Terdzo-TA-019

From Rinchen Terdzö

རིག་འཛིན་ཐུགས་ཐིག་གི་བསྙེན་པའི་གསལ་བྱེད་སྙིང་པོར་དྲིལ་བ་

rig 'dzin thugs thig gi bsnyen pa'i gsal byed snying por dril ba

by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
revealed by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
in cycle  ཟབ་ཆོས་རིག་འཛིན་ཐུགས་ཐིག་ (Zab chos rig 'dzin thugs thig)
Volume 9 (ཏ) / Pages 285-298 / Folios 1a1 to 7b3

[edit]

༄༅། །རིག་འཛིན་ཐུགས་ཐིག་གི་བསྙེན་པའི་གསལ་བྱེད་སྙིང་པོར་དྲིལ་བ་བཞུགས་སོ། ། རྒྱལ་བ་ཀུན་གྱི་ངོ་བོ་ཉིད། །དཀྱིལ་འཁོར་རྒྱ་མཚོའི་རྣམ་རོལ་གར། །ཅིར་ཡང་སྟོན་མཛད་བླ་མ་དང་། །དབྱེར་མེད་ཐོད་ཕྲེང་རྩལ་ལ་འདུད། །འདིར་ཟབ་ཆོས་རིག་འཛིན་ཐུགས་ཐིག་གི་ཕྱི་ནང་གསང་བའི་ལས་རིམ་ལ་འཇུག་པ་ནི་སྦྱོར་བ་དངོས་གཞི་རྗེས་གསུམ་གྱིས་སྟོན་ཏེ། དང་པོ་ནི། དབེན་ཞིང་ཡིད་དང་མཐུན་པའི་གནས་བཀྲ་ཤིས་ཤིང་རང་དབང་དུ་གྱུར་པའི་སར་ཕྱག་བརྡར་བྱས། སྟན་ནང་ཚན་ཅན་གྱི་འོག་ཏུ་འབྲས་སམ་ནས་དཀར་མོས་གཡུང་དྲུང་གཡས་སྐོར་དུ་བྲི། མཚམས་གཡོག་དང་སྨན་པ་འཚོ་ཆས་སོགས་ཉེ་བར་མཁོ་བའི་ཡོ་བྱད་དང་མཚམས་ཁོངས་སུ་ཆུག་དགོས་པ་ཐམས་ཅད་ཀྱང་སྤྱི་དང་མཐུན་པར་འདུ་བྱས་ལ། གཟའ་ཚེས་སོགས་དགེ་ཞིང་ཤིས་པ་ནས་དབུ་བཟུང་སྟེ། ལོང་སྐབས་ཡོད་ན་ཐོག་མར་བསྙེན་པ་དངོས་མ་ཚུགས་པའི་ཞག་གཉིས་གསུམ་ཙམ་གྱི་གོང་ནས་ཕྱི་མཚམས་བཅད་ལ། དེ་ཉིན་གྱི་དགོང་ཐུན་ནས་རིག་འཛིན་ལས་བྱང་གིས་ཁོག་ཕུབ་པའི་བདག་བསྐྱེད་སྔོན་དུ་འགྲོ་བས་གཞི་བདག་ལ་གཏོར་མ་ཕུལ་ནས་ཕྲིན་ལས་བཅོལ། བགེགས་གཏོར་བཏང་ནས་ཐུན་བྲབ་གུ་གུལ་གྱིས་བདུག་པ་སོགས་ཚམ་རྔམ་དང་བཅས་བགེགས་བསྐྲད། སྲུང་བའི་འཁོར་ལོ་བརྟན་པར་བསྒོམ། དེའི་ནུབ་བམ་སང་ཐོ་རངས་ནས་བཟུང་། དལ་འབྱོར་རྙེད་དཀའ་བ་དང་། འཆི་བ་མི་རྟག་པས་ཡིད་བསྐུལ་ནས་འཁོར་བ་ལ་ངེས་པར་འབྱུང་བའི་བློ་རྩེ་གཅིག་པས་སྐྱབས་སེམས་ཡིག་བརྒྱའི་སྒོམ་བཟླས་བླ་མའི་རྣལ་འབྱོར་རྣམས་ཁྲིད་ཡིག་ལས་འབྱུང་བ་བཞིན་ཐུན་བཞིའམ་གཉིས་སོགས་ཀྱི་ཁྲིགས་སུ་བཅད་ནས་ཞག་མང་ཉུང་ཇི་ལྟར་རིགས་པས་སེམས་རྒྱུད་དང་ཅི་འདྲེས་སུ་བྱེད་ཅིང་། འགྲུབ་ན་གཞན་དག་ཀྱང་བསྐུལ་ཏེ། གསུང་སྒྲོག །ཆུ་གཏོར། ཉེ་འདོན། སྲོག་བསླུ། སཱཙྪ་འདེབས་པ་སོགས་དགེ་བའི་དཔུང་བསྐྱེད་ཅི་ནུས་བསྒྲུབས་པས་རྒྱུད་འབྱོངས་ཤིང་བར་ཆད་མི་འབྱུང་བ་དང་དངོས་གྲུབ་ཀྱི་མཚན་མ་མྱུར་དུ་ཐོབ་པ་སོགས་ཀྱི་དགོས་པ་ཡོད་ཅིང་། ལོང་སྐབས་ཆུང་ནས་མ་འགྲུབ་ན་ཡང་ཆད་པའི་སྐྱོན་དུ་མི་འགྱུར་རོ། །དེ་ནས་བསྙེན་པ་དངོས་ལ་འཇུག་རྒྱུའི་དགོང་ཐུན་དེ་ལ་བསྐྱེད་བཟླས་དང་གཞི་བགེགས་ཀྱི་གཏོར་མ་གཏོང་བ་སོགས་སྔར་དང་འདྲ་བས་ནང་མཚམས་བཅད། ཐོ་བརྩིགས་རྒྱལ་ཆེན་བཞིར་མོས་ནས་མཆོད་གཏོར་ཕུལ་ནས་ཕྲིན་ལས་གསོལ་བརྟན་བཞུགས་ཤིས་བརྗོད་རྣམས་བྱའོ། །གཉིས་པ་དངོས་གཞི་ལ་ཕྱི་ནང་གསང་གསུམ་ལས། དང་པོ་ནི། རང་གང་དུ་བལྟ་བའི་ཕྱོགས་དེ་ཉིད་དུ་བྲིས་སྐུ་སོགས་རྟེན་བཤམས་པའི་སྟེགས་བུ་གཙང་མའི་ཁར་སྨན་རཀ་ཉེར་སྤྱོད་སོགས་མཆོད་རྫས་ལག་ལེན་ལྟར་བཤམས་ལ་ཉིན་རེ་བཞིན་ཁ་གསོ། མཚམས་ནང་དུ་དགོས་ངེས་སྔར་དམིགས་འོག་ཏུ་གང་བཅུག་ལས་ངོ་གསར་དང་མི་འཕྲད་ཅིང་ཆས་ཀའི་གཏོང་ལེན་ཡང་མི་བྱ། སྐྱིད་སྡུག་ལེགས་ཉེས་གང་ལ་ཡང་རེ་དོགས་ཀྱི་རྩིས་གདབ་མེད་པར་ལྷའི་ང་རྒྱལ་ཤུགས་དྲག་དང་བཟླས་པ་ཕྲེང་སྐོར་རེ་རེའི་མཚམས་སུ་ཡང་གསལ་འདེབས་ཤིང་། བླ་མ་ལ་མོས་གུས་དང་སེམས་ཅན་ལ་སྙིང་རྗེ་བསྐྱེད་པ་རྣམས་དང་མ་བྲལ་བའི་བློ་ཁྲིགས་སུ་བཅུར་ནས་བསྐྱངས་པས་ཇི་ཞིག་ན་རྩོལ་མེད་ཤུགས་འབྱུང་དུ་འཆར་བར་འགྱུར་ཞིང་། དེས་མཚོན་ནས། ད་རེས་བཟླས་པ་མ་གྲོལ་བར་རྐྱེན་ཅི་བྱུང་ཡང་དེའི་དབང་དུ་མི་གཏང་། ན་ན་ཡང་ན་གོ་ཆོད། ཤི་ན་ཡང་ཤི་གོ་ཆོད། སྔར་སྐྱེ་བ་གྲངས་མེད་པ་ཞིག་བླངས་ཀྱང་དོན་མེད་པ་ཁོ་ནར་སོང་བ་ལ། ད་རེས་གསང་སྔགས་ཟབ་མོའི་ལམ་སྒྲུབ་ཏུ་ཡོད་པ་ནི་སྐལ་པ་རེ་བཟང་སྙམ་པའི་མོས་གུས་གདུང་ཤུགས་ཀྱི་འབད་རྩོལ་དྲག་པོ་བྱས་པས་བར་ཆད་མི་འབྱུང་ཞིང་དངོས་གྲུབ་མྱུར་དུ་ཐོབ་པའི་དགོས་པ་ཡོད་པས་དེ་ལྟར་ཤེས་པར་བྱས་ནས། སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན་གྱིས་ཚོགས་གསག་པ་རྣམས་སྤྱི་དང་མཐུན་པར་བྱས་རྗེས་དོན་དམ་བྱང་ཆུབ་སེམས་ཀྱི་ངང་དུ་བཟོ་མེད་དུ་ལྷུག་པར་ཅི་གནས་སུ་གཞག་པའི་ངང་ལས། སྭ་བྷཱ་ཝའི་སྔགས་བརྗོད་པའི་མཐུས་མ་དག་པའི་སྣང་བ་ཐམས་ཅད་དབྱིངས་སུ་དག །སེམས་སྣང་ཧཱུྃ་གི་སྒྲ་གདངས་ནམ་མཁའ་གང་བ་ལ་སེམས་བསྲེ། དེའི་ངང་ལས་མི་ཤིགས་པའི་རྡོ་རྗེ་སྲུང་བའི་ར་གུར་ཡེ་ཤེས་ཀྱི་མེ་ཕུང་འབར་བར་འཁྲིགས་པས་ཁོར་ཡུག་ཐམས་ཅད་ཁྱབ་པའི་ནང་དུ་སྣོད་ཀྱི་འཇིག་རྟེན་པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོར་ཡོངས་སུ་གསལ་བའི་དབུས་སུ་པདྨའི་སྡོང་པོ་རབ་ཏུ་རྒྱས་པ་འདབ་མ་བརྒྱད་པའི་ལྟེ་བར་ཉི་ཟླའི་གདན་ལ་རང་རིག་ཧཱུྃ་དམར་པོ་འབར་བ་ལ་སེམས་བསྲེ། དེ་ལས་འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་གདོད་མའི་མི་ཤིགས་པ་རིག་འཛིན་བླ་མའི་ངོ་བོར་སད། འོད་ཟེར་རྣམས་ཧཱུྃ་ལ་འདྲེས། དེ་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་རིག་འཛིན་པདྨ་འབྱུང་གནས་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན་གསང་ཕོད་ཟབ་བེར་ཆོས་གོས་སྙན་ཞུ་སོགས་མཛེས་ཤིང་བརྗིད་པའི་ཆས་ཀྱིས་བརྒྱན་ཅིང་མཚན་དཔེའི་གཟི་བྱིན་འབར་བ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་དཔུང་པ་གཡས་ཀྱི་ཐད་སོར་གདེང་ཞིང་། གཡོན་བྷནྡྷ་དམ་ཚིག་གི་བཟའ་བས་གཏམས་པའི་དབུས་སུ་རིན་པོ་ཆེའི་བུམ་པ་འཆི་བ་མེད་པའི་བདུད་རྩིས་གང་བ་དཔག་བསམ་ཤིང་གི་ཁ་རྒྱན་ཅན་བསྣམས་པ། ཞབས་གཉིས་གཡོན་བརྐྱང་བའི་སྟབས་ཀྱིས་བཞུགས་པའི་པང་དུ་ཡུམ་མཁའ་འགྲོ་མཚོ་རྒྱལ་དཀར་དམར་མཛེས་སྡུག་ལང་ཚོས་སྒེག་པ་མེ་ཏོག་དང་རིན་པོ་ཆེའི་རྒྱན་ཅན་གཡས་ཅང་ཏེའུ་འཁྲོལ་བའི་སྟབས་སུ་འཛིན་ཅིང་། གཡོན་བདུད་རྩིའི་ཐོད་པ་སྟོབ་པའི་ཚུལ་དུ་སྙོམས་པར་འཇུག་པ། སྐུ་ལས་སྤྲུལ་པའི་འོད་ཟེར་མཁའ་ཁྱབ་ཏུ་སྤྲོ་བ། མཐའ་སྐོར་དུ་པདྨའི་འདབ་མ་བརྒྱད་ལ་ཤར་དུ་ཧཱུྃ་ཀཱ་ར་རྡོ་རྗེ་དང་དྲིལ་བུ། ལྷོར་འཇམ་དཔལ་བཤེས་གཉེན་བེ་ཅོན་སྡིགས་མཛུབ། ནུབ་ཏུ་ཀླུ་སྒྲུབ་གསེག་ཤང་པར་བུ། བྱང་དུ་པྲ་ཧསྟི་རྒྱ་གྲམ་གླེགས་བམ། ཤར་ལྷོར་དྷ་ན་སཾསྐྲྀ་ཏ་ཐོད་རྔ་པད་ཕོར། ལྷོ་ནུབ་ཏུ་བི་མ་མི་ཏྲ་མཉམ་གཞག་ཚེ་བུམ། ནུབ་བྱང་དུ་གུ་ཧྱ་ཙནྡྲ་ལྕགས་ཀྱུ་ཞགས་པ། བྱང་ཤར་དུ་ཤཱནྟི་གརྦྷ་ཐོད་པ་དང་གྲི་གུག་འཛིན་པ། ཐམས་ཅད་ཀྱང་གསང་ཕོད་སྣམ་སྦྱར་སྙན་ཞུ་ལ་སོགས་པའི་ཆས་ཅན་རིག་འཛིན་དཔའ་བོ་མཁའ་འགྲོའི