Terdzo-CI-012

From Rinchen Terdzö
Revision as of 02:49, 7 November 2018 by Jeremi (talk | contribs) (Text replacement - "2007-2016" to "2007-2018")
(diff) ← Older revision | Latest revision (diff) | Newer revision → (diff)

རྡོ་རྗེ་ཕག་མོའི་ཟབ་རྒྱ་ལས། ཟབ་ལམ་ཁྲིད་ཀྱི་ཉམས་ལེན་སྙིང་པོར་དྲིལ་བ་ཟུང་འཇུག་ཐེམ་སྐས་

rdo rje phag mo'i zab rgya las/_zab lam khrid kyi nyams len snying por dril ba zung 'jug them skas

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་, པདྨ་ཚེ་དབང་རྒྱལ་པོ་ (Rigdzin GödemPema Tsewang Gyalpo)
in cycle  རྡོ་རྗེ་ཕག་མོའི་ཟབ་ཁྲིད་ཡང་གསང་ཀུན་གྱི་སྙིང་པོ་ (Rdo rje phag mo'i zab khrid yang gsang kun gyi snying po)
Volume 35 (ཅི) / Pages 461-506 / Folios 1a1 to 23b3

[edit]

༄༅། །རྡོ་རྗེ་ཕག་མོའི་ཟབ་རྒྱ་ལས། ཟབ་ལམ་ཁྲིད་ཀྱི་ཉམས་ལེན་སྙིང་པོར་དྲིལ་བ་ཟུང་འཇུག་ཐེམ་སྐས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བཛྲ་ཡོ་གི་ནཱི་ཡཻ། གབ་པ་གཏིང་ནས་སློང་བའི་ཐབས་མཁས་དང་། །འཁྲུལ་རྟོག་རྩད་ནས་གཅོད་པའི་ཤེས་རབ་མཆོག །ཟུང་འཇུག་འབྲས་ཉིད་ལམ་གྱི་རྣམ་པར་ཤར། །བླ་མ་རྡོ་རྗེ་བཙུན་མོས་བདག་བྱིན་རློབས། །ལམ་ཟབ་ཡོངས་རྫོགས་ཁྱད་པར་མྱུར་བདེའི་ཐབས། །མ་སྦས་གསལ་སྟོན་ཕྱག་བཞེས་རྒྱུན་མ་ཆད། །རྣལ་འབྱོར་ཀུན་ལ་གྲགས་པ་གསལ་ལྡན་པ། །ཟབ་རྒྱའི་ཁྲིད་ཚུལ་ཕྱོགས་ཙམ་མཚོན་པར་བྱ། །དེའང་གཏེར་སྟོན་རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བྱང་ཟང་ཟང་ལྷ་བྲག་ནས་མཛོད་ལྔ་ཡོངས་སུ་རྫོགས་པའི་གཏེར་ཁ་ཆེན་པོ་སྤྱན་དྲངས་པའི་ནང་ཚན་རྡོ་རྗེ་སེམས་དཔའི་ཀློང་ཆེན་དྲུག །ཨོ་རྒྱན་པདྨའི་སྙན་བརྒྱུད་དྲུག །རྡོ་རྗེ་ཕག་མོའི་ཟབ་རྒྱ་དྲུག་ལ་སོགས་པ་ཟབ་ཅིང་རྒྱ་ཆེ་བ་དུ་མ་བྱོན་པ་ཕལ་ཆེར་ཡང་གཏེར་དུ་སྦས་པའི་ནང་ནས། རྡོ་རྗེ་ཕག་མོའི་ཟབ་རྒྱའི་ཆོས་སྐོར་རྣམས་མང་ཡུལ་རི་བོ་དཔལ་འབར་གྱི་བྲག་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་ནས། ལྷ་ལྕམ་ནུས་འབྱིན་ས་ལེའི་ཡང་སྲིད་གཏེར་སྟོན་བསྟན་གཉིས་གླིང་པའམ་པདྨ་ཚེ་དབང་རྒྱལ་པོས་སྤྱན་དྲངས་ཏེ་ཉམས་ལེན་བརྒྱུད་པ་ཟམ་མ་ཆད་པར་བྱོན་པ་འདི་ཉིད་ཉམས་སུ་ལེན་པ་ལ་གཉིས། སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་གདམས་པའོ། །དང་པོ་ནི། མཚན་ཉིད་དང་ལྡན་པའི་བླ་མ་ལས་དབང་ཆོག་པདྨའི་ཕྲེང་བ་ལྟར་ཚུལ་བཞིན་ནོས་ལ་དམ་ཚིག་རྣམ་པར་དག་པ་རྩ་བར་གཟུང་ངོ་། །གཉིས་པ་གྲོལ་གདམས་ལ་གསུམ། རྒྱུད་དག་པར་བྱེད་པ་སྔོན་འགྲོའི་ཆོས། གྲོལ་བྱེད་ཁྲིད་ཀྱི་རིམ་པ་དངོས་གཞི། རྗེས་ཉེ་བར་མཁོ་བའི་ཡན་ལག་བཤད་པའོ། །དང་པོ་ལ། བཀྲ་བཟང་པའི་ཕྱག་བཞེས་སུ་ཐོག་མར་བློ་ལྡོག་རྣམ་བཞི་བསྒོམ་པ་ཐུན་མོང་གི་སྔོན་འགྲོ་དང་། རྡོར་སེམས་སོགས་ཐུན་མོང་མིན་པའི་སྔོན་འགྲོའི་རྣམ་གཞག་མཛད་པའང་སྤྱི་དང་མཐུན་པས་ལེགས་སོ། །བྱང་པ་ཡབ་སྲས་ཕྱག་ལེན་དུ་རང་ལུགས་ཐུན་མོང་མ་ཡིན་པ་སྔོན་འགྲོ་གནད་ཀྱི་གཟེར་ལྔའི་ཁོང་དུ་བསྡུས་ཏེ་འཆད་པ་ལྟར་ན། ཐོག་མར་ཐུན་གྱི་སྔོན་འགྲོ་རླུང་སྐྱོན་བསལ་བ་ནི། ལུས་དྲང་བར་བསྲང་། རླུང་ཅུང་ཟད་ནང་དུ་བཟུང་། དམིགས་པ་རང་གིས་ཚེ་རབས་ཐོག་མ་མེད་པ་ནས། ཉོན་མོངས་ཞེ་སྡང་གི་སྒོ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་རླུང་དཀར་ལ་མོག་པའི་རྣམ་པ་ཅན་དུ་ཕྱིར་སངས་ཀྱིས་སོང་བར་བསམ་ལ། སྣ་བུག་གཡས་ནས་ཕྱིར་འབུད་དྲག་པོ་གསུམ་དང་། དེ་བཞིན་དུ་གཡོན་ནས་འདོད་ཆགས་ཀྱི་སྒོ་ནས་བསགས་པའི་ལས་སྒྲིབ་ཐམས་ཅད་རླུང་དམར་ལ་མོག་པའི་རྣམ་པ་ཅན་དང་། གཉིས་མཉམ་ན་གཏི་མུག་གི་ལས་སྒྲིབ་རྣམས་རླུང་དུད་པའི་མདོག་ཅན་དུ་ཕྱིར་སོང་བར་བསམ་ལ་དགུ་ཕྲུགས་སུ་འབུད། རྗེས་ལ་ཧ་སྤྲུག་རེ་བྱ། དེ་ནས་བྱིན་རླབས་མྱུར་དུ་འཇུག་པ་དང་བར་ཆད་སེལ་ཕྱིར་ཚིག་བདུན་གསོལ་འདེབས་ཚར་གསུམ་བརྗོད་པའི་དང་པོས་རང་དབང་ཆེན་ཡབ་ཡུམ་སྤྱི་བོར་བླ་མ་བཅས་གསལ་གདབ། གཉིས་པས་སྤྱན་དྲངས་ཤིང་གསོལ་བ་འདེབས་པ། གསུམ་པས་རང་ལ་བསྟིམས་ཏེ་མཉམ་པར་འཇོག་པ་རྣམས་ཐུན་ཐམས་ཅད་ཀྱི་སྔོན་དུ་གཏང་ངོ་། །དེ་ནས་ཁྲིད་ཀྱི་སྔོན་དུ་འགྲོ་བ་གཟེར་ལྔ་ལའང་སྐྱབས་སེམས་གཉིས་གཅིག་ཏུ་བསྡུས་ཏེ་བླ་མའི་རྣལ་འབྱོར་གཟེར་ལྔའི་ཁོངས་སུ་བྱེད་པ་དང་། སྐྱབས་སེམས་སོ་སོར་ཕྲལ། བླ་མའི་རྣལ་འབྱོར་ཐུན་མོང་མ་ཡིན་པའི་སྔོན་འགྲོར་བྱེད་པའི་ལུགས་སྲོལ་གཉིས་ལས་འདིར་ཕྱི་མ་ལྟར་བྱེད་པ་ཕྱག་ལེན་དུ་སྣང་བ་ལྟར་འཆད་པ་ལ་གཉིས། ཐུན་མོང་དང་། ཁྱད་པར་རོ། །དང་པོ་ལ་གནད་ཀྱི་གཟེར་ལྔ་ལས་ཐོག་མར་སྐྱབས་སུ་འགྲོ་བ་ལའང་ལྔ། སྐྱབས་ཡུལ་ངོས་གཟུང་བ། སྐྱེས་བུ་གསུམ་གྱི་བློའི་ཁྱད་པར། སྐྱབས་སུ་འགྲོ་བའི་ཚུལ། ཕན་ཡོན། བསླབ་བྱ་རྣམས་སོ། །དང་པོ་ནི། ཐུན་མོང་ཕྱིའི་སྐྱབས་ཡུལ་དཀོན་མཆོག་རིན་པོ་ཆེ་གསུམ། ཁྱད་པར་ནང་གི་རྩ་བ་གསུམ། བླ་མེད་གསང་བ་སྐུ་གསུམ། ཨ་ཏི་ཡང་གསང་གི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་མོ། །གཉིས་པ་བློ་ཁྱད་ནི། སྐྱེས་བུ་ཆུང་འབྲིང་མཐོ་རིས་དང་རང་དོན་ཐར་པ་དོན་གཉེར་ཀྱི་བློ་སྤངས་ནས། མཐའ་མེད་པའི་སེམས་ཅན་གྱི་སྡུག་བསྔལ་མཐོང་ནས་དེ་རྣམས་འཁོར་བ་ལས་སྒྲོལ་བའི་ཕྱིར་སྐྱབས་སུ་འགྲོ་བ་སྐྱེས་བུ་ཆེན་པོའི་ལམ་ལ་བསླབ། གསུམ་པ་འགྲོ་ཚུལ་ནི། སྤྱིར་ཐེག་པ་སྤྱིའི་ལུགས་ཀྱིས་སངས་རྒྱས་ལ་སྟོན་པ། ཆོས་ལ་སྐྱབས། དགེ་འདུན་ལ་ལམ་བསྒྲུབ་པའི་གྲོགས་སུ་མོས་ཏེ་སྐྱབས་སུ་འགྲོ་བ་དང་། གསང་སྔགས་སྤྱིའི་ལུགས་ཀྱིས་སྒོ་གསུམ་བླ་མ་ལ་འབུལ། ཡི་དམ་ལ་བསྟེན། མཁའ་འགྲོ་ལ་གྲོགས་སུ་མོས་ཏེ་སྐྱབས་སུ་འགྲོ་བ་དང་། ཁྱད་པར་ཐབས་མཆོག་རྡོ་རྗེ་སྙིང་པོ་འདིའི་ལུགས་སུ། རྩ་སྤྲུལ་སྐུ །རླུང་ལོངས་སྐུ །ཐིག་ལེ་ཆོས་སྐུར་དག་པའི་མྱུར་ལམ་ལ་སྐྱབས་སུ་འགྲོ་བ་དང་། ཨ་ཏི་ཡང་གསང་གི་སྐྱབས་འགྲོ་ནི། སྐྱབས་ཡུལ་དེ་རྣམས་ཐུགས་རྒྱུད་ཀྱི་ཡེ་ཤེས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་རང་རྒྱུད་ལ་བསྒྲུབ་བྱར་བྱེད་ཅིང་ལ་བཟླའི་དོན་ལ་མཉམ་པར་འཇོག་པའི་གནད་ངེས་པར་བྱས་ནས། སྐྱབས་འགྲོའི་དམིགས་པ་ནི། རང་གི་སྤྱི་བོར་པདྨའི་སྡོང་པོ་འདབ་མ་བཞི་པ་དབུས་ཀྱི་ཟེའུ་འབྲུ་ཅུང་ཟད་མཐོ་བའི་སྟེང་དུ་ཉི་ཟླའི་གདན་ལ་ངོ་བོ་རང་གི་རྩ་བའི་བླ་མ་ཉིད་ལ་རྣམ་པ་བརྒྱུད་པ་དྲུག་འདུས་ཀྱི་བདག་ཉིད་དབང་ཆེན་རྟ་མགྲིན་ཡབ་ཡུམ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་ཐོད་འཛིན་པ། དུར་ཁྲོད་ཀྱི་ཆས་ཀྱིས་སྤྲས་ཤིང་དབུ་གཙུག་ཏུ་རྟ་དབུ་ངུར་བས་ཁམས་གསུམ་དབང་དུ་སྡུད་པ། མེ་དཔུང་གི་ཀློང་ནས་འགྱིངས་སྟབས་སུ་བསྒྲད་པ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་བཞུགས་པར་གསལ། དེའི་མདུན་ནམ་ཤར་ཕྱོགས་ཀྱི་འདབ་མར་རྣམ་སྣང་གང་ཅན་མཚོ་ལ། ཤཱཀ་ཐུབ་ལ་སོགས་ལོངས་སྤྲུལ་གྱི་སངས་རྒྱས་ཐམས་ཅད་དང་། ཡི་དམ་ལྷ་ཚོགས་ཐམས་ཅད་ཀྱིས་བསྐོར་བ། གཡས་ཀྱི་འདབ་མར་འགོག་བདེན་རྣམ་བྱང་གི་ཆོས་ཀྱི་ངོ་བོ་ཡིན་པ་ལ་རྣམ་པ་གླེགས་བམ་བྲག་རི་བརྩེགས་པ་ལྟ་བུར་འཇའ་འོད་ཀྱི་ཀློང་ན་ཨཱ་ལི་ཀཱ་ལིའི་རང་སྒྲ་སྒྲོག་པ། རྒྱབ་ཏུ་ཉེ་སྲས་བརྒྱད་སོགས་ཐེག་ཆེན་བྱང་སེམས་ཀྱི་དགེ་འདུན་དང་། ཉན་ཐོས་ཟུང་བཞི་ཡ་བརྒྱད་སོགས་ཐུན་མོང་གི་དགེ་འདུན་རྣམས་དང་། གཡོན་དུ་མགོན་པོ་བསྟན་སྲུང་ཡོངས་རྫོགས་སོགས་ཡེ་ཤེས་དང་ལས་ལས་གྲུབ་པའི་ཆོས་སྲུང་དམ་ཅན་རྒྱ་མཚོ་ཐམས་ཅད་ཀྱང་དགེ་འདུན་དཀོན་མཆོག་གི་ངོ་བོར་བཞུགས་པ། སྟེང་འོག་བར་གསུམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོས་གང་བ། དེ་དག་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་དཔག་ཏུ་མེད་པས་བདག་ཉིད་ལ་རྗེས་སུ་བརྩེ་བས་དགོངས་ཏེ་བཞུགས་པ་ལ། ཕ་མ་དང་གནོད་བྱེད་ཀྱི་གཙོ་བོ་བྱས་བདག་གཞན་སེམས་ཅན་ཐམས་ཅད་ཐལ་མོ་སྦྱར་ཏེ་དུས་འདི་ནས་གཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ། སྐྱིད་རུང་སྡུག་རུང་ཁྱེད་ལས་སྐྱབས་དང་རེ་ས་གཞན་ན་མེད་དོ་སྙམས་པའི་མོས་གུས་ཀྱི་གདུང་ཤུགས་དྲག་པོ་རྩེ་གཅིག་པས། ཀྱེ་མ༔ ཁམས་གསུམ་འཁོར་བར་འཁྱམས་པའི་སེམས་ཅན་ཀུན༔ བླ་མེད་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ ཞེས་པ་ནས། ཆོས་སྐྱོང་དམ་ཅན་རྣམས་ལ་སྐྱབས་སུ་མཆི༔ ཞེས་པའི་བར་ཐུན་དུ་བཅད་ནས་འབུམ་ཐེར་སོགས་མ་གྲུབ་བར་གསོག །གྲངས་གསོག་སྐབས་ཕྱི་མ་རྣམས་ལ། ཡོན་ཏན་ཀུན་འབྱུང་མན་ཆད་གསག་པའང་སྣང་། མཐར་སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་འོད་ཟེར་སྣ་ལྔ་བདུད་རྩི་དང་བཅས་པ་འཕྲོས་ཏེ། སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་སྦྱངས། ལུས་ངག་ཡིད་གསུམ་ལ་བདེ་སྟོང་གི་ཡེ་ཤེས་བསྐྱེད། སེམས་ཅད་ཐམས་ཅད་སྐྱབས་ཡུལ་རྣམས་ཀྱི་ཐུགས་ཀར་ཐིམ། སྐྱབས་ཡུལ་རྣམས་ཀྱང་འོད་ཀྱི་ཕུང་པོར་ཞུ་ནས་རང་ལ་ཐིམ། དེ་ཡང་ཆོས་སྐུ་སྤྲོས་བྲལ་གདོད་མའི་ངང་ལ་ཐིམ་པར་བསམ་པ་ནི་ཀུན་རྫོབ་བམ་རྒྱུའི་སྐྱབས་འགྲོ་ཡིན་ལ། དོན་དམ་པའི་གནས་ལུགས་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ངང་ལ་མཉམ་པར་འཇོག་པ་ནི་དོན་དམ་མམ་འབྲས་བུའི་སྐྱབས་འགྲོ་ཡིན་ཅིང་སེམས་བསྐྱེད་སོགས་འོག་ནས་འབྱུང་བ་རྣམས་ལའང་དེ་ལྟར་ཤེས་པར་བྱའོ། །བཞི་པ་ཕན་ཡོན་དང་ལྔ་པ་བསླབ་བྱ་རྣམས་སྤྱི་དང་མཚུངས་པར་འཆད། བསླབ་བྱའི་གཙོ་བོ་གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་ཀྱི་སྐྱབས་ཡུལ་གཙོ་བོ་བླ་མ་ཁོ་ན་ཡིན་པས་བླ་མ་སུན་ཕྱུང་ན་སྐྱབས་ཡུལ་ཐམས་ཅད་སྤངས་པ་ཡིན་པ་སོགས་ཀྱི་གནད་རྣམས་ཀྱང་ངེས་པར་བྱའོ། །གཉིས་པ་སེམས་བསྐྱེད་པ་ལ་ལྔ། ངོ་བོ། དབྱེ་བ། སེམས་ཇི་ལྟར་བསྐྱེད་པའི་ཚུལ། ཕན་ཡོན། བསླབ་བྱ་རྣམས་སོ། །དང་པོ་ནི། ནམ་མཁས་ཁྱབ་ཚད་ཀྱི་སེམས་ཅན་གཞན་རྣམས་ཀྱི་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པའོ། །གཉིས་པ་དབྱེ་བ་ནི། ངོ་བོའི་སྒོ་ནས་སྨོན་འཇུག་གཉིས། ས་མཚམས་ཀྱིས་མོས་སྤྱོད་སོགས་བཞིར་དབྱེ་བས་མཚོན་པ་རྣམས་སོ། །གསུམ་པ་བསྐྱེད་ཚུལ་ལ་བསམ་པའི་ཁྱད་པར་དེད་དཔོན་ལྟ་བུ་ཐ་མ། མཉན་པ་ལྟ་བུ་འབྲིང་། རྫི་བོ་ལྟ་བུ་རབ་ཀྱི་སེམས་བསྐྱེད་སོ་སོའི་བློ་རིགས་དང་བསྟུན་ཏེ་བཏང་སྙོམས་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་སྟེ་ཚད་མེད་པ་བཞི་ལ་རིམ་པར་བློ་སྦྱོང་ཞིང་སྟོང་ཉིད་དུ་འཇོག །དངོས་གཞིའི་དམིགས་པ་ནི། ཚོགས་ཞིང་སྐྱབས་འགྲོའི་དུས་ལྟར་བསྒོམ་པ་སེམས་བསྐྱེད་ཀྱི་དཔང་པོར་དམིགས་ལ། འདི་ལྟར་སེམས་ཅན་ཐམས་ཅད་བདག་གི་ཕ་མར་མ་གྱུར་པ་མེད། ཕ་མར་གྱུར་ཚེ་ད་ལྟའི་ཕ་མ་བཞིན་གཅེས་སྤྲས་དུ་མས་བསྐྱངས་ཏེ་བསྐྱེད་བསྲིངས་པ་ལ་ཐེ་ཚོམ་མེད་ན། ཕ་མ་སྡུག་བསྔལ་གྱི་དོང་དུ་བཞག་ནས་རང་ཉིད་བྱང་ཆུབ་ཐོབ་པ་ལ་དགོས་པ་ཅི་ཡོད། དེས་ན་བདག་གིས་བྱང་ཆུབ་ཀྱི་སྤྱོད་པ་ལ་བསླབ་ཏེ། འཁོར་བ་ན་སེམས་ཅན་གཅིག་ཀྱང་མི་གནས་པ་དེ་ཙམ་དུ་བརྩོན་འགྲུས་བརྩམ་མོ་སྙམ་པའི་སྙིང་སྟོབས་ཀྱིས། བདག་གིས་དུས་གསུམ་བསགས་པའི་དགེ་བ་ཡིས༔ ཞེས་པ་ནས། འགྲོ་བ་འདྲེན་པའི་དེད་དཔོན་བྱེད་པར་ཤོག༔ ཅེས་པའི་བར་གྱི་རྐང་པ་དང་པོ་གཉིས་ཀྱིས་སྨོན་སེམས། བར་པ་གཉིས་ཀྱིས་དོན་དམ་སེམས་བསྐྱེད་དང་། རྐང་པ་ཐ་མ་གཉིས་ཀྱིས་འཇུག་སེམས་ལེན་པ་ཡིན་པས་ཚིག་རྗེས་དོན་དྲན་གྱིས་སྨིན་ཁྲིད་ཀྱི་སྐབས་སུ་འབུམ་བསགས་པ་དང་། རྒྱུན་ལྡན་ཇི་ལྟར་རིགས་པར་བརྗོད་པ་སེམས་བསྐྱེད་ཀྱི་ཆོ་གའོ། །མཐར་ཚོགས་ཞིང་རང་ལ་བསྟིམས་པས། དེ་དག་གི་ཐུགས་རྒྱུད་ལ་བཞུགས་པའི་བྱང་ཆུབ་ཀྱི་སེམས་རང་གི་ཤེས་རྒྱུད་ལ་ལྷག་གིས་བྱུང་བར་བསམ་ལ། སེམས་བསྐྱེད་བྱ་སྐྱེད་བྱེད་ཐམས་ཅད་འཁོར་གསུམ་ཡོངས་སུ་དག་པའི་ངང་ལ་མཉམ་པར་འཇོག །བཞི་པ་ཕན་ཡོན་སྤྱི་དང་མཚུངས། ལྔ་པ་བསླབ་བྱ་ལ་སྨོན་སེམས་ཀྱི་བསླབ་བྱའི་གཙོ་བོ་བདག་གཞན་མཉམ་པ། བརྗེ་བ། གཞན་གཅེས་པར་འཛིན་པ་དང་། འཇུག་པའི་བསླབ་བྱ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་བོ། །གསུམ་པ་ཚོགས་གསོག་པར་བྱེད་པ་མཎྜལ་གྱི་ཁྲིད་ལ། སྤྱིར་ཚོགས་གཉིས་མ་རྫོགས་པར་སངས་རྒྱས་མི་ཐོབ་ཅིང་ཉམས་རྟོགས་མཐར་ཐུག་མི་སྐྱེ་བས་ཚོགས་རྫོགས་དགོས་པའི་རྒྱུ་མཚན། ཚོགས་གཉིས་ཀྱི་རྣམ་གཞག །ཚོགས་གསོག་ཀུན་གྱི་སྙིང་པོ་མཎྜལ་ཡིན་ལུགས། མཎྜལ་ཕྱི་ནང་གསང་བའི་རྣམ་དབྱེ་དང་བཀོད་པ། མཎྜལ་གྱི་རྒྱུ་དང་ལག་ལེན་སོགས་སྤྱི་ལྟར་འཆད་ཅིང་གོ་བར་བྱས་ནས་ཉམས་ལེན་དངོས་ལ། སྔོན་འགྲོ་འབུམ་ཐེར་སོགས་ཆེད་དུ་གསོག་སྐབས་སྒྲུབ་པའི་མཎྜལ་ཚོམ་བུ་ལྔ་པ་མདུན་སྟེགས་མཐོ་བར་བཀོད། དེ་ལ་རྟེན་བྱས་ཏེ་ཚོགས་ཞིང་སྔར་སྐྱབས་ཡུལ་ལྟར་གསལ་གདབ་པའམ། བསྡུ་ན་བླ་མ་དཀོན་མཆོག་རྩ་བ་གསུམ་པོ་མདུན་གྱི་ནམ་མཁའ་གང་བར་བཞུགས་པར་མོས། མཆོད་པའི་མཎྜལ་དང་པོ་ཚོམ་བུ་སོ་བདུན་མ་ཚར་གཅིག་འབུལ། དེ་ནས་ཚོམ་བུ་བཅོ་ལྔ་པ་བསྐྱར་བ་ཕྱག་ལེན་དུ་སྣང་། དེ་ལ་དང་པོ་ཕྱིའི་མཎྜལ་ནི། དབང་ཆེན་གསེར་གྱི་ས་གཞིའི་ལྟེ་བར་རི་རབ་ལྷུན་པོ་རི་བདུན་རོལ་མཚོ་གླིང་བཞི་གླིང་ཕྲན་ལྕགས་རི་མུ་ཁྱུད་ཀྱིས་བསྐོར་བ་ལ། ཉི་ཟླའི་དཀྱིལ་འཁོར་སོགས་ལྷ་མིའི་དཔལ་འབྱོར་འདོད་ཡོན་ལོངས་སྤྱོད་མ་ཚང་བ་མེད་པས་གང་བའི་སྣོད་ཀྱི་འཇིག་རྟེན་ཡོངས་སུ་གྲུབ་པ་ཉིད་བློས་བླངས་ཏེ་འབུལ་ལ། ན་མོ༔ དབང་ཆེན་གཞལ་ཡས་དབུས་ཀྱི་ལྟེ་བ་ལ༔ ཞེས་པ་ནས། ཡང་དག་སྙིང་པོ་མྱུར་དུ་རྟོགས་པར་ཤོག༔ ཅེས་པའི་བར་ངག་ཏུ་བརྗོད་ལ་དོན་བསམ་མོ། །འདི་ལྟ་བུ་རང་ལ་འབུལ་བའི་ནུས་པ་མེད་ཀྱང་། རྒྱལ་བ་རྣམས་ལ་བཞེས་པའི་མཐུ་མངའ་བས་བདག་གི་ཚོགས་རྫོགས་པའི་སླད་དུ་བཞེས་པར་གསོལ་བ་ལ་དོན་ཆེན་པོ་དང་ལྡན་པར་གསུངས་སོ། །གཉིས་པ་ནང་གི་མཎྜལ་ནི། རང་དབང་དུ་གྱུར་པའི་དངོས་པོ་རྣམས་བློས་བླངས་ཏེ་འབུལ་བ་ཡིན་པས། སྐྱེས་ནས་འཆི་བའི་བར་འདིར་བདག་ཏུ་གཟུང་བའི་ཡུལ་འཁོར་ལོངས་སྤྱོད་ཁང་ཁྱིམ་ཕ་མ་བུ་ཚ་མཛའ་གྲོགས་གོས་རྒྱན་སོགས་གཅེས་པར་བཟུང་བའི་དངོས་པོ་ཐམས་ཅད་བློས་ལིངས་ཀྱིས་བླངས་ཏེ་འབུལ་ལ། ན་མོ༔ འཇིག་རྟེན་ལས་ཀྱིས་འདུས་པའི་བར་དོ་རུ༔ ཞེས་པ་ནས། དག་པ་ཡེ་ཤེས་རང་གནས་བསྟན་དུ་གསོལ༔ ཞེས་འདོད་དོན་གསོལ་བ་དང་བཅས་ངག་ཏུ་བརྗོད་ཅིང་དམིགས་པ་སྒོམ་མོ། །གསུམ་པ་གསང་བའི་མཎྜལ་ནི། སྒྱུ་ལུས་ཀྱི་ཕུང་པོ་གཅེས་པར་བཟུང་བ་འདི་ཉིད་ཆགས་ཞེན་མེད་པར་འབུལ་བ་ཡིན་ཏེ། དེ་ལའང་སིལ་བུར་འབུལ་བ་དང་། རིལ་པོར་འབུལ་བའི་ལུགས་གཉིས་ཡོད་པ་ལས། དང་པོ་ནི། རང་གི་པགས་པ་བཤུས་ཏེ་དབང་ཆེན་གསེར་གྱི་ས་གཞིའི་དོད་དང་། ཁྲག་དྲི་བཟང་གི་ཆག་ཆག །ཁོག་སྨད་འབྱུང་བཞི། ཁོག་སྟོད་རི་རབ་ཀྱི་ཚུལ་ལ། མགོ་བོ་རྣམ་པར་རྒྱལ་བའི་ཁང་བཟང་། མིག་གཉིས་ཉི་མ་དང་ཟླ་བ། རྣ་བ་གཉིས་གདུགས་དང་རྒྱལ་མཚན། ཡན་ལག་དང་ཉིང་ལག་རྣམས་གླིང་བཞི་གླིང་ཕྲན། ཤ་ཁྲག་དང་ནང་རོལ་རྣམས་ལྷ་མིའི་འདོད་ཡོན་མ་ཚང་བ་མེད་པའི་རང་བཞིན་དུ་ཆལ་མར་བཀྲམ་ཏེ་འབུལ་བར་དམིགས་པའོ། །རིལ་པོར་འབུལ་ན་རང་ལུས་འབྱུང་བ་བཞི་འདུས་པའི་ཕོ་བྲང་ཆེན་པོའི་དབུས་སུ། སྙིང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འབར་བ་ལ། དབང་པོ་སྒོ་ལྔའི་འདོད་ཡོན་གྱིས་བརྒྱན་ཏེ། རྣམ་ཤེས་ཚོགས་བརྒྱད་ཡུལ་དང་ཡུལ་ཅན་འཁོར་གྱི་ཚུལ་དུ་བསམ་ཏེ་འབུལ་བའི་ཚིག་འདི་ལྟར། ཧཱུྃ༔ རང་ལུས་འབྱུང་བཞི་འདུས་པའི་ཕོ་བྲང་དུ༔ ཞེས་པ་ནས། རང་རིག་ཡེ་ཤེས་རྟོགས་པར་མཛད་དུ་གསོལ༔ ཞེས་པའི་བར་འདོན་བསྒོམ་སྦྲགས་མ་བྱས་ལ་འབུལ། ཁྲིད་ཀྱི་སྐབས་ཕྱི་ནང་གསང་བའི་མཎྜལ་རེ་རེ་བཞིན་འབུམ་ཐེར་རེ་འགྲོ་ངེས་པ་དང་། རྒྱུན་དུ་ཇི་ལྟར་རིགས་པ་བྱ། མཐར་མཆོད་ཡུལ་གྱི་ཚོགས་ཞིང་རྣམས་རང་ལ་བསྡུས་ཏེ། མཆོད་བྱ་མཆོད་བྱེད་བྲལ་བའི་ངང་ལ་བཞག་པས་གནས་ལུགས་རང་ངོ་ཤེས་པ་མཆོད་པ་ཀུན་ལས་ཁྱད་པར་འཕགས་པས་ཡེ་ཤེས་ཀྱི་ཚོགས་རྫོགས་པའོ། །ཞར་ལ་རྣལ་འབྱོར་གྱི་རིམ་པ་བཅུ་གཅིག་པ་སོགས་ཚོགས་གསག་གི་སྒོ་ཡིན་པས་འཁྲིད་ཅིང་ཉམས་སུ་བསྟར་པར་བྱ་བའང་གནད་ཡང་དག་པའོ། །བཞི་པ་སྡིག་སྒྲིབ་སྦྱོང་བྱེད་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ཀྱི་ཁྲིད་ལ་གཉིས། ཐུན་མོང་དང་ཁྱད་པར་རོ། །དང་པོ་ནི། ཉམས་རྟོགས་རྒྱུད་ལ་མི་སྐྱེ་ཞིང་ས་ལམ་ལ་བར་དུ་གཅོད་པའི་གེགས་ནི་སྡིག་སྒྲིབ་ཡིན་པས། དེ་ཉིད་སྦྱོང་བའི་ཐབས་མཆོག་ཏུ་གྱུར་པ་ནི་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ལ་གནས་པ་ཉིད་ཡིན་ཏེ། རྒྱུད་ལས། སངས་རྒྱས་མ་ལུས་ཐམས་ཅད་ཀྱི༔ རེ་རེའི་བསྐྱེད་རྫོགས་བསམ་ལས་འདས༔ མ་ལུས་ཀུན་འགྲུབ་འདི་ལྟར་བྱ༔ ཞེས་གསུངས་པས། དེ་ཉིད་ཉམས་སུ་ལེན་པ་ལ་རང་ཐ་མལ་དུ་གནས་པའི་སྤྱི་བོར་པད་ཉི་ཟླ་བའི་གདན་ལ་ཡི་གེ་ཨཱཿདཀར་པོ་གཅིག་གསལ་བ་ལས་འོད་ཟེར་འཕྲོས་འདུས་དོན་གཉིས་བྱས་ཨཱཿལ་ཐིམ། ཡོངས་སུ་གྱུར་པ་ལས་བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་དཀུར་བརྟེན་པ་ལོངས་སྤྱོད་རྫོགས་པའི་ཆས་ཅན། ཞབས་སེམས་སྐྱིལ་གྱིས་བཞུགས་པར་གསལ་བའི་ཐུགས་ཀར་ཟླ་གདན་ལ་ཐུགས་སྲོག་ཨཿཡིག་དཀར་པོའི་མཐར། ཡིག་བརྒྱའི་སྔགས་ཕྲེང་ཤེལ་གྱི་མདོག་ཅན་མདུན་ནས་ཞལ་ནང་བསྟན་གཡས་སྐོར་གྱི་ཚུལ་དུ་ཡིག་འབྲུ་རྣམས་ལངས་སྟབས་སུ་འཁོད་པར་དམིགས། དེ་གསལ་གདབ་པ་ནི། ཧཱུྃ༔ རང་གི་སྒྱུ་ལུས་བེམ་པོ་ཡི༔ ཞེས་པ་ནས། ཕྱི་ནང་ལུས་བཀྲུས་དག་པར་བསམ༔ ཞེས་དང་གསོལ་འདེབས་ཀྱི་ཚུལ་དུ་ཡིག་བརྒྱ་བརྗོད་པས། སྔགས་ཀྱི་འོད་ཟེར་ལས་བདུད་རྩིའི་རྒྱུན་བབས། རང་གི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་གང་ཞིང་དྲི་མ་བཀྲུས། ཚེ་རབས་ཐོག་མེད་ནས་བསགས་པའི་ལས་སྒྲིབ་རྣམས་དུད་ཁུ་སོལ་ཁུ། ནད་ཐམས་ཅད་རྣག་ཁྲག །གདོན་ཐམས་ཅད་སྦལ་སྡོམ་སྲོག་ཆགས་ཀྱི་རྣམ་པར་འོག་སྒོ་དང་རྐང་མཐིལ་སོགས་ནས་ཕྱིར་ཐོན་ཏེ་དབང་ཆེན་གསེར་གྱི་ས་གཞིའི་ཞབས་སུ་ལས་ཀྱི་གཤིན་རྗེའི་ཁ་ནང་དུ་སོང་རང་ལུས་ཤེལ་ལྟར་དག་པར་བསམ་མོ། །སྡིག་སྦྱོང་གི་བཤགས་པ་ལ་སྟོབས་བཞིའི་གནད་ཚང་དགོས་པས་སྤྱི་ལྟར་དྲན་པའི་ངང་ནས་ཁྲིད་ཀྱི་སྐབས་ཉུང་མཐའ་འབུམ་ཐེར་ལ་བྱས་པ་དང་། རབ་སྡིག་སྒྲིབ་དག་པའི་རྟགས་ནམ་བྱུང་གི་བར་འབད་དགོས་པ་ཡིན་ནོ། །རྒྱུན་ལྡན་དོང་སྤྲུགས་ལས། བརྒྱ་རྩ་བརྒྱད་བརྗོད་མ་ཡེངས་ན། །དུས་གསུམ་རྒྱལ་བའི་སྲས་སུ་འགྱུར། །ཞེས་པས་ཁྲིད་འདི་ཐོབ་ཕྱིན་བརྒྱ་རྩ་རེ་མ་ཆག་པར་ཡིད་དམ་བཅའ་བའོ། །གཉིས་པ་ཐུན་མོང་མ་ཡིན་པ་ནི། སྤྱི་བོར་རྡོ་རྗེ་སེམས་དཔའ་གོང་ལྟར་གསལ་བ་དེའི་སྤྱི་བོ་དུང་ཁང་དུ་གཏི་མུག་འཇོམས་པའི་རྡོར་སེམས་དཀར་པོ། མགྲིན་པར་འདོད་ཆགས་འཇོམས་པའི་རྡོར་སེམས་དམར་པོ། སྙིང་གར་ཞེ་སྡང་འཇོམས་པའི་རྡོར་སེམས་མཐིང་ག །ལྟེ་བར་སེར་སྣ་དང་ང་རྒྱལ་འཇོམས་པའི་རྡོར་སེམས་སེར་པོ། གསང་གནས་སུ་ཕྲག་དོག་འཇོམས་པའི་རྡོར་སེམས་ལྗང་གུ་རྣམས་གསལ་བཏབ་ལ། སོ་སོའི་ཐུགས་ཀར་ཟླ་གདན་ལ་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་རང་རང་གི་སྐུ་མདོག་དང་མཚུངས་པར་གསལ་བའི་ངང་ནས། དུང་ཁང་གི་རྡོར་སེམས་ལ་དམིགས་ཏེ་ཡིག་བརྒྱ་བཟླས་པས་ཐུགས་སྲོག་གི་ས་བོན་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་སྦྱོང་བྱེད་འོད་ཟེར་བདུད་རྩི་དཀར་པོའི་རྒྱུན་ནར་གྱིས་བྱུང་། རྡོར་སེམས་ཀྱི་སྐུ་ལུས་མེར་གྱིས་ཁེངས། ཕྱིར་ལུད་དེ་གཞིའི་རྡོར་སེམས་ཀྱི་སྐུའི་ནང་ཡང་ཁེངས་ཏེ། ཞབས་གཡས་པའི་མཐེ་བོང་ནས་འཛག །རང་གི་སྤྱི་བོ་ནས་ཞུགས། སྦྱང་གཞི་གཏི་མུག་གི་དབང་གིས་དུད་འགྲོར་སྐྱེ་བའི་ལས་སྒྲིབ་སྦྱངས། སྦྱངས་འབྲས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས་པར་བསམ། དེས་འགྲེས་ཏེ་མགྲིན་པའི་རྡོར་སེམས་ལས་བདུད་རྩི་དམར་པོའི་རྒྱུན་བབས། འདོད་ཆགས་དབང་གིས་མིར་སྐྱེ་བའི་ལས་སྒྲིབ་སྦྱངས། སོར་རྟོག་ཡེ་ཤེས་མངོན་དུ་བྱས། སྙིང་གའི་རྡོར་སེམས་ལས་བདུད་རྩི་མཐིང་གའི་རྒྱུན་བབས། ཞེ་སྡང་དབང་གིས་དམྱལ་བར་སྐྱེ་བའི་ལས་སྒྲིབ་སྦྱངས། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། ལྟེ་བའི་རྡོར་སེམས་ལས་བདུད་རྩི་སེར་པོའི་རྒྱུན་བབས། སེར་སྣ་དང་ང་རྒྱལ་གྱིས་ལྷ་དང་ཡི་དྭགས་སུ་སྐྱེ་བའི་ལས་སྒྲིབ་སྦྱངས། མཉམ་ཉིད་ཡེ་ཤེས་མངོན་དུ་བྱས། གསང་བའི་རྡོར་སེམས་ལས་བདུད་རྩི་ལྗང་གུའི་རྒྱུན་བབས། ཕྲག་དོག་དབང་གིས་ལྷ་མིན་དུ་སྐྱེ་བའི་ལས་སྒྲིབ་སྦྱངས། བྱ་གྲུབ་ཡེ་ཤེས་མངོན་དུ་བྱས། འོད་ཟེར་བདུད་རྩིའི་རྒྱུན་རྣམས་ཕྱིར་འཕྲོས་སེམས་ཅན་ཐམས་ཅད་ལ་ཕོག་པས་དུག་ལྔ་སེར་སྣ་དང་དྲུག་གི་ལས་ཀྱིས་རིགས་དྲུག་ཏུ་སྐྱེས་པའི་སྒྲིབ་པ་སྦྱངས། ཡེ་ཤེས་མངོན་དུ་བྱས་པར་བསམ། འདི་ནི་ཐུན་མོང་མ་ཡིན་པའི་ཟབ་གནད་གསུང་རྒྱུན་མ་ཡིན་པས་རང་རྒྱུད་ལ་ཉོན་མོངས་པ་ཤས་གང་ཆེ་བརྟགས་ཏེ། དེ་དང་དེའི་གཉེན་པོར་རིགས་ལྔ་སོ་སོའི་སྐུ་བསྒོམ་སྟེ། རྡོ་རྗེ་སེམས་དཔའི་རྣལ་འབྱོར་ལ་གནས་པས་རྟགས་མཚན་ཁྱད་པར་ཅན་འབྱུང་ངོ་། །ཐུན་བསྡུ་བ་ནི། དུང་ཁང་གི་རྡོར་སེམས་མགྲིན་པར་ཐིམ། དེ་སྙིང་ཁ། གསང་གནས་ཀྱི་རྡོར་སེམས་ལྟེ་བར་ཐིམ། དེ་སྙིང་ཁ། ཕྱིའི་རྡོར་སེམས་ཀྱང་ཐུགས་ཀའི་རྡོར་སེམས་ལ་ཐིམ། དེ་ལ་མོས་གུས་དུང་བ་བྱས་པས་ཞལ་འཛུམ་པ་དང་བཅས་ནས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཐམས་ཅད་དག་པ་ཡིན་ནོ། །ཞེས་གནང་བ་བྱིན་ནས་རྡོར་སེམས་འོད་དུ་ཞུ་ནས་རང་ལ་ཐིམ་པའི་རྐྱེན་གྱིས་རང་ཉིད་རྡོ་རྗེ་སེམས་དཔའི་སྐུར་ལམ་གྱིས་གསལ་བཏབ་ལ་ཉེ་སྙིང་བཟླ། མཐར་རང་ཡང་མི་དམིགས་པ་སྤྲོས་པ་དང་བྲལ་བའི་ངང་ལ་འཇོག་པ་ནི་དོན་དམ་པའི་བཤགས་པ་འགྱོད་ཚངས་ཐམས་ཅད་ཀྱི་རྒྱལ་པོ་ཡིན་ནོ། །ལྔ་པ་མི་རྟག་བསྐུལ་འདེབས་ཀྱི་གཟེར་གྱི་ཁོངས་སུ་བློ་ལྡོག་རྣམ་བཞིའི་ཁྲིད་འཆད་པའི་ཕྱག་སྲོལ་འབྱུང་བས། དེ་ལ་བཞི། དང་པོ་དལ་འབྱོར་རྙེད་དཀའི་ཁྲིད་ལ། ངོ་བོ་དལ་བ་བརྒྱད། ཁྱད་པར་འབྱོར་པ་བཅུ་ལ་རང་འབྱོར་ལྔ་དང་གཞན་འབྱོར་ལྔ་རེ་རེ་ནས་བསམ་ལ་ངོ་བོ་ངོས་བཟུང་། རྒྱུ་དང་དཔེ་དང་གྲངས་ལ་བརྟགས་ཏེ་རྙེད་པར་དཀའ་བའི་ཚུལ་བསམ། ཚེ་འདིའི་བདེ་སྐྱིད་ལོངས་སྤྱོད། ཐར་པ་མྱང་འདས་རྣམ་མཁྱེན་གྱི་གོ་འཕང་སྒྲུབ་པ་སོགས་ལུས་རྟེན་འདི་ཉིད་ལ་བརྟེན་དགོས་པས། རྙེད་པ་ལ་དོན་ཆེན་པོ་དང་ལྡན་པ་ཉིད་དེ། ད་རེས་སྙིང་པོ་ལོན་པར་མ་བྱས་ན་ཕུང་ཚབས་ཤིན་ཏུ་ཆེ་བས་དལ་འབྱོར་དོན་ཡོད་པར་བྱའོ། །གཉིས་པ་ཚེ་མི་རྟག་པའི་ཁྲིད་ལ། སྤྱིར་འདུས་བྱས་ཐམས་ཅད་མི་རྟག་པའི་མཐའ་བཞི་ལས་མ་འདས་ཏེ་སྐྱེས་པའི་མཐར་འཆི། བསགས་པའི་མཐར་འཛད། འདུས་པའི་མཐར་འབྲལ། བརྩེགས་པའི་མཐར་འགྱེལ་བས་འཇིག་རྟེན་ན་རྟག་པར་གནས་པ་གཅིག་ཀྱང་མེད། སྒོས་སུ་འགྲོ་བའི་ཚེ་སྲོག་ཆུའི་ལྦུ་བ་དང་འདྲ་བས་ནམ་འཆི་ཆ་མེད། འཆི་བའི་ཚེ་སྟོབས་འབྱོར་མངའ་ཐང་བློ་རྩལ་སྨན་སྔགས་སོགས་ཅིས་ཀྱང་ཕན་པ་མེད་ཅིང་དེ་དུས་ཕན་འདོགས་པ་ནི་དམ་པའི་ཆོས་ཁོ་ན་ཡིན་པས་ད་ལྟ་ཉིད་ནས་དམ་པའི་ཆོས་ཁོ་ན་ལ་འབད་པར་བྱའོ་སྙམ་དུ་བསམ། གསུམ་པ་འཁོར་བའི་ཉེས་དམིགས་བསམ་པ་ལ། སྤྱིར་འཁོར་བའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གསུམ་གྱི་རང་བཞིན་ཁོ་ན་ལས་མ་འདས་ཏེ། དྲན་པ་ཉེར་བཞག་ལས། འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་དང་། བྱེ་བྲག་དམྱལ་བ་ཚ་གྲང་། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་གླེན་ལྐུག །མི་སྐྱེ་རྒས་ན་འཆི། ལྷ་མ་ཡིན་འཐབ་རྩོད། ལྷ་འཆི་འཕོ་ལྟུང་བ་བཅས་སོ་སོའི་སྡུག་བསྔལ་བཟོད་དཀའ་བ་དང་མི་འབྲལ་བས། ཁམས་གསུམ་གང་དུ་སྐྱེས་ཀྱང་ལུས་ལོངས་སྤྱོད་གནས་གྲོགས་ཐམས་ཅད་སྡུག་བསྔལ་ཁོ་ནའི་རང་བཞིན་དུ་གྱུར་པ་ལ་བསམ་སྟེ་སྐྱོ་ཤས་དང་ངེས་འབྱུང་དྲག་པོས་རང་བློ་ཐར་པའི་ལམ་ལས་ཕྱིར་མི་ལྡོག་པར་བྱའོ། །བཞི་པ་ལས་རྒྱུ་འབྲས་ཀྱི་ཁྲིད་ལ། དང་པོ་ལས་འབྲས་སྤྱིར་བསམ་པ་ནི། རྒྱུ་དགེ་བའི་འབྲས་བུ་བདེ་བ་དང་། མི་དགེ་བའི་འབྲས་བུ་སྡུག་བསྔལ་ཏེ། དགེ་སྡིག་གཉིས་གང་ཡིན་ཀྱང་། རྒྱུ་ལས་ཀྱི་དུས་ན་ཆུང་ངུ་ལས་མེད་ཀྱང་འབྲས་བུ་རྣམ་སྨིན་གྱི་དུས་ན་འཕེལ་ཆེ་བ་ལ་བསམ་གྱིས་མི་ཁྱབ་ཏེ་ས་བོན་གྱི་འཕེལ་སྐྱེད་སོགས་ཀྱིས་ཀྱང་ཤེས་ལ། མི་དགེ་བ་ཉིད་གཉེན་པོས་མ་བཅོམ་ན་མ་སྨིན་པར་ཆུད་མི་འཛའ་སྟེ། མདོ་སྡེ་ལས་བརྒྱ་པ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་པས། ལས་འབྲས་ལ་ཡིད་ཆེས་བསྐྱེད་དེ་བླང་དོར་མ་ནོར་བར་སྤྱད་པར་བྱའོ། །གཉིས་པ་བྱེ་བྲག་ཏུ་བསམ་པ་ལ། ལུས་ཀྱི་ལས་གསུམ། ངག་གི་ལས་བཞི། ཡིད་ཀྱི་ལས་གསུམ་སྟེ་མི་དགེ་བ་བཅུ་པོ་ཆ་དང་བཅས་པ་སྤྱད་པས་འདི་དང་སྐྱེ་བ་ཀུན་ཏུ་ངན་འགྲོ་སོགས་སྡུག་བསྔལ་མི་བཟད་པ་མྱོང་བའི་ཚུལ་བསམ་སྟེ་སྡིག་པ་ཕྲ་མོ་ནས་སྤང་བ་དང་། དེ་ལས་ལྡོག་པའི་དགེ་བ་བཅུ་སྤྱོད་པས་མཐོ་རིས་དང་ཐར་པའི་བདེ་བ་ཟད་མི་ཤེས་པ་ལ་ལོངས་སྤྱོད་པའི་ཚུལ་བསམ་སྟེ་དགེ་བ་ཕྲ་མོ་ནས་བསྒྲུབ་པ་དང་། འགྲོ་འཆག་ཉལ་འདུག་སོགས་ལུང་མ་བསྟན་པའི་གནས་སྐབས་ཀུན་ཀྱང་བྱང་ཆུབ་ཀྱི་སེམས་དང་ལམ་ཁྱེར་གྱི་གནད་ཀྱིས་དགེ་བའི་ལམ་དུ་བསྒྱུར་བར་བྱའོ། །དེ་དག་གསལ་འདེབས་ཀྱི་ཚིག །རང་གི་ཡུལ་འཁོར་ཁང་ཁྱིམ་དང༔ སོགས་ནས། མི་རྟག་མཐོང་ནས་ཆོས་ལ་འཇུག༔ བར་བརྗོད་དོ། །གཉིས་པ་ཁྱད་པར་གྱི་སྔོན་འགྲོ་བླ་མའི་རྣལ་འབྱོར་ནི་འོག་ནས་འབྱུང་བ་ལྟར་རོ། །རྩ་བའི་གཉིས་པ་དངོས་གཞི་ཟབ་ལམ་ཁྲིད་ཀྱི་རིམ་པ་ལ་ལྔ། ཕྱི་བསྐྱེད་རིམ་ལ་བརྟེན་ནས་རང་ལུས་ལྷ་སྐུར་སྒྲུབ་པ། ནང་འབྱུང་འཇུག་རླུང་ལ་བརྟེན་ནས་རང་ཁམས་དྭངས་མར་སྒྱུར་བ། གསང་བ་ལས་ཀྱི་ཕྱག་རྒྱ་ལ་བསྟེན་ནས་རྩ་ཁམས་དྭངས་མ་ཡེ་ཤེས་སུ་སྒྲུབ་པ། དེ་ཁོ་ན་ཉིད་ཡེ་ཤེས་ཆེན་པོའི་ཉམས་ལེན་ལ་བརྟེན་ནས་ཆོས་སྐུ་ཀ་དག་ཆེན་པོར་ལ་ཟློ་བ། ལྷུན་གྲུབ་འོད་གསལ་གྱི་ཉམས་ལེན་གྱིས་སྒོ་གསུམ་དབྱེར་མེད་མ་སྤངས་གཞོན་ནུ་བུམ་སྐུའི་སྦུབས་སུ་གཞུག་པའོ། །དང་པོ་ལ་གསུམ་ལས། སྔོན་འགྲོ་དམ་རྫས་གསག་པ་ནི་ཡབ་ཡུམ་གཉིས་མེད་གསང་སྒྲུབ་ཀྱི་དབུ་ནས་འབྱུང་བ་ལྟར་ཚང་བར་བསྡོགས། དངོས་གཞི་ལ་མི་འགྱུར་བ་གནད་ཀྱི་གཟེར་བཞི་གདབ་དགོས་པས་བདེ་ཆེན་གསང་སྒྲུབ་ལྟར་རང་བཞིན་མི་འགྱུར་བ་གནད་ཀྱི་གཟེར་དང་། ཡབ་ཡུམ་གཉིས་མེད་གསང་སྒྲུབ་ལྟར་དྲག་སྔགས། འཕྲོ་འདུ། དགོངས་པ་མི་འགྱུར་བའི་གཟེར་གདབ་ལ་རྩ་ཁམས་དཔའ་བོ་མཁའ་འགྲོར་གསལ་བའི་བསྐྱེད་རིམ་ལ་བརྟན་པ་ཐོབ་པ་དང་བསྙེན་པ་ཚད་དུ་བསྐྱལ། རྗེས་གསང་སྒྲུབ་ལྟར་བསྔོ་སྨོན་གྱི་རྒྱས་འདེབས་ཤིང་ལྟ་བའི་གྲུབ་མཐའ་གཟུང་བར་བྱ་སྟེ་རྒྱས་པར་འདོད་ན་གཏེར་གཞུང་དང་སྦྱར་ལ་ཁྲིད་དོ། །གཉིས་པ་རླུང་ལ་བརྟེན་ནས་རང་ཁམས་དྭངས་མར་བསྒྱུར་བ་ནི་དེང་སང་ཉམས་སུ་ལེན་པའི་དངོས་གཞི་ཡིན་ཏེ། འདི་ལ་བཞི། ཕྱི་གནས་ཀྱི། ནང་ཟས་ཀྱི། གསང་བ་གྲོགས་ཀྱི། དེ་ཁོ་ན་ཉིད་ཉམས་ལེན་གྱི་མཚན་ཉིད་དོ། །དང་པོ་ནི། དབེན་ཞིང་བྱིན་ཆགས་པ། མཐུན་རྐྱེན་འཛོམ་ཞིང་བཀྲ་ཤིས་པ་བཙལ་ལོ། །གཉིས་པ་ཟས་ནི། ཟབ་ལམ་འདི་ཆེ་བ་རྒྱལ་པོ་ལྟ་བུའི་ཆོས་ཡིན་པས་ཚོགས་འཁོར་གྱི་ཡོ་བྱད། བཅུད་ལྡན་གྱི་ཁ་ཟས། མལ་གདན་སོགས་བསམ་གཏན་གྱི་གྲོགས་སུ་འགྲོ་བ་གསག །གསུམ་པ་གྲོགས་ནི། ཟབ་ལམ་ལ་མོས་པའི་རིགས་དང་ལྟ་སྤྱོད་མཐུན་ཅིང་བློ་ཆོས་སུ་འགྲོ་བ་བསྟེན་ནོ། །བཞི་པ་ཉམས་ལེན་གྱི་མཚན་ཉིད་ལ་གསུམ། བྱིན་རླབས་མྱུར་དུ་འཇུག་པ་བླ་མའི་རྣལ་འབྱོར། ཡེ་ཤེས་གདར་ཤ་གཅོད་པའི་སེམས་ཚོལ། བདེ་སྟོང་གཏུམ་མོའི་འབར་འཛག་བསྒོམ་པའོ། །དང་པོ་ནི། རང་ལ་ཟབ་མོའི་གདམས་ངག་སྟོན་པའི་དཔལ་ལྡན་བླ་མ་དམ་པ་དེ་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་སྤྱི་དཔལ། རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཟུགས་མཐོང་ཐོས་དྲན་པས་ཐར་པའི་ས་བོན་འདེབས་པ། ཚེ་གཅིག་ལ་སྨིན་གྲོལ་གྱི་ལམ་ཟབ་མོས་རྡོ་རྗེ་འཆང་གི་སར་བཙན་ཐབས་སུ་བཀོད་པས་དཀོན་མཆོག་བཞི་པའི་མཚན་གྱི་མངོན་བརྗོད་ཅན། སངས་རྒྱས་ཀུན་ལས་ཀྱང་བཀའ་དྲིན་མཆོག་ཏུ་ལྷག་པ་མ་ཟད། ས་དང་ལམ་གྱི་ཉམས་རྟོགས་ཁྱད་པར་ཅན་བསྐྱེད་པའང་བླ་མའི་བྱིན་རླབས་ཁོ་ན་ལ་ལྟོས་དགོས་པས། མི་མཉེས་པ་སྐད་ཅིག་ཀྱང་མེད་པར་བློ་རྩེ་གཉིས་སུ་མ་སོང་བར་དད་པ་མོས་གུས་ཀྱིས་བླ་མ་བརྟེན་པའི་ཐབས་ལ་མཁས་པར་བྱའོ། །དེ་ལ། དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ ཞེས་པ་ནས། བླ་མའི་རྣལ་འབྱོར་བསྒོམ་པར་བྱ༔ ཞེས་པའི་བར་ངག་ཏུ་བརྗོད་ཅིང་། དཔེར་ན། འཁོར་ལོ་སྒྱུར་རྒྱལ་ནམ་བྱུང་བའི་ཚེ་ཡིད་བཞིན་ནོར་བུ་ཡང་རྩོལ་མེད་དུ་འབྱུང་བ་ལྟར། སྐལ་ལྡན་དད་པ་ཅན་གྱི་མི་ལ་དཔལ་མགོན་བླ་མ་དམ་པའང་རྩོལ་མེད་དུ་འབྱུང་ཞིང་། འཁོར་ལོས་སྒྱུར་རྒྱལ་གཤེགས་པའི་ཚེ། ནོར་བུ་འབྱུང་བ་གང་གིས་ཀྱང་མི་ཐུབ་པར་རྒྱ་མཚོར་ལྡོག་པ་ལྟར། སྡིག་སྤྱོད་ལོག་པར་ལྟ་བ་ཅན་གནས་པའི་སར། བླ་མ་དེ་དག་པའི་ཞིང་དུ་གཤེགས་པའི་དཔེ་དོན་དང་བཅས་བསྟན་པ་ལྟར་འབྱུང་དཀའ་བ་ལ་བསམ་སྟེ་བླ་མའི་རྣལ་འབྱོར་སྒོམ་པར་བྱ་བ་ལ་བརྩོན་ནོ། །དངོས་གཞི་དམིགས་པ་སྒོམ་པའི་ལུགས་གསུམ་ལས་འདིར་ཐོ་བརྩེགས་སུ་བསྒོམ་པ་སྟེ། སྟོང་པའི་ངང་ལས། རང་ཉིད་གནས་པའི་གོ་སར་པཾ་ལས་པདྨ་དང་། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་རང་སེམས་མཿཡིག་དམར་པོ་གསལ་བ་ལས་འོད་འཕྲོས་དོན་གཉིས་བྱས་ཚུར་འདུས་མཿལ་ཐིམ་པ་ཡོངས་སུ་གྱུར་པ་ལས་བདག་ཉིད་རྡོ་རྗེ་ཕག་མོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མ། གྲི་ཐོད་འཛིན་ཅིང་དབུ་གཙུག་ཏུ་ཕག་ཞལ་ངུར་བ། ཞབས་གཉིས་བརྐྱང་བསྐུམ་གྱི་ཚུལ་དུ་ཉི་དཀྱིལ་ལ་གནས་པ། ཐོད་པ་སྐམ་རློན་དང་རིན་པོ་ཆེ་དང་རུས་པས་བརྒྱན་པ། མེ་དཔུང་གི་དབུས་ན་བཞུགས་པར་གསལ་བའི་ལུས་ཀྱི་དབུས་དྲང་པོར། རྩ་དབུ་མ་མཚན་ཉིད་བཞི་ལྡན་ཡར་རྩེ་སྤྱི་བོ་དང་མར་སྣ་ལྟེ་འོག་ཏུ་ཟུག་པ་གཡས་གཡོན་དུ་རོ་རྐྱང་གཉིས་དང་། འཁོར་ལོ་ལྔ་གསལ་བའི་དབུ་མའི་མས་སྣར་ཉི་གདན་ལ་རྡོ་རྗེ་ཕག་མོ་དམར་གསལ་ཚོན་གང་བ་གསལ་བའི། སྤྱི་བོར་པད་ཉི་ཟླ་བའི་གདན་ལ་རྩ་བའི་བླ་མ། དེའི་སྤྱི་བོ་ནས་ཡར་ལ་རང་རང་གི་བརྒྱུད་སྲོལ་གང་ཡིན་གྱི་བླ་མ་རྣམས་རབ་བྱུང་དང་རྣལ་འབྱོར་པ་སོགས་སོ་སོའི་ཆ་ལུགས་ལྟར་གསལ་བའི་བརྒྱུད་པ་གོང་མ་གཙང་པ་སྒྲུབ་ཆེན་པ་ལས་བརྒྱུད་པ་ཤས་ཆེ་བ་ལྟར་ན། པད་ཉི་ཟླ་བའི་གདན་ལ་རིག་འཛིན་པདྨ་བཤེས་གཉེན་སྐུ་མདོག་དམར་སྨུག་རྣལ་འབྱོར་པའི་ཆ་ལུགས་ཕྱག་མཉམ་གཞག་མཛད་པའི་སྟེང་ན་རིན་པོ་ཆེ་འཛིན་པ། དེའི་སྤྱི་བོར་བྱམས་པ་ཤེས་རབ་མཆོག་ལྡན་རབ་བྱུང་གི་ཆ་ལུགས་ཕྱག་གཉིས་ཌཱ་དྲིལ་འཁྲོལ་ཞིང་སྐྱིལ་ཀྲུང་མཛད་པ། དེའི་སྤྱི་བོར་གསང་སྔགས་བསྟན་འཛིན་ཡར་འཕེལ་རྣལ་འབྱོར་ཆ་ལུགས་བགྲེས་ཉམས་ཅན་མཉམ་གཞག་མཛད་པ། དེའི་སྤྱི་བོར་གྲུབ་ཐོབ་པདྨ་མི་བསྐྱོད་གྲུབ་ཐོབ་ཆས་ཐོད་པ་བདུད་རྩིས་གང་བ་འཛིན་པ། དེའི་སྤྱི་བོར་འཁྲུལ་ཞིག་ཆེན་པོ་ཧེ་རུ་ཀའི་ཆ་ལུགས་རུས་རྒྱན་དང་ཁ་ཊྭཱཾ་ཐོད་པ་འཛིན་པ། དེའི་སྤྱི་བོར་ཆོས་དབྱིངས་རྒྱ་མཚོ་དགེ་སློང་རྡོ་རྗེ་འཛིན་པ་ས་གནོན་མཉམ་གཞག་མཛད་པ། དེའི་སྤྱི་བོར་རབ་འབྱམས་སྨྲ་སེང་རབ་བྱུང་མཉམ་གཞག་གི་སྟེང་ན་གླེགས་བམ་བསྣམས་པ། དེའི་སྤྱི་བོར་རང་གྲོལ་རྡོ་རྗེ་རྣལ་འབྱོར་ཆ་བྱད་རྡོ་རྗེ་དང་ཐོད་ཁྲག་འཛིན་པ། དེའི་སྤྱི་བོར་ཆོས་བདག་གསང་སྔགས་རྡོ་རྗེ་སྔགས་ཆས་གཡས་ཨ་རུ་རྣམ་རྒྱལ་དང་གཡོན་མཉམ་གཞག་མཛད་པ། དེའི་སྤྱི་བོར་གཏེར་སྟོན་བསྟན་གཉིས་གླིང་པ་སྐུ་མདོག་དཀར་དམར་རྡོར་དྲིལ་འཛིན་པ། དེའི་སྤྱི་བོར་ཡེ་ཤེས་མཚོ་རྒྱལ་མཁའ་འགྲོའི་ཆ་ལུགས་བདུད་རྩིས་གང་བའི་ཐོད་པ་འཛིན་པ། དེའི་སྤྱི་བོར་རྒྱལ་དབང་པདྨ་འབྱུང་གནས་གཞོན་ཚུལ་ཟ་འོག་གི་བེར་གསོལ་ཞིང་རྡོར་དྲིལ་དང་བཅས་པས་པདྨ་མཁའ་འགྲོ་འཁྲིལ་བ། དེའི་སྤྱི་བོར་དབང་ཆེན་ཡབ་ཡུམ་སྐུ་མདོག་དམར་པོ་ཧེ་རུ་ཀའི་ཆས་ཀྱིས་སྤྲས་ཤིང་གྲི་གུག་དང་ཐོད་ཁྲག་འཛིན་པ། དེའི་སྤྱི་བོར་གདོད་མའི་མགོན་པོ་ཀུན་བཟང་ཡབ་ཡུམ་གཅེར་བུ་མཉམ་གཞག་གི་ཕྱག་རྒྱ་མཛད་པ་ཡེ་ཤེས་འོད་ལྔ་གསལ་བའི་ཀློང་ན་བཞུགས་པར་གསལ་བ། ཐམས་ཅད་ཀྱང་མཁྱེན་བརྩེ་ནུས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་ཅིང་མཆོག་ཐུན་མོང་གི་དངོས་གྲུབ་ཅི་འདོད་དུ་འབྱུང་བ་ཡིད་བཞིན་གྱི་ནོར་བུ་ལྟ་བུར་བློ་ཐག་བཅད། རེ་ས་ཁྱེད་ལས་མེད་པས་ཅི་མཛད་ཁྱེད་མཁྱེན་གྱི་མོས་གུས་གདུང་ཤུགས་དྲག་པོའི་ངང་ནས། ཨེ་མ་ཧོ༔ ཡེ་ཤེས་རང་གསལ་དཀྱིལ་འཁོར་ཆེན་པོ་ན༔སོགས་ནས། སེམས་ཉིད་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས༔ ཞེས་བརྒྱུད་འདེབས་རྒྱས་པ་ཅི་རིགས་པ་དང་། བསྡུས་པ་ནི། ཨེ་མ་ཧོ། བརྒྱུད་གསུམ་བླ་མ་ཡི་དམ་དཔའ་བོ་དང་། །ཌཱ་ཀི་ཆོས་སྲུང་དམ་ཅན་གཏེར་བདག་དང་། །མཆེད་ལྕམ་སྤུན་གྲོགས་རྣམས་ལ་གསོལ་བ་འདེབས། །ལུས་ངག་ཡིད་ལ་གཏུམ་མོའི་བདེ་དྲོད་སྦོར། །ས་ལམ་ཡོངས་རྫོགས་དབང་བཞི་རབ་ཐོབ་ནས། །ཆོས་ཟད་བློ་འདས་དགོངས་པ་མཐར་ཕྱིན་ཤོག །ཨོཾ་བཛྲ་ཛྙཱ་ན་ཛྭ་ལ་རཾ་རཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་སྨིན་ཁྲིད་ཀྱི་དུས་བླ་མའི་རྣལ་འབྱོར་འབུམ་གསག་དགོས་པས་རླུང་སྦྱོར་དང་བསྟུན་ཏེ་གཙོ་ཆེར་བསྡུས་པ་ཉིད་གསོག་པ་ཡིན་ནོ། །མཐར་གོང་མ་རྣམས་རིམ་པར་འོད་དུ་ཞུ་སྟེ་འོག་མ་རྣམས་ལ་ཐིམ། ཤེས་རིག་གི་ངོ་བོ་རྗེ་བཙུན་མ་ཡང་རཾ་ཡིག་ཉི་མའི་དཀྱིལ་འཁོར་ལ་ཐིམ་པས་མེ་འོད་ཁྲམ་ཁྲམ་འབར་བ་ལ་ཤེས་པ་གཏད་དེ་མཉམ་པར་འཇོག་གོ །གཉིས་པ་ཡེ་ཤེས་ཆེན་པོའི་ཉམས་ལེན་གྱི་སྔོན་འགྲོར་སེམས་ཚོལ་གྱི་རིམ་པ་སྐབས་འདིར་གཏང་བ་ཕྱག་ལེན་དུ་མཛད་པས། རང་གི་སེམས་ཞེས་བྱ་བ་འཁོར་འདས་ཐམས་ཅད་ཀྱི་རྩ་བ་འདི་དང་པོ་གང་ནས་བྱུང་། ཕྱིའི་སྣང་བའམ། ནང་གི་ཕུང་པོ་ལས་བྱུང་ངམ། ཡོད་པ་ལས་བྱུང་ངམ་མེད་པ་ལས་བྱུང་། བར་དུ་གང་ན་གནས། ཕྱིའི་སྣང་བ། ནང་གི་ཕུང་པོ་སྟོད་སྨད་གང་དུ་གནས། མཐར་སྟོང་པའམ་སྣང་བའི་དབྱིངས་གང་དུ་འགྲོ །བྱུང་གནས་གསུམ་ཡོད་ན་དེའི་གཟུགས་དབྱིབས་ཁ་དོག་ཇི་ལྟར་འདུག །མེད་དོ་སྙམ་ན་སྙམ་མཁན་གང་ན་འདུག །སྣང་བ་དང་སེམས་གཉིས་གཅིག་གམ་ཐ་དད། གཅིག་ན་སྣང་བ་བཞིན་སེམས་དངོས་པོ་ཡོད་དམ། ཐ་དད་ན་སེམས་ཕར་སོང་ནས་སྣང་བ་ཤེས་སམ། སྣང་བ་ཚུར་འོང་ནས་ཤེས། སེམས་ལས་སེམས་བྱུང་སྙམ་ན་སེམས་སྔ་ཕྱི་གཉིས་ཡོད་དམ། སྟོང་པ་ལས་བྱུང་སྙམ་ན་བེམ་སྟོང་ནམ་མཁའ་ལས་ཀྱང་འབྱུང་བར་ཐལ་བ་སོགས་གནད་ལ་བཀར་ཏེ་རྩ་གདར་ལེགས་པར་མ་ཆོད་བར་དུ་གཅུན་གྱིན་དྲིས་ལ་མཚང་བཙལ་དུ་གཞུག །འདི་སེམས་དོན་གྱི་རྩ་བ་ཡིན་པས་རང་ངོ་འཕྲོད་ངེས་པ་མ་བྱུང་བར་ངོ་སྤྲོད་མི་བྱ། ངོ་ཤེས་པ་བྱུང་ན། འདི་ལྟར་སེམས་ཞེས་བྱ་བའི་ངོ་བོ་སྤྲོས་པ་དང་བྲལ་བའི་སྟོང་པ་ཉིད་ཀྱི་རང་བཞིན་ཅན་ཏེ། བཙལ་བས་མི་རྙེད་དེ་འདི་ནས་བྱུང་བྱ་བའི་ཁུངས་མེད། བར་དུ་ད་ལྟ་འདི་ན་གནས་ཞེས་ངོས་གཟུང་ཐམས་ཅད་དང་བྲལ། མཐར་འདིར་འགྲོ་ཞེས་པའི་གཟའ་གཏད་གང་ཡང་མེད། གར་ཡང་མ་སོང་གང་དུའང་མི་གནས་པ་ཡིན་ནོ། །དོན་ལ་འདི་ཞེས་ཚིག་གིས་མི་མཚོན་ཏེ། ངོ་བོ་ངོས་གཟུང་དང་བྲལ་བ། ཤར་ཙམ་ཉིད་ནས་རང་བཞིན་གྱི་ངང་དྭངས་སང་ངེ་བ་ལ་བརྗོད་དུ་མེད་པ། གསལ་ཙམ་ན་སྟོང་། སྟོང་ཙམ་ན་གསལ་བ་དབྱེར་མེད་ནམ་མཁའ་ལྟ་བུའི་རང་བཞིན་ཅན་རིག་སྟོང་བརྗོད་མེད་དོ། །དེ་བཞིན་དུ་སྒོ་ལྔའི་ཡུལ་ལ་ཤར་བའི་གཟུགས་སྒྲ་སོགས་དང་། ཤེས་པ་དང་པོ་གཟུང་བའི་ཡུལ་དུ་ཤར་བ་དང་། འཛིན་བྱེད་ཀྱི་སེམས་སོགས་བརྟགས་ན་ཕྱི་ནང་བར་གསུམ་གང་ནའང་མེད་ཅིང་མི་དམིགས་ཏེ། མེ་ལོང་ནང་གི་གཟུགས་བརྙན་བཞིན། དང་པོ་གང་ནས་མ་བྱུང་སྟེ་དངོས་པོ་མེད། བར་དུ་སྣང་སྣང་འདྲ་ཡང་ཡེ་སྟོང་རྩ་བ་དང་བྲལ་བས་གང་དུའང་མི་གནས། ཐ་མ་གང་དུའང་མི་འགྲོ་སྟེ་དངོས་པོ་མེད་པའོ། །ཡོད་མེད་དང་ཡིན་མིན་སོགས་ཐ་སྙད་ཀུན་ལས་འདས་པས། རང་བཞིན་བརྗོད་དུ་མེད་པ་ངོས་གཟུང་རྩོལ་སྒྲུབ་དང་བྲལ་བ་རང་བབས་སུ་ཕྱམ་མེ་འཛིན་མེད་དུ་ཤིག་གེ་བའི་ངང་བསྐྱང་བར་བྱའོ། །གསུམ་པ་བདེ་སྟོང་གཏུམ་མོའི་འབར་འཛག་སྒོམ་པ་ལ་གཉིས། ཐུན་མོང་དང་། ཐུན་མོང་མ་ཡིན་པའོ། །དང་པོ་ལ་བཞི། ཕྱི། ནང་། གསང་བ། དེ་ཁོ་ན་ཉིད་ཀྱི་གཏུམ་མོའོ། །དང་པོ་ཕྱིའི་གཏུམ་མོ་ལུས་ཀྱི་སྟོང་ར་སྒོམ་པ་ནི། ལུས་གནད་དྲང་པོར་བསྲང་། རྐང་པ་རྡོ་རྗེ་སྐྱིལ་ཀྲུང་བཅའ། ལག་གཉིས་མཉམ་གཞག་གྲུ་མོ་མི་ལྷོད་པར་བརྒྱང་། རྒལ་ཚིགས་དྲང་པོར་བསྲང་། ལྟག་རྩ་ཅུང་ཟད་འཐེན་ཏེ་མགྲིན་པ་གུག་པ་ལྟར་བྱས། ལྕེ་ཡ་རྐན་ལ་སྦྱར། མིག་སྣ་རྩེར་གཏད་པའི་ལུས་གནད་ལས་མ་འགྱུར་བས་རླུང་རང་ལུགས་སུ་རྒྱུ། རླུང་དལ་བས་སེམས་རྟོག་ཉུང་བ་སོགས་ཡོན་ཏན་དུ་མ་དང་ལྡན་པས་ཐོག་མར་ལུས་གནད་ལ་བསླབ་བོ། །དེ་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་པར་སྦྱང་། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རང་སེམས་མཿཡིག་དམར་པོ་ཚེག་དྲག་དང་བཅས་པ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་མཿལ་ཐིམ་པ་ཡོངས་སུ་གྱུར་པ་ལས་བདག་ཉིད་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ། ཞལ་གཅིག་ཞི་མ་ཁྲོའི་ཉམས་ཅན། ཕྱག་གཡས་གྲི་གུག་ནམ་མཁའ་ལ་འཕྱར་ཞིང་། གཡོན་ཐོད་ཁྲག་བསྣམས་པ། ཞབས་གཡས་པའི་རྟིང་པ་བྷ་ག་ལ་གཏད་པ། གཡོན་ཅུང་ཟད་བརྐྱངས་པས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཕྱེད་སྐྱིལ་དུ་བཞུགས་པ། མི་མགོ་སྐམ་རློན་གྱི་དབུ་རྒྱན་དང་དོ་ཤལ་བྱས་པ། རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། སྤྱི་བོར་ཕག་ཞལ་ནག་པོས་ངུར་སྒྲ་སྒྲོག་པས་བགེགས་དཔུང་ལས་རྒྱལ་བར་བྱེད་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེ་ཡང་ཕྱི་གསལ་ནང་གསལ་ཕྲུ་མ་ཕུས་བརྒྱངས་པ་ལྟ་བུའམ་འོད་དམར་པོའི་རང་བཞིན་ཅན་དུ་གསལ་བཏབ་ཏེ་ཞག་གསུམ་སོགས་གསལ་བརྟན་གྱི་ངེས་པ་བརྟན་པོ་མ་རྙེད་ཀྱི་བར་དུ་བསྒོམ་མོ། །གཉིས་པ་ནང་གི་གཏུམ་མོ་དག་པ་རྩའི་སྟོང་ར་བསྒོམ་པ་ནི། རང་ཉིད་ཕག་མོར་གསལ་བའི་ལུས་ཀྱི་དབུས་དྲང་པོར་རྩ་དབུ་མ། ཡར་སྣེ་སྤྱི་བོའི་ཚངས་བུག་ཏུ་ཟུག་པའི་ནང་དུ་ཟླ་བའི་དཀྱིལ་འཁོར་ལ་ཧཾ་ཡིག་དཀར་པོ་མགོ་ཐུར་དུ་བསྟན་པ། མར་སྣེ་ལྟེ་འོག་སོར་བཞིའི་ཐད་དུ་སླེབས་པ། དེའང་ཏིལ་གྱི་མར་མེ་ལྟར་གསལ་བ། རྒྱ་སྐྱེགས་ཀྱི་ཁུ་བ་ལྟར་དམར་བ། པདྨའི་འདབ་མ་ལྟར་སྲབ་པ། ཆུ་ཤིང་གི་སྡོང་པོ་ལྟར་དྲང་པ་སྟེ་མཚན་ཉིད་བཞི་ལྡན་དུ་གསལ་གདབ། དང་པོ་ཤིན་ཏུ་ཕྲ་བ་ལ་སེམས་གཟུང་། དེ་ནས་རིམ་གྱིས་རྟ་རྔ་ཙམ་ནས། གྲོ་སོག་ཙམ། དེ་ནས་མདའ་སྙུག་ཙམ། སྦ་ལྕག །རང་ལུས། ཁང་ཁྱིམ། ཡུལ་ཁམས་སོགས་ནས་མཐར་ནམ་མཁས་གར་ཁྱབ་དབུ་མས་ཁྱབ། དབུ་མ་དང་སེམས་ཉིད་ནམ་མཁའ་གསུམ་དབྱེར་མེད་ཀྱི་ངང་ལ་བཞག །སླར་ཚུར་འདུས་ཇེ་ཕྲ་ལ་སོང་སྟེ། སྦ་ལྕག་འབྲིང་པོ་ཙམ་དུ་གསལ། དེའི་གཡས་སུ་རོ་མ་དམར་མོ་དང་གཡོན་དུ་རྐྱང་མ་དཀར་མོ་གཉིས་དབུ་མ་ལ་བརྟེན་པའི་ཚུལ་གྱིས་རྩ་གསུམ་པོ་གཤིབས་ཏེ་ལུས་ཀྱི་དབུས་སུ་དྲང་པོར་གནས་པའི་རོ་རྐྱང་གི་ཡས་སྣ་གུག་ཏེ་སྣ་བུག་གཉིས་ལ་ཟུག་པ། མས་སྣ་ལྟེ་འོག་ནས་དབུ་མའི་ནང་དུ་ཆུད་པ་ཡི་གེ་ཆའི་འཕོངས་ལྟ་བུ། བུད་མེད་ལ་རོ་རྐྱང་གཉིས་གོ་ལྡོག་ཏུ་གནས་པར་བཤད་དོ། །དབུ་མ་ཉིད་ལས་གྱེས་པའི་ཚུལ་གྱིས་སྤྱི་བོར་རྩ་འདབ་སུམ་བརྒྱ་དྲུག་ཅུ། མགྲིན་པར་བཅུ་དྲུག །སྙིང་གར་སུམ་ཅུ་སོ་གཉིས། ལྟེ་བར་དྲུག་ཅུ་རྩ་བཞི། གསང་གནས་སུ་ཉི་ཤུ་རྩ་བརྒྱད་དེ། སྤྱི་བོའི་རྩ་འཁོར་རྣམས་གདུགས་ཀྱི་རྩིབས་མ་ལྟར་ཅུང་ཟད་ཐུར་དུ་ཕྱོགས་པ། མགྲིན་པ་གྱེན། སྙིང་ཁ་ཐུར། ལྟེ་གསང་གཉིས་གྱེན་དུ་ཕྱོགས་པའི་རྣམ་པ། ཐམས་ཅད་ཀྱང་དབུ་མའི་མཚན་ཉིད་ལྟར་ཁྲག་དང་ཆུ་སེར་གྱིས་མ་གོས་པར་སྟོང་སང་ངེ་ཡོད་པར་བསམ། འདི་ལ་ཞག་གསུམ་སོགས་གསལ་མ་ཐེབས་ཀྱི་བར་དུ་སྒོམ་དུ་གཞུག་གོ །གསུམ་པ་གསང་བའི་གཏུམ་མོ་མེ་ཚད་གསོ་བ་ནི། རྩ་གསུམ་གྱི་འདུས་མདོར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་མེའི་ས་བོན་ཨ་ཐུང་ཤད་ཀྱི་རྣམ་པ་ཅན་རྩ་བ་ནི་ཉི་གདན་ལ་ཟུག་པ་ལྟར་གནས་པ། མེའི་རང་བཞིན་ཅན་གཅིག་གསལ་བར་སྒོམ་ལ་ཡུན་རིང་དུ་བཞག །དེ་ནས་རླུང་གི་སྐྱོན་བསལ་ནི། སྔར་བཤད་པའི་དམིགས་གནད་རྣམས་དང་ལྡན་པས་རླུང་དགུ་ཕྲུགས་སུ་འབུད་རྗེས་ལ་ནད་གདོན་ཐམས་ཅད་བ་སྤུའི་བུ་ག་ནས་ཕྱིར་སངས་ཀྱིས་སོང་བར་བསམ་ལ་ཧ་སྤྲུག་དྲག་ཏུ་བྱའོ། །དེ་ནས་རླུང་སྦྱོང་བ་ལ། ལུས་གནད་དང་ལྡན་པས། ངག་གནད་རླུང་དལ་བུས་གཡས་ནས་གཡོན་དུ་བསྐོར་ཏེ་རྔུབ་ཅིང་ལྟེ་འོག་ཏུ་ཆིལ་གྱིས་མནན་ལ་ཁ་སྦྱར་དུ་གཟུང། དམིགས་གནད་རླུང་རོ་རྐྱང་གི་ལམ་ནས་ཞུགས་སུམ་མདོའི་ཨ་ཤད་ལ་བུས་པས་མེ་ལྕེ་རྒྱ་ཁབ་ཀྱི་རྩེ་མོ་ཙམ་པ་རེག་བྱ་ཤིན་ཏུ་ཚ་བ་ཞིག་དམར་ཉུག་ཉུག་འབར་བ་ལ་ཤེས་པ་གཏད་དེ་རླུང་ཐུན་གང་མང་སྦྱང་ལ་ཡུན་རིང་བསྐྱང་ངོ་། །དེ་ཡང་ཐོག་མར་འཇམ་རླུང་ལ་གོམས་སུ་བཅུག་པས་གེགས་ཆུང་བ་ཡིན་པའི་ཕྱིར་གཙོ་ཆེར་འཇམ་རླུང་ལ་སྦྱང་། འབྱོངས་ནས་རྔུབ་ཆུང་རེ་བསྣན་ཏེ་བསྒོམ། མི་ཐུབ་པ་དང་སངས་བཏང་། དེ་ནས་མེ་དམིགས་ཡང་ཆེ་རུ་བཏང་སྟེ། ལྟེ་བ། སྙིང་ཁ། མགྲིན་པ། སྤྱི་བོ་རྣམས་ལ་མེ་དམིགས་སྤར་ཏེ་ཁབ་མིག་ཏུ་སྐུད་པ་འཛུད་པ་ལྟ་བུའི་དམིགས་པ་གཞན་དུ་མ་ཡེངས་པར་སྒོམ་པ་གནད་ཡིན་ནོ། །ཡང་རྔུབ་ཆུང་བསྣན་ཏེ་གཟུང་། ལག་གཉིས་སོར་མོ་བསྣོལ་ཏེ་པུས་མོ་ལ་འཁྱུད་ལ་སྟོད་སྤྲུག་པ་བྱའོ། །ཕོ་བ་བསྐོར་བ་བརྒྱ་རྩ་རེ་ཡང་བྱ། མགོ་བོ་གཡས་གཡོན་དུ་བསྐོར་ལ་ཕྱོགས་བཞིར་འཕངས། ལག་གཡས་ཁུ་ཚུར་བརླ་སྟེང་ནས་ཡར་བཤུད། ལག་པ་རྩིབ་ལོགས་ལ་རྡེབ་པའི་དཔྱང་ཕྲག་བརྡབ་ཏེ་ཐད་དུ་བརྐྱང་པ་དཔུང་མགོར་བརྡེག་པ་གསུམ་རེ་བྱ། དེ་ལྡོག་གཡོན་དང་། གཉིས་མཉམ་ནས་བརྡེག་པ་གསུམ་དང་། རོ་སྟོད་ཀྱང་གཡས་གཡོན་རེས་མོས་སུ་གཅུ། ས་ལ་སྨད་བརྡབ་ཏེ་རྐང་པ་ཤད་བརྐྱངས་པའི་རྟིང་པ་དཔྱི་མགོར་བརྡེག་པ་གསུམ་རེ་བྱ། དེ་ལྟར་ལུས་སྦྱོང་གི་འཕྲུལ་འཁོར་གྱི་ཚེ་མེ་དམིགས་ཁོ་ན་བསྒོམ་ཞིང་རླུང་དྲག་པོར་འབུད་ཅིང་རྗེས་ལ་འཇམ་རླུང་གིས་ཁ་བརྒྱན་ནོ། །བཞི་པ་དེ་ཁོ་ན་ཉིད་ཀྱི་གཏུམ་མོ་འབར་འཛག་བསྒོམ་པ་ནི། གཏུམ་མོའི་མེ་དེས་སྤྱི་བོའི་ཧཾ་ཡིག་བདེ་བའི་རྣམ་པར་ཞུ། རྩ་འདབ་རྣམས་གང་སྟེ་དབུ་མའི་ལམ་ལ་བརྒྱུད། མགྲིན་པའི་རྩ་འདབ་རྣམས་གང་བས་དགའ་བ། སྙིང་གར་མཆོག་དགའ། ལྟེ་བར་དགའ་བྲལ། གསང་གནས་སུ་ལྷན་སྐྱེས་ཀྱི་དགའ་བ་སྟེ། རིམ་བཞིན་ངོས་བཟུང་ལ་མཐར་བ་སྤུའི་བུ་ག་ཐམས་ཅད་གང། ལུས་དཀར་དམར་འདྲེས་པས་བདེ་བའི་རང་བཞིན་དུ་ཤིག་གེ་བ་ལ་སེམས་བཟུང་སྟེ་མཉམ་པར་འཇོག་གོ །ཡང་གསང་གནས་ནས་ལྟེ་བ། སྙིང་ཁ་སོགས་རིམ་བཞིན་མས་བརྟན་གྱི་དགའ་བ་བཞིའི་ཧཾ་ལ་བསྐྱལ་ཏེ་བདེ་སྟོང་གི་རྒྱུན་བསྐྱང་། རྒྱུན་ལྡན་མེ་དམིགས་ཨ་ཤད་ལ་བསྡུ། ཐིག་ལེ་ཧཾ་ལ་བསྡུས་ཏེ་རྒྱུན་གྱི་ཉམས་ལེན་བསྐྱང་ངོ་། །དེ་ལྟར་གཏུམ་མོ་སྒོམ་པ་ལ་བརྟན་པ་ཐོབ་ནས་རླུང་གི་ཡོན་ཏན་སྐྱེད་པ་ལ་བུམ་པ་ཅན་འབྱོངས་དགོས་པས། དེ་ལ་དུས་དང་། གཟུང་བའི་གནད་དང་། རྟགས་གསུམ་ལས། དང་པོ་ནི་རླུང་འཚུབས་ཆེན་པོ་དང་། གཉིད་བྲོ་ཞིང་ཁམས་ཉོག་པ་དང་། སྣ་བུག་གཡས་ནས་རྒྱུ་བའི་ཚེ་ཉོན་མོངས་པའི་རླུང་སྟེ་འདི་དུས་གནད་དུ་བསྣུན་ན་རླུང་ལོག་སོགས་ཀྱི་གེགས་འབྱུང་བས་རྩོལ་བ་མི་བསྐྱེད། སྣ་བུག་གཡོན་ནས་རྒྱུ་བའི་ཚེ་ཡེ་ཤེས་ཀྱི་རླུང་འགྱུ་བས་འདི་དུས་རྩོལ་བ་བསྐྱེད་ན་རིག་པ་དྭངས་ཤིང་ཉམས་རྟོགས་འཕེལ་བའི་ཡོན་ཏན་འབྱུང་། གཉིས་མཉམ་ནས་ཟུང་འཇུག་གི་རླུང་རྒྱུ་བས། འདི་དུས་གནད་དུ་བསྣུན་ན་རླུང་སེམས་དབུ་མར་འཇུག་པའི་དགོས་པ་ཡོད་དོ། །གཉིས་པ་གཟུང་བའི་གནད་ནི། ལུས་གནད་ལེགས་པར་བཅོས་ལ་རླུང་གི་དུག་དབྱུང་། འོག་རླུང་བསྡམ། སྟེང་རླུང་དྲག་ཏུ་མནན། དམིགས་གནད་རླུང་སེམས་གཅིག་ཏུ་དྲིལ་ཏེ་ཡུམ་ཆེན་མོའི་གནས། རྩ་གསུམ་འདུས་མདོར་ཨ་ཤད་ལ་མ་ཡེངས་པར་སེམས་བཟུང་བས། སྔར་གྱི་རླུང་རྒྱུ་བའི་རྩ་གནས་རྣམས་ཁེངས་པ་དང་མི་བདེ་བའི་སྣང་བ་འཆར། དེ་ནས་རྔུབ་ཆུང་བསྣན་ཏེ་བརྡབ་སྤྲུག་སོགས་བྱས་ལ་སླར་ཡང་མནན། གོང་བཞིན་རྔུབ་ཆུང་བསྣན་ཏེ་རྡེབ་ཆུང་མང་དུ་བྱས་ལ་གཉེན་པོ་དྲག་ཏུ་བསྐྱེད། མི་ཐུབ་པ་དང་སྣ་ནས་མདའ་གང་གི་ཚད་ཙམ་དུ་ཕྱིར་འཕངས་ལ། རྗེས་ལ་འབུད་ཐུང་ཡང་ཡང་བྱའོ། །ལུས་ཀྱི་ནང་ཐམས་ཅད་མེས་ཁེངས་ཕྱིར་འཕྲོས་པས་ཁམས་གསུམ་ཐམས་ཅད་མེ་ལྕེ་གཅིག་ཏུ་གྱུར་པར་བསམ་ལ་ཐུན་གྲངས་མང་བ་ལ་བསླབ། ནང་དུ་བསྐྱིལ་ཡུན་རིམ་པར་བསྲིང་། རླུང་རིག་སུམ་མདོར་རྩེ་གཅིག་གཏད་པས་རླུང་དབུ་མར་འཇུག་པའི་དགོས་པ་ཡོད་དོ། །བུམ་ཅན་རེ་ལ་བརྡབ་ཆེན་བཅུ་རེ་འགྲོ་བར་བྱས་ཏེ། རྗེས་ལ་འཇམ་རླུང་གིས་ཁ་བརྒྱན་ནོ། །ཞིབ་པར་བླ་མའི་ཞལ་ལས་ཤེས་དགོས་སོ། །དེ་ལྟར་འབད་པས་ཐོག་མར་ལུས་ལ་ནད་ཟུག་དྲག་པོས་ཁེངས་ཏེ་ཅི་བྱར་མེད་པ་ལྟ་བུ་འབྱུང་བས་རྩོལ་བ་མི་ལྷོད་པར་ཉམས་སུ་བླང་། གསུམ་པ་རྟགས་ནི། དེ་ལྟར་འབྱོངས་ནས་ཕྱི་ནང་གི་རླུང་གི་རྒྱུ་བ་མི་ཚོར་ཞིང་། སེམས་གར་གཏད་དུ་ལྷན་སྡོད་པ་དང་། ལུས་ལ་དྲོད་སྐྱེ་ཞིང་ཡང་བ་དང་། ཤིག་སྲོ་སོགས་རྒྱུན་ཆད་ཅིང་སྣང་བ་ཐམས་ཅད་ལ་སྒྱུ་མ་ལྟ་བུའི་སྟོང་ཉམས་འཆར་ཞིང་འཛིན་ཞེན་ཆུང་བ་དང་། བདེ་གསལ་མི་རྟོག་པའི་ཉམས་འཆར་བ་ཐུན་མོང་དུ་འབྱུང་ལ། དབུ་མར་རླུང་སེམས་ཞུགས་པའི་རྟགས་ནི་ཞལ་གདམས་ནོར་བུའི་ཕྲེང་བ་ལས་འབྱུང་བ་ལྟར་རོ། །ཉམས་ལེན་དེ་རྣམས་ལ་བརྟན་པ་ཐོབ་ནས་འདི་ཉིད་ཀྱི་རྣལ་འབྱོར་རྩེ་གཅིག་ཏུ་བྱེད་པའི་སྙིང་རུས་ཅན་ལ་རས་རྐྱང་ཐུབ་པའི་གདམས་ངག་ཐུན་མོང་མ་ཡིན་པ་སྟོན་པ་ལ་གསུམ་ཡོད་པའི། དང་པོ་ལུས་གནད་ཙོག་པུ་ལ་རྐང་པ་གཡས་པའི་བོལ་གཡོན་པའི་མཐིལ་གྱིས་མནན་ཅིང་། ལག་གཉིས་བསྣོལ་བ་པུས་མོར་འཁྱུད་དེ་ལག་མཐིལ་གཉིས་ཀྱིས་ཉྭ་ཤ་མནན་ལ། རང་ཉིད་ཕག་མོར་གསལ་བའི་ལུས་ཀྱི་རྩ་འཁོར་ཐམས་ཅད་ཧ་རེ་ཡོད་པའི་རྐང་པའི་འོག་ཏུ། ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ཅན། མཆོག་མ་གཉིས་ལ་བ་དན་རེ་དང་། འཆང་གཟུང་རཾ་ཡིག་གིས་མཚན་པ་གསལ་བའི་རླུང་ཕྱིར་འཛིན་ནང་འཛིན་སྤེལ་མར་བཟུང་བས་ཡཾ་ལས་རླུང་གཡོས། མཆོག་མ་གཉིས་ཀྱི་བ་དན་ལ་ཕོག་ཏེ་བསྐྱོད་པས། རཾ་ལས་མེ་འབར་ནས་རྐང་པའི་སྦུབས་ལས་ཞུགས། སུམ་མདོའི་ཨ་ཤད་ལ་ཕོག །མེ་ལྕེ་དམར་སི་རི་རི་འབར་བ་ལ་ཤེས་པ་གཏད་དེ་རླུང་བཟུང་། ཕོ་བསྐོར་བརྡབ་སྤྲུག་སོགས་བྱ། མེ་ཡང་རིམ་བཞིན་འཁོར་ལོ་རྣམས་བརྒྱུད་དེ་ལུས་ནང་ཁེངས། གོང་བཞིན་རླུང་བཟུང་སྟེ་བརྡབ་སྤྲུག་བྱ། དེ་ནས་བ་སྤུའི་བུ་ག་རྣམས་ནས་ཕྱིར་མེ་ལྕེ་དམར་ཉུག་ཉུག་བྱུང་བར་བསམ་ལ་རླུང་དང་དམིགས་པ་དྲག་ཏུ་གཅུན། དེ་ནས་གང་མཐོང་བའི་ཡུལ་ཁམས་ཐམས་ཅད་མེས་ཁེངས་པར་བསམ། རླུང་ཕྱིར་འཛིན་ནང་འཛིན་གོང་ལྟར་ལ་ཕོ་སྐོར་བརྡབ་སྤྲུག་བྱ། མེ་ལྕེ་ཁ་དོག་དཀར་པོ་སྤྱི་བོ་ནས་ཐོན་ཚངས་པའི་འཇིག་རྟེན་མན་ཆད་ཁེངས། དམར་པོ་ཐུར་དུ་འཕྲོས་མནར་མེད་ཡན་ཆད་འབར། སྣང་སྲིད་བརྟན་གཡོ་སྣོད་བཅུད་ཐམས་ཅད་མེ་ཁ་དོག་ལྔ་ལྡན་དུ་འབར་ཞིང་། རེག་བྱ་ཤིན་ཏུ་ཚ་བ་ལ་སེམས་བཟུང་ལ་བརྡབ་སྤྲུག་བྱ། གཉིས་པ་བོགས་འདོན་ནི། ལུས་གནད་གཞན་སྔ་མ་ལྟར་ལ། ཙོག་པུའི་རྐང་གཉིས་བར་ལ་མཐོ་གང་ཙམ་ཡོད་པར་བྱ། ལག་གཉིས་བསྣོལ་བས་གྲུ་མོ་གཉིས་བཟུང་སྟེ་པུས་མོའི་སྟེང་དུ་བཀབ། ལུས་ཤོག་བུ་ཁོང་སྟོང་ལྟར་བསམ་ལ། འཕོངས་སྒྱིད་པ་ལ་བརྡབ་པས། རཾ་རཾ་ལས་མེ་འབར་རྐང་པ་གཉིས་ཀྱི་སྦུབས་ནས་ཞུགས་ཏེ། སུམ་མདོའི་ཨ་ཤད་ལ་ཕོག་པས་ལུས་ཕྱི་ནང་མེད་པར་མེ་དཔུང་དུ་དམར་འུར་འུར་འབར་བས་རྩ་གནས་ཐམས་ཅད་ཀྱི་དཔའ་བོ་མཁའ་འགྲོ་རྣམས་ཏིལ་གྱི་གང་བུ་བཞིན་བཞུགས་པ་ཐམས་ཅད་ཀྱང་། བདེ་དྲོད་མེ་དཔུང་གི་དབུས་ན་གར་བྱེད་ཅིང་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱང་བདེ་བས་ཐུགས་རྒྱུད་བསྐུལ། བ་སྤུའི་བུ་ག་རྣམས་ནས་མེ་དམར་ལྷབ་ལྷབ་འབར་བའི་སྣེ་ལས་དཔའ་བོ་མཁའ་འགྲོ་གར་བྱེད་ཅིང་མེ་དཔུང་གི་ཀློང་ན་བདེ་དྲོད་འབར་བར་བསམ་ལ། རླུང་ཕྱིར་འཛིན་ནང་འཛིན་སྤེལ་མར་གཟུང་། ཡང་ཁ་སྦྱོར་དུ་བཟུང་ལ་བརྡབ་ཆུང་ཉེར་གཅིག་རེ་བྱས་ཏེ་འཕུལ་ཐུང་བྱ་ཞིང་གཟུང་། གོང་གི་འཇམ་རླུང་ལ་བརྟན་པ་ཐོབ་ནས་དམིགས་པ་འདི་ཉིད་ལ་བདུན་གཅིག་བསླབས་པས་རས་རྐྱང་ཐུབ་པར་ཐེ་ཚོམ་མེད་དོ། །གསུམ་པ་གེགས་སེལ་ནི། རླུང་བཟུང་སྟེ་ཧར་གྱིས་ལངས་ནས་ཉྭ་བཞི་སྒྲིམ་དཔྱང་ཕྲག་བརྡབ་སྟེ་ལུས་ལ་ཆུན་བཙལ། ལག་སོར་སྤྱི་བོར་བསྣོལ་ལ་དམིགས་གནད་དང་