Terdzo-NGI-004
ཕྱག་རྡོར་དམོད་པ་དྲག་སྔགས་ཀྱི་ཚེ་དབང་དྲག་སྔགས་རྡོ་རྗེའི་བཙན་རྫོང་
by ([['jam mgon kong sprul|]])
revealed by བྱ་བཏང་སྐུ་མཆོག་ངག་གི་རྡོ་རྗེ་ (Jatang Kuchok Ngaki Dorje)
in cycle གསང་བདག་ཕྱག་རྡོར་གཏུམ་པོ་དྲག་སྔགས་ (Gsang bdag phyag rdor gtum po drag sngags)
Volume 34 (ངི) / Pages 55-68 / Folios 1a1 to 7b1
Tibetan Text
༄༅། །ཕྱག་རྡོར་དམོད་པ་དྲག་སྔགས་ཀྱི་ཚེ་དབང་དྲག་སྔགས་རྡོ་རྗེའི་བཙན་རྫོང་ཞེས་བྱ་བ་བཞུགས་སོ། ། མཚན་ཙམ་བཟུང་བས་གཤིས་ངན་འཆི་བ་སོགས། །འཇིགས་ཚོགས་ཀུན་འཇོམས་རྡོ་རྗེའི་ཡེ་ཤེས་སྐྱེད། །འཆི་མེད་མཆོག་སྩོལ་གསང་བའི་བདག་པོ་ལ། །བཏུད་ནས་དེ་སྒྲུབ་སྨིན་བྱེད་གསལ་བཀོད་བྱ། །རྡོ་རྗེ་གཏུམ་པོའི་ཚེ་དབང་བསྐུར་བ་ལ་སྦྱོར་བ་མཎྜལ་ཚོམ་བུ་གཅིག་པའི་སྟེང་དུ་ཁྲིའུར་ཚེ་བུམ་བཀོད། གཡས་སུ་རྣམ་རྒྱལ་བུམ་པ་ཆིངས་སྔོན་བཅུད་ལྡན། གཡོན་དུ་ཐོད་ཆང་མངར་གསུམ་སྦྱར་བ་དང་རིག་ཙཀ །རྒྱབ་ཏུ་ཚེ་གཏོར་ཤེས་ན་ཐབས་ཤེས་ཁ་སྦྱོར་ལྟར་དང་། མི་ཤེས་ན་དཔལ་གཏོར། དེ་དང་མཉམ་དུ་ཚེ་རིལ་ཆང་། མདུན་དུ་དབང་ཕྲེང་། ས་བདག་ཀླུ་གཉན་བསྣོལ་བའི་གདན། གཟའ་བརྒྱད། ཀླུ་བརྒྱད། སྒོ་མ་བཞི་བཅས་ཀྱི་ཙཀླི་བཞི། སྣོད་གཅིག་ཏུ་གཏོར་ཆུང་ཉེར་བརྒྱད་སྤུངས་པ་རྣམས་བཞག །ཕྱི་མཆོད། སྨན་རཀ་མཆོད་གཏོར་སོགས་སྤྱི་མཐུན་བཤམ། དེ་ནས་ལས་བྱང་གི་སྐྱབས་སེམས་ནས་མཆོད་པ་བྱིན་རླབས་བར་བཏང་། ཚེ་སྒྲུབ་ལྟར་ལྷ་བསྐྱེད་སྤྱན་འདྲེན་བཅས་བྱ། མཆོད་བསྟོད་སྤྱི་འགྲོ་ཞིག་གིས་ཆོག །བདག་མདུན་དབྱེར་མེད་སྒྲུབ་ཚུལ་ཡིན་འདུག་ཀྱང་ལས་དང་པོ་ལ་རྣམ་པ་འཆར་བདེ་བའི་ཕྱིར་ཛཔ྄་ཁང་ཕྱེས་ཀྱང་ཆོག་ལ། གང་ལྟར་བཟླས་དམིགས་བཅས་བཟླས་པ་ཅི་འགྲུབ་དང་། བུམ་བཟླས་ཟུར་དུ་སྤྲོ་ན་སྤྱི་ལྟར་བྱས་ལ་མཆོད་བསྟོད་འབུལ། ཚོགས་བྱེད་ན་ལས་བྱང་ལྟར་མཆོད་བཤགས་ཡན་སོང་ནས། ལས་བུམ་འཁྱིལ་པའི་སྔགས་ཀྱིས་བྱིན་བརླབས་ལ། ཏིང་ངེ་འཛིན་གྱིས་དབང་བླང་། དངོས་གཞི་སློབ་མ་རྣམས་ལ་ཁྲུས་དང་བགེགས་བསྐྲད་སྲུང་འཁོར། སེམས་བསྐྱེད་གསལ་གདབ་སྔོན་དུ་འགྲོ་བས། དེའང་རྩོད་བྲལ་གྱི་གཏེར་སྟོན་གྲུབ་པའི་དབང་ཕྱུག་ཆེན་པོ་རིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱིས་ལུང་བསྟན་ཅིང་མཐུན་རྐྱེན་བསྩལ་ནས་གཏེར་སྟོན་དུ་མངའ་གསོལ་པ། ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གི་རྣམ་འཕྲུལ་རྣལ་འབྱོར་གྱི་དབང་ཕྱུག་ངག་གི་རྡོ་རྗེས་ཐུགས་རྗེ་ཆེན་པོའི་གནས་མཆོག་ཇ་པ་བྲག་དཀར་ནས་སྤྱན་དྲངས་པའི་གསང་བདག་རྡོ་རྗེ་གཏུམ་པོ་དྲག་སྔགས་མའི་ཡང་བཅུད། ཚེ་སྒྲུབ་འཆི་མེད་བཙན་རྫོང་གི་དབང་བསྐུར་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །མཚམས་སྦྱོར་དང་སྔགས་སྤྱི་མཐུན་གྱིས་མིག་དར་མེ་ཏོག་སྦྱིན། སློབ་དཔོན་དང་གསང་བའི་བདག་པོའི་དཀྱིལ་འཁོར་རྩ་གསུམ་རྒྱལ་བའི་ལྷ་ཚོགས་མཁའ་ཁྱབ་ཏུ་བཞུགས་པ་ལ། བདག་སོགས་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་རྩེ་གཅིག་གུས་པ་ཆེན་པོས་སྐྱབས་སུ་མཆི་བའི་བློས་རྗེས་ཟློས། ཧཱུྃ༔ རྒྱལ་བ་རབ་འབྱམས་སོགས་ལས་བྱང་ལྟར་ལན་གསུམ། ཕ་མར་གྱུར་པའི་རིགས་དྲུག་གི་འགྲོ་བ་མཐའ་དག་དཔལ་གསང་བའི་བདག་པོའི་གོ་འཕང་ལ་འགོད་པའི་ཆེད་དུ་རྡོ་རྗེ་གཏུམ་པོའི་སྨིན་གྲོལ་གྱི་སྒོར་འཇུག་པར་བགྱིའོ་སྙམ་དུ་བྱང་ཆུབ་མཆོག་གི་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧཱུྃ༔ བདག་དང་སེམས་ཅན་སོགས་ལས་བྱང་ལྟར་ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ། ཞིང་མཆོག་དེ་དག་གི་སྤྱན་སྔར་གསག་སྦྱོང་སྤེལ་གསུམ་གྱི་གནད་བསྡུས་པ་ཡན་ལག་བཅུ་པ་ཚུལ་བཞིན་བྱ་བའི་བློས་འདིའི་རྗེས་ཟློས། རྡོ་རྗེ་གཏུམ་པོ་གཤེགས་སུ་གསོལ༔ སོགས་ལས་བྱང་ལྟར། དམ་ཆུ་སྦྱིན་ལ། ཧཱུྃ༔ དམ་ཚིག་རྡོ་རྗེ་ཆེན་པོའི་ཆུ༔ རིགས་ལྡན་སློབ་མར་སྦྱིན་པར་བྱ༔ བསྲུངས་ན་ཡོན་ཏན་སྣ་ཚོགས་འཐོབ༔ མ་བསྲུངས་དམྱལ་བའི་གནས་སུ་སྐྱེལ༔ དེ་བས་དམ་ཚིག་བསྲུང་བར་གྱིས༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་མ་མ་ཨཱ་ཡུརྫྙཱ་ན་པུཎྱེ་པུཥྚིཾ་ཀུ་རུ་ཚེ་བྷྲཱུྃ་ཨི་དན་ན་ར་ཀན༔ དེ་ནས་ཡེ་ཤེས་པ་དབབ་པ་ཡིན་པས་སྒོ་གསུམ་སྙོམ་ལས་སུ་མ་གཏང་བར་དམིགས་པ་འདི་རྣམས་རྩེ་གཅིག་ཏུ་སྒོམས་ཤིག །ཆོས་ཐམས་ཅད་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལས། ཁྱེད་རང་རྣམས་ཀྱི་གོ་སར་པདྨ་ཉི་ཟླ་དྲེགས་པ་རུ་ཏྲའི་གདན་གྱི་སྟེང་དུ་རིག་པའི་ངོ་བོ་ཧཱུྃ་ཡིག་མཐིང་ག་དང་ཡ་སྨུག་ནག་འོད་ཟེར་འབར་བ་ལས། སྐད་ཅིག་གིས་ཁྱེད་རང་རྣམས་གསང་བདག་རྡོ་རྗེ་གཏུམ་པོ་མཐིང་ནག་ཤིན་ཏུ་ཁྲོས་པའི་ཉམས་ཅན། སྦྲུལ་དང་དུར་ཁྲོད་ཀྱི་ཆས་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་བསྣོལ་བས་ཡུམ་དབྱིངས་ཕྱུག་མ་ལྗང་དམར་ཐོད་པ་དང་དྲིལ་བུ་འཛིན་པ་ལ་འཁྱུད་པ། ཞབས་གཉིས་ཕྱེད་སྐྱིལ་འགྱིང་བག་ཚུལ་གྱིས་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་བཞུགས་པ། དེའི་སྐུ་ལུས་ཀྱི་ནང་དུ་རྩ་གསུམ་འཁོར་ལོ་ལྔ་དང་བཅས་པ་ལམ་གྱིས་གསལ་བའི་སྤྱི་བོར་རྣམ་སྣང་ཡབ་ཡུམ་དཀར་པོ། མགྲིན་པར་སྣང་མཐའ་ཡབ་ཡུམ་དམར་པོ། སྙིང་གར་མི་བསྐྱོད་ཡབ་ཡུམ་སྔོན་པོ། ལྟེ་བར་རིན་འབྱུང་ཡབ་ཡུམ་སེར་པོ། གསང་བར་དོན་གྲུབ་ཡབ་ཡུམ་ལྗང་གུ །ཡབ་ཐམས་ཅད་གཡས་རང་རྟགས་དང་གཡོན་དྲིལ་བུ་བསྣམས་པ། ཡུམ་རྣམས་གྲི་ཐོད་འཛིན་ཅིང་དར་དང་རིན་པོ་ཆེས་བརྒྱན་ཅིང་སྐྱིལ་མོ་ཀྲུང་གིས་བཞུགས་པ། མི་བསྐྱོད་པའི་ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པ་དང་། སློབ་དཔོན་དཀྱིལ་འཁོར་པའི་ཐུགས་ཀ་ནས་ཀྱང་འོད་ཟེར་གྱི་སྣང་བ་བསམ་གྱིས་མི་ཁྱབ་པ་འཕྲོས་པས་བྱང་ཕྱོགས་ལྕང་ལོ་ཅན་དང་རིགས་ལྔའི་ཞིང་ཁམས་ནས་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་ཤིག །སྤོས་རོལ་དབྱངས་བཅས། ཧཱུྃ་ཧྲཱི༔ ཆོས་དབྱིངས་ཀ་དག་ལྷུན་གྲུབ་ཕོ་བྲང་ནས༔ ཀུན་བཟང་རྡོ་རྗེ་འཆང་གིས་བྱིན་ཕོབ་ཅིག༔ བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ གསང་བདག་ཕྱག་ན་རྡོ་རྗེས་བྱིན་ཕོབ་ཅིག༔ ཟངས་མདོག་དཔལ་རི་འོད་ཀྱི་ཕོ་བྲང་ནས༔ ཨོ་རྒྱན་རིག་འཛིན་བརྒྱད་པོས་བྱིན་ཕོབ་ཅིག༔ མཁའ་སྤྱོད་དག་པའི་ཞིང་ཁམས་སོ་སོ་ནས༔ དཔའ་བོ་དཔའ་མོ་རྒྱ་མཚོས་བྱིན་ཕོབ་ཅིག༔ དུར་ཁྲོད་མེ་རླུང་འཁྲུགས་པའི་ཕོ་བྲང་ནས༔ ཆོས་སྐྱོང་གཏེར་བདག་རྣམས་ཀྱིས་བྱིན་ཕོབ་ཅིག༔ བྱིན་རླབས་དངོས་གྲུབ་ཆར་རྒྱུན་སི་ལི་ལི༔ ཉམས་རྟོགས་རིག་པའི་ཡེ་ཤེས་ས་ལ་ལ༔ འདིར་ཚོགས་བུ་སློབ་རྣམས་ལ་བྱིན་ཕོབ་ཅིག༔ སྙིང་པོའི་མཐར། ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་བརྗོད། ཏིཥྛ་བཛྲས་བརྟན་པར་བྱ། སྔར་བྱིན་པའི་མེ་ཏོག་རིགས་ཀྱི་ལྷ་ལ་འབུལ་བའི་མོས་པས་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བར་ཞུ། པྲ་ཏཱིཙྪ་བཛྲ་ཧོཿ ཞེས་ཚོམ་བུའི་དཀྱིལ་འཁོར་དུ་དོར། མེ་ཏོག་སླར་ཡང་དབང་རྟགས་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིངས་པར་མོས་ཤིག །ཧཱུྃ༔ དར་ཚོན་ཅོད་པན་རྣམ་པར་དག༔ ཡེ་ཤེས་ལྔ་མཚོན་འཕུར་ལྕེ་ལྡན༔ ཡེ་ཤེས་སྤྱན་ལྡན་དབང་ཐོབ་ཤོག༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་མ་མ་ཨཱ་ཡུརྫྙཱ་ན་པུཎྱེ་པུཥྚིཾ་ཀུ་རུ་ཚེ་བྷྲཱུྃ༔ ཞེས་སྤྱི་བོར་བཞག །མ་རིག་པའི་སྒྲིབ་གཡོགས་བསལ་བས་ཡེ་ཤེས་ཀྱི་དཀྱིལ་འཁོར་མཇལ་བར་མོས་ཤིག །ཙཀྵུ་པྲ་བེ་ཤ་ཡ་ཧཱུྃ་ཕཊ༔ ཅེས་གདོང་གཡོགས་བསལ། དེ་ནས་དབང་དངོས་ལ་ཐུན་མོང་ཚེ་དབང་། ཁྱད་པར་དབང་བཞི། མཐའ་རྟེན་བཀའ་གཏད་དང་གཏོར་དབང་བཅས་རིམ་པར་འབྱུང་བས། དང་པོ་ཚེ་དབང་གི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད། ཚེ་བུམ་རིན་ཆེན་འབར་བའི་གཞལ་ཡས་ཁང་དུ་བདེ་གཤེགས་རིགས་ལྔ་ཡབ་ཡུམ་གསལ་རྫོགས་སུ་བཞུགས་པའི་སྐུ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། འབྱུང་བའི་བཅུད་དང་དྭངས་མ། ཁྱེད་རང་རྣམས་ཀྱི་ཚེ་བླ་སྲོག་གསུམ་འཁྱམས་ཡར་བྲོས་པ་དང་གདོན་བགེགས་འབྱུང་པོས་བརྐུས་ཕྲོགས་གཞོམ་ཁྱེར་དུ་གྱུར་པ་རྣམས་འུབ་ཀྱིས་བསྡུས་ཏེ་བུམ་པར་ཞུགས། བྱང་སེམས་བདུད་རྩིའི་ངོ་བོར་ཞུ་ཞིང་ཁོལ་བ་བུམ་པའི་ཁ་ནས་ལུད། ཁྱེད་རང་རྣམས་ཀྱི་གནས་སོ་སོར་ཐིམ་པས་ལུས་ངག་ཡིད་གསུམ་ནད་གདོན་སྡིག་སྒྲིབ་ཉོན་མོངས་བག་ཆགས་དང་བཅས་པ་སངས་ཀྱིས་དག །སྐུ་གསུང་ཐུགས་རྡོ་རྗེའི་ཚེ་དབང་ཐོབ། ཕྲིན་ལས་བཞི་ལྷུན་གྱིས་གྲུབ་པར་མོས་ཤིག །ཚེ་འབྲང་སྤྱི་བོར་བཞག་ལ། ཧཱུྃ༔ ཚེ་བུམ་རང་བཞིན་གཞལ་ཡས་ཁང༔ ནང་ན་རིགས་ལྔ་ཡབ་ཡུམ་བཞུགས༔ འོད་ཟེར་དཀར་དམར་སྣ་ཚོགས་འཕྲོས༔ ས་ཆུ་མེ་རླུང་ནམ་མཁའི་བཅུད༔ བསྡུས་ཤིང་བུམ་པའི་ནང་དུ་ཞུགས༔ བྱང་སེམས་བདུད་རྩིའི་ངོ་བོར་ཞུ༔ ཕྱིར་ལུད་སློབ་མའི་ལུས་ལ་ཐིམ༔ ནད་གདོན་སྡིག་སྒྲིབ་ཞི་གྱུར་ནས༔ འཆི་མེད་རྡོ་རྗེའི་སྐུ་ཐོབ་ཤོག༔ སྙིང་པོའི་མཐར། ཨ་བྷི་ཥིཉྩ་ཨོཾ༔ ཚེ་བུམ་མགྲིན་པར་བཞག་ལ། ཧཱུྃ༔ ཚེ་བུམ་རང་བཞིན་གཞལ་ཡས་ཁང༔ ནང་ན་རིགས་ལྔ་ཡབ་ཡུམ་བཞུགས༔ འོད་ཟེར་དཀར་དམར་སྣ་ཚོགས་འཕྲོས༔ དྲི་ཟ་གཤིན་རྗེ་ཀླུ་གནོད་སྦྱིན༔ རྣམས་ཀྱིས་ཚེ་སྲོག་བརྐུས་དང་ཕྲོགས༔ བསྡུས་ཤིང་བུམ་པའི་ནང་དུ་ཞུགས༔ བྱང་སེམས་བདུད་རྩིའི་ངོ་བོར་ཞུ༔ ཕྱིར་ལུད་སློབ་མའི་ངག་ལ་ཐིམ༔ ངག་གི་སྒྲིབ་པ་དག་གྱུར་ནས༔ འགག་མེད་ཚངས་དབྱངས་དྲུག་ལྡན་ཤོག༔ སྙིང་པོའི་མཐར། ཨ་བྷི་ཥིཉྩ་ཧྲཱི༔ སྙིང་གར་བཞག །ཧཱུྃ༔ ཚེ་བུམ་རང་བཞིན་གཞལ་ཡས་ཁང༔ ནང་ན་རིགས་ལྔ་ཡབ་ཡུམ་བཞུགས༔ འོད་ཟེར་དཀར་དམར་སྣ་ཚོགས་འཕྲོས༔ སྟེང་ཕྱོགས་ཚངས་པ་བརྒྱ་བྱིན་གྱིས༔ ཚེ་བླ་སྲོག་གསུམ་བརྐུས་ཕྲོགས་རྣམས༔ བསྡུས་ཤིང་བུམ་པའི་ནང་དུ་ཞུགས༔ བྱང་སེམས་བདུད་རྩིའི་ངོ་བོར་ཞུ༔ ཕྱིར་ལུད་སློབ་མའི་ཡིད་ལ་ཐིམ༔ ཡིད་ཀྱི་རྣམ་རྟོག་དག་གྱུར་ནས༔ ཆོས་དབྱིངས་དོན་དང་ལྡན་གྱུར་ཅིག༔ སྙིང་པོའི་མཐར། ཨ་བྷི་ཥིཉྩ་ཧཱུྃ༔ ལྟེ་གསང་དུ་བཞག་ལ། ཧཱུྃ༔ ཚེ་བུམ་རང་བཞིན་གཞལ་ཡས་ཁང༔ ནང་ན་རིགས་ལྔ་ཡབ་ཡུམ་བཞུགས༔ འོད་ཟེར་དཀར་དམར་སྣ་ཚོགས་འཕྲོས༔ སྡེ་བརྒྱད་བྱད་ཟོར་རིག་སྔགས་ཀྱིས༔ ཚེ་བསོད་བཅད་བཀུག་ཁྱེར་བ་སོགས༔ བསྡུས་ཤིང་བུམ་པའི་ནང་དུ་ཞུགས༔ བྱང་སེམས་བདུད་རྩིའི་ངོ་བོར་ཞུ༔ ཕྱིར་ལུད་སློབ་མའི་གསང་བར་ཐིམ༔ ཉོན་མོངས་སྡིག་སྒྲིབ་དག་ནས་ཀྱང༔ ཕྲིན་ལས་བཞི་འགྲུབ་དབང་ཐོབ་ཤོག༔ སྙིང་པོའི་མཐར། ཨ་བྷི་ཥིཉྩ་ཏྲཱཾ༔ གཉིས་པ་ཁྱད་པར་དབང་བཞིའི་ཐོག་མར། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་དབང་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་རྣམས་ཀྱིས། བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་འཆི་མེད་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་སྤྱི་བོ་ནས་དབང་བསྐུར་བསྩལ་བར་མོས་ཤིག །ཧཱུྃ༔ བུམ་པ་བཟང་པོ་གཞལ་ཡས་ཁང༔ འཆི་མེད་བདུད་རྩིའི་བཅུད་ཀྱིས་བཀང༔ ཀུན་བཟང་རིགས་ལྔ་རིགས་གསུམ་མགོན༔ གསང་བདག་ལྷ་ཚོགས་པད་འབྱུང་བཅས༔ ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི༔ ཡེ་ཤེས་བདུད་རྩིས་དབང་བསྐུར་བས༔ འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ སྙིང་པོ་བརྗོད་ལ་བུམ་ཆུ་སྦྱིན། དེས་བུམ་པའི་དབང་ཐོབ། ལུས་སྒྲིབ་དག །བསྐྱེད་རིམ་བསྒོམ་པ་ལ་དབང་། སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཐོད་པའི་ནང་དུ་རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་རྒྱུན་བདུད་རྩི་དང་རོ་གཅིག་པ་མགྲིན་པར་མྱངས་པས་རྩ་ཁམས་བདེ་བས་ཁྱབ་པར་མོས་ཤིག །ཐོད་ཆང་སྦྱིན་ལ། ཧཱུྃ༔ ཐོད་པ་མ་ཆགས་རྟོག་བྲལ་ནང༔ འཆི་མེད་རིགས་ལྔ་ཡབ་ཡུམ་བཞུགས༔ ཐབས་ཤེས་རང་བྱུང་བདེ་བའི་བཅུད༔ བྱང་ཆུབ་སེམས་ཀྱི་བདུད་རྩིས་བཀང༔ སྐལ་ལྡན་བུ་ལ་སྦྱིན་པར་བྱ༔ འགག་མེད་རྡོ་རྗེའི་དབང་ཐོབ་ཤོག༔ སྙིང་པོའི་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་གསང་བའི་དབང་ཐོབ། ངག་གི་སྒྲིབ་པ་དག །རང་ལུས་ཐབས་ལྡན་བསྒོམ་པ་ལ་དབང་། གསུང་རྡོ་རྗེ་ལོངས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །མཚན་ཉིད་དང་ལྡན་པའི་ཚེ་ལམ་གྱི་ཕོ་ཉ་པདྨ་ཅན་ཁྱེད་རང་རྣམས་ལ་གཏད་པ་དང་འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པས་དགའ་བཞིའི་མཐར་སོན་པའི་ལྷན་སྐྱེས་ཡེ་ཤེས་མངོན་དུ་གྱུར་པར་མོས་ཤིག །རིག་ཙཀ་གཏད་ལ། ཧཱུྃ༔ མཚན་ལྡན་ཕྱག་རྒྱ་བདེ་བ་སྐྱེད་པའི་ཡུམ༔ སྐལ་ལྡན་ཁྱོད་ལ་གསང་ཡུམ་སྦྱིན་པར་བྱ༔ གཉིས་མེད་བདེ་བ་ཆེན་པོའི་ཏིང་འཛིན་གྱིས༔ ཐིག་ལེ་པདྨའི་ནང་དུ་མཉམ་གནས་པ༔ ཟག་མེད་ཡེ་ཤེས་རང་ངོ་ཤེས་པར་གྱིས༔ སྙིང་པོའི་མཐར། མུ་དྲ་ཨ་བྷི་ཥིཉྩ་ཨཱ༔ དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་སྒྲིབ་དག །གཞན་ལུས་ཕོ་ཉའི་མྱུར་ལམ་བསྒོམ་པ་ལ་དབང་། ཐུགས་རྡོ་རྗེ་ཆོས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དཔེ་ལས་སྐྱེས་པའི་བདེ་ཆེན་གྱི་ཡེ་ཤེས་དྲན་པར་བྱས་ཏེ་དེའི་རང་ངོ་ལ་བལྟས་པས་ངོ་བོ་སྟོང་པར་རྟོགས་པའི་ཟུང་འཇུག་གི་གཤིས་ལུགས་ལ་མཉམ་པར་ཞོག་ཅིག །ཀྱེ༔ ལྟོས་ཤིག་རང་གི་སེམས་ལ་ལྟོས༔ སྤྲོས་བྲལ་ཐིག་ལེ་ཉག་གཅིག་འདི༔ ཅིར་ཡང་མ་གྲུབ་ངོ་བོ་ཉིད་ཀྱིས་སྟོང༔ དེ་ནི་སྐྱེ་མེད་རིག་སྟོང་ཆོས་ཀྱི་སྐུ༔ ཅིར་ཡང་གསལ་བ་འགག་མེད་ལོངས་སྤྱོད་རྫོགས༔ གཉིས་མེད་རང་གྲོལ་ལྷུན་གྲུབ་སྤྲུལ་པའི་སྐུ༔ སྟོང་པའི་རོལ་པར་མ་འདས་ཆོས་དབྱིངས་མཁའ་ལ་ཁྱབ༔ སངས་རྒྱས་རང་གི་རིག་པས་ཤེས་པར་གྱིས༔ གཡོ་མེད་དོན་ལ་མ་ཡེངས་མཉམ་པར་ཞོག༔ ཅེས་དར་གཅིག་བཞག །དེས་དབང་བཞི་པ་ཐོབ། སྒོ་གསུམ་ཆ་སྙོམ་གྱི་སྒྲིབ་པ་དག །རྫོགས་པ་ཆེན་པོ་སྒོམ་པ་ལ་དབང་། ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་རྣམས་ཀྱི་རྗེས་འབྲེལ་དུ་བཟླས་པའི་ལུང་སྦྱིན་པ་ཡིན་པས་དམིགས་པ་འདི་ལྟར་མཛོད་ཅིག །སྔགས་ཕྲེང་གཏད་ལ། ཧཱུྃ་ཧཱུྃ༔ ཁྱེད་རང་གསང་བདག་ཡབ་ཡུམ་དུ༔ གསལ་བའི་ལྗགས་སྟེང་གནམ་ལྕགས་ཀྱི༔ རྡོ་རྗེ་རྩེ་ལྔའི་ལྟེ་བ་རུ༔ སྔགས་ཕྲེང་སྔོན་པོའི་འོད་ཟེར་འཕྲོས༔ གཟུངས་སྔགས་སྙིང་པོའི་དྲག་སྔགས་ཐིམ༔ གསུང་དབྱངས་སྔགས་ཀྱི་དབང་ཐོབ་ཤོག༔ ཅེས་ཕྲེང་བ་སྦྲེལ་ལ་སྙིང་པོའི་རྗེས་ཟློས་ལན་གསུམ་བྱར་གཞུག །ཚེ་དབང་རྐྱང་པའི་སྐབས་འདི་ནས་གཏོར་དབང་ལ་འཇུག་པས་ཆོག་ཅིང་། སློབ་མ་ཐུན་མིན་ལ་བཀའ་གཏད་བྱེད་ན། གསུམ་པ་མཐའ་རྟེན་སྦྱིན་པ་ལ། ཁྱེད་རང་རྣམས་ལ་དབང་བཞི་ཡོངས་སུ་རྫོགས་པས་གསང་བའི་བདག་པོ་དངོས་དང་མཉམ་པའི་སྐལ་པ་རྒྱུད་ལ་བཞག་པ་ཡིན་པས། དེ་ལྟ་བུའི་ངེས་ཤེས་དང་ང་རྒྱལ་སྐྱེད་ལ་གདུག་པ་ཅན་རྣམས་ཟིལ་གྱིས་ནོན་པར་མངའ་གསོལ་ཅིང་བྲན་ཏུ་ཁོལ་བའི་བཀའ་གཉེར་གཏད་པར་མོས་ཤིག །ཀླུ་བསྣོལ་ཞབས་འོག་ཏུ་བཏིང་པའི་ཚུལ་བྱས་ལ། ཧཱུྃ༔ ཟིལ་གནོན་བགྲད་པའི་ཞབས་དཀྱིལ་འདིར༔ ས་བདག་ཀླུ་གཉན་བསྣོལ་བའི་དབང༔ གདུག་པ་ཅན་རྣམས་ཐམས་ཅད་ཀུན༔ ཟིལ་གྱིས་གནོན་པའི་དབང་ཐོབ་ཤོག༔ སྙིང་པོའི་མཐར། ནཱ་ག་རཱ་ཙ་ས་མ་ཡ་ནན་ཨ་བྷི་ཥིཉྩ་ཨོཾ༔ གཟའ་བརྒྱད་གཏད་ཅིང་བཏིང་ཚུལ་བྱས་ལ། ཧཱུྃ༔ བིཥྞུ་དམག་དཔོན་དྲང་སྲོང་དང༔ ལྗང་སྔོན་རཱ་ཙ་རོ་ཏྲི་དང༔ མིག་དམར་སེར་སྐྱ་ལ་སོགས་ཏེ༔ གཟའ་བརྒྱད་སློབ་མ་ཁྱོད་ལ་གཏད༔ འགྲོ་ཀུན་གཟའ་ནད་ལས་གྲོལ་ཤོག༔ སྔགས་མཐར། གཟའ་རཱ་ཧུ་ལ་ས་མ་ཡ་ནན་ཨ་བྷི་ཥིཉྩ་ཧྲཱི༔ ཀླུ་བརྒྱད་གཏད་ཅིང་བཏིང་ལ། ཧཱུྃ༔ མཐའ་ཡས་དང་ནི་འཇོག་པོ་དང༔ ནོར་རྒྱས་དང་ནི་དུང་སྐྱོང་དང༔ པདྨ་དང་ནི་ཆུ་ལྷ་དང༔ རིགས་ལྡན་དང་ནི་སྟོབས་ཀྱི་རྒྱུ༔ ཀླུ་གཉན་སློབ་མ་ཁྱོད་ལ་གཏད༔ འགྲོ་བ་ཀླུ་གདོན་ནད་ཀུན་ལས༔ ཁྱོད་ཀྱིས་གྲོལ་བའི་དབང་ཐོབ་ཤོག༔ སྔགས་མཐར། ནཱ་ག་རཱ་ཙ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་ཆུང་ཉེར་བརྒྱད་གཏད་ལ། ཧཱུྃ༔ དཀྱིལ་འཁོར་ལྕགས་རིའི་ཕྱི་རོལ་ན༔ གཟའ་དང་རྒྱུ་སྐར་སྡེ་བརྒྱད་ཚོགས༔ སློབ་མ་ཁྱོད་ལ་གཏད་པར་བྱ༔ བྲན་དང་གཡོག་བཞིན་བྱེད་པར་ཤོག༔ སྔགས་མཐར། ཨ་ཡ་མ་དུ་རུ་ཙ་ཤ་ན་ཧ་ན་ཧ་ན་ཧཱུྃ་ཕཊ༔ སྒོ་མ་བཞིའི་སྐུ་གཏད་ལ། ཧཱུྃ༔ འབར་བའི་དཀྱིལ་འཁོར་སྒོ་ནང་ནས༔ སྒོ་མ་བཞི་ཡི་དབང་བསྐུར་བས༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔ དབང་མཆོག་དུས་འདིར་ཐོབ་པར་ཤོག༔ སྔགས་མཐར། ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཨོཾ༔ གཏོར་མ་ཡེ་ཤེས་འབར་བའི་ཕོ་བྲང་དུ་གསང་བདག་གཏུམ་པོ་ཡབ་ཡུམ་རིགས་ལྔའི་ལྷ་ཚོགས་དང་བཅས་པ་གསལ་བའི་སྐུ་ལས་བདུད་རྩི་འོད་ཟེར་གྱི་རྒྱུན་བབས། ཁྱེད་རང་རྣམས་ཀྱི་ལུས་ཀྱི་ནང་ཐམས་ཅད་གང་བས་ནད་གདོན་སྡིག་སྒྲིབ་དག །འཆི་མེད་ཚེ་དབང་རྡོ་རྗེའི་སྐུ་བརྙེས་པར་མོས་ཤིག༔ གཏོར་མ་སྤྱི་བོར་བཞག་ཅིང་ལག་ཏུ་གཏད་ལ། ཧཱུྃ༔ གཏོར་མ་བདུད་རྩིའི་ཕོ་བྲང་ནས༔ རྡོ་རྗེ་ཚེ་ཡི་ལྷ་ཚོགས་ཀྱིས༔ འཆི་མེད་ཚེ་ཡི་དབང་མཆོག་བསྐུར༔ ནད་མེད་བདེ་བ་བསྩལ་དུ་གསོལ༔ ཅེས་དང་སྙིང་པོ་བརྗོད། ཚེ་རིལ་ཆང་ཡང་སྔགས་བརྗོད་ལ་སྦྱིན། མེ་ཏོག་འཐོར་ཅིང་ཤིས་པ་བརྗོད། དམ་ཚིག་ཁས་བླང་མན་ཆད་སྤྱི་ལྟར་དང་། རྗེས་ཀྱི་བྱ་བ་ཚོགས་བྱས་ན་ཚོགས་ལྷག་ཕྱིན་ཆད་ལས་བྱང་ལྟར་ལ། མ་བྱས་ན་མཆོད་བསྟོད། ནོངས་བཤགས། གཤེགས་བསྟིམ། བདག་བསྐྱེད་བསྡུ་ལྡང་ཚེ་སྒྲུབ་གཤམ་ལྟར། བསྔོ་སྨོན་ཤིས་བརྗོད་རྣམས་སྤྱི་མཐུན་བྱའོ། །གདོད་ནས་མ་སྐྱེས་ལྟ་བའི་གདིང་ཆེན་ཐོབ། །འཆི་མེད་རྡོ་རྗེའི་སྒོམ་པའི་རྩལ་རྫོགས་ནས། །བདེ་ཆེན་ཐིག་ལེར་འཕོ་བཅས་མཚན་མ་ཐིམ། །གསང་བའི་བདག་དེ་ཀུན་གྱིས་འགྲུབ་གྱུར་ཅིག །ཅེས་པའང་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བགྱིས་པ་དགེ་ལེགས་འཕེལ།། །།
Footnotes
Other Information
- RTZ Volume 34
- 'jam mgon kong sprul
- Rin chen gter mdzod
- Rin chen gter mdzod Shechen Edition
- Gsang bdag phyag rdor gtum po drag sngags
- Bya btang sku mchog ngag gi rdo rje
- Tibetan Texts
- Tibetan Publications
- Phyag na rdo rje
- Longevity Rituals - tshe sgrub
- Revelations - gter ma
- Empowerment Rituals - dbang cho ga
- Mahayoga