Terdzo-GI-006

From Rinchen Terdzö
Revision as of 21:11, 28 February 2016 by Mort (talk | contribs)
This page is under construction. Check back later for updated content.

བཀའ་གཏེར་ཟུང་འཇུག་མཁའ་འགྲོ་སེང་གདོང་མའི་གཏོར་དབང་རྨི་ལམ་མ་

bka' gter zung 'jug mkha' 'gro seng gdong ma'i gtor dbang rmi lam ma

by  ཀརྨ་ཆགས་མེད་ (Karma Chakme)
revealed by  འཇའ་ཚོན་སྙིང་པོ་, རཏྣ་གླིང་པ་ (Jatsön NyingpoRatna Lingpa)
in cycle  བཀའ་གཏེར་ཟུང་འཇུག་མཁའ་འགྲོ་སེང་གདོང་མ་ (Bka' gter zung 'jug mkha' 'gro seng gdong ma)
Volume 33 (གི) / Pages 67-91 / Folios 1a1 to 13a5

[edit]

༄༅། །བཀའ་གཏེར་ཟུང་འཇུག་མཁའ་འགྲོ་སེང་གདོང་མའི་གཏོར་དབང་རྨི་ལམ་མ་བཞུགས་སོ། ། ཌཱ་ཀི་སིཾ་ཧ་མུ་ཁཱ་ཡ་ན་མོ། འདིའི་བྱིན་རླབས་གཏོར་དབང་གི་རིམ་པ་ཅུང་ཟད་བཀོད་ན་ཌཱ་ཀིས་གནང་བར་གསོལ། རྡུལ་ཚོན་གྱི་ཆོས་འབྱུང་ནག་པོ་གཉིས་བརྩེགས་ཀྱི་ལྟེ་བར་སྣ་ཚོགས་པདྨ་ཉི་ཟླའི་སྟེང་དུ་ཧཱུྃ་མཐིང་ནག་ཕྱི་རོལ་དུ་རྒྱས་པར་དུར་ཁྲོད་དམ། ཡང་ན་ཐོད་ར་རྡོ་རྗེ་མེ་རིས་བསྐོར་བར་བྲི། མ་གྲུབ་ན་འབྲུའི་ཚོམ་བུའི་སྟེང་དུ་མཉྫིལ་གྱི་ཁར་ཐོད་པའམ། ཟངས་ལྕགས་ཀྱི་སྣོད་དུ་གཏོར་མ་ཟུར་གསུམ་སོར་བཅུ་པ་ལ། ཙཀ་ལི་དང་དར་གདུགས་ཀྱང་བཙུགས་རྒྱན་བཟང་དུ་བྱ། མཐར་མཆོད་པས་བསྐོར་ལ་བདག་བསྐྱེད་དང་མདུན་བསྐྱེད་དུས་གཅིག་གཏོར་མའི་སྟོད་ཆ་མཁའ་འགྲོ་མ། སྨད་མཆོད་རྫས་སུ་བསྐྱེད་ལ། དེའང་མངོན་རྟོགས་གཅིག་གིས་དུས་གཅིག་བསྐྱེད་པ་རྙིང་མའི་ལུགས་ཏེ། དཀོན་མཆོག་གསུམ་ལ་སྐྱབས་མཆི་ཞིང་། །འགྲོ་བའི་དོན་དུ་བྱང་ཆུབ་བསྒྲུབ། །ཨཱོཾ་སྭ་བྷཱ་ཝ་སོགས། རང་སེམས་ཧཱུྃ་གི་འཕྲོ་འདུ་ལས། །སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུན། །གནམ་ལྕགས་འཁོར་ལོ་རྩིབས་སྟོང་དང་། །རྒྱ་གྲམ་མཁའ་འགྲོ་གྲི་གུག་དང་། །ཕུར་པ་དགྲ་སཏྭ་ཁ་ཊྭཱཾ་དང་། །རལ་གྲི་མེ་དཔུང་འབར་བའི་གུར། །བར་མཚམས་ལས་བྱེད་མཁའ་འགྲོས་གང་། །བར་ཆད་དགྲ་བགེགས་ཐལ་བར་རློག །དེ་དབུས་གནམ་ལྕགས་སྒོ་མེད་མཁར། །གྲུ་བཞི་མེ་དཔུང་ཚྭ་ཚྭ་འཕྲོ། །དེ་ནང་གནམ་ལྕགས་མཆོད་རྟེན་དབུས། །གསེར་གྱི་རྡོ་རྗེའི་ལྟེ་བ་རུ། །ཉི་ཟླའི་ནང་དུ་འོད་ལྔའི་གུར། །དེ་དབུས་ཆོས་འབྱུང་པད་ཉི་རོ་ཡི་སྟེང་། །བདག་དང་མདུན་བསྐྱེད་གཏོར་མའི་རྩེར། །བུམ་ལྷ་ཡེ་ཤེས་མཁའ་འགྲོ་སྐུ་མདོག་མཐིང་། །སེང་ཞལ་དཀར་ཁྲོ་སྤྱན་གསུམ་གཡུ་རལ་སྔོ། །གྲི་ཐོད་ཁ་ཊྭཱཾ་བསྣམས་ཤིང་གར་སྟབས་འགྱིང་། །རྡོར་ཁྲབ་དུར་ཁྲོད་ཆས་བརྒྱད་དར་ནག་གསོལ། །ཕུང་ཁམས་སྐྱེ་མཆེད་བ་སྤུ་མཁའ་འགྲོས་གཏམས། །གནས་གསུམ་འབྲུ་གསུམ་ཧཱུྃ་ལས་འོད་འཕྲོས་པས། །ཡེ་ཤེས་པ་དང་དབང་ལྷ་སྤྱན་དྲངས་ཏེ། །ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་གྱུར། །དབང་ལྷས་དབང་བསྐུར་མི་བསྐྱོད་རྒྱས་བཏབ་པའི། །ཐུགས་ཀར་ཉི་སྟེང་འཁོར་ལོའི་ལྟེ་བར་ཧཱུྃ། །བཅུ་བཞིའི་རྩིབས་སྟེང་སྔགས་ཕྲེང་གཡོན་དུ་འཁོར། །ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ ཨརྒྷཾ་སོགས། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ གསུམ། ཨོཾ་ཤྲཱི་བཛྲ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། དཔལ་ལྡན་རྡོ་རྗེ་ལྷ་མོ་ནི། །དྲག་མོ་སེང་གེའི་གདོང་པ་ཅན། །ཡེ་ཤེས་མེ་ཡི་འོད་ཟེར་འབར། །སེང་གེའི་གདོང་ཅན་ལྷ་མོར་བསྟོད། །ཅེས་བསྟོད། དབང་སྒྲུབ་བསྡུས་པ་དེས་ཆོག་གི །རྒྱས་པར་ན་བདག་མདུན་སོགས་གཞན་ནས་འབྱུང་བ་ལྟར་རྒྱས་པར་གྲུབ་ན་ལེགས། དེ་ནས་སློབ་མ་ཁྲུས་བྱ་མཎྜལ་ཕུལ་ལ། འོ་ན་འདི་ཡི་ལོ་རྒྱུས་ནི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་སྐྱེད་པར་བྱེད་པའི་ཡུམ་རྡོ་རྗེ་ཕག་མོ་དེ་ཉིད་ནུབ་ཕྱོགས་ཨོ་རྒྱན་གྱི་དུར་ཁྲོད་རབ་ཏུ་འབར་བ་ན་བཞུགས་ནས། འཁོར་ཡེ་ཤེས་དང་དམ་ཚིག་གི་ཤ་ཟའི་མཁའ་འགྲོ་ཐམས་ཅད་ལ་ཐུགས་ཞི་བ་ཆེན་པོའི་སྒོ་ནས་ཟིལ་གྱིས་གནོན་ཅིང་རྗེས་སུ་འཛིན་པར་བྱེད་པ་ལ། སྙིགས་མ་ལྔ་བདོ་བར་གྱུར་པའི་དུས་སུ་འཁོར་མ་མོ་མཁའ་འགྲོ་ཤ་ཟ་ལས་མཁན་གྱི་ཚོགས་ཐམས་ཅད་གསོད་ལ་དགའ་ཞིང་སྙིང་རྗེ་མེད་པ། ཤ་ཁྲག་ལ་རྔམས་ཤིང་སེམས་ཅན་ཐམས་ཅད་ལ་འཚེ་བར་བྱེད་ཅིང་ཞི་བས་མི་ཐུལ་བར་གྱུར་ནས་དུར་ཁྲོད་བསིལ་བའི་ཚལ་དུ་བྱོན་ནས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ཏེ། ད་ནི་ཁོ་མོ་སེང་གེའི་གདོང་ཅན་དུ་གྱུར་ནས་གནམ་ས་ཆ་ལང་རྡེབ་པ་རི་རབ་རྒྱང་དུ་འཕེན་པ་ཉི་ཟླ་ཐང་ལ་འབེབ་པ་རྒྱ་མཚོ་གནམ་དུ་ཟློག་པ་སྐུ་རི་རབ་བས་སུམ་འགྱུར་གྱི་ཆེ་བ། གསུང་གི་ང་རོས་སྟོང་གསུམ་གཡོ་འགུལ་བྱེད་པ། ཐུགས་ཀྱི་ཡེ་ཤེས་ཀྱིས་སྣང་སྲིད་དབང་དུ་སྡུད་པ་གཅིག་ཏུ་གྱུར་ཅིག །ཁྱད་པར་དུ་སེང་གེའི་ང་རོས་གཅན་གཟན་ཐམས་ཅད་ཟིལ་གྱིས་གནོན་པ་ལྟར། མ་མོ་མཁའ་འགྲོ་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཟིལ་གྱིས་གནོན་ཅིང་དབང་དུ་སྡུད་པ་དང་ཚར་གཅོད་རྗེས་འཛིན་ལས་ལ་འགྱེད་ཅིང་བཀའ་ཉན་གསུང་སྡོད་བྱེད་པར་གྱུར་ཅིག །སྐུ་ཡི་བ་སྤུ་བྱེ་བ་ས་ཡ་ལས་ཀྱང་མཁའ་འགྲོ་གྲངས་མེད་པར་སྤྲུལ་ནས་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་འགྲུབ་པར་གྱུར་ཅིག །ཅེས་སྨོན་ལམ་བཏབ་མ་ཐག་ཏུ་རྡོ་རྗེ་ཕག་མོ་དེ་ཉིད་མཁའ་འགྲོ་སེང་གེའི་གདོང་ཅན་དུ་གྱུར་ཏེ་ས་རྣམ་པ་དྲུག་ཏུ་གཡོས་འོད་དང་སྒྲ་དང་ཆོ་འཕྲུལ་དཔག་ཏུ་མེད་པ་བྱུང་ངོ་། །དེར་ལྷ་སྲིན་སྡེ་བརྒྱད་མ་མོ་མཁའ་འགྲོ་ཐམས་ཅད་རང་དབང་མེད་པར་བསྡུས་ནས་ལྷ་ཐམས་ཅད་ཀྱིས་སྲོག་སྙིང་ཨཿ ཀླུས་ཀཿ སྲིན་པོས་སཿ མ་མོ་ཐམས་ཅད་ཀྱིས་སྲོག་མཿ གཟའ་ཡིས་རཿ བཙན་གྱིས་ཙཿ རྒྱལ་པོས་ཤཿ བདུད་ཀྱིས་དཿ གཤིན་རྗེས་ཡཿསོགས་རང་རང་གི་སྲོག་སྙིང་ཕུལ་བ་རྗེ་བཙུན་མ་ཉིད་ཀྱི་ཐུགས་ཆོས་ཉིད་ཀྱི་ངང་དུ་སྦས་ཏེ་དམ་ལ་བཏགས་ནས་བཀའ་ཡི་སྲུང་མ་བསྟན་པའི་བྱ་ར་བར་བསྐོས་སོ། །འདིའི་རྒྱུད་ནི། ཀྱེའི་རྡོ་རྗེའི་རྒྱུད་འབུམ་ཕྲག་བདུན་པ་དང། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཤིན་ཏུ་རྒྱས་པ་སྟོང་ཕྲག་བཅུ་གཉིས་པ་རྣམས་ཀྱི་ནང་ནས་སེང་གདོང་མ་འདི་གསུངས་ཡོད་དེ། རྒྱུད་དེ་དག་ཨོ་རྒྱན་དང་ཤམ་བྷ་ལ་ན་བཞུགས་སོ། ཁྱད་པར་དྲག་མོ་གནམ་ལྕགས་ཐོག་གི་རྒྱུད་ཅེས་བྱ་བ་རྡོ་རྗེ་ཕག་མོས་གསང་བའི་བདག་པོ་ལ་གསུངས་ཏེ། གསང་བའི་བདག་པོས་རྒྱུད་དེ་བྱང་ཆུབ་ཤིང་གི་མཆོད་རྟེན་གྱི་བུམ་པར་སྦས། དེའི་མན་ངག་གསུམ་དུ་བྱས་ཏེ་རྡོ་རྗེ་གདན་གྱི་ལོགས་ཀ་བ་ཤིང་ལོ་ཅན། བྱང་དུ་ཕ་ཝང་སེར་པོ་དང་། ཤར་དུ་ཕ་ཝང་གཡག་འདྲ་བ་ལ་སྦས་སོ། །དེ་ནས་ཨོ་རྒྱན་ཆེན་པོས་དགུང་ལོ་བདུན་བརྒྱ་བཞེས་དུས་ལང་ཀའི་ཡུལ་དུ་མུ་སྟེགས་ཀྱི་རྒྱལ་པོ་སེ་ནས། མུ་སྟེགས་པཎྜི་ཏ་ལྔ་བརྒྱ་བསྡུས་ཏེ་སངས་རྒྱས་ཀྱི་བསྟན་པ་ཉམས་པར་བྱས་དུས་ཨོ་རྒྱན་རིན་པོ་ཆེ་དང་རྩོད་པ་བྱས་པས་ཨོ་རྒྱན་དང་། རྫུ་འཕྲུལ་འགྲན་པས་ཀྱང་ཨོ་རྒྱན་རྒྱལ། སྡིགས་མཛུབ་ལས་མེ་རི་རབ་ཀྱི་རྩེ་མོ་དང་མཉམ་པ་འབར་བས་ལྷ་རྣམས་ཀྱིས་ཨ་ལ་ལའི་སྒྲ་བསྒྲགས་ཏེ་མུ་སྟེགས་པ་ཕམ་ནས་ཕལ་ཆེར་ནང་པ་ལ་ཚུད་ཀྱང་། མུ་སྟེགས་གདུག་པ་ཅན་རྣམས་ཀྱིས་ཁྱོད་མཐུས་ཕུང་བར་བྱེད་ཟེར་ཚེར་མ་ཅན་གྱི་ནགས་ཁྲོད་དུ་མུ་སྟེགས་ཀྱི་སྟོན་པ་རྣམས་ཀྱིས་མཐུ་བསྒྲུབས་སོ། །དེར་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེས་རྡོ་རྗེ་གདན་གྱི་བྱང་ཕྱོགས་ཕ་བོང་སེར་པོ་སྟག་མོ་ཉལ་འདྲའི་འོག་ནས་ཁྲོ་ཆུའི་སྒྲོམ་གཅིག་བཏོན་ནས་ཨོ་རྒྱན་ལ་ཕུལ་བའི་ནང་ནས། ཟློག་ནག་ཡི་གེ་བཅུ་བཞི་པ་འདི་ཨོ་རྒྱན་རིན་པོ་ཆེས་ཞག་བདུན་བཟླས་པས་མུ་སྟེགས་ཀྱི་པཎྜི་ཏ་ལྔ་བརྒྱ་ལང་ཀའི་རྒྱལ་པོ་དང་བཅས་པ་ཐོག་གིས་བསྒྲལ། འགའ་ཞིག་ཁྲག་སྐྱུགས་ནས་ཤི་སྟེ་མུ་སྟེགས་ཀྱི་མིང་མི་གྲགས་པར་བྱས་ནས་ཐམས་ཅད་ནང་པ་ལ་ཚུད་དོ། །ཨོ་རྒྱན་བོད་དུ་བྱོན་ནས་བྲག་གནམ་སྐས་ཅན་སོགས་གཏེར་གནས་མང་པོ་ལ་གཏེར་ཁ་མང་དུ་སྦས། བླ་མ་བ་རི་ལོ་ཙཱ་བ་དེ་མུ་སྟེགས་ཀྱི་སྟོན་པ་སྐལ་ལྡན་རྒྱལ་པོ་དང་ཆོས་རྩོད་བྱས་པས་མུ་སྟེགས་ཕམ་བ་རི་བ་རྒྱལ། མུ་སྟེགས་པས་ཁྱོད་ཞག་བདུན་ནས་ཁྲག་སྐྱུགས་ནས་འཆི་བར་བྱེད་ཟེར་བས། བ་རི་བ་སྐྲགས་ནས་མུ་སྟེགས་པ་ལ་ང་བབ་ཕུལ་བྱས་པས། ཁྱོད་རང་དཀོན་མཆོག་གསུམ་སྤོངས་ལ་ང་ཡི་བསྟན་པ་ལ་ཞུགས། གསེར་གྱི་སྡུད་པས་སྣ་དྲངས་པའི་དཔེ་ཆ་མེ་ལ་བསྲེགས་ལ་ཐལ་བ་ང་ལ་ཕུལ་དང་བབ་ལེན་ཟེར་བས། བ་རི་བས། ཚེ་འདི་མི་རྟག་ཡུད་ཙམ་ཡིན། ནང་པའི་ལྷ་སྤང་བ་བས་ཤི་ནའང་རུང་ཟེར་ནས་སོ་སོར་གྱེས་ཏེ། དེའི་ལོ་རྒྱུས་པཎྜི་ཏ་རྡོ་རྗེ་གདན་པ་ལ་ཞུས་པས། བུ་ལོ་ཙཱ་བ་མུ་སྟེགས་པའི་མཐུ་ལ་ཞེད་མི་དགོས། ཁྱོད་རང་དོ་ནུབ་ཚོགས་ཀྱི་འཁོར་ལོ་ཆེན་པོ་ཤོམས་ལ་མཁའ་འགྲོ་མ་ལ་གསོལ་བ་ཐོབས་དང་ལུང་བསྟན་འབྱུང་གསུངས། དེ་ལྟར་བྱས་པས་མཁའ་འགྲོ་མ་སེང་གེའི་གདོང་ཅན་ནམ་མཁའ་ལ་བྱོན་ནས་རྡོ་རྗེ་གདན་གྱི་ཤར་ཕྱོགས་ཕ་ཝང་གཡག་འདྲའི་འོག་ནས་མཁའ་འགྲོ་མ་བྱེ་བ་འབུམ་གྱི་ཡང་སྙིང་གསེར་གྱི་འབྲུ་ཚུགས་སུ་བཀོད་པ་ཡིད་ལ་དྲན་པས་ཆོག་པ་ཡོད་དོ། །དེ་ཐོན་ལ་གཅིག་བརྒྱུད་དུ་སྤེལ་ཅིག་གསུངས། ཕྱི་ནང་ཚོགས་འཁོར་བཤམས། གཏེར་སྲུང་ལ་གཏོར་མ་བྱིན་ནས་བརྐོས་པས་སོལ་བ་མང་པོ་བྱུང་། དེའི་ནང་ནས་བསེའི་སྒྲོམ་བུ། དེའི་ནང་ནས་ཟངས་ཀྱི་སྒྲོམ་བུ། དེའི་ནང་ནས་དངུལ་གྱི་སྒྲོམ་བུ། དེའི་ནང་ནས་བཻཌཱུརྻའི་སྒྲོམ་བུ། དེའི་ནང་ནས་པདྨ་རཱ་གའི་སྒྲོམ་བུ། དེའི་ནང་ནས་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་སྒྲོམ་བུ་འོད་ཟེར་འཕྲོ་བའི་ནང་ནས་མཐིང་ཤོག་ལ་འཛམ་བུའི་ཆུ་གསེར་གྱི་ཡི་གེ་འབུར་དུ་དོད་པ་མན་ངག་དང་བཅས་པ་གདན་དྲངས། གཏེར་ཚབ་གསེར་གྱི་གླེགས་བམ་གཅིག་བཅུག་སྟེ་སྔར་ལྟར་རྒྱས་གདབ། དེར་རྡོ་རྗེ་གདན་པའི་དྲུང་དུ་འོངས་ནས་རྡོ་རྗེ་གདན་པས་བཀའ་ལུང་མན་ངག་དང་བཅས་པ་མཁའ་འགྲོའི་གསུང་བཞིན་དུ་བྱས། ལོ་ཙཱ་བས་ཞག་བདུན་བསྒྲུབས་པའི་ཐོ་རངས་ཌཱ་ཀི་མ་དངོས་སུ་བྱོན་ནས་ལོ་ཙཱ་བ་ཞེད་མི་དགོས། མུ་སྟེགས་པ་ཁྲག་སྐྱུགས་ནས་ཤི་བར་བྱས་ཡོད་གསུངས། མུ་སྟེགས་སྐལ་ལྡན་རྒྱལ་པོ་ཁྲག་སྐྱུགས་ནས་ཤི །བླ་མས་སྔགས་དེ་ལུས་ལ་ཡོད་པས་ཆོག །བཏགས་པས་ཆོག །མཁའ་འགྲོའི་བསམ་གཏན་ཉལ་ཆོག་མ་ཡིན་གསུངས་སོ། །ད་ཁྱོད་ཀྱིས་མུ་སྟེགས་བསད་པས་སྡིག་ཆེ། སྡིག་པ་མ་དག་བར་ང་ཅན་དུ་མ་འོངས་གསུངས་ནས་ལོ་གསུམ་དུ་མཇལ་ཁ་མ་གནང་ནས་བྱང་ཆུབ་ཆེན་པོ་ལ་བསྐོར་བ་འབུམ་ཐེར་དང་། གསེར་གྱི་ཆོས་མང་དུ་བཞེངས་པ་དང་། གསུང་རབ་མང་དུ་བཀླག་བཅུག །ཆོས་ཀྱང་མ་སྤེལ་ཅིག་གསུངས་ནས། མི་ལ་མི་སྟེར་བ་དང་མཚམས་དང་སྨྲ་བཅད་མི་བྱེད་རེའི་མནའ་བསྒག །དཔལ་ལྡན་ལྷ་མོ་ལ་དམོད་བཙུགས་ནས་གནང་ངོ་། །བ་རི་ལོ་ཙཱ་བས་བོད་དུ་གདན་དྲངས་ནས་བྱོན། དེ་ལས་རིམ་པར་བརྒྱུད་པ་དང་། ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་རྟོགས་ལྡན་སངས་རྒྱས་མགོན་པོ་ལ་དངོས་སུ་གནང་བ་བོ་དོང་ལུགས་དང་། རཏྣ་གླིང་པ། འཇའ་ཚོན་སྙིང་པོ་སོགས་ཀྱི་གཏེར་མ་དང་། བླ་མ་བཻ་རོས་གཏེར་དུ་སྦས་པ་དུས་མཁྱེན་གྱིས་བཏོན་པ་དང་། གནམ་ཆོས་ལས་བྱུང་བ་སོགས་མང་དུ་ཐོབ་པས་བྱིན་རླབས་ཀྱི་བརྒྱུད་པ་གཅིག་ཏུ་འདྲེས་པ་ཡིན་ལ། ཡང་བདག་རཱ་ག་ཨ་སྱ་མཚམས་ཀྱི་བཅད་རྒྱ་དམ་དུ་ཡོད་དུས་རྨི་ལམ་དུ་གྲོང་ཁྱེར་ཆེན་པོ་ངོ་མི་ཤེས་པ་གཅིག་གི་དབུས་སུ་ཕྱིན་པས་ལུས་མེད་ཡེ་ཤེས་ཀྱི་མཁའ་འགྲོ་མ་གཅིག་གིས་སེང་གདོང་མའི་གཏོར་དབང་ཤིན་ཏུ་གསལ་བ་མངོན་སུམ་ལྟ་བུ་གཅིག་གནང་བའི་སྣང་བ་དང་། ཡང་རྨི་ལམ་དུ་རྗེ་ཞྭ་དམར་ཅོད་པན་འཛིན་པ་དྲུག་པའི་དྲུང་ནས་ཀྱང་སེང་གདོང་མའི་དབང་ལུང་རྣམས་ཐོབ་ནས་དགའ་བ་ཆེར་སྐྱེས་ཏེ་སེང་གདོང་མ་འདི་རང་གི་ཚེ་རབས་ལས་ཀྱི་ལྷ་གཅིག་རེད་སྙམ་པའི་སྣང་བ་ཡང་བྱུང་ངོ་། །ད་ལམ་དབང་འདི་གཙོ་ཆེར་རྨི་ལམ་དུ་བྱུང་བ་དེ་ཡིན། འདི་ཡི་ཕན་ཡོན་དགོས་ཆེད་ནི། སེང་གདོང་མ་ཉིད་ཀྱིས་བ་རི་བ་ལ་དངོས་སུ་གསུངས་པ་ཌཱ་ཀི་སྟོང་རྩ་གཉིས་ཀྱི་ཡང་སྙིང་། མཁའ་འགྲོ་ཐམས་ཅད་ཀྱི་ནོར་སྒྲུབ་ཅེས་ཀྱང་བྱ། ཚེ་སྒྲུབ་ཅེས་ཀྱང་བྱ། ཚེ་མཐུ་ནག་པོ་ཞེས་ཀྱང་བྱ། ཟློག་པ་ཡོད་ཆོག་ཅེས་ཀྱང་བྱ། མཚོན་སྲུང་གོ་ཁྲབ་ཅེས་ཀྱང་བྱ། བསམ་གཏན་ཉལ་ཆོག་ཅེས་ཀྱང་བྱ། སྲུང་བ་རྡོ་རྗེའི་གོ་ཁྲབ་ཅེས་ཀྱང་བྱ། ཚེ་སྒྲུབ་རྡོ་རྗེ་ཕུར་པ་ཞེས་ཀྱང་བྱ། ངན་སྔགས་བཙན་དུག་ནག་པོ་ཞེས་ཀྱང་བྱ། བསད་པ་ལས་ཀྱི་འཁོར་ལོ་ཞེས་ཀྱང་བྱ། གཏོར་བ་རླུང་གི་སྤུ་གྲི་ཞེས་ཀྱང་བྱ། མཁའ་འགྲོ་མ་བྱེ་བ་འབུམ་གྱི་ཡང་སྙིང་། ལུས་ལ་བཏགས་ན་སྲུང་བ་མཆོག་ཏུ་འགྱུར། བློ་ལ་ཡོད་ན་ཕྱོགས་ངན་དང་བདུད་གཅོད་ལས་ཐར། ལྷ་འདྲེ་ཀུན་གྱིས་སྲུང་ཞིང་གྲོགས་བྱེད། མཐུ་དང་ངན་སྔགས་བྱེད་མི་ཐམས་ཅད་ཁྲག་སྐྱུགས་ནས་འཆི། དུག་དང་མཚོན་གྱིས་མི་ཚུགས། སྔགས་པ་སྟོང་གིས་བྲུབ་ཀྱང་མི་ལྟོ། ཉལ་བས་ཆོག་པ་བཀྲ་ཤིས་དོན་གྲུབ་པའི་གདམས་པ། ཞེས་དང་། བླ་མ་རྡོ་རྗེ་གདན་པའི་ཞལ་ནས། སྲུང་བ་གཅིག་ལ་འདི་ལས་ཟབ་པ་མེད། ཟོར་ཁའི་གནོད་པས་མི་ཚུགས། ཟློག་པ་བྱས་ན་མཐུ་ཆེ་བར་འདུག །རྒྱ་གར་ནས་བོད་ལ་འོང་བའི་སྔགས་འདི་ལས་ཟབ་པ་མེད་གསུངས། ཨོ་རྒྱན་རིན་པོ་ཆེའི་གསུང་ལས་ཆེ་བའི་ཡོན་ཏན་འདི་ལྟར་རོ། །འདི་ཡིས་ཡིད་བཞིན་འགྲུབ་པས་ནོར་བུ་ཡིན། །བྱད་མས་བྱར་མེད་ནམ་མཁའ་སྟོང་པ་ཡིན། །གར་བརྒྱབ་ཐོགས་མེད་རྡོ་རྗེ་ཕ་ལམ་ཡིན། །གར་བསྣུན་རྡོ་རྗེའི་སྒྱོགས་དང་འདྲ། །ལུས་བཏགས་རྡོ་རྗེ་ཕ་ལམ་ཡིན། །ཟློག་པ་ཀུན་གྱི་ཡང་སྙིང་ཡིན། །མཐུ་བྱད་འཇིགས་རྟེན་པ་རྣམས་དང་། །ཡེ་ཤེས་པ་ཡི་ཡང་ཟློག་ཡིན། །མན་ངག་གང་གིས་ཀྱང་མི་ཚུགས། །འདི་འོག་ལན་གཅིག་འཛུལ་བ་ཡིས། །ཕྲ་མེན་མ་ཡི་ངན་སྔགས་ཟློག །སྡེ་བརྒྱད་མ་མོ་སྨྲོས་ཅི་དགོས། །ཕྲེང་ཐོགས་སྟོང་དང་འགྲས་ཀྱང་ཁོ་རང་ཕུང་། །སྤྱི་བོ་མགུལ་ལམ་ལུས་ལ་ནི། །ཡོད་ན་རྡོ་རྗེ་ཕ་ལམ་འདྲ། །ཟློག་པའི་ནང་ནས་ཡང་ཟློག་ཡིན། །མཐུ་དང་རྦོད་གཏོང་ངན་སྔགས་རིགས། །གང་གིས་ཀྱང་ནི་མི་ཚུགས་སོ། །ཞེས་དང་། དུག་གྲི་ནག་པོའི་གཞུང་ལས། སྔགས་ནག་སྟོང་གིས་རྦོད་གཏོང་བྱས་ཀྱང་གང་གིས་ཀྱང་མི་ཚུགས་པ་རྡོ་རྗེའི་གུར་དུ་འགྱུར་རོ། །འདི་ནི་མཁའ་འགྲོ་མ་འབུམ་གྱི་སྲོག་གི་སྤུ་གྲིའི་འཁོར་ལོ་དང་འདྲ་སྟེ། ནུས་པ་གསང་བའི་བདག་པོ་དང་མཚུངས་སོ། །མཁའ་འགྲོ་འབུམ་གྱི་སྲོག་ཐིག་གོ །ཅེས་དང་། བ་རི་ལུགས་ཀྱི་ཡིག་རྙིང་ལས། མཐུ་གཏད་མནན་གསུམ་རྦད་ཁ་གནོད་འདྲེ་ལྷ་སྲིན་སྡེ་བརྒྱད། དམེ་རྨུག་མཁོན་གསུམ། ས་བདག་ཀླུ་གཉན་གསུམ། དུས་མིན་འཆི་བའི་འཇིགས་པ་སོགས་འགལ་རྐྱེན་ཐམས་ཅད་འདིས་སེལ། ཚེ་དང་བསོད་ནམས་འདིས་སྟེར། བསོད་ནམས་ཤིན་ཏུ་འཕེལ། རྒྱུན་དུ་བཟླས་ན་ཤེས་རབ་འཕེལ་ཞིང་ས་བཅུ་ནོན། ཅེས་དང་། འཇའ་ཚོན་པའི་གཏེར་ཁ་ནས་ཀྱང་། མདོར་ན་སྲུང་ཟློག་བསད་གསུམ་གྱི་མཐར་ཐུག་ཡིན་ནོ། །ཞེས་གསུངས་སོ། །བྱད་ཁ་ཐམས་ཅད་བཟློག་པ་དང་། །ཟས་ནོར་ལོངས་སྤྱོད་འཕེལ་བ་ཡིན། །ཟློག་པ་གཞན་ལས་ཁྱད་པར་འཕགས། །བདག་འདྲ་ཨོ་རྒྱན་པདྨ་ལ། །སྲུང་ཟློག་ཁྲི་དང་སྟོང་ཡོད་ཀྱང་། །འདི་ལས་ཟབ་པ་ཡོད་མ་ཡིན། །བདག་གི་ལུས་ངག་བསྲུང་བ་དང་། །དགྲ་ཡི་ནུས་པ་བཤིག་པ་དང་། །སྡེ་བརྒྱད་ལས་ལ་འགྱེད་པ་ཡིན། །རང་གཤེད་གནད་ཀྱི་མན་ངག་གོ །འདི་ནི་བན་བོན་མཆུ་ཆིངས་ཏེ། །ཅེས་དང་། བརྒྱ་ཡིས་བདེ་བར་གཤེགས་པ་སྟོང་གི་ནུས་པ་ཟློག །ཉི་ཤུ་རྩ་གཅིག་གིས་གང་ཟག་བརྒྱ་ཡི་ནུས་པ་ཟློག །ཕ་ཐ་ནུས་པ་ཆེ་ན་ཤིན་ཏུ་རྣོ། འདི་ནི་མཁའ་འགྲོ་མའི་ཟློག་པ་དུག་གི་སྤུ་གྲི་བྱ་བ་ཡིན། ཞེས་དང་། ཡང་ན་ཟློག་པའི་སྲོག་ཡིག་འདི། །གསེར་གྱིས་བྲིས་ལ་ལུས་ལ་བཅང་། ཞག་རེར་ཚར་བདུན་རེ་བཟླས་ན། །སྔགས་བོན་སྟོང་གིས་རྦད་ན་ཡང་། །ནམ་མཁའ་བཞིན་དུ་གནོད་མི་སྲིད། །ཟློག་པ་སྤུ་གྲིའི་སོ་དང་འདྲ། །ནམ་མཁའི་ཁམས་སུ་འབྱུང་བ་དཀོན། །ཐུགས་ཀྱི་གསང་གཏེར་ཨ་ཐམ་རྒྱ། །ཞེས་གསུངས་སོ། །དེས་ན་འདི་བཀའ་རྒྱ་ཤིན་ཏུ་དམ་པར་བྱ་སྟེ། མི་སྡིག་ཆེན་བསྟན་པ་ལ་གནོད་པ་ལ་འདིའི་དབང་བསྐུར་ན། བན་བོན་རྣམས་ཀྱི་ནུས་པ་རྡུགས་པར་འགྱུར་བས་ཉེས་པ་ཤིན་ཏུ་ཆེའོ། །མཁའ་འགྲོ་མ་འབུམ་གྱི་སྲོག་སྙིང་ཡིན་པས་རང་གི་ཚེ་ལ་ཡང་གནོད། དེ་ལྟར་བཀའ་རྒྱ་དོག་ཅིང་ཤིན་ཏུ་གཉན་པས་དམ་ཚིག་སྲུང་ཞིང་ཉམས་སུ་བླངས་ན་བྱད་ཁ་སོགས་བར་ཆད་གང་གིས་ཀྱང་མི་ཚུགས་ཤིང་ས་བཅུ་ནོན་པར་གསུངས་པའི་དབང་ཟབ་མོ་ཞུ་བའི་ཕྱིར། ད་ཁྱེད་རང་རྣམས་བླ་མ་དང་ལུས་མེད་ཡེ་ཤེས་ཀྱི་ཌཱ་ཀི་སེང་གེའི་གདོང་ཅན་དབྱེར་མེད་པ་ལ་གསོལ་བ་རྩེ་གཅིག་ཏུ་གདབ་པའི་རྗེས་ཟློས་མཛོད། ལུས་མེད་ཡེ་ཤེས་མཁའ་འགྲོ་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་སེང་གེའི་གདོང་ཅན་གྱི། །དབང་དང་བྱིན་རླབས་བསྩལ་དུ་གསོལ། །ལན་གསུམ། ད་ཁྱེད་རང་རྣམས་རྒྱུད་ཡོངས་སུ་དག་པའི་ཕྱིར་རྒྱུན་བཤགས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། ད་དབང་གི་གཞི་བཀོད་ཅིང་ཡེ་ཤེས་པ་དབབ་པའི་ཆེད་དུ། ཨོཾ་སྭ་བྷཱ་ཝ་སོགས། ཁྱེད་རང་རྣམས་སྐད་ཅིག་གིས་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས། ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་སྐུ་མདོག་མཐིང་ནག་དུས་ཀྱི་མུན་པའི་མདོག་ཅན་སྐུ་རི་རབ་བས་ཉིས་འགྱུར་གྱི་ཆེ་བ་སེང་གེའི་ཞལ་ཟླ་བ་ལྟར་དཀར་བ་གཡས་སུ་ཕྱོགས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཏུ་བགྲད་པ། དགྲ་བགེགས་ཐམས་ཅད་འདར་ཞིང་སྔངས་བར་བྱེད་པ། རྣོ་དབལ་དང་ལྡན་པའི་མཆེ་བ་ཟླ་ཚེས་ལྟ་བུར་གཙིགས་པ་ལ་ཁྲག་གིས་གོས་པ། སེང་གེའི་ཞལ་གནམ་དུ་གདངས་པའི་ཁ་ནས་དུག་གི་རླངས་པ་འཕྱུར་ཞིང་སེང་གེའི་ང་རོ་འབྲུག་ལྟར་སྒྲོག་པ། ཕྱག་གཡས་རྡོ་རྗེའི་གྲི་གུག་ནམ་མཁའ་ལ་འཕྱར་ཞིང་གཡོན་བདུད་དགྲའི་སྙིང་ཁྲག་གིས་བཀང་བའི་ཐོད་པ་ཐུགས་ཀར་འཛིན་པ། གྲུ་མོ་ན་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་གྱེན་དུ་བསྒྲེངས་པ་ལ་ཌཱ་མ་རུ་དང་དར་གྱི་ཅོད་པན་འཕུར་བ། ཐོད་པ་སྐམ་པོ་ལྔ་ཡི་དབུ་རྒྱན་དང་རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་འཕྱང་བ། སྦྲུལ་དང་རུས་པ་རིན་པོ་ཆེའི་རྒྱན་དང་སྟག་ལྤགས་ཀྱི་ཤམ་ཐབས་ཅན། ཞིང་གླང་གི་པགས་པ་དང་དར་ནག་གི་གོ་ཟུ་གསོལ་བ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་པའི་གར་གྱིས་ཨུ་མའི་སྙིང་གར་མནན་ཅིང་པད་ཉིའི་གདན་ལ་རོལ་པ། ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པ། དེའི་གཡས་སུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྟག་གི་གདོང་པ་ཅན། གཡོན་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དོམ་གྱི་གདོང་པ་ཅན། དེའི་ཤར་དུ་རྡོ་རྗེ་མཁའ་འགྲོ་མ་དཀར་མོ་སེང་གེའི་གདོང་པ་ཅན། ལྷོར་རིན་ཆེན་མཁའ་འགྲོ་མ་སེར་མོ་སེང་གེའི་གདོང་པ་ཅན། ནུབ་ཏུ་པདྨ་མཁའ་འགྲོ་མ་དམར་མོ་སེང་གེའི་གདོང་པ་ཅན། བྱང་དུ་ལས་ཀྱི་མཁའ་འགྲོ་མ་ལྗང་མོ་སེང་གེའི་གདོང་པ་ཅན། འཁོར་རང་འདྲ་བའི་སེང་གདོང་མ་འབུམ་འབུམ་གྱིས་བསྐོར་བའོ། །དེ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་རབ་ཏུ་འབར་བ་འཁྲིགས་པའི་དུར་ཁྲོད་ནས་མ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་སྐུ་ཆེ་བ་ལ་རི་རབ་ཙམ། ཆུང་བ་ལ་ཡུངས་དཀར་གྱི་འབྲུ་ཙམ་ཁ་བ་བུ་ཡུག་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་མཚོ་ལ་ཁ་བ་བབས་པ་ལྟར་སིབ་སིབ་ཐིམ་པར་སྒོམས་ལ་སེམས་མ་ཡེངས་པར་ཞོག་ཅིག །དབྱངས་རོལ་མོ་དང་བཅས་པས། ཧཱུྃ། ཆོས་སྐུ་སྤྲོས་བྲལ་དག་པ་ལས། །ལོངས་སྐུ་སྒྱུ་མའི་སྐུར་སྟོན་མ། །མཁའ་འགྲོའི་ཚོགས་བཅས་རྣལ་འབྱོར་མ། །ཕྱག་རྒྱ་ཆེན་པོའི་དབྱིངས་ནས་བཞེངས། །སེམས་ཅན་དོན་ལ་དགོངས་མཛོད་ལ། །སྐད་ཅིག་ཙམ་གྱིས་གཤེགས་སུ་གསོལ། །དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་ཤྲཱི་བཛྲ་ཌཱ་ཀི་ནཱི་སིཾ་ཧ་མུ་ཁ་བཛྲ་ཨཱ་ཝེ་ཤ་ཡ་ཨ་ཨཱ། ཅེས་ལན་གསུམ་མམ་བདུན། རྡོ་རྗེ་མགོར་བཞག་ལ། ཏིཥྛ་བཛྲ། ད་དབང་གང་ལ་ཞུ་བའི་ཡུལ་གསལ་གདབ་པ་ནི། གཏོར་མ་འདི་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན། གཡས་སུ་སྟག་གདོང་མ། གཡོན་དུ་དོམ་གདོང་མ། ཕྱོགས་བཞིར་རིགས་བཞིའི་མཁའ་འགྲོ་སེང་གེའི་གདོང་ཅན་བཞི་དང་རང་རང་གི་འཁོར་དང་བཅས་པ་སྔར་སྨྲོས་མ་ཐག་པའི་མཚན་ཉིད་ཅན་དེ་ལྟར་གསལ་བ་དང་། སློབ་དཔོན་ཡང་ཤ་ཁྲག་གི་ལུས་མེད་པར་ནམ་མཁའི་ལུས་ཅན་ཌཱ་ཀི་སིཾ་ཧ་མུ་ཁ་དངོས་ཡིན་སྙམ་པས་འདིའི་རྗེས་ཟློས་མཛོད། ལུས་མེད་ཡེ་ཤེས་མཁའ་འགྲོ་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་སེང་གེའི་གདོང་ཅན་གྱི། །སྐུ་ཡི་དབང་བསྐུར་བསྩལ་དུ་གསོལ། །ལན་གསུམ། འོ་དེ་ལྟར་གསོལ་བ་བཏབ་པས། མདུན་བསྐྱེད་ཀྱི་དཔྲལ་བ་ནས་སྐུ་སངས་རྒྱས་རིགས་ཀྱི་ཌཱ་ཀི་སྐུ་མདོག་དཀར་མོ་སེང་གེའི་གདོང་ཅན་དཔག་ཏུ་མེད་པ་བྱོན་ནས་ཁྱེད་རང་གི་དཔྲལ་བར་ཐིམ་པའི་མོས་པ་མཛོད། གཏོར་མ་ལག་ཏུ་ཐོགས་ལ། ཨོཾ། འགྱུར་མེད་སྐུ་ཡི་དཀྱིལ་འཁོར་ནས། །སངས་རྒྱས་ཌཱ་ཀི་སེང་གེའི་གདོང་། །འཁོར་ནི་དཀར་མོ་འབུམ་དང་བཅས། །ཐུགས་རྗེའི་དབང་གིས་འདིར་གཤེགས་ལ། །སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །སྐུ་ཡི་དབང་མཆོག་བསྐུར་དུ་གསོལ། །ལུས་ལ་བདེ་དྲོད་སྦར་དུ་གསོལ། །འགྱུར་མེད་སྐུ་ཡི་དངོས་གྲུབ་སྩོལ། །ཡི་གེ་བཅུ་བཞི་དང་། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཞེས་ལན་གསུམ་མམ་བདུན་བརྗོད། སྐུ་ཡི་སྤྲུལ་པའི་ཌཱ་ཀི་ནཱི། །དཀར་མོ་སེང་གེའི་གདོང་པ་ཅན། །ཞི་བའི་ལས་ལ་དབང་སྒྱུར་མའི། །ནད་གདོན་ཞི་བའི་བཀྲ་ཤིས་ཤོག །ཅེས་མེ་ཏོག་འཐོར། དེ་ལྟར་དབང་བསྐུར་པའི་དབང་རྟགས་སུ་ཁྱེད་རང་གི་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ན་ཆོས་འབྱུང་དཀར་པོ་ཟུར་དྲུག་གི་དབུས་སུ་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ་ཞིག་གིས་རྒྱས་བཏབ་པར་སྒོམས་ཤིག །དེས་སྐུ་ཡི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །སྐུ་ཡི་བྱིན་རླབས་ཞུགས། ལུས་སྤྲུལ་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པ་ཡིན་ནོ། །ལུས་མེད་ཡེ་ཤེས་མཁའ་འགྲོ་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་སེང་གེའི་གདོང་ཅན་གྱི། །གསུང་གི་དབང་བསྐུར་བསྩལ་དུ་གསོལ། །གསུམ། འོ་དེ་ལྟར་གསོལ་བ་བཏབ་པས་མདུན་བསྐྱེད་ཀྱི་མགྲིན་པ་ནས་གསུང་པདྨ་རིགས་ཀྱི་ཌཱ་ཀི་སྐུ་མདོག་དམར་མོ་སེང་གེའི་གདོང་པ་ཅན་དཔག་ཏུ་མེད་པ་བྱོན་ནས་ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པའི་མོས་པ་མཛོད། གཏོར་མ་ཐོགས་ལ། ཨཱཿ འགག་མེད་གསུང་གི་དཀྱིལ་འཁོར་ནས། །པདྨ་ཌཱ་ཀི་སེང་གེའི་གདོང་། །འཁོར་ནི་དམར་མོ་འབུམ་དང་བཅས། །ཐུགས་རྗེའི་དབང་གིས་འདིར་གཤེགས་ལ། །སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །གསུང་གི་དབང་མཆོག་བསྐུར་དུ་གསོལ། །ངག་ལ་ནུས་པ་བསྐྱེད་དུ་གསོལ། །འགག་མེད་གསུང་གི་དངོས་གྲུབ་སྩོལ། །ཡི་གེ་བཅུ་བཞི་པ་དང་། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ གསུང་གི་སྤྲུལ་པའི་ཌཱ་ཀི་ནཱི། །དམར་མོ་སེང་གེའི་གདོང་པ་ཅན། །དབང་གི་ལས་ལ་དབང་སྒྱུར་མའི། །སྣང་སྲིད་དབང་སྡུད་བཀྲ་ཤིས་ཤོག །དེ་ལྟར་དབང་བསྐུར་པས་དབང་རྟགས་སུ་ཁྱོད་རང་གི་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་ཆོས་འབྱུང་དམར་པོ་ཟུར་དྲུག་གི་དབུས་སུ་པདྨ་དམར་པོ་ཨཱཿས་མཚན་པ་ཞིག་གིས་རྒྱས་བཏབ་པར་སྒོམས་ཤིག །དེས་གསུང་གི་དབང་ཐོབ། ངག་གི་སྒྲིབ་པ་དག །གསུང་གི་བྱིན་རླབས་ཞུགས། ངག་ལོངས་སྤྱོད་རྫོགས་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པ་ཡིན་ནོ། །ལུས་མེད་ཡེ་ཤེས་མཁའ་འགྲོ་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་སེང་གེའི་གདོང་ཅན་གྱི། །ཐུགས་ཀྱི་དབང་བསྐུར་བསྩལ་དུ་གསོལ། །འོ་དེ་ལྟར་གསོལ་བ་བཏབ་པས་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་རྡོ་རྗེ་རིགས་ཀྱི་ཌཱ་ཀི་སྐུ་མདོག་སྔོན་མོ་སེང་གེའི་གདོང་པ་ཅན་དཔག་ཏུ་མེད་པ་བྱོན་ནས་ཁྱེད་རང་གི་སྙིང་གར་ཐིམ་པའི་མོས་པ་མཛོད། ཧཱུྃ། འཁྲུལ་མེད་ཐུགས་ཀྱི་དཀྱིལ་འཁོར་ནས། །རྡོ་རྗེ་ཌཱ་ཀི་སེང་གེའི་གདོང། །འཁོར་ནི་སྔོན་མོ་འབུམ་དང་བཅས། །ཐུགས་རྗེའི་དབང་གིས་འདིར་གཤེགས་ལ། །སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །ཐུགས་ཀྱི་དབང་མཆོག་བསྐུར་དུ་གསོལ། །སེམས་ལ་རྟོགས་པ་བསྐྱེད་དུ་གསོལ། །འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་སྩོལ། །ཡི་གེ་བཅུ་བཞི་པ་དང་། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཐུགས་ཀྱི་སྤྲུལ་པའི་ཌཱ་ཀི་ནཱི། །སྔོན་མོ་སེང་གེའི་གདོང་པ་ཅན། །དྲག་པོའི་ལས་ལ་དབང་སྒྱུར་མའི། །དགྲ་བགེགས་ཚར་གཅོད་བཀྲ་ཤིས་ཤོག །དེ་ལྟར་དབང་བསྐུར་པས་དབང་རྟགས་སུ་ཁྱེད་རང་གི་སྙིང་ག་ཆོས་ཀྱི་འཁོར་ལོ་ན་ཆོས་འབྱུང་མཐིང་ནག་ཟུར་དྲུག་གི་དབུས་སུ་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་ཞིག་གིས་རྒྱས་བཏབ་པར་སྒོམས་ཤིག །དེས་ཐུགས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག །ཐུགས་ཀྱི་བྱིན་རླབས་ཞུགས། སེམས་ཆོས་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པ་ཡིན་ནོ། །ལུས་མེད་ཡེ་ཤེས་མཁའ་འགྲོ་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་སེང་གེའི་གདོང་ཅན་གྱི། །ཡོན་ཏན་དབང་མཆོག་བསྐུར་དུ་གསོལ། །གསུམ། འོ་དེ་ལྟར་གསོལ་བ་བཏབ་པས་མདུན་བསྐྱེད་ཀྱི་ལྟེ་བ་ནས་རིན་ཆེན་རིགས་ཀྱི་ཌཱ་ཀི་སྐུ་མདོག་སེར་མོ་སེང་གེའི་གདོང་པ་ཅན་དཔག་ཏུ་མེད་པ་བྱོན་ནས་ཁྱེད་རང་གི་ལྟེ་བར་ཐིམ་པའི་མོས་པ་མཛོད། སྭཱ། ཡོན་ཏན་རེ་སྐོང་དཀྱིལ་འཁོར་ནས། །རིན་ཆེན་ཌཱ་ཀི་སེང་གེའི་གདོང་། །འཁོར་ནི་སེར་མོ་འབུམ་དང་བཅས། །ཐུགས་རྗེའི་དབང་གིས་འདིར་གཤེགས་ལ། །སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །ཡོན་ཏན་དབང་མཆོག་བསྐུར་དུ་གསོལ། །ཚེ་དང་བསོད་ནམས་སྤེལ་དུ་གསོལ། །ཡོན་ཏན་རེ་སྐོང་དངོས་གྲུབ་སྩོལ། །ཡི་གེ་བཅུ་བཞི་པ་དང་། སརྦ་ཨ་བྷི་ཥིཉྩ་སྭཱ། ཡོན་ཏན་སྤྲུལ་པའི་ཌཱ་ཀི་ནཱི། །སེར་མོ་སེང་གེའི་གདོང་པ་ཅན། །རྒྱས་པའི་ལས་ལ་དབང་སྒྱུར་མའི། །ཚེ་བསོད་རྒྱས་པའི་བཀྲ་ཤིས་ཤོག །དེ་ལྟར་དབང་བསྐུར་པས་དབང་རྟགས་སུ་ཁྱེད་རང་གི་ལྟེ་བ་སྤྲུལ་པའི་འཁོར་ལོ་ན་ཆོས་འབྱུང་སེར་པོ་ཟུར་དྲུག་གི་དབུས་སུ་རིན་པོ་ཆེ་འབར་བ་སྭཱས་མཚན་པ་ཞིག་གིས་རྒྱས་བཏབ་པར་སྒོམས་ཤིག །དེས་ཡོན་ཏན་གྱི་དབང་ཐོབ། བསགས་པ་ཆ་སྙོམས་ཀྱི་སྒྲིབ་པ་དག །ཡོན་ཏན་གྱི་བྱིན་རླབས་ཞུགས། ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པ་ཡིན་ནོ། །ལུས་མེད་ཡེ་ཤེས་མཁའ་འགྲོ་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་སེང་གེའི་གདོང་ཅན་གྱི། །ཕྲིན་ལས་དབང་བསྐུར་བསྩལ་དུ་གསོལ། །གསུམ། དེ་ལྟར་གསོལ་བ་བཏབ་པས་མདུན་བསྐྱེད་ཀྱི་གསང་བ་ནས་ལས་ཀྱི་ཌཱ་ཀི་སྐུ་མདོག་ལྗང་མོ་སེང་གེའི་གདོང་པ་ཅན་དཔག་ཏུ་མེད་པ་བྱོན་ནས་ཁྱེད་རང་གི་གསང་བར་ཐིམ་པའི་མོས་པ་མཛོད། ཧོ། ཕྲིན་ལས་འགྲོ་འདུལ་དཀྱིལ་འཁོར་ནས། །ཀརྨ་ཌཱ་ཀི་སེང་གེའི་གདོང་། །འཁོར་ནི་ལྗང་མོ་འབུམ་དང་བཅས། །ཐུགས་རྗེའི་དབང་གིས་འདིར་གཤེགས་ལ། །སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །ཕྲིན་ལས་དབང་མཆོག་བསྐུར་དུ་གསོལ། །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །ཕྲིན་ལས་འགྲོ་འདུལ་དངོས་གྲུབ་སྩོལ། །ཡི་གེ་བཅུ་བཞི་པ་དང་། ཀརྨ་ཨ་བྷི་ཥིཉྩ་ཧཱ། ཕྲིན་ལས་སྤྲུལ་པའི་ཌཱ་ཀི་ནཱི། །ལྗང་མོ་སེང་གེའི་གདོང་པ་ཅན། །སྣ་ཚོགས་ལས་ལ་དབང་སྒྱུར་མའི། །ལས་བཞི་འགྲུབ་པའི་བཀྲ་ཤིས་ཤོག །དེ་ལྟར་དབང་བསྐུར་བས་དབང་རྟགས་སུ་ཁྱེད་རང་གི་གསང་གནས་བདེ་སྐྱོང་འཁོར་ལོ་ན་ཆོས་འབྱུང་ལྗང་གུ་ཟུར་དྲུག་གི་དབུས་སུ་སྣ་ཚོགས་རྡོ་རྗེ་ཧཱས་མཚན་པ་ཞིག་གིས་རྒྱས་བཏབ་པར་སྒོམས་ཤིག །དེས་ཕྲིན་ལས་ཀྱི་དབང་ཐོབ། ལས་ཉོན་གྱི་སྒྲིབ་པ་དག །ཕྲིན་ལས་ཀྱི་བྱིན་རླབས་ཞུགས། བདེ་བ་ཆེན་པོའི་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པ་ཡིན་ནོ། །གཏོར་མ་ལག་ཏུ་ཐོགས་ལ། ད་གཏོར་མ་འདི་ཉིད་བཅོམ་ལྡན་འདས་རྗེ་བཙུན་སེང་གེའི་གདོང་ཅན་མ་མཁའ་འགྲོ་བྱེ་བ་འབུམ་གྱིས་བསྐོར་ཞིང་། སྟེང་གི་ཆ་ལ་བཀའ་བབ་བརྒྱུད་པའི་བླ་མ་དང་བཅས་པ་སྤྲིན་འཁྲིགས་པ་ལྟར་ཁྱེད་རང་གི་སྤྱི་བོར་བྱོན་ནས་བྱིན་གྱིས་རློབ་པར་སྒོམས་ཤིག །བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ། ཡུམ་རྡོ་རྗེ་རྣལ་འབྱོར་མ། དཔལ་མགོན་འཕགས་པ་ཀླུ་སྒྲུབ། བྲམ་ཟེ་ཨཱརྻ་དེ་ཝ། གུ་རུ་པདྨ་འབྱུང་གནས། བླ་མ་རྡོ་རྗེ་གདན་པ་ལ་སོགས་པ་རིང་བརྒྱུད་ཀྱི་བླ་མ་རྣམས་དང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། པཎ་ཆེན་རྡོ་རྗེ་གདན་པ། བ་རི་ལོ་ཙཱ། ས་ཆེན་ཀུན་སྙིང་། རྗེ་བཙུན་རྩེ་མོ། ས་སྐྱ་པཎྜི་ཏ་ལ་སོགས་པ་ཉེ་བརྒྱུད་ཀྱི་བླ་མ་རྣམས་དང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། བླ་མ་བཻ་རོ། རྗེ་དུས་གསུམ་མཁྱེན་པ་ལ་སོགས་པ་ཀཾ་ཚང་བརྒྱུད་པའི་བླ་མ་རྣམས་དང་། ཆོས་སྐུ་ཀུན་བཟང་ཡབ་ཡུམ། མཁའ་འགྲོ་སེང་གེའི་གདོང་ཅན། ཨོ་རྒྱན་པདྨ་འབྱུང་གནས། རྟོགས་ལྡན་སངས་རྒྱས་མགོན་པོ། འཁྲུལ་ཞིག་རས་ཆེན་ཀུན་དགའ་དར་པོ་ལ་སོགས་པ་ཞལ་གཟིགས་བརྒྱུད་པ་རྣམས་དང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། གཏེར་སྟོན་རཏྣ་གླིང་པ། སྔགས་འཆང་ཧཱུྃ་ནག་མེ་འབར། རིག་འཛིན་མི་འགྱུར་རྡོ་རྗེ་ལ་སོགས་པ་གཏེར་མ་བརྒྱུད་པ་རྣམས་དང་། མ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་ཅན། སྟག་གི་གདོང་ཅན། དོམ་གྱི་གདོང་ཅན། རིགས་བཞི་མཁའ་འགྲོ་སེང་གེའི་གདོང་ཅན། ཕྲ་མེན་སེང་གདོང་བཅུ་བཞི། འཁོར་རི་རབ་སུམ་ཅུ་སོ་གཉིས་ཀྱི་རྡུལ་གྱི་གྲངས་དང་མཉམ་པའི་མཁའ་འགྲོ་མ་རྣམས་ཀྱི་བྱིན་གྱིས་བརླབ་པ་དང་དབང་བསྐུར་བར་མཛད་དུ་གསོལ། རྒྱལ་བསེན་དམ་སྲི་སྡེ་བརྒྱད་ཀྱི་གནོད་པས་མི་ཚུགས་པར་སྲུངས་ཤིག །གག་ལྷོག་གཟེར་གསུམ་ཡམས་ནད་རིམས་ཀྱི་ནད་རིགས་ལ་སོགས་ནད་རིགས་བཞི་བརྒྱ་རྩ་བཞིའི་གནོད་པ་ཞི་ཞིང་མི་འབྱུང་བར་བྱིན་གྱིས་རློབས་ཤིག །ཚེ་དང་བསོད་ནམས་དབང་ཐང་ཀླུང་རྟ་ཐམས་ཅད་དར་ཞིང་རྒྱས་པར་བྱིན་གྱིས་རློབས་ཤིག །རླུང་སེམས་སྣང་སྲིད་ཐམས་ཅད་དབང་དུ་འདུ་བར་མཛོད་ཅིག །བྱད་ཁ་ཕུར་ཁ་གཏོར་ཁ་ཟོར་ཁ་བན་བྱད་བོན་བྱད་དམོད་བྱད་རླུང་འཁོར་ཕྲ་མེན་སྦྱིན་སྲེག་ངག་མནན་བསྐྲད་འཁོར་སེལ་ནག་གཏད་མནན། བསམ་ངན་སྦྱོར་རྩུབ་ཐམས་ཅད་ཕྱིར་ཟློག་པའི་ཕྲིན་ལས་མཛོད་ཅིག །དུས་འདི་ནས་བཟུང་སྟེ་ཇི་སྲིད་སངས་མ་རྒྱས་ཀྱི་བར་དུ་རྗེས་སུ་གཟུང་དུ་གསོལ། སྲུང་བ་དང་སྐྱོབ་པར་མཛད་དུ་གསོལ། ཨོཾ་ཤྲཱི་བཛྲ་ཌཱ་ཀི་ནཱི་སིཾ་ཧ་མུ་ཁ་ཧཱུྃ་ཧཱུྃ་ཕཊ། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ བཛྲ་རཀྵ་རཀྵ་ཡེ་སྭཱ་ཧཱ། རྒྱལ་བ་ཀུན་གྱི་ཐུགས་ཀྱི་རྡོ་རྗེ་དངོས། །བརྟན་དང་གཡོ་བའི་བདག་ཉིད་ཁྱབ་བདག་སྐུ །ནམ་མཁའི་མདོག་ཅན་ཌཱ་ཀི་བྱེ་བའི་གཙོ། །དཔལ་ལྡན་རྡོ་རྗེ་མཁའ་འགྲོའི་བཀྲ་ཤིས་ཤོག །དེ་ལྟར་དབང་བསྐུར་ནས་དབང་ལྷ་ཡེ་ཤེས་པ་དེ་ཁྱེད་རང་ལ་སིབ་ཀྱིས་ཐིམ་པས་ཁྱེད་རང་གི་སྙིང་པདྨ་འདབ་བརྒྱད་གྱེན་དུ་ཕྱོགས་པའི་ནང་དུ། གནམ་ལྕགས་ལས་གྲུབ་པའི་ཆོས་འབྱུང་མཐིང་ནག་རྩེ་མོ་རྣོ་བ་སྟེང་འོག་ཏུ་ཕྱོགས་པ་ཁ་སྦྱོར་བསྣོལ་མ་དྲུག་ལྡན་གྱི་དབུས་སུ་རྡོ་རྗེ་སྔོན་པོ་རྩེ་ལྔ་གྱེན་དུ་ལང་བའི་ལྟེ་བར། ཁྱེད་རང་གི་སེམས་ཉིད་ཀྱི་ངོ་བོ་ཌཱ་ཀི་སེང་གདོང་ཚོན་གང་བའི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་ཡིག་ནས་འབྲས་ཙམ་གྱི་མཐར་སྔགས་ཕྲེང་སྤུས་བྲིས་པ་ཙམ་གྱིས་བསྐོར་བ། སྙིང་གི་པདྨ་ཟླུམ་པོ་སྔགས་ཀྱི་ཕྲེང་བས་བཀྱིགས་ཏེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཡི་དམ་གྱི་ལྷ་དེ་དང་འབྲལ་བ་མེད་པའི་མོས་པ་མཛོད་ལ། སེམས་གཉུག་མ་འོད་གསལ་གྱི་ངང་ལ་དར་གཅིག་བཞག་འཚལ། ཞེས་ཅུང་ཟད་བཞག །དེ་ནས་དབང་ལྷ་དམ་ཚིག་པ་བདུད་རྩིར་ཞུ་ནས་གཏོར་མ་དངོས་གྲུབ་ཐམས་ཅད་འབྱུང་བའི་ནོར་བུ་བསམ་འཕེལ་དབང་གི་རྒྱལ་པོ་དགོས་འདོད་ཐམས་ཅད་འབྱུང་བར་གྱུར་ཅིག །རྩ་སྔགས་དང་། ཨོཾ་ཛྙཱ་ན་ཌཱ་ཀི་སརྦ་སིདྡྷི་ཕ་ལ་ཧོཿ ཡེ་དྷརྨ་ཚར་གཅིག་བརྗོད། དངོས་གྲུབ་ཀྱི་མཚན་མ་བརྟག་པའི་ཕྱིར་བཟང་ངན་གྱི་བསམ་བློ་མ་བཏང་བར་ཐེ་ཚོམ་མེད་པར་སློབ་མར་ལེན་བཅུག་པའམ། སློབ་དཔོན་གྱི་མིག་བཙུམ་ནས་གཏོར་མ་ནས་དངོས་གྲུབ་བླངས་ལ་སློབ་མ་ལ་བྱིན་ཏེ། དེ་ནས། གཏོར་མའི་རྩེ་མོ་ནས་སོར་བཞི་ཡན་ཐོབ་ན་མཆོག་གི་དངོས་གྲུབ་ཐོབ། དེ་བཞིན་གཡས་ཟུར་ཐོབ་ན་གསུང་རྡོ་རྗེ། གཡོན་ཟུར་ཐོབ་ན་སྐུ་རྡོ་རྗེ། རྒྱབ་ཟུར་ཐོབ་ན་ཐུགས་རྡོ་རྗེ། ཚང་མ་ཐོབ་ན་ཡེ་ཤེས་རྡོ་རྗེ་ཐོབ་པར་ལུང་བསྟན་ནོ། །དེ་འོག་སོར་བཞིའི་ཤར་ནས་ཞི་བ། ལྷོ་ནས་རྒྱས་པ། ནུབ་ནས་དབང་། བྱང་ནས་དྲག་པོ། ཚང་མ་ཐོབ་ན་ལས་ཐམས་ཅད་འགྲུབ་བོ། །དེ་འོག་སོར་བཞིའི་ཤར་ནས་རིགས་རྒྱུད། ལྷོ་ནས་ཚེ་དང་འབྱོར་པ། ནུབ་ནས་ཟས་ནོར། བྱང་ནས་འཁོར་སློབ། ཚང་མས་ཡུལ་ཁམས་ཀུན་ལ་དབང་སྒྱུར་བ་དང་། སྙན་གྲགས་ཉི་ཟླ་ལྟ་བུར་འབྱུང་ངོ་། །དེ་འོག་གཏོར་མའི་རྩ་བ་ཤར་ནས་སྐྱེས་པ་འདུ་ཞིང་དྲི་ཟས་ལས་སྒྲུབ་ཅིང་ཡང་ཡང་མངོན་ཤེས་འཆར། ལྷོ་ནས་བུད་མེད་འདུ་ཞིང་གཤིན་རྗེས་ལས་སྒྲུབ་མཐུ་རྩལ་ཆེ། ནུབ་ནས་ནོར་ཕྱུགས་འཕེལ་ཞིང་ཀླུ་དབང་གིས་ལས་སྒྲུབ་དེའི་ལས་ལ་དབང་ངོ་། །བྱང་ནས་སྔགས་བཙུན་དང་མི་རིགས་ཐམས་ཅད་འདུ་ཞིང་ཐེའུ་རང་སྡེ་བརྒྱད་སྤྱི་ཡིས་ལས་སྒྲུབ་ཅིང་ལས་ཀྱི་སྟོབས་ཆེའོ། །མ་ཐོབ་པར་ཁ་སྟོང་དང་། ཁ་ལ་རྨ་དང་ཁྲག་འབྱུང་བ་ཁ་ནས་ཟག་པ་དང་། རྡོ་དང་བསྣུན་ཤིང་དང་། མདའ་མགོ་དང་མི་ཤིས་པའི་རྫས་དང་བཅས་ཁར་བྱུང་ན། ཚེ་འདི་ལ་མི་དགེ་བ་སྣ་ཚོགས་དང་ཕྱི་མ་ངན་སོང་དུ་འགྲོ་བ་དང་། བྱད་ཁ་དང་གཏད་མནན་སོགས་མི་མཐུན་པའི་བར་ཆད་འགལ་རྐྱེན་འབྱུང་ངམ་འབྱུང་བཞིན་པར་ངོ་སྤྲད་དོ། །ད་ཁྱེད་རང་རྣམས་ཀྱིས་ཌཱ་ཀི་སེང་གདོང་མའི་གཏོར་མའི་དབང་བསྐུར་བྱིན་རླབས་ཀྱི་རིམ་པ་ལེགས་པར་ཐོབ་ནས། དེའི་དམ་ཚིག་ཏུ་འདི་ཉིད་ཡི་དམ་དུ་འཛིན་ཅིང་དམ་ཚིག་ཚུལ་བཞིན་དུ་བསྲུང་བསམ་པས་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །དེང་ནས་བརྩམ་སྟེ་བདག་བྲན་དུ། ཁྱེད་ལ་བདག་ནི་འབུལ་ལགས་ཀྱིས། ཁྱེད་ཀྱི་སློབ་མར་གཟུང་བ་དང་། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །མཎྜལ་ཕུལ། སློབ་མ་གྱེས་ནས་རྗེས་ཆོག་རྣམས་སྤྱི་ལྟར་བྱའོ། །འདི་ནི་སྔོན་གྱི་དབང་ཆོག་ཚད་ལྡན་རྣམས་ཀྱི་རྗེས་སུ་འབྲང་སྟེ། རང་གི་རྨི་ལམ་དུ་ཐོབ་པ་དེ་ལ་གཞི་བྱས་ཏེ་བརྗེད་ཐོ་ཙམ་དུ་ཀརྨ་ཨ་རཱ་གས་མགྱོགས་པར་ཐུན་མཚམས་གཅིག་ཏུ་བྲིས་སོ། །འདི་བྲིས་ཉེས་པའི་ཚོགས་རྣམས་ཅི་མཆིས་པ། །ཌཱ་ཀི་སེང་གེའི་གདོང་ཅན་དྲུང་དུ་བཤགས། །འདི་བྲིས་དགེ་བའི་རྩ་བ་གང་མཆིས་དེས། །བདག་དང་བདག་ལ་འབྲེལ་ཐོགས་འགྲོ་བ་ཀུན། ཁྱད་པར་དབང་འདི་གང་གིས་ཐོབ་པ་རྣམས། །ཚེ་འདིར་སེང་གདོང་དྷཱ་ཀིས་རྗེས་བཟུང་སྟེ། །ཕྲིན་ལས་རྣམ་བཞི་གང་བརྩམ་ཐོགས་མེད་ཅིང་། །འོད་གསལ་གདོད་མའི་གནས་ལུགས་མངོན་གྱུར་ཏེ། །ནམ་ཞིག་འདི་ནས་མི་གནས་འཕོ་བའི་ཚེ། །གནས་གསུམ་ཌཱ་ཀི་རྒྱ་མཚོའི་ཚོགས་རྣམས་ཀྱིས། །གདུགས་དང་རྒྱལ་མཚན་མེ་ཏོག་ཆར་འབེབས་ཤིང་། །འཇའ་འོད་ས་གཡོ་རོལ་མོའི་སྒྲ་དང་བཅས། །འོག་མིན་མཁའ་སྤྱོད་བདེ་ཆེན་ཞིང་ཁམས་སུ། །བདེ་བླག་ཉིད་དུ་འཁྲིད་པའི་ཕྱིར་དུ་བསྔོ། །ཆོས་ཉིད་གདོད་ནས་དག་པ་ཀུན་བཟང་མོ། །ཆོས་ཅན་རྒྱུ་འབྲས་བསླུ་མེད་བདེན་པ་དང་། །སེང་གདོང་ཌཱ་ཀིའི་ལྷ་ཚོགས་བདེན་པའི་མཐུས། །སྨོན་ལམ་དེ་བཏབ་བསླུ་མེད་འགྲུབ་གྱུར་ཅིག །སརྦ་མངྒ་ལཾ།། །།

[edit]

TSAGLI image gallery goes here

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).