Terdzo-DZI-004

From Rinchen Terdzö
Revision as of 13:22, 24 July 2017 by Mort (talk | contribs)
This page is under construction. Check back later for updated content.

འཆི་མེད་ཀློང་གསལ་རྡོ་རྗེའི་སྲོག་སྒྲུབ་ལས་ཚེ་དབང་འཆི་མེད་སྙིང་པོ་བཀླག་ཆོག་ཏུ་བཀོད་པ་འཆི་མེད་བཅུད་འཛིན་

'chi med klong gsal rdo rje'i srog sgrub las tshe dbang 'chi med snying po bklag chog tu bkod pa 'chi med bcud 'dzin

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  དྲི་མེད་གླིང་པ་ (Drime Lingpa)
in cycle  འཆི་མེད་ཀློང་གསལ་རྡོ་རྗེའི་སྲོག་སྒྲུབ་ ('chi med klong gsal rdo rje'i srog sgrub)
Volume 49 (ཛི) / Pages 41-50 / Folios 1a1 to 5b5

[edit]

༄༅། །འཆི་མེད་ཀློང་གསལ་རྡོ་རྗེའི་སྲོག་སྒྲུབ་ལས་ཚེ་དབང་འཆི་མེད་སྙིང་པོ་བཀླག་ཆོག་ཏུ་བཀོད་པ་འཆི་མེད་བཅུད་འཛིན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཨ་མཱ་ར་ཎི་དེ་བཱ་ཡ། འགྲོ་བ་ཀུན་ལ་བུ་གཅིག་མ་ལྟར་གཟིགས། །ཐུགས་རྗེས་འཆི་བདག་དཔུང་བཅོམ་ཚེ་དབང་སྩོལ། །བླ་མ་ཚེ་དཔག་མེད་ལ་གུས་བཏུད་ནས། །འཆི་མེད་སྙིང་པོའི་དབང་བསྐུར་བཀླག་ཆོག་དགོད། །དེ་ལ་གསུམ། སྦྱོར་བ་དངོས་གཞི་རྗེས་སོ། །དང་པོ་ནི། ཡིད་མཐུན་དགེ་བའི་གནས་སུ་སྟེགས་བུ་ཁེབས་ལྡན་གྱི་སྟེང་དཀྱིལ་འཁོར་གཞུང་མཐུན་ནམ། མཎྜལ་ལ་འབྲུའི་ཚོམ་བུ་དབུས་དང་མདུན་དུ་རེ་རེ། དེ་རྒྱབ་བཞི་རིམ་གཉིས་བཀོད་པའི་སྟེང་ཁྲིའུའི་ཁར་རིན་པོ་ཆེའི་བུམ་པ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་དམར་པོ་ཁ་རྒྱན་བཅས་པ་བཞག །གཡས་སུ་ཚེ་རིལ། གཡོན་དུ་ཐོད་པ་མཚན་ལྡན་དུ་མངར་གསུམ་ཆང་སྦྱར། མདུན་དུ་ལས་བཞིའི་འབྲང་རྒྱས། རྒྱབ་ཏུ་མཆོད་གཏོར་ཟར་སྒང་ལྟ་བུ་ཕྱོགས་བཞིར་པད་འདབ་མཚམས་སུ་ཚེ་རིལ་གྱིས་སྤྲས་པ་དང་མདའ་དར། དེའི་གཡས་གཡོན་དུ་སྨན་རཀ །ཚེ་ནས། ཕྱི་མཆོད་བསྐོར་བཤམ། ལས་བུམ། གཏོར་ཚོགས་སོགས་ཉེར་མཁོ་རྣམས་ཚང་བར་བྱ། དབང་དོན་སྒྲུབ་མཆོད་ནི། ལས་གཞུང་སྐྱབས་སེམས་ནས་བཟླས་པའི་བར་བདག་མདུན་དབྱེར་མེད་དུ་བསྒྲུབ། སྙིང་པོ་ཅི་ནུས་དང་མཐར་སྔགས་ཤམ་བཏགས་པའང་བརྒྱ་རྩ་ཙམ་བརྗོད་ལ། ཚེ་འགུགས་གནད་བསྐུལ་གྱིས་བྱིན་རླབས་བསྡུ་ཞིང་། མཆོད་བསྟོད་དང་། ལས་བུམ་དུ་བདུད་རྩི་འཁྱིལ་པ་བསྐྱེད་བཟླས་བྱ། ལས་བྱང་མཇུག་ལྟར་བདག་དབང་བླང་ངོ་། །གཉིས་པ་དབང་དངོས་གཞི་ལ་ཐོག་མར་སློབ་མ་རྣམས་ལས་བུམ་གྱིས་ཁྲུས་བྱ་ཞིང་། ཧོ༔ བདེ་གཤེགས་རྒྱལ་བ་རྣམས་ཀྱི་ཡེ་ཤེས་ཆུས༔ སྐལ་ལྡན་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ༔ གནས་པའི་ནད་གདོན་སྡིག་སྒྲིབ་ཉེས་ལྟུང་རྣམས༔ བཀྲུ་བར་བགྱིད་དོ་བྱང་ཞིང་དག་གྱུར་ཅིག༔ ཨོཾ་བཛྲ་ཨ་མྲྀཏ་སོགས་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་བརྗོད། བགེགས་གཏོར་གཏང་། ལས་བྱང་ལྟར་བཀའ་བསྒོ་ཞིང་སྲུང་འཁོར་བསྒོམ། ཆོས་བཤད་མཚམས་སྦྱོར་སྤྱི་མཐུན་བྱ། བྱེ་བྲག་ཏུ། དེ་ལ་འདིར་གདོང་དམར་བོད་ཀྱི་ཡུལ་དུ་སངས་རྒྱས་ཀུན་ལས་ལྷག་པའི་ཐུགས་རྗེ་མངའ་བ་འཆི་མེད་གྲུབ་པའི་རིག་འཛིན་མཚོ་སྐྱེས་རྡོ་རྗེ་དེ་ཉིད་ཀྱིས། མངའ་བདག་ཆོས་རྒྱལ་ཡབ་སྲས་སོགས་དབང་རྣོན་སྐལ་པ་རབ་ཏུ་གྱུར་པའི་འདུས་པ་རྣམས་ལ་རྡོ་རྗེ་ཐེག་པའི་གསང་བ་ཐུན་མོང་མ་ཡིན་པའི་ཆོས་ཀྱི་འཁོར་ལོ་བསམ་ལས་འདས་པ་བསྐོར་ཅིང་། གྲོལ་བ་རྣམ་པ་བཞིའི་ཕྲིན་ལས་ཆེན་པོས་ལུས་ཅན་མཐའ་དག་འདི་དང་གཏན་དུ་དབུགས་འབྱིན་ཡང་དག་པར་བསྩལ་ཅིང་། ཁྱད་པར་འགྲོ་བ་རྣམས་དུས་མ་ཡིན་པར་འཆི་བའི་འཇིགས་པ་ལས་སྐྱོབ་ཅིང་འཆི་མེད་རྡོ་རྗེའི་ཚེ་དབང་སྒྲུབ་པའི་གདམས་ཟབ་ཁྱད་པར་ཅན་བྱེ་བ་ཕྲག་གཅིག་གནང་པར་གསུངས་པའི་ནང་ཚན་འཆི་མེད་ཀློང་གསལ་རྡོ་རྗེའི་སྲོག་སྒྲུབ་འདི་ནི། རྒྱལ་དབང་བཅུ་གཉིས་པ་བྱང་ཆུབ་རྡོ་རྗེའི་ཞལ་སློབ་ཀརྨ་འགྲོ་དོན་མཐར་ཕྱིན་ནམ། རིག་འཛིན་ཆེན་པོ་ཐུགས་མཆོག་རྡོ་རྗེའི་རྒྱལ་ཚབ་ཀྱི་རིག་འཛིན་རང་མཉམ་བཞིའི་ཡ་གྱལ། ཨོ་རྒྱན་དྲི་མེད་གླིང་པ་ཞེས་སུ་གྲགས་པ་ངན་ལམ་རྒྱལ་བ་མཆོག་དབྱངས་དང་ཤུད་བུ་དཔལ་གྱི་སེང་གེ་ཟུང་དུ་འཇུག་པའི་རྣམ་རོལ་འཁྲུལ་མེད་ཀྱི་གཏེར་སྟོན་ཆེན་པོ་དེ་ཉིད་ཀྱིས་སྒྲགས་ཡང་རྫོང་ནས་སྤྱན་དྲངས་པ་སྟེ། གཞུང་ལས། བདག་འདྲ་གུ་རུ་མཚོ་སྐྱེས་རྡོ་རྗེ་ཡིས༔ སྙིགས་མའི་དུས་སུ་འགྲོ་བ་བསྐྱབ་པའི་ཕྱིར༔ ས་སྟེང་མ་ལུས་རིན་ཆེན་གཏེར་གྱིས་བཀང༔ ཁྱད་པར་རིན་ཆེན་ཚེ་ཡི་སྒྲུབ་པའི་སྐོར༔ མང་ལ་མ་འཆལ་ཉུང་ལ་མ་ཚང་མེད༔ རྣོ་མྱུར་བྱིན་ཆེ་འོ་མའི་མར་ལྟ་བུ༔ འཆི་མེད་ཀློང་གསལ་རྡོ་རྗེའི་སྲོག་སྒྲུབ་བཞག༔ ཅེས་བསྔགས་པ་དོན་དང་ལྡན་པའི་དབང་བསྐུར་ཟབ་མོ་བསྒྲུབ་པ་ལ། ཞེས་སོགས་བརྗོད་ལ་མཎྜལ་འབུལ་གཞུག །སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་དད་མེད་པའི་སྤྱན་སྔར་མི་ཕྱེད་གུས་པ་ཆེན་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ༔ བླ་མ་རིགས་འདུས་སྐུ་ལྔའི་བདག་ཉིད་དགོངས༔ བདག་ཅག་སྐལ་ལྡན་མོས་པའི་བུ་རྣམས་ལ༔ བདུད་བཞིའི་གཡུལ་ལས་རྒྱལ་བ་རྡོ་རྗེའི་ཚེ༔ དེང་འདིར་དབང་བསྐུར་སྨིན་གྲོལ་བྱིན་གྱིས་རློབས༔ ལན་གསུམ། བླ་མ་འཆི་མེད་ཚེ་བདག་རིགས་ལྔའི་དཀྱིལ་འཁོར་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་བདག་གཞན་མཁའ་ཁྱབ་ཀྱི་སེམས་ཅན་མཐའ་དག་འདི་ནས་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི་འོ་སྙམ་པས་འདིའི་རྗེས་ཟློས། ན་མོ༔ འགྲོ་བའི་དཔལ་མགོན་སོགས་ལས་བྱང་ལྟར་ལན་གསུམ། མཁའ་ཁྱབ་ཀྱི་ཕ་མ་ལུས་ཅན་མཐའ་དག་གནས་སྐབས་དུས་མིན་འཆི་བ་ལས་སྐྱོབ་ཅིང་མཐར་ཐུག་འཆི་མེད་མགོན་པོའི་གོ་འཕང་ལ་འགོད་པའི་སླད་དུ་ཚེའི་དཀྱིལ་འཁོར་གཉན་པོར་འཇུག་པར་སེམས་བསྐྱེད་ལ་འདིའི་རྗེས་ཟློས། ཧྲཱི༔ མཁའ་ཁྱབ་འགྲོ་བ་སོགས་གསུམ། དབང་གི་གཞི་བསྒྲུབ་ཅིང་ཡེ་ཤེས་པ་དབབ་པའི་ཕྱིར་སྒོ་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་བཞིན་དུ་སྒོམ་མཛོད། ལས་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྣོད་བཅུད་ཐམས་ཅད་མི་དམིགས་པ་སྟོང་པར་གྱུར་པའི་ངང་ལས། སྣང་ཡུལ་ཐམས་ཅད་བདེ་ཆེན་པདྨོ་བཀོད་པའི་ཞིང་ཁམས་རྒྱན་དང་བཀོད་པ་ཚད་མེད་པའི་དབུས་སུ་རབ་ཏུ་རྒྱས་པའི་པདྨ་དམར་པོ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཁྱེད་རང་རྣམས་ཀྱི་རིག་པ་ཡེ་ཤེས་ཀྱི་ངོ་བོ་ཡི་གེ་ཧྲཱིཿདམར་པོ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་ཁྱེད་རང་རྣམས་འཆི་མེད་མགོན་པོ་ཚེ་དཔག་མེད་སྐུ་མདོག་དམར་གསལ་མཚན་དཔེའི་གཟི་བྱིན་ཚད་མེད་པ་འབར་བ། དར་དང་རིན་པོ་ཆེའི་རྒྱན་རྣམས་ཀྱིས་སྤྲས་ཤིང་ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན་ཕྱག་མཉམ་གཞག་གི་སྟེང་དུ་ཚེའི་བུམ་པ་བདུད་རྩིའི་བཅུད་ཀྱིས་བཀང་བ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་པང་དུ་ཡུམ་གསང་བ་ཡེ་ཤེས་དམར་མོ་གཅེར་བུ་རུས་པའི་རྒྱན་ཅན་ཕྱག་གཡས་ཚེ་བུམ་དང་གཡོན་མདའ་དར་བསྣམས་པས་འཁྱུད་པ། གནས་གསུམ་དུ་རྡོ་རྗེའི་ཡི་གེ་འབྲུ་གསུམ་གསལ་ཞིང་འབར་བའི་འོད་ཟེར་དང་། སློབ་དཔོན་དཀྱིལ་འཁོར་པའི་ཐུགས་ཀ་ནས་ཀྱང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཁྱབ་པའི་འོད་ཟེར་འཕྲོས་པས། རྩ་གསུམ་རྒྱལ་བ་རབ་འབྱམས་འཆི་མེད་ཚེ་ལྷ་ཡེ་ཤེས་པའི་རྣམ་པར་བྱོན་ཏེ་ཁྱེད་རང་རྣམས་ལ་ཐིམ་པའི་མོས་པ་མཛོད། ཅེས་བརྡ་སྦྱར། སྤོས་རོལ་དབྱངས་དང་བཅས། བྱིན་འབེབ་ཀྱི་ཚིགས་སུ་བཅད་པ། ཧྲཱི༔ སྐུ་ལྔ་ཡེ་ཤེས་སོགས་དང་སྔགས་མང་དུ་བརྗོད། ཡེ་ཤེས་པའི་བྱིན་རླབས་བྱང་ཆུབ་མ་འཐོབ་བར་དུ་བརྟན་པར་བྱས་པར་མོས། ཏིཥྛ་བཛྲ༔ ཞེས་རྡོ་རྗེ་མགོར་བཞག །སླར་ཡང་ཚེའི་བཅུད་བསྡུ་ཞིང་དངོས་གྲུབ་འགུགས་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ལྷ་ཚོགས་གཙོ་འཁོར་རྣམས་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་བས་སྐུ་ལས་འོད་ཟེར་དང་ལྷ་མོ་མགྱོགས་མའི་ཕོ་ཉ་ཉི་ཟེར་གྱི་རྡུལ་ལྟ་བུ་སྟོང་ཁམས་ཁྱབ་པར་སྤྲོས། རང་རང་གི་བླ་ཚེ་སྡེ་བརྒྱད་འབྱུང་པོས་བརྐུས་ཕྲོགས་ཆད་ཉམས་ཡར་པ་རྣམས་དང་། འཁོར་འདས་བརྟན་གཡོའི་བཅུད་དང་དྭངས་མ། རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འཇའ་ཟེར་ཐིག་ལེ་ཨ་ནྲྀ་ལ་སོགས་པའི་རྣམ་པར་བསྡུས་ནས་ཁྱེད་རང་རྣམས་ལ་ཐིམ་པས་འཆི་མེད་རྡོ་རྗེའི་ཚེ་དབང་བརྙེས་པའི་མོས་པ་མཛོད་ཅིག །མདའ་དར་གཡབ་ལ། ཧྲཱིཿམ༔ ནུབ་ཕྱོགས་བདེ་ཆེན་སོགས་ལས་བྱང་ལྟར་ཚེ་འགུགས་གཏང་། བུམ་པ་ཡེ་ཤེས་འོད་ལྔའི་གཞལ་ཡས་ཁང་དུ་ནང་བཅུད་རིགས་ལྔ་ཚེའི་ལྷ་ཚོགས་རྣམས་དངོས་སུ་བཞུགས་པའི་སྐུ་ལས་འཆི་མེད་བདུད་རྩིའི་རྒྱུན་བབས། ཁྱེད་རང་རྣམས་ཀྱི་ལུས་ཀྱི་ནང་གང་བས་སྐུ་རྡོ་རྗེ་འགྱུར་བ་མེད་པའི་ཚེ་དབང་ཐོབ་པའི་མོས་པ་མཛོད། བུམ་པ་སྤྱི་བོའི་གཙུག་ཏུ་བཞག་ལ། ཧྲཱི༔ བུམ་པ་ཡེ་ཤེས་འོད་ལྔའི་གཞལ་ཡས་ཁང༔ བུམ་ཆུ་ལྔ་ལྡན་བདེ་གཤེགས་ཚེ་དཔག་མེད༔ དེང་འདིར་སྐལ་ལྡན་བུ་ལ་དབང་བསྐུར་བས༔ མི་འགྱུར་རྡོ་རྗེའི་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས་དང་། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བྷནྡྷ་བདེ་བ་ཆེན་པོའི་སྣོད་དུ་རིགས་ལྔའི་ཚེ་ལྷ་ཡབ་ཡུམ་བདེ་སྦྱོར་མཛད་པའི་བྱང་སེམས་དཀར་དམར་གྱི་རྒྱུན་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པ་ངག་ཏུ་མྱང་བས་གསུང་རྡོ་རྗེ་འགག་པ་མེད་པའི་ཚེ་དབང་ཐོབ་པའི་མོས་པ་མཛོད། བྷནྡྷའི་བདུད་རྩི་མགྲིན་པར་བཞག་ཅིང་ངག་ཏུ་སྦྱིན་ལ། ཧྲཱི༔ དུང་ཆེན་བདེ་བ་ཆེན་པོའི་སྣོད་ནང་དུ༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་བདུད་རྩི་སྨན༔ འཆི་མེད་ལྷ་ཚོགས་མཉམ་སྦྱོར་བྱང་ཆུབ་སེམས༔ དེང་འདིར་སྐལ་ལྡན་བུ་ལ་དབང་བསྐུར་བས༔ འགག་མེད་གསུང་གི་ཚེ་དབང་ཐོབ་པར་ཤོག༔ རྩ་སྔགས་དང་། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ འཁོར་འདས་དྭངས་མའི་བཅུད་འདུས་པའི་རིལ་བུ་འོད་གོང་དཀར་དམར་གྱི་ནང་དུ་ཚེ་བདག་རིགས་ལྔའི་དཀྱིལ་འཁོར་ཡོངས་རྫོགས་སུ་བཞུགས་པ་འདི་ཉིད་མྱང་བས། སྙིང་གའི་མི་ཤིགས་པའི་ཐིག་ལེ་དང་རོ་གཅིག་ཏུ་འདྲེས་པས་ཐུགས་རྡོ་རྗེ་འཁྲུལ་པ་མེད་པའི་ཚེ་དབང་ཐོབ་པའི་མོས་པ་མཛོད། རིལ་བུ་སྙིང་གར་བཞག་ཅིང་ཁར་སྦྱིན་ལ། ཧྲཱི༔ ཕྱི་ལྟར་དམ་རྫས་དཀར་མངར་འབར་བའི་བཅུད༔ ནང་ལྟར་རྩ་གསུམ་ཚེ་ལྷ་རིགས་ལྔའི་ལྷ༔ གཉིས་མེད་དམ་རྫས་མྱོང་གྲོལ་རིལ་བུ་འདི༔ དེང་འདིར་སྐལ་ལྡན་བུ་ལ་དབང་བསྐུར་བས༔ འཁྲུལ་མེད་ཐུགས་ཀྱི་ཚེ་དབང་ཐོབ་པར་ཤོག༔ རྩ་སྔགས་དང་། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཕྲིན་ལས་བཞིའི་འབྲང་རྒྱས་སྒོ་སྐྱོང་ལྷ་མོ་བཞིའི་རང་བཞིན་ལག་ཏུ་གཏད་པས་ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི་ཕྲིན་ལས་རབ་འབྱམས་ཀྱིས་གཞན་ཕན་འདོད་རྒུར་སྒྱུར་བའི་དབང་ཐོབ་པར་མོས་ཤིག །ལས་བཞིའི་འབྲང་རྒྱས་ལག་ཏུ་གཏད་ལ། ཧྲཱི༔ ཡེ་ཤེས་ལྷ་མོ་སྒོ་མ་རྣམ་བཞི་ཡི༔ ཕྱག་མཚན་འབར་བའི་ཕོ་བྲང་དམ་པ་འདི༔ དེང་འདིར་སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཕྲིན་ལས་བཞི་ཡི་འགྲོ་དོན་མཐར་ཕྱིན་ཤོག༔ རྩ་སྔགས་དང་། སརྦ་ཨ་བྷི་ཥིཉྩ་ཧྲཱི༔ ཡེ་ཤེས་ལྔའི་ཕྱག་རྒྱ་མཚོན་པའི་མདའ་དར་གྱིས་གནས་ལྔར་རྒྱས་བཏབ་པས་ནམ་ཡང་སྐྱེ་ཤི་འཕོ་འགྱུར་བྲལ་བ་རྟག་བརྟན་གཞོམ་མེད་སྐུ་ལྔའི་ཚེ་དབང་བརྙེས་པར་མོས་ཤིག །མདའ་དར་གནས་ལྔར་རྒྱས་གདབ་ལ། ཧྲཱི༔ སྣོད་བཅུད་འབྱུང་ལྔའི་བཅུད་བསྡུས་པའི༔ ཡེ་ཤེས་ལྔ་ཡི་ཕྱག་རྒྱ་ཡིས༔ འགྱུར་བ་མེད་པའི་རྒྱས་གདབ་པས༔ མི་ཤིགས་མི་འགྱུར་བྷྲཱུྃ་ནྲྀ་རྒྱ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ སློབ་དཔོན་དཀྱིལ་འཁོར་གྱི་ལྷ་རྒྱལ་བ་སྲས་དང་བཅས་པས་བཀྲ་ཤིས་པའི་བདེན་ཚིག་བརྗོད་ཅིང་མེ་ཏོག་གི་ཆར་སིལ་མ་ཕབ་པས། ཕྱོགས་དུས་གནས་སྐབས་ཀུན་ཏུ་དགེ་ལེགས་ཆེན་པོའི་སྣང་བས་ཁྱབ་ཅིང་རྟག་པར་མོས་ཤིག །མེ་ཏོག་གཏོར་ལ། ཧྲཱི༔ ཆོས་དབྱིངས་འགྱུར་བ་མེད་པའི་སྐུ༔ སྣང་བ་མཐའ་ཡས་བཀྲ་ཤིས་ཤོག༔ རང་བཞིན་རྩལ་ལ་མཚན་དཔེ་རྫོགས༔ ཚེ་ལྷ་རིགས་ལྔའི་བཀྲ་ཤིས་ཤོག༔ བྱིན་རླབས་དངོས་གྲུབ་ཆར་ལྟར་འབེབ༔ བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག༔ བདུད་བཞིའི་གཡུལ་ལས་རབ་རྒྱལ་ཞིང༔ ཡི་དམ་ལྷ་ཚོགས་བཀྲ་ཤིས་ཤོག༔ རྩ་རླུང་ཐིག་ལེའི་ངོ་བོ་ཉིད༔ མ་དང་མཁའ་འགྲོའི་བཀྲ་ཤིས་ཤོག༔ གང་ལ་བསམ་པའི་དོན་ཀུན་འགྲུབ༔ ནོར་ལྷ་གཏེར་བདག་བཀྲ་ཤིས་ཤོག༔ བར་ཆད་བདུད་དཔུང་འདུལ་མཛད་པའི༔ ཆོས་སྐྱོང་སྲུང་མའི་བཀྲ་ཤིས་ཤོག༔ ཅེས་དང་རོལ་མོའི་སྒྲ་སྙན་ཡུན་རིང་བྱ། གསུམ་པ་རྗེས་ནི། དེ་དག་རྣམས་ཀྱིས་འཆི་མེད་རྡོ་རྗེའི་སྲོག་སྒྲུབ་ཀྱི་ཚེ་དབང་ཟབ་མོ་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ནས་དམ་ཚིག་བསྒྲག་གཟུང་། གཏང་རག་མཎྜལ་སོགས་སྤྱི་ལྟར་བྱ། བཀའ་གཏེར་སྲུང་མའི་གཏོར་འབུལ། ཚོགས་བྱིན་རླབས་ནས་བཀྲ་ཤིས་ཀྱི་བར་ཡང་ལས་བྱང་དང་ཕྲིན་གཞུང་སྤྱིས་རིགས་འགྲེས་ཏེ་ཚང་བར་བསྒྲུབ་བོ། །ཚེ་དབང་རིག་པ་འཛིན་པའི་དགོངས་ཀློང་ནས། །རེ་སྐོང་བདུད་རྩིའི་ཟིལ་ཐིགས་ཕབ་འདི་ཡིས། །སྐལ་ལྡན་སྙིང་གི་བུམ་བཟང་ཡོངས་གང་སྟེ། །འཆི་མེད་རྡོ་རྗེའི་ལང་ཚོ་རྟག་བརྟན་ཤོག །ཅེས་པའང་ཆོས་ལྡན་གྱི་འཚོ་བ་རིང་དུ་གནས་པའི་ཆ་རྐྱེན་དུ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཡང་ཁྲོད་ཀུན་བཟང་བདེ་ཆེན་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།

[edit]
[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).