Terdzo-GI-012: Difference between revisions
No edit summary |
No edit summary |
||
| Line 9: | Line 9: | ||
|collectiontitletib=རིན་ཆེན་གཏེར་མཛོད་ | |collectiontitletib=རིན་ཆེན་གཏེར་མཛོད་ | ||
|author='jam mgon kong sprul | |author='jam mgon kong sprul | ||
|sourcerevealer=stag sham nus ldan rdo rje | |sourcerevealer=stag sham nus ldan rdo rje | ||
|compiler='jam mgon kong sprul | |compiler='jam mgon kong sprul | ||
|authortib=འཇམ་མགོན་ཀོང་སྤྲུལ་ | |authortib=འཇམ་མགོན་ཀོང་སྤྲུལ་ | ||
|sourcerevealertib=སྟག་ཤམ་ནུས་ལྡན་རྡོ་རྗེ་ | |sourcerevealertib=སྟག་ཤམ་ནུས་ལྡན་རྡོ་རྗེ་ | ||
|compilertib=འཇམ་མགོན་ཀོང་སྤྲུལ་ | |compilertib=འཇམ་མགོན་ཀོང་སྤྲུལ་ | ||
|tiblittype=Buddhist | |tiblittype=Buddhist | ||
| Line 37: | Line 37: | ||
|rectonotes=don dbang | |rectonotes=don dbang | ||
|versonotes=gter mdzod seng gdong gter kha gnyis 'dus | |versonotes=gter mdzod seng gdong gter kha gnyis 'dus | ||
|archivistnotes=This work also draws from the [[Bdud 'dul drag mo'i chos skor]] of Matiratna. | |||
|colophontib=ཚུལ་འདིའང་ཆོས་བདག་བསམ་གཏན་བསྟན་འཛིན་གྱིས་མཛད་པ་ལ་ལག་ལེན་སོགས་ཅུང་ཟད་གསལ་བར་ཕྱེས་ཏེ་པདྨ་གར་དབང་འཆི་མེད་བསྟན་གཉིས་གླིང་པས་ཙ་འདྲ་རིན་ཆེན་བྲག་ཌཱ་ཀི་འདུ་བའི་གསང་ཁྲོད་དུ་བགྱིས་པ་དགེ་ལེགས་འཕེལ་ | |colophontib=ཚུལ་འདིའང་ཆོས་བདག་བསམ་གཏན་བསྟན་འཛིན་གྱིས་མཛད་པ་ལ་ལག་ལེན་སོགས་ཅུང་ཟད་གསལ་བར་ཕྱེས་ཏེ་པདྨ་གར་དབང་འཆི་མེད་བསྟན་གཉིས་གླིང་པས་ཙ་འདྲ་རིན་ཆེན་བྲག་ཌཱ་ཀི་འདུ་བའི་གསང་ཁྲོད་དུ་བགྱིས་པ་དགེ་ལེགས་འཕེལ་ | ||
|colophonwylie=tshul 'di'ang chos bdag bsam gtan bstan 'dzin gyis mdzad pa la lag len sogs cung zad gsal bar phyes te pad+ma gar dbang 'chi med bstan gnyis gling pas tsa 'dra rin chen brag DA ki 'du ba'i gsang khrod du bgyis pa dge legs 'phel | |colophonwylie=tshul 'di'ang chos bdag bsam gtan bstan 'dzin gyis mdzad pa la lag len sogs cung zad gsal bar phyes te pad+ma gar dbang 'chi med bstan gnyis gling pas tsa 'dra rin chen brag DA ki 'du ba'i gsang khrod du bgyis pa dge legs 'phel | ||
Revision as of 16:16, 10 January 2018
