Terdzo-OM-053
གནོད་སྦྱིན་བཤན་པ་དམར་ནག་གི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་གཏེར་ཁ་གཉིས་ལྡན་གྱི་ལུགས་བཞིན་བཀོད་པ
by གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Terdak Lingpa Gyurme Dorje)
revealed by པདྨ་ལས་འབྲེལ་རྩལ་, རཏྣ་གླིང་པ་ (Pema Ledrel Tsal, Ratna Lingpa)
in cycle རྟ་མགྲིན་གསང་བ་འདུས་པ་ (Rta mgrin gsang ba 'dus pa)
parent cycle སྒྲུབ་ཐབས་འདོད་འཇོའི་བུམ་བཟང་ (Sgrub thabs 'dod 'jo'i bum bzang)
Volume 61 (ཨོཾ་) / Pages 633-642 / Folios 1a1 to 5b6
ཨཱོྃ་སྭསྟི། གསང་བདག་དཔའ་བོ་ཧེ་རུ་ཀར། །བཏུད་ནས་བསྟན་སྲུང་གནོད་སྦྱིན་ཆེ། །བཤན་པ་དམར་ནག་སྒྲུབ་པའི་ཐབས། །སྲོག་དབང་བཅས་པ་མདོར་བསྡུས་བཤད། །འདིར་གནོད་སྦྱིན་བཤན་པ་དམར་ནག་གི་སྒྲུབ་ཐབས་དང་འབྲེལ་བར་དབང་བསྐུར་བ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་པའི་ཐབས། དབང་གི་ཆོ་གའོ། །དང་པོ་ཡོ་བྱད་བཤམ་པ་ནི། སྟེགས་བུ་ཁྲག་དང་བདུད་རྩིས་བྱུགས་པའི་ཁར་མཎྜལ་གྲུ་གསུམ་དམར་ནག་གི་ཕྱིར་པདྨ་འདབ་བརྒྱད་དང་མེ་རིས་ཟླུམ་པོར་བསྐོར། དབུས་སུ་ལྷ་གྲངས་ཀྱི་ཚོམ་བུ་བཀོད་པའི་སྟེང་དུ་མཉྫི་ལ་ཟངས་གཞོང་དུ་རྟེན་གཏོར་གྲུ་གསུམ་དམར་པོ་རང་འདྲ་བརྒྱད་ཀྱིས་བསྐོར་བ་ལ་ཤ་ཁྲག་སྣ་ཚོགས་པས་བརྒྱན། འོམ་བུའི་མདའ་བྱ་རོག་གི་སྒྲོ་ཅན་ལ་དར་ལེ་བརྒན་དང་སྐུ་གཟུགས་ཀྱི་ཙཀླི་བཏགས་པ་བཙུགས། ཕྱིའི་ཕྱོགས་ཀྱི་པད་འདབ་བཞི་ལ་ཤར་ནས་བརྩམ་སྟེ་རལ་གྲི་གྲི་གུག་སྙིང་ཞགས་ཐོད་ཁྲག་བཞི་དང་། མེ་ནས་བརྩམ་སྟེ་མཚམས་བཞིར་སྐམ་གཤེར་གྱི་ཐུན་སྣོད། ཟོར་གཏོར། མེ་ཧོམ་གྱི་ཏིང་ལོ་གྲུ་གསུམ། མནན་པའི་སཱཙྪ་རྣམས་གཞག །མདུན་དུ་མཆོད་གཏོར་དང་སྨན་རཀ །གཡས་སུ་ཞིང་ལྤགས་གླང་ཀོ་སྟག་ཤམ་གྱི་ཙཀླི། གཡོན་དུ་བཟའ་བའི་འབྲང་རྒྱས། མཐར་ཉེར་སྤྱོད་ལྔ་སོགས་མཆོད་པས་བསྐོར་རོ།། །།གཉིས་པ་སྒྲུབ་པའི་ཐབས་ནི། གསང་བདག་སོགས་ཡི་དམ་གང་འོས་ཀྱི་བདག་བསྐྱེད་སྔོན་དུ་འགྲོ་བས། སྤྱི་དང་ཁྱད་པར་གྱི་མཆོད་པ་རྣམས་བྱིན་གྱིས་བརླབ། མདུན་གྱི་རྟེན་བསང་སྦྱང་། སྟོང་པའི་ངང་ལས་མདུན་དུ་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས་པའི་དབུས་སུ་ཟངས་ཀྱི་སྐུ་མཁར་འཇའ་ཚོན་སྣ་ལྔའི་འོད་ཟེར་འཕྲོ་བ། སྟེང་ན་དུག་གི་སྤྲིན་འཁྲིགས་ཤིང་འབྲུག་སྒྲ་དྲག་པོ་དང་བཅས་པའི་གནམ་ལྕགས་ཐོག་གི་བུ་ཡུག་འཚུབས་པ། ཕྱི་ནས་རླུང་ནག་འཚུབས་མར་འཁྱིལ་ཞིང་ལྕགས་རི་ནག་པོས་བསྐོར་བའི་དབུས་སུ། བཻ་ཌཱུརྻའི་བྲག་དང་པད་ཉི་དགྲ་བགེགས་ཀྱི་སྟན་ལ་ཟངས་ཀྱི་ཁྱུང་དམར་སྤུ་གྲིའི་སྒྲོ་གཤོག་ཅན་གྱི་སྟེང་དུ་ཀྵ་ལས་གནོད་སྦྱིན་བཤན་པ་དམར་ནག་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་རལ་གྲི་དང་གྲི་གུག །གཡོན་གཉིས་ཐོད་པ་དང་སྙིང་ཞགས་འཛིན་པ། དར་དམར་གྱི་བེར་དང་དུར་ཁྲོད་ཀྱི་ཆས་ཅན། འཇིགས་ཤིང་རྔམ་པའི་ཚུལ་གྱིས་མེ་རླུང་འཚུབས་མའི་ཀློང་ན་བཞུགས་པའོ། །ཕྱི་རོལ་གྱི་ཤར་ནས་རིམ་པ་བཞིན། རྒྱལ་པོ་སྟག་གི་མགོ་ཅན་དཀར་པོ། སྲིན་པོ་ནེ་ཙོའི་མགོ་ཅན་དུད་ཁ། གཤིན་རྗེ་གཟིག་གི་མགོ་ཅན་དམར་ནག །མ་མོ་རྨ་བྱའི་མགོ་ཅན་ལྗང་ནག །བཙན་དོམ་གྱི་མགོ་ཅན་སྔོན་པོ། གཟའ་བདུད་ཤང་ཤང་གི་མགོ་ཅན་དུད་ཁ། བདུད་འབྲོང་གི་མགོ་ཅན་ནག་པོ། ཀླུ་བདུད་ཉའི་མགོ་ཅན་སྔོན་པོ། དེ་ཐམས་ཅད་ཀྱང་རང་མདོག་དང་མཚུངས་པའི་རྟ་ལ་ཞོན་ནས་གཡས་དར་མདུང་དང་གཡོན་སྙིང་དང་ཞགས་པ་འཛིན་པ། དར་བེར་དང་སྟག་རལ་གཟིག་ཤུབས་འཆང་བ། ལས་བྱེད་ཕོ་ཉ་སྡེ་བརྒྱད་སོགས་ཤ་ཟ་བཤན་པའི་ཚོགས་ཀྱིས་བསྐོར་བའི། གནས་གསུམ་བྱིན་གྱིས་བརླབ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ལྕང་ལོ་ཅན་དང་ཧེ་ཆེན་བརྡལ་བའི་དུར་ཁྲོད་ནས་གནོད་སྦྱིན་འཁོར་བཅས་སྤྱན་དྲངས་པར་བསམ་ལ་དར་དམར་གྱིས་གཡབ་ཅིང་ཚིལ་ཆེན་གྱི་གསུར་དུད་དང་བཅས་པས། ཨེ་བྷྱོ༔ དད་པ་དང་ནི་དམ་ཚིག་གིས༔ གནོད་སྦྱིན་ཆེན་པོ་སྤྱན་འདྲེན་ནོ༔ ཧེ་ཆེན་བརྡལ་བའི་དུར་ཁྲོད་ནས༔ གནོད་སྦྱིན་ཆེན་པོ་སྐུ་སྐྱོད་ཅིག༔ གླིང་བཞི་སྲིད་པའི་ཕོ་བྲང་ནས༔ ཕུང་བྱེད་དམར་ནག་གཤེགས་སུ་གསོལ༔ སློབ་དཔོན་པདྨའི་སྤྱན་སྔ་རུ༔ བསྟན་པ་བསྲུང་བར་ཞལ་བཞེས་པ༔ གནོད་སྦྱིན་འཁོར་བཅས་གཤེགས་སུ་གསོལ༔ དམར་པོ་མི་ཟན་འདིར་གཤེགས་འཚལ༔ དམ་ཉམས་བཤན་པ་འདིར༴ གཟའ་བདུད་མིག་དམར་འདིར༴ གཏེར་བདག་ཆེན་པོ་འདིར༴ རྣལ་འབྱོར་དགྲ་བླ་འདིར༴ ལྷ་སྲིན་སྡེ་བརྒྱད་འདིར༴ གནོད་སྦྱིན་དམག་ཚོགས་འདིར༴ དོན་ལ་གཤེགས་བཞུད་མི་མངའ་ཡང༔ སངས་རྒྱས་བསྟན་པ་བསྲུང་སླད་དུ༔ འཁོར་དང་བཅས་ཏེ་གཤེགས་སུ་གསོལ༔ ཨེ་ཧེ་མ་རུ་ཙེ་ས་མ་ཡ་ཨཱ་ཀརྵཱ་ཡ་ཛ༔ ཞེས་པས་སྤྱན་དྲངས། དུར་ཁྲོད་རོལ་པའི་དཀྱིལ་འཁོར་འདིར༔ པདྨ་ཉི་ཟླའི་གདན་ལ་བཞུགས༔ སངས་རྒྱས་བསྟན་པ་སྲུང་མཛད་ཅིང༔ གདུག་པའི་དགྲ་བགེགས་ཚར་གཅོད་པའི༔ གནོད་སྦྱིན་འཁོར་དང་བཅས་པ་ལ༔ དང་བའི་ཡིད་ཀྱིས་ཕྱག་འཚལ་ལོ༔ ཞེས་བཞུགས་སུ་གསོལ་ནས་ཕྱག་བྱ། ཧཱུྃ༔ གནོད་སྦྱིན་དགྲ་བླ་འཁོར་བཅས་ལ༔ གསོལ་ཞིང་མཆོད་པ་འབུལ་བ་ནི༔ དམ་ཉམས་དགྲ་བགེགས་བསྒྲལ་པ་ཡི༔ ཤ་ཆེན་རཀྟ་ལ་སོགས་པ༔ ཤ་སྣ་ཁྲག་སྣ་འབུམ་གྱིས་མཆོད༔ བྷནྡྷ་རུས་པ་ཚིལ་ཆེན་དང༔ བདུད་རྩི་འབྲུ་བཅུད་ཆང་གིས་མཆོད༔ རོ་བརྒྱ་ལྡན་པའི་བ་ལིཾ་འདི༔ གནོད་སྦྱིན་འཁོར་བཅས་མཆོད་པར་བཞེས༔ སྨན་སྣ་སྟོང་དང་ཤ་སྣ་འབུམ༔ ཁྲག་སྣ་སྟོང་དང་ཛ་གད་ཕུད༔ ཆུ་སྣ་སྟོང་དང་སྙིང་སྣ་འབུམ༔ གོ་རོ་ཙ་ན་བ་སུ་ཏ༔ འབྲུ་སྣ་སྣ་ཚོགས་རིན་ཆེན་ལྔ༔ བཟའ་བཏུང་རྣམ་པ་སྣ་ཚོགས་རྣམས༔ གནོད་སྦྱིན་འཁོར་བཅས་མཆོད་པར་བཞེས༔ སེང་གེ་གླང་ཆེན་ཁྱུང་ལ་སོགས༔ བྱོལ་སོང་རིགས་གྱུར་སྣ་ཚོགས་དང༔ རིན་ཆེན་སྣ་བདུན་དར་ཟབ་སོགས༔ སྤྱན་གཟིགས་རྣམ་པ་སྣ་ཚོགས་དང༔ ཕྱི་ནང་མཆོད་པ་རྒྱ་མཚོའི་ཚོགས༔ གནོད་སྦྱིན་འཁོར་བཅས་མཆོད་པར་བཞེས༔ ལྷ་སྲིན་སྡེ་བརྒྱད་མཆོད་པར་བཞེས༔ གསོལ་ལོ་ཐུགས་དམ་བསྐང་གྱུར་ཅིག༔ དམ་ཚིག་ཉམས་ཆག་མ་ལུས་བཤགས༔ བར་ཆད་རྐྱེན་རྣམས་བསྲུང་དུ་གསོལ༔ མཐུན་པའི་དངོས་གྲུབ་བསྩལ་དུ་གསོལ༔ ཨེ་ཧེ་མ་རུ་ཙེ་ས་པ་རི་བཱ་ར་ཨརྒྷཾ་ནས་ཤབྡའི་བར་དང་། མ་ཧཱ་པཉྩ་ཨ་མྲྀཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་བདུད་རྩི་དང་། མ་ཧཱ་རཀྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་རཀྟ་འབུལ། རྩ་སྔགས་ལ་ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་པ་བདུན་གྱིས་གཏོར་མ་ཕུལ་ནས་ཕྲིན་ལས་གསོལ། བསྟོད་པ་ནི། ཧཱུྃ༔ སྔོན་ཚེ་བསྟན་པ་བསྲུང་བར་ཁས་བླངས་པ༔ དུར་ཁྲོད་བདག་པོ་ཤ་ཟ་སྲིན་པོའི་གཟུགས༔ གནོད་སྦྱིན་སྲིན་མོ་ཚོགས་པའི་བུ་གཅིག་པོ༔ སྐུ་མདོག་དམར་ནག་ཁྲོ་བོའི་ཚུལ་འཆང་བ༔ ཤིན་ཏུ་འཇིགས་པའི་མེ་འོད་ལུས་ལ་འཕྲོ༔ ཞལ་གདངས་ཁྲག་འཛག་དུག་གི་མཆེ་བ་གཙིགས༔ གློག་ལྟར་འཁྱུག་པའི་ལྗགས་ཀྱིས་སྙིང་ཁྲག་འཐུང༔ རལ་པ་དམར་ནག་སྲིད་པའི་རྩེ་མོར་འཁྱིལ༔ ཕྱག་བཞི་གཡས་གཉིས་རལ་གྲི་གྲི་གུག་གིས༔ སྲིད་གསུམ་གདུག་པའི་སྲོག་རྩ་དམར་པོ་གཅོད༔ གཡོན་གཉིས་སྙིང་ཞགས་ཐོད་པ་ཁྲག་ཅན་གྱིས༔ ཁམས་གསུམ་དགྲ་བོའི་ཤ་ཁྲག་ཞལ་དུ་གསོལ༔ གནོད་སྦྱིན་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ དར་དམར་འཇོལ་བེར་གསེར་སྐ་རིན་ཆེན་བཅིངས༔ གླིང་བཞིར་རྒྱུག་ཅིང་མཚོན་གཟེར་དགྲ་ལ་འདེབས༔ ཁྱུང་དམར་བཅིབས་ནས་སྲིད་གསུམ་ཡུད་ཀྱིས་བསྐོར༔ གླང་ཆེན་ཀོ་རློན་མི་ལྤགས་གཡང་གཞི་གསོལ༔ དམ་ཉམས་དགྲ་ཡི་བླ་སྲོག་ཧུབ་ཀྱིས་འདེབས༔ སྟག་ཤམ་ང་རྒྱལ་དྲེགས་པ་དབང་དུ་སྡུད༔ ལས་ལ་བསྐུལ་ཚེ་སྡེ་བརྒྱད་བྲན་དུ་ཁོལ༔ དམ་ཉམས་བསྒྲལ་ནས་རྣལ་འབྱོར་ཕྲིན་ལས་མཛད༔ སྲོག་བདུད་བཤན་པ་ཁྱོད་ལ་ཕྱག་འཚལ་བསྟོད༔ མཁའ་ལ་སྐྱོད་ཚེ་སྟོང་གསུམ་ཀུ་སྒྲས་འགེངས༔ དུར་ཁྲོད་དམག་ཚོགས་གཡབས་ནས་དམ་ཉམས་སྒྲོལ༔ དྲག་པོའི་ང་རོ་འབྲུག་གི་སྒྲ་བསྒྲགས་པས༔ སྲིད་པ་གསུམ་གཡོ་ཁམས་གསུམ་རབ་ཏུ་འཁྲུག༔ གར་རྦད་ས་རུ་དམ་ཉམས་ཐལ་བར་རློག༔ གར་ཕེབས་ས་རུ་མི་རོ་རགས་སུ་བརྩེགས༔ གནོད་སྦྱིན་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་པ་བྱའོ། །བཟླས་པ་ནི། གནོད་སྦྱིན་འཁོར་བཅས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་སྲོག་ཡིག་གི་མཐར་སྔགས་ཀྱིས་བསྐོར་བ། བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་ཅི་འདོད་པའི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་བསམ་ལ། ཨེ་ཧེ་མ་རུ་ཙེ་གུ་ཎ་ཧྲི་ཏྲི་གྷྲཾ་བྷྱོ་ཤ་རཾ་བྷྱོ་པུ་རུ་ཛ་གྷྲིག་ཧ་ལ་གྷྲ་ན་ཏ་ཡ་ཛཿཛ༔ ཞེས་པ་ནི་འབོད་སྔགས་ཏེ། རྦད་གསད་ཀྱི་སྔགས་གཞན་ཡང་ཡོད་མོད་འདིར་དེ་ཙམ་གྱིས་ཆོག་ཤེས་པར་བྱའོ། །དེ་ལྟར་བཟླས་པའི་མཐར་མཆོད་ཅིང་འདོད་དོན་གསོལ། སྐོང་བཤགས་དང་དྲག་པོའི་ལས་ལ་བསྐུལ་བ་སོགས་བྱེད་ནའང་འདི་ཉིད་དུ་བྱའོ། །ཐུན་གྱི་མཐར་གཏོར་མ་སྔར་བཞིན་བསྔོས་ནས། སློབ་དཔོན་པདྨའི་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཞལ་བཞེས་པའི། །གནོད་སྦྱིན་ཆེན་པོ་འཁོར་དང་བཅས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཀྱིས་གཏོར་མ་གཏང་། གཏང་རག་བཟོད་གསོལ། གཤེགས་གསོལ་སོགས་སྤྱི་ལྟར་བྱའོ། །འདི་ལ་བསྙེན་སྒྲུབ་ལས་སྦྱོར་གྱི་མན་ངག་རྣོ་ཞིང་འདྲིལ་བ་མང་དུ་བཞུགས་པ་ནི་གཏེར་གཞུང་དང་ཀུན་མཁྱེན་ཆེན་པོའི་གསུང་ལས་ཤེས་པར་བྱའོ།། ༈ །།གསུམ་པ་དབང་གི་ཆོ་ག་ནི། བདག་མདུན་གྱི་སྒྲུབ་མཆོད་སྔར་བཞིན་བྱས་ལ། སློབ་མའི་བྱ་བ་ཁྲུས་དང་བགེགས་སྐྲོད་སོང་ནས། མཚམས་སྦྱོར་གྱི་ཁྱད་པར། འདིར་རྒྱལ་བའི་བསྟན་སྲུང་ཐམས་ཅད་ཀྱི་ནང་ནས་མཐུ་ནུས་ལྷག་པར་ཆེ་ཞིང་། དྲག་རྩལ་མྱུར་མགྱོགས་ཀྱི་ཕྲིན་ལས་དང་ལྡན་པ་འདི་ཉིད། སྔོན་སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་ཉིད་ཧེ་ཆེན་དྷ་ནའི་དུར་ཁྲོད་ན་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