Terdzo-RI-028

From Rinchen Terdzö

ཕྱག་རྒྱ་ཆེན་པོའི་དམར་ཁྲིད་ཡེ་ཤེས་རང་གྲོལ་

phyag rgya chen po'i dmar khrid ye shes rang grol

by  འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Jamyang Khyentse Wangpo)
revealed by  དྲི་མེད་ཀུན་དགའ་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Drime KungaJamyang Khyentse Wangpo)
in cycle  ཡང་ཟབ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ཡེ་ཤེས་འོད་ཀྱི་སྙིང་པོ་ (Yang zab thugs rje chen po rgyal ba rgya mtsho ye shes 'od kyi snying po)
Volume 55 (རི) / Pages 661-668 / Folios 1a1 to 4b1

[edit]

༁ྃ༔ ཕྱག་རྒྱ་ཆེན་པོའི་དམར་ཁྲིད་ཡེ་ཤེས་རང་གྲོལ་བཞུགས་སོ༔ ྈྈྈྈྈ ཨོ་རྒྱན་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ༔ ཕྱག་རྒྱ་ཆེན་པོའི་ཞལ་གྱི་གདམས་པ་ནི༔ ཨོ་རྒྱན་གྱི་ཞལ་ནས༔ མཚོ་རྒྱལ་ཉོན་ཅིག༔ ཕྱག་རྒྱ་ཆེན་པོའི་ཞལ་གྱི་གདམས་པ་དམར་ཁྲིད་དུ་བསྟན་པ་ལ་བཞི་སྟེ༔ ལྟ་བ་ཕྱག་རྒྱ་ཆེན་པོ༔ སྒོམ་པ་ཕྱག་རྒྱ་ཆེན་པོ༔ འབྲས་བུ་ཕྱག་རྒྱ་ཆེན་པོ༔ ཉམས་ལེན་ཕྱག་རྒྱ་ཆེན་པོའོ༔ དང་པོ་ལྟ་བ་ཕྱག་རྒྱ་ཆེན་པོ་ནི༔ རྒྱུད་ལས༔ གྲུབ་བསལ་མེད་པའི་སེམས་ཀྱི་གཤིས༔ ལྟ་བ་ཕྱག་རྒྱ་ཆེན་པོ་འོ༔ ཞེས་པས་རྟེན་མེད་པ༔ གཏད་སོ་མེད་པ༔ ངོ་བོ་ཉིད་ཀྱིས་མ་སྐྱེས་པ༔ རྒྱུན་གྱིས་མི་འཇིག་པ༔ རོལ་པ་འགག་པ་མེད་པ༔ ཤེས་བྱ་ཐམས་ཅད་ཀྱི་གཤིས་སམ་བབས་ཀྱི་གནས་ལུགས་ནི་ཕྱག་རྒྱ་ཆེན་པོ་སྟེ༔ དེ་ལ་ཡོན་ཏན་བསྒྲུབ་ཏུ་མེད༔ སྐྱོན་བསལ་དུ་མེད༔ དཔེར་ན་ཐག་པ་ལ་སྦྲུལ་དུ་འཛིན་པའི་ཚེ༔ སྦྲུལ་འཛིན་གྱི་རྟོག་པ་འཁྲུལ་གྱི༔ ཐག་པ་མ་འཁྲུལ༔ རྟོགས་ན་སྦྲུལ་དུ་སྣང་བའི་དུས་ནས་ཐག་པ་ཉིད་ཡིན་གྱི༔ ཐག་པ་བཞག་པར་བྱ་བ་དང༔ སྦྲུལ་བསལ་བར་བྱ་བ་ཅང་མེད༔ དཔེ་དེ་བཞིན་དུ་ཤེས་བྱའི་གཤིས་ཐམས་ཅད་ཕྱག་རྒྱ་ཆེན་པོའི་རང་བཞིན་ཡིན་པས༔ མི་རྟོག་པའི་ཡེ་ཤེས་སྒྲུབ་པ་དང༔ རྟོག་པ་བསལ་བར་བྱ་བ་ཅུང་ཟད་ཀྱང་མེད༔ རྟོག་པ་ཉིད་ཀྱི་དུས་ན་མི་རྟོག་ཡེ་ཤེས་རྗེན་པར་གནས་པས་རྟག་ཆད་དང༔ བདག་གཉིས་དང༔ གཟུང་འཛིན་གྱི་མཐའ་གང་དུའང་མི་གནས་པས་གཟོད་མ་ནས་རྣམ་པར་དག་པ་ཞེས་བྱའོ༔ གཉིས་པ་སྒོམ་པ་ཕྱག་རྒྱ་ཆེན་པོ་ནི༔ རྒྱུད་ལས༔ གཉུག་མའི་གཤིས་ལ་འཛིན་མེད་བཞག༔ སྒོམ་པ་ཕྱག་རྒྱ་ཆེན་པོ་འོ༔ ཞེས་པས༔ གཤིས་གཉུག་མར་གནས་པ་ལ་བློས་ཅིར་ཡང་མི་འཛིན་པར་བཞག་པས་བསམ་དུ་མེད༔ མཚོན་དུ་མེད༔ ཡིན་པ་མེད༔ མིན་པ་མེད༔ འགལ་བ་མེད༔ མ་ཁྱབ་པ་མེད༔ ཡིད་ལ་མི་བྱེད་པ་ནི༔ སྒོམ་པ་ཕྱག་རྒྱ་ཆེན་པོའོ༔ དེ་ལ་རང་ལུགས་སུ་བཞག་པ་ལས་གཉེན་པོས་བཅོས་མི་དགོས་ཏེ༔ རྒྱ་མཚོ་དང་རླབས་བཞིན་ནོ༔ རྒྱ་མཚོ་ཆེན་པོ་ལས་རླབས་གཡོ་བའི་ཚེ༔ བྱུང་ཡང་རྒྱ་མཚོ་ལས་བྱུང༔ ཐིམ་ཡང་རྒྱ་མཚོ་ལ་ཐིམ༔ རྒྱ་མཚོ་ལས་རླབས་གཞན་མ་ཡིན༔ རླབས་ལས་རྒྱ་མཚོ་གཞན་མ་ཡིན༔ རླབས་དང་རྒྱ་མཚོ་རོ་མཉམ་པར་ལྷན་ནེར་གནས་སོ༔ དཔེ་དེ་བཞིན་དུ་སེམས་ཉིད་ཕྱག་རྒྱ་ཆེན་པོ་གཉུག་མ་བསམ་ངོ་དང་བྲལ་བའི་ངང་དུ་བློས་ཅིར་ཡང་མི་འཛིན་པར་རང་ལུགས་སུ་ཁྲེས་སེ་བཞག་པས༔ རྣམ་རྟོག་གང་སྐྱེས་ཀྱང་སྐྱེས་པའི་དུས་ཉིད་ན་རྟོག་བྲལ་མ་འཁྲུལ་པའི་ཡེ་ཤེས་ལས་གུད་ན་མེད་པས་ན༔ རང་ལས་བྱུང༔ རང་དུ་སྣང༔ རང་སར་ཐིམ༔ དེའི་ཚེ་གནས་ལུགས་དེ་ལ་འདི་ཞེས་བསམ་དུ་མེད༔ ཚིག་གིས་མཚོན་དུ་མེད༔ གཟུང་འཛིན་གཉིས་ཆོས་དང་བྲལ་བས་ཡིན་པ་མེད༔ གཉིས་མེད་ཀྱི་ཤེས་པ་ཅིར་ཡང་འཆར་བས་མིན་པ་མེད༔ བདེན་གཉིས་ཟུང་དུ་འཇུག་པས་འགལ་བ་མེད༔ ཟུང་གིས་ཆོས་ཐམས་ཅད་ལ་རྒྱས་བཏབ་པས་མ་ཁྱབ་པ་མེད་དེ་གཟོད་མ་ནས་གྲོལ་བ་གཉུག་མའི་རང་འགྲོས་ཞེས་བྱའོ༔ གསུམ་པ་འབྲས་བུ་ཕྱག་རྒྱ་ཆེན་པོ་ནི༔ རྒྱུད་ལས༔ གཞི་ཉིད་འབྲས་བུར་སྨིན་པ་ནི༔ འབྲས་བུ་ཕྱག་རྒྱ་ཆེན་པོ་འོ༔ ཞེས་པས་ཤེས་བྱ་ཐམས་ཅད་ཀྱི་གཤིས་སམ་བབས་ཀྱི་གནས་ལུགས་དེ་ཉིད་མངོན་གྱུར་དུ་སྨིན་པ་ནི་འབྲས་བུའི་ཕྱག་རྒྱ་ཆེན་པོ་སྟེ༔ ངོ་བོ་ཆོས་ཀྱི་སྐུ་སྟོང་ཉིད་མཚུངས་ལྡན་དང་བཅས་པའོ༔ རང་བཞིན་ལོངས་སྤྱོད་རྫོགས་པའི་སྐུ་གསལ་བའི་ཐབས་དང་བཅས་པའོ༔ ཐུགས་རྗེ་སྤྲུལ་པའི་སྐུ་རང་རྩལ་འགག་པ་མེད་པའོ༔ དེ་ཡང་དཔེར་ན་ས་བོན་ཉིད་སྙེ་མར་སྨིན་པའི་ཚེ༔ ས་བོན་དེ་ཁོ་ན་སྙེ་མར་རྒྱས་པ་ཡིན་གྱི༔ ས་བོན་ལས་ལོགས་སུ་སྙེ་མ་མེད༔ སྙེ་མ་ལས་ལོགས་སུ་ས་བོན་སྨིན་དུ་མེད་དོ༔ དཔེ་དེ་བཞིན་དུ་དང་པོའི་སེམས་གཉུག་མ་རང་བཞིན་གྱིས་རྣམ་པར་དག་པ་ཉིད་རྐྱེན་སྣ་ཚོགས་པའི་འགྱུར་བ་རང་སར་གྲོལ་ནས༔ གནས་ལུགས་ཇི་ལྟ་བ་བཞིན་དུ་གྱུར་པ་ནི་འབྲས་བུ་ཞེས་བྱ་སྟེ༔ སེམས་ཀྱི་ངོ་བོ་སྟོང་སང་ངེ་གོ་མ་འགགས་པ་འདི་ཀ་ཆོས་སྐུ༔ རང་བཞིན་གསལ་བའི་ཉམས་མྱོང་སྨྲ་མི་བཏུབ་པ་འདི་ཀ་ལོངས་སྐུ༔ ཐུགས་རྗེའི་རྩལ་ཅིར་ཡང་འཆར་པ་རང་གྲོལ་དུ་གྲོལ་བ་འདི་ཀ་སྤྲུལ་སྐུའོ༔ བཞི་པ་ཕྱག་རྒྱ་ཆེན་པོ་ཉམས་སུ་བླང་བའི་ཐབས་ནི༔ རྒྱུད་ལས༔ འདི་ནི་བྱིན་རླབས་རིམ་པའི་ཕྱིར༔ ཉམས་ལེན་ཕྱག་རྒྱ་ཆེན་པོ་འོ༔ ཞེས་པས༔ བརྒྱུད་པ་དང་ལྡན་པ༔ རྟོགས་པ་དང་ལྡན་པ༔ ཐུགས་རྗེ་དང་ལྡན་པའི་བླ་མ་ཞིག་ལས་གདམས་ངག་འདི་ཞུས་ཏེ༔ དེང་ཕྱིན་ཆད་བླ་མ་དེ་སངས་རྒྱས་ཆོས་ཀྱི་སྐུ་མ་གཏོགས་པ་གཟུགས་སྐུ་ཙམ་དུའང་བློས་མི་གཞལ་བར་ཕར་ཐིམ་འགྲོ་བ༔ ཚུར་འབྲལ་མི་བཟོད་པ་ལྟ་བུར་གསོལ་བ་བཏབ་པས་བླ་མའི་བྱིན་རླབས་ལས་ཕྱག་རྒྱ་ཆེན་པོའི་རྟོགས་པ་རང་ཤར་བས་ལམ་རིམ་པ་གཉིས་གཞན་ལ་ལྟོས་མི་དགོས་པ་གཅིག་ཆོག་གསེང་ལམ་གྱི་ཉམས་ལེན་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་སྟེ༔ དཔེར་ན་ཉི་མ་འོད་ཟེར་དང་ལྡན་པ༔ མེ་ཤེལ་གས་ཆག་གཡའ་གསུམ་མེད་པ༔ སྤྲ་བ་རླན་མེད་པ་རྣམས་འཛོམས་ན་འདུ་བྱས་པ་ཙམ་གྱིས་སྤྲ་བ་ལ་མེ་རང་འབྱུང་ངོ༔ དཔེ་དེ་བཞིན་དུ་བླ་མའི་བྱིན་རླབས༔ རང་གི་མོས་གུས༔ རང་རྒྱུད་དག་པ་གསུམ་འཛོམས་ན་གསོལ་བ་བཏབ་པ་ཙམ་གྱིས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་རང་ཤར་དུ་འབྱུང་ངོ༔ རང་རྒྱུད་དག་པའི་ཐབས་ལ༔ ཐོག་མ་ཁོ་ནར་གདམས་ངག་ཐོབ་པའི་ཕྱི་ནས་གནས་དབེན་པར་གཅིག་པུར་འདུག༔ ལྟོས་པ་ཐམས་ཅད་ཅམ་སྟེ་བཞག༔ ལིང་གིས་བསྐྱུར༔ ཁྲེས་སེ་བོར༔ དལ་འབྱོར་གྱི་ལུས་ལན་གཅིག་ཐོབ་པ་འདི་སྟོང་ཟད་དུ་རེ་ཕངས༔ དོ་ནུབ་ཤིའམ་ད་ལྟ་ཤི་ཆ་མེད་པས་ཇི་ལྟར་བྱ༔ ཤི་བའི་རྗེས་སུ་རང་སེམས་བཙན་ས་མ་ཟིན་ན་གཞན་ཅིས་ཀྱང་མི་སྟོངས་ཨང་སྙམ་དུ་ཀམ་ཀམ་བསམ༔ སྐྱབས་འགྲོ་སེམས་བསྐྱེད་མང་དུ་བྱ༔ སྒྲིབ་སྦྱོང་དང་ཚོགས་གསག་སྒོ་དུ་མ་ནས་བྱ༔ ཁྱད་པར་རང་གི་རྩ་བའི་བླ་མ་དེ་སྙིང་གི་དཀྱིལ་དུ་བསྒོམ༔ སངས་རྒྱས་ཆོས་ཀྱི་སྐུ་ཕྱག་རྒྱ་ཆེན་པོ་ནི་འདི་ཁོ་ནའོ་སྙམ་དུ་བསམ༔ གསོལ་བ་དྲག་ཏུ་གདབ༔ ཐང་ཆད་ཆད་དུ་བྱ༔ དེ་ནས་བར་ཞིག་ཤེས་པ་རྟོག་མེད་ཧད་པོར་གནས་པ༔ གསལ་བའི་ཉམས་སྨྲ་རུ་མི་བཏུབ་པ༔ བདེ་ལ་ཞེན་འཛིན་མེད་པ་ཞིག་འཆར་བས༔ དེ་ཁོ་ན་བླ་མའི་ཐུགས༔ རང་གི་སེམས༔ ཆོས་སྐུ་ཕྱག་རྒྱ་ཆེན་པོ་ཡིན་པར་ཤེས་པར་བྱས་ལ་རང་བབས་རང་ལུགས་རང་གྲོལ་དུ་བཞག༔ དང་པོ་ཐུན་ཆུང་ལ་གྲངས་མང་བར་བསླབས་པས་རྟོག་པ་བུན་ལང་གིས་འགྲོ༔ བར་དུ་ངང་བསྲིངས་ནས་རྟོག་མེད་དུ་ཆམ་མེར་གནས༔ མཐར་མཉམ་རྗེས་ཐུན་མཚམས་མེད་པར་ཐམས་ཅད་ཆོས་ཉིད་གཅིག་གི་ངང་དུ་ཕྱམ་གདལ་བར་འགྱུར་རོ༔ ཐུན་མཚམས་སུའང་ཡིད་ལ་ཅིའང་མི་བྱེད་པར་སྤྱོད་ལམ་ཐམས་ཅད་གསལ་ཁྱབ་ཀྱི་ངང་ནས་བྱ༔ གནས་ལུགས་དེ་བཞིན་དུ་རྟོགས་ཀྱང་འགྲོ་ལ་སྙིང་རྗེ་ཆེན་པོ་བསྐྱེད་ཅིང་གཞན་དོན་བྱར་མེད་པའི་ཚུལ་གྱིས་ལྷུན་གྲུབ་ཏུ་འབྱུང་བའི་སྨོན་ལམ་ཡང་གདབ་བོ༔ ཕྱག་རྒྱ་ཆེན་པོ་ཡེ་ཤེས་རང་གྲོལ་གྱི་ཞལ་གདམས་དམར་ཁྲིད་དུ་བསྟན་པའི་དུམ་བུའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ པདྨ་འོད་གསལ་མདོ་སྔགས་གླིང་པས་བྲག་དམར་མགྲིན་པ་བཟང་པོ་ནས་དངོས་གྲུབ་ཏུ་རྙེད་པའི་དྲི་མེད་ཀུན་དགའི་ཡང་གཏེར་མཐར་ཐུག་གི་གདམས་པ་ངོ་མཚར་ཅན། ཨོ་རྒྱན་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་ལ་ཕུལ་བ་རྟོགས་པ་དོན་གྱི་བརྒྱུད་པ་མཁའ་ཁྱབ་ཏུ་འཕེལ་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).