Terdzo-LA-011

From Rinchen Terdzö
Revision as of 23:02, 29 December 2017 by Jeremi (talk | contribs) (Text replacement - "= Tsagli = {{TsagliCall}} " to "{{TsagliCall}} ")
(diff) ← Older revision | Latest revision (diff) | Newer revision → (diff)

རྟ་མགྲིན་སྙིང་ཐིག་སྙིང་པོ་དོན་སྦྱོར་ལས། ཟབ་ལམ་སྨིན་བྱེད་རྣམ་བཞི་ཇི་ལྟར་བསྐུར་བའི་ཆོ་ག་བཀླག་ཆོག་ཏུ་བཀོད་པ་དབང་ཆེན་རོལ་པའི་སྒྲ་དབྱངས་

rta mgrin snying thig snying po don sbyor las/_zab lam smin byed rnam bzhi ji ltar bskur ba'i cho ga bklag chog tu bkod pa dbang chen rol pa'i sgra dbyangs

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  ཉང་པོ་མཆོག་ལྡན་རྡོ་རྗེ་ (Nyangpo Chokden Dorje)
in cycle  རྟ་མགྲིན་སྙིང་ཐིག་སྙིང་པོ་དོན་སྦྱོར་ (Rta mgrin snying thig snying po don sbyor)
Volume 26 (ལ) / Pages 189-235 / Folios 1a1 to 24a6

[edit]

༄༅། །རྟ་མགྲིན་སྙིང་ཐིག་སྙིང་པོ་དོན་སྦྱོར་ལས། ཟབ་ལམ་སྨིན་བྱེད་རྣམ་བཞི་ཇི་ལྟར་བསྐུར་བའི་ཆོ་ག་བཀླག་ཆོག་ཏུ་བཀོད་པ་དབང་ཆེན་རོལ་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། ། བླ་མ་དང་དཔལ་པདྨ་དབང་ཆེན་གཉིས་སུ་མེད་པ་ལ་ཕྱག་འཚལ་ལོ། །མི་འགྱུར་བདེ་བ་ཆེན་པོའི་གངས་རི་ལས། །ཟབ་མོ་དབང་བཞིའི་ཆུ་རྒྱུན་འབེབ་པ་ཡིས། །སྐལ་ལྡན་ཞིང་ས་སྨིན་མཛད་བླ་མ་དང་། །རྟ་མཆོག་ཧེ་རུ་ཀ་ལ་གུས་ཕྱག་འཚལ། །སྙིང་པོའི་དོན་ལ་སྦྱོར་བའི་ལམ། །སྒོམ་པའི་སྐལ་ལྡན་སྒོ་གསུམ་རྒྱུད། །སྨིན་བྱེད་རྒྱུད་ལུང་མ་འཁྲུལ་བ། །ཚིག་སྦྱོར་སྤངས་ནས་ཁྱེར་བདེར་བཀོད། །རྟ་མགྲིན་སྙིང་པོ་དོན་སྦྱོར་གྱི་རྩ་བའི་དབང་བསྐུར་ཆེན་མོ་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་ལྡིང་གཤར་རམ་མགྱོགས་དབང་དུ་བསྐུར་བའི་ཚུལ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་ལས་རིམ་མོ། །དང་པོ་ལ། མཚན་ཉིད་དང་ལྡན་པའི་བླ་སློབ་ཀྱི་རྟེན་འབྲེལ་འགྲིགས་པའི་ཚེ་སྙན་གསན་གྱི་གསོལ་བ་བཏབ་ཅིང་བསྙེན་པ་ཁ་གསོ་བ་དང་། སྒྲུབ་གནས་གསར་པ་ལ་ས་སློང་བ། སྦྱོང་སྲུང་བཟུང་བའི་ཆོ་ག་རྣམས་གཞུང་ལྟར་དགོས་ཀྱང་སྐབས་འདིར་མི་འགྲུབ་པའམ་སྒྲུབ་གནས་རྙིང་པ་ལ་ས་ཆོག་མི་དགོས་པའི་དབང་དུ་བྱས་ནས་སྔོན་འགྲོ་སྟ་གོན་གྱི་རིམ་པ་ལ་བཞི། བདག་བསྐྱེད། བུམ་པ། ལྷ། སློབ་མ་སྟ་གོན་ནོ། །དང་པོ་ནི། སྨན་རཀ་གཏོར་གསུམ་མཆོད་པའི་ཡོ་བྱད་བཤམས་ལ། སྔོན་གཏོར་དཀར་བགེགས་གཏང་བ་ནས་བརྩམ། ལས་བྱང་མཐར་ཆགས་སུ་གཏང་བ་ལས། བདག་བསྐྱེད་ཀྱི་རྗེས་སུ་སྤྱན་འདྲེན་ལ་འཇུག་པ་ལས་མདུན་བསྐྱེད་མི་དགོས་ཤིང་། བཟླས་པ་ཅི་འགྲུབ་ཐུན་མཚམས་གཏོར་འབུལ་གྱི་བར་དུ་བྱའོ། །གཉིས་པ་བུམ་པ་སྟ་གོན་ནི། བུམ་པ་ལྷ་གྲངས་གསུངས་ཀྱང་བསྡུས་པའི་སྐབས་འདིར་གཙོ་བུམ་མགུལ་ཆིངས་དམར་པོ་དང་། ལས་བུམ་དཀར་པོ་ཅན་བུམ་མཚན་དང་བཅས་པ་ལས་སྔགས་བརྗོད་ཅིང་གུ་གུལ་བདུག །སྤོས་ཀྱིས་བསང་། སོ་ལྔའི་རྫས་དང་དྲིའི་ཆུས་བཀང་། ཁ་རྒྱན་གཟུངས་ཐག་དང་བཅས་མེ་ཏོག་གི་ཚོམ་བུ་དང་ཀུ་ཤའི་སྟེགས་ལ་བཞག །མཆོད་པ་བཤམས་ལ། རཾ་ཡཾ་ཁཾ༔ རྣམ་དག་ཆོས་དབྱིངས་ངང་ཉིད་ལས༔ རང་བྱུང་མཆོད་པའི་ཕུང་པོ་ནི༔ ཀུན་བཟང་མཆོད་པའི་སྤྲིན་ལྟ་བུ༔ དཔག་ཡས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ༔ ཞེས་བྱིན་བརླབ། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ཡིག་ཡོངས་གྱུར་པ། །རིན་ཆེན་བུམ་པ་མཚན་ཉིད་ཡོངས་སུ་རྫོགས། །ནང་ནི་ཐར་པ་ཆེན་པོའི་གཞལ་མེད་ཁང་། །དེ་དབུས་པདྨ་འདབ་བརྒྱད་མུ་ཁྱུད་བཅས། །སོགས་མངོན་རྟོགས་ལྟར་ལ། བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས། །ཞེས་པའི་བར་དང་། ལས་བུམ་ནང་དུ་པདྨ་ཟླ་བའི་སྟེང་། །ཧཱུྃ་ལས་རྡོ་རྗེ་ཧཱུྃ་མཚན་འོད་ཟེར་འཕྲོས། །འཕགས་མཆོད་སེམས་ཅན་དོན་བྱས་ཚུར་འདུས་པས། །རྡོ་རྗེ་སེམས་དཔའ་དཀར་གསལ་རྡོར་དྲིལ་བསྣམས། །སྙེམས་མ་ཡུམ་འཁྲིལ་དར་དང་རིན་ཆེན་བརྒྱན། །སེམས་སྐྱིལ་གྱིས་བཞུགས་སྣང་སྟོང་འོད་ལྔ་འཕྲོ། །ཨོཾ་བཛྲ་གུ་རུ་སོགས་ལས་བྱང་ལྟར་སྤྱན་འདྲེན་བཞུགས་གསོལ་དབང་བསྐུར་གྱི་འཕྲོས་སུ། ཧཱུྃ༔ བཅོམ་ལྡན་བུམ་པའི་ལྷ་ཚོགས་ལ༔ ཞེས་ཁ་བསྒྱུར་ཏེ། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་དང་། གོང་གི་ཕྱག་འཚལ་འདིར་བླངས་ཏེ་བསྟོད། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། གཟུངས་ཐག་ལ་འཁྲིལ་ནས་སོང་། ལྷ་སོ་སོའི་ཐུགས་ཀར་ཕོག །ཡབ་ཡུམ་སྦྱོར་བ་མཛད་པའི་བྱང་སེམས་དཀར་དམར་གྱི་རྒྱུན་བབས་པས་བུམ་པ་གང་བར་མོས་ལ། རྣམ་བུམ་དུ། ཧྲཱིཿམ་ར་ཙ་ཧྲི་ཡ་ཧ་རི་ནི་ས་ཧཱུྃ་ཕཊ༔ ཅེས་པ་དང་། ལས་བུམ་དུ་ཡིག་བརྒྱ་ཅི་འགྲུབ་བཟླ། མཐར་ལྷ་ཚོགས་རྣམས་འོད་དུ་མེར་གྱིས་ཞུ་བས་བུམ་པའི་བདུད་རྩི་དང་གཉིས་སུ་མེད་པར་གྱུར། ཅེས་མོས། གསུམ་པ་ལྷ་སྟ་གོན་ནི། མཎྜལ་གྱི་སྟེང་དུ་དྲིའི་ཐིག་ལེ་གཙོ་འཁོར་དགུ །དེ་རྒྱབ་བརྒྱད་རིམ་གཉིས་བཀོད་པའི་སྟེང་དུ་ལྷའི་ས་བོན་བརྗོད་ལ་མེ་ཏོག་གི་ཚོམ་བུ་བཀོད། མཆོད་གཏོར་བཤམས་ལ་བྱིན་བརླབ་གོང་བཞིན་བྱ། ལས་བྱང་གི་མདུན་བསྐྱེད་ནས་བརྩམ་བསྟོད་པའི་བར་ཚང་བར་གཏང་བའམ། མཆོད་བསྟོད་སོགས་མདོར་བསྡུ་ན་བུམ་བསྐྱེད་སྐབས་ལྟར་བྱས་ལ། གསོལ་བ་གདབ་པ་ནི། ཐལ་མོ་སྦྱར་ལ། ཧོ༔ དགོངས་སུ་གསོལ༔ རྒྱལ་བ་རིགས་ལྔ་ཡབ་ཡུམ་འཁོར་དང་བཅས༔ སེམས་དཔའ་སེམས་མ་མ་ལུས་བདག་ལ་དགོངས༔ རྒྱལ་བ་སྲས་བཅས་མཆོད་པ་དང༔ སློབ་བུ་ཁྱེད་ཀྱི་རྗེས་འཇུག་ཕྱིར༔ བདག་ཉིད་རྡོ་རྗེ་འཛིན་པ་ཡིས༔ རྒྱལ་བའི་དཀྱིལ་འཁོར་བྲི་བར་བྱ༔ ཁྱེད་ཀྱི་ཐུགས་རྗེས་བརྩེར་དགོངས་ལ༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ཅེས་བརྗོད། ཨོཾ་བཛྲ་ཨུཏྟིཥྛ་ཞེས་པའི་སྔགས་རྒྱས་སྟ་གོན་གྱི་ལྷ་སྟེང་གི་ནམ་མཁར་བཞུགས་པར་མོས། གྲུབ་ན་སྐབས་འདིར་ཞི་བའི་སྲེག་བླུགས་བྱ། མི་འགྲུབ་ན་རྫས་གཅིག་ལ་བརྟེན་ནས་སྡིག་པ་སྦྱོང་བའི་སྦྱིན་སྲེག་བྱའོ། །བཞི་པ་སློབ་མ་སྟ་གོན་ནི། རྫས་བཞི་སོགས་འདུ་བྱས་ལ། སློབ་མ་རྣམས་ཕྱི་རོལ་དུ་ཁྲུས་བྱ། ཆོས་བཤད་སྤྱི་འགྲོས་མཚམས་སྦྱར་ནས། སྔོན་འགྲོ་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་ཞིང་ཁམས་འབུལ་དུ་གཞུག །ཐོག་མར་མྱ་ངན་འདས་པའི་བསམ་པ་བརྟན་པོ་བསྐྱེད་པ་ནི་འདི་ལ་གསན་པར་ཞུ། སྔགས་ཀྱི་དངོས་གྲུབ་དོན་གཉེར་གང༔ དཀྱིལ་འཁོར་འདིར་ནི་གཞུག་པར་བྱ༔ གང་དག་འཇིག་རྟེན་ཕ་རོལ་གཉེར༔ དད་པ་ཆེན་པོ་ལྡན་པ་ཡི༔ བློ་ལྡན་དཀྱིལ་འཁོར་གཞུག་བྱ་བ༔ ཚེ་འདིའི་འབྲས་བུ་གཉེར་མི་བྱ༔ གལ་ཏེ་འདི་འབྲས་དོན་གཉེར་ན༔ ཕ་རོལ་རྣམས་ཀྱི་དོན་མི་འགྲུབ༔ འཇིག་རྟེན་ཕ་རོལ་དོན་གཉེར་གང༔ འདི་འབྲས་འབད་པ་མེད་པར་འགྲུབ༔ སྙིམ་པ་མེ་ཏོག་གིས་བཀང་པའི་ཐལ་མོ་སྦྱར་བ་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དགའ་ཆེན་ཁྱོད་བདག་སྟོན་པ་པོ༔ སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ༔ བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ༔ མགོན་པོ་ཆེན་པོ་བདག་འཚལ་ལོ༔ བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ༔ སངས་རྒྱས་ཆོས་དང་དགེ་འདུན་ཏེ༔ སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ༔ ཐར་པ་ཆེན་པོའི་གྲོང་མཆོག་ཏུ༔ མགོན་པོས་བདག་ནི་གཞུག་པར་འཚལ༔ ལན་གསུམ། རྟོག་པ་མ་ལུས་ལེགས་པར་བསྡུས་ནས་ནི༔ ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉོན༔ བརྗེད་ངས་བློ་ལ་ཧེ་རུ་ཀ་སོགས་པའི༔ བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ༔ ཅེས་གསུངས་པ་ཡིན་པས་ཡིད་གཞན་དུ་མ་ཡེངས་པར་ཉན་པར་གདམས་པའི་ཚིག་འདི་རྣམས་ལ་སྙན་གཏོད་འཚལ། བུ་ཚུར་ཐེག་པ་ཆེན་པོ་པ༔ ཁྱོད་ནི་ཚུལ་ཆེན་སྣོད་ཡིན་པས༔ གསང་སྔགས་སྤྱོད་པའི་ཆོ་ག་ནི༔ ཁྱོད་ལ་ཡང་དག་བསྟན་པར་བྱ༔ རྫོགས་པའི་སངས་རྒྱས་གང་དག་དང༔ འདས་དང་མ་བྱོན་ད་ལྟར་གྱི༔ འགྲོ་ལ་ཕན་ཕྱིར་བཞུགས་པ་རྣམས༔ དེ་དག་ཀུན་གྱིས་གསང་སྔགས་ཀྱི༔ ཆོ་ག་ཟབ་མོ་འདི་མཁྱེན་པས༔ དཔའ་བོས་བྱང་ཆུབ་ཤིང་དྲུང་དུ༔ ཐམས་ཅད་མཁྱེན་པ་ཚད་མེད་བརྙེས༔ གསང་སྔགས་སྤྱོད་པ་མཉམ་མེད་པ༔ སྐྱོབ་པ་སངས་རྒྱས་ཧེ་རུ་ཀས༔ བདུད་སྡེ་ཤིན་ཏུ་མི་བཟད་པའི༔ དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ༔ ཐམས་ཅད་ཀུན་མཁྱེན་སངས་རྒྱས་འཐོབ་བྱའི་ཕྱིར༔ བུ་ཡི་བློ་གྲོས་འདི་གྱིས་ཤིག༔ དེ་ནས་དབང་གི་ཡེ་ཤེས་བསྐྱེད་པ་ལ་རྒྱུད་མ་དག་ན་སྣོད་དུ་མི་འགྱུར་བས་ཐེག་པ་ཐུན་མོང་གི་གཞུང་ལམ་གསག་སྦྱོང་གིས་སྣོད་རུང་དུ་བསྒྲུབ་པ་ལ། བླ་མ་དང་མདུན་གྱི་ནམ་མཁར་དཀྱིལ་འཁོར་ལྷ་ཚོགས་རྒྱལ་བ་སྲས་དང་བཅས་པས་བསྐོར་ཏེ་བཞུགས་པའི་དྲུང་དུ་བདུན་རྣམ་དག་སྔོན་དུ་འགྲོ་བའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ སོགས་ལན་གསུམ། སོ་ཤིང་གི་ར་བ་ཚོམ་བུ་བཅས་བཀོད། སོར་བཅུ་གཉིས་ཀྱི་ཚད་དང་ལྡན་པའི་སོ་ཤིང་འདི་ཉིད་ཐལ་སྦྱར་གྱི་བར་དུ་ཟུངས་ལ་སོ་ལ་དྲུད་པའི་ཚུལ་བྱས་པས་སྡིག་སྒྲིབ་ཐམས་ཅད་སྐྱུགས་པར་མོས་ལ་ཚོམ་བུའི་ཁར་འདོར་བཞིན་དུ་སྔགས་འདི་གསུང་བར་ཞུ། ཨོཾ་བཛྲ་ཧཱ་ས་ཧཱ༔ ཞེས་འདོར་དུ་གཞུག །རྩེ་མོ་ཕྱོགས་བཞིར་བསྟན་ན་ཕྲིན་ལས་བཞི། སྟེང་དུ་མཁའ་སྤྱོད། མཚམས་རྣམས་སུ་དངོས་གྲུབ་ཕྲ་མོ་རྣམས་འགྲུབ་པའི་ལྟས་སུ་ཤེས་པར་གྱིས་ཤིག །སྐུད་པ་དམར་པོ་སུམ་བསྒྲིལ་མདུད་པ་སུམ་ལྡན་སྙིང་པོས་བསྔགས་ལ། རྡོ་རྗེའི་མདུད་པ་དང་སྔགས་ཀྱིས་བཏབ་པའི་སྲད་བུ་འདི་ཉིད་སྐྱེས་པའི་དཔུང་པ་གཡོན་དང་བུད་མེད་ཀྱི་གཡས་སུ་བཅིངས་པས་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་བསྲུང་བར་མོས་ཤིག །ཨོཾ་བུདྡྷ་མཻ་ཏྲི་རཀྵ་རཀྵ་སརྦཱ་ན་སྭཱ་ཧཱ༔ ཞེས་བཅིངས། དུང་ཞལ་དུ་ལས་བུམ་གྱི་ཆུ་བསྲེས་པ་སྦྱིན་ལ། བཾ་ལས་སྐྱེས་པའི་དུང་ཆུས་ཁ་ལན་གསུམ་བཤལ་བས་ངག་གི་སྡིག་སྒྲིབ་དག་པར་མོས། ཨོཾ་ཧྲཱིཿབི་ཤུདྡྷཿསརྦ་དྷརྨ་པཱ་པཾ་ནིཤྩ་སཾ་ཤོ་དྷ་ཡ་སརྦ་བི་ཀལྤཱ་ན་ཨ་པཱ་ན་ཡ་ཧཱུྃ༔ ཀུ་ཤའི་ཕོན་པོ་ཆེ་ཆུང་ལག་གཡས་གཡོན་དུ་སྦྱིན་ལ། ཧཱུྃ་ལས་བྱུང་བའི་བཀྲ་ཤིས་ཀྱི་རྩྭ་མཆོག་ཀུ་ཤ་སྔས་དང་སྟན་གྱི་དོན་དུ་ཟུངས་ཤིག །ཨོཾ་བཛྲ་ཏཱིཀྵྞ་ཧཱུྃ༔ ཟབ་མོའི་ཆོས་བཤད་པ་ནི་རྒྱུད་ལས་གསུངས་པ་འདི་ལ་གསན་པས་ཁྱབ་པར་གདའ། འཇིག་རྟེན་ན་ནི་ཀུན་མཁྱེན་དག༔ ཨུ་དུམྦ་རའི་མེ་ཏོག་བཞིན༔ བརྒྱ་ལམ་ལ་ནི་རེས་འགའ་ཞིག༔ འབྱུང་བར་འགྱུར་རམ་མི་འབྱུང་འགྱུར༔ གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ༔ དེ་བས་ཀྱང་ནི་དཀོན་པ་སྟེ༔ གང་གི་མཉམ་མེད་སེམས་ཅན་དོན༔ མྱ་ངན་མི་འདའ་བྱེད་པར་འགྱུར༔ བསྐལ་པ་བྱེ་བ་དུ་མ་རུ༔ སྔོན་དུ་སྡིག་པ་བྱས་པ་གང༔ དེ་ཡིས་དཀྱིལ་འཁོར་འདི་འདྲ་བ༔ མཐོང་བས་བྱང་བར་འགྱུར་ལགས་ན༔ གྲགས་པ་མཐའ་ཡས་སྔགས་སྤྱོད་པའི༔ ཚུལ་ལ་གནས་པ་སྨོས་ཅི་དགོས༔ སྐྱོབ་པའི་གསང་སྔགས་བཟླས་ན་ནི༔ གོ་འཕང་བླ་ན་མེད་པར་འགྱུར༔ གང་དག་སྤྱོད་པ་མཆོག་འདི་ལ༔ བློ་གྲོས་ཤིན་ཏུ་མི་གཡོ་ན༔ དེ་དག་གིས་ནི་ངན་འགྲོའི་རྒྱུ༔ སྡུག་བསྔལ་ཀུན་འབྱུང་རབ་ཏུ་བཅད༔ བདག་ཉིད་ཆེན་པོ་ཁྱེད་རྣམས་ཀུན༔ རྙེད་པ་མཉམ་མེད་དེ་རིང་རྙེད༔ གང་ཕྱིར་རྒྱལ་བ་སྲས་དང་བཅས༔ བདག་ཉིད་ཆེན་པོ་ཀུན་གྱི་ནི༔ བསྟན་པ་འདི་ལ་ཁྱེད་རྣམས་ཀུན༔ ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པར༔ དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལམ༔ སང་ནི་རབ་ཏུ་སྐྱེ་བར་འགྱུར༔ ཐེག་པ་ཆེན་པོ་ཆེར་འབྱུང་བའི༔ ལམ་མཆོག་འདི་ནི་དཔལ་དང་ལྡན༔ ཁྱེད་རྣམས་འདིར་ནི་དང་བས་ན༔ རང་བྱུང་སྐལ་པ་ཆེན་པོ་པ༔ འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི༔ དེ་བཞིན་གཤེགས་པ་རབ་ཏུ་འགྱུར༔ ལས་བུམ་གྱི་ཆུ་འཐོར་ལ། ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུྃ༔ ཞེས་པས་བསྲུང་། དེ་དག་གིས་སློབ་མ་སྟ་གོན་གྱི་རིམ་པ་རྣམས་གྲུབ་པ་ལགས་སོ། །ཞེས་དགེ་བསྔོ་བྱས་ལ་འཚོགས་གྱེས་སོ། །དངོས་སྟ་ཞག་གིས་བར་དུ་བཅད་ན་འདིར་སྲུང་མའི་གཏོར་འབུལ། བདག་བསྐྱེད་བསྡུ་ལྡང་དགེ་བསྔོ་བཀྲ་ཤིས་བྱའོ། །གཉིས་པ་དངོས་གཞི་ལ་བཞི། དབང་གི་ཡོ་བྱད་བཤམ་པ། དཀྱིལ་འཁོར་སྒྲུབ་མཆོད། བདག་ཉིད་འཇུག་པ། སློབ་མ་ལ་དབང་བསྐུར་བའོ། །དང་པོ་ནི། རྟེན་བཀྲམ་ཞིང་གནས་ཁང་རྒྱན་གྱིས་སྤྲས་པའི་གུང་དུ་སྟེགས་བུ་ལ་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པའི་དབུས་སུ་རྐང་གསུམ་སྟེང་རྣམ་བུམ། ཤར་དུ་མིང་དབང་ཕྲེང་བ། ལྷོར་དབུ་རྒྱན་དང་མངར་གསུམ་ཆོས་སྨན་སྦྱར་བའི་ཐོད་ཆང་། ནུབ་ཏུ་རྡོ་རྗེ་དང་རིག་ཙཀ །བྱང་དུ་དྲིལ་བུ་དང་འཇའ་ཤེལ་རྨ་བྱ། མདུན་དུ་སྨན་རཀ་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་གཡས་སྐོར་དུ་བཤམ། གཞན་ཡང་སྔོན་གཏོར། ཚོགས་ཀྱི་ཡོ་བྱད། སྲུང་མའི་གཏོར་འབུལ། ཆད་བརྟན་རྣམས་དང་། མིག་དར་མེ་ཏོག །དུང་ཞལ་དྲི་བཟང་གི་ཆབ་སོགས་འོག་ཏུ་མཁོ་བའི་ཡོ་བྱད་རྣམས་འཚོགས་པར་བྱའོ། །གཉིས་པ་སྒྲུབ་མཆོད་ནི། བརྒྱུད་འདེབས་དང་། སྔོན་གཏོར་ནས་བརྩམ་སྟེ་ལས་བྱང་ཉིད་མཐར་ཆགས་སུ་བཏང་ཞིང་བདག་མདུན་བསྐྱེད་བཟླས་གཏོར་འབུལ་བཅས། སྲུང་མ་སྤྱི་དང་ཁྱད་པར་གཏེར་སྲུང་སྤྱང་ཞོན་མར་གཏོར་མ་འབུལ། ཚོགས་བྱིན་བརླབ་ནས་བསྒྲལ་བསྟབ་ཀྱི་བར་དུ་བྱའོ། །གསུམ་པ་བདག་འཇུག་ནི། རྒྱས་པར་སྤྲོ་ན་དབང་གི་ཆོ་ག་ཚང་བས་བདག་འཇུག་བླང་། མི་འགྲུབ་ན་རིག་པའི་མེ་ཏོག་དོར་བའམ། ཏིང་ངེ་འཛིན་གྱི་དབང་བཞི་གཅིག་རྫོགས་སུ་བླངས་ལ་བདེན་པའི་སྟོབས་བརྗོད་པ་ནི། ཨོཾ༔ ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར༔ ཐོག་མ་ཐ་མ་མེད་པའི་ཆོས༔ སེམས་དཔའ་རྡོ་རྗེ་ཆེ་རང་བཞིན༔ ཧེ་རུ་ཀ་དཔལ་བདག་སྒྲུབས་མཛོད༔ ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ༔ དབང་ཕྱུག་ཆེན་པོ་ལྷག་པའི་ལྷ༔ རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ༔ མི་འགྱུར་མཆོག་ཏུ་བདག་སྒྲུབ་མཛོད༔ ཉོན་མོངས་མ་མཆིས་རྟག་པའི་ས༔ འདོད་ཆགས་ཆེན་པོ་རྗེས་ཆགས་པ༔ འདོད་ཆགས་ཆེན་པོ་དགའ་བས་དགའ༔ བཅོམ་ལྡན་དེར་བདག་གྲུབ་པར་མཛོད༔ དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག༔ དབང་ཕྱུག་ཆེན་པོ་ཕྱག་རྒྱའི་མཆོག༔ གྲུབ་པའི་རྡོ་རྗེ་ཆེར་སྟོན་པའི༔ རྡོ་རྗེ་སྙེམས་མར་བདག་སྒྲུབ་མཛོད༔ སེམས་ཅན་ཀུན་གྱི་ཡིད་ཁྱབ་ཅིང༔ སེམས་ཅན་ཀུན་གྱི་སྙིང་ལ་ཞུགས༔ སེམས་ཅན་ཀུན་གྱི་ཡབ་གྱུར་ཉིད༔ འདོད་ཆགས་དམ་ཚིག་མཆོག་གྱུར་པའི༔ བདེན་པ་གང་དག་ཡེ་ཤེས་མཆོག༔ ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱི༔ བདེན་པ་དེ་ཡིས་མགོན་བདག་ལ༔ ཁྱོད་ཀྱིས་འདོད་པ་ཡོངས་རྫོགས་མཛོད༔ ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ༔ གསལ་ཞིང་དག་ལ་རྙོག་པ་མེད༔ བཟུང་དུ་མེད་ཅིང་བརྗོད་དུ་མེད༔ རྒྱུ་དང་ལས་ལས་ཀུན་ཀྱང་འབྱུང༔ དེ་བཞིན་ཉིད་ལས་ངེས་པར་སྐྱེས༔ བདེན་པ་དེ་ཡིས་དཀྱིལ་འཁོར་དུ༔ གཟུགས་བརྙན་གསོལ་བར་སློབ་མ་རྣམས༔ ཀུན་གྱིས་དྲི་མེད་མཐོང་བར་ཤོག༔ ཅེས་བརྗོད་ལ་དཀྱིལ་འཁོར་ཡོལ་བས་བསྒྲིབ་བོ། །བཞི་པ་དབང་སྐུར་བ་ལ་གཉིས། འཇུག་པའི་ཆོ་ག་དང་། དབང་དངོས་སོ། །དང་པོ་སློབ་མ་རྣམས་སྒོའི་ཕྱི་རོལ་དུ་ཁྲུས་ནས་དབྱུང་། ནང་དུ་འཁོད་དེ་མེ་ཏོག་བཀྱེ་བསྡུ་བྱས། སེམས་བསྐྱེད་གསལ་བཏབ་ལ། དེའང་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཞིང་ཁམས་ཀུན་ཏུ་མཚན་ཙམ་ཡང་འབྱོན་པར་དཀའ་བ། བདག་ཅག་གི་སྟོན་པའི་བསྟན་པ་ཐམས་ཅད་ཀྱི་ཡང་སྙིང་གསང་སྔགས་རྡོ་རྗེ་ཐེག་པ་གསར་རྙིང་གི་རིང་ལུགས་རྣམས་ལས། གསུང་མཆོག་རྟ་མགྲིན་དབང་ཆེན་གྱི་རྒྱུད་དང་། དེའི་མན་ངག་གསུང་གི་རིག་འཛིན་འཕགས་པ་ཀླུ་སྒྲུབ། མི་ཏྲ་ཛོ་ཀི །ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་ལ་སོགས་པས་གདམས་པའི་བཀའ་སྲོལ་མཐའ་ཡས་པ་ཞིག་མཆིས་པ་ལས་སྐབས་སུ་བབས་པ། ཟབ་ལམ་རྡོ་རྗེ་སྙིང་པོ། རྫོགས་ཆེན་རྟ་མགྲིན་སྙིང་ཐིག །མན་ངག་སྙིང་པོ་དོན་གྱི་སྦྱོར་བ་ཞེས་བྱ་བ་རྫོགས་ཆེན་ཡང་གསང་གནད་གྱི་གདམས་སྐོར་དབང་ཆེན་རྟ་མཆོག་གི་བསྐྱེད་རིམ་དང་འབྲེལ་བའི་ཟབ་ཆོས་ཁྱད་པར་དུ་འཕགས་པ་འདི་ནི། མཁའ་ཀློང་རྣམ་པར་དག་པ་འོག་མིན་ཆོས་ཀྱི་དབྱིངས་འོད་ཀྱིས་ཁེངས་པར་གདོད་མའི་མགོན་པོ་བུམ་པ་སྐུ་ཅིའི་ངོ་བོར་ཡང་མ་གྲུབ་པར་འོད་གསལ་བའི་དགོངས་པར་བཞུགས་པ་ལས། བརྩེ་བའི་ཐུགས་རྗེས་ལོངས་སྐུ་རྡོ་རྗེ་འཆང་ཞལ་ཕྱག་མཚན་དཔེའི་རྣམ་པར་བཞེངས་ཏེ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངང་ནས། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་མཉམ་ཉིད་ཀློང་རྡོལ་གྱི་དགོངས་པ་རང་བཞིན་གྱི་རླབས་ཀྱིས་བཤད། དེས་དུར་ཁྲོད་མེ་རི་འབར་བར་བཞུགས་པ་མི་ཡུལ་དུ་བཞུགས་ཀྱང་དགོངས་པ་སངས་རྒྱས་དང་མཉམ་པ་སྤྲུལ་པ་པོ་དགའ་རབ་རྡོ་རྗེ་ལ་བརྡ་ཙམ་ཚིག་ཙམ་དུ་བཤད། དེས་དུར་ཁྲོད་ཆེན་པོ་སིངྒ་ལ་རུ་སངས་རྒྱས་གཉིས་པ་པདྨཱ་ཀ་ར་ལ་མངོན་སུམ་རང་ཐོག་ཏུ་ཕབ་ནས་བཤད། དེ་ཉིད་ལྷོ་ནུབ་སྲིན་པོའི་ཁ་གནོན་དུ་གཤེགས་པར་ཉེ་བ་ན་བསམ་ཡས་དབུ་རྩེ་ཆེན་མོར་མཁའ་འགྲོའི་ཚོགས་རྗེ་ཡེ་ཤེས་མཚོ་རྒྱལ་དང་། དབང་ཆེན་རྟ་མགྲིན་གྱི་སྤྲུལ་པ་ཆོས་བློ་མགོན་པོ་གཉིས་ལ་གནས་ལུགས་ཡིད་དཔྱོད་དང་ཕྲལ། ལྔ་ལྡན་ཡེ་ཤེས་སྙིང་པོ་མངོན་སུམ་གཏན་ལ་ཕབ་ནས་བསྟན་ཏེ། ཇི་སྐད་དུ། ཨེ་མ་བདག་ཉིད་པདྨ་འབྱུང་གནས་ང༔ སྔོན་གྱི་ལས་འཕྲོས་བོད་ཀྱི་ཡུལ་དུ་མཆིས༔ རྒྱལ་པོ་ཁྲི་སྲོང་ལྡེ་བཙན་བསམ་པ་བསྒྲུབས༔ བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་བཞེངས༔ དམ་པའི་ཆོས་ཀྱི་བསྟན་པ་རྒྱས་པར་བྱས༔ ཕྱི་རབས་དོན་དུ་གཏེར་ཁ་བྱེ་བ་སྦས༔ ཟབ་ལམ་ཡང་བཅུད་སྙིང་པོ་དོན་སྦྱོར་འདི༔ གདམས་པ་ཀུན་གྱི་ནང་ནས་ཀྱང༔ མཐར་ཐུག་ཡང་བཅུད་མིན་རེ་ཀན༔ མ་འོངས་དོན་དུ་རིན་ཆེན་གཏེར་དུ་སྦོས༔ ལན་གཅིག་དུས་ཀྱི་ཐ་མར་གྱུར་པའི་ཚེ༔ རྟ་མགྲིན་སྤྲུལ་པ་རྫུ་འཕྲུལ་ཅན༔ ངེས་མེད་སྤྱོད་པའི་རྣལ་འབྱོར་པ༔ ལས་ཅན་ཆོས་བློ་མགོན་དང་འདི་འཕྲད་ཤོག༔ ཅེས་གདམས་པ་ལྟར། མཁར་ཆེན་བཟས་བཀའི་བསྡུ་བ་མཛད་དེ་མ་འོངས་ལས་འཕྲོ་ཅན་གྱི་ཐུགས་སུ་བརྒྱུད་པར་བྱིན་གྱིས་བརླབས་ནས་ཤོག་སེར་གཡུའི་སྒྲོམ་བུར་རྒྱས་བཏབ་སྟེ། ཉང་པོ་རྒྱ་ཤོད་བྲག་དཀར་ལྷ་ཆུར་གཏེར་ཁ་ཆེན་པོ་ལྔའི་གཙོ་བོར་སྦས་ཤིང་ཌཱ་ཀི་སྔགས་ཀྱི་སྲུང་མ་དང་ཉང་པོའི་ལྷ་བཙན་སྤུན་དགུ་ལ་གཉེར་དུ་གཏད་པ། ནམ་ཞིག་དུས་ལ་བབ་པའི་ཚེ་ཆོས་བློ་ཨརྱ་སཱ་ལེའི་སྐྱེ་མཐའ། དཀའ་ཐུབ་ཀྱི་སྒྲུབ་པ་མཐར་ཕྱིན་པས་འབྱུང་བ་བཞི་ལ་དབང་སྒྱུར་བའི་གྲུབ་ཐོབ་ཆེན་པོ་མཆོག་ལྡན་རྡོ་རྗེའམ། ལས་རབ་ཞིག་པོ་གླིང་པས་སྤྱན་དྲངས་ཤིང་། ཕྱིས་སུ་དེ་ཉིད་ཀྱི་ཡང་སྲིད་རྩོད་པ་དང་བྲལ་བའི་གཏེར་ཆེན་སྟག་ཤམ་བསམ་གཏན་གླིང་པས་ཆོས་ཀྱི་བདག་པོའི་ཚུལ་གྱིས་ཁྱབ་བརྡལ་དུ་སྤེལ་བར་མཛད་པ་འདི་ལ་སྨིན་བྱེད་ཀྱི་དབང་བསྐུར་རྒྱས་བསྡུས་གཉིས་སུ་བཞུགས་པ་ལས། རྒྱས་པ་དབང་བཞི་ཡོངས་རྫོགས་སུ་བསྒྲུབ་པར་བགྱི་བ་ལ་བདག་ཉིད་ཀྱི་བགྱི་བའི་རིམ་པ་ཐམས་ཅད་གྲུབ་ཟིན་པ་ལགས་པས། ཁྱེད་རང་རྣམས་ཀྱིས་བགྱི་འོས་ཐོག་མར་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་ཞིང་ཁམས་འབུལ་བ་ཞུ། ཞེས་བརྗོད་ལ་མཎྜལ་འབུལ་དུ་གཞུག །སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་མོས་གུས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོཿསངས་རྒྱས་སློབ་དཔོན་ཆེ༔ ཨེ་མ་ཧོཿཆོས་དང་ཚོགས་ཀྱི་མཆོག༔ ཨེ་མ་ཧོཿབཅོམ་ལྡན་དབང་ཆེན་ཧེ་རུ་ཀ༔ ཕག་མོ་ཡུམ་དང་ཡང་དག་སྦྱོར༔ དགའ་ཆེན་ཁྱོད་བདག་སྟོན་པ་པོ༔ སོགས་གོང་ལྟར་གྱིས་གསོལ་བ་ལན་གསུམ་གདབ། ཐུགས་ཀ་ནས་འཕྲོས་པའི་ཁྲོ་ཆུང་མཚོན་ཆ་མེའི་ཚྭ་ཚྭས་བར་དུ་གཅོད་པའི་བགེགས་ཐམས་ཅད་བསྐྲད་པར་གྱུར། ཧཱུྃ་བཞིའི་སྔགས་དང་ཡུངས་དཀར་གུ་གུལ་རོལ་མོའི་སྒྲས་བགེགས་བསྐྲད། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྒྱལ་བ་སྲས་དང་བཅས་པས་སོགས་ཀྱིས་མཚམས་སྦྱར་ནས་བདུན་རྣམ་དག་ལན་གསུམ་སྟ་གོན་སྐབས་ལྟར་བྱ། ཞིང་མཆོག་དེ་དག་གི་སྤྱན་སྔར་རིགས་ལྔ་སྤྱི་དང་བྱེ་བྲག་གིས་བསྡུས་པའི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། སྲས་བཅས་སངས་རྒྱས་ཐམས་ཅད་དང༔ དཔའ་བོ་རྣལ་འབྱོར་མ་རྣམས་ཀུན༔ ཐམས་ཅད་བདག་ལ་དགོངས་སུ་གསོལ༔ བདག་མིང་འདི་ཞེས་བགྱི་བ་ཡིས༔ དུས་འདི་ནས་ནི་བཟུང་ནས་སུ༔ ཇི་སྲིད་སྙིང་པོ་བྱང་ཆུབ་བར༔ ཇི་ལྟར་དུས་གསུམ་མགོན་པོ་རྣམས༔ བྱང་ཆུབ་ཏུ་ནི་ངེས་མཛད་པའི༔ བྱང་ཆུབ་སེམས་ནི་བླ་ན་མེད༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༔ དགེ་བའི་ཆོས་ནི་སྡུད་པ་དང༔ སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ༔ སོ་སོར་བརྟན་པོར་བཟུང་བར་བགྱི༔ སངས་རྒྱས་ཆོས་དང་དགེ་འདུན་ཏེ༔ བླ་ན་མེད་པའི་དཀོན་མཆོག་གསུམ༔ སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི༔ སྡོམ་པ་དེང་ནས་བརྟན་པོར་བཟུང༔ རྡོ་རྗེ་རིགས་མཆོག་ཆེན་པོ་ལ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང༔ ཡང་དག་ཉིད་དུ་གཟུང་བར་བགྱི༔ སློབ་དཔོན་དག་ཀྱང་གཟུང་བར་བགྱི༔ རིན་ཆེན་རིགས་མཆོག་ཆེན་པོ་ཡི༔ དམ་ཚིག་ཡིད་དུ་འོང་བ་ལ༔ ཉིན་རེ་བཞིན་དུ་དུས་དྲུག་ཏུ༔ ཟང་ཟིང་མི་འཇིགས་ཆོས་དང་བྱམས༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ བྱང་ཆུབ་ཆེན་པོ་ལས་བྱུང་བ༔ པདྨའི་རིགས་མཆོག་དག་པ་ལ༔ ཕྱི་ནང་གསང་བ་ཐེག་པ་གསུམ༔ དམ་ཆོས་སོ་སོར་གཟུང་བར་བགྱི༔ ལས་ཀྱི་རིགས་མཆོག་ཆེན་པོ་ལ༔ སྡོམ་པ་ཐམས་ཅད་ལྡན་པར་ནི༔ ཡང་དག་ཉིད་དུ་གཟུང་བར་བགྱི༔ མཆོད་པའི་ལས་ཀྱང་ཅི་ནུས་བགྱི༔ བྱང་ཆུབ་སེམས་ནི་བླ་ན་མེད༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ བདག་གིས་སྡོམ་པ་མ་ལུས་བཟུང༔ མ་བསྒྲལ་བ་རྣམས་བསྒྲལ་བ་དང༔ མ་གྲོལ་བ་རྣམས་གྲོལ་བ་དང༔ དབུགས་མ་དབྱུང་རྣམས་དབུགས་དབྱུང་ཞིང༔ འགྲོ་ཀུན་མྱ་ངན་འདས་ལ་འགོད༔ ལན་གསུམ། སྔོན་ཆད་དཀྱིལ་འཁོར་འདི་ཉིད་དུ་མ་ཞུགས་པའམ་མ་རིག་པའི་སྒྲིབ་གཡོགས་དང་བཅས་པ་མཚོན་བྱེད་དུ་ཨོཾ་ལས་བྱུང་བའི་དར་དམར་པོས་གདོང་བཀབ་པར་མོས། ཨོཾ་ཨཱ་ཁཾ་བཱི་ར་ཧཱུྃ༔ ཞེས་གདོང་བཅིང་། ཧཱུྃ་ལས་བྱུང་བའི་མེ་ཏོག་ཕྱག་ཏུ་གཏད་པར་མོས། ཨུ་དུམྦ་ར་མནྡཱ་ར༔ ཡོངས་འདུ་དང་ནི་མལླི་ཀ༔ ཀ་ར་བཱི་རའི་མེ་ཏོག་འདི༔ ལེགས་པར་ནོས་ལ་བུས་ཟུངས་ཤིག༔ ཅེས་མེ་ཏོག་གཏད། རྡོ་རྗེ་དང་བཅས་པའི་དྲི་བཟང་པོའི་ཆུས་གནས་གསུམ་དུ་ཐིག་ལེ་བྱ་ཞིང་། སྤྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ༔ མགྲིན་པར་ཨཱཿལས་པདྨ་དམར་པོ་ཨཱཿས་མཚན་པ༔ སྙིང་གར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་རེ་སྒོམ་མཛོད༔ གནས་གསུམ་དུ་མར་ལ་རེག་ཅིང་། ཨོཾ་ཨཱཿཧཱུྃ༔ ཡར་ལ་རེག་ཅིང་། ཧཱུྃ་ཨཱཿཨོཾ༔བརྗོད། དེ་ནས་སྐལ་པ་དང་ལྡན་ནམ་མི་ལྡན་བརྟག་པ་ནི། བུ་ཁྱོད་སུ་ཡིན༔ ཅེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས། བདག་སྐལ་པ་བཟང་པོའོ༔ ཁྱོད་ཅི་ལ་དགའ༔ ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས། བདེ་བ་ཆེན་པོ་ལའོ༔ དེས་བུ་ལ་ཅི་ཞིག་བྱ༔ ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས། དབང་ཆེན་ཡབ་ཡུམ་གྱི་དམ་ཚིག་གོ༔ དེ་ནས་སློབ་མའི་སྙིང་གར་རྡོ་རྗེ་བཟུང་ལ། ཁྱེད་རང་གི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཟེར་འཕྲོ་བ་དང་བཅས་པ་རེ་སྒོམས་ལ་རྗེས་ཟློས། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱད་ཡ་མི༔ གསུམ། རྡོ་རྗེ་མེ་ཏོག་དང་བཅས་པ་བཞག་ལ། སེམས་བསྐྱེད་པ་དེ་བརྟན་པར་བྱས་པའི་མོས་པ་མཛོད། སུ་ར་ཏེ་ས་མ་ཡ་སཏྭཾ་ཧོ༔ སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ༔ རྡོ་རྗེ་སྤྱི་བོར་བཟུང་ནས། དུས་འདི་ནས་ནི་ཁྱོད་ཉིད་ནི༔ སངས་རྒྱས་རིགས་སུ་ཆུད་པས་ན༔ ང་ཡིས་རྡོ་རྗེ་ཡེ་ཤེས་སྦྱིན༔ དེས་ནི་སངས་རྒྱས་འགྲུབ་པར་འགྱུར༔ གང་ཞིག་འདི་ནི་མ་མཐོང་བའི༔ མདུན་དུ་སྨྲ་བར་མི་བྱ་སྟེ༔ བག་མེད་སྨྲས་ན་ཉམས་པར་འགྱུར༔ ཞེས་གསང་བར་གདམས། བགེགས་མཐར་བྱེད་ཀྱིས་དཀྱིལ་འཁོར་གྱི་སྒོ་རྣམས་ཕྱེས་ཏེ་ནང་དུ་ཁྲིད་པར་མོས་ཤིག །ཛཿཧཱུྃ་བཾ་ཧོ༔ ཡོལ་བ་བསལ། ཤར་ནས་ཕྱོགས་བཞི་རིམ་པར་ལྷ་སྣམ་ལ་འཁོད་དེ་དཀྱིལ་འཁོར་པའི་སྐུ་གསུང་ཐུགས་ལ་ཕྱག་འཚལ་བར་མོས་ལ་ཐལ་མོ་གནས་གསུམ་དུ་སྦྱར་ཏེ་འདིའི་རྗེས་ཟློས། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨུ་པ་སྡྱཱ་ན་ཡ་ཨཱཏྨ་ནཾ་ནིརྻ་ཏ་ཡཱ་མི༔ སརྦ་ཏ་ཐཱ་ག་ཏ་ཨ་དྷི་ཏིཥྛ་སྭ་མཱཾ༔ ཞེས་པས་གཙོ་བོ་དང་། ཤར་ཕྱོགས་པ་ལ་བྱིན་རླབས་ཞུ་བར་མོས་མཛོད། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥིཉྩ་ཨཱཏྨ་ནཾ་ནིརྻཱ་ཏ་ཡཱ་མི༔ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ༔ ལྷོ་ཕྱོགས་པ་ལ་དབང་ཞུ་བར་མོས་མཛོད། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་ཝརྟ་ན་ཡ་ཨཱཏྨ་ནཾ་ནིརྻཱ་ཏ་ཡཱ་མི༔ སརྦ་སྭསྟི་སརྦ་དྷརྨ་པྲ་ཝརྟ་ཡཱ་མཱི༔ ནུབ་ཕྱོགས་སུ་ཆོས་བཟུང་བར་མོས་མཛོད། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏཱ་ཀརྨཱ་ཎི་ཨཱཏྨ་ནཾ་ནིརྻཱ་ཏ་ཡཱ་མི༔ སརྦ་ཏ་ཐཱ་ག་ཏ་སརྦ་ཀརྨ་ཀུ་རུ་མཱཾ༔ བྱང་ཕྱོགས་སུ་ཕྲིན་ལས་སྒྲུབ་པར་མོས་མཛོད། སླར་ཤར་གྱི་ལྷ་སྣམ་དུ་འཁོད་པ་ལ་ཡེ་ཤེས་པ་དབབ་པའི་སྔོན་འགྲོ་དམ་བཞག་བཞི་པོ་བྱ་བ་ཡིན་པས་སྙན་གཏོད་པར་ཞུ། སྤྱི་བོར་རྡོ་རྗེ་བཟུང་ལ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན༔ དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས༔ དེ་ལྟ་བུའི་རྡོ་རྗེ་ཡེ་ཤེས་ང་ཡིས་ཁྱོད་ལ་བསྐྱེད་པར་བྱ་ཡིས༔ ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ༔ སྨྲས་ན་བུ་ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ༔ ཞེས་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག །རྡོ་རྗེ་སྙིང་གར་བཟུང་ནས། ཧེ་རུ་ཀ་དཔལ་ཡབ་ཡུམ་དེང་ཁྱོད་ཀྱི༔ སྙིང་ལ་ཡང་དག་ཞུགས་པར་འགྱུར༔ ང་ཡིས་བསྟན་པའི་གསང་བ་འདི༔ དམ་ཚིག་མེད་པའི་མི་རྣམས་དང༔ གང་ཡང་འགའ་ལ་སྨྲས་གྱུར་ན༔ དེ་མ་ཐག་ཏུ་དྲལ་ཏེ་གཤེགས༔ ཞེས་ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག །དེ་ནས་ལས་ཐམས་ཅད་པའི་ཆུ་བླུད་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ༔ དམ་ཚིག་འདས་ན་སྲེག་པར་བྱེད༔ དམ་ཚིག་སྲུང་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ ཨོཾ་པཉྩ་ཨ་མྲྀཏ་ཨུ་ད་ཀ་ཋ་ཋ་ཋ༔ མནའ་ཆུའི་སྒོ་ནས་དམ་ལ་བཞག །མགོ་བོར་རྡོ་རྗེ་བཟུང་ལ། དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱི༔ ཡི་དམ་དབང་ཆེན་ང་ཡིན་གྱིས༔ ང་ཡིས་ཇི་ལྟར་བཀའ་བསྩལ་པ༔ ཁྱོད་ཀྱིས་སྐྱོ་བ་མེད་པར་སྒྲུབས༔ གང་ཡང་ང་ལ་བརྙས་པ་མིན༔ དེ་བཞིན་མོས་པར་མ་བྱས་ན༔ བདུད་ཀྱིས་བཅོམ་སྟེ་དམྱལ་བར་འགྲོ༔ དེ་བས་དམ་ཚིག་ཐུབ་པར་སྲུངས༔ ཞེས་བླ་མའི་བཀའ་གཉན་པའི་སྒོ་ནས་དམ་ལ་བཞག་གོ །དེ་ནས་ཡེ་ཤེས་པ་དབབ་པའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་ཧེ་རུ་ཀ་དང་བཅས་པ་ལ་གསོལ་བ་འདེབས་སོ༔ དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་རློབས་ཤིག༔ བདག་ལ་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་ཡེ་ཤེས་ཕོབ་ཅིག༔ ལན་གསུམ། ཁྱེད་རང་རྣམས་ལུས་ཐང་ཤ་བཅད། ཐལ་མོ་སྤྱི་བོར་བཞག་ལ་དམིགས་པ་འདི་མ་ཡེངས་པར་གྱིས་ཤིག །ཁྱེད་རང་རྣམས་ཀྱི་ལུས་ཀྱི་དབུས་སུ་རྩ་དབུ་མ་མདའ་སྨྱུག་ཙམ་ཕྱི་དཀར་ལ་ནང་དམར་བ༔ དེའི་གཡས་སུ་རོ་མ་དམར་མོ་གཡོན་དུ་རྐྱང་མ་དཀར་མོ༔ སྤྱི་བོར་རྩ་འདབ་མ་སུམ་ཅུ་སོ་གཉིས་ཀྱི་ལྟེ་བར་ཧཾ་ཡིག་དཀར་པོ༔ མགྲིན་པར་རྩ་འདབ་བཅུ་དྲུག་པའི་ལྟེ་བར་ཨོཾ་ཡིག་དཀར་པོ༔ སྙིང་གར་རྩ་འདབ་བརྒྱད་པའི་ལྟེ་བར་ཧཱུྃ་སྔོན་པོ༔ ལྟེ་བར་རྩ་འདབ་དྲུག་ཅུ་རྩ་བཞི་པའི་ལྟེ་བར་ཨཱཿཡིག་དམར་པོ༔ ལྟེ་བའི་ཨཱཿལས་ཡེ་ཤེས་ཀྱི་མེ་འབར་བས༔ སྙིང་གའི་ཧཱུྃ་དང་མགྲིན་པའི་ཨོཾ་བསྲེག །དེ་སྤྱི་བོའི་ཧཾ་ལ་ཕོག་པས་བདུད་རྩིའི་རྒྱུན་བྱུང་ནས༔ ལུས་ཐམས་ཅད་ཟག་མེད་ཀྱི་བདེ་བས་ཁྱབ་པར་མོས༔ གཞན་ཡང་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་དབང་ཆེན་ཡབ་ཡུམ་གྱི་རྣམ་པར་ལུས་ལ་སིབ་སིབ་ཐིམ་པས་ལུས་ཐམས་ཅད་བདེ་མེར་མེར་བྱུང་བར་མོས་མཛོད༔ རོལ་མོ་དང་ཡེ་ཤེས་འབེབ་པའི་སྦྱར་སྤོས་བདུག་ལ། ཨོཾ་པདྨཱནྟ་ཀྲྀཏ་ཧྱ་གྲཱི་བ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨ་ཨཱཿཧྲཱིཿབཾ་སྭཱ་ཧཱ༔ ཞེས་དྲག་ཏུ་བརྗོད་པས༔ སྐུ་ལ་བབས་ན་འཕར༔ གསུང་ལ་བབས་ན་སྔགས༔ ཐུགས་ལ་བབས་ན་མི་རྟོག་པ་སྐྱེ་བར་འགྱུར་རོ༔ དེ་ནས་དཀྱིལ་འཁོར་དུ་གཞུག་པའི་ཕྱིར་བདེན་པ་བརྗོད་པ་ནི། དེ་བཞིན་གཤེགས་པ་ཀུན་གྱི་གནས༔ བཅོམ་ལྡན་དབང་ཆེན་ཡབ་ཡུམ་གྱི༔ སྙིང་པོའི་དཀྱིལ་འཁོར་དམ་པ་འདིར༔ བདག་གི་སློབ་མ་གཞུག་པར་བགྱི༔ ལྷ་རྣམས་རིགས་ཀྱི་རིམ་པ་བཞིན༔ དཀྱིལ་འཁོར་འདིར་ཡང་དེ་བཞིན་ཤོག༔ འདིར་ནི་དངོས་གྲུབ་གང་འགྲུབ་དང༔ རིགས་ནི་གང་གི་སྣོད་དང་ལྡན༔ བསོད་ནམས་རིམ་པ་དེ་བཞིན་ཤོག༔ ཅེས་བརྗོད་དོ༔ དེ་ནས་མེ་ཏོག་ཕུལ་བའི་སླད་དུ་ཕོ་བྲང་འདིའི་དབུས་ན་བཅོམ་ལྡན་འདས་དཔལ་རྟ་མགྲིན་ཡབ་ཡུམ་གྱི་ལྷ་ཚོགས་བཞུགས་པའི་དབུ་ལ་སྔར་བྱིན་པའི་མེ་ཏོག་གི་ཕྲེང་བ་ཕུལ་བར་མོས་ལ་འདིའི་རྗེས་ཟློས། པྲ་ཏཱིཙྪ་བཛྲ་ཧོ༔ མེ་ཏོག་སློབ་དཔོན་གྱིས་བླངས་ལ། ཞེས་ཕུལ་བ་དེ་ཉིད་གཙོ་བོའི་དབུ་ལ་ཕོག་པ་སླར་ཡང་ཁྱེད་རང་གི་སྤྱི་བོར་བཅིངས་པར་མོས་ཤིག །སེམས་དཔའ་སྟོབས་ཆེན་ཁྱེད་ཀྱིས་ནི༔ འདི་ནི་རྟག་ཏུ་བཅང་བར་གྱིས༔ ཨོཾ་པྲ་ཏི་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བཱ་ལ༔ ཞེས་མེ་ཏོག་སློབ་མའི་སྤྱི་བོར་བཞག །རྡོ་རྗེའི་མིག་ཐུར་ཐོགས་ལ། སློབ་མའི་མ་རིག་པའི་མིག་ཕྱེས་ནས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པར་བསམ་ལ༔ བཅོམ་ལྡན་དཔའ་བོ་ཆེན་པོ་དེང་ཁྱོད་ཀྱི༔ མིག་འབྱེད་པར་ནི་བརྩོན་པར་མཛད༔ ཕྱེ་བས་ཐམས་ཅད་མཐོང་བར་འགྱུར༔ རྡོ་རྗེའི་མིག་ནི་བླ་ན་མེད༔ ཨོཾ་ནཻ་ཏྲ་ཨ་པ་ཧཱ་ར་པ་ཏ་ལཾ་ཧྲི༔ ཞེས་པས་གདོང་གཡོགས་ཕྱེས་ལ་ལྷ་ངོ་བསྟན་པ་ནི། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ ད་ནི་དད་པ་རབ་ཏུ་སྐྱེད༔ ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས༔ དངོས་གྲུབ་ཕུན་སུམ་ཚོགས་པ་ཀུན༔ ཐམས་ཅད་ཁྱོད་ཀྱིས་མངོན་དུ་འགྱུར༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས༔ དམ་ཚིག་ཐམས་ཅད་བསྐྱང་བ་དང༔ སྔགས་རྣམས་ལ་ཡང་བརྩོན་པར་གྱིས༔ སྤྲོ་ན་སྐབས་འདིར་དཀྱིལ་འཁོར་རྣམ་དག་གཏེར་གཞུང་ལྟར་བཤད། བསྡུ་ན། རང་སྣང་ཡེ་ཤེས་ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་ཡས་ཁང་རྒྱན་དང་བཀོད་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ཕྱི་རོལ་དུར་ཁྲོད་བརྒྱད་སྲུང་བའི་འཁོར་ལོ་དང་བཅས་པའི་དབུས་སུ་པདྨ་དམར་པོ་འདབ་བརྒྱད་དང་ཉི་ཟླ་ལ་སོགས་པའི་གདན་གྱི་སྟེང་དུ། གཙོ་པོ་རྟ་མགྲིན་དབང་ཆེན་ཡུམ་རྡོ་རྗེ་ཕག་མོ་དང་གཉིས་སུ་མེད་པར་འཁྲིལ་བ། ཕྱོགས་བཞིར་དབང་ཆེན་རིགས་བཞི། མཚམས་བཞིར་དཔའ་བོ་སྡེ་བཞི་རྣམས་རང་རང་གི་ཡུམ་དང་བཅས་པ། སྒོ་བཞིར་གདོང་ཅན་མ་བཞི། མཚམས་བཞིར་ཕྱེད་གཟུགས་མ་བཞི་སྟེ་དཔལ་དབང་ཆེན་རྟ་མཆོག་རོལ་པའི་དཀྱིལ་འཁོར་པ། གཞིའི་ཆོས་རྣམ་པར་དག་པ་ལམ་དང་འབྲས་བུའི་ཡེ་ཤེས་ཀྱི་བརྡ་རྟགས་རྣམ་པར་ཤར་བ་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཐོང་བར་མོས་ལ་དད་པ་དང་སྤྲོ་བ་བསྐྱེད་དེ་ཕྱག་འཚལ་བའི་མོས་པས་འདིའི་རྗེས་ཟློས། རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་ཡི༔ དཀྱིལ་འཁོར་བདག་གིས་དེ་རིང་མཐོང༔ རྣལ་འབྱོར་དཀྱིལ་འཁོར་ཆེན་པོ་ཡི༔ དཀྱིལ་འཁོར་དུ་ནི་བདག་ཞུགས་སོ༔ གསང་བའི་དཀྱིལ་འཁོར་ཆེན་པོ་ཡི༔ དཀྱིལ་འཁོར་དུ་ནི་བདག་དབང་སྐུར༔ དེ་དག་རྣམས་ཀྱིས་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་གྲུབ་པ་ཡིན་ནོ། །གཉིས་པ་དབང་བསྐུར་བ་དངོས་ལ་བཞི། བུམ་པ། གསང་བ། ཤེར་ཡེ། དབང་བཞི་པའོ། །དང་པོ་ལ་གཉིས། རྡོ་རྗེ་སློབ་མའི་དབང་དང་། སློབ་དཔོན་གྱི་དབང་ངོ་། །དང་པོ་ནི། ཞུགས་ནས་མངོན་པར་དབང་བསྐུར་བ་ཞུ་བའི་དོན་དུ་མཎྜལ་འབུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཇི་ལྟར་རྡོ་རྗེ་འཆང་ཆེན་པོས༔ རྡོ་རྗེ་སེམས་དཔར་དབང་བསྐུར་ལྟར༔ དེ་བཞིན་བདག་ལ་དབང་བསྐུར་བའི༔ དོན་མཆོག་དམ་པ་བསྩལ་དུ་གསོལ༔ ལན་གསུམ། སློབ་དཔོན་གྱིས་དྲིལ་བུ་འཁྲོལ་ཅིང་དཀྱིལ་འཁོར་གྱི་ལྷ་ལ་གསོལ་བ་འདེབས་པ་ནི༔ རྡོ་རྗེ་འཆང་གིས་འགྲོ་བསྐྱབ་ཕྱིར༔ ཡོན་ཏན་འབྱུང་གནས་བྱིན་པ་ལྟར༔ དེ་བཞིན་སློབ་མ་འདི་དག་ལ༔ དབང་བསྐུར་དམ་པ་གནང་བར་མཛོད༔ ཞེས་དཀྱིལ་འཁོར་ལ་མཁྱེན་པར་གསོལ་བ་གདབ་ནས་གནང་བ་བྱིན་པར་བསམ་ལ༔ ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་ཕྱོགས་རིན་པོ་ཆེའི་ཁྲིའི་སྟེང་དུ་བཅོམ་ལྡན་འདས་རྟ་མགྲིན་དབང་ཆེན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པར་གྱུར་པའི་སྟེང་དུ་གདུགས༔ ཕྱོགས་མཚམས་རྣམས་སུ་མཆོད་ཚོགས་དུ་མས་བསྐོར་བར་མོས་ཤིག༔ བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་སྤྱན་དྲངས་པར་གྱུར༔ བཛྲ་ས་མཱ་ཛ༔ སྤྲུལ་པའི་ལྷ་མོ་རྣམས་ཀྱིས་དེ་དག་ལ་མཆོད་པར་གྱུར༔ ཨོཾ་བཛྲ་ཨརྒྷཾ་སོགས་བརྗོད། དེ་ནས་ཁྱད་པར་གྱི་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ༔ མཆོད་ཅིང་ཇི་ལྟར་གསོལ་བ་ལྟར༔ བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར༔ ནམ་མཁའི་རྡོ་རྗེ་དེང་བདག་སྩོལ༔ ལན་གསུམ། ཅེས་གསོལ་བ་བཏབ་པས། རིགས་ལྔས་དབང་བསྐུར་བའི་དགོངས་པ་མཛད༔ ཡུམ་ལྔས་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བས་དབང་བསྐུར༔ བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད༔ ལྷ་མོ་རྣམས་ཀྱིས་མཆོད༔ རིག་མ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན༔ ཁྲོ་བོ་རྣམས་ཀྱིས་ཨོཾ་བིགྷྣཱནྟ་ཀྲྀཏ་ཧཱུྃ་ཕཊ༔ ཅེས་བརྗོད་ཅིང་བགེགས་བསྐྲད་པ་སོགས་བཀྲ་ཤིས་ཀྱི་རྣམ་པ་དུ་མ་དང་ལྡན་པས་དབང་བསྐུར་བའི་ཕྲིན་ལས་མཛད་པར་གྱུར༔ ལས་རྡོར་གྱིས་བུམ་པ་བཏེགས། སློབ་དཔོན་གྱིས་རྡོར་དྲིལ་བཅས་མེ་ཏོག་འཐོར་ལ། མི་འགྱུར་ལྷུན་པོ་སྐུ་ཡི་སོགས་བཀྲ་ཤིས་བརྗོད་ཅིང་རོལ་མོ་བྱ། དེ་ནས་ལས་བུམ་གྱི་ཆུ་དང་། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཕཊ༔ ཅེས་པས་བསང་། སྭ་བྷཱ་བས་སྦྱང་། སློབ་མ་དང་དབང་རྫས་བུམ་པའི་ཆུ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་པཾ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས༔ གཉིས་ཀའང་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་དང་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ༔ ཡུམ་མཱ་མ་ཀཱི་སྔོན་མོ་གྲི་གུག་དང་ཐོད་ཁྲག་འཛིན་པ་དང་མཉམ་པར་སྦྱོར་བའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ༔ ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མི་བསྐྱོད་པ་ཡབ་ཡུམ་ཀྱི་རྣམ་པར་བཛྲ་ས་མ་ཡ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ གཉིས་ཀ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ༔ ཞེས་གསོལ་བ་བཏབ་པས༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ༔ ཞེས་གསུངས་ཤིང་དབང་རྫས་ཀྱི་ལྷ་ལ་དབང་བསྐུར༔ དྲི་མ་དག༔ ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན༔ ཡབ་ཡུམ་སྙོམས་པར་ཞུགས་རྗེས་སུ་ཆགས་པའི་མེས་ཞུ་བ་ལས་བུམ་པའི་ཆུར་གྱུར༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སློབ་མ་ལ་མི་བསྐྱོད་པ་ཆུའི་དབང་བསྐུར་དུ་གསོལ༔ ཞེས་གསོལ་བ་བཏབ་པས་རིགས་ལྔས་བུམ་པ་ཐོགས་ནས་དབང་བསྐུར་བར་གྱུར༔ སངས་རྒྱས་ཀུན་གྱི་ཆུ་ཡི་དབང༔ དེ་རིང་ཁྱོད་ལ་སྦྱིན་པར་བྱ༔ སངས་རྒྱས་ཀུན་ཏུ་བསྒྲུབ་པའི་ཕྱིར༔ ཆུ་ཡི་དབང་འདི་བླང་བར་གྱིས༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་བུམ་པའི་ཆུས་དབང་བསྐུར་བས་ལུས་ཐམས་ཅད་གང༔ སྒོ་གསུམ་གྱི་དྲི་མ་དག༔ ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པ་ལ༔ བླ་མའི་ཐུགས་ཀ་ནས་སྤྲོས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་མོས་མཛོད༔ ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ༔ ཞེས་མཆོད། དེས་མི་བསྐྱོད་པའི་སྒོ་ནས་ཆུའི་དབང་བསྐུར་བ་ཐོབ༔ ཉོན་མོངས་པ་ཞེ་སྡང་དག༔ རྣམ་ཤེས་ཀྱི་ཕུང་པོ་གནས་འགྱུར༔ མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ༔ དབུ་རྒྱན་བསང་སྦྱང་། སློབ་མ་དང་དབང་རྫས་དབུ་རྒྱན་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་པཾ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨཱཾ་ལས་རིན་པོ་ཆེ་ཨཱཾ་གིས་མཚན་པ་ལས༔ གཉིས་ཀའང་རིན་ཆེན་འབྱུང་ལྡན་སེར་པོ་རིན་པོ་ཆེ་དང་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ༔ ཡུམ་སངས་རྒྱས་སྤྱན་མ་སེར་མོ་གྲི་གུག་ཐོད་ཁྲག་འཛིན་པ་དང་མཉམ་པར་སྦྱོར་བའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ༔ ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་རིན་འབྱུང་ཡབ་ཡུམ་གྱི་རྣམ་པར་བཛྲ་ས་མ་ཡ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ གཉིས་ཀ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ༔ ཞེས་གསོལ་བ་བཏབ་པས༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ༔ ཞེས་གསུངས་ཤིང་དབང་རྫས་ཀྱི་ལྷ་ལ་དབང་བསྐུར༔ དྲི་མ་དག༔ ཆུའི་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན༔ ཡབ་ཡུམ་སྙོམས་པར་ཞུགས་རྗེས་སུ་ཆགས་པའི་མེས་ཞུ་བ་ལས་རིན་པོ་ཆེའི་དབུ་རྒྱན་དུ་གྱུར༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སློབ་མ་ལ་རིན་ཆེན་འབྱུང་ལྡན་གྱི་དབང་བསྐུར་དུ་གསོལ༔ ཞེས་གསོལ་བ་བཏབ་པས་རིགས་ལྔས་དབུ་རྒྱན་ཐོགས་ནས་དབང་བསྐུར་བར་གྱུར༔ སངས་རྒྱས་ཀུན་གྱི་དབུ་རྒྱན་དབང༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར༔ ཅོད་པན་རིན་ཆེན་དམ་པ་འདིས༔ འཁོར་ལོས་བསྒྱུར་རྒྱལ་མཆོག་དབང་བསྐུར༔ ཨཱཾཿལཱཾ་མཱཾ་པཱཾ་ཏཱཾ་རཏྣ་མུ་ཀུཊ་ཨ་བྷི་ཥིཉྩ་མཱཾ༔ ཞེས་དབུ་རྒྱན་བཀོན། སླར་བུམ་ཆུས་དབང་བསྐུར་ཏེ། བུམ་པའི་དབང་བསྐུར་ཆེན་པོ་མཆོག༔ ཁམས་གསུམ་པོ་ཡིས་ཕྱག་བྱས་པའི༔ གསང་བ་གསུམ་ནི་འབྱུང་བའི་གནས༔ སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ༔ ཨ་བྷི་ཥིཉྩ་ཏུ་མཱཾ༔ དེ་ལྟར་བུམ་པའི་ཆུའི་དབང་བསྐུར་བས་ལུས་ཐམས་ཅད་གང་སྒོ་གསུམ་གྱི་དྲི་མ་དག༔ ཆུའི་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པ་ལ༔ བླ་མའི་ཐུགས་ཀ་ནས་སྤྲོས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་མོས་མཛོད༔ ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ༔ དེས་རིན་ཆེན་འབྱུང་ལྡན་གྱི་སྒོ་ནས་དབུ་རྒྱན་གྱི་དབང་བསྐུར་བ་ཐོབ༔ ཉོན་མོངས་པ་ང་རྒྱལ་དང་སེར་སྣ་དག༔ ཚོར་བའི་ཕུང་པོ་གནས་འགྱུར༔ མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ༔ རྡོ་རྗེ་བསང་སྦྱང་། སློབ་མ་དང་དབང་རྫས་རྡོ་རྗེ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་པཾ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཛྲིཾ་ལས་པདྨ་ཛྲིཾ་གིས་མཚན་པ་ལས༔ གཉིས་ཀའང་སྣང་བ་མཐའ་ཡས་དམར་པོ་པདྨ་དང་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ༔ ཡུམ་གོས་དཀར་མོ་དམར་མོ་གྲི་གུག་དང་ཐོད་ཁྲག་འཛིན་པ་དང་མཉམ་པར་སྦྱོར་བའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ༔ ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྣང་བ་མཐའ་ཡས་ཡབ་ཡུམ་གྱི་རྣམ་པར་བཛྲ་ས་མ་ཡ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ གཉིས་ཀ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ༔ ཞེས་གསོལ་བ་བཏབ་པས༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ༔ ཞེས་གསུངས་ཤིང་དབང་རྫས་ཀྱི་ལྷ་ལ་དབང་བསྐུར༔ དྲི་མ་དག༔ ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན༔ ཡབ་ཡུམ་སྙོམས་པར་ཞུགས་རྗེས་སུ་ཆགས་པའི་མེས་ཞུ་བ་ལས་རྡོ་རྗེར་གྱུར༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སློབ་མ་ལ་སྣང་བ་མཐའ་ཡས་རྡོ་རྗེའི་དབང་བསྐུར་དུ་གསོལ༔ ཞེས་གསོལ་བ་བཏབ་པས་རིགས་ལྔས་རྡོ་རྗེ་ཐོགས་ནས་དབང་བསྐུར་བར་གྱུར༔ སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར༔ རྡོ་རྗེའི་དབང་འདི་ཁྱེད་ཀྱིས་ལོངས༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤཱུནྱ་ཏཱ་བཛྲ་ཨ་བྷི་ཥིཉྩ་མཱཾ༔ ཞེས་རྡོ་རྗེ་ལག་གཡས་སུ་གཏད། སླར་ཡང་། བུམ་པའི་དབང་བསྐུར་སོགས་གོང་བཞིན་བརྗོད་ལ་ཆུ་དབང་བསྐུར། དེ་ལྟར་བུམ་པའི་ཆུའི་དབང་བསྐུར་བས་ལུས་ཐམས་ཅད་གང་སྒོ་གསུམ་གྱི་དྲི་མ་དག༔ ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་པ་ལ༔ བླ་མའི་ཐུགས་ཀ་ནས་སྤྲོས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་མོས་མཛོད༔ ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ༔ ཞེས་མཆོད། དེས་སྣང་བ་མཐའ་ཡས་ཀྱི་སྒོ་ནས་རྡོ་རྗེའི་དབང་བསྐུར་བ་ཐོབ༔ ཉོན་མོངས་པ་འདོད་ཆགས་དག༔ འདུ་ཤེས་ཀྱི་ཕུང་པོ་གནས་འགྱུར༔ སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ༔ དྲིལ་བུ་བསང་སྦྱང་། སློབ་མ་དང་དབང་རྫས་དྲིལ་བུ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་པཾ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཁཾ་ལས་རལ་གྲི་ཁཾ་གིས་མཚན་པ་ལས༔ གཉིས་ཀའང་དོན་ཡོད་གྲུབ་པ་ལྗང་གུ་རལ་གྲི་དང་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ༔ ཡུམ་དམ་ཚིག་སྒྲོལ་མ་ལྗང་གུ་གྲི་གུག་དང་ཐོད་ཁྲག་འཛིན་པ་དང་མཉམ་པར་སྦྱོར་བའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ༔ ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དོན་ཡོད་གྲུབ་པ་ཡབ་ཡུམ་གྱི་རྣམ་པར་བཛྲ་ས་མ་ཡ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ གཉིས་ཀ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ༔ ཞེས་གསོལ་བ་བཏབ་པས༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ༔ ཞེས་གསུང་ཞིང་དབང་རྫས་ཀྱི་ལྷ་ལ་དབང་བསྐུར༔ དྲི་མ་དག༔ ཆུའི་ལྷག་མ་ཡར་ལུད་པ་ལས་དོན་ཡོད་གྲུབ་པས་དབུ་བརྒྱན༔ ཡབ་ཡུམ་སྙོམས་པར་ཞུགས་རྗེས་སུ་ཆགས་པའི་མེས་ཞུ་བ་ལས་དྲིལ་བུར་གྱུར༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སློབ་མ་ལ་དོན་ཡོད་གྲུབ་པ་དྲིལ་བུའི་དབང་བསྐུར་དུ་གསོལ༔ ཞེས་གསོལ་བ་བཏབ་པས་རིགས་ལྔས་དྲིལ་བུ་ཐོགས་ནས་དབང་བསྐུར་བར་གྱུར༔ སངས་རྒྱས་ཀུན་གྱི་དྲིལ་བུའི་དབང༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ ཆོས་ཀྱི་དྲིལ་བུ་བླ་ན་མེད༔ སྟོང་ཉིད་ཡེ་ཤེས་སྒྲ་སྒྲོག་པ༔ ཐམས་ཅད་སྟོང་ཉིད་དོན་རྟོགས་པའི༔ དྲིལ་བུའི་དབང་འདི་བླང་བར་གྱིས༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤབྡ་ལ་ཡེ་དྷརྨ་དྷཱ་ཏུ་ཨ་བྷི་ཥེ་ཀ་ཏ་ས་མ་ཡེ་ཧཱུྃ༔ ཞེས་དྲིལ་བུ་ལག་གཡོན་དུ་གཏད། སླར་ཡང་། བུམ་པའི་དབང་བསྐུར་སོགས་ཀྱིས་ཆུ་དབང་བསྐུར། དེ་ལྟར་བུམ་པའི་ཆུས་དབང་བསྐུར་བས་ལུས་ཐམས་ཅད་གང་སྒོ་གསུམ་གྱི་དྲི་མ་དག༔ ཆུའི་ལྷག་མ་ཡར་ལུད་པ་ལས་དོན་ཡོད་གྲུབ་པས་དབུ་བརྒྱན་པ་ལ༔ བླ་མའི་ཐུགས་ཀ་ནས་སྤྲོས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་མོས་མཛོད༔ ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ༔ ཞེས་མཆོད། དེས་དོན་ཡོད་གྲུབ་པའི་སྒོ་ནས་དྲིལ་བུའི་དབང་བསྐུར་བ་ཐོབ༔ ཉོན་མོངས་པ་ཕྲག་དོག་དག༔ འདུ་བྱེད་ཀྱི་ཕུང་པོ་གནས་འགྱུར༔ བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ༔ སློབ་མ་བསང་སྦྱང་། སློབ་མ་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་པཾ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་འཁོར་ལོ་བྷྲཱུྃ་གྱིས་མཚན་པ་ལས༔ ཁྱེད་རང་རྣམས་རྣམ་པར་སྣང་མཛད་དཀར་པོ་འཁོར་ལོ་དང་བཅས་པའི་བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པ༔ ཡུམ་དབྱིངས་ཕྱུག་མ་དཀར་མོ་གྲི་གུག་དང་ཐོད་ཁྲག་འཛིན་པ་དང་མཉམ་པར་སྦྱོར་བའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ༔ ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྣམ་སྣང་ཡབ་ཡུམ་གྱི་རྣམ་པར་བཛྲ་ས་མ་ཡ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ སློབ་མ་ལ་གཉིས་སུ་མེད་པར་གྱུར༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སློབ་མ་ལ་རྣམ་པར་སྣང་མཛད་མིང་གི་དབང་བསྐུར་དུ་གསོལ༔ ཞེས་གསོལ་བ་བཏབ་པས་རིགས་ལྔས་མེ་ཏོག་གི་ཕྲེང་བ་སྤྱི་བོར་བཅིངས་ཏེ་རྡོ་རྗེ་མིང་གི་དབང་བསྐུར་བར་གྱུར༔ ཕྲེང་བ་སྤྱི་བོར་བཞག་ལ། སངས་རྒྱས་ཀུན་གྱི་མིང་གི་དབང༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར༔ རྡོ་རྗེའི་མིང་དབང་ཁྱོད་ཀྱིས་ལོངས༔ ཨོཾ་བཛྲ་ཨ་དྷི་པ་ཏི་སཏྭཾ་ཨ་བྷི་ཥིཉྩ་མཱཾ༔ ཏིཥྛ་བཛྲ་ས་མ་ཡ་ཧཱུྃ༔ བཛྲ་སཏྭ་སཏྭཾ་ཨ་བྷི་ཥེ་ཀ་ཏ་ཤྲཱི་ས་མ་ཡེ་ཧཱུྃ༔ ཀྱེ་དཔལ་དབང་ཆེན་དགྱེས་པའི་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །འདིར་དཔེ་མཚོན་པ་སྟེ་གསང་མཚན་འོས་མཐུན་སློབ་མ་སོ་སོར་སྦྱར། སླར། བུམ་པའི་དབང་བསྐུར་སོགས་ཀྱིས་ཆུ་དབང་དང་། དེ་ལྟར་བུམ་པའི་ཆུས་དབང་བསྐུར་བས་ལུས་ཐམས་ཅད་གང་སྒོ་གསུམ་གྱི་དྲི་མ་དག༔ ཆུའི་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པ་ལ༔ བླ་མའི་ཐུགས་ཀ་ནས་སྤྲོས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་མོས་མཛོད༔ ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ༔ ཞེས་མཆོད། དེས་རྣམ་པར་སྣང་མཛད་མིང་གི་དབང་བསྐུར་བ་ཐོབ༔ ཉོན་མོངས་པ་གཏི་མུག་དག༔ གཟུགས་ཀྱི་ཕུང་པོ་གནས་འགྱུར༔ ཆོས་དབྱིངས་ཡེ་ཤེས་མངོན་དུ་བྱས་པ་ཡིན་ནོ༔ དེ་དག་གིས་ཕུང་པོ་ལྔ་དང་ཉོན་མོངས་པ་ཡེ་ཤེས་ལྔར་གནས་གྱུར་པས༔ རིགས་ལྔའི་རང་བཞིན་དུ་གྱུར་པས་རིག་པའི་དབང་ཞེས་བྱ་བའོ༔ རྡོ་རྗེའི་བརྟུལ་ཞུགས་སྦྱིན་པ་ནི། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་ཁྱེད་རང་གི་སེམས་ཉིད་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས༔ རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ༔ ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་དང་མཉམ་པར་སྦྱོར་བའི་སྐུ་གསུང་ཐུགས་ལས་འོད་ཟེར་འཕྲོས་པས༔ ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྣམ་པར་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ སློབ་མ་ལ་གཉིས་སུ་མེད་པར་གྱུར༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སློབ་མ་ལ་རྡོ་རྗེ་སེམས་དཔའི་རང་བཞིན་རྡོ་རྗེ་སློབ་མའི་དབང་བསྐུར་དུ་གསོལ༔ ཞེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས་རྡོ་རྗེ་ལག་གཡས་སུ་གཏད་པར་གྱུར༔ སློབ་དཔོན་གྱིས་རྡོ་རྗེ་གཡས་སུ་སྦྱིན་ལ་གསོར་དུ་གཞུག་ཅིང་། འདི་དེ་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེ་སེམས་དཔའི་ཕྱག་ན་བསྣམས༔ ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུངས༔ རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་བརྟན༔ མ་ཧཱ་བཛྲ་ཧཱུྃ༔ ཁྱེད་རང་རྣམས་ཀྱི་སྙིང་གི་ནང་དུ་རྡོ་རྗེ་སེམས་དཔའ་སྒོམ་པ་དང་མ་བྲལ་བར་མཛོད་ཅིག༔ དེས་ཐ་མལ་པའི་སྤྱོད་པ་བརྟུལ་ཞིང་རྡོ་རྗེ་འཆང་ཆེན་པོའི་སྐུ་གསུང་ཐུགས་ལ་ཞུགས་པ་སྟེ་སློབ་མའི་དབང་རྣམས་རྫོགས་པ་ཡིན་ནོ༔ གཉིས་པ་རྡོ་རྗེ་སློབ་དཔོན་གྱི་དབང་ནི། དེ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་དུ་མཎྜལ་འབུལ་འཚལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོཿཁྱེད་ཀྱི་བཀའ་དྲིན་གྱིས༔ བདག་ལ་རང་དང་གཞན་གྱི་དོན༔ རྫོགས་ཕྱིར་རྡོ་རྗེ་སློབ་དཔོན་དབང༔ སྙིང་རྗེའི་གཏེར་གྱིས་བསྩལ་དུ་གསོལ༔ ལན་གསུམ། སློབ་མའི་ལུས་རང་བཞིན་གྱིས་རྣམ་པར་དག་པ་སྟོང་པའི་ངང་ལས༔ རིན་པོ་ཆེའི་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ༔ ཁྱེད་རང་རྣམས་བཅོམ་ལྡན་འདས་དཔལ་ཆེན་རྟ་མགྲིན་སྐུ་མདོག་དམར་པོ་རྡོ་རྗེ་དང་དྲིལ་བུ་བསྣམས་ནས་ཡུམ་ཕག་མོ་མཐིང་ག་གྲི་གུག་དང་ཐོད་པ་འཛིན་པ་ལ་འཁྱུད་པའི་སྟེང་དུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན༔ ཕྱོགས་མཚམས་རྣམས་སུ་མཆོད་ཚོགས་དུ་མས་བསྐོར་བའི་སྐུ་གསུང་ཐུགས་ལས་འོད་ཟེར་འཕྲོས་པས༔ ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྡོ་རྗེ་འཆང་ཆེན་པོའི་རྣམ་པར་བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ སློབ་མ་དང་གཉིས་སུ་མེད་པར་གྱུར༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སློབ་མ་ལ་རྡོ་རྗེ་འཆང་གི་རང་བཞིན་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་དུ་གསོལ༔ ཞེས་གསོལ་བ་བཏབ་པས༔ དབང་གི་ལྷ་རྣམས་ཀྱིས༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ངོ་བོ་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་དམ་ཚིག་གནང་བར་མོས་མཛོད༔ རྡོ་རྗེ་གཡས་སུ་གཏད་ལ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི༔ བཅོམ་ལྡན་ཧེ་རུ་ཀའི་ཕྱག་ན་བསྣམས༔ ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུངས༔ རྡོ་རྗེ་མཁའ་འགྲོའི་བརྟུལ་ཞུགས་བརྟན༔ ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་སཏྭཾ༔ ཨོཾ་བཛྲ་དྷ་ར་པདྨཱནྟ་ཀྲྀཏ་ཧྱ་གྲཱི་བ་བཛྲ་བཱ་ར་ཧཱི་ཧི་ཧཱི་ཧཱུྃ༔ རྡོ་རྗེ་སྙིང་གར་གསོར་ལ་དེ་ཁོ་ན་ཉིད་ཀྱི་དོན་དྲན་པར་གྱིས་ཤིག༔ ཐོག་མཐའ་མེད་པའི་སེམས་དཔའ་ནི༔ རྡོ་རྗེ་སེམས་དཔའ་དགའ་བ་ཆེ༔ ཀུན་ཏུ་བཟང་པོ་ཀུན་བདག་ཉིད༔ རྡོ་རྗེ་སེམས་དཔའ་ཀུན་གྱི་བདག༔ བཅོམ་ལྡན་དཔལ་མཆོག་དང་པོའི་སྐྱེས་བུ་ལའོ༔ ཨོཾ་མ་ཧཱ་བཛྲ་ཧཱུྃ༔ ཞེས་པས་ཐུགས་རྡོ་རྗེར་བྱིན་གྱིས་བརླབས་པར་མོས་ཤིག༔ སླར་ཡང་དབང་ལྷ་རྣམས་ཀྱིས༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུང་གི་ངོ་བོ་ཨ་ལས་བྱུང་བའི་དྲིལ་བུའི་དམ་ཚིག་གནང་བར་མོས༔ དྲིལ་བུ་ལག་གཡོན་དུ་གཏད་ལ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི༔ ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད༔ ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༔ བྱང་ཆུབ་མཆོག་དབང་རྒྱལ་བས་བཞེད༔ ཨ༔ དྲིལ་བུ་དཀྲོལ་ཞིང་དཀུ་གཡོན་དུ་བརྟེན་ལ་དེ་ཁོ་ན་ཉིད་དྲན་པར་གྱིས་ཤིག༔ སྲིད་པ་ངོ་བོ་ཉིད་དག་པ༔ ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས༔ རང་བཞིན་དག་པའི་སེམས་ལྡན་པ༔ སྲིད་པ་དམ་པ་བྱེད་པར་འགྱུར༔ བཛྲ་གྷཎྜེ་ཨཱ༔ ཞེས་པས་གསུང་རྡོ་རྗེར་བྱིན་གྱིས་བརླབས་པར་མོས་ཤིག༔ སླར་ཡང་དབང་ལྷ་རྣམས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་སྐུའི་ངོ་བོ་ཕྱག་རྒྱའི་དམ་ཚིག་བསྩལ་བར་མོས་ཤིག༔ རྡོར་དྲིལ་འཁྱུད་ཚུལ་བྱར་གཞུག་ལ། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ༔ ཟུངས་ཤིག་རྡོ་རྗེའི་བྱིན་གྱིས་བརླབས༔ དེ་རིང་རྡོ་རྗེ་སློབ་དཔོན་གྱུར༔ སློབ་མའི་ཚོགས་རྣམས་བསྡུ་བར་གྱིས༔ སྲིད་པའི་བདེ་བ་ཤིན་ཏུ་ཆུང༔ སྡུག་བསྔལ་ཆེན་པོ་དག་བྱའི་ཕྱིར༔ ཤིན་ཏུ་བདེ་བ་དམ་པའི་ཐབས༔ དམ་ཚིག་འདི་ནི་རྟག་ཏུ་ཟུངས༔ འདོད་པའི་ལོངས་སྤྱོད་ཐམས་ཅད་ལ༔ ཅི་འདོད་པར་ནི་སྤྱད་བཞིན་དུ༔ རང་གི་ལྷག་པའི་ལྷར་སྦྱོར་བ༔ བདག་དང་གཞན་ལ་མཆོད་པར་གྱིས༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས༔ འདའ་བ་རུ་ནི་མི་མཛད་པ༔ ཕྱག་རྒྱའི་དམ་ཚིག་ཅེས་སུ་གྲགས༔ ཨོཾ་མ་ཧཱ་མུ་དྲ་བཛྲ་ས་མ་ཡ་ཨོཾ༔ ཞེས་པས་སྐུ་རྡོ་རྗེར་བྱིན་གྱིས་བརླབས་ཤིང་རྡོ་རྗེ་མི་ཕྱེད་གསུམ་གྱི་བདག་ཉིད་རྡོ་རྗེ་སློབ་དཔོན་ཆེན་པོར་གྱུར་པ་ལ་དབང་ལྷ་རྣམས་ཀྱིས་བུམ་པས་དབང་བསྐུར་བར་མོས་ཤིག༔ རྣམ་བུམ་ཐོགས་ལ། བུམ་པའི་དབང་བསྐུར་ཆེན་པོ་མཆོག༔ ཁམས་གསུམ་པ་ཡིས་ཕྱག་བྱས་པ༔ གསང་བ་གསུམ་ནི་འབྱུང་བའི་གནས༔ སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ༔ ཨ་བྷི་ཥིཉྩ་ཏུ་མཱཾ༔ ཞེས་བུམ་པའི་ཆུས་དབང་བསྐུར༔ བྱང་ཆུབ་སེམས་དཔས་བཀྲ་ཤིས་བརྗོད༔ མཆོད་པའི་ལྷ་མོས་མཆོད༔ རིག་མས་རྡོ་རྗེའི་གླུ་བླང༔ ཁྲོ་བོས་བགེགས་བསྐྲད་ཅིང་དབང་བསྐུར་བར་མོས་ཤིག༔ དེ་ལྟར་དབང་བསྐུར་བའི་ཆུ་རྒྱུན་དེས་སྤྱི་བོ་ནས་རྐང་མཐིལ་ཡན་ཆད་གང༔ དྲི་མ་ཐམས་ཅད་དག༔ ཆུ་ལྷག་མ་ཡར་ལུད་པ་ལ་མི་བསྐྱོད་པས་དབུ་བརྒྱན་པ་ལ༔ བླ་མའི་ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ༔ ནམ་མཁའ་བཞུགས་པའི་དབང་ལྷ་རྣམས་ཀྱིས་རབ་ཏུ་གནས་ཤིང་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་བའི་མོས་པ་མཛོད། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ༔ ཞེས་མེ་ཏོག་འཐོར་ཞིང་རོལ་མོ་ལྡིར། དབང་གི་ལྷ་རྣམས་ཀྱང་ཁྱེད་རང་ལ་ཐིམ་པས་གཉིས་སུ་མེད་པར་མོས་མཛོད། ࿊ མཐའ་རྟེན་དུ་བརྟུལ་ཞུགས་སྤྱོད་པའི་རྗེས་སུ་གནང་བ་ཡིན་ཏེ། དེ་ཉིད་རིག་པའི་རྒྱལ་པོ་ལ༔ མི་བྱ་བ་ནི་ཅུང་ཟད་མེད༔ དེ་ཉིད་ཤེས་ན་ངེས་པར་ནི༔ བདེ་སྟོང་དབྱེར་ནི་མེད་པ་ཉིད༔ རིག་པ་འདོད་ཡོན་ལྔ་ལ་སྤྱོད༔ དཔའ་བོས་འདོད་པ་ལྔ་ལ་སྤྱོད༔ དེ་ནས་ལྷ་མཆོད་པའི་རྗེས་སུ་གནང་བ་ཡིན་ཏེ། བདག་ཉིད་དཔའ་བོ་ཀུན་གྱི་དངོས༔ དེ་ཕྱིར་བདག་ཉིད་ཐམས་ཅད་བྱ༔ བདག་ཉིད་ཧེ་རུ་ཀ་དཔལ་མཆོད༔ དེ་ནས་སེམས་ཅན་གྱི་དོན་བྱེད་པར་རྗེས་སུ་གནང་བ་ཡིན་ཏེ། རྟེན་ཅིང་འབྲེལ་འབྱུང་ཆོས་ཅན་དང༔ སེམས་ཅན་སྒྱུ་མའི་རང་བཞིན་ནོ༔ ཁམས་གསུམ་དེ་ལྟར་ཤེས་ནས་ནི༔ སེམས་ཅན་དོན་ནི་མཉམ་མེད་བྱོས༔ སྣོད་བཅུད་ཐམས་ཅད་སྒྱུ་མ་ལྟར༔ ཤེས་པར་གྱིས་ལ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་གྱིས་ཤིག༔ དེ་ནས་རྟོགས་པ་བསྐྱེད་ཅིང་གཟེངས་བསྟོད་པ་འདི་ལ་གསན་པར་ཞུ། དེ་རིང་ཁྱོད་བདག་ལེགས་པར་རྙེད༔ མི་ཡི་སྲིད་པ་དོན་དང་བཅས༔ སངས་རྒྱས་ཀུན་གྱི་རིགས་སུ་སྐྱེས༔ སེམས་ཉིད་རིན་ཆེན་འབྱུང་བའི་གཏེར༔ ཕུན་སུམ་ཚོགས་ལ་ཉེ་བར་གནས༔ གསང་སྔགས་མཉམ་མེད་སེམས་ལ་གྲུབ༔ ཟག་མེད་བདེ་བའི་དཀྱིལ་འཁོར་ཆེ༔ མཐོང་བ་དང་ནི་ཞུགས་གྱུར་པས༔ སྡིག་པ་ཀུན་ལས་རྣམ་པར་གྲོལ༔ བྱང་ཆུབ་སྤྱོད་མཆོག་རྨད་བྱུང་བརྙེས༔ སེམས་ཅན་ཀུན་ལ་ཕན་པའི་ཕྱིར༔ བདུད་བཞི་འཇོམས་ཤིང་སྡུག་བསྔལ་གྱི༔ སྐྱེ་རྒ་ན་འཆི་འཇིག་པར་བྱེད༔ སྲིད་པ་ངོ་བོ་ཉིད་དག་པ༔ དབང་ཆེན་ཧེ་རུ་ཀ་དཔལ་ད་གྱུར་ཏོ༔ དེ་ལྟར་ན་རས་བྲིས་ཀྱི་དཀྱིལ་འཁོར་དུ་ཕྱི་སྤྲོས་བཅས་བུམ་པའི་དབང་མཐའ་རྟེན་དང་བཅས་པ་ཐོབ༔ ལུས་ཀྱི་དྲི་མ་དག༔ ལམ་བསྐྱེད་རིམ་བསྒོམ་པ་ལ་དབང༔ འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ༔ ཞེས་རྟོགས་པ་བསྐྱེད། གཉིས་པ་གསང་དབང་ནི། དེ་ནས་གསང་བའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ། མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་རྒྱན་གྱིས་སྤྲས་པ་ཕུལ་བར་མོས་ལ་འདིའི་རྗེས་ཟློས། ཀྱེ་མ་ཁྱེད་ནི་བདེ་བ་ཆེ༔ བདེ་ཆེན་པདྨ་ཧེ་རུ་ཀ༔ བདེ་གཤེགས་རྣམས་ཀྱི་བདེ་ཆེན་ལམ༔ བདེ་བའི་དབང་ཕྱུག་བདེ་སྩོལ་མཛོད༔ བྱང་ཆུབ་སེམས་ནི་ཡང་དག་དོན༔ རྣམ་དག་མཆོག་གིས་ཡང་དག་པའི༔ དྲི་མེད་བདུད་རྩི་དམ་པ་ཡི༔ བླ་མེད་མཆོག་གིས་དབང་བསྐུར་ལྟར༔ དེ་བཞིན་རིགས་ཀྱི་བུ་བདག་ལ༔ འཁོར་བའི་སྡུག་བསྔལ་ཀུན་བསལ་མཛོད༔ དྲི་མེད་བདེ་ཆེན་བདུད་རྩི་ཡིས༔ མ་རིག་ཉེས་པའི་དྲི་མ་ཆོམས༔ བླ་མེད་བྱང་ཆུབ་བདེ་ཆེན་ཉིད༔ དུས་འདིར་བདག་གིས་ཐོབ་མཛོད་ཅིག༔ སླར་ཡང་ནན་ཏན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ༔ མཆོད་ཆེན་ཇི་ལྟར་བསྩལ་པ་ལྟར༔ བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར༔ གསང་བའི་དབང་མཆོག་གནང་བར་མཛོད༔ ལན་གསུམ། ཨོཾ་ཙཀྵུཿབནྡྷ་བཱ་ར་མཱ་ཎ་ཡེ་སྭཱ་ཧཱ༔ ཞེས་པས་སྤྱན་དར་འཆིང་། སྐད་ཅིག་གིས་སློབ་དཔོན་ཉིད་དཔལ་ཆེན་པོ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་བསྣམས་པ༔ ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་བསྣམས་པ༔ ཡབ་ཡུམ་གཉིས་སྙོམས་འཇུག་མཛད་པའི་དགའ་བའི་སྒྲ་ཆེན་པོས་དཔའ་བོ་དང་དཔའ་མོ་རྣམས་སྤྱན་དྲངས་ཏེ༔ དཔའ་བོ་རྣམས་ཡབ་ཀྱི་ཞལ་དུ་ཞུགས༔ དཔའ་མོ་རྣམས་ཡུམ་གྱི་ཞལ་དུ་ཞུགས༔ ཐུགས་ཀར་འོད་དུ་ཞུ༔ སྐུའི་དབྱིབས་བརྒྱུད་ནས་དཔའ་བོ་ཐམས་ཅད་འདུས་པའི་བྱང་སེམས་དཀར་པོ་དང༔ དཔའ་མོ་ཐམས་ཅད་འདུས་པའི་བྱང་སེམས་དམར་པོ་གཉིས་འདྲེས་པས་ཀུན་རྫོབ་བྱང་ཆུབ་སེམས་སུ་གྱུར་པ་དེ་ཉིད་ཁྱེད་རང་རྣམས་ལ་བྱིན་པས་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཤིག༔ བྱིན་གྱིས་བརླབས་པའི་ནང་མཆོད་མཐེབ་སྲིན་གྱིས་བཟུང་ལ། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས༔ བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར༔ བདག་གིས་གསང་བའི་དབང་གིས་ནི༔ སེམས་ཀྱི་རྒྱུད་ཀྱིས་དབང་བསྐུར་རོ༔ ཞེས་བདུད་རྩི་ལྕེ་ཐོག་བཞག །དཀྱིལ་འཁོར་གྱི་གཙོ་བོ་ལས་སྐུ་གཉིས་པ་འཕྲོས༔ དེ་ཉིད་སྣང་བ་མཐའ་ཡས་སུ་གྱུར་ནས་ཁྱེད་རང་གི་མགྲིན་པར་ཐིམ་པས༔ རང་བཞིན་བརྒྱད་ཅུའི་རྟོག་པ་འགགས་ནས་རང་བྱུང་གི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ལ་མཆོད་པར་མོས་ཤིག༔ ཨོཾ་བཛྲ་ཨརྒྷཾ་སོགས་བརྗོད། འབྲུ་གསུམ་གྱིས་གདོང་གཡོགས་བསལ། དེ་ལྟར་བླ་མ་ཡབ་ཡུམ་གྱི་ལུས་དཀྱིལ་ལ་བརྟེན་ནས་ནང་སྤྲོས་མེད་གསང་བའི་དབང་བསྐུར་པ་ཐོབ༔ ངག་གི་དྲི་མ་དག༔ མཚན་བཅས་ཀྱི་རྫོགས་རིམ་རྩ་དང་རླུང་བསྒོམ་པ་ལ་དབང༔ འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ༔ གསུམ་པ་ཤེར་ཡེ་ནི། དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ༔ རྣམ་དག་རྡོ་རྗེ་མི་ཕྱེད་བདག༔ ཡང་དག་ཕྱག་རྒྱ་སྒྲུབ་པ་པོས༔ རྡོ་རྗེ་རྣལ་འབྱོར་ལས་ནི་བྱུང༔ ཇི་ལྟར་ཁྱོད་ནི་བདག་ཉིད་ཆེ༔ མངའ་བདག་བདག་ལ་དེ་ལྟར་མཛོད༔ འཁོར་བ་འདམ་གྱི་ཚོགས་ནང་དུ༔ བྱིང་བ་སྐྱབས་མེད་བདག་ལ་སྐྱོབས༔ ལན་གསུམ། སྔར་ལྟར་སྔགས་བརྗོད་ལ་གདོང་གཡོགས། ལས་སྔགས་དང་བུམ་ཆུ་འཐོར་ལ་བསང་ཞིང་བསྲུང་། རིག་ཙཀ་གཏད་ལ། མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་རྡོ་རྗེ་རྣལ་འབྱོར་མའི་ངོ་བོ་ཁྱེད་རང་ལ་གཏད་པར་མོས་ཤིག༔ ལྷ་མོ་འདི་ནི་ཕྱག་རྒྱ་ཆེ༔ མཐའ་ཡས་བདེ་བ་སྟེར་བ་མོ༔ རྣམ་པ་ཀུན་ཏུ་ཕྱག་རྒྱར་ལོངས༔ བུ་ཡིས་བླ་མེད་མཆོད་པར་གྱིས༔ དེ་ལྟར་བྱིན་པའི་ཕྱག་རྒྱས་འདི་སྐད་བརྗོད་པར་མོས༔ དཔའ་བོ་བྱང་ཆུབ་སེམས་ཟ་བར༔ ཁྱོད་ནི་སྤྲོ་བ་ཡིན་ནམ་ཅི༔ རིགས་ལྔ་ལས་ནི་རང་བྱུང་བའི༔ རིག་མ་མཆོད་པ་ལ་གུས་སམ༔ དྲི་ཆེན་དྲི་ཆུ་ཁྲག་ལ་སོགས༔ བཟའ་བར་ད་ལྟ་ཡིད་ཆེས་སམ༔ རྗེས་མཐུན་འགྱུར་སྨྲོས་དམ་ཚིག་ཁྱོད༔ ཇི་ལྟར་དགའ་བར་སྨྲོས་ཤིག་བུ༔ ཞེས་པའི་ལན་བཏབ་པར་མོས་ལ་འདིའི་རྗེས་ཟློས༔ ཇི་ལྟར་གསུངས་པའི་དམ་ཚིག་སོགས༔ ལྷ་མོ་བདག་ནི་ཅིས་མི་སྤྲོ༔ བུད་མེད་རྟག་གུས་ཅིས་མི་བྱེད༔ པདྨར་མཆོད་པ་ཅིས་མི་བགྱི༔ ཞེས་བརྗོད་པས་ལྷ་མོ་དགྱེས་པས་སྐྲ་གྲོལ་ཞིང་གོས་དང་བྲལ་བར་བྱས་ཏེ་པདྨ་སྟོན་ཞིང༔ ཨེ་མ་ང་ཡི་པདྨ་འདི༔ བདེ་བ་ཐམས་ཅད་འབྱུང་བའི་གནས༔ ཅི་སྟེ་ཆོ་ག་བཞིན་བསྟེན་ན༔ དེ་ཡི་མདུན་དུ་ང་གནས་ཏེ༔ སངས་རྒྱས་མཉེས་པ་ལ་སོགས་པའི༔ བྱ་བ་པདྨ་ཅི་བཞིན་བྱེད༔ བདེ་ཆེན་རྒྱལ་པོ་རང་ཉིད་ནི༔ འདི་ཉིད་དུ་ནི་རྟག་ཏུ་གནས༔ བླུན་པོ་འགའ་ཞིག་འདི་སྤོང་ན༔ དེ་ལ་མཆོག་གི་དངོས་གྲུབ་མེད༔ པདྨ་བྷཉྫ་མོཀྵ་ཧོ༔ ཞེས་གསུངས་ཤིང་པང་དུ་བྱོན་པར་མོས༔ ཁྱེད་རང་སྐད་ཅིག་གིས་ཧེ་རུ་ཀ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ༔ ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་འཛིན་པ༔ གཉིས་ཀའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ༔ ལྟེ་བར་སྭཱ༔ བརླའི་བར་དུ་ཧཱས་མཚན་པ༔ བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ རྒྱལ་བ་སྲས་བཅས་སྤྱན་དྲངས་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ སློབ་མ་ཡབ་ཡུམ་ལ་ཐིམ་པར་གྱུར༔ དེ་ནས་ཁྱེད་རང་ཡབ་ཡུམ་ལྷར་གསལ་བ་དང་གནས་ལྔའི་ཡི་གེ་བཅས་སྙོམས་པར་ཞུགས་པས་བྱང་སེམས་ཞུ་ཞིང་རིམ་པར་བབས་པ༔ སྤྱི་བོ་ནས་མགྲིན་པར་སླེབ་པས་དགའ་བ༔ སྙིང་གར་སླེབ་པས་མཆོག་དགའ༔ ལྟེ་བར་སླེབ་པས་དགའ་བྲལ༔ ནོར་བུའི་རྩེར་སླེབ་པས་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་མངོན་དུ་གྱུར་པར་མོས་ལ་བདེ་སྟོང་དབྱེར་མེད་ཀྱི་ངོ་བོར་མཉམ་པར་འཇོག་པ་ཞུ༔ ཞེས་ཅུང་ཟད་བཞག །དེ་ནས་ཤེས་རབ་མ་དེ་མཉེས་ནས༔ མགོ་བོར་ལག་པ་གཡོན་པ་བཞག་ནས་འདི་སྐད་གསུང་བར་མོས་ཤིག༔ དེང་ནས་བཟུང་སྟེ་བུ་ཁྱོད་ཀྱིས༔ ཇི་སྲིད་བྱང་ཆུབ་སྙིང་པོའི་བར༔ སྨིན་པར་བྱ་བ་སེམས་ཅན་གྱི༔ དོན་ནི་བདག་ཉིད་ཀུན་གྱིས་ཤིག༔ ཅེས་རྗེས་སུ་གནང་བ་བྱིན་པ་ལ༔ མཆོད་པའི་བྱེ་བྲག་གིས་མཆོད་པར་མོས༔ ཨོཾ་བཛྲ་ཨརྒྷཾ་སོགས། འབྲུ་གསུམ་གྱིས་གདོང་གཡོགས་བསལ། དེ་ལྟར་ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པ་ཐོབ༔ ཡིད་ཀྱི་དྲི་མ་དག༔ དངོས་དང་ཡིད་ཀྱི་རིག་མ་བསྟེན་པ་ལ་དབང༔ འབྲས་བུ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ༔ བཞི་པ་ལ་གཉིས། ཚིག་དབང་སྤྱིར་བསྟན། རྩལ་དབང་ཁྱད་པར་དུ་བསྐུར་བའོ། །དང་པོ་ནི། བཞི་པ་ཚིག་དབང་རིན་པོ་ཆེ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས༔ གཙོ་བོའི་དབང་བསྐུར་རྣམ་གསུམ་ཐོབ༔ དེ་རིང་རིན་ཆེན་བཞི་པ་ཡང༔ བཀའ་དྲིན་གྱིས་ནི་བསྐྱབ་ཏུ་གསོལ༔ ལན་གསུམ། སྤྱན་དར་འཆིང་། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལས་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུ་གཉིས་པ་འཕྲོས༔ ཁྱེད་རང་རྣམས་ཀྱི་སྨིན་མཚམས་སུ་ཐིམ་པས་ལུས་བདེ་སྟོང་དུ་ཕྲིལ་གྱིས་སོང་བར་མོས་ཤིག༔ ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༔ རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ༔ རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད༔ ཁྱོད་རང་ཡང་ནི་དེ་ཡི་ཕ༔ ཞེས་པའི་དོན་ནི༔ དབང་གསུམ་པའི་དུས་ཉམས་སུ་མྱོང་བའི་དོན་སེམས་ཀྱི་ཆོས་ཉིད་སངས་རྒྱས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དང་རོ་གཅིག་པར་ལྷོད་ཀྱིས་ཀློད་ལ༔ བདེ་སྟོང་ཆེན་པོའི་ངང་ལ་མཉམ་པར་ཞོག་ཅིག༔ ཅེས་རེ་ཞིག་བསྐྱང་དུ་གཞུག །དེས་ཀ་དག་ཁྲེགས་ཆོད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཚིག་དབང་རིན་པོ་ཆེ་ཐོབ་པ་ཡིན་པས་མཆོད་པར་མོས་ཤིག༔ ཨོཾ་བཛྲ་ཨརྒྷཾ་སོགས་དང་། གདོང་གཡོགས་བསལ། དེའི་དམ་ཚིག་ཏུ་རྣམ་རྟོག་གི་སྲོག་གཅོད་པ་དང༔ སངས་རྒྱས་ཀྱི་ཡོན་ཏན་ལས་མ་བྱིན་པར་ལེན་པ་དང༔ ཆོས་ཐམས་ཅད་རྫུན་པ་སྒྱུ་མ་ལྟ་བུར་སྤྱད་པ་དང༔ སྟོང་ཉིད་མཛེས་མའི་བུད་མེད་ལ་སྤྱད་པ་རྣམས་དང་དུ་བླང་བར་བྱ་དགོས་སོ༔ གཉིས་པ་རྩལ་དབང་ཁྱད་པར་བ་ནི། དེ་ནས་མངོན་སུམ་རིག་པའི་རྩལ་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ། འདིར་སྨན་ལྔ་འབྲུ་ལྔ་དྲི་ལྔ་རིན་པོ་ཆེ་ལྔའི་མཎྜལ་རྣམས་ལན་བདུན་བདུན་འབུལ་བར་གསུངས་པས་འགྲུབ་ན་གཞན་ནས་འབྱུང་བ་ལྟར་བྱས་ལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཀྱེ༔ བླ་མ་རྗེ་བཙུན་དམ་པ་རྣམས་ཀྱིས་བདག་སྨིན་པར་མཛད་དུ་གསོལ༔ རིག་པའི་རྩལ་དབང་བཀའ་རབ་འབྱམས་ཀྱི་དབང་བསྐུར་དུ་གསོལ༔ བདག་གྲོལ་བར་མཛད་དུ་གསོལ༔ མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་བསྩལ་དུ་གསོལ༔ ལན་གསུམ་བརྗོད། དེ་ནས་ཁྱེད་རང་རྣམས་དཔལ་རྟ་མགྲིན་དབང་ཆེན་དམར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་གནས་ལྔར་དཔའ་བོ་རིགས་ལྔ་བཞུགས་པ༔ ཡུམ་ཕག་མོ་མཐིང་ནག་གྲི་ཐོད་འཛིན་པ་གནས་ལྔར་མཁའ་འགྲོ་སྡེ་ལྔ་དང་བཅས་པ་འཁྲིལ་སྦྱོར་དུ་བཞུགས་པའི་སྤྱི་བོར་ཡེ་ཤེས་ཀྱི་དཀྱིལ་འཁོར་དཀར་པོ༔ མགྲིན་པར་དམར་པོ༔ སྙིང་གར་སྔོན་པོ༔ ལྟེ་བར་སེར་པོ༔ གསང་བར་ལྗང་གུ༔ ཐམས་ཅད་ཀྱང་འདབ་བཞི་ཡེ་ཤེས་ལྔའི་མུ་ཁྱུད་ཀྱིས་བསྐོར་བས་མཚན་པར་མོས་ལ་དམིགས་པ་འདི་རྣམས་རིམ་བཞིན་བསྒོམ་པ་དང་འབྲུ་ལྔ་བཟླ་བར་ཞུ༔ སྤྱི་བོའི་ད་ལར་ཨོཾ་དཀར་བསྒོམ༔ འོད་འཕྲོས་རང་ལུས་ཨོཾ་དུ་གྱུར༔ ཨོཾ་ལས་འོད་ཚོགས་ཨོཾ་འཕྲོས་པས༔ སྣོད་བཅུད་ཐམས་ཅད་ཨོཾ་དུ་གྱུར༔ བདག་གཞན་ལུས་སྒྲིབ་ཀུན་དག་བསམ༔ ཨོཾ་མང་དུ་བཟླར་གཞུག །ལུས་ཀྱི་དྲི་མ་ཀུན་དག་ནས༔ སངས་རྒྱས་སྐུ་ཡི་དབང་རྣམས་ཐོབ༔ མགྲིན་པའི་ད་ལར་ཨཱཿདམར་བསྒོམ༔ འོད་འཕྲོས་རང་ལུས་ཨཱཿརུ་གྱུར༔ ཨཱཿལས་འོད་ཚོགས་ཨཱཿའཕྲོས་པས༔ སྣང་སྲིད་ཐམས་ཅད་ཨཱཿརུ་གྱུར༔ བདག་གཞན་ངག་སྒྲིབ་ཀུན་དག་བསམ༔ ཨཱཿབཟླར་གཞུག ངག་གི་དྲི་མ་ཀུན་དག་ནས༔ སངས་རྒྱས་གསུང་གི་དབང་རྣམས་ཐོབ༔ སྙིང་གའི་ད་ལར་ཧཱུྃ་མཐིང་བསྒོམ༔ འོད་འཕྲོས་རང་ལུས་ཧཱུྃ་དུ་གྱུར༔ ཧཱུྃ་ལས་འོད་ཚོགས་ཧཱུྃ་འཕྲོས་པས༔ སྣང་སྲིད་ཐམས་ཅད་ཧཱུྃ་དུ་གྱུར༔ བདག་གཞན་ཡིད་སྒྲིབ་ཀུན་དག་བསམ༔ ཧཱུྃ་བཟླར་གཞུག །ཡིད་ཀྱི་སྒྲིབ་པ་ཀུན་དག་ནས༔ སངས་རྒྱས་ཐུགས་ཀྱི་དབང་རྣམས་ཐོབ༔ ལྟེ་བའི་ད་ལར་ཏྲཱཾ་སེར་བསྒོམ༔ འོད་འཕྲོས་རང་ལུས་ཏྲཱཾ་དུ་གྱུར༔ ཏྲཱཾ་ལས་འོད་ཚོགས་ཏྲཱཾ་འཕྲོས་པས༔ སྣང་སྲིད་ཐམས་ཅད་ཏྲཱཾ་དུ་གྱུར༔ བདག་གཞན་ང་རྒྱལ་ཀུན་དག་བསམ༔ ཏྲཱཾ་བཟླར་གཞུག །ང་རྒྱལ་སྒྲིབ་པ་ཀུན་དག་ནས༔ སངས་རྒྱས་ཡོན་ཏན་དབང་རྣམས་ཐོབ༔ གསང་བའི་ད་ལར་ཕཊ་ལྗང་བསྒོམ༔ འོད་འཕྲོས་རང་ལུས་ཕཊ་ཏུ་གྱུར༔ ཕཊ་ལས་འོད་ཚོགས་ཕཊ་འཕྲོས་པས༔ སྣང་སྲིད་ཐམས་ཅད་ཕཊ་ཏུ་གྱུར༔ བདག་གཞན་ཕྲག་དོག་ཀུན་དག་བསམ༔ ཕཊ་བཟླར་གཞུག །ཕྲག་དོག་སྒྲིབ་པ་ཀུན་དག་ནས༔ སངས་རྒྱས་ཕྲིན་ལས་དབང་རྣམས་ཐོབ༔ དེ་ལྟར་ཁྱད་པར་རིག་པའི་རྩལ་དབང་གིས་ཐུན་མོང་མ་ཡིན་པའི་རྒྱུད་སྨིན་བྱེད་དུ་བསྒྲུབས་ནས༔ དངོས་གཞི་མངོན་སུམ་ངོ་སྤྲད་པ་ལ་ལུས་གནད་ཙོག་པུར་སྡོད༔ སྒོའི་གནད་མིག་ཟློག་ཕབ་ཟུར་བལྟས་རྣམས་དང་འབྲེལ་པར་འོད་གསལ་གྱི་སྣང་བ་མཚོན་པར་གྱིས་ཤིག༔ ཅེས་བྱས་ལ་ཉི་ཟེར་དང་སྦྱར་ཞིང་། རྡོ་རྗེ་སེམས་དཔའི་མེ་ལོང་རྨ་བྱའི་མདོངས་རྣམས་ཀྱིས་ཀྱང་མཚོན་པར་བྱས་ལ། འོ་རིགས་ཀྱི་བུ་འདི་ལྟར་མ་མཐོང་བ་མཐོང་བ་འདི་རང་བྱུང་གི་ཐིག་ལེ་ཉག་ཅིག་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་བྱ་བ་ཡིན་ནོ༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་དང་ཞལ་མངོན་སུམ་དུ་མཇལ་བ་ཞེས་བྱའོ༔ སྐུ་གསུམ་ཡེ་ཤེས་ལྔ་མངོན་དུ་གྱུར་པ་ཞེས་བྱའོ༔ ལས་དང་བག་ཆགས་དང་སྡིག་སྒྲིབ་མ་རིག་པ་ཐམས་ཅད་ཟད་པ་ཞེས་བྱའོ༔ ལས་དང་སྐལ་བར་ལྡན་པ་ཞེས་བྱའོ༔ བསོད་ནམས་ཀྱི་ཚོགས་རྫོགས་པ་ཞེས་བྱའོ༔ སངས་རྒྱས་ཐམས་ཅད་ཀྱི་དབང་དུས་གཅིག་ཏུ་ཐོབ་པ་ཞེས་བྱའོ༔ འོད་མཐིང་ག་གསལ་བ་རྣམ་པར་སྣང་མཛད་ཀྱི་ཞལ་མཐོང༔ ཉོན་མོངས་པ་རྣམ་པར་དག༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་གྱུར༔ འོད་དཀར་པོ་གསལ་བ་རྡོ་རྗེ་སེམས་དཔའི་ཞལ་མཐོང༔ ཉོན་མོངས་པ་རྣམ་པར་དག༔ མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་གྱུར༔ འོད་སེར་པོ་གསལ་བ་རིན་ཆེན་འབྱུང་ལྡན་གྱི་ཞལ་མཐོང༔ ཉོན་མོངས་པ་རྣམ་པར་དག༔ མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་གྱུར༔ འོད་དམར་པོ་གསལ་བ་སྣང་བ་མཐའ་ཡས་ཀྱི་ཞལ་མཐོང༔ ཉོན་མོངས་པ་རྣམ་པར་དག༔ སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་གྱུར༔ འོད་ལྗང་གུ་གསལ་བ་དོན་ཡོད་གྲུབ་པའི་ཞལ་མཐོང༔ ཉོན་མོངས་པ་རྣམ་པར་དག༔ བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་གྱུར༔ དུས་དེ་རིང་ནས་བཟུང་སྟེ་སངས་རྒྱས་ཀུན་ཏུ་བཟང་པོ་དང་རིགས་ལྔའི་སངས་རྒྱས་རྣམས་དང་ཁྱོད་ལ་སྤུ་ཙམ་ཁྱད་པར་མེད་པས༔ ཡིད་ཆེས་པར་གྱིས་ཤིག༔ ཅེས་ངོ་སྤྲོད་གདབ། དེ་ལྟར་སྣང་སྲིད་སེམས་དང་འོད་གསལ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ༔ དོན་དམ་རིག་པའི་རྩལ་དབང་ཐོབ༔ སྒོ་གསུམ་ཆ་མཉམ་གྱི་དྲི་མ་དག༔ ལམ་བདེན་གཉིས་ཟུང་འཇུག་ཁྲེགས་ཆོད་དང་ཐོད་རྒལ་བསྒོམ་པ་ལ་དབང༔ འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ༔ དཀྱིལ་འཁོར་པའི་ལྷ་ཚོགས་མཁའ་ཁྱབ་ཀྱི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས། ཤིས་པའི་བདེན་ཚིག་དབྱངས་སུ་ལེན་ཅིང་རིན་ཆེན་མེ་ཏོག་ཆར་དུ་བསྙིལ་བས་དབང་གི་ཡེ་ཤེས་བསྐྱེད་པ་དང་བརྟན་པ་དང་གོང་དུ་འཕེལ་བར་བྱས་པར་མོས་ཤིག །རྟེན་སྙིང་དང་ཞལ་ནས་གསུངས་པའི་ཚིགས་བཅད་བརྗོད་ལ་མེ་ཏོག་འཐོར་རོ། །གསུམ་པ་རྗེས་ཀྱི་རིམ་ལ་གཉིས། དབང་དང་དཀྱིལ་འཁོར་རྗེས་ཆོག་གོ །དང་པོ་ནི། དེ་དག་རྣམས་ཀྱིས་གྲུབ་པའི་འཁོར་ལོས་སྒྱུར་བ་ཆེན་པོ་ལས་རབ་ཞིག་པོ་གླིང་པའི་ཟབ་གཏེར་རྟ་མགྲིན་སྙིང་པོ་དོན་སྦྱོར་གྱི་རྩ་བའི་དབང་བཞི་རྒྱས་པ་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་བྱས་ལ་སློབ་མ་གྱེས་སོ། །གཉིས་པ་ནི། ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ་ནས་བཀྲ་ཤིས་བརྗོད་པའི་བར་ལས་བྱང་ལྟར་ཚང་བར་བཏང་པས་གྲུབ་བོ། །ཟབ་ཅིང་རྣམ་དག་ངོ་མཚར་ཆེ་ལྡན་ཀྱང་། །རང་གསང་གཏེར་བཞིན་དཀོན་པའི་སྙིང་ཐིག་འདི། །རིས་མེད་རྣལ་འབྱོར་སྤྱོད་ཡུལ་ཉིད་གྱུར་ནས། །སྨིན་གྲོལ་སྣང་བ་ཉི་ལྟར་བརྡལ་གྱུར་ཅིག །ཅེས་པ་འདིའང་སངས་རྒྱས་ཀུན་དངོས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོའི་གསུང་རབ་ལ་མཆོག་ཏུ་གཅེས་པར་འཛིན་པའི་མོས་གུས་ལྷག་པའི་བསམ་པ་ལྷན་སྐྱེས་སུ་འཆང་བ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱིས། རྣམ་འདྲེན་དམ་པ་བྱང་ཆུབ་ཆོས་ཀྱི་སེང་གེས་རིན་པོ་ཆེའི་མེ་ཏོག་དང་བཅས་པའི་གསུང་གིས་བསྐུལ་བས་རྐྱེན་བྱས་ཏེ། དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་གཏེར་གཞུང་གི་དགོངས་པ་གསལ་བར་ཕྱེས་ཏེ་གོ་གསལ་དུ་བསྡེབས་པ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).