Terdzo-TSHI-052

From Rinchen Terdzö
Revision as of 15:46, 14 November 2017 by Mort (talk | contribs)
This page is under construction. Check back later for updated content.

ཉེ་བརྒྱུད་ཚེ་ཁྲིད་འཆི་མེད་རྡོ་རྗེའི་སྲོག་ཤིང་གི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་འཆི་མེད་རྡོ་རྗེའི་བཅུད་ལེན་

nye brgyud tshe khrid 'chi med rdo rje'i srog shing gi sgrub thabs dbang chog dang bcas pa 'chi med rdo rje'i bcud len

by  འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Jamyang Khyentse Wangpo)
revealed by  གྲུབ་ཆེན་དཔལ་ལྡན་རྡོ་རྗེ་ (Drupchen Palden Dorje)
in cycle  ཉེ་བརྒྱུད་ཚེ་ཁྲིད་འཆི་མེད་རྡོ་རྗེའི་སྲོག་ཤིང་ (Nye brgyud tshe khrid 'chi med rdo rje'i srog shing)
Volume 48 (ཚི) / Pages 801-833 / Folios 1a1 to 17a6

[edit]

༄༅། །ཉེ་བརྒྱུད་ཚེ་ཁྲིད་འཆི་མེད་རྡོ་རྗེའི་སྲོག་ཤིང་གི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་འཆི་མེད་རྡོ་རྗེའི་བཅུད་ལེན་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། འཆི་མེད་མཆོག་སྩོལ་བླ་མ་ལྷར། །བཏུད་ནས་རྡོ་རྗེའི་སྲོག་ཤིང་གི །སྒྲུབ་པའི་ཐབས་དང་དབང་ཆོག་བཅས། །ཉུང་གསལ་སྙིང་པོར་དྲིལ་ཏེ་འགོད། །འདི་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་སྒྲུབ་པའི་ཐབས། སློབ་མ་རྗེས་འཛིན་དབང་གི་ཆོ་གའོ། །དང་པོ་ནི། སྟེགས་བུ་ཕྱག་བདར་ལེགས་པར་བྱས་པའི་སྟེང་དུ་དབུས་སུ་མཉྫིའི་ཁར་ཚེ་བུམ་ཁ་རྒྱན་དང་ལྡན་པ། གཡས་སུ་ཚེ་ཆང་། གཡོན་དུ་ཚེ་རིལ། མདུན་དུ་གཏོར་མ་དང་མཆོད་པ། གཞན་ཡང་རང་གི་མདུན་དུ་རྡོར་དྲིལ། ཌཱ་མ་རུ། ནང་མཆོད། མདའ་དར། ལི་ཁྲི། ལས་བུམ། མེ་ཏོག །ཉེ་ལོགས་སུ་བགེགས་གཏོར་སོགས་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱའོ། ༈ །གཉིས་པ་དངོས་གཞི་སྒྲུབ་ཐབས་ལ། ཐོག་མར་མཚམས་ལྷ་བསྐྱེད་པ་ནི། ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཉི་མ་རུ་དྲ་བསྣོལ་པའི་སྟེང་དུ་རང་ཉིད་སྐད་ཅིག་གིས་དབང་དྲག་རྟ་མགྲིན་གཡས་གྲི་གུག་དང་གཡོན་ཐོད་ཁྲག་འཛིན་པ་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར་བ། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པར་གྱུར། བགེགས་གཏོར་བསང་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་འདོད་པའི་ཡོན་ཏན་ལྔས་ཁྱད་པར་དུ་བྱས་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་བརླབ། ཨོཾ་སརྦ་བིགྷྣཱན་སོགས་ལན་གསུམ་བརྗོད་ཅིང་བསྔོས། ཧྲཱིཿ གདོན་བགེགས་འབྱུང་པོའི་ཚོགས་རྣམས་གནས་འདི་རུ། །མ་འདུག་གཏོར་མ་འདི་ཁྱེར་གཞན་དུ་དེངས། །གལ་ཏེ་མི་འགྲོ་དབང་ཆེན་ཁྲོས་པའི་བཀས། །ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར། །སུམྦྷ་སོགས་ཀྱིས་བགེགས་བསྐྲད། སྟེང་འོག་ཕྱོགས་མཚམས་མ་ལུས་རྡོ་རྗེ་དང་། ཁྲོ་བོ་ཁ་དོག་སྣ་ལྔའི་མེ་ཕུང་གིས། །བར་མཚམས་མེད་པར་གཏམས་པའི་སྲུང་བ་ཡི། །འཁོར་ལོའི་གུར་ཁང་མཚམས་ལས་མ་འདའ་ཞིག །ཨོཾ་བཛྲ་རཀྵ་རཀྵ་སྭཱ་ཧཱས་མཚམས་བཅད། དེ་ནས་སྐྱབས་ཡུལ་ནམ་མཁའ་གང་བར་སད་པའི་སྤྱན་སྔར། བདག་སོགས་འགྲོ་ཀུན་དེང་ནས་བྱང་ཆུབ་བར། །རྩ་གསུམ་ཚེ་ཡི་ལྷ་ལ་སྐྱབས་སུ་མཆི། །གཞན་དོན་རྫོགས་པའི་སངས་རྒྱས་ཐོབ་བྱའི་ཕྱིར། །འཆི་མེད་རིག་འཛིན་བསྒྲུབ་པར་སེམས་བསྐྱེད་དོ། །ཞེས་སྐྱབས་སེམས་ལན་གསུམ་བྱ། ཚོགས་གསག་པའི་ཐོག་མར། རང་ཉིད་དབང་ཆེན་དུ་གསལ་བ་འོད་དུ་ཞུ་བ་ལས་མགོན་པོ་ཚེ་དཔག་མེད་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། བླ་མ་དང་གཉིས་སུ་མེད་པའི་ཚེ་དཔག་མེད་ཀྱི་ལྷ་ཚོགས་རྣམས་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་བར་གྱིས་མཆོད། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཅེས་དང་། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་མཛད་པ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །ཞེས་པས་བླ་མ་དང་ལྷག་པའི་ལྷ་ལ་ཕྱག་བྱ། ཕུན་ཚོགས་ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་འབུལ། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རང་། །ཆོས་འཁོར་བསྐོར་བཞིན་ཡུན་རིང་བཞུགས་པར་གསོལ། །འདིས་མཚོན་དགེ་བ་ཚེ་རབས་ཐམས་ཅད་དུ། །ཚེ་དཔག་མེད་པས་རྗེས་སུ་བཟུང་གྱུར་ནས། །འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་ཕྱིར་བསྔོ། །ཞེས་པས་ཚོགས་བསགས། ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར་པར་མོས། བྱིན་འབེབ་ནི། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས། །བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད།  །འཆི་མེད་ཚེ་ཡི་དངོས་གྲུབ་མ་ལུས་པ། །དུས་འདིར་བདག་ཅག་རྣམས་ལ་བསྩལ་དུ་གསོལ། །སྒྲུབ་པའི་དམ་རྫས་སྣོད་བཅུད་མ་ལུས་པར། །ཚེ་བཀྲག་གཟི་མདངས་ནུས་པའི་རྩལ་ཀུན་ཕོབ། །དབང་ཆེན་སྐུར་ལ་སྡིག་སྒྲིབ་བར་ཆད་སོལ། །རེ་བའི་འབྲས་བུ་ཚེ་ཡི་རིག་འཛིན་སྩོལ། །ཡེ་ཤེས་རང་སྣང་གྲུབ་པའི་ཕོ་བྲང་ནས། །མཁའ་འགྲོའི་དབང་ཕྱུག་གསང་བ་ཡེ་ཤེས་ཀྱིས། །འཆི་མེད་ཚེ་ཡི་དངོས་གྲུབ་སོགས་གོང་བཞིན། པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་ནས། །སློབ་དཔོན་པདྨ་ཐོད་ཕྲེང་ཚེ་དབང་རྩལ། །འཆི་མེད་ཚེ་ཡི་སོགས། མཐོ་བརྩེགས་རྡོ་རྗེ་གསང་བའི་གཞལ་མེད་ནས། །ཟུང་འཇུག་སྐུ་བརྙེས་དཔལ་ལྡན་རྡོ་རྗེའི་ཞབས། །འཆི་མེད་ཚེ་ཡི་སོགས། གྲུ་འཛིན་ཉི་འོད་འཁྱིལ་བའི་གཞལ་མེད་ནས། །རྒྱལ་བ་ཀུན་དངོས་བསོད་ནམས་རྒྱ་མཚོའི་སྡེས།  །འཆི་མེད་ཚེ་ཡི་དངོས་གྲུབ་མ་ལུས་པ། །དུས་འདིར་བདག་ཅག་རྣམས་ལ་བསྩལ་དུ་གསོལ། །སྒྲུབ་པའི་དམ་རྫས་སྣོད་བཅུད་མ་ལུས་པར། །ཚེ་བཀྲག་གཟི་མདངས་ནུས་པའི་རྩལ་ཀུན་ཕོབ། །དབང་ཆེན་སྐུར་ལ་སྡིག་སྒྲིབ་བར་ཆད་སོལ། །རེ་བའི་འབྲས་བུ་ཚེ་ཡི་རིག་འཛིན་སྩོལ། །བྱང་ཆུབ་ཤིང་ཁྲོད་དེ་བཱི་ཀོ་ཊི་ནས། །རྡོ་རྗེ་འཆང་དབང་འཁོན་སྟོན་ཆོས་ཀྱི་རྗེས། །འཆི་མེད་ཚེ་ཡི་སོགས། གུང་ཐང་བདེ་བའི་རྡོ་རྗེའི་གཞལ་ཡས་ནས། །གཉགས་ཆེན་རྣམ་འཕྲུལ་ཆོས་དབྱིངས་རང་གྲོལ་གྱིས། །འཆི་མེད་ཚེ་ཡི་སོགས། ལྷ་ལྡན་ཡུལ་དབུས་གྲུ་འཛིན་ཕོ་བྲང་ནས། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་སྡེས། །འཆི་མེད་ཚེ་ཡི་སོགས། གར་བཞུགས་དག་པ་རབ་འབྱམས་ཕོ་བྲང་ནས། །མཁས་ཤིང་གྲུབ་བརྙེས་བརྒྱུད་པའི་བླ་མ་ཡིས། །འཆི་མེད་ཚེ་ཡི་སོགས། སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་ནས། །རྩ་བའི་བླ་མ་ཁྱབ་བདག་འཁོར་ལོའི་མགོན། །འཆི་མེད་ཚེ་ཡི་དངོས་གྲུབ་མ་ལུས་པ། །དུས་འདིར་བདག་ཅག་རྣམས་ལ་བསྩལ་དུ་གསོལ། །སྒྲུབ་པའི་དམ་རྫས་སྣོད་བཅུད་མ་ལུས་པར། །ཚེ་བཀྲག་གཟི་མདངས་ནུས་པའི་རྩལ་ཀུན་ཕོབ། །དབང་ཆེན་སྐུར་ལ་སྡིག་སྒྲིབ་བར་ཆད་སོལ། །རེ་བའི་འབྲས་བུ་ཚེ་ཡི་རིག་འཛིན་སྩོལ། །མཐར་ཚེའི་སྙིང་པོ་བཟླ་ཞིང་སྤོས་རོལ་དང་བཅས་བྱིན་དབབ། སྒྲུབ་རྫས་དང་མཆོད་གཏོར་རྣམས་བྱིན་གྱིས་བརླབ་པ་ནི། རང་གི་ཐུགས་ཀ་ནས་སྤྲོས་པའི་རཾ་ཡཾ་ཁཾ་གིས་སྒྲུབ་རྫས་དང་མཆོད་གཏོར་རྣམས་ཀྱི་མ་དག་པའི་ཉེས་སྐྱོན་རྣམས་སྦྱངས། ངོ་བོ་ཟག་པ་མེད་པའི་བདུད་རྩི་ལ། རྣམ་པ་རང་རང་གི་བྱེད་ལས་དང་ནུས་པ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ་ཞེས་ལན་གསུམ་གྱིས་བརླབ། དེ་ནས་བདག་བསྐྱེད་ནི། ཨོཾ་སྭ་བྷཱ་བ་སོགས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པཾ་ལས་པདྨ་དང་། རཾ་ལས་ཉི་མ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཡི་གེ་ཧྲཱིཿདམར་པོ་རིང་ཆ་ཚེག་དྲག་དང་བཅས་པ་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་མཉམ་གཞག་གི་སྟེང་ན་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་དཔག་བསམ་ཤིང་གིས་ཁ་བརྒྱན་པ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་ཤིང་། དར་དང་རིན་པོ་ཆེའི་རྒྱན་དང་མཚན་དཔེ་གསལ་རྫོགས་ཀྱིས་སྤྲས་པ། ཞི་ཞིང་འཛུམ་ལ་སྒེག་པའི་ཉམས་ཅན། འོད་ཀྱི་རང་བཞིན་ཅན་དུ་གྱུར་པའི་སྟེང་གི་ནམ་མཁའ་ལ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ། མཁའ་འགྲོ་གསང་བ་ཡེ་ཤེས། སློབ་དཔོན་པདྨ་འབྱུང་གནས། གྲུབ་ཆེན་དཔལ་ལྡན་རྡོ་རྗེ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། འཁོན་སྟོན་ཆོས་རྗེ་དཔལ་འབྱོར་ལྷུན་གྲུབ། ཟུར་ཆེན་ཆོས་དབྱིངས་རང་གྲོལ། ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ་ལ་སོགས་པའི་ཚེ་ཁྲིད་བརྒྱུད་པའི་བླ་མ་རྣམས་སྤྲིན་གཏིབས་པ་ལྟར་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ནུབ་ཕྱོགས་བདེ་བ་ཅན་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཧྲཱིཿ བདེ་བ་ཅན་ནས་ཚེ་དཔག་མེད་མགོན་ལ། །གསང་བ་ཡེ་ཤེས་པདྨ་འབྱུང་གནས་སོགས། །ཚེ་ཁྲིད་བརྒྱུད་པའི་བླ་མས་ཡོངས་བསྐོར་བ། །འདིར་གཤེགས་བདག་ལ་ཚེ་ཡི་དངོས་གྲུབ་སྩོལ། །ཨོཾ་ཧྲཱིཿརཱ་ག་བཛྲ་ས་པ་རི་བཱ་ར་ཨེ་ཧྱེ་ཧི་ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རྣམས་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། །ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུངས་ཤིང་དབང་བསྐུར་བས་དབང་གི་ཆུས་ལུས་ཐམས་ཅད་གང་། དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་འཁྱིལ་བ་ཡོངས་སུ་གྱུར་པ་ལས་སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་དབུར་བརྒྱན་ཅིང་དབང་གི་ལྷ་རྣམས་རང་ཉིད་ལ་ཐིམ་པར་གྱུར། མཆོད་བསྟོད་རྒྱས་པའམ། བསྡུ་ན། བཅོམ་ལྡན་འཆི་བ་མེད་པའི་མགོན་པོ་ལ། །འཆི་མེད་ལྷ་རྫས་མཆོད་སྤྲིན་ཚོགས་འདི་དག །འཆི་བདག་འཇིགས་པ་བསྐྱབ་ཕྱིར་འབུལ་བར་བགྱི། །བཞེས་ནས་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཨོཾ་ཧྲཱིཿརཱ་ག་བཛྲ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་ཉེར་སྤྱོད་དང་། ཨོཾ་རཱུ་པ། ཤབྡ། གནྡྷེ། ར་ས། སྤརྴེ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་ཨཱཿཧཱུྃ་གིས་འདོད་ཡོན། ཨོཾ་ཧྲཱིཿརཱ་ག་བཛྲ་ས་པ་རི་བཱ་ར་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་འབུལ། འཇིག་རྟེན་འདྲེན་པའི་གཙོ་བོ་སོགས་ཀྱིས་བསྟོད། རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདམར་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས་པས། རང་ཉིད་ཀྱི་ཚེ་དང་བསོད་ནམས་འཆི་བདག་གཤིན་རྗེ་དང་རྒྱལ་གདོན་ལ་སོགས་པ་འབྱུང་པོ་མི་དང་མི་མ་ཡིན་པ་རྣམས་ཀྱིས་ཕྲོགས་པ་དང་། བརྐུས་པ་དང་ཡར་པ་ཐམས་ཅད། བུམ་པ་དང་ཐོད་པ་དང་ལྷུང་བཟེད་བདུད་རྩིས་གང་བའི་རྣམ་པར་བཀུག་ནས་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ། ཡང་འོད་ཟེར་འཕྲོས་པས་ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་ཆེན་པོ་ནམ་མཁའ་རླུང་མེ་ཆུ་སའི་བཅུད་ཐམས་ཅད་འོད་དང་བདུད་རྩི་ཁ་དོག་སྔོ་ལྗང་དམར་དཀར་སེར་བའི་རྣམ་པར་བཀུག་ནས་སྔགས་ཕྲེང་ལ་ཐིམ། ཡང་འོད་ཟེར་འཕྲོས་པས་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས། སྲིད་པ་གསུམ་གྱི་བཀྲག་མདངས་གཟི་བརྗིད། འཇིག་རྟེན་ཁམས་ཀྱི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་བཀྲ་ཤིས་རྫས་རྟགས་རིན་ཆེན་སྣ་བདུན་ལ་སོགས་པའི་རྣམ་པར་བཀུག་ནས་སྔགས་ཕྲེང་ལ་ཐིམ། སླར་ཡང་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་སློབ་མར་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ལྷ་སྔགས་ཕྱག་མཚན་གྱི་རྣམ་པར་སྤྱན་དྲངས་ཏེ་སྔགས་ཕྲེང་ལ་ཐིམ། མཐར་སྔགས་ཕྲེང་ལས་བདུད་རྩིའི་ཆུ་རྒྱུན་དཔག་ཏུ་མེད་པ་བབས་པས་ལུས་ཀྱི་ནང་ཐམས་ཅད་གང་། ཚེ་དང་བསོད་ནམས་ཕྲོགས་ཤིང་ཡར་པ་ཁུག །ཉམས་པ་སོས། གནས་པ་འཕེལ་ཞིང་བརྟན། ནད་གདོན་སྡིག་སྒྲིབ་དམ་ཚིག་ཉམས་ཆག་ཉེས་ལྟུང་དུས་མ་ཡིན་པའི་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག །འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པར་གྱུར། །ཅེས་བརྗོད་ཅིང་བསམ་ལ། ཨོཾ་བཛྲ་ས་ར་ཧེ་ཀ་ར་རེ་ཤྭ་ར་རེ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་དང་། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཞེས་ཅི་ནུས་དང་། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛྭ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ། མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾསྐཱར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུཏྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝ་རེ་སྭཱ་ཧཱ། ཞེས་ཚེ་གཟུངས་ཀྱང་བཟླས། མཐར་ཡི་གེ་བརྒྱ་པ་བརྗོད། ཚེ་འགུག་པའི་ཕྲིན་ལས་བསྐུལ་བ་ནི། སླར་ཡང་བདག་ཉིད་ཚེ་དཔག་མེད་དུ་གསལ་བ་དང་། རྩ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་དང་ལྷ་མོ་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པས་རང་གི་བླ་ཚེ་ཕྲོགས་པ་དང་། བརྐུས་པ་དང་། ཡར་པ་དང་། འཁོར་འདས་སྣོད་བཅུད་ཐམས་ཅད་ཀྱི་ཚེ་བསོད་དཔལ་འབྱོར་བཅུད་དང་དྭངས་མ་ཐམས་ཅད་བསྡུས་ཏེ་རང་ལ་ཐིམ་པར་བསམ་ལ། མདའ་དར་གཡབ་ཅིང་། ཧྲཱིཿ འཆི་བ་མེད་པ་མགོན་པོ་ཚེ་ཡི་ལྷ། །ཚེ་ཡི་ཌཱ་ཀི་གསང་བ་ཡེ་ཤེས་མ། །འབྱུང་བ་ལྔ་ལ་དབང་བསྒྱུར་ལྷ་མོ་ལྔའི། །འཆི་མེད་ཚེ་ཡི་ཕྲིན་ལས་དུས་ལ་བབ། ཞེས་དང་། ཨོཾ་བཛྲ་ས་ར་ཧེ་སོགས་བཟླས་པ་དང་བཅས་པས་སྤྱིར་ཐུགས་དམ་བསྐུལ། དེ་བཞིན་དུ། ཧྲཱིཿ དྲག་པོའི་ལས་མཛད་སྔོན་མོ་འབུམ་སྡེ་ཡིས། །འབྱུང་བ་ནམ་མཁའི་བཅུད་སྡུས་ཚེ་སྲོག་ཁུག །གདོན་བགེགས་ལྷ་འདྲེས་ཁྱེར་པའི་ཚེ་སྲོག་ཁུག །བརྟན་གཡོའི་ཚེ་དང་བསོད་ནམས་དབང་དུ་སྡུས། །ཨོཾ་བཛྲ་ས་ར་ཧེ་སོགས། ཧྲཱིཿ ཐམས་ཅད་ལས་མཛད་ལྗང་མོ་འབུམ་སྡེ་ཡིས། །འབྱུང་བ་རླུང་གི་བཅུད་སྡུས་ཚེ་སྲོག་ཁུག །གདོན་བགེགས་ལྷ་འདྲེས་ཁྱེར་པའི་ཚེ་སྲོག་ཁུག །བརྟན་གཡོའི་ཚེ་དང་བསོད་ནམས་དབང་དུ་སྡུས། །ཨོཾ་བཛྲ་ས་ར་ཧེ་སོགས། ཧྲཱིཿ དབང་གི་ལས་མཛད་དམར་མོ་འབུམ་སྡེ་ཡིས། །འབྱུང་བ་མེ་ཡི་བཅུད་སྡུས་ཚེ་སྲོག་ཁུག །གདོན་བགེགས་ལྷ་འདྲེས་ཁྱེར་པའི་ཚེ་སྲོག་ཁུག །བརྟན་གཡོའི་ཚེ་དང་བསོད་ནམས་དབང་དུ་སྡུས། །ཨོཾ་བཛྲ་ས་ར་ཧེ་སོགས། ཧྲཱིཿ ཞི་བའི་ལས་མཛད་དཀར་མོ་འབུམ་སྡེ་ཡིས། །འབྱུང་བ་ཆུ་ཡི་བཅུད་སྡུས་ཚེ་སྲོག་ཁུག །གདོན་བགེགས་ལྷ་འདྲེས་ཁྱེར་པའི་ཚེ་སྲོག་ཁུག །བརྟན་གཡོའི་ཚེ་དང་བསོད་ནམས་དབང་དུ་སྡུས། །ཨོཾ་བཛྲ་ས་ར་ཧེ་སོགས། ཧྲཱིཿ རྒྱས་པའི་ལས་མཛད་སེར་མོ་འབུམ་སྡེ་ཡིས། །འབྱུང་བ་ས་ཡི་བཅུད་སྡུས་ཚེ་སྲོག་ཁུག །གདོན་བགེགས་ལྷ་འདྲེས་ཁྱེར་པའི་ཚེ་སྲོག་ཁུག །བརྟན་གཡོའི་ཚེ་དང་བསོད་ནམས་དབང་དུ་སྡུས། །ཨོཾ་བཛྲ་ས་ར་ཧེ་སོགས། སྲ་བརྟན་རྡོ་རྗེ་ལྟ་བུའི་ཚེ་སྲོག་ཁུག །ལེགས་ཚོགས་དཔལ་འབྱོར་རྒྱས་པའི་གཡང་སྐྱོབས་ཤིག །ཉམས་དང་ཟད་དང་འཐོར་དང་ཡར་པ་ཡི། །ཚེ་གསོས་ཚེ་ཁུག་ཚེ་ཡི་དངོས་གྲུབ་སྩོལ། །ཨོཾ་བཛྲ་ས་ར་ཧེ་སོགས་སྔགས་བཟླ་བ་དང་བཅས་པས་ཚེ་འགུགས་པར་བྱའོ། །དེ་ནས་ཚེ་བཅིང་བ་ནི། རང་གི་སྙིང་གར་ཚེ་རྟེན་འོད་དཀར་པོའི་དབུས་སུ་རྣམ་པར་ཤེས་པ་ཡི་གེ་ནྲྀའི་རྣམ་པར་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་ནང་དུ་ཡོད་པ་དེ་ཉིད་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཐག་པས་བར་མཚམས་མེད་པར་བཅིངས་པར་གྱུར། སྙིང་གར་རྡོ་རྗེ་རེག་ལ། ཉི་ཟླ་གྭའུ་ཁ་སྦྱོར་དག །མི་ཕྱེད་སྲ་བརྟན་རྡོ་རྗེ་ཡི། །ལུ་གུ་རྒྱུད་ཀྱིས་ཉེར་བསྡམས་པས། །ནམ་ཡང་མི་གཡོ་བརྟན་པར་གྱུར། །ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཚེ་སྦ་བ་ནི། རང་གི་ཐུགས་ཀ་ནས་སྤྲོས་པའི་འོད་ཟེར་གྱིས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། རང་གྭའུ་ཁ་སྦྱོར་ལ་ཐིམ། དེ་འོད་དཀར་པོ་ལ་ཐིམ། དེ་ཡི་གེ་ནྲྀ་ལ་ཐིམ། དེའང་འཇའ་ཡལ་བ་ལྟར་གྱུར། །གང་གིས་གནོད་པར་མི་ནུས་པའི། །གདོད་ནས་དག་པའི་སྟོང་པ་ཉིད། །སྐྱེ་བ་མེད་པའི་ཀློང་ཡངས་སུ། །མི་འགྱུར་བརྟན་པའི་ཚེ་སྦ་འོ། །ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཚེ་སྲུང་བ་ནི། རང་གི་སྨིན་མཚམས་སུ་ལི་ཁྲི་བྱུགས་ལ། སྟོང་པའི་ངང་ལས་རང་ཉིད་ཚེ་དཔག་མེད་དུ་གསལ་བའི་སྨིན་མཚམས་ཀྱི་རྩ་སྒོར་དཔལ་རྟ་མགྲིན་གྲི་གུག་དང་ཐོད་ཁྲག་འཛིན་པ་འཇིགས་སུ་རུང་བ་མེ་ཕུང་འབར་བའི་དབུས་ནས་ཚེའི་བར་ཆད་སྲུང་བར་གྱུར། སྨིན་མཚམས་རྩ་ཡི་སྒོ་འཕར་དུ། །རྟ་མགྲིན་ཁྲོ་རྒྱལ་དབང་གི་ལྷ། །བཟོད་པར་དཀའ་བའི་གཟི་བརྗིད་ཀྱིས། །ཚེ་ཡི་བར་ཆད་ཐམས་ཅད་སྲུངས། །ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ལན་གསུམ་དང་། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་པས་བརྟན་པར་བྱའོ། །མདུན་བསྐྱེད་བུམ་པ་སྒྲུབ་པ་ནི། མཆོད་པ་བྱིན་གྱིས་བརླབ། བུམ་པ་བསང་སྦྱང་། ཚེ་བུམ་མི་དམིགས་པར་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་དམར་པོ་ལྟོ་བ་ཆེ་བ། མགྲིན་པ་རིང་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་དཀྲིས་ཤིང་དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། དྭངས་ཤིང་ཐོགས་པ་མེད་པ། ཕྱི་བུམ་པའི་རྣམ་པ་ཡིན་པ་ལ་ནང་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན་པ་ལ་སོགས་པ་མཚན་ཉིད་ཐམས་ཅད་དང་ལྡན་པ། དེའི་དབུས་སུ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་ཞེས་སོགས་ནས། སྣང་བ་མཐའ་ཡས་ཀྱིས་དབུར་བརྒྱན་ཅེས་པའི་བར་བདག་བསྐྱེད་ལྟར་ལ། བདག་ལ་མངོན་པར་དབང་བསྐུར་བ་ཞེས་པའི་ཚབ་ཏུ། འདི་ལ་ཞེས་སྒྱུར། དབང་གི་ལྷ་རྣམས་ཀྱང་བུམ་པའི་ལྷ་ལ་ཐིམ་པར་བསམ། མཆོད་བསྟོད་རྒྱས་བསྡུས་གང་རིགས་བྱ། བཟླས་པ་བྱ་བ་ནི། མདུན་བསྐྱེད་ཀྱི་མགོན་པོ་ཚེ་དཔག་ཏུ་མེད་པའི་ཕྱག་གི་བུམ་པའི