་བཞུགས་པའི་ཚེ། སྣང་སྲིད་ཀྱི་དྲེགས་པ་ཅན་ཐམས་ཅད་དབང་དུ་བསྡུས་ཤིང་། ཁྱད་པར་དུ་དུར་ཁྲོད་ཀྱི་བདག་པོ་གནོད་སྦྱིན་རཀྴ་གདོང་དམར་བྱ་བ་འདི་ཉིད་ཀྱིས་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་བསྒྲུབས། དུས་ཕྱིས་བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ན་དགོངས་པ་ལ་བཞུགས་པའི་ཚེ། མི་རེངས་དམར་པོ་མེ་འོད་འཕྲོ་བ་ལྗགས་གློག་ལྟར་འཁྱུག་ཅིང་མིག་ནས་མེའི་ཚྭ་ཚྭ་འཕྲོ་བ་ཟངས་ཀྱི་ཁྱུང་དམར་ལ་ཞོན་པ་ཞིག་དངོས་སུ་འོངས་ནས་སློབ་དཔོན་གྱི་དགོངས་པ་སད་དུ་བྱུང་བ། དེར་སློབ་དཔོན་གྱིས་ཏིང་ངེ་འཛིན་གྱི་ཟིལ་གྱིས་མནན་པས། སྔོན་གྱི་ཚེ་མཆེད་དུ་གྱུར་པའི་ལོ་རྒྱུས་དང་བཅས་ཏེ་སྒྲུབ་ཐབས་དང་སྲོག་སྙིང་ཕུལ་ནས་བསྟན་པ་བསྲུང་བར་ཁས་བླངས་ཤིང་དམ་བཅས། གནོད་སྦྱིན་ཉིད་ཀྱིས་གསང་བའི་བདག་པོ་ལ་ཕུལ་བའི་སྲོག་དམར་ལེན་སྤུ་གྲིའི་རྒྱུད་ཅེས་བྱ་བ་ཧེ་ཆེན་དྷ་ནའི་དུར་ཁྲོད་ཀྱི་ཕ་ཝོང་སྟག་འདྲ་བའི་འོག་ན་ཡོད་པ་སློབ་དཔོན་ལ་འབུལ་ལོ་ཞེས་ལུང་བསྟན། དེ་སློབ་དཔོན་གྱིས་ཕྱུང་ནས་བསྙེན་སྒྲུབ་ལས་སྦྱོར་རྣོ་མྱུར་ཟབ་ཅིང་འདྲིལ་བའི་མན་ངག་ཏུ་བསྡེབས་པ་ཕྱི་རབས་བསྟན་པ་བསྲུང་བའི་དོན་དུ་གཏེར་དུ་སྦས་པ། གཏེར་སྟོན་པདྨ་ལས་འབྲེལ་རྩལ་དང་། རཏྣ་གླིང་པས་སྤྱན་དྲངས་པ་ལས། ཐུན་མོང་མ་ཡིན་པའི་སྲོག་དབང་ཟབ་མོ་རིག་འཛིན་བརྒྱུད་པ་རྣམས་ཀྱི་ཕྱག་བཞེས་བཞིན་སྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་། སློབ་མའི་བྱ་བ་མཎྜལ་ཕུལ་ནས། གསོལ་བ་འདེབས་པ། ཀྱེ་མ་དུས་གསུམ་བླ་མ་རྗེ༔ སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར༔ བདག་གིས་ཞིང་བཅུ་སྒྲོལ་བར་བྱེད༔ མངོན་སྤྱོད་ལས་འདི་བདག་སྒྲུབ་པས༔ དམ་ཉམས་གཤེད་མར་དབང་བསྐུར་གསོལ༔ ཞེས་ལན་གསུམ། བླ་མས། ཁྱོད་ཀྱིས་དམ་བཅས་དེ་ལགས་པས༔ འགྲོ་བ་ཀུན་གྱི་སྲོག་ལེན་པར༔ གནོད་སྦྱིན་བཤན་པའི་དབང་འདི་བསྐུར༔ སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས༔ ཞེས་བརྗོད། རྒྱུན་བཤགས་གང་འོས་ཀྱིས་ཚོགས་གསག་བྱ། སློབ་དཔོན་ཡི་དམ་དང་། གཏོར་མ་མདུན་བསྐྱེད་བཞིན་གསལ་བཏབ། ཡེ་ཤེས་པ་སྤྱན་འདྲེན་དང་མཆོད་པ་འབུལ། གཏོར་མ་སློབ་མའི་སྤྱི་བོར་བཞག་ལ། སྔར་བཤད་པའི་བསྟོད་པ་ཡོངས་རྫོགས་སམ་བསྟོད་པ་བསྡུས་པ་གང་འོས་ཞིག་སྔོན་དུ་འགྲོ་བས་རྩ་སྔགས་ཉེར་གཅིག་བཟླས་པའི་མཐར། ཧཱུྃ༔ དྲག་པོ་ཆེན་པོ་དྲག་ཤུལ་ཅན༔ ཁམས་གསུམ་སྲོག་ལ་དབང་ཡང་མཛད༔ འཇིག་རྟེན་ཁམས་ན་མཐུ་རྩལ་ཆེ༔ སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ སྲོག་བདག་མི་ཟན་དངོས་སུ་གྱུར༔ མཐུ་དང་ནུས་པའི་རྩལ་རྫོགས་ནས༔ མངོན་སྤྱོད་དྲག་པོའི་དབང་ཐོབ་ཤོག༔ ཅེས་དང་། བཀའ་བསྒོའི་ཚིག་གང་འོས་བརྗོད་དེ། གཏོར་མའི་ལྷ་སློབ་མ་ལ་ཐིམ་པས་སློབ་མ་གནོད་སྦྱིན་གྱི་སྐུར་གྱུར་ནས་འགྲོ་བ་ཐམས་ཅད་ཀྱི་སྲོག་ལ་དབང་བའི་མཐུ་ཅན་དུ་གྱུར། དེའི་ཐུགས་ཀར་སློབ་དཔོན་པདྨ་བསྐྱེད་ནས་རྟེན་འབྲེལ་སྙིང་པོས་བརྟན་པར་བྱ། གཏོར་ཟན་དགྲ་བོའི་ཤ་ཁྲག་བདུད་རྩིར་བསམ་པ་ཟར་བཅུག་སྟེ་ཞལ་བསྲོ། སྐུ་གསུང་ཐུགས་ཀྱི་དབང་ངོ་། །དེ་ལྟར་སློབ་མ་གནོད་སྦྱིན་དུ་གྱུར་པ་དཔའ་བའི་རྟགས་ཀྱིས་མངའ་གསོལ་ཕྱིར། མི་ལྤགས་བཀོན་ལ། དམ་ཉམས་དགྲ་བགེགས་བསྒྲལ་པ་ཡི༔ ཞིང་ཆེན་གཡང་གཞི་འདི་བཀོན་པས༔ ཁམས་གསུམ་དབང་དུ་འདུས་གྱུར་ཅིག༔ གླང་ལྤགས་བཀོན་ལ། གླང་ཆེན་ཀོ་རློན་འདི་གཏད་པས༔ སྲིད་གསུམ་ཟིལ་གྱིས་གནོན་གྱུར་ཅིག༔ སྟག་ལྤགས་དཀྲིས་ལ། སྟག་གི་ཤམ་ཐབས་འདི་གཏད་པས༔ དྲེགས་པ་ཅན་རྣམས་ཐུལ་གྱུར་ཅིག༔ ཅེས་དཔའ་བོ་གཡུལ་དུ་འཇུག་པ་ལ་གོ་བགོ་བའི་ཚུལ་ལོ། །ཕྱག་མཚན་རྣམས་ལས་རལ་གྲི་གཏད་དེ། གཡས་སུ་རལ་གྲི་འདི་གཏད་པས༔ དམ་ཉམས་ཐམས་ཅད་སྒྲོལ་གྱུར་ཅིག༔ གྲི་གུག་གཏད་དེ། འོག་མར་གྲི་གུག་འདི་གཏད་པས༔ དགྲ་བོའི་སྙིང་རྩ་གཅོད་པར་ཤོག༔ སྙིང་ཞགས་གཏད་དེ། གཡོན་དུ་སྙིང་ཞགས་འདི་གཏད་པས༔ དགྲ་འཆིང་དགྲ་སྙིང་འབྱིན་པར་ཤོག༔ ཐོད་ཁྲག་གཏད་དེ། འོག་མར་ཐོད་ཁྲག་འདི་གཏད་པས༔ དམ་ཉམས་སྙིང་ཁྲག་འཐུང་བར་ཤོག༔ ཅེས་དཔའ་བོ་ལ་མཚོན་ཆ་གཏོད་པའི་ཚུལ་ཏེ་ཡོན་ཏན་གྱི་དབང་ངོ་། །དྲག་པོའི་ཕྲིན་ལས་སྒྲུབ་པའི་ཆེད་དུ། གསོད་པའི་ཐུན་རྫས་གཏད་ལ། དྲག་པོའི་ཐུན་འདི་གཏད་པ་ཡིས༔ དམ་ཉམས་སྒྲོལ་བའི་གཤེད་མར་ཤོག༔ འཕང་བའི་ཟོར་གཏོར་གཏད་ལ། དྲག་པོའི་ཟོར་འདི་གཏད་པ་ཡིས༔ ཟོར་འཕངས་ཙམ་གྱིས་སྒྲོལ་བར་ཤོག༔ སྲེག་པའི་ཧོམ་གཏད་ལ། དྲག་པོའི་མེ་ཧོམ་འདི་གཏད་པས༔ དགྲ་བགེགས་ཐམས་ཅད་སྲེག་པར་ཤོག༔ གནོན་རྫས་མཆོད་རྟེན་གཏད་ལ། ནག་པོའི་སཱཙྪ་འདི་གཏད་པས༔ དགྲ་བགེགས་ཐམས་ཅད་གནོན་པར་ཤོག༔ དྲག་པོའི་ཕྲིན་ལས་ཀྱི་དབང་ངོ་། །འབྲང་རྒྱས་གཏད་ལ། ཚོགས་མཆོད་སྤྱན་གཟིགས་འདི་གཏད་པས༔ འདོད་ཡོན་ལྔ་ལ་སྤྱོད་པར་ཤོག༔ ཅེས་པ་རྣམས་ཕྲིན་ལས་ཀྱི་དབང་ངོ་། །དེ་དག་གི་མཐར་རྟེན་འབྲེལ་སྙིང་པོ་བཟླ་ཞིང་མེ་ཏོག་འཐོར། དམ་ཚིག་ཁས་བླང་བ་སོགས་སློབ་མའི་རྗེས་ཆོག་དང་། མདུན་བསྐྱེད་ཀྱི་རྗེས་ཆོག་ནི་སྔར་དང་འདྲའོ།། ༧ །།ཡང་གཏོར་དབང་ཙམ་སྒྲུབ་པར་འདོད་ན། སྟེགས་བུའི་ཁར་ཁྲག་གིས་སྦགས་པའི་འབྲུ་ཚོམ་ལྷ་གྲངས་དང་མཐུན་པ་བཀོད། དེའི་ཁར་གཏོར་མ་སྔར་བཞིན་བཅས་པ་བཀོད། མཐའ་མཆོད་གཏོར་གྱིས་བསྐོར། བདག་མདུན་གྱི་སྒྲུབ་མཆོད་སྔར་ལྟར་ལ། སློབ་མས། མཎྜལ་གསོལ་བཏབ་རྒྱུན་བཤགས་རྣམས་སྔོན་དུ་འགྲོ་བས། སློབ་དཔོན་ཡི་དམ་དང་གཏོར་མ་མདུན་བསྐྱེད་བཞིན་གསལ་འདེབས་སུ་བཅུག་ནས། གཏོར་དབང་གཏོར་ཟན་སྦྱིན་པ་ཡན་ཆད་སྔར་ལྟར་བྱས་པས་འགྲུབ་བོ། །རྣམ་འ༵གྱུར་སྣ་ཚོགས་ཐོགས་མེ༵ད་དུ། །སྟོན་མཛད་རྡོ༵་རྗེ༵་འཛིན་པའི་བྲན། །ཟབ་རྒྱས་སྒྲུབ་ཐབས་རྒྱ་མཚོ་ལས། །ཉེར་མཁོ་བདུད་རྩིའི་བཅུད་དུ་བསྡུས། །གནོད་སྦྱིན་བཤན་པ་དམར་ནག་གི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་གཏེར་ཁ་གཉིས་ལྡན་གྱི་ལུགས་བཞིན་བཀོད་པའི་ལེའུ་ཚན་ནོ།། །།