Terdzo-PHI-013: Difference between revisions

From Rinchen Terdzö
No edit summary
m (Text replace - ";[ ]* " to " ")
Line 27: Line 27:
|collectiontitle=Rin chen gter mdzod; Rin chen gter mdzod Shechen Edition
|collectiontitle=Rin chen gter mdzod; Rin chen gter mdzod Shechen Edition
|collectiontitletib=རིན་ཆེན་གཏེར་མཛོད་
|collectiontitletib=རིན་ཆེན་གཏེར་མཛོད་
|author='jam mgon kong sprul;
|author='jam mgon kong sprul
|sourcerevealer=Sprul sku mi 'gyur rdo rje;
|sourcerevealer=Sprul sku mi 'gyur rdo rje
|compiler='jam mgon kong sprul
|compiler='jam mgon kong sprul
|authortib=འཇམ་མགོན་ཀོང་སྤྲུལ་
|authortib=འཇམ་མགོན་ཀོང་སྤྲུལ་
Line 37: Line 37:
|terma=Yes
|terma=Yes
|rtzcategory=Mahayoga
|rtzcategory=Mahayoga
|deity=las hur drag mo;
|deity=las hur drag mo
|cycle=gnam chos thugs kyi gter kha snyan brgyud zab mo'i skor
|cycle=gnam chos thugs kyi gter kha snyan brgyud zab mo'i skor
|cycletib=གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་
|cycletib=གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་

Revision as of 17:33, 12 July 2016

This page is under construction. Check back later for updated content.

གནམ་ཆོས་ལས་ཧུར་དྲག་མོ་ཀག་ཟློག་རྣམ་དགུ་དང་བཅས་པའི་དབང་བསྐུར་བཀའ་གཏད་ཀྱི་ལག་ལེན་གཏོ་མཁན་གསོ་ཐིག་

gnam chos las hur drag mo kag zlog rnam dgu dang bcas pa'i dbang bskur bka' gtad kyi lag len gto mkhan gso thig

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ (Mingyur Dorje)
in cycle  གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ (Gnam chos thugs kyi gter kha snyan brgyud zab mo'i skor)
Volume 44 (ཕི) / Pages 125-134 / Folios 1a1 to 5b5

[edit]

