Terdzo-'I-019

From Rinchen Terdzö
Revision as of 12:05, 15 January 2019 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

ཟབ་བདུན་རྩ་གསུམ་ཚེའི་ཟབ་པའི་ཆ་ལག །ལས་ཀྱི་མཁའ་འགྲོ་རྡོ་རྗེ་སྡེར་མོའི་དབང་ཆོག་གསལ་བར་བཀོད་པ་གཡུའི་བུམ་བཟང་

zab bdun rtsa gsum tshe'i zab pa'i cha lag_/las kyi mkha' 'gro rdo rje sder mo'i dbang chog gsal bar bkod pa g.yu'i bum bzang

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  མཆོག་གྱུར་གླིང་པ་ (Chogyur Lingpa)
in cycle  ལས་ཀྱི་མཁའ་འགྲོ་རྡོ་རྗེ་སྡེར་མོ་ (Las kyi mkha' 'gro rdo rje sder mo)
parent cycle  ཟབ་བདུན་རྩ་གསུམ་ཚེའི་ཟབ་པ་ (Zab bdun rtsa gsum tshe'i zab pa)
Volume 53 (འི) / Pages 505-514 / Folios 1a1 to 5b5

[edit]

༄༅། །ཟབ་བདུན་རྩ་གསུམ་ཚེའི་ཟབ་པའི་ཆ་ལག །ལས་ཀྱི་མཁའ་འགྲོ་རྡོ་རྗེ་སྡེར་མོའི་དབང་ཆོག་གསལ་བར་བཀོད་པ་གཡུའི་བུམ་བཟང་ཞེས་བྱ་བ་བཞུགས་སོ། ། རྫོགས་སངས་རྒྱས་ཀྱིས་རབ་བསྔགས་ཤིང་། །རིག་སྔགས་གསང་བའི་བདག་མོ་ཆེ། ཁྲོ་བ་མེད་ཀྱང་ཁྲོས་པའི་ཚུལ། །བསྟན་ནས་ལོག་འདྲེན་འཇོམས་དེས་སྐྱོངས། །ལས་ཀྱི་མཁའ་འགྲོ་རྡོ་རྗེ་སྡེར་མོའི་དབང་བསྐུར་བ་ལ་ཡོད་ན་རས་བྲིས་ཀྱི་དྲག་དཀྱིལ་སྒོ་རྫོགས་ཅན་བཏིང་། མེད་ན་མཎྜལ་དུག་ཁྲག་གིས་བྱུགས་པར་པདྨ་སྔོན་པོ་འདབ་བཞིའི་དབུས་དང་ཕྱོགས་བཞིར་འབྲུ་ནག་གི་ཚོམ་བུ་གཙོ་འཁོར་ལྔ་བཀོད་པའི་སྟེང་དུ་བུམ་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་ནག་པོ་ཁ་རྒྱན་ལྡན་པ་བཞག །གཡས་སུ་ཐོད་པའི་བདུད་རྩི། གཡོན་དུ་པདྨ་དམར་པོའི་ནང་རྡོ་རྗེ་ཕྱེད་པ་དཀར་པོ་བྲིས་པའི་ཙཀླི། ཐོ་བ་ཕུར་བུ། ལྕགས་ཧོམ་དུ་ལིངྒ་བཅུག་པ་དང་། སྨན་རག་གཏོར་གསུམ། ཕྱི་མཆོད་སྤྱི་ལྟར་བཤམ། ཕྲིན་ལས་སྤྱི་ཆིངས་ལྟར་སྐྱབས་སེམས་ཚོགས་གསག་བགེགས་བསྐྲད་ནས་མཆོད་པ་བྱིན་རླབས་བར་བྱ། དེ་ནས་རྒྱས་པར་སྤྲོ་ན་རྩ་གསུམ་ལས་བྱང་བཟླས་པའི་བར་བཏང་ལ་བདག་བསྐྱེད་བྱ། མདུན་བསྐྱེད་རང་གཞུང་གཏང་། བསྡུ་ན་བདག་མདུན་གཉིས་ཀ་ལས་ཀྱི་མཁའ་འགྲོར་བསྐྱེད་ཆོག་པས་རྩ་གསུམ་གཏང་མི་དགོས། དེའི་ཚེ་སྔོན་འགྲོའི་སྤྱི་ཆིངས་ཀྱང་རྒྱས་པ་སྦྱོར་མི་དགོས་པས། སྐྱབས་སེམས་བགེགས་བསྐྲད་སྲུང་འཁོར་མཆོད་པ་བྱིན་རླབས་མདོར་བསྡུས་ཙམ་གྱིས་ཆོག་གོ །གང་ལྟར་ལྷ་བསྐྱེད་སོགས་རང་གཞུང་ལྟར་ལ་སྤྱན་འདྲེན་མན་ཆད་རིགས་མཐུན་གཞན་ནས་ཅུང་རྒྱས་པ་བླངས་ན་ལེགས། བསྟོད་པ་གཟུངས་ལས་འབྱུང་བ་ནི། དཔལ་དང་ལྡན་པའི་རྡོ་རྗེ་སྡེར་མོ་ཁྱོད། །མཁའ་མཉམ་བདེ་ལ་རོལ་མཛད་ཁྲོ་མོའི་སྐུ། །ཆགས་པའི་མདངས་ཀྱིས་ཁྲོ་བོའི་སྐུ་ལ་འཁྲིལ། །དཔལ་ལྡན་མཁའ་འགྲོ་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་སོ། །བཟླས་དམིགས་བྱས་ལ་བཟླས་སྔགས་གཟུངས་ལས་འབྱུང་བ་ནི། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ད་ཧ་པ་ཙ་བི་དྷྭཾ་ས་ཡ། ཛཱ་ཊི་ལམྦོ་དྷཱ་རི་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ། ཅེས་ཅི་ནུས་བཟླ། བུམ་པར་དཀྱིལ་འཁོར་གསལ་བཏབ་ཅིང་གཟུངས་ཐག་བླངས་ལ་སྙིང་པོ་བརྒྱ་རྩ་བཟླས་མཐར་སྟོང་ཚིགས་སྤྱི་ལྟར་འབུལ། ལས་བུམ་འཁྱིལ་པའི་སྔགས་ཀྱིས་བྱིན་བརླབ། རིག་པའི་མེ་ཏོག་དོར། དེ་ནས་སློབ་བུ་རྣམས་ཁྲུས་བྱ། བགེགས་བསྐྲད། སེམས་བསྐྱེད་གསལ་བཏབ་ནས། དེའང་བཅོམ་ལྡན་འདས་ཀྱི་ཞལ་ནས། དཔལ་རྡོ་རྗེ་སྡེར་མོ་ཞེས་བྱ་བ་ཞིག་ཡོད་དེ། དེ་ནི་བདེ་བར་གཤེགས་པ་རྣམས་ཀྱི་སྲས་མོ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྕམ་མོ། ཁྲོ་བོ་རྣམས་ཀྱི་ཡུམ། མཁའ་འགྲོ་མ་རྣམས་ཀྱི་གཙོ་མོ། རིག་པ་འཛིན་པ་རྣམས་ཀྱི་གྲོགས་མོ། བསྟན་པ་བསྲུང་བའི་མངའ་བདག །དཀོན་མཆོག་གསུམ་གྱི་སྲུང་མ། དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས། བདུད་དང་མུ་སྟེགས་ཐམས་ཅད་སྒྲོལ་བར་བྱེད་པའི་མངའ་བདག་ཡིན་ནོ། །ཞེས་དང་གཟུངས་སྔགས་ཀྱི་ཕན་ཡོན་ཡང་རྒྱ་ཆེར་གསུངས་པ་འདི་ལ་སྔོན་ཆད་གངས་ཅན་ལྗོངས་ཀྱི་གསང་སྔགས་གསར་རྙིང་གཉིས་ཀའི་ཁྲོད་དུ་དབང་དང་སྒྲུབ་ཐབས་ཡོངས་སུ་གྲགས་པ་མི་བཞུགས་པ་ལ། འདིར་སྤྲུལ་པའི་གཏེར་ཆེན་༧མཆོག་གྱུར་གླིང་པའི་ཟབ་གཏེར་གྱི་གསང་མཛོད་ཆེན་པོ་ལས་བྱོན་པ་གུ་རུའི་ཐུགས་དམ་ཟབ་པ་སྐོར་བདུན་གྱི་ནང་ཚན། རྩ་གསུམ་ཚེའི་ཟབ་པའི་ཆ་ལག །མཁའ་འགྲོ་རིགས་བཞིའི་སྒྲུབ་ཐབས་ལས་ཚོགས་དང་བཅས་ཤིན་ཏུ་ཟབ་པར་བཞུགས་པའི་ཡ་གྱལ་ལས་ཀྱི་མཁའ་འགྲོ་རྡོ་རྗེ་སྡེར་མོའི་དཀྱིལ་འཁོར་དུ་དབང་བསྐུར་བགྱི་བ་ལ། སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ། ཐལ་མོ་མེ་ཏོག་གིས་བཀང་སྟེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དཀྱིལ་འཁོར་བདག་ཉིད་བླ་མ་མཆོག༔ མ་ལུས་རྒྱལ་བ་ཀུན་གྱི་དངོས༔ མཁའ་འགྲོའི་དབང་ཕྱུག་དཀྱིལ་འཁོར་དུ༔ བདག་ཉིད་གཞུག་པར་མཛད་དུ་གསོལ༔ ལན་གསུམ། བླ་མ་དང་བཅོམ་ལྡན་འདས་མའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་རྒྱུད་རྣམ་པར་དག་པའི་སླད་དུ་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚུལ་བཞིན་བྱ་བའི་འདུན་པས་བརྗོད་ཚིག་དང་མཐུན་པར་བསྒོམ་དོན་གསལ་བཏབ་སྟེ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། དེ་ནས་ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ལས་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པདྨ་ཉི་མ་དགྲ་བགེགས་ཀྱི་གདན་ལ་རང་སེམས་ཧཱུྃ་མཐིང་ནག་ལས་འོད་ཟེར་འཕྲོས། དགྲ་བགེགས་གདུག་པ་ཅན་ཚར་བཅད། དོན་གཉིས་བྱས། ཚུར་འདུས་ཏེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་ལས་ཀྱི་མཁའ་འགྲོ་རྡོ་རྗེ་སྡེར་མོ་མཐིང་ནག་ཤིན་ཏུ་ཁྲོ་ཞིང་གཏུམ་པའི་གཟུགས་ཅན། ཕྱག་གཡས་རལ་གྲི་འཕྱར་ཞིང་གཡོན་པས་ཕུར་བུ་འདྲིལ་བ། དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན་ཅིང་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་གར་གྱི་རོལ་པས་འགྱིང་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་དང་། བདག་མདུན་གྱི་ཐུགས་ཀ་ནས་ཀྱང་འབར་བའི་འོད་ཟེར་གློག་གི་ཟེར་ཐག་ལྟ་བུ་འཕྲོས་པས། འོག་མིན་གྱི་དུར་ཁྲོད་ཆེན་པོ་སོགས་རྒྱལ་བའི་ཞིང་རབ་འབྱམས་ནས་དཔལ་ལྡན་ཁྲོ་མོ་རྡོ་རྗེ་སྡེར་མོ་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཁྱེད་རང་ལ་ཐིམ་པའི་མོས་པ་མཛོད། སྙིང་པོའི་གཤམ་དུ། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་བརྗོད། སྤོས་རོལ་བཅས་བྱིན་དབབ། ཡེ་ཤེས་པའི་རྒྱུན་བྱང་ཆུབ་བར་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ། རྡོ་རྗེ་མགོར་བཞག །སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་ནམ་མཁའ་གང་བར་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་དཀྱིལ་འཁོར་པའི་རང་བཞིན་ཅན་གྱིས་དབང་བསྐུར། བདུད་རྩིའི་ཆུ་རྒྱུན་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་གང་བར་མོས་ཤིག །བུམ་པ་ཐོགས་ལ། ཨོཾ༔ བུམ་པ་དྲག་པོའི་གཞལ་ཡས་ཁང༔ རྡོ་རྗེ་སྡེར་མོའི་ལྷ་ཚོགས་བཞུགས༔ སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ སློབ་མར་ཁྲུས་བྱས་དབང་བསྐུར་རོ༔ སྔགས་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ༔ བུམ་པ་མགོར་བཞག །བུམ་ཆུ་འཐོར་འཐུང་བྱ། ཆུའི་ལྷག་མ་གྱེན་དུ་ལུད་པ་ལས་དོན་ཡོད་གྲུབ་པས་གཙོར་བྱས་པའི་རིགས་ལྔས་དབུར་བརྒྱན། དབུ་རྒྱན་མགོར་བཞག་ལ། ཨོཾ་ཀརྨ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཨཱཾ༔ ཐབས་ཤེས་མཚོན་པའི་རྡོ་རྗེ་དྲིལ་བུ་ཕྱག་ཏུ་གཏད་པར་མོས་ཤིག །རྡོར་དྲིལ་ལག་གཡས་གཡོན་དུ་གཏད་ལ། ཨོཾ་བཛྲ་གྷཱཎྚེ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོར་དྲིལ་ལྷན་ཅིག་སྤྱི་བོར་དཀྲོལ་ལ། བླ་མ་དབང་གི་ལྷ་རྣམས་ཀྱིས་རྡོ་རྗེའི་མིང་གིས་མངོན་པར་དབང་བསྐུར་བའི་མོས་པ་མཛོད། ཨོཾ་བཛྲ་ནཱམ་ཨ་བྷི་ཥེ་ཀ་ཏ། དེ་དག་གིས་རིག་པའི་དབང་ལྔ་ཐོབ། ཕུང་པོ་ལྔ་གནས་གྱུར། ཡེ་ཤེས་ལྔ་མངོན་དུ་བྱས་པར་མོས་ཤིག །དེས་བུམ་པའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །བསྐྱེད་རིམ་སྒོམ་པ་ལ་དབང་། སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །བླ་མ་ལས་ཀྱི་དཔའ་བོ་དང་ཡུམ་ལས་ཀྱི་མཁའ་འགྲོ་མཉམ་པར་སྦྱོར་བའི་བྱང་ཆུབ་སེམས་ཀྱི་རྒྱུན་ཐོད་པའི་བདུད་རྩི་དང་རོ་གཅིག་པ་ལྗགས་ལ་བྱིན་པས་རྩ་ཁམས་ཐམས་ཅད་ཁྱབ། ངག་བྱིན་གྱིས་བརླབས་པར་མོས་ཤིག །ཐོད་པའི་བདུད་རྩི་སྦྱིན་ལ། ཨཱ༔ བླ་མ་ལས་ཀྱི་མཁའ་འགྲོ་མར༔ སྙོམས་པར་ཞུགས་པའི་བྱང་ཆུབ་སེམས༔ སློབ་མའི་ལྕེ་ལ་བཞག་པ་ཡིས༔ བདེ་ཆེན་གསང་བའི་དབང་ཐོབ་ཤོག༔ སྔགས་མཐར། བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་བྱིན་པའི་བྱང་སེམས་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་མོས་ལ་མྱངས་ཏེ་སྔགས་འདིའི་རྗེས་ཟློས། ཨ་ཧོ་མ་ཧཱ་སུ་ཁཾ༔ དེས་གསང་བའི་དབང་ཐོབ། ངག་སྒྲིབ་དག །རྩ་རླུང་སྒོམ་པ་ལ་དབང་། ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། ཁྱེད་རང་སྐད་ཅིག་གིས་ལས་ཀྱི་དཔའ་བོར་གསལ་བ་མཚན་ཉིད་དང་ལྡན་པའི་རིག་མ་ལས་ཀྱི་མཁའ་འགྲོ་མ་པང་དུ་བྱིན་པ་དང་སྙོམས་པར་ཞུགས་པས་དགའ་བཞིའི་ཡེ་ཤེས་མཐར་ཐུག་པ་སྐྱེས། ཡིད་བྱིན་གྱིས་བརླབས་པར་མོས་ཤིག །རྡོར་པད་ཙཀླི་གཏད་ལ། ཧཱུྃ༔ སློབ་མ་ལས་ཀྱི་དཔའ་བོ་ཡིས༔ ལས་ཀྱི་མཁའ་འགྲོ་ལ་སྦྱོར་བས༔ དགའ་བཞིའི་ཡེ་ཤེས་རྟོགས་ནས་སུ༔ ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔ སྔགས་མཐར། མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ སྔགས་དང་ཕྱག་རྒྱ་འདིའི་རྗེས་ཟློས་མཛོད། འཁྱུད་རྒྱ་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་སྒྲིབ་དག །ཐིག་ལེ་སྒོམ་པ་ལ་དབང་། ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཕོ་ཉའི་ལམ་ལས་སྐྱེས་པའི་དཔེའི་ཡེ་ཤེས་ཀྱི་རང་ངོར་བལྟས་ཏེ་མཉམ་པར་བཞག་པས། དོན་དམ་དཔེ་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རིག་སྟོང་ནམ་མཁའ་ལྟ་བུའི་དགོངས་པ་མངོན་དུ་གྱུར་པ་དེ་ཉིད་བསྐྱང་བར་ཞུ། ཧཱུྃ༔ ཐབས་དང་ཤེས་རབ་དབྱེར་མེད་པར༔ ཟུང་དུ་འཇུག་པའི་ཡེ་ཤེས་ནི༔ རྡུལ་བྲལ་མཁའ་ལྟར་རྣམ་པར་དག༔ མཁའ་ལྟར་མཉམ་པའི་དབང་ཐོབ་ཤོག༔ སྔགས་མཐར། དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་དབང་བཞི་པ་ཐོབ། སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་དག །རྫོགས་པ་ཆེན་པོ་སྒོམ་པ་ལ་དབང་། ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །དེ་ལྟར་དབང་བཞི་ཡོངས་རྫོགས་ཐོབ་ནས་ཁྱེད་རང་མཁའ་འགྲོའི་དབང་ཕྱུག་དཔལ་རྡོ་རྗེ་སྡེར་མོ་དང་སྐལ་པ་མཉམ་པར་གྱུར་པ་ལ། ཕྱག་མཚན་བསམ་ཆོད་རལ་གྲི་འབར་བ་དང་ཐོ་བ་ཕུར་པ་གཡས་གཡོན་དུ་གཏད་ནས་མངའ་གསོལ་བར་མོས་ཤིག །ཐོ་བ་གཡས་ཕུར་བུ་གཡོན་དུ་གཏད་ལ་སྙིང་པོའི་སྔགས་བཟླ། དེ་ནས་མངོན་སྤྱོད་ལས་ཀྱི་སྦྱོར་བའི་རྗེས་སུ་གནང་བ་ཡིན་པས་ཁྱེད་རང་ཁྲོ་མོའི་ང་རྒྱལ་རབ་ཏུ་བརྟན་པོར་བསྐྱེད་འཚལ། ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་པའི་ནང་དུ་དགྲ་བགེགས་དམ་སྲི་དངོས་སུ་གསལ་བར་གྱུར། བདེན་སྟོབས་བརྗོད་ལ། ནྲྀ་ཏྲི་བཛྲ་ཨཱ་ཀརྵ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ སློབ་དཔོན་གྱིས་ཚིག་དང་སྔགས་བརྗོད་པ་ཐམས་ཅད་ཁྱེད་རང་གིས་ཀྱང་བརྗོད་བཞིན་དུ་ལིངྒ་ལ་ཕྱག་མཚན་གཉིས་ཀྱིས་གདབ་པའི་ལས་མཛོད་ཅིག །བདག་གི་ལུས་ངག་ཡིད་གསུམ་ལ་འཚེ་ཞིང་བར་དུ་གཅོད་པའི་འཇིགས་པ་དང་གདོན་དང་། མདངས་དང་གཟི་བརྗིད་འཕྲོག་པ་དང་། རིག་སྔགས་རྦོད་གཏོང་བྱད་སྟེམས་ཕུར་ཟོར་གཏད་ཁྲམ་ངན་སྔགས་ཀྱི་རིགས་སུ་གྱུར་པ་དང་། ནད་དང་ཡམས་དང་། སྡང་བྱེད་ཀྱི་དགྲ། གནོད་བྱེད་ཀྱི་བགེགས་སུ་གྱུར་པ་ཐམས་ཅད་རིག་སྔགས་འདིས་གཅད་དོ། །ཕུར་བུས་གདབ་བོ། །ཐོ་བས་བརྡུང་ངོ་། །ཕྱག་རྒྱས་གནན་ནོ། །ན་མཿས་མནྟ་བུདྡྷ་ནཱཾ། ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཎཱཾ། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱཾ་མཱ་ར་ཡ་ཕཊ་ཕཊ། ཀཱི་ལི་ཀཱི་ལ་ཡ་སརྦ་པཱ་པཾ་ཧཱུྃ་ཧཱུྃ་ཧཱུྃ། བཛྲ་ཀཱི་ལི་ཀཱི་ལ་ཡ། བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཏི། ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཨོཾ་ཨ་ཀྲོ་དྷཱི་ཀ་མུཏྒ་ར་ཧཱུྃ་ཕཊ། ཅེས་དང་གོང་གི་སྙིང་པོའང་བཟླས་ལ་ཐོ་བས་བརྡུང་། ཕུར་བུས་གདབ་ཏུ་གཞུག །མཐར་ཤིས་བརྗོད་འོས་ཤིང་འཐད་པར་བརྗོད། དེས་ལས་ཀྱི་མཁའ་འགྲོའི་དབང་ཕྱུག་དཔལ་རྡོ་རྗེ་སྡེར་མོའི་དབང་བཞི་ཡོངས་རྫོགས་མཐའ་རྟེན་མངོན་སྤྱོད་དྲག་པོའི་རྗེས་གནང་དང་བཅས་ལེགས་པར་གྲུབ་པ་ཡིན་པས་སོགས་མཚམས་སྦྱར་ལ་དམ་ཚིག་ཁས་བླང་ཕྱིན་ཆད་སྤྱི་ལྟར་བྱ། རྩ་གསུམ་ཕྲིན་ལས་བཏང་ན་ཚོགས་མཆོད་ཕྱིན་ཆད་ཕྲིན་ལས་རྗེས་ཀྱི་སྤྱི་ཆིངས་ལྟར་བྱ་དགོས། འདི་ཉིད་ཁོ་ན་ཡིན་ན་མཆོད་པ་ཁ་གསོས་ལ་ལས་བྱང་ལྟར་མཆོད་བསྟོད་ནོངས་བཤགས། མདུན་བསྐྱེད་རྟེན་ཡོད་མེད་དང་བསྟུན་པའི་གཤེགས་བསྟིམ། བདག་བསྐྱེད་བསྡུ་ལྡང་། དགེ་བསྔོ་ཤིས་བརྗོད་སྤྱི་ལྟར་བྱས་པས་ཆོག་གོ །མཚན་དང་རིག་པ་སྔར་གྲགས་ཀྱང་། །དབང་དང་སྒྲུབ་ཐབས་ཁུངས་ལྡན་དཀོན། །འདིས་ཀྱང་བསྟན་འགྲོའི་བདེ་སྐྱིད་དཔལ། །ཡར་ཟླ་ལྟར་འཕེལ་རྒྱས་གྱུར་ཅིག །ཅེས་པའང་སྤྲུལ་པའི་གཏེར་ཆེན་ཉིད་ཀྱིས་བཀའ་ཡིས་རྗེས་སུ་གནང་ཞིང་སྲས་ཡུམ་ཟུང་གིས་གསུང་བསྐུལ་མཛད་པ་ལྟར། པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་ཕོ་བྲང་ཆེན་པོའི་མདུན་རོལ་གྲུབ་པའི་བསྟི་གནས་བྱང་ཆུབ་ཤིང་གི་སྐྱེད་ཚལ་གྱིས་མཛེས་པའི་དབེན་ཁྲོད་ཀུན་བཟང་བདེ་ཆེན་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).