Terdzo-WA-035

From Rinchen Terdzö

ཀློང་གསལ་མཁའ་འགྲོ་སྙིང་ཐིག་གི་ཆ་ལག་ཚེ་སྒྲུབ་འཆི་མེད་རྡོ་རྗེ་རྒྱ་མདུད་ཀྱི་བདག་མདུན་བསྐྱེད་བཟླས་བདག་འཇུག་བཅས་ཀྱི་ཆོ་ག་འགྲིགས་ཆགས་སུ་བཀོད་པ་

klong gsal mkha' 'gro snying thig gi cha lag tshe sgrub 'chi med rdo rje rgya mdud kyi bdag mdun bskyed bzlas bdag 'jug bcas kyi cho ga 'grigs chags su bkod pa

by  ཀཿ་ཐོག་རིག་འཛིན་ཚེ་དབང་ནོར་བུ་ (Khatok Rigdzin Tsewang Norbu)
revealed by  པདྨ་བདེ་ཆེན་གླིང་པ་ (Pema Dechen Lingpa)
in cycle  ཚེ་སྒྲུབ་འཆི་མེད་རྡོ་རྗེ་རྒྱ་མདུད་ (Tshe sgrub 'chi med rdo rje rgya mdud)
parent cycle  ཀློང་གསལ་མཁའ་འགྲོ་སྙིང་ཐིག་ (Klong gsal mkha' 'gro snying thig)
Volume 20 (ཝ) / Pages 465-484 / Folios 1a1 to 10b3

[edit]

༄༅། །ཀློང་གསལ་མཁའ་འགྲོ་སྙིང་ཐིག་གི་ཆ་ལག་ཚེ་སྒྲུབ་འཆི་མེད་རྡོ་རྗེ་རྒྱ་མདུད་ཀྱི་བདག་མདུན་བསྐྱེད་བཟླས་བདག་འཇུག་བཅས་ཀྱི་ཆོ་ག་འགྲིགས་ཆགས་སུ་བཀོད་པ་བཞུགས་སོ། ། མི་ཤིགས་མི་འགྱུར་རྡོ་རྗེ་ལྟ་བུའི་སྐུ༔ འཆི་མེད་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ༔ ཀློང་གསལ་མཁའ་འགྲོ་སྙིང་ཐིག་ཆ་ལག་ལས༔ ཚེ་སྒྲུབ་འཆི་མེད་རྡོ་རྗེ་རྒྱ་མདུད་ཀྱི༔ བདག་བསྐྱེད་བསྙེན་ཞིང་མདུན་བསྐྱེད་བུམ་པ་སྒྲུབ༔ བདག་འཇུག་བླང་བའི་ཆོག་འགྲིགས་ཆུ་འབབ་ཏུ༔ གསལ་བར་བཀོད་དེ་དང་པོ་བདག་བསྙེན་ནི༔ དེ་ཡང་ཐོག་མར་རང་ཉིད་དབེན་པའི་གནས༔ ཡར་ཚེས་གཟའ་སྐར་བཟང་ལ་མཚམས་བསྡམས་ཏེ༔ སྨྲ་བཅད་བདེ་བའི་སྟན་ལ་འདུག་ནས་ཀྱང༔ དང་པོ་སྐྱབས་སེམས་ཡན་ལག་བདུན་པ་ནི༔ ན་མོ༔ འཆི་མེད་ཚེ་ཡི་ལྷ་ལ་སྐྱབས་སུ་མཆི༔ སེམས་བསྐྱེད་འགྲོ་བ་ཀུན་དོན་ཚེ་བསྒྲུབ་བྱ༔ འཆི་མེད་ལྷ་ཚོགས་འདིར་གཤེགས་སྤྱི་གཙུག་བཞུགས༔ གུས་པས་ཕྱག་འཚལ་ཕྱི་ནང་གསང་མཆོད་འབུལ༔ མི་དགེའི་ཚོགས་བཤགས་དགེ་ལ་ཡི་རང་ངོ༔ བླ་མེད་ཆོས་སྐོར་མྱ་ངན་མི་འདའ་བཞུགས༔ དགེ་བ་འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ༔ དེ་ནས་དངོས་གཞི་སྒོམ་བཟླས་རིམ་པ་ནི༔ ཆོས་རྣམས་དམིགས་མེད་སྟོང་ཉིད་ནམ་མཁའི་ངང༔ སེམས་ཅན་ཀུན་ལ་ཁྱབ་པའི་སྙིང་རྗེ་བསྒོམ༔ དེ་ཡི་ངང་ལས་པདྨ་ཉི་ཟླའི་སྟེང༔ བདག་ཉིད་རྟ་མགྲིན་གསལ་བའི་སྤྱི་གཙུག་ཏུ༔ པདྨ་དམར་པོ་ཉི་ཟླའི་དཀྱིལ་འཁོར་སྟེང༔ ཚེ་དཔག་མེད་མགོན་བྱི་རུའི་མདོག་འཆང་ཞིང༔ དར་དང་རིན་ཆེན་རྒྱན་ལྡན་སྐྱིལ་ཀྲུང་བཞུགས༔ འོད་ཟེར་བྱེ་བ་དགུ་ཁྲི་མཉམ་གཞག་སྟེང༔ རིན་ཆེན་སྣ་བདུན་བུམ་པ་བདུད་རྩིས་བཀང༔ དགོས་འབྱུང་དཔག་བསམ་ཤིང་གི་ཁ་རྒྱན་ཅན༔ པང་དུ་ཡུམ་མཆོག་གོས་དཀར་དམར་མདངས་ཅན༔ ཕྱག་གཡས་པད་ཕྲེང་ཡབ་ཀྱི་མགུལ་ན་འཁྱུད༔ གཡོན་པས་ཚེ་བུམ་ཡབ་ཀྱི་སྙན་ཐད་འཛིན༔ ཐབས་དང་ཤེས་རབ་གཉིས་མེད་འོད་ཕུང་འབར༔ མ་ཡེངས་ཀ་དག་རང་མདངས་ལྷམ་མེར་གསལ༔ དེ་ཡི་ཕྱོགས་བཞིར་ཚེ་ཡི་ལྷ་མོ་བཞི༔ གཡས་སུ་དཀར་མོ་གཡོན་དུ་སེར་མོ་དང༔ མདུན་དུ་སྔོན་མོ་རྒྱབ་ཏུ་ལྗང་མོ་རྣམས༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས་པར་བསྒོམ༔ གཙོ་བོའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སྟེང༔ ཧྲཱིཿདམར་མཐའ་མར་སྔགས་ཕྲེང་བསྐོར་བར་བསྐྱེད༔ ཧྲཱིཿལས་འོད་འཕྲོས་བདེ་ཆེན་ཕོ་བྲང་ནས༔ ཡེ་ཤེས་སྤྱན་དྲངས་དམ་ཚིག་གཉིས་མེད་བསྟིམ༔ ཧྲཱི༔ མི་འགྱུར་འཆི་མེད་བདེ་ཆེན་ཀློང་ཡངས་ནས༔ མི་ཤིགས་རྡོ་རྗེ་ལྟ་བུའི་ཚེ་དཔག་མེད༔ རིགས་བཞི་མགྱོགས་མ་ཚེ་ཡི་དངོས་གྲུབ་བདག༔ གནས་འདིར་གཤེགས་ལ་བདག་མདུན་དཀྱིལ་འཁོར་བཞུགས༔ ལུས་ངག་ཡིད་གསུམ་རྣམ་དག་གུས་ཕྱག་འཚལ༔ ཕྱི་ནང་མཆོད་ཡོན་གསང་བ་བླ་ན་མེད༔ རང་བྱུང་རྩ་བརྒྱད་སྟོང་སྦྱར་འདུད་རྩི་མཆོག༔ ཉོན་མོངས་དུག་ལྔ་བསྒྲལ་བའི་རཀྟ་དང༔ རོ་དྲུག་བཅུད་ལྡན་གཏོར་མ་ཚེ་ཡི་འབྲང༔ འཆི་མེད་གསང་བའི་དཀྱིལ་འཁོར་ལྷ་ལ་འབུལ༔ རང་བྱུང་འོད་གསལ་ལྷུན་གྲུབ་རྒྱལ་བའི་སྐུ༔ འགྱུར་མེད་རྡོ་རྗེ་ལྟ་བུ་ཁྱེད་ལ་བསྟོད༔ འགག་མེད་རོལ་པ་ཆེན་པོ་རྒྱལ་བའི་གསུང༔ ཚངས་དབྱངས་དྲི་མེད་དོན་དམ་གསུང་ལ་བསྟོད༔ སྒྲིབ་མེད་ཁྱབ་བརྡལ་ཆེན་པོ་ཀ་དག་ངང༔ བདེ་སྟོང་འཁྲུལ་མེད་ཐུགས་ལ་ཕྱག་འཚལ་བསྟོད༔ ཨོཾ་གུ་རུ་ཨཱ་ཡུརྫྙཱ་ན་ཧཱུྃ་བྷྲཱུྃ་ནྲྀཿཛ་སིདྡྷི་ཕ་ལ་ཧཱུྃ༔ ཨ་མཱ་ར་ཎི་ཛཱི་ཝན་ཏི་སྭཱ་ཧཱ༔ བཛྲ་ཨརྒྷཾ་ པཱ་དྱཾ་ པུཥྤེ་ དྷཱུ་པེ་ ཨཱ་ལོ་ཀེ་ གནྡྷེ་ ནཻ་ཝིདྱ་ ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཧཱུྃ་ཧྲཱིཿཐཱ་ཡཱ༔ དེ་ནས་ཚེ་ཛཔ྄་བཟླ་བའི་དམིགས་པ་ནི༔ སྤྱི་གཙུག་ཚེ་དཔག་ཐུགས་ཀའི་ཧྲཱིཿཡིག་དང༔ བུམ་པ་དང་ནི་ཡབ་ཡུམ་སྦྱོར་མཚམས་ནས༔ འོད་ཟེར་སྟེང་འོག་ཕྱོགས་བཅུར་འཕྲོས་པ་ཡིས༔ བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས༔ ལྷ་དང་དྲང་སྲོང་རིག་འཛིན་འབྱུང་ལྔ་ཡི༔ དྭངས་མའི་བཅུད་དང་ལྷ་ཀླུ་མི་ཡི་སྲོག་ནྲྀཿཨ༔ མདོར་ན་འཁོར་འདས་ཚེ་བསོད་དཔལ་དང་གྲགས༔ ཐམས་ཅད་ཡང་ཡང་ཚེ་དཔག་བུམ་པར་བསྡུ༔ ཡང་ནི་ལྷ་མོ་རྣམས་ཀྱི་བུམ་པ་ནས༔ འོད་འཕྲོས་ཕྱི་ནང་སྣོད་བཅུད་འབྱུང་བའི་བཅུད༔ ཐམས་ཅད་བསྡུས་ཏེ་རང་རང་བུམ་པ་བཀང༔ བུམ་པ་རྣམས་ནས་གཙོ་བོའི་བུམ་པར་བྱོས༔ ཚེ་ཡི་བདུད་རྩི་ཆིལ་ཆིལ་ཁོལ་བ་དང༔ ཐལ་མོ་སྙིང་ཁར་སྦྱར་ལ་རྩེ་གཅིག་གསོལ་བ་བཏབ༔ ཧྲཱི༔ ལྷག་པའི་ལྷ་མཆོག་ཚེ་དབང་རྡོ་རྗེའི་སྐུ༔ ཕྱི་ནང་སྣོད་བཅུད་འཁོར་འདས་ཐམས་ཅད་ཀྱི༔ འཆི་མེད་སྙིང་པོ་བདུད་རྩིའི་བཅུད་བསྡུས་ནས༔ བདག་ལ་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཅེས་པས་གསོལ་བ་བཏབ་པས་སྐད་ཅིག་གིས༔ འདོད་པ་ལྟར་དུ་གནང་བར་གྱུར་པ་སྟེ༔ ཚེ་ཡི་བུམ་ནས་འཆི་མེད་ཡེ་ཤེས་ཀྱི༔ བདུད་རྩི་འོ་མ་ལྟར་དུ་ངང་ནར་བབས༔ ཡབ་ཡུམ་སྦྱོར་མཚམས་དྭངས་མ་དཀར་དམར་དུ༔ བབས་པར་ཤེས་པ་གཏད་དེ་རང་ཉིད་ཀྱི༔ ཁ་ཡི་ནང་དང་ཚངས་བུག་མར་བྱུང་བསམ༔ དམིགས་པ་གསལ་བས་མཆིལ་མ་མིད་པར་བྱ༔ སྤྱི་བོ་གསང་གནས་བར་དུ་ཁེངས་པར་བསམ༔ དེ་ལྟར་ཐེངས་གསུམ་བར་དུ་བདུད་རྩིའི་ཟེར༔ བ་སྤུའི་བུ་ག་དག་ནས་ཕྱོགས་བཅུར་འཕྲོས༔ སྐྱེ་འགྲོ་སྣོད་བཅུད་དང་བཅས་འོད་ཞུ་ནས༔ ཨ་དཀར་ནྲྀཿལྗང་བཀྲག་མེར་མེར་གང་ནས༔ འོད་ཟེར་འུབ་འུབ་བ་སྤུའི་བུ་གར་འདུས༔ སྙིང་གའི་ཧྲཱིཿལ་ཐིམ་པས་རང་ཉིད་ནི༔ བཀྲག་མདངས་འཆི་མེད་རྡོ་རྗེའི་སྐུར་གྱུར་བསམ༔ གསང་བ་ཚེ་ཡི་ཡང་སྙིང་ཟབ་པའི་གནད༔ བསྙེན་སྒྲུབ་ལས་གསུམ་གཅིག་དྲིལ་སྔགས་འདི་བཟླ༔ ཨོཾ་གུ་རུ་ཨཱ་ཡུརྫྙཱ་ན་ཧཱུྃ་བྷྲཱུྃ་ནྲྀཿཛ་སིདྡྷི་ཕ་ལ་ཧཱུྃ༔ ཨ་མཱ་ར་ཎི་ཛཱི་ཝན་ཏི་ཡེ་སྭཱ་ཧཱ༔ འབུམ་ཚོ་གསུམ་གྱིས་ཚེ་དཔག་མེད་མགོན་འགྲུབ༔ རྗེས་ལ་ཞག་རེར་བརྒྱ་རྩ་ཆག་མེད་བཟླ༔ ཚེ་ཡི་དངོས་གྲུབ་ཐོབ་པར་གདོན་མི་ཟ༔ དམིགས་པ་འཕྲོ་འདུ་གསལ་བ་གལ་ཆེ་ཞིང༔ སྐབས་སུ་གསོལ་བཏབ་རིག་པ་གསལ་ངར་བསྐྱེད༔ དེ་ལྟར་འབད་པའི་རྟགས་ཀྱི་རིམ་པ་ནི༔ ཉི་ཟླ་ཤར་དང་ཕྱག་མཚན་རྡོ་རྗེ་རྙེད༔ མཁར་བརྩེགས་མཆོད་རྟེན་སཱཙྪ་བཞེངས་པ་མཐོང༔ རོལ་མོ་བསྒྲགས་དང་བདུད་རྩི་འཐུང་བ་དང༔ ལོ་ཐོག་སྟོན་སྡུད་འབྲུ་ལ་ལོངས་སྤྱོད་བྱེད༔ གོ་ཆ་གྱོན་སོགས་རྟགས་མཚན་དཔག་མེད་འབྱུང༔ དངོས་སམ་རྨི་ལམ་དག་ཏུ་ཞལ་ཡང་མཇལ༔ གདམས་པ་གསུངས་པ་ལ་སོགས་འབྱུང་བར་འགྱུར༔ དེ་ནས་སྔགས་བཟླས་ཐུན་མཚམས་ཐམས་ཅད་དུ༔ དབྱངས་གསལ་རྟེན་འབྲེལ་སྙིང་པོ་དང་བཅས་རྗེས༔ མཆོད་བསྟོད་རྒྱས་བསྡུས་ཅི་རིགས་བྱས་ནས་ཀྱང༔ རྗེས་ཀྱི་དོན་ནི་ཚེ་ཡི་ལྷ་མོ་བཞི༔ ཚེ་དཔག་ལ་ཐིམ་དེ་ཡང་རང་ཉིད་ཀྱི༔ སྤྱི་བོའི་གཙུག་ནས་མར་ཐིམ་སྙིང་གར་བྱོན༔ ངོ་བོ་ཚེ་དཔག་མེད་ལ་རྣམ་པ་ནི༔ འཆི་མེད་བདུད་རྩིས་བདག་ལུས་ལྟེམ་གྱིས་གང༔ ཡང་ན་རང་ལུས་གསེར་གྱི་རྡོ་རྗེར་བསམ༔ སྤྲོས་མེད་བདེ་ཆེན་ཀློང་དུ་ཆམ་གྱིས་ཀློད༔ ཡིག་བརྒྱ་ཨཀྵས་ལྷག་ཆད་ཁ་བསྐང་ངོ༔ བསྔོ་སྨོན་ཤིས་བརྗོད་གཞུང་བཞིན་དཀྱིལ་འཁོར་བསྡུས༔ དངོས་གྲུབ་ལེན་ཆོག་ལ་སོགས་ཚུལ་བཞིན་བྱ༔ གཉིས་པ་མདུན་བསྐྱེད་དང་བུམ་པ་དབྱེར་མེད་གཅིག་དྲིལ་དུ་སྒྲུབ་པ་ནི། གནས་དུས་གོང་དང་མཐུན་པ་ལ། མཎྜལ་དམར་པོ་མདའ་གང་ལེགས་པར་བཞེངས་པའི་སྟེང་དུ་ཚོམ་བུ་ལྔ་བཀོད་ལ། དེའི་དབུས་སུ་རྐང་གསུམ་ཁར་རིན་པོ་ཆེའི་བུམ་པ་གཡའ་མེད་མཚན་ལྡན་གཅིག་གུ་གུལ་དུད་པས་བདུག །ཡུངས་དཀར་ཀྱི་ཐུན་བྲབ་ཅིང་བགེགས་བསྐྲད་ལ་དེ་ནས་ནང་དུ་ཆུ་གཙང་བུམ་རྫས་ཉེར་ལྔ་བཅས་ཀྱིས་སུམ་གཉིས་བཀང་། ཁ་རྒྱན་གཟུངས་ཐག་རྡོ་རྗེ་དང་བཅས་པ་བཤམ། དེའི་ཤར་དུ་རྡོ་རྗེ་དང་མེ་ལོང་། ལྷོ་རུ་ཚེ་རིལ། ནུབ་ཏུ་ཚེ་གཏོར་ཚེ་ཤ་ཚེ་ཆང་། བྱང་དུ་ཚེ་མདའ་དམར་པོ། གཞན་ཡང་ཙཀ་ལི་མིག་དར་སོགས་གང་མཁོ་བཤམ། བདག་འཇུག་རྒྱས་པའམ། གཞན་ལ་དབང་བསྐུར་དང་མི་འབྲེལ་ཞིང་དཀྱུས་ཀྱི་བདག་འཇུག་ཁོ་ན་ཙམ་དང་། སྤྲོས་པ་ཆུང་ན་སྒྲུབ་བུམ་མདུན་དུ་གཏོར་མའི་ངོ་བོ་ཚེ་རིལ་དང་། དེའི་གཡས་སུ་བདུད་རྩི་ཚེ་ཆང་། གཡོན་རཀྟའི་ངོ་བོ་ཆུ་གཙང་མ་རྣམས་དང་། མདའ་དར་ཙམ་གྱིས་ཆོག་ལ། དེ་ལྟར་རྒྱས་བསྡུས་གང་ལྟར་ཡང་། མཐའ་སྐོར་དུ་མཆོད་པའི་བྱེ་བྲག་གང་འབྱོར་བཤམ་པར་བྱའོ། །དེ་ནས་སྐྱབས་སེམས་ཡན་ལག་བདུན་པ་བདག་བསྐྱེད་ཛཔ྄་བསྙེན་སྔོན་དུ་སོང་ནས། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་ཨ་ལས་ཟླ་བ། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་རང་ཉིད་དབང་ཆེན་རྟ་མགྲིན་དུ་གསལ་བའི་ཐུགས་སྲོག་གི་ས་བོན་ཧྲཱིཿཡིག་དམར་པོ་ལས་ཡི་གེ་བྷྲཱུྃ་གཅིག་སྤྲོས་པས་མདུན་གྱི་དཀྱིལ་འཁོར་གྱི་དབུས་སུ་བབ། དེ་ཉིད་འོད་དུ་ཞུ་བ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ཞབས་ཞུམ་པ། ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷའི་གོས་པཉྩ་ལི་ཀས་མགུལ་པ་བཅིངས་པ། དཔག་བསམ་ཤིང་གིས་ཁ་བརྒྱན་པ། ནང་དུ་ལྷ་རྫས་ཀྱི་ཆུ་དང་། བཅུད་ཉི་ཤུ་རྩ་ལྔས་ཡོངས་སུ་གང་བ། ཕྱི་བུམ་པའི་རྣམ་པ་ལ་ནང་གཞལ་ཡས་ཁང་པ་གྲུ་བཞི་རྒྱན་རྟ་བབས་ལ་སོགས་པ་ཡོངས་སུ་རྫོགས་པར་གསལ་བའི་དབུས་སུ། པདྨ་དམར་པོར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿལས་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་བྱེ་རུའི་མདོག་ལྟར་དམར་བ། ཞལ་གཅིག་ཕྱག་གཉིས། ཞབས་གཉིས་སྐྱིལ་ཀྲུང་དུ་བཞུགས་པ། ཕྱག་གཉིས་མཉམ་གཞག་གི་སྟེང་ན་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་བུམ་པ་དཔག་བསམ་ཤིང་གིས་ཁ་བརྒྱན་པའི་ནང་དུ་འཆི་མེད་ཚེ་ཡི་བདུད་རྩིས་བཀང་བ་འཛིན་པ། སྐུ་སྟོད་ལ་དར་དཀར་པོའི་སྟོད་གཡོགས་དང་། སྐུ་