Terdzo-CI-002

From Rinchen Terdzö
Revision as of 06:32, 29 December 2017 by Jeremi (talk | contribs) (Text replacement - "= Tsagli = {{TsagliCall}} " to "{{TsagliCall}} ")

ཡང་གཏེར་སྒྲོལ་མ་འཇིགས་པ་ཀུན་སྐྱོབ་ཀྱི་ཕྲིན་ལས་དབང་བསྐུར་དང་བཅས་པ་ཀུན་དགའི་ཟླ་ཟེར་

yang gter sgrol ma 'jigs pa kun skyob kyi phrin las dbang bskur dang bcas pa kun dga'i zla zer

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  གཡག་ཕྱར་སྔོན་མོ་རིན་ཆེན་རྒྱལ་པོ་, རོང་པ་གཏེར་སྟོན་བདུད་འདུལ་གླིང་པ་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Yakchar Ngönmo Rinchen GyalpoRongpa Tertön Dudul LingpaJamyang Khyentse Wangpo)
in cycle  སྒྲོལ་མ་འཇིགས་པ་ཀུན་སྐྱོབ་ (Sgrol ma 'jigs pa kun skyob)
Volume 35 (ཅི) / Pages 37-58 / Folios 1a1 to 11b3

[edit]

༄༅། །ཡང་གཏེར་སྒྲོལ་མ་འཇིགས་པ་ཀུན་སྐྱོབ་ཀྱི་ཕྲིན་ལས་དབང་བསྐུར་དང་བཅས་པ་ཀུན་དགའི་ཟླ་ཟེར་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཨཱརྻ་ཏཱ་ར་ཡེ། འགྲོ་བ་ཀུན་སྐྱོབ་ཐུགས་རྗེའི་སྟོབས། །སྲས་བཅས་རྒྱལ་ལས་ཆེས་འཕགས་པ། །མྱུར་མ་དཔའ་མོའི་དགྱེས་ཞལ་གྱིས། །བྱང་ཆུབ་བར་དུ་བསྐྱང་བར་མཛོད། །སྒྲོལ་ལྗང་འཇིགས་པ་ཀུན་སྐྱོབ་ཀྱི་ཕྲིན་ལས་བྱ་བ་ལ། སྦྱོར་བ་གཤོམ་ནི། དབང་བསྐུར་དང་འབྲེལ་ན་འོག་ཏུ་སྨོས་པ་ལྟར་ལ་དཀྱུས་ཙམ་དུ། གནས་ཁང་གི་གུང་དུ་འཕགས་མའི་སྣང་བརྙན་རྟེན་ཡོད་ན་བཀྲམ། སྟེགས་གཙང་མར་རིན་པོ་ཆེའི་སྣོད་དུ་འབུལ་གཏོར་དཀར་ཟླུམ་རྒྱན་ལྡན། དཀར་གསུམ་གྱི་བཟའ་བཏུང་དང་སྨན་ཕུད་བཅས་པ་བཞག །ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམ། སྔོན་གཏོར་དཀར་བགེགས་སོགས་ཉེར་མཁོའི་ཡོ་བྱད་སྤྱི་ལྟར་ཚོགས་པར་བྱའོ། །ཕྲིན་ལས་དངོས་ལ་གསུམ། སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པའོ། །དང་པོ་ལ། བརྒྱུད་པའི་གསོལ་འདེབས་ནི། འཕགས་བཞིའི་སྐྱེད་ཡུམ་ཆོས་སྐུ་ཀུན་བཟང་མོ། །རྡོ་རྗེ་ཕག་མོ་ཡེ་ཤེས་ལོངས་སྤྱོད་རྫོགས། །རྗེ་བཙུན་འཕགས་མ་སྒྲོལ་མ་སྤྲུལ་པའི་སྐུ །རྒྱལ་བ་ཀུན་འདུས་པད་འབྱུང་མཚོ་རྒྱལ་ལྕམ། །ལོ་ཆེན་བཻ་རོ་གཡག་ཕྱར་སྔོན་མོ་དང་། །བདུད་འདུལ་གླིང་པ་མཁའ་འགྲོ་ཙཎྜི་ཀཱ །བཀའ་བབས་བདུན་འཆང་པདྨ་མདོ་སྔགས་གླིང་། །བརྒྱུད་པ་དྲུག་ལྡན་རྩ་བརྒྱུད་བླ་མའི་ཚོགས། །འཇིགས་པ་བརྒྱད་སྐྱོབ་རྣམ་འཕྲུལ་ཉི་ཤུ་གཅིག །མཚན་མཆོག་བརྒྱ་རྩ་ལ་སོགས་དཀྱིལ་འཁོར་ལྷ། །ཌཱ་ཀི་ཆོས་སྐྱོང་ཡེ་ཤེས་རོལ་པའི་རྩལ། །ཐུགས་རྗེའི་སྤྱན་ལྡན་རྣམས་ལ་གསོལ་བ་འདེབས། །གནས་སྐབས་མཐར་ཐུག་འཇིགས་པ་ཀུན་ལས་སྒྲོལ། །རྣམ་བཞིའི་ཕྲིན་ལས་རྩོལ་མེད་ལྷུན་གྱིས་གྲུབ། །ཐུན་མོང་མཆོག་གི་དངོས་གྲུབ་བདེ་བླག་ཐོབ། །འཕགས་མའི་གསང་བ་གསུམ་དང་དབྱེར་མེད་ཤོག །དཀར་གཏོར། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ། བྷཱུ་མི་པ་ཏི་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿ ཞེས་པས་མགྲོན་འགུགས། བྷཱུ་མི་པ་ཏི་ས་པ་རི་བཱ་ར་ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་འབུལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་སོགས་སྤྱི་ལྟར་གྱིས་ཕྲིན་ལས་བཅོལ། སྔགས་མཐར་གཙྪ་བཏགས་པས་གཤེགས་སུ་གསོལ། བགེགས་གཏོར་བསང་སྦྱང་། སྟོང་པའི་ངང་ལས་རང་རང་གི་ཡིད་དང་མཐུན་པའི་སྣོད་རྣམས་སུ་ཁཾ་ལས་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་སོ་སོའི་སྤྱོད་ཡུལ་བཞིན་དུ་འཆར་བར་གྱུར། ཨ་ཀཱ་རོ་ལན་གསུམ་གྱིས་བྱིན་བརླབ། རང་ཉིད་སྐད་ཅིག་གིས་རྟ་མཆོག་ཧེ་རུ་ཀའི་སྐུར་གྱུར། སརྦ་བྷཱུ་ཏ་ཨཱ་ཀརྵ་ཛཿས་འགུགས། སརྦ་བིགྷྣཱན་ན་མཿསརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོས་ལ་བཀའ་བསྒོ་བ་ནི། ཧཱུྃ་ཧྲཱི༔ བླ་མ་རྣམས་ཀྱི་བྱིན་རླབས་དང༔ ཡི་དམ་ལྷ་ཡི་ཏིང་འཛིན་དང༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ ལོག་པར་འདྲེན་པ་བདུད་ཀྱི་ཚོགས༔ འདི་རུ་མ་འདུག་གཞན་དུ་དེངས༔ ཞེས་དང་ཧཱུྃ་བཞིའི་དྲག་སྔགས་བརྗོད་ལ་བསྐྲད། མཚམས་གཅོད་པ་ནི། ཧཱུྃ༔ ང་ནི་ཡེ་ནས་ངང་གིས་ཁྲོ༔ མཚམས་གཅོད་ཁྲོ་བོས་ནམ་མཁའ་གང༔ བགེགས་འདུལ་ཁྲོ་བོའི་རོལ་མཚམས་ལས༔ སུ་ཡང་འདའ་བར་མ་བྱེད་ཅིག༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ ཚོགས་གསག་སྐྱབས་སེམས་ནི། རང་གི་སྙིང་གར་ཟླ་བ་ལ་གནས་པའི་ཏཱཾ་ཡིག་ལྗང་གུའི་འོད་ཟེར་གྱི་སྣང་བས་རྗེ་བཙུན་མ་འཕགས་མ་སྒྲོལ་མ་རྒྱལ་བ་སྲས་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ་བཞུགས་པར་གྱུར། ཅེས་ཚོགས་རྟེན་གསལ་གདབ་ལ། ན་མོ༔ འཇིགས་དང་སྡུག་བསྔལ་ཀུན་སེལ་བའི༔ རྗེ་བཙུན་འཕགས་མའི་ལྷ་ཚོགས་རྣམས༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས༔ པདྨ་ཟླ་བའི་གདན་ལ་བཞུགས༔ བདག་དང་མཁའ་མཉམ་སེམས་ཅན་ཀུན༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ རྩེ་གཅིག་ཡིད་ཀྱིས་སྐྱབས་སུ་མཆི༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ སྡོམ་པ་མ་ལུས་གཟུང་བར་བགྱི༔ འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག༔ ལན་གསུམ། ཚོགས་ཞིང་རྣམས་འོད་གསལ་གྱི་ངང་དུ་ཐིམ་པར་གྱུར། མཆོད་པ་བྱིན་བརླབ་ནི། ཧཱུྃ༔ བརྟན་གཡོའི་སྣང་བ་ཐམས་ཅད་ཀུན༔ གཡུ་ལོ་བཀོད་པའི་ཞིང་ཁམས་སུ༔ ཕྱི་ནང་མཆོད་པའི་དངོས་པོའི་ཚོགས༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་གྱུར༔ ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་བ་ཏེ་བཛྲ་སཱ་ར་པྲ་མརྡྷ་ནཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ་མ་ཧཱ་བཛྲེ་མ་ཧཱ་ཏེ་ཛོ་བཛྲེ་མ་ཧཱ་བིདྱཱ་བཛྲེ་མ་ཧཱ་བོ་དྷི་ཙིཏྟེ་བཛྲེ་མ་ཧཱ་བོ་དྷི་མནྟྲོ་པ་སཾ་ཀྲ་མ་ཎ་བཛྲེ་སརྦ་ཀརྨ་ཨ་བ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་མཆོད་པའི་སྤྲིན་འབྱུང་བའི་སྔགས་ལན་གསུམ་བརྗོད་པས་སྤེལ་ལོ། །གཉིས་པ་དངོས་གཞི་ལ་གཉིས། བསྐྱེད་པའི་རྣལ་འབྱོར་ཡན་ལག་དང་བཅས་པ། བཟླས་པའི་རིམ་པའོ། །དང་པོ་ནི། ཏཱཾ༔ སྟོང་ཉིད་རང་གདངས་རྡོ་རྗེའི་སྲུང་འཁོར་དབུས༔ རིན་ཆེན་གཞལ་མེད་མཚན་ཉིད་ཡོངས་སུ་རྫོགས༔ པད་ཟླའི་སྟེང་དུ་ས་བོན་ཏཱཾ་ལྗང་གུ༔ འོད་ཟེར་འཕྲོས་འདུས་ཨུཏྤལ་ཏཱཾ་གྱིས་མཚན༔ དེ་ལས་རྗེ་བཙུན་སྒྲོལ་མ་སྐུ་མདོག་ལྗང༔ ཞི་འཛུམ་དབུ་སྐྲ་གནག་སྣུམ་སིལ་བུར་གྲོལ༔ དར་དང་རིན་ཆེན་མེ་ཏོག་ཕྲེང་བས་བརྒྱན༔ ཕྱག་གཡས་མཆོག་སྦྱིན་གཡོན་པས་ཨུཏྤལ་འཆང༔ ཞབས་གཉིས་ཕྱེད་སྐྱིལ་འོད་ལྔའི་ཀློང་ན་བཞུགས༔ མཐའ་སྐོར་འཇིགས་པ་བརྒྱད་སྐྱོབ་སྒྲོལ་མ་དང༔ རྣམ་འཕྲུལ་ཉེར་གཅིག་མཚན་མཆོག་བརྒྱ་རྩ་སོགས༔ སྤྲུལ་པའི་སྤྲིན་ཕུང་བསམ་ཡས་སྤྲོ་ཞིང་བསྡུ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་མཚན་འོད་ཟེར་གྱིས༔ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་གཉིས་མེད་གྱུར༔ སྤྱན་འདྲེན་བཞུགས་གསོལ་ནི། སྤོས་བཏུལ། དབྱངས་རོལ་མོས་གུས་དང་བཅས་པས། ཏཱཾ༔ སྤྱན་རས་གཟིགས་དབང་བརྩེ་བའི་ཐུགས་རྗེའི་འཕྲུལ༔ འཇིགས་པ་ཀུན་སྐྱོབ་ཨཱརྻ་ཏཱ་རེ་མ༔ བདེ་གཤེགས་སེམས་དཔའ་སེམས་མའི་འཁོར་དང་བཅས༔ ཐུགས་རྗེའི་དབང་གིས་འདིར་གཤེགས་བརྟན་པར་བཞུགས༔ ཨོཾ་ཨཱརྻ་ཏཱ་རེ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ བཛྲ་ས་མཱ་ཛ༔ ས་མ་ཡ་ཛཿཧཱུྃ་བཾ་ཧོཿཏིཥྛ་ལྷན༔ དམ་ཡེ་གཉིས་མེད་དུ་གྱུར་པ་ལ་དབང་བསྐུར་རྒྱས་གདབ་བྱ་བ་ནི། སླར་ཡང་དབང་ལྷ་ནམ་མཁའ་གང་བའི་ཚོགས༔ སྤྱན་དྲངས་ཡེ་ཤེས་བདུད་རྩིས་དབང་བསྐུར་བས༔ སྐུ་གང་སྒྲིབ་དག་ཆུ་ལྷག་གྱེན་དུ་འཁྱིལ༔ རིགས་བདག་འོད་དཔག་མེད་པས་དབུ་བརྒྱན་གྱུར༔ ཨོཾ་ཨ་པ་རི་མི་ཏ་ཨ་བྷི་ཥིཉྩ་ཧྲཱི༔ ཕྱག་དང་མཆོད་པ་འབུལ་བ་ནི། ཧོ༔ རྗེ་བཙུན་འཕགས་མའི་ལྷ་ཚོགས་ལ༔ བདག་དང་མཐའ་ཡས་སེམས་ཅན་ཀུན༔ སྒོ་གསུམ་དད་པས་ཕྱག་འཚལ་ཞིང༔ ཉེར་སྤྱོད་བདུན་དང་རོལ་མོའི་སྒྲ༔ འདོད་ཡོན་ལྔ་དང་རྒྱལ་སྲིད་བདུན༔ བཀྲ་ཤིས་རྫས་རྟགས་བརྒྱད་ལ་སོགས༔ སྲིད་དང་ཞི་བའི་འབྱོར་ཚོགས་ཀུན༔ དངོས་བཤམས་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ གུས་པས་འབུལ་ལོ་བཞེས་ནས་ཀྱང༔ འཇིགས་པ་ཐམས་ཅད་ཞི་བ་དང༔ ཚེ་དང་ཡེ་ཤེས་རྒྱས་པ་དང༔ མཆོག་ཐུན་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་སརྦ་པཱུ་ཛ་ས་མ་ཡ་ཧོ༔ བསྟོད་པ་ནི། ཨོཾ༔ ཐུགས་རྗེའི་མངའ་བདག་སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད༔ མཚན་དཔེའི་སྐུར་སྟོན་སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད༔ ཚངས་པའི་གསུང་ལྡན་སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད༔ མཁྱེན་བརྩེའི་ཐུགས་མངའ་སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད༔ ཡོན་ཏན་མཐའ་ཡས་སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད༔ ཕྲིན་ལས་རྨད་བྱུང་སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད༔ འཇིགས་པ་བརྒྱད་སྐྱོབ་སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད༔ རྣམ་འཕྲུལ་ཉེར་གཅིག་སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད༔ མཚན་མཆོག་བརྒྱ་ལྡན་སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད༔ སངས་རྒྱས་བྱང་སེམས་འཕགས་མའི་ཚོགས་ལ་ཕྱག་འཚལ་བསྟོད༔ གུས་པས་བསྟོད་དོ་འགྲོ་ཀུན་འཇིགས་ལས་བསྐྱབ་ཏུ་གསོལ༔ ཅེས་དང་བསྟོད་པའི་རྒྱུད་ཕྱག་འཚལ་ཉེར་གཅིག་ཀྱང་བརྗོད་དོ། །གཉིས་པ་བཟླས་པའི་རིམ་པ་ལ། བཟླས་དམིགས་ནི། རང་གི་ཐུགས་ཀར་པད་ཟླའི་སྟེང་དུ་ཡེ་ཤེས་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་ཁ་སརྣ་ཎི་ཚོན་གང་བ༔ དེའི་ཐུགས་ཀར་ཨུཏྤལ་སྔོན་པོ་འདབ་མ་བརྒྱད་པ་ཁ་སྦྱོར་གྱི་དབུས་སུ་ཏཱཾ༔ སྟེང་དུ་ཨོཾ༔ འོག་ཏུ་ཧཱ༔ འདབ་མ་བརྒྱད་ལ་ཏཱ་རེ་ཏུཏ་ཏཱ་རེ་ཏུ་རེ་སྭཱ་ཞེས་པའི་ཡིག་འབྲུ་བརྒྱད་འོད་ཟེར་འབར་བ་དང་བཅས་པས་མཚན་པར་གྱུར༔ ཅེས་གསལ་གདབ། བཟླ་བྱའི་སྔགས་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཞེས་ཡི་གེ་བཅུ་པ་ཁོ་ན་བཟླ། ལྷ་སྔགས་ལ་སེམས་རྩེ་གཅིག་ཏུ་གཏད། གསལ་སྣང་སྐྱེས་པ་ན་སྤྲོ་བསྡུའི་དམིགས་པ་བྱ་སྟེ། བཟླས་པའི་རྐྱེན་གྱིས་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་ཕྱོགས་ཀུན་ཏུ་འཕྲོས༔ ཞིང་རབ་འབྱམས་ཀྱི་རྒྱལ་བ་སེམས་དཔའ་འཕགས་མའི་ཚོགས་ལ་ཐུགས་མཉེས་པའི་མཆོད་པ་འབུལ༔ འགྲོ་བ་རིགས་དྲུག་གི་འཇིགས་པ་དང་སྡུག་བསྔལ་ཐམས་ཅད་བསལ༔ བདེ་བས་ཚིམ་པར་བྱས༔ འོད་ཟེར་ཚུར་འདུས་བདག་ལ་ཐིམ་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་པར་གྱུར༔ ཅེས་ཡང་ཡང་དམིགས་ལ་ཡིག་བཅུ་བཟླའོ། །གསུམ་པ་རྗེས་ནི། ཐུན་མཐར་མཆོད་བསྟོད་གོང་ལྟར་རམ། བསྡུ་ན་སྔགས་ཙམ་གྱིས་མཆོད་ཅིང་བསྟོད། རྗེ་བཙུན་མ་སྒྲོལ་མས་བདག་དང་སེམས་ཅན་ཐམས་ཅད་འཇིགས་པ་དང་སྡུག་བསྔལ་མཐའ་དག་ལས་སྐྱོབ་ཅིང་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་བར་མཛད་དུ་གསོལ། ཞེས་འདོད་དོན་གསོལ། ཡིག་བརྒྱ་བརྗོད་ལ་ནོངས་པ་བཤགས། གཏོར་འབུལ་ནི། ཨོཾ་ཧྱ་གྲཱི་བ་ཧཱུྃ་ཕཊཿ ཨོཾ་སྭཱ་བྷཱ་བ་སོགས་ཀྱིས་བསང་སྦྱང་། སྟོང་པའི་ངང་ལས། རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་གཏོར་མ་བདུད་རྩིའི་རྒྱ་མཚོ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། ལག་པ་གཡས་གཡོན་གཉིས་ཀ་བསྟན་པའི་རྒྱ་དང་། ཨོཾ་ཨཱཿཧཱུྃ་གསུམ་གྱིས་བྱིན་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་རྗེ་བཙུན་འཕགས་མ་སྒྲོལ་མ་རྣམ་འཕྲུལ་མཐའ་ཡས་པའི་འཁོར་དང་བཅས་པ་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས་པའི་ལྗགས་རྡོ་རྗེའི་འོད་ཀྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་མཉེས་པར་གྱུར། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཨི་དཾ་བ་ལིཾ་ཏ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་བདུན་གྱིས་འབུལ་ལ་འདོད་དོན་གསོལ་བ་ནི། ཨོཾ༔ དུས་གསུམ་སངས་རྒྱས་ཀུན་གྱི་ཡུམ༔ ཕྲིན་ལས་མངའ་བདག་ཐུགས་རྗེའི་གཏེར༔ འཕགས་མ་སྒྲོལ་མ་སྒྲོལ་མཛད་ཡུམ༔ འཇིགས་པ་བརྒྱད་སྐྱོབ་ལྷ་མོ་དང༔ རྣམ་འཕྲུལ་ཉི་ཤུ་རྩ་གཅིག་དང༔ མཚན་མཆོག་བརྒྱ་རྩ་བརྒྱད་ལ་སོགས༔ སངས་རྒྱས་བྱང་སེམས་ཡི་དམ་ལྷ༔ དཔའ་བོ་མཁའ་འགྲོ་ཆོས་སྲུང་བཅས༔ འཁོར་དང་བཅས་པ་ཐམས་ཅད་ཀུན༔ ཏིང་འཛིན་སྔགས་རྒྱས་བྱིན་བརླབས་པའི༔ ཞལ་ཟས་གཏོར་མ་འདི་བཞེས་ལ༔ བདག་ཅག་རྣལ་འབྱོར་འཁོར་དང་བཅས༔ ནད་གདོན་འཇིགས་པ་ཀུན་ལས་སྐྱོབས༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་སྤེལ༔ ཞི་སོགས་ཕྲིན་ལས་རབ་འབྱམས་དང༔ མཆོག་གི་དངོས་གྲུབ་འགྲུབ་པར་མཛོད༔ ཅེས་གསོལ་བ་གདབ། བཛྲ་མུཿ གཏོར་མགྲོན་རང་བཞིན་གྱི་གནས་སུ་གཤེགས་པའམ་རྟེན་ལ་བརྟན་བཞུགས་བྱས་ཀྱང་ཆོག །གཏོར་མ་གཙང་སར་བསྐྱལ། རང་དང་སྣང་བ་ཐམས་ཅད་ཀུན༔ རིག་སྟོང་འོད་གསལ་དབྱིངས་སུ་ཐིམ༔ ཞེས་དམ་ཡེ་དབྱེར་མེད་ཡེ་ཤེས་ཀྱི་དབྱིངས་སུ་བསྡུ། སླར་ཡང་ཆུ་ལས་རླབས་བཞིན་དུ༔ འཕགས་མའི་གསང་གསུམ་ཕྱག་རྒྱར་བཞེངས༔ ཨོཾ་ཨཱརྻ་ཏཱ་ར་ཀཱ་ཝཱ་ཙི་རཀྵ་ཧཾ༔ ཞེས་ལྷའི་སྐུར་ལྡང་ཞིང་བསྲུང་། རྗེས་ཐོབ་སྒྲོལ་མའི་ང་རྒྱལ་དང་བཅས་དགེ་བ་བསྔོ་ཞིང་སྨོན་ལམ་གདབ་པ་ནི། ཧོ༔ བདག་གིས་ཚེ་རབས་ཐོག་མེད་ནས༔ ཐ་མ་དུས་འདི་ཡན་ཆད་དུ༔ འཕགས་མ་མཆོད་ཅིང་བསྒྲུབས་པའི་མཐུས༔ སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ༔ བདག་དང་མཐའ་ཡས་འགྲོ་བ་ཀུན༔ རྗེ་བཙུན་སྒྲོལ་མས་རྗེས་བཟུང་ནས༔ འགལ་རྐྱེན་ཐམས་ཅད་ཞི་བ་དང༔ མཐུན་རྐྱེན་མ་ལུས་ཕུན་སུམ་ཚོགས༔ ཆོས་བཞིན་བསམ་པ་མྱུར་འགྲུབ་ནས༔ བྱང་ཆུབ་གོ་འཕང་ཐོབ་པར་ཤོག༔ བཀྲ་ཤིས་བརྗོད་པ་ནི། ཨོཾ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་བདག༔ འཕགས་མ་སྒྲོལ་མའི་བཀྲ་ཤིས་ཤོག༔ འཇིགས་པ་ཐམས་ཅད་སྐྱོབ་མཛད་མ༔ ལྷ་མོ་བརྒྱད་ཀྱི་བཀྲ་ཤིས་ཤོག༔ གང་འདུལ་དངོས་གྲུབ་མ་ལུས་སྩོལ༔ རྣམ་འཕྲུལ་ཉེར་གཅིག་བཀྲ་ཤིས་ཤོག༔ མཁའ་མཉམ་འགྲོ་བའི་དོན་ཀུན་མཛད༔ མཚན་བརྒྱ་བརྒྱད་ཀྱི་བཀྲ་ཤིས་ཤོག༔ དགེ་ལེགས་མཆོག་གི་སྣང་བ་ཡིས༔ རྟག་ཏུ་དཔལ་གནས་བཀྲ་ཤིས་ཤོག༔ ཅེས་དབྱངས་སུ་གྱེར་ལ་མེ་ཏོག་འཐོར་ལ་རོལ་མོའི་སྒྲ་བསྒྲག་གོ །འདིའི་བསྙེན་པ་བྱེད་ན་ཐུན་གྱི་གཅོད་ཚུལ་སོགས་སྤྱི་ལྟར་ལ། སྔོན་གཏོར་དཀར་བགེགས་ཉིན་དང་པོའི་ཐུན་འགོ་ལས་མི་དགོས། སྲུང་འཁོར་གསལ་འདེབས་ཐུན་ཕྱི་མ་རྣམས་ལའང་བསྐྱར་ན་ལེགས། ལས་བྱང་གཞན་བསྣོན་འཕྲི་མེད་པ་ཐུན་རེ་རེ་བཞིན་གཏང་། བསྙེན་པའི་གྲངས་ནི་ཡིག་བཅུ་འབུམ་ཕྲག་བཞི། དུས་བསྙེན་ཟླ་བ་གཅིག་ཏུ་གསུངས་ཤིང་སྤྱིར་རྩོད་དུས་སུ་བཞི་འགྱུར་དགོས་པར་བཤད་པ་ལྟར་གྲུབ་ན་མཆོག་ཏུ་འགྱུར་ལ། རྟགས་ཚད་ནི་དངོས་ཉམས་རྨི་ལམ་རྣམས་སུ་སྐུ་མཐོང་བ། གསུང་ཐོས་པ། ཐུགས་ཕྱག་མཚན་རྙེད་པ། གཞན་ཡང་ལྟས་བཟང་ཅི་རིགས་པ་འབྱུང་། བསྙེན་པ་ཐེམས་ནས་སྒྲུབ་མཆོད་བྱེད་པར་སྤྲོ་ན། འོག་ཏུ་བཤད་པའི་དཀྱིལ་འཁོར་དང་བུམ་པ་ལ་སོགས་པ་དང་མཆོད་གཏོར་ཅི་འབྱོར་རྒྱས་པར་བཤམ། བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་འགྲོ་བས། མདུན་བུམ་བསྐྱེད་བཟླས་གཙོར་བཏོན། ཐུན་མཐར་གཏོར་འབུལ་བྱ། གཏོར་མགྲོན་སྤྱན་འདྲེན་དང་གཤེགས་གསོལ་མི་དགོས། མཆོད་བསྟོད། འདོད་དོན་གསོལ་གདབ། ནོངས་བཤགས། བརྟན་བཞུགས། སྨོན་ལམ་ཤིས་བརྗོད་བཅས་ཐུན་རེ་རེ་བཞིན་བྱ། ཞག་བདུན་སོགས་ལ་སྒྲུབ་ཚར་སྐབས་བདག་འཇུག་གི་ཚུལ་དུ་དབང་བླང་ལ་རྗེས་ཆོག་རྣམས་བྱའོ།། ༈ །།འདིའི་སྒོ་ནས་སློབ་མ་རྗེས་སུ་གཟུང་བའི་རིམ་པ་ནི། དཀྱིལ་འཁོར་སྒོ་རྫོགས་ཞི་དཀྱིལ་སྤྱི་འགྲེ་ཅན་གྱི་དབུས་སུ་སྣ་ཚོགས་པདྨ་འདབ་བརྒྱད། དེ་རྒྱབ་ཉེར་གཅིག །དེ་རྒྱབ་བརྒྱ་རྩ་རྣམས་རིམ་པར་བསྐོར་བའི་ལྟེ་བར་ཨུཏྤལ་ལྗང་གུ །འདབ་མ་རྣམས་ལ་ཐིག་ལེ་ལྗང་གུ་རེ་རེ་བཀོད་པའི་རས་བྲིས་བཀྲམ། མ་འཛོམ་ན་མཎྜལ་ལ་འབྲུ་དཀར་གྱི་ཚོམ་བུ་གྲངས་གོང་མཚུངས་བཀོད་པའི་དབུས་སུ་ཁྲིའུའི་སྟེང་རྣམ་བུམ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་ལྗང་གུ་ཁ་རྒྱན་ལྡན་པ་བཀོད། རྒྱབ་ཏུ་དབང་གཏོར་དཀར་ཟླུམ་རྒྱན་ལྡན་གཏོར་གདུགས་དང་བཅས་པ། སྐུ་ཙཀ །ཕྲེང་བ། ཕྱག་མཚན་ཨུཏྤལ་ལྗང་གུའི་ཙཀླི་རྣམས་གཡས་གཡོན་གང་བདེར་བཞག །མདུན་དུ་དཀར་གསུམ་གྱི་འབུལ་གཏོར། ཆུ་གཉིས་ཉེར་སྤྱོད་གཡས་སྐོར་བཤམ། ལས་བུམ་སོགས་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱས་ལ། བརྒྱུད་འདེབས་དང་སྔོན་གཏོར་ནས་བརྩམ། བདག་བསྐྱེད་བཟླས་པ་དང་བཅས་པ་བཏང་། སླར་མཆོད་ཁ་གསོས་ལ་མཆོད་པ་བྱིན་བརླབ། མདུན་དཀྱིལ་ལས་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། མདུན་གྱི་དཀྱིལ་འཁོར་མི་དམིགས་སྟོང་པའི་ངང་། །སྟོང་ཉིད་རང་གདངས་སོགས་མངོན་རྟོགས་ནས་བསྟོད་པའི་བར། མདུན་བསྐྱེད་ཀྱི་ཐུགས་ཀར་སོགས་དམིགས་པའི་འཕྲོ་འདུ་བཅས་བཟླས་པ་ཅི་འགྲུབ་བྱ། སླར་མཆོད་པ་གསོས་ལ་སྔགས་ཙམ་གྱིས་བྱིན་བརླབ། ཏཱཾ༔ རིན་ཆེན་བུམ་པ་མཚན་ཉིད་ཡོངས་རྫོགས་དབུས༔ པད་ཟླའི་སྟེང་དུ་ས་བོན་ཏཱཾ་ལྗང་གུ༔ སོགས་ནས་བསྟོད་པའི་བར་གྱིས་བུམ་ལྷ་བསྐྱེད། གཟུངས་ཐག་བླངས་ལ་དམིགས་པ་སྤྱི་མཐུན་གྱི་ཡིག་བཅུ་བཟླ། གོང་དུ་སྨྲོས་པ་ལྟར་གཏོར་འབུལ་འདོད་གསོལ་བཅས་པ་དང་། མཆོད་བསྟོད་བྱ། ཨོཾ་ཨཱཿཧཱུྃ་གིས་དུང་ཆུ་བུམ་པར་ཕུལ། ལྷ་རྣམས་འོད་དུ་ཞུ་བ་བུམ་པའི་ཆུ་དང་རོ་གཅིག་པར་གྱུར་ཅེས་མོས། ལས་བུམ་དུ་རྟ་མགྲིན་ནམ་བདུད་རྩི་འཁྱིལ་པ་གང་རུང་གསལ་གདབ་ལ་སྙིང་པོ་བཟླ། བདག་འཇུག་གྲུབ་ན་ལེགས་ཤིང་མི་ལྕོགས་ན་ཏིང་ངེ་འཛིན་གྱི་དབང་བླངས་ལ་སློབ་མ་གཞུག་པར་གནང་བ་ནོད་དོ། །དེ་ནས་སློབ་མ་རྣམས་ལ་ཁྲུས་བྱ། བགེགས་གཏོར་བསྔོས་ལ་བཀའ་བསྒོ་ཞིང་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ། ཆོས་བཤད་ཀྱི་ཁྱད་པར། དེའང་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཕྲིན་ལས་ཇི་སྙེད་པ་སྒྲུབ་ཅིང་མཁའ་ཁྱབ་ཀྱི་འགྲོ་བ་མཐའ་དག་འཇིགས་པ་དང་སྡུག་བསྔལ་ཀུན་ལས་སྐྱོབ་པའི། ཐུགས་རྗེའི་མཐུ་སྟོབས་ཤེས་བྱའི་ཁོང་ན་མཚུངས་ཟླ་མ་མཆིས་པས་མྱུར་མ་དཔའ་མོ་ཞེས་པའི་མཚན་གྱི་དབྱངས་སྙན་སངས་རྒྱས་ཀྱི་ཞིང་རབ་འབྱམས་སུ་ཁྱབ་པ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་རྒྱུད་དང་གདམས་པའི་བཀའ་སྲོལ་བསམ་གྱིས་མི་ཁྱབ་པ་འཕགས་བོད་གཉིས་སུ་བྱོན་པ་ལས། འདིར་སྐབས་སུ་བབས་པ། མགོན་པོ་འོད་དཔག་མེད་ཀྱི་སྤྲུལ་པའི་རང་གཟུགས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་བ་དེ་ཉིད་འཕགས་ཡུལ་ཤར་ཕྱོགས་མཱ་ར་ཏི་ཀའི་བྲག་ཕུག་ཏུ་ཟབ་ལམ་སྙིང་པོའི་སྒྲུབ་པ་ལ་བརྩོན་པའི་ཚུལ་བསྟན་པའི་སྐབས་སུ། རྗེ་བཙུན་སྒྲོལ་མ་དངོས་སུ་བྱོན་ནས་རྒྱུད་ལུང་མན་ངག་གི་རིམ་པ་རྒྱ་ཆེར་བསྩལ་པ་རྣམས་ཀྱི་ནང་ནས་སྙིང་པོའི་བཅུད་ཕྱུངས་ཏེ་གདམས་ངག་རྒྱས་འབྲིང་བསྡུས་པའི་ཚུལ་དུ་གཏན་ལ་ཕབ་ནས་བོད་ཀྱི་སྐལ་ལྡན་རྗེ་འབངས་རྣམས་ལ་གནང་། མ་འོངས་པའི་གདུལ་བྱ་རྣམས་ཀྱི་དོན་དུ་གཏེར་ཁ་གསུམ་དུ་རྒྱས་བཏབ་པ་ལས་འབྲིང་པོ་སྒྲོལ་མ་ཨུཏྤ་ལའི་སྐོར་མོན་གྱི་ཆུ་མོ་ཕུག་ནས་རྒྱལ་བ་མཆོག་དབྱངས་སྐྱེ་མཐའ་མཚོ་རྒྱལ་བྱིན་བརླབས་དགེ་སློང་རྡོ་རྗེ་འཛིན་པ་ཚེ་བརྟན་རྒྱལ་མཚན་གྱིས་སྤྱན་དྲངས། གདམས་སྐོར་རྒྱས་པ་ཤངས་ཟབ་བུ་ལུང་གི་གཏེར་ལུང་བདུན་པར་སྦས་པ་ཆོས་རྒྱལ་གྱི་སྐྱེ་མཐའ་ཞིག་གིས་རྙེད་པར་གསུངས་པ་རྗེ་བླ་མའི་གཏེར་ཁ་ཡིན་པར་འདུག་ཀྱང་དངོས་སུ་བཞེས་པ་མ་བྱུང་། དགུངས་གྲངས་ཉེར་