Terdzo-CHA-019: Difference between revisions

From Rinchen Terdzö
No edit summary
m (Text replacement - "2007-2016" to "2007-2018")
Line 5: Line 5:
|fulltitletib=འཆི་མེད་ཚེ་སྒྲུབ་བུ་སྟོན་གོང་ཁུག་མའི་སྐོར་རྣམས་
|fulltitletib=འཆི་མེད་ཚེ་སྒྲུབ་བུ་སྟོན་གོང་ཁུག་མའི་སྐོར་རྣམས་
|fulltitle='chi med tshe sgrub bu ston gong khug ma'i skor rnams
|fulltitle='chi med tshe sgrub bu ston gong khug ma'i skor rnams
|citation=[[gu ru chos kyi dbang phyug]]. 'chi med tshe sgrub bu ston gong khug ma'i skor rnams. In Rin chen gter mdzod chen mo pod drug pa (The Great Treasury of Rediscovered Teachings Volume 6) by 'jam mgon kong sprul, 353-390. New Delhi: Shechen Publications, 2007-2016.
|citation=[[gu ru chos kyi dbang phyug]]. 'chi med tshe sgrub bu ston gong khug ma'i skor rnams. In Rin chen gter mdzod chen mo pod drug pa (The Great Treasury of Rediscovered Teachings Volume 6) by 'jam mgon kong sprul, 353-390. New Delhi: Shechen Publications, 2007-2018.
|collectiontitle=Rin chen gter mdzod; Rin chen gter mdzod Shechen Edition
|collectiontitle=Rin chen gter mdzod; Rin chen gter mdzod Shechen Edition
|collectiontitletib=རིན་ཆེན་གཏེར་མཛོད་
|collectiontitletib=རིན་ཆེན་གཏེར་མཛོད་

Revision as of 00:24, 7 November 2018

འཆི་མེད་ཚེ་སྒྲུབ་བུ་སྟོན་གོང་ཁུག་མའི་སྐོར་རྣམས་

'chi med tshe sgrub bu ston gong khug ma'i skor rnams

by  འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Jamyang Khyentse Wangpo)
revealed by  གུ་རུ་ཆོས་ཀྱི་དབང་ཕྱུག་ (Guru Chökyi Wangchuk)
in cycle  འཆི་མེད་ཚེ་སྒྲུབ་བུ་སྟོན་གོང་ཁུག་མ་ ('chi med tshe sgrub bu ston gong khug ma)
Volume 6 (ཆ) / Pages 353-390 / Folios 1a1 to 19b4

[edit]

༄༅། །འཆི་མེད་ཚེ་སྒྲུབ་བུ་སྟོན་གོང་ཁུག་མའི་སྐོར་རྣམས་བཞུགས་སོ། ། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །ཨོ་རྒྱན་པདྨའི་སྲོག་ཏིག༔ རྫོགས་ཆེན་ཚེ་ཡི་སྒྲུབ་པ༔ སྐུ་མི་འགྱུར་རྡོ་རྗེའི་མན་ངག༔ གསང་བའི་ཚེ་སྒྲུབ་རྒྱུན་ཁྱེར་འདི་ལ༔ སྔོན་འགྲོ་སྐྱབས་འགྲོ་སེམས་བསྐྱེད་བྱ༔ དངོས་གཞི་ཏིང་ངེ་འཛིན་ལ༔ རང་སྐད་ཅིག་གིས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་གཅིག་ཏུ་ཀྲོང་ངེ་བསྐྱེད་དེ༔ ཧྲཱིཿདཀར་པོ་གཅིག་རྡོ་རྗེའི་རྩེ་ལ་བསམ༔ དེ་ཚེ་དཔག་མེད་དངོས་སུ་མོས་པ་བྱས་ཏེ་གསོལ་བ་འདེབས་པ་འདི་བྱའོ༔ ཨོཾ་བཛྲ་ཨཱ་ཡུ་ཥེ་ས་ར་ཧ་ཀ་ར་རེ་ཤུདྡྷེ་ཧཱུྃ་ཕཊ༔ ལན་གསུམ་བརྗོད་པས་ཧྲཱིཿལས་བདུད་རྩི་སྐྱ་ན་ར་ར་རྡོ་རྗེའི་དབུས་སུ་བབས་ཤིང་ཁེངས་པར་བསམས་ལ་རླུང་ཁུག་པ་བདུན་མནན་ནས་སྙིང་པོ་འདི་བཟླའོ༔ ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ ཞེས་བརྒྱ་རྩ་ལ་སོགས་པ་ཡིད་བཟླས་བྱའོ༔ རྗེས་ལ་རང་རིག་སྤྲོས་བྲལ་ནམ་མཁའ་ལྟ་བུར་མཉམ་པར་གཞག་ན་སྐུ་མི་འགྱུར་བ་ཚེའི་དངོས་གྲུབ་ཐོབ་པར་ངེས་སོ༔ སྙིང་ཏིག་ཡང་གཏེར་གསང་བ་སྦ༔ ས་མ་ཡ་རྒྱ༔ ཨོ་རྒྱན་པདྨའི་སྙིང་གཏམ་ཤོག་དྲིལ་བཞི་ལས་འདི་ཚེ་སྒྲུབ་ཀྱི་ཤོག་དྲིལ་ཡིན་ནོ། །འབུལ་མེད་ཁ་སྦྱང་མཁན་ལ་མ་བསྟན་ཞེས་གསུངས་སོ། །བརྒྱུད་པ་ནི། གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་ལ་བླ་མ་ཚུལ་ཁྲིམས་བཟང་པོས་ཞུས་ནས་བསྒྲུབས་པས་ལོ་བརྒྱ་དང་བཅུ་དགུ་ཐུབ། དེ་ལ་ཆོས་རྗེ་བུ་སྟོན་རིན་པོ་ཆེས་ཞུས། དེ་ལ་ཐུགས་སྲས་ལོ་ཙཱ་བས། དེ་ལ་འཇམ་དབྱངས་གྲགས་པ་རྒྱལ་མཚན། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། ཀ་བཞི་པ་རིན་ཆེན་མཆོག་གྲུབ་དཔལ་འབར། རྒྱལ་ཡུམ་ཚུལ་ཁྲིམས་བཟང་མོ་་་དེའི་ཞལ་ནས། འདི་བུ་སྟོན་གོང་ཁུག་མ་བྱ་བ་ཡིན། ང་ཡན་ལ་སྐུ་ཚེ་མཐར་ཕྱིན་པ་ཁོ་ན་བྱུང་བས་ཁྱེད་རང་ཐུགས་དམ་མཛོད་གསུང་ལུང་དང་དཔེ་གནང་ངོ་། དེས་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། རྡོ་རྗེ་འཆང་རིན་ཆེན་བསོད་ནམས་མཆོག་གྲུབ། ཆེན་པོ་རིན་ཆེན་བསོད་ནམས་རྒྱ་མཚོ། སློབ་དཔོན་འཇམ་དཔལ་མཁྱེན་རབ། སློབ་དཔོན་སྨོན་ལམ་བསམ་གཏན། སྦས་པའི་རྣལ་འབྱོར་བློ་གསལ་བསྟན་རྒྱན། བྱང་གླིང་པ་གྲུབ་དབང་ཡེ་ཤེས་དཔལ་འབྱོར། རྗེ་བླ་མ་འཆི་མེད་གྲུབ་པའི་དབང་ཕྱུག་རིན་ཆེན་བློ་གསལ་བསྟན་རྒྱན། བྱང་གླིང་གྲུབ་དབང་ཡེ་ཤེས་དཔལ་འབྱོར། རྗེ་བླ་མ་འཆི་མེད་གྲུབ་པའི་དབང་ཕྱུག་རིན་ཆེན་བློ་གསལ་བསྟན་སྐྱོང་། དེས་བདག་སྐལ་བཟང་མཁྱེན་བརྩེའི་མིང་ཅན་ལ་དགྱེས་པ་ཆེན་པོས་བཀའ་དྲིན་དུ་བསྩལ་ཏོ། །ཤུ་བྷཾ། ༈ བུ་སྟོན་གོང་ཁུག་མའི་ཚེ་སྒྲུབ་ཁྱེར་བདེ་ངོར་ཆེན་རྡོ་རྗེ་འཆང་ཆེན་པོས་མཛད་པ་བཞུགས་སོ། །སྭསྟི། ཐོ་རངས་བྱ་ཁྭ་ཏའི་སྐད་མ་གྲགས་པའི་གོང་དུ་ལངས་ལ། སངས་རྒྱས་ཆོས་ཚོགས་མ་ལན་གསུམ། སྭ་བྷཱ་ཝས་སྟོང་པར་སྦྱང་། སྟོང་པའི་ངང་ལས་རང་ལུས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ལྟེ་བ་སྟོང་པར་ཡོད་པ། རྭ་དབུས་མའི་རྩེ་མོར་མགོན་པོ་ཚེ་དཔག་མེད་ཀྱི་ངོ་བོ་ཧྲཱིཿདཀར་པོ། ཨོཾ་ཨཱ་ཡུ་ཥེ་ས་ར་ཧ་ཀ་ར་རེ་ཤུདྡྷེ་ཧཱུྃ་ཕཊ། ཅེས་གསོལ་བ་བཏབ་པས་ཧྲཱིཿདེ་ལས་བདུད་རྩི་འོ་མའི་རྒྱུན་ལྟ་བུར་བབས། རྡོ་རྗེའི་རྭ་ནས་མར་ཞུགས། ནང་ཐམས་ཅད་བདུད་རྩིས་ཁེངས་པས་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར། ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ ཞེས་ཅི་མང་དུ་བཟླ། རླུང་བུམ་པ་ཅན་བཟུང་། དེ་ནས། ཧྲཱིཿའོད་དུ་ཞུ་ནས་རྡོ་རྗེའི་རྭ་བར་ནས་མར་ཞུགས་པས་ལུས་ཐམས་ཅད་ཁེངས་པར་བསམ། དགེ་བ་འདི་ཡིས་མྱུར་དུ་བདག །ཚེ་དཔག་མེད་མགོན་འགྲུབ་གྱུར་ནས། །སོགས་བསྔོ་སྨོན་བྱ། བརྒྱུད་འདེབས་ནི། ཆོས་སྐུ་སྣང་མཐའ་ལོངས་སྐུ་ཚེ་དཔག་མེད། །སྤྲུལ་སྐུ་པད་འབྱུང་ཡེ་ཤེས་མཚོ་རྒྱལ་ཞབས། །གཏེར་སྟོན་ཆོས་དབང་ཚུལ་ཁྲིམས་བཟང་པོ་དང་། །བུ་སྟོན་ཆོས་རྗེ་རྣམས་ལ་གསོལ་བ་འདེབས། །རིན་ཆེན་རྣམ་རྒྱལ་ཚུལ་ཁྲིམས་རྒྱལ་མཚན་དཔལ། །མཆོག་གྲུབ་དཔལ་འབར་ཚུལ་ཁྲིམས་བཟང་མོ་དང་། །འཇམ་མགོན་མཁྱེན་བརྩེ་དབང་ཕྱུག་རབ་བརྟན་ཞབས། །བསོད་ནམས་མཆོག་གྲུབ་རྣམས་ལ་གསོལ་བ་འདེབས། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཁྱེན་རབ་རྗེ། །གང་དེའི་ཐུགས་སྲས་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་ཚེ་དང་ཡེ་ཤེས་ཀྱི། །དངོས་གྲུབ་མ་ལུས་མྱུར་དུ་བསྩལ་དུ་གསོལ། །ཞེས་པ་འདི་ཡང་རང་གི་ཉེ་གནས་ཀུན་དགའ་བློ་ལྡན་གྱི་ཁ་ཏོན་དུ་བྲིས་པའོ། །འདི་གུ་རུ་ཆོས་དབང་ལ་བླ་མ་ཚུལ་ཁྲིམས་དཔལ་བཟང་གིས་གསན་ནས་བསྒྲུབས་པས་ལོ་བརྒྱ་དང་བཅུ་དྲུག་ཐུབ་ཅིང་བགྲེས་པས་ལུས་སྟོབས་ཤོར་བ་སོགས་མེད། ཕྱིས་གྲིབ་ཤས་གཅིག་ལ་བརྟེན་ནས་སྐུ་གཤེགས། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་དགུང་ལོ་བརྒྱད་བཞེས་དུས་འདི་ལ་ལྗགས་བསྙེན་གནང་བས། ཉིན་རེ་བཞིན་རྗེ་ཐམས་ཅད་མཁྱེན་པ་གེགས་སེལ་བོགས་འདོན་ལ་ཕེབས་ཀྱི་ཡོད་ཅེས་གསུང་དངོས་ལས་ཐོས་ཞེས་ཞྭ་ལུ་མཁན་ཆེན་གྱིས་གསུངས་ཤིང་། སྐུ་ཚེ་མཐར་ཕྱིན་པར་བཞུགས་པ་སོགས་འདི་ཉིད་ཐུགས་དམ་དུ་མཛད་པ་རྣམས་ལ་སྐུ་ཚེ་རིང་པོ་བྱུང་བའི་ལོ་རྒྱུས་མང་དུ་ཡོད་གསུངས་སོ། །བརྒྱུད་པའི་ཁ་སྐོང་ནི། བསོད་ནམས་མཆོག་གྲུབ་རྣམས་ལ་གསོལ་བ་འདེབས། །མཁྱེན་རབ་བྱམས་པ་རྨོར་ཆེན་གནས་གསར་བ། །བློ་གསལ་ཕུན་ཚོགས་ཀུན་དགའ་མཁྱེན་རབ་དང་། །བསྟན་འཛིན་ཕྲིན་ལས་ཕྲིན་ལས་ཡོན་ཏན་ཞབས། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །དཔལ་ལྡན་རྩ་བརྒྱུད་བླ་མའི་ཚོགས་རྣམས་ལ། །མི་ཕྱེད་སྙིང་ནས་གུས་པའི་གདུང་ཤུགས་ཀྱིས། །གསོལ་བ་འདེབས་སོ་ཚེ་དང་ཡེ་ཤེས་ཀྱི། །དངོས་གྲུབ་མ་ལུས་མྱུར་དུ་བསྩལ་དུ་གསོལ། །ཞེས་པའང་འཇམ་མགོན་བླ་མ་བྱམས་པ་ངག་དབང་བསྟན་འཛིན་སྙན་གྲགས་ལས་ཚུལ་འདིའི་བཀའ་དྲིན་ཐོབ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཤྲཱི་ནཱ་ལེནྡྲའི་ཆོས་གྲྭ་ཆེན་པོར་གསོལ་བ་བཏབ་པ་སིདྡྷི་རསྟུ། ༈ ཚེ་སྒྲུབ་འཆི་མེད་བུ་སྟོན་གོང་ཁུག་མའི་ཉམས་ལེན་རྡོ་རྗེའི་རྒྱ་མདུད་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷི། པད་རཱག་རྡུལ་བརྩེགས་ལྷུན་པོ་ལ། །མཁའ་ནོར་བྱེ་བས་སྤུད་པ་ལྟའི། །ཚེ་དཔག་མེད་ལ་གུས་བཏུད་ནས། །ཟབ་མོའི་ཚེ་སྒྲུབ་གདམས་པ་བྲི། །འདིར་ཨོ་རྒྱན་པདྨའི་སྲོག་ཏིག་རྫོགས་པ་ཆེན་པོའི་ཚེའི་སྒྲུབ་པ། སྐུ་མི་འགྱུར་རྡོ་རྗེའི་མན་ངག་གསང་བའི་ཚེ་སྒྲུབ་ཀྱི་གདམས་པ་ཟབ་མོ་ཀུན་མཁྱེན་བུ་སྟོན་རིན་པོ་ཆེའི་གོང་ཁུག་མར་གྲགས་པ་འདི་ཉིད་ཉམས་སུ་ལེན་པ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་ཆོས་སོ། །དང་པོ་ནི། ཐོ་རངས་བྱ་རོག་གིས་སྐད་མ་བསྒྲག་པའི་གོང་དུ་འགྲུབ་ན་མཆོག་ཏུ་ལེགས་ལ། དེ་ལྟར་མ་འགྲུབ་ཀྱང་དུས་གང་ཡང་རུང་བ་ཞིག་ལ། སྟན་བདེ་བར་ལུས་རྣམ་སྣང་གི་ཆོས་བདུན་ལྡན་དུ་འཁོད། དགེ་སེམས་ཁྱད་པར་ཅན་གྱི་ངང་ནས་མདུན་གྱི་ནམ་མཁར་སྐྱབས་ཡུལ་དང་རྒྱུ་ལེགས་པར་གསལ་གདབ། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་གང་མང་དང་། བླ་མ་སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་མ་ཐོབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྒོམ་བཟླས་བགྱིས་པའི་བསོད་ནམས་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་དུ་འགྲུབ་པར་ཤོག །ཅེས་ལན་གསུམ། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་བྱ། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་བྱ། སྡུག་བསྔལ་མེད་པའི་བདེ་བ་དང་དུས་གཏན་དུ་མི་འབྲལ་བར་བྱ། བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་མཐའ་དག་དང་བྲལ་བའི་ཆགས་སྡང་མེད་པའི་ངང་ནས་སེམས་བཏང་སྙོམས་པར་བྱ། གཉིས་པ་ཏིང་ངེ་འཛིན་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་རང་ཉིད་སྐད་ཅིག་གིས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་གཅིག་ཏུ་ཀྲོང་ངེར་གྱུར་པའི་རྩེ་མོར་ཚེ་དཔག་མེད་ཀྱི་ངོ་བོ་ཧྲཱིཿདཀར་པོ་དྭངས་ཤིང་གསལ་བ་ཞིག་གིས་མཚན་པར་གྱུར། ཅེས་པས་གསལ་བཏབ་རྗེས་ལག་པ་ཐལ་མོ་སྙིང་གར་སྦྱར་ལ། ཨོཾ་བཛྲ་ཨཱ་ཡུ་ཥེ་ས་ར་ཧ་ཀ་ར་རེ་ཤུདྡྷེ་ཧཱུྃ་ཕཊ། ཅེས་ལན་གསུམ་བརྗོད་ཅིང་སྔགས་དོན་དྲན་པའི་སྒོ་ནས་ཚེ་དཔག་མེད་ཧྲཱིཿཡིག་ཏུ་གསལ་བ་ལ་གསོལ་བ་དྲག་ཏུ་གདབ་བོ། དེ་ལྟར་གསོལ་བ་བཏབ་པའི་རྐྱེན་གྱིས་ཧྲཱིཿལས་འཆི་མེད་བདུད་རྩི་དཀར་པོ་སྐྱ་ན་ར་ར་བྱོན་ནས་རང་ལུས་གསེར་གྱི་རྡོ་རྗེར་གསལ་བའི་རྭ་བའི་དབུས་སུ་བབས་ཤིང་ཁེངས་པར་གྱུར། དེ་ནས་ཐོག་མར་སྣ་བུག་གཉིས་ཀ་ནས་རླུང་རོ་ཅུང་ཟད་འབུད། དེ་ནས་ཇེ་ཆེ་ཇེ་ཆེར་འབུད་ཅིང་། ཡང་ཇེ་ཆུང་ཇེ་ཆུང་ངུ་བཏང་སྟེ་ཕྱིར་འབུད་ཅིང་། ནད་གདོན་སྡིག་སྒྲིབ་ཐམས་ཅད་ནག་བུན་ནེ་ཕྱིར་ཐོན་ནས་ནམ་མཁའ་ལ་འཇའ་ཡལ་བ་ལྟར་གྱུར་པར་བསམ་མོ། །དེ་ནས་ཡང་། ཚུར་རླུང་ཁུག་པ་སྣ་བུག་གཡོན་ནས་བདུན། གཡས་ནས་བདུན་དྲངས་ཏེ། དམིགས་པ་ནི། ཕྱོགས་བཅུའི་སངས་རྒྱས་དང་བྱང་སེམས་རྣམས་ཀྱི་ཐུགས་རྗེའི་བྱིན་རླབས་ལྷ་མིའི་དབང་པོ་སྟོབས་ལྡན་རྣམས་ཀྱི་ཚེ་དཔལ་བསོད་ནམས་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་རླུང་དང་བསྟུན་ནས། རང་སེམས་གསེར་གྱི་རྡོ་རྗེར་གསལ་བའི་ནང་དུ་བསྡུས་པར་བསམས་ལ་རླུང་ཁུག་པ་བདུན་མནན་ནས་སྙིང་པོ་འདི་བཟླའོ། ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ ཞེས་བརྒྱ་རྩ་ལ་སོགས་པ་ཡིད་བཟླས་བྱ། དེ་ནས་སླར་ཡང་གོང་བཞིན་གསོལ་བ་གདབ། སྤྱི་བོའི་ཧྲཱིཿཡིག་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། རང་དང་བསྒྲུབ་བྱའི་བླ་ཚེ་དང་བསོད་ནམས་ཉམས་པ། ཡར་བ། འཐོར་བ། འཕྲོགས་པ། བརྐུས་པ་ཐམས་ཅད་བསྡུས་ནས་ཧྲཱིཿཡིག་ལ་ཐིམ། ཧྲཱིཿའོད་དུ་ཞུ་ནས་རང་ལ་ཐིམ། རང་གི་ལུས་ངག་ཡིད་གསུམ་ཚེ་དཔག་མེད་ཀྱི་སྐུ་གསུང་ཐུགས་དང་དབྱེར་མེད་རོ་གཅིག་ཏུ་གྱུར་པར་བསམས་ལ། རིག་པ་བརྗོད་མེད་ཀྱི་ངང་དུ་ཅི་གནས་སུ་མཉམ་པར་གཞག་པར་བྱའོ། །གསུམ་པ་ནི། ཐུན་དེ་ལས་ལྡང་བའི་ཚེ་མདུན་གྱི་ནམ་མཁར་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་སུ་བཞུགས་པར་བསྒོམས་ཏེ། བརྒྱུད་འདེབས་འདི་བཞིན་བྱ། ཨེ་མ་ཧོ། མཐའ་ཡས་ཆོས་སྐུའི་ངོ་བོ་འོད་དཔག་མེད། ལོངས་སྤྱོད་རྫོགས་སྐུ་རྒྱལ་བ་ཚེ་མཐའ་ཡས། །སྤྲུལ་སྐུ་རིག་འཛིན་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་འཆི་མེད་རིག་འཛིན་སྩོལ། །ཡང་སྤྲུལ་རྒྱལ་ཚབ་ཆོས་ཀྱི་དབང་ཕྱུག་དང་། །གྲུབ་དབང་ཆེན་པོ་ཚུལ་ཁྲིམས་བཟང་པོའི་ཞབས། །འགྲོ་བའི་སྐྱབས་གཅིག་བུ་སྟོན་ལོ་ཙཱ་བར། །གསོལ་བ་འདེབས་སོ་འཆི་མེད་རིག་འཛིན་སྩོལ། །སྤྲུལ་པའི་སྐྱེས་མཆོག་རིན་ཆེན་རྣམ་རྒྱལ་དང་། །གྲགས་པའི་རྒྱལ་མཚན་འཛིན་པ་ཆོས་ཀྱི་རྗེ། །འཁྲུལ་ཞིག་ཆེན་པོ་ཚུལ་ཁྲིམས་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་འཆི་མེད་རིག་འཛིན་སྩོལ། །ལྔ་རིག་པཎ་ཆེན་མཆོག་གྲུབ་དཔལ་འབར་བ། །རྒྱལ་བའི་ཡུམ་གྱུར་ཡེ་ཤེས་ཌཱ་ཀིའི་གཙོ། །རིག་འཛིན་ཆེན་པོ་མཁྱེན་བརྩེའི་དབང་ཕྱུག་ལ། །གསོལ་བ་འདེབས་སོ་འཆི་མེད་རིག་འཛིན་སྩོལ། །འཆི་མེད་བརྙེས་པ་དབང་ཕྱུག་རབ་བརྟན་དང་། །གྲུབ་དབང་ཆེན་པོ་ཚེ་དབང་ལྷུན་གྲུབ་ཞབས། །བསོད་ནམས་རྒྱ་མཚོའི་དེད་དཔོན་རྡོ་རྗེ་འཛིན། །གསོལ་བ་འདེབས་སོ་འཆི་མེད་རིག་འཛིན་སྩོལ། །བིཀྵུ་ཆེན་པོ་འཇམ་དཔལ་མཁྱེན་རབ་པ། །རྡོ་རྗེ་སློབ་དཔོན་སྨོན་ལམ་བསམ་གཏན་ཞབས། །ཉམས་རྟོགས་མཐར་ཕྱིན་བློ་གསལ་བསྟན་རྒྱན་ལ། །གསོལ་བ་འདེབས་སོ་འཆི་མེད་རིག་འཛིན་སྩོལ། །དོན་གཉིས་མཐར་ཕྱིན་གྲུབ་དབང་ཡེ་ཤེས་མཚན། །ཐུགས་བཅུད་བཀའ་བབས་རྗེ་བཙུན་ཀུ་སཱ་ལི། །བཀའ་དྲིན་འཁོར་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་འཆི་མེད་རིག་འཛིན་སྩོལ། །སྐྱབས་འགྲོ་སེམས་བསྐྱེད་ཆོས་དབྱིངས་པད་ཟླའི་སྟེང་། །རང་ལུས་གསེར་གྱི་རྡོ་རྗེར་གསལ་བཏབ་ནས། །ཧྲཱིཿདཀར་བསྐྱེད་བསྟིམ་རླུང་དང་བཟླས་སྒོམ་གྱིས། །རང་རིག་འཆི་མེད་གཉུག་མ་མངོན་གྱུར་ཤོག །གནས་སྐབས་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང་། །རིག་པའི་བློ་དང་རྣམ་དཔྱོད་ཤེས་རབ་འཕེལ། །སྲིད་དང་ཞི་བའི་དཔལ་འབྱོར་མ་ལུས་པ། །དེ་ཀུན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་བརྗོད་ནས་དགེ་བའི་སྤྱོད་ལམ་གྱིས་གནས་པར་བྱའོ། །དེ་ལྟ་བུའི་ཚུལ་གྱིས་ཞག་རེ་བཞིན་མ་ཆག་པར་ཉམས་སུ་བླངས་ན། གནས་སྐབས་སུ་ཚེའི་བར་གཅོད་ཀུན་ལས་རྒྱལ་ནས་སྐུ་མི་འགྱུར་བ་ཚེའི་དངོས་གྲུབ་ཐོབ་པར་གསུངས་ཤིང་། མཐར་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་གོ་འཕང་བདེ་བླག་ཏུ་འགྲུབ་པར་འགྱུར་བ་ནི་ཤིན་ཏུ་ནས་རིགས་པས་གྲུབ་བོ། །སླར་སྨྲས་པ། པདྨཱ་ཀ་རའི་ཐུགས་ཀྱི་ཟེའུ་འབྲུ་ལས། །ལེགས་འོང་འཆི་མེད་རིག་འཛིན་གྲུབ་པའི་བཅུད། །བྱིན་རླབས་ཟིལ་མངར་མ་ཉམས་བུ་སྟོན་རྗེའི། །སྙན་བརྒྱུད་གདམས་པའི་ཡང་རྩེ་འདི་ན་ཀོ། །གྲོགས་དག་རྙེད་དཀའ་དལ་བའི་རྟེན་བཟང་འདི། །རིང་དུ་འཚོ་བར་འདོད་ན་ཚུར་ཤོག་ལ། །སྙིང་ལ་རྡོ་རྗེའི་རྒྱ་མདུད་འདི་ཐོབ་དང་། །གཞོམ་མེད་སྲོག་གི་ཀ་བ་བརྟན་པར་ངེས། །དེ་སྐད་ཕྱོགས་བྲལ་ཉུལ་བའི་དཱ་རི་དྲཱ། །བློ་གསལ་ཞེས་བྱའི་དགེ་སློང་གང་དེས་བཀོད། །དགེ་བ་འདིས་ཀྱང་མཐའ་ཡས་འགྲོ་བ་ཀུན། །ཚེ་འོད་དཔག་མེད་ས་ལ་གར་བྱེད་ཤོག །ཅེས་ཚེ་སྒྲུབ་འཆི་མེད་བུ་སྟོན་གོང་ཁུག་མའི་ཉམས་ལེན་བྱ་ཚུལ་རྡོ་རྗེའི་རྒྱ་མདུད་ཅེས་བྱ་བ་འདི་ཡང་། བནྡེ་བློ་གསལ་གྱིས་ཀུན་འཛིན་ཞེས་པ་ས་ཕོ་བྱི་བའི་ལོ་རྒྱུ་སྐར་ལྷ་མོ་རྒྱལ་གྱིས་ཉ་བའི་དཀར་པོའི་ཕྱོགས་ཀྱི་བཟང་པོ་གཉིས་པ་ལ་གདན་ས་ཆེན་པོ་ཞ་ལུ་རི་ཕུག་གི་ཡང་དབེན་བྱང་གླིང་སྒྲུབ་ཁང་དུ་སུག་བྲིས་སུ་བགྱིས་པའོ། །ཤུབྷཾ། ༈ ཚེ་སྒྲུབ་བུ་སྟོན་གོང་ཁུག་མའི་དབང་ཆོག་རྡོ་རྗེའི་ཚེ་སྲོག་དཔལ་སྟེར་ཞེས་བྱ་བ་བཞུགས་སོ། །འཆི་མེད་རྡོ་རྗེའི་སྲོག་སྩོལ་པདྨཱ་ཀ་རའི་མཚན། །འཆི་མེད་རྡོ་རྗེས་རྗེས་བཟུང་ཀུན་མཁྱེན་བུ་སྟོན་ཞབས། །འཆི་མེད་རྡོ་རྗེ་སྟེར་མཛད་བླ་མར་གུས་བཏུད་དེ། །འཆི་མེད་རྡོ་རྗེའི་ཚེ་དབང་མན་ངག་བཞིན་དུ་བྲི། །དེ་ལ་འདིར་རྫོགས་པ་ཆེན་པོའི་ཚེའི་སྒྲུབ་པ་ཞེས་བྱ་བ་ཀུན་མཁྱེན་བུ་སྟོན་རིན་པོ་ཆེའི་གོང་ཁུག་མར་གྲགས་པའི་དབང་ཆོག་དཔལ་འཇིགས་མེད་གྲགས་པ་ལས་བརྒྱུད་ནས་བྱུང་བ་འདི་ཉིད་ལ་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔའི་ཚེ་དཔག་མེད་སོ་སོར་ཚེ་དབང་གི་ཕྱག་ལེན་འདུག་པ་ནི་གོང་མའི་ཡི་གེ་བཞིན་མ་འཁྲུལ་བར་ཉམས་སུ་བླང་བར་བྱས་ལ། འདིར་ནི་དགོས་དོན་གྱི་སྙིང་པོ་གཅིག་ཏུ་བསྡུས་ནས་དྲིལ་སྒྲུབ་ཀྱི་ཚུལ་དུ་ལག་ལེན་ཁྱེར་བདེ་བར་བཤད་པ་ལ་གཉིས་ཏེ། སློབ་དཔོན་གྱིས་བསྒྲུབ་པའི་ཚུལ་དང་། སློབ་མ་ལ་དབང་བསྐུར་བའི་ཚུལ་ལོ། །དང་པོ་ལ། སྦྱོར་བ་བཅའ་གཞི་བཤམས་པ། དངོས་གཞི་བདག་མདུན་བསྒྲུབ་པ། ཏིང་ངེ་འཛིན་གྱི་དབང་བླང་བའོ། །དང་པོ་ཡིད་དང་མཐུན་པའི་གནས་སུ་སྟེགས་བུ་མཛེས་པའི་སྟེང་དུ་མཎྜལ་པདྨ་འདབ་བརྒྱད་རེ་ཁཱ་སྔོན་པོས་བྱས་པ་བྲིས་པའམ་མེ་ཏོག་ཚོམ་བུ་དགུ་ལྡན་གྱི་སྟེང་མཉྫིའི་ཁར་ཚེ་བུམ་རྩེ་མོར་རྡོ་རྗེ་ཉི་ཟླ་ནོར་བུ་ནཱ་དའི་མཚན་མ་ཅན་མཐའ་ཚེ་རིལ་གྱིས་ཕྱུར་བུར་གཏམས་པས་བསྐོར་བ་དང། དེའི་མདུན་ངོས་ཀྱི་གཡས་ཀྱི་ཆར་བུམ་པ་མགུལ་ཆིངས་དང་ལྡན་པ་བཅུད་ཀྱིས་གང་བ། རྒྱབ་ཏུ་མདའ་དར། གཡོན་དུ་ཚེ་ཆང་རྣམས་བཀོད། མཐའ་མཆོད་པས་བསྐོར། སློབ་དཔོན་གྱི་མདུན་དུ་བགེགས་གཏོར། གུ་གུལ། ཡུངས་ཀར་རྣམས་དང་། ཌ་དྲིལ་སོགས་དགོས་པའི་ཡོ་བྱད་འདུ་བྱ། རང་ཉིད་སྟན་བདེ་བ་ལ་འཁོད་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པ་ཆེན་པོ་ཚེའི་དངོས་གྲུབ་ཐོབ་པར་བྱའོ་སྙམ་པའི་དགེ་སེམས་ཁྱད་པར་ཅན་གསལ་གདབ་བོ། །གཉིས་པ་དངོས་གཞི་ལ། བདག་མདུན་གྱི་གོང་དུ་ལས་བུམ་སྒྲུབ་པ། སྔོན་འགྲོ་གཏོར་མ་བསྔོ་བ། སྲུང་འཁོར་སྒོམ་པ། གནས་ཡོ་བྱིན་རླབས་དང་བཞི་ལས། དང་པོ་ནི། རང་ཉིད་སྐད་ཅིག་གིས་རྟ་མཆོག་ཧེ་རུ་ཀའི་སྐུར་གྱུར། ལས་བུམ་ནང་དུ་དཔལ་རྟ་མཆོག་རོལ་པ་གསལ་བའི་སྐུ་ལས་རྡོ་རྗེའི་བདུད་རྩིའི་རྡུལ་ཕྲ་རབ་བབས་པས་བུམ་པ་གང་བར་གྱུར་པར་བསམས་ལ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཉེར་གཅིག་སོགས་བཟླས་མཐར། བསྐྱེད་པའི་ལྷ་འོད་དུ་ཞུ་ནས་བུམ་ཆུ་དང་དབྱེར་མེད་དུ་གྱུར། ཅེས་བརྗོད། འོག་ཏུ་བསང་བ་དགོས་པ་རྣམས་ལས་སྔགས་དེས་བུམ་ཆུ་འཐོར་བར་བྱའོ། །གཉིས་པ་སྔོན་འགྲོ་གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་ཞུ་བ་ལས་གཏོར་མ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ་གྱིས་བྱིན་བརླབ་བྱ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿས་མགྲོན་དགུག །པདྨ་ཀ་མ་ལཱ་ཡ་སཏྭཾ་གྱིས་གདན་འབུལ། ཨོཾ་ལོ་ཀ་པཱ་ལ་མ་ཧཱ་བྷཱུ་ཏ་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་གཏོར་མ་འབུལ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། སོགས་ཉེར་སྤྱོད་ཀྱིས་མཆོད། གང་དག་ལྷ་ཀླུ་མི་འམ་ཅི། །གནས་བདག་གཞི་བདག་འབྱུང་པོའི་ཚོགས། ཁྱེད་རྣམས་གཏོར་མ་འདི་བཞེས་ལ། །བགེགས་དང་བར་ཆད་ཞི་བར་མཛོད། །གང་དག་དཀར་པོའི་ཕྱོགས་ལ་མངོན་པར་དགའ་བ་རྣམས་བདག་གི་ཚེ་སྒྲུབ་པའི་གྲོགས་མཛོད་ཅིག །མུཿ ནག་ཕྱོགས་པ་རྣམས་གཏོར་མ་འདིས་ཚིམ་པར་གྱིས་ལ་དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་སོང་ཞིག །ཅེས་དང་ཧཱུྃ་བཞི་པའི་སྔགས་དང་བཅས་གཏོར་མ་ཕྱིར་དོར། གསུམ་པ་སྲུང་འཁོར་ནི། རང་གི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་འོག་རྡོ་རྗེའི་ས་གཞི། ཁོར་ཡུག་ཐམས་ཅད་རྡོ་རྗེའི་ར་བ་དང་དྲ་བ། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་བྲེ། ཕྱི་རོལ་ཐམས་ཅད་ཡེ་ཤེས་ཀྱི་མེ་ཁ་དོག་ལྔ་པ་འབར་བས་ཁྱབ་པའི་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བ་དང་ལྡན་པར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ལན་གསུམ་གྱིས་བརྟན་པར་བྱ། བཞི་པ་གནས་ཡོ་བྱིན་གྱིས་བརླབ་པ་ནི། བསང་སྦྱང་། སྟོང་པའི་ངང་ལས་གནས་ཁང་ཐར་པ་ཆེན་པོའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། རིན་པོ་ཆེ་དང་པདྨ་ལ་སོགས་པ་སྣོད་ཕུན་སུམ་ཚོགས་པར་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་རྫས་དྭངས་ཤིང་ཐོགས་པ་མེད་པ་ས་དང་བར་སྣང་ཐམས་ཅད་ཡོངས་སུ་གང་བ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་ཟད་མི་ཤེས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡའི་བར་དང་། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ་བོ། །དངོས་གཞི་བདག་མདུན་སོ་སོར་སྒྲུབ་པ་དང་། ལྷན་ཅིག་ཏུ་བྱ་བ་འདམ་ཀར་གསུངས་པར་མ་ཟད་རྙིང་མའི་ཕྱག་ལེན་ཕལ་ཆེར་རུ་བདག་མདུན་ཐ་མི་དད་དུ་བསྒྲུབས་ནས། བཟླས་པའི་གོང་དུ་འཛབ་ཁང་དབྱེ་བ་སོགས་བདག་མདུན་སོ་སོར་བཟླས་དམིགས་བྱ་ཚུལ་ཡོད་ལ། འདིར་ཡང་ལྷན་ཅིག་ཏུ་སྒྲུབ་པའི་ཚུལ་ཤེས་པར་བྱས་ཏེ་ཐོག་མར། ཨེ་མ་ཧོ། མཐའ་ཡས་ཆོས་སྐུའི་ངོ་བོ་འོད་དཔག་མེད། །ཅེས་སོགས་ཁོ་བོས་བྱས་པའི་བརྒྱུད་འདེབས་དང་། ན་མོ། བླ་མ་བདེ་གཤེགས་འདུས་པའི་སྐུ །དཀོན་མཆོག་གསུམ་གྱི་རང་བཞིན་ལ། །བདག་དང་འགྲོ་དྲུག་སེམས་ཅན་ཀུན། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །སེམས་བསྐྱེད་འགྲོ་བ་ཀུན་དོན་དུ། །བླ་མ་སངས་རྒྱས་བསྒྲུབས་ནས་ནི། །གང་ལ་གང་འདུལ་ཕྲིན་ལས་ཀྱིས། །འགྲོ་བ་སྒྲོལ་བར་དམ་བཅ་འོ། །ཞེས་སྐྱབས་སེམས་དང་། རང་གི་སྒྱུ་ལུས་བེམས་པོ་འདིའི། །སྤྱི་གཙུག་པདྨ་ཉི་ཟླའི་སྟེང་། །ཨཱཿལས་རྡོ་རྗེ་སེམས་དཔའ་ཉིད། །དུང་མདོག་ཞལ་གཅིག་ཕྱག་གཉིས་པ། །རིན་ཆེན་རྒྱན་གྱིས་མཛེས་པར་བརྒྱན། །ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན། །གཡོན་པས་དྲིལ་བུ་དཀུ་ལ་བརྟེན། །ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་མཛད། །དེ་ཡི་ཐུགས་ཀར་ཡི་གེ་ཨཱཿ། །ཨཱཿལས་འོད་འཕྲོས་མདངས་དང་ལྡན། །ཨཱཿལས་བདུད་རྩིའི་ཆུ་རྒྱུན་བབས། །བདག་གི་སྤྱི་གཙུག་རྐང་མཐིལ་བར། །ཕྱི་ནང་ལུས་བཀྲུས་དག་པར་གྱུར། །ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ཡིག་བརྒྱ་བཟླ། བླ་མ་རྡོ་རྗེ་སེམས་དཔའ་རང་གི་ལུས་ལ་གཉིས་སུ་མེད་པར་ཐིམ་པའི་རྐྱེན་གྱིས། རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་འོད་དཔག་མེད་པར་གསལ་བའི་ཐུགས་ཀར་ཟླ་བ་ལ་གནས་པའི་ཧྲཱིཿདམར་པོ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བླ་མ་དང་གཉིས་སུ་མེད་པའི་མགོན་པོ་ཚེ་དཔག་ཏུ་མེད་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ན་མོ་གུ་རུ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་རེ་བྷྱཿ ཞེས་ཕྱག་བྱ། སྔགས་དེ་ཉིད་ཀྱི་མཐར། ཨརྒྷཾ་སོགས་སྦྱར་བས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ཀྱིས་སྡོམ་པ་བཟུང་། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་བྱ། སོགས་ཀྱིས་ཚད་མེད་བཞི་བསྒོམ་པ་རྣམས་སྤྱི་འགྲོ་བཞིན་ཏེ་བསོད་ནམས་ཀྱི་ཚོགས་གསག་གོ །སྭ་བྷཱ་ཝའི་སྔགས་བརྗོད་པ་དང་གནས་ལུགས་ཟབ་གསལ་གཉིས་མེད་ཀྱི་དོན་དྲན་པས་ཡེ་ཤེས་ཀྱི་ཚོགས་བསགས་ཏེ། སྟོང་པའི་ངང་ལས་རྡོ་རྗེའི་སྲུང་བའི་འཁོར་ལོའི་དབུས་སུ། ཐར་པ་ཆེན་པོའི་གཞལ་ཡས་ཁང་པ་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། དེའི་ལྟེ་བར་བདུད་རྩི་འོ་མའི་རྒྱ་མཚོ་ཆེན་པོ་ཀུན་ནས་འཁྱིལ་ཞིང་ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་གཏམས་པའི་དབུས་ན་དཔག་བསམ་གྱི་སྡོང་པོ་ཡལ་ག་ལོ་འདབ་མེ་ཏོག་འབྲས་བུ་གཡུར་ཟ་ལྡེམ་པའི་ལྟེ་བར་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་ཉིའི་གདན་ལ་རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་འོད་དཔག་མེད་པར་གསལ་བའི་དཔྲལ་བར་སེང་ཁྲི་པད་དཀར་འདབ་མ་འབུམ་དང་ལྡན་པའི་ཟེའུ་འབྲུ་ལ་གནས་པའི་ཟླ་ཉིའི་གདན་ལ་ཧྲཱིཿདཀར་པོ་ལས་ཚེ་བུམ་དཀར་པོ་ཧྲཱིཿས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཚེ་ཐུང་བའི་ལས་ངན་སྡིག་སྒྲིབ་ཐམས་ཅད་སྦྱངས། སྐུ་རྡོ་རྗེ་ཚེ་དཔག་མེད་ཀྱི་གོ་འཕང་ལ་བཀོད། འོད་ཟེར་ཚུར་འདུས་ཚེ་བུམ་ཧྲཱིཿཡིག་དང་བཅས་པ་ལ་ཐིམ། དེ་ཉིད་ཡོངས་སུ་གྱུར་པ་ལས་སྤྱི་གཙུག་བདེ་ཆེན་འཁོར་ལོའི་དབུས་སུ་དངུལ་གྱི་རྡོ་རྗེ་རྩེ་དགུ་པ་གྱེན་དུ་འགྲེང་བའི་ལྟེ་བར་པདྨ་ཟླ་ཉི་ལ། རྩ་བའི་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་མཉམ་གཞག་གི་ཕྱག་རྒྱས་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་འཛིན་པས་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དཀར་མོ་ལ་འཁྱུད་པ། མགྲིན་པར་རྨ་བྱ་མཇུག་སྒྲོ་བསྣོལ་བས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པདྨ་དམར་པོ་འདབ་མ་འབུམ་དང་ལྡན་པའི་ལྟེ་བར་ཟླ་ཉིའི་གདན་ལ་ཧྲཱིཿདམར་པོ་ལས་ཚེ་བུམ་དམར་པོ་ཧྲཱིཿས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཚེ་ཐུང་བའི་ལས་ངན་སྡིག་སྒྲིབ་ཐམས་ཅད་སྦྱངས། གསུང་རྡོ་རྗེ་ཚེ་དཔག་མེད་ཀྱི་གོ་འཕང་ལ་བཀོད། འོད་ཟེར་ཚུར་འདུས་ཚེ་བུམ་ཧྲཱིཿཡིག་དང་བཅས་པ་ལ་ཐིམ། དེ་ཉིད་ཡོངས་སུ་གྱུར་པ་ལས་མགྲིན་པ་ལོངས་སྤྱོད་འཁོར་ལོའི་དབུས་སུ་པདྨ་རཱ་གའི་རྡོ་རྗེ་རྩེ་དགུ་པ་གྱེན་དུ་འགྲེང་བའི་ལྟེ་བར་པདྨ་ཟླ་ཉི་ལ་གསུང་རྡོ་རྗེ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་མཉམ་གཞག་གི་ཕྱག་རྒྱས་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་འཛིན་པས་ཡུམ་གོས་དཀར་མོ་དམར་མོ་ལ་འཁྱུད་པ། སྙིང་གར་གླང་པོ་ཆེས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ། པདྨ་སྔོན་པོ་འདབ་མ་འབུམ་དང་ལྡན་པའི་ལྟེ་བར་ཟླ་ཉིའི་གདན་ལ་ཧྲཱིཿསྔོན་པོ་ལས་ཚེ་བུམ་སྔོན་པོ་ཧྲཱིཿས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཚེ་ཐུང་བའི་ལས་ངན་སྡིག་སྒྲིབ་སྦྱངས། ཐུགས་རྡོ་རྗེ་ཚེ་དཔག་མེད་ཀྱི་གོ་འཕང་ལ་བཀོད། འོད་ཟེར་ཚུར་འདུས་ཚེ་བུམ་ཧྲཱིཿཡིག་དང་བཅས་པ་ལ་ཐིམ། དེ་ཉིད་ཡོངས་སུ་གྱུར་པ་ལས། སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་སུ་བཻཌཱུརྻའི་རྡོ་རྗེ་རྩེ་དགུ་པ་གྱེན་དུ་འགྲེང་བའི་ལྟེ་བར་པདྨ་ཟླ་ཉི་ལ་ཐུགས་རྡོ་རྗེ་ཚེ་དཔག་མེད་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་མཉམ་གཞག་གི་ཕྱག་རྒྱས་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་འཛིན་པ། ཡུམ་མཱ་མ་ཀི་སྔོན་མོ་ལ་འཁྱུད་པ། ལྟེ་བར་རྟ་མཆོག་གིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ། པདྨ་སེར་པོ་འདབ་མ་འབུམ་དང་ལྡན་པའི་ཟེའུ་འབྲུ་ལ་གནས་པའི་ཟླ་ཉིའི་གདན་ལ་ཧྲཱིཿསེར་པོ་ལས་ཚེ་བུམ་སེར་པོ་ཧྲཱིཿས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཚེ་ཐུང་བའི་ལས་ངན་སྡིག་སྒྲིབ་ཐམས་ཅད་སྦྱངས། ཡོན་ཏན་རྡོ་རྗེ་ཚེ་དཔག་མེད་ཀྱི་གོ་འཕང་ལ་བཀོད། འོད་ཟེར་ཚུར་འདུས་ཚེ་བུམ་ཧྲཱིཿཡིག་དང་བཅས་པ་ལ་ཐིམ། དེ་ཉིད་ཡོངས་སུ་གྱུར་པ་ལས་ལྟེ་བ་སྤྲུལ་པའི་འཁོར་ལོའི་དབུས་སུ་གསེར་གྱི་རྡོ་རྗེ་རྩེ་དགུ་པ་གྱེན་དུ་འགྲེང་བའི་ལྟེ་བར་པདྨ་ཟླ་ཉི་ལ་ཡོན་ཏན་རྡོ་རྗེ་ཚེ་དཔག་མེད་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་མཉམ་གཞག་གི་ཕྱག་རྒྱས་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་འཛིན་པ། ཡུམ་སངས་རྒྱས་སྤྱན་མ་སེར་མོ་ལ་འཁྱུད་པ། གསང་གནས་སུ་ཤང་ཤང་གིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ། པདྨ་ལྗང་གུ་འདབ་མ་འབུམ་དང་ལྡན་པའི་ཟེའུ་འབྲུ་ལ་གནས་པའི་ཟླ་ཉིའི་གདན་ལ་ཧྲཱིཿལྗང་དགུ་ལས་ཚེ་བུམ་ལྗང་གུ་ཧྲཱིས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་ཚེ་ཐུང་བའི་ལས་ངན་སྡིག་སྒྲིབ་ཐམས་ཅད་སྦྱངས། ཕྲིན་ལས་རྡོ་རྗེ་ཚེ་དཔག་མེད་ཀྱི་གོ་འཕང་ལ་བཀོད། འོད་ཟེར་ཚུར་འདུས་ཚེ་བུམ་ཧྲཱིཿཡིག་དང་བཅས་པ་ལ་ཐིམ། དེ་ཉིད་ཡོངས་སུ་གྱུར་པ་ལས་གསང་གནས་བདེ་སྐྱོང་གི་འཁོར་ལོའི་དབུས་སུ། མ་རྒད་ཀྱི་རྡོ་རྗེ་རྩེ་དགུ་པ་གྱེན་དུ་འགྲེང་བའི་ལྟེ་བར་པདྨ་ཟླ་ཉི་ལ་ཕྲིན་ལས་རྡོ་རྗེ་ཚེ་དཔག་མེད་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་མཉམ་གཞག་གི་ཕྱག་རྒྱས་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་འཛིན་པས་ཡུམ་དམ་ཚིག་སྒྲོལ་མ་ལྗང་གུ་ལ་འཁྱུད་པ། ཡུམ་རྣམས་ཞལ་གཅིག་ཕྱག་གཉིས་ལྕགས་ཀྱུ་འཛིན་པས་ལྷ་འདྲེ་མི་གསུམ་གྱི་ཚེ་བསོད་དབང་ཐང་ཐམས་ཅད་འགུགས་པར་བྱེད་པ། གཡོན་ཚེ་བུམ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། ཞབས་གཉིས་པདྨའི་སྐྱིལ་མོ་ཀྲུང་གིས་ཡབ་ཀྱི་སྐེད་ལ་འཁྲིལ་བ། ཡབ་ཡུམ་ཐམས་ཅད་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་ཀུན་ནས་སྤྲས་པ། འོད་དང་འོད་ཟེར་གྱི་རང་བཞིན་ཅན། ཉི་མ་འབུམ་གྱི་གཟི་འོད་དང་ལྡན་པའོ། །དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཡེ་ཤེས་པ་རྣམས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་སོ་སོ་ལ་གཉིས་སུ་མེད་པར་ཐིམ། སླར་ཡང་འོད་འཕྲོས་དབང་ལྷ་སྤྱན་དྲངས། དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་ཡབ་ཡུམ་ཐམས་ཅད་ལ་རིགས་ལྔའི་ངོ་བོ་ཧྲཱིཿདཀར་དམར་སྔོ་སེར་ལྗང་གུ་རེ་རེས་དབུར་བརྒྱན་པར་གྱུར། ཨོཾ་བྷ་ག་ཝ་ཏེ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ཨརྒྷཾ་ནས། ཤབྡའི་བར་གྱིས་ཕྱི་མཆོད་དང་། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད། བསྟོད་པ་ནི། སྣང་སྟོང་སྐུ་ཡི་རྡོ་རྗེ་འཛིན། །གསལ་སྟོང་བདེ་ཆེན་ལྷན་ཅིག་སྐྱེས། །སྐྱེ་འགག་བྲལ་བ་སྒྱུ་མའི་སྐུ །ཚེ་དཔག་མེད་མགོན་ཁྱོད་ལ་བསྟོད། །ཅེས་བསྟོད། བདག་མདུན་ཐ་མི་དད་པ་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་དབྱེ། རང་དང་མདུན་བསྐྱེད་གཉིས་ཀའི་སྐུ་རྡོ་རྗེ་ཚེ་དཔག་མེད་ཡབ་ཡུམ་གྱི་ཐུགས་ཀར་ཟླ་དཀྱིལ་ལ་ཧྲཱིཿཡིག་དཀར་པོའི་མཐར་སྔགས་ཕྲེང་ཁ་དོག་སྣ་ཚོགས་པ་གཡས་སྐོར་དུ་འཁོར་བ་ལས་འོད་ཟེར་ཁ་དོག་སྣ་ཚོགས་པ་དཔག་ཏུ་མེད་པ་འཕྲོས། ཕྱི་སྣོད་ནང་བཅུད་ཐམས་ཅད་དང་། ཕྱོགས་བཅུའི་བདེ་གཤེགས་རྣམས་ལ་ཕོག །དེ་རྣམས་ཀྱི་ཐུགས་རྗེ་དང་བྱིན་རླབས་རོ་བཅུད་ཐམས་ཅད་སྤྱན་དྲངས་ཏེ་རང་དང་བསྒྲུབ་བྱའི་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས། ལུས་ཐམས་ཅད་མེར་གྱིས་ཁེངས་ཤིང་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ཚེ་ཐུང་བའི་ལས་ངན་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག འཆི་མེད་དྭངས་མ་གསུམ་ལྡན་མགོན་པོ་ཚེ་དཔག་མེད་སྐུ་རྡོ་རྗེའི་གོ་འཕང་ཐོབ་པར་བྱིན་གྱིས་བརླབས་པར་གྱུར། ཨོཾ་ཨཱཿཧཱུྃ་བཛྲ་ཀཱ་ཡ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ་སིདྡྷི་ཕ་ལ་ཧཱུྃ། ཞེས་དང་། དེ་བཞིན་དུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྡོ་རྗེ་ཡབ་ཡུམ་རྣམས་ལའང་སོ་སོའི་ཁ་དོག་དང་མཐུན་པའི་ཧྲཱིཿཡིག་གི་མཐར་སྔགས་ཕྲེང་བཀོད་ལ། ཨོཾ་ཨཱཿཧཱུྃ་བཛྲ་ཝཱ་ཀ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ་སིདྡྷི་ཕ་ལ་ཧཱུྃ། ཞེས་གསུང་རྡོ་རྗེ་ཚེ་དཔག་མེད་དང་། ཨོཾ་ཨཱཿཧཱུྃ་བཛྲ་ཙིཏྟ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ་སིདྡྷི་ཕ་ལ་ཧཱུྃ། ཞེས་ཐུགས་རྡོ་རྗེ་ཚེ་དཔག་མེད་དང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་ཎ་ཨ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ་སིདྡྷི་ཕ་ལ་ཧཱུྃ། ཞེས་ཡོན་ཏན་རྡོ་རྗེ་ཚེ་དཔག་མེད་དང་། ཨོཾ་ཨཱཿཧཱུྃ་བཛྲ་ཀརྨ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ་སིདྡྷི་ཕ་ལ་ཧཱུྃ། ཞེས་ཕྲིན་ལས་རྡོ་རྗེ་ཚེ་དཔག་མེད་རྣམས་ཀྱི་སྔགས་ཅི་ནུས་སུ་བཟླའོ། །དེ་ནས་མཆོད་པ་བསང་སྦྱང་བྱིན་རླབས་བྱས་ལ། ཕྱི་ནང་གི་མཆོད་པ་དང་། བསྟོད་པ་གོང་ལྟར་བྱ། གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་གཏོར་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ། ཨོཾ་གུ་རུ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་གཏོར་མ་ཕུལ། ཕྱི་ནང་གི་མཆོད་པ་དང་བསྟོད་པའི་མཐར། ཁྱེད་ལ་མི་ཟད་མཆོད་སྦྱིན་གཏོར་མ་འབུལ། །བདག་གི་འགལ་རྐྱེན་བར་ཆད་ཀུན་ཞི་ཞིང་། །ཚེ་བསོད་དཔལ་འབྱོར་འཁོར་སློབ་རྒྱས་པ་དང། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཞེས་འདོད་དོན་ལ་གསོལ་བ་བཏབ། སྒོས་ཀྱི་ཆོས་སྐྱོང་སོགས་ལ་གཏོར་མ་འབུལ་ན་སྐབས་འདིར་བྱ། གསུམ་པ་དབང་བླང་བ་ནི། བདག་ཉིད་འཇུག་པའི་དོན་དུ་རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ལ། བླ་མ་མགོན་པོ་ཚེ་དཔག་མེད། ཁྱོད་ཀྱིས་དབང་སྐུར་བྱིན་བརླབས་ཤིང་། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །དོན་གཉིས་འགྲུབ་པར་མཛད་དུ་གསོལ། །ཅེས་གསོལ་བ་བཏབ་ནས། ཨོཾ་བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ལུས་ལ་བུམ་པའི་དབང་བསྐུར་སྩོལ། །ཨཱཿབཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ངག་ལ་གསང་བའི་དབང་བསྐུར་སྩོལ། །ཧཱུྃ་བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ཡིད་ལ་གསུམ་པའི་དབང་བསྐུར་སྩོལ། །ཧོཿབཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སྒོ་གསུམ་བཞི་པའི་དབང་བསྐུར་སྩོལ། །དེ་ལྟར་གསོལ་བ་བཏབ་པའི་རྐྱེན་གྱིས་མདུན་བསྐྱེད་ཀྱི་བླ་མ་ཚེ་དཔག་མེད་ཡབ་ཡུམ་རྟེན་དང་བརྟེན་པར་བཅས་པ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་གྱི་རྣམ་པར་འོད་དུ་ལྟེམ་གྱིས་ཞུ། རང་ཉིད་སྣང་བ་མཐའ་ཡས་སུ་གསལ་བའི་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས། ལུས་ཐམས་ཅད་མེར་གྱིས་ཁེངས་པས་དབང་བཞི་སྟན་ཐོག་གཅིག་ཏུ་ཐོབ། གནས་སྐབས་བཞིའི་སྒྲིབ་པ་བཞི་དག །མཐར་ཐུག་སྐུ་བཞིའི་འབྲས་བུ་རྡོ་རྗེ་སེམས་དཔའ་མ་ནིང་གི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབས་པར་གྱུར། ཞེས་གནས་ལུགས་རྫོགས་པ་ཆེན་པོ་དེ་ཁོ་ན་ཉིད་ལ་མཉམ་པར་གཞག །སླར་ཡང་ཆུ་ལས་ཆུ་བུར་རྡོལ་བ་ལྟར་བདག་མདུན་སོ་སོར་སྔར་བཞིན་གསལ་བའི་མདུན་བསྐྱེད་ལ་མོས་གུས་དྲག་པོས། བླ་མ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པས། བདག་གི་རྡོ་རྗེ་སློབ་མ་རྣམས་ཀྱི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སློབ་མའི་དོན་དུ་གསོལ་བ་གདབ་པ་སྟེ། དེ་དག་གིས་སློབ་དཔོན་གྱིས་སྒྲུབ་པའི་ཚུལ་རྣམས་བསྟན་ཟིན་ཏོ། །གཉིས་པ་སློབ་མ་ལ་དབང་བསྐུར་བའི་ཚུལ་ནི། དོན་དུ་གཉེར་བའི་སློབ་མ་རྣམས་ཁྲུས་ཕྱག་སྔོན་འགྲོས་མེ་ཏོག་བཀྱེ་བསྡུ་དང་བཅས་གྲལ་ལ་འཁོད་པ་ལ། སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་དོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེ་མ་ཐོབ་ཀྱི་བར་དུ་ཚེའི་འགལ་རྐྱེན་ཐམས་ཅད་ཞི་བ་དང་མཐུན་རྐྱེན་འཆི་མེད་ཚེའི་དངོས་གྲུབ་ཐོབ་པའི་ཆེད་དུ་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དབང་བསྐུར་ཟབ་མོ་ཞུ་སྙམ་པའི་བསམ་པ་བཟང་པོའི་སྒོ་ནས་གསན་འཚལ། དེ་ཡང་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་ཉིད་ཤིན་ཏུ་རྙེད་དཀའ་ལ་དོན་ཆེན་པོ་དང་ལྡན་པ་ཞིག་སྟེ། སློབ་སྤྲིང་ལས། གང་ཞིག་ཐོབ་ནས་སྐྱེ་བའི་རྒྱ་མཚོ་མཐར་འབྱིན་ཅིང་། །བྱང་ཆུབ་མཆོག་གི་ས་བོན་དགེ་བའང་འདེབས་འགྱུར་བ། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ཆེས་ལྷག་པའི། །མི་ཉིད་ཐོབ་ནས་སུ་ཞིག་འབྲས་བུ་མེད་པར་བྱེད། །ཅེས་གསུངས་པ་ལྟར། ཡིད་བཞིན་གྱི་ནོར་བུ་བས་ཀྱང་ཡོན་ཏན་ལྷག་པའི་རྟེན་འདི་ཉིད་ཐོབ་དུས་མངོན་མཐོ་དང་ངེས་ལེགས་ཀྱི་དོན་ཟིན་པར་མ་བྱས་ན་རིན་པོ་ཆེའི་གླིང་དུ་ཕྱིན་ནས་ལག་པ་སྟོང་པར་ལོག་པ་དང་ཁྱད་པར་མེད་དེ། སློབ་སྤྲིང་ལས། མི་ཡི་དངོས་པོ་ཤིན་ཏུ་རྙེད་དཀའ་རྙེད་གྱུར་ནས། །དོན་དུ་བརྣག་པ་གང་ཡིན་དེ་ནི་བསྟུན་ཏེ་བསྒྲུབ། །མར་མེའི་མེ་ལྕེ་ཤུགས་དྲག་རླུང་གིས་བསྐྱོད་པ་ལྟའི། །ཚེ་ནི་སྐད་ཅིག་གནས་པའི་གདིང་ཡང་ཡོད་མ་ཡིན། །ཞེས་གསུངས་ཏེ། དེའི་ཆེད་ཚེའི་རྟེན་འབྲེལ་སྒྲིག་པ་འདི་དོན་ཆེན་པོ་བསྒྲུབ་པའི་རྒྱུའི་གཙོ་བོ་ཡིན་ཞིང་། དེའང་ཚེའི་དངོས