Terdzo-TA-018: Difference between revisions

From Rinchen Terdzö
(XML import Fixing pdflinks that were deleted.)
(XML import Adding pdflinks for files that got it deleted.)
Line 57: Line 57:
|pagestatus=Phase I Complete
|pagestatus=Phase I Complete
|pagecreationdate=2015/08/24
|pagecreationdate=2015/08/24
|pdflink=File:Terdzo-TA-018.pdf
}}
}}

Revision as of 16:53, 5 October 2015

This page is under construction. Check back later for updated content.

ཟབ་ཆོས་རིག་འཛིན་ཐུགས་ཐིག་གི་དབང་གི་མཚམས་སྦྱོར་དྲི་མ་མེད་པའི་འོད་

zab chos rig 'dzin thugs thig gi dbang gi mtshams sbyor dri ma med pa'i 'od

by  སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི་ (Minling Lochen Dharmaśrī)
revealed by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
in cycle  ཟབ་ཆོས་རིག་འཛིན་ཐུགས་ཐིག་ (Zab chos rig 'dzin thugs thig)
Volume 9 (ཏ) / Pages 253-284 / Folios 1a1 to 16b6

[edit]

༄༅། །ཟབ་ཆོས་རིག་འཛིན་ཐུགས་ཐིག་གི་དབང་གི་མཚམས་སྦྱོར་དྲི་མ་མེད་པའི་འོད་ཅེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། དབང་བཞིའི་ཆུ་བོས་བདག་རྒྱུད་སྨིན་མཛད་པ། །བཀའ་དྲིན་མཉམ་མེད་བླ་མར་ཕྱག་འཚལ་ཏེ། །ཐུགས་ཐིག་རྩ་བའི་དབང་བསྐུར་ཆོ་ག་ཡི། །མཚམས་སྦྱོར་ཟིན་བྲིས་གསུང་རྒྱུན་ཇི་བཞིན་བྲི། །དེ་ལ་གནས་ཁང་བྱི་དོར་བྱས་པར། རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་པའམ། རས་བྲིས་བཀྲམ་པའང་རུང་སྟེ། དབུས་སུ་མཉྫིའི་སྟེང་དུ་རྣམ་བུམ། གཡས་སུ་གཏོར་མ། གཡོན་དུ་གསང་རྫས་ཀྱི་ཐོད་པའི་ཁར་མེ་ལོང་ལ་སིནྡྷུ་རའི་ཆོས་འབྱུང་བསྣོལ་མ་མཱུཾ་ཡིག་དགའ་འཁྱིལ་དང་བཅས་བྲིས་པས་བཀབ། དེ་དག་གི་མདུན་གྱི་གཡས་ངོས་སུ་རིགས་ལྔའི་ཕྱག་རྒྱ། ཕུར་བུ། བཟའ་བཅའི་ལོངས་སྤྱོད་དང་བཅས་པ། གཡོན་ངོས་སུ་སྐུ་འབག །མེ་ལོང་། ཤེལ་རྡོ། རྨ་བྱའི་མདོངས་རྣམས་བཀོད་ལ། མཐའ་མཆོད་གཏོར་སྨན་རཀ་ཉེར་མཆོད་ལ་སོགས་པས་བསྐོར་ཏེ། སློབ་དཔོན་གྱི་བྱ་བ་སྒྲུབ་མཆོད་ནི། སྦྱང་གཞི་ཁམས་བདེ་བར་གཤེགས་པའི་སྙིང་པོ་ཉིད་དུ་ངེས་པའི་ཕྱིར་མཚན་མའི་རྟེན་བྲིས་དཀྱིལ་གྱིས་མཚོན་ནས་རིས་མེད་པའི་མཁའ་ཁྱབ་ཀྱི་སེམས་ཅན་སྣོད་བཅུད་དུ་སྣང་ཞིང་ཞེན་པ་ཐམས་ཅད་དམ་ཚིག་གི་དཀྱིལ་འཁོར་དུ་ཆོ་ག་གསུམ་གྱི་སྒོ་ནས་གསལ་བཏབ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཡེ་ཤེས་སེམས་དཔའི་རྣམ་པར་སྤྱན་དྲངས་ཏེ། དམ་ཡེ་གཉིས་སུ་མེད་པར་བྱས་ནས་མཆོད་བསྟོད་བཟླས་པ་སོགས་ལས་བྱང་བཞིན་དུ་གྱེར་ཚིག་གཅིག་གི་སྒོ་ནས་བདག་མདུན་སྒྲུབ་མཆོད་དང་། བཀོལ་བྱང་བཞིན་དབང་དོན་གྱི་བུམ་པ་སྒྲུབ་པ། སྲུང་མའི་གཏོར་བསྔོ། དབང་བླང་བ་རྣམས་ཕྱག་ལེན་མཐོང་བརྒྱུད་ལྟར་བྱས་ལ། དེ་ནས་སློབ་མ་རྣམས་ལས་བུམ་གྱི་ཆུས་ཁྲུས་བྱ། ཕྱག་བྱས་ཏེ་གྲལ་དུ་འཁོད་པ་ལ། སྔོན་གཏོར་ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། འབར་བའི་ཕྱག་རྒྱ་དཔྲལ་བར་བསྐོར་ཞིང་ཕཻཾ་ཞེས་བརྗོད་པས་མགྲོན་བཀུག །ཨོཾ་སརྦ་བྷཱུ་མི་པ་ཏི་ཨི་དཾ་བ་ལིཾ་ཏ་གྲྀཧྣནྟུ༔ མ་མ་རཀྵ་ཁཱ་ཧི་ཁཱ་ཧིི༔ ཞེས་ལན་གསུམ་གྱིས་བསྔོས་ལ། སྲིད་གསུམ་ཞིང་ན་གནས་པ་ཡི༔ གསང་སྔགས་ཟབ་མོའི་ཆོ་ག་ལ༔ དབང་མེད་ཐམས་ཅད་མགུ་བྱོས་ལ༔ དེངས་ཤིག་བཀའ་ལས་འདའ་བྱེད་ན༔ སྣ་ཚོགས་མཚོན་ཆ་འབར་བ་ཡིས༔ རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར༔ ཞེས་མཐར་སུམྦྷའི་དྲག་སྔགས་ཐུན་བྲབ་སྤོས་རོལ་དང་བཅས་པས་བསྐྲད། དེ་ནས་བཛྲ་རཀྵ་རཀྵ་ཧཱུྃ༔ ཞེས་བརྗོད་པས་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ར་བ་དྲྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་ཕུང་མཐའ་མེད་དུ་འཕྲོ་བས་མཚམས་བཅད་པར་མོས་པ་མཛོད། ཅེས་སྲུང་འཁོར་གསལ་བཏབ་ནས། ལས་རྡོར་གྱིས་མེ་ཏོག་བཀྲམ་བསྡུ་བྱས་ལ། སློབ་དཔོན་གྱིས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་མངོན་པར་དབང་བསྐུར་བ་ཟབ་མོ་གསན་ནས་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་ཡང་རྒྱུད་སྡེ་རྣམས་ནས་ཇི་སྐད་གསུངས་པ་ལྟར་ལེགས་པར་གསལ་བཏབ་སྟེ་གསན་པར་ཞུ། དེ་ཡང་གང་གསན་བྱའི་ཆོས་ནི། འོ་སྐོལ་གྱི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས། གདུལ་བྱའི་བསམ་པ་དང་། དབང་པོ་དང་། སྐལ་པའི་ཁྱད་པར་དང་རྗེས་སུ་མཐུན་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་པ་ཐམས་ཅད་ཀྱང་། བསྡུ་ན་ཐེག་པ་རིམ་པ་དགུའམ། དེའང་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་འདུ་སྟེ། ཀུན་བྱེད་རྒྱལ་པོ་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེའི་ཐེག་པ་འོ། །ཞེས་གསུངས་པ་ལྟར། ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་བདེན་གཉིས་ལ་བཟང་ངན་བླང་དོར་དུ་བལྟ་བ་ལས། འདིར་ཀུན་རྫོབ་ཏུའང་ཆོས་རྣམས་ལ་མི་གཉིས་པའི་བསམ་སྤྱོད་དང་ལྡན་པས་འབྲས་བུའི་ངོ་བོ་སྣང་སྟོང་ཟུང་འཇུག་ཆོས་སྐུར་རྟོགས་པར་བྱས་ལ། ཏིང་ངེ་འཛིན་གྱིས་གོམས་པར་བྱེད་པའི་ཕྱིར་འབྲས་བུ་ལམ་བྱེད་ཀྱི་ཁྱད་པར་དུ་འཕགས་པ་གསང་སྔགས་རྡོ་རྗེའི་ཐེག་པ་ཡིན། དེ་ལྟར་ཡང་སློབ་དཔོན་སངས་རྒྱས་གསང་བས། ཐབས་ཀྱི་ཐེག་པ་ཆེན་པོ་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུ་འང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་དང་། སྒྱུ་འཕྲུལ་གསང་བ་སྙིང་པོ་ལས། འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུའི་ལམ་དུ་གྱུར་པ་ཡིན། །ཞེས་གསུངས། དེ་ལའང་གསང་སྔགས་གསར་རྙིང་གཉིས་ལས། འདིར་གསར་མ་ལས་སྤྱན་འདྲེན་པ་པོ་ཡོན་བདག །ཕྱག་བཞེས་ཀྱི་གཙུག་ལག་ཁང་། འཆད་པ་པོའི་པཎ་ཆེན། སྒྱུར་བྱེད་ཀྱི་ལོ་ཙཱ་བ། ཞུ་རྟེན་གྱི་མེ་ཏོག །བརྗོད་བྱ་ཆོས་ཀྱི་ཁྱད་པར་ཏེ། ཆེ་བ་དྲུག་ལྡན་གྱིས་འཕགས་པ་གསང་སྔགས་རྙིང་མ་ཡིན། དེ་ལའང་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་ཀྲྀ་ཡོག་སྡེ་གསུམ་དང་། ནང་པ་ཐབས་ཀྱི་རྒྱུད་ཀྱི་ཐེག་པ་བསྐྱེད་རྫོགས་རྣམ་པ་གསུམ་སྟེ་དྲུག་ཏུ་དབྱེ་བའི་རང་སྐད་ཐུན་མོང་མ་ཡིན་པ་ལས་ནང་རྒྱུད། དེ་ལའང་རྒྱུད་སྡེ་དང་། སྒྲུབ་སྡེ་གཉིས་ལས། འདིར་སྒྲུབ་སྡེའི་སྡེ་ཚན་དུ་གཏོགས་ཤིང་། རྒྱུད་ལུང་མན་ངག་གསུམ་ཀའི་སྙིང་པོ་གཅིག་ཏུ་དྲིལ་བ་ལྟ་བུ། ཟབ་པ་ལས་ཀྱང་ཆེས་ཟབ་པའི་གདམས་པ་ཡིན། དེ་ཡང་སྤྱིར་སྔ་འགྱུར་རྡོ་རྗེ་ཐེག་པ་ལ་བཀའ་གཏེར་གྱི་བབས་སོ་གཉིས་སུ་བཞུགས་པ་ལས། འདིར་བཀའ་མ་ལས་བཀའ་བབས་ལུང་བསྟན། སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱ་སྟེ། ཁྱད་པར་གྱི་བརྒྱུད་པ་གསུམ་དང་། གཙོ་བོར་བརྒྱུད་ཐག་ཉེ་ཞིང་། གཏེར་ཡིག་གི་དཔེ་དཔང་མངའ་བས་ཁུངས་བཙུན་པ་དང་། གང་ལ་གང་འདུལ་གྱི་དུས་དང་འཚམ་པར་མངོན་དུ་སྣང་བའི་ཕྱིར་ཟབ་ལམ་ནུབ་པ་མེད་པས་ཁྱད་པར་དུ་འཕགས་པ་གཏེར་གྱི་ཕྱོགས་སུ་གཏོགས་པ་ཡིན། དེ་ཡང་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་བདག་ཉིད་མངོན་རྫོགས་སྟོན་པ་འོད་དཔག་ཏུ་མེད་པའི་ངོ་བོ་ལས་མ་གཡོས་བཞིན་དུ། ཐུགས་རྗེའི་རང་རྩལ་མ་འགག་པའི་ཆོ་འཕྲུལ། ནང་ལྟར་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། ཕྱི་ལྟར་ན་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་བའི་རྣམ་རོལ་དུ་བསྟན་ནས་གདུལ་བྱ་མཐའ་ཡས་པའི་དོན་མཛད་པ་ལས། བྱེ་བྲག་ཛམ་བུའི་གླིང་འདིར་ཐུབ་པའི་དབང་པོའི་རྒྱལ་ཚབ་ཏུ་དྷ་ན་ཀོ་ཤའི་རྒྱ་མཚོར་པད་སྡོང་ལས་སྐུ་འཁྲུངས་པའི་ཚུལ་བསྟན་ཏེ། རྒྱ་བོད་ཀུན་ཏུ་སངས་རྒྱས་ཀྱི་བསྟན་པ་ལ་སྟོན་པ་གཉིས་པ་ལྟ་བུར་གྱུར་ཅིང་། ཁྱད་པར་དུའང་ལྷོ་ནུབ་སྲིན་པོའི་ཁ་གནོན་དུ་གཤེགས་པར་དགོངས་ནས་ཞལ་ཆེམས་ཀྱི་ཚུལ་དུ་བར་ཁང་གཡུ་ཞལ་སྔོན་པོར་ལས་ཅན་གྱི་རྗེ་འབངས་ལྔ་ལ་ཤིན་ཏུ་ཟབ་པ་རིག་འཛིན་ཐུགས་ཐིག་གི་མན་ངག་རྣམས་གསུངས་ཏེ། སྙིགས་མའི་དུས་སུ་བསྟན་མཐའ་གཏེར་གྱིས་སྐྱོང༔ དེ་ཕྱིར་མི་སྤེལ་མི་འཇིགས་རྒྱ་ཡིས་ཐོབ༔ སྤུར་རྒྱལ་བོད་ཡུལ་གཡའ་མ་ལུང་ཞེས་པའི༔ རིན་ཆེན་བརྩེགས་འདྲའི་བྲག་འདབས་གཏེར་དུ་སྦོས༔ ཞེས་གདམས་པ་ལྟར། ལོ་ཙཱ་བ་ཆེན་པོ་སྤ་གོར་བཻ་རོ་ཙཱ་ནས་གཏེར་དུ་སྦ་བར་མཛད་པ། ཕྱིས་ལོ་ཆེན་ཉིད་ཀྱི་སྐུའི་སྤྲུལ་པ་རིག་འཛིན་གཏེར་སྟོན་ཆེན་པོ་འགྲོ་འདུལ་གཏེར་བདག་གླིང་པའམ། མཚན་གཞན་པདྨ་གར་དབང་འགྱུར་མེད་རྡོ་རྗེ་རྩལ་ཞེས་སྙན་གྲགས་ཀྱི་བ་དན་དཀར་པོ་སྲིད་པའི་རྩེ་མོར་ཡོངས་སུ་སྦྲེང་བ་གང་གིས་ཟབ་མོའི་གཏེར་ནས་སྤྱན་དྲངས་ཏེ་སྐལ་ལྡན་གྱི་གདུལ་བྱ་དཔག་ཏུ་མེད་པ་སྨིན་གྲོལ་གྱི་ས་ལ་འགོད་པར་མཛད་པ་ཡིན་ལ། དེ་ལྟ་བུའི་ཟབ་མོའི་གདམས་པ་དེ་ལའང་། ལམ་གྱི་གཞི་སྨིན་བྱེད་དབང་གི་རིམ་པ་དང་། ལམ་གྱི་དངོས་གཞི་བསྐྱེད་རྫོགས་ཀྱི་རིམ་པ་གཉིས་སུ་ཡོད་པ་ལས། འདིར་དབང་བསྐུར་བའི་རིམ་པ་དེ་སྒྲུབ་པ་སྐབས་སུ་བབས་པ་ཡིན། དེ་ལའང་རྡོ་རྗེ་སློབ་དཔོན་གྱི་བྱ་བ་དང་། རྡོ་རྗེ་སློབ་མའི་བྱ་བ་གཉིས་ལས། སློབ་དཔོན་གྱི་བགྱི་འོས་རྣམས་བླ་མ་དམ་པའི་ཕྱག་བཞེས་ལས་ཇི་ལྟར་འབྱུང་བ་ལྟར་ཆད་ལྷག་མེད་པར་སྔོན་དུ་སོང་གྲུབ། ད་ཁྱེད་རང་གི་ངོ་སྐལ་དུ་གྱུར་པ་ནི་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་བརྡ་སྦྱར་ལ། སྔར་མེ་ཏོག་བཀྲམ་བསྡུ་བྱས་པའི་མཎྜལ་འབུལ་དུ་གཞུག །དེ་ནས་གསོལ་བ་གདབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ས་ཕྱོགས་འདི་ཉིད་དག་པ་རབ་འབྱམས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་གྱུར་པའི་ནང་དུ་དབང་ཞུ་བའི་ཡུལ་དུ་གྱུར་པའི་སློབ་དཔོན་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་དངོས་ཡིན་སྙམ་དུ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས། འདི་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པས་སྐུ་གསུང་ཐུགས་ཀྱི་ངོ་བོར་གདོད་ནས་བཞུགས་ནའང་། སྔོན་ཆད་མ་རིག་པའི་དབང་གིས་འཆིང་གྲོལ་མེད་པའི་གནས་ལུགས་མ་རྟོགས་པས་འཇིགས་རུང་འཁོར་བའི་གཡང་སར་འཕྱན་ནས་སྡུག་བསྔལ་བར་གྱུར་གྱི། ད་ནི་བླ་ན་མེད་པའི་བདེ་བ་ཐར་པ་དམ་པའི་གྲོང་ཁྱེར་དུ་འཇུག་པར་འཚལ་ན་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་དུ་གསོལ་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། ཀྱཻ༔ བླ་མ་རྩ་གསུམ་ལྷ་ཚོགས་དགོངས་སུ་གསོལ༔ བདག་ནི་སྔོན་ཆད་མ་རིག་འཁོར་བར་འཁྱམས༔ དེང་བཟུང་འཇིག་རྟེན་བྱ་བ་ཀུན་སྤངས་ནས༔ ཐར་པའི་གྲོང་དུ་འཇུག་འདོད་གནང་བར་གསོལ༔ ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པའི་ལན་དུ། འོ་སྐལ་ལྡན་ཁྱེད་རྣམས་དཀྱིལ་འཁོར་ཟབ་མོ་འདིར་འཇུག་པར་སྤྲོ་ན་བླ་ན་མེད་པའི་བརྩོན་འགྲུས་དྲག་པོ་བསྐྱེད་པར་གྱིས་ཤིག་ཅེས་འདོམས་པ་འདིར་གདའ། ཀྱེ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ཉོན༔ ཐེག་མཆོག་ཟབ་མོ་འདིར་འཇུག་ན༔ ཁྱེད་རྣམས་རྩོལ་སེམས་མ་ཆུང་བར༔ ནན་ཏན་སྙིང་རུས་བསྐྱེད་པར་འཚལ༔ ཞེས་བརྗོད། དེ་ནས་རྒྱུད་དག་པར་བྱ་བའི་ཕྱིར་ཡན་ལག་བདུན་པ་སྔོན་དུ་འགྲོ་བ་ཅན་གྱི་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པར་བྱ་བའི་དམིགས་པ་འདི་བཞིན་དུ་མཛོད། མདུན་གྱི་ནམ་མཁར་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པའི་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་རྣམ་པར་བཞུགས་པའི་མཐའ་སྐོར་དུ་བརྒྱུད་པའི་བླ་མ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྲིན་ཕུང་གཏིབས་པ་བཞིན་དུ་བཞུགས་པའི་སྤྱན་སྔར། ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ཏེ་ཕྱག་འཚལ་བ་དང་། མཆོད་པའི་སྤྲིན་སྤྲོ་བ། སྔར་བྱས་ཀྱི་སྡིག་ལྟུང་རྣམས་ལ་གནོང་འགྱོད་དྲག་པོས་བཤགས་ཤིང་སྡོམ་པ། དགེ་བ་ལ་རྗེས་སུ་ཡི་རང་བ། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ། དགེ་བ་དེ་དག་དམིགས་མེད་འཁོར་གསུམ་ཡོངས་སུ་དག་པའི་ཚུལ་གྱིས་བྱང་ཆུབ་མཆོག་ཏུ་བསྔོ་བ་རྣམས་བགྱིད་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། བདེ་གཤེགས་སྲས་བཅས་བདག་ལ་དགོངས་སུ་གསོལ༔ ཞེས་སོགས་ལན་གསུམ། སླར་ཡང་ཚོགས་ཞིང་ཁྱད་པར་ཅན་དེ་དག་དཀོན་མཆོག་གསུམ་གྱི་བདག་ཉིད་དུ་མོས་ལ། དུས་འདི་ནས་བཟུང་སྟེ། སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྒོ་གསུམ་གུས་པས་སྐྱབས་སུ་འགྲོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཕྱོགས་དུས་བདེ་གཤེགས་རྒྱལ་བ་སྲས་བཅས་ལ༔ སོགས་ལན་གསུམ། དེ་ནས་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྒྱུ་འབྲས་ལ་རྟག་པར་སྤྱོད་པ་འདི་རྣམས་བླ་ན་མེད་པ་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཧོ༔ དེང་ནས་བཟུང་སྟེ་འཁོར་བ་མ་སྟོངས་བར༔ སོགས་གསུམ། དེ་ལྟར་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པས་རྒྱུད་དག་པར་བྱས་ཏེ་དཀྱིལ་འཁོར་ཆེན་པོར་འཇུག་རུང་དུ་བསྒྲུབས་པས། དབང་བསྐུར་བ་ནི་དཀྱིལ་འཁོར་སྔོན་དུ་འགྲོ་བ་ཅན་ཡིན་པས་ཐོག་མར་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་ཆས་སུ་འཇུག་པ་ནི། སྔོན་ཆད་གཉིས་འཛིན་གྱི་ཞེན་རྟོག་འཐུག་པོས་མིག་ལྡོངས་པས་དཀྱིལ་འཁོར་གྱི་ལྷ་ཚོགས་མ་མཇལ་བའམ། མཇལ་ནའང་དཀྱིལ་འཁོར་སོ་མ་འདི་ཉིད་མ་མཇལ་བ་མཚོན་བྱེད་དུ་རས་དམར་པོ་རེས་གདོང་གཡོགས་པའི་མོས་པ་མཛོད། ཨོཾ་ཙཀྵུཿབནྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱས་མིག་དར་འཆིང་། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་སྟོང་དུ་མཇལ་མི་རུང་བས་ཕྱག་ཏུ་ཨུ་དུམྦ་རའི་མེ་ཏོག་གི་ཕྲེང་བ་ཁ་དོག་ལྔ་ཚར་བཟུང་བའི་མོས་པ་མཛོད། ཨཱ་ཁཾ་ཝཱི་ར་ཧཱུྃ་གིས་མེ་ཏོག་གི་ཕྲེང་བ་གཏད། སྐབས་འདིར་གཞུང་ལས་བགེགས་ལ་གཏོར་མ་སྦྱིན་པ་འབྱུང་ཡང་འཁྲུག་སྡེབ་ཀྱི་དགོངས་པ་ལྟར་གོང་དུ་སོང་། འདིར་ཏིང་ངེ་འཛིན་གྱི་བགེགས་སྐྲོད་པ་ཙམ་ཕྱག་ལེན་དུ་མཛད་པས་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་ཁྲོ་ཚོགས་མཚོན་ཆའི་ཆར་འབེབ་པ་ཉི་ཟེར་གྱི་རྡུལ་ཕྲན་ལྟར་འཕྲོས་པས་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་རྒྱང་རིང་དུ་བསྐྲད་པར་མོས་ལ། གུ་གུལ་གྱིས་འདུག །ཡུངས་ཀར་གྱིས་བྲབ། སུམྦྷའི་སྔགས་བཟླ་ཞིང་། རོལ་མོའི་སྒྲ་ཚམ་རྔམ་དང་བཅས་པ་བྱས་ལ། སྔར་ལྟར་བཛྲ་རཀྵ་རཀྵ་ཧཱུྃ། ཞེས་སོགས་ཀྱིས་སྲུང་འཁོར་གསལ་བཏབ་ཅིང་། རྩ་སྔགས་སྲུང་བའི་ཤམ་བུ་ཅན་གྱིས་སྔགས་མདུད་བྱས་པའི་སྲུང་སྐུད་དམར་པོ་སྐྱེས་པའི་དཔུང་པ་གཡོན་དང་། བུད་མེད་ཀྱི་གཡས་སུ་བཅིངས་ལ་ལས་བུམ་གྱི་ཆུ་གཏོར་ཞིང་རྡོ་རྗེའི་རྒྱས་བཏབ་པས་བར་གཅོད་བསྲུང་ངོ་། དེ་ནས་དབང་བསྐུར་བ་དེ་ཡང་རྟེན་དཀྱིལ་འཁོར་ལ་བརྟེན་ནས་ཐོབ་ནའང་། དབང་འཛིན་པ་ནི་དམ་ཚིག་དང་སྡོམ་པ་ལ་རག་ལས་པས་སྨིན་བྱེད་ཀྱི་རྟེན་སྡོམ་ལྡན་དུ་བྱ་བའི་ཕྱིར་སྤྱི་དང་བྱེ་བྲག་ཁྱད་པར་གྱི་སྡོམ་པ་རྣམས་བླང་བར་བྱ་སྟེ། དེ་ལ་སྤྱིའི་སྡོམ་པ་ནི། གཞན་ལ་གནོད་པའི་སྦྱོར་བ་ལས་སེམས་བསྲུང་བ་སོ་ཐར། དེའི་སྟེང་དུ་ཕན་འདོགས་ཀྱི་སྦྱོར་བ་ལ་ཞུགས་པ་བྱང་སྡོམ། དེ་གཉིས་ཀའི་སྟེང་དུ་སངས་རྒྱས་ཀྱི་མཛད་པ་ཉམས་སུ་བླངས་ཏེ། མཉམ་པ་ཆེན་པོའི་ངང་ནས་ཐབས་ལ་མཁས་པས་གཞན་དོན་རླབས་པོ་ཆེ་སྤྱོད་པ་སྔགས་སྡོམ། ཁྱད་པར་དུའང་བླ་ན་མེད་པའི་སྔགས་ཀྱི་དམ་ཚིག །བླ་མ་དང་མཆེད་བཀུར་བ་སྐུའི་དམ་ཚིག །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅོད་པ་གསུང་གི་དམ་ཚིག །བྱང་ཆུབ་ཀྱི་སེམས་མི་སྤང་ཞིང་གསང་བཅུ་མི་བསྟན་པ་ཐུགས་ཀྱི་དམ་ཚིག་སྟེ་རྩ་བའི་དམ་ཚིག་གསུམ། སྤྱད་དང་མི་སྤང་དང་དུ་བླང་། ཤེས་དང་སྒྲུབ་པ་ལྔ་ལྔ་འོ། །ཞེས་གསུངས་པ་ལྟར་ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་ལྔ་དང་། བདེ་གཤེགས་རིགས་ལྔའི་སྡོམ་པ་ལ་སོགས་པ་སྟེ། སྤྱི་དང་བྱེ་བྲག་གི་དམ་ཚིག་དང་སྡོམ་པ་རྣམས་བཟུང་བར་བྱའོ་སྙམ་པས་འདིའི་རྗེས་ཟློས་མཛོད། བདེ་གཤེགས་སྲས་བཅས་བདག་ལ་དགོངས༔ བདག་མིང་འདི་ཞེས་བགྱི་བ་ཡིས༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་སྡོམ་པའི་ཚོགས༔ མ་ལུས་ཡོངས་སུ་བཟུང་བར་བགྱི༔ ཞེས་ལན་གསུམ་གྱིས་སྡོམ་པ་བཟུང་སྟེ། དེ་ནས་གཙོ་བོའི་ཐུགས་ཀ་ནས་བྱེ་བའི་ལས་ཀྱི་རྡོ་རྗེས་རྡོ་རྗེའི་ལམ་ནས་དཀྱིལ་འཁོར་གྱི་ནང་དུ་དྲངས་པའི་མོས་པ་མཛོད། སློབ་དཔོན་གྱིས་རྡོ་རྗེ་ལ་འཇུར་བཅུག་སྟེ། ཛཿཧཱུྃ་བཾ་ཧོཿཔྲ་ཝེ་ཤ་ཡ་ཕཊ། ཅེས་དྲངས་པས་ཚད་མེད་པ་བཞིའི་འཇུག་པས་དཀྱིལ་འཁོར་གྱི་སྒོ་བཞི་ནས་ཞུགས་ཏེ། ལྷ་ཚོགས་རྣམས་ལ་ཕྱག་བྱས་ནས་དཀྱིལ་འཁོར་གྱི་ཤར་སྒོའི་ནང་དུ་འཁོད་པའི་མོས་པ་མཛོད། དེ་དག་ནི་ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པའོ། །དེ་ནས་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་སླད་དུ་སྦྱོར་བ་དམ་ལ་བཞག་པ་ལ་བཞི་ལས། དང་པོ་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་སྤྱི་བོར་བཞག་ལ། རིགས་འདུས་རྩ་གསུམ་དཀྱིལ་འཁོར་དུ༔ གཞུག་ཅིང་ཡེ་ཤེས་རྡོ་རྗེ་བྱིན༔ དེ་ཡིས་དངོས་གྲུབ་ཐོབ་པར་འགྱུར༔ བླ་མེད་གསང་བའི་མན་ངག་རྣམས༔ སྣོད་མིན་སྨྲ་བར་མ་བྱེད་ཅིག༔ ཅེས་བརྗོད། གཉིས་པ་ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་སྙིང་གར་བཞག་སྟེ། རྩ་གསུམ་རིགས་འདུས་ལྷ་ཚོགས་དེང༔ ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས༔ གལ་ཏེ་ཚུལ་འདི་སྨྲས་པ་ན༔ དེ་མ་ཐག་ཏུ་དྲལ་ཏེ་གཤེགས༔ ཞེས་བརྗོད། གསུམ་པ་ཁེ་ཉེན་གྱི་སྒོ་ནས་མནའ་ཆུ་བླུད་དེ་དམ་ལ་བཞག་པ་ནི། བདུད་རྩི་ལྕེ་ལ་བཞག་སྟེ། འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ དམ་བསྲུང་དངོས་གྲུབ་ཆུ་འདིས་འགྲུབ༔ དམ་ཚིག་འདས་ན་སྲེག་པར་བྱེད༔ དེ་བས་དམ་ལས་མ་འདའ་ཞིག༔ བཛྲ་ས་མ་ཡ་ཨི་དནྟེ་ན་ར་ཀན༔ ཞེས་བྲོ་བོར་དུ་གཞུག་གོ །དེ་ལྟར་བདུད་རྩིའི་ཆུ་དེ་ལྕེ་ལ་བཞག་ཀྱང་སྙིང་གི་དཀྱིལ་དུ་བབས་ཏེ། གལ་ཏེ་དམ་ཚིག་ལས་འདས་ན་བཛྲ་ཡཀྵ་ཀྲོ་དྷ་ཞེས་བྱ་བ་སྡིག་པ་མགོ་དགུ་པར་གྱུར་ནས་སྙིང་ཁྲག་འཇིབ་པས་མཐོང་ཆོས་སུའང་ཚེ་ཐུང་ཞིང་ནད་མང་། ཕྱི་མར་དམྱལ་བའི་གནས་སུ་ལྟུང་ནས་ཉམ་ཐག་པར་འགྱུར་ལ། དམ་ཚིག་བསྲུངས་ན་ལྷ་ཡེ་ཤེས་སེམས་དཔར་གྱུར་ནས་རྟག་ཏུ་བྱིན་གྱིས་རློབ་ཅིང་། འདི་ཕྱིའི་ཕན་བདེ་མ་ལུས་པ་སྟེར་བར་འགྱུར་རོ། །ཞེས་བརྗོད། བཞི་པ་རྡོ་རྗེ་སློབ་དཔོན་བཀའ་གཉན་པའི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་དང་ཕྲེང་བར་བཅས་པའི་ཕྱག་གཡས་པ་སྤྱི་བོར་བཞག་སྟེ། ཧོ༔ དེང་ནས་བཟུང་སྟེ་བུ་ཁྱོད་ཀྱི༔ རྡོ་རྗེ་འཛིན་པ་ང་ཡིན་གྱི༔ གང་ཞིག་ང་ལ་བརྙས་པ་ན༔ ཚེ་འཕོས་ན་རཀ་ལྟུང་འགྱུར་བས༔ ང་ཡིས་ཇི་ལྟར་བསྩལ་བཞིན་སྒྲུབས༔ དམ་ལས་མ་འདའ་གནས་པར་གྱིས༔ ཞེས་བརྗོད་པས་དམ་ལ་བཞག་གོ །དེ་ནས་ནང་འཇུག་གི་དངོས་གཞི་ཡེ་ཤེས་དབབ་པ་ཡིན་པས། ཁྱེད་རང་ལུས་ཀྱི་གནད་སྐྱིལ་ཀྲུང་དྲང་པོར་བསྲང་། ངག་གནད་རླུང་ཁ་སྦྱོར་དུ་འཆིང་། སེམས་གནད་དམིགས་པ་མ་ཡེངས་པས་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཁྱེད་རང་ལ་ཕོག །རྣམ་སྨིན་ཤ་ཁྲག་གདོས་བཅས་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཆུ་ལས་ཆུ་བུར་རྡོལ་བ་བཞིན་རིགས་འདུས་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་སྐུར་གྱུར་པ་ནི། སྐུ་མདོག་མཐིང་ག་གསལ་ཞིང་འཚེར་བའི་འོད་ཟེར་འཕྲོ་བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ལོ་བརྒྱད་པའི་ན་ཚོད་ཅན། ཁྲོ་འཛུམ་འགྱིང་བའི་ཉམས་དང་ལྡན་པ། ཕྱག་གཉིས་རྡོར་དྲིལ་ཐུགས་ཀར་བསྣོལ་བས་ཡུམ་དབྱིངས་ཕྱུག་མནྡཱ་ར་བ་དམར་གསལ་གྲི་ཐོད་འཛིན་པ་ལ་འཁྱུད་པ། དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་ཅན། སྐུ་སྨད་ལ་སྟག་གི་པགས་པའི་ཤམ་ཐབས་དཀྲིས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན། འཇའ་ཚོན་འོད་ལྔ་འཁྲུགས་པའི་ཀློང་ན་བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས་པ། དེའི་ཐུགས་ཀར་གཡུང་དྲུང་དམར་པོ་གཡོན་དུ་འཁོར་བའི་ལྟེ་བར་ཡཾ། ཡན་ལག་བཞི་ལ་ཧ་རི་ནི་སའི་ཡིག་འབྲུ་མར་མེ་ལྟར་གསལ་ཞིང་འབར་བ་རླུང་སེམས་ཀྱི་དྭངས་མ་ཡེ་ཤེས་ཀྱི་ངོ་བོར་བསམ། དེ་ལས་འོག་རླུང་བསྐུལ་བའི་རྐྱེན་གྱིས་ཡཾ་ལས་རླུང་གཡོས། གཡུང་དྲུང་གཡོན་དུ་དྲག་ཏུ་འཁོར་བས་ཡན་ལག་གི་ཡི་གེ་བཞི་ལས་མུ་མེད་པའི་འོད་ཟེར་འཕྲོས་པ་བ་སྤུའི་བུ་ག་ནས་ཕྱིར་འཐོན་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་རྣལ་འབྱོར་མའི་ཚོགས་ཐམས་ཅད་བླ་མ་རིག་འཛིན་ཀུན་འདུས་ཀྱི་དཀྱིལ་འཁོར་འཁོར་ལོའི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཁ་བ་དང་བུ་ཡུག་འཚུབ་པ་བཞིན་དུ་བྱོན་ནས་ཁྱེད་རང་གི་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། ཁྱད་པར་གྱི་རྫས་དུད་བདུག །ཌཱ་དྲིལ་འཁྲོལ་ཞིང་རོལ་མོ་སྣ་ཚོགས་ཀྱི་སྒྲ་སྦྱར་ཏེ། ཧཱུྃ། ཡུལ་གྱི་མིང་ནི་རྔ་ཡབ་གླིང་། །པདྨ་འོད་ཀྱི་གཞལ་ཡས་སུ། །རིག་འཛིན་པདྨ་འབྱུང་གནས་ལ། །པདྨ་ཐོད་ཕྲེང་རྩལ་དུ་གྲགས། །འཁོར་དུ་སོགས་ལས་བྱང་ལྟར་ལས་མཇུག་ཏུ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་དེ་ཝ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཧྲཱིཾ་ཧྲཱིཾ་ཧྲཱིཾ༔ ཕེཾ་ཕེཾ་ཕེཾ༔ ཞེས་དྲག་ཏུ་བཟླ་ཞིང་བྱིན་དབབ། ཕེབས་པ་ན། དེ་ལྟར་བྱིན་ཕབ་པའི་ཡེ་ཤེས་པ་རྣམས་ཁྱེད་རང་ལ་རོ་གཅིག་ཏུ་བརྟན་པར་གྱུར་པའི་མོས་པ་མཛོད། རྡོ་རྗེ་རྒྱ་གྲམ་སྤྱི་བོར་བཞག་སྟེ། ཏིཥྛ་བཛྲ། ཞེས་བརྗོད། དེ་ནས་དངོས་གྲུབ་ཀྱི་ལྟས་བརྟག་པའི་ཆེད་དུ་ཁྱོད་རང་མིག་རས་དང་བཅས་བཞིན་པས་དཀྱིལ་འཁོར་གྱི་སྟེང་གི་བར་སྣང་ལ་བལྟས་ཏེ་ཁ་དོག་གང་མཐོང་བ་དེ་ངེད་ལ་སྨྲ་དགོས་པས། ཀྱེ། ཁྱོད་ཀྱི་མིག་ལམ་ན་ཅི་སྣང་། ཞེས་དྲིས་ལ། དཀར་པོ་མཐོང་ན་ཞི་བ། སེར་པོས་རྒྱས་པ། དམར་པོས་དབང་། སྔོན་པོའམ་ནག་པོས་དྲག་པོ། ལྗང་གུའམ་ཁྲ་བོ་མཐོང་ན་ལྷུན་གྱིས་གྲུབ་པའི་ལས་འགྲུབ་པར་འགྱུར་བ་ཡིན་ནོ། །ཞེས་ལུང་བསྟན། དེ་ནས་རིགས་བརྟག་པའི་ཕྱིར་མེ་ཏོག་དོར་བ་ནི། འདི་ན་བླ་མ་རིག་འཛིན་ཀུན་འདུས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་བཞུགས་པ་ཡིན་ཏེ། དེ་ཡང་ངོ་བོ་ཡེ་ཤེས་གཅིག་ལས་གཙོ་འཁོར་གྱི་རྣམ་པར་ཤར་བ་མ་གཏོགས་ངོ་བོ་ལ་བཟང་ངན་མེད་ཀྱང་། རང་གི་ལས་འབྲེལ་ཡོད་པའི་ལྷ་དེ་ལ་བབས་པར་ཤོག་སྙམ་དུ་འདིའི་རྗེས་ཟློས་དང་བཅས་ཏེ་ལྟོས་པ་མེད་པར་དོར་མཛོད། ཧོ༔ རིགས་འདུས་རྩ་གསུམ་དཀྱིལ་འཁོར་དུ༔ འབྲེལ་བའི་མེ་ཏོག་འདི་འབུལ་བས༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ དཀྱིལ་འཁོར་ལྷ་དང་བདག་མཇལ་ཤོག༔ པྲ་ཏཱིཙྪ་བཛྲ་ཧོ༔ས་མེ་ཏོག་དོར་དུ་བཅུག་ནས་གང་ལ་བབས་པ་དེའི་རིགས་ངེས་པར་བྱས་ནས་གསང་བའི་མིང་བཏགས། སྔར་ཕུལ་བའི་མེ་ཏོག་གི་ཕྲེང་བ་དེ་དབང་རྟགས་ཅོད་པན་གྱི་ཚུལ་དུ་མགོ་བོར་བཅིངས་པའི་མོས་པ་མཛོད་བྱས་ལ། པྲ་ཏི་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བ་ལ་ཏིཥྛ་ཧཱུྃ༔ ཅོད་པན་གྱིས་དབང་བསྐུར་རོ། །དེ་ནས་མ་རིག་པའི་ལིང་ཐོག་མིག་དར་དང་ལྷན་ཅིག་ཏུ་བསལ་བའི་མོས་པ་མཛོད། ཧོ༔ སྟོན་པ་རིགས་འདུས་རྩ་གསུམ་ལྷས༔ ཁྱོད་ཀྱི་མ་རིག་ཆུ་བུར་མིག༔ རིག་པ་ཡེ་ཤེས་ངང་དུ་བསལ༔ སྤྲོ་བས་དཀྱིལ་འཁོར་གཉན་པོར་ལྟོས༔ ཛྙཱ་ན་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་བརྗོད་ཅིང་། གསེར་ཐུར་ཐོགས་ཏེ་མིག་དབྱེ་བའི་རྒྱས་གདོང་གཡོགས་བཀྲོལ་ལོ། །དེ་ནས་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པ་དེ་ལ་མཐོང་བ་བསྟན་པར་བྱ་སྟེ། ཧོ༔ དཀྱིལ་འཁོར་གཉན་པོ་འདི་ལ་ལྟོས༔ ད་ནི་དད་པ་རབ་ཏུ་སྐྱེད༔ ཁྱོད་ནི་ལས་དང་སྐལ་བར་ལྡན༔ འདི་མཐོང་དངོས་གྲུབ་ཐོབ་པར་འགྱུར༔ ཞེས་བལྟ་བར་བསྐུལ་ལ། དེ་ཡང་འདི་ན་སློབ་དཔོན་གྱི་སྐུ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་བཞུགས་པ་དང་། མདུན་གྱི་རྡུལ་ཚོན་ནམ་རས་བྲིས་རང་སྣང་དབྱེར་མེད་བླ་མ་རིག་འཛིན་ཀུན་འདུས་ཀྱི་དཀྱིལ་འཁོར་དུ་མངོན་སུམ་དུ་གསལ་བར་བཞུགས་པ་ནི་གཟུགས་བརྙན་གྱི་དཀྱིལ་འཁོར་འདིས་མཚོན་པ་ཡིན་ཏེ། དེ་ཡང་གཉིས་འཛིན་གྱི་རྟོག་པ་སྲེག་པའི་བརྡར་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ། མི་རྟོག་པའི་ཡེ་ཤེས་ལ་གཞན་གྱིས་མི་ཤིགས་ཤིང་མི་ཚུགས་པའི་བརྡར་དེའི་ནང་དུ་རྡོ་རྗེའི་ར་བ། རྣམ་པར་རྟོག་པའི་ཚོགས་བརྒྱད་གནས་སུ་དག་པའི་བརྡར་དུར་ཁྲོད་ཆེན་པོ་བརྒྱད། འཁོར་བར་གནས་ནས་འགྲོ་དོན་མཛད་ཀྱང་འཁོར་བའི་སྐྱོན་གྱིས་མ་གོས་པའི་བརྡར་པདྨའི་ཕྲེང་བ། མི་རྟོག་པའི་ཡེ་ཤེས་ལ་སྤྲོས་པའི་ཟུག་རྔུ་མེད་པའི་བརྡར་ཕྱི་ཟླུམ་པོར་འཁོར་བ། ཡོན་ཏན་དཔག་ཏུ་མེད་པ་རྒྱས་པའི་བརྡར་གཞལ་ཡས་ཁང་གྲུ་བཞི་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། ཡེ་ཤེས་ལྔ་ལ་སོགས་པའི་རང་བཞིན་དཀྱིལ་འཁོར་གྱི་ཆོས་རྣམས་ཀྱིས་མཛེས་པར་སྤས་པའི་ནང་དུ། རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་བརྒྱད་དང་། དུག་གསུམ་སྐུ་གསུང་ཐུགས་སུ་དག་པའི་བརྡར་འཁོར་ལོ་རྩིབས་བརྒྱད་པ་དང་། པདྨ་འདབ་མ་བརྒྱད་དང་། རིན་པོ་ཆེ་ཆ་བརྒྱད་པ་གསུམ་གྱིས་ཕྱི་ནས་རིམ་བཞིན་བསྐོར་བའི་ནང་དུ་ཡེ་ཤེས་ལྔ་མཚོན་པའི་པདྨ་འདབ་མ་བཞི་ལྟེ་བ་དང་བཅས་པ་ལྔ། གཙོ་བོའི་གནས་སུ་དགོས་འདོད་ལྷུན་གྱིས་གྲུབ་པའི་བརྡར་རིན་པོ་ཆེའི་ཁྲི །གཙོ་འཁོར་ཐམས་ཅད་ཀྱི་གནས་སུ་ཉེས་སྐྱོན་གྱིས་མ་གོས་པའི་བརྡར་པདྨ། ཤེས་རབ་རང་བཞིན་མེད་པའི་བརྡར་ཉི་མ། ཐབས་འགག་པ་མེད་པའི་བརྡར་ཟླ་བའི་གདན་ཏེ། དེ་དག་ནི་རྟེན་གཞལ་ཡས་ཁང་གི་དོན་རྟགས་སོ། །བརྟེན་པ་ལྷའི་དོན་རྟགས་ནི། ཉོན་མོངས་པ་ལྔ་ཡེ་ཤེས་ལྔར་དག་པའི་བརྡར་རིགས་ཐམས་ཅད་ཀྱི་བདག་པོ་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་དང་། ཐོད་ཕྲེང་རིགས་བཞི། དེ་ཡང་སྣང་སྟོང་ཟུང་དུ་འཇུག་པའི་བརྡར་ཡབ་ཡུམ་གྱི་རྣམ་པར་གསལ་བ། རྣམ་པར་ཤེས་པའི་ཚོགས་བརྒྱད། རྣམ་ཤེས་ཀྱི་ཡུལ་བརྒྱད། ཚོགས་བརྒྱད་གནས་སུ་དག་པའི་ཡེ་ཤེས་བརྒྱད་མཚོན་པའི་བརྡར་ནང་ནས་རིམ་བཞིན་སྤྲུལ་པའི་མཚན་བརྒྱད། བཀའ་བབས་ཀྱི་རིག་འཛིན་བརྒྱད། དཔལ་ཆེན་པོ་སྒྲུབ་སྡེ་བརྒྱད། སྒོ་བཞིར་ཚད་མེད་པ་བཞིའི་རང་བཞིན་གྱི་གིང་བཞི། ཕྱིའི་ཁོར་ཡུག་ལ་འཁོར་བའི་ཆོས་ཐམས་ཅད་ཀྱང་བདག་ཉིད་ཆེན་པོར་རང་སྣང་བའི་བརྡར་རྒྱལ་པོ་ཆེན་པོ་སྡེ་བཞི་དང་ཕྱོགས་སྐྱོང་བ་བཅུ་ལ་སོགས་པ་བཀའ་ཉན་ཕོ་ཉའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བའོ། །དེ་ལྟ་བུའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་རྣམས་ཀྱང་རང་སེམས་ལས་གུད་ན་ཡོད་པ་མ་ཡིན་ཏེ། དོན་དམ་པར་རང་ལ་གདོད་ནས་བཞུགས་པའི་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཉིད་ད་རེས་གཟུགས་བརྙན་གྱི་དཀྱིལ་འཁོར་གྱིས་མཚོན་ཏེ་མངོན་སུམ་དུ་མཇལ་བར་གྱུར་སྙམ་དུ་མོས་པ་མཛོད། ཅེས་པ་ཙམ་མམ། སྤྲོ་ན་ལྷ་ངོ་བསྟན་པའི་རྗེས་སུ། དེའི་ནང་ནས་ཀྱང་ཁྱོད་རང་གི་ཡི་དམ་གྱི་ལྷ་འདི་ཡིན་ནོ། །ཞེས་མེ་ཏོག་ཕོག་པའི་ལྷ་ངོ་བསྟན། གང་ལྟར་ཡང་ཕྱག་ཤིང་གིས་དཀྱིལ་འཁོར་བསྟན་ཞིང་ངོ་སྤྲད་ནས། དེ་དག་གིས་ནི་ལྷ་དང་སྐལ་པ་མཉམ་པའི་ཆེད་དུ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ལེགས་པར་སོང་གྲུབ། དེ་ལྟར་ཞུགས་པའི་ཕན་ཡོན་ཀྱང་། མཉམ་སྦྱོར་ལས། རྡོ་རྗེ་སེམས་དཔའ་ལ་སོགས་པའི། །འཁོར་ལོ་མངོན་དུ་མཐོང་བ་ཡི། །བསོད་ནམས་རྟག་པ་གང་ཡིན་པ། །ཕྱིས་བྱས་པ་འང་དེ་བཞིན་ནོ། །ཞེས་པས་སྔོན་འོག་མིན་དུ་མཐར་ལམ་པ་ཞུགས་པ་དང་སྐལ་པ་མཉམ་པ་ཡིན་ནོ། །ཞུགས་ནས་མངོན་པར་དབང་བསྐུར་བ་ལ། སྤྱིར་དབང་གི་ངོ་བོ་ནི། ཐོབ་བྱའི་ནུས་པ་ཁྱད་པར་ཅན་རྒྱུད་ལ་འཇོག་པའི་ལས་ཀྱི་བདག་ཉིད་ཅན་ཡིན་ལ། ངེས་ཚིག་ནི། ཨ་བྷི་ཥིཉྩའི་སྒྲ་ལས་དྲངས་ན་མངོན་པར་གཏོར་བ་ཞེས་བྱ་སྟེ། དངོས་སུ་ལུས་ངག་ཡིད་གསུམ་གྱི་དྲི་མ་འཁྲུད་པ་དང་། བརྒྱུད་ནས་སྐལ་པ་འཇོག་པ་ལ་འཇུག་སྟེ། ཧེ་རུ་ཀ་འདུས་པའི་རྒྱུད་ལས། རྒྱུད་དག་ནུས་པ་ཐོབ་ཕྱིར་དབང་། །ཞེས་གསུངས། དབྱེ་ན་སྒྱུ་འཕྲུལ་གསང་བ་སྙིང་པོའི་རྒྱུད་ཕྱི་མ་ལས། སློབ་དཔོན་གསང་བ་ཤེས་རབ་དང་། །དེ་མ་ཐག་པ་བཞི་པ་སྟེ། །ཞེས་པས་དབང་བཞིར་འགྱུར། དེའི་རྒྱུ་མཚན་ཡང་དབང་བཞི་བསྐུར་བའི་ནུས་པས། སྦྱང་བྱ་ལ་ལུས་ངག་ཡིད་གསུམ་ཆ་མཉམ་དང་བཅས་པའི་དྲི་མ་བཞི་ཡོད་པ། དེ་སྦྱོང་བྱེད་ཀྱི་ལམ་བསྐྱེད་པའི་རིམ་པ་དང་། གཏུམ་མོ་དང་། ཕོ་ཉའི་ལམ་དང་། དེ་ཁོ་ན་ཉིད་རྫོགས་པ་ཆེན་པོ་དང་བཞིས་སྦྱངས་པས། སྦྱངས་འབྲས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བདག་ཉིད་སྐུ་བཞི་མངོན་དུ་བྱེད་པའི་ཕྱིར་དབང་བཞིར་ངེས་པ་ལས། འདིར་ནི་དགོས་པ་དེ་ལྡན་གྱི་དབང་བཞི་དང་ཚིག་དབང་རིན་པོ་ཆེའི་བྱེད་ལས་ཡོན་ཏན་ཕྲིན་ལས་ཀྱི་དབང་གཉིས་དང་བཅས་པ་དྲུག་གནས་པ་ཡིན་ནོ། །དེ་ལ་ཐོག་མར་དབང་དངོས་གཞི་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད་བྱས་ལ། སློབ་མས་མཎྜལ་འབུལ། དེ་ནས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པ་ལ་མི་ཕྱེད་པའི་གདུང་ཤུགས་དྲག་པོས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧོ༔ སངས་རྒྱས་ཀུན་གྱི་རང་བཞིན་སྐུ༔ སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ༔ རིགས་འདུས་རྩ་གསུམ་དཀྱིལ་འཁོར་ལྷའི༔ དབང་བསྐུར་བྱིན་རླབས་ཚུལ་བཞིན་དུ༔ བདག་ལ་བསྩལ་བར་མཛད་དུ་གསོལ༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ཞེས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པའི་ལན་འདི་ལ་གསན་པས་ཁྱབ་པར་གདའ། ཀྱེ༔ བུ་ཁྱོད་མ་ཡེངས་བདག་ལ་ཉོན༔ དབང་གི་ངོ་བོ་རང་བཞིན་ལ༔ རང་བྱན་ཚུད་པ་དམ་ཚིག་གོ༔ དེ་ཕྱིར་ཚིག་དོན་རྗེས་སུ་རྟོགས༔ འབྲས་བུ་བླ་མེད་མཆོག་ཐོབ་འགྱུར༔ ཞེས་བརྗོད། དེའི་དོན་ནི་སློབ་བུ་ལ་བོས་ཏེ། འདི་ལྟར་དབང་གི་ངོ་བོ་ཐོབ་བྱའི་ནུས་པ་ཁྱད་པར་ཅན་དེ་ཡང་བསྒྲུབ་གཞི་ཇི་ལྟ་བུ་ཞིག་ཡིན་ཞེ་ན། ཁམས་བདེ་བར་གཤེགས་པའི་སྙིང་པོ་རང་བཞིན་གྱིས་རྣམ་པར་དག་པས་ཡེ་ནས་འཁོར་འདས་མཉམ་པ་ཉིད་དུ་བཞུགས་པ་ནི་སྦྱང་གཞི། དེ་མ་རྟོགས་པས་གློ་བུར་འཁྲུལ་རྟོག་གི་དབང་གིས་འཁོར་བར་སྣང་ཞིང་ཞེན་པ་འདི་དག་སྦྱང་བྱ། དེ་ཉིད་དྲི་མ་ཡིན་པའི་ཕྱིར་སྦྱང་དགོས་པས། སྦྱོང་བྱེད་སྨིན་གྲོལ་གྱི་ལམ་ཟབ་མོ་བཞི་དང་རྗེས་སུ་མཐུན་པར་རྟོགས་གོམས་ཀྱི་སྦྱོར་བ་ལ་རང་བྱན་ཚུད་པ་ལས་མི་འདའ་བར་བསླབ་དགོས་པས། དེ་ཡང་བརྡ་སྤྲོད་པའི་ཚིག་གིས་མཚོན་ཏེ་དབང་དོན་གྱི་དག་བྱ་དག་བྱེད་ངོ་འཕྲོད་པར་བྱས་པས། སྦྱངས་འབྲས་མངོན་དུ་འགྱུར་རུང་གི་རྟེན་འབྲེལ་ཐམས་ཅད་སྨིན་བྱེད་ཀྱི་དབང་ལ་བརྟེན་ནས་སྒྲིག་དགོས་པ་ཡིན་ནོ་ཞེས་ངེས་ཤེས་བསྐྱེད་པའི་སྒོ་ནས་གནང་བ་སྦྱིན་པ་སོང་ནས། འདིར་དབང་བསྐུར་བའི་རིམ་པ་དངོས་ལ་བཞི་ལས། དང་པོ་བུམ་པའི་དབང་བསྐུར་བ་ནི། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་དབང་སྟེགས་ཀྱི་དཀྱིལ་འཁོར་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་རིན་པོ་ཆེའི་ཁྲི་པདྨ་དང་ཉི་ཟླའི་གདན་ལ། ཁྱེད་རང་བླ་མ་རྡོ་རྗེ་འཆང་ཐོད་ཕྲེང་རྩལ་གྱི་རྣམ་པས་འཁོད་པའི་མོས་པ་མཛོད། བླ་མ་དང་གཉིས་སུ་མེད་པའི་དཀྱིལ་འཁོར་གྱི་གཙོ་བོའི་གནས་གསུམ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲང་། ཆུ་གཉིས་ཉེར་སྤྱོད་རོལ་མོར་བཅས་པས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས་བླ་མ་དང་གཉིས་སུ་མེད་པའི་དེ་བཞིན་གཤེགས་པ་ཡབ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་ཡེ་ཤེས་ལྔའི་བདུད་རྩིས་གང་བ་ཐོགས་ནས་དབང་བསྐུར་བའི་བྱ་བ་མཛད། འཁོར་གྱི་སེམས་དཔའ་སེམས་མ་ལྷ་དང་ལྷ་མོ་རྣམས་ཀྱིས་ཤིས་པ་བརྗོད་ཅིང་མེ་ཏོག་ལ་སོགས་པའི་མཆོད་རྫས་ཀྱི་ཆར་འབེབ། ཕོ་ཉ་བཀའ་སྡོད་རྣམས་ཀྱིས་བགེགས་སྐྲོད་པའི་སྦྱོར་བ་དང་བཅས་ཏེ་དབང་བསྐུར་བའི་མོས་པ་མཛོད་བྱས་ལ། བུམ་པ་སྤྱི་བོར་བཞག་ཅིང་། ཧྲཱི༔ བུམ་པ་སྤྲོས་བྲལ་ཆོས་ཀྱི་དབྱིངས༔ སྣང་སྟོང་འོད་གསལ་འཇའ་ཚོན་ཀློང༔ རིགས་འདུས་རྩ་གསུམ་ལྷ་ཡི་ཚོགས༔ མ་འདྲེས་དཀྱིལ་འཁོར་ཡོངས་རྫོགས་དབང༔ དེང་འདིར་ཁྱོད་ལ་བསྐུར་བར་བྱ༔ སྐུ་གསུམ་ཡེ་ཤེས་ལྔ་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་དེ་ཝ་ཌཱ་ཀི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བརྗོད་ཅིང་བུམ་ཆུ་བླུད། དེ་ལྟར་བུམ་པ་བཟང་པོ་ལས་བྱུང་བའི་ཡེ་ཤེས་ལྔའི་རང་བཞིན་ཅན་གྱི་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་བས། ཉོན་མོངས་པ་ལྔ་སྦྱངས། ཕུང་པོ་ལྔ་སངས་རྒྱས་ལྔར་གནས་གྱུར། ཡེ་ཤེས་ལྔ་མངོན་དུ་བྱས། ཆུའི་ལྷག་མ་ཡར་ལུད་པ་ལས་དབང་རྟགས་སུ་དེ་བཞིན་གཤེགས་པ་རིགས་ལྔས་དབུར་བརྒྱན་པའི་མོས་པ་མཛོད། ཅེས་རྟོགས་པ་བསྐྱེད་དོ། །དེ་ནས་བུམ་དབང་གི་མཐའ་རྟེན་དུ་ལུས་ཐ་མལ་གྱི་ཞེན་པ་སྦྱོང་བའི་ཕྱིར་ལྷ་སྐུ་ཕྱག་རྒྱ་ཆེན་པོ་སྒོམ་པའི་རྗེས་གནང་ནི། སྐད་ཅིག་གིས་ཁྱོད་རང་རིགས་འདུས་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་སྐུ་གསལ་རྫོགས་སུ་ལམ་གྱིས་སྒོམ་པ་དང་། གང་ཤར་གྱི་སྣང་བ་ཐམས་ཅད་ཀྱང་ལྷའི་རྣམ་པར་གསལ་ཐོབ་མཛོད། དེ་ནི་ལྷར་བསྲེ་བ་ཞེས་བྱ་སྟེ། དེ་ཉིད་སེམས་ཀྱི་རོལ་རྩལ་དུ་ཤེས་པས། སེམས་སྤངས་པའི་ཕ་རོལ་ན་ལྷ་སྐུ་མེད། ལྷ་སྐུ་སྤངས་པའི་ཚུར་རོལ་ན་སེམས་མེད། སེམས་དང་ལྷ་སྐུ་དབྱེར་མེད་དུ་ཐག་བཅད་པ་ནི་ཡིད་དང་བསྲེ་བ་ཞེས་བྱ། དེ་ཉིད་སྒྱུ་མར་བསྲེ་བ་ནི། ལྷ་སྐུ་དེའང་སྣང་ལ་རང་བཞིན་མ་གྲུབ་པ་མེ་ལོང་ནང་གི་གཟུགས་བརྙན་ལྟར་ཤེས་པར་བྱས་ལ། མདོར་ན་ཡིད་དང་ལྷ་སྐུ་དབྱེར་མེད་གསལ་སྟོང་བདེ་བ་ཆེན་པོར་རྒྱས་འདེབས་པ་སྟེ། དེ་ལྟར་བསྲེ་བ་གསུམ་པོ་ཐུན་གསུམ་གྱི་རིམ་པས་བསྒོམ་ལ་ཅིར་སྣང་ལྷ་སྐུ་སྒྱུ་མ་ལྟ་བུའི་རོལ་པས་གདུལ་བྱའི་བསམ་པ་དང་མཐུན་པར་དོན་གྱིས་ཤིག །དེ་ནས་ངག་ཐ་མལ་གྱི་ཞེན་པ་སྦྱང་བའི་ཕྱིར་གསུང་ཆོས་ཀྱི་ཕྱག་རྒྱ་བཟླས་ལུང་སྦྱིན་པ་ནི། ཕྲེང་བ་གཏད་དེ། སྣ་ཚོགས་རྣམ་རྟོག་དག་པའི་བརྡ། །རིན་ཆེན་ཕྲེང་བ་འདི་ལོངས་ལ། །བླ་མ་རིག་འཛིན་ཀུན་འདུས་ཀྱི། །སྙིང་པོའི་སྔགས་འདི་འཛབ་ཏུ་ཟློས། །ཞེས་བརྗོད་ལ། དེ་ནས་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མི་ཕྱེད་པའི་ཐུགས་ཀ་ནས་སྔགས་ཕྲེང་ཐོན། ཁྱེད་རང་གི་ཞལ་དུ་ཞུགས། དྭངས་མའི་སྲོག་ཡིག་གི་མཐར་ཕྲེང་བ་ལྟར་འཁོད་པར་མོས་ལ་འདིའི་རྗེས་ཟློས་མཛོད། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་དེ་བ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ བཟླར་གཞུག །བླ་མ་རིག་འཛིན་ཀུན་འདུས་ཀྱི་གསུང་སྙིང་པོའི་སྔགས་རྣམས་རླུང་གི་རྐྱེན་དང་སྦྱར་ཏེ་འཁོར་ལོ་བཞིར་བསྐོར་ཞིང་བཟླ་བ་སོགས་གྲགས་སྟོང་བརྗོད་དུ་མེད་པའི་སྒྲ་ཚུལ་བསམ་གྱིས་མི་ཁྱབ་པས་གདུལ་བྱའི་བསམ་པ་དང་མཐུན་པར་དོན་གྱིས་ཤིག །དེ་ལྟར་ན་ཕྱི་བསྐྱེད་པ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་སྒོམ་པ་ལ་དབང་། ཇི་ལྟར་སྣང་བ་ཐམས་ཅད་ལྷའི་འཁོར་ལོར་འཆར་བའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཞེས་རྟོགས་པ་བསྐྱེད་དོ། །གཉིས་པ་གསང་བའི་དབང་ནི། སློབ་དཔོན་རྡོ་རྗེ་ཐོད་ཕྲེང་རྩལ་རང་སྣང་གི་ཤེས་རབ་མ་དང་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པའི་ཀུནྡ་བྱང་ཆུབ་ཀྱི་སེམས་ལྷན་ཅིག་སྐྱེས་པའི་རྟེན་དུ་གྱུར་པ་དྷཱུ་ཏི་ནས་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་འཁྱིལ་པ་དེ་ཉིད་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པ་ཁྱེད་རང་གི་ལྕེ་ཐོག་ཏུ་བཞག་པའི་མོས་པ་མཛོད། ཧྲཱི༔ ཆོས་དབྱིངས་བྷནྡྷའི་དཀྱིལ་འཁོར་དུ༔ རིགས་འདུས་རྩ་གསུམ་ལྷ་ཚོགས་རྣམས༔ མཉམ་སྦྱོར་བྱང་སེམས་བདུད་རྩིའི་མཆོག༔ བདེ་ཆེན་དྭངས་མའི་ཡེ་ཤེས་བཅུད༔ དེང་འདིར་ཁྱོད་ལ་དབང་བསྐུར་བས༔ གསང་བའི་དབང་ནི་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་གུ་ཧྱ་ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་ཅིང་ཐོད་པ་མགྲིན་པར་བཞག །བདུད་རྩི་མྱང་དུ་བཅུག་པས། མགྲིན་པ་ནས་ཐིག་ལེ་འཕེལ་བས་རྩ་ཐམས་ཅད་གང་། དུག་གསུམ་གྱི་རྟོག་པ་འགག །ཞུ་བདེ་ལྷན་སྐྱེས་ཀྱི་ཡེ་ཤེས་ཉམས་སུ་མྱོང་བ་ནི་གསང་དབང་གི་ཡེ་ཤེས་ཏེ། དེའི་ངང་ལས་དར་གཅིག་བཞག་གོ །དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་རླུང་དགུ་ཚན་དྲུག་གི་གནད་ལ་བརྟེན་ཏེ་གཏུམ་མོ་སྒོམ་པ་ལ་དབང་། སྒྱུ་མ་ཆུ་ཟླ་ལྟ་བུར་བདག་བྱིན་གྱིས་རློབ་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཞེས་རྟོགས་པ་བསྐྱེད་དོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། བླ་མས་པདྨ་ཅན་གྱི་མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་མ་ལོ་བཅུ་དྲུག་ལོན་པའི་ན་ཚོད་ཅན་ཡིད་དུ་འོང་བ་ཞིག་སྤྲུལ་ཏེ་ཁྱེད་རང་ལ་གཏད་པའི་མོས་པ་མཛོད། མེ་ལོང་སིནྡྷུ་རའི་མཎྜལ་ཅན་དང་། རིག་མའི་ཙཀླི་དྲིལ་བུ་རྣམས་ལག་ཏུ་གཏད་དེ། མཱུཾ༔ ཡེ་ཤེས་ལྔ་ལྡན་བདེ་བའི་སྐུ༔ སྣ་ཚོགས་གཟུགས་འཆང་ཡིད་འོང་མ༔ ཕྱི་ནང་མཚན་རྫོགས་ཤེས་རབ་ཡུམ༔ དགའ་བཞིའི་བདེ་བ་བསྐྱེད་ཕྱིར་གཏད༔ ལོངས་ལ་མཆོད་པ་རྟག་ཏུ་གྱིས༔ ཆོས་སྐུ་མངོན་བྱེད་དབང་ཐོབ་ཤོག༔ ཨོཾ་པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་ཅིང་། སིནྡྷུ་རའི་དཀྱིལ་འཁོར་གྱི་ལྟེ་བའི་ཡིག་འབྲུ་ལས་སྲིན་ལག་གིས་བླངས་པའི་ཐིག་ལེ་སྙིང་གར་བྱུག་གོ །དེ་ནས་ཁྱེད་རང་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་དང་། གཏད་པའི་རིག་མ་ཡུམ་དབྱིངས་ཕྱུག་མནྡཱ་ར་བར་གསལ་བ་ནི་ལྷའི་འདུ་ཤེས། ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་ལྟེ་བར་ཧཱུྃ་བུ་གར་ཕཊ་ཀྱིས་མཚན་པ། ཡུམ་གྱི་མཁའ་ཨ་ལས་པདྨ་ཨས་མཚན་པར་བསམ་པ་ནི་སྔགས་ཀྱི་འདུ་ཤེས། ཐབས་འདི་ལ་བརྟེན་ནས་རང་གནས་ཀྱི་ཡེ་ཤེས་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་ཏེ། དེ་ལྟར་འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པའི་རྗེས་ཆགས་ཀྱི་མེས་ཚོགས་དྲུག་གི་རྟེན་གྱི་ཁམས་དྭངས་མ་ཐམས་ཅད་བཞུ་ནས་སྤྱི་བོའི་ཧཾ་ལ་འདུས་ཏེ། སྤྱི་བོ་ལས་མགྲིན་པར་བབས་པས་དགའ་བ། མགྲིན་པ་ནས་སྙིང་གར་བབས་པར་མཆོག་དགའ། སྙིང་ག་ནས་ལྟེ་བར་བབས་པས་ཁྱད་པར་དགའ་བ། ལྟེ་བ་ནས་གསང་བར་བབས་པར་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཏེ། ཡས་བརྟན་གྱི་དགའ་བ་བཞི་ཉམས་སུ་མྱོང་། མཁའ་གསང་གི་རྩེ་མོར་བཟུང་བ་དེ་ཉིད་སླར་ཡང་རླུང་གི་སྦྱོར་བས་གྱེན་དུ་དྲངས་པས་འཁོར་ལོ་བཞིར་མས་བརྟན་གྱི་དགའ་བ་བཞི་རིམ་པར་ཉམས་སུ་མྱོང་བས་བདེ་སྟོང་དབྱེར་མེད་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཀྱི་ཐམས་ཅད་ལ་ཁྱབ་ཅིང་བརྟན་པའི་མོས་པ་མཛོད་ཅེས་གདམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་དང་འཁྱུད་རྒྱ་བྱར་གཞུག་གོ །དེ་ལྟར་ཕྱག་རྒྱའི་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ཕོ་ཉའི་ལམ་སྒོམ་པ་ལ་དབང་། ཆོས་ཐམས་ཅད་ཀྱི་རང་བཞིན་བདེ་བ་ཆེན་པོར་རྟོགས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཞེས་རྟོགས་པ་བསྐྱེད་དོ། །བཞི་པ་ཚིག་དབང་རིན་པོ་ཆེ་ནི། ཁྱེད་རང་ལུས་གནད་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་དྲང་པོར་བསྲང་། ངག་གནད་རླུང་རྩོལ་མེད་དུ་བཞག །ཡིད་ཀྱི་དྲན་བསམ་སྔ་མ་འགགས། ཕྱི་མ་མ་སྐྱེས། ད་ལྟར་གྱི་སེམས་སྐད་ཅིག་མ་དེའི་སྟེང་དུ་རྩོལ་བྲལ་བསལ་བཞག་མེད་པར་ཤིགས་སེ་ཞོག་མཛོད་བྱས་ལ། རང་བྱུང་ཡེ་ཤེས་གསལ་བ་མི་རྟོག་པ་མཚོན་བྱེད་ཤེལ་རྡོའམ་མེ་ལོང་གང་རུང་དང་། བླ་མའི་སྐུ་འབག་བསྟན་ལ། ཀྱཻ་ཧོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ཉོན༔ རང་རིག་ཀ་དག་ཆོས་ཀྱི་དབྱིངས༔ མ་བཅོས་ལྷུན་གྱིས་གྲུབ་པའི་དོན༔ དབྱེར་མེད་དུ་མ་རོ་གཅིག་ངང༔ སྨྲ་བསམ་བརྗོད་མེད་ངང་དུ་ཞོག༔ ཨོཾ་དྷརྨཱ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད། དེ་ལྟར་བཞག་པའི་ཚེ་རིག་པ་གསལ་སྟོང་རྗེན་པ་ནམ་མཁའ་ལྟ་བུ་དེའི་ངང་ལ་ཞེན་འཛིན་མེད་པར་ཁྲིགས་སེ་གནས་པ་ནི་རང་བཞིན་རྫོགས་པ་ཆེན་པོ་ཀ་དག་གི་དོན་ཡིན་ནོ། །དེ་ནས་རང་བཞིན་འོད་གདངས་སྒྲོན་མ་ལྔ་མཚོན་བྱེད་རྨ་བྱའི་མདོངས་དང་མན་ཤེལ་སློབ་བུའི་མིག་ལ་བཀབ་སྟེ། ཨ༔ སྐལ་ལྡན་བུ་རྣམས་བདག་ལ་ཉོན༔ ཕྱི་ནང་གཉིས་མེད་མཁའ་དབྱིངས་ལ༔ ཡང་དག་རིག་པ་སྐུ་གསུམ་གནས༔ གསལ་འཚེར་འགྱུ་བྲེང་ལུ་གུ་རྒྱུད༔ ལྷུན་གྲུབ་ཡེ་ཤེས་སྦུབས་སུ་བསྐུར༔ མཐའ་བྲལ་ཆོས་དབྱིངས་ཀློང་ཐོབ་ཤོག༔ ཨཿཨཿཨཿཨཿཨཿ ཞེས་བརྗོད། དེ་ཡང་དབྱིངས་ཀ་དག་གི་ངང་ནས་འོད་ལྔ་གདོད་མའི་ཡེ་ཤེས་རང་བཞིན་ལྷུན་གྲུབ་ཏུ་གནས་པ་ནང་གསལ་ཆོས་སྐུའི་ངོ་བོ་གཞོན་ནུ་བུམ་པ་སྐུའི་ཞིང་ཁམས་མཚོན་པའི་བརྡ་སྟེ། དེ་ཡང་གནད་དྲུག་ལ་བརྟེན་ཏེ་མངོན་སུམ་རང་ཐོག་ཏུ་དབབ་པས། རིག་པ་རྡོ་རྗེ་ལུ་གུ་རྒྱུད་དབང་པོའི་མངོན་སུམ་དུ་སྣང་བ་ཆོས་ཉིད་མངོན་སུམ། སྣང་བ་འཕེལ་ནས་མཆེད་པ་ཉམས་གོང་འཕེལ། སྐུ་དང་ཞིང་ཁམས་སུ་སྣང་བ་རིག་པ་ཚད་ཕེབས། ཕྱི་ནང་གི་གདོས་བཅས་སེམས་ཀྱི་འཁྲུལ་རྟོག་སྣང་བའི་འཕེལ་བ་དང་བཅས་པ་ཟད་པ་ནི་ཆོས་ཉིད་ཟད་པའི་སྣང་བ་ཡིན་ནོ། །དེ་ལྟར་ན་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། ལུས་ངག་ཡིད་གསུམ་ཆར་གྱི་དྲི་མ་བག་ཆགས་དང་བཅས་པ་དག །ལམ་ཁྲེགས་ཆོད་ཐོད་རྒལ་སྒོམ་པ་ལ་དབང་། ཤིན་ཏུ་རྣམ་པར་དག་པ་ལྷན་ཅིག་སྐྱེས་པའི་བདེ་ཆེན་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཞེས་རྟོགས་པ་བསྐྱེད་དོ། །དེ་ནས་མཐའ་རྟེན་དུ་དབང་བཞི་པའི་བྱེད་ལས་ཡོན་ཏན་ཕྲིན་ལས་ཀྱི་དབང་གཉིས་ལས། དང་པོ་ཡོན་ཏན་གཏོར་མའི་དབང་ནི། གཏོར་མ་འདི་ཉིད་བླ་མ་རིག་འཛིན་ཀུན་འདུས་ཀྱི་ལྷ་ཚོགས་སུ་བཞུགས་པ་ལ་མོས་གུས་དུང་པ་བྱས་པས། དེའི་གནས་ལྔ་ནས་འོད་ཟེར་འཕྲོས། ཁྱེད་རང་གི་གནས་ལྔར་ཐིམ་པས། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་དག །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་ཐམས་ཅད་ཆར་ལྟར་བབ་ཅིང་རྒྱུད་ལ་ཞུགས་པར་གྱུར་སྙམ་པའི་མོས་པ་མཛོད། གཏོར་མ་གནས་ལྔར་གཏུག་ཅིང་། ཧྲཱི༔ ཕྱི་ལྟར་འདོད་ཡོན་རྨད་བྱུང་རྫས༔ ནང་ལྟར་མཚན་རྫོགས་དཀྱིལ་འཁོར་དབུས༔ བདེ་གཤེགས་རྩ་གསུམ་ལྷ་ཚོགས་བཞུགས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ བྱིན་རླབས་ཀུན་འདུས་གཏོར་མའི་དབང༔ དེང་འདིར་ཁྱོད་ལ་བསྐུར་བ་ཡིས༔ མཆོག་ཐུན་དངོས་གྲུབ་ཐོབ་གྱུར་ཅིག༔ ཨོཾ་སརྦ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད། མཐར་གཏོར་མའི་ལྷ་འོད་དུ་ཞུ་ནས་ཁྱེད་རང་ལ་ཐིམ་པས་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་སྐུར་དངོས་སུ་གྱུར་པ་ཡིན་སྙམ་པའི་མོས་པ་མཛོད། ཅེས་བརྗོད་ཅིང་། ལྷ་འོད་དུ་ཞུ་བའི་གཏོར་ཟན་ཅུང་ཟད་ཙམ་དངོས་གྲུབ་ཏུ་སྦྱིན། དེ་ལྟར་གཏོར་མའི་དབང་བསྐུར་བས་འདོད་ཡོན་མི་ཟད་པའི་ལོངས་སྤྱོད་རྣམས་ལྷ་སྔགས་ཏིང་ངེ་འཛིན་གྱིས་རོལ་པའི་རྒྱན་དུ་ཞེན་པ་མེད་པར་སྒྱུ་མཁན་སྒྱུ་མའི་ལོངས་སྤྱོད་ལ་རོལ་པ་ལྟར་གྱིས་ཤིག །ཅེས་བརྗོད། གཉིས་པ་གཞན་དོན་ཕྲིན་ལས་ཀྱི་དབང་ནི། དེ་ནས་རིགས་ལྔའི་ཕྱག་རྒྱ། འདོད་ཡོན་གྱི་རྫས། ཕུར་བུ་དང་བཅས་པ་ལག་ཏུ་གཏད་དེ་དབང་བསྐུར་བས་ལས་རྣམ་པ་བཞི་ལྷུན་གྱིས་གྲུབ་པ་འགྲོ་བ་འདུལ་བའི་ཕྲིན་ལས་ལ་དབང་འབྱོར་བར་གྱུར་སྙམ་པའི་མོས་པ་མཛོད། རྫས་དེ་རྣམས་ལག་ཏུ་གཏད་ལ། ཧྲཱི༔ ཞི་རྒྱས་དབང་དྲག་ལྷུན་གྲུབ་སོགས༔ ཕྲིན་ལས་རྫོགས་བྱེད་རིགས་ལྔའི་རྒྱ༔ ཕུར་བུ་མི་ཟད་འདོད་ཡོན་སོགས༔ རྫས་མཆོག་རྣམས་ཀྱིས་དབང་བསྐུར་བས༔ བདེ་གཤེགས་རིགས་འདུས་མ་ལུས་པའི༔ དངོས་གྲུབ་དམ་པ་ཐོབ་གྱུར་ནས༔ ཕྲིན་ལས་རྣམ་བཞི་མ་ལུས་པས༔ འགྲོ་བའི་འདྲེན་པ་བྱེད་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་དེ་བ་ཌཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་བི་ཤྭ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད། དེ་ལྟར་གཞན་དོན་ཕྲིན་ལས་ཀྱི་དབང་བསྐུར་པས། ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོ་ལ་སོགས་པའི་ལས་རབ་འབྱམས་ཀྱི་སྒོ་ནས་གང་ལ་གང་འཚམ་པས་འདུལ་བའི་འགྲོ་དོན་རླབས་པོ་ཆེ་གྱིས་ཤིག །དེ་གཉིས་ནི་ཚིག་དབང་རིན་པོ་ཆེའི་བྱེད་ལས་ཏེ། རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་ཡང་ཡིན་ནོ། །དེ་ལྟར་བླ་མ་རིག་འཛིན་ཀུན་འདུས་ཀྱི་དཀྱིལ་འཁོར་དུ་ཕྱི་ནང་གསང་བའི་དབང་རྣམས་ལེགས་པར་བསྐུར་གྲུབ་པས་ན། གནས་སྐབས་དེ་དག་ཏུ་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་རྣམས་སྲོག་གི་ཕྱིར་ཡང་མི་གཏོང་བར་ནན་ཏན་ཏུ་སྲུངས་ཤིག་ཅེས་གདམས་པ་འདི་ལ་གསན་པས་ཁྱབ་པར་གདའ། ཀྱེ་ཧོཿསྐལ་ལྡན་བུ་རྣམས་ཉོན༔ བླ་མེད་སྨིན་བྱེད་ལམ་ཞུགས་ནས༔ སོ་སོ་ཐར་པའི་སྡོམ་པ་དང༔ བྱང་ཆུབ་སེམས་དཔའི་བསླབ་བྱ་དང༔ ཁྱད་པར་རིག་འཛིན་གསང་སྔགས་ཀྱི༔ རྩ་བ་ཡན་ལག་དམ་ཚིག་རྣམས༔ སྲོག་གི་ཕྱིར་ཡང་མི་གཏོང་བར༔ ནན་ཏན་ཡོངས་སུ་སྲུང་བར་གྱིས༔ བརྗོད་པའི་ལན་དུ། དེ་དག་ལ་བསྲུང་སྡོམ་གྱི་འདུན་པ་དྲག་པོས་འདི་ཡི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་སློབ་དཔོན་གྱིས༔ ཇི་ལྟར་བཀའ་བསྩལ་གསུང་བྱོན་ལྟར༔ ཕྱི་ནང་སྡོམ་པ་དམ་ཚིག་ཀུན༔ བདག་སོགས་རྡོ་རྗེ་མཆེད་ལྕམ་གྱིས༔ ནམ་ཡང་འདའ་བར་མི་བགྱིད་དོ༔ བརྗོད་པས་ཁས་བླང་། དེ་ལྟར་ལེགས་པར་ཐོབ་པའི་གཏང་རག་གི་དོན་དུ་མཎྜལ་ཕུལ་མཛོད་བྱས་ལ། སློབ་མས་ཀྱང་མཎྜལ་ཕུལ། སླར་ཡང་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་པ་ལྟར་སྤྲུལ་ནས་འབུལ་ན་ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམ་སྟེ་བདག་བྲན་དུ། །སོགས་དང་། དེ་ལྟར་ཐོབ་པའི་དགེ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བར་མཛོད། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཅེས་སོགས་ཀྱིས་དགེ་བ་བསྔོས་ལ། སླར་ཡང་མཆོད་པ་ཁ་གསོས་ནས། གཏང་རག་གི་མཆོད་བསྟོད་སོགས་རྗེས་ཀྱི་རིམ་པ་རྣམས་ལས་གཞུང་བཞིན་དུ་བྱའོ། །ཚུལ་འདི་བན་ཆུང་དྷརྨ་ཤྲཱི་ཡིས། །སྤྲུལ་པའི་གཏེར་སྟོན་ཆེན་པོའི་གསུང་རྒྱུན་བཞིན། །རང་བཟོ་སྤངས་ཏེ་ཟིན་བྲིས་ཡི་གེར་སྤེལ། །དགེ་བས་འགྲོ་ཀུན་སྨིན་གྲོལ་མཐར་ཕྱིན་ཤོག །འདི་ལ་སྔོན་གཏེར་སྟོན་གྱིས་མཛད་པའི་མཚམས་སྦྱོར་ཞིག་ཡོད་ནའང་། དཔེ་རྒྱུན་མ་འཕེལ་གོང་དུ་ཕྱི་མོ་ཆད་པར་བརྟེན། ད་ལྟའི་གསུང་རྒྱུན་གུ་རུ་ལུགས་སུ་བྲིས་ནས་ཞུ་དག་ཞུས་པས་རྣམ་པར་དག་པའི་ཕྱིར་དྲི་མ་མེད་པའི་འོད་ཅེས་མིང་དུ་བཏགས་སོ། །དགེ་ལེགས་འཕེལ།། །།

[edit]

TSAGLI image gallery goes here

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).