༄༅། །གནམ་ཆོས་ལས་ཧུར་དྲག་མོ་ཀག་ཟློག་རྣམ་དགུ་དང་བཅས་པའི་དབང་བསྐུར་བཀའ་གཏད་ཀྱི་ལག་ལེན་གཏོ་མཁན་གསོ་ཐིག་ཅེས་བྱ་བ་བཞུགས་སོ། ། གོས་དཀར་མོ་དང་མནྡཱ་ར། །སྒྱུ་འཕྲུལ་གར་གྱི་རོལ་པ་ཡིས། །གདུལ་དཀའ་འདུལ་བ་དེར་བཏུད་ནས། །ཉེར་མཁོའི་ལག་ལེན་བྲི་བར་བྱ། །གནམ་ཆོས་ལས་བྱུང་བའི་ཀག་ཟློག་རྣམ་དགུ་དར་སྲོལ་ཆེ་ཡང་དེའི་དབང་དང་བཀའ་གཏད་ཚད་ལྡན་ཞུ་གནང་བྱེད་མཁན་དཀོན་ཞིང་། བཀའ་གཏད་མ་ཐོབ་པར་བཅའ་སྒྲུབ་བྱེད་དུ་མི་རུང་བ་དང་། ཀག་ཟློག་རྣམ་དགུའང་ལས་ཧུར་དྲག་མོའི་ཆ་ལག་ཡིན་པས་རྩ་བ་དེ་ཉིད་ཀྱི་དབང་སྔོན་དུ་འགྲོ་དགོས་པས། ཐོག་མར་ལས་ཧུར་དྲག་མོའི་དབང་ལ་དཀྱིལ་འཁོར་དང་གཏོར་མ་དཔེའུ་རིས་ལྟར་བཀོད་དགོས་པར་གསུངས་ཀྱང་། མ་འཛོམ་ན་ལྷ་གྲངས་ཀྱི་ཚོམ་བུ་བཀོད་པའི་སྟེང་དུ་རྐང་གསུམ་ལ་བུམ་པ་བཅུད་ལྡན་མགུལ་ཆིངས་ནག་པོ་ཅན་དང་སྐུ་ཙཀ །གཡས་སུ་ཐོད་ཆང་། གཡོན་དུ་རྡོ་རྗེ། མདུན་དུ་ལྷ་བརྒྱ་གཏོར་གཅིག་གམ་དམར་གཏོར་མཐེབ་ཀྱུས་བསྐོར་བ། འདིའི་མུ་མཐུད་དུ་ཀག་ཟློག་རྣམ་དགུ་དཀྱུས་གཅིག་བྱེད་ན། སྣོད་དགུ་ལ་དམར་གཏོར་མཐེབ་ཀྱུ་ཅན་དགུ །འཛོམ་ན་སོ་སོའི་ཙཀླིའང་བཙུགས་པ་ཕྲེང་སྒྲིག་ཏུ་བཀོད། སྨན་རཀ་གཏོར་གསུམ་ཕྱི་མཆོད་བཅས་བཤམ། གནམ་ཆོས་རྩ་གསུམ་ལས་བྱང་ནང་དུ་ལས་ཧུར་སྒྲུབ་ཐབས་སྤྲད་ལ་བདག་མདུན་བུམ་གཏོར་གཅིག་ཆོད་དུ་བསྒྲུབ། བསྙེན་དམིགས་ནི། བདག་མདུན་བུམ་གཏོར་ལྷ་རུ་གསལ་བ་ཡི༔ གནས་གསུམ་འབྲུ་གསུམ་བྷྱོ་ཡི་འོད་ཟེར་གྱིས༔ ཡེ་ཤེས་སྤྱན་དྲངས་དབང་བསྐུར་རིགས་བདག་མཚན༔ གཙོ་འཁོར་ཞལ་ནས་གྲགས་སྟོང་སྔགས་སྒྲ་སྒྲོག༔ གནོད་བྱེད་དུག་ལྔ་ལས་བྱུང་ཚར་གཅོད་གྱུར༔ ཅེས་བསྒོམས་ལ་བཟླས་པ་ཅི་འགྲུབ་མཐར་མཆོད་བསྟོད་མདོར་བསྡུས་དང་། ཏིང་ངེ་འཛིན་གྱི་དབང་ལེན་བྱ། ཀག་ཟློག་རྣམ་དགུའི་བཀའ་གཏད་སྦྲེལ་སྐབས། ལྷ་མོ་སྤྱིའི་ལས་བྱང་ནང་དུ་ཀག་ཟློག་སོ་སོའི་མངོན་རྟོགས་བཙུད་པས་བུམ་གཏོར་ལ་བསྐྱེད་བསྟིམ་དང་བཟླས་པ་ཅི་འགྲུབ་བཅས་རེ་རེ་བཞིན་བྱ། ལས་བུམ་དུ་འཁྱིལ་བ་བསྐྱེད་བཟླས་བཅས་གྲུབ་ནས། སློབ་མ་རྣམས་ལ་ཁྲུས་དང་། སྔོན་གཏོར་བགེགས་བསྐྲད་གནམ་ཆོས་སྤྱི་ལྟར་བྱ། སེམས་བསྐྱེད་གསལ་བཏབ་ལ། དེ་ལ་འདིར་གསང་སྔགས་རྙིང་མར་བཀའ་གཏེར་དག་སྣང་གི་བཀའ་སྲོལ་གསུམ་དུ་གྲགས་པ་ལས་ཟབ་མོ་དག་སྣང་གི་ཆོས་སྡེ། པ་གོར་བཻ་རོ་ཙ་ནའི་ཐུགས་ཀྱི་འོད་ཟེར་ལས་སྤྲུལ་ཅིང་ཤུད་བུ་དཔལ་གྱི་སེང་གེའི་སྐྱེ་མཐར་གྱུར་པ། རིག་འཛིན་ཆེན་པོ་མི་འགྱུར་རྡོ་རྗེ་བདུད་འདུལ་རོལ་པ་རྩལ་ལ་བཀའ་བབས་པའི་གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་བྱོན་པའི་མཁའ་འགྲོ་ལས་ཧུར་དྲག་མོ་ཞེས་བྱ་བ་འདི་ནི། ཆོས་སྐུའི་ཞིང་ན་ལྷ་མོ་གོས་དཀར་མོ། ལོངས་སྐུ་མཁའ་སྤྱོད་ཀྱི་གནས་ན་པདྨ་མཁའ་འགྲོ །རྒྱ་གར་ཟ་ཧོར་གྱི་ཡུལ་དུ་སྤྲུལ་སྐུ་མནྡྷཱ་ར་བ། སྐུ་གསུམ་དབྱེར་མེད་ལྷ་མོ་ལས་ཧུར་ཞི་རྒྱས་དབང་དྲག་བཞི་ལས། འདིར་ལས་ཧུར་དྲག་མོའི་དབང་བསྐུར་བ་ཡིན་པས་སྐུ་ཡོན་དུ་མཎྜལ་ཕུལ། བླ་མ་ལས་ཧུར་དྲག་མོའི་སྐུ༔ དང་བའི་དད་པས་གསོལ་བ་འདེབས༔ ལས་ཧུར་དྲག་མོ་འདི་ཉིད་ཀྱི༔ བདག་ལ་དབང་མཆོག་བསྐུར་དུ་གསོལ༔ བྱང་ཆུབ་ཆེན་པོར་སེམས་བསྐྱེད་དོ༔ ལན་གསུམ། བླ་མ་དང་དཀྱིལ་འཁོར་པའི་མདུན་དུ་བདུན་རྣམ་པར་དག་པ་སྔོན་དུ་འགྲོ་བས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་གསུམ། དེ་ནས་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་དམིགས་པ་འདི་བཞིན་དུ་སྒོམས་ཤིག །སློབ་མ་ལས་ཧུར་དྲག་མོ་ནི༔ དབུ་དྲུག་ཕྱག་ནི་བཅུ་གཉིས་ཏེ༔ ཞེས་པ་ནས། ཁྲག་ཞག་ཐལ་ཚོམ་སྐུ་ལ་བརྒྱན༔ ཞེས་པའི་བར་གཏེར་གཞུང་མངོན་རྟོགས་བརྗོད་ལ། དེ་ཡི་ཐུགས་ཀའི་བྷྱོ་ལས་ནི༔ འོད་ཟེར་འཕྲོས་ནས་ལས་ཧུར་མ༔ དཔག་ཏུ་མེད་པ་སྤྱན་དྲངས་ནས༔ སིབ་སིབ་རང་ལ་ཐིམ་པར་བསྒོམ༔ ཧཱུྃ༔ ལས་ཧུར་དྲག་མོའི་ལྷ་ཚོགས་མ་ལུས་པ༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ༔ སྐལ་ལྡན་དད་ལྡན་འདི་ལ་དབང་མཆོག་སྐུར༔ ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལ༔ བྷྱོ་ཕཊ་ཧཱུྃ་དུ་ར་ན་ཏྲ་ཏྲ་ཕཊ༔ བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་སྤོས་རོལ་བཅས་བྱིན་དབབ་བུམ་པ་ཐོགས་ལ། ཧཱུྃ༔ བུམ་པ་འདི་ཡི་ནང་དུ་ནི༔ ལས་ཧུར་དྲག་མོ་གསལ་བར་སྒོམས༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ བུམ་པའི་དབང་ནི་ཐོབ་པར་ཤོག༔ བྷྱོ་ཕཊ་ཧཱུྃ་དུ་ར་ན་ཏྲ་ཏྲ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ༔ སྐུ་གཟུགས་ཐོགས་ལ། ཧཱུྃ༔ ལས་ཧུར་དྲག་མོའི་སྐུ་གཟུགས་ལ༔ ལས་ཧུར་དྲག་མོའི་ལྷ་ཚོགས་རྫོགས༔ སློབ་མ་ཁྱོད་ལ་དབང་བསྐུར་བས༔ ལས་ཧུར་དྲག་མོའི་ལྷ་ཚོགས་ཀྱི༔ དབང་བཞི་ཡོངས་སུ་རྫོགས་ཐོབ་ཤོག༔ བྷྱོ་ཕཊ་ཧཱུྃ་དུ་ར་ན་ཏྲ་ཏྲ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ༔ སྐུ་དབང་འདི་དེང་སང་གནམ་ཆོས་སྤྱི་ལྟར་མཛད་ཀྱང་གཏེར་གཞུང་དངོས་ལ་མེད་པས་འདི་དག་གི་ཙཀླི་མ་འཛོམ་ན་མ་བྱས་ཀྱང་ཆད་སྐྱོན་ནམ་ཡང་མེད་དོ། །ཐོད་པའི་བདུད་རྩི་སྦྱིན་ལ། ཧཱུྃ༔ བནྡྷ་མཚན་ལྡན་འདི་ཡི་ནང༔ བདུད་རྩི་དཀར་དམར་བསྒོམ་གྱིས་ལ༔ ཁྱོད་ཀྱི་ལྕེ་ལ་བཞག་པ་ཡིས༔ བདུད་རྩིའི་དབང་ནི་ཐོབ་པར་ཤོག༔ བྷྱོ་ཕཊ་ཧཱུྃ་དུ་ར་ན་ཏྲ་ཏྲ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་སྙིང་གར་བཞག་ལ། ཧཱུྃ༔ རྡོ་རྗེ་འདི་ནི་རྡོ་རྗེའི་ཐུགས༔ ཁྱོད་ཀྱི་སྙིང་གར་བཞག་པ་ཡིས༔ གསང་བའི་དབང་ནི་ཐོབ་པར་ཤོག༔ བྷྱོ་ཕཊ་ཧཱུྃ་དུ་ར་ན་ཏྲ་ཏྲ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མ་ཐོགས་ལ། ཧཱུྃ༔ གཏོར་མ་འདི་ནི་ལས་ཧུར་ཡིན༔ མ་ལུས་འཁོར་བཅས་ལྷམ་མེར་བཞུགས༔ བུ་ཁྱོད་ལ་ནི་དབང་བསྐུར་བས༔ དབང་བཞི་ཡོངས་སུ་རྫོགས་ཐོབ་ཤོག༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ། ལོངས་སྐུ་རིགས་ལྔ་ཡབ་ཡུམ། སྟོན་པ་རྡོ་རྗེ་སེམས་དཔའ། རིག་འཛིན་དགའ་རབ་རྡོ་རྗེ། མཁས་པ་ཤྲཱི་སིཾ་ཧ། རྒྱ་གར་གྱི་རིག་འཛིན་ཆེན་པོ་བརྒྱད། འཆི་མེད་པདྨ་འབྱུང་གནས། རྗེ་འབངས་ཉི་ཤུ་རྩ་ལྔ། རིག་འཛིན་མི་འགྱུར་རྡོ་རྗེ། གྲུབ་དབང་ཀརྨ་ཆགས་མེད་ལ་སོགས་པ་རིག་འཛིན་བརྒྱུད་པའི་བླ་མ་དམ་པ་རྣམས་དང་། ཁྱད་པར་དུ་མཁའ་འགྲོ་ལས་ཧུར་དྲག་མོའི་ལྷ་ཚོགས་འཁོར་དང་བཅས་པས་རྡོ་རྗེའི་སློབ་མ་འདི་རྣམས་ལ་བྱིན་གྱིས་རློབས་ཤིག །ད་ལྟ་ཉིད་དུ་བྱིན་གྱིས་རློབས་ཤིག །མྱུར་བ་ཉིད་དུ་བྱིན་གྱིས་རློབས་ཤིག །འདི་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བར་བྱེད་པའི་སྟེང་གདོན་གཟའ་དང་རྒྱུ་སྐར། འོག་གདོན་ཀླུ་དང་ས་བདག །བར་གདོན་གཉན་དང་ཐེའུ་རང་ལ་སོགས་པ་གདོན་རིགས་སྟོང་ཕྲག་བརྒྱད་ཅུའི་གནོད་པ་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་རློབས་ཤིག །རླུང་ལས་གྱུར་པ། མཁྲིས་པ་ལས་གྱུར་པ། བད་ཀན་ལས་གྱུར་པ། འདུས་པ་ལས་གྱུར་པ་ལ་སོགས་ནད་རིགས་བཞི་བརྒྱ་རྩ་བཞིའི་གནོད་པ་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་རློབས་ཤིག །ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཡོན་ཏན་ཡེ་ཤེས་ཐམས་ཅད་ཟླ་བ་ཡར་གྱི་ངོ་ལྟར་འཕེལ་ཞིང་རྒྱས་པར་བྱིན་གྱིས་རློབས་ཤིག །འཆི་མེད་ཚེ་ཡི་དངོས་གྲུབ་རླུང་སེམས་སྣང་བ་ཐམས་ཅད་དབང་དུ་འདུས་པར་བྱིན་གྱིས་རློབས་ཤིག །སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་ལྷ་མོ་ལས་ཧུར་དྲག་མོའི་ལྷ་ཚོགས་རྣམས་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་ལྷག་པའི་ལྷ་མཛོད། ཉིན་གསུམ་གྱི་བྱ་ར་མཛོད། མཚན་གསུམ་གྱི་མེལ་ཚེ་མཛོད། དུས་མ་ཡིན་པའི་འཆི་བ་དང་། འཁོར་བ་དང་ངན་སོང་གི་སྡུག་བསྔལ་ཐམས་ཅད་ལས་བསྐྱབ་པར་མཛད་དུ་གསོལ། བྷྱོ་ཕཊ་ཧཱུྃ་དུ་ར་ན་ཏྲ་ཏྲ་ཕཊ༔ མ་མ་བྷྱོ་བྷྱོ་བྷྱོ༔ མ་བྷྱོ་མ་བྷྱོ༔ དུ་བཾ་བྷྱོ་བྷྱོ་བྷྱོ༔ མ་བྷྱོ་མ་བྷྱོ༔ ཧུ་བཾ་ཀྲོ་ཏེ་བྷྱོ༔ མ་བྷྱོ་བྷྱོ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་རྩ་བ་ལས་ཧུར་དྲག་མོའི་དབང་ཐོབ་པ་ཡིན་པས་དམ་ཚིག་ཁས་བླང་ཞིང་གཏང་རག་འབུལ་བ་འདིའི་རྗེས་ཟློས། ཧཱུྃ༔ བླ་མ་ལས་ཧུར་དྲག་མོ་ཡིས༔ ཅི་གསུང་ལྷད་ནི་མ་འདྲེས་པ༔ བདག་གིས་བསྒྲུབ་པར་དམ་བཅའ་འོ༔ སྲིད་གསུམ་དགེ་ཚོགས་ཅི་ཡོད་པ༔ བསྡུས་ཏེ་ལས་ཧུར་མ་ལ་འབུལ༔ དེ་ནས་འདིའི་མུ་མཐུད་དུ་ཀག་ཟློག་རྣམ་དགུའི་དབང་དང་བཀའ་གཏད་བྱེད་ན། དེ་ནས་ཡན་ལག་གི་ལས་ཚོགས་ཀག་ཟློག་ལྷ་མོ་རྣམ་དགུ་མའི་དབང་དང་བཀའ་གཏད་བགྱི་བ་ལས། ཐོག་མར་ལྷ་མོ་ཆེ་གེའི་ཀག་ཟློག་མའི་དབང་བསྐུར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་ཆེ་གེའི་ཀག་ཟློག་ལྷ་མོའི་སྐུ༔ དང་བའི་དད་པས་གསོལ་བ་འདེབས༔ ཆེ་གེའི་ཀག་ཟློག་ལྷ་མོ་འདི་ཉིད་ཀྱི༔ བདག་ལ་དབང་མཆོག་བསྐུར་དུ་གསོལ༔ བྱང་ཆུབ་ཆེན་པོར་སེམས་བསྐྱེད་དོ༔ ལན་གསུམ། སློབ་མ་ཆེ་གེའི་ཀག་ཟློག་ནི༔ སོགས་མངོན་རྟོགས་ལྟར་བསྐྱེད། དེ་ཡི་ཐུགས་ཀའི་ས་བོན་ལས༔ འོད་ཟེར་འཕྲོས་པས་ཆེ་གེའི་ཀག་ཟློག་མ༔ དཔག་ཏུ་མེད་པ་སྤྱན་དྲངས་ནས༔ སིབ་སིབ་རང་ལ་ཐིམ་པར་བསྒོམ༔ ཧཱུྃ༔ ཆེ་གེའི་ཀག་ཟློག་ལྷ་ཚོགས་མ་ལུས་རྣམས༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ༔ སྐལ་ལྡན་དད་ལྡན་འདི་ལ་དབང་མཆོག་སྐུར༔ ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལ༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བྱིན་དབབ། བུམ་པ་ཐོགས་ལ། ཧཱུྃ༔ བུམ་པ་འདི་ཡི་ནང་དུ་ནི༔ ཆེ་གེའི་ཀག་ཟློག་གསལ་བར་སྒོམས༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ བུམ་པའི་དབང་ནི་ཐོབ་པར་ཤོག༔ སོ་སོའི་སྔགས་དང་། ཨ་བྷི་ཥིཉྩ་ཧཱུྃ༔ སྐུ་གཟུགས་ཡོད་ན་ཐོགས། མེད་ན་གོང་སྨྲོས་ལྟར་འདི་བསྐྱུར་ཆོག །ཧཱུྃ༔ ཆེ་གེའི་ཀག་ཟློག་སྐུ་གཟུགས་ལ༔ ཀག་ཟློག་ལྷ་མོའི་ལྷ་ཚོགས་རྫོགས༔ སློབ་མ་ཁྱོད་ལ་དབང་བསྐུར་བས༔ ཆེ་གེའི་ཀག་ཟློག་ལྷ་ཚོགས་ཀྱི༔ དབང་བཞི་ཡོངས་སུ་རྫོགས་ཐོབ་ཤོག༔ སྔགས་དང་། ཨ་བྷི་ཥིཉྩ་ཧཱུྃ༔ ཐོད་ཆང་སྦྱིན་ལ། ཧཱུྃ༔ བནྡྷ་མཚན་ལྡན་འདི་ཡི་ནང༔ བདུད་རྩི་དཀར་དམར་བསྒོམ་གྱིས་ལ༔ ཁྱོད་ཀྱི་ལྕེ་ལ་བཞག་པ་ཡིས༔ བདུད་རྩིའི་དབང་ནི་ཐོབ་པར་ཤོག༔ སྔགས་བརྗོད། ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་སྙིང་གར་བཞག་ལ། ཧཱུྃ༔ རྡོ་རྗེ་འདི་ནི་རྡོ་རྗེའི་ཐུགས༔ ཁྱོད་ཀྱི་སྙིང་གར་བཞག་པ་ཡིས༔ གསང་བའི་དབང་ནི་ཐོབ་པར་ཤོག༔ སྔགས་བརྗོད། ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མ་ཐོགས་ལ། ཧཱུྃ༔ གཏོར་མ་འདི་ནི་ཆེ་གེའི་ཀག་ཟློག་ཡིན༔ མ་ལུས་འཁོར་བཅས་ལྷམ་མེར་བཞུགས༔ བུ་ཁྱོད་ལ་ནི་དབང་བསྐུར་བས༔ དབང་བཞི་ཡོངས་སུ་རྫོགས་ཐོབ་ཤོག༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བསྐུར། མཐར་ཆགས་མེད་རིན་པོ་ཆེས་མཛད་པའི་ཀག་ཟློག་ཕྱག་ལེན་ལས། སྐབས་སུ་བབས་པ་དེའི་ཟློག་པའི་ལེའུ་ཚང་བར་བཏོན་ལ། གོང་གསལ་བླ་མ་བརྒྱུད་པའི་མཚན་མཐར། བླ་མ་དམ་པ་རྣམས་ཀྱིས་བསྟེན་སྒྲུབ་ཐ་ཚིག་བསྒོས་པའི་གཡར་དམ་མ་བསྙེལ་བར། ལྷ་མོ་ཆེ་གེའི་ཀག་ཟློག་ཆེན་མོས་བསྲུང་བྱ་རྡོ་རྗེའི་སློབ་མ་འདི་ལ་སྤྱིར་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་དང་། ཁྱད་པར་དུ་རང་ཐོག་དང་དགྲ་ཐོག །བདུན་ཟུར་དང་དྲུག་འགྲམ། གཤེད་བཞི་དང་ན་ཀག །འཆི་ཀག་དང་དུར་ཀག །སྔོན་བསུ་དང་རྗེས་སྐྱེལ་ལ་སོགས་པ་ཀག་རིགས་སུམ་བརྒྱ་དང་དྲུག་ཅུའི་གནོད་པས་མི་ཚུགས་པར་སྲུངས་ཤིག །བདུད་ཀྱི་ཞགས་པ་དང་གཤིན་རྗེའི་ཕོ་ཉ་ཟ་བའི་འདྲེ་ཤི་བའི་གཤེད། དུས་མ་ཡིན་པའི་འཆི་བ་བཅོ་བརྒྱད་ཕྱིར་ཟློག་པར་མཛོད་ཅིག །གྲུབ་པ་བརྒྱད་དང་ཕྲིན་ལས་བཞི་ལ་སོགས་པ་མཆོག་ཐུན་མོང་གི་དངོས་གྲུབ་ད་ལྟ་ཉིད་དུ་ཐོབ་པར་མཛད་དུ་གསོལ། ཞེས་དང་སོ་སོའི་སྔགས་བརྗོད་ལ་གཏོར་མ་སློབ་མའི་ལག་ཏུ་གཏད། བསྡུ་ན་ཆགས་མེད་ཀྱི་གཞུང་མི་འདོན་པར་འདིའི་བླ་བརྒྱུད་ཀྱི་མཚན་དང་བཀའ་བསྒོ་ཁོ་ནས་ཀྱང་འགྲུབ་བོ། །དེ་ནས་ལྷ་མོ་ཆེ་གེའི་ཀག་ཟློག་མའི་དབང་དང་བཀའ་གཏད་ཞུ་བའི་ཡོན་དུ་མཎྜལ་སོགས་ཀྱིས་མཚམས་སྦྱར་ལ་དགུ་པོ་རྣམས་འགྲེས་སུ་ཤེས་པར་བྱ་ཞིང་། ཐམས་ཅད་གྲུབ་པའི་མཐར། དེ་དག་གིས་གནམ་ཆོས་ཐུགས་ཀྱི་གཏེར་ཁའི་ལས་ཧུར་དྲག་མོའི་ཆ་ལག་ཀག་ཟློག་རྣམ་དགུའི་དབང་དང་བཀའ་གཏད་རྒྱས་པར་གྲུབ་པ་ཡིན་པས་དམ་ཚིག་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། ཧཱུྃ༔ བླ་མ་ཀག་ཟློག་ལྷ་མོ་ཡིས༔ སོགས་གོང་ལྟར་བརྗོད་ལ་གཏང་རག་མཎྜལ་སོགས་སྤྱི་དང་འདྲ། དེ་ནས་མཇུག་ཆོག་གཤེགས་གསོལ་ཀག་ཟློག་གཞུང་ངམ་གང་འོས་ལྟར་བྱས་ལ་གཏོར་མ་རྣམས་གཙང་སར་གཤེགས། འདི་ལ་ཀག་ཟློག་ཆགས་མེད་གཞུང་འདོན་ནས་གཏོར་མ་ལག་ཏུ་གཏད་པ་ཁོ་ནའི་ལུགས་ཞིག་ཀྱང་སྣང་རུང་འདི་ཉིད་གཞུང་གི་དགོངས་པ་ཚད་ལྡན་ཡིན་པར་ཤེས་དགོས་སོ། །སླ་ཡང་ཚད་ལྡན་མི་བྱེད་ཅིང་། །མཁོ་ཡང་དོན་དུ་མི་གཉེར་བའི། །མུན་སྤྲུལ་ཟ་ཆོག་མཁན་པོ་ལ། །འདིས་ཀྱང་ཕན་པ་སྦྱིན་གྱུར་ཅིག །ཅེས་གནམ་ཆོས་འདི་ཉིད་ཀྱི་ཆོས་བདག་འཁྲུལ་མེད་དུ་གྲུབ་པ་སྐྱེས་མཆོག་པདྨ་ལྷུན་གྲུབ་ཀྱི་ཕྱག་བཞེས་ཇི་ལྟ་བར་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་བྲིས་པ་དགེ་ལེགས་འཕེལ། །དགེའོ།། །།

[edit]

TSAGLI image gallery goes here

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).