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདམར་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས་པས། རྡོ་རྗེ་སློབ་མ་རྣམས་ཀྱི་ཚེ་དང་བསོད་ནམས་འཆི་བདག་གཤིན་རྗེ་དང་རྒྱལ་གདོན་ལ་སོགས་པ་འབྱུང་པོ་མི་མ་ཡིན་པ་རྣམས་ཀྱིས་ཕྲོགས་པ་དང་། བརྐུས་པ་དང་། ཡར་པ་ཐམས་ཅད་བུམ་པ་དང་། ཐོད་པ་དང་ལྷུང་བཟེད་བདུད་རྩིས་གང་བའི་རྣམ་པར་བཀུག་ནས་སྔགས་ཕྲེང་ལ་ཐིམ། ཡང་འོད་ཟེར་འཕྲོས་པས་ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་ཆེན་པོ་ནམ་མཁའ་རླུང་མེ་ཆུ་སའི་བཅུད་ཐམས་ཅད་འོད་དང་བདུད་རྩི་སྔོ་ལྗང་དམར་དཀར་སེར་བའི་རྣམ་པར་བཀུག་ནས་སྔགས་ཕྲེང་ལ་ཐིམ། ཡང་འོད་ཟེར་འཕྲོས་པས་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་སྲིད་པ་གསུམ་གྱི་བཀྲག་མདངས་གཟི་བརྗིད། འཇིག་རྟེན་ཁམས་ཀྱི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་བཀྲ་ཤིས་རྫས་རྟགས་རིན་ཆེན་སྣ་བདུན་ལ་སོགས་པའི་རྣམ་པར་བཀུག་ནས་སྔགས་ཕྲེང་ལ་ཐིམ། སླར་ཡང་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་སློབ་མར་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ལྷ་སྔགས་ཕྱག་མཚན་གྱི་རྣམ་པར་སྤྱན་དྲངས་ཏེ་སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབས་པས་བུམ་པ་འཆི་མེད་ཚེའི་བདུད་རྩིས་གང་ཞིང་། དེ་ལས་བདུད་རྩིའི་རྒྱུན་བྱུང་། རྡོ་རྗེ་སློབ་མ་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། ཚེ་དང་བསོད་ནམས་ཡར་པ་ཁུག །ཉམས་པ་སོས། གནས་པ་འཕེལ་ཞིང་བརྟན། ནད་གདོན་སྡིག་སྒྲིབ་དམ་ཚིག་ཉམས་ཆག་ཉེས་ལྟུང་དུས་མ་ཡིན་པའི་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག །འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ། མདུན་གྱི་ཚེ་རྫས་རྣམས་ལ་ཐིམ་པས་འཆི་མེད་ཚེའི་བཅུད་ལེན་དུ་གྱུར། ཅེས་བརྗོད་ཅིང་བསམ་ལ་གོང་གི་སྔགས་གསུམ་ཅི་ནུས་བཟླས་མཐར་ཡི་གེ་བརྒྱ་པ་བརྗོད། གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབ། བླ་མ་དང་གཉིས་སུ་མེད་པ་མགོན་པོ་ཚེ་དཔག་མེད་ཀྱི་ལྷ་ཚོགས་འཁོར་དང་བཅས་པའི་ལྗགས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་གུ་རུ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་པས་འབུལ། མཆོད་བསྟོད་གོང་ལྟར་བྱ། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་བདག་དང་རྡོ་རྗེ་སློབ་མ་རྣམས་ལ་འཆི་མེད་ཚེའི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ཞེས་འདོད་དོན་ལ་གསོལ་བ་གདབ། ཚེ་འགུག་པའི་ཕྲིན་ལས་བསྐུལ་བ་ནི། སླར་ཡང་བདག་མདུན་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་དང་ལྷ་མོ་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པས་རྡོ་རྗེ་སློབ་མའི་ཚེ་དང་བསོད་ནམས་ཕྲོགས་པ་དང་། བརྐུས་པ་དང་། ཡར་པ་དང་། འབྱུང་བ་རྣམས་ཀྱི་བཅུད། སེམས་ཅན་རྣམས་ཀྱི་ཚེ་དང་བསོད་ནམས། སྲིད་པ་གསུམ་གྱི་ཕུན་ཚོགས་ཐམས་ཅད་དང་། རྒྱལ་བ་སྲས་བཅས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས། མདུན་བསྐྱེད་ཀྱི་ཕྱག་གི་ཚེ་བུམ་ནང་དུ་ཐིམ་པས་བུམ་པ་བདུད་རྩིས་གང་། དེ་ལས་བདུད་རྩིའི་རྒྱུན་བབས་པས་རྡོ་རྗེ་སློབ་མའི་ཚེ་ཆད་པ་དང་། འཐོར་བ་དང་། ཡར་པ་ལ་སོགས་པ་མདོར་ན་འབྱུང་བ་ལྔའི་སྒོ་ནས་ཚེ་ཉམས་པ་ཐམས་ཅད་སོར་ཆུད་ཅིང་། འཆི་བ་མེད་པ་ཚེའི་རིག་འཛིན་ཐོབ་པར་གྱུར། ཧྲཱིཿ འཆི་བ་མེད་པ་མགོན་པོ་ཚེ་ཡི་ལྷ། །ཞེས་པ་ནས། ཚེ་གསོས་ཚེ་ཁུག་ཚེ་ཡི་དངོས་གྲུབ་སྩོལ། །ཅེས་སྔགས་དང་བཅས་པའི་བར་གོང་བཞིན་བརྗོད། ཚེ་རྟེན་འོད་དཀར་པོའི་དབུས་སུ་རྡོ་རྗེ་སློབ་མའི་རྣམ་པར་ཤེས་པ་ཡི་གེ་ནྲྀའི་རྣམ་པར་ཉི་ཟླ་གྭའུ་ཁ་སྦྱོར། ཞེས་པ་ནས། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱའི་བར་གོང་བཞིན་བརྗོད། ཡང་རང་གི་ཐུགས་ཀ་ནས་སྤྲོས་པའི་འོད་ཟེར་གྱིས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས། རྡོ་རྗེའི་སློབ་མ་ལ་ཐིམ། དེ་སྙིང་གའི་གྭའུ་ཁ་སྦྱོར་ལ་ཐིམ། དེ་འོད་དཀར་པོ་ལ་ཐིམ། དེ་ཡི་གེ་ནྲྀ་ལ་ཐིམ། ནྲྀ་དེ་ཡང་འཇའ་ཡལ་བ་ལྟར་གྱུར། གང་གིས་གནོད་པར་མི་ནུས་པའི། །ཞེས་པ་ནས། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། བར་གོང་བཞིན་བྱ། སྟོང་པའི་ངང་ལས་རྡོ་རྗེ་སློབ་མ་ཚེ་དཔག་མེད་དུ་གསལ་བའི་སྨིན་མཚམས་ཀྱི་རྩ་སྒོར། ཞེས་པ་ནས། ཚེ་ཡི་བར་ཆད་ཐམས་ཅད་སྲུངས། །ཞེས་པའི་བར་དང་། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ལན་གསུམ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་པས་བརྟན་པར་བྱ། ལས་བུམ་དུ་རྟ་མགྲིན་བསྐྱེད་ཅིང་བཟླས་པས་ནུས་ལྡན་དུ་བྱའོ།། ༈ །།གསུམ་པ་སློབ་མ་རྗེས་འཛིན་དབང་གི་ཆོ་ག་ནི། ལས་ཀྱི་རྡོ་རྗེས་སློབ་མ་རྣམས་ཕྱི་རོལ་དུ་ཁྲུས་བྱ། ནང་དུ་འོང་བ་དང་སློབ་དཔོན་གྱིས་བགེགས་གཏོར་སྦྱིན་ཞིང་སྲུང་འཁོར་བསྒོམ། ཆོས་བཤད་ཅི་རིགས་པ་དང་། ལོ་རྒྱུས་ཀྱི་ཁྱད་པར། དེ་ལ་འདིར་གནས་སྐབས་སུ་དུས་མ་ཡིན་པའི་འཆི་བ་ཞི་ཞིང་འཆི་མེད་ཚེའི་དངོས་གྲུབ་ཐོབ་པ་དང་། མཐར་ཐུག་འཇའ་ལུས་ཡེ་ཤེས་ཀྱི་སྐུ་འགྲུབ་པར་བྱ་བའི་སླད་དུ་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མངོན་པར་དབང་བསྐུར་བ་ལ། ཡིད་ཆེས་ཤིང་ཁུངས་བཙུན་པར་བྱེད་པ་ལོ་རྒྱུས། དེ་ལས་འོངས་པའི་གདམས་པ་དང་གཉིས། དང་པོ་ནི། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ། བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པས་བྱིན་གྱིས་བརླབས་པའི་མཁའ་འགྲོ་མ་གསང་བ་ཡེ་ཤེས་ཞེས་བྱ་བ། ཉི་ཟླའི་ཁྲི་སྟན་གདུགས་དང་རྒྱན་དྲུག་སོགས་དང་ལྡན་པས་མཚན་ཉི་ཟླ་དངོས་གྲུབ་དང་། གཞན་ཡང་ལས་ཀྱི་དབང་མོ་ཆེར་གྲགས་པ་ལ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་དབང་གསན་པས་ཡི་གེ་ཧཱུྃ་དུ་བསྒྱུར་ཏེ་མཁའ་འགྲོ་མའི་ཞལ་དུ་མིད་པ་དང་། ཕྱི་