་གྲུབ་སྟེར་བའི་ཡི་དམ་ཞིག་ལ་བསྟེན་དགོས་པ་ལས། རྒྱུད་སྡེ་རིན་པོ་ཆེ་རྣམས་སུ་ཚེ་སྒྲུབ་ཀྱི་ཆོ་ག་དུ་མ་ཞིག་གསུངས་མོད་ཀྱང་། བོད་གངས་ཅན་གྱི་ལྗོངས་སུ་བསྟན་པ་སྔ་དར་དང་ཕྱི་དར་གཉིས་སུ་བྱུང་བའི་ནང་ནས་སྔ་དར་གྱི་དུས་ཨོ་ཌཱི་ཡཱ་ནའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་གསང་སྔགས་བླ་མེད་ཀྱི་ཆོས་སྐོར་གདུལ་བྱ་ལས་འཕྲོ་ཅན་རྣམས་ཀྱི་དོན་དུ་རྒྱ་ཆེ་བ་བཀའ་མ་དང་རྙིང་རྒྱུད་གཏེར་མ་དང་། ཟབ་མོ་དག་སྣང་མའི་ཆོས་སོགས་ཚུལ་དུ་མ་བསྟན་པ་རྣམས་ལ་ད་ལྟ་རྙིང་མ་ལུགས་སུ་གྲགས་པ་ཡིན་ལ། ད་ལམ་བསྐུར་བྱའི་ཚེ་དབང་འདི་ཉིད་ཀྱང་དེའི་ཁོངས་སུ་གཏོགས་པ་ཡིན། འདི་ལྟ་བུའི་ཚེ་སྒྲུབ་ཀྱི་ཆོས་སྐོར་ལ་ཡང་བརྒྱུད་པ་རིང་བརྒྱུད། ཉེ་བརྒྱུད། ཤིན་ཏུ་ཉེ་བརྒྱུད་དང་ཚུལ་གསུམ་ཡོད་པ་ལས། དང་པོ་རིང་བརྒྱུད་ནི་རྒྱལ་བ་ཚེ་དཔག་མེད་དང་ཡུམ་འཆི་མེད་ཚེའི་ལྷ་མོ་ཙཎྜ་ལཱི་གཉིས་ཀྱིས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་དངོས་སུ་ཚེའི་དབང་བསྐུར་ནས། སློབ་དཔོན་ཆེན་པོས་རི་བོ་ཏ་ལ་ཡི་རྩེ་མོར་ཚེའི་སྒྲུབ་པ་མཛད་པས་སྐྱེ་ཤི་གཉིས་ལས་གྲོལ་ཏེ་འཆི་མེད་ཚེའི་རིག་པ་འཛིན་པའི་རྡོ་རྗེའི་སྐུ་མངོན་དུ་གྱུར། མ་འོངས་པའི་གདུལ་བྱའི་དོན་དུ་ཚེ་སྒྲུབ་སྙིང་གཏམ་གྱི་ཤོག་དྲིལ་བཞིར་མཛད་ནས་གཏེར་དུ་སྦས་ཤིང་། ཤེས་རབ་བློ་ལྡན་སྙིང་རྗེ་ཅན་དང་འཕྲད་པར་ཤོག །ཅེས་ལུང་བསྟན་སྨོན་ལམ་མཛད་པ་བཞིན། ཕྱིས་ཆོས་བདག་གི་ཚུལ་དུ་འཕགས་པ་སྤྱན་རས་གཟིགས་ཉིད་བསམ་བཞིན་དུ་ཡབ་སྤང་སྟོན་ཉི་མ་རྒྱལ་མཚན་དང་། ཡུམ་སྲས་མོ་བའི་ལྷུམས་སུ་ཞུགས་ཏེ་མིའི་སྲིད་པ་བཟུང་བ་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་ཡིན་ལ། འདི་ཉིད་ཀྱིས་བོད་ཙམ་ལ་དགོངས་པའི་གཏེར་ཁ་ཆེན་པོ་བཅོ་བརྒྱད་སྤྱན་དྲངས་ཤིང་། སྐྱེ་འགྲོ་མང་པོའི་དད་རྟེན་དུ་རྡོ་ཤིན་ཏུ་མཁྲེགས་པའི་ངོས་ལ་ཕྱག་གཡས་པའི་ཕྱག་རྗེས་བརྒྱ་རྩ་བརྒྱད་དང་། ཞབས་གཡས་པའི་ཞབས་རྗེས་བརྒྱ་རྩ་བརྒྱད་བཞག་པ་སོགས་ངོ་མཚར་བའི་མཛད་པ་དང་མཐོང་ཐོས་དྲན་རེག་གིས་འགྲོ་བ་རྣམས་སྨིན་གྲོལ་ལ་བཀོད་པའི་ཕྲིན་ལས་ཀྱི་རྒྱུན་དེང་སང་གི་བར་དུ་ཀུན་གྱི་མཐུན་སྣང་ལ་གྲུབ་པ་བྱུང་བ་དེ་ཉིད་ཀྱིས་ཚེ་སྒྲུབ་ཀྱི་ཤོག་དྲིལ་སྐོར་རྣམས་བྲག་སྟོན་གྲུབ་པའི་དབང་ཕྱུག་མེས་པོ་ཚུལ་ཁྲིམས་བཟང་པོ་ལ་གནང་། འདི་ཉིད་ནི་བུ་སྟོན་ཐམས་ཅད་མཁྱེན་པ་ཆེན་པོའི་སྐུའི་མེས་པོའང་ཡིན་ལ་སྔགས་རྙིང་རྒྱུད་གསན་པའི་བླ་མའང་ཡིན། དགུང་ལོ་བརྒྱ་དང་བཅུ་དགུ་བཞུགས། དེ་ལ་བུ་སྟོན་རིན་པོ་ཆེས་གསན་ནས་ཚེ་སྒྲུབ་ཀྱི་ཤོག་དྲིལ་གོང་ཁུག་ཏུ་བཞུགས་པར་མཛད་ཅིང་ཐུགས་རྩིས་ཤིན་ཏུ་ཆེ་བར་མཛད་པས་དེ་ཕྱིན་ཆད་ཚེ་དབང་བུ་སྟོན་གོང་ཁུག་མར་གྲགས་པ་ཡིན། བུ་སྟོན་ཐམས་ཅད་མཁྱེན་པ་ནས་བདག་གི་བླ་མའི་བར་དུ་མཁས་གྲུབ་ཟམ་མ་ཆད་པར་རིམ་པར་བརྒྱུད་པའི་ཚུལ་དང་། ཉེ་བརྒྱུད་ནི་ཞྭ་ལུ་རི་ཕུག་གི་གཟིམས་ཆུང་མུན་ཁང་དུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་བུ་སྟོན་ཐམས་ཅད་མཁྱེན་པ་ལ་དངོས་སུ་དབང་དང་གདམས་པ་བསྩལ་པ་ལས་བརྒྱུད་པའི་ཚུལ་དང་། ཤིན་ཏུ་ཉེ་བརྒྱུད་ནི་བོ་དོང་ཨེའི་གཙུག་ལག་ཁང་དུ་འཇིགས་བྲལ་གསང་བ་སྦྱིན་པར་འོད་གསལ་གྱི་སྣང་ངོར་བུ་སྟོན་ཐམས་ཅད་མཁྱེན་པས་ཞལ་བསྟན་ནས་དེ་ཉིད་འདུས་པ་རྩོམ་པར་བསྐུལ་ཞིང་ཚེ་སྒྲུབ་འདི་ཉིད་གནང་བར་བཞེད་ལ། དོན་དེ་ཉིད་ཉམས་སུ་བཞེས་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཚེ་དཔག་མེད་རིགས་ལྔའི་ཞལ་གཟིགས་དབང་དང་སྒྲུབ་ཐབས་གནང་བ་ལས་བརྒྱུད་པའི་ཚུལ་སོགས་མདོར་ན་བཀའ་བབས་ཀྱི་ཆུ་བོ་གཉིས་གཅིག་ཏུ་འདྲེས་ནས་བྱུང་བའི་ཚེ་དབང་ཟབ་མོ་འབུལ་བར་བྱེད་པ་ལ། སློབ་དཔོན་གྱི་བྱ་བ་དང་། སློབ་མ་ལ་དབང་འབུལ་ལ་གཉིས་སུ་ཡོད་པའི་དང་པོ་བདག་མདུན་ལྷན་ཅིག་ཏུ་བསྐྱེད་ནས་སླར་བདག་མདུན་སོ་སོར་ཕྱེ་སྟེ་བཟླས་པ་དང་། མཆོད་གཏོར་འབུལ་བ། དབང་བླང་བ་རྣམས་སྔོན་དུ་གྲུབ་ཟིན། གཉིས་པ་ཁྱེད་རང་རྣམས་ལ་དབང་འབུལ་རིམ་པ་ལ་ཡང་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བའི་རིམ་པ་ལ་མཎྜལ་འབུལ་ཞིང་གསོལ་བ་འདེབས་པ་སྔོན་དུ་འགྲོ་དགོས་པས། བླ་མ་དང་མགོན་པོ་ཚེ་དཔག་མེད་ཐ་མི་དད་པའི་སྤྱན་སྔར་ཚེ་དབང་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས། ཕྱག་མེ་ཏོག་དང་བཅས་ཐལ་མོ་སྦྱར་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམས་འཇོམས་པ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ལན་གསུམ། དེ་ལྟར་གསོལ་བ་བཏབ་ནས་ཐུགས་རྒྱུད་དག་པར་བྱ་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། མདུན་གྱི་ཚེ་བུམ་སོགས་རྟེན་རྫས་རྣམས་སྣང་བ་མཐའ་ཡས་སུ་གསལ་བའི་གནས་ལྔར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་ཚེ་དཔག་མེད་ཡབ་ཡུམ་རྣམས་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་བཞིན་དུ་ཁྲ་ལམ་མེ་བཞུགས་པའི་སྟེང་གི་ཆ་ལ་ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། གཏེར་སྟོན་གུ་རུ་ཆོས་དབང་། གྲུབ་དབང་ཚུལ་ཁྲིམས་བཟང་པོ། བུ་སྟོན་ཐམས་ཅད་མཁྱེན་པ། ཐུགས་སྲས་སེམས་དཔའ་ཆེན་པོ། ལོ་ཙཱ་བ་གྲགས་པ་རྒྱལ་མཚན། ཀུན་མཁྱེན་འཇིགས་མེད་གྲགས་པ་ནས། བདག་གི་རྩ་བའི་བླ་མ་ཀུན་གཟིགས་སྨྲ་བའི་ཉི་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བར་དུ་བྱོན་པའི་བརྒྱུད་པའི་བླ་མ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་ཐམས་ཅད་སྤྲིན་གྱི་ཕུང་པོ་གཏིབས་པ་བཞིན་བཞུགས་པའི་མོས་པ་མཛད་ནས། དེ་དག་གི་སྤྱན་སྔར་རྒྱུན་བཤགས་སྔོན་དུ་འགྲོ་བས་དམ་ཚིག་དང་སྡོམ་པ་བཟུང་བ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་སངས་རྒྱས་དངོས། །དཀྱིལ་འཁོར་རྒྱ་མཚོའི་རིགས་བདག་ཉིད། །ཀུན་འདུས་ཡིད་བཞིན་ནོར་བུ་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །ཕྱག་འཚལ་མཆོད་འབུལ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐོར། །མྱ་ངན་མི་འདའ་རྣམ་དཀར་གྱི། །དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །དམ་ཚིག་སྡོམ་པ་མ་ལུས་བཟུང་། །དབང་གི་སྨིན་གྲོལ་དངོས་གྲུབ་སྩོལ། །ལན་གསུམ། དབང་གི་གཞི་རྟེན་འགོད་པའི་སླད་དུ་བླ་མ་དང་མདུན་བསྐྱེད་རྣམས་ལ་མོས་གུས་དྲག་པོ་དུང་བ་ཞིག་བྱས་པས། དེ་དག་གི་ཐུགས་ཀ་ནས་འོད་ཟེར་ཁ་དོག་སྣ་ཚོགས་བུན་གྱིས་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པ་ཙམ་གྱིས་རྣམ་སྨིན་གདོས་བཅས་ཀྱི་ཕུང་པོ་དམིགས་མེད་དུ་སྦྱངས་ཏེ་འོད་ཀྱི་གོང་བུར་གྱུར། སློབ་དཔོན་གྱིས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཤུདྡྷོ྅་ཧཾ། ཞེས་བརྗོད་པས་སྣང་གྲགས་རིག་གསུམ་གྱི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཁྱེད་རང་རྣམས་གནས་པའི་ཞིང་འདི་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་ཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། དེའི་ལྟེ་བར་བདུད་རྩི་འོ་མའི་རྒྱ་མཚོ་ཆེན་པོ་ཀུན་ནས་འཁྱིལ་ཞིང་ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་གཏམས་པའི་དབུས་ན་དཔག་བསམ་གྱི་སྡོང་པོ་ཡལ་ག་ལོ་འདབ་མེ་ཏོག་འབྲས་བུ་གཡུར་ཟ་ལྡེམ་པའི་ལྟེ་བར་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་ཉིའི་གདན་ལ་ཁྱེད་རང་རྣམས་སྐད་ཅིག་གིས་བཅོམ་ལྡན་འདས་འོད་དཔག་མེད་པར་གསལ་བའི་དཔྲལ་བར་སེང་ཁྲི་པད་དཀར་འདབ་མ་འབུམ་དང་ལྡན་པའི་ཟེའུ་འབྲུ་ལ་གནས་པའི་ཟླ་ཉིའི་གདན་ལ་ཧྲཱིཿདཀར་པོ་ལས་ཚེ་བུམ་དཀར་པོ་ཧྲཱིཿས་མཚན་པ། ཞེས་སོགས་བདག་མདུན་གྱི་སྐབས་བཞིན་ཐུགས་ཀར་ཧཱུྃ་ཞེས་པའི་བར་བརྗོད། བླ་མ་མདུན་བསྐྱེད་དང་བཅས་པའི་ཐུགས་ཀའི་འོད་ཟེར་དང་ཁྱེད་རང་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་རྣམས་དང་། ཁྱད་པར་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ན་བཞུགས་པའི་མགོན་པོ་འོད་དཔག་མེད་དང་སྟེང་ཕྱོགས་འཇིག་རྟེན་གྱི་ཁམས་ཡོན་ཏན་དཔག་ཏུ་མེད་པ་ན་བཞུགས་པའི་རྒྱལ་བ་ཚེ་དཔག་མེད་པ། ལྷོ་ཕྱོགས་གྲུ་འཛིན་གྱི་གནས་ན་བཞུགས་པའི་འཕགས་པ་འཇིག་རྟེན་དབང་ཕྱུག །ལྷོ་ནུབ་དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ཁང་ནས་ཞུགས་པའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་སོགས་པ་སྐྱབས་ཡུལ་ཐུགས་རྗེ་མངའ་བ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་བས་དེ་དག་གི་ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་མགོན་པོ་ཚེ་དཔག་མེད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་སྐུའི་རྣམ་པ་ཆེ་བ་རི་རབ་ཙམ། ཆུང་བ་ཡུངས་འབྲུ་ཙམ། ཡང་སྤྲུལ་རྡུལ་ཕྲན་ཙམ་ཁ་བ་བུ་ཡུག་འཚུབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ཀྱི་ལུས་ལ་སིབ་སིབ་ཐིམ་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། སོ་སོའི་སྔགས་ཀྱི་མཐར། ཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་ཡང་ཡང་བརྗོད་ཅིང་སྤོས་རོལ་བྱ། དེ་ལྟར་ཡེ་ཤེས་ཕབ་ནས་ཚེ་འགུགས་པ་ནི། ཚེ་དཔག་མེད་རིགས་ལྔའི་ཐུགས་ཀ་ནས་ཚེའི་དངོས་གྲུབ་འགུགས་པའི་ཕོ་ཉ་མོ་དཀར་སྔོ་དམར་ལྗང་བཞིའི་ཕྱག་གཡས་ན་ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག །དྲིལ་བུ་རྣམས་དང་། གཡོན་ན་མཚན་ལྡན་གྱི་ཐོད་པ། བཻཌཱུརྻའི་ལྷུང་བཟེད། པདྨ་རཱ་གའི་བུམ་པ། གཡུའི་ཡོལ་གོ་རྣམས་ཐོགས་པ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་སྟོང་གསུམ་ཁྱབ་པར་འཕྲོས། སྡེ་བརྒྱད་མཐུ་བོ་ཆེ་རྣམས་ཀྱིས་ཚེ་འཕྲོགས་པ་དང་། འཐོར་བ་དང་ཡར་བ་ལ་སོགས་པ་ཐམས་ཅད་བསྡུས་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་བླུག་ཅིང་དབང་བསྐུར་བའི་མོས་པ་མཛོད། ཧྲཱིཿཛཿ འགུགས་བྱེད་ལྷ་མོ་ལྕགས་ཀྱུ་མ། དཀར་མོ་མཛེས་མ་ལྕགས་ཀྱུ་བསྣམས། །དྲི་ཟའི་ལག་ནས་ཚེ་ཁུག་ལ། །མེ་ལྷའི་ལག་ནས་དཔལ་སྐྱོབས་ཤིག །ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ ཧྲཱིཿཧཱུྃ༔ འཆིང་བྱེད་ལྷ་མོ་ཞགས་པ་མ། །སྔོན་མོ་མཛེས་མ་ཞགས་པ་བསྣམས། །གཤིན་རྗེའི་ལག་ནས་ཚེ་ཁུག་ལ། །སྲིན་པོའི་ལག་ནས་དཔལ་སྐྱོབས་ཤིག །ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ ཧྲཱིཿབཾ༔ སྡོམ་བྱེད་ལྷ་མོ་ལྕགས་སྒྲོག་མ། །དམར་མོ་མཛེས་མ་ལྕགས་སྒྲོག་བསྣམས། །ཀླུ་དབང་ལག་ནས་ཚེ་ཁུག་ལ། །རླུང་ལྷའི་ལག་ནས་དཔལ་སྐྱོབས་ཤིག །ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ ཧྲཱིཿཧོཿ འབེབ་བྱེད་ལྷ་མོ་དྲིལ་བུ་མ། །ལྗང་གུ་མཛེས་མ་དྲིལ་བུ་བསྣམས། །གནོད་སྦྱིན་ལག་ནས་ཚེ་ཁུག་ལ། །འབྱུང་པོའི་ལག་ནས་དཔལ་སྐྱོབས་ཤིག །ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ ལྷ་མོ་རྣམས་སླར་གཅིག་ལ་གཅིག་ཐིམ་གྱིས་རིགས་ལྔ་ཚེ་དཔག་མེད་ཀྱི་ཐུགས་ཀར་ཐིམ་པར་གྱུར། དབང་གི་དངོས་གཞི་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་དགོས་འདོད་མ་ལུས་འབྱུང། །རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །འཆི་མེད་ཚེ་ཡི་དབང་བསྐུར་མཆོག །སྐལ་ལྡན་བདག་ལ་བསྩལ་དུ་གསོལ། ཨོཾ་བཛྲ་ཨཱ་ཡུ་ཥེ་ས་ར་ཧ་ཤུདྡྷེ་ཧཱུྃ་ཕཊ། ལན་གསུམ། དེ་ལྟར་གསོལ་བ་བཏབ་ནས། བུམ་པ་གཞལ་ཡས་ཁང་བཅུད་ས་བོན་ཡིག་འབྲུ་ལྔས་གང་བས་དབང་བསྐུར་བ་དང་། ཚེ་བུམ་མགོན་པོ་ཚེ་དཔག་མེད་པར་གསལ་བས་དབང་བསྐུར་བ་གཉིས་སུ་ཡོད་པ་ལས། དང་པོ་བུམ་པའི་དབང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། བུམ་པའི་ནང་དུ་འཁོར་འདས་ཀྱི་ཚེ་བསོད་དཔལ་དང་འབྱོར་པ་ཐམས་ཅད་ཡི་གེ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཞེས་པ་རྣམས་གཅིག་ནས་གཉིས་འཕེལ་གྱི་ཚུལ་དུ་བྱུང་བ་ཁྱེད་རང་རྣམས་ཀྱི་དཔྲལ་མགྲིན་སྙིང་ག་ལྟེ་བ་གསང་གནས་རྣམས་སུ་ཐིམ་པར་གྱུར་པས་ཚེ་བསོད་དཔལ་དང་གཟི་བྱིན་བཀྲག་མདངས་ཐམས་ཅད་རྒྱས་པའི་མོས་པ་མཛོད། ཧྲཱིཿ ཕུན་ཚོགས་སྲིད་ཞིའི་ཚེ་བཅུད་ལེགས་བྱས་ཀྱིས། །ཡོངས་སུ་གང་བའི་བུམ་པ་གཞལ་ཡས་ཁང་། །ལྷུན་གྲུབ་རིག་འཛིན་ཚེ་ཡི་དཀྱིལ་འཁོར་འདིས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ། །ཨོཾ་བཛྲ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ ཞེས་དབང་བསྐུར་ཞིང་བུམ་ཆུ་སྦྱིན། དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རིགས་ལྔ་འདུས་པ་རྡོ་རྗེ་ཚེ་ཡི་ལྷས། །སྐལ་ལྡན་གནས་ལྔར་དབང་བསྐུར་བྱིན་བརླབས་པས། །བུ་ཁྱོད་འཆི་བདག་བདུད་ལས་ཐར་གྱུར་ཅིག །ཡེ་དྷརྨཱ་བརྗོད་ལ་མེ་ཏོག་འཐོར། གཉིས་པ་ཚེ་བུམ་འདི་ཉིད་ལྷར་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཡེར་གྱིས་བྱོན། དེའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ཁྱེད་རང་རྣམས་ཀྱི་བླ་ཚེ་ཡར་བ། འཐོར་བ་ལ་སོགས་པ་བན་བོན་མཐུ་བོ་ཆེ་སོགས་ཀྱིས་འཕྲོགས་པ། བརྐུས་པ་ཐམས་ཅད་ཁབ་ལེན་གྱི་རྡོས་ལྕགས་བསྡུས་པ་ལྟར་རང་དབང་མེད་པར་བཀུག་སྟེ་ཚེ་བུམ་ལྷར་གསལ་བ་ལ་ཐིམ། ཡང་འོད་ཟེར་དེས་བརྟན་གཡོའི་ཁམས་ཐམས་ཅད་ལ་ཁྱབ་པས་སྲ་ཞིང་འཐས་པ་སའི་བཅུད་དང་། རླན་ཞིང་གཤེར་བ་ཆུའི་བཅུད་དང་། ཚ་ཞིང་འབར་བ་མེའི་བཅུད་དང་། ཡང་ཞིང་གཡོ་བ་རླུང་གི་བཅུད་དང་། དེ་བཞིན་དུ་ཚངས་པ། བརྒྱ་བྱིན། ཕྱོགས་སྐྱོང་བཅུ། སྡེ་དཔོན་བཞི་སོགས་ལྷ་ཀླུ་མཐུ་བོ་ཆེ་རྣམས་དང་། མཁྱེན་ལྡན་གྱི་པཎྜི་ཏ། སྟོབས་ལྡན་གྱི་རྒྱལ་བློན། མཐུ་ལྡན་གྱི་རིག་འཛིན། ནུས་ལྡན་གྱི་སངས་རྒྱས་བྱང་སེམས། ཁྱད་པར་དུ་བཅོམ་ལྡན་འདས་ཚེ་དཔག་མེད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་མ་ལུས་འོད་ཟེར་ཁ་དོག་སྣ་ལྔའི་རྣམ་པར་བསྡུས་ནས་ཚེ་བུམ་ལྷར་གསལ་བ་དེ་ཉིད་ལ་ཐིམ། དེའི་སྐུ་ལས་བྱང་སེམས་དཀར་དམར་དང་བཅས་པའི་འཆི་མེད་ཚེའི་བདུད་རྩིའི་ཆུ་རྒྱུན་འོད་ཟེར་ཁ་དོག་ལྔ་ལྡན་དུ་བབས་ཏེ། གཞན་དུ་བོ་ཟགས་མེད་པར་ཁྱེད་རང་རྣམས་ཀྱི་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས། ལུས་ཐམས་ཅད་གང་བས་འཆི་བ་མེད་པའི་ཚེ། རྒུད་པ་མེད་པའི་ལང་ཚོ། རྟག་བརྟན་གཞོམ་གཞིག་དང་བྲལ་བ་མགོན་པོ་ཚེ་དཔག་མེད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་ངོ་བོར་གྱུར་པའི་མོས་པ་མཛོད། ཨོཾ་ཨཱཿཧཱུྃ་ཧྲཱིཿ སྣང་བ་མཐའ་ཡས་ཚེ་དཔག་མེད། །ཚེ་ཡི་མཁའ་འགྲོ་ཙཎྜ་ལཱི། །པདྨ་འབྱུང་གནས་རིག་འཛིན་རྗེ། །ཚེ་དབང་ཟབ་མོའི་དངོས་གྲུབ་སྩོལ། །གུ་རུ་ཆོས་དབང་ཚུལ་ཁྲིམས་བཟང་། །བུ་སྟོན་ཡབ་སྲས་ལོ་གྲགས་རྗེ། །གསང་བ་ཀུན་འདུས་སྦྱིན་མཛད་དཔལ། །ཚེ་དབང་ཟབ་མོའི་དངོས་གྲུབ་སྩོལ། །བཀའ་བབས་གཉིས་འདུས་བརྒྱུད་པ་ཀུན། །དོན་འདུས་རྩ་བའི་བླ་མ་དང་། །རིགས་ལྔ་ཚེ་དཔག་མེད་པ་ཡིས། །ཚེ་དབང་ཟབ་མོའི་དངོས་གྲུབ་སྩོལ། །འཆི་མེད་རྡོ་རྗེ་ཚེ་ཡི་དབང་། །རྒྱལ་བའི་བྱིན་རླབས་ཡེ་ཤེས་མཛོད། །སྐལ་ལྡན་བུ་ལ་བསྐུར་བ་ཡིས། །ཚེ་ཡི་རིག་འཛིན་ཐོབ་གྱུར་ཅིག །ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ རྣམ་པར་སྣང་མཛད་ཚེ་དཔག་མེད། །ཕྱག་རྒྱ་འཁོར་ལོ་ལ་སོགས་པས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །ཚེ་ཡི་རིག་འཛིན་ཐོབ་གྱུར་ཅིག །ཨོཾ་ཨཱཿཧཱུྃ་བཛྲ་ཀཱ་ཡ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསིདྡྷི་ཕ་ལ་ཧཱུྃ། སྣང་བ་མཐའ་ཡས་ཚེ་དཔག་མེད། །ཕྱག་རྒྱ་པདྨ་ལ་སོགས་པས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །ཚེ་ཡི་རིག་འཛིན་ཐོབ་གྱུར་ཅིག །ཨོཾ་ཨཱཿཧཱུྃ་བཛྲ་ཝཱ་ཀ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསིདྡྷི་ཕ་ལ་ཧཱུྃ། མི་བསྐྱོད་རྒྱལ་པོ་ཚེ་དཔག་མེད། །ཕྱག་རྒྱ་རྡོ་རྗེ་ལ་སོགས་པས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །ཚེ་ཡི་རིག་འཛིན་ཐོབ་གྱུར་ཅིག །ཨོཾ་ཨཱཿཧཱུྃ་བཛྲ་ཙིཏྟ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསིདྡྷི་ཕ་ལ་ཧཱུྃ། །རིན་ཆེན་འབྱུང་ལྡན་ཚེ་དཔག་མེད། །ཕྱག་རྒྱ་རིན་ཆེན་ལ་སོགས་པས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །ཚེ་ཡི་རིག་འཛིན་ཐོབ་གྱུར་ཅིག །ཨོཾ་ཨཱཿཧཱུྃ་བཛྲ་གུ་ཎ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསིདྡྷི་ཕ་ལ་ཧཱུྃ། །དོན་ཡོད་གྲུབ་པ་ཚེ་དཔག་མེད། །ཕྱག་རྒྱ་རྒྱ་གྲམ་ལ་སོགས་པས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །ཚེ་ཡི་རིག་འཛིན་ཐོབ་གྱུར་ཅིག །ཨོཾ་ཨཱཿཧཱུྃ་བཛྲ་ཀརྨ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསིདྡྷི་ཕ་ལ་ཧཱུྃ། ཞེས་ཚེ་བུམ་སྔགས་བརྗོད་པ་དང་མཉམ་དུ་སྤྱི་བོ་སོགས་གནས་ལྔར་གཏུགས་པས་དབང་བསྐུར་ལ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་བདེན་པའི་མཐུ་དང་། བདག་གི་བསམ་པ་རྣམ་པར་དག་པའི་སྟོབས་དང་། ཚེ་རྫས་བསྐྱེད་རྫོགས་སྔགས་ཀྱི་མཐུ་ལ་བརྟེན་ནས་རིགས་ཀྱི་བུ་འདི་རྣམས་ལ་དབང་བསྐུར་བས། ཚེ་རིང་བ། ལོ་བརྒྱ་ཐུབ་པ། སྟོན་བརྒྱ་མཐོང་བ། ཚེ་སྲ་བ། བརྟན་པ། བདེ་ལེགས་ཕུན་སུམ་ཚོགས་པ་དང་ལྡན་པའི་སྐལ་པ་མཆོག་ཏུ་གྱུར་ཅིག །ཅེས་བརྗོད་ལ་མེ་ཏོག་འཐོར། ཚེ་བུམ་ཚེ་ལྷར་གསལ་བ་འོད་དུ་ཞུ། ཁྱེད་རང་རྣམས་ལ་ཐིམ་པས་ཁྱེད་རང་རྣམས་ལྷར་གསལ་བ་ཡང་འོད་དུ་ཞུ་ནས་ཡི་གེ་ཨཱཿཡིག་དཀར་པོ་ཞིག་ཏུ་གྱུར། ཨཱཿཞེས་བརྗོད་པས་ཨཱཿདེ་ཡང་མི་དམིགས་ཏེ་སྤྲོས་པའི་མཐའ་ཀུན་དང་བྲལ་བ་གསལ་སྟོང་ཟུང་འཇུག་ནམ་མཁའ་ལྟ་བུའི་ངང་དུ་ཅི་གནས་མཉམ་པར་ཞོག་མཛོད། ཅེས་རོལ་ཆེན་བྱ། དེའི་ངང་ལས་ཆུ་ལས་ཆུ་བུར་རྡོལ་བ་ལྟར། ཁྱེད་རང་རྣམས་སྐད་ཅིག་གིས་ལུས་གསེར་གྱི་རྡོ་རྗེ་རྩེ་ལྔ་པར་ཀྲོང་ངེར་གྱུར་པའི་རྩེ་མོ་རིགས་ལྔ་ཚེ་དཔག་མེད་གཅིག་ཏུ་གྱུར་པའི་ངོ་བོ་ཧྲཱིཿདཀར་པོ་དྭངས་ཤིང་གསལ་བས་མཚན་པའི་མོས་པ་མཛོད། ཚེ་རིལ་གྱི་སྣོད་བཏེགས། ཨོཾ། འཆི་མེད་རྡོ་རྗེའི་དམ་ཚིག་ལ། །དཀྱིལ་འཁོར་ལྷ་ཡི་བྱིན་རླབས་ཞུགས། །སྔགས་དང་ཕྱག་རྒྱས་ནུས་པ་བསྐྱེད། །རོ་བཅུད་གཟི་འོད་ལྡན་པ་འདི། །ཟོས་པས་ནད་གདོན་ཀུན་ཞི་ཞིང་། །ལུས་ཀྱི་ཟུངས་དང་སེམས་ཀྱི་རྟེན། །རྡོ་རྗེ་གསུམ་གྱི་སྲོག་ཏུ་འགྱུར། །འཆི་མེད་གོ་འཕང་ཐོབ་པར་ཤོག །ཨོཾ་བཛྲ་ཨཱ་ཡུཿཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསིདྡྷི་ཕ་ལ་ཧཱུྃ། ཚེ་རིལ་སྦྱིན། ཧྲཱིཿ བདེ་བ་སྐྱོང་བའི་ཀ་པཱ་ལར། ཁམས་ལྔ་འབྱུང་བའི་བཅུད་བསྡུས་པའི། །བདུད་རྩི་འཆི་མེད་ཆུ་རྒྱུན་འདི། །འཐུང་བས་ནད་གདོན་བགེགས་ཞི་ཞིང་། །བར་གཅོད་གཡུལ་ལས་རབ་རྒྱལ་ཏེ། །ཚེ་ཡི་དངོས་གྲུབ་ཐོབ་གྱུར་ཅིག །གོང་བཞིན་སྔགས་བརྗོད་པས་ཚེ་ཆང་སྦྱིན། དེ་ནས་ཚེ་མདའ་གཡབ་ཅིང་། དཔྲལ་མགྲིན་སྙིང་གར་རྒྱས་བཏབ་ལ། ཧྲཱིཿ འབྱུང་ལྔའི་དྭངས་མ་འདུས་པའི་ཚེ་བཅུད་འདི། །ཡེ་ཤེས་ལྔ་ཡི་ངོ་བོར་རྒྱས་བཏབ་བོ། །སྒོ་གསུམ་མི་འགྱུར་ལྷུན་གྲུབ་ཚེ་བཅུད་འདི། །སྐུ་གསུམ་རྒྱལ་བའི་ངོ་བོར་རྒྱས་བཏབ་བོ། །འཁོར་འདས་སྣང་སྲིད་རོ་སྙོམས་ཚེ་བཅུད་འདི། ངོ་བོ་ཉིད་ཀྱི་སྐུ་རུ་རྒྱས་བཏབ་བོ། །ལུས་ལ་རྡོ་རྗེ་ཚེ་ཡི་དབང་བསྐུར་བས། །སེམས་ཉིད་འཁྲུལ་པའི་རང་མཚང་རིག་གྱུར་ནས། །འཆི་མེད་གཉུག་མ་མངོན་གྱུར་འོག་མིན་དུ། །མཐར་ཐུག་མཆོག་གི་གོ་འཕང་ཐོབ་གྱུར་ཅིག །ཅེས་དང་། སྔགས་བརྗོད་ཅིང་རྒྱས་གདབ་བྱ། རྗེས་གཙོ་བོས་ཇི་ལྟར་སོགས་ཀྱི་མཐར། གཏང་རག་གི་མཎྜལ་ཕུལ། མཆོད་བསྟོད་བཟོད་གསོལ། གཤེགས་བསྡུ་བསྔོ་སྨོན་བཀྲ་ཤིས་ཀྱིས་མཐར་དགའ་སྟོན་བྱའོ། །འཆི་མེད་མངོན་གྱུར་པདྨའི་ཞལ་ལུང་གིས། །ཀུན་མཁྱེན་བུ་སྟོན་སྙན་གྱི་ཨུཏྤལ་འདབ། །གྲོལ་བའི་ཟེའུ་འབྲུར་ཆགས་པའི་ཟིལ་མངར་རྒྱུན། །རྒྱ་ཆེར་འཕེལ་འདི་གསང་བ་སྦྱིན་གྱི་མཐུ། །གང་ལས་འོངས་པའི་ཨ་བྷི་ཥིཉྩའི་ཆབ། །དྲིན་ཅན་མཁྱེན་བརྩེའི་ཞལ་གྱི་བུམ་བཟང་ལས། །ཉེ་བར་འཐུངས་པས་བཀའ་བབས་ཆུ་བོ་གཉིས། །ཨ་ཧོ་བདག་བློའི་རྫིང་བུར་གཅིག་ཏུ་འཁྱིལ། །རྒྱལ་བའི་གསུང་རབ་རྡུལ་ཁྲོད་འཁྱམས་དུས་འདིར། །བདག་འདྲས་ཡི་གེའི་སྦྱོར་བ་དོན་མེད་ཀྱང་། །བླ་མ་མཆོག་གི་བཀའ་བཞིན་བགྱིས་པ་ལ། །འགལ་འཁྲུལ་ནོངས་ཚོགས་མཆིས་ན་སྙིང་ནས་འཆགས། །དགེ་བས་འགྲོ་བ་ཀུན་ལ་བདེ་བའི་དཔལ། །འབྱུང་གནས་བསྟན་པ་ཡུན་རིང་དར་ཞིང་རྒྱས། །དེ་འཛིན་མཆོག་རྣམས་སྐུ་ཚེ་བརྟན་པ་དང་། །རྒྱལ་ཁམས་བདེ་ལེགས་ཆེན་པོས་འཚོ་བར་ཤོག །ཅེས་འཆི་མེད་རྡོ་རྗེའི་སྐུ་བརྙེས་པ་པདྨའི་རིག་པ་འཛིན་པ་གང་གིས་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་དང་། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཆོས་རྗེ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་ལ་དངོས་སུ་གདམས་ཤིང་། ཕྱིས་བོ་དོང་ཨེའི་གཙུག་ལག་ཁང་དུ་འཇིགས་བྲལ་གསང་བ་སྦྱིན་པ་ལ་འདིའི་སྒོ་ནས་རིགས་ལྔ་ཚེ་དཔག་མེད་ཞལ་གཟིགས་ཉེ་བརྒྱུད་དུ་བྱུང་བ་ཚེ་སྒྲུབ་བུ་སྟོན་གོང་ཁུག་མའི་དབང་ཆོག་རྡོ་རྗེའི་ཚེ་སྲོག་དཔལ་སྟེར་ཞེས་བྱ་བ་འདི་ནི། རྗེ་བླ་མས་ཚེ་དབང་གནང་དུས་འདི་ལ་ཡི་གེ་གསལ་བ་ཞིག་གྱིས་ཤིག་ཅེས་བཀའ་ལུང་ནན་གྱིས་ཕེབས་པར་བརྟེན། པཎ་ཆེན་པདྨ་གར་དབང་གིས་མཛད་པའི་ཡི་གེ་རྩ་བར་བཀོད་ཅིང། ལྕེ་བཙུན་བསྟན་འཛིན་ཕྲིན་ལས་ཀྱིས་ཚེ་དབང་བསྐུར་ཚུལ་མཛད་པ་དང་། ཁྱབ་བདག་ཡེ་ཤེས་དཔལ་འབྱོར་གྱི་གསུང་རྒྱུན་ལས་འདིའི་སྒོམ་ལུང་གི་ཞལ་ཤེས་ཐོར་བུ་བྱུང་བ་རྣམས་ཀྱིས་ཟུར་བརྒྱན་ནས། བཙུན་པ་བློ་གསལ་བསྟན་སྐྱོང་གིས་འགལ་བྱེད་ཅེས་པ་ལྕགས་མོ་ཕག་གི་ལོ་ནག་པཟླ་བའི་དམར་ཕྱོགས་ཀྱི་རྒྱལ་བ་དང་པོའི་ཉིན། གདན་ས་ཆེན་པོ་ཞྭ་ལུ་རི་ཕུག་བདེ་ཆེན་ཆོས་ཀྱི་ཕོ་བྲང་གི་སྒྲུབ་ཁང་རྣམ་གྲོལ་ཡང་རྩེར་སྦྱར་བའོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། དེ་འཛིན་གྱི་སྐྱེས་མཆོག་དམ་པ་རྣམས་སྐུ་ཚེ་བརྟན་པའི་རྒྱུར་གྱུར་ཅིག །འདིའི་ཉམས་ལེན་གྱི་རིམ་པ་སྙིང་པོར་དྲིལ་བ་ནི། ཁོ་བོས་བྱས་པའི་ཚེ་སྒྲུབ་བུ་སྟོན་གོང་ཁུག་མའི་ཉམས་ལེན་རྡོ་རྗེའི་རྒྱ་མདུད་བཞིན་དུ་ཉམས་སུ་བླང་བར་བྱའོ། །ཤུ་བྷཾ། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).