Terdzo-BI-071: Difference between revisions
m Text replacement - " {{Header }}" to " {{Header}}" |
m Text replacement - "= Tibetan Text = " to "<h1 style="font-size: 24px !important;">Tibetan Text</h1> " |
||
| Line 42: | Line 42: | ||
}} | }} | ||
{{Header}} | {{Header}} | ||
= Tibetan Text | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
<div id='tibetan' class='tib-text'> | <div id='tibetan' class='tib-text'> | ||
Revision as of 01:11, 29 December 2017
གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ ལོ་མ་ཅན་གྱི་གཏོར་སྒྲུབ་ཟིན་བྲིས་གསལ་བར་བཀོད་པ་
by ཀརྨ་ཆགས་མེད་;གནས་མདོ་ཀརྨ་་ཆགས་མེད་ (Karma Chakme)
revealed by སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ (Mingyur Dorje)
in cycle གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ (Gnam chos thugs kyi gter kha snyan brgyud zab mo'i skor)
Volume 45 (བི) / Pages 869-882 / Folios 1a1 to 7b1
Tibetan Text
༁ྃ༔ གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ ལོ་མ་ཅན་གྱི་གཏོར་སྒྲུབ་ཟིན་བྲིས་གསལ་བར་བཀོད་པ་བཞུགས་སོ༔ ྈྈྈ ན་མོ་པརྞ་ཤ་བ་རཱི་ཡེ། འཕགས་མ་རི་ཁྲོད་མ་ལ་ཕྱག་འཚལ་ནས། །དེ་ཡི་གཏོར་སྒྲུབ་མན་ངག་གསལ་བཀོད་བྱ། །ལྷ་མོ་ཉིད་ཀྱིས་བཀའ་གནང་བྱིན་གྱིས་རློབས། །དུས་ངན་སྙིགས་མ་བསོད་ནམས་མར་འགྲིབ་དུས། །དུ་རུ་ཀ་ཡི་དམག་ཚོགས་སྡེ་ལྔ་འབྱུང་། །དེ་ཡི་ནང་ནས་ནད་ཀྱི་དུ་རུ་ཀ །བཀའ་དང་བསྟན་བཅོས་གཞུང་ནས་མ་གྲགས་པའི། །འགོས་ནད་མང་པོ་དར་བས་མི་ཐོག་འབུད། །ནད་རྟགས་མེ་ཆུ་གོ་ལོག་སྟོན་པའི་ཕྱིར། །རྩི་སྨན་ཅིས་ཀྱང་མི་ཕན་དུག་ཏུ་འགྲོ །དེ་དག་སྲུང་དང་ཟློག་དང་ཞི་བའི་ཐབས། །ལོ་མ་གྱོན་མའི་སྒྲུབ་ཐབས་ཚེམ་པ་ལྔ། །གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་བྱུང་བ། །གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་པའི་ཐབས། །ལི་ལྡེར་ཤིང་སོགས་ཞི་བའི་སྣོད་ཀྱི་ནང་། །གཏོར་མ་ལྔ་པོ་དཔེ་འུ་རིས་ལྟར་བཅའ། །དེ་ལ་ཙཀ་ལི་བདུན་པ་དཔེའུ་རིས་ལྟར། །མ་ནོར་གཏོར་མ་སོ་སོར་བཙུགས་ལ་བཤམ། །ཤོག་གུ་གཙང་མར་ནད་བདག་ལིངྒ་ནི། །མངོན་རྟོགས་ནང་ནས་འབྱུང་བ་ལྟ་བུར་བྲིས། །གཞུང་ལྟར་འགུགས་གཞུག་མང་དུ་བྱས་ནས་ཀྱང་། །ཐེམ་འོག་གམ་ནི་འོག་ཕྱོགས་ལམ་ལ་མནན། །སྟེང་དུ་རྡོ་ལེབ་རྡོ་རྗེ་རྒྱ་གྲམ་མནན། །རྒྱུན་དུ་འདོན་དུས་དེ་ལ་མནན་དམིགས་བྱ། །གལ་ཏེ་མནན་པ་ལ་སོགས་མ་གྲུབ་ཀྱང་། །དམིགས་པ་ཁོ་ན་བྱས་པས་ཆོག་པ་ཡིན། །དཔོན་སློབ་མང་ན་བརྒྱ་ཚར་ལ་སོགས་པའམ། །གཅིག་པུ་ཡིན་ན་ཞག་འགའ་སྒྲུབ་པ་བྱེད། །སྒྲུབ་པ་མ་ཐོན་ནའང་ཚར་མང་འདོན། །གློ་བུར་ཙཀ་ལི་གཏོར་མ་མ་འཛོམ་ཀྱང་། །ཟླུམ་གཏོར་ལྔ་ཚོམ་གཅིག་ལ་བཏོན་ཀྱང་རུང་། །ཚར་གྲངས་ཅི་འགྲུབ་བཏོན་རྗེས་རང་དོན་ལ། །གཏོར་མ་དེ་ཡིས་བདག་འཇུག་དབང་ཡང་བླང་། །གྲྭ་སློབ་ཡོན་བདག་ལ་སོགས་གལ་ཆེན་ལ། །གཏོར་མ་དེ་ཡིས་རྗེས་གནང་སྤྱི་ལྟར་བྱ། །བདག་འཇུག་དབང་བསྐུར་གྲུབ་བམ་མ་གྲུབ་རུང་། །གཏོར་མ་བསྲུང་བྱ་ཀུན་གྱིས་དངོས་འགྲུབ་རོལ། །དངོས་གཞི་ཆོ་ག་འདི་ཉིད་འདོན་སྒོམ་སྦྲགས། །ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་བའི་ནད་རིམ་རྒྱུན་གཅོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཀ་དག་ཀློང་ནས་སྤྲུལ་པ་ཡི༔ གནམ་ས་གང་བའི་མཆོད་པའི་སྤྲིན༔ དཀར་གསུམ་མངར་གསུམ་སྨན་གྱི་མཚོ༔ ཟད་མེད་གྱུར་ཅིག་པཱུ་ཛ་ཧོ༔ བདག་དང་མདུན་དུ་ལོ་མ་ཅན༔ སེར་མོ་ཞལ་གཅིག་ཕྱག་གཉིས་མ༔ གཡས་པས་རྡོ་རྗེ་གཡོན་སྡིགས་མཛུབ༔ རྨ་བྱ་ལོ་མའི་ཤམ་ཐབས་ཅན༔ པདྨ་ཉི་མའི་གདན་ལ་བཞུགས༔ མདུན་བསྐྱེད་ཞབས་འོག་ཤིང་ལོ་མ༔ ལྗང་མོ་ཁྲོ་མོའི་ཆ་ལུགས་རྫོགས༔ ཟླ་བ་ཕྱེད་པའི་དབུ་རྒྱན་ཅན༔ ཕྱག་ན་ཆུ་ཤེལ་ཞགས་པ་འཛིན༔ རྟ་ལྗང་བཅིབས་ནས་ཝ་མོ་ཁྲིད༔ གཙོ་འཁོར་གནས་གསུམ་ཡིག་འབྲུ་གསུམ༔ ཐུགས་ཀའི་པཾ་ལས་འོད་འཕྲོས་པས༔ སངས་རྒྱས་ཀུན་གྱི་བྱིན་རླབས་རྣམས༔ བདག་མདུན་ཐིམ་ཞིང་དབང་བསྐུར་གྱུར༔ ྈ རྒྱ་རྒྱ་རྒྱ་མ༔ ཧཱུྃ༔ འོག་མིན་ཞིང་དང་མདངས་དགའ་ཡི༔ རི་ཁྲོད་ལ་སོགས་བཞུགས་གནས་ནས༔ ལོ་མ་གྱོན་མ་གཤེགས་སུ་གསོལ༔ པདྨ་ཉི་ཟླའི་གདན་ལ་བཞུགས༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་ན༔ མཆོད་པའི་རྣམ་པ་ཅི་མཆིས་དང༔ བདུད་རྩི་སྨན་གྱི་མཆོད་པ་འབུལ༔ ནད་རྣམས་མ་ལུས་འཇོམས་བྱེད་ཅིང༔ གདོན་ཀུན་ཙིཏྟ་སྲེག་བྱེད་མ༔ ནད་རིམས་ཀུན་འཇོམས་རྡོ་རྗེ་སྟེ༔ ལོ་མ་གྱོན་མར་ཕྱག་འཚལ་བསྟོད༔ བདག་དང་བསྲུང་བྱ་ཐམས་ཅད་ཀྱི༔ ནད་རིགས་བཞི་བརྒྱ་རྩ་བཞི་སོལ༔ ཡམས་ནད་རིམས་ནད་ཞི་བར་མཛོད༔ སྙིགས་མའི་ནད་ཀྱི་བསྐལ་པ་ལས༔ ཁྱོད་ཀྱིས་སྲུང་ཞིང་སྐྱབས་མཛོད་ཅིག༔ ྈ ྈྈྈྈྈྈྈྈྈ ཀ་བ་རྣམ་དག་བྱང་ཆུབ་སེམས་མའི་ལུས༔ ཁ་ནས་ཧཱུྃ་ཧཱུྃ་ཕཊ་ཀྱིས་དགྲ་བོ་བརླག༔ གང་ན་བཞུགས་ཀྱང་བདག་ལ་ཐུགས་རྗེས་གཟིགས༔ ང་ཡི་བར་ཆད་ཐམས་ཅད་ད་སོལ་ཅིག༔ ཅ་ལེ་ཅོ་ལེ་མང་པོ་མ་མཛད་ཅིག༔ ཆབ་ཆོབ་མ་མཛད་བདག་ལ་སྐུ་སྟོན་ཅིག༔ ཇ་ཆང་ཕུད་ཀྱིས་ཁྱེད་ནི་རྟག་ཏུ་མཆོད༔ ཉ་མ་ལ་སོགས་བདག་གི་འཁོར་རྣམས་ཀྱིས༔ ཏེ་ཏེ་མི་བྱེད་ཁྱེད་ལ་གསོལ་བ་འདེབས༔ ཐལ་ཆེན་རཀྟ་ཞག་གི་ཟོ་རིས་བརྒྱན༔ དོན་རྣམས་འགྲུབ་མཛད་མ་ལ་ཕྱག་འཚལ་ལོ༔ ན་བ་ལྟ་བུའི་རྟ་ཕོ་འཆིབ་ནས་བྱོན༔ པར་ཁ་བརྒྱད་དང་བཅས་པ་ཟློག་ཏུ་གསོལ༔ ཕ་མའི་རིང་ནས་ཁྱེད་ལ་གསོལ་བ་བཏབ༔ བ་གཅིག་ཡོད་ནའང་ཁྱེད་ལ་བསྔོས་ནས་བཞག༔ མ་མོ་ཁྱེད་ནི་ཞལ་གཅིག་ཕྱག་གཉིས་མ༔ གཙུག་ན་ཟླ་བ་ཕྱེད་པས་རབ་ཏུ་བརྒྱན༔ ཚ་བ་འཇོམས་པའི་ཆུ་ཤེལ་གཡས་ན་བསྣམས༔ ཛ་འག་ཏི་ཡི་ཞགས་པ་གཡོན་ན་བསྣམས༔ ཝ་མོ་ཁྲིད་ནས་མཚན་གྱི་གུང་ལ་རྒྱུག༔ ཞ་བོའི་ལག་ནས་བྱུང་བའི་དབྱུག་པ་ཡོད༔ ཟབ་བེར་ངུར་སྨྲིག་ན་བཟའ་བདག་ལ་ཡོད༔ འ་འག་ཏ་ཡི་འབྲས་བུ་བདག་ལ་ཡོད༔ ཡོ་འགུལ་མེད་པའི་བསྙེན་པ་བདག་གིས་བགྱིད༔ ར་དཀར་བ་མོའི་འོ་ཞོ་བདག་ལ་ཡོད༔ ལ་ཆེན་རྒྱབ་ནའང་ཁྱེད་ལ་གསོལ་བ་འདེབས༔ ཤི་ན་མ་གཏོགས་ཁྱེད་ལ་གསོལ་བ་འདེབས༔ ས་ཆ་ག་ན་ཡོད་ཀྱང་ཐུགས་རྗེས་ཟུངས༔ ཧ་ཀ་ས་ལ་མ་ཕོག་བདག་ལ་ཡོད༔ ཨཱ་ལི་ཀཱ་ལི་ཅི་ཐོན་བརྗོད་ཅིང་ཡོད༔ ཨཱ་ལི་ཀཱ་ལི་ཅི་ཐོན་བརྗོད༔ དག་པོ་བརྗོད་མ་ཤེས་ན་བྲིས་ནས་བཞག་ཡོད་པས་ཆོག །བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་གཏོར་མ་བདུད་རྩིའི་མཚོ༔ ཁ་དོག་དྲི་རོ་ཕུན་སུམ་ཚོགས༔ ལྷ་མོ་དཔོན་གཡོག་མཉེས་བྱེད་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཨོཾ་པི་ཤཱ་ཙི་སྭཱ་ཧཱ༔ ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ གསུམ། ཨོཾ་པི་ཤཱ་ཙི་རཾ་ཁཾ་ཡེ་སྭཱ་ཧཱ༔ ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ གསུམ། ཤར་གྱི་གཏོར་མ་མེ་ཏོག་ཅན༔ ཉེར་སྤྱོད་ཀུན་ལ་སོགས་པ་ཡི༔ ཞི་བའི་མཆོད་སྤྲིན་རྒྱ་མཚོ་འདིས༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་མཆོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བ་ལིནྟ་ཁཱ་ཧི་པཱུ་ཙ་ཧོ༔ ཧཱུྃ༔ ལྷ་མིན་མི་ལས་གཡུལ་རྒྱལ་ནས༔ ལྷ་རྣམས་མ་དགའ་གཡུལ་གཏུག་བྱས༔ ལྷ་རྣམས་ལྷ་མིན་གཡུལ་རྒྱལ་ནས༔ ལྷ་མོ་རྣམས་ཀྱིས་མཆོད་པ་ནི༔ རིམས་ནད་ཞི་ཕྱིར་མཆོད་པ་འབུལ༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་མཆོད༔ ཕྱོགས་བཅུའི་སངས་རྒྱས་དེ་རྣམས་ལ༔ བདེན་པ་ཆེན་པོ་ཡོད་དམ་མེད༔ བདེན་པོ་ཆེན་པོ་ཡོད་གྱུར་ན༔ ཕྱོགས་བཅུའི་སངས་རྒྱས་དེ་རྣམས་ཀྱི༔ མཐུ་དང་བདེན་པ་ཆེན་པོ་ཡིས༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ རིམས་ནད་ཐམས་ཅད་ཞི་བར་མཛོད༔ གལ་ཏེ་བདེན་པ་མེད་ན་ནི༔ སངས་རྒྱས་རྣམས་ཀྱི་བྱིན་རླབས་ནི༔ ཅུང་ཟད་ཙམ་ཡང་མེད་པ་མིན༔ དེ་ཕྱིར་རིམས་ངན་ཞི་བར་མཛོད༔ ཨོཾ་ཨོཾ་ཨོཾ༔ ས་མ་ཡ༔ ཛྭ་ར་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནུབ་ཀྱི་གཏོར་མ་གྲི་གུག་ཅན༔ འདོད་པའི་ཡོན་ཏན་ལྔ་ལ་སོགས༔ དབང་གི་མཆོད་སྤྲིན་རྒྱ་མཚོ་འདིས༔ ཕྱོགས་བཅུ་དུས་དྲུག་སངས་རྒྱས་མཆོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བྷ་ལིནྟ་ཁཱ་ཧི་པཱུ་ཛ་ཧཱུྃ༔ ཧཱུྃ༔ ཕྱོགས་བཅུ་དུས་ནི་དྲུག་དང་བཅས༔ དེ་དུས་སངས་རྒྱས་ཐམས་ཅད་བྱོན༔ དེ་དུས་བྱོན་པའི་སངས་རྒྱས་རྣམས༔ བདེན་པ་ཡོད་མེད་ད་ལྟ་འོ༔ སངས་རྒྱས་ཁྱོད་ཀྱི་བདེན་པའི་མཐུས༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ རིམས་ངན་འདི་ནི་ཞི་བར་མཛོད༔ མ་ཡེངས་མ་འཁྲུལ་ད་གསོན་ཅིག༔ བདག་ཅག་དཔོན་སློབ་འཁོར་བཅས་རྣམས༔ དུས་ངན་སྙིགས་མ་འདི་ཡི་དུས༔ ཚེ་ལ་རྐུ་བའི་ནད་ངན་འདུག༔ སྲོག་ལ་འཇབ་པའི་ནད་ངན་འདུག༔ སྐུ་ལ་བསྡོ་བའི་ནད་ངན་འདུག༔ འདི་རྣམས་ཐམས་ཅད་ཞི་བར་མཛོད༔ གལ་ཏེ་ཞི་བར་མ་བྱས་ན༔ ཕྱོགས་བཅུ་དུས་དྲུག་སངས་རྒྱས་དེ༔ རྣམས་ལ་བདེན་པ་མེད་པ་ཡིན༔ ཨ་ཨ་ཨཱ༔ ས་མ་ཡ༔ ཛྭ་ར་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ལྷོ་ཡི།་་་གཏོར་མ་གྲུ་བཞི་ཡུ་བ་ཅན༔ རྒྱལ་སྲིད་བདུན་ལ་སོགས་པ་ཡི༔ རྒྱས་པའི་མཆོད་སྤྲིན་རྒྱ་མཚོ་འདིས༔ དུས་དྲུག་ཕྱོགས་བཅུའི་སངས་རྒྱས་མཆོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བ་ལིནྟ་ཁཱ་ཧི་པཱུ་ཛ་ཧོ༔ ཧཱུྃ༔ བདུད་དང་ལྷ་གཉིས་གཡུལ་གཏུགས་ནས༔ དེ་དུས་ལྷ་རྣམས་གཡུལ་རྒྱལ་དུས༔ ལྷ་མོ་རྣམས་ཀྱིས་ཕྱོགས་བཅུ་ཡི༔ སངས་རྒྱས་རྣམས་ལ་མཆོད་པ་ནི༔ དུས་དྲུག་ཏུ་ནི་མཆོད་པ་བྱས༔ སངས་རྒྱས་རྣམས་ཀྱང་དེ་དུས་མཉེས༔ དེ་དུས་ནད་རིམས་བསལ་པ་བཞིན༔ ད་ཡང་བདག་གི་ནད་རིམས་སོལ༔ བདེན་པ་ཨི་འདུག་ད་ལྟ་འོ༔ དུས་ངན་སྙིགས་མར་སྐྱེས་པ་ཡི༔ བདག་ཅག་དཔོན་སློབ་འཁོར་བཅས་ལ༔ རིམས་ངན་བཙོག་མོ་འདི་ཉིད་ཀྱིས༔ བླ་མའི་སྐུ་ལ་བསྡོས་སུ་བཙུགས༔ དེ་ལ་བདེན་པ་མེད་པ་འམ༔ ཡོད་ན་རིམས་ངན་ད་ཞི་མཛོད༔ ཧཱུྃ་ཧཱུྃ་ཧཱུྃ༔ ས་མ་ཡ༔ ཛྭ་ར་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ བྱང་གི་གཏོར་མ་ཟུར་གསུམ་ཅན༔ དྲག་པོའི་མཆོད་སྤྲིན་དཔག་མེད་པ༔ ཁྲོ་བོ་ཁྲོ་མོ་ཐམས་ཅད་དང༔ མ་མོ་མཁའ་འགྲོ་ཐམས་ཅད་མཆོད༔ ཨོཾ་སརྦ་ཀྲོ་དྷ་དྷཱ་ཀི་དེ་ཝཱི་བྷ་ལིནྟ་ཁཱ་ཧི་པཱུ་ཛ་ཧོ༔ ལོ་མའི་ཤམ་ཐབས་སྨད་དུ་གསོལ༔ མ་མོ་ཐམས་ཅད་དབང་དུ་སྡུད༔ ཅེ་སྤྱང་གཟུགས་ཅན་ནད་བདག་མོ༔ ཁྱོད་ཀྱིས་དབང་དུ་སྡུས་གྱིས་ལ༔ ནད་ཀུན་ཞི་བའི་ཕྲིན་ལས་མཛོད༔ མདུན་གྱི་འོག་ཏུ་ས་ཡི་དོང༔ ཁ་དོག་མཐིལ་ཡངས་ཐར་མེད་ནང༔ ཅེ་སྤྱང་གཟུགས་ལ་མཆེ་བཞི་ཡི༔ བྲང་མདོར་སླེབ་ཅིང་སྐྲ་མཚམས་སླེབ༔ ནུ་གཉིས་གཡས་གཡོན་གྲུ་མོའི་ཐད༔ བསླེབས་ཏེ་ཚོན་དྲུ་ནད་རྐྱལ་གཉིས༔ ནད་རྐྱལ།་་་ཕྲག་ལ་ཁུར་ཞིང་གྲུ་གུ།་་་ལག་ཏུ་ཐོགས༔ ཤིན་ཏུ་འཇིགས་པའི་མིག་གཉིས་ལ༔ ལོང་ལོང་དཔུང་གཉིས་ཧཱུྃ་ཛཿདང༔ ཁ་ནང་མཱ་ར་ཡ་ཁྲད་དང༔ མགྲིན་པའི་གཡས་དང་གཡོན་གཉིས་ལ༔ ཞོན་ཞོན་གྲུ་མོར་ཆག་ཆག་གི༔ ཡིག་འབྲུ་དང་བཅས་གསལ་བར་གྱུར༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ རི་ཁྲོད་མ་དང་ཤིང་ལོ་མའི༔ བདེན་པ་ཆེན་པོའི་མཐུ་སྟོབས་ཀྱིས༔ བདག་ཅག་རྣམས་ལ་གནོད་པ་ཡི༔ ནད་འདྲེ་རིམས་ཀྱི་སྣ་འདྲེན་ཀུན༔ ནད་བདག་ཅེ་སྤྱང་གཟུགས་ལ་ཁུག༔ ཛཿཧཱུྃ་བཾ་ཧོཿས་དབྱེར་མེད་གྱུར༔ ཧཱུྃ༔ བདུད་དང་ལྷ་རྣམས་གཡུལ་གཏུགས་དུས༔ དེ་དུས་ལྷ་ཕམ་བདུད་རྒྱལ་ནས༔ སངས་རྒྱས་རྣམས་ལ་བར་ཆད་བྱས༔ དེ་དུས་ཐམས་ཅད་སྐྲག་ཅིང་འདར༔ ཉི་མ་ཟླ་བ་ཐང་ལ་བྲུལ༔ སངས་རྒྱས་རྣམས་ཀྱིས་བདུད་མ་ཐུལ༔ དེ་ལྟར་བྱས་ན་བདེན་པ་མེད༔ གལ་ཏེ་བདེན་པ་ཡོད་གྱུར་ན༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ རིམས་ནད་ཐམས་ཅད་ཞི་བར་མཛོད༔ བླ་མའི་སྐུ་ལ་བསྡོ་བ་དང༔ སངས་རྒྱས་བསྟན་པ་བཤིགས་པ་དང༔ དཀོན་མཆོག་དབུ་འཕང་སྨད་པ་དང༔ གསང་སྔགས་ཆོས་ལ་སྡང་བ་དང༔ སྡེ་དགོན་ཡོ་བྱད་རྐུ་བ་དང༔ བསམ་གཏན་པ་ཡི་སེམས་དཀྲུག་དང༔ སྐྱེ་བོ་སྡིག་ལ་དགའ་བ་དང༔ དགེ་བ་སྡིག་ལ་སྒྱུར་བྱེད་པའི༔ ཞིང་བཅུ་ཚང་བའི་དགྲ་བོ་ནི༔ ཐམས་ཅད་འདི་ཡི་ལུས་ལ་ཚང༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི༔ དེ་དུས་བདུད་རྣམས་བཏུལ་པ་བཞིན༔ རིམས་ངན་འདི་ནི་ད་ཐུལ་ཅིག༔ ཧྲཱིཿཧྲཱིཿཧྲཱི༔ ས་མ་ཡ༔ སརྦ་ཛྭ་ར་ཕཊ༔ ཅེ་སྤྱང་གཟུགས་ཅན་ནད་བདག་མོ༔ རིམ་དགུའི་ས་ཡི་འོག་ཏུ་སོང༔ དེ་སྟེང་རླུང་མེ་ཆུ་ས་དང༔ རི་རབ་གླིང་བཞི་བཅས་པས་ནོན༔ ཨོཾ་པི་ཤཱ་ཙི་སྭཱ་ཧཱ༔ སརྦ་ཛྭ་ར་མཱ་ར་ཡ་སཏྭམྦྷ་ཡ་ན་ཤ་ཡ༔ ཨོཾ་ལམ་ཧཱུྃ་ལམ་སཏྭམྦྷ་ཡ་ནན༔ བདག་མདུན་ལྷ་མོའི་ཐུགས་ཀ་ནས༔ པཾ་མཐར་སྔགས་ཕྲེང་གཡོན་དུ་འཁོར༔ རང་གི་ཐུགས་ལས་འོད་འཕྲོས་པས༔ རང་འདྲའི་ལྷ་མོ་ཡེ་ཤེས་པ༔ དཔག་མེད་སྤྱན་དྲངས་བདག་མདུན་ཐིམ༔ སྤྲུལ་པའི་ལྷ་མོས་ནམ་མཁའ་གང༔ བར་སྣང་ས་གཞི་ཐམས་ཅད་གང༔ སྐུ་ལས་ཡེ་ཤེས་མེ་ཆེན་འབར༔ ནད་རིམས་ཡམས་ནད་ཐམས་ཅད་ནི༔ བྱ་སྒྲོ་མེ་ལ་བསྲེགས་ལྟར་གྱུར༔ ཨོཾ་པི་ཤཱ་ཙི་པརྞ་ཤ་བ་རཱི་སརྦ་ཛྭ་ར་པྲ་ཤ་མ་ནི་སྭཱ་ཧཱ༔ ཅེས་བཟླས་བསྙེན་པ་ཅི་འགྲུབ་དང་། ཤིང་ལོ་མ་ཡི་ཐུགས་ཀ་རུ༔ པཾ་མཐར་སྔགས་ཕྲེང་གཡོན་འཁོར་དང༔ ཕྱག་གི་ཆུ་ཤེལ་འོད་ཟེར་གྱིས༔ ནམ་མཁའ་བར་སྣང་ལྷ་མོ་བསྐུལ༔ དེ་དག་སྐུ་ལས་བདུད་རྩི་ནི༔ སྨན་གྱི་ཆར་རྒྱུན་ཆར་བབས་པས༔ ནད་རིམས་ཡམས་ནད་ཐམས་ཅད་དག༔ བདེ་སྟོང་ཉམས་རྟོགས་འབར་བར་གྱུར༔ ཨོཾ་པི་ཤཱ་ཙི་པརྞ་ཤ་བ་རཱི་སརྦ་རཾ་ཁཾ་པྲ་མ་ཡེ་སྭཱ་ཧཱ༔ སྤྲུལ་པའི་ལྷ་མོ་བདག་མདུན་ཐིམ༔ མདུན་བསྐྱེད་ལོ་མ་གྱོན་མ་ཡི༔ ཕྱག་གཡས་རྡོ་རྗེ་དེ་ཉིད་ལས༔ འོད་ཟེར་ཉི་འོད་ཆར་ལྟར་དུ༔ འཕྲོས་པས་འོད་ཟེར་དེ་ཉིད་ནི༔ གང་ཕོག་ནད་ཀྱིས་མི་ཚུགས་གྱུར༔ ཨོཾ་པི་ཤཱ་ཙི་སྭཱ་ཧཱ༔ ཨོཾ་པི་ཙི་རཾ་ཁཾ་ཡེ་སྭཱ་ཧཱ༔ བཛྲ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ༔ བསྙེན་པ་ཅི་འགྲུབ་བཟླས་པའི་རྗེས། །གསོ་བྲན་བྱས་པས་ཆོག་པ་སྟེ། །བརྒྱ་རྩ་མན་ནས་གསུམ་བདུན་ཡན། །ཅི་འགྲུབ་རྟགས་དང་བསྟུན་པས་ཆོག །འདི་སྐབས་གཞན་ལ་དབང་བསྐུར་ན། །རྒྱས་པར་རྗེས་གནང་སྤྱི་ལྟར་ཏེ། །བསྡུ་ན་བདག་འཇུག་ཡིག་ཆུང་དེ། །བཏོན་པས་དབང་བསྐུར་ཚང་བ་སྟེ། །གལ་ཆེན་ཡིན་ན་གསུམ་བདུན་ཞིག །བདག་འཇུག་ཡིག་ཆུང་མི་དགོས་ཏེ། །མདུན་བསྐྱེད་བླ་མ་དབྱེར་མེད་བསམ། །ས་གཞི་སྤོས་སོགས། གསོལ་བ་བཏབ་པ་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་དུས་གསུམ་སངས་རྒྱས་དང༔ སློབ་དཔོན་ལོ་མ་ཅན་རྣམས་ལ༔ གསོལ་བ་འདེབས་སོ་དབང་བསྐུར་སྩོལ༔ ཅེས་ལན་གསུམ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་བརྗོད། དེ་ནས་ཁྱེད་རང་རྣམས་ཀྱིས་མོས་པ་འདི་ལྟར་སྒོམས་ཤིག །གཏོར་མ་འདི་དང་སློབ་དཔོན་གཉིས་ཀ་ལོ་མ་ཅན༔ སེར་མོ་ཞལ་གཅིག་ཕྱག་གཉིས་མ༔ གཡས་པས་རྡོ་རྗེ་གཡོན་སྡིགས་མཛུབ༔ རྨ་བྱ་ལོ་མའི་ཤམ་ཐབས་ཅན༔ པདྨ་ཉི་མའི་གདན་ལ་བཞུགས༔ མདུན་བསྐྱེད་ཞབས་འོག་ཤིང་ལོ་མ༔ ལྗང་མོ་ཁྲོ་མོའི་ཆ་ལུགས་རྫོགས༔ ཟླ་བ་ཕྱེད་པའི་དབུ་རྒྱན་ཅན༔ ཕྱག་ན་ཆུ་ཤེལ་ཞགས་པ་འཛིན༔ རྟ་ལྗང་བཅིབས་ནས་ཝ་མོ་ཁྲིད༔ གཙོ་འཁོར་གནས་གསུམ་ཡིག་འབྲུ་གསུམ༔ ཐུགས་ཀའི་པཾ་ལས་འོད་འཕྲོས་པས༔ སངས་རྒྱས་ཀུན་གྱི་བྱིན་རླབས་རྣམས༔ བདག་མདུན་ཐིམ་ཞིང་དབང་བསྐུར་གྱུར༔ ཅེས་གོང་གི་མངོན་རྟོགས་ལྟར་བསྒོམ་ལ། དབང་གཏོར་ཁྱེད་རང་གི་སྤྱི་བོར་བཞག་པའི་ཚེ། གཏོར་མ་ལོ་མ་ཅན་དང་། སློབ་དཔོན་གཉིས་ཀའི་བྱིན་རླབས་ཞུགས་པར་གྱུར་པར་སྒོམས་ཤིག །ཅེས་གཏོར་མ་མགོར་བཞག །ཧཱུྃ༔ འོག་མིན་ཞིང་དང་མདངས་དགའ་ཡི༔ རི་ཁྲོད་ལ་སོགས་བཞུགས་གནས་ནས༔ ལོ་མ་གྱོན་མ་གཤེགས་སུ་གསོལ༔ དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ལོ་མའི་ཤམ་ཐབས་སྨད་དུ་གསོལ༔ མ་མོ་ཐམས་ཅད་དབང་དུ་སྡུད༔ ཅེ་སྤྱང་གཟུགས་ཅན་ནད་བདག་མོ༔ ཁྱོད་ཀྱིས་དབང་དུ་སྡུས་གྱིས་ལ༔ ནད་ཀུན་ཞི་བའི་ཕྲིན་ལས་མཛོད༔ བདག་དང་བསྲུང་བྱ་ཐམས་ཅད་ཀྱི༔ ནད་རིགས་བཞི་བརྒྱ་རྩ་བཞི་སོལ༔ ཡམས་ནད་རིམས་ནད་ཞི་བར་མཛོད༔ སྙིགས་མའི་ནད་ཀྱི་བསྐལ་པ་ལས༔ ཁྱོད་ཀྱིས་སྲུང་ཞིང་སྐྱབས་མཛོད་ཅིག༔ ཨོཾ་པི་ཤཱ་ཙི་པརྞ་ཤ་བ་རཱི་སརྦ་ཛྭ་ར་པྲ་ཤ་མ་ནི་སྭཱ་ཧཱ༔ ཨོཾ་པརྞ་ཤ་བ་རཱི་སྭཱ་ཧཱ༔ ཨོཾ་པི་ཤཱ་ཙི་སྭཱ་ཧཱ༔ ཨོཾ་པི་ཤཱ་ཙི་པརྞ་ཤ་ཝ་རཱི་སརྦ་རཾ་ཁཾ་པྲ་ཤ་མ་ན་ཡེ་སྭཱ་ཧཱ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ སྔགས་ལན་བདུན་བརྗོད། ནད་རྣམས་མ་ལུས་འཇོམས་བྱེད་ཅིང༔ གདོན་ཀུན་ཙིཏྟ་སྲེག་བྱེད་མ༔ ནད་རིམས་ཀུན་འཇོམས་རྡོ་རྗེ་སྟེ༔ ལོ་མ་གྱོན་མའི་བཀྲ་ཤིས་ཤོག༔ མེ་ཏོག་འཐོར་རོ། །དེ་ནས་ལོ་མ་གྱོན་མ་འདི་ཉིད་ཡི་དམ་དུ་གཟུང་སྙམས་པས་རྗེས་ཟློས་གྱིས་ཤིག །གཙོ་བོས་ཇི་ལྟར་བཀའ་སོགས། ས་གཞི་སྤོས་ཆུས་སོགས། རང་ལ་ཚད་རུ་ལ་སོགས་ཀྱི། །རིམས་ནད་འཚེ་བ་མང་བ་ལ། །འདི་ཡི་ཆོ་ག་བདག་འཇུག་བཅས། །བརྒྱ་རྩ་བླངས་ན་ཤིན་ཏུ་ཕན། །གལ་ཆེན་གཞན་ལའང་དེ་དང་མཚུངས། །ལོ་མ་ཅན་དང་ཤིང་ལོ་མ། །གཉིས་ཀའི་སྒྲུབ་པ་ཚང་འདོད་ན། །ཆོ་ག་འདི་ཉིད་དུས་བཞིར་གཏང་། །རྒྱུན་དུ་ཐུན་མགོར་ལོ་མ་ཅན། །ཐུན་མཇུག་ཤིང་ལོ་མ་ཉིད་བསྙེན། །རྟགས་ནི་ལྷ་མོ་སྤྱི་དང་མཚུངས། །སྨན་དང་ཆུ་ཤེལ་རྙེད་པ་རྨིས། །མཚམས་ནི་གྲོལ་ཁ་བདག་འཇུག་བླང་། །སྒྲུབ་པའམ་ནི་དབང་བསྐུར་མཇུག །རི་ཁྲོད་མ་དང་ཤིང་ལོ་མར༔ ཐུགས་ལ་འགལ་བ་ཐམས་ཅད་བཤགས༔ ཕྱག་འཚལ་མཆོད་ཅིང་བསྟོད་པར་བགྱི༔ གཡོག་མོ་འོད་ཞུ་དཔོན་མོར་ཐིམ༔ ལྷ་མོ་ཡེ་ཤེས་རང་ལ་ཐིམ༔ དམ་ཚིག་ལྷ་མོ་གཏོར་མར་ཐིམ༔ བདག་ཉིད་མཐའ་ནས་དབུས་སུ་ཡལ༔ རྒྱལ་བའི་ཡུམ་གྱི་དགོངས་པ་རྟོགས༔ དགེ་བས་འགྲོ་བའི་ནད་ཀུན་ཞི༔ བདེ་སྐྱིད་ལྡན་པའི་བཀྲ་ཤིས་ཤོག༔ ཅེས་པ་འདི་ནི་ས་ཕྱོགས་སུ། །སྟོད་སྨད་ཀུན་ནས་རིམས་ནད་དར། །ཕོག་ནས་མི་ཐར་འཆི་འདུག་ཕྱིར། །རོ་ཁུར་བ་རྣམས་ནད་མེད་ཀྱང་། །གསོན་ལ་སྙུང་བའི་དུས་ངན་བྱུང་། །དེ་ཚེ་རཱ་ག་ཨ་སྱ་ཡིས། །ལྷ་མོ་ཉིད་ལ་གསོལ་བཏབ་པས། །འདི་ཉིད་བསྒྲིགས་ན་ཕན་ཆེ་སྟེ། །ཐེངས་ཆོག་ཡིན་གསུངས་ལུང་བསྟན་བྱུང་། །དེ་ཕྱིར་ཆུ་ཕོ་བྱི་བའི་ལོ། །དབྱར་ཟླ་ར་བའི་ཚེས་བཅུར་བསྒྲིགས། །ཡི་གེ་དགེ་བའི་མིང་གིས་བྲིས། །ཙཀ་ལི་བཅའ་ཚོགས་དཔེའུ་རིས་ལྟར་རོ། །མངྒ་ལཾ།། །།
Footnotes
Other Information
- RTZ Volume 45
- Karma chags med
- Rin chen gter mdzod
- Rin chen gter mdzod Shechen Edition
- Gnam chos thugs kyi gter kha snyan brgyud zab mo'i skor
- Sprul sku mi 'gyur rdo rje
- Tibetan Texts
- Tibetan Publications
- Ri khrod ma
- Revelations - gter ma
- Sadhanas - Evocation Ritual - sgrub thabs
- Torma-offering Rituals - gtor chog
- Mahayoga