Terdzo-NGI-036

From Rinchen Terdzö
Revision as of 19:35, 22 December 2017 by Jeremi (talk | contribs) (Text replacement - " {{Header }}" to " {{Header}}")

ཁྲོས་མ་ནག་མོ་སྐུ་གསུམ་ལམ་ཁྱེར་གྱི་ཁྲིད་ཡིག་ཟབ་དོན་གསལ་བ་

khros ma nag mo sku gsum lam khyer gyi khrid yig zab don gsal ba

by  སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི་ (Minling Lochen Dharmaśrī)
revealed by  ཉང་རལ་ཉི་མ་འོད་ཟེར་ (Nyangral Nyima Özer)
in cycle  ཉང་གཏེར་སྨིན་གླིང་ལུགས་ཁྲོས་མ་ནག་མོ་ (Nyang gter smin gling lugs khros ma nag mo)
Volume 34 (ངི) / Pages 493-528 / Folios 1a1 to 18b2

[edit]

༄༅། ཁྲོས་མ་ནག་མོ་སྐུ་གསུམ་ལམ་ཁྱེར་གྱི་ཁྲིད་ཡིག་ཟབ་དོན་གསལ་བ་ཞེས་བྱ་བ་བཞུགས་སོ། ། རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོ་སྐུ་གསུམ་ལམ་ཁྱེར་གྱི་ཁྲིད་ཡིག་ཟབ་དོན་གསལ་བ་ཞེས་བྱ་བ། བླ་མ་དང་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །མཆོག་ཏུ་མི་འ༵གྱུར་བདེ་བ་ཆེ། །ཟག་མེ༵ད་དབྱིངས་སུ་བྱང་ཆུབ་པ། །བླ་མ་མཆོག་དང་ཐ་དད་དུ། །མི་དམིགས་རྡོ༵་རྗེ༵་བཙུན་མོར་འདུད། །དོན་དམ་དབྱིངས་དང་བརྗོད་པ་སྒྲ །མཚོན་པ་དབྱིབས་ཀྱི་ཕག་མོ་སྟེ། །སྐུ་གསུམ་ལམ་ཁྱེར་ཟབ་དོན་གནད། །ཤིན་ཏུ་གསལ་བར་འདིར་བཤད་བྱ། །འདིར་རྣལ་འབྱོར་མ་གསང་མཐའི་རྒྱུད་ཀྱི་ངེས་གསང་། ཟབ་དོན་ཐམས་ཅད་ཀྱི་ཉིང་ཁུ། ཚེ་གཅིག་ལུས་གཅིག་ལ་རྡོ་རྗེ་སེམས་དཔའ་ཉིད་དུ་བྱེད་པའི་མྱུར་ལམ། རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོའི་གསང་སྒྲུབ་མཁའ་འགྲོའི་སྙན་བརྒྱུད་ཅེས་བྱ་བ། རྗེ་བཙུན་མ་ཉིད་ཀྱིས་གྲུབ་པའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སམ་པདྨ་སཾ་བྷ་བ་ལ་ཨོ་རྒྱན་རང་བྱུང་གི་དུར་ཁྲོད་དུ་དངོས་སུ་གནང་། དེས་མཁའ་འགྲོའི་ལུང་བསྟན་ལྟར་མཁར་ཆེན་བཟའ་ལ་བསྩལ་ཅིང་གཏེར་དུ་སྦས་པ་ལས། གཏེར་ཆེན་ཉང་ཉི་མ་འོད་ཟེར་གྱིས་སྤྱན་དྲངས་པའི་འཁྲིད་ཚུལ་གྱི་ཕྱག་བཞེས། རྣལ་འབྱོར་གྱི་དབང་ཕྱུག་མེ་ལོང་རྡོ་རྗེའི་བཀའ་སྲོལ་ལྟར་འཆད་པར་བྱེད་པ་ལ་གསུམ་སྟེ། སྔོན་འགྲོ། དངོས་གཞི། རྗེས་ཞར་བྱུང་བཅས་སོ། །དང་པོ་ལའང་ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ནི། རྙེད་དཀའི་དལ་འབྱོར་གྱི་རྟེན་ཐོབ་ཀྱང་མི་རྟག་པའི་དྲན་ཤེས་དང་། ལས་འབྲས་སྨིན་ཚུལ་ལ་ཡིད་ཆེས་པར་འཁོར་བའི་སྡུག་བསྔལ་བསམ་པའི་སྐྱོ་ཤས་ཀྱིས་ཡིད་བསྐུལ་ནས། མདུན་གྱི་ནམ་མཁར་རྩ་བའི་བླ་མ་ཧེ་རུ་ཀ་ཡབ་ཡུམ་གྱི་རྣམ་པ་ཅན་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་མོས་ལ། རང་གཞན་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་གྱིས་འཇིགས་ནས་སྐྱབས་ཞུ་ན་ཅི་མཛད་བླ་མ་དཀོན་མཆོག་མཁྱེན་སྙམ་པས། སྐྱབས་འགྲོ་མང་དུ་བཟླས་མཐར་སྐྱབས་ཡུལ་རང་ལ་བསྟིམས་ཏེ་མཉམ་པར་གཞག །དེ་ནས་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་ཚེ་རབས་ཀྱི་ཕ་མར་ཤེས་པས་ཚུགས་ཐབས་མེད་པའི་སྙིང་རྗེས་དྲངས་ནས་དེ་རྣམས་སྡུག་བསྔལ་ལས་བསྒྲལ་ཏེ་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ལ་དགོད། དེའི་ཆེད་དུ་ཟབ་མོའི་ལམ་བསྒོམ་པར་བྱའོ་སྙམ་པས། སེམས་བསྐྱེད་མང་དུ་བཟླས་མཐར་ཡུལ་མི་དམིགས་པའི་ངང་ལ་གཞག་གོ །གཉིས་པ་ཐུན་མིན་ནི། སྨིན་ལམ་བརྡ་བཞིའི་སྒོ་ནས་སློབ་བུའི་རྒྱུད་བྱིན་གྱིས་བརླབས་ལ། དམ་ཚིག་གསོ་ཞིང་བྱིན་རླབས་ཀྱི་བོགས་འདོན་པའི་ཕྱིར་བླ་མའི་རྣལ་འབྱོར་བསྒོམ་སྟེ། རང་གི་སྤྱི་བོར་པད་ཉི་ཟླ་བའི་གདན་སྟེང་རྩ་བའི་བླ་མ་ཧེ་རུ་ཀའི་རྣམ་པ་ཅན་རྗེ་བཙུན་མས་འཁྱུད་པ་ལ་རྩ་བ་གསུམ་གྱི་སྤྲིན་ཕུང་འཁྲིགས་པ་སྣང་སྲིད་དཔལ་ལྡན་བླ་མའི་ངོ་བོར་སད་པར་བསམ་ཞིང་། ཨོཾ་གུ་རུ་དེ་ཝ་ཌཱ་ཀཱི་ནཱི་སརྦ་པཱུ་ཛ་རཏྣ་མཎྜ་ལ་ཧཱུྃ༔ ཞེས་ལུས་ལོངས་སྤྱོད་མཆོད་པ་དང་བཅས་པ་ཕུལ་ཏེ་བ་སྤུ་ལྡང་ཞིང་མཆི་མ་འཁྲུགས་པའི་མོས་གུས་ཀྱི་གདུང་ཤུགས་དྲགས་པོས། ཨོཾ། ཆོས་དབྱིངས་འོག་མིན་ཞིང་ཁམས་ནས། །ཞེས་སོགས་བརྒྱུད་འདེབས་རྒྱས་པའམ། བསྡུ་ན། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་འཛིན། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཞེས་དང་། བདག་རྒྱུད་ལ་ཉམས་རྟོགས་ཁྱད་པར་ཅན་སྐྱེ་བའི་གསོལ་བ་ཅི་མང་དུ་བཏབ་པས་སྦྱོར་མཚམས་ནས་བྱང་སེམས་བདུད་རྩིའི་རྒྱུན་བབས་པས་སྡིག་སྒྲིབ་ཐམས་ཅད་བཀྲུས། ལུས་ཀྱི་གནས་བཞི་གང་བས་དབང་ཐོབ་པར་བསམ་ལ། ཧེ་རུ་ཀའི་ཡིག་བརྒྱའང་ཅི་ནུས་བཟླས་མཐར། བླ་མ་འོད་དུ་ཞུ། རང་ལ་ཐིམ་པས་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་མོས་པའི་ངང་ལ་མཉམ་པར་འཇོག །དེ་རྣམས་རིམ་གྱིས་འབོགས་ཤིང་རེ་རེ་ནས་རྟགས་ཐོན་ཐོན་བསྒོམ་པར་བྱའོ། །གཉིས་པ་དངོས་གཞི་ལ་གཉིས་ཏེ། སྟན་ཐོག་གཅིག་ཏུ་བསྒྲིལ་ནས་སྐུ་གསུམ་ལམ་དུ་ཁྱེར་བ་མཉམ་གཞག་གི་རྣལ་འབྱོར་དང་། སྤྱོད་ལམ་གཞན་དང་བསྲེས་ནས་ལམ་དུ་ཁྱེར་བ་རྗེས་ཐོབ་ཀྱི་རྣལ་འབྱོར་རོ། །དང་པོ་ལ་གསུམ་སྟེ། མཚོན་པ་དབྱིབས་ཀྱི་རྣལ་འབྱོར་གྱིས་སྤྲུལ་སྐུའི་ཕག་མོ་ལམ་དུ་ཁྱེར་བ། བརྗོད་པ་སྒྲའི་རྣལ་འབྱོར་གྱིས་ལོངས་སྐུའི་ཕག་མོ་ལམ་དུ་ཁྱེར་བ། དོན་དམ་སྟོང་པ་ཉིད་ཀྱི་རྣལ་འབྱོར་གྱིས་ཆོས་སྐུའི་ཕག་མོ་ལམ་དུ་ཁྱེར་བའོ། །དང་པོ་ལ། བསྒོམ་དོན་དམིགས་པའི་གནད་བློ་ལ་འགོད་པ་དང་། གནད་ཤེས་ནས་ཇི་ལྟར་སྒོམ་ཚུལ་ལོ། །དང་པོ་ནི་དག་པ་གསུམ་སྟེ། ཡུལ་རྣམ་པར་དག་པ་སངས་རྒྱས་ཀྱི་ཞིང་ཁམས་སུ་བསྟན་པ་ནི། གྲོང་ཡུལ་ཚོང་འདུས་དགོན་པ་དང༔ རང་ཉིད་གང་ན་གནས་པ་ནི༔ འདི་དག་སངས་རྒྱས་ཞིང་ཁམས་ཡིན༔ ཞེས་པས་ཡུལ་བཟང་ངན་དུ་སྣང་ཞིང་ཞེན་པས་བཅིངས་པའི་དབང་གིས་ཞིང་ཁམས་མ་འབྱོངས་པའི་གཉེན་པོར་བསྒོམ་པ་སྟེ། སྣོད་ཀྱི་འཇིག་རྟེན་ཡེ་ནས་རྣམ་པར་དག་པ་སངས་རྒྱས་ཀྱི་ཞིང་དང་། བཅུད་དེར་གནས་ཀྱི་སེམས་ཅན་ཐམས་ཅད་རྡོ་རྗེ་ཕག་མོའི་རང་བཞིན་དུ་གཏན་ལ་ཕབ་སྟེ་བསྒོམ་པའོ། །ལུས་རྣམ་པར་དག་པ་ལྷའི་གཞལ་ཡས་ཁང་དུ་བསྟན་པ་ནི། རང་ལུས་འདོམ་གང་གྲུ་བཞི་པ༔ འབྱུང་བ་ལྔ་ཡི་བདག་ཉིད་ཅན༔ མེ་རི་དུར་ཁྲོད་དཔག་བསམ་ཤིང༔ རང་བྱུང་ཡེ་ཤེས་གཞལ་ཡས་ཁང༔ ཞེས་པས། རང་ལུས་གཙང་དམེ་དང་ཡངས་དོག་ཏུ་བཟུང་པས་གཞལ་ཡས་ཁང་དུ་མ་རྟོགས་པའི་གཉེན་པོར་བསྒོམ་པ་སྟེ། ལུས་འབྱུང་ལྔ་འདུས་པ་ཡུམ་ལྔའི་རང་བཞིན་ཡེ་ནས་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་དུ་གཏན་ལ་ཕབ་སྟེ་བསྒོམ་པའོ། །སེམས་རྣམ་པར་དག་པ་རྡོ་རྗེ་ཕག་མོའི་སྐུར་བསྒོམ་པར་བསྟན་པ་ནི། རང་སེམས་དག་པ་ཕག་མོའི་སྐུ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག༔ གྲི་གུག་གཡས་ལ་ཐོད་པ་གཡོན༔ ཁ་ཊྭཱཾ་ག་ནི་ཐུགས་ཀར་གཏོད༔ དུར་ཁྲོད་ཆས་ཀྱིས་ལེགས་པར་བརྒྱན༔ རལ་པ་དམར་ནག་སྤྲིན་ལྟར་གཏིབས༔ ཐོད་པ་ལྔ་ཡི་དབུ་རྒྱན་བྱས༔ སྤྱི་གཙུག་ཕག་ཞལ་ནམ་མཁར་བལྟ༔ རྟོག་མེད་རོ་ཡི་གདན་སྟེང་ན༔ བརྐྱང་བསྐུམ་ཚུལ་གྱིས་འགྱིང་བག་ཅན༔ འཁོར་བ་ཟིལ་གནོན་ཁྲོས་མའི་ཚུལ༔ ཞེས་པས། འཁོར་བའི་ཆོས་གདོད་ནས་མ་གྲུབ་ཀྱང་ང་དང་བདག་ཏུ་བཟུང་བས་འཁོར་བར་འཁྲུལ་པའི་གཉེན་པོར་བསྒོམ་པ་སྟེ། རང་སེམས་ཡེ་ནས་ཆོས་ཉིད་དོན་དམ་པའི་ཕག་མོར་རྣམ་པར་དག་པས། ཡིན་པ་ལ་ཡིན་པར་གསལ་འདེབས་པ་ཙམ་ལས་ལོགས་ནས་བསྒྲུབ་ཅིང་བསྐྱེད་དུ་མེད་པར་ཐག་བཅད་དེ་བསྒོམ་པར་བྱ་ཞིང་། ཡེ་ནས་རང་བྱུང་གི་ལྷ་དེ་སངས་རྒྱས་ཀུན་འདུས་ཡིན་པས་གདོད་ནས་དམ་ཡེ་དབྱེར་མེད་དུ་གྲུབ་པའི་ཕྱིར། ཡེ་ཤེས་པ་དྲང་བསྟིམ་སོགས་མི་དགོས་ཏེ། རྨད་བྱུང་རྒྱལ་པོ་ལས། ཡེ་ནས་ལྷུན་མཉམ་དཀྱིལ་འཁོར་ལ། །ཡིན་པར་ཤེས་ནས་བསྒོམ་པ་ལས། །ཐ་དད་བློ་ཡི་རིམ་པ་ཡིས། །སྤྱན་འདྲེན་གཤེགས་གསོལ་འདིར་མི་དགོས། །ཞེས་སོ། །གཉིས་པ་གནད་ཤེས་ནས་ཇི་ལྟར་སྒོམ་ཚུལ་ནི། སྟན་བདེ་བ་ལ་ལུས་གནད་ཆོས་བདུན་དྲང་པོར་བསྲངས་ཏེ། སྐྱབས་སེམས་བླ་མའི་རྣལ་འབྱོར་སྔོན་དུ་འགྲོ་བས། སྟོང་པའི་ངང་ལས་ཡུལ་རྣམ་པར་དག་པ་སངས་རྒྱས་ཀྱི་ཞིང་ཁམས། རང་ལུས་རྣམ་པར་དག་པ་སྲུང་འཁོར་གྱི་དབུས་སུ་ཆོས་འབྱུང་དམར་ནག་འབར་བ་དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་ལྟེ་བར་པད་ཉི་རོའི་གདན་སྟེང་དུ། སེམས་ཉིད་རྣམ་པར་དག་པ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ཁྲོས་མའི་སྐུར་སྐད་ཅིག་གིས་ཝལ་གྱིས་གསལ་གདབ། གསལ་ན་དེ་ཁའི་རྒྱུན་ལ་ཡུད་ཙམ་སེམས་གཞག་སྟེ་འཕྲོ་བཅད། ཡང་ཝལ་གྱིས་བསྒོམས་ནས་སྔར་ལྟར་སེམས་གཟུང་བ་ལ་ཡང་ཡང་བསླབ། གལ་ཏེ་མི་གསལ་ན། བྲིས་སྐུ་མཚར་བ་ཞིག་མེ་ལོང་གི་འོད་དང་ལྡན་པར་བྱས་ལ། བྲིས་སྐུ་ཉིད་ལ་མིག་ཆེར་རེ་བལྟ་ཞིང་སེམས་གཞན་དུ་མ་ཡེངས་པར་ཡུན་རིང་དུ་བཞག །ཡང་དེ་ཀའི་རྣམ་པ་ཡིད་ལ་འཆར་བར་བྱས་ཏེ་རང་ཉིད་དེ་འདྲར་ཡུད་ཙམ་བསྒོམ། དེ་ལྟར་བལྟ་བ་དང་བསྒོམ་པ་སྤེལ་མར་བྱས། དེ་ཡང་གསལ་ན་གསལ་བའི་འཕྲོར་བཅད། མི་གསལ་ན་མི་གསལ་བའི་འཕྲོར་བཅད་ལ་ཡང་ཡང་གསལ་འདེབས། སྐབས་སྐབས་སུ་ཤེས་པ་ཁོང་ཀློད་ལ་ངལ་གསོ། ཉལ་བའམ་ཐུན་བསྡུ་བའི་ཚེ་སྣོད་བཅུད་གཞལ་ཡས་ཁང་དང་བཅས་པ་འོད་དུ་ཞུ་ནས་རང་ལ་བསྟིམ། རང་ཉིད་ལྷ་སྐུ་སྣང་སྟོང་ལ་འཇོག་པའམ་དེ་ཡང་མི་དམིགས་པའི་ངང་དུ་བློ་བཞག །སད་པའམ་ཐུན་ལས་ལྡང་བའི་ཚེ་རྗེ་བཙུན་མའི་སྐུར་ལངས་ལ་དགེ་བ་བསྔོ། མདོར་ན་ལྷ་སྐུའི་རྣམ་པ་སྤྱི་དང་བྱེ་བྲག་སོ་སོར་སྦྱངས་པས་གསལ་སྣང་ཐོན་པ་ན། ལྷ་སྐུ་གསལ་དྭངས་རྙོག་པ་མེད་པ་ནམ་མཁའི་འཇའ་ཚོན་ནམ་མེ་ལོང་ནང་གི་གཟུགས་བརྙན་ཤར་བ་ལྟ་བུ་ལ་རྩེ་གཅིག་ཏུ་མཉམ་པར་འཇོག །རེས་བརྡ་དོན་སྦྱར་བས་རྣམ་དག་དྲན་པར་བྱ་སྟེ། ཆོས་ཉིད་མི་འགྱུར་བས་སྐུ་མདོག་ནག་པོ། ཀུན་རྫོབ་རྣམ་པར་དག་པའི་ཆོས་ཉིད་རྩ་ཞལ་ཁྲོ་མོ། དོན་དམ་རྟོག་མེད་ཕག་ཞལ་གྱེན་དུ་ཕྱོགས་པ། སྟོང་པ་ཉིད་ཀྱིས་རྣམ་པར་རྟོག་པ་གཅོད་པའི་གྲི་གུག །སྙིང་རྗེས་ཆགས་པའི་ཚུལ་གྱིས་ཐོད་ཁྲག་གསོལ་བ། དུག་གསུམ་དག་པ་སྐུ་གསུང་ཐུགས་སུ་སྦྱོར་བས་ཁ་ཊྭཱཾ་ག །ཉོན་མོངས་པ་གནས་སུ་དག་པས་དུར་ཁྲོད་ཀྱི་ཆས། ཐུགས་རྗེས་འཁོར་བ་བླ་ན་མེད་པའི་གནས་སུ་འདྲེན་པས་རལ་པ་དམར་ནག །རིགས་ལྔ་ཡེ་ཤེས་ལྔ་རྫོགས་པས་ཐོད་སྐམ་ལྔའི་དབུ་རྒྱན། ཐབས་ཤེས་ཟུང་འཇུག་རྣམ་པར་མི་རྟོག་པས་པད་ཉི་རོའི་གདན། ཐབས་དང་ཤེས་རབ་ཀྱིས་བདེ་བ་རྒྱུན་མི་ཆད་ཅིང་འགྲོ་དོན་མཛད་པས་ཞབས་གཡོན་བརྐྱངས་པའི་ཕྱེད་སྐྱིལ་གྱི་གར་སྟབས། འཁོར་བ་ཟིལ་གྱིས་གནོན་པས་ཁྲོས་མའི་ཚུལ། ཡེ་ཤེས་ཀྱི་མེས་བདུད་དཔུང་སྲེག་པས་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཞེས་སོགས་རེ་རེ་ནས་མོས་པ་བརྟན་པོ་བཞག་པའི་མཐར། སྐྱོན་ཀུན་ཟད། ཡོན་ཏན་ཀུན་རྫོགས། རྒྱལ་ཡུམ་རྡོ་རྗེ་ཕག་མོ་དེ་ཉིད་ངའོ་སྙམ་པའི་ང་རྒྱལ་བསྐྱེད། རེས་འཇམ་རླུང་ཁ་སྦྱོར་དང་བསྲེས་ལ་རྟོག་བྲལ་དུ་བཞག་གོ །དེ་ལྟར་ལྷ་སྐུའི་རྣམ་པ་ལ་གོམས་པས་གསལ་བརྟན་གྱི་ཉམས་ཅུང་ཟད་ཐོབ་མཚམས་ནས། ཕྱི་སྣོད་དག་པའི་ཞིང་དང་། བཅུད་སེམས་ཅན་ཐམས་ཅད་རྡོ་རྗེ་ཕག་མོར་ལམ་གྱིས་བསྒོམས་ནས། དེ་དག་ལས་དམིགས་པའི་ཡུལ་རྣམ་པར་གསལ་བ་ཞིག་ལྷར་གསལ་བཏབ་ཅིང་ཤེས་པ་དྲག་ཏུ་གཏད། གཞན་རྣམས་ལྷ་སྐུར་ལམ་མེ་ཡོད་པའི་མོས་པ་ཙམ་བྱས་ལ་བསྐྱང་ངོ་། །དེ་ལྟར་བསྒོམས་པས་ལུས་ཀྱི་གདོས་ཞེན་དག །ལུས་དང་ཁམས་བདེ། ཟས་འཇུ། མ་ཟོས་ཀྱང་ལྟོ་ཐུབ། ལུས་ཀྱི་འབུ་སྲིན་ཞི། འདོད་པ་ཆུང་བ་སོགས་དང་། ཁྱད་པར་ལྷ་སྐུའི་གསལ་སྣང་ལ་ཉམས་མྱོང་ཅི་རིགས་ཐོབ་པས་མཉམ་རྗེས་ཀུན་ཏུ་ཐ་མལ་གྱི་སྣང་བ་ལ་རྒྱས་ཐེབས་པར་འགྱུར་རོ། །དེ་དག་ནི་སྨིན་བྱེད་བུམ་དབང་གི་བརྡ་དང་རྗེས་སུ་འབྲེལ་བའི་ལམ་སྤྲོས་བཅས་ལྷའི་རྣལ་འབྱོར་ལ་བརྟེན་ནས་སྤྲུལ་སྐུའི་ཕག་མོ་ལམ་དུ་ཁྱེར་བའི་གདམས་པའོ། །གཉིས་པ་བརྗོད་པ་སྒྲའི་རྣལ་འབྱོར་གྱིས་ལོངས་སྐུའི་ཕག་མོ་ལམ་དུ་ཁྱེར་བ་ལ་གཉིས་ཏེ། བསྒོམ་དོན་དམིགས་པའི་གནད་བློ་ལ་འགོད་པ་དང་། གནད་ཤེས་ནས་ཇི་ལྟར་སྒོམ་ཚུལ་ལོ། །དང་པོ་ནི། དག་པ་རྣམ་པ་གཉིས་ཏེ་ངག་རྣམ་པར་དག་པ་འཁོར་ལོ་བཞི་སྦྲེལ་གྱི་རྫོགས་རིམ་བསྟན་པ་ནི། འཁོར་ལོ་ལྔ་ཡི་དབུས་ཉིད་དུ༔ ཡི་གེ་ཨ་ཡིག་བསྒོམ་པར་བྱ༔ འཁོར་ལོ་བཞི་ཡི་གནས་ཉིད་དུ༔ ཡི་གེ་བཞི་ཡིས་རྒྱས་གདབ་བྱ༔ ཞེས་པས། ལུས་གནད་རྩ་ཡི་གེར་ལྷུན་གྱིས་གྲུབ་པས། ཆོས་ཐམས་ཅད་ཡོན་ཏན་གྱི་ཚུལ་དུ་སྐྱེད་ནུས་པའི་ཕྱིར་ཏེ། དེའི་གཉེན་པོར་བརྗོད་པ་སྒྲའི་ཕག་མོ་ངག་རྣམ་པར་དག་པ་འཁོར་ལོ་བཞི་སྦྲེལ་གྱི་ངང་དུ་རྫོགས་པར་བསྟན་པ་སྟེ། འཁོར་ལོ་ལྔ་ལས་ཕྱི་ནང་གསང་གསུམ་ལས། ཕྱི་ས་སྤྱོད་སྐུའི་འཁོར་ལོ་ནི། འདོད་ཁམས་རྣམ་པར་དག་པར་བྱེད་པ་སྟེ། མགོ་བོའི་དཔྲལ་བ། ལག་པའི་མཁྲིག་མ། རྐང་པའི་བོལ་ཏེ་ཡན་ལག་ལྔའི་མགོ་བོར་ཨ་ཡིག་རྡོ་རྗེ་ཕག་མོ། ལག་གཡས་ནས་གཡོན་སྐོར་གྱིས་ཧ་རི་ནི་ས་བཞི་བདེ་ཆེན་དཀར་མོ་སོགས་བཞིའོ། །ནང་ས་སྟེང་སྤྱོད་པ་གསུང་གི་འཁོར་ལོ་ནི། གཟུགས་ཁམས་རྣམ་པར་དག་པར་བྱེད་པ་སྟེ། སྤྱི་མགྲིན་སྙིང་ལྟེ་གསང་བའི་འཁོར་ལོ་ལྔ་ལ་རིམ་པར་ཧ་རི་ཨ་ནི་ས་ལྔ་གནས་པའོ། །གསང་བ་མཁའ་སྤྱོད་བདེ་ཆེན་འཁོར་ལོ་ནི། གཟུགས་མེད་ཁམས་རྣམ་པར་དག་པར་བྱེད་པ་སྟེ། སྙིང་པདྨ་འདབ་བཞིའི་དབུས་དང་འདབ་མར་ཨ་ཧ་རི་ནི་ས་གཡོན་སྐོར་དུ་གནས་པའོ། །འཁོར་ལོ་བཞི་ལ་ཡིག་འབྲུ་བཞིས་རྒྱས་གདབ་པ་ནི། འཁོར་ལོ་ལྔའི་ལྟེ་བར་ཨ་ཡིག་རེ་རེ་དང་། གསང་འཁོར་མ་གཏོགས་པའི་འཁོར་ལོའི་འདབ་མ་རྣམས་ལ་ཡི་གེ་བཞི་བཞི་སྟེ་བདེ་ཆེན་འཁོར་ལོར་བདེ་བ་སྐྱེད་པར་བྱེད་པ་སྐུའི་ཡི་གེ་བཞི། ལོངས་སྤྱོད་འཁོར་ལོར་ནུས་པ་འབྱུང་བ་གསུང་གི་ཡི་གེ་བཞི། ཆོས་ཀྱི་འཁོར་ལོར་རྟོགས་པ་འཆར་བྱེད་ཐུགས་ཀྱི་ཡི་གེ་བཞི། སྤྲུལ་པའི་འཁོར་ལོར་ཡེ་ཤེས་འབེབ་པར་བྱེད་པ་ཡོན་ཏན་གྱི་ཡི་གེ་བཞིའོ། །འཁོར་ལོ་བཞིའི་མུ་ཁྱུད་ལ་སྤྱི་བོ་དང་སྙིང་ག་ཕོ་འཁོར་ཡིན་པས་ཀཱ་ལི་གཡས་སྐོར་དང་། མགྲིན་པ་དང་ལྟེ་བ་མོ་འཁོར་ཡིན་པས་ཨཱ་ལི་གཡོན་སྐོར་དུ་འཁོར་བར་བཤད་དོ། །དེ་ལྟར་ཨ་ཧ་རི་ནི་ས་ལྔའི་ཡོན་ཏན་ཡང་། མངོན་འབྱུང་རྒྱུད་དུ། ཉོན་མོངས་པ་ལྔ་ཟད་པར་བྱེད་པ་དང་། ཡེ་ཤེས་ལྔ་འཕེལ་བར་བྱེད་པ་དང་། མཁའ་འགྲོ་ལྔ་སྣང་བར་བྱེད་པ་དང་། རིགས་ལྔ་ཐོབ་པར་བྱེད་པ་དང་། མཐར་ཐུག་སྐུ་ལྔར་བྱེད་པ་སྟེ་ལྔར་བཤད་དོ། །གཉིས་པ་ལྟ་སྒོམ་རྣམ་པར་དག་པ་སྒོམ་པ་དང་བཟླས་པས་དངོས་གྲུབ་ཐོབ་པར་བསྟན་པ་ནི། མཆོག་དང་ཐུན་མོང་དངོས་གྲུབ་ཀུན༔ སྒོམ་དང་བཟླས་པས་འགྲུབ་པར་བྱེད༔ ཅེས་པས་མཆོག་གི་དངོས་གྲུབ་སྒོམ་པས་འགྲུབ་སྟེ། ཚེ་འདིར་བསྐྱེད་རྫོགས་ལ་བརྟན་པ་ཐོབ་པས། འདིའམ་བར་དོར་ཏིང་ངེ་འཛིན་གྱི་སྐུ་ཐོབ་ནས་ཕག་མོའི་སྐུར་གྲོལ་བར་འགྱུར་རོ། །དེ་ལ་མཚན་བཅས་མཚན་མེད་གཉིས་ལས། མཚན་མེད་ཆོས་སྐུའི་ལམ་ཁྱེར་ཏེ་འཆད་པར་འགྱུར་ལ། འདིར་མཚན་བཅས་རླུང་དྲུག་གི་རྣལ་འབྱོར་སྒོམ་པའི་ཐབས་ཏེ། མངོན་འབྱུང་ལས། ལྷན་ཅིག་སྐྱེས་པའི་རླུང་བསྒོམས་པས། །རང་གཞན་སྒྲིབ་པ་སེལ་བར་བྱེད། །ཐོད་རྒལ་ལས་བྱུང་རླུང་བསྒོམས་པས། །མཚན་མོ་ལྟ་བུའི་སྒྲིབ་པ་སེལ། །རང་ལས་སྐྱེས་པའི་རླུང་བསྒོམས་པས། །བར་དུ་གཅོད་པའི་སྒྲིབ་པ་སེལ། །སྤོར་བྱེད་ལས་ཀྱི་རླུང་བསྒོམས་པས། །མངོན་གྱུར་སྒྲིབ་པ་སེལ་བར་བྱེད། །སྦྱོང་བྱེད་ཡིད་ཀྱི་རླུང་བསྒོམས་པས། །ཤེས་བྱའི་སྒྲིབ་པ་སེལ་བར་བྱེད། །རྫོགས་བྱེད་ཡེ་ཤེས་རླུང་བསྒོམས་པས། །ས་རྣམས་རིམ་གྱིས་གོམས་པར་བྱེད། །ཅེས་གསུངས་པ་ལྟར་རོ། །ཐུན་མོང་གི་དངོས་གྲུབ་ནི་བཟླས་པས་འགྲུབ་སྟེ། ཕྱི་ལྟར་ལས་བཞིའི་བཟླས་པས་ལས་སོ་སོ་འགྲུབ་པ་དང་། ནང་ལྟར་ལུས་ལྷའི། ངག་བཟླས་པའི། སེམས་ཆོས་ཉིད་ཀྱི། སྤྱོད་ལམ་བརྟུལ་ཞུགས་ཀྱི་དཀྱིལ་འཁོར་བཞིའི་སྒོ་ནས་བཟླ་བ་དང་། གསང་བ་ལྟར་ལྟ་བ་རྒྱ་ཆད་ཕྱོགས་ལྷུང་བྲལ་བ། སྒོམ་པ་གསལ་ལ་མི་རྟོག་པ། སྤྱོད་པ་སྣང་བ་ཟིལ་གྱིས་གནོན་པས་རྣམ་རྟོག་ལ་ཐོག་བརྫིས་བྱེད་པ། འབྲས་བུ་ཡོན་ཏན་གྱི་རྩལ་མ་འགགས་པས་རྣམ་པར་མི་རྟོག་པའི་ངང་ནས་གདུལ་བྱའི་དོན་རྒྱུན་མི་ཆད་པར་མཛད་པ་སྟེ་ལྟ་སྒོམ་སྤྱོད་འབྲས་བཞིར་བཟླ་བ་ཡིན་ནོ། །གཉིས་པ་གནད་ཤེས་ནས་ཇི་ལྟར་སྒོམ་ཚུལ་ནི། ལུས་གནད་ཆོས་བདུན་བཅས་ཏེ་སྐྱབས་སེམས་བླ་མའི་རྣལ་འབྱོར་སྔོན་དུ་འགྲོ་བས། ཐོག་མར་དམིགས་པའི་གཞི་བཅའ་བ་ནི། རང་ལུས་རྡོ་རྗེ་ཕག་མོར་གསལ་བའི་སྐུའི་ནང་སྐྲ་རྩེའི་བར་དུའང་ཁོང་སྟོང་དྭངས་གསལ་སྒྲིབ་ཐོགས་མེད་པ། དེའི་དབུས་དྲང་པོར་དབུ་མ་སྔོ་སངས་མདའ་སྨྱུག་འབྲིང་པོ་ཙམ་པ་ཆོས་བཞི་ལྡན། གཡས་གཡོན་དུ་རོ་རྐྱང་རྡུལ་ཟླས་བརླན་པ་དབུ་མ་ལས་བཞི་འགྱུར་གྱིས་ཕྲ་བ། དབུ་མ་དང་སུམ་གཤིབས་སོང་བའི་མར་སྣ་གཉིས་དབུ་མར་ཚུད་པ། དེ་ལས་གྱེས་པའི་སྤྱི་བོའི་འཁོར་ལོ་རྩ་འདབ་སོ་གཉིས་དཀར་པོ་ཐུར་ལྟ། མགྲིན་པའི་འཁོར་ལོ་རྩ་འདབ་བཅུ་དྲུག་པ་དམར་སྐྱ་གྱེན་ལྟ། སྙིང་གའི་འཁོར་ལོ་རྩ་འདབ་བརྒྱད་པ་སྔོ་སངས་ཐུར་ལྟ། ལྟེ་བའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་པ་དམར་གསལ་དང་། གསང་བའི་འཁོར་ལོ་རྩ་འདབ་སོ་གཉིས་ལྗང་སྔོན་གཉིས་གྱེན་ལྟ། ཐམས་ཅད་ཀྱང་དྭངས་གསལ་སྦུབས་སྟོང་གི་རྣམ་པ་ཅན་དུ་བསྒོམ། དེ་ལྟར་གསལ་ཐེབས་པ་དང་། རླུང་རོ་བསལ་ནས་དབུགས་རང་བཞིན་གྱིས་ཕྱི་ནང་རྒྱུ་བ་ལ་སྦྱང་། ཅུང་ཟད་འབྱོངས་པ་དང་དབུ་མའི་ནང་སྟོང་སང་ངེ་བ་ལ་སེམས་གཏད་དེ། འཇམ་རླུང་བུམ་པ་ཅན་སྦྱོང་བ་ལ་ཞག་ཁ་ཡར་བསླབ་སྟེ་སྦྱོར་བའོ། །དངོས་གཞི་ལ་གཉིས་ལས། དང་པོ་ཐུན་མོང་གི་དངོས་གྲུབ་ཀྱི་དོན་དུ་བཟླས་པ་བྱ་བ་ནི། འཁོར་ལོ་ལྔའི་ལྟེ་བ་དབུ་མའི་ནང་དུ་ཨ་ཡིག་སྔོན་པོ་རེ་རེ་དང་། འཁོར་ལོ་བཞིའི་ནང་སྐོར་གྱི་རྩ་འདབ་བཞི་བཞི་ལ་རིམ་པར། སྤྱི་བོར་བཛྲ་བྷ་ར་ཧེ། མགྲིན་པར་ཀྲོ་དྷཱི་ཀཱ་ལཱི། སྙིང་གར་ཧ་རི་ནི་ས། ལྟེ་བར་ཨཱ་བེ་ཤ་ཡ་རྣམས་ཀྱང་སྔོན་པོ་ཤ་སྟག་ཏུ་བསྒོམ། དེ་ནས་ཡི་གེ་རྣམས་ལས་འོད་ཟེར་མཁའ་ཁྱབ་ཏུ་སྤྲོས། སྣོད་བཅུད་ཀྱི་འཇིག་རྟེན་ལ་རེག་པས་སྣོད་ཐམས་ཅད་དག་པའི་ཞིང་། བཅུད་ཐམས་ཅད་རྡོ་རྗེ་ཕག་མོར་སད། ཡང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ་ཕོག་པས། ཐམས་ཅད་ཀྱང་རྡོ་རྗེ་ཕག་མོའི་སྐུར་གྱུར་ཏེ་སྔགས་སྒྲ་སྒྲོག་ཅིང་འོད་ཟེར་གྱིས་བདག་བྱིན་གྱིས་བརླབས་པར་བསམ་ལ། འཇམ་རླུང་ཁ་སྦྱོར་དུ་བཟུང་སྟེ་སྔགས་འབྲུ་བཅུ་དྲུག་པའམ། ཡང་ན་ཐུགས་འཁོར་ཁོ་ན་ལ་སེམས་གཏད་དེ་འབྲུ་ལྔའི་ཡིད་བཟླས་བྱ། དེས་སྐྱོ་ན་རླུང་དང་མ་སྦྱར་བའི་ཡིད་བཟླས་སམ། ངག་བཟླས་ཤུབ་བུར་བཟླ་བ་ངལ་བསོ་བའོ། །དེ་ནི་སྤྲོ་བསྡུ་སྤྱིའི་མན་ངག་སྟེ། བྱེ་བྲག་པ་ནི། ཡི་གེ་དང་འོད་ཟེར་གཉིས་ཀ་ལས་སོ་སོའི་ཁ་དོག་དང་མཐུན་པའི་སྤྲོ་བསྡུས་ལས་དེ་དང་དེ་སྒྲུབ་པ་སོགས་ཕྱིའི་བཟླས་པ་དང་། ནང་ལྟར་ལུས་ལྷ་སྐུ་སྣང་སྟོང་། སེམས་ཆོས་ཉིད་སྐྱེ་བ་མེད་པ་ལ་མ་བཅོས་པའི་ཤེས་པ་ཆམ་མེ་རྒྱ་བསྐྱེད། སྤྱོད་ལམ་སྐྲག་པ་དང་དོགས་པ་མེད་པའི་བརྟུལ་ཞུགས་དང་ལྡན་པས། ངག་སྐྱེ་མེད་ཀྱི་དབྱིངས་ལས་བྲག་ཅའི་སྒྲ་ལྟར་རང་བྱུང་བས་རྡོ་རྗེ་ཕག་མོའི་ཐུགས་ཡེ་ཤེས་དང་བདག་གི་སྲོག་རིག་པའི་ཡེ་ཤེས་གཉིས་མེད་དུ་བསྲེས་ལ་བཟླ་བ་དཀྱིལ་འཁོར་བཞིའི་བཟླ་ལུགས་དང་། གསང་བ་ལྟར་རྡོ་རྗེ་ཕག་མོའི་ལྟ་སྒོམ་སྤྱོད་གསུམ་གྱི་སྲོག་དང་ལྡན་པས་འབྲས་བུ་དངོས་སམ་རྗེས་མཐུན་གྱི་སྒོ་ནས་འགྲོ་དོན་ཐོགས་མེད་དུ་འགྲུབ་ནུས་པར་བསམ་པའི་མོས་པ་ཡིད་བྱེད་ཀྱི་ངང་ནས་བཟླ་བར་བྱེད་པ་སྟེ། མདོར་ན་ཕྱི་ནང་གསང་གསུམ་སོ་སོར་སྨྲོས་ཀྱང་གཅིག་ཏུ་དྲིལ་བའི་གནད་ཀྱིས་བཟླས་ན་ཆུན་ཆེ་བ་ཡིན་ནོ། །ཚུལ་དེས་གྲངས་བསྙེན་འབྲུ་འབུམ། དུས་བསྙེན་ཟླ་དྲུག །མཚན་བསྙེན་རབ་ལྷ་ཞལ་མཐོང་བ། འབྲིང་ལུང་སྟོན་པ། ཐ་མ་སྣང་བ་འགྱུར་བ་འོང་། བསྙེན་པ་ཐེམས་ནས་སྒྲུབ་པ་དང་། ལས་སྦྱོར་བྱེ་བྲག་སོ་སོའི་བཟླ་ལུགས་ཀྱི་སྒྱུར་ཁའི་གནད་རྣམས་ཀྱང་ཤེས་པར་བྱ་སྟེ་འདིར་མ་སྤྲོས་སོ། །གཉིས་པ་མཆོག་གི་དངོས་གྲུབ་ཀྱི་དོན་དུ་རླུང་གི་རྣལ་འབྱོར་བསྒོམ་པ་ནི། དེ་ལ་ཐུན་ཁྱད་གཉིས་ལས། ཐུན་མོང་བ་ནི། རང་ཕག་མོར་བསྒོམས་པའི་སྐུ་ལ་རྩ་གསུམ་འཁོར་ལོ་ལྔ་གསལ་བཏབ་པ་ལས། དབུ་མའི་ཡར་སྣ་སྤྱི་བོའི་ཕག་ཞལ་གྱི་མགྲིན་པར་ཟུག་པའི་ཚངས་བུག་གི་སྟེང་རྩའི་ནང་དུ་བླ་མ་ཧེ་རུ་ཀ་ཡབ་ཡུམ། རོ་རྐྱང་གི་ཡར་སྣ་གཉིས་ཕག་ཞལ་གྱི་སྣ་བུག་གཉིས་སུ་ཟུག་པ། འཁོར་ལོ་ལྔའི་ལྟེ་བ་དབུ་མའི་ནང་དུ། སྤྱི་བོར་ཧ་དཀར་པོ། མགྲིན་པར་རི་སེར་པོ། སྙིང་གར་ཨ་སྔོན་པོ། ལྟེ་བར་ནི་དམར་པོ། གསང་བར་ས་ལྗང་གུ །ནང་སྐོར་གྱི་འདབ་མ་རྣམས་ལ་ལྟེ་བའི་ཡི་གེ་དང་ཁ་དོག་འདྲ་བའི་ཡི་གེ་བཞི་བཞི་སྔར་ལྟར་དང་། གསང་བར། སར། བ། ཀར། མ་ལྗང་གུ་རྣམས་གསལ་བཏབ། དེ་ནས་རླུང་རོ་བསལ་ལ། དབུགས་འགྲོ་འོང་རང་བབས་དལ་བུས་རྒྱུ་བ་དང་སྦྱར་ཏེ། དབུགས་ནང་དུ་འཇུག་པའི་ཚེ་ཡེ་ཤེས་ལྔའི་རླུང་འོད་ཟེར་ལྔ་ལྡན། ཧ་རི་ནི་སའི་སྔགས་སྒྲ་འུ་རུ་རུ་སྒྲོག་བཞིན་པར་ཕག་ཞལ་གྱི་སྣ་བུག་ནས་ཞུགས་རོ་རྐྱང་གི་ལམ་བརྒྱུད་དེ་འོངས་པ། དབུགས་ཕྱིར་འགྲོ་བའི་ཚེ་གསང་འཁོར་གྱི་དབུ་མའི་ནང་དུ་ཞུགས་ཏེ་ས་ཡིག་ལ་སིབ་ཀྱིས་ཐིམ་པར་བསམ། དེ་བཞིན་དུ་དབུགས་འཇུག་པ་དང་སྦྱར་ནས་རླུང་ལྔའི་འོད་ཟེར་བསྡུ་བའི་བར་འདྲ་བ་ལས། དབུགས་ལྡང་བའི་ཚེ་བསྟིམ་པའི་ཁྱད་པར་ལ། གཉིས་པས་ལྟེ་བའི་ནི། གསུམ་པས་སྙིང་གའི་ཨ། བཞི་པས་མགྲིན་པའི་རི། ལྔ་པས་སྤྱི་བོའི་ཧ། དྲུག་པས་འཁོར་ལོ་ལྔའི་ཡི་གེ་ཐམས་ཅད་ལ་ཐིམ་པར་བསམ་པ་སྟེ། འཁོར་ལོ་རེ་རེ་ལ་ཟླ་བ་རེ་སོགས་རྟགས་དང་བསྟུན་ནས་བསྒོམ་པར་བྱ་བ་གནད་དོ། །རྟགས་ནི། ཕྱི་རྟགས་སུ་དུ་བ་དང་སྨིག་རྒྱུ་ལ་སོགས་པའི་མཐོང་སྣང་སྣ་ཚོགས་པ་འཆར། ནང་རྟགས་སུ་རླུང་བྱང་ཆུབ་ཀྱི་སེམས་སུ་ཞུགས་པའི་རྟགས་རླུང་ཇེ་རིང་དུ་འགྲོ་ཞིང་བདེ་དྲོད་འགོ་གཡོ། གནས་པའི་རླུང་རྟགས་འགྲོ་འོང་མེད་པ་སྙམ་བྱེད་ཀྱང་བརྟགས་ན་རིག་ཅིང་བདེ་དྲོད་སྐྱེ། ཐིམ་པའི་རྟགས་སུ་རླུང་འགྱུ་བ་འགག་ཅིང་བདེ་དྲོད་འབར། དེ་ནས་རླུང་ལས་སུ་རུང་བས་བདེ་དྲོད་རྒྱུན་ཆད་མེད་པར་འབར་བ་འོང་། གསང་བའི་རྟགས་སེམས་རང་བཞིན་གྱིས་བདེ་གསལ་མི་རྟོག་སྟོང་པ་ཟུང་དུ་འཇུག་པའི་ཏིང་འཛིན་འཆར། དེ་ཡང་རླུང་སེམས་གཉིས་སུ་མེད་པའི་གནད་ཀྱིས་རླུང་ཇི་ལྟར་ཟིན་པ་བཞིན་དུ་སེམས་གནས་ཀྱང་ཇེ་རིང་དང་། མཐར་རླུང་ཐིམ་པའི་ཚེ་ན་ཏིང་ངེ་འཛིན་ཁོར་ཡུག་ཏུ་གནས་པ་འབྱུང་ཞིང་། སེམས་ལས་སུ་རུང་བས་ཏིང་ངེ་འཛིན་ལ་དབང་འབྱོར་བར་འགྱུར་རོ། །ཐུན་མོང་གི་ཡོན་ཏན་ཡང། བདེ་དྲོད་འབར་བས་རླུང་གོས་སུ་གྱོན་པ་སྟེ་མི་འཁྱགས། རླུང་ཟས་སུ་ཟ་བས་བཀྲེས་གདུང་སེལ། རྟར་ཞོན་པས་ལུས་ཡང་ཞིང་མགྱོགས། བཅུད་ལེན་དུ་སོང་བས་རྒས་པ་མེད་ཅིང་ལུས་སྟོབས་རྒྱས་པ་དང་ཚེ་རིང། འབྱུང་བ་སྙོམ་པས་ནད་མི་འབྱུང་། ནང་དུ་རླུང་སེམས་འདུས་པའི་རྟེན་འབྲེལ་གྱིས་ཕྱིར་སྣང་བ་དབང་དུ་འདུ་ཞིང་མངོན་ཤེས་འཆར་བ་སོགས་ཀྱི་ཡོན་ཏན་འབྱུང་བར་འགྱུར་རོ། །ཐུན་མོང་བའི་རླུང་གི་རྣལ་འབྱོར་འདི་ནི་གསང་སྒྲུབ་སྙན་བརྒྱུད་དངོས་བསྟན་ལས་མི་འབྱུང་ཡང་། མེ་ལོང་རྡོ་རྗེའི་སློབ་མ་མཚན་ལྡན་ཧ་རི་རྡོ་རྗེ་ཡབ་སྲས་ཀྱི་ཕྱག་བཞེས་ལས་བྱུང་བའི་མན་ངག་སྟེ། འོག་ནས་འབྱུང་བའི་རླུང་དྲུག་གི་གནད་ཀྱང་འདིར་འདུས་པར་བཞེད་དོ། །གཉིས་པ་རླུང་གི་རྣལ་འབྱོར་ཁྱད་པར་བ་ནི། རྩ་བའི་གཞུང་གི་དངོས་བསྟན་སྒྲ་ཇི་བཞིན་པ་དང་འབྲེལ་བའི་མན་ངག་མཐར་ཐུག་པ་སྟེ། འཁོར་བའི་ས་བོན་གཏི་མུག་དྲུག་གི་གཉེན་པོར་རླུང་དྲུག་བསྒོམ་པ་ཡིན། དེ་ཡང་རླུང་དྲུག་པོ་རེ་རེ་ལ་གནས་པའི་ས། བཅའ་བའི་ལུས་གནད། རླུང་གི་འཛིན་སྟངས། གཏད་པའི་དམིགས་པ། སྐྱེས་པའི་ཉམས། གཉུག་མ་ཡེ་ཤེས་ཀྱི་ལྟ་བ་དང་བསྲེ་བ་སྟེ་དྲུག་དྲུག་ལས། དང་པོ་ལྔ་སོ་སོའི་ཐད་དུ་གསེབ་ཚགས་སུ་བཤད་ནས། དྲུག་པ་ཐམས་ཅད་ཀྱི་མཇུག་ཏུ་འཆད་པར་བྱའོ། །དེ་ལ་དང་པོ་རང་བཞིན་གྱི་སྒྲིབ་པ་ཀུན་གཞིར་བག་ལ་ཉལ་གྱི་གཉེན་པོར་ལྷན་ཅིག་སྐྱེས་པའི་རླུང་བསྒོམ་སྟེ། གནས་ས་ནི་ལུས་ལེན་པའི་ཚེ་རླུང་རིག་ལྷན་ཅིག་ཏུ་འདུས་ཏེ་བླངས་པས་ན་ལྟེ་བར་གནས། ལུས་གནད་བདེ་བའི་སྟན་ལ་ཆོས་བདུན་ནམ་མེ་ཐབ་དྲུག་ཆིངས་བཅས་པ་པུས་འཁྱུད་ཀྱིས་བསྡམ། རླུང་རོ་བསལ་ནས་ལྟེ་འོག་ཏུ་འཇམ་རླུང་བུམ་པ་ཅན་སྦྱོར་བ་བཞི་ལྡན་དུ་འཛིན། དམིགས་པ་ལྟེ་བའི་འཁོར་ལོའི་དབུས་ཀྱི་ཨ་ཡིག་སྔོན་པོ་ལ་རྩེ་གཅིག་ཏུ་གཏད་དེ་བསྒོམས་པས། ཉམས་སྣང་བ་ལ་བདེན་འཛིན་ཞིག་པས་ཡ་ཆ་བ་དང་། ལུས་ཡོད་དུ་མི་ཚོར། ལུས་སེམས་བདེ་འབོལ་དུ་འགྲོ །གལ་ཏེ་རོ་སྟོད་རྒྱངས་པའམ་སྨད་དུ་མི་བདེ་བ་བྱུང་ནའང་དེ་ཀ་དགག་སྒྲུབ་མེད་པར་བསྐྱངས་པས་ལམ་དུ་འགྲོའོ། །གཉིས་པ་ཚེ་འདི་དང་འབྲེལ་བའི་ལས་སྐྱེད་བྱེད་ལྷན་སྐྱེས་ཀྱི་སྒྲིབ་པའི་གཉེན་པོར་ཐོད་རྒལ་གྱི་རླུང་བསྒོམ་སྟེ། གནས་ས་རྐང་པའི་མཐིལ་ནས་གཡོས་པས་རིག་པ་སྡོད་དུ་མི་བཏུབ། ལུས་གནད་རྐང་པ་གཡོན་པའི་བོལ་གཡས་པའི་མཐིལ་གྱིས་མནན། ལག་གཉིས་ཕྱི་ནས་རྐང་པ་གཡས་པའི་མཐིལ་ལ་བསྣོལ་མར་འཁྱུད་ཅིང་རྒལ་ཚིགས་བསྲང་། རླུང་སྔར་དང་འདྲ་ལ། དམིགས་པ་རླུང་མ་རྔུབ་པའི་གོང་དུ་ཡན་ལག་ལྔའི་ཡི་གེ་གསལ་བཏབ་ལ། ཐོག་མར་སྤྱི་བོར་ཨ་སྔོན་པོ་ལས་ཆོས་དབྱིངས་ཡེ་ཤེས་ཀྱི་འོད་སྔོན་པོ་འབར་བས་ཞེ་སྡང་སྦྱངས་ནས་རྡོ་རྗེ་མཁའ་འགྲོར་གསལ་བར་བྱས། འོད་དེས་ཡན་ལག་བཞིའི་ཡི་གེ་ལ་རིམ་གྱིས་ཁྱབ་པ་ལས། ལག་གཡས་ཀྱི་མཁྲིག་མར་ཁྱབ་པས་དེར་གནས་པའི་ཧ་ཡིག་དཀར་པོ་ལས་མེ་ལོང་ཡེ་ཤེས་ཀྱི་འོད་དཀར་པོ་འབར་བས་ལག་གཡས་ཀྱི་དངོས་ཞེན་སྦྱངས་ཏེ་ལུས་དང་བསམ་པ་གཅིག་ཏུ་འདྲེས། རྐང་གཡས་ཀྱི་བོལ་ལ་ཁྱབ་པས་དེར་གནས་ཀྱི་རི་ཡིག་སེར་པོ་ལས་མཉམ་ཉིད་ཀྱི་འོད་སེར་པོ་འབར་བས་རྐང་གཡས་སྦྱངས་ཏེ་ལུས་བསམ་འདྲེས། དེ་གཉིས་ཀྱིས་གཟུང་ཡུལ་གྱི་ཞེན་པ་དག །རོ་མའི་རྩ་ཁམས་ཤུགས་ཀྱིས་གསལ་བར་བྱས། རྐང་གཡོན་གྱི་བོལ་ལ་ཁྱབ་པས་ནི་ཡིག་དམར་པོ་ལས་སོར་རྟོག་གི་འོད་དམར་པོ་འབར་བས་རྐང་གཡོན་སྦྱངས་ཏེ་ལུས་བསམ་འདྲེས། ལག་གཡོན་གྱི་མཁྲིག་མར་ཁྱབ་པས་ས་ཡིག་ལྗང་གུ་ལས་བྱ་གྲུབ་ཀྱི་འོད་ལྗང་གུ་འབར་བས་ལག་གཡོན་སྦྱངས་ཏེ་ལུས་བསམ་འདྲེས། དེ་གཉིས་ཀྱིས་འཛིན་པ་སེམས་ཀྱི་ཞེན་པ་དག །རྐྱང་མའི་རྩ་ཁམས་ཤུགས་ཀྱིས་གསལ་བར་བྱས། དེ་ལྟར་ཡང་ཡང་བསྐྱར་ཞིང་གོམས་རྗེས་རླུང་བཟུང་ལ། རིག་པ་རྐང་པའི་བར་དུ་གཏད་དེ་བསྒོམས་པས། ཉམས་རྣམ་རྟོག་གིས་མི་གཡོ་བར་རིག་པ་སལ་ལེ་གནས། དེས་མཚན་མུན་ལྟ་བུའི་རྨོངས་པ་སེལ་ལོ། །གསུམ་པ་འདོད་ཆགས་དང་གཡེམ་པའི་བར་ཆད་ཀྱིས་ཐར་པའི་སྲོག་འཇོམས་པའི་གཉེན་པོར་རང་ལས་སྐྱེས་པའི་རླུང་བསྒོམ་སྟེ། གནས་ས་ཕོ་མོའི་མཚན་མར་གནས་པས་འདོད་ཆགས་འཆར། ལུས་གནད་སེམས་སྐྱིལ་བཅས་ཏེ་ལག་གཉིས་ཁུ་ཚུར་པུས་མོར་བཀབ། རླུང་སྔར་དང་འདྲ། དམིགས་པ་རང་ཉིད་ཕག་མོའི་སྐུ་ཁོང་སྟོང་གི་དབུས་སུ་རྩ་འཁོར་གསལ་བ་ལས། གསང་འཁོར་གྱི་དབུས་ཀྱི་ས་ཡིག་ལྗང་གུ་ལ་སེམས་གཏད་དེ་ལས་ཀྱི་མཁའ་འགྲོར་མོས་ལ་ཟས་ཟ་ཡུན་ཙམ་བསྒོམས་པའི་མཐར། རྒྱབ་རླུང་དྲག་ཏུ་སྤྱི་བོར་དྲངས་ཏེ་འཐེན་པ་ལན་དྲུག །མདུན་རླུང་ལྟེ་འོག་ཏུ་འཕུལ་བ་ལན་དྲུག་རེ་བསྐྱར་ཞིང་བཟུང་། ལུས་ཀྱི་རྩ་ཡིག་ཐམས་ཅད་བུམ་ནང་གི་མར་མེ་ལྟར་གསལ་བའི་འོད་གསང་གནས་ཀྱི་ཡི་གེར་ཐིམ་པས་བདེ་སྟོང་ཡེ་ཤེས་འབར་བར་བསམ་ལ། ལག་གཉིས་ཁུ་ཚུར་སྟན་ལ་བཞག་པས་ལུས་བཏེགས་ནས་འཕོངས་ལན་དྲུག་བརྡེག །འཇིག་རྟེན་གྱི་ཁམས་བདེ་བར་འབར་བའི་འོད་ཟེར་གསང་གནས་སུ་འདུས་ཏེ་བསྐུལ་བས། དེས་ལས་ཀྱི་མཁའ་འགྲོ་བདེ་བར་འབར་བའི་འོད་ཟེར་སྣ་ལྔས་ལུས་ཕྱི་ནང་ཐམས་ཅད་དུ་ཁྱབ། སྤྱི་བོའི་སངས་རྒྱས་མཁའ་འགྲོའི་བར་དུ་ཟག་མེད་ཀྱི་བདེ་བས་ཁྱབ་པར་བསམ། དེ་ལྟར་ལུས་ཐམས་ཅད་ལ་ཏིལ་ལ་མར་བཞིན་ཁྱབ་པས་ཡུལ་དྲུག་གི་བདེ་བས་ཤེས་པ་དྲུག་གིས་བསྡུས་པའི་བདེ་བར་གཤེགས་པ་ཐམས་ཅད་མཆོད། ཡུལ་ཤེས་ཁ་སྦྱོར་གྱི་བདེ་བས་འཛིན་པ་གྲོལ། ཆགས་ཞེན་རང་སར་དག་པར་བསམ། འཕར་རྡེག་གི་རྗེས་སུ་ཡང་ཡང་སྤྲུག་ཅིང་རླུང་བུས་ཏེ། ཤེས་པ་ལྷན་ནེ་རྗེན་ནེ་བའི་ངང་ལ་གློད་ནས་བཞག་གོ །ཉམས་ལུས་སེམས་ལ་དགའ་བདེ་སྐྱེ། རིག་པ་གསལ་ལ་གཡེར་ཐོན། དེར་མི་རྟོག་པས་ཆགས་ཞེན་ལས་གྲོལ་ཏེ་ལས་མི་གསོག་གོ། །བཞི་པ་ཡིད་ཀྱི་རྣམ་རྟོག་རགས་པ་གཅོད་པའི་གཉེན་པོར་སྦྱོང་བྱེད་ཡིད་ཀྱི་རླུང་བསྒོམ་སྟེ། གནས་ས་སྙིང་ག་སྟེ་ཡིད་ཀྱི་རྣམ་རྟོག་རགས་པ་སྐྱེད། ལུས་གནད་ཆོས་བདུན་དྲང་པོར་བསྲང་། རླུང་སྔར་ལྟར་ལས་འཇམ་རླུང་གཙོ་བོར་བྱེད། དམིགས་པ་རང་ལུས་ལྷ་སྐུ་རྩ་འཁོར་ཡི་གེ་དང་བཅས་པ་གསལ་བ་ལ་སེམས་གཏད་དེ། ལྷོད་གློད། ཧྲིལ་སྒྲིམ་ངང་ལ་བཞག །ཁྱད་པར་སྙིང་འཁོར་གྱི་དབུ་མའི་ནང་དུ་ཨ་ཡིག་སྔོན་པོ་དྭངས་གསལ་འོད་ལྔ་འཕྲོ་བ་ཡུངས་འབྲུའི་ཚད་ཙམ་ལ་རླུང་རིག་མི་འགྱུར་བར་གཏད་དེ་སྒྲིམ་གློད་རེ་མོས་ཀྱིས་བསྒོམས་པས། ཉམས་སྟོང་གསུམ་ཡུངས་འབྲུ་ཙམ་དུ་ཆུད་པ་ལ་ཡངས་དོག་མི་འཚམ་པ་མེད་པར་བདེ་བ་དང་། སྣང་སེམས་ཐམས་ཅད་བདེ་གསལ་མི་རྟོག་པར་འཆར། སྙིང་གར་བདུད་རྩི་འདུས་པས་ཟས་ཀྱི་ཞེན་པ་ལྡོག །མངོན་ཤེས་ཀྱང་ཅི་རིགས་སྣང་བས་འགྲོ་དོན་ནུས། ཡིད་ཀྱི་རྟོག་པ་རགས་པ་ཆད་དེ་ཤེས་སྒྲིབ་སེལ་བས་འཁོར་བར་ལྟུང་བའི་དོགས་པ་གྲོལ་ལོ། །ལྔ་པ་མངོན་གྱུར་གྱི་སྒྲིབ་པའི་གཉེན་པོར་སྤོར་བྱེད་ལས་ཀྱི་རླུང་བསྒོམ་སྟེ། གནས་ས་མགྲིན་པ་སྟེ་དུག་ལྔ་རགས་པ་སྐྱེད། ལུས་གནད་ཉིན་ཆོས་བདུན་དང་མཚན་ཁྱི་ཉལ་སྒོར་མོ་བྱ། རླུང་ལྟེ་འོག་ཏུ་སྔར་ལྟར་འཛིན། དམིགས་པ་མགྲིན་པའི་འཁོར་ལོའི་ལྟེ་བར་རི་ཡིག་སེར་པོའམ་ཨ་ཡིག་སྔོན་པོ་གང་རུང་གསལ་བ་ལ་རིག་པ་གཏད་དེ་བསྒོམས་པས། ཉམས་སྣང་རྨི་ལམ་ལྟར་བན་བུན་ཤིག་གེ་བ་སོགས་དང་། སྨིག་རྒྱུ་ལྟར་འདར་ཡམ་ཡམ་ཤིག་ཤིག་བྱེད། དེས་དུག་ལྔ་རགས་པ་འགགས་ཏེ་མངོན་དུ་གྱུར་པའི་སྒྲིབ་པ་སེལ་ལོ། །དྲུག་པ་ཤེས་སྒྲིབ་དྲུངས་ནས་འབྱིན་པའི་གཉེན་པོར་རྫོགས་བྱེད་ཡེ་ཤེས་ཀྱི་རླུང་བསྒོམ་སྟེ། གནས་ས་སྤྱི་བོར་གནས་པས་འཛིན་པ་སྐྱེད། ལུས་གནད་ཆོས་བདུན་ནམ་ཐབ་མགལ། རླུང་གནད་སྔར་དང་འདྲ། དམིགས་པ་སྤྱི་བོའི་ཕག་ཞལ་གྱི་སྨིན་ཕྲག་ཏུ་གཡུང་དྲུང་དམར་པོ་གཡོན་སྐོར་དུ་གདུགས་ལྟར་དྲག་ཏུ་འཁོར་བ་དང་། སྤྱི་བོའི་འཁོར་ལོའི་ལྟེ་བ་དབུ་མའི་ནང་དུ་ཧ་ཡིག་དཀར་པོའམ་ཨ་ཡིག་སྔོན་པོ་གང་བདེ་བསྒོམ་པ་ལ་སེམས་གཏད་དེ། ཡུལ་སེམས་སྣང་སྟོང་བདེ་བས་བརྒྱན་པའི་ངང་ལ་མཉམ་པར་གཞག །ཡང་ཚངས་བུག་གི་སྟེང་རྩའི་ནང་དུ་བླ་མ་ཧེ་རུ་ཀ་ཡབ་ཡུམ་བསྒོམས་ལ་གསོལ་བ་དྲག་ཏུ་བཏབ་ཅིང་དབང་བཞི་ལེན། བླ་མའི་ཐུགས་དང་རང་རིག་བསྲེས་ལ་རིག་པ་འཛིན་མེད་གཏད་ཡལ་དུ་འཇོག་ཅིང་འོག་རླུང་བསྐུལ་ཏེ་རླུང་འཕུལ། རེས་གཡུང་དྲུང་འཁོར་བའི་འོད་ཀྱིས་སྣོད་བཅུད་ཐམས་ཅད་ཡོར་ཡོར་འཁོར་བས་ཕྱོགས་འཛིན་བཤིག །ཇེ་མྱུར་འཁོར་བས་རྟོགས་པ་བཤིག དྲག་ཏུ་འཁོར་བས་བདེན་མེད་དུ་བཤིག །ཤིན་ཏུ་འཁོར་བས་མཐའ་བྲལ་ཏུ་ཐག་བཅད་ལ་རླུང་བཟུང་ཞིང་ལྟ་བའི་ངང་བསྐྱང་། རེས་འགའ་སྤྱི་བོའི་འཁོར་ལོའི་ལྟེ་བའི་ཧའམ་ཨ་ལས་བྱང་སེམས་ཀྱི་རྒྱུན་བབས་ཏེ། ལྟེ་འཁོར་གྱི་ཨ་ལ་རེག་པའི་འབར་འཛག་གི་དགའ་བ་ལ་སེམས་རྩེ་གཅིག་ཏུ་བཞག །མཐར་སྣོད་བཅུད་ཐམས་ཅད་འོད་ལྔར་མེར་ཆམས་ཀྱིས་ཞུ་བ་རང་གི་སྒོ་གསུམ་དང་ཁྲུག་གིས་འདྲེས་པའི་སྟེང་དུ་སྤྱི་བོའི་བླ་མ་ཡང་བསྲེས། དེའི་ངང་ནས་ཨ་ཧ་རི་ནི་སའི་ཡིད་བཟླས་བྱས་པས་ཁམས་གསུམ་གྱི་འཛིན་པ་ཞིག་སྟེ། སྣང་སྲིད་མཁའ་འགྲོ་སྡེ་ལྔའི་སྐུ་ཆེ་ཆུང་མ་ངེས་པ་ཏིལ་གྱི་གོང་བུ་བྱེ་བ་ལྟར་འོད་ལྔའི་ཀློང་ན་ཡོམ་ཡོམ་ཤིག་ཤིག་གང་བ་ལ་ཆེ་རེ་བལྟས་པས་ལྷ་སྐུའི་སྣང་བ་ཐམས་ཅད་ཀྱང་སྣང་ལ་འཛིན་པ་མེད་པའི་ངང་བསྐྱང་ངོ་། །ཉམས་ལས་རླུང་རྫོགས་པས་རིག་པ་འཛིན་མེད་དུ་ཤར་ནས་རྟགས་བཅུ་དང་ཡོན་ཏན་ཆེན་པོ་བརྒྱད་ཡོངས་སུ་རྫོགས་ཏེ། ས་ལམ་དུས་གཅིག་ལ་ནོན་ནས་འཚང་རྒྱ་བར་འགྱུར་རོ། །རླུང་དྲུག་པོ་གང་བསྒོམས་ཀྱང་མཐར་གཉུག་མ་ཡེ་ཤེས་ཀྱི་ལྟ་བ་དང་བསྲེ་བ་གལ་ཆེ་སྟེ། ཉམས་གང་ལྟར་སྐྱེས་ཀྱང་དགག་སྒྲུབ་དང་བླང་དོར་གྱི་རྟོག་པས་མ་བསླད་པར། གང་ཤར་གྱི་རང་ངོ་བསྐྱངས་པས་གཟུང་འཛིན་གྱི་རྟོག་ཚོགས་ནམ་མཁའ་ལ་སྤྲིན་དེངས་པ་ལྟར་སངས་ཤིང་འཁོར་བའི་ས་བོན་ཟད་དེ། དབྱིངས་རང་བཞིན་གྱིས་རྣམ་པར་དག་པའི་ཀློང་དུ་རིག་པ་རང་བཞིན་གྱིས་རྣམ་པར་དག་པ་ཐིམ་པས་མ་བུ་འདྲེས་ནས་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་འགྱུར་མེད་ཀྱི་དབྱིངས་སུ་གཏན་ལ་ཕེབས་ཏེ། རྦ་རླབས་ཆུར་ཐིམ་པ་བཞིན་དུ་རྣམ་རྟོག་དབྱིངས་སུ་དག་པས་འཁོར་འདས་ཀྱི་བར་ལག་འགྱེལ། ལམ་ལྔ་ས་བཅུ་རིམ་གྱིས་སམ་གཅིག་ཅར་དུ་བགྲོད་དེ་གྲོལ་བར་འགྱུར་རོ། །དེ་ཡང་གཞུང་རྩ་བ་ལས། རབ་ནི་སྐད་ཅིག་དྲུག་གིས་འགྲུབ༔ འབྲིང་ནི་རླུང་དྲུག་བསྒོམས་པས་འགྲུབ༔ ཐ་མ་ཟླ་དྲུག་མཁའ་སྤྱོད་འགྲུབ༔ ཅེས་དབང་པོ་རབ་འབྲིང་ཐ་གསུམ་ལ་ལྟོས་པའི་རྫོགས་རིམ་གསུམ་ལས། དབང་རབ་ཀྱི་རྫོགས་རིམ་ནི་འོག་ཏུ་འཆད་འགྱུར་གྱི་ཆོས་སྐུའི་ལམ་ཁྱེར་དང་འབྲེལ་བས། འདིར་འབྲིང་ཐ་གཉིས་ཏེ་རྣལ་འབྱོར་པ་དབང་འབྲིང་རྣམས་ཀྱིས་ཉིན་རེ་བཞིན་ཐུན་ཆ་མཉམ་པ་དྲུག་ཏུ་བཅད་དེ། རླུང་དྲུག་རེ་མོས་སུ་རྫོགས་པར་བསྒོམས་པས་ཞག་བདུན་ནམ། བཅུ་བཞིའམ། ཉེར་གཅིག་གམ། ཟླ་གཅིག་ཙམ་གྱིས་རྟོགས་པ་ཐོབ་ནས་ཤར་གྲོལ་དུས་གཅིག་ཏུ་འབྱུང་བ་ཡིན་ལ། དབང་པོ་ཐ་མས་ནི། ཟླ་བ་རེ་ལ་རླུང་རེ་སྦྱོར་དངོས་རྗེས་གསུམ་ཚང་བར་བསྒོམས་པས། ཟླ་བ་དྲུག་ནས་ཉོན་མོངས་པའི་ས་བོན་དྲུག་གི་ནུས་པ་ཟད། ཡེ་ཤེས་དུས་གཅིག་ལ་ཤར། ཤེས་བྱ་ཐམས་ཅད་དུས་གཅིག་ཏུ་ཆོད། ལས་རླུང་ཐམས་ཅད་ཡེ་ཤེས་ཀྱི་རླུང་དུ་གནས་གྱུར། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག །ཡེ་ཤེས་རྣམས་རིམ་གྱིས་སྐྱེས་ནས་གྲོལ་བར་འགྱུར་ཏེ། དེ་ལྟར་ཤེས་པའི་རྣལ་འབྱོར་གྱིས༔ ཟླ་དྲུག་མ་ཡིན་རླུང་དྲུག་ཡིན༔ ཞེས་གསུངས་སོ། །ཞར་བྱུང་ལམ་གྱི་ཡན་ལག་ལ་གཉིས་ལས། མཚན་མོ་འོད་གསལ་འཛིན་པ་ནི། ཉལ་ཁར་རང་རྗེ་བཙུན་མའི་སྐུ་གསལ་སྟོང་བདེ་བའི་རང་སྣང་དུ་ཤར་བའི་སྤྱི་བོར་བླ་མ་ཧེ་རུ་ཀ་ཡབ་ཡུམ་བསྒོམས་ལ། མོས་གུས་དྲག་པོས་གསོལ་བ་བཏབ་པས་ད་ལྟའི་སྣང་བ་འདི་གཏད་མེད་དུ་ཆད་དེ་ལངས་སོང་བ་དང་། བླ་མའི་སྙིང་གའི་ཨ་ལ་བསྟིམ། དེ་ནས་རང་ལུས་ཀྱི་དབུ་མའི་ནང་གི་ཨ་ཡིག་སལ་ལེ་བ་ལ་རླུང་སེམས་གཏད་དེ་བཞག །ཧ་ཅང་ཤེས་པ་སྒྲིམ་མ་དྲགས་ཙམ་གྱི་ངང་ནས་གཉིད་ལོག་པས་མི་རིང་བར་གཉིད་འོད་གསལ་དུ་ཆུབ་པར་འགྱུར་ཞིང་། སད་མ་ཐག་ཏིང་ངེ་འཛིན་གྱི་སྐྱེལ་བསུས་སླེབ་པ་གལ་ཆེ་གསུངས། འདའ་ཀ་འཕོ་བའི་མན་ངག་ནི། རྣལ་འབྱོར་པ་རབ་ཏིང་ངེ་འཛིན་ལ་དབང་ཐོབ་པས་འཕོ་བའི་གདམས་པ་མི་དགོས། འབྲིང་རླུང་སེམས་ལས་སུ་རུང་བས་འཕོ་བ་སླ། འདིར་ཐ་མ་རླུང་ཟིན་པ་ཙམ་ལ་འཕོ་བའི་གདམས་ངག་གིས་མཚམས་སྦྱོར་དགོས་པས། དེའི་གནད་ནི། རང་ལྷར་གསལ་བའི་ལུས་ཀྱི་དབུས་སུ་རྩ་འཁོར་ཡི་གེ་ལྔ་དང་བཅས་པ་གསལ་བཏབ་ལ། འབྱུང་བའི་ཐིམ་རིམ་དང་སྦྱར་ཏེ། ས་ཆུར་ཐིམ་དུས་གསང་འཁོར་གྱི་ཡི་གེར་ཤེས་པ་གཏོད་ཅིང་རླུང་བསྟིམ། དེ་བཞིན་དུ་ཆུ་མེར་ཐིམ་དུས་གསང་ཡིག་ལྟེ་འཁོར་གྱི་ཡི་གེར་བསྟིམས་ནས་དེར་རླུང་རིག་གཏད། མེ་རླུང་ལ་ཐིམ་དུས་ལྟེ་ཡིག་སྙིང་གའི་ཡི་གེར་བསྟིམས་ལ་དེར་རླུང་རིག་གཏད། རླུང་སེམས་ལ་ཐིམ་དུས་སྙིང་ཡིག་མགྲིན་པར་བསྟིམས་ལ་དེར་རླུང་རིག་གཏད། སེམས་འོད་གསལ་ལ་ཐིམ་དུས་ལས་ལ་སྦྱོར་ཏེ། མགྲིན་པའི་ཡི་གེ་གྱེན་དུ་སོང་བ་སྤྱི་བོའི་ཡི་གེར་ཐིམ་པའི་རྐྱེན་གྱིས་རླུང་སེམས་ཚངས་བུག་ནས་ཐོན་པ་སྤྱི་བོའི་བླ་མ་ཧེ་རུ་ཀའི་ཡུམ་གྱི་བྷ་གར་བསྟིམས་ལ་བརྒྱལ་ཐབས་སུ་མཉམ་པར་འཇོག །སྦྱོང་བའི་ཚེ་མགྲིན་པའི་ཡི་གེ་སྤྱི་བོའི་ཡི་གེར་བསྟིམ་པའི་བར་བྱས་རྗེས་དར་གཅིག་མཉམ་པར་བཞག་ནས། སླར་ཡང་སྤྱི་བོའི་ཡི་གེ་ལས་མགྲིན་པའི་ཡི་གེ་སོགས་རིམ་པར་མཆེད་དེ་དབུ་མའི་ལམ་བརྒྱུད། སོ་སོའི་གནས་སུ་སོན་པས་དེ་དང་དེར་བདེ་བ་ཆི་ལི་ལི་བྱུང་བར་བསམ་ཞིང་རླུང་རིག་ཐུར་དུ་འཆིང་། དེ་ལྟར་ཐིམ་རིམ་གྱི་མོས་པ་ལམ་དུ་བྱེད་པས་སྐྱེལ་བསུ་ལ་བསླབ་པར་བྱ་བ་གནད་དོ། །དེ་དག་ནི་གསང་དབང་གི་བརྡ་དང་རྗེས་སུ་འབྲེལ་བའི་ལམ་སྤྲོས་མེད་བཟླས་པའི་རྣལ་འབྱོར་ལ་བརྟེན་ནས་ལོངས་སྐུའི་ཕག་མོ་ལམ་དུ་ཁྱེར་བའི་གདམས་པའོ། །གསུམ་པ་དོན་དམ་པ་སྟོང་པ་ཉིད་ཀྱི་རྣལ་འབྱོར་གྱིས་ཆོས་སྐུའི་ཕག་མོ་ལམ་དུ་ཁྱེར་བའི་གདམས་པ་ལ་གཉིས་ཏེ། བསྒོམ་དོན་གྱི་གནད་བློ་ལ་འགོད་པ་དང་། གནད་ཤེས་ནས་ཇི་ལྟར་སྒོམ་ཚུལ་ལོ། །དང་པོ་ནི། རྡོ་རྗེ་ཕག་མོ་གང་ཡིན་པ༔ ཡེ་ནས་རང་སེམས་རྣམ་དག་ཡིན༔ ཞེས་གསུངས་ཏེ། དེའི་དོན་གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་གསུངས་པ་ལྟར་སྣང་བ་འདི་ཐམས་ཅད་རང་སེམས་ཀྱི་འཁྲུལ་སྣང་ཙམ་ལས་གཞན་དུ་མ་གྲུབ་པ་རྨི་ལམ་གྱི་སྣང་བ་ལྟ་བུ་དང་། སེམས་ཀྱི་རང་བཞིན་གདོད་མ་ནས་རྣམ་པར་དག་པ་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས། སྐྱོན་ཡོན་གྲུབ་བསལ་ལས་འདས་པའི་ཀུན་ཁྱབ་འགྱུར་མེད་ཀྱི་དབྱིངས་དེ་ནི་དོན་དམ་པའི་རྡོ་རྗེ་ཕག་མོ་སྟེ། སྙིང་པོ་ལས། དུས་བཞིར་ཕྱོགས་བཅུ་གང་ནས་ཀྱང། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་ནས་མ་ཚོལ་ཅིག །ཅེས་གསུངས་པ་བཞིན་ཏེ། དེ་ལ་གནས་ལུགས་གཞིའི་ཕག་མོ་ཞེས་ཀྱང་ཟེར་རོ། །དེ་ཉིད་བླ་མ་དམ་པ་མན་ངག་ཉམས་མྱོང་ཅན་གྱིས་མཛུབ་ཚུགས་སུ་ངོ་སྤྲད་པས། སློབ་བུས་རང་སེམས་ཆོས་སྐུར་ངེས་པ་རྙེད་པ་ན། ལས་ཉོན་སྡུག་བསྔལ་གསུམ་གྱིས་བསྡུས་པའི་འཁོར་བའི་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་ངང་གིས་གཏན་ལ་ཕེབས་པས། དབང་པོ་རང་ལོག་དང་ཡེ་ཤེས་རང་ཤར་གྱིས། གཉུག་མ་ལྷན་ཅིག་སྐྱེས་པའི་དོན་དེ་བཞིན་ལ་མེ་ལོང་བསྟན་པ་ལྟར་རྟོགས་ནས་མཉམ་རྗེས་དབྱིངས་སུ་ཐིམ། འཁོར་འདས་མཉམ་ཉིད་དུ་ལམ་དུ་ལོངས་པ་ནི་རྟོགས་པ་ལམ་གྱི་ཕག་མོ་ཞེས་བྱའོ། །དེ་ལྟར་རྟོགས་པའི་དོན་ལ་གོམས་འདྲིས་བརྟན་པོས་བསྐྱངས་སྟོབས་ཀྱིས་སྒྲིབ་གཉིས་གཞི་ལ་དག །དྲན་རིག་གཟུང་འཛིན་གྱི་རྟོག་པ་ཆོས་ཉིད་ལ་ཐིམ། ཉམས་ཀྱི་ཤེས་པ་ཕྲ་མོ་ཡང་དབྱིངས་སུ་ཡལ་ཏེ་ས་ལམ་གྱི་ཡོན་ཏན་མཐར་ཕྱིན་པ་ནི་མངོན་གྱུར་འབྲས་བུའི་ཕག་མོ་ཞེས་བྱའོ། །ལམ་གྱི་ཕག་མོ་དེ་ཡང་འདིར་དབང་དུས་སམ་ལམ་དུས་ཀྱི་ཡེ་ཤེས་སྐད་ཅིག་མ་དྲུག་ངོས་ཟིན་པས་རྟོག་པ་དྲུག་གཅོད་པའི་གནད་དེ། དེ་ལྟར་རྟོགས་པས་ཆོས་ཐམས་ཅད་སེམས་སྣང་། སེམས་ཉིད་རྩ་བྲལ་སྟོང་པ་ཉིད་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་གཏན་ལ་ཕེབས་པ་རྡོ་རྗེ་ཕག་མོའི་ལྟ་བ། དེ་ལ་གནས་པ་སྒོམ་པ། དེ་དང་མི་འབྲལ་བ་སྤྱོད་པ། དེ་ལ་བརྟན་པ་ཐོབ་པ་འབྲས་བུ་སྟེ། དབང་པོ་རབ་གྲོལ་བར་བྱེད་པའི་གདམས་པའོ། །དེ་ལྟར་ཡང་མངོན་འབྱུང་ལས། ཡེ་ཤེས་སྐད་ཅིག་དང་པོ་ལ། །གཟུང་བའི་རྣམ་པར་རྟོག་པ་གཅོད། །སྐད་ཅིག་གཉིས་པའི་ཡེ་ཤེས་ཀྱིས། །འཛིན་པའི་རྣམ་པར་རྟོག་པ་གཅོད། །སྐད་ཅིག་གསུམ་པའི་ཡེ་ཤེས་ཀྱིས། །གཟུང་འཛིན་གཉིས་ཀྱི་རྟོག་པ་གཅོད། །སྐད་ཅིག་བཞི་པའི་ཡེ་ཤེས་ཀྱིས། །རྣམ་པར་ལྟ་བའི་རྟོག་པ་གཅོད། །སྐད་ཅིག་ལྔ་པའི་ཡེ་ཤེས་ཀྱིས། །ཉམས་མྱོང་སྐྱེ་བའི་རྟོག་པ་གཅོད། །སྐད་ཅིག་དྲུག་པའི་ཡེ་ཤེས་ཀྱིས། །ཡིད་ལ་བྱེད་པའི་རྟོག་པ་གཅོད། །ཅེས་གསུངས་སོ། །གཉིས་པ་གནད་ཤེས་ནས་ཇི་ལྟར་སྒོམ་ཚུལ་ནི། སྐྱབས་སེམས་བླ་མའི་རྣལ་འབྱོར་སྔོན་དུ་འགྲོ་བས་སྟན་བདེ་བ་ལ་ལུས་གནད་ཆོས་བདུན་བཅས། རླུང་རང་བབས་སུ་བཞག །སེམས་མ་བསྒྲིམས་མ་གློད། དུས་གསུམ་གྱི་རྟོག་པ་གང་ཡང་ཡིད་ལ་མི་བྱེད་པར་རང་བབས་སུ་འཇོག་ཅིང་། དེ་ཀའི་རང་ངོ་ལ་ཆེ་རེ་བལྟ། དེ་ལྟར་བལྟས་པས་གང་དུའང་ངོས་གཟུང་མེད་ཅིང་། བློའི་ཡུལ་ལས་འདས་པའི་རང་རིག་རང་གསལ་སྤྲོས་པ་དང་བྲལ་བ་ཞིག་འཆར་བས་དེའི་ངང་ལ་མཉམ་པར་འཇོག་ཅིང་། དེ་ཀ་ལ་གནས་ན་ལེགས། གལ་ཏེ་རྣམ་རྟོག་འཕྲོ་ན། གང་ཤར་དེ་ཀ་ལ་ཆེ་རེ་བལྟས་པས་སྐྱེས་ཟིན་སྐྱེ་འགྱུར་སྐྱེ་བཞིན་པའི་རྣམ་རྟོག་ཐམས་ཅད་ནམ་མཁའི་དབྱིངས་ལ་བལྟས་པས་ཅི་ཡང་མ་མཐོང་བ་དང་འདྲ་བར་རྗེས་མེད་དུ་ཝལ་ཁྱུག་གིས་སོང་། དེ་ལྟར་གང་དུའང་མ་མཐོང་། ཅི་ཡང་མ་ཡིན་པ་སྟོང་གསལ་ཡུལ་མེད་དུ་ལྷག་གེ་བ་དེ་ཁོ་ན་བཞིན་དུ་ཆོས་ཐམས་ཅད་ཀྱི་རང་བཞིན་ཡང་དེ་དང་འདྲ་ལ། དེ་ཉིད་རང་གིས་ཁ་ནང་དུ་ཕྱོགས་ཏེ་རིག་པ་ལས་གཞན་མེད་པས་སོ་སོ་རང་རིག །སེམས་ཀྱི་ངོ་བོ་གང་དུའང་མ་མཐོང་བས་སྤྲོས་བྲལ། གང་དུའང་མ་གྲུབ་པས་སྟོང་ཉིད། ཆོས་ཐམས་ཅད་ཀྱི་རང་བཞིན་དེ་ལས་མི་འདའ་བས་གཉུག་མ། འཁྲུལ་རུང་མ་འཁྲུལ་རུང་གནས་ལུགས་ཀྱི་དོན་དེ་ལས་གཞན་དུ་མེད་པས་གཞན་སྟོང་འགྱུར་བ་མེད་པའི་དབྱིངས་ཞེས་གྲགས་སོ། །དེ་ལྟར་ཡང་སློབ་དཔོན་ཆེན་པོ་པདྨའི་ཞལ་ནས། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ལ། །སྤྲོས་བཅས་སྤྲོས་མེད་ལ་སོགས་པ། །དཔག་མེད་མང་དུ་བཤད་ན་ཡང་། །སྤྱིར་ནི་ཐམས་ཅད་སེམས་སུ་འདུས། །ཐ་མལ་ཤེས་པ་ངོས་ཟིན་ཅིང། །རེ་དོགས་མེད་པར་གྲོལ་གྱུར་ན། །རྡོ་རྗེ་ཕག་མོ་དེ་ཉིད་ཡིན། །ཞེས་སོ། །དེ་ཡང་མ་གོམས་ཀྱི་བར་དུ་སྣང་རིག་ངོ་བོ་ངོས་གཟུང་དང་བྲལ་བ་དེ་ཀའི་སྟེང་དུ་ཤེས་པ་ངར་དང་བཅས་ཏེ་སལ་ལེ་ཧྲིག་གེ་རྗེན་ནེ་འཇོག །དེས་ངལ་ན་ལྷོད་དེ། མེ་རེ། འབོལ་ལེ། ཤིགས་སེ་གློད་ལ་གཞག །དེ་ལྟར་སྒྲིམ་ལྷོད་རེ་མོས་སུ་བསྐྱངས་པས་ཅུང་ཟད་གོམས་པ་ན། གང་ལའང་གཏད་མེད་དུ་བློ་བྱ་བྲལ། སེམས་རྟོག་བྲལ། ཤེས་པ་སྐྱོན་བྲལ་རང་ལུགས་སུ་བསྐྱང་བར་བྱའོ། །དེ་ལྟར་ཡང་ཕག་མོ་མངོན་འབྱུང་ལས། ཕྱོགས་རིས་མེད་པའི་ལྟ་བ་དེ། །གཉུག་མའི་དོན་ལ་ལྟ་བར་གྱིས། །དམིགས་གཏད་མེད་པའི་སྒོམ་པ་དེ། །གཉུག་མའི་ཡིད་ཀྱིས་བསམ་པར་གྱིས། །ཞེས་གསུངས། དེ་ཡང་དུས་གསུམ་གྱི་རྟོག་པས་མ་བསླད་པའི་རྩ་བྲལ་གྱི་ཤེས་པ་ཡེངས་མེད་ཀྱི་ངང་ནས་འཆར་སྒོ་མ་འགགས་པའི་ཡེ་ཤེས་བདེ་གསལ་རྣམ་པར་མི་རྟོག་པའི་རང་ངོར་རྗེན་ནེ་བཞག་པའི་ཚེ། དེ་སྐད་ཅིག་མ་དྲུག་གི་རྟོག་པ་གཅོད་དེ། ཕྱི་སྣང་བའི་ཡུལ་ལ་མི་ཞེན་པས་གཟུང་ཡུལ་གྱི་རྟོག་པ་ཆོད། ཡུལ་གྱི་ཞེན་པ་འགགས་པས་དེར་འཛིན་བྱེད་ནང་རྣམ་པར་རྟོག་པའང་རང་བཞིན་གྱིས་སྟོང་པས་འཛིན་པའི་རྣམ་རྟོག་ཆོད། དེ་ལྟར་ཡུལ་ཤེས་ཀྱི་གཟུང་འཛིན་མ་གྲུབ་པས་གཟུང་འཛིན་གཉིས་ཀའི་རྟོག་པ་ཆོད། དེས་འདོད་པའི་ལྟ་བ་ལ་མ་ཞེན་ན། སྒོམ་པའི་ཉམས་ལ་མི་ཆགས་པས་རྣམ་པར་ལྟ་བའི་རྟོག་པ་ཆོད། ཉམས་ལ་ཞེན་པ་ཟད་པས་གསལ་ལ་རྟོག་མེད་ཡེ་ཤེས་ཉིད་དུའང་ཞེན་པ་མེད་པས་ཉམས་མྱོང་སྐྱེ་བའི་རྟོག་པ་ཆོད། དེས་གསལ་ལ་རྟོག་པ་མེད་པ་ཡིན་ནོ་སྙམ་པ་ཙམ་གྱི་བློ་དང་བློ་འཛིན་ཕྲ་མོའང་རང་སར་གྲོལ་བས་ཡིད་ལ་བྱེད་པའི་རྟོག་པ་ཆོད་དེ། སྐྱེ་བའི་ས་བོན་ཟད་པས་སྐྱེ་མེད་ཡུམ་གྱི་ངང་དུ་ཁྲོལ་གྱིས་གྲོལ་བ་ནི་དབང་རབ་སྐད་ཅིག་དྲུག་གིས་གྲོལ་བའི་མན་ངག་གི་གནད་དམ་པའོ། །དེ་དག་ནི་རྟེན་ཤེར་དབང་གི་བརྟེན་པ་ཚིག་དབང་དང་བཅས་ཏེ་དབང་གོང་མའི་བརྡ་དང་རྗེས་སུ་འབྲེལ་བའི་ལམ་ཤིན་ཏུ་སྤྲོས་མེད་དོན་དམ་སྟོང་པ་ཉིད་ཀྱི་རྣལ་འབྱོར་ལ་བརྟེན་ནས་ཆོས་སྐུའི་ཕག་མོ་ལམ་དུ་ཁྱེར་བའི་གདམས་པའོ། །གཉིས་པ་སྤྱོད་ལམ་གཞན་དང་བསྲེས་ནས་ལམ་དུ་ཁྱེར་བ་རྗེས་ཐོབ་ཀྱི་རྣལ་འབྱོར་ལ་དྲུག་ལས། དང་པོ་སྐུ་རྣམ་པར་དག་པ་སྣང་བ་སྐུའི་དཀྱིལ་འཁོར་དུ་སྐུའི་སྤྱོད་ལམ་དང་བཅས་བསྟན་པ། རྡོ་རྗེ་ཕག་མོ་གང་ཡིན་པ༔ ཡེ་ནས་རང་སེམས་རྣམ་དག་ཡིན༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ ཆོས་ཉིད་དོན་གྱིས་ཁྱབ་པའི་ཕྱིར༔ ཡེ་ནས་ཕག་མོ་ཉིད་དུ་གནས༔ ཐམས་ཅད་སྐུ་ཡི་ཕྱག་རྒྱ་ཡིན༔ བསྒུལ་སྐྱོད་ལྡང་འདུག་ཅི་བྱེད་ཀྱང༔ ཕྱག་དང་བསྐོར་བ་བྱེད་པ་ཡིན༔ ཞེས་པའི་དོན་སྔར་བཤད་པ་ལྟར། སེམས་ཉིད་རང་བྱུང་གི་ཡེ་ཤེས་དོན་གྱི་ཕག་མོ་སྟེ། རང་བཞིན་རྣམ་དག་དེས་ཆོས་ཐམས་ཅད་ལ་ཁྱབ་པས་ན། སྣང་བ་ཐམས་ཅད་རྗེ་བཙུན་མའི་སྐུའི་ཕྱག་རྒྱ་གསལ་སྟོང་འཛིན་མེད་དུ་ལྷག་ལྷག་སད་པར་མོས་ལ། དེའི་ངང་ནས་གང་མཐོང་ཡང་ལྷས་ལྷ་མཇལ་བ་དང་། ཉལ་འདུག་ལྡང་བ་ཕྱག་འགྲོ་འདུག་འཆག་བསྐོར་བ། ཟ་འཐུང་གྱོན་པ་མཆོད་པ་སོགས་ལུས་ཀྱི་བྱ་སྤྱོད་ཐམས་ཅད་ལྷ་ལ་ལྷ་རོལ་པའི་ཚུལ་གྱིས་ལམ་དུ་ཁྱེར་རོ། །གཉིས་པ་གསུང་རྣམ་པར་དག་པ་སྒྲའི་དཀྱིལ་འཁོར་དུ་བརྗོད་པ་ཐམས་ཅད་སྔགས་སུ་བསྟན་པ་ནི། བདེན་རྫུན་འཇམ་རྩུབ་ལ་སོགས་པ༔ སྨྲ་བརྗོད་ཐམས་ཅད་གསང་སྔགས་ཡིན༔ ཞེས་པས་ཟིན་པ་དང་མ་ཟིན་པའི་སྒྲ་སྐད་ཅི་སྨྲས་ཅི་ཐོས་ཐམས་ཅད་རྩ་ཡིག་ཨཱ་ལི་ཀཱ་ལིའི་རང་གདངས་ལས་མ་འདས་པས་གྲགས་སྟོང་གཞོམ་མེད་རྡོ་རྗེ་ཕག་མོའི་སྔགས་ཀྱི་རང་སྒྲར་རྣམ་པར་དག་པར་མོས་ལ་ལམ་དུ་ཁྱེར་རོ། །གསུམ་པ་ཐུགས་རྣམ་པར་དག་པ་དྲན་རྟོག་ཐུགས་ཀྱི་དཀྱིལ་འཁོར་དུ་དྲན་རིག་ཐམས་ཅད་ཏིང་ངེ་འཛིན་དུ་བསྟན་པ་ནི། བཟང་ངན་རྟོག་པ་གང་འགྱུས་ཀྱང༔ དྲན་རིག་ཐམས་ཅད་ཏིང་འཛིན་ཡིན༔ ཞེས་པས་སེམས་ལ་བཟང་རྟོག་ངན་རྟོག་གི་རྟོག་པ་གང་འགྱུ་ཡང་། གང་ཤར་གྱི་ངང་ལ་ཆེར་ཆེར་བལྟས་པས་དྲན་རྟོག་རྗེས་མེད་རིག་སྟོང་དུ་རྗེན་སང་ངེ་འཆར་བ་ཉིད་རྗེ་བཙུན་མའི་ཐུགས་ཆོས་ཉིད་དུ་མོས་ལ་ལམ་དུ་ཁྱེར་རོ། །བཞི་པ་འདོད་ཡོན་རྣམ་པར་དག་པ་བཟའ་བཏུང་ཐམས་ཅད་མཆོད་པར་བསྟན་པ་ནི། འཐུང་དང་ཟོས་དང་ཚིམ་པ་དང༔ འདོད་ཡོན་ཐམས་ཅད་མཆོད་པ་ཡིན༔ ཞེས་པས་སྐོམ་འཐུངས་པ་དང་ཟས་ཟོས་པ་དང་། གཟུགས་སྡུག་མི་སྡུག་སོགས་འདོད་ཡོན་གྱི་རྣམ་པ་གང་དང་གང་ལ་དབང་པོ་དང་ཤེས་པས་ལོངས་སྤྱོད་པ་ཐམས་ཅད་ཀྱང་། རང་བྱུང་ཡེ་ཤེས་ཀྱི་ལྷ་ལ་ལྷ་དང་། ཆོས་ཉིད་ལ་ཆོས་ཉིད་རོལ་པའི་སྒོ་ནས་མཆོད་པ་འབུལ་བར་མོས་པས་ལམ་དུ་ཁྱེར་རོ། །ལྔ་པ་བརྟུལ་ཞུགས་རྣམ་པར་དག་པ་ཆུད་ཟོས་ཐམས་ཅད་གཏོར་མར་བསྟན་པ་ནི། རལ་གཏོར་སྒྱེལ་དང་འབོ་གཅོག་སོགས༔ ཆུད་ཟོས་ཐམས་ཅད་གཏོར་མ་ཡིན༔ ཞེས་པས་དུས་ཚོད་དང་འབྲེལ་བར་སྤྱོད་པ་ལས། འདིར་སྐབས་སུ་བབས་པ་ན་ཁྱད་པར་བརྟུལ་ཞུགས་ཀྱི་སྤྱོད་པ་བཅོས་མ་དང་མཛེས་ཁྲིགས་བཤིགས་ནས་མི་ཕོད་པ་ལ་ཐོག་བརྫིས་བྱེད་པ་སྟེ། གོས་སོགས་རལ་བ་དང་། ཆང་དང་འབྲུ་འབྲས་སོགས་གཏོར་བ་དང་། སྣོད་བསྒྱེལ་ཞིང་གཅོག་པ་དང་། བཅུད་འབོ་བ་སོགས་ཆུད་ཟོས་ཅི་དང་ཅི་བྱས་ཀྱང་ཐམས་ཅད་རང་བྱུང་རང་ཤར་གྱི་གཏོར་མར་ཤེས་པས་རྡོ་རྗེ་མཁའ་འགྲོ་མ་རྣམས་ལྷ་ཉིད་ལ་ཉིད་རོལ་པར་མོས་པས་ལམ་དུ་ཁྱེར་ཏེ། དེས་ཟས་ནོར་དང་སྣང་བ་དབང་དུ་འདུས་པར་འགྱུར་རོ། །དྲུག་པ་དཔེ་དོན་རྣམ་པར་དག་པ་སྐལ་བ་ཡོད་མེད་ཀྱིས་འགྲུབ་པ་དང་མི་འགྲུབ་པར་བསྟན་པ་ནི། དེ་ལྟར་ཤེས་པའི་རྣལ་འབྱོར་པས༔ འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད༔ ཇི་ལྟར་བསམ་པ་དེ་ལྟར་འགྲུབ༔ དཔེར་ན་ཡིད་བཞིན་ནོར་བུ་འདྲ༔ ཐེ་ཚོམ་ཡིད་གཉིས་ཅན་གྱིས་ནི༔ བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་རོ༔ ཞེས་པས་སྐལ་ལྡན་ངེས་ཤེས་ཅན་གྱི་རྣལ་འབྱོར་པས་བསྒྲུབས་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་གང་འདོད་ཡིད་བཞིན་འགྲུབ་པར་འགྱུར་ཏེ། དཔེར་ན་ཡིད་བཞིན་གྱི་ནོར་བུ་ལ་མཆོད་པས་དགོས་འདོད་འབྱུང་བ་བཞིན་ནོ། །གལ་ཏེ་སྐལ་མེད་ཐེ་ཚོམ་ཅན་ནི་སྒྲུབ་བློ་བགྱིས་ཀྱང་འགྲུབ་པར་མི་འགྱུར་བའི་ཕྱིར་ན། འདི་དང་འཕྲད་པའི་སྐལ་ལྡན་རྣམས་ཀྱིས་ཡིད་གཉིས་ཐེ་ཚོམ་སྤངས་ཏེ་བརྩོན་འགྲུས་དྲག་པོས་བསྒྲུབ་པ་གཅེས་སོ། །གསུམ་པ་རྗེས་ཀྱི་ཁྲིད་ནི། ཉམས་རྟོགས་སྐྱེས་རིམ་ནས་ངོ་སྤྲོད་པ་དང་། གེགས་སེལ་བོགས་འདོན་རྣམས་བླ་མ་དམ་པ་ཉམས་མྱོང་ཅན་གྱིས་ལེགས་པར་གདམས་ཏེ་འཁྲིད་པར་བྱ་ཞིང་། དེ་ལྟར་འཁྲིད་པས་ཉམས་རྟོགས་དབྱར་གྱི་མྱུ་གུ་ལྟར་འཕེལ་བས་རིམ་པར་སློབ་པའི་ཟུང་འཇུག་ལ་སྦྱོར། དེས་ཟུང་འཇུག་གི་ལམ་ཉིད་ཀྱིས་ས་བཅུའམ་བཅུ་གཉིས་བགྲོད་པའི་མཐར་མི་སློབ་པའི་ཟུང་འཇུག་རྫོགས་པའི་སངས་རྒྱས་ཀྱི་སྐུ་འཕྲིན་ལས་དང་བཅས་པ་ཐོབ་པ་ཡིན་ནོ། །ཞར་བྱུང་ལག་ལེན་རྒྱས་བསྡུས་ཀྱི་སྒོ་བསྟན་པ་ནི། དཀྱུས་སུ་བཀོད་པ་ཉིད་རྒྱས་པའི་ལུགས་དང་། དེ་ལ་དངོས་གཞི་ལམ་ཁྱེར་གསུམ་གྱི་བསྒོམ་དོན་བློ་ལ་འགོད་པ་རྣམས་བོར་ནས། ཇི་ལྟར་སྒོམ་ཚུལ་གྱི་དམིགས་པ་ཁོ་ན་ཚང་བར་འབོགས་པ་འབྲིང་པོ་དང་། དེ་ལས་ཀྱང་ལོངས་སྐུའི་ཕག་མོ་ལམ་ཁྱེར་གྱི་དུས་སུ། སྤྲོ་བསྡུ་སྤྱིའི་བཟླས་དམིགས་དང་། ཐུན་མོང་གི་རླུང་གི་རྣལ་འབྱོར་ཙམ་ལ་བསྡུས་ཏེ་བཤད་ཀྱང་མ་ཚང་བའི་སྐྱོན་མེད་པ་བསྡུས་པའི་ལུགས་ཏེ། སློབ་བུའི་བློའི་རིམ་པ་དང་སྦྱར་ལ་ཇི་ལྟར་འཚམ་པའི་སྒོ་ནས་འཁྲིད་པར་བྱའོ། །ཉུང་ངུའི་ངག༵་གིས་ཟབ་དོན་རྒྱ་ཆེ་ལ། །དབ༵ང་བསྒྱུར་གསལ་བར་བཀོད་ལས་ཐོབ་པའི་དགེས། །མཁའ་མཉམ་འགྲོ་ཀུན་ཆོ༵ས་འདིའི་ལམ་ཞུགས་ནས། །དཔ༵ལ་ལྡན་རྡོ་རྗེ་མཁའ་འགྲོ་ཉིད་གྱུར་ཅིག །ཅེས་ཉང་གཏེར་ཁྲོས་མ་ནག་མོའི་ཁྲིད་ཡིག་འདི་ཡང་བསྟན་པའི་གསལ་བྱེད་མཆོག་སྤྲུལ་དམ་པ་ཀུན་བཟང་པདྨ་ལེགས་གྲུབ་ཀྱི་བཀས་རིང་མོ་ནས་བསྐུལ་བར་མཛད་པ་དང་། ཉེ་ཆར་ཆབ་མདོ་དགེ་སློང་སྤོང་བ་པ་ངག་དབང་བློ་བཟང་གིས་བསྐུལ་ངོར་རྒྱལ་ཀུན་ངོ་བོ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་༧འགྱུར་མེད་རྡོ་རྗེའི་བཀའ་དྲིན་གྱིས་འཚོ་བའི། གཉོས་ཀྱི་དགེ་སློང་རྨོངས་པ་དྷརྨ་ཤྲཱིས་རང་ལོ་ང་དྲུག་པ་ས་མོ་གླང་གི་ལོ་སྟོན་ཟླ་ཐ་ཆུང་ཡར་ངོའི་ཚེས་བརྒྱད་ཀྱི་ཆར་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭར་སྦྱར་བའོ། །དགེའོ།། །།

[edit]
[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).