །དེ་ལྟར་སྒོམ་ཞིང་། ཧཱུྃ༔ ནམ་མཁའི་དབྱིངས་ནས་ཚེ་འགུགས་མ༔སོགས་ནས། ཚེ་འདི་བཅོལ་ལོ་སྲོག་འདི་སྡོམས༔ བར་བརྗོད་ལ་རྒྱས་གདབ་པ་ནི། སྙིང་གའི་ཉི་ཟླའི་གྭའུ་ཁ་བསྒྲིགས༔ འོག་གི་རྡོ་རྗེ་རྒྱ་གྲམ་གྱི་རྭ་བཞི་གྱེན་དུ་ལངས་ཏེ་བསྣོལ་མར་རྒྱས་བཏབ༔ རྭ་བཞིའི་རྩེ་མོ་ལ་རྟ་མགྲིན་གྱི་སྔགས་ཀྱིས་བཅིངས་པ་ལ༔ དེའི་སྟེང་དུ་ཚེ་དཔག་མེད་དཀར་པོ་ཚོན་གང་བ་གཅིག་དབང་རྟགས་སུ་བཞུགས་པར་གྱུར༔ ཧཱུྃ་ཏྲ་ཏྲ་ཤག་སོགས་བརྒྱ་རྩ་བརྗོད་ལ། ཧཱུྃ༔ སྙིང་པོ་བརྟན་པ་མི་ནུབ་སྟེ༔སོགས་ནས། ཨོཾ༔ སྐུ་ཡི་སྐུ་སྟེའི་མཇུག་བར་ལས་བྱང་དཀྱུས་ལྟར་གཏང་བ་ལས་སྐབས་འདིར་སྟོང་ཚིགས་མཆོད་བསྟོད་མི་དགོས་སོ། །དེ་ནས་ཚོགས་ལ་རོལ་ཞིང་ལྷག་མ་གཏང་། སྒྲུབ་པའི་སྐབས་སུ་ལྷག་མ་བཙོན་འཛིན་གྱི་ཕྱག་སྲོལ་ལྟར་བྱས་ན་སྐབས་འདིར་ཕྱི་རོལ་ལྷོ་ནུབ་གོམ་པ་བདུན་ཅུའི་སར་བསྐྱལ་ཏེ་སྤུང་ངོ་། །དེ་ནས་བཀའ་སྲུང་གཏོར་མ་གསོ་བྲན་བྱས་ལ་གཏང་རག་གི་ཚུལ་དུ་གསོལ་མཆོད་རྒྱས་པར་བྱས་ལ་ཆད་མདོ་དང་སྦྲགས་ཏེ་ཐོག་ཁར་འབུལ། ཆད་མདོ་མན་ཆད་ལས་བྱང་དཀྱུས་བཞིན་ལ། དངོས་གྲུབ་ལེན་ཆོག་སྔར་སོང་བས་བསྐྱར་མི་དགོས་ཤིང་། གཏང་རག་མཆོད་བསྟོད་ནི་བྱིན་རླབས་བཅས་འབུལ་ཚིག་སོགས་རྒྱས་པར་བྱ། མདུན་དཀྱིལ་རས་བྲིས་ཡིན་ན་དེ་ཉིད་དང་། རྡུལ་ཚོན་ཡིན་ན་སྐུ་གསུང་ཐུགས་རྟེན་རྣམས་ལ་བསྟིམ་ཞིང་བརྟན་བཞུགས་བྱ་བ་ལས་ཚེ་ཆོག་གི་མཇུག་ཏུ་གཤེགས་གསོལ་རྟེན་འབྲེལ་སླད་དུ་མི་བྱེད་པར་གསུངས། རྒྱུན་སྤྱོད། སྨོན་ལམ། བཀྲ་ཤིས་སོགས་མཐའ་རྒྱས་སུ་བྱའོ། །རང་དོན་ཡིན་ན་གཏོར་མ་ཚེ་རིལ་སོགས་གཞན་ལ་མི་སྦྱིན། མང་པོས་སྒྲུབ་ན་ནང་སྐོར་ཙམ་ལ་བཀྱེ། གཞན་དོན་ཡིན་ན་བུམ་ཆུ་ཚེ་གཏོར་སོགས་ཚེ་རིལ་གྱི་རུ་རྩི་བྱ་བ་