Terdzo-ZA-015
ཀུན་བཟང་ཐུགས་གཏེར་གྱི་ཆོས་སྡེ་ཐུགས་རྗེ་ཆེན་པོ་འགྲོ་འདུལ་ལྷ་དྲུག་པའི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་རིན་ཆེན་དབྱིག་གི་སྙིང་པོ་
by ([['jam mgon kong sprul|]])
revealed by བྱང་ཆུབ་གླིང་པ་ (Jangchub Lingpa)
in cycle ཀུན་བཟང་ཐུགས་གཏེར་ (Kun bzang thugs gter)
Volume 22 (ཟ) / Pages 425-441 / Folios 1a1 to 9a5
Tibetan Text
༄༅། །ཀུན་བཟང་ཐུགས་གཏེར་གྱི་ཆོས་སྡེ་ཐུགས་རྗེ་ཆེན་པོ་འགྲོ་འདུལ་ལྷ་དྲུག་པའི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་རིན་ཆེན་དབྱིག་གི་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་ར་བེ། འགྲོ་ལ་ཕན་བདེའི་མཆོག་སྩོལ་བའི། །རྣམ་རོལ་ཅིར་ཡང་སྟོན་མཛད་པ། །བླ་མ་སྤྱན་རས་གཟིགས་དབང་ལ། །བཏུད་ནས་ངོ་མཚར་ཕྲིན་ལས་དགོད། །འདིའི་སྒྲུབ་ཐབས་དང་འབྲེལ་བའི་ཕྲིན་ལས་ཀྱི་རིམ་པ་ཉམས་སུ་ལེན་པ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ནི། རྟེན་དང་གཏོར་མཆོད་ཇི་ལྟར་འོས་པ་འདུ་བྱས་ལ། གཞི་བགེགས་ཀྱི་གཏོར་མ་གཏང་ན་སྤྱི་འགྲོ་བྱ། སྐྱབས་སེམས་ཚོགས་གསག་བཀའ་བསྒོ་སྲུང་འཁོར་བྱིན་འབེབ་མཆོད་པ་བྱིན་རླབས་བཅས་འདི་ཉིད་ཀྱི་བླ་མའི་ལས་བྱང་གི་དབུར་འབྱུང་བ་སོགས་སྦྱར་བས་ཆོག་ཀྱང་མདོར་བསྡུས་ལ་མོས་ན་སྐྱབས་སེམས་ནི། ཐུགས་རྗེའི་དབང་གིས་འགྲོ་དོན་མཛད། །བླ་མ་རྣམས་ལ་སྐྱབས་སུ་མཆི། །རང་ལས་ཡེ་ཤེས་ཤར་བའི་སྐུ །ཡི་དམ་ལྷ་ལ་སྐྱབས་སུ་མཆི། །ལེགས་ཉེས་སྟངས་འཛིན་བར་ཆད་སེལ། །མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི། །སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས། །འགྲོ་ཀུན་སངས་རྒྱས་ཐོབ་བྱ་སྙམ། །སྨོན་པའི་བྱང་ཆུབ་སེམས་བསྐྱེད་ཅིང་། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད། །དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས། །རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ། །ལན་གསུམ། བཀའ་བསྒོ་བ་ནི། ཧཱུྃ། བླ་མ་རྣམས་ཀྱི་བྱིན་རླབས་སོགས་དང་། སྲུང་འཁོར་ནི། ཧཱུྃ། ང་ནི་ཡེ་ནས་སོགས་བརྗོད། མཆོད་པ་བྱིན་བརླབ་ནི། རཾ་ཡཾ་ཁཾ། རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །རང་བྱུང་མཆོད་པའི་ཕུང་པོ་ནི། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུས། །དཔག་ཡས་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པཱུ་ཛ་ས་མ་ཡེ་ཨཱཿཧཱུྃ། ཞེས་པ་ཙམ་གྱིས་ཆོག་གོ །གཉིས་པ་དངོས་གཞི་ལ་བདུན་ལས་དང་པོ་ལྷ་བསྐྱེད་པ་ནི། ཧྲཱི༔ སྟོང་གསལ་འགྱུར་མེད་རྣམ་དག་སྤྲོས་དང་བྲལ༔ རྣམ་དག་རང་བྱུང་མ་རྟོགས་སྙིང་རེ་རྗེ༔ སྐྱོན་བྲལ་རང་བྱུང་རིག་པའི་ཡི་གེ་ཧྲཱི༔ ཐུགས་རྗེའི་འོད་ཀྱིས་སྣོད་བཅུད་དངོས་པོ་སྦྱངས༔ འཇིག་རྟེན་རྣམ་དག་རང་བྱུང་གཞལ་ཡས་ཁང༔ རྒྱལ་འགྲོ་བཅུད་ཀྱི་སེམས་ཅན་རང་གསལ་ལྷ༔ སྐྱོན་བྲལ་ཐུགས་རྗེའི་བདག་ཉིད་སྤྱན་རས་གཟིགས༔ ལོག་ལྟ་རྟག་འཛིན་ཟིལ་གནོན་རྟ་མཆོག་དཔལ༔ ཆད་ལྟ་སྐུར་འདེབས་འཇོམས་བྱེད་དཔའ་མོ་ཡུམ༔ སྤྲུལ་སྐུ་འགྲོ་བ་འདུལ་མཛད་པདྨའི་སྐུ༔ ཡིད་བཞིན་དགོས་འདོད་རེ་སྐོང་ཛམྦྷཱ་ལ༔ ཆོས་སྐུ་རིགས་བདག་སངས་རྒྱས་འོད་དཔག་མེད༔ ཚད་མེད་བཞི་ལྡན་རྒྱལ་ཆེན་སྒོ་བ་བཞི༔ འགྲོ་འདུལ་གསང་ཆེན་ཐུགས་རྗེའི་ལྷ་ཚོགས་གསལ༔ དེ་ཡང་དབུས་སུ་སྤྱན་རས་གཟིགས༔ ཆོས་སྐུ་ཡེ་ཤེས་ཞལ་གཅིག་པ༔ ཉོན་མོངས་སྐྱོན་བྲལ་སྐུ་མདོག་དཀར༔ ཚད་མེད་བཞི་ལྡན་ཕྱག་བཞི་ལྡན༔ བདེན་གཉིས་ཟུང་འཇུག་ཐལ་མོ་སྦྱར༔ འཁོར་བའི་རྒྱུད་འདྲེན་ཕྲེང་བ་འཛིན༔ མ་ཆགས་སྐྱོན་བྲལ་པདྨ་བསྣམས༔ ཐབས་ཤེས་ཞབས་གཉིས་སྐྱིལ་ཀྲུང་བཞུགས༔ མ་སྤངས་རང་གྲོལ་རིན་ཆེན་བརྒྱན༔ སྙིང་རྗེའི་ཀྲྀཥྞའི་པགས་པ་འཆང༔ མ་འདྲེས་ཡོངས་རྫོགས་ཐོར་ཅོག་ཅན༔ རྟག་ཆད་འཁོར་བའི་སྐྱོན་བྲལ་བའི༔ པདྨ་ཉི་ཟླའི་གདན་ལ་བཞུགས༔ ཡེ་ཤེས་ལྔ་ལྡན་དབང་བསྐུར་ཐོབ༔ སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ༔ སྤྱི་བོར་པདྨ་ཉི་ཟླའི་སྟེང༔ དེ་བཞིན་གཤེགས་པ་འོད་དཔག་མེད༔ དམར་པོ་མཉམ་གཞག་སྐྱིལ་ཀྲུང་བཞུགས༔ སྤྲུལ་སྐུའི་ཆ་ལུགས་མཚན་དཔེར་ལྡན༔ གཡས་སུ་སྙིང་རྗེ་ཁྲོས་པ་རྟ་མགྲིན་སྐུ༔ ཟིལ་གནོན་དབང་མཛད་ཆགས་པ་རཱ་གའི་མདོག༔ འཁོར་བ་མི་གཏོང་བརྩོན་འགྲུས་རྟ་ཡི་དབུ༔ དུག་ལྔ་རྩད་གཅོད་རྔམ་བརྗིད་ཁྲོས་པའི་ཞལ༔ རང་དགར་མ་ཆགས་མ་རུངས་ཞེ་གནོན་པའི༔ གདུག་པ་ཚར་གཅོད་པདྨ་དབྱུག་པ་ཕྱར༔ ཐུགས་རྗེས་འདྲེན་མཛད་སྡིགས་མཛུབ་ཞགས་པ་ཅན༔ གདུག་པ་ཟིལ་གནོན་སྦྲུལ་དང་ཐོད་ཕྲེང་བརྒྱན༔ དཔའ་བོ་ཆེན་པོ་དུར་ཁྲོད་རྒྱན་གྱིས་མཛེས༔ ཀླུ་དབང་ཉི་སྟེང་མེ་ཡི་ཀློང་ན་བརྗིད༔ རྟ་སྐད་རབ་བཞད་བདུད་འདུལ་དཔའ་བོར་བསྒོམ༔ གཡོན་དུ་ཐུགས་རྗེའི་དབྱིངས་ཉིད་མཁའ་འགྲོ་མ༔ དམར་མོ་མདངས་ལྡན་གར་གྱི་སྟབས་ཀྱིས་འགྱིང༔ སྐྲ་གྲོལ་གཅེར་བུ་གྲི་གུག་ཌཱ་རུ་གཡས༔ རུས་རྒྱན་དྲུག་འཆང་གཡོན་པ་ཐོད་ཁྲག་གསོལ༔ མེ་ཡི་ཀློང་ན་མཁའ་འགྲོའི་ཚོགས་བཅས་བསྒོམ༔ མདུན་དུ་པདྨ་རྒྱལ་པོ་དམར་སྨུག་མདངས༔ དར་ཟབ་ལྷབ་ལྷུབ་ཤ་བའི་མཉེན་ཞུ་གསོལ༔ ཞབས་གཉིས་འགྱིང་སྟབས་ཁ་ཊྭཱཾ་སྐུ་ལ་བརྟེན༔ ཕྱག་གཉིས་ཕོ་མོའི་ཐོད་པ་འཁོར་ལོ་བསྐོར༔ རིག་འཛིན་ཚོགས་བཅས་བཞད་ཅིང་གར་མཛད་པ༔ མཚོ་སྐྱེས་པདྨའི་སྟེང་ན་བཞུགས་པར་བསྒོམ༔ རྒྱབ་ཏུ་གཏེར་ཆེན་ཁྲི་ལ་ཛམྦྷ་ལ༔ དམར་ལ་བརྗིད་ཆགས་ཞབས་གཉིས་བསྒྲད་པའི་ཚུལ༔ རིན་ཆེན་རྒྱན་སྤྲས་གཡས་པ་ནོར་བུ་འཛིན༔ དགོས་འདོད་ཆར་འབེབ་གཏེར་ཆེན་ནཻ་ལེ་གཡོན༔ ནོར་ལྷའི་ཚོགས་བཅས་རིན་ཆེན་ཆར་འབེབ་གསལ༔ ལྷ་དྲུག་སྣང་ཡང་ངོ་བོ་སྤྱན་རས་གཟིགས༔ གདུལ་བྱའི་དོན་ཕྱིར་རང་རང་གཉེན་པོར་འཆར༔ ཚད་མེད་བཞི་ལྡན་རྒྱལ་ཆེན་སྒོ་བ་བཞི༔ ཀུན་གྱི་ཐུགས་ཀར་ཡི་གེ་ཧྲཱིཿརེ་གསལ༔ གཉིས་པ་སྤྱན་འདྲེན་པ་ནི། ཧྲཱི༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ སྐུ་གསུམ་ལྷ་ཡི་དཀྱིལ་འཁོར་རྣམས༔ དབྱིངས་ལས་བཞེངས་བཞུགས་མི་མངའ་ཡང༔ འགྲོ་བའི་དོན་དུ་སྤྱན་འདྲེན་གཤེགས༔ ཨོཾ་བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ གསུམ་པ་ཕྱག་འཚལ་བ་ནི། རང་སྣང་རྣམ་དག་འགྲོ་འདུལ་ལྷ༔ རང་རིག་བྱང་ཆུབ་སེམས་ལས་སྤྲུལ༔ རང་བྱུང་རྒྱལ་བའི་དཀྱིལ་འཁོར་ལ༔ འདུ་འབྲལ་མེད་པས་ཕྱག་འཚལ་ལོ༔ ན་མོ་པཱུ་རུ་ཤ་ཡ་ཧོ༔ བཞི་པ་མཆོད་པ་འབུལ་བ་ནི། ཕྱི་ནང་དངོས་འབྱོར་ཡིད་ལས་བྱུང༔ རབ་འབྱམས་མཆོད་སྤྲིན་དཔག་ཏུ་མེད༔ ཀུན་ཏུ་བཟང་པོའི་རྣམ་འཕྲུལ་འདི༔ རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ༔ ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ༔ ཞེས་ནང་མཆོད་འབུལ། ལྔ་པ་བསྟོད་པ་ནི། ཧྲཱི༔ མ་བཅོས་སྤྲོས་བྲལ་རྒྱལ་བ་འོད་དཔག་མེད༔ མི་འགྱུར་རྡོ་རྗེ་ལྟར་བརྟན་རྡོ་རྗེ་ཆོས༔ འདོད་ཆགས་རྣམ་དག་ཀུན་རྟོག་ཡེ་ཤེས་སྐུ༔ གསུང་བདག་ཚེ་དང་ཡེ་ཤེས་སྤེལ་ལ་འདུད༔ ཐུགས་བསྐྱེད་སྙིང་རྗེའི་ངོ་བོ་སྤྱན་རས་གཟིགས༔ ཡལ་བར་མི་འདོར་འགྲོ་བ་མ་ལུས་འདྲེན༔ འཁོར་བའི་སྐྱོན་བྲལ་དྲི་མ་དག་པའི་སྐུ༔ འགྲོ་མགོན་ཐུགས་རྗེ་ཅན་ལ་ཕྱག་འཚལ་འདུད༔ དབང་ཆེན་ཀུན་འདུལ་དབང་གི་རྒྱལ་པོ་སྟེ༔ དབང་གི་མདོག་དམར་བསྐལ་པའི་མེ་ལྟར་འབར༔ གདུལ་དཀའ་འདུལ་མཛད་དུར་ཁྲོད་རྒྱན་གྱིས་བརྒྱན༔ དབང་ཆེན་ཁྲོ་རྒྱལ་དཔལ་ལ་ཕྱག་འཚལ་འདུད༔ ཆོས་དབྱིངས་རང་བཞིན་སྟོང་ཉིད་སྤྲོས་བྲལ་ཡུམ༔ གསང་བའི་རང་བཞིན་ཡེ་ཤེས་སྐྱེད་མཛད་པ༔ ཆོས་ཉིད་མཁར་སྤྱོད་འགྲོ་ལ་དབང་བསྒྱུར་མ༔ གསང་བ་ཡེ་ཤེས་མཁའ་འགྲོ་མ་ལ་འདུད༔ ཟབ་ཡངས་རྒྱ་མཚོར་མ་གོས་པདྨ་ལས༔ རང་བྱུང་སྐུར་སྟོན་ངོ་མཚར་མཆོག་གི་སྐུ༔ སངས་རྒྱས་ཀུན་དངོས་འགྲོ་བ་ཀུན་གྱི་སྐྱབས༔ པདྨ་འབྱུང་གནས་རྒྱལ་བའི་སྐུ་ལ་འདུད༔ འགྲོ་བའི་དོན་ཕྱིར་གནོད་སྦྱིན་སྐུར་སྟོན་ཅིང༔ ཡོན་ཏན་དཔག་ཡས་ནམ་མཁའ་མཛོད་ལ་དབང༔ སྦྱིན་པས་བསྡུས་ནས་འགྲོ་ཀུན་དགེ་ལ་འགོད༔ གཏེར་མཛོད་དབང་ཕྱུག་ཁྱེད་ལ་ཕྱག་འཚལ་འདུད༔ དྲུག་པ་འཛབ་དགོངས་ནི། ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཧྲཱི༔ སྣང་བ་ཐམས་ཅད་ལྷ་ཡི་སྐུ༔ ཡེ་ཤེས་ལྔ་ལྡན་འགྲོ་དོན་མཛད༔ སྤྲོས་པས་ཐམས་ཅད་ལྷ་སྐུར་གསལ༔ བསྡུས་པས་རང་གསལ་སྤྲོས་བྲལ་སྐུ༔ གྲགས་པ་ཐམས་ཅད་རང་གྲོལ་སྔགས༔ རིག་སྔགས་འབྲུ་དྲུག་འགྲོ་དོན་མཛད༔ སྤྲོས་པས་རང་བྱུང་མ་ཎིའི་སྒྲ༔ བསྡུས་པས་གྲགས་སྟོང་བསམ་བརྗོད་བྲལ༔ སེམས་ཉིད་ཡེ་ཤེས་ཆོས་ཀྱི་སྐུ༔ རང་གསལ་ཐིག་ལེས་འགྲོ་དོན་མཛད༔ སྤྲོས་པས་མ་འགགས་ཡུལ་མེད་གསལ༔ བསྡུས་པས་དབྱེར་མེད་བདེ་བ་ཆེ༔ སྐུ་གསུང་ཐུགས་ལྡན་སྤྱན་རས་གཟིགས༔ གང་ལ་གང་འདུལ་འགྲོ་དོན་མཛད༔ སྤྲོས་པས་ཞིང་ཁམས་བསམ་མི་ཁྱབ༔ བསྡུས་པས་སྤྲོས་བྲལ་ཆོས་ཀྱི་སྐུ༔ ཨོཾ་ནི་ཡེ་ཤེས་ལྔ་དང་ལྡན༔ སྤྲོས་པས་ལྷ་ཡི་འགྲོ་དོན་མཛད༔ ཉོན་མོངས་ང་རྒྱལ་གཏན་ནས་སྦྱོང༔ བསྡུས་པས་མཉམ་ཉིད་ཡེ་ཤེས་ངང༔ མ་ནི་ཐུགས་རྗེ་བྱམས་པ་ཉིད༔ སྤྲོས་པས་ལྷ་མིན་འགྲོ་དོན་མཛད༔ ཉོན་མོངས་ཕྲག་དོག་གཏན་ནས་སྦྱོང༔ བསྡུས་པས་བྱ་གྲུབ་ཡེ་ཤེས་ངང༔ ཎི་ནི་སྙིང་རྗེ་འོད་གསལ་སྐུ༔ སྤྲོས་པས་མི་ཡི་འགྲོ་དོན་མཛད༔ ཉོན་མོངས་འདོད་ཆགས་གཏན་ནས་སྦྱོང༔ བསྡུས་པས་བརྗོད་བྲལ་ཡེ་ཤེས་ངང༔ པད་ནི་དགའ་བདེ་སྤྲོས་བྲལ་ཏེ༔ སྤྲོས་པས་དུད་འགྲོའི་འགྲོ་དོན་མཛད༔ ཉོན་མོངས་གཏི་མུག་གཏན་ནས་སྦྱོང༔ བསྡུས་པས་ཆོས་དབྱིངས་ཡེ་ཤེས་ངང༔ མེ་ནི་བཏང་སྙོམས་དྲི་བྲལ་སྐུ༔ སྤྲོས་པས་ཡི་དྭགས་འགྲོ་དོན་མཛད༔ ཉོན་མོངས་སེར་སྣ་གཏན་ནས་སྦྱོང༔ བསྡུས་པས་ཀུན་རྟོག་མ་འདྲེས་གསལ༔ ཧཱུྃ་ནི་བདེ་ཆེན་ལྷུན་རྫོགས་སྐུ༔ སྤྲོས་པས་དམྱལ་བའི་འགྲོ་དོན་མཛད༔ ཉོན་མོངས་ཞེ་སྡང་གཏན་ནས་སྦྱོང༔ བསྡུས་པས་མེ་ལོང་ཡེ་ཤེས་ངང༔ བདུན་པ་བསྙེན་དམིགས་ནི། ལྷ་དྲུག་འོད་འཕྲོས་རྒྱལ་འགྲོ་ཐམས་ཅད་བསྡུས༔ ལོག་པའི་འགྲོ་སྦྱངས་རྒྱལ་བའི་དངོས་གྲུབ་དག༔ དབང་དུ་བྱ་ཕྱིར་ཐམས་ཅད་ཧྲཱིཿརུ་གྱུར༔ ལྷ་དྲུག་ཐིམ་པས་འོད་འབར་ཡེ་ཤེས་གསལ༔ མ་ཡེངས་ངང་ནས་སྔགས་གསུམ་རིམ་པར་བཟླ༔ སྔགས་གསུམ་ལས་ཡིག་བཅུ་ནི། ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ནི་པདྨེ་ཧཱུྃ༔ ཡིག་དྲུག་ནི། ཨོཾ་མ་ཎི་པདྨེ་ཧཱུྃ༔ ཡི་གེ་གཅིག་མ་ནི། ཧྲཱི༔ ཞེས་པ་རྣམས་དང་ཁྱད་པར་ཡིག་དྲུག་ཅི་ནུས་བཟླའོ། །སྤྲོ་ན་འཁོར་སྔགས་ནི། ཨོཾ་ཨཱ་ཡུརྫྙཱ་ན་པུཎྱེ་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཨོཾ་ཧ་ཡ་གྲཱི་ཝ་ཧྲཱིཿཧྲཱིཿཧྲཱིཿཨ་ཏྲི་ནྲྀ་ཧཱུྃ་ཛ༔ ཨོཾ་དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ༔ ཧ་རི་ནི་ས་ར་ཙ་ཧྲི་ཡ་ཧཱུྃ་ཛ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་དྷ་ན་མེ་དྷཱི་ཧྲཱིཿསྭཱ་ཧཱ༔ ཞེས་པ་རྣམས་ཅུང་ཟད་རེ་བཟླས་མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་ལན་གསུམ་རེ་དང་མཆོད་བསྟོད་དངོས་གྲུབ་གསོལ་བ་བཅས་བྱའོ། །བརྒྱད་པ་ཚོགས་འཁོར་ལ་བྱིན་གྱིས་བརླབ་པ་ནི། རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ལན་གསུམ་གྱིས་བདུད་རྩི་འདོད་ཡོན་གྱི་སྤྲིན་འཕྲོ་བར་བརླབས། ཚོགས་ཞིང་སྤྱན་འདྲེན་ནི། ཧཱུྃ༔ དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ༔ སྤྱན་འདྲེན་གཤེགས་སུ་གསོལ་བ་མི་དམིགས་ཀྱང༔ ཐུགས་རྗེ་ངང་ཉིད་ཆོས་སྐུར་དག་པ་ལས༔ ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ༔ ཨོཾ་བཛྲ་ས་མཱ་ཛཿཛཿཧཱུྃ་བཾ་ཧོ༔ ཚོགས་ཕུད་འབུལ་བ་ནི། ཧྲཱི༔ འགྲོ་མགོན་རང་བྱུང་སྤྱན་རས་གཟིགས༔ ཁྲོ་བོ་ཁྲོ་མོ་རིག་འཛིན་ཚོགས༔ མཁའ་འགྲོ་ཆོས་སྐྱོང་སྤྲུལ་པར་བཅས༔ ཚོགས་དང་གཏོར་མ་བདུད་རྩི་འབུལ༔ གཟུགས་དང་སྒྲ་དང་དྲི་དང་རོ༔ རེག་བྱ་ལ་སོགས་འདོད་ཡོན་ལྔ༔ སྦྱོར་དང་སྒྲོལ་ལ་དགོས་པ་ལ༔ ལོངས་སྤྱོད་དཔག་མེད་མཆོད་པ་འབུལ༔ ཐུགས་དམ་གཉན་བསྐངས་དངོས་གྲུབ་སྩོལ༔ འདིར་རྩ་གསུམ་སྤྱི་སྐོང་རྒྱས་བསྡུས་གང་རུང་གཏང་། ཚོགས་ལ་ལོངས་སྤྱད། ལྷག་མ་ནི། ཨོཾ་ཨཱཿཧཱུྃ༔ ལན་གསུམ་གྱིས་བདུད་རྩིར་བརླབས་ཏེ། ཧྲཱི༔ མ་མོ་མཁའ་འགྲོ་སྲུང་མ་དམ་ཚིག་ཅན༔ ཕྱོགས་སྐྱོང་དཔལ་མགོན་ཧ་རི་པཉྩི་ཀ༔ འཕྲོག་མ་བུར་བཅས་གནོད་སྦྱིན་མང་པོའི་ཚོགས༔ ལྷག་མ་དང་ནི་ཕུད་ལ་དབང་བ་རྣམས༔ འདིར་གཤེགས་མཆོད་སྦྱིན་གཏོར་མ་འདི་ལོངས་ཤིག༔ སྙིང་རྗེའི་མགྲོན་གྱུར་རིགས་དྲུག་སེམས་ཅན་ཀུན༔ འཕགས་པའི་ཐུགས་རྗེས་འདོད་ཞེན་ཚིམས་གྱུར་ཅིག༔ ལན་ཆགས་མགྲོན་གྱུར་སྡེ་བརྒྱད་འབྱུང་པོའི་ཚོགས༔ ས་དང་གནས་ལ་དབང་བའི་འབྱུང་པོ་དང༔ འཕྲལ་གྱི་རྐྱེན་བགེགས་གང་སྟོང་བྱེད་པ་རྣམས༔ མཆོད་སྦྱིན་འདི་བཞེས་དགེ་ལེགས་ལྡན་པར་མཛོད༔ དེ་ནས་ཆད་བརྟན་སོགས་མ་བྱས་ཀྱང་ཆོག་ལ་སྤྲོ་ན་ལུགས་འདིའི་བླ་མའི་ལས་བྱང་སོགས་ནས་ལེན། གསུམ་པ་རྗེས་ཀྱི་རིམ་པ་ནི། མཆོད་བསྟོད་དངོས་གྲུབ་ལེན་པ། བཟོད་གསོལ་བརྟན་བཞུགས་གཤེགས་གསོལ་གང་འོས་ཉེར་བསྡུ་ལྷར་ལྡང་བསྔོ་སྨོན་ཤིས་བརྗོད་བཅས་པའང་སྤྱི་འགྲེ་སྦྱར་བར་བྱའོ།། ༈ །།ཚུལ་འདིའི་སྒོ་ནས་དབང་བསྐུར་བགྱི་བ་ལ། སྦྱོར་བ་གཤོམ་གྱི་རིམ་པ་ནི། སྟེགས་བུའི་སྟེང་ཞི་དཀྱིལ་སྒོ་རྫོགས་ཅན་དབུས་སུ་པདྨ་འདབ་བཞིའི་ལྟེ་བར་ཐིག་ལེ་དཀར་དང་དམར་པོ་བརྩེགས་པ། འདབ་བཞི་ལ་ཐིག་ལེ་དམར་པོ་རེ། སྒོ་བཞིར་དཀར་མཐིང་དམར་སེར་བཀོད་པའི་རས་བྲིས་བཀྲམ། མ་འབྱོར་ན་ཚོམ་བུ་ལྷ་གྲངས་བཀོད་པའི་སྟེང་ཁྲིའུའི་ཁར་བུམ་པ་བཅུད་ལྡན་མགུལ་ཆིངས་དཀར་པོ་ཁ་རྒྱན་གྱིས་སྤྲས་པ་དང་། གཙོ་བོའི་སྐུ་དང་ཡིག་དྲུག་ཕྱག་མཚན་བཅས་ཀྱི་ཙཀླི། གཡས་སུ་པདྨའི་གྲི་གུག་དང་པད་དབྱུག །གཡོན་དུ་ཌཱ་མ་རུ་དང་ཐོད་ཁྲག །མདུན་དུ་རྡོ་རྗེ་དང་ཁ་ཊྭཱཾ་ཐོད་པ། དབང་གཏོར་སྐུ་ཙཀ་གིས་བརྒྱན་པ། རྒྱབ་ཏུ་གཏེར་བུམ་བཅས་ཀྱི་མཐའ་ཕྱི་ནང་གི་མཆོད་པས་བསྐོར་བ་དང་། གཞན་ཡང་ལས་བུམ། གཏོར་ཚོགས་སོགས་ཉེར་མཁོའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །དབང་དོན་སྒྲུབ་མཆོད་ནི། ལས་བྱང་ལྟར་ལ་བདག་མདུན་དབྱེར་མེད་བསྒོམ། ཁྱད་པར་དབང་རྫས་རྣམས་ལྷ་སོ་སོར་གསལ་བའི་དམིགས་པ་དང་། བུམ་སྒྲུབ་སྤྱི་མཐུན། ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས། སྲུང་མའི་གཏོར་འབུལ། ཚོགས་མཆོད་ཕུལ་བ་བཅས་གྲུབ་ནས་རིག་པའི་མེ་ཏོག་དོར་ནས་གནང་བ་ནོད། དེ་ནས་སློབ་མ་རྣམས་ལ་ཁྲུས་བྱ། བགེགས་བསྐྲད། སྲུང་འཁོར་བསྒོམ། ཆོས་བཤད་མདོར་བསྡུས་དང་། ཁྱད་པར། དེ་ལ་འདིར་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་སྔོན་དུས་ལས་ཅན་རྗེ་འབངས་རྣམས་ཀྱིས་གསོལ་བ་བཏབ་པའི་ངོ་དང་མ་འོངས་སྙིགས་མའི་འགྲོ་ལ་བརྩེ་བ་ཆེན་པོས་དགོངས་ཏེ། ཟབ་པ་དང་རྒྱ་ཆེ་བའི་གདམས་ངག་མང་དུ་གསུངས་ནས་ཕལ་ཆེར་རིག་འཛིན་རྗེ་འབངས་ཉེར་ལྔ་དང་ལོ་ཙཱ་བ་བརྒྱ་རྩ་བརྒྱད་སོགས་ཆོས་བདག་སོ་སོར་དབང་དང་གཏད་རྒྱ་རྒྱ་ཆེར་མཛད་དེ་ལྗོངས་ལྔ། གླིང་དྲུག །གངས་ཉི་ཤུར་གྲགས་པ་སོགས་བོད་ཡུལ་གྱི་གནས་ཆེན་རྣམས་སུ་གཏེར་དུ་སྦས་པ་རྣམས། རིམ་བཞིན་སྤྲུལ་པའི་གཏེར་སྟོན་སོ་སོས་བཞེས་ནས་སྙིགས་དུས་ཀྱི་ནད་མུག་མཚོན་འཁྲུག་དང་མཐའ་དམག་བཟློག་པ་སོགས་བསྟན་འགྲོའི་དོན་རྒྱ་ཆེར་སྒྲུབ་པའི་ནང་ཚན་འདིར་ནི་ཇི་སྐད་དུ། བློན་པོ་བཀའི་ཐང་ཡིག་ལས། འདི་ནས་ནུབ་ཀྱི་ཕྱོགས་ཤེད་ན༔ གཡས་རུའི་ཆུ་ཀླུང་འབབ་པའི་ལྷོ༔ མང་ཡུལ་རྒྱལ་པོའི་ཤར་ཕྱོགས་ལོགས༔ དཔལ་མོ་ཐང་གི་དཀྱིལ་སྟོད་ན༔ ལྷ་མཚོ་སྲིན་མཚོའི་ནུབ་ཕྱོགས་ན༔ སློབ་དཔོན་པདྨའི་དགོངས་པའི་བཅུད༔ ནམ་མཁའི་སྙིང་པོའི་ཐུགས་གཏེར་ཡོད༔ ལྔ་བཅུ་ཁ་རལ་སྙིགས་མའི་དུས༔ རང་གཏེར་བླངས་ནས་འགྲོ་དོན་བྱེད༔ གསང་སྔགས་དར་ལ་མ་སྨིན་དུས༔ སྐལ་ལྡན་ཀུན་གྱི་ཆོས་སྐལ་ཡིན༔ དྲན་པར་གྱིས་ཤིག་བོད་འབངས་ཀུན༔ ཞེས་གསུངས་པའི་ལུང་དོན་ལྟར་གནུབས་ཆེན་ནམ་མཁའི་སྙིང་པོའི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་གཏེར་སྟོན་མང་པོ་བ་བྱང་ཆུབ་གླིང་པ་དཔལ་རྒྱལ་མཚན་གྱིས་མང་ཡུལ་དཔལ་མོ་དཔལ་ཐང་གི་སྟོད་ལྷ་མཚོ་སྲིན་མཚོའི་ནུབ་ཕྱོགས་ཀྱི་བྲག་འོག་ནས། སློབ་དཔོན་ཆེན་པོའི་ཕྱག་ཆ་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་དང་མྱང་གྲོལ་གྱི་དམ་རྫས་བཅས་སྤྱན་དྲངས་པའི་རྡོ་རྗེའི་ལྟེ་སྐོར་དང་རྭ་དབྲག་སོགས་ནས། ཀུན་བཟང་ཐུགས་གཏེར་དུ་གྲགས་པའི་ཟབ་ཆོས་ཁྱད་པར་དུ་འཕགས་པའི་ཤོག་དྲིལ་སྐོར་ཚོ་དྲུག་ཏུ་བྱོན་པའི་ནང་ནས། འགྲོ་འདུལ་ཕྲིན་ལས་ཀྱི་ལྷ་ཐུགས་རྗེ་ཆེན་པོ་གཙོ་འཁོར་དྲུག་པའི་དབང་བསྐུར་བ་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །བཅོམ་ལྡན་བདག་ལ་བཀའ་དྲིན་སྩོལ། །ལན་གསུམ། བླ་མ་དང་ཐུགས་རྗེ་ཆེན་པོ་འགྲོ་བ་འདུལ་བའི་ལྷ་ཚོགས་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་སྐྱབས་སུ་འགྲོ་ཞིང་སྡིག་པ་བཤགས་པ་དང་། སྨོན་འཇུག་དོན་དམ་གྱི་བྱང་ཆུབ་སེམས་བསྐྱེད་པ་རྣམས་རིམ་པར་གསལ་ཐོབ་ལ་འདིའི་རྗེས་ཟློས། ཐུགས་རྗེའི་དབང་གིས་སོགས་ལན་གསུམ། དེ་ནས་ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ནས་དམིགས་པ་འདི་ལྟར་དུ་སྒོམས་ཤིག །བསང་སྦྱང་། སྟོང་པའི་ངང་ལས་གནས་ཁང་འོག་མིན་སྟུག་པོ་བཀོད་པའི་ཞིང་དང་གཞལ་ཡས་ཁང་དུ་གྱུར་པའི་དབུས་སུ་པདྨ་དང་ཉི་ཟླའི་སྟེང་དུ་ཁྱེད་རང་གི་རིག་པའི་ངོ་བོ་ཡི་གེ་ཧྲཱིཿདཀར་པོ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་ཁྱེད་རང་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞིའི་ཕྱག་དང་པོ་གཉིས་ཐལ་མོ་སྦྱོར་བ། འོག་མ་གཉིས་ཀྱིས་ཤེལ་ཕྲེང་དང་། གཡོན་ན་པད་དཀར་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་ཅན་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བའི་སྐུར་གྱུར་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་དབུས་སུ་ཟླ་བ་ལ་གནས་པའི་ཧྲཱིཿདཀར་པོ། དེ་དང་བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྩ་གསུམ་ཆོས་སྐྱོང་དང་བཅས་པའི་ཐུགས་རྒྱུད་བསྐུལ་བས། དེ་རྣམས་ཀྱི་གནས་གསུམ་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འཕགས་པ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་ལྷའི་སྐུ་དང་སྔགས་ཕྲེང་ཕྱག་མཚན་གྱི་ཚོགས་དཔག་ཏུ་མེད་པ་ཉི་ཟེར་གྱི་རྡུལ་འཁྲིགས་པ་ལྟར་བྱོན་ཏེ་ཁྱེད་རང་གི་སྤྱི་བོའི་གཙུག །དབང་པོའི་སྒོ །བ་སྤུའི་བུ་ག་རྣམས་ནས་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད་ཅིག །ཅེས་བརྗོད་ལ་སྤོས་རོལ་དང་བཅས་ཏེ། ཡིག་བཅུའི་མཐར། ཨོཾ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་མང་དུ་བརྗོད་ལ་མཐར་མེ་ཏོག་སྤྱི་བོར་བཞག་ལ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བརྟན་པར་བྱས་པའི་མོས་པ་མཛོད། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྗོད། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་དབང་གི་ལྷ་ནམ་མཁའ་གང་བ་སྤྱན་དྲངས་པ་རྣམས་ཀྱིས། བཀྲ་ཤིས་ཀྱི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བར་མོས་ཤིག །རྣམ་བུམ་ཐོགས་ལ། ཧྲཱི༔ སྔོན་གྱི་སངས་རྒྱས་ཐམས་ཅད་ཀྱིས༔ བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར༔ དེ་བཞིན་བདག་གིས་དབང་བསྐུར་བས༔ སྔོན་བཞིན་དབང་མཆོག་ཐོབ་པར་ཤོག༔ ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་ཆུ་སྦྱིན་ཅིང་སྤྱི་བོར་འཐོར། ལུས་ངག་ཡིད་གསུམ་དྲི་མ་དག༔ བུམ་ཆུས་ལུས་གང་བདེ་ཆེན་སྐྱེས༔ འོད་གསལ་བདེ་ཆེན་རང་བྱུང་རྟགས༔ སྣང་བ་མཐའ་ཡས་དབུ་ལ་བཞུགས༔ གསུང་མཆོག་བདག་པོར་ཁྱོད་གྱུར་ཏོ༔ ཨོཾ་ཨ་མི་ཏ་བྷ་ཧྲཱི༔ སྐུ་གསུང་ཐུགས་རྟེན་ཕྱག་མཚན་རྣམས་རིམ་པར་ཚིག་མཐུན་ལྟར་སྤྱི་བོར་བཞག་ལ། སྐུ་གཟུགས་སྔགས་ཕྲེང་ཕྱག་མཚན་བཅས་འཕགས་པ་ཐུགས་རྗེ་ཆེན་པོར་གསལ་བ་ལས་རང་འདྲ་གཉིས་པ་མཆེད་དེ་ཁྱེད་རང་ལ་ཐིམ་པས་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཨོཾ༔ ལུས་ནི་སྣང་སྟོང་ལྷ་ཡི་སྐུ༔ ངག་ནི་ཡི་གེ་དྲུག་པའི་སྒྲ༔ སེམས་ནི་སྤྲོས་བྲལ་ཆོས་ཀྱི་སྐུ༔ སྐུ་གསུམ་ལྷུན་གྲུབ་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ པདྨའི་གྲི་གུག་དང་པད་དབྱུག་རྟ་མགྲིན་དུ་གསལ་བ་ལས་སོགས་གོང་ལྟར་བརྗོད། ཧྲཱི༔ སྙིང་རྗེས་ཁྲོས་པ་དབང་ཆེན་སྐུ༔ གདུག་པ་ཀུན་འདུལ་རྟ་མཆོག་དཔལ༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་ཕྱིར༔ གདུག་པ་འདུལ་མཛད་དབང་བསྐུར་རོ༔ ཧྲཱིཿཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཌཱ་མ་རུ་དང་ཐོད་ཁྲག་མཁའ་འགྲོ་གསང་བ་ཡེ་ཤེས་སུ་གསལ་བ་ལས་སོགས༴ ཧྲཱི༔ སྟོང་ཉིད་སྙིང་རྗེའི་ངང་ཉིད་ལས༔ མ་འགགས་རང་རྩལ་དཔའ་མོའི་ཚུལ༔ ཤེས་རབ་འགྲོ་བའི་དོན་མཛད་ཡུམ༔ ཡེ་ཤེས་མཁའ་འགྲོས་དབང་བསྐུར་རོ༔ གུ་ཧྱ་ཛྙཱ་ན་ཌཱ་ཀི་ནཱི་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་དང་ཁ་ཊྭཱཾ་ཐོད་པ་རྣམས་བླ་མ་པདྨ་འབྱུང་གནས་སུ་གསལ་བ་ལས་སོགས༴ ཧྲཱི༔ རྒྱལ་བ་ཀུན་འདུས་ཨོ་རྒྱན་པདྨ་འབྱུང༔ ཉོན་མོངས་སྐྱོན་བྲལ་ཡེ་ཤེས་རང་བྱུང་སྐུ༔ ཐབས་མཁས་ཐུགས་རྗེས་འགྲོ་བ་འདུལ་མཛད་ཅིང༔ འགྲོ་དོན་དཔག་མེད་ནུས་པའི་དབང་ཐོབ་ཤོག༔ གུ་རུ་པདྨ་རཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ༔ བཀྲ་ཤིས་གཏེར་གྱི་བུམ་པ་འཕགས་པ་ཛམ་བྷ་ལར་གསལ་བ་ལས་རང་འདྲ་གཉིས་པ་མཆེད་དེ་ཁྱེད་རང་ལ་ཐིམ་པས་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཧྲཱི༔ གནོད་སྦྱིན་ཚུལ་འཆང་ནོར་གྱི་ལྷ༔ དགོས་འདོད་མི་ཟད་རེ་འདོད་སྐོང༔ འདོད་རྒུ་ལྷུན་གྲུབ་ཡིད་བཞིན་དུ༔ ཅི་འདོད་འབྱུང་བར་དབང་བསྐུར་རོ༔ རཏྣ་ཛམྦྷ་ལ་མ་ཎི་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་སྣོད་གཞལ་ཡས་ཁང་ཆེན་པོའི་ནང་དུ་གཏོར་མ་ཉིད་ཐུགས་རྗེ་ཆེན་པོ་འགྲོ་བ་འདུལ་བའི་ལྷ་ཚོགས་རྣམས་མངོན་སུམ་བཞིན་དུ་བཞུགས་པའི་སྐུ་གསུང་ཐུགས་ལས། བྱིན་རླབས་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བྱུང་སྟེ་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་གསང་གསུམ་ཡོན་ཏན་ཕྲིན་ལས་དང་བཅས་པའི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་སྟན་ཐོག་གཅིག་ཏུ་ཐོབ་པར་མོས་ཤིག །གཏོར་མ་ཐོགས་ལ། ཧྲཱི༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་སུ་བྱིན་བརླབས་ཤིང༔ དངོས་གྲུབ་རྣམ་གཉིས་འབྱུང་འགྱུར་བའི༔ གཏོར་མའི་དབང་བསྐུར་ཆེན་པོ་སྦྱིན༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གནས་གསུམ་དུ་བཞག །དབང་ཐོབ་ཕྱིན་ཆད་རྒྱལ་བའི་སྲས༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་ཟུངས༔ གཞན་དོན་སྙིང་བརྩེས་ཟིན་པ་དང༔ འགྲོ་བའི་དོན་ནི་རྒྱ་ཆེར་མཛོད༔ ཅེས་བརྗོད། མཇུག་ཏུ་ཤིས་བརྗོད་དམ་ཚིག་ཁས་ལེན་མཎྜལ་ལུས་ལོངས་སྤྱོད་འབུལ་བ་བསྔོ་སྨོན་རྣམས་དང་། སྒྲུབ་ཐབས་ཀྱི་མཇུག་ཆོག་རྣམས་ཀྱང་སྤྱི་ལྟར་བྱའོ། །ཚུལ་འདིས་འཕྲལ་ཡུན་འདོད་པའི་དོན། །བུམ་བཟང་ནོར་བུ་དཔག་བསམ་ལྟར། །བདག་གཞན་འགྲོ་བས་ལེགས་ཐོབ་ནས། །ཐར་བདེའི་དཔལ་འབྱོར་རབ་རྒྱས་ཤོག །འདིའི་གཏེར་གཞུང་དུ་སྒྲུབ་ཐབས་ཚན་གཉིས་འབྱུང་བ་ཕྱོགས་སུ་བསྡོམས། གསལ་བྱེད་འཐད་འོས་ཀྱིས་བརྒྱན་ཏེ་ལག་ཏུ་བླང་བདེ་བར་པདྨ་གར་དབང་རྩལ་གྱིས་རྫོང་ཤོད་བདེར་འདུས་ཀྱི་ཕོ་བྲང་དུ་བགྱིས་པ་དགེ་ལེགས་འཕེལ།། །།
Footnotes
Other Information
- RTZ Volume 22
- 'jam mgon kong sprul
- Rin chen gter mdzod
- Rin chen gter mdzod Shechen Edition
- Kun bzang thugs gter
- Byang chub gling pa
- Tibetan Texts
- Tibetan Publications
- Thugs rje chen po
- Spyan ras gzigs
- Thugs chen 'gro 'dul lha drug
- Revelations - gter ma
- Empowerment Rituals - dbang cho ga
- Activity Manual - las byang
- Mahayoga