སྨད་ལ་དར་སྣ་ཚོགས་ཀྱི་ན་བཟའ་བཀླུབས་ཤིང་། འཛམ་བུ་ཆུ་བོའི་གསེར་གྱི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དཔུང་རྒྱན། ཕྱག་གདུབ། ཞབས་གདུབ། སེ་མོ་དོ། དོ་ཤལ། སྐུ་རེག་ཚངས་སྐུད་སོགས་དར་དང་རིན་པོ་ཆེའི་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། འོད་དང་འོད་ཟེར་འཕྲོ་བ་སྣང་ལ་རང་བཞིན་མ་གྲུབ་པ་འཇའ་ཚོན་ལྟར་གསལ་བའི་པང་དུ། ཡུམ་གོས་དཀར་མོ་སྐུ་མདོག་དམར་གསལ་ཕྱག་གཡས་པདྨའི་ཕྲེང་བ་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་གཡོན་པས་ཚེ་བུམ་ཡབ་ཀྱི་སྙན་ཐད་དུ་འཛིན་པ། ཡབ་ཡུམ་གཉིས་མེད་འོད་ཕུང་འབར་བའི། ཤར་དུ་རྡོ་རྗེ་ཚེ་དཔག་མེད། ལྷོ་རུ་རཏྣ་ཚེ་དཔག་མེད། ནུབ་ཏུ་བུདྡྷ་ཚེ་དཔག་མེད། བྱང་དུ་ཀརྨ་ཚེ་དཔག་མེད། ཀུན་ཀྱང་དར་དང་རིན་པོ་ཆེའི་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ། ཕྱག་མཉམ་གཞག་གི་སྟེང་ན་འཆི་མེད་ཚེ་ཡི་བདུད་རྩིས་བཀང་བའི་བུམ་པ་འཛིན་ཅིང་རང་རང་གི་ཡུམ་དང་འཁྲིལ་བ། ཚེ་བདག་རྒྱལ་བ་རིགས་ལྔ་དེ་དག་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་དམར་པོའི་མཐར་སྔགས་ཕྲེང་གིས་གཡས་སུ་བསྐོར་བར་བསམ། དེ་དག་གི་ཕྱི་རིམ་དུ་ཚེ་ཡི་ལྷ་མོ་མགྱོགས་མ་བཞི་སྒོ་མ་བཞི་སོགས་མདོར་ན་རིག་འཛིན་དྲང་སྲོང་ཚེ་ལ་དབང་བ་རྣམས་དང་། གཞན་ཡང་མཁའ་འགྲོ་ཆོས་སྐྱོང་རྒྱལ་ཆེན་སྡེ་བཞི་ལོ་ཟླ་ཞག་དུས་ཀྱི་ལྷ་ཀླུ་གཟའ་སྐར་དང་བཅས་པས་སྒྲུབ་པ་པོ་ལ་ཚེ་ཡི་དངོས་གྲུབ་སྩོལ་བའི་ཚུལ་དུ་བཞུགས་པར་གསལ་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དང་ཧྲཱིཿལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་དང་བདེ་བ་ཅན་གྱི་ཞིང་ཁམས་ནས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་དམ་ཚིག་པ་ལ་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས། དབང་གི་ལྷ་རིགས་ལྔ་ཡབ་ཡུམ་སྤྱན་དྲངས། བདུད་རྩིའི་བུམ་པས་དབང་བསྐུར། སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་སྣང་བ་མཐའ་ཡས་གཙོ་བོར་གྱུར་པའི་རིགས་ལྔས་དབུ་བརྒྱན་པར་གྱུར། ཧཱུྃ་ཧྲཱི༔ མི་འགྱུར་འཆི་མེད་བདེ་ཆེན་ཀློང་ཡངས་ནས༔ མི་ཤིགས་རྡོ་རྗེ་ལྟ་བུའི་ཚེ་དཔག་མེད༔ རིགས་བཞི་མགྱོགས་མ་ཚེ་ཡི་དངོས་གྲུབ་བདག༔ གནས་འདིར་གཤེགས་ལ་བདག་མདུན་དཀྱིལ་འཁོར་བཞུགས༔ ལུས་ངག་ཡིད་གསུམ་རྣམ་དག་གུས་ཕྱག་འཚལ༔ ཕྱི་ནང་མཆོད་ཡོན་གསང་བ་བླ་ན་མེད༔ རང་བྱུང་རྩ་བརྒྱད་སྟོང་སྦྱར་བདུད་རྩི་མཆོག༔ ཉོན་མོངས་དུག་ལྔ་བསྒྲལ་བའི་རཀྟ་དང༔ རོ་དྲུག་བཅུད་ལྡན་གཏོར་མ་ཚེ་ཡི་འབྲང༔ འཆི་མེད་གསང་བའི་དཀྱིལ་འཁོར་ལྷ་ལ་འབུལ༔ རང་བྱུང་འོད་གསལ་ལྷུན་གྲུབ་རྒྱལ་བའི་སྐུ༔ འགྱུར་མེད་རྡོ་རྗེ་ལྟ་བུ་ཁྱོད་ལ་བསྟོད༔ འགག་མེད་རོལ་པ་ཆེན་པོ་རྒྱལ་བའི་གསུང༔ ཚངས་དབྱངས་དྲི་མེད་དོན་དམ་གསུང་ལ་བསྟོད༔ སྒྲིབ་མེད་ཁྱབ་བརྡལ་ཆེན་པོ་ཀ་དག་ངང༔ བདེ་སྟོང་འཁྲུལ་མེད་ཐུགས་ལ་ཕྱག་འཚལ་བསྟོད༔ ཨོཾ་གུ་རུ་ཨཱ་ཡུརྫྙཱ་ན་ཧཱུྃ་བྷྲཱུྃ་ནྲྀཿཛཿསིདྡྷི་ཕ་ལ་ཧཱུྃ༔ ཨ་མཱ་ར་ཎི་ཛཱི་ཝན་ཏི་ཡེ་སྭཱ་ཧཱ༔ ཨརྒྷཾ་ པཱ་དྱཾ་ པུཥྤེ་ དྷཱུ་པེ་ ཨཱ་ལོ་ཀེ་ གནྡྷེ་ ནཻ་ཝིདྱ་ ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཧཱུྃ་ཧྲཱིཿཐཱ་ཡཱ༔ བཟླས་པ་ནི། བདག་ཉིད་རྟ་མགྲིན་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་གཟུངས་ཐག་ལ་བརྒྱུད་ནས་སོང་བས་མདུན་བསྐྱེད་བུམ་པའི་ལྷའི་ཐུགས་ཀའི་སྔགས་ཕྲེང་ལ་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ། ལྷའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཉེས་པའི་མཆོད་པ་འབུལ། དེ་དག་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་དང་ཐུགས་རྗེ་དང་ནུས་མཐུ་ཐམས་ཅད་འོད་ཟེར་ཁ་དོག་ལྔའི་རང་བཞིན་དུ་སྤྱན་དྲངས། བུམ་ནང་གི་ལྷ་ཚོགས་རྣམས་ལ་ཐིམ་པས་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཡེ་ཤེས་ཀྱི་བདུད་རྩི་བབས་པས་བུམ་པའི་ཆུ་དང་དབྱེར་མེད་དུ་འདྲེས་པར་གྱུར་པར་བསམ་ཞིང་བཟླ་བ་ནི། ཨོཾ་གུ་རུ་ཨཱ་ཡུརྫྙཱ་ན་ཧཱུྃ་བྷྲཱུྃ་ནྲྀཿཛཿསིདྡྷི་ཕ་ལ་ཧཱུྃ༔ ཨ་མཱ་ར་ཎི་ཛཱི་ཝན་ཏི་ཡེ་སྭཱ་ཧཱ༔ ཞེས་བརྒྱ་སྟོང་ཁྲི་འབུམ་སོགས་ཅི་ནུས་སུ་བཟླས་རྗེས་ཡིག་བརྒྱ་ཨཀྵ་ལྔ་བཅུ་རྟེན་འབྲེལ་སྙིང་པོ་རྣམས་བརྗོད་ནས། མཆོད་བསྟོད་ཅི་རིགས་པ་བྱའོ། །དེ་ནས་ཚེ་བསྐུལ་ནི། ཧཱུྃ་ཧྲཱི༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྐུ་མདོག་དམར་པོ་ལོངས་སྤྱོད་རྫོགས༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ གསང་བ་ཐུགས་ཀྱི་གྭ་འུ་ནས༔ སྙིང་པོ་ཐུགས་ཀྱི་ཨཱ་ཡུཿསྩོལ། བདག་ཅག་རྡོ་རྗེའི་ཚེ་ཐོབ་ཤོག༔ ཕྱོགས་བཞི་མཚམས་བཞིའི་གཞལ་ཡས་ནས༔ མགྱོགས་མ་ཚེ་ཡི་ལྷ་མོ་བཞི༔ དཀར་སེར་དམར་མཐིང་ལྗང་བའི་མདོག༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ ཁུག་ཅིག་རྡོ་རྗེའི་ཚེ་ཁུག་ཅིག༔ སྒོ་སྲུང་ལྷ་མོ་ཕྱག་རྒྱ་བཞི༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ མགྱོགས་མ་ཚེ་བདག་ཚེ་ཁུག་ཅིག༔ མི་འགྱུར་སྙིང་པོ་རྡོ་རྗེའི་ཚེ༔ རིགས་ཀྱི་བདག་པོའི་ཚེ་གཡང་ཁུག༔ སྤྲོས་པས་ཁམས་གསུམ་བཀྲག་མདངས་ལྡན༔ བསྡུས་པས་ཐུགས་སྲོག་ནྲྀཿལ་ཐིམ༔ མི་འགྱུར་གཡུང་དྲུང་རྡོ་རྗེ་འབར༔ བདག་ཅག་རྣམས་ལ་ཚེ་དབང་སྐུར༔ ཅེས་པས་སྐབས་སུ་བསྐུལ་ཞིང་བསྐུལ་ཚར་ནས་ཚེ་བསྟིམ་ཞིང་སྦ་བ་ནི། ཧཱུྃ་ཧྲཱི༔ རིགས་ལྔ་བདེ་གཤེགས་ཚེ་དཔག་མེད༔ ཉོན་མོངས་གསལ་དག་ཡེ་ཤེས་ངང༔ ཚེ་འདིར་བསྟིམ་མོ་བསོད་ནམས་དཔལ་སྐྱེད་ཅིག༔ མི་འུ་རྣམས་ལ་བཀྲ་ཤིས་ཤོག༔ འབྱུང་བ་ལྔ་ཡི་བདག་ཉིད་ཡུམ༔ འབྱུང་བཞིའི་ཁམས་ནས་ཚེ་ཉམས་ན༔ ཡུམ་ཆེན་ལྔ་ཡིས་དཔལ་སྐྱེད་ཅིག༔ སྐལ་ལྡན་རྣམས་ཀྱི་སྒོ་གསུམ་ལ༔ ཚེ་དཔག་མེད་མགོན་རིགས་ལྔ་ཡི༔ སྐུ་གསུང་ཐུགས་ཀྱི་རྒྱས་ཐོབ་ལ༔ བླ་ཚེ་ཉམས་པ་སོར་ཆུད་ཅིག༔ པདྨ་འཁོར་ལོ་རིན་ཆེན་དང༔ རྡོ་རྗེ་རྒྱ་གྲམ་ཕྱག་རྒྱ་ལས༔ མི་འགྱུར་གསང་བའི་རྒྱས་ཐོབ་ཅིག༔ འབྱུང་བ་ཚེ་སྲོག་དཔལ་སྐྱེད་ལ༔ མི་འགྱུར་རྡོ་རྗེའི་དབང་བསྐུར་བས༔ སྐྱེ་འཆི་མེད་པའི་དོན་རྟོགས་ཤོག༔ ཨོཾ་ཨཱཿཧཱུྃ་ཨ་མཱ་ར་ཎི་ཛཱི་ཝཱནྟི་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཞེས་བསྟིམ་ཞིང་ཛཔ྄་སྔགས་འདི་ཡང་ཅི་ནུས་སུ་བཟླས་པས་འཇིག་རྟེན་ཁམས་ཀྱི་ཚེ་བཅུད་ཚེ་ལྷ་ཞི་ཁྲོ་ཐམས་ཅད་དང་ལྷ་དང་དྲང་སྲོང་ཀླུ་དབང་འགྲོ་བ་མི་ཡི་སྲོག་ནྲྀཿནམ་མཁའ་ཉི་ཟླ་འབྱུང་བའི་བཅུད་ཐམས་ཅད་བདག་དང་བུམ་པ་ལ་སིབ་སིབ་ཐིམ། ཡང་འོད་དུ་མེར་རེ་འདུས། བ་སྤུའི་བུ་ག་ལ་སིབ་སིབ་ཐིམ་སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་ཐོབ་པའི་གདིང་བསྐྱེད། དེ་ལྟར་འབད་པས་ངེས་པར་ཐོབ་ཀྱང་ཐོབ་པར་འགྱུར་རོ། །མཐར་ཐུན་བཞག་པའི་སྐབས་སུ། བདུད་རྩིའི་ཆུ་རྒྱུན་གྱིས་བུམ་པ་གང་བའི་དབུས་སུ་ལྷ་ཚོགས་རྣམས་འོད་ཀྱི་སྐུར་བཞུག་པར་བསམ་མོ། །གསུམ་པ་བདག་འཇུག་བླང་བའི་ཆོ་ག་རྒྱས་པ་ནི་དབང་ཆོག་དཀྱུས་སུ་འབྱུང་བཞིན་དང་། རྒྱུན་ཁྱེར་ཉམས་ལེན་སྙིང་པོའི་གནད་བཅུད་དྲིལ་བ་བསྟན་པ་ནི་འདི་ལྟ་སྟེ། རང་ཉིད་སྐད་ཅིག་གིས་དབང་ཆེན་རྟ་མགྲིན་གྱི་སྐུར་གསལ་བའི་མདུན་དུ་པདྨ་ཉི་ཟླའི་གདན་ལ་ཚེ་བདག་རིགས་ལྔ་ཡབ་ཡུམ་བཅུ། སེམས་དཔའ་སེམས་མ་ཡབ་ཡུམ་བཅུ་དྲུག །ཁྲོ་བོ་སྒོ་བ་ཡབ་ཡུམ་བརྒྱད། སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བ་ལ། རང་གི་ལུས་དང་ལོངས་སྤྱོད་ཐམས་ཅད་མཎྜལ་དུ་འབུལ། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་འབུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་དུ་སྤྱོད་པར་ཤོག །གུ་རུ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཨཱཿཧཱུྃ། དེ་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །བདག་ལ་གསན་ཅིང་དགོངས་སུ་གསོལ། ཁྱེད་ཀྱི་མཁྱེན་བརྩེ་ཡེ་ཤེས་ཀྱིས། །བདག་སོགས་མོས་པའི་བུ་རྣམས་ལ། །དགོངས་པ་མྱུར་དུ་གཏད་ནས་ཀྱང་། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །རྡོ་རྗེའི་སྐུ་དང་པདྨའི་གསུང་། །ཐམས་ཅད་མཁྱེན་པའི་ཡང་དག་ཐུགས། །རྡོ་རྗེ་གསུམ་གྱི་རང་བཞིན་ཏེ། །སྒོ་གསུམ་སྨིན་པར་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད། །ལྷ་ཡབ་ཡུམ་གྱི་ཕྱག་གི་བུམ་པས་དབང་བསྐུར། དབང་སྐུར་མཆོག་གི་རང་བཞིན་རྡོ་རྗེ་ཆེ། ཁམས་གསུམ་མ་ལུས་ཀུན་ཏུ་ཕྱག་བྱས་པ། །དུས་གསུམ་སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་བདག་ལ་བསྩལ་དུ་གསོལ། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་དབང་བསྐུར་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་ལ་དབང་བསྐུར་རོ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཨོཾ་གུ་རུ་ཨཱ་ཡུརྫྙཱ་ན་ཧཱུྃ་བྷྲཱུྃ་ནྲྀཿཛཿསིདྡྷི་ཕ་ལ་ཧཱུྃ༔ ཨ་མཱ་ར་ཎི་ཛཱི་ཝན་ཏི་ཡེ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ་ཨཱ༔ ཞེས་བརྗོད་ལ་སྒྲུབ་པའི་བུམ་པ་རང་གི་སྤྱི་བོར་བླང་། རིགས་ལྔ་ཡབ་ཡུམ་གྱིས་དབང་བསྐུར། ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ། ཨོཾ་བཛྲ་ཨརྒྷཾ་ པཱ་དྱཾ་ པུཥྤེ་ དྷཱུ་པེ་ ཨཱ་ལོ་ཀེ་ གནྡྷེ་ ནཻ་ཝིདྱ་ ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ། སྒོ་མ་བཞིས་རྡོ་རྗེའི་གླུ་བླང་། ཨོཾ་བཛྲ་སཏྭ་སུ་སཾ་གྲ་ཧ་ད༔ ཨོཾ་བཛྲ་རཏྣ་མ་ནུཏྟ་ར༔ ཨོཾ་བཛྲ་དྷརྨ་གཱ་ཡ་ནཱི༔ ཨོཾ་བཛྲ་ཀརྨ་ཀ་རོྞྦ་བེ༔ དྷེ་ཝ་ཤཱནྟི་ཀྲོ་ཏ་རཱ་ཛེ༔ ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། སརྦ་བིགྷྣཱནྟཀྲྀཏ་ཧཱུྃ་ཕཊ༔ བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། བཀྲ་ཤིས་གང་ཞིག་སེམས་ཅན་སྙིང་ལ་གནས། །སེམས་ཅན་མ་ལུས་རང་བཞིན་མཆོག་གྱུར་པ། །སྐྱེད་བྱེད་ཀྱིས་བསྐྱེད་བདེ་འབྱུང་ཇི་ལྟ་བུ། །དེང་འདིར་དབང་བསྐུར་མཆོག་གི་བཀྲ་ཤིས་ཤོག །སུ་པྲ་ཏིཥྛ་བཛྲཱ་ཡེ་སྭཱ་ཧཱ། བུམ་པའི་བདུད་རྩི་སྤྱི་བོ་ནས་ཞུགས་པར་བསམ་ལ་ལྕེ་ཐོག་ཏུ་མྱང་། དེ་ལྟ་བུའི་ཚུལ་གྱིས་དབང་བསྐུར་པའི་བུམ་པ་བདུད་རྩིའི་ཆུ་ཡི་རྒྱུན་དེས། སྨིན་མཚམས་ཡན་ཆད་གང་། ལུས་ཀྱི་དྲི་མ་དག །བུམ་པའི་དབང་ཐོབ། རྒྱན་དང་ཆ་ལུགས་ཀྱི་དག་པ་དྲན་པར་བྱ། མགྲིན་པ་ཡན་ཆད་གང་། ངག་གི་དྲི་མ་དག །གསང་བའི་དབང་ཐོབ། འཁོར་ལོ་ལྔ་ཡི་དག་པ་དྲན་པར་བྱ། སྙིང་ཁ་ཡན་ཆད་གང་། ཡིད་ཀྱི་དྲི་མ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སྐྱེ་མཆེད་དྲུག་གི་དག་པ་དྲན་པར་བྱ། རྐང་མཐིལ་ཡན་ཆད་གང་། སྒོ་གསུམ་གྱི་དྲི་མ་དག །དབང་བཞི་ཐོབ། ཆུའི་ལྷག་མ་ཡར་ལུད་པས་འོད་དཔག་མེད་པས་དབུ་བརྒྱན་པར་བསམ། དེ་ནས་མདུན་གྱི་ནམ་མཁར་བཞུགས་པའི་ཚེ་བདག་རིགས་ལྔ་ཡབ་ཡུམ། སེམས་དཔའ་སེམས་མ། ཁྲོ་བོ་ཁྲོ་མོ་རྣམས་རང་ལ་གཉིས་སུ་མེད་པར་ཐིམ་པས་གཞོམ་པ་མེད་པ་དོན་དམ་པའི་ཚེ་རང་རིག་ཟབ་གསལ་སྤྲོས་བྲལ་བདེ་བ་ཆེན་པོའི་ངང་དུ་ཅི་གནས་སུ་མཉམ་པར་བཞག །བདག་འཇུག་བསྐྱར་ལྡབ་ལེན་ན་འདི་ཡན་ཅི་ནུས་གསག །གང་ལྟར་གྲུབ་མཐར་དམ་ཚིག་བཟུང་ཞིང་། མཎྜལ་དང་ལུས་འབུལ་བ་བསྔོ་བ་སྨོན་ལམ་བཀྲ་ཤིས་ཀྱིས་མཐའ་ལེགས་པར་བརྒྱན་ནོ། །ཚུལ་དེ་ལ་ནར་མར་འབད་ན་སྡིག་སྒྲིབ་ཞི། སྔགས་སྡོམ་དག །བསོད་ནམས་རྒྱས་ཚེ་རིང་རྒ་བས་མི་གཟིར་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་ཞིང་། མདོར་ན་འགལ་རྐྱེན་མཐའ་དག་ཞི། མཐུན་རྐྱེན་མཐའ་དག་འཕེལ། ཚེ་དབང་རྒྱ་ཆེན་མཆོག་གི་རིག་འཛིན་མྱུར་དུ་ཐོབ་པ་སོགས་གནས་སྐབས་མཐར་ཐུག་གི་ཕན་ཡོན་བསམ་གྱིས་མི་ཁྱབ་པས་ནན་ཏན་དུ་བྱའོ། །གཞན་ལ་ཚེ་དབང་རིམ་པ་བགྱིད་དགོས་ཀྱང་སྐབས་འདིར་གཞུག་སྟེ་ཆོ་ག་དཀྱུས་བཞིན་ཉིད་དོ། །གང་ལྟར་མཐར་བུམ་པར་བསྐྱེད་པའི་དཀྱིལ་འཁོར་གྱི་ལྷ་དང་གཞན་ཡང་མགྲོན་ཐབས་སུ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་འཕགས་པ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་སྤྲིན་གྱི་ཕུང་པོ་གཏིབས་པ་ལྟ་བུ་མདུན་གྱི་ནམ་མཁར་མོས་པས་གསལ་བཏབ་སྟེ་མཆོད་པ་རྣམས་ཁ་གསོ། ཨོཾ་ཨཱཿཧཱུྃ་དང་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས་ཏེ་གཏང་རག་ཚུལ་དུ་མཆོད་ཅིང་བསྟོད་པར་བྱ་སྟེ། དེ་ཡང་། ཧཱུྃ། མཆོད་ཡོན་བརྒྱད་དང་རྒྱལ་སྲིད་རིན་ཆེན་བདུན། །འདོད་ཡོན་ལྔ་ལྡན་ཕྱི་ཡི་མཆོད་པ་འབུལ། །ལྷ་མོ་ལྔ་དང་གླུ་གར་སྨན་རག་གཏོར། །སྦྱོར་སྒྲོལ་དུག་ལྔ་ནང་གི་མཆོད་པ་འབུལ། །རྣམ་ཤེས་ཚོགས་བརྒྱད་དགའ་བཞི་བདེ་སྟོང་གསལ། །ཡེ་ཤེས་ལྔ་ལྡན་གསང་བའི་མཆོད་པ་འབུལ། །ཨོཾ་གུ་རུ་ཨཱ་ཡུརྫྙཱ་ན་ཧཱུྃ་བྷྲཱུྃ་ནྲྀཿཛཿསིདྡྷི་ཕ་ལ་ཧཱུྃ། ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ་སརྦ་པཱུ་ཛ་རཏྣ་གུ་ཎ་ཀརྨ་ས་མ་ཡེ་ཧཱུྃ། སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཧཱུྃ་ཧྲཱིཿཐཱ་ཡཱ། རྡོ་རྗེ་གསུམ་དངོས་མི་ཕྱེད་སྐུ །ཡེ་ཤེས་ལྔ་ལྡན་བདེ་བ་ཆེ། །འཆི་མེད་ཚེ་ཡི་དཀྱིལ་འཁོར་ལྷ། །རྩ་བ་གསུམ་ལ་ཕྱག་འཚལ་བསྟོད། །ཞེས་སོ། །དེ་ནས་ཉེས་པའི་ཚོགས་བཟོད་པར་གསོལ་བ་ནི། མ་འབྱོར་པ་དང་ཉམས་པ་དང། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་བསྩལ་པ། །དེ་ཀུན་མགོན་པོས་བཟོད་པར་གསོལ། །ཡིག་བརྒྱ་ཚར་གསུམ་བརྗོད། དེ་ནས་གཤེགས་སུ་གསོལ་བ་ནི། བདག་ལ་དངོས་གྲུབ་མཆོག་སྩོལ་ལགས། །ཏིང་འཛིན་ཀུན་གྱི་འབྲས་བུ་སྩོལ། །སེམས་ཅན་ཀུན་ལ་ཅི་འདོད་པ། །དངོས་གྲུབ་བླ་ན་མེད་པའང་སྩོལ། །སླར་ཡང་གཤེགས་པར་མཛད་པའི་ཕྱིར། །རང་གི་གནས་གཤེགས་བཛྲ་མུཾཿ ཞེས་སོ། །དེ་ཡང་ཡེ་ཤེས་པ་གཤེགས་ཤིང་། དམ་ཚིག་པ་བསྡུ་བར་དམ་པ་འགའ་ཡིས་བཞེད་ཀྱང་སྔགས་བླ་མེད་སྤྱི་དང་བྱེ་བྲག་གི་སྐབས་འདིར་མགྲོན་ཐབས་སུ་འཁོད་པ་རྣམས་ལས། རྩ་བའི་དཀྱིལ་འཁོར་དམ་ཡེ་དབྱེར་མེད་རང་གི་སྙིང་ཁར་བསྡུ་བ་དྲན་ཆོག་འཁོར་ལོའི་མགོན་པོའི་ཞལ་ལུང་བདུད་རྩིའི་ཐིགས་པ་ལྟ་བུ་ཤིན་ཏུ་གཅེས་པའི་གདམས་པའོ། །དེ་མཐར་རྡོ་རྗེ་དང་བཅས་མདའ་དར་གཡབ་ཅིང་། ཨོཾ། སྐུ་ཡི་སྐུ་སྟེ་སྐུ་ལ་ཐིམ། །ཕུང་པོ་ལྔ་ལ་རབ་ཏུ་ཐིམ། །ཨཱཿ གསུང་གི་གསུང་སྟེ་གསུང་ལ་ཐིམ། །ལྗགས་ཀྱི་དབང་པོ་མཆོག་ལ་ཐིམ། །ཧཱུྃ། ཐུགས་ཀྱི་ཐུགས་ཏེ་ཐུགས་ལ་ཐིམ། །རང་བྱུང་ཡེ་ཤེས་ཐུགས་ལ་ཐིམ། །ཉིན་མོ་བཀྲ་ཤིས་མཚན་བཀྲ་ཤིས། །ཉིན་མཚན་རྟག་ཏུ་བཀྲ་ཤིས་པ། །སྐལ་ལྡན་རྣམས་ལ་བཀྲ་ཤིས་ཤོག །སྙིང་པོ་ཉི་ཟླ་གསལ་གྱུར་ཅིག །ཨོཾ་ཨཱཿཧཱུྃ་ཛྙཱ་ན་ཧཱུྃ་ཧོ། ཞེས་བདུད་རྩི་མྱང་། དངོས་གྲུབ་ཚེ་ཡི་རྫས་གཞན་རྣམས་ཀྱང་རིམ་པས་ལོངས་སྤྱོད། དེ་ནས་ཐལ་སྦྱར་མེ་ཏོག་བཟུང་ཞིང་། ཨོཾ་འགྲུབ་པར་གྱུར་ཅིག་རྡོ་རྗེའི་སྐུ་ནི་སྐྱེ་འཆི་བྲལ། །ཚངས་པའི་གསུང་ནི་འགག་མེད་རྟག་པ་རྡོ་རྗེའི་གསུང་། །སྤྲོས་བྲལ་ཐུགས་ནི་དུས་གསུམ་འགྱུར་བ་མེད་པའི་ཐུགས། །འཆི་མེད་སྐུ་གསུང་ཐུགས་དང་ཡང་དག་ལྡན་པ་ཡི། །རྔ་སྒྲའི་རྒྱལ་པོ་རྒྱལ་བ་འདྲེན་པ་འོད་དཔག་མེད། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་འགྲུབ་གྱུར་ཏེ། །བདག་ཅག་ཚེ་དང་བསྒྲུབ་པ་མཐར་ཕྱིན་ནས། །རླབས་ཆེན་འགྲོ་བའི་དོན་ལ་སྤྱོད་པར་ཤོག །ཅེས་སྨོན་ལམ་རྡོ་རྗེའི་ཚིག་སྟེ་ལན་གསུམ་བརྗོད། གཞན་རྟག་ཏུ་ཁ་ཏོན་བྱས་ཀྱང་བྱིན་རླབས་ཤིན་ཏུ་ཆེ་བའོ། །གཞན་ཡང་བསྔོ་སྨོན་བཀྲ་ཤིས་རྒྱས་པར་བྱ་ཞིང་། དཀྱིལ་འཁོར་རྗེས་ཀྱི་བྱ་བ་རྣམས་གསང་བ་སྤྱི་ཡི་ཆོ་ག་དང་མཐུན་པར་བྱའོ། །དེ་ལྟར་འཆི་མེད་རྒྱལ་བའི་དཀྱིལ་འཁོར་མཆོག །མངོན་དུ་བགྲོད་པ་རྡོ་རྗེའི་གསུང་རང་བཞིན། །བསྙེན་པ་བདག་བསྐྱེད་སྒྲུབ་པ་མདུན་བསྐྱེད་དང་། །ལས་སྦྱོར་བྱིན་རླབས་བདག་འཇུག་རིམ་པ་མཆོག །འཁྲུལ་མེད་ཨོ་རྒྱན་རྒྱལ་བའི་དགོངས་གསང་བཅུད། །སངས་རྒྱས་ཀུན་འདུས་རྗེ་བཙུན་བླ་མ་ཡི། །ཐུགས་ཀྱི་བུམ་བཟང་ལས་འོང་བདུད་རྩིའི་རྒྱུན། །སྐལ་ལྡན་སྐྱེས་བུའི་འདོད་འཇོ་འདི་ན་རྨད། །ཚུལ་འདིར་བདག་མོས་ཞུགས་སྤྱོད་དགེ་ཚོགས་ཀྱང་། །འོད་དཔག་མེད་ཞལ་དཔལ་མགོན་བླ་མ་ཡི། །ཐུགས་ཀྱི་དགོངས་པ་བསྐང་བའི་ཆེད་ཁོ་ནར། །ཡོངས་སུ་བསྔོ་བའི་ནུས་པ་ཇི་སྙེད་དེས། །མཁའ་མཉམ་འགྲོ་བའི་སྡུག་བསྔལ་ཀུན་བཅོམ་ནས། །དགའ་ཆེན་མི་འགྱུར་བདེ་བའི་ཞིམ་མངར་གང་། །ལེགས་མྱོང་ཕུན་ཚོགས་འོད་དཔག་མེད་ཇི་བཞིན། །རིང་མིན་ཉིད་ཐོབ་དེས་ཀྱང་མགོན་དགྱེས་ཤོག །ཅེས་ཚེ་དཔག་མེད་འཆི་མེད་རྡོ་རྗེ་རྒྱ་མདུད་ཀྱི་བདག་མདུན་བསྐྱེད་བཟླས་བདག་འཇུག་དང་བཅས་པའི་ཆོ་ག་ཁྲིགས་ཆགས་སུ། དྲན་ཆོག་མགོན་པོ་རིག་འཛིན་ཡོངས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་དཔལ་པདྨ་བདེ་ཆེན་གླིང་པ་གང་གི་ཞལ་སྔ་ནས་བདག་འཇུག་གི་བཀྲ་ཤིས་བརྗོད་པ་ཡན་མཛད་པའི་འཕྲོ་ཅུང་ཟད་ལྷག་མར་གྱུར་པའི་ཁ་སྐོང་ནི་མགོན་དེའི་ཆོས་ལས་སྐྱེས་པའི་སྲས་ཀྱི་ཐུ་བོར་དབང་བསྐུར་ཞིང་། ཕྱི་ནང་གི་རིག་པའི་གནས་ལ་བློ་གྲོས་ཀྱི་སྣང་བ་ཡངས་པོར་སྤྱོད་པ་རི་ཁ་བ་ཅན་གྱི་ཕྱོགས་ཀུན་ཏུ་ཀཿཐོག་སྤྲུལ་སྐུར་བརྗོད་པའི་རྣལ་འབྱོར་པ་ཚེ་དབང་ནོར་བུ་རྡོ་རྗེ་དཔལ་འབར་གྱིས་ཆུ་ཕག་གི་ལོ་ཁྲུམས་ཀྱི་ཟླ་བའི་ཡར་ཚེས་དགའ་བ་དང་པོ་ལ། ཚངས་པ་རྒྱས་པའི་བུ་རོ་ཧི་ཏ་ཡི་ཀླུང་གཡས་སུ་འཁྱིལ་བའི་འགྲམ་ཀོང་ཡུལ་ས་ཡི་ཐིག་ལེ་བོད་ཀྱི་དུར་ཁྲོད་པདྨ་བརྩེགས་པར་བཀོད་པའོ། །དགེའོ། །དགེའོ། །དགེའོ། །བཛྲ་ཨཱ་ཡུ་ཥེ་སརྦ་མངྒ་ལཾ་བྷ་ཝནྟུ་སྭཱ་ཧཱ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).