Terdzo-WA-061

From Rinchen Terdzö
Revision as of 11:45, 24 January 2019 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། རིགས་བདག་སྣང་བ་མཐའ་ཡས་ཀྱི་ལས་ཚོགས་བླ་ཚེ་སླུ་བའི་ཆོ་ག་ཀུན་སྐྱོབ་དཔལ་འབར་

thugs sgrub bar chad kun sel las/_rigs bdag snang ba mtha' yas kyi las tshogs bla tshe slu ba'i cho ga kun skyob dpal 'bar

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  མཆོག་གྱུར་གླིང་པ་ (Chogyur Lingpa)
in cycle  བླ་མ་ཆོས་སྐུ་སྣང་བ་མཐའ་ཡས་ཚེ་དཔག་མེད་པ་ (Bla ma chos sku snang ba mtha' yas tshe dpag med pa)
parent cycle  བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ (Bla ma'i thugs sgrub bar chad kun sel)
Volume 20 (ཝ) / Pages 871-893 / Folios 1a1 to 12a6

[edit]

༄༅། །ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། རིགས་བདག་སྣང་བ་མཐའ་ཡས་ཀྱི་ལས་ཚོགས་བླ་ཚེ་སླུ་བའི་ཆོ་ག་ཀུན་སྐྱོབ་དཔལ་འབར་ཞེས་བྱ་བ་བཞུགས་སོ། ། ཚེ་ཡི་རང་བཞིན་མི་འགྱུར་བ། །ཉམས་པ་འགུགས་པའི་བྱིན་རླབས་ཀྱི། །གཟི་བརྗིད་ལྕགས་ཀྱུ་མཁའ་མཐར་སྤྲོ། །བླ་མ་ཚེ་དཔག་མེད་ལ་འདུད། །དོན་ཟབ་ཁྱེར་བདེ་ཌཱ་ཀི་ནཱིའི། །ཞལ་གྱི་ངད་པ་མ་ཡལ་བ། །སྔགས་ཤེས་སྙིང་གི་དཔྱིད་འདི་ཡང་། །གཞན་ལ་ཕན་ཕྱིར་རྣམ་པར་བཀྲོལ། །དེ་ལ་འགྲོ་བ་རྣམས་ཀྱི་བླ་དང་ཚེ་སྲོག་ནི་པི་ཝཾ་གི་རྒྱུད་དང་སྒྲ་བཞིན་གནས་པར་གྲགས་ཤིང་། བླ་འགྱུར་མེད་དུ་བརྟན་ན་ཚེ་སྲོག་རིང་པོར་འཚོ་ལ། བླ་ཡར་ན་ཚེའི་གཏོད་ཕུར་གྲོལ་བ་དང་། ཅུང་ཟད་ཉམས་པས་ཀྱང་ནད་སོགས་ཚེའི་རྒྱུན་ལ་བར་དུ་གཅོད་པའི་རྐྱེན་འབྱུང་བ་གཙུག་ལག་གི་གཞུང་ལས་བཤད་ཅིང་། འོན་ཀྱང་སྔགས་ཀྱི་ཐབས་དང་རིག་པ་སྦྱར་བས་ཡར་བ་འགུགས་ཤིང་ཉམས་པ་གསོ་བ་སོགས་དཀའ་བ་མེད་པར་འགྲུབ་པ་ཡིན་པས་ཚུལ་འདི་ལ་འཇུག་པར་རིགས་ཏེ། རྩ་བའི་གཞུང་ལས། བླ་ནི་ཚེ་སྲོག་རྟེན་ཡིན་ཕྱིར༔ དེ་ཉིད་ཉམས་དང་ཡར་བ་དང༔ གདོན་བགེགས་འབྱུང་པོས་ཕྲོགས་པ་ལས༔ གློ་བུར་འཆི་བ་འབྱུང་བས་ན༔ སླུ་བའི་ཐབས་འདིར་བརྩོན་པར་བྱ༔ ཞེས་འབྱུང་ངོ་། །དེ་ལ་གསུམ། སྦྱོར་པ་བཅས་བཤམ་གྱི་བྱ་བ། དངོས་གཞི་གྱེར་བཟླས་ཀྱི་རིམ་པ། རྗེས་ལས་ཀྱི་མཇུག་བསྡུ་བའོ། །དང་པོ་ལ་བཞི། བླ་ཡི་རྟེན་བཅའ་བ། སླུ་བྱེད་གླུད་མདོས་བཤམ་པ། སྲུང་བའི་གོ་ཆ་བསྟར་བ། ཉེར་མཁོའི་ཡོ་བྱད་བསྡོག་པའོ། །དང་པོ་ནི། འཆི་མེད་ཚེའི་དཀྱིལ་འཁོར་གཏོར་མཆོད་བཀོད་པའི་བྱེ་བྲག་གཞུང་གསལ་དང་། གཞན་ཡང་སྐུ་རྟེན་སྤྱན་གཟིགས་སོགས་བག་དྲོ་ལྷུན་ཆགས་པ་བྱ། སླར་རྟེན་འབྲེལ་བརྟག་པའི་སྐབས་སྦྱིན་བདག་དངོས་ཉེ་དྲུང་དུ་ཡོད་ན་དེ་ཉིད་སྡོད་དགོས་པ་ཡིན་ཡང་། ལག་ལེན་བདེ་ཁྱད་དུ་དཀྱིལ་འཁོར་པའི་གཡོན་ཕྱོགས་སུ་གཙང་མའི་གདན་སེར་པོ་ལ་བསྒྲུབ་བྱའི་ཞྭའམ་གོས་དྲི་མ་ཅན་ཁམས་སྐྱེད་དར་རས་ཀྱིས་དྲིལ་བ་ཁྲུས་ཆབ་དང་སྤོས་ཀྱིས་བསངས་པ་དང་ལྷན་ཅིག །ཕོ་ལ་ཕོ་ལུག་རྐང་གཡས། མོ་ལ་མོ་ལུག་རྐང་པ་གཡོན་པའི་བླ་རྐང་དར་དམར་གྱིས་དྲིལ་བ་བཞག །དེའང་གོད་ཤ་སོགས་མ་ཡིན་པ་བཤས་ཤ་ལ་བྱེད། དེའི་མདུན་དུ་ཟངས་དཀར་སྐྱོན་མེད་ཁ་བལ་དཀར་གྱིས་དཀྲིས་པའི་ནང་དུ་ཆུ་སྣ་རྙོག་པ་མེད་པ་བླ་མཚོའི་ཚུལ་དུ་བླུགས་པའི་དབུས། ཁམས་མཐུན་གྱི་རྩིས་བྱུགས་པའི་ཕོར་པ་གས་ཆག་མེད་པར་མར་ཟན་ལ་ཆོས་སྨན་བསྲེས་པས་བླ་ལུག་ཕོ་མོའི་སྐྱེ་མཆེད་གོ་མ་ལྡོག་པ་ཁོང་སྟོང་དུ་བཅོས་པའི་སྙིང་གའི་ཐད་དུ་བླ་རྟེན་གསུམ་གཞུག་པ་ནི། སྲོག་གི་རྟེན་རྒྱ་ཤོག་ལ་གུར་གུམ་གྱིས་རྩ་སྔགས་ཤམ་བུར། ཧ་བཛྲ་ཨངྐུ་ཤ་དྷཱ་ཀི་ནཱི་ཛ༔ རི་རཏྣ་པཱ་ཤ་དྷཱ་ཀི་ནཱི་ཧཱུྃ༔ ནི་པདྨ་སྥོ་ཊ་དྷཱ་ཀི་ནཱི་བཾ༔ ས་ཀརྨ་གཎྜེ་དྷཱ་ཀི་ནཱི་ཧོ༔ ཚེ་བྷྲཱུྃ༔ གཡུ་བྷྲཱུྃ༔ བིནྡྷུ་བྷྲཱུྃ༔ ཨཱ་ཡུར་པུཎྱེ་ཛྙཱ་ན་བྷྲཱུྃ༔ མིང་འདི་ཞེས་བྱ་བའི་བླ་ཚེ་སྲོག་གསུམ་ཉམས་པ༔ ཡར་བ༔ བརྐུས་པ༔ ཕྲོགས་པ༔ ཁྱེར་བ་ཐམས་ཅད་རྟེན་འདི་ལ་མཆིས་པར་གྱུར་ཅིག༔ ཛཿཧཱུྃ་བཾ་ཧོ༔ ཞེས་བྲིས་པ་རང་སྔགས་དང་རྟེན་འབྲེལ་སྙིང་པོས་རབ་ཏུ་གནས་ལ་དབུ་ནས་ནང་བསྟན་དུ་དྲིལ། བླ་རྟེན་བླ་གཡུ་འོད་འབར། ཚེ་རྟེན་ནས་དཀར་མོ་སྐྱོན་མེད་བསྒྲུབ་བྱའི་ལོ་གྲངས་བཅས་སྲོག་སྐྱེད་པའི་དར་གྱིས་དྲིལ་ཏེ་བླང་བཞག་བདེ་བའི་ཐབས་བྱས་ཏེ་གཞུག་གོ །གཉིས་པ་སླུ་བྱེད་གླུད་མདོས་ནི། ཟངས་གཞོང་སོགས་རིན་པོ་ཆེའི་སྣོད་དུ་འབྲུ་གཙང་མའི་ངར་ཕྱེ་ལ་བསྒྲུབ་བྱའི་འདྲ་གླུད་རབ་ཁྲུ་གང་། འབྲིང་རྐང་གང་། ཐ་མ་མཐོ་གང་ལས་མི་ཆུང་བ་མཛེས་ཤིང་སྐྱེ་མཆེད་རྫོགས་ལ་རང་མཐུན་ཞྭ་གོས་རྒྱན་གྱིས་སྤྲས་པ། ལག་གཉིས་ཡས་ལེན་གར་སྟབས་ཀྱི་ཕྱག་རྒྱ་ཅན། འཛོམ་ན་ཟེར་སྒྲོའི་སྐྲ །ལུང་ཏང་མིག །མགྲོན་བུའི་སོ། གྲོ་གའི་སྙན། དར་དམར་ལྗགས། ཁོག་སྟོད་གསེར། ཁོག་སྨད་གཡུ། ཞོ་ཤའི་སྙིང་། དབང་ལག་དང་ཟངས་ལྕགས་ཀྱིས་རྐང་ལག་ལ་སོགས་པ་གླུད་རབས་རྣམས་ནས་བཤད་པའི་རྫས་གནས་སོ་སོར་བླན། ཕོ་ལ་སྟག་པའི་བྱང་བུར་ཕོ་ཁྲམ་ལོ་གྲངས་བཏབ་པ་ཕྲག་གཡས་སུ་གཟུག །མོ་ལ་གླང་མའི་བྱང་བུར་མོ་ཁྲམ་ལོ་གྲངས་བཏབ་པ་ཕྲག་གཡོན་དུ་གཟུག །རྒྱབ་ཏུ་ཁམས་མཐུན་གྱི་འཕྲོད་ལྡན་འཇའ་རིས་ནམ་མཁའ་དང་རྒྱང་བུ། གཡས་སུ་མདའ་བཀྲ །གཡོན་དུ་འཕང་བཀྲ །མདུན་དུ་མར་མེ་གསུམ། མཐའ་བསྐོར་དུ་ཡུལ་མཁར་འདོད་ཡོན་དཀོར་ཆ་སྤྱན་གཟིགས་སྣ་ཚོགས་བྲིས་པའི་ཤིང་རིས་བཅུ་གསུམ་གཟུག །མ་འཛོམ་ན་འཇའ་རིས་ཀྱི་ཤིང་རིས་གཅིག་དང་། འདོད་ཡོན་རྣམས་ཟན་ལ་སྤར་དུ་བཏབ་སྟེ་བསྐོར། གང་ལྟར་མཐར་གླུད་ཆུང་སྤར་དུ་བཏབ་པ་བརྒྱ་རྩ་བརྒྱད། བཤོས་བུ་དེའི་གྲངས་མཉམ་མམ་བཅུ། ལུས་ལ་དྲིལ་བའི་ཟན་གྱི་ཆངས་བུ་སོགས་བཞག །གཡས་སུ་ལྷོ་རྫས་ཚོས་བཙོད་ཞུ་མཁན། གཡོན་དུ་བྱང་རྫས་ལན་ཚྭ་བུལ་ཏོག །རྒྱབ་ཏུ་ལ་རྫས་ཚྭ་ལ་དང་ལ་བཙས་ཀྱི་རྡོ། མདུན་དུ་ཀླུང་རྫས་གཡེར་སྒོག་དང་ཟམ་ཤིང་དུམ་བུ་སོགས་ཀྱང་བསགས། དར་ཟབ་རིན་པོ་ཆེའི་རིགས་བསྒྲུབ་བྱའི་འབྱོར་པ་དང་བསྟུན་པར་གླུད་དུ་བརྫང་ཞིང་། ཀུན་ལ་འབྲུ་སྣ། ཤེལ་ཚིག །ཟས་སྣ། གསེར་སྐྱེམས་ཀྱི་སྣོད་འཛོམ་ན་བཅུ། མ་འཛོམ་ན་གཅིག་དང་ཆང་རྒོད་གཙང་མ་འདུ་བྱས་ཏེ། དཀྱིལ་འཁོར་གྱི་མདུན་ཕྱོགས་སྟེགས་དམའ་བར་གླུད་མདོས་བཤམས་པའི་མདུན་དུ་གསེར་སྐྱེམས་ཀྱི་སྣོད་སོགས་བཀོད། ཞག་གྲངས་བསྒྲུབ་པའི་སྐབས་འབྱོར་པ་ཆེ་ན་གླུད་ཆུང་བརྒྱ་རྩ་ཉིན་རེ་བཞིན་བརྫང་གྲུབ་ན་ལེགས་པས་དེ་ལྟར་འདུ་བྱའོ། །གསུམ་པ་སྲུང་བའི་གོ་ཆ་བསྟར་བ་ནི། གསུང་རིག་པ་ལ་བརྟེན་ནས་ཚེ་བསྲིང་བའི་སྐབས་སུ་བཤད་པའི་སྲུང་བའི་འཁོར་ལོ་བཞི་ལྡན་དར་གྱིས་དྲིལ་བ་དཀྱིལ་འཁོར་དབུས་སུ་བཀོད་ལ་ཕྲིན་ལས་སྐབས་བསྐྱེད་བསྟིམ་ནན་ཏན་བྱ། དོ་གལ་ཆེ་ན་གྲི་ལྕགས་ཀྱི་སོར་གདུབ་གཉིས་བཅོས་ཏེ་དེ་མཉམ་བཞག །དེ་དག་མི་འགྲུབ་ན་དར་དམར་ལ་རྡོ་རྗེའི་མདུད་པ་བཏབ་པ་ཙམ་བཀོད་དོ། །བཞི་པ་ཉེར་མཁོའི་ཡོ་བྱད་ནི། སྔོན་གཏོར་དང་རྒྱུན་གྱི་གཏོར་འབུལ། ཚོགས་ཀྱི་ཡོ་བྱད། སྤྲོས་པ་ལ་དགའ་ན། རྟེན་ལ་བརྟག་པ་ལ་མཁོ་བའི་ལྷ་གཟུགས་ཐོད་དཀར་པོ་བཅིངས་ཤིང་འཇོལ་བེར་དཀར་པོ་ཞི་འཛུམ་ཅན། བདུད་གཟུགས་ཐོད་དང་བེར་ནག་ཁྲོ་གཉེར་ཅན། རང་མདོག་དར་མདུང་རེ་དྲུང་དུ་བཞག་པ་དང་ཤྭ་དཀར་ནག་ཤྭ་གདན་བཅས། རྡེའུ་དཀར་ནག་རྣམས་དང་། མེ་ཏོག་གུ་གུལ་སྤོས་རོལ་སོགས་ཚགས་སུ་ཚུད་པར་བྱའོ། །གཉིས་པ་དངོས་གཞི་ལ་བཞི། ཕྲིན་ལས་ཀྱི་གཞུང་བསྲང་བ། ལས་སྦྱོར་ཀྱི་བཟླས་དམིགས་ཁྱད་པར་དུ་བྱ་བ། བླ་བདུད་ལ་ཡས་སྟགས་བསྔོ་བ། བླ་འགུགས་ཤིང་ཚེ་སྦ་བའོ། །དང་པོ་ནི། ཚེའི་ཕྲིན་ལས་རྒྱས་པར་བཏང་སྟེ་གཙོ་འཁོར་བསྙེན་བཟླས་ཅི་འགྲུབ་བྱའོ། །གཉིས་པ་ནི། གཞུང་གི་བཟླས་པ་འོས་འཚམ་སྟོང་ཚིགས་བཅས་གྲུབ་པ་དང་། རང་ཉིད་དཀྱིལ་འཁོར་གཙོ་བོ་ལས༔ འོད་འཕྲོས་མགྱོགས་མའི་ཐུགས་རྒྱུད་བསྐུལ༔ དེ་དག་ཐུགས་ནས་འོད་ཟེར་དང༔ སྤྲུལ་པ་ཡང་སྤྲུལ་ཕོ་ཉའི་ཚོགས༔ གྲངས་མེད་ཉི་ཟེར་རྡུལ་ལྟར་འཕྲོས༔ སྟེང་འོག་ཕྱོགས་མཚམས་ཀུན་ཏུ་ཁྱབ༔ བསྒྲུབ་བྱའི་བླ་ཚེ་ཉམས་པ་དང༔ བརྐུས་དང་ཕྲོགས་དང་ཁྱེར་བ་རྣམས༔ རང་དབང་མེད་པར་བསྡུས་བྱས་ཏེ༔ འོད་ཟེར་འཇའ་ཚོན་སྣ་ལྔ་དང༔ ཐིག་ལེ་ཡིག་འབྲུའི་རྣམ་པ་ཡིས༔ རྟེན་དང་རྫས་ལ་ཐིམ་པའི་མོད༔ བླ་ཚེ་ཉམས་པ་སོར་ཆུད་ནས༔ འཆི་མེད་ཚེ་དབང་འགྲུབ་པར་གྱུར༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཧ་རི་ནི་ས་དྷཱ་ཀི་ནཱི་ཛཿཧཱུྃ་བཾ་ཧོ༔ ཚེ་བྷྲཱུྃ༔ གཡུ་བྷྲཱུྃ༔ བིནྡྷུ་བྷྲཱུྃ༔ ཨཱ་ཡུར་པུཎྱེ་ཛྙཱ་ན་བྷྲཱུྃ༔ ཞེས་དམིགས་བཟླས་ཀྱི་དངོས་གཞི་ཡིན་པས་ཅི་འགྲུབ་བྱའོ། །ཐུན་མཐར་གསོལ་གདབ་དང་ཚེ་འགུགས་བྱ་བ་ནི་ཉམས་སུ་ལེན་བྱའི་དངོས་གཞི་ཡིན་པས་ཐུན་གསུམ་མམ་བཞི་གང་བྱེད་ལ། ཐོག་མར་ཐུན་གཅིག་གོང་སྨོས་ལྟར་དང་། ཐུན་རྗེས་མ་རྣམས་ལ་ལས་བྱང་གི་མཚམས་སྲུང་ནས་ཚེ་འགུགས་ཀྱི་བར་དུ་བསྐྱར། ཐུན་ཕྱི་མར་ཚེ་འགུགས་གྲུབ་པ་དང་ཚོགས་འཁོར། སྤྱི་བྱེ་བྲག་གི་གཏོར་འབུལ་བཅས་རྫོགས་པར་བྱའོ། །གསུམ་པ་བླ་བདུད་ལ་ཡས་སྟགས་བསྔོ་བ་ལ་གསུམ། བྱིན་གྱིས་བརླབ་པ། མགྲོན་འགུགས་པ། ཡས་སྟགས་བསྔོ་བའོ། །དང་པོ་ནི། བདག་ཉིད་ངོ་བོ་དཀྱིལ་འཁོར་གྱི་གཙོ་བོ། རྣམ་པ་ལས་བྱེད་ཀྱི་ལྷ་སོ་སོའི་ང་རྒྱལ་དུ་འཕོས་ལ། བདག་ཉིད་བཅོམ་ལྡན་ཤཱཀྱ་ཐུབ། །ཕྱག་རྒྱའི་ཡི་གེ་ཨ་དཀར་ལས། །འོད་འཕྲོས་གཏོར་རྫས་དངོས་འཛིན་གྱི། །དྲི་མ་སྦྱངས་ནས་སྟོང་པར་གྱུར། །ཐལ་མོ་ཁོང་སྟོང་སྦྱར་ལ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾཿ ལན་གསུམ་རེ་རེ་བཞིན་ཕྱག་རྒྱ་བཀྲོལ་ནས་སེ་གོལ་གཏོགས་པ་ཕྱི་མ་རྣམས་ལའང་འགྲེ །ཆོས་ཉིད་རྣམ་དག་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་གཏོར་རྫས་ཀྱི། །འབག་བཙོག་ཉམས་གྲིབ་ཉེས་སྐྱོན་དང་། །མཚན་འཛིན་དྲི་མ་དག་གྱུར་ཅིག །བདག་ཉིད་བཅོམ་ལྡན་རྣམ་སྣང་མཛད། །ཕྱག་རྒྱའི་ཡི་གེ་ཁཾ་སྔོན་ལས། །འོད་འཕྲོས་གཏོར་རྫས་ཟད་མེད་མཛོད། །ནམ་མཁའི་ཁམས་ཀུན་ཁྱབ་པར་གྱུར། །ཐལ་མོ་སྦུབ་སྟོང་དུ་སྦྱར་བའི་ཚིགས་བར་པ་རྣམས་བཅག་པ་རིན་ཆེན་སྒྲོམ་བུའི་ཕྱག་རྒྱ་སྨིན་མཚམས་སུ་བསྐོར་ཞིང་། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་གཏོར་རྫས་རྣམས། །བསྐལ་པའི་བར་དུ་ཟད་མི་ཤེས། །རྒྱ་ཆེ་ནམ་མཁའ་གང་གྱུར་ཅིག །བདག་ཉིད་བཅོམ་ལྡན་བདུད་རྩི་འཁྱིལ། །ཕྱག་རྒྱའི་ཡི་གེ་ཧྲཱིཿདམར་ལས། །འོད་འཕྲོས་གཏོར་རྫས་ཡེ་ཤེས་ཀྱི། །བདུད་རྩི་ཆེན་པོའི་རང་བཞིན་གྱུར། །མཐེ་བོང་བསྣོལ། སོར་མོ་གཞན་རྣམས་གཤོག་པ་ལྟར་གདེངས་པ་ཁའི་ཐད་དུ་བཞག་ལ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། བདུད་རྩི་ཐལ་སྦྱོར་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་གཏོར་རྫས་རྣམས། །བདུད་རྩི་ཡེ་ཤེས་ལྔ་ཡི་དངོས། །འཆི་གསོས་དུག་ལྔའི་སྨན་གྱུར་ཅིག །བདག་ཉིད་བཅོམ་ལྡན་རིན་ཆེན་འབྱུང་། །ཕྱག་རྒྱའི་ཡི་གེ་ཏྲཱཾ་སེར་ལས། །འོད་འཕྲོས་གཏོར་རྫས་འདོད་ཡོན་ལྔ། །སོ་སོའི་མོས་པ་ཇི་བཞིན་གྱུར། །ལག་པ་གཉིས་མཛུབ་མོ་བསྒྲེངས་པའི་ཁུ་ཚུར་གཡོན་སྙིང་གར་བཞག །གཡས་བརྐྱང་ཏེ་རྫས་ལ་གཏོད་པའི་ཚུལ་བྱས་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། རྒྱ་ཆེན་ཤུགས་ལྡན་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་གཏོར་རྫས་རྣམས། །དབང་པོའི་སྤྱོད་ཡུལ་ཚིམ་བྱེད་པའི། །འདོད་ཡོན་སྣ་ཚོགས་ཆར་འབེབ་ཤོག །བདག་ཉིད་བཅོམ་ལྡན་དོན་ཡོད་གྲུབ། །ཕྱག་རྒྱའི་ཡི་གེ་ཧཱ་ལྗང་ལས། །འོད་འཕྲོས་མཆོག་དམན་སྐལ་པ་བཞིན། །འཐབ་རྩོད་མེད་པ་ཐོབ་པར་གྱུར། །ལག་གཡས་རྡོ་རྗེ་ཁུ་ཚུར་སྙིང་གར་བཅང་། གཡོན་པ་མཆོག་སྦྱིན་གྱི་ཕྱག་རྒྱས་སྣོད་འདེགས་པའི་ཚུལ་བྱས་ལ།་་་འདི་གོ་ལྡོག་པའང་སྣང་། ཨོཾ་ཛྙཱ་ན་ཨ་བ་ལོ་ཀི་ཏེ་ས་མནྟ་སྥ་ར་ཎ་རསྨི་བྷ་བ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཡ་ཛྭ་ལ་ནི་ཧཱུྃ། ཡེ་ཤེས་སྐར་མདའི་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་མགྲོན་རྣམས་ཀུན། །ཕམ་རྒྱལ་འཁྲུགས་རྩོད་མེད་པར་ཐོབ། །དགྱེས་ཤིང་རེ་བ་གང་གྱུར་ཅིག །བདག་ཉིད་བཅོམ་ལྡན་རྡོ་རྗེ་འཛིན། །ཕྱག་རྒྱའི་ཡི་གེ་ཛཿདམར་ལས། །འོད་འཕྲོས་མགྲོན་རྣམས་དབང་དུ་འདུས། །ཕྲིན་ལས་གང་འདོད་སྒྲུབ་པར་གྱུར། །ལག་གཉིས་སོར་མོ་ནང་དུ་བསྣོལ་བའི་ཁུ་ཚུར་ངོས་མཐེ་བོང་གཉིས་བཤིབས་ཏེ་བརྐྱང་པ་སྤྱི་བོར་བསྐོར་ཏེ། ན་མཿས་མནྟ་བུདྡྷཱ་ནཱཾ་གྲ་ཧེ་ཤྭ་རི་པྲ་བྷ་ཛྱོ་ཏི་ནི་མ་ཧཱ་ས་མ་ཡ་སྭཱ་ཧཱ། དབང་བསྒྱུར་འཁོར་ལོའི་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་མགྲོན་རིགས་ཀུན། །བདག་གི་དབང་འདུས་གང་བཅོལ་ལས། །སྒྲུབ་པའི་སྡོངས་གྲོགས་མཛད་གྱུར་ཅིག །མཐར། ན་མོ། བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །ལན་ཆགས་མགྲོན་རྣམས་བརྔན་པ་དང་། །སེམས་ཅན་ཀུན་ལ་ཕན་གདགས་སླད། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་ནི་མ་ལུས་པར། །ཐོགས་པ་མེད་པ་འབྱུང་གྱུར་ཅིག །ཅེས་བདེན་པའི་སྟོབས་ཀྱིས་བྱིན་གྱིས་བརླབ་བོ། །གཉིས་པ་མགྲོན་འགུགས་པ་ནི། སྤོས་གསུར་རོལ་མོ་དབྱངས་སྙན་བཅས། ན་མོ༔ བྱིན་རླབས་རྩ་བ་བླ་མ་དང༔ རྐང་གཉིས་གཙོ་བོ་རྫོགས་སངས་རྒྱས༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་མཆོག་འཕགས་པའི་དགེ་འདུན་གྱི༔ བདེན་པའི་སྟོབས་དང་མཐུ་རྩལ་གྱིས༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི༔ བླ་དང་ཚེ་ལ་བརྐུ་བ་དང༔ སྲོག་གཅོད་མདངས་འཕྲོག་འཆི་བདག་བདུད༔ གདོན་བགེགས་འབྱུང་པོའི་སྡེ་ཚོགས་ཀུན༔ མཐུན་པའི་ཡས་ལ་སྤྱན་འདྲེན་ན༔ ཞི་ཞིང་ཕན་པའི་སེམས་བསྐྱེད་ནས༔ གནས་འདིར་མྱུར་དུ་གཤེགས་སུ་གསོལ༔ སརྦ་ལོ་ཀ་བིགྷྣཱན་ཨཱ་ཀརྵ་ཡ་ཛ་ཛ༔ ཞེས་སྤྱན་དྲངས་པས། བདུད་ཆེན་བཞི། བགེགས་ཀྱི་རྒྱལ་པོ། བླ་གཤེད་སྡེ་གཉིས་གཙོ་བོར་གྱུར་པའི་ཐོག་མ་མེད་པ་ནས་ལན་ཆགས་ཤིང་བླ་དང་ཚེ་སྲོག་རྐུ་འཕྲོག་བཅོམ་པའི་གདོན་བགེགས་ཐམས་ཅད་མདུན་དུ་ན་བུན་འཐིབས་པ་ལྟར། བྱམས་པའི་སེམས་དང་ལྡན་པས་བདག་གིས་ཅི་བསྒོ་བའི་བཀའ་ཉན་ཅིང་གླུད་ཡས་རྣམས་མགུ་བའི་ཡིད་ཀྱིས་ལེན་པར་གྱུར། གསུམ་པ་ཡས་སྟགས་བསྔོ་བ་ལ་གཉིས། རྒྱུད་ཀྱི་རྡོ་རྗེའི་ཚིག་གིས་སྤྱིར་བསྔོ་བ་དང་། བླ་བདུད་སོ་སོ་ལ་སྨྲེང་ནས་བཀྲོལ་ཏེ་རྒྱས་པར་བསྔོ་བའོ། །དང་པོ་ནི། གླུད་ཆུང་བརྒྱ་རྩ་ཉིན་རེ་བཞིན་བརྫང་རྒྱུ་ཡོད་སྐབས། གཏོར་ཆེན་མདུན་ལྕོགས་སྟེགས་ལྟ་བུར་སྣོད་རེ་རེ་བཞིན་བཤམས་ལ་འདོན་ཚིག་དང་བསྟུན་ཆུ་སྦྲེང་བ་དང་། ཚིག་མཐར་སྣོད་ཆེན་གཞན་དུ་བླུགས། གྲངས་རྫོགས་པ་ཆུ་བོ་ཆེན་པོའི་གཞུང་དུ་བསྐྱལ། ཟུར་དུ་མ་འཛོམ་ན་གླུད་ཆེན་མཐར་བཀོད་པ་རྣམས་ལ་དམིགས་ཏེ་གང་ལྟར་ཐོག་མར། ཨོཾ་ཨཱཿཧཱུྃ༔ ལན་གསུམ་གྱིས་བྱིན་བརླབས། གཤེགས་བཞིའི་མཚན་བརྗོད། སམྦྷཱ་ར་ལན་བདུན་གྱིས་བསྔོས་ལ། ཧཱུྃ༔ ཁྱེར་ཅིག་ཁྱེར་ཅིག་འབྱུང་པོ་རྣམས༔ མི་བས་གླུད་བཟང་འདི་ཁྱེར་ལ༔ རྒྱུ་སྦྱོར་ཡོན་བདག་བླ་ཚེ་ལ༔ སྲེད་དང་ཆགས་དང་ཞེན་པ་དང༔ དྲན་དང་བཟུང་དང་བསམ་དང་རེག༔ གློད་དང་ཞི་དང་གྲོལ་བར་མཛོད༔ ཅེས་གླུད་རེ་རེ་བཞིན་ཚིགས་བཅད་ཚར་རེ་རེ་སྟེ་བརྒྱ་རྩ་བརྒྱད་ཚང་བར་བྱའོ། །གཉིས་པ་སྨྲེང་བཀྲོལ་ཏེ་རྒྱས་པར་བསྔོ་བ་ནི། དབྱངས་རོལ་བཅས། ཧཱུྃ༔ སྟོང་གསུམ་འཇིག་རྟེན་ཐམས་ཅད་ཀྱི༔ སྟེང་འོག་གཉིས་ཀྱི་བླ་བདུད་ནི༔ ཚངས་པ་ཉི་ཟླ་ལྟོ་འཕྱེ་ཆེ༔ དབང་ཆེན་ལ་སོགས་གདོན་གྱི་སྡེ༔ གཟའ་དང་རྒྱུ་སྐར་དཔལ་མགོན་འཁོར༔ འགྲམ་འཁྲུག་བྱེད་པ་ལྔ་སེར་སོགས༔ གདོན་ཆེན་མ་ལུས་ཐམས་ཅད་ལ༔ རྒྱུ་སྦྱོར་མི་བུ་བསླུ་བའི་ཕྱིར༔ རིན་ཆེན་སྣ་ཚོགས་གཞོང་པའི་ནང༔ ངར་གྱི་མི་ཕོ་གཟུགས་མཛེས་པ༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཕྱག་རྒྱ་སྔགས་ཀྱིས་བྱིན་བརླབས་པས༔ ཁམས་དང་སྐྱེ་མཆེད་ལྷུན་གྱིས་གྲུབ༔ ཏིང་ངེ་འཛིན་གྱི་རྣམ་འཕྲུལ་ལས༔ བློ་གྲོས་སྟོབས་རྩལ་ཕུན་སུམ་ཚོགས༔ དཀའ་ཞིང་དཀོན་པས་བཙལ་བ་ཡི༔ འཇིག་རྟེན་འདོད་རྒུའི་ནོར་གྱིས་བསྐོར༔ སྣང་སྲིད་ལྷ་འདྲེའི་ཕྱག་ཏུ་འབུལ༔ གཞན་ཡང་ནམ་མཁའ་གཞལ་ཡས་ཁང༔ རྒྱང་བུ་འཕན་གདུགས་རྒྱལ་མཚན་ཏེ༔ མདའ་བཀྲ་སྐྱེས་པ་སྟག་ཆས་དང༔ འཕང་བཀྲ་མོ་བཙུན་གསེར་གཡུས་བརྒྱན༔ ཤེལ་ཚིག་ཁྲི་དཀར་རྟ་ནོར་ལུག༔ དར་ཟབ་ན་བཟའ་སྤྲིན་ལྟར་གཏིབས༔ བཤོས་བུ་ཞལ་ཟས་རི་ལྟར་སྤུངས༔ གསེར་སྐྱེམས་བཏུང་བ་མཚོ་ལྟར་བསྐྱིལ༔ མདོར་ན་ཕྱི་ནང་སྣོད་བཅུད་ཀྱི༔ འདོད་ཡོན་ཐམས་ཅད་མདོས་སུ་བཤམས༔ སྣང་སྲིད་ལྷ་འདྲེའི་ཕྱག་ཏུ་འབུལ༔ ཕན་པའི་སེམས་ཀྱིས་བཞེས་ནས་ཀྱང༔ བུ་ལོན་ལན་ཆགས་བྱང་བ་དང༔ འཁོན་པ་དང་ནི་འཁྲུགས་པ་ཞི༔ འགྲས་པ་ཟླུམས་ལ་བླ་ཚེ་གཏོད༔ ཞི་དང་བཀྲ་ཤིས་མཛད་དུ་གསོལ༔ ཧཱུྃ༔ སྟོང་གསུམ་འཇིག་རྟེན་ཐམས་ཅད་ཀྱི༔ ཤར་གྱི་ཕྱོགས་ཀྱི་བླ་བདུད་ནི༔ དྲི་ཟ་ལག་ན་རྡོ་རྗེ་ཐོགས༔ དཀར་པོ་ལྷ་གདོན་ཚོགས་ཀྱིས་བསྐོར༔ བདུན་ཟུར་བྱེད་པ་སྟག་ཡོས་ལོ༔ དེ་ལ་འཁོར་བའི་སྤར་ཁ་ཟིན༔ འགྲམ་འཁྲུག་བྱེད་པ་གསུམ་མཐིང་སོགས༔ གདོན་ཆེན་མ་ལུས་ཐམས་ཅད་ལ༔ རྒྱུ་སྦྱོར་མི་བུ་སོགས་གོང་གིས་འགྲེ །ཧཱུྃ༔ སྟོང་གསུམ་འཇིག་རྟེན་ཐམས་ཅད་ཀྱི༔ ཤར་ལྷོ་ཕྱོགས་ཀྱི་བླ་བདུད་ནི༔ མེ་ལྷ་ལག་ན་ཕྲེང་བ་ཐོགས༔ ནག་པོ་བདུད་སྡེའི་ཚོགས་ཀྱིས་བསྐོར༔ བདུན་ཟུར་བྱེད་པ་འབྲུག་གི་ལོ༔ དེ་ལ་འཁོར་བའི་སྤར་ཁ་ཟོན༔ འགྲམ་འཁྲུག་བྱེད་པ་བཞི་ལྗང་སོགས༔ གདོན་ཆེན་མ་ལུས་ཐམས་ཅད་ལ༔ རྒྱུ་སྦྱོར་མི་བུ་སོགས། ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་གྱི༔ ལྷོ་ཡི་ཕྱོགས་ཀྱི་བླ་བདུད་ནི༔ གཤིན་རྗེ་ལག་ན་བེ་ཅོན་འཆང༔ སེར་པོ་གཤིན་རྗེའི་གདོན་གྱིས་བསྐོར༔ བདུན་ཟུར་བྱེད་པ་རྟ་སྦྲུལ་ལོ༔ དེ་ལ་འཁོར་བའི་སྤར་ཁ་ལི༔ འགྲམ་འཁྲུག་བྱེད་པ་དགུ་དམར་ཏེ༔ གདོན་ཆེན་མ་ལུས་ཐམས་ཅད་ལ༔ རྒྱུ་སྦྱོར་མི་བུ་སོགས། ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་གྱི༔ ལྷོ་ནུབ་ཕྱོགས་ཀྱི་བླ་བདུད་ནི༔ སྲིན་པོ་ལག་ན་ནད་རྐྱལ་ཐོགས༔ དམར་པོ་བཙན་གྱི་གདོན་གྱིས་བསྐོར༔ བདུན་ཟུར་བྱེད་པ་ལུག་གི་ལོ༔ དེ་ལ་འཁོར་བའི་སྤར་ཁ་ཁོན༔ འགྲམ་འཁྲུག་བྱེད་པ་གཉིས་ནག་སོགས༔ གདོན་ཆེན་མ་ལུས་ཐམས་ཅད་ལ༔ རྒྱུ་སྦྱོར་མི་བུ་སོགས། ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་གྱི༔ ནུབ་ཀྱི་ཕྱོགས་ཀྱི་བླ་བདུད་ནི༔ ཆུ་བདག་ལག་ན་སྦྲུལ་ཞགས་ཐོགས༔ སྔོན་པོ་ཀླུ་གདོན་ཚོགས་ཀྱིས་བསྐོར༔ བདུན་ཟུར་བྱེད་པ་བྱ་སྤྲེལ་ལོ༔ དེ་ལ་འཁོར་བའི་སྤར་ཁ་དྭ༔ འགྲམ་འཁྲུག་བྱེད་པ་བདུན་དམར་སོགས། གདོན་ཆེན་མ་ལུས་ཐམས་ཅད་ལ༔ རྒྱུ་སྦྱོར་མི་བུ་སོགས། ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་གྱི༔ ནུབ་ཀྱི་ཕྱོགས་ཀྱི་བླ་བདུད་ནི༔ རླུང་ལྷ་ལག་ན་བ་དན་ཐོགས༔ ཁྲོ་བོ་མ་མོའི་གདོན་གྱིས་བསྐོར༔ བདུན་ཟུར་བྱེད་པ་ཁྱི་ཡི་ལོ༔ དེ་ལ་འཁོར་བའི་སྤར་ཁ་ཁེན༔ འགྲམ་འཁྲུག་བྱེད་པ་དྲུག་དཀར་སོགས༔ གདོན་ཆེན་མ་ལུས་ཐམས་ཅད་ལ༔ རྒྱུ་སྦྱོར་མི་བུ་སོགས། ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་གྱི༔ བྱང་གི་ཕྱོགས་ཀྱི་བླ་བདུད་ནི༔ གནོང་སྦྱིན་ལག་ན་ནེའུ་ལེ་ཐོགས༔ ལྗང་གུ་རྨུ་ཡི་གདོན་གྱིས་བསྐོར༔ བདུན་ཟུར་བྱེད་པ་བྱི་ཕག་སྟེ༔ དེ་ལ་འཁོར་བའི་སྤར་ཁ་ཁཾ༔ འགྲམ་འཁྲུག་བྱེད་པ་གཅིག་དཀར་སོགས༔ གདོན་ཆེན་མ་ལུས་ཐམས་ཅད་ལ༔ རྒྱུ་སྦྱོར་མི་བུ་སོགས། ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་གྱི༔ བྱང་ཤར་ཕྱོགས་ཀྱི་བླ་བདུད་ནི༔ དབང་ལྡན་ལག་ན་ལྕགས་ཀྱུ་ཐོགས༔ ཐལ་སྐྱ་རྒྱལ་པོ་ཐེ་བྲང་བསྐོར༔ བདུན་ཟུར་བྱེད་པ་གླང་གི་ལོ༔ དེ་ལ་འཁོར་བའི་སྤར་ཁ་གིན༔ འགྲམ་འཁྲུག་བྱེད་པ་བརྒྱད་དཀར་སོགས༔ གདོན་ཆེན་མ་ལུས་ཐམས་ཅད་ལ༔ རྒྱུ་སྦྱོར་མི་བུ་སོགས། ཞེས་སོ་སོར་བསྔོས་ལ་མཚམས་རྣམས་སུ་ཤེལ་ཚིག་འཐོར་ཞིང་གསེར་སྐྱེམས་བསྟབ་པར་བྱའོ། །བཞི་པ་བླ་འགུགས་ཤིང་ཚེ་སྦ་བ་ལ་གཉིས། དང་པོ་བླ་འགུགས་པའི་སྔགས་ནི། བདག་མདུན་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ ཐུགས་ནས་འོད་ཟེར་དཀར་པོ་ནི༔ ཞི་ཞིང་བདུད་རྩིའི་རང་བཞིན་འཕྲོས༔ གདོན་ཚོགས་རྣམས་ལ་ཕོག་པ་ཡིས༔ རབ་ཞི་བྱང་ཆུབ་སེམས་ལྡན་གྱུར༔ འོད་ཟེར་ཚུར་འདུས་ལྷན་ཅིག་ཏུ༔ དེ་རྣམས་ལག་ནས་རྒྱུ་སྦྱོར་གྱི༔ བླ་ཚེ་བརྐུས་ཕྲོགས་ཡར་བ་ཀུན༔ བླ་རྟགས་ཨ་ནྲྀ་བྷྲཱུྃ་ཡིག་དང༔ ཐིག་ལེ་དཀར་འཚེར་སྣུམ་པའི་གཟུགས༔ འོད་ཟེར་འཇའ་ཚོན་དང་བཅས་བཀུག༔ རྟེན་དང་བསྒྲུབ་བྱར་དབྱེར་མེད་ཐིམ༔ བླ་ཚེ་ཉམས་པ་སོར་ཆུད་ཅིང༔ བརྟན་གཡོའི་ཚེ་དཔལ་ཐོབ་པར་གྱུར༔ ཞེས་མོས་ལ། ཨོཾ་རྫབ་རྫབ་རྫུབ་རྫུབ་བྷཱི་ཏྲ་སློང་སློང་ནྲྀ་ཁུག་ཛཿཛ༔ ཞེས་པ་སྟོང་རྩ་བཟླས་མཐར་བདེན་སྟོབས་དམོད་པས་འགུགས་པ་ནི། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། མ་ཧཱ་གུ་རུ་པདྨ་ཚེ་དཔག་མེད་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བཀའ་སྡོད་ཆོས་སྐྱོང་མ་མོ་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། གཙུག་ལག་ཁང་དང་རྒྱལ་པོའི་ཕོ་བྲང་། གྲོང་ཁྱེར་ཆེན་པོའི་སྲང་མདོ། ཁྲོམ་ཆེན་པོའི་འདུ་ས། ལྷ་སྲིན་གདུག་རྩུབ་ཅན་གནས་པའི་ས་ནས། ཚེ་དང་ལྡན་པའི་མིང་རུས་ལོ་རྟགས་འདི་ཞེས་བྱ་བའི་བླ་ཚེ་ཉམས་པ་དང་། ཡར་པ་དང་། སྟོར་པ་དང་། བྲོས་པ་དང་། འཁྱམས་པ་དང་། གདོན་ཆེན་གྱིས་ཕྲོགས་པ། གདོན་ཆུང་གིས་བརྐུས་པ། བྱད་མ་ལྷ་སྲུང་གིས་ཁྱེར་པ་ཐམས་ཅད་ད་ལྟ་ཉིད་དུ་རང་གནས་སུ་ཁུག་ཅིག །ཅེས་ལན་གསུམ་བརྗོད་ལ། སྤྲོ་ན་ཕྱག་རྒྱུན་ལྟར་ལས་རྡོར་གྱིས་མདའ་དར་ཁྱེར་ལ་སྐད་གསང་ཇི་ལྟར་འོས་པས་ཐོག་ཁང་ལྟ་བུ་ནས་གོང་སྨོས་ཚིག་གིས་ནངས་ནུབ་གུང་གཉིས་ལ་ཕྱོགས་བཅུར་འབོད། །གཉིས་པ་ཚེ་སྦ་བསྟིམ་ནི། འོད་ཀྱིས་ལུས་གང་སོགས་ནས། ཆོས་ཀྱི་དབྱིངས་སུ་ཚེ་སྦ་བའི་བར་དང་། རྗེས་ཀྱི་བྱ་བ་དམ་ཅན་གཏོར་འབུལ། མཆོད་བསྟོད་ནས་བཀྲ་ཤིས་ཀྱི་བར་ལས་བྱང་དུ་བསྟན་པ་བཞིན་བྱའོ། །གསུམ་པ་རྗེས་ཀྱི་ལས་རིམ་ལའང་བཞི། རྟེན་འབྲེལ་གྱི་པྲ་ལྟས་བརྟག་པ། གླུད་གདོན་གནས་སུ་བརྫང་བ། སྦྱིན་བདག་ལ་བླ་རྟེན་གཏད་པ། ཆོ་གའི་རྗེས་རིམ་མཐའ་རྒྱས་སུ་བྱ་བའོ། །དང་པོ་ལ་གསུམ། བླ་ལུག་ལ་བརྟག་པ། ཤྭ་ལ་བརྟག་པ། རྡེའུ་ལ་བརྟག་པའོ། །དང་པོ་ནི། དངོས་གཞིའི་སྒྲུབ་པ་ནན་ཏན་དུ་བྱས་པས། ཉི་ཟླ་ཤར་བ། ཁང་མཁར་བརྩིག་པ་སོགས་ཚེ་འཕེལ་བའི་ལྟས་སྤྱི་དང་། ཁྱད་པར་གཡུ་རྙེད་པ། བསྒྲུབ་བྱ་གོས་བཟང་གྱོན་པ། ཤིང་བྲག་ཆུ་སོགས་བེམ་པོ་དང་། ཤ་རྐྱང་དྲེལ་སོགས་སྲོག་ཆགས་རང་རང་རུས་རིགས་ཀྱི་བླ་རྟགས་དངོས་སམ། སྤྱི་ཙམ་དུ་ར་ལུག་རྟ་སོགས་འཇིགས་པ་ལས་སྐྱོབ་པ་རྣམས་ཉམས་སམ་རྨི་ལམ་དུ་བྱུང་ན་དོན་འགྲུབ་པ་ཡིན་པས་ཕྱིའི་པྲ་ལྟས་མ་བརྟག་ཀྱང་ཆོག་ལ། ནང་རྟགས་མ་མཐོང་བའམ་མཐོང་རུང་ཡིད་ཆེས་བསྐྱེད་པའི་ཆེད་དུ་ལྟས་བརྟག་པར་སྤྲོ་ན། སྒྲུབ་པ་གྲོལ་རན་པ་དང་གོང་གི་བདེན་སྟོབས་ཀྱི་འགུགས་གཞུག་སྐབས་སུ་ཤིང་བུ་གཙང་མས་བླ་མཚོ་གཡས་སུ་དལ་བུས་བསྐོར་ལ་བླ་ལུག་གི་སྣོད་བཞག་པས། མཐར་བླ་རྟེན་ལ་ཕྱོགས་ཏེ་སྡོད་ན་ཐེ་ཚོམ་མེད་པར་བླ་ཚེ་ཁུག་པའི་རྟགས་ཡིན་པས་བཟང་། ལུག་གི་གཡས་བསྟན་ན་འབྲིང་དུ་བརྩི། གཡོན་དང་རྒྱབ་བསྟན་ན་ངན་པས་ལན་གསུམ་བསྐྱར་ཏེ་བསྐོར། གསུམ་ག་ལ་ངན་ན་རྩུབ་པར་བཤད་དོ། །གཉིས་པ་ཤྭ་ནི། དཀྱིལ་འཁོར་གྱི་མདུན་གཡས་སུ་གདན་དཀར་པོ་ལ་ལྷའི་གཟུགས། གཡོན་དུ་གདན་ནག་པོའི་ཁར་བདུད་གཟུགས། །མདུན་སོ་སོར་ཤྭ་དཀར་ནག་བསྒྲིག །འཕེན་པ་པོ་སྦྱིན་བདག་དངོས་དང་། དེའི་བདུན་ཟུར་ལོ་པ་ཞིག་གམ། དེར་བརྟག་པའི་རང་གཞན་གྱི་ཁྱེའུ་གཙང་མ་རེའང་འཁོད། སྒྲུབ་པ་པོ་ཞྭ་གོས་ཀྱི་གཟི་བྱིན་དང་ལྟ་སྒོམ་གྱི་གདིང་ཚད་བསྐྱེད་ལ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿགསུམ་གྱིས་བྱིན་བརླབས། ཧཱུྃ༔ དཀོན་མཆོག་རིན་ཆེན་གསུམ་དང་རྩ་བ་གསུམ༔ ཁྱད་པར་རིག་འཛིན་ཁྲག་འཐུང་ལྷ་ཚོགས་རྣམས༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་མཐུ་དང་དཔུང་སྐྱེད་ཅིག༔ ཕོ་རྒྱུད་མོ་རྒྱུད་མ་ནིང་དྲེགས་པའི་སྡེ༔ མ་མོ་མཁའ་འགྲོ་ཞིང་སྐྱོང་གནས་ཉུལ་ཀུན༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་མཐུ་དང་དཔུང་སྐྱེད་ཅིག༔ ལོ་ཟླ་ཞག་དུས་སྤར་སྨེ་ཚེས་ཀྱི་བདག༔ ཡུལ་ལྷ་གཞི་བདག་མཐུ་རྩལ་ལྡན་པ་ཀུན༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་མཐུ་དང་དཔུང་སྐྱེད་ཅིག༔ ཅེས་ཚིག་མཚམས་གསུམ་དུ་གསེར་སྐྱེམས་འཐོར་ལ་བདེན་པ་བདར་བ་ནི། ཧཱུྃ༔ བསླུ་མེད་དཀོན་མཆོག་རིན་ཆེན་དང༔ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས༔ མཁྱེན་བརྩེས་དགོངས་ཤིག་གྲོགས་ལ་བྱོན༔ མདུན་གྱི་ནམ་མཁར་མངོན་སུམ་བཞུགས༔ དེ་རིང་ལྷ་བདུད་རྒྱལ་གཅིག་རྩོད༔ སྣང་སྲིད་ལྷ་འདྲེས་སྤྱན་གྱིས་གཟིགས༔ དཀོན་མཆོག་བདེན་ན་དཀར་པོ་རྒྱལ༔ དེ་མིན་ནག་པོ་རྒྱལ་བ་ཡིན༔ དཀོན་མཆོག་བཀའ་ཡི་བདེན་པ་ཡིས༔ ལྷ་ཤྭ་དཀར་པོ་རྒྱལ་གྱུར་ཅིག༔ ཛ་ཡ་ཛ་ཡ་སུ་ཛ་ཡ༔ ཞེས་རོལ་མོ་བསྒྲགས་ལ། ལྷ་རྒྱལ་ལོ། ཞེས་སྐད་གསང་མཐོན་པོས་བརྗོད་པ་དང་ཆབས་ཅིག་ལྟོས་པ་མེད་པར་ཤྭ་དཀར་ནག་ལྷན་ཅིག་འཕངས་པས་དཀར་པོ་རྒྱལ་ན་བླ་ངེས་པར་ཁུག་པའི་རྟགས་ཡིན་པས་བསྐྱར་མི་དགོས། ནག་པོ་རྒྱལ་ན་ལན་གསུམ་བསྐྱར། མདའ་དར་མདུང་དཀར་པོ་བསླངས་ཏེ་ལྷའི་ལག་ཏུ་བཙུགས་པ་དང་། རྒྱལ་མིག་གྱེན་བསྟན་གྱིས་ཤྭ་དཀར་པོ་གདན་བཅས་བླ་རྟེན་རྩར་ཡར་གྱུས་ལ་བཞག །དར་མདུང་ནག་པོ་བསྙལ་པ་འདྲེ་གཟུགས་ལག་ཏུ་གཏད་པ་དང་། ཕམ་མིག་ཞུམ་བསྟན་གྱིས་ཤྭ་ནག་པོ་གདན་བཅས་གླུད་ཆེན་གྱི་རྒྱབ་ངོས་སུ་བཞག་གོ །གསུམ་པ་རྡེའུ་ནི། སྤྲོས་པ་ཆེ་ན་སླར་ཡང་གོང་ལྟར་གསེར་སྐྱེམས་མཆོད། བསྡུ་ན་མི་དགོས། ཧཱུྃ༔ བསླུ་མེད་དཀོན་མཆོག་སོགས་བདེན་སྟོབས་ནང་། ལྷ་ཤྭ་ཞེས་པའི་མལ་དུ། ལྷ་རྡིལ་ཞེས་བསྒྱུར་ལ་རྡེའུ་དཀར་ནག་བླ་མཚོ་ལ་དོར་བ་སྦྱིན་བདག་ལ་ལེན་དུ་བཅུག་པས་དཀར་པོ་ཐོན་ན་བླ་ཁུག་ཅིང་ཚེའི་བར་ཆད་ཞི་བའི་ལྟས་སུ་བཟུང་། ནག་པོ་ཐོན་ན་བསྐྱར་ལ་བརྟག །དེ་ལྟར་པྲ་ལྟས་བརྟགས་པས། བརྟག་པ་ལན་གསུམ་གྱི་དང་པོ་ངན་ལ་ཕྱི་མ་གཉིས་བཟང་ན་འཕྲལ་ཉེར་འཚེ་ཙམ་ལས་ཕུག་ཉེས་སྐྱོན་མེད་པར་སྟངས་བཅད། དང་པོ་གཉིས་བཟང་ལ། ཕྱི་ནས་གཅིག་ངན་ན་འཕྲལ་ཉེས་སྐྱོན་མེད་ཀྱང་ཕུག་ཡུལ་ཅུང་ཟད་དོགས་པར་སྨྲ། དང་པོ་གཉིས་ངན་ལ་ཕྱི་མ་གཅིག་བཟང་ན་རིམ་གྲོ་ཤིན་ཏུ་ཆེ་བ་བྱས་ན་ཉེས་པ་མེད་ཙམ། དང་པོ་གཅིག་བཟང་ལ་ཕྱི་མ་གཉིས་ངན་ན་འཕྲལ་སྐྱོན་ཆུང་བ་ལྟར་སྣང་ཡང་ཕུག་ཤིག་ཏུ་འཛེར་དོགས་ཆེ་བ་དང་། བར་རྣམས་ལ་ཧ་ཅང་གསལ་བར་སྨྲ་མི་བཏུབ་པས་རིག་པས་དཔག་ལ་ཁ་དམར་གདགས་ཏེ་རྩུབ་ན་ཚོད་དང་སྦྱར་བའི་རིམ་གྲོ་འབོགས་པ་དང་། འབྱོར་ལྡན་སྒྲུབ་ཆ་ཆེ་བའི་རིགས་ལ་འཆི་བདག་གཏོར་ཆེན་སྔོན་དུ་འགྲོ་བས། སླར་ཚེ་སྒྲུབ་བླ་སླུ་ལན་གསུམ་ལ་སོགས་པ་བསྐྱར་ན་དུས་ལ་བབས་པ་མ་གཏོགས་འཕྲལ་རྐྱེན་ངན་པ་ལས་མི་གྲོལ་མི་སྲིད་དོ། །བརྟག་པ་གསུམ་པོ་དེ་གྲོལ་ཉིན་ཁོ་ནར་གོ་རིམ་ལྟར་བྱེད་པར་བསྟན་ཀྱང་ད་ལྟའི་ཕྱག་རྒྱུན་ལྟར་ན་བདུན་སྒྲུབ་ལྟ་བུའི་ཚེ་ཉིན་ལྔ་པའི་ཐུན་མཐར་བླ་ལུག །དྲུག་པར་ཤྭ། བདུན་པར་རྡེའུ་ལ་བརྟག་པ་ཉིད་སྟབས་བདེ་བར་མངོན། སྤྲོས་པ་བསྡུ་ན་གོང་གསལ་བླ་ལུག་བརྟག་པ་ཙམ་ལས་ཤྭ་དང་རྡེའུར་བརྟག་པ་དོར་ཡང་ཆད་པའི་སྐྱོན་དུ་མི་འགྱུར་རོ། །ལེགས་པའི་རྟགས་རྣམས་བྱུང་བའམ་རྟེན་འབྲེལ་ཙམ་དུ་བྱུང་བར་བྱེད་ལ། ཕྱེ་མར་གྱི་ཕུད་དཀོན་མཆོག་ལ་མཆོད་ཅིང་རྣལ་འབྱོར་དང་སྦྱིན་བདག་ཞལ་བསྲོ། དཀར་གསུམ་གྱི་སྐྱེམས་དྲངས། ཁ་བརྡ་ལེགས་པར་བརྗོད་པར་བྱའོ། །གཉིས་པ་གླུད་གདོན་གནས་སུ་བརྫང་བ་ལ་གཉིས། གླུད་ཡས་ཀྱི་ལམ་དབྱེ་བ། གདོན་ལ་ལམ་བསྟན་པའོ། །དང་པོ་ནི། རྔོན་ཆ་དང་ལྡན་པའི་གསེར་སྐྱེམས། རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་བརླབས་ལ། ཧཱུྃ། སངས་རྒྱས་ཆོས་དང་དགེ་འདུན་གསུམ། །བླ་མ་ཡི་དམ་མཁའ་འགྲོ་མ། །དཀོན་མཆོག་སྲི་ཞུའི་མགྲོན་རྣམས་ལ། །གསེར་སྐྱེམས་ཡེ་ཤེས་བདུད་རྩིས་མཆོད། །རྣལ་འབྱོར་སྒོ་གསུམ་བྱིན་གྱིས་རློབས། །ཆོས་སྐྱོང་དཔལ་མགོན་བདུན་ཅུ་ལྔ། །ཕྱི་ནང་གསང་བའི་སྡེ་བརྒྱད་སོགས། །མགོན་པོ་ཡོན་ཏན་མགྲོན་རྣམས་ལ། །གསེར་སྐྱེམས་བདུད་རྩིའི་ཕུད་ཀྱིས་མཆོད། །མཐུ་རྩལ་ནུས་པ་སྐྱེད་དུ་གསོལ། །ས་བླ་ས་འོག་ས་སྟེང་གནས། །སྐྱེ་བཞི་རྒྱུད་ལྔའི་འགྲོ་བ་པ། །རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ལ། །གསེར་སྐྱེམས་ཟད་མེད་བདུད་རྩི་འབུལ། །ཐམས་ཅད་བྱང་ཆུབ་སེམས་ལྡན་ཤོག །བདུད་བཞི་གདོན་ཆེན་བགེགས་ཀྱི་རྒྱལ། །མི་མིན་འབྱུང་པོ་མཐུ་བོ་ཆེ། །བགེགས་རིགས་ལན་ཆགས་མགྲོན་རྣམས་ལ། །གསེར་སྐྱེམས་བདུད་རྩིའི་རྒྱ་མཚོ་འབུལ། །བསམ་པ་འགྲུབ་པའི་སྡོངས་གྲོགས་མཛོད། ཁྱད་པར་ལོ་ཟླ་ཞག་དུས་ལ། །དབང་བྱེད་ས་བདག་འབྱུང་བའི་ལྷ། །དབང་དྲག་ཕྲིན་ལས་རྩོམ་པའི་གདོང་། །གཉུག་མར་གནས་དང་གློ་བུར་ལྷགས། །ཕོག་ཐུག་ཀོ་ལོང་སྡོམ་པ་ཡི། །ཡིད་ཀྱི་གཟུགས་ཅན་ཐམས་ཅད་ལ། །གསེར་སྐྱེམས་བདུད་རྩིའི་བརྔན་མཆོད་འབུལ། །བདག་གིས་ཕྲིན་ལས་རྩོམ་པ་ལ། །རུ་ང་ཕྲག་དོག་མ་མཛད་པར། །བཀྲ་ཤིས་དགེ་བའི་སྡོངས་གྲོགས་མཛོད། །པདྨ་ཐོད་ཕྲེང་བཀའ་མ་བཅག །དབང་དྲག་འབར་བའི་དམ་མ་འདའ། །གང་བཅོལ་ཕྲིན་ལས་བསྒྲུབ་ཏུ་གསོལ། །ཞེས་གསེར་སྐྱེམས་ཕྱོགས་བཅུ་དང་ཡས་ཟོར་གཏང་བའི་ཕྱོགས་སུ་འབུལ་ལོ། །གཉིས་པ་གདོན་ལ་ལམ་བསྟན་པ་ནི། གླུད་ཡས་ཞལ་བསྒྱུར་ལ། ཀྱེ༔ སྣང་སྲིད་འབྱུང་པོའི་གདོན་ཚོགས་ཀུན༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡིས༔ ཡོ་བྱད་མཁོ་དགུས་དགྱེས་པ་བསྐངས༔ བླ་དང་ཚེ་སྲོག་ཚུར་ལ་བཏང༔ བུ་ལོན་སོད་ཅིང་ལན་ཆགས་བྱང༔ འགྲམས་འཁྲུགས་ཞི་ཞིང་འགྲས་པ་བསྡུམས༔ ཞི་དང་ཕན་པའི་སེམས་ཀྱིས་ནི༔ ཕན་ཚུན་གཉིས་ཀའི་དོན་གྲུབ་ཅིང༔ དགའ་ཞིང་སྐྱིད་པའི་གནས་སྐབས་འདིར༔ ཡུན་རིང་འཁོར་བའི་གནས་མེད་ཀྱིས༔ ད་ནི་རང་རང་གནས་སུ་གཤེགས༔ སྟེང་འོག་ཕྱོགས་མཚམས་གདོན་གྱི་ཡུལ༔ རི་བོའི་རྩེ་དང་རྒྱ་མཚོའི་འགྲམ༔ ཤིང་གཅིག་དྲུང་དང་བྲག་རིའི་སྐྱིབས༔ ལུང་གསུམ་མདའ་དང་ལམ་སྲང་མདོ༔ ལྷ་ཁང་མཆོད་རྟེན་རྙིང་པ་སོགས༔ གདོན་བགེགས་འདུ་བའི་གནས་རྣམས་སུ༔ བསྐྱོད་པའི་ལམ་བསྟན་ཤུལ་རེ་བདེ༔ གླུད་གཏོར་སྣང་སྲིད་མདོས་ཀྱི་ཚོགས༔ ལོངས་སྤྱོད་འབྱོར་པའི་དཔལ་དུ་ཆེ༔ འདི་དག་བཞེས་ཤིང་བསྣམས་ནས་ཀྱང༔ མྱུར་བ་ཉིད་དུ་རང་གནས་གཤེགས༔ གལ་ཏེ་མི་འགྲོ་འཚེ་བྱེད་ན༔ དབང་ཆེན་ཁྲོས་པའི་ཏིང་འཛིན་གྱིས༔ བདུན་རྒྱུད་རིགས་ཀྱང་བརླག་པར་འགྱུར༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ དྲག་སྔགས་ཀྱི་གཤམ་དུ་ཧཱུྃ་བཞིའི་སྔགས་དྲག་ཏུ་བརྗོད། རོལ་མོའི་སྒྲ་དང་གུ་གུལ་ཡུངས་ཐུན་སོགས་ཚམ་རྔམ་དྲག་པོས་བདེན་པའི་བཀའ་ལ་མི་ཉན་པ་ཐམས་ཅད་བསྐྲད། གླུད་ཡས་རྣམས་ཕྱི་མིག་མི་བལྟ་བར་སྦྱིན་བདག་གི་ལོ་བདུད་འདྲེ་ལྔ་བདུད་གཅོད་སོགས་ཀྱི་ཕྱོགས་སམ། ཆུ་བོ་ཆེན་པོའི་གཞུང་དུ་བསྐྱལ་ལ། སླར་མི་ལྡོག་པའི་ཆེད་དུ་སྲུང་བའི་འཁོར་ལོ་རྒྱས་བསྡུས་ཅི་རིགས་བརྟན་པར་བསྒོམ་མོ། །གསུམ་པ་རྟེན་གཏད་པ་ནི། སྤྲོ་ན་སྐབས་འདིར་སྦྱིན་བདག་ལ་ཚེ་དབང་རྒྱས་པར་བསྐུར། ཚེ་རིལ་སྦྱིན་པའི་རྗེས་སུ་བླ་རྟེན་གཏད་ལ་ཚེ་སྦ་བསྟིམ་དང་། ཡུམ་ལྔའི་རྒྱས་གདབ་པ་ལྷན་ཅིག་སྲུང་འཁོར་རམ་རྡོ་རྗེའི་མདུད་པ་མགུལ་དུ་བཅིང་། གལ་ཆེན་ལ་གྲི་ལྕགས་ཀྱི་གདུ་བུ་སྲིན་ལག་གཡས་གཡོན་གཉིས་སམ། གཅིག་ལས་མེད་ན་གཡོན་དུ་བཅིང་གཞུག །ཚེ་དབང་མི་བསྐུར་ན་སྲུང་འཁོར་བསྒོམས་པའི་རྗེས་ཐོག་ཉིད་དུ་བླ་རྟེན་གཏད་དེ། གོང་ལྟར་སྦྱིན་བདག་མདུན་དུ་བོས། སྟན་དཀར་པོ་འབྲུ་དཀར་གྱིས་གཡུང་དྲུང་བྲིས་པ་ལ་བཞག་ནས་རྟེན་རྣམས་གཏད་ལ། ཨོཾ་ཨཱཿཧཱུྃ༔ བླ་རྟེན་བླ་གཡུ་འོད་དུ་འབར༔ ཚེ་རྟེན་དཀར་པོ་ནས་ལ་བྱས༔ སྲོག་རྟེན་བླ་ཡི་སྔགས་བྱང་བཅས༔ ཁྱོད་ཀྱི་བླ་སྲོག་རྟེན་དུ་བཅས༔ དཀོན་མཆོག་རྩ་གསུམ་བདེན་པའི་སྟོབས༔ ཏིང་འཛིན་སྔགས་དང་ཕྱག་རྒྱ་དང༔ རྟེན་འབྲེལ་རྫས་ཀྱི་ནུས་པ་ཡིས༔ བླ་ཚེ་ཡར་པ་ཐམས་ཅད་བཀུག༔ ཉམས་པ་གསོས་ཤིང་གནས་པ་སྤེལ༔ སྣང་སྲིད་ལྷ་འདྲེ་མདོས་ཀྱིས་བསྐངས༔ ཞི་དང་བཀྲ་ཤིས་བདེ་ལེགས་བྱས༔ ཨེ་མ་ངོ་མཚར་རྨད་ཀྱི་ཆོས༔ རྟེན་འབྲེལ་ཟབ་མོའི་བླ་རྟེན་རྣམས༔ དེ་རིང་ཁྱོད་ཀྱི་ལག་ཏུ་གཏད༔ མི་འབྲལ་མགུལ་གྱི་རྒྱན་དུ་ཆོངས༔ སྒོ་གསུམ་རྟེན་དང་དབྱེར་མེད་པར༔ རྡོ་རྗེའི་ཚེ་སྲོག་འགྲུབ་པར་ཤོག༔ ཅེས་དང་ལས་སྦྱོར་གྱི་སྔགས་ཤམ་བུ་ཅན་བཟླས་ལ། བླ་ཚེ་སྲོག་གི་རྟེན་གསུམ་པོ་མགུལ་དུ་དྲོད་དང་མ་བྲལ་བར་འཆང་དུ་གཞུག །བླ་རྐང་དང་བླ་ལུག་ཆུད་མི་ཟ་བའི་དབེན་པར་བཞག །དབང་མི་བསྐུར་བའི་སྐབས་དེའི་རྗེས་ཐོག་ཁོ་ནར་སྲུང་བའང་སྦྱིན་ལ་གཞུང་གི་སྨོན་ལམ་དང་ཞལ་ནས་གསུངས་པའི་ཚིགས་བཅད་སྔོན་དུ་འགྲོ་བས་ཤིས་པའི་ཚིགས་བཅད་རྒྱས་པར་བརྗོད། བླ་ཚེ་ལ་བར་དུ་གཅོད་པ་ཐམས་ཅད་བསྐལ་པའི་བར་དུ་བསྲུང་བར་མོས་ལ་ལས་སྔགས་མཐར་། བཛྲ་རཀྵ་རཀྵ་བཏགས་པ་བརྗོད་དོ། །འདིར་ཡང་བླ་གཡུའི་མདོག །བླ་ནས་ཀྱི་གྲངས། བླ་རྐང་གི་དྲི་ལ་བརྟག་པར་འདོད་ན་གཞན་དང་འདྲའོ། །བཞི་པ་ཆོ་གའི་རྗེས་རིམ་ནི། དམ་ཅན་སྤྱིའི་གཏོར་མ་བསྐྱང་། དཀྱིལ་འཁོར་ལ་མཆོད་བསྟོད་ནོངས་བཤགས། བརྟན་བཞུགས། བསྡུ་ལྡང་། སྨོན་ལམ་བཀྲ་ཤིས་བརྗོད་པའི་བར་མཐའ་རྒྱས་སུ་བྱ་སྟེ་ལས་བྱང་དུ་གསལ་ལོ། །དེ་ལྟར་ཚུལ་བཞིན་དུ་བསྒྲུབས་པའི་ཡོན་ཏན་ནི། གཞུང་ལས། དེ་ལྟའི་རིམ་པ་ཀུན་བྱས་ན༔ བླ་ཚེ་ཡར་པ་འཆི་ངེས་ཀྱང༔ ལོ་གསུམ་བར་དུ་ངེས་པར་འཚོ༔ ཞེས་ཁྱད་པར་གྱི་ཕན་ཡོན་བསྟན་ཅིང་། གཞུང་སྤྱིར། ཚེ་རིང་འདོད་ན་བླ་མ་ལོངས་སྐུ་བསྒྲུབ༔ ཅེས་གསུངས་པའི་དོན་དང་འབྲེལ་བས་ཤིན་ཏུ་ཟབ་པའི་གནད་རྟོགས་ནས་དང་དུ་བླང་བར་བྱའོ། །གཞུང་ལུགས་དང་མཐུན་ཁུངས་བཙུན་ལ། །ཟབ་གཏེར་གསར་བྱོན་བྱིན་རླབས་ཆེ། །གྱེར་བཤམ་ཉུང་བས་སྟབས་བདེ་བ། །བཅུད་ལྡན་ཟས་བཞིན་ཉེ་བར་མཁོ། །དེ་ཕྱིར་ལག་ཏུ་ལེན་བདེ་བའི། །ཆོག་ཁྲིགས་འདིར་བརྟེན་སྐྱེ་དགུ་ཀུན། །བླ་ཚེ་མི་འགྱུར་རྡོ་རྗེའི་སྲོག །ཡོངས་གྲུབ་ཚེ་མཐའ་ཡས་གྱུར་ཅིག །ཅེས་པ་འདིའང་སྤྲུལ་པའི་གཏེར་ཆེན་ཉིད་དང་། ཁྱབ་བདག་འཇམ་པའི་རྡོ་རྗེ་མཁྱེན་བརྩེའི་དབང་པོས་རྗེས་སུ་གནང་བའི་གསུང་གསང་གསེར་གྱི་པདྨོ་ཡང་ཡང་གཙུག་ཏུ་བཅིངས་པ་དང་། སད་ན་ལེགས་གནམ་སའི་དབང་ཕྱུག་ལྷ་རིགས་ཀྱི་མྱུ་གུར་བྱོན་པ་སྡེ་དགེ་ཆོས་རྒྱལ་དཔལ་ལྡན་འཆི་མེད་རྟག་པའི་རྡོ་རྗེ་སྲས་ཡུམ་གྱི་གསུང་བསྐུལ་རྗེས་སུ་བསྒྲུབ་སླད། ཀུན་མཁྱེན་ཏཱའི་སི་ཏུ་པདྨ་དབང་ཆེན་གྱིས་རྗེས་སུ་བཟུང་བ། རིག་པ་འཛིན་པ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་ཁྲིགས་སུ་བསྡེབས་པར་བྱས་པ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).