ལྡན་པས་བུམ་ཆེན་རེ་ལ་བརྡབ་ཆེན་བཅུ་རེ་འགྲོ་བར་བྱས་ཏེ་ཡུན་རིང་དུ་བསླབ། རྗེས་ལ་འཕུལ་ཐུང་དང་ཧ་སྤྲུག་མང་དུ་བྱས་ལ་རླུང་གིས་བརྟན་པར་བྱ། དེས་ནི་ལུས་ལ་དྲོད་མེ་ལྟར་འབར་བས་གོས་ཀྱི་འཁྲི་བ་ཆོད་པའོ། །གཉིས་པ་ཐུན་མོང་མ་ཡིན་པའི་འབར་འཛག་བདེ་ཆེན་གསང་སྒྲུབ་ལྟར་བསྒོམ་པ་ལ་གསུམ། རྩ་ཁམས་ཡབ་ཡུམ་ལྷར་གསལ་བ། ཐིག་ལེ་དབབ་ཟློག་གིས་དགའ་བཞིའི་ཡེ་ཤེས་བསྐྱེད་པ། གེགས་སེལ་འཕྲུལ་འཁོར་གྱི་རིམ་པའོ། །དང་པོ་ནི། ལུས་གནད་སྔ་མ་ལྟར་ལ། དམིགས་གནད་སྐད་ཅིག་གིས་པདྨ་ཉི་མ་བམ་རོའི་གདན་ལ་ཧྲཱིཿདང་མཿལས་བདག་ཉིད་དབང་ཆེན་ཡབ་ཡུམ་སྐུ་མདོག་དམར་གསལ་མེ་འོད་འཕྲོ་བ། སྤྱི་བོར་རྟ་ཞལ་དང་ཕག་དབུ་ངུར་བས་སྲིད་གསུམ་དབང་དུ་སྡུད་པ། གྲི་ཐོད་འཛིན་ཅིང་ཞབས་དཔའ་བོའི་དོར་སྟབས་སུ་བསྒྲད་པ། དཔལ་གྱི་ཆས་ཅན་དུ་གསལ་བའི་ཡབ་ཡུམ་གཉིས་མེད་ཀྱི་སྤྱི་བོར་བླ་མ་ཡབ་ཡུམ་རྡོ་རྗེ་འཆང་གི་ཆ་ལུགས་སུ་བཞུགས་པ། སྤྱི་བོའི་རྩ་འདབ་སུམ་བརྒྱ་དྲུག་ཅུ་ལ་བཛྲ་ཌཱ་ཀི་ཡབ་ཡུམ་སུམ་བརྒྱ་དྲུག་ཅུ་དཀར་པོ། མགྲིན་པ་རོ་འདུས་འཁོར་ལོ་ལ་རཏྣ་ཌཱ་ཀི་ཡབ་ཡུམ་བཅུ་དྲུག་སེར་པོ། སྙིང་ག་དྲན་པ་བཀོད་པའི་འཁོར་ལོ་ལ་སངས་རྒྱས་མཁའ་འགྲོ་ཡབ་ཡུམ་སུམ་ཅུ་རྩ་གཉིས་མཐིང་ག །ལྟེ་བ་སྐྱེད་བྱེད་འཁོར་ལོ་ལ་པདྨ་ཌཱ་ཀི་ཡབ་ཡུམ་དྲུག་ཅུ་རྩ་བཞི་དམར་པོ། གསང་གནས་བདེ་སྐྱོང་འཁོར་ལོ་ལ་ལས་ཀྱི་ཌཱ་ཀི་ཡབ་ཡུམ་ཉི་ཤུ་རྩ་བརྒྱད་ལྗང་ཁུ། དེ་ཐམས་ཅད་ཀྱང་གཡས་རང་རྟགས་རྡོ་རྗེ། རིན་པོ་ཆེ། པདྨ། རལ་གྲི །གཡོན་ཐམས་ཅད་ཐོད་ཁྲག་བསྣམས་པ། བ་སྤུའི་བུ་ག་ན་སྣ་ཚོགས་མཁའ་འགྲོ་ཡབ་ཡུམ་ས་ཡ་དྲུག་འབུམ་གསལ་བའི་ངང་ནས། ཐུགས་དམ་རྒྱུད་བསྐུལ་གྱི་ཚུལ་དུ་རླུང་སྦྱོར་གཅུན་པས། སྤྱི་བོའི་བླ་མ་ཡབ་ཡུམ་དང་། བཛྲ་ཌཱ་ཀི་ཡབ་ཡུམ་རྣམས་སྦྱོར་བ་མཛད། སྦྱོར་མཚམས་ནས་བྱང་སེམས་དཀར་དམར་བདེ་བའི་རྒྱུན་བབ་སྤྱི་བོའི་རྩ་འདབ་ཐམས་ཅད་གང་ནས་ལུད་པས་དབུ་མའི་ལམ་ལ་བརྒྱུད། མགྲིན་པའི་རཏྣ་ཌཱ་ཀི་ཡབ་ཡུམ་རྣམས་མཆོད་པས། ཚོགས་རྫོགས། སྒྲིབ་པ་བྱང་། དམ་ཚིག་ཉམས་ཆག་ཐམས་ཅད་དག །དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས། བུམ་པའི་དབང་ཐོབ། གསལ་སྟོང་ཟུང་དུ་འཇུག་པའི་ལྟ་བ་རྟོགས། བདེ་བས་རྒྱུད་བསྐུལ་སྦྱོར་བ་མཛད། སྦྱོར་མཚམས་ནས་བྱང་སེམས་དཀར་དམར་བདེ་བའི་རང་བཞིན་དུ་བབས། མགྲིན་པའི་རྩ་འཁོར་རྣམས་གང་ནས་ལུད་པས། སྙིང་ཁའི་སངས་རྒྱས་མཁའ་འགྲོ་ཡབ་ཡུམ་རྣམས་མཆོད་པས་མཉེས་ནས་ཚོགས་རྫོགས། སྒྲིབ་པ་བྱང་། དམ་ཚིག་ཉམས་ཆག་ཐམས་ཅད་དག །མཆོག་ཏུ་དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས། གསང་བའི་དབང་ཐོབ། བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ངོ་འཕྲོད། བདེ་བས་རྒྱུད་བསྐུལ་སོགས་གཞན་ཐམས་ཅད་གོང་དང་འདྲ་བ་ལ། ལྟེ་བར་བབས་པས་དགའ་བར་འཛིན་པའི་རྟོག་པ་རགས་པ་སྤངས་པའི་དགའ་བྲལ་གྱི་ཡེ་ཤེས་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སྟོང་གཟུགས་ནམ་མཁའ་གཡའ་དག་པ་ལྟ་བུའི་ཉམས་མྱོང་འབྱུང་། ཡང་གཞན་སྔ་མ་དང་འདྲ་བ་ལ་གསང་གནས་སུ་གཟུང་འཛིན་གྱི་རྟོག་ཚོགས་ཕྲ་རགས་ཐམས་ཅད་དག་ནས་ལྷན་ཅིག་སྐྱེས་པའི་དགའ་བ་དང་། བློའི་དྲི་མ་ལས་འདས་པའི་ཚིག་དབང་རིན་པོ་ཆེ་ཐོབ། ལྷན་སྐྱེས་ཡེ་ཤེས་སྤྲོས་པ་ཐམས་ཅད་དང་བྲལ་བ་རྟོགས། བ་སྤུའི་བུ་ག་ན་སྣ་ཚོགས་ཌཱ་ཀི་ས་ཡ་དྲུག་འབུམ་རྣམས་མཆོད་པས། བདེ་བས་རྒྱུད་བསྐུལ། སྦྱོར་བ་མཛད། སྦྱོར་མཚམས་ནས་བྱང་སེམས་བདེ་བའི་རང་བཞིན་གྱིས་ལུས་ཀྱི་བ་སྤུའི་བུ་ག་ཚུན་ཆད་གང་བས་ཉམས་སུ་མྱོང་ལ་བརྗོད་དུ་མེད་པའི་ངང་དྭངས་བསྐྱང་བར་བྱའོ། །འཁོར་ལོ་རྣམས་ལ་ལུས་སྤྲུག་རེ་ཡང་བྱ། བདེ་བ་རྒྱས་ནས་ཁམས་འཛག་པ་འདྲ་ན། རླུང་ཕྱིར་འཛིན་དང་བསྟུན་ཧཱུྃ་རིང་ཧུྃ་ཐུང་དང་། དུད་འགྲོའི་འགྱུར་བཞི་སོགས་ཀྱིས་དྲངས་ཏེ། གཡང་མོའི་སྤྲུག་གིས་དགྲམ་མོ། །སྤྱིར་ཀ་དག་གི་ངང་ལ་འཇོག་པ་ནི་འཛིན་འགྲེམ་དགྲམ་གསུམ་ཐམས་ཅད་ངང་གིས་འགྲུབ་པ་ཡིན་པས་གནད་དམ་པའོ། །དེ་ནས་བྱང་སེམས་གསང་གནས་ནས་ཡར་ལྡོག་སྟེ་ལྟེ་བའི་ཌཱ་ཀི་ཡབ་ཡུམ་མཆོད་པས་དགའ་བ། སྙིང་གར་མཆོག་དགའ། མགྲིན་པར་དགའ་བྲལ། སྤྱི་བོར་ལྷན་སྐྱེས་ཏེ། མས་བརྟན་གྱི་དགའ་བ་བཞིའི་ཐིག་ལེ་སྤྱི་བོར་བསྐྱལ་བས་བླ་མ་ཡབ་ཡུམ་མཆོད། ཚོགས་གཉིས་རྫོགས། སྒྲིབ་པ་གཉིས་བྱང། ཉམས་ཆག་དབྱིངས་སུ་དག །བདེ་སྟོང་མཆོག་གི་མཆོད་པས་དགྱེས་པ་བསྐང་། བླ་མ་ཡབ་ཡུམ་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་བདེ་བའི་རྒྱུན་དཔག་མེད་བྱུང་། སེམས་ཅན་ཐམས་ཅད་ལ་ཕོག་པས་སྒྲིབ་པ་བྱང་། ཐམས་ཅད་རིག་འཛིན་བླ་མའི་ས་ལ་བཀོད། མཐར་འོད་ཕུང་དུ་གྱུར་ཏེ་གུ་རུ་ཡབ་ཡུམ་གྱི་ཐུགས་ཀར་ཐིམ། བླ་མ་ཡབ་ཡུམ་ཡང་འོད་དུ་ཡལ་ཏེ་རྫོགས་རིམ་གྱི་ངང་ལ་འཇོག །མས་བརྟན་གྱི་དགའ་བ་བཞི་ནི་འཇིག་རྟེན་ལས་འདས་པའི་ལམ་ཡིན་པས། ལམ་དུས་སུ་དམིགས་མེད་འོད་གསལ་ལྷུན་གྱིས་གྲུབ་པའི་ངང་དྭངས་བསྐྱང་བ་ཉིད་ཉམས་ལེན་གྱི་གཙོ་བོ་ཡིན་ནོ། །གསུམ་པ་སྔོན་འགྲོ་ལུས་འདུལ། དངོས་གཞི་གེགས་སེལ་དང་འདྲེན་དགྲམ། རྗེས་ཀྱི་འཕྲུལ་འཁོར་རྣམས་ལ་ལེགས་པར་འབྱོང་བ་གལ་ཆེ་བས་ཡི་གེ་ཟུར་དུ་གསལ་ཞིང་ལག་ལེན་མཐོང་བ་བརྒྱུད་པ་ལས་ཤེས་པར་བྱའོ། །དེ་ནས་ཞར་བྱུང་རྒྱུན་གྱི་ཉམས་ལེན་ལ་དགོས་པའི་རླུང་སྦྱོར་ཚེགས་ཆུང་ལ་དོན་ཆེ་བ་འགའ་ཞིག་འཆད་པ་ལ་གསུམ་སྟེ། དང་པོ་འབྲུ་གསུམ་ལ་བསླབ་པ་ནི། ལུས་གནད་སྔར་ལྟར་བཅའ། ངག་དང་རླུང་གི་གནད་ནི། རླུང་ཚུར་རྔུབ་པའི་ཚེ་ཨོཾ་ཡིག་ཁ་དོག་ལྔ་ལྡན་གྱི་རྣམ་པར་ནང་དུ་ན་ར་ར་བྱུང་བར་བསམ་ལ་རྔུབ་ཅིང་། ཨཱཿདཀར་གསལ་གྱི་རྣམ་པས་གནས་པར་བསམ་ལ་ལྟེ་འོག་ཏུ་མནན་ཏེ། དམིགས་པ་རྩེ་གཅིག་པས་ཐུབ་ཚད་གཟུང་། མི་ཐུབ་པ་དང་མཐིང་ག་ཧཱུྃ་ཡིག་གི་རྣམ་པས་ཕྱིར་སངས་ཀྱིས་སོང་བས་སྣང་སྲིད་ཧཱུྃ་གིས་ཁེངས་པར་བསམ་ལ་སྦྱང་ངོ་། །ཡང་སྐབས་སུ་རང་བཞིན་གྱི་འགྲོ་འོང་ལ་ཡང་དེ་བཞིན་དུ་བསླབ་པར་བྱ། འདི་ལ་གོམས་ན་རྒྱུན་གྱི་རླུང་གི་འགྲོ་འོང་ཐམས་ཅད་འབྲུ་གསུམ་རང་བཞིན་དུ་གནས་པ་ལ་རང་བྱན་ཆུད་དེ་རྡོ་རྗེའི་བཟླས་པ་རྒྱུན་མི་འཆད་པ་ཉིད་དུ་འབྱུང་ཞིང་། དང་པོའི་འཇུར་འདེབས་ཀྱི་དྲན་འཛིན་ལྟ་བུ་མི་དགོས་པར་ངང་ངམ་ཤུགས་ཀྱིས་འབྱུང་བར་འགྱུར་རོ། །གཉིས་པ་གསང་བ་ཡེ་ཤེས་ཆེན་པོའི་རླུང་སྦྱོར་ནི། ལུས་གནད་སྔ་མ་རྣམས་དང་འདྲ་བ་ལ། འོག་རླུང་ཅུང་ཟང་འཐེན་ཏེ་བསྐུམ། སྟེང་རླུང་རྔུབས་ཏེ་ལྟེ་འོག་ཏུ་ཆིལ་གྱིས་མནན། རྐེད་པ་ཉག་བྱས་ལ་བར་རླུང་ལྟེ་བའི་ཐད་ཀར་བརྒྱངས། མིག་བར་སྣང་ལ་ཧ་རེ་བལྟས་ཏེ། ཤེས་པ་ཀ་དག་གི་ངང་ལ་བཞག་ཏེ་བསྒོམ་མོ། །རྒྱུན་དུ་རྔུབ་ཆུང་རེ་བསྣན་ཏེ་ལྟེ་བ་ཐད་ཀར་བརྒྱངས། འདི་ནི་སེམས་དང་རིག་པ་འབྱེད་པའི་རླུང་སྦྱོར་ཏེ། བསྐྱེད་རིམ་བསྒོམ་པ་དང་བཟླས་བརྗོད་བྱེད་པ་མཉམ་གཞག་ཏིང་ངེ་འཛིན་སྒོམ་པ་སོགས་གང་གི་ཡང་གྲོགས་སུ་འགྲོ་ཞིང་། འགྲོ་འདུག་ཕྱག་སྐོར་སྤྱོད་ལམ་རྣམ་བཞི་གང་གི་ཚེ་ཡང་འདི་ཉིད་ལ་རྒྱུན་ཆགས་སུ་བསླབ་པས། འབྱོངས་ན་རྩོལ་བ་མི་དགོས་པར་བར་རླུང་རང་སར་གནས་ཤིང་། གཟུང་འཛིན་གྱི་རྟོག་ཚོགས་ངང་གིས་འགགས་ནས་རིག་པ་བྱིང་རྨུག་རྒོད་པའི་སྐྱོན་ལས་གྲོལ་བར་འགྱུར་རོ། །གསུམ་པ་ཡང་གསང་ཚེའི་རླུང་སྦྱོར་ཟབ་མོ་ནི། འདི་ལྟར་ལུས་གནད་རྣམ་སྣང་ཆོས་བདུན་ལ། དུས་ནི་དྲོ་གོང་ངམ་ཐོ་རངས་ཟས་རྙིང་པ་ཞུ་ནས་གསར་པ་མ་ཟོས་ཀྱི་བར་ལ། མིག་ནམ་མཁའ་ལ་བལྟས་ཏེ། དམིགས་གནད་སུམ་མདོར་ཡི་གེ་ཧ་ལྗང་གུ་འོད་འཚེར་བ་ཞིག་བསམ་སྟེ། འོག་རླུང་བསྐུམ་སྟེང་རླུང་རྔུབ་མཆིལ་མ་མིད་པ་དང་ལྷན་དུ། ཕྱིའི་ནམ་མཁའ་ཐམས་ཅད་བདག་གི་ལྟེ་བར་འདུས་པས་སྔོ་མེ་རེ་རེ་ཡོད་པར་བསམ་ལ་ཁ་སྦྱོར་དུ་གཟུང་། ཕྱིར་དལ་བུས་བཏང་སྟེ་སྔོ་ན་ར་ར་དུ་བ་ལྟར་སོང་བས་བར་སྣང་ལ་ཡལ་ཏེ་ཕྱིའི་ནམ་མཁའ་ཡང་ཆོད་སོང་བར་བསམ། ཡང་རྔུབས་ཏེ། སྔར་བཞིན་བདག་གི་ལྟེ་བར་འདུས་པས་སྔོ་མེ་རེ་རེ་ཁེངས་པ་ལ་སེམས་བཟུང་སྟེ་ཡང་ཡང་སྦྱངས་པས་ཟས་ཀྱི་ཞེན་པ་ཆུང་བ་དང་། སེམས་བདེ་ཞིང་ཁམས་དྭངས་པ་དང་། རིག་པ་གསལ་ཞིང་བདེ་གསལ་མི་རྟོག་པའི་ཉམས་འཆར་བ་སོགས་ཐུན་མོང་གི་རྟགས་ཀྱང་དུ་མ་འབྱུང་ལ། འདི་ནི་ཚེ་ཉི་ཟླ་དང་མཉམ་པའི་རླུང་སྦྱོར་ཏེ། གནས་སྐབས་སུ་ཚེ་ཟད་པའི་འཆི་བ་ཡང་བསླུ་ཞིང་ཚེ་རིང་བ་དང་། ནད་དཀོན་པ་དང་སེམས་ཟག་པ་ལས་གྲོལ་བ་སོགས་ཕན་ཡོན་དཔག་ཏུ་མེད་པར་གསུངས་སོ། །འདི་ལ་རྗེས་ཀྱི་བོགས་འདོན་པ་རང་ལུས་དང་གཞན་ལུས་ལ་བརྟེན་པའི་ཚུལ་ནི་གཏོང་ཐུན་རྒྱན་གྱི་ཕྲེང་བ་དང་གཏུམ་མོ་ཉི་མའི་འོད་འབར་ལས་འབྱུང་བ་ལྟར་ཉམས་སུ་ལེན་པ་གནད་དུ་ཆེའོ། །རྩ་བའི་གསུམ་པ་གསང་བ་ལས་རྒྱ་ལ་བསྟེན་ནས་རྩ་ཁམས་དྭངས་མ་ཡེ་ཤེས་སུ་སྒྲུབ་པ་ལ་བཞི། ཐབས་ཧེ་རུ་ཀ་ཡབ་ཀྱི་ཉམས་ལེན། ཤེས་རབ་བློ་ཆེན་སྟོབས་ལྡན་མ་ཡུམ་གྱི་ཉམས་ལེན། ཐུན་མོང་དུ་དགོས་པ་ཟབ་ལམ་གཏོང་ཐུན། དེ་དག་གི་ཆ་ལག་ཏུ་ཉེ་བར་མཁོ་བ་ཨོ་རྒྱན་ཞལ་གདམས་ནོར་བུ་ཕྲེང་བ་རྣམས་ལས་ཇི་སྐད་གསུངས་པ་ལྟར་ཉམས་སུ་ལེན་པ་ཟབ་རྒྱ་ཞེས་པའི་མཚན་གྱི་དངོས་གཞི་ཡིན་ཅིང་། བློ་ཆེན་སྐལ་ལྡན་སྙིང་རུས་ཅན་རེ་རེ་ཙམ་གྱི་སྤྱོད་ཡུལ་ལས་ཁྱབ་བརྡལ་དུ་བསྟན་པར་བྱ་བ་མ་ཡིན་ཅིང་དེང་སང་གང་ཟག་གིས་ཉམས་སུ་ལོན་པའང་ཉིན་སྐར་དང་མཚུངས་པས་ཁྲིད་ཀྱི་དཀྱུས་སུ་མི་འབྱུང་ངོ་། །རྩ་བའི་བཞི་པ་དེ་ཁོ་ན་ཉིད་ཡེ་ཤེས་ཆེན་པོའི་ཉམས་ལེན་ལ་བརྟེན་ནས་ཆོས་སྐུ་ཀ་དག་ཆེན་པོར་ལ་ཟློ་བ་ནི་ལྟ་བ་ཡེ་ཤེས་ཀློང་གྲོལ་ལྟར་ལྟ་སྒོམ་སྤྱོད་པ་ཐམས་ཅད་རང་བྱུང་རང་ཤར་རྫོགས་པ་ཆེན་པོའི་དགོངས་པར་ལ་བཟླ་བའོ། །ལྔ་པ་ལྷུན་གྲུབ་འོད་གསལ་གྱི་ཉམས་ལེན་གྱིས་སྒོ་གསུམ་དབྱེར་མེད་མ་སྤངས་གཞོན་ནུ་བུམ་སྐུའི་སྦུབས་སུ་གཞུག་པ་ནི་དགོངས་པ་ཟང་ཐལ་སོགས་ལས་བཤད་པ་ལྟར་འོད་གསལ་ལྷུན་གྲུབ་ཆེན་པོའི་ལམ་ལས་སྣང་བཞི་ཟད་སར་སྐྱེལ་ལོ། །གསུམ་པ་རྗེས་ཉེ་བར་མཁོ་བའི་ཡན་ལག་གཞན་བཤད་པ་ལ་གསུམ། རྒྱུན་གྱི་རྣལ་འབྱོར། གེགས་སེལ། ཉམས་སུ་བླངས་པའི་ཕན་ཡོན་ནོ། །དང་པོ་ལ་ལྔ། ཉལ་བའི་རྣལ་འབྱོར་ནི། གཉིད་ཁར་དེ་རིང་གི་མི་དགེ་བྱས་པ་ལ་བཤགས་སྡོམ་བྱ། དགེ་བར་གྱུར་ཚད་བསྔོ་སྨོན་གྱི་རྒྱས་གདབ། བསྐྱེད་རིམ་པས་སྣོད་བཅུད་ལྷ་སྔགས་སུ་གསལ་བ་རིམ་གྱིས་བསྡུས་ཏེ་རྟོག་མེད་དུ་ཉལ། རྫོགས་རིམ་པས་བདེ་སྟོང་ངམ་བསམ་བརྗོད་བྲལ་བའི་འོད་གསལ་གྱི་ངང་ལ་བཞག །སད་པའི་རྣལ་འབྱོར་ནི། བསྐྱེད་རིམ་པས་ནམ་མཁའ་ནས་དཔའ་བོ་མཁའ་འགྲོས་སྔགས་དང་ཌཱ་མ་རུའི་སྒྲས་བསྐུལ་བར་མོས་ལ་ཡི་དམ་གྱི་སྐུར་ལྡང་། རྫོགས་རིམ་པས་སྟོང་གསལ་གྱི་ངང་ལས་འགག་མེད་རིག་པ་གཉུག་མའི་ལྷ་སྐུར་བཞེངས། དགེ་སྦྱོར་གང་བྱེད་གནད་དུ་བཏང་ན་ཐོ་རངས་སྐབས་འདིར་ཟས་ཀྱི་དྭངས་སྙིགས་ཕྱེད་པས་བོགས་གཞན་ལས་ཆེའོ། །ཟས་ཀྱི་རྣལ་འབྱོར་ནི། བསྐྱེད་རིམ་པས་ལྟོ་བ་གཞལ་ཡས་ཁང་དུ་དཀྱིལ་འཁོར་གྱི་ལྷ་གསལ་པ་ལ་ཟས་སྐོམ་བདུད་རྩིར་བརླབས་པས་མཆོད་པའམ། ཟས་ཡེ་ཤེས་བདུད་རྩིའི་འོད་ཟེར་གྱི་མེ་ལྕེས་སྙིང་ནང་རིགས་དྲུག་གི་ས་བོན་བསྲེགས། བག་ཆགས་གནས་སྟོང་པར་བསམ། རྫོགས་རིམ་པས་ཟས་སུ་སྣང་བའང་དོན་ལ་མ་གྲུབ་པར་ཆོས་ཉིད་ལ་ཆོས་ཉིད་ཐིམ་པའི་ཚུལ་དུ་ལོངས་སྤྱད། རྒྱུན་གྱི་རྣལ་འབྱོར་ནི། ནང་དུ་དུག་ལྔ་གང་སྐྱེས་དྲན་པས་བཟུང་ལ་རང་གྲོལ་དུ་གཏང་། ཕྱི་རོལ་ཡུལ་རྐྱེན་རྣམས་ཀྱང་སེམས་ཁོ་རང་ཡུལ་དུ་སྣང་བ་ལས་གུད་ན་མེད་པས་ཡུལ་སེམས་གཉིས་མེད་ཀྱི་ངང་དུ་བཞག །འཆི་བའི་རྣལ་འབྱོར་ནི། འཆི་ཀ་མའི་སེམས་སྟོབས་དང་ལྡན་པས་དགེ་སྡིག་གང་གིས་མཚམས་སྦྱར་བ་དེ་ཀའི་རྗེས་སུ་འགྲོ་བས་དགེ་བའི་བསམ་པ་བརྟན་པོ་དང་ལྡན་པས་འཆི་བ་འོད་གསལ་ཆོས་ཀྱི་སྐུར་གྲོལ་བར་བྱ་སྙམ་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར། འཇིག་རྟེན་གྱི་ཆགས་སྡང་རྨོངས་གསུམ་གྱི་བསམ་པ་རྒྱང་བསྲིངས། རང་ལ་སྔར་བླ་མས་ངོ་སྤྲད་པའི་འཆི་བྲོད་ཀྱི་གདམས་ངག་ཡོད་ན་དང་། གཞན་ཉམས་ལེན་གང་བརྟན་པ་དེ་ཉིད་ཀྱི་སྟོབས་སུ་ཧྲིལ་དྲིལ་ཏེ་འཁྲུལ་སྣང་དུ་སྐད་ཅིག་ཀྱང་འབྱམས་སུ་མི་གཞུག་པར་མཉམ་པར་འཇོག་པར་བྱའོ། །གཉིས་པ་གེགས་སེལ་ལ། རྩ་དང་རླུང་གི་གེགས་སྐྱོན་ཐམས་ཅད་སྤྱིར་བླ་མ་ཉམས་མྱོང་ཅན་ལ་བསྟེན་ནས་ཁོང་དུ་ཆུད་པ་གལ་ཆེ། སྤྱི་ཙམ་དུ་ལུས་གནད་མ་བསྡམས་ཞིང་རླུང་བསྐྱིལ་དྲག་པ་དང་། འཕངས་པ་ཤེད་ཆེ་བས་ལ་བརྒལ་བ་དང་། འོག་རླུང་མ་བསྡམས་པ་སོགས་ཀྱིས་རླུང་སྐྱོན་འབྱུང་བས། དེ་ལ་གེགས་སེལ་གྱི་གདམས་ངག་མི་འདྲ་བ་མང་དུ་ཡོད་ཀྱང་འདིར་མ་སྤྲོས་པས་རྒྱས་པར་ན་རྒྱུད་དང་མན་ངག་གི་གཞུང་རྣམས་ལ་བལྟ་བར་བྱའོ། །མདོར་བསྡུས་ནི་འདི་ལྟར་རང་ལུས་ཀྱི་ནང་ཕྲུ་མ་ཕུས་བརྒྱངས་པ་ལྟར་སྟོང་སང་ངེ་བའི་སྟོད་ན་ནད་དང་གདོན་དང་། རྣམ་རྟོག་གི་བག་ཆགས་གསུམ་གྱི་ངོ་བོ་དུད་པ་སྔོ་དམར་གྱི་རྣམ་པ་ལྟར་ཐུལ་ལེ་བུན་ནེ་བ་ཞིག་ཏུ་ཡོད་པར་བསམ་ལ། རླུང་རྔུབ་ཏེ་ཕྱིར་ཧཱུྃ་གིས་འཕངས་པས་དུ་བ་ལྟར་སང་སང་སོང་བར་བསམ་ལ་རྗེས་སུ་ཧ་ཧ་ཧ་ཧ་ཞེས་བརྗོད་ཅིང་ཡང་ཡང་སྤྲུག་སིག་བྱས་པས་རླུང་སྐྱོན་ཐམས་ཅད་སེལ་བའི་མན་ངག་གཅིག་ཆོག་མ་སྟེ། རྗེས་ལ་སེང་གེ་རྩལ་སྤྲུག་སོགས་ཀྱང་བྱ་བ་གནད་ཡིན་ནོ། །གཞན་ཡང་རླུང་མཁྲིས་བད་ཀན་འདུས་པ་སོགས་འབྱུང་བའི་ནད་གང་བྱུང་གི་གཉེན་པོར་རླུང་གིས་སྦྱོང་བ་ཡིན་པས་དེ་དག་གི་གནད་རྣམས་ནི་རྩ་རླུང་གནད་ཀྱི་སྒྲོན་མར་ཡི་གེས་སྦྱོང་བ་དང་། ཕག་མོའི་གེགས་སེལ་སོགས་ལས་བསྟན་པ་ལྟར་ཉམས་སུ་བླང་ངོ་། །གཉིས་པ་ཐིག་ལེའི་གེགས་སེལ་ལ། རྒྱས་པར་ནི། ཏིང་ངེ་འཛིན་གྱི་སྐྱོན་བཅོས་པ་ཟེར་བའི་ཕག་མོའི་ལས་ཚོགས་ཐིག་ལེའི་གེགས་སེལ་དང་། ཟབ་ལམ་སྟོང་ཐུན་སོགས་ལས་ཤེས་པར་བྱ། འཛག་པ་རིགས་དྲུག་གི་གེགས་སེལ་ཐབས་ལམ་སྤྱི་དང་མཚུངས་པར་བསྟེན། ཁྱད་པར་རྒྱལ་བསེན་གྱི་གནོད་པས་ཐིག་ལེའི་གེགས་བྱུང་ན་མན་ངག་རྣམས་ལས་འབྱུང་བ་ལྟར་རྫས་སྔགས་དམིགས་པའི་སྲུང་བ་བྱ། སྤྱིར་གེགས་སྐྱོན་ཆེ་ཆུང་གང་བྱུང་ཡང་བླ་མ་ལ་གསོལ་བ་འདེབས་པ་དང་། མཁའ་འགྲོ་ལ་ཚོགས་གཏོར་གཏང་བ། རབ་ཤེས་པ་ཀ་དག་གི་ངང་ལ་བཞག་པས་རྩ་རླུང་ཐིག་ལེའི་སྐྱོན་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །གསུམ་པ་ཉམས་སུ་བླངས་པའི་ཕན་ཡོན་ནི། ཟབ་ལམ་འདི་ཉིད་བླ་མེད་རྡོ་རྗེ་ཐེག་པའི་རྒྱུད་གཞུང་གི་བསྟན་དོན་གཙོ་བོ་ཡིན་པས་ཇི་སྐད་བཤད་པའི་ཉམས་ལེན་མཐར་ཕྱིན་ན་རབ་ཚེ་འདིར་རྡོ་རྗེའི་སྐུ་འགྲུབ། འབྲིང་བར་དོ་ནས་མཁའ་སྤྱོད་དུ་འགྲོ །ཐ་མ་སྐྱེ་བ་གཅིག་གིས་འཚང་རྒྱ། རྩ་རླུང་ཙམ་འབྱོངས་པའི་ཡོན་ཏན་ཀྱང་གནས་སྐབས་ནད་དཀོན་ཞིང་ཚེ་རིང་། ལྷ་འདྲེའི་གནོད་པས་མི་ཚུགས། འབྱུང་བ་ལ་རང་དབང་སྒྱུར། འཁྲུལ་རྟོག་དག་ནས་ཟག་མེད་ཀྱི་ཡེ་ཤེས་མངོན་དུ་མཐོང་། དམ་ཚིག་མ་ཉམས་ན་སྐྱེ་བ་བརྒྱུད་ནས་ཟུང་འཇུག་གི་གོ་འཕང་མཐར་ཕྱིན་པར་འགྱུར་བས། གཞོན་པ་རྩ་རླུང་དར་བའི་སྐབས་སུ་ཆོས་འདིའི་སྒོར་ཞུགས་ནས་ཉམས་ལེན་ལ་སྙིང་རུས་སྐྱེད། གེགས་དབང་དུ་མ་ཤོར་བར་དྲོད་རྟགས་མཐར་དབྱུང་སྟེ་ཐུན་མོང་དང་མཆོག་གི་དངོས་གྲུབ་ལ་དབང་ཐོབ་པར་བྱའོ། །དེང་དུས་ཟབ་ཆོས་ཚུལ་བཞིན་སྤྱོད་པ་དཀོན། ཁྱད་པར་ལམ་འདིས་བགྲོད་ནུས་ཉིན་མོའི་སྐར། །ཚིག་ཁྲིད་ཙམ་གྱིས་སུ་ལ་ཕན་དཀའ་ཡང། །རྒྱུན་བཟང་ནུབ་པར་ཕངས་ནས་མདོ་ཙམ་བཀོད། །འཁྲུལ་རྟོག་རླུང་སེམས་དབུ་མའི་དབྱིངས་སུ་དག །དྷཱུ་ཏིའི་མདུད་གྲོལ་རྡོ་རྗེའི་གསང་ལམ་བགྲོད། །སྲིད་གསུམ་དག་པའི་འཁོར་ལོར་བྱང་ཆུབ་ནས། །འཁོར་འདས་མཉམ་ཉིད་བདེ་ཆེན་སྐུ་ཐོབ་ཤོག །ཅེས་བྱང་གཏེར་ཕག་མོ་ཟབ་རྒྱའི་སྐོར་འདི་ལ་ཉམས་སུ་ལེན་པའི་ཁྲིད་ཚུལ་གྱི་ཕྱག་བཞེས་རྒྱས་བསྡུས་མི་འདྲ་བ་འགའ་ཞིག་བཞུགས་པར་སྣང་ནའང་། འདིར་གང་ཟག་དབང་པོ་མཆོག་དམན་ཀུན་ནས་ཉམས་འོག་ཏུ་ཆུད་པའི་ཁྲིད་རིམ་གཙོ་བསྡུས་ཀྱི་དབང་དུ་ཕྱིས་བྱོན་གྱི་བླ་མ་དམ་པ་རྣམས་ཀྱི་ཕྱག་བཞེས་ལྟར་བརྒྱུད་པ་གོང་མའི་གསུང་ལས་གཅེས་བསྡུས་ཀྱི་ཚུལ་དུ། སྔགས་རིག་འཆང་བ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་དེ་བཱི་ཀོ་ཊི་དཔའ་བོ་མཁའ་འགྲོ་འདུ་བའི་དགའ་ཚལ་དུ་བགྱིས་པ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).