མཁའ་འགྲོ་བདུད་འདུལ་དྲག་མོའི་དོན་དབང་ལག་ཁྲིད་གསལ་བར་བཀོད་པ་བྱིན་རླབས་ཡེ་ཤེས་འདྲེན་པའི་ལྕགས་ཀྱུ་
by ([['jam mgon kong sprul|]])
revealed by སྟག་ཤམ་ནུས་ལྡན་རྡོ་རྗེ་ (Taksham Nuden Dorje)
in cycle མཁའ་འགྲོ་བདུད་འདུལ་དྲག་མོ་སེང་གེའི་གདོང་པ་ཅན་ (Mkha' 'gro bdud 'dul drag mo seng ge'i gdong pa can)
parent cycle ཌཱ་ཀིའི་སྙན་བརྒྱུད་ཟབ་མོ་ (DA ki'i snyan brgyud zab mo)
Volume 33 (གི) / Pages 173-186 / Folios 1a1 to 7b2
Tibetan Text
༄༅། །མཁའ་འགྲོ་བདུད་འདུལ་དྲག་མོའི་དོན་དབང་ལག་ཁྲིད་གསལ་བར་བཀོད་པ་བྱིན་རླབས་ཡེ་ཤེས་འདྲེན་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་སིཾ་ཧ་མུ་ཁ་ཡེ། སྤྲོས་མེད་ནམ་མཁའི་རང་བཞིན་ལས། །སྤྲོས་མཚན་གློག་གི་ཕྲེང་བ་གཡོ། །འཁྲུལ་རྟོག་བདུད་དཔུང་འདུལ་མཛད་མར། །འདུད་དོ་བྱིན་རླབས་སྣང་བ་སྩོལ། །ཌཱ་ཀི་བདུད་འདུལ་དྲག་མོའི་དོན་དབང་བསྡུས་པ་བསྐུར་བ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ནི། དབེན་པའི་གནས་སུ་གཙང་མའི་སྟེགས་ལ་མཎྜལ་འབྲུའི་ཚོམ་བུ་གཙོ་འཁོར་ལྔ་བཀོད་པའི་སྟེང་དུ་མཉྫི་ལ་བུམ་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་དམར་པོ་ཅན་གྱི་ཁར། མོ་ཐོད་མཚན་ལྡན་དུ་ཆང་དང་མངར་གསུམ་ཆོས་སྨན་སྦྱར་བ་བཞག་པའི་ཁར་མེ་ལོང་ཆང་གིས་བརླན་ཅིང་སིནྡྷུ་ར་བྱུགས་པ་ལ་ཆོས་འབྱུང་བསྣོལ་མའི་དབུས་སུ་པདྨ་འདབ་བཞིའི་ལྟེ་བར་བཾ་དང་འདབ་བཞིར་ཧ་རི་ནི་ས་བྲིས་པ་རྣམས་དར་དམར་གྱིས་ཁ་བཀབ། ནུབ་ཏུ་པད་སྣོད་དུ་གཏོར་མ་ཆོས་འབྱུང་བསྣོལ་མ་སྟེང་མའི་ཟུར་གསུམ་པོའི་འོག་ཐོད་སྐམ་གྱིས་འདེགས་པའི་སྟེང་དུ་ཙིཏྟ་རྒྱས་པའི་ཕྱོགས་བཞིར་རྡོ་རྗེའི་རྭ་དབྱིབས་སུ་བཅོས་པས་རྡོ་རྗེ་ཕྱེད་པའི་མཚན་ཉིད་ཀྱང་ཚང་བ་པད་འདབ་བརྒྱད་སྦྱར་བ། ཕྱོགས་བཞིར་བཤོས་ཕྲན་ནོར་བུ་འབར་བ་བཞིས་བསྐོར་ཅིང་རྩེ་རྒྱན་དང་པདྨའི་ཕྲེང་ཚར་གྱིས་མཛེས་པ། དེའི་གཡས་གཡོན་སྨན་རག །དཀྱིལ་འཁོར་གྱི་མདུན་ངོས་སུ་ཕྱི་མཆོད་ཕྲེང་ཚར། ལྷོར་ཚོགས་རྫས། བྱང་དུ་བཀའ་སྲུང་དམ་ཅན་གྱི་གཏོར་འབུལ་རྣམས་བཤམ། ལས་བུམ་དང་ཚོགས་གཏོར་ཕྲིན་ལས་ལ་དགོས་པའི་ཡོ་བྱད་རྣམས་ཀྱང་ཚོགས་པར་བྱའོ། །དེ་ནས་དབང་དོན་བདག་མདུན་སྒྲུབ་པ་ནི། ལས་བྱང་རྒྱས་བསྡུས་གང་ཡིན་ཁྱད་པར་མེད་ཀྱང་སྐབས་འདིར་བསྡུས་པ་མྱུར་མགྱོགས་གློག་ཕྲེང་ཉིད་སྟབས་བདེ་བས། བརྒྱུད་འདེབས་ནས་གཟུང་སྟེ་མཐར་ཆགས་སུ་གཏང་། བློ་རབ་ཀྱིས་བདག་མདུན་དབྱེར་མེད་དུ་བསྒོམ། རྟོགས་པ་དམན་ན་ཛཔ྄་ཁང་དབྱེ་བའམ་ཐོག་མ་ནས་ཚིག་རིས་གཅིག་གིས་བདག་མདུན་དཀྱིལ་འཁོར་ཆ་གཉིས་སུ་བསྒོམས་ལ་སོ་སོར་སྤྲོ་བསྡུའི་དམིགས་པ་དང་བཅས་ཛཔ྄་བསྙེན་ཅི་འགྲུབ་བཟླ། ལས་བུམ་དུ་འཁྱིལ་པའི་བསྐྱེད་བཟླས་བྱ། བཀའ་སྲུང་གཏོར་འབུལ། ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་བར་དུ་གཏང་། སྤྲོ་ན་བདག་འཇུག་གམ་དཀྱུས་སུ་རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ། །གཉིས་པ་དངོས་གཞི་ནི། སློབ་མ་རྣམས། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་ནས་དབྱུང་། བགེགས་གཏོར་བཏང་ལ་བཀའ་བསྒོ་སྲུང་འཁོར་ལས་བྱང་ལྟར་བརྗོད། མཎྜལ་བཀྱེ་བསྡུ་དང་། སེམས་བསྐྱེད་གསལ་བཏབ་ལ། དེའང་ཆོས་སྐུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་འཕགས་བཞི་སྐྱེད་པའི་ཡུམ་ཆོས་ཐམས་ཅད་ཀྱི་དབྱིངས་འགྱུར་བ་མེད་པ་ཉིད། རྟགས་ལོངས་སྤྱོད་ཡོངས་སུ་རྫོགས་པའི་ཡེ་ཤེས་ཀྱི་རྒྱན་སྟུག་པོ་བཀོད་པའི་སྤྲིན་དང་ཕྱི་ནང་གི་བསྲེག་ཟའི་སྙིང་པོ་བདེ་ཆེན་ཙཎྜ་ལཱིའི་རང་བཞིན་དུ་སྣང་ཞིང་། བརྡ་ཡེ་ཤེས་རིགས་ཀྱི་ཌཱ་ཀི་སྡེ་ལྔ་སྐུ་དང་མཚན་གྱི་རྣམ་འགྱུར་བསམ་གྱིས་མི་ཁྱབ་པར་སྣང་བས་སངས་རྒྱས་ཀྱི་ཕྲིན་ལས་རབ་འབྱམས་སྒྲུབ་ཅིང་སེམས་ཅན་གྱི་དོན་གང་ལ་གང་འདུལ་ཁྱབ་ཅིང་རྟག་པའི་རང་བཞིན་དུ་མཛད་པ་ལས། བདུད་རིགས་ལོག་འདྲེན་བྱད་མ་རྦོད་གཏོང་གི་གཉེན་པོར་དབྱིངས་ལས་ཡེ་ཤེས་དྲག་མོའི་ཚུལ་ཆེད་དུ་བཞེངས་པ། འཇིགས་རུང་དཔའ་མོ་འཕྲོག་བྱེད་ཞལ་ཅན་འདི་ལ་རྒྱུད་དང་གདམས་ངག་ཟབ་མོ་མང་དུ་བཞུགས་ཤིང་། གསང་བའི་ཡི་དམ་དུ་བསྟེན་པས་དངོས་གྲུབ་གཉིས་ལ་མངའ་བརྙེས་པའི་སློབ་དཔོན་འཕགས་བོད་གཉིས་སུ་ཅི་རིགས་པར་བྱོན་པ་དང་། ལྷག་པར་ཕྱི་ནང་གི་བྱད་ཕུར་རྦོད་གཏོང་གདུག་པའི་ཚང་ཚིང་བཅོམ་པ་ལ་དུས་མཐའི་མེ་དང་མཚུངས་པའི་ནུས་སྟོབས་གསང་རིག་གཟུངས་སྔགས་གང་གིས་ཀྱང་འགྲན་པའི་ཟླ་དང་བྲལ་བར་ཡོངས་སུ་གྲགས་ཤིང་མངོན་དུ་གྱུར་པ་འདི་ལ། གསར་རྙིང་བཀའ་གཏེར་གྱི་རིགས་སྲོལ་རྒྱས་བསྡུས་ཅི་རིགས་པ་མཆིས་པ་རྣམས་ཀྱི་ནང་ནས། རྒྱུད་གདམས་ངག་སྨིན་གྲོལ་བསྐྱེད་རྫོགས་ལས་ཁ་ཚར་མཐའ་རྒྱས་སུ་བཞུགས་ཤིང་ངོ་མཚར་བྱིན་རླབས་ཀྱི་ཚན་ཁས་ཁྱད་པར་དུ་བྱས་པ་འདི་ནི། གསང་བདག་སེང་གེ་སྒྲ་སྒྲོག་གིས་མཁའ་འགྲོ་བདུད་འདུལ་མའི་རྣམ་རོལ་ཡེ་ཤེས་མཚོ་རྒྱལ་ལ་ཡི་དམ་དགོངས་འདུས་ཀྱི་ཆ་ལག་ཏུ་བསྩལ་ཅིང་དེས་ཀྱང་ཕྱི་རབས་ཀྱི་གདུལ་བྱ་ལ་དགོངས་ནས་ཟབ་མོའི་གཏེར་དུ་སྦས་པ་སྨོན་ལམ་གྱི་དུས་སད་པའི་ཚེ། ཨཱརྻ་ས་ལེའི་རྣམ་འཕྲུལ་གཏེར་ཆེན་བསམ་གཏན་གླིང་པའམ་སྟག་ཤམ་ནུས་ལྡན་རྡོ་རྗེས་མདོ་ཁམས་སྲིན་མོ་སྟག་གདོང་མའི་གནས་སྟག་ཚང་རྡོ་རྗེ་གྲོ་ལོད་ནས་སྤྱན་དྲངས་པ་དང་། གཏེར་སྟོན་མ་ཏི་རཏྣས་བ་གནས་ཨོ་རྒྱན་གསང་ཕུག་སིནྡྷུ་རའི་ཆུ་བོ་ནས་གདན་དྲངས་པའི་བདུད་འདུལ་དྲག་མོའི་སྐོར་ཡང་རྒྱུད་དང་རྫོགས་རིམ་སོགས་རྒྱས་པར་མ་བཞུགས་པ་ཙམ་ལས་གཞན་རྣམས་ཚིག་དོན་མཚུངས་ཤིང་། དབང་ལུང་བྱིན་རླབས་ཀྱི་ཆུ་བོ་གཅིག་ཏུ་འདྲེས་པ་སྟེ་དེ་ལྟ་བུའི་གཏེར་ཁ་གཉིས་འདུས་བདུད་འདུལ་དྲག་མོ་ལ་སྨིན་བྱེད་རྒྱས་བསྡུས་གཉིས་སུ་བཞུགས་པ་ལས། སྐབས་འདིར་སྙིང་པོ་བསྡུས་པའི་དོན་དབང་ཉིད་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་གཞུག །བླ་མ་དཀྱིལ་འཁོར་གྱི་གཙོ་མོ་དབྱེར་མེད་པ་ལ་མི་ཕྱེད་པའི་མོས་གུས་སོགས་དད་པ་གསུམ་ལྡན་གྱི་ངང་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ༔ བླ་མ་རྡོ་རྗེ་གཉེན་གཅིག་པོ༔ དཀྱིལ་འཁོར་གསུམ་གྱི་མངའ་བདག་གཙོ༔ མཁའ་འགྲོ་གསང་བའི་དཀྱིལ་འཁོར་དུ༔ བདག་ཅག་འཇུག་སྤྲོ་གནང་དུ་གསོལ༔ གཙོ་བོས་བདག་ལ་བཀའ་དྲིན་སྩོལ༔ ཅེས་ལན་གསུམ་ཞུ། བླ་མས། ཧོ༔ དད་པ་དམ་ཚིག་ལྡན་པའི་བུ༔ མཁའ་འགྲོའི་དཀྱིལ་འཁོར་འཇུག་བྱས་ནས༔ དམ་ཚིག་ཚུལ་བཞིན་སྲུང་ནུས་སམ༔ གཉིས་རྟོག་ཡོད་ན་ཕྱིར་དེངས་ཤིག༔ ཅེས་དྲིས་པ་ལ་ལན་གསོལ་བ་འདིའི་རྗེས་ཟློས། ཧོ༔ དད་པ་དམ་ཚིག་ལྡན་པའི་བུ༔ ཚུལ་བཞིན་འཇུག་ལ་བསྲུང་བསྒྲུབ་ནུས༔ གཙོ་བོས་བདག་ལ་གནང་དུ་གསོལ༔ དེ་ནས་རྒྱུད་དག་ཅིང་དབང་གི་སྣོད་དུ་རུང་བར་བྱ་བའི་ཕྱིར་བླ་མ་དང་མཁའ་འགྲོ་བདུད་འདུལ་དྲག་མོའི་དཀྱིལ་འཁོར་རྩ་གསུམ་ཆོས་སྲུང་དང་བཅས་པའི་སྤྱན་སྔར། རང་གཞན་ཐམས་ཅད་འཁོར་བ་ལས་ཐར་འདོད་ཀྱི་ངེས་འབྱུང་དང་བྱང་ཆུབ་དོན་དུ་གཉེར་བའི་བསམ་པས་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས། ཨེ་མ་ཧོ༔ བྱིན་རླབས་གཏེར་འབྱུང་བླ་མ་དང༔ དངོས་གྲུབ་རྒྱ་མཚོ་ཡི་དམ་ལྷ༔ ཕྲིན་ལས་བཞི་སྒྲུབ་མཁའ་འགྲོའི་ཚོགས༔ བྱང་ཆུབ་བར་དུ་བདག་སྐྱབས་མཆི༔ ལན་གསུམ། མར་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལམ་ཟབ་མོ་འདི་ལ་དད་པས་འཇུག་ཅིང་བརྩོན་པས་བསྒྲུབ་པར་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོ༔ རྩ་བ་གསུམ་ལ་སྐྱབས་སོང་ནས༔ བྱང་ཆུབ་སེམས་ནི་རྟག་ཏུ་བསྒོམ༔ ཤེས་རབ་སྙིང་རྗེ་ཐབས་ཀྱིས་སྦྱང༔ བླ་མེད་བྱང་ཆུབ་སེམས་བསྐྱེད་དོ༔ ལན་གསུམ། དེས་ཐུན་མོང་དུ་རྒྱུད་སྦྱོང་བའི་རིམ་པ་སོང་ནས། ཐུན་མོང་མ་ཡིན་པ་གསང་སྔགས་ཀྱི་དབང་ཐོབ་ནས་དམ་ཚིག་ལ་ཚུལ་བཞིན་དུ་གནས་དགོས་པ་དེའི་དཔང་པོར་རྡོ་རྗེའི་སྲོག་ཆུ་སྦྱིན་པར་ཤེས་མཛོད། དམ་ཆུ་བདུད་རྩི་སྦྱིན་ལ། ཧོ༔ མཁའ་འགྲོ་བླ་མེད་གསང་བའི་མཆོག༔ དམ་ཚིག་ལྡན་པའི་སྤྱོད་ཡུལ་ཡིན༔ ཐེག་དམན་རྣམས་ཀྱི་བློར་མི་ཤོང༔ སྲོག་ལ་བབས་ཀྱང་དམ་ཚིག་སྲུངས༔ རྡོ་རྗེའི་ཐ་ཚིག་ལས་ནམ་ཡང་འདའ་བར་མི་བྱ་སྙམ་པས་འདིའི་རྗེས་ཟློས། ཌཱ་ཀི་ས་མ་ཡ་ན་ར་ཀན༔ དེ་ནས་དབང་གི་གཞིའམ་རྩ་བར་གྱུར་པ་ཡེ་ཤེས་པ་དབབ་པའི་སླད་དུ། ཁྱེད་རང་རྣམས་ལོངས་ལ་ལུས་སྒྲིམས། ལག་པ་སྤྱི་བོར་ཆོས་འབྱུང་གི་ཕྱག་རྒྱ་བཅའ། སེམས་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད། བཛྲ་ཨ་མྲྀཏ་དང་ལས་ཆུས་བསང་། སྭ་བྷཱ་བས་སྦྱང་། གཉིས་འཛིན་གྱི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སློབ་མ་རྣམས་སྐད་ཅིག་གིས་མཁའ་འགྲོ་མ་སེང་གདོང་དམར་མོ་ལང་ཚོ་དང་ལྡན་པ་སྟོང་ར་འོད་ཀྱི་སྐུར་བསྒོམས་པའི་དཔྲལ་བར་གཡུང་དྲུང་དམར་པོ་གཡས་སུ་འཁོར་བ། མགྲིན་པར་བྷནྡྷ་བདུད་རྩིས་གང་བ་ཙ་ར་ར་ཟག་པ། སྙིང་གར་མེ་ལོང་གི་སྟེང་དུ་རིག་པའི་ངོ་བོ་ཐིག་ལེ་ཁ་དོག་ལྔ་ལྡན་སྲན་མ་ཙམ་འཕར་ལིང་ལིང་བྱེད་པ། ལྟེ་བར་ཆོས་འབྱུང་བསྣོལ་མའི་དབུས་སུ་བཾ། ཕྱོགས་བཞིར་ཧ་རི་ནི་ས་བཞི་སྒོམས། དེ་ལས་མེ་དམར་རམ་མེ་འབར་ནས་མཁའ་འགྲོ་ལྔར་གྱུར་ཏེ་གར་ཐབས་ཤིག་ཤིག་བྱེད་པར་གསལ། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་དང་ཁྱད་པར་དུར་ཁྲོད་གསང་ཆེན་བསྣོལ་མའི་ཞིང་ནས་བདུད་འདུལ་ཡེ་ཤེས་ཀྱི་མཁའ་འགྲོ་དྲག་མོ་སེང་གེའི་གདོང་ཅན་གྱི་ཐུགས་རྒྱུད་བསྐུལ་ནས། རྩ་གསུམ་རྒྱལ་བ་སྲས་བཅས་ཐམས་ཅད་ཡེ་ཤེས་མཁའ་འགྲོའི་རྣམ་པར་སྤྲིན་འཁྲིགས་པ་ལྟར་ཡོམ་ཡོམ་ཤིག་ཤིག་བྱོན་ནས། དབང་རྫས་རྣམས་དང་སློབ་མ་དམ་ཚིག་མཁའ་འགྲོར་གསལ་བ་ལ་གཉིས་སུ་མེད་པར་མཚོ་ལ་ཁ་བ་བབས་པ་བཞིན་དུ་ཐིམ་པའི་མོས་པ་མཛོད། ཅེས་དམིགས་པ་སྤྲད་ཅིང་སྤོས་རོལ་དབྱངས་དང་བཅས། ཧཱུྃ༔ མ་བཅོས་ལྷུན་གྲུབ་གསང་ཆེན་དུར་ཁྲོད་ནས༔ ཡེ་ཤེས་མཁའ་འགྲོ་སེང་གདོང་འཁོར་བཅས་རྣམས༔ སློབ་མར་དབང་སྐུར་སྒྲུབ་རྫས་བྱིན་ཆེན་ཕོབ༔ ཟག་མེད་བདེ་བ་ཆེན་པོར་བྱིན་ཆེན་ཕོབ༔ ཅེས་དང་། བཾ་ཧ་རི་ནི་ས་ཌཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་དབབ་བསྟིམ་དྲག་ཏུ་བྱ། ཡེ་ཤེས་པ་རྣམས་དམ་ཚིག་སློབ་མའི་དཀྱིལ་འཁོར་དུ་བརྟན་པར་གྱུར་ཅིག་ཏིཥྛ་བཛྲ༔ ཞེས་མེ་ཏོག་འཐོར་ལ་བརྟན་པར་བྱ། དེ་རྣམས་ཀྱིས་འཇུག་པའི་ཆོས་མདོར་བསྡུས་གྲུབ་པ་ལགས། དངོས་གཞིའི་དབང་བསྐུར་བ་ལ། གནམ་ལྕགས་ཐོག་རྒྱུད་ལས། ཕྱི་དབང་བུམ་པ་ལྷ་ཡི་དབང༔ བསྐྱེད་རིམ་ལྷ་ཡི་སྐུ་རུ་བསྒོམ༔ ནང་དབང་རླུང་སྔགས་གསུང་གི་དབང༔ གསང་སྔགས་རིག་སྔགས་གཟུངས་སྔགས་ཏེ༔ སྔགས་ལ་དབང་བསྒྱུར་གསང་དབང་ཐོབ༔ གསང་བ་དོན་དམ་སེམས་ཀྱི་དཀྱིལ༔ ཕྱག་རྒྱ་ཆེན་པོ་རྣལ་འབྱོར་མ༔ སྟོང་པའི་ངོ་སྤྲོད་ཤེས་རབ་ཆེ༔ ཡེ་ཤེས་ཡེ་ཤེས་འོད་དུ་འབར༔ བདེ་ཆེན་བདེ་སྟོང་ལྷན་ཅིག་སྐྱེས༔ བླ་མེད་བླ་མ་བློ་འདས་དབང༔ ཞེས་ཕྱི་ནང་གསང་བ་བླ་མེད་ཀྱི་དབང་བཞི་བུམ་པ་སོགས་བརྡའི་དཀྱིལ་འཁོར་བཞི་ལ་བརྟེན་ནས་དབང་བསྐུར་བར་གསུངས་པའི་ཐོག་མར་ཕྱི་བུམ་པའི་དབང་ལ་དམིགས་པ་འདི་བཞིན་དུ་མཛོད། བུམ་པ་འདི་ཡང་ཕྱི་བུམ་པའི་དབྱིབས་ཅན་ནང་དྲག་པོ་རང་བྱུང་གི་དུར་ཁྲོད་གསང་ཆེན་བསྣོལ་མའི་གཞལ་ཡས་ཁང་གི་དབུས་སུ་ཡེ་ཤེས་དང་ལས་ལས་གྲུབ་པའི་མཁའ་འགྲོ་མ་ཐམས་ཅད་ཀྱི་སྤྱི་རྗེ་གཙོ་མོ་སེང་གེའི་གདོང་ཅན་གྲི་ཐོད་འཛིན་པ། དེ་ལ་འཁོར་ལས་བཞི་ལྷུན་གྱིས་གྲུབ་པའི་མཁའ་འགྲོ་སེང་གདོང་རིགས་བཞི་དཀར་སེར་དམར་ལྗང་རང་འདྲའི་མཁའ་འགྲོ་བྱེ་བ་འབུམ་དང་བཅས་པ། དེའི་འཁོར་ལས་བྱེད་ཀྱི་ཌཱ་ཀི་གྲངས་མེད་པས་བསྐོར་བར་བསམ། དེ་ཐམས་ཅད་ཀྱང་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པ་ཞལ་ནས་སྔགས་སྒྲ་སྒྲོག་པ། ཐུགས་རྗེ་གློག་ལྟར་མྱུར་ཞིང་བྱིན་རླབས་ཀྱི་འོད་ཟེར་བུམ་ཆུ་དང་དབྱེར་མེད་པའི་ཡེ་ཤེས་ཁྱེད་རང་རྣམས་ལ་ཕབ་པས་སྒོ་གསུམ་གྱི་སྒྲིབ་པ་དག །བུམ་པའི་དབང་ཐོབ། མཁའ་འགྲོའི་སྐུའི་བྱིན་རླབས་རྒྱུད་ལ་ཞུགས་པའི་འདུན་པ་གྱིས་ཤིག །རྣམ་བུམ་ཐོགས་ལ། ཧཱུྃ༔ བུམ་པ་ལོངས་སྐུའི་གཞལ་ཡས་ནས༔ བུམ་ཆུ་མཁའ་འགྲོ་གསང་བའི་བཅུད༔ སྤྱི་བོར་འཁྲུད་པས་ལུས་སྒྲིབ་དག༔ མགྲིན་པར་བླུད་པས་ངག་སྒྲིབ་དག༔ སེམས་ཀྱིས་རོ་མྱོང་ཡིད་སྒྲིབ་དག༔ མཁའ་འགྲོ་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་བཾ་སིཾ་ཧ་ཌཱ་ཀི་ཧ་རི་ནི་ས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བུམ་པས་དབང་བསྐུར་བུམ་ཆུ་བླུད། དེ་ལྟར་བུམ་པ་ལ་བརྟེན་ནས་ལྷ་ཡོངས་རྫོགས་ཀྱི་དབང་བསྐུར་པས་རང་ལུས་མཁའ་འགྲོ་སེང་གདོང་མའི་སྐུ་དངོས་སུ་གྱུར་པར་མོས་ལ་དེང་ཕྱིན་ཆད་སྣང་སྟོང་ཆུ་ཟླ་ལྟ་བུའི་བསྐྱེད་རིམ་ལ་གནས་པར་གྱིས་ཤིག །གཉིས་པ་ནང་བནྡྷའི་དབང་ལ་དམིགས་པ་འདི་ལྟར་མཛོད། བནྡྷ་རང་བྱུང་གི་གཞལ་ཡས་ཁང་དུ་དྲག་མོ་སེང་གདོང་མའི་ལྷ་ཚོགས་བཞུགས་པའི་སྐུ་ལས་བདུད་རྩིའི་རྒྱུན་བབས། ཐོད་ཆང་གི་རྫས་དང་གཉིས་མེད་དུ་འདྲེས། ངག་ཏུ་མྱོང་བས་གསང་བའི་དབང་ཐོབ། མཁའ་འགྲོའི་གསུང་གི་བྱིན་རླབས་ཐམས་ཅད་རྒྱུད་ལ་ཐོབ་པའི་མོས་པ་མཛོད། བནྡྷ་མགྲིན་པར་བཞག་ལ། ཧཱུྃ༔ བཀྲ་ཤིས་མཚན་ལྡན་ཀ་པཱ་ལར༔ མཁའ་འགྲོ་གསང་བའི་དམ་རྫས་བཅུད༔ མགྲིན་པར་བསྐུར་བས་གསང་དབང་ཐོབ༔ མཁའ་འགྲོ་གསང་བའི་དབང་བསྐུར་བས༔ ཌཱ་ཀི་གསུང་གི་དབང་ཐོབ་ཤོག༔ ཨོཾ་བཾ་སིཾ་ཧ་ཌཱ་ཀི་ཧ་རི་ནི་ས་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བདུད་རྩི་བྱིན་ནས། བདུད་རྩི་ལྕེ་ལ་བཞག་ནས་རོ་མྱོང་བས་རྩ་གནས་ཐམས་ཅད་དཔའ་བོ་དཔའ་མོ་ཏིལ་གང་རྒྱས་པ་ལྟར་གྱུར་ནས་སྔགས་སི་ལི་ལི་སྒྲོག་པར་བསམ་ལ་གྲགས་སྟོང་བྲག་ཅ་ལྟ་བུའི་བཟླས་པ་ལ་བརྩོན་པར་གྱིས་ཤིག །གསུམ་པ་གསང་བ་མེ་ལོང་གི་དབང་བསྐུར་བ་སྟེ། མཁའ་འགྲོའི་ཐུགས་གསལ་སྟོང་བདེ་བ་ཆེན་པོ་མཚོན་བྱེད་དུ་མེ་ལོང་སིནྡྷུ་རའི་དཀྱིལ་འཁོར་སྙིང་གར་བཞག་པས་བདེ་སྟོང་ཟག་མེད་ཀྱི་ཉམས་མྱོང་རྒྱུད་ལ་སྐྱེས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། མཁའ་འགྲོའི་ཐུགས་ཀྱི་བྱིན་རླབས་སེམས་ལ་ཞུགས་པའི་འདུན་པ་མཛོད་ཅིག །སིནྡྷུ་རའི་མེ་ལོང་སྙིང་གར་བཞག་ལ། ཧཱུྃ༔ དག་ཅིང་གསལ་ལ་ངོས་གཟུང་མེད༔ མཁའ་འགྲོའི་ཐུགས་དགོངས་དེ་ལྟར་ཡིན༔ སེམས་ལ་བཞག་པས་ཉམས་རྟོགས་འཆར༔ ཤེས་རབ་ཡེ་ཤེས་དབང་བསྐུར་བས༔ མཁའ་འགྲོ་ཐུགས་ཀྱི་དབང་ཐོབ་ཤོག༔ ཨོཾ་བཾ་སིཾ་ཧ་ཌཱ་ཀི་ཧ་རི་ནི་ས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྙིང་གར་སིནྡྷུ་རས་ཐིག་ལེ་བྱ། རང་སེམས་སྟོང་པ་མེ་ལོང་ལྟ་བུའི་ཀློང་དུ། རིག་པའི་ཡེ་ཤེས་གཟུགས་བརྙན་འཆར་བ་ལྟ་བུ་འདི་དཔའ་བོ་མཁའ་འགྲོ་ཡིན་པས་ངོ་ཤེས་པར་གྱིས་ལ་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་དགོངས་པ་ལ་མཉམ་པར་ཞོག་མཛོད། བཞི་པ་ཡང་གསང་གཏོར་མའི་དབང་ལ་འདུན་པ་འདི་བཞིན་དུ་མཛོད། གཏོར་སྣོད་དུར་ཁྲོད་འབར་བའི་དབུས་སུ་གཏོར་མ་སེང་གདོང་དྲག་མོ་དབྱེར་མེད་པ་དེ་ཉིད་ཀྱིས་སྤྱི་བོར་དབང་བསྐུར་བས། ཡེ་ཤེས་མཁའ་འགྲོ་མའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་སུ་རྫོགས་པའི་ཐུགས་རྗེ་བྱིན་རླབས་ནུས་པ་ཐམས་ཅད་ཁྱེད་རང་ལ་ཐིམ་པས་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། གསང་བ་གསུམ་གྱི་བྱིན་རླབས་མཐའ་དག་རྒྱུད་ལ་ཞུགས། གནས་སྐབས་སུ་ནད་གདོན་བར་ཆད་མཐའ་དག་ཞི་བ་དང་། བྱད་ཁ་ཕུར་ཁ་ཐམས་ཅད་བཟློག་ཅིང་སྲུང་བ་དང་། མཐར་ཐུག་བདེ་སྟོང་མཆོག་གི་དངོས་གྲུབ་བརྙེས་ནས་དོན་གཉིས་འབད་མེད་དུ་འགྲུབ་པའི་མོས་པ་མཛོད། གཏོར་མ་ཐོགས་ལ། ཧཱུྃ༔ ཡེ་ཤེས་མཁའ་འགྲོ་སེང་གེའི་གདོང༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དཔལ༔ གསང་བ་དམ་རྫས་གཏོར་མའི་དབང༔ དམ་ཅན་མཁའ་འགྲོ་དབང་དུ་འདུས༔ དམ་རྫས་གཏོར་མའི་དབང་བསྐུར་བས༔ ཡོན་ཏན་ལྷུན་གྲུབ་མཐར་ཕྱིན་ཤོག༔ ཨོཾ་བཾ་སིཾ་ཧ་ཌཱ་ཀི་ཧ་རི་ནི་ས་སརྦ་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་གཏོར་མ་གནས་ལྔར་བཞག །དེ་ནས་ཚིག་གིས་ངོ་སྤྲད་ཅིང་རྟོགས་པ་བརྗོད་པ་ནི། ཧོ༔ སྐལ་ལྡན་རིགས་ཀྱི་བུ༔ མཁའ་འགྲོ་གསང་བ་བླ་ན་མེད་པའི་དབང་ནི༔ བུམ་པ་སྤྱི་བོར་བཞག་པས་བུམ་དབང་ཐོབ༔ ལུས་ཀྱི་དྲི་མ་དག༔ བསྐྱེད་རིམ་བསྒོམ་པ་ལ་དབང༔ འབྲས་བུ་སྤྲུལ་སྐུ་ཐོབ༔ ཐོད་པ་མགྲིན་པར་བཞག་པས་གསང་དབང་ཐོབ༔ ངག་གི་དྲི་མ་དག༔ སྔགས་བཟླ་བ་ལ་དབང༔ འབྲས་བུ་ལོངས་སྐུ་ཐོབ༔ མེ་ལོང་སིནྡྷུ་ར་སྙིང་གར་བཞག་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ ཡིད་ཀྱི་དྲི་མ་དག༔ རྫོགས་པའི་རིམ་པ་བསྒོམ་པ་ལ་དབང༔ འབྲས་བུ་ཆོས་སྐུ་ཐོབ༔ གཏོར་མ་དམ་རྫས་ཀྱི་དབང་བསྐུར་ཞིང་ཚིག་གི་ངོ་སྤྲད་པས་དོན་ལ་དབང་འབྱོར་བས་ཚིག་དབང་རིན་པོ་ཆེ་ཐོབ༔ ཉོན་མོངས་པ་དང་ཤེས་བྱའི་དྲི་མ་དག༔ ལམ་རིམ་གཉིས་བསྒོམ་པ་ལ་དབང༔ འབྲས་བུ་སྐུ་གསུམ་ཡོངས་རྫོགས་བདེ་བ་ཆེན་པོ་ཐོབ་པའི་རྟེན་འབྲེལ་རྒྱུད་ལ་བཞག་པ་ཡིན་པས་ཚུལ་དེ་ལྟ་བུའི་ངེས་ཤེས་སྐྱེད་ཅིག༔ ཤིས་བརྗོད་དང་ཡེ་དྷར་བཅས་མེ་ཏོག་འཐོར། དེ་ལྟར་ཟབ་གཏེར་ཆུ་བོ་གཉིས་འདྲེས་ཡེ་ཤེས་མཁའ་འགྲོ་བདུད་འདུལ་དྲག་མོའི་དོན་དབང་བྱིན་རླབས་ཀྱི་སྙིང་པོ་ལེགས་པར་ཐོབ་པ་ཡིན་པས་གསང་ཆེན་རྡོ་རྗེ་ཐེག་པའི་དམ་ཚིག་གི་རིམ་པ་སྤྱི་དང་། ཁྱད་པར་ཌཱ་ཀིའི་དམ་ཚིག་ཏུ་སློབ་དཔོན་སྤྱི་བོར་བསྒོམ་ཞིང་མཁའ་འགྲོ་ལ་ཚོགས་གཏོར་མ་ཆག་པར་བྱ་བ་སོགས་ཇི་ལྟར་ནུས་པ་བསྲུང་བའི་འདུན་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང། གཏང་རག་མཎྜལ་ཕྱིན་ཆད་དབང་གི་རྗེས་སྤྱི་ལྟར་བྱ། སློབ་དཔོན་གྱིས་ཚོགས་རོལ་ཞིང་ལྷག་ཆོག་ཕྱིན་ཆད་ལས་བྱང་ལྟར་ལ། ནོངས་བཤགས་གོང་དུ་གཏང་རག་མཆོད་བསྟོད་དང་མདུན་བསྐྱེད་གཤེགས་བསྟིམ་གང་བྱེད་སོགས་གསང་བ་སྤྱི་ལྟར་འཕྲུལ་ཤེས་པར་བྱའོ། །རྣལ་འབྱོར་མ་ཡི་དབང་སྐུར་ཡང་སྙིང་དུ། །གྲགས་ཤིང་གྲུབ་པའི་བྱིན་རླབས་སྒོ་འདིར་བསྟེན། །བདག་གཞན་མཁའ་སྤྱོད་རྡོ་རྗེ་བཙུན་མོ་ཡི། །གྲོང་ཁྱེར་ཉམས་དགར་བདེ་བླག་འཇུག་གྱུར་ཅིག །ཚུལ་འདིའང་ཆོས་བདག་བསམ་གཏན་བསྟན་འཛིན་གྱིས་མཛད་པ་ལ་ལག་ལེན་སོགས་ཅུང་ཟད་གསལ་བར་ཕྱེས་ཏེ་པདྨ་གར་དབང་འཆི་མེད་བསྟན་གཉིས་གླིང་པས་ཙ་འདྲ་རིན་ཆེན་བྲག་ཌཱ་ཀི་འདུ་བའི་གསང་ཁྲོད་དུ་བགྱིས་པ་དགེ་ལེགས་འཕེལ།། །།
Footnotes
Other Information
- RTZ Volume 33
- 'jam mgon kong sprul
- Rin chen gter mdzod
- Rin chen gter mdzod Shechen Edition
- Mkha' 'gro bdud 'dul drag mo seng ge'i gdong pa can
- DA ki'i snyan brgyud zab mo
- Stag sham nus ldan rdo rje
- Tibetan Texts
- Tibetan Publications
- Seng gdong ma
- Revelations - gter ma
- Empowerment Rituals - dbang cho ga
- Mahayoga