Terdzo-ZI-005

From Rinchen Terdzö

རྒྱལ་བསྟན་ཡུན་དུ་གནས་ཕྱིར་འཕགས་པའི་གནས་བརྟན་བཅུ་དྲུག་གི་ཆོ་ག་ཐུབ་བསྟན་ཉིན་བྱེད་

rgyal bstan yun du gnas phyir 'phags pa'i gnas brtan bcu drug gi cho ga thub bstan nyin byed

by  རྩེ་ལེ་སྣ་ཚོགས་རང་གྲོལ་ (Tsele Natsok Rangdrol)
Volume 52 (ཟི) / Pages 67-82 / Folios 1a1 to 8b4

[edit]

༄༅། །རྒྱལ་བསྟན་ཡུན་དུ་གནས་ཕྱིར་འཕགས་པའི་གནས་བརྟན་བཅུ་དྲུག་གི་ཆོ་ག་ཐུབ་བསྟན་ཉིན་བྱེད་བཞུགས་སོ། ། ན་མོ་བུདྡྷ་ཡ། རྒྱལ་བ་མ་ལུས་ཐུགས་རྗེའི་དབྱིངས་སུ་དབྱེར་མེད་ཀྱང་། །བཅོམ་ལྡན་གདུལ་བྱ་བདག་གིར་མཛད་པའི་ཐུགས་སྐྱེད་སྟོབས། །དགུ་བརྒྱ་དགུ་བཅུ་རྩ་དགུའི་སྐལ་བཟང་འདྲེན་པ་ལས། །མཆོག་གྱུར་ཟས་གཙང་སྲས་དང་སྤྲུལ་བཅས་སྤྱི་བོས་མཆོད། །མགོན་དེའི་བསྟན་པ་དམ་ཆོས་འདུས་སྡེར་བཅས་པ་ཉིད། །དྲི་བྲལ་གོང་འཕེལ་ཡུན་དུ་གནས་ཕྱིར་དེ་སྐྱོང་བའི། །བསྟན་གཙོ་སྤྲུལ་པའི་གནས་བརྟན་འཁོར་བཅས་མཆོད་པའི་ཐབས། །མདོ་དང་བསྟན་བཅོས་རྣམ་དག་ལས་བཏུས་འདིར་འགོད་བྱ། །གང་ཞིག་སྲིད་དང་ཞི་བའི་གནས་སྐབས་མཐའ་དག་ཏུ་ཕན་པ་དང་བདེ་བ་བླ་ན་མེད་པའི་གཞིའམ་རྒྱུ་རྐྱེན་དངོས་ནི་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉིད་ལ་རག་ལས་ཤིང་། དེའི་བདག་པོ་དང་འབྱུང་གནས་དང་རྩ་ལག་མཆོག་ཏུ་གྱུར་ པ་ཁམས་གསུམ་ན་འགྲན་ཟླ་དང་བྲལ་བའི་སྐྱབས་གནས་མཆོད་འོས་ཚོགས་ཞིང་གི་ཕུལ་དང་རབ་དང་། མཆོག་གི་རྩེ་མོར་གྱུར་པའི་སྟོན་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་འདི་དག་ལ་ཕྱག་མཆོད་བཀུར་སྟི་རིམ་གྲོར་བགྱིས་པའི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་ཅིང་བརྗོད་པར་མི་ལང་བའི་ཚུལ། མདོ་སྡེ་རིན་པོ་ཆེ་དག་ལས་རྒྱ་ཆེར་འབྱུང་བ་ལ་ཡིད་ཆེས་ཀྱི་དད་པས་ཀུན་ནས་བླངས་ཏེ། གནས་སྐབས་དང་མཐར་ཐུག་གི་དོན་དང་དགོས་པ་ཁྱད་པར་ཅན་སྒྲུབ་པའི་སླད་དུ། འཕགས་པ་གནས་བརྟན་ཆེན་པོ་གཙོ་འཁོར་གྱི་ཆོ་གའི་ལས་རིམ་རྒྱས་པ་དག་ལས་ཉེར་བསྡུས་ལག་ཏུ་བླང་བ་བདེ་བ་ཞིག་འབྲི་བར་བྱ་བ་འདི་ལ་དོན་ཚན་རྣམ་པ་བདུན་གྱིས་སྟོན་ཏེ། གང་ཞེ་ན། སྐྱབས་སེམས་སྔོན་དུ་འགྲོ་བས་ས་གཞི་གནས་ཁང་མཆོད་རྫས་ཡོ་བྱད་བྱིན་གྱིས་བརླབ་པ། ༡ འགྲོ་བའི་དོན་ལ་གཤེགས་པར་སྙན་གསན་དབབ་ཅིང་སྤྱན་དྲང་བ། ༢ བྱོན་པ་རྣམས་ཀྱི་སྐུའི་བཀོད་པ་གསལ་གདབ་ཅིང་ཕྱག་འཚལ་བ། ༣ སོ་སོའི་སྟན་ལ་བཞུགས་སུ་གསོལ་ཞིང་ཁྲུས་ཆབ་བྲིམ་པ། ༤ མཆོད་པ་འབུལ་ཞིང་སྡིག་པ་བཤགས་ནས་ཆེ་བའི་ཡོན་ཏན་ལ་བསྟོད་པ། ༥ གཏོར་མ་འབུལ་ཞིང་འདོད་པའི་དོན་གྱི་གསོལ་བ་གདབ་པ། ༦ ཉེས་བྱས་བཟོད་གསོལ་སྨོན་ལམ་ཤིས་བརྗོད་གཤེགས་བསྟིམ་གྱི་ལས་དང་བདུན་གྱི། དང་པོ་ནི། བསླབ་གསུམ་རྣམ་པར་དག་པའི་དགེ་འདུན་ཇི་ཙམ་འདུས་པ་རྣམས་ཐུགས་སྤྱོད་མཐུན་ཞིང་ཁྲུས་དང་གཙང་སྦྲ་ཆོས་གོས་རྣམ་གསུམ་ལྡན་པ། དམ་པའི་ཆོས་འདུལ་བ་ནས་གསུངས་པའི་དབྱར་གནས་དང་གསོ་སྦྱོང་སོགས་དུས་སམ། དེ་ལས་གཞན་པ་རྒྱལ་བའི་དུས་ཆེན་བཞི་སོགས་ཅི་རིགས་ལ། གཙུག་ལག་ཁང་དང་ཀུན་དགའ་ར་བ་ཁྱམས་དང་བཅས་པ་བྱི་དོར་བྱ་ཞིང་རྒྱན་གྱི་ཁྱད་པར་དུ་མས་ལེགས་པར་མཛེས་པ་དང་། ཁ་ན་མ་ཐོ་བའི་རྫས་དང་གང་ཟག་གིས་དབེན་པར་བྱས་ལ། དཀྱིལ་འཁོར་ནི་འབྱོར་ན་རྡུལ་ཚོན་གྱིས་དཀྱིལ་འཁོར་སྒོ་རྐྱང་རྟ་བབས་དང་ཁོར་ཡུག་མེད་པ། མུན་སྣམ་ཀ་བ་ཀ་རྒྱན་སོགས་རྟ་བབས་ཀྱི་འདེགས་རྣམས་མི་དགོས་པ་ལས་གཞན་དུ་གཞལ་ཡས་ཁང་སྤྱི་མཐུན་གྱི་ལྟེ་བར། པདྨ་འདབ་མ་བཅུ་དྲུག་མཛེས་ཚོན་འོད་ཟེར་ཕྲེང་བས་བསྐོར་བ་བྲིས་པའི་དབུས་དང་པད་འདབ་རྣམས་སུ། གཙོ་བོ་དང་གནས་བརྟན་རྣམས་མཚོན་བྱེད་འབྲས་དཀར་དྲི་བཟང་གིས་སྦགས་པའི་ཚོམ་བུ་དགོད་ཅིང་། ཁྱམས་ཀྱི་བྱང་ཤར་དུ་དྷརྨ་ཏཱ་དང་སྒོ་བཞིར་རྒྱལ་ཆེན་བཞིའི་ཚོམ་བུ་རེ་ཡང་དགོད། ཅི་སྟེ་རྡུལ་ཚོན་གྱི་གཞལ་ཡས་ཁང་འབྲི་བ་མ་འབྱོར་ནའང་ཅོག་རྩེ་བཟང་པོ་ཁེབས་ལྡན་ལྟ་བུར་ཚོམ་བུ་འདི་དག་ཚང་བར་དགོད་དོ། །དེའི་མཐའ་སྐོར་དུ་གཙང་ཞིང་དག་པའི་མཆོད་པ་སྣ་ལྔ་པོ་ལྷ་གྲངས་དང་མཉམ་པའམ་མ་འཛོམ་ཡང་སྣ་རེ་རེ་ལ་བདུན་ཚར་རམ་ལྔ་ཚར་ནི་མེད་མི་རུང་དང་། རིན་ཆེན་གྱི་སྣོད་གཙང་ནང་དཀར་གསུམ་གྱིས་གཞི་བླངས་པའི་གཏོར་མ་གསུམ་མམ་གཅིག་གང་རུང་ཟླུམ་པོ་པད་འདབ་བཞི་པ་བྱས་ལ་བཤམ། གཞན་ཡང་འཕན་གདུགས་རྒྱལ་མཚན་བླ་བྲེ་སོགས་མཆོད་པའི་བྱེ་བྲག་གྱ་ནོམ་པར་བཀོད་དེ་རྒྱལ་བ་འཁོར་བཅས་སྤྱན་དྲང་བའི་གནས་སུ་རུང་བར་བྱའོ། །དེ་ནས་ཆོ་ག་དངོས་ལ། མཁན་སློབ་དགེ་འདུན་དང་བཅས་པས་བག་མེད་ཀྱི་བསམ་སྦྱོར་དང་མ་འདྲེས་པར་ཚིག་དང་དོན་ཟུང་དུ་འབྲེལ་བའི་སྒོ་ནས་གོང་དུ་སྨྲོས་པའི་རིམ་པ་བཞིན་གྱི་ཆོ་ག་གཞུང་བསྲང་སྟེ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་འཕགས་ཚོགས་མཆོད་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལག་མཐིལ་ལྟར་མཉམ་རིན་ཆེན་རྒྱན་གྱིས་སྤྲས། །ལྗོན་ཤིང་ཆུ་མཚོས་བརྒྱན་པའི་ས་གཞིའི་དབུས། །རིན་ཆེན་གཞལ་ཡས་གྲུ་བཞི་སྒོ་བཞི་པ། །པདྨ་ཉི་ཟླའི་གདན་བཅས་མཛེས་པར་གྱུར། །ལྷ་མིའི་མཆོད་རྫས་དངོས་འབྱོར་ཡིད་སྤྲུལ་ཚོགས། །དཀོན་མཆོག་བདེན་པའི་བྱིན་རླབས་མཐུ་ཆེན་པོས། །ཡོངས་སུ་དག་པར་སྦྱངས་ཤིང་སྤེལ་པ་ཡིས། །ཞིང་ཀུན་ཁྱབ་པའི་མཆོད་སྤྲིན་ཆེན་པོར་གྱུར། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། གཉིས་པ་དབབ་འདྲེན་ནི། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་དང༔ ཤེས་རབ་མེ་འབར་ཉོན་མོངས་མཚོ་སྐེམ་ཞིང༔ རྣམ་གྲོལ་བསོད་ནམས་ཞིང་དུ་བཀའ་སྡོད་པའི༔ ཕྱོགས་བཅུའི་ཉན་ཐོས་དགེ་འདུན་བཞུགས་སོ་འཚལ༔ ཡོན་སྦྱོར་མཆོད་པའི་གནས་སུ་སྤྱན་འདྲེན་ན༔ ཐུགས་རྗེས་བརྩེ་བར་དགོངས་ཏེ་གཤེགས་མཛད་གསོལ༔ ཞེས་སྙན་གསན་ཕབ་ལ་སླར་སྤོས་ཀྱི་སྤྲིན་སྤྲོ་ཞིང་དད་གདུང་གིས་སྤྱན་འདྲེན་བྱ་སྟེ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཡོན་ཏན་རིན་ཆེན་མང་པོའི་ཚོགས་མངའ་ཞིང་། །མཚན་རབ་ཡེ་ཤེས་ཡོངས་སུ་དག་པའི་སྐུ། །གསེར་གྱི་མདོག་ཅན་ལྷ་དང་མིས་མཆོད་པའི། །བཅོམ་ལྡན་ཤཱཀྱའི་དབང་པོ་གཤེགས་སུ་གསོལ། །སྤངས་དང་ཡེ་ཤེས་ཕུན་ཚོགས་སངས་རྒྱས་ཀྱང༔ གདུལ་བྱའི་དབང་གིས་ཉན་ཐོས་ཚུལ་འཛིན་པས༔ ཁྱད་པར་ཅན་གྱི་ཕྲིན་ལས་ཆོས་སྐྱོང་བའི༔ གནས་བརྟན་ཆེན་པོ་འཁོར་བཅས་འདིར་གཤེགས་ཤིག༔ ཏི་སེའི་གངས་ལ་དགྲ་བཅོམ་ཡན་ལག་འབྱུང༔ དྲང་སྲོང་རི་ངོགས་ཤེལ་ནགས་མི་ཕམ་པ༔ ལོ་མ་བདུན་རིར་བཙུན་པ་ནགས་ན་གནས༔ འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ༔ ཟངས་གླིང་དབུས་ན་རྒྱལ་སྲས་དུས་ལྡན་བཞུགས༔ སིངྒ་ལ་ན་རྡོ་རྗེ་མོ་ཡི་བུ༔ ཆུ་བོ་ཡ་མུ་ནཱའི་གླིང་བཟང་པོ་བཞུགས༔ འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ༔ ཁ་ཆེའི་ཡུལ་ན་ཐུབ་པ་གསེར་བེ་འུ༔ ནུབ་གླིང་བྷཱ་ར་དྷྭ་ཛ་གསེར་ཅན་མཆོག༔ སྒྲ་མི་སྙན་ན་འཕགས་ཆེན་བཀྐུ་ལ༔ འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ༔ པྲི་ཡང་ཀུ་གླིང་གནས་བརྟན་སྒྲ་གཅན་ཟིན༔ བྱ་རྒོད་སྤུངས་པར་དགེ་སྦྱོང་ལམ་ཕྲན་བསྟན༔ ཤར་གླིང་བྷཱ་ར་དྷྭ་ཛ་བསོད་སྙོམས་ལེན༔ འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ༔ སུམ་ཅུ་རྩ་གསུམ་འཕགས་པ་ལམ་བསྟན་བཞུགས༔ ངོས་ཡངས་རི་ལ་སྡོམ་བརྩོན་ཀླུ་ཡི་སྡེ༔ རི་རྒྱལ་བྷི་ཧུ་ལ་ན་སྦེད་བྱེད་བཞུགས༔ འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ༔ གངས་རིའི་རྒྱལ་པོ་ལ་ནི་མི་ཕྱེད་པ༔ ཀུན་གྱི་ཞབས་འབྲིང་དགེ་བསྙེན་དྷརྨ་ཏཱ༔ སྒོ་བཞི་སྐྱོང་མཛད་རྒྱལ་པོ་ཆེན་པོ་བཞི༔ འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ༔ དགེ་བསྙེན་སྐྱབས་གསོལ་བདེན་པའི་ཚིག་ཉན་པ༔ དཀོན་མཆོག་གསུམ་གྱི་ཞབས་འབྲིང་མཆིས་སོ་འཚལ༔ བསོད་ནམས་རིན་ཆེན་གླིང་འདིར་སྤྱན་འདྲེན་ན༔ འགྲོ་བའི་དོན་དུ་མཆོད་ཕྱིར་གཤེགས་སུ་གསོལ༔ གསུམ་པ་གསལ་ཞིང་ཕྱག་འཚལ་བ་ནི། དེ་ལྟར་མོས་གུས་དྲགས་པོས་སྤྱན་དྲངས་པ་ལ་བརྟེན་ནས་གཙོ་འཁོར་མ་ལུས་པ་ནམ་མཁའི་ལམ་ལས་རྫུ་འཕྲུལ་གྱིས་བྱོན་པ་རྣམས་རེ་རེ་བཞིན་སྐུའི་དཀྱིལ་འཁོར་ངོ་མཚར་གྱི་ཕུང་པོ་ལ་བལྟ་ཞིང་ཕྱག་བྱེད་པར་མོས་ལ། རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷང་ངེ་བ། །མགོན་པོ་མཆོག་ཉིད་ཁྱོད་ཞབས་ཕྱག་འཚལ་ལོ། །ཐུགས་རྗེའི་བདག་ཉིད་བརྩོན་འགྲུས་སྟོབས་ལྡན་པ། །འགྲོ་བའི་བླ་མ་གཞན་གྱིས་མ་བཏུལ་བའི། །སྐལ་ལྡན་གདུལ་ཕྱིར་ཤཱཀྱའི་རིགས་འཁྲུངས་པ། །ཐུབ་དབང་གཙོ་བོ་མཆོག་ལ་ཕྱག་འཚལ་ལོ། །ཏི་སེའི་གངས་བཞུགས་གནས་བརྟན་ཡན་ལག་འབྱུང་། །མཐོང་རེག་དྲི་ཡིས་ཚུལ་ཁྲིམས་རྣམ་དག་ཅིང་། །ཉོན་མོངས་ཀུན་སེལ་སྤོས་ཕོར་རྔ་ཡབ་བསྣམས། །དགྲ་བཅོམ་སྟོང་དང་སུམ་བརྒྱར་བཅས་ལ་འདུད། །དྲང་སྲོང་རི་ངོགས་གནས་བརྟན་མ་ཕམ་པ། །མཐོང་ཐོས་དྲན་པས་ཚུལ་ཁྲིམས་ལ་སོགས་པའི། །ཡོན་ཏན་འཕེལ་འགྱུར་མཉམ་གཞག་ཕྱག་རྒྱ་ཅན། །དགྲ་བཅོམ་བརྒྱ་ཕྲག་གཅིག་དང་བཅས་ལ་འདུད། །ལོ་མ་བདུན་མར་གནས་བརྟན་ནགས་ན་གནས། །གང་ལ་གཏད་པས་གནོད་པ་ཀུན་ཞི་ཞིང་། །སེར་བུས་སྡིག་སེལ་སྡིགས་མཛུབ་རྔ་ཡབ་ཅན། །དགྲ་བཅོམ་སྟོང་དང་བཞི་བརྒྱར་བཅས་ལ་འདུད། །ཟངས་གླིང་ཡུལ་ན་གནས་བརྟན་དུས་ལྡན་ནི། །མཐོང་དང་རེག་པས་སྤངས་རྟོགས་ཀུན་ཐོབ་ཅིང་། །སྐལ་ལྡན་འཁོར་འདུའི་གསེར་གྱི་རྣ་ཀོར་བསྣམས། །དགྲ་བཅོམ་སྟོང་དང་ཆིག་བརྒྱར་བཅས་ལ་འདུད། །སིང་གར་གནས་བརྟན་རྡོ་རྗེ་མོ་ཡི་བུ། །གཏད་པས་ཞི་ཞིང་འདུན་འགྱུར་སྡིགས་མཛུབ་ཅན། །མཐོང་རེག་དྲི་ཡིས་དོན་འགྲུབ་རྔ་ཡབ་བསྣམས། །དགྲ་བཅོམ་སྟོང་གི་ཚོགས་དང་བཅས་ལ་འདུད། །ཡ་མུ་ནཱ་གླིང་གནས་བརྟན་བཟང་པོ་ནི། །ཆོས་འཆད་ཕྱག་རྒྱས་ཆོས་ཀུན་དོན་རྟོགས་ཤིང་། །ཏིང་འཛིན་འབྲས་བཅས་འགྲུབ་པའི་མཉམ་གཞག་མཛད། །དགྲ་བཅོམ་སྟོང་དང་ཉིས་བརྒྱར་བཅས་ལ་འདུད། ཁ་ཆེའི་ཡུལ་ན་གནས་བརྟན་གསེར་བེ་འུ། །མཐོང་ཐོས་རེག་པས་གཟུངས་དང་སྤོབས་པ་སོགས། །ཡོན་ཏན་ཀུན་སྩོལ་གསེར་གྱི་ཞགས་པ་བསྣམས། །དགྲ་བཅོམ་ལྔ་བརྒྱའི་ཚོགས་དང་བཅས་ལ་འདུད། །ནུབ་གླིང་བྷཱ་ར་དྷྭ་ཛ་གསེར་ཅན་ནི། །གང་གི་མདུན་བཅས་ངན་འགྲོ་ལས་འགྲོལ་ཞིང་། །དགའ་བདེ་ཡེ་ཤེས་རྒྱས་མཛད་མཉམ་གཞག་ཅན། །དགྲ་བཅོམ་བདུན་བརྒྱའི་ཚོགས་དང་བཅས་ལ་འདུད། །དགྲ་མི་སྙན་ན་གནས་བརྟན