Terdzo-DZA-010: Difference between revisions

From Rinchen Terdzö
No edit summary
m (Text replace - ";[ ]* " to " ")
Line 27: Line 27:
|collectiontitle=Rin chen gter mdzod; Rin chen gter mdzod Shechen Edition
|collectiontitle=Rin chen gter mdzod; Rin chen gter mdzod Shechen Edition
|collectiontitletib=རིན་ཆེན་གཏེར་མཛོད་
|collectiontitletib=རིན་ཆེན་གཏེར་མཛོད་
|author='jam mgon kong sprul;
|author='jam mgon kong sprul
|sourcerevealer=Skyid grong thugs mchog rdo rje;
|sourcerevealer=Skyid grong thugs mchog rdo rje
|compiler='jam mgon kong sprul
|compiler='jam mgon kong sprul
|authortib=འཇམ་མགོན་ཀོང་སྤྲུལ་
|authortib=འཇམ་མགོན་ཀོང་སྤྲུལ་
Line 37: Line 37:
|terma=Yes
|terma=Yes
|rtzcategory=Mahayoga
|rtzcategory=Mahayoga
|deity=nA ga rak+sha;
|deity=nA ga rak+sha
|cycle=dregs 'dul drag po gnam lcags 'khor lo gtum po nA ga rak+sha
|cycle=dregs 'dul drag po gnam lcags 'khor lo gtum po nA ga rak+sha
|cycletib=དྲེགས་འདུལ་དྲག་པོ་གནམ་ལྕགས་འཁོར་ལོ་གཏུམ་པོ་ནཱ་ག་རཀྴ་
|cycletib=དྲེགས་འདུལ་དྲག་པོ་གནམ་ལྕགས་འཁོར་ལོ་གཏུམ་པོ་ནཱ་ག་རཀྴ་

Revision as of 17:14, 12 July 2016

This page is under construction. Check back later for updated content.

དྲེགས་འདུལ་གནམ་ལྕགས་འཁོར་ལོ་ལས་གཏུམ་པོ་ནཱ་ག་རཀྴའི་དབང་ཆོག་ཡེ་ཤེས་མེ་འབར་མཚམས་སྦྱོར་གྱིས་བརྒྱན་པ་ཕྲིན་ལས་མེ་འབར་

dregs 'dul gnam lcags 'khor lo las gtum po nA ga rak+sha'i dbang chog ye shes me 'bar mtshams sbyor gyis brgyan pa phrin las me 'bar

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  ཐུགས་མཆོག་རྡོ་རྗེ་ (Tukchok Dorje)
in cycle  གཏུམ་པོ་ནཱ་ག་རཀྴ་ (Gtum po nA ga rak+sha)
parent cycle  དྲེགས་འདུལ་དྲག་པོ་གནམ་ལྕགས་འཁོར་ལོ་ (Dregs 'dul drag po gnam lcags 'khor lo)
Volume 19 (ཛ) / Pages 169-192 / Folios 1a1 to 12b3

[edit]

༄༅། །དྲེགས་འདུལ་གནམ་ལྕགས་འཁོར་ལོ་ལས་གཏུམ་པོ་ནཱ་ག་རཀྴའི་དབང་ཆོག་ཡེ་ཤེས་མེ་འབར་མཚམས་སྦྱོར་གྱིས་བརྒྱན་པ་ཕྲིན་ལས་མེ་འབར་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་མ་ཧཱ་ཙཎྜ་ཀྲོ་དྷ་རཱ་ཛཱ་ཡ། དུག་གསུམ་རང་གཟུགས་གདོན་གྱི་ཚང་ཚིང་ཀུན། །འཇོམས་མཛད་དུས་མཐའི་མེ་ལས་མཐུ་ཆེ་བ། །བདེ་གཤེགས་སྟོབས་འདུས་འཇིགས་བྱེད་སྲིན་པོའི་གཟུགས། །བཟོད་དཀའི་གཟི་ལྡན་དེ་ལ་ཕྱག་བྱས་ནས། །གང་གི་སྒྲུབ་ཐབས་སྔོན་བྱོན་ལས། ཁྱད་འཕགས་ཟབ་ཅིང་མཁོ་རྒུའི་ལས། །མ་ཚང་མེད་འདུས་རྨད་བྱུང་མཛོད། །འཇུག་སྒོ་སྨིན་བྱེད་འདི་བསྒྲུབ་འཚལ། །ཟབ་མོའི་གདམས་པ་འདི་ཉིད་ཉམས་སུ་ལེན་པར་འདོད་པའི་སྣོད་ལྡན་ལ་དབང་བསྐུར་བའི་ཆོ་ག་བསྒྲུབ་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ནི། ཡིད་མཐུན་གྱི་གནས་སུ་སྟེགས་བུའི་སྟེང་དུ་དྲག་དཀྱིལ་གཞུང་མཐུན་རས་བྲིས་བཀྲམ་པའམ། འབྲུ་ནག་གི་ཚོམ་བུ་གཙོ་འཁོར་བཅུ་གཅིག་བཀོད། དེ་དབུས་ཁྲིའུའི་ཁར་རིན་པོ་ཆེའི་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་མཐིང་ནག་གཟུངས་རྡོར་དང་བཅས་པའི་ཁར། རིགས་བདག གཙོ་བོ། གནས་ལྷ་ལྔ་དང་བཅས་པའི་སྐུ་ཙཀ་བཀོད། མདུན་དུ་ལས་བུམ། གཡས་སུ་རྟེན་གཏོར། རྒྱབ་ཏུ་ཟོར་གཏོར། གཡོན་དུ་ཕྱག་མཚན་གྲི་གུག་སྦྲུལ་ཞགས་དང་འཁོར་ལོ་ནད་རྐྱལ་དབྱུག་པ་རྡོ་རྗེ་ལྕགས་སྡིག་མེ་ཕུང་རྣམས་ཕྱོགས་བསྡུས་བཅས་ཀྱི་ཙཀླི་གཉིས། བར་མཚམས་སུ་ཧ་ལའི་སྨན་ཆེན་དུམ་ཆུང་ངུ། སྨན་རཀ་གཏོར་གསུམ་དངོས་སམ་བྲིས་པ། སྤོས་དཀར་ཁུ་བ། གཙགས་བུ་དང་སྤྲ་མེ། དུར་ཁྲོད་དཔལ་ཆས། གཞུང་མཐུན་སྲུང་འཁོར་རྣམས་བཀོད། འོག་ཏུ་སྒྲོལ་ལིང་ལས་ཕུར་བཙུགས་པ། མནན་པའི་རི་རབ། མེ་ཧོམ་རྣམས་ཀྱང་འདུ་བྱ། དཀྱིལ་འཁོར་གྱི་ཁོར་ཡུག་ཏུ་སྨན་རཀ་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད། བཀའ་སྲུང་འབུལ་གཏོར། ཚོགས་མཆོད་སོགས་ཕྲིན་ལས་ལ་དགོས་པ་རྣམས་ཀྱང་ཕྱག་ལེན་ལྟར་བཀོད་པར་བྱའོ། །དེ་ནས་ཚིག་བདུན་གསོལ་འདེབས་སྔོན་དུ་འགྲོ་བས་གསང་སྒྲུབ་རྡོ་རྗེ་མེ་འབར་གྱི་ཚོགས་གསག་ནས་བརྩམ་མཐར་ཆགས་སུ་གཏང་། བསྟོད་པ་ཡན་བདག་མདུན་གཅིག་རྫོགས་སུ་བཏང་ནས་སྒྲུབ་དཀྱིལ་གྱི་གོ་སར་ཛཔ྄་ཁང་དབྱེ། སྒྲུབ་ཡིག་སྙིང་བྱང་དམར་ཁྲིད་ལྟར་དམིགས་པའི་འཕྲོ་འདུ་གསལ་བཏབ་ལ་རྩ་སྔགས་དང་སྒྲུབ་སྔགས་བཟླ། བསྒྲུབ་བྱའི་རྒྱུད་སྦྱངས་ཏེ་རྡོ་རྗེ་གསུམ་གྱི་གོ་འཕང་ལ་བཀོད་པར་མོས། མཐར་ཛཔ྄་བསྟོད་བྱ། དབྱངས་གསལ་ཡིག་བརྒྱ་བརྗོད། བཀའ་གཏེར་སྲུང་མའི་གཏོར་འབུལ་དང་ཚོགས་མཆོད་བསྒྲལ་བསྟབ་ཡན་གྲུབ་ནས། ལས་བུམ་བསྒྲུབ། ཕྲིན་ལས་ཀྱི་གཤམ་ནས་འབྱུང་བ་ལྟར་དབང་བླངས་ལ་གནང་བ་ནོད་དོ། །གཉིས་པ་དངོས་གཞི་ལའང་གསུམ། འཇུག་པ། དབང་དངོས། མཇུག་གི་བྱ་བའོ། །དང་པོ་ནི། སློབ་མ་རྣམས་ཕྱི་རོལ་དུ་ལས་བུམ་གྱི་ཆུ་དང་ཁྲུས་ཚིག་གིས་ཁྲུས་བྱ་ཞིང་། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་སརྦ་པཱ་པཾ་ད་ཧ་ན་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྗོད། བགེགས་གཏོར་བྱིན་བརླབས་ལ་ལས་བྱང་ལྟར། ཧཱུྃ༔ ང་ནི་ཡེ་ཤེས་སོགས་ཆེ་བ་བསྐྱེད། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་དང་། ཧཱུྃ༔ ཉོན་ཅིག་ལོག་འདྲེན་སོགས་ཀྱིས་བསྔོས་ལ་བསྐྲད། ཧཱུྃ༔ བདག་ཉིད་དཔལ་གྱི་སོགས་ཀྱིས་སྲུང་འཁོར་བརྟན་པོར་བསྒོམ། མེ་ཏོག་བཀྱེ་བསྡུ་བྱས། ཆོས་བཤད་སྤྱི་དང་བྱེ་བྲག་གི་མཚམས་སྦྱར་ལ། དེའང་སངས་རྒྱས་སྣང་བ་མཐའ་ཡས་རྡོ་རྗེ་སློབ་དཔོན་གྱི་གཟུགས་སུ་སྟོན་པ་གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་དེ་ཉིད་ཀྱིས་ཕྱི་རབས་གདུལ་བྱ་ཉམ་ཐག་པ་རྣམས་ཀྱི་དོན་དུ་རིག་འཛིན་འཇམ་དཔལ་བཤེས་གཉེན། ནཱ་གཱརྫུ་ན། པྲ་བྷ་ཧསྟི། ཁྲག་འཐུང་ནག་པོ་སོགས་ལས་འཇམ་དཔལ་ཀླུ་འདུལ། རྟ་མཆོག་ཀླུ་འདུལ། གཏུམ་པོ་ཀླུ་སྲིན། བྱ་ཁྱུང་ཀླུ་འདུལ། ཀླུ་བདུད་དུག་རི་མེ་འབར་ལ་སོགས་པའི་རྒྱུད་དང་མན་ངག་མཐའ་ཡས་པ་གསན་ཅིང་། བོད་དུ་དཔལ་གྱི་བསམ་ཡས་བཞེངས་པའི་ཚེ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལ་གྲོགས་པོ་ཀླུའི་དུག་ཟེར་གྱིས་བསྙུན་མཛེས་བཏབ་པའི་ཚེ། ནཱ་ག་རཀྴའི་གསང་རྒྱུད་རྒྱ་མཚོ་དུག་རི་མེ་འབར་གྱི་ཁོང་བཅུད་གདམས་པའི་གནད་བཏབ་པས་རྒྱལ་པོ་བསྙུན་ལས་གྲོལ། མ་འོངས་སྙིགས་དུས་ཡང་མཐའི་འགྲོ་བ་རྣམས་གདུག་པའི་གདོན་གྱིས་ཉེན་པ་ལ་དགོངས་ཏེ་ངོ་བོ་གཅིག་ལ་རྣམ་པ་ཐ་དད་པའི་ནཱ་ག་རཀྴའི་གདམས་སྐོར་རྒྱས་བསྡུས་དུ་མ་མཛད་ནས་གཏེར་ཁ་དུ་མར་སྦས་པ་རྣམས། གུ་རུ་ཆོས་ཀྱི་དབང་ཕྱུག །ཆོས་རྒྱལ་རིན་ཆེན་གླིང་པ་སོགས་ཀྱིས་སྤྱན་དྲངས་པ་ལས། སྒྲུབ་སྡེ་བརྒྱད་ཀྱི་ཟབ་བཅུད་གཅིག་ཏུ་དྲིལ་བའི་གཏུམ་ཆེན་ནཱ་ག་རཀྴའི་གདམས་སྐོར་མན་ངག་དུ་མས་ཁྱད་པར་དུ་འཕགས་པ་འདི་ནི། འོན་ཕུ་སྟག་ཚང་རྡོ་རྗེའི་ཕུག་ཏུ་ཇོ་མོ་ཡེ་ཤེས་མཚོ་རྒྱལ། རླངས་ཆེན་དཔལ་སེང་། ཤཱཀྱ་པྲ་བྷ། ནམ་མཁའི་སྙིང་པོ་སོགས་ལས་ཅན་རྗེ་འབངས་རྣམས་ལ་རྡོ་རྗེ་ཕུར་པའི་ཆོས་སྐོར་དང་ལྷན་ཅིག་གནང་ཞིང་དེ་ཉིད་དུ་གཏེར་རྒྱས་བཏབ། དུས་ཕྱིས་ཚེ་ལོ་ཉི་ཤུ་ཁ་རལ་འདུལ་བའི་དུས་རྟགས་རྣམས་མངོན་དུ་གྱུར་པའི་ཚེ་མཆིམས་ཤཱཀྱ་པྲ་བྷའི་སྐུའི་རྣམ་འཕྲུལ། པདྨའི་རྣམ་ཐར་ཐང་ཡིག་ཆེན་མོ་ལས་ཨོ་རྒྱན་རོག་རྗེ་གླིང་པ་ཞེས་ལུང་དུ་བསྟན་ཅིང་། རྒྱལ་པོ་བཀའ་ཐང་ལས་ཀྱང་། ཤཱཀྱའི་ཞིང་ཁམས་བསམ་ཡས་ཕུ་གདོང་ནས༔ བྱང་སེམས་གསང་སྔགས་ཐེག་ཆེན་རྣལ་འབྱོར་པ༔ སྔགས་ཀྱི་བདག་པོ་ནམ་མཁའ་ཞེས་པ་འབྱུང༔ ཞེས་དང་། རིག་འཛིན་འཇའ་ཚོན་སྙིང་པོའི་གཏེར་ལུང་ལས། དབུས་རི་ནག་པོའི་ལྷོ་ངོས་འདབས་ཤོད་དུ༔ རི་བོ་ཙིཏྟ་འདྲ་བའི་ནང་དཀྱིལ་ན༔ དབང་གི་མིང་ཅན་ཤེས་སྒོ་ཡངས་པའི་བུ༔ སྐལ་ལྡན་རིག་འཛིན་དེ་ལ་གཏད་རྒྱ་གྱིས༔ ཞེས་སོགས་ཚད་ཐུབ་ཀྱི་གཏེར་ལུང་མང་པོས་ཟིན་པ། རྭ་སྟོན་སྟོབས་ལྡན་རྡོ་རྗེའི་ཐུགས་སྲས། རིག་འཛིན་གྲུབ་པ་ཡོངས་ཀྱི་དབང་ཕྱུག་སྐྱི་གྲོང་ངག་དབང་བསླབ་གསུམ་མམ། འགྲོ་འདུལ་ཐུགས་མཆོག་རྡོ་རྗེར་མཚན་དུ་འབོད་པ་དེ་ཉིད་ཀྱིས། ཡུམ་བུ་བླ་སྒང་། མཆིམས་ཕུ་དང་ཏི་སྒྲོ །བསམ་ཡས་བར་ཁང་དང་སྦྲགས་ཡང་རྫོང་སོགས་གཏེར་གནས་མང་པོ་ནས་ངོ་མཚར་བའི་ཟབ་གཏེར་དུ་མ་སྤྱན་དྲངས་པ་ལས། གདམས་སྐོར་འདི་ནི་འོན་ཕུ་སྟག་ཚང་གསང་ཕུག་ནས་རྡོ་རྗེ་ཕུར་པ་དྲག་སྔགས་དྲེགས་འདུལ་དང་ལྷན་ཅིག་པར་སྤྱན་དྲངས། གསང་རྒྱའི་རྟེན་འབྲེལ་སོགས་མཐར་ཕྱིན་པར་མཛད་ནས་སྐལ་ལྡན་ཆོས་བདག་རྣམས་ལ་སྤེལ་བའི་གདམས་ཟབ་འདི་ཉིད་ཀྱི་སྨིན་བྱེད་དབང་གི་རིམ་པ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །དེ་ལྟར་མཎྜལ་འབུལ་བ་སོགས་སྔོན་དུ་སོང་ནས་འཇུག་པའི་ཆོས་ལ་གཉིས་ལས་ཐོག་མར་ཐུན་མོང་སྔོན་འགྲོ་སྐྱབས་སེམས་སྡོམ་བཟུང་རྣམས་ཆབས་ཅིག་ཏུ་བསྒྲུབ་པ་ཡིན་པས་དམིགས་པ་འདི་ལྟར་དུ་མཛོད། མདུན་གྱི་ནམ་མཁར་པད་ཟླའི་གདན་ལ་བླ་མ་ལྷ་དང་དབྱེར་མེད་རྡོ་རྗེ་འཆང་བདེ་གཤེགས་ཀུན་འདུས་ཀྱི་ངོ་བོར་བཞུགས་པའི་ངང་མདངས་ཐུགས་རྗེའི་རྣམ་རོལ། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་དགོངས་ཀློང་ཟབ་གསལ་ཉག་གཅིག་ཏུ་བཞུགས་པའི་སྤྱན་སྔར་ཕྱག་འཚལ་བ་སོགས་གསག་སྦྱོང་སོ་སོའི་འདུན་པ་དང་། ཕྱི་ལྟར་སོ་ཐར་གྱི་སྐྱབས་འགྲོ། ནང་ལྟར་གཞན་ཕན་གྱི་བྱང་སེམས། གསང་བ་གསང་སྔགས་ཀྱི་དམ་ཚིག་སྟེ་སྡོམ་གསུམ་གཅིག་ཅར་དུ་ནོད་དེ་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ དག་པའི་མཆོད་པ་བཞེས་སུ་གསོལ༔ དངོས་གྲུབ་བར་དུ་གཅོད་པའི་བགེགས༔ ཉེས་བྱས་མ་ལུས་བཤགས་པར་བགྱི༔ ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔ མ་ཆགས་སྤྱོད་ལ་རྗེས་ཡི་རང༔ དག་པ་མཐའ་བཞིའི་དྲི་མ་མེད༔ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔ མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔ གཉིས་མེད་དོན་གྱིས་སྐྱབས་སུ་མཆི༔ ཚེ་རབས་བགྲང་བའི་དགེ་བ་ཀུན༔ བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔ ཕར་ཕྱིན་དྲུག་ལ་བསླབ་སྡོམ་གཟུང༔ མ་བསྒྲལ་བསྒྲལ་ཞིང་མ་གྲོལ་དགྲོལ༔ དབུགས་དབྱུང་མྱ་ངན་འདས་ལ་འགོད༔ ཅེས་ལན་གསུམ་གྱིས་དམ་བཅའ་ཞིང་སྡོམ་པ་བཟུང་། སྐྱབས་ཡུལ་རྣམས་འོད་དུ་ཞུ་ནས་ཁྱེད་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་རླབས་པར་མོས་ཤིག །དེ་ནས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པར་དབང་གི་སླད་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ༔ ཐུགས་རྗེའི་དབང་ཕྱུག་བླ་མེད་མགོན༔ གསང་སྔགས་སྟོན་པ་རྡོ་རྗེ་འཆང༔ བརྩེ་ཆེན་དགོངས་པས་བདག་ལ་སྐྱོབས༔ རྗེས་བཟུང་ཐར་པའི་གྲོང་གཞུག་གསོལ༔ ལན་གསུམ། སློབ་དཔོན་གྱིས་ལན་གདབ་པ། ཧོ༔ ང་ནི་དཔལ་ལྡན་རྡོ་རྗེ་འཛིན༔ སྐུ་གསུང་ཐུགས་དང་ཡོན་ཏན་དང༔ ཕྲིན་ལས་འཁོར་ལོས་རབ་སྒྱུར་བ༔ གསང་སྔགས་རྩ་བ་དབང་ལ་ཐུག༔ ཚུལ་བཞིན་དམ་ཚིག་བསྲུང་ནུས་སམ༔ ཞེས་དྲིས་པས་དམ་ཚིག་སྤང་བླང་ལ་ངེས་པར་གནས་སྙམ་པས་འདིའི་རྗེས་ཟློས་མཛོད། ཀྱེ༔ སྟོན་པ་རྡོ་རྗེ་སློབ་དཔོན་གྱི༔ བཀའ་བཞིན་དམ་ཚིག་སྲོག་ལྟར་བཟུང༔ གསང་སྔགས་དབང་གི་དཀྱིལ་འཁོར་དུ༔ གཞུག་ཅིང་སྨིན་པར་མཛད་དུ་གསོལ༔ ལན་གསུམ། སློབ་དཔོན་གྱིས་རྡོ་རྗེ་ཐོགས་ལ། སྙིང་ཁར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ཟླ་དཀྱིལ་ལ་དོན་དམ་བྱང་སེམས་རྡོ་རྗེ་རྩེ་ལྔ་འོད་འཕྲོ་བ་གསལ་བར་གྱུར། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི༔ ཞེས་སྙིང་ཁར་རྡོ་རྗེ་བཞག །ཨོཾ་སུ་ར་ཏེ་ས་མ་ཡ་སཏྭཾ༔ ཧོཿསིདྡྷི་བཛྲ་ཡ་ཐཱ་སུ་ཁཾ༔ ལག་ཏུ་རྡོ་རྗེ་གཏད། ནང་མཆོད་བདུད་རྩི་སྦྱིན་ལ། ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ དམ་བསྲུང་དངོས་གྲུབ་སྣ་ཚོགས་ཐོབ༔ ཉམས་ན་སྙིང་ལ་གཟིར་ཞིང་བསྲེག༔ དེ་བས་དམ་སྲུངས་ཆུ་འདི་ཐུངས༔ ཨ་མྲྀཏ་ས་མ་ཡ་ཙིཏྟ་ནི་ཧཱུྃ༔ རྡོ་རྗེ་མགོར་བཞག་ལ། ཧཱུྃ༔ དུས་གསུམ་བདེ་གཤེགས་རྒྱལ་བ་རྣམས༔ ཡེ་ནས་རང་བྱུང་ཁྱོད་ལ་རྫོགས༔ དམ་ཚིག་ཉམས་ན་དེ་ཡིས་སྒྲིབ༔ དེ་བས་དམ་ཚིག་ཐུབ་པར་སྲུངས༔ བཛྲ་ས་མ་ཡ་ཧཱུྃ༔ དེ་ལྟར་རྩ་བ་ཡན་ལག་ཁྱད་པར་གྱི་དམ་ཚིག་རྣམས་སྲོག་གི་ཕྱིར་ཡང་མི་གཏོང་བར་ཡོངས་སུ་བཟུང་སྙམ་པས་འདིའི་རྗེས་ཟློས་མཛོད། ཨོཾ་ས་མ་ཡ་ཨི་དནྟེ་ན་ར་ཀན༔ ལན་གསུམ། དེ་ནས་དབང་གི་གཞི་བསྒྲུབ་པར་བྱ་བའི་ཕྱིར་ཡེ་ཤེས་དབབ་པ་ལ་ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ཏེ་དམ་ཚིག་པའི་ལྷ་སྐུ་འདི་བཞིན་གསལ་ཐོབ་ཅིག །ཨོཾ་བཛྲ་ཨ་མྲྀཏ་སོགས་ལས་ཆུས་བསང་། བདག་གཞན་སྣོད་བཅུད་དང་བཅས་པ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨེ་ལས་གྲུ་གསུམ་མཐིང་ནག་མཐའ་དབུས་མེད་པར་བརྡལ་བའི་དབུས་སུ། དུག་མཚོ་ཁོལ་མའི་ཀློང་དུ་ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་གིས་བཏེགས་པའི་པདྨ་ཉི་ཟླའི་སྟེང་དུ། ཁྱེད་རང་རྣམས་སྐད་ཅིག་གིས་གཏུམ་པོ་ནཱ་ག་རཀྴ་མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད་སྐུ་སྨད་དུག་སྦྲུལ་དུག་རི་ལ་ལན་གསུམ་དཀྲིས་པ་ཕྱག་གཡས་དགུ་གྲི་གུག་དང་གཡོན་དགུ་རྩིབས་ལྡན་ཀླད་ལ་བསྐོར་བ། རྩ་ཞལ་སྡིག་པ་དང་ལྷག་མ་སྲིན་པོའི་ཞལ་གདངས་མཆེ་བ་གཙིགས་པ། སྤྱན་དམར་གློག་ལྟར་འཁྱུག་པ་ལ་སྦྲུལ་ནག་གི་རལ་པ་བསྐལ་པའི་མུན་ལྟར་གཏིབས་ཤིང་ཐོད་སྐམ་ལྔའི་དབུ་རྒྱན་སྦྲུལ་རིགས་ལྔས་ཡན་ལག་དཀྲིས་པ་ལ་རྡོ་རྗེའི་རྒྱན་དྲུག་དང་སྤུ་གྲིའི་སྒྲོ་གཤོག་བརྒྱངས་པ། གསང་བའི་ཡུམ་མཆོག་ཀླུ་མོ་དུག་སྦྲུལ་འཁྱིལ་པ་ཞལ་གཅིག་སྤྱན་གཅིག་ནད་རྐྱལ་དང་སྦྲུལ་ཞགས་འཛིན་པས་མགུལ་ནས་འཁྱུད་པ། ཡབ་ཡུམ་གཉིས་སུ་མེད་པའི་སྐུ་ལས་ཡེ་ཤེས་ཀྱི་མེ་དཔུང་འབར་བར་བཞུགས་པའི་དབུ་གཙུག་ཏུ་རིགས་འདུས་སློབ་དཔོན། དུང་ཁང་དུ་བྱ་ཁྱུང་ནག་པོ་དང་འཇམ་དཔལ། མགྲིན་པར་རྟ་མགྲིན། ཐུགས་ཀར་གསང་བདག ལྟེ་བར་པདྨ་དྲག་པོ། གསང་བར་རྡོ་རྗེ་གཞོན་ནུ་ལ་སོགས་པ། ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ནག་ལས་འོད་ཟེར་འཕྲོས་པས་སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ། དེ་ལས་འོད་ཟེར་དཔག་མེད་ཕྱོགས་བཅུའི་ཞིང་མུ་མེད་པར་སྤྲོས་ཏེ་རྒྱལ་བ་རབ་འབྱམས་ལྷ་ཚོགས་མ་ལུས་པ་ནམ་མཁའ་ས་གཞི་བར་སྣང་གང་བར་བྱོན་ཏེ། ཁྱེད་རང་རྣམས་ལྷར་གསལ་བ་ལ་སིབ་སིབ་ཐིམ་སྙམ་པའི་མོས་དུང་དྲག་པོ་རྩེ་གཅིག་ཏུ་གནང་བ་ཞུ། སྤོས་རོལ་དབྱངས་དང་བཅས་པས། ཧཱུྃ༔ འོག་མིན་ལྷུན་གྲུབ་སོགས་ལས་བྱང་གི་སྤྱན་འདྲེན་མཐར། སྒྲུབ་མཆོག་འདི་ལ་དབང་དང་དངོས་གྲུབ་སྩོལ༔ བཛྲ་དྷཱ་ར་ཕེ་ལཾ་ཧཱུྃ་ཕེ་ལཾ་དུ་ཛཿཛ༔ ཞེས་བྱིན་ཕབ། དེ་ལྟར་དབབ་པའི་ཡེ་ཤེས་པ་རྣམས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པའི་མོས་པ་མཛོད། ཨོཾ་ཏིཥྛ་བཛྲ་ས་མ་ཡ་ཧཱུྃ༔ སྤྱི་བོར་རྡོ་རྗེ་བཞག །དེ་དག་གིས་འཇུག་པའི་ཆོས་རྣམས་གྲུབ། དངོས་གཞི་ལ་ཕྱི་ཕན་པར་བྱེད་པ་དང་། ནང་ནུས་པ་འཇུག་པའི་དབང་། མཐའ་རྟེན་གཏོར་མའི་དབང་དང་གསུམ་ཡོད་པ་ལས་དང་པོ་བུམ་དབང་གི་སླད་དུ་འདུན་པ་འདི་ལྟར་དུ་མཛོད། བུམ་པ་དུར་ཁྲོད་རོལ་པའི་ཕོ་བྲང་དུ་ཁྲོ་རྒྱལ་ཡབ་ཡུམ་སྤྲུལ་འཁོར་དང་བཅས་པ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས། དེ་བཞིན་གཤེགས་པའི་ཚོགས་རྣམས་སྤྱན་དྲངས། རྗེས་སུ་ཆགས་པའི་བྱང་ཆུབ་ཀྱི་སེམས་སུ་ཞུ་བའི་བདུད་རྩི་ཁྱེད་རང་གི་སྤྱི་བོ་ནས་ཞུགས། འཁོར་ལོ་ལྔ་པོ་ཡེ་ཤེས་ཀྱི་བདུད་རྩིས་གང་། ལུས་ཀྱི་སྒོ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་སྦྱངས། གཏུམ་ཆེན་གསང་བའི་སྐུ་དང་གཉིས་མེད་དུ་གྱུར་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ་བུམ་པ་སྤྱི་བོར་བསྐུར་ཞིང་། ཧཱུྃ༔ བུམ་པ་བཟང་པོ་ཆེ་བའི་མཆོག༔ སངས་རྒྱས་ཀུན་གྱི་རང་བཞིན་ཅན༔ གསང་བ་གསུམ་གྱི་བདུད་རྩིའི་རྒྱུན༔ སྐལ་ལྡན་བུ་ལ་དབབ་པར་བྱ༔ ཨོཾ་བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་མངོན་པར་དབང་བསྐུར་བས་བདུད་རྩིས་ལུས་གང་། ཉོན་མོངས་པ་ལྔའི་ནད་གདོན་སྡིག་སྒྲིབ་དག ཡེ་ཤེས་ལྔའི་རྟོགས་པ་མངོན་དུ་བྱས། བདུད་རྩི་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། མེ་ཏོག་འཐོར་ཞིང་། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །མ་ལུས་སེམས་ཅན་སྐྱེད་མཛད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཅེས་དང་སུ་པྲ་ཏིཥྛའི་སྔགས་བརྗོད། རྗེས་འབྲེལ་དུ་རིགས་བདག་གི་སྐུ་སྤྱི་བོར་བཞག་པས་རྒྱལ་བ་ཐམས་ཅད་རྡོ་རྗེ་སློབ་དཔོན་གྱི་རྣམ་པར་བྱོན་ནས་ཁྱེད་རང་ལྷར་གསལ་བའི་སྤྱི་བོར་བཞུགས་ནས་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོར་བྱིན་གྱིས་བརླབས་པར་མོས་ཤིག །ཙཀླི་སྤྱི་བོར་བཞག་ལ། ཧཱུྃ༔ འཁོར་ལོ་སྒྱུར་བ་སྟོབས་པོ་ཆེ༔ སྔགས་མཆོག་སྔགས་བདག་རིག་སྔགས་རྒྱལ༔ གཙུག་ཏོར་ཆེན་པོ་རྨད་བྱུང་བ༔ དོན་རྒྱུད་ཐེག་པ་ཡོངས་རྫོགས་ཤོག༔ བཛྲ་དྷཱ་ར་ཧཱུྃ་ཨོཾ་སྭཱ་ཨཱཿཧཱ༔ གཉིས་པ་ནང་ནུས་པའི་དབང་ལ་ལྔ་ཡོད་པ་ལས། ཐོག་མར་སྐུའི་ནུས་པ་སྟེར་བར་བྱེད་པ་ཕྱག་རྒྱའི་དབང་བསྐུར་བ་ལ། སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པ་ལས་ཁྲོ་རྒྱལ་ཡེ་ཤེས་ཀྱི་སྐུ་གྲངས་མེད་འཕྲོས། ཁྱེད་རང་གི་དཔྲལ་བར་ཐིམ། གཏི་མུག་ཕུང་པོའི་བདུད་བཅོམ། སངས་རྒྱས་ཐམས་ཅད་ཀྱི་སྐུའི་ནུས་རྩལ་རྫོགས་ཤིང་འཇམ་དཔལ་སྐུའི་ལྷ་ཚོགས་རྣམས་ཀྱི་དབང་ཡོངས་སུ་རྫོགས་པ་ཐོབ་པའི་མོས་པ་མཛོད། ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་ཡི་མཆོག༔ གཤིན་རྗེ་གཤེད་པོ་རིག་སྔགས་རྒྱལ༔ ནཱ་ག་རཀྴའི་དབང་བསྐུར་བས༔ རྩལ་བཅུའི་གཟི་བྱིན་རྫོགས་པར་ཤོག༔ ཨོཾ་ཡ་མཱནྟ་ཀ་ཕེ་ལཾ་དུ་ཛཿཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཙཀླི་དཔྲལ་བར་བཞག །གཙོ་བོའི་མགྲིན་པ་ནས་པདྨ་དབང་གི་ལྷ་ཚོགས་བྱོན། ཁྱེད་རང་གི་མགྲིན་པར་ཐིམ། ང་རྒྱལ་ལྷ་བུའི་བདུད་བཅོམ། སངས་རྒྱས་ཐམས་ཅད་ཀྱི་གསུང་གི་ནུས་རྩལ་རྫོགས་ཤིང་། པདྨ་གསུང་གི་ལྷ་ཚོགས་རྣམས་ཀྱི་དབང་ཡོངས་སུ་རྫོགས་པ་ཐོབ་པའི་མོས་པ་མཛོད། ཧཱུྃ༔ སངས་རྒྱས་ཀུན་གྱི་གསུང་གི་བདག༔ རྔམ་སྒྲ་ཧུ་ལུའི་སྒྲ་དང་ལྡན༔ དབང་ཆེན་པདྨའི་དབང་བསྐུར་བས༔ གསང་སྔགས་ནུས་རྩལ་རྫོགས་པར་ཤོག༔ ཧྲཱིཿཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་མགྲིན་པར་བསྐུར། གཙོ་བོའི་ཐུགས་ཀ་ནས་གསང་བདག་མེ་འབར་གྱི་ལྷ་ཚོགས་བྱོན། ཁྱེད་རང་གི་སྙིང་གར་ཐིམ། ཞེ་སྡང་འཆི་བདག་གི་བདུད་བཅོམ། སངས་རྒྱས་ཐམས་ཅད་ཀྱི་ནུས་རྩལ་རྫོགས་ཤིང་ཡང་དག་ཐུགས་ཀྱི་ལྷ་ཚོགས་རྣམས་ཀྱི་དབང་ཡོངས་སུ་རྫོགས་པ་ཐོབ་པའི་མོས་པ་མཛོད། ཧཱུྃ༔ སངས་རྒྱས་ཀུན་གྱི་ཐུགས་རྗེའི་འོད༔ རྒྱུད་ཀུན་གྱི་ནི་བདག་པོ་མཆོག༔ ལག་ན་རྡོ་རྗེའི་དབང་བསྐུར་བས༔མཁྱེནནབརྩེའི་ནུས་རྩལ་རྫོགས་པར་ཤོག༔ བཛྲ་དྷཱ་ར་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་སྙིང་གར་བསྐུར། གཙོ་བོའི་ལྟེ་བ་ནས་ཁྲག་འཐུང་པདྨ་དྲག་པོའི་ལྷ་ཚོགས་བྱོན། ཁྱེད་རང་གི་ལྟེ་བར་ཐིམ། འདོད་ཆགས་ཉོན་མོངས་པའི་བདུད་བཅོམ། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་ནུས་རྩལ་རྫོགས། ཆེ་མཆོག་ཡོན་ཏན་གྱི་དབང་ཐོབ་པའི་མོས་པ་མཛོད། ཧཱུྃ༔ ཁྲག་འཐུང་བདེ་གཤེགས་ཀུན་གྱི་དངོས༔ རྡོ་རྗེ་འཇོམས་བྱེད་འཇོམས་པར་བྱེད༔ ཆེ་མཆོག་དྲག་པོའི་དབང་བསྐུར་བས༔ མཐུ་སྟོབས་ནུས་རྩལ་རྫོགས་པར་ཤོག༔ བཛྲ་ཨརྩིག་ནིརྩིག་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ལྟེ་བར་བཞག །གཙོ་བོའི་གསང་གནས་ནས། ཕྲིན་ལས་བཛྲ་ཀཱི་ལ་ཡ་ལྷ་ཚོགས་དཔག་ཏུ་མེད་པ་བྱོན་ཏེ་ཁྱེད་རང་རྣམས་ཀྱི་གསང་བར་ཐིམ་པས་གཉིས་འཛིན་རྣམ་རྟོག་གི་བདུད་བཅོམ། སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་མ་ལུས་པ་ཡོངས་སུ་རྫོགས་པའི་དབང་ཐོབ་པའི་མོས་པ་མཛོད། ཧཱུྃ༔ རྡོ་རྗེ་རྣོན་པོ་མ་རིག་གཅོད༔ ཡེ་ཤེས་གསང་བ་བདེ་ཆེན་གར༔ རྡོ་རྗེ་གཞོན་ནུའི་དབང་བསྐུར་བས༔ སངས་རྒྱས་ཕྲིན་ལས་ཡོངས་རྫོགས་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ གསང་བར་བཞག །གཙོ་བོའི་དབུ་གཙུག་ནས་རྩལ་ཆེན་ཁྱུང་ནག་འཇིགས་རྔམ་ནམ་མཁའ་གང་བར་བྱོན། ཁྱེད་རང་རྣམས་ཀྱི་སྤྱི་བོར་བརྒྱན་པས་མ་རིག་འཁྲུལ་པའི་བདུད་བཅོམ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་ཐོགས་པ་མེད་པས་ཀླུ་གཉན་ས་བདག་འདུལ་བའི་འགྲོ་དོན་ཕྱོགས་མེད་དུ་སྤྱོད་པའི་མོས་པ་མཛོད། ཧཱུྃ༔ དཔལ་ཆེན་ཡང་སྤྲུལ་ཀླུ་གཉན་སྲོག་གི་གཤེད༔ ཁྲོ་རྒྱལ་ཀུན་གྱི་སྟོབས་འཆང་ག་རུ་ཌ༔ སྐལ་ལྡན་བུ་ལ་དབང་བསྐུར་རྒྱ་ཡིས་གདབ༔ རྩལ་ཆེན་ཕྲིན་ལས་ཐོགས་མེད་འགྱེད་པར་ཤོག༔ ཁྲོཾ་ག་རུ་ཌ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ སྤྱི་བོར་བཞག །དེ་ལྟར་སྐུ་ཕྱག་རྒྱའི་དབང་བསྐུར་བས་ལུས་ཐ་མལ་དུ་འཛིན་པ་དག །ལྷ་སྐུ་གསལ་སྟོང་དབྱེར་མེད་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཤིས་བརྗོད་སྔགས་བཅས། གཉིས་པ་གསུང་བཟླས་པ་སྔགས་ཀྱི་ལུང་སྦྱིན་པ་ལ། སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་ཐུགས་ཀར་ཉི་མའི་གདན་ལ་ཧཱུྃ་མཐིང་གའི་མཐར་དབྱངས་གསལ་དང་སྔགས་ཕྲེང་གཡས་སྐོར་རང་སྒྲ་བཅས་འཁོར་བ་ལས་སྔགས་ཕྲེང་གཉིས་པ་འཕྲོས། ཞལ་ནས་ཐོན་ཏེ་ཁྱེད་རང་ལྷར་གསལ་བའི་ཞལ་དུ་ཞུགས། མགྲིན་པའི་ལམ་བརྒྱུད་ཐུགས་ཀར་ཉི་སྟེང་ཧཱུྃ་མཐར་འཁོད་ཅིང་གཡས་སྐོར་དུ་འུར་ལྡིར་གྱིས་འཁོར་བ་ལས་འོད་ཟེར་ནམ་མཁའ་གང་བ་འཕྲོས། འགྲོ་བའི་ལས་རྒྱུད་སྦྱངས། ཚུར་འདུས་པས་གསང་སྔགས་མཐའ་དག་ལ་དབང་བརྙེས་པའི་མོས་པས་སྔགས་འདི་རྣམས་ཀྱི་རྗེས་ཟློས་མཛོད། སྔགས་ཕྲེང་སྦྲེལ་ལ་དབྱངས་གསལ་བསྙེན་སྒྲུབ་ཀྱི་སྔགས་རྣམས་རྗེས་ཟློས་ལན་གསུམ་བྱར་གཞུག །བགྲང་ཕྲེང་ལག་ཏུ་གཏད་ལ། ཧཱུྃ༔ ཁྲག་འཐུང་འབར་བ་གསུང་གི་རང་བཞིན་ཅན༔ བཛྲ་དྷཱ་ར་ཕེ་ལཾ་ཁྲོཾ་ཧྲཱིཿཧཱུྃ༔ འབྱུང་འཇུག་རླུང་སྔགས་གྲགས་སྟོང་རིག་སྔགས་རྒྱལ༔ རྒྱལ་བ་ཀུན་གྱི་གསུང་མཆོག་འགྲུབ་པར་ཤོག༔ ཨོཾ་བཛྲ་ཕེ་ལཾ་ཁྲོཾ་ཧྲཱིཿཧཱུྃ་ཧཱུྃ་ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་གསུང་སྔགས་ཀྱི་དབང་བསྐུར་བས་ངག་ཐ་མལ་དུ་འཛིན་པ་དག །གྲགས་སྟོང་དབྱེར་མེད་ཀྱི་བཟླས་བརྗོད་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཤིས་བརྗོད་སྔགས་བཅས། གསུམ་པ་ཐུགས་ཕྱག་མཚན་གྱི་དབང་བསྐུར་བ་ལ། བརྡ་དོན་ཟུང་དུ་འབྲེལ་བའི་ཕྱག་མཚན་རྣམས་རིམ་པར་གཏད་པས་ཐུགས་རིག་པ་རྩལ་གྱི་དབང་ཐོབ། ཐུགས་རྗེ་དང་ཕྲིན་ལས་ཐོགས་པ་མེད་པས་གདུལ་བྱ་རྗེས་སུ་བཟུང་བའི་དབང་ཐོབ་པའི་མོས་པ་མཛོད། ཧཱུྃ༔ རྒྱལ་བ་རྣམ་རྒྱལ་དགྲ་ལས་རྒྱལ༔ བདུད་དཔུང་ཚར་གཅོད་ཀ་ཏ་རི༔ ཉོན་མོངས་འཆིང་སྡོམ་སྦྲུལ་ཞགས་གཏད༔ གདུལ་བྱ་རྗེས་བཟུང་དབང་ཐོབ་ཤོག༔ བཛྲ་ཀ་ཏ་རི་པཱ་ཤ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གྲི་གུག་དང་སྦྲུལ་ཞགས་ལག་ཏུ་གཏད་ཅིང་སྙིང་གར་བཞག ཕྱག་མཚན་གཞན་རྣམས་ཀྱང་དེ་བཞིན་བྱས་ལ། ཧཱུྃ༔ ལྕགས་ཟངས་འཁོར་ལོ་རྩིབས་སྟོང་འབར༔ ནད་རྐྱལ་དབྱུག་པ་རྡོ་རྗེ་དང༔ ལྕགས་སྡིག་མེ་དཔུང་འབར་བ་གཏད༔ རིག་པ་སྟོབས་ཀྱི་དབང་ཐོབ་ཤོག༔ བཛྲ་ཏཱིཀྵ་ཎ་ཙཀྲ་ཛྭ་ལ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ཐུགས་ཕྱག་མཚན་གྱི་དབང་བསྐུར་བས་ཡིད་ཐ་མལ་དུ་འཛིན་པ་དང་། རིག་སྟོང་འོད་གསལ་གྱི་ཏིང་ངེ་འཛིན་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཤིས་བརྗོད་སྔགས་བཅས། བཞི་པ་ཡོན་ཏན་རྫས་ཀྱི་དབང་རྣམ་པ་བཞི་བསྐུར་བ་ལ། འབྱུང་བཞིའི་བཅུད་འདུས་པའི་ཧ་ལའི་སྨན་ཆེན་འདི་ཉིད་ཁྱེད་རང་རྣམས་ཀྱིས་མྱོང་བ་ཙམ་གྱིས། དུག་གསུམ་དུག་ལྔའི་རྟོག་པ་ལས་གྱུར་པའི་ནད་བཞི་བརྒྱ་རྩ་བཞིའི་ཟུག་རྔུ་ལས་གྲོལ་བའི་དབང་ཐོབ་པའི་མོས་པ་མཛོད། ཧཱུྃ༔ འབྱུང་བཞིའི་བཅུད་བསྡུས་ཧ་ལའི་སྨན་ཆེན་པོ༔ རིག་སྔགས་ནུས་པས་བདུད་རྩིའི་བཅུད་ཆེན་སྦར༔ དུག་གིས་དུག་འཇོམས་སྐལ་ལྡན་བུ་ལ་སྦྱིན༔ སྨན་སྦྱོར་སྟོབས་བསྐྱེད་ནུས་རྩལ་རྫོགས་པར་ཤོག༔ སརྦ་ཧ་ལ་པཉྩ་ཨ་མྲྀཏ་ཀུན་དྷ་ལཱི་ཧོ༔ སྨན་ཆེན་ཁྱུར་མིད་བྱར་གཞུག ཐབས་ཤེས་དབྱེར་མེད་སྨན་རཀ་གཏོར་གསུམ་གཏད་པས་འགྲོ་བའི་རེ་འདོད་སྐོང་བའི་ཐུགས་རྗེའི་ཡོན་ཏན་རྒྱས་པའི་མོས་པ་མཛོད། ཧཱུྃ༔ ཐབས་ཀྱི་བདུད་རྩི་ཤེས་རབ་རཀྟ་དང༔ ཟུང་འཇུག་འདོད་ཡོན་ལོངས་སྤྱོད་ཚོགས་ཀྱི་རྫས༔ ཆགས་བྲལ་ཡེ་ཤེས་ཆེན་པོའི་ཀློང་དུ་རོལ༔ མི་ཟད་རྒྱན་གྱི་འཁོར་ལོའི་དབང་ཐོབ་ཤོག༔ པཉྩ་རཀྟ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ལག་ཏུ་གཏད་ཅིང་རོལ་དུ་གཞུག །ལྗོན་པའི་རྩི་མཆོག་གཏད་ཅིང་བྱུགས་པས་འབྱུང་བ་ཆ་མི་སྙོམས་པའི་ཉོན་མོངས་ཟུག་རྔུ་རང་སར་ཞི་བར་གྱུར་པའི་མོས་པ་མཛོད། ཧཱུྃ༔ མི་བཟད་གདུག་པའི་ནད་ཀྱིས་ཟིན་གྱུར་པ༔ ཚད་མེད་ཐུགས་རྗེས་བཟུང་ཕྱིར་ཐབས་ཤེས་རྫས༔ ཆུ་བུར་སྟོབས་སྡུད་དཔག་བསམ་ལྗོན་པའི་རྩི༔ བྱུགས་པས་ཉོན་མོངས་ནད་ཀུན་གཞིལ་བར་ཤོག༔ བྲིཀྵ་ཨ་མྲྀཏ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ སྤོས་དཀར་གཏད་ཅིང་ལུས་ལ་བྱུག །གཏར་སྲེག་གི་ཆས་རྣམས་གཏད་པས་དུག་ལྔའི་ནད་ཀྱི་ཟུག་རྔུ་རྩད་ནས་འབྱིན་པའི་ཐུགས་རྗེའི་ནུས་རྩལ་ཕྱོགས་མེད་དུ་འབར་བའི་མོས་པ་མཛོད། ཧཱུྃ༔ དུག་ལྔའི་དབང་གྱུར་ཀླུ་གཉན་སྡེ་བརྒྱད་ཀྱི༔ མཐོང་རེག་ཁ་རླངས་བསམ་སྦྱོར་ངན་པའི་དུག༔ རྩད་ནས་དབྱུང་ཕྱིར་མཚོན་རྣོན་རམ་འོད་གཏད༔ མཐའ་སྡུད་གཏར་སྲེག་ལས་ཀུན་མཐར་བྱེད་ཤོག༔ བཛྲ་ཏཱིཀྵ་ཎ་ཛྭ་ལ་རཾ་དྷཱ་ར་ཧཱུྃ༔ ཞེས་ལག་ཏུ་གཏད། དེ་ལྟར་ཡོན་ཏན་རིན་ཆེན་རྫས་ཀྱི་དབང་བསྐུར་བས། རྟོག་སྒྲིབ་ཉོན་མོངས་པའི་སྒྲིབ་པ་དག གཞན་དོན་རེ་བ་ཡིད་བཞིན་དུ་སྐོང་བ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཤིས་བརྗོད་སྔགས་བཅས། ལྔ་པ་ཕྲིན་ལས་ཁམས་གསུམ་ཡོངས་སྒྲོལ་ལས་ཀྱི་མཐའ་སྡུད་རྣམས་ཀྱི་དབང་སྦྱིན་པ་ལ། ཐོག་མར་དུར་ཁྲོད་དང་དཔལ་གྱི་ཆས་རྣམས་བྱིན་པས་རྒྱལ་བྱེད་དཔའ་བོའི་ཆས་རྟགས་ཡོངས་སུ་རྫོགས་པས་གདུག་པ་ཅན་ཟིལ་གྱིས་གནོན་པའི་མཐུ་ཐོབ་པར་མོས་ཤིག