Terdzo-HA-006

From Rinchen Terdzö

སྨན་རྒྱལ་གཡུ་ཐོག་པ་ཆེན་པོའི་ཐུགས་ཏིག་བླ་མ་སྒྲུབ་པའི་རྩ་དབང་རྒྱས་པ་བཀླག་ཆོག་ཏུ་བཀོད་པ་ཡེ་ཤེས་བདུད་རྩིའི་བུམ་བཟང་

sman rgyal g.yu thog pa chen po'i thugs tig bla ma sgrub pa'i rtsa dbang rgyas pa bklag chog tu bkod pa ye shes bdud rtsi'i bum bzang

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  ཡོན་ཏན་མགོན་པོ་ (Yönten Gönpo)
in cycle  བླ་སྒྲུབ་སྡུག་བསྔལ་མུན་སེལ་ཐུགས་རྗེའི་ཉི་འོད་ (Bla sgrub sdug bsngal mun sel thugs rje'i nyi 'od)
parent cycle  གཡུ་ཐོག་སྙིང་ཐིག་ (G.yu thog snying thig)
Volume 29 (ཧ) / Pages 125-188 / Folios 1a1 to 32b1

[edit]

༄༅། །སྨན་རྒྱལ་གཡུ་ཐོག་པ་ཆེན་པོའི་ཐུགས་ཏིག་བླ་མ་སྒྲུབ་པའི་རྩ་དབང་རྒྱས་པ་བཀླག་ཆོག་ཏུ་བཀོད་པ་ཡེ་ཤེས་བདུད་རྩིའི་བུམ་བཟང་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་གུ་ཎ་ནཱ་ཐཱ་ཡ། རྒྱུ་འབྲས་ནད་སེལ་བཻ་ཌཱུརྻ་ཡི་འོད། །སྨན་གྱི་བླ་མ་གངས་ཅན་གདུལ་བྱའི་ངོར། །གྲུབ་པ་སྨན་སྟོན་ཆེན་པོའི་སྐུར་སྣང་བ། །མཚུངས་བྲལ་གཡུ་ཐོག་རྗེ་ལ་གུས་ཕྱག་འཚལ། །བླ་སྒྲུབ་ཀུན་ལས་བྱིན་རླབས་སྟོབས་མྱུར་ཞིང་། །དབང་མཆོག་ཀུན་ལས་སྨིན་བྱེད་ཁྱད་འཕགས་པ། །འགྲོ་ཕན་ཀུན་ལས་ཕྲིན་ལས་ཆེ་བ་འདི། །བློ་གྲོས་དམན་པའི་དོན་དུ་རྣམ་གསལ་བཀོད། །གངས་ཅན་སྨན་གྱི་བླ་མ་རྗེ་གཡུ་ཐོག་པ་ཆེན་པོའི་ཐུགས་ཏིག་བྱིན་རླབས་བླ་སྒྲུབ་ཐུགས་རྗེའི་ཉི་འོད་ཀྱི་རྩ་བའི་སྨིན་བྱེད་བདེ་ཆེན་ཀློང་ཡངས་བསྒྲུབ་པ་ལ། སྔོན་དུ་བྱ་བའི་སྦྱོར་བ། དངོས་གཞི་དབང་གི་ལག་ལེན། རྗེས་ལས་ཀྱི་རིམ་པའོ། །དང་པོ་ལ་གཉིས། བཤམ་བཀོད་དང་། དཀྱིལ་འཁོར་སྒྲུབ་པའི་ཚུལ་ལོ། །དང་པོ་ནི། བཀྲ་ཤིས་ཤིང་གོང་མས་བྱིན་བརླབས་པའི་གནས་སུ་ཡར་ངོའི་ཚེས་བརྒྱད་ལྟ་བུའི་དུས་བཟང་པོར་གྲོགས་དང་ཡོ་བྱད་གཞུང་ནས་བཤད་པ་ལྟར་འཛོམ་ཞིང་ཕུན་སུམ་ཚོགས་པའི་སྐབས་སུ་སྨན་གྱི་རྒྱལ་པོའི་སྣང་བསྙན་སོགས་རྟེན་བཤམ། གནས་ཁང་རྒྱན་གྱིས་སྤྲས་པའི་གུང་དུ་སྟེགས་གཙང་མ་ལ་སིནྡྷུ་ར་དང་བྱང་སེམས་དཀར་དམར་དྲི་བཟང་བསྲེས་པས་བྱུགས་པའི་སྟེང་དུ་རབ་དཀྱིལ་འཁོར་གཞུང་མཐུན་རྡུལ་ཚོན་ནམ་རས་བྲིས། འབྲིང་མཎྜལ་ལ་གོང་གི་རྫས་བྱུགས་པའི་སྟེང་རྡུལ་ཚོན་གྱིས་པདྨ་འདབ་བཞི་ཕྱོགས་ཚོན། ལྟེ་བ་མཐིང་ག་ལ་ཚོམ་བུའང་དེ་མཚུངས་བཀོད་པ། ཐ་མ་འབྲུའི་ཚོམ་བུ་ལྔ་བཀོད་པའི་སྟེང་དུ་ཁྲིའུའི་ཁར་བུམ་པ་རྫས་ལྡན་ཁ་རྒྱན་མགུལ་ཆིངས་མཐིང་གས་སྤྲས་པ་བཀོད། དེའི་མདུན་དུ་ཐོད་པ་མཚན་ལྡན་ཆང་ལ་ཆོས་སྨན་སྦྱར་བས་བཀང་བའི་ཁར་མེ་ལོང་གཙང་མ་ལ་ག་པུར། ཤིང་ཀུན། ཨ་རུ་ར། བཟང་པོ་དྲུག་རྣམས་མི་འཐོར་བའི་ར་བ་བཅས་བཀོད་ལ་འབྲུ་སྣོད་དུ་བཞག །དཀྱིལ་འཁོར་དབུས་མདུན་གང་བདེར་སྐུ་རྟེན་ཙཀ་ལི། གཡས་ཕྱོགས་སུ་ཅོད་པན། དབུ་རྒྱན། རིགས་ལྔའི་ཕྱག་མཚན། དར་དང་རིན་པོ་ཆེའི་རྒྱན། རྒྱབ་ཏུ་རྒྱུད་བཞི་ཆ་ལག་དང་བཅས་པའི་གླེགས་བམ་དར་གྱིས་དྲིལ་བ། གསང་དབང་ཐོད་པའི་ནང་འོ་མ་དང་ཇ་ཁུ་བསྲེས་པ་ལ་མངར་གསུམ་ག་པུར་ཙནྡན་ཆོས་སྨན་རྣམས་སྦྱར་བ། རིག་མའི་ཙཀླི། གཡོན་དུ་ཆ་དཔྱད་གཙགས་བུ། མེ་བཙའ། སྐམ་པ། རལ་གྲི །ཀྱུང་བུ། ཐུར་མ་རྣམས་དང་། འཁོར་ལོ་དཀར་པོ་ཨོཾ། པདྨ་དམར་པོ་ཨཱཿ རྡོ་རྗེ་སྔོན་པོ་ཧཱུྃ་ཡིག་གིས་མཚན་པ་གསུམ་བརྩེགས་མར་བྲིས་པའི་ཙཀླི། མདུན་དུ་ཤེལ་རྡོ་མེ་ལོང་། མར་མེ། པདྨ་འདབ་དྲུག་ལྟེ་བར་མཆོད་རྟེན་དཀར་པོ་བང་རིམ་དགུ་པ་བྲིས་པ་རྣམས་བཀོད། དེ་རྣམས་ཀྱི་ཕྱི་རོལ་མདུན་ངོས་དབུས་སུ་རིགས་འདུས་གཏོར་མ་ཟླུམ་པོ་པད་འདབ་བཞི་ལྡན་འཁོར་ཟླུམ་གཏོར་དམར་པོ་བཞིས་བསྐོར་བ། དེའི་གཡས་སུ་བླ་མ་གཏོར་མ་ཟླུམ་པོ་སྟོད་ཟུར་ཅན་པད་འདབ་བཞི་པ་འཁོར་ཟླུམ་གཏོར་བཞི། དེའི་ཡང་གཡས་སུ་ཡི་དམ་གཏོར་མ་སྟོད་ཟུར་གསུམ་པ་པད་འདབ་བཞི་པའི་མཚམས་རྣམས་ཨ་རུ་ར་ལོ་མ་དང་བཅས་པས་མཚན་པ། རྩེ་མོར་རྟ་ཞལ་དང་འཁོར་པད་འདབ་མེད་པའི་རང་འདྲ་བཞི། རིགས་འདུས་གཡོན་དུ་མཁའ་འགྲོའི་གཏོར་མ་སྟོད་ཟུར་གཉིས་པ་པད་འདབ་བཞིས་མཚན་པ་རང་འདྲའི་འཁོར་བཞི་པད་འདབ་མེད་པ། དེའི་ཡང་གཡོན་དུ་ཆོས་སྐྱོང་གཏོར་མ་སྙིང་ལ་ཟུར་གཏོད་པ་ལྟ་བུ་འཁོར་ཟུར་གསུམ་བརྒྱད་ཀྱིས་བསྐོར་བ་བཅས་གཞུང་གཏོར་ལྔར་གྲགས་པ་ཐམས་ཅད་ཀྱང་སྨུག་རྩིས་བྱུགས་ཤིང་རྒྱན་སྤྲོས་རིགས་མཐུན་བྲང་རྒྱན་པདྨ་སོ་སོའི་ཕྱག་མཚན་གྱིས་མཚན་པ་འཛོམ་ན་སྐུ་ཙཀ་བཙུག་པ་སོགས་བཤད་ཀྱང་དབང་བསྐུར་དཀྱུས་མ་ཙམ་ལ་ཉི་ཟླ་ནོར་བུ་མེ་རི་ལྔ་རྒྱན་ཙམ་གྱིས་འཐུས། གཞུང་གཏོར་ལྔའི་མདུན་གཡས་སུ་སྨན་སྣོད། གཡོན་དུ་རཀྟ། ཕྱི་མཆོད་ཕྲེང་ཚར་བསྐོར་བཤམ་གང་བདེ་བྱ། ཕྱིའི་གཡས་ཕྱོགས་སུ་འབྲུ་སྣོད་ལྟ་བུར་དྲང་སྲོང་རྣམས་ཀྱི་ཙཀ་ལི་བཀོད་པའི་མདུན་དུ་རིན་པོ་ཆེའི་སྣོད་གཙང་མར་དཀར་ཟླུམ་འདབ་བཞི་རྒྱན་སྤྲོས་ཅན་མངར་གསུམ་སྨན་སྣ་སོགས་བཏབ་པ་དང་། གཡོན་ཕྱོགས་སུ་ཞང་བློན་དམ་ཅན་སྡེ་དགུའི་ཙཀ་ལི་རྣམས་ཀྱང་བཀོད། གཞན་ཡང་ལས་བུམ། མིག་དར། མེ་ཏོག །དུང་ཆུ། བཀའ་གཏད་ལ་མཁོ་བའི་གྲི་ཐོད་སྒོམ་ཐག་སོགས་དང་། ཚོགས་ཀྱི་ཡོ་བྱད། སྔོན་འགྲོ་དཀར་དམར་བགེགས་གཏོར་བཅས་གསུམ། ཆད་ཐོ། བརྟན་གཏོར། ཡེ་ཤེས་དབབ་པའི་སྤོས་སྦྱོར། སློབ་དཔོན་གྱི་མདུན་དུ་ཌཱ་དྲིལ། འབྲུ་སྣོད། གུལ་ཡུངས་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །གཉིས་པ་དཀྱིལ་འཁོར་སྒྲུབ་ཚུལ་ནི། བརྒྱུད་འདེབས་དང་ཕྱི་གཏོར་སྔོན་དུ་འགྲོ་བའི་ལས་བྱང་ལ་ཟུར་འདེབས་སྦྱར་བ་བསྟོད་པའི་བར་ཚང་བར་བཏང་། བདག་མདུན་དབྱེར་མེད་དུ་བསྒོམ། དེ་ནས་ཛཔ྄་ཁང་ཕྱེས་ལ་གཙོ་འཁོར་སྤྱི་སྔགས་དངོས་གྲུབ་བསྡུ་བའི་བཟླས་པ་ཅི་ནུས་བྱས་ཏེ་སྟོང་ཚིགས་འབུལ། དེ་ནས་བུམ་སྒྲུབ་ནི། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང། བུམ་པ་མི་དམིགས་སྟོང་པའི་ངང་། བྷྲཱུྃ་ལས་འོད་འཕྲོས་རྒྱལ་བ་མཆོད། །འགྲོ་བའི་དོན་བྱས་ཚུར་འདུས་ནས། །བྷྲཱུྃ་ཡིག་ལ་ཐིམ་དེ་ཉིད་ནི། །ཡོངས་གྱུར་ཡེ་ཤེས་གཞལ་མེད་ཁང་། །སོགས་ལས་བྱང་ལྟར་ལྷ་བསྐྱེད་ནས་བསྟོད་པའི་བར་སྨན་གཏོར་གྱི་ལྷན་ཐབས་མི་སྦྱོར་ལ་གཞན་ཚང་མ་བཏང་། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། བུམ་ལྷའི་ཐུགས་རྒྱུད་བསྐུལ་བས་བདེ་བ་ཆེན་པོའི་ཡེ་ཤེས་འབར། སྦྱོར་མཚམས་ནས་ཟག་པ་མེད་པའི་བདུད་རྩིའི་རྒྱུན་བབས། བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར། ཞེས་མོས་ལ་སྤྱི་བསྡུས་བཟླས་པ་ཅི་ནུས་མཐར་མཆོད་བསྟོད་མདོར་བསྡུས། རིགས་འདུས་སྨན་གྱི་བླ་མ་འཁོར་དང་བཅས་པས་བདག་དང་སློབ་མ་རྣམས་ཀྱི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ། ཨོཾ་ཨཱཿཧཱུྃ། དུང་ཆུ་ཕུལ་བས། ལྷ་རྣམས་བདེ་བ་ཆེན་པོས་འོད་དུ་ཞུ་ནས་བུམ་པའི་ཆུ་དང་དབྱེར་མེད་དུ་གྱུར་པར་མོས་ལ་ལས་བུམ་འཁྱིལ་པའི་སྔགས་བརྗོད་པས་བྱིན་བརླབ། དེ་ནས་ཞང་བློན་དམ་ཅན་སྡེ་དགུའི་ལས་བྱང་རྒྱས་བསྡུས་གང་འགྲུབ་མངོན་རྟོགས་ནས་བསྟོད་པའི་བར་དུ་བཏང་། བཟླས་པ་ཅི་འགྲུབ་བྱ། གྱིང་ཐང་བསྟན་རྡོར་སོགས་ཀྱི་ཕྱག་ལེན་དུ་འདིར་ལྷ་སྨན་བསང་མཆོད་གཏང་བའང་བཤད། གང་ལྟར་རིག་པའི་མེ་ཏོག་དོར་ཅིང་གནང་བ་ནོད། དཀྱིལ་འཁོར་ཡོལ་བས་བསྒྲིབ་བོ། །གཉིས་པ་དངོས་གཞི་དབང་གི་ལག་ལེན་བཤད་པ་ལ་གསུམ། སྔོན་འགྲོ་འཇུག་པའི་ཆོས། དངོས་གཞི་དབང་བསྐུར་བ། རྗེས་ཀྱི་བྱ་བའོ། །དང་པོ་ལའང་གསུམ། སྔོན་དུ་འགྲོ་བ། ཕྱི་འཇུག །ནང་འཇུག་གོ །དང་པོ་ལ། ཁྲུས་བྱ་བགེགས་བསྐྲད་མཚམས་བཅད་ཅིང་། །སྲུང་འཁོར་མཎྜལ་འབུལ་བ་ལྔའོ། །དང་པོ་ནི། ལས་ཀྱི་རྡོ་རྗེས་ཕྱི་རོལ་དུ་ཡིག་བརྒྱ་བརྗོད་ལ་ཁྲུས་བྱ། གཉིས་པ་ནི། སློབ་དཔོན་གྱིས་ཕྱི་གཏོར་ནང་ལྟར་བགེགས་གཏོར་བྱིན་བརླབ། རང་ཉིད་རྟ་མགྲིན་ཏུ་གསལ་བས་བགེགས་བཀུག་ཅིང་སྔགས་དང་ཚིགས་བཅད་ཀྱིས་བསྔོ། གསུམ་པ་ནི། ལས་བྱང་ལྟར་བཀའ་བསྒོ་ཞིང་ཡུངས་ཐུན་རྫས་དུད་རོལ་མོའི་ཚམ་རྔམ་གྱིས་བསྐྲད། བཞི་པ་ནི། ལས་བྱང་ལྟར་ཚིགས་བཅད་བརྗོད་ལ་སྲུང་འཁོར་བསྒོམ། ལྔ་པ་ལོ་རྒྱུས་ཀྱིས་མཚམས་སྦྱར་ཏེ་མཎྜལ་འབུལ་དུ་གཞུག་པ་ནི། ནམ་མཁའི་མཐའ་ཀླས་པའི་མར་གྱུར་སེམས་ཅན་ཐམས་ཅད་རིགས་འདུས་བླ་མ་སྨན་པའི་རྒྱལ་པོའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་ལམ་ཟབ་མོ་རིགས་འདུས་སྨན་གྱི་བླ་མའི་དཀྱིལ་འཁོར་དུ་ཞུགས་ཤིང་སྨིན་གྲོལ་གྱི་གདམས་པ་ཉམས་སུ་ལེན་པར་བགྱིའོ་སྙམ་པ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། འདིར་ཐུན་མོང་གི་ཆོས་བཤད་རྒྱས་པར་བྱ་བར་གསུངས་པས་སྤྲོ་ན་སྔོན་འགྲོའི་ཆོས་སྤྱི་མཐུན་བཤད། བསྡུ་ན། དེ་ལ་འོ་སྐོལ་རྣམས་ཀྱིས་དལ་བ་བརྒྱད་འབྱོར་པ་བཅུ་དང་ལྡན་པའི་མི་ལུས་རིན་པོ་ཆེ་ལྷ་བས་ལྷག་པ་རྙེད་ཀྱང་། སྲིད་པ་གསུམ་པོ་ཐམས་ཅད་མི་རྟག་པའི་རང་བཞིན་གློག་གི་གར་མཁན་དང་འདྲ་བས་ནམ་འཆི་ངེས་པ་མེད་ཅིང་། སྡིག་པའི་འབྲས་བུ་སྡུག་བསྔལ་དང་དགེ་བའི་འབྲས་བུ་བདེ་བ་བསླུ་མེད་སོ་སོར་སྨིན་པས་འཆི་བའི་ཚེ་ལས་ཀྱི་འབྲས་བུ་མངོན་དུ་འགྱུར་བ་དང་། འཁོར་བའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཁོ་ན་ཡིན་པས་དལ་འབྱོར་རྙེད་དཀའ་བསམ། མི་རྟག་པ་རྗེས་སུ་དྲན། ལས་འབྲས་ལ་ཡིད་ཆེས་བསྐྱེད། འཁོར་བ་ལས་ངེས་པར་འབྱུང་སྟེ་ཐར་པ་དོན་དུ་གཉེར་བའི་འདུན་པ་རྩེ་གཅིག་ཏུ་བསྐྱེད་པ་གལ་ཆེ། ཐར་པ་ལ་ཆུང་འབྲིང་ཆེ་གསུམ་ཡོད་པ་ལས་སྔ་མ་ཉན་རང་གཉིས་ནི་ཉི་ཚེ་བ་ཡིན་པས་དོན་དུ་གཉེར་བྱ་མ་ཡིན་ལ་ཐར་པ་ཆེན་པོ་རྫོགས་པའི་སངས་རྒྱས་མཐར་ཐུག་གི་གོ་འཕང་དོན་དུ་གཉེར་དགོས། དེ་སྒྲུབ་བྱེད་ཐེག་པ་ཆེན་པོའི་ལམ་དུ་ཞུགས་དགོས་པ་ཡིན་ཞིང་དེ་ལའང་རྒྱ་ཆེ་བ་ཕར་ཕྱིན་དང་ཟབ་མོ་གསང་སྔགས་གཉིས་ལས། འདིར་ཕར་ཕྱིན་ལས་བདེ་བ་དང་མྱུར་བ་སོགས་ཀྱིས་ཁྱད་པར་འཕགས་པ་སྔགས་ཀྱི་ཐེག་པ་ཡིན། དེ་ལ་སྔ་འགྱུར་དང་ཕྱི་འགྱུར་གཉིས་ལས་འདི་ནི་སྔ་འགྱུར་རྙིང་མའི་ཁོང་དུ་གཏོགས་ཤིང་། དེ་ལ་བཀའ་གཏེར་དག་སྣང་གི་བཀའ་སྲོལ་ཆེན་པོ་གསུམ་དུ་མཆིས་པ་ལས། འདི་ནི་བཅོམ་ལྡན་འདས་སྨན་པའི་རྒྱལ་པོ་ཉིད་བྱང་ཆུབ་སེམས་དཔའ་ཁྱིམ་པའི་གཟུགས་ཅན་སྐྱེ་བ་སྤྲུལ་པའི་སྐུར་བསྟན་པ་བོད་ཀྱི་དྲང་སྲོང་གཡུ་ཐོག་ཡོན་ཏན་མགོན་པོ་ཉིད་ཀྱི་ཞལ་ནས་དངོས་སུ་གསུངས་པས་བཀའ་མ་དང་། དགོངས་པའི་ཀློང་ནས་རང་བྱུང་དུ་བརྡོལ་བས་དགོངས་པའི་གཏེར་ཟུང་འཇུག་ཡིན་ལ། དེའང་རྗེ་གཡུ་ཐོག་པ་དེ་ཉིད་ཀྱི་རྣམ་ཐར་ཡོན་ཏན་བསམ་གྱིས་ཁྱབ་ཅིང་བརྗོད་དུ་མེད་ཀྱང་མདོར་བསྡུས་རྗེ་ཉིད་ཀྱིས་སུམ་སྟོན་ལ་གདམས་པ་ལས། ཁོ་བོ་ཕྱི་ལྟར་རིག་པའི་གནས་ལྔ་ལ་སྦྱངས་པའི་མཁས་པ་འགྲན་ཟླ་དང་བྲལ་བ་སྟེ། རྒྱ་གར་དུ་མུ་སྟེགས་དེ་ཙམ་བཏུལ་ནས་ནང་པ་ལ་བཅུག །བོད་ཡུལ་དབུས་གཙང་དུ་ཡང་ད་ལྟ་འཆད་པ་དང་རྩོད་པའི་ཚུལ་ཁོ་བོ་ལ་འགྲན་པར་སུས་སྤོབས། ནང་ལྟར་གྲུབ་པ་ཐོབ་པའི་ཚུལ་ཡང་རྐང་མགྱོགས་ལ་སོགས་ཐུན་མོང་གི་དངོས་གྲུབ་བརྒྱད་ཐོབ་པ་ནི། དེང་སང་གངས་ཅན་པ་སྣང་བ་དག་མ་དག་ཀུན་གྱི་སྣང་ངོར་གསལ་བ་འདི་ཀ་ཡིན་ལ། གསང་བ་ལྟར་ན་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་མ་ལུས་ལུས་པ་མེད་པའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་ཁོ་བོ་ལ་ཁྱད་པར་ཅུང་ཟད་ཙམ་ཡང་མེད་པས། མཆོག་གི་དངོས་གྲུབ་ཐོབ་བམ་མ་ཐོབ་ཐེ་ཚོམ་ཟ་བར་བྱེད་དམ། ཁྱད་པར་རྒྱ་གར་དུ་འཚོ་བྱེད་གཞོན་ནུ། གུ་རུ་པདྨ། དཔའ་བོ། ཕ་དམ་པ། བིརྺ་པ། སྐྱེས་བུ་མེ་ལྷ། བོད་དུ་སྲོང་བཙན་སྒམ་པོ། དྭགས་པོ་ལྷ་རྗེ་རྣམས་ཁོ་བོ་ཡིན་ཅིང་། རྒྱ་གར་གྱི་གྲུབ་ཆེན་གཞན་ཐམས་ཅད་དང་ཁོ་བོ་རྟོགས་པ་ནུས་མཐུ་རྫུ་འཕྲུལ་མཉམ་པ་ཡིན་ལ། ཞིང་ཁམས་འདིའི་གདུལ་བྱ་རྫོགས་པའི་མཐར་ལུས་ཀྱི་ཕུང་པོ་འདི་མ་སྤངས་པར་སྨན་གྱི་བླ་མ་མི་བསྐྱོད་རྒྱལ་བའི་ཞིང་ཁམས་སུ་འགྲོ་བ་ཡིན། ཅེས་སོགས་མཐའ་ཡས་པར་གསུངས་པའི་མཁས་གྲུབ་ཆེན་པོ་དེ་ཉིད་ཀྱིས། བརྒྱུད་འཛིན་གཙོ་བོ་སུམ་སྟོན་ཡེ་ཤེས་གཟུངས་ལ་གཅིག་བརྒྱུད་ཉམས་ལེན་མནོག་ཆོས་སུ་བསྩལ་པ་བླ་སྒྲུབ་སྡུག་བསྔལ་མུན་སེལ་ཐུགས་རྗེའི་ཉི་འོད་ཅེས་པ་འདིའང་། ཚེ་གཅིག་ལུས་གཅིག་གིས་ཟུང་འཇུག་རྡོ་རྗེའི་སྐུ་སྒྲུབ་པ་ལ་ཆོས་སྒོ་ཐམས་ཅད་ལས་ཟབ་ཅིང་བྱིན་རླབས་ཆེ་བ་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་དུས་མྱུར་བ་ཉིད་དུ་བདེ་བླག་ཏུ་ཐོབ་པར་བྱེད་པ་ཡིན་ཏེ། རྗེ་ཉིད་ལ་རིགས་གསུམ་མགོན་པོ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱིས་བསྐོར་བས་ལུང་བསྟན་པའི་སྐབས་སུ། ཁྱོད་ཉིད་འགྲོ་བ་གང་གིས་མཐོང་བ་དང་། ཐོས་པ་དང་། དྲན་པ་དང་། རེག་པ་དང་། ཁྱོད་ལ་དད་པ་དང་། སྡང་བ་ཐམས་ཅད་བདེ་བ་ནས་བདེ་བར་འགྲོ་བར་འགྱུར་རོ། ཁྱེད་ཉིད་བདེ་བར་གཤེགས་པ་ཐམས་ཅད་ཀྱི་གདུང་འཚོབ་ཡིན་པའི་ཕྱིར། གང་གི་སྤྱི་བོའི་གཙུག་གམ། སྙིང་གི་དབུས་སུ་སྒོམ་པར་བྱེད་པ་དེ་དག་གི་རྒྱུད་ལ་དེ་མ་ཐག་ཏུ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་འཇུག་པར་འགྱུར་རོ། །ཞེས་སོགས་གསུངས་པ་དང་། རྗེ་ཉིད་ཀྱི་ཞལ་ནས། ངེད་རང་ལུགས་ཀྱི་བླ་སྒྲུབ་འདི་བླ་སྒྲུབ་གཞན་ལས་བྱིན་རླབས་ཆེས་མྱུར་ཐག་ཆོད་པ་ཞིག་ཡིན། དེ་ཡང་བླ་མ་གཞན་ལ་གསོལ་བ་མི་ཚེ་རིལ་པོར་བཏབ་པ་ལས་ཁོ་བོ་ལ་ལོ་རུ་བཏབ་པ་བསོད་ནམས་ཆེ། གཞན་ལ་ལོ་རུ་བཏབ་པ་ལས་ཁོ་བོ་ལ་ཟླ་བ། གཞན་ལ་ཟླ་བར་བཏབ་པ་ལས་ཁོ་བོ་ལ་སྐད་ཅིག་ཐང་ཅིག་ཙམ་བཏབ་པ་བྱིན་རླབས་མྱུར་ཏེ། འདི་མི་བདེན་པར་གདའ་ན་ཁོ་བོས་སེམས་ཅན་བསླུས་པ་ཡིན་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་བདག་གི་མགོ་བོ་ཨརྫ་ཀའི་དོག་པ་བཞིན་དུ་ཚལ་པར་ཁོས་ཤིག །ཅེས་མི་འཇིགས་པའི་རྡོ་རྗེའི་ཐ་ཚིག་གཉན་པོས་ཞལ་གྱིས་བཞེས་པ་ད་ལྟའི་བར་དུའང་མངོན་སུམ་དུ་གྱུར་པའི་བླ་སྒྲུབ་ཁྱད་པར་ཅན་འདི་ལ་སྨིན་གྲོལ་གྱི་གདམས་ངག་ཟབ་ཅིང་རྒྱ་ཆེ་བར་བཞུགས་པ་ལས། ད་ལམ་སྨིན་བྱེད་ཀྱི་དབང་བསྐུར་སྒྲུབ་པ་སྐབས་སུ་བབས་པ་ཡིན། དེ་ལའང་རྩ་དབང་རྒྱས་པ། དོན་དབང་མདོར་བསྡུས། བཀྲ་ཤིས་ཚེ་དབང་སོགས་སུ་མཆིས་པ་ལས་འདིར་རྩ་བའི་དབང་བསྐུར་རྒྱས་པ་བདེ་ཆེན་ཀློང་ཡངས་ལྟར་བསྒྲུབ་པ་ལ་བདག་སློབ་དཔོན་གྱིས་བགྱི་བར་འོས་པ་ཐམས་ཅད་སྔོན་དུ་གྲུབ་པ་ལགས། ད་ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་ཐོག་མར་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་ཞིང་ཁམས་ཀྱི་མཆོད་སྤྲིན་སྤྲུལ་ཏེ་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག་གོ །གཉིས་པ་ཕྱི་འཇུག་ལ། སྤྲོ་སྐྱེད་རྒྱུན་བཤགས་སྐྱབས་སེམས་དང་། །ཞུ་གནང་སྡོམ་བཟུང་ནང་སེམས་བསྐྱེད། །གསང་གདམས་དམ་བཞག་མནའ་ཆུ་འོ།། ཞེས་བཅུར་ཡོད་པ་ལས་དང་པོ་སྤྲོ་སྐྱེད་ནི། ཐོག་མར་གསང་སྔགས་བླ་མེད་ཀྱི་ལམ་ལ་སྤྲོ་བ་སྐྱེད་ཅིང་ཐེག་དམན་གྱི་ཉེས་དམིགས་བརྗོད་པ་འདི་ལ་སྙན་གཏོད་འཚལ། ཀྱེ་ཧོ་ཉོན་ཅིག་རིགས་ཀྱི་བུ། །བསྐལ་པ་གྲངས་མེད་དུ་མ་རུ། །འབད་ཀྱང་གྲོལ་བར་མི་འགྱུར་ཞིང་། །བྱང་ཆུབ་སྒྲུབ་པའི་གཏན་གྱི་གེགས། །ཐེག་པ་དམན་པའི་ལམ་ཡིན་ལ། །ཨུ་དུམྦ་རའི་མེ་ཏོག་ལྟར། །སངས་རྒྱས་འཇིག་རྟེན་བྱོན་པ་ཡིན། །ཤིན་ཏུ་ཆེས་ཆེར་རྙེད་དཀའ་བས། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་རྙེད་དཀའ་འོ། །གང་གིས་ཚེ་འདིར་མཆོག་ཐོབ་པའི། །ལམ་རྙེད་འགྱུར་བས་སྐལ་པ་བཟང་། །དབུལ་པོས་རིན་ཆེན་གཏེར་རྙེད་དམ། །བྱེས་སུ་སྟོར་བའི་བུ་རྙེད་པས། །བྱིས་པ་གང་དག་ཆེར་དགའ་ན། །སྡུག་བསྔལ་ཀུན་ལས་རྣམ་གྲོལ་ཞིང་། །བདེ་ཆེན་འགྱུར་མེད་གོ་འཕང་མཆོག །ཡུད་ཀྱིས་སྟེར་ལ་ཅིས་མི་སྤྲོ། །ཞེས་གསུངས་ཏེ། དེའང་ལམ་གཞན་གྱིས་བསྐལ་པ་དུ་མའི་བར་དུ་སངས་རྒྱས་མི་འཐོབ་ལ། གསང་སྔགས་ཟབ་མོའི་ལམ་འདི་ལ་བརྟེན་ནས། ཚེ་འདིའམ་འཆི་ཁའམ་བར་དོ་སོགས་སུ་སངས་རྒྱས་ཐོབ་པར་འགྱུར་བས། ལམ་ཤིན་ཏུ་ཉེ་ཞིང་འདོད་ཡོན་ལམ་དུ་བྱེད་པས་འཇུག་པ་བདེ་བའི་ལམ་འདི་ལྟ་བུ་ཡང་ཡང་བྱོན་པ་མ་ཡིན་གྱི། ཨུ་དུམྦ་རའི་མེ་ཏོག་ལྟར་དཀོན་ཡང་། ད་ལན་ཁྱེད་རང་རྣམས་ལས་དང་སྐལ་པར་ལྡན་པས་ལམ་འདི་ལྟ་བུ་དང་འཕྲད་པ་ལས། དབུལ་པོས་གཏེར་རྙེད་པ་ལྟ་བུ། གསང་སྔགས་བླ་མེད་ཀྱི་ལམ་ཟབ་མོ་འདི་རྙེད་པ་རེ་དགའ། རེ་ལེགས། རེ་འཚེངས། རེ་སྤྲོ་སྙམ་པའི་དགའ་བ་སྒོམས་ཤིག །གཉིས་པ་རྒྱུན་བཤགས་ནི། སློབ་དཔོན་དང་མདུན་བསྐྱེད་གཉིས་སུ་མེད་པ་རིགས་འདུས་བླ་མ་སྨན་པའི་རྒྱལ་པོའི་དཀྱིལ་འཁོར་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་སྤྲིན་གཏིབས་པ་ལྟར་བཞུགས་པའི་མདུན་དུ། ཁྱོད་རང་རྣམས་འཁོད་ནས་སྡིག་པ་བཤགས་པར་བགྱིའོ་སྙམ་པའི་འདུན་པ་དང་ལྡན་པས་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །སློབ་དཔོན་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བྱ་བ་ཡིས། །ཐོག་མ་མེད་ནས་ད་ལྟའི་བར། །ལུས་དང་ངག་དང་ཡིད་གསུམ་གྱིས། །སྡིག་པ་མི་དགེ་གང་བྱས་པ། །གནོང་ཞིང་འགྱོད་པའི་སེམས་ཀྱིས་སུ། །སྙིང་ནས་ཁྱོད་ཀྱི་སྤྱན་སྔར་བཤགས། །ལན་གསུམ། གསུམ་པ་སྐྱབས་འགྲོ་ནི། བདག་སོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བསླུ་བ་མེད་པའི་སྐྱབས་གནས་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ལ། དེང་ནས་བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་འགྲོ་བའི་མོས་པ་གྱིས་ལ་འདིའི་རྗེས་ཟློས་མཛོད། ཕྱོགས་དུས་དཀོན་མཆོག་གསུམ་འདུས་པ། །བླ་མ་རྡོ་རྗེ་འཛིན་རྒྱལ་ལ། །བདག་དང་མཁའ་མཉམ་སེམས་ཅན་ཀུན། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ལན་གསུམ། བཞི་པ་སེམས་སྐྱེད་ནི། ལྷ་ཚོགས་དེ་དག་གི་སྤྱན་སྔར་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་དོ་སྙམ་པའི་ངང་ནས་འདིའི་རྗེས་ཟློས་མཛོད། མཐའ་ཡས་འགྲོ་བའི་དོན་གྱི་ཕྱིར། །རྡོ་རྗེ་འཛིན་པ་མཆོག་བསྒྲུབས་ནས། །ཞི་སོགས་ཕྲིན་ལས་རྣམ་བཞི་ཡིས། །འགྲོ་རྣམས་བདེ་ལ་འགོད་པར་བྱ། །ལན་གསུམ། ལྔ་པ་ཞུ་གནང་ནི། ཕྱག་སྙིམ་པ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རིགས་ཀྱི་བདག་པོ་རྡོ་རྗེ་འཛིན། །འཁོར་བར་མནར་པ་བདག་ལ་གཟིགས། །བདེ་ཆེན་རྒྱལ་བའི་གྲོང་མཆོག་ཏུ། །དེ་རིང་བདག་ནི་གཞུག་ཏུ་གསོལ། །ལན་གསུམ། དེ་ལྟར་གུས་པའི་ཡིད་ཀྱིས་གསོལ་བ་བཏབ་པས་སྣོད་རུང་དུ་གནང་བ་སྦྱིན་ཅིང་རྟོག་པ་བསྡུ་བ་འདི་ལ་གསན་མཛོད། བུ་ཉོན་དུས་གསུམ་སངས་རྒྱས་ཀྱིས། །གསང་ཆེན་བླ་མེད་གསུངས་པ་ཡི། །བདུད་རྩི་མཆོག་དེ་ངས་སྦྱིན་གྱིས། །སྣོད་དང་ལྡན་པར་ད་གྱུར་ཏོ། །རྣམ་གཡེང་རྟོག་པའི་རྦ་རླབས་རྣམས། །ལེགས་པར་བསྡུས་ནས་ཉན་པར་བྱ། །བདེ་གཤེགས་རྣམས་ཀྱི་བྱིན་རླབས་ནི། །ཡིད་གཞན་ཡེངས་ལ་འཇུག་མི་འགྱུར། །དེའང་ཚིག་དོན་མི་ཉན་པ་སྣོད་ཁ་སྦུབ་ལྟ་བུའི་སྐྱོན་དང་། ཉན་ཡང་དྲན་ཤེས་ཀྱིས་མི་སྐྱོང་བ་སྣོད་ཞབས་རྡོལ་ལྟ་བུའི་སྐྱོན་དང་། སྐྱོང་ཡང་ཇི་སྐད་དུ། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེང་ཡིད་བསྡུས་དང་། །སྐྱོ་བས་ཉན་པ་དྲི་མ་ཡིན། །ཞེས་གསུངས་པའི་དྲི་མ་དྲུག་སྤངས་ནས་རྩེ་གཅིག་པའི་ཡིད་བྱེད་དང་མ་བྲལ་བ་མཛོད་ཅིག །དྲུག་པ་སྡོམ་གཟུང་ནི། སྐྱབས་གནས་དེ་རྣམས་ཀྱི་མདུན་དུ་སོ་སོ་ཐར་པའི་སྡོམ་པ་དང། བྱང་ཆུབ་སེམས་དཔའི་བསླབ་པ་དང་། རིག་འཛིན་སྔགས་ཀྱི་དམ་ཚིག་རྣམས་ནོད་ལ་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་དངོས་རྡོ་རྗེ་འཛིན། །བདག་ལ་བརྩེ་བས་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ནས་ནི་བྱང་ཆུབ་བར། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་གསང་སྔགས་བླ་མེད་ཀྱི། །སྡོམ་པ་མ་ལུས་བདག་གིས་བཟུང། །སེམས་ཅན་འགྱུར་མེད་བདེ་ལ་འགོད། །ལན་གསུམ། བདུན་པ་ནང་སེམས་ནི། གཡོན་པའི་སྲིན་ལག་གིས་དྲིའི་ཐིག་ལེ་གནས་གསུམ་དུ་བཀོད་ལ། ཨོཾ་ཨཱཿཧཱུྃ། ཞེས་བསྲུང་བ་བྱ། ནང་གི་སེམས་བསྐྱེད་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། ཁྱེད་རང་རྣམས་སྐད་ཅིག་གིས་ཡི་དམ་རྟ་ཕག་ཡབ་ཡུམ་དུ་གསལ་བའི་སྙིང་ཁར་ཀུན་རྫོབ་བྱང་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་རེ་བྱུང་བར་མོས་ཤིག །སྙིང་གར་དྲིའི་ཐིག་ལེ་བྱས་ལ། ཨོཾ་བཛྲ་ཙིཏྟ་ཨཱཿ ཞེས་བརྗོད། དེའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་རེ་ལམ་གྱིས་བྱུང་བའི་མོས་པ་མཛོད། རྡོ་རྗེ་སྙིང་གར་བཞག་ལ། བོ་དྷི་ཙིཏྟ་ཧཱུྃ། ཞེས་བརྗོད། བརྒྱད་པ་གསང་གདམས་ནི། རྡོ་རྗེ་སྤྱི་བོར་བཞག་ལ། གསང་ཆེན་དམ་ཚིག་རྡོ་རྗེ་མཆོག །ཁྱོད་ཀྱི་སྤྱི་བོར་བཞག་པས་ནི། །རྡོ་རྗེའི་སྐུ་རུ་ཁྱོད་ཉིད་འགྲུབ། །འགྱུར་མེད་ཡེ་ཤེས་མཆོག་ཏུ་འགྱུར། །གཞན་དུ་སྨྲས་ན་དེ་ལྟར་མིན། །ཡེ་ཤེས་ཀྱི་རྡོ་རྗེ་སྤྱི་བོར་ཐིམ་པར་མོས་ཤིག །དགུ་པ་དམ་བཞག་ནི། ཀྱེ། བུ་ཁྱོད་སློབ་དཔོན་བདག་ལ་ཉོན། །རིགས་འདུས་རྒྱལ་བའི་བྱིན་ཐོབ་ནས། །ཕྱི་ནང་གསང་བ་ཁྱད་པར་གྱི། །དམ་ཚིག་མཐའ་དག་བསྲུང་ནུས་སམ། །ཞེས་དྲིས་པའི་ལན་འདེབས་པ་འདིའི་རྗེས་ཟློས། །ལྕགས་ལ་གསེར་འགྱུར་རྩི་བཞིན་དུ། །གཙོ་བོའི་དྲིན་ལས་དེ་རིང་བདག །བདེ་བ་ཆེ་ལ་རེག་པས་ན། །བཀའ་ལས་ནམ་ཡང་འདའ་རེ་ཀན། །ཞེས་པས་མནའ་བསྒགས་ནས། བཅུ་པ་མནའ་ཆུ་ནི། ནང་མཆོད་བླུད་ཅིང་སྤྱི་བོར་རྡོ་རྗེ་བཞག་ལ། འདི་ནི་རྡོ་རྗེ་བདུད་རྩིའི་ཆུ། །འཐུངས་ནས་དམ་ཚིག་མ་བསྲུང་ན། །མནར་མེད་དམྱལ་བར་ཁྱོད་སྲེག་ཅིང་། །བསྲུངས་ན་དངོས་གྲུབ་མཆོག་ཐོབ་འགྱུར། །བཛྲ་ཨ་མྲྀཏ་ས་མ་ཡ་ཧཱུྃ། གསུམ་པ་ནང་འཇུག་ལ། ཆས་འཇུག་ནང་ཁྲིད་བྱིན་གྱིས་བརླབ། །གདོང་བསལ་ལྷ་བསྟན་བྱིན་འབེབས་སོ། །ཞེས་དྲུག་ལས་དང་པོ་ནི། ཁྱེད་རང་སྔོན་ཆད་རིགས་འདུས་སྨན་གྱི་བླ་མའི་དཀྱིལ་འཁོར་མ་མཐོང་བའམ་མཐོང་ཡང་བསྐྱར་ནས་འཇུག་པའི་བརྡར། རས་ཡུག་དམར་པོ་རེས་གདོང་བཅིངས་པའི་མོས་པ་མཛོད། ཨཱ་ཁཾ་བཱི་ར་ཧཱུྃ། ཞེས་གདོང་གཡོགས་དང་ཅོད་པན་དང་མེ་ཏོག་སྦྱིན། གཉིས་པ་ནང་ཁྲིད་ནི། སྤྱི་བོར་སློབ་དཔོན་གྱི་ཕྱག་བཞག་སྟེ། ཨོཾ་ཨཱཿཧཱུྃ་བཛྲ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས། ཁྱེད་རང་རྣམས་གུ་རུ་སྨན་རྒྱལ་རིག་པའི་ཡེ་ཤེས་རྡོ་རྗེ་སེམས་དཔར་གྱུར་པ་སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་ལ་འཇུས་ཏེ་དཀྱིལ་འཁོར་གྱི་ཤར་སྒོ་ནས་གཙོ་བོའི་མདུན་དུ་འཁོད་པའི་མོས་པ་མཛོད། བྱས་ལ་ཡོལ་བ་ཕྱེ། གསུམ་པ་བྱིན་རླབས་ནི། བླ་མས་ཕྱག་སྤྱི་བོར་བཞག་སྟེ། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་གུ་ཎ་སིདྡྷི་ཧཱུྃ། ཞེས་རྒྱུད་བྱིན་གྱིས་བརླབས་པར་མོས་ལ། སྙིམ་པ་མེ་ཏོག་གིས་བཀང་བ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་འབུལ་བའི་མོས་པས་འབྲུ་འཐོར་ལ་འདིའི་རྗེས་ཟློས། ཨོཾ་པྲ་ཏཱིཙྪ་བཛྲ་ཧོཿ བཞི་པ་གདོང་བསལ་ནི། མིག་ཐུར་ཐོགས་ལ། གདོད་ནས་རང་གསལ་ཡེ་ཤེས་མིག །མ་རིག་ལིང་ཏོག་གིས་བསྒྲིབས་པ། །དོ་ནུབ་རྡོ་རྗེའི་སྤྱན་དུ་དབྱེ། །དཀྱིལ་འཁོར་འདི་ལྟོས་དོན་ཆེན་ཐོབ། །བཛྲ་ཛྙཱ་ན་ཙཀྵུཿཔྲ་པེ་ཤ་ཡ་ཨ་ཨཱཿ མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་ཏུ་བསལ་བས་དཀྱིལ་འཁོར་གྱི་འཁོར་ལོ་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཐོང་བའི་མོས་པ་མཛོད། ལྔ་པ་ལྷ་བསྟན་ནི། འདི་ན་རིགས་འདུས་བླ་མ་སྨན་རྒྱལ་རྩ་བ་གསུམ་གྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་བཞུགས་པ་ཡིན་ཏེ། དེ་ཡང་ནམ་མཁའི་དཀྱིལ་འཁོར་ཆོས་ཀྱི་འབྱུང་གནས་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། རླུང་གི་དཀྱིལ་འཁོར་རཀྟའི་རྒྱ་མཚོ་ཞིང་ཆེན་གྱི་ས་གཞི་ཀེང་རུས་ཀྱི་རི་རབ་རྣམས་བརྩེགས་པའི་སྟེང་དུ། བསྐལ་པའི་མེ་དཔུང་འབར་བའི་ཀློང་དཀྱིལ་དུ་ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་པ་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན་པ། ནང་ཀ་བ་བརྒྱད་ཀྱིས་མཐོ་བར་བཏེགས་ཤིང་རྡོ་རྗེའི་གདུང་གིས་བཀབ་པའི་སྟེང་ཐོག་རིམ་པར་ཕུབ་པ། རྩིག་པ་དང་། ཕ་གུ་དང་། དྲ་བ་དང་། དྲ་ཕྱེད་དང་། མདའ་ཡབ་དང་། པུ་ཤུ་ལ་སོགས་པ་རྒྱན་དུ་མས་བརྒྱན་ཅིང་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་གི་ལྷ་སྣམ་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་དབུས་སྔོན་པོའི་དབུས་སུ། པདྨའི་སྡོང་པོ་འདབ་མ་བཞིའི་ཟེའུ་འབྲུར་ཟླ་བ་དང་ཉི་མ་དང་བདུད་བཞི་བསྣོལ་བའི་སྟེང་དུ་ཁྲོ་བོའི་རྒྱལ་པོ་རྟ་མཆོག་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཉིས་བརྐྱང་བསྐུམ་འདོར་སྟབས་ཀྱིས་བཞུགས་ཤིང་སྤྱི་གཙུག་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར་བ། གར་གྱི་ཉམས་དང་ལྡན་ཅིང་དཔལ་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པའི་པང་དུ་ཡུམ་རྡོ་རྗེ་ཕག་མོ་དམར་མོ་གྲི་ཐོད་འཛིན་ཅིང་ཡབ་ལ་འཁྱུད་པ། སྤྱི་བོར་ཕག་ཞལ་ངུར་སྒྲ་སྒྲོག་པ། ཤར་གྱི་འདབ་མ་ལ་རྡོ་རྗེ་མཁའ་འགྲོ་སྔོན་མོ། ལྷོར་རིན་ཆེན་མཁའ་འགྲོ་སེར་མོ། ནུབ་ཏུ་པདྨ་མཁའ་འགྲོ་དམར་མོ། བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་གུ་སྟེ་བཞི་ཀའང་གཅེར་བུ་རུས་པས་བརྒྱན་ཅིང་གྲི་ཐོད་འཛིན་པ། བརྐྱང་བསྐུམ་གྱི་གར་སྟབས་ཀྱིས་ཉི་ཟླ་དང་རོའི་གདན་ལ་བཞུགས་པ། གཙོ་འཁོར་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པའི་རྟ་ཕག་ཡབ་ཡུམ་གྱི་སྤྱི་བོར་པདྨའི་སྡོང་པོ་འདབ་མ་བཞི་པའི་ལྟེ་བ་དང་། འདབ་མ་རྣམས་ལ་ཉི་ཟླའི་དཀྱིལ་འཁོར་བརྩེགས་པ་རེ་རེ། དབུས་ཀྱི་གདན་གྱི་སྟེང་དུ་རིགས་འདུས་བླ་མ་རྡོ་རྗེ་སེམས་དཔའ་རིག་པའི་ཡེ་ཤེས་སྐུ་མདོག་མཐིང་ག་གཡས་རྡོ་རྗེ་འཛིན་པ་ཡུམ་རྡོ་རྗེ་དབྱིངས་ཕྱུག་མ་དང་མཉམ་པར་སྦྱོར་བ། ཤར་དུ་རྣམ་སྣང་རིག་པའི་ཡེ་ཤེས་དཀར་པོ་གཡས་འཁོར་ལོ་འཛིན་པ། ཡུམ་དེ་བཞིན་དབྱིངས་ཕྱུག་མ་དང་མཉམ་པར་སྦྱོར་བ། ལྷོར་རིན་འབྱུང་རིག་པའི་ཡེ་ཤེས་སེར་པོ་གཡས་རིན་པོ་ཆེ་འཛིན་པ། ཡུམ་རིན་ཆེན་དབྱིངས་ཕྱུག་མ་དང་མཉམ་པར་སྦྱོར་བ། ནུབ་ཏུ་སྣང་མཐའ་རིག་པའི་ཡེ་ཤེས་དམར་པོ་གཡས་པདྨ་འཛིན་པ། ཡུམ་པདྨ་དབྱིངས་ཕྱུག་མ་དང་མཉམ་པར་སྦྱོར་བ། བྱང་དུ་དོན་གྲུབ་རིག་པའི་ཡེ་ཤེས་ལྗང་གུ་གཡས་རྒྱ་གྲམ་བསྣམས་པ། ཡུམ་ལས་ཀྱི་དབྱིངས་ཕྱུག་མ་དང་མཉམ་པར་སྦྱོར་བ། ཡབ་ཡུམ་རྣམས་ཞལ་གཅིག་ཕྱག་གཉིས་པ། ཡབ་རྣམས་ཀྱི་གཡས་པས་རང་རང་གི་ཕྱག་མཚན་སྐྱབས་སྦྱིན་གྱི་ཕྱག་རྒྱས་འཛིན་ཅིང་། གཡོན་པས་མཉམ་གཞག་སྟེང་ན་བདུད་རྩིས་གང་བའི་ཐོད་པ་འཛིན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་ཁྲོ་འཛུམ་འགྱིང་ལྡེམ་སྒེག་པའི་ཉམས་ཅན། དབུ་སྐྲ་ཐོར་ཅོག་དར་དང་རིན་པོ་ཆེས་བརྒྱན་པ། འཁོར་ལོས་སྒྱུར་བའི་ཆ་ལུགས་ཅན་གྱི་པང་དུ་ཡུམ་རྣམས་གྲི་ཐོད་འཛིན་པས་ཡབ་ལ་འཁྱུད་པ། འོད་དང་འོད་ཟེར་རབ་ཏུ་འབར་བའི་ཀློང་ན་རོལ་པའི་འཁོར་དུ་བླ་མ་རིག་འཛིན་ཡི་དམ་ཞི་ཁྲོ་དཔའ་བོ་མཁའ་འགྲོ་སྨན་གྱི་དྲང་སྲོང་། སྨན་སྐྱོང་སྲུང་མ་རྒྱ་མཚོས་སྤྲིན་གཏིབས་པ་ལྟར་བསྐོར་ཏེ་བཞུགས་པ་ཐམས་ཅད་གསལ་བར་མཇལ་བར་མོས་ལ་དད་པ་དང་སྤྲོ་བ་རྒྱ་ཆེན་པོ་སྐྱེད་ཅིག །གསང་ཆེན་རྒྱལ་བའི་དཀྱིལ་འཁོར་འདི། །ལན་གཅིག་མཐོང་བ་ཙམ་གྱིས་ཀྱང་། །གྲངས་མེད་བསྐལ་པའི་སྡིག་པ་འདག །སྔགས་ཚུལ་སྤྱོད་ན་སྨོས་ཅི་དགོས། །ཞེས་བརྗོད། དྲུག་པ་བྱིན་འབེབ་ནི། རྩ་སྔགས་ཀྱིས་བྱིན་གྱིས་བརླབས་པའི་ནས་དང་བདུད་རྩི། གུ་གུལ་ཤ་ཆེན་ཡུངས་དཀར་སྤོས་དཀར་བྱི་ལའི་བྲུན་ཅུང་ཟད་སྦྱར་བའི་སྤོས་རྣམས་འདུ་བྱས་ལ། དེ་ནས་དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པ་ཞུ་བའི་ཡོན་དུ་མཎྜལ་ཕུལ། སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ་བཅོམ་ལྡན་རྡོ་རྗེ་འཛིན། །སངས་རྒྱས་ཀུན་གྱི་གསང་བའི་མཛོད། །རང་ལ་གནས་པའི་ཡེ་ཤེས་མཆོག །དོ་ནུབ་རང་སར་དབབ་ཏུ་གསོལ། །ཞེས་བརྗོད་དུ་གཞུག །དེ་ནས་ཁྱེད་རང་རྣམས་ལུས་དྲང་པོར་བསྲང་། ངག་རླུང་ཁ་སྦྱོར་དུ་བཅིང་། སེམས་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད་ཅིག །གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་ཉིད་སྤྲོས་བྲལ་ནམ་མཁའ་ལྟ་བུར་གྱུར། དེའི་ངང་ལས་པདྨ་དང་ཉི་ཟླའི་གདན་ལ་ཁྱེད་རང་རྣམས་སྐད་ཅིག་ཙམ་གྱིས་རིགས་འདུས་བླ་མ་སྨན་པའི་རྒྱལ་པོ་རྡོར་སེམས་རིག་པའི་ཡེ་ཤེས་སྐུ་མདོག་མཐིང་ནག་རྡོ་རྗེ་དང་ཐོད་པ་འཛིན་པ། ཡུམ་རྡོ་རྗེ་དབྱིངས་ཕྱུག་མ་དང་མཉམ་པར་སྦྱོར་བའི་སྐུར་གསལ་བའི་ངང་ནས་བླ་མ་ལ་གུས་འདུད་བྱས་པས་བླ་མའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་སེམས་མདུན་བསྐྱེད་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཕོག་པས་ཐུགས་རྒྱུད་བསྐུལ། སྐུ་གསུང་ཐུགས་རྡོ་རྗེ་ཡེ་ཤེས་དང་བྱིན་རླབས་ཐམས་ཅད་རྩ་བ་གསུམ་གྱི་ལྷ་ཚོགས་ཀྱི་སྐུ་ཕྱག་རྒྱ་གསུང་ཡིག་འབྲུ་ཐུགས་ཕྱག་མཚན་གྱི་རྣམ་པ་ཆར་དྲག་ཏུ་བབས་པ་ལྟར་བྱོན་པ་དང་། གཞན་ཡང་སྨན་གྱི་ལྷ་དང་ལྷ་མོ་དྲང་སྲོང་རིག་འཛིན་ཆོས་སྐྱོང་བ་ཐམས་ཅད་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་ཀྱང་འུབ་ཀྱིས་བསྡུས་ཏེ་ཁ་བ་བུ་ཡུག་འཚུབས་པ་བཞིན་བྱོན་ནས་ཁྱེད་རང་གི་སྤྱི་བོའི་གཙུག་དང་། བ་སྤུའི་བུ་ག་ནས་སིབ་སིབ་ཐིམ་པའི་མོས་པ་མཛོད་ཅིག །འབེབ་རྫས་བདུག །དབྱངས་རོལ་བཅས་ལས་བྱང་ལྟར་བྱིན་འབེབ་གྱེར། རྩ་སྔགས་བརྗོད་ཅིང་ནས་དང་བདུད་རྩི་འཐོར། རོལ་མོ་དྲག་ཏུ་བྱའོ། །དེ་ལྟར་ཡེ་ཤེས་པ་ཕབ་པས་བྱིན་གྱིས་བརླབས་པའི་རྟགས་སུ་ལུས་ལ་གར་ཉམས། ངག་ལ་སྔགས་སྒྲ །སེམས་ལ་ཏིང་ངེ་འཛིན་སྐྱེ་བ་སོགས་འབྱུང་བས། དེ་མ་བརྗེད་པར་བྱས་ནས་ལམ་གྱི་གནས་སྐབས་སུ་སྐྱོང་བར་གྱིས་ཤིག །དེ་ཉིད་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པའི་མོས་པ་མཛོད། རྩ་སྔགས་བརྗོད་ལ་འབྲུ་འཐོར། དེ་དག་གིས་འཇུག་པའི་ཆོས་ཡོངས་སུ་རྫོགས་པ་གྲུབ་པ་ལགས། གཉིས་པ་དངོས་གཞི་དབང་བསྐུར་བ་ལ་བཞི། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དོ། །དང་པོ་ཕྱིའི་དབང་བསྐུར་ལ། ཅོད་པན་བུམ་པ་དབུ་རྒྱན་དང། །གོས་རྒྱན་མཆོད་པ་སྨན་གཞུང་སྨན། །ཆ་དཔྱད་ཕྱག་མཚན་དགུ་རྣམས་སོ། །དང་པོ་ནི། ཞུགས་ནས་མངོན་པར་དབང་བསྐུར་བ་རིམ་པར་བསྒྲུབ་པ་ལས་ཐོག་མར་ཕྱིའི་དབང་བསྐུར་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧཱུྃ། རིགས་འདུས་རྒྱལ་བ་རྡོ་རྗེ་སེམས། །རང་རིག་ཆོས་སྐུའི་བླ་མ་ལ། །སྒོ་གསུམ་གུས་པས་གསོལ་བ་འདེབས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཞུ། །ལན་གསུམ། ཅོད་པན་དཀྱིལ་འཁོར་གྱི་ཤར་ཕྱོགས་ནས་དབུས་སུ་འདོར་བར་གསུངས་པ་ལྟར་རམ། མི་བདེ་ན་རྙིང་མ་སྤྱི་ལུགས་ལྟར་འགྲིམས་དཀྱིལ་འདུ་བྱས་ལ། འདི་ན་བཞུགས་པའི་རིགས་འདུས་སྨན་རྒྱལ་གྱི་དཀྱིལ་འཁོར་པ་རྣམས་གདུལ་བྱའི་དོན་དུ་གཙོ་འཁོར་གྱི་རྣམ་པར་སྤྲུལ་པ་ཙམ་མ་གཏོགས་ངོ་བོ་ལ་བཟང་ངན་མེད་པས། རང་རང་གིས་ལས་བསགས་པའི་ལྷ་ཞིག་ལ་འབབ་པར་ཤོག་ཅིག་སྙམ་པས་འདིའི་རྗེས་ཟློས་མཛད་བཞིན་དུ་དར་གྱི་ཅོད་པན་མེ་ཏོག་དང་བཅས་པ་དཀྱིལ་འཁོར་ལ་ལྟོས་མེད་དུ་འདོར་བར་ཞུ། བདག་གི་མེ་ཏོག་འདི་དོར་བས། །སྔོན་ཚེ་ཚེ་རབས་གྲངས་མེད་ནས། །རྗེས་སུ་བཟུང་བའི་ཡི་དམ་ལྷ། །གང་ཡིན་དེ་ལ་ཕོག་པར་ཤོག །པུཥྤེ་པྲ་ཏཱིཙྪ་ཧོཿ གང་ལ་བབས་པའི་རིགས་ངེས་པར་བྱས་ནས་གསང་མཚན་གདགས་ཤིང་ཡི་དམ་འབོགས་པར་གསུངས་ཀྱང་སྤྱི་ཙམ་དུ། ལྷ་དང་སློབ་དཔོན་དབྱེར་མེད་པས་མེ་ཏོག་དང་བཅས་པའི་ཅོད་པན་ཁྱེད་རང་རྣམས་ཀྱི་སྤྱི་བོར་སླར་བཅིངས་ཏེ་དབང་དང་པོ་ཅོད་པན་གྱི་དབང་ཐོབ་པར་མོས་ཤིག །ཅོད་པན་མེ་ཏོག་བཅས་སློབ་མའི་སྤྱི་བོར་བཞག་ལ། སྔོན་འབྲེལ་ལྷ་ཡིས་བྱིན་གྱིས་རློབས། །བར་ཆད་བདུད་ལས་རྒྱལ་བའི་རྟགས། །ཆོས་སྒྲ་རྒྱལ་བའི་ཞིང་དུ་སྒྲོགས། །ཅོད་པན་མིང་བཅས་དབང་ཐོབ་ཤོག །པུཥྤེ་པྲ་ཏཱིཙྪ་ཨ་བྷི་ཥིཉྩ་ཧཱུྃ། ཁྱེད་རྣམས་ཀྱི་མེ་ཏོག་གཙོ་བོ་ལ་ཕོག་པ་ཡིན་པས། ད་ཕྱིན་ཆད་ཁྱེད་རྣམས་ཀྱི་མིང་ལ་དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ཡིན་ནོ། །ཞེས་གདགས་སོ། །གཉིས་པ་བུམ་པ་ནི། རྣམ་བུམ་ཐོགས་ལ། བུམ་པ་འདི་ཉིད་ཕྱི་རིན་པོ་ཆེ་ལས་གྲུབ་པའི་བུམ་པ་ཚད་ལྡན། ནང་ཡེ་ཤེས་ལྷའི་གཞལ་ཡས་ཁང་གི་ནང་དུ་རྩ་བ་གསུམ་གྱི་ལྷ་ཚོགས་འོད་དུ་ཞུ་བའི་བདུད་རྩིས་གང་བ། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་བླུགས་པས་ཐོག་མེད་དུས་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་བག་ཆགས་ཐམས་ཅད་བཀྲུས། རྒྱལ་བའི་ཐུགས་རྗེའི་བདུད་རྩིའི་ཆུས་ལུས་གང་། སྣོད་བཅུད་ལྷ་རུ་དག་པའི་བུམ་དབང་ཐོབ་པར་མོས་ཤིག །ཨོཾ། སྤྲོས་བྲལ་ཆོས་སྐུའི་ཁོར་ཡུག་བུམ་པ་ཟླུམ། །ནང་ནི་ཡེ་ཤེས་ལྷ་ཡི་བདུད་རྩིས་གང་། །སྐལ་ལྡན་བུ་ལ་བུམ་པའི་དབང་བསྐུར་བས། །སྒྲིབ་གཉིས་རབ་བཀྲུས་རིགས་ལྔའི་དབང་རྫོགས་ཤོག །ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་མུ་དྲ་ཨ་བྷི་ཥིཉྩ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཞེས་བརྗོད་ལ་བུམ་དབང་བསྐུར། བུམ་ཆུ་སྤྱི་བོར་བླུགས་ཤིང་ངག་ཏུ་བླུད། གསུམ་པ་དབུ་རྒྱན་ནི། དབུ་རྒྱན་ཐོགས་ལ། རིན་པོ་ཆེའི་པྲོག་ཞུ་རིགས་ལྔའི་ཕྱག་མཚན་སྙིང་པོར་བཅས་པས་དབང་བསྐུར་བས། སྣོད་ཀྱི་འཇིག་རྟེན་ཕྱོགས་བཞི་དབུས་ལྔ་གནས་འགྱུར་རྡོ་རྗེ་ལ་སོགས་པའི་ཁང་པ་ལྔར་བྱས། རིགས་ལྔ་ཡེ་ཤེས་ལྔའི་བཞུགས་གནས་བྱིན་རླབས་ཀུན་འབྱུང་བྱ་བ་ཐམས་ཅད་ལ་དབང་བསྒྱུར་བའི་ཡེ་ཤེས་ཀྱི་སྐུ་དང་ལྡན་པར་མོས་ཤིག །ཧཱུྃ། འཁོར་ལོ་རིན་ཆེན་རྡོ་རྗེ་པདྨ་དང་། །རྒྱ་གྲམ་སངས་རྒྱས་བཞུགས་གནས་རིན་ཆེན་འོད། །རབ་མཛེས་རིན་ཆེན་པྲོག་ཞུའི་དབང་བསྐུར་བས། །སྐུ་ལྔ་རིགས་ལྔ་ཡེ་ཤེས་ལྔ་ཐོབ་ཤོག །ཨོཾ་བཛྲ་བུདྡྷ་རཏྣ་པདྨ་ཀརྨ་མུ་ཀུ་ཏ་ཏྲཱཾ་ཨ་བྷི་ཥིཉྩ་ཨཱཿ ཞེས་མགོར་བཅིང་། བཞི་པ་གོས་རྒྱན་ནི། དར་དང་རིན་པོ་ཆེའི་རྒྱན་ཐོགས་ལ། སྟོད་སྨད་གོས་རྒྱན་རྣམས་ཀྱིས་དབང་བསྐུར་བས་མི་བརྗེད་པའི་གཟུངས་ཐོབ་ཅིང་བདུད་དཔུང་ཟིལ་གྱིས་གནོན་པ་སོགས་ཚིག་དོན་དང་མཐུན་པའི་ཡོན་ཏན་རྒྱུད་ལ་སྐྱེས་པར་མོས་ཤིག །ཧཱུྃ། ཕྲེང་བ་སྙན་ཆ་མགུལ་ཆུ་དོ་ཤལ་དང་། །དཔུང་རྒྱན་སེ་མོ་དོ་དང་གདུ་བུ་དང་། །སྟོད་སྨད་གོས་རྒྱན་མཛེས་པའི་དབང་བསྐུར་བས། །མི་བརྗེད་གཟུངས་ཐོབ་བདུད་དཔུང་ཟིལ་གནོན་པ། །མི་སྙན་སྐྱོན་བྲལ་ཡེ་ཤེས་དབྱིངས་སུ་འཁོར། །དབྱིངས་རིག་དང་འབྲེལ་སྣ་ཚོགས་སྤྲུལ་སྐུར་འཆར། །ཐབས་ཤེས་དཔུང་ལྡན་གསང་སྔགས་རྨད་དུ་བྱུང་། །ཆོས་ཀྱི་ཁྲིམས་ལྡན་ཉོན་མོངས་ཚ་གྲང་སྐྱོབ། །སྙིང་པོའི་ཆོས་འཁོར་བསྐོར་ཕྱིར་གདུ་བུ་སྟེ། །རྟགས་ལ་བརྟེན་ནས་དོན་མཐོང་དབང་ཐོབ་ཤོག །སརྦ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད་ཅིང་ལུས་ལ་བསྐོན་ཚུལ་བྱ། ལྔ་པ་མཆོད་པ་ནི། སྨན་རཀ་གཏོར་གསུམ་ཐོད་རྔ་བཅས་སྣོད་གཅིག་ཏུ་བསྡུས་ལ། ནང་མཆོད་རོལ་མོར་བཅས་པའི་དབང་བྱིན་པས་ལྷ་མཆོད་ཅིང་མཁའ་འགྲོ་དམ་ཅན་དབང་དུ་སྡུད་པ་དང་། ཕྲིན་ལས་རྣམ་བཞིས་འགྲོ་བ་འདུལ་བའི་དབང་ཐོབ་པར་མོས་ཤིག །ཧཱུྃ། རིགས་ལྔ་ཡབ་ཡུམ་སྦྱོར་བའི་བདུད་རྩི་དང་། །འཁོར་བ་དབྱིངས་སུ་བསྒྲལ་པའི་རཀྟ་མཆོག །འདོད་ཡོན་ལྷ་མོས་བརྒྱན་པའི་གཏོར་ཚོགས་དང་། །གྲགས་སྟོང་སྒྲ་འབྱིན་རྔ་ཆེན་དབང་བསྐུར་བས། །རྩ་བ་གསུམ་གྱི་ཐུགས་དམ་དབྱིངས་སུ་བསྐང་། །དམ་ཅན་བཀའ་སྲུང་དབང་སྡུད་བྲན་དུ་ཁོལ། །དགྲ་བགེགས་ལོག་རྟོག་བདུད་དཔུང་ཐལ་བར་རློག །ཕྲིན་ལས་རྣམ་བཞིས་འགྲོ་འདུལ་དབང་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་རཀྟ་བ་ལིཾ་ཏ་ཌཱ་མ་རུ་སརྦ་པཱུ་ཛ་ས་མ་ཡ་ཨ་བྷི་ཥིཉྩ་སིདྡྷི་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་སྤྱི་བོ་དང་ལག་ཏུ་སྦྱིན། དྲུག་པ་སྨན་གཞུང་ནི། རྒྱུད་ཆ་ལག་དང་བཅས་པའི་གླེགས་བམ་ཐོགས་ལ། རྡོ་རྗེ་སློབ་དཔོན་རིགས་འདུས་རྒྱལ་བའི་སྐུ་གུ་ཎ་དེ་ཉིད་སྐད་ཅིག་གིས་སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྻ་འོད་ཀྱི་རྒྱལ་པོ་ཞེས་བྱ་བ། སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་པ་གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱས་སྨན་མཆོག་ཨ་རུ་ར་དང་རྡོ་རྗེ་བསྣམས་པ། གཡོན་མཉམ་གཞག་གི་སྟེང་དུ་ལྷུང་བཟེད་སྨན་གྱི་བདུད་རྩིས་གང་བ་བསྣམས་པ། ན་བཟའ་ཆོས་གོས་རྣམ་གསུམ་གསོལ་བ། མཚན་དཔེས་སྤྲས་ཤིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར་པ་ལ། རིགས་གསུམ་མགོན་པོ་ལ་སོགས་ནང་པའི་འཁོར་དང་། རྒྱུན་ཤེས་ཀྱི་བུ་ལ་སོགས་དྲང་སྲོང་གི་འཁོར་དང་། ཚངས་པ་དང་བརྒྱ་བྱིན་ལ་སོགས་ལྷའི་འཁོར་དང་། མ་ཧཱ་དེ་བ་ལ་སོགས་ཕྱི་པའི་འཁོར་དང་། འབྱུང་བ་ལྔའི་སྨན་གྱི་ལྷ་མོ་དང་། རིག་པ་འཛིན་པའི་འཁོར་དཔག་ཏུ་མེད་པས་བསྐོར་བ་སྤྲིན་ཕུང་འཁྲིགས་པ་ལྟར་བསྒོམས་པའི་སྨན་རྒྱལ་གྱི་སྤྱི་བོ་ནས་རྣམ་སྣང་རིག་པའི་ཡེ་ཤེས། ཐུགས་ཀ་ནས་རྡོར་སེམས་རིག་པའི་ཡེ་ཤེས། ལྟེ་བ་ནས་རིན་འབྱུང་རིག་པའི་ཡེ་ཤེས། གསང་བ་ནས་དོན་གྲུབ་རིག་པའི་ཡེ་ཤེས་བཞི་རྒྱལ་བ་རིགས་བཞིའི་རྣམ་པ་ཅན་དང་། མགྲིན་པ་ནས་ཡིད་ལས་སྐྱེས་འོད་དཔག་མེད་ཀྱི་རྣམ་པར་སྤྲུལ། ཡིད་ལས་སྐྱེས་ཀྱིས་ཞུས་ཆེན་མཛད། རྡོར་སེམས་རིག་པའི་ཡེ་ཤེས་ཀྱིས་རྩ་བ་ཐུགས་ཀྱི་རྒྱུད་དང་། རྣམ་སྣང་རིག་པའི་ཡེ་ཤེས་ཀྱིས་བཤད་པ་སྐུའི་རྒྱུད་དང་། རིན་འབྱུང་རིག་པའི་ཡེ་ཤེས་ཀྱིས་མན་ངག་ཡོན་ཏན་གྱི་རྒྱུད་དང་། དོན་གྲུབ་རིག་པའི་ཡེ་ཤེས་ཀྱིས་ཕྱི་མ་ཕྲིན་ལས་ཀྱི་རྒྱུད་བཞི་པོ་རིམ་པ་བཞིན་ལུང་ཕོག །རྗེས་སུ་གནང་། བཀའ་གཏད་དེ། བཞི་པོ་དེ་དག་ཀྱང་ཡིག་འབྲུ་མཐིང་ཀ་དཀར་སེར་དམར་ལྗང་གི་རྣམ་པ་ནམ་མཁའ་ནས་ཆར་ལྟ་བུར་བབས། ཁྱེད་རང་རྣམས་ཀྱི་སྤྱི་བོ་སྙིང་ག་ལྟེ་བ་གསང་གནས་རྣམས་སུ་ཐིམ་པས་དེའི་ཚིག་དོན་རྒྱུད་ལ་བཀྲ་ལམ་ལམ་སྐྱེས་པར་མོས་ཤིག །དེའི་རྗེས་སུ་འཁོར་ཚོགས་དེ་རྣམས་ཐམས་ཅད་ཀྱིས་ཀྱང་རང་ལུགས་ཀྱི་གསོ་བའི་གཞུང་ཐམས་ཅད་ཀྱི་ལུང་ཕོག །དེ་ཡང་དབྱངས་གསལ་གྱི་ཡི་གེ་དཀར་དམར་འོད་ཀྱི་རང་བཞིན་དུ་བྱས་རང་ལ་ཐིམ། མཐར་འཁོར་གཞན་ཐམས་ཅད་ཡིད་ལས་སྐྱེས་ལ་ཐིམ། དེའང་ཁྱེད་རང་རྣམས་ཀྱི་མགྲིན་པར་འོད་དམར་པོར་ཞུ་ནས་ཐིམ་པས་རྒྱུད་བཞིའི་དོན་མ་ལུས་པར་ཁོང་དུ་ཆུད། ཚིག་འཆད་པ་ལ་ཐོགས་པ་མེད་པར་གྱུར་སྙམ་པའི་ང་རྒྱལ་གྱིས་ཤིག །དེ་ནས་རིག་པའི་ཡེ་ཤེས་བཞི་སྨན་རྒྱལ་ལ་ཐིམ། དེ་རང་གི་སྤྱི་བོ་ནས་འོད་དུ་ཞུ་བ་ཐིམ་པས་ཆུ་ལ་ཆུ་བཞག་པ་བཞིན་དབྱེར་མེད་དུ་གྱུར་པར་མོས་ཤིག །གླེགས་བམ་མགོར་བཞག་ལ། འགྲོ་ལྔ་མ་རིག་དུག་ལྔའི་རྒྱུ་ལས་ནི། །རླུང་མཁྲིས་བད་ཀན་ལྡན་འདུས་ནད་ལྔས་གཟིར། །དེ་དག་ཡེ་ཤེས་ལྔ་དང་སྨན་སྦྱོར་ལྔས། །རྒྱུ་དང་འབྲས་བུ་ལྔ་ལྔའི་ནད་སེལ་བ། །རིག་པའི་ཡེ་ཤེས་ལྔ་ལས་བྱུང་གྱུར་པའི། །རྒྱུད་ཆེན་སྡེ་བཞི་མཇུག་དོན་བཅས་པ་ལྔ། །བཅོ་བརྒྱད་ཆ་ལག་དང་བཅས་གསོ་དཔྱད་ཀྱི། །གཞུང་གདམས་མ་ལུས་ཀུན་འདུས་དབང་བསྐུར་བས། །ཚིག་དོན་ཇི་བཞིན་རྟོགས་པའི་དབང་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་ཨ་མྲྀཏ་ཧྲྀ་ད་ཡ་ཨངྒ་ཨཥྚ་གུ་ཧྱ་ཨུ་པ་དེ་ཤ་ཏནྟྲ་སརྦ་ཨ་བྷི་ཥིཉྩ་ཧཱུྃ། ལག་ཏུ་གཏད་ལ། གསོ་བ་རིག་པའི་གཞུང་ལུགས་མཐོང་ངོ་ཅོག་གི་ལུང་ཐོབ། དེ་དག་གི་དོན་རྟོགས་ནས་འགྲོ་བའི་དོན་བྱེད་པའི་མཐུ་ཐོབ་པར་མོས་ཤིག །དེང་ཕྱིན་ཆད་རྒྱུད་བཞི་ཆ་ལག་དང་བཅས་པའི་བཤད་སྲོལ་སྐྱོངས་ལ་འགྲོ་བའི་དོན་རྒྱ་ཆེན་པོ་གྱིས་ཤིག །བདུན་པ་སྨན་ནི། སྨན་གྱི་ཀ་པཱ་ལ་ཐོགས་ལ། ཀ་པཱ་ལ་མེ་ལོང་སྨན་དང་བཅས་པ་བདུད་རྩིའི་རང་བཞིན་དུ་བྱིན་གྱིས་བརླབས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པས་སྣང་སྲིད་བདུད་རྩི་སྨན་གྱི་རང་བཞིན་དུ་རྟོགས་ནས། རྒྱུ་དང་འབྲས་བུས་བསྡུས་པའི་ནད་ཀྱི་ཟུག་རྔུ་སེལ་བར་བྱེད་པའི་དབང་ཐོབ་པར་མོས་ཤིག །ཀ་པཱ་ལ་ནི་ཕྱི་སྣོད་འཇིག་རྟེན་ཁམས། །ས་ཆུ་མེ་རླུང་སྨན་རྣམས་བསྐྱེད་པའི་གཞི། །བདུད་རྩིས་གང་བ་ནང་བཅུད་སེམས་ཅན་ཏེ། །ཤ་ཁྲག་དྲོད་དབུགས་སྨན་དུ་མ་གྱུར་མེད། །མེ་ལོང་བསིལ་དྲོད་སོ་སོར་འཆར་བའི་བརྡ། །ཉོན་མོངས་ཆགས་སྡང་གིས་བསྐྱེད་ཚ་གྲང་ནད། །ཐབས་ཤེས་ག་པུར་ཤིང་ཀུན་སྨན་གྱིས་སེལ། །གཏི་མུག་ཆགས་སྡང་འདྲེས་པས་ཚ་གྲང་འཐབ། །བསྐྱེད་རྫོགས་ཟུང་འཇུག་ཨ་རུས་འདུ་བ་སྙོམ། །འགྲོ་དྲུག་མ་རིག་དོན་ལྔ་སྣོད་དྲུག་ནད། །ཕར་ཕྱིན་དྲུག་དང་བཟང་པོ་དྲུག་གིས་འཇོམས། །སྣང་སྲིད་འཁོར་འདས་བདུད་རྩི་ཆེན་པོའི་ཀློང་། །མ་ལུས་སྨན་གྱི་དབང་མཆོག་འདི་བསྐུར་བས། །རྒྱུ་འབྲས་ནད་རྣམས་ཀུན་སེལ་དབང་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་སྤྱི་བོར་བཞག །དེ་ནས། ནང་མཆོད་དེ་ལྕེ་ལ་བླུགས་པས། རང་ལུས་ཀྱི་ནང་འགྲོ་བ་རིགས་དྲུག་གིས་གང་བ་བདུད་རྩི་འཐུངས་པས་རྒྱུ་འབྲས་ནད་རྣམས་གྲོལ་བར་མོས་མཛོད། བརྒྱད་པ་ཆ་དཔྱད་ནི། ཆ་དཔྱད་རྣམས་གཏད་ལ། ཆ་དཔྱད་རྣམས་གཏད་པས་རྒྱུ་ཉོན་མོངས་པ་དང་འབྲས་བུ་དེས་བསྐྱེད་པའི་ནད་རྣམས་བཙན་ཐབས་སུ་ཡུལ་ནས་འདོན་པའི་མཐུ་ཐོབ་པར་མོས་ཤིག །ཧཱུྃ། ཡེ་ཤེས་གཙགས་ཆས་དུག་གསུམ་རྣག་ཁྲག་འབུག །གཏུམ་མོའི་མེ་བཙས་གཟུང་འཛིན་ཟུག་གཟེར་སྲེག །དྲན་པའི་སྐམ་པས་རྣམ་རྟོག་མདེ་འུ་དབྱུང་། །ཤེས་རབ་རལ་གྲིས་བདག་འཛིན་ཤ་རོ་གཅོད། །ཉམས་མྱོང་ཀྱུང་བུས་ཉོན་མོངས་རུས་སྐྱོན་བརྡར། །བསྐྱེད་རྫོགས་ཐུར་མས་མ་རིག་རབ་རིབ་དང་། །སྣང་ལོག་རང་འཁྲུལ་སྙིང་རླུང་སེལ་བར་བྱེད། །སྙན་བརྒྱུད་ཆ་དཔྱད་ཀུན་འདུས་དབང་བསྐུར་བས། །རྒྱུ་འབྲས་ནད་ཡུལ་འབྱིན་པའི་དབང་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་སུ་ཁ་ཀ་ར་ཨ་བྷི་ཥིཉྩ་ཧཱུྃ། དགུ་པ་ཕྱག་མཚན་ནི། རིགས་ལྔའི་ཕྱག་མཚན་དང་གྲི་གུག་ལག་གཡས་སུ་གཏད། བདུད་རྩིའི་ལྷུང་བཟེད་དང་ཐོད་ཁྲག་ལག་གཡོན་དུ་གཏད་ལ། རིགས་ལྔ་དང་རྟ་ཕག་ཡབ་ཡུམ་གྱི་ཕྱག་མཚན་གཏད་པས་དུག་ལྔ་དང་གཟུང་འཛིན་གྱི་འཁྲུལ་རྟོག་བཅོམ་ནས་ཡེ་ཤེས་ལྔ་དང་བདེ་བ་ཆེན་པོའི་རང་བཞིན་མངོན་དུ་གྱུར་པའི་མོས་པ་མཛོད། ཨོཾ། ཆོས་དབྱིངས་སྨན་གྱི་འཁོར་ལོས་གཏི་མུག་ནད་རྒྱུན་གཅོད། ཧཱུྃ། མེ་ལོང་ཡེ་ཤེས་རྡོ་རྗེས་ཞེ་སྡང་བྲག་རི་འཇོམས། སྭཱ། མཉམ་ཉིད་ཡིད་བཞིན་ནོར་བུས་ང་རྒྱལ་དབུལ་ཕོངས་སེལ། །ཨཱཿ སོར་རྟོག་པདྨོའི་བཅུད་ཀྱིས་ཆགས་སྲེད་རང་སར་གྲོལ། །ཧཱ། བྱ་གྲུབ་རྒྱ་གྲམ་བརྗིད་པས་ཕྲག་དོག་རླུང་དམར་འཇོམས། །སྟོང་ཉིད་ལྷུང་བཟེད་ནང་དུ་བདེ་ཆེན་བདུད་རྩིས་གང་། །མ་རུངས་ཚར་གཅོད་རྗེས་འཛིན་གྲི་གུག་ཐོད་པར་བཅས། །དཔལ་ལྡན་རིགས་འདུས་རྒྱལ་བའི་ཕྱག་མཚན་དབང་བསྐུར་བས། །དུག་ལྔའི་དགྲ་བཅོམ་རིགས་ལྔའི་རྟེན་དབང་མཆོག་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧཱུྃ། གཉིས་པ་ནང་དབང་ལ། ལྷ་དང་ནན་ཏན་ཡེ་ཤེས་དབང་། །དྲང་སྲོང་བཀའ་སྲུང་དབང་ལྔ་འོ། །དེ་ལ་དང་པོ་ལྷ་དབང་ནི། གཉིས་པ་ནང་ལྷ་དབང་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧཱུྃ། རིགས་འདུས་སངས་རྒྱས་ཀུན་གྱི་གཙོ། །རྡོ་རྗེ་འཛིན་པའི་བཀའ་དྲིན་གྱིས། །བླ་མེད་ཕྱི་དབང་རྫོགས་པར་ཐོབ། །ད་ནི་བླ་མེད་ནང་གི་དབང་། །བདག་ལ་བཀའ་དྲིན་བསྩལ་དུ་གསོལ། །ལན་གསུམ། དེ་ནས་སྐུ་རྟེན་རྣམས་རེ་རེ་བཞིན་གནས་སོ་སོའམ་ཐམས་ཅད་སྤྱི་བོར་བཞག་ལ། སློབ་དཔོན་དང་མདུན་བསྐྱེད་ཐ་མི་དད་པའི་དབུས་ཀྱི་གཙོ་བོ་རྡོར་སེམས་རིག་པའི་ཡེ་ཤེས་ཀྱི་ཐུགས་ཀ་ནས་དེ་འདྲ་བ་རེ་རེ་བྱུང་སྟེ། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པའི་མོས་པ་མཛོད། ཧཱུྃ། ཐུགས་སྤྲུལ་མི་བསྐྱོད་རིག་པའི་ཡེ་ཤེས་མཐིང་། །མཚན་དཔེ་རྒྱན་རྫོགས་རྡོ་རྗེ་ལྷུང་བཟེད་བསྣམས། །རྩ་རྒྱུད་སྟོན་མཛད་མེ་ལོང་ཡེ་ཤེས་དང་། །ཞེ་སྡང་རྒྱུ་འབྲས་ནད་སེལ་དབང་བསྐུར་རོ། །ཨོཾ་ཨཱཿབཛྲ་གུ་རུ་གུ་ཎ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ། ཤར་ནས་རྣམ་སྣང་རིག་པའི་ཡེ་ཤེས་ཀྱི་སྐུ་ལས་དེ་འདྲ་བ་རེ་བྱུང་ནས་ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པར་མོས་ཤིག །སྐུ་སྤྲུལ་རྣམ་སྣང་རིག་པའི་ཡེ་ཤེས་དཀར། །མཚན་དཔེ་རྒྱན་རྫོགས་འཁོར་ལོ་ལྷུང་བཟེད་བསྣམས། །བཤད་རྒྱུད་སྟོན་མཛད་ཆོས་དབྱིངས་ཡེ་ཤེས་དང་། །གཏི་མུག་རྒྱུ་འབྲས་ནད་སེལ་དབང་བསྐུར་རོ། །ཨོཾ་ཨཱཿབུདྡྷ་གུ་རུ་གུ་ཎ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ། ནུབ་ནས་སྣང་མཐའ་རིག་པའི་ཡེ་ཤེས་ཀྱི་གསུང་ལས་དེ་འདྲ་བ་རེ་བྱུང་ནས་མགྲིན་པར་ཐིམ་པར་མོས་ཤིག །གསུང་སྤྲུལ་མཐའ་ཡས་ཡིད་ལས་སྐྱེས་པ་དམར། །མཚན་དཔེ་རྒྱན་རྫོགས་པདྨ་ལྷུང་བཟེད་བསྣམས། །རྒྱུད་ཀྱི་ཞུ་ཆེན་སོར་རྟོག་ཡེ་ཤེས་དང་། །འདོད་ཆགས་རྒྱུ་འབྲས་ནད་སེལ་དབང་བསྐུར་རོ། །ཨོཾ་ཨཱཿཔདྨ་གུ་རུ་གུ་ཎ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ། ལྷོ་ནས་རིན་འབྱུང་རིག་པའི་ཡེ་ཤེས་ཀྱི་ཡོན་ཏན་ལས་དེ་འདྲ་བ་རེ་བྱུང་ནས་ལྟེ་བར་ཐིམ་པར་མོས་ཤིག །ཡོན་ཏན་རིན་འབྱུང་རིག་པའི་ཡེ་ཤེས་སེར། །མཚན་དཔེ་རྒྱན་རྫོགས་རིན་ཆེན་ལྷུང་བཟེད་བསྣམས། །མན་ངག་རྒྱུད་སྟོན་མཉམ་ཉིད་ཡེ་ཤེས་དང་། །ང་རྒྱལ་རྒྱུ་འབྲས་ནད་སེལ་དབང་བསྐུར་རོ། །ཨོཾ་ཨཱཿརཏྣ་གུ་རུ་གུ་ཎ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ། བྱང་ནས་དོན་གྲུབ་རིག་པའི་ཡེ་ཤེས་ཀྱི་ཕྲིན་ལས་ལས་དེ་འདྲ་རེ་བྱུང་ནས་གསང་གནས་སུ་ཐིམ་པར་མོས་ཤིག །ཕྲིན་ལས་དོན་གྲུབ་རིག་པའི་ཡེ་ཤེས་ལྗང་། །མཚན་དཔེ་རྒྱན་རྫོགས་རྒྱ་གྲམ་ལྷུང་བཟེད་བསྣམས། །ཕྱི་རྒྱུད་སྟོན་མཛད་བྱ་གྲུབ་ཡེ་ཤེས་དང་། །ཕྲག་དོག་རྒྱུ་འབྲས་ནད་སེལ་དབང་བསྐུར་རོ། །ཨོཾ་ཨཱཿཀརྨ་གུ་རུ་གུ་ཎ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ། ཡང་དཀྱིལ་འཁོར་དང་སློབ་དཔོན་ཐ་དད་མེད་པའི་སྐུ་གསུང་ཐུགས་ལས་རིགས་འདུས་སྨན་པའི་རྒྱལ་པོ་རང་འདྲ་བ་གཉིས་པ་འཕྲོས། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ་པའི་མོས་པ་མཛོད། རིགས་ཀྱི་གཙོར་གྱུར་བཅོམ་ལྡན་སྨན་རྒྱལ་མཐིང་། །མཚན་དཔེ་རྒྱན་རྫོགས་སྨན་མཆོག་ལྷུང་བཟེད་བསྣམས། །དོན་གཉིས་མཐར་ཕྱིན་ཡེ་ཤེས་ལྔ་རྫོགས་དཔལ། །དུག་ལྔ་རྒྱུ་འབྲས་ནད་སེལ་དབང་བསྐུར་རོ། །ཨོཾ་ཨཱཿམ་ཧཱ་གུ་རུ་བྷཻ་ཥ་ཛྱེ་གུ་ཎ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ། མདུན་བསྐྱེད་དང་སློབ་དཔོན་དབྱེར་མེད་པ་ལས་རྟ་ཕག་ཡབ་ཡུམ་དེ་འདྲ་བ་བྱུང་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ་པར་མོས་མཛོད། ཧྲཱིཿ མ་ཆགས་པདྨའི་རིགས་ཀྱི་རྣམ་རོལ་ལས། །མ་རུངས་གདུག་པ་ཀུན་འདུལ་ཁྲོ་བོའི་སྐུ །གཉིས་མེད་རྡོ་རྗེ་ཕག་མོ་ཡུམ་དང་སྦྱོར། །དབང་ཆེན་རྟ་མཆོག་དཔལ་གྱི་དབང་བསྐུར་རོ། །ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་བུདྡྷ་ཌཱ་ཀི་ནཱི་ཀཱ་ཝཱ་ཙི་ཨ་བྷི་ཥིཉྩ་ཧཱུྃ། དེ་དག་གི་རྐྱེན་གྱིས་ཁྱེད་རང་རྣམས་དཔལ་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་འཛིན་པ་ཡུམ་ལ་འཁྱུད་པ། ཞབས་གཉིས་བརྐྱང་བསྐུམ་འདོར་སྟབས་ཀྱིས་བཞུགས་པ། སྤྱི་གཙུག་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར་བ། གར་གྱི་ཉམས་དང་ལྡན་ཅིང་དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན་པའི་པང་དུ། ཡུམ་རྡོ་རྗེ་ཕག་མོ་དམར་མོ་གྲི་ཐོད་འཛིན་ཅིང་ཡབ་ལ་འཁྱུད་པ། སྤྱི་བོར་ཕག་ཞལ་ངུར་སྒྲ་སྒྲོག་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་སྐུར་གྱུར་པའི་མོས་པ་མཛོད། ཕྱོགས་བཞིའི་མཁའ་འགྲོ་བཞི་ལས་དེ་འདྲ་བ་རེ་བྱུང་སྟེ། དཔྲལ་བ། མགྲིན་པ། ལྟེ་བ། གསང་གནས་རྣམས་སུ་ཐིམ་པས་ཕྲིན་ལས་བཞི་གྲུབ་པར་བྱས་པར་མོས། རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས། །ཡེ་ཤེས་ཌཱ་ཀི་ཕྲིན་ལས་བཞི་སྒྲུབ་མ། །མཐིང་སེར་དམར་ལྗང་གྲི་གུག་ཐོད་པ་འཛིན། །སྡེ་བཞི་ཌཱ་ཀིའི་དབང་མཆོག་སྦྱིན་པར་བྱ། ཨོཾ་ཨཱཿབུདྡྷ་ཌཱ་ཀི་ནཱི། རཏྣ་ཌཱ་ཀི་ནཱི། པདྨ་ཌཱ་ཀི་ནཱི། ཀརྨ་ཌཱ་ཀི་ནཱི། ཧ་རི་ནི་ས་ཨ་བྷི་ཥིཉྩ་ཧཱུྃ། དེ་དང་རྗེས་འབྲེལ་དུ་བཟླས་ལུང་མཛད་པའི་ཕྱག་སྲོལ་ལྟར་ན། རྗེས་འབྲེལ་བཟླས་ལུང་གི་སླད་དུ། སློབ་དཔོན་ལ་རིགས་འདུས་སྨན་པའི་རྒྱལ་པོ་དངོས་ཡིན་སྙམ་དུ་གུས་འདུད་མཛད་པས། སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱུང་། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ཧཱུྃ་གི་མཐར་གཡས་སྐོར་དུ་འཁོད་པའི་མོས་པ་དང་བཅས་ཏེ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་གུ་ཎ་སིདྡྷི་ཧཱུྃ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ། ཧྲཱིཿམ་ཧ་རི་ནི་ས། ཙིཏྟ་ཧྲཱིང་ཧྲཱིང་ས་མ་ཡ་ཛཿཧཱུྃ་བཾ་ཧོཿསརྦ་སིདྡྷི་ཧཱུྃ་ཨཱཿ ལན་གསུམ། རྡོ་རྗེ་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་རིགས་འདུས་སྨན་པའི་རྒྱལ་པོའི་གསང་སྔགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་ཅིང་བརྟན་པར་གྱུར་ཅིག །ཅེས་བརྗོད་ལ་མེ་ཏོག་འཐོར། གཉིས་པ་ནན་ཏན་ནི། རྡོ་རྗེ་གསུམ་གྱི་རྒྱ་ཐོགས་ལ། ལྷ་རྣམས་ཀྱི་སྤྱི་བོ་ནས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པ་ནས་པདྨ་དམར་པོ་ཨཱཿཡིས་མཚན་པ། ཐུགས་ཀ་ནས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་འཕྲོས། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ནན་ཏན་ཆེན་པོས་བྱིན་གྱིས་བརླབས་པར་མོས་ཤིག །དཀར་གསལ་འཁོར་ལོའི་ལྟེ་བར་ཨོཾ་གྱིས་མཚན། །འདབ་བརྒྱད་པདྨ་དམར་པོ་ཨཱཿཡིས་མཚན། །མཐིང་མདོག་རྡོ་རྗེ་རྒྱ་གྲམ་ཧཱུྃ་གིས་མཚན། །བདེ་གཤེགས་སྐུ་གསུང་ཐུགས་སྲོག་ཕྱག་རྒྱ་ཡིས། །སྐལ་ལྡན་བུ་ལ་ནན་ཏན་དབང་བསྐུར་བས། །སྒོ་གསུམ་ཐ་མལ་འཛིན་པ་རང་སར་དག །སྣང་གྲགས་རིགས་གསུམ་ཡེ་ཤེས་རོལ་དབང་ཤོག །ཨོཾ་ཨཱཿཧཱུྃ་བུདྡྷ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཁྱེད་རང་རྣམས་ཀྱི་སྒོ་གསུམ་བདེ་གཤེགས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་ཉིད་དུ་གྱུར་པས་ལྕགས་ལ་ངར་བླུད་པ་ལྟར་བྱིན་རླབས་ཀྱི་ངར་ཐོགས་པ་ཡིན་ནོ། །གསུམ་པ་ཡེ་ཤེས་ནི། མན་ཤེལ་དྭངས་པ་ཉི་ཟེར་ལ་ཕྱར་བས་འཇའ་ཚོན་སྣ་ལྔ་གསལ་བས་མཚོན་ཏེ་དབང་དོན་ངོ་ཤེས་པར་གྱིས་ཤིག །ཤེལ་འོད་བསྟན་ཅིང་མགོར་བཞག་ལ། ཧཱུྃ། ཀུན་གཞི་སེམས་དང་ཉོན་མོངས་ཡིད་རྣམ་ཤེས། །སྒོ་ལྔའི་རྣམ་ཤེས་གནས་འགྱུར་བག་ཆགས་སྤངས། །མེ་ལོང་མཉམ་ཉིད་སོར་རྟོག་བྱ་བ་གྲུབ། །ཡེ་ཤེས་ལྔ་ཡི་དབང་མཆོག་ཐོབ་གྱུར་ཅིག །ཨོཾ་ཨཱཿཧཱུྃ་ཛྙཱ་ན་པཉྩ་ཨ་བྷི་ཥིཉྩ་ཧཱུྃ། ཆོས་དབྱིངས་རྣམ་དག་སྤྲོས་བྲལ་ཤེལ་ལྟ་བུ་ལས་རང་རྩལ་མ་འགག་ཡེ་ཤེས་ལྔར་འཆར་བ་ནི་འདི་ལྟ་བུ་ཉིད་དོ། །ཅེས་ངོ་སྤྲད། བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་རབ་ཏུ་གནས་ཤིང་ཤིས་པ་བརྗོད་པས་དབང་གི་ཡེ་ཤེས་བརྟན་པར་བྱས་པའི་མོས་པ་མཛོད། རྟེན་སྙིང་དང་། ཐུགས་རྗེའི་འགྲོ་བའི་དོན་མཛད་ལྟ་བུའི་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར་རོ། །བཞི་པ་དྲང་སྲོང་ནི། དྲང་སྲོང་གཏོར་མ། རཾ་ཡཾ་ཁཾ་གིས་བསང་། ཨོཾ་ཨཱཿཧཱུྃ། ལན་གསུམ། གཏོར་མ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་འདོད་ཡོན་སྣ་ཚོགས་ཀྱི་སྤྲིན་ཕུང་འཕྲོ་བ། རང་རང་མཉེས་པའི་མཆོད་སྤྲིན་དུ་མས་ནམ་མཁའ་གང་བར་གྱུར། བྲིས་སྐུ་རྣམས་ཚངས་པ་བརྒྱ་བྱིན་རྒྱུན་ཤེས་ཀྱི་བུ་ལ་སོགས་པ་ལྷ་དང་མིའི་སྨན་གྱི་རིག་འཛིན་དྲང་སྲོང་ཆེན་པོ་སྨན་སྐྱོང་སྲུང་མའི་འཁོར་དང་བཅས་པ་དངོས་སུ་གསལ་བ་དང་། བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སོ་སོའི་གནས་ནས་སྤྱན་དྲངས་ཏེ་ཐིམ་པར་གྱུར། ཧཱུྃ། ཚངས་པ་སྐྱེ་དགུའི་བདག་དང་ཐ་སྐར་བུ། །བརྒྱ་བྱིན་རྒྱུན་ཤེས་བུ་དང་ནབ་སོ་སྐྱེས། །ཐང་ལ་འབར་དང་དཀའ་བ་གཉིས་སྤྱོད་པ། །འགྲོ་སྐྱོང་མེ་བཞིན་འཇུག་དང་ལུས་ནག་དང་། །རྒྱ་སྐྱེགས་སྣ་དང་མདའ་མཆོག་ལན་ཚའི་ལག །དཔལ་ཕྲེང་ཉི་མའི་སྙིང་པོ་ཟླ་ཟེར་དང་། །ཙ་ར་ཀ་དང་ལྗང་སྔོན་ཆེན་པོ་དང་། །ལྷ་སྐྱབས་གཡོན་ཕྱོགས་དང་ནི་ཤིང་ཁྱེར་དང་། །ལྗང་སྔོན་བུ་དང་བྲམ་ཟེ་གཞོན་ནུ་སྤྲིན། །རིན་ཆེན་འགོ་དེ་ཤན་དང་གཞོན་ནུ་སྲེད། །འདྲོབ་སྐྱོང་མུ་ཁྱུད་འཛིན་ལ་སོགས་པ་ཡི། །རིག་པའི་གནས་མཆོག་བཅོ་བརྒྱད་ཐུགས་སུ་ཆུད། །ཚེ་ལ་དབང་བའི་བཅུད་ལེན་དངོས་གྲུབ་བརྙེས། །གཞན་རིག་མངོན་ཤེས་བྱམས་ལྡན་དྲང་པོར་སྲོང་། ཁྱེད་རྣམས་རང་རང་བཞུགས་པའི་གནས་མཆོག་ནས། །ཚད་མེད་འགྲོ་ལ་དཔག་མེད་ཐུགས་རྗེ་ཡིས། །རྫུ་འཕྲུལ་ལམ་ནས་གནས་འདིར་གཤེགས་སུ་གསོལ། །འོད་ལྗང་ལ་སོགས་སྨན་གྱི་ལྷ་མོ་དང་། །མངོན་ཤེས་པྲ་ཡི་དངོས་གྲུབ་སྟེར་མཛད་པ། །སྨན་གྱི་རིག་འཛིན་སྲུང་མའི་ཚོགས་རྣམས་ཀུན། །སྔོན་གྱི་ཐུགས་དམ་ཞལ་བཞེས་མ་འདའ་བར། །རིངས་པའི་ཚུལ་གྱིས་སྤྱན་འདྲེན་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་ས་མ་ཡ་ཛཿཛཿ སྣ་ཚོགས་རིན་ཆེན་པདྨའི་གདན་ལ་བཞུགས། །སྒོ་གསུམ་སྤྲོ་དགའ་གུས་པས་ཕྱག་ཀྱང་འཚལ། །དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོས་མཆོད། །མ་རིག་ཉམས་ཆག་སྡིག་སྒྲིབ་གནོང་འགྱོད་བཤགས། །དགེ་ལ་ཡི་རང་ཟབ་དོན་ཆོས་འཁོར་སྐོར། །འགྲོ་བ་ཇི་སྲིད་གནས་པ་དེ་སྲིད་བཞུགས། །ཀུན་ཀྱང་བླ་མེད་བྱང་ཆུབ་རྒྱུར་བསྔོ་འོ། །ཞེས་པས་མཆོད་ནས། གཏོར་མ་བདུད་རྩིའི་རྒྱ་མཚོ་མགྲོན་རྣམས་ཀྱི་ལྗགས་འོད་ཀྱི་སྦུ་གུས་གསོལ་བས་ཐུགས་རྒྱུད་བདེ་བས་གང་བར་གྱུར་པར་བསམ་ལ། ཚངས་པ་དང་བརྒྱ་བྱིན་ལ་སོགས་ལྷའི་སྨན་པ་མངོན་པར་ཤེས་པ་ལྔ་དང་ལྡན་པའི་དྲང་སྲོང་ཆེན་པོ་རྣམས་ཀྱི་ཞལ་དུ་བ་ལིཾ་ཏ་སརྦ་པཱུ་ཛ་ཁཱ་ཧི། ཨོཾ་ཨཱཿཧཱུྃ། ཞེས་གསུམ་དང་། གཞན་ཡང་སྨན་གྱི་རིག་པ་འཛིན་པའི་ལྷ་ཚོགས་རྣམས་དང་། སྨན་གྱི་བཀའ་སྲུང་ལྷ་ཀླུ་དྲི་ཟ་གྲུལ་བུམ་མིའམ་ཅི་ལ་སོགས་པ་དམ་ཚིག་ལ་གནས་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིཾ་གྲྀཧྞ་ཁཱ་ཧི། ཞེས་པས་གཏོར་མ་ཕུལ། ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད། སླར་ཡང་གཏོར་མ་གསོས་ལ་འབྲུ་གསུམ་ལན་གསུམ་བརྗོད་པས་བྱིན་བརླབ། སྐུ་རྟེན་སྨན་གྱི་དྲང་སྲོང་འཁོར་དང་བཅས་པ་དངོས་སུ་གསལ་བའི་སྟེང་གི་ཆ་ལ་རྩ་བརྒྱུད་ཀྱི་བླ་མ། བར་གྱི་ཆ་ལ་ཡི་དམ་ལྷ་ཚོགས། འོག་ཕྱོགས་སུ་དམ་ཅན་ཆོས་སྐྱོང་སྨན་གྱི་སྲུང་མ་རྣམས་བཞུགས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་པ་ལ་བརྟེན་ནས། དེ་དག་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དབང་ཐོབ་ཅིང་བྱིན་རླབས་ཞུགས། དོན་གཉིས་ལྷུན་གྱིས་གྲུབ། མཆོག་ཐུན་མོང་གི་དངོས་གྲུབ་བརྙེས། བྱང་ཆུབ་བར་དུ་སྲུང་ཞིང་སྐྱོབ་པའི་མོས་པ་མཛོད་ཅིག །སྤོས་དུད་རོལ་དབྱངས་བཅས་སྨན་གྱི་བྱིན་འབེབ་ཆེན་མོ་བྱ་བ་ནི། ཧཱུྃ། ཆོས་དབྱིངས་སྤྲོས་དང་བྲལ་བའི་ཀློང་ཡངས་ནས། །འགྲོ་དོན་འདོད་དགུའི་གར་སྒྱུར་གཙོ་དང་འཁོར། །རྒྱུ་དང་འབྲས་བུའི་ནད་སེལ་བདེ་གཤེགས་གཙོ། །སྔོན་མེད་སྨན་པའི་བྱིན་རླབས་དུས་འདིར་ཕོབ། །རིགས་ལྔ་སྐུ་ལྔ་རིག་པའི་ཡེ་ཤེས་ལྔ། །ཡེ་ཤེས་ལྔ་ལྡན་རྒྱལ་བ་ཡབ་ཡུམ་རྣམས། །འགྲོ་ལྔ་དུག་ལྔའི་ནད་ལས་སྒྲོལ་བའི་ཕྱིར། །དུས་འདིར་བྱིན་རླབས་སྨན་གྱི་བཅུད་ཕོབ་ཅིག །ལྷ་དང་དྲང་སྲོང་ཕྱི་ནང་སྡེ་བཞིའི་འཁོར། །རང་ལས་མི་གཞན་སྤྲུལ་པའི་ལྷ་ཚོགས་རྣམས། །བདུད་རྩི་སྨན་གྱི་དངོས་གྲུབ་སྟེར་ལ་དབང་། །གནས་དུས་རྫས་ལའང་བདུད་རྩིའི་བྱིན་ཕོབ་ཅིག །སྣང་བ་མ་འགག་སྐྱེ་མེད་ཆོས་དབྱིངས་ཀློང་། །རང་རྩལ་མ་འགག་པདྨའི་རིགས་ལས་འཁྲུངས། །བདེ་ཆེན་གར་གྱི་རོལ་པས་དངོས་གྲུབ་སྩོལ། །རྟ་མཆོག་ཡབ་ཡུམ་དུས་འདིར་བྱིན་ཕོབ་ཅིག །རིགས་བཞི་མཁའ་འགྲོ་ཕྲིན་ལས་བཞི་ལ་དབང་། །བདུད་བཞི་ཟིལ་གནོན་ཚད་མེད་བཞི་ཡི་དངོས། །གནས་སྐབས་བཞི་ཡི་སྒྲིབ་པ་སྦྱོང་མཛད་བཞིས། །འཁོར་ལོ་བཞི་ལ་དུས་འདིར་བྱིན་ཕོབ་ཅིག །རྒྱལ་བའི་བསྟན་སྲུང་བཀའ་ཡི་བྱ་ར་བ། །ལེགས་ཉེས་དཔང་མཛད་དགྲ་བགེགས་མ་ལུས་སྒྲོལ། །གནོད་སྦྱིན་ཆེན་པོ་རྡོ་རྗེ་བདུད་འདུལ་སོགས། །ཆོས་སྐྱོང་དམ་ཅན་ཚོགས་ཀྱིས་བྱིན་ཕོབ་ཅིག །སྔོན་ཚེ་རྒྱལ་སྲས་གུ་ཎའི་སྤྱན་སྔ་རུ། ཁས་བླངས་དམ་བཅས་སྲོག་གི་སྙིང་པོ་ཕུལ། །སྨན་གྱི་བསྟན་པ་སྐྱོོང་བའི་མཐུ་ལྡན་པ། །བོད་ཁམས་བརྟན་མའི་ཚོགས་ཀྱིས་བྱིན་ཕོབ་ཅིག །ལྷ་ཀླུ་དྲི་ཟ་གཙང་སྦྲ་ལ་གནས་ཤིང་། །སྨན་མོ་མིག་བསྒྱུར་སྨན་གྱི་བསྟན་པ་སྲུང་། །སྣང་གསལ་པྲ་ཡི་དངོས་གྲུབ་སྟེར་ནུས་རྣམས། །དམ་ལ་མ་འདའ་དུས་འདིར་བྱིན་ཕོབ་ཅིག །ཨེ་མ་ཨེ་མ་ངོ་མཚར་མི་ཆེ་འམ། །སྤྲོ་དགའ་བཀྲ་ཤིས་ཕོ་བྲང་ཨ་ལ་ལ། །བླ་མའི་བྱིན་རླབས་ཆར་རྒྱུན་སི་ལི་ལི། །ཡི་དམ་དངོས་གྲུབ་རྒྱ་མཚོ་མེ་རེ་རེ། །མཁའ་འགྲོའི་ཕྲིན་ལས་གློག་དམར་ཁྱུགས་སེ་ཁྱུག །ཁྲོ་ཚོགས་ཧཱུྃ་ཕཊ་འབྲུག་སྒྲ་འུ་རུ་རུ། །ཆོས་སྐྱོང་དགྲ་བོའི་སྲོག་ལ་རུབས་སེ་རུབ། །རིག་འཛིན་དྲང་སྲོང་སྤྲིན་ལྟར་ཐིབས་སེ་ཐིབ། །སྣ་ཚོགས་ལྷ་མོའི་གླུ་དབྱངས་ཀྱུ་རུ་རུ། །རྣམ་མང་མཆོད་པའི་བཀོད་པ་ལིངས་སེ་ལིང་། །དྲི་ཞིམ་སྤོས་ཀྱི་དུད་པ་ཐུ་ལུ་ལུ། །རབ་སྙན་ལྷ་ཡི་རོལ་མོ་ཁྲོ་ལོ་ལོ། །སྣ་ཚོགས་དར་གྱི་ལྷབ་ལྷུབ་ཀྱི་ལི་ལི། །བདུད་རྩི་སྨན་གྱི་ཆར་པ་ཤ་ར་ར། །འདིར་གཤེགས་གནས་དང་ཡོ་བྱད་བྱིན་གྱིས་རློབས། །སྐལ་ལྡན་བུ་ལ་དབང་མཆོག་བསྐུར་དུ་གསོལ། །སྐུ་ཡི་དབང་སྐུར་བྱིན་རླབས་ལུས་ལ་ཞུ། །ལུས་ཀྱི་ནད་གདོན་སྡིག་སྒྲིབ་དག་པར་མཛོད། །གསུང་གི་དབང་སྐུར་བྱིན་རླབས་ངག་ལ་ཞུ། །ངག་གི་ནད་གདོན་སྡིག་སྒྲིབ་དག་པར་མཛོད། །ཐུགས་ཀྱི་དབང་སྐུར་བྱིན་རླབས་སེམས་ལ་ཞུ། །ཡིད་ཀྱི་ནད་གདོན་སྡིག་སྒྲིབ་དག་པར་མཛོད། །སྐུ་གསུང་ཐུགས་དབང་ལུས་ངག་ཡིད་ལ་ཕོབ། །སྒྲིབ་གསུམ་དག་ནས་སྐུ་གསུམ་མངོན་གྱུར་ཤོག །ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད་ཅིང་ཙཀ་ལི་སློབ་མའི་མགོ་ལ་རེག །དེ་རྗེས། གཏོར་མ་དེ་ན་བ་མེད་པ་སྨན་གྱི་བདུད་རྩི། འཆི་བ་མེད་པ་ཚེ་ཡི་བདུད་རྩི། དགོས་འདོད་འབྱུང་བ་ཡེ་ཤེས་ཀྱི་བདུད་རྩི་ཆེན་པོར་གྱུར་པ་ཁྱེད་རང་རྣམས་ལ་བྱིན་པས་ལུས་ཀྱི་ནང་བདུད་རྩིས་གང་། ལྷ་ཚོགས་ཐམས་ཅད་ཀྱི་བྱིན་རླབས་དང་དངོས་གྲུབ་ཐོབ་ནས་སྐལ་བ་མཉམ་པར་གྱུར་པའི་མོས་པ་མཛོད་ཅིག །བྱས་ལ་དཀར་གཏོར་གྱི་ཆ་ཤས་རོལ་དུ་གཞུག་གོ །ལྔ་པ་བཀའ་སྲུང་ནི། ཆོས་སྐྱོང་གཏོར་མ། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་ཐོད་སྣོད་དམར་གྱི་དུང་ཆེན་ཡངས་ཤིང་རྒྱ་ཆེ་བར་ངོ་བོ་དགྲ་བགེགས་ཀྱི་ཤ་ཁྲག་རྣམ་པ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་འདོད་ཡོན་གྱི་སྤྲིན་ཕུང་མཁའ་ཁྱབ་ཏུ་འཕྲོ་བར་གྱུར། ཨོཾ་ཨཱཿཧཱུྃ། གསུམ་གྱིས་བྱིན་བརླབ། བཀའ་སྲུང་དམ་ཅན་སྡེ་དགུའི་སྲོག་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་སྐད་ཅིག་ཙམ་གྱིས་མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་ཕྱར་ཞིང་གཡོན་སྡིགས་མཛུབ་མཛད་པ། དྲག་པོའི་ཆས་ཀྱིས་བརྒྱན་ཅིང་ཞབས་གཡས་བསྐུམ་གཡོན་བརྐྱང་པས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དྲེགས་པ་ཐམས་ཅད་དབང་དུ་སྡུད། ཟིལ་གྱིས་གནོན། བྲན་དུ་ཁོལ་ནུས་པའི་ང་རྒྱལ་ཆེན་པོས་གནས་པའི་མདུན་དུ་སྔར་བསྒྲུབས་ཟིན་པའི་སྐུ་རྟེན་གཏོར་མ་དང་བཅས་པ་སླར་ཡང་འདི་བཞིན་དུ་གསལ་ཐོབ་ཅིག །ཅེས་མཚམས་སྦྱར་ལ་མངོན་རྟོགས་ཕྲིན་ལས་ཆེ་ཆུང་གང་རུང་གི་ལྷ་བསྐྱེད། སྤྱན་འདྲེན། དམ་བཞག །གཏོར་འབུལ་རྣམས་བྱས་ནས། ཁྱེད་རང་རྣམས་དཔལ་གསང་བའི་བདག་པོ་དངོས་སུ་གསལ་བ་ལ་ཞང་བློན་ཆེན་པོ་རྡོ་རྗེ་བདུད་འདུལ་འཁོར་དང་བཅས་པ་རྣམས་སྨན་གྱི་བཀའ་སྲུང་གི་ཆེད་དུ་གཏད་པས། དེ་རྣམས་ཀྱིས་སྲོག་གི་སྙིང་པོ་ཕུལ་ཏེ། བླ་མ་མ་ཧཱ་གུ་ཎས་བཀའ་བསྒོས་པ་བཞིན་དུ་རྗེས་སུ་འབྲང་སྟེ་བཀའ་བཞིན་བསྒྲུབ་པར་ཁས་བླངས་པའི་མོས་པ་མཛོད་ཅིག །ཙཀླི་རེ་རེ་བཞིན་ལག་ཏུ་གཏད་ལ། ཧཱུྃ། ཆོས་ཀྱི་དབྱིངས་ལས་འགག་མེད་སྐུར་སྟོན་པའི། །རྡོ་རྗེ་བདུད་འདུལ་གནོད་སྦྱིན་ཆེན་པོའི་སྐུ །འཇིགས་རུང་མཐིང་ནག་ཞལ་གཅིག་ཕྱག་གཉིས་བརྗིད། །ནོར་བུ་གྲི་གུག་ཐོད་པ་དགྲ་སྙིང་བསྣམས། །དར་ནག་བེར་གསོལ་མི་མགོའི་ཕྲེང་བས་བརྒྱན། །ཙནྡན་བིང་བཙུགས་རྟ་ནག་རྟིང་དཀར་འཆིབ། །བསྟན་པ་གཉན་སྲུང་བཀའ་ཡི་བྱ་ར་མཛད། །ཆོས་སྐྱོང་ཡོངས་ཀྱི་རྗེ་བོས་དབང་བསྐུར་རོ། །ཨོཾ་མ་ཧཱ་ཀཱ་ལ་ཡཀྵ་བཛྲ་ཙིཏྟ་ཧཱུྃ་ཕཊ། རཏྣ་སིདྡྷི་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ། བྷྱོ། མ་གཅིག་དཔལ་ལྡན་ཨེ་ཀ་ཙཱ་ཊི་མ། །མཐིང་ནག་རབ་ཁྲོས་སྤྱན་གསུམ་མཆེ་བཞི་གཙིགས། ཁྲོ་མོའི་ཆས་རྫོགས་ཕྱག་གཉིས་གྲི་ཐོད་འཛིན། །དྲེ་འུ་ཞོན་ཅིང་མཚོན་དྲུ་ནད་རྐྱལ་བཏགས། །སྙན་གཡས་སེང་ཆེན་གཡོན་པར་སྦྲུལ་ནག་འཕྱོ། །སྤྱི་བོར་ཟླ་ཚེས་ལྟེ་བར་ཉི་མས་བརྒྱན། །མེ་རླུང་འཚུབས་པའི་དབུས་ན་དགྲ་བགེགས་སྒྲོལ། །དམ་ལྡན་བུ་བཞིན་སྐྱོང་བས་དབང་བསྐུར་རོ། །ཨོཾ་ཨེ་ཀ་ཙཱ་ཊི་མ་མ་རོ་རུ་བཾ་ཧཱུྃ་བྷྱོ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། བསྟན་སྲུང་ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ། །དུད་ཁ་རབ་ཁྲོས་སྐུ་སྨད་སྦྲུལ་མཇུག་འཁྱིལ། །དབུ་དགུའི་གཙུག་ན་བྱ་རོག་མགོ་བོས་བརྒྱན། །གཡས་གཡོན་སྦྲུལ་ཞགས་རྭ་ཡི་མདའ་གཞུ་བསྣམས། །མགོ་ལུས་མིག་གང་སྤྲིན་ཞོལ་ཀུན་ཏུ་ཉུལ། །སྡེ་བརྒྱད་བྲན་ཁོལ་མཐུ་སྟོབས་རྫུ་འཕྲུལ་བདག །དམ་ལྡན་སྐྱོང་ཞིང་དམ་ཉམས་སྲོག་རྩ་གཅོད། །དྲེགས་པའི་གཙོ་བོ་ཆེན་པོས་དབང་བསྐུར་རོ། །ཨོཾ་ཀེ་ཏ་ཀེ་ཏ་སྭཱ་ཧཱ། རཱ་ཧུ་ལ་ས་མ་ཡ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། གནས་དང་ཡུལ་གྱི་མཁའ་འགྲོ་ཤ་ཟའི་གཙོ། །རབ་འཇིགས་དམར་མོ་ཅེ་སྤྱང་མགོ་དགུ་མ། ཁྲག་རལ་སྤྲུགས་པས་སྟོང་གསུམ་ནད་ཀྱིས་འགེང་། །གཅེར་བུ་རྒྱན་མེད་ནུ་མ་ཐུར་དུ་འཕྱང་། །ཕྱག་བཞི་དང་པོ་གྲི་གུག་ཐོད་ཁྲག་གདེངས། །འོག་གཉིས་དགྲ་ཟོར་རྒྱུ་ཞགས་མི་མགོ་ཕྱར། །དུར་བྱ་མགོ་དགུ་ཞོན་ནས་དུར་ཁྲོད་མྱུལ། །དམ་ཉམས་སྲོག་གཅོད་གཙོ་མོས་དབང་བསྐུར་རོ། །ཌཱ་ཀི་ནཱི་ཙིཏྟ་རཀྟ་ས་མ་ཡ་ཧྲཱིང་ཧྲཱིང་ཛཿཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། གནོད་སྦྱིན་ཤན་དམར་དམ་ཉམས་སྲོག་གཅོད་གཙོ། །མཚལ་མདོག་སྟག་གདོང་ཟངས་གྲི་དགྲ་སྙིང་གདེངས། །རྒྱུ་མ་ཟ་ཞིང་སྙིང་ཕྲེང་ག་ཤལ་གྱོན། །གཡུ་འབྲུག་ཞོན་ནས་སྐད་ཅིག་སྟོང་ཁམས་བསྐོར། །རང་འདྲའི་སྤྲུལ་པ་གྲངས་མེད་ཕྱོགས་བཅུར་འགྱེད། །ཉིན་བཞིན་དྲེགས་པ་ཕོ་རྒྱུད་བྲན་དུ་ཁོལ། །མཚན་བཞིན་མོ་རྒྱུད་ཐམས་ཅད་དབང་དུ་སྡུད། །བཀའ་འདས་གཤེད་མ་ཆེན་པོས་དབང་བསྐུར་རོ། །ཡཀྴ་ཙིཏྟ་མ་ཧཱ་རུ་དྲ་མཱ་ར་ཡ་ཧཱུྃ་ཕཊ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། བཀའ་སྲུང་དམ་ཅན་སྲོག་གི་སྤུ་གྲི་ནི། །མཐིང་ནག་རབ་ཁྲོས་འཇིགས་རུང་རྔམ་པའི་ཞལ། །སྤྱན་དམར་སྨིན་གཡོ་སྐྲ་སེར་གྱེན་དུ་འབར། །ལྕགས་ཀྱུ་སྤུ་གྲི་དགྲ་བོའི་གློ་སྙིང་བསྣམས། །དར་ནག་བེར་གྱོན་མི་མགོའི་ཕྲེང་བས་བརྒྱན། །སེང་གེ་ཞོན་ནས་སྟོང་ཁམས་ཀུན་ཏུ་ཉུལ། །སྤྲུལ་པ་ཡང་སྤྲུལ་དགྲ་སྲོག་ཆུ་བཞིན་འཐུང་། །ཟློག་མེད་འགྲས་ཕུང་ནག་པོས་དབང་བསྐུར་རོ། །བཛྲ་སཱ་དྷཱུ་ས་མ་ཡ་ཨ་མུ་ཀ་མཱ་ར་ཡ་ཧཱུྃ་ཕཊ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། སྲིན་པོའི་རྒྱལ་པོ་དགྲ་དུར་འཇིགས་བྱེད་ནི། །དམར་ནག་རབ་འཇིགས་ཁྲོ་གཏུམ་སྲིན་པོའི་ཞལ། །མཆེ་བ་བྲང་སླེབ་མི་རོ་ཞལ་དུ་གསོལ། །སྤྱི་བོར་སྤྱང་གདོང་ཁ་གདངས་ང་རོ་སྒྲོག །རལ་གྲི་རྩེ་གསུམ་རྒྱུ་ཞགས་ནམ་མཁར་ཕྱར། །མི་ལྤགས་གོས་གྱོན་རོ་ལངས་མགོ་དགུ་ཞོན། །འཁོར་དུ་ཀེང་རུས་གར་བྱེད་དགོད་པས་བསྐོར། །དམ་ཉམས་རྩད་གཅོད་གཙོ་བོས་དབང་བསྐུར་རོ། །རཀྴ་རཀྟ་ས་མ་ཡ་དགྲ་བོའི་སྲོག་ལ་ཧུར་ཐུཾ་ཛཿཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ཤཱནྟི་རོ་ཟན་བདུད་མོ་བྱ་རྒོད་མགོ །དུད་མདོག་མཆེ་གཙིགས་ཁྲག་རལ་ཕྱོགས་བཅུར་སྤྲུགས། །མི་སྡུག་ནུ་མ་བྲང་གི་ངོས་ལ་འཕྱང་། །གཅེར་བུ་མི་ལྤགས་སྙིང་ཕྲེང་ག་ཤལ་གྱོན། །གཡས་གཡོན་རྒྱུ་ཞགས་དགྲ་སཏྭ་དགྲ་སྙིང་ཕྱར། །སྤྱང་མོ་མགོ་དགུ་ཞོན་ནས་སྟོང་གསུམ་ཉུལ། །སྐད་ཅིག་རེ་ལ་དགྲ་སྲོག་འབུམ་འབུམ་གཅོད། །རྣལ་འབྱོར་སྲུང་མའི་གཙོ་མོས་དབང་བསྐུར་རོ། །དུནྟིང་ཙིཏྟ་ཀཱ་ལ་དགྲ་བོ་ཐུཾ་རིལ་མཱ་ར་ཡ་རྦད་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། རྒྱལ་བའི་བསྟན་སྲུང་ལས་མཁན་དགྲ་བོའི་གཤེད། །སྲོག་བདག་ཧོབ་སེ་ཧ་ལ་ནག་པོའི་མདོག །རབ་འཇིགས་ཁྲོ་ཞལ་གཙུག་ན་ཁྲ་མགོ་ཅན། །མཆེ་གཙིགས་དུག་རླངས་ན་བུན་དགྲ་བོ་གསོད། །ཕྱག་བཞི་དང་པོ་མདུང་དང་དུག་རྐྱལ་བསྣམས། །འོག་མས་ཕུར་བུ་དམ་ཉམས་མགོ་རློན་ཟ། །དྲེད་མོ་མགོ་དགུ་ཞོན་ནས་སྟོང་ཁམས་ཉུལ། །རྣལ་འབྱོར་གྲོགས་མཛད་དགྲ་གཤེད་དབང་བསྐུར་རོ། །ཏྲི་ཤཾ་རྦད་བྷྱོ་གིང་ཀ་ར་དགྲ་བོའི་སྲོག་ལ་ཧབ་ཧབ་ཨ་བྷི་ཥིཉྩ་ཧཱུྃ། དེའི་རྗེས་འབྲེལ་བཟླས་ལུང་སྦྱིན་པ་ལ། སླར་ཡང་ཁྱེད་རང་རྣམས་དཔལ་གསང་བའི་བདག་པོར་གསལ་བའི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་བུང་བའི་རྣམ་པ་ཅན་བཛྲ་ཙཎྜའི་སྔགས་ཀྱི་རང་སྒྲ་དིར་དིར་དུ་སྒྲོག་པ་འཕྲོས། མདུན་དུ་ཞང་བློན་དམ་ཅན་སྡེ་དགུའི་ཚོགས་མངོན་སུམ་དུ་བཞུགས་པའི་ཤངས་བུག་ནས་བརྒྱུད། ཙིཏྟ་པདྨ་ཁ་བྱེ་བ་ལྟ་བུའི་དབུས་སུ་ཞུགས། ཐུགས་སྲོག་གི་དྭངས་མ་རྣམས་འཇིབས་ཏེ་ཤངས་བུག་ནས་ཚུར་བྱུང་། ཁྱེད་རང་རྣམས་ཀྱི་ཤངས་བུག་ནས་ཞུགས། ཐུགས་ཀའི་ཧཱུྃ་ཡིག་གི་གདན་ལ་ཐིམ་པས་བཀའ་སྲུང་དྲེགས་བྱེད་ཐམས་ཅད་རང་དབང་མེད་པར་དབང་དུ་འདུས་པའི་ང་རྒྱལ་བརྟན་པོ་དང་བཅས་ཏེ་སྔགས་འདི་རྣམས་ཀྱི་རྗེས་ཟློས་ལན་གསུམ་རེ་མཛད་པར་ཞུ། ཨོཾ་མ་ཧཱ་ཀཱ་ལ་ཡཀྵ་བཛྲ་ཙིཏྟ་ཧཱུྃ་ཕཊ། རཏྣ་སིདྡྷི་ཧཱུྃ། ཞང་བློན་སྲོག་སྔགས་སོ། །ཨོཾ་ཨེ་ཀ་ཙཱ་ཏི་མ་མ་རོ་རུ་བཾ་ཧཱུྃ་བྷྱོ། ལྷ་མོའོ། །ཨོཾ་ཀེ་ཏ་ཀེ་ཏ་སྭཱ་ཧཱ། རཱ་ཧུ་ལ་ས་མ་ཡ་ཧཱུྃ། ཁྱབ་འཇུག་གིའོ། །ཌཱ་ཀི་ནཱི་ཙིཏྟ་རཀྟ་ས་མ་ཡ་ཧྲཱིང་ཧྲཱིང་ཛཿ མཁའ་འགྲོ་ལྕེ་སྤྱང་མཆུ་དམར་གྱིའོ། །ཡཀྴ་ཙིཏྟ་མ་ཧཱ་རུ་དྲ་མཱ་ར་ཡ་ཧཱུྃ་ཕཊ། བཤན་དམར་གྱིའོ། །བཛྲ་སཱ་དྷཱུ་ས་མ་ཡ་ཨ་མུ་ཀ་མཱ་ར་ཡ་ཧཱུྃ་ཕཊ། དམ་ཅན་གྱིའོ། །རཀྴ་རཀྟ་ས་མ་ཡ་དགྲ་བོའི་སྲོག་ལ་ཧུར་ཐུཾ་ཛཿ སྲིན་པོའི་འོ། །དུནྟི་ཙིཏྟ་ཀཱ་ལ་དགྲ་བོ་ཐུཾ་རིལ་མཱ་ར་ཡ་རྦད། བདུད་མོ་རོ་ཟན་གྱིའོ། །ཏྲི་ཤཾ་རྦད་བྷྱོ་གིང་ཀ་ར་དགྲ་བོའི་སྲོག་ལ་ཧབ་ཧབ། ལས་མཁན་གྱིའོ། །རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་བཀའ་སྲུང་དམ་ཅན་སྡེ་དགུའི་གསང་སྔགས་ཀྱི་ནུས་མཐུ་ཐོགས་པ་མེད་པར་འཇུག་ཅིང་བརྟན་པར་གྱུར་ཅིག །ཅེས་བརྗོད་ལ་མེ་ཏོག་འཐོར་རོ། །དེ་ནས་བཀའ་བསྒོ་བ་ནི། སླར་ཡང་བླ་མ་དཀྱིལ་འཁོར་བ་དང་དབྱེར་མེད་པས་བཀའ་སྲུང་འཁོར་བཅས་ལ་བཀའ་དྲག་ཏུ་བསྒོས་ཤིང་ཁྱེད་རང་གསང་བའི་བདག་པོར་གསལ་བའི་བྲན་དུ་གཏད་པས། གུས་པ་དང་བཅས་པས་བཀའ་བཞིན་རྗེས་སུ་བསྒྲུབ་པར་ཞལ་གྱིས་བཞེས་ཏེ་བྱང་ཆུབ་ཀྱི་བར་དུ་འབྲལ་མེད་དུ་འགྲོག་པའི་མོས་པ་མཛོད་ཅིག །ཆོས་སྐྱོང་གི་གཏོར་མ་སློབ་མའི་ལག་གཡོན་དང་། ཙཀླི་རྣམས་གཡས་སུ་གཏད་ལ། ཧཱུྃ་ཧཱུྃ། ང་ནི་རྡོ་རྗེ་འཛིན་པའི་རྒྱལ། ཁྲོ་བོ་ཀུན་གྱི་རྗེ་བཙན་ཏེ། ཁམས་གསུམ་སྲིད་གསུམ་ཟ་བར་ནུས། །བཀའ་ལས་འདའ་བ་བརླག་པར་བྱེད། །བསྟན་པ་བསྲུང་བར་ཁས་བླངས་པའི། །ཆོས་སྐྱོང་དམ་ཅན་ཐམས་ཅད་དང་། ཁྱད་པར་བདུད་འདུལ་འཁོར་དང་བཅས། །དཔལ་ལྡན་ཨེ་ཀ་ཛཱ་ཊི་མ། །གཟའ་བདུད་ཆེན་པོ་རཱ་ཧུ་ལ། །མཁའ་འགྲོ་ཅེ་སྤྱང་མཆུ་དམར་མ། །གནོད་སྦྱིན་ཤན་པ་དམར་ནག་དང་། །དམ་ཅན་སྲོག་གི་སྤུ་གྲིའི་ཚོགས། །སྲིན་པོ་ཁྲག་གི་རལ་པ་ཅན། །བདུད་མོ་རོ་ཟན་བྱ་རྒོད་མགོ །ལས་མཁན་ཧོབ་སེ་འཁོར་དང་བཅས། །རྡོ་རྗེ་འཛིན་པའི་བཀའ་ཡིས་ནི། ཁྱོད་རྣམས་འདི་ཡི་བྲན་དུ་བསྐོས། །བྱིན་པའི་ཟས་ཟོ་བསྐུལ་ན་རྒྱུགས། །བཅོལ་བའི་ལས་རྣམས་གང་ཡིན་ཡང་། །མ་འགྱངས་མྱུར་དུ་འགྲུབ་པར་མཛོད། །སྨན་གྱི་བསྟན་པ་ཐུབ་པར་སྲུངས། །གལ་ཏེ་དམ་ལས་འདའ་བྱེད་ན། །བདུད་དུ་ཕོབས་ལ་གཤེད་མ་གྱིས། །བཀའ་བཞིན་སྒྲུབ་ལ་སྡོངས་གྲོགས་མཛོད། །དྲེགས་པའི་རྩལ་དབང་ཐོབ་གྱུར་ཅིག །ཨོཾ་མ་ཧཱ་ཀཱ་ལ་སརྦ་རུ་དྲ་མཱ་ར་ཡ་ཧཱུྃ་ཕཊ་ཨ་བྷི་ཥིཉྩ་ཧཱུྃ། སླར་ཡང་གཏོར་མ་གསོས་ལ་སྔར་བཞིན་བྱིན་བརླབས་ཏེ་རྩ་སྔགས་ཙམ་གྱིས་འབུལ། སྔར་བཞིན་རབ་གནས་དང་ཤིས་བརྗོད་བྱ། རྟོགས་པ་བརྗོད་པ་ནི། དེ་དག་གིས་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་འཁོར་དང་བཅས་པ་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་སྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །ཞེས་བརྗོད། གསུམ་པ་གསང་བའི་དབང་ལ། བྱང་སེམས་རིག་མའི་རྟུལ་ཞུགས་དང་། །རིག་པ་ཡེ་ཤེས་གསུམ་དུ་བཤད། །དང་པོ་ནི། གསུམ་པ་གསང་བའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། སྔོན་ཆད་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་མཛོད། ཨོཾ་ཨཱཿཧཱུྃ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོ། རྡོ་རྗེ་འཛིན་རྒྱལ་བདེ་ཆེན་པོ། །བརྩེ་ཆེན་དམིགས་མེད་ཐུགས་རྗེ་ཡིས། །བདག་ལ་གསང་བའི་དཀྱིལ་འཁོར་སྟོན། །བདེ་ཆེན་དངོས་གྲུབ་གསང་དབང་སྩོལ། །ལན་གསུམ། ཅེས་གསོལ་བ་གདབ་ཅིང་བསྐོར་བ་ལན་གསུམ་བྱས་པས་སྣོད་རུང་དུ་གྱུར་པར་མོས་ཤིག །གསང་བ་ཆེན་པོའི་དམ་ཚིག་འདི་ཉིད་སྐལ་པ་དམན་པ་རྣམས་ལ་ཕྱོགས་ཙམ་ཡང་བསྒྲག་པར་མི་བྱ་བ་སོགས་ཚུལ་བཞིན་དུ་བསྲུང་བར་གྱིས་ཤིག །འབྲུ་གསུམ་བརྗོད་ལ་གདོང་བསལ། ཡུམ་གྱི་གསང་བ་བྷ་གའི་དཀྱིལ་འཁོར་བདེ་བ་ཆེན་པོའི་གྲོང་ཁྱེར་མཐོང་བར་མོས་ཤིག །བུ་ལྟོས་ཀུན་བཟང་ཡུམ་གྱི་མཁའ། །མ་ལུས་རྒྱལ་བའི་དཀྱིལ་འཁོར་འདི། །གང་གིས་མཐོང་བས་སྡིག་པ་འཛད། །དངོས་གྲུབ་ཀུན་གྱི་འབྱུང་གནས་ཡིན། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གདོད་ནས་བཞུགས་པ་རྡོ་རྗེ་བཙུན་མོའི་བྷ་ག་ཆོས་ཀྱི་དབྱིངས་ཐར་པ་ཆེན་པོའི་གཞལ་མེད་ཁང་རྟེན་དང་བརྟེན་པར་བཅས་མཐོང་བར་མོས་མཛོད། བླ་མ་ཡབ་ཡུམ་རྟ་ཕག་ཏུ་གསལ་བ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བདེ་བའི་སྒྲ་འོད་ཟེར་དང་བཅས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྟ་ཕག་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། ཞལ་ནས་ཞུགས། ཐུགས་ཀར་ཆགས་ཆེན་གྱི་མེས་བཞུས་སྐུ་ཡི་དབྱིབས་བརྒྱུད། རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས། ཡུམ་གྱི་དམར་ཆ་ཡང་བདེ་བ་ཆེན་པོར་ཞུ་བ་དང་འདྲེས་པའི་བདུད་རྩི་དཀར་དམར་དེ་ཉིད་ཁྱེད་རང་རྣམས་རྟ་མགྲིན་དུ་གསལ་བའི་ལྗགས་ཐོག་ཏུ་བྱིན་ཏེ་དབང་བསྐུར་བར་མོས་མཛོད། ཨོཾ། ཕུང་ཁམས་སྐྱེ་མཆེད་གདོད་ནས་ལྷ་རུ་དག །བྱང་སེམས་དཀར་དམར་བདེ་ཆེན་བླ་ན་མེད། །དྲི་མེད་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས། །གཉིས་མེད་བྱང་ཆུབ་སེམས་ཀྱི་དབང་ཐོབ་ཤོག །བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧོཿ ཞེས་བདུད་རྩི་བླུད། བྱང་ཆུབ་སེམས་ཀྱི་རྒྱུན་ལྕེ་ཐོག་ནས་བྱོན། ལུས་ཀྱི་ནང་རྩ་འཁོར་ནས་རིམ་གྱིས་བརྒྱུད་དེ། ལུས་ཐམས་ཅད་ཟག་མེད་ཀྱི་བདེ་བས་བདེ་ཕྲིལ་གྱིས་གང་། ལས་རླུང་གི་རྒྱུ་བ་ཆད། ཡེ་ཤེས་ཀྱི་རླུང་འབའ་ཞིག་ཏུ་སོང་བར་མོས་ཤིག །དེའང་བླ་མ་ཡབ་ཡུམ་གྱི་ལུས་ཀྱི་བུམ་པ་ལས་བྱང་སེམས་ཀྱི་ཆུ་རྒྱུན་བྱུང་བས་ལུས་སེམས་ཀྱི་དྲི་མ་མཐའ་དག་བཀྲུས་པ་ནི་བུམ་དབང་། ལྕེ་ཐོག་ཏུ་བཞག་པས་གཙང་རྨེའི་རྟོག་པ་བྲལ་ཞིང་དེ་ཉིད་ཀུན་གྱི་སྤྱོད་ཡུལ་དུ་མ་གྱུར་པས་གསང་དབང་། དེའི་རོ་མྱོང་བས་ལུས་སེམས་བདེ་བས་ཁྱབ་པ་ཤེས་རབ་ཡེ་ཤེས། དེ་གསུམ་ཀའི་ངོ་བོ་གཉིས་མེད་མངོན་དུ་མཐོང་བ་དབང་བཞི་པའོ། །དེ་ལྟར་ན་ནང་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་བསྐུར་པ་ཐོབ། ངག་གི་དྲི་མ་དག །ལམ་ཙཎྜ་ལཱི་སྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །གཉིས་པ་རིག་མའི་རྟུལ་ཞུགས་ཀྱི་དབང་ནི། རིག་མའི་བརྟུལ་ཞུགས་སམ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་མཛོད། ཨོཾ་ཨཱཿཧཱུྃ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། རིགས་ཀྱི་བདག་པོ་རྡོ་རྗེ་འཛིན། །འཁོར་ལོ་བདེ་མཆོག་བདེ་བའི་མཆོག །ཁྱེད་ཀྱི་ཞབས་ཀྱི་བཀའ་དྲིན་གྱིས། །གསུམ་པའི་དབང་མཆོག་བསྩལ་དུ་གསོལ། །ལན་གསུམ། འབྲུ་གསུམ་བརྗོད་ལ་གདོང་བསལ། མཚན་ཉིད་དང་ལྡན་ཅིང་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པའི་རིག་མ་ཁྱེད་རང་གི་མདུན་དུ་བྱོན་ཏེ་ལུས་གོས་དང་བྲལ་བར་བྱས་པ་ལ་དགའ་ཞིང་གུས་པར་བལྟས་པས། ཕུང་ཁམས་སྐྱེ་མཆེད་ཡོངས་གྲུབ་གདན་གསུམ་ཚང་བའི་དཀྱིལ་འཁོར་བདེ་བ་ཆེན་པོ་ཀུན་ནས་འབྱུང་བའི་ཕོ་བྲང་དུ་གསལ་བར་མཐོང་བ་དང་། དེས་དྲི་བའི་ཚིག་འདི་ལྟར་སྨྲས་པར་མོས་ཤིག །ཀྱེ་ཧོ། ཚེ་འདིར་མཆོག་འདོད་སྐལ་བ་ཅན། །ཕྱོགས་དུས་རྒྱལ་བ་སྲས་བཅས་ཀུན། ཁོ་མོའི་པདྨ་འདི་ལས་བྱུང་། །འདི་ནི་ཆོས་དབྱིངས་ཡུམ་གྱི་མཁའ། །ལུས་ཀྱི་དཀྱིལ་འཁོར་བདེ་ཆེན་ཡིན། །ཆོ་ག་བཞིན་དུ་བསྟེན་སྤྲོ་འམ། །ཞེས་བརྗོད་པ་ལ་ཤིན་ཏུ་སྤྲོ་བའི་ཚིག་གིས་ལན་བཏབ་པར་མོས་ལ་འདིའི་རྗེས་ཟློས། ཚེ་འདིར་མཆོག་འདོད་སྐལ་ལྡན་བདག །ཕྱོགས་དུས་རྒྱལ་བ་སྲས་བཅས་ཀུན། ཁྱེད་ཀྱི་པདྨ་ལས་བྱུང་ཤེས། །དེ་ཕྱིར་ཆོས་དབྱིངས་ཡུམ་གྱི་མཁའ། །ལུས་ཀྱི་དཀྱིལ་འཁོར་བདེ་ཆེན་ཡིན། །ཆོ་ག་བཞིན་དུ་བསྟེན་སྤྲོ་ལགས། །ཞེས་ལན་བཏབ་པས་རིག་མ་དེ་ཉིད་དགྱེས་ཏེ་ལུས་གཅེར་བུར་བྱས། གུར་གུམ་ལ་སོགས་པས་དྲི་ཞིམ་པར་བསྒོས་པའི་པདྨ་ངོམ་བཞིན་དུ་གནས་པ། བླ་མས་ཁྱེད་རང་རྣམས་ལ་གཏད་དེ་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེད་པའི་དབང་བསྐུར་བས། ཉོན་མོངས་པ་ཡེ་ཤེས་སུ་འཆར་ནས་ཤེས་རབ་དབྱིངས་ཀྱི་ཡུམ་ལ་དབང་ཐོབ་པར་མོས་ཤིག །རིག་ཙཀ་གཏད་ལ། ཧཱུྃ། མཚན་ལྡན་བཀྲ་ཤིས་ཤེས་རབ་ཡུམ། །འགྱུར་མེད་བདེ་སྟེར་ཡིད་འོང་མ། ཁྱེར་ལ་མཆོད་པ་ཆེན་པོ་གྱིས། །འཁོར་ལོའི་གནས་བཞིར་དབབ་བཟུང་ཟློག །དགྲམ་ལས་ཆོས་ཉིད་དོན་རྟོགས་བྱོས། །ཀུན་བཟང་དགོངས་པ་བླ་མེད་པ། །ད་ལྟ་ཁྱོད་ལ་མངོན་སུམ་དུ། །འཆར་འགྱུར་འདི་ལ་ཐེ་ཚོམ་མེད། །སྨིན་གྲོལ་དབང་མཆོག་བསྐུར་ཐོབ་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་མུ་དྲ་པཉྩ་ཛྙཱ་ན་མ་ཧཱ་སུ་ཁ་བྷཉྫ་མོཀྵ་ཧོཿ དེ་ནས་ཁྱེད་རང་རྣམས་རྟ་མཆོག་ཧེ་རུ་ཀ་དང་ཕྱག་རྒྱ་རྡོ་རྗེ་ཕག་མོར་གསལ་བའི་ཡུམ་གྱི་མཁའ་ཨཱཿལས་པདྨ་དམར་པོ་ཨཱཿས་མཚན་པ་དང། ཡབ་ཀྱི་གསང་བའི་གནས་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ། ལུས་ཀྱི་དབུས་ན་རྩ་གསུམ་འཁོར་ལོ་བཞི་དང་བཅས་པ་གསལ་བར་སྒོམས་ཤིག །དགའ་བའི་རོལ་རྩེད་བྱས་པས་ལྟེ་བ་ནས་གཏུམ་མོའི་མེ་འབར་སྤྱི་བོའི་ཧཾ་ལ་རེག་པས་ཡབ་ཡུམ་སོ་སོའི་སྤྱི་བོ་ནས་ཁམས་དཀར་དམར་གཡོས་ཏེ་མགྲིན་པར་བབས་པ་དགའ་བའི་ཡེ་ཤེས། མཁའ་གསང་སྙོམས་པར་ཞུགས་པས་བྱང་སེམས་སྙིང་ཁར་བབས་པ་མཆོག་དགའི་ཡེ་ཤེས། ལྟེ་བར་བབ་པས་དགའ་བྲལ་གྱི་ཡེ་ཤེས། གསང་གནས་སུ་བབས་ཏེ་ཡབ་ཀྱི་རྡོ་རྗེ་ནོར་བུའི་རྩེ་དང་ཡུམ་གྱི་རྩ་མཛེས་པའི་སྤྱི་བོར་བབས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། དེ་དག་ནི་ཡས་བབས་ཀྱི་དགའ་བ་བཞི་ཡིན་པས་སོ་སོར་ངོས་ཟིན་པར་གྱིས་ལ་དེའི་རང་ངོར་མཉམ་པར་འཇོག་པ་ཞུ། དེ་ནས་བྱང་སེམས་ཡབ་ཡུམ་སོ་སོའི་མཁའ་གསང་གི་རྩེ་མོར་རླུང་འཕོ་བ་མེད་པའི་སྟོབས་ཀྱིས་བཟུང་སྟེ། སླར་རླུང་ཧཱུྃ་གི་གདངས་ཅན་གྱིས་གྱེན་དུ་དྲངས་ཏེ། གསང་གནས་ནས་ལྟེ་བར་བྱོན་པས་དགའ་བའི་ཡེ་ཤེས་མངོན་དུ་བྱས། ཞེ་སྡང་ལས་གྱུར་པའི་རྟོག་པ་སུམ་ཅུ་རྩ་གསུམ་འགག །ལྟེ་བ་ནས་སྙིང་གར་བྱོན། མཆོག་དགའི་ཡེ་ཤེས་མངོན་དུ་བྱས། འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་འགག །སྙིང་ཁ་ནས་མགྲིན་པར་བྱོན། དགའ་བྲལ་གྱི་ཡེ་ཤེས་མངོན་དུ་བྱས། གཏི་མུག་ལས་གྱུར་པའི་རྟོག་པ་བདུན་འགག །མགྲིན་པ་ནས་སྤྱི་བོར་བྱོན། ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས། རང་བཞིན་བརྒྱད་ཅུའི་རྟོག་པ་བག་ཆགས་དང་བཅས་པ་འགགས་ནས་ལུས་ཐམས་ཅད་ཁྱབ་སྟེ་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་སྐྱེས། ཉམས་མྱོང་བློ་ལས་འདས་པ། སངས་རྒྱས་ཀྱི་དགོངས་པ་དངོས་པོའི་གནས་ལུགས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ནི་དེ་ཁོ་ན་ཉིད་ཡིན་པས་ངོ་ཤེས་པར་གྱིས་ལ་མཉམ་པར་ཞོག་ཅིག །དེ་ནི་མས་བརྟན་གྱི་དགའ་བ་བཞི་ངོ་སྤྲད་པ་སྟེ། དོ་ནུབ་སྐལ་ལྡན་ཁྱེད་རྣམས་ལ། ཀུན་ཏུ་བཟང་པོ་སྨན་རྒྱལ་གྱི་དགོངས་པ་ལག་བཅངས་སུ་སྤྲད་པ་ཡིན། འཁོར་བ་ལས་བཙན་ཐབས་སུ་གྲོལ་བ་ལ་སྤྲོ་དགའ་ཆེན་པོ་མཛོད་ཅིག །དེས་ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པ་ཐོབ། ཡིད་ཀྱི་དྲི་མ་དག །ཕོ་ཉའི་ལམ་སྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །གསུམ་པ་རིག་པ་ཡེ་ཤེས་ཀྱི་དབང་ནི། དབང་བཞི་པ་རིག་པ་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་དོན་དུ་རང་ལ་བདོག་དགུའི་དབྱིག་ཐམས་ཅད་ཕུལ་བར་མོས་ལ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོཿ བཀའ་དྲིན་འཁོར་མེད་བླ་མ་ལ། །ལུས་དང་ལོངས་སྤྱོད་མཆོད་པར་འབུལ། །བདེ་ཆེན་འགྱུར་མེད་གཞལ་ཡས་འདིར། །ཡང་དག་སྙིང་པོ་བདག་ལ་སྩོལ། །ལན་གསུམ། བླ་མས་དབང་རྟེན་རྡོ་རྗེ་དྲིལ་བུ་ལག་ཏུ་གཏད། མདུན་དུ་མེ་ལོང་ལ་མན་ཤེལ་གྱི་གཟུགས་འཆར་དུ་བཅུག་ལ། ཧཱུྃ། རང་རིག་ཡེ་ཤེས་བདེ་ཆེན་ཀློང་། །གསལ་ལ་མ་འགག་འཛིན་རྟོག་བྲལ། །ཐབས་དང་ཤེས་རབ་ཟུང་དུ་འཇུག །འདིར་མ་འདུས་པའི་ཆོས་གཞན་མེད། །ཚིག་ཏུ་བརྗོད་བྲལ་བརྡ་ཡིས་མཚོན། །འགྱུར་མེད་ཐུགས་མཆོག་དབང་བསྐུར་ནས། །བསྐུར་དུས་དུས་གསུམ་དུས་མེད་མཆོག །སློབ་དཔོན་རང་སེམས་དྲི་མ་མེད། །བློ་འདས་རང་གྲོལ་སྣོད་ལྡན་བུ། །དཀྱིལ་འཁོར་ཟུང་འཇུག་ཕྱག་རྒྱ་ཆེ། །འཇུག་ཚུལ་རང་གསལ་རང་འཇུག་སྟེ། །ངོ་བོ་གང་མཐོང་མིག་དབྱེ་བ། །ལམ་ལ་གོམས་འཇུག་དབང་ཐོབ་ཤོག །འདི་ནི་གསང་བའི་གསང་མཆོག་པས། །བསྟིམ་གནས་མཉམ་ཉིད་ཡེ་ཤེས་ཆེ། །འཁྲུལ་དང་གྲོལ་བའི་བར་གྱི་ཆོས། །མ་ལུས་རང་གི་སེམས་ལ་རྫོགས། །གསལ་ལ་མ་འགག་འཛིན་པ་སྤངས། །བསྒྲིབས་དང་མ་བསྒྲིབ་འདི་ལ་མེད། །འདི་ལ་སྟོན་བྱ་བསྟན་བྱེད་བྲལ། །གནས་འགྱུ་བྱིང་རྨུགས་འཕྲོ་རྒོད་དང་། །བདེ་གསལ་མི་རྟོག་ལ་སོགས་པ། །གང་ཤར་གང་སྣང་དེ་ཉིད་ལ། །བཟང་ངན་འདམ་ཁ་མ་བྱེད་པར། །རང་བབས་བཟོ་མེད་གཤིས་ལ་ཞོག །གལ་ཏེ་རྟག་ཆད་མཐའ་བྲལ་སོགས། །ཆེད་དུ་འབད་ནས་གང་བསྒོམ་པ། །དུག་སྦྲུལ་གཙེས་པ་དག་དང་མཚུངས། །ཐོག་མ་མེད་ནས་མཐའ་མེད་པར། །སྲིད་པར་ལྟུང་བ་གང་ཡིན་པ། །གཤིས་ལ་འཁྲུལ་ནས་བཅོས་པས་ལན། །དེ་ཕྱིར་རང་གི་རིག་པ་ལས། །ཡེ་ཤེས་གཞན་དུ་ཚོལ་འདོད་པ། །སྙིང་ལ་གདོན་ཆེན་ཟིན་པ་ཡིན། །མན་ཤེལ་རྐྱེན་གྱིས་བསྒྱུར་བ་ལྟར། །སྣ་ཚོགས་འཆར་ཡང་རང་རིག་ནི། །བདེ་བ་ཆེ་ལས་གཡོས་པ་མེད། །དེ་ཕྱིར་རང་རིག་ཡེ་ཤེས་ཀྱི། །དབང་མཆོག་སྐལ་ལྡན་བུ་ལ་བསྐུར། །སྤང་བླང་མེད་པར་ཐོབ་གྱུར་ཅིག །ཨོཾ་ཨཱཿཧཱུྃ་ཛྙཱ་ན་པཉྩ་སརྦ་དྷརྨ་ཨ་བྷི་ཥིཉྩ་ཧཱུྃ། དེའང་གནས་ལུགས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་དེ་ཉིད་ཚིག་ཏུ་བརྗོད་པ་ཙམ་གྱིས་མངོན་དུ་བྱེད་མི་ནུས་པས། སྔར་དབང་གསུམ་པའི་སྐབས་སུ་ལས་རྒྱ་ལས་སྐྱེས་པའི་ཡེ་ཤེས་དེ་ཉིད་དཔེར་བྱས་ཏེ་འདིར་ཚིག་གིས་ངོ་སྤྲད་པ་ཡིན་ཏེ། རང་ཉིད་ལྷའི་སྐུར་གསལ་བ་སྤྲུལ་སྐུ །སེམས་རྒྱུད་བདེ་ཆེན་གྱི་ཡེ་ཤེས་སུ་ཤར་བ་ལོངས་སྐུ །དེའི་རང་བཞིན་སྤྲོས་པ་དང་བྲལ་བ་ཆོས་སྐུ །དེ་རྣམས་ལྡོག་པ་ཐ་དད་ཀྱང་ངོ་བོ་སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་གཅིག་པ་ངོ་བོ་ཉིད་ཀྱི་སྐུར་ངེས་ཤེས་བསྐྱེད་དེ། སེམས་ཀྱི་མཚན་ཉིད་གསལ་བ་ངོ་བོ་སྟོང་པ་རང་བཞིན་མ་བཅོས་པ་དེའི་ངང་དུ་ཅུང་ཟད་མཉམ་པར་ཞོག་མཛོད། དེ་ལྟར་ན་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག །ལམ་རྡོ་རྗེ་རྦ་རླབས་སྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །རབ་གནས་ཤིས་བརྗོད་སྔར་བཞིན་བྱའོ། །བཞི་པ་དེ་ཁོ་ན་ཉིད་ཀྱི་དབང་ལ། ལྟ་སྒོམ་འབྲས་བུ་སྤྱོད་པ་དང་། །ཐམས་ཅད་ཀུན་རྫོགས་དབང་ལྔ་འོ། །དང་པོ་ནི། དེ་ནས་དེ་ཁོ་ན་ཉིད་ཀྱི་དབང་བསྐུར་ཞུ་བའི་ཡོན་དུ་ཡིད་བཞིན་གྱི་ནོར་བུ་དང་གནས་ལུགས་རྟོགས་པའི་མཎྜལ་ཕུལ་བར་མོས་ལ་ཞིང་ཁམས་འབུལ་བར་ཞུ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོ། ཀུན་བཟང་རང་སེམས་བླ་མ་ལ། །ཀ་དག་བློ་འདས་མནྜལ་འབུལ། །ལྟ་སྒོམ་སྤྱོད་འབྲས་ཟབ་མོའི་དབང་། །ཀུན་རྫོགས་ཁྱབ་གདལ་བསྐུར་དུ་གསོལ། །ལན་གསུམ། ཁྱེད་རང་རྣམས་ལུས་བསམ་གཏན་གྱི་སྤྱོད་ལམ་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་མདུན་གྱི་བར་སྣང་ལ་ལྟོས་ལ། སེམས་ཀྱི་ངོ་བོ་སྟོང་གསལ་མཐའ་བྲལ་གཉུག་མ་ཁྱབ་གདལ་ཆེན་པོའི་ངང་དུ་ཞོག་ཅིག །ཧཱུྃ། ལྟོས་ཤིག་སྐལ་ལྡན་སྙིང་གི་བུ། །བར་སྣང་ཡངས་པའི་དཀྱིལ་དུ་ལྟོས། །སྟོང་གསལ་རང་མདངས་མཐའ་དབུས་བྲལ། །ཞེན་འཛིན་ཡུལ་མེད་བདེ་བ་ཆེ། །ཕྱོགས་ལྷུང་མཐའ་སྤངས་ལྟ་བའི་མཆོག །ཀུན་བྱེད་ཀུན་གྲོལ་ཁྱབ་གདལ་བ། །དུས་གསུམ་རྒྱལ་བའི་དགོངས་དབང་བསྐུར། །ཐོབ་མེད་ཚུལ་གྱིས་ཐོབ་གྱུར་ཅིག །ཨ་ཏི་ཧོཿ གཉིས་པ་སྒོམ་པ་ནི། མར་མེ་གསལ་བ་ཞིག་བཏེགས་ལ། རླུང་གིས་མ་བསྐྱོད་པའི་མར་མེ་རང་གསལ་བ་འདི་ལྟར་གསལ་ལ་འཛིན་པ་མེད་པའི་ངང་དུ་སྒོམས་ཤིག །ཧཱུྃ། སྟོང་ཉིད་མཐོང་བའི་རྣལ་འབྱོར་པ། །སྒོམས་ཤིག་སྒོམས་ཤིག་མ་སྒོམས་ཤིག །རླུང་གིས་མ་བསྐྱོད་མར་མེ་ལྟར། །གསལ་སྟོང་འཛིན་མེད་དབང་ཐོབ་ཤོག །ཨ་ཏི་ཧོཿ གསུམ་པ་འབྲས་བུ་ནི། བུར་ཆང་བླུད་ལ། ཁོང་དུ་མི་མིད་པར་ཕཊ་བརྗོད་ཅིག །བྱས་ལ། བུར་ཆང་ཁར་བཟུང་བས་རོ་མངར་བ་ཉམས་སུ་མྱོང་ཡང་སྨྲ་མི་ཤེས་པ་ལྟར། དབང་གི་ཡེ་ཤེས་སེམས་ཀྱི་གནས་ལུགས་བདེ་སྟོང་དུ་ཤར་བ། སྨྲ་བརྗོད་དང་བྲལ་བར་ཤེས་པར་གྱིས་ཤིག །ཨེ་མ་ལྟོས་ཤིག་སྐལ་ལྡན་བུ། །རང་སེམས་ཆོས་སྐུ་འགྱུར་མེད་ལྟོས། །སྨྲ་བསམ་བརྗོད་མེད་མཐའ་ལས་འདས། །མཁུར་བཀང་སྨྲ་འདོད་ཇི་བཞིན་ནོ། །གང་ཡང་མ་གྲུབ་སྟོང་ཆེན་ངང་། །འགྱུར་མེད་གདིང་ལྡན་འབྲས་བུ་མཆོག །འདི་ལས་གཞན་དུ་མ་རེ་ཞིག །རང་ཆས་ལྷུན་གྲུབ་དབང་ཐོབ་ཤོག །ཨ་ཏི་ཧོཿ དེའི་ངང་ལས་ཕཊ་ཅེས་བརྗོད་དུ་བཅུག་ཀྱང་མཁུར་བ་བདུད་རྩིས་གང་བས་སྨྲ་མི་ཤེས་པ་ལྟར། འབྲས་བུ་སྐུ་གསུམ་ཡང་ཚིག་དང་དོན་ལས་འདས་པར་ངོ་ཤེས་པར་མཛོད་ཅིག །བཞི་པ་སྤྱོད་པ་ནི། སློབ་དཔོན་གྱིས་གར་སྟབས་བྱས་ལ། ལུས་ཀྱི་སྤྱོད་ལམ་ཅི་བྱས་པ་ཐམས་ཅད་འགྲོ་བའི་དོན་དུ་འགྱུར་བར་གྱིས་ཤིག །ཧཱུྃ། ཉོན་ཅིག་སྐལ་ལྡན་སྙིང་གི་བུ། །སྟོང་ཉིད་ཡེ་ཤེས་རོལ་པ་ལས། །དགག་སྒྲུབ་མེད་པའི་སྤྱོད་པ་ཤར། །ཅི་བྱས་འགྲོ་དོན་དབང་ཐོབ་ཤོག །ཨ་ཏི་ཧོཿ ཞེས་པ་ངོ་སྤྲད་ལ་རོལ་མོ་བསྒྲག་གོ །ལྔ་པ་ཆོས་རྣམས་ཀུན་རྫོགས་དང་རྡོ་རྗེ་སློབ་དཔོན་གྱི་དབང་ནི། པདྨ་འདབ་དྲུག་གི་སྟེང་དུ་ཤེལ་གྱི་མཆོད་རྟེན་བང་རིམ་དགུ་པ་དང་རྡོ་རྗེ་དྲིལ་བུ་གཏད་དེ། ཧཱུྃ། ཐེག་སྒོ་བསམ་མི་ཁྱབ་ཀྱང་བློ་ཡི་བྲིད་ཐབས་ཡིན། །ཆོས་རྣམས་སེམས་ལ་མ་རྫོགས་རྡུལ་ཙམ་ག་ལ་ཡོད། །སེམས་ཉིད་བདེན་གཉིས་དབྱེར་མེད་མཐར་ཐུག་ཆོས་སྐུ་དངོས། །ཀུན་ཁྱབ་དུམ་བུར་བཅད་པ་དེ་རིང་ཁྱབ་གདལ་ལོ། །ད་ནི་བུ་ཁྱེད་རྒྱལ་བ་ཀུན་དང་དབྱེར་མེད་དེ། །གང་ལ་གང་འདུལ་ཐབས་ཀྱིས་འགྲོ་རྣམས་བདེ་ལ་བཀོད། །ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དམ་ལྡན་ཞིང་། །སྐལ་ལྡན་སློབ་བུའི་ཚོགས་ལ་ཟབ་མོ་དེ་ཉིད་སྟོན། །ཆོས་ཀྱི་རྒྱལ་ཚབ་དམ་པར་ཁྱོད་ཉིད་དབང་བསྐུར་རོ། །རང་གཞན་དོན་གཉིས་ལྷུན་གྲུབ་འགྱུར་མེད་བདེ་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་དྷ་ར་སརྦ་ཨ་བྷི་ཥིཉྩ་ཧཱུྃ། དེང་ཕྱིན་ཆད་ཁྱོད་སྨན་གྱི་རྡོ་རྗེ་སློབ་དཔོན་ཆེན་པོར་དབང་བསྐུར་ཏེ་རྒྱལ་བའི་གདུང་འཚོབ་ཏུ་གྱུར་པ་ཡིན་པས་རྩ་བ་གསུམ་གྱི་དབང་སྐུར། རྒྱུད་བཞི་ཤོད། སྨན་གྱི་ལག་ལེན་རྣམས་སྟོན་ལ་འགྲོ་བ་རྣམས་རྒྱུ་དང་འབྲས་བུའི་ནད་ལས་ཐར་བར་མཛོད་ཅིག །རབ་གནས་ཤིས་བརྗོད་བྱ་ཞིང་རོལ་མོ་སྒྲོག །གསུམ་པ་རྗེས་ཀྱི་བྱ་བ་ལ། དམ་ཚིག་བསླབ་བྱ་སྐྱོན་ཡོན་ཏན། །ཡོན་འབུལ་བཀའ་ཡི་གཏད་རྒྱ་ལྔ། །དང་པོ་ནི། དེ་ལྟར་རིགས་འདུས་རྒྱལ་བ་བླ་མ་སྨན་རྒྱལ་གྱི་དཀྱིལ་འཁོར་དུ་དབང་གདམས་པ་ཐོབ་པའི་རྣལ་འབྱོར་གྱིས་དམ་ཚིག་སྲུང་བའི་རིམ་པ་ནི་གསུམ་སྟེ། ཕྱི་ནང་གསང་བའོ། །དང་པོ་ལ་བློ་གཞག་དྲུག་ནི། སློབ་དཔོན་ལ་སངས་རྒྱས་ཀྱི་བློ་གཞག །དེའི་གསུང་ལ་དྲང་སྲོང་གི་གསུང་དུ་བློ་གཞག །གསོ་དཔྱད་ལ་དམ་པའི་ཆོས་སུ་བློ་གཞག །མཆེད་གྲོགས་ལ་སྤུན་གྱི་བློ་གཞག །ནད་པ་ལ་བུ་ཚའི་བློ་གཞག །རྣག་ཁྲག་ལ་ཁྱི་ཕག་གི་བློ་གཞག་པ་དང་དྲུག་གོ །གཟུང་བྱ་གཉིས་ནི། སྨན་གྱི་བརྒྱུད་པ་འཛིན་པའི་རིག་འཛིན་རྣམས་བཀའ་སྲུང་དུ་བཟུང་ལ་གསོལ་མཆོད་བྱ་ཞིང་རེ་ལྟོས་བྱ། ཆ་དཔྱད་རྣམས་ཡི་དམ་གྱི་ཕྱག་མཚན་ལྟར་བཟུང་ལ་མི་འབྲལ་བར་བཅང་ངོ་། །ཤེས་བྱ་གསུམ་ནི། སྨན་རྣམས་དགོས་འདོད་འབྱུང་བའི་ནོར་བུ། རིག་འཛིན་མཆོད་པའི་མཆོད་རྫས། ནད་རྣམས་སེལ་བའི་བདུད་རྩིར་ཤེས་པར་བྱའོ། །གཉིས་པ་ནང་གི་དམ་ཚིག་ནི། རྩ་བ་སྐུ་གསུང་ཐུགས་གསུམ། སྐུའི་དམ་ཚིག་རྡོ་རྗེ་སློབ་དཔོན་དང་མཆེད་ལྕམ་དྲལ་ལ་སྐད་ཅིག་ཀྱང་ལོག་ལྟ་ཐུགས་འགལ་མ་ཤོར་བ་ཁོང་པའི་སྙིང་ལྟར་བཙའ། གསུང་གི་དམ་ཚིག་ཡི་དམ་ལྷའི་ཕྱག་རྒྱ་བཟླས་པ་ཏིང་འཛིན་རྒྱུན་མི་གཅད། ཐུགས་ཀྱི་དམ་ཚིག་གསང་སྔགས་ཀྱི་ལྟ་སྤྱོད་གནས་དུས་སྒྲུབ་རྫས་སོགས་དམ་མེད་ལ་ཤིན་ཏུ་གསང་། ཡན་ལག་གི་དམ་ཚིག་ཤེས་བྱ་ལྔ། སྤྱད་བྱ་ལྔ། མི་སྤང་བ་ལྔ། བསྒྲུབ་བྱ་ལྔ། དང་དུ་བླང་བར་བྱ་བ་ལྔ་རྣམས་མ་ཧཱ་ཡོ་ག་སྤྱི་ལྟར་བསྲུང་། ཐུན་མོང་སྤྱིའི་དམ་ཚིག་ཏུ་རྩ་བའི་བླ་མ་སྤྱི་བོར་ཁུར་ཞིང་བཀའ་ཡི་ཟུར་ཙམ་ཡང་མི་གཅོག་པ་དང་། བླ་ན་མེད་པའི་ཐེག་པ་མི་སྤང་བ་དང་། ཐུན་བཞིའི་རྣལ་འབྱོར་མི་ཡེངས་པ་དང་། སྔགས་དང་ཆོས་སྤྱི་ལ་ཐེ་ཚོམ་སྤང་བ་དང་། མཆེད་ལྕམ་གདུང་སེམས་ཀྱིས་སྐྱོང་བ་དང་། སེམས་ཅན་ཐམས་ཅད་སྙིང་རྗེས་དྲང་བ་དང་། ཉོན་མོངས་པ་རང་ཁར་མི་གཏོང་བ་དང་། ཐེག་པའི་ཆོས་ཀྱི་ཁ་འཛིན་ཆེས་ནས་གཞན་ལ་མི་སྨོད་པ་དང་། ལེ་ལོ་གཉིད་དང་ཆང་དབང་སྤང་བ་དང་། ལྟ་སྤྱོད་ཟུང་དུ་འབྲེལ་བས་བསྙེན་སྒྲུབ་མཐར་དབྱུང་བར་བྱའོ། །གསང་བའི་དམ་ཚིག་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་རིག་པ་བྱང་ཆུབ་ཀྱི་སེམས་ཡིན་ལ། དེ་ཡང་གདོད་ནས་རང་བྱུང་ཆོས་སྐུའི་ངང་དུ་རྟོགས་པ་དེ་ལས་མི་འདའ་བར་སྲུང་ངོ་། །གཞན་ཡང་བདེ་བའི་དམ་ཚིག་ཏུ། ཐིག་ལེ་སྲོག་ལས་གཅེས་པར་ཡུངས་འབྲུ་ཙམ་ཡང་མ་ཉམས་པར་སྲུང་། གསལ་བའི་དམ་ཚིག་ཏུ་རླུང་གི་རྣལ་འབྱོར་ལ་འབད། མི་རྟོག་པའི་དམ་ཚིག་ཏུ་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བའི་རང་བཞིན་ཕྱག་རྒྱ་ཆེན་པོ་ལ་མཉམ་པར་གཞག །དུས་དང་རྣམ་པ་ཐམས་ཅད་དུ་འཛིན་པ་མེད་པའི་དྲན་པ་མ་ཡེངས་ཙམ་རྒྱང་སོ་བཙུགས་ནས་ཤེས་བཞིན་གྱི་མེལ་ཚེས་སྲུང་བ་གཅེས་སོ། །དེ་ཡང་། དམ་ཚིག་རྣམས་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱི་བདག་ཉིད་ཡིན། །ཅེས་སོགས་རྒྱ་ཆེར་འབྱུང་བ་ལྟར། དབང་ཐོབ་ནས་དམ་ཚིག་མ་བསྲུང་ན་མནར་མེད་པར་འགྲོ་ཞིང་བསྲུངས་ན་ཚེ་གཅིག་གིས་ཀུན་བཟང་སྨན་པའི་རྒྱལ་པོའི་གོ་འཕང་འཐོབ་པར་འགྱུར་བས་མ་ཉམས་པར་བསྲུང་བ་དང་ཉམས་ན་བཤགས་ཤིང་སྐོང་བའི་ཐབས་ལ་འབད་དགོས་སོ། །གཉིས་པ་སྐྱོན་ནི། དེའང་ཐོག་མར་གསང་སྔགས་བླ་མེད་ཀྱི་ཆོས་སྒོ་འབྱེད་དགོས་པས། དབང་བསྐུར་ཐོབ་དགོས་པ་ནི། ཇི་སྐད་དུ། སྣོད་ལྡན་སྐལ་བཟང་སྐྱེས་བུ་ཡིས། །ཚེ་འདིར་དངོས་གྲུབ་མཆོག་ཐོབ་ཕྱིར། །མཚན་ཉིད་ལྡན་པའི་བླ་མ་ལ། །གུས་པས་དབང་མཆོག་རྫོགས་པར་ཞུ། །ཞེས་གསུངས་སོ། །དབང་མ་ཐོབ་པའི་སྐྱོན་ནི། ཇི་སྐད་དུ། དབང་བསྐུར་མ་ཐོབ་སྔགས་འཆང་དང་། །བསྙེན་སྒྲུབ་ལས་སྦྱོར་ལ་འཇུག་པ། །གདོན་ཆེན་སྙིང་ལ་ཟིན་པ་ཡིན། །འདོད་པའི་འབྲས་མེད་དམྱལ་བར་སྲེག །ཅེས་གསུངས་སོ། །གསུམ་པ་ཡོན་ཏན་ནི། དབང་ཐོབ་པའི་ཡོན་ཏན་ནི། བླ་མ་མཆོག་ལ་མངོན་སུམ་དུ། །དབང་རྫོགས་ཐོབ་པའི་རྣལ་འབྱོར་དེ། །རྒྱལ་བ་ཀུན་གྱི་སྲས་སུ་འགྱུར། །འགྱུར་མེད་བདེ་ཆེན་གོ་འཕང་ཐོབ། །ཅེས་གསུངས་སོ། །བཞི་པ་ཡོན་འབུལ་ནི། དབང་ཐོབ་ནས་ཡོན་འབུལ་ཏེ། ཇི་སྐད་དུ། དབང་ཐོབ་བླ་མ་སངས་རྒྱས་ལ། །རང་ལུས་བུ་དང་ཆུང་མ་དང་། །རྒྱལ་སྲིད་ལོངས་སྤྱོད་ཡོན་དུ་འབུལ། །མ་ཕུལ་དབང་གི་འབྲས་བུ་མེད། །ཅེས་གསུངས་པ་ཡིན་ནོ། །ལྔ་པ་བཀའ་གཏད་ནི། དེ་རྣམས་ཀྱི་སྐྱོན་ཡོན་ཁོང་དུ་ཆུད་ཅིང་སྤང་བླང་ཚུལ་བཞིན་བྱེད་པའི་སློབ་མ་དམ་ལྡན་ལ་བཀའ་ལུང་གདམས་པའི་གཉེར་གཏད་པར་གསུངས་པ་ལྟར་བསྒྲུབ་པ་ཡིན་པས་སྤང་བླང་ཐུགས་ལ་ངེས་པའི་སྒོ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པའི་འདུན་པ་རྩེ་གཅིག་ཏུ་མཛོད་ཅིག །ཅེས་མཚམས་སྦྱར་ལ། རྡོ་རྗེ། དྲིལ་བུ། ཌཱ་རུ། གྲི་ཐོད། སྒོམ་ཐག །སྐུ་རྟེན། རྒྱུད་སྡེ་དང་བསྐྱེད་རྫོགས་ཀྱི་པོ་ཏི་སྨན་དང་ཆ་དཔྱད་རྣམས་ལག་ཏུ་གཏད་ནས་འདི་སྐད་བརྗོད། ཧཱུྃ་ཧྲཱིཿ ཀུན་འདུས་རྒྱལ་བ་བླ་མའི་ལྷ་ཚོགས་ཀྱི། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྣམས། །ཚེ་འདིར་ཐོབ་ནས་འགྲོ་བ་ཀུན་འདྲེན་ཕྱིར། །དབང་བསྐུར་རྒྱུད་བཤད་མན་ངག་གཉེར་གཏད་དོ། །ཡིད་བཞིན་ནོར་བུ་དཔག་བསམ་ལྗོན་ཤིང་དང་། །འདོད་འཇོའི་བ་ལྟར་རང་གཞན་རེ་སྐོང་བའི། །རྒྱལ་བའི་བཀའ་གསང་ཟབ་མོའི་གཉེར་གཏད་དོ། །གཏད་དོ་གཉེར་རོ་བཀའ་འདི་ཐུབ་པར་སྲུངས། །སེང་གེའི་འོ་མ་སྣོད་ངན་ཇི་བཞིན་དུ། །དམ་མེད་རྣམས་ལ་བཀའ་འདི་ཤོར་ར་རེ། །ངོ་བསྟོད་གཞོག་སློང་ནོར་ཕྱིར་ཤོར་ར་རེ། ཁ་འཇམ་བྲིད་མཁས་བསླུ་ཕྱིར་ཤོར་ར་རེ། །ཀུན་འདུས་བླ་མ་རྒྱལ་བ་སྨན་རྒྱལ་བཀའ། །སྙིང་གི་ནོར་དང་མིག་གི་འབྲས་བུ་ཡིན། ཁྱད་པར་བླ་མ་ཆོས་ལ་ལོག་པར་ལྟ། །རྟོག་གེ་བ་དང་ཐེ་ཚོམ་ཅན་ལ་གསང་། །ཧཱུྃ་ཧྲཱིཿ བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་དང། །ཆོས་སྐྱོང་བཀའ་སྲུང་ཐམས་ཅད་བསྙེན་ཅིང་བསྒྲུབ། །བསྐྱེད་རྫོགས་ཏིང་འཛིན་ལས་མཐར་སྐྱེལ་བ་དང་། །ཕྲིན་ལས་ཐོགས་མེད་འགྲུབ་པའི་བཀའ་གཏད་དོ། །རྩ་བ་ཐུགས་ཀྱི་རྒྱུད་ཀྱི་བཀའ་གཉེར་གཏད། །འགྲོ་བའི་ཞེ་སྡང་རྒྱུ་འབྲས་ནད་སོལ་ཅིག །བཤད་པ་སྐུ་ཡི་རྒྱུད་ཀྱི་བཀའ་གཉེར་གཏད། །འགྲོ་བའི་གཏི་མུག་རྒྱུ་འབྲས་ནད་སོལ་ཅིག །མན་ངག་ཡོན་ཏན་རྒྱུད་ཀྱི་བཀའ་གཉེར་གཏད། །འགྲོ་བའི་ང་རྒྱལ་རྒྱུ་འབྲས་ནད་སོལ་ཅིག །ཕྱི་མ་ཕྲིན་ལས་རྒྱུད་ཀྱི་བཀའ་གཉེར་གཏད། །འགྲོ་བའི་ཕྲག་དོག་རྒྱུ་འབྲས་ནད་སོལ་ཅིག །མཇུག་དོན་ཡོངས་སུ་གཏད་པའི་བཀའ་གཉེར་གཏད། །འགྲོ་བའི་འདོད་ཆགས་རྒྱུ་འབྲས་ནད་སོལ་ཅིག །ཕྱི་ནང་གསང་བའི་དམ་ཚིག་བཀའ་གཉེར་གཏད། །སྐལ་ལྡན་མ་ལུས་བདེ་ཆེན་ལམ་སྣ་དྲོངས། །བསྙེན་སྒྲུབ་ལས་སྦྱོར་དམ་རྫས་བཀའ་གཉེར་གཏད། །རྟག་ཏུ་སྒྲུབ་པའི་རྒྱལ་མཚན་བརྟན་པར་ཚུགས། །སྨན་དང་ཆ་དཔྱད་ཀུན་གྱི་བཀའ་གཉེར་གཏད། །གང་ལ་གང་ཕན་ནད་པའི་དོན་མཛོད་ཅིག །བདག་གི་བཀའ་འདི་ཁྱོད་ལ་གཏད་པ་ཡིས། །གཞུང་གདམས་ཕྲིན་ལས་ཀུན་གྱི་མགོ་ཐོན་ནས། །བཀའ་སྲོལ་མི་ནུབ་བསྟན་པ་དར་ཞིང་རྒྱས། །སེམས་ཅན་མ་ལུས་བདེ་ལ་འཁོད་པར་ཤོག །ཅེས་བརྗོད་ནས་བདུད་རྩི་བྱིན། རབ་གནས་བྱ། རོལ་མོ་དང་བཅས་པས་བཀྲ་ཤིས་བརྗོད་པར་བྱའོ། །དེ་ནས་དམ་ཚིག་སྤྱིའི་ཞལ་གདམས་ཟུར་དུ་གབ་པ་ནི། སྐུའི་དམ་ཚིག་ཏུ་སྐུ་ཆགས་པར་བྱེད་པ་ལ་སྐུ་རྟེན་རབ་གནས་ཅན་གྱི་ཐང་ཀའམ་ལུགས་སྐུ་འབྲལ་མེད་བཅང་། སྐྲ་ཚབ་ཁ་ཊྭཱཾ་དང་རྡོ་རྗེ་བཅང་། གསུང་ཆགས་པར་བྱེད་པ་ལ་བསྐྱེད་རྫོགས་ཀྱི་གདམས་པ་རྒྱུད་བཞི་ཆ་ལག་དང་བཅས་པ་བཅངས་ཤིང། རབ་ཚིག་དོན་ལྷག་ཆད་མེད་པར་བློར་འཇུག་ཅིང་། འབྲིང་ཟླ་བ་རེ་ལ་ཚར་རེ་སྒྲོག་ཅིང་གུས་པར་བྱས་ལ་དེའི་དོན་བསམ། ཐ་མ་ཡང་ལོ་རེ་ལ་ཚར་གསུམ་གསུམ་སྒྲོག་ཅིང་དེའི་དོན་ལ་བསམ། དྲིལ་བུ་གཡེར་ཁ། རྐང་དུང་། གླིང་བུ། ཐོད་རྔ་བཅང་ངོ་། །ཐུགས་ཀྱི་དམ་ཚིག་ཏུ་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་འབྲལ་མེད་དུ་བསྒོམ། བྱིན་རླབས་ཅན་གྱི་བདུད་རྩིའི་སྨན་རིལ་གསེར་མདོག་ཟུར་ལྔ་པ་མ་ཉམས་པ་དང་། སྙིང་པོ་གསེར་གྱིས་བྲིས་པ་བཅང་། ཡོན་ཏན་གྱི་དམ་ཚིག་ཏུ་བསྐྱེད་རྫོགས་ཀྱི་གདམས་པ་དང་རྒྱུད་བཞི་ཆ་ལག་དང་བཅས་པ་སྣོད་ལྡན་ལ་འཆད་ཅིང་སྤེལ། ཕྲིན་ལས་ཀྱི་དམ་ཚིག་ཏུ་ནད་པ་དྲག་ཞན་བར་མ་ཐམས་ཅད་ལ་ཉེ་རིང་མེད་པར་ཕན་ཅི་ཐོགས་བྱ། སྨན་དང་ཆ་དཔྱད་ཐམས་ཅད་འཛོམ་པར་གསག །བཀའ་སྲུང་རྣམས་ལ་གསོལ་མཆོད་རྒྱུན་དུ་བྱའོ། །དམ་ཚིག་འདི་རྣམས་ཀྱང་རང་དང་གྲོགས་དང་བླ་མ་གསུམ་ཀས་མ་ཁྲེལ་བར་དྲན་ཤེས་བཞིན་དང་ལྡན་པས། དུས་རྟག་ཏུ་བསྲུང་དགོས་པ་དོ་གལ་དང་བཀའ་ནན་ཆེན་པོས་བཀའ་སྲུང་ལ་གཉེར་དུ་གཏད་པའི་སྒོ་ནས་སྨན་གྱི་བླ་མ་གཡུ་ཐོག་པ་ཉིད་ཀྱིས་གདམས་པར་མཛད་པ་ལགས་པས། ཡལ་བར་མི་འདོར་བར་ཚུལ་བཞིན་དུ་བསྲུང་བར་བགྱི་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་ལན་གསུམ། གཏང་རག་མཎྜལ་རྒྱས་པ་དང་། ལུས་ལོངས་སྤྱོད་འབུལ། དགེ་བ་བྱང་ཆུབ་ཏུ་བསྔོ་བ་རྣམས་སྤྱི་ལྟར་བྱས་ལ་སློབ་མ་རྣམས་གྱེས་སོ། །གསུམ་པ་རྗེས་ལས་ཀྱི་རིམ་པ་ནི། ལས་བྱང་ལྟར་ཚོགས་བྱིན་རླབས་ཚོགས་ཞིང་དྲང་ནས། མཆོད་བཤགས་དང་རྩ་གསུམ་སྐོང་གསོལ་ཆོས་སྐྱོང་མདངས་སྐོང་རྣམས་སྦྱར། བསྒྲལ་བསྟབ་བྱས་ལ་གསོལ་ཁ་བཏང་། ཚོགས་ལ་རོལ་ཞིང་ལྷག་མ་བསྔོ། ཆད་བརྟན་རྟ་བྲོ་དངོས་གྲུབ་བླང་ཞིང་མཆོད་བསྟོད་ནོངས་བཤགས་བྱ། རས་བྲིས་སོགས་ལ་བརྟན་བཞུགས་དང་ཚོམ་བུའི་སྐབས་མདུན་བསྐྱེད་གཤེགས། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་བཀྲ་ཤིས་བཅས་ཚང་བར་བྱའོ། །གཞན་ཕན་དངོས་སུ་སྒྲུབ་ལ་གསོ་རིག་ལས། །ཡོན་ཏན་ཆེ་བ་འཇིག་རྟེན་ཀུན་ན་དཀོན། །དེ་ལ་བརྟེན་ནས་བྱང་ཆུབ་བདེ་བླག་ཏུ། །སྒྲུབ་ཐབས་སྙིང་ཐིག་འདི་ནི་ཀུན་ལས་རྨད། །དེ་ཡི་སྨིན་བྱེད་རྩ་བ་ཡན་ལག་བཅས། །ཕྱོགས་བསྡེབས་བལྟས་ཆོག་ཉིད་དུ་བཀོད་པའི་དགེས། །ལུས་ཅན་མཐའ་དག་རྒྱུ་འབྲས་ཟུག་རྔུ་ཞི། །བླ་མེད་སྨན་པའི་རྒྱལ་པོ་མྱུར་འགྲུབ་ཤོག །གཡུ་ཐོག་སྙིང་ཐིག་གི་དབང་བསྐུར་རྒྱས་པ་ལྷན་ཐབས་ཞལ་གདམས་བཅས་ཕྱོགས་སུ་བསྡེབས་ཤིང་། བླ་མའི་ཕྱག་བཞེས་ཞལ་རྒྱུན་གྱིས་གསལ་བར་བྱས་པ་འདིའང་གསོ་རིག་ལ་ཅུང་ཟད་སྦྱངས་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་སྨན་རྒྱལ་བསྟན་པའི་ཉིན་བྱེད་ཀྱི་བྱིན་གྱིས་བརླབས་པའི་གདན་ས་ཆེན་པོ་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).