Terdzo-SA-032: Difference between revisions

From Rinchen Terdzö
No edit summary
m (Text replacement - "= Tsagli = {{TsagliCall}} " to "{{TsagliCall}} ")
 
(6 intermediate revisions by 2 users not shown)
Line 1: Line 1:
{{UnderConstruction
}}
{{Header
}}
= Tibetan Text =
<onlyinclude>
<div id='tibetan' class='tib-text'>
ྈ རྗེ་སྲས་འབངས་གསུམ་ལ་གདམས་པའི་ཕྱག་ན་རྡོ་རྗེ་སྟོབས་པོ་ཆེ་ལས་གཏུམ་པོ་ཁྲོ་བོའི་རྒྱུད་བཞུགས་སོ༔ ཟབ་ཉུང༔
ྈྈྈྈྈྈ རྒྱ་གར་སྐད་དུ༔ བཛྲ་ཙཎྜ་ཀྲོ་དྷ་ཏན་ཏྲ་ནཱ་མ༔ བོད་སྐད་དུ༔ རྡོ་རྗེ་གཏུམ་པོ་ཁྲོ་བོའི་རྒྱུད་ཅེས་བྱ་བ༔ འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན༔ ཡང་དག་པར་རྫོགས་པའི་སངས་རྒྱས༔ ཨོ་རྒྱན་ཡུལ་ལག་ན་རྡོ་རྗེས་རྣམ་པར་སྤྲུལ་པའི་ཕོ་བྲང་ནས༔ འཁོར་དགྲ་བཅོམ་པ་ཐོགས་པ་མེད་པ༔ ཡེ་ཤེས་ཀྱི་མཁའ་འགྲོ་མ་བསམ་གྱིས་མི་ཁྱབ་པ་དང༔ ལྷའི་དབང་པོ་བརྒྱ་བྱིན་དང༔ ཚངས་པ་དང་སུམ་ཅུ་རྩ་གསུམ་གྱི་ལྷའི་རིགས་རྣམས་དང༔ གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་དང༔ རྒྱལ་པོ་ཆེན་པོ་སྡེ་བཞི་དང༔ འཇིག་རྟེན་སྐྱོང་བའི་ལྷ་དང༔ ཀླུ་དང༔ གནོད་སྦྱིན་དང༔ ལྷ་མ་ཡིན་དང༔ མིའམ་ཅི་དང༔ ལྟོ་འཕྱེ་ཆེན་པོ་དང༔ ཁྱད་པར་གྱི་འཁོར་ཕུན་སུམ་ཚོགས་པ་དང༔ བྱང་ཆུབ་སེམས་དཔའ་ཆེན་པོར་གྱུར་པ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་དང༔ བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང༔ ལག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པ་དང་ཐབས་གཅིག་ཏུ་བཞུགས་ཏེ༔ འཁོར་དེ་དག་ཐམས་ཅད་ཀྱང༔ སྐྱེ་བ་གཅིག་གིས་ཐོགས་པ༔ ཐམས་ཅད་མཁྱེན་པ་ཉིད་ལ་མངོན་དུ་ཕྱོགས་པ༔ ཆགས་པ་མེད་པའི་གཟུངས་དང་ཏིང་ངེ་འཛིན་ཐོབ་པ༔ དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་ལྡན་པ༔ མངོན་པར་ཤེས་པ་ཆེན་པོས་རྣམ་པར་རོལ་པ༔ སྒྲིབ་པ་ཆོད་པ་དང༔ མུན་པའི་བསྲང་བ་ཐམས་ཅད་དང་བྲལ་བ༔ ལམ་གྱི་རྒྱུད་མ་ཆད་པ༔ བྱམས་པ་དང་སྙིང་རྗེ་ཆེན་པོས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་ཁྱབ་པ༔ སངས་རྒྱས་ཀྱི་ཞིང་མཐའ་ཡས་པར་འགྲོ་བ་འདུལ་བ༔ མཁས་པ་སྟོང་པ་ཉིད་ཀྱི་སྤྱོད་ཡུལ་བ༔ མཚན་མ་མེད་པ་ལ་གནས་པ༔ རྨི་ལམ་ལ་གནས་པ༔ ཐམས་ཅད་དང་བྲལ་བ༔ སེམས་ཅན་ཐམས་ཅད་ལ་ཕན་པར་བརྩོན་པ༔ སངས་རྒྱས་ཀྱི་སྤྱོད་ཡུལ་ཐམས་ཅད་ལ་མཁས་པ༔ ཡེ་ཤེས་མཐའ་ཡས་པ༔ སེམས་ནམ་མཁའ་དང་མཚུངས་པ༔ ཡེ་ཤེས་རྒྱ་མཚོ་ལྟར་ཟབ་པ༔ སེམས་རི་བོའི་རྒྱལ་པོ་ལྟར་མི་འགུལ་བ༔ སེམས་པདྨོ་ལྟར་ཉོན་མོངས་དྲི་མས་མ་གོས་པ༔ སེམས་རིན་ཆེན་ལྟར་ཤིན་ཏུ་ཡོངས་སུ་དག་པ༔ སེམས་གསེར་ལྟར་ཤིན་ཏུ་ཡོངས་སུ་བྱང་བ༔ ཡེ་ཤེས་ཀྱི་ཚོགས་ཚད་མེད་པ༔ ཡོངས་སུ་ཚོལ་བ་ལ་མཁས་པ༔ ཕ་རོལ་གྱི་རྒོལ་བ་ཟིལ་གྱིས་གནོན་པ༔ ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པའི་ཡེ་ཤེས་ཅན༔ སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ༔ བདུད་ཀྱི་སྤྱོད་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ལ་མཁས་པ༔ བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་ལྡན་པ༔ ཐབས་ཤེས་པ་ལ་མཁས་པ༔ གཟུངས་ཐོབ་པ༔ རྨི་ལམ་སྙིགས་པ༔ བཟོད་པའི་མཉམ་པ་ཉིད་ཐོབ་པ༔ མངོན་པར་ཤེས་པ་མཉམ་པ༔ ཟང་ཟིང་མེད་པར་ཆོས་སྟོན་པ༔ ཟབ་མོ་བཟོད་པའི་ཕ་རོལ་སོན་པ༔ བདུད་ཀྱི་ལས་ལས་ཡང་དག་པར་འདས་པ༔ ལས་ཀྱི་སྒྲིབ་པའི་རྒྱུན་ཆད་པ༔ ཆོས་རབ་ཏུ་རྣལ་འབྱོར་སྤྱོད་པ༔ བརྡར་ཕྱེ་བ་ལ་མཁས་པ༔ བསྐལ་པ་གྲངས་མེད་པར་སྨོན་ལམ་ཤིན་ཏུ་བརྩམས་པ༔ བཞིན་འཛུམ་ཞིང་གསོང་པོར་སྨྲ་བ༔ ཚིགས་སུ་བཅད་པའི་དབྱངས་ཀྱི་སྨྲ་བ་དང་ལྡན་པ༔ སེམས་ཞུམ་པ་མེད་པ༔ སྤོབས་པའི་རྒྱུན་མི་ཆད་པ༔ འཁོར་མཐའ་ཡས་པ་ཟིལ་གྱིས་གནོན་པ༔ བསྐལ་པ་བྱེ་བ་མཐའ་ཡས་པ་ལ་མཁས་པས༔ སྒྱུ་མ་དང་སྨྲིག་རྒྱུ་དང༔ ཆུ་ཟླ་དང༔ རྨི་ལམ་དང༔ བྲག་ཅ་དང༔ མིག་ཡོར་དང༔ གཟུགས་བརྙན་དང༔ སྤྲུལ་པ་ལྟ་བུའི་ཆོས་ལ་མོས་པ༔ སེམས་ཐོགས་པ་མེད་པ༔ སེམས་ཅན་གྱི་སེམས་དང༔ སྤྱོད་པ་ཤེས་པ་ཕྲ་མོ་ལ་མོས་ཤིང་འཇུག་པ་ལ་མཁས་པ༔ བཟོད་པ་ཆེན་པོ་དང་ལྡན་པ༔ བདག་ཉིད་ཇི་ལྟ་བ་བཞིན་དུ་འཇུག་པ་ལ་མཁས་པ༔ སངས་རྒྱས་ཀྱི་ཞིང་བཀོད་པ་མཐའ་ཡས་པར་སྨོན་ལམ་ལ་འཇུག་པ་ཡོངས་སུ་བཟུང་བ༔ འཇིག་རྟེན་གྱི་ཁམས་གྲངས་མེད་པར་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་ནི་རྟག་པར་རྒྱུན་དུ་མངོན་དུ་གྱུར་པ༔ སངས་རྒྱས་དཔག་ཏུ་མེད་པ་ལ་གསོལ་བ་འདེབས་པ་ལ་མཁས་པ༔ ལྟ་བ་ཐ་དད་པ་དང་བག་ལ་ཉལ་བ་ཀུན་ནས་དཀྲིས་པ་ཉོན་མོངས་པ་རབ་ཏུ་ཞི་བ་ལ་མཁས་པ༔ ཏིང་ངེ་འཛིན་གྱི་རྣམ་པར་རོལ་པ་བརྒྱ་སྟོང་སྒྲུབ་པ་ལ་མཁས་པ༔ ཐམས་ཅད་མཁྱེན་པས་ལེགས་པར་འབྱུང་བ༔ ཁམས་གསུམ་ལ་མ་ཆགས་པ༔ རྟོགས་པ་ཁོང་དུ་ཆུད་པ༔ རེ་བ་ཐམས་ཅད་ཡོངས་སུ་སྐོང་བ༔ ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ཚད་མེད་པ༔ ལུས་དང་ངག་གིས་སྨྲ་བ༔ ཡིད་ཀྱིས་ལས་ཀྱི་མཐའ་དོན་ཡོད་པ་ཚད་མེད་པར་བརྩོན་པ༔ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པའི་ཡོན་ཏན་གྱིས་མ་གོས་པ༔ ཏིང་ངེ་འཛིན་ཐམས་ཅད་ལ་དབང་གི་ཕ་རོལ་དུ་སོང་བ༔ འཇིག་རྟེན་གྱི་ཆོས་ཀྱིས་མ་གོས་པ༔ རིང་པོར་སྤོབས་པ༔ སྤོབས་པ་ལས་གྲོལ་བ༔ བྱམས་པ་དང་སྙིང་རྗེའི་བདག་ཉིད་ཅན༔ དགའ་བ་དང་བཏང་སྙོམས་ལ་བལྟས་པ༔ ཚུལ་ཁྲིམས་ཉམས་པ་མེད་ཅིང་ཏིང་ངེ་འཛིན་ལ་གནས་པ༔ མངོན་པར་ཤེས་པ་ལྔའི་རྣལ་འབྱོར་རིག་པ་དྲུག་དང་ལྡན་པ་ཤ་སྟག་གོ༔ དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པར་འཕྲོས་ཏེ༔ འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཀྱིས་ཁྱབ་པར་མཛད་དེ༔ སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པའི་ཚོགས་ཞི་བར་མཛད་ཅིང༔ རང་གི་ལས་དང་བསོད་ནམས་ཀྱི་བར་འབའ་ཞིག་ལ་གནས་པར་སངས་རྒྱས་ཀྱི་མཐུ་ཡིས་བྱིན་གྱིས་བརླབས་ཤིང༔ སླར་ཡང་འོད་ཟེར་གྱི་ཚོགས་ཐམས་ཅད་སངས་རྒྱས་ཀྱི་ལྗགས་ཀྱི་པདྨོ་ལ་ཐིམ་པར་འགྱུར་རོ༔ སླར་ཡང་བཅོམ་ལྡན་འདས་ཞལ་འཛུམ་པའི་མདངས་དང་ལྡན་པར་གྱུར་པ་ལས༔ ལག་ན་རྡོ་རྗེ་སྟན་ལས་ལངས་སྟེ༔ བཅོམ་ལྡན་འདས་ཅིའི་ཕྱིར་ཞལ་འཛུམ་པའི་མདངས་མངའ་ཞིང༔ འོད་ཟེར་དུ་མས་འཇིག་རྟེན་ཁམས་སྣང་བ་འདི་ཅིའི་སླད་དུ་ལགས༔ ཞེས་གསོལ་བ་ལས༔ ཡང་དག་པར་རྫོགས་པའི་སངས་རྒྱས་འདས་པ་དང་མ་བྱོན་པ་ད་ལྟར་གྱི་དུས་གསུམ་ཐམས་ཅད་རྣམ་པར་གཟིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ༔ སླར་ཡང་ཏིང་ངེ་འཛིན་དེ་ལས་བཞེངས་ནས་ལག་ན་རྡོ་རྗེ་ལ་བཀའ་བསྩལ་པ༔ འདི་ནས་བྱང་ཤར་གྱི་ཕྱོགས་སུ་མ་འོངས་པ་ན་ཁ་བ་ཅན༔ གངས་ཅན་གྱི་ལྗོངས་ཞེས་བྱ་བའི་གླིང་འབྱུང་བར་འགྱུར་ཏེ༔ འཇམ་དཔལ་གཞོན་ནུར་གྱུར་པ་དང༔ བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང༔ ལག་ན་རྡོ་རྗེ་ཁྱེད་རྣམས་ཀྱིས༔ གླིང་དེ་ཉིད་ཀྱི་རྒྱལ་པོའི་ཚུལ་བཟུང་སྟེ༔ འགྲོ་བའི་དོན་རྒྱ་ཆེན་པོར་སྤྱོད་པར་འགྱུར་ཞིང༔ འཁོར་ཕུན་སུམ་ཚོགས་པ༔ ཡོ་བྱད་ཕུན་སུམ་ཚོགས་པ༔ རིན་པོ་ཆེ་ཕུན་སུམ་ཚོགས་པ༔ ཟས་དང༔ གོས་དང༔ མལ་ཆ་དང༔ སྨན་ཕུན་སུམ་ཚོགས་པ༔ གངས་ཅན་གྱི་ལྗོངས་དེ་ཉིད་དུ་ཡང༔ ཡར་ལྷ་རྣམས་ཀྱིས་བཀྲ་ཤིས་ཀྱི་ཆར་འབེབས་ཤིང༔ འབྲུ་ཕུན་སུམ་ཚོགས་པ་ལྔ་རྣམ་པར་སྨིན་པར་འགྱུར་བ་དང༔ དཔག་བསམ་ལྗོན་པའི་ཤིང་སྨིན་པར་འགྱུར་བ་དང༔ བྱང་ཆུབ་སེམས་དཔའི་ཚོགས་བདེན་པ་གྲུབ་པའི་ཚོགས་ཐམས་ཅད་ཀྱང་ཕོ་བྲང་དེའི་ཕྱོགས་སུ་འབྱུང་བར་འགྱུར་བ་དང༔ ཕས་ཀྱི་རྒོལ་བ་བྱས་པ་དེ་དག་ཐམས་ཅད་ཀྱིས་ཀྱང་ས་ཕྱོགས་དེར་སྡང་བར་མི་བྱེད་དོ༔ དམ་པའི་ཆོས་ཕུན་སུམ་ཚོགས་པ་ཐམས་ཅད་ས་ཕྱོགས་དེར་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་སྣང་བར་བྱེད་དེ༔ དེའི་ཕྱིར་ན་ལག་ན་རྡོ་རྗེ་ཁྱོད་ཀྱིས་རྒྱུད་སྨྲ་བར་རིགས་སོ༔ དེ་སྐད་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པའི་ཚེ༔ སངས་རྒྱས་ཀྱི་མཐུ་དང༔ སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཤིང༔ བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བདེན་པ་གྲུབ་པའི་མཐུས༔ ལག་ན་རྡོ་རྗེ་སྟོབས་པོ་ཆེ་ཉིད་ཀྱིས་སངས་རྒྱས་ལ་མོས་ཤིང་དད་པ་དང༔ བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མི་ཕྱེད་པའི་མདངས་ཕྱུང་སྟེ༔ ཁྲོ་བོ་ཆེན་པོ་ཉིད་ཀྱིས་སྨྲས་པ༔ ན་མཤྩཎྜ་བཛྲ་པཱ་ཎ་ཡེ༔ ཆོས་དབྱིངས་གཏིང་མཐའ་བྲལ་བ་དེ༔ ཤེས་རབ་ཕ་རོལ་ཕྱིན་ལ་སོགས༔ སྟོང་པའི་ཡུམ་གྱུར་བླ་ན་མེད༔ ཆོས་ཀྱི་སྐུ་བདག་ཡེ་ཤེས་བདག༔ ཡེ་ཤེས་རྩལ་ལས་རང་བྱུང་བ༔ བྱ་གྲུབ་མེ་ལོང་ཡེ་ཤེས་ལས༔ མངོན་དགའ་ལ་སོགས་དག་པའི་ཞིང༔ ཞེ་སྡང་རྣམ་དག་ཡེ་ཤེས་སྐུ༔ མི་བསྐྱོད་རྡོ་རྗེ་རིགས་ཀྱི་བདག༔ ང་དང་ང་ཡི་མིང་འཛིན་ཏེ༔ རིགས་བདག་སྣང་བ་སེམས་དཔའི་འཁོར༔ ཁྲོ་བོ་ཆེན་པོའི་ལུས་འཆང་ཞིང༔ སྟོབས་པོ་ཆེ་ལ་ཐབས་ཆེ་བ༔ སྨོན་ལམ་ཡེ་ཤེས་རྒྱ་མཚོ་ཆེ༔ སྟོང་པའི་རྩལ་ལ་རང་འགགས་ཤིང༔ སྣང་བའི་གཟུགས་འཆང་ཧེ་རུ་ཀ༔ ཡེ་ཤེས་རྩལ་ལས་རང་བྱུང་བ༔ ཡེ་ཤེས་སྐུ་བདག་ཡེ་ཤེས་བདག༔ ཁྲོ་བོ་ཆེན་པོའི་འཁོར་གྱིས་བསྐོར༔ བདུད་དང་བདུད་དགྲ་འདུལ་བ་པོ༔ རྣམ་པར་མི་རྟོག་དབྱིངས་ལ་གནས༔ ཡེ་ཤེས་ཆེན་པོའི་རང་བཞིན་ཅན༔ བདུད་བཞིའི་དགྲ་ལས་རྣམ་རྒྱལ་ཞིང༔ ང་ཉིད་སྒྲུབ་པར་བརྩོན་པ་དང༔ དུས་ཀྱི་བྱེ་བྲག་འདི་ལྟ་སྟེ༔ བདུད་དང་མུ་སྟེགས་སྡང་བྱེད་དང༔ ལྷ་དང་ལྷ་མིན་སྲིན་པོ་དང༔ མི་འམ་ཅི་དང་ལྟོ་འཕྱེ་དང༔ སྲུལ་པོ་གཤེད་བྱེད་ཁྲོས་ལ་སོགས༔ ཆར་སོགས་དུས་ལ་མི་འབེབས་ཤིང༔ མྱ་ངན་འཁྲུལ་པ་ལ་སོགས་དང༔ ནད་ཡམས་མུ་གེས་འཚེ་བྱེད་ན༔ ཁྲོ་བོ་ཆེན་པོའི་གཟུགས་འཆང་ཞིང༔ སྟོབས་པོ་ཆེ་ལ་ཐབས་ཆེ་བ༔ སྨོན་ལམ་ཡེ་ཤེས་རྒྱ་མཚོ་ཆེ༔ དེ་ཡི་དཀྱིལ་འཁོར་བསྒྲུབ་པར་བྱ༔ བཀྲ་མི་ཤིས་པའི་མཚན་རྟགས་བདུན༔ སྐད་ཅིག་ཉིད་ལ་ཞི་འགྱུར་ཞིང༔ ཚེ་དབང་དཔལ་དང་ཕུན་ཚོགས་ཐོབ༔ དང་པོ་གནས་ཀྱི་བྱེ་བྲག་ནི༔ ཤར་རི་དམའ་ལ་ལྷོ་རི་གཞོལ༔ ནུབ་རི་མཐོ་ལ་བྱང་རི་སྐྱོབ༔ རི་བོ་རིན་ཆེན་སྤུངས་འདྲ་ལ༔ གངས་རི་ཆུ་དང་སྨན་གྱི་ཆུ༔ ཡན་ལག་བརྒྱད་ལྡན་ཆུ་བོ་འབེབས༔ བྱང་ཆུབ་ལྗོན་ཤིང་ཚལ་རྒྱས་ཤིང༔ འབྲུ་དང་མེ་ཏོག་སྔོན་པོ་རྒྱས་པའི་གླིང༔ བཀྲ་ཤིས་བྱ་ཚོགས་གསུང་སྒྲོག་གནས༔ གནམ་ས་པད་སྐོར་ཁ་སྦྱོར་འདྲ༔ སྔོན་ཡང་གྲུབ་ཐོབ་རྐྱེན་མཐུན་ཅིང༔ མི་དང་མི་མིན་ལ་སོགས་པ༔ རྣམ་གཡེང་འཚེ་བ་མི་འབྱུང་བར༔ སྒྲུབ་གནས་གཞལ་ཡས་ཁང་དུ་བསྒྲུབ༔ ལག་ན་རྡོ་རྗེ་སྟོབས་པོ་ཆེའི༔ བསྒྲུབ་པའི་གནས་སུ་ཤེས་པར་བྱ༔ ཞེས་གསོལ་ཏེ༔ གླེང་གཞི་དང་གླེང་སློང་བ་སྒྲུབ་པའི་དུས་དང་གནས་བརྟག་པའི་ལེའུ་སྟེ་དང་པོའོ༔ ྈ ལག་ན་རྡོ་རྗེ་སྟོབས་པོ་ཆེ༔ གསང་བའི་བདག་པོས་ཡང་གསུངས་པ༔ སྒྲུབ་པའི་རྫས་དང་ཡོ་བྱད་རྣམས༔ རྟེན་རྫས་སྒྲུབ་རྫས་དངོས་གྲུབ་རྫས༔ འཚོ་བའི་ཟས་དང་རྐྱེན་ཟློག་སྨན༔ སྐུ་གསུང་ཐུགས་ཀྱི་རྟེན་སོགས་དང༔ ཁྱད་པར་སྒྲུབ་པའི་དཀྱིལ་འཁོར་དུ༔ ས་ཆོག་ཐིག་ཆོག་ལ་སོགས་པ༔ གསང་སྔགས་དཀྱིལ་འཁོར་སྤྱི་དང་མཐུན༔ དཀྱིལ་འཁོར་རྩིབས་བཞི་མུ་ཁྱུད་བཅས༔ དེ་ཡི་ཕྱི་རོལ་རྩིབས་བཅུ་ལ༔ ཁྱམས་དང་སྒོ་རྫོགས་སྤྱི་དང་མཐུན༔ ལྟེ་བར་མཐིང་ནག་བཻ་ཌཱུར་མདོག༔ རྩིབས་བཞི་རྩིབས་བཅུ་ཕྱོགས་ཀྱི་མདོག༔ དུར་ཁྲོད་པད་རྡོར་མེ་རི་སོགས༔ དཀྱིལ་འཁོར་མཐའ་ལ་ལེགས་པར་བཀོད༔ དེ་དབུས་རིན་ཆེན་ལས་གྲུབ་པའི༔ གཟུངས་ཀྱི་བུམ་པ་མཚན་ལྡན་གང༔ ཆོ་གའི་རྫས་ཆོག་ཉེར་ལྔ་དང༔ ཡན་ལག་བརྒྱད་ལྡན་ཆུ་ཡིས་བཀང༔ ལེ་བརྒན་ལ་སོགས་མགུལ་ཆིངས་དང༔ གཟུངས་ཐག་རྡོ་རྗེ་ཀུ་ཤ་འོ༔ བྱང་ཆུབ་ཤིང་གི་ཁ་རྒྱན་རུང༔ ཙནྡན་ནམ་ནི་ཚེར་ཤིང་ལ༔ ལག་ན་རྡོ་རྗེ་སྟོབས་པོ་ཆེ༔ ཤིན་ཏུ་ཁྲོས་པའི་ཚུལ་འཆང་བ༔ སྐུ་ཉིད་སྒྲུབ་པའི་རྟེན་དུ་བྱ༔ དཀྱིལ་འཁོར་དབུས་སུ་བཞུགས་སུ་གསོལ༔ ཕྱི་མཆོད་མེ་ཏོག་བདུག་སྤོས་དང༔ ནང་མཆོད་སྨན་གཏོར་རཀྟ་བཅས༔ ཀུན་བཟང་མཆོད་སྤྲིན་ལྟ་བུར་བཀོད༔ ཅེས་སྨྲས་ཏེ༔ སྒྲུབ་པའི་དཀྱིལ་འཁོར་མཆོད་རྫས་དང༔ རྟེན་རྫས་བསྟན་པའི་ལེའུ་སྟེ་གཉིས་པའོ༔ ྈ དེ་ནས་ཡང་འདི་སྐད་ཅེས་སྨྲས་པ་དང༔ ལག་ན་རྡོ་རྗེ་སྟོབས་པོ་ཆེ༔ དཀྱིལ་འཁོར་བསྒོམ་པར་འདོད་པ་ན༔ གང་ཟག་ཁྲུས་དང་སྡོམ་པ་ལྡན༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་སོང་སྟེ༔ རྒྱལ་ཆེན་བཞི་ལ་བཀའ་བསྒོ་བ༔ ཕྱི་ནང་མཚམས་བསྡམ་སྨྲ་བ་བཅད༔ གང་ཟག་བདེ་བའི་སྟན་ལ་འདུག༔ གཟུངས་འཛིན་དངོས་པོས་བསྡུས་པ་ཡི༔ ཆོས་རྣམས་དམིགས་མེད་སྟོང་པར་སྦྱངས༔ སྟོང་ཉིད་སྙིང་རྗེའི་ངང་ཉིད་ལས༔ ཡཾ་ལས་རླུང་གི་དཀྱིལ་འཁོར་ནི༔ ལྗང་གུ་གཞུ་ཡི་དབྱིབས་ཅན་ལ༔ འཆང་གཟུང་ཡཾ་དང་རླུང་གིས་མཚན༔ རཾ་ལས་མེ་ཡི་དཀྱིལ་འཁོར་ནི༔ གྲུ་གསུམ་འབར་བ་རཾ་གྱིས་མཚན༔ བཾ་ལས་ཆུ་ཡི་དཀྱིལ་འཁོར་ནི༔ དཀར་ཟླུམ་བཾ་གྱིས་མཚན་པ་ལས༔ ལཾ་ལས་གསེར་གྱི་ས་གཞི་ནི༔ གྲུ་བཞི་མཐའ་དབུས་ཁྱབ་པ་ཡི༔ བཻ་ཌཱུརྻ་ཡི་དྲྭ་བ་དང༔ དྲྭ་བས་ཡོངས་སུ་ཁྱབ་བྱེད་ལ༔ པདྨའི་ཚལ་གྱི་མེ་ཏོག་གླིང༔ བྱང་ཆུབ་ལྗོན་དང་དཔག་བསམ་ཤིང༔ སྨན་སྣ་འབྲུ་ཡི་ཚལ་ལ་སོགས༔ ཞིང་རྣམས་ཡོངས་སུ་ཁྱབ་པར་བསམ༔ དེ་ལྟར་ཞིང་ཁམས་རྣམ་དག་དབུས༔ ས་བོན་རྡོ་རྗེ་རྒྱ་གྲམ་གྱི༔ ལྟེ་བར་བྷྲཱུྃ་ཡིག་གསལ་བ་ལས༔ འོད་འཕྲོས་སྣོད་ཀྱི་འཇིག་རྟེན་དག༔ ལྷ་ཡི་གཞལ་ཡས་ཁང་དུ་གསལ༔ འོད་ཟེར་ཚུར་འདུས་བྷྲཱུྃ་ཡིག་ཐིམ༔ བྷྲཱུྃ་ཡིག་ཡོངས་སུ་གྱུར་པ་ལས༔ བཻ་ཌཱུར་ལས་གྲུབ་གཞལ་ཡས་ཁང༔ ཕྱི་ནང་ཡོངས་གསལ་འོད་ཀྱི་ཀློང༔ རྒྱན་དང་བཀོད་པ་བསམ་མི་ཁྱབ༔ ཁམས་གསུམ་དག་ལས་ཡང་དག་འདས༔ དེ་བཞིན་གཤེགས་པའི་སྤྱོད་ཡུལ་གྱི༔ གཞལ་མེད་ཁང་ཆེན་གསལ་བར་བསྐྱེད༔ དེ་ལྟར་གསལ་བའི་བཞུགས་གནས་ཀྱི༔ དབུས་སུ་པདྨ་ཉི་ཟླའི་སྟེང༔ རང་རིག་ཡི་གེའི་ངོ་བོ་ནི༔ ཧཱུྃཿཡིག་བཻ་ཌཱུརྻ་ཡི་མདངས༔ ཚེག་དྲག་ལྡན་ལས་འོད་ཟེར་འཕྲོས༔ འཕགས་པའི་ཚོགས་རྣམས་རབ་མཆོད་ཅིང༔ སེམས་ཅན་ཀུན་གྱི་སྡིག་སྒྲིབ་སྦྱངས༔ འོད་ཟེར་ཚུར་འདུས་ཧཱུྃ་ལ་ཐིམ༔ ཧཱུྃ་ཡིག་སྐད་ཅིག་དྲན་རྫོགས་སུ༔ ལག་ན་རྡོ་རྗེ་སྟོབས་པོ་ཆེ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྤྱན་གསུམ་དམར་ཟླུམ་གཡོ་བ་ལས༔ རལ་པ་ཁམ་སེར་གྱེན་དུ་འབར༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་ནི༔ མེ་ཡི་ཚྭ་ཚྭ་འཕྲོ་བ་ཡིས༔ གདུག་པ་མ་ལུས་འཇོམས་བྱེད་ཅིང༔ གཡོན་པས་སྡིགས་མཛུབ་སྦྲུལ་ཞགས་ཀྱིས༔ ཞེ་སྡང་ཅན་གྱི་བདུད་དཔུང་འཇོམས༔ སྟག་གི་ཤམ་ཐབས་སྨད་དཀྲིས་ཅན༔ རྗེའུ་རིགས་དཀར་པོས་དབུ་རྒྱན་བཅིངས༔ ཚངས་པ་སེར་པོའི་སྙན་རྒྱན་འཆང༔ མཐའ་ཡས་དམར་པོའི་མགུལ་རྒྱན་ལ༔ སྟོབས་རྒྱུའི་ཕྱག་གདུབ་ཞབས་གདུབ་ལ༔ གདོལ་པ་ནག་པོའི་དོ་ཤལ་འཕྱང༔ དེ་ལྟར་གསལ་བའི་སྐུ་ཉིད་ཀྱང༔ སྣང་སྟོང་འོད་ཀྱི་སྐུར་གསལ་བའི༔ ཐུགས་ཀར་རཾ་ལས་ཉི་མའི་སྟེང༔ ཐུགས་སྲོག་ངོ་བོ་ཧཱུྃཿམཐིང་ནག༔ ཚེག་དྲག་མདངས་ལྡན་གསལ་བའི་མཐར༔ སྔགས་ཕྲེང་མར་མེའི་ཕྲེང་བ་གསལ༔ ཐུགས་སྲོག་ཧཱུྃཿལས་འོད་ཟེར་འཕྲོས༔ ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ ལག་ན་རྡོ་རྗེ་སྟོབས་པོ་ཆེ༔ ཡེ་ཤེས་སེམས་དཔའི་ལྷ་ཚོགས་ཀྱིས༔ བསྐོར་བ་མདུན་གྱི་ནམ་མཁར་བྱོན༔ བཛྲ་ས་མ་ཡ་ཛཿཛཿ ཞེས་བརྗོད་པས༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་བསྐུལ༔ ཨརྒྷཾ་ལ་སོགས་མཆོད་པས་མཆོད༔ ཡེ་ཤེས་སེམས་དཔའི་ཚོགས་རྣམས་ཀྱི༔ སྐུ་ལས་ཡེ་ཤེས་སེམས་དཔའ་ནི༔ མར་མེ་གཉིས་མཆེད་ཚུལ་དུ་དྲངས༔ དམ་ཚིག་སེམས་དཔའི་སྐུ་ལ་ཐིམ༔ དམ་ཚིག་ཡེ་ཤེས་གཉིས་མེད་པ༔ ལག་ན་རྡོ་རྗེ་སྟོབས་པོ་ཆེ༔ རང་ཉིད་ང་རྒྱལ་ལྡན་པར་བྱ༔ དེ་བཞིན་མདུན་གྱི་དཀྱིལ་འཁོར་ལ༔ བུམ་པའི་གཞལ་ཡས་ཁང་དུ་ཡང༔ ལག་ན་རྡོ་རྗེ་སྟོབས་པོ་ཆེ༔ ཡེ་ཤེས་སེམས་དཔའ་གསལ་བར་བསྐྱེད༔ ཡང་སྙིང་རྡོ་རྗེ་དོན་གཟུངས་ནི༔ བདུན་གསུམ་ཉེར་གཅིག་ཞག་གི་གྲངས༔ འབུམ་ཚོ་གསུམ་གྱིས་འགྲུབ་པར་འགྱུར༔ སྐུ་ཉིད་དངོས་སུ་མཇལ་འདོད་ན༔ རབ་ཀྱིས་ཟླ་དྲུག་རྟགས་དང་སྦྱར༔ ན་མཤྩཎྜ་བཛྲ་ཀྲོ་དྷ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ སྒྲུབ་པའི་རྟགས་ཀྱི་རིམ་པ་ནི༔ ཞལ་མཇལ་བ་དང་ལུང་བསྟན་དང༔ ཏིང་འཛིན་རྟོགས་པ་འཁྲུངས་པ་དང༔ ཉི་ཟླ་ཤར་དང་དམག་དཔོན་བྱེད༔ གངས་རིར་འཛེག་དང་གོ་ཆ་གོན༔ མེ་ཏོག་སྔོན་པོའི་གླིང་ཕྱིན་རྣམས༔ ལག་ན་རྡོ་རྗེ་སྟོབས་པོ་ཆེ༔ འགྲུབ་པའི་རྟགས་སུ་ཤེས་པར་བྱ༔ ཞེས་སྨྲ་སྟེ༔ སྒྲུབ་པའི་དཀྱིལ་འཁོར་དང༔ གྲུབ་པའི་རྟགས་བསྟན་པའི་ལེའུ་སྟེ་གསུམ་པའོ༔ ྈ ལག་ན་རྡོ་རྗེ་སྟོབས་པོ་ཆེ༔ གསང་བ་ཉིད་ཀྱིས་སླར་སྨྲས་པ༔ ལག་ན་རྡོ་རྗེ་སྟོབས་པོ་ཆེའི༔ དཀྱིལ་འཁོར་སྒོམ་པར་བྱེད་པ་ཡི༔ གང་ཟག་དབང་གིས་སྨིན་པར་གཅེས༔ དཀྱིལ་འཁོར་དབང་རྫས་ལ་སོགས་པ༔ སྒྲུབ་པའི་གཞུང་དང་ཚུལ་མཐུན་ཅིང༔ བདག་བསྐྱེད་མདུན་བསྐྱེད་བུམ་བསྐྱེད་རྣམས༔ སྒྲུབ་པའི་གཞུང་ནས་བྱུང་བཞིན་བྱ༔ ལས་ལྡན་བདུན་ལས་མང་མི་རུང༔ རྡོ་རྗེ་རྣམ་འཇོམས་ཁྲུས་ནས་ཕྱུངས༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ཞིང༔ བརྒྱུད་པའི་གསོལ་འདེབས་ཕྱག་མཆོད་འབུལ༔ རྡོ་རྗེ་སློབ་དཔོན་ཉིད་ཀྱིས་ནི༔ སྐྱབས་འགྲོ་སེམས་བསྐྱེད་སྡོམ་གཟུང་འབོགས༔ སློབ་བུའི་དཀྱིལ་འཁོར་ཤར་སྒོ་ནས༔ སྤྱན་དར་གདོང་གཡོགས་དང་བཅས་ནས༔ འདི་སྐད་གསོལ་བ་གདབ་ཏུ་བཅུག༔ ཀྱཻ༔ སངས་རྒྱས་ཀུན་གྱི་རང་བཞིན་སྐུ༔ བླ་མ་རྡོ་རྗེ་འཛིན་པ་དང༔ དཀྱིལ་འཁོར་ལྷ་ལ་གུས་ཕྱག་འཚལ༔ བདག་ཅག་མ་རིག་ལྡོང་བའི་མིག༔ ཡེ་ཤེས་སྤྱན་དུ་དབྱེ་བ་དང༔ དཀྱིལ་འཁོར་ཉིད་དུ་བདག་འཇུག་འཚལ༔ དེ་ལྟར་ཚིག་གིས་གསོལ་གདབ་ཚེ༔ རྡོ་རྗེ་འཛིན་པ་དེ་ཉིད་ཀྱིས༔ འདི་སྐད་བཀའ་ཡང་བསྒོ་བར་བྱའོ༔ དཀྱིལ་འཁོར་འདིར་ནི་འཇུག་འདོད་ན༔ རྡོ་རྗེ་སློབ་དཔོན་ཅི་གསུང་བཀའ༔ ཁྱོད་ཀྱིས་བཅག་པར་མི་བྱ་ཞིང༔ དཀྱིལ་འཁོར་ལྷ་ལ་རབ་མོས་ཤིང༔ སྙིང་པོ་སྔགས་དང་ཕྱག་རྒྱ་དང༔ བསྐྱེད་རྫོགས་ཟུང་དུ་འཇུག་བྱེད་ཅིང༔ དཀྱིལ་འཁོར་གསུམ་དང་མི་འབྲལ་བྱ༔ ཞེས་པའི་ཚིག་གིས་བཀའ་ཡང་བསྒོ༔ སློབ་བུ་རྣམས་ནི་གྲལ་ལ་འདུག༔ སློབ་དཔོན་གྱིས་ནི་དཀྱིལ་འཁོར་བསྟན༔ ལག་ན་རྡོ་རྗེ་སྟོབས་པོ་ཆེ༔ དཀྱིལ་འཁོར་ལྷ་ཡི་ཞལ་མཇལ་བསམ༔ ཕྱག་དང་མཆོད་པ་འབུལ་དུ་གཞུག༔ དེ་ནས་རྡོ་རྗེ་སློབ་དཔོན་གྱིས༔ དབང་གིས་སྨིན་བྱས་སློབ་བུ་རྣམས༔ ལག་ན་རྡོ་རྗེ་སྟོབས་པོ་ཆེ༔ གསང་བདག་དམ་ཚིག་སེམས་དཔར་བསྐྱེད༔ སྤྱི་བོར་ཟླ་བའི་དཀྱིལ་འཁོར་ཨོཾ༔ མགྲིན་པར་པདྨའི་དཀྱིལ་འཁོར་ཨཱཿ ཐུགས་ཀར་ཉི་མའི་དཀྱིལ་འཁོར་ཧཱུྃ༔ རྣ་ལྟག་གཡས་སུ་ཏྲཱཾ་ཡིན་ཏེ༔ ཡན་ལག་བཞི་ལ་ཧྲཱིཿཡིག་ལྗང༔ དེ་ལྟར་གནས་གསུམ་གསལ་བ་ཡི༔ ཡིག་འབྲུ་རྣམས་ལས་འོད་ཟེར་འཕྲོས༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས༔ རིགས་ལྔའི་སངས་རྒྱས་རྣམ་པ་རུ༔ ཡིག་འབྲུ་དག་ལ་ཡེ་ཤེས་ཀྱི༔ མདུན་གྱི་ནམ་མཁའི་གནས་དག་ཏུ༔ ལག་ན་རྡོ་རྗེ་སྟོབས་པོ་ཆེ༔ ཁྲོ་བོ་ཡེ་ཤེས་སེམས་དཔའ་ལ༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱིས༔ བསྐོར་བའི་ལྷ་ཚོགས་ཐམས་ཅད་ཀྱང༔ རིན་ཆེན་བུམ་པ་ཡེ་ཤེས་ཀྱི༔ བདུད་རྩིས་བཀང་བ་ཕྱག་ན་བསྣམས༔ སྐལ་ལྡན་སློབ་བུ་ཐམས་ཅད་ལ༔ དབང་བསྐུར་བྱིན་གྱིས་བརླབས་པར་བསམ༔ རྒྱལ་ཆེན་སྡེ་བཞིས་ཕྱོགས་སྲུངས་ཤིང༔ ཁྲོ་བོ་ཆེན་པོའི་ཚོགས་རྣམས་ཀྱིས༔ བར་ཆད་བགེགས་རྣམས་བསྲུང་བར་བསམ༔ བུམ་པ་སློབ་བུའི་མགོ་ཐོག་བཟུང༔ རྡོ་རྗེ་ཚིག་གིས་དབང་བསྐུར་ཞིང༔ ཧཱུྃ༔ བུམ་པ་ལྷ་ཡི་གཞལ་ཡས་ཁང༔ བུམ་ཆུ་བདེ་ཆེན་ལོངས་སྤྱོད་ཀྱི༔ བུམ་རྫས་བདུད་རྩི་སྤྲུལ་པའི་སྐུ༔ སྐུ་གསུམ་ལྷུན་གྲུབ་དཀྱིལ་འཁོར་ནས༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྫོགས༔ ལག་ན་རྡོ་རྗེ་སྟོབས་པོ་ཆེ༔ དབང་མཆོག་དམ་པ་ཐོབ་པར་ཤོག༔ རྩ་སྔགས་ཤམ་བུར་དབང་ཚིག་བརྗོད༔ ལྷ་ཚོགས་འོད་ཀྱི་རང་བཞིན་དུ༔ སློབ་བུའི་ལུས་ལ་ཐིམ་པར་དམིགས༔ དམ་ཚིག་ཡེ་ཤེས་དབྱེར་མེད་བསམ༔ མཐའ་རྟེན་རྫས་ཀྱི་དབང་མཆོག་ནི༔ སྒྲུབ་རྟེན་སྐུ་ཉིད་སྤྱི་བོར་བསྐུར༔ རྩ་སྔགས་ཡིག་འབྲུ་མགྲིན་པར་བསྐུར༔ ཕྱག་མཚན་རལ་གྲི་འཁོར་ལོ་དང༔ མེ་དཔུང་སྦྲུལ་ཞགས་ལག་ཏུ་གཏད༔ སྟག་གི་པགས་པས་སྨད་དཀྲིས་ཤིང༔ སྦྲུལ་གྱི་ཆུན་པོས་ལུས་ལ་བརྒྱན༔ མཐའ་རྟེན་བཀྲ་ཤིས་རྫས་བརྒྱད་ཀྱིས༔ དབང་གི་མཐའ་ཉིད་བརྟན་པར་བྱ༔ ཞེས་སྨྲས་སོ༔ སྨིན་པར་བྱེད་པ་དབང་གི་སྐབས་བསྟན་པའི་ལེའུ་སྟེ་བཞི་པའོ༔ ྈ དེ་ནས་ཡང་གསང་བའི་བདག་པོ་ཡིས༔ འདི་སྐད་ཅེས་སྨྲས་སོ༔ ལག་ན་རྡོ་རྗེ་སྟོབས་པོ་ཆེའི༔ བསྙེན་སྒྲུབ་མཐར་ཕྱིན་གང་ཟག་གིས༔ ཕྲིན་ལས་གང་བརྩམ་ཐོགས་མེད་འགྲུབ༔ ཕྲིན་ལས་མཆོག་སྒྲུབ་བྱས་པ་ནས༔ ལས་བཞི་འགྲུབ་པའི་ལས་ཚོགས་བསྟན༔ ནད་གདོན་བར་ཆོད་ཞི་བྱེད་པའི༔ ལས་ཚོགས་སྒྲུབ་པར་བྱེད་པ་ནི༔ ཡུངས་དཀར་གུ་གུལ་ཛཱ་ཏི་དང༔ ཆུ་དག་དཀར་པོ་ཤིང་ཀུན་ལ༔ སྔགས་འདི་སྟོང་ཚོ་བདུན་བཟླས་ཏེ༔ རྒྱལ་པོའི་ཕོ་བྲང་གྲོང་ཁྱེར་གྱི༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ཏུ༔ རྫས་རྣམས་རྒྱ་སྣག་དག་དང་བསྲེ༔ སྔགས་ཀྱི་ཕྲེང་བ་བཏབ་བྱས་ནས༔ གང་བསྲུང་ལ་སོགས་བཏགས་གྱུར་ན༔ གཟའ་དང་རྒྱུ་སྐར་བྱད་སྟེམས་དང༔ ནད་དང་གནོད་པ་མ་ལུས་ཀུན༔ སྐད་ཅིག་ཉིད་ལ་ཞི་བར་བྱེད༔ ྈ ན་མཤྩཎྜ་བཛྲ་ཀྲོ་ཏ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧུ་ལུ་ཧུ་ལུ༔ ཏིཥྛ་ཏིཥྛ༔ བྷནྡྷ་བྷནྡྷ༔ ཧ་ན་ཧ་ན༔ གནོད་བྱེད་འབྱུང་པོ་སརྦ་མཱ་ར་ཡ་ཕཊ༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཚེ་དབང་དཔལ་དང་ཕུན་སུམ་ཚོགས༔ དགོས་འདོད་དབང་དུ་བསྒྲུབ་འདོད་ན༔ རིན་ཆེན་ལས་གྲུབ་ག་འུ་རུ༔ རིན་ཆེན་སྣ་ལྔ་སྙིང་པོ་ལྔ༔ བཟང་དྲུག་སྨན་དང་དར་སྣ་དང༔ རིན་ཆེན་རྨ་མེད་ཙནྡན་དང༔ དཱུར་ཝ་གི་ཝཾ་ལི་ཁྲི་སོགས༔ བཀྲ་ཤིས་པ་ཡི་རྫས་བརྒྱད་ལས༔ སྔགས་འདི་འབུམ་ཚོ་གཅིག་བཟླས་ཏེ༔ གང་ཟག་ལུས་ལ་འཆང་བྱེད་ན༔ ཚེ་དབང་དཔལ་དང་ཕུན་ཚོགས་ཐོབ༔ ན་མཤྩཎྜ་བཛྲ་ཀྲོ་ཏ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ༔ བཛྲ་ཨཱ་ཡུ་ཥེ་པུཎྱ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་ཐམས་ཅད་དང༔ ཟས་ནོར་ལོངས་སྤྱོད་དབང་སྡུད་ན༔ རིན་ཆེན་ཟངས་ཀྱི་ག་འུ་རུ༔ ལྷ་ཡི་བླ་ལྕགས་ཤེལ་གྱི་རྡོ༔ མི་ཡི་བླ་རྡོ་དྲུག་དམར་གཡུ༔ ལྷ་སྲིན་བླ་རྡོ་ཕ་ཝཾ་ལོང་བུ༔ དེ་ལྟར་བླ་རྡོ་རྣམ་གསུམ་ལ༔ རིན་ཆེན་གསེར་གྱི་ཁུ་བ་ཡིས༔ ལྷ་དང་ལྷ་མ་ཡིན་དང་ནི༔ སྐྱེ་འགྲོ་མི་ཡི་སྲོག་ཡིག་བྲི༔ རྫས་ནི་རིན་ཆེན་སྣ་ལྔ་དང༔ སྨན་ལྔ་འབྲུ་ལྔ་སྙིང་པོ་ལྔ༔ དར་སྣ་ལྔ་ལ་སོགས་པ་ལ༔ སྙིང་པོ་འདི་ཉིད་བྱེ་བ་བཟླས༔ གང་ཟག་ལུས་ལ་འཆང་བ་ན༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུད༔ ན་མཤྩཎྜ་བཛྲ་ཀྲོ་ཏ་སརྦ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ དྷེ་ཝ་སརྦ་ནྲྀ་ཏྲི་སརྦ་བཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཕས་ཀྱི་རྒོལ་བ་འཇོམས་བྱེད་ཅིང༔ དགྲ་བགེགས་ཐལ་བར་རློག་བྱེད་ན༔ རྫས་ནི་གུ་གུལ་ནག་པོ་དང༔ ཡུངས་དཀར་ཀེ་ཚེ་ཤང་ཚེ་དང༔ ཐང་ཕྲོམ་འབྲུ་དང་ར་དུག་བཞི༔ གྲི་ཁྲག་དག་གིས་སྦོལ་བྱས་ལ༔ སྔགས་འདི་འབུམ་ཚོ་གསུམ་བཟླས་ཏེ༔ ཐུན་ཉིད་དགྲ་དང་བགེགས་ཕྱོགས་འཕང༔ ན་མཤྩཎྜ་བཛྲ་ཀྲོ་ཏ་ཡ༔ བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་བཛྲ་ཀ་ཏཾ་ཀ་ཡེ༔ བཛྲ་ཡེ་ཨ་ཀ་ཙི་ཏེ༔ ཨ་པ་རཱ་ཙི་ཏེ༔ པྲ་མཱརྡ་ན་ཡེ་སྭཱ་ཧཱ༔ གདོན་བགེགས་བྱེ་བ་དུང་ཕྱུར་ཡང༔ སྐད་ཅིག་ཉིད་ལ་རློག་པར་བྱེད༔ ཅེས་སྨྲས་སོ༔ ཕྲིན་ལས་བཞིའི་ལས་ཚོགས་བསྟན་པའི་ལེའུ་ལྔ་པའོ༔ ྈ དེ་སྐད་ཅེས་སྨྲས་པ་དང༔ ཡང་དག་པར་གཟིགས་པའི་སངས་རྒྱས་ཉིད༔ དུས་གསུམ་རྣམ་པར་གཟིགས་པའི་ཏིང་ངེ་འཛིན་དེ་ཉིད་ལས་བཞེངས་ཏེ༔ གསང་བའི་བདག་པོ་ལ་ལེགས་སོ་ལེགས་སོ་ཞེས་བཀའ་བསྩལ་ཏེ༔ ལྔ་བརྒྱ་དུས་ཀྱི་ཐ་མའི་ཚེ་ན་ཡང༔ རིགས་ཀྱི་བདག་པོས་ཀྱང་ཅི་ལྟར་ལུང་བསྟན་པ་ལྟར༔ སེམས་དཔའ་གསུམ་གྱིས་གངས་ཆེན་ལྗོངས་དེར་འགྲོ་བའི་དོན་གང་ལ་གང་འདུལ་མཛད་པའི་དུས་དེར༔ འགྲོ་བའི་དོན་རྒྱ་ཆེན་པོ་འགྲུབ་པར་འགྱུར་རོ༔ ཞེས་བཀའ་བསྩལ་བའི་ཚེ༔ འདས་པའི་བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པ་དང༔ ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་དང༔ ལྷ་དང༔ ཀླུ་དང༔ ལྷ་མ་ཡིན་དང༔ དྲི་ཟར་བཅས་པའི་འཇིག་རྟེན་པ་རྣམས་ཡི་རངས་ཏེ༔ བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ༔ རྡོ་རྗེ་གཏུམ་པོ་ཁྲོ་བོའི་རྒྱུད་ཅེས་བྱ་བ་རྫོགས་སོ༔ པདྨ་སཾ་བྷ་ཝས་སྒྲ་རང་འགྱུར་དུ་བསྒྱུར་ཏེ༔ མཐིང་ཤོག་ལ་བྲིས་ཏེ༔ ཆོས་སྐྱོང་བའི་རྒྱལ་པོ་ཡབ་སྲས་དང་མཚོ་རྒྱལ་ལ་གདམས་པ༔ མ་འོངས་བསྐལ་པའི་མཐར༔ འགྲོ་ལ་ཕན་པའི་དོན་དུ་ཡེར་བ་རྡོ་རྗེའི་བྲག་ཕུག་ཏུ་གཏེར་དུ་སྦས་པའོ༔ ལྷ་སྲས་དམ་འཛིན་གྱི་སྐྱེ་མཐའ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ བདག་འདྲ་གར་གྱི་དབང་ཕྱུག་རྩལ་གྱིས་ཡེར་པ་རྡོ་རྗེའི་བྲག་ཕུག་ནས་གདན་དྲངས་ནས། ཤོག་སེར་ལེབ་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ཁྲོ་བོ་དཔལ་གྱིས་བགྱིས་པའོ།། །། ༈ རྗེ་སྲས་གྲོགས་གསུམ་ལ་གདམས་པའི་ལག་ན་རྡོ་རྗེ་གཏུམ་པོ་ཁྲོ་བོའི་དབང་ཆོག་བཞུགས་སོ༔ ྈ ྈྈྈྈྈྈྈྈ དཔལ་རྡོ་རྗེ་གཏུམ་པོ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ བདུད་དང་མུ་སྟེགས་དྲེགས་པའི་ཚོགས༔ ཚར་གཅོད་རྗེས་སུ་བཟུང་བའི་ཕྱིར༔ ལག་ན་རྡོ་རྗེའི་དབང་ཆོག་འདི༔ རྗེ་རྒྱལ་མངའ་བདག་ཡབ་སྲས་དང༔ ཡེ་ཤེས་མཚོ་རྒྱལ་ཉིད་ལ་གདམས༔ ཉམས་སུ་ལོངས་ལ་གཏེར་དུ་སྦོས༔ མ་འོངས་བསྐལ་པའི་ཐ་མ་ལ༔ དམ་འཛིན་སྐྱེ་མཐའ་དེ་དང་འཕྲད་པར་ཤོག༔ དེ་ལ་དབང་གི་ངེས་པ་ནི༔ རྣལ་འབྱོར་པ་གང་ཞིག་གསང་བའི་བདག་པོ་སྒྲུབ་པར་བྱེད་པ་ལ་བྱིན་རླབས་ཀྱི་སྒོ་དབང་ཡིན་པས༔ དེའི་སྒྲུབ་ཐབས་ནི༔ དཀྱིལ་འཁོར་བུམ་རྫས་དང་བཅས་པ་སྒྲུབ་ཐབས་ལྟར་བཤམ༔ རྡོ་རྗེ་སློབ་དཔོན་གྱིས་ལྷ་བསྐྱེད༔ བཟླས་པ་བསྙེན་སྒྲུབ་ལ་སོགས་པ་ཐེམས་པས༔ དབང་བསྐུར་དུས་སུ་སྒྲུབ་ཐབས་ལྟར་ལྷ་བསྐྱེད་བཟླས་པ་བྱས་ལ་ཁ་གསོ༔ དབང་རྫས་ཐུན་རྟེན་ཕུར་པ༔ བདུད་རྩི་རིལ་བུ༔ སྐུ་ཙཀ་ལི༔ རྡོ་རྗེ་དྲིལ་བུ༔ རལ་གྲི༔ མེ་དཔུང༔ འཁོར་ལོ༔ སྦྲུལ་ཞགས༔ ཐུན་རྫས་རྣམས་བཤམ༔ སྒྲུབ་ཐབས་ལྟར་ཆོ་གའི་རིམ་པ་ཚར་ནས༔ ལས་དང་ལྡན་པའི་སློབ་མ་གསུམ་མམ་ལྔ་བདུན་ལས་མང་བར་མི་བྱ་སྟེ༔ ཕྱག་འཚལ༔ མཎྜལ༔ ཅོད་པན་མེ་ཏོག་དང་བཅས་པ་ཐོགས་ནས༔ རྡོ་རྗེ་རྣམ་པར་འཇོམས་པའི་བསྐྱེད་བཟླས་ཀྱིས་ཁྲུས་ནས་ཕྱུངས༔ མིག་དར་གདོང་གཡོགས་དང་བཅས་པས་འདི་སྐད་གསོལ་བ་འདེབས་པར་བྱ་སྟེ༔ ཀྱཻ༔ བླ་མ་གསང་སྔགས་ཆེ་བའི་མཆོག༔ རིག་སྔགས་ཀུན་གྱི་མངའ་བདག་ཆེ༔ བདག་ཅག་རྡོ་རྗེའི་དམ་ཚིག་ཅན༔ གསང་བདག་ཐུགས་ཀྱི་དཀྱིལ་འཁོར་དུ༔ འཇུག་ཅིང་སྨིན་པར་མཛད་དུ་གསོལ༔ ཞེས་ལན་གསུམ་གསོལ་བ་གདབ་རྗེས༔ སློབ་དཔོན་གྱིས༔ ཧཱུྃ༔ འདིར་འོང་རིགས་ཀྱི་བུ་རྣམས་ཀུན༔ གསང་བ་གསུམ་གྱི་དམ་ཚིག་ནི༔ ཁྱོད་ཀྱིས་རབ་ཏུ་མནོས་གྱུར་ཏེ༔ འདི་དག་ཉམས་ན་ཉེས་ཆེ་འོ༔ དམ་ཚིག་ཉམས་ན་ལྟུང་བར་འགྱུར༔ འདི་དག་ངེས་པར་དམ་བཅའ་འམ༔ ཞེས་པའི་ལན་དུ༔ བདག་ཅག་རྡོ་རྗེ་འཛིན་པ་དང༔ སློབ་དཔོན་ལ་ནི་གཉིས་མི་བལྟ༔ སྲོག་གི་ཕྱིར་ཡང་མི་གཏང་བར༔ བདག་ཅག་རྡོ་རྗེའི་བྲོ་བོར་ལགས༔ ཞེས་ཞུས་རྗེས་སུ༔ དམ་ཆུ་བླུད་ཅིང༔ རྡོ་རྗེ་གནས་གསུམ་དུ་གཏུགས་ནས༔ ཧཱུྃ༔ བུ་ཁྱོད་དམ་ལ་གནས་གྱུར་ན༔ གསང་བའི་བདག་པོ་སྙིང་ལ་འཇུག༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ ལུས་ངག་ཡིད་གསུམ་སྨིན་གྱུར་ཏེ༔ ང་ནི་ཁྱོད་ཀྱི་རྡོ་རྗེ་འཛིན༔ བུ་ཁྱོད་གསང་བའི་བདག་པོར་འགྱུར༔ དངོས་གྲུབ་ཆེན་པོ་དེང་ཐོབ་བོ༔ ཨོཾ་ཨཱཿཧཱུྃ༔ བཛྲ་ས་མ་ཡ་ཨུ་ད་ཀ་ཐཱ༔ དེ་ནས་རྡོ་རྗེ་གནས་གསུམ་དུ་གཏུགས་ཤིང༔ སྐུ་གསུང་ཐུགས་ཀྱིས་བྱིན་བརླབ༔ སློབ་མ་དམ་ཚིག་སེམས་དཔར་གསལ་གདབ༔ བསྐྱེད་རིམ་མངོན་རྟོགས་རྣམས་བླ་མས་འཕྲུལ་ཤེས་པར་བྱས་ལ་གདབ་བོ༔ ཧཱུྃ༔ བུམ་པ་བཟང་པོ་གཞལ་ཡས་ཁང༔ གསང་བདག་གཏུམ་པོའི་ལྷ་ཚོགས་བཞུགས༔ བུམ་པ་སྐུ་ཡི་དབང་བསྐུར་བས༔ བུ་ཁྱོད་ལག་ན་རྡོ་རྗེར་གྱུར༔ རྡོ་རྗེ་གཏུམ་པོའི་སྐུ་བརྙེས་ནས༔ ལྷ་དབང་ལུས་ལ་རྫོགས་གྱུར་ཅིག༔ རྩ་སྔགས་ཤམ་བུར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བུམ་ཆུ་སྤྱི་བོར་བླུགས་ལ༔ དམ་ཚིག་ཡེ་ཤེས་གཉིས་མེད་ཀྱི་སྐུར་མོས་ལ༔ ཁྱོད་ནི་གསང་བདག་རྡོ་རྗེ་འཛིན༔ ལྷ་དང་སྐལ་པ་མཉམ་པར་གྱུར༔ བཛྲ་པུཥྤེ་སིདྡྷི་ཧོ༔ ཞེས་ཅོད་པན་བཏགས་ལ༔ གསང་མཚན་ནི༔ བདུད་འཇོམས་དྲག་པོ་ཐོགས་མེད་རྩལ༔ ཞེས་བཏགས་སོ༔ བྷནྡྷ་མགྲིན་པར་བཞག་ལ༔ ཧཱུྃ༔ བྷནྡྷ་ཆོས་དབྱིངས་དཀྱིལ་འཁོར་ན༔ དམ་རྫས་གསང་བའི་བདུད་རྩི་སྦྱར༔ གསང་བ་ངག་ལ་ནུས་དབང་བསྐུར༔ རྩ་ཁམས་བདེ་བའི་རང་བཞིན་ཅན༔ ངག་ལ་ནུས་པའི་དབང་ཐོབ་ཤོག༔ རྩ་སྔགས་ཤམ་བུར༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་ངག་ཏུ་བླུད༔ སྙིང་གར་ཐུགས་སྲོག་ས་བོན་གསལ་བཏབ་ལ༔ སྒྲུབ་ཕུར་ལག་ཏུ་གཏད་དེ༔ ཧཱུྃ༔ ཐུགས་མཆོག་འགྱུར་མེད་ཧཱུྃཿདུ་གསལ༔ མ་སྐྱེས་འཇིག་མེད་རྡོ་རྗེ་ཆེ༔ ཕུར་པས་གཟུང་འཛིན་དབྱིངས་སུ་སྒྲོལ༔ གསང་བདག་ཐུགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་ཤམ་བུར༔ ཙིཏྟ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་དང་དྲིལ་བུ་ལག་ཏུ་གཏད་ལ༔ ཧཱུྃ༔ མ་སྐྱེས་འཇིག་མེད་རྡོ་རྗེ་ཆེ༔ དྲིལ་བུ་ཤེས་རབ་སྒྲ་ཆེན་སྒྲོག༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཐབས་ཤེས་དབྱེར་མེད་དབང་ཐོབ་ཤོག༔ བཛྲ་གྷཎྜེ་ཨ་བྷི་ཥིཉྩ་ཨཱ༔ རལ་གྲི་མེ་དཔུང་གཉིས་ལག་ཏུ་གཏད་ལ༔ ཧཱུྃ༔ རལ་གྲི་འབར་བས་དགྲ་སྲོག་གཅོད༔ སྡིགས་མཛུབ་མེ་དཔུང་བགེགས་རྣམས་སྲེག༔ རྩལ་ཆེན་སྒྲོལ་བར་ནུས་པའི་དབང༔ སྐལ་ལྡན་བུ་ཡིས་ཐོབ་པར་ཤོག༔ ཁངྒ་ཛྭ་ལཱ་ན་ལ་ཀརྨ་ཀྲོ་ཏ་ཨ་བྷི་ཥིཉྩ་མཱཾ༔ འཁོར་ལོ་གཡས་དང་སྦྲུལ་གཡོན་དུ་གཏད་དེ༔ ཧཱུྃ༔ འཁོར་ལོ་འབར་བས་བདུད་དཔུང་འཇོམས༔ སྦྲུལ་ཞགས་བགེགས་དཔུང་ཀླུ་གདོན་འདུལ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཕྲིན་ལས་ཡོངས་རྫོགས་དབང་ཐོབ་ཤོག༔ ཙཀྲ་སརྦ་པཱ་ཤ་སརྦ་དུཥྚཱན་ཀཱ་ཡ་ཨ་བྷི་ཥིཉྩ་མཱཾ༔ དེ་ནས་གསང་བདག་སྐུ་བྱ་ཁྱུང་རིགས་ལྔ་སྤྱི་བོར་བཞག་ལ༔ ཧཱུྃ༔ ལག་ན་རྡོ་རྗེ་ཁྲོ་བོའི་རྒྱལ༔ སངས་རྒྱས་ཀུན་གྱི་མཐུ་སྟོབས་བདག༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ སྐལ་ལྡན་བུ་ལ་དབང་བཞི་བསྐུར༔ ཁྱུང་ཆེན་རིགས་ལྔ་ཡེ་ཤེས་ལྔ༔ ཕྲིན་ལས་ཡོངས་རྫོགས་དབང་ཐོབ་ཤོག༔ བཛྲ་པཱ་ཎི་ཀྲོ་ཏ་གྷ་རུ་ཊ་ཨ་བྷི་ཥིཉྩ་མཱཾ༔ ཁྲོ་བོ་བཅུ་ཡི་སྐུའམ་ཧཱུྃ་བཅུ་སྤྱི་བོར་བཞག་ལ༔ ཧཱུྃ༔ མ་རྟོགས་ཕྱོགས་སྐྱོང་བསྣོལ་བའི་སྟེང༔ དགེ་བཅུ་རང་བྱུང་ཁྲོ་རྒྱལ་བཅུ༔ མཐུ་སྟོབས་རྩལ་ལྡན་ཡོངས་རྫོགས་དབང༔ སྐལ་ལྡན་འདི་ལ་རྫོགས་གྱུར་ཅིག༔ ཨོཾ་ད་ཤ་བཛྲ་ཀྲོ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཐུན་རྫས་ལག་ཏུ་གཏད་དེ༔ ཕུར་པ་ཀླད་ལ་བསྐོར་ཞིང༔ ཧཱུྃ༔ དེ་རིང་ནས་ནི་གསང་བའི་བདག༔ བུ་ཁྱོད་ངོ་བོ་གཅིག་ཏུ་གྱུར༔ བསྙེན་སྒྲུབ་ལས་སྦྱོར་བཀའ་གཏད་དབང༔ རབ་འབྱམས་བཀའ་དབང་ཐོབ་པར་ཤོག༔ རྩ་སྔགས་དང་སྡེ་བརྒྱད་འདུལ་སྔགས་ཤམ་བུར༔ ན་མཤྩཎྜ་བཛྲ་ཀྲོ་ཏ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧུ་ལུ་ཧུ་ལུ༔ ཏིཥྛ་ཏིཥྛ༔ བྷནྡྷ་བྷནྡྷ༔ ཧ་ན་ཧ་ན༔ གནོད་བྱེད་འབྱུང་པོ་སརྦ་མཱ་ར་ཡ་ཕཊ༔ བཛྲ་མ་ཧཱ་ཀྲོ་ཏ་སརྦ་དུཥྚཱན་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱ༔ དགྲ་བགེགས་སྡེ་བརྒྱད་མཱ་ར་ཡ་ཕཊ༔ སྤྲོས་པ་ལ་དགའ་ན་བཀྲ་ཤིས་རྫས་བརྒྱད་ཀྱི་དབང་སྤྱི་ལྟར་རིམ་པར་བསྐུར༔ ཚོགས་ལ་རོལ༔ དགའ་སྟོན་བྱ༔ བཀའ་སྲུང་གི་གཏོར་མ་བཏང་ཞིང༔ བསྟོད་ཅིང་མཆོད༔ དཀྱིལ་འཁོར་བསྡུ༔ རྫོགས་རིམ་བསྒོམ༔ བཀྲ་ཤིས་སྨོན་ལམ་བྱའོ༔ སྱ་མྱ་ཡྱ༔ རྒྱ་རྒྱ་རྒྱ༔ ཨེ་མ༔ གསང་བདག་སྒྲུབ་ཐབས་ཟབ་པའི་མཐར་ཐུག་འདི༔ རྡོ་རྗེ་གདན་མཚུངས་ར་སའི་ལྷ་ཁང་དུ༔ རྗེ་རྒྱལ་ཡབ་སྲས་མཚོ་རྒྱལ་གྲོགས་མཆོག་ལ༔ སྙིང་གཏམ་ཚུལ་དུ་གདམས་པ་འདི་ཉིད་ནི༔ སུ་ལ་མ་བསྟན་སྙིང་ཁྲག་དྭངས་མ་དང༔ པདྨ་བདག་གི་ཟབ་གཏེར་རྣོག་ཆོས་འདི༔ ཟབ་པའི་མཐར་ཐུག་སྙིང་པོ་ཡང་ཞུན་ཡིན༔ ད་ལྟའི་ལྷ་སྲས་དམ་འཛིན་ཁྱོད་ཉིད་དང༔ དད་གུས་ལྡན་པ་དཔལ་གྱི་སེང་གེ་ལ༔ བཀའ་གཏད་གདམས་པ་རིན་ཆེན་གཏེར་དུ་སྦོས༔ དུས་ཀྱི་ཐ་མ་བཞི་བཅུ་ཁ་རལ་དུས༔ མི་རྣམས་ལོག་སྤྱོད་རྣམ་པ་སྣ་ཚོགས་སྤྱོད༔ སྣང་སྲིད་ལྷ་འདྲེ་གདུག་རྩུབ་རླུང་ལྟར་འཚུབས༔ རྒྱལ་བསེན་གཟའ་ཀླུས་སྐྱེ་འགྲོའི་སྲོག་དབུགས་སྡུད༔ ལོ་ཉེས་དུས་འཁྲུགས་ནད་ཀྱིས་མི་ཐོག་བུད༔ གཏེར་མིན་གཏེར་འདྲ་རྫུན་གཏེར་ཟོག་པོས་གང༔ སྒོམ་ཆེན་རི་འཁྲུགས་སྐྱེ་བོ་གྲོང་གསེབ་འཁྲུགས༔ ཕ་བུ་གྲོགས་བཤེས་བློ་ཐུབ་མེད་པའི་དུས༔ མ་རུང་སྦྱོར་བ་དུག་གི་ལོངས་སྤྱོད་བྱེད༔ དེ་འདྲའི་སྙིགས་མ་ལྔ་བདོའི་དུས་ཀྱི་ཚེ༔ ལྷ་སྲས་ཁྱོད་ཉིད་སྨོན་ལམ་མཐུ་བཙན་ནས༔ ལྷ་སྲིན་གདུག་པའི་སྲོག་འཕྲོག་མཐུ་རྩལ་ལྡན༔ འདི་དང་འཕྲད་ནས་འགྲོ་དོན་རྒྱ་ཆེན་འགྲུབ༔ མཚོ་རྒྱལ་མཐིང་ཤོག་ལོག་ལ་ཐོབ་གསུངས་པས༔ རྒྱལ་བ་གཉིས་པ་ཨོ་རྒྱན་བཀའ་བཞིན་དུ༔ མི་བརྗེད་གཟུངས་སུ་མཐིང་ཤོག་ལོགས་ལ་བཀོད༔ ཁོ་མོ་མཚོ་རྒྱལ་སྐྱེ་བ་དམན་གྱུར་ཀྱང༔ སྐྱེ་འཆི་གཉིས་སྤངས་ཨོ་རྒྱན་པདྨ་ལ༔ པུས་བཙུགས་ཕྱག་བསྐོར་གྲངས་མེད་བྱས་ནས་ཞུས༔ གསེར་དངུལ་རིན་ཆེན་གྲངས་མེད་ཕུལ༔ གུས་པས་ཕྱག་འཚལ་ལུང་བསྟན་འདི་ཉིད་ཞུས༔ མ་འོངས་བསྐལ་པ་སྙིགས་མའི་དུས་ཀྱི་ཚེ༔ པདྨ་ང་སྤྲུལ་གར་གྱི་དབང་ཕྱུག་རྩལ༔ སྤྱི་བོའི་གཙུག་གཉིས་ལག་གཡས་རྒྱལ་མཚན་དང༔ རྐང་མཐིལ་འཁོར་ལོ་ལག་གཡོན་སྨེ་དམར་ཅན༔ དམ་འཛིན་སྐྱེ་མཐའ་དེ་དང་འཕྲད་པའི་ཕྱིར༔ ཡེར་པ་རྡོ་རྗེ་ཕུག་པའི་བྲག་གསེང་དུ༔ བཀའ་དང་རྒྱ་ཡིག་བཏབ་ནས་གཏེར་དུ་སྦས༔ ལྷ་མགོན་ཡབ་ཡུམ་གཉིས་ལ་བཀའ་འདི་གཏད༔ ཐུབ་པར་སྲུངས་ཤིག་དམ་ཚིག་ས་མ་ཡ༔ འདི་ནས་ལོ་ནི་བདུན་བརྒྱ་གོ་བརྒྱད་ནས༔ ད་ལྟའི་དཔལ་གྱི་སེང་གེ་འདི་ཉིད་ནི༔ རྒྱལ་པོ་དོན་གྲུབ་མིང་ཅན་ཉིད་དང་ནི༔ མངའ་བདག་སྤྲུལ་པ་མངའ་རིའི་རྒྱལ་པོ་ནི༔ ཆོས་སྐྱོང་སྟག་ཤམ་ཅན་ལ་སྤྲད་པ་ན༔ བར་ཆད་བགེགས་ལས་གྲོལ་ཏེ་བསྟན་པ་ཡང༔ ཉི་ཟླ་གསལ་བ་ཅི་བཞིན་འབྱུང་བར་འགྱུར༔ འོན་ཀྱང་བདུད་ཀྱི་སྤྲུལ་པ་འཕྲུལ་ཆེ་བས༔ དུས་མཚུངས་རྟེན་འབྲེལ་འགྲིགས་པར་དཀའ་ན་ཡང༔ སྨོན་ལམ་དབང་གིས་ལས་ཅན་འཕྲད་པར་ཤོག༔ ས་མ་ཡ༔ གཏད་རྒྱ༔ ཟབ་རྒྱ༔ བདག་འདྲ་གར་གྱི་དབང་ཕྱུག་རྩལ་གྱིས་ཡེར་པ་རྡོ་རྗེའི་བྲག་ཕུག་ནས་སྤྱན་དྲངས་པའི་མཐིང་ཤོག་ལེབ་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ཁྲོ་བོ་དཔལ་གྱིས་ཞུས་སོ།། །། ༈ རྗེ་སྲས་གྲོགས་གསུམ་ལ་གདམས་པའི་ལག་ན་རྡོ་རྗེ་གཏུམ་པོ་ཁྲོ་བོའི་སྒྲུབ་པ་བཞུགས་སོ༔ ྈ ྈྈྈྈྈྈ གསང་བདག་རྡོ་རྗེ་གཏུམ་པོ་ལ༔ མི་ཕྱེད་དད་པས་ཕྱག་འཚལ་ལོ༔ བདག་ཉིད་པདྨ་འབྱུང་གནས་དང༔ གསང་བདག་རྡོ་རྗེ་གཏུམ་པོ་ནི༔ དོན་ལ་དབྱེར་མེད་ཆོས་སྐུར་གཅིག༔ གདུལ་བྱའི་མོས་བློས་སོ་སོར་བསྟན༔ མ་འོངས་སྙིགས་མ་ལྔ་བདོའི་དུས༔ སྡེ་བརྒྱད་ལྷ་སྲིན་ཐམས་ཅད་ཀྱིས༔ སྐྱེ་འགྲོ་ཀུན་གྱི་སྲོག་དབུགས་ལེན༔ སེམས་ཅན་ཀུན་ལ་གནོད་ཅིང་འཚེ༔ དེ་འདྲའི་སྙིགས་མ་ལྔ་བདོའི་དུས༔ གསང་བདག་ཐུགས་ཀྱི་སྒྲུབ་པ་འདི༔ ང་ཡི་སྨོན་ལམ་མཐུ་བཙན་ནས༔ ད་ལྟའི་ལྷ་སྲས་དམ་འཛིན་ཁྱོད༔ གར་གྱི་དབང་ཕྱུག་རྩལ་ཞེས་པ༔ ཤ་སྨེ་མཚན་རྟགས་གསུམ་དང་ལྡན༔ ཨོ་རྒྱན་ང་ཡིས་བྱིན་བརླབས་པའི༔ ཆོས་བདག་དེ་དང་འཕྲད་ནས་ཀྱང༔ ལྷ་སྲིན་རྣམས་ཀྱི་སྲོག་འཕྲོག་ཤོག༔ སཱེ་མཱེ་ཡཱེ། ྈྈ རྒྱ་རྒྱ་རྒྱ༔ གསང་བདག་སྒྲུབ་ཐབས་རྡོ་རྗེ་ཐོག་འབེབས་མཐུ་སྟོབས་ཡོངས་རྫོགས་འདི་ལ་དོན་གསུམ་སྟེ༔ སྔོན་འགྲོ་དངོས་གཞི་རྗེས་ཆོག་གོ༔ སྔོན་འགྲོ་སྒྲུབ་པའི་གནས་བརྟག་པ་ནི༔ རི་བོ་ཆེན་པོ་ནགས་གླིང་སོགས༔ མེ་ཏོག་སྔོན་པོའི་ཚལ་རྒྱས་པ༔ ཤིང་ཚེར་མ་ཅན་སྐྱེས་ཤིང༔ གཅན་གཟན་མ་རུངས་པ་གནས་པའི་ས༔ གྲུབ་ཐོབ་གོང་མས་བྱིན་གྱིས་བརླབས་པའི་གནས་སུ༔ བསམ་ཡས་ཨརྻ་པཱ་ལོའི་དལ་ས་བསྲེས་པ༔ ས་ཕྱོགས་བཀྲ་ཤིས་པ་ལ་དཀྱིལ་འཁོར་ཞེང་མདའ་གང༔ དཔངས་མཐོ་གང་བ་རྐྱང་ནུལ་ལེགས་པར་བྱས་ལ༔ ཨ་མྲྀཏ་དང་དྲི་བཟང་གུ་གུལ་གྱི་ཆུས་ལེགས་པར་གཏམས༔ དཀྱིལ་འཁོར་དབུས་མཐིང་ནག་རྩིབས་བཞི་མུ་ཁྱུད་དང་བཅས་པ་ལ༔ གཞན་ཡང་སྒོ་རྫོགས་པད་རྡོར་དུར་ཁྲོད་མེ་རི་སོགས་སྤྱི་དང་མཐུན་པར་འཕྲུལ་ཤེས་པར་བྱའོ༔ དཀྱིལ་འཁོར་དབུས་སུ་བུམ་པ་མཚན་ལྡན་བགེགས་བསྐྲད་གུ་གུལ་བདུག༔ བུམ་རྫས་ཁ་རྒྱན་མགུལ་ཆིངས་གཟུངས་ཐག་རྡོ་རྗེ་ལ་སོགས་འཛོམ་པར་བྱས་ལ་དཀྱིལ་འཁོར་དབུས་སུ་བཞག༔ གཡས་སུ་བྷནྡྷ་མཚན་ལྡན་དུ༔ རས་སམ་ཤིང་ཤུན་ལ་གསང་བདག་གི་སྐུ་སྲོག་ཡིག་དང་བཅས་པ་བྲིས་ལ་གཞུག༔ མདུན་དུ་སེང་ལྡེང་ཕུར་པ་ཁྲོ་ཞལ་ཅན་དབུའི་གཙུག་རྡོ་རྗེས་མཚན་པ་ནང་གཟུངས་དང་བཅས་པ༔ དར་སྔོན་པོས་དྲིལ་ལ་གསང་བདག་དངོས་སུ་བསྐྱེད་པ་བཤམ༔ གཡོན་དུ་གསང་བདག་གི་དཔལ་གཏོར་གཞུང་བཞིན་བཤམ༔ གཞན་ཡང་ཕྱི་ནང་གསང་མཆོད་དང༔ སྐུ་གསུང་ཐུགས་རྟེན་སྨན་གཏོར་རཀྟ་དང་བཅས་པ་འཛོམ་པར་བསགས༔ གཞི་བདག་ལ་གཏོར་མ་བྱིན༔ བགེགས་ལ་བཀའ་བསྒོ༔ དེ་ནས་རྣལ་འབྱོར་པ་བདེ་བའི་སྟན་ལ་འདུག༔ སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན་པར་བྱས་ལ༔ དངོས་གཞི་སྒྲུབ་པ་ལ་འཇུག་པ་ནི༔ བདག་དང་སྣང་བ་ཐམས་ཅད་མི་དམིགས་པ་སྟོང་པའི་ངང་ལས༔ བྷྲཱུྃ་ཡོངས་སུ་གྱུར་པ་ལས༔ གནམ་ལྕགས་ཀྱི་རྡོ་རྗེ་ལས་གྲུབ་པའི་གཞལ་ཡས་ཁང་ཆེན་པོ་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་ཆོས་འཁོར་གདུགས་ཏོག་ཐམས་ཅད་ཡོངས་སུ་རྫོགས་པ༔ ནང་གནམ་ལྕགས་འབར་བའི་གུར་ཁང་ལ༔ ཕྱི་དུར་ཁྲོད་མེ་དཔུང་འབར་བའི་ཀློང་དུ་གྱུར་པ་དེའི་དབུས་སུ་པདྨ་ཉི་ཟླའི་དཀྱིལ་འཁོར་གྱི་ཁར༔ རང་རིག་གི་ངོ་བོ་གནམ་ལྕགས་རྡོ་རྗེ་རྩེ་དགུ་པ་ལྟེ་བ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས༔ འཕགས་པ་མཆོད་ཅིང་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས༔ གདུག་པ་ཅན་ཐམས་ཅད་ཚར་བཅད༔ འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས༔ སྐད་ཅིག་དྲན་རྫོགས་སུ་རང་རིག་གི་ངོ་བོ་རྡོ་རྗེ་གཏུམ་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཡས་པས་གནམ་ལྕགས་རྡོ་རྗེ་མེ་ཡི་ཚྭ་ཚྭ་འཕྲོ་བ་ནམ་མཁར་འཕྱར་ཞིང༔ གཡོན་ལྕགས་ཀྱུ་དང་སྦྲུལ་ཞགས་འཛིན་པ༔ ཞལ་བགྲད་མཆེ་བ་གཙིགས་པ༔ སྤྱན་གསུམ་སྡང་མིག་ཁྲོ་ཚུལ་དུ་གཟིགས་པ༔ རལ་པ་ཁམ་སེར་གྱེན་དུ་འབར་ཞིང་རལ་པའི་གསེབ་ནས་མེའི་ཚྭ་ཚྭ་འཕྲོ་བ༔ སྐུ་ཆེ་ལ་ཡན་ལག་རགས་པ༔ སྦྲུལ་རིགས་ལྔ་དང་སྦྲུལ་ཆུན་གྱིས་སྤྲས་པ༔ སྐུའི་བ་སྤུའི་བུ་ག་ནས་སྤྲུལ་པའི་ཁྲོ་ཚོགས་དང་ཡེ་ཤེས་ཀྱི་མེས་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་བར་འགྱེད་པ༔ སྣང་སྟོང་སྒྱུ་མ་ལྟ་བུའི་སྐུར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃཿམཐིང་ནག་ཚེག་དྲག་དང་བཅས་པ་ལས་འོད་ཟེར་འཕྲོས་པས༔ ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ ཡེ་ཤེས་སེམས་དཔའ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཁྲོ་རྒྱལ་གྱི་སྐུར་བཞེངས་ནས༔ ཡེ་ཤེས་སེམས་དཔའ་འཁོར་དུ་མས་བསྐོར་བ་མདུན་གྱི་ནམ་མཁའི་གནས་སུ་བྱོན་པར་བསམ་ཞིང༔ གུ་གུལ་དང་ཤ་ཆེན་བསྲེག༔ རོལ་མོ་སྦིར༔ དར་ནག་གཡབ་དར་དང་བཅས་གདུང་བའི་ང་རོས་སྤྱན་འདྲེན་པ་ནི༔ ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཁྲོ་རྒྱལ་དམ་ཚིག་ཅན༔ འོག་མིན་ལྷུན་གྲུབ་གནས་མཆོག་གི༔ གསང་ཆེན་རོལ་པའི་གཞལ་ཡས་ཁང༔ ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ དམ་ཚིག་དབང་གིས་སྤྱན་འདྲེན་ན༔ ཐུགས་དམ་དབང་གིས་གཤེགས་སུ་གསོལ༔ བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཨེ་ཧྱེ་ཧི་ས་མ་ཡ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་པས་ཡེ་ཤེས་སེམས་དཔའི་ཚོགས་ཐམས་ཅད་བདག་དང་དཀྱིལ་འཁོར་སྐུ་འབག་ལ་ཐིམ༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད་པའི་སྐུར་གྱུར་པར་བསམ་ཞིང༔ ཧཱུྃ༔ མི་འཇིགས་གནམ་ལྕགས་འབར་བའི་གཞལ་ཡས་འདིར༔ གདུག་པ་སྡེ་བརྒྱད་འདུལ་ཕྱིར་བརྟན་པར་བཞུགས༔ བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཨེ་ཧྱེ་ཧི་པདྨ་ཀ་མ་ལཱ་ཡ་སཏྭཾ༔ ཕྱག་འཚལ་བ་ནི༔ ཧཱུྃ༔ ཕྲིན་ལས་མཐུ་སྟོབས་མངའ་དབང་བདག༔ གསང་བདག་སྐུ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ མཆོད་པ་འབུལ་བ་ནི༔ ཧཱུྃ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སིལ་སྙན་ལ་སོགས་དང༔ སྨན་གཏོར་རཀྟ་འདོད་ཡོན་ཚོགས༔ མཆོད་པའི་བྱེ་བྲག་དཔག་མེད་རྣམས༔ ཁྲོ་རྒྱལ་འཁོར་དང་བཅས་ལ་འབུལ༔ ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ༔ རྩ་སྔགས་ཤམ་བུར༔ ཨརྒྷཾ་པཱ་དྱཾ་སོགས་ནས། ཤབྡ་པཱུ་ཙ་ཧོ༔ པཉྩ་ཨ་མྲྀཏ༔ མ་ཧཱ་བ་ལིཾ་ཏ༔ མ་ཧཱ་རཀྟ༔ ག་ཎ་ཙཀྲ་པཱུ་ཙ་ལ་ཁཱ་ཧི༔ ཞེས་མཆོད་གཏོར་འབུལ་ཞིང་རོལ་མོ་སྦིར༔ ཧཱུྃ༔ རྡོ་རྗེ་འཛིན་དབང་ཁྲོས་པའི་རྒྱལ༔ བདུད་དང་ལོག་འདྲེན་འཇོམས་མཛད་པ༔ མངོན་སྤྱོད་ཕྲིན་ལས་ཡོངས་རྫོགས་ལྷ༔ བཻ་ཌཱུར་མདོག་ཅན་འཇིགས་པའི་སྐུ༔ ཁྲོ་རྒྱལ་སྐུ་ལ་ཕྱག་འཚལ་བསྟོད༔ ཞལ་བགྲད་མཆེ་གཙིགས་ཧཱུྃ་སྒྲ་སྒྲོག༔ སྤྱན་གསུམ་སྡང་མིག་ཁྲོ་ཚུལ་གཟིགས༔ རལ་པའི་གསེབ་ནས་མེ་འོད་འབར༔ སྡེ་བརྒྱད་འབྱུང་པོ་བརླག་པར་བྱེད༔ གདུག་པ་འདུལ་ལ་ཕྱག་འཚལ་བསྟོད༔ མེ་ཡི་ཚྭ་ཚྭ་འཕྲོ་བ་ཡི༔ གནམ་ལྕགས་རྡོ་རྗེས་ཐལ་བར་རློག༔ ལྕགས་ཀྱུ་ཞགས་པ་བསྣམས་པ་ཡིས༔ སྡེ་བརྒྱད་འབྱུང་པོ་བཀུག་ཅིང་འཆིང༔ བདུད་འདུལ་ཁྱོད་ལ་ཕྱག་འཚལ་བསྟོད༔ སྦྲུལ་རིགས་ལྔ་ཡིས་སྐུ་ལ་བརྒྱན༔ ཀླུ་རྣམས་ཐམས་ཅད་འདུལ་མཛད་པ༔ ཁྲོ་ཚོགས་འབུམ་གྱི་འཁོར་གྱིས་བསྐོར༔ སྡེ་བརྒྱད་ཐམས་ཅད་འདུལ་མཛད་པ༔ ཕྲིན་ལས་ཡོངས་རྫོགས་དཔལ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་པ་འགྲུབ་རྗེས་སུ༔ དཀྱིལ་འཁོར་དབུས་ཀྱི་བུམ་པ་བྲིས་སྐུ་དང་བཅས་པ་གསང་བདག་ཡེ་ཤེས་སེམས་དཔའ་དངོས་སུ་མོས་ལ༔ རང་དམ་ཚིག་ཡེ་ཤེས་གཉིས་མེད་དུ་བསམས་པའི་སྙིང་གར་པདྨ་སྔོན་པོ་འདབ་མ་བརྒྱད་པ༔ དེའི་ལྟེ་བར་ཉི་ཟླའི་དཀྱིལ་འཁོར་གྱི་དབུས་སུ༔ ཧཱུྃཿཡིག་ཚེག་དྲག་ཅན་བཻ་ཌཱུར་ཡའི་མདོག་ཅན་གྱི་མཐའ་ལ་རྩ་བའི་སྔགས་རྣམས་འོད་ཟེར་ཁ་དོག་ལྔ་དང་ལྡན་པ་མེའི་ཕྲེང་བ་ལྟར་འཁོར་བ་ལས་འོད་འཕྲོས༔ དཀྱིལ་འཁོར་ལྷ་ཚོགས་ཀྱི་ཐུགས་སྲོག་ས་བོན་ལ་ཕོག༔ བདག་དང་དཀྱིལ་འཁོར་པའི་སྐུ་ལས་སྤྲུལ་པའི་ཁྲོ་ཚོགས་འཇིག་རྟེན་གྱི་ཁམས་གང་བར་འཕྲོས་པས་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཚར་བཅད་དམ་ལ་བཏགས༔ གདུག་པ་ཅན་ཐམས་ཅད་ཚར་བཅད་པར་བསམས་ལ༔ རྩ་བའི་སྙིང་པོ་འདི་ཉིད་མི་ཚིག་གིས་བར་མ་ཆོད་པ་ལ་འབུམ་ཚོ་གསུམ་བཟླས་སོ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཅེས་རྡོ་རྗེ་ཐོག་རྒོད་ལྟར་བཟླས་པས༔ རྟགས་ཀྱི་རིམ་པ་ནི༔ ཞལ་མཇལ་བ་དང༔ ལུང་བསྟན་པ་དང༔ མེ་ཏོག་སྔོན་པོའི་གླིང་དུ་ཕྱིན་པ༔ ཁང་བཟང་འཛིན་པ༔ གོ་ཆ་གོན་པ༔ དམག་དཔོན་བྱས་ཏེ་ཕ་རོལ་གྱི་དམག་ཚོགས་བཅོམ་པ༔ ལྷ་སྲིན་སྡེ་བརྒྱད་ཀྱིས་བཀའ་ཉན་ཅིང་སྲོག་སྙིང་ཕུལ་བ༔ སྡོམ་དང་སྡིག་པ༔ གཅན་གཟན་མ་རུངས་པ་བསད་པ་ལ་སོགས་དེ་ལྟར་འབྱུང་ལ༔ མདོར་ན་བཟང་རྟགས་ཅི་བྱུང་ཡང་མཉམ་ཡངས་ཕྱག་རྒྱ་ཆེན་པོའི་ངང་ལ་འཇོག་པ་ནི་གནད་ཀྱི་གདམས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཕྲིན་ལས་ལས་ལ་སྦྱར་བ་ནི༔ ཀླུ་བདུད་མ་རུངས་འདུལ་བྱེད་ན༔ ཡི་དམ་ང་རྒྱལ་ལྡན་པ་ཡིས༔ ཕུར་པ་ཁྲོ་རྒྱལ་དངོས་སུ་བསྐྱེད༔ དྲག་པོའི་ཐུན་རྫས་འཛོམ་པར་བསགས༔ རྩ་སྔགས་ཤམ་བུར་འདི་ཉིད་བཏག༔ ནཱ་ག་རཱ་ཙ་ནག་པོ་ཏི་པ་ཙ་མཱ་ར་ཡ་ཕཊ༔ དགྲ་བགེགས་ལིངྒ་གཞུང་བཞིན་བཤམ༔ ཐུན་གྱིས་བྲབ་ཅིང་ལིངྒ་གཏུབ༔ ལིང་རོ་སྐྱེར་པའི་མེ་ལ་བསྲེག༔ ཐལ་བ་མཆོད་རྟེན་ཞབས་སུ་མནན༔ ས་མ་ཡ༔ གཤིན་རྗེ་གདུག་པ་འདུལ་བྱེད་ན༔ ཡི་དམ་ང་རྒྱལ་ལྡན་པ་ཡིས༔ ཕུར་པ་ཁྲོ་རྒྱལ་དངོས་སུ་བསྐྱེད༔ དྲག་པོའི་ཐུན་རྫས་འཛོམ་པར་གསོག༔ རྩ་སྔགས་ཤམ་བུར་འདི་ཉིད་བཏག༔ ཡ་མ་རཱ་ཙ་ས་མ་ཡ་མཱ་ར་ཡ་ཕཊ༔ དགྲ་བགེགས་ལིངྒ་གཞུང་བཞིན་བཤམ༔ ཐུན་གྱིས་བྲབ་ཅིང་ལིངྒ་གཏུབ༔ ལིང་རོ་སྐྱེར་པའི་མེ་ལ་བསྲེག༔ ཐལ་བ་མཆོད་རྟེན་ཞབས་སུ་མནན༔ ས་མ་ཡ༔ རྒྱལ་འགོང་གདུག་ཅན་འདུལ་བྱེད་ན༔ ཡི་དམ་ང་རྒྱལ་ལྡན་པ་ཡིས༔ ཕུར་པ་ཁྲོ་རྒྱལ་དངོས་སུ་བསྐྱེད༔ དྲག་པོའི་ཐུན་རྫས་འཛོམ་པར་གསོག༔ རྩ་སྔགས་ཤམ་བུར་འདི་ཉིད་བཏག༔ ཏྲི་དུ་དུ་ཧྲི་ཏྲི་དུ་དུ་ན་ར་ཏི་ཥ་མཱ་ར་ཡ་ཕཊ༔ དགྲ་བགེགས་ལིངྒ་གཞུང་བཞིན་བཤམ༔ ཐུན་གྱིས་བྲབ་ཅིང་ལིངྒ་གཏུབ༔ ལིང་རོ་སྐྱེར་པའི་མེ་ལ་བསྲེག༔ ཐལ་བ་མཆོད་རྟེན་ཞབས་སུ་མནན༔ ས་མ་ཡ༔ བཙན་རྒོད་དྲག་པོ་འདུལ་བྱེད་ན༔ ཡི་དམ་ང་རྒྱལ་ལྡན་པ་ཡིས༔ ཕུར་པ་ཁྲོ་རྒྱལ་དངོས་སུ་བསྐྱེད༔ དྲག་པོའི་ཐུན་རྫས་འཛོམ་པར་གསོག༔ རྩ་སྔགས་ཤམ་བུར་སྔགས་འདི་བཏག༔ ཏྲི་ཤུ་ཡ་རཱ་ཙ་ཏྲི་ན་ཏྲི་ཤི་ཡ་ཛ༔ མཱ་ར་ཡ་ཕཊ༔ དགྲ་བགེགས་ལིངྒ་གཞུང་བཞིན་བཤམ༔ ཐུན་གྱིས་བྲབ་ཅིང་ལིངྒ་གཏུབ༔ ལིང་རོ་སྐྱེར་པའི་མེ་ལ་བསྲེག༔ ཐལ་བ་མཆོད་རྟེན་འོག་ཏུ་མནན༔ ས་མ་ཡ༔ དགྲ་ལྷ་མ་སང་འདུལ་བྱེད་ན༔ ཡི་དམ་ང་རྒྱལ་ལྡན་པ་ཡིས༔ ཕུར་པ་ཁྲོ་རྒྱལ་དངོས་སུ་བསྐྱེད༔ དྲག་པོའི་ཐུན་རྫས་འཛོམ་པར་གསོག༔ རྩ་སྔགས་ཤམ་བུར་འདི་ཉིད་བཏག༔ བཛྲ་སཱ་དྷུ་ས་མ་ཡ་རཱ་ཛ༔ ཏྲི་ཛ་མཱ་ར་ཡ་ཕཊ༔ དགྲ་བགེགས་ལིངྒ་གཞུང་བཞིན་བཤམ༔ ཐུན་གྱིས་བྲབ་ཅིང་ལིངྒ་གཏུབ༔ ལིང་རོ་སྐྱེར་པའི་མེ་ལ་བསྲེག༔ ཐལ་བ་མཆོད་རྟེན་འོག་ཏུ་མནན༔ ས་མ་ཡ༔ དགྲ་བགེགས་དྲག་པོ་འདུལ་བྱེད་ན༔ ཡི་དམ་ང་རྒྱལ་ལྡན་པ་ཡིས༔ ཕུར་པ་ཁྲོ་རྒྱལ་དངོས་སུ་བསྐྱེད༔ དྲག་པོའི་ཐུན་རྫས་འཛོམ་པར་གསོག༔ རྩ་སྔགས་ཤམ་བུར་འདི་ཉིད་བཏག༔ རཱ་ཧུ་ལ་ཡ་མ་རཱ་ཛ༔ མཱ་ར་ཡ་ཕཊ༔ དགྲ་བགེགས་ལིངྒ་གཞུང་བཞིན་བཤམ༔ ཐུན་གྱིས་བྲབ་ཅིང་ལིངྒ་གཏུབ༔ ལིང་རོ་སྐྱེར་པའི་མེ་ལ་བསྲེག༔ ཐལ་བ་མཆོད་རྟེན་འོག་ཏུ་མནན༔ ས་མ་ཡ༔ གནོད་སྦྱིན་སྲིན་པོ་འདུལ་བྱེད་ན༔ ཡི་དམ་ང་རྒྱལ་ལྡན་པ་ཡིས༔ ཕུར་པ་ཁྲོ་རྒྱལ་དངོས་སུ་བསྐྱེད༔ དྲག་པོའི་ཐུན་རྫས་འཛོམ་པར་བསོག༔ རྩ་སྔགས་ཤམ་བུར་འདི་ཉིད་བཏག༔ ཤྲཱི་བཛྲ་ཡཀྴ་ཧྲིང་ཧྲིང༔ མཱ་ར་ཡ་ཕཊ༔ དགྲ་བགེགས་ལིངྒ་གཞུང་བཞིན་བཤམ༔ ཐུན་གྱིས་བྲབ་ཅིང་ལིངྒ་གཏུབ༔ ལིང་རོ་སྐྱེར་པའི་མེ་ལ་བསྲེག༔ ཐལ་བ་མཆོད་རྟེན་འོག་ཏུ་མནན༔ ས་མ་ཡ༔ མ་མོའི་བྱད་ཁ་ཟློག་བྱེད་ན༔ ཡི་དམ་ང་རྒྱལ་ལྡན་པ་ཡིས༔ ཕུར་པ་ཁྲོ་རྒྱལ་དངོས་སུ་བསྐྱེད༔ དྲག་པོའི་ཐུན་རྫས་འཛོམ་པར་གསོག༔ རྩ་སྔགས་ཤམ་བུར་འདི་ཉིད་བཏག༔ ཏྲག་རཀྴ་ཁ་མུན་ཏྲ་མཱ་ར་ཡ་ཕཊ༔ དགྲ་བགེགས་ལིངྒ་གཞུང་བཞིན་བཤམ༔ ཐུན་གྱིས་བྲབ་ཅིང་ལིངྒ་གཏུབ༔ ལིང་རོ་སྐྱེར་པའི་མེ་ལ་བསྲེག༔ ཐལ་བ་མཆོད་རྟེན་འོག་ཏུ་མནན༔ ས་མ་ཡ༔ དེ་ལྟར་དྲེགས་པ་འདུལ་བྱེད་ཀྱི་ལས་མཐའ་གནམ་ལྕགས་ཐོག་གི་སྤུ་གྲི་འདི་ཉིད་ནི༔ རྣལ་འབྱོར་པ་མཚོན་ཆའི་འཁོར་ལོ་འཛིན་པ་དང་མཚུངས་ཏེ༔ ཤིན་ཏུ་བཀའ་གཉན་པས་ན་གཅིག་བརྒྱུད་མ་གཏོགས་སྤེལ་བར་མི་བྱ་པདྨ་བདག་གི་ཐ་ཚིག་གོ༔ དེ་ནས་བསྙེན་སྒྲུབ་མཐར་ཕྱིན་རྗེས་ཀྱི་རིམ་པ་ནི༔ གཏོར་མ་བུམ་པ་ཡི་དམ་སྐུ་འབག་དངོས་སུ་བསྐྱེད་ལ༔ མདུན་གྱི་ནམ་མཁར་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡི་དམ་རྡོ་རྗེ་འཛིན་པ་དང་དྲག་པོ་སྟོབས་པོ་ཆེའི་རྣམ་པར་བྱོན་ཏེ༔ ཁམས་གསུམ་དབང་དུ་བསྡུས་ཤིང་སྲིད་གསུམ་ཟིལ་གྱིས་མནན༔ སྡེ་བརྒྱད་གདུག་པ་ཅན་བཏུལ་ཞིང༔ དམ་ལ་གནས་པར་གྱུར་ཏེ༔ ལྷ་རྣམས་ཀྱིས་བཀྲ་ཤིས་པའི་གླུ་ལེན༔ ཁྲོ་བོ་རྣམས་ཀྱིས་བར་ཆོད་ཀྱི་བགེགས་སྲུང༔ རྡོ་རྗེ་འཛིན་དང་ཨོ་རྒྱན་རིན་པོ་ཆེ་དབྱེར་མ་མཆིས་པས་ཡེ་ཤེས་ཀྱི་བུམ་པ་བདུད་རྩིས་གང་བ་བསྣམས་ཏེ༔ རང་གི་སྤྱི་བོར་དབང་བསྐུར་བས་ཕྲིན་ལས་རྣམ་པ་བཞི་ལ་མངའ་བརྙེས་པའི་དབང་མཆོག་ཐོབ་སྟེ༔ ལྷ་རྣམས་འོད་ཀྱི་རྣམ་པར་གྱུར་ནས་བདག་ལ་ཐིམ་པས༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད་པ་གསང་བདག་དངོས་ཀྱི་ང་རྒྱལ་དང་ལྡན་པར་བྱ་ཞིང༔ སྐུ་འབག་སྒྲུབ་ཕུར་ཐུན་རྫས་རྣམས་མི་འབྲལ་བར་བཅང་ཞིང༔ ཞག་རེ་ལ་རྩ་བའི་སྙིང་པོ་སྟོང་ཚོ་རེ་ཆག་མེད་བཟླས་ན༔ རྡོ་རྗེ་འཛིན་པ་པདྨ་འབྱུང་གནས་བདག་ཉིད་དང་སྐལ་པ་མཉམ་པར་འགྱུར་རོ༔ ལྷ་སྲིན་དྲེགས་པ་ཅན་རྣམས་བཀའ་ཉན་ཅིང་བྲན་དུ་ཁོལ་བར་འགྱུར་རོ༔ རྗེས་ཆོག་དཀྱིལ་འཁོར་བསྡུས་ཤིང༔ བཀའ་སྲུང་ལ་གཏང་རག་གཏོང༔ ཤིས་པ་བརྗོད་ལ༔ དཀྱིལ་འཁོར་བསྒོམ་ཞིང་རྒྱུན་སྤྱོད་ལ་འཇུག་པར་བྱའོ༔ སྱ་མྱ་ཡྱ༔ ཨེ་མ་ཟབ་རྒྱའི་གདམས་པ་ས་སྟེང་དཀོན་པ་འདི༔ པདྨ་བདག་གི་ཁོང་པའི་སྙིང་ཁྲག་ཡིན༔ མངའ་བདག་ཡབ་སྲས་མཚོ་རྒྱལ་གྲོགས་ལ་གདམས༔ མ་འོངས་བསྐལ་པའི་སྙིགས་མ་ཡང་མཐའི་ཚེ༔ ཨོ་རྒྱན་གསུང་སྲས་ཉིད་དང་འཕྲད་པར་ཤོག༔ མཚོ་རྒྱལ་ཁྱོད་ཀྱིས་མཐིང་ཤོག་ལེབ་ལ་བྲིས༔ བཀའ་རྟགས་རྒྱས་བཏབ་ཡེར་བ་རྡོ་རྗེའི་བྲག༔ ཕུག་པའི་ནང་དུ་མི་བརྗེད་རྒྱ་ཡིས་ཐོབ༔ གཏེར་ལ་སྦོས་དང་འགྲོ་ལ་ཕན་པར་འགྱུར༔ ཨོ་རྒྱན་རིན་པོ་ཆེའི་གསུང་བཞིན་བདག་འདྲ་མཚོ་རྒྱལ་གྱིས་མཐིང་ཤོག་ལེབ་ལ་ཡི་གེར་བྲིས་ཏེ་གཏེར་ཁ་གསུམ་དུ་སྦས་པ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ བདག་འདྲ་གར་གྱི་དབང་ཕྱུག་རྩལ་གྱིས་ཡེར་པ་རྡོ་རྗེའི་ཕུག་པ་ནས་སྤྱན་དྲངས་ནས། མཐིང་ཤོག་ལེབ་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ཁྲོ་བོ་དཔལ་གྱིས་བགྱིས་པའོ།། །། ༈ རྗེ་སྲས་གྲོགས་གསུམ་ལ་གདམས་པ་ལག་ན་རྡོ་རྗེ་སྟོབས་པོ་ཆེའི་བཀའ་སྲུང་ལྷ་མགོན་ཡབ་ཡུམ་གྱི་སྒྲུབ་ཐབས་བཞུགས་སོ༔ ྈ ྈྈྈྈྈྈ བཅོམ་ལྡན་གསང་བདག་རྡོ་རྗེ་འཛིན༔ སྟོབས་པོ་ཆེ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ སངས་རྒྱས་བསྟན་པ་སྲུང་བ་དང༔ བསྟན་དགྲ་ལུས་སྲོག་མྱུར་གཏུབ་ཕྱིར༔ ལྷ་མགོན་ཡབ་ཡུམ་སྒྲུབ་པ་ནི༔ ལྷ་ཁང་དྲག་ཤུལ་དབེན་གནས་སུ༔ ལྷ་མགོན་ཡབ་ཡུམ་སྐུ་དང་ནི༔ དཔལ་གཏོར་རྒྱན་ལྡན་སྤྱན་གཟིགས་བཤམ༔ དེ་ཡི་མདུན་གྱི་ཕྱོགས་ངོས་སུ༔ དཀྱིལ་འཁོར་མདའ་གང་གྲུ་བཞི་བྱ༔ དུག་ཁྲག་འོ་མས་ཆག་ཆག་གདབ༔ དབུས་སུ་གྲུ་གང་ཐུར་དུ་བྲུ༔ ནང་དུ་དུག་ཁྲག་རྙེད་ཚད་བྱུག༔ དེ་ཡི་ནང་དུ་གྲི་ཐོད་དམ༔ ཙིཏྟ་མ་ཉམས་བརྒྱངས་པའི་ནང༔ གྲོ་ག་རས་སམ་ཤིང་ཤུན་ལ༔ གྲི་ཁྲག་དག་གིས་ལིངྒ་བྲིས༔ དུག་དང་ཚ་བ་གསུམ་བསྲེས་ལ༔ ལིངྒའི་མཐའ་ལ་སྔགས་ཀྱིས་བསྐོར༔ དགྲ་བོའི་དྲི་མ་དྲུག་སོགས་ཆུས༔ ལིངྒ་དག་ལ་ཁྱབ་པར་བྱུག༔ དགྲ་བོ་འགུགས་གཞུག་ལེགས་པར་བྱ༔ སྣ་ལྔས་བཅིངས་ལ་ཙིཏྟར་གཞུག༔ ཙིཏྟ་ཐོད་པའི་ནང་དུ་གཞུག༔ ལྕགས་ཀྱི་ཆུ་གྲི་སོར་བཞི་ལ༔ སྙིང་དེ་ཐོད་ནང་ཕྱར་ལ་གཟུག༔ ཐོད་ངན་དུག་ཁྲག་གིས་བཀང་བ༔ ཡུངས་དཀར་ལ་སོགས་ཐུན་རྫས་རྣམས༔ ཅི་འཚོགས་བསགས་ལ་བྱང་ཤར་བཞག༔ དུག་ཤིང་ནག་པོའི་ཧོམ་བརྩིགས་ལ༔ ཤ་ཁྲག་བརྒྱན་ལ་ཤར་ལྷོར་བཞག༔ ཀླུ་སྨན་ཆབ་གཏོར་བསེ་ཕོར་གང༔ འབྲས་ཀྱི་སྟེང་དུ་ནུབ་བྱང་བཞག༔ དེ་ལྟར་སྒྲུབ་པའི་བཅས་ཚར་ནས༔ རང་ཉིད་གསང་བའི་བདག་པོར་བསྒོམ༔ ཐུགས་ཀའི་འོད་ཟེར་བྷྲཱུྃ་འཕྲོས་པས༔ ལས་ཁང་དུར་ཁྲོད་ཆེན་པོར་བསྐྱེད༔ དེ་ཡང་སྐད་ཅིག་དྲན་རྫོགས་བསྒོམ༔ མ་ཧཱ་ཀཱ་ལ་ལྕམ་དྲལ་ནི༔ རབ་འཇིགས་སྐུ་མདོག་མཐིང་ནག་ལ༔ དར་ནག་བེར་ཆེན་སྦྲུལ་རྐེད་ཅན༔ ཕྱག་གཡས་ཆུ་གྲི་འབར་བ་བསྣམས༔ གཡོན་པས་ཐོད་པ་ཁྲག་བཀང་འཛིན༔ སྤྱན་གསུམ་ཞལ་གདངས་མཆེ་བ་གཙིགས༔ རྒྱ་སྨིན་རལ་པ་དམར་སེར་འཕྲོ༔ མི་མགོ་སྐམ་རློན་རྒྱན་གྱིས་སྤྲས༔ ལྕམ་དྲལ་ཆ་ལུགས་གཅིག་པ་ལ༔ སྡེ་བརྒྱད་ཕོ་ཉ་འགྱེད་མཛད་ཅིང༔ མེ་དཔུང་འབར་བའི་དབུས་ན་བཞུགས༔ དགྲ་བོ་དམྱལ་ཐག་དུམ་བུར་གཏུབ་པར་བསམ༔ དེ་ལ་ཏིང་འཛིན་མ་ཡེངས་པར༔ འབོད་རྦད་བསད་གསུམ་དཀྲུག་བྲིས་པས༔ སྤུ་གྲི་སྔགས་ཀྱི་འཁོར་ལོ་འདི༔ རིག་པ་རང་བསྐྱེད་དྲག་པོར་བཟླ༔ ཨོཾ་མ་ཧཱ་ཀཱ་ལ་དེ་ཝཱི་ཀཱ་ལཱི་ཧྲཱིང་ཧྲཱིང་ཛཿཛ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ཧྲིང་ཛ༔ དགྲ་བོའི་སྙིང་ལ་ཁུག་རྦད༔ ཧེ་ཀཱ་ལི་མ་ཧཱ་ཙཎྜ་མཱ་ར་ཡ་རྦད༔ ཧུར་ཐུཾ་མུག་རཀྴ་རྦད༔ སཱ་དྷ་རྩ་སྲོག་ཙིཏྟ་ཝ་ཏི་རྦུད་རྦད༔ ཧ་ལ་ད་ཧ་རྩ་ལ་མྱག་རྦད༔ ཆེ་གེ་མོ་ལ་རྦད་རཾ་རྦུད་རྨུག་རྦད༔ ཡ་མ་རྦུད་མྱོག་ཁཾ་རྦད༔ ཁཾ་རྦུད་ཐིབ༔ ནྲྀ་ཨཱ་མུ་ཀ་མཱ་ར་ཡ་སོད༔ དེ་ལྟར་མེ་ཉི་སྤངས་པ་ཡི༔ མུན་ནག་ནང་དུ་ཞག་བདུན་ནམ༔ བཅུ་བཞི་ཉེར་གཅིག་དག་དང་སྦྱར༔ ཞུབ་ཅེན་ཀི་སྒྲ་འདེབས་པ་དང༔ མི་ནག་མཚོན་ཐོགས་སེམས་ཅན་གསོད༔ ཤིང་བཅད་ནགས་མེ་བསྲེག་པ་སོགས༔ རྟགས་བྱུང་ཆུ་གྲི་དེ་ཉིད་ཀྱིས༔ ཐུན་བཞིར་ཐོད་པ་སྙིང་ལ་བརྡེག༔ སྐབས་སུ་ཐུན་གྱིས་རྡེག་པར་བྱེད༔ ཐ་མ་བླ་རྟགས་ཚད་ཕེབས་ནས༔ ཤར་ལྷོའི་ཧོམ་ལ་མེ་སྦར་ལ༔ ལིང་ག་སྙིང་དང་བཅས་པ་བསྲེག༔ ཐལ་བ་མེ་དང་གཏོར་མ་དང༔ དགུ་སྟོང་ཉི་མ་མདུང་གང་ལ༔ སྔགས་འདིས་ལན་བདུན་འབུལ་བར་བྱ༔ ཧོམ་མེ་མ་ཧཱ་ཀཱ་ལར་བསྐྱེད༔ མ་ཧཱ་ཀཱ་ལ་དེ་ཝཱི་ཀཱ་ལཱི་ཨ་ཡ་མ་དུ་རུ་ཙ་ཤ་ན་དགྲ་བོའི་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཙཀྵུ་བ་སུ་ཏ་ཙིཏྟ་གོ་རོ་ཙ་ན་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཅེས་བརྗོད་ལ་བསྐུལ་བ་དང་བཅས་དགྲ་བོའི་སྙིང་ཟོར་དུ་འཕང་ངོ༔ དེས་ནི་དགྲ་བགེགས་འཆིང་བར་འགྱུར༔ གལ་ཏེ་འཁུ་ཞིང་རྟགས་མེད་ན༔ བདག་ཉིད་གསང་བའི་བདག་པོར་བསྒོམ༔ ལྷ་མགོན་ཡབ་ཡུམ་གཟུགས་བྲིས་ལ༔ ཙིཏྟ་ཐོད་པའི་ནང་དུ་བཞག༔ སྔགས་འདི་སྤྱི་དྲིལ་མགོ་ཞབས་བཟློག༔ ཤིན་ཏུ་དྲག་ལ་མྱུར་བར་བཟླ༔ དེ་ཡིས་རྟགས་ཐོན་སླར་ཡང་ནི༔ སྐུ་གཟུགས་གཟུངས་ཆུས་ལེགས་པར་བཀྲུས༔ ལིང་ག་སྔར་བཞིན་གཞུག་ལ་བསྒྲུབ༔ སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར༔ ཟབ་པའི་གནད་འདི་མ་སྦས་པར༔ རྗེ་རྒྱལ་ཡབ་སྲས་གྲོགས་ལ་གདམས༔ མ་འོངས་བསྐལ་པའི་ཐ་མ་ལ༔ བསྟན་པ་བསྲུང་ཕྱིར་གཏེར་དུ་སྦས༔ ལས་ལྡན་དེ་དང་འཕྲད་པར་ཤོག༔ ལྷ་མགོན་ཡབ་ཡུམ་སྲོག་སྒྲུབ་སྙིང་ཐིག་གི་ཡང་བཅུད་རྫོགས་སོ༔ སྐབས་སུ་གཏོར་མ་དགྲ་བགེགས་ཀྱི་ཤ་ཁྲག་དག་ཏུ་བྱིན་གྱིས་བརླབས༔ གདུང་བའི་ང་རོས་བསྐུལ་བ་ནི༔ ྈ ཧཱུྃ༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་དང༔ བསིལ་བ་ཚལ་གྱི་དུར་ཁྲོད་ནས༔ ལྷ་མགོན་ཡབ་ཡུམ་འཁོར་བཅས་རྣམས༔ དེ་རིང་གནས་འདིར་གཤེགས་སུ་གསོལ༔ སྐུ་མདོག་མཐིང་ནག་འཇིགས་པའི་གཟུགས༔ སྦྲུལ་ཆེན་སྐམ་རློན་ཐོད་ཕྲེང་གིས༔ དབུ་དང་ཕྱག་ཞབས་རྒྱན་དང་བཅས༔ རབ་ཏུ་འཇིགས་པའི་གད་རྒྱངས་སྒྲོག༔ ཆུ་གྲི་བྷནྡྷ་ཁྲག་བཀང་བསྣམས༔ དགྲ་བགེགས་ལུས་གཏུབ་སྙིང་ཁྲག་གསོལ༔ ལས་མཁན་སྡེ་བརྒྱད་དམག་ཚོགས་བཅས༔ འདིར་བྱོན་བདུད་རྩི་སྨན་རག་དང༔ བ་ལིཾ་དགྲ་བོའི་ཤ་ཁྲག་རྣམས༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ སྔོན་ཚེ་གསང་བའི་བདག་པོ་དང༔ པདྨ་ཐོད་ཕྲེང་སྤྱན་སྔ་རུ༔ རང་གིས་ཁས་བླངས་དམ་བཅས་བཞིན༔ ཐལ་བ་རྡུལ་ཕྲན་བཞིན་དུ་རློགས༔ མི་རབས་ཆོད་ལ་ས་ཞིང་གཏོར༔ མི་རྟ་ཕྱེས་ལ་ནང་ཚན་དཀྲུགས༔ འཁོར་གཡོག་ཕྲོགས་ལ་ལྟས་ངན་ཐོངས༔ བྷྱོ་བྷྱོ་དགྲ་བོའི་སྟེང་དུ་བྷྱོ༔ ནག་པོ་ཆེན་པོ་དགྲ་ལ་བྷྱོ༔ དཔལ་ལྡན་ལྷ་མོ་དགྲ་ལ་བྷྱོ༔ བཀའ་སྡོད་སྡེ་བརྒྱད་དགྲ་ལ་བྷྱོ༔ ནག་པོ་སྟོང་སྡེ་དགྲ་ལ་བྷྱོ༔ ནག་མོ་འབུམ་སྡེ་དགྲ་ལ་བྷྱོ༔ བྷྱོ་བྷྱོ་ཞིང་བཅུའི་དགྲ་ལ་བྷྱོ༔ ཨོཾ་མ་ཧཱ་ཀཱ་ལ་དེ་ཝཱི་ཀཱ་ལཱི་ཨ་ཡ་མ་དུ་རུ་ཙ་ཤ་ན་རྒྱུགས་རྒྱུགས་སོད་སོད་བྲེང་བྲེང་དགྲ་བོ་མཱ་ར་ཡ་སོད༔ ཅེས་བསྐུལ་ལོ༔ ཡེར་པ་རྡོ་རྗེའི་བྲག་ཕུག་ནས་སྤྱན་དྲངས་པའི་མཐིང་ཤོག་ལེབ་ནས་བདག་འདྲ་གར་གྱི་དབང་ཕྱུག་རྩལ་གྱིས་དག་པར་ཕབ་པའི་ཡི་གེ་པ་ནི་ཁྲོ་བོ་དཔལ་གྱིས་བགྱིས་པའོ། །མངྒ་ལཾ།།  །།
</div></onlyinclude>
= Tsagli =
TSAGLI image gallery goes here
<headertabs/>
== Footnotes ==
<references/>
==Other Information==
{{Footer
}}
{{RTZ Metadata
{{RTZ Metadata
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|pagename=Terdzo-SA-032
|pagename=Terdzo-SA-032
|fulltitletib=རྗེ་སྲས་འབངས་གསུམ་ལ་གདམས་པའི་ཕྱག་ན་རྡོ་རྗེ་སྟོབས་པོ་ཆེ་ལས་གཏུམ་པོ་ཁྲོ་བོའི་རྒྱུད
|fulltitletib=རྗེ་སྲས་འབངས་གསུམ་ལ་གདམས་པའི་ཕྱག་ན་རྡོ་རྗེ་སྟོབས་པོ་ཆེ་ལས་གཏུམ་པོ་ཁྲོ་བོའི་རྒྱུད་
|fulltitle=rje sras 'bangs gsum la gdams pa'i phyag na rdo rje stobs po che las gtum po khro bo'i rgyud

|citation=[[zhig po gling pa]] rje sras 'bangs gsum la gdams pa'i phyag na rdo rje stobs po che las gtum po khro bo'i rgyud. In Rin chen gter mdzod chen mo pod nyer brgyad pa (The Great Treasury of Rediscovered Teachings Volume 28) by 'jam mgon kong sprul, 599-639. New Delhi: Shechen Publications, 2007-2016.
|citation=[[zhig po gling pa]]. rje sras 'bangs gsum la gdams pa'i phyag na rdo rje stobs po che las gtum po khro bo'i rgyud. In Rin chen gter mdzod chen mo pod nyer brgyad pa (The Great Treasury of Rediscovered Teachings Volume 28) by 'jam mgon kong sprul, 599-639. New Delhi: Shechen Publications, 2007-2016.
