Terdzo-TI-005

From Rinchen Terdzö

སྲིད་ཞིའི་དྭངས་བཅུད་རིག་འཛིན་དགོངས་བཅུད་ཀྱི༔ བསྟན་སྲོག་ཌཱ་ཀིའི་སྙིང་བཅུད་ཐིག་ལེ་ཡི༔ བསྟན་སྲུང་རྡོ་རྗེའི་མེ་རླུང་འཁྲུགས་པའི་ངར༔ དྲག་སྔགས་ལས་ཀྱི་ཐོག་རྒོད་འདིར་

srid zhi'i dwangs bcud rig 'dzin dgongs bcud kyi:_bstan srog DA ki'i snying bcud thig le yi:_bstan srung rdo rje'i me rlung 'khrugs pa'i ngar:_drag sngags las kyi thog rgod 'dir

by  ལྷ་བཙུན་ནམ་མཁའ་འཇིགས་མེད་ (Lhatsun Namkha Jikme)
revealed by  ལྷ་བཙུན་ནམ་མཁའ་འཇིགས་མེད་ (Lhatsun Namkha Jikme)
in cycle  རྩ་གསུམ་རིག་འཛིན་སྲོག་སྒྲུབ་ (Rtsa gsum rig 'dzin srog sgrub)
Volume 39 (ཏི) / Pages 47-64 / Folios 1a1 to 9b5

[edit]

ྈ སྲིད་ཞིའི་དྭངས་བཅུད་རིག་འཛིན་དགོངས་བཅུད་ཀྱི༔ བསྟན་སྲོག་ཌཱ་ཀིའི་སྙིང་བཅུད་ཐིག་ལེ་ཡི༔ བསྟན་སྲུང་རྡོ་རྗེའི་མེ་རླུང་འཁྲུགས་པའི་ངར༔ དྲག་སྔགས་ལས་ཀྱི་ཐོག་རྒོད་འདིར་བཞུགས་སོ༔ རྩ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ སྲོག་སྒྲུབ་ཡང་གསང་ཆོས་སྲུང་སྡེ་བཞིའི་སྐོང་གསོ་ཉུང་ངུར་བསྡུས་པ་ནི། དག་པའི་མཁའ་སྤྱོད་ཆེན་པོ་དེ་ཉིད་ཀྱི་འཁོར་ཡུག་ཏུ། ཨེ་ཀ་ཛཱ་ཊི་དང་རྡོ་རྗེ་ལེགས་པའི་སྤྲུལ་པ་དགེ་བསྙེན་དང་བུད་མེད་གཞོན་ནུ་མའི་ཆ་བྱད་དུ་ཞུགས་པའི་སྐྱེས་བུ་ཞིག་གིས་རང་སྣང་དག་པའི་འཁོར་ལོ་ཇི་ལྟར་བཀོད་པ་བཞིན་ལས། རྒྱུད་གཞན་ལ་བརྟེན་པ་ནི་མེད་པས་དག་སྣང་ཁོ་ན་ཉིད་དོ། །འདིར་ཐོག་མར་བཅའ་གཞི་ལ། ཤར་དུ་ཀླུ་བདུད་མུན་པ་ནག་པོའི་གཏོར་མ་གྲུ་གསུམ་སྨད་སྦྲུལ་སྔོ་དམར་གྱིས་དཀྲིས་པ། བར་སྡིག་པ་ནག་པོ། རྩེ་མོ་ཁྱུང་གདོང་མེ་རི་མེ་ཕུང་གི་སྤྲས་པའི་འཁོར་དུ། སྲིད་པའི་ས་བདག་རྗེ་བློན། བསྡུ་ན་དཔལ་མགོན་བདུན་ཅུ། དེ་ཡང་བསྡུ་ན་སྡེ་བརྒྱད་ཀྱི་གཏོར་མ་ཚར་རེས་བསྐོར་བ་དང་། ལྷོ་རུ་སྲིན་པོ་ལངྐ་མགྲིན་བཅུ། སྲིན་མཁར་མི་མགོས་བརྒྱན་པའི་རྩེ་མོར་དཔལ་བཤོས་ཟུར་གསུམ་རྟ་ཕག་གི་དབུ་ཅན་མེ་རི་མེ་ཕུང་། དབྱུག་ཐོ། བེ་ཅོན། གྲི་ཁུག་གིས་བརྒྱན་པ་ལ། འཁོར་དཔའ་བོ་ཌཱ་ཀི་གཤིན་རྗེ་ལས་བྱེད་ཤ་ཟ་གིང་ཆེན་སོགས་ཀྱིས་བསྐོར་བ། ནུབ་ཏུ་ཤ་ཟ་ཁྲག་རལ་མ་ལ་ཆོས་འབྱུང་བསྣོལ་མའི་སྟེང་དུ་དཔལ་གཏོར་ཟུར་གསུམ། ཞིང་དབྱུག་རྒྱུ་ཞགས་ཀྱིས་མཚན་པ་འཁོར་མ་མོ་འབུམ་སྡེ། བྱང་དུ་ཤན་པ་སྤུ་གྲི་དམར་པོ་ལ་མཁར་ཐབས་ར་མགོས་མཚན་པ། འཁོར་སྐྱེས་བུ་སུམ་བརྒྱ་དྲུག་ཅུ་ལ་ཟུར་གསུམ་ཁྲག་ཀོང་གིས་མཚན་པ། ཐམས་ཅད་ལ་ཤ་ཚར་དར་རྩང་ཡུངས་དཀར་ལིངྒ་སྙིང་སྣ་དབང་པོའི་རྒྱལ་མཚན། ཁོག་ཆེན་གྱི་འཕན་གདུགས་སོགས་འཇིགས་ཤིང་རྔམ་པར་བརྒྱན་བྱས་ལ། སྤྱན་གཟིགས་རྟེན་རྫས་རྣམས་བཀྲམ། ཞི་རྒྱས་དབང་དྲག་གི་མཆོད་པ་མི་ཟད་པ་བཤམས་ལ། སྟན་བདེ་བ་ལ་འདུག་སྟེ་ལས་བྱང་ཆེན་མོའམ་ཚེ་སྒྲུབ་ཀྱི་གཞུང་བསྲངས། ཏིང་འཛིན་གྱི་ངར་དང་ལྡན་པས་འདི་སྐད་དོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ གདོད་གཞི་ཆོས་དབྱིངས་ཐིག་ལེ་ཆེན་པོའི་སྦུབས༔ རབ་འབྱམས་དཀྱིལ་འཁོར་རྫོགས་པའི་རིགས་བདག་གཙོ༔ ལྷུན་གྲུབ་རིག་པ་འཛིན་པའི་དྲང་སྲོང་ཚོགས༔ ཉོན་མོངས་སྡེ་བརྒྱད་སྲིན་པོ་འདུལ་བའི་ཕྱིར༔ རང་སྣང་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་བཞེངས༔ སྤྲུལ་པ་བཀའ་སྲུང་དམ་ཅན་ལས་བྱེད་ཚོགས༔ ཕྱག་རྒྱ་ཆེན་པོའི་དབྱིངས་སུ་བྱང་ཆུབ་ནས༔ འགྱུར་མེད་འོད་གསལ་སྙིང་པོའི་བསྟན་པ་སྲུང༔ ཐབས་ཤེས་དྭངས་མ་སྙིང་རྗེ་རོ་གཅིག་ཀྱང༔ བརྩེ་བས་ཁྲོས་པའི་རྔམ་བརྗིད་མི་བཟད་པ༔ སྣ་ཚོགས་སྒྱུ་མའི་ཕྱག་རྒྱར་ཤར་བ་ནི༔ གཞོམ་མེད་རྡོ་རྗེ་དབྱིངས་ཀྱི་སྙིང་རྗེས་བརྒྱན༔ སྐད་ཅིག་དྲན་རྫོགས་རྔ་ཡབ་གླིང་གི་དབུས༔ གཏོར་ཚོགས་པདྨ་འོད་དང་དུར་ཁྲོད་བརྒྱད༔ སྡེ་བརྒྱད་འདུལ་བའི་བཤན་ར་ཆེན་པོའི་དབུས༔ སྤྲུལ་པ་སྲིན་པོའི་དྲང་སྲོང་ཆེན་པོ་བཞི༔ ཤར་དུ་རྡོ་རྗེ་གློག་གི་ཤུགས་ཅན་དང༔ ལྷོ་རུ་ཟིལ་གནོན་འཆི་བདག་གཤིན་རྗེའི་དབང༔ ནུབ་ཏུ་དམར་ནག་སྐྱེ་འགྲོའི་སྲོག་གི་བདག༔ བྱང་དུ་མི་བཟད་ལས་ཀྱི་དབང་པོ་སོགས༔ རཀྴ་ཁྲོས་ཚུལ་ཨ་ར་སྨིན་མ་དང༔ རལ་པའི་ཐོད་བཅིངས་རུས་རྒྱན་རིན་ཆེན་དང༔ སྟག་ཤམ་མི་ལྤགས་གཡང་གཞིའི་གདན་སྟེང་དུ༔ རིགས་ལྔའི་སྐུ་མདོག་རྐང་གླིང་བེ་ཅོན་དང༔ ལྕགས་ཀྱུ་སྤུ་གྲི་འབར་བའི་ཕྱག་མཚན་གཡས༔ གཡོན་གྱི་སྡིགས་མཛུབ་གཟིགས་སྟངས་ཕྱེད་སྐྱིལ་བཞུགས༔ དེ་དག་སོ་སོའི་ཐུགས་ཀའི་ཧཱུྃ་ཉིད་ལས༔ འབར་བའི་སྐུ་མཆོག་ལས་ཀྱི་ཚེ་སྲོག་བདག༔ ཤར་དུ་ཕུཿལས་ཀླུ་བདུད་མུན་པ་ནག༔ རུས་སྦལ་གུར་ཁང་བརྩེགས་པའི་གཞལ་ཡས་སུ༔ སྐུ་སྨད་སྦྲུལ་ལ་སྐུ་རྐེད་སྡིག་པའི་གཟུགས༔ དབུ་དགུ་ཕྱག་དྲུག་གྲི་གུག་སྦྲུལ་ཞགས་འཛིན༔ ཁྱུང་གི་གཙུག་རྒྱན་རྡོ་རྗེ་འབར་བའི་གསེབ༔ དམར་སེར་དབུ་སྐྲ་བསྐལ་པའི་མེ་འབར་ཞིང༔ ཕྱག་ཞབས་སྦྲུལ་རིགས་ལྔ་དང་མི་མགོ་ཡི༔ ཐོད་པ་སྐམ་རློན་རྒྱན་ཕྲེང་དུར་ཁྲོད་ཆས༔ ཡོངས་རྫོགས་སྤུ་གྲི་གཤོག་པའི་རྩེ་མོ་ནས༔ གཟའ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད་ཀྱིས་བསྐོར༔ ལོ་ཟླ་ཞག་དུས་ཚེས་ཀྱི་ས་བདག་དང༔ རྗེ་བློན་སྣང་སྲིད་སྡེ་བརྒྱད་དྲེགས་པའི་ཚོགས༔ སྤར་སྨེའི་གུར་ཕུབ་དུད་རླུང་མེ་ཕུང་དང༔ ཐོག་སེར་མཚོན་ཆ་འཁྲུགས་པའི་དབུས་ཉིད་དུ༔ སྐྱེས་ཆེན་སྒྲུབ་མཆོག་སྐྱོང་དང་བསྟན་བསྲུང་ཕྱིར༔ ཁྲག་གི་རྒྱ་མཚོའི་ཀློང་དུ་གསལ་བར་བསྐྱེད༔ ལྷོ་རུ་ཡཿལས་ཤ་ཟན་སྤུ་གྲི་ནི༔ སྲིན་པོ་ལངྐ་མགྲིན་བཅུ་དུར་ཁྲོད་བདག༔ ཁྲོ་རྒྱལ་ཆ་ལུགས་དབུ་དགུ་ཕྱག་དྲུག་པ༔ ཨེ་ཀ་ཙཱ་ཏི་ཡུམ་དང་གཉིས་མེད་དུ༔ གསོད་བྱེད་གྲི་གུག་དགྲ་བོའི་སྙིང་དམར་འཆང༔ གཡས་གསུམ་ལྕགས་ཀྱུ་དགྲ་སྙིང་གློག་ཞགས་དང༔ གཡོན་གསུམ་བེ་ཅོན་ལྕགས་སྒྲོག་ཐོད་ཁྲག་འཛིན༔ ཞབས་བཞི་བདུད་དང་རུ་དྲ་བསྣོལ་བའི་སྟེང༔ དཔལ་ཆེན་དུར་ཁྲོད་ཆས་རྣམས་རྫོགས་པ་ཡི༔ སྐུ་ལས་བསྐལ་པའི་མེ་ཕུང་དུད་སྤྲིན་དང༔ གནམ་ལྕགས་མཚོན་ཆར་འཁྲུགས་པའི་དབུས་ཉིད་དུ༔ ཕྱི་ནང་གསང་བའི་སྲིན་པོ་སྡེ་བརྒྱད་དང༔ ཁྱད་པར་ལས་བྱེད་གཤིན་རྗེ་ཚེ་སྲོག་བདག༔ ཆོ་འཕྲུལ་ལས་ལ་དབང་བའི་ཕོ་ཉ་རྣམས༔ དྲག་སྔགས་མཐུ་ཡི་བདག་པོར་གཏུམ་འཇིགས་ལ༔ ཟ་གསོད་སྒྲོལ་བྱེད་གིང་བཤན་འབུམ་ཕྲག་སོགས༔ སྲིད་ཞིའི་རང་བཞིན་དབྱིངས་དང་རྡུལ་ཕྲན་ཁྱོན༔ ཏིང་འཛིན་སྔགས་དང་དམིགས་པ་ལས་ཀྱི་མཚོན༔ ཞིང་བཅུ་འགུགས་ཤིང་སྒྲོལ་བའི་ཤན་པ་རྣམས༔ བཤད་སྒྲུབ་བསྟན་པ་བསྲུང་ཕྱིར་གསལ་བར་བསྐྱེད༔ ནུབ་ཏུ་བྷྱོཿལས་ཤ་ཟ་ཁྲག་རལ་མ༔ ཁྲག་མཚོའི་དབུས་ནང་དུག་ལྔའི་རླུང་དམར་ཁྲོད༔ འཇའ་ཚོན་གློག་གི་སྤྲིན་ཕུང་ན་བཟའ་ཅན༔ འོད་ཀྱི་འཁོར་ལོ་མ་མོ་འབུམ་ཕྲག་རྣམས༔ བ་སྤུ་སྐྲ་རྩེ་མེ་ལྕེ་བསིལ་བའི་ཁྲོད༔ ཉེར་བཞི་དུར་ཁྲོད་ཌཱ་ཀིའི་ཚོམ་བུར་འབར༔ གྲུ་གསུམ་ཞལ་གདངས་སྤྱན་གསུམ་ཁྲག་མཚོར་ཁོལ༔ མཆེ་གཙིགས་ལྗགས་ཀྱི་གློག་དམར་སྟོང་གསུམ་འཁྲུགས༔ ཞིང་དབྱུག་རྒྱུ་མའི་ཞགས་པ་གཡུག་ཅིང་འཕྱོ༔ སྐད་ཅིག་སྟོང་གསུམ་བསྐོར་བའི་རྫུ་འཕྲུལ་ཅན༔ ཉམས་དགྲ་ཟས་སུ་ཟ་བའི་མགོན་དུ་བཞུགས༔ འཁོར་རྣམས་ཆ་ལུགས་གཙོ་མོ་ཡུམ་དང་མཐུན༔ སྐམ་རློན་ཐོད་པ་སྦྲུལ་གྱི་ག་ཤལ་བརྒྱན༔ སྤྱི་བོར་ཕག་རྒོད་གནམ་ལྕགས་ཟེ་བ་ཅན༔ རབ་འཇིགས་གསང་གསུམ་སྲིད་ཞིའི་སྲོག་དབུགས་བདག༔ སྒྲུབ་བརྒྱུད་བསྟན་པ་སྲུང་བའི་བྱ་ར་མཛད༔ བྱང་དུ་སཿལས་ཤན་དམར་སྤུ་གྲི་དབང༔ དུར་ཁྲོད་རོ་གླིང་ཤ་ཁྲག་སྤུངས་པའི་དཀྱིལ༔ སེང་གེའི་སྟེང་ན་རབ་འགྱིང་ཁྲོ་བོའི་ཆས༔ གར་དགུར་འོད་འབར་ཐོ་ཆེན་སྦུད་པ་འཛིན༔ ཡེ་ཤེས་རླུང་གིས་སྟོང་གསུམ་མཚན་མ་གཏོར༔ རང་སེམས་ཞུས་ལ་འདེབས་པའི་མགར་བ་ནག༔ སྐྱེས་བུ་སུམ་བརྒྱ་དྲུག་ཅུའི་གཙོ་བོ་ཁྱོད༔ སྡེ་བརྒྱད་ལས་ལ་སྐུལ་བའི་དམག་དཔོན་ཁྱོད༔ མཐུ་རྩལ་མེ་ལས་ཚ་བའི་བསྟན་སྲུང་ཁྱོད༔ དབུ་ལ་སྨྱུག་ཞྭ་མེ་ལོང་རྨ་བྱའི་མདོངས༔ ཉི་ཟླས་བརྒྱན་པའི་འོད་ཀྱིས་ནམ་མཁའ་འགེངས༔ ཕྱི་འཁོར་འཛམ་གླིང་གཞི་ཡི་བདག་པོ་དང༔ དགེ་བསྙེན་བརྟན་མ་གཙང་རིས་དཔལ་མགོན་པོ༔ ཁྱོད་ནི་ལས་བྱེད་ཕོ་ཉའི་སྤྲུལ་པ་རུ༔ རྒྱལ་ཀུན་ནུས་དབང་རྫོགས་པའི་མཐུ་སྟོབས་བདག༔ དམ་ཉམས་དགྲ་བོའི་སྲོག་དབུགས་མགྲོན་དུ་བཞུགས༔ སྤྱན་འདྲེན་ནི༔ ཧཱུྃ༔ ལྷ་ཚོགས་ཀུན་གྱི་སྐུ་གསུང་ཐུགས་ཡིག་ལས༔ སྲིད་ཞིའི་ཁམས་ཀུན་ཁྱབ་པའི་འོད་ཟེར་འཕྲོས༔ སྣང་སྲིད་སྣང་བ་རབ་འབྱམས་རྒྱལ་བའི་སྐུ༔ དམ་ཚིག་པ་ལྟར་ཤིག་ཤིག་ཡོམ་ཡོམ་དུ༔ ཚུར་བྱོན་གཉིས་མེད་ཐིམ་པས་དབང་བཞི་རྫོགས༔ རིགས་ཀྱི་བདག་པོ་ཀུན་གྱིས་དབུ་བརྒྱན་གྱུར༔ དོན་དབང་དགོངས་བཅུད་རིག་འཛིན་འདུས་པའི་སྲོག༔ པདྨ་འབྱུང་གནས་དགོངས་པ་སྐྱེ་མེད་ཨ༔ ཧཱུྃ་བཛྲ་ཕེ་ལཾ་ས་མ་ཡ་ཛཿཛ༔ ཧཱུྃ་བཛྲ་ཡ་མ་རཱ་ཙ་ས་མ་ཡ་ཛཿཛ༔ ཧཱུྃ་བཛྲ་ཏྲཀ་རཀྴ་ས་མ་ཡ་ཛཿཛ༔ ཧཱུྃ་བཛྲ་སཱ་དྷུ་ས་མ་ཡ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ བསྒྲལ་མཆོད་ནི། ལིངྒ་བཤམས་ཏེ། བདག་ཉིད་ཏིང་འཛིན་གསལ་བས༔ ཧཱུྃ༔ ལྷ་ཚོགས་ཀུན་གྱི་ཐུགས་ཀའི་ཨེ་འཕྲོ་འདུས༔ ཟུར་གསུམ་བྲུབ་ཁུང་གཏིང་དོག་ཁ་ཁྱེར་ཡངས༔ མནར་མེད་སྲིད་ཞི་ཡོངས་ཁྱབ་ཁྱོན་ཆེན་པོ༔ དུག་ལྔ་དུག་གསུམ་འདུས་པའི་ཚ་གྲང་འཐབ༔ འོག་ནས་འདོད་ཆགས་ཁྲག་གི་རྒྱ་མཚོ་ཁོལ༔ སྟེང་ནས་གཏི་མུག་མུན་པས་གནམ་ས་ཁེབས༔ ང་རྒྱལ་བྲག་རི་གཅན་གཟན་མ་རུངས་དང༔ ལས་བྱེད་གཤིན་རྗེའི་ཕོ་ཉ་བུ་ཡུག་འཚུབ༔ ལས་དབང་ནད་མཚོན་བགེགས་དཔུང་མུན་པ་འཐིབས༔ རྔམས་བརྗིད་གཤིན་རྗེའི་ཕོ་ཉ་འཇིགས་ཤིང་སྐྱོ༔ ལྕགས་ཁང་གྲུ་གསུམ་དེ་ཡི་ཕྱི་ཐམས་ཅད༔ འབྱུང་བ་དགྲ་གཤེད་འཐབ་པའི་རང་སྒྲ་དང༔ བསྐྲད་གཟིར་སྨྱོ་རེངས་མཚོན་ཚོགས་བསྒྲལ་མཆོད་རྫས༔ གནམ་ལྕགས་མདའ་རྡོ་མཚེ་ཡུངས་གཏོར་ཟོར་ཁྲམ༔ མ་རུངས་ལས་ལ་གྲུབ་པའི་མཚོན་མང་པོ༔ ཆག་ཆེ་ཉམ་ངའི་རྫས་རྒོད་སྨྱོ་ཐུན་བཅས༔ མི་རྟག་ལས་ཀྱིས་འདུས་པའི་ས་འདི་རུ༔ དུས་གསུམ་དངོས་བརྒྱུད་གནོད་བྱེད་དགྲ་དང་བགེགས༔ བྱད་སྔགས་རྦོད་གཏོང་དྲག་པོའི་ལས་བརྩམས་པ༔ གཤེད་མར་གྱུར་ནས་བྱིའུ་ཆུང་ཁྲས་བདས་བཞིན༔ ནག་བྱང་ལ་བཀོད་དམར་བྱང་ཕྲེང་བར་དཀྱུས༔ གཟུགས་བྲིས་བླ་རུས་མིང་དུ་བཀོད་པ་འདིར༔ ཡེ་ཤེས་པ་དང་འཇིག་རྟེན་ལས་ལ་གྲུབ༔ ཐམས་ཅད་འོད་གསལ་དབྱིངས་ཀྱི་ཐིག་ལེ་གཅིག༔ ཡིན་ཡང་མ་རིག་འཁོར་བར་གཏིང་འཁྱམས་པའི༔ ད་ལྟ་བསྒྲལ་བའི་ཞིང་བཅུར་ཚང་བ་རྣམས༔ མ་བསྒྲིབས་ཡེ་ཤེས་སྤྱན་གྱིས་སྲིད་ཞིའི་ཁམས༔ ས་ལེར་གཟིགས་ནས་སྙིང་རྗེའི་དཔུང་ཁྲོས་པའི༔ ཧཱུྃ༔ ཤར་ནས་ཀླུ་བདུད་མུན་པ་ནག་པོ་ལ༔ སྣང་སྲིད་ས་བདག་ཀླུ་གཉན་སྡེ་བརྒྱད་བཅས༔ ལས་མཁན་ཕོ་ཉ་དྲག་པོའི་དཔུང་རྣམས་བསྐུལ༔ དངོས་བརྒྱུད་དུས་གསུམ་དགྲ་བོའི་བླ་སྲོག་ཁུག༔ ཧཱུྃ༔ ལྷོ་ནས་ཞེ་སྡང་སྲིན་པོའི་དམག་དཔོན་ནི༔ སྲིད་པ་གསུམ་གྱི་གནས་ཡུལ་དུར་ཁྲོད་དུ༔ ལང་ཀ་མགྲིན་བཅུར་གནས་པའི་ཕོ་ཉ་བསྐུལ༔ ཨ་ཏིའི་བསྟན་ལ་དུས་གསུམ་གནོད་བྱེད་བཞེས༔ ཧཱུྃ༔ ནུབ་ནས་བྷྱོཿལས་མ་མོ་ཁྲག་རལ་མའི༔ འབུམ་ཕྲག་ཡངས་པའི་དཔའ་བོ་མཁའ་འགྲོ་དང༔ ལས་བྱེད་སྤྲུལ་པའི་མ་སྲིན་མ་ལུས་བསྐུལ༔ ཟབ་མོ་སྦྱོར་སྒྲོལ་བསྟན་བཤིག་སྒོས་རྒྱུད་ཆོད༔ ཧཱུྃ༔ བྱང་ནས་སྐྱེས་བུ་སུམ་བརྒྱ་དྲུག་ཅུ་དང༔ ཡང་འཁོར་གིང་དང་ཤ་ཟ་ལས་བྱེད་བསྐུལ༔ སྨྱོ་རེངས་འཇིག་རྟེན་སྲིད་པའི་ལྟས་ངན་གྱིས༔ སྔགས་འཆང་བདག་གི་སྒོས་དགྲ་ཕྱེ་མར་ཐུལ༔ རྒྱུགས་ཤིག་ཡེ་ཤེས་སྤྲུལ་པའི་ཕོ་ཉ་རྣམས༔ རང་རང་གཤེད་དང་ལས་ཀྱི་ཤན་པར་གྱུར༔ ཚེ་སྲོག་སྲིད་གསུམ་གར་འདུག་གནས་དེ་ནས༔ ཤར་ནས་རྡོ་རྗེའི་ཕོ་ཉ་དྲུག་ཅུས་ཁུག༔ ལྷོ་ནས་གཤིན་རྗེ་བྱེ་བ་དགུ་ཁྲིས་ཁུག༔ ནུབ་ནས་ནད་གཏོང་མ་མོ་འབུམ་ཁྲིས་ཁུག༔ བྱང་ནས་སྐྱེས་བུའི་ཕོ་ཉ་རྣམས་ཀྱིས་ཁུག༔ སྟེང་ནས་བླ་མ་ཡི་དམ་བདེན་པས་ཁུག༔ འོག་ནས་ཆོས་སྲུང་དམ་ཅན་མཐུ་རྩལ་ཁུག༔ བར་ནས་ལས་དང་ལ་ཡོགས་རྣམ་སྨིན་ཁུག༔ མྱུར་བར་སྔགས་འཆང་བདག་གི་བདེན་པས་ཁུགཿ རིངས་པར་བསྟན་སྲུང་ཕོ་ཉས་ད་ལྟ་ཁུག༔ ཧོཿ དགྲ་བོ་འདི་ཉི་མ་ཕྱོགས་བཞི་མཚམས་བརྒྱད། འབྱུང་བ་ལྔ། སྤར་སྨེ་ལོ་འགྲོས། ཞི་རྒྱས་དབང་དྲག་ལས་དཀར་ནག་གང་གི་གནས་དང་རྟེན་ན་ཡོད་ཀྱང་། སྔོན་ལས་ཀྱི་དབང་དུ་མ་བཞག །སྐྱོབ་བྱེད་མགོན་བརྟེན་གྱི་སྲུང་མ་རྣམས་ཀྱི་སྣང་ངོར་མ་ལུས་པར་སྲུང་བའི་གུར་བཤིག །ད་ལའི་དཀྱིལ་བཅོམ། རི་བོའི་རྩེ། མནར་མེད་ཀྱི་གནས། སྣང་སྲིད་ཀྱི་ཁྱོན་གང་ན་ཡོད་ཀྱང་ལྕགས་ཀྱུས་ཁུག །ཞགས་པས་ཆིངས། ལྕགས་སྒྲོག་གིས་སྡོམས། དྲིལ་བུས་མྱོས། རྫས་རྒོད་ཐུན་ཆར་གྱིས་སྨྱོ་རེངས་འབོག་པར་གྱུར་ཏེ། རང་དབང་མེད་པར་སྡེ་བརྒྱད་ཀྱི་བཤན་ར་ཆེན་པོ་འདིར་ཁུག་ཅིག །ཛཿཛཿ ཧཱུྃ༔ འཇིག་རྟེན་འདི་ན་སྲིད་པའི་མགོ་བརྙན་དང༔ གཏུམ་འཇིགས་མི་བཟད་སྐུ་ནི་ཅིར་ཡང་སྤྲུལ༔ རྣོ་བའི་མཚོན་ཆར་བུ་ཡུག་འཁྲུགས་པའི་དཀྱིལ༔ དམར་ནག་རླུང་དང་ཐོག་རྒོད་ཆེམས་སེ་ཆེམ༔ རྒྱོབ་སོད་བཞེས་སྒྲའི་འབྲུག་སྒྲ་འུ་རུ་རུ༔ སྲིད་ཞིའི་ཆ་ཤས་རྡུལ་ཙམ་མ་ལུས་པ༔ ཉུལ་ནས་དགྲ་བོའི་བླ་སྲོག་དམར་ཙ་རེ༔ བྲིས་པའི་གཟུགས་བརྙན་འདི་ལ་ད་སྟིམས་ཤིག༔ ཧཱུྃ༔ འདས་དང་མ་འོངས་ད་ལྟ་དུས་གསུམ་གྱི༔ སངས་རྒྱས་བསྟན་དགྲའི་རྣམ་ཤེས་ཁུག་ལ་ཤོག༔ དཀོན་མཆོག་ཡོངས་ཀྱི་སྐུ་དགྲ་ཁུག་ལ་ཤོག༔ སྔགས་འཆང་བདག་གི་སྒོས་དགྲ་ཁུག་ལ་ཤོག༔ ཕོ་སྲི་མོ་སྲི་དམ་སྲི་བར་ཆད་བགེགས༔ བདུད་དང་གནོད་བྱེད་འདྲེ་སྲིན་འབྱུང་པོ་དང༔ ཐར་གླིང་རིན་ཆེན་ཞི་བའི་ལམ་སྒོ་བགགས༔ མནར་མེད་ངན་སོང་ལམ་སྟོན་ཀུན་ཁུག་ཅིག༔ དེ་ནས་བསྒྲལ་མཆོད་ནི༔ ཧཱུྃ༔ མདོ་རྒྱུད་བསྟན་བཅོས་བཀའ་གཏེར་མན་ངག་དང༔ གནས་ཡུལ་གཙུག་ལག་བཤད་སྒྲུབ་སྡེའི་སྲུང་མ༔ དབེན་གནས་གཉན་དང་སློབ་དཔོན་སྒོས་རྒྱུད་ཀྱི༔ སྲུང་མའི་ཚོགས་དང་རྔ་ཡབ་གླིང་མཆོག་གི༔ བཀའ་སྲུང་དྲེགས་པ་མཐུ་རྩལ་ཅན་རྣམས་ཀྱི༔ སྙིང་རྗེས་སྲིད་གསུམ་དགྲ་བོའི་ཤན་པར་བཞེངས༔ སྟེང་འོག་མཚོན་ཆར་བུ་ཡུག་འཚུབས་པའི་དབལ༔ དམིགས་བྱའི་དགྲ་བོ་དམ་ཉམས་ལས་ངན་འདི༔ ཕྱི་ནང་འབྱུང་བ་སྤར་སྨེ་ལོ་འགྲོས་དང༔ སྲོག་ལུས་དབང་ཐང་རླུང་རྟ་ཉམས་པའི་དུས༔ རྣམ་ཤེས་ཚེ་སྲོག་མེ་ལྕེས་སྤུ་ལྟ་བུར༔ ཉམས་ནས་དྷཱུ་ཏིའི་དྭངས་མ་སྙིང་བཅུད་ཁྲག༔ ཟད་པས་ལུས་གུད་ཁ་ངུ་མིག་ཤི་མིག༔ ལག་པ་མྱ་ངན་ཕྱག་རྒྱ་ཅན་འདིའི་སྟེང༔ འདྲེན་མཆོག་ཀུན་གྱི་ཐུགས་རྗེའི་འོད་ཟེར་གྱིས༔ བདེ་གཤེགས་སྙིང་པོ་འོད་གོང་ཧྲཱིཿཡིག་ཏུ༔ ཟག་མེད་མཁའ་ལ་སྤྱོད་དང་འོག་མིན་ཆེར༔ མི་བཟད་མཚོན་ཆར་འཕངས་དང་ལྷན་ཅིག་པར༔ ལུས་གཏུབས་རྣམ་ཤེས་རྒྱལ་བའི་ཐུགས་ཀར་འཕངས༔ གདུག་པ་མི་བཟད་རྣོ་ངར་མཚོན་ཆའི་ཚོགས༔ ལྷ་དང་སྡེ་བརྒྱད་མི་དང་མི་མ་ཡིན༔ ཞེ་སྡང་དྲག་པོའི་མཚོན་ཆར་ཇི་སྙེད་པ༔ གཅིག་ཅར་རྒྱོབ་ལ་རྡུལ་ཕྲན་སིལ་བུར་ཐོངས༔ ཕོ་ཉའི་ཚོགས་ཀྱིས་ད་དུང་དགྲ་བོའི་དཔུང༔ གང་ན་འདུག་ཀྱང་མི་རབས་དགུ་རྒྱུད་ཆོད༔ བསྒྲལ་པའི་རྣམ་ཤེས་སྲིད་ཞིར་ལྷན་ཅིག་ཏུ༔ གཞོམ་བྲལ་རྡོ་རྗེའི་མཁའ་སྤྱོད་ཆེན་པོ་རུ༔ ཟག་བྲལ་བདེ་ཆེན་འོད་ཕུང་འགྱུར་མེད་གཞིར༔ རྒྱལ་བ་ཡོངས་ཀྱི་གཞོམ་མེད་རྡོ་རྗེའི་རྒྱས༔ བསྟབ་བོ་འོད་མི་འགྱུར་བར་བརྟན་གྱུར་ཅིག༔ ཨ་ཨ༔ དེ་ལྟར་བསྟབ་ཅིང་ཐུགས་དམ་བསྐང་བ་ནི༔ ཧཱུྃ༔ ཟག་བྲལ་སྣང་སྲིད་ཆོས་དབྱིངས་ཀ་པཱ་ལར༔ བསྒྲལ་པའི་ལྔ་ཕུང་སྟེང་དུ་རྡོ་རྗེའི་བཅུད༔ ནུས་ལྡན་གསང་སྔགས་རིག་སྔགས་གཟུངས་སྔགས་ཀྱིས༔ སྦྱངས་སྤེལ་བསྒྱུར་ཅིང་རང་བཞིན་བྱིན་བརླབས་པའི༔ ཆོས་དབྱིངས་ཁྱོན་ཀུན་འོད་ལྔའི་འཇའ་གུར་འཁྲུགས༔ ཤ་ཡི་རི་བརྩེགས་སྙིང་ཁྲག་རྒྱ་མཚོར་ཁོལ༔ པགས་པའི་ཐང་ལ་དབང་པོའི་མེ་ཏོག་བཀྲམ༔ ཡན་ལག་ལྕང་ལོར་ལྡན་པའི་མགོ་བོ་རྣམས༔ སྔོ་ཟིང་འབིགས་པའི་མདུང་འཕེན་རྩེ་ན་ཕྱར༔ ཕྱོགས་དང་ཕྱོགས་མཚམས་ལས་བཞིའི་མཆོད་སྤྲིན་གྱིས༔ ཕུན་ཚོགས་འཇའ་ཟེར་འཁྱིལ་བའི་རྡོ་རྗེ་འཛིན༔ ཀུན་ཏུ་བཟང་པོའི་ཞིང་གི་ཕ་མཐར་བརྡལ༔ སྣང་སྲིད་འོད་གསལ་རྫོགས་པ་ཆེན་པོའི་གཞིར༔ ཞིང་རྡུལ་མ་ལུས་ཡི་དམ་ལྷར་གསལ་བའི༔ འཕྲོ་འདུ་དཔའ་བོ་ཌཱ་ཀི་ཆོས་སྲུང་དུ༔ ལྷུན་གྱིས་གྲུབ་པའི་ལྷ་ཚོགས་ཐུགས་དམ་བསྐང༔ རིག་འཛིན་འདུས་པ་འོད་ཀྱི་འཁོར་ལོའི་དབྱིངས༔ མི་ཟད་ལྷུན་གྲུབ་སྣང་བ་རྒྱན་གྱི་མཛོད༔ མཐུ་ལྡན་དྲག་སྔགས་སྡེ་བརྒྱད་བཀའ་སྲུང་མ༔ ཞི་རྒྱས་དབང་དྲག་ལས་བཞིས་ཐུགས་དམ་བསྐང༔ རིག་འཛིན་རྒྱལ་བ་བླ་མའི་ཞལ་དུ་སྟོབ༔ སྣང་སྲིད་རྣམ་དག་ཡི་དམ་ཞལ་དུ་སྟོབ༔ ལས་བཞི་ཀུན་འགྲུབ་ཌཱ་ཀིའི་ཞལ་དུ་སྟོབ༔ ཀླུ་བདུད་མུན་པ་ནག་པོའི་ཞལ་དུ་སྟོབ༔ སྲིན་པོ་ལང་ཀ་མགྲིན་བཅུའི་ཞལ༴ མ་མོ་ཁྲག་རལ་ནག་མོའི་ཞལ༴ ཤན་པ་སྤུ་གྲི་དམར་པོའི་ཞལ༴ དྲང་སྲོང་གློག་གི་ཤུགས་ཅན་ཞལ༴ འཆི་བདག་གཤིན་རྗེའི་དབང་པོའི་ཞལ༴ སྐྱེ་འགྲོ་སྲོག་གི་བདག་པོའི་ཞལ༴ མི་བཟད་ལས་ཀྱི་དབང་པོའི་ཞལ༴ སྤྲུལ་པའི་དྲང་སྲོང་མཆེད་ལྔའི་ཞལ༴ སོ་སོའི་བྲན་གཡོག་འབངས་འཁོར་ཞལ༴ ལས་བྱེད་ཕོ་ཉའི་དམག་དཔུང་ཞལ༴ མ་རུངས་རྟགས་མཚན་སྟོན་བྱེད་ཞལ༴ བླ་སྲོག་རྣམ་ཤེས་འགུགས་བྱེད་ཞལ༴ དབུགས་འཕྲོག་གཟི་མདངས་སྡུད་བྱེད་ཞལ༴ ཆོས་སྲུང་ལྷ་དང་དབྱེ་བྲལ་ཞལ༴ ནད་མཚོན་འབྱུང་བ་སྤྲུགས་བྱེད་ཞལ༴ རྣམ་ཤེས་ཆོས་དབྱིངས་སྤོར་བྱེད་ཞལ༴ དྲག་ལས་མྱུར་བར་སྒྲུབ་བྱེད་ཞལ༴ རླུང་དམར་ཁམས་གསུམ་དཀྲུག་བྱེད་ཞལ༴ གྱིམ་ཤང་དགྲ་དང་སྤྲོད་བྱེད་ཞལ༴ སྡེབ་ཤོར་རླུང་གི་ལས་བྱེད་ཞལ༴ བསྐྲད་གཟིར་དགྲ་བོ་སྨྱོ་རེངས་ཞལ་དུ་བསྟབ༔ བསྟབ་བོ་མ་རིག་འཁོར་བའི་བག་ཆགས་དང༔ ལས་ངན་སྡིག་སྒྲིབ་ཆ་ཙམ་མ་ལུས་པ༔ ཡེ་ཤེས་དཀྱིལ་འཁོར་ཆེན་པོའི་ཞལ་དུ་སྟོབ༔ གསལ་སྟོང་རྡོ་རྗེ་འོད་ལྔ་འབར་བའི་སྦུབས༔ ཟག་བཅས་འཇའ་གུར་དག་པའི་རང་སྣང་བཞིན༔ འོད་གསལ་ཐིག་ལེ་གཅིག་གི་དོན་རྟོགས་ནས༔ སྣང་སྲིད་བདུད་རྩིར་འཁྱིལ་བའི་ཚོགས་མཆོད་དང༔ དཀར་ནག་ལས་ཀྱི་བགྲོད་པ་མཐར་ཟད་པ༔ ས་བཅུའི་དབང་ཕྱུག་ཐུགས་རྗེ་རོལ་པའི་རྩལ༔ ལས་དང་ཡེ་ཤེས་རླུང་གི་རྒྱུ་བ་དང༔ དཀར་དམར་ཐིག་ལེའི་བགྲོད་པ་ནམ་མཁའི་ཁམས༔ འཁྱིལ་བའི་རྣམ་རོལ་ཆོས་སྲུང་དམ་ཅན་གྱི༔ རྡོ་རྗེའི་གཡར་དམ་སྲིད་ཞིའི་ཕ་མཐའ་འདིར༔ བསྐང་དུ་མེད་དེ་སྐྱེ་མེད་ངང་དུ་བསྐང༔ སྦྱོར་དུ་མེད་དེ་ཟུང་འཇུག་ཆེན་པོར་སྦྱོར༔ བསྒྲལ་དུ་མེད་དེ་མཉམ་ཉིད་དབྱིངས་སུ་བསྒྲལ༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང༔ དྭངས་མའི་སྲིད་ཞི་གཞི་རྩ་བྲལ་བའི་སྣོད༔ དག་པ་རབ་འབྱམས་རང་བྱུང་བདུད་རྩིས་གང༔ འཁོར་འདས་རྟེན་འབྲེལ་རཀྟ་དམར་པོའི་བཅུད༔ ལྷུན་གྲུབ་སྐུ་གསུམ་གཏོར་མ་ཡེ་ཤེས་བརྒྱན༔ སྟོང་གསུམ་སྣང་སྲིད་འདོད་རྒུར་འོད་འཁྲུགས་པའི༔ གསང་མཆོག་མི་ཟད་རྒྱན་གྱི་མཆོད་སྤྲིན་འདིས༔ སྲོག་སྒྲུབ་དམ་ཅན་ཆོས་སྲུང་ཐུགས་དམ་བསྐང༔ རབ་འབྱམས་ལས་ཀྱི་འཁོར་ལོར་བྱང་ཆུབ་ནས༔ གདོང་བཞིའི་དབང་ཕྱུག་སྙིང་རྗེའི་རྩེ་གར་གྱི༔ རོལ་པས་ཁམས་གསུམ་འགྲོ་ཀུན་སྲིད་རྩེར་སྒྲོལ༔ ཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ ཞི་རྒྱས་དབང་དྲག་ནུས་པའི་འཁོར་ལོ་ཡི༔ ཆོས་སྲུང་ཁྱེད་ཀྱིས་སྣང་སྲིད་འཁོར་འདས་ཀུན༔ བཟོད་མེད་རང་རིག་ངོ་བོར་གཏན་ལ་ཕབ༔ རིག་རྩལ་ཕྱོགས་ལས་རྣམ་རྒྱལ་མི་ཟད་པའི༔ སྟོང་ཉིད་སྙིང་རྗེ་རྒྱན་གྱི་རྟེན་འབྲེལ་དུ༔ མཆོག་གསང་བླ་མེད་ཨ་ཏིའི་བསྟན་པ་སྤེལ༔ མཁའ་སྤྱོད་པདྨ་འོད་ཀྱི་འཁོར་ཡུག་ཏུ༔ གདུང་བས་རྗེས་སུ་ཆགས་པའི་ཌཱ་ཀི་མ༔ བྱམས་བརྩེས་སྒྲུབ་མཆོག་སྐྱོང་བའི་གདོང་མཛེས་མ༔ ལྟར་སྣང་མི་མཐུན་བར་ཆད་ཀུན་ཟློག་ཅིང༔ མཐར་ཐུག་རིན་ཆེན་ཞི་བའི་གླིང་མཆོག་དེར༔ བདེ་བར་གེགས་མེད་སྐྱོངས་ཤིག་བརྟན་མའི་ཚོགས༔ སྡང་དགྲ་གནོད་བྱེད་འོད་སྐུར་ལྷུན་གྲུབ་མཛེས༔ རང་རིག་སྲིད་ཞི་ཐིག་ལེ་དབྱེར་མེད་པ༔ ཆོས་སྲུང་དམ་ཅན་རྒྱ་མཚོ་དེ་ཁོ་ནས༔ གསང་ཆེན་ཨ་ཏིའི་བསྟན་པ་རྒྱས་པར་མཛོད༔ རིག་འཛིན་རྒྱལ་བའི་ཏིང་འཛིན་འབུམ་ཕྲག་གི༔ ཟག་མེད་རྙོག་བྲལ་ཐུགས་རྗེའི་གཟི་འབར་བས༔ མི་ཟད་སྙིང་རྗེའི་རྒྱན་རོལ་བཀའ་སྲུང་ཚོགས༔ རེ་སྐོང་ཡིད་ཀྱི་འདོད་དོན་རྡོ་རྗེའི་དབྱངས༔ ལས་རྣམས་ཀུན་ལ་དབང་སྒྱུར་མཐུ་སྟོབས་ཀྱིས༔ རྨད་བྱུང་གསང་བའི་བདག་པོའི་ས་ནོན་ཏེ༔ ཡང་གསང་ཨ་ཏིའི་རྡོ་རྗེ་སྙིང་པོའི་སྲོག༔ མི་མངོན་དབྱིངས་ལ་བཅིངས་ནས་སྣ་ཚོགས་ཀྱི༔ རང་བཟོས་བྱང་ལམ་འཁྱོག་པོར་སྟོན་བྱེད་པའི༔ དུས་མཐའི་ལོག་རྟོག་དགྲ་བོ་ད་སྒྲོལ་ཅིག༔ སྟོང་གསུམ་དབྱིངས་འདི་ཆོས་དབྱིངས་ཐིག་ལེ་གཅིག༔ ཨ་ཏིའི་དཀྱིལ་འཁོར་ཟབ་ཞིར་སྨིན་པར་མཛོད༔ སྣང་སྟོང་འོད་ལྔ་ལྷུན་གྲུབ་ཐིག་ལེ་ཡིས༔ སྣང་བཞི་རྡོ་རྗེ་རྩེ་མོར་བྱང་ཆུབ་ནས༔ སྣང་གྲགས་སྲིད་གསུམ་མཁའ་སྤྱོད་འཕོ་བ་ཆེ༔ སྣང་སྲིད་གཞོན་ནུ་བུམ་དབྱིངས་མཆོག་གྲོལ་ཤོག༔ བསྟོད་པ་ནི༔ ཧཱུྃ༔ འབྱུང་དང་འབྱུང་གྱུར་འབྱུང་གཟུགས་སྲིད་པའི་བདག༔ སྤར་སྨེ་ལོ་ཟླ་ཞག་དང་དུས་ཚོད་ལ༔ དབང་སྒྱུར་ས་བདག་རྗེ་བློན་བཅུ་བཞི་དང༔ སྲིད་པའི་ཀླུ་ཆེན་བརྒྱད་ལ་ཕྱག་འཚལ་བསྟོད༔ སྣང་ཆའི་རྟེན་འབྲེལ་སྤྲུལ་པའི་འཁོར་ལོ་ཀུན༔ སྟོང་ཉིད་གསང་བཞི་བདེ་ཆེན་མཆོག་ལྡན་རྩེར༔ འཇིག་རྟེན་འདས་དང་མ་འདས་དབྱེར་མེད་པའི༔ ཀླུ་བདུད་དྲེགས་པའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ རིག་དང་མ་རིག་སྲིད་པའི་ཉོན་མོངས་ཀྱིས༔ སྲོག་བདག་ལང་ཀ་མགྲིན་བཅུ་སྣང་སྲིད་ཀྱི༔ སྡེ་བརྒྱད་སྲིད་པའི་དམག་དཔུང་ཡོངས་ཀྱི་གཙོ༔ དྲེགས་པའི་ལས་བྱེད་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ དབྱིངས་གཞིར་གདོད་ནས་མངོན་པར་བྱང་ཆུབ་པའི༔ འཁོར་བ་མྱང་འདས་རིག་དང་མ་རིག་ཚོགས༔ བློ་བྲལ་ཀུན་ཏུ་བཟང་པོའི་དགོངས་པའི་གཞིར༔ ཡོན་ཏན་རིག་པ་འཛིན་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ མ་མོ་སྲིད་གསུམ་གཡོ་བའི་མངའ་བདག་མོ༔ འབུམ་ཕྲག་ཌཱ་ཀི་ལས་བཞིའི་རྫུ་འཕྲུལ་གྱིས༔ ཅིར་ཡང་བསྟན་པ་སྲུང་བའི་སྡེ་དཔོན་མ༔ སྲིད་པ་མ་མོའི་གཙོ་མཆོག་ཁྱོད་ལ་བསྟོད༔ སྟོང་ཉིད་བྷ་གར་བདེ་ཆེན་རཀྟའི་མཚོ༔ གཡོ་བའི་ལང་ཚོས་རྡོ་རྗེའི་དབང་སྐུར་མཁན༔ རིག་འཛིན་འདུས་པའི་ཡུམ་མཆོག་ཀུན་ཏུ་བཟང༔ སྐྱེ་འགག་ཆོས་རྣམས་གསལ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ པདྨའི་བཀའ་ཉན་ཛམ་གླིང་གཏེར་གྱི་བདག༔ བོད་ཡུལ་རྗེ་ཡི་མགུར་ལྷ་ཡོངས་ཀྱི་གཙོ༔ མཆེད་འཁོར་སྐྱེས་བུ་སུམ་བརྒྱ་དྲུག་ཅུར་བཅས༔ དམ་ཅན་རྡོ་རྗེ་ལེགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ གཞོམ་བྲལ་གསང་བ་སྔགས་ཀྱི་རྡོ་རྗེ་འཆང༔ ཏིང་འཛིན་འབུམ་ཕྲག་བརྒྱན་པའི་འཁོར་ལོ་ཡིས༔ ཟབ་གསང་རྡོ་རྗེ་ཐེག་པའི་བསྟན་སྲུང་མཆོག༔ ལེགས་པའི་ལམ་མཆོག་སྟོན་ལ་ཕྱག་འཚལ་བསྟོད༔ དཔལ་རི་པདྨ་འོད་ཀྱི་གཞལ་ཡས་སུ༔ ཐོག་མེད་དུས་ནས་ད་ལྟ་ཡན་ཆད་དུ༔ དུས་གསུམ་རིག་འཛིན་བླ་མའི་དམ་ནོད་པའི༔ ནུས་ལྡན་བཀའ་ཡི་སྲུང་མར་ཕྱག་འཚལ་བསྟོད༔ བྱམས་བརྩེ་མཐུ་སྟོབས་ནུས་རྩལ་མི་དམན་པས༔ གཞན་དུ་འཁྱོག་མིན་བདག་སོགས་ཞིང་དེ་ཁར༔ རྒྱལ་དབང་པདྨའི་ཐུགས་གསང་དྲི་མེད་ཀློང༔ གཉུག་མའི་གཏན་ཡུལ་ཟིན་པའི་ཕྲིན་ལས་སྒྲུབས༔ སྐུ་གསུམ་དྭངས་བཅུད་ཕོ་བྲང་རྡོ་རྗེའི་ཞིང༔ ཆོས་དབྱིངས་ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུ༔ མཁའ་སྤྱོད་ད་ལར་གནས་པའི་བཀའི་སྲུང་མ༔ རྒྱལ་བའི་བསྟན་སྲུང་ཡོངས་ལ་ཕྱག་འཚལ་བསྟོད༔ སྲིད་གསུམ་རང་རིག་དབྱིངས་གཞིའི་དཀྱིལ་འཁོར་དུ༔ ཟུང་འཇུག་ཀུན་ཏུ་བཟང་པོའི་དམ་ནོས་ཤིང༔ རིག་རྟོགས་རྡོ་རྗེའི་ཐིག་ལེར་དབང་བསྐུར་བའི༔ ཐ་ཚིག་དེ་དགོངས་ལས་ཀུན་མྱུར་འགྲུབ་མཛོད༔ བརྗོད་པའི་ཚིག་འཕྲང་བློ་ཡི་བསམ་ཡུལ་འདས༔ རེ་དོགས་མཚན་འཛིན་དངོས་སྣང་གཟུང་སྤྲིན་དོར༔ མཁའ་ཡངས་འོད་གསལ་ལྷུག་པའི་ཀློང་ཆེན་པོར༔ སྣང་བ་བཞི་རྫོགས་ཐེག་རྩེར་དབུགས་དབྱུང་ཞིང༔ འཇའ་ཟེར་འོད་སྣང་རྡོ་རྗེ་ལྷུན་གྲུབ་སྦུབས༔ མཁའ་སྤྱོད་རྒྱལ་བའི་ཞིང་དུ་འགྲོ་ཀུན་སྡུས༔ མི་འགྱུར་སྲིད་ཞི་རྡོ་རྗེའི་བསྟན་སྲོག་ཆེ༔ ཨ་ཏིའི་བསྟན་མཆོག་མཁའ་ལྟར་རབ་རྒྱས་མཛོད༔ ཅེས་ཚོགས་ལས་བསྐུལ་བརྟན་སྐྱོང་སོགས་སྨད་ཀྱི་ལས་རིམ་རྣམས་ལས་བྱང་ནས་ལེན་པར་བྱོས་ཤིག །ཆོས་སྲུང་གི་སྐོང་གསོ་དྲག་པོའི་བསྒྲལ་མཆོད་གཙོ་བོར་སྟོན་པ་ཐུན་མོང་མ་ཡིན་པ་ཤིན་ཏུ་བཀའ་གཉན་ཞིང་རུ་ང་བ་ཞིག་འདུག་པས་བརྙས་བཅོས་སུ་སོང་ན་རྟགས་འཕྲལ་དུ་སྟོན་པར་ངེས་པས། འདི་ལ་ཡང་དག་པར་གཅེས་སྤྲས་སུ་མཛད་པར་ཁག་ཆེ་བར་འདུག་ཞུ་བ་ནི་སྙིང་གི་གཏམ་ཡིན། ས་མ་ཡ། རྒྱ་རྒྱ་རྒྱ། ཁ་ཐཾ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).