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བའི་སྒྱུ་འཕྲུལ་གྱི་བཀོད་པ་བསམ་གྱིས་མི་ཁྱབ་་་པར་འཆར་བ། དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པའི་རང་རིག་ཀ་དག་གདོད་མའི་མི་ཤིགས་པ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་རང་བཞིན་རིག་འཛིན་བླ་མའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པའི་རྣམ་རོལ་དུ་ཤར་བ་ལ་སེམས་རྩེ་གཅིག་པ་ཉིད་ཀྱིས། ཐུགས་ཀར་པད་ཉི་ཟླ་བའི་སྟེང་དུ་ཧཱུྃ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་བསམས་ལ། དེ་ལས་བྱུང་བའི་འོད་ཀྱིས་སྣང་བ་ཐམས་ཅད་ལྷ། གྲགས་པ་ཐམས་ཅད་སྔགས། དྲན་རྟོག་ཐམས་ཅད་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོར་གནས་པ་ལས་གཡོ་བ་མེད་པའི་ངང་ནས། ཨཱོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཞེས་པའི་བཟླས་པ་ཅི་ནུས་སུ་བཟླས་པའི་མཐར་སྦྱང་བ་གསུམ་སྔོན་དུ་འགྲོ་བའི་རླུང་བུམ་པ་ཅན་དང་སྦྱར་ཏེ་རླུང་སྔགས་དབྱེར་མི་ཕྱེད་པའི་རྡོར་བཟླས་ཀྱང་ཅི་ནུས་སུ་བྱ་ཞིང་། ཐུན་བསྡུ་བ་ན་ལྷ་སྔགས་ལ་སོགས་པ་མཚན་མའི་སྣང་བ་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་བཞིན་མི་དམིགས་སྤྲོས་པ་ཐམས་ཅད་བྲལ་བའི་དེ་བཞིན་ཉིད་ཀྱི་དབྱིངས་སུ་ཅི་གནས་སུ་མཉམ་པར་གཞག་ལ། དེ་ལས་ལྡང་བ་ན་ཆུ་ལས་ཉ་ལྡང་བའི་ཚུལ་དུ་ཐུན་མཚམས་ཀྱི་ལྷར་ལངས་ནས་བསྔོ་སྨོན་བྱ། དེ་ནས་སྲོད་ཐུན་ཡང་སྐྱབས་སེམས་ནས་བཟུང་ཐུན་བསྡུ་བའི་བར་སྔར་ལྟར་ལས་ཐུན་མཐར་གཏོར་བསྔོ་སོགས་དགེ་སྦྱོར་ཁྲིགས་གཞན་རྣམས་ཀྱང་བྱ་ཞིང་། མཐར་ཉལ་བ་ན་མཚན་མེད་འོད་གསལ་གྱི་ངང་ལ་འཇོག་པའམ། སྙིང་གའི་ཧཱུྃ་ཡིག་ལ་སེམས་རྩེ་གཅིག་པས་ཉལ་བ་གང་བདེའི་རྣལ་འབྱོར་གྱིས་ཉལ། དེའི་སང་ཞོགས་ཐོར་ཐུན་ལ་བབས་པ་ན་ལྡང་བའི་རྣལ་འབྱོར་གྱིས་ལངས་ཏེ་ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱང་ཞིང་སྐྱབས་སེམས་ཡན་ལག་བདུན་པ་ནས་ཐུན་མཚམས་ཀྱི་བར་སྔར་བཞིན་གྱི་སྔ་དྲོ་ཐུན་གཉིས་ཏེ་ཐུན་བཞིའམ། ཡང་ན་ཐོ་རངས་ནས་ཉིན་གུང་ཡན་ལ་ཐུན་གཅིག་དང་། དེ་ནས་སྲོད་ཐུན་གྱི་བར་ལ་ཐུན་གཅིག་སྟེ་ཐུན་གཉིས་སུ་བྱས་ན་ཡང་མི་འགལ་ཞིང་། འོན་ཀྱང་འདི་ལ་ངག་འདོན་སོགས་ཀྱི་སྤྲོས་པ་ཉུང་བས་ཐུན་བཞི་མར་བྱས་པ་ཉིད་བློ་འཇུར་བ་ལ་ཕན་པའི་ཕྱིར་དེ་ལྟར་བྱས་པ་ཉིད་ལེགས་ཤིང་། གང་ལྟར་ན་ཡང་རིམ་པ་དེ་ལྟ་བུས་གྲངས་ནི་འབྲུ་འབུམ་ནས་འབུམ་ཕྲག་གཅིག་གི་བར་དང་། དུས་ནི་ཟླ་གཅིག་ནས་བདུན་ཕྲག་གཅིག་གི་བར་དང་། མཚན་མ་ནི་དངོས་ཉམས་རྨི་ལམ་དུ་ཞལ་མཐོང་ཞིང་ལུང་སྟོན་པའི་བར་རོ། །གཉིས་པ་ནང་སྒྲུབ་ནི། སྦྱོར་བ་སྔར་ལྟར་འདྲ་བ་ལས། སྭ་བྷཱ་ཝས་སྟོང་པར་སྦྱངས་ཏེ། སྟོང་པ་ཉིད་ཀྱི་ངང་ལས་སྣོད་ཀྱི་འཇིག་རྟེན་ཡེ་ཤེས་ལྔའི་རང་མདངས་འཇའ་འོད་སྣ་ལྔའི་གུར་ཁྱིམ་འཁྲིགས་པར་གྱུར་པའི་དབུས་སུ། རིན་པོ་ཆེ་ཟུར་བརྒྱད་པའི་ལྟེ་བར་པདྨ་དང་ཉི་ཟླའི་གདན་ལ་རིག་པའི་རང་རྩལ་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་སྐུ་མདོག་མཐིང་གསལ་ཞལ་གཅིག་ཕྱག་གཉིས་པ་ལོ་བརྒྱད་ལོན་པའི་ལང་ཚོ་ཅན་ཁྲོ་འཛུམ་བཞད་པའི་ཉམས་ལྡན་སྤྱན་གསུམ་པ། སྟག་ལྤགས་ཀྱི་ཤམ་ཐབས་དང་དར་གྱི་ཅོད་པན་དང་རུས་པའི་རྒྱན་གྱིས་སྤྲས་པ། རལ་པའི་ཐོར་ཚུགས་དང་མཚན་དཔེའི་གཟི་བྱིན་ཅན་ཕྱག་གཉིས་རྡོར་དྲིལ་ཐུགས་ཀར་བསྣོལ་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་པང་དུ་ཡུམ་དབྱིངས་ཕྱུག་མནྡཱ་ར་བ་དཀར་གསལ་གྲི་ཐོད་འཛིན་པས་འཁྲིལ་བ། བདེ་སྟོང་གཉིས་སུ་མེད་པའི་རྣམ་རོལ་ཅན་སྤྲུལ་པའི་འོད་ཟེར་མཐའ་ཡས་པར་སྤྲོ་བ། དེའི་སྤྱི་བོར་བུདྡྷ་ཐོད་ཕྲེང་དཀར་པོ་འཁོར་ལོ་དང་དྲིལ་བུ། མགྲིན་པར་པདྨ་ཐོད་ཕྲེང་དམར་པོ་པདྨ་དང་དྲིལ་བུ། སྙིང་གར་བཛྲ་ཐོད་ཕྲེང་སྔོན་པོ་རྡོ་རྗེ་དང་དྲིལ་བུ། ལྟེ་བར་རིན་ཆེན་ཐོད་ཕྲེང་སེར་པོ་རིན་པོ་ཆེ་དང་དྲིལ་བུ། གསང་བར་ཀརྨ་ཐོད་ཕྲེང་ལྗང་གུ་རལ་གྲི་དང་དྲིལ་བུ། ཐམས་ཅད་ཀྱང་རང་མདོག་གི་ཡུམ་གྲི་ཐོད་འཛིན་པ་དང་སྦྱོར་ཞིང་། རྒྱན་དང་ཆ་ལུགས་ཐམས་ཅད་གཙོ་བོ་དང་མཚུངས་པ། མཐའ་སྐོར་དུ་རིན་ཆེན་ཟུར་བརྒྱད་པའི་སྟེང་གི་ཤར་དུ་པདྨ་འབྱུང་གནས། ལྷོར་བློ་ལྡན་མཆོག་སྲེད། ནུབ་ཏུ་ཉི་མ་འོད་ཟེར། བྱང་དུ་སེང་གེ་སྒྲ་སྒྲོག །ཤར་ལྷོར་པདྨ་སཾ་བྷ། ལྷོ་ནུབ་ཏུ་པདྨ་རྒྱལ་པོ། ནུབ་བྱང་དུ་ཤཱཀྱ་སེང་གེ །བྱང་ཤར་དུ་རྡོ་རྗེ་གྲོ་ལོད་རྣམས་ཆ་ལུགས་སྤྱི་དང་མཐུན་པ་རིག་འཛིན་མཁའ་འགྲོའི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པའི་སྤྲིན་ཕུང་སྤྲོ་བ་དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པའི་ངོ་བོར་གསལ་བའི། ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱུྃ་ཡིག་མཐིང་ག་སྔགས་ཀྱི་ཕྲེང་བས་བསྐོར་བ་དེ་ལས་བྱུང་བའི་འོད་ཀྱིས་སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཡེ་ཤེས་ལྔའི་འོད་ཁྱིམ། བཅུད་ཀྱི་སེམས་ཅན་ཐམས་ཅད་དཀྱིལ་འཁོར་འཁོར་ལོའི་ཚོམ་བུར་རྫོགས་པ་ལས་གཞན་དུ་མ་གཡོས་པའི་སེམས་རྩེ་གཅིག་པས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་པའི་བཟླས་པ་ལ་ཆིག་སྒྲིལ་དུ་བྱ་ཞིང་ཐུན་མཚམས་སུ་འཁོར་རྣམས་གཙོ་བོ་ལ་བསྡུ། གནས་ལྔའི་ལྷ་ཡང་དེ་དང་དེར་འོད་དུ་ཐིམ། རང་ཉིད་ཀྱང་ཐུགས་ཀའི་ཧཱུྃ་ལ། དེ་ཡང་ནཱ་དའི་བར་དུ་བསྡུས་ནས་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་བློ་བཞག །དེ་ལས་ལྡང་བ་ན་སྐད་ཅིག་གིས་ལྷར་བསྐྱེད་ནས་བསྔོ་སྨོན་བྱ། རིམ་པ་དེ་ལྟ་བུས་ཐུན་གཅོད་ལུགས་སོགས་ཕྱི་སྒྲུབ་ལྟར་དང་གྲངས་དུས་མཚན་མའི་བར་རྣམས་ཀྱང་སྔར་བཤད་པ་བཞིན་ནོ། །གསུམ་པ་གསང་སྒྲུབ་ནི། སྦྱོར་བ་སྔར་དང་འདྲ་བ་ལས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྣོད་ཀྱི་འཇིག་རྟེན་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་ཆེན་པོར་དག་པའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པ་གདན་སྟབས་སུ་བཀོད་པའི་ལྟེ་བར་པད་ཉི་དྲེགས་པ་ཕོ་མོ་བསྣོལ་བའི་སྟེང་དུ། རང་རིག་ཧཱུྃ་ཡིག་མཐིང་གའི་འཕྲོ་འདུ་ལས་ཁྲག་འཐུང་བླ་མ་དྲག་པོ་རྩལ་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་ཁྲོ་གཏུམ་བཟོད་པར་དཀའ་བའི་ཉམས་ཅན། བེར་སྨུག་རྡོ་རྗེའི་གསང་རིས་ཅན་དང་དུར་ཁྲོད་འབར་བའི་ཆས་ཀྱིས་བརྒྱན་པ། སྤྱན་གསུམ་ཉི་ཟླ་ལྟར་འབར་ཞིང་ཞལ་གདངས་བ་རལ་པ་དམར་སེར་འབར་བ། གཡས་ལྕགས་རྡོར་རྩེ་ལྔ་གདེངས་སྟབས་སུ་ཕྱར་ཞིང་གཡོན་དམར་གྱི་དུང་ཆེན་ཐུགས་ཀར་འཛིན་པ། ཡུམ་ཀྲོ་དྷཱི་དམར་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ། ཞབས་གཡོན་བརྐྱང་ཞིང་གཡས་བསྐུམ་པའི་དོར་སྟབས་ཀྱིས་བཞུགས་པ། ཕྱི་རོལ་རྩིབས་བརྒྱད་ཀྱི་སྟེང་དུ་ཧཱུྃ་ཡིག་བརྒྱད་ལས་ཤར་དུ་ཡང་དག་གཡས་རྡོ་རྗེ། ལྷོར་གཤིན་རྗེ་གཡས་འཁོར་ལོ། ནུབ་ཏུ་རྟ་མགྲིན་གཡས་ཐོད་དབྱུག །བྱང་དུ་རྡོ་རྗེ་གཞོན་ནུ་གཡས་ཕུར་པ། ཤར་ལྷོར་མངོན་རྫོགས་རྒྱལ་པོ་གཡས་ཁ་ཊྭཱཾ། ལྷོ་ནུབ་ཏུ་ཆེ་མཆོག་གཡས་རྡོ་རྗེ། ནུབ་བྱང་དུ་དྲེགས་པ་གཡས་གྲི་གུག །བྱང་ཤར་དུ་དྲག་སྔགས་གཡས་རྡོ་རྗེ། ཐམས་ཅད་ཀྱང་གཡོན་དུང་དམར་འཛིན་པ་དུར་ཁྲོད་ཀྱི་ཆས་ཅན། ཡུམ་དྲིལ་བྷན་འཛིན་མ་དང་མཉམ་པར་སྦྱོར་བ། སྤྲུལ་པའི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པའི་སྤྲིན་སྤྲོ་བ་དམ་ཚིག་པ་དང་ཡེ་ཤེས་པ་ཡེ་ནས་དབྱེར་མེད་རང་རིག་དེ་བཞིན་ཉིད་དུ་ངོ་བོ་གཅིག་པའི་གསལ་སྣང་དཀྱིལ་འཁོར་འཁོར་ལོའི་སྣང་ཆ་མ་འགག་པའི་སྒྱུ་འཕྲུལ་བསམ་གྱིས་མི་ཁྱབ་པའི་རོལ་པར་འཆར་བ་ལ་སེམས་རྩེ་གཅིག་པར་བྱས་ལ། གཙོ་བོའི་ཐུགས་ཀར་འཁོར་ལོའི་དབུས་སུ་ཉི་མ་ལ་གནས་པའི་ཧཱུྃ་ཡིག་འབར་བ་སྔགས་ཀྱི་ཕྲེང་བས་གཡས་སུ་བསྐོར་བར་བསྒོམས་པ་ལ། བཟླས་བརྗོད་བགྱིས་པ་ན་སྔགས་ཀྱི་འོད་ཟེར་སྣོད་ཀྱི་འཇིག་རྟེན་ལ་ཕོག་པས་གཞལ་ཡས་ཁང་། བཅུད་ཀྱི་སེམས་ཅན་ཐམས་ཅད་ཧེ་རུ་ཀའི་རྣམ་རོལ། སྒྲ་གྲགས་ཐམས་ཅད་སྔགས་ཀྱི་སྒྲ་གདངས། དྲན་རྟོག་ཐམས་ཅད་ཆོས་ཉིད་ཁྱབ་བརྡལ་སྤྲོས་བྲལ་ཀ་དག་ཆེན་པོའི་དབྱིངས་སུ་རོ་མཉམ་པ་ལ་བསླབ་ཅིང་སྔགས་ནི། ཨཱོཾ་གུ་རུ་ཀྲོ་དྷ་རཱ་ཛ་ཀྲོ་དྷཱི་ཤྭ་རཱི་སརྦ་སིདྡྷི་ཧཱུྃ༔ ཞེས་ངག་གི་བཟླས་པ་བྱ་ཞིང་། རེས་འགའ་ལྕེ་མཆུའི་སྦྱོར་བ་ལ་མ་ལྟོས་པའི་འགོག་བཟླས་དང་རྡོ་རྗེའི་བཟླས་པ་ཡང་བྱའོ། །ཐུན་བསྡུ་བ་ན་རྟེན་དང་བརྟེན་པའི་སྣང་ཆ་ཐམས་ཅད་ཐུགས་སྲོག་ཧཱུྃ་ཡིག་ལ་བསྡུ། དེ་ཡང་ནཱ་དའི་བར་དུ་བསྡུས་ཏེ་སྤྲོས་བྲལ་ཁྱབ་བརྡལ་ཆེན་པོའི་དབྱིངས་སུ་མཉམ་པར་བཞག །ལྡང་བ་ན་སྐད་ཅིག་གིས་ལྷ་སྐུའི་གསལ་སྣང་དང་མ་བྲལ་བས་བསྔོ་སྨོན་སོགས་བྱ་བ་སྟེ། སྔར་བཞིན་ཐུན་བཞིའམ་གཉིས་ལ་སོགས་པའི་ཁྲིགས་སུ་བཅད་དེ་བྱ་ཞིང་། གང་ལྟར་ན་ཡང་རིམ་པ་དེ་ལྟ་བུས་གྲངས་མཚན་ནི་སྔར་བཞིན་དང་། དུས་ནི་མ་མཐའ་ཡང་བདུན་ཕྲག་གསུམ་གྱི་ངེས་པ་དང་ལྡན་པར་བྱའོ། །ཐུན་ཐམས་ཅད་ཀྱི་མཐར་ཡི་གེ་བརྒྱ་པ་མང་ཉུང་ཅི་འགྲུབ་རེ་བཟླ་བ་ཕྱག་ལེན་ནོ། །གསུམ་པ་རྗེས་ནི། བསྙེན་པ་རྫོགས་ནས་སང་གྲོལ་རྒྱུའི་དགོང་ཐུན་ནས་བཟུང་མཆོད་གཏོར་རྒྱ་ཆེར་བཤམ། མདུན་གྱི་གཏོར་མ་ཡང་ལྷར་བསྐྱེད་དངོས་གྲུབ་བསྡུ་བའི་དམིགས་པ་དང་བཅས་སྔགས་མཐར་སརྦ་སིདྡྷི་ཧཱུྃ་ཞེས་བཏགས་པ་ཡང་ཅི་ནུས་བཟླ་སྟེ། དེ་ལྟ་བུའི་ཚུལ་གྱིས་གྲོལ་རྒྱུའི་སྔ་ཐུན་ལ་སླར་ཡང་མཆོད་གཏོར་བཤམ། ལས་བྱང་གིས་ཁོག་ཕུབ་པའི་སྒོམ་བཟླས་ཚོགས་མཆོད་སོགས་མཐའ་རྒྱས་སྤྱི་ལྟར་ལས་སྒྲུབ་གཏོར་ལྷར་གསལ་བ་སྨན་གཏོར་རཀྟས་མཆོད། ཡིག་བརྒྱས་འཁོན་ལྕུགས་སྦྱངས་ནས་དངོས་གྲུབ་ལེན་པ་སོགས་བསྙེན་ཡིག་གཞན་དུ་བཤད་པ་བཞིན་བྱའོ། །འོན་ཀྱང་འདི་ཉིད་སྤྲོས་མེད་ཀྱི་ཉམས་ལེན་སྙིང་པོར་དྲིལ་བའི་ཕྱིར། དེ་དག་མ་བྱས་ཀྱང་ཆད་པར་ནི་མི་འགྱུར་རོ། །སྣང་གྲགས་ལྷ་སྔགས་ཆོས་ཉིད་ཀྱི་རོལ་པར་གསལ་བ་ཐམས་ཅད་ཀྱང་གདོད་ནས་གྲུབ་པའི་ཆོས་ཉིད་ཀྱི་ངོ་བོར་རོ་མཉམ་པར་ཤེས་པ་ཉིད་ལ་ཚང་བའི་ཕྱིར་རོ། །རྒྱུན་བཟླས་ནར་མར་བྱེད་པ་ན་དཀྱིལ་འཁོར་རྫོགས་པར་བསྒོམ་པ་ལ་སོགས་པའི་གཞུང་སོ་སོའི་སྨོས་ཚོད་བཞིན་དུ་སྒྲུབ་པ་ཡིན་མོད་ཀྱི། སྙིང་པོར་དྲིལ་བ་ཙམ་དུ་བྱེད་ན། སྐྱབས་སེམས་སྔོན་དུ་འགྲོ་བས་ཤཱུནྱ་ཏཱའི་སྔགས་ཀྱིས་དང་པོར་སྟོང་པ་ཉིད་ཅུང་ཟད་བསྒོམ་པའི་ངང་ལས་སྙིང་རྗེ་ཆེན་པོའི་བློས་བསྐྱེད་དེ་ཆུ་དྭངས་པ་ལ་ཉི་ཟླའི་གཟུགས་བརྙན་འཆར་བ་ལྟར་སྐད་ཅིག་གིས་ལྷའི་སྐུར་བཀྲ་ལམ་གྱི་གསལ་བ་དང་སྔགས་ཀྱི་སྒྲ་གདངས་ལ་སེམས་རྩེ་གཅིག་ཏུ་དྲིལ་ནས་བཟླས་པ་བྱ་ཞིང་། ཐུན་བསྡུ་བ་ན་མེ་ལོང་ལ་ཧས་བཏབ་པ་བཞིན་མི་དམིགས་པའི་ཀློང་དུ་བཞག་གོ །ཡང་ན་སྔར་སྒོམ་པའི་ཤུགས་ཀྱིས་ལྷར་དྲན་པ་ཙམ་བྱས་པས་དེའི་གསལ་སྣང་ཤར་བ་ན་དེ་ལ་བརྟེན་ནས་ཀྱང་བཟླས་བརྗོད་བྱའོ། །ཡང་ན་ལྷའི་རྣམ་པ་གསལ་བར་མ་གྱུར་ཀྱང་བདག་གི་ལུས་ངག་ཡིད་གསུམ་ཡེ་ནས་ལྷའི་སྐུ་གསུང་ཐུགས་ཡིན་ནོ་སྙམ་པའི་ང་རྒྱལ་དང་ལྡན་པས་ཀྱང་བཟླས་བརྗོད་བྱ་སྟེ་མན་ངག་གི་གནད་ཁྱད་པར་ཅན་དང་འབྲེལ་པ་ཡིན་ནོ། །རིག་འཛིན་ཐུགས་ཐིག་གི་ཕྱི་ནང་གསང་བའི་སྒྲུབ་ཐབས་ཀྱི་གསལ་བྱེད་ཉུང་ངུར་བསྡུས་པ་འདི་ནི་བྱ་བཏང་ཨོ་རྒྱན་ལྷུན་གྲུབ་ཀྱིས་བསྐུལ་བའི་ངོར་རིག་འཛིན་འགྱུར་མེད་རྡོ་རྗེས་བཀོད་པའི་ཡི་གེ་པ་ནི་ཨོ་རྒྱན་རྣམ་གྲོལ་ལོ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).