Terdzo-TA-023

From Rinchen Terdzö
Revision as of 11:37, 10 January 2018 by Mort (talk | contribs)

ཡི་དམ་དགོངས་པ་འདུས་པའི་ཆ་རྐྱེན༔ བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་ལས་བྱང་གདུང་བའི་གསོལ་འདེབས་མེ་ཏོག་ཕྲེང་བ་

yi dam dgongs pa 'dus pa'i cha rkyen:_bla ma'i thugs sgrub yid bzhin nor bu'i las byang gdung ba'i gsol 'debs me tog phreng ba

revealed by  སྟག་ཤམ་ནུས་ལྡན་རྡོ་རྗེ་ (Taksham Nuden Dorje)
in cycle  བླ་མ་ཡིད་བཞིན་ནོར་བུ་ (Bla ma yid bzhin nor bu)
parent cycle  ཡི་དམ་དགོངས་འདུས་རྟ་མཆོག་རོལ་པ་ (Yi dam dgongs 'dus rta mchog rol pa)
Volume 9 (ཏ) / Pages 329-370 / Folios 1a1 to 21b5

[edit]

ཡི་དམ་དགོངས་པ་འདུས་པའི་ཆ་རྐྱེན༔ བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་ལས་བྱང་གདུང་བའི་གསོལ་འདེབས་མེ་ཏོག་ཕྲེང་བ་བཞུགས་སོ༔ ཚེས་བཅུའི་ཚོགས་མཆོད༔ ྈ བྱིན་རླབས་ཀུན་འདུས་ཡིད་བཞིན་ནོར་བུ་བླ་མ་པདྨའི་ཞབས་ལ་ཕྱག་འཚལ་ལོ༔ ཡི་དམ་དགོངས་འདུས་རྟ་མཆོག་རོལ་པའི་ཆ་རྐྱེན༔ བླ་མ་ཡིད་བཞིན་ནོར་བུའི་ལས་བྱང་མེ་ཏོག་ཕྲེང་བ་བསྟན་པ་ནི༔ དེ་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས༔ དང་པོ་སྔོན་འགྲོའི་རིམ་པ་དྲུག་སྟེ༔ དང་པོ་སྐྱབས་སུ་འགྲོ་བ༔ གཉིས་པ་སེམས་བསྐྱེད་པ༔ གསུམ་པ་ཡན་ལག་བདུན་པ་འབུལ་བ༔ བཞི་པ་བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ་པ༔ ལྔ་པ་བྱིན་དབབ་པ༔ དྲུག་པ་མཆོད་པ་བྱིན་རླབས་དང་བཤགས་པ་བྱ་བའོ༔ ས་མ་ཡ༔ རཏྣ་ཙིཏྟ་དྷྱ༔ དང་པོ་སྐྱབས་ཡུལ་གསལ་གདབ་པ་ནི༔ ཨེ་མ་ཧོ༔ མདུན་གྱི་ནམ་མཁར་རང་བྱུང་འོད་ལྔའི་ཀློང༔ གསེར་གྱི་པདྨ་གེ་སར་བརྩེགས་པའི་དབུས༔ ཐབས་ཤེས་ཉི་ཟླ་འོད་འབར་གདན་སྟེང་དུ༔ དུས་གསུམ་སངས་རྒྱས་བདེ་གཤེགས་ཀུན་འདུས་སྐུ༔ རྩ་གསུམ་སྐུ་གསུམ་ཀུན་འདུས་པདྨ་འབྱུང༔ ཆོས་སྐྱོང་དམ་ཅན་ཀུན་གྱི་ངོ་བོ་ཉིད༔ སྐྱབས་གནས་ཀུན་འདུས་ཨོ་རྒྱན་རིན་པོ་ཆེ༔ སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ༔ ལེ་བརྒན་ཆོས་གོས་དམར་པོ་པ་ཏྲ་རིས༔ ཟ་འོག་དཀར་དམར་ལྗང་སྔོན་སུམ་བརྩེགས་གསོལ༔ པད་ཞྭ་པདྨ་རིན་ཆེན་དར་སྣས་སྤྲས༔ རྡོ་རྗེ་ཉི་ཟླ་ནོར་བུས་རབ་ཏུ་མཚན༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་ཐུགས་ཀར་འཛིན༔ ཕྱག་གཡོན་བདུད་རྩི་བུམ་པ་བྷནྡྷ་བསྣམས༔ ཁ་ཊྭཱཾ་མཆན་བཅུག་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ འཇའ་ཚོན་ཡེ་ཤེས་ལྔ་ཡི་རང་འོད་འབར༔ དེ་ལ་སངས་རྒྱས་བྱང་ཆུབ་སེམས་དཔའ་དང༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས༔ བསྐོར་ནས་སྤྲིན་ཕུང་འཐིབས་ལྟར་བཞུགས་པར་བསམ༔ གཉིས་པ་སྐྱབས་འགྲོ་བརྗོད་པ་ནི༔ ཨོཾ་ཨཱཿཧཱུྃ༔ མཆོག་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་རྩལ༔ རང་བྱུང་ལྷུན་གྲུབ་ཨོ་རྒྱན་རིན་པོ་ཆེ༔ བདག་སོགས་འགྲོ་རྣམས་གུས་པས་སྐྱབས་སུ་མཆི༔ བླ་མ་ཡི་དམ་མཁའ་འགྲོ་ཀུན་འདུས་སྐུ༔ རང་བྱུང་ལྷུན་གྲུབ་ཨོ་རྒྱན་པདྨ་ལ༔ བདག་སོགས་འགྲོ་རྣམས་གུས་པས་སྐྱབས་སུ་མཆི༔ སྐུ་གསུམ་སྐུ་ལྔ་ཀུན་འདུས་ངོ་བོ་ཉིད༔ རང་བྱུང་ལྷུན་གྲུབ་ཨོ་རྒྱན་པདྨ་ལ༔ བདག་སོགས་འགྲོ་རྣམས་གུས་པས་སྐྱབས་སུ་མཆི༔ ཆོས་སྐྱོང་དམ་ཅན་ཀུན་འདུས་ངོ་བོ་ཉིད༔ རང་བྱུང་ལྷུན་གྲུབ་ཨོ་རྒྱན་པདྨ་ལ༔ བདག་སོགས་འགྲོ་རྣམས་གུས་པས་སྐྱབས་སུ་མཆི༔ ཅེས་བརྒྱ་རྩ་བརྒྱད་སོགས་གང་ལྕོགས་བྱ༔ དེ་ནས་སེམས་བསྐྱེད་པ་ནི༔ ཨོཾ་ཨཱཿཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཀུན་འདུས་དཔལ༔ ཨོ་རྒྱན་ཆེན་པོའི་ལྷ་ཚོགས་དགོངས་སུ་གསོལ༔ བདག་གིས་ལྷག་བསམ་བླ་མ་བསྒྲུབས་བགྱིས་པས༔ བདག་གཞན་མཁའ་མཉམ་སེམས་ཅན་ཐམས་ཅད་ཀུན༔ འདི་བཟུང་བྱང་ཆུབ་སྙིང་པོ་མ་ཐོབ་བར༔ མ་གྲོལ་སྒྲོལ་དང་མ་བསྒྲལ་བསྒྲལ་བ་དང༔ དབུགས་མ་དབྱུང་བ་རྣམས་ནི་དབུགས་དབྱུང་ཞིང༔ མྱ་ངན་འདས་པའི་ས་ལ་འགོད་པར་བགྱི༔ དེ་ནས་བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ་པ་ནི༔ ཧཱུྃ༔ དམ་ཚིག་ལྡན་པའི་རིག་འཛིན་སྒྲུབ་པ་པོས༔ ཐར་ལམ་བྱང་ཆུབ་སྒྲུབ་པའི་དཀྱིལ་འཁོར་འདིར༔ བར་ཆད་བྱེད་པའི་བགེགས་ཀུན་ཕྱིར་དེངས་ཤིག༔ ཧཱུྃ༔ དུས་གསུམ་བདེ་གཤེགས་རྒྱལ་བའི་བྱིན་རླབས་ཀྱིས༔ བདག་ནི་རིགས་རྣམས་ཀུན་འདུས་པདྨ་འབྱུང༔ སྣང་སྲིད་རྣམ་དག་ཡེ་ཤེས་གཞལ་ཡས་ཁང༔ ཁམས་གསུམ་དག་པ་ལྷ་དང་ལྷ་མོའི་ངང༔ མ་དག་བགེགས་ཞེས་བྱ་བའི་མིང་ཡང་མེད༔ གལ་ཏེ་བག་ལ་གབ་པའི་བགེགས་ཡོད་ན༔ ཟག་མེད་མཆོད་སྦྱིན་འདི་ལོངས་གཞན་དུ་དེངས༔ རིགས་འདུས་པདྨའི་བཀའ་ལས་མ་འདའ་ཞིག༔ ནག་ཕྱོགས་བགེགས་ཀྱི་ཚོགས་ཀུན་ཕྱིར་དེངས་ཤིག༔ དཀར་ཕྱོགས་རྣམས་ཀྱིས་ཐར་པའི་གྲོགས་མཛོད་ཅིག༔ ཨོཾ་གུ་རུ་བཛྲ་ཀྲོ་ཏ་སརྦ་བྷཱུ་ཏ་ཨུ་ཙ་ཡ་ཕཊ༔ མཚམས་གཅོད་ཅིང་སྲུང་འཁོར་བསྒོམ་པ་ནི༔ ཧཱུྃ༔ ང་ནི་རིགས་འདུས་པདྨ་ཧེ་རུ་ཀ༔ སྐུ་ཡི་སྤྲུལ་པས་ཁྲོ་ཚོགས་ནམ་མཁའ་གང༔ གསུང་གི་སྤྲུལ་པས་དྲག་སྔགས་འབྲུག་སྟོང་སྒྲོག༔ ཐུགས་ཀྱི་སྤྲུལ་པས་འོད་ཟེར་གློག་སྟོང་འཁྱུག༔ རང་བྱུང་ལྷུན་གྲུབ་གུ་རུའི་བྱིན་རླབས་ཀྱིས༔ རང་བྱུང་ཡེ་གྲོལ་ཆེན་པོར་མཚམས་ཆོད་ཅིག༔ ཧཱུྃ༔ བདག་ཉིད་པདྨ་དབང་ཆེན་ཐུགས་ཀ་ནས༔ འོད་ཟེར་རྡོ་རྗེ་མཚོན་ཆ་རབ་འཕྲོས་པས༔ ཕྱོགས་མཚམས་སྟེང་འོག་རབ་ཏུ་འབར་བར་གཏམས༔ ཡེ་ཤེས་རླུང་ཡང་རྒྱུ་བའི་སྐབས་མེད་པས༔ བདུད་དང་བགེགས་ཀྱིས་བར་ཆད་ག་ལ་ཚུགས༔ འོད་ཟེར་འཕྲོ་འདུ་རྡོ་རྗེའི་ཚྭ་ཚྭ་འཕྲོ༔ ཡེ་ཤེས་མེ་འབར་སྟེང་འོག་ཕྱོགས་བཅུར་ཁྱབ༔ བར་ཆད་མི་ཚུགས་གཏུམ་དྲག་རབ་ཏུ་འབར༔ གུ་རུ་བཛྲ་ཀྲོ་ཏ་ཛྭ་ལ་རཾ་རཾ་རཀྵ་རཀྵ་ཧཱུྃ་ཧཱུྃ༔ དེ་ནས་ཡན་ལག་བདུན་པ་འབུལ་བ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཀུན་འདུས་དཔལ༔ རིགས་འདུས་ཨོ་རྒྱན་ཆེན་པོ་གནས་འདིར་གཤེགས༔ པད་སྡོང་ཉི་ཟླའི་གདན་ལ་དགྱེས་པར་བཞུགས༔ སྒོ་གསུམ་གུས་པས་ཕྱག་འཚལ་མཆོད་པ་འབུལ༔ སྡོམ་གསུམ་རྒྱལ་བའི་བཀའ་འདས་ཉམས་ཆག་བཤགས༔ དུས་གསུམ་བླ་མ་སྒྲུབ་པར་ཡི་རང་ངོ་༔ གང་འདུལ་ཐབས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར༔ འགྲོ་བའི་དོན་དུ་མྱ་ངན་མི་འདའ་བཞུགས༔ དགེ་བ་ཅི་བསགས་ཐེག་པ་ཆེན་པོར་བསྔོ༔ མཁའ་མཉམ་སེམས་ཅན་བླ་མའི་ས་ཐོབ་ཤོག༔ དེ་ནས་བྱིན་དབབ་པ་ནི༔ ཧཱུྃ་ཧཱུྃ༔ དམ་ཚིག་ལྡན་པའི་རིག་འཛིན་སྒྲུབ་པ་པོ༔ ཐར་ལམ་བྱང་ཆུབ་སྒྲུབ་པའི་དཀྱིལ་འཁོར་འདིར༔ སྒོ་གསུམ་དད་མོས་བྱིན་རླབས་འབྱུང་བའི་གནས༔ རིག་འཛིན་ཀུན་འདུས་ཨོ་རྒྱན་བྱིན་ཕོབ་ཅིག༔ ཡི་དམ་ཀུན་འདུས་གུ་རུས་བྱིན་ཕོབ་ཅིག༔ མཁའ་འགྲོ་ཀུན་འདུས་པདྨས་བྱིན་ཕོབ་ཅིག༔ ཆོས་སྐྱོང་ཀུན་འདུས་ཐོད་ཕྲེང་བྱིན་ཕོབ་ཅིག༔ དམ་ཅན་ཀུན་འདུས་ཆེ་མཆོག་བྱིན་ཕོབ་ཅིག༔ སྐུ་གསུམ་ལྷུན་གྲུབ་གུ་རུས་བྱིན་ཕོབ་ཅིག༔ སྐུ་ལྔ་ཐོད་ཕྲེང་མཚན་བརྒྱད་བྱིན་ཕོབ་ཅིག༔ བྱིན་ཆེན་ཕོབ་ཅིག་ཨོ་རྒྱན་ཆོས་ཀྱི་རྗེ༔ བྱིན་གྱིས་རློབས་ཤིག་ཡི་དམ་གུ་རུ་རྗེ༔ དངོས་གྲུབ་སྩོལ་ཅིག་མཁའ་འགྲོ་པདྨ་འབྱུང༔ བར་ཆད་སོལ་ཅིག་ཆོས་སྐྱོང་བླ་མ་མཆོག༔ ཕྲིན་ལས་སྒྲུབས་ཤིག་དམ་ཅན་ཐོད་ཕྲེང་རྩལ༔ བརྒྱུད་འཛིན་བུ་ལ་དབང་བཞི་ཡོངས་རྫོགས་སྐུར༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་ས་མ་ཡ་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ དེ་ནས་མཆོད་རྫས་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ རང་ཉིད་རིགས་འདུས་གུ་རུའི་སྐུར་གསལ་བའི༔ ཐུགས་ཀའི་ཧཱུྃ་ལས་བྱུང་བའི་རཾ་ཡཾ་ཁཾ༔ སྨན་གཏོར་རཀྟ་མཆོད་པའི་ཚོགས་ལ་སྤྲོས༔ མ་དག་གཉིས་འཛིན་རྟོག་པའི་དྲི་མ་སྦྱང༔ རཾ་ཡཾ་ཁཾ༔ ཧཱུྃ༔ རང་ཉིད་གུ་རུའི་སྐུར་གསལ་ཐུགས་ཀ་ནས༔ འབྲུ་མཆོག་ཡི་གེ་ཨོཾ་དང་ཨཱཿཧཱུྃ་གསུམ༔ འོད་ཟེར་འབྲུ་གསུམ་སྤྲོས་པས་རྫས་ལ་ཕོག༔ འདོད་དགུ་ཡོན་ཏན་དཔག་མེད་དུ་མར་གྱུར༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བྷ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ༔ བཛྲ་ཨརྒྷཾ༔ པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་བིདྱ༔ ཤབྡ་ཨཱཿཧཱུྃ༔ ཨོཾ་རཱུ་པ༔ ཤབྡ༔ གནྡྷེ༔ རཱ་ས༔ སྤརྴེ༔ པཱུ་ཛ་དྷརྨཱ་ཨཱཿཧཱུྃ༔ བོདྡྷི་ཙིཏྟ་གུ་ཧྱ་ཤུ་ཀྲཾ་པཱུ་ཛ་ཧོ༔ དེ་ནས་བཤགས་པ་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ རིག་འཛིན་ཀུན་འདུས་ཨོ་རྒྱན་ཐོད་ཕྲེང་རྩལ༔ སྐུ་ཡི་དམ་ཚིག་འགལ་བ་བཟོད་པར་གསོལ༔ ཡི་དམ་ཀུན་འདུས་མ་ཧཱ་གུ་རུ་ལ༔ གསུང་གི་དམ་ཚིག་འགལ་བ་བཟོད་པར་གསོལ༔ མཁའ་འགྲོ་ཀུན་འདུས་རྒྱལ་སྲས་པདྨ་ལ༔ ཐུགས་ཀྱི་དམ་ཚིག་འགལ་བ་བཟོད་པར་གསོལ༔ ཆོས་སྐྱོང་ཀུན་འདུས་ཨོ་རྒྱན་ཆེན་པོ་ལ༔ ཡོན་ཏན་དམ་ཚིག་འགལ་བ་བཟོད་པར་གསོལ༔ དམ་ཅན་ཀུན་འདུས་པདྨ་ཐོད་ཕྲེང་རྩལ༔ ཕྲིན་ལས་དམ་ཚིག་འགལ་བ་བཟོད་པར་གསོལ༔ མ་དག་འཁྲུལ་པའི་ངང་དུ་མི་བཤགས་ཏེ༔ ལྷག་བསམ་རྣམ་དག་ངང་དུ་བཤགས་པར་བགྱི༔ བཟོད་པར་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ དེ་ནས་གདུང་བའི་ཡུས་ཀྱི་གསོལ་འདེབས་ནི། ཨོཾ་ཨཱཿཧཱུྃ༔ དུས་གསུམ་སངས་རྒྱས་བདེ་གཤེགས་ཀུན་འདུས་སྐུ༔ སྐུ་མཆོག་གུ་རུའི་སྐུ་ལ་གསོལ་བ་འདེབས༔ ཐེག་དགུ་དམ་ཆོས་ཀུན་འདུས་གསང་སྔགས་མཛོད༔ གསུང་མཆོག་གུ་རུའི་གསུང་ལ་གསོལ་བ་འདེབས༔ བདེ་གཤེགས་རྒྱལ་བ་ཀུན་འདུས་ཀུན་བཟང་ཐུགས༔ ཐུགས་མཆོག་གུ་རུའི་ཐུགས་ལ་གསོལ་བ་འདེབས༔ གསོལ་བ་འདེབས་སོ་ཨོ་རྒྱན་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་ཡི་དམ་གུ་རུ་རྗེ༔ དངོས་གྲུབ་སྩོལ་ཅིག་མཁའ་འགྲོ་པདྨ་འབྱུང༔ བར་ཆད་སོལ་ཅིག་ཆོས་སྐྱོང་བླ་མ་མཆོག༔ ཕྲིན་ལས་མཛོད་ཅིག་དམ་ཅན་ཐོད་ཕྲེང་རྩལ༔ བརྒྱུད་འཛིན་བུ་ལ་དབང་བཞི་ཡོངས་རྫོགས་སྐུར༔ བསྐྱེད་རྫོགས་ཟུང་འཇུག་སྒྲུབ་པ་མཐར་ཕྱིན་ནས༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་བྱིན་གྱིས་རློབས༔ གུ་རུའི་སྐུ་གསུང་ཐུགས་ཡོན་མཛད་མཉམ་ནས༔ བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས༔ སྲིད་གསུམ་ཛམ་གླིང་བྱེ་བ་ཕྲག་བརྒྱ་ན༔ གང་འདུལ་སྤྲུལ་པ་འགྱེད་པར་བྱིན་གྱིས་རློབས༔ གུ་རུ་ཁྱེད་ཉིད་དངོས་གྲུབ་བརྙེས་པ་དེ༔ སྒྲུབ་མཆོག་བུ་ཡིས་བརྙེས་པར་བྱིན་གྱིས་རློབས༔ གུ་རུ་ཁྱེད་ཀྱིས་སྤྲུལ་པ་འགྱེད་པ་ལྟར༔ སྒྲུབ་མཆོག་བུ་ཡིས་ནུས་པར་བྱིན་གྱིས་རློབས༔ ཚེ་རབས་སྐྱེ་བ་དག་པའི་རྒྱུད་བསྐུལ་ནས༔ བསམ་པ་རྣམ་དག་ལྷུན་གྲུབ་བྱིན་གྱིས་རློབས༔ འགྲོ་དོན་འཁོར་བ་དོང་སྤྲུགས་ནུས་པར་ཤོག༔ ཅེས་ལས་བྱང་གདུང་བའི་གསོལ་འདེབས་མེ་ཏོག་ཕྲེང་བའི་སྔོན་འགྲོའི་རིམ་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་རིམ་པ་ནི༔ དང་པོ་ལྷ་བསྐྱེད་པ༔ གཉིས་པ་སྤྱན་འདྲེན་པ༔ གསུམ་པ་བཞུགས་སུ་གསོལ་བ༔ བཞི་པ་ཕྱག་འཚལ་བ༔ ལྔ་པ་མཆོད་པ་འབུལ་བ༔ དྲུག་པ་བསྟོད་པ་བྱེད་པ༔ བདུན་པ་བཤགས་པ་བྱེད་པ༔ བརྒྱད་པ་འཛབ་བསྟོད་གསོལ་འདེབས་བྱ་བ༔ དགུ་པ་བསྟོད་པ་གསོལ་འདེབས་ཟུར་གསལ་ལྟར་བྱ་བའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ྈ རྒྱ་རྒྱ་རྒྱ༔ དེ་ལ་དང་པོ་ཏིང་ངེ་འཛིན་གྱི༔ དེ་བཞིན་ཉིད་ནི༔ ཨོཾ༔ ཆོས་སྐུ་མི་འགྱུར་འཁོར་འདས་ཆོས་རྣམས་ཀུན༔ ཡེ་ནས་བདག་མེད་གདོད་ནས་མཐའ་དང་བྲལ༔ རིགས་འདུས་པདྨ་རྒྱལ་པོས་དེ་སྐད་གསུང༔ ཀུན་སྣང་ནི༔ ཨཱ༔ རང་ངོ་མ་ཤེས་མ་རིག་རྟོག་པས་བཅིངས༔ གཉིས་འཛིན་འགྲོ་བ་སེམས་ཅན་སྙིང་རེ་རྗེ༔ ཚ་གདུང་སྡུག་བསྔལ་བཟོད་མེད་རབ་ཏུ་མནར༔ སྙིང་རྗེའི་ངང་དུ་མཆོག་ཏུ་བདག་གིས་བསྒྲལ༔ རྒྱུ་ཡི་ཏིང་ངེ་འཛིན་ནི༔ ཧཱུྃ༔ སྟོང་གསལ་བརྗོད་བྲལ་སྐད་ཅིག་བྱར་རྫོགས་ངང༔ འགག་མེད་རིག་རྩལ་རིག་པ་ཧཱུྃ་དུ་ཤར༔ རང་བཞིན་གསལ་སྟོང་རང་བབ་གདོས་བཅས་བྲལ༔ རྒྱུ་ལས་འོད་འཕྲོས་རང་བྱུང་འབྱུང་ལྔ་བརྩེགས༔ གཞལ་ཡས་ཁང་ནི༔ ཧཱུྃ༔ བྷྲཱུྃ་ལས་རང་བྱུང་ཡེ་ཤེས་གཞལ་ཡས་ཁང༔ རིན་ཆེན་ཕོ་བྲང་སྣ་ཚོགས་འོད་དུ་འབར༔ གྲུ་བཞི་སྒོ་བཞི་རྟ་བབ་ཆོས་འཁོར་རྫོགས༔ སྟོང་པའི་རང་བཞིན་མ་འདྲེས་འཇའ་ལྟར་ཤར༔ ཕྱི་ནང་མེད་པར་མ་བསྒྲིབས་ཟང་ཐལ་གསལ༔ ངོ་མཚར་རྨད་བྱུང་བླ་མའི་གཞལ་ཡས་ཁང༔ དེ་ནས་ལྷ་བསྐྱེད་ནི༔ ཧཱུྃ༔ དེ་དབུས་རང་བྱུང་པད་སྡོང་ཉི་ཟླའི་སྟེང༔ ཧཱུྃ་ལས་རང་བྱུང་ལྷུན་གྲུབ་པདྨ་འབྱུང༔ ཆོས་ཀྱི་སྐུ་ལ་ཐུགས་རྗེའི་གཟུགས་སྐུར་བསྟན༔ སྤྲུལ་སྐུའི་མཚན་དཔེ་འོད་ཟེར་གཟི་བརྗིད་འབར༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར་དམར་མདངས༔ ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་འཛིན༔ ཕྱག་གཡོན་བདུད་རྩིའི་བུམ་པ་བྷནྡྷ་བསྣམས༔ ཟ་འོག་སྨུག་དམར་སུམ་བརྩེགས་སྐུ་ལ་གསོལ༔ མན་ཏྲིའི་ཤམ་ཐབས་པདྨའི་སྐུ་རེག་བཅིངས༔ ངུར་སྨྲིག་ཆོས་གོས་སྐུ་ཡི་ཕྲག་ལ་གཟར༔ པད་ཞྭ་རིན་ཆེན་ཉི་ཟླ་དར་སྣས་སྤྲས༔ སྙན་ཆ་མགུལ་ཆུ་ཉི་ཟླ་རིན་ཆེན་བརྒྱན༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གཟི་མདངས་བརྗིད༔ ཁ་ཊྭཱཾ་མཆན་བཅུག་སྐུ་ལ་འགྱིང་བག་བརྟེན༔ ཞི་ཞལ་མཛེས་འཛུམ་མཚན་དཔེ་གཟི་བརྗིད་འབར༔ ཐུགས་ཀར་ཉི་ཟླ་པདྨ་འབར་བའི་སྟེང༔ ལོངས་སྐུ་པདྨ་ཐོད་ཕྲེང་ཚེ་དབང་རྩལ༔ སྐུ་མདོག་དམར་པོ་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་ཡུམ་ལ་འཁྱུད༔ མཚོ་རྒྱལ་དཀར་མོ་སྐུ་ལ་འཛུམ་མདངས་འཁྲིལ༔ ཕྱག་གཡས་ཡིད་བཞིན་ནོར་བུ་མགུལ་ནས་འཁྱུད༔ ཕྱག་གཡོན་བདུད་རྩི་ཐོད་པ་ཡབ་ལ་སྟོབ༔ ཡབ་ཡུམ་གཞོན་ནུ་ལང་ཚོ་བདེ་ཉམས་རྒྱས༔ རིན་ཆེན་རུས་རྒྱན་པྲོག་ཞུ་རྩེ་བྲན་སྤྲས༔ ལོངས་སྐུའི་ཆ་ལུགས་ཡབ་ཡུམ་རྫོགས་པར་གསལ༔ དེ་ཡི་ཐུགས་ཀར་ཙིཏྟའི་ཡང་སྙིང་དུ༔ ཐབས་ཤེས་ཉི་ཟླ་པདྨའི་དཀྱིལ་འཁོར་དབུས༔ རྡོ་རྗེ་རྩེ་ལྔ་འགྲེང་བའི་མཐའ་སྐོར་དུ༔ རྩ་བའི་སྔགས་ཀྱི་འོད་ཟེར་འཕྲོ་བར་བསྒོམ༔ ཧཱུྃ༔ ལྟེ་བར་ཉི་ཟླ་ཁ་སྦྱོར་པད་ཟླའི་དབུས༔ རིག་སྟོང་ཀུན་བཟང་པདྨ་སྐུ་མདོག་མཐིང༔ སྐྱིལ་ཀྲུང་མཉམ་གཞག་བཟང་མོ་ཡུམ་དང་སྦྱོར༔ སྣང་ལ་རང་བཞིན་མ་གྲུབ་ལྷུན་སྡུག་འཚེར༔ འཛིན་མེད་རང་བྱུང་རང་ཤར་རང་དུ་བསྒོམ༔ ཧྲཱི༔ ཕྱོགས་བཞིར་པདྨ་ཁ་དོག་བཞི་ལྡན་དབུས༔ རིག་རྩལ་འགག་མེད་གུ་རུ་སྐུ་ལྔར་ཤར༔ ཤར་དུ་བཛྲ་ཐོད་ཕྲེང་སྐུ་མདོག་མཐིང༔ ལྷོ་རུ་རཏྣ་ཐོད་ཕྲེང་སྐུ་མདོག་སེར༔ ནུབ་ཏུ་པདྨ་ཐོད་ཕྲེང་སྐུ་མདོག་དམར༔ བྱང་དུ་ཀརྨ་ཐོད་ཕྲེང་སྐུ་མདོག་ལྗང༔ ཐུགས་ཀར་བུདྡྷ་ཐོད་ཕྲེང་སྐུ་མདོག་དཀར༔ ཞབས་གཉིས་སྐྱིལ་ཀྲུང་རྡོར་དྲིལ་ཡུམ་ལ་འཁྱུད༔ སོ་སོའི་སྐུ་མདོག་རིགས་ཀྱི་ཁ་དོག་ལ༔ རང་འདྲའི་ཡུམ་ཆེན་སྐུ་ལ་འཛུམ་མདངས་འཁྲིལ༔ ཡུམ་རྣམས་གཅེར་བུ་གྲི་ཐོད་རྒྱན་དྲུག་སྤྲས༔ དེ་ཡི་ཕྱི་རིམ་རིན་ཆེན་ཟུར་བརྒྱད་ལ༔ འགྲོ་འདུལ་སྤྲུལ་སྐུ་གུ་རུ་མཚན་བརྒྱད་ཤར༔ ཤར་དུ་པདྨ་འབྱུང་གནས་སྐུ་མདོག་མཐིང༔ ཕྱག་གཉིས་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣམས༔ ཤར་ལྷོར་པདྨ་སཾ་བྷ་སྐུ་མདོག་དཀར༔ ཕྱག་གཉིས་བདུད་རྩི་སྐྱབས་སྦྱིན་ཐུགས་ཀར་བསྣོལ༔ ལྷོ་རུ་བློ་ལྡན་མཆོག་སྲེད་སྐུ་མདོག་དཀར༔ ཕྱག་གཉིས་ཌ་རུ་པད་ཕོར་ཐུགས་ཀར་བསྣོལ༔ ལྷོ་ནུབ་པདྨ་རྒྱལ་པོ་སྐུ་མདོག་དམར༔ ཕྱག་གཉིས་ལྕགས་སྒྲོག་མེ་ལོང་ཐུགས་ཀར་བསྣོལ༔ ནུབ་ཕྱོགས་ཉི་མ་འོད་ཟེར་སྐུ་མདོག་སེར༔ ཕྱག་གཉིས་རྩེ་གསུམ་ཉི་ཞགས་ཐུགས་ཀར་བསྣོལ༔ ནུབ་བྱང་ཤཱཀྱ་སེང་གེ་སྐུ་མདོག་སེར༔ ཕྱག་གཉིས་མཉམ་གཞག་ཆོས་གོས་སྣམ་སྦྱར་དམར༔ བྱང་ཕྱོགས་སེང་གེ་སྒྲ་སྒྲོག་སྐུ་མདོག་མཐིང༔ ཕྱག་གཉིས་ལྕགས་སྒྲོག་སྡིགས་མཛུབ་ཐུགས་ཀར་བསྣོལ༔ བྱང་ཤར་རྡོ་རྗེ་གྲོ་ལོད་སྐུ་མདོག་དམར༔ ཁྲོ་འཛུམ་ཕྱག་གཉིས་རྡོ་རྗེ་ཕུར་པ་གདེངས༔ ཀུན་ཀྱང་འཁོར་ལོས་སྒྱུར་བའི་ཆ་ལུགས་ལ༔ པྲོག་ཞུ་རིན་ཆེན་རྒྱན་ཆ་ཟ་འོག་མནབས༔ རྡོ་རྗེ་སྐྱིལ་ཀྲུང་གཟི་བརྗིད་ལྡན་པར་གསལ༔ ཕྱི་རོལ་ཁོར་ཡུག་མུ་ཁྱུད་ལྔ་འཁོར་མཛེས༔ ཕྱི་ནང་གསང་བ་བླ་མེད་གུ་རུའི་ཚོགས༔ ཚོམ་བུ་ཤིགས་སེ་འཇའ་འོད་ཁྱུགས་སེ་བསྒོམ༔ དེ་ཡི་ཕྱི་རོལ་མུ་ཁྱུད་མཛེས་པ་ལ༔ རིགས་འདུས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་བཅས༔ སྒོ་བཞིར་ཌཱ་ཀི་སྡེ་བཞི་རིགས་མཐུན་གསལ༔ དངོས་གྲུབ་མ་ལུས་སྟེར་ཞིང་བར་ཆད་སེལ༔ སྤྲིན་ཕུང་འདུས་པ་ལྟ་བུ་མ་ཡེངས་གསལ༔ དེ་ནས་སྤྱན་འདྲེན་པ་ནི༔ གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས༔ རང་བཞིན་ཆོས་ཀྱི་དབྱིངས་ཟངས་མདོག་དཔལ་རིའི་རྩེ་མོ་པདྨ་འོད་ཀྱི་གཞལ་ཡས་ནས་རིག་འཛིན་པདྨ་འབྱུང་གནས་ལ༔ འཁོར་རིག་འཛིན་བླ་མ་ཡི་དམ་ལྷ་ཚོགས་མཁའ་འགྲོ་ཆོས་སྐྱོང་རྒྱ་མཚོས་བསྐོར་བ་སྤྲིན་གཏིབས་པ་ལྟར་འོད་མེ་རེ་རེ་བྱོན་པར་བསམས་ལ་རོལ་མོ་སྤོས་བཅས་གདུང་བའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ རྣམ་དག་ཆོས་ཀྱི་དབྱིངས་ནས་སྐུ་སྐྱོད་ཅིག༔ རིག་འཛིན་ཆེན་པོ་ཨོ་རྒྱན་ཐོད་ཕྲེང་རྩལ༔ བདག་གཞན་འགྲོ་བའི་དོན་དུ་སྤྱན་འདྲེན་གཤེགས༔ ཡི་དམ་ཀུན་འདུས་ཨོ་རྒྱན་རིན་པོ་ཆེ༔ བྱིན་གྱིས་བརླབ་ཕྱིར་གནས་འདིར་སྤྱན་འདྲེན་གཤེགས༔ མཁའ་འགྲོ་ཀུན་འདུས་ཨོ་རྒྱན་རིན་པོ་ཆེ༔ དངོས་གྲུབ་སྩོལ་ཕྱིར་གནས་འདིར་སྤྱན་འདྲེན་གཤེགས༔ ཆོས་སྐྱོང་ཀུན་འདུས་མ་ཧཱ་གུ་རུ་རྗེ༔ བར་ཆད་སེལ་ཕྱིར་གནས་འདིར་སྤྱན་འདྲེན་གཤེགས༔ དམ་ཅན་ཀུན་འདུས་ཆེ་མཆོག་ཐོད་ཕྲེང་རྩལ༔ ཕྲིན་ལས་མཛད་ཕྱིར་གནས་འདིར་སྤྱན་འདྲེན་གཤེགས༔ ཧཱུྃ༔ སྔོན་ཚེ་འདས་པ་བསྐལ་པའི་དང་པོ་ལ༔ ཡུལ་ནི་ཨོ་རྒྱན་ནུབ་བྱང་མཚོ་གླིང་དབུས༔ ཡབ་མེད་ཡུམ་མེད་པདྨའི་སྡོང་པོ་ལ༔ ལེགས་བྱོན་རྒྱལ་སྲས་མཆོག་ཏུ་སྐུ་འཁྲུངས་པ༔ ངོ་མཚར་རྨད་བྱུང་པདྨ་འབྱུང་གནས་ལ༔ འཁོར་དུ་མཁའ་འགྲོ་རྒྱ་མཚོ་འབུམ་གྱིས་བསྐོར༔ ཕ་མཆོག་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གནས་འདིར་གཤེགས་སུ་གསོལ༔ སྒྲུབ་མཆོག་བུ་དང་འགྲོ་ལ་ཐུགས་རྗེས་དགོངས༔ བརྒྱུད་འཛིན་བུ་ལ་དབང་བཞི་ཡོངས་རྫོགས་སྐུར༔ ཧཱུྃ༔ ཡུལ་གྱི་མིང་ནི་ལྷོ་ནུབ་རྔ་ཡབ་གླིང༔ ཟངས་མདོག་དཔལ་གྱི་རི་བོའི་རྩེ་མོ་ནས༔ པདྨ་འོད་འབར་ཕོ་བྲང་གཞལ་ཡས་སུ༔ རྗེ་བཙུན་ཨོ་རྒྱན་གུ་རུ་རིན་པོ་ཆེ༔ བལྟ་བས་མི་ངོམས་ལྷ་མཆོག་ཐོད་ཕྲེང་རྩལ༔ སྐུ་ལ་ཡེ་ཤེས་འོད་ཕུང་གཟི་བརྗིད་འབར༔ སྤྲུལ་པ་སྐུ་གསུམ་སྐུ་ལྔ་མཚན་བརྒྱད་བཅས༔ རིག་འཛིན་རྒྱལ་བ་རྒྱ་མཚོ་སྤྲིན་ལྟར་གཏིབས༔ ཡི་དམ་རྒྱལ་བ་རྒྱ་མཚོ་འཇའ་ལྟར་འཁྲིགས༔ མ་ཚོགས་མཁའ་འགྲོ་རྒྱ་མཚོ་སྤུངས་སེ་སྤུང༔ ཆོས་སྐྱོང་རྒྱ་མཚོ་ལས་བྱེད་ཁྱུགས་སེ་ཁྱུག༔ དམ་ཅན་རྒྱ་མཚོ་གློག་ལྟར་འཚུབས་སེ་འཚུབ༔ དཔའ་བོ་རྒྱ་མཚོའི་བྲོ་བརྡུང་ཁྲབས་སེ་ཁྲབ༔ དཔའ་མོ་རྒྱ་མཚོའི་གར་བྱེད་ཤིགས་སེ་ཤིག༔ མཆོག་ཐུན་དངོས་གྲུབ་ཆར་འབེབ་སི་ལི་ལི༔ ཧཱུྃ་གི་གསང་སྔགས་སྣང་གླུ་ཏི་རི་རི༔ ཕཊ་ཀྱི་བརྡ་སྐད་ཉམས་དབྱངས་སངས་སེ་སང༔ བྱིན་གྱིས་བརླབ་ཕྱིར་གནས་འདིར་གཤེགས་སུ་གསོལ༔ སྒྲུབ་མཆོག་བུ་ལ་དབང་བཞི་ཡོངས་རྫོགས་སྐུར༔ ཧཱུྃ༔ ད་དུས་བསྐལ་པ་སྙིགས་མའི་དུས་མཐའ་འདིར༔ ཐུགས་རྗེའི་བདག་ཉིད་ཨོ་རྒྱན་རིན་པོ་ཆེ༔ དྲན་ཙམ་མོས་པས་བྱིན་རླབས་དཔག་མེད་འབྱུང༔ དེ་སྐད་ཞལ་བཞེས་ཐུགས་དམ་དགོངས་མཛོད་ལ༔ དབང་བསྐུར་བྱིན་བརླབ་དངོས་གྲུབ་འབྱུང་བའི་ཕྱིར༔ རྣལ་འབྱོར་སྒྲུབ་མཆོག་བུ་ཡིས་སྤྱན་འདྲེན་ན༔ གནས་མཆོག་འདི་རུ་བྱིན་ཆེན་དབབ་ཏུ་གསོལ༔ སྒྲུབ་མཆོག་བུ་ལ་དབང་བཞི་བསྐུར་དུ་གསོལ༔ བགེགས་རིགས་བདུད་དང་འབྱུང་པོའི་བར་ཆད་ཟློག༔ མཆོག་དང་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ མཆོག་གསུམ་རྩ་གསུམ་སྐུ་གསུམ་ཀུན་འདུས་དཔལ༔ རང་བྱུང་ལྷུན་གྲུབ་གུ་རུ་ཐོད་ཕྲེང་རྩལ༔ ཆོས་ཉིད་བརྡལ་བ་ཡངས་པའི་དཀྱིལ་འཁོར་དུ༔ སྐྱོན་བྲལ་རང་བྱུང་པདྨའི་སྡོང་པོ་ལ༔ རང་བྱུང་ཐབས་ཤེས་ཉི་ཟླ་འོད་འབར་སྟེང༔ མཆོག་གསུམ་རྩ་གསུམ་སྐུ་གསུམ་ཀུན་འདུས་སྐུ༔ རྒྱལ་སྲས་པདྨ་འབྱུང་གནས་བཞུགས་སུ་གསོལ༔ སྐུ་གསུམ་སྐུ་ལྔ་མཚན་བརྒྱད་ཆོས་སྐྱོང་བཅས༔ བདེ་གཤེགས་ཀུན་འདུས་གུ་རུ་བཞུགས་སུ་གསོལ༔ དམ་ཚིག་ཡེ་ཤེས་དབྱེར་མེད་བརྟན་པར་བཞུགས༔ སྒྲུབ་མཆོག་བུ་ལ་དབང་བཞི་ཡོངས་རྫོགས་སྐུར༔ བགེགས་རིགས་བདུད་དང་འབྱུང་པོའི་བར་ཆད་ཟློག༔ མཆོག་དང་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ༔ རང་བྱུང་ལྷུན་གྲུབ་མ་ཧཱ་གུ་རུ་རྗེ༔ མཛེས་ཤིང་བརྗིད་ལྡན་ལྟ་བས་མི་ངོམས་པ༔ མཚན་དང་དཔེ་བྱད་དཔལ་འབར་རབ་ཏུ་བརྒྱན༔ རིག་འཛིན་ཨོ་རྒྱན་ཆེན་པོའི་སྐུ་ལ་བསྟོད༔ ཧཱུྃ༔ ཡི་དམ་ཀུན་འདུས་ཆེ་མཆོག་ཧེ་རུ་ཀ༔ འགག་མེད་རྣམ་དག་ཚངས་དབྱངས་ཆོས་ཀྱི་སྒྲ༔ སྙན་པའི་གསུང་དབྱངས་དྲུག་ཅུའི་སྒྲ་དང་ལྡན༔ ཡི་དམ་ཀུན་འདུས་གུ་རུའི་གསུང་ལ་བསྟོད༔ ཧཱུྃ༔ མཁའ་འགྲོ་ཀུན་འདུས་རྒྱལ་སྲས་པདྨ་འབྱུང༔ མ་བཅོས་ལྷུན་གྲུབ་བདེ་བ་ཆེན་པོའི་དབྱིངས༔ ལྷུན་གྲུབ་འོད་གསལ་ཡེ་ཤེས་ལྔ་དང་ལྡན༔ མཁའ་འགྲོ་ཀུན་འདུས་པད་འབྱུང་ཐུགས་ལ་བསྟོད༔ ཧཱུྃ༔ དུས་གསུམ་བདེ་གཤེགས་རྒྱལ་བ་ཀུན་འདུས་དཔལ༔ ཀུན་གྱི་བདག་ཉིད་མ་ཧཱ་གུ་རུ་རྗེར༔ སྒྲུབ་པ་པོ་ཡིས་སྒོ་གསུམ་གུས་ཕྱག་འཚལ༔ སྒྲུབ་མཆོག་བུ་ལ་དབང་བཞི་ཡོངས་རྫོགས་སྐུར༔ བགེགས་རིགས་བདུད་དང་འབྱུང་པོའི་བར་ཆད་ཟློག༔ མཆོག་དང་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔ དེ་ནས་མཆོད་པ་འབུལ་བའི་རིམ་པ་ནི༔ དང་པོ་ཕྱི་མཆོད་འབུལ་བ་ནི༔ ཧཱུྃ༔ བདེ་གཤེགས་ཀུན་འདུས་པདྨ་ཐོད་ཕྲེང་ནི༔ མཆོག་གསུམ་རྩ་གསུམ་སྐུ་གསུམ་ངོ་བོ་ཉིད༔ ཨོ་རྒྱན་རིག་འཛིན་པདྨའི་ལྷ་ཚོགས་ལ༔ ལྷ་རྫས་ཕྱི་མཆོད་སྣ་ཚོགས་འབུལ་བ་ནི༔ རང་བྱུང་རྣམ་དག་ནམ་མཁའི་ཀློང་ཡངས་སུ༔ མེ་ཏོག་ལ་སོགས་རྣམ་ལྔའི་མཆོད་པ་འབུལ༔ ག་ཎ་ལ་སོགས་འདོད་ཡོན་ལྔ་ལྡན་མཆོད༔ གསེར་དངུལ་ལ་སོགས་རིན་ཆེན་སྣ་ཚོགས་མཆོད༔ ཙནྡན་ལ་སོགས་དྲི་ཞིམ་སྣ་ཚོགས་མཆོད༔ ཟ་འོག་ལ་སོགས་དར་ཟབ་སྣ་ཚོགས་མཆོད༔ རྒྱལ་མཚན་ལ་སོགས་སྤྱན་གཟིགས་སྣ་ཚོགས་མཆོད༔ ཞལ་ཟས་ལ་སོགས་དཀར་གསུམ་མངར་གསུམ་མཆོད༔ པི་ཝཾ་གླིང་བུ་དུང་ཐོད་རྔ་སྒྲས་མཆོད༔ མཆོད་ཚོགས་འདི་བཞེས་མཆོག་ཐུན་དངོས་གྲུབ་སྩོལ༔ དེ་ནས་བདུད་རྩི་སྨན་གྱི་མཆོད་པ་ནི༔ ཧཱུྃ༔ མཆོག་གསུམ་རྩ་གསུམ་སྐུ་གསུམ་ངོ་བོ་ཉིད༔ རིགས་འདུས་ལྷ་མཆོག་ཨོ་རྒྱན་པདྨ་ལ༔ རང་བྱུང་རྣམ་དག་སྨན་མཆོད་འབུལ་བ་ནི༔ མཚན་ལྡན་རྡོ་རྗེ་བྷནྡྷའི་སྣོད་མཆོག་ནང༔ གདོད་ནས་རྣམ་དག་བདུད་རྩི་རྩ་བརྒྱད་ལ༔ ལོ་འདབ་སྟོང་ལ་སྦྱར་བའི་ཨ་མྲྀཏ༔ དུག་ལྔ་སེལ་བའི་བདུད་རྩི་སྨན་མཆོད་འདི༔ རིགས་འདུས་ཨོ་རྒྱན་ཆེན་པོའི་ཚོགས་ལ་འབུལ༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ གུ་རུ་སརྦ་པཉྩ་ཨ་མྲྀཏ་པཱུ་ཛ་ཧོ༔ དེ་ནས་གཏོར་མ་འབུལ་བ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཀུན་འདུས་དཔལ༔ ཨོ་རྒྱན་རིག་འཛིན་པདྨ་ཐོད་ཕྲེང་རྩལ༔ རང་བྱུང་རྣམ་དག་གཏོར་མ་འབུལ་བ་ནི༔ མཚན་ལྡན་བྷནྡྷ་རྡོ་རྗེའི་སྣོད་མཆོག་ནང༔ ཤ་ལྔ་བདུད་རྩི་ལྔ་དང་འབྲུ་ལྔ་ཡི༔ ཡེ་ཤེས་ལྔ་ལྡན་བདུད་རྩིའི་དཔལ་གཏོར་འདི༔ རིགས་འདུས་ཨོ་རྒྱན་འཁོར་དང་བཅས་ལ་འབུལ༔ འབྱོར་ལྡན་ལོངས་སྤྱོད་ཚོགས་ཀྱི་དངོས་གྲུབ་སྩོལ༔ གུ་རུ་སརྦ་བ་ལིཾ་ཏ་པཱུ་ཛ་ཧོ༔ དེ་ནས་རཀྟ་འབུལ་བ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཀུན་འདུས་དཔལ༔ ཨོ་རྒྱན་རིག་འཛིན་པདྨ་ཐོད་ཕྲེང་རྩལ༔ རང་བྱུང་གསང་མཆོད་རཀྟ་འབུལ་བ་ནི༔ ཆོས་ཉིད་དབྱིངས་ལས་རང་བྱུང་གསང་བའི་རྫས༔ འདོད་ཆགས་རྣམ་དག་ཡུམ་གྱི་ཐིག་ལེར་འཁྱིལ༔ ཆགས་མེད་བདེ་ཆེན་དམར་གསལ་མདངས་དང་ལྡན༔ ཉོན་མོངས་འཇོམས་བྱེད་དམར་ཆེན་རཀྟ་འདི༔ རིགས་འདུས་ཨོ་རྒྱན་འཁོར་དང་བཅས་ལ་འབུལ༔ ཁམས་གསུམ་དབང་སྡུད་རྒྱས་པའི་དངོས་གྲུབ་སྩོལ༔ གུ་རུ་སརྦ་རཀྟ་པཱུ་ཛ་ཧོ༔ དེ་ནས་བསྐང་ཐོན་དུ་འབུལ་བ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཀུན་འདུས་དཔལ༔ རིག་འཛིན་ཀུན་འདུས་ཨོ་རྒྱན་ཐུགས་དམ་བསྐང༔ ཡི་དམ་ཀུན་འདུས་གུ་རུའི་ཐུགས་དམ་བསྐང༔ མཁའ་འགྲོ་ཀུན་འདུས་པད་འབྱུང་ཐུགས་དམ་བསྐང༔ ཆོས་སྐྱོང་ཀུན་འདུས་ཐོད་ཕྲེང་ཐུགས་དམ་བསྐང༔ དམ་ཅན་ཀུན་འདུས་ཆེ་མཆོག་ཐུགས་དམ་བསྐང༔ སྐུ་གསུམ་ལྷུན་གྲུབ་གུ་རུའི་ཐུགས་དམ་བསྐང༔ སྐུ་ལྔ་འགྲོ་འདུལ་མཚན་བརྒྱད་ཐུགས་དམ་བསྐང༔ ཐུགས་དམ་དགྱེས་སྐོང་མཆོག་ཐུན་དངོས་གྲུབ་སྩོལ༔ སྒྲུབ་པ་པོ་ལ་དབང་བཞི་ཡོངས་རྫོགས་སྐུར༔ དེ་ནས་བསྟོད་པ་འབུལ་ཞིང་གསོལ་བ་གདབ་པ་ནི༔ ཧཱུྃ༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་ལྷུན་གྲུབ་གུ་རུའི་སྐུ་ལ་བསྟོད༔ ཧཱུྃ༔ སྐུ་ནི་མི་འགྱུར་སྐུ་མཆོག་ཀུན་ཏུ་བཟང༔ གསུང་ནི་མི་འགག་གསུང་མཆོག་རིགས་བདག་གསུང༔ ཐུགས་ནི་མི་གཡོ་ཐུགས་མཆོག་སྨྲ་བརྗོད་འདས༔ སྐུ་གསུང་ཐུགས་མཆོག་གུ་རུའི་སྐུ་ལ་བསྟོད༔ ཧཱུྃ༔ རིགས་འདུས་ཆེ་མཆོག་ཨོ་རྒྱན་གུ་རུ་ནི༔ སྐུ་ལས་འོད་འཕྲོས་འཇའ་ཚོན་གུར་ནང་བཞུགས༔ ཞི་ཞིང་སྤྱན་གསུམ་འཛུམ་མདངས་ལྡན་པ་ནི༔ ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་རྟགས༔ ཆོས་སྐུ་པདྨ་འབྱུང་གནས་སྐུ་ལ་བསྟོད༔ ཧཱུྃ༔ ཡི་དམ་ཀུན་འདུས་ཨོ་རྒྱན་ཆེན་པོ་ནི༔ དབུ་སྐྲ་ཐོར་ཚུགས་ནོར་བུའི་རྩེ་བྲན་མཛེས༔ རིན་ཆེན་རྒྱན་རྫོགས་རྡོ་རྗེ་ཐུགས་ཀར་འཛིན༔ དངོས་གྲུབ་སྟེར་མཛད་བདུད་རྩིའི་བུམ་པ་བསྣམས༔ ལོངས་སྐུ་ཀུན་འདུས་གུ་རུའི་སྐུ་ལ་བསྟོད༔ ཧཱུྃ༔ མཁའ་འགྲོ་ཀུན་འདུས་ཨོ་རྒྱན་ཆེན་པོ་ནི༔ པད་སྡོང་གེ་སར་ཉི་ཟླའི་གདན་ལ་བཞུགས༔ ཟ་འོག་ལེ་བརྒན་ཆོས་གོས་པད་ཞྭ་གསོལ༔ སྤྲུལ་པས་གདུལ་བྱ་འགྲོ་བ་འདུལ་བའི་རྟགས༔ སྤྲུལ་སྐུ་ཀུན་འདུས་གུ་རུའི་སྐུ་ལ་བསྟོད༔ ཧཱུྃ༔ ཆོས་སྐྱོང་ཀུན་འདུས་ཨོ་རྒྱན་ཆེན་པོ་ནི༔ སྤྱན་གསུམ་ཁྲོ་འཛུམ་ཁ་ཊྭཱཾ་སྐུ་ལ་བརྟེན༔ རྔམ་བརྗིད་སྐུ་ལ་འོད་ཕུང་གཟི་བརྗིད་འབར༔ ཁམས་གསུམ་སྲིད་གསུམ་འགྲོ་བའི་དོན་མཛད་རྟགས༔ འགྲོ་འདུལ་མ་ཧཱ་གུ་རུའི་སྐུ་ལ་བསྟོད༔ གསོལ་བ་འདེབས་སོ་ཨོ་རྒྱན་རིན་པོ་ཆེ༔ གུ་རུ་ཐུགས་རྗེ་ཅན་གྱི་བྱིན་གྱིས་རློབས༔ བརྒྱུད་འཛིན་བུ་ལ་དབང་བཞི་ཡོངས་རྫོགས་སྐུར༔ ཧཱུྃ༔ ཕྲིན་ལས་ཀུན་འདུས་ཨོ་རྒྱན་ཆེན་པོ་ནི༔ ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ༔ རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ༔ དབང་གི་ལས་མཛད་པདྨ་ཐོད་ཕྲེང་རྩལ༔ དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ༔ ལས་བཞི་ལྷུན་གྲུབ་གུ་རུའི་སྐུ་ལ་བསྟོད༔ གསོལ་བ་འདེབས་སོ་ཨོ་རྒྱན་རིན་པོ་ཆེ༔ གུ་རུ་ཐུགས་རྗེ་ཅན་གྱི་བྱིན་གྱིས་རློབས༔ སྒྲུབ་མཆོག་བུ་ལ་དབང་བཞི་ཡོངས་རྫོགས་སྐུར༔ ཧཱུྃ༔ སྐྱེ་མེད་ཆོས་སྐུ་ཞི་བའི་ངང་ཉིད་ལས༔ དུས་གསུམ་རྒྱལ་བའི་ཕྲིན་ལས་རབ་བསྔགས་པ༔ གང་ལ་གང་འདུལ་དེ་ལ་དེར་སྟོན་པའི༔ རང་བྱུང་ལྷུན་གྲུབ་གུ་རུའི་སྐུ་ལ་བསྟོད༔ ཧཱུྃ༔ ཡུལ་གྱི་མིང་ནི་ཨོ་རྒྱན་ནུབ་བྱང་མཚོར༔ གེ་སར་པད་སྡོང་རྩེ་ལ་སྤྲུལ་སྐུ་འཁྲུངས༔ རྒྱལ་སྲས་མཚོ་སྐྱེས་རྡོ་རྗེའི་སྐུ་ལ་བསྟོད༔ ཧཱུྃ༔ རྒྱ་གར་ཡུལ་གྱི་མིང་ནི་ཨོ་རྒྱན་ཡུལ༔ རྒྱལ་སྲིད་ཆོས་ཀྱིས་སྐྱོང་ཞིང་འགྲོ་དོན་མཛད༔ པད་འབྱུང་མཆོག་སྲེད་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཡུལ་གྱི་མིང་ནི་རྒྱ་གར་མ་ག་དྷཱ༔ ཐེག་མཆོག་སྡེ་སྣོད་ཆོས་ཀྱིས་འགྲོ་དོན་མཛད༔ ཤཱཀྱ་སེང་གེའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཡུལ་གྱི་མིང་ནི་རྒྱ་གར་ཟ་ཧོར་ཡུལ༔ ཡ་མཚན་ངོ་མཚར་རྫུ་འཕྲུལ་སྣ་ཚོགས་བསྟན༔ པདྨ་ཐོད་ཕྲེང་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་རཱ་ག་ཡངས་པ་ཅན༔ གསང་སྔགས་ཐེག་ཆེན་ཆོས་ཀྱིས་འགྲོ་དོན་མཛད༔ པདྨ་སམྦྷའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཡུལ་ནི་བལ་ཡུལ་ཡང་ལེ་ཤོད་ཀྱི་གནས༔ ལྷ་སྲིད་སྡེ་བརྒྱད་དམ་བཏགས་འགྲོ་དོན་མཛད༔ པདྨ་རྒྱལ་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་མིང་ནི་སོ་སའི་གླིང༔ སྤྲུལ་པ་དཔག་མེད་འགྲོ་བ་མ་ལུས་འདུལ༔ གུ་རུ་སཱུརྻའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཡུལ་གྱི་མིང་ནི་རྒྱ་གར་རྡོ་རྗེ་གདན༔ མུ་སྟེགས་ལོག་ལྟ་འདུལ་བའི་འགྲོ་དོན་མཛད༔ སེང་གེ་སྒྲ་སྒྲོག་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ བོད་ཡུལ་སྟག་ཚང་སེང་གེ་བསམ་འགྲུབ་ཏུ༔ དྲེགས་པ་དགྲ་བགེགས་ཚར་གཅོད་འགྲོ་དོན་མཛད༔ རྡོ་རྗེ་གྲོ་ལོད་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཡུལ་གྱི་མིང་ནི་བསམ་ཡས་བོད་ཀྱི་ཡུལ༔ ལྷ་འདྲེ་མི་གསུམ་ཐམས་ཅད་དབང་དུ་བསྡུས༔ འགྲོ་དོན་ཕྱི་ནང་ཆོས་ཀྱི་འཁོར་ལོ་བསྐོར༔ ཨོ་རྒྱན་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ད་ལྟ་དུས་ངན་ལྔ་བརྒྱ་ཐ་མ་འདིར༔ ལྷོ་ནུབ་དཔལ་རི་སྲིན་པོའི་ཁ་གནོན་མཛད༔ ཞེ་སྡང་སྲིན་པོར་ཐབས་ཀྱིས་ཆོས་བསྟན་བཏུལ༔ སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཕྱོགས་བཅུར་འགྱེད༔ འཛམ་གླིང་བོད་དུ་སྤྲུལ་པ་རྒྱུན་མི་འཆད༔ དད་ལྡན་འགྲོ་རྣམས་བདེ་བ་ཅན་དུ་བཀོད༔ ཨོ་རྒྱན་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ གསོལ་བ་འདེབས་སོ་ཨོ་རྒྱན་རིན་པོ་ཆེ༔ གུ་རུ་ཐུགས་རྗེ་ཅན་གྱི་བྱིན་གྱིས་རློབས༔ སྒྲུབ་མཆོག་བུ་ལ་དབང་བཞི་ཡོངས་རྫོགས་སྐུར༔ དེ་ནས་བཤགས་པ་འབུལ་བ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཀུན་འདུས་དཔལ༔ ཨོ་རྒྱན་རིག་འཛིན་ཆེན་པོ་དགོངས་སུ་གསོལ༔ བདག་ནི་ཡེ་ནས་མངོན་སངས་རྒྱས་རྒྱུ་ལ༔ མ་རིག་འཁྲུལ་པའི་དབང་གིས་གཡང་ས་འདིར༔ རྟག་ཏུ་འཁོར་ཞིང་སྡུག་བསྔལ་དཔག་མེད་བསགས༔ བདེ་གཤེགས་ཀུན་འདུས་གུ་རུའི་སྤྱན་སྔར་བཤགས༔ བདག་གིས་མ་རིག་ལུས་ངག་ཡིད་གསུམ་གྱི༔ བག་མེད་དབང་གིས་དམ་ཚིག་ལས་ལ་འགལ༔ མོས་གུས་ཆུང་བས་བླ་མའི་སྐུ་མ་མཉེས༔ རང་བྱུང་གུ་རུའི་སྐུ་ལ་མཐོལ་ལོ་བཤགས༔ ཤེས་རབ་ཆུང་བས་ཆོས་ཉིད་དོན་མ་རྟོགས༔ ཡི་དམ་ཀུན་འདུས་གུ་རུའི་སྐུ་ལ་བཤགས༔ ལེ་ལོའི་དབང་གིས་སྒྲུབ་པ་མཐར་མ་ཕྱིན༔ ཨོ་རྒྱན་མཁའ་འགྲོའི་སྐུ་ལ་མཐོལ་ལོ་བཤགས༔ ཡོ་བྱད་ཆུང་བས་མཆོད་ཚོགས་རྫས་མ་ཚང༔ གུ་རུ་ཆོས་སྐྱོང་སྤྱན་སྔར་མཐོལ་ལོ་བཤགས༔ ལོག་ལྟའི་དབང་གིས་གཞན་གྱི་ཡོན་ཏན་སྨད༔ གུ་རུ་དཔའ་བོ་དཔའ་མོའི་སྤྱན་སྔར་མཐོལ་ལོ་བཤགས༔ མ་རིག་དབང་གིས་མི་དགེ་སྣ་ཚོགས་བསགས༔ གུ་རུ་དམ་ཅན་རྒྱ་མཚོའི་སྤྱན་སྔར་བཤགས༔ མཐོལ་ལོ་བཤགས་སོ་རིགས་འདུས་གུ་རུ་རྗེ༔ དག་གོ་བྱང་ངོ་དབང་དང་དངོས་གྲུབ་སྩོལ༔ དེ་ནས་འཛབ་དགོངས་གསལ་གདབ་ཅིང༔ འཛབ་བཟླ་བ་ནི༔ ཨེ་མ་ཧོ༔ མདུན་གྱི་ནམ་མཁར་འཇའ་ཚོན་འོད་ལྔའི་ཀློང༔ མ་ཆགས་པདྨ་གེ་སར་སྡོང་པོའི་དབུས༔ ཉི་ཟླ་འོད་གསལ་ཐབས་ཤེས་རང་བྱུང་གནས༔ བདེ་གཤེགས་ཀུན་འདུས་མ་ཧཱ་གུ་རུ་ནི༔ སྐུ་མདོག་དཀར་ལ་ཅུང་ཟད་དམར་མདངས་ཆགས༔ ཟབ་བེར་ལེ་བརྒན་དབང་བེར་སྔོན་དམར་གསོལ༔ ངུར་སྨྲིག་ཆོས་གོས་གསེར་གྱི་མིག་མང་རིས༔ པད་ཞྭ་ཉི་ཟླ་རྡོ་རྗེ་ནོར་བུས་མཚན༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་ཐུགས་ཀར་འཛིན༔ ཕྱག་གཡོན་བྷནྡྷ་བདུད་རྩིའི་བུམ་པ་བསྣམས༔ ཁ་ཊྭཱཾ་མཆན་བཅུག་ཞབས་གཉིས་སྐྱིལ་ཀྲུང་བཞུགས༔ སྐུ་ལ་ཐུགས་རྗེའི་འོད་ཟེར་གཟི་བརྗིད་འཕྲོ༔ བྱིན་རླབས་དངོས་གྲུབ་ཆར་ལྟར་སི་ལི་ལི༔ སྟེང་དུ་བཀའ་བརྒྱུད་བླ་མ་རིག་འཛིན་འཁྲིགས༔ བར་དུ་ཡི་དམ་ལྷ་ཚོགས་འཇའ་ལྟར་ཤར༔ ཕྱི་རོལ་མཁའ་འགྲོ་ཆོས་སྐྱོང་སྤྲིན་ལྟར་འདུས༔ གཡས་སུ་དཔའ་བོ་རྒྱ་མཚོས་ཉམས་བྲོ་བརྡུང༔ གཡོན་དུ་དཔའ་མོ་རྒྱ་མཚོས་གླུ་གར་བྱེད༔ མདུན་དུ་མཁའ་འགྲོ་རྒྱ་མཚོས་དངོས་གྲུབ་སྟེར༔ ཀུན་ཀྱང་གུ་རུའི་ངོ་བོ་རྣམ་འགྱུར་ཏེ༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ དངོས་གྲུབ་དགོས་འདོད་ཆར་ལྟར་འབེབ་པར་བསམ༔ ཞེས་གསོལ་འདེབས་རྒྱས་བསྡུས་སོགས་གང་འདོད་བྱ༔ སྒྲུབ་པ་གང་བྱེད་ཀྱི་མངོན་རྟོགས་འཛབ་ཀྱང་བླང༔ རྒྱུན་ཁྱེར་བྱིན་རླབས་རྨད་བྱུང་བསྙེན་སྒྲུབ་ཀུན་འདུས་འདི་ཉིད་བསྙེན་པར་བྱའོ༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་ཛྙཱ་ན་སིདྡྷི་ཧཱུྃ༔ ཞེས་བསྙེན་འཛབ་བསྟོད་དངོས་གྲུབ་བསྐུལ་བའི་གསོལ་འདེབས་བཅས་ཟུར་དུ་གསལ༔ བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་མོས་གུས་གདུང་བའི་གསོལ་འདེབས་ལས་བྱང་མེ་ཏོག་ཕྲེང་བའི་དངོས་གཞིའི་རིམ་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈ སྐུ་གསུང་ཐུགས་ཀྱི་རྒྱ་ཡོད་དོ༔ ྈ སྤྱི་དོན་གསུམ་པ་རྗེས་ཀྱི་རིམ་པ་ནི༔ དང་པོ་བསང་སྦྱང་བྱིན་གྱིས་བརླབ༔ གཉིས་པ་སྤྱན་འདྲེན་པ༔ གསུམ་པ་ཚོགས་དང་པོ་འབུལ་བ༔ བཞི་པ་བར་པ་བཤགས་པ༔ ལྔ་པ་ཐ་མ་བསྒྲལ་བ༔ དྲུག་པ་ཚོགས་ལ་འདུས་པ་རོལ་བ༔ བདུན་པ་ལྷག་མ་བྱ་བ༔ བརྒྱད་པ་ལྷ་ཚོགས་བསྐུལ་བ༔ དགུ་པ་ཆད་བརྟན་སྐྱོང་བ༔ བཅུ་པ་རྟ་བྲོ་བྱ་བ༔ བཅུ་གཅིག་པ་དངོས་གྲུབ་བླང་ཞིང་དབང་ཞུ་བ༔ བཅུ་གཉིས་པ་བཤགས་པ་བྱ་བ༔ བཅུ་གསུམ་པ་སྨོན་ལམ་བྱ་བ༔ བཅུ་བཞི་པ་བཀྲ་ཤིས་བྱ་བ༔ བཅོ་ལྔ་པ་དལ་བསྡུ་བ༔ བཅུ་དྲུག་པ་རྒྱུན་སྤྱོད་བྱ་བའོ༔ ས་མ་ཡ༔ དྷྱ་དྷྱ་དྷྱ༔ ྈ དེ་ལ་དང་པོ་བསང་སྦྱང་བྱིན་གྱིས་བརླབ་པ་ནི༔ ཨོཾ་སརྦ་དྲ་བྱཾ་ཤོ་དྷ་ནི་ཧཱུྃ་ཕཊ༔ ཧཱུྃ༔ རང་ཉིད་རིགས་འདུས་གུ་རུའི་སྐུར་གསལ་བའི༔ ཐུགས་ཀའི་ཧཱུྃ་ལས་བྱུང་བའི་རཾ་ཡཾ་ཁཾ༔ ཚོགས་ལ་འོད་འཕྲོས་དྲི་མ་བསྲེགས་གཏོར་བཀྲུས༔ རཾ་ཡཾ་ཁཾ༔ ཧཱུྃ༔ བྷྲཱུྃ་ལས་མཚན་ལྡན་རྡོ་རྗེའི་སྣོད་མཆོག་ཏུ༔ ཞལ་ཟས་ལོངས་སྤྱོད་ཚོགས་ཀྱི་མཆོད་པ་སྤུངས༔ ཧཱུྃ་གིས་རྣམ་རྟོག་དྲི་མ་དག་པར་སྦྱངས༔ ཨཱཿཡིས་ཟག་མེད་བདུད་རྩིའི་རང་བཞིན་གྱུར༔ ཨོཾ་གྱིས་འདོད་ཡོན་སྣང་སྲིད་ནམ་མཁའ་གང༔ ཧྲཱིཿཡིས་ཕུན་ཚོགས་ལྷ་རྫས་མཐའ་ཀླས་གྱུར༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ག་ཎ་ཙཀྲ་སརྦ་པཱུ་ཛ་ཧོ༔ དེ་ནས་ལྷ་ཚོགས་སྤྱན་འདྲེན་པ་ནི༔ ཧཱུྃ༔ ཡུལ་གྱི་མིང་ནི་གླིང་མཆོག་རྔ་ཡབ་གླིང༔ ཟངས་མདོག་དཔལ་གྱི་རི་བོའི་གནས་མཆོག་གི༔ ངོ་མཚར་པདྨ་འོད་ཀྱི་གཞལ་ཡས་ནས༔ ཨོ་རྒྱན་ཆེན་པོ་པདྨ་ཐོད་ཕྲེང་རྩལ༔ བསྐལ་པ་སྙིགས་མར་ཐུག་པའི་དུས་མཐའ་འདིར༔ བདག་སོགས་འགྲོ་ལ་ཐུགས་རྗེས་དགོངས་མཛོད་ཅིག༔ བརྒྱུད་འཛིན་གསོལ་བཏབ་ཚོགས་གསག་བསོད་ནམས་སྤེལ༔ ཨོ་རྒྱན་རིག་འཛིན་རྒྱ་མཚོ་ཚོགས་ལ་གཤེགས༔ ཡི་དམ་ཀུན་འདུས་མ་ཧཱ་གུ་རུ་རྗེ༔ ཚོགས་ལ་སྤྱན་འདྲེན་འདིར་གཤེགས་བྱིན་ཆེན་ཕོབ༔ མཁའ་འགྲོ་ཀུན་འདུས་རྒྱལ་སྲས་པདྨ་འབྱུང༔ ཚོགས་ལ་སྤྱན་འདྲེན་འདིར་གཤེགས་བྱིན་ཆེན་ཕོབ༔ ཆོས་སྐྱོང་ཀུན་འདུས་དམ་ཅན་ཐོད་ཕྲེང་རྩལ༔ ཚོགས་ལ་སྤྱན་འདྲེན་འདིར་གཤེགས་བྱིན་ཆེན་ཕོབ༔ རིགས་རྣམས་ཀུན་འདུས་བདེར་གཤེགས་པདྨ་འབྱུང༔ ཚོགས་ལ་སྤྱན་འདྲེན་འདིར་གཤེགས་བྱིན་ཆེན་ཕོབ༔ སྐུ་གསུམ་སྐུ་ལ་མཚན་བརྒྱད་ཡབ་ཡུམ་བཅས༔ ཚོགས་ལ་སྤྱན་འདྲེན་འདིར་གཤེགས་བྱིན་ཆེན་ཕོབ༔ འཁོར་དུ་རིག་འཛིན་མཁའ་འགྲོ་རྒྱ་མཚོས་བསྐོར༔ ཁྱེད་ཀྱི་རྗེས་སུ་འཇུག་ཅིང་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་ཚོགས་ལ་སྤྱན་འདྲེན་གཤེགས༔ བགེགས་དང་ལོག་འདྲེན་ཕྱི་ནང་བར་ཆད་སོལ༔ མཆོག་དང་ཐུན་མོང་རྣམ་གཉིས་དངོས་གྲུབ་སྩོལ༔ དེ་ནས་ཚོགས་དང་པོ་འབུལ་ཞིང་བསྐང་བ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཀུན་འདུས་དཔལ༔ ཨོ་རྒྱན་རིག་འཛིན་པདྨ་ཐོད་ཕྲེང་རྩལ༔ བརྒྱུད་འཛིན་བྱིན་གྱིས་བརླབ་ཕྱིར་ཚོགས་ཀྱིས་མཆོད༔ ཡི་དམ་ཀུན་འདུས་ཆེ་མཆོག་པདྨ་ལ༔ བརྒྱུད་འཛིན་ཚོགས་གཉིས་རྫོགས་ཕྱིར་ཚོགས་མཆོད་འབུལ༔ མཁའ་འགྲོ་ཀུན་འདུས་རྒྱལ་སྲས་པདྨ་འབྱུང༔ བརྒྱུད་འཛིན་དངོས་གྲུབ་ཐོབ་ཕྱིར་མཆོད་པ་འབུལ༔ ཆོས་སྐྱོང་ཀུན་འདུས་པདྨ་ཐོད་ཕྲེང་རྩལ༔ བརྒྱུད་འཛིན་བར་ཆད་སེལ་ཕྱིར་ཚོགས་མཆོད་འབུལ༔ དམ་ཅན་ཀུན་འདུས་མ་ཧཱ་གུ་རུ་ལ༔ བརྒྱུད་འཛིན་ཕྲིན་ལས་བསྒྲུབ་ཕྱིར་ཚོགས་མཆོད་འབུལ༔ བདེ་གཤེགས་ཀུན་འདུས་སྐུ་ལྔ་མཚན་བརྒྱད་ལ༔ བརྒྱུད་འཛིན་ཉམས་རྟོགས་སྤེལ་ཕྱིར་ཚོགས་མཆོད་འབུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྣམ་གཉིས་སྩོལ༔ ཧཱུྃ༔ རང་བྱུང་རྣམ་དག་གསང་བའི་དཀྱིལ་འཁོར་དུ༔ ཕྱི་ནང་གསང་གསུམ་མཆོད་པའི་བྱེ་བྲག་རྣམས༔ བདུད་རྩི་སྨན་གྱི་རྒྱ་མཚོ་ཨ་མྲྀཏ༔ རཀྟ་དམར་གྱི་མཆོད་ཡོན་དམ་རྫས་དང༔ རྨད་བྱུང་གཏོར་མ་རིན་ཆེན་འབར་བ་དང༔ ཞལ་ཟས་ཚོགས་ཀྱི་ལོངས་སྤྱོད་སྣ་ཚོགས་དང༔ དངོས་སུ་འབྱོར་དང་ཡིད་སྤྲུལ་མཆོད་པའི་ཚོགས༔ དཔག་མེད་ནམ་མཁའི་མཐའ་ཀླས་གྱུར་པ་འདིས༔ རང་བྱུང་ལྷུན་གྲུབ་ཨོ་རྒྱན་ཐུགས་དམ་བསྐང༔ ཡི་དམ་ཀུན་འདུས་གུ་རུའི་ཐུགས་དམ་བསྐང༔ མཁའ་འགྲོ་ཀུན་འདུས་པདྨའི་ཐུགས་དམ་བསྐང༔ ཆོས་སྐྱོང་ཀུན་འདུས་ཆེ་མཆོག་ཐུགས་དམ་བསྐང༔ དམ་ཅན་ཀུན་འདུས་ཐོད་ཕྲེང་ཐུགས་དམ་བསྐང༔ བདེ་གཤེགས་ཀུན་འདུས་གུ་རུའི་ཐུགས་དམ་བསྐང༔ རིག་འཛིན་འདུས་པ་རྩལ་གྱི་ཐུགས་དམ་བསྐང༔ སྐུ་གསུམ་ལྷུན་གྲུབ་གུ་རུའི་ཐུགས་དམ་བསྐང༔ སྐུ་ལྔ་མཚན་བརྒྱད་གུ་རུའི་ཐུགས་དམ་བསྐང༔ ཡང་གསང་བླ་མེད་ལྷ་ཚོགས་ཐུགས་དམ་བསྐང༔ བརྒྱུད་འཛིན་བྱིན་གྱིས་བརླབ་ཕྱིར་ཐུགས་དམ་བསྐང༔ དབང་བཞི་ཡོངས་རྫོགས་བསྐུར་ཕྱིར་ཐུགས་དམ་བསྐང༔ མཆོག་ཐུན་དངོས་གྲུབ་སྩོལ་ཕྱིར་ཐུགས་དམ་བསྐང༔ བསོད་ནམས་ཚོགས་ཆེན་རྫོགས་ཕྱིར་ཐུགས་དམ་བསྐང༔ དམ་ཚིག་ཉམས་ཆག་བསྐང་ཕྱིར་ཐུགས་དམ་བསྐང༔ ལྟ་བ་ཡངས་པ་མཆོག་གིས་ཐུགས་དམ་བསྐང༔ སྒོམ་པ་འཛིན་མེད་མཆོག་གིས་ཐུགས་དམ་བསྐང༔ སྤྱོད་པ་ཤུགས་འབྱུང་ཞིབ་མོས་ཐུགས་དམ་བསྐང༔ འབྲས་བུ་འགྱུར་མེད་མཆོག་གིས་ཐུགས་དམ་བསྐང༔ ཐུགས་དམ་བསྐང་ངོ་མཆོག་གི་དངོས་གྲུབ་སྩོལ༔ དེ་ནས་བར་པ་བཤགས་པ་བྱ་བ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཀུན་འདུས་དཔལ༔ རིགས་འདུས་ཨོ་རྒྱན་ཆེན་པོ་དགོངས་སུ་གསོལ༔ བདག་གིས་ཐོག་མ་མེད་ནས་ད་ལྟའི་བར༔ སྒོ་གསུམ་མ་རིག་མི་ཁོམ་དབང་གྱུར་པས༔ རྩ་གསུམ་རྡོ་རྗེ་སློབ་དཔོན་མཆེད་ལྕམ་གྱི༔ ཐུགས་དམ་ལས་འགལ་ཉམས་ཆག་ཅི་བགྱིས་པ༔ ཞལ་ཟས་ཚོགས་ཀྱི་མཆོད་པས་སྐོང་ཞིང་བཤགས༔ སྐུ་ཡི་དམ་ཚིག་ལས་འགལ་ཉམས་ཆག་རྣམས༔ རིག་འཛིན་ཀུན་འདུས་གུ་རུའི་སྐུ་ལ་བཤགས༔ གསུང་གི་དམ་ཚིག་ལས་འགལ་ཉམས་ཆག་རྣམས༔ ཡི་དམ་ཀུན་འདུས་གུ་རུའི་གསུང་ལ་བཤགས༔ ཐུགས་ཀྱི་དམ་ཚིག་ལས་འགལ་ཉམས་ཆག་རྣམས༔ མཁའ་འགྲོ་ཀུན་འདུས་པད་འབྱུང་སྐུ་ལ་བཤགས༔ ཡོན་ཏན་དམ་ཚིག་ལས་འགལ་ཉམས་ཆག་རྣམས༔ ཆོས་སྐྱོང་ཀུན་འདུས་ཆེ་མཆོག་སྐུ་ལ་བཤགས༔ ཕྲིན་ལས་དམ་ཚིག་ལས་འགལ་ཉམས་ཆག་རྣམས༔ དམ་ཅན་ཀུན་འདུས་ཐོད་ཕྲེང་སྤྱན་སྔར་བཤགས༔ ཡན་ལག་ཉེར་ལྔའི་དམ་ཚིག་ཉམས་ཆག་རྣམས༔ རིག་འཛིན་འདུས་པའི་ལྷ་ཚོགས་སྤྱན་སྔར་བཤགས༔ བཟོད་པར་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ དེ་ནས་ཚོགས་གསུམ་པ་བསྒྲལ་ཞིང་བསྟབ་པ་ནི༔ ཧཱུྃ༔ རིག་འཛིན་ཀུན་འདུས་ཨོ་རྒྱན་བྱིན་རླབས་དང༔ ཡི་དམ་ཀུན་འདུས་གུ་རུའི་ཏིང་འཛིན་དང༔ མཁའ་འགྲོ་ཀུན་འདུས་པད་འབྱུང་མཐུ་རྩལ་དང༔ ཆོས་སྐྱོང་ཀུན་འདུས་ཐོད་ཕྲེང་མཐུ་སྟོབས་ཀྱིས༔ དུག་གསུམ་དུག་ལྔ་ལས་གྱུར་དགྲ་བགེགས་རྣམས༔ ཆོས་དབྱིངས་སྐྱེ་མེད་གྲུ་གསུམ་ཀློང་དུ་ཁུག༔ ཨེ་ཡཾ་ཛ༔ ནྲྀ་ཡཾ་ཛ༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཀུན་འདུས་དཔལ༔ པདྨ་རྡོ་རྗེ་དྲག་པོ་ཐོད་ཕྲེང་རྩལ༔ ཕྱག་གཡས་རྡོ་རྗེ་སྟབས་ཀྱིས་གསོར་ཞིང་འདེབས༔ ཕྱག་གཡོན་ཕུར་བུས་དགྲ་བགེགས་སྙིང་ལ་གཟིར༔ གནོད་བྱེད་དགྲ་བགེགས་འབྱུང་པོ་རྡུལ་དུ་རློག༔ ཧཱུྃ༔ ཡི་དམ་ཀུན་འདུས་ཆེ་མཆོག་ཧེ་རུ་ཀ༔ ལྕགས་ཀྱུ་ཞགས་པ་མཚོན་ཆས་དགྲ་བགེགས་གཟིར༔ གནོད་བྱེད་དམ་སྲི་ཕོ་མོ་རྡུལ་དུ་རློག༔ ཧཱུྃ༔ མཁའ་འགྲོ་ཀུན་འདུས་པདྨ་ཧེ་རུ་ཀ༔ གྲི་གུག་ཐོད་ཁྲག་འབར་བས་དགྲ་བགེགས་གཟིར༔ གནོད་བྱེད་དམ་སྲི་ཕོ་མོ་རྡུལ་དུ་རློག༔ དུག་གསུམ་དུག་ལྔ་མ་ལུས་དབྱིངས་སུ་སྒྲོལ༔ གུ་རུ་བཛྲ་ཀྲོ་ཏ་ནྲྀ་ཏྲི་ཤ་ཏྲཱུཾ་ཛ༔ དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཕཊ༔ དེ་ནས་ཞལ་དུ་བསྟབ་པ་ནི༔ ཧཱུྃ༔ རང་བྱུང་ལྷུན་གྲུབ་པདྨ་ཐོད་ཕྲེང་རྩལ༔ དགྲ་བགེགས་བསྒྲལ་པའི་ཤ་ཁྲག་ཞལ་དུ་བསྟབ༔ རིག་འཛིན་ཀུན་འདུས་མ་ཧཱ་གུ་རུ་ལ༔ ཉོན་མོངས་དུག་གསུམ་སྐུ་གསུམ་དབྱིངས་སུ་བསྟབ༔ ཡི་དམ་ཀུན་འདུས་ཆེ་མཆོག་པདྨ་ལ༔ དུག་ལྔ་ཡེ་ཤེས་ལྔ་ཡི་དབྱིངས་སུ་བསྟབ༔ མཁའ་འགྲོ་ཀུན་འདུས་རྒྱལ་སྲས་པདྨ་ལ༔ གཉིས་འཛིན་བག་ཆགས་གཉིས་མེད་ཀློང་དུ་བསྟབ༔ ཆོས་སྐྱོང་ཀུན་འདུས་ཨོ་རྒྱན་ཐོད་ཕྲེང་རྩལ༔ ང་བདག་གདོན་གཟུགས་མཉམ་ཉིད་ཀློང་དུ་བསྟབ༔ དམ་ཅན་ཀུན་འདུས་དྲག་པོ་ཐོད་ཕྲེང་རྩལ༔ གཟུང་འཛིན་མདུད་པ་རང་གྲོལ་ཀློང་དུ་བསྟབ༔ བདེ་གཤེགས་ཀུན་འདུས་མ་ཧཱ་གུ་རུ་རྗེ༔ ཉོན་མོངས་མ་རིག་ཀ་དག་ཀློང་དུ་བསྟབ༔ དུག་གསུམ་ཤ་ཁྲག་རུས་པ་ཞལ་དུ་བསྟབ༔ ཞལ་དུ་བསྟབ་བོ་བཞེས་ཤིག་ཁ་རཾ་ཁཱ་ཧི༔ དེ་ནས་འདུས་པ་རྒྱ་མཚོས་ཚོགས་ལ་རོལ་པ་ནི༔ དང་པོ་སློབ་དཔོན་ལ་འབུལ་བ་ནི༔ ཧོ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ འདི་ནི་ལེགས་འོང་ཡ་མཚན་ཆོས༔ རྣམ་རྟོག་ཐེ་ཚོམ་བྱ་མི་རུང༔ སྐྱེ་མེད་ངང་དུ་དགོངས་ཏེ་རོལ༔ ཨ་ལ་ལ་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ རྡོ་རྗེ་སློབ་དཔོན་གྱིས་ལན་འདེབས་པ་ནི༔ ཨེ་མ་ཧོ༔ འདི་ནི་ངོ་མཚར་རིན་ཐང་མེད༔ ཆགས་འཛིན་རྟོག་པའི་དྲི་མ་བྲལ༔ གཟུང་འཛིན་མཚན་མ་རང་གྲོལ་ནས༔ དེ་བཞིན་ཉིད་ལ་མཉམ་པར་གཞག༔ ཅེས་བྱ༔ དེ་ནས་འདུས་པ་རྒྱ་མཚོ་ལ་སློབ་དཔོན་གྱིས་ཆོས་བཤད་པ་ནི༔ ཧོ༔ ཟག་མེད་ཚོགས་ཀྱི་ལོངས་སྤྱོད་འདི༔ དངོས་གྲུབ་ཐོབ་པའི་གཞི་མ་ཡིན༔ དམ་རྫས་ལོངས་སྤྱོད་ངོ་མཚར་ཆེ༔ ཁྱེད་རྣམས་ཚེ་རབས་བསོད་ནམས་ཐོབ༔ རང་ལུས་རྩ་གསུམ་དཀྱིལ་འཁོར་བསྒོམ༔ སྣོད་བཅུད་ལྷ་དང་གཞལ་ཡས་ཁང༔ ཟག་མེད་བདུད་རྩི་ཚོགས་མཆོད་འདི༔ མཉམ་ཉིད་བདེ་བའི་ངང་དུ་རོལ༔ མཆེད་ལྕམ་རྣམས། ས་མ་ཡ་སིདྡྷི་སིདྡྷི་མ་ཧཱ་སརྦ་སིདྡྷི་ཕ་ལ་ཨ་ལ་ལ་ཧོ༔ ཅེས་པདྨས་བླངས་ལ་གསུམ་ལྡན་ངང་དུ་རོལ་པར་བྱའོ༔ དེ་ནས་ལྷག་མ་བྱ་བ་ནི༔ དང་པོ་ལྷག་མའི་ལྷ་ཚོགས་བསྐུལ་བ་ནི༔ ཧཱུྃ༔ ཨོ་རྒྱན་རིག་འཛིན་པདྨ་ཐོད་ཕྲེང་གི༔ བཀའ་ཉན་ལས་བྱེད་བཀའ་སྲུང་མཁའ་འགྲོའི་ཚོགས༔ བཞེངས་ཤིག་བཞེངས་ཤིག་དཔལ་གྱི་གཏོར་མ་བཞེས༔ མཛོད་ཅིག་མཛོད་ཅིག་བཀའ་ཡི་ཕྲིན་ལས་མཛོད༔ ཧ༔ ཞི་བའི་ལས་མཛད་རྡོ་རྗེ་མཁའ་འགྲོའི་ཚོགས༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་སྐུ་སྐྱོད་ཅིག༔ འཁོར་དུ་རང་འདྲ་དཀར་མོ་འབུམ་གྱིས་བསྐོར༔ སྐུ་མདོག་དཀར་མོ་གཡུ་ཡི་ཐོར་ཚུགས་ཅན༔ རི༔ རྒྱས་པའི་ལས་བྱེད་རིན་ཆེན་ཌཱ་ཀིའི་ཚོགས༔ རིན་ཆེན་རིགས་ཀྱི་ཌཱ་ཀི་སྐུ་སྐྱོད་ཅིག༔ འཁོར་དུ་རང་འདྲ་སེར་མོ་འབུམ་གྱིས་བསྐོར༔ སྐུ་མདོག་སེར་མོ་གསེར་གྱི་གདུ་བུ་ཅན༔ ནི༔ དབང་གི་ལས་བྱེད་པདྨ་མཁའ་འགྲོའི་ཚོགས༔ པདྨ་རིགས་ཀྱི་ཌཱ་ཀི་སྐུ་སྐྱོད་ཅིག༔ འཁོར་དུ་རང་འདྲ་དམར་མོ་འབུམ་གྱིས་བསྐོར༔ སྐུ་མདོག་དམར་མོ་བསེ་ཡི་ལན་ཕྲན་ཅན༔ ས༔ དྲག་པོའི་ལས་བྱེད་ཀརྨ་མཁའ་འགྲོའི་ཚོགས༔ ལས་ཀྱི་རིགས་ཀྱི་ཌཱ་ཀི་སྐུ་སྐྱོད་ཅིག༔ འཁོར་དུ་རང་འདྲ་ལྗང་མོ་འབུམ་གྱིས་བསྐོར༔ སྐུ་མདོག་ལྗང་མོ་མུ་མེན་སྐེད་ཆིངས་ཅན༔ ཀུན་ཀྱང་དབུ་ལ་ཐོར་ཚུགས་རང་རྟགས་བརྒྱན༔ དབུ་སྐྲ་སིལ་བུ་ལྕང་ལོ་ཉི་ལི་ལི༔ རྒྱན་ཆ་སྣ་ཚོགས་མང་པོ་པུ་རུ་རུ༔ རོལ་མོ་སྣ་ཚོགས་མང་པོ་ཏི་རི་རི༔ དཔའ་མོ་རྒྱ་མཚོས་བྲོ་བརྡུང་ཁྲབས་སེ་ཁྲབ༔ དཔའ་བོ་རྒྱ་མཚོས་གར་བྱེད་ཤིགས་སེ་ཤིག༔ ཧཱུྃ་གི་སྣང་གླུ་གསང་སྐད་དི་རི་རི༔ ཕཊ་ཀྱི་བརྡ་སྐད་ཉམས་དབྱངས་སངས་སེ་སང༔ མཁའ་འགྲོ་དམ་ཅན་མ་ལུས་ཚོགས་བཅས་ཀྱིས༔ དཔལ་གྱི་བཀའ་ཡི་གཏོར་མ་འདི་ལོངས་ལ༔ སྤང་བྱ་བདུད་རིགས་འབྱུང་གདོན་བར་ཆད་ཟློག༔ མཐུ་རྩལ་ཐོགས་མེད་དྲག་པོའི་དངོས་གྲུབ་སྩོལ༔ བཅོལ་པའི་ཕྲིན་ལས་མ་ལུས་གྲུབ་པར་མཛོད༔ དེ་ནས་ལྷག་མ་འབུལ༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཀུན་འདུས་དཔལ༔ ཨོ་རྒྱན་པདྨ་རིག་འཛིན་ཐོད་ཕྲེང་གི༔ བཀའ་ཉན་ལས་བྱེད་ཕུད་ལྷག་དབང་བ་རྣམས༔ འཇིག་རྟེན་འདས་དང་མ་འདས་ཐམས་ཅད་ཀྱི༔ མ་མོ་མཁའ་འགྲོ་ཤུགས་འགྲོ་འཁོར་དང་བཅས༔ དུར་ཁྲོད་བདག་མོ་མ་མོ་ལ་སོགས་པའི༔ འབྱུང་པོ་ཡི་དྭགས་སྡེ་བརྒྱད་འཁོར་བཅས་རྣམས༔ ཞལ་ཟས་ཕུད་ལྷག་གཏོར་མ་འདི་བཞེས་ལ༔ དམིགས་བྱ་དགྲ་བོ་མ་གཏང་མྱུར་དུ་སྒྲོལ༔ རྣལ་འབྱོར་བསམ་པའི་དོན་རྣམས་མྱུར་དུ་སྒྲུབས༔ མི་མཐུན་རྐྱེན་དང་བར་ཆད་ཐམས་ཅད་ཟློག༔ བྱང་ཆུབ་མཆོག་ཏུ་སྒྲུབ་པའི་གྲོགས་མཛོད་ཅིག༔ བཅོལ་པའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ ག་ཎ་ཙཀྲ་སརྦ་བྷཱུ་ཏ་ཨུཙྪིཥྚ་བྷཀྵ་ཁཱ་ཧི༔ དེ་ནས་ལྷ་ཚོགས་ཕྲིན་ལས་བསྐུལ་བ་ནི༔ ཧཱུྃ༔ བཞེངས་ཤིག་རྣམ་དག་ཆོས་ཀྱི་དབྱིངས་ནས་བཞེངས༔ བླ་མ་ཀུན་འདུས་རིག་འཛིན་སྐུ་བཞེངས་ཤིག༔ ཡི་དམ་ཀུན་འདུས་གུ་རུ་སྐུ་བཞེངས་ཤིག༔ མཁའ་འགྲོ་ཀུན་འདུས་པད་འབྱུང་སྐུ་བཞེངས་ཤིག༔ ཆོས་སྐྱོང་ཀུན་འདུས་ཐོད་ཕྲེང་སྐུ་བཞེངས་ཤིག༔ དམ་ཅན་ཀུན་འདུས་ཆེ་མཆོག་སྐུ་བཞེངས་ཤིག༔ ཧཱུྃ༔ སྐུ་ལ་ཐུགས་རྗེའི་འོད་ཕུང་ལྷབས་སེ་ལྷབ༔ དར་གྱི་ཅོད་པན་སྣ་ཚོགས་པུ་རུ་རུ༔ གསེར་གྱི་ཕྱག་གདུབ་ཞབས་གདུབ་སི་ལི་ལི༔ རོལ་མོ་སྒྲ་དབྱངས་མང་པོ་དི་རི་རི༔ མ་ཚོགས་མཁའ་འགྲོ་རྒྱ་མཚོ་སྤུངས་སེ་སྤུང༔ དངོས་གྲུབ་རྣམ་གཉིས་ཆར་འབེབ་སི་ལི་ལི༔ ཐུགས་རྗེའི་བྱིན་རླབས་ན་བུན་ཐུ་ལུ་ལུ༔ ཀུན་ཀྱང་སིདྡྷི་བརྡ་སྐད་འུ་རུ་རུ༔ དཔའ་བོ་རྒྱ་མཚོས་བྲོ་རྡུང་ཁྲབས་སེ་ཁྲབ༔ དཔའ་མོ་རྒྱ་མཚོས་གར་བྱེད་ཤིགས་སེ་ཤིག༔ ཧཱུྃ་གི་སྣང་གླུ་གསང་སྔགས་ཏི་རི་རི༔ ཕཊ་ཀྱི་བརྡ་སྐད་ཉམས་དབྱངས་སངས་སེ་སང༔ རྣལ་འབྱོར་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ༔ ཁྱེད་ཀྱི་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ གནས་མཆོག་འདི་རུ་བྱིན་ཆེན་ཡ་མཚན་ཕོབ༔ བརྒྱུད་འཛིན་བུ་སློབ་རྣམས་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་ཕྱི་ནང་བར་ཆད་སོལ༔ བདུད་རིགས་འབྱུང་པོའི་བར་ཆད་ཐམས་ཅད་ཟློག༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་སྩོལ༔ དེ་ནས་རང་ལུས་ཀྱི་དཀྱིལ་འཁོར་གྱི་ལྷ་དང་ཌཱ་ཀི་བསྐུལ་བ་ནི༔ ཧཱུྃ༔ རང་བྱུང་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་དུ༔ བླ་མ་མཁའ་འགྲོ་ཡང་གསང་ཐུགས་དམ་བསྐུལ༔ ཧཱུྃ༔ སྤྱི་བོ་བདེ་ཆེན་འཁོར་ལོའི་ཞིང་ཁམས་སུ༔ ལྷ་མཆོག་བཛྲ་གུ་རུ་ཡབ་ཡུམ་ལ༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་སུམ་ཅུས་བསྐོར༔ བདེ་ཆེན་གཉིས་མེད་ཟུང་འཇུག་བདེ་བར་རོལ༔ ཐུགས་དམ་བསྐུལ་ལོ་ཨོ་རྒྱན་ཌཱ་ཀིའི་ཚོགས༔ རྣལ་འབྱོར་ལུས་ལ་མཆོག་གི་བདེ་ཆེན་སྤོར༔ ཧཱུྃ༔ མགྲིན་པ་ལོངས་སྤྱོད་རོ་འདུས་འཁོར་ལོའི་དབུས༔ ལྷ་མཆོག་པདྨ་གུ་རུ་ཡབ་ཡུམ་ལ༔ པདྨ་རིགས་ཀྱི་མཁའ་འགྲོ་བཅུ་དྲུག་བསྐོར༔ བདེ་ཆེན་གཉིས་མེད་ཟུང་འཇུག་བདེ་བར་རོལ༔ ཐུགས་དམ་བསྐུལ་ལོ་ཨོ་རྒྱན་ཌཱ་ཀིའི་ཚོགས༔ རྣལ་འབྱོར་ངག་ལ་མཆོག་གི་ནུས་པ་སྤོར༔ ཧཱུྃ༔ སྙིང་ག་དྲན་བྱེད་ཆོས་ཀྱི་འཁོར་ལོའི་དབུས༔ ལྷ་མཆོག་བུདྡྷ་གུ་རུ་ཡབ་ཡུམ་ལ༔ སངས་རྒྱས་ཌཱ་ཀི་སུམ་ཅུ་རྩ་གཉིས་བསྐོར༔ བདེ་ཆེན་གཉིས་མེད་ཟུང་འཇུག་བདེ་བར་རོལ༔ ཐུགས་དམ་བསྐུལ་ལོ་ཨོ་རྒྱན་ཌཱ་ཀིའི་ཚོགས༔ རྣལ་འབྱོར་སེམས་ལ་མཆོག་གི་རྟོགས་པ་སྤོར༔ ཧཱུྃ༔ ལྟེ་བ་སྤྲུལ་པ་སྐྱེད་བྱེད་འཁོར་ལོའི་དབུས༔ ལྷ་མཆོག་རཏྣ་གུ་རུ་ཡབ་ཡུམ་ལ༔ རིན་ཆེན་ཌཱ་ཀི་དྲུག་ཅུ་རྩ་བཞིས་བསྐོར༔ བདེ་ཆེན་གཉིས་མེད་ཟུང་འཇུག་བདེ་བར་རོལ༔ ཐུགས་དམ་བསྐུལ་ལོ་ཨོ་རྒྱན་ཌཱ་ཀིའི་ཚོགས༔ བྱིན་རླབས་ཟུང་འཇུག་བདེ་ཆེན་ཡེ་ཤེས་སྤོར༔ ཧཱུྃ༔ གསང་བ་བདེ་བ་མྱོང་བྱེད་འཁོར་ལོའི་དབུས༔ ལྷ་མཆོག་ཀརྨ་གུ་རུ་ཡབ་ཡུམ་ལ༔ ལས་ཀྱི་ཌཱ་ཀི་ཉི་ཤུ་རྩ་གཉིས་བསྐོར༔ བདེ་ཆེན་གཉིས་མེད་ཟུང་འཇུག་བདེ་བར་རོལ༔ ཐུགས་དམ་བསྐུལ་ལོ་ཨོ་རྒྱན་ཌཱ་ཀིའི་ཚོགས༔ བྱིན་རླབས་ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ༔ ཧཱུྃ༔ རྣམ་ཤེས་ཚོགས་བརྒྱད་སྒོ་ལྔ་ཚོགས་དྲུག་ཏུ༔ སྤྲུལ་སྐུ་གུ་རུ་མཚན་བརྒྱད་ཡབ་ཡུམ་ལ༔ དུར་ཁྲོད་ཌཱ་ཀི་སྟོང་ཕྲག་རྩ་གཉིས་བསྐོར༔ བདེ་ཆེན་གཉིས་མེད་ཟུང་འཇུག་བདེ་བར་རོལ༔ ཐུགས་དམ་བསྐུལ་ལོ་ཨོ་རྒྱན་ཌཱ་ཀིའི་ཚོགས༔ སྣང་སེམས་གཉིས་མེད་རོ་གཅིག་དངོས་གྲུབ་སྩོལ༔ ཨོ་རྒྱན་མཁའ་འགྲོའི་ཚོགས་ཀྱི་ཐུགས་རྗེ་ཡིས༔ བྱང་ཆུབ་སྒྲུབ་པའི་བར་ཆད་མྱུར་དུ་ཟློག༔ རྐྱེན་ཟློག་དགྲ་ཐུལ་སྔགས་ཀྱི་བསྟན་པ་སྐྱོངས༔ བཅོལ་བའི་ཕྲིན་ལས་མ་ལུས་གྲུབ་པར་མཛོད༔ ཚེས་བཅུ་ཡིན་ན་འདིའི་སྐབས་གཏོར་དབང་ཞུ་འོ༔ དེ་ནས་བཀའ་ཡི་ཆད་མདོ་འབུལ་བ་ནི༔ ཧཱུྃ༔ སྔོན་ཚེ་ཙ་རི་གསང་སྔགས་ཕོ་བྲང་གི༔ ཟིལ་ཆེན་རྡོ་རྗེ་གསང་བའི་ཕོ་བྲང་དུ༔ རིག་འཛིན་ཨོ་རྒྱན་ཆེན་པོ་པདྨ་དང༔ སློབ་མ་རྣམ་སྣང་ནམ་སྙིང་མཚོ་རྒྱལ་གྱིས༔ བླ་མ་ཡིད་བཞིན་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ ཡེ་ཤེས་ལས་ལས་གྲུབ་པའི་མཁའ་འགྲོ་དང༔ མ་མོ་དམ་ཅན་ཞིང་སྐྱོང་ཚོགས་བཅས་ཀྱིས༔ རང་རང་གཟུགས་བསྟན་སྲོག་སྙིང་ཕུལ་ནས་ཀྱང༔ སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ༔ གསང་སྔགས་ཐེག་ཆེན་བསྟན་པ་སྐྱོང་བ་དང༔ བཀའ་ཡི་གཏོར་མ་བླང་བར་མ་ཆད་དམ༔ སྒྲུབ་མཆོག་བུ་རྣམས་སྐྱོང་བར་ཞལ་བཞེས་པའི༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ རིག་འཛིན་བཀའ་ཡི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ དེ་ནས་བརྟན་མ་མཆོད་ནས་དམ་ཚིག་བསྐུལ་བ་ནི༔ ཧཱུྃ་བྷྱོ༔ ཛམ་གླིང་བརྟན་པའི་བརྟན་མ་ཆེན་མོ་བཞི༔ བོད་ཁམས་སྐྱོང་བའི་སྐྱོང་མ་ཆེན་མོ་བཞི༔ བསྟན་དགྲ་འདུལ་བའི་བདུད་མོ་ཆེན་མོ་བཞི༔ བརྟན་མ་ཆེན་མོ་བཅུ་གཉིས་ཁྱེད་རྣམས་ཀྱང༔ རིག་འཛིན་སྔགས་འཆང་པདྨ་ཐོད་ཕྲེང་གིས༔ ཡང་ལེ་ཤོད་ཀྱི་བྲག་གི་སྒྲུབ་གནས་སུ༔ དཔལ་ཆེན་ཆེ་མཆོག་སྒྲུབ་པ་མཛད་དུས་དང༔ དེ་ཕྱིས་ཙ་རི་ཟིལ་ཆེན་གསང་ཕུག་ཏུ༔ བླ་མ་ཡིད་བཞིན་ནོར་བུ་ཞལ་ཕྱེས་ཚེ༔ དམ་ཚིག་གཉན་པོ་གནད་ནས་བསྐུལ་བའི་དུས༔ བོད་ཡུལ་སངས་རྒྱས་བསྟན་པ་སྐྱོང་བ་དང༔ ཁྱད་པར་སློབ་དཔོན་པདྨའི་རིག་འཛིན་རྣམས༔ མ་ཡིས་བུ་བཞིན་སྐྱོང་བར་དམ་བཅས་པའི༔ སྔོན་ཚེ་ཁས་བླངས་དམ་ཚིག་དྲན་པར་གྱིས༔ སློབ་དཔོན་བཀའ་ཡི་གཏོར་མ་འདི་ལོངས་ལ༔ ཕྲིན་ལས་གསང་སྔགས་བསྟན་པ་གཉན་པོ་སྲུངས༔ དཀར་ཕྱོགས་སྐྱོངས་ལ་ནག་པོའི་ཚོགས་རྣམས་ཟློག༔ བྱང་ཆུབ་སྒྲུབ་པའི་མཐུན་རྐྱེན་གྲོགས་མཛོད་ཅིག༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ དེ་ནས་རྟ་བྲོ་བྱ་བ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཀུན་འདུས་དཔལ༔ ཨོ་རྒྱན་ཆེན་པོ་པདྨ་ཐོད་ཕྲེང་རྩལ༔ སྣང་སྲིད་རྣམ་དག་ལྷ་དང་ལྷ་མོས་བསྐོར༔ ཡེ་ཤེས་ལྔ་ཡི་གླུ་བླངས་བྲོ་བརྡུངས་པས༔ དུག་ལྔའི་མགོ་ལ་འོད་གསལ་ཆེམས་སེ་ཆེམ༔ ཉོན་མོངས་དགྲ་བགེགས་ལོག་ལྟ་རང་སར་དག༔ དུག་ལྔ་ཡེ་ཤེས་ལྔ་ཡི་ཀློང་དུ་ནོན༔ མ་རིག་མ་རྟོགས་ཀ་དག་ཀློང་དུ་ནོན༔ འགྱུར་མེད་སྟོང་ཉིད་ཡེ་ཤེས་རྒྱ་ཡིས་བཏབ༔ དེ་ནས་དངོས་གྲུབ་བླང་ཞིང་གཏོར་དབང་ཞུ་བ་ནི༔ གུ་རུའི་ལྷ་ཚོགས་ཐམས་ཅད་རང་གི་སྤྱི་བོ་ནས་ཐིམ་པས་སྐུ་གསུང་ཐུགས་ཀྱི་དབང་ཐོབ་པར་བསམ་མོ༔ ཧཱུྃ༔ རིག་འཛིན་ཀུན་འདུས་ཨོ་རྒྱན་ཐོད་ཕྲེང་རྩལ༔ འགྱུར་མེད་སྐུ་ཡི་དབང་སྐུར་དངོས་གྲུབ་སྩོལ༔ ཡི་དམ་ཀུན་འདུས་མ་ཧཱ་གུ་རུ་ཡི༔ འགག་མེད་གསུང་གི་དབང་སྐུར་དངོས་གྲུབ་སྩོལ༔ མཁའ་འགྲོ་ཀུན་འདུས་རྒྱལ་སྲས་པད་འབྱུང་གིས༔ སྤྲོས་བྲལ་ཐུགས་ཀྱི་དབང་སྐུརདངོས་གྲུབ་སྩོལ༔ ཆོས་སྐྱོང་ཀུན་འདུས་ཨོ་རྒྱན་ཆེ་མཆོག་གིས༔ ཡོན་ཏན་ལྷུན་གྲུབ་དབང་སྐུར་དངོས་གྲུབ་སྩོལ༔ དམ་ཅན་ཀུན་འདུས་པདྨ་ཐོད་ཕྲེང་རྩལ༔ ཕྲིན་ལས་ཐོགས་མེད་དབང་སྐུར་དངོས་གྲུབ་སྩོལ༔ རིག་འཛིན་ཀུན་འདུས་ཨོ་རྒྱན་འདུས་པ་རྩལ༔ སྟོན་པའི་རྒྱལ་ཚབ་དབང་སྐུར་དངོས་གྲུབ་སྩོལ༔ སྐུ་ལྔ་མཚན་བརྒྱད་དཔའ་བོ་མཁའ་འགྲོའི་ཚོགས༔ འཇིགས་བརྒྱད་ཞི་བའི་དབང་སྐུར་དངོས་གྲུབ་སྩོལ༔ ཚེ་དབང་ལོངས་སྤྱོད་རྒྱས་པའི་དབང་སྐུར་དངོས་གྲུབ་སྩོལ༔ ཁམས་གསུམ་དབང་སྡུད་དབང་སྐུར་དངོས་གྲུབ་སྩོལ༔ དགྲ་བགེགས་ཚར་གཅོད་དབང་སྐུར་དངོས་གྲུབ་སྩོལ༔ མངོན་སྤྱོད་ཕྲིན་ལས་དབང་སྐུར་དངོས་གྲུབ་སྩོལ༔ ཆོས་སྐུ་སྐྱེ་མེད་དབང་སྐུར་དངོས་གྲུབ་སྩོལ༔ རིག་སྟོང་གཏིང་གསལ་དབང་སྐུར་དངོས་གྲུབ་སྩོལ༔ སྐུ་གསུམ་སྐུ་ལྔ་དབང་སྐུར་དངོས་གྲུབ་སྩོལ༔ གཞན་སྣང་དབང་བསྒྱུར་དབང་སྐུར་དངོས་གྲུབ་སྩོལ༔ འཁོར་བ་དོང་སྤྲུགས་དབང་སྐུར་དངོས་གྲུབ་སྩོལ༔ གསོལ་བ་འདེབས་སོ་ཨོ་རྒྱན་རིན་པོ་ཆེ༔ གུ་རུ་ཐུགས་རྗེ་ཅན་གྱི་བྱིན་གྱིས་རློབས༔ སྒྲུབ་མཆོག་བུ་ལ་དབང་བཞི་ཡོངས་རྫོགས་སྐུར༔ དེ་ནས་བཤགས་པ་བྱ་བ་ནི༔ ཧཱུྃ༔ བླ་མ་ཀུན་འདུས་ལྷ་མཆོག་ཡོངས་ཀྱི་གཙོ༔ ཨོ་རྒྱན་རིག་འཛིན་ཆེན་པོ་བདག་ལ་དགོངས༔ ལྟ་སྒོམ་སྤྱོད་པ་དམ་རྫས་མ་ཚང་སོགས༔ ཡི་དམ་ཀུན་འདུས་གུ་རུའི་སྤྱན་སྔར་བཤགས༔ ཏིང་འཛིན་ལེ་ལོ་གཡེང་བའི་དབང་དུ་ཤོར༔ མཁའ་འགྲོ་ཀུན་འདུས་པད་འབྱུང་སྐུ་ལ་བཤགས༔ བག་མེད་ཚུལ་གྱིས་དམ་ལས་ཅི་འགལ་བ༔ ཆོས་སྐྱོང་ཀུན་འདུས་ཐོད་ཕྲེང་སྐུ་ལ་བཤགས༔ ཚོགས་གཏོར་ཆད་དང་ཕུད་ལྷག་ཉམས་པ་སོགས༔ དམ་ཅན་དཔའ་བོ་དཔའ་མོའི་སྤྱན་སྔར་བཤགས༔ འདུལ་ཁྲིམས་བསླབ་བྱ་གསང་སྔགས་དམ་ཚིག་ཉམས༔ བླ་མ་ཀུན་འདུས་ཡིད་བཞིན་ནོར་བུའི་ཚོགས༔ ཉམས་ཆག་མི་དགེ་བཅུ་པོ་སོ་སོར་བཤགས༔ མཐོལ་ལོ་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ༔ དེ་ནས་སྨོན་ལམ་ཟབ་མོ་གདབ་པ་ནི༔ ཨེ་མ་ཧོ༔ རིག་འཛིན་ཨོ་རྒྱན་ཆེན་པོ་དགོངས་སུ་གསོལ༔ བདག་གི་ལྷག་བསམ་རྣམ་པར་དག་པའི་མཐུས༔ བླ་མ་བསྒྲུབས་པས་གུ་རུའི་བྱིན་རླབས་ཀྱིས༔ བདག་གཞན་སྐྱེ་བ་ཚེ་རབས་ཐམས་ཅད་དུ༔ ཞིང་ཁམས་རྣམ་དག་ཨོ་རྒྱན་ཕོ་བྲང་དུ༔ མ་ཧཱ་གུ་རུ་ཁྱེད་དང་འབྲལ་མེད་ཤོག༔ མོས་གུས་ལྟེམ་རྐྱང་འཕེལ་འགྲིབ་མེད་པ་ཡིས༔ མཉེས་ནས་ཐུགས་བརྩེས་མཆོག་ཏུ་གཟིགས་པ་དང༔ བྱིན་རླབས་བདུད་རྩི་དཔག་མེད་འཐུང་བར་ཤོག༔ སྒོ་གསུམ་དད་པས་ཞབས་ཏོག་ནུས་པ་དང༔ ཅི་ཡོད་ཆོས་ལ་གཏོང་ཕོད་ནུས་པ་ཡིས༔ སྐུ་གསུམ་བྱིན་རླབས་ལྷུན་གྲུབ་འབྱུང་བར་ཤོག༔ རིམ་གཉིས་ཟབ་མོ་བསྐྱེད་རྫོགས་ཏིང་འཛིན་གྱིས༔ ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་པ་དང༔ དབང་གི་དངོས་གྲུབ་མ་ལུས་ཐོབ་པར་ཤོག༔ ལོག་ལྟའི་བདུད་རྣམས་མ་ལུས་བཟློག་པ་དང༔ མངོན་སྤྱོད་ཐོགས་མེད་ལས་རྣམས་འགྲུབ་པ་ཡིས༔ ནད་གདོན་བར་ཆད་ཐམས་ཅད་ཞི་བར་ཤོག༔ འཁོར་དང་ལོངས་སྤྱོད་ཕྲིན་ལས་རྒྱས་པ་དང༔ ཅི་བསམ་རྣམ་དག་མ་ལུས་ལྷུན་གྲུབ་པས༔ བསམ་པའི་དོན་རྣམས་ལྷུན་གྱིས་གྲུབ་པར་ཤོག༔ ཟབ་མོ་མཆོག་གི་ཏིང་འཛིན་སྐྱོང་བ་དང༔ རྟག་ཏུ་ཡེངས་མེད་སྒྲུབ་ལ་བརྩོན་པ་ཡིས༔ སྒྲུབ་པའི་འབྲས་བུ་མ་ལུས་མཐར་ཕྱིན་ཤོག༔ ཕྲིན་ལས་རྣམ་བཞི་མ་ལུས་འགྲུབ་པ་དང༔ བསྟན་པའི་བྱ་བ་རླབས་ཆེན་སྤྱོད་པ་ཡིས༔ གདུལ་བྱ་ཕྲིན་ལས་ལོངས་སྤྱོད་རྒྱས་པར་ཤོག༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་ཁོལ་བ་དང༔ སྣང་སྲིད་མ་ལུས་དབང་དུ་འདུ་བ་ཡིས༔ སངས་རྒྱས་བསྟན་པ་སྲུང་བའི་དཔལ་དུ་ཤོག༔ ཐེག་ཆེན་ཟབ་མོ་གསང་སྔགས་དམ་ཆོས་རྣམས༔ རྒྱུད་དང་མཐུན་པའི་དགོངས་པ་དོན་འདྲིལ་བས༔ མ་ལུས་ཁོང་ཆུད་མཁྱེན་གསུམ་རྒྱས་པར་ཤོག༔ ཉམས་མྱོང་ཏིང་འཛིན་རྒྱུད་ལ་བསྣུན་པ་དང༔ ལྟ་སྒོམ་སྤྱོད་པ་རྣམ་པར་དག་པ་ཡིས༔ འབྲས་བུ་འགྱུར་མེད་མཆོག་ཏུ་ཕྱིན་པར་ཤོག༔ ལྷག་བསམ་རྣམ་དག་སྙིང་རྗེ་ཚད་མེད་དང༔ སྐྱེ་འགྲོ་མ་ལུས་དབང་དུ་འདུ་བ་དང༔ འབྲེལ་ཚད་དོན་ལྡན་མ་ལུས་གྲོལ་བར་ཤོག༔ བསམ་ཀུན་ཡིད་བཞིན་ནོར་བུ་ལྟ་བུ་ཡིས༔ མཆོག་ཐུན་དགོས་འདོད་ཕུན་སུམ་ཚོགས་པ་དང༔ ཀུན་ལ་རེ་འདོད་དགོས་དོན་སྐོང་བར་ཤོག༔ བསྟན་པའི་རྒྱལ་མཚན་སྒྲུབ་བརྒྱུད་འཛིན་པ་དང༔ གསང་སྔགས་རླབས་ཆེན་བརྟུལ་ཞུགས་སྤྱོད་པ་ཡིས༔ བརྒྱུད་འཛིན་ཐེག་ཆེན་ཆོས་ལ་སྤྱོད་པར་ཤོག༔ ཞིང་ཁམས་གནས་རིས་རྣམ་པར་དག་པ་ནས༔ རང་ཉིད་དག་པའི་གཟུགས་སྐུ་རབ་སྤྲུལ་ནས༔ འགྲོ་རྣམས་ཐེག་ཆེན་ཆོས་ལ་བཀོད་པར་ཤོག༔ གུ་རུ་ཁྱེད་ཀྱིས་དངོས་གྲུབ་བརྙེས་པ་ལྟར༔ སྒྲུབ་མཆོག་བུ་ཡིས་མྱུར་དུ་བརྙེས་པ་དང༔ སྨོན་ལམ་རྣམ་དག་མ་ལུས་འགྲུབ་པར་ཤོག༔ གུ་རུ་ཁྱོད་ཀྱིས་སྤྲུལ་པ་འགྱེད་པ་ལྟར༔ བདག་གི་ཏིང་འཛིན་འབུམ་ཕྲག་རབ་རྒྱས་པས༔ རྫུ་འཕྲུལ་སྤྲུལ་པ་སྣ་ཚོགས་འགྱེད་པར་ཤོག༔ བདག་སོགས་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ གདོད་མའི་ཆོས་སྐུ་རང་ས་མ་ཟིན་བར༔ ཨོ་རྒྱན་གུ་རུ་ཉིད་དང་འབྲལ་མེད་ཤོག༔ སྐུ་གསུམ་སྐད་ཅིག་འདུ་འབྲལ་མེད་པ་རུ༔ བླ་མས་སྒོ་གསུམ་བྱིན་གྱིས་བརླབ་པ་དང༔ ཡི་དམ་དངོས་གྲུབ་མ་ལུས་སྟེར་བར་ཤོག༔ མཁའ་འགྲོའི་ལུང་བསྟན་ཚད་མ་འབྱུང་བ་དང༔ སྒྲུབ་པའི་འབྲས་བུ་ནུས་མཐུ་མཐར་ཕྱིན་ཞིང༔ ཆོས་སྐྱོང་ཕྱི་ནང་བར་ཆད་སེལ་བར་ཤོག༔ ཨོ་རྒྱན་ཆེན་པོ་བསྒྲུབས་པའི་བྱིན་རླབས་ཀྱིས༔ རྫུ་འཕྲུལ་མཐུ་སྟོབས་ཕྲིན་ལས་རྒྱ་ཆེ་ཡིས༔ འགྲོ་དོན་འཁོར་བ་དོང་ནས་སྤྲུགས་པར་ཤོག༔ དེ་ནས་བཀྲ་ཤིས་བྱ་བ་ནི༔ ཧཱུྃ༔ རིག་འཛིན་ཀུན་འདུས་ཨོ་རྒྱན་ཆེན་པོའི་སྐུ༔ བྱིན་རླབས་གཏེར་མཛོད་བླ་མའི་བཀྲ་ཤིས་ཤོག༔ ཡི་དམ་ཀུན་འདུས་གུ་རུ་རིན་ཆེན་གསུང༔ དངོས་གྲུབ་གཏེར་མཛོད་ཡི་དམ་བཀྲ་ཤིས་ཤོག༔ མཁའ་འགྲོ་ཀུན་འདུས་རྒྱལ་སྲས་པདྨའི་ཐུགས༔ ཕྲིན་ལས་གཏེར་མཛོད་མཁའ་འགྲོའི་བཀྲ་ཤིས་ཤོག༔ དུས་གསུམ་རྒྱལ་བ་ཀུན་གྱིས་རབ་བསྔགས་པའི༔ གུ་རུ་ཡིད་བཞིན་ནོར་བུའི་བཀྲ་ཤིས་ཤོག༔ ཆོས་སྐྱོང་ཀུན་འདུས་པདྨ་ཐོད་ཕྲེང་རྩལ༔ མཐུ་སྟོབས་ཐོགས་མེད་དམ་ཅན་བཀྲ་ཤིས་ཤོག༔ དུས་གསུམ་སངས་རྒྱས་བདེ་གཤེགས་ཀུན་འདུས་དཔལ༔ སྐུ་མཆོག་གུ་རུའི་སྐུ་ཡི་བཀྲ་ཤིས་ཤོག༔ ཐེག་དགུའི་དམ་ཆོས་ཀུན་འདུས་གསང་སྔགས་མཛོད༔ གསུང་མཆོག་གུ་རུའི་གསུང་གི་བཀྲ་ཤིས་ཤོག༔ དུས་གསུམ་རྒྱལ་བ་ཀུན་འདུས་ཀུན་བཟང་ཐུགས༔ ཐུགས་མཆོག་གུ་རུའི་ཐུགས་ཀྱི་བཀྲ་ཤིས་ཤོག༔ སྐྱེ་འཆི་མེད་པ་མཆོག་གི་དངོས་གྲུབ་བརྙེས༔ གུ་རུ་ཁྱེད་རང་ལྟ་བུའི་བཀྲ་ཤིས་ཤོག༔ སྲིད་གསུམ་ཛམ་གླིང་བྱེ་བ་ཕྲག་བརྒྱ་ན༔ གང་འདུལ་སྤྲུལ་པ་འགྱེད་པའི་བཀྲ་ཤིས་ཤོག༔ འབད་དང་རྩོལ་མེད་བསམ་པ་ལྷུན་གྱིས་གྲུབ༔ རྩ་གསུམ་ཡིད་བཞིན་ནོར་བུའི་བཀྲ་ཤིས་ཤོག༔ དེ་ནས་དལ་བསྡུ་བ་ནི༔ ཧོ༔ བླ་མ་ཡིད་བཞིན་ནོར་བུའི་དཀྱིལ་འཁོར་ཤར༔ འགྲོ་དོན་ཀུན་རྫོགས་འཁོར་བ་དོང་སྤྲུགས་ནས༔ རྟེན་འབྲེལ་བཅུ་གཉིས་ལུགས་ལྡོག་རྫོགས་སངས་རྒྱས༔ དམིགས་མེད་སྒྱུ་མ་ལྟ་བུར་དབྱིངས་སུ་གཤེགས༔ རང་སེམས་བཅས་བཅོས་མེད་པའི་ངང་དུ་བཛྲ་མུ༔ སྟོང་པའི་ཀློང་ནས་རྗེས་ཆགས་གདུལ་བྱའི་དོན༔ ཕྱི་སྣོད་ཐམས་ཅད་དག་པའི་གཞལ་ཡས་ཁང༔ བཅུད་ཀྱི་གཟུགས་སྣང་ཐམས་ཅད་རྩ་བ་གསུམ༔ བདག་ཉིད་ཡེ་ནས་འགྱུར་མེད་རྡོ་རྗེའི་སྐུ༔ གཉིས་མེད་རོལ་པ་ཕྱག་རྒྱ་ཆེན་པོའི་ངང༔ འགག་མེད་ཤར་ལ་ཤར་ཚད་སྐྱེ་མེད་སྟོང༔ ཟུང་འཇུག་མཐའ་གཉིས་བྲལ་བའི་ངང་དུ་སྤྱོད༔ ཧཱུྃ་ཧཱུྃ་ཧཱུྃ༔ ཅེས་རྟག་ཆད་མཐའ་བསལ་ལོ༔ ཡི་དམ་དགོངས་འདུས་རྟ་མཆོག་རོལ་པའི་ཆ་རྐྱེན་ཡོ་ག་གསུམ་གྱི་ཆ་ལག༔ བླ་མ་ཡིད་བཞིན་ནོར་བུའི་ལས་བྱང་གདུང་བའི་གསོལ་འདེབས་མེ་ཏོག་ཕྲེང་བ་ཞེས་བྱ་བ་རྫོགས་སོ༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་ས་མ་ཡ༔ དྷྱ་དྷྱ་དྷྱ༔ ྈ

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).