ཧཱུྃ༔ ཐོད་སྐམ་དབུ་རྒྱན་དོ་ཤལ་ཕྲེང༔ སྦྲུལ་རིགས་ལྔ་དང་ཁྲག་ཞག་མེ༔ རྫུ་འཕྲུལ་འདབ་གཤོག་རྡོ་རྗེའི་གོ༔ དཔལ་ཆེན་དཔའ་རྟགས་ཡོངས་རྫོགས་ནས༔ འགྲོ་དོན་སྤྱོད་པའི་དབང་ཐོབ་ཤོག༔ བཛྲ་ག་ཡ་དྷཱ་ར་སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གནས་སོ་སོར་བསྐུར། སྲུང་བའི་འཁོར་ལོའི་དབང་བྱིན་པས་ལུས་རྡོ་རྗེའི་གོ་ཁྲབ་ཀྱིས་གཏམས་ཤིང་བར་གཅོད་ལོག་འདྲེན་གང་གིས་ཀྱང་མི་ཚུགས་པའི་རང་བཞིན་དུ་གྱུར་པའི་མོས་པ་མཛོད། ཧཱུྃ༔ དཔལ་ཆེན་དཀྱིལ་འཁོར་ཡོངས་རྫོགས་གཞལ་ཡས་ཁང༔ ཀློང་ལྔ་མི་ཤིགས་སྟོབས་ལྡན་རྡོ་རྗེའི་གོ༔ ལྷུན་གྲུབ་ཀློང་དུ་སྒོ་གསུམ་མཉམ་ཉིད་རྫོགས༔ མི་མཐུན་བདུད་ཀྱི་སྦྱོར་བས་མི་ཕྱེད་ཤོག༔ བཛྲ་ཀཱ་ཝཱ་ཙི་བྷྲཱུྃ་སྭཱ་ཧཱ༔ སྲུང་འཁོར་སྤྱི་བོ་དང་ལག་ཏུ་བཞག །སློབ་དཔོན་དང་ཁྱེད་རང་རྣམས་ཀྱང་འཇིགས་བྱེད་གཏུམ་ཆེན་ཁྲོ་བོའི་རྒྱལ་པོའི་གསལ་སྣང་དང་ང་རྒྱལ་ལྷག་པར་བརྟན་པས་དགྲ་བགེགས་འགུགས་སྒྲོལ་གྱི་ལས་མཛད་པར་མོས་ཤིག །ཉ་བོ་མདུན་དུ་བཀོད་ལ་ལས་གཞུང་ཚོགས་ཐ་མའི་སྐབས་སུ་གསུངས་པའི་འགུགས་གཞུག་བྱ། ཕུར་བུ་སྲས་མཆོག་ཀཱི་ལ་ཡ་སྲིད་གསུམ་དུས་གཅིག་ལ་སྒྲོལ་བའི་ནུས་རྩལ་དང་ལྡན་པ་འདི་ཉིད་ལག་ཏུ་གཏད་པ་ཙམ་གྱིས། ཐབས་ཀྱིས་མི་ཐུལ་བའི་ལོག་འདྲེན་བདུད་དཔུང་རྣམས་ཤུགས་སྒྲོལ་མངོན་སྤྱོད་དྲག་པོས་ཚར་གཅོད་པའི་དབང་ཐོབ་པར་མོས་ཤིག །གདབ་ཕུར་ལག་ཏུ་གཏད་ལ། ཧཱུྃ༔ ཨེ་ལས་གྲུབ་པའི་གནམ་ལྕགས་འབྲུབ་ཁུང་དུ༔ གནོད་བྱེད་དགྲ་བགེགས་མ་རིག་ཀླུ་གཉན་བདུད༔ ཚད་མེད་ཐུགས་རྗེས་ཤོར་མེད་བྱད་དུ་བཅིང༔ སྐྱེ་མེད་དབྱིངས་སུ་སྒྲོལ་བའི་དབང་ཐོབ་ཤོག༔ བཛྲ་ཕེ་ལཾ་ཁྲོཾ་ཧྲཱིཿཧཱུྃ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་ནྲྀ་ཕུ་ཏྲི་ཏྲིག་ནན་བཾ་ཧཱུྃ་ཕཊ་ཧཱུྃ་ཨཱ༔ དེ་ནས་གདིང་གསུམ་གསལ་གསུམ་ཚེ་ལུང་ཁྲུས་ལུང་གི་དགོངས་པ་ལྡན་པས་བསྒྲལ་ལས་ལ་འཇུག་པར་ཞུ། ལས་གཞུང་གི །ཧཱུྃ༔ སྒྲོལ་བྱེད་སྲས་མཆོག་ཀཱི་ལ་ཡ༔ ཁྲོ་རྒྱལ་ཀུན་གྱི་སྟོབས་ཤུགས་འཆང༔ སྲིད་པ་གསུམ་ཡང་སྒྲོལ་བྱེད་ན༔ དགྲ་དང་བགེགས་ལ་སྨོས་ཅི་དགོས༔ བསྟབ་བོ་གདུག་པའི་སྙིང་ལ་ཡ༔ ཐེབས་པར་མཛོད་ཅིག་ཀཱི་ལ་ཡ༔ ཨོཾ་བཛྲ་ཕེ་ལཾ་ཁྲོཾ་ཧྲཱིཿཧཱུྃ་ཧཱུྃ༔ ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཅེས་བརྗོད་ལ་ཉ་བོ་བསྒྲལ་དུ་གཞུག །ཚེར་མ་ཅན་གྱི་མེ་ཧོམ་སྤར་ལ། རབ་ཏུ་འབར་བའི་མེ་ཡི་ཀློང་དུ་གཏུམ་ཆེན་ནཱ་ག་རཀྴའི་ལྷ་ཚོགས་གཙོ་འཁོར་རྣམས་སྐད་ཅིག་གིས་གསལ་བའི་ཞལ་ཁྱིམ་གནམ་ས་གདངས་པ་ལྟ་བུའི་ནང་དུ། དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས་གསུམ་ལྷག་མེད་དུ་ཕུལ་བས་དགྱེས་པར་བཞེས་པར་མོས་ཤིག ལིང་རོ་མེ་ཧོམ་དུ་འབུལ་གཞུག་ལ། ཧཱུྃ༔ དུག་རྫས་རྟེན་འབྲེལ་ནག་པོ་མངོན་ཕྱུང་ནས༔ རིག་སྔགས་འབར་བའི་སྤུ་གྲིའི་དབལ་རྩེ་ལ༔ གནོད་བྱེད་བསྐྱོན་ནས་རྡུལ་དུ་བརླག་པའི་དབང༔ བུ་ལ་སྦྱིན་པས་བདུད་དཔུང་བསྲེག་པར་ཤོག༔ བཛྲ་སརྦ་དུཥྚཱན་ནྲྀ་དུ་ཕུ་ཏྲི་མཱ་ར་ཡ་ཛྭ་ལ་རཾ༔ བསྲེག་ཐལ་གཏོར་མར་བསྟབ། དེ་ནས་ཁྱེད་རྣམས་གཏུམ་ཆེན་དུ་གསལ་བའི་གཏོར་ཟོར་མཚོན་ཆའི་འཁོར་ལོ་གནམ་ལྕགས་ཀྱི་ཐོག་སེར་ལྟར་འཕངས་པས་བསྟན་དགྲ་བདུད་དཔུང་མ་ལུས་རྡུལ་དུ་བརླག་པའི་དབང་ཐོབ་པའི་མོས་པ་མཛོད། ཟོར་ལག་ཏུ་གཏད། ཧཱུྃ༔ སྲིད་པའི་དྲག་རྫས་འདུས་པའི་གཏོར་ནག་ལ༔ རྫུ་འཕྲུལ་སྟོབས་ལྡན་མཚེ་ཡུངས་རྩང་གིས་བརྒྱན༔ ཡེ་ཤེས་ལས་གྲུབ་མཆོད་པའི་སྒྱོགས་ཆེན་འདིས༔ གནོད་བྱེད་བདུད་དཔུང་གཞོམ་པའི་དབང་ཐོབ་ཤོག༔ སརྦ་ནྲྀ་ཏྲི་མཱ་ར་ཡ་ཚིནྡྷ་རྦད༔ ལག་ཏུ་གཏད་ལ་ལས་གཞུང་གི་བསྐུལ་འདོན། ཟོར་གཏོར་གནོད་པའི་ཕྱོགས་སུ་འཕེན་དུ་གཞུག །ཁྲོ་རྒྱལ་ཐུགས་ཀྱི་འོད་ཟེར་འོག་ཏུ་འཕྲོས་པས་ས་གཞི་ཕྱེད་མར་གས་པའི་རྒྱ་མཚོའི་ཀློང་དུ་ལས་ཀྱི་གཤིན་རྗེ་ཁ་གདངས་ནས་བྱུང་བ་ལ། སྲིད་གསུམ་ལོག་པར་འདྲེན་པ་ཐམས་ཅད་རང་དབང་མེད་པར་བཀུག་སྟེ་ཞལ་དུ་སིབ་སིབ་ཐིམ་པའི་མོས་པ་མཛོད། བདེན་སྟོབས་དགུག་གཞུག་གི་མཐར། ཧཱུྃ༔ ཁམས་གསུམ་སྤྱི་གནོན་ཡེ་ཤེས་རི་རབ་བརྗིད༔ རྒྱུད་དྲུག་བདུད་བཞི་མ་ལུས་ལྡང་མེད་གཞོམ༔ སྐལ་ལྡན་བུ་མཆོག་དཔལ་ཆེན་གསལ་བའི་འོག༔ མ་རུངས་དགྲ་བགེགས་འབྱུང་པོ་ཞལ་དུ་བསྟབ༔ མཐར་བྱེད་ལྡང་མེད་མནན་པའི་དབང་ཐོབ་ཤོག༔ ཨོཾ་ལཾ་ཧཱུྃ་ལཾ་ཕེ་ལཾ་སརྦ་བཾ་རཾ་སུཾ་ཡཾ་ཨེ་ནན༔ ཞེས་འབྱུང་བཞི་རི་རབ་ཀྱི་གཟུགས་གཏད། འཆི་བདག་ཁ་བཙུམས་ནས་ས་འོག་ཏུ་སོང་བའི་སྟེང་དུ་གཏུམ་ཆེན་ཁྲོ་རྒྱལ་འཁོར་བཅས་ཀྱིས་བྲོ་བརྡུངས་གཟིར་བས་ནམ་ཡང་ལྡང་མེད་དུ་གྱུར་པར་མོས་ཤིག །གཏོར་ཟོར་སྣོད་ཁ་སྦུབ། རྡོ་རྗེས་རྒྱས་བཏབ། ལས་གཞུང་གི་རྟ་བྲོ་བརྗོད། གསུམ་པ་མཐའ་རྟེན་གཏོར་མའི་དབང་བསྐུར་བ་ལ། གཏོར་སྣོད་རབ་འཇིགས་དུར་ཁྲོད་འབར་བའི་ཕོ་བྲང་དུ་གཏོར་མ་ཉིད་གཏུམ་ཆེན་ནཱ་ག་རཀྴ་གཙོ་འཁོར་ཡོངས་སུ་རྫོགས་པར་གསལ་བ་ཁྱེད་རང་གི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པས། སྡེ་བརྒྱད་དྲེགས་པ་མི་བསྲུན་པའི་གནོད་འཚེ་མཐའ་དག་ཞི་ཞིང་ཁྱད་པར་ཀླུ་གཉན་ས་བདག་མ་རུངས་པའི་མཐོང་རེག་ཁ་རླངས་ཀྱི་དུག་ལ་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི། དབང་བཞི་རྩལ་རྫོགས་སུ་ཐོབ། མཆོག་དང་ཐུན་མོང་གི་དངོས་གྲུབ་སྟན་ཐོག་གཅིག་ཏུ་ཐོབ་པར་མོས་ཤིག །རྟེན་གཏོར་སྤྱི་བོར་བཞག་ལ། ཧཱུྃ༔ རྩ་བརྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་ལྷ༔ དཔའ་བོ་ཌཱ་ཀི་དམ་ཅན་ཆོས་སྲུང་ཚོགས༔ དབྱིངས་ནས་སྐུར་བཞེངས་སྐལ་ལྡན་སློབ་བུ་ལ༔ དབང་སྐུར་བྱིན་རློབས་མཆོག་ཐུན་དངོས་གྲུབ་སྩོལ༔ སརྦ་ས་མ་ཡ་བཛྲ་གུནྡྷེ་ཨཱ་བེ་ཤ་ཡ་ཏིཥྛ་བཛྲ་ཨ་ཨ༔ དེ་རྣམས་ཀྱིས་དབང་གི་དངོས་གཞི་རྒྱས་པར་གྲུབ་ནས་མཇུག་གི་བྱ་བའི་ཐོག་མར། བླ་མ་དཀྱིལ་འཁོར་པའི་ལྷ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་ཤིས་པའི་ཚིགས་བཅད་དབྱངས་སུ་ལེན་ཞིང་མེ་ཏོག་གི་ཆར་རྒྱུན་སིལ་མར་བསྙིལ་བས། དབང་དོན་གྱི་ཡེ་ཤེས་བརྟན་ཅིང་གོང་འཕེལ་དུ་བྱས་པའི་མོས་པ་མཛོད། ཡེ་དྷར་དང་ལས་གཞུང་ཟུར་འཕྱང་ལྟར་ཤིས་བརྗོད་རྒྱས་པར་བྱ། མེ་ཏོག་འཐོར་ཞིང་རོལ་མོ་བྱའོ། །དབང་ལེགས་པར་ཐོབ་ནས་དབང་སྲོག་དམ་ཚིག་ལ་གནས་པ་གལ་ཆེ་སྟེ། གཞུང་ལས། ཧོ༔ གསང་སྔགས་བླ་མེད་སྒོར་ཞུགས་ནས༔ དབང་སྲོག་འཛིན་པ་དམ་ཚིག་གནད༔ ལུས་ནི་བསྐྱེད་རིམ་ལྷ་ཡི་སྐུ༔ ངག་གི་བཟླས་བརྗོད་རྒྱུན་མི་བཅད༔ ཡིད་ཀྱིས་གསལ་སྟོང་ཏིང་འཛིན་བསྐྱང༔ སྣོད་བཅུད་ཐམས་ཅད་ཡེ་ཤེས་དལ༔ གཉིས་སུ་མེད་པར་ཡེ་ཤེས་སྦྱོར༔ བསྟན་ལ་གུས་པའི་བྱ་བ་སྤྱོད༔ གདུག་ཅན་བསྒྲལ་བའི་ཞིང་གྱུར་པ༔ ཐུགས་རྗེའི་མཐུ་བསྐྱེད་དབྱིངས་སུ་བསྒྲལ༔ རྫས་དང་སྔགས་དང་ཏིང་འཛིན་གྱིས༔ རྟེན་འབྲེལ་སྦྱོར་བ་མཐའ་རུ་དབྱུང༔ ཀུན་ཀྱང་ལྟ་བའི་རྩིས་ཟིན་པས༔ སངས་རྒྱས་སྤྱོད་པའི་ཕྲིན་ལས་ཡིན༔ བླ་མ་ལྷ་དང་མཆེད་ལྕམ་གྱི༔ དམ་ཚིག་ཉམས་པ་མེད་པ་ཡིས༔ བསྲུང་མཚམས་བྲལ་བའི་དབྱིངས་སུ་སྐྱོལ༔ དམ་ལྡན་ནོར་བུ་ཐོགས་པ་བཞིན༔ ཅི་འདོད་དངོས་གྲུབ་ཐམས་ཅད་ཐོབ༔ དམ་མེད་ས་བོན་རུལ་པ་འདྲ༔ སངས་རྒྱས་འབྲས་བུ་ཐོབ་མི་སྲིད༔ དེ་ཕྱིར་རྩ་བ་ཡན་ལག་གི༔ དམ་ཚིག་གནས་རྣམས་མ་ཉམས་བསྲུང༔ ཞེས་གསུངས་པའི་རྡོ་རྗེའི་དམ་ཚིག་གི་རིམ་པ་ལ་སྤང་བླང་ཚུལ་བཞིན་དུ་བྱ་སྙམ་པས་འདིའི་རྗེས་ཟློས། གཙོ་བོ་རྡོ་རྗེ་འཛིན་པ་ཆེ༔ དམ་པས་བཀའ་ནི་ལེགས་བསྩལ་པ༔ དམ་ཚིག་མི་གཡེལ་སྲོག་ལྟར་བསྲུང༔ ལན་གསུམ། གཏང་རག་མཎྜལ་འབུལ། སླར་ཡང་ལུས་ལོངས་སྤྱོད་ཐམས་ཅད་དེང་ནས་བླ་མ་ལ་ཕུལ་བས་ཆ་ཤས་ནས་ལོངས་སྤྱད་དུ་གསོལ་ལོ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་ཉིད་ཀྱི་བྲན་དུ་མཆིས༔ རྗེ་ཡིས་སློབ་མར་བཟུང་ནས་སུ༔ རྒྱ་ཆེར་སྤྱོད་ལ་བསྐྱང་དུ་གསོལ༔ ལན་གསུམ་དང་དགེ་བསྔོ་སྤྱི་ལྟར་བྱས་ལ་སློབ་མ་གྱེས་སོ། །གསུམ་པ་ཆོ་གའི་རྗེས་ཀྱི་རིམ་པ་ཚོགས་ལ་རོལ་ཞིང་ལྷག་གཏོར་ཐུགས་དམ་བསྐུལ་བ་ཆད་བརྟན་རྟ་བྲོ་མཆོད་བསྟོད་བཟོད་གསོལ་རྣམས་དང་། དཀྱིལ་འཁོར་རས་བྲིས་ཡིན་ན་བརྟན་བཞུགས་དང་རྡུལ་ཚོན་འབྲུ་ཚོམ་སོགས་ལ་གཤེགས་བསྡུ་བྱ། རྫོགས་རིམ་བསྔོ་སྨོན་ཤིས་བརྗོད་ལས་གཞུང་ལྟར་བྱས་པས་གྲུབ་བོ། །འཇམ་དཔལ་ཁྲག་འཐུང་བྱིན་རླབས་རྒྱུད་ལ་ཞུགས། །རྣམ་སྨིན་ལུས་ལ་ཡེ་ཤེས་ཕྱག་རྒྱས་ཐེབས། །ཅིས་ཀྱང་གཞོམ་མེད་རྡོ་རྗེ་འཇིགས་པར་བྱེད། །འཆི་བདག་འཇོམས་པའི་བདག་པོ་ཉིད་གྱུར་ཅིག །གཏུམ་པོ་ནཱ་ག་རཀྴའི་དབང་བསྐུར་ཡེ་ཤེས་མེ་འབར་གྱི་མཚམས་སྦྱོར་ཚིག་སྣ་ཅུང་ཟད་བསྡུས་ཤིང་ལག་ལེན་རྣམ་གསལ་གྱིས་བརྒྱན་པ་འདིའང་པདྨའི་རིག་པ་འཛིན་པའི་གཟུགས་བརྙན་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།

[edit]

TSAGLI image gallery goes here

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).