Terdzo-WI-045

From Rinchen Terdzö
Revision as of 15:47, 7 January 2019 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

འཕགས་པ་ཛམ་བྷ་ལ་ནག་པོའི་ཆུ་སྦྱིན་གྱི་ཆོ་ག་དངོས་གྲུབ་སྙིང་པོ་

'phags pa dzam b+ha la nag po'i chu sbyin gyi cho ga dngos grub snying po

by  འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Jamyang Khyentse Wangpo)
revealed by  གུ་རུ་ཆོས་ཀྱི་དབང་ཕྱུག་ (Guru Chökyi Wangchuk)
Volume 50 (ཝི) / Pages 703-710 / Folios 1a1 to 4b6

[edit]

༄༅། །འཕགས་པ་ཛམ་བྷ་ལ་ནག་པོའི་ཆུ་སྦྱིན་གྱི་ཆོ་ག་དངོས་གྲུབ་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཀྲྀཥྞ་ཛམ་བྷ་ལ་ཡ། འདིར་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གི་གཏེར་བྱོན་ཛཾ་བྷ་ལ་ནག་པོའི་སྒྲུབ་ཐབས་རིན་ཆེན་ཆར་འབེབ་ལས། མདུན་བསྐྱེད་ཆུ་སྦྱིན་ལ་བརྟེན་ནས་བསྙེན་པའི་ཆོ་ག་བཀླག་ཆོག་ཏུ་བཀོད་པ་ལ། སྔ་དྲོའི་ཆར་གནས་གཙང་ཞིང་དབེན་ལ་ཡིད་དང་མཐུན་པར་རང་གི་མདུན་ཟངས་གཞོང་གི་དབུས་སུ་འཕགས་པ་ཛམ་བྷ་ལའི་སྐུ་ཡོད་ན་བཤམ། དེའི་མདུན་དུ་མེ་ཏོག་ལ་སོགས་པའི་མཆོད་པ་དང་། རིན་པོ་ཆེའི་སྣོད་དུ་སྲོག་ཆགས་མེད་པའི་ཆུ་གཙང་མ་རྣམས་འདུ་བྱ། ཚོགས་ཞིང་ནམ་མཁའ་གང་བར་སད་པར་གྱུར་པའི་སྤྱན་སྔར། སྐྱབས་སུ་འགྲོ་བ་ནི། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ གནོད་སྦྱིན་ནོར་ལྷ་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་བ་བསྒྲལ་བར་དམ་བཅའ་འོ༔ ལན་གསུམ། ཚོགས་གསག་པ་ནི། ཧོ༔ མ་ལུས་ཕྱོགས་ན་བཞུགས་པ་ཡི༔ བླ་མ་ཡི་དམ་མཁའ་འགྲོ་དང༔ ནོར་བདག་མགོན་པོ་ཛམ་བྷ་ལ༔ གནོད་སྦྱིན་གཏེར་འཆང་ཚོགས་དང་བཅས༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ མཆོད་པ་རྣམ་པ་དུ་མས་མཆོད༔ སྡིག་པ་ཐམས་ཅད་སོ་སོར་བཤགས༔ དགེ་བ་ཀུན་ལ་རྗེས་ཡི་རང༔ ཆོས་ཀྱི་འཁོར་ལོ་བསྐོར་བ་བསྐུལ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ བསོད་ནམས་འགྲོ་བ་ཡོངས་ལ་བསྔོ༔ སྙིང་པོ་བྱང་ཆུབ་མཆོག་ཐོབ་ཤོག༔ ལན་གསུམ། མཎྜལ་ནི། ན་མོ༔ བཀོད་པ་མཛེས་ལྡན་རིན་ཆེན་མཎྜལ་མཆོག༔ རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླས་བརྒྱན༔ རིན་ཆེན་འདོད་ལྔ་ཀུན་བཟང་མཆོད་སྤྲིན་གཏིབས༔ དཀོན་མཆོག་བླ་མ་ཡི་དམ་མཁའ་འགྲོ་མཆོད༔ བླ་མེད་མཆོད་བཞེས་མཆོག་གི་དངོས་གྲུབ་སྩོལ༔ བདག་སོགས་འགྲོ་བ་མ་ལུས་བསྐྱབ་ཏུ་གསོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་རཏྣ་མཎྜ་ལ་སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་སྭཱ་ཧཱ༔ ཞེས་འབུལ། ཛཿཧཱུྃ་བཾ་ཧོཿས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། བདག་བསྐྱེད་ནི། ཐུགས་རྗེ་ཆེན་པོའི་རྣལ་འབྱོར་རྒྱས་པར་བྱ་བའམ། བསྡུ་ན། རང་ཉིད་སྐད་ཅིག་གིས་འཕགས་པ་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་གསལ་ཞལ་གཅིག་ཕྱག་གཉིས་པ། གཡས་མཆོག་སྦྱིན་དང་། གཡོན་པདྨ་དཀར་པོ་བསྣམས་པ། དར་དང་རིན་པོ་ཆེས་བརྒྱན་ཅིང་། པད་ཟླའི་གདན་ལ་ཞབས་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའི་སྐུར་གྱུར་པར་བསམ། མདུན་བསྐྱེད་ནི། རང་གི་མདུན་དུ་པདྨ་དང་ཟླ་བའི་གདན་ལ་ནོར་བདག་རྣམ་མང་ཐོས་པའི་གཟུགས་ནོར་བུ་སྐྱུགས་པའི་སྟེང་དུ་ཛཾ་ནག་པོ༔ དེ་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་གྲངས་མེད་པ་འཕྲོས་པས་འཇིག་རྟེན་ཁམས་དང༔ དག་པའི་ཞིང་གི་སྣོད་དང་བཅུད་ཀྱི་འབྱོར་པ་དང་མངའ་ཐང་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་ཛཾ་ལ་ཐིམ༔ དེ་ཡོངས་སུ་གྱུར་པ་ལས་མགོན་པོ་ཛམ་བྷ་ལ་ནག་པོ་མིག་སྨན་གྱི་རི་བོ་ལྟར་བརྗིད་ཅིང་ལྷུན་སྟུག་པ༔ སྐྲ་ཁམ་པ་གྱེན་དུ་བརྗེས་པ༔ གཅེར་བུ་རྣ་བ་མ་ཕུག་པ་ཞོ་འཐུང་བྱིས་པ་དྲེགས་པའི་ཉམས་དང་ལྡན་པ༔ མཚན་མ་གྱེན་དུ་བསྒྲེང་ཞིང་བ་སྤུ་ལངས་པ༔ སྤྱན་གསུམ་དམར་ལ་ཟླུམ་ཞིང་འཁྱིལ་བ༔ ཞལ་གདངས་ཤིང་ལྗགས་འདྲིལ་བ༔ མཆེ་བ་བཞི་གཙིགས་པ༔ ཕྱག་གཡས་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ༔ གཡོན་པས་ནེའུ་ལེ་ནོར་བུ་སྣ་ཚོགས་པ་ལྷུག་ལྷུག་སྐྱུག་པ་བརླ་གཡོན་པ་ལ་བརྟེན་ནས་བཟུང་བ༔ ཞབས་གཡས་བསྐུམ་ཞིང་གཡོན་ཅུང་ཟད་བརྐྱང་པ༔ ཀླུ་ཆེན་པོ་བརྒྱད་སྦྲུལ་གྱི་རྣམ་པས་སྤྲས་པ༔ ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་ཤིང་མི་བསྐྱོད་པས་དབུ་བརྒྱན་པར་བསམ་ལ༔ ཐུགས་ཀར་ཟླ་བའི་དབུས་སུ་རྡོ་རྗེ་རྩེ་དགུ་པ་ཟླ་བ་ཧཱུྃ་ཡིག་དང་བཅས་པ༔ དཔྲལ་བར་ཨོཾ༔ ལྕེ་ལ་ཛཾ༔ དཔུང་པ་གཡས་པར་བྷ༔ གཡོན་པར་ལ༔ ཐུགས་ཀར་ཛ༔ ལྟེ་བར་ལེན༔ ངར་གདོང་གཡས་པར་དྲ༔ གཡོན་པར་ཡ༔ བོལ་གོང་གཡས་པར་སྭཱ༔ གཡོན་པར་ཧཱ༔ དེ་རྣམས་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས་པར་གྱུར༔ ཧཱུྃ༔ བྱང་ཕྱོགས་གནོད་སྦྱིན་འདུལ་བའི་ཕྱིར༔ བཅོམ་ལྡན་མགོན་པོ་མི་བསྐྱོད་པ༔ ཐུགས་རྗེས་སྐུ་སྤྲུལ་ཛམ་བྷ་ལ༔ འཁོར་བཅས་གནས་འདིར་གཤེགས་སུ་གསོལ༔ ཨོཾ་ཨཱརྻ་ཛམ་བྷ་ལ་བཛྲ་ས་མ་ཡ་ཛ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཛཿཧཱུྃ་བཾ་ཧོ༔ ཞེས་གཉིས་སུ་མེད་པར་བསམ་ལ་ཕྱག་འཚལ་བ་ནི། ཧཱུྃ༔ གདོད་ནས་མངོན་པར་སངས་རྒྱས་ཀྱང༔ ས་བརྒྱད་དབང་ཕྱུག་སེམས་དཔའི་ཚུལ༔ ནོར་བདག་མགོན་པོ་ཛཾ་བྷ་ལ༔ འཁོར་དང་བཅས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ ཞེས་ཕྱག་འཚལ་བས། པྲ་ཏཱིཙྪ་ཧོ༔ ཞེས་ཕྱག་ལན་མཛད་པར་བསམ། དེ་ནས་རང་གི་ལག་པ་གཡས་པར་པཾ་ལས་བྱུང་བའི་གཏེར་ཆེན་པོའི་བུམ་པ་བཟང་པོ་བདུད་རྩིའི་ཆུ་རྒྱུན་གྱིས་སྦགས་པའི་མཁྲིག་མར་ཨོཾ༔ བུམ་པའི་ནང་དུ་ཛཾ༔ མཛུབ་མོ་ལ་བྷ༔ གུང་མོ་ལ་ལ༔ སྲིན་ལག་ལ་ཛ༔ མཐེའུ་ཆུང་ལ་ལེན༔ མཐེ་བོང་ལ་དྲ༔ མཁྲིག་མའི་མཚམས་སུ་ཡ༔ དེའི་གཡས་སུ་སྭཱ༔ གཡོན་དུ་ཧཱ༔ ཐམས་ཅད་ཟླ་བ་བདུད་རྩིས་གང་བ་ལ་གནས་པར་གྱུར༔ རང་གི་ཁྱོར་བའི་ཆུ་རྡོ་རྗེའི་སྔགས་ཀྱིས་བདེ་བ་ཆེན་པོའི་རང་བཞིན་བདུད་རྩིའི་རྒྱུན་ཟད་མི་ཤེས་པར་གྱུར་པ་མདུན་གྱི་ཛམ་བྷ་ལའི་ཞལ་དུ་ཕུལ་བས་ཤིན་ཏུ་མཉེས་ཤིང་ཚིམས་ནས་ནོར་གྱི་དངོས་གྲུབ་མ་ལུས་པ་བསྩལ་བར་བསམ་ལ། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཞེས་དང་། ཨོཾ་ཨིནྡྲ་ནཱི་མུ་ཁཾ་བྷྲ་མ་རི་སྭཱ་ཧཱ༔ ཞེས་པས་བྱིན་གྱིས་བརླབ། ཨོཾ་ཛམ་ལུཾ་སྭཱ་ཧཱ༔ བརྒྱ་དང་བརྒྱད་ཀྱིས་དབུལ་བར་བྱའོ། །དེ་ནས་མཆོད་པ་ནི། ཧཱུྃ༔ མེ་ཏོག་ཕྲེང་སོགས་རིན་ཆེན་དང༔ བདུག་སྤོས་སྣང་གསལ་སྒྲོན་མེའི་འོད༔ དྲི་མཆོག་ཞལ་ཟས་འདོད་ཡོན་ཚོགས༔ འབུལ་ལོ་དངོས་གྲུབ་མ་ལུས་སྩོལ༔ ཨོཾ་ཛམ་བྷ་ལ་ས་པ་རི་ཝཱ་ར་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པཱུ་ཛ་སརྦ་ས་མ་ཡ་ཧཱུྃ༔ ཞེས་མཆོད། ཧཱུྃ༔ མི་བསྐྱོད་ཡེ་ཤེས་རྡོ་རྗེ་སེམས་དཔའ་ནི༔ འགྲོ་བ་འདུལ་ཕྱིར་གནོད་སྦྱིན་དབང་པོའི་ཚུལ༔ ནམ་མཁའི་མདོག་ཅན་མ་སྐྱེས་ཆོས་སྐུའི་ངང༔ ལོངས་སྤྱོད་རྫོགས་མཛད་ཐོད་ཁྲག་ནེའུ་ལེ་བསྣམས༔ སྤྲུལ་པའི་ཐུགས་རྗེས་སེམས་ཅན་དབུལ་ཕོངས་སེལ༔ གཞན་དོན་ལ་བཞེངས་ཞབས་གཉིས་བརྐྱང་བསྐུམ་ཚུལ༔ སྒེག་ཅིང་གཞོན་དང་ཁྲོ་བོའི་ཉམས་ལྡན་པས༔ སྒྲུབ་པོའི་རེ་སྐོང་ཕྲིན་ལས་ལྷུན་གྱིས་གྲུབ༔ མགོན་པོ་ཛམ་བྷ་ལ་ལ་ཕྱག་འཚལ་བསྟོད༔ བདག་ལ་ནོར་དང་ལོངས་སྤྱོད་དངོས་གྲུབ་སྩོལ༔ འཛད་མེད་དབྱིག་གི་ཆར་ཆེན་འབེབ་པར་མཛོད༔ ཨོཾ་ཛམ་བྷ་ལ་ཛ་ལེནྡྲ་ཡ་སིདྡྷི་སིདྡྷི་ཀུ་ན་ཧཱུྃ་ཧཱུྃ༔ ཞེས་བསྟོད་ཅིང་གསོལ་བ་གདབ་པར་བྱའོ། །ཟངས་གཞོང་ན། སླར་ཡང་རང་གི་ལག་པ་གཡས་པར་པཾ་སོགས་ནས་བསྟོད་གསོལ་གྱི་བར་བསྐྱར། མཐར་ཐལ་མོ་སྦྱར་ཏེ། མ་རྙེད་ཡོངས་སུ་མ་ཚང་དང་། །གཙོ་བོ་ནུས་པ་མ་མཆིས་པ། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང་ཡི་གེ་བརྒྱ་པས་ནོངས་པ་བཤགས། རྟེན་ཡོད་ན། ཨོཾ། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་འཐོར། མེད་ན། ཨོཾ། ཁྱེད་ཀྱིས་སེམས་ཅན་ཀུན་དོན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿ གཏོར་མགྲོན་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་གཉིས་སུ་མེད་པར་ཐིམ་པས་མཐུ་སྟོབས་དང་གཟི་བརྗིད་ཕུན་སུམ་ཚོགས་པར་བསམ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །ཅེས་སོགས་བསྔོ་སྨོན་དང་། །འབད་དང་རྩོལ་བས་མ་གོས་པ། །ཡིད་བཞིན་ནོར་བུ་དཔག་བསམ་བཞིན། །སེམས་ཅན་རེ་བ་སྐོང་མཛད་པ། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་སོགས་བཀྲ་ཤིས་རྒྱས་པར་བརྗོད་དོ། །དེ་ལྟར་བརྩོན་པའི་རྟགས་དང་ཕན་ཡོན་ཡང་གཞུང་ལས། དེ་ལྟ་བུ་བརྒྱ་སྟོང་ཁྲི་འབུམ་སོགས་གྲུབ་ན༔ རྨི་ལམ་དུ་ཆུ་བོ་རྒྱས་པ་དང༔ གཏེར་རྙེད་པ་དང༔ ལོ་ཏོག་དང་ནགས་ཚལ་ཕུན་སུམ་ཚོགས་པ་སོགས་ཀྱི་ལྟས་དང་བཅས་ཏེ་ནོར་འཕེལ་བར་འགྱུར་རོ༔ ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །མངའ་བདག་གསུང་སྤྲུལ་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གིས་བྲག་རྟ་མགྲིན་མགུལ་ནས་སྤྱན་དྲངས་པའི་ཛམ་བྷ་ལ་ནག་པོ་ཆུ་སྦྱིན་ལ་བརྟེན་ནས་བསྙེན་པའི་ཆོ་ག་ཟུར་དུ་ཕྱུང་སྟེ་བཀླགས་པས་གྲུབ་པར་བསྡེབས་པ་འདིའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་འགྲོ་ཀུན་དངོས་གྲུབ་རྣམ་པ་གཉིས་ཀྱི་བདུད་རྩི་ལ་ལོངས་སུ་སྤྱོད་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).