ལེགས་གསུངས། ནང་སྒྲུབ་འདི་ཕལ་ཆེར་སྤྲོས་མེད་ཀྱི་ཚུལ་ཡིན་པས་སྒྲུབ་ཆེན་གྱི་ཁོག་དབུབ་མི་དགོས་ཀྱང་བསྙེན་རྒྱུན་བྱེད་པའི་སྐབས་སོགས་ཅུང་ཟད་སྤྲོ་བར་འདོད་ན་ཐོག་མར་ཕྱི་མཚམས་བཅད་པའི་སྐབས་རྒྱལ་ཆེན་ཐོ་འཛུག་ཙམ་དང་། དངོས་གཞིའི་སྐབས་མཆོད་འབུལ་ཁ་སྐོང་རེས་མོས་འོས་འཚམ་སྦྱར། ཐུན་མཚམས་སྔ་དགོངས་སུ་ཐུགས་གསང་ལྟར་ཉུ་ལེ་བསྐྲད་ཅིང་། པད་གླིང་རྡོར་ཕྲེང་གི་བྱིན་འབེབ་འོད་ཀྱི་དྲྭ་བ་ཁ་བསྒྱུར་ཅུང་ཟད་བཅས་སྦྱར་སྲོལ་སྣང་བ་དང་། རྗེས་གཞན་དོན་དབང་བསྐུར་བྱ་དགོས་ན་དངོས་གྲུབ་བླངས་ཟིན་པའི་རྗེས་ཐོག་ཏུ་དོན་དབང་ནོར་བུ་ལུགས་རྒྱུན་གྱི་ལག་ལེན་ལྟར་བསྐུར་ན་འཚམ་ཞིང་ལེགས་སོ། །རང་དོན་དཔའ་བོ་རྐྱང་སྒྲུབ་ལྟ་བུར་སྤྲོས་བཅས་དེ་རིགས་མི་ལྕོགས་ན་གལ་མི་ཆེ་བས་དངོས་བསྟན་འདི་དང་དམིགས་བཟླས་ལ་ནན་ཏན་ཏུ་འབད་དོ། །གཞུང་ལས། རྗེས་ཀྱང་ལོ་རེ་བཞིན་དུ་བདུན་ནམ་བཅུ་བཞི་ཉེར་གཅིག་རེ་དམ་བཅའ་བྱ་ཞིང༔ གང་ཞིག་བསྙེན་པ་དེ་ཉིད་ཞག་རེ་ལ༔ ཐོ་རངས་ནས་ཉི་ཤར་བར་ལ་བརྒྱ་རྩ་རེ་ཡི་དམ་བྱའོ༔ མདོར་ན་རང་དོན་གཞན་དོན་གདུལ་བྱ་ཕྲིན་ལས་གང་བསྒྲུབ་ཀྱང༔ རྣལ་འབྱོར་པ་ཚེ་རིང་ན་ཅི་བསམ་འགྲུབ་པས༔ ཚེ་སྒྲུབ་ལ་ནན་ཏན་བྱའོ༔ ཞེས་པདྨ་རྒྱལ་པོ་ང་ཡི་ཐ་ཚིག་གོ༔ ཞེས་བསླབ་བྱའི་ཞལ་གདམས་དང་། འདི་ལྟར་གཞུང་བཞིན་སུས་བསྒྲུབས་པ༔ ཚེ་མཐར་ཕྱིན་པར་མ་གྱུར་ན༔ ཚེ་བདག་པདྨས་མ་ཤེས་ཀྱིས༔ ཚུལ་བཞིན་ཉམས་སུ་སུས་བླངས་པ༔ ཚེ་ལ་དབང་ཐོབ་ཐེ་ཚོམ་མེད༔ ཅེས་ཕན་ཡོན་ཡང་མདོར་དྲིལ་ཏེ་རྡོ་རྗེའི་ཚིག་ཏུ་གདམས་པར་མཛད་པ་ནི་སྐལ་ལྡན་གྱི་སྐྱེས་བུ་རྣམས་མི་བསླུ་བའི་ཐ་ཚིག་གི་ངེས་པའོ། །ཟབ་མོར་གྲགས་པ་མང་ཡང་དུས་ཚོད་འདིའི། །གང་ཟག་ཕལ་ལ་ཏི་སེའི་ལོ་རྒྱུས་བཞིན། །གང་འདི་ཉམས་ལེན་མཁན་ལ་དོན་གཉེར་གྱི། །འབྲས་བུ་བརྒྱུད་མར་ཐོབ་པ་ད་དུང་སྣང་། །སྐྱེ་དགུ་ཀུན་ལ་འཚོ་བ་འབའ་ཞིག་གཅེས། ཁྱད་པར་བསྟན་འཛིན་སྐྱེས་བུ་ཞབས་བརྟན་ན། །བདེ་ལེགས་ཀུན་གྱི་རྩ་བ་ཚུགས་པའི་ཕྱིར། །བདག་གིས་འབད་པ་འདི་ཡང་དེ་ཕྱིར་བསྔོ། །རིང་འཚོའི་རྩ་བ་རྡོ་རྗེ་ལྟར་བརྟན་ཅིང་། །ཡོན་ཏན་ཁོ་ལག་ཞིང་ཁམས་རྒྱ་མཚོར་ཁྱབ། །དགེ་ལེགས་རིན་ཆེན་སྙེ་མ་གཡུར་ཟ་བས། །འཕྲལ་ཡུན་ཕན་བདེ་རྒྱས་པའི་བཀྲ་ཤིས་ཤོག །འདིའི་གཞུང་དང་ཆགས་མེད་ཞབས་ཀྱི་གསུང་ཟིན་ཁ་གསལ་ཞིང་བྱིན་རླབས་ཆེ་བས་ཡིག་ཆ་གཞན་ལ་ཆེར་ལྟོས་མི་དགོས་ཀྱང་། ལག་ལེན་མཐར་ཆགས་སུ་བསྟར་བའི་སྐབས་མཁས་བླུན་གྱི་དབྱེ་བས་དབྲི་བསྣན་མང་དུ་འཕེལ་བའི་ཕྱིར། གཞུང་མཐུན་བསྒྲིགས་ཆགས་ཤིག་བྱུང་ན་ལེགས་པར་དགོངས་ཏེ། འཇིག་རྟེན་གསུམ་གྱི་འདྲེན་པ་རྒྱལ་མཆོག་ཐམས་ཅད་མཁྱེན་པ་དང་ཐུབ་བསྟན་ཡོངས་སུ་རྫོགས་པའི་བདག་ཉིད་འཇམ་མགོན་བླ་མ་ཟུང་གི་ཞལ་སྔ་ནས་གསེར་གྱི་མེ་ཏོག་བཅས་རྗེས་སུ་གནང་བ་ལྟར། གཞུང་ཟིན་དེ་དག་བཀླག་ཆོག་ཕྱོགས་བསྒྲིགས་སུ་བགྱིས་ཤིང་མི་གསལ་བ་ཁ་བསྐངས་པ་ཙམ་ལས་རང་བཟོའི་བཅོས་བསླད་མེད་པར། པདྨའི་རྗེས་འཇུག་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་འཆི་མེད་ཟིལ་དངར་རྒྱུན་འབབས་དང་འབྲེལ་བའི་བསྟི་གནས་སུ་འབྱོར་དྲུག་རྒྱས་པའི་དུས་ཚེས་ཕུན་སུམ་ཚོགས་པར་སྦྱར་བའི་དགེ་བས། ཁྱབ་བདག་བླ་མ་ཟུང་གིས་གཙོར་བྱས་བསྟན་འཛིན་གྱི་སྐྱེས་བུ་ཀུན་གསང་གསུམ་རྡོ་རྗེ་ལྟར་བརྟན་ཅིང་། བདག་གཞན་ཐམས་ཅད་ཚེ་དང་ཆོས་མཐུན་གྱི་དཔལ་འབྱོར་ཡར་ཟླ་བཞིན་དུ་རྒྱས་པར་གྱུར་ཅིག །དགེ་ལེགས་འཕེལ།། །།

[edit]
[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).