Terdzo-OM-052

From Rinchen Terdzö

གཟའ་བདུད་རཱ་ཧུ་ལའི་སྒྲུབ་ཐབས་དབང་དང་བཅས་པ

gza' bdud rA hu la'i sgrub thabs dbang dang bcas pa

by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
revealed by  པདྨ་ལས་འབྲེལ་རྩལ་ (Pema Ledrel Tsal)
in cycle  སྒྲུབ་ཐབས་འདོད་འཇོའི་བུམ་བཟང་ (Sgrub thabs 'dod 'jo'i bum bzang)
Volume 61 (ཨོཾ་) / Pages 615-631 / Folios 1a1 to 9a6

[edit]

ཨཱོྃ་སྭསྟི། གསང་བདག་དཔའ་བོ་རྡོ་རྗེ་འཛིན། །མཐུ་ཆེན་དྲེགས་པའི་སྐུར་བཞེངས་ནས། །གདུག་པ་འདུལ་མཛད་རཱ་ཧུ་ལར། །བཏུད་ནས་སྒྲུབ་ཐབས་དབང་ཆོག་བཤད། །འདིར་གཟའ་བདུད་ཆེན་པོ་རཱ་ཧུ་ལའི་སྒྲུབ་ཐབས་དང་འབྲེལ་བར་དབང་བསྐུར་བ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་པའི་ཐབས། དབང་གི་ཆོ་གའོ། །དང་པོ་ཡོ་བྱད་བཤམ་པ་ནི། འགྱུ་དུས་བརྒྱད་སོགས་དུས་ཁྱད་པར་ཅན་ལ། གནས་དབེན་པར་བྲིས་སྐུ་བཀྲམ་པའི་མདུན་དུ། སྟེགས་བུའི་ཁར་མཎྜལ་སྒོ་རྫོགས་ལྟེ་བར་པདྨ་འདབ་བརྒྱད་དང་ཁྱམས་ཤར་ནས་བརྩམ་སྟེ་སྔོ་སེར་དམར་ལྗང་དུ་བྱས་པའི་ལྟེ་བར་གཙོ་བོ་དང་། འདབ་མ་བརྒྱད་ལ་གཟའ་བརྒྱད། ཁྱམས་ལ་རྒྱུ་སྐར་ཉེར་བརྒྱད། སྒོ་བཞིར་གདོང་མོ་བཞི་རྣམས་ཀྱི་ས་བོན་ནམ་ཚོམ་བུ་བཀོད། དབུས་སུ་མཉྫིའི་ཁར་བུམ་པ་ཆས་ལྡན་བཅུད་ཀྱིས་གང་བ་བཀོད། མདུན་དུ་དབང་གཏོར་གྲུ་གསུམ་གཡས་དཀྱུས་འཁོར་རང་འདྲ་བརྒྱད་ཀྱིས་བསྐོར། བ་ལིང་དམར་གྱིས་བརྒྱན་པ་ལ་མདའ་དར་ནག་པོ་ཙཀླི་དང་བཅས་པ་བཙུགས། དེའི་གཡས་གཡོན་དུ་སྨན་དང་རཀྟ། ལྷོར་གཙོ་བོའི་ཕྱག་མཚན་བཞི་དང་མེ་ཕུང་གི་ཙཀླི། བྱང་དུ་འཁོར་གཟའ་བརྒྱད་ཀྱི་སྐུ་གཟུགས་དང་ཕྱག་མཚན། ནུབ་ཏུ་འབུལ་གཏོར་རྣམས་བཤམ། མཐར་ཉེར་སྤྱོད་ལྔ་སོགས་མཆོད་པ་རྣམས་ཀྱིས་བསྐོར། གཞན་ཡང་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ།། །།གཉིས་པ་སྒྲུབ་པའི་ཐབས་ནི། བདག་བསྐྱེད་གསང་བའི་བདག་པོ་སོགས་ཡི་དམ་ཁྲོ་བོ་གང་རུང་གཅིག་གི་སྒོམ་བཟླས་སྔོན་དུ་འགྲོ་བས། སྤྱི་དང་ཁྱད་པར་གྱི་མཆོད་པ་རྣམས་བྱིན་གྱིས་བརླབ། མདུན་གྱི་རྟེན་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི་སྲུང་འཁོར་གྱི་ནང་མི་བཟད་པའི་དུར་ཁྲོད་ཆེན་པོས་བསྐོར་བའི་ཁྲག་ཞག་གི་རྒྱ་མཚོ་རྦ་ཀློང་འཁྲུགས་པའི་དབུས་སུ། ཨེ་ལས་གྲུ་གསུམ་མཐིང་ནག་མཁའ་དང་མཉམ་པའི་ལྟེ་བར་པད་ཉི་དགྲ་བགེགས་ཀྱི་གདན་ལ་ཏྲི་དུ་བའི་མདོག་ཅན་ཡོངས་སུ་གྱུར་པ་ལས། གཟའ་བདུད་ཆེན་པོ་རཱ་ཧུ་ལ་སྐུ་མདོག་དུད་ཁ་མགོ་དགུ་བྱ་རོག་གི་ཞལ་དང་བཅུ། ཞལ་རེ་རེ་ལ་དམར་ཟླུམ་སྡང་མིག་གཟིར་བའི་སྤྱན་གསུམ་གསུམ་དང་ལྡན་པ། ཤིན་ཏུ་རྔམས་པའི་ཞལ་གདངས་ཤིང་མཆེ་བ་གཙིགས་པ། ལྗགས་གློག་ལྟར་འཁྱུག་ཅིང་འཇིགས་པའི་ང་རོ་སྒྲོག་པས་དགྲ་བགེགས་ཆེམ་ཆེམ་གསོལ་བ། སྨིན་མ་ཨག་ཚོམ་དང་བ་སྤུའི་རྩེ་ནས་མེ་སྟག་འཕྲོ་བ། སྲིད་གསུམ་མཐའ་དག་གཟིགས་པའི་མིག་གིས་ལུས་ཀུན་གང་ཞིང་ཁོང་ནས་འཁྲུགས་པའི་ཉམས་ཅན། ཕྱག་བཞིའི་དང་པོ་གཉིས་ཀྱིས་ཆུ་སྲིན་གྱི་རྒྱལ་མཚན་རལ་གྲིའི་ཡུ་བ་ཅན་དང་སྦྲུལ་ཞགས། འོག་མ་གཉིས་རྭའི་མདའ་གཞུ་འགེང་ཞིང་སྐུ་སྨད་སྦྲུལ་མཇུག་ཏུ་འཁྱིལ་བ། ཞིང་ཆེན་གྱི་སྟོད་གཡོགས་དང་སྟག་ལྤགས་ཀྱི་ཤམ་ཐབས་དཀྲིས་པ། ཐོད་པ་སྐམ་པོའི་ཅོད་པན་དང་ཁྲག་འཛག་པའི་མི་མགོ་རྒྱུ་མ་ལ་བརྒྱུས་པའི་དོ་ཤལ་འཕྱང་བ། ཀླུ་རིགས་ལྔའི་སྦྲུལ་ཆུན་སོགས་འབར་བའི་ཆས་ཐམས་ཅད་ཀྱིས་བརྒྱན་པ། གར་དགུའི་ཉམས་ཅན་ཉི་མ་འབུམ་གྱི་གཟི་བརྗིད་འབར་བ། གཡས་སུ་ཛ་ལས་ཡབ་རྡོ་རྗེ་སྲིན་པོ་མཐིང་ནག་མགོ་བོ་དགུ་པ་དབྱུག་ཐོ་དང་ཁྲག་མཚོ་བསྣམས་པ་ཞེ་སྡང་རུས་པའི་ཁྲི་ལ་བཞུགས་པ། གཡོན་དུ་ཕུ་ལས་ཡུམ་རྡོ་རྗེ་གློག་འགྱུ་དམར་ནག་མགོ་བོ་དགུ་པ་སྦྲུལ་ཞགས་དང་ཁྲག་མཚོ་བསྣམས་པ་འདོད་ཆགས་ཁྲག་མཚོའི་ཀློང་ན་བཞུགས་པ། དེ་རྣམས་ཀྱི་ཕྱི་རོལ་ཕྱོགས་མཚམས་བརྒྱད་དུ་དགྲ་བགེགས་ཀྱི་གདན་ལ། ནུབ་ཏུ་ཡ་ལས་ལྗང་སྔོན་ཆེན་པོ་ལྗང་ནག་ཞགས་པ་དང་ལྕགས་སྒྲོག་འཛིན་པ་མ་མོའི་དམག་ཚོགས་ཀྱིས་བསྐོར་བ། ཤར་ལྷོར་ཙ་ལས་དྲང་སྲོང་དཀར་སེར་སྦྲུལ་ཞགས་དང་ཏྲི་ཤཱུ་ལ་འཛིན་པ་དགྲ་བླའི་དམག་ཚོགས་ཀྱིས་བསྐོར་བ། བྱང་དུ་དུ་ལས་བདུད་པོ་རོག་ཏི་མཐིང་ནག་སྦྲུལ་དང་བདུད་ཞགས་འཛིན་པ་བདུད་ཀྱི་དམག་ཚོགས་ཀྱིས་བསྐོར་བ། ལྷོ་ནུབ་ཏུ་རུ་ལས་བིཥྚི་པ་ཏྲ་དམར་པོ་སྦྲུལ་དང་སྤུ་གྲི་འཛིན་པ་སྲིན་པོའི་དམག་ཚོགས་ཀྱིས་བསྐོར་བ། ཤར་དུ་ཨ་ལས་བྱི་ནུ་རཱ་ཛ་དུད་ཁ་ཆུ་སྲིན་དང་སྟག་མགོ་འཛིན་པ་དམུ་བདུད་ཀྱི་དམག་ཚོགས་ཀྱིས་བསྐོར་བ། ནུབ་བྱང་དུ་ཡ་ལས་དུ་བ་མཇུག་རིང་མཐིང་ནག་སྤུ་གྲི་དང་ཐོད་ཁྲག་འཛིན་པ་གཤིན་རྗེའི་དམག་ཚོགས་ཀྱིས་བསྐོར་བ། ལྷོར་ན་ལས་ཁྱབ་འཇུག་ཆེན་པོ་སེར་ནག་སྦྲུལ་ཞགས་དང་ཆུ་སྲིན་འཛིན་པ་ཀླུ་བདུད་ཀྱི་དམག་ཚོགས་ཀྱིས་བསྐོར་བ། བྱང་ཤར་དུ་ཤ་ལས་སྒྲ་གཅན་འཛིན་དུད་ཀ་ཆུ་སྲིན་དང་ཁྲམ་ཤིང་འཛིན་པ་སྡེ་བརྒྱད་ཀྱི་དམག་ཚོགས་ཀྱིས་བསྐོར་བ། ཐམས་ཅད་ཀྱང་གཏུམ་ཞིང་ཁྲོས་པ་སྲིན་པོའི་གཟུགས་ཅན་མགོ་བོ་དགུ་པ། ལུས་ཀུན་མིག་གིས་གང་ཞིང་འཇིགས་པའི་ཆ་བྱད་རྫོགས་པ་གཙོ་བོ་ལྟ་བུའོ། །དེའི་ཕྱི་རོལ་གྱི་ཤར་དུ་མ་ལས་སྟག་སྲིང་ཟོར་བའི་གདོང་ཅན་དཀར་སེར་ལྕགས་ཀྱུ་དང་ཞགས་པ་འཛིན་པ། ལྷོར་ར་ལས་བཾ་སྲིང་དྲེད་ཀྱི་གདོང་ཅན་སེར་ནག་ཐོད་དབྱུག་དང་སྦྲུལ་ཞགས་འཛིན་པ། ནུབ་ཏུ་ཙ་ལས་ཀོང་སྲིང་བ་ལང་གི་གདོང་ཅན་དམར་ནག་དགྲ་སཏྭ་དང་ཞགས་པ་འཛིན་པ། བྱང་དུ་ཤ་ལས་འབྲོག་སྲིང་ཆུ་སྲིན་གྱི་གདོང་ཅན་ལྗང་ནག་རི་རབ་ཀླད་ལ་བསྐོར་བ། བཞི་ཀའང་སྲིན་མོ་ཁྲོས་པའི་ཆ་ལུགས་ཅན་ཞིང་གི་གདན་ལ་བཞུགས་པ། གཞན་ཡང་དེ་དག་གི་ཕྱི་རོལ་ཏུ་གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་ལ་སོགས་ཏེ་སྲིད་གསུམ་འབྱུང་པོའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། ཐམས་ཅད་ཀྱང་ཁྲོ་ཞིང་གཏུམ་པ་ཟ་ཟ་རྔམས་རྔམས་འཕྱོང་ཞིང་རྒྱུག་པའི་ཚུལ་ཅན་མྱུར་མགྱོགས་ཀྱི་རྫུ་འཕྲུལ་ཆེན་པོའི་རྩལ་གྱིས་དུས་མཐའི་མེ་རླུང་འཁྲུགས་པའི་ཀློང་ན་གནས་པའོ། །དེ་རྣམས་ཀྱི་དཔྲལ་བར་ཨཱོྃ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གར་བཞུགས་ཀྱི་གནས་ནས་གཟའ་བདུད་ཆེན་པོ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ཞིང་། ཧཱུྃ། རྡོ་རྗེ་འཆང་དབང་ཐུགས་ཀྱི་སྤྲུལ་པ་ལས། །ཡང་སྤྲུལ་མི་བཟད་འབར་བའི་སྐུར་སྟོན་པ། །གཟའ་མཆོག་ཆེན་པོ་འཇིགས་བྱེད་རཱ་ཧུ་ལ། །ངང་ཉིད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །སྙིགས་དུས་མི་བཟད་ལྔ་བརྒྱའི་ཐ་མ་འདིར། །སྣ་ཚོགས་ཐབས་ཀྱིས་གདུག་པ་འདུལ་དོན་དུ། །ཐུགས་ཉིད་ཞི་བ་ཆོས་དབྱིངས་རྣམ་དག་ཀྱང་། །དྲག་གཏུམ་མི་བཟད་འབར་བའི་སྐུར་བཞེངས་ཤིག །ཞེ་སྡང་འདོད་ཆགས་འབར་བའི་དཀྱིལ་འཁོར་ནས། །མཐུ་ཆེན་ཀླུ་སྲིན་ཡབ་ཡུམ་གཤེགས་སུ་གསོལ། །སྲིད་པ་གསུམ་སོགས་ཞིང་ཁམས་རྒྱ་མཚོ་ནས། སྤྲུལ་པའི་གཟའ་ཆེན་སྡེ་བརྒྱད་གཤེགས༴ ཕྱོགས་བཞི་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །སྲིང་མོ་གདོང་མོ་མཆེད་བཞི་གཤེགས༴ གཞན་ཡང་བཀའ་སྡོད་སྤྲུལ་པ་ཕོ་ཉའི་ཚོགས། །རང་རང་ཞིང་ནས་གནས་འདིར་གཤེགས་སུ་གསོལ། །ཧྲི་ཤག་རུ་རག་རཾ་ནཱ་གེ་ཙིཏྟ་ཏྲཾ་མ་མ་ཡོ་ཟ་འགྲམ་ཧ་ཧ་ག་ཤ་ལ་ཛཿཛཿ བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས། བཞུགས་སུ་གསོལ་བ་ནི། ཧཱུྃ། འཇིགས་བྱེད་ཆེན་པོ་གཟའ་མཆོག་རཱ་ཧུ་ལ། །སྲིང་བཞི་སྡེ་བརྒྱད་འཁོར་དང་བཅས་པ་རྣམས། །ཉི་ཟླ་པདྨ་ཞིང་ཆེན་གདན་སྟེང་དུ། །དགྱེས་ཤིང་མི་གཡོ་བརྟན་པར་བཞུགས་སུ་གསོལ། །ཨཱོྃ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་ས་མ་ཡ་ཏིཥྛ་ལྷན། ཕྱག་བྱ་བ་ནི། ཧཱུྃ། ཆེ་བའི་ཆེ་མཆོག་འཇིགས་བྱེད་རཱ་ཧུ་ལ། །མཐུ་སྟོབས་རྫུ་འཕྲུལ་ནམ་མཁའི་མཐའ་དང་མཉམ། །དྲེགས་པ་ཕོ་མོ་མིང་སྲིང་འཁོར་བཅས་ལ། །བསྟན་པ་བསྲུང་ཕྱིར་གུས་པས་ཕྱག་འཚལ་ལོ། །ཨཱོྃ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་པྲ་ཏཱིཙྪ་ཧོཿ ཧཱུྃ། སྤོས་དང་མེ་ཏོག་སྣང་གསལ་ལ་སོགས་དང་། །ཛ་གད་ཕུད་དང་པཉྩ་ཨ་མྲྀ་ཏ། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོ་དང་། །དངོས་འབྱོར་ཏིང་འཛིན་དགོངས་ཀློང་དག་པས་མཆོད། །ཨཱོྃ་རཱ་ཧུ་ལ་ས་པ་རི་བཱ་རེ་བྷྱཿ ཨརྒྷཾ་ནས་ཤབྡའི་བར་གྱིས་ཐུན་མོང་གི་མཆོད་པ་དང་། མ་ཧཱ་པཉྩ་ཨ་མྲྀཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་བདུད་རྩི་དང་། མ་ཧཱ་རཀྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་རཀྟ་དང་། རྩ་སྔགས་ཀྱི་མཐར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་བདུན་གྱིས་གཏོར་མ་ཕུལ་ནས་ཕྲིན་ལས་གསོལ། བསྟོད་པ་ནི། ཧཱུྃ། སྲིན་པོའི་གཟུགས་ཀྱིས་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །མཚན་གསོལ་གཟའ་མཆོག་རཱ་ཧུ་ལ། །དམ་ཚིག་ཅན་ལ་བདག་བསྟོད་དོ། །རིག་འཛིན་སྲོག་ཤིང་གཏེར་གྱི་བདག །གཙུག་ལག་གཉན་སྲུང་མཐུ་བོ་ཆེ། །རྣལ་འབྱོར་དགྲ་བླ་ཐུགས་དམ་ཅན། །དམ་ཉམས་སྲོག་གཅོད་གཙོ་ལ་བསྟོད། །བསྡུ་ན་དེ་ཉིད་ཀྱི་མཐར་འོག་གི་འཁོར་བསྟོད་ཤྭ་ལོ་ཀ་གཉིས་པོ་སྦྱར་བས་ཀྱང་ཆོག་གོ །སྤྲོ་ན། ཧྲཱིཿ ཁྱབ་འཇུག་ཆེན་པོ་སྒྲ་གཅན་འཛིན། །འཇིགས་པའི་ལུས་ལ་འབར་བའི་ཀློང་། །ཞལ་དགུ་ཕྱག་བཞི་རྔམ་པ་སྟེ། །འཇིག་རྟེན་ཁམས་ཀྱི་དྲག་རྩལ་ཅན། །གནམ་ལྕགས་ཐོག་གི་བདག་པོ་སྟེ། །སྐྱིན་ཐང་སེར་བ་འབེབ་པའི་གཙོ། །སྤྲུལ་པ་ཆེན་པོ་རྫུ་འཕྲུལ་ཅན། །རི་རབ་སྟེང་ན་ལྷ་ཡི་གཙོ། །རྒྱ་མཚོའི་གཏིང་ན་ཀླུ་ཡི་བདག །བར་སྣང་ཁམས་སུ་སྡེ་བརྒྱད་རྗེ། །དབུ་དགུ་སྲིད་པ་གསུམ་གྱི་བདག །མགོ་གཅིག་ལྷ་མིན་ཁྲོས་པའི་ཞལ། །ཉི་མ་ཟླ་བ་གྲིབ་མས་གནོན། །གཅིག་ནི་བཞད་ཅིང་རྒོད་པའི་ཞལ། །དགྱེས་པས་བཀའ་ཡི་བྱ་ར་བྱེད། །གཅིག་ནི་ཁྲོས་པ་སྲིན་པོའི་གདོང་། །གདུག་པའི་དགྲ་བགེགས་ཟས་སུ་ཟ། །གཅིག་ནི་རྔམས་བྱེད་ཟ་བྱེད་གདོང་། །གནམ་ལྕགས་མེ་ཡི་ཐོག་ཆེན་འབེབ། །གཅིག་ནི་འཇིགས་བྱེད་མ་རུངས་པ། །ཚ་གྲངས་འཐབས་པའི་རྐན་སྒྲ་རྡེབ། །གཅིག་ནི་འཁྲུག་བྱེད་དྲག་པོའི་ཞལ། །གཡོ་འགུལ་ཆེན་པོས་སེར་བ་འབེབ། །གཅིག་ནི་གཏུམ་ཆེན་ཡེ་ཤེས་ཞལ། །མངོན་ཤེས་རྫུ་འཕྲུལ་ཐོགས་པ་མེད། །གཅིག་ནི་སྟོབས་ཆེན་རྫུ་འཕྲུལ་ཞལ། །སངས་རྒྱས་བསྟན་པ་སྲུང་བར་བྱེད། །གཅིག་ནི་ཞི་བ་ལྷ་ཡི་ཞལ། །སྒྲུབ་པ་པོ་ལ་དངོས་གྲུབ་སྟེར། །སྟེང་གི་ཕྱོགས་ན་བྱ་རོག་ཞལ། །དཀོན་མཆོག་དབུ་འཕང་བསྟོད་པར་བྱེད། །གློག་འདྲ་རལ་གྲི་ཞགས་པ་ཡིས། །སྡང་བྱེད་དགྲ་བོའི་སྐྱེ་རྒྱུད་གཅོད། །ཆུ་སྲིན་ཞགས་པ་གཡུགས་པ་ཡིས། །སྲིད་པ་གསུམ་ཡང་དབང་དུ་སྡུད། །རྭ་ཡི་མདའ་གཞུ་བསྣམས་པ་ཡིས། །དམིགས་པའི་དགྲ་བགེགས་རྩད་ནས་གཅོད། །སྤྱན་སྟོང་མེ་དཔུང་སྡང་མིག་གིས། །དགྲ་དང་བགེགས་ལ་འབྲུ་ཚུགས་བལྟ། །སྐུ་སྨད་ས་ལ་བརྡབས་པ་ཡིས། །འཇིག་རྟེན་གཡོ་འགུལ་འདེགས་པར་བྱེད། །ཞལ་ནས་ཧཱུྃ་དང་ཕཊ་སྒྲོག་པས། །དྲེགས་པ་ཕོ་མོ་དབང་དུ་སྡུད། །སྐུ་མདོག་དུད་ཁ་འཇིགས་པ་ཡིས། ཁམས་གསུམ་སྐྱེ་འགྲོ་ཟིལ་གྱིས་གནོན། །སྤྲུལ་པའི་གཟའ་བདུད་ནག་པོ་ཁྱོད། །འཇིག་རྟེན་ཁམས་ན་འགྲན་ཟླ་མེད། །བདུད་དང་དྲེགས་པ་བྲན་དུ་འཁོལ། །ལས་སུ་སངས་རྒྱས་བསྟན་པ་སྲུང་། །དམ་ཅན་རྣལ་འབྱོར་སྐྱོང་མཛད་པའི། །མཐུ་སྟོབས་ཅན་ལ་ཕྱག་འཚལ་བསྟོད། ཁྱོད་ཀྱི་བཀའ་ཉན་གདོང་མོ་བཞི། །རྫུ་འཕྲུལ་རི་རབ་ཐལ་བར་རློག །ནད་དང་མཚོན་གྱི་བདག་མོ་སྟེ། །མཐུ་སྟོབས་ཅན་ལ་བདག་བསྟོད་དོ། །མི་བཟད་དྲག་གཏུམ་རྔམ་པའི་ཚོགས། །གཟའ་བརྒྱད་ལྷ་སྲིན་སྡེ་བརྒྱད་དང་། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་སོགས། །ཕོ་ཉ་ཡང་སྤྲུལ་ཚོགས་ལ་བསྟོད། །ཅེས་བསྟོད་པ་བྱའོ། །བཟླས་པ་ནི། གཟའ་བདུད་འཁོར་བཅས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཏྲི་ཡིག་ལ་སོགས་པའི་མཐར་སྔགས་ཀྱིས་བསྐོར་བ། བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་ཅི་འདོད་པའི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་བསམ་ལ། ཧྲི་ཤག་རུ་རག་རཾ་ནཱ་གེ་ཙིཏྟ་ཏྲཾ་མ་མ་ཡོ་ཟ་འགྲམ་ཧ་ཧ་ག་ཤ་ལ་ཛཿཛ༔ ཞེས་ཅི་ནུས་བཟླས་པའི་མཐར། གཏོར་མ་འབྲུ་གསུམ་གྱིས་ཤ་ཁྲག་བདུད་རྩིར་སྤེལ་བ་སྔར་ལྟར་ཕུལ་ནས་ཕྲིན་ལས་གསོལ། ཚོགས་མཆོད་དང་སྐོང་བཤགས་སོགས་བྱེད་ནའང་སྐབས་འདི་ཉིད་དུ་བྱའོ། །ཐུན་གྱི་མཐར་གཏོར་མ་བསྟབ་པ་ནི། གཏོར་མ་སྔར་བཞིན་བསྔོས་ལ། སློབ་དཔོན་པདྨ་འབྱུང་གནས་ཀྱིས། །སིནྡྷུ་རྒྱ་མཚོའི་མཚོ་གླིང་དུ། །ནམ་མཁའི་གཟའ་རྣམས་དམ་ལ་བཏགས། །བཀའ་ཡི་གཏོར་མ་འདི་བཞེས་ལ། ཁས་བླངས་བཞིན་དུ་ཕྲིན་ལས་མཛོད། །ཅེས་དང་། ཡར་སྟོད་ཤམ་པོ་གངས་ཀྱི་ར་བ་རུ། །རིག་འཛིན་ཆེན་པོ་ཀུ་མཱ་རཱ་ཛ་དང་། །རྫོགས་ཆེན་རྣལ་འབྱོར་ཀློང་ཆེན་རབ་འབྱམས་ཀྱིས། །ཡེ་ཤེས་ཐིག་ལེའི་དཀྱིལ་འཁོར་ཞལ་ཕྱེའི་ཚེ། །སྔགས་བདག་གཟའ་དང་དམ་ཅན་ཡོངས་འདུས་ནས། །སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་། །བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ། །རྣལ་འབྱོར་ཚེ་སྲོག་སྲིང་བར་མ་ཆད་དམ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མ་ཆད་དམ། །སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཅེས་སོགས་ཀྱིས་གཏོར་མ་བསྟབ། གཏང་རག་བཟོད་གསོལ་གཤེགས་གསོལ་སོགས་རྗེས་ཀྱི་བྱ་བ་རྣམས་གཞན་དང་འདྲའོ།། ༈ །།གསུམ་པ་དབང་གི་ཆོ་ག་ནི། བདག་མདུན་གྱི་སྒྲུབ་མཆོད་གཞན་རྣམས་སྔར་དང་འདྲ་བ་ལས་ཁྱད་པར། བུམ་པ་མདུན་བསྐྱེད་དང་དབྱེར་མེད་དུ་བསྒོམས་ནས། མདུན་བསྐྱེད་ཀྱི་བཟླས་པ་སོང་བའི་རྗེས་སུ་བུམ་པ་ལ་གཟུངས་ཐག་བཏགས་ཏེ། གོང་གནོན་གྱི་སྔགས་ལན་བདུན་གྱིས་མགོ་དྲངས་ཏེ་རྩ་སྔགས་བརྒྱ་རྩ་བརྒྱད་ཙམ་དང་། མཐར་འབྲུ་གསུམ་ཉེར་གཅིག་ཙམ་རེ་བཟླ་བ་རྣམས་བྱས་ལ། སློབ་མའི་བྱ་བ་ཁྲུས་དང་བགེགས་སྐྲོད་རྣམས་སོང་ནས། མཚམས་སྦྱོར་ཅི་རིགས་པ་ལས་ཁྱད་པར། འདིར་བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཉིད་གདུག་པ་ཅན་འདུལ་བ་དང་བསྟན་པ་གཉན་པོ་བསྲུང་བའི་ཆེད་དུ་དྲེགས་པ་ཅན་ཐམས་ཅད་ཀྱི་རྗེ་བོའི་ཚུལ་དུ་སྐུར་བཞེངས་པ་གཟའ་བདུད་ཆེན་པོ་རཱ་ཧུ་ལ་ཞེས་བྱ་བ། རྒྱལ་བའི་བསྟན་སྲུང་ཐམས་ཅད་ཀྱི་ནང་ནས་མཐུ་ནུས་ལྷག་པར་ཆེ་ཞིང་དྲག་རྩལ་མྱུར་མགྱོགས་ཀྱི་ཕྲིན་ལས་དང་ལྡན་པ་འདི་ཉིད་སྤྱིར་རྡོ་རྗེ་ཐེག་པའི་རྒྱུད་སྡེ་དུ་མ་ནས་བསྟན་པ་དང་། ཁྱད་པར་སྒོས་རྒྱུད་བྱ་རོག་མགོ་བརྩེགས་ཀིཾ་ཀང་རོག་ཏིའི་རྒྱུད་སོགས་ལས་གསུངས་ཤིང་། དེ་ཡང་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཉིད་ཚང་ཚིང་འཁྲིགས་པའི་དུར་ཁྲོད་ན་བཞུགས་པ་ལ། གནས་དེའི་བྲག་སྦྲུལ་ནག་ཁ་གདངས་པ་འདྲ་བ་ནས་མེ་དང་རླུང་ནག་འཚུབས་པ་གཟིགས་ཏེ། དེ་བརྐོས་པས་བསེའི་གྭའུ་སྦྲུལ་གྱི་རྒྱས་བཏབ་པ་གཅིག་གི་ནང་ནས་འདིའི་སྒྲུབ་ཐབས་རྣམས་བྱུང་ངོ་། །དེར་མི་རེངས་ལག་པ་ཁྲག་གིས་དམར་བ་སྤྱང་ཀི་ལ་ཞོན་པ་གཅིག་དངོས་སུ་འོངས་ནས། བདག་ནི་སློབ་དཔོན་ཆེན་པོ་ཤྲཱི་སིཾ་ཧས་སྲོག་སྙིང་འཕྲོགས་ཏེ་དམ་ལ་བཏགས་པ་ལགས་སོ། །སློབ་དཔོན་ཆེན་པོ་ཉིད་ཀྱི་བཀའ་ནོད་ཅིང་དུས་སྙིགས་མ་ལ་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་བགྱིའོ། །ཞེས་ཁས་བླངས་དམ་བཅས་པ་བཞིན་དུ་སློབ་དཔོན་ཆེན་པོས་གསང་སྔགས་བཀའ་ཡི་སྲུང་མར་བསྐོས་ཤིང་གཉེར་དུ་གཏད་ནས། ཕྱི་རབས་ཀྱི་དོན་དུ་བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་རྣམས་རྣོ་མྱུར་ཟབ་ཅིང་འདྲིལ་བའི་སྙིང་པོར་བསྡུ་བར་མཛད་པ་ཡིན་ཏེ། བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ དྲང་སྲོང་གཟའ་ཡིས་བསྟན་པ་སྲུང༔ དེ་དུས་མཆོད་སྒྲུབ་སུས་བརྩོན་པ༔ སྲུང་སྐྱོབ་སྲི་ཞུ་བུ་ལྟར་བྱེད༔ ལུས་དང་གྲིབ་མ་བཞིན་དུ་འགྱུར༔ ཕྲིན་ལས་གང་བཅོལ་བྲན་ལྟར་ཉན༔ དེ་ཕྱིར་དབང་བསྐུར་དམ་པ་འདི༔ སྙིང་གི་བུ་ལ་བཞག་པ་ཡིན༔ ཞེས་གསུངས་ནས་ཕྲ་མོ་བྲག་ལ་གཏེར་དུ་སྦས་པ་གཏེར་སྟོན་པདྨ་ལས་འབྲེལ་རྩལ་གྱིས་སྤྱན་དྲངས་པ་ལས། ཐུན་མོང་མ་ཡིན་པའི་དབང་བསྐུར་བ་རིག་འཛིན་བརྒྱུད་པ་རྣམས་ཀྱི་ཕྱག་བཞེས་བཞིན་སྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་། སློབ་མས་མཎྜལ་ཕུལ་ནས། གསོལ་བ་འདེབས་པ། ཀྱེ༔ བླ་མ་གསང་བདག་རྡོ་རྗེ་འཛིན༔ སྐལ་ལྡན་བདག་ལ་དགོངས་སུ་གསོལ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ བསྟན་པ་ཡུན་དུ་བསྲུང་བ་དང༔ གདུག་པའི་རུ་དྲ་བསྒྲལ་བའི་ཕྱིར༔ ཆོས་སྐྱོང་གཟའ་མཆོག་ཆེན་པོ་ཡི༔ དབང་ཆེན་བདག་ལ་བསྐུར་དུ་གསོལ༔ ལན་གསུམ། སློབ་དཔོན་གྱིས། ཨེ་མ་ཧོ༔ ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ སངས་རྒྱས་བསྟན་པའི་བཀའ་སྲུང་ཆེ༔ གཟའ་བདུད་ནག་པོ་མགོ་དགུ་པའི༔ དབང་འདི་བདག་གིས་ཁྱོད་ལ་བསྐུར༔ དམ་ཚིག་མ་འདའ་ཡུན་དུ་སྲུངས༔ ཞེས་བརྗོད། རྒྱུན་བཤགས་གང་རུང་གིས་ཚོགས་གསོག་ཅིང་སྡོམ་པ་གཟུང་། སློབ་དཔོན་དང་སློབ་མ་བདག་བསྐྱེད་ཀྱི་ཡི་དམ་དུ་སྒོམ་ཚུལ་འབོགས་ཤིང་། མདུན་དུ་སྲུང་འཁོར་གྱི་ནང་མི་བཟད་པའི་དུར་ཁྲོད་ཆེན་པོས་བསྐོར་བའི་ནས། པད་ཉི་དགྲ་བགེགས་ཀྱི་གདན་ལ་གཟའ་བདུད་ཆེན་པོ་རཱ་ཧུ་ལ་སྐུ་མདོག་དུད་ཁ་སོགས་ནས། དུས་མཐའི་མེ་རླུང་འཁྲུགས་པའི་ཀློང་ན་གནས་པའོ། །ཞེས་པའི་བར་ས་བོན་བོར་བའི་ཡོངས་རྫོགས་སམ་ཚིག་རིས་གང་འོས་ཀྱིས་མདུན་བསྐྱེད་གསལ་འདེབས་སུ་གཞུག །བུམ་པ་ལ་བརྟེན་ནས་རྩ་བའི་དབང་བཞི་བསྐུར་བ་ནི། སློབ་དཔོན་ལ་མོས་གུས་དུང་བྱས་པས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། དེའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱིས་མཚོན་པར་བྱུང་བ་སློབ་མའི་གནས་གསུམ་དུ་ཐིམ་པར་མོས་སུ་བཅུག་ལ། བུམ་པ་སྤྱི་བོར་བཞག་སྟེ། ཨཱོྃ༔ སྟོང་གསལ་སྐུ་ཡི་ཕོ་བྲང་ནས༔ གཟའ་བདུད་ཆེན་པོ་རཱ་ཧུ་ལ༔ གཟའ་མཆོག་སྐུ་ཡི་དབང་བསྐུར་རོ༔ གཟའ་དབང་ལུས་ལ་རྫོགས་གྱུར་ཅིག༔ རྩ་སྔགས་ཀྱི་མཐར་ཨ་བྷི་ཥིཉྩ་ཨཱོྃ༔ ཞེས་དབང་བསྐུར་བས་སློབ་མ་གཟའ་བདུད་ཀྱི་སྐུ་དང་གཉིས་སུ་མེད་པའི་མཐུ་དབང་ཐོབ་པར་བྱས། དེ་བཞིན་དུ་མགྲིན་པར་བཞག་སྟེ། ཨཱ༔ གྲགས་སྟོང་གསུང་གི་ཕོ་བྲང་ནས༔ གཟའ་བདུད་ཆེན་པོ་རཱ་ཧུ་ལ༔ གཟའ་མཆོག་གསུང་གི་དབང་བསྐུར་རོ༔ གཟའ་དབང་ངག་ལ་རྫོགས་གྱུར་ཅིག༔ རྩ་སྔགས་དང་ཨ་བྷི་ཥིཉྩ་ཨཱ༔ གསུང་དང་གཉིས་སུ་མེད་པའི་མཐུ་དབང་ཐོབ། སྙིང་གར་བཞག་སྟེ། ཧཱུྃ། བདེ་སྟོང་ཐུགས་ཀྱི་ཕོ་བྲང་ནས༔ གཟའ་བདུད་ཆེན་པོ་རཱ་ཧུ་ལ༔ གཟའ་མཆོག་ཐུགས་ཀྱི་དབང་བསྐུར་རོ༔ གཟའ་དབང་ཡིད་ལ་རྫོགས་གྱུར་ཅིག༔ སྔགས་དང་ཨ་བྷི་ཥིཉྩ་ཧཱུྃ༔ ཐུགས་དང་གཉིས་སུ་མེད་པའི་མཐུ་དབང་ཐོབ། གནས་གསུམ་གར་བཞག་སྟེ། ཧཱུྃ༔ ལྷུན་གྲུབ་ཆེན་པོའི་ཕོ་བྲང་ནས༔ གཟའ་བདུད་ཆེན་པོ་རཱ་ཧུ་ལ༔ ཡོངས་རྫོགས་ཆེན་པོའི་དབང་བསྐུར་རོ༔ དབང་བསྐུར་ཐམས་ཅད་རྫོགས་གྱུར་ཅིག༔ སྔགས་དང་ཨ་བྷི་ཥིཉྩ་ཨཱོྃ་ཨཱཿཧཱུྃ༔ ཞེས་དབང་བསྐུར་པས་སྐུ་གསུང་ཐུགས་དང་གཉིས་སུ་མེད་པའི་མཐུ་དབང་ཐོབ། ཡན་ལག་གི་དབང་ནི། གཡས་སུ་རལ་གྲི་གཏད་དེ། རལ་གྲི་འདི་ཡིས་དབང་བསྐུར་བས༔ ཁམས་གསུམ་སྐྱེ་རྒྱུན་གཅོད་པ་དང༔ དགྲ་བོའི་སྲོག་རྩ་གཅོད་པ་ཡི༔ དབང་བསྐུར་དམ་པ་ཐོབ་པར་ཤོག༔་་་རྩ་སྔགས་བརྗོད། ཆུ་སྲིན་ཞགས་པ་གཡོན་དུ་གཏད་ལ། ཆུ་སྲིན་ཞགས་པས་དབང་བསྐུར་བས༔ སྲིད་གསུམ་དབང་དུ་སྡུད་པ་དང༔ དགྲ་བགེགས་ཡན་ལག་འཆིང་བ་ཡི༔ དབང་བསྐུར་དམ་པ་ཐོབ་པར་ཤོག༔་་་་རྩ་སྔགས་བརྗོད། མདའ་གཞུ་ལག་གཉིས་ཀར་གཏད་ལ། མདའ་དང་གཞུ་ཡིས་དབང་བསྐུར་བས༔ དཔའ་དང་དམག་ལས་རྣམ་སྒྲུབ་ཅིང༔ དགྲ་བགེགས་ཐམས་ཅད་སྒྲོལ་བ་ཡི༔ ལས་འདི་ཁྱོད་ཀྱིས་སྒྲུབ་པར་གྱིས༔་་་་རྩ་སྔགས་བརྗོད། མེ་ཕུང་གིས་ལུས་ལ་བསྐོར་ཚུལ་བྱ་ཞིང་། མེ་ཕུང་འདི་ཡིས་དབང་བསྐུར་བས༔ ཡེ་ཤེས་མེ་ཡིས་ལུས་ཁྱབ་ནས༔ འོད་ཀྱིས་སྣང་སྲིད་གང་བ་དང༔ དགྲ་བགེགས་སྲེག་པའི་དབང་ཐོབ་ཤོག༔ ཅེས་པ་བཞི་ཀའི་མཐར་རྩ་སྔགས་ཀྱང་བརྗོད་དོ། །འཁོར་གྱི་གཟའ་བརྒྱད་བཀའ་ཉན་དུ་བྱིན་པར་མོས་ནས་སྐུ་གཟུགས་གཏད་དེ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ གཟའ་ཆེན་བརྒྱད་ཀྱིས་དབང་བསྐུར་བས༔ སྤྲུལ་པས་འཇིག་རྟེན་བཀང་ནས་ཀྱང༔ དྲེགས་པ་འདུལ་བྱེད་དབང་ཐོབ་ཤོག༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གཏད་པས་བཀའ་ནོད་ཅིང་རང་རྟགས་ཕྱག་མཚན་རྣམས་གཏད་པར་མོས་ནས། གཟའ་བརྒྱད་ཕྱག་མཚན་བརྒྱད་པོ་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ མཚོན་ཆ་སྣ་ཚོགས་ཐོགས་ནས་ཀྱང༔ དགྲ་བགེགས་སྒྲོལ་བའི་དབང་ཐོབ་ཤོག༔ ཅེས་ཕྱག་མཚན་རྣམས་གཏད། རྣམ་དག་གི་དབང་ནི། ཁྱབ་འཇུག་གི་སྐུ་གཟུགས་མེ་ལོང་དུ་ཤར་བ་བསྟན་ལ། གཟའ་བདུད་ཆོས་སྐྱོང་ལྷ་ཡི་མཆོག༔ དེ་ལྟར་ཁྱོད་ལ་དབང་བསྐུར་བས༔ ཉོན་མོངས་རྣམ་དག་ཡེ་ཤེས་སྐུ༔ སྣང་ལ་རང་བཞིན་མ་གྲུབ་པ༔ གཟའ་བདུད་སྐུ་རུ་ཁྱོད་སྒྲུབ་པས༔ གདུག་པ་ཅན་རྣམས་འདུལ་བར་ཤོག༔ ཧོ༔ རིགས་ཀྱི་བུ་ཁྱོད་ལ་ཆོས་སྐྱོང་དྲག་པོ་རཱ་ཧུ་ལའི་དབང་བསྐུར་བས༔ ད་ལྟ་ཉིད་དུ་རཱ་ཧུ་ལའི་སྐུར་གྱུར་ནས་དགྲ་བགེགས་ཐམས་ཅད་སྒྲོལ་བའི་གཉེན་པོར་གྱུར་ཅིག༔ ཅེས་བརྗོད་པས་སློབ་མ་ཡི་དམ་དུ་གསལ་བ་སྐད་ཅིག་གིས་རཱ་ཧུ་ལའི་སྐུར་གྱུར་པའི་ཐུགས་ཀར་ཨོ་རྒྱན་པདྨ་ཚོན་གང་བ། དེའི་ཐུགས་ཀར་ཡེ་ཤེས་ཀྱི་རཱ་ཧུ་ལ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་ཐལ་མོ་སྦྱར་བ་ཆུང་ངུ་གཅིག་སྒོམས། དེ་ནས་གཏོར་མའི་དབང་ནི། ཧྲཱི༔ སངས་རྒྱས་བསྟན་པ་བསྲུང་བ་དང༔ ཆོས་སྐྱོང་ཚོགས་རྣམས་མཆོད་པའི་ཕྱིར༔ གཏོར་མ་འདི་ཡིས་དབང་བསྐུར་བས༔ ཕྲིན་ལས་རྣམ་བཞི་འགྲུབ་པར་ཤོག༔ ཅེས་དང་བཀའ་བསྒོ་སྤྱི་དང་མཐུན་པར་བྱས་ཏེ། གཏོར་མའི་ལྷ་སློབ་མ་ལ་བསྟིམ། དེ་ཡང་སྙིང་གའི་ཡེ་ཤེས་སེམས་དཔའ་ལ་བསྟིམ་ནས་བློ་འདས་ཆོས་སྐུའི་ངང་དུ་དར་ཅིག་མཉམ་པར་འཇོག༔ གཏོར་མའི་མཐེབ་ཀྱུ་ནས་ཅུང་ཟད་བླངས་པ་བདུད་རྩི་དང་སྦྱར་བ་སློབ་མ་ལ་སྦྱིན། གཏོར་མ་སླར་ཡང་ལྷར་གསལ་བ་ལ་བདུད་རྩི་ཅུང་ཟད་བྲན་ཏེ་དམ་བསྲེ། དམ་བསྒྲག་ཁས་བླངས་ཡོན་འབུལ་སོགས་སྤྱི་དང་འདྲའོ། །ཆོ་གའི་རྗེས་ཆོག་ཀྱང་སྔར་བཤད་པ་ལྟར་རོ།། །། ༄། ཡང་གཏོར་དབང་ཙམ་སྒྲུབ་པར་འདོད་ན། སྟེགས་བུའི་ཁར་འབྲུ་ནག་གི་ཚོམ་བུ་ལྷ་གྲངས་ཅན་བཀོད། དེའི་ཁར་གཏོར་མ་སྐུ་རྟེན་དང་མདའ་དར་བཙུགས་པ་བཞག །མཐའ་མཆོད་པས་བསྐོར། བདག་མདུན་གྱི་སྒྲུབ་མཆོད་རྣམས་སྔར་ལྟར་བྱས་ལ། སློབ་མའི་བྱ་བ་མཎྜལ། གསོལ་བཏབ། རྒྱུན་བཤགས་རྣམས་སྔོན་དུ་འགྲོ་བས། སློབ་དཔོན་ཡི་དམ་དང་གཏོར་མ་མདུན་བསྐྱེད་བཞིན་གསལ་འདེབས་སུ་བཅུག་པ་སྤྱི་བོར་བཟུང་ལ། གཏོར་མ་འདི་དྲང་སྲོང་གཟའ་བདུད་ཆེན་པོ་འཁོར་དང་བཅས་པར་བསམ། དེའི་སྟེང་དུ་བླ་མ་གསང་བའི་བདག་པོའི་རྣམ་པ་ཅན་ལ་བརྒྱུད་པའི་བླ་མ་དང་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་སྤྲིན་གཏིབས་པ་བཞིན་དུ་བཞུགས་པར་བསམ། སློབ་དཔོན་གྱིས་བཀའ་བསྒོས་པའི་ཚེ་འདོད་པའི་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་མཛད་པར་མོས་ལ། ཡར་སྟོད་ཤམ་པོ་གངས་ཀྱི་ར་བ་རུ། །སོགས་ཀྱི་མཐར་བརྒྱུད་པའི་བཤར་འདེབས་དང་བཀའ་བསྒོ་རྒྱས་བསྡུས་ཅི་རིགས་སྔགས་དང་བཅས་བརྗོད་པའི་མཐར། གཏོར་མའི་ལྷ་སློབ་མའི་སྤྱི་བོ་ནས་ཞུགས་གཉིས་མེད་དུ་གྱུར་པས་ནུས་མཐུ་ཕུན་སུམ་ཚོགས་པར་བསམ་མོ། །ནད་པའི་དོན་དུ་དམིགས་ནས་བྱེད་ན། གཏོར་མ་སྤྱི་བོར་བཞག་ནས་བཀའ་བསྒོས་པའི་ཚེ། འདོད་པའི་ཕྲིན་ལས་ཐམས་ཅད་ཐོག་མེད་དུ་མཛད་པར་མོས་པ་ཡན་ཆད་སྔར་ལྟར་ལས། དེའི་ཚེ་ནད་པའི་ལུས་ཀྱི་ནད་གདོན་ཐམས་ཅད་མཐོངས་ཁུང་ནས་དུད་པ་འགྲོ་བ་ལྟར་སྤྱི་བོ་ནས་སངས་ཀྱིས་ཐོན་པ་གཏོར་མའི་གཟའ་བདུད་འཁོར་བཅས་ཀྱི་ཞལ་དུ་སིབ་སིབ་ཐིམ་པས་སློབ་མའི་ལུས་དྭངས་གསལ་དྲི་མ་ཐམས་ཅད་དང་བྲལ་བར་བསམ་ལ། སློབ་མས་ཨཱོྃ་ཀེ་ཏ་ཀེ་ཏ་སྭཱ་ཧཱ༔ ཞེས་བཟླ་ཞིང་། སློབ་དཔོན་གྱིས་ཨཱོྃ་རཱ་ཧུ་ལ་ཀེ་ཏ་ཀེ་ཏ་མ་ཧཱ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་དང་། བཀའ་བསྒོ་གཞན་རྣམས་སྔར་ལྟར་ལས་ནད་གདོན་ཞི་བའི་ཕྲིན་བཅོལ་དང་བཅས་པ་བརྗོད་པའི་མཐར། གསང་བདག་སོགས་ཡི་དམ་གྱི་དྲག་སྔགས་ཅི་རིགས་བཟླས་པས། གཏོར་མའི་དྲང་སྲོང་འཁོར་བཅས་ནམ་མཁའི་མཐོངས་སུ་འཇའ་ལྟར་ཡལ། སྟེང་གི་གསང་བདག་སློབ་མ་ལ་ཐིམ་པས་གསང་བདག་དངོས་སུ་གྱུར་སྙམ་པའི་ང་རྒྱལ་གཟུང་། ཨཱོྃ་བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ ཅེས་བསྲུང་བ་བྱ་ཞིང་ཤིས་བརྗོད་དང་ཡོན་འབུལ་བ་སོགས་སྤྱི་དང་འདྲ། གཏོར་མ་འགྱུ་ཕྱོགས་སུ་གཏང་། དེའི་ཚེ་གཏོར་མ་འགྱེལ་བ། གས་པ། རྒྱན་ཟག་པ། མདའ་དར་འགྱེལ་བ་སོགས་བྱུང་ན་ངན་པས་རིམ་གྲོ་དྲག་ཏུ་བྱའོ། །ཐུན་མོང་མ་ཡིན་པའི་སློབ་མ་རེ་རེ་ཙམ་ལ་གོང་གི་སྲོག་དབང་དཀྱུས་བཞིན་སྦྱིན་དུ་རུང་གི །སློབ་མ་ཐུན་མོང་བ་ཙམ་ལ་སྲོག་དབང་ཉིད་བསྐུར་དགོས་པ་བྱུང་ན། མེ་དབང་ཡན་ཆད་སོང་བའི་རྗེས་སུ་གཏོར་མའི་བཀའ་བསྒོ་དཀྱུས་མ་ཙམ་ཞིག་བྱས་པས་འགྲུབ། ཡང་གསོལ་ཁ་ཙམ་ལ་འཇུག་འདོད་དང་རྐྱེན་སེལ་གྱི་ཕྱིར་ཞུ་ན་ནི། གཏོར་དབང་ཁོ་ན་བསྒྲུབས་པས་ཀྱང་དགོས་པ་འགྲུབ་ཅིང་། ཁྱད་པར་ཆོས་བརྒྱུད་སེལ་ཅན་དང་། ཆོས་སྒོར་མ་ཞུགས་པའི་རིགས་ལ་སྲོག་དབང་ཟབ་མོའི་ལུགས་སུ་བསྐུར་བ་ནི། བསྐུར་བྱའི་ཡུལ་ལ་མི་ཕན་ཞིང་རང་ལ་བཀའ་ཆད་སྒྲུབ་པ་ཡིན་པས། གནས་སྐབས་ཉི་ཚེའི་དོན་དུ་གཏོར་དབང་ཙམ་བྱེད་དགོས་ནའང་། གཏོར་དབང་རྐྱང་པ་དེ་ཉིད་ཚིག་ཚོགས་ཀྱི་སྤྲོས་པ་དང་བཅས་པ་བྱས་ན་འཁུ་ལྡོག་ཆུང་བ་ཡིན། དེ་ཡང་གཙོ་རྐྱང་འཇམ་ཞིང་འཁོར་ཅན་གཉན་པས་དེའི་འདོར་ལེན་གྱི་སྐབས་ཀྱང་ཤེས་པར་བྱའོ། །གཏོར་མ་ཉིད་ལྷར་བསྐྱེད་པ་དང་དེའི་སྟེང་གི་ནམ་མཁར་ལྷ་བསྐྱེད་པ་གཉིས་ལའང་ཟབ་པ་དང་མི་ཟབ་པའི་ཁྱད་པར་ཡོད་ཅེས་གསུང་ངོ་། །རྣམ་འ༵གྱུར་མི་བཟད་ཐོགས་མེ༵ད་མཐུས། །རྡོ༵་རྗེ༵་འཆང་གི་བཀའ་བཞིན་དུ། །བསྟན་སྲུང་གཙོ་བོ་རཱ་ཧུ་ལའི། །སྒྲུབ་ཐབས་དབང་ཆོག་མྱུར་བདེའི་སྐྱེས། །གཟའ་བདུད་རཱ་ཧུ་ལའི་སྒྲུབ་ཐབས་དབང་དང་བཅས་པའི་ལེའུ་ཚན་ནོ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).