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ངོ་བོ་འཆི་མེད་ཚེའི་རིག་པ་འཛིན་པའི་དབང་། ནང་འཕགས་པ་སྤྱན་རས་གཟིགས་ཀྱི་ངོ་བོ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱི་དབང་། གསང་བ་དཔལ་རྟ་མགྲིན་གྱི་ངོ་བོ་ལྷ་སྲིན་བྲན་དུ་འཁོལ་བའི་དབང་རྣམས་ཐོབ་པ་ལས། དེ་གསུམ་ཀའི་དོན་འདུས་པའི་ཚེ་སྒྲུབ་འཆི་མེད་རྡོ་རྗེའི་སྲོག་ཤིང་འདི་ཉིད་སློབ་དཔོན་ཆེན་པོས་གྲུབ་ཆེན་དཔལ་ལྡན་རྡོ་རྗེ་ཞེས་འཇའ་ལུས་ཀྱི་སྐུ་བརྙེས་པ་དེ་ལ་དངོས་སུ་གནང་། དེ་ཉིད་ཀྱིས་འབྲས་སྤུངས་ཉི་འོད་འཁྱིལ་བའི་གཟིམས་ཆུང་དུ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་དཔལ་བཟང་པོ་ལ་གནང་། དེས་འཁོན་སྟོན་རྡོ་རྗེ་འཆང་དཔལ་འབྱོར་ལྷུན་གྲུབ་ལ་གནང་། དེས་ཟུར་ཆེན་ཆོས་དབྱིངས་རང་གྲོལ་ལ་གནང་། དེས་དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོས་རྡོ་རྗེའི་ལུང་གིས་ལན་གཅིག་མ་ཡིན་པར་བསྔགས་པའི་གངས་ཅན་གྱི་མགོན་པོ་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་ལ་གནང་། དེ་ཉིད་ཀྱིས་རྒྱ་ཆེར་སྤེལ་བ་ནས་གཟུང་སྟེ་བདག་ཅག་གི་དཔལ་ལྡན་བླ་མ་དམ་པའི་བར་དུ་བརྒྱུད་པ་བར་མ་ཆད་པ་ལས་བྱོན་པ་ལགས། གཉིས་པ་དེ་ལས་འོངས་པའི་གདམས་པ་ལའང་རང་དོན་དུ་བདག་གི་རྣལ་འབྱོར་ལ་བརྟེན་ནས་ཚེ་སྒྲུབ་པ་དང་། གཞན་དོན་དུ་བུམ་པའི་ཆོ་ག་ལ་བརྟེན་ནས་སློབ་མ་རྗེས་སུ་གཟུང་བ་གཉིས་ལས། འདིར་སློབ་མ་རྗེས་སུ་གཟུང་བ་དབང་གི་ཆོ་ག་ལ་སློབ་དཔོན་གྱིས་བགྱི་བར་འོས་པ་ཐམས་ཅད་སྔོན་དུ་གྲུབ་ཟིན་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་ཐོག་མར་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །རྒྱུད་སྡོམ་པ་དང་ལྡན་པར་བྱ་བའི་སླད་དུ། བླ་མ་དང་མགོན་པོ་ཚེ་དཔག་ཏུ་མེད་པ་སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བའི་སྤྱན་སྔར། སྐྱབས་གསུམ་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས། དེ་ནས་མཎྜལ་བསྟན་པ་ནི། མདུན་གྱི་ཚེ་བུམ་འདི་ཉིད་ཕྱི་རིན་པོ་ཆེའི་བུམ་པའི་རྣམ་པ་ལ། ནང་ལྷའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པད་ཉི་ཟླ་བའི་གདན་དང་བཅས་པའི་དབུས་སུ། བླ་མ་དང་གཉིས་སུ་མེད་པའི་མགོན་པོ་ཚེ་དཔག་མེད་སོགས་ནས། ཚེ་ཁྲིད་བརྒྱུད་པའི་བླ་མ་རྣམས་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པ་དང་། སློབ་དཔོན་ཡང་དེ་ལྟ་བུའི་ཚེ་དཔག་ཏུ་མེད་པ་ཚེ་ཁྲིད་བརྒྱུད་པའི་བླ་མའི་ཚོགས་དང་བཅས་པའི་རྣམ་པར་བཞུགས་པ་དང་མངོན་སུམ་དུ་མཇལ་བའི་མོས་པ་མཛོད། དེ་ནས་གཞི་འགོད་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སློབ་མ་རྣམས་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པཾ་ལས་པདྨ་དང་རཾ་ལས་ཉི་མ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སོ་སོའི་སེམས་ཉིད་ཡི་གེ་ཧྲཱིཿདམར་པོ་རིང་ཆ་ཚེག་དྲག་དང་བཅས་པ་ཡོངས་སུ་གྱུར་པ་ལས། སློབ་མ་རྣམས་སྐད་ཅིག་གིས་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་མཉམ་གཞག་གི་སྟེང་ན་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་དཔག་བསམ་ཤིང་གིས་ཁ་བརྒྱན་པ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་ཤིང་། དར་དང་རིན་པོ་ཆེའི་རྒྱན་དང་མཚན་དཔེ་གསལ་རྫོགས་ཀྱིས་སྤྲས་པ། ཞི་ཞིང་འཛུམ་པ་སྒེག་པའི་ཉམས་ཅན། འོད་ཀྱི་རང་བཞིན་ཅན་དུ་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ་དང་། སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ནུབ་ཕྱོགས་བདེ་བ་ཅན་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་སིབ་སིབ་ཐིམ་པར་གྱུར། ཧྲཱིཿ བདེ་བ་ཅན་ནས་ཚེ་དཔག་མེད་མགོན་ལ། །གསང་བ་ཡེ་ཤེས་པདྨ་འབྱུང་གནས་སོགས། །ཚེ་ཁྲིད་བརྒྱུད་པའི་བླ་མས་ཡོངས་བསྐོར་བ། །འདིར་གཤེགས་བདག་ལ་ཚེ་ཡི་དངོས་གྲུབ་སྩོལ། །ཅེས་དང་། སྔགས་རྣམས་ཀྱི་མཐར། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་པས་ཡེ་ཤེས་པ་དབབ། ཛཿཧཱུྃ་བཾ་ཧོཿས་བསྟིམ། ཏིཥྛ་བཛྲས་བརྟན་པར་བྱའོ། །དེས་གཞི་འགོད་པ་སོང་ནས། སྔགས་ཀྱི་སྒོ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨོཾ་བཛྲ་ས་ར་ཧེ། ཀ་ར་རེ། ཤྭ་ར་རེ་ཧཱུྃ་ཕཊ། སླར་ཡང་དབང་གི་དངོས་གཞིའི་དོན་དུ་བླ་མ་དང་མདུན་བསྐྱེད་ཀྱི་ལྷ་ཐ་མི་དད་པ་ལ་འཆི་མེད་ཚེའི་དངོས་གྲུབ་བསྩལ་དུ་གསོལ་སྙམ་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། སློབ་དཔོན་དགོངས་སུ་གསོལ། བདག་ལ་འཆི་བ་མེད་པ་ཚེའི་དངོས་གྲུབ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་ནས། ཚེའི་དབང་བསྐུར་བ་དངོས་ལ། ཚེ་བུམ་ལ་བརྟེན་ནས་བླ་ཚེ་ཡར་པ་དགུག་པ། ཉམས་པ་གསོ་བ། ཚེ་འགུགས་ཤིང་བསྟིམ་པ། མཐའ་རྟེན་དུ་ཚེ་ཆང་དང་། ཚེ་རིལ་ལ་བརྟེན་ནས་དབང་བསྐུར་བ། དེ་མི་ཉམས་པར་བྱ་བའི་ཕྱིར་ཚེ་བཅིང་བ། ཚེ་སྦ་བ། ཚེ་སྲུང་བ། ཚེ་དང་བཀྲ་ཤིས་ཀྱི་ལེགས་ཚོགས་སྤེལ་བ་རྣམས་སུ་ཡོད་པ་ལས། ཐོག་མར་བླ་ཚེ་ཡར་པ་དགུག་པའི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། མདུན་བསྐྱེད་བཅོམ་ལྡན་འདས་ཀྱི་ཕྱག་མཚན་བུམ་པའི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿའི་མཐར་སྙིང་པོ་དང་གཟུངས་རིང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་ཚེ་འཆི་བདག་གཤིན་རྗེ་དང་རྒྱལ་གདོན་ལ་སོགས་པ་འབྱུང་པོ་མི་མ་ཡིན་རྣམས་ཀྱིས་ཕྲོགས་པ་དང་། བརྐུས་པ། ཡར་པ་ཐམས་ཅད་བུམ་པ་དང་ཐོད་པ་དང་ལྷུང་བཟེད་བདུད་རྩིས་གང་བའི་རྣམ་པར་བཀུག །སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས། བུམ་པ་འཆི་མེད་བདུད་རྩིས་གང་བས་སྤྱི་བོ་ནས་དབང་བསྐུར། ལུས་ཀྱི་ནང་ཐམས་ཅད་གང་ཞིང་ཕྱི་ཐམས་ཅད་བཀྲུས་པས་རྫས་ཀྱི་རྡོ་རྗེ་ཕ་ལམ་བཞིན་དུ་ཕར་ལ་དངོས་པོར་འཛིན་པ་ཐམས་ཅད་འཇོམས་ཤིང་། ཚུར་ལ་གང་གིས་ཀྱང་གཞིག་ཅིང་གཞོམ་པར་མི་ནུས་པའི་འཆི་མེད་ཀྱི་རིག་འཛིན་ཐོབ་བྱུང་སྙམ་པའི་མོས་པ་མཛོད་ཅིག །ཅེསབརྗོད་ལ་དྲིལ་བུ་འཁྲོལ། རང་དང་སློབ་མ་གཉིས་ཀས་ཨ་མཱ་ར་ཎིའི་སྔགས་སོགས་བརྗོད། སྐལ་ལྡན་རིགས་ཀྱི་བུ་འདི་དག་ལ་ཚེ་དབང་དུ་གྱུར་ཅིག །དབང་དངོས་གྲུབ་ཏུ་གྱུར་ཅིག །ཚེ་མི་འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག །མི་ཤིགས་པའི་རྡོ་རྗེར་གྱུར་ཅིག །མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག །འཆི་བ་མེད་པ་ཚེའི་རིག་འཛིན་ཐོབ་པར་གྱུར་ཅིག །ཅེས་བརྗོད་ལ་མེ་ཏོག་འཐོར་རོ། །བདེན་སྟོབས་འདི་འོག་མ་རྣམས་ཀྱི་མཐའ་ཐམས་ཅད་དང་། རྒྱལ་མཚན་རྩེ་མོའི་སོགས་ཤིས་བརྗོད་ཤླཽ་ཀ་གཅིག་བྱའོ། །དེ་ནས་ཉམས་པ་གསོ་བ་ལ་ཚེ་ཉམས་པ་གསོ་བ། སྟོབས་དང་བསོད་ནམས་ཉམས་པ་གསོ་བ། དམ་ཚིག་དང་སྡོམ་པ་ཉམས་པ་གསོ་བ་གསུམ་དུ་ཡོད་པ་ལ། ཐོག་མར་ཚེ་ཉམས་པ་གསོ་བའི་སླད་དུ།་་་ཚེ་ཉམས་པ་གསོ་བ་འདི་རྒྱས་པར་འབྱུང་ལྔ་སོ་སོའི་བཅུད་བསྡུ་ཚུལ་རྒྱལ་བ་དགེ་འདུན་རྒྱ་མཚོའི་གསུང་གྲུབ་རྒྱལ་མའི་ཚེ་དབང་ལྟར་བྱ་བར་གསུངས་པས་སྤྲོ་ན་དེ་ལྟར་བྱ་ཞིང་། འདིར་རྗེ་དགེ་འདུན་རྒྱ་མཚོའི་ཡིག་ཆར་བསྡུས་ཏེ་བྱ་གསུངས་པ་ཕྱག་ལེན་དུ་མཛད་པ་ལྟར་བཀོད་པའོ།་་་མདུན་བསྐྱེད་ཚེ་དཔག་ཏུ་མེད་པའི་ཕྱག་གི་བུམ་པའི་དབུས་སུ་ཐུགས་སྲོག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས་པས། འབྱུང་བ་ཆེན་པོ་ནམ་མཁའ་རླུང་མེ་ཆུ་སའི་བཅུད་ཐམས་ཅད་འོད་དང་བདུད་རྩི་སྔོ་ལྗང་དམར་དཀར་སེར་བའི་རྣམ་པར་བཀུག །སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས། བུམ་པ་འཆི་མེད་ཀྱི་བདུད་རྩིས་གང་བས་སྤྱི་བོ་ནས་དབང་བསྐུར། ལུས་ཀྱི་ནང་ཐམས་ཅད་གང་ཞིང་ཕྱི་ཐམས་ཅད་བཀྲུས་པས་ཐོག་མ་མེད་པ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག །ཁྱད་པར་དུ་ལུས་ཀྱི་འབྱུང་བ་རྣམས་ཀྱི་སྒོ་ནས་ཚེ་ཉམས་པ་ཐམས་ཅད་སོར་ཆུད། འཆི་མེད་ཚེའི་རིག་འཛིན་ཐོབ་བྱུང་སྙམ་པའི་མོས་པ་མཛོད་ཅིག །ཅེས་བརྗོད་ཅིང་སྔགས་བཟླ་ཞིང་དབང་བསྐུར། བདེན་སྟོབས་བརྗོད། ཕུན་སུམ་ཚོགས་པ་སོགས་ཤླཽ་ཀ་གསུམ། སྟོན་པ་བླ་མེད་སོགས་ནས། བླ་མེད་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །ཅེས་ཤིས་བརྗོད་བྱ། སྟོབས་དང་བསོད་ནམས་ཉམས་པ་གསོ་བ་ནི། ཡང་སྔགས་ཕྲེང་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས། སྲིད་པ་གསུམ་གྱི་བཀྲག་མདངས་གཟི་བརྗིད། འཇིག་རྟེན་ཁམས་ཀྱི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན། ཉེ་བའི་རིན་པོ་ཆེ་སྣ་བདུན། བཀྲ་ཤིས་རྫས་བརྒྱད་ལ་སོགས་ཀྱི་རྣམ་པར་བཀུག །སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས། བུམ་པ་འཆི་མེད་ཀྱི་བདུད་རྩིས་གང་བས་སྤྱི་བོ་ནས་དབང་བསྐུར། ལུས་ཀྱི་ནང་ཐམས་ཅད་གང་ཞིང་ཕྱི་ཐམས་ཅད་བཀྲུས་པས་ཐོག་མ་མེད་པ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག །ཁྱད་པར་སྟོབས་དང་བསོད་ནམས་ཉམས་པ་ཐམས་ཅད་སོར་ཆུད། ལྷའི་དབང་པོ་བརྒྱ་བྱིན་དང་། སྟོང་གསུམ་མི་མཇེད་ཀྱི་བདག་པོ་ཚངས་པ་སོགས་དང་སྐལ་བ་མཉམ་པའི་འཆི་མེད་ཀྱི་རིག་འཛིན་ཐོབ་བྱུང་སྙམ་པའི་མོས་པ་མཛོད་ཅིག །ཅེས་བརྗོད་ཅིང་སྔགས་བཟླ་ཞིང་དབང་བསྐུར། བདེན་སྟོབས་དང་། བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང་སོགས་བརྗོད། དམ་ཚིག་དང་སྡོམ་པ་ཉམས་པ་གསོ་བ་ནི། ཡང་སྔགས་ཕྲེང་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་སློབ་མར་བཅས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་སངས་རྒྱས་བྱང་སེམས་ལ་སོགས་པའི་སྐུ་གཟུགས། ཨཱ་ལི་ཀཱ་ལི་ལ་སོགས་པའི་ཡིག་འབྲུ། རྡོ་རྗེ་དྲིལ་བུ་ལ་སོགས་པའི་ཕྱག་མཚན་གྱི་རྣམ་པར་བཀུག །སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས། བུམ་པ་འཆི་མེད་ཀྱི་བདུད་རྩིས་གང་བས་སྤྱི་བོ་ནས་དབང་བསྐུར། ལུས་ཀྱི་ནང་ཐམས་ཅད་གང་ཞིང་ཕྱི་ཐམས་ཅད་བཀྲུས་པས་ཐོག་མ་མེད་པ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག །ཁྱད་པར་དུའང་དམ་ཚིག་དང་སྡོམ་པ་ཉམས་པ་སོར་ཆུད། འཆི་མེད་ཚེའི་རིག་འཛིན་ཐོབ་བྱུང་སྙམ་པའི་མོས་པ་མཛོད་ཅིག །ཅེས་བརྗོད་ཅིང་སྔགས་བཟླ་ཞིང་དབང་བསྐུར། བདེན་སྟོབས་དང་། མི་འགྱུར་ལྷུན་པོ་སོགས་བརྗོད་དོ། །དེ་ནས་ཚེ་འགུགས་པ་ནི།་་་བླ་མ་ཕྱི་མ་འགའ་ཞིག་གིས་ཚེ་འགུགས་འདི་གོང་གི་སྔགས་ཀྱིས་གསོལ་བ་བཏབ་པའི་མཇུག་ཏུ་སྦྱར་སྣང་ནའང་། འདིར་རྩ་བའི་ཡི་གེའི་དགོངས་པ་ལྟར་བྲིས་པའོ། །སླར་ཡང་སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཐུགས་ཀ་ནས་འོད་ཟེར་དང་། ལྷ་མོ་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པས་རྡོ་རྗེ་སློབ་མ་རྣམས་ཀྱི་ཚེ་དང་བསོད་ནམས་ཕྲོགས་པ་དང་། བརྐུས་པ་དང་། ཡར་པ་དང་། འབྱུང་བ་ཆེན་པོ་རྣམས་ཀྱི་བཅུད། སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས། སྲིད་པ་གསུམ་གྱི་ཕུན་སུམ་ཚོགས་པ་ཐམས་ཅད་དང་། རྒྱལ་བ་སྲས་དང་སློབ་མར་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ཏེ་ཕྱག་གི་བུམ་པའི་ནང་དུ་ཐིམ། དེ་ལས་འཆི་མེད་ཚེའི་བདུད་རྩི་དཔག་ཏུ་མེད་པ་བྱུང་། རྡོ་རྗེ་སློབ་མ་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། དྲི་མ་ཐམས་ཅད་དག །འཆི་མེད་ཚེའི་དངོས་གྲུབ་བརྟན་ཅིང་ནུས་པ་དང་ལྡན་པར་བྱས་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ། མདའ་དར་གཡབ་ཅིང་། ཧྲཱིཿ འཆི་བ་མེད་པ་མགོན་པོ་ཚེ་ཡི་ལྷ། །སོགས་ཚེ་འགུགས་བྱ། ཚེ་བསྟིམ་པ་ནི། སླར་ཡང་སློབ་དཔོན་གྱི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་ནུབ་ཕྱོགས་བདེ་བ་ཅན་ནས་མགོན་པོ་ཚེ་དཔག་ཏུ་མེད་པ་ལ་ཚེ་ཁྲིད་བརྒྱུད་པའི་བླ་མ་རྣམས་དང་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས། བུམ་ནང་གི་ཚེ་དཔག་ཏུ་མེད་པ་ལ་ཐིམ། དེ་ལས་དེ་འདྲ་བ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱུང་། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཐིམ་པས་རྒྱལ་བ་ཚེ་དཔག་ཏུ་མེད་པའི་སྐུ་གསུང་ཐུགས་དང་། ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་རོ་གཅིག་ཏུ་གྱུར། འཆི་མེད་ཚེའི་རིག་འཛིན་མངོན་དུ་ཐོབ་པའི་མོས་པ་མཛོད་ཅིག །ཅེས་བརྗོད་ལ་བུམ་པ་སྤྱི་བོར་བཞག་ཅིང་། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ། མཁའ་འགྲོ་མ་གསང་བ་ཡེ་ཤེས། སློབ་དཔོན་པདྨ་འབྱུང་གནས། གྲུབ་ཆེན་དཔལ་ལྡན་རྡོ་རྗེ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། ཟུར་ཆེན་ཆོས་དབྱིངས་རང་གྲོལ། ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོ་ལ་སོགས་པ་ནས། བདག་ཅག་གི་དྲིན་ཅན་རྩ་བའི་བླ་མའི་བར་དུ་བྱོན་པའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བྱིན་གྱིས་རློབས་ཤིག །སློབ་མ་འདི་རྣམས་ཀྱི་ལུས་ཀྱི་ན་ཚ། སེམས་ཀྱི་སྡུག་བསྔལ། བར་ཆད་དང་ཆག་སྒོ་ཉམ་ང་ཡོད་པ། སྟེང་གདོན་གཟའ། འོག་གདོན་ཀླུ། བར་གདོན་རྒྱལ་པོའི་གནོད་པ་དང་། དུས་མ་ཡིན་པར་འཆི་བའི་འཇིགས་པ་ཐམས་ཅད་ལས་སྲུངས་ཤིག །ཅེས་དང་། གཟུངས་རིང་བརྗོད། དེ་ནས་ཚེ་ཆང་ལ་བརྟེན་ནས་དབང་བསྐུར་བ་ནི། འཆི་མེད་ཚེའི་བདུད་རྩིའི་ངོ་བོ་ཚེ་ཆང་འདི་ཉིད་ཞལ་དུ་གསོལ་བས་ལུས་ཀྱི་ནང་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་འཆི་མེད་ཀྱི་བདུད་རྩིས་གང་། རང་བཞིན་བརྒྱད་ཅུའི་ཀུན་རྟོག་དབྱིངས་སུ་འགགས། ཉམས་བདེ་སྟོང་དབྱེར་མེད་ཀྱི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས། རྩ་རླུང་ཐིག་ལེའི་ནུས་པ་ཉམས་པ་ཐམས་ཅད་སོར་ཆུད། འཆི་མེད་ཀྱི་རིག་འཛིན་ཐོབ། ཁྱད་པར་དུའང་རྫོགས་རིམ་ལ་བརྟེན་ནས་ཚེ་སྒྲུབ་པའི་སྐལ་པ་དང་ལྡན་པར་བྱས་སྙམ་པ་མཛོད་ཅིག །ཅེས་གཟུངས་སྔགས་བརྗོད་ལ་ཚེ་ཆང་སྦྱིན། ཚེ་རིལ་ལ་བརྟེན་ནས་དབང་བསྐུར་བ་ནི། འཁོར་འདས་ཀྱི་དྭངས་བཅུད་ཐམས་ཅད་འདུས་པའི་ངོ་བོ་ཚེའི་རིལ་བུ་འདི་ཉིད་ཞལ་དུ་གསོལ་བས་བཞི་བརྒྱ་རྩ་བཞིའི་ནད། སྟོང་ཕྲག་བརྒྱད་ཅུའི་བགེགས། བར་ཆད་དང་ཆག་སྒོ་ཡོད་པ་ཐམས་ཅད་བྱང་ཞིང་དག །འཆི་མེད་ཚེའི་རིག་འཛིན་ཐོབ། ཁྱད་པར་དུའང་བཅུད་ལེན་ལ་བརྟེན་ནས་ཚེ་སྒྲུབ་པའི་སྐལ་བ་ཅན་དུ་བྱས་སྙམ་པ་མཛོད། ཅེས་དང་། བཀྲ་ཤིས་ཚེ་བརྟན་དཔལ་གྱི་ཟས། །སྙིང་པོ་བསྡུས་པའི་བཅུད་འདི་ནི། །དེ་རིང་བུ་ཡིས་བཟའ་བར་གྱིས། །འདི་ཟོས་སངས་རྒྱས་ཚེ་དཔག་མེད། །ཞལ་ཟས་བརྟེན་ན་ནད་ཀུན་ལས། །གྲོལ་འགྱུར་ཐེ་ཚོམ་བྱ་མི་དགོས། །ཞེས་དང་སྔགས་བཟླ་ཞིང་ཚེ་རིལ་སྦྱིན། དེ་ནས་རྗེས་ཚེའི་དངོས་གྲུབ་མི་ཉམས་པར་བྱ་བའི་སླད་དུ་ཚེ་བཅིང་བ་ནི། ཁྱེད་རང་རྣམས་ཀྱི་སྙིང་གར་ཚེ་རྟེན་འོད་དཀར་པོའི་དབུས་སུ་རྣམ་པར་ཤེས་པ་ཡི་གེ་ནྲྀའི་རྣམ་པ་ཉི་ཟླ་གྭའུ་ཁ་སྦྱོར་གྱི་ནང་དུ་ཡོད་པ་དེ་ཉིད། རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཐག་པས་བར་མཚམས་མེད་པར་བཅིངས་པར་མོས་པ་མཛོད། སྙིང་གར་རྡོ་རྗེ་རེག་ཅིང་། ཉི་ཟླ་གྭའུ་ཁ་སྦྱོར་དག །མི་ཕྱེད་སྲ་བརྟན་རྡོ་རྗེ་ཡི། །ལུ་གུ་རྒྱུད་ཀྱིས་ཉེར་བསྡམས་པས། །ནམ་ཡང་མི་གཡོ་བརྟན་པར་གྱུར། །ཅེས་པ་དང་། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་སྔགས་བཟླ། དེ་ནས་ཚེ་སྦ་བ་ནི། མདའ་དར་སྙིང་གར་བཞག་ཅིང་། ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། དེའང་གྭའུ་ལ་ཐིམ། དེ་འོད་ལ་ཐིམ། དེ་ཡི་གེ་ལ་ཐིམ། དེའང་འཇའ་ཡལ་བ་ལྟར་འོད་གསལ་གྱི་དབྱིངས་སུ་ཐིམ་པར་བསམ་ལ་སྟོང་ཉིད་རྣམ་པར་མི་རྟོག་པའི་ངང་དུ་མཉམ་པར་འཇོག་མཛོད། གང་གིས་གནོད་པར་མི་ནུས་པའི། །གདོད་ནས་དག་པའི་སྟོང་པ་ཉིད། །སྐྱེ་བ་མེད་པའི་ཀློང་ཡངས་སུ། །མི་འགྱུར་བརྟན་པའི་ཚེ་སྦ་འོ། །ཞེས་དང་སྔགས་བཟླ། དེ་ནས་ཚེ་སྲུང་བ་ནི། སླར་ཡང་སྐད་ཅིག་གིས་སློབ་མ་ཚེ་དཔག་མེད་དུ་གསལ་བའི་སྨིན་མཚམས་ཀྱི་རྩ་སྒོར། དཔལ་རྟ་མགྲིན་གྲི་གུག་དང་ཐོད་པ་འཛིན་པ་འཇིགས་སུ་རུང་བ་མེ་ཕུང་འབར་བའི་དབུས་ན་བཞུགས་པས་བར་ཆད་ཐམས་ཅད་བསྲུང་བར་གྱུར་པར་བསམ་ལ། སྨིན་མཚམས་རྩ་ཡི་སྒོ་འཕར་དུ། །རྟ་མགྲིན་ཁྲོ་རྒྱལ་དབང་གི་ལྷ། །བཟོད་པར་དཀའ་བའི་གཟི་བརྗིད་ཀྱིས། །ཚེ་ཡི་བར་ཆད་ཐམས་ཅད་སྲུངས། །སྔགས་བཟླ་ཞིང་སློབ་མ་རྣམས་ཀྱི་སྨིན་མཚམས་སུ་ལི་ཁྲིའི་ཐིག་ལེ་བྱ། ཚེ་དང་བཀྲ་ཤིས་ཀྱི་དགའ་སྟོན་སྤེལ་བ་ནི། ཁྱེད་རང་རྣམས་ཀྱི་སྟེང་གི་ནམ་མཁའ་ལ་རྒྱལ་བ་ཚེ་དཔག་ཏུ་མེད་པ་ལ་ཚེ་ཁྲིད་བརྒྱུད་པའི་བླ་མ་རྣམས་དང་། སངས་རྒྱས་བྱང་སེམས། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མ། ལྷ་མིའི་རིག་འཛིན་རྣམས་ཀྱིས་བསྐོར་བ་བཞུགས་ནས་མེ་ཏོག་གི་ཆར་འབེབ། རོལ་མོའི་སྒྲ་སྒྲོག །བཀྲ་ཤིས་ཀྱི་གླུ་དབྱངས་ཀྱིས་ཤིས་པ་བརྗོད་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ། རབ་ཡངས་མདུན་གྱི་ནམ་མཁའ་ལ། །རྩ་བའི་བླ་མ་ཚེ་དཔག་མེད། །བརྒྱུད་པའི་བླ་མ་སྤྲིན་ལྟར་འཐིབས། །ཡི་དམ་ལྷ་ཚོགས་འཁོར་གྱིས་བསྐོར། །མ་མོ་མཁའ་འགྲོ་གར་སྟབས་བསྒྱུར། །ཆོས་སྐྱོང་སྲུང་མ་བྲན་དུ་འཁོལ། །སྙན་པའི་དབྱངས་ཀྱི་འབྲུག་སྟོང་ལྡིར། །བཀྲ་ཤིས་མེ་ཏོག་ཆར་དུ་འབེབ། །འདིར་འདུས་སྐལ་ལྡན་ཚོགས་རྣམས་ལ། །འཆི་མེད་ཚེ་ཡི་བཀྲ་ཤིས་ཤོག །དཔལ་འབྱོར་སྙན་གྲགས་བཀྲ་ཤིས་ཤོག །བདེ་ཆེན་ཡེ་ཤེས་བཀྲ་ཤིས་ཤོག །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་དང་། གཞན་ཡང་བཀྲ་ཤིས་པའི་ཚིགས་སུ་བཅད་པ་ཅི་རིགས་བརྗོད་ཅིང་མེ་ཏོག་འཐོར། རོལ་མོའི་སྒྲ་སྙན་པར་སྦྱར། དམ་ཚིག་ཁས་བླང་། གཏང་རག་གི་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བ་བསྔོ་བ་རྣམས་སྤྱི་ལྟར་བྱས་ལ་སློབ་མ་རྣམས་རང་གནས་སུ་གྱེས། རྗེས་ཆོག་ནི། མཆོད་པ་བསང་སྦྱང་བྱིན་གྱིས་བརླབ། མཆོད་བསྟོད་གོང་ལྟར་བྱ། ཡི་གེ་བརྒྱ་པ་དང་མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། མདུན་བསྐྱེད་རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམ། བསྔོ་སྨོན་བཀྲ་ཤིས་བྱའོ།། ༈ །།ཚེ་དབང་བརྒྱ་རྩ་སོགས་གྲངས་གསོག་ན། ཚེ་རིལ་སྦྱིན་པ་ཡན་གོང་དུ་སྨྲོས་པ་ལྟར་རྒྱས་པ་ཚར་གཅིག་རྗེས་བཀྲ་ཤིས་ཚིགས་བཅད་གང་རུང་བརྗོད། དེ་ནས། སླར་ཡང་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སློབ་དཔོན་དགོངས་སུ་གསོལ། བདག་ལ་འཆི་བ་མེད་པ་ཚེའི་དངོས་གྲུབ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་ནས་་་བསྡུ་ན་གསོལ་འདེབས་མ་བྱས་པར་སླར་ཡང་དམིགས་པ་འདི་བཞིན་དུ་མཛོད་ཅེས་དཀྱུས་ལ་འཇུག་པས་ཀྱང་རུང་ངོ་། །མདུན་བསྐྱེད་ཚེ་དཔག་ཏུ་མེད་པའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་ཚེ་དང་བསོད་ནམས་ཕྲོགས་པ། བརྐུས་པ། ཡར་པ་ཐམས་ཅད་དང་། འབྱུང་བ་རྣམས་ཀྱི་བཅུད། སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས། སྲིད་པ་གསུམ་གྱི་ཕུན་ཚོགས་ཐམས་ཅད་དང་། རྒྱལ་བ་སྲས་དང་སློབ་མར་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས། སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས། བུམ་པ་འཆི་མེད་ཀྱི་བདུད་རྩིས་གང་བས་སྤྱི་བོ་ནས་དབང་བསྐུར། ལུས་ཀྱི་ནང་ཐམས་ཅད་གང་ཞིང་ཕྱི་ཐམས་ཅད་བཀྲུས་པས། ཐོག་མ་མེད་པ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག །ཚེ་དང་བསོད་ནམས་ཉམས་པ་སོར་ཆུད། བུམ་ནང་གི་ཚེ་དཔག་མེད་ལས་རང་འདྲ་གཉིས་པ་རེ་བྱུང་། ཁྱེད་རང་རྣམས་ལ་ཐིམ་པས་འཆི་མེད་ཚེའི་རིག་འཛིན་ཐོབ་པའི་མོས་པ་མཛོད། ཅེས་བརྗོད་ལ་སྔགས་བཟླ་ཞིང་དབང་བསྐུར། སྤྲོ་ན་བདེན་སྟོབས་བརྗོད། གང་ལྟར་ཡང་ཚེ་གཟུངས་བཟླ་བཞིན་པས་ཚེ་ཆང་དང་། ཚེ་རིལ་སྦྱིན། ཤིས་བརྗོད་ཤླཽ་ཀ་གང་རུང་རེ་བྱ། དེ་ལྟ་བུར་གྲངས་གཟུང་། རྫོགས་པ་ན་ཚེ་བཅིང་བ་མན་ཆད་གོང་བཞིན་དུ་བྱའོ།། །། ༄། ཞར་བྱུང་བདག་བསྐྱེད་ལ་བརྟེན་པའི་བསྙེན་པ་བྱ་ཚུལ་མདོ་ཙམ་ནི། གནས་གཙང་ཞིང་དབེན་པར་ཚེ་དཔག་མེད་ཀྱི་སྣང་བརྙན་གྱི་མདུན་མཆོད་གཏོར་བཤམ། མཚམས་དམ་པར་བཅད། ཐུན་གསུམ་མམ་བཞིར་བདག་བསྐྱེད་གོང་ལྟར་ཉམས་སུ་བླང་། ཐུན་རེ་རེ་བཞིན་བཟླས་པའི་མཐར་ཡིག་བརྒྱ་དང་། མཆོད་བསྟོད་བསྔོ་སྨོན་ཤིས་བརྗོད་བྱ། སྔ་ཕྱིའི་ཐུན་གང་རིགས་ཀྱི་མཐར་གཏོར་མ་བསང་སྦྱང་བྱིན་གྱིས་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་བདེ་བ་ཅན་ནས་མགོན་པོ་ཚེ་དཔག་ཏུ་མེད་པའི་ལྷ་ཚོགས་སྤྱན་དྲངས། མདུན་གྱི་རྟེན་དང་དབྱེར་མེད་དུ་བཞུགས་པར་བསམ་ལ་གཏོར་འབུལ་མཆོད་བསྟོད་བྱ། ནོངས་པ་བཤགས། མདུན་བསྐྱེད་བརྟན་བཞུགས་དང་། བསྔོ་སྨོན་ཤིས་བརྗོད་བྱའོ། །དེ་ལྟ་བུས་གྲངས་ཨ་མཱ་ར་ཎི་ལ་ནི་འབུམ་དང་། ས་ར་ཧ་དང་ཚེ་གཟུངས་ཅི་ནུས་བཟླ། གྲོལ་ཁར་མདུན་བསྐྱེད་རྟེན་ཚེ་བུམ་སོགས་སློབ་མ་ལ་དབང་བསྐུར་བའི་སྐབས་ལྟར་བཤམ། བདག་བསྐྱེད་སྔོན་དུ་འགྲོ་བས། ཚེ་བཅུད་རང་ལ་བསྟིམ་པའི་དམིགས་པ་དང་བཅས་མདུན་བསྐྱེད་བསྒྲུབ་ཅིང་བདག་ཉིད་འཇུག་པའི་ཚུལ་གྱིས་དངོས་གྲུབ་བླང་། རྗེས་ཆོག་རྒྱས་པར་བྱའོ།། །། ༄། འདིར་གཞུང་དུ་མི་གསལ་ཡང་། སྔ་འགྱུར་བའི་གསང་བ་སྤྱིའི་འགྲོས་དང་མཐུན་པར་ཚོགས་མཆོད་འབུལ་བར་སྤྲོ་ན། གཏོར་འབུལ་གྱི་མཐར་ཚོགས་ཀྱི་ཡོ་བྱད་བསང་སྦྱང་། སྟོང་པའི་ངང་ལས་རླུང་མེ་ཐོད་སྒྱེད་སྟེང་། །བྷནྡྷའི་སྟེང་དུ་ཤ་ལྔ་བདུད་རྩི་ལྔ། །བསྐོལ་ཞིང་འོད་ཞུ་ཚོགས་མཆོད་བདུད་རྩིའི་བཅུད། །འདོད་ཡོན་མཆོད་སྤྲིན་ནམ་མཁའ་གང་བར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཞེས་པས་བརླབ། ཧྲཱིཿ བདེ་བ་ཅན་དང་ཉི་ཤུ་རྩ་བཞིའི་ཡུལ། །པདྨ་འོད་སོགས་ཕྱོགས་བཅུའི་ཞིང་ཁམས་ནས། །འཆི་མེད་རྩ་གསུམ་ཚེ་ཡི་ལྷ་ཚོགས་རྣམས། །ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །བཛྲ་ས་མཱ་ཛཿ ཞེས་པས་ཚོགས་ཞིང་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་ཚོགས་ཕུད་སྤྲོས་ཏེ། ཧྲཱིཿ ཚེ་དཔག་མེད་མགོན་གསང་བ་ཡེ་ཤེས་ཡུམ། །པདྨ་འབྱུང་གནས་དཔལ་ལྡན་རྡོ་རྗེའི་ཞབས། །འཇིག་རྟེན་དབང་ཕྱུག་བསོད་ནམས་རྒྱ་མཚོ་སོགས། །རྩ་བརྒྱུད་བླ་མ་ཡི་དམ་ཚེ་ཡི་ལྷ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མར་བཅས། །འདོད་ཡོན་བདུད་རྩི་ཚོགས་ཀྱི་འཁོར་ལོས་མཆོད། །ཐུགས་དམ་བསྐང་ཞིང་ཉམས་ཆག་མཐོལ་བཤགས་ན། །ཚེ་དང་ཡེ་ཤེས་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་གུ་རུ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་བཱ་ར་ག་ཎ་ཙཀྲ་པཱུ་ཛ་ཧོ། ཞེས་མདུན་བསྐྱེད་ལ་མཆོད་པའི་རྗེས། བདག་ཉིད་ཀྱི་ཕུང་ཁམས་སྐྱེ་མཆེད་ལྷའི་འཁོར་ལོར་གསལ་བས་ཚོགས་ཀྱི་འདུ་བ་ལ་ལོངས་སྤྱད། ལྷག་མ། ཨོཾ་ཨཱཿཧཱུྃ་གིས་བརླབ། ཕེཾ་ཞེས་པས་མགྲོན་བཀུག །ཧྲཱིཿ འཆི་མེད་རྩ་གསུམ་ཚེ་ཡི་ལྷ་ཚོགས་ཀྱི། །དཀྱིལ་འཁོར་སྲུང་བའི་ལྷག་སྡུད་ཕོ་ཉའི་ཚོགས། །དམ་ཚིག་རྫས་ཀྱི་བདུད་རྩི་འདི་གསོལ་ལ། །མི་མཐུན་ཀུན་སོལ་མཐུན་རྐྱེན་ལེགས་ཚོགས་སྤེལ། །ཨོཾ་ཨུཙྪིཥྚ་བ་ལིནྟ་བྷཀྵ་སི་སྭཱ་ཧཱ། ཞེས་ཕུལ། ཚོགས་མགྲོན་རྣམས་རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་རང་ལ་བསྟིམ། འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས་པར་བསམ། བསྔོ་སྨོན་བཀྲ་ཤིས་བྱའོ། །འཇ༵མ་དབྱ༵ངས་དགའ་བའི་བཤེས་གཉེན་གྱིས། །གཞུང་དོན་གསལ་བར་བསྡེབས་པའི་དགེས། །མཁྱེ༵ན་བརྩེ༵འི་བདག་ཉིད་མཆོག་རྣམས་དང་། །འགྲོ་ཀུན་འཆི་མེད་འགྲུབ་གྱུར་ཅིག །ཅེས་པའང་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་༧ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་ཞལ་སྔ་ནས་སྙན་བརྒྱུད་ཀྱི་མན་ངག་ཁྲིགས་སུ་བསྡེབས་པའི་རྩ་བའི་ཡི་གེ་ལས། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་མཛད་པའི་ཚེ་སྒྲུབ་གྲུབ་རྒྱལ་མའི་དབང་ཆོག་ལ་ཞལ་འཕང་གནང་བ་སོགས་བླ་མའི་ཕྱག་བཞེས་ལྟར་དཀྱུས་སུ་བཅུག་སྟེ། བཀླག་པས་གྲུབ་པར་བྱ་བྲལ་སྤོང་བ་པ་མཉྫུ་གྷོ་ཥས་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག །སརྦ་དཱ་ཤྲཱི་ཡོ་བྷ་བ་ཏུ།། །།

[edit]
[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).