Terdzo-TA-006

From Rinchen Terdzö
Revision as of 04:31, 29 June 2015 by PhilBot (talk | contribs) (Created page with "{{UnderConstruction}} {{RTZ Metadata |classification=Tibetan Publications |subclass = Tibetan Texts |collectiontitle=Rin chen gter mdzod; Rin chen gter mdzod Shechen Edition |...")
(diff) ← Older revision | Latest revision (diff) | Newer revision → (diff)
This page is under construction. Check back later for updated content.

རིག་འཛིན་སྲོག་སྒྲུབ་ལས། ཁྲིད་ཡིག་གི་རྒྱལ་པོ་འཇའ་གུར་འོད་གསལ་གྱི་གཏེར་མཛོད། ཟབ་མོ་མཁའ་འགྲོའི་དག་སྣང་

rig 'dzin srog sgrub las/_khrid yig gi rgyal po 'ja' gur 'od gsal gyi gter mdzod/_zab mo mkha' 'gro'i dag snang

revealed by  ལྷ་བཙུན་ནམ་མཁའ་འཇིགས་མེད་ (Lhatsun Namkha Jikme)
in cycle  རྩ་གསུམ་རིག་འཛིན་སྲོག་སྒྲུབ་ (Rtsa gsum rig 'dzin srog sgrub)
Volume 9 (ཏ) / Pages 115-144 / Folios 1a1 to 15b5


[edit]

༄༔ རིག་འཛིན་སྲོག་སྒྲུབ་ལས། ཁྲིད་ཡིག་གི་རྒྱལ་པོ་འཇའ་གུར་འོད་གསལ་གྱི་གཏེར་མཛོད། ཟབ་མོ་མཁའ་འགྲོའི་དག་སྣང་བཞུགས་སོ། ། ན་མོ་དྷརྨ་དྷཱ་ཏུ་མ་ཧཱ་སན་ཏི་ས་མཱ་ཏི་གུ་རུ་བྷྱཿ རབ་གསང་འཇའ་གུར་ཟག་བྲལ་རྡོ་རྗེའི་དབྱིངས། །ལྷུན་གྲུབ་འོད་ལྔ་ལོངས་སྐུ་མཚན་དཔེའི་བདག །སྤྲུལ་པས་འགྲོ་འདུལ་རིག་འཛིན་པདྨ་འབྱུང། །ཡི་དམ་ཌཱ་ཀི་ཆོས་སྲུང་སྤྱི་བོར་མཆོད། །ཕྱི་ནང་གསང་བའི་ཆོས་ཚུལ་རབ་འབྱམས་ཀྱི། །སྙིང་པོའི་བཅུད་བསྡུས་དབུ་ཕྱག་རྫོགས་པ་ཆེ། །བཀའ་གཏེར་དག་སྣང་ཟབ་མོ་སྙན་བརྒྱུད་ཀྱིས། །གངས་རིའི་ཁོར་ཡུག་ཁྱོན་འདི་མཛེས་གྱུར་པའི། །རྡོ་རྗེའི་ཆིངས་གྲོལ་བྱིན་རླབས་བདུད་རྩིའི་རྒྱུན། །སྙན་བརྒྱུད་འོ་མའི་བཅུད་མཆོག་མར་ལྟ་བུས། །ཐོས་གྲོལ་འགྲོ་ཀུན་དགའ་བའི་རེ་སྐོངས་ཤིག །ཐུགས་བཅུད་འདུས་པ་རིག་འཛིན་ཐིག་ལེའི་ཁྲིད། །མཁའ་སྤྱོད་དབྱིངས་གཞི་རྡོ་རྗེའི་མཎྜ་ལར། །དཔའ་བོ་ཌཱ་ཀིའི་གསང་སྔགས་རྡོ་རྗེའི་ཚིག །འོད་གསལ་སྙིང་པོ་གདོད་མའི་གནས་ལུགས་ངང་། །ལྷུན་གྱིས་གྲུབ་པའི་རང་མཚང་སྟོན་པའི་གླུ། །འདིར་ཅིག་སྨྲས་སོ་སྒྱུ་མའི་རྣལ་འབྱོར་པས། །སྐལ་པ་དམན་དང་རྒྱུ་འབྲས་ཕྱོགས་སུ་ཞེན། །ལམ་དོར་ལམ་ལོག་ལམ་དམན་ལམ་འཁྱོགས་པ། །སྐལ་མེད་རྣམས་ལ་གསང་དང་ཡེ་གསང་དང་། །རླུང་གི་ཕྱོགས་ཙམ་འཛག་མེད་རྒྱ་ཡིས་ཐོབ། །སྐལ་བཟང་རབ་མཆོག་བློ་གྲོས་ནོར་ལྡན་ཞིང་། །ལྷག་པར་སྐྱེས་རབས་རྒྱ་མཚོའི་བསོད་ནམས་ཕུལ། །འདིར་ནི་ཐེག་ཆེན་ཆོས་ལ་མངོན་འཇུག་པའི། །ཨ་ཏིའི་དལ་ལ་འདུ་ཞིང་མངོན་སུམ་དུ། །སྣང་བཞི་རྡོ་རྗེའི་ལམ་ནས་མི་འཁྱོག་པའི། །རིག་འཛིན་ཆོས་རྗེ་བླ་མའི་རྗེས་ཞུགས་པ། །སྐལ་བཟང་རྣམས་ལ་རྡོ་རྗེའི་དབྱངས་འདི་སྒྲོག །དེ་ལ་སྲོག་སྒྲུབ་ཡང་སྙིང་ཐུན་མོང་གི་ཁྲིད་ཡིག་སྲིད་ཞིའི་འོད་གསལ་གྱི་ཉི་མ། རང་བྱུང་དབྱིངས་རིག་དག་པའི་ལམ་ཆེན་ཞེས་བྱ་བ། མན་ངག་སྙིང་པོ་དམ་པ་འདིའི། རྡོ་རྗེའི་ལུས་མདོར་བསྟན་ན། སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། རྒྱས་པར་བཤད་ན་སྔོན་འགྲོ་ལ་ཡང་། ཐུན་མོང་དང་ཁྱད་པར་གཉིས་ལས། ཐུན་མོང་སྔོན་དུ་བཤད་པ་ལ་བཞི་སྟེ། དལ་འབྱོར་རྙེད་པར་དཀའ་བ། ཚེ་མི་རྟག་པ་བསམ་པ། ལས་རྒྱུ་འབྲས་བསླུ་བ་མེད་པའི་ཁྲིད་དུ་འཇུག་པ། འཁོར་བའི་ཉེས་དམིགས་དང་ཐར་པ་དམ་པའི་ཕན་ཡོན་བསྟན་པ་དང་བཞི་ལས། དང་པོ་དལ་འབྱོར་རིན་པོ་ཆེ་རྙེད་པར་དཀའ་བ་བསམ་པ་ནི། དབུལ་པོས་ཡིད་བཞིན་གྱི་ནོར་བུ་རྙེད་པ། འཇིག་རྟེན་གྱི་ཁམས་སུ་ཨུ་དུམ་ཝཱ་རའི་མེ་ཏོག་འབྱུང་བ། རྒྱ་མཚོར་གཉའ་ཤིང་གི་བུ་གར་རུ་སྦལ་གྱི་མགྲིན་པ་ཚུད་པ། ཞལ་བ་དང་ལྡན་པའི་གྱང་ལོགས་ལ་སྲན་མ་ཇི་ཙམ་གཏོར་ཀྱང་གཅིག་ཀྱང་མི་ཆགས་པ་ལ་སོགས་པའི་དཔེ་བསམ་གྱིས་མི་ཁྱབ་པ་མཐའ་དག་ལ་བསམ་པ་སྟེ། དཔེའི་སྒོ་ནས་རྙེད་པར་དཀའ་བ་བསམ་པའོ། །གྲངས་ཀྱི་སྒོ་ནས་བསམ་པ་ནི། དཔེར་ན་འབྲུའི་ཕུང་པོ་བརྩེགས་པའི་རྨང་ལྟ་བུ་ནི་ངན་སོང་གསུམ་ཡིན་ལ། གྲངས་ཀྱང་མང་ལ་སྡུག་བསྔལ་ཡང་ཆེ་བ་ནི་རྒྱལ་བའི་མདོ་རྒྱུད་ཐམས་ཅད་དུ་གསལ་བ་ལྟར་ལ། དེའི་གོང་མ་ནི་མཐོ་རིས་ཀྱི་འཇིག་རྟེན་གསུམ། བདེ་འགྲོ་ངན་སོང་ལས་འཕགས་པ་ཙམ་ཡིན་ཡང་། སྲིད་པའི་ལས་མཐའ་ཡས་པ་མ་སྤངས་པས། སླར་ཡང་འཁོར་བར་འཇུག་པའི་སྡུག་བསྔལ་སོགས་མཐའ་ཡས་པ་ཡོད་ལ། དེའི་རྩེ་མོ་འབྲུའི་ཚོགས་ཉུང་ངུ་ལས་མི་གནས་པར་གྱུར་པ་ནི། དལ་འབྱོར་རིན་པོ་ཆེ་འདི་ཉིད་ཀྱི་དཔེར་མཚུངས་པས། ད་རེས་ཀྱི་དལ་འབྱོར་འདི་ཉིད་དོན་དང་ལྡན་པར་བྱ་དགོས་སོ། །གཞན་ཡང་ངན་སོང་གི་འགྲོ་བ་ནི་ས་གཞི་ལྟ་བུ། མཐོ་རིས་ཀྱི་སེམས་ཅན་གྱི་གྲངས་ནི་ཁ་བ་བུ་ཡུག་འཚུབས་པ་ལྟ་བུ། དལ་འབྱོར་ཆོས་ལྡན་གྱི་སྐྱེས་བུའི་ལུས་ནི་སེན་རྩེའི་རྡུལ་ལྟ་བུ། གྲངས་ཀྱི་སྒོ་ནས་ཀྱང་རྙེད་པར་དཀའ་བའི་ཚུལ་མཐའ་ཡས་པ་གསུངས་པ་རྣམས་བསྒོམ་པར་བྱ་ཞིང་། ལེ་ལོ་དང་སྙོམ་ལས་ཀྱི་གཡང་སར་མི་འཇོག་པར་བྱའོ། །རྒྱུའི་སྒོ་ནས་རྙེད་པར་དཀའ་བ་ནི། ངན་འགྲོའི་རྒྱུ་སྡིག་པ་ཅི་ཡང་མི་བྱ་ཞིང་སྤོང་ལ། བདེ་འགྲོ་མཐོ་རིས་ཀྱི་རྒྱུ་དགེ་བ་བཅུ་སོགས་ཟག་བཅས་དང་ཟག་མེད་ཕྲ་རགས་ཀྱི་དགེ་བ་ཕུལ་དུ་གྱུར་པའི་རྒྱུ་ལ་བརྟེན་ནས། ད་རེས་དལ་འབྱོར་གྱི་མི་ལུས་འདི་འབྲས་བུར་ཐོབ་པ་ཡིན་པས། རྒྱུ་འབྲས་བསླུ་བ་མེད་པ་ལ་བསམ་པར་བྱ་ཞིང་། དེ་ལྟར་རྒྱུ་ཡི་སྒོ་ནས་རྙེད་པར་དཀའ་བ་བསམ་པ་དང་། གཞན་ཡང་སྔར་གྱི་སངས་རྒྱས་བྱང་ཆུབ་སེམས་དཔའ་སོགས་དང་། འདས་པ་དང་ད་ལྟར་བཞུགས་པ་ཐམས་ཅད་ཀྱིས་ཆོས་བྱེད་ཅིང་སངས་རྒྱས་སྒྲུབ་པར་བྱེད་པའི་རྟེན་མི་ལུས་ཁོ་ན་ཡིན་ཏེ། མི་ཡི་ལུས་མཆོག་འདིའི་དཀར་པོའི་ཡོན་ཏན་ལ་བསྔགས་ན། བདེ་བར་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ལྗགས་ཀྱིས་བརྗོད་པར་མི་ནུས་ཤིང་། མི་ལོང་། དེ་ལྟར་དང་པོ་དལ་འབྱོར་རྙེད་པར་དཀའ་བ། དཔེ་དང་གྲངས་དང་། རྒྱུ་དང་ངོ་བོའི་སྒོ་ནས་ཡོན་ཏན་ལ་བསམ་པ་སོགས་སོང་ནས། ༈ གཉིས་པ་དེ་ལྟ་བུའི་མཚན་ཉིད་ཀྱང་མི་རྟག་པའི་རང་བཞིན་ཅན་དུ་བསྟན་པ་ནི། སྔོན་འཁོར་འདས་གཉིས་རྒྱབ་གྱེས་པ་ནས། ཐ་མ་དུས་དེ་རིང་ཡན་གྱི་འདུས་བྱས་ཀྱི་སྣང་བ་ཐམས་ཅད་རྡུལ་ཙམ་ཡང་མི་རྟག་པར་གྱུར་པ་དང་། མ་འོངས་པར་ཡང་ཅི་ཤར་ཅི་སྣང་ཡང་མཐར་དེ་ལྟ་བུའི་རང་བཞིན་ཅན་ལས་མ་འདས་པ་དང་། ད་ལྟ་ཕྱིའི་སྣང་བ་སྣ་ཚོགས་པ་འདི་དག་མདང་གི་རྨི་ལམ་ལྟ་བུ། མེད་བཞིན་དུ་ཚོགས་དྲུག་གི་སྒོ་ལ་སྣང་ཙམ་དུ་དངོས་པོར་མ་གྲུབ་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ། དོན་ལ་སྣོད་ཀྱི་འཇིག་རྟེན་འདི་དག་གནས་སྐབས་སུ་དུས་བཞིའི་འགྱུར་ལྡོག་གི་སྒོ་ནས་མི་རྟག །མཐར་ཐུག་མེ་བདུན་ཆུ་གཅིག་གིས་འཇིག་པས་སྟོང་པར་འགྱུར་བ་དང་། རང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་འདི་ཡང་། སྐྱེ་རྒ་ན་འཆིའི་དབང་གིས་རིམ་པར་འགྱུར་བ་དང་། སྤྱིར་གྱི་འདུས་པ་ཐམས་ཅད་འབྲལ། བསགས་པ་ཐམས་ཅད་འཛད། བརྩིགས་པ་ཐམས་ཅད་ཞིག །འདུས་བྱས་ཐམས་ཅད་ལ་སྙིང་པོ་མེད་པ་དང་། ཁྱད་པར་དུ་རང་གི་ཚེ་སྐལ་རླུང་གསེབ་ཀྱི་མར་མེ་ལྟ་བུ་འདི་ཡང་། ནད་བཞི་བརྒྱ་རྩ་བཞི། གདོན་བགེགས་རྐྱེན་ངན་གྱི་འཚེ་བ་མི་བཟད་པ་ཇི་ཙམ་འདུག་པ་ཐམས་ཅད་འཆི་བའི་རྐྱེན་ཡིན། གསོན་པའི་རྐྱེན་ནི་ཅུང་ཟད་ཙམ་ཡང་མི་འདུག་པ་དང་། འཆི་བའི་དུས་གནས་གྲོགས་རྐྱེན་ལ་ངེས་པ་མ་མཆིས་པ་དང་། སང་འཆི་གནངས་འཆི་དོ་ནུབ་འཆི་ཚོད་མི་ཐེངས། འཆི་བའི་རྐྱེན་གྱི་ནད་དྲག་པོའི་དུས་སུ་བབས་ན། སྨན་བཅོས་རིམ་གྲོ་ཐམས་ཅད་ཀྱི་མཐུ་རྡུགས། ལུས་ངག་ཡིད་གསུམ་གྱི་ལང་ཚོ་དང་སྟོབས་དཔལ་ཉམས། ཁ་ཟས་དང་སྐོམ་ལ་ཞེན་པ་ལོག །བསགས་པའི་ནོར། མཛའ་བའི་གྲོགས། སྡོད་པའི་གནས། གཅེས་པའི་སྲོག་ཐམས་ཅད་དོར་ཏེ། ཆ་མེད་ཀྱི་ཡུལ། ཡ་ང་བའི་གནས། དུར་ཁྲོད་བས་མཐའ། ནགས་གླིང་། ཆུ་འགྲམ་རྣམས་སུ་བྱ་དང་གཅན་གཟན་གྱི་གླིང་དུ། གཅེས་པའི་ལུས་འཕངས། བཏགས་པའི་མིང་ཡལ། སེམས་ཉིད་གཅིག་པོ་བྱ་སྒྲོ་རླུང་གིས་ཁྱེར་བ་བཞིན་དུ་གཏད་མེད་དང་རྟེན་མེད་དུ། སྲིད་གསུམ་རིགས་དྲུག་གི་ལས་རྗེས་སུ། མགོན་མེད་དང་སྐྱབས་མེད་དུ་འཁྱམས་དགོས་པ་ནི་ཨ་རེ་སྐྱོ །ཞེ་རེ་འཇིགས། མཚངས་རེ་ཆེ། མགོ་སྟོང་སྙིང་མེད་ཚེ་འདིར་ཞེན་ཅིང་ཆགས་པ་ཚོ་སོམས་ཤིག །དེ་ལྟར་འཆི་བ་མི་རྟག་པའི་ཚུལ་བཤད་ནས། ༈ ད་ནི་གསུམ་པ་ཆོས་ཀྱི་རྩ་བ་རྒྱུ་འབྲས་བསླུ་བ་མེད་པར་བསྟན་པ་ནི། སྔོན་གྱི་དགེ་བའི་འབྲས་བུ་ཕུན་སུམ་ཚོགས་པ་ལ་བརྟེན་ནས། ད་ལྟ་མཐོ་རིས་ཀྱི་གནས་སུ་དཔལ་འབྱོར་དགའ་བདེའི་འབྲས་བུ་ལ་ཆོས་བཞིན་དུ་སྤྱོད་པ་འདི་བྱུང་། སྔོན་གྱི་སྡིག་པའི་འབྲས་བུ་ལ་བརྟེན་ནས། ད་ལྟ་རིགས་དྲུག་གི་སྡུག་བསྔལ་མི་བཟོད་པ་འདི་བྱུང་། སྔོན་དགེ་སྡིག་སྤེལ་མའི་ལས་ལ་སྤྱད་པས། ད་ལྟ་བདེ་སྡུག་སྣ་ཚོགས་པ་མྱོང་བ་འདི་བྱུང་། ལས་ཀྱི་བསགས་ཚུལ་རེ་རེ་ལའང་། བྱེད་པ་རྒྱུ་མཐུན་གྱི་འབྲས་བུ། རྣམ་སྨིན་རྒྱུ་མཐུན་གྱི་འབྲས་བུ། མྱོང་བ་རྒྱུ་མཐུན་གྱི་འབྲས་བུ། སྟེས་དབང་གི་འབྲས་བུ་སོགས་ལས་ཀྱི་འབྲས་བུ་དུ་མ་ཞིག་འཕེལ་བར་བཤད་འདུག་པས་དེས་ན་སྡིག་པའི་འབྲས་བུ་ནི་སྡུག་བསྔལ་འཁོར་བ། དགེ་བའི་འབྲས་བུ་ནི་བདེ་བ་མཐོ་རིས་ཐར་པ། དཀར་ནག་བསླུ་བ་མེད་པའི་རྒྱུ་འབྲས་ཞིབ་མོར་དཔྱད་ཅིང་བསམ་པ་དང་། སྔོན་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱིས་སྡིག་པ་སྤངས་དགེ་བ་སྒྲུབ་ཕྱིར་དཀའ་བ་སྤྱད་པའི་རྣམ་ཐར་དང་། བཅོམ་ལྡན་འདས་ཀྱི་ཞལ་ནས་ཀྱང་། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་འདི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་པ་བཞིན། སྔོན་བྱས་ཀྱི་སྡིག་པ་ལ་འགྱོད་སེམས་ཀྱིས་བཤགས་པ། གཉེན་པོ་སྟོབས་བཞིའི་སྒོ་ནས་སྦྱོང་བ། ཕྱིན་ཆད་མི་བྱེད་པར་དམ་བཅའ་བ་དང་། སྡོམ་པ་གསུམ་གྱིས་རྒྱུད་བསྡོམས་ཏེ། མཐོ་རིས་དང་ངན་སོང་གི་སྒོ་དགག་པའི་ཕྱིར། རྣམ་མཁྱེན་ཞི་བའི་ཏིང་འཛིན་གྱི་ལམ་དུ་ཞུགས་ཏེ། རྩེ་གཅིག་ཏུ་དབེན་པར་གནས་པར་བྱ་བ་ནི་མཆོག་ཏུ་འགྱུར་ཏེ། ཀླུ་སྒྲུབ་ཀྱིས། དགེ་བ་ལས་ནི་བདེ་འགྲོ་དང་། །མི་དགེ་བ་ལས་སྡུག་བསྔལ་ཉིད། །གཉིས་ལ་མི་གནས་ཐར་པ་འོ། །ཞེས་གསུངས་པ་ལྟར་གྱི་ལས་འབྲས་བསླུ་བ་མེད་པ་ལ། ཉིན་མཚན་རྩེ་གཅིག་ཏུ་བསྒྲིལ་ཏེ་བསྒོམ་པར་བྱ་བ་ནི་གསུམ་པའོ། ༈ །བཞི་པ་འཁོར་བའི་ཉེས་དམིགས་དང་ཐར་པའི་ཕན་ཡོན་བཤད་པ་ནི། དེ་ལ་དང་པོ་འཁོར་བ་ནི། སྡུག་བསྔལ་མཐའ་ཡས་པའི་འབྱུང་གནས་ཏེ་སྡུག་བསྔལ་མཐའ་ཡས་པའི་རྟེན། སྡུག་བསྔལ་མཐའ་ཡས་པའི་བཙོན་དོང་། མེ་འོབ་ཆེན་པོའི་གནས་གར་ཕྱིན་ཀྱང་བསིལ་བ་མེད་པ་ལྟ་བུའི་འཁོར་བ་འདིར་གར་སྐྱེས་ཀྱང་བདེ་བའི་གོ་སྐབས་མེད་པ། སུ་དང་འགྲོགས་ཀྱང་མི་དགེ་བའི་ལམ་སྟོན་ཅིང་ཐར་པའི་བདེ་འབྱོར་འཕྲོག་པ། ལས་དང་བྱ་བ་ཅི་བྱས་ཀྱང་ངན་སོང་གི་སྣོན་མར་འགྲོ་བ། དུག་ལྔའི་གཡོ་སྦྱོར་གྱིས་ཆོས་བརྒྱད་ཚེ་འདིའི་ཞེན་པས། ལྟོ་གོས་ཀྱི་ཕྱིར་དུ་དམྱལ་བའི་གཏིང་རུམ་ཆེན་པོར་ཚེ་ལོང་མེད་དུ་བསྐྱུར་བ། བདུད་བཞིས་རྟག་པར་གཙེས་ཏེ་ཆོས་དྲན་པའི་དབང་མེད་ཅིང་། ཚེ་འདིའི་སྣང་བ་བདེན་བདེན་དང་། རྟག་རྟག་ཡུས་ཡུས་སུ་སོང་སྟེ། དམ་པའི་ཆོས་ལ་ལོག་ལྟ་དང་། སྐུར་འདེབས་ཕྱི་བཤོལ་བྱས་ནས་དགེ་སྡིག་ཕྱིན་ཅི་ལོག་ཏུ་སྤྱད་པས། ངན་སོང་གསུམ་གྱི་ས་དང་རིགས་དྲུག་གི་གནས་ནས་ཐར་པ་མེད་པ་ནི་འཁོར་བའི་སྡུག་བསྔལ། མི་རྟག་ཅིང་འགྱུར་བ་ནི་འཁོར་བའི་སྡུག་བསྔལ། མནར་ཞིང་མགོན་སྐྱབས་དང་བྲལ་བ་ནི་འཁོར་བའི་སྡུག་བསྔལ། ཟླ་མེད་གཅིག་པུར་མྱོང་དགོས་པ་ནི་འཁོར་བའི་སྡུག་བསྔལ་ལོ། ༈ །ཐར་པ་དམ་པའི་ཕན་ཡོན་ནི། བདག་གཞན་མཉམ་ཉིད་དུ་རྟོགས་པས་དགྲ་གཉེན་གྱི་སྣང་བ་མེད། འཁོར་འདས་རིས་མེད་དུ་རྟོགས་པས་སྤང་བླང་གི་ཚུལ་ཁྲིམས་གཙང། སྣང་བ་རང་སེམས་སུ་རྟོགས་པས་བྱང་ཆུབ་ཀྱི་སེམས་འབྱོངས། སྣང་སྟོང་དབྱེར་མེད་དུ་རྟོགས་པས་ཆགས་སྡང་དང་ཕྱོགས་རིས་དག །བྱ་བྲལ་བརྗོད་མེད་དུ་རྟོགས་པས་འཁོར་འདས་ཀྱི་མཚངས་ཞིག །རང་ངོ་རང་གྲོལ་དུ་རྟོགས་པས་བདེ་ཆེན་གྱི་བཙན་ས་ཟིན་པ་ནི། ངེས་དོན་ཐར་པ་དམ་པའི་ཕན་ཡོན་བསྟན་པ་སྟེ་བཞི་པའོ།། ༈ །།སྤྱི་དོན་གཉིས་པ་ཁྱད་པར་གྱི་སྔོན་འགྲོ་བསྟན་པ་ལ་རིམ་པ་ལྔ་སྟེ། སྐྱབས་སུ་འགྲོ་བ། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ། རྡོ་རྗེ་སེམས་དཔའི་སྒོམ་བཟླས། མཎྜལ་འབུལ་བ། བླ་མའི་རྣལ་འབྱོར་བསྒོམ་པ་དང་ལྔ་ལས། དེ་ལ་ཐོག་མར་སྐྱབས་སུ་འགྲོ་བ་ལ། རྒྱུའི་སྐྱབས་འགྲོ་དང་། འབྲས་བུའི་སྐྱབས་འགྲོ་གཉིས་ལས། རྒྱུ་ཡི་སྐྱབས་འགྲོ་ནི། སྐྱབས་སུ་འགྲོ་བྱེད་ཀྱི་ཆོ་ག་དེ་ཉིད་ལ་འབད་པར་བྱ་བ་ཡིན་ལ། འབྲས་བུའི་སྐྱབས་འགྲོ་ནི། སྐྱབས་སུ་འགྲོ་བྱ་དང་འགྲོ་བྱེད་ཀྱི་མཁན་པོའི་རང་ངོ་རང་གིས་རིག་པས། དཀོན་མཆོག་གསུམ་དང་རང་སེམས་ཐ་མི་དད་དུ་རྟོགས་པ་ནི། འབྲས་བུའི་སྐྱབས་འགྲོ་ཡིན་པས་གནད་ཤིན་ཏུ་གལ་ཆེ། དེ་ལ་སྐྱབས་སུ་འགྲོ་བའི་ཡུལ་ནི། ཕྱི་ལྟར་སངས་རྒྱས་ཆོས་དང་དགེ་འདུན། ནང་ལྟར་བླ་མ་ཡི་དམ་མཁའ་འགྲོ །གསང་བར་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ །དོན་ལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གཅིག་ཏུ་ལྷུན་གྱིས་གྲུབ་པའི་བདག་ཉིད། དང་པོ་འཁོར་འདས་གཉིས་ཀྱི་སྤྲོ་གཞི། ད་ལྟ་འཁོར་འདས་གཉིས་མེད་དུ་སྐྱབས་འགྲོ་བྱས་པས་ལྷུན་གྲུབ་ཏུ་སངས་རྒྱས་པ། ཡེ་གཞིའི་སྟེང་དུ་དག་པ་གཉིས་ལྡན་གྱི་དགོངས་པར་རིག་འཛིན་འདུས་པར་སྐྱབས་སུ་འགྲོ་བ་ནི། ཨོཾ་ཨཱཿཧཱུྃ༔ མཁའ་མཉམ་སྲིད་ཞིའི་སྐྱབས་ཀུན་སྙིང་པོའི་བཅུད༔ དབང་དྲག་རིག་འཛིན་པདྨ་ཐོད་ཕྲེང་རྩལ༔ ཁྱོད་སྐུར་སྣང་སྲིད་རྒྱལ་བའི་དཀྱིལ་འཁོར་རྫོགས༔ འགྲོ་ཀུན་སྲིད་ལས་བསྒྲལ་ཕྱིར་སྐྱབས་སུ་མཆི༔ མཐའ་བྲལ་ཡངས་པ་ཆོས་སྐུ་རྡོ་རྗེའི་མཁའ༔ ངོ་བོ་རང་བཞིན་ཐུགས་རྗེ་རོ་གཅིག་པས༔ སྲིད་ཞིའི་ཁམས་ཀུན་འཇའ་ལུས་རྡོ་རྗེའི་ངང༔ མི་འགྱུར་དབྱིངས་རིག་དྭངས་མར་སྐྱབས་སུ་མཆི༔ དེ་ལྟར་སྐྱབས་སུ་སོང་ནས། འདིར་སྣང་ཟག་པ་དང་བཅས་པའི་འཇིག་རྟེན་གྱི་སྐྱབས་ལས་ལོག་སྟེ། ཡང་དག་པའི་ཆོས་ཉིད་མྱ་ངན་ལས་འདས་པའི་འཕགས་པ་དཀོན་མཆོག་གསུམ་དང་རྟག་ཏུ་མི་འབྲལ་ཞིང་སྐྱབས་འགྲོའི་བསླབ་པ་མཐའ་དག་ལ་ཡང་དག་པར་གནས་པར་བྱའོ། ༈ །གཉིས་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། སྨོན་པ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དང་། བདག་ཉིད་ལྷན་ཅིག་ཏུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་པ་དང་། འཇུག་པས་སྨོན་པར་བྱེད་པའི་སེམས་ཉིད་ཀྱི་ངོ་བོ་དེ་རང་གཞན་གཉིས་མེད་བྱང་ཆུབ་སེམས་ཀྱི་སྙིང་པོ་ཡིན་པར་ངོ་ཤེས་ཏེ། སྨོན་འཇུག་དབྱེར་མེད་ནམ་མཁའ་ལྟ་བུའི་ངང་ལ་གནས་པ་ནི། བྱང་ཆུབ་ཀྱི་སེམས་ཡང་དག་པ་ཡིན་ཏེ། དེ་ལྟར་སེམས་བསྐྱེད་པའི་ཆོ་ག་ནི། སེམས་བསྐྱེད་ཀྱི་དཔང་པོ་སྐྱབས་འགྲོའི་སྐབས་ལྟར་གསལ་བཏབ་ལ། གསང་མཆོག་འོད་གསལ་ཡེ་ཤེས་ཐིག་ལེའི་གཞིར༔ འགྲོ་ཀུན་སྒྲིབ་གསུམ་དག་ནས་སྐུ་དང་གསུང༔ ཐུགས་ཀྱི་ཐིག་ལེ་ལྷུན་གྲུབ་སྣང་བཞིའི་ངང༔ གཞོན་ནུ་བུམ་སྐུར་གྲོལ་བར་སེམས་བསྐྱེད་དོ༔ ཡན་ལག་བདུན་པ་ནི། གཤིས་རིག་མ་བཅོས་གཉུག་མར་ཕྱག་འཚལ་ཞིང༔ གཏིང་མཐའ་བྲལ་བའི་འོད་གསལ་མཆོད་པར་འབུལ༔ འཁོར་བ་མྱང་འདས་མཉམ་ཉིད་ཀློང་དུ་བཤགས༔ བློ་བྲལ་ཆོས་ཟད་ཆེན་པོར་རྗེས་ཡི་རང༔ ལྷུན་གྲུབ་རྫོགས་པ་ཆེན་པོའི་ཆོས་འཁོར་བསྐོར༔ འཁོར་བ་དོང་ནས་སྤྲུགས་པར་གསོལ་བ་འདེབས༔ འཁོར་གསུམ་དམིགས་མཐའ་བྲལ་བའི་ཕ་མཐར་བསྔོ༔ ཞེས་སེམས་བསྐྱེད་ཀྱི་མཇུག་ཆོ་གའི་ཁ་སྐོང་དུ་བརྗོད་པའོ། ༈ །གསུམ་པ་སྡིག་སྒྲིབ་མྱུར་དུ་དག་པར་བྱ་བའི་ཕྱིར་དུ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། བདག་ཉིད་ཀྱིས་གཙོར་བྱས་ཁམས་གསུམ་འགྲོ་བ་རིགས་དྲུག་མ་ལུས་པའི་སྤྱི་བོའི་གཙུག་ཏུ། པཾ་ལས་པདྨ་ཨ་ལས་ཟླ་བ་མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རང་རིག་གི་ངོ་བོ་ཨར་གསལ་བ་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་། ཡུན་གྱི་བག་ཆགས་ཐམས་ཅད་སྦྱངས། སྣང་སྲིད་འཇའ་འོད་ཁ་དོག་ལྔ་ལྡན་གྱི་གུར་ཁང་། རྡོ་རྗེ་སྙིང་པོའི་གཞལ་ཡས་སུ་བྱིན་གྱིས་བརླབས་ལ། རང་གི་སྤྱི་བོར་ཧཱུྃ་གི་འཕྲོ་འདུ་ལས་རྡོ་རྗེ་སེམས་དཔའི་སྒོམ་བཟླས་བྱ་བ་ནི། པད་ཟླར་ཉི་སྟེང་རང་རིག་ཨར་གསལ་བའི༔ འོད་ཟེར་འཕྲོ་འདུས་ཁམས་གསུམ་སྲིད་གསུམ་གྱི༔ སྣང་གྲགས་ཐམས་ཅད་རྡོ་རྗེ་སྙིང་པོའི་ཞིང༔ ཡེ་ཤེས་འོད་ལྔ་འཇའ་ཟེར་ཐིག་ལེར་འཁྲིགས༔ དེ་སྟེང་ཡི་གེ་ཧཱུྃ་གི་འཕྲོ་འདུ་ལས༔ དྲན་རིག་སྣང་སྟོང་རྡོ་རྗེ་སེམས་དཔའི་སྐུ༔ ངོ་བོ་གཅིག་ལ་རིགས་ལྔ་རིགས་བརྒྱ་སོགས༔ ནམ་མཁའི་ཁམས་གང་ཆོས་དབྱིངས་ཁྱབ་པར་གསལ༔ རྒྱུད་སྡེ་བཞི་དྲུག་ཐེག་པ་རིམ་དགུ་ཡི༔ སོ་སོའི་གནས་ནས་རྒྱལ་བའི་དཀྱིལ་འཁོར་གང༔ ཐམས་ཅད་གནས་གསུམ་འབྲུ་གསུམ་ཧཱུྃཿཡིག་མཐར༔ ཡིག་བརྒྱའི་འཕྲོ་འདུས་སྒྲིབ་གསུམ་བག་ཆགས་སྦྱང༔ ཡིག་བརྒྱ་བརྗོད། གཉེན་པོ་སྟོབས་བཞིའི་སྒོ་ནས་སྡིག་བཤགས་ཀྱི་རིམ་པ་གཞན་དག་ཀྱང་སྐབས་འདིར་བྱ། མཐར་རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་རང་རིག་ཀ་དག་ལྷུན་གྲུབ་ཆེན་པོ་དང་དབྱེར་མེད་པའི་ཤེས་རིག་རང་ངོར་བཞག་པས་རང་བབས་ཡེ་གྲོལ་གྱི་དགོངས་པ་རྟོགས་པ་ནི། འབྲས་བུ་དོན་དམ་གྱི་རྡོ་རྗེ་སེམས་དཔའ་ངོ་འཕྲོད་པ་ཡིན་ནོ། །ལས་ཀྱི་སྒྲིབ་པ་ཡུལ་གྱི་སྣང་འཛིན་ཟད་པ། ཤེས་བྱའི་སྒྲིབ་པ་ཤེས་རིག་གི་སྐྱོང་སྒོམ་དག་པ། སྒྲིབ་མེད་ཀྱི་རིག་པ་གཡའ་ཡིས་མ་གོས་པ་ནི་སྡིག་པ་དག་པའི་ཚད་དོ། ༈ །བཞི་པ་མཎྜལ་འབུལ་བ་ནི། ཡུལ་ནི་རང་གི་རྩ་བའི་བླ་མ་སངས་རྒྱས་སྐུ་ལྔའི་བདག་ཉིད་དུ་ཤར་བའི་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་མངོན་པར་བྱང་ཆུབ་རྡོ་རྗེ་ལྟ་བུའི་སྐུར་བསྟན་པའི་རྒྱལ་བ་རྣམས་ལ་འབུལ། ཡོ་བྱད་ནི། ཕྱི་ལྟར་སྤྲུལ་སྐུའི་ཞིང་ཁམས། ནང་ལྟར་ལོངས་སྐུའི་ཞིང་ཁམས། གསང་བ་ཆོས་སྐུའི་ཞིང་ཁམས། རང་གི་སྒོ་གསུམ་གྱི་ལུས་ལོངས་སྤྱོད་དང་བཅས་པ་འཛིན་པ་མེད་པར་བློས་ལིང་གིས་བཏང་སྟེ་འབུལ་བར་བྱ་བ་དང་། དེ་ལྟར་འབུལ་མཁན་གྱི་ཤེས་པ་འདོད་པའི་དྲིས་མ་གོས་པ། སྟོང་གསལ་རྙོགས་པ་དང་བྲལ་བ་ཅིར་ཡང་མི་དམིགས་པ་ནི། སྲིད་ཞི་མཉམ་པ་ཉིད་ཀྱི་མཆོད་པ་དེ་ཁོ་ན་ཉིད་ཀྱི་མཎྜལ་ལོ། །འབྱམས་ཀླས་ཟག་མེད་བདེ་ཆེན་ཆོས་ཀྱི་དབྱིངས༔ རབ་འབྱམས་སྲིད་ཞི་རང་བྱུང་རིག་པའི་ངང༔ མི་འགྱུར་དབྱིངས་རིག་སྐུ་གསུམ་ཞིང་རབ་འབྱམས༔ སྣང་སྟོང་ལྷུན་གྲུབ་འོད་ལྔའི་ཚོམ་བུར་འབུལ༔ སྒྱུ་འཕྲུལ་ཟག་མེད་རྡོ་རྗེའི་ལུས་ཀྱི་སྦུབས༔ འོད་ཀྱི་རྩ་དང་ཡེ་ཤེས་རླུང་ལྔའི་ཞིང༔ རྒྱལ་བ་ཞི་ཁྲོ་རང་བྱུང་དམ་རྫས་དང༔ གནས་ཡུལ་དུར་ཁྲོད་དཔའ་བོ་ཌཱ་ཀིར་བཅས༔ དྭངས་མའི་གཤིས་རིག་མ་བྱུང་མ་སྐྱེས་ཤིང༔ ཟག་བྲལ་བློ་འདས་གདོད་ནས་ཀུན་ཏུ་བཟང༔ དག་པ་གཉིས་ལྡན་ཡེ་ཤེས་འཁོར་ལོ་འདི༔ རིག་འཛིན་རྒྱལ་བའི་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་མཆོག་གི་དངོས་གྲུབ་བདག་ལ་སྩོལ༔ གཞན་ཡང་སྨན་དང་འབྲུ་དང་འདོད་པའི་ཡོན་ཏན་ཅི་འབྱོར་གྱི་མཎྜལ་འབུལ་བར་བྱའོ། །འདིས་ནི་ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང་སྐུ་གསུམ་འབྲས་བུའི་ཞིང་དུ་མངོན་པར་སངས་རྒྱས་པར་བཤད། ཕན་ཡོན་བརྗོད་ཀྱིས་མི་ལོང་། ༈ ལྔ་པ་བླ་མའི་རྣལ་འབྱོར་བསྒོམ་པ་ནི། བླ་མ་ནི་སྲིད་ཞི་ཡོངས་ཀྱི་ཁྱབ་བདག་གདོད་མའི་དཔལ་མགོན། དམ་པའི་ཆོས་འཕགས་པའི་དགེ་འདུན་མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས། དཀར་པོའི་ཡོན་ཏན་ཐམས་ཅད་ཀྱི་གཏེར་མཛོད། སྤྱན་དང་མངོན་ཤེས་གྲུབ་པའི་རྟགས་ལ་སོགས་པ་ངོ་མཚར་གྱི་སྣང་བ་མཐའ་ཡས་པའི་གནས། སྐྱོན་དྲིས་མ་གོས་ཡོན་ཏན་གྱི་ཕུང་པོ། བདག་ཅག་འཁོར་བ་ལས་འདྲེན་པར་བྱེད་པའི་མཁན་སློབ། སྨིན་གྲོལ་གྱི་གདམས་པ་སྟེར་བའི་བླ་མ། བྱང་ཆུབ་ཀྱི་ལམ་བཟང་བགྲོད་པའི་ལམ་མཁན། འཁོར་བའི་འཕྲང་རིང་ལས་སྐྱབས་པའི་སྐྱེལ་མ། བདུད་བཞིའི་དཔུང་ཆེན་འཇོམས་པའི་གོ་མཚོན། མ་རུངས་དུག་ལྔ་འབྱིན་པའི་སྨན་པ། མཁའ་སྤྱོད་རང་ཞལ་སྟོན་པའི་སྒྲོན་མེ། བདེ་ཆེན་ཐར་གླིང་དུ་སྐྱེལ་བའི་གྲུ་ཆེན། བདག་གི་རེ་ས་དང་འཇུ་ས། ཚེ་འདིའི་བློ་གཏད། ཕྱི་མའི་རེ་གནས་ཁྱེད་མཁྱེན་ནོ་བསམ་པའི་ངང་ནས། ཕྱི་སྒྲུབ་ཁྲོམ་ཚོགས་སུ་བསྒོམ་པ། ནང་སྒྲུབ་ཐོ་བརྩེགས་སུ་བསྒོམ་པ། གསང་སྒྲུབ་ནོར་བུ་ལུགས་སུ་བསྒོམ་པ་ལས། ད་ལམ་འདིར་ཀུན་འདུས་ནོར་བུ་ལུགས་སུ་བསྒོམ་པར་བྱས་ལ་རང་གི་སྤྱི་བོར་རྩ་བའི་བླ་མ་དང་ཐོད་ཕྲེང་རིགས་ལྔ་དབྱེར་མ་མཆིས་པར་གསལ་བཏབ་ལ། སྲིད་ཞིའི་ངོ་བོ་རང་བྱུང་སྙིང་པོའི་བཅུད༔ འོད་གསལ་རྒྱལ་པོ་རང་གྲོལ་ཆོས་ཀྱི་སྐུ༔ མ་འགག་སྣང་བ་གང་ཤར་ཡེ་ཤེས་ཀྱི༔ རྒྱལ་བའི་དཀྱིལ་འཁོར་མི་ཟད་ལོངས་སྤྱོད་རྫོགས༔ གང་འདུལ་ཐབས་ཀྱིས་འགྲོ་བ་འདྲེན་པའི་མགོན༔ ཕྱོགས་དུས་རྒྱལ་བ་ཀུན་འདུས་རིག་པ་འཛིན༔ ཐོད་ཕྲེང་རིགས་ལྔའི་སྐུ་གསུང་ཐུགས་རྡོ་རྗེ༔ ཡོན་ཏན་འཕྲིན་ལས་སྙིང་པོར་གསོལ་བ་འདེབས༔ མདོ་རྒྱུད་ལུང་དང་མན་ངག་ཆུ་བོའི་མགོ༔ བཀའ་གཏེར་སྙན་བརྒྱུད་ངེས་དོན་ཡོངས་ཀྱི་མཛོད༔ ཐར་གླིང་འགྲོ་བ་འདྲེན་པའི་དེད་དཔོན་མཆོག༔ དྲིན་ཅན་རྩ་བའི་བླ་མར་གསོལ་བ་འདེབས༔ རང་བྱུང་རང་རིག་ཤེས་པ་བཟོ་མེད་སྟོན༔ ཟག་མེད་དབྱིངས་རིག་སྣང་སྟོང་ལྷིང་པར་སྟོན༔ ལྷུན་གྲུབ་སྣང་སྟོང་སྣང་བཞིའི་སྙིང་པོར་སྟོན༔ འཕོ་མེད་མཆོག་གི་བདེ་ཆེན་འདིར་སྩོལ་ཅིག༔ དབང་བཞི་ལེན་པ་ནི། སྣང་གྲགས་ཐམས་ཅད་རྒྱལ་བའི་སྐུ་དང་གསུང༔ ཐུགས་ཀྱི་རྡོ་རྗེ་ཐིག་ལེ་འོད་ལྔའི་བཅུད༔ སྤྱི་མགྲིན་སྙིང་ག་ལྟེ་གསང་གནས་ལྔར་བབས༔ སྒོ་ལྔའི་འཛིན་སྣང་འོད་སྐུར་རྒྱ་རལ་ནས༔ ཆུ་ཟླ་སྤྲུལ་པ་སྒྱུ་མའི་དཔེ་བརྒྱད་དང༔ འོད་གསལ་སྟོང་དབྱིངས་ཆེན་མོར་མཁའ་སྤྱོད་སྦུབས༔ འོག་མིན་རྡོ་རྗེའི་གདན་བཞིར་དབང་བཞི་རྫོགས༔ ཕྱིར་མི་ལྡོག་པའི་རྒྱ་ཡི་མཛེས་སྐུར་བསྟན༔ སྲིད་གསུམ་འགྲོ་ཀུན་མོས་པ་རྒྱ་མཚོའི་མཁར༔ གང་འདུལ་སྤྲུལ་པའི་འོད་ཟེར་མཐའ་ཡས་པ༔ རྒྱལ་བའི་ཞིང་ནས་བདག་གིས་ཡོངས་སྤྲོས་ཏེ༔ ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་ཤོག༔ ཅེས་དབང་བཞི་བླངས་ནས། རྗེས་སྨོན་ལམ་ནི། ཧོ༔ མནན་ན་ནེམ་བྱེད་བཏེགས་ན་རབ་འཕར་བའི༔ ཕྱི་ནང་མེད་པ་འོད་ལྔ་ཡེ་ཤེས་སྦུབས༔ གསལ་འགྲིབ་བྲལ་བ་རང་བྱུང་རིག་པའི་གཞི༔ སྐུ་ཞིང་གདུལ་བྱ་རྣམ་དབྱེར་མེད་པའི་མཁའ༔ ཆོས་ཉིད་སྒྱུ་མ་རྡོ་རྗེ་སྙིང་པོའི་གཞིར༔ ཀུན་བཟང་སྣང་མཐའ་འོད་དཔག་མེད་པའི་མགོན༔ ཅིར་ཡང་མ་གྲུབ་སྲིད་ཞི་ཡོངས་ཁྱབ་སྟེ༔ ཟབ་གསང་རྡོ་རྗེའི་སྦུབས་སུ་སངས་རྒྱས་ཤོག༔ ཆོས་དབྱིངས་ཀློང་འདི་རྒྱལ་བའི་སྐྱེད་མོས་ཚལ༔ བདག་གི་སྤྲུལ་པས་ཞིང་ཀུན་ཕྱུར་བུར་བཀང༔ མཛད་པ་རྒྱ་མཚོ་བསྡུ་བཞིའི་ཆོས་འཁོར་གྱིས༔ སྲིད་གསུམ་འགྲོ་བའི་དེད་དཔོན་ཆེན་པོར་ཤོག༔ བཀྲ་ཤིས་ནི། འོད་གསལ་སྙིང་པོ་དོན་གྱི་གཞལ་ཡས་ནས༔ བརྒྱུད་གསུམ་བླ་མ་འཇའ་ལུས་རྡོ་རྗེའི་སྐུ༔ མི་ཟད་རྒྱན་གྱི་འཁོར་ལོའི་སྤྲུལ་པ་ཡིས༔ ཨ་ཏིའི་སྒྲུབ་བརྒྱུད་འཕེལ་བའི་བཀྲ་ཤིས་ཤོག༔ སྲིད་ཞི་གཞིར་རྫོགས་འབྲས་བུ་ཆོས་ཟད་ཀློང༔ བདེ་ཆེན་མི་གཡོ་ཐར་གླིང་དགའ་བདེའི་ཞིང༔ འགྲོ་བ་འདི་དྲུག་ཟག་མེད་འོད་གསལ་ངང༔ ཉིན་མཚན་བདེ་ལེགས་སྐྱོང་བའི་བཀྲ་ཤིས་ཤོག༔ ཅེས་མཐར་དབང་བཞི་བླང་། བླ་མ་དང་རང་སེམས་དབྱེར་མེད་དུ་མཉམ་པར་གཞག །རྗེས་དགེ་བའི་རྩ་བ་བྱང་ཆུབ་ཀྱི་མཆོག་ཏུ་བསྔོ་བ་སོགས་སོ་སོའི་མཇུག་ཏུ་སྦྱར་ཏེ། ཀ་དག་བློ་འདས་རྒྱ་ཡན་ཡེ་གྲོལ་རང་བབས་ཀྱི་གནས་ལུགས་ཆུ་བོའི་རྒྱུན་ནམ་མར་མེའི་རྩེ་བཞིན་དུ་སྐྱོང་བ་ནི་ཤིན་ཏུ་གཅེས་སོ། །དེས་ནི་ཐུན་མོང་མ་ཡིན་པའི་སྔོན་དུ་འགྲོ་བའི་རིམ་པ་རྣམས་སོང་ངོ་།། ༈ །།སྤྱི་དོན་གསུམ་པ་དངོས་གཞིའི་རིམ་པ་ནི། བསྐྱེད་རྫོགས་གཉིས་ལས། དང་པོ་བསྐྱེད་རིམ་གྱི་སྐོར། ཕྱི་སྒྲུབ་ནང་སྒྲུབ་གསང་སྒྲུབ་ཡང་གསང་གི་སྒྲུབ་པ་སོགས། གཞུང་ནས་ཇི་ལྟར་བཤད་པ་བཞིན་བྱས་ལ། བསྡུས་པ་བྱེད་ན་སྤྲོས་མེད་ཀྱི་ཚེ་སྒྲུབ་ཙམ་གྱིས་ཀྱང་རུང་ངོ་། །དེ་ལྟར་བསྐྱེད་རིམ་གྱི་སྐོར་རྣམས་སོང་ནས། ༈ གཉིས་པ་རྫོགས་རིམ་གྱི་སྐོར་ལ། སེམས་མི་གནས་པ་གནས་པར་བྱེད་པའི་ཐབས་གཙོ་བོར་བསྟན་པ་དང་། གནས་པ་བརྟན་པར་བྱེད་པ། བརྟན་པ་བོགས་དབྱུང་བར་བྱེད་པ་གསུམ་ལས། དང་པོ་མི་གནས་པ་གནས་པར་བྱེད་པའི་ཐབས་དགོས་པའི་རྒྱུ་མཚན་ནི། འཁོར་འདས་རྒྱབ་གྱེས་པའི་དུས་ནས། ཡུལ་སྣང་སོ་སོར་ཞེན་པས། ད་ལྟ་དེའི་བག་ཆགས་འཐུག་པོས། མིག་གཟུགས། རྣ་བ་སྒྲ །སྣ་དྲི། ལྕེ་རོ། ལུས་རེག་བྱ་སོགས་ཚོགས་དྲུག་གི་ཡུལ་སྣང་སྒོ་མ་འགག་པས། ཆགས་སྡང་རྨོངས་གསུམ་གྱིས་ཀུན་གཞི་ཉོན་ཡིད་ཀྱི་སྟེང་དུ་ལས་བསགས་པས། ཁམས་གསུམ་རིགས་དྲུག་ཏུ་སྐྱེ་བའི་རྒྱུ་བྱེད་པ་ཡིན། དེའི་ཉེར་ལེན་འགོག་པར་བྱེད་པའི་མན་ངག་ལ། བློ་རབ་ཀྱིས་རྫོགས་པ་ཆེན་པོ། འབྲིང་གིས་ཕྱག་རྒྱ་ཆེན་པོ། ཐ་མས་དབུ་མ་ཆེན་པོའི་ཟབ་དོན། དེ་ཉིད་ཀྱི་དགོངས་པ་ལ་མཉམ་པར་གཞག་པས། རྣམ་རྟོག་བག་ཆགས་ཀྱི་མ་རིག་པ་ཧྲུལ་པོར་སོང་ནས། ཞེན་འཛིན་གྱི་མུན་པ་སངས་པའི་གཞི་རང་རིག་གི་རང་ཚོ་ཚུགས་ནས། འཁོར་བ་དོང་ནས་སྤྲུགས་པར་བྱེད་པ་ཡིན་ཏེ། དེ་ལ་དང་པོ་མི་གནས་པ་གནས་པར་བྱེད་པའི་ཁྲིད་ལ། ཕྱི་ཡུལ་ཐོག་ཏུ་མཉམ་པར་འཇོག་པ་མཚན་མ་དང་བཅས་པའི་ཞི་གནས། ཤིང་བུ་རྡེའུ་ལ་བརྟེན་ཏེ་མཉམ་པར་འཇོག་པ། ཐུབ་པ་ཆེན་པོ། སྤྱན་རས་གཟིགས། ཨོ་རྒྱན་སོགས་རྒྱུད་སྡེའི་ལྷ་ཚོགས་གང་དང་གང་བསྒོམ་ཡང་དེ་ལ་བརྟེན་ནས་དམིགས་པ་གཞན་དུ་མི་ཡེངས་པ་བྱེད་པའི་རྟེན། ཞི་གནས་སྐྱེ་བར་བྱེད་པའི་ཐབས་ཡིན་པས། ཐོག་མར་འདི་ལ་རྟགས་ཐོན་པར་འབད་དགོས། གཞན་ཡང་སྡང་བའི་དགྲ །བྱམས་པའི་གཉེན། ཡུལ་གང་ལ་འཕྲོ་ཞིང་ཞེན་པར་གྱུར་པ། དེ་ལ་བརྟེན་ནས་སེམས་བཟུང་བར་གྱུར་ཀྱང་ལམ་ཆོད་ཆེ་བར་བཤད་དོ། ༈ །གཉིས་པ་ནང་སེམས་ཐོག་ཏུ་འཇོག་པ་གནས་པ་བརྟན་པར་བྱེད་པའི་ཐབས་མཚན་མ་མེད་པའི་ཞི་གནས་ལ། བྱིང་རྒོད་འཕྲོ་གསུམ་ལ་བརྟེན་ཏེ། དེའི་ངོ་བོར་མཉམ་པར་འཇོག་པ་ནི། དང་པོ་བྱིང་བའི་སྐབས་སུ། ཤེས་པ་གང་དུ་ཡང་མི་འཕྲོ་བ་བར་སྣང་གཡའ་དང་བྲལ་བའི་ངོས་ལྟ་བུ་ལ། རྒྱ་མཚོ་ཆེན་པོའི་ཆུ་ལྟར་གཡོ་འགུལ་མེད་པ། ཕྱི་རོལ་དུ་ཉིན་མཚན་སོང་བ་མི་ཚོར། ནང་དུ་ཏིང་ངེ་འཛིན་གྱི་གསལ་འགྲིབ་མི་ཚོར་བ། མི་རྟོག་པ་བག་ལ་ཉལ་དུ་གྱུར་པ་ནི་བྱིང་བ་ཡིན་ཏེ། འདིའི་དུས་སུ་བྱིང་བའི་ངང་ལ་ནན་ལྟར་མཉམ་པར་གཞག་པས། སྐབས་ཤིག་ནས་རྐྱེན་བཟང་ངན་ཞིག་གིས་བསྐུལ་ཏེ་ངེས་པར་འཕྲོ་བར་འགྱུར། འཕྲོ་མཁན་གྱི་ཤེས་པ་ལ་རང་ངོ་རང་ཤེས་སུ་ལྷིང་པར་འཕྱོར་བཅུག་པས་བྱིང་བའི་སྐྱོན་དག །འཕྲོ་མཁན་གྱི་ཤེས་པ་བག་མེད་ཁ་ཡན་དུ་མ་སོང་བར་གསལ་སྟོང་མཉམ་ཉིད་ཀྱི་རྩེ་འཕྲོད། དེ་བཞིན་དུ་རྨུག་པ་ཞེས་བྱ་བ་ཅི་ཡང་མི་འཆར་བ། མི་གོ་བ། མི་རིག་པ་གླེན་པའི་རིགས་ཅན་གྱིས་རྨུག་པ་དང་། རྒྱུད་ཞི་གནས་ཀྱིས་བརླན་ཏེ། གནས་ལུགས་མི་རྟོག་པའི་ངང་དུ་འབྱམས་པ་གཉིས་ཡོད་དེ། ཕྱི་མ་ནི་རང་ཐོག་ཏུ་བཞག་པས་གོང་བཞིན་གྲོལ་བར་འགྱུར། རྒོད་པ་དང་འཕྲོ་བ་ལ། ཆགས་ཅན་གྱིས་ཕྱི་ནང་གསང་བའི་ཟབ་ཁྱད་ཀྱི་རླུང་ལྔའི་སྒོ་ནས་སེམས་འཛིན་པ་དང་། ཆགས་མེད་འབྲུ་གསུམ་སྐྱེ་མེད་རྡོ་རྗེའི་བཟླས་པ་དང་། བརྗོད་པ་དོན་དམ་བརྡ་བསྒྱུར་རྡོ་རྗེའི་བཟླས་པ་སོགས་སྐབས་དང་སྦྱར། དོན་རང་རིག་གི་ངོ་བོ་ཅར་ཕོག་ཏུ་ཕུ་དེད་མདའ་དེད་ལ་བཏང་བའི་ལྟ་མཁན་དང་བལྟ་རྒྱུ་གཉིས་མེད་ཀྱི་ཤེས་པ་ཟི་ལང་ངེ་བ་དེ་གའི་ངར་མ་ཤོར་བར་སྐྱོང་བ་སོགས། མཚན་བཅས་དང་མཚན་མེད་གཉིས་མེད་ཀྱི་རང་ངོ་སོགས་གང་བདེ་བའི་གནད་ཅིག་ལ་ཉམས་ལེན་ཕུར་ཚུགས་སུ་བྱའོ། །དེ་དག་ལ་བརྟེན་ཏེ་ཇི་ལྟར་གནས་ན། དང་པོ་རི་གཟར་གྱི་འབབ་ཆུ་ལྟ་བུ་དྲག་ཏུ་འགྱུ་ཞིང་མི་བརྟན་པ། གཉིས་པ་ལྷོ་སྤྲིན་ལྟ་བུ་ལང་མ་དང་ལིང་མ། བན་མ་དང་བུན་མར་འགྱུ་བ་དང་། གསུམ་པ་ཆུ་རླུང་དལ་གྱིས་འབབ་པ་ལྟ་བུ་རང་བབས་ཀྱིས་ལྷོད་ཆགས་པ། བཞི་པ་རྦ་རླབས་དང་བྲལ་བའི་རྒྱ་མཚོ་ལྟ་བུ། འགྱུ་བ་གཞི་ཐོག་ནས་མི་གཡོ་བ། གནས་པ་འགྱུ་ཐོག་ཏུ་བརྟན་པ། རང་ངོ་གཉིས་མེད་དུ་འཕྲོད་དེ། ཀ་དག་གཞིའི་འོད་གསལ་རང་ངོ་འཕྲོད་པར་ཉེ་ཞིང་། དེ་ཡང་བདེ་བ་དང་། གསལ་བ་དང་། མི་རྟོག་པ་གསུམ་གྱིས་ལམ་གྱི་གེགས་འབྱུང་བས། དེ་དག་སྐབས་འདིར་གསལ་བ་དང་བོགས་འདོན་པ་གལ་ཆེ་སྟེ། དེ་ཡང་སྣང་ཐོག་ཏུ་སྟོང་པར་ངོ་སྤྲད། སྟོང་ཐོག་ཏུ་སྣང་བར་ངོ་སྤྲད། སྣང་སྟོང་དབྱེར་མེད་བདེ་བ་ཆེན་པོར་ངོ་སྤྲད། དེ་ཡང་ཟག་བཅས་ཀྱི་བདེ་བ་ནི་ཞུ་བདེ་ལྷན་སྐྱེས་ལས་བྱུང་བ་ལྟ་བུ་གནས་སྐབས་ཀྱི་བདེ་བ། ཟག་མེད་ཀྱི་བདེ་བ་ནི་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །དུས་འཁོར་ནས་ཀྱང་འགྱུར་བ་མེད་པའི་བདེ་བ་ཆེན་པོ་དང་། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཅེས་གསུངས་པ་ལྟ་བུ་ཡིན་ལ། དེ་ལྟར་བདེ་བ་དང་སྟོང་པ་དབྱེར་མེད་པའི་ངོ་བོ་འདི་ཅིར་ཡང་མ་གྲུབ་པའི་རང་བྱུང་བྱང་ཆུབ་སེམས་ཀྱི་རང་ངོ་མངོན་སུམ་དུ་རྟོགས་པ་དབུ་མ་ཐལ་འགྱུར་བས་བརྗོད་བྲལ་གྱི་རྩེ་མོར་བསྐྱལ་བའི་གནས་ལུགས་དེ་ངོ་ཤེས་ན་འདིར་བྱོན། འདིའི་དུས་སུ་བསྒོམས་པའི་རང་ཤུགས་ཀྱིས་རང་ངོ་མ་འཕྲོད་པ་རྣམས་ལ། བྱུང་གནས་འགྲོ་གསུམ་སོགས་སེམས་ཚོལ་གྱི་རིམ་པ་ཞིབ་མོར་བཏང་། འདི་ལ་གཞི་ལམ་འབྲས་བུ་གསུམ་གྱི་སྐབས་ཐོབ་དང་སྦྱར་ནས་བཏགས་པའི་མིང་གི་རྣམ་གྲངས་ནི། འཁོར་འདས་གང་དུའང་མ་གྲུབ་པའི་དུས་སུ། ཐོག་མའི་ཡེ་གཞི་ཞེས་པ་དང་། འཁོར་འདས་གཉིས་པོ་སོ་སོར་མ་འགག་པ་སྣང་བའི་དུས་སུ་འཁོར་འདས་གཉིས་ཀྱི་སྤྱི་གཞི་ཞེས་པ་དང་། འཁོར་འདས་སོ་སོར་སྣང་བའི་དུས་སུ་ཀུན་གཞི་དང་། དེ་ཉིད་སྒོ་ལྔའི་རྣམ་པར་ཤེས་པ་ལ་འགྱུ་བ་ནི། ཀུན་གཞི་རྣམ་ཤེས་སམ་ཉོན་ཡིད་ཅེས་པ་དང་། དེ་ཚོགས་དྲུག་གི་ཡུལ་ལ་ཞུགས་ཏེ། སྒོ་ལྔའི་རྣམ་ཤེས་ཚོགས་བརྒྱད་དང་། ཚོགས་བདུན་གྱི་རིམ་པ་འབྱུང་ངོ་། །དེ་ལམ་ཉམས་སུ་ལེན་པའི་དུས་སུ། གནས་པ་ལ་ཞི་གནས། དེ་ལས་འཕྲོས་པ་ལ་ལྷག་མཐོང་ཞེས། དེ་ནས་རིམ་བཞིན་གནས་པ་དང་པོ་ནས། ཐ་མའི་བར་དུ་ཞི་ལྷག་ཟུང་འཇུག་གི་སྟེང་དུ་ཐབས་སྣ་ཚོགས་ཀྱིས་གཅུན་པས་གནས་ཐོག་ཏུ་འཛིན་པ་ཟད་པས་རང་གྲོལ་ཀ་དག་གི་དགོངས་པ་རྟོགས། དེ་ལས་འགྱུ་ཐོག་ཏུ་འབད་རྩོལ་མེད་པར་རང་བྱུང་ལྷིང་འགྲོས་ཀྱི་གནས་ལུགས་སུ་རྟོགས། དེ་ལས་གནས་དུས་སུ་འགྱུ་བ་རང་དག་ཏུ་སོང་། འགྱུ་སྟེང་དུ་གནས་པ་རང་ཐིམ་དུ་སོང་ནས། གནས་འགྱུ་དབྱེར་མེད་པ་དེའི་དོན་ལ་མཉམ་པར་བཞག་པ་ལ་མཉམ་གཞག་དང་། མཉམ་གཞག་དེའི་རྗེས་ཀྱི་ཤེས་པ་ཡང་དག་པའི་ལམ་དུ་མ་ཚུད་ན་རྗེས་ཀྱི་ཤེས་པ་ཕྲ་རགས་དང་། མཉམ་གཞག་ལ་གཡོ་བ་མེད་པ། རྗེས་ཤེས་ཀུན་ཏུ་བཟང་པོའི་དགོངས་པར་དག་པ་ནི། རང་བཞིན་རྫོགས་པ་ཆེན་པོ་རྩོལ་བྲལ་ཏིང་ངེ་འཛིན་གྱི་གསང་ལམ་ཞེས། རྟོགས་པའི་རང་སོ་ཚུགས་ནས་འབྲས་བུའི་སྐབས་ཐོབ་ཀྱི་མིང་དང་སྦྱར་ན། ངོ་བོ་སྟོང་པ་ལ་ཆོས་སྐུར་མཚོན་པས་སྟོང་པ་སྤང་དུ་མེད། རང་བཞིན་གསལ་བ་ལྷུན་གྲུབ་ཀྱི་ལོངས་སྐུར་རང་ཆས་ཡིན་པས་རྩོལ་བས་གཞན་ནས་བསྒྲུབ་ཏུ་མེད། དོན་གཉིས་མེད་ཀྱི་ཡེ་ཤེས་མཐའ་བྲལ་ཆེན་པོ་འདིར་དབྱིངས་གཅིག་པས། ངོ་བོ་ཉིད་ཀྱི་སྐུ་འདི། རང་སྣང་རང་གྲོལ་སྐྱེ་འགག་སྤང་བླང་དང་བྲལ་བ་ཞེས་བཏགས་སོ། །དེ་ལྟར་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་མཚན་ཉིད་དང་། དེའི་ཚེ་དམའ་མནར་མེད་ནས། མཐོ་སྲིད་རྩེའི་བར་གྱི་ཆོས་ཐམས་ཅད། བཅོས་མེད་རིག་པའི་སྟེང་ན་ལྷིང་པར་ཐིག་ལེ་ཉག་གཅིག་གི་ངོ་བོར་བཟང་ངན་བྲལ་བར་སྣང་བས། ཆོས་སྐུ་ཐིག་ལེ་ཉག་གཅིག་ཅེས་བྱའོ། །ཆོས་ཐམས་ཅད་སྐྱེ་འགག་གནས་གསུམ་དང་བྲལ་བས་ཆོས་སྐུ་སྐྱེ་བ་མེད་པ། མི་ཤིགས་པ་དང་སྲ་བ་དང་། རྡོ་རྗེ་ཐེག་པའི་གནས་མཐར་ཐུག་པའི་འགྱུར་བ་མེད་པའི་རང་བཞིན་ཅན་ཡིན་པས་དོན་དམ་པའི་ཆོས་སྐུ་ཞེས། གཞི་འབྲས་ཐམས་ཅད་ཀྱི་གནས་སྐབས་སུ་རང་རང་གི་ལྟ་སྒོམ་མྱོང་སྦྱངས་དང་བསྟུན་པའི་ངོ་སྤྲད་ཅིང་ཁས་ལེན་པ་ཙམ་ནི་ཁ་ལྟར་མི་འཆོར་ཞིང་མཛེས་པར་གོ་ལགས། དེང་སང་བབས་ཆོལ་གྱི་ཆོས་སྐད་ཡང་གསང་རྫོགས་པ་ཆེན་པོ་ཟབ་པ་དང་རྒྱ་ཆེ་བའི་དགོངས་པ་མ་ལོན་པར་རྫོགས་པ་ཆེན་པོ་ལྟ་བ་མཐོས་ཞེས། ཁྱུ་འདེད་དུ་བཏང་སྟེ། ཟབ་དོན་གཞན་ཞིག་རློམ་པའི་སྐལ་དམན་པ། དུད་འགྲོ་སྣ་འཇུ་མེད་པ་ཁོ་དེ། ཁྱོད་ཀྱིས་རྫོགས་པ་ཆེན་པོའི་ལྟ་བ་གང་ནས་མཐོས་འདི་ནས་མཐོས་ཉན་མགོ་ནོན་ནམ། ལྷ་དང་མིའི་རིག་པ་འཛིན་པ་པཎ་གྲུབ་ལོ་པཎ་གྲུབ་ཐོབ་རིག་འཛིན་སྔགས་འཆང་གི་ཚོགས། ཚོམ་བུ་འབུམ་ཁྲི་བྱེ་བ་མང་པོ་འཇའ་ཕུང་དུ་གཤེགས་པའི་ཤུལ་ལམ། ལྷ་དང་མི་ཡི་སྟོན་མཆོག་དམ་པ་རྣམས་ཀྱིས་ལན་བརྒྱར་བསྔགས་ཤིང་བསྟོད་པའི་གནས་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་རྡོ་རྗེའི་ཆིངས་སྙན་བརྒྱུད་ཟབ་མོ་རྣམས་སུ། ཀ་དག་ལྷུན་གྲུབ་གཉིས་མེད་རང་བཞིན་རྫོགས་པ་ཆེན་པོ་དོན་གྱི་གནས་ལུགས་ནི། སངས་རྒྱས་ཀྱིས་ཀྱང་བརྗོད་པར་མི་ནུས་པའི་མཐོ་དམན་དང་བྲལ། གནས་སྐབས་ས་ལམ་གྱི་བརྩི་ཚུལ་ནི་ཐུན་མོང་གི་ཐེག་པ་ལས་བརྒྱ་འགྱུར་སྟོང་འགྱུར་གྱིས་ཞིབ། མཐོང་སྣང་ཡིད་ཆེས་ལ་ནི་པཎ་ཆེན་བི་མ། ཨོ་རྒྱན་པདྨ་སོགས་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་པ་དང་། ཡང་དག་པར་རྫོགས་པར་སངས་རྒྱས་པ་དང་། མངོན་པར་རྫོགས་པ་སངས་རྒྱས་པ་སོགས། ངོ་མཚར་གྱི་རྟགས་ཚད་མངོན་སུམ་དུ་ཐོན་པ་དེ་ཙམ་ཞིག་བྱུང་འདུག །དེ་ཕྱིར་རང་བློ་ལ་མི་ལེན་པ་ནི། བསྟན་བུའི་རྒྱུད་ལས། འདི་ནི་ཀུན་གྱི་སྤྱོད་ཡུལ་མིན། །སྐལ་པ་ཅན་གྱི་སྤྱོད་ཡུལ་ལོ། །ཞེས་གསུངས་པ་ལྟ་བུ་ཡིན་ལ། དེ་ཕྱིར་དང་པོ་མི་གནས་པ་གནས་པའི་ཚང་ལ་འཇུག་པའི་སྐབས་སུ་སྙིང་རུས་དང་ལྡན་པ། གནས་པ་བརྟན་པའི་སྐབས་སུ་ས་ལམ་གྱི་སྤུ་རིས་ཕྱེད་པ། བརྟན་པ་བོགས་དབྱུང་བའི་སྐབས་སུ་གཞི་ལམ་གྱི་འབྲས་བུར་ཞེན་ཐག་ཆོད་པ་ཞིག་དགོས་པར། བླ་མ་དམ་པ་རྣམས་ཀྱི་ཞལ་གདམས་ཀྱི་སྙིང་པོར་གསུངས་པས་དེ་ཡང་། ཤར་གྲོལ། གཅེར་གྲོལ། རང་གྲོལ། ཡོངས་གྲོལ། ཡེ་གྲོལ་སོགས། གྲོལ་ལུགས་རེ་རེའི་ཐད་དུ། ཤར་གྲོལ་གྱི་སྐབས་སུ་ཞེན་པར་འཛིན་པའི་རྣམ་རྟོག་དག་དགོས། གཅེར་གྲོལ་གྱི་ཐད་དུ་མི་རྟོག་པའི་རྣམ་རྟོག་དག་དགོས། རང་གྲོལ་གྱི་ཐད་དུ་ཚོར་བ་ངོ་མི་ཤེས་ཀྱི་རྣམ་རྟོག་དག་དགོས། ཡོངས་གྲོལ་གྱི་ཐད་དུ་སྟོང་ཉིད་ངོ་མི་ཤེས་ཀྱི་རྣམ་རྟོག་དག་དགོས། ཡེ་གྲོལ་གྱི་དུས་སུ་སྟོང་ཉིད་གཤིས་ཤོར་གྱི་རྣམ་རྟོག་དག་དགོས། རྣམ་རྟོག་དེ་རྣམས་དག་པའི་རྗེས་སུ་རང་ཉམས་སུ་ཇི་ལྟར་ལེན་ན། གསུམ་སྟེ། ལྟ་བ་གྲོང་ཁྱེར་རྒྱུན་གཅོད། མན་ངག་རི་བོ་ཅོག་གཞག །དགོངས་པ་ཁམས་གསུམ་ཡོངས་གྲོལ་ལོ། །དང་པོ་ལྷུན་གྲུབ་རང་བྱུང་གི་ཡེ་ཤེས། ངོ་བོ་ཅིར་ཡང་མ་གྲུབ་པ། རང་བཞིན་གསལ་ལ་དག་པ། ཐུགས་རྗེ་ཅིར་ཡང་འཆར་བ། དོན་རང་རིག་རིག་སྟོང་། ཀ་དག་ཆེན་པོའི་དབྱིངས་ན། སྣང་སྲིད་འཁོར་འདས་ཐམས་ཅད་རོལ་པ་དང་རྒྱན་རྩལ་རང་སྣང་ཙམ་དུ་རང་གྲོལ་ཆེན་པོར་གནས་སོ། །དེ་ཅིར་ཡང་མ་གྲུབ་པའི་ཟང་ཐལ་ཆེན་པོ་ལྷུན་གྲུབ་འོད་ལྔའི་རྩལ་ལས། ཕྱི་ནང་གི་སྣང་བའི་རོལ་པ་དཔག་ཏུ་མེད་པ་ཤར་བ་ཡིན་ནོ། །ཐུགས་རྗེ་རོལ་པའི་རྩལ་ལས། ནང་སེམས་དང་སེམས་བྱུང་ཡང་ཚོགས་བརྒྱད་ཀྱི་ཤེས་པས་གྲུབ་སྟེ། རིག་པའི་རྩལ་དུ་ཤར། དེའི་ཕྱིར་ཕྱི་ཡུལ། བར་ལུས། ནང་སེམས་དང་བཅས་པ་ཐམས་ཅད་གཞི་མེད་སྣང་སྟོང་ཆོ་འཕྲུལ་ཙམ་དུ་ཤར་བ་ལས། བདེན་རྫུན་ཐམས་ཅད་ཀྱི་མཐའ་ལས་འདས། དེའི་ཕྱིར་རང་གི་རིག་པ་རང་བྱུང་གི་ཡེ་ཤེས་འདི་ཡེ་ནས་སངས་རྒྱས་ཤིང་རྣམ་པར་དག་པ། ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས་སུ་ཡེ་ནས་སངས་རྒྱས་པར་གོ །དེ་ཡང་སེང་གེ་རྩལ་རྫོགས་ལས། ཉོན་མོངས་ལྔ་ལ་ཡེ་ཤེས་ལྔ། །ཡུལ་ལྔ་ལ་ནི་འོད་ལྔའི་སྐུ །ཕུང་པོ་ལྔ་ལ་སངས་རྒྱས་ལྔ། །འབྱུང་བ་ལྔ་ལ་ཡུམ་ལྔར་རྟོགས། །སྲིད་པ་གསུམ་ཉིད་སངས་རྒྱས་ཞིང་། །གཉིས་མེད་ལྟ་བའི་རང་ལུས་ཡིན། །ཞེས་དང་། མུ་ཏིག་འཕྲེང་བ་ལས། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན། །རིགས་དང་རིགས་ཀྱི་བདག་པོར་གྲོལ། །ཞེས་སོ། །དེའི་ཚེ་ཉོན་མོངས་མ་སྤངས་མི་གནས་པར་རང་སར་དག་སྟེ། མཁའ་ལ་སྤྲིན་དྭངས་པའམ། ཆུའི་རྙོགས་མ་རང་སངས་ལྟར་དག་སྟེ། གཞི་རང་མལ་ཆོས་ཉིད་ཁོ་རང་གི་འདུག་ཚུལ། དང་པོ་འཁྲུལ་མ་མྱོང་། ད་ལྟ་འཁྲུལ་པ་ལ་མི་གནས། ཐ་མར་འཁྲུལ་མི་སྲིད་པའི་གནད་མངོན་དུ་གྱུར་པའོ། །འདི་ནི་རིག་པ་རང་མལ་གྱི་ཆོས་སྐུ །ཕྱལ་པ་བར་མེད་ཀྱི་རྒྱ་ཡན། རང་བབས་རྣལ་མའི་འདུག་ཚུལ། གཞི་རང་མལ་ཆོས་ཉིད་ཁོ་རང་གི་འདུག་ཚུལ། ཟང་ཐལ་སྐྱེ་མེད་ཀྱི་རང་ངོ་། རྣལ་འབྱོར་པའི་རང་སྣང་ཆོས་སྐུར་ཤར་བ། སྲིད་གསུམ་ཀ་དག་གི་དགོངས་པ་ཞེས། ཆོས་སྐུའི་གླིང་མཆོག་ཡང་དག་པར་ཕྱིན་པའོ། །རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། འབྲས་བུའི་ཆོས་ཐམས་ཅད་སྐུ་གསུམ་ལས་ཕྱིར་མི་ལྡོག་པའི་འབྲས་བུར་ཤེས་པར་གྱིས་ཤིག །ཅེས། རྩིང་སྤྱོད་དང་ཧོལ་རྒྱུག་གོ་ཡུལ་ཙམ་ལ་བརྟེན་ནས། ཁ་ལྟར་སྨྲ་བར་བྱེད་པའི་ཆོས་ནི་འདི་མ་ཡིན་ནོ། །རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་གི་ཆོས་ཚུལ་གསུམ་དུ་གྲགས་པ་ནི། རྙིང་མ་རྣམས་ཀྱི་གཞུང་ལུགས་ཆེན་པོ་རྣམས་སུ་གསལ་བར་བསྟན་པས། རིག་འཛིན་ཐུགས་བཅུད་མཁའ་འགྲོའི་སྲོག་ཏིག་ཆོས་སྲུང་སྙིང་གི་རྒྱ་ཅན། བརྒྱུད་པ་བྱིན་རླབས་དང་ལྡན་ཞིང་མན་ངག་ཡང་ཟབ་ཀྱི་ཕུལ་དུ་གྱུར་པ་འདི། བློ་དྲེད་ཆོས་དྲེད་ཁ་ལྟ་སྟོང་ཤོབ་ཅན་གྱི་དཔེ་ཉོབ་ནག་ཧྲུལ་དང་བསྲེས་ནས་འཇོག་པའི་འོས་ནི་མིན་ནོ། །ཚེ་སྲོག་འབེན་དུ་བཙུགས། སྒྲུབ་པ་སྙིང་པོར་བྱེད། ལྟོ་གོས་གཏམ་གསུམ་ལ་གྱོང་བསྐུར། བསམ་རྒྱུ་དམ་པའི་ཆོས་ལས་མེད་པ་ཞིག་གི་གཙུག་ཏུ་འཆང་བའི་ཡིད་བཞིན་གྱི་ནོར་བུ་ཞིག་འདི་ན་གདའོ། ༈ །དེ་ནས་ངོ་སྤྲད་པ་ནི། ཐག་གཅིག་ཐོག་ཏུ་བཅད་པ། ངོ་རང་ཐོག་ཏུ་སྤྲད་པ། གདིང་གྲོལ་ཐོག་ནས་ཐོན་པ་གསུམ་པོ་འདིར་འདུས་སོ། །དེ་ལ་དང་པོ་ཐག་གཅིག་ཐོག་ཏུ་བཅད་པ་ནི། རིག་པ་མ་བཅོས་པར་བཞག་ལ། ཕྱོགས་བཞི་མཚམས་བརྒྱད་དུ་ཐལ་གྱིས་གཏང་། དེ་སོ་སོ་ལ་རིག་པ་རྣམ་པ་བརྒྱད་དུ་ཨེ་འདུག་ལེགས་པར་བརྟགས་པས། གཅིག་ལ་བཏང་དུས་གཅིག་མེད། གཅིག་ལ་གསལ་དུས་གཅིག་སྟོང་། སྟོང་མཁན་གྱི་མཁན་པོ་ལ་བལྟས་པས་སྟོང་བྱ་དང་སྟོང་བྱེད་གཉིས་མེད་ཀྱི་ཤེས་པ་ཝལ་པོ་ཟང་ཐལ། ཚིག་གིས་བརྗོད་དུ་མེད་པས་དབུ་མའི་མཐའ་ལས་འདས། བློས་བསམ་དུ་མེད་པས་ཕྱག་རྒྱ་ཆེན་པོའི་མཐའ་ལས་འདས། དཔེས་མཚོན་དུ་མེད་པས་རྫོགས་པ་ཆེན་པོའི་སྤྱོད་ཡུལ་ལས་ཀྱང་འདས། ཀུན་ནས་ཡོངས་སུ་རང་བཞིན་གྱིས་མྱ་ངན་ལས་འདས་པ་ནི། ཐག་གཅིག་ཐོག་ཏུ་བཅད་པའི་མན་ངག་མཐར་ཐུག་ཡིན་ནོ། །གཉིས་པ་ངོ་རང་ཐོག་ཏུ་སྤྲད་པ་ནི། དེ་ལྟར་ཐག་གཅིག་ཐོག་ཏུ་བཅད་པའི་ཤེས་པ་བཟོ་མེད་ཅིར་ཡང་མ་གྲུབ་པ་དེ་ལ། འཁོར་འདས་ཀྱི་ཡོན་ཏན་ཀུན་ཏུ་མ་ལུས་པ་རབ་ཏུ་རྫོགས་པར་བཞུགས་པ་ནི། སྟོང་ཆའི་ངོ་བོ་ལ་སངས་རྒྱས་ཆོས་ཀྱི་སྐུའི་ཡོན་ཏན་དང་། དེའི་རང་མདངས་འགག་པ་མེད་པ་ལ། སངས་རྒྱས་ལོངས་སྤྱོད་རྫོགས་སྐུའི་ཡོན་ཏན་ཕུན་སུམ་ཚོགས་པ་ལྷུན་གྱིས་གྲུབ་པ་དང་། དེ་ཉིད་གཉིས་སུ་མེད་པའི་རང་རྩལ་ལ་སངས་རྒྱས་སྤྲུལ་པ་སྐུའི་ཡོན་ཏན་གྱི་ཆ་ཐམས་ཅད་རྫོགས་པ་དང་། དེ་གསུམ་ལྡོག་པ་ཐ་དད་ལ། ངོ་བོ་གཅིག་ཏུ་འདུས་པ་ངོ་བོ་ཉིད་ཀྱི་སྐུ་ཞེས། སྐུ་བཞི་ལྷུན་གྱིས་གྲུབ་པའི་བདག་ཉིད་ཡིན་པས། དེ་ལ་ཆོས་སྐུ་དག་པ་གཉིས་ལྡན་ཡེ་ནས་དག་པའི་གཞི་སྟེང་དུ་ལམ་གྱིས་འཕྲང་བསལ་ཞིང་། ད་ལྟ་བླ་མས་ངོ་སྤྲད་པའི་རིག་པ་གཉིས་སུ་མེད་པ་གཅིག་ཏུ་དག་པ་ནི་དག་པ་གཉིས་ལྡན། ལོངས་སྐུ་ངེས་པ་ལྔ་ལྡན་ལ་གསང་ཆེན་རིགས་གཅིག་ནས་བརྒྱའི་བར་གསུངས་པ་ལྟར། གནས། འཁོར། དུས། ཆོས། སྟོན་པ་སོགས་དང་སྐུ་ལྔ་ཡེ་ཤེས་ལྔ་ནི་རྫོགས་ཆེན་གཞན་དག་ནས་རྒྱ་ཆེར་ཡང་ནས་ཡང་དུ་གསུངས་པ་ལྟར་འདིར་མ་བཀོད། སྤྲུལ་སྐུ་མ་ངེས་སྣ་ཚོགས་པ་ནི། ཐུགས་རྗེ་སྤྲུལ་པའི་སྐུ་དང་། རང་བཞིན་སྤྲུལ་པའི་སྐུ་དང་། འགྲོ་འདུལ་སྤྲུལ་པའི་སྐུ་གསུམ་དུ་བསྟན་པ་ལས། ཐུགས་རྗེ་སྤྲུལ་པའི་སྐུ་ནི་སྟོང་གསལ་གཉིས་སུ་མེད་པའི་རང་བྱུང་གི་རིག་རྩལ་དེ་ཡིན་ལ། རང་བཞིན་སྤྲུལ་པའི་སྐུ་ནི་བདེ་བ་ཅན། དགའ་ལྡན་མངོན་དགའ་སོགས་རིགས་ལྔའི་ཞིང་རྣམས་ཀྱི་ཆེ་བའི་ཡོན་ཏན་བརྗོད་པ་ལྟར་ཡིན་ལ། འགྲོ་འདུལ་སྤྲུལ་པའི་སྐུ་ནི། ཐུབ་པ་དྲུག་དང་། བསྐལ་བཟང་གི་སངས་རྒྱས་སྟོང་སོགས། འགྲོ་བའི་དོན་དུ་བྱོན་པའི་སྤྲུལ་པའི་བྱེ་བྲག །གྲུ་དང་ཟམ་པ་རྔ་བོ་ཆེ་སོགས་མཐའ་ཡས་པ་གསུངས་པ་རྣམས་ཡིན། གཞན་ཡང་སྲིད་ཞིའི་ཁམས་ཀྱི་ཆེ་བའི་ཡོན་ཏན་མ་ཚང་བ་མེད་པ། ལྷུན་གྱིས་གྲུབ་པར་བཞུགས་པར། ངོ་རང་ཐོག་ཏུ་སྤྲད་པས། གདིང་གྲོལ་ཐོག་ནས་ཐོན་པ་ནི། དེ་ལྟར་ཡིན་པ་ལ་ཡིན་པར་ཤེས་ཏེ་འབད་པ་དང་རྩོལ་བ་མེད་པར་རང་བཞིན་ལྷུན་གྲུབ་ཆེན་པོར་སངས་རྒྱས་ཀྱི་གོ་འཕང་མངོན་དུ་གྱུར་པ་ནི། རྫོགས་པ་ཆེན་པོ་འདིའི་ཁྲེགས་ཆོད་ཀྱི་གདམས་པར་གཏན་ལ་ཕབ་ཟིན་ནས། ལམ་ཟབ་མོ་ལྷུན་གྲུབ་སྣང་བ་བཞིའི་ཁྲིད་ཡིག་གུད་དུ་བཞུགས་པ་ལས་བླང་བར་བྱའོ། །འདི་ལྟ་བུའི་ཟབ་ཁྱད་ཀྱི་གདམས་པ་འབྲས་བུའི་སྙིང་བཅུད། དཔལ་ལྡན་བླ་མ་དམ་པའི་སྙན་བརྒྱུད་ཀྱི་སྙིང་པོ་ཐུན་མོང་མ་ཡིན་པ་དག་སྣང་གི་ཟབ་ཁྲིད་རྡོ་རྗེའི་དྭངས་བཅུད། ཚིག་ཚོགས་དང་ཐ་སྙད་ཀྱི་སྤྲོས་པ་རྒྱུད་ལུང་གི་དགག་བཞག་རྣམས་བཏང་སྙོམས་སུ་བཞག་སྟེ། གསལ་ལ་བདེ་བ་དང་བློ་ཆུང་བློ་དམན་པའི་རིགས་ལ་ཕན་པ་ཆེ་བར་བསམས་ཏེ། སྐལ་བཟང་ཐར་གླིང་དུ་གཞོལ་བའི་ཟབ་མོ་དོན་གྱི་ཤིང་རྟ་ཆེན་པོར་བཀོད་པའོ། །འོད་གསལ་དབྱིངས་རིག་དྭངས་མའི་ལམ་ཆེན་ཞེས་བྱ་བ་རྫོགས་སོ། །ས་མ་ཡ། རྒྱ་རྒྱ་རྒྱ། ཨོཾ་སྭསྟི་སིདྡྷཾ། ཟབ་ཞི་མཉམ་ཉིད་རྡོ་རྗེའི་དབྱིངས་ཡངས་པར། །འཇའ་ལུས་དབང་པོ་མཁའ་སྤྱོད་རིག་འཛིན་གྱི། །རྨད་བྱུང་གདུལ་བྱ་ནམ་མཁའི་ཁམས་གང་བ། །ཀུན་གྱིས་ཟབ་གསང་རྡོ་རྗེའི་དབྱངས་འདི་ཐོས། །གཅིག་ཆར་དད་པས་ཡིད་བཞིན་མཆོག་དངོས་སུ། །བཟུང་སྟེ་བྱིན་རླབས་འཇའ་ལུས་གསེར་འགྱུར་རྩི། །སྲིད་ཞི་འཕོ་བ་ཆེན་པོའི་རིག་འཛིན་གཞིར། །སྤྲུལ་པས་སྲིད་ཞིའི་ཁྱོན་ནི་རབ་འགེངས་ཤོག །འདི་མཐོང་ཐོས་དང་དྲན་རེག་སྐྱེས་བུའི་ཚོགས། །གཅིག་ཅར་སྟོན་པའི་ལང་ཚོ་སྐད་ཅིག་རྫོགས། །རྣམ་གྲོལ་སྲས་བཅས་རྒྱལ་བའི་ལམ་ཆེན་པོར། །ཞུགས་ཏེ་རྡོ་རྗེ་སྙིང་གཞིར་སངས་རྒྱས་ཤོག །མཐུ་ལྡན་བཀའ་སྲུང་དྲེགས་པའི་གཙོ་མཆོག་རྒྱལ། །ཀླུ་བདུད་མུན་ནག་ཤ་ཟན་ཁྲག་རལ་ཅན། །ཨེ་ཀ་ཙཱ་ཏི་རྡོ་རྗེ་ལེགས་པ་དང་། ཁྱབ་འཇུག་ཆེན་པོས་བཀའ་ཡི་བྱ་ར་མཛོད། །ཆོས་བདག་སྐྱེས་བུའི་ཚོགས་རྣམས་དབང་དུ་སྡུས། །དམ་ཉམས་ལོག་པར་ལྟ་ལ་བཀའ་ཆད་ཕོབ། །ཆོས་ཚུལ་འདི་ནི་ནམ་མཁའི་མཐར་ཁྱབ་མཛོད། ཁྱད་པར་ཐང་ལྷ་མཛོད་ལྔས་ཉིན་མཚན་སྲུངས། ས་མ་ཡ། རྒྱ་རྒྱ་རྒྱ། ཁཐཾ། གུ་ཧྱ། བཀྲ་ཤིས།། །།

[edit]

TSAGLI image gallery goes here

Footnotes


Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).