Terdzo-TI-021

From Rinchen Terdzö

གནོད་སྦྱིན་ཡ་བ་རྐྱ་བདུན་གྱི་སྒྲུབ་ཐབས་སྲོག་གཏད་ཀྱི་ཆོ་ག་འདོད་པའི་རེ་སྐོང་

gnod sbyin ya ba rkya bdun gyi sgrub thabs srog gtad kyi cho ga 'dod pa'i re skong

by  རིན་ཆེན་རྣམ་རྒྱལ་ (Rinchen Namgyal)
revealed by  མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་ (Ngari Paṇchen Pema Wangyal)
in cycle  གནོད་སྦྱིན་གྱི་རྒྱལ་པོ་ཙིའུ་དམར་པོ་ (Gnod sbyin gyi rgyal po tsi'u dmar po)
Volume 39 (ཏི) / Pages 363-378 / Folios 1a1 to 8b5

[edit]

༄༅། །གནོད་སྦྱིན་ཡ་བ་རྐྱ་བདུན་གྱི་སྒྲུབ་ཐབས་སྲོག་གཏད་ཀྱི་ཆོ་ག་འདོད་པའི་རེ་སྐོང་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། བགྲང་ཡས་དཀྱིལ་འཁོར་རྒྱ་མཚོ་ཡི། ཁྱབ་བདག་ཨོ་རྒྱན་ཐོད་ཕྲེང་རྩལ། །དེར་འདུད་གནོད་སྦྱིན་ཙིའུ་དམར་བའི། །སྒྲུབ་ཐབས་སྲོག་གཏད་ཆོ་ག་བྲི། །འདིར་རྒྱལ་བའི་བསྟན་སྲུང་གནོད་སྦྱིན་ཡ་བ་རྐྱ་བདུན་གྱི་སྒྲུབ་ཐབས་དང་འབྲེལ་བར་སྲོག་གཏད་ཆོ་ག་སྒྲུབ་པ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་བཤམ། དངོས་གཞི་སྒྲུབ་པའི་ཐབས་དང་། སྲོག་གཏད་ཀྱི་ཆོ་གའོ། །དང་པོ་ནི། དུས་ཁྱད་པར་ཅན་ལ་འདི་ཉིད་ཀྱི་བྲིས་སྐུ་བཀྲམ་པའི་མདུན་དུ། སྟེགས་བུ་ཁེབས་ལྡན་གྱི་ཁར་མེ་ཏོག་དམར་པོའི་ཚོམ་བུ་བཀོད། དེའི་སྟེང་དུ་མཉྫི་ལ་ཟངས་གཞོང་དུ་འབྲུའི་ཕྱེ་ཁྲག་ཆང་གིས་སྦྲུས་པའི་བཤོས་བུ་མཁར་ཐབས་བ་གམ་ཅན་གྱི་སྟེང་དུ་གྲུ་གསུམ་བདུན་དང་དབུས་མའི་རྩེར་འུག་པས་མཚན་པ། རྩི་དམར་གྱིས་བྱུགས་ཤིང་ཤ་དམར་དང་ཡུངས་དཀར་གྱིས་བརྒྱན་པར་སྐུ་རྟེན་ཙཀླི་དང་གཏོར་གདུགས་དམར་པོ་བཙུགས་པ་བཀོད། མདུན་དུ་མེ་ཏོག་དམར་པོ་འབྲུ་ཚོམས་ཀྱི་དབུས་སུ་ཕུར་བུའམ་དབྱུག་ཏོ། གཡས་སུ་རྟེན་རྫས་ཀྱི་མདུང་དམར། རྒྱབ་ཏུ་བླ་རྡོའམ་འཁོར་ལོ། གཡོན་དུ་རྟེན་མདུང་ཞགས་པ། དེ་དག་གི་མདུན་དུ་མཆོད་གཏོར་དམར་པོ་གྲུ་གསུམ་གཙོ་འཁོར་བདུན་པ་མཐེབ་ཀྱུ་བརྒྱད་ཀྱིས་བསྐོར་བ། སྨན་ཕུད། རཀྟ། ཕྱེ་མར། གསེར་སྐྱེམས་དཀར་སྐྱེམས་མངར་སྐྱེམས། ཉེར་སྤྱོད་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །གཉིས་པ་སྒྲུབ་པའི་ཐབས་ལ། གོང་གནོན་གྱི་ལྷ་གུ་རུ་ཞི་དྲག་གམ་རྟ་མགྲིན་ལྟ་བུ་བདག་བསྐྱེད་སྔོན་དུ་འགྲོ་བས། མཆོད་གཏོར་རྣམས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ། རྟེན་གཏོར་ལ་དམིགས་ཏེ་གསོལ་ཁ་ཕྱོགས་ཕྱོགས་མས་སྤྱན་འདྲེན་མཆོད་བསྟོད་མདོར་བསྡུས་སུ་བྱ་བའམ། སྤྲོ་ན་རྟེན་བསང་སྦྱང་། སྟོང་པའི་ངང་ལས་སྐད་ཅིག་གིས་མདུན་དུ་བཙན་ཡུལ་ཟངས་ཐང་དམར་པོ་ཟངས་བྲག་གནམ་ལ་སྙེག་པ། རྩེ་ལ་རྒོད་སྨུག་ལྡིང་བ། ལོགས་ལ་བཙན་སྐྱ་རྒྱུ་བ། རྐེད་ན་གཅན་ཟན་ངུར་བ། རྩ་བར་དུག་ཆུ་ཁོལ་བ། བྲག་རི་དམར་པོའི་ནང་དུ་ཁྲག་མཚོ་ཁོལ་ཞིང། བསེ་མཁར་སྨུག་པོ་ཟངས་ཀྱི་སྒོ་ལྕགས་ཅན་བཙན་མཁར་འཇིགས་སུ་རུང་བའི་དབུས་ན་ཏྲི་བདུན་ཡོངས་སུ་གྱུར་པ་ལས། ལྷ་བཙན་དགྲ་བླའི་རྒྱལ་པོ་ཙིའུ་དམར་བ་སྐུ་མདོག་དམར་ལྗང་རལ་པ་དམར་པོ་མེ་འོད་འཁྲིགས་པ། སྤྱན་ནས་མེའི་སྐར་མདའ་འཁྲུག་པ། ཞལ་ནས་ཁྲག་གི་སེར་ཆེན་འབེབ་པ། མཆེ་བ་རྣོན་པོ་གངས་རི་ལྟར་གཙིགས་པ། ལྗགས་གློག་ལྟར་འཁྱུག་པ། ཁྲོ་ཞིང་འཇིགས་ལ་རྔམ་ཞིང་གཏུམ་པ། སྐུ་ལ་དར་དམར་གྱི་བེར་ཆེན་ཟ་འོག་སྔོ་ཁྲའི་གོང་ལག་ཅན་གསོལ་བར་རིན་ཆེན་གསེར་གྱི་སྐ་རགས་བཅིངས་པ། དབུ་ལ་དར་དམར་གྱི་འགྱིང་ཐོད་ཅན། སྟག་དོང་གཡས་ལ་གཟིག་ཤུབས་གཡོན་དུ་འཕྱང་བ། བསེ་ཕུབ་དམར་པོ་རྒྱབ་ཏུ་འཁྱིལ་བ། ཕྱག་གཡས་བཙན་གྱི་ཞགས་པ་དམར་པོས་དགྲ་བོ་འཆིང་ཞིང་། གཡོན་བསེ་མདུང་དམར་པོ་དར་དམར་གྱི་རུ་མཚོན་ཅན་སྙིང་ལ་བསྣུན་པ། རྟ་བྲ་བོ་སྒབ་ནག །དར་གདན་དམར་པོ་སྒ་ཁྲ་བོ། དངུལ་གྱི་ཡོབ་ཐག །ཟངས་ཀྱི་ཡོབ་ཆེན། གསེར་གྱི་སྲབ། གཡུའི་མཐུར་མདའ། དར་དམར་གྱི་སྲབ་སྐྱོགས། སྦྲུལ་ནག་གི་གོང་སྨེད་བྱས་པ་ལ་བཅིབས་ནས་སྟོང་གསུམ་བསྐོར་བ། སྐུ་ལ་ཞལ་གྱི་ལྷ་བཙན་སྐུ་མདོག་དཀར་སེར་ཁྲོ་གཏུམ་ཅན། སྐུ་ལ་ཟ་འོག་དམར་ཁྲའི་གོས་དང་དར་དམར་གྱི་ཐོད་གསོལ་བ། གཡས་སུ་སྟག་དོང་དང་གཡོན་དུ་གཟིག་ཤུབས་འཕྱང་བ། ཕྱག་གཉིས་གསེར་མདའ་གསེར་གཞུ་བཀང་སྟེ་དགྲ་བོའི་སྙིང་ལ་བརྡེག་པ། སྨུག་པོ་ཤ་གདོང་སྒ་སྲབ་ཅན་ལ་འཆིབ་པ། གྲོ་ཤོད་བོད་ཀྱི་སྒང་དམག་རྗེ་སྐུ་མདོག་དམར་པོ་མེ་འོད་འབར་བ་རྔམ་ཞིང་འཇིགས་པ། སྐུ་ལ་ལེ་བརྒན་གྱི་འཇོལ་བེར་དང་དར་དམར་གྱི་ཐོད་བཅིངས་པ། སྟག་དོང་གཡས་དང་གཟིག་ཤུབས་གཡོན་དུ་འཕྱང་བ། ཕྱག་གཡོན་ཟངས་ཞགས་དམར་པོས་དགྲ་བོ་བཅིངས་ཏེ་གཡས་ཀྱིས་ཤང་ལང་བརྡེག་པ། མཚའ་ལུ་རྟིང་དཀར་སྒ་སྲབ་ཅན་ལ་འཆིབ་པ། རཱ་ཙ་གོས་སྔོན་གྱི་ཀླུ་བཙན་སྐུ་མདོག་དམར་ནག་འཇིགས་སུ་རུང་བ། སྐུ་ལ་ཆུ་དར་སྔོན་པོའི་རལ་གུ་ལ་དུག་སྦྲུལ་གྱི་སྐ་རགས་བཅིངས་པ། དར་སྔོན་གྱི་ཐོད་ཅན་སྟག་དོང་གཡས་དང་གཟིག་ཤུབས་གཡོན་དུ་འཕྱང་བ། ཕྱག་གཡས་ལྕགས་མདུང་ནག་པོ་དང་གཡོན་དུག་སྦྲུལ་གྱི་ཞགས་པ་འཕེན་པ། རྟ་སེར་པོ་སྒ་སྲབ་ཅན་ལ་འཆིབ་པ། རྡོ་རིང་དམར་པོའི་གྲིབ་བཙན་སྐུ་མདོག་དམར་པོ་འཇིགས་པའི་གཟུགས་ཅན། བེར་དམར་གྱི་སློག་པ་དང་དར་དམར་གྱི་ཐོད་གསོལ་བ། སྟག་དོང་གཡས་དང་གཟིག་ཤུབས་གཡོན་དུ་འཕྱང་བ། ཕྱག་གཡས་བསེ་མདུང་དམར་པོ་དང་གཡོན་བཙན་གྱི་རྒྱུ་ཞགས་བསྣམས་པ། རྐྱང་དམར་སྦོ་དཀར་སྒ་སྲབ་ཅན་ལ་འཆིབ་པ། ཀང་ཀ་ཐོད་ནག་བདུད་བཙན་སྐུ་མདོག་ལྗང་ནག་ཤིན་ཏུ་འཇིགས་པ། སྐུ་ལ་དར་ནག་བེར་ཆེན་དང་བདུད་དར་ནག་པོ་ཐོད་དུ་བཅིངས་པ། སྟག་དོང་གཡས་དང་གཟིག་ཤུབས་གཡོན་དུ་འཕྱང་བ། ཕྱག་གཡས་དར་ནག་གི་རུ་མཚོན་ཕྱར་ཞིང་གཡོན་འབྲེང་ཞགས་བླ་ལ་འདེབས་པ། རག་པ་གཞུང་ནག་སྒ་སྲབ་ཅན་ལ་འཆིབ་པ། རྩལ་ཐོག་རྒྱུག་གི་གྲི་བཙན་སྐུ་མདོག་ཁྲག་ལྟར་དམར་བ། སྐུ་ལ་ཟངས་ཁྲབ་དམར་པོ་དང་དབུ་ལ་དར་དམར་གྱི་ཐོད་བཅིངས་པ། སྟག་དོང་གཡས་དང་གཟིག་ཤུབས་གཡོན་དུ་འཕྱང་བ། ཕྱག་གཡས་བསེ་མདུང་དམར་པོ་མེ་འོད་འཕྲོ་བ་གསོར་ཞིང་གཡོན་ཟངས་ཀྱི་རལ་གྲི་གློག་ལྟར་འཁྱུག་པ། རྟ་མཆོག་རླུང་གི་གཤོག་པ་སྒ་སྲབ་ཅན་ལ་འཆིབ་པ། བདུན་ཀའང་རི་ཁྱི་སྤྱང་ཀི་རོལ་དུ་ཁྲིད་པ། རི་བྱ་ཕོ་རོག་སྟེང་དུ་ལྡིང་བ། བཙན་དམག་འབུམ་སྡེའི་འཁོར་གྱིས་བསྐོར་བ་དང་བཅས་པར་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་བཙན་ཡུལ་ཟངས་ཐང་དམར་པོ་སོགས་རང་བཞིན་གར་བཞུགས་ཀྱི་གནས་ནས་གནོད་སྦྱིན་ཡ་བ་རྐྱ་བདུན་འཁོར་དང་བཅས་པ་སྐད་ཅིག་གིས་གནས་འདིར་སྤྱན་དྲངས་པར་བསམ་ལ། སྤོས་དཀར་དང་ཕྱེ་མར་བསྲེག་ཅིང་། མདའ་དར་དམར་པོས་གཡབ་ལ་གདུང་བའི་ང་རོས། ཀྱཻ༔ ཕྱོགས་ཕྱོགས་དེ་ནི་ཕ་གི་ན༔ ཉི་མ་ནུབ་ཕྱོགས་ཕ་གི་ན༔ བཙན་ཡུལ་ཟངས་ཐང་དམར་པོ་ནས༔ པདྨ་དབང་གི་བཀའ་ཉན་པ༔ ཆེ་བཙན་རོལ་པ་རྐྱ་བདུན་ནི༔ ཕལ་ཆེར་སྐུ་མདོག་དམར་པོ་ལ༔ ཕྱག་ན་བ་དན་ཞགས་པ་བསྣམས༔ སྡེ་བརྒྱད་དྲེགས་པའི་ཚོགས་དང་བཅས༔ ཚུར་བྱོན་ཚུར་བྱོན་གནས་འདིར་བྱོན༔ ཤུ་ལ་ཏྲིཿབཛྲ་ས་མ་ཡ་ཛ༔ བྷྱོ༔ བཙན་མཁར་དམར་པོའི་ནང་ཤེད་ན༔ ཤ་ཁྲག་ལོངས་སྤྱོད་བསམ་མི་ཁྱབ༔ ཡིད་འོང་སྤྱན་གཟིགས་ཀུན་ནས་མཛེས༔ དམ་ཚིག་གཙང་མའི་གདན་ལ་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ ཀྱེ༔ སྐྱེས་བུ་རོལ་པ་རྐྱ་བདུན་ནི༔ འཕྲིན་ལས་མཛད་པ་བསམ་མི་ཁྱབ༔ པདྨ་དབང་གི་བཀའ་ཉན་པའི༔ དམ་ཚིག་གཏེར་བདག་ཁྱོད་ལ་བསྟོད༔ གཙང་མའི་སྐུ་ཁྲུས་འདི་འབུལ་ལོ༔ བདག་དང་ཡོན་གྱི་བདག་པོ་ལ༔ ཐུགས་རྗེའི་དབང་གིས་ཉེ་བར་མཛོད༔ ཨརྒྷཾ་བི་ཤུདྡྷེ་སྭཱ་ཧཱ༔ གཙང་མའི་བདུག་སྤོས་སྤྲིན་ལྟར་གཏིབས༔ མེ་ཏོག་སྣང་གསལ་དྲི་མཆོག་དང༔ ཞལ་ཟས་སྙན་པའི་རོལ་མོ་འབུལ༔ ཐུགས་རྗེའི་དབང་གིས་ཉེ་བར་མཛོད༔ རཱུ་པ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་པཱུ་ཙ་ཧོ༔ ཀྱེ༔ སྐྱེས་བུ་སྲོག་གི་བདག་པོ་ནི༔ འཇིགས་བྱེད་རོལ་པ་སྡེ་བདུན་ཚོགས༔ ཁྱོད་ལ་དགྱེས་པའི་ལོངས་སྤྱོད་ནི༔ ཤ་ཁྲག་དམར་གཏོར་རི་ལྟར་སྤུངས༔ ཟག་མེད་བདུད་རྩི་མཚོ་ལྟར་བསྐྱིལ༔ རཀྟའི་ཡོན་ཆབ་རྫིང་བུར་གཏམས༔ སྤྱན་གཟིགས་ལོངས་སྤྱོད་སྐར་ལྟར་བཀྲམ༔ རྔ་གླིང་རོལ་མོ་འབྲུག་ལྟར་སྒྲོག༔ གླུ་དབྱངས་སྙན་པའི་ཚོགས་དང་བཅས༔ དམ་ཅན་མཆེད་བདུན་ཐུགས་དམ་བསྐང༔ བཙན་རྒོད་འབར་བའི་ཐུགས་དམ་བསྐང༔ སྡེ་བརྒྱད་སྟོང་སྡེའི་ཐུགས་དམ་བསྐང༔ དཀོར་སྲུང་དམ་ལྡན་ཐུགས་དམ་བསྐང༔ ལས་བཞིའི་ཕོ་ཉའི་ཐུགས་དམ་བསྐང༔ བྷྱོ༔ བསེ་མཁར་དམར་པོ་ལྡེམས་སེ་ལྡེམ༔ དར་དམར་རུ་མཚོན་པུ་རུ་རུ༔ བ་དན་དམར་པོ་ཡེངས་སེ་ཡེང༔ དྲེགས་པའི་མདའ་འཕེན་སྦྲེངས་སེ་སྦྲེང༔ ལས་བྱེད་ཤན་པ་རོ་ལོ་ལོ༔ བཤུག་པའི་འབོད་སྒྲ་དི་རི་རི༔ ཆེ་བཙན་རྒྱལ་པོའི་ཐུགས་དམ་བསྐང༔ སློབ་དཔོན་པདྨའི་སྤྱན་སྔ་རུ༔ ཐུགས་དམ་ཞལ་བཞེས་དེ་དགོངས་ལ༔ ཁྲི་སྲོང་ལྡེ་བཙན་རྗེ་རིགས་དང༔ རྣལ་འབྱོར་དམ་ལྡན་བརྒྱུད་པར་བཅས༔ དམ་ཚིག་གཅིག་ཏུ་སྐྱོང་བ་དང༔ སྐུ་ལ་བདོ་བའི་རིགས་རྒྱུད་ཆོད༔ ལོག་ལྟའི་སྡེ་དཔུང་ཆམ་ལ་ཕོབ༔ སྔགས་འཆང་རྡོ་རྗེའི་དམ་མ་དྲལ༔ བཅོལ་ལོ་གཉེར་རོ་མཐུ་རྩལ་སྐྱེད༔ ཡལ་ཡོལ་བྲི་གོལ་མ་མཛད་ཅིག༔ ངོ་སྲུང་ཟས་ཕྱིར་མ་འབྲེང་མཛོད༔ ཐུགས་དང་འགལ་བ་བསྐངས་གྱུར་ལ༔ བུ་སྡུག་ཚ་བོ་བཞིན་དུ་སྐྱོངས༔ ཞེས་བརྗོད། སྤྲོ་ན་རང་གི་སྙིང་ག་ནས་འོད་ཟེར་འཕྲོས། གནོད་སྦྱིན་འཁོར་བཅས་ཀྱི་ཐུགས་རྒྱུད་བསྐུལ་བས་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་པར་བསམས་ལ། ཨོཾ་རཀྴ་རཀྴ་སྙིང་ལ་ཧཱུྃ་ཧཱུྃ༔ ཤུ་ལ་གྲཱི་ཝ་ཏྲི་ཤུ་ལ་ཧྲིང་ཧྲིང་ཛཿཛ༔ ཞེས་ཅི་ནུས་བཟླ། མཐར་གཏོར་མ་འབུལ་བ་དང་གཏང་རག་བཟོད་གསོལ་སོགས་ཀྱང་སྤྱི་དང་མཐུན་པར་བྱའོ། །གསུམ་པ་སྲོག་གཏད་ཀྱི་ཆོ་ག་ནི། བདག་མདུན་སྒྲུབ་མཆོད་ཀྱི་ཆོ་ག་སྔར་ལྟར་བྱས་ནས། སློབ་མའི་བྱ་བ་ཁྲུས་དང་བགེགས་བསྐྲད་སོང་ནས། མཚམས་སྦྱོར་ཅི་རིགས་པ་ལས་འདིར་རྒྱལ་བའི་བསྟན་སྲུང་ཐམས་ཅད་ཀྱི་ནང་ནས་མཐུ་རྩལ་ནུས་པ་མཆོག་ཏུ་གྱུར་པ་ཆོས་འཁོར་ཐམས་ཅད་ཀྱི་སྲུང་མ། དྲེགས་པ་ཀུན་གྱི་རྗེ་བོར་གྱུར་པ་གནོད་སྦྱིན་ཡ་བ་རྐྱ་བདུན་དུ་གྲགས་པ་འདི་ཉིད་ངེས་པའི་དོན་དུ་རྣམ་པར་སྣང་མཛད་གངས་ཆེན་མཚོའི་གསུང་རྡོ་རྗེའི་རང་གཟུགས་ལས་ཤར་བ་རྟ་མགྲིན་དབང་གི་རྒྱལ་པོ་དང་གཉིས་སུ་མེད་ཀྱང་། ཐུན་མོང་གི་སྣང་ངོར་འོད་སྲུངས་ཀྱི་བསྟན་པའི་མཇུག་ཏུ་ལི་ཡུལ་ལྕང་ར་སྨུག་པོར་ཡབ་ལི་རྗེ་གསང་བ་དང་ཡུམ་ཨུཏྤལ་རྒྱན་གྱི་སྲས། ལི་སྲས་འཕྱོར་བ་ཞེས་བྱ་བར་འཁྲུངས། དགེ་སློང་ཙནྡྲ་བྷ་དྲ་ལས་སོ་ཐར་གྱི་ཁྲིམས་བླངས་ཏེ་ནགས་ཚལ་གཅིག་ཏུ་བཞུགས་པ་ལས། ཡུལ་དེའི་རྒྱལ་པོ་དྷརྨཱ་ཤྲིའི་སྲས་མོ་ལྷ་ལྕམ་བདེ་སྦྱིན་ཞེས་བྱ་བ་ཁྲུས་ལ་ཞུགས་པ་དུག་སྦྲུལ་གྱི་འཇིགས་པས་གཙེས་པས་ལི་སྲས་ཀྱིས་དེའི་འཇིགས་པ་བསྐྱབས་པ། བློན་པོ་སྡིག་ཏོ་ཅན་གཉིས་ཀྱིས་མཐོང་བས་ལྷ་ལྕམ་དང་ལི་སྲས་གཉིས་མཐུན་པའི་ཡ་ག་བསྒྲགས་པས་རྐྱེན་བྱས། རྒྱལ་པོས་ལི་སྲས་གསོད་པའི་ཕོ་ཉ་བཏང་བས་ལྷ་ལྕམ་གཡང་ལ་ལྕེབས་ཏེ་ཤི་ཞིང་ལི་སྲས་ཀྱང་ཁ་བ་ཅན་གྱི་ལྗོངས་སུ་བྲོས། ཕོ་བྱུང་བསད། མོ་རིགས་ཐམས་ཅད་ལ་སྤྱོད་ཅིང་གནས་པ་ལས། ནམ་ཞིག་གི་ཚེ་རྒྱལ་པོའི་ཕོ་ཉས་ལི་སྲས་བཟུང་སྟེ་གྲི་རུ་བཀུམ་པར། སྨོན་ལམ་ལོག་པའི་མཐུ་ལས་ནུབ་ཕྱོགས་ཟངས་ཐང་དམར་པོར་བཙན་རྗེ་ཟླ་བ་ཐོད་དཀར་གྱི་སྲས་མོ་གནོད་སྦྱིན་གདོང་དམར་མའི་མངལ་དུ་ཁྲག་གི་སྒོ་ངར་བལྟམས་པས། ཇི་ཞིག་ན་བརྡོལ་བའི་ནང་ནས་གནོད་སྦྱིན་ཙིའུ་དམར་པོ་དང་། དེའི་མགོ་ལས་བདུད་བཙན། རུས་ལས་ལྷ་བཙན། དྲོད་དང་མདངས་ལས་བྲག་བཙན། ཁྲག་ལས་གྲི་བཙན། ཆུ་སེར་ལས་ཀླུ་བཙན། ཤ་ལས་གྲིབ་བཙན་ཏེ་བཙན་རྒོད་གདུག་པ་དྲུག་བྱུང་སྟེ། གཙོ་འཁོར་བདུན་གྱིས་སྲིད་གསུམ་གྱི་སྐྱེ་བོ་ཐམས་ཅད་ལ་གནོད་ཅིང་འཚེ་བར་བྱེད་པ་ལ། རྟ་མགྲིན་དབང་གི་རྒྱལ་པོས་མཐུ་སྟོབས་ཀྱིས་གཟིར་ཞིང་བཏུལ། སྲོག་གི་སྙིང་པོ་བླངས། མཁའ་འགྲོ་མ་རྡོ་རྗེ་བདེ་བྱེད་མས་བསྐུལ་ཏེ་སྤུ་གྲི་དམར་པོ་སྙིང་གི་རྒྱུད་གསུངས། རྡོ་རྗེ་ཐེག་པའི་སྲུང་མར་བསྐོས་ཤིང་དམ་ཚིག་གི་གཉེར་ཁ་གཏད། དུས་ཕྱིས་སློབ་དཔོན་ཆེན་པོ་པདྨའི་སྤྱན་སྔར་རང་གི་ཐ་ཚིག་རྒྱུད་དང་བཅས་པ་མདོངས་གསོལ་དུ་ཕུལ་ཏེ་གཏེར་གྱི་སྲུང་མར་ཁས་བླངས། མཆོད་བསྟོད་དྲེགས་པའི་དཀྱིལ་འཁོར་དུ་དབང་བསྐུར། རྒྱུད་སྒྲུབ་སྐོར་ལས་ཕྲན་བུ་དང་བཅས་པ་རྣམས་ཟབ་མོའི་གཏེར་དུ་སྦ་བར་མཛད་པ་ལས། ཇི་སྐད་དུ། བདག་དང་རྒྱལ་པོའི་ཐུགས་ཀྱི་སྤྲུལ་པ་ནི། །པདྨ་རྒྱལ་པོ་ཡེ་ཤེས་རོལ་པ་རྩལ། །ཞེས་ལུང་གིས་གསལ་བར་བསྟན་པའི་སྤྲུལ་པའི་གཏེར་སྟོན་པདྨ་དབང་རྒྱལ་རྡོ་རྗེའི་གཏེར་ཁ་ལས་བྱུང་བའི་སྲོག་གཏད་རིག་འཛིན་བརྒྱུད་པའི་ཕྱག་བཞེས་བཞིན་བསྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་། སློབ་མའི་བྱ་བ་མཎྜལ་ཕུལ། དེ་ནས་གསོལ་བ་གདབ་པ་ནི། ཀྱེ༔ བླ་མ་རྗེ་བཙུན་ཁྲོ་བོའི་རྒྱལ༔ དྲེགས་པ་ལས་ལ་ཉེ་བའི་ཕྱིར༔ དམ་ཚིག་བཀའ་ཡིས་བཅིངས་མཛད་ནས༔ དྲེགས་པའི་དམ་ཚིག་གཉེར་དུ་ཞུ༔ ཞེས་ལན་གསུམ་གྱིས་གསོལ་བ་གདབ། ཚོགས་གསག་པ་ནི། རྟེན་གཏོར་སྐད་ཅིག་གིས་རྟ་མགྲིན་སྐུ་མདོག་དམར་ནག་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་ཅན། གཡས་ཐོད་དབྱུག་དང་གཡོན་ཕུར་བུ་སྒྲིལ་བ་དུར་ཁྲོད་རོལ་པའི་ཆས་ཐམས་ཅད་ཡོངས་སུ་རྫོགས་པའི་དབུ་གཙུག་ཏུ། མ་ཧཱ་གུ་རུ་ཐོད་ཕྲེང་རྩལ་སྐུ་མདོག་དམར་ནག་ལྕགས་ཀྱུ་དང་ཞགས་པ་འཛིན་པ་དབུ་གཙུག་ཏུ་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར་ཞིང་གཟི་བྱིན་ཉི་མ་འབུམ་གྱི་རང་བཞིན་ལྟར་གསལ་བར་མོས་ལ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ཀྱི་རྒྱུན་བཤགས་བྱ། སློབ་དཔོན་ལ་མོས་གུས་དུང་པ་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སློབ་མའི་ལུས་ལ་ཕོག་པས་ཕུང་ཁམས་སྐྱེ་མཆེད་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས། མི་དམིགས་པའི་ངང་ལས་དཔལ་ཆེན་རྟ་མགྲིན་དུ་སྔར་ལྟར་གསལ་བཏབ། གནས་གསུམ་བརླབ། ཡེ་ཤེས་པ་དགུག་བསྟིམ་སྤོས་རོལ་བྱ། གཉེན་པོའི་དབང་ལ་ཡང་སྐུ་གསུང་ཐུགས་ཀྱི་བྱིན་རླབས་གསུམ་ལས། དང་པོ་སྐུ་ཡི་བྱིན་རླབས་ནི། གཏོར་མ་དཔལ་རྟ་མགྲིན་དུ་གསལ་བ་ལས། མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་རང་འདྲའི་སྐུ་གཉིས་པ་མཆེད་དེ་བྱུང་བ་སྤྱི་བོ་ནས་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་དག །སྐུ་རྡོ་རྗེ་འགྲུབ་པའི་ནུས་པ་བཞག་པར་བསམ་ལ། རྟེན་གཏོར་སྤྱི་བོར་བཞག་སྟེ། ཧྲཱི༔ རང་བཞིན་ཆོས་ཀྱི་དབྱིངས་ལས་སྤྲུལ་པའི་སྐུ༔ ཁྲོ་རྒྱལ་རྔམ་པ་དྲེགས་པའི་བདག་པོ་སྟེ༔ རྟ་སྐད་རྔམ་སྒྲོག་བདུད་དང་དམ་སྲི་འདུལ༔ ཧ་ཡ་གྲཱི་ཝའི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བརྗོད་ཅིང་སྤོས་རོལ་བྱ། གཉིས་པ་གསུང་གི་བྱིན་རླབས་ནི། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ་བས་གསུང་གི་བྱིན་རླབས་རྣམས་སྔགས་ཀྱི་ཕྲེང་བ་ཁ་དོག་དམར་པོ་རང་སྒྲ་སྒྲོག་བཞིན་དུ་བྱུང་བ་མགྲིན་པ་ནས་ཐིམ་པས་ངག་གི་སྡིག་སྒྲིབ་དག །གསུང་རྡོ་རྗེ་འགྲུབ་པའི་ནུས་ལྡན་དུ་གྱུར་པར་བསམ་ལ། སྔགས་ཀྱིས་བཏབ་པའི་མེ་ཏོག་དམར་པོ་གཏོར་ཞིང་། ཧྲཱི༔ གསང་སྔགས་རྒྱལ་པོ་ཧུ་ལུའི་སྒྲ་དང་ལྡན༔ འབད་པར་ཞུགས་ན་དངོས་གྲུབ་མྱུར་དུ་སྟེར༔ སངས་རྒྱས་གསུང་མཆོག་འདུས་པ་དཔལ་གྱི་ཐུགས༔ ཡང་དག་སྔགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ རྩ་སྔགས་ཀྱི་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ སྤོས་རོལ་བྱ། གསུམ་པ་ཐུགས་ཀྱི་བྱིན་རླབས་ནི། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ་བས་ཐུགས་ཀྱི་བྱིན་རླབས་རྣམས་ཕྱག་མཚན་ཕུར་བུ་དང་དབྱུག་ཏོ་ལ་སོགས་པའི་རྣམ་པར་བྱུང་སྟེ། སྙིང་ག་ནས་ཐིམ་པས་ཡིད་ཀྱི་སྡིག་སྒྲིབ་དག །ཐུགས་རྡོ་རྗེ་འགྲུབ་པའི་ནུས་ལྡན་དུ་གྱུར་པར་བསམ་ལ། ཕུར་བུའམ་དབྱུག་ཏོ་སྙིང་ཁར་གཏུག་ཅིང་ལག་ཏུ་གཏད་ལ། ཧྲཱི༔ ཡེ་ཤེས་རིག་པ་བྱང་ཆུབ་སེམས་ཀྱི་དབང༔ ཉོན་མོངས་མཐར་བྱེད་རྟ་མཆོག་འགྲོ་བའི་ཤུགས༔ རང་བཞིན་ཡོན་ཏན་འབུམ་གྱི་གཏེར་མངའ་བ༔ མི་གནས་ཐུགས་ཀྱི་ཡེ་ཤེས་དབང་ཐོབ་ཤོག༔ རྩ་སྔགས་མཐར་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་ཅིང་སྤོས་རོལ་བྱ། དེ་དག་ནི་གཉེན་པོའི་ལྷ་དབང་བསྐུར་བ་ཡིན་ནོ། །དེ་ནས་དྲེགས་པའི་སྲོག་དབང་དངོས་ལའང་། སྐུ་གཏོར་མ། གསུང་བླ་རྡོ། ཐུགས་ཕྱག་མཚན་ལ་བརྟེན་ནས་སྲོག་གཏད་པ་གསུམ་ལས། དང་པོ་སྐུ་གཏོར་མ་ལ་བརྟེན་པ་ནི། མདུན་གྱི་གཏོར་མ་འདི་ཉིད་བཙན་ཡུལ་ཟངས་ཐང་དམར་པོ་སོགས་སྔར་བཞིན་གནོད་སྦྱིན་འཁོར་བཅས་སུ་བསྐྱེད་པ་དམིགས་པ་རྒྱས་བསྡུས་ཅི་རིགས་སུ་སྤོད་ནས། དེ་ལྟར་དབང་དྲག་རོལ་པའི་ཕོ་བྲང་སྡེ་བརྒྱད་རྦ་ཀློང་འཁྲུགས་པའི་རྟེན་མཁར་གྱི་ནང་དུ་དམ་ཅན་རྒྱ་མཚོའི་ཚོགས་ཁྲ་ལམ་མེར་བཞུགས་པ། ཁྱེད་རང་རྟ་མགྲིན་དུ་གསལ་བའི་ལག་ཏུ་གཏད་པས་དྲེགས་པ་འཁོར་བཅས་གུས་འདུད་དང་བཅས་པས་དམ་ལ་གནས་པར་མོས་ལ། གཏོར་མ་ལག་ཏུ་གཏད་དེ། ཀྱེ༔ སྐུ་མཁར་དམར་པོ་ལྡེམས་སེ་ལྡེམ༔ རྩེ་ལ་འུག་པ་ལྡིངས་སེ་ལྡིང༔ བཞུགས་པའི་རྟེན་དུ་བུ་ལ་གཏད༔ དྲེགས་པ་རྟག་ཏུ་གནས་པར་ཤོག༔ རཀྴ་མ་དྷ་ལ་ཧཱུྃ་སྭཱ་ཧཱ། ཆོས་འཁོར་ཡོངས་ཀྱི་སྲུང་མ་ལྷ་བཙན་དགྲ་བླའི་རྒྱལ་པོ་ཙིའུ་དམར་པོ། སྤྲུལ་པ་སྐུ་ལ་ཞལ་གྱི་ལྷ་བཙན། རྩལ་ཐོག་རྒྱུག་གི་གྲི་བཙན། རྡོ་རིང་དམར་པོའི་གྲིབ་བཙན། ཀང་ཀ་ཐོད་ནག་བདུད་བཙན། རཱ་ཙ་གོང་སྔོན་གྱི་ཀླུ་བཙན། གྲོ་ཤོད་བོད་ཀྱི་སྒང་དམག་རྗེ། ཡང་སྤྲུལ་སྲིད་གསུམ་འབྱུང་པོའི་ཚོགས་དང་བཅས་པ་ཁྱེད་རྣམས་ཀྱིས། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་པདྨ་དབང་ཆེན། སྤྲུལ་སྐུ་པདྨ་ཐོད་འཕྲེང་། རིག་འཛིན་པདྨ་དབང་རྒྱལ། འབྲི་ཁུང་རིན་ཆེན་ཕུན་ཚོགས། བསྟན་པའི་འབྱུང་གནས་རྒྱལ་སྲས་ཀུན་བཟང་། རིན་ཆེན་དར་རྒྱས། གསང་བདག་འཕྲིན་ལས་ལྷུན་གྲུབ། །ཟུར་ཆོས་དབྱིངས་རང་གྲོལ། ཀུན་མཁྱེན་རྡོ་རྗེ་ཐོགས་མེད། རིག་འཛིན་འགྱུར་མེད་རྡོ་རྗེ་ལ་སོགས་པ་རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་ཞེས་སོགས་ཀྱི་བཀའ་བསྒོ་རྒྱས་བསྡུས་ཅི་རིགས་བྱ། གཉིས་པ་གསུང་བླ་རྡོ་ལ་བརྟེན་པ་ནི། མདུན་བསྐྱེད་དྲེགས་པའི་སྲོག་གི་སྙིང་པོ་ཏྲི་ཡིག་དམར་ནག་སྲོག་སྔགས་དང་བཅས་པའི་རྣམ་པར་བྱུང་བ་ཁྱེད་རང་རྟ་མགྲིན་དུ་གསལ་བའི་སྙིང་གའི་ཧཱུྃ་གི་ཞབས་ཀྱུ་ལ་སིབ་ཀྱིས་ཐིམ་པས་དབྱེར་མེད་དུ་འདྲེས་ཤིང་དྲེགས་པའི་སྲོག་དབང་དུ་འདུས་པར་མོས་སུ་བཅུག་ལ། བླ་རྡོ་མགྲིན་པར་བཞག་ཅིང་ལག་ཏུ་གཏད་ལ། བླ་རྡོ་སྲོག་འཁོར་གསང་བའི་སྔགས༔ མདའ་ཡི་ཤུགས་དང་ཐོག་ལྟར་མྱུར༔ འབོད་རྦད་རྟེན་དུ་བུ་ལ་གཏད༔ རྟག་ཏུ་སྲོག་རྒྱུད་འབྲེལ་བར་ཤོག༔ ཨོཾ་རཀྴ་རཀྴ་སྙིང་ལ་ཧཱུྃ་ཧཱུྃ༔ ཤུ་ལ་གྲཱི་ཝ་ཏྲི་ཤུ་ལ་ཧྲཱིང་ཧྲཱིང་ཛཿཛ༔ ཞེས་བརྗོད། གསུམ་པ་ཐུགས་ཕྱག་མཚན་ལ་བརྟེན་པ་ནི། དྲེགས་པའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། སྲིད་གསུམ་དྲེགས་པའི་མཐུ་ནུས་ཐམས་ཅད་གཅིག་ཏུ་བསྡུས་ཏེ། མདུང་ཞགས་ལ་བསྟིམས་པ་གནོད་སྦྱིན་བྲན་འབངས་དང་བཅས་པ་རྣམས་ཀྱི་གུས་པ་ཆེན་པོས། རང་རྟགས་ཀྱི་ཕྱག་མཚན་དངོས་གྲུབ་ཏུ་ཕུལ་བས་དྲེགས་པ་བྲན་དུ་འཁོལ་བས། ལས་བཞིའི་ཕྲིན་ལས་སྒྲུབ་པའི་མཐུ་སྟོབས་ཐོགས་མེད་དུ་གྱུར་ཅིང་བསྟན་པ་སྲུང་བའི་ལག་ཆར་བཅངས་པར་མོས་སུ་བཅུག་ལ་མདུང་དམར་གཡས་དང་ཞགས་པ་གཡོན་དུ་གཏད་ལ། མི་འབྲལ་སྲོག་གི་དམ་ཚིག་ནི༔ མདུང་དམར་ཞགས་པ་བཙན་གྱི་ཆས༔ པདྨ་དབང་ཆེན་དམ་ཚིག་ལྡན༔ ཕྲིན་ལས་རྟེན་དུ་བུ་ལ་གཏད༔ རཀྴ་ཀརྨ་ཛ་བྷྱོ་རྦད༔ ཅེས་བརྗོད་ཅིང་མདུང་ཞགས་གཡས་སུ་བཅུག །སྤོས་དཀར་གསུར་དུད་རྔ་གླིང་རོལ་མོའི་སྒྲ་སྒྲོག་པ་སོགས་བྱ། དེས་གནོད་སྦྱིན་ཆེན་པོ་ཡ་བ་རྐྱ་བདུན་གྱི་སྲོག་གཏད་ཀྱི་རིམ་པ་བརྒྱུད་ལྡན་བླ་མའི་ཕྱག་བཞེས་བཞིན་དུ་རྫོགས་པར་གྲུབ་པ་ཡིན་པས། དེང་ནས་གཟུང་སྟེ་སྲུང་མའི་དབང་པོ་འདི་ཉིད་ཀྱི་ཕྱི་ནང་གསང་བའི་རྟེན་ཚོགས་པའི་སྒོ་ནས་བསྟེན་གསོལ་མཆོད་པའི་ལས་ལ་འབད་ཅིང་། དེ་ཡང་དྲེགས་པ་རང་སེམས་ལས་ལོགས་སུ་མེད་པར་ཤེས་པའི་སྒོ་ནས་གནས་ལུགས་ཀྱི་ལྟ་བའི་གདེངས་དང་ལྡན་པ་གཅེས་ཏེ། བཙན་བདུད་རོལ་པ་རྐྱ་བདུན་ཡང༔ རང་ལས་བྱུང་བའི་སྤྲུལ་པར་སྣང༔ གཉིས་མེད་དོན་དམ་གཅིག་ཏུ་རྫོགས༔ རང་གི་སེམས་སུ་ཤེས་པར་བྱ༔ ཞེས་གསུངས། རྟ་དམར་དང་རྐྱང་གི་ཤ་མི་ཟ། བཙུན་པ་བསད་པའི་གོས་མི་བགོ །ཡུགས་ས་མོ་དང་མིང་སྲིང་ལ་མི་སྤྱོད། མཚོན་ཆ་མི་འགོང་། བཙན་གནོད་པའི་ཕྱོགས་ལ་བརྔན་སྦྱིན་པ་སོགས་མཐུན་འཇུག་གིས་རྟེན་འབྲེལ་དྲག་སྤྱོད་མི་བྱ། སྤྱང་ཀི་དང་། བྱ་རོག་ལ་མི་བརྡེག །ཐབ་གཞོབ་མི་གཏོང་། ལོ་ཟླ་དུས་ཀྱི་གཏོར་མ་མ་ཆག་པ་དང་། ཁྱད་པར་ཉ་སྟོང་ལ་གསོལ་བ་ཤིན་ཏུ་གཅེས་ཤིང་། ལེན་སྤོང་བགྱིས་ན་སྲུང་མ་རང་གཤེད་དུ་བབ་པར་འགྱུར་ཏེ། རྒྱུད་ལས། སྤྱོད་དང་དམ་ཚིག་རིམ་པ་ནི༔ རྫུ་འཕྲུལ་ཤུགས་ཀྱི་མཾ་ས་སྤང༔ གོ་ལོག་གཙོ་བོ་མི་བགོ་སྟེ༔ དྲེད་སྟག་སྟན་དུ་མི་འདིང་ངོ༔ རྣོ་དབལ་སྔགས་ཀྱི་ངར་མི་གསད༔ རང་གི་ཞེ་སྡང་ལམ་མི་དགག༔ གཡུ་ཡི་ཚེ་ལོ་མདའ་མི་བཅག༔ བརྡ་ཡི་སོལ་བ་རླུང་མི་སྐུར༔ ན་བུན་རླངས་པ་སྔོ་མི་གཏང༔ ཁས་བླངས་དུས་ལས་ཡོལ་མི་བྱ༔ རྟ་མེད་ན་ནི་བཀོལ་མི་གཏུབ༔ དམ་ཚིག་མི་བསྲུང་བྱིན་རླབས་རྡུགས༔ ལྷ་བསྙེན་མ་བྱས་རང་ལ་ལྡོག༔ ཅེས་དང་། ལེན་སྤོང་བྱས་ན་རང་སྲོག་གཅོད༔ མཆོད་པ་ཡོལ་ན་གོད་ཁ་གཏོང༔ ཞེས་གསུངས་པའི་དམ་ཚིག་གི་གནས་ལ་བརྩོན་པར་བསྒྲག་ཅིང་། གཙོ་བོས་ཇི་ལྟར་སོགས་ཀྱི་ཁས་བླང་། གཏང་རག་གི་མཎྜལ་འབུལ་བ་སྤྱི་དང་འདྲ་ཞིང་། མདུན་བསྐྱེད་ཀྱི་རྗེས་ཆོག་ནི་གོང་དུ་བསྟན་པ་བཞིན་ནོ། །བསྟན་སྲུང་གནོད་སྦྱིན་ཡ་བ་རྐྱ་བདུན་གྱི། །སྒྲུབ་ཐབས་སྲོག་གཏད་ཚིག་ཉུང་དོན་གསལ་འདི། །རང་དང་སྐལ་མཉམ་འགྲོ་ལ་ཕན་ཕྱིར་དུ། །རིན་ཆེན་རྣམ་པར་རྒྱལ་བས་བྲིས་པ་འོ།་་་སྨིན་གླིང་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་གསུང་ངོ་།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).