Terdzo-HA-005: Difference between revisions

From Rinchen Terdzö
m (Text replacement - "totalvolumes[ ]?=[ ]?70[ ]? " to "totalvolumes=71 ")
m (Text replacement - "2007-2016" to "2007-2018")
Line 5: Line 5:
|fulltitletib=བྱིན་རླབས་བླ་སྒྲུབ་སྡུག་བསྔལ་མུན་སེལ་ཐུགས་རྗེའི་ཉི་འོད་ཕྱི་ནང་གསང་གསུམ་ཉམས་སུ་ལེན་པའི་ཟིན་བྲིས་བཀླག་ཆོག་ཏུ་བཀོད་པ་ཡོན་ཏན་འབྱུང་གནས་
|fulltitletib=བྱིན་རླབས་བླ་སྒྲུབ་སྡུག་བསྔལ་མུན་སེལ་ཐུགས་རྗེའི་ཉི་འོད་ཕྱི་ནང་གསང་གསུམ་ཉམས་སུ་ལེན་པའི་ཟིན་བྲིས་བཀླག་ཆོག་ཏུ་བཀོད་པ་ཡོན་ཏན་འབྱུང་གནས་
|fulltitle=byin rlabs bla sgrub sdug bsngal mun sel thugs rje'i nyi 'od phyi nang gsang gsum nyams su len pa'i zin bris bklag chog tu bkod pa yon tan 'byung gnas
|fulltitle=byin rlabs bla sgrub sdug bsngal mun sel thugs rje'i nyi 'od phyi nang gsang gsum nyams su len pa'i zin bris bklag chog tu bkod pa yon tan 'byung gnas
|citation=[['jam mgon kong sprul]]. byin rlabs bla sgrub sdug bsngal mun sel thugs rje'i nyi 'od phyi nang gsang gsum nyams su len pa'i zin bris bklag chog tu bkod pa yon tan 'byung gnas. In Rin chen gter mdzod chen mo pod nyer dgu pa (The Great Treasury of Rediscovered Teachings Volume 29) by 'jam mgon kong sprul, 49-124. New Delhi: Shechen Publications, 2007-2016.
|citation=[['jam mgon kong sprul]]. byin rlabs bla sgrub sdug bsngal mun sel thugs rje'i nyi 'od phyi nang gsang gsum nyams su len pa'i zin bris bklag chog tu bkod pa yon tan 'byung gnas. In Rin chen gter mdzod chen mo pod nyer dgu pa (The Great Treasury of Rediscovered Teachings Volume 29) by 'jam mgon kong sprul, 49-124. New Delhi: Shechen Publications, 2007-2018.
|collectiontitle=Rin chen gter mdzod; Rin chen gter mdzod Shechen Edition
|collectiontitle=Rin chen gter mdzod; Rin chen gter mdzod Shechen Edition
|collectiontitletib=རིན་ཆེན་གཏེར་མཛོད་
|collectiontitletib=རིན་ཆེན་གཏེར་མཛོད་

Revision as of 02:47, 7 November 2018

བྱིན་རླབས་བླ་སྒྲུབ་སྡུག་བསྔལ་མུན་སེལ་ཐུགས་རྗེའི་ཉི་འོད་ཕྱི་ནང་གསང་གསུམ་ཉམས་སུ་ལེན་པའི་ཟིན་བྲིས་བཀླག་ཆོག་ཏུ་བཀོད་པ་ཡོན་ཏན་འབྱུང་གནས་

byin rlabs bla sgrub sdug bsngal mun sel thugs rje'i nyi 'od phyi nang gsang gsum nyams su len pa'i zin bris bklag chog tu bkod pa yon tan 'byung gnas

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  ཡོན་ཏན་མགོན་པོ་ (Yönten Gönpo)
in cycle  བླ་སྒྲུབ་སྡུག་བསྔལ་མུན་སེལ་ཐུགས་རྗེའི་ཉི་འོད་ (Bla sgrub sdug bsngal mun sel thugs rje'i nyi 'od)
parent cycle  གཡུ་ཐོག་སྙིང་ཐིག་ (G.yu thog snying thig)
Volume 29 (ཧ) / Pages 49-124 / Folios 1a1 to 38b5

[edit]

༄༅། །བྱིན་རླབས་བླ་སྒྲུབ་སྡུག་བསྔལ་མུན་སེལ་ཐུགས་རྗེའི་ཉི་འོད་ཕྱི་ནང་གསང་གསུམ་ཉམས་སུ་ལེན་པའི་ཟིན་བྲིས་བཀླག་ཆོག་ཏུ་བཀོད་པ་ཡོན་ཏན་འབྱུང་གནས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་གུ་ཎ་ནཱ་ཐཱ་ཡ། དུས་གསུམ་གཤེགས་པའི་རྣམ་འདྲེན་མཆོག་རྣམས་ཀྱི། །ཐུགས་བསྐྱེད་ཐུགས་རྗེ་གཅིག་བསྡུས་གཡུ་ཐོག་པ། །བསིལ་ལྡན་སྨན་གྱི་སྟོན་པ་ཡོན་ཏན་མགོན། །གྲོལ་བ་བཞི་ལྡན་དེ་ཡིས་བདག་བྱིན་རློབས། །ཕྱི་ལྟར་ལྔ་རིག་མཐར་ཕྱིན་པཎྜཱི་ཏ། །ནང་ལྟར་གྲུབ་ཐོབ་རྒྱ་མཚོའི་ཚོགས་ཀྱི་རྗེ། །གསང་བ་བཻ་ཌཱུརྻ་འོད་བཅོམ་ལྡན་འདས། །གང་དེའི་སྒྲུབ་ཐབས་རྨད་བྱུང་ཡིད་བཞིན་ནོར། །ཀུན་ལས་ཁྱད་འཕགས་བྱིན་རླབས་གཟི་བརྗིད་ཅན། །རིང་པོར་མི་ཐོགས་གྲུབ་གཉིས་འདོད་འཇོ་བ། །ཇི་ལྟར་ཉམས་སུ་ལེན་ཚུལ་གོ་བདེའི་ཟིན། །བཀོད་ལ་རྩ་གསུམ་སྲུང་མས་གནང་བ་སྩོལ། །དེ་ལ་རྫོགས་པའི་སངས་རྒྱས་སྨན་གྱི་བླ་མ་ཉིད་གདོང་དམར་བོད་ཀྱི་རྒྱལ་ཁམས་སུ་འཚོ་མཛད་གྲུབ་པའི་དབང་ཕྱུག་གི་སྐུར་བཞེངས་པ་རྗེ་བཙུན་གཡུ་ཐོག་པ་ཆེན་པོས། སྐལ་ལྡན་གྱི་གདུལ་བྱ་རྣམས་ལ་བརྩེ་བས་དགོངས་ཏེ་རྡོ་རྗེའི་གསང་ཚིག་ཏུ་གདམས་པ། ཐུན་མོང་མ་ཡིན་པའི་ཡང་ཟབ་མཐར་ཐུག་སྙིང་གི་ཐིག་ལེའི་བསྙེན་སྒྲུབ་ཀྱི་ཟིན་བྲིས་ཅུང་ཟད་འགོད་པ་ལ་གཉིས། བསྐྱེད་རྫོགས་ཀྱི་སྤྱི་དོན་མདོ་ཆིངས་ས་བཅད་དུ་བསྟན་པ། བསྙེན་སྒྲུབ་ལག་ལེན་དངོས་ཉིད་ཞིབ་པར་སྨོས་པའོ། །དང་པོ་ལ་གཉིས། རིམ་གཉིས་སྤྱིའི་དོན། བྱེ་བྲག་གཞུང་འདི་ཉིད་ཀྱི་བཞུགས་ཚུལ་ལོ། །དང་པོ་ལ་དྲུག །ངོ་བོ། དབྱེ་བ། སྒྲ་དོན། གྲངས་ངེས། གོ་རིམ། གྲོལ་བའི་འཐད་པའོ། །དང་པོ་ནི། ཡིད་མཚན་རྟོག་ལས་བདེ་མྱུར་དུ་སྐྱོབ་པའི་ཐབས་ཁྱད་པར་ཅན་ཏེ། བདེ་སྟོང་གི་ཡེ་ཤེས་ལྷ་སྐུའི་རྣམ་པ་དང་འབྲེལ་བའོ། །སྔ་རབས་པ་རྣམས་ཀྱིས་བསྐྱེད་རིམ་མཚན་ཉིད་བཞི། རྫོགས་རིམ་གསུམ་ལྡན་དུའང་གསུངས་སོ། །གཉིས་པ་དབྱེ་བ་ལ་བསྐྱེད་རིམ་དང་རྫོགས་རིམ་གཉིས། དང་པོ་ལ་དབྱེ་ན། ཏིང་འཛིན་གསུམ། བསྙེན་སྒྲུབ་ཡན་ལག་བཞི་ལ་སོགས་པ་དང་། གཉིས་པ་ལ་རང་བྱིན་བརླབ་པ་དང་། དཀྱིལ་འཁོར་འཁོར་ལོའམ། རྫོགས་པ་དང་རྫོགས་པ་ཆེན་པོ་སོགས་སུ་དབྱེར་ཡོད་དོ། །གསུམ་པ་སྒྲ་དོན་ནི། འཕགས་སྐོར་བ་རྣམས་ཀྱིས་སྦྱང་གཞི་ལས་བརྩམ་སྟེ། ཐ་མལ་གྱི་སྐྱེ་འཆིའི་རིམ་པ་སྦྱོང་བ་དང་མཐུན་པར་བསྐྱེད་རྫོགས་སུ་གདགས་པར་བཞེད། དུས་འཁོར་བ་རྣམས་འབྲས་བུ་ལས་བརྩམ་སྟེ། བསྐྱེད་པའི་དོན་ཐུན་མོང་དང་། རྫོགས་པའི་དོན་མཆོག་གི་དངོས་གྲུབ། རིམ་པ་ནི་དེ་གཉིས་མངོན་དུ་བྱེད་པའི་ལམ་ལ་གདགས་པར་བཞེད། བི་རཱུ་པས། རྣམ་རྟོག་གི་རྩོལ་བས་བསྐྱེད་པ་དང་། ལུས་ངག་ཡིད་གསུམ་ཇི་ལྟར་གནས་པ་དང་མཐུན་པར་རྫོགས་པ་ལ་དེའི་སྒྲར་སྦྱོར་བར་བཞེད་པ་ནི་སྔ་འགྱུར་བ་རྣམས་དང་ཡང་མཐུན་པ་ཡིན་ནོ། །བཞི་པ་གྲངས་ངེས་ནི། སྤང་བྱ་ཐ་མལ་གྱི་རྣམ་རྟོག་དང་། གྱ་ནོམ་ལྷར་ཞེན་གཉིས། ཐོབ་བྱ་གཟུགས་ཀྱི་སྐུ་དང་ཆོས་ཀྱི་སྐུ་གཉིས། སྦྱང་གཞི་ལུས་དང་སེམས། སྦྱངས་འབྲས་སྐུ་དང་ཡེ་ཤེས་རྟེན་བརྟེན་པར་འབྲེལ་བའི་ཕྱིར་རིམ་པ་གཉིས་སུ་གྲངས་ངེས་པ་ཡིན་ནོ། །ལྔ་པ་གོ་རིམ་ནི། འཕགས་སྐོར་བ་བསྐྱེད་རིམ་བརྟན་ནས་རྫོགས་རིམ་བསྒོམ་པར་འདོད། སེམས་འགྲེལ་བ་ཁ་ཅིག་བསྐྱེད་རིམ་བརྟན་རུང་མི་བརྟན་རུང་ལོ་བཅུ་བཞི་བར་སྔོན་དུ་སོང་ནས་རྫོགས་རིམ་ལ་འཇུག་པར་བཤད། ཁ་ཅིག་བསྐྱེད་རིམ་ལ་རྫོགས་རིམ་གྱི་རྒྱས་བཏབ་ནས་བསྒོམ་པ་དང་། ནཱ་རོ་ཏ་པ་སོགས་ཐུན་སྟོད་ལ་བསྐྱེད་རིམ་དང་ཐུན་སྨད་ལ་རྫོགས་རིམ་བསྒོམ་པར་བཞེད་ཅིང་། གསར་རྙིང་སྤྱིར་དབང་རྣོན་ལ་ངེས་པ་མེད་ཅིང་དབང་པོ་འབྲིང་དང་ཐ་མས་བསྐྱེད་རིམ་སྔོན་དུ་སོང་ནས་རྫོགས་རིམ་ལ་འཇུག་ཅིང་གོམས་ནས་བསྐྱེད་རྫོགས་ཟུང་འཇུག་ཏུ་བྱ་བར་བཞེད་པ་ནི་མཐུན་ནོ། །དྲུག་པ་གྲོལ་བའི་འཐད་པ་ནི། སེམས་དང་སེམས་ཀྱི་སྣང་ཆ་བཞིན་ལག་ལ་སོགས་པར་སྣང་བ་ནི་རིགས་སམ་རྒྱུ་ཡིན་ལ། འདྲ་བ་ལམ་དུ་བྱས་པས་རིགས་གཉིས་མངོན་དུ་འགྱུར་བ་དང་། རིགས་འདྲ་དང་ལྡོག་པ་དང་རྣམ་པ་དང་བརྣན་པ་སྟེ་གཉེན་པོར་ཆེ་བ་བཞིའི་སྒོ་ནས་ཐབས་ཁྱད་པར་ཅན་གྱིས་ཟིན་པ་སོགས་ཀྱི་ཕྱིར་གྲོལ་བར་འཐད་པ་ཡིན་ནོ། །གཉིས་པ་བྱེ་བྲག་གཞུང་འདི་ཉིད་ཀྱི་བཞུགས་ཚུལ་མདོ་ཙམ་སྨོས་པ་ལའང་གཉིས། བཞུགས་ཚུལ་སྤྱི། དེ་དག་ཉམས་སུ་ལེན་ཚུལ་བྱེ་བྲག་ཏུ་སྨོས་པའོ། །དང་པོ་ནི། སྤྱིར་གཞུང་འདི་ལ་སྨིན་བྱེད། གྲོལ་བྱེད། ཆ་ལག་སྟེ་སྐོར་གསུམ། དང་པོ་ལའང་། དབང་རྟུལ་སྤྲོས་པ་ལ་དགའ་བ་རྗེས་སུ་བཟུང་བ་གནས་གྲོགས་ཡོ་བྱད་དུས་ཚོད་ཕུན་སུམ་ཚོགས་པའི་སྒོ་ནས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་དབང་བསྐུར་བ་སྔོན་དུ་སོང་ནས། སྣོད་ལྡན་ལ་གདམས་པའི་གཉེར་གཏད་པ་དང་བཅས་པ་རྒྱས་པའི་ལུགས་དང་། དབང་རྣོན་སྤྲོས་མེད་ལ་དགའ་བ་རྗེས་སུ་བཟུང་བ་གཏོར་མ་ལ་བརྟེན་པའི་དོན་དབང་མཐའ་རྟེན་དང་བཅས་པ་བསྡུས་པའི་ལུགས་དང་། གཉིས་ཀ་ལ་མཁོ་བ་ཚེ་དབང་འཆི་བདག་བདུད་འཇོམས་ལྷན་ཐབས་དང་བཅས་པ། དབང་བསྐུར་ཐོབ་ནས་བསྲུང་བར་བྱ་བའི་དམ་ཚིག །ཕྱི་ལྟར་བློ་བཞག་དྲུག །གཟུང་བྱ་གཉིས། ཤེས་བྱ་གསུམ། ནང་ལྟར་རྩ་བ་སྐུ་གསུང་ཐུགས། ཡན་ལག་ཉི་ཤུ་རྩ་ལྔ། གསང་བ་བྱང་ཆུབ་ཀྱི་སེམས་དང་བདེ་གསལ་མི་རྟོག་པའི་དམ་ཚིག་རྣམས་ལེགས་པར་སྲུང་བའི་ཚུལ་གསལ་བ་དམ་ཚིག་རྡོ་རྗེ་རྒྱ་མདུད་ཞལ་གདམས་དང་བཅས་པ་རྣམས་སོ། །གཉིས་པ་གྲོལ་བྱེད་ལ་གཉིས། བསྐྱེད་རིམ་དང་། རྫོགས་རིམ་གྱི་སྐོར་རོ། །དང་པོ་ལ། བླ་མ་ཚོགས་ཞིང་ལྟར་སྒོམ་པ་ཕྱི་སྒྲུབ། བླ་མ་སངས་རྒྱས་སུ་སྒོམ་པ་ནང་སྒྲུབ། བླ་མ་རྩ་གསུམ་ཀུན་འདུས་ཀྱི་དཀྱིལ་འཁོར་དུ་སྒོམ་པ་གསང་སྒྲུབ། རིགས་འདུས་རྡོ་རྗེ་སེམས་དཔར་སྒོམ་པ་དྲིལ་སྒྲུབ། དེ་དག་གི་ཞར་ལས་བྱུང་བའི་སྒྲུབ་ཐབས་རྣམས་སོ། །ཕྱི་མ་ལ་འཁོར་མཁའ་འགྲོ་སྡེ་བཞིའི་སྒོས་སྒྲུབ། གསང་སྒྲུབ་སྲོག་དྲིལ། བླ་མའི་རྣལ་འབྱོར་ཐུན་མོང་མིན་པའི་སྙན་བརྒྱུད་མ་ལ་སོགས་པ་རྣམས་སོ། །གཉིས་པ་རྫོགས་རིམ་ལ། ལུས་ལྷ་སྐུར་འཆར་བ་རྩ་སྦྱོང་བའི་ཁྲིད། ངག་སྔགས་སུ་འཆར་བ་རླུང་སྦྱོང་བའི་ཁྲིད། སེམས་ཆོས་སྐུར་འཆར་བ་ཐིག་ལེ་སྦྱོང་བའི་ཁྲིད་སྟོན་པ་སྐུ་གསུམ་རང་ཤར་གྱི་གཞུང་རྩ་བ་ཉམས་ལེན་ཐམས་ཅད་ཀྱི་ངོ་སྤྲོད་གཅིག་ཏུ་དྲིལ་བ་འཁོར་འདས་རང་གྲོལ་ཡན་ལག་ཏུ་འབྲེལ་བའོ། །གསུམ་པ་ཆ་ལག་གི་སྐོར་ལ། ཕྱི་འབྱུང་བ་ལུས་འཁྲུགས། ནང་ཏིང་ངེ་འཛིན་སེམས། གསང་བ་བར་ཆད་བདུད་ཀྱི་གེགས་བསལ་བ། བསྐྱེད་རྫོགས་གཉིས་ཀྱི་ལམ་རྟགས་གསལ་བྱེད། བསྙེན་སྒྲུབ་སྔོན་སོང་གི་ལས་ཀྱི་སྦྱོར་བ། བཀྲ་ཤིས་ཚེ། ལས་མྱུར་མེ། འཇིགས་སྐྱོབ་སྲུང་འཁོར། མངོན་ཤེས་པྲ། བསྟན་སྲུང་ཆོས་སྐྱོང་སྟེ་སོ་སོའི་ཆ་ལག་ནང་གསེས་དང་བཅས་པ་རྣམས་སོ། །གཉིས་པ་དེ་དག་ཉམས་སུ་ལེན་ཚུལ་བྱེ་བྲག་ཏུ་སྨོས་པ་ལ་གསུམ། སྤྲོས་བཅས་བསྐྱེད་རིམ། སྤྲོས་མེད་རྫོགས་རིམ། དེ་དག་བསྙེན་སྒྲུབ་ཡན་ལག་བཞིར་འབྲེལ་ཚུལ་ལོ། །དང་པོ་ནི། ཐོག་མར་ཕྱི་སྒྲུབ་སྔོན་འགྲོའི་ཚུལ་གྱིས་གསག་སྦྱོང་དང་གསོལ་འདེབས་གཙོ་བོར་བཏོན་ནས་རྒྱུད་སྦྱངས་ཏེ་བདག་རྒྱུད་ལ་བྱིན་རླབས་འཇུག་པའི་སྣོད་རུང་དུ་བྱེད་པ་ནི་བསྙེན་པ། ནང་སྒྲུབ་དངོས་གཞིའི་ཚུལ་དུ་སངས་རྒྱས་སྨན་གྱི་བླ་མའི་བསྐྱེད་རྫོགས་ཕྱི་ནང་གསང་བ་རྒྱུད་སྡེ་བཞི་དང་འབྲེལ་བར་སྟན་ཐོག་གཅིག་ཏུ་ཉམས་ལེན་གྱི་ས་བོན་གདབ་པ་ནི་སྒྲུབ་པ། གསང་སྒྲུབ་ཐུན་མོང་མ་ཡིན་པའི་ཉམས་ལེན་གཙོ་བོའི་ཚུལ་དུ་རྣལ་འབྱོར་བླ་ན་མེད་པའི་བསྐྱེད་རིམ་གྱི་ལུས་ཡོངས་སུ་རྫོགས་པས་བསྐྱེད་རིམ་གྱི་གྲུབ་མཐའ་ལམ་དུ་སློང་བ་དང་དྲིལ་སྒྲུབ་རྒྱུན་གྱི་ཉམས་ལེན་གྱིས་བསྐྱེད་བསྲིངས་པས་དངོས་གྲུབ་ཀྱི་འབྲས་བུ་མངོན་དུ་བྱེད་པ་ནི་སྒྲུབ་པ་ཆེན་པོའམ་ལས་ལ་སྦྱོར་བའི་ཚུལ་གྱིས་ཉམས་སུ་བླང་བར་བྱའོ། །གཉིས་པ་སྤྲོས་མེད་རྫོགས་རིམ་ནི། སྦྱང་གཞི་བདེ་བར་གཤེགས་པའི་སྙིང་པོ་སྟོང་གསལ་འགག་མེད་དུ་བཞུགས་པ་ལ། སྦྱང་བྱ་གློ་བུར་འཁྲུལ་པའི་ཆོས་ལུས་ངག་ཡིད་གསུམ་གྱི་རྣམ་པས་གོས་པ་ཉིད། སྦྱོང་བྱེད་རྡོ་རྗེ་གསུམ་གྱི་རྫོགས་རིམ་ཟབ་མོས་ཚུལ་བཞིན་དུ་སྦྱངས་པའི་འབྲས་བུ་སྐུ་གསུམ་མངོན་དུ་བྱེད་པ་སྟེ། དེའང་ཐོག་མར་ལུས་ལྷ་སྐུར་འཆར་བ་རྩ་སྦྱོང་བའི་ཁྲིད་ལ། ཕྱི་ལྷ་སྐུ །ནང་སྟོང་པ། གསང་བ་རྩ་འཁོར་ལ་སོགས་པ་གསལ་གདབ་ཅིང་ལུས་སྦྱོང་འཁྲུལ་འཁོར་ལ་འབད་པས་རྩའི་མདུད་པ་གྲོལ། རྟེན་འབྲེལ་ལུས་ལ་བསྒྲིགས་པས་རྟོགས་པ་སེམས་ལ་འཆར་བར་བྱེད། གཉིས་པ་ངག་སྔགས་སུ་འཆར་བ་རླུང་གི་རྣལ་འབྱོར་ལ། ལས་དང་པོ་པས་རྡོ་རྗེའི་བཟླས་པ་ཞི་བ་ལ་བསླབས་པས་རོ་རྐྱང་གི་རླུང་དབུ་མར་དང་པོར་འཇུག་པའི་རྟགས་བཅུ་མཐོང་། ཅུང་ཟད་གོམས་པས་བར་རླུང་དང་བུམ་པ་ཅན་གྱི་སྦྱོར་བ་ལ་བསླབ་པས་བདེ་དྲོད་ཀྱི་ཡོན་ཏན་སྐྱེ། གོམས་པའི་སྟོབས་བརྟན་དུ་སོང་ནས་དྲག་རླུང་གི་སྦྱོར་བ་ལ་འབད་པས་གོང་མ་གཉིས་ཀྱི་བོགས་ཐོན་ཏེ་བདེ་གསལ་མི་རྟོག་པའི་ཉམས་བསམ་གྱིས་མི་ཁྱབ་པ་སྐྱེ། རླུང་དབུ་མར་ཞུགས་གནས་ཐིམ་པ་མཐར་ཕྱིན་ཏེ་འབྱུང་ལྔའི་རླུང་ལ་རང་དབང་ཐོབ། རྨི་ལམ་འོད་གསལ་སྒྱུ་ལུས་དང་བཅས་པའི་རྩལ་རང་ཤུགས་སུ་འབྱོངས་ནས་གྲུབ་པ་གཉིས་ཀ་ཉམས་འོག་ཏུ་ཚུད་པར་འགྱུར་ལ། རླུང་གི་ནུས་སྟོབས་དམན་པའི་རྣལ་འབྱོར་པས་དྲོད་ཚད་མྱུར་དུ་འབྱིན་པ་ཟབ་མོ་གནད་ཀྱི་ཉམས་ལེན་རྨི་ལམ་ལ་སོགས་པ་སོ་སོའི་གདམས་ངག་གིས་རྩལ་སྦྱོང་བ་དང་། གོམས་པ་དམན་པས་ལམ་གྱི་ཆད་མཐུད་འཕོ་བ་བར་དོ་གྲོང་འཇུག་གི་གདམས་པ་ལ་བརྟེན་ཏེ་སྐྱེ་བ་བརྒྱུད་ནས་ཟུང་འཇུག་གི་གོ་འཕང་ལ་བགྲོད་པར་བྱེད། གསུམ་པ་ཡིད་ཆོས་སྐུར་འཆར་བ་ཐིག་ལེའི་རྣལ་འབྱོར་ལ། རླུང་ལ་གོམས་སྟོབས་ཆེ་ཆུང་དང་བསྟུན་པའི་རང་ལུས་ཐབས་ལྡན་སྔོན་དུ་སོང་ནས། གཞན་ལུས་བརྟགས་ཤིང་བཀུག་ནས་རྒྱུད་སྨིན་པ་ལ་བརྟེན། དྭངས་མ་འཛིན་འདྲེན་དགྲམ་པའི་སྦྱོར་བ་མཐར་ཕྱིན་པས་ཚེ་ལ་དབང་བའི་རིག་འཛིན་འགྲུབ་ཅིང་འཇའ་ལུས་མཁའ་སྤྱོད་ཀྱི་དངོས་གྲུབ་ཐོབ། ན་ཚོད་ཡོལ་བ་སོགས་ཀྱིས་གྲོལ་ལམ་ལ་བརྟེན་ཏེ་སེམས་གནས་པ་དང་། སྤྲོ་བ་དང་། བཟོ་བཅོས་རྩིས་གདབ་དང་བྲལ་བའི་བསམ་གཏན་ལ་རིམ་གྱིས་བསླབས་པས། མཐར་གནས་ལུགས་ཇི་བཞིན་པ་མཐོང་གོམས་རྩལ་རྫོགས་པའི་ཚུལ་གྱིས་ཚེ་གཅིག་ལ་ཀུན་བཟང་གུ་རུ་སྨན་པའི་རྒྱལ་པོའི་དགོངས་པ་མངོན་དུ་འགྱུར་བར་བྱེད་དོ། །གསུམ་པ་དེ་དག་བསྙེན་སྒྲུབ་ཡན་ལག་བཞི་དང་ཇི་ལྟར་འབྲེལ་ན། དེའང་བསྐྱེད་རིམ་རྐྱང་པའི་དབང་དུ་བྱས་ན། ཕྱི་སྒྲུབ་བསྙེན་པ། ནང་སྒྲུབ་སྐབས་རྒྱུད་སྡེ་འོག་མ་གསུམ་དང་སྒོ་བསྟུན་པའི་ཉམས་ལེན་རྣམས་ཉེ་བསྙེན། བླ་མེད་ཀྱི་ཉམས་ལེན་རྣམས་སྒྲུབ་པ། གསང་སྒྲུབ་དང་དྲིལ་སྒྲུབ་ནི་སྒྲུབ་པ་ཆེན་པོའི་ཚུལ་ལོ། །བསྐྱེད་རྫོགས་གཉིས་ཀ་བསྙེན་སྒྲུབ་ཡན་ལག་བཞིའི་སྒྲོམ་ནས་འདོན་པའི་དབང་དུ་བྱས་ན། སྔོན་འགྲོ་ཕྱི་སྒྲུབ་བསྙེན་པ། ནང་སྒྲུབ་ཉེ་བསྙེན། གསང་སྒྲུབ་དྲིལ་སྒྲུབ་སྒྲུབ་པ། རྫོགས་རིམ་སྐུ་གསུམ་རང་ཤར་སྒྲུབ་པ་ཆེན་པོ་སྟེ། ལམ་དང་སྦྱར་ན་གཙོ་བོར་ཚོགས་ལམ་དང་། སྦྱོར་ལམ་དྲོད་དང་། རྩེ་བཟོད་ཆོས་མཆོག་ཆེན་པོའི་ངོ་སྐལ་གྱི་ཉམས་ལེན་ཏེ། ཆོས་མཆོག་གི་རྟེན་དེར་རླུང་སེམས་ཙམ་གྱི་ལྷ་སྐུར་གྲུབ་པས་རྡོ་རྗེ་གསུམ་གྱི་རྫོགས་རིམ་ཟབ་མོའི་ཉེ་རྒྱུས་མཚམས་སྦྱར་ནས། མཆོག་གི་དངོས་གྲུབ་འོད་གསལ་གྱི་ལྷ་སྐུ་མངོན་དུ་བྱས་ཏེ་སློབ་པ་དང་མི་སློབ་པའི་ཟུང་འཇུག་གི་གོ་འཕང་རིམ་གྱིས་བགྲོད་པར་འགྱུར་རོ། ༈ །གཉིས་པ་བསྙེན་སྒྲུབ་ཀྱི་ལག་ལེན་དངོས་ཞིབ་པར་སྨོས་པ་ལ་ལྔ། གང་གིས་སྒྲུབ་པའི་གང་ཟག །གང་དུ་སྒྲུབ་པའི་གནས། གང་གི་ཚེ་སྒྲུབ་པའི་དུས། གང་ལ་བརྟེན་ནས་སྒྲུབ་པའི་ཡོ་བྱད། གང་ལྟར་སྒྲུབ་པའི་ཐབས་སོ། །དང་པོ་ནི། དབང་ཐོབ་ལ་དམ་ཚིག་དང་ལྡན་པ་སྟེ་དབང་མ་ཐོབ་པས་གསང་སྔགས་བསྒྲུབ་ཏུ་མི་རུང་ཞིང་དམ་ཚིག་དང་མི་ལྡན་ན་སྒྲུབ་པ་ཐམས་ཅད་ལོག་པར་འགྲོ་བའོ། །གཉིས་པ་སྒྲུབ་གནས་ནི། སྤྱིའི་གནས་དབེན་ཞིང་ཡིད་དང་མཐུན་པ། བྱེ་བྲག་གི་གནས་ལས་བཞིའི་མཚན་ཉིད་ཚང་བ། ཁྱད་པར་གྱི་གནས་གྲུབ་ཐོབ་གོང་མས་བྱིན་གྱིས་བརླབས་པ་སྟེ། ཐ་མལ་དང་འདུ་འཛི་ཅན་གྱི་གནས་སུ་བསྒྲུབས་ཀྱང་དངོས་གྲུབ་མི་འགྲུབ་ཅིང་བར་དུ་གཅོད་པས་གླགས་རྙེད་པར་འགྱུར་ལ། གནས་དེ་ལྟ་བུར་དེ་ལས་ལྡོག་པའི་ཡོན་ཏན་དང་བཅས་པའོ། །གསུམ་པ་སྒྲུབ་པའི་དུས་ལ་གཉིས། ནམ་སྒྲུབ་པའི་དུས་དང་། ཇི་ཙམ་སྒྲུབ་པའི་དུས་སོ། །དང་པོ་ནི། ཡོན་ཏན་གོང་དུ་འཕེལ་བའི་རྟེན་འབྲེལ་གྱིས་ཕྱི་སྒྲུབ་དཀར་ཕྱོགས་ཀྱི་གཟའ་སྐར་འཕྲོད་སྦྱོར་བཟང་བ་ལ་འཇུག །སངས་རྒྱས་སྨན་གྱི་བླ་མའི་དུས་ཆེན་ཡིན་པས་ནང་སྒྲུབ་དཀར་ཕྱོགས་ཀྱི་ཚེས་བརྒྱད་ལ་བརྩམ། དཔའ་བོ་མཁའ་འགྲོ་འདུ་བའི་ཕྱིར་གསང་སྒྲུབ་ཡར་ངོའི་ཚེས་བཅུའི་ཉིན་མོ་དང་མར་ངོའི་ཚེས་བཅུའི་མཚན་མོ་ལ་དབུ་འཛུག །དྲིལ་སྒྲུབ་དུས་ངེས་མེད་པར་རྒྱུན་གྱི་རྣལ་འབྱོར་དུ་བྱ་བར་གསུངས་སོ། །གཉིས་པ་ཇི་ཙམ་སྒྲུབ་དུས་ནི། གང་ཟག་རབ་དང་འབྲིང་གི་ལམ་རྟགས་གསལ་བྱེད་ནོར་བུའི་སྒྲོན་མེ་ལས་གསུངས་པ་བཞིན་སོ་སོའི་རྟགས་ཚད་མངོན་དུ་གྱུར་གྱི་བར་དུ་བསྒྲུབ། གང་ཟག་ཐ་མ་ཉམས་རྟགས་མི་གསལ་བ་རྣམས་ཀྱིས་སོ་སོ་ནས་བཤད་པའི་གྲངས་ཚད་ཅི་ནས་ཐེམས་པར་བྱའོ། །བཞི་པ་ཡོ་བྱད་ནི། སྤྱིར་འཚོ་བ་ཟས་ལ་སོགས་པའི་མཐུན་རྐྱེན་དང་དཀོན་མཆོག་གི་རྟེན་དང་མཆོད་པའི་ཡོ་བྱད་ཇི་ལྟར་འབྱོར་པ། བྱེ་བྲག་སྒྲུབ་ཐབས་སོ་སོར་བཤད་པའི་རྟེན་རྣམས་སོ་སོའི་སྐབས་སུ་ཚོགས་པར་བྱའོ། །འབྱོར་པ་དང་ལྡན་ཀྱང་སྒྲུབ་པའི་རྟེན་དང་མཆོད་པའི་ཡོ་བྱད་གལ་ཆུང་དུ་བཏང་བ་ནི་ཉེས་པ་ལྗི་བས་ཤིན་ཏུ་མི་རུང་ཞིང་། རྟེན་ལ་རྟེན་འབྲེལ་གྱི་གནད་ཡོད་ཅིང་མཆོད་རྫས་ཚོགས་གཉིས་རྫོགས་པའི་རྒྱུ་ཡིན་པས་གཞུང་མཐུན་གཙང་མ་རྒྱས་པར་བྱ་དགོས་ལ། འབྱོར་པ་དམན་པས་སྒྲུབ་པ་བཤོལ་བ་ནི་གེགས་ཡིན་ཏེ་དད་མོས་ཀྱི་ཉེར་ལེན་དང་ནང་གི་རྣལ་འབྱོར་ཁོ་ནས་མཆོག་ཐུན་མོང་གཉིས་ཀ་འགྲུབ་པར་འགྱུར་བས་ཇི་ཙམ་འབྱོར་པ་ཁོ་ནས་ཆོག་གོ །ལྔ་པ་གང་ལྟར་སྒྲུབ་པའི་ཐབས་ལ་གཉིས། སྤྱི་དང་། བྱེ་བྲག་གོ །དང་པོ་ནི། སྒོ་གསུམ་རྣམ་པར་གཡེང་བ་མཐའ་དག་སྤངས་ནས་རྩེ་གཅིག་པའི་ཡིད་ཀྱིས་ཉམས་ལེན་ལ་འཇུག །དེའང་བསྒྲུབ་བྱའི་ལྷ་ལ་དད་པ་དང་མོས་གུས་ཀྱི་ཤུགས་དྲག་པོ། སྒྲུབ་ཐབས་ཀྱི་ཆོས་དང་དེ་ཉིད་གནང་བ་པོའི་བླ་མ་ལ་ཐེ་ཚོམ་མེད་པའི་ཡིད་ཆེས་རྩེ་གཅིག་པ་དང་། རྐྱེན་ཅི་བྱུང་ཡང་བར་དུ་མི་ཆད་པའི་དམ་བཅའ་བརྟན་པོ་དང་། སྙོམ་ལས་ལེ་ལོའི་དབང་དུ་ནམ་ཡང་མི་ཤོར་བའི་བརྩོན་འགྲུས་དྲག་པོ་དང་ལྡན་པས་མྱུར་དུ་སྒྲུབ་པ་མཐར་ཕྱིན་པར་འགྱུར་ཞིང་མཚམས་ཀྱི་སྤང་བླང་གཞན་རྣམས་ཀྱང་སྤྱི་ལྟར་ལག་ཏུ་བསྟར་བར་བྱའོ། །གཉིས་པ་བྱེ་བྲག་ཏུ་སྒྲུབ་པའི་ཚུལ་བཤད་པ་ལ་ལྔ། ཕྱི་སྒྲུབ། ནང་སྒྲུབ། གསང་སྒྲུབ། དྲིལ་སྒྲུབ། ཕྲིན་ལས་ཀྱི་སྦྱོར་བའོ། །དང་པོ་ཕྱི་སྒྲུབ་ཡིད་བཞིན་ནོར་བུ་ཉམས་སུ་ལེན་པ་ལ་གསུམ། སྔོན་འགྲོ་གསག་སྦྱོང་། དངོས་གཞི་སྒོམ་བཟླས། ལས་ཀྱི་ཁ་བསྒྱུར་རོ། །དང་པོ་ལ་གཉིས། རྟེན་བཤམ་པ། གསག་སྦྱོང་དངོས་སོ། །དང་པོ་ནི། གནས་ཁང་གཙང་མར་སྟེགས་བུ་ཁེབས་ལྡན་གྱི་སྟེང་དུ་དྲི་བཟང་པོས་བྱུགས་པའི་མཎྜལ་ལ་པདྨ་འདབ་བཞི་བྲིས་པའི་དབུས་དང་ཕྱོགས་བཞིར་འབྲུའི་ཚོམ་བུ་བཀོད་པའི་ཁར་རྗེ་བཙུན་གུ་ཎའི་སྐུ་བརྙན་རབ་གནས་དང་ལྡན་པ་བྲིས་འབུར་གང་རུང་བཞུགས་སུ་གསོལ་བའི་མདུན་དུ། ཨ་རུ་ར་གསེར་མདོག་དང་བཟང་པོ་དྲུག་ལ་སོགས་པའི་སྨན་དང་རིན་པོ་ཆེ་དང་དར་སྣ་ཚོགས་ཀྱི་སྤྱན་གཟིགས་བཀྲམ་པར་བྱའོ། །གཉིས་པ་གསག་སྦྱོང་ལ་དྲུག །སྐྱབས་འགྲོ །སེམས་བསྐྱེད། བསྟོད་ཕྱག །མཎྜལ། རྡོར་སེམས་སྒོམ་བཟླས། ཀུ་སུ་ལུའི་ཚོགས་གསོག་གོ །དང་པོ་ཐེག་པ་ཆེ་ཆུང་གི་ལམ་ཐམས་ཅད་ཀྱི་གཞི་རྟེན་སྐྱབས་སུ་འགྲོ་བ་ནི། དལ་འབྱོར་རྙེད་པར་དཀའ་བ་དང་། སྣོད་བཅུད་མི་རྟག་པར་བསམ་པ་སོགས་ཞེན་ལོག་དང་ངེས་པར་འབྱུང་བས་བློ་ཆོས་ལ་བསྐུལ་ཞིང་སྟན་བདེ་བར་མི་ཕྱེད་གུས་པ་ཆེན་པོའི་དྲན་པ་ཉེ་བར་བཞག་སྟེ། སྐྱབས་ཡུལ་དཀོན་མཆོག་གསུམ་གྱི་ངོ་བོ་སངས་རྒྱས་སྨན་པའི་རྒྱལ་པོ་དང་། མཚུངས་མེད་གུ་ཎ་དབྱེར་མི་ཕྱེད་པ་སྐུ་གཟུགས་དེ་དང་ཐ་མི་དད་པར་མདུན་གྱི་ནམ་མཁར་མཚན་དཔེ་འོད་ཀྱི་ཕུང་པོར་བཞུགས་པ་ལ། བདག་གཞན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་བར་བགྱིའོ་སྙམ་པའི་བློ་རྩེ་གཅིག་པས། ན་མོ། རིགས་འདུས་བདེ་གཤེགས་རྡོ་རྗེ་འཆང། །ཕྱོགས་དུས་དཀོན་མཆོག་གསུམ་གྱི་དངོས། །བདག་གཞན་བྱང་ཆུབ་མ་ཐོབ་བར། །སྙིང་ནས་ཉེ་བར་སྐྱབས་སུ་མཆི། །ཞེས་བརྒྱ་རྩ་གཅིག་བརྗོད་ལ། བླ་མ་དཀོན་མཆོག་གི་སྐྱབས་འོག་ཏུ་ཚུད་པར་མོས་པ་ཀུན་རྫོབ་ཀྱི་སྐྱབས་འགྲོ་ལ་བསླབས་ནས། སྐྱབས་སུ་འགྲོ་བའི་ཡུལ་ཆོས་ཀྱི་དབྱིངས། འགྲོ་མཁན་རང་གི་སེམས། འགྲོ་ཐབས་དེའི་བྱེད་ལས་ཏེ། དེ་དག་གདོད་ནས་སྟོང་པ་ཉིད་དུ་རོ་མཉམ་པ་ཡིན་ལུགས་ཀྱི་རང་ངོར་བཞག་པ་དོན་དམ་པའི་སྐྱབས་འགྲོའི་རྒྱས་ཐེབས་པར་བྱའོ། །གཉིས་པ་ཐེག་པ་དམན་པ་ལས་ཁྱད་པར་དུ་བྱེད་པ་སེམས་བསྐྱེད་པ་ལ་གཉིས། སྨོན་སེམས་བསྐྱེད་པ། འཇུག་སེམས་ལ་བློ་སྦྱོང་བའོ། །དང་པོ་ནི། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ལ་སྙིང་གི་དཀྱིལ་ནས་སྙིང་རྗེ་དུང་པ་རེ་བསྒོམ་ཞིང་། དེ་རྣམས་ཀྱི་དོན་དུ་ཚེ་འདི་ཉིད་ལ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་ལམ་ཟབ་མོ་བླ་མ་སྒྲུབ་པ་ལ་བརྩོན་པ་ཆེན་པོས་འཇུག་པར་བགྱིའོ་སྙམ་པས། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་བརྒྱ་རྩ་བརྗོད། གཉིས་པ་འཇུག་སེམས་ནི། མཁའ་ཁྱབ་འགྲོ་ཀུན་འཕྲལ་ཡུན་བདེ་བ་དང་ལྡན་ཅིང་དེའི་རྒྱུ་དགེ་བ་ལ་སྤྱོད་པར་སྨོན་པའི་བྱམས་པ། སྡུག་བསྔལ་དང་བྲལ་ཞིང་དེའི་རྒྱུ་མི་དགེ་བ་ལ་མི་སྤྱོད་པར་སྨོན་པའི་སྙིང་རྗེ། རྟག་ཏུ་བདེ་བ་ཁོ་ན་དང་མི་འབྲལ་བར་སྨོན་པའི་དགའ་བ། ཐམས་ཅད་ཀྱང་ཕན་ཚུན་མ་གཅིག་པའི་བུ་ལྟར་ཆགས་སྡང་གི་བློ་དང་བྲལ་བར་སྨོན་པའི་བཏང་སྙོམས་ཏེ་ཚད་མེད་བཞི་རྒྱུད་ལ་བསྐྱེད་དེ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་གནས་པར་གྱུར་ཅིག །ཅེས་ལན་བདུན་ནམ་ཉེར་གཅིག་ལ་སོགས་པ་ཅི་འགྲུབ་བརྗོད། དེ་ལྟར་སྨོན་འཇུག་གི་བདག་ཉིད་ཅན་ཀུན་རྫོབ་དང་། བདག་དང་སེམས་ཅན་གདོད་ནས་མ་གྲུབ་པར་མཚན་རྟོག་དམིགས་པ་ཀུན་དང་བྲལ་བ་དོན་དམ་བྱང་ཆུབ་ཀྱི་སེམས་ཟུང་དུ་འཇུག་པ་ལ་བསླབ་བོ། །གསུམ་པ་གསག་སྦྱོང་གཉིས་ཀའི་མཆོག་དང་ཕུལ་དུ་གྱུར་པ་བསྟོད་ཅིང་ཕྱག་འཚལ་བ་ནི། རང་དང་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་འདུད་ཅིང་ཕྱག་འཚལ། ངག་གུས་པས་བསྟོད་དབྱངས་སྒྲོག །ཡིད་གུས་པས་གཞན་དུ་རྣམ་པར་མི་གཡེང་བར་རྩེ་གཅིག་ཏུ་འདུད་པར་མོས་ལ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཅེས་ཚིག་རེ་དང་ཕྱག་རེ་སྦྲགས་པ་བརྒྱ་རྩ་གཅིག་བྱ། བཞི་པ་རྒྱུད་ལ་ཡོན་ཏན་སྐྱེ་བའི་མཐུན་རྐྱེན་སྒྲུབ་པ་ཚོགས་གསག་གི་ཕུལ་དུ་གྱུར་པ་མཎྜལ་འབུལ་བ་ནི། རིན་པོ་ཆེ་ལ་སོགས་པའི་མཎྜལ་སྐྱོན་མེད་པ་དང་། ཚོམ་བུའི་རྒྱུ་འབྱོར་ན་རིན་པོ་ཆེ་དང་སྨན་འབྲུ། མ་འབྱོར་ན་འབྲུ་གཙང་མ་དྲི་བཟང་གི་རླན་གྱིས་གཤེར་བ་འདུ་བྱས་ལ། ཡིག་བརྒྱ་བརྗོད་ཅིང་མཎྜལ་ཕྱི་བ་དང་། ཚོམ་བུ་སོ་བདུན་མ་བཀོད་ཅིང་སྤྱི་ལྟར་འབུལ། དེའང་གནས་སྐབས་སོགས་ཀྱིས་ལྕོགས་ན་སོ་བདུན་མའམ་ཚོམ་བུ་བདུན་མ་ལྟ་བུ་བརྒྱ་རྩ་འབུལ་གྲུབ་ན་ཤིན་ཏུ་ལེགས་ལ། མ་ལྕོགས་ན་དེ་དག་ཇི་ཙམ་ནུས་པ་དང་། གྲངས་འཛིན་ས་གཞི་སྤོས་བྱུག་གམ། བདག་གཞན་ལུས་དང་ལོངས་སྤྱོད་དུས་གསུམ་གྱི། །དགེ་ཚོགས་དང་བཅས་རི་གླིང་ཉི་ཟླ་སོགས། །ཀུན་བཟང་མཆོད་སྤྲིན་བསམ་ཡས་སྤྲུལ་བྱས་ཏེ། །བླ་མ་དཀོན་མཆོག་ཐུགས་རྗེ་ཅན་ལ་འབུལ། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་པར་ཤོག །ཅེས་པ་ལ་གྲངས་བཟུང་ཡང་རུང་སྟེ་གང་ལྟར་བརྒྱ་རྩ་གཅིག་བྱ། གཞུང་ལས་མཎྜལ་རེ་དང་བསྐོར་བ་བཞི་རེ་སྦྲགས་པར་གསུངས་ཀྱང་ལག་ལེན་དུ་སྟབས་མི་བདེ་བས་མཎྜལ་གྲུབ་རྗེས་སུ། ན་མོ་ད་ཤ་དིཀྟྲི་ཀཱ་ལ་སརྦ་རཏྣ་ཏྲ་ཡཱ་ཡ། ན་མ་པྲ་དཀྵ། སུ་པྲ་དཀྵ། སརྦ་པཱ་པཾ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་དང་སྨན་བླའི་གཟུངས་ཐུང་འདོན་བཞིན་དུ་རྟེན་ལ་བསྐོར་བ་བརྒྱ་རྩ་བྱ། ཁང་ཁྱིམ་གྱི་གོ་ཡུལ་དོག་པ་ལྟ་བུས་དངོས་སུ་བསྐོར་བ་མི་འགྲུབ་ན་ཡིད་ཀྱིས་བསྐོར་བ་བྱས་པར་མོས་ལ། གོང་གི་གཟུངས་སྔགས་བརྒྱ་རྩ་བརྗོད། མཐར་ཚོགས་རྟེན་ལས་འོད་ཟེར་དཔག་ཏུ་མེད་པ་བྱུང་། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་བསལ། ཚོགས་གཉིས་རྫོགས་པའི་སྐལ་པ་ཅན་དུ་བྱས། རྒྱུད་བྱིན་གྱིས་བརླབས་པར་མོས་ལ་བདག་གཞན་རྟེན་དང་བཅས་པ་མི་དམིགས་པའི་ངང་ལ་མཉམ་པར་བཞག་གོ །དེའང་མཁའ་ཁྱབ་ཀྱི་ཞིང་ཁམས་རྒྱ་མཚོ་བློས་བླངས་ཤིང་སྤྲུལ་ཏེ་སྒོ་གསུམ་གུས་པས་བསྟོད་ཕྱག་བསྐོར་བ་བཅས་འབུལ་བ་ཕྱིའི་མཎྜལ། རང་གཞན་གྱི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་རྩ་བཅས་འབུལ་བ་ནང་གི་མཎྜལ། འཁོར་གསུམ་རྣམ་པར་མི་རྟོག་པའི་སྤྲོས་པ་གཟོད་ནས་ཞི་བའི་རང་ངོ་ལ་མཉམ་པར་འཇོག་པ་གསང་བའི་མཎྜལ་རྣམས་ལྷན་ཅིག་ཏུ་འབྲེལ་བར་བྱའོ། །ལྔ་པ་འགལ་རྐྱེན་སྡིག་སྒྲིབ་སྦྱོང་བ་ལ་མཆོག་ཏུ་བསྔགས་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། རང་གི་སྤྱི་གཙུག་པད་དཀར་ཟླ་བའི་སྟེང། །བླ་མ་རྡོ་རྗེ་སེམས་དཔའ་སྟོན་ཟླའི་མདོག །རྡོ་རྗེ་དྲིལ་འཛིན་དར་དང་རིན་ཆེན་བརྒྱན། །ཞབས་གཉིས་ཕྱེད་སྐྱིལ་འོད་ལྔའི་ཀློང་ན་བཞུགས། །ཐུགས་ཀར་ཟླ་སྟེང་ཧཱུྃ་མཐར་ཡིག་བརྒྱས་བསྐོར། །བཟླས་པས་རྒྱུད་བསྐུལ་འོད་འཕྲོས་དོན་གཉིས་བྱས། །ས་བོན་སྔགས་ལས་བདུད་རྩིའི་ཆུ་རྒྱུན་བྱུང་། །སྐུ་ལུས་ནང་གང་ཞབས་ཀྱི་མཐེ་བོང་ལས། །བབས་ཏེ་ཚངས་བུག་ནས་ཞུགས་ལུས་ཀུན་བཀྲུས། །སྡིག་སྒྲིབ་ཉེས་ལྟུང་ནད་གདོན་དྲི་མའི་ཚོགས། །དག་ཅིང་བྱང་ནས་གསལ་སྟོང་འོད་སྐུར་གྱུར། །ཅེས་མོས་ལ་ཡི་གེ་བརྒྱ་པ་བརྒྱ་རྩ་བཟླས་མཐར་ཐལ་མོ་སྦྱར་ཏེ། སྐྱབས་གནས་བདག་ལ་བརྩེར་དགོངས་མཛོད། །ཐོག་མེད་དུས་ནས་ད་ལྟའི་བར། །བདག་གཞན་ལུས་ངག་ཡིད་གསུམ་གྱིས། །མི་དགེ་གང་བགྱིས་མཐོལ་ལོ་བཤགས། །ཞེས་བཤགས་པ་ལན་གསུམ་བརྗོད་པས་སྡིག་སྒྲིབ་དག་པའི་གནང་བ་བསྩལ། རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རྡོ་རྗེའི་གསང་བ་གསུམ་གྱི་ངོ་བོར་གྱུར་པར་མོས། དེའང་ལྷ་གསལ་གདབ་པ་རྟེན་གྱི་སྟོབས། སྔར་བྱས་ཀྱི་ཉེས་ལྟུང་ལ་འགྱོད་པ་དྲག་པོ་སྐྱེད་པ་རྣམ་པར་སུན་འབྱིན་པའི་སྟོབས། བདུད་རྩི་འབེབ་སྦྱོང་གི་དམིགས་པ་བཅས་ཡིད་རྩེ་གཅིག་པས་སྔགས་བཟླ་བ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། ཕྱིན་ཆད་སྲོག་ལ་བབས་ཀྱང་ཉེས་ལྟུང་གི་བྱ་བ་མི་བགྱིད་པར་དམ་བཅའ་བ་ཉེས་པ་ལས་སླར་ལྡོག་པའི་སྟོབས་ཏེ་བཞི་པོ་ཚང་བ་བྱས་པའི་མཐར། སྦྱང་བྱའི་སྡིག་ལྟུང་། སྦྱོང་བྱེད་ཀྱི་གཉེན་པོ། སྦྱོང་མཁན་རང་གི་སེམས་རྣམས་གདོད་ནས་མ་གྲུབ་པར་ལྟ་བའི་ངང་ལ་མཉམ་པར་བཞག་གོ །དྲུག་པ་ཀུ་སུ་ལུའི་ཚོགས་གསོག་ནི། གསལ་འདེབས་པའི་ཚིག་ངག་ཏུ་བརྗོད་པ་དང་འབྲེལ་བར་འདོན་སྒོམ་ཆབས་ཅིག་ཏུ་བྱ་བ་བློ་དམན་རྣམས་ལ་འཆར་བདེ་བས། དེ་ལྟར་ན། མདུན་མཁར་བླ་མ་སྨན་པའི་རྒྱལ་པོ་ལ། །མགྲོན་རིགས་བཞིས་བསྐོར་སྤྲིན་ཕུང་གཏིབས་ལྟར་བཞུགས། །རང་སེམས་དབྱིངས་ཐོན་རྡོ་རྗེ་རྣལ་འབྱོར་མ། །དམར་མོ་གྲི་ཐོད་འཛིན་པའི་སྐུ་རུ་གྱུར། །བེམ་པོའི་ཐོད་པ་ཕྱག་གཡས་གྲི་གུག་གིས། །བྲེགས་ཏེ་རང་བྱུང་ཐོད་པའི་སྒྱེད་པུར་བཙུགས། །དེ་ནང་ཤ་རུས་ཏིལ་འབྲུ་ཙམ་དུ་བསིལ། །མེ་རླུང་སྦྱོར་བས་ཟག་མེད་བདུད་རྩིའི་མཚོ། །ནམ་མཁའི་ཁྱོན་གང་མཆོད་སྤྲིན་ཟད་མི་ཤེས། །མགྲོན་རིགས་སོ་སོའི་བཞེད་རྒུར་འཆར་བར་གྱུར། །ཐུགས་ལས་མཆོད་པའི་ལྷ་མོ་གྲངས་མེད་སྤྲོས། །དཀོན་མཆོག་རྩ་གསུམ་སྲི་ཞུའི་མགྲོན་རྣམས་ལ། །གུས་པས་འབུལ་ལོ་ཚོགས་གཉིས་མྱུར་རྫོགས་ཤོག །དཔལ་མགོན་ཆོས་སྐྱོང་ཡོན་ཏན་མགྲོན་རྣམས་ལ། །འབུལ་ལོ་ལས་དང་དངོས་གྲུབ་འགྲུབ་པར་མཛོད། །འགྲོ་བ་རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ལ། །སྦྱིན་པས་སྡུག་བསྔལ་ཀུན་ཞི་བདེ་ལྡན་ཤོག །སྡེ་བརྒྱད་འབྱུང་པོ་ལན་ཆགས་མགྲོན་རྣམས་ལ། །བསྔོས་པས་ཞི་བ་བྱང་ཆུབ་སེམས་ལྡན་ཤོག །ཀུན་ཀྱང་རིགས་འདུས་བླ་མའི་ཡེ་ཤེས་ཀྱི། །སྒྱུ་འཕྲུལ་རོལ་པ་ཅིར་ཡང་སྣང་བ་སྟེ། །ལུས་ཀྱི་མཆོད་སྦྱིན་ཕུལ་བས་དགྱེས་ཤིང་ཚིམས། །འགྲོ་ཀུན་སྡུག་བསྔལ་ཀུན་ལས་གྲོལ་བར་ཤོག །རང་སེམས་འཁྲུལ་པས་བསྒྲིབས་པའི་གཞན་དབང་ལས། །ཀུན་བརྟགས་གཉིས་སུ་སྣང་བའི་ཆོས་རྣམས་ཀུན། །གདོད་ནས་མི་དམིགས་སྤྲོས་བྲལ་ནམ་མཁའ་ལྟར། །ཡོངས་གྲུབ་དེ་བཞིན་ཉིད་ཀྱི་དབྱིངས་སུ་ཨ། །ཞེས་ལན་གཅིག་གམ་གསུམ་མམ་བདུན་ལ་སོགས་པར་འབུལ་ལོ། །དེ་ལྟར་བསྐོར་བ་དང་མཎྜལ་སྦྲགས་པ་གཅིག་ཏུ་བྱས་པའི་སྔོན་འགྲོ་བརྒྱ་ཕྲག་ལྔ་པོ་ཐུན་རེ་རེའི་ཁོངས་སུ་བར་མ་ཆད་པར་ཉམས་སུ་བླངས་ཏེ་རབ་ཚོགས་རྫོགས་ཤིང་སྡིག་པ་དག་པའི་རྟགས་ལེགས་པར་མ་མཐོང་བའི་བར་དུའམ། ཐ་ན་ཞག་བདུན་ལས་མི་ཉུང་བར་བྱ་བ་ནི་གཞུང་གི་དངོས་བསྟན་ཡིན་ལ། གལ་ཏེ་སྔོན་འགྲོ་རེ་རེ་བཞིན་འབུམ་ཕྲག་ལ་སོགས་པ་གསག་པར་སྤྲོ་ན། ཐོག་མར་སྐྱབས་འགྲོ །དེ་ནས་སེམས་བསྐྱེད་སོགས་སོ་སོ་ལ་བུངས་ལེན་ཞིང་ཐུན་རེ་རེའི་ཁོངས་སུ་གཞན་རྣམས་ཀྱང་མ་ཆད་ཙམ་བྱས་པས་ཆོག་གོ །གཉིས་པ་དངོས་གཞི་སྒོམ་བཟླས་བྱ་བ་ལ་གཉིས། ཕྱི་དཀྱིལ་སྤྱི་བོར་བསྒོམ་པ། ནང་དཀྱིལ་སྙིང་གར་བསྒོམ་པའོ། །དང་པོ་ནི། རྟེན་གྱི་མདུན་དུ་བླ་གཏོར་དཀར་ཟླུམ་པད་འདབ་བཞི་པ་མཚམས་སུ་མཐེབ་རིལ་གྱིས་མཚན་པ་རྒྱན་སྤྲོས་ཅན་བཀོད་པའི་གཡས་གཡོན་དུ་སྨན་རཀ །བཀའ་སྲུང་སྡེ་དགུའི་གཏོར་འབུལ་དམར་གཏོར་མཐེབ་རིལ་མཚན་པ་དང་། མཆོད་པ་རྣམས་གསར་དུ་བཤམ། ཐུན་བཞི་རེར་གཅད་པའི་ཐུན་ཐོག་མའི་འགོར་སྔོན་འགྲོ་གསག་སྦྱོང་གི་རིམ་པ་དེ་དག་གྲངས་ཀ་གསུམ་མམ་བདུན་ནམ་ཉེར་གཅིག་ཙམ་རེ་བྱས་པའི་ཚར་གཅིག་ཉིན་བཞིན་གྲུབ་ན་ལེགས་ལ། དེ་ལྟར་གྱི་ཚེ་ཀུ་སུ་ལུའི་ཚོགས་གསོག་གྲུབ་མཚམས་མངོན་རྟོགས་ལ་འཇུག །དེ་དག་མི་ལྕོགས་པའམ་ཐུན་གཞན་རྣམས་ཀྱི་འགོར་སྐྱབས་སེམས་ནི། ཕྱོགས་དུས་དཀོན་མཆོག་གསུམ་འདུས་པ། །བླ་མ་རྡོ་རྗེ་འཛིན་རྒྱལ་ལ། །བདག་དང་མཁའ་མཉམ་སེམས་ཅན་ཀུན། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ལན་གསུམ། མཐའ་ཡས་འགྲོ་བའི་དོན་གྱི་ཕྱིར། །རྡོ་རྗེ་འཛིན་པ་མཆོག་བསྒྲུབས་ནས། །ཞི་སོགས་ཕྲིན་ལས་རྣམ་བཞི་ཡིས། །འགྲོ་རྣམས་བདེ་ལ་འགོད་པར་བྱ། །ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་འདོན་སྒོམ་དུ་བྱ། རང་ཡི་དམ་གང་མོས་སུ་གསལ་གདབ་པར་གསུངས་ཀྱང་། སྤྱི་ཙམ་དུ། རང་ཉིད་སྐད་ཅིག་གིས་འཕགས་པ་སྤྱན་རས་གཟིགས་དཀར་པོ་ཞལ་གཅིག་ཕྱག་བཞི་རྒྱན་ཆ་ལུགས་ཕྱག་མཚན་ཡོངས་སུ་རྫོགས་པར་གསལ་བའི། སྤྱི་བོར་པདྨ་འདབ་བཞི་ལྟེ་བ་དང་ལྔའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། སངས་རྒྱས་ཐམས་ཅད་ཀྱི་ཀཱ་ཝཱ་ཙི་འདུས་པའི་ངོ་བོ་མ་ཧཱ་གུ་ཎ་དང་། བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུརྻ་འོད་ཀྱི་རྒྱལ་པོ་དབྱེར་མེད་པ་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན། གཟི་བརྗིད་ཀྱི་དཔལ་རབ་ཏུ་འབར་ཞིང་། ཞལ་གཅིག་ཕྱག་གཉིས་འགྲོ་ལ་ཆགས་པའི་སྤྱན་ཟུང་ཕྱོགས་བཅུར་གཟིགས་ཤིང་འཛུམ་པའི་འོད་ཀྱིས་ཡིད་འཕྲོག་པ། དབུ་སྐྲ་ཁམ་སེར་ཅུང་ཟད་ལི་བའི་ལྕང་ལོ་མེ་ཏོག་གི་ཕྲེང་བས་སྤྲས་པ། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱས་ཨུཏྤལ་རྒྱས་པའི་ཡུ་བ་བཟུང་ནས་སྙན་གྱི་ཐད་དུ་ཁ་བྱེ་བའི་སྟེང་དུ་རྒྱལ་ཡུམ་གྱི་པུསྟི་ཤེས་རབ་རལ་གྲིས་མཚན་པ། གཡོན་ཆོས་འཆད་ཀྱི་རྒྱས་པདྨོ་རྒྱས་པའི་ཡུ་བ་སྙན་ཐད་ཁ་བྱེ་བའི་སྟེང་དུ་བདུད་རྩིས་གང་བའི་བུམ་པ་གུར་གུམ་གཞོན་ནུའི་ཁ་རྒྱན་དང་བཅས་པ་ལ། ནོར་བུ་དབང་རྒྱལ་དང་གསེར་གྱི་རྡོ་རྗེ་སྨན་མཆོག་གསེར་མདོག་གིས་གཡས་གཡོན་དབུས་གསུམ་དུ་མཚན་པ་དར་སྣ་ཚོགས་ཀྱི་ན་བཟའ་ལྷབ་ལྷུབ་དུ་མས་མཛེས་ཤིང་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །ཕྱོགས་ཀྱི་པདྨ་འདབ་བཞི་ལ། མདུན་དུ་ལྷ་མོ་དཀར་མོ་རིན་པོ་ཆེའི་པི་ཝཾ་སྒྱུར་བ། གཡས་སུ་སེར་མོ་བྱ་རྒོད་ཀྱི་རྐང་གླིང་སྒྱུར་བ། རྒྱབ་ཏུ་དམར་མོ་མི་རྐང་གླིང་བུ་སྒྱུར་བ། གཡོན་ན་ལྗང་མོ་དངུལ་དཀར་གྱི་མེ་ལོང་སྟོན་པ། བཞི་ཀ་ཡང་བཅུ་དྲུག་ལོན་པའི་ན་ཚོད་ཅན་འཛུམ་སྒེག་འགྱིང་མཛེས་མཉེན་ལྕུག་འཁྲིལ་ལྡེམ་རྐེད་པར་རིན་པོ་ཆེའི་མེ་ཏོག་གི་ཕྲེང་བས་མཛེས་ཤིང་དབུ་སྐྲ་ལྕང་ལོ་སིལ་མ་མུ་ཏིག་དམར་པོའི་ལན་ཚར་དང་བཅས་པ། སྐུ་སྨད་དར་སྣ་ཚོགས་ཀྱི་ཤམ་ཐབས་དང་ལྡན་པས་གར་སྟབས་གཡོ་བའི་ཚུལ་གྱིས་གཙོ་བོ་ལ་བདེ་སྟོང་གི་མཆོད་པ་རྒྱུན་མི་ཆད་པར་འབུལ་བར་གྱུར། བླ་མའི་སྐུ་གསུང་ཐུགས་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དང་། བཅོམ་ལྡན་འདས་སྨན་པའི་རྒྱལ་པོ་ལ་ཕྱོགས་དུས་རྒྱལ་བ་སྲས་བཅས་ཀྱིས་བསྐོར་བ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་མཉམ་མེད་སྤྲུལ་པའི་སྐྱེས་མཆོག་མ་ཧཱ་གུ་ཎ་དབྱེར་མ་མཆིས་པ་ལ་ལྷ་མོ་བཞིས་བསྐོར་བ་སྤྲིན་དཔུང་གཏིབས་པ་བཞིན་སྤྱན་དྲངས་སྤྱི་བོའི་གཙོ་འཁོར་ལ་ཐིམ་པར་གྱུར། རང་གི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་ཕྱི་ཉེར་སྤྱོད་བདུན། ནང་འདོད་ཡོན་ལྔ། གསང་བ་བདེ་སྟོང་གི་རོལ་མོས་མཆོད་པར་མོས། དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པ། །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེན་ཡོངས་བཀོད་དེ། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །ཅེས་བརྗོད། མཎྜལ་ཚོམ་བུ་སོ་བདུན་མའམ་བདུན་མ་ཅི་རིགས་འབུལ། བསྡུ་ན་གོང་གི་ཚིགས་བཅད་ཁོ་ནས་འབུལ། སྙིང་ཁོང་རུས་པའི་གདིང་ནས་དད་མོས་ཀྱི་ཤུགས་དྲག་ཏུ་བསྐྱེད་ལ། བརྒྱུད་པའི་གསོལ་འདེབས་རྒྱས་བསྡུས་གང་རུང་ངམ། བསྡུ་ན། དུས་གསུམ་རྒྱལ་ཀུན་གསང་བ་གཅིག་བསྡུས་པ། །བླ་མ་སྨན་པའི་རྒྱལ་པོ་གཡུ་ཐོག་པར། །སྙིང་ཁོང་རུས་པའི་གདིང་ནས་གསོལ་བ་འདེབས། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབ་པ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཞེས་པ་དང་། བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །ཆོས་རྗེ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་གསོ་བ་རིག་པའི་གཞུང་ལུགས་ཐམས་ཅད་ལ་བློ་གྲོས་རྒྱས་ཏེ་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་ཉི་ཟླ་ལྟར་འབྱུང་བར་གྱུར་ཅིག །སྨྲས་ཚད་མངོན་ཤེས་སུ་གྱུར་ཅིག །སྦྱར་ཚད་སྨན་དུ་གྱུར་ཅིག །བཏང་ཚད་ཕན་པར་གྱུར་ཅིག །མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ཞེས་ལན་བདུན་ལ་སོགས་པར་གསོལ་བ་དྲག་ཏུ་བཏབ་པས། སྤྱི་བོའི་གནས་བཞི་ལས་འོད་འཕྲོས་ལྷ་མོ་བཞི་ལ་ཕོག །ཐུགས་རྒྱུད་རང་དབང་མེད་པར་བསྐུལ། རང་གང་འདོད་ཀྱི་དངོས་གྲུབ་སྟེར་བར་བསམ། སླར་ཡང་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས། བརྟན་གཡོས་བསྡུས་པའི་སྣོད་བཅུད་ཐམས་ཅད་ཀྱི་དྭངས་མའི་བཅུད་དང་། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་རྗེ་བསྐུལ། འོད་ཟེར་རྣམ་པ་ལྔའི་ཚུལ་དུ་ཕྱག་མཚན་བུམ་པར་ཐིམ། དེ་ཉིད་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པ་ཡར་ལུད། རང་གི་སྤྱི་བོ་ནས་ལུས་ཀྱི་ཕྱི་ནང་དུ་ཆི་ལི་ལི་སོང་བས་སྒོ་གསུམ་གྱི་ནད་གདོན་སྡིག་སྒྲིབ་སྦྱངས། ལུས་ཤེལ་སྒོང་གཡའ་དག་པ་ལྟར་གྱུར། སླར་རིམ་གྱིས་ལུས་ཐམས་ཅད་བདུད་རྩིས་ངང་ཆིལ་གྱིས་གང་། དབང་བཞི་ཐོབ། སྐུ་བཞིའི་ས་བོན་མངོན་དུ་བྱས་པར་བསམ་ལ། སྤྱི་བོའི་བླ་མ་ལ་གུས་པས་སེམས་རྩེ་གཅིག་ཏུ་གཏད་ནས། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་གུ་ཎ་སརྦ་སིདྡྷི་ཧཱུྃ་ཛཿ དེ་ཝ་ཌཱ་ཀི་ནཱི་ཧ་རི་ནི་ས་ཙིཏྟ་ཧྲཱིང་ཧྲཱིང་ས་མ་ཡ་ཛཿཧཱུྃ་བཾ་ཧོཿ ཞེས་གསོལ་འདེབས་ཀྱི་ཚུལ་དུ་བཟླ། དེའང་དབང་བཞིའི་སྐབས་བདུད་རྩིའི་རྒྱུན་གྱིས་ཐོག་མར་སྤྱི་བོའི་ནང་གང་། ལུས་ཀྱི་སྒྲིབ་པ་དག །བུམ་པའི་དབང་ཐོབ། སྐུའི་བྱིན་རླབས་ཞུགས། མགྲིན་པ་ཡན་ཆད་གང་། ངག་གི་སྒྲིབ་པ་དག །གསང་བའི་དབང་ཐོབ། གསུང་གི་བྱིན་རླབས་ཞུགས། སྙིང་ག་ཡན་ཆད་གང་། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་བྱིན་རླབས་ཞུགས། ལྟེ་བ་སོགས་ལུས་ཐམས་ཅད་གང་། སྒོ་གསུམ་ཆ་སྙོམ་གྱི་སྒྲིབ་པ་དག །ཡེ་ཤེས་ཀྱི་བྱིན་རླབས་ཞུགས་པར་མོས་ལ་རེ་རེ་བཞིན་དུ་སེམས་ཡུན་རིང་དུ་གཏད་ཅིང་ཐུན་རེ་རེ་ལའང་དམིགས་པ་ཚང་བ་བརྒྱ་ཕྲག་ལ་སོགས་པ་བསྐྱར་ནས་བྱའོ། །ཐུན་མཐར་གཏོར་མ་འབུལ་བ་ནི། རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་ཡི་གེ་རཾ་ཡཾ་ཁཾ་གསུམ་འཕྲོས། རཾ་ཡཾ་ཁཾ། ལན་གསུམ། རཾ་ལས་མེ་བྱུང་དངོས་པོའི་ཉེས་སྐྱོན་བསྲེགས། །ཡཾ་ལས་རླུང་བྱུང་མཚན་མའི་བག་ཆགས་གཏོར། ཁཾ་ལས་ཆུ་བྱུང་གཉིས་འཛིན་དྲི་མ་བཀྲུས། །ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་ཨོཾ་ལས་བདུད་རྩི་རིགས་ལྔ་འོད་དུ་ཞུ་བའི་བྱང་སེམས་དཀར་པོར་གྱུར། ཨཱཿཡིས་རཀྟ་འཁོར་བ་ཡོངས་བསྒྲལ་བྱང་སེམས་དམར་པོར་གྱུར། ཧཱུྃ་གིས་གཏོར་མ་འདོད་ཡོན་ལྔའི་ཕུང་པོ་སྣོད་བཅུད་ནམ་མཁའི་མཐའ་དང་མཉམ་པར་གྱུར། ཧྲཱིཿས་མཆོད་རྫས་ཐམས་ཅད་མཚན་བཅས་དེར་འཛིན་གྱི་རྣམ་རྟོག་ཐམས་ཅད་དང་བྲལ་བའི་གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་མངར་རེག་འཇམ་ཕུན་སུམ་ཚོགས་པར་གྱུར། རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་མགྲོན་རྣམས་སྤྱན་དྲངས་པར་བསམ་ལ་བཛྲ་ས་མ་ཡ་ཛཿ ཞེས་སྔགས་ལན་གསུམ་བརྗོད། ས་མ་ཡ་སཏྭཾ་གྱིས་གདན་ཕུལ་བས་སྤྱི་བོའི་བླ་མའི་འཁོར་དུ་མགྲོན་ཐབས་ཀྱི་ལྷ་རྣམས་སྤྲིན་གཏིབས་པ་ལྟར་བཞུགས་པར་མོས། ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུའི་འོད་ཟེར་གྱིས་སྨན་རཀ་གཏོར་མའི་བཅུད་དྲངས་ཏེ་བཞེས་ནས་ཟག་པ་མེད་པའི་བདེ་བས་ཐུགས་རྒྱུད་ཚིམས་པར་གྱུར། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་གུ་ཎ་དེ་ཝ་ཌཱ་ཀི་ས་པ་རི་བཱ་ར་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་རཀྟ་མ་ཧཱ་བ་ལིཾ་ཏ་སརྦ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་ལྔའམ་བདུན་གྱིས་ཕུལ་ནས་འདོད་པའི་དོན་ལ་གསོལ་བ་གདབ་པ་ནི་ཐལ་མོ་སྦྱར་ཏེ། ཕྱོགས་དུས་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོར་གྱུར་པ་རིགས་བདག་བླ་མ་སྨན་རྒྱལ་ཡི་དམ་ལྷ་ཚོགས། སྨན་གྱི་དྲང་སྲོང་རིག་འཛིན་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་ཁྱེད་རྣམས་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་ཅག་སྙིང་ནས་ཉེ་བར་སྐྱབས་སུ་མཆིའོ། །གསོལ་བ་འདེབས་སོ། ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས། སྐྱོབ་པའི་ནུས་མཐུ་དཔག་ཏུ་མེད་པ་མངའ་བ་ལགས་པས། བདག་ཅག་ལ་སོགས་པ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉམས་ཆག་ཉེས་ལྟུང་བག་ཆགས་དང་བཅས་པ་ཐམས་ཅད་བྱང་། ཚོགས་གཉིས་ཡོངས་སུ་རྫོགས་ཏེ། མྱུར་དུ་མངོན་པར་རྫོགས་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། གནས་སྐབས་སུ་ཆོས་སྒྲུབ་པའི་འགལ་རྐྱེན་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང་། མཐུན་རྐྱེན་བསམ་པ་ཐམས་ཅད་འགྲུབ་ཅིང་། ཁྱད་པར་དུ་གསོ་བ་རིག་པའི་རྒྱུད་བཞིའི་ཚིག་དོན་མ་ལུས་པ་ཁོང་དུ་ཆུད་ནས། ལུས་ཅན་མཐའ་དག་ཕན་བདེའི་དཔལ་ལ་འགོད་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། ལུས་ལ་བདེ་བ་དང་ངག་ལ་ནུས་པ་དང་སེམས་ལ་རྟོགས་པ་ཕུལ་དུ་བྱུང་བ་འཆར་ཞིང་། རང་གཞན་གྱི་ནད་གདོན་བར་ཆད་ཐམས་ཅད་ཞི་ཞིང་ཚེ་དབང་ལོངས་སྤྱོད་རྒྱས། ཁམས་གསུམ་དབང་དུ་འདུས། ལོག་འདྲེན་ཚར་གཅོད་པར་བྱིན་གྱིས་བརླབ་ཏུ་གསོལ། ད་ལྟ་ཉིད་དུ་གནས་མཆོག་འདི་ཉིད་དུ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་རྒྱས་པར་ལན་གསུམ། བསྡུ་ན་ཚར་གཅིག་བརྗོད་ལ་བསྟོད་པ་ནི། ན་མོ་གུ་རུ། གང་གི་སྐུ་ཡི་གསང་ཆེན་མཆོག །དངོས་པོ་ཀུན་ཁྱབ་བདེ་བ་ཆེ། །རྣམ་ཀུན་མཆོག་ལྡན་རྡོ་རྗེའི་དབྱིངས། །མཚུངས་བྲལ་གུ་ཎའི་སྐུར་ཕྱག་འཚལ། །གང་གི་གསུང་གི་གསང་ཆེན་མཆོག །སྒྲ་གྲགས་ཀུན་ཁྱབ་གཞོམ་བྲལ་བ། །བརྒྱད་ཁྲི་བཞི་སྟོང་ཆོས་སྒྲ་སྒྲོག །མཚུངས་བྲལ་གུ་ཎའི་གསུང་ཕྱག་འཚལ། །གང་གི་ཐུགས་ཀྱི་གསང་ཆེན་མཆོག །སྤྲོས་པ་ཀུན་བྲལ་བདེ་བ་ཆེ། །ཤེས་རབ་ཕ་རོལ་ཕྱིན་ལ་གནས། །མཚུངས་བྲལ་གུ་ཎའི་ཐུགས་ཕྱག་འཚལ། །རྒྱལ་བ་ཀུན་ཀྱང་འདྲེན་པ་ཁྱེད། ཁྱེད་ལས་གཞན་པའི་སྐྱོབ་པ་ནི། །འགྲོ་བ་ཀུན་ལ་འགའ་མ་མཆིས། །དེ་ཕྱིར་ཁྱེད་ལ་སྐྱབས་སུ་མཆི། །བྱིས་པས་ཁྱོད་མཚན་མ་ཐོས་པའམ། །ཐོས་ཀྱང་གུས་པར་མི་བསྟེན་པ། །དེ་ལས་སྙིང་རྗེ་གཞན་མེད་པས། །བརྩེ་བས་ཁྱོད་ཀྱིས་རྗེས་སུ་ཟུངས། ཁྱོད་ཀྱི་མཚན་ཐོས་སྐྱབས་སོང་བ། །དེ་ནི་ནམ་ཡང་སྲིད་མཚོར་མིན། །དེ་ཕྱིར་མིག་ཆུ་གཡོ་བཞིན་དུ། །སྙིང་ནས་དུས་ཀུན་གསོལ་བ་འདེབས། །རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་མཆོག །གསང་ཆེན་ཁྱེད་སྐུར་རོ་གཅིག་པས། །དེ་རིང་ཁོ་ནར་མངོན་སུམ་དུ། །མཁའ་ཁྱབ་འགྲོ་བས་ཐོབ་པར་ཤོག །ཅེས་པའི་མཐར། ལས་བྱང་ལྟར། ཧཱུྃ། རིགས་འདུས་བླ་མ་རྒྱལ་བའི་གཙོ། །བདེ་ཆེན་ཚད་མེད་ཐུགས་རྗེས་དགོངས། །བདག་ཅག་བྱིས་པའི་རང་བཞིན་པས། །ལྷག་ཆད་ནོར་འཁྲུལ་བཟོད་པར་བཞེས། །ཨོཾ་ཨཱཿཧཱུྃ་གུ་རུ་དེ་བ་ཌཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་ས་མ་ཡ་ཨ་ཨ་ཨཱཿ ཞེས་པས་ནོངས་པ་བཤགས། བཛྲ་མུཿས་མགྲོན་ཐབས་ཀྱི་ལྷ་རྣམས་གཤེགས། འཁོར་གྱི་མཁའ་འགྲོ་བཞི་པོ་འོད་དུ་ཞུ་ནས་གཙོ་བོ་ལ་ཐིམ། གཙོ་བོ་རིགས་འདུས་སྨན་པའི་རྒྱལ་པོ་ཐུགས་དགྱེས་པ་ཆེན་པོས་འོད་དུ་ཞུ་སྟེ་རང་ལ་ཐིམ་པས་བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་པར་གྱུར། ཅེས་མོས་ལ་མཉམ་པར་བཞག །དེ་ལས་ལྡང་བ་ན་ལས་བྱང་ལྟར། ཧོཿ བདག་གཞན་དུས་གསུམ་དགེ་བ་རྣམས། །མ་ལུས་དམིགས་མེད་གཅིག་བསྡུས་ནས། །རིགས་འདུས་རྒྱལ་བའི་སྐུ་གསུང་ཐུགས། །མཁའ་ཁྱབ་འགྲོ་བས་ཐོབ་པར་ཤོག །དེ་མ་ཐོབ་ཀྱི་གནས་སྐབས་སུ། །བར་ཆད་མེད་པར་དལ་འབྱོར་ཐོབ། །བཤེས་གཉེན་དམ་པས་རྗེས་སུ་བཟུང་། །བཀའ་བཞིན་སྒྲུབ་ལ་ནན་ཏན་ཤོག །ཆོས་རྣམས་སེམས་སུ་བློ་ཐག་ཆོད། །སེམས་ཉིད་ཆོས་སྐུར་རང་ངོ་ཤེས། །གཟུང་འཛིན་འཁྲུལ་སྣང་བག་ཆགས་ཞིག །གོམས་འདྲིས་བརྟན་པ་ཐོབ་པར་ཤོག །ཤིས་བརྗོད་ནི། ཆོས་ཀྱི་དབྱིངས་ལས་བྱུང་བའི་བཀྲ་ཤིས་མཆོག །བླ་མ་ཡི་དམ་མཁའ་འགྲོ་འཁོར་བཅས་དང་། །ཆོས་སྐྱོང་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཀྱིས། །དགེ་ལེགས་དཔལ་འབྱོར་གང་ལ་མྱུར་ཐོབ་ཤོག །ཅེས་བསྔོ་སྨོན་བཀྲ་ཤིས་བཅས་བརྗོད་པར་བྱའོ། །སླར་ཡང་ཐུན་ལ་འཇུག་པ་ན་གཏོར་མཆོད་རྣམས་ཁ་གསོས་ནས། སྐྱབས་སེམས་ནས་བཀྲ་ཤིས་ཀྱི་བར་བསྐྱར། སྲོད་ཐུན་གཏོར་འབུལ་གྲུབ་མ་ཐག་པར་དམ་ཅན་སྡེ་དགུའི་གཏོར་འབུལ་རེའང་བྱ་སྟེ། དེ་ལྟ་བུའི་ཚུལ་གྱིས་གྲངས་དུས་ཀྱི་ཚད་གང་རུང་རྫོགས་པར་བྱའོ། །གཉིས་པ་ནང་དཀྱིལ་སྙིང་གར་སྒོམ་པ་ནི། སྔ་མའི་བསྙེན་པ་གྲུབ་ནས་ཐུན་གཅོད་ཚུལ་གོང་དང་འདྲ་བ་ལས། སྐྱབས་སེམས་ཚད་མེད་བཞི་དང་བདག་བསྐྱེད་ཀྱི་ཡོངས་སུ་རྫོགས་པར་གསལ་བའི་ཞེས་པའི་བར་གོང་ལྟར་ལ། དེ་ནས། རང་གི་མགོ་གྱེན་བསྟན་སྙིང་པདྨ་འདབ་མ་ལྔར་གྱེས་པའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། སངས་རྒྱས་ཐམས་ཅད་ཀྱི་སོགས་ནས། སྐྱིལ་མོ་ཀྲུང་གིས་བཞུགས་པའོ་ཞེས་པའི་བར་བརྗོད་ལ་གསལ་འདེབས། དེ་ནས་གུས་པ་ཆེན་པོས་གསོལ་འདེབས་ཚིགས་བཅད་ལྷུག་ཚར་ཅི་རིགས་བརྗོད། བླ་མའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དངུལ་ཆུའི་མདོག་ལྟ་བུའི་མཐར་ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་གུ་ཎ་སིདྡྷི་ཧཱུྃ། ཞེས་པའི་སྔགས་ཀྱི་ཕྲེང་བ་གཡས་སྐོར་དུ་དཀར་ཕྲོམ་མེར་འཁོད་པར་གསལ་ལ་བཟླས་པ་བྱས་པས། སྔགས་ཕྲེང་དེ་ཉིད་འོད་ཟེར་གྱི་རྣམ་པར་བླ་མའི་ཞལ་ནས་ཡར་ཕྱིན། བདག་བསྐྱེད་ཀྱི་ཞལ་ནས་ཐོན། འོད་ཟེར་མཆོད་པའི་སྤྲིན་རུམ་དུ་གྱུར་པས་ཕྱོགས་བཅུའི་ཞིང་ཐམས་ཅད་དུ་ཁྱབ། དཀོན་མཆོག་རྩ་གསུམ་སྲུང་མ་དང་བཅས་པ་མཆོད་ཅིང་བྱིན་རླབས་བསྡུས། འོད་ཟེར་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག །འོད་ཟེར་གྱི་ཕྲེང་བ་རང་གི་སྙིང་ག་ནས་བྱུང་། བླ་མའི་ཐུགས་ཀར་ཞུགས་ཏེ་ཧཱུྃ་མཐར་སྔགས་ཕྲེང་དུ་གྱུར་ནས་འཁོད་པར་མོས་ལ་བཟླ། སླར་ཡང་ཞལ་ནས་འཐོན་པ་སོགས་འཁོར་བའི་བཟླས་པ་རྩེ་གཅིག་ཏུ་བྱ། ཐུན་འཇོག་པ་ན་ལྷ་སྒོམ་སྔགས་བཟླས་སྟོང་ཉིད་གསུམ་ལ་འཁྲུལ་པ་སེལ་བའི་ཁ་སྐོང་དུ་དབྱངས་གསལ་དང་ཡིག་བརྒྱ། ནུས་པ་བརྟན་བྱེད་རྟེན་འབྲེལ་སྙིང་པོ་བཅས་ལན་གསུམ་གསུམ་བཟླ། གོང་ལྟར་གསོལ་འདེབས་འདོད་གསོལ་བཅས་ལན་གསུམ་བྱས། བླ་མ་རིགས་འདུས་སྨན་པའི་རྒྱལ་པོ་ཐུགས་དགྱེས་པ་སོགས་བརྗོད་ལ་སྙིང་གའི་ལྷ་འོད་དུ་ཞུ། མཉམ་གཞག །སྨོན་ལམ། བཀྲ་ཤིས་བཅས་བྱ། ཐུན་མཚམས་སུ་གཏོར་འབུལ་སྤྲོ་ན་བྱ་ཆོག་ལ། དེ་ལྟར་གྱི་ཚེ་སྤྱིར་སྔར་ལྟར་ལས། གདན་ཕུལ་བས་མདུན་གྱི་ནམ་མཁར་སྤྲིན་གཏིབས་པ་ལྟར་བཞུགས་པར་མོས་ལ་བྱ། ནོངས་བཤགས་མཐར་རྟེན་ཡོད་ན་བརྟན་བཞུགས་དང་གོང་བཞིན་བླ་མ་རིགས་འདུས་སོགས་འོད་ཞུ་མན་བྱ་བ་ལས་གཞན་འདྲའོ། །འདི་ལ་འབྲུ་འབུམ་ལ་སོགས་པ་གྲུབ་པར་བྱ་ཞིང་ཕྱི་སྒྲུབ་རྒྱུན་ཁྱེར་འདོད་ནའང་འདི་ཉིད་ལ་བྱ་སྟེ་སྔ་མ་ཐུན་མོང་དང་། ཕྱི་མ་ཁྱད་པར་བའི་སྒྲུབ་ཐབས་སུ་ཤེས་པར་བྱའོ།  །ལོང་སྐབས་ཆུང་བ་སོགས་ཀྱིས་ཕྱི་ནང་གཉིས་སྦྲེལ་ནས་ཉམས་སུ་ལེན་པར་འདོད་ན། ཐུན་གྱི་ཕྱེད་ཆ་ཡན་ཕྱི་དཀྱིལ་བཟླས་བསྒོམ་གཏོར་འབུལ་ནོངས་བཤགས་སོགས་བྱས་ལ། གཤེགས་བསྡུའི་གཙོ་བོ་རིགས་འདུས་སྨན་པའི་རྒྱལ་པོ་ཐུགས་དགྱེས་པ་ཆེན་པོས་རང་གི་སྤྱི་བོ་ནས་མར་བྱོན། རང་གི་སྙིང་མགོ་གྱེན་བསྟན་པདྨ་འདབ་མ་ལྔར་གྱེས་པའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཞུགས་པར་གྱུར། བླ་མའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སོགས་བཟླས་སྒོམ་དང་། ཐུན་བསྡུ་ཚུལ་གོང་སྨོས་ལྟར་བྱའོ། །གསུམ་པ་ལས་ཀྱི་ཁ་བསྒྱུར་བ་ནི། ཕྱི་སྒྲུབ་ཀྱི་བསྙེན་པ་སྔོན་དུ་སོང་ནས། ཞི་རྒྱས་དབང་དྲག་གི་སྒོ་ནས་བླ་མ་ལ་གསོལ་བ་གདབ་པ། ལས་ཚོགས་ཁྲུས་ཆུ། གཞན་ལ་བྱིན་རླབས། སྔགས་མདུད། ལམ་སྲུང་རྣམས་ནི་རྩ་བའི་གཞུང་དུ་གསལ་བ་ལྟར་སྐབས་སུ་གང་བབ་ལག་ཏུ་ལེན་པར་བྱའོ། །འདི་དག་ཀྱང་བསྙེན་སྒྲུབ་ཡན་ལག་བཞི་དང་སྦྱར་ན། སྔོན་འགྲོ་གསག་སྦྱོང་བསྙེན་པ། ཕྱི་དཀྱིལ་ཉེ་བསྙེན། ནང་དཀྱིལ་སྒྲུབ་པ། ལས་བཞིའི་གསོལ་གདབ་སྒྲུབ་པ་ཆེན་པོའི་ཚུལ་ཡིན་ལ། དེ་བཞི་པོ་རྒྱུད་སྡེ་བཞིའི་ཉམས་ལེན་དང་ཡང་དོན་གྱིས་འབྱོར་པ་ཡིན་ནོ། །ཕྱི་སྒྲུབ་ཟླ་བ་གཅིག་བྱེད་ན་སྔོན་འགྲོ་ཞག་བདུན། ཕྱི་དཀྱིལ་བདུན་ཕྲག་གཉིས། ནང་དཀྱིལ་ཞག་བཅུ་ཙམ་བྱ། ཞག་བདུན་ལས་མི་བྱེད་ན། སྔོན་འགྲོ་ཞག་གསུམ། ཕྱི་དཀྱིལ་ནང་དཀྱིལ་ཐུན་སྟོད་སྨད་དུ་འབྲེལ་བ་ཞག་བཞི་བར་རྣམས་དང་། དེ་དག་ལས་ལྷག་པ་གྲུབ་ན་རིགས་པས་འཕྲུལ་བར་བྱའོ། ༈ །གཉིས་པ་ནང་སྒྲུབ་དགོས་འདོད་ཀུན་འབྱུང་ཉམས་སུ་ལེན་པ་ལ་གཉིས། ཐུན་མོང་བ་སངས་རྒྱས་སྨན་གྱི་བླ་མའི་བསྐྱེད་རྫོགས་ཟུང་འཇུག་སྟན་ཐོག་གཅིག་ཏུ་ཉམས་སུ་བླང་བ་དང་། ཁྱད་པར་རིག་པའི་ཡེ་ཤེས་རིགས་ལྔ་ལ་བསྟེན་ཏེ་རྒྱུད་ཆེན་བཞིའི་ངེས་དོན་གནད་ཀྱི་ཉམས་ལེན་ནོ། །དང་པོ་ལ་གཉིས། ཉམས་ལེན་དམིགས་པའི་གནད། གོ་དོན་ཤེས་བྱའི་གནད་དོ། །དང་པོ་ལ་གཉིས། བསྐྱེད་རིམ་དང་། རྫོགས་རིམ་མོ། །དང་པོ་ནི། ཚོགས་གསག་དང་སེམས་འཛིན་གྱི་རྟེན་དུ་སྨན་བླའི་སྐུ་བརྙན་ལྟ་བུའི་རྟེན་དང་མཆོད་པ་ཅི་འབྱོར་པ་བཤམ། ཕྱི་སྒྲུབ་སྔོན་དུ་མ་སོང་ན་སྔོན་འགྲོའི་རིམ་པ་རྣམས་ཅི་འགྲུབ་བྱ། སོང་ན་ཐུན་དང་པོའི་འགོ་ལྟ་བུར་སྔར་བཤད་པའི་སྔོན་འགྲོ་རྣམས་ཚར་རེ་གཏང་གྲུབ་ན་ལེགས། སྤྲོས་པས་མ་ལྕོགས་ན་དམིགས་སུ་དགོས་པ་རང་མ་ཡིན་ནོ། །གང་ལྟར་བདེ་བའི་གདན་ལ་ལུས་གནད་བཅས་ཏེ། རང་ཐ་མལ་པའི་ངང་ནས་ཧཱུྃ་ཞེས་བརྗོད་པས་རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་སྨན་གྱི་བླ་ཞལ་གཅིག་ཕྱག་གཉིས། སྐུ་མདོག་མཐིང་ག་མདངས་དང་ལྡན་པ། ཞབས་སྐྱིལ་ཀྲུང་གིས་པད་ཟླ་ལ་བཞུགས་པ། ཕྱག་གཡས་ཨ་རུ་ར་རྣམ་པར་རྒྱལ་བ་དང་གཡོན་ལྷུང་བཟེད་བདུད་རྩི་སྨན་གྱིས་གང་བ་བསྣམས་པ། སྤྲུལ་པ་སྐུའི་ཆ་བྱད་ཅན། སྐུ་ལ་ཆོས་གོས་རྣམ་པ་གསུམ་གྱིས་བཀླུབས་པར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་གྱུར། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ཨ་བ་དྷཱུ་ཏིའི་ལམ་བརྒྱུད། བཤང་སྒོ་ནས་འོག་ཏུ་ཐོན་པ་ཡི་གེ་རཾ་དམར་པོར་གྱུར། དེ་འོད་དུ་ཞུ་བ་ལས་ཉི་མའི་དཀྱིལ་འཁོར་ཡངས་ཤིང་རྒྱ་ཆེ་བར་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་དྷཱུ་ཏིའི་ལམ་བརྒྱུད་ཆུ་སོ་ནས་ཐོན་པ་ཉི་མའི་སྟེང་དུ་སྣ་ཚོགས་རྡོ་རྗེ་ཆེན་པོ་ཞིག་ཏུ་གྱུར། དེ་ཕྱོགས་བཞིར་འཕེལ་ཏེ་ཆེར་སོང་བའི་རྭ་སྟེང་མ་རྣམས་གྱེན་དུ་ལངས་པ་ལས་རྡོ་རྗེའི་རྩིག་པ་ཤིན་ཏུ་བརྟན་པ། རྭ་རྩེ་སྟེང་དུ་བསྣོལ་བ་ལས་རྡོ་རྗེའི་གུར་ཁང་ཏོག་དང་བཅས་པར་གྲུབ་པ་ལས། ཉི་མའི་འོད་ཀྱིས་ཕྱི་རོལ་ཐམས་ཅད་ཞུ་ཞིང་འདྲེས་པས་སྲུབ་དང་བར་མཚམས་མེད་པར་གྱུར། སླར་ཡང་སྙིང་ག་ནས་འོད་ཟེར་འཕྲོས། བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་མདུན་གྱི་ནམ་མཁར་སྤྱན་དྲངས། རྭ་གུར་གྱི་སྟེང་གི་ཆར་སྣ་ཚོགས་པདྨ་འདབ་མ་འབུམ་ལྡན་གྱི་གདན་ལ་བཞུགས་པར་མོས་ལ། ཕྱི་སྒྲུབ་ཏུ་བཤད་པ་ལྟར་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སྒོམ་པའི་ཚིག་རྣམས་ལན་གསུམ་ལ་སོགས་པ་བརྗོད་ཅིང་། སེམས་ཅན་ལ་སྙིང་རྗེ་དྲག་ཏུ་བསྒོམས་པའི་རྐྱེན་གྱིས། ནམ་མཁའི་ལྷ་ཚོགས་ཐུགས་རྗེའི་དབང་གིས་རང་གི་མདུན་དུ་བྱོན། དེ་དག་གི་འོད་ཟེར་རང་ལ་ཕོག་པས་སྡིག་སྒྲིབ་མཐའ་དག་དག་ནས་རང་ལུས་ལྷ་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟར་ཤིན་ཏུ་གསལ་ཞིང་བརྟན་པ་ལ། མདུན་གྱི་ལྷ་ཚོགས་རྣམས་ཀྱང་རང་ཉིད་ལ་ཐིམ་སྟེ་གཉིས་སུ་མེད་པར་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ། ལྟེ་བར་ཏྲཱཾ་སེར་པོ། གསང་བར་ཧྲཱིཿལྗང་གུས་མཚན་པའོ། །དེ་ཡན་ཆད་སྔོན་དུ་འགྲོ་བའི་དོན་ཡིན་ནོ། །དེ་ནས་རང་གི་སྙིང་རྩེ་མོ་གྱེན་དུ་བལྟས་པ་པདྨ་འདབ་བརྒྱད་དུ་གྱུར་པའི་ཟེའུ་འབྲུར་ཟླ་བ་ལ་ཧཱུྃ་ཡིག་མཐོན་ཀ་ཆེན་པོའི་ཁ་དོག་ཅན། དེ་ཞུ་བ་ལས་བཻ་ཌཱུརྻ་ཡི་ལྷུང་བཟེད་ཀྱི་ནང་དུ་བཾ་ལས་བདུད་རྩིའི་རྒྱ་མཚོ། དེའི་སྟེང་དུ་པད་ཟླ་ལ་གནས་པའི་ཡི་གེ་ཧཱུྃ་མཐིང་ག །དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བསལ་ནས་བཅོམ་ལྡན་འདས་སྨན་གྱི་བླ་མའི་སྐུར་གྱུར། ཡང་འོད་ཟེར་འཕྲོས། རྒྱལ་བ་སྲས་དང་བཅས་པ་མཆོད། དེ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་ཐམས་ཅད་ཐུགས་ཀ་ནས་ཧཱུྃ་སྔོན་པོའི་རྣམ་པ་བསམ་གྱིས་མི་ཁྱབ་པ་བྱུང་ནས་རང་གི་སྙིང་གའི་ཧཱུྃ་ཡིག་ལྷུང་བཟེད་བཅས་པ་ལ་ཐིམ་སྟེ་འོད་དུ་ཞུ་བ་ལས་བཅོམ་ལྡན་འདས་སྨན་གྱི་བླ་ཞལ་གཅིག་ཕྱག་གཉིས། སྐུ་མདོག་མཐིང་ག་མདངས་དང་བཅས་པ། ཞབས་སྐྱིལ་ཀྲུང་གི་པད་ཟླ་ལ་བཞུགས་པ། ཕྱག་གཡས་ཨ་རུ་ར་རྣམ་པར་རྒྱལ་བ་དང་གཡོན་ལྷུང་བཟེད་བདུད་རྩི་སྨན་གྱིས་གང་བ་བསྣམས་པ། སྤྲུལ་པ་སྐུའི་ཆ་བྱད་ཅན། སྐུ་ལ་ཆོས་གོས་རྣམ་པ་གསུམ་གྱིས་བཀླུབས་པར་གསལ་བའི་ཕྱག་གཡས་ཨ་རུ་ར་རྣམ་པར་རྒྱལ་བས་གཡོན་ལྷུང་བཟེད་ཀྱི་བདུད་རྩི་དཀྲུགས་པས་ཐིག་ལེ་འོད་ཟེར་གྱི་ཚུལ་དུ་ཕྱོགས་མཚམས་བརྒྱད་ཀྱི་པདྨའི་འདབ་མ་ལ་འཕྲོས། ཐམས་ཅད་ཀྱང་ཧཱུྃ་ལས་ལྷུང་བཟེད་ཧཱུྃ་གིས་མཚན་པར་གྱུར། དེ་ལས་འོད་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བསལ། འཕགས་པ་མཆོད་བྱིན་རླབས་བསྡུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་སྨན་གྱི་བླ་ཆ་ལུགས་གཙོ་བོ་དང་མཚུངས་པ་བརྒྱད། ཞལ་ནང་དུ་བསྟན་ཏེ་བཞུགས་པར་གྱུར། དེ་དག་གི་སྐུའི་སྣང་བ་ལས་འོད་ཟེར་དཀར་པོ་རང་གི་སྤྱི་བོར་འཕྲོས། ཨོཾ་དཀར་པོར་གྱུར་པའི་འོད་ཀྱིས་དོན་གཉིས་བྱས་ཏེ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། གསུང་གི་སྣང་བ་ལས་འོད་ཟེར་དམར་པོ་མགྲིན་པར་འཕྲོས། ཨཱཿདམར་པོར་གྱུར་པའི་འོད་ཀྱིས་དོན་གཉིས་བྱས་ཏེ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་སྣང་བ་མཐའ་ཡས་དམར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པ། ཡོན་ཏན་གྱི་སྣང་བ་ལས་འོད་ཟེར་སེར་པོ་ལྟེ་བར་འཕྲོས། ཏྲཱཾ་སེར་པོར་གྱུར་པའི་འོད་ཀྱིས་དོན་གཉིས་བྱས་ཏེ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་སེར་པོ་མཆོག་སྦྱིན་དང་མཉམ་གཞག་གི་ཕྱག་རྒྱ་མཛད་པ། གསུམ་ཀའང་སྤྲུལ་སྐུའི་ཆ་ལུགས་པད་ཟླ་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྲིན་ལས་ཀྱི་སྣང་བ་ལས་འོད་ཟེར་ལྗང་དམར་གསང་གནས་སུ་འཕྲོས། དོན་གཉིས་བྱས་ཏེ་ཡོངས་སུ་གྱུར་པ་ལས་རྟ་མགྲིན་དབང་གི་འཁོར་ལོ་དམར་ལ་ལྗང་བའི་མདངས་ཅན་ཕྱག་གཉིས་གྲི་ཐོད་འཛིན་ཅིང་དུར་ཁྲོད་ཀྱི་ཆས་དང་ལྡན་པ། ཞབས་འདོར་ཐབས་པད་ཉིའི་གདན་ལ་འགྱིང་བ། ཐམས་ཅད་ཀྱང་སྣང་ལ་རང་བཞིན་མེད་པ་དྭངས་པའི་མཁའ་ལ་འཇའ་ཚོན་ཤར་བ་ལྟར་མ་འདྲེས་ཡོངས་རྫོགས་སུ་གསལ་བར་གྱུར། དེ་དག་ལས་འོད་ཟེར་གྱི་སྣང་བ་དཔག་ཏུ་མེད་པ་འཕྲོས། རང་བཞིན་ཆོས་ཀྱི་དབྱིངས་དང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ནས་བླ་མ་སྨན་པའི་རྒྱལ་པོ་རིགས་ལྔའི་སངས་རྒྱས་དབང་གི་ལྷ་དང་བཅས་པ་བཛྲ་ས་མཱ་ཛཿ ཞེས་པ་ཙམ་མམ། སྤྲོ་ན། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀཱ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སཏྭཾ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །པདྨ་ཀ་མ་ལཱ་ཡ་སཏྭཾ། མདུན་གྱི་ནམ་མཁར་པདྨའི་གདན་ལ་བཞུགས་པར་མོས། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད། ཐུགས་རྗེ་ཀུན་ལ་སྙོམ་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུརྻ་ཡི་འོད་ལ་ཕྱག་འཚལ་བསྟོད། །ཅེས་དང་། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། ཛཿཧཱུྃ་བཾ་ཧོཿ ཡེ་ཤེས་ཀྱི་འཁོར་ལོ་དམ་ཚིག་པ་ལ་ཐིམ་སྟེ་གཉིས་སུ་མེད་པར་གྱུར། སྔར་སྤྱན་དྲངས་པའི་དབང་གི་ལྷ་ལ་དམིགས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་གསུང་ཞིང་བུམ་པའི་བདུད་རྩིས་སྤྱི་བོ་ནས་བླུགས་ཏེ་དབང་བསྐུར། སྐུ་གང་། དྲི་མ་དག །ཆུ་ལྷག་སྤྱི་བོར་འཁྱིལ་པ་ལས་རིགས་ཀྱི་བདག་པོས་དབུ་བརྒྱན་ཅིང་དབང་ལྷ་རྣམས་ཀྱང་རང་ཉིད་ལ་ཐིམ་པར་གྱུར། དེ་ལྟར་ཡན་ལག་བཞི་ལྡན་གྱིས་ལྷར་བསྐྱེད་པ་དེ་ཉིད། གསལ་ལ་མ་འདྲེས་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ། སྣང་ལ་རང་བཞིན་མ་གྲུབ་པ་ནམ་མཁའི་ངོས་སུ་འཇའ་ཚོན་ཤར་བ་ལྟ་བུ། གཅིག་དང་དུ་མ་ལས་འདས་ཤིང་གར་ཡང་ཁྱབ་པ་ཆུའི་ཟླ་བ་ལྟ་བུ་སྟེ་ཁྱད་ཆོས་གསུམ་དང་ལྡན་པའི་རྣམ་པ་གསལ་བ། རང་གི་མིང་རུས་མཚན་མའི་བླ་དྭགས་སྤངས་ཏེ་གདོད་མ་ཉིད་ནས་སྐུ་ལྔའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་རིགས་འདུས་བཅོམ་ལྡན་འདས་སྨན་གྱི་བླ་མ་དངོས་ཡིན་ཅིང་། དེའི་ཡོན་ཏན་ཕྲིན་ལས་དང་བཅས་པ་བདག་ལ་ཡོད་དོ་སྙམ་དུ་ང་རྒྱལ་བརྟན་པ། དེ་ལྟར་བསྐྱེད་པའི་སྣང་བ་ཐམས་ཅད་རང་གི་སེམས། སེམས་ཉིད་གདོད་མ་ནས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བས་སྣང་དུས་ཉིད་ནས་རང་བཞིན་གྱིས་སྟོང་། སྟོང་པའི་རང་མདངས་གསལ་བ་ལྷུན་གྲུབ་ཏུ་ཤར། དེ་གཉིས་ཀྱང་ཡ་བྲལ་ཐ་དད་མ་ཡིན་པར་གདོད་ནས་ཟུང་དུ་འཇུག་པ་དོན་དམ་རང་བྱུང་གི་སྨན་བླ་སྐུ་གསུམ་ཡོངས་སུ་རྫོགས་པའི་བདག་ཉིད་དུ་ཤེས་པ་རྣམ་དག་དྲན་པ་རྣམས་ལ་བསླབ་ཅིང་ཅི་གནས་སུ་མཉམ་པར་གཞག །དེ་ལ་མི་གནས་ན་ཏིང་ངེ་འཛིན་རྩལ་སྦྱོང་གི་ཚུལ་དུ། སྤྱི་བོའི་རྣམ་སྣང་སྨན་གྱི་བླ་མ་ལས་སྐུའི་སྣང་བ་དཀར་པོ་འཕྲོས། ལུས་ཐམས་ཅད་དུ་ཁྱབ། གཟུགས་ཀྱི་ཕུང་པོའི་རྟོག་སྒྲིབ་དག །བུམ་པའི་དབང་ཐོབ། བདེ་བའི་ཉམས་རྒྱུད་ལ་སྐྱེས། ཆོས་དབྱིངས་ཡེ་ཤེས་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས་པར་མོས་ལ་མཉམ་པར་བཞག་པ་འོག་མ་རྣམས་ལའང་འགྲེ། མགྲིན་པའི་སྣང་བ་མཐའ་ཡས་སྨན་གྱི་བླ་མ་ལས་གསུང་གི་སྣང་བ་དམར་པོ་འཕྲོས། ལུས་ཐམས་ཅད་དུ་ཁྱབ། འདུ་ཤེས་ཀྱི་ཕུང་པོའི་རྟོག་སྒྲིབ་དག །གསང་བའི་དབང་ཐོབ། གསལ་བའི་ཉམས་རྒྱུད་ལ་སྐྱེས། སོར་རྟོག་ཡེ་ཤེས་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས། ལྟེ་བའི་རིན་འབྱུང་སྨན་བླ་ལས་ཡོན་ཏན་གྱི་སྣང་བ་སེར་པོ་འཕྲོས། ལུས་ཐམས་ཅད་དུ་ཁྱབ། ཚོར་བའི་ཕུང་པོའི་རྟོག་སྒྲིབ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། མི་རྟོག་པའི་ཉམས་རྒྱུད་ལ་སྐྱེས། མཉམ་ཉིད་ཡེ་ཤེས་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས། ཐུགས་ཀའི་མི་བསྐྱོད་སྨན་བླ་གཙོ་འཁོར་ལས་ཐུགས་ཀྱི་སྣང་བ་སྔོན་པོ་འཕྲོས། ལུས་ཐམས་ཅད་དུ་ཁྱབ། རྣམ་ཤེས་ཀྱི་ཕུང་པོའི་རྟོག་སྒྲིབ་དག །དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། སྟོང་པ་ཆེན་པོའི་ཉམས་རྒྱུད་ལ་སྐྱེས། མེ་ལོང་ཡེ་ཤེས་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས། གསང་གནས་ནས་དོན་གྲུབ་སྨན་བླའི་ངོ་བོ་རྟ་མགྲིན་དབང་གི་འཁོར་ལོ་ལས་ཕྲིན་ལས་ཀྱི་སྣང་བ་ལྗང་གུ་འཕྲོས། ལུས་ཐམས་ཅད་དུ་ཁྱབ། འདུ་བྱེད་ཀྱི་ཕུང་པོའི་རྟོག་སྒྲིབ་དག །ཡེ་ཤེས་རབ་འབྱམས་ཀྱི་དབང་ཆེན་ཐོབ། དབྱེར་མེད་ཟུང་འཇུག་གི་ཉམས་རྒྱུད་ལ་སྐྱེས། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས་པར་མོས་ལ་ཐུན་གྱི་ཕྱེད་ཡན་དུ་ཏིང་ངེ་འཛིན་དེ་དག་ཅི་ནུས་སུ་བསྒོམ་པ་ནི་བསྐྱེད་རིམ་དངོས་གཞིའོ། །གཉིས་པ་རྫོགས་རིམ་ནི། ལུས་གནད་ཆོས་བདུན་ནམ་དྲང་པོར་བསྲང་། ངག་གནད་རླུང་རང་བབ་ཏུ་བཞག །སེམས་གནད་གཞན་དུ་མ་ཡེངས་པར་ཐོག་མར་བླ་མ་དང་རིགས་ལྔ་སོ་སོ་དབྱེར་མེད་ལ་མོས་གུས་དུང་བ་རེ་སྔོན་དུ་འགྲོ་བས་དངོས་གཞིའི་ཏིང་ངེ་འཛིན་འདི་ལྟར་བསྒོམ་པར་བྱ་སྟེ། སྤྱི་བོའི་རྣམ་སྣང་མོས་གུས་ཀྱི་རྐྱེན་གྱིས་འོད་དུ་ཞུ། ཐིག་ལེ་དཀར་པོ་རྒྱ་སྲན་ཙམ་པ་འོད་ཟེར་དཀར་ལྷག་ལྷག་འཕྲོ་བ། མེ་ལོང་ལ་ཉི་ཟེར་ཕོག་པ་བཞིན་བལྟ་བས་མི་བཟོད་པ་ཞིག་ཏུ་གྱུར་པ་ལ་སེམས་གཏད་དེ་ཅི་གནས་སུ་བསྒོམ། དེ་ནས་འོད་དེ་ཇེ་གསལ་ཇེ་ཆེ་ལ་སོང་ཁོང་པའི་ནང་ཐམས་ཅད་ཁེངས་པ་དང་། ལུས་ཀྱི་ནང་ཐམས་ཅད་ཀྱང་ཐིག་ལེ་དཀར་པོའི་རང་བཞིན་དུ་གྱུར་པ་དང་། དེ་ལ་ཏིང་ངེ་འཛིན་བྱང་ན་སྣང་བ་ཐམས་ཅད་ཀྱང་འོད་དང་ཐིག་ལེ་དཀར་པོའི་རང་བཞིན་དུ་གྱུར་པ་ལ་སེམས་གཏད་དེ་བསྒོམ། དེའི་ཚེ་སྒོམ་མཁན་སེམས་ཀྱི་ངོ་བོ་ལ་བལྟས་པས་བསྒོམ་བྱའི་ཐིག་ལེ་དང་སྒོམ་མཁན་གྱི་སེམས་གཉིས་སུ་མ་གྲུབ་པའི་སྟོང་གསལ་རིག་པའི་སྙིང་པོ་ཅན། ངོ་བོ་ངོས་བཟུང་དང་བྲལ་བ་ཉམས་སུ་མྱོང་ཞིང་བརྗོད་པ་དང་བྲལ་བ་དེའི་ངང་དུ་བཟོ་བཅོས་ཀྱི་རྟོག་པས་མ་བསླད་པར་བསྐྱངས་པས་གོམས་པ་ན་ངོ་བོ་སྟོང་ཉིད་དུ་སང་ངེ་། རྣམ་པ་འོད་དང་ཐིག་ལེར་ལམ་མེ། དེ་གཉིས་དབྱེར་མེད་ཤེལ་གོང་དང་འཇའ་ཚོན་ལྟར་གོ་བའི་བློ་བཟོ་མ་ཡིན་པར་གདིང་ནས་རྟོགས་པའི་ངེས་ཤེས་ལ་འཕོ་འགྱུར་མེད་པར་མ་གྱུར་གྱི་བར་དུ་བསྐྱར་བར་བྱའོ། །དེས་འགྲེས་ཏེ། མགྲིན་པའི་ལྷ་འོད་དུ་ཞུ། ཐིག་ལེ་དང་འོད་ཟེར་དམར་པོ། ལྟེ་བ་སེར་པོ། སྙིང་ག་མཐིང་ག །གསང་བ་ལྗང་གུ་རྣམས་ལ་སྦྱང་སྤེལ་ཅི་ནུས་བྱ་ཞིང་། ཐུན་གྱི་ཕྱེད་མན་ཆད་རྫོགས་པར་བྱ། ཐུན་མཐར་རང་ལུས་ལྷར་སྣང་བའང་སྟོང་ཉིད་དུ་བསྡུས་ཏེ་མཉམ་པར་བཞག་ཅིང་། དེ་ལས་ལྡང་བ་ན་ནམ་མཁའ་ལ་སྤྲིན་ལྡང་བ་ལྟར་ཟུང་འཇུག་སྒྱུ་མའི་ལྷ་སྐུ་བཅོམ་ལྡན་འདས་སྨན་གྱི་བླ་གནས་གསུམ་རྡོ་རྗེའི་འབྲུ་གསུམ་གྱིས་མཚན་པ། སྣང་བ་ལྷ། གྲགས་པ་སྔགས། རྟོག་ཚོགས་ཆོས་ཉིད་ཀྱི་རོལ་པར་མོས་ཏེ་བསྔོ་སྨོན་སྤྱི་ལྟར་བྱ་ཞིང་སྤྱོད་ལམ་ལ་འཇུག་གོ །དེ་དག་གི་སྐབས་སུ་བྱིང་རྨུགས་བྱུང་ན་དེ་དག་གི་དབང་དུ་མ་ཤོར་བ་དང་། ཉམས་བདེ་གསལ་མི་རྟོག་པ་གང་སྐྱེས་ཀྱང་དེ་ལ་མ་ཞེན་པ་དང་། སེམས་འཕྲོ་གནས་གང་བྱེད་ཀྱང་བཟོ་བཅོས་དགའ་སྡུག་མི་བྱ་བར་གང་ཤར་ངོས་ཟིན་པར་བྱས་ལ་རང་བབ་ཀྱི་ངང་དུ་ལྷོད་ཀྱིས་ཀློད་ལ་བཞག་པར་བྱའོ། །གཉིས་པ་གོ་དོན་ཤེས་བྱའི་གནད་ནི། ཕྱི་ལྟར་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཕྱོགས་བཞི་དབུས་ལྔ་ནས་གང་འདོད་པའི་དཀྱིལ་འཁོར་གྱི་ལྷར་སྣང་བ་ནི་མཚོན་པའི་དཔེ། ནང་ལྟར་རང་ལུས་སྤྱི་བོ་ལ་སོགས་པའི་གནས་ལྔར་སྨན་བླ་རིགས་ལྔ་རང་བཞིན་ལྷུན་གྲུབ་ཏུ་བཞུགས་པས་གང་བསྒོམ་པ་དེ་ལྟར་སྣང་བ་ནི་མཚོན་ཚུལ་གྱི་རྟགས། གསང་བ་བདེ་གསལ་མི་རྟོག་སྟོང་པ་ཟུང་འཇུག་ལྔ་པོ་མཚན་མའི་སྒོམ་པ་ལ་བརྟེན་ནས་མཚན་མ་མེད་པའི་ཚུལ་དུ་སྐྱེ་བ་མཚོན་བྱའི་དོན། དེ་དག་ཀྱང་དེ་ཁོ་ན་ཉིད་ཆོས་ཐམས་ཅད་སྐྱེ་བ་མེད་པའི་ཀློང་དུ་གདོད་ནས་རོ་མཉམ་པ་ནི་གནས་ལུགས་ཀྱི་གཤིས་སུ་གྲུབ་པ་སྟེ་རྒྱས་པར་རྩ་བའི་གཞུང་ལས་ཤེས་པར་བྱའོ། །གཉིས་པ་ནང་སྒྲུབ་ཀྱི་ཉམས་ལེན་ཁྱད་པར་བ་ཞལ་གདམས་དངོས་གྲུབ་ཀྱི་རྫིང་བུ་ལས་གསུངས་པ་ནི། རྟེན་མཆོད་གོང་སྨོས་དེ་ཙམ་གྱིས་ཆོག །སྔོན་འགྲོ་སྤྱི་དང་བྱེ་བྲག་ཀྱང་བཤད་མ་ཐག་པ་དང་འདྲ་བ་ལས། སྐབས་འདིར་ཕྱི་དཀྱིལ་ཡང་སྨན་བླ་ལོངས་སྐུར་བསྒོམ་དགོས་པས། རང་ཐ་མལ་པའི་སོགས་ནས། བདུད་རྩི་སྨན་གྱིས་གང་བ་བསྣམས་པ། ལོངས་སྤྱོད་རྫོགས་པ་སྐུའི་ཆ་ལུགས་ཅན་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། སོགས་སྲུང་འཁོར། སྐྱབས་སེམས་རྫོགས་པའི་མཇུག །གསང་བར་ཧྲཱིཿལྗང་གུས་མཚན་པའོ། །ཞེས་པའི་བར་འདོན་བསྒོམ་དུ་བྱ། སྤྱི་བོའི་ཨོཾ་ལས་སྐུའི་རིག་པའི་ཡེ་ཤེས་སྐུ་མདོག་དཀར་པོ་གཡས་སྨན་གྱི་འཁོར་ལོ། མགྲིན་པའི་ཨཱཿལས་གསུང་གི་རིག་པའི་ཡེ་ཤེས་དམར་པོ་གཡས་པདྨ། སྙིང་གའི་ཧཱུྃ་ལས་ཐུགས་ཀྱི་རིག་པའི་ཡེ་ཤེས་སྔོན་པོ་གཡས་རྡོ་རྗེ། ལྟེ་བའི་ཏྲཱཾ་ལས་ཡོན་ཏན་རིག་པའི་ཡེ་ཤེས་སེར་པོ་གཡས་རིན་པོ་ཆེ། གསང་གནས་ཀྱི་ཧྲཱིཿལས་ཕྲིན་ལས་རིག་པའི་ཡེ་ཤེས་ལྗང་གུ་གཡས་རྒྱ་གྲམ། སྙིང་གའི་དབུས་སུ་རིགས་འདུས་ཀུན་བཟང་སྨན་པའི་རྒྱལ་པོ་མཐིང་ག་གཡས་སྨན་མཆོག་རྣམ་པར་རྒྱལ་བ་འཛིན་ཅིང་། གཡོན་པ་རྣམས་བདུད་རྩི་སྨན་གྱིས་གང་བའི་ལྷུང་བཟེད་མཉམ་གཞག་གི་སྟེང་དུ་བསྣམས་པ། མཚན་དཔེའི་རྒྱན་རྫོགས་ལོངས་སྤྱོད་རྫོགས་པ་སྐུའི་ཆ་ལུགས་ཅན། དར་དང་རིན་པོ་ཆེས་བརྒྱན་ཅིང་ཞབས་སྐྱིལ་མོ་ཀྲུང་གིས་པད་ཟླ་ལ་བཞུགས་པ། དེ་དག་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་རིགས་ལྔ་སོ་སོའི་ས་བོན་དང་། རིགས་འདུས་སྨན་པའི་རྒྱལ་པོའི་ཐུགས་ཀར་ཧཱུྃ་མཐིང་གསལ། སོ་སོའི་སྔགས་ཀྱི་ཕྲེང་བ་གཡས་སྐོར་དུ་གསལ་བར་གྱུར། ཞེས་མོས་ལ། ཐོག་མར་སྙིང་གའི་ཐུགས་རྡོར་སེམས་རིག་པའི་ཡེ་ཤེས་ཀྱི་ཐུགས་ཀའི་ཧཱུྃ་སྔགས་ཕྲེང་དང་བཅས་པ་ལ་སེམས་རྩེ་གཅིག་ཏུ་གཏད་ནས། ཨོཾ་ཨཱཿབཛྲ་གུ་རུ་གུ་ཎ་སིདྡྷི་ཧཱུྃ། ཞེས་བཟླས་པའི་དངོས་གཞི་བྱ། ཐུན་མཐར་སྨན་གྱི་དངོས་གྲུབ་བསྡུ་བའི་སྔགས་ནི། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ཨ་མྲྀཏ་ཛཱི་བནྟི་བྷཻ་ཥ་ཛྱེ་སརྦ་སིདྡྷི་ཧཱུྃ་ཧོཿསྭཱ་ཧཱ། ཞེས་བརྒྱ་འམ་ཉེར་གཅིག་བཟླ། དངོས་སུ་འབྱོར་དང་སོགས་སྔགས་དང་བཅས་པས་མཆོད། རྣམ་ཤེས་རྣམ་དག་མེ་ལོང་ཡེ་ཤེས་སྐུ །མཐིང་གསལ་རྡོ་རྗེ་སྨན་གྱི་ལྷུང་བཟེད་བསྣམས། །ཐུགས་མཆོག་མི་བསྐྱོད་རིག་པའི་ཡེ་ཤེས་ཆེ། །འགྲོ་བའི་ཞེ་སྡང་འཇོམས་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། བཅོམ་ལྡན་འདས་རྡོར་སེམས་རིག་པའི་ཡེ་ཤེས་ཁྱེད་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་དཔག་ཏུ་མེད་པ་མངའ་བས། བདག་ལ་བདེ་གཤེགས་ཐམས་ཅད་ཀྱི་ཐུགས་ཀྱི་བྱིན་རླབས་ཞུགས་ཤིང་། རྩ་བ་ཐུགས་ཀྱི་རྒྱུད་ཀྱི་ཚིག་དོན་མ་ལུས་པ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་དུང་དུང་པ་ལན་བརྒྱ་རྩ་གཅིག་བཏབ་པས། དེའི་ཐུགས་ཀ་ནས་འོད་མཐིང་གསལ་ཕྱོགས་བཅུར་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་དང་། སྨན་གྱི་རིག་འཛིན་དང་། དྲང་སྲོང་མངོན་པར་ཤེས་པ་མངའ་བ་ཐམས་ཅད་རྡོར་སེམས་རིག་པའི་ཡེ་ཤེས་ཀྱི་རྣམ་པར་སྤྱན་དྲངས། དེ་རྣམས་མདུན་གྱི་ནམ་མཁར་སྤྲིན་ཕུང་ལྟར་གཏིབས་ནས་བཞུགས་པའི་ཐུགས་རྗེའི་འོད་ཟེར་གྱིས། འགྲོ་བ་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་སྦྱངས། སླར་ཡང་དེ་རྣམས་རང་གི་ཐུགས་ཀར་བཞུགས་པའི་རིག་པའི་ཡེ་ཤེས་ལ་དབྱེར་མེད་དུ་ཐིམ། དེ་ཉིད་ཀྱང་འོད་དུ་ལྟེམ་གྱིས་ཞུ་བ་ལས། རྩ་བ་ཐུགས་ཀྱི་རྒྱུད་བཻ་ཌཱུརྻ་ལས་གྲུབ་པའི་ཡི་གེའི་རྣམ་པར་སྙིང་གའི་རྩ་འཁོར་ཐམས་ཅད་ཁྱབ། ཞེ་སྡང་གིས་བསྐྱེད་པའི་རྟོག་པ་དང་། དེས་བསྐྱེད་པའི་ནད་གདོན་དག །ཐུགས་ཀྱི་བྱིན་རླབས་ཞུགས། རྩ་བ་ཐུགས་ཀྱི་རྒྱུད་ཀྱི་ཚིག་དོན་མ་ལུས་པ་ཁོང་དུ་ཆུད་པར་གྱུར། ཞེས་མོས། དེས་འགྲེས་ཏེ། སྤྱི་བོའི་སྐུ་རྣམ་སྣང་རིག་པའི་ཡེ་ཤེས་ཀྱི་ཐུགས་ཀའི་ཨོཾ་སྔགས་ཕྲེང་དང་བཅས་པ་ལ་དམིགས་ཏེ། ཨོཾ་ཨཱཿབུདྡྷ་གུ་རུ་གུ་ཎ་སིདྡྷི་ཧཱུྃ། ཞེས་དང་ཐུན་མཐར་དངོས་གྲུབ་སྡུད་སྔགས་བཟླ། གོང་ལྟར་མཆོད་ཅིང་། བསྟོད་པ་ནི། གཟུགས་ཕུང་རྣམ་དག་ཆོས་དབྱིངས་ཡེ་ཤེས་སྐུ །དུང་མདོག་འཁོར་ལོ་སྨན་གྱི་ལྷུང་བཟེད་བསྣམས། །སྐུ་མཆོག་རྣམ་སྣང་རིག་པའི་ཡེ་ཤེས་ཆེ། །འགྲོ་བའི་གཏི་མུག་འཇོམས་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་འདས་རྣམ་སྣང་རིག་པའི་ཡེ་ཤེས་ཁྱེད་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་དཔག་ཏུ་མེད་པ་མངའ་བས། བདག་ལ་བདེ་གཤེགས་ཐམས་ཅད་ཀྱི་སྐུའི་བྱིན་རླབས་ཞུགས་ཤིང་། བཤད་པ་སྐུའི་རྒྱུད་ཀྱི་ཚིག་དོན་མ་ལུས་པ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་དུང་དུང་པ་ལན་བརྒྱ་རྩ་གཅིག་བཏབ་པས། དེའི་ཐུགས་ཀ་ནས་འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་དང་། སྨན་གྱི་རིག་འཛིན་དང་། དྲང་སྲོང་མངོན་པར་ཤེས་པ་མངའ་བ་ཐམས་ཅད་རྣམ་སྣང་རིག་པའི་ཡེ་ཤེས་ཀྱི་རྣམ་པར་སྤྱན་དྲངས། དེ་རྣམས་མདུན་གྱི་ནམ་མཁར་སྤྲིན་ཕུང་ལྟར་གཏིབས་ནས་བཞུགས་པའི་ཐུགས་རྗེའི་འོད་ཟེར་གྱིས། འགྲོ་བ་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་སྦྱངས། སླར་ཡང་དེ་རྣམས་རང་གི་སྤྱི་བོའི་རིག་ཡེ་ལ་བསྟིམ། དེ་ཉིད་ཀྱང་འོད་དུ་ལྟེམ་གྱིས་ཞུ་བ་ལས། བཤད་པ་སྐུའི་རྒྱུད་ཟླ་ཤེལ་ལས་གྲུབ་པའི་ཡི་གེའི་རྣམ་པར་སྤྱི་བོའི་རྩ་འཁོར་ཐམས་ཅད་ལ་ཁྱབ། གཏི་མུག་གིས་བསྐྱེད་པའི་རྟོག་པ་དང་། དེས་བསྐྱེད་པའི་ནད་གདོན་དག །སྐུའི་བྱིན་རླབས་ཞུགས། བཤད་པ་སྐུའི་རྒྱུད་ཀྱི་ཚིག་དོན་མ་ལུས་པ་ཁོང་དུ་ཆུད་པར་མོས། དེ་བཞིན་དུ། ལྟེ་བའི་ཡོན་ཏན་རིན་འབྱུང་རིག་པའི་ཡེ་ཤེས་ཀྱི་ཐུགས་ཀའི་ཏྲཱཾ་ཡིག་སྔགས་ཕྲེང་དང་བཅས་པ་ལ་དམིགས་ཏེ། ཨོཾ་ཨཱཿརཏྣ་གུ་རུ་གུ་ཎ་སིདྡྷི་ཧཱུྃ། ཞེས་དང་ཐུན་མཐར་དངོས་གྲུབ་སྡུད་སྔགས་བཟླ། མཆོད་ཅིང་བསྟོད་པ་ནི། ཚོར་བ་རྣམ་དག་མཉམ་ཉིད་ཡེ་ཤེས་སྐུ །གསེར་མདོག་རིན་ཆེན་སྨན་གྱི་ལྷུང་བཟེད་བསྣམས། །ཡོན་ཏན་རིན་འབྱུང་རིག་པའི་ཡེ་ཤེས་ཆེ། །འགྲོ་བའི་ང་རྒྱལ་འཇོམས་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་འདས་རིན་འབྱུང་རིག་པའི་ཡེ་ཤེས་ཁྱེད་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་དཔག་ཏུ་མེད་པ་མངའ་བས། བདག་ལ་བདེ་གཤེགས་ཐམས་ཅད་ཀྱི་ཡོན་ཏན་གྱི་བྱིན་རླབས་ཞུགས་ཤིང་། མན་ངག་ཡོན་ཏན་རྒྱུད་ཀྱི་ཚིག་དོན་མ་ལུས་པ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་དུང་དུང་པ་ལན་བརྒྱ་རྩ་གཅིག་བཏབ་པས། དེའི་ཐུགས་ཀ་ནས་འོད་ཟེར་སེར་པོ་ཕྱོགས་བཅུར་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་དང་། སྨན་གྱི་རིག་འཛིན་དང་། དྲང་སྲོང་མངོན་པར་ཤེས་པ་མངའ་བ་ཐམས་ཅད་རིན་འབྱུང་རིག་ཡེའི་རྣམ་པར་སྤྱན་དྲངས། དེ་རྣམས་མདུན་གྱི་ནམ་མཁར་སྤྲིན་ཕུང་ལྟར་གཏིབས་ནས་བཞུགས་པའི་ཐུགས་རྗེའི་འོད་ཟེར་གྱིས། འགྲོ་བ་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་སྦྱངས། སླར་ཡང་དེ་རྣམས་རང་གི་ལྟེ་བའི་རིག་ཡེ་ལ་བསྟིམ། དེ་ཉིད་ཀྱང་འོད་དུ་ལྟེམ་གྱིས་ཞུ་བ་ལས། མན་ངག་ཡོན་ཏན་རྒྱུད་གསེར་ཞུན་ལས་གྲུབ་པའི་ཡི་གེའི་རྣམ་པར་ལྟེ་བའི་རྩ་འཁོར་ཐམས་ཅད་ལ་ཁྱབ། ང་རྒྱལ་གྱིས་བསྐྱེད་པའི་རྟོག་པ་དང་། དེས་བསྐྱེད་པའི་ནད་གདོན་དག །ཡོན་ཏན་གྱི་བྱིན་རླབས་ཞུགས། མན་ངག་ཡོན་ཏན་རྒྱུད་ཀྱི་ཚིག་དོན་མ་ལུས་པ་ཁོང་དུ་ཆུད་པར་མོས། དེ་ནས། གསང་བའི་ཕྲིན་ལས་དོན་གྲུབ་རིག་པའི་ཡེ་ཤེས་ཀྱི་ཐུགས་ཀའི་ཧྲཱིཿསྔགས་ཕྲེང་དང་བཅས་པ་ལ་དམིགས་ཏེ། ཨོཾ་ཨཱཿཀརྨ་གུ་རུ་གུ་ཎ་སིདྡྷི་ཧཱུྃ། ཞེས་པ་དང་ཐུན་མཐར་དངོས་གྲུབ་སྡུད་སྔགས་བཟླ། མཆོད་ཅིང་བསྟོད་པ་ནི། འདུ་བྱེད་རྣམ་དག་བྱ་གྲུབ་ཡེ་ཤེས་སྐུ །ལྗང་གསལ་རྒྱ་གྲམ་སྨན་གྱི་ལྷུང་བཟེད་བསྣམས། །ཕྲིན་ལས་དོན་གྲུབ་རིག་པའི་ཡེ་ཤེས་ཆེ། །འགྲོ་བའི་ཕྲག་དོག་འཇོམས་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་འདས་དོན་གྲུབ་རིག་པའི་ཡེ་ཤེས་ཁྱེད་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་དཔག་ཏུ་མེད་པ་མངའ་བས། བདག་ལ་བདེ་གཤེགས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་བྱིན་རླབས་ཞུགས་ཤིང་། ཕྱི་མ་ཕྲིན་ལས་རྒྱུད་ཀྱི་ཚིག་དོན་མ་ལུས་པ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་དུང་དུང་པ་ལན་བརྒྱ་རྩ་གཅིག་བཏབ་པས། དེའི་ཐུགས་ཀ་ནས་འོད་ཟེར་ལྗང་གུ་ཕྱོགས་བཅུར་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་དང་། སྨན་གྱི་རིག་འཛིན་དང་། དྲང་སྲོང་མངོན་པར་ཤེས་པ་མངའ་བ་ཐམས་ཅད་དོན་གྲུབ་རིག་ཡེའི་རྣམ་པར་སྤྱན་དྲངས། དེ་རྣམས་མདུན་གྱི་ནམ་མཁར་སྤྲིན་ཕུང་ལྟར་གཏིབས་ནས་བཞུགས་པའི་ཐུགས་རྗེའི་འོད་ཟེར་གྱིས། འགྲོ་བ་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་སྦྱངས། སླར་ཡང་དེ་རྣམས་རང་གི་གསང་བའི་རིག་ཡེ་ལ་བསྟིམ། དེ་ཉིད་ཀྱང་འོད་དུ་ལྟེམ་གྱིས་ཞུ་བ་ལས། ཕྱི་མ་ཕྲིན་ལས་རྒྱུད་གཡུ་ཞུན་ལས་གྲུབ་པའི་ཡི་གེའི་རྣམ་པར་གསང་བའི་རྩ་འཁོར་ཐམས་ཅད་ལ་ཁྱབ། ཕྲག་དོག་གིས་བསྐྱེད་པའི་རྟོག་པ་དང་། དེས་བསྐྱེད་པའི་ནད་གདོན་དག །ཕྲིན་ལས་ཀྱི་བྱིན་རླབས་ཞུགས། ཕྱི་མ་ཕྲིན་ལས་རྒྱུད་ཀྱི་ཚིག་དོན་མ་ལུས་པ་ཁོང་དུ་ཆུད་པར་མོས། དེ་ནས་མགྲིན་པའི་གསུང་མཐའ་ཡས་རིག་པའི་ཡེ་ཤེས་ཀྱི་ཐུགས་ཀའི་ཨཱཿདང་སྔགས་ཕྲེང་ལ་དམིགས་ཏེ། ཨོཾ་ཨཱཿཔདྨ་གུ་རུ་གུ་ཎ་སིདྡྷི་ཧཱུྃ། ཞེས་པ་དང་ཐུན་མཐར་དངོས་གྲུབ་སྡུད་སྔགས་བཟླ། མཆོད་ཅིང་བསྟོད་པ་ནི། འདུ་ཤེས་རྣམ་དག་སོར་རྟོག་ཡེ་ཤེས་སྐུ །དམར་གསལ་པདྨ་སྨན་གྱི་ལྷུང་བཟེད་བསྣམས། །གསུང་མཆོག་མཐའ་ཡས་རིག་པའི་ཡེ་ཤེས་ཆེ། །འགྲོ་བའི་འདོད་ཆགས་འཇོམས་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་འདས་མཐའ་ཡས་རིག་པའི་ཡེ་ཤེས་ཁྱེད་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་དཔག་ཏུ་མེད་པ་མངའ་བས། བདག་ལ་བདེ་གཤེགས་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་ཞུགས་ཤིང་། རྒྱུད་ཆེན་བཞིའི་ཚིག་དོན་ལ་མི་བརྗེད་པའི་གཟུངས་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་དུང་དུང་པ་ལན་བརྒྱ་རྩ་གཅིག་བཏབ་པས། དེའི་ཐུགས་ཀ་ནས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་དང་། སྨན་གྱི་རིག་འཛིན་དང་། དྲང་སྲོང་མངོན་པར་ཤེས་པ་མངའ་བ་ཐམས་ཅད་མཐའ་ཡས་རིག་ཡེའི་རྣམ་པར་སྤྱན་དྲངས། དེ་རྣམས་མདུན་གྱི་ནམ་མཁར་སྤྲིན་ཕུང་ལྟར་གཏིབས་ནས་བཞུགས་པའི་ཐུགས་རྗེའི་འོད་ཟེར་གྱིས། འགྲོ་བ་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་སྦྱངས། སླར་ཡང་དེ་རྣམས་རང་གི་མགྲིན་པའི་རིག་ཡེ་ལ་བསྟིམ། དེ་ཉིད་ཀྱང་འོད་དུ་ལྟེམ་གྱིས་ཞུ་བ་ལས། རྒྱལ་བ་སྲས་དང་བཅས་པའི་མཁྱེན་རབ་གཟུངས་དང་སྤོབས་པ་གསུང་དབྱངས་ཡན་ལག་དྲུག་ཅུ་ཐམས་ཅད་པདྨ་རཱ་ག་ལས་གྲུབ་པའི་ཨཱ་ལི་ཀཱ་ལིའི་རྣམ་པར་མགྲིན་པའི་རྩ་འཁོར་ཐམས་ཅད་ལ་ཁྱབ། འདོད་ཆགས་ཀྱིས་བསྐྱེད་པའི་རྟོག་པ་དང་། དེས་བསྐྱེད་པའི་ནད་གདོན་དག །གསུང་གི་བྱིན་རླབས་ཞུགས། མི་བརྗེད་པའི་གཟུངས་དང་མི་འཕྲོག་པའི་སྤོབས་པ་ཐོབ་པར་མོས། དེ་ནས། སྙིང་དབུས་རིགས་འདུས་ཀུན་བཟང་སྨན་པའི་རྒྱལ་པོའི་ཐུགས་ཀའི་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལ་དམིགས་ཏེ། ཨོཾ་ཨཱཿབཛྲ་གུ་རུ་གུ་ཎ་སིདྡྷི་ཧཱུྃ། ཞེས་དང་ཐུན་མཐར་དངོས་གྲུབ་སྡུད་སྔགས་བཟླ། མཆོད་ཅིང་བསྟོད་པ་ནི། མ་རིག་རྣམ་དག་རང་བྱུང་ཡེ་ཤེས་སྐུ །བཻ་ཌཱུརྻ་འོད་སྨན་མཆོག་ལྷུང་བཟེད་བསྣམས། །རིགས་དྲུག་ཁྱབ་བདག་ཀུན་བཟང་སྨན་གྱི་བླ། །འགྲོ་བའི་སྐྱབས་མགོན་ཁྱོད་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་འདས་རིགས་འདུས་ཀུན་བཟང་སྨན་པའི་རྒྱལ་པོ་ཁྱེད་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་དཔག་ཏུ་མེད་པ་མངའ་བས། བདག་ལ་བདེ་གཤེགས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་ཡོངས་རྫོགས་ཞུགས་ཤིང་། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཆེན་བཞིའི་ཚིག་དོན་མ་ལུས་པ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་དུང་དུང་པ་ལན་བརྒྱ་རྩ་གཅིག་བཏབ་པས། དེའི་ཐུགས་ཀ་ནས་འོད་ཟེར་ཁ་དོག་སྣ་ལྔ་ཕྱོགས་བཅུར་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་དང་། སྨན་གྱི་རིག་འཛིན་དང་། དྲང་སྲོང་མངོན་པར་ཤེས་པ་མངའ་བ་ཐམས་ཅད་རིགས་འདུས་ཀུན་བཟང་སྨན་པའི་རྒྱལ་པོའི་རྣམ་པར་སྤྱན་དྲངས། དེ་རྣམས་མདུན་གྱི་ནམ་མཁར་སྤྲིན་ཕུང་ལྟར་གཏིབས་ནས་བཞུགས་པའི་ཐུགས་རྗེའི་འོད་ཟེར་གྱིས། འགྲོ་བ་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་སྦྱངས། སླར་ཡང་དེ་རྣམས་རང་གི་སྙིང་དབུས་སྨན་བླ་ལ་བསྟིམ། དེ་ཉིད་ཀྱང་འོད་དུ་ཞུ་བ་ལས། སངས་རྒྱས་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་རང་བཞིན་རྒྱུད་ཆེན་བཞི་པོ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཡི་གེའི་རྣམ་པར་ལུས་ཀྱི་རྩ་གནས་ཐམས་ཅད་དུ་ཁྱབ། མ་རིག་པས་བསྐྱེད་པའི་རྟོག་པ་དང་། དེས་བསྐྱེད་པའི་ནད་གདོན་དག །བྱིན་རླབས་ཡོངས་རྫོགས་ཞུགས། རྒྱུད་བཞི་ཆ་ལག་དང་བཅས་པའི་ཚིག་དོན་མ་ལུས་པ་ཁོང་དུ་ཆུད་པར་མོས། ཕྱི་མ་གཉིས་ཀྱི་བཟླས་བསྒོམ་གཞུང་ནས་ཧ་ཅང་མི་གསལ་ཡང་ལྷ་བསྒོམ་པར་གསུངས་པ་དང་། སྦྱང་བྱ་སྦྱོང་བྱེད་སྦྱངས་འབྲས་ཀྱི་འབྲེལ་ལས་ཆད་དུ་མི་རུང་བས་ཤུགས་ཀྱིས་ཐོབ་པ་ཡིན་ནོ། །ཐུན་འཇོག་པ་ན། བདག་ཉིད་ལྷར་གསལ་བ་ཡང་རིམ་གྱིས་འདུས་ཏེ་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སོང་བར་མོས་ལ་མཉམ་པར་གཞག །སླར་སྒྱུ་མ་ལྟ་བུའི་གཟུགས་ཀྱི་སྐུས་འགྲོ་བའི་དོན་བྱེད་པར་མོས་ལ་ལྡངས་ཤིང་། གནས་གསུམ་འབྲུ་གསུམ་གྱིས་བྱིན་གྱིས་བརླབ་པ་དང་ཁྱེར་སོ་གསུམ་གྱི་གྲུབ་མཐའ་ལམ་དུ་བསླངས་ཤིང་བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བརྒྱན་ཏེ་སྤྱོད་ལམ་ལ་འཇུག་གོ །འདི་དག་གི་སྐབས་སུ་སྲོད་ཐུན་གྱི་མཇུག་ལྟ་བུར་དམ་ཅན་སྡེ་དགུའི་གཏོར་ཆོག་ཚར་རེ་ཐོན་ན་ལེགས་ལ། ཡང་ན་གཏོར་མའི་ལྷན་ཐབས་ཚོགས་གཉིས་མྱུར་རྫོགས་ལྟར་གཙོ་འཁོར་ཀུན་ལ་ཐུན་མོང་དུ་འབུལ་ཡང་ཆོག་གོ །ཕྱི་མ་ལྟར་ན་ཕྱི་སྒྲུབ་ལྟར་འབུལ་གཏོར་སོགས་སྔོན་ནས་བཀོད་ཅིང་གཏོར་མ་བྱིན་བརླབ་ཕྱི་སྒྲུབ་ལྟར་བྱའོ། །འདིར་ཤེས་པར་བྱ་བའི་གནད་ཅུང་ཟད་བཀོད་ན། རང་ཐ་མལ་པའི་ངང་ནས་ངག་ཏུ་ཧཱུྃ་ཞེས་བརྗོད་པའི་རྐྱེན་གྱིས་སྐད་ཅིག་གིས་ལྷ་སྐུར་དྲན་པ་ཙམ་བྱས་ཏེ་གནས་གསུམ་བྱིན་གྱིས་བརླབ་པ་ནི་བྱ་རྒྱུད་ཀྱི་ཉམས་ལེན་དང་སྒོ་མཐུན་པ་སྟེ། སྤྱིར་བྱ་རྒྱུད་ལ་བདག་བསྐྱེད་ཡོད་མེད་རྩོད་གཞི་ཆེ་ཡང་། རྙིང་མ་རང་ལུགས་ལ་ཁྱད་པར་བདག་གི་རྣལ་འབྱོར་བཞེད་པར་མ་ཟད། བདག་བསྐྱེད་མི་བཞེད་པའི་ཕྱོགས་ལའང་སྔགས་དང་ཕྱག་རྒྱ་སོགས་ཀྱིས་གཞི་ལུས་བྱིན་གྱིས་བརླབས་པར་བཤད་པས། སྐབས་འདིར་ཡང་གཞི་ལུས་བྱིན་གྱིས་བརླབ་པའི་ཕྱིར་ལྷར་དྲན་པ་ཙམ་ལས་བསྐྱེད་རིམ་དངོས་གཞི་མ་ཡིན་པའི་ཕྱིར་འགལ་བ་མེད། དེ་ནས་སྲུང་འཁོར་བསྒོམ་པ་སོགས་ཀྱི་རྗེས་ཡེ་ཤེས་པ་སྤྱན་དྲངས་ཏེ། དེའི་འོད་ཟེར་གྱིས་རང་ལུས་ལྷར་དྲན་པའི་གསལ་སྣང་སྔར་ལས་གསལ་ཞིང་བརྟན་པར་བསྒོམ་པ་སྤྱོད་རྒྱུད་ཀྱི་ཉམས་ལེན། ཡེ་ཤེས་པ་རང་ལ་བསྟིམས་ནས་གནས་ལྔར་འབྲུ་ལྔས་རྒྱས་གདབ་པ་རྣལ་འབྱོར་རྒྱུད་ཀྱི་ཉམས་ལེན། ཐུན་མོང་བར་སྙིང་མགོ་ཐུར་དུ་བལྟ་བ་བློས་གྱེན་དུ་བསླང་བའི་པདྨ་འདབ་བརྒྱད་ཀྱི་དབུས་དང་འདབ་མར་རྡོ་རྗེའི་ཆོ་ག་གསུམ་བསྐྱེད་ཚུལ་གྱིས་སྨན་བླ་དགུ་དང་། དེ་བཞིན་གནས་གཞན་གྱི་ལྷ་བསྒོམ་པ་དང་། དེ་རྣམས་ལ་སེམས་འཛིན་པ་དང་། བསྐྱེད་རིམ་ལ་ལྟོས་པའི་རྫོགས་རིམ་ལྷ་སྐུ་བདེ་གསལ་སྟོང་ཉིད་དུ་བསྒོམ་པ་དང་། ཁྱད་པར་བ་ལ་གནས་ལྔར་རིགས་ལྔའི་བཟླས་སྒོམ་བྱ་བ་བླ་མེད་ཀྱི་ཉམས་ལེན་ཡིན་པས། དོན་དུ་རྒྱུད་སྡེ་བཞིའི་ཉམས་ལེན་ཐམས་ཅད་སྟན་ཐོག་གཅིག་ཏུ་ཚང་བའི་གདམས་པ་ཁྱད་པར་ཅན་ཡིན་པར། རྗེ་བཙུན་ཐམས་ཅད་མཁྱེན་པ་༧འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཐུན་མོང་མ་ཡིན་པའི་གསང་བའི་གནད་ལྷུག་པར་བཀྲོལ་ཏེ་བཀའ་བསྩལ་ཏོ། །འདི་ལ་བསྙེན་སྒྲུབ་ལས་གསུམ་དུ་དབྱེ་ན། སྔོན་འགྲོ་དང་བསྐྱེད་རིམ་ནི་བསྙེན་པ། རྫོགས་རིམ་སྒྲུབ་པ། ཁྱད་པར་བ་ལས་ལ་སྦྱོར་བའི་དོན་ཡིན་ཞིང་། སྤྱིར་ནང་སྒྲུབ་དངོས་གཞི་ཐུན་མོང་གི་བསྐྱེད་རྫོགས་དེ་དག་ཡིན་པས་སྔ་མའི་ཏིང་ངེ་འཛིན་བརྟན་ནས་ཕྱི་མ་ཕྱི་མ་ལ་འཇུག་པ་སྔགས་སྤྱིའི་ལུགས་ཡིན་ཀྱང། དེང་སང་འབྲེལ་འཇོག་དང་གྲངས་བསྙེན་ལྷུར་བྱེད་པ་དག་གིས་ནང་སྒྲུབ་ཟླ་གཅིག་ལྟ་བུ་བྱེད་ན་ཐུན་མོང་བ་ལ་ཞག་བཅུ། ཁྱད་པར་བ་ལ་ཞག་ཉེར་གཅིག་བྱས་པའི་ཁོངས་སུ་རིགས་ལྔ་གཙོ་བོ་དང་བཅས་པ་ཆ་སྙོམས་ཏེ་རེ་རེ་ལ་འབུམ་ཕྲག་རེ། དངོས་གྲུབ་སྡུད་སྔགས་རེ་རེ་བཞིན་སྟོང་ཕྲག་ལྷག་རེ་འགྲོ་བར་བྱ། དེའང་ཁྱད་པར་བ་ལ་ཐུན་རེ་རེ་བཞིན་ཟླས་སྒོམ་ཚང་མ་ཁྱུག་ཙམ་འགྲོ་བར་བྱས་ནས་གྲངས་གསག་བྱ་སྐབས་སུ་བབ་པ་དེ་ཉིད་ལ་གཙོ་བོར་བཏོན་པའམ། དེ་ཙམ་མ་ལྕོགས་ན་གནས་ལྔའི་ལྷ་རྫོགས་པར་བསྒོམ། ཐོག་མར་རྡོར་སེམས་རིག་ཡེའི་བསྙེན་གྲངས་མ་རྫོགས་བར་དེ་ཁོ་ན་བཟླས་པས་མཆོད་བསྟོད་སོགས་བྱ་ཞིང་། གཞན་རྣམས་ཐུན་མཇུག་ཏུ་བཟླས་པ་བདུན་གསུམ་ཙམ་བྱ་བ་ལས། མཆོད་བསྟོད་གསོལ་འདེབས་རྣམས་བསྐྱུར། དེ་ནས་རྡོར་སེམས་རིག་ཡེའི་བསྙེན་པ་ཁྱུག་ཙམ་ལས་མཆོད་བསྟོད་གསོལ་འདེབས་བཞག་ལ། རྣམ་སྣང་རིག་ཡེའི་བཟླས་པ་མཆོད་བསྟོད་སོགས་བྱ་བའི་རིགས་འགྲེས་ཀྱིས་བཟླས་གྲངས་རྫོགས་པར་བྱ་ཞིང་། ཞག་གྲངས་དེ་ཙམ་མི་ལྕོགས་ན། ཐུན་མོང་བ་ཞག་གསུམ། ཁྱད་པར་བ་ཞག་བདུན་ཏེ། བཅུ་ཕྲག་གཅིག་གི་ཁོངས་སུ་འགྲུབ་པར་བྱའོ། ༈ །གསུམ་པ་གསང་སྒྲུབ་སྐལ་ལྡན་མྱུར་འདྲེན་ཉམས་སུ་ལེན་པ་ལ་གསུམ། བསྐྱེད་རིམ། རྫོགས་རིམ། ཟུང་འཇུག་གི་ངོ་སྤྲོད་དོ། །དེ་ལ་ཕྱི་མ་གཉིས་རྫོགས་རིམ་སྐུ་གསུམ་རང་ཤར་ཆ་ལག་དང་བཅས་པ་ལས་ཤེས་པར་བྱ། འདིར་བསྐྱེད་པའི་རིམ་པ་བཤད་པ་ལའང་གཉིས། ཐུན་མོང་ཕྱིའི་དཀྱིལ་འཁོར་ལ་བརྟེན་པ་དང་། ཁྱད་པར་ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་པའོ། །དང་པོ་ནི། དེའང་གསང་སྒྲུབ་འདོན་བསྒོམ་སྦྲགས་མར་བཀོད་པ་ནི་ལས་གཞུང་དངོས་གྲུབ་བང་མཛོད་ཉིད་ཡིན་ལ། དེ་ཉིད་བལྟས་ཆོག་ཏུ་བསྡེབས་པ་ལས་བྱང་བདུད་རྩིའི་རྫིང་བུ་ལས་ཇི་སྐད་བཤད་པ་ལྟར་ལག་ཏུ་བསྟར་བས་ཁྱབ་པ་ལས། སྦྱོར་བ་བཤམ་བཀོད་ཀྱི་སྐབས། དམ་ཚིག་གི་སྐུ་བརྙན་རབ་གནས་ལྡན་པ། དཀྱིལ་འཁོར་སྤྲོས་བཅས་རྡུལ་ཚོན་དང་རས་བྲིས། སྤྲོས་མེད་ཚོམ་བུ་ལ་བརྟེན་པའི་གཏོར་མཆོད་བཀོད་པའི་ཁྱད་པར་ཇི་ལྟར་འབྱོར་པ་རྒྱས་སྤྲོས་སུ་བཤམ། དངོས་གཞི་ཐུན་དང་པོར་བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས་ཕྱི་གཏོར་བསྔོས་པས་ཀུན་ཚིམས་ལྟར་ཕྱོགས་སྐྱོང་གཞི་བདག་ལ་གཏོར་མ་བྱིན་ལ་བཀའ་བསྒོ །འབྱུང་པོ་རྣམས་ལ་གཏོར་མ་བྱིན་བདེན་པ་བདར་ལ་བསྐྲད། ཡི་དམ་གྱི་ང་རྒྱལ་དང་ལྡན་པའི་ངང་ནས། རང་འདྲའི་ཁྲོ་ཚོགས་དཔག་ཏུ་མེད་པ་འཕྲོས་པས་བགེགས་རིགས་ཐམས་ཅད་ལྕགས་རི་ཆེན་པོའི་མཐར་དེད་པར་བསམ་ཞིང་། གུ་གུལ་གྱི་དུད་པ་བཏང་། རོལ་མོ་དང་བཅས་ནས་མཚམས་བཅད། སྲུང་འཁོར་བརྟན་པར་བསྒོམ། དེ་ནས་བཟུང་སྟེ་མཚམས་དམ་པར་བཅད་ཅིང་དེའི་སྤང་བླང་སྤྱི་ལྟར་བྱ། སྐྱབས་སེམས་ནས་བརྩམ་རྗེས་བསྡུའི་བར་ཚིག་རྗེས་སུ་དོན་དྲན་པའི་འདོན་བསྒོམ་སྦྲགས་ཏེ་བྱ་དགོས་པའི་བསྒོམ་དོན་ལས་བྱང་གི་ཚིག་རིས་ལས་གསལ་བ་ལྟར་ལ། བསྐྱེད་རིམ་དངོས་གཞིའི་ཐོག་མར་གལ་ཆེ་བ། ཆོས་ཐམས་ཅད་སྟོང་ཉིད་སྤྲོས་བྲལ་གྱི་ངང་ལ་མཉམ་པར་བཞག་པ་དེ་བཞིན་ཉིད་ཀྱི་ཏིང་འཛིན། དེ་ལྟར་མ་རྟོགས་པའི་འགྲོ་བ་རྣམས་ལ་སྙིང་རྗེ་བསྐྱེད་པ་ཀུན་ཏུ་སྣང་བའི་ཏིང་འཛིན། སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་རང་རྩལ་རང་རིག་གསེར་གྱི་རྡོ་རྗེར་བསྒོམ་པ་རྒྱུའི་ཏིང་འཛིན་ཏེ་དེ་གསུམ་ནི་འཆི་བར་སྐྱེ་གསུམ་གྱི་སྲིད་པ་སྦྱོང་ཞིང་། སྐུ་གསུམ་གྱི་གསོས་འདེབས་པར་བྱེད་པས་ཆད་དུ་མི་རུང་བའི་དོན་གལ་པོ་ཆེ་ཡིན། རྒྱུའི་རྡོ་རྗེ་དེ་ལས་ཨེ་སོགས་རིམ་པར་སྤྲོས་ཏེ་སྣོད་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད། གདན་གྱི་སྟེང་དུ་རྡོ་རྗེ་ཉིད་ཧྲཱིཿདམར་བྱེ་རུའི་མདངས་ལྟ་བུ། ཕྱོགས་བཞིར་ཧ་རི་ནི་ས་མཐིང་སེར་དམར་ལྗང་རྣམས་སུ་གྱུར་པའི་འོད་ཀྱིས་དོན་གཉིས་བྱས། ཚུར་འདུས་ཏེ་དབུས་སུ་རྡོ་རྗེ་དང་གྲི་གུག །འདབ་བཞིར་གྲི་གུག་རེ་རེར་གྱུར། དེ་ཡོངས་སུ་གྱུར་པ་ལས་རྟ་མགྲིན་ཡབ་ཡུམ། རིགས་བཞིའི་མཁའ་འགྲོ་དབུ་གཙུག་བླ་མ་རིགས་ལྔ་བཅས་གསལ་བའི་ཐམས་ཅད་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་སྲན་མ་ཕྱེད་གཤགས་ཙམ་གྱི་སྟེང་དུ། བླ་མ་རྡོར་སེམས་ལ་ཧཱུྃ། རྣམ་སྣང་ལ་ཨོཾ། རིན་འབྱུང་ལ་སྭཱ། སྣང་བ་མཐའ་ཡས་ལ་ཨཱཿ དོན་གྲུབ་ལ་ཧཱ། ཡུམ་ལྔ་ལ་རིམ་བཞིན་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ། རྟ་མགྲིན་ཡབ་ཡུམ་ལ་ཧྲཱིཿདང་མ། མཁའ་འགྲོ་བཞི་པོ་ལ་ཧ་རི་ནི་ས། ཐམས་ཅད་ཀྱང་སྤུས་བྲིས་པ་ལྟ་བུ་སོ་སོའི་རང་མདོག་འོད་ཟེར་མཐའ་ཡས་པ་འཕྲོ་བ། གཞན་ཡང་སྟེང་གི་ཆ་ལ་བཀའ་བརྒྱུད་བླ་མ། བར་གྱི་ཆ་ལ་ཡི་དམ་ལྷ་ཚོགས། འོག་གི་ཆ་ལ་ཆོས་སྐྱོང་སྲུང་མ་རྣམས་སྤྲིན་བཞིན་གཏིབས་པར་བསམ། དེའང་བདག་དང་མདུན་དུ་བཤམས་པའི་དཀྱིལ་འཁོར་སྒྲུབ་རྫས་དང་བཅས་པ་སེམས་ཉིད་སྟོང་པའི་རང་མདངས་འཁྲུལ་པས་ཐ་དད་དུ་བརྟགས་ཀྱང་། དོན་གྱི་ངོ་བོ་རོ་མཉམ་དུ་རྫོགས་པར་ཤེས་པས་སྣང་སྲིད་ཐམས་ཅད་གཅིག་དང་ཐ་དད་ལས་འདས་པའི་རང་བྱུང་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཆེན་པོར་གདོད་ནས་གྲུབ་པའི་རྟོགས་པ་ཀློང་དུ་མ་གྱུར་ཀྱང་མོས་སྒོམ་གྱི་ངེས་ཤེས་བརྟན་པར་བྱའོ། །དེ་ནས་གཙོ་འཁོར་ཐམས་ཅད་ཀྱི་གནས་གསུམ་གྱི་ཡིག་འབྲུ་ལས་འོད་ཟེར་འཕྲོས། རང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་ཏེ་དམ་ཚིག་པ་ལ་ཐིམ་པས་གཉིས་མེད་དུ་གྱུར་པ་ལ། རང་ལུས་ཐ་མལ་གྱི་རྣམ་པ་དུ་མས་ཕྱག་འཚལ་ཞིང་། ལྷ་རྣམས་ཀྱང་དགྱེས་པས་བརྡའི་ལན་བསྩལ་བ་དང་། རང་ཉིད་རྟ་ཕག་ཡབ་ཡུམ་གྱི་སྦྱོར་མཚམས་ནས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པས་ལྷའི་མཆོད་རྫས་དུ་མ་ཐོགས་ཏེ་མཆོད་ཅིང་དབྱངས་ཀྱི་ཡན་ལག་རྒྱ་མཚོས་བསྟོད་པར་བསམས་ལ་དེ་དག་གི་ཕྲིན་ལས་རྣམས་དལ་བར་གཏང་། དེའི་རྗེས་འབྲེལ་དུ་དབང་བླང་བ་ནི། སྤྱི་བོའི་བླ་མ་རྡོ་རྗེ་སེམས་དཔའ་རིག་པའི་ཡེ་ཤེས་ཡབ་ཡུམ་ལ་མོས་གུས་དུང་བ་བྱས་ནས་བདག་ལ་དབང་མཆོག་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་བླ་མ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བདེ་བའི་སྒྲ་དང་འོད་ཟེར་སྣ་ལྔ་བདེ་བའི་རང་བཞིན་ཅན་དུ་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཡབ་ཀྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད། ཐུགས་ཀར་རྗེས་ཆགས་ཀྱི་མེས་ཞུ། རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་ལྷུང་བའི་སྦྱོར་མཚམས་ནས། དངུལ་ཆུ་མུ་ཏིག་དྲི་མེད་ཞུ་བའི་ཁུ་བ་ལྟ་བུ་ངང་ཆི་ལི་ལི་རྒྱུན་མི་ཆད་བབས། རང་གི་ཚངས་བུག་ནས་ཞུགས། ཐོག་མེད་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དྲི་མའི་རྣམ་པར་ནག་ནུ་རུ་རུ་དེད། བ་སྤུའི་བུ་ག་དང་འོག་སྒོ་ནས་ཐོན། དབང་ཆེན་གསེར་གྱི་ས་གཞིའི་འོག་ཏུ་སོང་། ལུས་ཤེལ་གོང་གཡའ་དག་པའམ་ཕྲུ་མ་ཕུས་བཏབ་པ་ལྟར་ཕྱི་གསལ་ནང་གསལ་དུ་གྱུར་པ་ལས། བདུད་རྩི་དེ་ཉིད་ཡར་ལོག་ལྟེ་བའི་རྩ་འཁོར་མན་གང་བ་བུམ་དབང་། སྙིང་ག་མན་ཆད་གང་བ་གསང་དབང་། མགྲིན་པ་མན་ཆད་གང་བ་ཤེས་རབ་ཡེ་ཤེས། སྤྱི་བོ་མན་ཆད་གང་བས་དབང་བཞི་ཐོབ་ལུས་ཟག་མེད་ཀྱི་བདེ་བས་གང་བ་ལ་སེམས་ཅི་གནས་སུ་བཞག་གོ །བཟླས་པ་ལ་གཉིས། དངོས་གྲུབ་སྒྲུབ་པ་བདེ་ཆེན་གྱི་བཟླས་པ་དང་། ཐུགས་དམ་བསྐུལ་བ་སྤྲོ་བསྡུའི་བཟླས་པའོ། །དང་པོ་ནི། སྤྱི་བོའི་བླ་མའི་ཐུགས་སྲོག་ལས་སྔགས་ཕྲེང་མུ་ཏིག་དམར་པོ་བསྟར་ལ་བརྒྱུས་པ་བཞིན་དུ་བྱུང་གསང་གནས་ནས་བརྒྱུད། རང་གི་སྤྱི་བོའི་རྟ་མགོའམ་ཚངས་བུག་ནས་ཞུགས། རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་ཞུགས། ཕག་ཞལ་གྱི་སྤྱི་བོ་ནས་ཐོན། སྤྱི་བོའི་བླ་མའི་ཡུམ་གྱི་བྷ་ག་ནས་ཞུགས། ཞལ་ནས་ཐོན་ཡབ་ཀྱི་ཞལ་དུ་འཁོར་བ་ལས་འོད་ཟེར་མཐའ་ཡས་མུ་མེད་པ་འཕྲོས་པས། སྤྱིར་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་ཀུན་ལ་མཉེས་པའི་མཆོད་པ་ཕུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས། སྔགས་ཕྲེང་ནང་དུ་འཇུག་པ་དང་ལྷན་ཅིག་རང་ལ་ཐིམ་པས་དངོས་གྲུབ་རྣམ་པ་གཉིས་ཐོབ། རང་ཉིད་རིགས་འདུས་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོར་གྱུར་པའི་ང་རྒྱལ་ལྷག་པར་བརྟན་པས་སྤྱི་སྔགས། ཨོཾ་ཨཱཿཧཱུྃ། བཛྲ་མ་ཧཱ་གུ་རུ་སརྦ་གུ་ཎ་སིདྡྷི་ཧཱུྃ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ། ཧྲཱིཿམཿཧཿརིཿནིཿསཿ ཙིཏྟ་ཧྲཱིང་ཧྲཱིང་སརྦ་སིདྡྷི་ས་མ་ཡ། ཛཿཧཱུྃ་བཾ་ཧོཿ ཞེས་པ་བཟླ་སྟེ་གྲངས་ཚད་བྱེ་བའོ། །དེ་ནས་ཉེ་སྙིང་བཟླ་བའི་སྐབས། གཙོ་བོའི་ཐུགས་སྲོག་ལས་སྔགས་ཕྲེང་བཻ་ཌཱུརྻའི་ཕྲེང་བ་ལྟ་བུ་བྱུང་བ་དང་། འོད་ཀྱིས་འགྲོ་བའི་ཞེ་སྡང་སྒྲིབ་པ་སྦྱངས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ལ་མཉེས་མཆོད་ཕུལ་བས་དེའི་བྱིན་རླབས་བསྡུས། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ། རང་ཉིད་རྡོར་སེམས་རིག་པའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པར་མོས་པས། ཨོཾ་ཨཱཿབཛྲ་གུ་རུ་གུ་ཎ་སིདྡྷི་ཧཱུྃ། ཞེས་པ་འབུམ་ཕྲག་བཟླ། འཁོར་རིགས་བཞི་སོ་སོ་དང་སྦྱར་བའི་ཏིང་ངེ་འཛིན་དེ་ཡིས་རིགས་འགྲེས་ཏེ་ནང་སྒྲུབ་ཁྱད་པར་བར་བཤད་པའི་སྔགས་བཞི་པོ་ཁྲི་ཕྲག་རེ་བཟླ། རྟ་མགྲིན་གྱི་ཐུགས་ཀའི་ས་བོན་ལས་སྔགས་ཕྲེང་དམར་པོ་རང་གི་ཞལ་དང་ཡུམ་གྱི་ཞལ་བརྒྱུད། དེའི་གསང་བ་ནས་རང་གི་གསང་བར་ཞུགས། སྙིང་གར་ཐིམ་པའི་འོད་ཀྱིས་སྤྲོ་བསྡུ་སྔར་བཞིན་བྱས་ལ། དེ་བ་ཌཱ་ཀི་ནཱི་ཧ་རི་ནི་ས་ཙིཏྟ་ཧྲིང་ཧྲིང་སརྦ་སིདྡྷི་ཛཿཧཱུྃ་བཾ་ཧོཿ ཞེས་པའང་ཁྲིའམ་འབུམ་ཅི་འགྲུབ་བཟླའོ། །གཉིས་པ་ཐུགས་དམ་བསྐུལ་བ་སྤྲོ་བསྡུའི་ཟླས་པ་ནི། རྩ་བ་གསུམ་གྱི་དཀྱིལ་འཁོར་པ་རྣམས་ཀྱི་སྤྱི་བོ་ནས་འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོས། བདེ་གཤེགས་ཐམས་ཅད་ཀྱི་སྐུ་ལ་ཕོག །མཆོད་པས་སྐུ་མཉེས་པར་བྱས། སྐུའི་དངོས་གྲུབ་བསྡུས། སེམས་ཅན་ཐམས་ཅད་ཀྱི་ལུས་སྒྲིབ་སྦྱངས། ལུས་དབང་དུ་བསྡུས་ནས། སླར་སྤྱི་བོར་ཐིམ་པར་བསམ་ལ་སྔགས་སྔ་མ་རྣམས་བཟླ། ཡང་མགྲིན་པ་ནས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས། བདེ་གཤེགས་ཀུན་གྱི་གསུང་ལ་ཕོག །མཆོད་པས་གསུང་མཉེས་པར་བྱས། གསུང་གི་དངོས་གྲུབ་བསྡུས། སེམས་ཅན་གྱི་ངག་སྒྲིབ་སྦྱངས། ངག་དབང་དུ་བསྡུས་ནས། སླར་མགྲིན་པར་ཐིམ་པར་བསམ་ལ་བཟླ། ཐུགས་ཀ་ནས་འོད་ཟེར་མཐིང་གསལ་ཕྱོགས་བཅུར་འཕྲོས། བདེ་གཤེགས་ཀུན་གྱི་ཐུགས་ལ་ཕོག །མཆོད་པས་ཐུགས་མཉེས་པར་བྱས། ཐུགས་ཀྱི་དངོས་གྲུབ་བསྡུས། སེམས་ཅན་གྱི་ཡིད་སྒྲིབ་སྦྱངས། ཡིད་དབང་དུ་བསྡུས་ནས། སླར་ཐུགས་ཀར་ཐིམ་པར་བསམ་ལ་བཟླའོ། །དེའང་ཐུན་བཞིར་བཅད་པའི་ཐུན་གྱི་དངོས་གཞི་བདེ་ཆེན་གྱི་བཟླས་པ་བྱ་ཞིང་། ཐུན་སྨད་སུམ་ཆ་ཙམ་སྤྲོ་བསྡུའི་བཟླས་པ་དང་། ཐུན་མཐར་དངོས་གྲུབ་སྡུད་སྔགས་ཉེར་གཅིག་ཙམ་བཟླས་ལ་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་ལན་གསུམ་གསུམ་བརྗོད་པས་ལྷག་ཆད་བསྐང་ཞིང་བརྟན་པར་བྱ། གཏོར་མཆོད་བྱིན་རླབས་གོང་དུ་སོང་བས་འཐུས་པས་གཏོར་འབུལ་དངོས་ནི། ཧཱུྃ་ཧྲཱིཿ རྒྱལ་བ་ཀུན་དངོས་བླ་མ་སྨན་གྱི་བླ། །སྐུ་ལྔའི་བདག་ཉིད་གཙོ་འཁོར་མ་ལུས་རྣམས། །གཤེགས་བྱོན་སྐྱེ་འཕྲི་འཁྲུལ་རྟོག་མི་མངའ་ཡང་། །འགྲོ་རྣམས་ཚོགས་རྫོགས་མཆོད་གཏོར་བཞེས་ཕྱིར་གཤེགས། །ལྷ་རྣམས་ཀྱི་རྡོ་རྗེའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་ཟག་མེད་ཀྱི་བདེ་བས་དགྱེས་པར་གྱུར། ཨོཾ་ཨཱཿཧཱུྃ། བཛྲ་མ་ཧཱ་གུ་རུ་སརྦ་གུ་ཎ་སིདྡྷི་ཧཱུྃ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ། ཧྲཱིཿམ་ཧ་རི་ནི་ས་ཙིཏྟ་ཧྲཱིང་ཧྲཱིང་ས་པ་རི་ཝཱ་ར་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཕུལ། ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་པཱུ་ཛ་ཧོཿ རཱུ་པ། ཤབྡ། གནྡྷེ། ར་ས། སྤརྴེ་པཱུ་ཛ་ཧོཿ མ་ཧཱ་སརྦ་པཉྩ། མ་ཧཱ་རཀྟ། མ་ཧཱ་བ་ལིཾ་ཏ། མ་ཧཱ་མཱཾ་ས། མ་ཧཱ་རཀྟ། མ་ཧཱ་ཀིཾ་ནི་རི་ཏི་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ག་ཎ་གུ་ཧྱ་པཱུ་ཛ་ཧོཿ ཧཱུྃ་ཧྲཱིཿ བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་དང་། །ཆོས་སྐྱོང་དམ་ཅན་ནོར་ལྷ་གཞི་བདག་སོགས། །འཇིག་རྟེན་འདས་དང་མ་འདས་འཁོར་འདས་མགྲོན། །ཟག་མེད་བདེ་སྐྱེད་གཏོར་མའི་མཆོད་པ་བཞེས། །གཏོར་ནི་ཆགས་མེད་མ་ནི་ཀུན་ལ་ཁྱབ། །འཁོར་འདས་ཀུན་གྱི་བདེ་ལེགས་ཡོན་ཏན་གཏེར། །མ་ཚང་སྤངས་པའི་མཆོད་སྤྲིན་བླ་མེད་རྣམས། །མཁའ་ཁྱབ་བསྔོས་པས་དོན་གཉིས་ལྷུན་གྲུབ་ཤོག །ཅེས་དང་། ལས་བྱང་ནང་གི །ཧཱུྃ་ཧྲཱིཿ སྐྱེ་མེད་དབྱིངས་ལས་སོགས་མཆོད་བསྟོད་གསོལ་གདབ་མདོར་བསྡུས། ཧཱུྃ། རིགས་འདུས་བླ་མ་སོགས་གཤམ་གྱི་ནོངས་བཤགས་མགྲོན་ཐབས་ཀྱི་ལྷ་རྣམས་རྟེན་ལ་བརྟན་བཞུགས། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་བཅས་བྱ་ཞིང་། དྲན་ཤེས་དང་ལྡན་པས་སྤྱོད་ལམ་སོ་སོར་ཡེ་ཤེས་སྒྱུ་མའི་རོལ་པར་ལམ་དུ་ཁྱེར་བའི་ཏིང་ངེ་འཛིན་ལ་བསླབ་བོ། །སླར་ཐུན་ལ་འཇུག་པ་ན་གཏོར་མཆོད་ཁ་གསོས། བརྒྱུད་འདེབས་ཉིན་རེ་ཚར་རེ་ཙམ་གྱིས་ཆོག །སྲུང་འཁོར་ཡང་ཚིག་ཏུ་བརྗོད་མ་བརྗོད་གང་བྱས་ཀྱང་རུང་ལ་དམིགས་པའི་གསལ་འདེབས་བསྐྱར་མར་བྱ། སྐྱབས་སེམས་ནས་བརྩམ་ཤིས་བརྗོད་ཀྱི་བར་སྔར་ལྟར་ཆད་ལྷག་མེད་པ་བྱ་བ་ལས། བསྟོད་པའང་ལས་བྱང་དང་གསང་སྒྲུབ་ཀྱི་ཚིག་གཉིས་རེས་མོས་སམ་གང་རུང་རེས་ཆོག །བསྙེན་ཚད་ཀྱང་གོང་སྨོས་ལྟར་གྲུབ་ན་མཆོག་ཡིན་ལ། དོན་དུ་སྤྱི་སྔགས་གཙོ་བོར་བཟླ། དེའི་བཅུ་ཆ་རྡོར་སེམས་རིག་ཡེ། དེའི་བཅུ་ཆ་འཁོར་བཞི། དེའི་བཅུ་ཆ་དངོས་གྲུབ་སྡུད་སྔགས། རྟ་ཕག་གང་འགྲུབ་བམ་འཁོར་བཞི་དང་འདྲ་བ་ཡིན་ལ། སྒྲུབ་པ་གྲོལ་ཁར་ཚེ་སྒྲུབ་དམིགས་བཟླས་ཅི་འགྲུབ། དངོས་གྲུབ་སྡུད་སྔགས་སྟོང་ཕྲག་གཅིག་འགྲོ་བར་བྱའོ། །དེའང་ཐོག་མར་སྤྱི་སྔགས་སོགས་སོ་སོའི་གྲངས་མ་སོགས་བར་དེ་ཉིད་ལ་བུངས་ལེན་ཞིང་ཐོག་མཐའ་གཞན་རྣམས་ཅུང་ཟད་རེ་བཟླ། གསང་སྒྲུབ་ཟླ་གཅིག་ལྷག་ཙམ་བྱེད་ན་བདུན་གསུམ་ལ་སྤྱི་སྔགས། བདུན་གཅིག་ལ་འཁོར་སྔགས། ཞག་གསུམ་ཚེ་སྒྲུབ། གྲོལ་བའི་ནངས་མོར་སྨན་གྱི་དངོས་གྲུབ་སྡུད་སྔགས་སྟོང་ཕྲག་གཅིག་འགྲོ་བར་བྱའོ།  །དེ་ལ་ཚེ་སྒྲུབ་པའི་དམིགས་པ་ནི། གཙོ་འཁོར་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་དམར་པོ་འཕྲོས། ཕྱི་སྣོད་ཀྱི་འཇིག་རྟེན་ཁམས་ཀྱི་འབྱུང་བ་ལྔའི་བཅུད་ཀྱི་དྭངས་མ། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་བཀྲག་དང་གཟི་བརྗིད་ཐམས་ཅད་དང་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་མཐུ་དང་བྱིན་རླབས་ཐུགས་རྗེ་ཐམས་ཅད། འཆི་མེད་ཚེའི་བདུད་རྩི་འོད་ཟེར་གྱི་རྣམ་པ་ཆི་ལི་ལི་བྱུང་། སྤྱི་གཙུག་གི་རྡོ་རྗེ་སེམས་དཔའི་ཀ་པཱ་ལར་བསྡུས། དེ་ནས་ཕྱིར་ལུད། བདག་གི་ཚངས་བུག་ནས་ཞུགས། རྩ་འཁོར་རིམ་གྱིས་བརྒྱུད། ལུས་ཀྱི་ནང་བདུད་རྩིས་ལྟེམ་གྱིས་གང་བས་འཆི་མེད་རྡོ་རྗེའི་ཚེ་ཐོབ་པར་བསམ་ལ་སྔགས་ཤམ་བུ་ཅན་བཟླའོ། །སྲོད་ཐུན་ལ་གཏོར་འབུལ་དང་། མཆོད་བསྟོད་གསོལ་གདབ་ཟིན་ནས་དམ་ཅན་སྡེ་དགུའི་གཏོར་འབུལ། ཚོགས་མཆོད་རྟ་བྲོའི་བར་དུ་བྱ་ཞིང་། དངོས་གྲུབ་ལེན་ཆོག་བསྐྱུར་ནས་མཆོད་བསྟོད་སོགས་རྗེས་ཆོག་བྱས་པས་འགྲུབ་པ་ཡིན་ལ། ལྷག་མ་སྒྲུབ་པ་གྲོལ་གྱི་བར་ཕྱིར་མི་གཏང་བར་དཀྱིལ་འཁོར་གྱི་ལྷོ་ནུབ་ཏུ་སྣོད་དུ་བསགས་ལ་ཁེབས་ཀྱིས་བཀབ། ཆད་བརྟན་རྟ་བྲོ་རྣམས་ནུབ་རེ་བཞིན་མ་གྲུབ་ནའང་ཆོག །དུས་བཟང་དང་ཐོག་མ་སྒྲུབ་པ་ལ་འཇུག་སྐབས། གྲོལ་ཉིན་རྣམས་ལ་རྩ་གསུམ་མདངས་སྐོང་། དམ་ཅན་སྐོང་བ་སོགས་རྒྱས་པར་གྲུབ་ན་ཤིན་ཏུ་ལེགས་སོ།  །དེ་ལྟར་སྒྲུབ་པ་གྲུབ་ནས་སང་གྲོལ་རྒྱུའི་དོ་དགོང་ནས་མཆོད་གཏོར་རྙིང་པ་གསོ་ཞིང་གསར་པ་བཟང་དུ་བཤམ། ཚོགས་མཆོད་གང་འབྱོར་རྒྱས་པར་བསྟར། དངོས་གྲུབ་ཀྱི་དམ་རྫས་དཀར་མངར་ཤ་ཆང་སོགས་ཀྱང་འདུ་བྱས་ཏེ་ཏིང་འཛིན་སྤྲོ་བསྡུས་འཁོར་འདས་ཀྱི་དྭངས་བཅུད་ཡང་ཡང་བསྡུས་ནས་བདག་དང་སྒྲུབ་རྫས་ལ་བསྟིམ། གྲོལ་བའི་ཐོར་ཐུན་ལས་བྱང་གི་བསྙེན་པའི་སྐབས་མདུན་བསྐྱེད་སྒྲུབ་རྫས་ཀྱི་གོ་སར་ཡེ་ཤེས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་བདག་བསྐྱེད་ལས་བཞིན་དང་མེ་ལོང་ལྟར་ཕྱེས་ཏེ་བཟླས་པ་རྣམས་ཁྱུག་ཙམ་བྱ་ཞིང་། དངོས་གྲུབ་བསྡུ་སྔགས་གོང་དུ་གྲངས་མ་ཐེམ་ན་སྟོང་ཕྲག་འགྲོ་ངེས་བྱས་ལ། གཏོར་འབུལ་ཚོགས་འཁོར་རྟ་བྲོ་ཡན་བྱ་ཞིང་ལྷག་མའང་རྒྱབ་ཏུ་བཏང་། ཆད་མདོའི་སྐབས་ཆོས་སྐྱོང་གི་གཏོར་མའང་ཕྱི་རོལ་དུ་འབུལ་བར་བྱའོ། །དེ་ནས། དངོས་གྲུབ་ལ་བར་དུ་གཅོད་པའི་བགེགས་བསྐྲད་ཅིང་། སྲུང་བའི་འཁོར་ལོ་གསལ་གདབ། ཐུགས་དམ་གནད་ནས་བསྐུལ་ཏེ་བྱིན་དབབ་ཅིང་ཉམས་ཆག་བཤགས་པ་དང་ཡིིག་བརྒྱ་བརྗོད། འོད་ཟེར་སྤྲོ་བསྡུ་དང་བཅས་ཏེ་སྤྱི་སྔགས་ལ་དངོས་གྲུབ་བསྡུ་བའི་སྔགས་བཏགས་པ་བརྒྱ་རྩ་ཙམ་བརྗོད། མདུན་བསྐྱེད་ཀྱི་གནས་ལྔ་ནས་ཡིག་འབྲུ་ཕྱག་མཚན་ཐིག་ལེ་དཔག་ཏུ་མེད་པ་འཕྲོས་ཏེ་རང་གི་གནས་ལྔར་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པར་ཐོབ་པར་མོས་ལ་དངོས་གྲུབ་ལེན་པའི་ཚིག་བརྗོད་ཅིང་། གཏོར་ཆེན་གནས་ལྔར་གཏུགས། དངོས་གྲུབ་ཀྱི་རྫས་ལ་ལོངས་སྤྱད། དེ་ནས་མཆོད་བསྟོད་སོགས་རྗེས་ཆོག་བྱ་ཞིང་ཡེ་ཤེས་ཀྱི་འཁོར་ལོ་རང་ལ་བསྡུ། མགྲོན་ཐབས་ཀྱི་ལྷ་རྣམས་བརྟན་བཞུགས་དང་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་རྒྱས་པར་བྱའོ།  །དེ་ནས་སྦྱིན་སྲེག་ལས་ཀུན་མྱུར་འགྲུབ་ལྟར་བསྙེན་པའི་ཁ་སྐོང་དུ་ཞི་བའི་སྲེག་བླུགས་བསྙེན་པ་ཇི་ཙམ་སོང་བའི་བཅུ་ཆ་གཅིག་འབུལ། གལ་ཏེ་སྲེག་བླུགས་མི་འགྲུབ་ན་བསྙེན་སྒྲུབ་ཀྱི་བཅུ་ཆ་བསྙེན་པ་རང་གིས་ཁ་སྐོང་བ་སྒྲུབ་པའི་སྐབས་ཉིད་དུ་གྲུབ་པར་བྱ་དགོས་སོ། །གཉིས་པ་ཐུན་མོང་མ་ཡིན་པ་ཁྱད་པར་བ་གསང་སྒྲུབ་སྲོག་དྲིལ་སྟན་ཐོག་གཅིག་མ་ནི། སྤྲོས་མེད་ཀྱི་ཉམས་ལེན་ཡིན་པས་དཀྱིལ་འཁོར་གཏོར་མཆོད་གང་ཡང་མི་དགོས་ཤིང་སྒོམ་བཟླས་ཁོ་ན་བྱ་བ་ཡིན་པས། དེའི་ཚུལ་ཞལ་གདམས་མཆོག་གི་བདེ་ལམ་ལས་འབྱུང་བ་ཉིད་བཀླག་ཆོག་ཏུ་བསྡེབ་ན། ན་མོ། རིགས་འདུས་བདེ་གཤེགས་སོགས་སྐྱབས་འགྲོ། ནམ་མཁས་ཁྱབ་པའི་སོགས་སེམས་བསྐྱེད། སྐྱབས་གནས་བདག་ལ་སོགས་ཀྱིས་སྡིག་པ་བཤགས། སྟོང་པའི་ངང་ལས་སྣང་སྲིད་ཀུན། །རང་བྱུང་དབང་གི་གཞལ་ཡས་ཁང་། །དེ་དབུས་པདྨ་ཟླ་ཉིའི་སྟེང་། །བདག་ཉིད་སྐད་ཅིག་དྲན་རྫོགས་སུ། །རྟ་མཆོག་ཡབ་ཡུམ་སྐུ་མདོག་དམར། །དབུ་གཙུག་རྟ་མགོས་རྟ་སྐད་འཚེར། །དབང་སྡུད་གྲི་གུག་ཕྱག་གཡས་ཕྱར། །བདུད་བཞིའི་ཁྲག་བཀང་ཐོད་པ་གཡོན། །བདུད་བཞིའི་སྟེང་དུ་བརྐྱང་བསྐུམ་བཞུགས། །རྡོ་རྗེ་ཕག་མོ་ཡུམ་དང་སྦྱོར། །དེ་ཉིད་ཆ་ལུགས་ཡབ་འདྲ་ལ། །སྤྱི་གཙུག་ཕག་གདོང་ངུར་སྒྲ་སྒྲོག །གྲི་ཐོད་འཛིན་པས་ཡབ་ལ་འཁྱུད། །བཅུ་དྲུག་ལང་ཚོ་ཆགས་པའི་ཉམས། །ནུ་མ་བྷ་ག་རྒྱས་པའི་ཚུལ། །བསྐལ་པའི་མེ་དབུས་བཞུགས་པ་ཡི། །སྤྱི་བོར་པདྨ་ཉི་ཟླའི་སྟེང་། །རིགས་འདུས་བླ་མ་རྡོ་རྗེ་སེམས། །མཐིང་གསལ་ཞལ་གཅིག་ཕྱག་གཉིས་པ། །ཆོས་ཉིད་མི་འགྱུར་རྡོ་རྗེ་གཡས། །ཟག་མེད་བདེ་རྒྱས་ཐོད་པ་གཡོན། །གཅེར་བུ་རིན་ཆེན་རུས་རྒྱན་སྤྲས། ཁྲོ་འཛུམ་འགྱིང་བག་སྐྱིལ་ཀྲུང་གི །པང་དུ་རང་རིག་ཡུམ་གྱིས་འཁྱུད། །སྔོ་སངས་གཞོན་ཚུལ་ཆགས་པའི་ཉམས། །རབ་མཛེས་ཡིད་འོང་གྲི་ཐོད་འཛིན། །བྱིན་རླབས་གཟི་བརྗིད་འབར་བར་བཞུགས། །རང་ལུས་སྟོང་གསལ་འོད་ཀྱི་དངོས། །དར་དམར་གུར་ཕུབ་ལྟ་བུའི་དབུས། །དབུ་མ་འོད་ཀྱི་སྦུ་གུ་ནི། །ཕྱི་དཀར་ནང་དམར་མདའ་སྨྱུག་ཙམ། །དེ་ནང་སྤྱི་བོ་ལ་སོགས་པའི། །གནས་ལྔར་འོད་ཀྱི་ཐིག་ལེ་ལྔ། །དཀར་དམར་མཐིང་སེར་ལྗང་གུའི་དབུས། །ཨོཾ་ཨཱཿཧཱུྃ་དང་སྭཱ་ཧཱ་རྣམས། །གནས་ལྔའི་རང་མདོག་འོད་དུ་འབར། །ཡུམ་གྱི་དྷཱུ་ཏིའི་གནས་ལྔ་རུ། །འོད་ཀྱི་ཐིག་ལེ་ཁ་དོག་ལྔ། །མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་གྱིས་མཚན། །ཀུན་ཀྱང་གསལ་སྟོང་འོད་དུ་འབར། །གདོད་ནས་དམ་ཡེ་དབྱེར་མེད་པའི། །རང་བྱུང་རྡོ་རྗེའི་དཀྱིལ་འཁོར་ཆེ། །ངག་རླུང་གཞོམ་མེད་སྔགས་ཀྱི་སྒྲ །རྟོག་ཚོགས་རང་བྱུང་ཡེ་ཤེས་དབྱིངས། །བཟའ་བཏུང་ཚོགས་མཆོད་སྨྲ་བརྗོད་ཀུན། །བསྟོད་གསོལ་སྤྱོད་ལམ་ཡེ་ཤེས་རྒྱན། །གང་ཤར་སྐུ་གསུམ་རོལ་པ་འོ། །ཞེས་གསལ་གདབ་ཅིང་ངེས་པའི་ཤེས་པ་བརྟན་པོས་ནུས་ན་བུམ་པ་ཅན་གྱི་རླུང་སྦྱོར་དང་། གོང་སྨྲོས་བདེ་ཆེན་བཟླས་པའི་དམིགས་པ་དང་བཅས། ཧཱུྃ་ཨོཾ་སྭཱ་ཨཱཿཧཱ། མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ། ཞེས་གྲངས་མི་བཟུང་བར་ཡིད་ཀྱིས་བཟླ། རླུང་སྦྱོར་མི་ནུས་ན་བར་རླུང་ཙམ་གྱི་ངང་ཡིད་བཟླས་ངག་བཟླས་གང་རུང་གིས་ཆོག །མཐར་སྤྲོ་བསྡུའི་བཟླས་དམིགས་ཀྱང་སྦྱར་ཞིང་ངག་བཟླས་འབུམ་ཕྲག་ལྔའམ་བཅུ་འགྲོ་བར་བྱ། རིག་པའི་ཡེ་ཤེས་རེ་རེ་ནས་སྒེར་དུ་བསྒྲུབ་སྟེ། ཡབ་ཡུམ་གྱི་སྤྱི་བོའི་ཐིག་ལེ་དཀར་པོ་ཡིག་འབྲུ་དང་བཅས་པ་ལ་སེམས་གཏད་ཅིང་། ཨོཾ་ལཱཾ། ཞེས་བཟླས་པས་ཐིག་ལེ་ཡིག་འབྲུ་དང་བཅས་པ་ལས་འོད་ཟེར་འཕྲོས། རྒྱལ་བ་རྣམས་ཀྱི་སྐུ་མཉེས་པའི་མཆོད་པ་འབུལ། སྐུའི་དངོས་གྲུབ་བསྡུས། འགྲོ་བའི་གཏི་མུག་དང་ལུས་ཀྱི་སྒྲིབ་པ་སྦྱངས། ལུས་དབང་དུ་བསྡུས། སླར་འདུས་པས་འགྱུར་བ་མེད་པ་སྐུའི་དངོས་གྲུབ་ཐོབ། ཆོས་དབྱིངས་ཡེ་ཤེས་མངོན་དུ་གྱུར་པར་མོས། དེས་གཞན་རྣམས་ལ་འགྲེ །འོན་ཀྱང་སྤྱི་སྒྲུབ་ཀྱི་ཁོངས་སུ་སྒོས་སྒྲུབ་རྣམས་འདུ་བས་དམིགས་པའི་སྤྲོ་བསྡུ་སོ་སོར་སྦྱར་ཞིང་བཟླས་པ་དྲིལ་སྒྲུབ་ལྟར་བྱས་ན་ད་ལྟའི་ཉམས་ལེན་ལ་སྟབས་བདེའོ། །ཐུན་མཐར་ལྷ་མི་དམིགས་པར་བཞག་ཅིང་ཟུང་འཇུག་གི་སྐུར་ལྡངས་ཏེ་བསྔོ་སྨོན་གྱིས་རྒྱས་གདབ། གསང་སྒྲུབ་སྔ་མའི་གཤམ་དུ་འདི་ཉིད་ཞག་གྲངས་གང་འགྲུབ་བྱ། སྤྱིར་ཕྱི་ནང་གསང་གསུམ་གྱི་སྒྲུབ་པ་ཁྱད་པར་བ་རྣམས་དེ་དག་སོ་སོའི་རྒྱུན་གྱི་ཉམས་ལེན་ལ་ཟབ་ཅིང་སྟབས་བདེ་བར་སྣང་ངོ་། །ནང་སྒྲུབ་ཀྱི་ལུས་དཀྱིལ་ནི། ཐུན་མོང་བ་ལུས་ལ་ལྷ་བཀོད་པ་ཙམ་ལས། རྫོགས་རིམ་ཐུན་མོང་མ་ཡིན་པའི་སྨིན་བྱེད་དུ་འགྲོ་བའི་ལུས་དཀྱིལ་དངོས་མ་ཡིན་ཏེ། འདི་ཙམ་རྣལ་འབྱོར་རྒྱུད་དུའང་སྙིང་གའི་བདག་འཇུག་ལ་དགོངས་པའི་ལུས་དཀྱིལ་ཙམ་པོ་བ་ཞིག་གསུངས་པ་དང་སྒོ་མཐུན་པའི་ཕྱིར། གསང་སྒྲུབ་ཀྱི་ལུས་དཀྱིལ་ནི། ལྷ་ཉིད་སྔགས་ཀྱི་གཟུགས་ཀྱིས་ནི། །སྒྲུབ་པ་པོ་ལ་དངོས་གྲུབ་སྟེར། །ཞེས་པ་ལྟར་ངོ་བོ་ལྷ་ལ་རྣམ་པ་ཡི་གེར་བསྒོམས་པའི་ཟབ་མོའི་ལུས་དཀྱིལ་ཕྲ་ཐིག་སོགས་བསྐྱེད་རིམ་ལ་ལྟོས་པའི་རྫོགས་རིམ་རྣམས་དང་སྒོ་མཐུན་པས་ཁྱད་པར་དུ་འཕགས་པའོ། །བསྐྱེད་རིམ་ཀུན་ལ་མོས་པ་དང་ལྷའི་རྣམ་པ་བསྒོམས་པས་གྲོལ་བར་འགྱུར་བས་དེ་དག་ཤིན་ཏུ་བརྟན་པ་གལ་ཆེ། དེའི་རྒྱུ་མཚན་ཡང་ལམ་བྱེད་བཞི་ཚང་བའི་རྒྱུ་མཚན་གྱིས་ཡིན་ཏེ། དེའང་བསྐྱེད་རིམ་གྱི་དམིགས་པ་ལ་འབྲས་བུ་སངས་རྒྱས་ཀྱི་གསང་གསུམ་ཕྲིན་ལས་དང་བཅས་པར་མོས་ཤིང་ཞེན་པ་འབྲས་བུ་ལམ་བྱེད། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རྣམ་པ་ཡིད་ལ་བྱེད་པ་རྣམ་པ་ལམ་བྱེད། སྒོམ་པའི་དཀྱིལ་འཁོར་དེ་དེ་བཞིན་གཤེགས་པ་རྣམས་ཀྱི་དཀྱིལ་འཁོར་དངོས་སུ་མོས་པ་མོས་པ་ལམ་བྱེད། དེ་ལྟར་རྟོག་ཅིང་མོས་པས་ལྷག་པའི་ལྷས་བྱིན་གྱིས་རློབ་པར་འགྱུར་བ་བྱིན་རླབས་ལམ་དུ་བྱེད་པའོ། །གསང་སྒྲུབ་ནི་བླ་མེད་ཀྱི་བསྐྱེད་རིམ་ཐུན་མོང་མ་ཡིན་པའི་ལུས་ཡོངས་སུ་རྫོགས་པ་ཡིན་པས་བླ་མེད་སྤྱིའི་བསྐྱེད་རིམ་དང་ཁྱད་པར་སྔ་འགྱུར་རྙིང་མའི་ལུགས་ཀྱི་རིམ་པ་དང་པོའི་གོ་དོན་ཆགས་པ་གལ་ཆེ་བར་སྣང་ངོ་། ༈ །བཞི་པ་དྲིལ་སྒྲུབ་ཡེ་ཤེས་འཁོར་ལོ་ནི། ན་མོ། རིགས་འདུས་བདེ་གཤེགས་སོགས་སྐྱབས་སེམས་ལན་གསུམ། ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་ནས། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ་གིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་རང་ཉིད་བཅོམ་ལྡན་འདས་སྨན་གྱི་བླ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་ག་མདངས་དང་བཅས་པ། ཞབས་སྐྱིལ་ཀྲུང་། གཡས་ཨ་རུ་ར། གཡོན་ལྷུང་བཟེད་བདུད་རྩི་སྨན་གྱིས་གང་བ། མཚན་དཔེའི་རྒྱན་རྫོགས། ལོངས་སྤྱོད་རྫོགས་པ་སྐུའི་ཆ་ལུགས་ཅན། དར་དང་རིན་པོ་ཆེས་བརྒྱན་ཅིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྙིང་མེ་ཏོག་པདྨ་སྔོན་པོ་ཁ་བྱེ་བའི་སྟེང་དུ། ཨ་ལས་ཟླ་བ། རཾ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། སངས་རྒྱས་ལ་མཆོད་པ་ཕུལ། སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་སྦྱངས། སྣོད་བཅུད་སྨན་དང་རིན་པོ་ཆེ་ཐམས་ཅད་ཀྱི་ནུས་པ་རོ་བཅུད་བསྡུས། ཚུར་འདུས་ཧཱུྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་བླ་མ་རིགས་འདུས་རྡོ་རྗེ་སེམས་དཔའ་སྨན་རྒྱལ་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་གཡས་པ་རྡོ་རྗེ། གཡོན་ཚེ་བུམ་བསྣམས་པ། ཞབས་སྐྱིལ་ཀྲུང་དུ་བཞུགས་པའི་བར་དུ་ཡུམ་རྡོ་རྗེ་ཕག་མོ་དམར་མོ་གྲི་ཐོད་འཛིན་པས་འཁྱུད་པ། གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་ཤིང་། ཁྲོ་འཛུམ་འགྱིང་བག་བདེ་སྟོང་ཉམས་ཀྱིས་དགྱེས་བཞིན་པར་གྱུར། དངོས་སུ་འབྱོར་དང་སོགས་ཤློ་ཀ་གཅིག་གི་གཤམ་དུ། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ག་ཎ་གུ་ཧྱ་པཱུ་ཛ་ཧོཿ ཞེས་མཆོད། ཧཱུྃ། ཆོས་སྐུའི་བླ་མ་སྤྲོས་མེད་ཁྱབ་གདལ་ངང་། །ལོངས་སྤྱོད་རྫོགས་སྐུ་བདེ་ཆེན་རོལ་པའི་དབྱིངས། །སྤྲུལ་སྐུ་གང་ལ་གང་འདུལ་འགྲོ་དོན་མཛད། །རིགས་འདུས་བླ་མ་སྨན་རྒྱལ་རྡོ་རྗེ་འཛིན། །ཀུན་བཟང་འགྱུར་མེད་སྐུ་ལ་ཕྱག་འཚལ་བསྟོད། །འགག་མེད་ཚངས་དབྱངས་གསུང་ལ་ཕྱག་འཚལ་བསྟོད། །མཐའ་བྲལ་དྲི་མེད་ཐུགས་ལ་ཕྱག་འཚལ་བསྟོད། །ལུས་བདེ་ངག་ནུས་སེམས་རྟོགས་བྱིན་གྱིས་རློབས། །ཞེས་བསྟོད། ཧཱུྃ། རིགས་འདུས་རྒྱལ་བ་རྡོ་རྗེ་སེམས། །རང་རིག་ཆོས་སྐུའི་བླ་མ་ལ། །སྒོ་གསུམ་གུས་པས་གསོལ་བ་འདེབས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཞུ། །ཞེས་གསོལ་བ་ལན་གསུམ་གདབ། བླ་མའི་ཐུགས་ཀར་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཚོན་གང་བའི་ལྟེ་བར་ཉི་མའི་དཀྱིལ་འཁོར་སྲན་མ་ཕྱེད་གཤགས་ཙམ་གྱི་སྟེང་དུ། ཧཱུྃ་ཡིག་བཻ་ཌཱུརྻའི་མདོག་ཅན་སྤུས་བྲིས་པ་ཙམ་གྱི་མཐར། སྔགས་ཕྲེང་འཁོར་བ་ལས་འོད་ཟེར་འཕྲོས། ཕྱི་སྣོད་ཀྱི་འཇིག་རྟེན་ལ་ཕོག་གཞལ་ཡས་ཁང་དུ་གྱུར། ནང་བཅུད་ཀྱི་སེམས་ཅན་ལ་ཕོག་ཡི་དམ་ལྷའི་གོ་འཕང་ལ་བཀོད། རྒྱལ་བ་ཐམས་ཅད་ལ་ཟག་པ་མེད་པའི་མཉེས་མཆོད་འབུལ། ཐུགས་རྗེ་དང་བྱིན་རླབས་ཐམས་ཅད་བསྡུས། ཚུར་འདུས་རང་གི་ཐུགས་ཀར་ཐིམ་པས་འགྱུར་བ་མེད་པའི་བདེ་བ་ཆེན་པོ་རྒྱུད་ལ་སྐྱེས་པར་བསམ། ཨོཾ་བཛྲ་གུ་རུ་གུ་ཎ་སིདྡྷི་ཧཱུྃ། ཞེས་བཟླ། སླར་ཡང་ཐུགས་ཀའི་སྔགས་ཕྲེང་འོད་ཟེར་དང་བཅས་པ་གྱེན་དུ་བྱུང་། ཡབ་ཀྱི་ཞལ་ནས་ཐོན། ཡུམ་གྱི་ཞལ་དུ་ཞུགས། ཡུམ་གྱི་ཐུགས་རྒྱུད་མཉེས་པར་བྱས། ཡུམ་གྱི་གསང་གནས་ནས་ཐོན། ཡབ་ཀྱི་རྡོ་རྗེའི་ལམ་ནས་ཞུགས། ཐུགས་ཀར་འཁོར་བ་ལ་དམིགས་པ་གཏད་ལ་བཟླ། ཐུན་འཇོག་ཁར་སྨན་གྱི་དངོས་གྲུབ་བསྡུ་བའི་སྔགས་ཚར་ཁ་ཤས་ཀྱང་བཟླ་བར་བྱའོ། །འཆི་བ་བསླུ་ཞིང་ཚེ་བསྲིང་ན། ཐུགས་ཀའི་བླ་མ་ཡབ་ཡུམ་ཚེ་དཔག་མེད་དམར་པོ་ཚེ་བུམ་འཛིན་པར་གསལ་བའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་འཕྲོས་འཁོར་འདས་སྣང་སྲིད་ཐམས་ཅད་ཀྱི་ཚེ་བཅུད་དང་། རང་གི་བླ་ཚེ་ཡར་བ་ཐམས་ཅད་བདུད་རྩི་འོད་ཟེར་དམར་པོའི་ཚུལ་དུ་བསྡུས་ཕྱག་གི་ཚེ་བུམ་ལ་ཐིམ། དེ་ལ་གསོལ་བ་དུང་པ་བཏབ་པས། ཚེ་བུམ་ལུད་དེ་བདུད་རྩིས་ལུས་ཀྱི་ནང་གང་ནད་གདོན་སྡིག་སྒྲིབ་དང་། གདོན་གྱིས་བྱད་དུ་བཅུག་པ་ཐམས་ཅད་དག །བ་སྤུ་དང་དབང་པོའི་སྒོ་རྣམས་སུ་ཉུག་ཉུག་ཐོན་པ་ལས། གསེར་གྱི་རྡོ་རྗེ་ནས་འབྲས་ཙམ་གྱིས་གཏམས། འཆི་མེད་ཚེའི་རིག་འཛིན་ཐོབ་པར་བསམ་ནས་སྔགས་ཤམ་དུ། ཨོཾ་བཛྲ་ཨཱ་ཡུརྫྙཱ་ན་ཧཱུྃ་བྷྲཱུྃ། ཞེས་བཟླས་པས་འཆི་ལྟས་ཐམས་ཅད་བཟློག་པར་འགྱུར་ཞིང་། ཚེ་ལ་དབང་བའི་རིག་འཛིན་ཐོབ་པར་གདོན་མི་ཟ་བར་གསུངས་སོ། །ཐུན་མཐར་གོང་བཞིན་མཆོད་བསྟོད་དང་འདོད་དོན་གསོལ་བ་གདབ་ལ། སྣང་སྲིད་དག་པའི་འཁོར་ལོར་གྱུར། །རང་ལ་ཐིམ་ཞིང་རང་ཉིད་ཀྱང་། །སྙིང་གའི་བླ་མ་ཉིད་ལ་ཐིམ། །དེ་ཡང་རིམ་འདུས་ཆོས་དབྱིངས་ཀློང་། །སླར་ཡང་སྐད་ཅིག་གཟུགས་ཀྱི་སྐུས། །འཁོར་བ་ཇི་སྲིད་འགྲོ་དོན་བྱ། །དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་ལྡན་བླ་མ་སོགས་དགེ་བསྔོ་བྱའོ། །འདི་ནི་ཉམས་རྟགས་གསལ་བྱེད་ལྟར་ན། ཕྱི་ནང་གསང་བའི་བསྙེན་སྒྲུབ་རྒྱས་པ་སྔོན་དུ་སོང་ནས་སྤོོག་ཆོག་གི་ཚུལ་དུ་འདི་ལ་གནད་དུ་བསྣུན་པས་གྲུབ་པའི་རྟགས་མཐར་དབྱུང་བའི་ཚུལ་དུ་གསལ་ཞིང་། འོན་ཀྱང་ཕྱི་ནང་གསང་སྒྲུབ་ཀྱི་དོན་དངོས་སུ་ཚང་བའི་དྲིལ་སྒྲུབ་ནི་མིན་པས། སྔ་མ་རྣམས་སྔོན་དུ་སོང་རུང་མ་སོང་རུང་རྒྱུན་གྱི་ཉམས་ལེན་འཇུག་བདེ་སྙིང་པོར་དྲིལ་བ་ཟབ་ཅིང་བྱིན་རླབས་དང་ལྡན་པའོ། ༈ །ལྔ་པ་ཕྲིན་ལས་ཀྱི་སྦྱོར་བ་ནི། ཕྱི་ནང་གསང་བའི་སྒྲུབ་པ་སྔོན་དུ་སོང་ནས། འཆི་བདག་བདུད་འཇོམས་ལྟར་ཚེ་སྒྲུབ་པ་དང་། མཁའ་འགྲོ་བཞིའི་སྒོས་སྒྲུབ། དམ་ཅན་སྡེ་དགུ །ལྷ་སྨན་གྱི་པྲ་སྒྲུབ་ལ་སོགས་པའང་སྤྲོ་ཞིང་ནུས་ན་གཞུང་གསལ་ལྟར་བྱ་ཞིང་། དེ་ལས་ཚེ་སྒྲུབ་ནི། དེའི་བཅས་བཤམས་ལ་ལས་བྱང་མངོན་རྟོགས་མཆན་གསལ་ལྟར་ཁ་བསྒྱུར་རང་གཞུང་དམིགས་བཟླས་ཚེ་འགུགས་སྦྱར་བ་མ་གཏོགས་གཞན་ལས་བྱང་གིས་ཁོག་དབུབ་གསང་སྒྲུབ་ཐུན་མོང་བ་ལྟར་བྱས་པས་འགྲུབ། དམ་ཅན་སྡེ་དགུ་ལ་དེའི་རྟེན་བཤམས། བདག་བསྐྱེད་ལས་བྱང་དང་མདུན་བསྐྱེད་རང་གཞུང་བཏང་ལ་དམིགས་བཟླས་མཆོད་བསྟོད་གཏོར་འབུལ་སོགས་བྱ་ཞིང་དེ་དང་པྲ་སྒྲུབ་ལ་ཆགས་མེད་རིན་པོ་ཆེས་མཛད་པའི་ཟིན་དང་ཡིག་ཆ་ལུང་རྒྱུན་བཅས་བཞུགས་པར་སྣང་བ་མ་ཟད། གཞུང་ཞལ་གསལ་བས་འདིར་རྒྱས་པར་མ་སྤྲོས་སོ། །ཕྱི་ནང་གསང་དྲིལ་བཞི་པོ་དེའང་སྔ་མ་སྔ་མ་སྔོན་དུ་སོང་ནས་ཕྱི་མ་ཕྱི་མ་ལ་འཇུག་པ་དང་། དེའང་སོ་སོའི་གྲངས་ཚད་མཐར་དབྱུང་བ་སོགས་ནི་མཆོག་ཡིན་ལ། ཡིད་ལ་འཐད་ཅིང་ལག་ཏུ་ལེན་གང་བདེ་བ་དེ་ཉིད་ཁོལ་འདོན་དུ་བསྒྲུབས་ཀྱང་མི་རུང་བ་མེད་དོ། །ཕྱི་སྒྲུབ་བླ་མའི་རྣལ་འབྱོར་གྱི་ཚུལ། ནང་སྒྲུབ་སྨན་བླའི་བསྐྱེད་རྫོགས་ཁ་ཚང་། གསང་སྒྲུབ་རྩ་གསུམ་ཀུན་འདུས་ཀྱི་དཀྱིལ་འཁོར། དྲིལ་སྒྲུབ་ཉམས་ལེན་རྒྱུན་ཁྱེར་རེ་རེ་ནས་རང་རྐང་ཚུགས་པ་ཡིན་པའི་ཕྱིར་རོ། །སྙན་བརྒྱུད་གསང་སྒྲུབ་ཟུར་མཁར་བ་མཉམ་ཉིད་རྡོ་རྗེ་ལ་ཉེ་བརྒྱུད་དུ་བབས་པ་ཕྱི་ནང་གསང་གསུམ་གྱི་དོན་ཚང་བའི་སྤྲོས་མེད་རྒྱུན་གྱི་ཉམས་ལེན་ཟབ་མོའི་མཐར་ཐུག་ཏུ་གདམས་པར་མཛད་ཅིང་། འབྲེལ་འཇོག་ལ་གཞན་ཉམས་སུ་མ་ལོན་ཀྱང་འདི་ཉིད་ཞག་བདུན་ལ་སོགས་པ་ཆེད་དུ་ཉམས་ལེན་བགྱིས་ཀྱང་ཤིན་ཏུ་ལེགས་ལ། འོན་ཀྱང་བསྐྱེད་རིམ་མ་འབྱོངས་པའམ་མི་གསལ་བ་ལྟ་བུ་ལ་ཅུང་ཟད་བསྒོམ་དཀའ་བ་ལྟར་སྣང་བས་འདིར་དཀྱུས་སུ་མ་བྲིས་ཀྱང་གཞུང་ཉིད་དུ་ཆེས་གསལ་བས་ལྷན་ཐབས་མི་དགོས་པར་སྣང་ངོ་། །ཉམས་ལེན་ལ་ཆེད་དུ་སྤྲོ་བའི་གང་ཟག་འཇིག་རྟེན་གྱིས་མགོ་བོ་མ་འཁོར་བར། མི་ཚེ་སྟོང་ཟད་དུ་གཏང་མི་བྲ་བ་སྙིང་ལ་རུས་པ་ཡོད་པ་དག་གིས་ནི་བསྐྱེད་རིམ་ལ་བསྙེན་སྒྲུབ་སྔོན་དུ་སོང་ནས། རྫོགས་རིམ་སྐུ་གསུམ་རང་ཤར་ལ་འཇུག་སྟེ་ཚེ་གཅིག་གིས་འགྲོ་ཀུན་འཚོ་མཛད་རིགས་འདུས་བླ་མ་སྨན་པའི་རྒྱལ་པོའི་གོ་འཕང་ཐོབ་པར་བྱ་ཞིང་། དེའི་ཁྲིད་སྲོལ་གྱི་རྒྱུན་ཕུལ་དུ་བྱུང་བའང་བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག་ཐམས་ཅད་མཁྱེན་པ་༧འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞབས་ལ་བཞུགས་པ་ཡིན་ནོ། །ཟབ་མོའི་བླ་སྒྲུབ་ཕུལ་དུ་བྱུང་བ་འདི་ཉིད་ཅུང་ཟད་ཙམ་བསྒྲུབས་པས་རྟགས་བྱིན་རླབས་ཡིད་ཆེས་པ་བྱུང་བ་སྐྱེས་ཆེན་མང་པོའི་གསུང་གི་རྒྱུན་ལས་གསལ་ཞིང་། དེའང་རྗེ་གཡུ་ཐོག་པ་ཉིད་ཀྱི་གསུངས་ལས། དུས་སྙིགས་མའི་སེམས་ཅན་བསོད་ནམས་ཆུང་། །ང་མཐོང་ང་མིང་ཐོས་པ་ཉུང་། །མཐོང་ཐོས་དྲན་རེག་དད་པ་ལ། །བྱང་ཆུབ་བླ་མེད་མྱུ་གུ་བསྐྲུན། །བསྐལ་པར་བསགས་པའི་སྡིག་པ་སྦྱངས། །ཚེ་འདིའི་མི་མཐུན་བར་ཆད་ཟློག །རང་འཚེངས་གཞན་འཚེངས་གཉིས་ཀ་འཚེངས། །དེ་ཡི་རྗེས་སུ་སློབ་ཚད་འཚེངས། །ང་ལ་ལོག་ལྟའི་སེམས་ཅན་ཡང་། །གནོད་བྱེད་བདེ་བར་འབྲེལ་བའི་ཕྱིར། །བདེ་ནས་བདེ་བར་འདྲེན་པར་བྱ། །འདི་ལ་ཐེ་ཚོམ་ཡོད་རེ་ཀན། །ལར་རང་ལ་བློ་སྙིང་གཏད་ནུས་ན། །གསོལ་བ་ཕུར་ཚུགས་འདེབས་ནུས་ན། །ཐེ་ཚོམ་ཡིད་གཉིས་སྤོང་ནུས་ན། །ཚེ་གཅིག་སྐྱབས་གནས་རེ་བ་ན། །དེ་མ་ཐག་ཏུ་སྒྲིབ་གཉིས་སྲབ། །དངོས་ཉམས་རྨི་ལམ་ང་འཕྲད་ནས། །གནས་སྐབས་མཐར་ཐུག་ལམ་མཆོག་སྟོན། །ཅེས་དང་། བླ་མ་གཞན་ལ་གསོལ་བ་མི་ཚེ་རིལ་པོར་བཏབ་པ་བས། ཁོ་བོ་ལ་ལོ་རུ་བཏབ་པ་བསོད་ནམས་ཆེ། གཞན་ལ་ལོ་རུ་བཏབ་པ་ལས་ཁོ་བོ་ལ་ཟླ་བ་རུ་བཏབ་པས་བསོད་ནམས་ཆེ། གཞན་ལ་ཟླ་བར་བཏབ་པ་བས་ཁོ་བོ་ལ་ཞག་དང་ཟ་མ་དང་སྐད་ཅིག་ཙམ་བཏབ་པ་བྱིན་རླབས་ཆེས་མྱུར་ཏེ། འདི་མི་བདེན་པར་གདའ་ན་ཁོ་བོ་ངས་སེམས་ཅན་བསླུས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་བདག་གི་མགོ་བོ་ཨརྫ་ཀའི་དོག་པ་བཞིན་དུ་ཚལ་པར་ཁོས་ཤིག་གསུངས་པ་ལྟར། སྤྱིར་ཐུགས་བསྐྱེད་སྨོན་ལམ་གྱི་མཐུས་སྙིགས་དུས་ཀྱི་གདུལ་བྱ་ལ་རྗེ་བཙུན་འདི་ཉིད་ཐུགས་རྗེ་དང་བྱིན་རླབས་ཁྱད་པར་འཕགས་པ་དང་། སྒོས་སུ་བླ་སྒྲུབ་འདི་བྱིན་རླབས་ཤིན་ཏུ་མྱུར་བའང་། དེ་ཉིད་ཀྱི་གསུང་ལས། སྒྲུབ་པ་དང་འགྲུབ་པ་དུས་མཉམ་གྱི་བྱིན་རླབས་མེད་ན་སྙིགས་མའི་སྐྱེ་བོ་འདོད་ཐག་ཉེ་ཞིང་སྙིང་རུས་ཆུང་བས་ཉམས་ལེན་ཡུན་བསྲིང་མི་ནུས་ཤིང་། ཁོ་བོའི་སྲོག་སྒྲུབ་འདི་ཉིད་གང་ཟག་དད་ཅན་གྱིས་མ་ཡེངས་པར་ཞག་བདུན་བསྒྲུབས་ན། རབ་དངོས། འབྲིང་ཉམས། ཐ་མ་རྨི་ལམ་དུ་བདག་གིས་ཞལ་ལེགས་པར་བསྟན་ནས། གདམས་པ་དང་རྗེས་སུ་བསྟན་པར་བགྱི་བ་དམ་བཅའ་ཡིན་ནོ། །ཞེས་པ་བདེན་གསུང་བསླུ་བ་མེད་པའི་སེང་གེའི་སྒྲ་དབྱངས་ཆེན་པོ་བསྒྲགས་པ་ལ་ཐེ་ཚོམ་མེད་པའི་ཡིད་ཆེས་དང་ལྡན་པས་རབ་བསྐྱེད་རྫོགས་ཀྱི་ཉམས་ལེན། འབྲིང་བསྙེན་སྒྲུབ་ཀྱི་བཟླས་སྒོམ། ཐ་མའང་འབྲེལ་འཇོག་དང་རྒྱུན་གྱི་རྣལ་འབྱོར་ཙམ་རེ་གཡར་དམ་དུ་འཆའ་བར་བྱས་ན་འབད་རྩོལ་མེད་པར་དོན་གཉིས་ལྷུན་གྱིས་གྲུབ་པར་འགྱུར་རོ། །གང་གི་ལྷག་པའི་བཀའ་དྲིན་ཐུགས་རྗེའི་སྟོབས། །མོས་པས་བསྔགས་དང་རབ་བརྟགས་ཙམ་མིན་པར། །ད་ལྟའང་སྐྱེ་བོ་ཀུན་ལ་མངོན་སུམ་པ། །འཚོ་མཛད་སྨན་པའི་རྒྱལ་པོ་གཡུ་ཐོག་པས། །གདུལ་བྱ་སྤྱི་ལ་གསོ་བ་རིག་པ་དང་། །ཐུན་མོང་མིན་ལ་ལམ་ཟབ་སྙིང་ཐིག་གིས། །གངས་ཅན་སྐྱེ་དགུ་མཐའ་དག་ཕྱམ་གཅིག་ཏུ། །ལྟ་ན་སྡུག་པའི་ཞིང་དུ་དབུགས་དབྱུང་མཛད། །ཟབ་མོ་བདག་ལྟའི་ཁོངས་སུ་ཆུད་མིན་ཀྱང་། །མུན་ལ་སྣང་བ་ཇི་བཞིན་ཀུན་མཁྱེན་རྗེའི། །བཀའ་དྲིན་ལ་བརྟེན་ཅི་ནུས་བཀྲོལ་བ་ལ། །ནོངས་གྱུར་རྩ་གསུམ་སྲུང་མར་བཅས་ལ་བཤགས། །འདི་བྲིས་དགེ་བས་མ་གྱུར་སྐྱེ་དགུ་ཀུན། །རིགས་འདུས་བླ་མ་མཆོག་གིས་རྗེས་བཟུང་སྟེ། །ཉེས་ལས་རྣམ་གྲོལ་བཻ་ཌཱུརྻ་ཡི་འོད། །བླ་མེད་སྨན་པའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་འདིའང་ཁྱབ་བདག་འཁོར་ལོ་སྡོམ་པ་བཀྲ་ཤིས་ཟུར་མང་གི་སེང་གེའི་ཁྲི་འཛིན་བསྟན་འཛིན་སྒྲུབ་བརྒྱུད་དགེ་ལེགས་ཉི་མའི་ཞལ་སྔ་ནས་སྐྱེས་དང་བཅས་ཡུན་རིང་ནས་བསྐུལ་མ་གནང་བ་དང་། ཉེ་ཆར་ཐམས་ཅད་མཁྱེན་གཟིགས་རིགས་ཀུན་བདག་པོ་༧འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྨན་གྱི་ནོར་བུ་བཀྲ་ཤིས་པའི་གྲངས་ལྡན་སོགས་གྱ་ནོམ་པའི་སྐྱེས་དང་བཅས་རྗེས་སུ་གནང་བ་ལས། སླར་ཡང་རྗེ་ཉིད་ལ་བཀའི་གནང་བ་དང་དཀའ་བའི་གནད་ལ་བཀའ་འདྲི་ཞིབ་མོར་ཞུས་ཏེ། སྨན་བླ་གཉིས་པ་བསྟན་པའི་ཉིན་བྱེད་ཀྱི་བཀའ་བརྒྱུད་འཛིན་པའི་གཟུགས་བརྙན་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོས། ལྟ་ན་སྡུག་གཉིས་པ་དཔལ་ཀུན་སྤུངས་པའི་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་དགའ་ཚལ་དུ་སྦྱར་བ་དགེ་ལེགས་འཕེལ།།།།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).