བཞི་ལོ་ཆུ་སྟག་སྣྲོན་ཟླར་ཕྱོགས་དེར་ཕེབ་སྐབས་དགོངས་གཏེར་དུ་བསྩལ་པའི་རྡོ་རྗེའི་ཚིག་རྐང་བཞུགས་པ་དང་། རབ་ཚེས་མེ་ཡོས་ཆུ་སྟོད་ཟླ་བར་མཆོག་གྱུར་གླིང་པ་དང་ལྷན་རྒྱས་མཛད་སྐབས་གཏེར་ཆེན་ནས་སྒྲོལ་མའི་སྐུ་བརྙན་གཏེར་བྱོན་ཁྱད་པར་ཅན་གཟིགས་པའི་ཚེ། སྐུ་དེས་ལེགས་སོའི་དབུགས་དབྱུང་ལན་གསུམ་བསྩལ་པའི་བྱིན་རླབས་ཀྱིས་དགོངས་གཏེར་སྒྲོལ་མའི་ཟབ་ཏིག་གཏན་ལ་ཕབ་པའང་ཕྱོགས་འདིར་གཏོགས་ཤིང་། བསྡུས་པ་སྒྲོལ་མ་འཇིགས་པ་ཀུན་སྐྱོབ་འདི་ཉིད་གཙང་འོ་ཡུག་གཡག་སྡེར་སྦས་པ་ལ། ཇི་སྐད་དུ། འོ་ཡུག་གཡག་སྡེར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་གཡག་ཕྱར་སྔོན་མོར་གྲགས་པ་འབྱུང༔ ཞེས་ལུང་བསྟན་པ་ལོ་ཆེན་བཻ་རོའི་རྣམ་འཕྲུལ་དེ་ཉིད་རབ་བྱུང་བཞི་པའི་ནང་དུ་གཏེར་གནས་དང་ཉེ་བར་སྐུ་འཁྲུངས། ཡུལ་དེ་དག་གི་བྱེ་བྲག་སྟོང་དུར་ཅེས་པའི་ལུང་ལག་གཡག་ལྕེ་ཕྲ་མོ་བྲག་ནས་བཻ་རོ་ཙ་ནས་སྦས་པའི་ཆོས་བོན་གཉིས་ཀའི་ཟབ་གཏེར་རྒྱ་ཆེར་ཐོན་པར་གྲགས་ཤིང་འགྲོ་དོན་ཅི་རིགས་མཛད། སྒྲོལ་མ་འདིའི་ཤོག་སེར་རྣམས་ཡེར་པ་སེ་བ་ལུང་དུ་སླར་སྦས་པ་རོང་པ་བདུད་འདུལ་གླིང་པས་སྤྱན་དྲངས་ནས་སླར་ཡང་འདབ་གཏེར་དུ་བཞུགས་པ། དུས་ཕྱིས་རབ་ཚེས་ས་སྟག་ལོའི་ཆོ་འཕྲུལ་ཟླ་བའི་ཡར་ཚེས་བརྒྱད་ལ་གཏེར་སྟོན་གྲུབ་ཐོབ་རྒྱ་མཚོའི་འཁོར་ལོས་སྒྱུར་བ་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་མཁའ་འགྲོ་ཙཎྜི་ཀཱས་མནལ་ལམ་དུ་ཤོག་སེར་ཕུལ་ཞིང་བྱིན་རླབས་བསྩལ་བའི་གཟིགས་སྣང་བྱུང་བ། མནལ་སད་པ་ན་མངོན་སུམ་དུ་སྣང་བའི་ཤོག་གུ་ལྗང་སེར་ཞེང་སོར་དོ་དཀྱུས་མཛུབ་གང་བ་བརྡ་རིས་ཀྱིས་གཏམས་པ་ཞིག་ལས་གཏན་ལ་ཕབ་ཅིང་། སྐལ་ལྡན་རྣམས་ལ་རིམ་པར་སྤེལ་བར་མཛད་པའི་སྨིན་བྱེད་སྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། མྱུར་མ་དཔའ་མོ་ཁྱོད་ལ་འདུད། །ཐར་པ་ཆེན་པོ་བདག་འདོད་དེ། །དེ་ཉིད་དབང་དང་དམ་ཚིག་དང་། །མགོན་པོ་དཔའ་མོར་སྐྱབས་སོང་སྟེ། །ཐེག་ཆེན་ཁང་པར་གཞུག་པ་དང་། །མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །ལན་གསུམ། དབང་གི་སྣོད་དུ་རུང་བ་ལ་རྒྱུད་རྣམ་པར་དག་པ་གལ་ཆེ་བས། བླ་མ་དང་མདུན་བསྐྱེད་འཕགས་མ་སྒྲོལ་མའི་དཀྱིལ་འཁོར་རྒྱལ་བ་སྲས་དང་བཅས་པ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར། བདག་སོགས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྡོམ་པ་མཐའ་དག་ཚུལ་བཞིན་དུ་བཟུང་བའི་འདུན་པ་རྩེ་གཅིག་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། ན་མོ༔ འཇིགས་དང་སྡུག་བསྔལ་ཀུན་སེལ་བའི༔ སོགས་ལས་བྱང་ལྟར་ལན་གསུམ། དེ་ནས་དབང་གི་གཞི་དགོད་པའི་ཕྱིར་ཡེ་ཤེས་པ་དབབ་པ་ཡིན་པས་སྒོ་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་ལྟར་རྩེ་གཅིག་ཏུ་སྒོམས་ཤིག །ལས་བུམ་ཆུ་འཐོར། ལས་སྔགས་དང་། སྭཱ་བྷཱ་བས་སྦྱང་། གཟུང་འཛིན་གྱི་ཆོས་ཐམས་ཅད་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་སྦྱངས། སྟོང་པའི་ངང་ལས། སྣོད་རྣམ་པར་དག་པ་གཡུ་ལོ་བཀོད་པའི་ཞིང་ཁམས་ངོ་མཚར་རྒྱན་བཀོད་ཕུན་སུམ་ཚོགས་པའི་དབུས་སུ། ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཅུད་རྣམ་པར་དག་པ་རང་གི་རིག་པའི་ངོ་བོ་ཡི་གེ་ཏཱཾ་ལྗང་གུ་རེ་གསལ་ཐོབས། དེ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་མཆོད། སེམས་ཅན་རྣམས་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས། ཚུར་འདུས་པ་ལས་ཨུཏྤལ་ལྗང་གུ་ཏཱཾ་ཡིག་གིས་མཚན་པར་གྱུར། དེ་ལས་སྐད་ཅིག་གིས་ཁྱེད་རང་རྣམས་རྗེ་བཙུན་སྒྲོལ་མ་སྐུ་མདོག་ལྗང་གུ་ཞི་ཞིང་འཛུམ་པའི་ཉམས་ཅན། དབུ་སྐྲ་གནག་སྣུམ་སིལ་བུར་གྲོལ་པ། དར་གྱི་ལྷབ་ལྷུབ་རིན་པོ་ཆེའི་རྒྱན་དང་མེ་ཏོག་གི་ཕྲེང་བས་སྤྲས་པ། ཕྱག་གཡས་པས་མཆོག་སྦྱིན་པུས་མོའི་སྟེང་དུ་བརྐྱང་ཞིང་གཡོན་ཐུགས་ཀར་མཐེབ་སྲིན་སྦྱར་བས་ཨུཏྤལ་ལྗང་གུའི་སྡོང་བུ་འཛིན་པ། ཞབས་གཉིས་ཕྱེད་སྐྱིལ་གྱིས་ཡེ་ཤེས་ཀྱི་འོད་ལྔ་འབར་བའི་ཀློང་ན་བཞུགས་པ། མཐའ་སྐོར་དུ་འཇིགས་པ་བརྒྱད་སྐྱོབ། རྣམ་འཕྲུལ་ཉེར་གཅིག །མཚན་བརྒྱ་རྩ་བརྒྱད་སོགས་སྤྲུལ་པའི་རྣམ་རོལ་མཐའ་ཡས་པ་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་བཞུགས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གསུམ་གྱིས་མཚན་པར་གསལ། དེ་ནས་རྒྱུད་རྣམ་པར་དག་པ་ཡེ་ཤེས་ལྷའི་བྱིན་རླབས་དབབ་པའི་སླད་དུ་གནས་གསུམ་གྱི་ཡིག་འབྲུ་དང་། མདུན་བསྐྱེད་སློབ་དཔོན་དང་བཅས་པའི་ཐུགས་ཀ་ནས་ཀྱང་འོད་ཟེར་གྱི་སྣང་བ་བསམ་གྱིས་མི་ཁྱབ་པ་འཕྲོས། མཁའ་ཁྱབ་ཏུ་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་ཁྱད་པར་གཡུ་ལོ་བཀོད་དང་པོ་ཏ་ལ་སོགས་དག་པའི་ཞིང་ཁམས་རབ་འབྱམས་ནས་རྗེ་བཙུན་སྒྲོལ་མའི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་གསང་བ་གསུམ་གྱི་བྱིན་རླབས་ཐམས་ཅད་སྐུ་དང་སྔགས་ཕྲེང་ཕྱག་མཚན་འཇའ་འོད་ཟེར་ཐིག་གི་རྣམ་པ་ནམ་མཁའ་གང་བ་ཙམ་དུ་བྱོན་ནས། ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་ཤིག །སྤོས་དང་རོལ་མོ་སྦྱར་ལ། ཡིག་བཅུའི་གཤམ་དུ། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་མང་དུ་བརྗོད་ལ་དབབ། དེ་ལྟར་དབབ་པའི་ཡེ་ཤེས་ཆེན་པོའི་བྱིན་རླབས་ཀྱི་རྒྱུན་སྒོ་གསུམ་ལ་རབ་ཏུ་བརྟན་པར་གྱུར་པའི་མོས་པ་མཛོད། ཏིཥྛ་བཛྲ། ཞེས་རྡོ་རྗེ་རྒྱ་གྲམ་དུ་མགོར་བཞག །དེ་ནས་དབང་དངོས་ཀྱི་དང་པོ་རྩ་བ་བུམ་པའི་དབང་བསྐུར་བ་ལགས་པས་འདུན་པ་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་མདུན་གྱི་ནམ་མཁར་སྤྱན་དྲངས་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་ཡེ་ཤེས་བདུད་རྩིའི་རྒྱུན་གྱིས་གང་པས་སྤྱི་བོ་ནས་མངོན་པར་དབང་བསྐུར་བར་མོས་ཤིག །རྣམ་བུམ་ཐོགས་ལ། ཧཱུྃ༔ སྤྲོས་བྲལ་ཆོས་སྐུའི་བུམ་པ་བཟང་པོའི་ནང༔ ལོངས་སྤྱོད་ཡོངས་རྫོགས་རིགས་ལྔའི་བཅུད་ཀྱིས་གཏམས༔ སྤྲུལ་སྐུའི་རང་བཞིན་བདུད་རྩིའི་ཆུ་རྒྱུན་གྱིས༔ སྐལ་ལྡན་སློབ་མའི་ཉོན་མོངས་སྒྲིབ་པ་དག༔ ཕུང་པོ་གནས་གྱུར་རིགས་ལྔའི་དངོས་གྲུབ་ཐོབ༔ སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན་པར་ཤོག༔ བུམ་པ་མགོ་བོའི་གནས་ལྔར་བཞག །བུམ་ཆུ་འཐོར་ཞིང་སྦྱིན། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཨོཾ་པདྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧྲཱི༔ ཨོཾ་བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་རཏྣ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཏྲཱཾ༔ ཨོཾ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ ཨོཾ་ཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨཱ༔ ཞེས་དབང་བསྐུར་སྒྲིབ་པ་ཐམས་ཅད་དག༔ དབང་ཐམས་ཅད་ཐོབ༔ རིགས་བདག་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པར་གྱུར༔ གཉིས་པ་སྐུ་གསུང་ཐུགས་ཀྱི་ནུས་པ་འཇུག་པའི་དབང་གི་སླད་དུ། མདུན་བསྐྱེད་ཀྱི་སྐུ་ལས་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་པ་འཕྲོས། ཁྱེད་རང་གི་ལུས་ལ་ཐིམ་པས་ལུས་སྣང་སྟོང་འཕགས་མའི་སྐུ་དང་དབྱེར་མེད་དུ་གྱུར་པར་མོས་ཤིག །སྐུ་ཙཀ་སྤྱི་བོར་བཞག་ལ། ཨཾ༔ སངས་རྒྱས་ཀུན་གྱི་སྐུ་ཡི་ཡུམ༔ རྗེ་བཙུན་འཕགས་མ་སྒྲོལ་མ་ཡི༔ སྐུ་ཡི་ཕྱག་རྒྱས་དབང་བསྐུར་བས༔ རྡོ་རྗེའི་སྐུ་དང་དབྱེར་མེད་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ གསུང་བཟླས་པའི་ལུང་བླང་བ་ལ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་ལ་མོས་གུས་བྱས་པའི་རྐྱེན་གྱིས་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ལ་ཕོག་པས་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་ཁ་སརྣ་ཎི། དེའི་ཐུགས་ཀར་ཨུཏྤལ་སྔོན་པོ་འདབ་མ་ཁ་སྦྱོར་གྱི་དབུས་སུ་ཏཱཾ། མཐའ་སྐོར་ཡིག་བཅུས་མཚན་པ་ལས་སྔགས་ཕྲེང་གཉིས་པ་བྱུང་ཞལ་ནས་འཐོན་ཏེ་ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་གར་ཡེ་ཤེས་སེམས་དཔའི་ཐུགས་ཨུཏྤལ་ཁ་སྦྱོར་ཏཱཾ་ཡིག་གི་མཐར་འཁོད། བཟླས་པའི་རྐྱེན་གྱིས་འོད་ཟེར་ཕྱོགས་ཀུན་ཏུ་འཕྲོས། རྒྱལ་བ་སྲས་དང་བཅས་པ་མཆོད། འགྲོ་བ་རིགས་དྲུག་གི་འཇིགས་པ་དང་སྡུག་བསྔལ་བསལ་ཞིང་བདེ་བས་ཚིམ་པར་བྱས། འོད་ཟེར་ཚུར་འདུས་རང་ལ་ཐིམ་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ། ངག་གྲགས་སྟོང་འཕགས་མའི་གསུང་དང་དབྱེར་མེད་དུ་གྱུར་པར་མོས་ལ་སྙིང་པོའི་རྗེས་ཟློས་ལན་གསུམ་མཛོད། ཡིག་བཅུ་ལན་གསུམ། དེའི་ནུས་མཐུ་བརྟན་པར་བྱས་པར་མོས་ཤིག །ཕྲེང་བ་མགྲིན་པར་བཞག་ལ། ཨཱ༔ སངས་རྒྱས་ཀུན་གྱི་གསུང་གི་ཡུམ༔ རྗེ་བཙུན་འཕགས་མ་སྒྲོལ་མ་ཡི༔ སྙིང་པོ་ལུང་གི་དབང་བསྐུར་བས༔ རྡོ་རྗེའི་གསུང་དང་དབྱེར་མེད་ཤོག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ མདུན་གྱི་འཕགས་མའི་ཐུགས་ཀ་ནས་ཕྱག་མཚན་ཨུཏྤལ་ལ་ལྗང་གུ་འོད་འབར་བའི་རྣམ་པར་བྱོན། ཁྱེད་རང་གི་སྙིང་གར་ཐིམ་པས་ཡིད་རིག་སྟོང་འཕགས་མའི་ཐུགས་དང་དབྱེར་མེད་དུ་གྱུར་པར་མོས། ཕྱག་མཚན་སྙིང་གར་བཞག་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་ཐུགས་ཀྱི་ཡུམ༔ རྗེ་བཙུན་འཕགས་མ་སྒྲོལ་མ་ཡི༔ ཐུགས་ཀྱི་དགོངས་པས་དབང་བསྐུར་བས༔ རྡོ་རྗེའི་ཐུགས་དང་དབྱེར་མེད་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གསུམ་པ་མཐའ་རྟེན་གཏོར་མའི་དབང་བསྐུར་བ་ལ་འདུན་པ་འདི་བཞིན་མཛོད། གཏོར་སྣོད་རིན་པོ་ཆེའི་གཞལ་མེད་ཁང་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ་གཏོར་མ་བཅོམ་ལྡན་འདས་འཕགས་མ་སྒྲོལ་མ་ལ། འཇིགས་པ་བརྒྱད་སྐྱོབ། རྣམ་འཕྲུལ་ཉེར་གཅིག །མཚན་བརྒྱ་རྩ་བརྒྱད། སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་བསྐོར་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པས། སྐུའི་གནས་རྣམས་ནས་བདུད་རྩི་འོད་ཟེར་ཁ་དོག་ལྔ་ལྡན་གྱི་རྒྱུན་བར་མ་ཆད་པ་བྱོན། ཁྱེད་རང་གི་གནས་ལྔར་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དབང་དང་དངོས་གྲུབ་མ་ལུས་པ་གཅིག་ཆར་དུ་ཐོབ་པར་མོས་ཤིག །དབང་གཏོར་སྤྱི་བོར་བཞག་ལ། ཏཱཾ༔ གཏོར་མ་ཟླུམ་པོ་རིན་ཆེན་གཞལ་མེད་དབུས༔ རྗེ་བཙུན་སྒྲོལ་མ་འཇིགས་སྐྱོབ་ལྷ་མོ་དང༔ རྣམ་འཕྲུལ་ཉེར་གཅིག་མཚན་བརྒྱ་རྩ་བརྒྱད་སོགས༔ སངས་རྒྱས་བྱང་སེམས་འཕགས་པའི་སྤྲིན་ཕུང་འཕྲོ༔ དད་མོས་ཅན་གྱི་སྤྱི་བོར་མངོན་སུམ་བྱོན༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབང་བསྐུར་བས༔ ལྷ་དང་དབྱེར་མེད་ནུས་པ་འཕེལ་ཞིང་བརྟན༔ མཆོག་ཐུན་དངོས་གྲུབ་རབ་འབྱམས་དབང་ཐོབ་ཤོག༔ སརྦ་ཨ་བྷི་ཥིཉྩ་ཧྲཱི༔ གཏོར་མའི་ལྷ་ཚོགས་རྣམས་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག །དེ་ནས་ལས་བྱང་ལས་འབྱུང་བའི་བཀྲ་ཤིས་བརྗོད། དམ་ཚིག་བསྒྲག་གཟུང་། གཏང་རག་མཎྜལ། ལུས་འབུལ་དགེ་བསྔོ་བཅས་ཀྱིས་གྲུབ། སློབ་དཔོན་གྱིས་དཀྱིལ་འཁོར་པ་ལ་གཏང་རག་མཆོད་བསྟོད་དང་། ནོངས་པ་བཤགས། མདུན་གྱི་ཡེ་ཤེས་པ་རྟེན་ཡོད་ན་བརྟན་བཞུགས་དང་མེད་ན་གཤེགས་གསོལ་བྱ། དམ་ཚིག་པ་རང་ལ་བསྡུ། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་ཀྱི་བར་ལས་བྱང་ལྟར་བྱའོ། །སྲིད་མཚོར་སྡུག་བསྔལ་བརྒྱ་ཡིས་གཙེས་པ་རྣམས། །ཐར་པ་ཞི་བའི་གྲོང་དུ་དབུགས་ཕྱིན་ནས། །རྒྱལ་ཡུམ་འཕགས་མའི་རྣམ་ཐར་ཅི་འདྲ་བ། །དེ་འདྲ་བདག་སོགས་འགྲོ་བས་མྱུར་འགྲུབ་ཤོག །ཅེས་སྔ་ན་མེད་པའི་ཟབ་གསང་མཆོག་འདིའི་ཞབས་ཏོག་ཏུ་དམིགས་ནས་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་བྲིས་པ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).