Terdzo-DZA-014

From Rinchen Terdzö

བཀའ་བརྒྱད་རང་བྱུང་རང་ཤར་ལས༔ འཆི་མེད་ཚེ་ལྷ་ཡོངས་རྫོགས་ཀྱི་ཚེའི་ཕྱི་སྒྲུབ་

bka' brgyad rang byung rang shar las:_'chi med tshe lha yongs rdzogs kyi tshe'i phyi sgrub

by  རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་ (Rigdzin Gödem)
revealed by  རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་ (Rigdzin Gödem)
in cycle  འཆི་མེད་ཚེ་ལྷ་ཡོངས་རྫོགས་ ('chi med tshe lha yongs rdzogs)
parent cycle  བཀའ་བརྒྱད་རང་བྱུང་རང་ཤར་ (Bka' brgyad rang byung rang shar)
Volume 19 (ཛ) / Pages 293-308 / Folios 1a1 to 8b2

[edit]

༄༅༔ ༔བཀའ་བརྒྱད་རང་བྱུང་རང་ཤར་ལས༔ འཆི་མེད་ཚེ་ལྷ་ཡོངས་རྫོགས་ཀྱི་ཚེའི་ཕྱི་སྒྲུབ་བཞུགས་སོ༔ རྒྱ་གར་སྐད་དུ༔ ཨཱ་ཡུརྫྙཱ་ན་ནོ་པི་ཀ་ནཱ་མ༔ བོད་སྐད་དུ༔ འཆི་མེད་ཚེའི་སྒྲུབ་པ་ཞེས་བྱ་བ༔ འཆི་མེད་ཚེའི་ལྷ་ལ་ཕྱག་འཚལ་ལོ༔ དེ་ནས་སྟོན་པས་བཀའ་བསྩལ་པ༔ ཉོན་ཅིག་གསང་བདག་རྡོ་རྗེ་འཛིན༔ འཆི་མེད་རིག་འཛིན་སྒྲུབ་འདོད་ན༔ བཅུད་ལེན་ཚེ་ཡི་སྒྲུབ་པ་བསྟན༔ ཚེ་བདག་ཆེན་པོ་ཧེ་རུ་ཀ༔ བླ་མེད་གསང་སྒྲུབ་ཁྱད་པར་ཅན༔ ཚེ་དབང་རིག་འཛིན་མཆོག་སྒྲུབ་པ༔ བདུད་རྩི་ཤེལ་གྱི་བུམ་སྒྲུབ་བཤད༔ དེ་ཡང་སྦྱོར་དངོས་རྗེས་གསུམ་མོ༔ སྔོན་དུ་བསོད་ནམས་ཚོགས་ཆེན་བསགས༔ དངོས་གཞི་བཅུད་ལེན་ཚུལ་དུ་འམ༔ རྒྱས་པར་སྒྲུབ་ཆེན་ཁོག་ནས་དབྱུང༔ དེ་ཡང་ཚེ་དབང་བཅུད་ལེན་རྫས༔ འབྱུང་བ་ཆ་སྙོམས་འདི་ལྟ་སྟེ༔ རྒྱུ་གཉིས་རྐྱེན་གསུམ་བདུད་རྩི་བཞི༔ འདི་སྤྱད་ཡོན་ཏན་བསམ་མི་ཁྱབ༔ ཚེ་བདག་རྡོ་རྗེ་སེམས་དཔའ་འགྲུབ༔ དེ་ཕྱིར་ལེགས་སྦྱར་སྒྲུབ་ན་མཆོག༔ རྒྱུ་གཉིས་རིགས་ལྔ་ཡབ་ཡུམ་གྱི༔ བྱང་སེམས་ཅོང་ཞི་བྲག་ཞུན་ཡིན༔ ཅོང་ཞི་བཟང་རིགས་བྲེ་གང་དང༔ བྲག་ཞུན་བཟང་པོ་ཕུལ་གང་གསོག༔ རྐྱེན་གསུམ་རྩི་མར་སྲང་སུམ་ཅུ༔ སྦྲང་རྩི་བྲེ་དོ་བུར་བྲེ་གསུམ༔ བཅུད་བཀྲག་སྟོབས་ཀྱི་གསོས་ཡིན་གསག༔ འཆི་མེད་བདུད་རྩི་རྣམ་བཞི་ནི༔ ཤུག་པ་བ་ལུ་མཁན་པ་མཚེ༔ འདབ་མ་མེ་ཏོག་བཅུད་དུ་གསག༔ དེ་རྣམས་སྨན་མར་ལེགས་སྦྱར་ནས༔ ཟོས་ན་ཚེ་རིང་ནད་དཀོན་ཏེ༔ ཁྱད་པར་ཚེ་དབང་མཆོག་འདོད་ན༔ གསང་བ་སྒྲུབ་ཆེན་ཕོ་བྲང་དབུས༔ ལྕགས་པར་ཚྭ་ལ་མེད་པ་རུ༔ སྨན་རིགས་ལྷ་གྲངས་མཉམ་བྱས་བསྒྲུབ༔ པར་བུའི་ཁ་བསྡམས་གཟུངས་ཐག་བཏག༔ དར་སེར་གུར་ཕུབ་གུ་གུལ་བདུག༔ བསྙེན་སྒྲུབ་ཆོག་སྒྲིག་སྒྲུབ་ཆེན་ལྟར༔ ཚེ་དབང་འཕྲོ་འདུའི་བསྙེན་པ་ནི༔ རྩ་སྔགས་ཤམ་བུར་འདི་ཉིད་བཟླ༔ ཨོཾ་བཛྲ་སཏྭ་ཧཱུྃ་བྷྲཱུྃ༔ ཨཱཿབྷྲཱུྃ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ རཏྣ་མུ་ཏྲ་ཨཱ་ཡུརྫྙཱ་ན་ཧཱུྃ་ཧྲཱིཿཐཱ༔ དེ་ནས་སྒྲུབ་པའི་སྔགས་འདི་བཟླ༔ བཛྲ་སཏྭ་ཧཱུྃ༔ བཻ་རོ་ཙ་ན་ཨོཾ༔ རཏྣ་མུ་ཏྲ་ཏྲཱཾ༔ ཨ་མི་དྷེ་ཝ་ཧྲཱི༔ ཀརྨ་བཛྲ་ཧཱ༔ དེ་ནས་ལས་སྦྱོར་འཆི་མེད་སྔགས༔ འདི་ཉིད་བཟླས་ཤིང་དངོས་གྲུབ་བླང༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་བ་ཧྲཱི༔ སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨཱཾ༔ ཨོཾ་ཨཱ་ཡུརྫྙཱ་ན་མ་ཧཱ་པུཎྱེ་ཏིཥྛ་ཨོཾ༔ གྲུབ་རྟགས་འོད་དང་དུ་བ་སྒྲ༔ དྲི་ཞིམ་ཡིད་དུ་འོང་བ་འབྱུང༔ བར་སྐབས་ཀུན་ཏུ་དྲང་སྲོང་རྣམས༔ སྤྱན་དྲངས་ཚེ་ཡི་གསོལ་བ་བཏབ༔ དེ་ནས་རང་གཞན་དབང་བསྐུར་བ༔ བདུད་རྩི་བུམ་པ་སྤྱི་བོར་བཞག༔ རྩ་སྔགས་རིགས་ལྔའི་སྙིང་པོར་བཅས༔ བརྗོད་ཅིང་རིམ་གྱིས་གནས་ལྔར་བསྐུར༔ བདུད་རྩིས་ལུས་གང་རྡོ་རྗེར་བསམ༔ ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ ཨ་བྷི་ཥིཉྩ་ཨཱ༔ སྨན་ཕུད་དྲང་སྲོང་ལྷ་མཆོད་དེ༔ འཇུ་སྟོབ་བྱ་ཞིང་རྒྱུན་དུ་བཟའ༔ ཟས་ངན་བསྲུང་ཞིང་བཅུད་ཀྱང་གཏང༔ མཁས་ཤིང་མན་ངག་ལྡན་པར་གཅེས༔ ཚེ་དབང་ཕུན་ཚོགས་འདི་བསྒྲུབས་པས༔ སྨན་བཅུད་ཡོན་ཏན་བསམ་མི་ཁྱབ༔ རྒྱུ་གཉིས་སྨན་གྱིས་ཤ་རུས་རྒྱས༔ རྐྱེན་གསུམ་སྟོབས་བཅུད་བཀྲག་ཀྱང་འཕེལ༔ རྩི་བཞིས་ཚེ་རིང་འབྱུང་བ་སྙོམས༔ རྩལ་ནི་སེང་གེ་སྟོབས་གླང་པོ༔ མདངས་ནི་རྨ་བྱ་ཡང་རྩལ་ཁྱུང༔ གསུང་ནི་ཚངས་པ་བང་ནི་རྟ༔ འགྲོ་བ་དབང་འདུས་སྡེ་བརྒྱད་ཁོལ༔ ཚེ་དབང་ཕྱག་རྒྱའི་རིག་འཛིན་འགྲུབ༔ ཅེས་གསུངས་སོ༔ འཆི་མེད་ཚེའི་ཕྱི་སྒྲུབ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ སྒྲུབ་ཆེན་བཀའ་བརྒྱད་ལས་ཚེའི་ནང་སྒྲུབ་བཞུགས་སོ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ༔ ཨོ་རྒྱན་པདྨ་བདག་ཉིད་ཀྱིས༔ ཚེ་སྒྲུབ་ཟབ་མོ་བརྒྱ་སྟོང་ལས༔ ཚེགས་ཆུང་དོན་ཆེའི་མན་ངག་བསྡུས༔ ཡང་ཟབ་འགྲུབ་མྱུར་དོན་འདྲིལ་བ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ དམ་ཆོས་སྒྲུབ་པའི་གང་ཟག་གི༔ ཚེ་ཡི་བར་ཆད་བསལ་བའི་ཕྱིར༔ སྒྲུབ་པ་འདི་ལ་འཇུག་པར་གྱིས༔ སྟོང་པའི་ངང་ལས་རང་ཉིད་ནི༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྐུ་མདོག་དམར་པོ་ཞལ་གཅིག་པ༔ ཕྱག་གཉིས་མཉམ་གཞག་ཚེ་བུམ་འཛིན༔ ཞབས་གཉིས་སྐྱིལ་ཀྲུང་རྒྱབ་ཡོལ་ཅན༔ པདྨ་ཉི་ཟླའི་གདན་ལ་བཞུགས༔ ལོངས་སྤྱོད་རྫོགས་པའི་རྒྱན་གྱིས་བརྒྱན༔ སྣང་ལ་རང་བཞིན་མེད་པར་བསྒོམ༔ འོད་འཕྲོས་བདེ་གཤེགས་ཐམས་ཅད་ཀྱི༔ ཚེ་ཡི་དངོས་གྲུབ་ཐམས་ཅད་བསྡུས༔ རང་གི་ལུས་ལ་ཐིམ་པར་བསམ༔ ཚེ་ཡི་སྙིང་པོ་འདི་ཉིད་བཟླ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞག་རེ་ལ་ནི་བརྒྱ་བརྒྱད་བཟླས༔ དེ་ལྟར་རྒྱུན་དུ་བཟླས་གྱུར་ན༔ འདས་ཚེ་ནུབ་ཕྱོགས་བདེ་བ་ཅན༔ འོད་དཔག་མེད་ཀྱི་སྤྱན་སྔར་སྐྱེ༔ འདི་ལ་ཐེ་ཚོམ་ཡོད་རེ་ཀན༔ མི་བསྟན་སྙིང་གི་དཀྱིལ་དུ་བཅང༔ དེ་ནས་དམིགས་པ་འདི་བསྒོམ་སྟེ༔ རང་གི་སྙིང་གི་དཀྱིལ་དུ་ནི༔ ཚེ་ཡི་བདག་པོ་ཤེལ་འདྲ་བ༔ ཡབ་ཡུམ་སྦྱོར་བ་བྱས་པ་ཡིས༔ དྭངས་མ་དཀར་དམར་རྒྱུན་བབས་ནས༔ སྙིང་དཀྱིལ་ལུས་ནི་གང་བ་ཡིས༔ ཚེ་དང་བཀྲག་མདངས་རྒྱས་པར་བསམ༔ རྗེས་སུ་མི་དམིགས་རྒྱ་ཡིས་གདབ༔ ཞག་རེ་ཐུན་རེས་ངེས་པར་ཆོག༔ ནད་གདོན་ཚེ་ཡི་བར་ཆད་ནི༔ དུས་གསུམ་ཀུན་ཏུ་འབྱུང་མི་འགྱུར༔ དུས་མིན་ཚེ་ཡི་བར་ཆད་ནི༔ འབྱུང་བའི་དྭངས་མ་འཁྲུགས་པ་ཡིས༔ ཚེ་ཡི་བར་ཆད་བྱེད་པ་ཡིན༔ དེས་ན་དམིགས་པ་འདི་བསྒོམ་ན༔ རྒྱུན་དུ་འབྱུང་བ་མི་འཁྲུགས་པས༔ ལོ་བརྒྱའི་བར་དུ་འཆི་མི་འགྱུར༔ བསྐལ་པ་དུས་ཀྱི་ཐ་མ་ལ༔ མི་རྣམས་ཚེ་ཐུང་སྙིང་རུས་ཆུང༔ དེ་དུས་ཚེགས་ཆུང་སྒྲུབ་སླ་མྱུར༔ ཚེ་སྒྲུབ་ཀུན་གྱི་དོན་བསྡུས་ནས༔ བདག་འདྲ་པདྨས་གཏེར་དུ་སྦས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཚེ་སྒྲུབ་བདུད་རྩིའི་བུམ་ཆུང་ཞེས་བྱ་བ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ སྒྲུབ་ཆེན་བཀའ་བརྒྱད་ལས་ཚེ་སྒྲུབ་ཧྲཱིཿགཅིག་མ་བཞུགས་སོ༔ རིག་འཛིན་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ༔ ཕྱི་ནང་དབང་ལུང་མན་ངག་རྫོགས༔ དད་བརྩོན་ཤེས་རབ་སྙིང་རྗེར་ལྡན༔ སྐལ་བར་ལྡན་པའི་རྣལ་འབྱོར་པས༔ གནས་ལ་ངེས་མེད་གང་ཡང་རུང༔ དུས་ལ་ངེས་མེད་ནམ་ཡང་རུང༔ ལུས་གནད་ངེས་མེད་གང་བདེ་བྱ༔ སྐྱབས་འགྲོ་སེམས་བསྐྱེད་སྙིང་རྗེ་བསྒོམ༔ སྐད་ཅིག་དྲན་རྫོགས་ཧྲཱིཿདམར་ལས༔ རང་ཉིད་པདྨ་ཚེ་དབང་རྩལ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ པདྨའི་གདན་ལ་སྐྱིལ་ཀྲུང་བཞུགས༔ ཕྱག་གཉིས་བདུད་རྩིའི་ཐོད་པ་འཛིན༔ ཟ་འོག་བེར་དམར་སྐུ་ལ་གསོལ༔ ཐོར་ཚུགས་དབུ་རྒྱན་ཅོད་པན་ཅན༔ ཞལ་འཛུམ་ཞི་མ་ཁྲོས་པར་བསམ༔ ཐུགས་ཀར་པདྨ་འདབ་བཞི་ཡི༔ ལྟེ་བར་ཉི་མའི་དཀྱིལ་འཁོར་དབུས༔ ཧྲཱིཿདམར་ཚེག་དྲག་ལྡན་པར་བསྒོམ༔ རང་ལུས་བླ་མར་གསལ་བ་ཡིས༔ སྐད་ཅིག་མ་ལ་ཀུན་གསལ་བསྟན༔ སྣང་སྲིད་དཀྱིལ་འཁོར་ལྷུན་གྲུབ་ཡིན༔ ཧྲཱིཿདམར་གྲངས་མེད་ཅི་ནུས་བཟླ༔ མ་ཡེངས་ཞག་བདུན་ཧྲཱིཿབསྒྲང་ན༔ ཡེ་ཤེས་མཁའ་འགྲོ་དངོས་སུ་འདུ༔ འཆི་ངེས་པ་ཡང་ལོ་བརྒྱ་ཐུབ༔ ལུས་སེམས་བདེ་གསལ་གྲི་ལྕེ་བདེ༔ དགོས་འདོད་ལོངས་སྤྱོད་ཆར་དུ་འབེབ༔ རང་ལུས་སྣང་སྟོང་བླ་མར་གྱུར༔ པདྨ་ཐོད་ཕྲེང་དངོས་སུ་མཐོང༔ རང་ངག་དམ་ཆོས་དངོས་སུ་འཆར༔ མི་དགེ་སྡིག་སྒྲིབ་ཀུན་དང་བྲལ༔ དུས་གསུམ་སངས་རྒྱས་སེམས་ལས་རྙེད༔ རང་སེམས་ཆོས་སྐུར་བློ་ཐག་ཆོད༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ༔ འབྱུང་བཞིའི་སྒྱུ་ལུས་མ་སྤངས་པར༔ མཆོག་གི་དངོས་གྲུབ་ཐོབ་པར་འགྱུར༔ རིག་འཛིན་ཚེའི་གསང་སྒྲུབ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ སྒྲུབ་ཆེན་བཀའ་བརྒྱད་ལས་ཡང་གསང་ནམ་མཁའི་རྡོ་རྗེ་བཞུགས་སོ༔ མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ༔ ཡང་གསང་ནམ་མཁའི་རྡོ་རྗེ་སྒྲུབ་པ་ནི༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་སོང་ནས༔ རང་ཉིད་རྟ་མགྲིན་བསྒོམས་ནས་ནི༔ དེ་ཡི་སྙིང་པོ་ཅི་ནུས་བཟླ༔ དེ་ཡི་ཐུགས་ཀར་ཚེ་དཔག་མེད༔ དམར་གསལ་རིན་ཆེན་རྒྱན་གྱིས་མཛེས༔ སྐྱིལ་ཀྲུང་མཉམ་གཞག་ཚེ་བུམ་བསྣམས༔ དེ་ཡི་ཐུགས་ཀར་ཐིག་ལེའི་མདོག༔ འོད་ལྔའི་ཟེར་དང་བཅས་པ་བསྒོམ༔ སྲུང་བའི་སྔགས་འདི་བཟླ་བར་བྱ༔ ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱ༔ ཨཱཿབྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱ༔ ཧཱུྃ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱ༔ ཨོཾ་བཛྲ་ཡཀྵ་ཀ་ཝ་ཙི་ཧཱུྃ༔ དེ་ནི་སྲུང་བའི་གོ་ཆ་འོ༔ དངོས་གཞི་རང་ལུས་ལྟེ་བ་རུ༔ རཾ་ལས་མེ་འབར་ནད་གདོན་དང༔ སྡིག་སྒྲིབ་བག་ཆགས་ཐམས་ཅད་བསྲེགས༔ དེ་ནས་རླུང་ནི་ལན་གསུམ་འབུད༔ རང་ཉིད་སངས་རྒྱས་ཚེ་དཔག་མེད༔ སྐུ་མདོག་དཀར་པོ་རིན་ཆེན་བརྒྱན༔ སྐྱིལ་ཀྲུང་མཉམ་གཞག་ཚེ་བུམ་འཛིན༔ དེ་ལྟར་གསལ་བར་བསྒོམས་ནས་ནི༔ ཁ་གདངས་ཤེས་རིག་ནམ་མཁར་གཏད༔ ཁ་སྣ་གཉིས་ནས་ནམ་མཁའ་རྔུབས༔ ཁམས་གསུམ་འཇིག་རྟེན་ཐམས་ཅད་ཀུན༔ བདག་གི་ཁོང་དུ་སིབ་སིབ་རྔུབ༔ བདུད་རྩིས་མེར་མེར་གང་བསམ་ཞིང༔ ཏིང་འཛིན་གསལ་བས་མཆིལ་མ་མིད༔ དེ་དུས་སྒྲེགས་པ་འབྱུང་བ་ཡིན༔ ཐུན་རེས་ཉིན་རེའི་འཆི་བ་བསླུ༔ འདི་ནི་ནམ་མཁའི་བཅུད་ལེན་ཏེ༔ ཏིང་འཛིན་ཟས་རྙེད་ཚེ་ལ་དབང༔ ནད་འཇོམས་སྒྲིབ་པ་དག་པར་འགྱུར༔ ཕྱི་ནང་གསང་བའི་འཆི་ལྟས་ཀུན༔ འདི་ཡིས་ངེས་པར་སླུས་འགྱུར་ཏེ༔ དེ་ཕྱིར་འདི་ལ་ནན་ཏན་བྱ༔ ཐོ་རངས་དུས་དང་དགོང་མོ་བྱ༔ ཚེ་ནི་ཉི་ཟླ་ལྟ་བུར་འགྱུར༔ རྗེས་སུ་བསྔོ་བ་འདི་ལྟར་བྱ༔ བདག་གི་ཚེ་ལ་བར་ཆད་མེད་པར་གྱུར་ཅིག༔ འཆི་བདག་གི་བདུད་ལས་ཐར་བར་གྱུར་ཅིག༔ ཚེ་ཡོངས་སུ་སྨིན་ཅིང་འཕེལ་བར་གྱུར་ཅིག༔ ཚེ་རྒྱས་པར་གྱུར་ཅིག༔ ཚེའི་བསམ་པ་མཐར་ཕྱིན་པར་གྱུར་ཅིག༔ ཚེ་མཐར་ཕྱིན་པའི་ལུས་དེས་ཀྱང༔ འགྲོ་དོན་དཔག་ཏུ་མེད་པར་བྱེད་ནུས་པར་གྱུར་ཅིག༔ མཐར་བདུད་བཞིའི་འཇིགས་པ་ལས་ཐར་ནས་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག༔ འདི་བྱ་བའི་དུས་ནི་ལྟོ་མ་ཟོས་པའི་གོང་དུ་བྱའོ༔ དགོང་མོ་ཟས་རྙིང་པ་ཞུ༔ གསར་པ་མ་ཟོས་པའི་དུས་སུ་བྱའོ༔ ཚེ་སྒྲུབ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ༔ སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཞལ་གདམས༔ ཨོ་རྒྱན་པདྨའི་བཀའ་རྒྱ་དམ་པ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ བཀའ་བརྒྱད་དྲག་པོ་རང་བྱུང་རང་ཤར་ལས་སྒྲུབ་པ་ཆེན་པོ་དང་འབྲེལ་བའི་ཚེ་སྒྲུབ་ཡོངས་རྫོགས་བཞུགས་སོ༔ བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ༔ སྐལ་ལྡན་གང་ཞིག་ཚེ་སྒྲུབ་པར་འདོད་པས༔ ཚེ་བུམ་ཚེ་རྫས་ཐམས་ཅད་སྤྱི་དང་མཐུན་པར་བཤམ༔ སྐྱབས་འགྲོ་སེམས་བསྐྱེད་བགེགས་བསྐྲད་ལ་སོགས་སྤྱི་དང་མཐུན༔ དེ་ནས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གསལ་སྟོང་འཛིན་མེད་ངང་ལས༔ མ་རྟོགས་པ་རྣམས་སྙིང་རྗེས་ཁྱབ་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན༔ རང་རིག་རྩལ་དུ་ཧཱུྃ་བབས་པས༔ ཧཱུྃ་ལས་ཨེ་ཡཾ་རཾ་བཾ་སུམ་བྷྲཱུྃ༔ དེ་དག་ལས་འབྱུང་བ་ལྔ་རིམ་བརྩེགས་སུ་བསྐྱེད་པའི་རི་རབ་ཀྱི་སྟེང་དུ་དཀྱིལ་འཁོར་རྩིབས་བཞི་པ་སྒོ་ཁྱུད་ཅན༔ སེང་གེ་གླང་ཆེན་ཁྱུང་རྨ་བྱ་ཉི་ཟླའི་སྟེང་དུ༔ ཚེ་བདག་རྡོ་རྗེ་འཆང་རིགས་ལྔ་ཡབ་ཡུམ་བསྒོམ༔ དེའི་ཐུགས་ཀར་སེམས་དཔའ་སུམ་བརྩེགས་སུ་གསལ༔ སྙིང་པོ་ནི་སངས་རྒྱས་འདུས་པའི་སྙིང་པོ་ཧཱུྃ་བསྒྲངས་ཏེ་བསྙེན་པའོ༔ ཐུགས་ཡེ་ཤེས་སེམས་དཔའ་ཧཱུྃ་ལས་ཧཱུྃ་གཅིག་བུམ་པའི་ནང་དུ་སྤྲོས་པས༔ དེ་ལ་ཨཱ་ཡུཿའབྲུ་བརྒྱད་ཀྱིས་བསྐོར་བར་བསམ༔ གཟུངས་ཐག་འཐེན་ལ་སྤྲོ་བསྡུ་བྱས་པས༔ སྔགས་ཀྱི་འོད་ཟེར་ལྕགས་ཀྱུ་འདྲ་བས་ཚེའི་རང་བཞིན་ནྲྀ་མང་པོ་སྣོད་བཅུད་ཀྱི་འཇིག་རྟེན་ནས་བཀུག་སྟེ་བུམ་པ་ཁེངས་པར་བསམ༔ དེ་ནས་བདག་ཚེ་བདག་རྡོ་རྗེ་འཆང་འོད་དཔག་མེད་དུ་བསམ༔ འཁོར་རྒྱལ་བ་རིགས་བཞི་ཡུམ་ལྔ་དང་བཅས་པ་སྒོ་མ་བཞི་གསལ་བར་བསྐྱེད༔ ཚེ་དཔག་མེད་ཡབ་ཡུམ་རྣམས་ཕྱག་གཡས་རྡོ་རྗེ་ཚེ་དར་རིགས་ལྔ་བསྣམས་པ༔ གཡོན་ཐམས་ཅད་བདུད་རྩིའི་བུམ་པ་བསྣམས་པ༔ ཡུམ་རྣམས་ཚེ་དར་དང་བུམ་པའོ༔ སྒོ་མ་བཞི་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུའོ༔ དེ་ལྟར་གསལ་བས་གཟུངས་ཐག་འཐེན་ནས༔ ཧཱུྃ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱ༔ ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱ༔ སྭཱ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱ༔ ཨཱཾཿབྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱ༔ ཧཱ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱཿ ཧྲཱིཿབྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱ༔ དེ་རྣམས་རེ་རེ་ལ་བརྒྱ་རྩ་རེ་རེ་བཟླའོ༔ ཧཱུྃ་གི་བསྙེན་པ་བྱས་ནས་འབྲུ་བརྒྱད་ཀྱི་ཕོ་ཉ་བཏང༔ འབྲུ་ལྔས་སྒྲུབ་ཆེན་དུ་རིག་པར་བྱའོ༔ དེ་ནས་ཚེ་ཡི་ཕོ་ཉ་བསྐུལ་ཏེ༔ ཧཱུྃ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱ༔ ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྐུ་ནི་ནམ་མཁའི་རྡུལ་བག་མེད༔ ཕྱག་གཡས་རྡོ་རྗེ་ཚེ་དར་བསྣམས༔ གཡོན་པས་རིན་ཆེན་བུམ་པ་འཛིན༔ ཡང་གསང་ཐུགས་ཀྱི་ག་འུ་ནས༔ སྙིང་པོ་ཐུགས་ཀྱི་ཨཱ་ཡུཿའདི༔ མགོན་པོ་ཚེ་བཞག་གནས་འདི་ཡིན༔ བདག་ཅག་ཚེ་འདི་གནས་པར་མཛོད༔ ཅེས་བསྐུལ་བས་ཡབ་ཡུམ་གྱི་སྦྱོར་མཚམས་ནས་སྙིང་པོ་ཚེའི་འོད་ཟེར་འཕྲོས་པས་ལོ་ཀའི་ཞིང་ཁམས་ཁེངས་པར་བསམ༔ ཧཱུྃ༔ ཤར་ཕྱོགས་གངས་རི་དཀར་པོའི་གཞལ་ཡས་ནས༔ དཀར་མོ་མགྱོགས་མ་བུམ་པ་འཛིན༔ ཐུགས་ཀྱི་སྤྲུལ་པ་དཀར་མོ་འབུམ༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག༔ ཧཱུྃ༔ ལྷོ་ཕྱོགས་བཻ་ཌཱུརྻཡི་གཞལ་ཡས་ནས༔ སྔོན་མོ་མགྱོགས་མ་བུམ་པ་འཛིན༔ ཐུགས་ཀྱི་སྤྲུལ་པ་སྔོན་མོ་འབུམ༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག༔ ཧཱུྃ༔ ནུབ་ཕྱོགས་པདྨ་རཱ་གའི་གཞལ་ཡས་ནས༔ དམར་མོ་མགྱོགས་མ་བུམ་པ་འཛིན༔ ཐུགས་ཀྱི་སྤྲུལ་པ་དམར་མོ་འབུམ༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག༔ ཧཱུྃ༔ བྱང་ཕྱོགས་ཨིནྡྲ་ནཱི་ལའི་ཞིང་ཁམས་ནས༔ ལྗང་མོ་མགྱོགས་མ་བུམ་པ་འཛིན༔ ཐུགས་ཀྱི་སྤྲུལ་པ་ལྗང་མོ་འབུམ༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག༔ ཧཱུྃ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱ༔ དེ་ནས་ཕྱག་རྒྱ་བཅའ་ཞིང་བསྐུལ་ཏེ༔ ཧཱུྃ༔ ཁམས་གསུམ་གནས་ནས་ཚེ་འགུགས་མ༔ ལྷ་མོ་རྡོ་རྗེ་ལྕགས་ཀྱུ་ཅན༔ ཕྱག་ན་བསེ་ཡི་ག་འུ་བསྣམས༔ དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག༔ ཧཱུྃ༔ དུས་གསུམ་གནས་ནས་ཚེ་འགུགས་མ༔ ལྷ་མོ་རྡོ་རྗེ་ཞགས་པ་མ༔ ཕྱག་ན་རིན་ཆེན་ཞགས་པ་བསྣམས༔ དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག༔ ཧཱུྃ༔ སྲིད་གསུམ་གནས་ནས་ཚེ་འགུགས་མ༔ ལྷ་མོ་རྡོ་རྗེ་ལྕགས་སྒྲོག་མ༔ ཕྱག་ན་པདྨ་བྷནྷ་བསྣམས༔ དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག༔ ཧཱུྃ༔ སྐུ་གསུམ་གནས་ནས་ཚེ་འགུགས་མ༔ ལྷ་མོ་རྡོ་རྗེ་དྲིལ་བུ་མ༔ ཕྱག་ན་གཡུ་ཡི་བུམ་པ་བསྣམས༔ དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག༔ ཧཱུྃ༔ མགྱོགས་མ་རྣམས་ཀྱིས་ཚེ་དྲོངས་ལ༔ བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ཅིག༔ གསང་བ་བཞི་ཡིས་རྒྱས་ཐོབ་ལ༔ དབང་ཆེན་རྣམས་ཀྱིས་དབང་སྐུར་ཅིག༔ ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱ༔ ཨཱ་ཡུ་ཥེ་ཛྙཱ་ན་ཛཿཛ༔ ཞེས་བརྗོད་པས་འཁོར་འདས་ཐམས་ཅད་ཀྱི་ཚེ་ཡི་དངོས་གྲུབ་བསྡུས་ནས་བདག་ལ་ཐིམ་པར་བསམ་མོ༔ དེ་ནས་ཚེ་བསྟིམ་ཞིང་སྦ་བ་ནི༔ ཧཱུྃ༔ ནམ་མཁའི་དབྱིངས་ནས་ཚེ་འགུགས་མ༔ བདེ་གཤེགས་ཡུམ་སྟེ་ཀུན་ཏུ་བཟང༔ རིན་ཆེན་གསེར་གྱི་བུམ་པ་བསྣམས༔ ཚེ་དང་བདུད་རྩིས་བཀང་ནས་ནི༔ འཁོར་ལོ་འབར་བས་རྒྱས་ཐོབ་ཅིག༔ ཚེ་འདི་བཅོལ་ལོ་སྲོག་འདི་སྡོམས༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་ཚེ་འགུགས་མ༔ རྡོ་རྗེའི་ཡུམ་ཆེན་སངས་རྒྱས་སྤྱན༔ རིན་ཆེན་ཤེལ་གྱི་བུམ་པ་བསྣམས༔ ཚེ་དང་བདུད་རྩིས༴ རྡོ་རྗེ་འབར༴ ཚེ་འདི་བཅོལ༴ ཧཱུྃ༔ ལྷོ་ཡི་ཕྱོགས༴ རིན་ཆེན་ཡུམ་ཆེན་མཱ་མ་ཀཱི༔ རིན་ཆེན་མཐིང་གི་བུམ་པ་བསྣམས༔ ཚེ་དང་དཔལ་གྱིས་བཀང་ནས་ནི༔ རིན་ཆེན་འབར་བས༴ ཚེ་འདི་བཅོལ༴ ཧཱུྃ༔ ནུབ་ཀྱི་ཕྱོགས༴ པདྨའི་ཡུམ་ཆེན་ན་བཟའ་དཀར༔ པདྨ་རཱ་གའི་བུམ་པ་བསྣམས༔ ཚེ་དང་དཔལ་གྱིས་བཀང་ནས་ནི༔ པདྨ་འབར་བས༴ ཚེ་འདི༴ ཧཱུྃ༔ བྱང་གི་ཕྱོགས༴ ལས་རབ་ཡུམ་ཆེན་དམ་ཚིག་སྒྲོལ༔ ཨིནྡྲ་ནཱི་ལའི་བུམ་པ་བསྣམས༔ ཚེ་དང་བདུད་རྩིས་བཀང་ནས་ནི༔ རྒྱ་གྲམ་འབར་བས་རྒྱས་ཐོབ་ཅིག༔ ཚེ་འདི་བཅོལ་ལོ་སྲོག་འདི་སྡོམས༔ དེ་ནས་ཚེ་བརྟན་པར་བྱ་སྟེ༔ ཧཱུྃ་ཏྲ་ཏྲ་ཤག་མུ་ཏྲ་ཧོ༔ ཏིཥྛ་ལྷན༔ ཧཱུྃ༔ སྙིང་པོ་བསྐྱོད་པར་མི་ནུས་ཏེ༔ རྡོ་རྗེ་འཆང་གི་ཚེ་ཡང་ཚེ༔ སྤྲོས་པས་ཁམས་གསུམ་བཀྲག་དང་ལྡན༔ བསྡུས་པས་ལུས་ལ་གཟི་མདངས་འབར༔ བཅིངས་པས་རྡོ་རྗེའི་ལུ་གུ་རྒྱུད༔ བརྟན་པས་མི་འགྱུར་རྡོ་རྗེ་འདྲ༔ སྐལ་ལྡན་རྡོ་རྗེ་དམ་ཚིག་ཅན༔ སྐུ་གསུང་ཐུགས་མཆོག་དངོས་གྲུབ་སྩོལ༔ ཚེ་མཆོག་རྡོ་རྗེ་ཧཱུྃ་རྟོགས་ཤོག༔ ཅེས་རྣལ་འབྱོར་པ་རིག་མར་བཅས་པས་མགོ་ལ་ཚེ་བུམ་བཞག་སྟེ༔ སྤྱི་བོ་དཔྲལ་བ་ལྟག་པ་རྣ་ལྟག་གཡོན་དུ་ཚེ་བུམ་བཞག་ལ༔ ཨོཾ་བཛྲ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་བུདྡྷ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཨོཾ༔ སྭཱ་རཏྣ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཏྲཱཾ༔ ཨོཾ་པདྨ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧྲཱི༔ ཧཱ་ཀརྨ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཨཱ༔ དེ་ནས་ཚེ་ཡི་བཀྲ་ཤིས་བརྗོད་པ་ནི༔ ཨོཾ༔ སྐུ་ཡི་སྐུ་སྟེ་སྐུ་ལ་ཐིམ༔ ཕུང་པོ་ལྔ་ལ་རབ་ཏུ་ཐིམ༔ ཨཱ༔ གསུང་གི་གསུང་སྟེ་གསུང་ལ་ཐིམ༔ ལྗགས་ཀྱི་དབང་པོ་མཆོག་ལ་ཐིམ༔ ཧཱུྃ༔ ཐུགས་ཀྱི་ཐུགས་ཏེ་ཐུགས་ལ་ཐིམ༔ རང་བྱུང་ཐུགས་ལ་རབ་ཏུ་ཐིམ༔ ཉིན་ལ་བཀྲ་ཤིས་མཚན་བཀྲ་ཤིས༔ ཉིན་མཚན་རྒྱུན་དུ་བཀྲ་ཤིས་པ༔ སྐལ་ལྡན་རྣམས་ལ་བཀྲ་ཤིས་ཤོག༔ ཉི་མའི་སྙིང་པོ་གསལ་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་ཛྙཱ་ན་ཧཱུྃ་ཧེ༔ ཞེས་ཚེ་བསྟིམ་ཞིང་དབང་བསྐུར་རོ༔ འདི་ནི་རྒྱུན་དུ་ཚེ་སྒྲུབ་ཡི་དམ་དུ་བྱའོ༔ སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཡོངས་རྫོགས་སྒྲུབ་པའི་དུས་སུ་ཡང་འདིའི་ཚེ་འགུགས་བྱའོ༔ ཚེ་སྒྲུབ་ཡོངས་རྫོགས་རྫོགས་སོ༔ ༈ བཀའ་བརྒྱད་རང་བྱུང་རང་ཤར་ལས་ཚེའི་པྲ་བརྟག་བཞུགས་སོ༔ བཅོམ་ལྡན་ཚེ་ཡི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ༔ འཆི་མེད་པྲ་བརྟག་གསལ་བའི་མེ་ལོང་ནི༔ པྲ་བརྟག་ཤིན་ཏུ་མང་ན་ཡང༔ ཁྱད་པར་ཚེ་ཟན་ལ་བརྟག་པ་ནི༔ མདུན་ནས་གས་ན་རང་ལ་ངན༔ གཡས་ནས་གས་ན་ཕོ་ཕྱོགས་ལ་ངན༔ གཡོན་ནས་གས་ན་མོ་ཕྱོགས་ལ་ངན༔ རྒྱབ་ནས་གས་ན་འཁོར་ལ་ངན༔ མཚམས་བཞིར་གས་ན་ནོར་ལ་ངན༔ ཁ་རྒྱན་ཆག་ན་དགྲ་རྐུན་སྡང༔ ཚེ་རིལ་བྲུལ་ན་སྲིས་ལ་ངན༔ མགུལ་ན་གས་ན་དངོས་གྲུབ་མེད༔ རྡོ་རྗེ་གས་ན་ཆུང་སྲི་ལངས༔ ཉི་ཟླ་གས་ན་རྐྱེན་ངན་ཡོང༔ ཡོ་ཞིང་གས་ན་རིམས་ནད་ཡོང༔ ཕུང་པོ་ཞིག་ན་མཐུ་གཏད་ཡིན༔ ཚེ་ཟན་འགྱེལ་ན་བློན་ལ་ངན༔་་་སློབ་དཔོན་ཟེར་བའང་འདུག །དེ་ནི་ཚེ་ཟན་ངན་རྟགས་སོ༔ བཟང་པོ་བརྟག་པ་འདི་ལྟར་རོ༔ བུམ་པར་འོད་བྱུང་ཚེ་ཆུ་ལུད༔ ཚེ་གཏོར་བརྟན་ཅིང་སྐྱོན་མེད་དང༔ ཚེ་འབྲས་འདུས་དང་སྒུལ་སྐྱོད་མེད༔ མར་མེ་དྭངས་ཤིང་མར་ཁུ་སྨེ༔ དཀྱིལ་འཁོར་བཀྲག་ཅིང་སྣུམ་མདོག་ལྡན༔ ཉམས་དང་མངོན་ཤེས་ལྡན་པ་དང༔ དྲི་བཟང་ངད་པ་སྐད་སྙན་འབྱུང༔ ནམ་མཁར་སྒྲ་འབྱིན་འཇའ་ཚོན་འཁྱིལ༔ རྟགས་བཟང་དེ་རྣམས་བྱུང་བ་ན༔ ཚེ་ཡི་དངོས་གྲུབ་འདུས་པའི་རྟགས༔ དེ་ཡི་དབང་བསྐུར་ཐོབ་པ་ན༔ རྐྱེན་དང་བར་ཆད་མ་ལུས་སེལ༔ ཚེ་རིང་ནད་མེད་ཕུན་སུམ་ཚོགས༔ དཔལ་དང་འབྱོར་པ་ལྡན་པ་ཡིན༔ པྲ་བརྟག་བསྡུས་པ་ྀཨཚ༔ སརྦ་མངྒ་ལཾ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).