Terdzo-DZA-013: Difference between revisions

From Rinchen Terdzö
m (Text replacement - "2007-2016" to "2007-2018")
No edit summary
 
Line 21: Line 21:
|rtzcategory=Mahayoga
|rtzcategory=Mahayoga
|deity=tshe dpag med
|deity=tshe dpag med
|cycle=tshe sgrub lcags sdong ma
|cycletib=ཚེ་སྒྲུབ་ལྕགས་སྡོང་མ་
|parentcycle=byang gter
|parentcycle=byang gter
|cycle= tshe sgrub lcags sdong ma
|parentcycletib=བྱང་གཏེར་
|parentcycletib=བྱང་གཏེར་
|cycletib= ཚེ་སྒྲུབ་ལྕགས་སྡོང་མ་
|language=Tibetan
|language=Tibetan
|volumenumber=19
|volumenumber=19
Line 52: Line 52:
<div id='tibetan' class='tib-text'>
<div id='tibetan' class='tib-text'>
༄༅། །བྱང་གཏེར་ལྕགས་སྡོང་མ་ལྷ་མང་གི་དབང་ཆོག་འཆི་མེད་གྲུབ་པའི་ས་བོན་བཞུགས་སོ།། སེ་བཀྲ་བཟང་གི་ཕྱག་བཞེས།།
༄༅། །བྱང་གཏེར་ལྕགས་སྡོང་མ་ལྷ་མང་གི་དབང་ཆོག་འཆི་མེད་གྲུབ་པའི་ས་བོན་བཞུགས་སོ།། སེ་བཀྲ་བཟང་གི་ཕྱག་བཞེས།།
ན་མོ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་ཡ། བྱང་གཏེར་ལྕགས་སྡོང་མར་ལྷ་གཅིག་བུམ་གཅིག་གི་དབང་མ་གཏོགས་ཆེར་མ་བཤད་ཀྱང་། ཚེ་དབང་ཡོངས་རྫོགས་དང་ཁོག་བསྒྲིགས་པའི་གཏེར་སྟོན་དངོས་ཀྱི་ཕྱག་ལེན་བཀྲ་བཟང་པ་ཆོས་སྐྱོང་བསོད་ནམས་ཀྱི་གསུང་རྒྱུན་བཞིན། ཚར་ཆེན་བློ་གསལ་རྒྱ་མཚོ་ཡབ་སྲས་གཉིས་ཀ་ལ་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་ལན་མང་དུ་གསན་པའི་གསུང་རྒྱུན་ཁོ་ན་བཞིན། མཁན་ཆེན་ཞྭ་ལུ་པ་རིན་ཆེན་བསོད་ནམས་མཆོག་གྲུབ་ཀྱིས་གཏེར་གཞུང་དངོས་ལ་ཆོ་གའི་སྒྲིག་རིམ་ཀ་བརྡ་ཅན་དང་། དེར་མ་འཐུས་པའི་གསུང་རྒྱུན་ཕྱག་ལེན་རྣམས་མཆན་དུ་གནང་བ་དེ་ཉིད་རྟོགས་སླ་ཞིང་ཡི་གེ་ཉུང་བའི་ཕྱིར་འདིར་ནག་འགྲོས་སུ་འགོད་ན། འཆི་མེད་གྲུབ་པའི་ས་བོན་ལྕགས་སྡོང་མའི་དབང་བསྐུར་ཚུལ་ལ། གྲུབ་ན་ཡར་ངོའི་ཚེས་གྲངས་གཟའ་སྐར་བཟང་པོ་དང་། དེ་མིན་སྐབས་སུ་གང་བབས་ཞིག་ལ་གནས་གཙང་མར་སྟེགས་བུ་ཁེབས་སོགས་ཀྱི་ཁེབས་ཅན་འབྲུ་བཀྲམ་པ་ལ་རྡུལ་ཚོན་ནམ། རས་གཞི་སོགས་ལ་བྲིས་པའི་པདྨ་འདབ་བརྒྱད་སྔོན་པོའི་སྟེང་མཉྫིའི་ཁར་བུམ་པ་གས་ཆག་མེད་པའི་ནང་གཡས་རུའི་གཙང་ཆེན་ནམ། རྒྱུན་འབབས་ཀྱི་ཆུ་གཙང་མས་སུམ་གཉིས་བཀང་བར་བུམ་རྫས་ཉེར་ལྔ། བདུད་རྩི་རིལ་བུ། ཆོས་སྨན་སོགས་བཏབ། དར་རས་ཁ་དོག་གང་རུང་བུག་རལ་ཚིག་སྐྱོན་མེད་པས་མགུལ་བཅིངས་པའི་ཁར། གཞི་ཟན་གཙང་མའམ་ཐུད་གཙང་མ་ལ་རྟེན་འབྲེལ་གྱི་རྫས་བྲག་ཞུན་གྱི་གྲས་ལྕགས་ཞུན། ཅོང་ཞིའི་གྲས་ཅོང་ཞི་དམར་པོ། བུར་དཀར། གྲོག་མ་སྦྲང་མར་སོང་བའི་སྦྲང་རྩི། དབྱར་གུང་གི་འབྲི་མར་ཏེ་དྭངས་མ་ལྔ་དང་། ཤུག་པའི་འབྲས་བུ། བ་ལུ་དཀར་པོའི་མེ་ཏོག །ལུག་མཚེ། མཁན་པ་དཀར་པོ་སྟེ་རྩི་བཞི་རྣམས་བསྲེས་ན་ལེགས་ཏེ། འདི་རྣམས་སྨན་གཞུང་ལས་ལུས་དང་ཚེའི་གསོས་སུ་གསུངས་པས་རྩི་བཞི་དྭངས་མ་ལྔའི་སྨན་མར་བསྒྲུབས་པ་ཡོད་ཚེ་དེ་བསྲེས་པས་གོ་ཆོད་ཅིང་བྱིན་རླབས་ཆེ་བ་དང་། གཞན་ཡང་གོང་དུ་བཤད་པའི་བདུད་རྩི་རིལ་བུ་ཆོས་སྨན་སོགས་བྱིན་རྟེན་ཡིད་ཆེས་པ་ལས་གྲུབ་པའི་ཚེ་བུམ་བུམ་གཟུགས་ཟླུམ་པོ་རྩི་དམར་རྩེ་རྒྱན་ཅན་བཞག དེའི་གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང་། མདུན་དུ་ཟླུམ་གཏོར་གཉིས། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ཕྲེང་ཚར། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ་འཐོར་ནས། ཚེ་མདའ་ཚེ་གཡུ་མེ་ལོང་ཅན་དར་ཚོན་སྣ་ལྔའམ་དམར་པོས་བརྒྱན་པ། སློབ་མ་ལ་དགོས་པའི་མཎྜལ་འབྲུ་བཅས། ཆབ་བུམ་རྣམས་བཤམ་མོ། །ཆོ་གའི་རིམ་པ་ནི། མཆོད་པ་རྣམས་ལ་དམིགས་ནས། གཡས་རྡོ་རྗེ་ཐུགས་ཀ་དང་གཡོན་དྲིལ་བུ་རྒྱུན་ཆགས་སུ་དཀྲོལ་ལ། ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་ཨཱཿཧཱུྃ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ་ནས། ཤབྡའི་བར་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ། མདུན་གྱི་ནམ་མཁར་བླ་མ་ཚེ་དཔག་མེད་བཞུགས་པ་ལ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པའི་བསམ་པས། བདག་དང་ཁམས་གསུམ་སེམས་ཅན་རྣམས༔ ལོག་པའི་ལམ་ལས་ལྡོག་ནས་ཀྱང༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ ཉོན་མོངས་དབང་གྱུར་སྡུག་བསྔལ་ལས༔ ཐར་བར་བྱ་ཕྱིར་སེམས་བསྐྱེད་དོ༔ ལན་གསུམ། དང་པོ་སྟོང་པའི་ངང་ཉིད་ལས༔ ལྕགས་ཀྱི་པདྨ་འདབ་བརྒྱད་གདན༔ དེ་སྟེང་བདག་ཉིད་འོད་དཔག་མེད༔ སྐུ་མདོག་དམར་པོ་སྐྱིལ་ཀྲུང་བཞུགས༔ སྤྲུལ་སྐུའི་ཆ་བྱད་དར་ཆོས་མནབས༔ ཕྱག་གཉིས་མཉམ་གཞག་ཚེ་བུམ་འཛིན༔ སྐུ་ཆེ་ཡན་ལག་ཧྲག་པའི་ཚད༔ ཕྲག་པ་གཡས་གཡོན་ཉི་ཟླ་འཆར༔ དྭངས་མ་འོད་ལྔའི་རྒྱབ་ཡོལ་ཅན༔ ཁོང་པའི་ནང་གནས་བག་ཆགས་ཀྱི༔ སྙིགས་མ་གདོས་བཅས་ཐམས་ཅད་སྦྱངས༔ འཆི་མེད་ཚེ་ཡི་བདུད་རྩིས་གང༔ རཱ་ག་དམར་པོའི་མདོག་ལྟར་གསལ༔ སྤྱི་བོའི་གཙུག་ནས་གསང་གནས་བར༔ ལྕགས་ཀྱི་སྲོག་རྩ་སྨྱུག་དོང་ཙམ༔ ཀ་བ་བཙུགས་པ་ལྟ་བུར་བསམ༔ ནང་ནི་སྟོང་པ་འོད་གསལ་དྭངས༔ ཁ་དོག་ལྔར་གསལ་འོད་ཟེར་འབར༔ སྲོག་རྩའི་ཕྱི་ན་སྔགས་ཀྱི་འབྲུ༔ དུང་མདོག་ཟིལ་ཆགས་ལྟ་བུར་བསམ༔ བདེ་བ་ཅན་ནས་ཡེ་ཤེས་སེམས༔ རང་འདྲ་སྤྱན་དྲངས་མཁའ་ལ་བཞུགས༔ བུམ་པའི་ནང་ནས་ཚེ་བཅུད་ལུད༔ བདག་གི་ཚངས་བུག་ནང་དུ་བབས༔ དབང་བསྐུར་ལྷ་དང་དབྱེར་མེད་གྱུར༔ ལྷ་དང་སྲོག་རྩའི་བདུད་རྩི་ལས༔ འོད་འཕྲོས་གསལ་འཚེར་མདངས་དང་ལྡན༔ ཐོ་རངས་སྔགས་འདི་བརྒྱ་རྩ་བཟླ༔ ཞེས་བརྗོད་ལ་ཕྲེང་བ་བཟུང་སྟེ། ཨོཾ་ཨཱཿཧཱུྃ༔ ན་མོ་བྷ་ག་བ་ཏེ༔ ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན༔ སུ་བི་ནིཤྩིཏ་ཏེ་ཛོ་རཱཱ་ཛཱ་ཡ༔ ཏ་ཐཱ་ག་ཏཱ་ཡ༔ ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ༔ ཏདྱ་ཐཱ༔ ཨོཾ་སརྦ་སཾསྐཱ་ར་པ་རི་ཤུདྡྷ༔ དྷརྨ་ཏེ་ག་ག་ན་ས་མུཏྒ་ཏེ༔ སྭ་བྷཱ་ཝ་བི་ཤུདྡྷེ༔ མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ༔ ནྲྀ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཨཱ་ཡུརྫྙཱ་ན་སིདྡྷི་ཨཱཿབྷྲཱུྃ༔ ཞེས་བཟླས་པ་ཕྲེང་སྐོར་སོགས་ཅི་རིགས་ཀྱི་རྗེས་སུ། ཏིང་འཛིན་སྔགས་ཀྱི་འོད་ཟེར་ནི༔ ལྕགས་ཀྱུ་ལྟ་བུས་སྣོད་བཅུད་གང༔ སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི༔ ཐུགས་རྗེའི་བྱིན་རླབས་དངོས་གྲུབ་བསྡུས༔ ཕྱོགས་སྐྱོང་མཁའ་འགྲོ་སྡེ་བརྒྱད་ཀྱི༔ རྫུ་འཕྲུལ་ཚེ་བཀྲག་གཟི་མདངས་འཕྲོག༔ རི་རབ་གླིང་བཞི་གླིང་ཕྲན་སོགས༔ གསེར་གྱི་རི་བདུན་རོལ་མཚོ་དང༔ རྩི་ཤིང་ནགས་ཚལ་རཏྣའི་ཚོགས༔ འབྱུང་བ་ལྔ་ཡི་དྭངས་མ་དང༔ ལྷ་ཀླུ་མི་ཡི་དབང་ཐང་དང༔ བསོད་ནམས་དངོས་གྲུབ་ཐམས་ཅད་བསྡུས༔ བདུད་རྩིའི་འོད་ཟེར་ཆར་ལྟར་བབས༔ ཐམས་ཅད་མ་ལུས་བདག་ལ་བསྟིམ༔ བདག་ལུས་བདུད་རྩིས་གང་བར་བསམ༔ སྟོང་གསལ་འོད་ཀྱི་ཕུང་པོར་གྱུར༔ ཅེས་བརྗོད། དེ་ནས། མདུན་གྱི་ཚེ་བུམ། བུམ་པ། ཚེ་རིལ། ཚེ་ཆང་ཐམས་ཅད་ཤཱུནྱ་ཏཱས་སྦྱང་། དང་པོ་སྟོང་པའི་ནས། བཟླས་པའི་བར་བདག་བསྐྱེད་བཞིན་ལ། དེ་སྟེང་ཚེ་རྫས་འོད་དཔག་མེད༔ཅེས་བསྒྱུར། བཟླས་པ་མང་དུ་བྱས་མཐར། ཏིང་འཛིན་སྔགས་ཀྱི་འོད་ཟེར་ནི༔ ཞེས་སོགས་གོང་བཞིན་ལ། ཐམས་ཅད་ཚེ་རྫས་ལྷ་ལ་ཐིམ༔ དེ་རྣམས་སྐུ་ལུས་བདུད་རྩིས་གང༔ སྟོང་གསལ་འོད་ཀྱི་སྐུ་རུ་གྱུར༔ ཅེས་དང་། རྡོ་རྗེ་དང་བཅས་པས་ཚེ་མདའ་གཡབ་དྲིལ་བུ་གསིལ་ཞིང་། ཧཱུྃ༔ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ འབྱུང་བ་ལྔ་ལ་དབང་སྒྱུར་ལྷ་མོའི་ཚོགས༔ རྣལ་འབྱོར་བདག་གི་ཚེ་དང་གཡང་སྤེལ་ཅིག༔ སྟེང་འོག་ཕྱོགས་བཅུ་སྣོད་ཀྱི་འཇིག་རྟེན་ལ༔ བྲོས་དང་འཁྱམས་དང་ཡར་བའི་ཚེ་ཁུག་ཅིག༔ སྟོང་ཕྲག་བརྒྱད་ཅུ་བགེགས་ཀྱི་ཚོགས་རྣམས་ཀྱིས༔ བརྐུས་དང་ཕྲོགས་དང་གཞོམ་པའི་ཚེ་ཁུག་ཅིག༔ འབྱུང་བ་དགྲ་གཤེད་འཁྲུགས་པའི་ལས་སྦྱོར་གྱིས༔ ཉམས་དང་ཟད་དང་འཐོར་བའི་ཚེ་གསོས་ཤིག༔ ཡེད་ཀྱིས་དངངས་དང་ཧད་ཀྱིས་བརྒྱལ་བ་དང༔ འུད་ཀྱིས་འདྲོགས་པའི་ཚེ་དང་གཡང་གསོས་ཤིག༔ ཚེ་ཁུག་གཡང་སྐྱོབས་བདག་ལ་དངོས་གྲུབ་སྩོལ༔ འབྱུང་བ་འོད་ལྔ་འབར་བའི་ཚེ་བཅུད་སྟིམས༔ འཆི་མེད་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ༔ ཅེས་བརྗོད་དོ། །མཆོད་པ་རྣམས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཞེས་སོགས་འོག་མ་རྣམས་ལའང་ཤེས་པར་བྱས་ལ་རོལ་མོའི་བར་གྱིས་མཆོད། འོག་ནས་འབྱུང་བའི་བསྟོད་པས་བསྟོད། བསྡུ་ན་འདིས་ཆོག །སྤྲོ་ན་རབ་འབྱམས་རྒྱ་མཚོ་སོགས་ཚིགས་བཅད་དང་། སྣ་བདུན། འདོད་ཡོན་ལྔ་རྣམས་སྤྱི་འགྲེ་བཞིན་ལ། མོས་བློས་ཚེ་དཔག་མེད་ལ་བདག་འབུལ་ན། །ཞེས་ཚིག་བསྒྱུར། འཇིག་རྟེན་འདྲེན་པའི་སོགས་བསྟོད་པ་གང་ཤེས་ཀྱིས་བསྟོད། གཏོར་མ་གཉིས་ལ་དམིགས་ནས། ཨོཾ་བཛྲ་ཨ་མྲྀཏ་སོགས། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེའི་གཏོར་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གཏོར་མ་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ཨོཾ་ཨ་ཀཱ་རོ་ནས་སྭཱ་ཧཱ། ལན་གསུམ། མགོན་པོའི་ཞལ་ནས་འོད་ཀྱི་སྦུ་གུ་བྱུང་ནས་གསོལ་་བར་གྱུར། ཨོཾ་ཏདྱ་ཐཱ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ཧྲཱིཿཧཱུྃ་བྷྲཱུྃ་སྭཱ་ཧཱ། ན་མཿསརྦ་ཏ་ཐཱ་ག་ཏ་ནས་། ཨི་མཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ། ལན་གསུམ། ཨོཾ་ཨཱ་ཧ་ར་ནས་ཤབྡའི་བར་གྱིས་མཆོད། འཇིག་རྟེན་འདྲེན་པའི་སོགས་ཀྱིས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ལྷ་ཚོགས་རྣམས་ཀྱིས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། ཡང་གཏོར་མ་གཅིག་འབྲུ་གསུམ་དང། ཨ་ཀཱ་རོས་བྱིན་གྱིས་བརླབས་ལ། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་བྷཱུ་མི་པ་ཏཱི་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿ ཞེས་ཧཱུྃ་མཛད་ཀྱི་ཕྱག་རྒྱ་ལས་མཛུབ་མོ་གཉིས་བཀུག་པས་ཕྱོགས་སྐྱོང་དང་གཞི་བདག་དབང་ཐོབ་པ་རྣམས་བཀུག །རྡོར་ཐལ་སེ་གོལ། གོང་གི་སྔགས་ལ། ཨ་ཀཱ་རོ་བཏགས་པས་གཏོར་མ་ཕུལ། དྲིལ་གསིལ་དང་བཅས། མཆོད་སྦྱིན་གཏོར་མ་ནས། ཀུན་འགྲུབ་ཤོག །གི་བར། དེ་ནས་བདག་འཇུག་ནི་ཐལ་མོ་སྦྱར་ལ། ཧཱུྃ༔ སྐྱེ་འཆི་གཉིས་སྤངས་བདེ་བ་ཆེན་པོའི་སྐུ༔ མི་འགྱུར་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ༔ འབྱུང་བ་ལྔ་འདུས་གསལ་འཚེར་བརྟན་པའི་སྐུ༔ ཐུན་མོང་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ༔ ལན་གསུམ། བུམ་པ་དང་གཏོར་མ་རང་གི་སྤྱི་བོར་ལྷན་ཅིག་ཏུ་བཞག་ལ། ཧཱུྃ༔ བཅོམ་ལྡན་མགོན་པོ་སོགས་གོང་གི་ཚེ་འགུགས་དང་། ཚེ་གཟུངས་བརྗོད། མགྲིན་པ་དང་། སྙིང་གར་རེག་ལ་ཚེ་གཟུངས་ཚར་རེ་བརྗོད་མཐར། བཅོམ་ལྡན་མགོན་པོ་རྡོ་རྗེས་ཚེ་དཔག་མེད༔ འཁོར་ལོ་བརྒྱུད་ནས་བདག་གི་སྙིང་གར་ཞུགས༔ འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་ཤོག༔ ཅེས་བུམ་ཆུ་བཏུང་། དྲིལ་བུ་གསིལ་ཞིང་མེ་ཏོག་གཏོར། བདག་གི་ཚེ་མི་ཤིགས་པའི་རྡོ་རྗེ་ལྟར་གྱུར་ཅིག །མི་འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག །མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག །སྐྱེ་མེད་ཀྱི་ཡེ་ཤེས་སུ་གྱུར་ཅིག །ཚེ་དབང་དུ་གྱུར་ཅིག །དབང་དངོས་གྲུབ་ཏུ་གྱུར་ཅིག །བདུད་ལས་རྒྱལ་བར་གྱུར་ཅིག །སྐྱེ་ཤི་མེད་པར་རྡོ་རྗེའི་ལུས་ཐོབ་པར་གྱུར་ཅིག །སུ་པྲ་ཏིཥྛ་སོགས། འཇིག་རྟེན་འདྲེན་པའི་སོགས། ལོ་བརྒྱ་ཐུབ་ཅིང་སོགས་བཀྲ་ཤིས་བརྗོད། མཆོད་ཁ་དང་གཏོར་ཁ་གསོ། སླར་ཡང་མདུན་བསྐྱེད་མངོན་རྟོགས་ལྟར་གསལ་བཏབ་སྟེ། བཟླས་པ་ཅི་རིགས། མཆོད་བསྟོད་གཏོར་མའི་བར་གོང་བཞིན་བྱ། སློབ་མ་ཁྲུས་བྱས། ཕྱག་དང་ཡོན་ཕུལ་གྲལ་ལ་འཁོད་ནས། མེ་ཏོག་བཀྱེ་བསྡུ་ཚར་བ་དང་། སློབ་དཔོན་གྱིས་སེམས་བསྐྱེད་གསལ་བཏབ། དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་གདུལ་བྱ་རྣམས་ཀྱི་ཁམས་དང་བསམ་པ་དང་བག་ལ་ཉལ་མ་ལུས་པ་དགོངས་ནས། ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་གསུངས་པ་ཐམས་ཅད་བསྡུ་ན་ཐེག་པ་ཆེ་ཆུང་གཉིས་སུ་གསུངས་པ་ལས་ཐེག་པ་ཆེན་པོ་ཡིན་ཞིང་། ཐེག་པ་ཆེན་པོ་འདི་ཉིད་ཆེན་པོ་བདུན་གྱི་སྒོ་ནས་ཁྱད་པར་དུ་འཕགས་པ་ཡིན་ཏེ། རྗེ་བཙུན་བྱམས་པ་མགོན་པོས་མདོ་སྡེ་རྒྱན་ལས། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང་། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང་། །ཐབས་ལ་མཁས་པར་གྱུར་པ་དང་། །ཡང་དག་སྒྲུབ་པ་ཆེན་པོ་དང་། །སངས་རྒྱས་ཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་འདི་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཞེས་གསུངས་པ་ལྟར་ཆེན་པོ་བདུན་གྱི་སྒོ་ནས་ཁྱད་པར་འཕགས། ཐེག་པ་ཆེན་པོ་ལ་ཡང་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་སུ་ཡོད་པ་ལས་སྔགས་ཀྱི་ཐེག་པ་ཡིན། དེ་ལ་ཡང་གསང་སྔགས་སྔ་འགྱུར་རྙིང་མ་དང་། ཕྱི་འགྱུར་གསར་མའི་ལུགས་གཉིས་སུ་ཡོད་པ་ལས་སྔ་འགྱུར་རྙིང་མའི་ལུགས་ཡིན་ཞིང་། དེ་ལ་ཡང་ལུགས་སྲོལ་མི་འདྲ་བ་བསམ་གྱིས་མི་ཁྱབ་པ་ཡོད་པའི་ནང་ནས། འདིར་རྒྱལ་བའི་རྒྱལ་ཚབ་དམ་པ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཉིད་འགྲོ་བའི་དོན་དུ་སིནྡྷུར་རྒྱ་མཚོའི་གླིང་དུ་མེ་ཏོག་པདྨའི་སྡོང་པོ་ལས་སྤྲུལ་པའི་སྐུའི་སྣང་བརྙན་ཤར་བ་ནས་ཉེ་བར་བཟུང་སྟེ། གང་ལ་གང་འདུལ་གྱི་ངོ་མཚར་བའི་མཛད་པ་ཇི་སྙེད་བསྟན་པའི་རྣམ་ཐར་བསམ་གྱིས་མི་ཁྱབ་པ་ཞིག་མངའ་བ་ལས། འདིར་སྐབས་སུ་བབ་པ་ནི། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞེས་བྱ་བ་སྐུུ་ལ་སྐྱེ་འཆི་བགྲེས་རྒུད་འདས་གྲོངས་མི་མངའ་བར་འཆི་མེད་ཚེ་ཡི་དངོས་གྲུབ་བརྙེས་པའི་ཚུལ་ནི། བྲག་ཕུག་མཱ་ར་ཏི་ཀ་ཞེས་པ་ཟླ་གམ་གྱི་དབྱིབས་སུ་ཡོད་པ། དེའི་ལོགས་ཐམས་ཅད་ཙནྡན་གྱི་ནགས་ཚལ་འཐུག་པོར་སྐྱེས་པ། དུས་གསུམ་དུ་མེ་ཏོག་གི་ཆར་ཆེན་པོ་འབེབ་བཞིན་པ། འཕགས་པ་རིགས་གསུམ་མགོན་པོས་བྱིན་གྱིས་བརླབས་པའི་གནས་ཀྱི་མཆོག་དེ་ཉིད་དུ་ཟ་ཧོར་རྒྱལ་རིགས་ལས་བྱུང་བའི་ལྷ་ལྕམ་མནྡཱ་ར་བ་ཉིད་སྒྲུབ་རྟེན་ལས་ཀྱི་ཕྱག་རྒྱ་མཛད་དེ། འཆི་མེད་ཚེའི་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བར་མཛད་པའི་ཚེ། མགོན་པོ་ཚེ་དཔག་ཏུ་མེད་པ་ཞི་ཁྲོ་རབ་འབྱམས་ཀྱི་རང་ཞལ་སྒྲིབ་མེད་མངོན་སུམ་དུ་གཟིགས་ཏེ་ཡབ་ཡུམ་གཉིས་ཀ་འཆི་མེད་གཞོམ་གཞིག་དང་བྲལ་བའི་སྲ་བརྟན་རྡོ་རྗེའི་སྐུར་གྱུར་ཏེ་ཡོ་ག་ཚེའི་རིག་འཛིན་བརྙེས་པར་མཛད་པ་ཡང་། མ་ཧཱ་གུ་རུ་ཉིད་ཀྱི་གསུང་གི་སྤྲུལ་པའི་སྐུ་རི་ཁྲོད་པ་བཟང་པོ་གྲགས་པས་གཏེར་ནས་སྤྱན་འདྲེན་པར་མཛད་པའི་རྣམ་ཐར་གསོལ་འདེབས་ལས། བྲག་ཕུག་མཱ་ར་ཏི་ཀའི་ཀེའུ་ཚང་དུ༔ འཆི་མེད་ཚེ་ཡི་རིག་འཛིན་སྒྲུབ་པའི་ཚེ༔ མགོན་པོ་ཚེ་དཔག་མེད་ཀྱིས་བྱིན་གྱིས་བརླབས༔ སྐྱེ་འཆི་མེད་པ་རྡོ་རྗེའི་ལུས་སུ་གྱུར༔ ཞེས་གསུངས་པ་དང་། ཐུགས་གཏེར་འཁོར་འདས་རང་གྲོལ་ལས། མཱ་ར་ཏི་ཀའི་བྲག་ཕུག་ཏུ༔ འཆི་མེད་ཚེའི་རིག་འཛིན་བསྒྲུབས༔ ཚེ་དཔག་མེད་ཀྱིས་བྱིན་གྱིས་བརླབས༔ སྐྱེ་འཆི་མེད་པའི་རྡོ་རྗེར་གྲུབ༔ ཅེས་གསུངས་པ་ལྟར་ཚེ་སྒྲུབ་ལྕགས་ཀྱི་སྡོང་པོ་འདི་ཉིད་ལ་བརྟེན་ནས་སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་ཐོབ་པ་ཡིན་ཅིང་། དེ་ཉིད་ཕྱི་རབས་སེམས་ཅན་གྱི་དོན་དུ་བྲག་རི་དུག་སྦྲུལ་སྤུངས་འདྲའི་སྐེད་དུ་སྦ་བར་མཛད་པ་དེ་ཉིད་ཨོ་རྒྱན་ཉིད་ཀྱི་སྤྲུལ་པ་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བྱང་ཟང་ཟང་ལྷ་བྲག་གི་ནུབ་ཟངས་མཛོད་དམར་པོ་ནས། བླ་མ་ཚེ་དཔག་མེད་ཀྱི་སྐོར་དང་དཔལ་རྟ་མགྲིན་གྱི་སྒྲུབ་སྐོར་རྣམས་ཕྱུང་བ་ལས། བླ་མ་ཚེ་དཔག་མེད་ཀྱི་སྐོར་ཡིན་ཏེ། འདི་ཉིད་རང་གི་གཏེར་ཡིག་ནང་ལས། སྔ་དྲོ་ཐོ་རངས་དང་པོ་ལ༔ ཏིང་འཛིན་གསལ་བས་བརྒྱ་རྩ་བཟླ༔ ཚེ་ཟད་མཐའ་ལ་ཐུག་པ་ཡང༔ འདི་སྒྲུབ་ལོ་བརྒྱ་འཚོ་བར་ངེས༔ ཞེས་གསུངས་པ་ལྟར་བྱིན་རླབས་ཅན་གྱི་ཚེ་དབང་འབུལ་བར་བྱེད་པ་ལ་སློབ་དཔོན་གྱི་བྱ་བ་ནི། གཏེར་གཞུང་ལས། ཡར་ངོའི་དུས་དང་གཟའ་སྐར་བཟང་པོ་ལ༔ ས་གཙང་བཀྲ་ཤིས་དབེན་པའི་གནས་བཙལ་ཏེ༔ འབྲུ་སྤོས་སྨན་དང་རཏྣ་སྙིང་པོ་ལྔ༔ རྒྱུན་ཆད་མེད་པའི་ཆུ་ཡིས་བུམ་པ་བཀང༔ གཙང་མའི་གོས་དཀྲིས་དཔག་བསམ་སྡོང་པོས་བརྒྱན༔ ཞེས་གསུངས་པ་ལྟར་ཚེའི་སྒྲུབ་རྟེན་མ་ཉམས་པ་དབང་གི་ཡོ་བྱད་འོས་པ་རྣམས་ཕྱག་ལེན་བཞིན་ལེགས་པར་བཤམས་ཏེ། ཇི་ལྟར་སྒྲུབ་པའི་ཚུལ་ཡང་། སློབ་དཔོན་གྱིས་བདག་བསྐྱེད་བཟླས་པ་དང་བཅས་པ། མདུན་གྱི་ཚེ་བུམ། བུམ་པ། ཚེ་རིལ། ཚེ་ཆང་རྣམས་ལྷར་བསྐྱེད་དེ་བཟླས་པ་བྱ་བ། འཁོར་འདས་ཀྱི་ཚེ་བཅུད་བསྡུ་བ། མཆོད་བསྟོད་གཏོར་མ་འབུལ་བ། རང་ཉིད་ཀྱིས་བདག་འཇུག་ལེན་པ་དང་། སླར་ཡང་མདུན་བསྐྱེད་གསལ་འདེབས་ཀྱིས་བཟླས་པ་མཆོད་བསྟོད་གཏོར་མ་འབུལ་བ་རྣམས་ད་ལན་བླ་མ་བརྒྱུད་པའི་ཕྱག་བཞེས་ཀྱི་གནས་སྐབས་སུ་འབྱུང་བ་བཞིན་ལེགས་པར་གྲུབ་པ་དེ་ཡིན། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་མཎྜལ་འབུལ་བ། གསོལ་བ་འདེབས་པ། སྐྱབས་འགྲོ་སེམས་བསྐྱེད་རྣམས་སྔོན་དུ་འགྲོ་དགོས་པས། ཐོག་མར་བླ་མ་དང་མགོན་པོ་ཚེ་དཔག་མེད་གཉིས་སུ་མེད་པ་ལ་ཚེ་དབང་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས། སྙིམ་པ་མེ་ཏོག་དང་བཅས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་གྱི་བར་དུ་མཛོད། ཧཱུྃ༔ སྐྱེ་འཆི་གཉིས་སྤངས་ཀྱིས་གསོལ་བཏབ་ལན་གསུམ། རྒྱུད་སྡོམ་ལྡན་དུ་བྱ་བའི་ཕྱིར་སློབ་དཔོན་མདུན་བསྐྱེད་ཚེ་དཔག་མེད་ལ་ཚེའི་རིག་འཛིན་བརྙེས་པའི་ལྷ་ཀླུ་དྲང་སྲོང་མཐུ་བོ་ཆེ་བསམ་གྱིས་མི་ཁྱབ་པས་བསྐོར་ཏེ་བཞུགས་པའི་སྤྱན་སྔར། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པའི་སྡོམ་པ་སྲུང་ཞིང་བཟུང་སྙམ་པས་འདིའི་རྗེས་ཟློས་མཛོད། བདག་དང་ཁམས་གསུམ་སེམས་ཅན་ལན་གསུམ། དངོས་གཞི་བྱིན་རླབས་ཀྱི་གཞི་བསྒྲུབ་པ་ལ། སློབ་དཔོན་ལ་མོས་གུས་བྱས་པས་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ལ་ཕོག །ཐུགས་ཀ་ནས་འོད་ཟེར་ཉི་མ་འབུམ་དུས་གཅིག་ཏུ་ཤར་བ་ལྟ་བུ་འཕྲོས། ལུས་ལ་ཕོག །ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་དུས་མིན་འཆི་བ་རྣམ་སྨིན་ཤ་ཁྲག་གི་བར་སྦྱངས། ལུས་འོད་ཀྱི་གོང་བུར་གྱུར། དེ་ཉིད་སློབ་དཔོན་གྱིས་སྭ་བྷཱ་བས་སྦྱང་། འོད་གསལ་སྟོང་ཉིད་ནམ་མཁའ་ལྟ་བུར་གྱུར། སྟོང་ཉིད་དེའི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་ས་ཕྱོགས་པདྨ་དབང་གི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་རྫོགས་པའི་ནང་དུ་ལྕགས་ཀྱི་པདྨ་འདབ་མ་བརྒྱད་པ། ལྟེ་བ་དང་འདབ་མ་རྣམས་ལ་ཟླ་བའི་དཀྱིལ་འཁོར་དཀར་བསིལ་ཉ་ཡོངས་སུ་གང་བ་རེ་རེ། དབུས་ཀྱི་གདན་གྱི་སྟེང་དུ་རང་སེམས་རྣམ་པར་ཤེས་པའི་ངོ་བོ་ཧྲཱིཿདམར་པོ་རིང་ཆ་ཚེག་དྲག་དང་བཅས་པ། དེ་ལས་འོད་ཟེར་འཕྲོས། འདུས། ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་རེ་རེ་བཞིན། བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལ་ཉི་མ་ཤར་བ་ལྟར་རབ་ཏུ་དྭངས་ཤིང་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། སྐུ་ལ་ཆོས་གོས་རྣམ་པ་གསུམ་དང་ལྡན་པ་སྤྲུལ་པའི་སྐུའི་ཆ་ལུགས་ཅན། སྐུ་ཆེ་ལ་ཡན་ལག་རགས་པ། ཕྱག་གཉིས་མཉམ་གཞག་གི་སྟེང་ན་འཆི་མེད་བདུད་རྩིས་གང་བའི་བུམ་པ་འཛིན་པ། ཕྲག་གོང་གཡས་གཡོན་དུ་ཉི་མ་དང་ཟླ་བ་ཤར་བས་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཐམས་ཅད་སེལ་བར་བྱེད་པ། དྭངས་མ་འོད་ལྔའི་རྒྱབ་ཡོལ་ཅན། སྣང་ལ་རང་བཞིན་མེད་པའི་སྐུ་ཅན་དུ་ལམ་གྱིས་གྱུར་པའི་མོས་པ་མཛོད། དེའི་ཕྱི་རོལ་གྱི་པད་འདབ་བརྒྱད་ལ། ཤར་དུ་བཛྲ་ཚེ་དཔག་མེད། ལྷོར་རཏྣ་ཚེ་དཔག་མེད། ནུབ་ཏུ་པདྨ་ཚེ་དཔག་མེད། བྱང་དུ་ཀརྨ་ཚེ་དཔག་མེད་རྣམས་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན་ཕྱག་མཉམ་གཞག་གི་སྟེང་ན་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་འཛིན་པ། ཤར་ལྷོར་སངས་རྒྱས་སྤྱན་མ། ལྷོ་ནུབ་ཏུ་མཱ་མ་ཀཱི །ནུབ་བྱང་དུ་གོས་དཀར་མོ། བྱང་ཤར་དུ་དམ་ཚིག་སྒྲོལ་མ་ཐམས་ཅད་ཀྱང་གཡས་པས་ཚེའི་མདའ་དར་འཛིན་ཅིང་། གཡོན་པས་ཚེའི་བུམ་པ་འཛིན་པ། དེའི་ཕྱི་རོལ་གྱི་པད་འདབ་དཀར་པོ་ཉིས་བརྒྱ་ལ་བསྐལ་བཟང་གི་སངས་རྒྱས་དཀར་པོ་ཉིས་བརྒྱ། དེའི་ཕྱི་རོལ་གྱི་པད་འདབ་སྔོན་པོ་ཉིས་བརྒྱ་ལ་བསྐལ་བཟང་གི་སངས་རྒྱས་སྔོན་པོ་ཉིས་བརྒྱ། དེའི་ཕྱི་རོལ་གྱི་པད་འདབ་སེར་པོ་ཉིས་བརྒྱ་ལ་བསྐལ་བཟང་གི་སངས་རྒྱས་སེར་པོ་ཉིས་བརྒྱ། དེའི་ཕྱི་རོལ་གྱི་པད་འདབ་དམར་པོ་ཉིས་བརྒྱ་ལ་བསྐལ་བཟང་གི་སངས་རྒྱས་དམར་པོ་ཉིས་བརྒྱ། དེའི་ཕྱི་རོལ་གྱི་པད་འདབ་ལྗང་གུ་ཉིས་བརྒྱ་ལ་བསྐལ་བཟང་གི་སངས་རྒྱས་ལྗང་གུ་ཉིས་བརྒྱ། གང་ལ་དབང་ལེན་པའི་ཡུལ་ནི། དབང་རྫས་རྣམས་དེ་དང་མཐུན་པའི་པདྨ་དབང་གི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་རྫོགས་པའི་ནང་དུ་རིན་པོ་ཆེ་ཟུར་བརྒྱད་པའི་དབུས་སུ། ལྕགས་ཀྱི་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བའི་གདན་དཀར་བསིལ་ཉ་ཡོངས་སུ་གང་བའི་སྟེང་དུ་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སློབ་མ་ལ་བསྐྱེད་པ་ལྟ་བུའི་དབུ་གཙུག་ཏུ་ཆོས་སྐུ་སྣང་བ་མཐའ་ཡས་ཕྱག་གཉིས་མཉམ་གཞག་གི་སྟེང་ན་ལྷུང་བཟེད་འཛིན་པ། དེའི་དབུ་གཙུག་ཏུ་ཆོས་སྐུ་ཀུན་ཏུ་བཟང་པོ་ཕྱག་གཉིས་མཉམ་གཞག་གི་སྟེང་ན་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་འཛིན་པ། རིན་པོ་ཆེ་ཟུར་བརྒྱད་ལ། ཤར་དུ་པདྨ་འབྱུང་གནས། ལྷོར་བློ་ལྡན་མཆོག་སྲེད། ནུབ་ཏུ་ཉི་མ་འོད་ཟེར། བྱང་དུ་སེང་གེ་སྒྲ་སྒྲོག །ཤར་ལྷོར་པདྨ་སམྦྷ་ཝ། ལྷོ་ནུབ་ཏུ་པདྨ་རྒྱལ་པོ། ནུབ་བྱང་དུ་ཤཱཀྱ་སེང་གེ །བྱང་ཤར་དུ་རྡོ་རྗེ་གྲོ་ལོད། ཤར་སྒོར་ལྕགས་ཀྱུ་མ། ལྷོ་སྒོར་ཞགས་པ་མ། ནུབ་སྒོར་ལྕགས་སྒྲོག་མ། བྱང་སྒོར་དྲིལ་བུ་མ་ཐམས་ཅད་ཀྱང་གཡས་པས་ཚེའི་མདའ་དར་འཛིན་ཅིང་། གཡོན་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་འཛིན་པ། སྣང་ལ་རང་བཞིན་མེད་པར་མངོན་སུམ་ལྟ་བུར་བཞུགས་པ་ལ། སློབ་དཔོན་གྱི་ལག་ཏུ་ཚེའི་མདའ་དར་གཡོབ་བཞིན་པས། ཚེའི་དབང་བསྐུར་བར་གསོལ་བ་བཏབ་པའི་མོས་པ་མཛོད། འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ༔ ཀུན་ཏུ་བཟང་པོའི་དུས་ལ་བབ༔ འདིར་ཚོགས་སྐལ་ལྡན་བུ་རྣམས་ལ༔ འཆི་མེད་ཚེ་དབང་བསྐུར་དུ་གསོལ༔ བདེ་བ་ཅན་གྱི་ཞིང་ཁམས་སུ༔ ཡེ་ཤེས་སྣང་བ་ལམ་མེ་བ༔ འོད་དཔག་མེད་པའི་དུས་ལ་བབ༔ འདིར་ཚོགས་སོགས་ཚིག་རྐང་གཉིས་ཕྱི་མ་རྣམས་ལ་འགྲེའོ། །པདྨ་དབང་གི་གཞལ་ཡས་སུ༔ འཆི་མེད་དབང་པོ་ལྷ་ཡི་ལྷ༔ ཚེ་དཔག་མེད་པའི་དུསྎ འདིར་ཚོགསྎ འཆི་མེདྎ དྷ་ན་ཀོ་ཥའི་མཚོ་གླིང་དུ༔ དཔལ་ལྡན་སངས་རྒྱས་པདྨ་སྐྱེས༔ པདྨ་འབྱུང་གནས་དུསྎ འདིར་ཚོགསྎ འཆི་མེདྎ བསིལ་བ་ཚལ་གྱི་དུར་ཁྲོད་དུ༔ གསུམ་རིག་གཙང་མ་དག་པ་སྟེ༔ པདྨ་སཾ་བྷའི་དུསྎ འདིར་ཚོགསྎ འཆི་མེདྎ པོ་ཏ་ལ་ཡི་གནས་མཆོག་ཏུ༔ མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང༔ བློ་ལྡན་མཆོག་སྲེད་དུསྎ འདིར་ཚོགསྎ འཆི་མེདྎ དགའ་བ་ཚལ་གྱི་དུར་ཁྲོད་དུ༔ འཁོར་ལོས་སྒྱུར་བ་སྟོབས་པོ་ཆེ༔ པདྨ་རྒྱལ་པོའི་དུསྎ འདིར་ཚོགསྎ འཆི་མེདྎ སོ་ས་གླིང་གི་དུར་ཁྲོད་དུ༔ ཉི་མ་འཆར་ཁའི་དཀྱིལ་ལྟར་མཛེས༔ ཉི་མ་འོད་ཟེར་དུསྎ འདིར་ཚོགསྎ འཆི་མེདྎ ཟ་ཧོར་རྒྱལ་པོའི་ཡུལ་དབུས་སུ༔ ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན༔ ཤཱཀྱ་སེང་གེའི་དུསྎ འདིར་ཚོགསྎ འཆི་མེདྎ མ་ག་དྷཱ་ཡི་གྲོང་ཁྱེར་དུ༔ བདག་མེད་སེང་གེའི་སྒྲ་དང་ལྡན༔ སེང་གེ་སྒྲ་སྒྲོག་དུསྎ འདིར་ཚོགསྎ འཆི་མེདྎ སྟག་ཚང་སེང་གེའི་བསམ་འགྲུབ་ཏུ༔ རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད༔ རྡོ་རྗེ་གྲོ་ལོད་དུསྎ འདིར་ཚོགསྎ འཆི་མེདྎ རང་བཞིན་རྣམ་དག་གཞལ་ཡས་ནས༔ དཀྱིལ་འཁོར་ཆེན་པོ་ཡངས་པ་སྟེ༔ ཚེ་ཡི་ལྷ་ཚོགས་དུསྎ འདིར་ཚོགསྎ འཆི་མེདྎ དཀྱིལ་འཁོར་ཆེན་པོའི་སྒོ་བཞི་རུ༔ རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ༔ སྒོ་བ་བཞི་ཡིས་དུསྎ འདིར་ཚོགསྎ འཆི་མེདྎ བཀའ་དང་དམ་ཚིག་གཞལ་ཡས་སུ༔ ཤུགས་ཆེན་མགྱོགས་པ་ཆེན་པོ་སྟེ༔ ཕོ་ཉ་རྣམས་ཀྱིས་དུས་ལ་བབ༔ འདིར་ཚོགས་སྐལ་ལྡན་བུ་རྣམས་ལ༔ འཆི་མེད་ཚེ་དབང་བསྐུར་དུ་གསོལ༔ ཞེས་སློབ་དཔོན་གྱིས་གསོལ་བ་བཏབ་པས། ཚེའི་ལྷ་ཚོགས་རྣམས་ཀྱི་ཕྱག་ཏུ་ཟླ་བ་ལྟར་དཀར་བའི་བུམ་པ་བྱང་ཆུབ་ཀྱི་སེམས་ཀྱིས་ཡོངས་སུ་གང་བ་ཅུང་ཟད་ཡོ་བ་དང་བཅས་འཛིན་པས་སྤྱི་བོར་དབང་བསྐུར་བས་ལུས་ཀྱི་ནང་ཐམས་ཅད་འཆི་མེད་ཚེའི་བདུད་རྩིས་གང་། ནད་གདོན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག །ཚེ་སྲོག་ཉམས་པ་སོར་ཆུད། འཆི་བ་མེད་པའི་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། ཧཱུྃ༔ བཅོམ་ལྡན་མགོན་པོ་རྡོ་རྗེ་ཚེ་དཔག་མེད༔ འཁོར་ལོ་བརྒྱུད་ནས་བུ་ཡི་སྙིང་གར་ཞུགས༔ འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་ཤོག༔ ཅེས་གཟུངས་དང་བཅས་སྤྱི་བོ་དང་། མགྲིན་པ། སྙིང་ག་རྣམས་སུ་བཟུང་ནས་བུམ་ཆུ་སྦྱིན། ཚེ་རིལ་དང་ཚེ་ཆང་ཚེ་དཔག་མེད་དུ་བསྐྱེད་པ་འཆི་མེད་ཚེའི་ཆུ་རྒྱུན་འོད་ཟེར་དཀར་ལ་དམར་བའི་མདངས་ཆགས་པའི་རྣམ་པར་འོད་དུ་ཞུ་བ། ཁྱེད་རང་རྣམས་ལ་བྱིན་པས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཐམས་ཅད་དག །འཆི་མེད་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། གཟུངས་དང་བཅས་བྱིན་ནས། དེ་དག་ནི་ཚེ་བསྲིང་བའམ་སྤེལ་བ་ཡིན་ལ། དེ་ཉིད་མི་ཉམས་པར་བྱ་བའི་ཕྱིར་སྦ་དགོས་པས། ཁྱེད་རང་རྣམས་ཚེ་དཔག་མེད་དུ་གསལ་བའི་ལུས་དབུས་དྲང་པོར་རྩ་དབུ་མ་ཁ་དོག་སྔོ་སྐྱ་སྦ་ལྕག་འབྲིང་པོ་ཙམ་ཡར་སྣ་སྤྱི་གཙུག་མར་སྣ་གསང་གནས་སུ་ཟུག་པ། དྭངས་གསལ་རྙོགས་མེད་འོད་ཀྱི་རང་བཞིན་དྲང་ཐལ་ལེ་བ་ནུ་མ་གཉིས་ཀྱི་བར་ཐད་ཙམ་གྱི་རྩ་དབུ་མའི་ནང་དུ་སྙིང་པདྨ་དམར་པོ་འདབ་མ་བརྒྱད་པ། ཧ་ལོའི་མེ་ཏོག་ཁ་བྱེ་བ་ལྟ་བུའི་ནང་དུ་ཟླ་བའི་དཀྱིལ་འཁོར་དཀར་བསིལ་ཉ་ཡོངས་སུ་གང་བའི་སྟེང་དུ། སེམས་རྣམ་པར་ཤེས་པའི་ངོ་བོ་ཧྲཱིཿདམར་པོ་རིང་ཆ་ཚེག་དྲག་དང་བཅས་པའི་གཡས་སུ་ཚེའི་རང་བཞིན་ཡི་གེ་ཨཿདཀར་པོ། གཡོན་དུ་སྲོག་གི་རང་བཞིན་ཡི་གེ་ནྲྀཿལྗང་གུ་གསལ་བཏབ། སློབ་དཔོན་ལ་མོས་གུས་བྱས། ཐུགས་ཀ་ནས་འོད་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག ཚེ་ཆུ་དམར་པོ་བདེ་བ་ཆེན་པོའི་རང་བཞིན་དུ་ཞུ་བ། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། སྙིང་གའི་ཡི་གེ་གསུམ་པོ་ལ་ཐིམ། ཡི་གེ་གསུམ་ལས་ཀྱང་ཚེ་ཆུ་བབས། ལུས་ཐམས་ཅད་གང་། བགྲེས་རྒུད་གཞོམ་གཞིག་ཐམས་ཅད་དང་བྲལ། སྣང་སྟོང་རྡོ་རྗེ་ལྟ་བུའི་ལུས་སུ་གྱུར་པར་བསམ། སླར་ཡི་གེ་གསུམ་ལ་སེམས་གཏད་པས། སྙིང་ཧ་ལོའི་མེ་ཏོག་ཁ་ཟླུམ་པ་ལྟ་བུའི་སྤྱི་བོར་རྡོ་རྗེ་རྒྱ་གྲམ་གྱིས་རྒྱས་གདབ། ཡི་གེ་གསུམ་བུམ་ནང་དུ་མར་མེ་གསལ་བ་ལྟ་བུ་ལ་སེམས་གཏད་དེ་མཉམ་པར་བཞག ཨ༔ སུས་ཀྱང་མི་ཆོད་མི་ཤིགས་པ༔ སྟོང་པའི་གོ་ཆ་བླ་ན་མེད༔ ཆོས་ཀྱི་དབྱིངས་སུ་ཚེ་སྦས་པས༔ སངས་རྒྱས་ཀྱིས་ཀྱང་མི་གཟིགས་ན༔ ཕྱི་རོལ་གདོན་ལ་སྨོས་ཅི་དགོས༔ ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ༔ མེ་ཏོག་གཏོར་ཞིང་དྲིལ་བུ་གསིལ་ནས། བདག་གི་རྡོ་རྗེའི་སློབ་མ་འདི་རྣམས་ཚེ་མི་ཤིགས་པའི་རྡོ་རྗེར་གྱུར་ཅིག་སོགས་བདག་འཇུག་བཞིན། རྗེས་དམ་ཚིག་བསྡུ་བ་སོགས་སྤྱི་དང་འདྲ། རྗེས་མཆོད་པ་ཁ་གསོ། མཆོད་བསྟོད། ཡིག་བརྒྱ། བཟོད་གསོལ་སོགས་བྱ། ཡེ་ཤེས་པ་མེད་པའི་དམ་ཚིག་པ་རྣམས་སློབ་མ་ལ་བསྟིམས་པས། གཤེགས་བསྡུ་སོགས་མི་དགོས་ཀྱང་བདག་གིས་སྒོམ་པ་ཚིག་ཙམ་དུ་ཡི་དམ་རྣམས་རང་ལ་བསྡུ་བར་མཛད། བསྔོ་བ་སྨོན་ལམ་བཀྲ་ཤིས་བྱའོ། །ཅེས་བྱང་གཏེར་ལྕགས་སྡོང་མའི་དབང་ཆོག་འདི་ཡང་དྲིན་ཅན་རྡོ་རྗེ་འཆང་བློ་གསལ་བསྟན་འཛིན་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་ཞབས་དྲུང་དུ་ལན་གྲངས་དུ་མའི་བར་དུ་ཐོབ་པ་བཞིན་ལ། ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་དབང་ཆོག་བཀླག་ཆོག་མ་འདི་བཞིན་གཏེར་གཞུང་དང་། མཁན་ཆེན་ཞ་ལུ་བ་རིན་ཆེན་བསོད་ནམས་མཆོག་གྲུབ་དཔལ་བཟང་པོས་གསུང་མཆན་ཀ་བརྡ་དཀྲུགས་བསྡེབས་སུ་བྲིས་པ་ཡིན་པས་རང་བཟོའི་སྐྱོན་མེད་དོ།། ༈ །།འདིའི་ཚེ་དབང་བརྒྱ་ཚར་སོགས་གྲངས་གསོག་སྐབས། དང་པོ་ཚར་གཅིག་ལ་ཚེ་རིལ་དང་ཚེ་ཆང་སྦྱིན་པ་ཡན་གཞུང་ལྟར་རྒྱས་པར་བྱས་པའི་མཇུག་ཏུ། བདག་གི་རྡོ་རྗེའི་སློབ་མ་འདི་རྣམས་སོགས་སྨོན་ལམ་དང་བཅས་མེ་ཏོག་འཐོར། སྤྲོ་ན་བཀྲ་ཤིས་ཀྱི་ཚིགས་བཅད་གང་རུང་བརྗོད། ཚར་གཉིས་པ་མན་ལ། སླར་ཡང་སློབ་དཔོན་གྱིས་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་འཆི་མེད་ཚེའི་དབང་བསྐུར་བར་གསོལ་བ་བཏབ་པའི་མོས་པ་མཛོད། འོག་མིན་ཆོས་དབྱིངས་སོགས་ནས་བུམ་དབང་བསྐུར་བའི་བར་གཞུང་ལྟར་མཐར། ཚེ་རིལ་དང་ཚེ་ཆང་གཟུངས་སྔགས་ཁོ་ནས་སྦྱིན། གོང་གི་སྨོན་ལམ་དང་། སྤྲོ་ན་བཀྲ་ཤིས་ཚིགས་བཅད་རེ་བརྗོད། གྲངས་རྫོགས་པའི་ཚེ་རིལ་དང་ཚེ་ཆང་བྱིན་པའི་རྗེས་སུ། དེ་དག་ནི་ཚེ་བསྲིང་བའམ་སོགས་མན་གཞུང་ལྟར་ཚར་གཅིག་བགྱིས་པས་འཐུས་སོ། །ཡང་ཕྱག་ལེན་རྒྱས་པ་འགའ་ཞིག་ལ་གསོལ་འདེབས་ནས་བརྩམ་སྟེ་བསྐྱར་བར་མཛད་པ་དང་། ཤིན་ཏུ་བསྡུས་པ་ལ་དབང་རྒྱས་པ་ཚར་གཅིག་གི་ཁོངས་སུ་དང་པོ་བུམ་དབང་ཁོ་ན་ཚར་གྲངས་གང་བྱེད་བསྐྱར། དེ་ནས་ཚེ་རིལ་ཚེ་ཆང་ཡང་དེ་ལྟར་བསྐྱར་བ་ལ་གྲངས་བཟུང་བའི་ལུགས་ཀྱང་སྣང་མོད། གོང་དུ་སྨོས་པ་ཉིད་རྒྱས་བསྡུས་འཚམ་པར་རྟོགས་སོ། །སརྦ་དཱ་མངྒ་ལཾ།། ༈ ཚེ་སྒྲུབ་ལྕགས་སྡོང་མའི་རྒྱུན་ཁྱེར་བསྙེན་ཐབས་བཅས་འཆི་མེད་བདུད་རྩི་འགུགས་པའི་བུམ་བཟང་བཞུགས་སོ། །གུ་རུ་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ། །ཚེ་སྒྲུབ་ལྕགས་སྡོང་མའི་རྒྱུན་ཁྱེར་ངག་འདོན་ནི། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་གསོལ་བ་བཏབ་པས། ཚོགས་ཞིང་མཁའ་ཁྱབ་ཏུ་སད་པར་བསམ་ལ། དེ་ནས་སྐྱབས་སུ་འགྲོ་བ་ནི། ཧཱུྃ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ༔ ཐུགས་རྗེས་བདག་ལ་དགོངས་སུ་གསོལ༔ མཉམ་ཉིད་རང་སྣང་དགོངས་པ་ཅན༔ སངས་རྒྱས་རྣམས་ལ་སྐྱབས་སུ་མཆི༔ ཡེ་ཤེས་རང་སྣང་ཐུགས་རྗེ་ཅན༔ ཡི་དམ་ལྷ་ལ་སྐྱབས་སུ་མཆི༔ སྨོན་ལམ་དབང་གིས་འགྲོ་དོན་མཛད༔ བླ་མ་རྣམས་ལ་སྐྱབས་སུ་མཆི༔ མ་ཆགས་གསུང་གིས་འགྲོ་དོན་མཛད༔ དམ་པའི་ཆོས་ལ་སྐྱབས་སུ་མཆི༔ མ་ནོར་ལམ་ལ་འགོད་མཛད་པའི༔ དགེ་འདུན་རྣམས་ལ་སྐྱབས་སུ་མཆི༔ ལེགས་ཉེས་སྟངས་འཛིན་དངོས་གྲུབ་སྟེར༔ མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ རང་བྱུང་ཆེན་པོ་སྤྲུལ་པའི་སྐུ༔ པདྨ་འབྱུང་གནས་ཉིད་ལ་འདུད༔ བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ལན་གསུམ། སེམས་བསྐྱེད་ནི། ཧཱུྃ༔ བདག་གིས་འགྲོ་བའི་དོན་བྱའི་ཕྱིར༔ ཚེ་ལོ་དཔག་ཏུ་མེད་པ་ནས༔ བརྒྱད་ཁྲིའི་བར་དུ་ཚེ་སྲོག་ནི༔ སྲ་ཞིང་བརྟན་པར་བྱིན་གྱིས་རློབས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ལན་གསུམ། དངོས་གཞི་ལྷ་བསྐྱེད་པ་ནི། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ༔ དང་པོ་སྟོང་པའི་ངང་ཉིད་ལས༔ ལྕགས་ཀྱི་པདྨ་འདབ་བརྒྱད་གདན༔ དེ་སྟེང་རང་ཉིད་འོད་དཔག་མེད༔ སྐུ་མདོག་དམར་པོ་སྐྱིལ་ཀྲུང་བཞུགས༔ སྤྲུལ་སྐུའི་ཆ་བྱད་དར་ཆོས་མནབས༔ ཕྱག་གཉིས་མཉམ་གཞག་ཚེ་བུམ་འཛིན༔ སྐུ་ཆེ་ཡན་ལག་རགས་པའི་ཚད༔ ཕྲག་པ་གཡས་གཡོན་ཉི་ཟླ་འཆར༔ དྭངས་མ་འོད་ལྔའི་རྒྱབ་ཡོལ་ཅན༔ ཁོང་པའི་ནང་གནས་བག་ཆགས་ཀྱི༔ སྙིགས་མ་གདོས་བཅས་ཐམས་ཅད་སྦྱངས༔ འཆི་མེད་ཚེ་ཡི་བདུད་རྩིས་གང༔ རཱ་ག་དམར་པོའི་མདོག་ལྟར་བསམ༔ སྤྱི་བོའི་གཙུག་ནས་གསང་གནས་བར༔ ལྕགས་ཀྱི་སྲོག་རྩ་སྨྱུག་དོང་ཙམ༔ ཀ་བ་བཙུགས་པ་ལྟ་བུར་བསམ༔ ནང་ནི་སྟོང་པ་འོད་གསལ་དྭངས༔ ཁ་དོག་ལྔར་གསལ་འོད་ཟེར་འབར༔ སྲོག་རྩའི་ཕྱི་ན་སྔགས་ཀྱི་འབྲུ༔ དུང་མདོག་ཟིལ་པ་ལྟ་བུར་བསམ༔ བདེ་བ་ཅན་ནས་ཡེ་ཤེས་སེམས༔ རང་འདྲ་སྤྱན་དྲངས་མཁའ་ལ་བཞུགས༔ བུམ་པའི་ནང་ནས་བདུད་རྩི་ལུད༔ བདག་གི་ཚངས་བུག་ནང་དུ་བབས༔ དབང་བསྐུར་ལྷ་དང་དབྱེར་མེད་གྱུར༔ ལྷ་དང་སྲོག་རྩའི་བདུད་རྩི་ལས༔ འོད་འཕྲོས་གསལ་འཚེར་མདངས་ལྡན་གྱུར༔ ཨོཾ་ཨཱཿཧཱུྃ་ན་མོ་བྷ་ག་བ་ཏེ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩིཏ་ཏེ་ཛོ་རཱ་ཛཱ་ཡ༔ ཏ་ཐཱ་ག་ཏཱ་ཡ༔ ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ༔ ཏདྱ་ཐཱ༔ ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུཏྒ་ཏེ་སྭ་བྷཱ་བ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་བཱ་རེ་སྭཱ་ཧཱ༔ ནྲྀ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཨཱ་ཡུརྫྙཱ་ན་སིདྡྷི་ཨཱཿབྷྲཱུྃ༔ ཏིང་འཛིན་སྔགས་ཀྱི་འོད་ཟེར་ནི༔ ལྕགས་ཀྱུ་ལྟ་བུས་སྣོད་བཅུད་གང༔ སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི༔ ཐུགས་རྗེ་བྱིན་རླབས་སིདྡྷི་བསྡུས༔ ཕྱོགས་སྐྱོང་མཁའ་འགྲོ་སྡེ་བརྒྱད་ཀྱི༔ རྫུ་འཕྲུལ་ཚེ་བཀྲག་གཟི་མདངས་འཕྲོག༔ རི་རབ་གླིང་བཞི་གླིང་ཕྲན་དང༔ གསེར་གྱི་རི་བདུན་རོལ་མཚོ་དང༔ རྩི་ཤིང་ནགས་ཚལ་རཏྣའི་ཚོགས༔ འབྱུང་བ་ལྔ་ཡི་དྭངས་མ་བསྡུས༔ ལྷ་ཀླུ་མི་ཡི་དབང་ཐང་དང༔ བསོད་ནམས་དངོས་གྲུབ་ཐམས་ཅད་བསྡུས༔ བདུད་རྩིའི་འོད་ཟེར་ཆར་ལྟར་བབས༔ ཐམས་ཅད་མ་ལུས་བདག་ལ་ཐིམ༔ བདག་ལུས་བདུད་རྩིས་ལྟེམ་གྱིས་གང༔ སྟོང་གསལ་འོད་ཀྱི་གོང་བུར་གྱུར༔ ཞེས་དམིགས་པ་དང་བཅས་ཏེ་ཚེ་གཟུངས་བརྒྱ་སྟོང་སོགས་གང་མང་བཟླ། ཐུན་མཐར་ཐལ་མོ་སྦྱར་ཏེ། ཧཱུྃ༔ སྐྱེ་འཆི་གཉིས་སྤངས་བདེ་བ་ཆེན་པོའི་སྐུ༔ མི་འགྱུར་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ༔ འབྱུང་ལྔ་འདུས་པ་གསལ་འཚེར་བརྟན་པའི་སྐུ༔ ཐུན་མོང་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ༔ ཞེས་གསོལ་བ་བཏབ་པས་མདུན་གྱི་ཡེ་ཤེས་པ་རང་གི་སྲོག་རྩའི་ལམ་བརྒྱུད་དེ་སྙིང་དབུས་སུ་ཐིམ་པར་བསམས་ལ། བཅོམ་ལྡན་མགོན་པོ་རྡོ་རྗེ་ཚེ་དཔག་མེད༔ འཁོར་ལོ་བརྒྱུད་དེ་བདག་གི་སྙིང་གར་ཐིམ༔ འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་ཤོག༔ ཨཱ་ཡུརྫྙཱ་ན་བྷིནྡུ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཨཱ་ཡུརྫྙཱ་ན་སིདྡྷི་ཨཱཿབྷྲཱུྃ༔ ཞེས་པའང་ཅི་ནུས་བཟླ། དེ་ནས། དགེ་བ་འདི་ཡིས་མྱུར་དུ་བདག །ཚེ་དཔག་མེད་མགོན་འགྲུབ་གྱུར་ནས། །ཞེས་སོགས་བསྔོ་སྨོན་དང་། འཇིག་རྟེན་འདྲེན་པའི་སོགས་ཤིས་བརྗོད་ཇི་ལྟར་རིགས་པ་བྱའོ། །འདིའི་རྒྱུན་གྱི་རྣལ་འབྱོར་ལ་ཐོ་རངས་སྔ་བར་གོང་དུ་བཤད་པའི་མངོན་རྟོགས་གསལ་བཏབ་ལ་སྔགས་བརྒྱ་རྩ་རེ་མ་ཆག་པ་དང་། འཆི་ལྟས་སོགས་བྱུང་བའི་ཚེ་སྟོང་རྩ་རེ་བཟླས་པས་དུས་མ་ཡིན་པའི་འཆི་བ་ཐམས་ཅད་ཟློག་པར་གསུངས་སོ། ༈ །བསྙེན་པ་བྱེད་ན། ར་བ་བཞི་གང་ཡང་རུང་བའི་ཡར་ངོའི་གཟའ་སྐར་བཟང་པོ་འཛོམས་པའི་ཐོ་རངས་ཤིག་ནས་འགོ་བརྩམ་སྟེ་ཁ་ཤར་དུ་ཕྱོགས་པས་བསྒོམ་བཟླས་ལ་འབད། སྔགས་བཞི་འབུམ་མམ་རྨི་ལམ་དགེ་བ་སོགས་ཀྱི་རྟགས་མ་བྱུང་བར་དུ་བཟླ། དེ་ཡང་སྤྲོས་པ་ལ་མི་དགའ་ན་མདུན་བསྐྱེད་ཀྱི་རྟེན་མཆོད་སོགས་གང་ཡང་མི་དགོས་ཤིང་། འདི་ཁོ་ན་ལྟར་ཉམས་སུ་བླངས་པས་དོན་འགྲུབ། སྤྲོ་ན་མདུན་རྟེན་ཚེ་བུམ་སོགས་དབང་ཆོག་ལྟར་བཤམ། མཆོད་པ་བྱིན་རླབས་སྔོན་དུ་འགྲོ་བས་སྐྱབས་སེམས་ནས་བཟླས་པའི་བར་གོང་ལྟར་ལ། བདེ་བ་ཅན་ནས་སྤྱན་དྲངས་པའི་ཡེ་ཤེས་པ་མདུན་གྱི་ཚེ་བུམ་དང་དབྱེར་མེད་དུ་བཞུགས་པར་བསམ་པ་ཙམ་ཁྱད་པར་རོ། །བཟླས་པའི་མཇུག་ཏུ་མཆོད་ཅིང་བསྟོད། བདག་མདུན་གྱི་ཐུགས་ཀའི་འོད་ཀྱིས་འཁོར་འདས་བརྟན་གཡོའི་ཚེ་བཅུད་ཐམས་ཅད་བསྡུས། བདག་དང་སྒྲུབ་རྫས་ལ་ཐིམ་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམ་ལ། ཧཱུྃ༔ བཅོམ་ལྡན་མགོན་པོ་སོགས་ཚེ་འགུགས་བྱ། དེ་ནས། ཧཱུྃ༔ སྐྱེ་འཆི་གཉིས་སྤངས་སོགས་གསོལ་འདེབས་མན་དཀྱུས་ལྟར་ཉམས་སུ་བླང་། གྲོལ་ཁར་གསོལ་འདེབས་ཀྱི་རྗེས་སུ་ཚེ་དབང་བདག་འཇུག་གི་ཚུལ་དུ་བླང་། དངོས་གྲུབ་ཀྱི་རྫས་ལ་ལོངས་སྤྱོད། བསྔོ་སྨོན་ཤིས་བརྗོད་རྒྱས་པར་བྱའོ། །གཞན་ཡང་སྨན་གྱི་བཅུད་ལེན་དང་། ནམ་མཁའ་ཟས་སུ་ཟ་བ་དང་། འཁོར་ལོའི་སྒོ་ནས་ཚེ་སྲིང་བའི་མན་ངག་སོགས་ནི་གཏེར་གཞུང་རྩ་བ་ལས་ཤེས་ཤིང་། དེ་ལྟར་རྒྱུན་དང་དུས་ཀྱི་ཉམས་ལེན་ལ་བརྩོན་པའི་ཕན་ཡོན་ཀྱང་གཞུང་ལས། ཚེ་སྒྲུབ་ལྕགས་ཀྱི་སྡོང་པོ་འདི༔ ཐོ་རངས་སྔ་དྲོ་དང་པོ་ལ༔ ཏིང་འཛིན་གསལ་བས་བརྒྱ་རྩ་བཟླས༔ ཚེ་ཟད་མཐའ་ལ་ཐུག་པ་ཡང༔ འདི་བསྒྲུབ་ལོ་བརྒྱ་ངེས་པར་ཐུབ༔ དུས་གསུམ་རྒྱལ་བའི་གདུང་འཛིན་དེས༔ འདི་ཡི་ཡོན་ཏན་བརྗོད་མི་ལང༔ ཕ་རོལ་ཕྱིན་བཅུ་ས་ལམ་བགྲོད༔ བདེ་བ་ཅན་གྱི་ཞིང་དུ་སྐྱེ༔ ཞེས་ཆེས་ཆེར་བསྔགས་པ་ལྟར། ལམ་ཟབ་མོ་འདི་ལ་བརྟེན་ནས་གྲུབ་ཆེན་ཐང་སྟོང་རྒྱལ་པོ་སོགས་འཆི་མེད་ཀྱི་དངོས་གྲུབ་བརྙེས་པ་མང་དུ་བྱོན་པས་བྱིན་རླབས་ཀྱི་ཚན་ཀ་གཞན་ལས་ཁྱད་པར་དུ་འཕགས་པའོ། །ཞེས་པའི་རྒྱུན་ཁྱེར་འདི་ནི་ངེད་རང་གི་ཟླ་བོ་འགགས་པ་བསོད་ནམས་དར་གྱིས་བསྐུལ་ངོར་ས་སྐྱ་པ་ཀུན་དགའ་བཀྲ་ཤིས་ཀྱིས་མོན་མཚམས་ཤོ་སྨུག་སྒར་ཆེན་དུ་རྒྱུན་གྱི་ཁ་ཏོན་དུ་བསྒྲིགས་པ་དགེ་ལེགས་འཕེལ། སླར་ཡང་བསྙེན་ཐབས་སོགས་བསྣན་ནས་ཤིན་ཏུ་གསལ་བར་བྲིས་པ་སརྦ་སཏྭཱ་བཛྲ་ཨཱ་ཡུ་སྭིདྡྷི་རསྟུ། མངྒ་ལཾ་བྷ་བ་ཏུ།།  །།
ན་མོ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་ཡ། བྱང་གཏེར་ལྕགས་སྡོང་མར་ལྷ་གཅིག་བུམ་གཅིག་གི་དབང་མ་གཏོགས་ཆེར་མ་བཤད་ཀྱང་། ཚེ་དབང་ཡོངས་རྫོགས་དང་ཁོག་བསྒྲིགས་པའི་གཏེར་སྟོན་དངོས་ཀྱི་ཕྱག་ལེན་བཀྲ་བཟང་པ་ཆོས་སྐྱོང་བསོད་ནམས་ཀྱི་གསུང་རྒྱུན་བཞིན། ཚར་ཆེན་བློ་གསལ་རྒྱ་མཚོ་ཡབ་སྲས་གཉིས་ཀ་ལ་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་ལན་མང་དུ་གསན་པའི་གསུང་རྒྱུན་ཁོ་ན་བཞིན། མཁན་ཆེན་ཞྭ་ལུ་པ་རིན་ཆེན་བསོད་ནམས་མཆོག་གྲུབ་ཀྱིས་གཏེར་གཞུང་དངོས་ལ་ཆོ་གའི་སྒྲིག་རིམ་ཀ་བརྡ་ཅན་དང་། དེར་མ་འཐུས་པའི་གསུང་རྒྱུན་ཕྱག་ལེན་རྣམས་མཆན་དུ་གནང་བ་དེ་ཉིད་རྟོགས་སླ་ཞིང་ཡི་གེ་ཉུང་བའི་ཕྱིར་འདིར་ནག་འགྲོས་སུ་འགོད་ན། འཆི་མེད་གྲུབ་པའི་ས་བོན་ལྕགས་སྡོང་མའི་དབང་བསྐུར་ཚུལ་ལ། གྲུབ་ན་ཡར་ངོའི་ཚེས་གྲངས་གཟའ་སྐར་བཟང་པོ་དང་། དེ་མིན་སྐབས་སུ་གང་བབས་ཞིག་ལ་གནས་གཙང་མར་སྟེགས་བུ་ཁེབས་སོགས་ཀྱི་ཁེབས་ཅན་འབྲུ་བཀྲམ་པ་ལ་རྡུལ་ཚོན་ནམ། རས་གཞི་སོགས་ལ་བྲིས་པའི་པདྨ་འདབ་བརྒྱད་སྔོན་པོའི་སྟེང་མཉྫིའི་ཁར་བུམ་པ་གས་ཆག་མེད་པའི་ནང་གཡས་རུའི་གཙང་ཆེན་ནམ། རྒྱུན་འབབས་ཀྱི་ཆུ་གཙང་མས་སུམ་གཉིས་བཀང་བར་བུམ་རྫས་ཉེར་ལྔ། བདུད་རྩི་རིལ་བུ། ཆོས་སྨན་སོགས་བཏབ། དར་རས་ཁ་དོག་གང་རུང་བུག་རལ་ཚིག་སྐྱོན་མེད་པས་མགུལ་བཅིངས་པའི་ཁར། གཞི་ཟན་གཙང་མའམ་ཐུད་གཙང་མ་ལ་རྟེན་འབྲེལ་གྱི་རྫས་བྲག་ཞུན་གྱི་གྲས་ལྕགས་ཞུན། ཅོང་ཞིའི་གྲས་ཅོང་ཞི་དམར་པོ། བུར་དཀར། གྲོག་མ་སྦྲང་མར་སོང་བའི་སྦྲང་རྩི། དབྱར་གུང་གི་འབྲི་མར་ཏེ་དྭངས་མ་ལྔ་དང་། ཤུག་པའི་འབྲས་བུ། བ་ལུ་དཀར་པོའི་མེ་ཏོག །ལུག་མཚེ། མཁན་པ་དཀར་པོ་སྟེ་རྩི་བཞི་རྣམས་བསྲེས་ན་ལེགས་ཏེ། འདི་རྣམས་སྨན་གཞུང་ལས་ལུས་དང་ཚེའི་གསོས་སུ་གསུངས་པས་རྩི་བཞི་དྭངས་མ་ལྔའི་སྨན་མར་བསྒྲུབས་པ་ཡོད་ཚེ་དེ་བསྲེས་པས་གོ་ཆོད་ཅིང་བྱིན་རླབས་ཆེ་བ་དང་། གཞན་ཡང་གོང་དུ་བཤད་པའི་བདུད་རྩི་རིལ་བུ་ཆོས་སྨན་སོགས་བྱིན་རྟེན་ཡིད་ཆེས་པ་ལས་གྲུབ་པའི་ཚེ་བུམ་བུམ་གཟུགས་ཟླུམ་པོ་རྩི་དམར་རྩེ་རྒྱན་ཅན་བཞག དེའི་གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང་། མདུན་དུ་ཟླུམ་གཏོར་གཉིས། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ཕྲེང་ཚར། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ་འཐོར་ནས། ཚེ་མདའ་ཚེ་གཡུ་མེ་ལོང་ཅན་དར་ཚོན་སྣ་ལྔའམ་དམར་པོས་བརྒྱན་པ། སློབ་མ་ལ་དགོས་པའི་མཎྜལ་འབྲུ་བཅས། ཆབ་བུམ་རྣམས་བཤམ་མོ། །ཆོ་གའི་རིམ་པ་ནི། མཆོད་པ་རྣམས་ལ་དམིགས་ནས། གཡས་རྡོ་རྗེ་ཐུགས་ཀ་དང་གཡོན་དྲིལ་བུ་རྒྱུན་ཆགས་སུ་དཀྲོལ་ལ། ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་ཨཱཿཧཱུྃ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ་ནས། ཤབྡའི་བར་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ། མདུན་གྱི་ནམ་མཁར་བླ་མ་ཚེ་དཔག་མེད་བཞུགས་པ་ལ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པའི་བསམ་པས། བདག་དང་ཁམས་གསུམ་སེམས་ཅན་རྣམས༔ ལོག་པའི་ལམ་ལས་ལྡོག་ནས་ཀྱང༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ ཉོན་མོངས་དབང་གྱུར་སྡུག་བསྔལ་ལས༔ ཐར་བར་བྱ་ཕྱིར་སེམས་བསྐྱེད་དོ༔ ལན་གསུམ། དང་པོ་སྟོང་པའི་ངང་ཉིད་ལས༔ ལྕགས་ཀྱི་པདྨ་འདབ་བརྒྱད་གདན༔ དེ་སྟེང་བདག་ཉིད་འོད་དཔག་མེད༔ སྐུ་མདོག་དམར་པོ་སྐྱིལ་ཀྲུང་བཞུགས༔ སྤྲུལ་སྐུའི་ཆ་བྱད་དར་ཆོས་མནབས༔ ཕྱག་གཉིས་མཉམ་གཞག་ཚེ་བུམ་འཛིན༔ སྐུ་ཆེ་ཡན་ལག་ཧྲག་པའི་ཚད༔ ཕྲག་པ་གཡས་གཡོན་ཉི་ཟླ་འཆར༔ དྭངས་མ་འོད་ལྔའི་རྒྱབ་ཡོལ་ཅན༔ ཁོང་པའི་ནང་གནས་བག་ཆགས་ཀྱི༔ སྙིགས་མ་གདོས་བཅས་ཐམས་ཅད་སྦྱངས༔ འཆི་མེད་ཚེ་ཡི་བདུད་རྩིས་གང༔ རཱ་ག་དམར་པོའི་མདོག་ལྟར་གསལ༔ སྤྱི་བོའི་གཙུག་ནས་གསང་གནས་བར༔ ལྕགས་ཀྱི་སྲོག་རྩ་སྨྱུག་དོང་ཙམ༔ ཀ་བ་བཙུགས་པ་ལྟ་བུར་བསམ༔ ནང་ནི་སྟོང་པ་འོད་གསལ་དྭངས༔ ཁ་དོག་ལྔར་གསལ་འོད་ཟེར་འབར༔ སྲོག་རྩའི་ཕྱི་ན་སྔགས་ཀྱི་འབྲུ༔ དུང་མདོག་ཟིལ་ཆགས་ལྟ་བུར་བསམ༔ བདེ་བ་ཅན་ནས་ཡེ་ཤེས་སེམས༔ རང་འདྲ་སྤྱན་དྲངས་མཁའ་ལ་བཞུགས༔ བུམ་པའི་ནང་ནས་ཚེ་བཅུད་ལུད༔ བདག་གི་ཚངས་བུག་ནང་དུ་བབས༔ དབང་བསྐུར་ལྷ་དང་དབྱེར་མེད་གྱུར༔ ལྷ་དང་སྲོག་རྩའི་བདུད་རྩི་ལས༔ འོད་འཕྲོས་གསལ་འཚེར་མདངས་དང་ལྡན༔ ཐོ་རངས་སྔགས་འདི་བརྒྱ་རྩ་བཟླ༔ ཞེས་བརྗོད་ལ་ཕྲེང་བ་བཟུང་སྟེ། ཨོཾ་ཨཱཿཧཱུྃ༔ ན་མོ་བྷ་ག་བ་ཏེ༔ ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན༔ སུ་བི་ནིཤྩིཏ་ཏེ་ཛོ་རཱཱ་ཛཱ་ཡ༔ ཏ་ཐཱ་ག་ཏཱ་ཡ༔ ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ༔ ཏདྱ་ཐཱ༔ ཨོཾ་སརྦ་སཾསྐཱ་ར་པ་རི་ཤུདྡྷ༔ དྷརྨ་ཏེ་ག་ག་ན་ས་མུཏྒ་ཏེ༔ སྭ་བྷཱ་ཝ་བི་ཤུདྡྷེ༔ མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ༔ ནྲྀ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཨཱ་ཡུརྫྙཱ་ན་སིདྡྷི་ཨཱཿབྷྲཱུྃ༔ ཞེས་བཟླས་པ་ཕྲེང་སྐོར་སོགས་ཅི་རིགས་ཀྱི་རྗེས་སུ། ཏིང་འཛིན་སྔགས་ཀྱི་འོད་ཟེར་ནི༔ ལྕགས་ཀྱུ་ལྟ་བུས་སྣོད་བཅུད་གང༔ སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི༔ ཐུགས་རྗེའི་བྱིན་རླབས་དངོས་གྲུབ་བསྡུས༔ ཕྱོགས་སྐྱོང་མཁའ་འགྲོ་སྡེ་བརྒྱད་ཀྱི༔ རྫུ་འཕྲུལ་ཚེ་བཀྲག་གཟི་མདངས་འཕྲོག༔ རི་རབ་གླིང་བཞི་གླིང་ཕྲན་སོགས༔ གསེར་གྱི་རི་བདུན་རོལ་མཚོ་དང༔ རྩི་ཤིང་ནགས་ཚལ་རཏྣའི་ཚོགས༔ འབྱུང་བ་ལྔ་ཡི་དྭངས་མ་དང༔ ལྷ་ཀླུ་མི་ཡི་དབང་ཐང་དང༔ བསོད་ནམས་དངོས་གྲུབ་ཐམས་ཅད་བསྡུས༔ བདུད་རྩིའི་འོད་ཟེར་ཆར་ལྟར་བབས༔ ཐམས་ཅད་མ་ལུས་བདག་ལ་བསྟིམ༔ བདག་ལུས་བདུད་རྩིས་གང་བར་བསམ༔ སྟོང་གསལ་འོད་ཀྱི་ཕུང་པོར་གྱུར༔ ཅེས་བརྗོད། དེ་ནས། མདུན་གྱི་ཚེ་བུམ། བུམ་པ། ཚེ་རིལ། ཚེ་ཆང་ཐམས་ཅད་ཤཱུནྱ་ཏཱས་སྦྱང་། དང་པོ་སྟོང་པའི་ནས། བཟླས་པའི་བར་བདག་བསྐྱེད་བཞིན་ལ། དེ་སྟེང་ཚེ་རྫས་འོད་དཔག་མེད༔ཅེས་བསྒྱུར། བཟླས་པ་མང་དུ་བྱས་མཐར། ཏིང་འཛིན་སྔགས་ཀྱི་འོད་ཟེར་ནི༔ ཞེས་སོགས་གོང་བཞིན་ལ། ཐམས་ཅད་ཚེ་རྫས་ལྷ་ལ་ཐིམ༔ དེ་རྣམས་སྐུ་ལུས་བདུད་རྩིས་གང༔ སྟོང་གསལ་འོད་ཀྱི་སྐུ་རུ་གྱུར༔ ཅེས་དང་། རྡོ་རྗེ་དང་བཅས་པས་ཚེ་མདའ་གཡབ་དྲིལ་བུ་གསིལ་ཞིང་། ཧཱུྃ༔ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ འབྱུང་བ་ལྔ་ལ་དབང་སྒྱུར་ལྷ་མོའི་ཚོགས༔ རྣལ་འབྱོར་བདག་གི་ཚེ་དང་གཡང་སྤེལ་ཅིག༔ སྟེང་འོག་ཕྱོགས་བཅུ་སྣོད་ཀྱི་འཇིག་རྟེན་ལ༔ བྲོས་དང་འཁྱམས་དང་ཡར་བའི་ཚེ་ཁུག་ཅིག༔ སྟོང་ཕྲག་བརྒྱད་ཅུ་བགེགས་ཀྱི་ཚོགས་རྣམས་ཀྱིས༔ བརྐུས་དང་ཕྲོགས་དང་གཞོམ་པའི་ཚེ་ཁུག་ཅིག༔ འབྱུང་བ་དགྲ་གཤེད་འཁྲུགས་པའི་ལས་སྦྱོར་གྱིས༔ ཉམས་དང་ཟད་དང་འཐོར་བའི་ཚེ་གསོས་ཤིག༔ ཡེད་ཀྱིས་དངངས་དང་ཧད་ཀྱིས་བརྒྱལ་བ་དང༔ འུད་ཀྱིས་འདྲོགས་པའི་ཚེ་དང་གཡང་གསོས་ཤིག༔ ཚེ་ཁུག་གཡང་སྐྱོབས་བདག་ལ་དངོས་གྲུབ་སྩོལ༔ འབྱུང་བ་འོད་ལྔ་འབར་བའི་ཚེ་བཅུད་སྟིམས༔ འཆི་མེད་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ༔ ཅེས་བརྗོད་དོ། །མཆོད་པ་རྣམས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཞེས་སོགས་འོག་མ་རྣམས་ལའང་ཤེས་པར་བྱས་ལ་རོལ་མོའི་བར་གྱིས་མཆོད། འོག་ནས་འབྱུང་བའི་བསྟོད་པས་བསྟོད། བསྡུ་ན་འདིས་ཆོག །སྤྲོ་ན་རབ་འབྱམས་རྒྱ་མཚོ་སོགས་ཚིགས་བཅད་དང་། སྣ་བདུན། འདོད་ཡོན་ལྔ་རྣམས་སྤྱི་འགྲེ་བཞིན་ལ། མོས་བློས་ཚེ་དཔག་མེད་ལ་བདག་འབུལ་ན། །ཞེས་ཚིག་བསྒྱུར། འཇིག་རྟེན་འདྲེན་པའི་སོགས་བསྟོད་པ་གང་ཤེས་ཀྱིས་བསྟོད། གཏོར་མ་གཉིས་ལ་དམིགས་ནས། ཨོཾ་བཛྲ་ཨ་མྲྀཏ་སོགས། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེའི་གཏོར་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གཏོར་མ་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ཨོཾ་ཨ་ཀཱ་རོ་ནས་སྭཱ་ཧཱ། ལན་གསུམ། མགོན་པོའི་ཞལ་ནས་འོད་ཀྱི་སྦུ་གུ་བྱུང་ནས་གསོལ་་བར་གྱུར། ཨོཾ་ཏདྱ་ཐཱ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ཧྲཱིཿཧཱུྃ་བྷྲཱུྃ་སྭཱ་ཧཱ། ན་མཿསརྦ་ཏ་ཐཱ་ག་ཏ་ནས་། ཨི་མཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ། ལན་གསུམ། ཨོཾ་ཨཱ་ཧ་ར་ནས་ཤབྡའི་བར་གྱིས་མཆོད། འཇིག་རྟེན་འདྲེན་པའི་སོགས་ཀྱིས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ལྷ་ཚོགས་རྣམས་ཀྱིས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། ཡང་གཏོར་མ་གཅིག་འབྲུ་གསུམ་དང། ཨ་ཀཱ་རོས་བྱིན་གྱིས་བརླབས་ལ། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་བྷཱུ་མི་པ་ཏཱི་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿ ཞེས་ཧཱུྃ་མཛད་ཀྱི་ཕྱག་རྒྱ་ལས་མཛུབ་མོ་གཉིས་བཀུག་པས་ཕྱོགས་སྐྱོང་དང་གཞི་བདག་དབང་ཐོབ་པ་རྣམས་བཀུག །རྡོར་ཐལ་སེ་གོལ། གོང་གི་སྔགས་ལ། ཨ་ཀཱ་རོ་བཏགས་པས་གཏོར་མ་ཕུལ། དྲིལ་གསིལ་དང་བཅས། མཆོད་སྦྱིན་གཏོར་མ་ནས། ཀུན་འགྲུབ་ཤོག །གི་བར། དེ་ནས་བདག་འཇུག་ནི་ཐལ་མོ་སྦྱར་ལ། ཧཱུྃ༔ སྐྱེ་འཆི་གཉིས་སྤངས་བདེ་བ་ཆེན་པོའི་སྐུ༔ མི་འགྱུར་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ༔ འབྱུང་བ་ལྔ་འདུས་གསལ་འཚེར་བརྟན་པའི་སྐུ༔ ཐུན་མོང་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ༔ ལན་གསུམ། བུམ་པ་དང་གཏོར་མ་རང་གི་སྤྱི་བོར་ལྷན་ཅིག་ཏུ་བཞག་ལ། ཧཱུྃ༔ བཅོམ་ལྡན་མགོན་པོ་སོགས་གོང་གི་ཚེ་འགུགས་དང་། ཚེ་གཟུངས་བརྗོད། མགྲིན་པ་དང་། སྙིང་གར་རེག་ལ་ཚེ་གཟུངས་ཚར་རེ་བརྗོད་མཐར། བཅོམ་ལྡན་མགོན་པོ་རྡོ་རྗེས་ཚེ་དཔག་མེད༔ འཁོར་ལོ་བརྒྱུད་ནས་བདག་གི་སྙིང་གར་ཞུགས༔ འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་ཤོག༔ ཅེས་བུམ་ཆུ་བཏུང་། དྲིལ་བུ་གསིལ་ཞིང་མེ་ཏོག་གཏོར། བདག་གི་ཚེ་མི་ཤིགས་པའི་རྡོ་རྗེ་ལྟར་གྱུར་ཅིག །མི་འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག །མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག །སྐྱེ་མེད་ཀྱི་ཡེ་ཤེས་སུ་གྱུར་ཅིག །ཚེ་དབང་དུ་གྱུར་ཅིག །དབང་དངོས་གྲུབ་ཏུ་གྱུར་ཅིག །བདུད་ལས་རྒྱལ་བར་གྱུར་ཅིག །སྐྱེ་ཤི་མེད་པར་རྡོ་རྗེའི་ལུས་ཐོབ་པར་གྱུར་ཅིག །སུ་པྲ་ཏིཥྛ་སོགས། འཇིག་རྟེན་འདྲེན་པའི་སོགས། ལོ་བརྒྱ་ཐུབ་ཅིང་སོགས་བཀྲ་ཤིས་བརྗོད། མཆོད་ཁ་དང་གཏོར་ཁ་གསོ། སླར་ཡང་མདུན་བསྐྱེད་མངོན་རྟོགས་ལྟར་གསལ་བཏབ་སྟེ། བཟླས་པ་ཅི་རིགས། མཆོད་བསྟོད་གཏོར་མའི་བར་གོང་བཞིན་བྱ། སློབ་མ་ཁྲུས་བྱས། ཕྱག་དང་ཡོན་ཕུལ་གྲལ་ལ་འཁོད་ནས། མེ་ཏོག་བཀྱེ་བསྡུ་ཚར་བ་དང་། སློབ་དཔོན་གྱིས་སེམས་བསྐྱེད་གསལ་བཏབ། དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་གདུལ་བྱ་རྣམས་ཀྱི་ཁམས་དང་བསམ་པ་དང་བག་ལ་ཉལ་མ་ལུས་པ་དགོངས་ནས། ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་གསུངས་པ་ཐམས་ཅད་བསྡུ་ན་ཐེག་པ་ཆེ་ཆུང་གཉིས་སུ་གསུངས་པ་ལས་ཐེག་པ་ཆེན་པོ་ཡིན་ཞིང་། ཐེག་པ་ཆེན་པོ་འདི་ཉིད་ཆེན་པོ་བདུན་གྱི་སྒོ་ནས་ཁྱད་པར་དུ་འཕགས་པ་ཡིན་ཏེ། རྗེ་བཙུན་བྱམས་པ་མགོན་པོས་མདོ་སྡེ་རྒྱན་ལས། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང་། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང་། །ཐབས་ལ་མཁས་པར་གྱུར་པ་དང་། །ཡང་དག་སྒྲུབ་པ་ཆེན་པོ་དང་། །སངས་རྒྱས་ཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་འདི་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཞེས་གསུངས་པ་ལྟར་ཆེན་པོ་བདུན་གྱི་སྒོ་ནས་ཁྱད་པར་འཕགས། ཐེག་པ་ཆེན་པོ་ལ་ཡང་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་སུ་ཡོད་པ་ལས་སྔགས་ཀྱི་ཐེག་པ་ཡིན། དེ་ལ་ཡང་གསང་སྔགས་སྔ་འགྱུར་རྙིང་མ་དང་། ཕྱི་འགྱུར་གསར་མའི་ལུགས་གཉིས་སུ་ཡོད་པ་ལས་སྔ་འགྱུར་རྙིང་མའི་ལུགས་ཡིན་ཞིང་། དེ་ལ་ཡང་ལུགས་སྲོལ་མི་འདྲ་བ་བསམ་གྱིས་མི་ཁྱབ་པ་ཡོད་པའི་ནང་ནས། འདིར་རྒྱལ་བའི་རྒྱལ་ཚབ་དམ་པ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཉིད་འགྲོ་བའི་དོན་དུ་སིནྡྷུར་རྒྱ་མཚོའི་གླིང་དུ་མེ་ཏོག་པདྨའི་སྡོང་པོ་ལས་སྤྲུལ་པའི་སྐུའི་སྣང་བརྙན་ཤར་བ་ནས་ཉེ་བར་བཟུང་སྟེ། གང་ལ་གང་འདུལ་གྱི་ངོ་མཚར་བའི་མཛད་པ་ཇི་སྙེད་བསྟན་པའི་རྣམ་ཐར་བསམ་གྱིས་མི་ཁྱབ་པ་ཞིག་མངའ་བ་ལས། འདིར་སྐབས་སུ་བབ་པ་ནི། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞེས་བྱ་བ་སྐུུ་ལ་སྐྱེ་འཆི་བགྲེས་རྒུད་འདས་གྲོངས་མི་མངའ་བར་འཆི་མེད་ཚེ་ཡི་དངོས་གྲུབ་བརྙེས་པའི་ཚུལ་ནི། བྲག་ཕུག་མཱ་ར་ཏི་ཀ་ཞེས་པ་ཟླ་གམ་གྱི་དབྱིབས་སུ་ཡོད་པ། དེའི་ལོགས་ཐམས་ཅད་ཙནྡན་གྱི་ནགས་ཚལ་འཐུག་པོར་སྐྱེས་པ། དུས་གསུམ་དུ་མེ་ཏོག་གི་ཆར་ཆེན་པོ་འབེབ་བཞིན་པ། འཕགས་པ་རིགས་གསུམ་མགོན་པོས་བྱིན་གྱིས་བརླབས་པའི་གནས་ཀྱི་མཆོག་དེ་ཉིད་དུ་ཟ་ཧོར་རྒྱལ་རིགས་ལས་བྱུང་བའི་ལྷ་ལྕམ་མནྡཱ་ར་བ་ཉིད་སྒྲུབ་རྟེན་ལས་ཀྱི་ཕྱག་རྒྱ་མཛད་དེ། འཆི་མེད་ཚེའི་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བར་མཛད་པའི་ཚེ། མགོན་པོ་ཚེ་དཔག་ཏུ་མེད་པ་ཞི་ཁྲོ་རབ་འབྱམས་ཀྱི་རང་ཞལ་སྒྲིབ་མེད་མངོན་སུམ་དུ་གཟིགས་ཏེ་ཡབ་ཡུམ་གཉིས་ཀ་འཆི་མེད་གཞོམ་གཞིག་དང་བྲལ་བའི་སྲ་བརྟན་རྡོ་རྗེའི་སྐུར་གྱུར་ཏེ་ཡོ་ག་ཚེའི་རིག་འཛིན་བརྙེས་པར་མཛད་པ་ཡང་། མ་ཧཱ་གུ་རུ་ཉིད་ཀྱི་གསུང་གི་སྤྲུལ་པའི་སྐུ་རི་ཁྲོད་པ་བཟང་པོ་གྲགས་པས་གཏེར་ནས་སྤྱན་འདྲེན་པར་མཛད་པའི་རྣམ་ཐར་གསོལ་འདེབས་ལས། བྲག་ཕུག་མཱ་ར་ཏི་ཀའི་ཀེའུ་ཚང་དུ༔ འཆི་མེད་ཚེ་ཡི་རིག་འཛིན་སྒྲུབ་པའི་ཚེ༔ མགོན་པོ་ཚེ་དཔག་མེད་ཀྱིས་བྱིན་གྱིས་བརླབས༔ སྐྱེ་འཆི་མེད་པ་རྡོ་རྗེའི་ལུས་སུ་གྱུར༔ ཞེས་གསུངས་པ་དང་། ཐུགས་གཏེར་འཁོར་འདས་རང་གྲོལ་ལས། མཱ་ར་ཏི་ཀའི་བྲག་ཕུག་ཏུ༔ འཆི་མེད་ཚེའི་རིག་འཛིན་བསྒྲུབས༔ ཚེ་དཔག་མེད་ཀྱིས་བྱིན་གྱིས་བརླབས༔ སྐྱེ་འཆི་མེད་པའི་རྡོ་རྗེར་གྲུབ༔ ཅེས་གསུངས་པ་ལྟར་ཚེ་སྒྲུབ་ལྕགས་ཀྱི་སྡོང་པོ་འདི་ཉིད་ལ་བརྟེན་ནས་སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་ཐོབ་པ་ཡིན་ཅིང་། དེ་ཉིད་ཕྱི་རབས་སེམས་ཅན་གྱི་དོན་དུ་བྲག་རི་དུག་སྦྲུལ་སྤུངས་འདྲའི་སྐེད་དུ་སྦ་བར་མཛད་པ་དེ་ཉིད་ཨོ་རྒྱན་ཉིད་ཀྱི་སྤྲུལ་པ་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བྱང་ཟང་ཟང་ལྷ་བྲག་གི་ནུབ་ཟངས་མཛོད་དམར་པོ་ནས། བླ་མ་ཚེ་དཔག་མེད་ཀྱི་སྐོར་དང་དཔལ་རྟ་མགྲིན་གྱི་སྒྲུབ་སྐོར་རྣམས་ཕྱུང་བ་ལས། བླ་མ་ཚེ་དཔག་མེད་ཀྱི་སྐོར་ཡིན་ཏེ། འདི་ཉིད་རང་གི་གཏེར་ཡིག་ནང་ལས། སྔ་དྲོ་ཐོ་རངས་དང་པོ་ལ༔ ཏིང་འཛིན་གསལ་བས་བརྒྱ་རྩ་བཟླ༔ ཚེ་ཟད་མཐའ་ལ་ཐུག་པ་ཡང༔ འདི་སྒྲུབ་ལོ་བརྒྱ་འཚོ་བར་ངེས༔ ཞེས་གསུངས་པ་ལྟར་བྱིན་རླབས་ཅན་གྱི་ཚེ་དབང་འབུལ་བར་བྱེད་པ་ལ་སློབ་དཔོན་གྱི་བྱ་བ་ནི། གཏེར་གཞུང་ལས། ཡར་ངོའི་དུས་དང་གཟའ་སྐར་བཟང་པོ་ལ༔ ས་གཙང་བཀྲ་ཤིས་དབེན་པའི་གནས་བཙལ་ཏེ༔ འབྲུ་སྤོས་སྨན་དང་རཏྣ་སྙིང་པོ་ལྔ༔ རྒྱུན་ཆད་མེད་པའི་ཆུ་ཡིས་བུམ་པ་བཀང༔ གཙང་མའི་གོས་དཀྲིས་དཔག་བསམ་སྡོང་པོས་བརྒྱན༔ ཞེས་གསུངས་པ་ལྟར་ཚེའི་སྒྲུབ་རྟེན་མ་ཉམས་པ་དབང་གི་ཡོ་བྱད་འོས་པ་རྣམས་ཕྱག་ལེན་བཞིན་ལེགས་པར་བཤམས་ཏེ། ཇི་ལྟར་སྒྲུབ་པའི་ཚུལ་ཡང་། སློབ་དཔོན་གྱིས་བདག་བསྐྱེད་བཟླས་པ་དང་བཅས་པ། མདུན་གྱི་ཚེ་བུམ། བུམ་པ། ཚེ་རིལ། ཚེ་ཆང་རྣམས་ལྷར་བསྐྱེད་དེ་བཟླས་པ་བྱ་བ། འཁོར་འདས་ཀྱི་ཚེ་བཅུད་བསྡུ་བ། མཆོད་བསྟོད་གཏོར་མ་འབུལ་བ། རང་ཉིད་ཀྱིས་བདག་འཇུག་ལེན་པ་དང་། སླར་ཡང་མདུན་བསྐྱེད་གསལ་འདེབས་ཀྱིས་བཟླས་པ་མཆོད་བསྟོད་གཏོར་མ་འབུལ་བ་རྣམས་ད་ལན་བླ་མ་བརྒྱུད་པའི་ཕྱག་བཞེས་ཀྱི་གནས་སྐབས་སུ་འབྱུང་བ་བཞིན་ལེགས་པར་གྲུབ་པ་དེ་ཡིན། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་མཎྜལ་འབུལ་བ། གསོལ་བ་འདེབས་པ། སྐྱབས་འགྲོ་སེམས་བསྐྱེད་རྣམས་སྔོན་དུ་འགྲོ་དགོས་པས། ཐོག་མར་བླ་མ་དང་མགོན་པོ་ཚེ་དཔག་མེད་གཉིས་སུ་མེད་པ་ལ་ཚེ་དབང་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས། སྙིམ་པ་མེ་ཏོག་དང་བཅས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་གྱི་བར་དུ་མཛོད། ཧཱུྃ༔ སྐྱེ་འཆི་གཉིས་སྤངས་ཀྱིས་གསོལ་བཏབ་ལན་གསུམ། རྒྱུད་སྡོམ་ལྡན་དུ་བྱ་བའི་ཕྱིར་སློབ་དཔོན་མདུན་བསྐྱེད་ཚེ་དཔག་མེད་ལ་ཚེའི་རིག་འཛིན་བརྙེས་པའི་ལྷ་ཀླུ་དྲང་སྲོང་མཐུ་བོ་ཆེ་བསམ་གྱིས་མི་ཁྱབ་པས་བསྐོར་ཏེ་བཞུགས་པའི་སྤྱན་སྔར། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པའི་སྡོམ་པ་སྲུང་ཞིང་བཟུང་སྙམ་པས་འདིའི་རྗེས་ཟློས་མཛོད། བདག་དང་ཁམས་གསུམ་སེམས་ཅན་ལན་གསུམ། དངོས་གཞི་བྱིན་རླབས་ཀྱི་གཞི་བསྒྲུབ་པ་ལ། སློབ་དཔོན་ལ་མོས་གུས་བྱས་པས་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ལ་ཕོག །ཐུགས་ཀ་ནས་འོད་ཟེར་ཉི་མ་འབུམ་དུས་གཅིག་ཏུ་ཤར་བ་ལྟ་བུ་འཕྲོས། ལུས་ལ་ཕོག །ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་དུས་མིན་འཆི་བ་རྣམ་སྨིན་ཤ་ཁྲག་གི་བར་སྦྱངས། ལུས་འོད་ཀྱི་གོང་བུར་གྱུར། དེ་ཉིད་སློབ་དཔོན་གྱིས་སྭ་བྷཱ་བས་སྦྱང་། འོད་གསལ་སྟོང་ཉིད་ནམ་མཁའ་ལྟ་བུར་གྱུར། སྟོང་ཉིད་དེའི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་ས་ཕྱོགས་པདྨ་དབང་གི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་རྫོགས་པའི་ནང་དུ་ལྕགས་ཀྱི་པདྨ་འདབ་མ་བརྒྱད་པ། ལྟེ་བ་དང་འདབ་མ་རྣམས་ལ་ཟླ་བའི་དཀྱིལ་འཁོར་དཀར་བསིལ་ཉ་ཡོངས་སུ་གང་བ་རེ་རེ། དབུས་ཀྱི་གདན་གྱི་སྟེང་དུ་རང་སེམས་རྣམ་པར་ཤེས་པའི་ངོ་བོ་ཧྲཱིཿདམར་པོ་རིང་ཆ་ཚེག་དྲག་དང་བཅས་པ། དེ་ལས་འོད་ཟེར་འཕྲོས། འདུས། ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་རེ་རེ་བཞིན། བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལ་ཉི་མ་ཤར་བ་ལྟར་རབ་ཏུ་དྭངས་ཤིང་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། སྐུ་ལ་ཆོས་གོས་རྣམ་པ་གསུམ་དང་ལྡན་པ་སྤྲུལ་པའི་སྐུའི་ཆ་ལུགས་ཅན། སྐུ་ཆེ་ལ་ཡན་ལག་རགས་པ། ཕྱག་གཉིས་མཉམ་གཞག་གི་སྟེང་ན་འཆི་མེད་བདུད་རྩིས་གང་བའི་བུམ་པ་འཛིན་པ། ཕྲག་གོང་གཡས་གཡོན་དུ་ཉི་མ་དང་ཟླ་བ་ཤར་བས་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཐམས་ཅད་སེལ་བར་བྱེད་པ། དྭངས་མ་འོད་ལྔའི་རྒྱབ་ཡོལ་ཅན། སྣང་ལ་རང་བཞིན་མེད་པའི་སྐུ་ཅན་དུ་ལམ་གྱིས་གྱུར་པའི་མོས་པ་མཛོད། དེའི་ཕྱི་རོལ་གྱི་པད་འདབ་བརྒྱད་ལ། ཤར་དུ་བཛྲ་ཚེ་དཔག་མེད། ལྷོར་རཏྣ་ཚེ་དཔག་མེད། ནུབ་ཏུ་པདྨ་ཚེ་དཔག་མེད། བྱང་དུ་ཀརྨ་ཚེ་དཔག་མེད་རྣམས་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན་ཕྱག་མཉམ་གཞག་གི་སྟེང་ན་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་འཛིན་པ། ཤར་ལྷོར་སངས་རྒྱས་སྤྱན་མ། ལྷོ་ནུབ་ཏུ་མཱ་མ་ཀཱི །ནུབ་བྱང་དུ་གོས་དཀར་མོ། བྱང་ཤར་དུ་དམ་ཚིག་སྒྲོལ་མ་ཐམས་ཅད་ཀྱང་གཡས་པས་ཚེའི་མདའ་དར་འཛིན་ཅིང་། གཡོན་པས་ཚེའི་བུམ་པ་འཛིན་པ། དེའི་ཕྱི་རོལ་གྱི་པད་འདབ་དཀར་པོ་ཉིས་བརྒྱ་ལ་བསྐལ་བཟང་གི་སངས་རྒྱས་དཀར་པོ་ཉིས་བརྒྱ། དེའི་ཕྱི་རོལ་གྱི་པད་འདབ་སྔོན་པོ་ཉིས་བརྒྱ་ལ་བསྐལ་བཟང་གི་སངས་རྒྱས་སྔོན་པོ་ཉིས་བརྒྱ། དེའི་ཕྱི་རོལ་གྱི་པད་འདབ་སེར་པོ་ཉིས་བརྒྱ་ལ་བསྐལ་བཟང་གི་སངས་རྒྱས་སེར་པོ་ཉིས་བརྒྱ། དེའི་ཕྱི་རོལ་གྱི་པད་འདབ་དམར་པོ་ཉིས་བརྒྱ་ལ་བསྐལ་བཟང་གི་སངས་རྒྱས་དམར་པོ་ཉིས་བརྒྱ། དེའི་ཕྱི་རོལ་གྱི་པད་འདབ་ལྗང་གུ་ཉིས་བརྒྱ་ལ་བསྐལ་བཟང་གི་སངས་རྒྱས་ལྗང་གུ་ཉིས་བརྒྱ། གང་ལ་དབང་ལེན་པའི་ཡུལ་ནི། དབང་རྫས་རྣམས་དེ་དང་མཐུན་པའི་པདྨ་དབང་གི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་རྫོགས་པའི་ནང་དུ་རིན་པོ་ཆེ་ཟུར་བརྒྱད་པའི་དབུས་སུ། ལྕགས་ཀྱི་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བའི་གདན་དཀར་བསིལ་ཉ་ཡོངས་སུ་གང་བའི་སྟེང་དུ་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སློབ་མ་ལ་བསྐྱེད་པ་ལྟ་བུའི་དབུ་གཙུག་ཏུ་ཆོས་སྐུ་སྣང་བ་མཐའ་ཡས་ཕྱག་གཉིས་མཉམ་གཞག་གི་སྟེང་ན་ལྷུང་བཟེད་འཛིན་པ། དེའི་དབུ་གཙུག་ཏུ་ཆོས་སྐུ་ཀུན་ཏུ་བཟང་པོ་ཕྱག་གཉིས་མཉམ་གཞག་གི་སྟེང་ན་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་འཛིན་པ། རིན་པོ་ཆེ་ཟུར་བརྒྱད་ལ། ཤར་དུ་པདྨ་འབྱུང་གནས། ལྷོར་བློ་ལྡན་མཆོག་སྲེད། ནུབ་ཏུ་ཉི་མ་འོད་ཟེར། བྱང་དུ་སེང་གེ་སྒྲ་སྒྲོག །ཤར་ལྷོར་པདྨ་སམྦྷ་ཝ། ལྷོ་ནུབ་ཏུ་པདྨ་རྒྱལ་པོ། ནུབ་བྱང་དུ་ཤཱཀྱ་སེང་གེ །བྱང་ཤར་དུ་རྡོ་རྗེ་གྲོ་ལོད། ཤར་སྒོར་ལྕགས་ཀྱུ་མ། ལྷོ་སྒོར་ཞགས་པ་མ། ནུབ་སྒོར་ལྕགས་སྒྲོག་མ། བྱང་སྒོར་དྲིལ་བུ་མ་ཐམས་ཅད་ཀྱང་གཡས་པས་ཚེའི་མདའ་དར་འཛིན་ཅིང་། གཡོན་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་འཛིན་པ། སྣང་ལ་རང་བཞིན་མེད་པར་མངོན་སུམ་ལྟ་བུར་བཞུགས་པ་ལ། སློབ་དཔོན་གྱི་ལག་ཏུ་ཚེའི་མདའ་དར་གཡོབ་བཞིན་པས། ཚེའི་དབང་བསྐུར་བར་གསོལ་བ་བཏབ་པའི་མོས་པ་མཛོད། འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ༔ ཀུན་ཏུ་བཟང་པོའི་དུས་ལ་བབ༔ འདིར་ཚོགས་སྐལ་ལྡན་བུ་རྣམས་ལ༔ འཆི་མེད་ཚེ་དབང་བསྐུར་དུ་གསོལ༔ བདེ་བ་ཅན་གྱི་ཞིང་ཁམས་སུ༔ ཡེ་ཤེས་སྣང་བ་ལམ་མེ་བ༔ འོད་དཔག་མེད་པའི་དུས་ལ་བབ༔ འདིར་ཚོགས་སོགས་ཚིག་རྐང་གཉིས་ཕྱི་མ་རྣམས་ལ་འགྲེའོ། །པདྨ་དབང་གི་གཞལ་ཡས་སུ༔ འཆི་མེད་དབང་པོ་ལྷ་ཡི་ལྷ༔ ཚེ་དཔག་མེད་པའི་དུས༴ འདིར་ཚོགས༴ འཆི་མེད༴ དྷ་ན་ཀོ་ཥའི་མཚོ་གླིང་དུ༔ དཔལ་ལྡན་སངས་རྒྱས་པདྨ་སྐྱེས༔ པདྨ་འབྱུང་གནས་དུས༴ འདིར་ཚོགས༴ འཆི་མེད༴ བསིལ་བ་ཚལ་གྱི་དུར་ཁྲོད་དུ༔ གསུམ་རིག་གཙང་མ་དག་པ་སྟེ༔ པདྨ་སཾ་བྷའི་དུས༴ འདིར་ཚོགས༴ འཆི་མེད༴ པོ་ཏ་ལ་ཡི་གནས་མཆོག་ཏུ༔ མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང༔ བློ་ལྡན་མཆོག་སྲེད་དུས༴ འདིར་ཚོགས༴ འཆི་མེད༴ དགའ་བ་ཚལ་གྱི་དུར་ཁྲོད་དུ༔ འཁོར་ལོས་སྒྱུར་བ་སྟོབས་པོ་ཆེ༔ པདྨ་རྒྱལ་པོའི་དུས༴ འདིར་ཚོགས༴ འཆི་མེད༴ སོ་ས་གླིང་གི་དུར་ཁྲོད་དུ༔ ཉི་མ་འཆར་ཁའི་དཀྱིལ་ལྟར་མཛེས༔ ཉི་མ་འོད་ཟེར་དུས༴ འདིར་ཚོགས༴ འཆི་མེད༴ ཟ་ཧོར་རྒྱལ་པོའི་ཡུལ་དབུས་སུ༔ ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན༔ ཤཱཀྱ་སེང་གེའི་དུས༴ འདིར་ཚོགས༴ འཆི་མེད༴ མ་ག་དྷཱ་ཡི་གྲོང་ཁྱེར་དུ༔ བདག་མེད་སེང་གེའི་སྒྲ་དང་ལྡན༔ སེང་གེ་སྒྲ་སྒྲོག་དུས༴ འདིར་ཚོགས༴ འཆི་མེད༴ སྟག་ཚང་སེང་གེའི་བསམ་འགྲུབ་ཏུ༔ རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད༔ རྡོ་རྗེ་གྲོ་ལོད་དུས༴ འདིར་ཚོགས༴ འཆི་མེད༴ རང་བཞིན་རྣམ་དག་གཞལ་ཡས་ནས༔ དཀྱིལ་འཁོར་ཆེན་པོ་ཡངས་པ་སྟེ༔ ཚེ་ཡི་ལྷ་ཚོགས་དུས༴ འདིར་ཚོགས༴ འཆི་མེད༴ དཀྱིལ་འཁོར་ཆེན་པོའི་སྒོ་བཞི་རུ༔ རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ༔ སྒོ་བ་བཞི་ཡིས་དུས༴ འདིར་ཚོགས༴ འཆི་མེད༴ བཀའ་དང་དམ་ཚིག་གཞལ་ཡས་སུ༔ ཤུགས་ཆེན་མགྱོགས་པ་ཆེན་པོ་སྟེ༔ ཕོ་ཉ་རྣམས་ཀྱིས་དུས་ལ་བབ༔ འདིར་ཚོགས་སྐལ་ལྡན་བུ་རྣམས་ལ༔ འཆི་མེད་ཚེ་དབང་བསྐུར་དུ་གསོལ༔ ཞེས་སློབ་དཔོན་གྱིས་གསོལ་བ་བཏབ་པས། ཚེའི་ལྷ་ཚོགས་རྣམས་ཀྱི་ཕྱག་ཏུ་ཟླ་བ་ལྟར་དཀར་བའི་བུམ་པ་བྱང་ཆུབ་ཀྱི་སེམས་ཀྱིས་ཡོངས་སུ་གང་བ་ཅུང་ཟད་ཡོ་བ་དང་བཅས་འཛིན་པས་སྤྱི་བོར་དབང་བསྐུར་བས་ལུས་ཀྱི་ནང་ཐམས་ཅད་འཆི་མེད་ཚེའི་བདུད་རྩིས་གང་། ནད་གདོན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག །ཚེ་སྲོག་ཉམས་པ་སོར་ཆུད། འཆི་བ་མེད་པའི་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། ཧཱུྃ༔ བཅོམ་ལྡན་མགོན་པོ་རྡོ་རྗེ་ཚེ་དཔག་མེད༔ འཁོར་ལོ་བརྒྱུད་ནས་བུ་ཡི་སྙིང་གར་ཞུགས༔ འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་ཤོག༔ ཅེས་གཟུངས་དང་བཅས་སྤྱི་བོ་དང་། མགྲིན་པ། སྙིང་ག་རྣམས་སུ་བཟུང་ནས་བུམ་ཆུ་སྦྱིན། ཚེ་རིལ་དང་ཚེ་ཆང་ཚེ་དཔག་མེད་དུ་བསྐྱེད་པ་འཆི་མེད་ཚེའི་ཆུ་རྒྱུན་འོད་ཟེར་དཀར་ལ་དམར་བའི་མདངས་ཆགས་པའི་རྣམ་པར་འོད་དུ་ཞུ་བ། ཁྱེད་རང་རྣམས་ལ་བྱིན་པས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཐམས་ཅད་དག །འཆི་མེད་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། གཟུངས་དང་བཅས་བྱིན་ནས། དེ་དག་ནི་ཚེ་བསྲིང་བའམ་སྤེལ་བ་ཡིན་ལ། དེ་ཉིད་མི་ཉམས་པར་བྱ་བའི་ཕྱིར་སྦ་དགོས་པས། ཁྱེད་རང་རྣམས་ཚེ་དཔག་མེད་དུ་གསལ་བའི་ལུས་དབུས་དྲང་པོར་རྩ་དབུ་མ་ཁ་དོག་སྔོ་སྐྱ་སྦ་ལྕག་འབྲིང་པོ་ཙམ་ཡར་སྣ་སྤྱི་གཙུག་མར་སྣ་གསང་གནས་སུ་ཟུག་པ། དྭངས་གསལ་རྙོགས་མེད་འོད་ཀྱི་རང་བཞིན་དྲང་ཐལ་ལེ་བ་ནུ་མ་གཉིས་ཀྱི་བར་ཐད་ཙམ་གྱི་རྩ་དབུ་མའི་ནང་དུ་སྙིང་པདྨ་དམར་པོ་འདབ་མ་བརྒྱད་པ། ཧ་ལོའི་མེ་ཏོག་ཁ་བྱེ་བ་ལྟ་བུའི་ནང་དུ་ཟླ་བའི་དཀྱིལ་འཁོར་དཀར་བསིལ་ཉ་ཡོངས་སུ་གང་བའི་སྟེང་དུ། སེམས་རྣམ་པར་ཤེས་པའི་ངོ་བོ་ཧྲཱིཿདམར་པོ་རིང་ཆ་ཚེག་དྲག་དང་བཅས་པའི་གཡས་སུ་ཚེའི་རང་བཞིན་ཡི་གེ་ཨཿདཀར་པོ། གཡོན་དུ་སྲོག་གི་རང་བཞིན་ཡི་གེ་ནྲྀཿལྗང་གུ་གསལ་བཏབ། སློབ་དཔོན་ལ་མོས་གུས་བྱས། ཐུགས་ཀ་ནས་འོད་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག ཚེ་ཆུ་དམར་པོ་བདེ་བ་ཆེན་པོའི་རང་བཞིན་དུ་ཞུ་བ། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། སྙིང་གའི་ཡི་གེ་གསུམ་པོ་ལ་ཐིམ། ཡི་གེ་གསུམ་ལས་ཀྱང་ཚེ་ཆུ་བབས། ལུས་ཐམས་ཅད་གང་། བགྲེས་རྒུད་གཞོམ་གཞིག་ཐམས་ཅད་དང་བྲལ། སྣང་སྟོང་རྡོ་རྗེ་ལྟ་བུའི་ལུས་སུ་གྱུར་པར་བསམ། སླར་ཡི་གེ་གསུམ་ལ་སེམས་གཏད་པས། སྙིང་ཧ་ལོའི་མེ་ཏོག་ཁ་ཟླུམ་པ་ལྟ་བུའི་སྤྱི་བོར་རྡོ་རྗེ་རྒྱ་གྲམ་གྱིས་རྒྱས་གདབ། ཡི་གེ་གསུམ་བུམ་ནང་དུ་མར་མེ་གསལ་བ་ལྟ་བུ་ལ་སེམས་གཏད་དེ་མཉམ་པར་བཞག ཨ༔ སུས་ཀྱང་མི་ཆོད་མི་ཤིགས་པ༔ སྟོང་པའི་གོ་ཆ་བླ་ན་མེད༔ ཆོས་ཀྱི་དབྱིངས་སུ་ཚེ་སྦས་པས༔ སངས་རྒྱས་ཀྱིས་ཀྱང་མི་གཟིགས་ན༔ ཕྱི་རོལ་གདོན་ལ་སྨོས་ཅི་དགོས༔ ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ༔ མེ་ཏོག་གཏོར་ཞིང་དྲིལ་བུ་གསིལ་ནས། བདག་གི་རྡོ་རྗེའི་སློབ་མ་འདི་རྣམས་ཚེ་མི་ཤིགས་པའི་རྡོ་རྗེར་གྱུར་ཅིག་སོགས་བདག་འཇུག་བཞིན། རྗེས་དམ་ཚིག་བསྡུ་བ་སོགས་སྤྱི་དང་འདྲ། རྗེས་མཆོད་པ་ཁ་གསོ། མཆོད་བསྟོད། ཡིག་བརྒྱ། བཟོད་གསོལ་སོགས་བྱ། ཡེ་ཤེས་པ་མེད་པའི་དམ་ཚིག་པ་རྣམས་སློབ་མ་ལ་བསྟིམས་པས། གཤེགས་བསྡུ་སོགས་མི་དགོས་ཀྱང་བདག་གིས་སྒོམ་པ་ཚིག་ཙམ་དུ་ཡི་དམ་རྣམས་རང་ལ་བསྡུ་བར་མཛད། བསྔོ་བ་སྨོན་ལམ་བཀྲ་ཤིས་བྱའོ། །ཅེས་བྱང་གཏེར་ལྕགས་སྡོང་མའི་དབང་ཆོག་འདི་ཡང་དྲིན་ཅན་རྡོ་རྗེ་འཆང་བློ་གསལ་བསྟན་འཛིན་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་ཞབས་དྲུང་དུ་ལན་གྲངས་དུ་མའི་བར་དུ་ཐོབ་པ་བཞིན་ལ། ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་དབང་ཆོག་བཀླག་ཆོག་མ་འདི་བཞིན་གཏེར་གཞུང་དང་། མཁན་ཆེན་ཞ་ལུ་བ་རིན་ཆེན་བསོད་ནམས་མཆོག་གྲུབ་དཔལ་བཟང་པོས་གསུང་མཆན་ཀ་བརྡ་དཀྲུགས་བསྡེབས་སུ་བྲིས་པ་ཡིན་པས་རང་བཟོའི་སྐྱོན་མེད་དོ།། ༈ །།འདིའི་ཚེ་དབང་བརྒྱ་ཚར་སོགས་གྲངས་གསོག་སྐབས། དང་པོ་ཚར་གཅིག་ལ་ཚེ་རིལ་དང་ཚེ་ཆང་སྦྱིན་པ་ཡན་གཞུང་ལྟར་རྒྱས་པར་བྱས་པའི་མཇུག་ཏུ། བདག་གི་རྡོ་རྗེའི་སློབ་མ་འདི་རྣམས་སོགས་སྨོན་ལམ་དང་བཅས་མེ་ཏོག་འཐོར། སྤྲོ་ན་བཀྲ་ཤིས་ཀྱི་ཚིགས་བཅད་གང་རུང་བརྗོད། ཚར་གཉིས་པ་མན་ལ། སླར་ཡང་སློབ་དཔོན་གྱིས་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་འཆི་མེད་ཚེའི་དབང་བསྐུར་བར་གསོལ་བ་བཏབ་པའི་མོས་པ་མཛོད། འོག་མིན་ཆོས་དབྱིངས་སོགས་ནས་བུམ་དབང་བསྐུར་བའི་བར་གཞུང་ལྟར་མཐར། ཚེ་རིལ་དང་ཚེ་ཆང་གཟུངས་སྔགས་ཁོ་ནས་སྦྱིན། གོང་གི་སྨོན་ལམ་དང་། སྤྲོ་ན་བཀྲ་ཤིས་ཚིགས་བཅད་རེ་བརྗོད། གྲངས་རྫོགས་པའི་ཚེ་རིལ་དང་ཚེ་ཆང་བྱིན་པའི་རྗེས་སུ། དེ་དག་ནི་ཚེ་བསྲིང་བའམ་སོགས་མན་གཞུང་ལྟར་ཚར་གཅིག་བགྱིས་པས་འཐུས་སོ། །ཡང་ཕྱག་ལེན་རྒྱས་པ་འགའ་ཞིག་ལ་གསོལ་འདེབས་ནས་བརྩམ་སྟེ་བསྐྱར་བར་མཛད་པ་དང་། ཤིན་ཏུ་བསྡུས་པ་ལ་དབང་རྒྱས་པ་ཚར་གཅིག་གི་ཁོངས་སུ་དང་པོ་བུམ་དབང་ཁོ་ན་ཚར་གྲངས་གང་བྱེད་བསྐྱར། དེ་ནས་ཚེ་རིལ་ཚེ་ཆང་ཡང་དེ་ལྟར་བསྐྱར་བ་ལ་གྲངས་བཟུང་བའི་ལུགས་ཀྱང་སྣང་མོད། གོང་དུ་སྨོས་པ་ཉིད་རྒྱས་བསྡུས་འཚམ་པར་རྟོགས་སོ། །སརྦ་དཱ་མངྒ་ལཾ།། ༈ ཚེ་སྒྲུབ་ལྕགས་སྡོང་མའི་རྒྱུན་ཁྱེར་བསྙེན་ཐབས་བཅས་འཆི་མེད་བདུད་རྩི་འགུགས་པའི་བུམ་བཟང་བཞུགས་སོ། །གུ་རུ་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ། །ཚེ་སྒྲུབ་ལྕགས་སྡོང་མའི་རྒྱུན་ཁྱེར་ངག་འདོན་ནི། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་གསོལ་བ་བཏབ་པས། ཚོགས་ཞིང་མཁའ་ཁྱབ་ཏུ་སད་པར་བསམ་ལ། དེ་ནས་སྐྱབས་སུ་འགྲོ་བ་ནི། ཧཱུྃ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ༔ ཐུགས་རྗེས་བདག་ལ་དགོངས་སུ་གསོལ༔ མཉམ་ཉིད་རང་སྣང་དགོངས་པ་ཅན༔ སངས་རྒྱས་རྣམས་ལ་སྐྱབས་སུ་མཆི༔ ཡེ་ཤེས་རང་སྣང་ཐུགས་རྗེ་ཅན༔ ཡི་དམ་ལྷ་ལ་སྐྱབས་སུ་མཆི༔ སྨོན་ལམ་དབང་གིས་འགྲོ་དོན་མཛད༔ བླ་མ་རྣམས་ལ་སྐྱབས་སུ་མཆི༔ མ་ཆགས་གསུང་གིས་འགྲོ་དོན་མཛད༔ དམ་པའི་ཆོས་ལ་སྐྱབས་སུ་མཆི༔ མ་ནོར་ལམ་ལ་འགོད་མཛད་པའི༔ དགེ་འདུན་རྣམས་ལ་སྐྱབས་སུ་མཆི༔ ལེགས་ཉེས་སྟངས་འཛིན་དངོས་གྲུབ་སྟེར༔ མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ རང་བྱུང་ཆེན་པོ་སྤྲུལ་པའི་སྐུ༔ པདྨ་འབྱུང་གནས་ཉིད་ལ་འདུད༔ བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ལན་གསུམ། སེམས་བསྐྱེད་ནི། ཧཱུྃ༔ བདག་གིས་འགྲོ་བའི་དོན་བྱའི་ཕྱིར༔ ཚེ་ལོ་དཔག་ཏུ་མེད་པ་ནས༔ བརྒྱད་ཁྲིའི་བར་དུ་ཚེ་སྲོག་ནི༔ སྲ་ཞིང་བརྟན་པར་བྱིན་གྱིས་རློབས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ལན་གསུམ། དངོས་གཞི་ལྷ་བསྐྱེད་པ་ནི། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ༔ དང་པོ་སྟོང་པའི་ངང་ཉིད་ལས༔ ལྕགས་ཀྱི་པདྨ་འདབ་བརྒྱད་གདན༔ དེ་སྟེང་རང་ཉིད་འོད་དཔག་མེད༔ སྐུ་མདོག་དམར་པོ་སྐྱིལ་ཀྲུང་བཞུགས༔ སྤྲུལ་སྐུའི་ཆ་བྱད་དར་ཆོས་མནབས༔ ཕྱག་གཉིས་མཉམ་གཞག་ཚེ་བུམ་འཛིན༔ སྐུ་ཆེ་ཡན་ལག་རགས་པའི་ཚད༔ ཕྲག་པ་གཡས་གཡོན་ཉི་ཟླ་འཆར༔ དྭངས་མ་འོད་ལྔའི་རྒྱབ་ཡོལ་ཅན༔ ཁོང་པའི་ནང་གནས་བག་ཆགས་ཀྱི༔ སྙིགས་མ་གདོས་བཅས་ཐམས་ཅད་སྦྱངས༔ འཆི་མེད་ཚེ་ཡི་བདུད་རྩིས་གང༔ རཱ་ག་དམར་པོའི་མདོག་ལྟར་བསམ༔ སྤྱི་བོའི་གཙུག་ནས་གསང་གནས་བར༔ ལྕགས་ཀྱི་སྲོག་རྩ་སྨྱུག་དོང་ཙམ༔ ཀ་བ་བཙུགས་པ་ལྟ་བུར་བསམ༔ ནང་ནི་སྟོང་པ་འོད་གསལ་དྭངས༔ ཁ་དོག་ལྔར་གསལ་འོད་ཟེར་འབར༔ སྲོག་རྩའི་ཕྱི་ན་སྔགས་ཀྱི་འབྲུ༔ དུང་མདོག་ཟིལ་པ་ལྟ་བུར་བསམ༔ བདེ་བ་ཅན་ནས་ཡེ་ཤེས་སེམས༔ རང་འདྲ་སྤྱན་དྲངས་མཁའ་ལ་བཞུགས༔ བུམ་པའི་ནང་ནས་བདུད་རྩི་ལུད༔ བདག་གི་ཚངས་བུག་ནང་དུ་བབས༔ དབང་བསྐུར་ལྷ་དང་དབྱེར་མེད་གྱུར༔ ལྷ་དང་སྲོག་རྩའི་བདུད་རྩི་ལས༔ འོད་འཕྲོས་གསལ་འཚེར་མདངས་ལྡན་གྱུར༔ ཨོཾ་ཨཱཿཧཱུྃ་ན་མོ་བྷ་ག་བ་ཏེ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩིཏ་ཏེ་ཛོ་རཱ་ཛཱ་ཡ༔ ཏ་ཐཱ་ག་ཏཱ་ཡ༔ ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ༔ ཏདྱ་ཐཱ༔ ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུཏྒ་ཏེ་སྭ་བྷཱ་བ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་བཱ་རེ་སྭཱ་ཧཱ༔ ནྲྀ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཨཱ་ཡུརྫྙཱ་ན་སིདྡྷི་ཨཱཿབྷྲཱུྃ༔ ཏིང་འཛིན་སྔགས་ཀྱི་འོད་ཟེར་ནི༔ ལྕགས་ཀྱུ་ལྟ་བུས་སྣོད་བཅུད་གང༔ སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི༔ ཐུགས་རྗེ་བྱིན་རླབས་སིདྡྷི་བསྡུས༔ ཕྱོགས་སྐྱོང་མཁའ་འགྲོ་སྡེ་བརྒྱད་ཀྱི༔ རྫུ་འཕྲུལ་ཚེ་བཀྲག་གཟི་མདངས་འཕྲོག༔ རི་རབ་གླིང་བཞི་གླིང་ཕྲན་དང༔ གསེར་གྱི་རི་བདུན་རོལ་མཚོ་དང༔ རྩི་ཤིང་ནགས་ཚལ་རཏྣའི་ཚོགས༔ འབྱུང་བ་ལྔ་ཡི་དྭངས་མ་བསྡུས༔ ལྷ་ཀླུ་མི་ཡི་དབང་ཐང་དང༔ བསོད་ནམས་དངོས་གྲུབ་ཐམས་ཅད་བསྡུས༔ བདུད་རྩིའི་འོད་ཟེར་ཆར་ལྟར་བབས༔ ཐམས་ཅད་མ་ལུས་བདག་ལ་ཐིམ༔ བདག་ལུས་བདུད་རྩིས་ལྟེམ་གྱིས་གང༔ སྟོང་གསལ་འོད་ཀྱི་གོང་བུར་གྱུར༔ ཞེས་དམིགས་པ་དང་བཅས་ཏེ་ཚེ་གཟུངས་བརྒྱ་སྟོང་སོགས་གང་མང་བཟླ། ཐུན་མཐར་ཐལ་མོ་སྦྱར་ཏེ། ཧཱུྃ༔ སྐྱེ་འཆི་གཉིས་སྤངས་བདེ་བ་ཆེན་པོའི་སྐུ༔ མི་འགྱུར་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ༔ འབྱུང་ལྔ་འདུས་པ་གསལ་འཚེར་བརྟན་པའི་སྐུ༔ ཐུན་མོང་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ༔ ཞེས་གསོལ་བ་བཏབ་པས་མདུན་གྱི་ཡེ་ཤེས་པ་རང་གི་སྲོག་རྩའི་ལམ་བརྒྱུད་དེ་སྙིང་དབུས་སུ་ཐིམ་པར་བསམས་ལ། བཅོམ་ལྡན་མགོན་པོ་རྡོ་རྗེ་ཚེ་དཔག་མེད༔ འཁོར་ལོ་བརྒྱུད་དེ་བདག་གི་སྙིང་གར་ཐིམ༔ འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་ཤོག༔ ཨཱ་ཡུརྫྙཱ་ན་བྷིནྡུ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཨཱ་ཡུརྫྙཱ་ན་སིདྡྷི་ཨཱཿབྷྲཱུྃ༔ ཞེས་པའང་ཅི་ནུས་བཟླ། དེ་ནས། དགེ་བ་འདི་ཡིས་མྱུར་དུ་བདག །ཚེ་དཔག་མེད་མགོན་འགྲུབ་གྱུར་ནས། །ཞེས་སོགས་བསྔོ་སྨོན་དང་། འཇིག་རྟེན་འདྲེན་པའི་སོགས་ཤིས་བརྗོད་ཇི་ལྟར་རིགས་པ་བྱའོ། །འདིའི་རྒྱུན་གྱི་རྣལ་འབྱོར་ལ་ཐོ་རངས་སྔ་བར་གོང་དུ་བཤད་པའི་མངོན་རྟོགས་གསལ་བཏབ་ལ་སྔགས་བརྒྱ་རྩ་རེ་མ་ཆག་པ་དང་། འཆི་ལྟས་སོགས་བྱུང་བའི་ཚེ་སྟོང་རྩ་རེ་བཟླས་པས་དུས་མ་ཡིན་པའི་འཆི་བ་ཐམས་ཅད་ཟློག་པར་གསུངས་སོ། ༈ །བསྙེན་པ་བྱེད་ན། ར་བ་བཞི་གང་ཡང་རུང་བའི་ཡར་ངོའི་གཟའ་སྐར་བཟང་པོ་འཛོམས་པའི་ཐོ་རངས་ཤིག་ནས་འགོ་བརྩམ་སྟེ་ཁ་ཤར་དུ་ཕྱོགས་པས་བསྒོམ་བཟླས་ལ་འབད། སྔགས་བཞི་འབུམ་མམ་རྨི་ལམ་དགེ་བ་སོགས་ཀྱི་རྟགས་མ་བྱུང་བར་དུ་བཟླ། དེ་ཡང་སྤྲོས་པ་ལ་མི་དགའ་ན་མདུན་བསྐྱེད་ཀྱི་རྟེན་མཆོད་སོགས་གང་ཡང་མི་དགོས་ཤིང་། འདི་ཁོ་ན་ལྟར་ཉམས་སུ་བླངས་པས་དོན་འགྲུབ། སྤྲོ་ན་མདུན་རྟེན་ཚེ་བུམ་སོགས་དབང་ཆོག་ལྟར་བཤམ། མཆོད་པ་བྱིན་རླབས་སྔོན་དུ་འགྲོ་བས་སྐྱབས་སེམས་ནས་བཟླས་པའི་བར་གོང་ལྟར་ལ། བདེ་བ་ཅན་ནས་སྤྱན་དྲངས་པའི་ཡེ་ཤེས་པ་མདུན་གྱི་ཚེ་བུམ་དང་དབྱེར་མེད་དུ་བཞུགས་པར་བསམ་པ་ཙམ་ཁྱད་པར་རོ། །བཟླས་པའི་མཇུག་ཏུ་མཆོད་ཅིང་བསྟོད། བདག་མདུན་གྱི་ཐུགས་ཀའི་འོད་ཀྱིས་འཁོར་འདས་བརྟན་གཡོའི་ཚེ་བཅུད་ཐམས་ཅད་བསྡུས། བདག་དང་སྒྲུབ་རྫས་ལ་ཐིམ་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམ་ལ། ཧཱུྃ༔ བཅོམ་ལྡན་མགོན་པོ་སོགས་ཚེ་འགུགས་བྱ། དེ་ནས། ཧཱུྃ༔ སྐྱེ་འཆི་གཉིས་སྤངས་སོགས་གསོལ་འདེབས་མན་དཀྱུས་ལྟར་ཉམས་སུ་བླང་། གྲོལ་ཁར་གསོལ་འདེབས་ཀྱི་རྗེས་སུ་ཚེ་དབང་བདག་འཇུག་གི་ཚུལ་དུ་བླང་། དངོས་གྲུབ་ཀྱི་རྫས་ལ་ལོངས་སྤྱོད། བསྔོ་སྨོན་ཤིས་བརྗོད་རྒྱས་པར་བྱའོ། །གཞན་ཡང་སྨན་གྱི་བཅུད་ལེན་དང་། ནམ་མཁའ་ཟས་སུ་ཟ་བ་དང་། འཁོར་ལོའི་སྒོ་ནས་ཚེ་སྲིང་བའི་མན་ངག་སོགས་ནི་གཏེར་གཞུང་རྩ་བ་ལས་ཤེས་ཤིང་། དེ་ལྟར་རྒྱུན་དང་དུས་ཀྱི་ཉམས་ལེན་ལ་བརྩོན་པའི་ཕན་ཡོན་ཀྱང་གཞུང་ལས། ཚེ་སྒྲུབ་ལྕགས་ཀྱི་སྡོང་པོ་འདི༔ ཐོ་རངས་སྔ་དྲོ་དང་པོ་ལ༔ ཏིང་འཛིན་གསལ་བས་བརྒྱ་རྩ་བཟླས༔ ཚེ་ཟད་མཐའ་ལ་ཐུག་པ་ཡང༔ འདི་བསྒྲུབ་ལོ་བརྒྱ་ངེས་པར་ཐུབ༔ དུས་གསུམ་རྒྱལ་བའི་གདུང་འཛིན་དེས༔ འདི་ཡི་ཡོན་ཏན་བརྗོད་མི་ལང༔ ཕ་རོལ་ཕྱིན་བཅུ་ས་ལམ་བགྲོད༔ བདེ་བ་ཅན་གྱི་ཞིང་དུ་སྐྱེ༔ ཞེས་ཆེས་ཆེར་བསྔགས་པ་ལྟར། ལམ་ཟབ་མོ་འདི་ལ་བརྟེན་ནས་གྲུབ་ཆེན་ཐང་སྟོང་རྒྱལ་པོ་སོགས་འཆི་མེད་ཀྱི་དངོས་གྲུབ་བརྙེས་པ་མང་དུ་བྱོན་པས་བྱིན་རླབས་ཀྱི་ཚན་ཀ་གཞན་ལས་ཁྱད་པར་དུ་འཕགས་པའོ། །ཞེས་པའི་རྒྱུན་ཁྱེར་འདི་ནི་ངེད་རང་གི་ཟླ་བོ་འགགས་པ་བསོད་ནམས་དར་གྱིས་བསྐུལ་ངོར་ས་སྐྱ་པ་ཀུན་དགའ་བཀྲ་ཤིས་ཀྱིས་མོན་མཚམས་ཤོ་སྨུག་སྒར་ཆེན་དུ་རྒྱུན་གྱི་ཁ་ཏོན་དུ་བསྒྲིགས་པ་དགེ་ལེགས་འཕེལ། སླར་ཡང་བསྙེན་ཐབས་སོགས་བསྣན་ནས་ཤིན་ཏུ་གསལ་བར་བྲིས་པ་སརྦ་སཏྭཱ་བཛྲ་ཨཱ་ཡུ་སྭིདྡྷི་རསྟུ། མངྒ་ལཾ་བྷ་བ་ཏུ།།  །།
</div></onlyinclude>
</div></onlyinclude>
{{TsagliCall}}
{{TsagliCall}}

Latest revision as of 17:44, 14 February 2019

བྱང་གཏེར་ལྕགས་སྡོང་མ་ལྷ་མང་གི་དབང་ཆོག་འཆི་མེད་གྲུབ་པའི་ས་བོན་

byang gter lcags sdong ma lha mang gi dbang chog 'chi med grub pa'i sa bon

by  ངག་དབང་ཀུན་དགའ་བློ་གྲོས་ (Ngawang Kunga Lodrö)
revealed by  རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་ (Rigdzin Gödem)
in cycle  ཚེ་སྒྲུབ་ལྕགས་སྡོང་མ་ (Tshe sgrub lcags sdong ma)
parent cycle  བྱང་གཏེར་ (Byang gter)
Volume 19 (ཛ) / Pages 267-292 / Folios 1a1 to 13b2

[edit]

༄༅། །བྱང་གཏེར་ལྕགས་སྡོང་མ་ལྷ་མང་གི་དབང་ཆོག་འཆི་མེད་གྲུབ་པའི་ས་བོན་བཞུགས་སོ།། སེ་བཀྲ་བཟང་གི་ཕྱག་བཞེས།། ན་མོ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་ཡ། བྱང་གཏེར་ལྕགས་སྡོང་མར་ལྷ་གཅིག་བུམ་གཅིག་གི་དབང་མ་གཏོགས་ཆེར་མ་བཤད་ཀྱང་། ཚེ་དབང་ཡོངས་རྫོགས་དང་ཁོག་བསྒྲིགས་པའི་གཏེར་སྟོན་དངོས་ཀྱི་ཕྱག་ལེན་བཀྲ་བཟང་པ་ཆོས་སྐྱོང་བསོད་ནམས་ཀྱི་གསུང་རྒྱུན་བཞིན། ཚར་ཆེན་བློ་གསལ་རྒྱ་མཚོ་ཡབ་སྲས་གཉིས་ཀ་ལ་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་ལན་མང་དུ་གསན་པའི་གསུང་རྒྱུན་ཁོ་ན་བཞིན། མཁན་ཆེན་ཞྭ་ལུ་པ་རིན་ཆེན་བསོད་ནམས་མཆོག་གྲུབ་ཀྱིས་གཏེར་གཞུང་དངོས་ལ་ཆོ་གའི་སྒྲིག་རིམ་ཀ་བརྡ་ཅན་དང་། དེར་མ་འཐུས་པའི་གསུང་རྒྱུན་ཕྱག་ལེན་རྣམས་མཆན་དུ་གནང་བ་དེ་ཉིད་རྟོགས་སླ་ཞིང་ཡི་གེ་ཉུང་བའི་ཕྱིར་འདིར་ནག་འགྲོས་སུ་འགོད་ན། འཆི་མེད་གྲུབ་པའི་ས་བོན་ལྕགས་སྡོང་མའི་དབང་བསྐུར་ཚུལ་ལ། གྲུབ་ན་ཡར་ངོའི་ཚེས་གྲངས་གཟའ་སྐར་བཟང་པོ་དང་། དེ་མིན་སྐབས་སུ་གང་བབས་ཞིག་ལ་གནས་གཙང་མར་སྟེགས་བུ་ཁེབས་སོགས་ཀྱི་ཁེབས་ཅན་འབྲུ་བཀྲམ་པ་ལ་རྡུལ་ཚོན་ནམ། རས་གཞི་སོགས་ལ་བྲིས་པའི་པདྨ་འདབ་བརྒྱད་སྔོན་པོའི་སྟེང་མཉྫིའི་ཁར་བུམ་པ་གས་ཆག་མེད་པའི་ནང་གཡས་རུའི་གཙང་ཆེན་ནམ། རྒྱུན་འབབས་ཀྱི་ཆུ་གཙང་མས་སུམ་གཉིས་བཀང་བར་བུམ་རྫས་ཉེར་ལྔ། བདུད་རྩི་རིལ་བུ། ཆོས་སྨན་སོགས་བཏབ། དར་རས་ཁ་དོག་གང་རུང་བུག་རལ་ཚིག་སྐྱོན་མེད་པས་མགུལ་བཅིངས་པའི་ཁར། གཞི་ཟན་གཙང་མའམ་ཐུད་གཙང་མ་ལ་རྟེན་འབྲེལ་གྱི་རྫས་བྲག་ཞུན་གྱི་གྲས་ལྕགས་ཞུན། ཅོང་ཞིའི་གྲས་ཅོང་ཞི་དམར་པོ། བུར་དཀར། གྲོག་མ་སྦྲང་མར་སོང་བའི་སྦྲང་རྩི། དབྱར་གུང་གི་འབྲི་མར་ཏེ་དྭངས་མ་ལྔ་དང་། ཤུག་པའི་འབྲས་བུ། བ་ལུ་དཀར་པོའི་མེ་ཏོག །ལུག་མཚེ། མཁན་པ་དཀར་པོ་སྟེ་རྩི་བཞི་རྣམས་བསྲེས་ན་ལེགས་ཏེ། འདི་རྣམས་སྨན་གཞུང་ལས་ལུས་དང་ཚེའི་གསོས་སུ་གསུངས་པས་རྩི་བཞི་དྭངས་མ་ལྔའི་སྨན་མར་བསྒྲུབས་པ་ཡོད་ཚེ་དེ་བསྲེས་པས་གོ་ཆོད་ཅིང་བྱིན་རླབས་ཆེ་བ་དང་། གཞན་ཡང་གོང་དུ་བཤད་པའི་བདུད་རྩི་རིལ་བུ་ཆོས་སྨན་སོགས་བྱིན་རྟེན་ཡིད་ཆེས་པ་ལས་གྲུབ་པའི་ཚེ་བུམ་བུམ་གཟུགས་ཟླུམ་པོ་རྩི་དམར་རྩེ་རྒྱན་ཅན་བཞག དེའི་གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང་། མདུན་དུ་ཟླུམ་གཏོར་གཉིས། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ཕྲེང་ཚར། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ་འཐོར་ནས། ཚེ་མདའ་ཚེ་གཡུ་མེ་ལོང་ཅན་དར་ཚོན་སྣ་ལྔའམ་དམར་པོས་བརྒྱན་པ། སློབ་མ་ལ་དགོས་པའི་མཎྜལ་འབྲུ་བཅས། ཆབ་བུམ་རྣམས་བཤམ་མོ། །ཆོ་གའི་རིམ་པ་ནི། མཆོད་པ་རྣམས་ལ་དམིགས་ནས། གཡས་རྡོ་རྗེ་ཐུགས་ཀ་དང་གཡོན་དྲིལ་བུ་རྒྱུན་ཆགས་སུ་དཀྲོལ་ལ། ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་ཨཱཿཧཱུྃ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ་ནས། ཤབྡའི་བར་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ། མདུན་གྱི་ནམ་མཁར་བླ་མ་ཚེ་དཔག་མེད་བཞུགས་པ་ལ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པའི་བསམ་པས། བདག་དང་ཁམས་གསུམ་སེམས་ཅན་རྣམས༔ ལོག་པའི་ལམ་ལས་ལྡོག་ནས་ཀྱང༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ ཉོན་མོངས་དབང་གྱུར་སྡུག་བསྔལ་ལས༔ ཐར་བར་བྱ་ཕྱིར་སེམས་བསྐྱེད་དོ༔ ལན་གསུམ། དང་པོ་སྟོང་པའི་ངང་ཉིད་ལས༔ ལྕགས་ཀྱི་པདྨ་འདབ་བརྒྱད་གདན༔ དེ་སྟེང་བདག་ཉིད་འོད་དཔག་མེད༔ སྐུ་མདོག་དམར་པོ་སྐྱིལ་ཀྲུང་བཞུགས༔ སྤྲུལ་སྐུའི་ཆ་བྱད་དར་ཆོས་མནབས༔ ཕྱག་གཉིས་མཉམ་གཞག་ཚེ་བུམ་འཛིན༔ སྐུ་ཆེ་ཡན་ལག་ཧྲག་པའི་ཚད༔ ཕྲག་པ་གཡས་གཡོན་ཉི་ཟླ་འཆར༔ དྭངས་མ་འོད་ལྔའི་རྒྱབ་ཡོལ་ཅན༔ ཁོང་པའི་ནང་གནས་བག་ཆགས་ཀྱི༔ སྙིགས་མ་གདོས་བཅས་ཐམས་ཅད་སྦྱངས༔ འཆི་མེད་ཚེ་ཡི་བདུད་རྩིས་གང༔ རཱ་ག་དམར་པོའི་མདོག་ལྟར་གསལ༔ སྤྱི་བོའི་གཙུག་ནས་གསང་གནས་བར༔ ལྕགས་ཀྱི་སྲོག་རྩ་སྨྱུག་དོང་ཙམ༔ ཀ་བ་བཙུགས་པ་ལྟ་བུར་བསམ༔ ནང་ནི་སྟོང་པ་འོད་གསལ་དྭངས༔ ཁ་དོག་ལྔར་གསལ་འོད་ཟེར་འབར༔ སྲོག་རྩའི་ཕྱི་ན་སྔགས་ཀྱི་འབྲུ༔ དུང་མདོག་ཟིལ་ཆགས་ལྟ་བུར་བསམ༔ བདེ་བ་ཅན་ནས་ཡེ་ཤེས་སེམས༔ རང་འདྲ་སྤྱན་དྲངས་མཁའ་ལ་བཞུགས༔ བུམ་པའི་ནང་ནས་ཚེ་བཅུད་ལུད༔ བདག་གི་ཚངས་བུག་ནང་དུ་བབས༔ དབང་བསྐུར་ལྷ་དང་དབྱེར་མེད་གྱུར༔ ལྷ་དང་སྲོག་རྩའི་བདུད་རྩི་ལས༔ འོད་འཕྲོས་གསལ་འཚེར་མདངས་དང་ལྡན༔ ཐོ་རངས་སྔགས་འདི་བརྒྱ་རྩ་བཟླ༔ ཞེས་བརྗོད་ལ་ཕྲེང་བ་བཟུང་སྟེ། ཨོཾ་ཨཱཿཧཱུྃ༔ ན་མོ་བྷ་ག་བ་ཏེ༔ ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན༔ སུ་བི་ནིཤྩིཏ་ཏེ་ཛོ་རཱཱ་ཛཱ་ཡ༔ ཏ་ཐཱ་ག་ཏཱ་ཡ༔ ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ༔ ཏདྱ་ཐཱ༔ ཨོཾ་སརྦ་སཾསྐཱ་ར་པ་རི་ཤུདྡྷ༔ དྷརྨ་ཏེ་ག་ག་ན་ས་མུཏྒ་ཏེ༔ སྭ་བྷཱ་ཝ་བི་ཤུདྡྷེ༔ མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ༔ ནྲྀ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཨཱ་ཡུརྫྙཱ་ན་སིདྡྷི་ཨཱཿབྷྲཱུྃ༔ ཞེས་བཟླས་པ་ཕྲེང་སྐོར་སོགས་ཅི་རིགས་ཀྱི་རྗེས་སུ། ཏིང་འཛིན་སྔགས་ཀྱི་འོད་ཟེར་ནི༔ ལྕགས་ཀྱུ་ལྟ་བུས་སྣོད་བཅུད་གང༔ སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི༔ ཐུགས་རྗེའི་བྱིན་རླབས་དངོས་གྲུབ་བསྡུས༔ ཕྱོགས་སྐྱོང་མཁའ་འགྲོ་སྡེ་བརྒྱད་ཀྱི༔ རྫུ་འཕྲུལ་ཚེ་བཀྲག་གཟི་མདངས་འཕྲོག༔ རི་རབ་གླིང་བཞི་གླིང་ཕྲན་སོགས༔ གསེར་གྱི་རི་བདུན་རོལ་མཚོ་དང༔ རྩི་ཤིང་ནགས་ཚལ་རཏྣའི་ཚོགས༔ འབྱུང་བ་ལྔ་ཡི་དྭངས་མ་དང༔ ལྷ་ཀླུ་མི་ཡི་དབང་ཐང་དང༔ བསོད་ནམས་དངོས་གྲུབ་ཐམས་ཅད་བསྡུས༔ བདུད་རྩིའི་འོད་ཟེར་ཆར་ལྟར་བབས༔ ཐམས་ཅད་མ་ལུས་བདག་ལ་བསྟིམ༔ བདག་ལུས་བདུད་རྩིས་གང་བར་བསམ༔ སྟོང་གསལ་འོད་ཀྱི་ཕུང་པོར་གྱུར༔ ཅེས་བརྗོད། དེ་ནས། མདུན་གྱི་ཚེ་བུམ། བུམ་པ། ཚེ་རིལ། ཚེ་ཆང་ཐམས་ཅད་ཤཱུནྱ་ཏཱས་སྦྱང་། དང་པོ་སྟོང་པའི་ནས། བཟླས་པའི་བར་བདག་བསྐྱེད་བཞིན་ལ། དེ་སྟེང་ཚེ་རྫས་འོད་དཔག་མེད༔ཅེས་བསྒྱུར། བཟླས་པ་མང་དུ་བྱས་མཐར། ཏིང་འཛིན་སྔགས་ཀྱི་འོད་ཟེར་ནི༔ ཞེས་སོགས་གོང་བཞིན་ལ། ཐམས་ཅད་ཚེ་རྫས་ལྷ་ལ་ཐིམ༔ དེ་རྣམས་སྐུ་ལུས་བདུད་རྩིས་གང༔ སྟོང་གསལ་འོད་ཀྱི་སྐུ་རུ་གྱུར༔ ཅེས་དང་། རྡོ་རྗེ་དང་བཅས་པས་ཚེ་མདའ་གཡབ་དྲིལ་བུ་གསིལ་ཞིང་། ཧཱུྃ༔ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ འབྱུང་བ་ལྔ་ལ་དབང་སྒྱུར་ལྷ་མོའི་ཚོགས༔ རྣལ་འབྱོར་བདག་གི་ཚེ་དང་གཡང་སྤེལ་ཅིག༔ སྟེང་འོག་ཕྱོགས་བཅུ་སྣོད་ཀྱི་འཇིག་རྟེན་ལ༔ བྲོས་དང་འཁྱམས་དང་ཡར་བའི་ཚེ་ཁུག་ཅིག༔ སྟོང་ཕྲག་བརྒྱད་ཅུ་བགེགས་ཀྱི་ཚོགས་རྣམས་ཀྱིས༔ བརྐུས་དང་ཕྲོགས་དང་གཞོམ་པའི་ཚེ་ཁུག་ཅིག༔ འབྱུང་བ་དགྲ་གཤེད་འཁྲུགས་པའི་ལས་སྦྱོར་གྱིས༔ ཉམས་དང་ཟད་དང་འཐོར་བའི་ཚེ་གསོས་ཤིག༔ ཡེད་ཀྱིས་དངངས་དང་ཧད་ཀྱིས་བརྒྱལ་བ་དང༔ འུད་ཀྱིས་འདྲོགས་པའི་ཚེ་དང་གཡང་གསོས་ཤིག༔ ཚེ་ཁུག་གཡང་སྐྱོབས་བདག་ལ་དངོས་གྲུབ་སྩོལ༔ འབྱུང་བ་འོད་ལྔ་འབར་བའི་ཚེ་བཅུད་སྟིམས༔ འཆི་མེད་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ༔ ཅེས་བརྗོད་དོ། །མཆོད་པ་རྣམས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཞེས་སོགས་འོག་མ་རྣམས་ལའང་ཤེས་པར་བྱས་ལ་རོལ་མོའི་བར་གྱིས་མཆོད། འོག་ནས་འབྱུང་བའི་བསྟོད་པས་བསྟོད། བསྡུ་ན་འདིས་ཆོག །སྤྲོ་ན་རབ་འབྱམས་རྒྱ་མཚོ་སོགས་ཚིགས་བཅད་དང་། སྣ་བདུན། འདོད་ཡོན་ལྔ་རྣམས་སྤྱི་འགྲེ་བཞིན་ལ། མོས་བློས་ཚེ་དཔག་མེད་ལ་བདག་འབུལ་ན། །ཞེས་ཚིག་བསྒྱུར། འཇིག་རྟེན་འདྲེན་པའི་སོགས་བསྟོད་པ་གང་ཤེས་ཀྱིས་བསྟོད། གཏོར་མ་གཉིས་ལ་དམིགས་ནས། ཨོཾ་བཛྲ་ཨ་མྲྀཏ་སོགས། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེའི་གཏོར་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གཏོར་མ་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ཨོཾ་ཨ་ཀཱ་རོ་ནས་སྭཱ་ཧཱ། ལན་གསུམ། མགོན་པོའི་ཞལ་ནས་འོད་ཀྱི་སྦུ་གུ་བྱུང་ནས་གསོལ་་བར་གྱུར། ཨོཾ་ཏདྱ་ཐཱ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ཧྲཱིཿཧཱུྃ་བྷྲཱུྃ་སྭཱ་ཧཱ། ན་མཿསརྦ་ཏ་ཐཱ་ག་ཏ་ནས་། ཨི་མཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ། ལན་གསུམ། ཨོཾ་ཨཱ་ཧ་ར་ནས་ཤབྡའི་བར་གྱིས་མཆོད། འཇིག་རྟེན་འདྲེན་པའི་སོགས་ཀྱིས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ལྷ་ཚོགས་རྣམས་ཀྱིས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། ཡང་གཏོར་མ་གཅིག་འབྲུ་གསུམ་དང། ཨ་ཀཱ་རོས་བྱིན་གྱིས་བརླབས་ལ། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་བྷཱུ་མི་པ་ཏཱི་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿ ཞེས་ཧཱུྃ་མཛད་ཀྱི་ཕྱག་རྒྱ་ལས་མཛུབ་མོ་གཉིས་བཀུག་པས་ཕྱོགས་སྐྱོང་དང་གཞི་བདག་དབང་ཐོབ་པ་རྣམས་བཀུག །རྡོར་ཐལ་སེ་གོལ། གོང་གི་སྔགས་ལ། ཨ་ཀཱ་རོ་བཏགས་པས་གཏོར་མ་ཕུལ། དྲིལ་གསིལ་དང་བཅས། མཆོད་སྦྱིན་གཏོར་མ་ནས། ཀུན་འགྲུབ་ཤོག །གི་བར། དེ་ནས་བདག་འཇུག་ནི་ཐལ་མོ་སྦྱར་ལ། ཧཱུྃ༔ སྐྱེ་འཆི་གཉིས་སྤངས་བདེ་བ་ཆེན་པོའི་སྐུ༔ མི་འགྱུར་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ༔ འབྱུང་བ་ལྔ་འདུས་གསལ་འཚེར་བརྟན་པའི་སྐུ༔ ཐུན་མོང་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ༔ ལན་གསུམ། བུམ་པ་དང་གཏོར་མ་རང་གི་སྤྱི་བོར་ལྷན་ཅིག་ཏུ་བཞག་ལ། ཧཱུྃ༔ བཅོམ་ལྡན་མགོན་པོ་སོགས་གོང་གི་ཚེ་འགུགས་དང་། ཚེ་གཟུངས་བརྗོད། མགྲིན་པ་དང་། སྙིང་གར་རེག་ལ་ཚེ་གཟུངས་ཚར་རེ་བརྗོད་མཐར། བཅོམ་ལྡན་མགོན་པོ་རྡོ་རྗེས་ཚེ་དཔག་མེད༔ འཁོར་ལོ་བརྒྱུད་ནས་བདག་གི་སྙིང་གར་ཞུགས༔ འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་ཤོག༔ ཅེས་བུམ་ཆུ་བཏུང་། དྲིལ་བུ་གསིལ་ཞིང་མེ་ཏོག་གཏོར། བདག་གི་ཚེ་མི་ཤིགས་པའི་རྡོ་རྗེ་ལྟར་གྱུར་ཅིག །མི་འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག །མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག །སྐྱེ་མེད་ཀྱི་ཡེ་ཤེས་སུ་གྱུར་ཅིག །ཚེ་དབང་དུ་གྱུར་ཅིག །དབང་དངོས་གྲུབ་ཏུ་གྱུར་ཅིག །བདུད་ལས་རྒྱལ་བར་གྱུར་ཅིག །སྐྱེ་ཤི་མེད་པར་རྡོ་རྗེའི་ལུས་ཐོབ་པར་གྱུར་ཅིག །སུ་པྲ་ཏིཥྛ་སོགས། འཇིག་རྟེན་འདྲེན་པའི་སོགས། ལོ་བརྒྱ་ཐུབ་ཅིང་སོགས་བཀྲ་ཤིས་བརྗོད། མཆོད་ཁ་དང་གཏོར་ཁ་གསོ། སླར་ཡང་མདུན་བསྐྱེད་མངོན་རྟོགས་ལྟར་གསལ་བཏབ་སྟེ། བཟླས་པ་ཅི་རིགས། མཆོད་བསྟོད་གཏོར་མའི་བར་གོང་བཞིན་བྱ། སློབ་མ་ཁྲུས་བྱས། ཕྱག་དང་ཡོན་ཕུལ་གྲལ་ལ་འཁོད་ནས། མེ་ཏོག་བཀྱེ་བསྡུ་ཚར་བ་དང་། སློབ་དཔོན་གྱིས་སེམས་བསྐྱེད་གསལ་བཏབ། དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་གདུལ་བྱ་རྣམས་ཀྱི་ཁམས་དང་བསམ་པ་དང་བག་ལ་ཉལ་མ་ལུས་པ་དགོངས་ནས། ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་གསུངས་པ་ཐམས་ཅད་བསྡུ་ན་ཐེག་པ་ཆེ་ཆུང་གཉིས་སུ་གསུངས་པ་ལས་ཐེག་པ་ཆེན་པོ་ཡིན་ཞིང་། ཐེག་པ་ཆེན་པོ་འདི་ཉིད་ཆེན་པོ་བདུན་གྱི་སྒོ་ནས་ཁྱད་པར་དུ་འཕགས་པ་ཡིན་ཏེ། རྗེ་བཙུན་བྱམས་པ་མགོན་པོས་མདོ་སྡེ་རྒྱན་ལས། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང་། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང་། །ཐབས་ལ་མཁས་པར་གྱུར་པ་དང་། །ཡང་དག་སྒྲུབ་པ་ཆེན་པོ་དང་། །སངས་རྒྱས་ཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་འདི་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཞེས་གསུངས་པ་ལྟར་ཆེན་པོ་བདུན་གྱི་སྒོ་ནས་ཁྱད་པར་འཕགས། ཐེག་པ་ཆེན་པོ་ལ་ཡང་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་སུ་ཡོད་པ་ལས་སྔགས་ཀྱི་ཐེག་པ་ཡིན། དེ་ལ་ཡང་གསང་སྔགས་སྔ་འགྱུར་རྙིང་མ་དང་། ཕྱི་འགྱུར་གསར་མའི་ལུགས་གཉིས་སུ་ཡོད་པ་ལས་སྔ་འགྱུར་རྙིང་མའི་ལུགས་ཡིན་ཞིང་། དེ་ལ་ཡང་ལུགས་སྲོལ་མི་འདྲ་བ་བསམ་གྱིས་མི་ཁྱབ་པ་ཡོད་པའི་ནང་ནས། འདིར་རྒྱལ་བའི་རྒྱལ་ཚབ་དམ་པ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཉིད་འགྲོ་བའི་དོན་དུ་སིནྡྷུར་རྒྱ་མཚོའི་གླིང་དུ་མེ་ཏོག་པདྨའི་སྡོང་པོ་ལས་སྤྲུལ་པའི་སྐུའི་སྣང་བརྙན་ཤར་བ་ནས་ཉེ་བར་བཟུང་སྟེ། གང་ལ་གང་འདུལ་གྱི་ངོ་མཚར་བའི་མཛད་པ་ཇི་སྙེད་བསྟན་པའི་རྣམ་ཐར་བསམ་གྱིས་མི་ཁྱབ་པ་ཞིག་མངའ་བ་ལས། འདིར་སྐབས་སུ་བབ་པ་ནི། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞེས་བྱ་བ་སྐུུ་ལ་སྐྱེ་འཆི་བགྲེས་རྒུད་འདས་གྲོངས་མི་མངའ་བར་འཆི་མེད་ཚེ་ཡི་དངོས་གྲུབ་བརྙེས་པའི་ཚུལ་ནི། བྲག་ཕུག་མཱ་ར་ཏི་ཀ་ཞེས་པ་ཟླ་གམ་གྱི་དབྱིབས་སུ་ཡོད་པ། དེའི་ལོགས་ཐམས་ཅད་ཙནྡན་གྱི་ནགས་ཚལ་འཐུག་པོར་སྐྱེས་པ། དུས་གསུམ་དུ་མེ་ཏོག་གི་ཆར་ཆེན་པོ་འབེབ་བཞིན་པ། འཕགས་པ་རིགས་གསུམ་མགོན་པོས་བྱིན་གྱིས་བརླབས་པའི་གནས་ཀྱི་མཆོག་དེ་ཉིད་དུ་ཟ་ཧོར་རྒྱལ་རིགས་ལས་བྱུང་བའི་ལྷ་ལྕམ་མནྡཱ་ར་བ་ཉིད་སྒྲུབ་རྟེན་ལས་ཀྱི་ཕྱག་རྒྱ་མཛད་དེ། འཆི་མེད་ཚེའི་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བར་མཛད་པའི་ཚེ། མགོན་པོ་ཚེ་དཔག་ཏུ་མེད་པ་ཞི་ཁྲོ་རབ་འབྱམས་ཀྱི་རང་ཞལ་སྒྲིབ་མེད་མངོན་སུམ་དུ་གཟིགས་ཏེ་ཡབ་ཡུམ་གཉིས་ཀ་འཆི་མེད་གཞོམ་གཞིག་དང་བྲལ་བའི་སྲ་བརྟན་རྡོ་རྗེའི་སྐུར་གྱུར་ཏེ་ཡོ་ག་ཚེའི་རིག་འཛིན་བརྙེས་པར་མཛད་པ་ཡང་། མ་ཧཱ་གུ་རུ་ཉིད་ཀྱི་གསུང་གི་སྤྲུལ་པའི་སྐུ་རི་ཁྲོད་པ་བཟང་པོ་གྲགས་པས་གཏེར་ནས་སྤྱན་འདྲེན་པར་མཛད་པའི་རྣམ་ཐར་གསོལ་འདེབས་ལས། བྲག་ཕུག་མཱ་ར་ཏི་ཀའི་ཀེའུ་ཚང་དུ༔ འཆི་མེད་ཚེ་ཡི་རིག་འཛིན་སྒྲུབ་པའི་ཚེ༔ མགོན་པོ་ཚེ་དཔག་མེད་ཀྱིས་བྱིན་གྱིས་བརླབས༔ སྐྱེ་འཆི་མེད་པ་རྡོ་རྗེའི་ལུས་སུ་གྱུར༔ ཞེས་གསུངས་པ་དང་། ཐུགས་གཏེར་འཁོར་འདས་རང་གྲོལ་ལས། མཱ་ར་ཏི་ཀའི་བྲག་ཕུག་ཏུ༔ འཆི་མེད་ཚེའི་རིག་འཛིན་བསྒྲུབས༔ ཚེ་དཔག་མེད་ཀྱིས་བྱིན་གྱིས་བརླབས༔ སྐྱེ་འཆི་མེད་པའི་རྡོ་རྗེར་གྲུབ༔ ཅེས་གསུངས་པ་ལྟར་ཚེ་སྒྲུབ་ལྕགས་ཀྱི་སྡོང་པོ་འདི་ཉིད་ལ་བརྟེན་ནས་སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་ཐོབ་པ་ཡིན་ཅིང་། དེ་ཉིད་ཕྱི་རབས་སེམས་ཅན་གྱི་དོན་དུ་བྲག་རི་དུག་སྦྲུལ་སྤུངས་འདྲའི་སྐེད་དུ་སྦ་བར་མཛད་པ་དེ་ཉིད་ཨོ་རྒྱན་ཉིད་ཀྱི་སྤྲུལ་པ་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བྱང་ཟང་ཟང་ལྷ་བྲག་གི་ནུབ་ཟངས་མཛོད་དམར་པོ་ནས། བླ་མ་ཚེ་དཔག་མེད་ཀྱི་སྐོར་དང་དཔལ་རྟ་མགྲིན་གྱི་སྒྲུབ་སྐོར་རྣམས་ཕྱུང་བ་ལས། བླ་མ་ཚེ་དཔག་མེད་ཀྱི་སྐོར་ཡིན་ཏེ། འདི་ཉིད་རང་གི་གཏེར་ཡིག་ནང་ལས། སྔ་དྲོ་ཐོ་རངས་དང་པོ་ལ༔ ཏིང་འཛིན་གསལ་བས་བརྒྱ་རྩ་བཟླ༔ ཚེ་ཟད་མཐའ་ལ་ཐུག་པ་ཡང༔ འདི་སྒྲུབ་ལོ་བརྒྱ་འཚོ་བར་ངེས༔ ཞེས་གསུངས་པ་ལྟར་བྱིན་རླབས་ཅན་གྱི་ཚེ་དབང་འབུལ་བར་བྱེད་པ་ལ་སློབ་དཔོན་གྱི་བྱ་བ་ནི། གཏེར་གཞུང་ལས། ཡར་ངོའི་དུས་དང་གཟའ་སྐར་བཟང་པོ་ལ༔ ས་གཙང་བཀྲ་ཤིས་དབེན་པའི་གནས་བཙལ་ཏེ༔ འབྲུ་སྤོས་སྨན་དང་རཏྣ་སྙིང་པོ་ལྔ༔ རྒྱུན་ཆད་མེད་པའི་ཆུ་ཡིས་བུམ་པ་བཀང༔ གཙང་མའི་གོས་དཀྲིས་དཔག་བསམ་སྡོང་པོས་བརྒྱན༔ ཞེས་གསུངས་པ་ལྟར་ཚེའི་སྒྲུབ་རྟེན་མ་ཉམས་པ་དབང་གི་ཡོ་བྱད་འོས་པ་རྣམས་ཕྱག་ལེན་བཞིན་ལེགས་པར་བཤམས་ཏེ། ཇི་ལྟར་སྒྲུབ་པའི་ཚུལ་ཡང་། སློབ་དཔོན་གྱིས་བདག་བསྐྱེད་བཟླས་པ་དང་བཅས་པ། མདུན་གྱི་ཚེ་བུམ། བུམ་པ། ཚེ་རིལ། ཚེ་ཆང་རྣམས་ལྷར་བསྐྱེད་དེ་བཟླས་པ་བྱ་བ། འཁོར་འདས་ཀྱི་ཚེ་བཅུད་བསྡུ་བ། མཆོད་བསྟོད་གཏོར་མ་འབུལ་བ། རང་ཉིད་ཀྱིས་བདག་འཇུག་ལེན་པ་དང་། སླར་ཡང་མདུན་བསྐྱེད་གསལ་འདེབས་ཀྱིས་བཟླས་པ་མཆོད་བསྟོད་གཏོར་མ་འབུལ་བ་རྣམས་ད་ལན་བླ་མ་བརྒྱུད་པའི་ཕྱག་བཞེས་ཀྱི་གནས་སྐབས་སུ་འབྱུང་བ་བཞིན་ལེགས་པར་གྲུབ་པ་དེ་ཡིན། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་མཎྜལ་འབུལ་བ། གསོལ་བ་འདེབས་པ། སྐྱབས་འགྲོ་སེམས་བསྐྱེད་རྣམས་སྔོན་དུ་འགྲོ་དགོས་པས། ཐོག་མར་བླ་མ་དང་མགོན་པོ་ཚེ་དཔག་མེད་གཉིས་སུ་མེད་པ་ལ་ཚེ་དབང་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས། སྙིམ་པ་མེ་ཏོག་དང་བཅས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་གྱི་བར་དུ་མཛོད། ཧཱུྃ༔ སྐྱེ་འཆི་གཉིས་སྤངས་ཀྱིས་གསོལ་བཏབ་ལན་གསུམ། རྒྱུད་སྡོམ་ལྡན་དུ་བྱ་བའི་ཕྱིར་སློབ་དཔོན་མདུན་བསྐྱེད་ཚེ་དཔག་མེད་ལ་ཚེའི་རིག་འཛིན་བརྙེས་པའི་ལྷ་ཀླུ་དྲང་སྲོང་མཐུ་བོ་ཆེ་བསམ་གྱིས་མི་ཁྱབ་པས་བསྐོར་ཏེ་བཞུགས་པའི་སྤྱན་སྔར། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པའི་སྡོམ་པ་སྲུང་ཞིང་བཟུང་སྙམ་པས་འདིའི་རྗེས་ཟློས་མཛོད། བདག་དང་ཁམས་གསུམ་སེམས་ཅན་ལན་གསུམ། དངོས་གཞི་བྱིན་རླབས་ཀྱི་གཞི་བསྒྲུབ་པ་ལ། སློབ་དཔོན་ལ་མོས་གུས་བྱས་པས་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ལ་ཕོག །ཐུགས་ཀ་ནས་འོད་ཟེར་ཉི་མ་འབུམ་དུས་གཅིག་ཏུ་ཤར་བ་ལྟ་བུ་འཕྲོས། ལུས་ལ་ཕོག །ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་དུས་མིན་འཆི་བ་རྣམ་སྨིན་ཤ་ཁྲག་གི་བར་སྦྱངས། ལུས་འོད་ཀྱི་གོང་བུར་གྱུར། དེ་ཉིད་སློབ་དཔོན་གྱིས་སྭ་བྷཱ་བས་སྦྱང་། འོད་གསལ་སྟོང་ཉིད་ནམ་མཁའ་ལྟ་བུར་གྱུར། སྟོང་ཉིད་དེའི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་ས་ཕྱོགས་པདྨ་དབང་གི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་རྫོགས་པའི་ནང་དུ་ལྕགས་ཀྱི་པདྨ་འདབ་མ་བརྒྱད་པ། ལྟེ་བ་དང་འདབ་མ་རྣམས་ལ་ཟླ་བའི་དཀྱིལ་འཁོར་དཀར་བསིལ་ཉ་ཡོངས་སུ་གང་བ་རེ་རེ། དབུས་ཀྱི་གདན་གྱི་སྟེང་དུ་རང་སེམས་རྣམ་པར་ཤེས་པའི་ངོ་བོ་ཧྲཱིཿདམར་པོ་རིང་ཆ་ཚེག་དྲག་དང་བཅས་པ། དེ་ལས་འོད་ཟེར་འཕྲོས། འདུས། ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་རེ་རེ་བཞིན། བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལ་ཉི་མ་ཤར་བ་ལྟར་རབ་ཏུ་དྭངས་ཤིང་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། སྐུ་ལ་ཆོས་གོས་རྣམ་པ་གསུམ་དང་ལྡན་པ་སྤྲུལ་པའི་སྐུའི་ཆ་ལུགས་ཅན། སྐུ་ཆེ་ལ་ཡན་ལག་རགས་པ། ཕྱག་གཉིས་མཉམ་གཞག་གི་སྟེང་ན་འཆི་མེད་བདུད་རྩིས་གང་བའི་བུམ་པ་འཛིན་པ། ཕྲག་གོང་གཡས་གཡོན་དུ་ཉི་མ་དང་ཟླ་བ་ཤར་བས་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཐམས་ཅད་སེལ་བར་བྱེད་པ། དྭངས་མ་འོད་ལྔའི་རྒྱབ་ཡོལ་ཅན། སྣང་ལ་རང་བཞིན་མེད་པའི་སྐུ་ཅན་དུ་ལམ་གྱིས་གྱུར་པའི་མོས་པ་མཛོད། དེའི་ཕྱི་རོལ་གྱི་པད་འདབ་བརྒྱད་ལ། ཤར་དུ་བཛྲ་ཚེ་དཔག་མེད། ལྷོར་རཏྣ་ཚེ་དཔག་མེད། ནུབ་ཏུ་པདྨ་ཚེ་དཔག་མེད། བྱང་དུ་ཀརྨ་ཚེ་དཔག་མེད་རྣམས་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན་ཕྱག་མཉམ་གཞག་གི་སྟེང་ན་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་འཛིན་པ། ཤར་ལྷོར་སངས་རྒྱས་སྤྱན་མ། ལྷོ་ནུབ་ཏུ་མཱ་མ་ཀཱི །ནུབ་བྱང་དུ་གོས་དཀར་མོ། བྱང་ཤར་དུ་དམ་ཚིག་སྒྲོལ་མ་ཐམས་ཅད་ཀྱང་གཡས་པས་ཚེའི་མདའ་དར་འཛིན་ཅིང་། གཡོན་པས་ཚེའི་བུམ་པ་འཛིན་པ། དེའི་ཕྱི་རོལ་གྱི་པད་འདབ་དཀར་པོ་ཉིས་བརྒྱ་ལ་བསྐལ་བཟང་གི་སངས་རྒྱས་དཀར་པོ་ཉིས་བརྒྱ། དེའི་ཕྱི་རོལ་གྱི་པད་འདབ་སྔོན་པོ་ཉིས་བརྒྱ་ལ་བསྐལ་བཟང་གི་སངས་རྒྱས་སྔོན་པོ་ཉིས་བརྒྱ། དེའི་ཕྱི་རོལ་གྱི་པད་འདབ་སེར་པོ་ཉིས་བརྒྱ་ལ་བསྐལ་བཟང་གི་སངས་རྒྱས་སེར་པོ་ཉིས་བརྒྱ། དེའི་ཕྱི་རོལ་གྱི་པད་འདབ་དམར་པོ་ཉིས་བརྒྱ་ལ་བསྐལ་བཟང་གི་སངས་རྒྱས་དམར་པོ་ཉིས་བརྒྱ། དེའི་ཕྱི་རོལ་གྱི་པད་འདབ་ལྗང་གུ་ཉིས་བརྒྱ་ལ་བསྐལ་བཟང་གི་སངས་རྒྱས་ལྗང་གུ་ཉིས་བརྒྱ། གང་ལ་དབང་ལེན་པའི་ཡུལ་ནི། དབང་རྫས་རྣམས་དེ་དང་མཐུན་པའི་པདྨ་དབང་གི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་རྫོགས་པའི་ནང་དུ་རིན་པོ་ཆེ་ཟུར་བརྒྱད་པའི་དབུས་སུ། ལྕགས་ཀྱི་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བའི་གདན་དཀར་བསིལ་ཉ་ཡོངས་སུ་གང་བའི་སྟེང་དུ་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སློབ་མ་ལ་བསྐྱེད་པ་ལྟ་བུའི་དབུ་གཙུག་ཏུ་ཆོས་སྐུ་སྣང་བ་མཐའ་ཡས་ཕྱག་གཉིས་མཉམ་གཞག་གི་སྟེང་ན་ལྷུང་བཟེད་འཛིན་པ། དེའི་དབུ་གཙུག་ཏུ་ཆོས་སྐུ་ཀུན་ཏུ་བཟང་པོ་ཕྱག་གཉིས་མཉམ་གཞག་གི་སྟེང་ན་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་འཛིན་པ། རིན་པོ་ཆེ་ཟུར་བརྒྱད་ལ། ཤར་དུ་པདྨ་འབྱུང་གནས། ལྷོར་བློ་ལྡན་མཆོག་སྲེད། ནུབ་ཏུ་ཉི་མ་འོད་ཟེར། བྱང་དུ་སེང་གེ་སྒྲ་སྒྲོག །ཤར་ལྷོར་པདྨ་སམྦྷ་ཝ། ལྷོ་ནུབ་ཏུ་པདྨ་རྒྱལ་པོ། ནུབ་བྱང་དུ་ཤཱཀྱ་སེང་གེ །བྱང་ཤར་དུ་རྡོ་རྗེ་གྲོ་ལོད། ཤར་སྒོར་ལྕགས་ཀྱུ་མ། ལྷོ་སྒོར་ཞགས་པ་མ། ནུབ་སྒོར་ལྕགས་སྒྲོག་མ། བྱང་སྒོར་དྲིལ་བུ་མ་ཐམས་ཅད་ཀྱང་གཡས་པས་ཚེའི་མདའ་དར་འཛིན་ཅིང་། གཡོན་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་འཛིན་པ། སྣང་ལ་རང་བཞིན་མེད་པར་མངོན་སུམ་ལྟ་བུར་བཞུགས་པ་ལ། སློབ་དཔོན་གྱི་ལག་ཏུ་ཚེའི་མདའ་དར་གཡོབ་བཞིན་པས། ཚེའི་དབང་བསྐུར་བར་གསོལ་བ་བཏབ་པའི་མོས་པ་མཛོད། འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ༔ ཀུན་ཏུ་བཟང་པོའི་དུས་ལ་བབ༔ འདིར་ཚོགས་སྐལ་ལྡན་བུ་རྣམས་ལ༔ འཆི་མེད་ཚེ་དབང་བསྐུར་དུ་གསོལ༔ བདེ་བ་ཅན་གྱི་ཞིང་ཁམས་སུ༔ ཡེ་ཤེས་སྣང་བ་ལམ་མེ་བ༔ འོད་དཔག་མེད་པའི་དུས་ལ་བབ༔ འདིར་ཚོགས་སོགས་ཚིག་རྐང་གཉིས་ཕྱི་མ་རྣམས་ལ་འགྲེའོ། །པདྨ་དབང་གི་གཞལ་ཡས་སུ༔ འཆི་མེད་དབང་པོ་ལྷ་ཡི་ལྷ༔ ཚེ་དཔག་མེད་པའི་དུས༴ འདིར་ཚོགས༴ འཆི་མེད༴ དྷ་ན་ཀོ་ཥའི་མཚོ་གླིང་དུ༔ དཔལ་ལྡན་སངས་རྒྱས་པདྨ་སྐྱེས༔ པདྨ་འབྱུང་གནས་དུས༴ འདིར་ཚོགས༴ འཆི་མེད༴ བསིལ་བ་ཚལ་གྱི་དུར་ཁྲོད་དུ༔ གསུམ་རིག་གཙང་མ་དག་པ་སྟེ༔ པདྨ་སཾ་བྷའི་དུས༴ འདིར་ཚོགས༴ འཆི་མེད༴ པོ་ཏ་ལ་ཡི་གནས་མཆོག་ཏུ༔ མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང༔ བློ་ལྡན་མཆོག་སྲེད་དུས༴ འདིར་ཚོགས༴ འཆི་མེད༴ དགའ་བ་ཚལ་གྱི་དུར་ཁྲོད་དུ༔ འཁོར་ལོས་སྒྱུར་བ་སྟོབས་པོ་ཆེ༔ པདྨ་རྒྱལ་པོའི་དུས༴ འདིར་ཚོགས༴ འཆི་མེད༴ སོ་ས་གླིང་གི་དུར་ཁྲོད་དུ༔ ཉི་མ་འཆར་ཁའི་དཀྱིལ་ལྟར་མཛེས༔ ཉི་མ་འོད་ཟེར་དུས༴ འདིར་ཚོགས༴ འཆི་མེད༴ ཟ་ཧོར་རྒྱལ་པོའི་ཡུལ་དབུས་སུ༔ ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན༔ ཤཱཀྱ་སེང་གེའི་དུས༴ འདིར་ཚོགས༴ འཆི་མེད༴ མ་ག་དྷཱ་ཡི་གྲོང་ཁྱེར་དུ༔ བདག་མེད་སེང་གེའི་སྒྲ་དང་ལྡན༔ སེང་གེ་སྒྲ་སྒྲོག་དུས༴ འདིར་ཚོགས༴ འཆི་མེད༴ སྟག་ཚང་སེང་གེའི་བསམ་འགྲུབ་ཏུ༔ རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད༔ རྡོ་རྗེ་གྲོ་ལོད་དུས༴ འདིར་ཚོགས༴ འཆི་མེད༴ རང་བཞིན་རྣམ་དག་གཞལ་ཡས་ནས༔ དཀྱིལ་འཁོར་ཆེན་པོ་ཡངས་པ་སྟེ༔ ཚེ་ཡི་ལྷ་ཚོགས་དུས༴ འདིར་ཚོགས༴ འཆི་མེད༴ དཀྱིལ་འཁོར་ཆེན་པོའི་སྒོ་བཞི་རུ༔ རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ༔ སྒོ་བ་བཞི་ཡིས་དུས༴ འདིར་ཚོགས༴ འཆི་མེད༴ བཀའ་དང་དམ་ཚིག་གཞལ་ཡས་སུ༔ ཤུགས་ཆེན་མགྱོགས་པ་ཆེན་པོ་སྟེ༔ ཕོ་ཉ་རྣམས་ཀྱིས་དུས་ལ་བབ༔ འདིར་ཚོགས་སྐལ་ལྡན་བུ་རྣམས་ལ༔ འཆི་མེད་ཚེ་དབང་བསྐུར་དུ་གསོལ༔ ཞེས་སློབ་དཔོན་གྱིས་གསོལ་བ་བཏབ་པས། ཚེའི་ལྷ་ཚོགས་རྣམས་ཀྱི་ཕྱག་ཏུ་ཟླ་བ་ལྟར་དཀར་བའི་བུམ་པ་བྱང་ཆུབ་ཀྱི་སེམས་ཀྱིས་ཡོངས་སུ་གང་བ་ཅུང་ཟད་ཡོ་བ་དང་བཅས་འཛིན་པས་སྤྱི་བོར་དབང་བསྐུར་བས་ལུས་ཀྱི་ནང་ཐམས་ཅད་འཆི་མེད་ཚེའི་བདུད་རྩིས་གང་། ནད་གདོན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག །ཚེ་སྲོག་ཉམས་པ་སོར་ཆུད། འཆི་བ་མེད་པའི་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། ཧཱུྃ༔ བཅོམ་ལྡན་མགོན་པོ་རྡོ་རྗེ་ཚེ་དཔག་མེད༔ འཁོར་ལོ་བརྒྱུད་ནས་བུ་ཡི་སྙིང་གར་ཞུགས༔ འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་ཤོག༔ ཅེས་གཟུངས་དང་བཅས་སྤྱི་བོ་དང་། མགྲིན་པ། སྙིང་ག་རྣམས་སུ་བཟུང་ནས་བུམ་ཆུ་སྦྱིན། ཚེ་རིལ་དང་ཚེ་ཆང་ཚེ་དཔག་མེད་དུ་བསྐྱེད་པ་འཆི་མེད་ཚེའི་ཆུ་རྒྱུན་འོད་ཟེར་དཀར་ལ་དམར་བའི་མདངས་ཆགས་པའི་རྣམ་པར་འོད་དུ་ཞུ་བ། ཁྱེད་རང་རྣམས་ལ་བྱིན་པས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཐམས་ཅད་དག །འཆི་མེད་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། གཟུངས་དང་བཅས་བྱིན་ནས། དེ་དག་ནི་ཚེ་བསྲིང་བའམ་སྤེལ་བ་ཡིན་ལ། དེ་ཉིད་མི་ཉམས་པར་བྱ་བའི་ཕྱིར་སྦ་དགོས་པས། ཁྱེད་རང་རྣམས་ཚེ་དཔག་མེད་དུ་གསལ་བའི་ལུས་དབུས་དྲང་པོར་རྩ་དབུ་མ་ཁ་དོག་སྔོ་སྐྱ་སྦ་ལྕག་འབྲིང་པོ་ཙམ་ཡར་སྣ་སྤྱི་གཙུག་མར་སྣ་གསང་གནས་སུ་ཟུག་པ། དྭངས་གསལ་རྙོགས་མེད་འོད་ཀྱི་རང་བཞིན་དྲང་ཐལ་ལེ་བ་ནུ་མ་གཉིས་ཀྱི་བར་ཐད་ཙམ་གྱི་རྩ་དབུ་མའི་ནང་དུ་སྙིང་པདྨ་དམར་པོ་འདབ་མ་བརྒྱད་པ། ཧ་ལོའི་མེ་ཏོག་ཁ་བྱེ་བ་ལྟ་བུའི་ནང་དུ་ཟླ་བའི་དཀྱིལ་འཁོར་དཀར་བསིལ་ཉ་ཡོངས་སུ་གང་བའི་སྟེང་དུ། སེམས་རྣམ་པར་ཤེས་པའི་ངོ་བོ་ཧྲཱིཿདམར་པོ་རིང་ཆ་ཚེག་དྲག་དང་བཅས་པའི་གཡས་སུ་ཚེའི་རང་བཞིན་ཡི་གེ་ཨཿདཀར་པོ། གཡོན་དུ་སྲོག་གི་རང་བཞིན་ཡི་གེ་ནྲྀཿལྗང་གུ་གསལ་བཏབ། སློབ་དཔོན་ལ་མོས་གུས་བྱས། ཐུགས་ཀ་ནས་འོད་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག ཚེ་ཆུ་དམར་པོ་བདེ་བ་ཆེན་པོའི་རང་བཞིན་དུ་ཞུ་བ། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། སྙིང་གའི་ཡི་གེ་གསུམ་པོ་ལ་ཐིམ། ཡི་གེ་གསུམ་ལས་ཀྱང་ཚེ་ཆུ་བབས། ལུས་ཐམས་ཅད་གང་། བགྲེས་རྒུད་གཞོམ་གཞིག་ཐམས་ཅད་དང་བྲལ། སྣང་སྟོང་རྡོ་རྗེ་ལྟ་བུའི་ལུས་སུ་གྱུར་པར་བསམ། སླར་ཡི་གེ་གསུམ་ལ་སེམས་གཏད་པས། སྙིང་ཧ་ལོའི་མེ་ཏོག་ཁ་ཟླུམ་པ་ལྟ་བུའི་སྤྱི་བོར་རྡོ་རྗེ་རྒྱ་གྲམ་གྱིས་རྒྱས་གདབ། ཡི་གེ་གསུམ་བུམ་ནང་དུ་མར་མེ་གསལ་བ་ལྟ་བུ་ལ་སེམས་གཏད་དེ་མཉམ་པར་བཞག ཨ༔ སུས་ཀྱང་མི་ཆོད་མི་ཤིགས་པ༔ སྟོང་པའི་གོ་ཆ་བླ་ན་མེད༔ ཆོས་ཀྱི་དབྱིངས་སུ་ཚེ་སྦས་པས༔ སངས་རྒྱས་ཀྱིས་ཀྱང་མི་གཟིགས་ན༔ ཕྱི་རོལ་གདོན་ལ་སྨོས་ཅི་དགོས༔ ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ༔ མེ་ཏོག་གཏོར་ཞིང་དྲིལ་བུ་གསིལ་ནས། བདག་གི་རྡོ་རྗེའི་སློབ་མ་འདི་རྣམས་ཚེ་མི་ཤིགས་པའི་རྡོ་རྗེར་གྱུར་ཅིག་སོགས་བདག་འཇུག་བཞིན། རྗེས་དམ་ཚིག་བསྡུ་བ་སོགས་སྤྱི་དང་འདྲ། རྗེས་མཆོད་པ་ཁ་གསོ། མཆོད་བསྟོད། ཡིག་བརྒྱ། བཟོད་གསོལ་སོགས་བྱ། ཡེ་ཤེས་པ་མེད་པའི་དམ་ཚིག་པ་རྣམས་སློབ་མ་ལ་བསྟིམས་པས། གཤེགས་བསྡུ་སོགས་མི་དགོས་ཀྱང་བདག་གིས་སྒོམ་པ་ཚིག་ཙམ་དུ་ཡི་དམ་རྣམས་རང་ལ་བསྡུ་བར་མཛད། བསྔོ་བ་སྨོན་ལམ་བཀྲ་ཤིས་བྱའོ། །ཅེས་བྱང་གཏེར་ལྕགས་སྡོང་མའི་དབང་ཆོག་འདི་ཡང་དྲིན་ཅན་རྡོ་རྗེ་འཆང་བློ་གསལ་བསྟན་འཛིན་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་ཞབས་དྲུང་དུ་ལན་གྲངས་དུ་མའི་བར་དུ་ཐོབ་པ་བཞིན་ལ། ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་དབང་ཆོག་བཀླག་ཆོག་མ་འདི་བཞིན་གཏེར་གཞུང་དང་། མཁན་ཆེན་ཞ་ལུ་བ་རིན་ཆེན་བསོད་ནམས་མཆོག་གྲུབ་དཔལ་བཟང་པོས་གསུང་མཆན་ཀ་བརྡ་དཀྲུགས་བསྡེབས་སུ་བྲིས་པ་ཡིན་པས་རང་བཟོའི་སྐྱོན་མེད་དོ།། ༈ །།འདིའི་ཚེ་དབང་བརྒྱ་ཚར་སོགས་གྲངས་གསོག་སྐབས། དང་པོ་ཚར་གཅིག་ལ་ཚེ་རིལ་དང་ཚེ་ཆང་སྦྱིན་པ་ཡན་གཞུང་ལྟར་རྒྱས་པར་བྱས་པའི་མཇུག་ཏུ། བདག་གི་རྡོ་རྗེའི་སློབ་མ་འདི་རྣམས་སོགས་སྨོན་ལམ་དང་བཅས་མེ་ཏོག་འཐོར། སྤྲོ་ན་བཀྲ་ཤིས་ཀྱི་ཚིགས་བཅད་གང་རུང་བརྗོད། ཚར་གཉིས་པ་མན་ལ། སླར་ཡང་སློབ་དཔོན་གྱིས་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་འཆི་མེད་ཚེའི་དབང་བསྐུར་བར་གསོལ་བ་བཏབ་པའི་མོས་པ་མཛོད། འོག་མིན་ཆོས་དབྱིངས་སོགས་ནས་བུམ་དབང་བསྐུར་བའི་བར་གཞུང་ལྟར་མཐར། ཚེ་རིལ་དང་ཚེ་ཆང་གཟུངས་སྔགས་ཁོ་ནས་སྦྱིན། གོང་གི་སྨོན་ལམ་དང་། སྤྲོ་ན་བཀྲ་ཤིས་ཚིགས་བཅད་རེ་བརྗོད། གྲངས་རྫོགས་པའི་ཚེ་རིལ་དང་ཚེ་ཆང་བྱིན་པའི་རྗེས་སུ། དེ་དག་ནི་ཚེ་བསྲིང་བའམ་སོགས་མན་གཞུང་ལྟར་ཚར་གཅིག་བགྱིས་པས་འཐུས་སོ། །ཡང་ཕྱག་ལེན་རྒྱས་པ་འགའ་ཞིག་ལ་གསོལ་འདེབས་ནས་བརྩམ་སྟེ་བསྐྱར་བར་མཛད་པ་དང་། ཤིན་ཏུ་བསྡུས་པ་ལ་དབང་རྒྱས་པ་ཚར་གཅིག་གི་ཁོངས་སུ་དང་པོ་བུམ་དབང་ཁོ་ན་ཚར་གྲངས་གང་བྱེད་བསྐྱར། དེ་ནས་ཚེ་རིལ་ཚེ་ཆང་ཡང་དེ་ལྟར་བསྐྱར་བ་ལ་གྲངས་བཟུང་བའི་ལུགས་ཀྱང་སྣང་མོད། གོང་དུ་སྨོས་པ་ཉིད་རྒྱས་བསྡུས་འཚམ་པར་རྟོགས་སོ། །སརྦ་དཱ་མངྒ་ལཾ།། ༈ ཚེ་སྒྲུབ་ལྕགས་སྡོང་མའི་རྒྱུན་ཁྱེར་བསྙེན་ཐབས་བཅས་འཆི་མེད་བདུད་རྩི་འགུགས་པའི་བུམ་བཟང་བཞུགས་སོ། །གུ་རུ་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ། །ཚེ་སྒྲུབ་ལྕགས་སྡོང་མའི་རྒྱུན་ཁྱེར་ངག་འདོན་ནི། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་གསོལ་བ་བཏབ་པས། ཚོགས་ཞིང་མཁའ་ཁྱབ་ཏུ་སད་པར་བསམ་ལ། དེ་ནས་སྐྱབས་སུ་འགྲོ་བ་ནི། ཧཱུྃ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ༔ ཐུགས་རྗེས་བདག་ལ་དགོངས་སུ་གསོལ༔ མཉམ་ཉིད་རང་སྣང་དགོངས་པ་ཅན༔ སངས་རྒྱས་རྣམས་ལ་སྐྱབས་སུ་མཆི༔ ཡེ་ཤེས་རང་སྣང་ཐུགས་རྗེ་ཅན༔ ཡི་དམ་ལྷ་ལ་སྐྱབས་སུ་མཆི༔ སྨོན་ལམ་དབང་གིས་འགྲོ་དོན་མཛད༔ བླ་མ་རྣམས་ལ་སྐྱབས་སུ་མཆི༔ མ་ཆགས་གསུང་གིས་འགྲོ་དོན་མཛད༔ དམ་པའི་ཆོས་ལ་སྐྱབས་སུ་མཆི༔ མ་ནོར་ལམ་ལ་འགོད་མཛད་པའི༔ དགེ་འདུན་རྣམས་ལ་སྐྱབས་སུ་མཆི༔ ལེགས་ཉེས་སྟངས་འཛིན་དངོས་གྲུབ་སྟེར༔ མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ རང་བྱུང་ཆེན་པོ་སྤྲུལ་པའི་སྐུ༔ པདྨ་འབྱུང་གནས་ཉིད་ལ་འདུད༔ བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ལན་གསུམ། སེམས་བསྐྱེད་ནི། ཧཱུྃ༔ བདག་གིས་འགྲོ་བའི་དོན་བྱའི་ཕྱིར༔ ཚེ་ལོ་དཔག་ཏུ་མེད་པ་ནས༔ བརྒྱད་ཁྲིའི་བར་དུ་ཚེ་སྲོག་ནི༔ སྲ་ཞིང་བརྟན་པར་བྱིན་གྱིས་རློབས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ལན་གསུམ། དངོས་གཞི་ལྷ་བསྐྱེད་པ་ནི། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ༔ དང་པོ་སྟོང་པའི་ངང་ཉིད་ལས༔ ལྕགས་ཀྱི་པདྨ་འདབ་བརྒྱད་གདན༔ དེ་སྟེང་རང་ཉིད་འོད་དཔག་མེད༔ སྐུ་མདོག་དམར་པོ་སྐྱིལ་ཀྲུང་བཞུགས༔ སྤྲུལ་སྐུའི་ཆ་བྱད་དར་ཆོས་མནབས༔ ཕྱག་གཉིས་མཉམ་གཞག་ཚེ་བུམ་འཛིན༔ སྐུ་ཆེ་ཡན་ལག་རགས་པའི་ཚད༔ ཕྲག་པ་གཡས་གཡོན་ཉི་ཟླ་འཆར༔ དྭངས་མ་འོད་ལྔའི་རྒྱབ་ཡོལ་ཅན༔ ཁོང་པའི་ནང་གནས་བག་ཆགས་ཀྱི༔ སྙིགས་མ་གདོས་བཅས་ཐམས་ཅད་སྦྱངས༔ འཆི་མེད་ཚེ་ཡི་བདུད་རྩིས་གང༔ རཱ་ག་དམར་པོའི་མདོག་ལྟར་བསམ༔ སྤྱི་བོའི་གཙུག་ནས་གསང་གནས་བར༔ ལྕགས་ཀྱི་སྲོག་རྩ་སྨྱུག་དོང་ཙམ༔ ཀ་བ་བཙུགས་པ་ལྟ་བུར་བསམ༔ ནང་ནི་སྟོང་པ་འོད་གསལ་དྭངས༔ ཁ་དོག་ལྔར་གསལ་འོད་ཟེར་འབར༔ སྲོག་རྩའི་ཕྱི་ན་སྔགས་ཀྱི་འབྲུ༔ དུང་མདོག་ཟིལ་པ་ལྟ་བུར་བསམ༔ བདེ་བ་ཅན་ནས་ཡེ་ཤེས་སེམས༔ རང་འདྲ་སྤྱན་དྲངས་མཁའ་ལ་བཞུགས༔ བུམ་པའི་ནང་ནས་བདུད་རྩི་ལུད༔ བདག་གི་ཚངས་བུག་ནང་དུ་བབས༔ དབང་བསྐུར་ལྷ་དང་དབྱེར་མེད་གྱུར༔ ལྷ་དང་སྲོག་རྩའི་བདུད་རྩི་ལས༔ འོད་འཕྲོས་གསལ་འཚེར་མདངས་ལྡན་གྱུར༔ ཨོཾ་ཨཱཿཧཱུྃ་ན་མོ་བྷ་ག་བ་ཏེ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩིཏ་ཏེ་ཛོ་རཱ་ཛཱ་ཡ༔ ཏ་ཐཱ་ག་ཏཱ་ཡ༔ ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ༔ ཏདྱ་ཐཱ༔ ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུཏྒ་ཏེ་སྭ་བྷཱ་བ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་བཱ་རེ་སྭཱ་ཧཱ༔ ནྲྀ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཨཱ་ཡུརྫྙཱ་ན་སིདྡྷི་ཨཱཿབྷྲཱུྃ༔ ཏིང་འཛིན་སྔགས་ཀྱི་འོད་ཟེར་ནི༔ ལྕགས་ཀྱུ་ལྟ་བུས་སྣོད་བཅུད་གང༔ སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི༔ ཐུགས་རྗེ་བྱིན་རླབས་སིདྡྷི་བསྡུས༔ ཕྱོགས་སྐྱོང་མཁའ་འགྲོ་སྡེ་བརྒྱད་ཀྱི༔ རྫུ་འཕྲུལ་ཚེ་བཀྲག་གཟི་མདངས་འཕྲོག༔ རི་རབ་གླིང་བཞི་གླིང་ཕྲན་དང༔ གསེར་གྱི་རི་བདུན་རོལ་མཚོ་དང༔ རྩི་ཤིང་ནགས་ཚལ་རཏྣའི་ཚོགས༔ འབྱུང་བ་ལྔ་ཡི་དྭངས་མ་བསྡུས༔ ལྷ་ཀླུ་མི་ཡི་དབང་ཐང་དང༔ བསོད་ནམས་དངོས་གྲུབ་ཐམས་ཅད་བསྡུས༔ བདུད་རྩིའི་འོད་ཟེར་ཆར་ལྟར་བབས༔ ཐམས་ཅད་མ་ལུས་བདག་ལ་ཐིམ༔ བདག་ལུས་བདུད་རྩིས་ལྟེམ་གྱིས་གང༔ སྟོང་གསལ་འོད་ཀྱི་གོང་བུར་གྱུར༔ ཞེས་དམིགས་པ་དང་བཅས་ཏེ་ཚེ་གཟུངས་བརྒྱ་སྟོང་སོགས་གང་མང་བཟླ། ཐུན་མཐར་ཐལ་མོ་སྦྱར་ཏེ། ཧཱུྃ༔ སྐྱེ་འཆི་གཉིས་སྤངས་བདེ་བ་ཆེན་པོའི་སྐུ༔ མི་འགྱུར་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ༔ འབྱུང་ལྔ་འདུས་པ་གསལ་འཚེར་བརྟན་པའི་སྐུ༔ ཐུན་མོང་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ༔ ཞེས་གསོལ་བ་བཏབ་པས་མདུན་གྱི་ཡེ་ཤེས་པ་རང་གི་སྲོག་རྩའི་ལམ་བརྒྱུད་དེ་སྙིང་དབུས་སུ་ཐིམ་པར་བསམས་ལ། བཅོམ་ལྡན་མགོན་པོ་རྡོ་རྗེ་ཚེ་དཔག་མེད༔ འཁོར་ལོ་བརྒྱུད་དེ་བདག་གི་སྙིང་གར་ཐིམ༔ འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་ཤོག༔ ཨཱ་ཡུརྫྙཱ་ན་བྷིནྡུ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཨཱ་ཡུརྫྙཱ་ན་སིདྡྷི་ཨཱཿབྷྲཱུྃ༔ ཞེས་པའང་ཅི་ནུས་བཟླ། དེ་ནས། དགེ་བ་འདི་ཡིས་མྱུར་དུ་བདག །ཚེ་དཔག་མེད་མགོན་འགྲུབ་གྱུར་ནས། །ཞེས་སོགས་བསྔོ་སྨོན་དང་། འཇིག་རྟེན་འདྲེན་པའི་སོགས་ཤིས་བརྗོད་ཇི་ལྟར་རིགས་པ་བྱའོ། །འདིའི་རྒྱུན་གྱི་རྣལ་འབྱོར་ལ་ཐོ་རངས་སྔ་བར་གོང་དུ་བཤད་པའི་མངོན་རྟོགས་གསལ་བཏབ་ལ་སྔགས་བརྒྱ་རྩ་རེ་མ་ཆག་པ་དང་། འཆི་ལྟས་སོགས་བྱུང་བའི་ཚེ་སྟོང་རྩ་རེ་བཟླས་པས་དུས་མ་ཡིན་པའི་འཆི་བ་ཐམས་ཅད་ཟློག་པར་གསུངས་སོ། ༈ །བསྙེན་པ་བྱེད་ན། ར་བ་བཞི་གང་ཡང་རུང་བའི་ཡར་ངོའི་གཟའ་སྐར་བཟང་པོ་འཛོམས་པའི་ཐོ་རངས་ཤིག་ནས་འགོ་བརྩམ་སྟེ་ཁ་ཤར་དུ་ཕྱོགས་པས་བསྒོམ་བཟླས་ལ་འབད། སྔགས་བཞི་འབུམ་མམ་རྨི་ལམ་དགེ་བ་སོགས་ཀྱི་རྟགས་མ་བྱུང་བར་དུ་བཟླ། དེ་ཡང་སྤྲོས་པ་ལ་མི་དགའ་ན་མདུན་བསྐྱེད་ཀྱི་རྟེན་མཆོད་སོགས་གང་ཡང་མི་དགོས་ཤིང་། འདི་ཁོ་ན་ལྟར་ཉམས་སུ་བླངས་པས་དོན་འགྲུབ། སྤྲོ་ན་མདུན་རྟེན་ཚེ་བུམ་སོགས་དབང་ཆོག་ལྟར་བཤམ། མཆོད་པ་བྱིན་རླབས་སྔོན་དུ་འགྲོ་བས་སྐྱབས་སེམས་ནས་བཟླས་པའི་བར་གོང་ལྟར་ལ། བདེ་བ་ཅན་ནས་སྤྱན་དྲངས་པའི་ཡེ་ཤེས་པ་མདུན་གྱི་ཚེ་བུམ་དང་དབྱེར་མེད་དུ་བཞུགས་པར་བསམ་པ་ཙམ་ཁྱད་པར་རོ། །བཟླས་པའི་མཇུག་ཏུ་མཆོད་ཅིང་བསྟོད། བདག་མདུན་གྱི་ཐུགས་ཀའི་འོད་ཀྱིས་འཁོར་འདས་བརྟན་གཡོའི་ཚེ་བཅུད་ཐམས་ཅད་བསྡུས། བདག་དང་སྒྲུབ་རྫས་ལ་ཐིམ་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམ་ལ། ཧཱུྃ༔ བཅོམ་ལྡན་མགོན་པོ་སོགས་ཚེ་འགུགས་བྱ། དེ་ནས། ཧཱུྃ༔ སྐྱེ་འཆི་གཉིས་སྤངས་སོགས་གསོལ་འདེབས་མན་དཀྱུས་ལྟར་ཉམས་སུ་བླང་། གྲོལ་ཁར་གསོལ་འདེབས་ཀྱི་རྗེས་སུ་ཚེ་དབང་བདག་འཇུག་གི་ཚུལ་དུ་བླང་། དངོས་གྲུབ་ཀྱི་རྫས་ལ་ལོངས་སྤྱོད། བསྔོ་སྨོན་ཤིས་བརྗོད་རྒྱས་པར་བྱའོ། །གཞན་ཡང་སྨན་གྱི་བཅུད་ལེན་དང་། ནམ་མཁའ་ཟས་སུ་ཟ་བ་དང་། འཁོར་ལོའི་སྒོ་ནས་ཚེ་སྲིང་བའི་མན་ངག་སོགས་ནི་གཏེར་གཞུང་རྩ་བ་ལས་ཤེས་ཤིང་། དེ་ལྟར་རྒྱུན་དང་དུས་ཀྱི་ཉམས་ལེན་ལ་བརྩོན་པའི་ཕན་ཡོན་ཀྱང་གཞུང་ལས། ཚེ་སྒྲུབ་ལྕགས་ཀྱི་སྡོང་པོ་འདི༔ ཐོ་རངས་སྔ་དྲོ་དང་པོ་ལ༔ ཏིང་འཛིན་གསལ་བས་བརྒྱ་རྩ་བཟླས༔ ཚེ་ཟད་མཐའ་ལ་ཐུག་པ་ཡང༔ འདི་བསྒྲུབ་ལོ་བརྒྱ་ངེས་པར་ཐུབ༔ དུས་གསུམ་རྒྱལ་བའི་གདུང་འཛིན་དེས༔ འདི་ཡི་ཡོན་ཏན་བརྗོད་མི་ལང༔ ཕ་རོལ་ཕྱིན་བཅུ་ས་ལམ་བགྲོད༔ བདེ་བ་ཅན་གྱི་ཞིང་དུ་སྐྱེ༔ ཞེས་ཆེས་ཆེར་བསྔགས་པ་ལྟར། ལམ་ཟབ་མོ་འདི་ལ་བརྟེན་ནས་གྲུབ་ཆེན་ཐང་སྟོང་རྒྱལ་པོ་སོགས་འཆི་མེད་ཀྱི་དངོས་གྲུབ་བརྙེས་པ་མང་དུ་བྱོན་པས་བྱིན་རླབས་ཀྱི་ཚན་ཀ་གཞན་ལས་ཁྱད་པར་དུ་འཕགས་པའོ། །ཞེས་པའི་རྒྱུན་ཁྱེར་འདི་ནི་ངེད་རང་གི་ཟླ་བོ་འགགས་པ་བསོད་ནམས་དར་གྱིས་བསྐུལ་ངོར་ས་སྐྱ་པ་ཀུན་དགའ་བཀྲ་ཤིས་ཀྱིས་མོན་མཚམས་ཤོ་སྨུག་སྒར་ཆེན་དུ་རྒྱུན་གྱི་ཁ་ཏོན་དུ་བསྒྲིགས་པ་དགེ་ལེགས་འཕེལ། སླར་ཡང་བསྙེན་ཐབས་སོགས་བསྣན་ནས་ཤིན་ཏུ་གསལ་བར་བྲིས་པ་སརྦ་སཏྭཱ་བཛྲ་ཨཱ་ཡུ་སྭིདྡྷི་རསྟུ། མངྒ་ལཾ་བྷ་བ་ཏུ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).