Terdzo-NYA-027

From Rinchen Terdzö
Revision as of 10:25, 29 December 2017 by Jeremi (talk | contribs) (Text replacement - "= Tibetan Text = " to "<h1 style="font-size: 24px !important;">Tibetan Text</h1> ")
(diff) ← Older revision | Latest revision (diff) | Newer revision → (diff)

དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས། ཡང་གསང་བླ་མེད་པདྨ་འོད་འབར་གྱི་དབང་བསྐུར་བྱིན་རླབས་སྤྲིན་འཕྲོ་མཚམས་སྦྱོར་གྱིས་བརྒྱན་པ་བཞུགས་སོ་

dam chos sprul sku snying thig las/_yang gsang bla med pad+ma 'od 'bar gyi dbang bskur byin rlabs sprin 'phro mtshams sbyor gyis brgyan pa bzhugs so

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  བདུད་འདུལ་རྡོ་རྗེ་ (Dudul Dorje)
in cycle  དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ (Dam chos sprul sku snying thig)
Volume 8 (ཉ) / Pages 739-754 / Folios 1a1 to 8b6

Last Text in Volume
[edit]

༄༅། །དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས། ཡང་གསང་བླ་མེད་པདྨ་འོད་འབར་གྱི་དབང་བསྐུར་བྱིན་རླབས་སྤྲིན་འཕྲོ་མཚམས་སྦྱོར་གྱིས་བརྒྱན་པ་བཞུགས་སོ། ། ན་མོ་གུ་རུ་པདྨ་བྷཱ་ས་ཛྭ་ལཱ་ཡ། འདས་པའི་སངས་རྒྱས་ཀུན་གྱི་སྲས། །ད་ལྟར་བཞུགས་པའི་གདུང་འཚོབ་མཆོག །མ་བྱོན་རྒྱལ་ཀུན་སྐྱེད་པའི་ཡབ། །པདྨ་འོད་འབར་ཞབས་ལ་འདུད། །ཟབ་འདྲིལ་བྱིན་རླབས་གཟི་བརྗིད་ཅན། །ཡིག་མེད་ཨུ་པ་དེ་ཤ་ལས། །ཡང་གསང་བླ་མའི་བྱིན་རླབས་ནི། །མཚམས་སྦྱོར་ལང་ཚོས་སྤྲས་ཏེ་འགོད། །ཆོས་རྒྱལ་བདུད་འདུལ་གླིང་པའི་ཟབ་གཏེར་སྙན་བརྒྱུད་པདྨ་འོད་འབར་གྱི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བར་འདོད་པས། སྦྱོར་བ་གུ་རུའི་རྟེན་བཀྲམ་པའི་སྤྱན་སྔར་གྲུབ་ན་སྟེགས་བུ་གཞུང་མཐུན་ལ་རྡུལ་ཚོན་དཀྱིལ་འཁོར་པདྨ་འདབ་བཞིའི་ལྟེ་བར་རྡོ་རྗེ་ཐོད་པ། མཐའ་སྐོར་འཇའ་འོད་སྣ་ལྔ་པད་རྡོར་མེ་རིས་བསྐོར་བ། མ་འགྲུབ་ན་མཎྜལ་ལ་སིནྡྷུ་རས་ཆག་ཆག་གདབ་པར་འབྲུ་དཀར་གྱི་ཚོམ་བུ་གཅིག་བཀོད་པའི་སྟེང་མཉྫི་ལ་རིན་པོ་ཆེའི་བུམ་པ་ཆས་སུ་བཅུག་པ་བཅུད་ལྡན་བཀོད། སྒྲུབ་པའི་སྐུ་འབག་ཚད་ལྡན་བྲིས་པ་ཡོད་ན་དེའི་ཁར་བཞུགས་སུ་གསོལ་ཞིང་མེད་ཀྱང་མི་ལྟོ། གཡས་སུ་བླ་མའི་གཏོར་ཆེན་ནོར་བུ་འབར་བ་རྒྱན་ལྡན། གཡོན་དུ་བནྡྷ་ཆོས་སྨན་ཆང་སྦྱར་གྱིས་བཀང་བ། རྒྱབ་ཏུ་སྒྲུབ་སྐོར་གླེགས་བམ། ཁ་ཊྭཱཾ། ཤེལ་རྡོ་བནྡྷར་བཞག་པ། སྲུང་མའི་དམར་གཏོར་མཐེབ་ཀྱུས་བསྐོར་བ་རྒྱན་ལྡན་རྣམས་དང་། མདུན་དུ་སྨན་རཀ་གཏོར་གསུམ། ཕྱི་མཆོད། གཞན་ཡང་ཚོགས་གཏོར། ལས་བུམ་སོགས་མཁོ་བའི་ཡོ་བྱད་ཐམས་ཅད་ལེགས་པར་བསྟར་རོ། །དངོས་གཞིའི་ཐོག་མར་བརྒྱུད་འདེབས་དང་། ལས་བྱང་གི་སྐྱབས་སེམས་ནས་བརྩམ་བཟླས་པའི་བར་བདག་མདུན་དབྱེར་མེད་དུ་བསྒྲུབ། བཟླས་པའི་སྐབས་རྣལ་འབྱོར་པ་རྟོགས་དགོངས་དམན་ན་དབང་དོན་དུ་འཛབ་དཀྱིལ་མདུན་རྟེན་གྱི་གོ་སར་དབྱེ། གང་ལྟར་ཟུར་གསལ་ཛཔ྄་བསྐུལ་སྦྱར་ལ། བསྙེན་སྒྲུབ་ལས་གསུམ་ཧཱུྃ་དང་ཚེ་འཛབ་ཀྱི་བར་དུ་བཟླ །ལས་བུམ་ནང་དུ་པད་ཉིའི་གདན་ལ་སྐད་ཅིག་གིས་རྡོ་རྗེ་རྣམ་པར་འཇོམས་པ་གསལ་བའི་སྐུ་ལས་དག་བྱེད་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་མོས་ལ་རྣམ་འཇོམས་གཟུངས་ཐུང་ཅི་འགྲུབ་བཟླ །ལེགས་གྲུབ་རྡོ་རྗེའི་ལམ་ཁྱེར་ལས་ཀྱི་བྱང་བུ་སོགས་བཀའ་སྲུང་གཏོར་འབུལ་རྒྱས་བསྡུས་ཅི་འགྲུབ་བྱ། ཚོགས་བྱིན་བརླབས་ནས་ཕུད་འབུལ། སྤྲོ་ན་རྩ་གསུམ་སྤྱི་སྐོང་བཏང་ལ། རིག་པའི་མེ་ཏོག་དོར་བའམ་ཏིང་ངེ་འཛིན་གྱི་དབང་བསྐུར་བླང་ངོ་། །དེ་ནས་སློབ་མ་རྣམས་འཚོགས་ལ་ཁྲུས་བྱ། བགེགས་གཏོར་རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ་གྱིས་བརླབ། སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་དགུག །སརྦ་བིགྷྣཱན་ན་མཿསརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་མཐར། ལས་བྱང་ལྟར། ཧཱུྃ་ཧྲཱི༔ ང་ནི་ཡེ་ནས་སོགས་ཀྱིས་བཀའ་བསྒོ་ཞིང་དྲག་སྔགས་རོལ་མོས་བགེགས་བསྐྲད། ཧཱུྃ་ཧྲཱི༔ སྐྱེ་འཆི་འཇིགས་བྲལ་སོགས་ཀྱིས་མཚམས་བཅད་ལ་སྲུང་བའི་འཁོར་ལོ་བསྒོམ། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། དེ་ལ་སྟོན་པ་བདེ་བར་གཤེགས་པའི་བསྟན་པ་ཐམས་ཅད་ཀྱི་མཆོག་རབ་རྩེ་མོར་སོན་ཅིང་དོན་གྱི་ཉིང་ཁུར་གྱུར་པ་ནི་གསང་སྔགས་རྡོ་རྗེ་ཐེག་པ་ཡིན་ལ། དེའི་ཡང་ཟབ་གསང་ཉེ་ལམ་མཐར་ཐུག་པ་ནི་མཆོག་གི་རྡོ་རྗེ་ཅན་དཔལ་ལྡན་བླ་མ་སྒྲུབ་པའི་ལམ་ཟབ་ཁོ་ནར་ངེས་ལ། དེའི་ཚུལ་གསང་སྔགས་ཕྱི་འགྱུར་བ་རྣམས་ལ་བླ་མ་མཆོད་པའི་ཆོ་ག་གྲུབ་མཐའ་སོ་སོའི་ལུགས་སྲོལ་ཐ་དད་པ་རྣམས་དང་། རྒྱུད་སྡེ་ལ་བརྟེན་པའི་ཆོ་ག་རྣམས་ཀྱང་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་དུ་བལྟ་དགོས་པས་དོན་ལ་བླ་མ་སྒྲུབ་པའི་ཐབས་ཁོ་ན་ཡིན་ཡང་། དེ་དག་ཐམས་ཅད་ལས་ཟབ་ཅིང་ཁྱད་པར་དུ་འཕགས་པ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས། སྐུ་གསུམ་ཞིང་ཁམས་རྣམས་ཀྱི་མངའ་བདག །རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག །གསང་སྔགས་རྡོ་རྗེ་ཐེག་པའི་སྟོན་མཆོག །གསུང་རྡོ་རྗེ་བདེ་བ་ཆེན་པོ་ཨོ་རྒྱན་གྱི་སློབ་དཔོན་པདྨཱ་ཀ་ར་ཉིད་རྩ་གསུམ་ཀུན་འདུས་སུ་བསྙེན་ཅིང་སྒྲུབ་པའི་ཚུལ་ངོ་མཚར་རྨད་དུ་བྱུང་བ་མཐའ་ཡས་པ་ཞིག་བོད་ཡུལ་ལས་ཅན་རྗེ་འབངས་སོ་སོའི་སྐལ་པ་དང་འཚམ་པར་བསྩལ་ནས་མ་འོངས་གདུལ་བྱའི་དོན་དུ་གཏེར་ཁ་དུ་མར་རྒྱས་བཏབ་པ། མངའ་བདག་ཉང་རིན་པོ་ཆེ་དང་གུ་རུ་ཆོས་ཀྱི་དབང་ཕྱུག་གཉིས་ཀྱིས་ཤིང་རྟའི་སྲོལ་ཆེན་པོ་ཕྱེས་པ་ནས་བརྩམས་ད་ལྟའི་བར་དུ་བརྒྱུད་མར་བྱོན་པའི་གཏེར་སྟོན་རྣམས་ཀྱིས་རིམ་པར་སྤྱན་དྲངས་ཏེ་འབྲེལ་ཚད་ཀུན་བཟང་པདྨ་འབྱུང་གནས་ཀྱི་གདུལ་བྱར་སྨིན་པར་མཛད་པའི་ནང་ཚན། སྐབས་སུ་བབས་པ་འདི་ནི། རྡོ་རྗེ་གླིང་པའི་གཏེར་ལུང་ལས། སློབ་དཔོན་ཧཱུྃ་ཆེན་ཀཱ་ར་ཉིད༔ ཁམས་ཀྱི་ཕྱོགས་ནས་བདུད་འདུལ་རྡོ་རྗེ་འབྱུང༔ མངོན་སྤྱོད་དྲག་པོས་ཞིང་བཅུའི་གདུག་པ་འདུལ༔ ཞེས་དང་། གྲུ་གུ་ཡང་དབང་ལུང་བྱང་ལས། དུས་ངན་ཐ་མ་བསྟན་པ་མར་འགྲིབ་དུས༔ བོད་ཁམས་བདེ་བ་མཐའ་མིའི་དཔུང་གིས་བཅོམ༔ རི་ལྕོག་རེ་ལ་སྔར་མེད་བཙན་རྫོང་བརྩིགས༔ དེ་ཚེ་སངས་རྒྱས་ནུས་ལྡན་རྡོ་རྗེ་ནི༔ ཤར་གྱི་ཕྱོགས་ནས་བདུད་འདུལ་རྡོ་རྗེ་ཞེས༔ བོད་ཡུལ་བདེ་བའི་བྱ་ལས་སྣ་ཚོགས་སྒྲུབ༔ ཅེས་སོགས་གཏེར་ཁ་གསར་རྙིང་དུ་མ་ནས་ལུང་བསྟན་བསྔགས་པའི་གླིང་བུ་མགྲིན་གཅིག་ཏུ་བསྒྱུར་ཅིང་རྟོགས་དགོངས་བརྟུལ་ཞུགས་ཀྱི་ནུས་རྩལ་ཧཱུྃ་ཆེན་ཀཱ་ར་དངོས་དང་ཐ་མི་དད་པའི་རྣམ་ཐར་གདུལ་བྱ་ཐུན་མོང་བའི་སྣང་ངོར་བསྟན་པར་མཛད་པ། འབྲོག་བན་ཁྱེའུ་ཆུང་ལོ་ཙཱའི་སྐྱེ་མཐའ། སྙན་བརྒྱུད་བཅུ་གསུམ་གྱི་མཛོད་ཁང་། གནས་གཏེར་བརྒྱ་རྩའི་ལྡེའུ་མིག །མྱང་གྲོལ་སྟོང་རྩའི་བཀའ་བབས་འཛིན་པ་གཏེར་ཆེན་བདུད་འདུལ་གླིང་པའམ། ཁྲག་འཐུང་བདུད་འདུལ་ནུས་ལྡན་རྡོ་རྗེ་རྩལ་གྱིས་མདོ་ཁམས་ཚ་བ་སྒྲོ་བྲག་བན་རི་པདྨ་འོད་ཀྱི་མགུལ་ནས་སྤྱན་དྲངས་པའི་ཐེག་དགུའི་ཡང་བཅུད་དམ་ཆོས་སྤྲུལ་སྐུ་སྙིང་ཐིག་གི་ཐེམས་མེད་སྙན་བརྒྱུད་ཡང་གསང་པདྨ་འོད་འབར་གྱི་དབང་བསྐུར་སྒྲུབ་པར་བྱེད་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་བྱིན་རླབས་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་བརྗོད་ལ་མཎྜལ་འབུལ་གཞུག །དེ་ནས་གསོལ་བ་གདབ་པ་ལ་དམིགས་པ་འདི་བཞིན་དུ་མཛོད། རང་རེ་རྣམས་ཀྱི་གནས་འདི་ནི་ཐ་མལ་པ་མ་ཡིན་པ་དག་པའི་ཞིང་ཁམས་འོག་མིན་པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོ་དང་། སློབ་དཔོན་སངས་རྒྱས་ཀུན་འདུས་ཀྱི་སྤྱི་དཔལ་མ་ཧཱ་གུ་རུ་པདྨ་འོད་འབར་དངོས་སུ་གསལ་བ་ལ་མི་ཕྱེད་དད་པའི་གདུང་ཤུགས་ཆེན་པོས་གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད། ཀྱེ་ཧོ༔ པདྨ་འོད་འབར་བླ་མ་ནི༔ རིགས་རྣམས་ཀུན་བདག་ཆེ་བའི་མཆོག༔ ཀུན་བཟང་བླ་མས་རྗེས་ཟུངས་ལ༔ དབང་གིས་སྨིན་གྲོལ་དངོས་གྲུབ་སྩོལ༔ ལན་གསུམ། ཨེ་མ་སྐལ་ལྡན་བུ་ཁྱོད་སུ་ཡིན་ཅི་ཞིག་བྱ༔ ཡང་གསང་བླ་མེད་དཀྱིལ་འཁོར་དུ༔ འཇུག་པའི་སྐལ་ལྡན་རེ་འགའ་ཙམ༔ རྩ་གསུམ་དམ་ཚིག་བསྲུང་ནུས་སམ༔ ཞེས་དྲིས་པའི་ལན་གསོལ་བ་འདིའི་རྗེས་ཟློས། བདག་ནི་རིགས་ཀྱི་བུ་གཅིག་པོ༔ སྔོན་སྦྱངས་ལས་འཕྲོ་ཅན་ཡིན་ནོ༔ རྩ་གསུམ་དམ་ཚིག་བདག་གིས་བསྲུང༔ ཐུགས་རྗེས་དགོངས་ལ་དབང་བསྐུར་ཞུ༔ ལུས་དང་སྲོག་ལ་བབས་གྱུར་ཀྱང༔ དམ་ཚིག་རྣམས་ལས་འདའ་རེ་ཀན༔ ཐུགས་རྗེས་བརྩེར་དགོངས་དབང་བསྐུར་ཞུ༔ དེ་ལྟར་གསོལ་བ་ལ་དགྱེས་ཏེ་ཐུགས་མཁྱེན་བརྩེ་ཡེ་ཤེས་ཆེན་པོའི་སྒོ་ཕྱེས་ཏེ་བཀའི་གནང་བ་སྦྱིན་ཞིང་དམ་ཚིག་ལ་བཞག་པར་བྱ་བ་ཡིན་ཏེ། དེ་ལྟར་ཡིན་ན་ཧེ་རུ་ཀའི༔ དལ་དུ་གཞུག་སྟེ་སྨིན་པར་བྱ༔ བླ་མེད་ཡང་གསང་བྱིན་རླབས་འདི༔ སྒྲུབ་ཁང་འདི་ཡི་ཕྱི་རོལ་དུ༔ དམ་མེད་གཞན་ལ་སྨྲ་མི་རུང༔ དེ་ཕྱིར་སྙིང་ལ་ཕུར་ཅིག་ས་མ་ཡ༔ རྡོ་རྗེ་སྤྱི་བོར་བཞག །ལས་བུམ་གྱི་ཆུ་སྦྱིན་ལ། ཨུ་ད་ཀ་ན་ར་ཀན་ཋ་ཋ༔ ཞེས་དམ་ཆུ་བླུད་ཅིང་བརྟན་པར་བྱ། དེ་ནས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པའི་སླད་དུ། ཁྱེད་རང་རྣམས་ཀྱི་མདུན་གྱི་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གུ་རུ་པདྨ་འོད་འབར་དབྱེར་མེད་པ་ལ་འཁོར་བརྒྱུད་པའི་བླ་མ་ཡི་དམ་ཞི་ཁྲོ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་མངོན་སུམ་དུ་བཞུགས་པ་ལ་་་་་་་་་བདག་གཞན་འགྲོ་བ་མཐའ་དག་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ན་མོ༔ རྗེ་བཙུན་བླ་མ་སོགས་ལས་བྱང་ལྟར་ལན་གསུམ། ནམ་མཁའི་མཐའ་ཀླས་པའི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ཏེ་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཆེད་དུ་ཡང་ཟབ་བླ་མའི་དཀྱིལ་འཁོར་དུ་འཇུག་ཅིང་བསྒྲུབ་པར་བྱ་སྙམ་པས་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཀྱེ་མ༔ ཁམས་གསུམ་རིགས་དྲུག་སོགས་ལན་གསུམ་བརྗོད། ཡེ་ཤེས་པ་དབབ་པ་ལ་ཁྱེད་རང་རྣམས་ལུས་དྲང་པོར་བསྲང་། སེམས་གཞན་དུ་མ་ཡེངས་པར་འདི་བཞིན་དུ་སྒོམས་ཤིག །ལས་བུམ་ཆུས་བསངས་ལ། ཧཱུྃ་ཧྲཱི༔ འཁོར་འདས་སྣང་སྲིད་སོགས་ལས་བྱང་ལྟར་ལ། མ་ཧཱ་གུ་རུའི་སྐུ་ཡི་ངོ་བོར་གསལ༔ དེ་ལྟར་དུ་གསལ་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། སློབ་དཔོན་དང་པདྨ་འོད་འབར་དབྱེར་མ་མཆིས་པའི་ཐུགས་ཀའི་འོད་ཟེར་གྱིས་ནམ་མཁའི་ཁམས་ཁེངས། དུས་གསུམ་གྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་མ་ལུས་ཤིང་ལུས་པ་མེད་པར་སྤྱན་དྲངས། དེ་ཐམས་ཅད་གུ་རུ་པདྨའི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པ་འོད་ཟེར་དང་བཅས་ཞིང་སྟེང་འོག་བར་གསུམ་ཐེམ་མེ་ནེམ་མེར་ཏིལ་གྱི་གོང་བུ་ལྟར་གང་ཞིང་ཉི་ཟེར་གྱི་རྡུལ་འཁྲིགས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པའི་མོས་འདུན་དྲག་པོ་མཛོད་ཅིག །ཌཱ་དྲིལ་སྤོས་དབྱངས་དང་བཅས་ལས་གཞུང་གི་ཚིག་བདུན་གསོལ་འདེབས་ཁ་རྐྱང་ངམ། སྤྲོ་ན་སྤྱན་འདྲེན་ཚང་བ་དང་། ཐོད་ཕྲེང་རྩལ་གྱི་སྔགས་ཤམ་དུ། ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་བརྗོད་ལ་བྱིན་དབབ། མཐར། ཡེ་ཤེས་པ་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ། རྡོ་རྗེ་རྒྱ་གྲམ་སྤྱི་བོར་བཞག་གོ །དེ་ནས་དབང་གི་དངོས་གཞི་ཞུ་བར་སྐབས་ཕྱེད་པའི་ཕྱིར་དུ་མཎྜལ་འབུལ་དུ་གཞུག་ལ། དབང་བསྐུར་དངོས་ལ་རྣམ་གྲངས་བརྒྱད་དུ་བཞུགས་པའི་དང་པོ་བུམ་པའི་དབང་གི་སླད་དུ་མོས་པ་འདི་བཞིན་དུ་མཛོད། དུས་གསུམ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ། རིག་འཛིན་ཆེན་པོ་པདྨ་འོད་འབར་དེ་ཉིད་བྱིན་རླབས་ཀློང་དཀྱིལ་འཇའ་ཟེར་དང་འོད་དཔུང་འཁྲིགས་པའི་དབུས་སུ་བཞུགས་པའི། སྨིན་མཚམས་ནས་འོད་ཟེར་དཀར་པོའི་རྣམ་པ་སྐར་མདའ་ཆད་པ་ལྟ་བུར་འཕྲོས། དད་ལྡན་བུའི་སྤྱི་བོར་ཐིམ་པས་ལུས་སྣང་སྟོང་པདྨ་འབྱུང་གནས་ཀྱི་སྐུ་དང་དབྱེར་མེད་དུ་གྱུར་པའི་མོས་པ་བྱེད་པ་རྩ་བ་དང་། དེ་མཚོན་བྱེད་དུ་རྫས་ཀྱི་རྣམ་པ་བུམ་པ་འདི་ཡང་ཕྱི་བུམ་པ་མཚན་ཉིད་ཀུན་ཚང་། ནང་དཀོན་མཆོག་རྩ་གསུམ་ཀུན་འདུས་གུ་རུ་རྒྱལ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ཡེ་ཤེས་བདུད་རྩིའི་རང་བཞིན་དུ་གྱུར་པས་ཁྱེད་རང་རྣམས་ཀྱི་དྲི་མ་འཁྲུད་ཅིང་དབང་བསྐུར་ཐོབ་པའི་འདུན་པ་མཛོད་ཅིག །དེ་ནས་བརྡ་སྤྲད་ལ་བུམ་པ་ཐོགས་ཏེ། ཧཱུྃ་ཧྲཱི༔ བུམ་པ་སྟོང་གསལ་ཆོས་སྐུ་འཛིན་མེད་ངང༔ འགག་མེད་ཀུན་བཟང་འོད་འབར་ཚོམ་བུར་གསལ༔ རང་གསལ་རིགས་འདུས་འོད་གསལ་ཐོད་ཕྲེང་རྩལ༔ འཇའ་འོད་ཀློང་ནས་མཚན་དང་དཔེ་བྱད་འབར༔ དད་ལྡན་རིགས་ཀྱི་བུ་ཁྱོད་ལ༔ པདྨ་འོད་འབར་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས་དང་། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བུམ་པས་དབང་བསྐུར་ལ་བུམ་ཆུ་སྦྱིན། དེ་ལྟར་བུམ་པའི་དབང་ཐོབ་ལུས་ཀྱི་སྒྲིབ་པ་དག །ས་བརྒྱད་པ་མི་གཡོ་བ་ནོན། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་གྱུར། ལམ་དུས་སུ་ལུས་ཡི་དམ་ལྷའི་སྐུ་ཆུ་ཟླ་འཇའ་ཚོན་ལྟ་བུ་བསྒོམ་པ་ལ་དབང་བ་ཡིན་ནོ། །གཉིས་པ་གསང་དབང་གི་སླད་དུ། དུས་གསུམ་སངས་རྒྱས་སོགས་གོང་ལྟར་ལས། བཞུགས་པའི་མགྲིན་པ་ནས་འོད་ཟེར་ཨཱཿདམར་པོའི་རྣམ་པ་མར་མེའི་རྩེ་མོ་ལྟ་བུ་བྱུང་། དད་ལྡན་བུའི་མགྲིན་པར་ཐིམ་པས་ངག་གྲགས་སྟོང་གུ་རུ་པདྨའི་གསུང་དང་དབྱེར་མེད་དུ་གྱུར་པའི་མོས་པ་བྱེད་པ་རྩ་བ་དང་། མཚོན་བྱེད་དུ་རྫས་ཀྱི་རྣམ་པ་ཐོད་པའི་བདུད་རྩི་འདི་ཡང་བླ་མ་དཀྱིལ་འཁོར་གྱི་གཙོ་བོ་པདྨ་འབྱུང་གནས་ཀྱི་ཁ་ཊྭཱཾ་ག་ཡུམ་ཡེ་ཤེས་མཁའ་འགྲོ་མར་གྱུར་པ་དང་སྙོམས་པར་ཞུགས་པའི་བདེ་བའི་སྒྲ་དང་འོད་ཟེར་གྱིས་རྒྱལ་བ་སྲས་དང་བཅས་པ་སྤྱན་དྲངས། ཞལ་དུ་ཞུགས་སྐུའི་རྩ་གནས་རྣམས་བརྒྱུད། རྗེས་སུ་ཆགས་པའི་མེས་ཞུ་དཀར་དམར་བྱང་སེམས་བདུད་རྩིའི་རང་བཞིན་དུ་མཁའ་གསང་ལས་བབས། ཐོད་པའི་བདུད་རྩི་དང་རོ་གཅིག་པ་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་པ་དེ་ལྕེ་ཐོག་ཏུ་མྱོང་བས་དབང་བསྐུར་ཐོབ་པའི་འདུན་པ་མཛོད་ཅིག །བྱས་ལ་ཐོད་པའི་བདུད་རྩི་ཐོགས་ཏེ། ཧཱུྃ་ཧྲཱི༔ རང་རིག་རང་གསལ་སྐྱེ་མེད་ཀ་པཱ་ལར༔ རང་རིག་འགག་མེད་བདུད་རྩིའི་བཅུད་དུ་འཁྱིལ༔ རྒྱུ་དྲུག་རྩད་གཅོད་སྟོང་སྦྱར་ཨ་མྲྀཏ༔ དད་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ངག་ལ་གསུང་དབྱངས་བདུད་རྩིའི་དབང་བསྐུར་བས༔ པདྨ་འོད་འབར་གསུང་གི་དབང་ཐོབ་ཤོག༔ རྩ་སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བདུད་རྩི་བྱིན་པ་མྱང་། དེ་ལྟར་གསང་བའི་དབང་ཐོབ། ངག་གི་སྒྲིབ་པ་དག །ས་དགུ་པ་ལེགས་པའི་བློ་གྲོས་ནོན། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་གྱུར། ལམ་དུས་སུ་ལྷའི་སྙིང་པོ་གྲགས་སྟོང་རྡོ་རྗེའི་བཟླས་པ་བྱ་བ་ལ་དབང་བ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ལ། དུས་གསུམ་སངས་རྒྱས་ནས། བཞུགས་པའི་ཐུགས་ཀ་ནས་འོད་ཟེར་ཧཱུྃ་སྔོན་པོའི་རྣམ་པ་སྤོས་རེང་གི་དུ་བ་ལྟ་བུ་བྱུང་། དད་ལྡན་བུ་ཡི་སྙིང་གར་ཐིམ་པས་ཡིད་གསལ་སྟོང་པདྨ་འབྱུང་གནས་ཀྱི་ཐུགས་དང་དབྱེར་མེད་དུ་གྱུར་པའི་མོས་པ་རྩ་བ་དང་། མཚོན་བྱེད་ཁ་ཊྭཱཾ་ག་འདི་ཡང་ཡེ་ཤེས་ཀྱི་མཁའ་འགྲོ་མར་ཤེས་ནས་འདོད་ཆགས་ཆེན་པོ་བཞི་ཡོངས་སུ་བསྐྱེད་དེ། ཡས་བརྟན་དང་མས་བརྟན་གྱི་དགའ་བ་བཞི་ཉམས་སུ་བླང་བར་བྱེད་པའི་དབང་བསྐུར་ཐོབ་པའི་མོས་པ་མཛོད་ཅིག །ཅེས་བརྡ་སྤྲད་ནས་ཁ་ཊྭཱཾ་ག་ཐོགས་ལ། ཧཱུྃ་ཧྲཱི༔ ཆོས་ཉིད་མ་རྟོགས་ལོག་རྟོག་དུག་གསུམ་པོ༔ རང་རིག་རང་རྟོགས་སྐུ་གསུམ་ལྷུན་གྲུབ་འདི༔ དད་ལྡན་རིགས་ཀྱི་བུ་ཁྱོད་ལ༔ པདྨ་འོད་འབར་ཐུགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་ཤམ་དུ། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ཁ་ཊྭཱཾ་ག་མཆན་ཁུང་གཡོན་པར་གཏད། དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག །ས་བཅུ་པ་ཆོས་ཀྱི་སྤྲིན་ནོན། འབྲས་བུ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་གྱུར། ལམ་དུས་སུ་རྫོགས་རིམ་ཀ་དག་ཁྲེགས་ཆོད་ཀྱི་དོན་བསྒོམ་པ་ལ་དབང་བ་ཡིན་ནོ། །བཞི་པ་ཡེ་ཤེས་ཆེན་པོའི་དབང་ལ། དུས་གསུམ་སངས་རྒྱས་སོགས་ནས། བཞུགས་པའི་གནས་ལྔ་ནས་འོད་ཟེར་ཆུ་ལ་འཇའ་ཚོན་ཤར་བ་ལྟ་བུ་བྱུང་། ཁྱེད་རང་གི་གནས་དེ་དག་ཏུ་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་རྫོགས་ཀྱི་དབང་ཐོབ་པར་མོས་པ་རྩ་བ་དང་། མཚོན་བྱེད་རྫས་ཀྱི་རྣམ་པ་ཤེལ་རྡོ་འདི་ཡི་བརྡ་ལ་བརྟེན་ནས་ངོ་སྤྲད་པས་བརྡ་དོན་ཐབས་ཤེས་ཟུང་འཇུག་གཉིས་མེད་ཡེ་ཤེས་ཚིག་ལས་འདས་པ་ཆོས་ཀྱི་སྐུ་རུ་ངོ་ཤེས་པར་བྱེད་པ་དབང་བཞི་རྩལ་རྫོགས་སུ་ཐོབ་པར་བྱས་བྱུང་སྙམ་པའི་མོས་འདུན་མཛོད་ཅིག །ཞེས་བརྡ་སྤྲད་ཤེལ་རྡོ་དང་བནྡྷ་གཏད་ལ། ཧཱུྃ་ཧྲཱི༔ རང་རིག་སྟོང་གསལ་སྐྱེ་འགག་སྤྲོས་མཐའ་བྲལ༔ ཡེ་གྲོལ་རང་མདངས་སེམས་ཉིད་གཉུག་མའི་དོན༔ རང་རིག་གསལ་སྟོང་སྤང་བླང་ཀུན་བྲལ་བ༔ དད་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དབྱེར་མེད་རྣམ་དག་བདེ་ཆེན་དབང་ཐོབ་ཤོག༔ རྩ་སྔགས་ཤམ་དུ། སརྦ་དྷརྨ་ཨ་བྷི་ཥིཉྩ་ཧོ༔ དེ་ལྟར་དབང་བཞི་པ་བསྐུར་བས་སྒོ་གསུམ་གྱི་སྒྲིབ་པ་དག །ཐོབ་བྱ་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་དང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། ལམ་དུས་སུ་ཨ་ཏི་ཡང་གསང་རྡོ་རྗེ་སྙིང་པོ་ཐོད་རྒལ་ལྷུན་གྲུབ་ཀྱི་སྣང་བ་བསྒོམ་པ་ལ་དབང་བ་ཡིན་ནོ། །དེ་དག་གིས་རྡོ་རྗེ་སློབ་མའི་དབང་གྲུབ་ནས། ལྔ་པ་མཐའ་རྟེན་དུ་རྡོ་རྗེ་སློབ་དཔོན་བདག་པོའི་དབང་པུསྟི་ལུང་སྦྱིན་བྱ་བ་ཡིན་ཏེ། གླེགས་བམ་མི་དམིགས་པ་སྟོང་པའི་ངང་ལས་པདྨ་འདབ་མ་འབུམ་ལྡན་གྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་ཨཱ་ལི་བཅུ་དྲུག་གིས་མཚན་པ། དེའི་འོག་ཏུ་ཉི་མའི་དཀྱིལ་འཁོར་ལ་ཀཱ་ལི་སོ་བཞིས་མཚན་པ་སྟེ་ཉི་ཟླའི་གའུ་ཁ་སྦྱོར། དེའི་དབུས་སུ་ཧཱུྃ་དཀར་པོ་ལ་ཡང་སྙིང་བཛྲ་གུ་རུས་བསྐོར་བ་དེ་དག་ལས་འོད་ཟེར་འཕྲོས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་དོན་ཐམས་ཅད་བཛྲ་གུ་རུ་དང་ཨཱ་ལི་ཀཱ་ལིའི་རྣམ་པར་སྤྱན་དྲངས་ཐིམ་པར་གྱུར། བཛྲ་གུ་རུ། དབྱངས་དང་གསལ་བྱེད་ཡིག་བརྒྱ་རྟེན་འབྲེལ་སྙིང་པོ་བརྗོད་དེ། མེ་ཏོག་གཏོར་ནས། ཉི་ཟླ་ཨཀྵ་བཛྲ་གུ་རུ་རྣམས་འོད་དུ་ཞུ་གླེགས་བམ་དུ་གྱུར། དེ་ནས་གླེགས་བམ་ཐོགས་ལ། ཧཱུྃ་ཧྲཱི༔ དུས་གསུམ་སངས་རྒྱས་ཀུན་དངོས་འོད་འབར་ཐོད་ཕྲེང་རྩལ༔ ཟབ་གཏེར་བླ་སྒྲུབ་ཡིད་བཞིན་ནོར་བུ་འདི༔ སྐལ་ལྡན་རྣམས་ལ་སྒྲུབ་བཤད་བསྟན་ནས་ཀྱང༔ མ་འོངས་དད་ལྡན་འགྲོ་ཀུན་རང་གྲོལ་ཤོག༔ ཅེས་སྙིང་པོ་རྣམས་དང་ཨཱ་ལི་ཀཱ་ལི་ཡིག་བརྒྱ་རྟེན་འབྲེལ་སྙིང་པོ་བརྗོད་ཅིང་། གནས་གསུམ་དབང་བསྐུར་ནས་ལག་པར་གཏད། དབུགས་དབྱུང་བ་གཟེངས་བསྟོད་པ་དང་། དུང་འབུད་པ་དང་། དར་ཕྱར་བ་སོགས་དངོས་སམ་ཡིད་ཀྱི་སྒོ་ནས་སློབ་མའི་ངོ་སྐལ་དང་འཚམ་པར་བསྒྲུབ་པར་བྱའོ། །དྲུག་པ་ཡོངས་རྫོགས་གཏོར་མ་ལ་བརྟེན་པའི་བྱིན་རླབས་བྱ་བའི་སླད་དུ། གཏོར་མ་འདི་ཉིད་དུས་གསུམ་སངས་རྒྱས་སོགས། བཞུགས་པའི་སྐུ་གསུང་ཐུགས་ལས་བྱིན་རླབས་དངོས་གྲུབ་ཐམས་ཅད་འཇའ་ཟེར་ཐིག་ལེ་བདུད་རྩིའི་རྣམ་པར་བྱོན་ཏེ་ཁྱེད་རང་རྣམས་ལ་ཐིམ་པས། རྡོ་རྗེ་བཞིའི་དབང་དང་དངོས་གྲུབ་བྱིན་རླབས་མ་ལུས་པ་སྟན་ཐོག་གཅིག་ཏུ་ཐོབ་པའི་མོས་པ་མཛོད་ལ་དད་གུས་རྩེ་གཅིག་ཏུ་སྐྱེད་ཅིག །ཧཱུྃ་ཧྲཱི༔ འགྲོ་ཀུན་འདུལ་མཛད་འོད་འབར་ཐོད་ཕྲེང་རྩལ༔ ཨོ་རྒྱན་ཡུལ་བྱོན་འགྲོ་ཀུན་ལམ་སྣ་འདྲེན༔ རྒྱ་གར་ཡུལ་བྱོན་ཐོས་བསམ་སྒྲོན་མེ་སྦར༔ བོད་ཁམས་ཡུལ་བྱོན་གདུག་པ་མ་ལུས་འདུལ༔ སྐུ་ཚབ་ལུང་བསྟན་གསུང་ཚབ་གཏེར་དུ་སྦས༔ སྨིན་གྲོལ་དབང་དང་གདམས་པ་མ་ལུས་ཀུན༔ སྐལ་ལྡན་བུ་མཆོག་འདི་ལ་བསྩལ་དུ་གསོལ༔ རྩ་སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ བདུན་པ་རིག་པ་རྩལ་གྱི་དབང་བསྐུར་ཏེ་ཀུན་བཟང་དགོངས་པ་ངོ་སྤྲད་པ་ནི། གཏོར་མའི་ལྷ་མོས་གུས་ཀྱི་སྟོབས་ཀྱིས་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་གུ་རུའི་ཐུགས་དང་ཁྱེད་རང་རྣམས་ཀྱི་སེམས་དབྱེར་མེད་རོ་མཉམ་ཆུ་ལ་ཆུ་བཞག་པ་ལྟར་སོང་བར་མོས་ལ། རེ་དོགས་དགག་སྒྲུབ་བཟོ་བཅོས་དང་བྲལ་བའི་ངང་དུ་ལྷོད་ཀྱིས་ཀློད་ལ་བཞི་ཆ་གསུམ་བྲལ་བློ་འདས་ཕྱོགས་ཡན་རང་སྣང་རིས་མེད་ཆེན་པོའི་དོན་ངོ་ཤེས་པར་གྱིས་ལ་རང་བབས་སུ་མཉམ་པར་འཇོག་པར་ཞུ། ཧཱུྃ་ཧྲཱི༔ སྐྱེ་མེད་སྣ་ཚོགས་གཟུགས་ཅན་འདི༔ འཁྲུལ་མེད་རང་བྱུང་ལྷུན་གྲུབ་ལ༔ མ་བཅོས་མ་སྒོམས་རང་བྱུང་གནད་ཀྱི་འཛིན་ཕུར་ཐོབ༔ དམིགས་མེད་རྒྱ་ཡན་ལྷུག་པར་ཞོག༔ ཅེས་དར་ཅིག་མཉམ་པར་འཇོག་ཏུ་བཅུག །ཕཊ་ཕཊ༔ ཅེས་བརྗོད་པས་ཉམས་བཤིགས་ལ་རྗེས་ཐོབ་གང་ཤར་གཏད་མེད་རང་གྲོལ་གྱི་ངོ་བོ་བསྐྱང་དུ་གཞུག་གོ །རྒྱས་པར་སྤྲོ་ན་འདིར་བདུད་མགོན་སོགས་ཀྱི་བསྐྱེད་བསྟིམ་མཆོད་བསྟོད་གཏོར་འབུལ་བྱ། བསྡུ་ན་གོང་དུ་སོང་བས་འཐུས། བརྒྱད་པ་གཏེར་སྲུང་གི་རྗེས་གནང་གཉེར་གཏད་བཀའ་བསྒོ་བྱ་བ་ལ། གཏོར་མ་འདི་ཉིད་བདུད་མགོན་ཀྵེ་ཏྲ་པཱ་ལ་གཟི་ལྡན་དབང་ཕྱུག་ཡབ་ཡུམ་འཁོར་སྡེ་བརྒྱད་གནས་གཏེར་སྲུང་མའི་ཚོགས་དང་བཅས་པ་དངོས་སུ་གསལ་བ། ཁྱེད་རང་རྣམས་རྒྱལ་བ་ཀུན་འདུས་པདྨ་འོད་འབར་དུ་གསལ་བའི་བཀའ་ཉན་བསྟན་སྲུང་དུ་གཏད་ཅིང་མངའ་གསོལ་བར་མོས་ཤིག །གཏེར་སྲུང་གཏོར་མ་ལག་ཏུ་གཏད་ལ། ཧཱུྃ་ཧྲཱི༔ རང་བྱུང་ལྷུན་གྲུབ་དམ་རྫས་བ་ལིཾ་ཏ༔ བདུད་མགོན་ཡབ་ཡུམ་བཀའ་སྡོད་བྲན་གཡོག་དང༔ གཟའ་བདུད་ཆེན་པོ་སྨན་གཅིག་གཡུ་སྒྲོན་མ༔ རོལ་པ་རྐྱ་བདུན་ཡུམ་ཆེན་གདོང་དམར་བཅས༔ ཕོ་རྒྱུད་མོ་རྒྱུད་དམ་ཅན་རྒྱ་མཚོ་ཡིས༔ དད་ལྡན་བུ་ཡི་བར་ཆད་སེལ་བར་ཤོག༔ སརྦ་དྷརྨ་པཱ་ལ༔ སརྦ་ཀྵེ་ཏྲ་པཱ་ལ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གཏོར་མ་ལ་བརྟེན་པའི་གཉེར་གཏད་བྱ། དེ་ནས་ལས་བྱང་གི་ཤིས་པ་བརྗོད་ལ་རྟེན་སྙིང་གིས་མེ་ཏོག་འཐོར། རྗེས་དབང་གི་དམ་ཚིག་བསྒྲག་པ་ནི། དེ་ལྟར་སྙན་བརྒྱུད་བླ་མ་ཡང་གསང་པདྨ་འོད་འབར་གྱི་དབང་བཞི་མཐའ་རྟེན་དང་བཅས་པ་ལེགས་པར་གྲུབ་པ་ཡིན་ལ། དེའང་གསང་སྔགས་ཀྱི་རྩ་བ་ནི་དབང་། དབང་གི་རྩ་བ་ནི་དམ་ཚིག །དམ་ཚིག་དེ་ཡང་རྩ་བ་ཡན་ལག་དང་བཅས་པ་གསང་སྔགས་ནང་པ་སྤྱི་ལྟར་དང་། བྱེ་བྲག་སྙིང་པོར་གྱུར་པ་བླ་མའི་མོས་གུས་གནད་དུ་བསྣུན་པ་དང་། དེ་ཡི་མཚོན་བྱེད་དུ་གུ་རུའི་སྐུ་འབག །སྒྲུབ་ཐབས་ཀྱི་གླེགས་བམ་རྣམས་མི་འབྲལ་བར་འཆང་བ། ཚེས་བཅུའི་མཆོད་པ་ལ་བརྩོན་པ་ལ་སོགས་བླ་མའི་སྒྲུབ་པ་ལ་འབད་འཚལ། དེ་ལྟར་དམ་ཚིག་ཕྲ་རགས་ཐམས་ཅད་ཉམས་པ་མེད་པར་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་སོགས། གཏང་རག །ལུས་འབུལ། དགེ་བསྔོ་སྤྱི་ལྟར་བྱ། ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ་ནས། བསྡུ་ལྡང་གི་བར་ཡང་ལས་བྱང་ལྟར་བྱས་པས་འགྲུབ་བོ། །ཕྱག་རྒྱ་གཅིག་པ་རྫོགས་པའི་བསྐྱེད་ཚུལ་ཅན། །དབང་པོ་རབ་ཀྱི་ཚུལ་མཐུན་ཐ་མ་ལ། །ཏིང་འཛིན་རྩ་བར་འགྱུར་ཕྱིར་འདི་ལྟ་བུའི། །སྒྲུབ་ཐབས་མཆོག་དམན་ཀུན་ལ་བདུད་རྩི་ཉིད། །འདིར་འབྲེལ་སྐྱེ་དགུ་རིས་མེད་པ། ཁྱབ་བདག་པདྨ་འོད་འབར་གྱིས། །རྗེས་བཟུང་ཚེ་གཅིག་བདེ་བླག་ཏུ། །མཆོག་གི་གྲུབ་པ་མངོན་བྱེད་ཤོག །ཅེས་པའང་ཟབ་ཆོས་འདི་ཉིད་ཀྱི་ཞབས་ཏོག་ཏུ་དམིགས་ནས། རྗེ་རིག་འཛིན་ཆེན་པོ་རྡོ་རྗེ་ཚེ་དབང་ནོར་བུའི་དགོངས་པ་དང་མཐུན་པར་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).