་བཀྐུ་ལ། །མཐོང་ཞིང་རེག་པས་དཔལ་འབྱོར་ཀུན་སྩོལ་ཞིང་། །ཕ་རོལ་ཕྱིན་དྲུག་མྱུར་རྫོགས་ནེའུ་ལེ་བསྣམས། །དགྲ་བཅོམ་དགུ་བརྒྱའི་ཚོགས་དང་བཅས་ལ་འདུད། །པྲི་ཡང་ཀུ་ན་གནས་བརྟན་སྒྲ་གཅན་འཛིན། །རེག་ཅིང་མཐོང་ན་ཉེས་པ་ཀུན་སེལ་ཞིང་། །ཆོས་ཀྱི་ཚིག་དོན་རྟོགས་འགྱུར་པྲོག་ཞུ་བསྣམས། །དགྲ་བཅོམ་སྟོང་དང་ཆིག་བརྒྱར་བཅས་ལ་འདུད། །བྱ་རྒོད་ཕུང་པོར་གནས་བརྟན་ལམ་ཕྲན་བསྟན། །མཉམ་གཞག་ཕྱག་རྒྱས་ཕྱོགས་མེད་སེམས་ཅན་ཀུན། །ཉོན་མོངས་སྡུག་བསྔལ་མེ་དཔུང་ཞི་བར་མཛད། །དགྲ་བཅོམ་སྟོང་དང་དྲུག་བརྒྱར་བཅས་ལ་འདུད། །ཤར་གླིང་བྷཱ་ར་དྷྭ་ཛ་བསོད་སྙོམས་ལེན། །མཐོང་རེག་སྡུག་བསྔལ་ཞི་མཛད་གཡས་གླེགས་བམ། །ཕྱག་གཡོན་ལྷུང་བཟེད་དང་བཅས་མཉམ་གཞག་ཅན། །དགྲ་བཅོམ་སྟོང་གི་ཚོགས་དང་བཅས་ལ་འདུད། །སུམ་ཅུ་རྩ་གསུམ་གནས་ན་ལམ་བསྟན་ནི། །སྤོབས་པ་རྒྱ་ཆེན་སྐྱེད་མཛད་གླེགས་བམ་དང་། །བློ་གྲོས་སྣང་བ་འཕེལ་བའི་ཆོས་འཆད་མཛད། །དགྲ་བཅོམ་དགུ་བརྒྱའི་ཚོགས་དང་བཅས་ལ་འདུད། །ངོས་ཡངས་ལ་བཞུགས་གནས་བརྟན་ཀླུ་ཡི་སྡེ། །དགོས་འདོད་འབྱུང་བའི་བུམ་པ་བཟང་པོ་དང་། །སྒྲ་ཐོས་སྡུག་བསྔལ་ཀུན་སེལ་འཁར་གསིལ་བསྣམས། །དགྲ་བཅོམ་སྟོང་དང་ཉིས་བརྒྱར་བཅས་ལ་འདུད། །བྷི་ཧུ་ལ་ན་གནས་བརྟན་སྦེད་བྱེད་ནི། །མཐོང་རེག་འཆང་ན་གནས་ལྔ་ལ་མཁས་ཤིང་། །ཉོན་མོངས་ཐམས་ཅད་ཞི་མཛད་གླེགས་བམ་བསྣམས། །དགྲ་བཅོམ་སྟོང་དང་བཞི་བརྒྱར་བཅས་ལ་འདུད། །གངས་རིའི་རྒྱལ་པོར་གནས་བརྟན་མི་ཕྱེད་པ། །མཐོང་རེག་ཐོས་པས་འདོད་དོན་ཀུན་འགྲུབ་ཅིང་། །སྡིག་ཞི་བདེ་ལེགས་འབྱུང་བའི་མཆོད་རྟེན་བསྣམས། །དགྲ་བཅོམ་སྟོང་གི་ཚོགས་དང་བཅས་ལ་འདུད། །སྤྱན་རས་གཟིགས་དབང་དགེ་བསྙེན་ཚུལ་བཟུང་ནས། །གླེགས་བམ་ཁུར་ཞིང་རྔ་ཡབ་བུམ་པ་བསྣམས། །སྣང་མཐའ་ཞལ་གཟིགས་འཕགས་ཚོགས་ཞབས་འབྲིང་བརྩོན། །སྤྲུལ་པ་དུ་མའི་ཚོགས་དང་བཅས་ལ་འདུད། །རྒྱལ་བའི་བསྟན་པ་བསྲུང་མཛད་རྒྱལ་ཆེན་བཞི། །རྒྱུད་མངས་རལ་གྲི་མཆོད་རྟེན་རྒྱལ་མཚན་བསྣམས། །དཔའ་བརྗིད་ཆས་ལྡན་རང་རིགས་མཐུན་པའི་འཁོར། །གྲངས་མེད་བཀའ་སྡོད་སྡེ་དང་བཅས་ལ་འདུད། །བཞི་པ་བཞུགས་ཁྲུས་ནི། དེ་ལྟར་བྱོན་པ་རྣམས་ལ་ཕྱག་འཚལ་བའི་རྗེས་ཐོག་ཏུ་སོ་སོའི་སྟན་ལ་བཞུགས་སུ་གསོལ་ཏེ། རྒྱུ་ལ་བརྟེན་པའི་མཁས་པ་བཅོམ་ལྡན་འདས། །མཐའ་གཉིས་ལྟ་བར་རྟག་ཏུ་མི་གནས་ཀྱང་། །ལས་ཀྱི་རྣམ་སྨིན་འབྲས་བུ་ཁོ་ནར་སྟོན། །ལྟ་བའི་མུན་སེལ་མཆོག་ཁྱོད་འདིར་བཞུགས་གསོལ། །འགྲོ་བའི་མགོན་པོ་ཤཱཀྱ་སེང་གེ་ཡིས། །སངས་རྒྱས་བསྟན་པ་གང་གི་ཕྱག་ཏུ་བཞག །གསུང་རབ་རིན་ཆེན་སྒྲོམ་གྱི་ཁ་འབྱེད་ན། །གནས་བརྟན་ཆེན་པོ་འཁོར་བཅས་བཞུགས་སུ་གསོལ། །རྒྱལ་བའི་བཀའ་སྡོད་སེམས་ཅན་དགའ་བར་མཛད། །བརྟུལ་ཕོད་སྲན་ཐུབ་སྙེམས་པ་མེད་པ་ཡིས། །ཐ་བ་སྤངས་ཤིང་ཡོན་ཏན་ལྡན་པའི་འཁོར། །དགེ་བསྙེན་སྒོ་སྐྱོང་ཚོགས་བཅས་བཞུགས་སུ་གསོལ། །ཞེས་བཞུགས་པ་རྣམས་ལ་རིན་པོ་ཆེའི་སྤྱི་བླུགས་བཟང་པོ་ནས་བདུད་རྩིའི་ཆུ་གཙང་བྲིམ་པར་མོས་ལ། དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་ནས་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །རྒྱལ་བའི་སྐུ་ལ་ཉེས་སྒྲིབ་མི་མངའ་ཡང་། །འགྲོ་ཀུན་ཉོན་མོངས་བག་ཆགས་སྦྱང་སླད་དུ། །སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་ཕུལ་བས། ཁམས་གསུམ་གནས་པའི་དྲི་མ་དག་གྱུར་ཅིག །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་ནི། །ཐུབ་མཆོག་འཕགས་པའི་ཚོགས་ལ་ཕུལ་བ་ཡིས། །འགྲོ་ཀུན་ཚུལ་ཁྲིམས་གོས་བཟང་ལ་སྤྱོད་ཤོག །ལྔ་པ་མཆོད་བཤགས་བསྟོད་པ་ནི། ཐུབ་དབང་མཆོད་གནས་རྣམས་ལ་ཡིད་འོང་བའི། །མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་བཤོས། །དཔག་ཡས་ནམ་མཁའི་རྒྱན་གྱུར་མཆོད་པའི་སྤྲིན། །ཐུགས་རྗེའི་བདག་ཉིད་རྣམས་ལ་འབུལ་བར་བགྱི། །གཞན་ཡང་མཆོད་པར་འོས་པའི་དངོས་ཀུན་གྱིས། །ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐར་བཏུགས་པ། །ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན། །ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས། །འགྲོ་ཀུན་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག ༈ །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །མི་དགེ་བཅུ་དང་མཚམས་མེད་རྣམ་པ་ལྔ། །ཉེ་བ་ལྔ་དང་ལྕི་བཞི་ལོག་པ་བརྒྱད། །བསླབ་པ་གསུམ་དང་འགལ་བའི་བཅས་རང་གི །ཉེས་ལྟུང་མ་ལུས་བཤགས་པར་བགྱིད་ལགས་སོ། ༈ །མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་བསྟོད། །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་ཅན་ཁྱོད་ལ་ཕྱག་འཚལ་བསྟོད། །ཡན་ལག་འབྱུང་དང་མ་ཕམ་ནགས་ན་གནས། །དུས་ལྡན་རྡོ་རྗེ་མོའི་བུ་བཟང་པོ་དང་། །གསེར་བེ་འུ་བྷཱ་ར་དྷྭ་ཛ་གསེར་ཅན་ཏེ། །དགྲ་བཅོམ་གནས་བརྟན་རྣམས་ལ་ཕྱག་འཚལ་བསྟོད། །འཕགས་པ་བཀྐུ་ལ་དང་སྒྲ་གཅན་ཟིན། །ལམ་ཕྲན་བྷཱ་ར་དྷྭ་ཛ་བསོད་སྙོམས་ལེན། །ལམ་བསྟན་ཀླུའི་སྡེ་སྦེད་བྱེད་མི་ཕྱེད་པ། །དགེ་བསྙེན་རྒྱལ་ཆེན་འཁོར་བཅས་རྣམས་ལ་བསྟོད། །དྲུག་པ་གཏོར་འབུལ་འདོད་གསོལ་ནི། ཨཱོྃ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨཱདྱ་ནུཏྤནྣ་ཏྭཱ་ཏ་ཨཱོྃ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། རིན་ཆེན་སྣོད་བཟང་བདུད་རྩིའི་གཏོར་མས་བཀང་། །འདོད་ཡོན་རྨད་བྱུང་མི་ཟད་རྒྱན་གྱི་མཛོད། །སྔགས་དང་ཏིང་འཛིན་ཟབ་མོས་བྱིན་བརླབས་པས། །མཆོད་ཡུལ་མགྲོན་རྣམས་མཉེས་བྱེད་མཆོག་ཏུ་གྱུར། །ཐུབ་དབང་གནས་བརྟན་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་སོགས་འགྲོ་ཀུན་ཐུགས་རྗེས་སྐྱོབས། །དགེ་བསྙེན་རྒྱལ་ཆེན་འཁོར་དང་བཅས་ལ་འབུལ། །མཉེས་ཤིང་སངས་རྒྱས་བསྟན་པ་སྲུང་མཛད་གསོལ། །འཇིག་རྟེན་ལྷ་ཀླུ་རིགས་དྲུག་ཀུན་ལ་བསྔོ། །ཚིམས་ཤིང་ཐར་པའི་ལམ་ལ་མྱུར་འཁོད་ཤོག །མཆོག་དམན་མགྲོན་ཀུན་གཏོར་མས་མཆོད་པའི་མཐུས། །བདག་གཞན་ཚོགས་རྫོགས་སྒྲིབ་བྱང་བྱང་ཆུབ་ཤོག ༈ །ཐུགས་རྗེ་ཆེ་མངའ་སྟོན་པ་འགྲོ་བའི་བླ། །འཕགས་པའི་ཚོགས་བཅས་བདག་གིས་གསོལ་འདེབས་དགོངས། ཁྱེད་ཀྱི་བསྟན་པ་རིན་ཆེན་ཉམས་དམའ་ཞིང་། །དྲི་མས་སྦགས་འདི་ཐུགས་རྗེའི་སྟོབས་བསྐྱེད་གསོལ། །བསྟན་པའི་དམ་ཆོས་ནུབ་མེད་འཕེལ་རྒྱས་ཤིང་། །བསྟན་འཛིན་བསླབ་གསུམ་མིག་བཞིན་བཙའ་བ་དང་། །ལུང་རྟོགས་ཐོས་བསམ་སྒོམ་ལ་བརྩོན་པའི་སྡེ། །སྦྱངས་ཡོན་བཅུ་གཉིས་སྤྱོད་ལ་གཅིག་གཞོལ་མཛོད། །བསྟན་ལ་འཚེ་བས་དབེན་ཞིང་ཀུན་གྱིས་བཀུར། །འཇིག་རྟེན་བདེ་འཕེལ་མི་དགེའི་མཚན་མ་ཞི། །བདག་ཅག་བྱང་ཆུབ་སྤྱོད་པ་མཐར་སོན་པར། །མཆོད་ཡུལ་རྣམས་ཀྱིས་བྱིན་བརླབ་མཛད་པར་གསོལ། །བདུན་པ་བཟོད་གསོལ་སྨོན་ཤིས་གཤེགས་སྟིམ་ནི། བདག་ཅག་སྙིགས་མའི་སེམས་ཅན་རྨོངས་པའི་བློས། །ཆོ་གའི་ཚུལ་འདིར་འགལ་འཁྲུལ་འབགས་བཙོག་དང་། །མ་འབྱོར་མ་ཤེས་ཉེས་བྱས་ཅི་མཆིས་པ། །ཐུབ་ཆེན་རྣམས་ཀྱིས་བཟོད་པར་བཞེས་སུ་གསོལ། ༈ ཁྱེད་རྣམས་མཆོད་པའི་དགེ་བ་འདིའི་མཚོན་ཏེ། །ཚེ་རབས་དགེ་ཀུན་འགྲོ་བ་སངས་རྒྱས་གྱུར། །ཇི་ལྟར་བསྔོས་བཞིན་ཟག་མེད་དགོངས་འཕེལ་གྱིས། །འབྲས་བུ་རྣམ་མཁྱེན་ཁྱོད་འདྲར་ཐོབ་གྱུར་ཅིག །བསོད་ནམས་རྒྱ་མཚོ་ཡོངས་སུ་རྫོགས་གྱུར་ཅིག །ཡེ་ཤེས་རྒྱ་མཚོ་རྣམ་པར་དག་གྱུར་ཏེ། །ཡོན་ཏན་རྒྱ་མཚོ་མ་ལུས་མངོན་གྱུར་པས། །སྲིད་པའི་རྒྱ་མཚོ་མྱུར་དུ་སྐེམ་པར་ཤོག ༈ །གསེར་གྱི་མདོག་ཅན་མཚན་དཔེའི་དཀྱིལ་འཁོར་རྒྱས། །མཁྱེན་བརྩེ་མཛད་འཕྲིན་ཐུགས་རྗེ་ཟླ་མེད་པ། །ལྷ་མིའི་འདྲེན་པ་བཅོམ་ལྡན་ཤཱཀྱའི་རྒྱལ། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །བརྒྱད་ཁྲི་བཞི་སྟོང་དམ་ཆོས་འཁོར་ལོས་སྒྱུར། །སྐྱེ་འཆིའི་ཚུལ་སྤངས་ཤཱཀྱའི་བསྟན་པ་སྐྱོང་། །འཕགས་ཆེན་གནས་བརྟན་བཅུ་དྲུག་འཁོར་བཅས་ཀྱི། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །བྱང་སེམས་ཆེན་པོ་དགེ་བསྙེན་དྷརྨ་ཏཱ། །རྒྱལ་ཆེན་སྡེ་བཞི་གཙང་རིས་བདུན་ཅུ་སོགས། །བསྟན་དང་བསྟན་འཛིན་སྐྱོང་མཛད་ཐམས་ཅད་ཀྱི། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །ཅེས་མེ་ཏོག་གི་ཆར་དང་ཤིས་བརྗོད་ཀྱི་བདེན་སྟོབས་རྒྱ་ཆེར་བྱས་པའི་མཐར། མཆོད་ཡུལ་གཙོ་འཁོར་མཐའ་དག་སླར་མི་གཤེགས་པར་གཙུག་ལག་རྟེན་གསུམ་རྣམས་ལ་བསྟིམ་པར་བྱ་ཞིང་། རྡུལ་ཚོན་དང་མཆོད་པའི་ཡོ་བྱད་རྣམས་སྒྲིབ་པ་མི་གསོག་པའི་ཐབས་ཟབ་ཀྱིས་གཤེགས་བསྡུ་བྱའོ། །དེ་ལྟར་འཕགས་མཆོག་གནས་བརྟན་གཙོ་འཁོར་གྱི་ཆོ་གའི་རིམ་པ་འདི་དག་གི་རྩ་བའི་ཁུངས་ནི། བྱམས་པ་ལུང་བསྟན་པའི་མདོ་དང་། འཕགས་པ་དགའ་བའི་བཤེས་གཉེན་གྱི་རྟོགས་བརྗོད་སོགས་ལས་བྱུང་བ་ལྟར། བསྟན་པ་སྔ་དར་གྱི་དུས་ན་གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་ཀྱི་ལྷ་སའི་གཙུག་ལག་ཆུས་མི་གཞིག་པའི་བརྟན་བཞུགས་རབ་གནས་ཀྱི་ཆེད་ཁོ་ནར་དགོངས་པས། ཆོ་ག་རྒྱས་བསྡུས་ཇི་སྙེད་ཅིག་མཛད་ནས་གཏེར་དུ་བལྟམས་པ་དག་གཏེར་སྟོན་སོ་སོའི་གཏེར་ཆོས་ཀྱི་ཁྲོད་དུ་བྱོན་མོད་ཀྱང་། ཆོས་རྒྱུད་གཞན་མས་ཚད་མར་འཛིན་མཁན་དཀོན་པར་གྱུར་པས་དར་ཆ་ཆུང་ལ། སླད་དུ་ཇོ་བོ་བཀའ་གདམས་ཀྱི་བསྟན་པ་དར་སྐབས་གནས་བརྟན་གྱི་སྤྲུལ་པ་པུ་ཏོ་བ་ཆེན་པོ་སོགས་ཀྱིས་སྲོལ་བཏོད། སླར་ཡང་ཁ་ཆེ་པཎ་ཆེན་རིན་པོ་ཆེ་ཤཱཀྱ་ཤྲཱི་དང་། སྣར་ཐང་མཆིམས་སྟོན་ཆེན་པོ། སྙག་དབོན་བསོད་ནམས་བཟང་པོ་སོགས་ཀྱིས་ཡིག་ཆ་མང་དུ་མཛད་ཅིང་ཆོས་རྒྱུད་ཕལ་མོ་ཆེ་ལ་དར་བར་གྱུར་མོད་ཀྱི། ཆོག་གཞུང་མདོར་བསྡུས་འདི་ནི། བདག་ཅག་སྙིགས་དུས་ཀྱི་གདུལ་བྱ་མཐའ་དག་པའི་སྐྱབས་མགོན་ཟླ་མེད་པར་གྱུར་པའི་མཆོག་གི་སྤྲུལ་པའི་སྐུ་དཔལ་ལྡན་མི་ཕམ་ཟླ་འོད་བསྟན་འཛིན་འཕྲིན་ལས་བཟང་པོའི་མཚན་གྱི་བཀའི་འོད་དཀར་ཟེར་མས་བདག་ཡིད་ཀུ་མུད་ཀྱི་གེ་སར་བཞད་པའི་མཐུ་ལས། མདོ་དང་བསྟན་བཅོས་ཁུངས་བཙུན་དེ་དག་སོར་བཞག་ལས་བརྗོད་བྱ་ཉུང་ངུར་བགྱིས་ཏེ་ཡི་གེའི་ལམ་དུ་བཀོད་པ་པོ་ནི། ཤཱཀྱའི་བཙུན་པ་མཁས་མཆོག་པདྨ་ལེགས་གྲུབ་རྩལ་གྱིས་ཆོས་དབྱིངས་འོད་གསལ་རྩེ་མོའི་རི་ཁྲོད་མེ་ཏོག་གི་སྐྱེད་མོས་ཚལ་དུའོ། །འདིས་ཀྱང་སངས་རྒྱས་ཀྱི་བསྟན་པ་དར་བའི་རྒྱུ་རྐྱེན་དུ་གྱུར་ཅིག །ཤུ་བྷཾ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).