|collectiontitle=Rin chen gter mdzod; Rin chen gter mdzod Shechen Edition

|collectiontitletib=རིན་ཆེན་གཏེར་མཛོད་
|collectiontitletib=རིན་ཆེན་གཏེར་མཛོད་
|author=Zhig po gling pa;
|author=Zhig po gling pa
|sourcerevealer=Zhig po gling pa;
|sourcerevealer=Zhig po gling pa
|compiler='jam mgon kong sprul
|compiler='jam mgon kong sprul
|scribe=khro bo dpal
|scribe=khro bo dpal
Line 34: Line 15:
|sourcerevealertib=ཞིག་པོ་གླིང་པ་
|sourcerevealertib=ཞིག་པོ་གླིང་པ་
|compilertib=འཇམ་མགོན་ཀོང་སྤྲུལ་
|compilertib=འཇམ་མགོན་ཀོང་སྤྲུལ་
|scribetib=ཁྲོ་བོ་དཔལ
|scribetib=ཁྲོ་བོ་དཔལ་
|tiblittype=Buddhist
|tiblittype=Buddhist
|tibgenre=Revelations - gter ma, Root Treasure - gter gzhung

|terma=Yes
|terma=Yes
|rtzcategory=Mahayoga
|rtzcategory=Mahayoga
|deity=phyag na rdo rje;
|deity=phyag na rdo rje
|cycle=phyag na rdo rje stobs po che
|cycle=phyag na rdo rje stobs po che
|cycletib=ཕྱག་ན་རྡོ་རྗེ་སྟོབས་པོ་ཆེ་
|cycletib=ཕྱག་ན་རྡོ་རྗེ་སྟོབས་པོ་ཆེ་
Line 73: Line 54:
|pagestatus=Phase I Complete
|pagestatus=Phase I Complete
|pagecreationdate=2/2/2016
|pagecreationdate=2/2/2016
}}
{{Header}}
<h1 style="font-size: 24px !important;">Tibetan Text</h1>

{{TsagliCall}}
<headertabs/>
== Footnotes ==
<references/>
==Other Information==
{{Footer
}}
}}

Latest revision as of 11:06, 29 December 2017

རྗེ་སྲས་འབངས་གསུམ་ལ་གདམས་པའི་ཕྱག་ན་རྡོ་རྗེ་སྟོབས་པོ་ཆེ་ལས་གཏུམ་པོ་ཁྲོ་བོའི་རྒྱུད་

rje sras 'bangs gsum la gdams pa'i phyag na rdo rje stobs po che las gtum po khro bo'i rgyud

by  ཞིག་པོ་གླིང་པ་ (Zhikpo Lingpa)
revealed by  ཞིག་པོ་གླིང་པ་ (Zhikpo Lingpa)
in cycle  ཕྱག་ན་རྡོ་རྗེ་སྟོབས་པོ་ཆེ་ (Phyag na rdo rje stobs po che)
Volume 28 (ས) / Pages 599-639 / Folios 1a1 to 21a4

[edit]

ྈ རྗེ་སྲས་འབངས་གསུམ་ལ་གདམས་པའི་ཕྱག་ན་རྡོ་རྗེ་སྟོབས་པོ་ཆེ་ལས་གཏུམ་པོ་ཁྲོ་བོའི་རྒྱུད་བཞུགས་སོ༔ ཟབ་ཉུང༔ ྈྈྈྈྈྈ རྒྱ་གར་སྐད་དུ༔ བཛྲ་ཙཎྜ་ཀྲོ་དྷ་ཏན་ཏྲ་ནཱ་མ༔ བོད་སྐད་དུ༔ རྡོ་རྗེ་གཏུམ་པོ་ཁྲོ་བོའི་རྒྱུད་ཅེས་བྱ་བ༔ འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན༔ ཡང་དག་པར་རྫོགས་པའི་སངས་རྒྱས༔ ཨོ་རྒྱན་ཡུལ་ལག་ན་རྡོ་རྗེས་རྣམ་པར་སྤྲུལ་པའི་ཕོ་བྲང་ནས༔ འཁོར་དགྲ་བཅོམ་པ་ཐོགས་པ་མེད་པ༔ ཡེ་ཤེས་ཀྱི་མཁའ་འགྲོ་མ་བསམ་གྱིས་མི་ཁྱབ་པ་དང༔ ལྷའི་དབང་པོ་བརྒྱ་བྱིན་དང༔ ཚངས་པ་དང་སུམ་ཅུ་རྩ་གསུམ་གྱི་ལྷའི་རིགས་རྣམས་དང༔ གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་དང༔ རྒྱལ་པོ་ཆེན་པོ་སྡེ་བཞི་དང༔ འཇིག་རྟེན་སྐྱོང་བའི་ལྷ་དང༔ ཀླུ་དང༔ གནོད་སྦྱིན་དང༔ ལྷ་མ་ཡིན་དང༔ མིའམ་ཅི་དང༔ ལྟོ་འཕྱེ་ཆེན་པོ་དང༔ ཁྱད་པར་གྱི་འཁོར་ཕུན་སུམ་ཚོགས་པ་དང༔ བྱང་ཆུབ་སེམས་དཔའ་ཆེན་པོར་གྱུར་པ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་དང༔ བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང༔ ལག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པ་དང་ཐབས་གཅིག་ཏུ་བཞུགས་ཏེ༔ འཁོར་དེ་དག་ཐམས་ཅད་ཀྱང༔ སྐྱེ་བ་གཅིག་གིས་ཐོགས་པ༔ ཐམས་ཅད་མཁྱེན་པ་ཉིད་ལ་མངོན་དུ་ཕྱོགས་པ༔ ཆགས་པ་མེད་པའི་གཟུངས་དང་ཏིང་ངེ་འཛིན་ཐོབ་པ༔ དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་ལྡན་པ༔ མངོན་པར་ཤེས་པ་ཆེན་པོས་རྣམ་པར་རོལ་པ༔ སྒྲིབ་པ་ཆོད་པ་དང༔ མུན་པའི་བསྲང་བ་ཐམས་ཅད་དང་བྲལ་བ༔ ལམ་གྱི་རྒྱུད་མ་ཆད་པ༔ བྱམས་པ་དང་སྙིང་རྗེ་ཆེན་པོས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་ཁྱབ་པ༔ སངས་རྒྱས་ཀྱི་ཞིང་མཐའ་ཡས་པར་འགྲོ་བ་འདུལ་བ༔ མཁས་པ་སྟོང་པ་ཉིད་ཀྱི་སྤྱོད་ཡུལ་བ༔ མཚན་མ་མེད་པ་ལ་གནས་པ༔ རྨི་ལམ་ལ་གནས་པ༔ ཐམས་ཅད་དང་བྲལ་བ༔ སེམས་ཅན་ཐམས་ཅད་ལ་ཕན་པར་བརྩོན་པ༔ སངས་རྒྱས་ཀྱི་སྤྱོད་ཡུལ་ཐམས་ཅད་ལ་མཁས་པ༔ ཡེ་ཤེས་མཐའ་ཡས་པ༔ སེམས་ནམ་མཁའ་དང་མཚུངས་པ༔ ཡེ་ཤེས་རྒྱ་མཚོ་ལྟར་ཟབ་པ༔ སེམས་རི་བོའི་རྒྱལ་པོ་ལྟར་མི་འགུལ་བ༔ སེམས་པདྨོ་ལྟར་ཉོན་མོངས་དྲི་མས་མ་གོས་པ༔ སེམས་རིན་ཆེན་ལྟར་ཤིན་ཏུ་ཡོངས་སུ་དག་པ༔ སེམས་གསེར་ལྟར་ཤིན་ཏུ་ཡོངས་སུ་བྱང་བ༔ ཡེ་ཤེས་ཀྱི་ཚོགས་ཚད་མེད་པ༔ ཡོངས་སུ་ཚོལ་བ་ལ་མཁས་པ༔ ཕ་རོལ་གྱི་རྒོལ་བ་ཟིལ་གྱིས་གནོན་པ༔ ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པའི་ཡེ་ཤེས་ཅན༔ སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ༔ བདུད་ཀྱི་སྤྱོད་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ལ་མཁས་པ༔ བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་ལྡན་པ༔ ཐབས་ཤེས་པ་ལ་མཁས་པ༔ གཟུངས་ཐོབ་པ༔ རྨི་ལམ་སྙིགས་པ༔ བཟོད་པའི་མཉམ་པ་ཉིད་ཐོབ་པ༔ མངོན་པར་ཤེས་པ་མཉམ་པ༔ ཟང་ཟིང་མེད་པར་ཆོས་སྟོན་པ༔ ཟབ་མོ་བཟོད་པའི་ཕ་རོལ་སོན་པ༔ བདུད་ཀྱི་ལས་ལས་ཡང་དག་པར་འདས་པ༔ ལས་ཀྱི་སྒྲིབ་པའི་རྒྱུན་ཆད་པ༔ ཆོས་རབ་ཏུ་རྣལ་འབྱོར་སྤྱོད་པ༔ བརྡར་ཕྱེ་བ་ལ་མཁས་པ༔ བསྐལ་པ་གྲངས་མེད་པར་སྨོན་ལམ་ཤིན་ཏུ་བརྩམས་པ༔ བཞིན་འཛུམ་ཞིང་གསོང་པོར་སྨྲ་བ༔ ཚིགས་སུ་བཅད་པའི་དབྱངས་ཀྱི་སྨྲ་བ་དང་ལྡན་པ༔ སེམས་ཞུམ་པ་མེད་པ༔ སྤོབས་པའི་རྒྱུན་མི་ཆད་པ༔ འཁོར་མཐའ་ཡས་པ་ཟིལ་གྱིས་གནོན་པ༔ བསྐལ་པ་བྱེ་བ་མཐའ་ཡས་པ་ལ་མཁས་པས༔ སྒྱུ་མ་དང་སྨྲིག་རྒྱུ་དང༔ ཆུ་ཟླ་དང༔ རྨི་ལམ་དང༔ བྲག་ཅ་དང༔ མིག་ཡོར་དང༔ གཟུགས་བརྙན་དང༔ སྤྲུལ་པ་ལྟ་བུའི་ཆོས་ལ་མོས་པ༔ སེམས་ཐོགས་པ་མེད་པ༔ སེམས་ཅན་གྱི་སེམས་དང༔ སྤྱོད་པ་ཤེས་པ་ཕྲ་མོ་ལ་མོས་ཤིང་འཇུག་པ་ལ་མཁས་པ༔ བཟོད་པ་ཆེན་པོ་དང་ལྡན་པ༔ བདག་ཉིད་ཇི་ལྟ་བ་བཞིན་དུ་འཇུག་པ་ལ་མཁས་པ༔ སངས་རྒྱས་ཀྱི་ཞིང་བཀོད་པ་མཐའ་ཡས་པར་སྨོན་ལམ་ལ་འཇུག་པ་ཡོངས་སུ་བཟུང་བ༔ འཇིག་རྟེན་གྱི་ཁམས་གྲངས་མེད་པར་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་ནི་རྟག་པར་རྒྱུན་དུ་མངོན་དུ་གྱུར་པ༔ སངས་རྒྱས་དཔག་ཏུ་མེད་པ་ལ་གསོལ་བ་འདེབས་པ་ལ་མཁས་པ༔ ལྟ་བ་ཐ་དད་པ་དང་བག་ལ་ཉལ་བ་ཀུན་ནས་དཀྲིས་པ་ཉོན་མོངས་པ་རབ་ཏུ་ཞི་བ་ལ་མཁས་པ༔ ཏིང་ངེ་འཛིན་གྱི་རྣམ་པར་རོལ་པ་བརྒྱ་སྟོང་སྒྲུབ་པ་ལ་མཁས་པ༔ ཐམས་ཅད་མཁྱེན་པས་ལེགས་པར་འབྱུང་བ༔ ཁམས་གསུམ་ལ་མ་ཆགས་པ༔ རྟོགས་པ་ཁོང་དུ་ཆུད་པ༔ རེ་བ་ཐམས་ཅད་ཡོངས་སུ་སྐོང་བ༔ ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ཚད་མེད་པ༔ ལུས་དང་ངག་གིས་སྨྲ་བ༔ ཡིད་ཀྱིས་ལས་ཀྱི་མཐའ་དོན་ཡོད་པ་ཚད་མེད་པར་བརྩོན་པ༔ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པའི་ཡོན་ཏན་གྱིས་མ་གོས་པ༔ ཏིང་ངེ་འཛིན་ཐམས་ཅད་ལ་དབང་གི་ཕ་རོལ་དུ་སོང་བ༔ འཇིག་རྟེན་གྱི་ཆོས་ཀྱིས་མ་གོས་པ༔ རིང་པོར་སྤོབས་པ༔ སྤོབས་པ་ལས་གྲོལ་བ༔ བྱམས་པ་དང་སྙིང་རྗེའི་བདག་ཉིད་ཅན༔ དགའ་བ་དང་བཏང་སྙོམས་ལ་བལྟས་པ༔ ཚུལ་ཁྲིམས་ཉམས་པ་མེད་ཅིང་ཏིང་ངེ་འཛིན་ལ་གནས་པ༔ མངོན་པར་ཤེས་པ་ལྔའི་རྣལ་འབྱོར་རིག་པ་དྲུག་དང་ལྡན་པ་ཤ་སྟག་གོ༔ དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པར་འཕྲོས་ཏེ༔ འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཀྱིས་ཁྱབ་པར་མཛད་དེ༔ སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པའི་ཚོགས་ཞི་བར་མཛད་ཅིང༔ རང་གི་ལས་དང་བསོད་ནམས་ཀྱི་བར་འབའ་ཞིག་ལ་གནས་པར་སངས་རྒྱས་ཀྱི་མཐུ་ཡིས་བྱིན་གྱིས་བརླབས་ཤིང༔ སླར་ཡང་འོད་ཟེར་གྱི་ཚོགས་ཐམས་ཅད་སངས་རྒྱས་ཀྱི་ལྗགས་ཀྱི་པདྨོ་ལ་ཐིམ་པར་འགྱུར་རོ༔ སླར་ཡང་བཅོམ་ལྡན་འདས་ཞལ་འཛུམ་པའི་མདངས་དང་ལྡན་པར་གྱུར་པ་ལས༔ ལག་ན་རྡོ་རྗེ་སྟན་ལས་ལངས་སྟེ༔ བཅོམ་ལྡན་འདས་ཅིའི་ཕྱིར་ཞལ་འཛུམ་པའི་མདངས་མངའ་ཞིང༔ འོད་ཟེར་དུ་མས་འཇིག་རྟེན་ཁམས་སྣང་བ་འདི་ཅིའི་སླད་དུ་ལགས༔ ཞེས་གསོལ་བ་ལས༔ ཡང་དག་པར་རྫོགས་པའི་སངས་རྒྱས་འདས་པ་དང་མ་བྱོན་པ་ད་ལྟར་གྱི་དུས་གསུམ་ཐམས་ཅད་རྣམ་པར་གཟིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ༔ སླར་ཡང་ཏིང་ངེ་འཛིན་དེ་ལས་བཞེངས་ནས་ལག་ན་རྡོ་རྗེ་ལ་བཀའ་བསྩལ་པ༔ འདི་ནས་བྱང་ཤར་གྱི་ཕྱོགས་སུ་མ་འོངས་པ་ན་ཁ་བ་ཅན༔ གངས་ཅན་གྱི་ལྗོངས་ཞེས་བྱ་བའི་གླིང་འབྱུང་བར་འགྱུར་ཏེ༔ འཇམ་དཔལ་གཞོན་ནུར་གྱུར་པ་དང༔ བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང༔ ལག་ན་རྡོ་རྗེ་ཁྱེད་རྣམས་ཀྱིས༔ གླིང་དེ་ཉིད་ཀྱི་རྒྱལ་པོའི་ཚུལ་བཟུང་སྟེ༔ འགྲོ་བའི་དོན་རྒྱ་ཆེན་པོར་སྤྱོད་པར་འགྱུར་ཞིང༔ འཁོར་ཕུན་སུམ་ཚོགས་པ༔ ཡོ་བྱད་ཕུན་སུམ་ཚོགས་པ༔ རིན་པོ་ཆེ་ཕུན་སུམ་ཚོགས་པ༔ ཟས་དང༔ གོས་དང༔ མལ་ཆ་དང༔ སྨན་ཕུན་སུམ་ཚོགས་པ༔ གངས་ཅན་གྱི་ལྗོངས་དེ་ཉིད་དུ་ཡང༔ ཡར་ལྷ་རྣམས་ཀྱིས་བཀྲ་ཤིས་ཀྱི་ཆར་འབེབས་ཤིང༔ འབྲུ་ཕུན་སུམ་ཚོགས་པ་ལྔ་རྣམ་པར་སྨིན་པར་འགྱུར་བ་དང༔ དཔག་བསམ་ལྗོན་པའི་ཤིང་སྨིན་པར་འགྱུར་བ་དང༔ བྱང་ཆུབ་སེམས་དཔའི་ཚོགས་བདེན་པ་གྲུབ་པའི་ཚོགས་ཐམས་ཅད་ཀྱང་ཕོ་བྲང་དེའི་ཕྱོགས་སུ་འབྱུང་བར་འགྱུར་བ་དང༔ ཕས་ཀྱི་རྒོལ་བ་བྱས་པ་དེ་དག་ཐམས་ཅད་ཀྱིས་ཀྱང་ས་ཕྱོགས་དེར་སྡང་བར་མི་བྱེད་དོ༔ དམ་པའི་ཆོས་ཕུན་སུམ་ཚོགས་པ་ཐམས་ཅད་ས་ཕྱོགས་དེར་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་སྣང་བར་བྱེད་དེ༔ དེའི་ཕྱིར་ན་ལག་ན་རྡོ་རྗེ་ཁྱོད་ཀྱིས་རྒྱུད་སྨྲ་བར་རིགས་སོ༔ དེ་སྐད་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པའི་ཚེ༔ སངས་རྒྱས་ཀྱི་མཐུ་དང༔ སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཤིང༔ བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བདེན་པ་གྲུབ་པའི་མཐུས༔ ལག་ན་རྡོ་རྗེ་སྟོབས་པོ་ཆེ་ཉིད་ཀྱིས་སངས་རྒྱས་ལ་མོས་ཤིང་དད་པ་དང༔ བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མི་ཕྱེད་པའི་མདངས་ཕྱུང་སྟེ༔ ཁྲོ་བོ་ཆེན་པོ་ཉིད་ཀྱིས་སྨྲས་པ༔ ན་མཤྩཎྜ་བཛྲ་པཱ་ཎ་ཡེ༔ ཆོས་དབྱིངས་གཏིང་མཐའ་བྲལ་བ་དེ༔ ཤེས་རབ་ཕ་རོལ་ཕྱིན་ལ་སོགས༔ སྟོང་པའི་ཡུམ་གྱུར་བླ་ན་མེད༔ ཆོས་ཀྱི་སྐུ་བདག་ཡེ་ཤེས་བདག༔ ཡེ་ཤེས་རྩལ་ལས་རང་བྱུང་བ༔ བྱ་གྲུབ་མེ་ལོང་ཡེ་ཤེས་ལས༔ མངོན་དགའ་ལ་སོགས་དག་པའི་ཞིང༔ ཞེ་སྡང་རྣམ་དག་ཡེ་ཤེས་སྐུ༔ མི་བསྐྱོད་རྡོ་རྗེ་རིགས་ཀྱི་བདག༔ ང་དང་ང་ཡི་མིང་འཛིན་ཏེ༔ རིགས་བདག་སྣང་བ་སེམས་དཔའི་འཁོར༔ ཁྲོ་བོ་ཆེན་པོའི་ལུས་འཆང་ཞིང༔ སྟོབས་པོ་ཆེ་ལ་ཐབས་ཆེ་བ༔ སྨོན་ལམ་ཡེ་ཤེས་རྒྱ་མཚོ་ཆེ༔ སྟོང་པའི་རྩལ་ལ་རང་འགགས་ཤིང༔ སྣང་བའི་གཟུགས་འཆང་ཧེ་རུ་ཀ༔ ཡེ་ཤེས་རྩལ་ལས་རང་བྱུང་བ༔ ཡེ་ཤེས་སྐུ་བདག་ཡེ་ཤེས་བདག༔ ཁྲོ་བོ་ཆེན་པོའི་འཁོར་གྱིས་བསྐོར༔ བདུད་དང་བདུད་དགྲ་འདུལ་བ་པོ༔ རྣམ་པར་མི་རྟོག་དབྱིངས་ལ་གནས༔ ཡེ་ཤེས་ཆེན་པོའི་རང་བཞིན་ཅན༔ བདུད་བཞིའི་དགྲ་ལས་རྣམ་རྒྱལ་ཞིང༔ ང་ཉིད་སྒྲུབ་པར་བརྩོན་པ་དང༔ དུས་ཀྱི་བྱེ་བྲག་འདི་ལྟ་སྟེ༔ བདུད་དང་མུ་སྟེགས་སྡང་བྱེད་དང༔ ལྷ་དང་ལྷ་མིན་སྲིན་པོ་དང༔ མི་འམ་ཅི་དང་ལྟོ་འཕྱེ་དང༔ སྲུལ་པོ་གཤེད་བྱེད་ཁྲོས་ལ་སོགས༔ ཆར་སོགས་དུས་ལ་མི་འབེབས་ཤིང༔ མྱ་ངན་འཁྲུལ་པ་ལ་སོགས་དང༔ ནད་ཡམས་མུ་གེས་འཚེ་བྱེད་ན༔ ཁྲོ་བོ་ཆེན་པོའི་གཟུགས་འཆང་ཞིང༔ སྟོབས་པོ་ཆེ་ལ་ཐབས་ཆེ་བ༔ སྨོན་ལམ་ཡེ་ཤེས་རྒྱ་མཚོ་ཆེ༔ དེ་ཡི་དཀྱིལ་འཁོར་བསྒྲུབ་པར་བྱ༔ བཀྲ་མི་ཤིས་པའི་མཚན་རྟགས་བདུན༔ སྐད་ཅིག་ཉིད་ལ་ཞི་འགྱུར་ཞིང༔ ཚེ་དབང་དཔལ་དང་ཕུན་ཚོགས་ཐོབ༔ དང་པོ་གནས་ཀྱི་བྱེ་བྲག་ནི༔ ཤར་རི་དམའ་ལ་ལྷོ་རི་གཞོལ༔ ནུབ་རི་མཐོ་ལ་བྱང་རི་སྐྱོབ༔ རི་བོ་རིན་ཆེན་སྤུངས་འདྲ་ལ༔ གངས་རི་ཆུ་དང་སྨན་གྱི་ཆུ༔ ཡན་ལག་བརྒྱད་ལྡན་ཆུ་བོ་འབེབས༔ བྱང་ཆུབ་ལྗོན་ཤིང་ཚལ་རྒྱས་ཤིང༔ འབྲུ་དང་མེ་ཏོག་སྔོན་པོ་རྒྱས་པའི་གླིང༔ བཀྲ་ཤིས་བྱ་ཚོགས་གསུང་སྒྲོག་གནས༔ གནམ་ས་པད་སྐོར་ཁ་སྦྱོར་འདྲ༔ སྔོན་ཡང་གྲུབ་ཐོབ་རྐྱེན་མཐུན་ཅིང༔ མི་དང་མི་མིན་ལ་སོགས་པ༔ རྣམ་གཡེང་འཚེ་བ་མི་འབྱུང་བར༔ སྒྲུབ་གནས་གཞལ་ཡས་ཁང་དུ་བསྒྲུབ༔ ལག་ན་རྡོ་རྗེ་སྟོབས་པོ་ཆེའི༔ བསྒྲུབ་པའི་གནས་སུ་ཤེས་པར་བྱ༔ ཞེས་གསོལ་ཏེ༔ གླེང་གཞི་དང་གླེང་སློང་བ་སྒྲུབ་པའི་དུས་དང་གནས་བརྟག་པའི་ལེའུ་སྟེ་དང་པོའོ༔ ྈ ལག་ན་རྡོ་རྗེ་སྟོབས་པོ་ཆེ༔ གསང་བའི་བདག་པོས་ཡང་གསུངས་པ༔ སྒྲུབ་པའི་རྫས་དང་ཡོ་བྱད་རྣམས༔ རྟེན་རྫས་སྒྲུབ་རྫས་དངོས་གྲུབ་རྫས༔ འཚོ་བའི་ཟས་དང་རྐྱེན་ཟློག་སྨན༔ སྐུ་གསུང་ཐུགས་ཀྱི་རྟེན་སོགས་དང༔ ཁྱད་པར་སྒྲུབ་པའི་དཀྱིལ་འཁོར་དུ༔ ས་ཆོག་ཐིག་ཆོག་ལ་སོགས་པ༔ གསང་སྔགས་དཀྱིལ་འཁོར་སྤྱི་དང་མཐུན༔ དཀྱིལ་འཁོར་རྩིབས་བཞི་མུ་ཁྱུད་བཅས༔ དེ་ཡི་ཕྱི་རོལ་རྩིབས་བཅུ་ལ༔ ཁྱམས་དང་སྒོ་རྫོགས་སྤྱི་དང་མཐུན༔ ལྟེ་བར་མཐིང་ནག་བཻ་ཌཱུར་མདོག༔ རྩིབས་བཞི་རྩིབས་བཅུ་ཕྱོགས་ཀྱི་མདོག༔ དུར་ཁྲོད་པད་རྡོར་མེ་རི་སོགས༔ དཀྱིལ་འཁོར་མཐའ་ལ་ལེགས་པར་བཀོད༔ དེ་དབུས་རིན་ཆེན་ལས་གྲུབ་པའི༔ གཟུངས་ཀྱི་བུམ་པ་མཚན་ལྡན་གང༔ ཆོ་གའི་རྫས་ཆོག་ཉེར་ལྔ་དང༔ ཡན་ལག་བརྒྱད་ལྡན་ཆུ་ཡིས་བཀང༔ ལེ་བརྒན་ལ་སོགས་མགུལ་ཆིངས་དང༔ གཟུངས་ཐག་རྡོ་རྗེ་ཀུ་ཤ་འོ༔ བྱང་ཆུབ་ཤིང་གི་ཁ་རྒྱན་རུང༔ ཙནྡན་ནམ་ནི་ཚེར་ཤིང་ལ༔ ལག་ན་རྡོ་རྗེ་སྟོབས་པོ་ཆེ༔ ཤིན་ཏུ་ཁྲོས་པའི་ཚུལ་འཆང་བ༔ སྐུ་ཉིད་སྒྲུབ་པའི་རྟེན་དུ་བྱ༔ དཀྱིལ་འཁོར་དབུས་སུ་བཞུགས་སུ་གསོལ༔ ཕྱི་མཆོད་མེ་ཏོག་བདུག་སྤོས་དང༔ ནང་མཆོད་སྨན་གཏོར་རཀྟ་བཅས༔ ཀུན་བཟང་མཆོད་སྤྲིན་ལྟ་བུར་བཀོད༔ ཅེས་སྨྲས་ཏེ༔ སྒྲུབ་པའི་དཀྱིལ་འཁོར་མཆོད་རྫས་དང༔ རྟེན་རྫས་བསྟན་པའི་ལེའུ་སྟེ་གཉིས་པའོ༔ ྈ དེ་ནས་ཡང་འདི་སྐད་ཅེས་སྨྲས་པ་དང༔ ལག་ན་རྡོ་རྗེ་སྟོབས་པོ་ཆེ༔ དཀྱིལ་འཁོར་བསྒོམ་པར་འདོད་པ་ན༔ གང་ཟག་ཁྲུས་དང་སྡོམ་པ་ལྡན༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་སོང་སྟེ༔ རྒྱལ་ཆེན་བཞི་ལ་བཀའ་བསྒོ་བ༔ ཕྱི་ནང་མཚམས་བསྡམ་སྨྲ་བ་བཅད༔ གང་ཟག་བདེ་བའི་སྟན་ལ་འདུག༔ གཟུངས་འཛིན་དངོས་པོས་བསྡུས་པ་ཡི༔ ཆོས་རྣམས་དམིགས་མེད་སྟོང་པར་སྦྱངས༔ སྟོང་ཉིད་སྙིང་རྗེའི་ངང་ཉིད་ལས༔ ཡཾ་ལས་རླུང་གི་དཀྱིལ་འཁོར་ནི༔ ལྗང་གུ་གཞུ་ཡི་དབྱིབས་ཅན་ལ༔ འཆང་གཟུང་ཡཾ་དང་རླུང་གིས་མཚན༔ རཾ་ལས་མེ་ཡི་དཀྱིལ་འཁོར་ནི༔ གྲུ་གསུམ་འབར་བ་རཾ་གྱིས་མཚན༔ བཾ་ལས་ཆུ་ཡི་དཀྱིལ་འཁོར་ནི༔ དཀར་ཟླུམ་བཾ་གྱིས་མཚན་པ་ལས༔ ལཾ་ལས་གསེར་གྱི་ས་གཞི་ནི༔ གྲུ་བཞི་མཐའ་དབུས་ཁྱབ་པ་ཡི༔ བཻ་ཌཱུརྻ་ཡི་དྲྭ་བ་དང༔ དྲྭ་བས་ཡོངས་སུ་ཁྱབ་བྱེད་ལ༔ པདྨའི་ཚལ་གྱི་མེ་ཏོག་གླིང༔ བྱང་ཆུབ་ལྗོན་དང་དཔག་བསམ་ཤིང༔ སྨན་སྣ་འབྲུ་ཡི་ཚལ་ལ་སོགས༔ ཞིང་རྣམས་ཡོངས་སུ་ཁྱབ་པར་བསམ༔ དེ་ལྟར་ཞིང་ཁམས་རྣམ་དག་དབུས༔ ས་བོན་རྡོ་རྗེ་རྒྱ་གྲམ་གྱི༔ ལྟེ་བར་བྷྲཱུྃ་ཡིག་གསལ་བ་ལས༔ འོད་འཕྲོས་སྣོད་ཀྱི་འཇིག་རྟེན་དག༔ ལྷ་ཡི་གཞལ་ཡས་ཁང་དུ་གསལ༔ འོད་ཟེར་ཚུར་འདུས་བྷྲཱུྃ་ཡིག་ཐིམ༔ བྷྲཱུྃ་ཡིག་ཡོངས་སུ་གྱུར་པ་ལས༔ བཻ་ཌཱུར་ལས་གྲུབ་གཞལ་ཡས་ཁང༔ ཕྱི་ནང་ཡོངས་གསལ་འོད་ཀྱི་ཀློང༔ རྒྱན་དང་བཀོད་པ་བསམ་མི་ཁྱབ༔ ཁམས་གསུམ་དག་ལས་ཡང་དག་འདས༔ དེ་བཞིན་གཤེགས་པའི་སྤྱོད་ཡུལ་གྱི༔ གཞལ་མེད་ཁང་ཆེན་གསལ་བར་བསྐྱེད༔ དེ་ལྟར་གསལ་བའི་བཞུགས་གནས་ཀྱི༔ དབུས་སུ་པདྨ་ཉི་ཟླའི་སྟེང༔ རང་རིག་ཡི་གེའི་ངོ་བོ་ནི༔ ཧཱུྃཿཡིག་བཻ་ཌཱུརྻ་ཡི་མདངས༔ ཚེག་དྲག་ལྡན་ལས་འོད་ཟེར་འཕྲོས༔ འཕགས་པའི་ཚོགས་རྣམས་རབ་མཆོད་ཅིང༔ སེམས་ཅན་ཀུན་གྱི་སྡིག་སྒྲིབ་སྦྱངས༔ འོད་ཟེར་ཚུར་འདུས་ཧཱུྃ་ལ་ཐིམ༔ ཧཱུྃ་ཡིག་སྐད་ཅིག་དྲན་རྫོགས་སུ༔ ལག་ན་རྡོ་རྗེ་སྟོབས་པོ་ཆེ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྤྱན་གསུམ་དམར་ཟླུམ་གཡོ་བ་ལས༔ རལ་པ་ཁམ་སེར་གྱེན་དུ་འབར༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་ནི༔ མེ་ཡི་ཚྭ་ཚྭ་འཕྲོ་བ་ཡིས༔ གདུག་པ་མ་ལུས་འཇོམས་བྱེད་ཅིང༔ གཡོན་པས་སྡིགས་མཛུབ་སྦྲུལ་ཞགས་ཀྱིས༔ ཞེ་སྡང་ཅན་གྱི་བདུད་དཔུང་འཇོམས༔ སྟག་གི་ཤམ་ཐབས་སྨད་དཀྲིས་ཅན༔ རྗེའུ་རིགས་དཀར་པོས་དབུ་རྒྱན་བཅིངས༔ ཚངས་པ་སེར་པོའི་སྙན་རྒྱན་འཆང༔ མཐའ་ཡས་དམར་པོའི་མགུལ་རྒྱན་ལ༔ སྟོབས་རྒྱུའི་ཕྱག་གདུབ་ཞབས་གདུབ་ལ༔ གདོལ་པ་ནག་པོའི་དོ་ཤལ་འཕྱང༔ དེ་ལྟར་གསལ་བའི་སྐུ་ཉིད་ཀྱང༔ སྣང་སྟོང་འོད་ཀྱི་སྐུར་གསལ་བའི༔ ཐུགས་ཀར་རཾ་ལས་ཉི་མའི་སྟེང༔ ཐུགས་སྲོག་ངོ་བོ་ཧཱུྃཿམཐིང་ནག༔ ཚེག་དྲག་མདངས་ལྡན་གསལ་བའི་མཐར༔ སྔགས་ཕྲེང་མར་མེའི་ཕྲེང་བ་གསལ༔ ཐུགས་སྲོག་ཧཱུྃཿལས་འོད་ཟེར་འཕྲོས༔ ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ ལག་ན་རྡོ་རྗེ་སྟོབས་པོ་ཆེ༔ ཡེ་ཤེས་སེམས་དཔའི་ལྷ་ཚོགས་ཀྱིས༔ བསྐོར་བ་མདུན་གྱི་ནམ་མཁར་བྱོན༔ བཛྲ་ས་མ་ཡ་ཛཿཛཿ ཞེས་བརྗོད་པས༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་བསྐུལ༔ ཨརྒྷཾ་ལ་སོགས་མཆོད་པས་མཆོད༔ ཡེ་ཤེས་སེམས་དཔའི་ཚོགས་རྣམས་ཀྱི༔ སྐུ་ལས་ཡེ་ཤེས་སེམས་དཔའ་ནི༔ མར་མེ་གཉིས་མཆེད་ཚུལ་དུ་དྲངས༔ དམ་ཚིག་སེམས་དཔའི་སྐུ་ལ་ཐིམ༔ དམ་ཚིག་ཡེ་ཤེས་གཉིས་མེད་པ༔ ལག་ན་རྡོ་རྗེ་སྟོབས་པོ་ཆེ༔ རང་ཉིད་ང་རྒྱལ་ལྡན་པར་བྱ༔ དེ་བཞིན་མདུན་གྱི་དཀྱིལ་འཁོར་ལ༔ བུམ་པའི་གཞལ་ཡས་ཁང་དུ་ཡང༔ ལག་ན་རྡོ་རྗེ་སྟོབས་པོ་ཆེ༔ ཡེ་ཤེས་སེམས་དཔའ་གསལ་བར་བསྐྱེད༔ ཡང་སྙིང་རྡོ་རྗེ་དོན་གཟུངས་ནི༔ བདུན་གསུམ་ཉེར་གཅིག་ཞག་གི་གྲངས༔ འབུམ་ཚོ་གསུམ་གྱིས་འགྲུབ་པར་འགྱུར༔ སྐུ་ཉིད་དངོས་སུ་མཇལ་འདོད་ན༔ རབ་ཀྱིས་ཟླ་དྲུག་རྟགས་དང་སྦྱར༔ ན་མཤྩཎྜ་བཛྲ་ཀྲོ་དྷ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ སྒྲུབ་པའི་རྟགས་ཀྱི་རིམ་པ་ནི༔ ཞལ་མཇལ་བ་དང་ལུང་བསྟན་དང༔ ཏིང་འཛིན་རྟོགས་པ་འཁྲུངས་པ་དང༔ ཉི་ཟླ་ཤར་དང་དམག་དཔོན་བྱེད༔ གངས་རིར་འཛེག་དང་གོ་ཆ་གོན༔ མེ་ཏོག་སྔོན་པོའི་གླིང་ཕྱིན་རྣམས༔ ལག་ན་རྡོ་རྗེ་སྟོབས་པོ་ཆེ༔ འགྲུབ་པའི་རྟགས་སུ་ཤེས་པར་བྱ༔ ཞེས་སྨྲ་སྟེ༔ སྒྲུབ་པའི་དཀྱིལ་འཁོར་དང༔ གྲུབ་པའི་རྟགས་བསྟན་པའི་ལེའུ་སྟེ་གསུམ་པའོ༔ ྈ ལག་ན་རྡོ་རྗེ་སྟོབས་པོ་ཆེ༔ གསང་བ་ཉིད་ཀྱིས་སླར་སྨྲས་པ༔ ལག་ན་རྡོ་རྗེ་སྟོབས་པོ་ཆེའི༔ དཀྱིལ་འཁོར་སྒོམ་པར་བྱེད་པ་ཡི༔ གང་ཟག་དབང་གིས་སྨིན་པར་གཅེས༔ དཀྱིལ་འཁོར་དབང་རྫས་ལ་སོགས་པ༔ སྒྲུབ་པའི་གཞུང་དང་ཚུལ་མཐུན་ཅིང༔ བདག་བསྐྱེད་མདུན་བསྐྱེད་བུམ་བསྐྱེད་རྣམས༔ སྒྲུབ་པའི་གཞུང་ནས་བྱུང་བཞིན་བྱ༔ ལས་ལྡན་བདུན་ལས་མང་མི་རུང༔ རྡོ་རྗེ་རྣམ་འཇོམས་ཁྲུས་ནས་ཕྱུངས༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ཞིང༔ བརྒྱུད་པའི་གསོལ་འདེབས་ཕྱག་མཆོད་འབུལ༔ རྡོ་རྗེ་སློབ་དཔོན་ཉིད་ཀྱིས་ནི༔ སྐྱབས་འགྲོ་སེམས་བསྐྱེད་སྡོམ་གཟུང་འབོགས༔ སློབ་བུའི་དཀྱིལ་འཁོར་ཤར་སྒོ་ནས༔ སྤྱན་དར་གདོང་གཡོགས་དང་བཅས་ནས༔ འདི་སྐད་གསོལ་བ་གདབ་ཏུ་བཅུག༔ ཀྱཻ༔ སངས་རྒྱས་ཀུན་གྱི་རང་བཞིན་སྐུ༔ བླ་མ་རྡོ་རྗེ་འཛིན་པ་དང༔ དཀྱིལ་འཁོར་ལྷ་ལ་གུས་ཕྱག་འཚལ༔ བདག་ཅག་མ་རིག་ལྡོང་བའི་མིག༔ ཡེ་ཤེས་སྤྱན་དུ་དབྱེ་བ་དང༔ དཀྱིལ་འཁོར་ཉིད་དུ་བདག་འཇུག་འཚལ༔ དེ་ལྟར་ཚིག་གིས་གསོལ་གདབ་ཚེ༔ རྡོ་རྗེ་འཛིན་པ་དེ་ཉིད་ཀྱིས༔ འདི་སྐད་བཀའ་ཡང་བསྒོ་བར་བྱའོ༔ དཀྱིལ་འཁོར་འདིར་ནི་འཇུག་འདོད་ན༔ རྡོ་རྗེ་སློབ་དཔོན་ཅི་གསུང་བཀའ༔ ཁྱོད་ཀྱིས་བཅག་པར་མི་བྱ་ཞིང༔ དཀྱིལ་འཁོར་ལྷ་ལ་རབ་མོས་ཤིང༔ སྙིང་པོ་སྔགས་དང་ཕྱག་རྒྱ་དང༔ བསྐྱེད་རྫོགས་ཟུང་དུ་འཇུག་བྱེད་ཅིང༔ དཀྱིལ་འཁོར་གསུམ་དང་མི་འབྲལ་བྱ༔ ཞེས་པའི་ཚིག་གིས་བཀའ་ཡང་བསྒོ༔ སློབ་བུ་རྣམས་ནི་གྲལ་ལ་འདུག༔ སློབ་དཔོན་གྱིས་ནི་དཀྱིལ་འཁོར་བསྟན༔ ལག་ན་རྡོ་རྗེ་སྟོབས་པོ་ཆེ༔ དཀྱིལ་འཁོར་ལྷ་ཡི་ཞལ་མཇལ་བསམ༔ ཕྱག་དང་མཆོད་པ་འབུལ་དུ་གཞུག༔ དེ་ནས་རྡོ་རྗེ་སློབ་དཔོན་གྱིས༔ དབང་གིས་སྨིན་བྱས་སློབ་བུ་རྣམས༔ ལག་ན་རྡོ་རྗེ་སྟོབས་པོ་ཆེ༔ གསང་བདག་དམ་ཚིག་སེམས་དཔར་བསྐྱེད༔ སྤྱི་བོར་ཟླ་བའི་དཀྱིལ་འཁོར་ཨོཾ༔ མགྲིན་པར་པདྨའི་དཀྱིལ་འཁོར་ཨཱཿ ཐུགས་ཀར་ཉི་མའི་དཀྱིལ་འཁོར་ཧཱུྃ༔ རྣ་ལྟག་གཡས་སུ་ཏྲཱཾ་ཡིན་ཏེ༔ ཡན་ལག་བཞི་ལ་ཧྲཱིཿཡིག་ལྗང༔ དེ་ལྟར་གནས་གསུམ་གསལ་བ་ཡི༔ ཡིག་འབྲུ་རྣམས་ལས་འོད་ཟེར་འཕྲོས༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས༔ རིགས་ལྔའི་སངས་རྒྱས་རྣམ་པ་རུ༔ ཡིག་འབྲུ་དག་ལ་ཡེ་ཤེས་ཀྱི༔ མདུན་གྱི་ནམ་མཁའི་གནས་དག་ཏུ༔ ལག་ན་རྡོ་རྗེ་སྟོབས་པོ་ཆེ༔ ཁྲོ་བོ་ཡེ་ཤེས་སེམས་དཔའ་ལ༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱིས༔ བསྐོར་བའི་ལྷ་ཚོགས་ཐམས་ཅད་ཀྱང༔ རིན་ཆེན་བུམ་པ་ཡེ་ཤེས་ཀྱི༔ བདུད་རྩིས་བཀང་བ་ཕྱག་ན་བསྣམས༔ སྐལ་ལྡན་སློབ་བུ་ཐམས་ཅད་ལ༔ དབང་བསྐུར་བྱིན་གྱིས་བརླབས་པར་བསམ༔ རྒྱལ་ཆེན་སྡེ་བཞིས་ཕྱོགས་སྲུངས་ཤིང༔ ཁྲོ་བོ་ཆེན་པོའི་ཚོགས་རྣམས་ཀྱིས༔ བར་ཆད་བགེགས་རྣམས་བསྲུང་བར་བསམ༔ བུམ་པ་སློབ་བུའི་མགོ་ཐོག་བཟུང༔ རྡོ་རྗེ་ཚིག་གིས་དབང་བསྐུར་ཞིང༔ ཧཱུྃ༔ བུམ་པ་ལྷ་ཡི་གཞལ་ཡས་ཁང༔ བུམ་ཆུ་བདེ་ཆེན་ལོངས་སྤྱོད་ཀྱི༔ བུམ་རྫས་བདུད་རྩི་སྤྲུལ་པའི་སྐུ༔ སྐུ་གསུམ་ལྷུན་གྲུབ་དཀྱིལ་འཁོར་ནས༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྫོགས༔ ལག་ན་རྡོ་རྗེ་སྟོབས་པོ་ཆེ༔ དབང་མཆོག་དམ་པ་ཐོབ་པར་ཤོག༔ རྩ་སྔགས་ཤམ་བུར་དབང་ཚིག་བརྗོད༔ ལྷ་ཚོགས་འོད་ཀྱི་རང་བཞིན་དུ༔ སློབ་བུའི་ལུས་ལ་ཐིམ་པར་དམིགས༔ དམ་ཚིག་ཡེ་ཤེས་དབྱེར་མེད་བསམ༔ མཐའ་རྟེན་རྫས་ཀྱི་དབང་མཆོག་ནི༔ སྒྲུབ་རྟེན་སྐུ་ཉིད་སྤྱི་བོར་བསྐུར༔ རྩ་སྔགས་ཡིག་འབྲུ་མགྲིན་པར་བསྐུར༔ ཕྱག་མཚན་རལ་གྲི་འཁོར་ལོ་དང༔ མེ་དཔུང་སྦྲུལ་ཞགས་ལག་ཏུ་གཏད༔ སྟག་གི་པགས་པས་སྨད་དཀྲིས་ཤིང༔ སྦྲུལ་གྱི་ཆུན་པོས་ལུས་ལ་བརྒྱན༔ མཐའ་རྟེན་བཀྲ་ཤིས་རྫས་བརྒྱད་ཀྱིས༔ དབང་གི་མཐའ་ཉིད་བརྟན་པར་བྱ༔ ཞེས་སྨྲས་སོ༔ སྨིན་པར་བྱེད་པ་དབང་གི་སྐབས་བསྟན་པའི་ལེའུ་སྟེ་བཞི་པའོ༔ ྈ དེ་ནས་ཡང་གསང་བའི་བདག་པོ་ཡིས༔ འདི་སྐད་ཅེས་སྨྲས་སོ༔ ལག་ན་རྡོ་རྗེ་སྟོབས་པོ་ཆེའི༔ བསྙེན་སྒྲུབ་མཐར་ཕྱིན་གང་ཟག་གིས༔ ཕྲིན་ལས་གང་བརྩམ་ཐོགས་མེད་འགྲུབ༔ ཕྲིན་ལས་མཆོག་སྒྲུབ་བྱས་པ་ནས༔ ལས་བཞི་འགྲུབ་པའི་ལས་ཚོགས་བསྟན༔ ནད་གདོན་བར་ཆོད་ཞི་བྱེད་པའི༔ ལས་ཚོགས་སྒྲུབ་པར་བྱེད་པ་ནི༔ ཡུངས་དཀར་གུ་གུལ་ཛཱ་ཏི་དང༔ ཆུ་དག་དཀར་པོ་ཤིང་ཀུན་ལ༔ སྔགས་འདི་སྟོང་ཚོ་བདུན་བཟླས་ཏེ༔ རྒྱལ་པོའི་ཕོ་བྲང་གྲོང་ཁྱེར་གྱི༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ཏུ༔ རྫས་རྣམས་རྒྱ་སྣག་དག་དང་བསྲེ༔ སྔགས་ཀྱི་ཕྲེང་བ་བཏབ་བྱས་ནས༔ གང་བསྲུང་ལ་སོགས་བཏགས་གྱུར་ན༔ གཟའ་དང་རྒྱུ་སྐར་བྱད་སྟེམས་དང༔ ནད་དང་གནོད་པ་མ་ལུས་ཀུན༔ སྐད་ཅིག་ཉིད་ལ་ཞི་བར་བྱེད༔ ྈ ན་མཤྩཎྜ་བཛྲ་ཀྲོ་ཏ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧུ་ལུ་ཧུ་ལུ༔ ཏིཥྛ་ཏིཥྛ༔ བྷནྡྷ་བྷནྡྷ༔ ཧ་ན་ཧ་ན༔ གནོད་བྱེད་འབྱུང་པོ་སརྦ་མཱ་ར་ཡ་ཕཊ༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཚེ་དབང་དཔལ་དང་ཕུན་སུམ་ཚོགས༔ དགོས་འདོད་དབང་དུ་བསྒྲུབ་འདོད་ན༔ རིན་ཆེན་ལས་གྲུབ་ག་འུ་རུ༔ རིན་ཆེན་སྣ་ལྔ་སྙིང་པོ་ལྔ༔ བཟང་དྲུག་སྨན་དང་དར་སྣ་དང༔ རིན་ཆེན་རྨ་མེད་ཙནྡན་དང༔ དཱུར་ཝ་གི་ཝཾ་ལི་ཁྲི་སོགས༔ བཀྲ་ཤིས་པ་ཡི་རྫས་བརྒྱད་ལས༔ སྔགས་འདི་འབུམ་ཚོ་གཅིག་བཟླས་ཏེ༔ གང་ཟག་ལུས་ལ་འཆང་བྱེད་ན༔ ཚེ་དབང་དཔལ་དང་ཕུན་ཚོགས་ཐོབ༔ ན་མཤྩཎྜ་བཛྲ་ཀྲོ་ཏ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ༔ བཛྲ་ཨཱ་ཡུ་ཥེ་པུཎྱ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་ཐམས་ཅད་དང༔ ཟས་ནོར་ལོངས་སྤྱོད་དབང་སྡུད་ན༔ རིན་ཆེན་ཟངས་ཀྱི་ག་འུ་རུ༔ ལྷ་ཡི་བླ་ལྕགས་ཤེལ་གྱི་རྡོ༔ མི་ཡི་བླ་རྡོ་དྲུག་དམར་གཡུ༔ ལྷ་སྲིན་བླ་རྡོ་ཕ་ཝཾ་ལོང་བུ༔ དེ་ལྟར་བླ་རྡོ་རྣམ་གསུམ་ལ༔ རིན་ཆེན་གསེར་གྱི་ཁུ་བ་ཡིས༔ ལྷ་དང་ལྷ་མ་ཡིན་དང་ནི༔ སྐྱེ་འགྲོ་མི་ཡི་སྲོག་ཡིག་བྲི༔ རྫས་ནི་རིན་ཆེན་སྣ་ལྔ་དང༔ སྨན་ལྔ་འབྲུ་ལྔ་སྙིང་པོ་ལྔ༔ དར་སྣ་ལྔ་ལ་སོགས་པ་ལ༔ སྙིང་པོ་འདི་ཉིད་བྱེ་བ་བཟླས༔ གང་ཟག་ལུས་ལ་འཆང་བ་ན༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུད༔ ན་མཤྩཎྜ་བཛྲ་ཀྲོ་ཏ་སརྦ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ དྷེ་ཝ་སརྦ་ནྲྀ་ཏྲི་སརྦ་བཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཕས་ཀྱི་རྒོལ་བ་འཇོམས་བྱེད་ཅིང༔ དགྲ་བགེགས་ཐལ་བར་རློག་བྱེད་ན༔ རྫས་ནི་གུ་གུལ་ནག་པོ་དང༔ ཡུངས་དཀར་ཀེ་ཚེ་ཤང་ཚེ་དང༔ ཐང་ཕྲོམ་འབྲུ་དང་ར་དུག་བཞི༔ གྲི་ཁྲག་དག་གིས་སྦོལ་བྱས་ལ༔ སྔགས་འདི་འབུམ་ཚོ་གསུམ་བཟླས་ཏེ༔ ཐུན་ཉིད་དགྲ་དང་བགེགས་ཕྱོགས་འཕང༔ ན་མཤྩཎྜ་བཛྲ་ཀྲོ་ཏ་ཡ༔ བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་བཛྲ་ཀ་ཏཾ་ཀ་ཡེ༔ བཛྲ་ཡེ་ཨ་ཀ་ཙི་ཏེ༔ ཨ་པ་རཱ་ཙི་ཏེ༔ པྲ་མཱརྡ་ན་ཡེ་སྭཱ་ཧཱ༔ གདོན་བགེགས་བྱེ་བ་དུང་ཕྱུར་ཡང༔ སྐད་ཅིག་ཉིད་ལ་རློག་པར་བྱེད༔ ཅེས་སྨྲས་སོ༔ ཕྲིན་ལས་བཞིའི་ལས་ཚོགས་བསྟན་པའི་ལེའུ་ལྔ་པའོ༔ ྈ དེ་སྐད་ཅེས་སྨྲས་པ་དང༔ ཡང་དག་པར་གཟིགས་པའི་སངས་རྒྱས་ཉིད༔ དུས་གསུམ་རྣམ་པར་གཟིགས་པའི་ཏིང་ངེ་འཛིན་དེ་ཉིད་ལས་བཞེངས་ཏེ༔ གསང་བའི་བདག་པོ་ལ་ལེགས་སོ་ལེགས་སོ་ཞེས་བཀའ་བསྩལ་ཏེ༔ ལྔ་བརྒྱ་དུས་ཀྱི་ཐ་མའི་ཚེ་ན་ཡང༔ རིགས་ཀྱི་བདག་པོས་ཀྱང་ཅི་ལྟར་ལུང་བསྟན་པ་ལྟར༔ སེམས་དཔའ་གསུམ་གྱིས་གངས་ཆེན་ལྗོངས་དེར་འགྲོ་བའི་དོན་གང་ལ་གང་འདུལ་མཛད་པའི་དུས་དེར༔ འགྲོ་བའི་དོན་རྒྱ་ཆེན་པོ་འགྲུབ་པར་འགྱུར་རོ༔ ཞེས་བཀའ་བསྩལ་བའི་ཚེ༔ འདས་པའི་བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པ་དང༔ ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་དང༔ ལྷ་དང༔ ཀླུ་དང༔ ལྷ་མ་ཡིན་དང༔ དྲི་ཟར་བཅས་པའི་འཇིག་རྟེན་པ་རྣམས་ཡི་རངས་ཏེ༔ བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ༔ རྡོ་རྗེ་གཏུམ་པོ་ཁྲོ་བོའི་རྒྱུད་ཅེས་བྱ་བ་རྫོགས་སོ༔ པདྨ་སཾ་བྷ་ཝས་སྒྲ་རང་འགྱུར་དུ་བསྒྱུར་ཏེ༔ མཐིང་ཤོག་ལ་བྲིས་ཏེ༔ ཆོས་སྐྱོང་བའི་རྒྱལ་པོ་ཡབ་སྲས་དང་མཚོ་རྒྱལ་ལ་གདམས་པ༔ མ་འོངས་བསྐལ་པའི་མཐར༔ འགྲོ་ལ་ཕན་པའི་དོན་དུ་ཡེར་བ་རྡོ་རྗེའི་བྲག་ཕུག་ཏུ་གཏེར་དུ་སྦས་པའོ༔ ལྷ་སྲས་དམ་འཛིན་གྱི་སྐྱེ་མཐའ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ བདག་འདྲ་གར་གྱི་དབང་ཕྱུག་རྩལ་གྱིས་ཡེར་པ་རྡོ་རྗེའི་བྲག་ཕུག་ནས་གདན་དྲངས་ནས། ཤོག་སེར་ལེབ་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ཁྲོ་བོ་དཔལ་གྱིས་བགྱིས་པའོ།། །། ༈ རྗེ་སྲས་གྲོགས་གསུམ་ལ་གདམས་པའི་ལག་ན་རྡོ་རྗེ་གཏུམ་པོ་ཁྲོ་བོའི་དབང་ཆོག་བཞུགས་སོ༔ ྈ ྈྈྈྈྈྈྈྈ དཔལ་རྡོ་རྗེ་གཏུམ་པོ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ བདུད་དང་མུ་སྟེགས་དྲེགས་པའི་ཚོགས༔ ཚར་གཅོད་རྗེས་སུ་བཟུང་བའི་ཕྱིར༔ ལག་ན་རྡོ་རྗེའི་དབང་ཆོག་འདི༔ རྗེ་རྒྱལ་མངའ་བདག་ཡབ་སྲས་དང༔ ཡེ་ཤེས་མཚོ་རྒྱལ་ཉིད་ལ་གདམས༔ ཉམས་སུ་ལོངས་ལ་གཏེར་དུ་སྦོས༔ མ་འོངས་བསྐལ་པའི་ཐ་མ་ལ༔ དམ་འཛིན་སྐྱེ་མཐའ་དེ་དང་འཕྲད་པར་ཤོག༔ དེ་ལ་དབང་གི་ངེས་པ་ནི༔ རྣལ་འབྱོར་པ་གང་ཞིག་གསང་བའི་བདག་པོ་སྒྲུབ་པར་བྱེད་པ་ལ་བྱིན་རླབས་ཀྱི་སྒོ་དབང་ཡིན་པས༔ དེའི་སྒྲུབ་ཐབས་ནི༔ དཀྱིལ་འཁོར་བུམ་རྫས་དང་བཅས་པ་སྒྲུབ་ཐབས་ལྟར་བཤམ༔ རྡོ་རྗེ་སློབ་དཔོན་གྱིས་ལྷ་བསྐྱེད༔ བཟླས་པ་བསྙེན་སྒྲུབ་ལ་སོགས་པ་ཐེམས་པས༔ དབང་བསྐུར་དུས་སུ་སྒྲུབ་ཐབས་ལྟར་ལྷ་བསྐྱེད་བཟླས་པ་བྱས་ལ་ཁ་གསོ༔ དབང་རྫས་ཐུན་རྟེན་ཕུར་པ༔ བདུད་རྩི་རིལ་བུ༔ སྐུ་ཙཀ་ལི༔ རྡོ་རྗེ་དྲིལ་བུ༔ རལ་གྲི༔ མེ་དཔུང༔ འཁོར་ལོ༔ སྦྲུལ་ཞགས༔ ཐུན་རྫས་རྣམས་བཤམ༔ སྒྲུབ་ཐབས་ལྟར་ཆོ་གའི་རིམ་པ་ཚར་ནས༔ ལས་དང་ལྡན་པའི་སློབ་མ་གསུམ་མམ་ལྔ་བདུན་ལས་མང་བར་མི་བྱ་སྟེ༔ ཕྱག་འཚལ༔ མཎྜལ༔ ཅོད་པན་མེ་ཏོག་དང་བཅས་པ་ཐོགས་ནས༔ རྡོ་རྗེ་རྣམ་པར་འཇོམས་པའི་བསྐྱེད་བཟླས་ཀྱིས་ཁྲུས་ནས་ཕྱུངས༔ མིག་དར་གདོང་གཡོགས་དང་བཅས་པས་འདི་སྐད་གསོལ་བ་འདེབས་པར་བྱ་སྟེ༔ ཀྱཻ༔ བླ་མ་གསང་སྔགས་ཆེ་བའི་མཆོག༔ རིག་སྔགས་ཀུན་གྱི་མངའ་བདག་ཆེ༔ བདག་ཅག་རྡོ་རྗེའི་དམ་ཚིག་ཅན༔ གསང་བདག་ཐུགས་ཀྱི་དཀྱིལ་འཁོར་དུ༔ འཇུག་ཅིང་སྨིན་པར་མཛད་དུ་གསོལ༔ ཞེས་ལན་གསུམ་གསོལ་བ་གདབ་རྗེས༔ སློབ་དཔོན་གྱིས༔ ཧཱུྃ༔ འདིར་འོང་རིགས་ཀྱི་བུ་རྣམས་ཀུན༔ གསང་བ་གསུམ་གྱི་དམ་ཚིག་ནི༔ ཁྱོད་ཀྱིས་རབ་ཏུ་མནོས་གྱུར་ཏེ༔ འདི་དག་ཉམས་ན་ཉེས་ཆེ་འོ༔ དམ་ཚིག་ཉམས་ན་ལྟུང་བར་འགྱུར༔ འདི་དག་ངེས་པར་དམ་བཅའ་འམ༔ ཞེས་པའི་ལན་དུ༔ བདག་ཅག་རྡོ་རྗེ་འཛིན་པ་དང༔ སློབ་དཔོན་ལ་ནི་གཉིས་མི་བལྟ༔ སྲོག་གི་ཕྱིར་ཡང་མི་གཏང་བར༔ བདག་ཅག་རྡོ་རྗེའི་བྲོ་བོར་ལགས༔ ཞེས་ཞུས་རྗེས་སུ༔ དམ་ཆུ་བླུད་ཅིང༔ རྡོ་རྗེ་གནས་གསུམ་དུ་གཏུགས་ནས༔ ཧཱུྃ༔ བུ་ཁྱོད་དམ་ལ་གནས་གྱུར་ན༔ གསང་བའི་བདག་པོ་སྙིང་ལ་འཇུག༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ ལུས་ངག་ཡིད་གསུམ་སྨིན་གྱུར་ཏེ༔ ང་ནི་ཁྱོད་ཀྱི་རྡོ་རྗེ་འཛིན༔ བུ་ཁྱོད་གསང་བའི་བདག་པོར་འགྱུར༔ དངོས་གྲུབ་ཆེན་པོ་དེང་ཐོབ་བོ༔ ཨོཾ་ཨཱཿཧཱུྃ༔ བཛྲ་ས་མ་ཡ་ཨུ་ད་ཀ་ཐཱ༔ དེ་ནས་རྡོ་རྗེ་གནས་གསུམ་དུ་གཏུགས་ཤིང༔ སྐུ་གསུང་ཐུགས་ཀྱིས་བྱིན་བརླབ༔ སློབ་མ་དམ་ཚིག་སེམས་དཔར་གསལ་གདབ༔ བསྐྱེད་རིམ་མངོན་རྟོགས་རྣམས་བླ་མས་འཕྲུལ་ཤེས་པར་བྱས་ལ་གདབ་བོ༔ ཧཱུྃ༔ བུམ་པ་བཟང་པོ་གཞལ་ཡས་ཁང༔ གསང་བདག་གཏུམ་པོའི་ལྷ་ཚོགས་བཞུགས༔ བུམ་པ་སྐུ་ཡི་དབང་བསྐུར་བས༔ བུ་ཁྱོད་ལག་ན་རྡོ་རྗེར་གྱུར༔ རྡོ་རྗེ་གཏུམ་པོའི་སྐུ་བརྙེས་ནས༔ ལྷ་དབང་ལུས་ལ་རྫོགས་གྱུར་ཅིག༔ རྩ་སྔགས་ཤམ་བུར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བུམ་ཆུ་སྤྱི་བོར་བླུགས་ལ༔ དམ་ཚིག་ཡེ་ཤེས་གཉིས་མེད་ཀྱི་སྐུར་མོས་ལ༔ ཁྱོད་ནི་གསང་བདག་རྡོ་རྗེ་འཛིན༔ ལྷ་དང་སྐལ་པ་མཉམ་པར་གྱུར༔ བཛྲ་པུཥྤེ་སིདྡྷི་ཧོ༔ ཞེས་ཅོད་པན་བཏགས་ལ༔ གསང་མཚན་ནི༔ བདུད་འཇོམས་དྲག་པོ་ཐོགས་མེད་རྩལ༔ ཞེས་བཏགས་སོ༔ བྷནྡྷ་མགྲིན་པར་བཞག་ལ༔ ཧཱུྃ༔ བྷནྡྷ་ཆོས་དབྱིངས་དཀྱིལ་འཁོར་ན༔ དམ་རྫས་གསང་བའི་བདུད་རྩི་སྦྱར༔ གསང་བ་ངག་ལ་ནུས་དབང་བསྐུར༔ རྩ་ཁམས་བདེ་བའི་རང་བཞིན་ཅན༔ ངག་ལ་ནུས་པའི་དབང་ཐོབ་ཤོག༔ རྩ་སྔགས་ཤམ་བུར༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་ངག་ཏུ་བླུད༔ སྙིང་གར་ཐུགས་སྲོག་ས་བོན་གསལ་བཏབ་ལ༔ སྒྲུབ་ཕུར་ལག་ཏུ་གཏད་དེ༔ ཧཱུྃ༔ ཐུགས་མཆོག་འགྱུར་མེད་ཧཱུྃཿདུ་གསལ༔ མ་སྐྱེས་འཇིག་མེད་རྡོ་རྗེ་ཆེ༔ ཕུར་པས་གཟུང་འཛིན་དབྱིངས་སུ་སྒྲོལ༔ གསང་བདག་ཐུགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་ཤམ་བུར༔ ཙིཏྟ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་དང་དྲིལ་བུ་ལག་ཏུ་གཏད་ལ༔ ཧཱུྃ༔ མ་སྐྱེས་འཇིག་མེད་རྡོ་རྗེ་ཆེ༔ དྲིལ་བུ་ཤེས་རབ་སྒྲ་ཆེན་སྒྲོག༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཐབས་ཤེས་དབྱེར་མེད་དབང་ཐོབ་ཤོག༔ བཛྲ་གྷཎྜེ་ཨ་བྷི་ཥིཉྩ་ཨཱ༔ རལ་གྲི་མེ་དཔུང་གཉིས་ལག་ཏུ་གཏད་ལ༔ ཧཱུྃ༔ རལ་གྲི་འབར་བས་དགྲ་སྲོག་གཅོད༔ སྡིགས་མཛུབ་མེ་དཔུང་བགེགས་རྣམས་སྲེག༔ རྩལ་ཆེན་སྒྲོལ་བར་ནུས་པའི་དབང༔ སྐལ་ལྡན་བུ་ཡིས་ཐོབ་པར་ཤོག༔ ཁངྒ་ཛྭ་ལཱ་ན་ལ་ཀརྨ་ཀྲོ་ཏ་ཨ་བྷི་ཥིཉྩ་མཱཾ༔ འཁོར་ལོ་གཡས་དང་སྦྲུལ་གཡོན་དུ་གཏད་དེ༔ ཧཱུྃ༔ འཁོར་ལོ་འབར་བས་བདུད་དཔུང་འཇོམས༔ སྦྲུལ་ཞགས་བགེགས་དཔུང་ཀླུ་གདོན་འདུལ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཕྲིན་ལས་ཡོངས་རྫོགས་དབང་ཐོབ་ཤོག༔ ཙཀྲ་སརྦ་པཱ་ཤ་སརྦ་དུཥྚཱན་ཀཱ་ཡ་ཨ་བྷི་ཥིཉྩ་མཱཾ༔ དེ་ནས་གསང་བདག་སྐུ་བྱ་ཁྱུང་རིགས་ལྔ་སྤྱི་བོར་བཞག་ལ༔ ཧཱུྃ༔ ལག་ན་རྡོ་རྗེ་ཁྲོ་བོའི་རྒྱལ༔ སངས་རྒྱས་ཀུན་གྱི་མཐུ་སྟོབས་བདག༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ སྐལ་ལྡན་བུ་ལ་དབང་བཞི་བསྐུར༔ ཁྱུང་ཆེན་རིགས་ལྔ་ཡེ་ཤེས་ལྔ༔ ཕྲིན་ལས་ཡོངས་རྫོགས་དབང་ཐོབ་ཤོག༔ བཛྲ་པཱ་ཎི་ཀྲོ་ཏ་གྷ་རུ་ཊ་ཨ་བྷི་ཥིཉྩ་མཱཾ༔ ཁྲོ་བོ་བཅུ་ཡི་སྐུའམ་ཧཱུྃ་བཅུ་སྤྱི་བོར་བཞག་ལ༔ ཧཱུྃ༔ མ་རྟོགས་ཕྱོགས་སྐྱོང་བསྣོལ་བའི་སྟེང༔ དགེ་བཅུ་རང་བྱུང་ཁྲོ་རྒྱལ་བཅུ༔ མཐུ་སྟོབས་རྩལ་ལྡན་ཡོངས་རྫོགས་དབང༔ སྐལ་ལྡན་འདི་ལ་རྫོགས་གྱུར་ཅིག༔ ཨོཾ་ད་ཤ་བཛྲ་ཀྲོ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཐུན་རྫས་ལག་ཏུ་གཏད་དེ༔ ཕུར་པ་ཀླད་ལ་བསྐོར་ཞིང༔ ཧཱུྃ༔ དེ་རིང་ནས་ནི་གསང་བའི་བདག༔ བུ་ཁྱོད་ངོ་བོ་གཅིག་ཏུ་གྱུར༔ བསྙེན་སྒྲུབ་ལས་སྦྱོར་བཀའ་གཏད་དབང༔ རབ་འབྱམས་བཀའ་དབང་ཐོབ་པར་ཤོག༔ རྩ་སྔགས་དང་སྡེ་བརྒྱད་འདུལ་སྔགས་ཤམ་བུར༔ ན་མཤྩཎྜ་བཛྲ་ཀྲོ་ཏ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧུ་ལུ་ཧུ་ལུ༔ ཏིཥྛ་ཏིཥྛ༔ བྷནྡྷ་བྷནྡྷ༔ ཧ་ན་ཧ་ན༔ གནོད་བྱེད་འབྱུང་པོ་སརྦ་མཱ་ར་ཡ་ཕཊ༔ བཛྲ་མ་ཧཱ་ཀྲོ་ཏ་སརྦ་དུཥྚཱན་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱ༔ དགྲ་བགེགས་སྡེ་བརྒྱད་མཱ་ར་ཡ་ཕཊ༔ སྤྲོས་པ་ལ་དགའ་ན་བཀྲ་ཤིས་རྫས་བརྒྱད་ཀྱི་དབང་སྤྱི་ལྟར་རིམ་པར་བསྐུར༔ ཚོགས་ལ་རོལ༔ དགའ་སྟོན་བྱ༔ བཀའ་སྲུང་གི་གཏོར་མ་བཏང་ཞིང༔ བསྟོད་ཅིང་མཆོད༔ དཀྱིལ་འཁོར་བསྡུ༔ རྫོགས་རིམ་བསྒོམ༔ བཀྲ་ཤིས་སྨོན་ལམ་བྱའོ༔ སྱ་མྱ་ཡྱ༔ རྒྱ་རྒྱ་རྒྱ༔ ཨེ་མ༔ གསང་བདག་སྒྲུབ་ཐབས་ཟབ་པའི་མཐར་ཐུག་འདི༔ རྡོ་རྗེ་གདན་མཚུངས་ར་སའི་ལྷ་ཁང་དུ༔ རྗེ་རྒྱལ་ཡབ་སྲས་མཚོ་རྒྱལ་གྲོགས་མཆོག་ལ༔ སྙིང་གཏམ་ཚུལ་དུ་གདམས་པ་འདི་ཉིད་ནི༔ སུ་ལ་མ་བསྟན་སྙིང་ཁྲག་དྭངས་མ་དང༔ པདྨ་བདག་གི་ཟབ་གཏེར་རྣོག་ཆོས་འདི༔ ཟབ་པའི་མཐར་ཐུག་སྙིང་པོ་ཡང་ཞུན་ཡིན༔ ད་ལྟའི་ལྷ་སྲས་དམ་འཛིན་ཁྱོད་ཉིད་དང༔ དད་གུས་ལྡན་པ་དཔལ་གྱི་སེང་གེ་ལ༔ བཀའ་གཏད་གདམས་པ་རིན་ཆེན་གཏེར་དུ་སྦོས༔ དུས་ཀྱི་ཐ་མ་བཞི་བཅུ་ཁ་རལ་དུས༔ མི་རྣམས་ལོག་སྤྱོད་རྣམ་པ་སྣ་ཚོགས་སྤྱོད༔ སྣང་སྲིད་ལྷ་འདྲེ་གདུག་རྩུབ་རླུང་ལྟར་འཚུབས༔ རྒྱལ་བསེན་གཟའ་ཀླུས་སྐྱེ་འགྲོའི་སྲོག་དབུགས་སྡུད༔ ལོ་ཉེས་དུས་འཁྲུགས་ནད་ཀྱིས་མི་ཐོག་བུད༔ གཏེར་མིན་གཏེར་འདྲ་རྫུན་གཏེར་ཟོག་པོས་གང༔ སྒོམ་ཆེན་རི་འཁྲུགས་སྐྱེ་བོ་གྲོང་གསེབ་འཁྲུགས༔ ཕ་བུ་གྲོགས་བཤེས་བློ་ཐུབ་མེད་པའི་དུས༔ མ་རུང་སྦྱོར་བ་དུག་གི་ལོངས་སྤྱོད་བྱེད༔ དེ་འདྲའི་སྙིགས་མ་ལྔ་བདོའི་དུས་ཀྱི་ཚེ༔ ལྷ་སྲས་ཁྱོད་ཉིད་སྨོན་ལམ་མཐུ་བཙན་ནས༔ ལྷ་སྲིན་གདུག་པའི་སྲོག་འཕྲོག་མཐུ་རྩལ་ལྡན༔ འདི་དང་འཕྲད་ནས་འགྲོ་དོན་རྒྱ་ཆེན་འགྲུབ༔ མཚོ་རྒྱལ་མཐིང་ཤོག་ལོག་ལ་ཐོབ་གསུངས་པས༔ རྒྱལ་བ་གཉིས་པ་ཨོ་རྒྱན་བཀའ་བཞིན་དུ༔ མི་བརྗེད་གཟུངས་སུ་མཐིང་ཤོག་ལོགས་ལ་བཀོད༔ ཁོ་མོ་མཚོ་རྒྱལ་སྐྱེ་བ་དམན་གྱུར་ཀྱང༔ སྐྱེ་འཆི་གཉིས་སྤངས་ཨོ་རྒྱན་པདྨ་ལ༔ པུས་བཙུགས་ཕྱག་བསྐོར་གྲངས་མེད་བྱས་ནས་ཞུས༔ གསེར་དངུལ་རིན་ཆེན་གྲངས་མེད་ཕུལ༔ གུས་པས་ཕྱག་འཚལ་ལུང་བསྟན་འདི་ཉིད་ཞུས༔ མ་འོངས་བསྐལ་པ་སྙིགས་མའི་དུས་ཀྱི་ཚེ༔ པདྨ་ང་སྤྲུལ་གར་གྱི་དབང་ཕྱུག་རྩལ༔ སྤྱི་བོའི་གཙུག་གཉིས་ལག་གཡས་རྒྱལ་མཚན་དང༔ རྐང་མཐིལ་འཁོར་ལོ་ལག་གཡོན་སྨེ་དམར་ཅན༔ དམ་འཛིན་སྐྱེ་མཐའ་དེ་དང་འཕྲད་པའི་ཕྱིར༔ ཡེར་པ་རྡོ་རྗེ་ཕུག་པའི་བྲག་གསེང་དུ༔ བཀའ་དང་རྒྱ་ཡིག་བཏབ་ནས་གཏེར་དུ་སྦས༔ ལྷ་མགོན་ཡབ་ཡུམ་གཉིས་ལ་བཀའ་འདི་གཏད༔ ཐུབ་པར་སྲུངས་ཤིག་དམ་ཚིག་ས་མ་ཡ༔ འདི་ནས་ལོ་ནི་བདུན་བརྒྱ་གོ་བརྒྱད་ནས༔ ད་ལྟའི་དཔལ་གྱི་སེང་གེ་འདི་ཉིད་ནི༔ རྒྱལ་པོ་དོན་གྲུབ་མིང་ཅན་ཉིད་དང་ནི༔ མངའ་བདག་སྤྲུལ་པ་མངའ་རིའི་རྒྱལ་པོ་ནི༔ ཆོས་སྐྱོང་སྟག་ཤམ་ཅན་ལ་སྤྲད་པ་ན༔ བར་ཆད་བགེགས་ལས་གྲོལ་ཏེ་བསྟན་པ་ཡང༔ ཉི་ཟླ་གསལ་བ་ཅི་བཞིན་འབྱུང་བར་འགྱུར༔ འོན་ཀྱང་བདུད་ཀྱི་སྤྲུལ་པ་འཕྲུལ་ཆེ་བས༔ དུས་མཚུངས་རྟེན་འབྲེལ་འགྲིགས་པར་དཀའ་ན་ཡང༔ སྨོན་ལམ་དབང་གིས་ལས་ཅན་འཕྲད་པར་ཤོག༔ ས་མ་ཡ༔ གཏད་རྒྱ༔ ཟབ་རྒྱ༔ བདག་འདྲ་གར་གྱི་དབང་ཕྱུག་རྩལ་གྱིས་ཡེར་པ་རྡོ་རྗེའི་བྲག་ཕུག་ནས་སྤྱན་དྲངས་པའི་མཐིང་ཤོག་ལེབ་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ཁྲོ་བོ་དཔལ་གྱིས་ཞུས་སོ།། །། ༈ རྗེ་སྲས་གྲོགས་གསུམ་ལ་གདམས་པའི་ལག་ན་རྡོ་རྗེ་གཏུམ་པོ་ཁྲོ་བོའི་སྒྲུབ་པ་བཞུགས་སོ༔ ྈ ྈྈྈྈྈྈ གསང་བདག་རྡོ་རྗེ་གཏུམ་པོ་ལ༔ མི་ཕྱེད་དད་པས་ཕྱག་འཚལ་ལོ༔ བདག་ཉིད་པདྨ་འབྱུང་གནས་དང༔ གསང་བདག་རྡོ་རྗེ་གཏུམ་པོ་ནི༔ དོན་ལ་དབྱེར་མེད་ཆོས་སྐུར་གཅིག༔ གདུལ་བྱའི་མོས་བློས་སོ་སོར་བསྟན༔ མ་འོངས་སྙིགས་མ་ལྔ་བདོའི་དུས༔ སྡེ་བརྒྱད་ལྷ་སྲིན་ཐམས་ཅད་ཀྱིས༔ སྐྱེ་འགྲོ་ཀུན་གྱི་སྲོག་དབུགས་ལེན༔ སེམས་ཅན་ཀུན་ལ་གནོད་ཅིང་འཚེ༔ དེ་འདྲའི་སྙིགས་མ་ལྔ་བདོའི་དུས༔ གསང་བདག་ཐུགས་ཀྱི་སྒྲུབ་པ་འདི༔ ང་ཡི་སྨོན་ལམ་མཐུ་བཙན་ནས༔ ད་ལྟའི་ལྷ་སྲས་དམ་འཛིན་ཁྱོད༔ གར་གྱི་དབང་ཕྱུག་རྩལ་ཞེས་པ༔ ཤ་སྨེ་མཚན་རྟགས་གསུམ་དང་ལྡན༔ ཨོ་རྒྱན་ང་ཡིས་བྱིན་བརླབས་པའི༔ ཆོས་བདག་དེ་དང་འཕྲད་ནས་ཀྱང༔ ལྷ་སྲིན་རྣམས་ཀྱི་སྲོག་འཕྲོག་ཤོག༔ སཱེ་མཱེ་ཡཱེ། ྈྈ རྒྱ་རྒྱ་རྒྱ༔ གསང་བདག་སྒྲུབ་ཐབས་རྡོ་རྗེ་ཐོག་འབེབས་མཐུ་སྟོབས་ཡོངས་རྫོགས་འདི་ལ་དོན་གསུམ་སྟེ༔ སྔོན་འགྲོ་དངོས་གཞི་རྗེས་ཆོག་གོ༔ སྔོན་འགྲོ་སྒྲུབ་པའི་གནས་བརྟག་པ་ནི༔ རི་བོ་ཆེན་པོ་ནགས་གླིང་སོགས༔ མེ་ཏོག་སྔོན་པོའི་ཚལ་རྒྱས་པ༔ ཤིང་ཚེར་མ་ཅན་སྐྱེས་ཤིང༔ གཅན་གཟན་མ་རུངས་པ་གནས་པའི་ས༔ གྲུབ་ཐོབ་གོང་མས་བྱིན་གྱིས་བརླབས་པའི་གནས་སུ༔ བསམ་ཡས་ཨརྻ་པཱ་ལོའི་དལ་ས་བསྲེས་པ༔ ས་ཕྱོགས་བཀྲ་ཤིས་པ་ལ་དཀྱིལ་འཁོར་ཞེང་མདའ་གང༔ དཔངས་མཐོ་གང་བ་རྐྱང་ནུལ་ལེགས་པར་བྱས་ལ༔ ཨ་མྲྀཏ་དང་དྲི་བཟང་གུ་གུལ་གྱི་ཆུས་ལེགས་པར་གཏམས༔ དཀྱིལ་འཁོར་དབུས་མཐིང་ནག་རྩིབས་བཞི་མུ་ཁྱུད་དང་བཅས་པ་ལ༔ གཞན་ཡང་སྒོ་རྫོགས་པད་རྡོར་དུར་ཁྲོད་མེ་རི་སོགས་སྤྱི་དང་མཐུན་པར་འཕྲུལ་ཤེས་པར་བྱའོ༔ དཀྱིལ་འཁོར་དབུས་སུ་བུམ་པ་མཚན་ལྡན་བགེགས་བསྐྲད་གུ་གུལ་བདུག༔ བུམ་རྫས་ཁ་རྒྱན་མགུལ་ཆིངས་གཟུངས་ཐག་རྡོ་རྗེ་ལ་སོགས་འཛོམ་པར་བྱས་ལ་དཀྱིལ་འཁོར་དབུས་སུ་བཞག༔ གཡས་སུ་བྷནྡྷ་མཚན་ལྡན་དུ༔ རས་སམ་ཤིང་ཤུན་ལ་གསང་བདག་གི་སྐུ་སྲོག་ཡིག་དང་བཅས་པ་བྲིས་ལ་གཞུག༔ མདུན་དུ་སེང་ལྡེང་ཕུར་པ་ཁྲོ་ཞལ་ཅན་དབུའི་གཙུག་རྡོ་རྗེས་མཚན་པ་ནང་གཟུངས་དང་བཅས་པ༔ དར་སྔོན་པོས་དྲིལ་ལ་གསང་བདག་དངོས་སུ་བསྐྱེད་པ་བཤམ༔ གཡོན་དུ་གསང་བདག་གི་དཔལ་གཏོར་གཞུང་བཞིན་བཤམ༔ གཞན་ཡང་ཕྱི་ནང་གསང་མཆོད་དང༔ སྐུ་གསུང་ཐུགས་རྟེན་སྨན་གཏོར་རཀྟ་དང་བཅས་པ་འཛོམ་པར་བསགས༔ གཞི་བདག་ལ་གཏོར་མ་བྱིན༔ བགེགས་ལ་བཀའ་བསྒོ༔ དེ་ནས་རྣལ་འབྱོར་པ་བདེ་བའི་སྟན་ལ་འདུག༔ སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན་པར་བྱས་ལ༔ དངོས་གཞི་སྒྲུབ་པ་ལ་འཇུག་པ་ནི༔ བདག་དང་སྣང་བ་ཐམས་ཅད་མི་དམིགས་པ་སྟོང་པའི་ངང་ལས༔ བྷྲཱུྃ་ཡོངས་སུ་གྱུར་པ་ལས༔ གནམ་ལྕགས་ཀྱི་རྡོ་རྗེ་ལས་གྲུབ་པའི་གཞལ་ཡས་ཁང་ཆེན་པོ་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་ཆོས་འཁོར་གདུགས་ཏོག་ཐམས་ཅད་ཡོངས་སུ་རྫོགས་པ༔ ནང་གནམ་ལྕགས་འབར་བའི་གུར་ཁང་ལ༔ ཕྱི་དུར་ཁྲོད་མེ་དཔུང་འབར་བའི་ཀློང་དུ་གྱུར་པ་དེའི་དབུས་སུ་པདྨ་ཉི་ཟླའི་དཀྱིལ་འཁོར་གྱི་ཁར༔ རང་རིག་གི་ངོ་བོ་གནམ་ལྕགས་རྡོ་རྗེ་རྩེ་དགུ་པ་ལྟེ་བ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས༔ འཕགས་པ་མཆོད་ཅིང་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས༔ གདུག་པ་ཅན་ཐམས་ཅད་ཚར་བཅད༔ འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས༔ སྐད་ཅིག་དྲན་རྫོགས་སུ་རང་རིག་གི་ངོ་བོ་རྡོ་རྗེ་གཏུམ་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཡས་པས་གནམ་ལྕགས་རྡོ་རྗེ་མེ་ཡི་ཚྭ་ཚྭ་འཕྲོ་བ་ནམ་མཁར་འཕྱར་ཞིང༔ གཡོན་ལྕགས་ཀྱུ་དང་སྦྲུལ་ཞགས་འཛིན་པ༔ ཞལ་བགྲད་མཆེ་བ་གཙིགས་པ༔ སྤྱན་གསུམ་སྡང་མིག་ཁྲོ་ཚུལ་དུ་གཟིགས་པ༔ རལ་པ་ཁམ་སེར་གྱེན་དུ་འབར་ཞིང་རལ་པའི་གསེབ་ནས་མེའི་ཚྭ་ཚྭ་འཕྲོ་བ༔ སྐུ་ཆེ་ལ་ཡན་ལག་རགས་པ༔ སྦྲུལ་རིགས་ལྔ་དང་སྦྲུལ་ཆུན་གྱིས་སྤྲས་པ༔ སྐུའི་བ་སྤུའི་བུ་ག་ནས་སྤྲུལ་པའི་ཁྲོ་ཚོགས་དང་ཡེ་ཤེས་ཀྱི་མེས་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་བར་འགྱེད་པ༔ སྣང་སྟོང་སྒྱུ་མ་ལྟ་བུའི་སྐུར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃཿམཐིང་ནག་ཚེག་དྲག་དང་བཅས་པ་ལས་འོད་ཟེར་འཕྲོས་པས༔ ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ ཡེ་ཤེས་སེམས་དཔའ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཁྲོ་རྒྱལ་གྱི་སྐུར་བཞེངས་ནས༔ ཡེ་ཤེས་སེམས་དཔའ་འཁོར་དུ་མས་བསྐོར་བ་མདུན་གྱི་ནམ་མཁའི་གནས་སུ་བྱོན་པར་བསམ་ཞིང༔ གུ་གུལ་དང་ཤ་ཆེན་བསྲེག༔ རོལ་མོ་སྦིར༔ དར་ནག་གཡབ་དར་དང་བཅས་གདུང་བའི་ང་རོས་སྤྱན་འདྲེན་པ་ནི༔ ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཁྲོ་རྒྱལ་དམ་ཚིག་ཅན༔ འོག་མིན་ལྷུན་གྲུབ་གནས་མཆོག་གི༔ གསང་ཆེན་རོལ་པའི་གཞལ་ཡས་ཁང༔ ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ དམ་ཚིག་དབང་གིས་སྤྱན་འདྲེན་ན༔ ཐུགས་དམ་དབང་གིས་གཤེགས་སུ་གསོལ༔ བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཨེ་ཧྱེ་ཧི་ས་མ་ཡ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་པས་ཡེ་ཤེས་སེམས་དཔའི་ཚོགས་ཐམས་ཅད་བདག་དང་དཀྱིལ་འཁོར་སྐུ་འབག་ལ་ཐིམ༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད་པའི་སྐུར་གྱུར་པར་བསམ་ཞིང༔ ཧཱུྃ༔ མི་འཇིགས་གནམ་ལྕགས་འབར་བའི་གཞལ་ཡས་འདིར༔ གདུག་པ་སྡེ་བརྒྱད་འདུལ་ཕྱིར་བརྟན་པར་བཞུགས༔ བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཨེ་ཧྱེ་ཧི་པདྨ་ཀ་མ་ལཱ་ཡ་སཏྭཾ༔ ཕྱག་འཚལ་བ་ནི༔ ཧཱུྃ༔ ཕྲིན་ལས་མཐུ་སྟོབས་མངའ་དབང་བདག༔ གསང་བདག་སྐུ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ མཆོད་པ་འབུལ་བ་ནི༔ ཧཱུྃ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སིལ་སྙན་ལ་སོགས་དང༔ སྨན་གཏོར་རཀྟ་འདོད་ཡོན་ཚོགས༔ མཆོད་པའི་བྱེ་བྲག་དཔག་མེད་རྣམས༔ ཁྲོ་རྒྱལ་འཁོར་དང་བཅས་ལ་འབུལ༔ ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ༔ རྩ་སྔགས་ཤམ་བུར༔ ཨརྒྷཾ་པཱ་དྱཾ་སོགས་ནས། ཤབྡ་པཱུ་ཙ་ཧོ༔ པཉྩ་ཨ་མྲྀཏ༔ མ་ཧཱ་བ་ལིཾ་ཏ༔ མ་ཧཱ་རཀྟ༔ ག་ཎ་ཙཀྲ་པཱུ་ཙ་ལ་ཁཱ་ཧི༔ ཞེས་མཆོད་གཏོར་འབུལ་ཞིང་རོལ་མོ་སྦིར༔ ཧཱུྃ༔ རྡོ་རྗེ་འཛིན་དབང་ཁྲོས་པའི་རྒྱལ༔ བདུད་དང་ལོག་འདྲེན་འཇོམས་མཛད་པ༔ མངོན་སྤྱོད་ཕྲིན་ལས་ཡོངས་རྫོགས་ལྷ༔ བཻ་ཌཱུར་མདོག་ཅན་འཇིགས་པའི་སྐུ༔ ཁྲོ་རྒྱལ་སྐུ་ལ་ཕྱག་འཚལ་བསྟོད༔ ཞལ་བགྲད་མཆེ་གཙིགས་ཧཱུྃ་སྒྲ་སྒྲོག༔ སྤྱན་གསུམ་སྡང་མིག་ཁྲོ་ཚུལ་གཟིགས༔ རལ་པའི་གསེབ་ནས་མེ་འོད་འབར༔ སྡེ་བརྒྱད་འབྱུང་པོ་བརླག་པར་བྱེད༔ གདུག་པ་འདུལ་ལ་ཕྱག་འཚལ་བསྟོད༔ མེ་ཡི་ཚྭ་ཚྭ་འཕྲོ་བ་ཡི༔ གནམ་ལྕགས་རྡོ་རྗེས་ཐལ་བར་རློག༔ ལྕགས་ཀྱུ་ཞགས་པ་བསྣམས་པ་ཡིས༔ སྡེ་བརྒྱད་འབྱུང་པོ་བཀུག་ཅིང་འཆིང༔ བདུད་འདུལ་ཁྱོད་ལ་ཕྱག་འཚལ་བསྟོད༔ སྦྲུལ་རིགས་ལྔ་ཡིས་སྐུ་ལ་བརྒྱན༔ ཀླུ་རྣམས་ཐམས་ཅད་འདུལ་མཛད་པ༔ ཁྲོ་ཚོགས་འབུམ་གྱི་འཁོར་གྱིས་བསྐོར༔ སྡེ་བརྒྱད་ཐམས་ཅད་འདུལ་མཛད་པ༔ ཕྲིན་ལས་ཡོངས་རྫོགས་དཔལ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་པ་འགྲུབ་རྗེས་སུ༔ དཀྱིལ་འཁོར་དབུས་ཀྱི་བུམ་པ་བྲིས་སྐུ་དང་བཅས་པ་གསང་བདག་ཡེ་ཤེས་སེམས་དཔའ་དངོས་སུ་མོས་ལ༔ རང་དམ་ཚིག་ཡེ་ཤེས་གཉིས་མེད་དུ་བསམས་པའི་སྙིང་གར་པདྨ་སྔོན་པོ་འདབ་མ་བརྒྱད་པ༔ དེའི་ལྟེ་བར་ཉི་ཟླའི་དཀྱིལ་འཁོར་གྱི་དབུས་སུ༔ ཧཱུྃཿཡིག་ཚེག་དྲག་ཅན་བཻ་ཌཱུར་ཡའི་མདོག་ཅན་གྱི་མཐའ་ལ་རྩ་བའི་སྔགས་རྣམས་འོད་ཟེར་ཁ་དོག་ལྔ་དང་ལྡན་པ་མེའི་ཕྲེང་བ་ལྟར་འཁོར་བ་ལས་འོད་འཕྲོས༔ དཀྱིལ་འཁོར་ལྷ་ཚོགས་ཀྱི་ཐུགས་སྲོག་ས་བོན་ལ་ཕོག༔ བདག་དང་དཀྱིལ་འཁོར་པའི་སྐུ་ལས་སྤྲུལ་པའི་ཁྲོ་ཚོགས་འཇིག་རྟེན་གྱི་ཁམས་གང་བར་འཕྲོས་པས་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཚར་བཅད་དམ་ལ་བཏགས༔ གདུག་པ་ཅན་ཐམས་ཅད་ཚར་བཅད་པར་བསམས་ལ༔ རྩ་བའི་སྙིང་པོ་འདི་ཉིད་མི་ཚིག་གིས་བར་མ་ཆོད་པ་ལ་འབུམ་ཚོ་གསུམ་བཟླས་སོ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཅེས་རྡོ་རྗེ་ཐོག་རྒོད་ལྟར་བཟླས་པས༔ རྟགས་ཀྱི་རིམ་པ་ནི༔ ཞལ་མཇལ་བ་དང༔ ལུང་བསྟན་པ་དང༔ མེ་ཏོག་སྔོན་པོའི་གླིང་དུ་ཕྱིན་པ༔ ཁང་བཟང་འཛིན་པ༔ གོ་ཆ་གོན་པ༔ དམག་དཔོན་བྱས་ཏེ་ཕ་རོལ་གྱི་དམག་ཚོགས་བཅོམ་པ༔ ལྷ་སྲིན་སྡེ་བརྒྱད་ཀྱིས་བཀའ་ཉན་ཅིང་སྲོག་སྙིང་ཕུལ་བ༔ སྡོམ་དང་སྡིག་པ༔ གཅན་གཟན་མ་རུངས་པ་བསད་པ་ལ་སོགས་དེ་ལྟར་འབྱུང་ལ༔ མདོར་ན་བཟང་རྟགས་ཅི་བྱུང་ཡང་མཉམ་ཡངས་ཕྱག་རྒྱ་ཆེན་པོའི་ངང་ལ་འཇོག་པ་ནི་གནད་ཀྱི་གདམས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཕྲིན་ལས་ལས་ལ་སྦྱར་བ་ནི༔ ཀླུ་བདུད་མ་རུངས་འདུལ་བྱེད་ན༔ ཡི་དམ་ང་རྒྱལ་ལྡན་པ་ཡིས༔ ཕུར་པ་ཁྲོ་རྒྱལ་དངོས་སུ་བསྐྱེད༔ དྲག་པོའི་ཐུན་རྫས་འཛོམ་པར་བསགས༔ རྩ་སྔགས་ཤམ་བུར་འདི་ཉིད་བཏག༔ ནཱ་ག་རཱ་ཙ་ནག་པོ་ཏི་པ་ཙ་མཱ་ར་ཡ་ཕཊ༔ དགྲ་བགེགས་ལིངྒ་གཞུང་བཞིན་བཤམ༔ ཐུན་གྱིས་བྲབ་ཅིང་ལིངྒ་གཏུབ༔ ལིང་རོ་སྐྱེར་པའི་མེ་ལ་བསྲེག༔ ཐལ་བ་མཆོད་རྟེན་ཞབས་སུ་མནན༔ ས་མ་ཡ༔ གཤིན་རྗེ་གདུག་པ་འདུལ་བྱེད་ན༔ ཡི་དམ་ང་རྒྱལ་ལྡན་པ་ཡིས༔ ཕུར་པ་ཁྲོ་རྒྱལ་དངོས་སུ་བསྐྱེད༔ དྲག་པོའི་ཐུན་རྫས་འཛོམ་པར་གསོག༔ རྩ་སྔགས་ཤམ་བུར་འདི་ཉིད་བཏག༔ ཡ་མ་རཱ་ཙ་ས་མ་ཡ་མཱ་ར་ཡ་ཕཊ༔ དགྲ་བགེགས་ལིངྒ་གཞུང་བཞིན་བཤམ༔ ཐུན་གྱིས་བྲབ་ཅིང་ལིངྒ་གཏུབ༔ ལིང་རོ་སྐྱེར་པའི་མེ་ལ་བསྲེག༔ ཐལ་བ་མཆོད་རྟེན་ཞབས་སུ་མནན༔ ས་མ་ཡ༔ རྒྱལ་འགོང་གདུག་ཅན་འདུལ་བྱེད་ན༔ ཡི་དམ་ང་རྒྱལ་ལྡན་པ་ཡིས༔ ཕུར་པ་ཁྲོ་རྒྱལ་དངོས་སུ་བསྐྱེད༔ དྲག་པོའི་ཐུན་རྫས་འཛོམ་པར་གསོག༔ རྩ་སྔགས་ཤམ་བུར་འདི་ཉིད་བཏག༔ ཏྲི་དུ་དུ་ཧྲི་ཏྲི་དུ་དུ་ན་ར་ཏི་ཥ་མཱ་ར་ཡ་ཕཊ༔ དགྲ་བགེགས་ལིངྒ་གཞུང་བཞིན་བཤམ༔ ཐུན་གྱིས་བྲབ་ཅིང་ལིངྒ་གཏུབ༔ ལིང་རོ་སྐྱེར་པའི་མེ་ལ་བསྲེག༔ ཐལ་བ་མཆོད་རྟེན་ཞབས་སུ་མནན༔ ས་མ་ཡ༔ བཙན་རྒོད་དྲག་པོ་འདུལ་བྱེད་ན༔ ཡི་དམ་ང་རྒྱལ་ལྡན་པ་ཡིས༔ ཕུར་པ་ཁྲོ་རྒྱལ་དངོས་སུ་བསྐྱེད༔ དྲག་པོའི་ཐུན་རྫས་འཛོམ་པར་གསོག༔ རྩ་སྔགས་ཤམ་བུར་སྔགས་འདི་བཏག༔ ཏྲི་ཤུ་ཡ་རཱ་ཙ་ཏྲི་ན་ཏྲི་ཤི་ཡ་ཛ༔ མཱ་ར་ཡ་ཕཊ༔ དགྲ་བགེགས་ལིངྒ་གཞུང་བཞིན་བཤམ༔ ཐུན་གྱིས་བྲབ་ཅིང་ལིངྒ་གཏུབ༔ ལིང་རོ་སྐྱེར་པའི་མེ་ལ་བསྲེག༔ ཐལ་བ་མཆོད་རྟེན་འོག་ཏུ་མནན༔ ས་མ་ཡ༔ དགྲ་ལྷ་མ་སང་འདུལ་བྱེད་ན༔ ཡི་དམ་ང་རྒྱལ་ལྡན་པ་ཡིས༔ ཕུར་པ་ཁྲོ་རྒྱལ་དངོས་སུ་བསྐྱེད༔ དྲག་པོའི་ཐུན་རྫས་འཛོམ་པར་གསོག༔ རྩ་སྔགས་ཤམ་བུར་འདི་ཉིད་བཏག༔ བཛྲ་སཱ་དྷུ་ས་མ་ཡ་རཱ་ཛ༔ ཏྲི་ཛ་མཱ་ར་ཡ་ཕཊ༔ དགྲ་བགེགས་ལིངྒ་གཞུང་བཞིན་བཤམ༔ ཐུན་གྱིས་བྲབ་ཅིང་ལིངྒ་གཏུབ༔ ལིང་རོ་སྐྱེར་པའི་མེ་ལ་བསྲེག༔ ཐལ་བ་མཆོད་རྟེན་འོག་ཏུ་མནན༔ ས་མ་ཡ༔ དགྲ་བགེགས་དྲག་པོ་འདུལ་བྱེད་ན༔ ཡི་དམ་ང་རྒྱལ་ལྡན་པ་ཡིས༔ ཕུར་པ་ཁྲོ་རྒྱལ་དངོས་སུ་བསྐྱེད༔ དྲག་པོའི་ཐུན་རྫས་འཛོམ་པར་གསོག༔ རྩ་སྔགས་ཤམ་བུར་འདི་ཉིད་བཏག༔ རཱ་ཧུ་ལ་ཡ་མ་རཱ་ཛ༔ མཱ་ར་ཡ་ཕཊ༔ དགྲ་བགེགས་ལིངྒ་གཞུང་བཞིན་བཤམ༔ ཐུན་གྱིས་བྲབ་ཅིང་ལིངྒ་གཏུབ༔ ལིང་རོ་སྐྱེར་པའི་མེ་ལ་བསྲེག༔ ཐལ་བ་མཆོད་རྟེན་འོག་ཏུ་མནན༔ ས་མ་ཡ༔ གནོད་སྦྱིན་སྲིན་པོ་འདུལ་བྱེད་ན༔ ཡི་དམ་ང་རྒྱལ་ལྡན་པ་ཡིས༔ ཕུར་པ་ཁྲོ་རྒྱལ་དངོས་སུ་བསྐྱེད༔ དྲག་པོའི་ཐུན་རྫས་འཛོམ་པར་བསོག༔ རྩ་སྔགས་ཤམ་བུར་འདི་ཉིད་བཏག༔ ཤྲཱི་བཛྲ་ཡཀྴ་ཧྲིང་ཧྲིང༔ མཱ་ར་ཡ་ཕཊ༔ དགྲ་བགེགས་ལིངྒ་གཞུང་བཞིན་བཤམ༔ ཐུན་གྱིས་བྲབ་ཅིང་ལིངྒ་གཏུབ༔ ལིང་རོ་སྐྱེར་པའི་མེ་ལ་བསྲེག༔ ཐལ་བ་མཆོད་རྟེན་འོག་ཏུ་མནན༔ ས་མ་ཡ༔ མ་མོའི་བྱད་ཁ་ཟློག་བྱེད་ན༔ ཡི་དམ་ང་རྒྱལ་ལྡན་པ་ཡིས༔ ཕུར་པ་ཁྲོ་རྒྱལ་དངོས་སུ་བསྐྱེད༔ དྲག་པོའི་ཐུན་རྫས་འཛོམ་པར་གསོག༔ རྩ་སྔགས་ཤམ་བུར་འདི་ཉིད་བཏག༔ ཏྲག་རཀྴ་ཁ་མུན་ཏྲ་མཱ་ར་ཡ་ཕཊ༔ དགྲ་བགེགས་ལིངྒ་གཞུང་བཞིན་བཤམ༔ ཐུན་གྱིས་བྲབ་ཅིང་ལིངྒ་གཏུབ༔ ལིང་རོ་སྐྱེར་པའི་མེ་ལ་བསྲེག༔ ཐལ་བ་མཆོད་རྟེན་འོག་ཏུ་མནན༔ ས་མ་ཡ༔ དེ་ལྟར་དྲེགས་པ་འདུལ་བྱེད་ཀྱི་ལས་མཐའ་གནམ་ལྕགས་ཐོག་གི་སྤུ་གྲི་འདི་ཉིད་ནི༔ རྣལ་འབྱོར་པ་མཚོན་ཆའི་འཁོར་ལོ་འཛིན་པ་དང་མཚུངས་ཏེ༔ ཤིན་ཏུ་བཀའ་གཉན་པས་ན་གཅིག་བརྒྱུད་མ་གཏོགས་སྤེལ་བར་མི་བྱ་པདྨ་བདག་གི་ཐ་ཚིག་གོ༔ དེ་ནས་བསྙེན་སྒྲུབ་མཐར་ཕྱིན་རྗེས་ཀྱི་རིམ་པ་ནི༔ གཏོར་མ་བུམ་པ་ཡི་དམ་སྐུ་འབག་དངོས་སུ་བསྐྱེད་ལ༔ མདུན་གྱི་ནམ་མཁར་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡི་དམ་རྡོ་རྗེ་འཛིན་པ་དང་དྲག་པོ་སྟོབས་པོ་ཆེའི་རྣམ་པར་བྱོན་ཏེ༔ ཁམས་གསུམ་དབང་དུ་བསྡུས་ཤིང་སྲིད་གསུམ་ཟིལ་གྱིས་མནན༔ སྡེ་བརྒྱད་གདུག་པ་ཅན་བཏུལ་ཞིང༔ དམ་ལ་གནས་པར་གྱུར་ཏེ༔ ལྷ་རྣམས་ཀྱིས་བཀྲ་ཤིས་པའི་གླུ་ལེན༔ ཁྲོ་བོ་རྣམས་ཀྱིས་བར་ཆོད་ཀྱི་བགེགས་སྲུང༔ རྡོ་རྗེ་འཛིན་དང་ཨོ་རྒྱན་རིན་པོ་ཆེ་དབྱེར་མ་མཆིས་པས་ཡེ་ཤེས་ཀྱི་བུམ་པ་བདུད་རྩིས་གང་བ་བསྣམས་ཏེ༔ རང་གི་སྤྱི་བོར་དབང་བསྐུར་བས་ཕྲིན་ལས་རྣམ་པ་བཞི་ལ་མངའ་བརྙེས་པའི་དབང་མཆོག་ཐོབ་སྟེ༔ ལྷ་རྣམས་འོད་ཀྱི་རྣམ་པར་གྱུར་ནས་བདག་ལ་ཐིམ་པས༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད་པ་གསང་བདག་དངོས་ཀྱི་ང་རྒྱལ་དང་ལྡན་པར་བྱ་ཞིང༔ སྐུ་འབག་སྒྲུབ་ཕུར་ཐུན་རྫས་རྣམས་མི་འབྲལ་བར་བཅང་ཞིང༔ ཞག་རེ་ལ་རྩ་བའི་སྙིང་པོ་སྟོང་ཚོ་རེ་ཆག་མེད་བཟླས་ན༔ རྡོ་རྗེ་འཛིན་པ་པདྨ་འབྱུང་གནས་བདག་ཉིད་དང་སྐལ་པ་མཉམ་པར་འགྱུར་རོ༔ ལྷ་སྲིན་དྲེགས་པ་ཅན་རྣམས་བཀའ་ཉན་ཅིང་བྲན་དུ་ཁོལ་བར་འགྱུར་རོ༔ རྗེས་ཆོག་དཀྱིལ་འཁོར་བསྡུས་ཤིང༔ བཀའ་སྲུང་ལ་གཏང་རག་གཏོང༔ ཤིས་པ་བརྗོད་ལ༔ དཀྱིལ་འཁོར་བསྒོམ་ཞིང་རྒྱུན་སྤྱོད་ལ་འཇུག་པར་བྱའོ༔ སྱ་མྱ་ཡྱ༔ ཨེ་མ་ཟབ་རྒྱའི་གདམས་པ་ས་སྟེང་དཀོན་པ་འདི༔ པདྨ་བདག་གི་ཁོང་པའི་སྙིང་ཁྲག་ཡིན༔ མངའ་བདག་ཡབ་སྲས་མཚོ་རྒྱལ་གྲོགས་ལ་གདམས༔ མ་འོངས་བསྐལ་པའི་སྙིགས་མ་ཡང་མཐའི་ཚེ༔ ཨོ་རྒྱན་གསུང་སྲས་ཉིད་དང་འཕྲད་པར་ཤོག༔ མཚོ་རྒྱལ་ཁྱོད་ཀྱིས་མཐིང་ཤོག་ལེབ་ལ་བྲིས༔ བཀའ་རྟགས་རྒྱས་བཏབ་ཡེར་བ་རྡོ་རྗེའི་བྲག༔ ཕུག་པའི་ནང་དུ་མི་བརྗེད་རྒྱ་ཡིས་ཐོབ༔ གཏེར་ལ་སྦོས་དང་འགྲོ་ལ་ཕན་པར་འགྱུར༔ ཨོ་རྒྱན་རིན་པོ་ཆེའི་གསུང་བཞིན་བདག་འདྲ་མཚོ་རྒྱལ་གྱིས་མཐིང་ཤོག་ལེབ་ལ་ཡི་གེར་བྲིས་ཏེ་གཏེར་ཁ་གསུམ་དུ་སྦས་པ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ བདག་འདྲ་གར་གྱི་དབང་ཕྱུག་རྩལ་གྱིས་ཡེར་པ་རྡོ་རྗེའི་ཕུག་པ་ནས་སྤྱན་དྲངས་ནས། མཐིང་ཤོག་ལེབ་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ཁྲོ་བོ་དཔལ་གྱིས་བགྱིས་པའོ།། །། ༈ རྗེ་སྲས་གྲོགས་གསུམ་ལ་གདམས་པ་ལག་ན་རྡོ་རྗེ་སྟོབས་པོ་ཆེའི་བཀའ་སྲུང་ལྷ་མགོན་ཡབ་ཡུམ་གྱི་སྒྲུབ་ཐབས་བཞུགས་སོ༔ ྈ ྈྈྈྈྈྈ བཅོམ་ལྡན་གསང་བདག་རྡོ་རྗེ་འཛིན༔ སྟོབས་པོ་ཆེ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ སངས་རྒྱས་བསྟན་པ་སྲུང་བ་དང༔ བསྟན་དགྲ་ལུས་སྲོག་མྱུར་གཏུབ་ཕྱིར༔ ལྷ་མགོན་ཡབ་ཡུམ་སྒྲུབ་པ་ནི༔ ལྷ་ཁང་དྲག་ཤུལ་དབེན་གནས་སུ༔ ལྷ་མགོན་ཡབ་ཡུམ་སྐུ་དང་ནི༔ དཔལ་གཏོར་རྒྱན་ལྡན་སྤྱན་གཟིགས་བཤམ༔ དེ་ཡི་མདུན་གྱི་ཕྱོགས་ངོས་སུ༔ དཀྱིལ་འཁོར་མདའ་གང་གྲུ་བཞི་བྱ༔ དུག་ཁྲག་འོ་མས་ཆག་ཆག་གདབ༔ དབུས་སུ་གྲུ་གང་ཐུར་དུ་བྲུ༔ ནང་དུ་དུག་ཁྲག་རྙེད་ཚད་བྱུག༔ དེ་ཡི་ནང་དུ་གྲི་ཐོད་དམ༔ ཙིཏྟ་མ་ཉམས་བརྒྱངས་པའི་ནང༔ གྲོ་ག་རས་སམ་ཤིང་ཤུན་ལ༔ གྲི་ཁྲག་དག་གིས་ལིངྒ་བྲིས༔ དུག་དང་ཚ་བ་གསུམ་བསྲེས་ལ༔ ལིངྒའི་མཐའ་ལ་སྔགས་ཀྱིས་བསྐོར༔ དགྲ་བོའི་དྲི་མ་དྲུག་སོགས་ཆུས༔ ལིངྒ་དག་ལ་ཁྱབ་པར་བྱུག༔ དགྲ་བོ་འགུགས་གཞུག་ལེགས་པར་བྱ༔ སྣ་ལྔས་བཅིངས་ལ་ཙིཏྟར་གཞུག༔ ཙིཏྟ་ཐོད་པའི་ནང་དུ་གཞུག༔ ལྕགས་ཀྱི་ཆུ་གྲི་སོར་བཞི་ལ༔ སྙིང་དེ་ཐོད་ནང་ཕྱར་ལ་གཟུག༔ ཐོད་ངན་དུག་ཁྲག་གིས་བཀང་བ༔ ཡུངས་དཀར་ལ་སོགས་ཐུན་རྫས་རྣམས༔ ཅི་འཚོགས་བསགས་ལ་བྱང་ཤར་བཞག༔ དུག་ཤིང་ནག་པོའི་ཧོམ་བརྩིགས་ལ༔ ཤ་ཁྲག་བརྒྱན་ལ་ཤར་ལྷོར་བཞག༔ ཀླུ་སྨན་ཆབ་གཏོར་བསེ་ཕོར་གང༔ འབྲས་ཀྱི་སྟེང་དུ་ནུབ་བྱང་བཞག༔ དེ་ལྟར་སྒྲུབ་པའི་བཅས་ཚར་ནས༔ རང་ཉིད་གསང་བའི་བདག་པོར་བསྒོམ༔ ཐུགས་ཀའི་འོད་ཟེར་བྷྲཱུྃ་འཕྲོས་པས༔ ལས་ཁང་དུར་ཁྲོད་ཆེན་པོར་བསྐྱེད༔ དེ་ཡང་སྐད་ཅིག་དྲན་རྫོགས་བསྒོམ༔ མ་ཧཱ་ཀཱ་ལ་ལྕམ་དྲལ་ནི༔ རབ་འཇིགས་སྐུ་མདོག་མཐིང་ནག་ལ༔ དར་ནག་བེར་ཆེན་སྦྲུལ་རྐེད་ཅན༔ ཕྱག་གཡས་ཆུ་གྲི་འབར་བ་བསྣམས༔ གཡོན་པས་ཐོད་པ་ཁྲག་བཀང་འཛིན༔ སྤྱན་གསུམ་ཞལ་གདངས་མཆེ་བ་གཙིགས༔ རྒྱ་སྨིན་རལ་པ་དམར་སེར་འཕྲོ༔ མི་མགོ་སྐམ་རློན་རྒྱན་གྱིས་སྤྲས༔ ལྕམ་དྲལ་ཆ་ལུགས་གཅིག་པ་ལ༔ སྡེ་བརྒྱད་ཕོ་ཉ་འགྱེད་མཛད་ཅིང༔ མེ་དཔུང་འབར་བའི་དབུས་ན་བཞུགས༔ དགྲ་བོ་དམྱལ་ཐག་དུམ་བུར་གཏུབ་པར་བསམ༔ དེ་ལ་ཏིང་འཛིན་མ་ཡེངས་པར༔ འབོད་རྦད་བསད་གསུམ་དཀྲུག་བྲིས་པས༔ སྤུ་གྲི་སྔགས་ཀྱི་འཁོར་ལོ་འདི༔ རིག་པ་རང་བསྐྱེད་དྲག་པོར་བཟླ༔ ཨོཾ་མ་ཧཱ་ཀཱ་ལ་དེ་ཝཱི་ཀཱ་ལཱི་ཧྲཱིང་ཧྲཱིང་ཛཿཛ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ཧྲིང་ཛ༔ དགྲ་བོའི་སྙིང་ལ་ཁུག་རྦད༔ ཧེ་ཀཱ་ལི་མ་ཧཱ་ཙཎྜ་མཱ་ར་ཡ་རྦད༔ ཧུར་ཐུཾ་མུག་རཀྴ་རྦད༔ སཱ་དྷ་རྩ་སྲོག་ཙིཏྟ་ཝ་ཏི་རྦུད་རྦད༔ ཧ་ལ་ད་ཧ་རྩ་ལ་མྱག་རྦད༔ ཆེ་གེ་མོ་ལ་རྦད་རཾ་རྦུད་རྨུག་རྦད༔ ཡ་མ་རྦུད་མྱོག་ཁཾ་རྦད༔ ཁཾ་རྦུད་ཐིབ༔ ནྲྀ་ཨཱ་མུ་ཀ་མཱ་ར་ཡ་སོད༔ དེ་ལྟར་མེ་ཉི་སྤངས་པ་ཡི༔ མུན་ནག་ནང་དུ་ཞག་བདུན་ནམ༔ བཅུ་བཞི་ཉེར་གཅིག་དག་དང་སྦྱར༔ ཞུབ་ཅེན་ཀི་སྒྲ་འདེབས་པ་དང༔ མི་ནག་མཚོན་ཐོགས་སེམས་ཅན་གསོད༔ ཤིང་བཅད་ནགས་མེ་བསྲེག་པ་སོགས༔ རྟགས་བྱུང་ཆུ་གྲི་དེ་ཉིད་ཀྱིས༔ ཐུན་བཞིར་ཐོད་པ་སྙིང་ལ་བརྡེག༔ སྐབས་སུ་ཐུན་གྱིས་རྡེག་པར་བྱེད༔ ཐ་མ་བླ་རྟགས་ཚད་ཕེབས་ནས༔ ཤར་ལྷོའི་ཧོམ་ལ་མེ་སྦར་ལ༔ ལིང་ག་སྙིང་དང་བཅས་པ་བསྲེག༔ ཐལ་བ་མེ་དང་གཏོར་མ་དང༔ དགུ་སྟོང་ཉི་མ་མདུང་གང་ལ༔ སྔགས་འདིས་ལན་བདུན་འབུལ་བར་བྱ༔ ཧོམ་མེ་མ་ཧཱ་ཀཱ་ལར་བསྐྱེད༔ མ་ཧཱ་ཀཱ་ལ་དེ་ཝཱི་ཀཱ་ལཱི་ཨ་ཡ་མ་དུ་རུ་ཙ་ཤ་ན་དགྲ་བོའི་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཙཀྵུ་བ་སུ་ཏ་ཙིཏྟ་གོ་རོ་ཙ་ན་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཅེས་བརྗོད་ལ་བསྐུལ་བ་དང་བཅས་དགྲ་བོའི་སྙིང་ཟོར་དུ་འཕང་ངོ༔ དེས་ནི་དགྲ་བགེགས་འཆིང་བར་འགྱུར༔ གལ་ཏེ་འཁུ་ཞིང་རྟགས་མེད་ན༔ བདག་ཉིད་གསང་བའི་བདག་པོར་བསྒོམ༔ ལྷ་མགོན་ཡབ་ཡུམ་གཟུགས་བྲིས་ལ༔ ཙིཏྟ་ཐོད་པའི་ནང་དུ་བཞག༔ སྔགས་འདི་སྤྱི་དྲིལ་མགོ་ཞབས་བཟློག༔ ཤིན་ཏུ་དྲག་ལ་མྱུར་བར་བཟླ༔ དེ་ཡིས་རྟགས་ཐོན་སླར་ཡང་ནི༔ སྐུ་གཟུགས་གཟུངས་ཆུས་ལེགས་པར་བཀྲུས༔ ལིང་ག་སྔར་བཞིན་གཞུག་ལ་བསྒྲུབ༔ སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར༔ ཟབ་པའི་གནད་འདི་མ་སྦས་པར༔ རྗེ་རྒྱལ་ཡབ་སྲས་གྲོགས་ལ་གདམས༔ མ་འོངས་བསྐལ་པའི་ཐ་མ་ལ༔ བསྟན་པ་བསྲུང་ཕྱིར་གཏེར་དུ་སྦས༔ ལས་ལྡན་དེ་དང་འཕྲད་པར་ཤོག༔ ལྷ་མགོན་ཡབ་ཡུམ་སྲོག་སྒྲུབ་སྙིང་ཐིག་གི་ཡང་བཅུད་རྫོགས་སོ༔ སྐབས་སུ་གཏོར་མ་དགྲ་བགེགས་ཀྱི་ཤ་ཁྲག་དག་ཏུ་བྱིན་གྱིས་བརླབས༔ གདུང་བའི་ང་རོས་བསྐུལ་བ་ནི༔ ྈ ཧཱུྃ༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་དང༔ བསིལ་བ་ཚལ་གྱི་དུར་ཁྲོད་ནས༔ ལྷ་མགོན་ཡབ་ཡུམ་འཁོར་བཅས་རྣམས༔ དེ་རིང་གནས་འདིར་གཤེགས་སུ་གསོལ༔ སྐུ་མདོག་མཐིང་ནག་འཇིགས་པའི་གཟུགས༔ སྦྲུལ་ཆེན་སྐམ་རློན་ཐོད་ཕྲེང་གིས༔ དབུ་དང་ཕྱག་ཞབས་རྒྱན་དང་བཅས༔ རབ་ཏུ་འཇིགས་པའི་གད་རྒྱངས་སྒྲོག༔ ཆུ་གྲི་བྷནྡྷ་ཁྲག་བཀང་བསྣམས༔ དགྲ་བགེགས་ལུས་གཏུབ་སྙིང་ཁྲག་གསོལ༔ ལས་མཁན་སྡེ་བརྒྱད་དམག་ཚོགས་བཅས༔ འདིར་བྱོན་བདུད་རྩི་སྨན་རག་དང༔ བ་ལིཾ་དགྲ་བོའི་ཤ་ཁྲག་རྣམས༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ སྔོན་ཚེ་གསང་བའི་བདག་པོ་དང༔ པདྨ་ཐོད་ཕྲེང་སྤྱན་སྔ་རུ༔ རང་གིས་ཁས་བླངས་དམ་བཅས་བཞིན༔ ཐལ་བ་རྡུལ་ཕྲན་བཞིན་དུ་རློགས༔ མི་རབས་ཆོད་ལ་ས་ཞིང་གཏོར༔ མི་རྟ་ཕྱེས་ལ་ནང་ཚན་དཀྲུགས༔ འཁོར་གཡོག་ཕྲོགས་ལ་ལྟས་ངན་ཐོངས༔ བྷྱོ་བྷྱོ་དགྲ་བོའི་སྟེང་དུ་བྷྱོ༔ ནག་པོ་ཆེན་པོ་དགྲ་ལ་བྷྱོ༔ དཔལ་ལྡན་ལྷ་མོ་དགྲ་ལ་བྷྱོ༔ བཀའ་སྡོད་སྡེ་བརྒྱད་དགྲ་ལ་བྷྱོ༔ ནག་པོ་སྟོང་སྡེ་དགྲ་ལ་བྷྱོ༔ ནག་མོ་འབུམ་སྡེ་དགྲ་ལ་བྷྱོ༔ བྷྱོ་བྷྱོ་ཞིང་བཅུའི་དགྲ་ལ་བྷྱོ༔ ཨོཾ་མ་ཧཱ་ཀཱ་ལ་དེ་ཝཱི་ཀཱ་ལཱི་ཨ་ཡ་མ་དུ་རུ་ཙ་ཤ་ན་རྒྱུགས་རྒྱུགས་སོད་སོད་བྲེང་བྲེང་དགྲ་བོ་མཱ་ར་ཡ་སོད༔ ཅེས་བསྐུལ་ལོ༔ ཡེར་པ་རྡོ་རྗེའི་བྲག་ཕུག་ནས་སྤྱན་དྲངས་པའི་མཐིང་ཤོག་ལེབ་ནས་བདག་འདྲ་གར་གྱི་དབང་ཕྱུག་རྩལ་གྱིས་དག་པར་ཕབ་པའི་ཡི་གེ་པ་ནི་ཁྲོ་བོ་དཔལ་གྱིས་བགྱིས་པའོ། །མངྒ་ལཾ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).